འི་ལུང་གང་ཡིན་ཞེ་ན། སྨྲས་པ། བཅོམ་ལྡན་འདས་ཀྱིས་འདི་ན་དགེ་སློང་དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བས་ལུས་ དེ་ཉིད་མངོན་པར་རླན་པར་བྱེད། ཡོངས་སུ་རླན་པར་བྱེད། ཡོངས་སུ་ཁྱབ་པར་བྱེད། ཡོངས་སུ་ཚིམ་པར་བྱེད་དེ། དེའི་ལུས་ལ་འདི་ལྟ་སྟེ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བས་མ་ཁྱབ་པ་དང་ཁྱབ་པར་བྱ་བ་ཆུང་ཟད་ཀྱང་མེད་དོ་ཞེས་ཇི་སྐད་དུ་གསུངས་པ་སྟེ། དེ་ལ་རྣམ་ གྲངས་དང་པོ་དག་གིས་ནི་མི་ལྕོགས་པ་མེད་པའི་གནས་སྐབས་བསྟན་ཏོ། །རྣམ་གྲངས་ཐ་མས་ནི་དངོས་གཞིའི་གནས་སྐབས་བསྟན་ཏོ། །བསམ་གཏན་དང་པོའི་ས་ན་དབང་པོ་དུ་དག་དམིགས་ཤེ་ན། སྨྲས་པ། བཅོ་བརྒྱད་དོ། །བསམ་གཏན་གཉིས་པའི་ས་ན་ཡང་དེ་དག་ཉིད་དོ། ། 130-1-92a བསམ་གཏན་གསུམ་པའི་ས་ན་དབང་པོ་དུ་དག་དམིགས་ཤེ་ན། སྨྲས་པ། བཅུ་བདུན་ནོ། །བསམ་གཏན་བཞི་པའི་ས་ན་ནི་བཅུ་དྲུག་གོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ས་ན་དབང་པོ་དུ་དག་དམིགས་ཤེ་ན། སྨྲས་པ། བཅུ་གཅིག་གོ། ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ས་ན་ཇི་ལྟ་བ་བཞིན་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ས་དང་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ས་ན་ཡང་དེ་བཞིན་དུ་བལྟ་བར་བྱའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ས་ན་དབང་པོ་དུ་དག་དམིགས་ཤེ་ན། སྨྲས་པ། བརྒྱད་དོ། །བསམ་ གཏན་དང་པོའི་སས་བསྡུས་པའི་དབང་པོ་རྣམས་ཟག་པ་དང་བཅས་པའམ། ཟག་པ་མེད་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། རྣམ་པ་གཉི་གར་བརྗོད་པར་བྱའོ། །བསམ་གཏན་དང་པོའི་སས་བསྡུས་པ་དག་ཇི་ལྟ་བ་བཞིན་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་སའི་བར་གྱིས་བསྡུས་པ་དག་ ཀྱང་དེ་བཞིན་ནོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སས་བསྡུས་པའི་དབང་པོ་རྣམས་ནི་རིགས་ལས་ནི་ཟག་པ་དང་བཅས་པ་དག་ཏུ་བརྗོད་པར་བྱའོ། །རྒྱུད་ལས་ནི་རྣམ་པ་གཉི་གར་བརྗོད་པར་བྱའོ། །ཟག་པ་མེད་པ་དེ་དག་ནི་ཉོན་མོངས་པ་ལས་རྣམ་པར་གྲོལ་བ་ལས་རིག་པར་ བྱའོ། །ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དག་ཇི་ལྟ་བ་བཞིན་དུ་སྤང་བར་བྱ་བ་དང་སྤང་བར་བྱ་བ་མ་ཡིན་པ་དང་། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དག་ཀྱང་དེ་བཞིན་དུ་བལྟ་བར་བྱའོ། །འདོད་པའི་ཁམས་སུ་སྐྱེས་ཤིང་བྱུང་བ་དབང་པོ་དུ་དག་དང་ལྡན་པར་བརྗོད་པར་བྱ་ཞེ་ན། སྨྲས་ པ། སྲིད་པའི་དབང་དུ་བྱས་ནས་ཐམས་ཅད་དང་ངོ་། །སེམས་ཅན་དམྱལ་བར་སྐྱེས་པ་དུ་དག་དང་ལྡན་ཞེ་ན། སྨྲས་པ། བརྒྱད་དང་ནི་ཀུན་དུ་འབྱུང་བ་དང་ས་བོན་ལས་ལྡན་པ་ཡིན་ནོ། །ལྷག་མ་རྣམས་ལས་གསུམ་མ་གཏོགས་པ་དག་དང་ནི་ལྡན་པའང་ཡོད། མི་ལྡན་པའང་ཡོད་ དོ། །གསུམ་དང་ནི་ཀུན་དུ་འབྱུང་བ་ལས་ནི་མི་ལྡན་པ་ཡིན་ལ་ས་བོན་ལས་ནི་གལ་ཏེ་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་ཡིན་ན་ནི་ལྡན་ནོ། །གལ་ཏེ་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་མ་ཡིན་ན་ནི་མི་ལྡན་ནོ། །གཞན་གསུམ་དང་ནི་ཀུན་དུ་འབྱུང་བ་ལས་ནི་མི་ལྡན་ནོ། ། 130-1-92b ས་བོན་ལས་ནི་ལྡན་ནོ། །སེམས་ཅན་དམྱལ་བར་སྐྱེས་པ་ཇི་ལྟ་བ་བཞིན་དུ་གཅིག་ཏུ་སྡུག་བསྔལ་བའི་དུད་འགྲོ་རྣམས་དང་ཡི་དྭགས་རྣམས་ལ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །བདེ་བ་དང་སྡུག་བསྔལ་འདྲེན་མར་ཉམས་སུ་མྱོང་བ་རྣམས་ལ་ནི་ཐ་མ་གསུམ་དང་ཀུན་དུ་འབྱུང་བ་ལས་ལྡན་པར་བལྟ་ བར་བྱའོ། །མིར་སྐྱེས་པ་དབང་པོ་དུ་དག་དང་ལྡན་ཞེ་ན། སྨྲས་པ། སྲིད་པ་ལས་ནི་ཐམས་ཅད་དང་ངོ་། །མིར་སྐྱེས་པ་ཇི་ལྟ་བ་བཞིན་དུ་ལྷར་སྐྱེས་པ་ཡང་དེ་བཞིན་ནོ། །དབང་པོ་མ་ཚང་བ་དབང་པོ་དུ་དག་དང་ལྡན་ཞེ་ན། སྨྲས་པ། ལྔ་མ་གཏོགས་པར་སྲིད་པ་ལས་དེ་ལས་གཞན་པ་དག་དང་ངོ་། ། དབང་པོ་ཚང་བ་ནི་སྲིད་པ་ལས་ཐམས་ཅད་དང་ངོ་། །ཟ་མ་དུ་དང་ལྡན་ཞེ་ན། སྨྲས་པ། ལྔ་མ་གཏོགས་པར་སྲིད་པ་ལས་དེ་ལས་གཞན་པ་ཐམས་ཅད་དང་ངོ་། །བུད་མེད་དུ་དག་དང་ལྡན་ཞེ་ན། སྨྲས་པ། སྲིད་པ་ལས་ཉི་ཤུ་རྩ་གཅིག་དང་ངོ་། །སྐྱེས་པ་དུ་དག་དང་ལྡན་ཞེ་ན། སྨྲས་པ། སྲིད་པ་ལས་ཉི་ཤུ་རྩ་གཅིག་ཁོ་ན་དང་ངོ་། །མཚན་གཉིས་པ་དུ་དག་དང་ལྡན་ཞེ་ན། སྨྲས་པ། སྲིད་པ་ལས་བཅུ་དགུ་དང་ངོ་། །དགེ་བའི་རྩ་བ་ཆད་པ་དུ་དག་དང་ལྡན་ཞེ་ན། སྨྲས་པ། བརྒྱད་མ་གཏོགས་པར་སྲིད་པ་དེ་ལས་གཞན་པ་དག་དང་ངོ་། །དགེ་བའི་རྩ་བ་མ་ཆད་པ་དུ་དང་ ལྡན་ཞེ་ན། སྨྲས་པ། སྲིད་པ་ལས་ཐམས་ཅད་དང་ངོ་། །སོ་སོའི་སྐྱེ་བོ་དུ་དག་དང་ལྡན་ཞེ་ན། སྨྲས་པ། གསུམ་མ་གཏོགས་པར་སྲིད་པ་ལས་བཅུ་དགུ་དང་ངོ་། །བདེན་པ་མཐོང་བ་དུ་དག་དང་ལྡན་ཞེ་ན། སྨྲས་པ། སྲིད་པ་ལས་ཐམས་ཅད་དང་ངོ་། །སློབ་པ་དུ་དག་དང་ལྡན་ཞེ་ ན། སྨྲས་པ། སྲིད་པ་ལས་ཉི་ཤུ་རྩ་གཅིག་དང་ངོ་། །མི་སློབ་པ་དུ་དག་དང་ལྡན་ཞེ་ན། སྨྲས་པ། སྲིད་པ་ལས་བཅུ་དགུ་དང་ངོ་། །རྒྱུན་དུ་ཞུགས་པའི་འབྲས་བུའི་ཕྱིར་ཞུགས་པ་དུ་དག་དང་ལྡན་ཞེ་ན། སྨྲས་པ། སྲིད་པ་ལས་ཉི་ཤུ་དང་ངོ་། །རྒྱུན་དུ་ཞུགས་པ་དུ་དག་དང་ལྡན་ཞེ་ན། སྨྲས་པ། སྲིད་པ་ལས་ཉི་ཤུ་ཁོ་ན་དང་ངོ་། །རྒྱུན་དུ་ཞུགས་ པ་ཇི་ལྟ་བ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ཕྱིར་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བའི་འབྲས་བུའི་ཕྱིར་ཞུགས་པ་དང་ཡང་དེ་བཞིན་དུ་བལྟ་བར་བྱའོ། །ཕྱིར་མི་འོང་བ་དུ་དག་དང་ལྡན་ཞེ་ན། སྨྲས་པ། སྲིད་པ་ལས་བཅུ་དགུ་དང་ངོ་། །ཕྱིར་མི་འོང་བ་ཇི་ལྟ་བ་བཞིན་དུ་དགྲ་ 130-1-93a བཅོམ་པ་ཉིད་ཀྱི་འབྲས་བུའི་ཕྱིར་ཞུགས་པའང་དེ་བཞིན་ནོ། །དགྲ་བཅོམ་པ་དབང་པོ་དུ་དག་དང་ལྡན་ཞེ་ན། སྨྲས་པ། སྲིད་པ་ལས་བཅུ་དགུ་ཁོ་ན་དང་ངོ་། །གཟུགས་ཀྱི་ཁམས་སུ་སྐྱེས་པ་དབང་པོ་དུ་དག་དང་ལྡན་ཞེ་ན། སྨྲས་པ། སྲིད་པ་ལས་བཅོ་བརྒྱད་དང་ངོ་། ། གཟུགས་མེད་པའི་ཁམས་སུ་སྐྱེས་པ་དབང་པོ་དུ་དག་དང་ལྡན་ཞེ་ན། སྨྲས་པ། སྲིད་པ་ལས་བཅུ་གཅིག་དང་ངོ་། །འདོད་པའི་ཁམས་ནས་ཤི་འཕོས་ནས་དེ་ཉིད་དུ་སྐྱེ་བ་ན། དབང་པོ་དུ་དག་ནི་སྤོང་བར་བྱེད། རུ་ནི་འཐོབ་པར་བྱེད་ཅེ་ན། སྨྲས་པ། རེ་ཞིག་གཟུགས་ཅན་རྣམས་ནི་སྲིད་ པ་ལས་མ་ཚང་བ་རྣམས་སྤོང་བར་བྱེད་ཅིང་མ་ཚང་བ་རྣམས་འཐོབ་པར་བྱེད་པ་དང་། མཚང་བ་རྣམས་སྤོང་བར་བྱེད་ཅིང་ཚང་བ་རྣམས་འཐོབ་པར་བྱེད་པ་དང་། ཚང་བ་རྣམས་སྤོང་བར་བྱེད་ཅིང་མ་ཚང་བ་རྣམས་འཐོབ་པར་བྱེད་པ་དང་། དམན་པ་རྣམས་སྤོང་བར་བྱེད་ཅིང་། དམན་པ་རྣམས་འཐོབ་ པར་བྱེད་པ་དང་། དམན་པ་རྣམས་སྤོང་བར་བྱེད་ཅིང་། ཁྱད་པར་དུ་འཕགས་པ་རྣམས་འཐོབ་པར་བྱེད་པ་དང་། ཁྱད་པར་དུ་འཕགས་པ་རྣམས་སྤོང་བར་བྱེད་ཅིང་ཁྱད་པར་དུ་འཕགས་པ་རྣམས་འཐོབ་པར་བྱེད་པ་དང་། ཁྱད་པར་དུ་འཕགས་པ་རྣམས་སྤོང་བར་བྱེད་ཅིང་། དམན་པ་རྣམས་འཐོབ་པར་ བྱེད་དོ། །ཡིད་ཀྱི་དབང་པོ་དང་སྲོག་གི་དབང་པོ་གཉིས་ཀྱི་དམན་པ་དང་ཁྱད་པར་དུ་འཕགས་པ་སྤོང་བ་དང་འཐོབ་པར་བྱེད་པ་དག་ཀྱང་དེ་བཞིན་དུ་བལྟ་བར་བྱའོ། །ཚོར་བའི་དབང་པོ་རྣམས་ཀྱི་དམན་པ་དང་ཁྱད་པར་དུ་འཕགས་པ་སྤོང་བ་དང་འཐོབ་པར་བྱེད་པ་དག་ཀྱང་རྣམ་པར་སྨིན་པའི་འབྲས་བུའི་བྱེ་ བྲག་ལས་དེ་ཁོ་ན་བཞིན་དུ་ཅི་རིགས་པར་བལྟ་བར་བྱའོ། །དབང་པོ་དགེ་བ་རྣམས་ནི་རྒྱུ་མཐུན་པའི་འབྲས་བུ་ལས་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པ་འཐོབ་ཅིང་སྔོན་གྱི་དམན་པ་སྤོང་བར་བལྟ་བར་བྱའོ། །ཁྱད་པར་དུ་འཕགས་པ་སྤོང་ཞིང་དམན་པ་འཐོབ་པ་སྐྱེ་བ་ལས་ནི་མེད་དེ་ལོག་པའི་སྦྱོར་བ་ མེད་པར་བྱེད་དོ། །དབང་པོ་ཐ་མ་གསུམ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་སྐྱེ་བ་དང་མི་མཐུན་པ་ཁོ་ན་ཡིན་ནོ། །འདོད་པའི་ཁམས་ནས་ཤི་འཕོས་ནས་གཟུགས་ཀྱི་ཁམས་སུ་སྐྱེ་བ་ན་དབང་པོ་དུ་དག་ནི་སྤོང་བར་བྱེད། དུ་དག་ནི་འཐོབ་པར་བྱེད་ཅེ་ན། སྨྲས་པ། ས་འོག་མ་པའི་ 130-1-93b དབང་པོ་ཐམས་ཅད་ནི་སྤོང་བར་བྱེད་ལ། ས་གོང་མ་པའི་ཐམས་ཅད་ནི་སྲིད་པ་ལས་འཐོབ་པར་བྱེད་དོ། །འདོད་པའི་ཁམས་ནས་ཤི་འཕོས་ནས་གཟུགས་ཀྱི་ཁམས་སུ་སྐྱེ་བ་ན་ཇི་ལྟ་བ་དེ་བཞིན་དུ་གཟུགས་མེད་པའི་ཁམས་སུ་སྐྱེ་བ་ན་ཡང་དེ་བཞིན་ནོ། །གཟུགས་ཀྱི་ཁམས་ནས་ཤི་ འཕོས་ནས་གཟུགས་མེད་པའི་ཁམས་སུ་སྐྱེ་བ་ན་ཡང་དེ་བཞིན་ནོ། །དབང་པོ་ཐ་མ་གསུམ་ནི་དགེ་སློང་གི་ཚུལ་གྱི་འབྲས་བུའི་སྦྱོར་བ་ཐོབ་པ་ལས་དམིགས་པར་འགྱུར་གྱི་འཆི་འཕོ་དང་སྐྱེ་བ་ལས་ནི་མ་ཡིན་ཏེ། སྔོན་བསྒོམས་པའི་སྟོབས་བསྐྱེད་པས་འདིར་རྒྱུ་མཐུན་པ་ཆེས་གསལ་བ་དག་འབྱུང་བར་ འགྱུར་ཞིང་། ཆེས་འོད་གསལ་བར་སྐྱེ་བའི་ཕྱིར་རྣམ་པར་སྨིན་པའི་འབྲས་བུ་ནི་རྐྱེན་དུ་གྱུར་པ་དག་ཡིན་ནོ། །བར་སྡོམ་ནི། ལས་དང་རྫས་དང་གཟུགས་སོགས་དང་། །དགེ་ལ་སོགས་དང་རྣམ་སྨིན་དང་། །ཁམས་དང་ས་དང་འཐོབ་པ་དང་། །འཆི་འཕོ་སྐྱེ་བ་ཁོ་ན་ཡིན། །དབང་པོ་དུ་ཞིག་ ཡུལ་གྱི་དོན་དང་ལྡན་པ་དག་ཡིན་ལ་དུ་ནི་མ་ཡིན་ཞེ་ན། སྨྲས་པ། ཉི་ཤུ་རྩ་གཅིག་ནི་དོན་དང་ལྡན་པ་ཡིན་ལ་གཅིག་ནི་མ་ཡིན་ནོ། །དུ་ཞིག་གཟུགས་ཅན་མ་ཡིན་པ་དང་ལྷན་ཅིག་ཏུ་དོན་ལ་འཇུག་ཅེ་ན། སྨྲས་པ། གཟུགས་ཅན་དང་པོ་བདུན་ནོ། །དུ་ཞིག་གཟུགས་ཅན་དང་གཟུགས་ ཅན་མ་ཡིན་པ་དང་ལྷན་ཅིག་ཏུ་དོན་ལ་འཇུག་ཅེ་ན། སྨྲས་པ། དེ་ལས་གཞན་པ་ལྷག་མ་རྣམས་སོ། །དོན་དང་བཅས་པ་གང་དག་ཡིན་པ་ལས་དབང་པོ་ལྔའི་དོན་གང་ཞེ་ན། སྨྲས་པ། གཟུགས་ལ་སོགས་པ་ཡུལ་སོ་སོར་ངེས་པ་ལྔའོ། །དབང་པོ་དྲུག་པའི་དོན་གང་ཞེ་ན། སྨྲས་པ། ཆོས་ཐམས་ཅད་དོ། །ཕོ་དང་མོའི་དབང་པོ་གཉིས་ཀྱི་དོན་གང་ཞེ་ན། སྨྲས་པ། རེག་བྱས་བསྡུས་པ་ཁོ་ནའི་ཕོ་དང་མོའི་དབང་པོ་ཕན་ཚུན་འཁྲིག་པའི་སྦྱོར་བའོ། །ཚོར་བའི་དབང་པོ་ལྔའི་དོན་གང་ཞེ་ན། སྨྲས་པ། བདེ་བ་དང་སྡུག་བསྔལ་བ་དང་ཡིད་བདེ་བ་དང་ཡིད་མི་བདེ་བ་དང་བཏང་ སྙོམས་ཀྱི་གནས་ལྟ་བུ་དག་སྟེ་དབང་པོ་དྲུག་པོ་དེ་དག་ཉིད་ཀྱི་དོན་རྣམས་སོ། །དད་པའི་དབང་པོའི་དོན་གང་ཞེ་ན། སྨྲས་པ། སྤང་བར་བྱ་བ་དང་ཐོབ་པར་བྱ་བའི་ཡུལ་ལོ། །བརྩོན་འགྲུས་ཀྱི་དབང་པོའི་དོན་གང་ཞེ་ན། སྨྲས་པ། དེ་གཉིས་ཁོ་ན་འཐོབ་པར་བྱ་བ་ལ་ཞུམ་པ་མེད་པ་དང་། སྤང་ 130-1-94a བར་བྱ་བ་ལ་ཞུམ་པ་མེད་པའོ། །དྲན་པའི་དབང་པོའི་དོན་གང་ཞེ་ན། སྨྲས་པ། མཉན་པ་དང་བསམ་པ་དང་བསྒོམ་པ་ངེས་པར་འཛིན་པའོ། །ཏིང་ངེ་འཛིན་གྱི་དབང་པོའི་དོན་གང་ཞེ་ན། སྨྲས་པ། ཞི་གནས་དང་ལྷག་མཐོང་ངོ་། །ཤེས་རབ་ཀྱི་དབང་པོའི་དོན་ གང་ཞེ་ན། སྨྲས་པ། ཤེས་བྱའི་དེ་ཁོ་ནའོ། །མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོའི་དོན་གང་ཞེ་ན། སྨྲས་པ། བདེན་པ་མངོན་པར་རྟོགས་པ་ལ་བརྩོན་པ་དགེ་བའི་ཆོས་ལ་འདུན་པ་ནས་བཟུང་སྟེ། སྦྱོར་བའི་ལམ་ཐམས་ཅད་ལ་དབང་པོ་ལྔའི་དོན་གང་ཡིན་པ་དེ་ཉིད་འདིའི་དོན་ཡིན་པར་ བལྟ་བར་བྱའོ། །ཀུན་ཤེས་པའི་དབང་པོའི་དོན་གང་ཞེ་ན། སྨྲས་པ། རྒྱུན་དུ་ཞུགས་པའི་འབྲས་བུ་ནས་བཟུང་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་དུ་དབང་པོ་ལྔའི་དོན་གང་ཡིན་པ་དེ་ཉིད་འདིའི་དོན་ཡིན་པར་བལྟ་བར་བྱའོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོའི་དོན་གང་ཞེ་ན། སྨྲས་པ། མི་སློབ་པའི་ལམ་ནས་བཟུང་སྟེ། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་བར་དུ་དབང་པོ་ལྔའི་དོན་གང་ཡིན་པ་དེ་ཉིད་འདིའི་དོན་གང་ཡིན་པར་བལྟ་བར་བྱའོ། །དུ་ཞིག་གཟུགས་ཅན་དག་ཡིན་ལ་དོན་ཀྱང་གཟུགས་ཅན་དག་ཡིན་ཞེ་ན། སྨྲས་པ། བདུན་ནོ། །དུ་ཞིག་ གཟུགས་ཅན་མ་ཡིན་པ་དག་ཡིན་ལ། དོན་ནི་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་དག་ཡིན་ཞེ་ན། སྨྲས་པ། སྲོག་གི་དབང་པོ་མ་གཏོགས་པ་དེ་ལས་གཞན་པ་ཐམས་ཅད་དོ། །དུ་ཞིག་གཟུགས་ཅན་ཡང་མ་ཡིན་གཟུགས་ཅན་མ་ཡིན་པ་ཡང་མ་ཡིན་པ་དག་ཡིན་ལ། དོན་ཀྱང་ གཟུགས་ཅན་ཡང་མ་ཡིན་གཟུགས་ཅན་མ་ཡིན་པའང་མ་ཡིན་པ་དག་ཡིན་ཞེ་ན། སྨྲས་པ། སྲོག་གི་དབང་པོ་དེ་ཉིད་ཡིན་ཏེ་བཏགས་པའི་ཆོས་ཡིན་པའི་ཕྱིར་རོ། །དུ་ཞིག་བསྟན་དུ་ཡོད་པ་དག་ཡིན་ལ་དོན་ཀྱང་བསྟན་དུ་ཡོད་པ་དག་ཡིན་ཞེ་ན། སྨྲས་པ། ཐམས་ཅད་ཀྱང་བསྟན་དུ་མེད་པ་ དག་ཡིན་ཏེ། གཟུགས་ཅན་གཅིག་དང་ལྷག་མ་གཟུགས་ཅན་མ་ཡིན་པ་རྣམས་ཀྱི་ཕྱོགས་ནི་དོན་བསྟན་དུ་ཡོད་པ་ཡིན་ནོ། །དུ་ཞིག་ཐོགས་པ་དང་བཅས་པ་དག་ཡིན་ལ་དོན་ཀྱང་ཐོགས་པ་དང་བཅས་པ་དག་ཡིན་ཞེ་ན། སྨྲས་པ། གཟུགས་ཅན་བདུན་ནོ། །ལྷག་མ་གཟུགས་ 130-1-94b ཅན་མ་ཡིན་པ་ཐོགས་པ་མེད་པ་དང་བསྟན་དུ་མེད་པ་རྣམས་ཀྱི་ཕྱོགས་ཡིན་ནོ། །དུ་ཞིག་ཟག་པ་དང་བཅས་པ་དག་ཡིན་ལ་དོན་ཀྱང་ཟག་པ་དང་བཅས་པ་དག་ཡིན་ཞེ་ན། སྨྲས་པ། བདུན་ཁོ་ནའོ། །ལྷག་མ་རྣམས་ལས་ཐ་མ་གཉིས་མ་གཏོགས་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བའི་ དབང་པོ་གཉིས་མ་གཏོགས་པ་དག་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དག་ཡིན་ལ་དོན་ཀྱང་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དག་ཡིན་པར་བལྟ་བར་བྱའོ། །སྡུག་བསྔལ་གྱི་དབང་པོ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དག་ཡིན་ལ་དོན་ནི་ཟག་པ་དང་བཅས་པ་ཡིན་ནོ། ། ཡིད་མི་བདེ་བའི་དབང་པོ་ནི་ཟག་པ་དང་བཅས་པ་ཡིན་ལ་དོན་ནི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་ཡིན་ནོ། །མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ནི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་དང་ཐག་རིང་ཞིང་འཇིག་རྟེན་པའི་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ཟག་པ་དང་བཅས་པ་ཡིན་ལ། དགེ་ སྦྱོང་གི་ཚུལ་གྱི་འབྲས་བུ་དང་ཐག་ཉེ་ཞིང་འཇིག་རྟེན་ལས་འདས་པའི་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ཟག་པ་མེད་པ་ཡིན་པར་བལྟ་བར་བྱའོ། །དུ་ཞིག་འདུས་བྱས་དག་ཡིན་ལ་དོན་ཀྱང་འདུས་བྱས་དག་ཡིན་ཞེ་ན། སྨྲས་པ། ཐམས་ཅད་ཀྱང་འདུས་བྱས་ཡིན་ཏེ་བརྒྱད་ནི་དོན་ཀྱང་འདུས་བྱས་ དག་ཡིན་ནོ། །དེ་ལས་གཞན་པ་དག་ནི་དོན་འདུས་བྱས་དང་འདུས་མ་བྱས་པ་དག་ཡིན་ནོ། །དུ་ཞིག་ཉོན་མོངས་པ་དང་བཅས་པ་དག་ཡིན་ལ་དོན་ཀྱང་ཉོན་མོངས་པ་དང་བཅས་པ་དག་ཡིན་ཞེ་ན། སྨྲས་པ། ཟག་པ་དང་བཅས་པ་ཇི་སྐད་བསྟན་པ་དེ་བཞིན་དུ་འདིའང་བལྟ་བར་བྱའོ། ། ཟང་ཟིང་དང་བཅས་པ་དང་ཞེན་པ་ལ་བརྟེན་པ་དང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་བསྟན་པ་དག་ཀྱང་དེ་བཞིན་དུ་བལྟ་བར་བྱའོ། །དུ་ཞིག་འདས་པ་དག་ཡིན་ལ་དོན་ཀྱང་འདས་པ་དག་ཡིན་ཞེ་ན། སྨྲས་པ། དབང་པོ་གཟུགས་ཅན་རྣམས་དང་སྡུག་བསྔལ་གྱི་དབང་པོ་མ་གཏོགས་ པ་དེ་ལས་གཞན་པ་དོན་དང་ལྡན་པ་རྣམས་ཀྱི་ཕྱོགས་གཅིག་གོ། །གཟུགས་ཅན་རྣམས་དང་སྡུག་བསྔལ་གྱི་དབང་པོ་ནི་འདས་པ་དག་ཡིན་ཡང་དོན་ནི་འདས་པ་དག་མ་ཡིན་ནོ། །དུ་ཞིག་འདས་པ་དག་ཡིན་ལ་དོན་ནི་ད་ལྟར་བྱུང་བ་དག་ཡིན་ཞེ་ན། སྨྲས་པ། ཇི་སྐད་བསྟན་པ་དེ་དག་ 130-1-95a ཉིད་ཀྱི་ཕྱོགས་གཅིག་གོ། །དེ་དག་ཉིད་འདས་པ་དག་ཡིན་ལ་དོན་ནི་མ་འོངས་པ་དག་ཡིན་པར་ཡང་བལྟ་བར་བྱའོ། །དེ་དག་ཉིད་ད་ལྟར་བྱུང་བ་དག་ཡིན་ལ་དོན་འདས་པ་དག་དང་དོན་མ་འོངས་པ་དག་ཡིན་པར་ཡང་བལྟ་བར་བྱའོ། །དེ་དག་ཉིད་ད་ལྟར་གྱི་དག་ཡིན་ལ། དོན་ཡང་ད་ལྟར་བྱུང་བ་དག་ཡིན་པར་ཡང་བལྟ་བར་བྱའོ། །གཟུགས་ཅན་ཐམས་ཅད་དང་སྡུག་བསྔལ་གྱི་དབང་པོ་དང་སྔར་བསྟན་པ་དེ་དག་ཉིད་ཀྱི་ཕྱོགས་གཅིག་ནི་ད་ལྟར་དག་ཡིན་ལ། དོན་ཡང་ད་ལྟར་ལྡན་པ་དག་ཡིན་པར་ཡང་བལྟ་བར་བྱའོ། །དེ་དག་ཉིད་མ་འོངས་པ་དག་ཡིན་ལ་དོན་ འདས་པ་དག་དང་དོན་མ་འོངས་པ་དག་དང་། དོན་ད་ལྟར་བྱུང་བ་དག་ཡིན་པར་ཡང་བལྟ་བར་བྱ་སྟེ། གཟུགས་ཅན་རྣམས་ནི་མ་འོངས་པ་དག་ཡིན་ཡང་དོན་ནི་མ་འོངས་པ་དག་མ་ཡིན་ནོ། །དུ་ཞིག་འདོད་པ་དང་ལྡན་པ་དག་ཡིན་ལ་དོན་ཀྱང་འདོད་པ་དང་ལྡན་པ་དག་ཡིན་ཞེ་ན། སྨྲས་པ། བཞིའོ། །དབང་པོ་གཉིས་ནི་འདོད་པ་དང་གཟུགས་དང་ལྡན་པ་དག་ཡིན་ལ་དོན་ནི་འདོད་པ་དང་ལྡན་པ་དག་ཡིན་ནོ། །གསུམ་ནི་འདོད་པ་དང་གཟུགས་དང་ལྡན་པ་དག་ཡིན་ལ་དོན་ཡང་འདོད་པ་དང་གཟུགས་དང་ལྡན་པ་དག་ཡིན་ནོ། །གཉིས་ནི་འདོད་པ་དང་གཟུགས་དང་ལྡན་པ་མ་ཡིན་ པ་དག་ཡིན་ལ་དོན་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་དང་ལྡན་པ་དང་ལྡན་པ་མ་ཡིན་པ་དག་ཡིན་ནོ། །བདུན་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་དང་ལྡན་པ་དང་ལྡན་པ་མ་ཡིན་པ་དག་ཡིན་ལ། དོན་ཀྱང་དེ་དག་ཉིད་ཡིན་པར་བལྟ་བར་བྱའོ། །གཅིག་ནི་གཟུགས་དང་ ལྡན་པ་དང་ལྡན་པ་མ་ཡིན་པ་ཡིན་ལ་དོན་ནི་ཐམས་ཅད་དང་ལྡན་པ་དང་ལྡན་པ་མ་ཡིན་པ་ཡིན་ནོ། །གཉིས་ནི་ལྡན་པ་མ་ཡིན་པ་དག་ཡིན་ལ་དོན་ནི་ཐམས་ཅད་དང་ལྡན་པ་དང་ལྡན་པ་མ་ཡིན་པ་དག་ཡིན་ནོ། །དུ་ཞིག་དགེ་བ་དག་ཡིན་ལ་དོན་ཀྱང་དགེ་བ་དག་ཡིན་ཞེ་ན། སྨྲས་པ། བརྒྱད་ ནི་དགེ་བ་དག་ཡིན་ལ་དོན་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་དག་ཡིན་ནོ། །ལྔ་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་དག་ཡིན་ལ་དོན་ཀྱང་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་སྟན་པ་དག་ཡིན་ནོ། །གཅིག་ནི་དགེ་བ་དང་མི་དགེ་བ་ཡིན་ལ་དོན་ནི་དགེ་བ་དང་མི་ 130-1-95b དགེ་བ་དང་ལུང་དུ་མ་བསྟན་པ་ཡིན་ནོ། །ལྔ་ནི་ལུང་དུ་མ་བསྟན་པ་དག་ཡིན་ལ་དོན་ཀྱང་ལུང་དུ་མ་བརྟན་པ་དག་ཡིན་ནོ། །གཉིས་ནི་ལུང་དུ་མ་བསྟན་པ་དག་ཡིན་ལ་དོན་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་དག་ཡིན་ནོ། །དུ་ཞིག་སློབ་པ་དག་ཡིན་ལ་དོན་ཀྱང་སློབ་པ་དག་ཡིན་ཞེ་ན། སྨྲས་པ། དགུ་ནི་སློབ་པ་དང་མི་སློབ་པ་དང་སློབ་པའང་མ་ཡིན་མི་སློབ་པའང་མ་ཡིན་པ་དག་ཡིན་ལ་དོན་ཀྱང་རྣམ་པ་གསུམ་ཅར་ཡིན་ནོ། །བདུན་ནི་སློབ་པའང་མ་ཡིན་མི་སློབ་པའང་མ་ཡིན་པ་དག་ཡིན་ལ་དོན་ཀྱང་དེ་དག་ཉིད་ཡིན་ནོ། །གཅིག་ནི་རྣམ་པ་གསུམ་ཆར་ཡིན་ལ་དོན་ནི་སློབ་པའང་ མ་ཡིན་མི་སློབ་པའང་མ་ཡིན་པ་ཡིན་ནོ། །གཅིག་ནི་སློབ་པ་དང་སློབ་པ་ཡང་མ་ཡིན་མི་སློབ་པའང་མ་ཡིན་པ་ཡིན་ལ། དོན་ནི་རྣམ་པ་གསུམ་ཆར་ཡིན་ནོ། །གཉིས་ནི་སློབ་པ་དག་ཡིན་ལ། དོན་ནི་རྣམ་པ་གསུམ་ཆར་ཡིན་ནོ། །གཅིག་ནི་མི་སློབ་པ་ཡིན་ལ་དོན་ནི་རྣམ་པ་གསུམ་ ཆར་ཡིན་པར་བལྟ་བར་བྱའོ། །དུ་ཞིག་མཐོང་བས་སྤང་བར་བྱ་བ་དག་ཡིན་ལ་དོན་ཀྱང་མཐོང་བས་སྤང་བར་བྱ་བ་དག་ཡིན་ཞེ་ན། སྨྲས་པ། བཅུ་བཞིའི་ཕྱོགས་གཅིག་ནི་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །ཕྱོགས་གཅིག་ནི་བསྒོམས་པས་སྤང་བར་བྱ་བ་ཡིན་ནོ། །བཅུ་གཉིས་ཀྱི་ཕྱོགས་ གཅིག་ནི་བསྒོམས་པས་སྤང་བར་བྱ་བ་ཡིན་ནོ། །ཕྱོགས་གཅིག་ནི་སྤང་བར་བྱ་བ་མ་ཡིན་པ་ཡིན་ནོ། །བཅུ་བཞི་པོ་དེ་དག་ཉིད་ལས་དྲུག་དང་དེ་དང་དེ་ལས་གཞན་པ་དྲུག་དང་། གཞན་གཉིས་ནི་སྤང་བར་བྱ་བ་མ་ཡིན་པ་དག་ཡིན་ནོ། །དེ་ལ་གཟུགས་ཅན་རྣམས་ནི་མཐོང་བ་དང་བསྒོམས་པས་ སྤང་བར་བྱ་བའི་དོན་ཡིན་པར་བལྟ་བར་བྱའོ། །གཟུགས་ཅན་མ་ཡིན་པ་རྣམས་ནི་དོན་རྣམ་པ་གསུམ་ཆར་ཏེ། མཐོང་བ་དང་། བསྒོམས་པས་སྤང་བར་བྱ་བ་དང་། སྤང་བར་བྱ་བ་མ་ཡིན་པའི་དོན་དག་ཡིན་ནོ། །དབང་པོ་དུ་ཞིག་དོན་ལ་ཀུན་ནས་ཉོན་མོངས་པའི་བཏང་སྙོམས་ཀྱིས་རབ་ ཏུ་ཕྱེ་བ་དག་ཡིན་ཞེ་ན། སྨྲས་པ། དགེ་བ་རྣམས་མ་གཏོགས་པ་སྟེ། དགེ་བ་རྣམས་ནི་དོན་ལ་རྣམ་པར་བྱང་བའི་བཏང་སྙོམས་ཀྱི་ས་རབ་ཏུ་ཕྱེ་བ་དག་ཡིན་པར་བལྟ་བར་བྱའོ། །དུ་ཞིག་ནི་དོན་ཕྱིན་ཅི་ལོག་ཏུ་གྱུར་པ་དག་ཡིན་ཞེ་ན། སྨྲས་པ། དགེ་བ་རྣམས་དང་དབང་པོ་དྲུག་ནི་ 130-1-96a དོན་གྱིས་དངོས་པོ་གང་དག་ཡིན་པ་མ་གཏོགས་པ་རྣམས་སོ། །དུ་ཞིག་ཕྱིན་ཅི་ལོག་གི་གནས་དག་ཡིན་ཞེ་ན། སྨྲས་པ། གཟུགས་ཅན་བདུན་ནོ། །དུ་ཞིག་ཕྱིན་ཅི་ལོག་གི་ངོ་བོ་ཉིད་དག་ཡིན་ཞེ་ན། སྨྲས་པ། དྲུག་གི་ཕྱོགས་སོ། །དུ་ཞིག་ཕྱིན་ ཅི་ལོག་གི་གཉེན་པོ་དག་ཡིན་ཞེ་ན། སྨྲས་པ། བརྒྱད་ཡིན་པར་བལྟ་བར་བྱའོ། །དབང་པོ་དུ་དག་གིས་དོན་ལ་སྐྱོན་ལས་ཉེ་བར་རྟོག་པར་བྱེད་ཅེ་ན། སྨྲས་པ། བརྒྱད་དང་ལྔ་དང་གཅིག་གིས་སོ། །གང་གི་ཚེ་འདུ་བྱེད་རྣམས་ཡོན་ཏན་བཞི་དང་ལྡན་པར་དམིགས་པ་དེའི་ཚེ་ཇི་ ལྟར་འདུ་བྱེད་རྣམས་སྐྱོན་ལས་ཉེ་བར་རྟོག་པར་བྱེད་དེ། གནས་པ་ལས་ནི་འདི་ལྟ་སྟེ། ཁ་ཅིག་ནི་ཕུང་པོ་རྣམས་ལེགས་པར་བསྙེན་བཀུར་བྱས་ན་ལོ་བརྒྱའམ་དེ་བས་ལྷག་པར་གནས་པའོ། །མཐུ་ལས་ནི་འདི་ལྟ་སྟེ། བདེ་བ་སྐྱེད་པར་བྱེད་པ་དང་། གཙང་བར་ཀུན་དུ་སྣང་བའོ། ། དབང་བསྒྱུར་བ་ལས་ནི་འདི་ལྟ་སྟེ། སྒྲུབ་པ་དང་སྲུང་བ་དང་ལོངས་སྤྱོད་པ་དང་གཏོང་བ་ལ་རང་གིས་དབང་བསྒྱུར་བར་བྱེད་པའོ། །ཆགས་པ་ལས་ནི་འདི་ལྟ་སྟེ། དེ་ལ་བརྟེན་པའི་ཆགས་པ་རྣམ་པ་སྣ་ཚོགས་འབྱུང་བར་འགྱུར་ཏེ། དེ་ནི་འདུ་བྱེད་རྣམས་ཀྱི་ཡོན་ཏན་དང་ལྡན་པའི་མཚན་ ཉིད་བཞི་པ་ཡིན་ནོ་ཞེ་ན། སྨྲས་པ། འདི་ལྟར་ཆོས་དེ་དག་ནི་འཇིག་རྟེན་པས་ཡོན་ཏན་དུ་བཟུང་མོད་ཀྱི་འོན་ཀྱང་དེ་དག་ཐམས་ཅད་ནི་སྐྱོན་དང་འབྲེལ་པ་ཡིན་པར་རིག་པར་བྱའོ། །དེ་ལ་སྐྱོན་རྣམས་གང་ཞེ་ན། སྨྲས་པ། གནས་པ་གཏན་དུ་མ་ཡིན་པའི་ཕྱིར་དང་། སྡུག་པ་འགྱུར་ བའི་མི་རྟག་པ་མངོན་སུམ་དུ་དམིགས་པའི་ཕྱིར་དང་། འཆི་བ་མི་རྟག་པ་མངོན་སུམ་དུ་དམིགས་པའི་ཕྱིར་འདུ་བྱེད་དེ་དག་ཡོན་ཏན་དང་པོ་དང་བྲལ་བར་བལྟ་བར་བྱའོ། །དེ་བཞིན་དུ་དེས་བྱས་པའི་སྡུག་བསྔལ་རྣམ་པ་སྣ་ཚོགས་འབྱུང་བ་མངོན་སུམ་དུ་དམིགས་པའི་ཕྱིར་དང་། མི་གཙང་བ་ མངོན་སུམ་དུ་དམིགས་པའི་ཕྱིར་ཡོན་ཏན་གཉིས་པ་དང་བྲལ་བར་བལྟ་བར་བྱའོ། །དེ་བཞིན་དུ་རྒ་བ་དང་ན་བ་དང་འཆི་བ་ལ་སོགས་པ་ལ་འདོད་དགུར་བྱར་མེད་པ་མངོན་སུམ་དུ་དམིགས་པའི་ཕྱིར་ཡོན་ཏན་གསུམ་དང་བྲལ་བར་བལྟ་བར་བྱའོ། །དེ་བཞིན་དུ་སྲིན་བུ་དང་ཁྱི་དང་ཕག་ལ་ 130-1-96b སོགས་པ་ལྗན་ལྗིན་མཆོག་ཏུ་མི་གཙང་བ་ལ་ཆགས་པ་དག་མངོན་སུམ་དུ་དམིགས་པའི་ཕྱིར་ཡོན་ཏན་བཞི་པ་སྤངས་པར་བལྟ་བར་བྱ་སྟེ། གང་གི་ཕྱིར་ཡོན་ཏན་ཐམས་ཅད་དང་བྲལ་བར་འགྱུར་བ་དེའི་ཕྱིར་འདུ་བྱེད་རྣམས་ལ་རྣམ་པ་ཐམས་ཅད་དུ་སྐྱོན་དང་ལྡན་པ་དེ་ལྟ་བུ་ཁོ་ནར་ཉེ་བར་རྟོག་པར་ བྱེད་དོ། །མིག་གི་དབང་པོ་ཅི་ཞིག་གི་ཆེད་དུ་ཞེ་ན། སྨྲས་པ། གཟུགས་ལ་ལྟ་བའི་ཆེད་དུའོ། །ཡིད་ཀྱི་དབང་པོའི་བར་དུ་ཅི་ཞིག་གི་ཆེད་དུ་ཞེ་ན། སྨྲས་པ། ཐམས་ཅད་ཀྱང་རང་རང་གི་ཡུལ་འཛིན་པའི་ཆེད་དུ་ཡིན་པར་བལྟ་བར་བྱའོ། །ཕོ་དང་མོའི་དབང་པོ་གཉིས་ཅི་ ཞིག་གི་ཆེད་དུ་ཞེ་ན། སྨྲས་པ། འཁྲིག་པ་བསྟེན་པའི་ཆེད་དུའོ། །སྲོག་གི་དབང་པོ་ཅི་ཞིག་གི་ཆེད་དུ་ཞེ་ན་སྨྲས་པ། འཆི་བའི་སྲིད་པ་སྔ་རོལ་གྱི་དུས་ཀྱི་སྲིད་པའི་ཆེད་དུའོ། །ཚོར་བའི་དབང་པོ་རྣམས་ཅི་ཞིག་གི་ཆེད་དུ་ཞེ་ན། སྨྲས་པ། ཡུལ་ཡིད་དུ་འོང་བ་དང་ཡིད་དུ་མི་ འོང་བ་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བའི་ཆེད་དུའོ། །དད་པའི་དབང་པོ་ཅི་ཞིག་གི་ཆེད་དུ་ཞེ་ན། སྨྲས་པ། དགེ་བ་ལ་འཇུག་པའི་ཆེད་དུའོ། །བརྩོན་འགྲུས་ཀྱི་དབང་པོ་ཅི་ཞིག་གི་ཆེད་དུ་ཞེ་ན། སྨྲས་པ། ཞུགས་པ་དགེ་བའི་ཆོས་བསྒོམ་པ་རྒྱུན་དུ་ཆུད་པར་བྱ་བའི་ཆེད་དུའོ། ། དྲན་པའི་དབང་པོ་ཅི་ཞིག་གི་ཆེད་དུ་ཞེ་ན། སྨྲས་པ། ཤེས་བཞིན་དུ་སྤྱད་པའི་ཆེད་དུའོ། །ཏིང་ངེ་འཛིན་གྱི་དབང་པོ་ཅི་ཞིག་གི་ཆེད་དུ་ཞེ་ན། སྨྲས་པ། ཡེ་ཤེས་དང་མཐོང་བ་རྣམ་པར་དག་པའི་ཆེད་དུའོ། །ཤེས་རབ་ཀྱི་དབང་པོ་ཅི་ཞིག་གི་ཆེད་དུ་ཞེ་ན། སྨྲས་པ། ཉོན་མོངས་ པ་སྤོང་བའི་ཆེད་དུའོ། །མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ཅི་ཞིག་གི་ཆེད་དུ་ཞེ་ན། སྨྲས་པ། དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་དང་པོ་དང་གཉིས་པ་དང་གསུམ་པ་འཐོབ་པའི་ཆེད་དུའོ། །ཀུན་ཤེས་པའི་དབང་པོ་ཅི་ཞིག་གི་ཆེད་དུ་ཞེ་ན། སྨྲས་པ། རྡོ་རྗེ་ལྟ་བུའི་ཏིང་ངེ་ འཛིན་གྱི་བར་དང་མི་སློབ་པའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་འཐོབ་པའི་ཆེད་དུའོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཅི་ཞིག་གི་ཆེད་དུ་ཞེ་ན། སྨྲས་པ། བར་ཆད་མེད་པར་ཉོན་མོངས་པ་སྤོང་བ་མངོན་དུ་བྱ་བ་དང་། ཚེ་འདི་ལ་བདེ་བར་གནས་པ་དང་ཕུང་པོ་འགག་པའི་ཆེད་དུ་ 130-1-97a དུའོ། །བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་ལུས་ནི་གཟུགས་ཅན་རགས་པ་འབྱུང་བ་ཆེན་པོ་བཞི་ལས་བྱུང་བ་དང་། མ་དང་ཕའི་མི་གཙང་བ་ནུར་ནུར་པོ་ལས་བྱུང་བ། འབྲས་ཆན་དང་ཟན་དྲོན་གྱིས་བསྐྱེད་པ་རྟག་ཏུ་བསྐོན་པ་དང་། བཀྲུ་བ་དང་། མཉེ་བ་ བྱ་དགོས་པ་དང་གཅད་པ་དང་གཤེགས་པ་དང་རྣམ་པར་འཐོར་བ་དང་རྣམ་པར་འཇིག་པའི་ཆོས་ཅན་ཡིན་ནོ་ཞེས་གསུངས་པ་དབང་པོ་གང་དག་ལ་བརྟེན་ནས་ཤེ་ན། སྨྲས་པ། དབང་པོ་གཟུགས་ཅན་བདུན་ལ་བརྟེན་ཏེ་གསུངས་སོ། །དེའང་མདོར་བསྡུ་ན་རྣམ་པ་བསྟན་པ་དང་པོས་ནི་ འདོད་པ་ན་སྤྱོད་པའི་དབང་པོ་གཟུགས་ཅན་རྣམས་ཀྱི་སྤྱིའི་མཚན་ཉིད་བསྟན་ཏོ། །གཉིས་པས་ནི་རང་གི་མཚན་ཉིད་དོ། །གསུམ་གྱིས་རྒྱུད་དེ། གཉིས་ཀྱིས་ནི་སྐྱེ་བའི་རྒྱུའོ། །གཅིག་གིས་ནི་སྐྱེས་ནས་འཕེལ་བའི་རྒྱུའོ། །གསུམ་གྱིས་ནི་འགྱུར་བ་སྟེ་གྲང་བ་ལས་གྱུར་པ་དང་། ཚ་ བ་ལས་གྱུར་པ་དང་ཡོངས་སུ་ངལ་བ་ལས་གྱུར་པའོ། །བཞིས་ནི་ཡོངས་སུ་འགྱུར་བ་སྟེ། གཉིས་ཀྱིས་ནི་གསོན་པ་ཉིད་ན་གནོད་པ་བྱས་པ་ལས་གྱུར་པའོ། །གཉིས་ཀྱིས་ནི་ཤི་བ་ལ་གཞན་དང་རང་གི་གང་གིས་ཡོངས་སུ་འགྱུར་བར་བལྟ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་རིང་དུ་སོང་ ཞིང་གཅིག་པུ་རྒྱུ། །ལུས་མེད་ཕུག་ན་ཉལ་བ་ཡིན། །ཞེས་གསུངས་པ་དབང་པོ་གང་ལ་བརྟེན་ནས་ཤེ་ན། སྨྲས་པ། ཡིད་ཀྱི་དབང་པོ་ལ་སྟེ། སྔོན་གྱི་མཐའ་ལས་བརྩམས་ནས་ཐོག་མ་མེད་པའི་ཕྱིར་དང་ཤེས་བྱ་མཐའ་དག་ལ་དམིགས་པའི་ཕྱིར་རིང་དུ་སོང་བ་ཡིན་ནོ། ། སེམས་ཀྱི་རྒྱུད་རེ་རེ་ནས་འཇུག་པའི་ཕྱིར་དང་བདག་པོ་མེད་པའི་ཕྱིར་གཅིག་ཏུ་རྒྱུ་བ་ཡིན་ནོ། །གཟུགས་མེད་པ་དང་བསྟན་དུ་མེད་པ་དང་ཐོགས་པ་མེད་པའི་ཕྱིར་ལུས་མེད་པ་ཡིན་ནོ། །གཟུགས་དང་མིང་ལ་བརྟེན་པའི་ཕྱིར་ཕུག་ན་ཉལ་བ་ཡིན་པར་བལྟ་བར་བྱའོ། །བཅོམ་ལྡན་འདས་ ཀྱིས་བུད་མེད་ཀྱིས་ནི་སྐྱེས་པ་གནས་བརྒྱད་པོ་བྲོ་གར་དང་། གླུ་དང་། བགད་པ་དང་། བལྟས་པ་དང་། ཁ་དོག་དང་། རེག་པ་དང་། ཀུན་དུ་ཉལ་པོ་བཤམས་པ་དང་། རྨ་འདྲལ་བ་དག་གིས་འཆིང་བར་བྱེད་དོ་ཞེས་གསུངས་པ་དབང་པོ་གང་དག་ལ་བརྟེན་ནས་ཤེ་ན། སྨྲས་པ། 130-1-97b དབང་པོ་གཉིས་ལས་ཏེ་ཕོའི་དབང་པོ་དང་མོའི་དབང་པོ་ལས་སོ། །དེ་ལ་རྩེ་བའི་དུས་ན་ནི་གནས་བཞིས་འཆིང་བར་བྱེད་དོ། །ཡོངས་སུ་ལོངས་སྤྱོད་པའི་དུས་ནའང་གནས་བཞིས་འཆིང་བར་བྱེད་དེ། རྩེ་བའི་དུས་ན་ནི་ལུས་དང་ངག་དང་ཁ་བཞིན་དང་མིག་གི་འཇོ་སྒེག་དག་གིས་འཆིང་བར་ བྱེད་དོ། །ཡོངས་སུ་ལོངས་སྤྱོད་པའི་དུས་ན་ནི་གཟུགས་བཟང་བ་དང་། མཉེ་བ་དང་། ཉེ་བར་སྤྱོད་པ་དང་། ཤིན་ཏུ་གཞོན་ཤ་ཅན་དག་གིས་འཆིང་བར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་སྲོག་དང་ལྡན་པ་དང་གསོན་པ་དང་འཇུག་པ་དང་འཚོ་བ་དང་སྡོད་པར་བྱེད་དོ་ཞེས་གསུངས་པ་དབང་ པོ་གང་ལ་བརྟེན་ནས་ཤེ་ན་སྨྲས་པ། སྲོག་གི་དབང་པོ་ལས་ཏེ་དབུགས་རྒྱུ་བ་དང་ཤེས་པ་ཡོད་པ་དང་ལྡན་པ་དང་། དེ་ལས་གཞན་པའི་གནས་སྐབས་དང་འདྲ་བ་དང་། དབང་བྱེད་པར་འགྱུར་བ་དང་། ནད་མེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་བདེ་བ་དང་། ཚོར་བ་དང་ ཚོར་བ་ལས་བྱུང་བ་ཞེས་གསུངས་པ་དབང་པོ་གང་དག་ལ་བརྟེན་ནས་ཤེ་ན། སྨྲས་པ། བདེ་བའི་དབང་པོ་དང་ཡིད་བདེ་བའི་དབང་པོ་ལས་ཏེ་དེ་ལས་གཞན་པའི་ཚོར་བའི་དབང་དུ་བྱས་ནས། རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་དང་། རྟེན་གྱི་མཚན་ཉིད་དེ་དག་བསྟན་ཏོ། ། བདེ་བ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་མི་བདེ་བ་ལ་སོགས་པ་དང་བདེ་བའང་མ་ཡིན་མི་བདེ་བའང་མ་ཡིན་པ་ལ་སོགས་པ་ལ་ཡང་ཅི་རིགས་པར་བལྟ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ལ་དད་པས་ངེས་པར་ཞེན་པ་དང་རྟིང་ཚུགས་པ་དང་རབ་ཏུ་གནས་པ་ནི་འཇིག་རྟེན་ན་ དགེ་སྦྱོང་ངམ་བྲམ་ཟེའམ་ལྷའམ་བདུད་དམ་ཚངས་པའམ་སུས་ཀྱང་ཆོས་དང་མཐུན་པས་འཕྲོགས་པར་མི་འགྱུར་རོ་ཞེས་གསུངས་པ་དབང་པོ་གང་ལ་བརྟེན་ནས་ཤེ་ན། སྨྲས་པ། དད་པའི་དབང་པོ་ལ་སྟེ་ཐོས་པ་དང་བསམ་པ་དང་བསྒོམ་པ་ལ་མོས་པ་དག་གིས་དད་པའི་དོན་གྱི་ སྙིང་པོ་ཡོངས་སུ་བསྟན་ཏོ། །དེའང་སྙིང་པོ་ཉིད་ཡིན་པར་ཇི་ལྟར་ཁོང་དུ་ཆུད་པར་བྱ་བའི་ཐབས་དེ་ནི་ཤེས་པ་དང་སྐྱེ་བ་དང་དབང་དང་རྣམ་པར་དག་པ་ཁྱད་པར་ཅན་དག་གིས་ཀྱང་དེ་གཡོས་པར་མི་འགྱུར་ན་མི་ཕལ་པ་དག་གིས་ལྟ་ཅི་སྨོས་ཞེས་ཡོངས་སུ་བསྟན་ཏོ། །དོན་གྱི་སྙིང་ 130-1-98a པོའི་རྣམ་གྲངས་གཞན་ཡང་འཇིག་རྟེན་པའི་མོས་པ་ཤིན་ཏུ་རྣམ་པར་ངེས་པས་ནི་ངེས་པར་ཞེན་པ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་མོས་པའི་རྩ་བ་གྱུར་པ་ཡིན་པའི་ཕྱིར་རྟིང་ཚུགས་པ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་མོས་པ་རྣམ་པར་དག་པས་རབ་ཏུ་ གནས་པའི་ཕྱིར་རབ་ཏུ་གནས་པ་ཡིན་ཏེ། དང་པོ་ནི་བསྟན་པའི་ཚིག་ཡིན་ནོ། །གཉིས་ནི་བཤད་པའི་ཚིག་ཡིན་པར་བལྟ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་མཐུ་དང་ལྡན་པ་དང་བརྩོན་འགྲུས་དང་ལྡན་པ་དང་སྤྲོ་བ་དང་ལྡན་པ་དང་བརྟུལ་བ་དང་བརྟེན་པ་དང་བརྩོན་པ་མ་བོར་བར་དགེ་བའི་ ཆོས་རྣམས་ལ་གནས་སོ་ཞེས་གང་གསུངས་པ་དབང་པོ་གང་ལ་བརྟེན་ནས་ཤེ་ན། སྨྲས་པ། བརྩོན་འགྲུས་ཀྱི་དབང་པོ་ལ་སྟེ་མདོར་བསྡུ་ན་རྣམ་པ་ལྔ་པོ་དག་གིས་རྣམ་པ་ཐམས་ཅད་ཀྱི་བརྩོན་འགྲུས་དེ་ཡོངས་སུ་བསྟན་པ་ཡིན་ཏེ། གོ་ཆའི་བརྩོན་འགྲུས་དང་སྦྱོར་བའི་བརྩོན་འགྲུས་དང་ མི་ཞུམ་པའི་བརྩོན་འགྲུས་དང་མི་འཁྲུལ་པའི་བརྩོན་འགྲུས་དང་ཆོག་མི་ཤེས་པའི་བརྩོན་འགྲུས་སོ། །བཅོམ་ལྡན་འདས་ཀྱིས་དྲན་པ་དང་ཀུན་དུ་དྲན་པ་དང་རྗེས་སུ་དྲན་པ་དང་སོ་སོར་དྲན་པ་དང་མི་བརྗེད་པ་ཉིད་དང་སེམས་པས་མངོན་པར་བརྗོད་པ་ཉིད་དང་བརྗེད་པ་མེད་པ་ཉིད་དང་རབ་ཏུ་མི་བརྗེད་པ་ ཉིད་དང་ཡང་དག་པར་མི་བརྗེད་པའི་ཆོས་ཉིད་ཅེས་གསུངས་པ་དབང་པོ་གང་ལ་བརྟེན་ནས་ཤེ་ན། སྨྲས་པ། དྲན་པའི་དབང་པོ་ལ་སྟེ་རྣམ་གྲངས་དེ་དག་གི་དོན་ནི་འདི་ལྟ་སྟེ། རྣམ་གྲངས་བསྡུ་བ་ལས་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་སེམས་གནས་པ་དང་ཡང་དག་པར་གནས་ པ་དང་བསྡུས་ཏེ་གནས་པ་དང་ཉེ་བར་གནས་པ་དང་། དུལ་བ་དང་ཞི་བ་དང་། ཉེ་བར་ཞི་བ་དང་རྒྱུད་གཅིག་ཏུ་གྱུར་པ་དང་ཏིང་ངེ་འཛིན་དུ་འཇོག་པ་ཞེས་གསུངས་པ་དབང་པོ་གང་ལ་བརྟེན་ནས་ཤེ་ན། སྨྲས་པ། ཏིང་ངེ་འཛིན་གྱི་དབང་པོ་ལ་སྟེ་རྣམ་གྲངས་དེ་དག་གི་དོན་ནི་འདི་ལྟ་སྟེ་ཉན་ཐོས་ ཀྱི་ས་ལས་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཆོས་རྣམས་རྣམ་པར་འབྱེད་པར་བྱེད་པ་དང་རབ་ཏུ་རྣམ་པར་འབྱེད་པར་བྱེད་པ་དང་ཡོངས་སུ་རྟོག་པར་བྱེད་པ་དང་ཡོངས་སུ་དཔྱོད་པར་བྱེད་དོ་ཞེས་གང་གསུངས་པ་དབང་པོ་གང་ལ་བརྟེན་ནས་ཤེ་ན། སྨྲས་པ། ཤེས་རབ་ཀྱི་དབང་པོ་ལ་ 130-1-98b སྟེ་རྣམ་གྲངས་དེ་དག་གི་དོན་ཀྱང་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་རིག་པར་བྱའོ། །དེ་ལས་གཞན་པའི་དབང་པོ་དགེ་བ་རྣམས་ནི་དད་པ་ལ་སོགས་པའི་དབང་པོས་བསྡུས་པ་ཡིན་པའི་ཕྱིར་དོན་གྱི་རྣམ་གྲངས་གཞན་མི་དམིགས་སོ། །དབང་པོ་དུ་དག་ལ་བརྟེན་ནས་ལུས་དྲན་པ་ཉེ་ བར་གཞག་པ་གདགས་པར་མཛད་ཅེ་ན། སྨྲས་པ། བདུན་ལའོ། །དབང་པོ་དུ་དག་ལ་བརྟེན་ནས་ཚོར་བ་དྲན་པ་ཉེ་བར་གཞག་པ་གདགས་པར་མཛད་ཅེ་ན། སྨྲས་པ། ལྔ་ལའོ། །དབང་པོ་དུ་དག་ལ་བརྟེན་ནས་སེམས་དྲན་པ་ཉེ་བར་གཞག་པ་གདགས་པར་མཛད་ཅེ་ན། སྨྲས་ པ། གཅིག་ལའོ། །དབང་པོ་དུ་དག་ལ་བརྟེན་ནས་ཆོས་དྲན་པ་ཉེ་བར་གཞག་པ་གདགས་པར་མཛད་ཅེ་ན། སྨྲས་པ། ཐ་མ་བརྒྱད་དང་སྲོག་གི་དབང་པོ་ལའོ། །དབང་པོ་དུ་ཞིག་གཙོ་ཆེར་སྡུག་བསྔལ་གྱི་བདེན་པའི་གནས་དག་ཡིན་ཞེ་ན། སྨྲས་པ། དགུའོ། ། དབང་པོ་དུ་ཞིག་གཙོ་ཆེར་ཀུན་འབྱུང་པའི་བདེན་པའི་གནས་དག་ཡིན་ཞེ་ན། སྨྲས་པ། ལྔའོ། །དབང་པོ་དུ་ཞིག་འགོག་པའི་བདེན་པའི་གནས་དག་ཡིན་ཞེ་ན། སྨྲས་པ། ཐམས་ཅད་དོ། །དབང་པོ་དུ་ཞིག་ལམ་གྱི་བདེན་པའི་གནས་དག་ཡིན་ཞེ་ན། སྨྲས་པ། ཐ་མ་ བརྒྱད་དོ། །དབང་པོ་དུ་དག་ལ་བརྟེན་ནས་ལེགས་པར་བསམ་པ་སེམས་པ་ཡིན་ཞེ་ན། སྨྲས་པ། དགུ་ལའོ། །དབང་པོ་དུ་དག་ལ་བརྟེན་ནས་ལེགས་པར་སྨྲ་བ་བརྗོད་པ་ཡིན་ཞེ་ན། སྨྲས་པ། བཅུ་ལའོ། །དབང་པོ་དུ་དག་ལ་བརྟེན་ནས་ལེགས་པར་བྱས་པའི་ལས་ བྱེད་པ་ཡིན་ཞེ་ན། སྨྲས་པ། བཅུ་དྲུག་ལའོ། ། ཉེས་པར་བསམ་པ་སེམས་པ་དང་ཉེས་པར་སྨྲ་བར་བརྗོད་པ་དང་ཉེས་པར་བྱ་བའི་ལས་བྱེད་པ་ཡང་དེ་བཞིན་དུ་ཅི་རིགས་པར་བལྟ་བར་བྱའོ། །དབང་པོ་དུ་དག་གཙོ་ཆེར་ཉོན་མོངས་པ་རྣམས་དང་ལས་རྣམས་ལ་བརྟེན་ནས་འབྱུང་ཞེ་ན། སྨྲས་པ། དགུའོ། །དབང་པོ་དུ་དག་ལ་བརྟེན་ནས་ཉོན་མོངས་པ་རྣམས་དང་ལས་དག་འབྱུང་ཞེ་ན། སྨྲས་པ། ལྔ་ལའོ། །དབང་པོ་དུ་དག་ལ་བརྟེན་ནས་ཉོན་མོངས་པ་དང་ལས་དག་སྤོང་བར་འགྱུར་ཞེ་ན། སྨྲས་པ། ཐ་མ་བརྒྱད་ལའོ། །དབང་པོ་དུ་དག་གིས་འཇིག་རྟེན་པ་ 130-1-99a དང་འཇིག་རྟེན་ལས་འདས་པའི་དཔལ་ཉམས་སུ་མྱོང་བར་འགྱུར་ཞེ་ན། སྨྲས་པ། གཉིས་མ་གཏོགས་པ་རྣམས་ཀྱིས་སོ། །དབང་པོ་དུ་དག་གིས་དཔལ་ཉམས་པ་ཉམས་སུ་མྱོང་བར་འགྱུར་ཞེ་ན། སྨྲས་པ། བཅུ་གཅིག་གིས་སོ། །དབང་པོ་དུ་ཞིག་ དཔལ་འདྲེན་པར་བྱེད་པ་དག་ཡིན་ཞེ་ན། སྨྲས་པ། ཐ་མ་བརྒྱད་དོ། །བཅོམ་ལྡན་འདས་ཀྱིས་འདོད་པ་ལ་ལོངས་སྤྱོད་པ་རྣམས་ཀྱི་དཔལ་བྱེད་པའི་ཆོས་ནི་ལྔ་པོ་འདི་དག་ཡིན་ཏེ་བཟོད་པ་དང་། དེས་པ་དང་། མི་ཡོངས་སུ་བརྟག་པ་དང་། གཏོང་བ་སྤྱོད་པ་དང་། བག་ཡོད་ པའོ་ཞེས་གང་གསུངས་པ་དེ་ལ་བཟོད་པ་གང་ཞེ་ན། དེའི་མཚན་ཉིད་ནི་རྣམ་པ་གསུམ་དུ་བལྟ་བར་བྱ་སྟེ་མི་འཁྲུགས་པ་དང་ཕྱིར་གནོད་པ་མི་བྱེད་པ་དང་ཁོན་གྱི་བསམ་པ་མི་འཛིན་པའོ། །རྣམ་པའི་རབ་ཏུ་དབྱེ་བ་ལས་ནི་རྣམ་པ་བཅུ་སྟེ། གནོད་པ་བྱས་པ་བཟོད་པ་དང་། གནོད་པ་ བྱེད་པ་ཉེ་བར་གནས་པ་བཟོད་པ་དང་། གནོད་པ་བྱེད་དུ་དོགས་པ་བཟོད་པ་དང་། གནོད་པ་བྱེད་པ་ལ་ཕན་འདོགས་པ་ལ་བཟོད་པ་དང་། ཕན་འདོགས་པ་ལ་གནོད་པ་བྱེད་པ་ལ་བཟོད་པ་དང་། གནོད་པ་བྱེད་པ་ཐམས་ཅད་བཟོད་པ་དང་། ཐམས་ཅད་ལས་གནོད་པ་བྱེད་པ་བཟོད་ པ་དང་། གནོད་པ་བྱེད་པ་ཤད་ཀྱིས་སྦྱོང་བ་དང་དུ་ལེན་པའི་བཟོད་པ་དང་། གནོད་པ་བྱེད་པ་ལ་སོ་སོར་རྟོག་པའི་སྟོབས་ཀྱིས་བཟོད་པ་དང་། གནོད་པ་བྱེད་པའི་རང་བཞིན་གྱིས་བཟོད་པ་སྟེ། དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་གནོད་པ་ལ་མི་བྱེད་པའི་བཟོད་པ་ཞེས་བྱའོ། ། དེས་པ་གང་ཞེ་ན། གཞན་གྱིས་གནོད་པ་བྱས་པ་ལ་ལུས་དང་ངག་དང་ཡིད་ཀྱིས་རྗེས་སུ་སྲུང་བའི་ངང་ཚུལ་ཅན་ཉིད་ཡིན་ཏེ་གཞན་དག་ལ་བདེ་བ་དང་ཡིད་བདེ་བ་ཁ་ན་མ་ཐོ་བ་མེད་པ་མ་སྐྱེས་པ་ནི་སྐྱེད་པར་མི་བྱེད་ལ། སྐྱེས་པ་ནི་རྗེས་སུ་སྲུང་བར་བྱེད་པ་དང་། སྡུག་བསྔལ་དང་ཡིད་མི་ བདེ་བ་ཁ་ན་མ་ཐོ་བ་དང་བཅས་པ་མ་སྐྱེས་པ་ནི་མི་སྐྱེད་ལ་སྐྱེས་པ་ནི་སེལ་བར་བྱེད་པའོ། །དེ་ལ་བཟོད་པས་ནི་གཞན་གྱིས་གནོད་པ་བྱས་པ་བཟོད་པར་བྱེད་དོ། །དེས་པས་ནི་གཞན་དག་ལ་གནོད་པ་མི་བྱེད་དེ་དེ་ལྟར་ན་དེ་གཉིས་ཀྱི་བྱེ་བྲག་ནི་དེ་ཡོད་དེ། མི་ཡོངས་སུ་བརྟག་པ་ནི་དུས་ 130-1-99b གཉིས་སུ་བལྟ་བར་བྱ་སྟེ། བསྙེན་པའི་དུས་དང་བསྐོ་བའི་དུས་སུའོ། །དེ་ལ་བསྙེན་པའི་དུས་སུ་ནི་རྣམ་པ་ལྔས་མི་ཡོངས་སུ་བརྟགས་ནས་བསྙེན་པར་བྱ་སྟེ། གུས་པ་དང་ནུས་པ་དང་ཤེས་པ་དང་། སྤྱོད་པ་དང་། ཆོག་ཤེས་པས་སོ། །གཞན་རྣམ་པ་ལྔས་ནི་མི་ཡོངས་སུ་ བརྟགས་ནས་བསྐོ་བར་བྱ་སྟེ། ལས་ཀྱི་མཐར་བསྐོ་བར་འོས་པ་ཞིག་ན་ནི་ལས་ཀྱི་མཐའ་རྣམས་སུ་བསྐོ་བར་བྱའོ། །བསམ་པའི་ལས་སུ་བསྐོ་བར་འོས་པ་ཞིག་ན་ནི་བསམ་པའི་ལས་རྣམས་སུ་བསྐོའོ། །གཡུལ་ངོའི་ལས་སུ་བསྐོ་བར་འོས་པ་ཞིག་ན་ནི་གཡུལ་ངོའི་ལས་རྣམས་སུ་ བསྐོའོ། །བདག་དང་ནོར་བསྲུང་བར་འོས་པ་ཞིག་ན་ནི་བདག་ཉིད་དང་ནོར་བསྲུང་བའི་ལས་རྣམས་སུ་བསྐོའོ། །ཆོས་ཀྱི་ལས་སུ་བསྐོ་བར་འོས་པ་ཞིག་ན་ནི་ཆོས་ཀྱི་ལས་རྣམས་སུ་བསྐོ་བར་བྱའོ། །གཏོང་བ་ནི་མདོར་བསྡུ་ན་རྣམ་པ་ལྔར་བལྟ་བར་བྱ་སྟེ། ས་གཞི་གཏོང་བ་དང་ ལོངས་སྤྱོད་གཏོང་བ་དང་རྐྱེན་དུ་འབབ་པ་གཏོང་བ་དང་སྙོམས་པར་གཏོང་བ་དང་ཁྱད་པར་དུ་འཕགས་པ་གཏོང་བ་སྟེ། དེའང་མཚན་ཉིད་ལས་ནི་གང་གིས་སྦྱིན་པར་བྱེད་པ་དེ་གཏོང་བའོ། །སྤྱོད་པ་ནི་གཞན་དག་ལ་མི་འཁུ་བ་དང་མི་སླུ་བའི་ངང་ཚུལ་ཉིད་དེ། མི་འཁུ་བ་དེའང་ རྣམ་པ་ལྔ་སྟེ། དམས་པ་ན་མི་འཁུ་བ་དང་ཡིད་བརྟན་པ་ལ་མི་འཁུ་བ་དང་ཉེ་བར་སྤྱོད་པས་མི་འཁུ་བ་དང་དམ་བཅས་པ་ལས་མི་འཁུ་བ་དང་གཞན་ལ་ཚོལ་ཞིང་མི་འཁུ་བའོ། །བག་ཡོད་པ་ནི་དགེ་བའི་ཆོས་རྣམས་བསྒོམ་པ་དང་མི་དགེ་བ་ལས་སེམས་སྲུང་བ་གང་ཡིན་པ་སྟེ། རྒྱུ་ དང་འབྲས་བུར་འབྲེལ་པ་ལས་དེ་གཉི་གའང་མཚན་ཉིད་དུ་རུང་ངོ་། །དེའང་རྣམ་པ་ལྔ་ཁོ་ནར་བལྟ་བར་བྱ་སྟེ། ལོངས་སྤྱོད་སྒྲུབ་པ་ལ་བག་ཡོད་པ་དང་ལོངས་སྤྱོད་སྲུང་བ་ལ་བག་ཡོད་པ་དང་བདག་ཉིད་བསྲུང་བ་ལ་བག་ཡོད་པ་དང་། གྲགས་པ་བསྲུང་བ་ལ་བག་ཡོད་པ་དང་ཆོས་སྤྱོད་པ་ ལ་བག་ཡོད་པའོ། །དེ་དག་ཐམས་ཅད་བསྡུས་ན་དཔལ་སྒྲུབ་པར་བྱེད་པའི་སྟོབས་ལྔར་འགྱུར་ཏེ། ངང་ཚུལ་བཟང་པོའི་སྟོབས་དང་གྲོགས་དང་མཛའ་བཤེས་བཟང་པོའི་སྟོབས་དང་། མི་ཞན་པའི་སྟོབས་དང་། ཡིད་གཅུགས་པའི་སྟོབས་དང་། ཆོས་ཀྱི་སྟོབས་སོ། །དཔལ་ 130-1-100a ཡང་རྣམ་པ་ལྔར་བལྟ་བར་བྱ་སྟེ། སྐྱེ་དགུ་རྗེས་སུ་དགའ་བ་དང་། དབང་ཕྱུག་གི་བདག་པོ་དང་། དགྲ་ཐུལ་བ་དང་། བརྟེན་པ་ལ་ཕན་པ་དང་། བདེ་འགྲོར་འགྲོ་བའོ། །དེ་ལ་སྟོབས་དང་པོ་བཞི་བསྡུས་པ་ནི། དཔལ་རྣམ་པ་བཞི་སྒྲུབ་པར་བྱེད་པ་ཡིན་པར་བལྟ་ བར་བྱའོ། །སྟོབས་ལྔ་པ་ནི་དཔལ་ལྔ་པ་སྒྲུབ་པར་བྱེད་པ་ཡིན་ནོ།། །།བམ་པོ་བཅུ་གཅིག་པ། དབང་པོ་དུ་ཞིག་སྔོན་གྱི་ཉོན་མོངས་པ་དང་ལས་ཀྱི་འཕེན་པ་ལས་དམིགས་པ་དག་ཡིན་ཞེ་ན། སྨྲས་པ། བརྒྱད་དོ། །དུ་ཞིག་མིང་དང་གཟུགས་ཀྱི་རྐྱེན་ལས་ཀྱང་དམིགས་ པ་ཡིན་ཞེ་ན། སྨྲས་པ། གཅིག་གོ། །དུ་ཞིག་རེག་པའི་རྐྱེན་ལས་ཀྱང་དམིགས་པ་ཡིན་ཞེ་ན། སྨྲས་པ། ལྔའོ། །དུ་ཞིག་འབད་པའི་རྐྱེན་ལས་ཀྱང་དམིགས་པ་ཡིན་ཞེ་ན། སྨྲས་པ། བརྒྱད་དོ། །དབང་པོ་དུ་ཞིག་བསྡམ་པར་བྱ་བ་དག་ཡིན་ཞེ་ན། སྨྲས་པ། བརྒྱད་ དོ། །དུ་ཞིག་ཡང་དག་པར་ཞི་བར་བྱ་བ་དག་ཡིན་ཞེ་ན། སྨྲས་པ། གཅིག་གོ། །དུ་ཞིག་ཉེ་བར་ཞི་བར་བྱ་བ་དག་ཡིན་ཞེ་ན། སྨྲས་པ། ལྔའོ། །དུ་ཞིག་ངོ་བོ་ཉིད་ཀྱིས་དུལ་བ་དང་ཞི་བ་དང་ཉེ་བར་ཞི་བ་ཡིན་ལ་དུལ་བ་དང་ཞི་བ་དང་ཉེ་བར་ཞི་བར་བྱ་བའི་ཕྱིར་འཇུག་པ་དག་ཀྱང་ ཡིན་ཞེ་ན། སྨྲས་པ། བརྒྱད་དོ། །དབང་པོ་རྣམས་ཀྱི་ཉམས་པ་གང་ཞེ་ན། སྨྲས་པ། ཁམས་མཐུན་པའི་ས་པ་དག་འགགས་ཤིང་དེ་ལས་གཞན་པ་འགྲུབ་པ་གང་དག་ཡིན་པའོ། །རྣམ་པར་ཉམས་པ་གང་ཞེ་ན། སྨྲས་པ། ཁམས་མི་མཐུན་པའི་ས་པ་དག་འགགས་ཤིང་ དེ་ལས་གཞན་པ་འགྲུབ་པ་གང་དག་ཡིན་པའོ། །རབ་ཏུ་ཉམས་པ་གང་ཞེ་ན། སྨྲས་པ། དེ་དང་འབྲེལ་བའི་ཉོན་མོངས་པ་རབ་ཏུ་སྤོང་བ་དག་གང་ཡིན་པའོ། །དབང་པོ་རྣམས་ཀྱི་ཡོངས་སུ་ཉམས་པ་གང་ཞེ་ན། སྨྲས་པ། འཇིག་རྟེན་པའི་འབྱོར་པ་དག་སྙོམས་པར་འཇུག་པ་ དང་། སྐྱེ་བ་ལས་ཉམས་པ་གང་དག་ཡིན་པའོ། །ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་དབང་པོ་རྣམས་ལ་བྱེ་བྲག་ཅི་ཡོད་ཅེ་ན། སྨྲས་པ། མདོར་བསྡུ་ན་རྣམ་པ་ལྔས་བྱེ་བྲག་ཏུ་གྱུར་པར་བལྟ་བར་བྱ་སྟེ། རིམ་པའི་བྱེ་བྲག་དང་། ཉེ་བར་སྟོན་པའི་བྱེ་བྲག་དང་ 130-1-100b འཆིང་བའི་བྱེ་བྲག་དང་། སྒྲུབ་པའི་བྱེ་བྲག་དང་། ཡང་དག་པར་འགྲུབ་པའི་བྱེ་བྲག་གིས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོ་ནི་རང་བཞིན་གྱིས་ཆེ་བ་དག་ཡིན་ལ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ནི་ཆུང་ངུ་དང་འབྲིང་དག་ཡིན་ནོ། །བྱང་ཆུབ་སེམས་དཔའ་ རྣམས་ཀྱི་དབང་པོ་ནི་རིག་པའི་གནས་ཐམས་ཅད་ལ་མཁས་པས་ཉེ་བར་བརྟན་པ་དག་ཡིན་ལ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ནི་རིག་པའི་གནས་ལ་མཁས་པ་ཕྱོགས་གཅིག་གིས་ཉེ་བར་བརྟན་པ་དག་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོ་ནི་སྙིང་རྗེའི་ཞགས་ པས་བཅིངས་པ་དག་ཡིན་ལ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ནི་དེ་ལྟ་བུ་དག་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོ་ནི་བདག་དང་གཞན་ལ་ཕན་པའི་ཕྱིར་ཉེ་བར་གནས་པ་དག་ཡིན་ལ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ནི་བདག་ལ་ཕན་པའི་ ཕྱིར་ཉེ་བར་གནས་པ་དག་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོ་ནི་བླ་ན་མེད་པའི་བྱང་ཆུབ་ཆེན་པོའི་འབྲས་བུ་ཡང་དག་པར་འགྲུབ་པ་དག་ཡིན་ལ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ནི་བྱང་ཆུབ་དམན་པ་དང་འབྲིང་ཡང་དག་པར་འགྲུབ་པ་དག་ཡིན་ནོ། །གང་ ཟག་མི་ལྕོགས་པ་མེད་པ་ལ་བརྟེན་ནས་བདེན་པ་མངོན་པར་རྟོགས་པར་བྱ་བའི་ཕྱིར་ཞུགས་པ་དེ་འབྲས་བུ་ཡང་ཐོབ་པར་བྱེད་ཅིང་བསམ་གཏན་དང་པོ་ལས་ཡིད་བདེ་བའི་དབང་པོ་ཡང་མངོན་དུ་བྱེད་དམ་ཞེ་ན། སྨྲས་པ། དེ་དག་ལ་ལ་ནི་བྱེད་དོ། །དེ་དག་ལ་ལ་ནི་མི་བྱེད་དོ། ། དབང་པོ་རྣོ་བ་དགེ་བའི་རྩ་བ་མང་པོ་སྣ་ཚོགས་ཀྱིས་ཉེ་བར་བརྟན་པ་གང་ཡིན་པ་དེ་ནི་བྱེད་དོ། །གཞན་ནི་མི་བྱེད་དོ། །དབང་པོ་དུ་དག་གིས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་ཅེ་ན། སྨྲས་པ། བརྒྱད་ཀྱིས་སོ། །ལ་ལ་ནི་ཐ་མ་གསུམ་གྱིས་སོ། །ལ་ལ་ནི་མ་ཡིན་ནོ། ། བསམ་གཏན་དང་པོ་ལ་ཇི་ལྟ་བ་དེ་བཞིན་དུ་གཉིས་པ་ལ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །གསུམ་པ་ལ་ནི་བརྒྱད་ཁོ་ན་སྟེ། དེ་དག་ཉིད་ནི་མ་ཡིན་ནོ། །བསམ་གཏན་བཞི་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དག་ནི་བདུན་གྱིས་སོ། །ལ་ལ་ནི་ཐ་མ་གསུམ་གྱིས་སྙོམས་པར་ 130-1-101a འཇུག་གོ། །ལ་ལ་ནི་མ་ཡིན་ནོ། །དབང་པོ་དུ་དག་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་ཅེ་ན། སྨྲས་པ། གཅིག་གམ་བརྒྱད་ཀྱིས་སོ། །གཉིས་སམ་དགུས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་བལྟ་བར་བྱའོ། །ཡིད་མི་བདེ་བའི་དབང་པོ་ནི་ ལམ་གྱི་རྟེན་ཡིན་ཡང་ལམ་གྱིས་བསྡུས་པ་མ་ཡིན་པའི་ཕྱིར་དེ་ནི་མ་གཏོགས་སོ། །ཡིད་བདེ་བའི་དབང་པོ་ཡང་བརྟན་པ་མ་ཡིན་པའི་ཕྱིར་དེ་ཡང་མ་གཏོགས་སོ། །ཇི་སྟེ་གཏོགས་ན་ནི་དེ་ལྷག་པར་བལྟ་བར་བྱའོ། །དབང་པོ་དུ་དག་གིས་ཕྱིར་མི་འོང་བའི་འབྲས་བུ་འཐོབ་ཅེ་ན། སྨྲས་པ། བཅུ་གཅིག་གམ་གཉིས་ཀྱིས་སོ། །ཡིད་མི་བདེ་བའི་དབང་པོ་ཡང་ཚུལ་དེ་བཞིན་དུ་བལྟ་བར་བྱའོ། །དབང་པོ་དུ་དག་གིས་དགྲ་བཅོམ་པ་ཉིད་འཐོབ་ཅེ་ན། སྨྲས་པ། གཅིག་གམ་བཅུས་སོ། །རྣམ་པར་ཐར་པ་གོང་མ་ལ་འདོད་པ་དང་དོན་དུ་གཉེར་བ་དང་ཡོངས་སུ་ཡི་འཆད་པ་དང་། ཡིད་མི་ བདེ་བ་ཞེས་གང་གསུངས་པ་དེ་ལ་འདོད་པ་གང་ཞེ་ན། སྨྲས་པ། གང་གི་ཕྱིར་རྣལ་འབྱོར་པ་དེ་འདི་སྙམ་དུ་སེམས་ཏེ་འཕགས་པ་རྣམས་ཀྱིས་གནས་གང་བསྒྲུབས་ཏེ་གནས་པ་ཞེས་བྱའོ། །དོན་དུ་གཉེར་བ་གང་ཞེ་ན། སྨྲས་པ། གང་གི་ཕྱིར་དེ་འདི་སྙམ་དུ་སེམས་ཏེ་གནས་དེ་བདག་གིས་ཀྱང་ བསྒྲུབས་ཏེ་གནས་པར་བྱའོ་ཞེས་བྱའོ། །ཡོངས་སུ་ཡི་འཆད་པ་གང་ཞེ་ན། སྨྲས་པ། དམན་པས་ཆོག་པར་མི་འཛིན་པ་གང་ཡིན་པའོ། །ཡིད་མི་བདེ་བ་གང་ཞེ་ན། སྨྲས་པ། གང་ན་མེད་པ་ལ་འདོད་པ་གང་ཡིན་པའོ། །དེ་ལ་རྒྱུན་དུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་གཉིས་ལ་ནི་རྣམ་ པ་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར་ཡིད་མི་བདེ་བའི་དབང་པོ་རྣམ་པར་གཞག་གོ། །ཕྱིར་མི་འོང་བ་ལ་ནི་རྣམ་པ་དང་པོ་གཉིས་ནི་ཡོད་ལ་གཞན་གཉིས་ནི་མེད་པའི་ཕྱིར་ཡིད་མི་བདེ་བའི་དབང་པོ་རྣམ་པར་མི་གཞག་སྟེ། དགེ་བ་ལ་འདུན་པ་འབའ་ཞིག་ཏུ་ཟད་དོ། །ཡིད་བདེ་བའི་དབང་པོ་ལ་བརྟེན་ ནས་ཡིད་བདེ་བའི་དབང་པོ་དང་ཡིད་མི་བདེ་བའི་དབང་པོ་དང་བཏང་སྙོམས་ཀྱི་དབང་པོ་སྤོང་བ་ཡོད་དམ་ཞེ་ན། སྨྲས་པ། མངོན་པར་འབྱུང་བ་ལ་བརྟེན་པའི་ཡིད་བདེ་བའི་དབང་པོ་ལ་བརྟེན་ནས་ཞེན་པ་ལ་བརྟེན་པ་གསུམ་སྤོང་བ་ཡོད་དོ། །ཡིད་མི་བདེ་བའི་དབང་པོ་ལ་བརྟེན་ནས་ཡིད་མི་བདེ་བའི་དབང་པོ་ 130-1-101b སྤོང་བ་ཡོད་དམ་ཞེ་ན། སྨྲས་པ། མངོན་པར་འབྱུང་བ་ལ་བརྟེན་པ་ཉིད་ལ་བརྟེན་ནས་ཞེན་པ་ལ་བརྟེན་པ་སྤོང་བ་ཡོད་དོ། །བཏང་སྙོམས་ཀྱི་དབང་པོ་ལ་བརྟེན་ནས་བཏང་སྙོམས་ཀྱི་དབང་པོ་སྤོང་བ་ཡོད་དམ་ཞེ་ན། སྨྲས་པ། གཅིག་པུ་ཉིད་ལ་བརྟེན་པའི་བཏང་སྙོམས་ལ་བརྟེན་ནས། སྣ་ཚོགས་ པ་ཉིད་ལ་བརྟེན་པ་སྤོང་བ་དང་། མི་བརྟེན་པའི་བཏང་སྙོམས་ལ་བརྟེན་ནས་གཅིག་པུ་ཉིད་ལ་བརྟེན་པའི་བཏང་སྙོམས་སྤོང་བ་ཡོད་དོ། །རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་པར་བྱེད་པའི་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ནི་འགོག་པ་ལས་སྤོང་བར་བྱེད་ཅིང་མི་སྐྱེ་བ་ལས་རྣམ་པར་ སྤོང་བར་བྱེད་ཀྱི་རབ་ཏུ་སྤོང་བར་ཡང་མི་བྱེད་ཡོངས་སུ་སྤོང་བར་ཡང་མི་བྱེད་དོ། །དགྲ་བཅོམ་པ་ཉིད་འཐོབ་པར་བྱེད་པའི་ཀུན་ཤེས་པའི་དབང་པོའི་ཚུལ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །གང་ཟག་དུ་ཞིག་དབང་པོ་རྣམས་གསལ་བར་བྱེད་པ་དག་ཡིན་ཞེ་ན། སྨྲས་པ། སློབ་པ་ཐམས་ཅད་དང་མི་ སློབ་པ་ནི་ལྔ་སྟེ། ཡོངས་སུ་ཉམས་པ་དང་། འཆི་བར་སེམས་པ་དང་། རྗེས་སུ་སྲུང་བའི་ཆོས་ཅན་དང་གནས་པ་ལས་མི་གཡོ་བ་དང་རབ་ཏུ་རྟོགས་པའི་སྐལ་བ་ཅན་རྣམས་སོ། །རང་སངས་རྒྱས་ཀྱང་མ་ཡིན་བྱང་ཆུབ་སེམས་དཔའ་ཡང་མ་ཡིན་ཏེ་རང་བཞིན་གྱིས་དབང་པོ་རྣོ་བའི་ཕྱིར་རོ། །རྒྱུན་དུ་ཞུགས་པའི་དབང་ པོ་གསལ་བར་བྱ་བའི་ཕྱིར་ཞུགས་པ་དབང་པོ་རྣམས་ཀྱང་གསལ་བར་བྱེད་ལ་ལན་ཅིག་ཕྱིར་འོང་བའི་འབྲས་བུའང་འཐོབ་པར་བྱེད་དམ་ཞེ་ན། སྨྲས་པ། ཐོབ་པར་བྱེད་དོ། །ཕྱིར་མི་འོང་བའི་འབྲས་བུ་འཐོབ་པར་བྱེད་དམ་ཞེ་ན། སྨྲས་པ། འཐོབ་པར་མི་བྱེད་དེ་གཉེན་པོ་སྟོབས་ཆུང་བ་དང་ ཐོབ་པར་བྱ་བའི་དོན་རྒྱ་ཆེ་བའི་ཕྱིར་རོ། །ཕྱིར་མི་འོང་བའི་དབང་པོ་གསལ་བར་བྱ་བའི་ཕྱིར་ཞུགས་པ་དབང་པོ་རྣམས་ཀྱང་གསལ་བར་བྱེད་ལ། འདོད་ཆགས་དང་བྲལ་བ་གཞན་ཡང་སྒྲུབ་པར་བྱེད་དམ་ཞེ་ན། སྨྲས་པ། སྒྲུབ་པར་བྱེད་དོ། །དགྲ་བཅོམ་པ་ཉིད་མངོན་དུ་བྱེད་དོ་ཞེ་ན། སྨྲས་པ། དེ་རྒྱུ་སྔ་མ་ཉིད་ཀྱི་ཕྱིར་རོ། །དབང་པོ་ལེགས་པར་སྤྱད་པ་ནི་ཐམས་ཅད་ཀྱང་བྱེད་དོ། །ཅིའི་ཕྱིར་དབང་པོ་རྣམས་ལེགས་པར་སྤྱོད་པར་བྱེད་ཅེ་ན། སྨྲས་པ། ཁྱད་པར་ཆུང་ཟད་ཙམ་གྱིས་ཆོག་པར་མི་འཛིན་པ་དང་ཏིང་ངེ་འཛིན་གྱི་ཁྱད་པར་བསྒྲུབ་པས་སྟོབས་བསྐྱེད་པ་དང་མང་དུ་ཐོས་ 130-1-102a པས་སྟོབས་བསྐྱེད་པ་དང་། འབྲེལ་པའི་གཏམ་རྣམ་པར་གཏན་ལ་དབབ་པས་སྟོབས་བསྐྱེད་པ་དང་། ཆོས་ཟབ་མོ་ལ་ངེས་པར་རྟོག་པའི་བཟོད་པས་སྟོབས་བསྐྱེད་པར་བྱ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་ པོ་ལ་སོགས་པ་གསུམ་ཇི་ལྟར་རྣམ་པར་གཞག་ཅེ་ན། སྨྲས་པ། མོས་པས་སྤྱོད་པའི་ས་ལ་ནི་དང་པོ་རྣམ་པར་གཞག་གོ། །དེ་ལས་གཞན་པ་ལྷག་པའི་བསམ་པ་རྣམ་པར་དག་པ་ལ་སོགས་པའི་ས་དག་ལ་ནི་གཉིས་པའོ། །དེ་བཞིན་གཤེགས་པའི་ས་ལ་ནི་དབང་པོ་གསུམ་པ་རྣམ་པར་གཞག་ པར་བལྟ་བར་བྱའོ། །ཡོངས་སུ་རྫོགས་པ་དུ་དག་གིས་སློབ་པ་ཡོངས་སུ་རྫོགས་པ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། གསུམ་གྱིས་ཏེ་དབང་པོ་ཡོངས་སུ་རྫོགས་པས་ནི་དབང་པོ་རྣོན་པོ་གང་ཡིན་པའོ། །སྙོམས་པར་འཇུག་པ་ཡོངས་སུ་རྫོགས་པས་ནི་རྣམ་པར་ཐར་པ་བརྒྱད་ ལས་བསམ་གཏན་པ་གང་ཡིན་པའོ། །འབྲས་བུ་ཡོངས་སུ་རྫོགས་པས་ནི་ཕྱིར་མི་འོང་བ་གང་ཡིན་པའོ། །མི་སློབ་པ་ལ་ནི་ཡོངས་སུ་རྫོགས་པ་རྣམ་པ་གཉིས་དམིགས་ཏེ། དབང་པོ་ཡོངས་སུ་རྫོགས་པ་ནི་མི་གཡོ་བའི་ཆོས་ཉིད་ཀྱིས་སོ། །སྙོམས་པར་འཇུག་པ་ཡོངས་སུ་ རྫོགས་པ་ནི་སྔ་མ་བཞིན་ནོ། །མི་སློབ་པ་ཐམས་ཅད་ནི་འབྲས་བུ་ཡོངས་སུ་རྫོགས་པས་ཡོངས་སུ་རྫོགས་པ་ཡིན་པར་བལྟ་བར་བྱའོ། །དབང་པོ་རྣམས་མ་དུལ་བ་དང་མ་སྦས་པ་དང་མ་བསྲུངས་པ་དང་མ་བསྡམས་པ་དང་མ་བསྒོམས་པ་ཞེས་གང་གསུངས་པའི་རྣམ་གྲངས་དེ་དག་གི་དོན་ གང་ཞེ་ན། སྨྲས་པ། མདོར་བསྡུ་ན་རྣམ་པ་བཞིས་དབང་པོ་རྣམས་དུལ་བ་ཉིད་དུ་བསྟན་ཏེ། སོ་སོར་རྟོག་པའི་སྟོབས་ལ་བརྟེན་ནས་ནི་དབང་པོ་རྣམས་ཡུལ་གང་ལ་གཏད་པར་མི་བྱ་བ་དེ་ལ་ནི་མངོན་པར་འདུ་བྱ་བས་གཏད་པར་མི་བྱ་བ་དང་། གང་ལ་གཏད་པར་བྱ་བ་དེ་ ལ་ནི་མངོན་པར་འདུ་བྱ་བ་ཁོ་ནས་ཉོན་མོངས་པ་ཀུན་དུ་འབྱུང་བར་བསྲུངས་ཤིང་གཏོད་པར་བྱེད་དོ། །སྤོང་བ་གཉེན་པོའི་སྟོབས་ལ་བརྟེན་པས་ནི་ཇི་སྐད་བསྟན་པའི་ཡུལ་དེ་ཉིད་ལ་རང་བཞིན་གྱིས་རྣམ་པར་མི་རྒྱུག་པ་དང་རང་བཞིན་གྱིས་ཉོན་མོངས་པ་ཀུན་དུ་མི་འབྱུང་བར་བྱེད་དོ། ། 130-1-102b གང་ལ་དབང་པོའི་དུལ་བ་རྣམ་པ་བཞི་པོ་དེ་དག་མེད་པ་དེའི་དབང་པོ་རྣམས་ནི་མ་དུལ་བ་ཡིན་པར་བལྟ་བར་བྱ་སྟེ། མ་སྦས་པའི་ཕྱིར་དང་མ་བསྲུངས་པའི་ཕྱིར་དང་མ་བསྡམས་པའི་ཕྱིར་དང་མ་བསྒོམས་པའི་ཕྱིར་རོ། །གང་ལ་དབང་པོ་དུལ་བ་རྣམ་པ་བཞི་པོ་དེ་དག་ཡོད་པ་དེའི་ནི་ཤིན་ཏུ་དུལ་བ་དང་། ཤིན་ཏུ་བསྒོམས་པའི་བར་དག་དེ་ལས་བཟློག་པ་ལས་བལྟ་བར་བྱའོ། །ཇི་ལྟར་ན་མ་དུལ་བ་དག་སྡུག་བསྔལ་སྐྱེད་པར་བྱེད་པ་ཡིན་ཞེ་ན། སྨྲས་པ། སྡུག་བསྔལ་རྣམ་པ་དྲུག་སྐྱེད་པར་བྱེད་པའི་ཕྱིར་ཏེ། ཀུན་ནས་ཉོན་མོངས་པ་ཅན་དུ་གནས་པ་ལས་སྐྱེས་པ་དང་། གཞན་ ལས་ཉམས་པའི་སྡུག་བསྔལ་དང་། གཞན་ལས་སྨད་པའི་སྡུག་བསྔལ་དང་། འགྱོད་པ་ལས་སྐྱེས་པ་དང་། ངན་འགྲོར་འགྲོ་བ་ལས་སྐྱེས་པ་དང་། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ལོ། །ཤིན་ཏུ་དུལ་བ་དག་ནི་དེ་ལས་བཟློག་པས་སྡུག་བསྔལ་རྣམ་པ་དྲུག་སྤོང་བའི་ཕྱིར་བདེ་ བ་སྐྱེད་པར་བྱེད་པ་དག་ཡིན་པར་བལྟ་བར་བྱའོ། །དབང་པོ་བཅུ་བཞི་དང་སེམས་ཅན་གྱི་ཚོགས་གསུམ་པོ་དག་ཅི་བཅུ་བཞིས་གསུམ་བསྡུས་སམ་འོན་ཏེ་གསུམ་གྱིས་བཅུ་བཞི་བསྡུས་ཤེ་ན། སྨྲས་པ། གསུམ་གྱིས་བཅུ་བཞི་བསྡུས་ཀྱི་བཅུ་བཞིས་ནི་གསུམ་མ་བསྡུས་སོ། ། གང་དག་མ་བསྡུས་ཤེ་ན། ཕྱི་རོལ་གྱི་སྐྱེ་མཆེད་རྣམས་ཀྱི་ཕྱོགས་སོ། །སེམས་ཅན་གྱི་ཚོགས་གསུམ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དག་ཡིན་པར་བལྟ་བར་བྱའོ། །དབང་པོ་ལྔ་དང་ཚོར་བ་གསུམ་པོ་དག་ཅི་ལྔས་གསུམ་བསྡུས་སམ་འོན་ཏེ་གསུམ་ གྱིས་ལྔ་བསྡུས་ཤེ་ན། སྨྲས་པ། གཅིག་གིས་གཅིག་བསྡུས་པར་བལྟ་བར་བྱའོ། །དབང་པོ་ལྔ་དང་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་པོ་དག་ནི་ལྔས་སུམ་ཅུ་རྩ་བདུན་བསྡུས་སམ་འོན་ཏེ་སུམ་ཅུ་རྩ་བདུན་གྱིས་ལྔ་བསྡུས་ཤེ་ན། སྨྲས་པ། སུམ་ཅུ་རྩ་བདུན་གྱིས་ལྔ་ བསྡུས་ཀྱི་ལྔས་ནི་སུམ་ཅུ་རྩ་བདུན་མ་བསྡུས་སོ། །གང་དག་མ་བསྡུས་ཤེ་ན། ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་བཏང་སྙོམས་ཏེ། དེ་ལྟར་དྲུག་པོ་དེ་དག་གམ། ཆོས་བཞིས་མ་བསྡུས་སོ། །དབང་པོ་ 130-1-103a གཞན་ལྔ་དང་དབང་པོ་གསུམ་པོ་དག་ཅི་ལྔས་གསུམ་བསྡུས་སམ་འོན་ཏེ་གསུམ་གྱིས་ལྔ་བསྡུས་ཤེ་ན། སྨྲས་པ། གསུམ་གྱིས་ལྔ་བསྡུས་ཀྱི་ལྔས་ནི་གསུམ་མ་བསྡུས་སོ། །གང་དག་མ་བསྡུས་ཤེ་ན། ཡིད་ཀྱི་དབང་པོ་དང་བདེ་བ་དང་ཡིད་བདེ་བ་དང་ བཏང་སྙོམས་ཀྱི་དབང་པོ་རྣམས་མ་བསྡུས་སོ། །ཡོངས་སུ་ཤེས་པ་དགུ་པོ་དག་དབང་པོ་དུ་དག་གིས་བསྡུས་ཤེ་ན། སྨྲས་པ། ཡོངས་སུ་ཤེས་པ་རྣམས་ནི་སྤོང་བ་ཡོངས་སུ་ཤེས་པས་བསྡུས་པ་ཡིན་པའི་ཕྱིར་དབང་པོ་གང་གིས་ཀྱང་མ་བསྡུས་སོ། །དེ་ལ་ཡོངས་སུ་ཤེས་པ་དགུ་གང་ ཡིན་ཞེ་ན། འདོད་པ་དང་ལྡན་པའི་སྡུག་བསྔལ་དང་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་རྣམས་སྤངས་པ་ནི་ཡོངས་སུ་ཤེས་པ་དང་པོའོ། །གཟུགས་དང་གཟུགས་མེད་པ་དང་ལྡན་པའི་དེ་དག་ཉིད་སྤངས་པ་ནི་གཉིས་པའོ། །འདོད་པ་དང་ལྡན་པའི་འགོག་པ་མཐོང་བས་སྤང་བར་བྱ་བ་ རྣམས་སྤངས་པ་ནི་གསུམ་པའོ། །ས་གོང་མ་པའི་དེ་དག་ཉིད་སྤངས་པ་ནི་བཞི་པའོ། །ས་འོག་མ་པ་དང་གོང་མ་པ་དག་གི་ལམ་མཐོང་བས་སྤང་བར་བྱ་བ་དག་སྤངས་པ་ནི་ཡོངས་སུ་ཤེས་པ་ལྔ་པ་དང་དྲུག་པའོ། །ཐ་མའི་ཆ་དང་མཐུན་པའི་སྤངས་པ་ནི་བདུན་པའོ། །གཟུགས་ཀྱི་ འདོད་ཆགས་ཟད་པས་ནི་བརྒྱད་པའོ། །གཟུགས་མེད་པའི་འདོད་ཆགས་ཟད་པས་ནི་ཡོངས་སུ་ཤེས་པ་དགུ་པ་རྣམ་པར་གཞག་གོ། །དེ་ལ་མདོར་བསྡུ་ན་རྒྱུ་གཉིས་ཀྱིས་ཡོངས་སུ་ཤེས་པ་རྣམས་རྣམ་པར་གཞག་པར་བལྟ་བར་བྱ་སྟེ། བདེན་པ་རྟོགས་པས་སྤོང་བ་དང་ཁམས་ལས་ཡང་ དག་པར་འདའ་བས་སྤང་བའོ། །དེ་ལ་མཚན་ཉིད་འདྲ་བ་དང་། ཁམས་མི་འདྲ་བ་དང་། འདྲ་བས་ནི་དང་པོ་གཉིས་རྣམ་པར་གཞག་གོ། །མཚན་ཉིད་མི་འདྲ་བ་དང་ཁམས་མི་འདྲ་བ་དང་འདྲ་བས་ནི་གཞན་བཞི་རྣམ་པར་གཞག་གོ། །ཁམས་དམན་པ་ལས་ཡང་དག་པར་འདས་པ་ནི་ གཞན་གཅིག་རྣམ་པར་གཞག་གོ། །ཁམས་བར་མ་ལས་ཡང་དག་པར་འདས་པ་དང་། ཁམས་བཟང་པོ་ལས་ཡང་དག་པར་འདས་པས་ནི་ཡོངས་སུ་ཤེས་པ་གཞན་གཉིས་རྣམ་པར་གཞག་པར་བལྟ་བར་བྱའོ། །མཚན་དང་དཔེ་བྱད་བཟང་པོ་དང་སྟོབས་དང་མི་འཇིགས་པ་ལ་སོགས་ 130-1-103b པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་གང་དག་ཡིན་པ་དེ་དག་དབང་པོ་དུ་དག་གིས་བསྡུས་ཤེ་ན། སྨྲས་པ། མཚན་དང་དཔེ་བྱད་བཟང་པོ་རྣམས་ནི་ལྕེའི་དབང་པོ་དང་དབང་པོ་བཞི་པ་ལུས་ཀྱི་དབང་པོ་དང་ཕོའི་དབང་པོ་དང་མིག་གི་དབང་པོ་དང་ལྕེའི་དབང་པོའི་གནས་རྣམས་ཀྱིས་ བསྡུས་སོ། །སྟོབས་བཅུ་ནི་དེ་བཞིན་གཤེགས་པའི་ཐུགས་ཀྱི་རྒྱུད་ལ་མངའ་བའི་ཤེས་རབ་ཀྱི་དབང་པོ་དང་ཀུན་ཤེས་པ་དང་ལྡན་པའི་དབང་པོས་བསྡུས་སོ། །མི་འཇིགས་པ་བཞི་ནི་ལྔ་དང་གཅིག་པུ་དེ་ཉིད་ཀྱིས་བསྡུས་སོ། །མི་འཇིགས་པ་བཞི་རྣམས་ཇི་ལྟ་བ་བཞིན་དུ་བསྲུང་བ་མེད་ པ་རྣམས་ཀྱང་དེ་བཞིན་ནོ། །དྲན་པ་ཉེ་བར་གཞག་པ་གསུམ་དབང་པོ་དུ་དག་གིས་བསྡུས་ཤེ་ན། སྨྲས་པ། དབང་པོ་གང་དག་གིས་ཀྱང་མ་བསྡུས་མོད་ཀྱི་འོན་ཀྱང་དབང་པོ་དྲུག་གིས་ཡང་དག་པར་བསྒྲུབས་པའི་ཆགས་པ་མེད་པ་དང་ཞེ་སྡང་མེད་པས་བསྡུས་སོ། །ཐུགས་རྗེ་ཆེན་ པོ་ཡང་དབང་པོ་གང་དག་གིས་ཀྱང་མ་བསྡུས་ཏེ། དེ་དག་གིས་ཡང་དག་པར་བསྒྲུབས་པའི་ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དག་གིས་བསྡུས་སོ། །བསྙེལ་བ་མི་མངའ་བའི་ཆོས་ཉིད་ནི་སྟོབས་བཞིན་དུ་བལྟ་བར་བྱའོ། །རྣམ་པ་ཐམས་ཅད་དང་མཆོག་མཁྱེན་པ་ཡང་སྟོབས་ བཞིན་དུ་བལྟ་བར་བྱའོ། །བག་ཆགས་ཡང་དག་པར་བཅོམ་པ་ནི་དབང་པོ་གང་གིས་ཀྱང་མ་བསྡུས་མོད་ཀྱི། འོན་ཀྱང་དབང་པོ་དྲུག་གིས་ཡང་དག་པར་བསྒྲུབས་པའི་ཉོན་མོངས་པ་སྤངས་པས་བསྡུས་སོ། །གང་གི་ཚེ་དགྲ་བཅོམ་པས་ཉོན་མོངས་པའི་ཚོགས་དང་མཐུན་པའི་གནས་ངན་ ལེན་མ་ལུས་པར་སྤངས་པའི་ཚེ་དགྲ་བཅོམ་པས་གང་མ་སྤངས་པའི་གནས་ངན་ལེན་གྱི་ཕྱོགས་དེ་གང་ཞིག་ཡོད་ན། དེ་བཞིན་གཤེགས་པས་དེ་སྤངས་པས་བག་ཆགས་ཡང་དག་པར་བཅོམ་པ་ཡིན་ཞེ་ན། སྨྲས་པ། དགྲ་བཅོམ་པས་ནི་རྣམ་པར་སྨིན་པའི་ཕྱོགས་དང་མཐུན་པ་ དེ་མ་སྤངས་ལ་དེ་བཞིན་གཤེགས་པས་ནི་སྤངས་པ་ཡིན་ནོ། །ཟས་བཞི་པོ་འདི་དག་ནི་དབང་པོ་དང་འབྱུང་བ་ཆེན་པོ་འཕེལ་བའི་ཕྱིར་འཇུག་པ་ཡིན་ནོ་ཞེས་གང་གསུངས་པ་དེ་ལ་ཟས་བཞི་ནི་གང་དབང་པོ་དང་འབྱུང་བ་ཆེན་པོ་གང་དག་རྒྱས་པའི་ཕྱིར་ནི་འཇུག་པར་འགྱུར་ཞེ་ན། སྨྲས་པ། 130-1-104a ཟས་བཞི་ནི་ཁམ་དང་རེག་པ་དང་ཡིད་ལ་སེམས་པ་དང་རྣམ་པར་ཤེས་པའི་ཟས་སོ། །དབང་པོ་ནི་དབང་པོ་གཟུགས་ཅན་ལྔ་དང་ཡིད་ཀྱི་དབང་པོའོ། །འབྱུང་བ་ཆེན་པོ་ནི་དབང་པོའི་རྟེན་གྱི་འབྱུང་བ་ཆེན་པོ་རྣམས་སོ། །དེ་ལ་ཁམ་གྱི་ཁ་ཟས་གང་ཞེ་ན། སྨྲས་ པ། དབང་པོ་དང་འབྱུང་བ་ཆེན་པོ་རྒྱས་པར་བྱ་བའི་ཕྱིར་ཉེ་བར་སྤྱད་པ་གང་ཡིན་པ་སྟེ་ཟས་མ་ཡིན་པ་ནི་དེ་ལས་བཟློག་པ་ལས་བལྟ་བར་བྱའོ། །ཁམ་གྱི་ཟས་ཇི་ལྟ་བ་བཞིན་དུ་ལྷག་མ་རྣམས་ཀྱང་ཟས་དང་ཟས་མ་ཡིན་པར་དེ་བཞིན་དུ་བལྟ་བར་བྱའོ། །ཁམ་གྱི་ཟས་ཀྱིས་ཇི་ལྟར་ཟས་ ཀྱི་བྱ་བ་བྱེད། དེ་བཞིན་དུ་རྣམ་པར་ཤེས་པའི་ཟས་ཀྱི་བར་གྱིས་ཀྱང་ཇི་ལྟར་ཟས་ཀྱི་བྱ་བ་བྱེད་ཅེ་ན། སྨྲས་པ། སྟོབས་ཀྱིས་རྣམ་པར་ཤེས་པ་ལ་ཕན་འདོགས་པར་བྱེད་ཅིང་སྟོབས་དང་ལྡན་པས་ཀྱང་དབང་པོ་དང་འབྱུང་བ་ཆེན་པོ་དེ་དག་རྒྱས་པར་བྱེད་དོ། །རེག་པས་ནི་བདེ་བ་དང་ ཡིད་བདེ་བ་དང་དེ་ལ་ལ་ལ་བཏང་སྙོམས་ཀྱིས་ཕན་འདོགས་པས་རྣམ་པར་ཤེས་པ་ལ་ཕན་འདོགས་པར་བྱེད་ལ། ཕན་བཏགས་པ་དེས་ཀྱང་དབང་པོ་དང་འབྱུང་བ་ཆེན་པོ་རྒྱས་པར་བྱེད་དོ། །ཡིད་ལ་སེམས་པས་ནི་ཡུལ་འདོད་པས་འཐོབ་པའི་རྒྱུ་ཡང་དག་པའི་ཐབས་ཉོན་མོངས་པ་ཅན་དང་ ཉོན་མོངས་པ་ཅན་མ་ཡིན་པ་ལ་བརྟེན་ནས། རེ་བའི་ཡིད་བདེ་བ་མ་འོངས་པའི་ཡུལ་ལ་དམིགས་པས་རྣམ་པར་ཤེས་པ་ལ་ཕན་འདོགས་པར་བྱེད་དེ་དེ་ལས་ཀྱང་དབང་པོ་དང་འབྱུང་བ་ཆེན་པོ་རྒྱས་པར་བྱེད་དོ། །དེ་ལྟར་ཟས་གསུམ་པོ་རྣམས་ཀྱི་དེ་ལྟར་དང་མ་འོངས་པ་ལ་དམིགས་པས། རྣམ་པར་ ཤེས་པ་ལ་སྟོབས་དང་ལྡན་པ་ཉིད་བསྐྱེད་པའི་ཕྱིར་དང་རྣམ་པར་ཤེས་པས་ཀྱང་དབང་པོ་དང་འབྱུང་བ་ཆེན་པོ་རྒྱས་པར་བྱེད་པའི་ཕྱིར་ཟས་བཞི་པོ་རྣམ་པར་གཞག་པར་བལྟ་བར་བྱའོ། །རྣམ་པར་ཤེས་པ་ཇི་ལྟར་ན་ཡིད་ཀྱི་དབང་པོའི་ཟས་ཡིན་ཞེ་ན། དེ་ལྟར་ཉེ་བར་རྟོན་པ་རྣམ་པ་གསུམ་གྱིས་ཉེ་ བར་བརྟན་པ་དེ་གོང་ནས་གོང་དུ་ཆེས་བརྟས་པ་དང་ཆེས་སྟོབས་དང་ལྡན་པར་སྐྱེ་བའི་རྒྱུར་འགྱུར་རོ། །འོ་ན་གཉིད་དང་ཚངས་པར་སྤྱོད་པ་དང་སྙོམས་པར་འཇུག་པ་དག་དབང་པོ་དང་འབྱུང་བ་ཆེན་པོ་རྒྱས་པར་བྱེད་པ་ཡིན་ན། ཅིའི་ཕྱིར་ཟས་ཡིན་པར་རྣམ་པར་མི་གཞག་ཅེ་ན། སྨྲས་པ། རྒྱས་ 130-1-104b པ་ནི་གཉིས་པོ་འདི་དག་ཡིན་ཏེ་དོན་གཞན་ལ་ཕན་འདོགས་པས་རྒྱས་པ་དང་གནོད་པ་མི་བྱེད་པས་རྒྱས་པའོ། །དེ་ལ་གཉིད་ལ་སོགས་པ་ནི་རྒྱས་པ་ཕྱི་མ་ཤོས་ཀྱིས་རྒྱས་པར་བྱེད་པ་ཡིན་གྱི་སྔ་མ་ཤོས་ཀྱིས་ནི་མ་ཡིན་ཏེ། དེའི་ཕྱིར་དེ་དག་ཟས་ཡིན་པར་རྣམ་པར་མི་གཞག་གོ། །ཅིའི་ ཕྱིར་ལུས་གནས་པར་བྱེད་པའི་སྲོག་གི་དབང་པོ་ཟས་ཡིན་པར་རྣམ་པར་མི་གཞག་ཅེ་ན། སྨྲས་པ། དེ་ནི་ཟས་མེད་ན་རྒྱས་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །ཁམ་གྱི་ཟས་རགས་པ་གང་ཞེ་ན། སྨྲས་པ། ལྷར་གྱུར་པ་རྣམས་ཀྱི་མ་ཡིན་པ་གང་ཡིན་པའོ། །ཆ་ཕྲ་བ་གང་ཞེ་ན། སྨྲས་པ། ལྷར་གྱུར་པ་རྣམས་ཀྱི་གང་ཡིན་པ་སྟེ། འདི་ལྟར་དེ་དག་གི་ཟས་ནི་ཟོས་མ་ཐག་ཁོ་ནར་ལུས་དེ་ཉིད་ལ་འཇུ་བར་འགྱུར་ཏེ། རིམ་གྱིས་མ་ཡིན་པའི་ཕྱིར་རོ། །རེག་པ་དང་ཡིད་ལ་སེམས་པ་དང་རྣམ་པར་ཤེས་པའི་ཟས་རགས་པ་གང་ཞེ་ན། སྨྲས་པ། འདོད་པ་ན་སྤྱོད་ པ་གང་ཡིན་པའོ། །ཆ་ཕྲ་བ་གང་ཞེ་ན། སྨྲས་པ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་གང་ཡིན་པའོ། །སེམས་ཅན་འབྱུང་བ་རྣམས་གང་ཞེ་ན། ད་ལྟར་སྐྱེས་ཤིང་གྲུབ་པ་གང་དག་ཡིན་པ་རྣམས་སོ། །འབྱུང་བར་འདོད་པ་རྣམས་གང་ཞེ་ན། སྨྲས་པ། མ་འོངས་པའི་ སྲིད་པ་འབྱུང་བར་འདོད་པ་གང་དག་ཡིན་པ་རྣམས་སོ། །གནས་པ་གང་ཞེ་ན། སྨྲས་པ། གནོད་པ་མེད་པས་རྒྱས་པ་གང་དག་ཡིན་པའོ། །འཚོ་བ་གང་ཞེ་ན། སྨྲས་པ། ཕན་འདོགས་པས་རྒྱས་པ་གང་ཡིན་པའོ། །སེམས་ཅན་འབྱུང་བ་རྣམས་གནས་པ་དང་། འཚོ་བར་འགྱུར་བའི་ ཟས་དེ་དག་གང་ཞེ་ན། སྨྲས་པ། ཇི་སྐད་བརྗོད་པའི་བྱེད་པས་སོ། །ཇི་ལྟར་ན་འབྱུང་བར་འདོད་པ་རྣམས་ལ་ཕན་འདོགས་པར་འགྱུར་ཞེ་ན། སྨྲས་པ། སྒོ་གསུམ་གྱིས་རྣམ་པར་ཤེས་པ་ལ་ཉོན་མོངས་པ་དང་ལས་ཀྱི་ཀུན་ནས་ཉོན་མོངས་པ་རྒྱས་པ་དག་གིས་ཀུན་ནས་ཉོན་མོངས་པ་རྒྱས་པ་ རྣམ་པ་གཉིས་ཡོད་དེ། སྒོ་གསུམ་གྱིས་ཀུན་ནས་ཉོན་མོངས་པ་བསྩགས་པའི་རྣམ་པར་ཤེས་པ་དེ་ཡང་འབྱུང་བར་འདོད་པ་རྣམས་ཀྱི་སྐྱེ་བ་དེའི་མཇུག་ཐོགས་སུ་དེ་ལས་གཞན་པ་འབྱུང་བ་ལ་ཕན་འདོགས་པར་བྱེད་དོ། །ཁམ་གྱི་ཟས་དུས་གང་གི་ཚེ་ཟས་ཉིད་དུ་རྣམ་པར་གཞག་ཅེ་ན། སྨྲས་པ། 130-1-105a འཇུ་བའི་ཚེ་ནའོ། །ཡོངས་སུ་ལོངས་སྤྱོད་པའི་ཚེ་ན་ནི་རེག་པ་རྣམ་པར་གཞག་སྟེ། དེས་བྱས་པའི་ཕན་འདོགས་པ་བརྟས་པར་བྱེད་པ་གང་ཡིན་པའོ། །དེའི་ཕྱིར་ཟས་ནི་སྐྱེ་མཆེད་གསུམ་གྱིས་བསྡུས་པ་ཡིན་པར་རྣམ་པར་གཞག་གི་ཁ་དོག་གིས་ནི་མ་ཡིན་ཏེ་འདི་ལྟར་ དྲི་དང་རོ་དང་རེག་བྱ་དག་གིས་དེ་དག་གི་རོ་དང་མཐུ་དང་རྣམ་པར་སྨིན་པ་ལ་སོགས་པ་ཡོངས་སུ་འཇུ་བས་ཕན་འདོགས་པ་དང་གནོད་པ་བྱེད་པའི་ཕྱིར་རོ། །ཁམ་གྱི་ཟས་གང་ཡོངས་སུ་ལོངས་སྤྱོད་པའི་ཚེ་ན། འདི་ལྟ་སྟེ། ཁ་བ་དང་ཚ་བ་ལ་སོགས་པས་གནོད་པ་བྱེད་ལ་འཇུ་བའི་ཚེ་ན་ཕན་ འདོགས་པའང་ཡོད་དོ། །ཡོངས་སུ་ལོངས་སྤྱོད་པའི་ཚེ་ན་ཕན་འདོགས་ལ་འཇུ་བའི་ཚེ་ན་གནོད་པ་བྱེད་པ་འདི་ལྟ་སྟེ་ཞིམ་ལ་མི་འཕྲོད་པའང་ཡོད་དེ། དེའི་ཕྱིར་འཇུ་བའི་ཚེ་ཁོ་ན་ཟས་ཡིན་པར་རྣམ་པར་གཞག་གི་ཡོངས་སུ་ལོངས་སྤྱོད་པའི་ཚེ་ན་ནི་མ་ཡིན་ནོ། །གང་གི་ཚེ་དེ་དག་ལས་གཞན་པ་འདུ་བྱེད་ རྣམས་ཀྱི་གནས་པའི་རྒྱུ་མང་པོ་འདི་ལྟ་སྟེ། སྐྱེ་བ་དང་། སྔོན་གྱི་ལས་དང་རྫུ་འཕྲུལ་རྒྱུ་དང་རྐྱེན་ཚོགས་པ་དང་བར་ཆད་སྤངས་པ་དག་ཀྱང་དམིགས་པའི་ཚེ་ཅིའི་ཕྱིར་ཟས་ཁོ་ན་གསུངས་ཤེ་ན། སྨྲས་པ། ཟས་རྣམས་ནི་མང་པོའི་ཕྱིར་དང་། བརྡ་ཕྲད་སླ་བའི་ཕྱིར་དང་། དྲན་པ་ཉེ་བར་ གཞག་པ་དག་ལ་འཇུག་པར་སླ་བའི་ཕྱིར་དང་། ཉིན་གཅིག་བཞིན་དུ་བདེ་བ་རྒྱས་པར་བྱེད་པའི་ཕྱིར་དེ་དག་ཁོ་ན་བསྟན་ཏོ། །སེམས་ཅན་དམྱལ་བ་རྣམས་ན་ནི་ཁམ་གྱི་ཟས་མེད་དོ། །མཉམ་པར་གཞག་པའི་ས་པའི་ལྷ་རྣམས་ལ་ཡང་མེད་དེ་སེམས་ཅན་དམྱལ་བ་པ་རྣམས་ནི་ཕལ་ཆེར་སྔོན་ གྱི་ལས་ཀྱི་སྟོབས་བསྐྱེད་པས་གནས་ཏེ་དེའི་ཕྱིར་དབང་པོ་དང་འབྱུང་བ་ཆེན་པོ་ལ་གནོད་པར་བྱེད་པའི་རྒྱུ་ཆེན་པོ་དག་གིས་ཀྱང་འཆི་བར་མི་འགྱུར་རོ། །དེ་དག་ལ་རླུང་ཆ་ཕྲ་མོ་རྗེས་སུ་ཞུགས་པའི་ཟས་ཐ་སྙད་གདགས་པ་མ་གཏོགས་པ་ནི་ཡོད་དོ། །དབང་པོ་གང་དག་ལུས་ལས་གཞན་པ་དེ་ ལ་བརྟེན་ཏེ་འབྱུང་བ་དེ་དག་ཡུལ་ལས་ཀྱང་ཡིན་པ་གང་དག་ཡུལ་ལ་བརྟེན་ཏེ་འབྱུང་བ་དེ་དག་ལུས་ལས་ཀྱང་ཡིན་ནམ་ཞེ་ན། སྨྲས་པ། རེ་ཞིག་གང་དག་ཡུལ་ལ་བརྟེན་ཏེ་འབྱུང་བ་དེ་དག་ནི་ལུས་ལས་ཀྱང་ཡིན་ནོ། །ལུས་ལ་བརྟེན་ཏེ་འབྱུང་ལ་ཡུལ་ལས་མ་ཡིན་པའང་ཡོད་དེ་དབང་པོ་ 130-1-105b གཟུགས་ཅན་དེ་དག་དང་མཚུངས་པ་གང་དག་ཡིན་པ་རྣམས་ཏེ་དེ་དག་ནི་འབྱུང་བ་ཆེན་པོ་ལ་བརྟེན་པ་ཡིན་པའི་ཕྱིར་དེ་ལས་གཞན་པ་ལ་བརྟེན་པ་དག་ཅེས་བྱའོ། །དབང་པོ་གང་དག་ལ་བརྟེན་ནས་འབྱུང་བ་དེ་དག་ཐམས་ཅད་གནས་གཅིག་པ་དག་ཡིན་ནམ་ཞེ་ན། སྨྲས་པ། གནས་གཅིག་པ་དག་ ཀྱང་ཡོད་དེ། གཟུགས་ཅན་དེ་དག་དང་མཚུངས་པ་རྣམས་སོ། །གནས་གཉིས་པ་དག་ཀྱང་ཡོད་དེ་དག་ཉིད་མཚུངས་པ་རྣམས་སོ། །གནས་གསུམ་པ་དག་ཀྱང་ཡོད་དེ་གཟུགས་ཅན་གྱི་ཁམས་ན་ནི་ཡིད་ཀྱི་དབང་པོ་དང་དེ་ལས་གཞན་པ་སེམས་ལས་བྱུང་བའི་དབང་པོ་གཟུགས་ ཅན་མ་ཡིན་པ་རྣམས་སོ། །གཟུགས་ཅན་མ་ཡིན་པའི་ཁམས་ན་ནི་དེ་དག་ཉིད་གནས་གཉིས་པ་ཁོ་ན་ཡིན་པར་བལྟ་བར་བྱའོ། །དབང་པོ་གང་དག་སྡུག་བསྔལ་བ་དེ་དག་ཐམས་ཅད་སྡུག་བསྔལ་གྱི་མཚན་ཉིད་དུ་གྱུར་པ་དག་ཡིན་ནམ་གང་དག་སྡུག་བསྔལ་གྱི་མཚན་ཉིད་དུ་གྱུར་པ་དེ་དག་ ཐམས་ཅད་སྡུག་བསྔལ་བ་དག་ཡིན་ཞེ་ན། སྨྲས་པ། དབང་པོ་གང་དག་སྡུག་བསྔལ་བ་ཡིན་ལ་དེ་དག་སྡུག་བསྔལ་གྱི་མཚན་ཉིད་ནི་མ་ཡིན་པ་དག་ཀྱང་ཡོད་དེ། བདེ་བའི་དབང་པོ་དང་ཡིད་བདེ་བའི་དབང་པོའོ། །སྡུག་བསྔལ་བ་ཡང་ཡིན་ལ་སྡུག་བསྔལ་གྱི་མཚན་ཉིད་ཀྱང་ཡིན་ པ་དག་ཀྱང་ཡོད་དེ། སྡུག་བསྔལ་གྱི་དབང་པོ་དང་ཡིད་མི་བདེ་བའི་དབང་པོའོ། །སྡུག་བསྔལ་བ་ནི་ཡིན་ལ་བདེ་བ་དང་སྡུག་བསྔལ་གྱི་མཚན་ཉིད་མ་ཡིན་པ་དག་ཀྱང་ཡོད་དེ། བཏང་སྙོམས་ཀྱི་དབང་པོའོ། །སྡུག་བསྔལ་བའང་མ་ཡིན་ལ་སྡུག་བསྔལ་གྱི་མཚན་ཉིད་ཀྱང་མ་ཡིན་པ་ དག་ཀྱང་ཡོད་དེ། དབང་པོ་ཐ་མ་གསུམ་སྟེ། སྡུག་བསྔལ་གྱི་གཉེན་པོ་ཡིན་པའི་ཕྱིར་རོ། །དབང་པོ་གང་དག་དགེ་བ་ཡིན་པའི་དབང་པོ་དེ་དག་བདེ་བ་སྐྱེད་པར་བྱེད་པ་དག་ཡིན་ནམ་གང་དག་བདེ་བ་སྐྱེད་པར་བྱེད་པ་དེ་དག་དགེ་བ་དག་ཀྱང་ཡིན་ནམ་ཞེ་ན། སྨྲས་པ། དབང་པོ་གང་ དག་དགེ་བ་ཡིན་ལ་བདེ་བ་སྐྱེད་པར་བྱེད་པ་མ་ཡིན་པ་དག་ཀྱང་ཡོད་དེ། སྡུག་བསྔལ་བ་དང་བཅས་ཡིད་མི་བདེ་བ་དང་བཅས་པས་ཚེ་འདི་ལ་ཚངས་པར་སྤྱད་པ་སྤྱོད་པའི་དབང་པོ་དགེ་བ་གང་དག་བདེ་བ་སྐྱེད་པར་བྱེད་པ་མ་ཡིན་པ་དེ་དག་གོ། །བདེ་བ་སྐྱེད་པར་བྱེད་པ་ཡིན་ལ་དགེ་བ་མ་ཡིན་པ་ 130-1-106a དག་ཀྱང་ཡོད་དེ། ལུང་དུ་མ་བསྟན་པའི་དབང་པོ་གང་དག་ཚེ་འདི་ལ་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པ་དང་། ལུང་དུ་མ་བསྟན་པའི་བདེ་བ་སྐྱེད་པར་བྱེད་པ་དག་གོ། །དགེ་བའང་ཡིན་ལ་བདེ་བ་སྐྱེད་པར་བྱེད་པའང་ཡིན་པ་དག་ཀྱང་ཡོད་དེ་བདེ་ བ་དང་བཅས་ཡིད་བདེ་བ་དང་བཅས་པས་ཚེ་འདི་ལ་ཚངས་པར་སྤྱད་པ་སྤྱོད་པའི་དབང་པོ་དགེ་བ་གང་དག་ཡིན་པ་རྣམས་སོ། །དགེ་བ་ཡང་མ་ཡིན་བདེ་བ་སྐྱེད་པར་བྱེད་པ་ཡང་མ་ཡིན་པ་དག་ཀྱང་ཡོད་དེ་ལུང་དུ་མ་བསྟན་པ་དང་། མི་དགེ་བའི་དབང་པོ་གང་དག་ཚེ་འདི་ལ་སྡུག་བསྔལ་སྐྱེད་པར་བྱེད་ པ་དག་གོ། །བར་སྡོམ་ནི། དོན་དང་གནས་དང་འཐོབ་པ་དང་། །སྡུད་དང་ཟས་དང་མུ་རྣམས་སོ། །འདུ་བྱེད་ཀྱི་དོན་མཐའ་དག་འཛིན་པར་བྱེད་ཅིང་འདུ་བྱེད་ཀྱི་དོན་མཐའ་དག་འཛིན་པར་བྱེད་པས་ཕུང་པོ་རྣམས་སོ། །རྣམ་གྲངས་གཞན་ཡང་རྟག་ཏུ་ལས་དང་ཉོན་མོངས་པ་རྣམས་ཀྱིས་ འཕེལ་བར་བྱེད་ཅིང་། རྟག་ཏུ་ལས་དང་ཉོན་མོངས་པ་རྣམས་ཀྱིས་འཕེལ་བར་བྱེད་པས་ཕུང་པོ་རྣམས་སོ། །རྣམ་གྲངས་གཞན་ཡང་རྟག་ཏུ་འདུ་བྱེད་ཅིང་འཇིག་པར་བྱེད་ལ་རྟག་ཏུ་འདུ་བྱེད་ཅིང་འཇིག་པར་བྱེད་པས་ཕུང་པོ་རྣམས་སོ། །ཆོས་རྣམས་བསྐྱེད་པའི་ཕྱིར་འཇུག་པར་བྱེད་ཅིང་ཆོས་ རྣམས་བསྐྱེད་པའི་ཕྱིར་འཇུག་པར་བྱེད་པས་ཁམས་རྣམས་ཏེ་འཕེན་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱི་གནས་རྒྱས་པར་བྱེད་ཅིང་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱི་གནས་རྒྱས་པར་བྱེད་པའི་ཕྱིར་སྐྱེ་མཆེད་རྣམས་སོ། །རྐྱེན་ ལས་མྱུར་དུ་འཇིག་པ་དང་ལྡན་ལ་འབྱུང་ཞིང་རྐྱེན་ལས་མྱུར་དུ་འཇིག་པ་དང་ལྡན་ལ་འབྱུང་བས་རྟེན་ཅིང་འབྲེལ་པར་འབྱུང་བའོ། །ཀུན་ནས་སློང་བའི་ཕྱིར་ཚུལ་ཡིན་ལ་ཀུན་ནས་སློང་བའི་ཕྱིར་ཚུལ་ཡིན་པས་གནས་སོ། །ཚུལ་མ་ཡིན་པའི་གནས་ནི་མ་ཡིན་ནོ། །ལྟ་བ་ལ་སོགས་པ་ལ་ བདག་པོ་ཉིད་དང་ལྡན་ཞིང་ལྟ་བ་ལ་སོགས་པ་ལ་བདག་པོ་ཉིད་དང་ལྡན་པས་དབང་པོ་རྣམས་སོ། །དེ་ལ་ཕུང་པོ་ལ་སོགས་པའི་རྣམ་པར་གཞག་པ་ནི་མདོར་བསྡུ་ན་རྒྱུ་དྲུག་གིས་རིག་པར་བྱ་སྟེ། ལུས་རྣམ་པར་གཞག་པ་དང་། དེའི་རྒྱུ་རྣམ་པར་གཞག་པ་དང་། ལུས་ཅན་རྣམ་པར་གཞག་པ་ 130-1-106b དང་། དེའི་འཇུག་པའི་ཐབས་རྣམ་པར་གཞག་པ་དང་། དེ་ཉིད་ཀྱི་འཇུག་པ་ལ་ཉམས་པ་དང་ཁྱད་པར་དུ་འགྱུར་བའི་ཐབས་རྣམ་པར་གཞག་པ་དང་། དེ་ལ་ལོངས་སྤྱོད་པའི་བདག་པོ་རྣམ་པར་གཞག་པ་དང་། མདོར་བསྡུ་ན་མཁས་པ་དྲུག་པོ་དེ་དག་གིས་ལེགས་པར་ཟིན་པ་མ་ཡིན་པ་ དྲུག་པོ་དག་ལུས་ལེགས་པར་ཟིན་པ་མ་ཡིན་པ་དང་། རང་བཞིན་དང་དབང་ཕྱུག་ལ་སོགས་པ་མི་མཐུན་པའི་རྒྱུ་ལེགས་པར་ཟིན་པ་མ་ཡིན་པ་དང་། ལུས་དེ་ལ་གནས་པའི་བདག་པོ་ལེགས་པར་ཟིན་པ་མ་ཡིན་པ་དང་། དེའི་འཆི་འཕོ་དང་སྐྱེ་བའི་འཇིག་པ་ལེགས་པར་ཟིན་པ་མ་ཡིན་པ་དང་། དེའི་དགེ་བ་དང་། མི་དགེ་བ་ལ་འབད་པ་ལེགས་པར་ཟིན་པ་མ་ཡིན་པ་དང་། དེའི་ཡུལ་འདོད་པ་དང་མི་འདོད་པ་ལ་ལོངས་སྤྱོད་པའི་བདག་པོ་ལེགས་པར་ཟིན་པ་མ་ཡིན་པ་རྣམ་པར་བསྩལ་བ་ཡོངས་སུ་བསྟན་པ་ཡིན་ནོ། །ཕན་ཡོན་དུ་ཞིག་ཡང་དག་པར་རྗེས་སུ་མཐོང་བས་ཆོས་རབ་ཏུ་ དབྱེ་བ་རྣམ་པར་གཞག་པ་རབ་ཏུ་རྣམ་པར་དབྱེ་བ་ལ་མཁས་པ་ལ་བརྩོན་པར་བྱ་ཞེ་ན། མདོར་བསྡུ་ན་ཕན་ཡོན་རྣམ་པ་བཅུ་སྟེ། འཇིག་ཚོགས་ལ་ལྟ་བ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རིལ་པོའི་འདུ་ཤེས་རབ་ཏུ་བཤིག་པར་བྱས་པར་འགྱུར་བ་དང་། ཡོད་ཅིང་མེད་པ་མ་ཡིན་པའི་ཆོས་རྣམས་ལ་ བདེན་པ་དང་གནས་པ་ལས་གནོད་པར་མི་འགྱུར་བ་དང་། བདག་ཉིད་ཀྱང་སོམ་ཉི་མེད་ཅིང་ཐེ་ཚོམ་མེད་པར་འགྱུར་བ་དང་། གཞན་དག་གིས་དྲི་བ་དྲིས་ནའང་མ་དད་པ་རྣམས་དད་པར་བྱ་ཞིང་དད་པ་རྣམས་ཕྱིར་ཞིང་འཕེལ་བར་བྱ་བའི་ཕྱིར་དང་། བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ལེགས་པ་ཁོ་ནར་ལན་འདེབས་པས་ ལན་ལྡོན་པར་འགྱུར་བ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་རིག་པ་ལ་འཇུག་པར་འགྱུར་བ་དང་། བརྒྱ་བྱིན་དང་ཚངས་པ་དང་སྐྱེ་དགུའི་བདག་པོ་དང་རང་བཞིན་དང་སྐྱེས་བུ་དག་གི་བྱེད་པ་པོ་མེད་པ་ཉིད་དང་ལུས་མེད་པ་ཉིད་དུ་ཁོང་དུ་ཆུད་པར་འགྱུར་བ་དང་བདག་གི་ཤེས་རབ་ཀྱི་དབང་པོ་རྒྱས་ཤིང་འཕེལ་ལ་ ཡངས་པར་འགྱུར་ཞིང་དགེ་བ་དང་མི་དགེ་བའི་ཆོས་རྣམས་དང་། རྒྱས་པར་རྟེན་ཅིང་འབྲེལ་པར་འབྱུང་བ་རབ་ཏུ་རྣམ་པར་དབྱེ་བ་དང་བཅས་པའི་བར་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་འགྱུར་བ་དང་། དགེ་བ་དང་མི་དགེ་བའི་ཆོས་རྣམས་དང་རྒྱས་པར་རྟེན་ཅིང་འབྲེལ་པར་ 130-1-107a འབྱུང་བ་རབ་ཏུ་རྣམ་པར་དབྱེ་བའི་བར་དེ་དག་ལ་བདག་གི་དྲན་པ་ལེགས་པར་གནས་པར་འགྱུར་བ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལ་ཞུགས་པ་ན་དྲན་པ་ཉེ་བར་གནས་པ་དེ་ཉིད་ལ་བརྟེན་ཅིང་གནས་ནས་དགེ་བའི་སེམས་རྩེ་གཅིག་པ་དེ་ཉིད་ལ་རེག་པར་ འགྱུར་བ་དང་སེམས་རྩེ་གཅིག་པ་དེ་ཉིད་ལ་བརྟེན་ཅིང་གནས་ནས་འཕགས་པའི་ཤེས་རབ་ཀྱི་དབང་པོ་སྐྱེ་བར་འགྱུར་བ་དང་། འཕགས་པའི་ཤེས་རབ་ཀྱི་དབང་པོ་ལ་བརྟེན་ཅིང་གནས་ནས་ཕྱིན་ཅི་ལོག་རྣམས་སྤོང་བར་འགྱུར། ཟག་པ་ཟད་པ་ནི་རྗེས་སུ་ཐོབ་པར་འགྱུར་བ་སྟེ། དེ་ལྟར་ཕན་ ཡོན་བཅུ་པོ་དེ་དག་ཡང་དག་པར་རྗེས་སུ་མཐོང་བས་ཆོས་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་རབ་ཏུ་རྣམ་པར་དབྱེ་བ་ལ་མཁས་པ་ལ་བརྩོན་པར་བྱའོ། །རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྡན་པའི་ས་དང་ཡིད་ཀྱི་ས་གཉིས་ཀྱིས་རྣམ་པར་གཏན་ལ་དབབ་པའོ། །ས་དེ་གཉིས་ཀྱི་རྣམ་པར་ གཏན་ལ་དབབ་པའི་གཞུང་ལྷག་མ་ནི་མི་སྣང་ངོ་། །རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་ལ་སོགས་པའི་ས་གསུམ་གྱི་རྣམ་པར་གཏན་ལ་དབབ་པ་ནི་ཅིའི་ཕྱིར་གཤིན་རྗེ་ལ་ཆོས་ཀྱི་རྒྱལ་པོ་ཞེས་བྱ། ཅི་སེམས་ཅན་རྣམས་ལ་གནོད་པ་ཉེ་བར་བསྒྲུབ་པའི་ཕྱིར་རམ་འོན་ཏེ་ ཕན་པ་ཉེ་བར་བསྒྲུབ་པའི་ཕྱིར་ཡིན། གལ་ཏེ་གནོད་པ་ཉེ་བར་སྒྲུབ་ན་ནི་དེས་ན་ཆོས་ཀྱི་རྒྱལ་པོ་ཞེས་བྱར་མི་རུང་ངོ་། །གལ་ཏེ་ཕན་པ་ཉེ་བར་སྒྲུབ་ན་ནི་དེས་ན་ཇི་ལྟར་སེམས་ཅན་རྣམས་ལ་ཕན་འདོགས་པར་བྱེད་པ་བརྗོད་དགོས་སོ་ཞེ་ན། སྨྲས་པ། ཕན་པ་ཉེ་བར་སྒྲུབ་པ་ཡིན་གྱི། གནོད་པ་ཉེ་བར་སྒྲུབ་པ་ནི་མ་ཡིན་ཏེ། འདི་ལྟར་དེ་ནི་དེ་དང་ཉེ་བར་གྱུར་པའི་སེམས་ཅན་དེ་དག་ལ་དེ་འདྲ་བའི་ལུས་དག་གིས་ཁྱེད་ཅག་ནི་རང་གིས་བྱས་པའི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་བར་འགྱུར་རོ་ཞེས་དྲན་པ་ཉེ་བར་གནས་པར་བྱེད་དེ། དེས་ན་རང་གིས་བྱས་པའི་ལས་ཀྱི་ འབྲས་བུ་བདག་ཉིད་ཀྱིས་མྱོང་བ་ཀུན་དུ་ཤེས་པའི་སེམས་ཅན་དེ་དག་གཤིན་རྗེའི་མི་སེམས་ཅན་གྱི་ལས་ཀྱི་དབང་གིས་གྲུབ་པ་སྤྲུལ་པ་ལྟ་བུ་སེམས་ཅན་འབྱུང་པོ་མ་ཡིན་པ་དེ་དག་ལ་ཀུན་ནས་མནར་སེམས་ཀྱི་སེམས་མེད་པ་དང་ཁོང་ཁྲོ་བའི་སེམས་མེད་པ་དང་ཁོན་དུ་འཛིན་པའི་བསམ་ 130-1-107b པ་མེད་པར་འགྱུར་ལ། དེའི་འོག་ཏུ་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བའི་ལས་སར་པ་དག་སོགས་པར་མི་བྱེད་ཅིང་སྔོན་གྱི་ལས་ཟད་པར་བྱས་ནས། སེམས་ཅན་དམྱལ་བའི་འགྲོ་བ་དག་ནས་ཡོངས་སུ་ཐར་བར་འགྱུར་ཏེ། དེ་ལྟ་བས་ན་གཤིན་རྗེ་ནི་སེམས་ཅན་དམྱལ་བ་པ་རྣམས་ལ་ ཕན་པ་ཉེ་བར་བསྒྲུབ་པའི་ཕྱིར་ཆོས་ཀྱི་རྒྱལ་པོ་ཞེས་བྱའོ། །དེ་ལ་སེམས་ཅན་གང་དག་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་པ་སྐྱེས་མ་ཐག་ཏུ་སྐྱེ་བ་རྗེས་སུ་དྲན་པར་འགྱུར་བ་དག་ལ་ནི་ཆོས་ཀྱི་རྒྱལ་པོ་གཤིན་རྗེ་རྗེས་སུ་སྟོན་པར་མི་བྱེད་དོ། །གང་དག་སྐྱེ་བ་རྗེས་སུ་མི་དྲན་པ་རྣམས་ལ་ནི་རྗེས་སུ་སྟོན་ པར་བྱེད་དོ། །གང་དག་དེར་སྐྱེས་པ་སྐྱེ་བ་རྗེས་སུ་མི་དྲན་པའི་གང་ཟག་ནི་མདོར་བསྡུ་ན་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ཤིན་ཏུ་རྨོངས་པ་འདི་ལྟ་སྟེ་དཔེར་ན་ཡུལ་མཐའ་འཁོབ་རྣམས་སུ་སྐྱེས་པ་རྣམ་པར་མི་དཔྱོད་ཅིང་ཡོངས་སུ་མི་དཔྱོད་པར་སྡིག་པ་ལ་ཞུགས་པ་ལྟ་བུ་རྣམས་དང་། ཤིན་ ཏུ་བག་མེད་པ་འདི་ལྟ་སྟེ་དཔེར་ན་འདོད་པ་ལ་ལོངས་སྤྱོད་པ་འདོད་པ་ཆེན་པོ་དག་ལ་ལྷག་པར་ཆགས་པ་རྣམ་པར་མི་དཔྱོད་ཅིང་ཡོངས་སུ་མི་དཔྱོད་པར་སྡིག་པ་ལ་ཞུགས་པ་ལྟ་བུ་རྣམས་དང་། ཤིན་ཏུ་ལོག་པར་ལྟ་བ་འདི་ལྟ་སྟེ་དཔེར་ན་ཐམས་ཅད་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་དང་ལྡན་ པ་རྣམ་པར་མི་དཔྱོད་ཅིང་ཡོངས་སུ་མི་དཔྱོད་པར་སྡིག་པ་ལ་ཞུགས་པ་ལྟ་བུ་རྣམས་ཏེ་དེ་དག་ནི་རང་གིས་རྗེས་སུ་དྲན་པར་བྱེད་མི་ནུས་པ་དེའི་ཕྱིར་དེ་དག་ལ་རྗེས་སུ་དྲན་པར་བྱེད་དོ། །རྒྱ་མཚོ་ཆེན་པོ་དག་གི་ཆུ་རྣམས་ནི་རྒྱུ་གཉིས་ཀྱིས་ན་ལན་ཚྭའི་རོ་དང་ལྡན་པར་རིག་པར་བྱ་སྟེ། དེར་སྐྱེས་པའི་ སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱི་དབང་པོ་དང་། སྐམ་ལ་གནས་པའི་སེམས་ཅན་དེ་དག་ཁ་ཅིག་གི་བསོད་ནམས་མ་ཡིན་པའི་དབང་གིས་ཏེ། འདི་ལྟར་ལན་ཚྭའི་རོ་དེ་ཉིད་ལ་བརྟེན་ནས་སྲོག་ཆགས་ཕྲ་མོ་གང་དག་རྒྱ་མཚོར་སྐྱེས་པ་རྣམས་མི་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས་དེ་དག་ལ་ དེ་རྣམས་ཀྱིས་གནོད་པར་བྱར་མེད་པ་དང་། རྒྱ་མཚོ་ཆེན་པོ་ན་རིན་པོ་ཆེའི་ཁྱད་པར་སྣ་ཚོགས་གང་དག་ཡོད་པ་དེ་དག་ཀྱང་ལན་ཚྭའི་རོ་དེ་ཉིད་ལ་བརྟེན་ནས་སྐམ་ལ་གནས་པའི་སེམས་ཅན་དེ་དག་ཁ་ཅིག་གིས་རྙེད་པར་དཀའ་བའི་ཕྱིར་རོ། །དེ་ལ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའི་རབ་ཏུ་ 130-1-108a དབྱེ་བ་ནི་རྣམ་པ་ལྔས་རྣམ་པར་གཞག་སྟེ། ལྔ་གང་ཞེ་ན། ངོ་བོ་ཉིད་དང་། ངོ་བོ་ཉིད་ཀྱི་རབ་ཏུ་དབྱེ་བ་དང་། ཀུན་ནས་ཉོན་མོངས་པའི་རབ་ཏུ་དབྱེ་བ་དང་། སྤོང་བའི་རབ་ཏུ་དབྱེ་བ་དང་། གཉེན་པོའི་རབ་ཏུ་དབྱེ་བས་སོ། །དེ་ལ་ངོ་བོ་ཉིད་གང་ཞེ་ན། མདོར་ བསྡུ་ན་ངོ་བོ་ཉིད་ནི་རྣམ་པ་གཉིས་ཏེ། ཉོན་མོངས་པ་རྣམས་ནི་ལྟ་བའི་ངོ་བོ་ཉིད་དང་། ལྟ་བ་མ་ཡིན་པའི་ངོ་བོ་ཉིད་དོ། །དེ་ལ་ངོ་བོ་ཉིད་ཀྱི་རབ་ཏུ་དབྱེ་བ་གང་ཞེ་ན། མདོར་བསྡུ་ན་རྣམ་པ་བཅུར་བལྟ་བར་བྱ་སྟེ། ལྟ་བའི་ངོ་བོ་ཉིད་ཀྱི་ཉོན་མོངས་པ་རྣམས་ཀྱི་རབ་ཏུ་དབྱེ་བ་རྣམ་པ་ལྔ་དང་ལྟ་བ་ མ་ཡིན་པའི་ངོ་བོ་ཉིད་རྣམས་ཀྱི་རབ་ཏུ་དབྱེ་བ་རྣམ་པ་ལྔ་སྟེ། དེ་དག་བསྡུས་ནས་ཉོན་མོངས་པའི་རབ་ཏུ་དབྱེ་བ་རྣམ་པ་བཅུར་འགྱུར་ཏེ། འདི་ལྟ་སྟེ། འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་དང་ལོག་པར་ལྟ་བ་དང་ལྟ་བ་མཆོག་ཏུ་འཛིན་པ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་ མཆོག་ཏུ་འཛིན་པ་དང་། འདོད་ཆགས་དང་ཁོང་ཁྲོ་བ་དང་། ང་རྒྱལ་དང་མ་རིག་པ་དང་ཐེ་ཚོམ་མོ། །དེ་ལ་འཇིག་ཚོགས་ལ་ལྟ་བ་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་བདག་གམ་བདག་གིར་ལྟ་བ་དང་། མངོན་པར་ཞེན་པ་དང་སེམས་ལ་འཇོག་པ་གང་ཡིན་པ་དེ་ནི་འཇིག་ཚོགས་ལ་ལྟ་བ་ཞེས་ བྱའོ། །དེའང་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། ལྷན་ཅིག་སྐྱེས་པ་དང་ཀུན་བརྟགས་པའོ། །དེ་ལ་ལྷན་ཅིག་སྐྱེས་པ་ནི་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དང་ཐ་ན་རི་དྭགས་དང་བྱ་རྣམས་ཀྱི་ཡང་ཡིན་ནོ། །ཀུན་བརྟགས་པ་ནི་གཞན་མུ་སྟེགས་ཅན་རྣམས་ཀྱི་ཡིན་པར་བལྟ་བར་བྱའོ། །མཐར་འཛིན་པར་ལྟ་བ་གང་ཞེ་ ན། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་འཇིག་ཚོགས་ལ་ལྟ་བ་དེ་ཉིད་ཀྱི་དབང་དུ་བྱས་ནས་བདག་རྟག་གོ་ཞེའམ་བདག་ཆད་དོ་ཞེས་ལྟ་བ་དང་མངོན་པར་ཞེན་པ་དང་སེམས་ལ་འཇོག་པ་གང་ཡིན་པ་དེ་ནི་མཐར་འཛིན་པར་ལྟ་བ་ཞེས་བྱའོ། །དེ་ལ་རྟག་པར་ལྟ་བས་བསྡུས་པའི་མཐར་ འཛིན་པར་ལྟ་བ་ནི་ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་པོ་དག་ལས། སྔོན་གྱི་མཐར་རྟོག་པ་རྟག་པར་སྨྲ་བ་རྣམས་དང་། ལ་ལ་རྟག་པར་སྨྲ་བ་རྣམས་དང་། ཕྱི་མའི་མཐར་རྟོག་པ་འདུ་ཤེས་ཅན་དུ་སྨྲ་བ་རྣམས་དང་། འདུ་ཤེས་མེད་པར་སྨྲ་བ་རྣམས་དང་། འདུ་ཤེས་ཡོད་པའང་མ་ 130-1-108b ཡིན་འདུ་ཤེས་མེད་པའང་མ་ཡིན་པར་སྨྲ་བ་རྣམས་ཀྱི་ཡིན་པར་བལྟ་བར་བྱའོ། །ཆད་པར་ལྟ་བས་བསྡུས་པའི་མཐར་འཛིན་པར་ལྟ་བ་ནི་དངོས་པོ་བདུན་གྱིས་ཆད་པར་ལྟ་བའི་དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་ཡིན་པར་བལྟ་བར་བྱའོ། །དེ་དག་གི་མཐར་འཛིན་པར་ལྟ་བ་དེ་ནི་ཀུན་བརྟགས་ པ་ཁོ་ན་ཡིན་གྱི་ལྷན་ཅིག་སྐྱེས་པ་ནི་མི་དམིགས་ཏེ། དེ་ནི་ཚེ་རབས་གཞན་དུ་རྗེས་སུ་འབྲེལ་པར་འབྱུང་བ་ཁོ་ན་ཡིན་ནོ། །མཐར་འཛིན་པར་ལྟ་བ་ལ་སོགས་པ་དེ་དག་ནི། འདི་ལྟ་སྟེ། སའི་དངོས་གཞིར་ཀུན་བརྟགས་པ་དང་ཀུན་བརྟགས་པ་མ་ཡིན་པའི་དབྱེ་བས་བསྟན་ པ་བཞིན་དུ་བལྟ་བར་བྱའོ། །དེ་ལ་ལོག་པར་ལྟ་བ་གང་ཞེ་ན། ཕྱིན་ཅི་ལོག་ཏུ་ལྟ་བ་ཐམས་ཅད་དེ་ཤེས་བྱའི་དངོས་པོ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པ་ནི་ལོག་པར་ལྟ་བ་ཞེས་བྱའོ། །དེའང་མདོར་བསྡུ་ན་རྣམ་པ་གཉིས་སུ་བལྟ་བར་བྱ་སྟེ། སྒྲོ་འདོགས་པར་བྱེད་པ་དང་སྐུར་ པ་འདེབས་པར་བྱེད་པའོ། །དེ་ལ་ལྟ་བ་བཞི་པོ་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཐམས་ཅད་ནི་སྒྲོ་འདོགས་པར་བྱེད་པའི་ལོག་པར་ལྟ་བ་ཞེས་བྱའོ། །སྐུར་པ་འདེབས་པར་བྱེད་པའི་ལོག་ པར་ལྟ་བ་གང་ཞེ་ན། རྒྱུའམ་བྱ་བའམ་འབྲས་བུ་ལ་སྐུར་པ་འདེབས་པའམ་ཡོད་པའི་དངོས་པོ་འཇིག་པར་བྱེད་པའི་ལྟ་བ་དང་མངོན་པར་ཞེན་པ་དང་སེམས་ལ་འཇོག་པ་གང་ཡིན་པ་དེ་ནི་སྐུར་པ་འདེབས་པའི་ལོག་པར་ལྟ་བ་ཞེས་བྱའོ། །དེ་ལ་སྦྱིན་པ་མེད་དོ། །མཆོད་སྦྱིན་མེད་དོ། ། སྦྱིན་སྲེག་མེད་དོ་ཞེས་བྱ་བ་ནི་རྒྱུ་ལ་སྐུར་པ་འདེབས་པ་ཡིན་ནོ། །ལེགས་པར་སྤྱད་པ་མེད་དོ། །ཉེས་པར་སྤྱད་པ་མེད་དོ་ཞེས་བྱ་བ་ནི་བྱ་བ་ལ་སྐུར་པ་འདེབས་པ་ཡིན་ནོ། །ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས་བྱ་བ་ནི་འབྲས་ བུ་ལ་སྐུར་པ་འདེབས་པ་ཡིན་ནོ། །ཕ་མེད་དོ། །མ་མེད་དོ། །སེམས་ཅན་རྫུས་ཏེ་སྐྱེ་བ་མེད་དོ་ཞེས་བྱ་བ་ནས་འཇིག་རྟེན་ན་དགྲ་བཅོམ་པ་ཟག་པ་ཟད་པ་མེད་དོ་ཞེས་བྱ་བ་ནི། ཡོད་པའི་དངོས་པོ་འཇིག་པར་བྱེད་པ་ཡིན་པར་རིག་པར་བྱའོ། །ལོག་པར་ལྟ་བ་དེའང་དགེ་སྦྱོང་དང་། 130-1-109a བྲམ་ཟེ་སྔོན་གྱི་མཐར་རྟོག་པ་རྒྱུ་མེད་པ་དང་མཐའ་དང་མཐའ་མེད་པ་དང་ལྷ་མི་སྤོང་བར་སྨྲ་བ་རྣམས་དང་། ཕྱི་མའི་མཐར་རྟོག་པ་ཚེ་འདི་ལ་མྱ་ངན་ལས་འདའ་བར་སྨྲ་བ་རྣམས་ཀྱི་ཡིན་པར་བལྟ་བར་བགྱིའོ། །དེ་ལྟར་ན་འཇིག་ཚོགས་ལ་ ལྟ་བའི་རྩ་བ་ལས་བྱུང་བའི་ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་པོ་དེ་དག་ནི་ལྟ་བ་གསུམ་པོ་འདི་དག་གིས་བསྡུས་པ་ཡིན་ཏེ། འདི་ལྟ་སྟེ། རྟག་པར་ལྟ་བས་བསྡུས་པའི་མཐར་འཛིན་པར་ལྟ་བ་དང་། ཆད་པར་ལྟ་བས་བསྡུས་པའི་མཐར་འཛིན་པར་ལྟ་བ་དང་། ལོག་པར་ལྟ་བས་སོ། ། དེ་ལ་ལྟ་བ་མཆོག་ཏུ་འཛིན་པ་གང་ཞེ་ན། ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་པོ་དེ་དག་རེ་རེ་ལ་མཆོག་ཏུ་གཙོ་བོ་དང་ཁྱད་པར་དུ་འཕགས་པ་དང་དམ་པར་ནན་གྱིས་མཆོག་ཏུ་འཛིན་ཅིང་མངོན་པར་ཞེན་པར་བྱེད་ལ་འདི་ཁོ་ན་བདེན་གྱི་གཞན་ནི་བརྫུན་པ་ཡིན་ཏེ་ལྟ་བ་འདིས་ནི་དག་པར་འགྱུར་ རོ། །འདིས་ནི་གྲོལ་བར་འགྱུར་རོ། །འདིས་ནི་ངེས་པར་འབྱུང་བར་འགྱུར་རོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་ནི་ལྟ་བ་མཆོག་ཏུ་འཛིན་པ་ཞེས་བྱའོ། །དེ་ལ་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་གང་ཞེ་ན། ལྟ་བ་མཆོག་ཏུ་འཛིན་པ་དང་རྗེས་སུ་མཐུན་པ་དང་། ལྟ་བ་ མཆོག་ཏུ་འཛིན་པའི་འཁོར་དང་དེ་དང་མཐུན་པའི་ཆོས་ཚུལ་ཁྲིམས་དང་བརྟུལ་ཞུགས་ཡང་དག་པར་བླངས་ནས་ཚུལ་ཁྲིམས་དང་བརྟུལ་ཞུགས་ཡང་དག་པར་བླངས་པ་དེ་ཉིད་ལ་མཆོག་དང་དམ་པའི་བར་དུ་ནན་གྱིས་མཆོག་ཏུ་འཛིན་ཅིང་མངོན་པར་ཞེན་པར་བྱེད་ལ་འདི་ཉིད་བདེན་གྱི་གཞན་ནི་ བརྫུན་པ་ཡིན་ཏེ། ལྟ་བ་འདིས་ནི་དག་པར་འགྱུར་རོ་འདིས་ནི་གྲོལ་བར་འགྱུར་རོ། །འདིས་ནི་ངེས་པར་འབྱུང་བར་འགྱུར་རོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཞེས་བྱའོ། །དེ་ལ་འདོད་ཆགས་གང་ཞེ་ན། སེམས་ཀྱི་ལྷག་པ་ པར་ཆགས་པ་དང་བཅས་པ་གང་ཡིན་པའོ། །དེ་ཡང་རྣམ་པ་བཞི་སྟེ། ལྟ་བ་རྣམས་དང་འདོད་པ་རྣམས་དང་གཟུགས་རྣམས་དང་། གཟུགས་མེད་པ་རྣམས་ལའོ། །ཁོང་ཁྲོ་བ་གང་ཞེ་ན། སེམས་ཀྱི་ཀུན་ནས་མནར་སེམས་པ་གང་ཡིན་པའོ། །དེའང་རྣམ་པ་བཞིར་བལྟ་ 130-1-109b བར་བྱ་སྟེ། སེམས་ཅན་གཞན་རྣམས་ལས་གཞན་དུ་ལྟ་བ་རྣམས་དང་། གནོད་པ་བྱེད་པ་རྣམས་དང་། སྡུག་པ་ལ་གནོད་པ་བྱེད་པ་རྣམས་དང་། མི་སྡུག་པ་ལ་ཕན་འདོགས་པ་རྣམས་ལའོ། །ང་རྒྱལ་གང་ཞེ་ན། གང་སེམས་ཀྱི་ཁེངས་པ་གང་ཡིན་པའོ། །དེའང་ རྣམ་པ་བཞིར་བལྟ་བར་བྱ་སྟེ། ལྟ་བ་རྣམས་དང་། སེམས་ཅན་ལ་བརྟེན་པ་དང་། འདོད་པ་ལ་ལོངས་སྤྱོད་པ་ལ་བརྟེན་པ་དང་། ཡང་སྲིད་པ་ལ་བརྟེན་པའོ། །དེ་ཡང་མདོར་བསྡུ་ན་རྣམ་པར་འཁྲུལ་པའི་ང་རྒྱལ་དང་། རྣམ་པར་འཁྲུལ་པ་མ་ཡིན་པའི་ང་རྒྱལ་ལོ། །དེ་ལ་སེམས་ཅན་ ལ་བརྟེན་པའི་ང་རྒྱལ་ནི་ང་རྒྱལ་རྣམ་པ་གསུམ་སྟེ་སྔ་མ་བཞིན་ནོ། །འདོད་པ་ལ་ལོངས་སྤྱོད་པ་ལ་བརྟེན་པ་ནི་འདི་ལྟ་སྟེ། ལོངས་སྤྱོད་ཆེན་པོ་དང་རྩ་འཇིང་ཆེན་པོ་དང་འཁོར་མང་པོ་དང་ལྡན་པར་གྱུར་པ་དེ་ལ་བརྟེན་ནས་སེམས་ཁེངས་པ་གང་ཡིན་པའོ། །ཡང་སྲིད་པ་ལ་བརྟེན་པ་ནི་འདི་ལྟ་སྟེ་ འབྱུང་བར་འགྱུར་རོ། །འབྱུང་བར་མི་འགྱུར་རོ་ཞེས་བྱ་བ་ནས་རྒྱས་པར་འདུ་ཤེས་ཡོད་པའང་མ་ཡིན་འདུ་ཤེས་མེད་པའང་མ་ཡིན་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གཡོ་བ་དང་རློམ་པ་དང་སྤྲོས་པ་དང་མངོན་པར་འདུ་བྱས་པའི་སྲེད་པའི་རྣམ་པ་དག་དང་ལྡན་པར་གྱུར་པའི་སེམས་ཁེངས་པ་གང་ཡིན་ པའོ། །དེ་ལ་རྣམ་པར་འཁྲུལ་པ་མ་ཡིན་པའི་ང་རྒྱལ་ནི་ཆུང་བ་བས་བདག་ཆེའོ་སྙམ་པ་དང་མཚུངས་པ་དང་མཚུངས་སོ་སྙམ་དུ་རློམ་པའོ། །རྣམ་པར་འཁྲུལ་པའི་ང་རྒྱལ་ནི་དེ་ལས་གཞན་པའི་ང་རྒྱལ་ལྔ་པོ་དག་ལའོ། །གཞན་ཡང་ལོངས་སྤྱོད་ངན་པ་དག་གིས་བདག་ནི་བདེ་བ་ཡིན་ ནོ་སྙམ་དུ་རློམ་པར་བྱེད་པ་དེའང་རྣམ་པར་འཁྲུལ་པའི་ང་རྒྱལ་ཡིན་ལ། ལོངས་སྤྱོད་རྒྱ་ཆེན་པོ་དག་གིས་བདག་ནི་བདེ་བ་ཡིན་ནོ་སྙམ་དུ་རློམ་པ་དེ་ནི་རྣམ་པར་འཁྲུལ་པ་མ་ཡིན་པའི་ང་རྒྱལ་ཡིན་པར་བལྟ་བར་བྱའོ། །ལོག་པར་སྒྲུབ་པ་ཡང་སྲིད་པའི་ཕྱིར་རློམ་པ་གང་ཡིན་པ་དེའང་རྣམ་པར་ འཁྲུལ་པའི་ང་རྒྱལ་ཡིན་ལ། ཡང་དག་པའི་སྒྲུབ་པས་ཡང་སྲིད་པའི་ཕྱིར་རློམ་པར་བྱེད་པ་དེ་ནི་རྣམ་པར་འཁྲུལ་པ་མ་ཡིན་པའི་ང་རྒྱལ་ཡིན་པར་བལྟ་བར་བྱའོ། །དེ་ལ་མ་རིག་པ་གང་ཞེ་ན། ཤེས་བྱའི་དེ་ཁོ་ན་རྟོགས་པར་བྱ་བ་ལ་སེམས་ལ་འགེབས་པར་བྱེད་པ་ཉིད་དང་སྒྲིབ་པར་ 130-1-110a བྱེད་པ་ཉིད་དོ། །དེ་ཡང་མདོར་བསྡུ་ན་རྣམ་པ་བཞིར་རིག་པར་བྱ་སྟེ། མ་རྟོགས་པའི་ཀུན་ཏུ་རྨོངས་པ་དང་། བག་མེད་པའི་ཀུན་ཏུ་རྨོངས་པ་དང་། ཉོན་མོངས་པ་ཅན་གྱི་ཀུན་ཏུ་རྨོངས་པ་དང་། ཉོན་མོངས་པ་ཅན་མ་ཡིན་པའི་ཀུན་དུ་རྨོངས་པའོ། །ཤེས་ བྱའི་དོན་མ་མཐོང་བ་དང་། མ་ཐོས་པ་དང་བྱེ་བྲག་མ་ཕྱེད་པ་དང་། རྣམ་པར་མ་ཤེས་པ་དག་མི་ཤེས་པ་ནི་མ་རྟོགས་པའི་ཀུན་ཏུ་རྨོངས་པ་ཞེས་བྱའོ། །མཐོང་བ་དང་ཐོས་པ་དང་བྱེ་བྲག་ཕྱེད་པ་དང་རྣམ་པར་ཤེས་པ་དག་ལ་རྣམ་པར་གཡེང་བ་དང་བརྗེད་ངས་པས་མི་ཤེས་པ་ནི་བག་མེད་པའི་ཀུན་ཏུ་ རྨོངས་པ་ཞེས་བྱའོ། །སེམས་ཕྱིན་ཅི་ལོག་ཏུ་གྱུར་པས་མི་ཤེས་པ་ནི་ཉོན་མོངས་པ་ཅན་གྱི་ཀུན་ཏུ་རྨོངས་པ་ཞེས་བྱའོ། །སེམས་ཕྱིན་ཅི་ལོག་ཏུ་མ་གྱུར་པས་མི་ཤེས་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའི་ཀུན་ཏུ་རྨོངས་པ་ཞེས་བྱའོ། །མ་རིག་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ན་མདོར་ རྣམ་པ་གཉིས་སུ་འགྱུར་ཏེ་ཉོན་མོངས་པ་དང་མཚུངས་པར་ལྡན་པ་དང་མ་འདྲེས་པའོ། །རྨོངས་པར་མ་གྱུར་པ་ལ་ནི་ཉོན་མོངས་པ་འགའ་འང་མི་འབྱུང་བས་དེའི་ཕྱིར་གང་ལ་འདོད་ཆགས་ལ་སོགས་པ་དེ་ལས་གཞན་པའི་ཉོན་མོངས་པ་རྣམས་ཡོད་པ་དེ་ལ་ནི་མ་རིག་པའང་ཡོད་པས་དེ་ནི་ཉོན་མོངས་ པ་དང་མཚུངས་པར་ལྡན་པ་ཡིན་ནོ། །སྐྱེས་བུ་གང་ཟག་ཤེས་རབ་རྟུལ་བ་དེ་ལས་གཞན་པ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་ཀུན་ནས་མ་དཀྲིས་པ་སྡུག་བསྔལ་གྱི་བདེན་པ་ལ་སོགས་པ་ལ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པའི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཀུན་ཏུ་མི་སྣང་བ་ཉིད་ དང་། སེམས་ལ་འགེབས་པར་བྱེད་པ་ཉིད་དང་། སྒྲིབ་པར་བྱེད་པ་ཉིད་དང་། ཀུན་ནས་དཀྲིས་པ་ཉིད་དང་། མུན་པར་གྱུར་པ་ཉིད་གང་ཡིན་པ་དེ་ནི་མ་རིག་པ་མ་འདྲེས་པ་ཞེས་བྱའོ། །དེ་ལ་ཐེ་ཚོམ་གང་ཞེ་ན། སེམས་ཀྱི་ཡིད་གཉིས་དང་གཉིས་ཀྱི་དངོས་པོ་དང་མ་ངེས་པ་གང་ཡིན་པའོ། ། དེའི་རབ་ཏུ་དབྱེ་བ་ནི་མདོར་བསྡུ་ན་རྣམ་པ་ལྔས་རྣམ་པར་གཞག་པར་བྱ་སྟེ། འཇིག་རྟེན་ཕ་རོལ་དང་བྱ་བ་དང་དེའི་འབྲས་བུ་དང་བདེན་པ་རྣམས་དང་དཀོན་མཆོག་རྣམས་ལ་སེམས་ཀྱི་ཡིད་གཉིས་ཟ་བས་སོ། །དེ་ལྟར་ཉོན་མོངས་པ་བཅུ་པོ་ཇི་སྐད་བསྟན་པ་དེ་དག་ནི་དངོས་པོ་ལ་དམིགས་པ་ལས་ཀྱང་འབྱུང་ 130-1-110b ལ་ཉོན་མོངས་པ་དམིགས་པ་ལས་ཀྱང་འབྱུང་ངོ་། །ཉོན་མོངས་པ་བཅུ་པོ་ཐམས་ཅད་ལས་རང་གི་ས་པ་རྣམས་ནི་ཉོན་མོངས་པ་གཅིག་ལ་གཅིག་དམིགས་པ་དང་། རང་གི་ས་པའི་ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་ལ་དམིགས་པ་ཡིན་ནོ། །ས་འོག་མ་པ་རྣམས་ནི་ས་གོང་མ་པའི་ཉོན་ མོངས་པའི་དངོས་པོ་ལ་དམིགས་པ་ཡིན་ནོ། །ས་གོང་མ་པ་རྣམས་ནི་ས་འོག་མ་པའི་ཉོན་མོངས་པའི་དངོས་པོ་ལ་དམིགས་པ་མ་ཡིན་ནོ། །ཇི་ལྟར་དེ་དག་གཅིག་ལ་གཅིག་དམིགས་པ་དང་། ས་འོག་མ་པ་རྣམས་ས་གོང་མ་པ་ལ་དམིགས་པའི་སྐབས་འདི་རྣམ་པར་གཏན་ལ་དབབ་པའི་གཞུང་ ལྷག་མ་ནི་མི་སྣང་ངོ་།། །།བམ་པོ་བཅུ་གཉིས་པ། དེ་ལ་འདོད་པ་ན་སྤྱོད་པའི་འཇིག་ཚོགས་ལ་ལྟ་བ་ལྷན་ཅིག་སྐྱེས་པ་གང་ཡིན་པ་དེ་ནི་ལུང་དུ་མ་བསྟན་པ་ཡིན་ཏེ། ཡང་དང་ཡང་ཀུན་ཏུ་འབྱུང་བའི་ཕྱིར་དང་། བདག་དང་གཞན་ལ་ཤིན་ཏུ་གནོད་པའི་གནས་མ་ཡིན་པའི་ཕྱིར་རོ། ། རྟོག་པས་མངོན་པར་ཞེན་པ་གང་ཡིན་པ་དེ་ནི་མི་དགེ་བ་ཡིན་ནོ། །ས་འོག་མ་པའི་ནི་ཞི་གནས་ཀྱིས་ཉེ་བར་བསྟན་པའི་ཕྱིར་དང་། དཀར་པོའི་ཆོས་མང་པོས་ཡོངས་སུ་ཟིན་པའི་ཕྱིར་ལུང་དུ་མ་བསྟན་པ་ཡིན་ནོ། །སྒྲིབ་པ་ནི་ངོ་བོ་ཉིད་ཀྱིས་ཉོན་མོངས་པ་ཅན་དང་སྐྱོན་ཆགས་པ་ཉིད་ཡིན་པའི་ཕྱིར་རོ། ། ལྷག་མ་རྣམས་ནི་འདིའི་ཚུལ་བཞིན་དུ་རིག་པར་བྱའོ། །འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ནི་ཉེས་པར་སྤྱོད་པའི་གཞིའི་གནས་སུ་གྱུར་པའི་ཕྱིར་མི་དགེ་བ་ཡིན་པར་བལྟ་བར་བྱའོ། །དེ་དག་ཀྱང་རྒྱུ་གསུམ་གྱིས་ན་མི་དགེ་བའང་ཡིན་ལ་ངན་སོང་དུ་འགྲོ་བར་འགྱུར་བའང་ཡིན་གྱི་ གཞན་དུ་ན་ནི་ངེས་པ་མེད་དོ། །གསུམ་གང་ཞེ་ན། གུས་པར་བྱེད་པ་དང་རྟག་ཏུ་བྱེད་པས་ཤས་ཆེར་ཀུན་ཏུ་སྟེན་པར་བྱེད་ཅིང་ཡོན་ཏན་གྱི་བློས་དེ་དག་ལ་སྐྱོན་དུ་ལྟ་བ་དང་ཉེས་དམིགས་སུ་ལྟ་བ་སྐྱེད་པར་མི་བྱེད་པ་འདི་ནི་རྒྱུ་དང་པོ་ཡིན་ནོ། །ཡང་ཉོན་མོངས་པ་དེ་དག་ལ་བརྟེན་ཅིང་གནས་ནས་ལུས་ དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པར་བྱས་ཤིང་བསགས་པ་འདི་ནི་རྒྱུ་གཉིས་པ་ཡིན་ནོ། །ཡང་དེས་གཞན་དག་དགེ་བའི་ཕྱོགས་ལས་འདུན་པ་བཟློག་ཅིང་མི་དགེ་བའི་ཕྱོགས་ཡང་དག་པར་འཛིན་དུ་བཅུག་པ་འདི་ནི་རྒྱུ་གསུམ་པ་ཡིན་ཏེ། དེའི་ངན་སོང་དུ་འགྲོ་བར་འགྱུར་བའི་ལས་ 130-1-111a ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་སྔོན་བྱས་པ་ནི་མ་གཏོགས་སོ། །ཉོན་མོངས་པ་བཅུ་པོ་དེ་དག་ལས་ཉོན་མོངས་པ་བདུན་ནི་ཡིད་ཀྱི་ས་པ་དག་ཡིན་ནོ། །འདོད་ཆགས་དང་ཁོང་ཁྲོ་བ་དང་མ་རིག་པ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྡན་པའི་ས་པ་ཡང་ཡིན་ ནོ། །འདོད་པའི་ཁམས་ལ་ལྟ་བ་བཞི་དང་ང་རྒྱལ་ནི་ཡིད་བདེ་བ་དང་བཏང་སྙོམས་དང་མཚུངས་པར་ལྡན་ནོ། །འདོད་ཆགས་ནི་བདེ་བ་དང་ཡིད་བདེ་བ་དང་བཏང་སྙོམས་རྣམས་དང་ངོ་། །ཁོང་ཁྲོ་བ་ནི་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་ངོ་། །ལོག་པར་ལྟ་བ་ནི་ཡིད་བདེ་བ་དང་ཡིད་མི་ བདེ་བ་ཉིད་དང་ངོ་། །ཐེ་ཚོམ་ནི་ཡིད་མི་བདེ་བ་ཁོ་ན་དང་ངོ་། །མ་རིག་པ་ནི་དབང་པོ་ལྔ་པོ་ཐམས་ཅད་དང་མཚུངས་པར་ལྡན་ནོ། །མཚུངས་པར་ལྡན་པའི་ཚུལ་འདི་ནི་ཆེ་ལོང་དུ་བསྟན་པ་ཡིན་ཏེ་ཞིབ་ཏུ་ནི་འོག་ནས་བཤད་པར་བྱའོ། །གོང་མ་ན་ནི་གང་ན་དབང་པོ་གང་སྲིད་པ་དེ་དང་དེའི་ས་པའི་ཉོན་ མོངས་པ་དག་དང་མཚུངས་པར་ལྡན་པ་ཡིན་པར་རིག་པར་བྱའོ། །ཉོན་མོངས་པ་བཅུ་པོ་དེ་དག་ལས་མཐོང་བས་སྤང་བར་བྱ་བ་གང་དག་ཡིན་པ་དེ་དག་ནི་གཞི་མེད་པ་ཞེས་བྱ་སྟེ། དེ་དག་གིས་དམིགས་པའི་གཞི་དེ་བཞིན་དུ་ཡོངས་སུ་གྲུབ་པ་མ་ཡིན་པའི་ཕྱིར་རོ། །ལྷག་མ་རྣམས་ནི་གཞི་ དང་བཅས་པ་དང་གཞི་མེད་པ་དག་ཡིན་ཏེ། དེ་ལས་བཟློག་པའི་ཕྱིར་རོ། །འདོད་ཆགས་དང་ང་རྒྱལ་ནི་ཟག་པ་དང་བཅས་པའི་གཞིའི་ཕྱོགས་ཡིད་དུ་འོང་བ་གཅིག་ལ་དམིགས་ནས་སྐྱེའོ། །ཁོང་ཁྲོ་བ་ནི་ཕྱོགས་ཡིད་དུ་མི་འོང་བ་གཅིག་ལ་དམིགས་ནས་སྐྱེ་སྟེ། དེའི་ཕྱིར་ཉོན་མོངས་པ་ གསུམ་པོ་དེ་དག་ནི་ཕྱོགས་གཅིག་ལས་སྐྱེ་བ་དང་ཕྱོགས་གཅིག་འཛིན་པ་ཞེས་བྱའོ། །ལྷག་མ་རྣམས་ནི་ནང་དང་ཕྱི་རོལ་དང་བཅས་པའི་གཞི་ཟག་པ་དང་བཅས་པ་སྡུག་པའམ་མི་སྡུག་པའམ་གཉི་ག་ལས་བཟློག་པ་ལས་དམིགས་ཏེ་སྐྱེ་བས། དེའི་ཕྱིར་ཐམས་ཅད་དུ་འགྲོ་བ་དང་གཞི་ མཐའ་དག་འཛིན་པ་རྣམས་ཞེས་བྱ་སྟེ། དེ་ལྟར་ན་དེ་དག་ནི་ཉོན་མོངས་པ་རྣམས་ཡིན་ནོ། །ཉོན་མོངས་པ་དང་རྗེས་སུ་མཐུན་པ་དང་ཉོན་མོངས་པ་དང་ལྷན་ཅིག་རྒྱུ་བ་དང་། ཉོན་མོངས་པའི་ཕྱོགས་དང་མཐུན་པའི་ཉེ་བའི་ཉོན་མོངས་པ་རྣམས་ཞེས་བྱའོ། །ཉེ་བའི་ཉོན་མོངས་པ་རྣམས་ 130-1-111b གང་ཞེ་ན། ཉེ་བའི་ཉོན་མོངས་པ་རྣམས་ཀྱི་རབ་ཏུ་དབྱེ་བ་ནི་མདོར་བསྡུ་ན་རྣམ་པ་བཞིས་རྣམ་པར་གཞག་སྟེ། མི་དགེ་བའི་སེམས་ཐམས་ཅད་ལས་སྐྱེ་བ་དང་། ཉོན་མོངས་པ་ཅན་གྱི་སེམས་ཐམས་ཅད་ལས་སྐྱེ་བ་དང་མི་དགེ་བའི་སེམས་སོ་སོ་ལས་སྐྱེ་བ་དང་། དགེ་བ་དང་མི་དགེ་ བ་དང་ལུང་དུ་མ་བསྟན་པའི་སེམས་ལས་སྐྱེ་བ་ཐམས་ཅད་དུ་མ་ཡིན་ཞིང་དུས་ཐམས་ཅད་དུ་མ་ཡིན་པ་རྣམས་ཀྱིས་སོ། །དེ་ལ་ངོ་ཚ་བ་མེད་པ་དང་ཁྲེལ་མེད་པ་ནི་མི་དགེ་བའི་སེམས་ཐམས་ཅད་ལས་སྐྱེ་བའི་ཉེ་བའི་ཉོན་མོངས་པ་ཞེས་བྱའོ། །བག་མེད་པ་དང་རྒོད་པ་དང་རྨུགས་པ་དང་མ་དད་པ་ དང་། ལེ་ལོ་དང་ལོག་པར་འདུན་པ་དང་ལོག་པར་མོས་པ་དང་ལོག་པར་དྲན་པ་དང་རྣམ་པར་གཡེང་བ་དང་། ཤེས་བཞིན་མ་ཡིན་པ་དང་ཉེ་བའི་ཉོན་མོངས་པ་བཅུ་པོ་དེ་དག་ནི་ཉོན་མོངས་པ་ཅན་གྱི་སེམས་ཐམས་ཅད་ལས་སྐྱེ་བ་ཡིན་པར་རིག་པར་བྱ་སྟེ། ཁམས་གསུམ་པ་ཐམས་ ཅད་ནའོ། །ཁྲོ་བ་དང་འཁོན་དུ་འཛིན་པ་དང་འཆབ་པ་དང་འཚིག་པ་དང་ཕྲག་དོག་དང་སེར་སྣ་དང་། སྒྱུ་དང་གཡོ་དང་རྒྱགས་པ་དང་རྣམ་པར་འཚེ་བ་དང་། ཉེ་བའི་ཉོན་མོངས་པ་བཅུ་པོ་དེ་དག་ནི་མི་དགེ་བའི་སེམས་སོ་སོ་ལས་སྐྱེ་བ་ཡིན་པར་བལྟ་བར་བྱ་སྟེ། གང་དུ་གཅིག་ འབྱུང་བ་དེར་གཉིས་པ་མི་འབྱུང་ངོ་། །དེ་དག་ལས་སྒྱུ་དང་གཡོ་དང་རྒྱགས་པ་མ་གཏོགས་པ་རྣམས་ནི་འདོད་པ་དང་ལྡན་པ་ཡིན་ནོ། །སྒྱུ་དང་གཡོ་ནི་བསམ་གཏན་དང་པོ་མན་ཆད་ན་ཡོད་དོ། །རྒྱགས་པ་ནི་ཁམས་གསུམ་པ་ཡིན་པར་རིག་པར་བྱ་སྟེ། དེ་དག་ཀྱང་གོང་མ་པའི་ ས་པ་དག་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །དེ་ལ་རྟོག་པ་དང་དཔྱོད་པ་དང་འགྱོད་པ་དང་གཉིད་དང་ཉེ་བའི་ཉོན་མོངས་པ་བཞི་པོ་དེ་དག་ནི་དགེ་བའི་སེམས་དང་མི་དགེ་བའི་སེམས་དང་ལུང་དུ་མ་བསྟན་པའི་སེམས་ལ་ཡང་འབྱུང་སྟེ་ཐམས་ཅད་དུ་དང་དུས་ཐམས་ཅད་དུ་ནི་མ་ཡིན་ནོ། །འདི་ལྟར་ཡང་དང་ཡང་དུ་དང་ཡུན་ རིང་དུ་རྗེས་སུ་རྟོག་པ་དང་། རྗེས་སུ་དཔྱོད་པར་བྱེད་པའི་ལུས་ངལ་བ་དང་། བརྗེད་པ་དང་སེམས་ཉམས་པར་འགྱུར་བས་དེའི་ཕྱིར་རྟོག་པ་དང་དཔྱོད་པ་དག་ཀྱང་ཉེ་བའི་ཉོན་མོངས་པ་ཞེས་བྱ་སྟེ། དེ་གཉིས་ཀྱང་བསམ་གཏན་དང་པོ་མན་ཆད་ན་ཡོད་དོ། །འགྱོད་པ་དང་གཉིད་ནི་འདོད་པ་ན་སྤྱོད་ 130-1-112a པ་ཡིན་ནོ། །དེ་ལ་མཉམ་པར་གཞག་པའི་ས་པའི་ཉེ་བའི་ཉོན་མོངས་པ་རྣམས་ནི་འདི་ལྟ་སྟེ། རྟོག་པ་དང་དཔྱོད་པ་དང་སྒྱུ་དང་། གཡོ་དང་། རྨུགས་པ་དང་རྒོད་པ་དང་རྒྱགས་པ་དང་བག་མེད་པ་དང་ལེ་ལོ་རྣམས་ཏེ། དེ་ལ་དང་པོ་བཞི་ནི་བསམ་གཏན་དང་པོའི་ ས་པ་དག་ཡིན་ནོ། །ལྷག་མ་རྣམས་ནི་ས་ཐམས་ཅད་དང་དུས་ཐམས་ཅད་པ་དག་ཡིན་པར་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་གཞི་ཕྲན་ཚེགས་ལས་ཉེ་བའི་ཉོན་མོངས་པ་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་འཁྲུག་པའི་བར་དུ་རྒྱས་ པར་བསྟན་པ་གང་དག་ཡིན་པ་རྣམས་དང་། གཞི་བསྡུ་བ་ལས་རྣམ་པར་དབྱེ་བ་བྱས་པ་གང་དག་ཡིན་པ་དེ་དག་ཐམས་ཅད་ཀྱང་ཉེ་བའི་ཉོན་མོངས་པ་རབ་ཏུ་དབྱེ་བ་རྣམ་པ་བཞི་པོ་འདི་དག་གིས་ཅི་རིགས་པར་བསྡུས་པར་རིག་པར་བྱའོ། །ཉེ་བའི་ཉོན་མོངས་པ་དེ་དག་ཀྱང་འདོད་པའི་ ཁམས་ན་ནི་མདོར་བསྡུ་ན་གནས་བཅུ་གཉིས་ལ་བརྟེན་ནས་འཇུག་པར་རིག་པར་བྱ་སྟེ། གནས་བཅུ་གཉིས་གང་ཞེ་ན། འདི་ལྟ་སྟེ། ཉེས་པར་སྤྱོད་པ་ལ་མངོན་པར་ཞེན་པ་དང་། འཐབ་མོ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་དང་། ཚུལ་ཁྲིམས་ཉམས་པ་དང་། སྐྱེས་བུ་དམ་པ་མ་ཡིན་པའི་ཆོས་ཡང་དག་པར་བླངས་ཏེ་འདུག་པ་དང་། ལོག་པར་འཚོ་བ་དང་། འདོད་པ་ལ་ལོག་པར་ཞེན་པ་དང་། ཇི་སྐད་བསྟན་པའི་ཆོས་ཀྱི་དོན་ལ་སེམས་ཤིང་ངེས་པར་རྟོག་པ་དང་། སེམས་ཏིང་ངེ་འཛིན་དུ་བྱ་བའི་ཕྱིར་བསམ་པའི་དོན་ལ་ནང་གི་སེམས་ཀྱི་ཞི་ གནས་ཀྱི་རྗེས་སུ་མཐུན་པ་དང་། གཅིག་ལ་གཅིག་ཟང་ཟིང་གི་ལོངས་སྤྱོད་སྟོབས་པ་དང་། གཅིག་ལ་གཅིག་ཆོས་ཀྱི་ལོངས་སྤྱོད་སྟོབས་པ་དང་། མ་འདྲེས་པར་གནས་ཤིང་བས་མཐའི་གནས་མལ་དུ་གནས་པ་དང་། རབ་ཏུ་དབྱེ་བ་ན་གནས་པས་སྡུག་བསྔལ་ཉེ་བར་གྱུར་ པ་སྟེ། གནས་བཅུ་གཉིས་པོ་དེ་དག་ལ་བརྟེན་ནས་ཆགས་པ་ལ་སོགས་པ་འཁྲུལ་པའི་མཐར་ཐུག་པའི་བར་གྱི་ཉེ་བའི་ཉོན་མོངས་པ་ཇི་སྐད་བསྟན་པ་རྣམས་ཀྱི་འཇུག་པ་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལ་ཆགས་པ་དང་ཞེ་སྡང་དང་གཏི་མུག་ནི་གནས་དང་པོ་ལའོ། ། 130-1-112b ཁྲོ་བ་ལ་སོགས་པ་གཡོ་བ་མཐར་ཐུག་པའི་བར་དག་ནི་གནས་གཉིས་པ་ལའོ། །ངོ་ཚ་མེད་པ་དང་ཁྲེལ་མེད་པ་ནི་གནས་གསུམ་པ་ལའོ། །ང་རྒྱལ་ལ་སོགས་པ་ཉེས་རྩོམ་གྱི་མཐར་ཐུག་པའི་བར་དག་ནི་གནས་བཞི་པ་ལའོ། །ཚུལ་འཆོས་པ་ལ་སོགས་པ་སྡིག་པའི་གྲོགས་པོའི་མཐར་ ཐུག་པའི་བར་དག་ནི་གནས་ལྔ་པ་ལའོ། །མི་བཟོད་པ་དང་ཞེན་པ་ལ་སོགས་པ་མི་མཐུན་པ་ལ་ཆགས་པའི་མཐར་ཐུག་པའི་བར་དག་ནི་གནས་དྲུག་པ་ལའོ། །འཇིག་ཚོགས་ལ་ལྟ་བ་དང་། འབྱུང་བར་ལྟ་བ་དང་འཇིག་པར་ལྟ་བ་ནི་གནས་བདུན་པ་ལའོ། །འདོད་པ་ལ་འདུན་པ་ ལ་སོགས་པ་ཡིད་ལ་མི་བྱེད་པའི་མཐར་ཐུག་པའི་བར་དག་ནི་གནས་བརྒྱད་པ་ལའོ། །རུ་གདུག་དང་འཕྱ་སྨོད་ནི་གནས་དགུ་པ་ལའོ། །མི་མནམས་པ་དང་མི་མཉེན་པ་དང་རིས་མཐུན་པའི་རྗེས་སུ་མི་འཇུག་པ་ནི་གནས་བཅུ་པ་ལའོ། །འདོད་པའི་རྣམ་པར་རྟོག་པ་ལ་སོགས་པ་ཁྱིམ་ གྱི་འབྱོར་པ་དང་ལྡན་པའི་རྣམ་པར་རྟོག་པའི་མཐར་ཐུག་པའི་བར་དག་ནི་གནས་བཅུ་གཅིག་པ་ལའོ། །མྱ་ངན་ལ་སོགས་པ་ནི་གནས་བཅུ་གཉིས་པ་ལ་བརྟེན་ཏེ་འཇུག་པར་རིག་པར་བྱའོ། །ལྟ་བ་ལྔ་པོ་གང་དག་ཡིན་པ་དེ་དག་ནི་ཤེས་རབ་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་ཕན་ཚུན་མཚུངས་ པར་ལྡན་པར་མི་བྱེད་དོ། །ངོ་བོ་ཉིད་དང་ངོ་བོ་ཉིད་མཚུངས་པར་ལྡན་པར་མི་རུང་བའི་ཕྱིར་རོ། །འདོད་ཆགས་དང་ཁོང་ཁྲོ་བ་དང་ང་རྒྱལ་དང་ཐེ་ཚོམ་རྣམས་ནི་ཕན་ཚུན་མི་མཐུན་པའི་ཕྱིར་ཕན་ཚུན་མཚུངས་པར་ལྡན་པར་མི་བྱེད་དོ། །ཆགས་པར་གྱུར་པའི་སེམས་ནི་འདུད་པར་ འགྱུར་ལ་རློམ་པར་གྱུར་པའི་སེམས་ནི་ཁེངས་པར་འགྱུར་བས། དེའི་ཕྱིར་འདོད་ཆགས་དང་ང་རྒྱལ་ཡང་ཕན་ཚུན་མི་མཐུན་པ་དག་ཡིན་པར་རིག་པར་བྱའོ། །ཉེ་བའི་ཉོན་མོངས་པ་ཇི་སྐད་བསྟན་པ་དེ་དག་ནི་ཉོན་མོངས་པའི་ཕྱོགས་དང་མཐུན་པ་ཡིན་པ་ཁོ་ནར་བལྟ་བར་བྱའོ། །དེ་ལ་ རེ་ཞིག་བག་མེད་པ་ནི་ཉོན་མོངས་པ་ཐམས་ཅད་ཀྱི་ཕྱོགས་དང་མཐུན་པ་ཡིན་པར་བལྟ་བར་བྱ་སྟེ། འདི་ལྟར་ཆགས་པར་གྱུར་ན་ཡང་བག་མེད་པར་འགྱུར་ལ་ཐེ་ཚོམ་ཟོས་པའི་བར་དུ་གྱུར་ནའང་བག་མེད་པར་འགྱུར་བའི་ཕྱིར་རོ། །ཆགས་པ་དང་། སེར་སྣ་དང་། རྒྱགས་པ་དང་། རྒོད་པ་ནི་ 130-1-113a འདོད་ཆགས་ཀྱི་ཕྱོགས་དང་མཐུན་པ་དང་འདོད་ཆགས་ཀྱི་རྒྱུ་མཐུན་པ་དག་ཡིན་ནོ། །ཁྲོ་བ་དང་ཁོན་དུ་འཛིན་པ་དང་། ཡོངས་སུ་གདུང་བ་དང་། ཕྲག་དོག་དང་། རྣམ་པར་འཚེ་བ་ནི་ཁོང་ཁྲོ་བའི་ཕྱོགས་དང་མཐུན་པ་དང་། ཁོང་ཁྲོ་བའི་རྒྱུ་མཐུན་པ་དག་ཡིན་ནོ། ། སྒྱུ་དང་གཡོ་ནི་ལོག་པར་ལྟ་བའི་ཕྱོགས་དང་མཐུན་པ་དང་། ལོག་པར་ལྟ་བའི་རྒྱུ་མཐུན་པ་དག་ཡིན་ནོ། །འཆབ་པ་ནི་གཡོའི་ཕྱོགས་དང་མཐུན་པ་དང་། དེའི་རྒྱུ་མཐུན་པ་ཁོ་ན་ཡིན་པར་བལྟ་བར་བྱའོ། །ཉེ་བའི་ཉོན་མོངས་པ་ལྷག་མ་རྣམས་ནི་གཏི་མུག་གི་ཕྱོགས་དང་མཐུན་པ་དང་། གཏི་ མུག་གི་རྒྱུ་མཐུན་པ་དག་ཡིན་ནོ། །རྟོག་པ་དང་དཔྱོད་པ་གཉིས་ནི་མ་གཏོགས་ཏེ། རྟོག་པ་དང་དཔྱོད་པ་གཉིས་ནི་ཤེས་རབ་དང་སེམས་པའི་ངོ་བོ་ཉིད་ཡིན་པར་བལྟ་བར་བྱ་སྟེ། འདི་ལྟ་སྟེ། དཔེར་ན་ལྟ་བ་རྣམས་བཞིན་ནོ། །ཤེས་རབ་གང་ཡིད་ལ་བརྗོད་པ་ལ་བརྟེན་པ་དམིགས་པ་ལ་མི་ མཐུན་པར་རྒྱུ་ཞིང་འཇུག་པ་དེ་ནི་དེའི་ངོ་བོ་ཉིད་ཡིན་ཡང་རྟོག་པ་དང་བཅས་པ་དང་དཔྱོད་པ་དང་བཅས་པ་ཞེས་བྱའོ། །དེ་ལ་དམིགས་པ་གཞན་ལ་མི་མཐུན་པར་རྒྱུ་ཞིང་ཡིད་ལ་བརྗོད་པ་ལ་བརྟེན་པའི་ཤེས་རབ་ཆེས་རགས་པ་ནི་རྟོག་པ་ཡིན་ནོ། །དེ་ཉིད་ལ་མི་མཐུན་པ་མ་ཡིན་པར་རྒྱུ་ཞིང་ཆེས་ཆ་ཕྲ་བ་ ནི་དཔྱོད་པ་ཡིན་ཏེ། དེ་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའི་ངོ་བོ་ཉིད་ཀྱི་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་ཞེས་བྱའོ། །ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའི་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་གང་ཞེ་ན། མདོར་བསྡུ་ན་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཇི་སྐད་བསྟན་པ་རྣམས་ཀྱིས་ནི་ རྒྱུ་གཉིས་ཀྱིས་སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པར་བྱེད་དེ། འདི་ལྟ་སྟེ། ཀུན་ནས་དཀྲིས་པ་དང་བག་ལ་ཉལ་གྱིས་སོ། །དེ་ལ་ཉོན་མོངས་པ་ཀུན་ཏུ་འབྱུང་བ་མངོན་དུ་གྱུར་པ་ནི་ཀུན་ནས་དཀྲིས་པ་ཞེས་བྱའོ། །དེ་ཉིད་ཀྱི་ས་བོན་མ་སྤངས་ཤིང་ཡང་དག་པར་མ་བཅོམ་པ་ནི་ བག་ལ་ཉལ་བ་ཞེས་བྱ་སྟེ། གནས་ངན་ལེན་ཀྱང་དེ་ཡིན་ནོ། །མ་སད་པའི་ཕྱིར་ནི་བག་ལ་ཉལ་བ་ཡིན་ལ་སད་པའི་གནས་སྐབས་ཀྱི་ཕྱིར་ནི་ཀུན་ནས་དཀྲིས་པ་ཡིན་ནོ། །དེ་ལ་འཆིང་བ་ནི་མཐའ་དག་དང་ལྡན་པའི་གང་ཟག་འདོད་པའི་ཁམས་སུ་སྐྱེས་ཤིང་བྱུང་བ་ནི་ཁམས་གསུམ་ན་ 130-1-113b སྤྱོད་པའི་ཉོན་མོངས་པ་རྣམས་ཀྱི་བག་ལ་ཉལ་དང་ལྡན་ནོ། །གཟུགས་ཀྱི་ཁམས་སུ་སྐྱེས་ཤིང་བྱུང་བའི་སོ་སོའི་སྐྱེ་བོ་ནི་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱི་བག་ལ་ཉལ་ཞི་གནས་ཀྱི་གནོད་པས་ཉམས་པར་བྱས་པ་དང་ལྡན་ལ། གཟུགས་དང་གཟུགས་མེད་པ་དང་ལྡན་པའི་ཉོན་ མོངས་པ་རྣམས་ཀྱི་ནི་མ་ཉམས་པ་ཁོ་ན་དང་ལྡན་ནོ། །གཟུགས་མེད་པའི་ཁམས་སུ་སྐྱེས་ཤིང་བྱུང་བའི་སོ་སོའི་སྐྱེ་བོ་ནི་འདོད་པ་དང་གཟུགས་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱི་བག་ལ་ཉལ་ཞི་གནས་ཀྱི་གནོད་པས་ཉམས་པར་བྱས་པ་དང་ལྡན་ལ། གཟུགས་མེད་པ་ན་སྤྱོད་པའི་ཉོན་ མོངས་པ་རྣམས་ཀྱི་ནི་མ་ཉམས་པ་ཁོ་ན་དང་ལྡན་ནོ། །ཁམས་ལས་ཇི་ལྟ་བ་བཞིན་དུ་ས་ལས་ཀྱང་ཚུལ་དེ་བཞིན་དུ་བལྟ་བར་བྱའོ། །ཀུན་ནས་དཀྲིས་པ་རང་གི་ས་པ་ནི་རང་གི་ས་པའི་འདོད་ཆགས་དང་མ་བྲལ་བ་དང་ལྡན་ཏེ། བྲལ་བ་དང་ནི་མི་ལྡན་ནོ། །ས་འོག་མ་ལ་གནས་པ་ ནི་ས་གོང་མ་པའི་ཀུན་ནས་དཀྲིས་པ་དང་ལྡན་ལ་ས་གོང་མ་ལ་གནས་པ་ནི་ས་འོག་མ་པའི་ཀུན་ནས་དཀྲིས་པ་དང་ནམ་ཡང་མི་ལྡན་པར་བརྗོད་པར་བྱའོ། །དེ་ལ་འཆིང་བ་མཐའ་དག་དང་ལྡན་པའི་གང་ཟག་གིས་ཉོན་མོངས་པའི་ཀུན་ནས་དཀྲིས་པ་བསྐྱེད་ནས་འགོག་པར་བྱེད་ཅིང་སྤོང་བར་ནི་མི་བྱེད་ པའི་ཚེ་ན། ཉོན་མོངས་པ་དེ་འདས་པའམ་མ་འོངས་པའམ་ད་ལྟར་བྱུང་བའི་དངོས་པོ་གང་དག་དང་ལྡན་པ་ཡིན་ཞེ་ན། འདས་པ་དང་ནི་ལྡན་པར་གྱུར་ཟིན་པས་ལྡན་པ་མ་ཡིན་ནོ། །ད་ལྟར་བྱུང་བ་དང་ནི་དེའི་རིགས་ཀྱི་ཉོན་མོངས་པའི་བག་ལ་ཉལ་དང་ལྡན་པ་ཡིན་ཏེ་གལ་ཏེ་ཉོན་མོངས་པ་མངོན་ དུ་གྱུར་ན་ནི་ཀུན་ནས་དཀྲིས་པ་དང་ཡང་ལྡན་ནོ། །མ་འོངས་པ་དང་ནི་བག་ལ་ཉལ་དང་ཀུན་ནས་དཀྲིས་པ་དང་ཡང་ལྡན་པར་འགྱུར་ཏེ་ལྡན་པ་ནི་མ་ཡིན་ནོ། །དེའི་རིགས་དང་ཇི་ལྟ་བ་བཞིན་དུ་དེ་ལས་གཞན་པའི་ཉོན་མོངས་པ་ཐམས་ཅད་དང་ཡང་དེ་བཞིན་ནོ། །འཆིང་བ་མཐའ་དག་དང་ ལྡན་པ་ཇི་ལྟ་བ་བཞིན་དུ་འཆིང་བ་མ་ཚང་བ་དང་ལྡན་པའང་དེ་བཞིན་དུ་བརྗོད་པར་བྱའོ། །དེ་ལ་བྱེ་བྲག་ནི་འདི་ཡོད་དེ་དེ་ནི་ཉོན་མོངས་པ་ལྷག་མ་རྣམས་དང་ལྡན་པར་བརྗོད་པར་བྱའོ། །གང་གི་ཚེ་རྣལ་འབྱོར་པ་ཉོན་མོངས་པའི་ཀུན་ནས་དཀྲིས་པ་རྣམ་པར་གནོན་པར་བྱེད་པའི་ཚེ་ཇི་ལྟར་རྣམ་པར་ 130-1-114a གནོན་པར་བྱེད་ཅེ་ན། གང་དེ་བསྒོམ་ཞིང་ཉོན་མོངས་པའི་ཀུན་ནས་དཀྲིས་པ་རྣམ་པར་གནོན་པར་བྱེད་པའི་ཉོན་མོངས་པ་རྣམས་ཀྱི་ཀུན་ནས་དཀྲིས་པ་རྣམ་པར་གནོན་པའི་གཉེན་པོ་ནི་རྣམ་པ་གསུམ་ཡོད་དེ། ཉོན་མོངས་པ་རྣམས་ཀྱི་ངོ་བོ་ཉིད་དང་ཉེས་དམིགས་ ཡོངས་སུ་ཤེས་པ་དང་དེའི་གཉེན་པོ་ལ་དམིགས་པའི་མཚན་མ་ཡིད་ལ་བྱེད་པ་དང་། སེམས་ཀྱི་རྒྱུད་ལ་དགེ་བའི་ཕྱོགས་བསགས་པའོ། །ཡང་དག་པར་འཇོམས་པ་ལ་ནི་ཡང་དག་པའི་ལྟ་བ་མངོན་དུ་བཏང་བའི་ལམ་ཡིན་པར་བལྟ་བར་བྱའོ། །གང་གི་ཚེ་རྣལ་འབྱོར་པ་ཉོན་མོངས་ པ་སྤོང་བར་བྱེད་པའི་ཚེ་ན་ཅི་ཀུན་ནས་དཀྲིས་པ་ལས་སྤོང་བར་བྱེད་དམ་འོན་ཏེ་བག་ལ་ཉལ་ལས་སྤོང་བར་བྱེད་གང་ལས་སྤངས་ན་སྤངས་པ་ཞེས་བརྗོད་པར་བྱ་ཞེ་ན། བག་ལ་ཉལ་ལས་སྤོང་བར་བྱེད་དེ་ཀུན་ནས་དཀྲིས་པ་ནི་དང་པོ་ཉིད་ནས་སྤངས་ཟིན་པའི་ཕྱིར་རོ། །བག་ལ་ཉལ་ལས་ སྤངས་ནས་སྤངས་པ་ཞེས་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་ནས་དཀྲིས་པ་ལས་སྤངས་ལ་བག་ལ་ཉལ་ལས་མ་སྤངས་ན་ནི་ཡང་དང་ཡང་དུ་ཀུན་ནས་དཀྲིས་པ་འབྱུང་བར་འགྱུར་གྱི། བག་ལ་ཉལ་ལས་སྤངས་ན་ནི་བག་ལ་ཉལ་དང་ཀུན་ནས་དཀྲིས་པ་གཉི་ག་ལས་གཏན་འབྱུང་བར་ མི་འགྱུར་བའི་ཕྱིར་རོ། །ཅི་འདས་པ་སྤོང་བར་བྱེད་དམ་འོན་ཏེ་མ་འོངས་པའམ་ད་ལྟར་བྱུང་བ་སྤོང་བར་བྱེད་ཅེ་ན། འདས་པའང་མི་སྤོང་མ་འོངས་པའང་མི་སྤོང་ད་ལྟར་བྱུང་བའང་མི་སྤོང་མོད་ཀྱི། འོན་ཀྱང་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་སྤོང་བར་བྱེད་དོ། །དེ་ལ་རེ་ཞིག་བག་ ཆགས་དང་བཅས་པ་འདས་པ་གང་ཡིན་པ་དེ་ནི་རང་གི་ངང་ཉིད་ཀྱིས་འགགས་པའི་ཕྱིར་སྤངས་ཟིན་པ་ཡིན་པས་དེ་ལ་ནི་ཅིའང་སྤང་དུ་མེད་དོ། །མ་འོངས་པ་གང་ཡིན་པ་དེ་ནི་མ་བྱུང་བ་དང་ལུས་མེད་པ་ཡིན་པས། དེ་ལ་ཡང་ཅི་ཡང་སྤང་དུ་མེད་དོ། །བག་ལ་ཉལ་དང་བཅས་པ་ད་ལྟར་བྱུང་ བ་གང་ཡིན་པ་དེ་ནི་སྐད་ཅིག་ལས་ལྷག་པར་མི་གནས་ཏེ་བག་ལ་ཉལ་དང་བཅས་པ་དང་བག་ལ་ཉལ་མེད་པའི་སེམས་གཉིས་འགྲོགས་པ་ནི་མེད་པས་དེའི་ཕྱིར་ད་ལྟར་བྱུང་བའང་མི་སྤོང་ངོ་། །འོན་ཀྱང་གཞན་གྱི་སྒྲ་དང་བདག་ཉིད་ཀྱི་ཚུལ་བཞིན་ཡིད་ལ་བྱེད་པ་ལས་ཉོན་མོངས་པའི་གཉེན་ 130-1-114b པོའི་སེམས་ཡང་དག་པའི་ལྟ་བ་དང་མཚུངས་པར་ལྡན་པ་ནི་སྐྱེ་ལ་དེའི་མི་མཐུན་པའི་ཕྱོགས་བག་ལ་ཉལ་དང་བཅས་པའི་སེམས་ནི་འགགས་ཏེ། དེ་ལྟར་ན་དེ་སྐྱེ་བའི་དུས་གང་ཡིན་པ་དེ་ཉིད་དེ་འགག་པའི་དུས་ཡིན་པས་དེ་ཉིད་ཀྱི་སྐྱེ་བ་དང་འགག་པ་ནི་མགོ་མཉམ་དུ་རིག་པར་བྱའོ། །དེ་ལ་ཉོན་ མོངས་པའི་གཉེན་པོའི་སེམས་ཡང་དག་པའི་ལྟ་བ་དང་མཚུངས་པར་ལྡན་པ་དེ་ནི་ད་ལྟར་བྱུང་བ་བག་ལ་ཉལ་མེད་པ་ཡིན་ནོ། །སྐད་ཅིག་དེ་ལས་ཐལ་བ་ནི་འདས་པ་བག་ལ་ཉལ་མེད་པ་ཡིན་ནོ། །མ་འོངས་པའང་བག་ལ་ཉལ་མེད་པ་ཡིན་ནོ། །དེ་ལྟར་གནས་གྱུར་ཏེ་བག་ལ་ཉལ་གྱི་རྒྱུན་ཡང་དག་པར་ཆད་ན་དེའི་ རྗེས་སུ་འཇིག་རྟེན་པའི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་དེའི་འོག་ཏུ་ཕྱིས་འབྱུང་བ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་གང་ཡིན་པ་དེའང་བག་ལ་ཉལ་མེད་པས། དེའི་ཕྱིར་འདས་པའང་སྤངས་པ་ཡིན་ལ། ད་ལྟར་བྱུང་བ་དང་མ་འོངས་པ་ཡང་སྤངས་པ་ཞེས་བྱ་སྟེ། དེ་ལྟར་ན་དེ་ནི་ ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའི་རྣམ་པར་བྱང་བའི་རབ་ཏུ་དབྱེ་བ་ཡིན་ནོ། །དེ་ལ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའི་ལོག་པར་བསྒྲུབ་པ་དང་སྤང་བར་བྱ་བའི་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་བཅོ་ལྔར་བལྟ་བར་བྱ་སྟེ། འདོད་པ་དང་ལྡན་ པའི་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མཐོང་བ་དང་། བསྒོམས་པས་སྤང་བར་བྱ་བའི་ཟག་པ་རྣམས་དང་། འདོད་པ་དང་ལྡན་པ་རྣམས་ལ་ལྔ་པོ་ཇི་ལྟ་བ་བཞིན་དུ་གཟུགས་དང་ལྡན་པ་རྣམས་དང་གཟུགས་མེད་པ་དང་ལྡན་པ་རྣམས་ཀྱང་དེ་བཞིན་ནོ། །དེ་ལ་ འདོད་པ་ན་སྤྱོད་པའི་སྡུག་བསྔལ་ལ་ནི་ཉོན་མོངས་པ་བཅུ་པོ་ཐམས་ཅད་ལོག་པར་ཞུགས་པ་ཡིན་ནོ། །ཀུན་འབྱུང་བ་ལ་ནི་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་མ་གཏོགས་པ་ཉོན་མོངས་པ་བརྒྱད་ལོག་པར་ཞུགས་པ་ཡིན་ནོ། །ཀུན་འབྱུང་བ་ལ་ཇི་ལྟ་བ་བཞིན་དུ་འགོག་པ་ དང་ལམ་ལ་ཡང་དེ་བཞིན་ནོ། །གོང་མ་ལ་ནི་བདེན་པ་ཐམས་ཅད་ལ་ཁོང་ཁྲོ་བ་མ་གཏོགས་པ་རྣམས་འདོད་པའི་ཁམས་ནི་ཇི་ལྟ་བ་བཞིན་དུ་ལོག་པར་འཇུག་པ་གོ་རིམས་བཞིན་དུ་རིག་པར་བྱའོ། །ཇི་ལྟར་སྡུག་བསྔལ་གྱི་བདེན་པ་ལ་བག་ལ་ཉལ་བཅུ་ལོག་པར་ཞུགས་པ་ཡིན་ 130-1-115a ཞེ་ན། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བ་ཞེས་བརྗོད་པ་ལ་བྱིས་པ་རྣམས་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དེ་དག་ཉིད་ལ་འཇིག་ཚོགས་ལ་ལྟ་བའི་མུ་ཉི་ཤུ་ལས་མུ་ལྔས་བདག་ཏུ་ལྟ་བར་བྱེད་ལ། ལྷག་མ་རྣམས་ཀྱིས་ནི་བདག་གིར་ལྟ་བར་བྱེད་དེ། དེ་ལྟར་ན་འཇིག་ཚོགས་ལ་ལྟ་བ་ནི་སྡུག་བསྔལ་གྱི་བདེན་པ་ལ་ལོག་པར་ཞུགས་པ་ཡིན་པར་བལྟ་བར་བྱའོ། །འཇིག་ཚོགས་ལ་ལྟ་བ་དེ་ཉིད་ལ་བརྟེན་ནས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དེ་དག་ཉིད་ལ་རྟག་པའམ་ཆད་པ་ཡང་དག་པར་རྗེས་སུ་ལྟ་བས། དེའི་ཕྱིར་མཐར་ཕྱིན་པར་ལྟ་བ་ཡང་ སྡུག་བསྔལ་ལ་ལོག་པར་ཞུགས་པ་ཡིན་ནོ། །ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས་བྱ་བའི་བར་དུ་ལོག་པར་ལྟ་བ་གང་ཡིན་པ་དེ་དང་ཕ་མེད་དོ། །མ་མེད་དོ། །སེམས་ཅན་རྫུས་ཏེ་སྐྱེ་བ་མེད་དོ་ཞེས་ལོག་པར་ལྟ་བ་གང་ཡིན་པ་དེའི་ཕྱོགས་ གཅིག་ཀྱང་སྡུག་བསྔལ་ལ་ལོག་པར་ཞུགས་པ་ཡིན་ནོ། །ཕྱོགས་གཅིག་ནི་ཀུན་འབྱུང་བ་ལའོ། །གཞན་མུ་སྟེགས་ཅན་རྣམས་ཀྱི་སྡུག་བསྔལ་གྱི་བདེན་པ་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་དགེ་སྦྱོང་གཽ་ཏ་མས་ཉན་ཐོས་རྣམས་ལ་སྡུག་བསྔལ་གྱི་བདེན་པ་གདགས་པར་བྱས་པ་གང་ཡིན་ པ་དེ་ནི་མེད་དོ་ཞེས་ཟེར་བ་གང་ཡིན་པ་དེའང་སྡུག་བསྔལ་ལ་ལོག་པར་ཞུགས་པ་ཡིན་ནོ། །དབང་ཕྱུག་དང་སྐྱེ་དགུའི་བདག་པོ་དང་བརྒྱ་བྱིན་དང་ཚངས་པ་ཞེས་བྱ་བ་དང་གང་དེ་ལྟ་བུ་དང་མཐུན་པ་གཞན་ལ་ཡང་རྟག་པ་དང་བརྟན་པ་དང་ཐེར་ཟུག་གོ་ཞེས་ལྟ་བ་གང་ཡིན་པ་ལོག་པར་ལྟ་བ་དེ་ནི་ སྡུག་བསྔལ་ལ་ལོག་པར་ཞུགས་པ་ཡིན་ནོ། །མཐའ་དང་མཐའ་མེད་པར་སྨྲ་བ་རྣམས་ཀྱི་ལོག་པར་ལྟ་བ་གང་ཡིན་པ་དེ་ཡང་སྡུག་བསྔལ་ལ་ལོག་པར་ཞུགས་པ་ཡིན་ནོ། །དགེ་སྦྱོང་དང་བྲམ་ཟེ་ལྷ་མི་སྤོང་བར་སྨྲ་བ་རྣམས་ཀྱི་ལོག་པར་ལྟ་བ་གང་ཡིན་པ་དེའི་ཕྱོགས་གཅིག་ཀྱང་སྡུག་བསྔལ་གྱི་ བདེན་པ་ལ་ལོག་པར་ཞུགས་པ་ཡིན་ནོ། །ལྟ་བ་མཆོག་ཏུ་འཛིན་པ་གང་གིས་སྡུག་བསྔལ་གྱི་བདེན་པ་ལ་ལོག་པར་ཞུགས་པའི་ལྟ་བ་དེ་དག་ལ་དམ་པར་མཆོག་ཏུ་འཛིན་ཅིང་། དེས་དག་པ་དང་གྲོལ་བ་དང་ངེས་པར་འབྱུང་བར་འགྱུར་རོ་ཞེས་ལྟ་བ་མཆོག་ཏུ་འཛིན་པ་དེའང་སྡུག་བསྔལ་གྱི་ 130-1-115b བདེན་པ་ལ་ལོག་པར་ཞུགས་པ་ཡིན་ནོ། །ལྟ་བ་དེ་དང་རྗེས་སུ་མཐུན་པ་དང་དེ་དང་མཐུན་པའི་ཆོས་ཚུལ་ཁྲིམས་དང་བརྟུལ་ཞུགས་ཡང་དག་པར་བླངས་པ་ལ་དམ་པར་མཆོག་ཏུ་འཛིན་ཅིང་། དེས་དག་པ་དང་གྲོལ་བ་དང་ངེས་པར་འབྱུང་བར་འགྱུར་རོ་ཞེས་ཚུལ་ཁྲིམས་དང་བརྟུལ་ཞུགས་ མཆོག་ཏུ་འཛིན་པ་གང་ཡིན་པ་དེའང་སྡུག་བསྔལ་གྱི་བདེན་པ་ལ་ལོག་པར་ཞུགས་པ་ཡིན་ནོ། །དེ་ལ་གཞན་མུ་སྟེགས་ཅན་ཁ་ཅིག་ལྟ་བའི་རྣམ་པ་དེ་དག་ལ་གཅིག་ཏུ་ངེས་པར་མོས་པའང་མ་ཡིན་ལ་དེ་དག་སྡུག་བསྔལ་གྱི་བདེན་པ་གདགས་པ་མཛད་པ་འདི་ལ་གཅིག་ཏུ་ངེས་པར་སྐུར་པ་འདེབས་ པའང་མ་ཡིན་མོད་ཀྱི་འོན་ཀྱང་སྡུག་བསྔལ་ཡིན་ནམ་འོན་ཏེ་སྡུག་བསྔལ་མ་ཡིན་སྙམ་དུ་ཡིད་གཉིས་ཅན་དུ་གྱུར་པ་གང་ཡིན་པ་དེ་དང་གཞན་ཡང་སྡུག་བསྔལ་ལ་ཡིད་གཉིས་ཟ་བ་གང་ཡིན་པའི་ཐེ་ཚོམ་དེའང་སྡུག་བསྔལ་ལ་ལོག་པར་ཞུགས་པ་ཡིན་ནོ། །ལྟ་བ་དེ་དག་ཉིད་ལ་མངོན་ པར་ཆགས་པ་དང་ཞེན་པ་དང་ལྷག་པར་ཆགས་པ་དང་ལྟ་བ་ལ་འདོད་ཆགས་པའི་འདོད་ཆགས་དེའང་སྡུག་བསྔལ་ལ་ལོག་པར་ཞུགས་པ་ཡིན་ནོ། །དེ་དང་མི་མཐུན་པ་གཞན་གྱི་ལྟ་བ་དག་ལ་ཀུན་ནས་མནར་སེམས་པའི་ཁོང་ཁྲོ་བ་དེའང་སྡུག་བསྔལ་གྱི་བདེན་པ་ལ་ལོག་པར་ ཞུགས་པ་ཡིན་ནོ། །ལྟ་བ་དེ་དག་ཉིད་ཀྱིས་ཁེངས་པའི་ང་རྒྱལ་དེའང་སྡུག་བསྔལ་གྱི་བདེན་པ་ཁོ་ན་ལ་ལོག་པར་ཞུགས་པ་ཡིན་ནོ། །ལྟ་བ་དེ་དག་དང་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དེ་དག་དང་མཚུངས་པར་ལྡན་པའི་མི་ཤེས་པ་གང་ཡིན་པ་དང་སྡུག་བསྔལ་གྱི་བདེན་པ་ ལ་མི་ཤེས་པ་མ་འདྲེས་པ་འབའ་ཞིག་པ་གང་ཡིན་པ་དེའང་སྡུག་བསྔལ་གྱི་བདེན་པ་ལ་ལོག་པར་ཞུགས་པ་ཡིན་ཏེ། དེ་ལྟར་ན་ཉོན་མོངས་པ་བཅུ་པོ་དེ་དག་ནི་སྡུག་བསྔལ་གྱི་བདེན་པ་ལ་ལོག་པར་ཞུགས་པ་དང་། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དག་ཡིན་ནོ། །ཇི་ ལྟར་ན་ཀུན་འབྱུང་བའི་བདེན་པ་ལ་བག་ལ་ཉལ་བརྒྱད་པོ་ལོག་པར་ཞུགས་པ་དག་ཡིན་ཞེ་ན། དགེ་སྦྱོང་དང་བྲམ་ཟེ་རྒྱུ་མེད་པར་སྨྲ་བ་རྣམས་ཀྱི་ལོག་པར་ལྟ་བ་གང་ཡིན་པ་དེ་དང་དགེ་སྦྱོང་དང་བྲམ་ཟེ་མི་མཐུན་པ་རྒྱུར་སྨྲ་བ་རྣམས་ཀྱི་དབང་ཕྱུག་ལ་སོགས་པ། དངོས་པོ་རྣམས་ཀྱི་བྱིན་པ་ 130-1-116a པོ་དང་སྤྲུལ་པ་པོ་དང་བྱེད་པ་པོ་ཡིན་ནོ་ཞེས་ལོག་པར་ལྟ་བ་གང་ཡིན་པ་དེ་དང་། སྦྱིན་པ་མེད་དོ། །མཆོད་སྦྱིན་མེད་དོ། །སྦྱིན་སྲེག་མེད་དོ། །ལེགས་པར་སྤྱད་པ་མེད་དོ། །ཉེས་པར་སྤྱད་པ་མེད་དོ་ཞེས་ལོག་པར་ལྟ་བ་གང་ཡིན་པ་དེ་དག་དགེ་སྦྱོང་དང་བྲམ་ཟེ་ལྷ་མི་ སྤོང་བར་སྨྲ་བ་རྣམས་ཀྱི་ལོག་པར་ལྟ་བ་དེ་དག་ལས་ཕྱོགས་གཅིག་གང་ཡིན་པ་དང་། གཞན་མུ་སྟེགས་ཅན་རྣམས་ཀྱི་ཀུན་འབྱུང་བའི་བདེན་པ་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་དགེ་སྦྱོང་གཽ་ཏ་མས་ཉན་ཐོས་རྣམས་ལ་ཀུན་འབྱུང་བའི་བདེན་པ་གདགས་པ་བྱས་པ་གང་ཡིན་པ་དེ་ནི་མེད་དོ་ཞེས་ ཟེར་བ་གང་ཡིན་པའི་ལོག་པར་ལྟ་བ་དེ་དག་ནི་ཀུན་འབྱུང་བའི་བདེན་པ་ལ་ལོག་པར་ཞུགས་པ་ཡིན་ནོ། །ལྟ་བ་མཆོག་ཏུ་འཛིན་པ་གང་གིས་ལྟ་བ་དེ་དག་ལ་དམ་པར་མཆོག་ཏུ་འཛིན་ཅིང་དེ་དག་གིས་དག་པ་དང་གྲོལ་བ་དང་ངེས་པར་འབྱུང་བར་འགྱུར་རོ་ཞེས་ལྟ་བ་མཆོག་ཏུ་འཛིན་པ་དེའང་ཀུན་འབྱུང་བའི་ བདེན་པ་ལ་ལོག་པར་ཞུགས་པ་ཡིན་ནོ། །ལྟ་བ་དེ་དག་དང་རྗེས་སུ་མཐུན་པ་དང་དེ་དག་དང་མཐུན་པའི་ཆོས་ཚུལ་ཁྲིམས་དང་བརྟུལ་ཞུགས་ཡང་དག་པར་བླང་བ་དེ་ལ་དམ་པར་མཆོག་ཏུ་འཛིན་ཅིང་དེས་དག་པ་དང་གྲོལ་བ་དང་ངེས་པར་འབྱུང་བར་འགྱུར་རོ་ཞེས་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ ཏུ་འཛིན་པ་གང་ཡིན་པ་དེ་ཡང་ཀུན་འབྱུང་བའི་བདེན་པ་ལ་ལོག་པར་ཞུགས་པ་ཡིན་ནོ། །ལྷག་མ་འདོད་ཆགས་ལ་སོགས་པ་ཐེ་ཚོམ་གྱི་མཐར་ཐུག་པ་རྣམས་ནི་སྔ་མ་བཞིན་དུ་བལྟ་བར་བྱ་སྟེ། དེ་ལྟར་ན་ཉོན་མོངས་པ་བརྒྱད་པོ་དེ་དག་ནི་ཀུན་འབྱུང་བའི་བདེན་པ་ལ་ལོག་པར་ཞུགས་པ་དང་ ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་དག་ཡིན་ནོ། །ཇི་ལྟར་ན་བག་ལ་ཉལ་བརྒྱད་འགོག་པའི་བདེན་པ་ལ་ལོག་པར་ཞུགས་པ་ཡིན་ཞེ་ན། དགེ་སྦྱོང་དང་བྲམ་ཟེ་མཐའ་དང་མཐའ་མེད་པ་དང་ལྷ་མི་སྤོང་བར་སྨྲ་བ་རྣམས་ཀྱི་ལྟ་བའི་ཕྱོགས་གཅིག་གང་ཡིན་པ་དང་དགེ་སྦྱོང་དང་བྲམ་ཟེ་ཚེ་འདི་ལ་མྱ་ ངན་ལས་འདའ་བར་སྨྲ་བ་རྣམས་ཀྱི་ལོག་པར་ལྟ་བ་གང་ཡིན་པ་དང་། རྒྱས་པར་འཇིག་རྟེན་ན་དགྲ་བཅོམ་པ་དག་མེད་དོ་ཞེས་ལོག་པར་ལྟ་བ་གང་ཡིན་པ་ལས་དགྲ་བཅོམ་པ་དེ་དག་ཀྱང་སྤོངས་པས་རབ་ཏུ་ཕྱེ་བ་དང་ཤེས་པས་རབ་ཏུ་ཕྱེ་བ་སྟེ། དེ་ལ་སྤངས་པ་ལ་སྐུར་པ་འདེབས་པའི་ 130-1-116b ལོག་པར་ལྟ་བ་གང་ཡིན་པ་དག་གཞན་མུ་སྟེགས་ཅན་རྣམས་ཀྱི་འགོག་པའི་བདེན་པ་ལ་སྐུར་པ་འདེབས་པ་རྣམས་ཀྱི་ལོག་པར་ལྟ་བ་སྔ་མ་ལྟ་བུ་གང་ཡིན་པ་དང་། དེ་དག་གི་ལོག་པའི་ཐར་པ་ཡོངས་སུ་བརྟགས་པའི་ལྟ་བ་གང་ཡིན་པའི་ལོག་པར་ལྟ་བ་དེ་དག་ནི་འགོག་པའི་བདེན་ པ་ལ་ལོག་པར་ཞུགས་པ་ཡིན་ནོ། །ལྟ་བ་དེ་དག་ལ་ལྟ་བ་མཆོག་ཏུ་འཛིན་པས་སྔ་མ་བཞིན་དུ་དམ་པར་མཆོག་ཏུ་འཛིན་པའི་ལྟ་བ་མཆོག་ཏུ་འཛིན་པ་གང་ཡིན་པ་དེའང་འགོག་པའི་བདེན་པ་ལ་ལོག་པར་ཞུགས་པ་ཡིན་ནོ། །ལྟ་བ་དེ་དག་དང་རྗེས་སུ་མཐུན་པ་དང་དེ་དག་དང་མཐུན་པའི་ཆོས་ཚུལ་ ཁྲིམས་དང་བརྟུལ་ཞུགས་ཡང་དག་པར་བླང་བ་དེ་ལ་དམ་པར་མཆོག་ཏུ་འཛིན་ཅིང་། དེས་དག་པ་དང་གྲོལ་བ་དང་ངེས་པར་འབྱུང་བར་འགྱུར་རོ་ཞེས་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་གང་ཡིན་པ་དེའང་འགོག་པའི་བདེན་པ་ལ་ལོག་པར་ཞུགས་པ་ཡིན་ནོ། །ཁོང་ཁྲོ་ བ་མ་གཏོགས་པ་ལྷག་མ་འདོད་ཆགས་ལ་སོགས་པ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །འགོག་པ་ལ་སྐྲག་པའི་སེམས་དང་ཀུན་ནས་མནར་སེམས་ཀྱི་སེམས་དང་ཁོང་ཁྲོ་བའི་སེམས་དང་ལྡན་པའི་ཁོང་ཁྲོ་བ་གང་ཡིན་པ་དེ་ཡང་འགོག་པའི་བདེན་པ་ལ་ལོག་པར་ཞུགས་པ་ཡིན་ཏེ། ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ལྟར་ན་བག་ལ་ཉལ་བརྒྱད་པོ་དེ་དག་ནི་འགོག་པའི་བདེན་པ་ལ་ལོག་པར་ཞུགས་པ་དང་འགོག་པ་མཐོང་བས་སྤང་བར་བྱ་བ་དག་ཡིན་ནོ། །དེ་ལ་ཇི་ལྟར་ན་བག་ལ་ཉལ་བརྒྱད་ལམ་གྱི་བདེན་པ་ལ་ལོག་པར་ཞུགས་པ་ཡིན་ཞེ་ན། འཇིག་རྟེན་ན་དགྲ་བཅོམ་པ་ མེད་དོ་ཞེས་རྒྱས་པར་བྱ་བ་དེ་ལ་ཤེས་པ་སྔོན་དུ་འགྲོ་བའི་འདུས་བྱས་ཟག་པ་མེད་པའི་ཆོས་རྣམས་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་གང་ཡིན་པ་དེ་ནི་ལམ་ལ་ལོག་པར་ཞུགས་པ་ཡིན་ནོ། །ལྷ་མི་སྤོང་བ་རྣམས་ཀྱི་ལོག་པར་ལྟ་བའི་ཕྱོགས་གཅིག་གང་ཡིན་པ་དེ་ཡང་ལམ་ ལ་ལོག་པར་ཞུགས་པ་ཡིན་ནོ། །གཞན་མུ་སྟེགས་ཅན་རྣམས་ཀྱི་ལམ་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་དགེ་སྦྱོང་གཽ་ཏ་མས་ཉན་ཐོས་རྣམས་ལ་ངེས་པར་འབྱུང་བའི་ལམ་བསྟན་པ་གང་ཡིན་པ་དེ་ནི་ངེས་པར་འབྱིན་པ་མ་ཡིན་ནོ། །དེ་ནི་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་ 130-1-117a ངེས་པར་འབྱིན་པ་མ་ཡིན་ནོ་ཞེས་ཟེར་བ་དང་བདག་མེད་པར་ལྟ་བའི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཡང་དག་པར་བླང་བ་དང་དེ་དང་མཐུན་པའི་ཆོས་གདགས་པ་བྱས་པ་གང་ཡིན་པ་དེ་ཡང་ལམ་ངན་པ་ཡིན་ནོ། །དེ་ཡང་ལམ་བཟང་པོ་མ་ཡིན་ནོ་ཞེས་ཟེར་ བའི་ལོག་པར་ལྟ་བ་གང་ཡིན་པ་དེ་ཡང་ལམ་ལ་ལོག་པར་ཞུགས་པ་ཡིན་ནོ། །དེ་དག་འདི་སྙམ་དུ་སེམས་ཏེ་བདག་ཅག་གི་ལམ་གང་ཡིན་པ་དང་། བསྒྲུབ་པ་གང་ཡིན་པ་དེ་ནི་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་ངེས་པར་འབྱིན་པ་ཡིན་ནོ་སྙམ་པའི་ལོག་པར་ལྟ་བ་གང་ཡིན་པ་དེ་ཡང་ལམ་ གྱི་བདེན་པ་ཁོ་ན་ལ་ལོག་པར་ཞུགས་པ་ཡིན་ནོ། །ལྟ་བ་མཆོག་ཏུ་འཛིན་པ་གང་གིས་ལོག་པར་ལྟ་བ་དེ་ལ་དམ་པར་མཆོག་ཏུ་འཛིན་ཅིང་། དེས་དག་པ་དང་གྲོལ་བ་དང་ངེས་པར་འབྱུང་བར་འགྱུར་རོ་ཞེས་ལྟ་བ་མཆོག་ཏུ་འཛིན་པ་གང་ཡིན་པ་དེ་ཡང་ལམ་ལ་ལོག་པར་ཞུགས་པ་ཡིན་ནོ། །དེ་དང་རྗེས་ སུ་མཐུན་པ་དང་དེ་དང་མཐུན་པའི་ཆོས་ཚུལ་ཁྲིམས་དང་བརྟུལ་ཞུགས་ཡང་དག་པར་བླང་བ་ལ་དམ་པར་མཆོག་ཏུ་འཛིན་ཅིང་དེས་དག་པ་དང་གྲོལ་བ་དང་ངེས་པར་འབྱུང་བར་འགྱུར་རོ་ཞེས་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་གང་ཡིན་པ་དེ་ཡང་ལམ་ལ་ལོག་པར་ཞུགས་པ་ཡིན་ནོ། ། ལྷག་མ་ནི་འགོག་པའི་བདེན་པ་བཞིན་དུ་བལྟ་བར་བྱའོ། །ཇི་ལྟར་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་ལམ་གྱི་བདེན་པ་ལ་ལོག་པར་འཇུག་པ་དེ་བཞིན་དུ་བག་ལ་ཉལ་བརྒྱད་པོ་དེ་དག་ཀྱང་ལམ་གྱི་བདེན་པ་ལ་ལོག་པར་ཞུགས་པ་དང་ལམ་མཐོང་བས་སྤང་བར་བྱ་བ་དག་ཡིན་ ཏེ། དེ་དག་ནི་མཐོང་བས་སྤང་བར་བྱ་བའི་ཟག་པ་རྣམས་ཞེས་བྱའོ། །བསྒོམ་པས་སྤང་བར་བྱ་བའི་ཟག་པ་རྣམས་གང་ཞེ་ན། འདོད་པ་ན་སྤྱོད་པའི་ཁོང་ཁྲོ་བ་དང་། ཁམས་གསུམ་ན་སྤྱོད་པ་གསུམ་སྟེ། འདོད་ཆགས་དང་ང་རྒྱལ་དང་མ་རིག་པའོ། །དེ་དག་ཀྱང་ལམ་མཆོག་ ཏུ་གོམས་པས་སྤོང་བར་འགྱུར་བས་དེའི་ཕྱིར་བསྒོམ་པས་སྤང་བར་བྱ་བ་རྣམས་ཞེས་བྱའོ། །ཁམས་ཁམས་དངས་སན་ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམ་པ་གསུམ་གསུམ་ཡོད་པ་དེ་དག་སྤང་བའི་ཕྱིར་ལམ་ཡང་རྣམ་པ་གསུམ་ཁོ་ནར་འགྱུར་ཏེ་ལམ་ཆུང་ངུ་ནི་ཟག་པ་ཆེན་པོ་རྣམས་སྤོང་བའི་ 130-1-117b ཕྱིར་འཇུག་པར་འགྱུར་རོ། །ལམ་འབྲིང་ནི་ཟག་པ་འབྲིང་རྣམས་ཀྱིའོ། །ལམ་ཆེན་པོ་ནི་ཟག་པ་ཆུང་ངུ་རྣམས་སྤོང་བའི་ཕྱིར་འཇུག་པར་འགྱུར་རོ། །བསྒོམ་པས་སྤང་བར་བྱ་བའི་ཟག་པ་དེ་དག་ཀྱང་རང་གི་ངང་ཁོ་ནས་ཟག་པ་དང་བཅས་པའི་དངོས་པོ་ལ་ཞུགས་པ་དང་ཡུན་རིང་པོ་ ནས་ཡེ་ཡོད་པ་ཡིན་པས། དེའི་ཕྱིར་དབྲལ་དཀའ་བ་ཡིན་པས་རང་གི་དངོས་པོ་ལ་ལོག་པར་ཞུགས་པ་ཡིན་ཏེ། དེ་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའི་ལོག་པར་འཇུག་པ་དང་སྤང་བར་བྱ་བའི་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་ཞེས་བྱའོ། །མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ ཟག་པ་ཇི་སྐད་བསྟན་པ་དེ་དག་གི་དམིགས་པ་ནི་མདོར་བསྡུ་ན་རྣམ་པ་ལྔར་རིག་པར་བྱ་སྟེ། ལོག་པར་རྣམ་པར་བརྟགས་པའི་དངོས་པོ་ལ་དམིགས་པ་དང་། ལྟ་བ་ལ་དམིགས་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་དམིགས་པ་དང་། རང་གིས་རྣམ་པར་བརྟགས་པའི་མིང་ལ་ དམིགས་པ་དང་། རང་གི་ངང་གིས་ཡེ་ཡོད་པའི་དངོས་པོ་ལ་དམིགས་པའོ། །དེ་ལ་གང་དག་སྡུག་བསྔལ་དང་ཀུན་འབྱུང་བའི་བདེན་པ་ལ་དམིགས་པ་དེ་དག་ནི་ལོག་པར་རྣམ་པར་བརྟགས་པའི་དངོས་པོ་ལ་དམིགས་པ་ཞེས་བྱའོ། །ཐེ་ཚོམ་མ་གཏོགས་པ་ལྟ་བ་མཆོག་ཏུ་འཛིན་པ་ དང་། འདོད་ཆགས་ལ་སོགས་པ་མཐོང་བས་སྤང་བར་བྱ་བ་དག་ནི་ལྟ་བ་ལ་མཆོག་ཏུ་དམིགས་པ་ཞེས་བྱའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་དམིགས་པ་ཞེས་བྱའོ། །འགོག་པ་དང་ལམ་ལ་དམིགས་པ་དང་ཁམས་མི་ འདྲ་བ་དག་ལ་དམིགས་པ་དག་ནི་རང་གིས་རྣམ་པར་བརྟགས་པའི་མིང་ལ་དམིགས་པ་ཞེས་བྱ་སྟེ། ཉོན་མོངས་པ་ནི་ནམ་ཡང་འགོག་པ་དང་ལམ་ལ་དམིགས་པར་མ་གྱུར་དམིགས་པར་མི་བྱེད་དམིགས་པར་མི་འགྱུར་ལ་ཁམས་མི་འདྲ་བ་ལ་ཡང་མ་ཡིན་པའི་ཕྱིར་རོ། །གང་དག་བསྒོམ་པས་ སྤང་བར་བྱ་བ་དེ་དག་ནི་རང་གི་ངང་གིས་ཡེ་ཡོད་པའི་དངོས་པོ་ལ་དམིགས་པ་ཞེས་བྱའོ། །དེ་ལ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའི་གཉེན་པོའི་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་བཞིར་བལྟ་བར་བྱ་སྟེ། རྒྱུད་ཡོངས་སུ་སྨིན་པར་བྱེད་ 130-1-118a པའི་གཉེན་པོ་དང་། ཉེ་བར་སྤོང་བའི་གཉེན་པོ་དང་། ཕྱོགས་གཅིག་སྤོང་བའི་གཉེན་པོ་དང་། མཐའ་དག་སྤོང་བའི་གཉེན་པོའོ། །དེ་ལ་ཚོགས་ཀྱི་ལམ་རྣམ་པ་བཅུ་གསུམ་པོ་ཉན་ཐོས་ཀྱི་སར་ཇི་སྐད་བསྟན་པ་ཐམས་ཅད་ནི་རྒྱུ་ཡོངས་སུ་སྨིན་པར་ བྱེད་པའི་གཉེན་པོ་ཞེས་བྱའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་དྲོ་བར་གྱུར་པ་དང་རྩེ་མོ་དང་བཟོད་པ་དང་། འཇིག་རྟེན་པའི་ཆོས་ཀྱི་མཆོག་ཉན་ཐོས་ཀྱི་ས་ཉིད་དུ་ཇི་སྐད་བསྟན་པ་རྣམས་ནི་ཉེ་བར་སྤོང་བའི་གཉེན་པོ་ཞེས་བྱའོ། །དེ་ལ་མཐོང་བའི་ལམ་ནི་ཕྱོགས་ གཅིག་སྤོང་བའི་གཉེན་པོ་ཞེས་བྱའོ། །བསྒོམ་པའི་ལམ་ནི་མཐའ་དག་སྤོང་བའི་གཉེན་པོ་ཞེས་བྱའོ། །དེ་ལ་མཐོང་བའི་ལམ་ལ་ཡང་དག་པར་ཞུགས་པའི་འཕགས་པའི་གང་ཟག་གི་ཤེས་པར་སྤྱོད་པ་ནི་ཇི་ལྟ་བུ་ཡིན། སེམས་དུ་ཞིག་གིས་ནི་མཐོང་བའི་ལམ་ཡོངས་སུ་རྫོགས་པར་ འགྱུར། ཅི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ནི་ཅིག་ཅར་རམ་རིམ་གྱིས་སམ་ཇི་ལྟར་སྤོང་བར་བྱེད་ཅེ་ན། མཐོང་བའི་ལམ་ལ་ཡང་དག་པར་ཞུགས་པའི་འཕགས་པའི་གང་ཟག་གིས་ཤེས་པའི་སྤྱོད་པ་ནི་མཚན་མ་མེད་པ་ཡིན་ཏེ། དེ་ནི་ཤེས་པས་སྡུག་བསྔལ་ལ་དམིགས་པར་བྱེད་ མོད་ཀྱི་དེ་དེའི་ཚེ་ན་སྡུག་བསྔལ་གྱི་དངོས་པོ་དེ་ལ་སྡུག་བསྔལ་ལོ་སྙམ་པའི་རྣམ་པར་རྟོག་པའམ་མཚན་མར་འཛིན་པ་ནི་མི་འབྱུང་ངོ་། །སྡུག་བསྔལ་ཇི་ལྟ་བ་བཞིན་དུ་ཀུན་འབྱུང་བ་དང་འགོག་པ་དང་ལམ་རྣམས་ལ་ཡང་དེ་བཞིན་ཏེ་དེ་དེའི་ཚེ་ན་སྔོན་ཀུན་རྫོབ་ཀྱི་ཤེས་པས་རྣམ་པར་དཔྱད་པའི་བདེན་ པ་དག་ལ་སྔོན་འདུ་ཤེས་དང་མཚན་མ་ལས་རྣམ་པར་གྲོལ་བས་རྣམ་པར་གྲོལ་བའི་ཤེས་པ་སྤྲོས་པ་མེད་པ་དོན་ཙམ་འབའ་ཞིག་ཤེས་པའི་དེ་བཞིན་ཉིད་ལ་དམིགས་པ་མཚན་མ་མེད་པ་འབའ་ཞིག་འཇུག་པར་འགྱུར་ཏེ། དེའི་ཚེ་ན་དེའི་ཤེས་པའི་སྤྱོད་པ་ནི་དེ་ལྟ་བུ་ཡིན་ནོ། །མཐོང་བའི་ ལམ་གྱི་རྣམ་པར་གཞག་པ་ནི་རྣམ་པ་གཉིས་ཏེ། བསྟན་པ་གནས་པའི་རྒྱས་པ་རྣམ་པར་གཞག་པ་སྤྲོས་པ་དང་བཅས་པ་དང་། དོན་དམ་པ་རྣམ་པར་གཞག་པ་སོ་སོ་རང་གི་རིག་པ་སྤྲོས་པ་མེད་པའོ། །དེ་ལ་རྣམ་པར་གཞག་པ་དང་པོའི་དབང་དུ་བྱས་ནས་ཆོས་ཤེས་པའི་ཕྱོགས་དང་མཐུན་ 130-1-118b པའི་སེམས་བཞི་དང་། རྗེས་སུ་རྟོགས་པ་ཤེས་པའི་ཕྱོགས་དང་མཐུན་པའི་སེམས་བཞི་དང་། དུས་ཇི་སྲིད་དུ་སེམས་བརྒྱད་པོ་དེ་དག་འབྱུང་བར་འགྱུར་བའི་དུས་དེ་སྲིད་དུ་དེའི་མཇུག་ཐོགས་སུ་ཡོངས་སུ་བསྒོམས་པའི་སེམས་ཞི་གནས་འབའ་ཞིག་ལ་ཞུགས་པ་གཅིག་ཀྱང་འབྱུང་ བར་འགྱུར་ཏེ། དེ་དག་བསྡུས་ན་སེམས་དགུར་འགྱུར་བས་དེ་དག་གིས་མཐོང་བའི་ལམ་ཡོངས་སུ་རྫོགས་པར་འགྱུར་ཏེ། དུས་ཇི་སྲིད་ཀྱིས་སྡུག་བསྔལ་གྱི་བདེན་པ་ཇི་ལྟར་བཏགས་པའི་རྣམ་པར་རིག་པས་ཡོངས་སུ་རྫོགས་པར་འགྱུར་བ་དེ་ནི་སེམས་གཅིག་ཅེས་བརྗོད་པར་བྱའོ། ། རྣམ་པར་གཞག་པ་གཉིས་པའི་དབང་དུ་བྱས་ནས་དེ་བཞིན་ཉིད་ཤེས་པ་དང་མཚུངས་པར་ལྡན་པ་གཅིག་ཁོ་ནས་སེམས་ཀྱི་རང་བཞིན་ལས་བརྩམས་ཏེ་མཐོང་བའི་ལམ་ཡོངས་སུ་རྫོགས་པར་འགྱུར་རོ། །འདིར་ཞི་གནས་ཀྱི་ལམ་ནི་སྔ་མ་ཁོ་ན་བཞིན་དུ་བལྟ་བར་བྱའོ། །དེ་ལ་མཐོང་བས་ སྤང་བར་བྱ་བའི་ཉོན་མོངས་པའི་བག་ལ་ཉལ་ནི་ཆ་གཉིས་ཀྱིས་རྣམ་པར་གཞག་པ་ཡིན་ཏེ། དང་བའི་གཟུགས་དང་རྗེས་སུ་འབྲེལ་པ་དང་སེམས་དང་སེམས་ལས་བྱུང་བ་དང་རྗེས་སུ་འབྲེལ་པ་ལས་སོ། །དེ་ལ་མཐོང་བའི་ལམ་ནི་ཞིག་ནས་དང་ལྷག་མཐོང་ཟུང་དུ་འབྲེལ་པས་འཇུག་པ་ཡིན་པའི་ ཕྱིར་འཕགས་པ་ཉན་ཐོས་ནི་ཞི་གནས་ཀྱིས་སྤང་བར་བྱ་བ་དང་ལྷག་མཐོང་གིས་སྤང་བར་བྱ་བའི་བག་ལ་ཉལ་རྣམ་པ་གཉི་ག་ཅིག་ཅར་སྤོང་བར་བྱེད་དོ། །དེ་ལ་དང་པོ་ནི་ལྷག་མཐོང་གིས་སྤང་བར་བྱ་བ་ཡིན་ནོ། །གཉིས་པ་ནི་ཞི་གནས་ཀྱིས་སྤང་བར་བྱ་བ་ཡིན་ཏེ་དེའི་ཕྱིར་མཐོང་བའི་ལམ་ ཡོངས་སུ་རྫོགས་པ་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་ལྷག་མཐོང་གི་ཕྱོགས་སུ་གཏོགས་པའི་ཤེས་པ་དེ་དག་མཐོང་བའི་ལམ་གྱིས་སྤང་བར་བྱ་བའི་བག་ལ་ཉལ་དང་འབྲེལ་པར་འབྱུང་ཞིང་། གཉེན་པོ་ཉིད་ཀྱིས་སྦྱོར་བར་མི་བྱེད་ན་ནི་མ་ཡིན་ནོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ ཀྱང་དད་པས་རྗེས་སུ་འབྲང་བ་དང་ཆོས་ཀྱིས་རྗེས་སུ་འབྲང་བ་མཐོང་བའི་ལམ་ལ་ཞུགས་པ་གཉིས་པ་དང་། གང་ཟག་དྲུག་པའང་མཚན་མ་མེད་པ་ལ་གནས་པ་ཡིན་ལ། དེ་ལས་གཞན་པ་ལྔ་པོ་དད་པས་མོས་པ་དང་མཐོང་བ་དང་ལུས་ཀྱིས་མངོན་དུ་བྱེད་པ་དང་ཤེས་རབ་ཀྱིས་རྣམ་ 130-1-119a པར་གྲོལ་བ་དང་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་དེ་དག་ཀྱང་འགོག་པ་ལ་ཞི་བའི་འདུ་ཤེས་ཀྱིས་གནས་པ་ཡིན་པས། དེའི་ཕྱིར་མཚན་མ་མེད་པར་གནས་པ་ཞེས་བྱའོ་ཞེས་གསུངས་སོ། །འདི་ལྟ་སྟེ་དཔེར་ན། སྨན་པ་ཟུག་རྔུ་འབྱིན་པ་ནི་ལ་ལ་ ཞིག་གིས་འབྲས་ཤིན་ཏུ་ཡོངས་སུ་སྨིན་པར་རིག་ནས་དང་པོར་མཚོན་རྣོན་པོས་དེ་བརྟོལ་བར་བྱེད་དོ། །ཇི་ཙམ་དུ་དེ་བརྟོལ་བ་དེ་ཙམ་དུ་དེའི་རྣག་འཛག་པར་འགྱུར་གྱི་རྣག་མ་ལུས་པར་འཛག་པར་ནི་མི་འགྱུར་རོ། །ཇི་ཙམ་དུ་དྲལ་ཞིང་ཤིན་ཏུ་བཙིར་བར་བྱ་སྟེ་ཡང་དང་ཡང་དུ་བཙིར་ན། རྣག་ འཁྱིམས་པ་གང་ཡིན་པ་གཟག་པར་ནི་འགྱུར་མོད་ཀྱི་འོན་ཀྱང་དེའི་རྨའི་སྒོ་དེ་དག་ཅིང་སོས་པ་ནི་མ་ཡིན་ཏེ། དེའི་རྨའི་སྒོ་དེ་གསོ་བའི་ཕྱིར་ཕྱེ་མར་གྱི་ཆང་བུའམ། རད་སྣུམ་བག་ཅན་གྱིས་གློན་པར་བྱེད་དོ། །དེ་ལྟར་ཕྱེ་མར་གྱི་ཆང་བུའམ་རྨ་གློན་པ་རད་སྣུམ་བག་ཅན་གྱིས་གློན་པའི་རྨ་ དེ་ནི་རིམ་གྱིས་འཚོ་བར་འགྱུར་ཏེ་དེ་ནི་འདི་ལྟ་སྟེ། དོན་རྣམ་པར་རིག་པར་བྱ་བའི་ཕྱིར་དཔེར་བྱས་པ་ཡིན་ནོ། །དེ་ལ་དོན་ནི་འདི་ཡིན་པར་བལྟ་བར་བྱ་སྟེ། འབྲས་སྨིན་པ་ཇི་ལྟ་བ་དེ་བཞིན་དུ་ནི་མཐོང་བས་སྤང་བར་བྱ་བའི་ཟག་པ་རྣམས་ཀྱི་ཟག་པའི་གནས་ལྟ་བུའི་དངོས་པོ་རྣམས་བལྟ་ བར་བྱའོ། །མཚོན་གྱིས་བརྟོལ་བ་ཇི་ལྟ་བ་དེ་བཞིན་དུ་ནི་ལྷག་མཐོང་གི་ཕྱོགས་སུ་གཏོགས་པའི་མཐོང་བའི་ལམ་བལྟ་བར་བྱའོ། །བཙིར་བ་ཇི་ལྟ་བ་དེ་བཞིན་དུ་ཞི་གནས་ཀྱི་ཕྱོགས་སུ་གཏོགས་པའི་མཐོང་བའི་ལམ་བལྟ་བར་བྱའོ། །རྣག་ཇི་ལྟ་བ་དེ་བཞིན་དུ་ནི་མཐོང་བས་སྤང་ བར་བྱ་བའི་བག་ལ་ཉལ་དུ་གཏོགས་པའི་ཟག་པ་བལྟ་བར་བྱའོ། །རྨ་མ་དག་པ་མ་སོས་པ་ཇི་ལྟ་བ་དེ་བཞིན་དུ་བསྒོམ་པས་སྤང་བར་བྱ་བའི་ཟག་པ་བཞི་དང་བཅས་པ་བལྟ་བར་བྱའོ། །ཕྱེ་མར་གྱི་ཆང་བུའམ་རྨ་གློན་པའི་རད་སྣུམ་བག་ཅན་ཇི་ལྟ་བ་དེ་བཞིན་དུ་ནི་བསྒོམ་པའི་ལམ་བལྟ་ བར་བྱའོ། །དེ་ལ་སོ་སོའི་སྐྱེ་བོའི་འདོད་པའི་ཁམས་སམ། གཟུགས་ཀྱི་ཁམས་ལས་འདོད་ཆགས་དང་བྲལ་བར་བྱེད་པ་གང་ཡིན་པ་དེ་ནི་བསྒོམ་པའི་ལམ་ཁོ་ནས་བྱེད་ཀྱི་དེ་ལ་མཐོང་བའི་ལམ་ནི་མེད་དོ། །འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་དེ་དེའི་འདོད་པའི་འདོད་ཆགས་ 130-1-119b དང་གནོད་སེམས་དང་དེ་དང་མཐུན་པའི་ཆོས་དང་འབྲེལ་བའི་ང་རྒྱལ་དང་དེ་དང་མཚུངས་པར་ལྡན་པའི་མ་རིག་པ་ནི་ཀུན་ཏུ་མི་འབྱུང་བའི་ཚུལ་གྱིས་སྤོང་བ་ཡིན་གྱི། འཇིག་ཚོགས་ལ་ལྟ་བ་སོགས་པ་མཐོང་བས་སྤང་བར་བྱ་བ་དག་ནི་དེ་ལྟ་མ་ཡིན་ནོ། །དེ་དག་ཀྱང་འདི་ན་གནས་པ་ ལུས་འདི་ལ་གནས་པ་ལངས་པ་དེ་ལ་ནི་ལན་འགའ་ཀུན་ཏུ་འབྱུང་བར་འགྱུར་གྱི་གོང་མར་སྐྱེས་པ་ལ་ནི་མི་འབྱུང་ངོ་། །དེ་བཞིན་དུ་སོ་སོའི་སྐྱེ་བོ་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ལ་ཁོང་ཁྲོ་བ་མ་གཏོགས་པ། དེ་ལས་གཞན་པའི་ཉོན་མོངས་པ་རྣམས་ཅི་རིགས་པར་བལྟ་བར་ བྱའོ། །སྙོམས་པར་ཞུགས་པ་དང་ལངས་པ་དང་སྐྱེས་པ་རྣམས་ཀྱི་རང་གི་ས་པའི་མཐོང་བས་སྤང་བར་བྱ་བའི་ཟག་པ་ནི་རྐྱེན་དང་ཕྲད་ན་རྟག་པ་ཁོ་ནར་ཀུན་ཏུ་འབྱུང་ངོ་། །དེ་ལ་གནས་ངན་ལེན་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། ཟག་པའི་གནས་ངན་ལེན་དང་ཟག་པ་དང་བཅས་པའི་གནས་ ངན་ལེན་ཏོ། །དེ་ལ་དགྲ་བཅོམ་པ་ལ་ནི་ཟག་པའི་གནས་ངན་ལེན་གང་ཡིན་པ་དེ་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པའི་ཕྱིར་ཐམས་ཅད་ཀྱི་ཐམས་ཅད་དུ་བྲལ་བ་ཡིན་ནོ། །དེ་ཡང་བག་ལ་ཉལ་དང་བཅས་པའི་ལུས་རྣམ་པར་ཤེས་པ་དང་བཅས་པ་ལ་ལས་སུ་མི་རུང་བའི་ཚུལ་ གྱི་ས་ངན་པར་རྣམ་པར་གནས་པ་ཉིད་གང་ཡིན་པའོ། །ཟག་པ་དང་བཅས་པའི་གནས་ངན་ལེན་ནི་བག་ལ་ཉལ་སྤངས་ཀྱང་སྔོན་ཟག་པས་བསྐྱེད་ཅིང་ཟག་པས་ཡོངས་སུ་བསྒོས་པ་སྟེ། དེ་དང་འདྲ་བའི་ལས་སུ་མི་རུང་བའི་ཚུལ་གྱིས་རང་བཞིན་གྱིས་ངན་པར་གནས་པ་དང་ངན་པར་ ཞུགས་པ་ཆེས་སྲབ་པ་དང་ཆེས་ཆུང་བ་གང་ཡིན་པའོ། །ཟག་པ་དང་བཅས་པའི་གནས་ངན་ལེན་གང་ཡིན་པ་དེ་ནི་ཉོན་མོངས་པའི་བག་ཆགས་ཞེས་བྱ་སྟེ། དེ་ཡང་དགྲ་བཅོམ་པ་དང་རང་སངས་རྒྱས་ཀྱིས་ནི་མ་སྤངས་ཀྱི། དེ་བཞིན་གཤེགས་པ་ཉག་གཅིག་གིས་སྤངས་པ་ཡིན་ཏེ། དེའི་བག་ཆགས་ཡང་དག་པར་བཅོམ་པ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཞེས་བྱའོ། །དེ་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའི་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་རྣམ་པ་ལྔ་ཞེས་བྱའོ།། །།བམ་པོ་བཅུ་གསུམ་པ། བཅོམ་ལྡན་འདས་ཀྱིས་ཀུན་རྟོག་འདོད་ 130-1-120a ཆགས་སྐྱེས་བུའི་འདོད་པ་ཡིན་ཞེས་གང་གསུངས་པ་དེ་ལ་ཅིའི་ཕྱིར་ཉོན་མོངས་པའི་འདོད་པ་འབའ་ཞིག་འདོད་པའི་སྒྲར་བསྟན་ལ། དངོས་པོའི་འདོད་པ་ནི་མ་ཡིན་ཞེ་ན། སྨྲས་པ། ཉོན་མོངས་པའི་འདོད་པ་རྣམས་ནི་ངོ་བོ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པ་ ཅན་ཡིན་པའི་ཕྱིར་རོ། །གཞན་ཡང་ཉོན་མོངས་པའི་འདོད་པ་རྣམས་ཁོ་ནས་དངོས་པོའི་འདོད་པ་རྣམས་འདོད་པར་བྱེད་པའི་ཕྱིར་རོ། །གཞན་ཡང་དངོས་པོའི་འདོད་པས་ཀུན་ནས་བསླང་བ་ཀུན་ནས་ཉོན་མོངས་པའི་ཉེས་པ་ནི་ཉོན་མོངས་པའི་འདོད་པས་བྱས་པའི་ཕྱིར་ཏེ། འདི་ལྟ་སྟེ་དཔེར་ ན། གང་ལ་ལ་ཞིག་གིས་ཀུན་ཏུ་རྟོག་པའི་འདོད་ཆགས་ཡོངས་སུ་མ་ཤེས་པས་མ་སྤངས་པར་གྱུར་ན་དེ་དང་པོ་ཁོ་ནར་འདོད་པའི་སྲེད་པས་ཡོངས་སུ་སྲེག་པར་བྱེད་པ་དང་འདོད་པའི་སྲེད་པས་ཡོངས་སུ་བསྲེགས་པས་འདོད་པ་ཡོངས་སུ་ཚོལ་བར་བྱེད་པ་དང་འདོད་པ་ཡོངས་སུ་ཚོལ་བར་བྱེད་ པས་ལུས་དང་སེམས་ཡོངས་སུ་ངལ་བའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་བ་དང་། བརྩལ་བ་མ་གྲུབ་པ་ན་ནི་ཀྱེ་མ་བདག་གི་བརྩལ་བ་ནི་འབྲས་བུ་མེད་དོ་ཞེས་ངལ་བ་དང་འབྲས་བུ་མེད་པའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་བ་དང་། གྲུབ་ནའང་ཀུན་ཏུ་བསྲུང་བའི་གཞིའི་ ཕྱིར་ཤིན་ཏུ་རྩོལ་བར་བྱེད་པ་ནི་ཀུན་ཏུ་བསྲུང་བའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་བ་དང་། ཡོངས་སུ་ལོངས་སྤྱོད་པའི་དུས་ནའང་འདོད་ཆགས་ཀྱི་མེས་ཡོངས་སུ་སྲེག་ཅིང་ནང་ཉེ་བར་མ་ཞི་བའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་བ་དང་། རྒུད་པར་གྱུར་པ་ན་ཡང་མྱ་ངན་གྱི་སྡུག་ བསྔལ་ཉམས་སུ་མྱོང་བར་འགྱུར་བ་དང་། རྗེས་སུ་དྲན་པ་ན་ཡང་རྣམ་པར་རྟོག་པའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་བ་དང་། དེ་ལྟར་རྒྱུ་དེས་ན་ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་ཀུན་ནས་སློང་བར་བྱེད་པ་ལྟ་བུ་དང་། འདོད་པ་རྣམས་ཡོངས་སུ་སྤངས་ཏེ་རབ་ཏུ་བྱུང་བ་ནི་འདོད་པ་ རྣམས་ཡོངས་སུ་སྤངས་ནས་ཀྱང་ཉོན་མོངས་པའི་འདོད་པའི་གཞི་རྣམས་ལེན་པར་བྱེད་དེ། ཉོན་མོངས་པའི་འདོད་པའི་གཞི་ཁོ་ནས་འདོད་པའི་ཁམས་སུ་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་ལ་སོགས་པ་དང་། ངན་སོང་བའི་སྡུག་བསྔལ་མངོན་པར་འགྲུབ་པར་བྱེད་དོ། ། 130-1-120b དེ་ལྟར་དེ་ལྟ་བུ་དང་མཐུན་པ་དག་ནི་ཀུན་ནས་ཉོན་མོངས་པའི་ཉེས་པ་ཡིན་ཏེ་དེའི་རྒྱུར་གྱུར་པ་ནི་ཉོན་མོངས་པའི་འདོད་པ་ཡིན་པས། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཉོན་མོངས་པའི་འདོད་པ་ཁོ་ན་འདོད་པའི་སྒྲས་ཡོངས་སུ་བསྟན་གྱི་དངོས་པོའི་འདོད་པ་ནི་མ་ཡིན་ནོ། །འདོད་པའི་འདོད་ ཆགས་སྐྱེད་པར་བྱེད་པའི་ཀུན་ཏུ་རྟོག་པ་ལ་རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། རྣམ་པ་བརྒྱད་ཡོད་དེ་འདི་ལྟ་སྟེ། ཟློག་པར་བྱེད་པ་དང་། སད་པར་བྱེད་པ་དང་། ཀུན་ཏུ་སྦྱོར་བར་བྱེད་པ་དང་། མཚན་མར་འཛིན་པར་བྱེད་པ་དང་། ཆགས་པར་བྱེད་པ་དང་། རྣམ་པར་འདོད་པར་བྱེད་པ་དང་། ངེས་ པར་གནོད་པར་བྱེད་པ་དང་། མཆོག་ཏུ་ཆགས་པར་བྱེད་པ་སྟེ། ཚངས་པས་ཞུས་པའི་མདོ་ལས། ཟློག་པར་བྱེད་དང་སད་བྱེད་དང་། །དེ་བཞིན་ཀུན་ཏུ་སྦྱོར་བྱེད་དང་། །མཚན་མར་འཛིན་བྱེད་ཆགས་བྱེད་དང་། །རྣམ་པར་འདོད་བྱེད་ངེས་གནོད་བྱེད། །དེ་བཞིན་མཆོག་ཏུ་ཆགས་བྱེད་ནི། ། འདོད་པའི་འདོད་ཆགས་སྐྱེད་བྱེད་པའི། །ཀུན་ཏུ་རྟོག་པ་ཞེས་བྱ་སྟེ། །མཁས་པས་དེ་དག་ཡོངས་སུ་སྤང་། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ལ་ཟློག་པར་བྱེད་པ་ནི་དགེ་བ་ལ་བརྩོན་པའི་སེམས་ཀྱི་རྒྱུད་བཟློག་ནས་འདོད་པ་རྣམས་ལ་རྩོལ་བ་སྐྱེད་པར་བྱེད་པ་གང་ཡིན་པའོ། །དེ་ལ་སད་ པར་བྱེད་པ་ནི་ཡུལ་ཉེ་བར་མ་གྱུར་ཅིང་མངོན་དུ་མ་གྱུར་པ་ལ་འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པས་ཀུན་ཏུ་འཆིང་བར་བྱེད་པ་གང་ཡིན་པའོ། །དེ་ལ་ཀུན་ཏུ་སྦྱོར་བར་བྱེད་པ་ནི་གང་གིས་འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་འདོད་པ་ཡོངས་སུ་ཚོལ་བར་བྱེད་པའོ། །དེ་ ལ་མཚན་མར་འཛིན་པར་བྱེད་པ་ནི་གང་གིས་ཡུལ་ཉེ་བར་གྱུར་ཅིང་མངོན་དུ་གྱུར་པ་ལ་མཚན་མར་འཛིན་པ་དང་། མངོན་རྟགས་སུ་འཛིན་པར་བྱེད་པའོ། །དེ་ལ་ཆགས་པར་བྱེད་པ་ནི་ཡུལ་ཉེ་བར་གྱུར་ཅིང་མངོན་དུ་གྱུར་པ་ལ་འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པས་ཀུན་ཏུ་འཆིང་བར་ བྱེད་པ་གང་ཡིན་པའོ། །དེ་ལ་རྣམ་པར་འདོད་པར་བྱེད་པ་ནི་གང་གིས་དེ་ལྟར་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ། འདོད་པའི་ལོངས་སྤྱོད་རྣམ་པ་དུ་མ་མངོན་པར་འདོད་པར་བྱེད་པའོ། །དེ་ལ་ངེས་པར་གནོད་པར་བྱེད་པ་ནི་གང་གིས་འདོད་པ་རྣམས་ཡང་དང་ཡང་དུ་མངོན་པར་བསྒྲུབ་པ་ན་གཅིག་ཏུ་ 130-1-121a ངེས་པར་ཡོན་ཏན་དུ་ལྟ་ཞིང་ཉེས་དམིགས་སུ་མི་ལྟ་བར་ཡོངས་སུ་ལོངས་སྤྱོད་པའོ། །དེ་ལ་མཆོག་དུ་ཆགས་པར་བྱེད་པ་ནི་འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་མཐར་ཐུག་པ་དང་མཐར་ཕྱིན་པས་ཀུན་ནས་འཆིང་བར་བྱེད་པ་གང་ཡིན་པའོ། །ཅིའི་ཕྱིར་འདོད་ པ་ན་སྤྱོད་པའི་ཉོན་མོངས་པ་ཐམས་ཅད་ལས་འདོད་ཆགས་ཁོ་ན་འདོད་པའི་མཚན་ཉིད་དུ་ཡོངས་སུ་བསྟན་ཅེ་ན། སྨྲས་པ། རྒྱུ་གང་ཁོ་ནས་སྲེད་པ་ཀུན་འབྱུང་བའི་བདེན་པའི་མཚན་ཉིད་དུ་ཡོངས་སུ་བསྟན་པའི་རྒྱུ་དེ་ཉིད་ཀྱིས་འདི་ཡང་བལྟ་བར་བྱའོ། །དེ་ཅིའི་ཕྱིར་ཀུན་ཏུ་རྟོག་པ་དང་བཅས་པའི་འདོད་ ཆགས་འདོད་པའི་མཚན་ཉིད་དུ་ཡོངས་སུ་བསྟན་ཅེ་ན། སྨྲས་པ། འདོད་ཆགས་མངོན་དུ་གྱུར་པ་དང་འདོད་ཆགས་ཀུན་ནས་སློང་བའི་རྒྱུ་གང་ཡིན་པ་དང་། དངོས་པོའི་འདོད་པ་ཡོངས་སུ་ལོངས་སྤྱོད་པའི་རྒྱུ་གང་ཡིན་པ་དེ་དག་གཅིག་ཏུ་བསྡུས་ནས་ཀུན་ཏུ་རྟོག་པ་འདོད་ཆགས་ཞེས་ཡོངས་སུ་བསྟན་ ཏོ། །གཞན་ཡང་རབ་ཏུ་བྱུང་བ་འདོད་པ་སྤངས་པ་འདོད་པའི་ཀུན་ཏུ་རྟོག་པ་ལ་ཀུན་ཏུ་རྟོག་པ་དེ་དག་ཁ་ཅིག་གི་ཀུན་ཏུ་རྟོག་པའང་འདོད་པ་ཞེས་བྱ་བར་རིག་ནས་དེ་སྤང་བའི་ཕྱིར་ཀུན་ཏུ་རྟོག་པའང་འདོད་པའི་མཚན་ཉིད་དུ་ཡོངས་སུ་བསྟན་ཏོ། །ཅིའི་ཕྱིར་སྲེད་པ་ཀུན་ཏུ་འབྱུང་བའི་བདེན་ པའི་མཚན་ཉིད་དུ་ཡོངས་སུ་བསྟན་ཅེ་ན། སྨྲས་པ། རྒྱུ་གཉིས་ཀྱི་ཕྱིར་ཏེ། སྲེད་པ་ནི་སྨོན་པ་དང་མི་སྨོན་པར་བྱེད་པ་ཉིད་ཡིན་པའི་ཕྱིར་དང་། ཁྱབ་པར་འཇུག་པ་ཉིད་ཀྱི་ཕྱིར་ཏེ་འདི་ལྟར་ལུས་དང་ལོངས་སྤྱོད་དག་ལ་སྨོན་པ་ལ་མངོན་དུ་ཕྱོགས་པའི་སྲེད་པ་ནི་ཉེ་བར་བླངས་པ་དང་ཡོངས་སུ་ལོངས་ སྤྱོད་པའི་ཕྱིར་སྨོན་པར་ཡང་བྱེད་དོ། །མི་སྨོན་པར་བྱེད་པ་ཡང་ཡིན་ཏེ། དེའི་གཉེན་པོ་དགེ་བ་ལ་མི་སྨོན་པ་ལ་མངོན་དུ་ཕྱོགས་པ་ནི་དེ་ཉེ་བར་བླང་བ་དང་སྦྱོར་བའི་ཕྱིར་མི་སྨོན་པར་བྱེད་དེ་དེ་ལྟར་སྨོན་པ་དང་མི་སྨོན་པ་ལས་འཁོར་བར་འཁོར་བ་རྒྱུན་མི་འཆད་པར་འགྱུར་རོ། །དེའི་ཁྱབ་པར་འཇུག་ པ་ཉིད་ཀྱང་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། འདི་ལྟ་སྟེ་གནས་སྐབས་ལ་ཁྱབ་པ་ནི་ཚོར་བ་ཐམས་ཅད་སྒོ་ལྔས་འཇུག་པ་ཉིད་ཀྱི་ཕྱིར་ཏེ། འདི་ལྟ་སྟེ། ཕྲད་པར་མངོན་པར་དགའ་བ་དང་། མི་འབྲལ་བར་མངོན་པར་དགའ་བ་དང་། མི་འཕྲད་པར་མངོན་པར་དགའ་བ་དང་། འབྲལ་ 130-1-121b བར་མངོན་པར་དགའ་བ་དང་། རྟག་ཏུ་འབྲེལ་པའི་ལུས་ཀུན་གཞི་ལ་ཆགས་པས་སོ། །དུས་ལ་ཁྱབ་པ་ནི་འདི་ལྟ་སྟེ། འདས་པ་ལ་དམིགས་པ་དང་མ་འོངས་པ་ལ་དམིགས་པ་དང་དེ་ལྟར་བྱུང་བ་ལ་དམིགས་པའོ། །ཡུལ་ལ་ཁྱབ་པ་ནི་འདི་ལྟ་སྟེ། ཚེ་འདི་པ་དང་ཚེ་ཕྱི་མ་པའི་ལུས་ལ་ དམིགས་པ་དང་ཡུལ་ཐོབ་པ་དང་མ་ཐོབ་པ་ལ་དམིགས་པའོ། །ཅིའི་ཕྱིར་འདོད་ཆགས་དང་བྲལ་བ་དང་ཞེ་སྡང་དང་བྲལ་བ་དང་གཏི་མུག་དང་བྲལ་བས་སེམས་འདོད་ཆགས་དང་བྲལ་བར་བྱའོ་ཞེས་གསུངས་པ། ཉོན་མོངས་པའི་གཞི་འདི་ལྟ་སྟེ། གཟུགས་དང་ཚོར་བ་ལ་སོགས་པ་དག་ ལས་མ་ཡིན་ཞེ་ན། སྨྲས་པ། དེ་དག་ལས་འདོད་ཆགས་དང་བྲལ་ན་དེ་དག་ལས་ཀྱང་འདོད་ཆགས་དང་བྲལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་ཉོན་མོངས་པ་རྣམས་ནི་ཀུན་ནས་ཉོན་མོངས་པ་དང་བཅས་པའི་བདག་ཉིད་ཡིན་པས་དེའི་ཕྱིར་ཉེས་པ་མང་བའི་ཕྱིར་ཏེ་འདི་ལྟར་གཞི་ལས་ཉེས་ པ་གང་ལ་ལ་འབྱུང་བར་འགྱུར་བ་དེ་དག་ཐམས་ཅད་ནི་ཉོན་མོངས་པ་ལས་གྱུར་པ་ཡིན་པར་བལྟ་བར་བྱ་སྟེ། ཉེས་པ་དེ་དག་ནི་འདི་ལྟ་སྟེ། ཕུང་པོ་ལ་མཁས་པའི་སྐབས་སུ་མི་དགེ་བའི་ཉེས་དམིགས་ཡོངས་སུ་བརྟག་པ་སྔར་བསྟན་པ་བཞིན་དུ་བལྟ་བར་བྱའོ། །གཞན་ཡང་བཟློག་པར་ ནུས་པ་ཉིད་ཀྱི་ཕྱིར་ཏེ། འདི་ལྟར་ཉོན་མོངས་པ་ནི་གཞི་ལས་བཟློག་པར་ནུས་ཀྱི་གཞི་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་མི་ནུས་པ་ཁོ་ན་ཡིན་ནོ། །གཞན་ཡང་འཇིག་རྟེན་པའི་ལམ་གྱིས་མི་སྡུག་པ་ལ་སོགས་པ་བསྒོམས་པས་དངོས་པོ་སུན་ཕྱུང་སྟེ། འདོད་ཆགས་དང་བྲལ་བའི་ས་ལ་འཇུག་ཏུ་ ཟིན་ཀྱང་འདི་ལྟ་སྟེ་ཉོན་མོངས་པ་ལས་སེམས་རྣམ་པར་མ་གྲོལ་བའི་ཕྱིར་འདོད་ཆགས་དང་བྲལ་བའི་ས་པའི་ཉོན་མོངས་པ་དང་རྗེས་སུ་འབྲེལ་པ་ཡིན་པས་དེའི་ཕྱིར་རྣམ་གྲངས་དེས་ཀྱང་ཉོན་མོངས་པ་དང་བྲལ་བ་ཉིད་ཀྱིས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཡིན་གྱི་གཞིའི་འདོད་ཆགས་དང་བྲལ་ བས་ནི་མ་ཡིན་ནོ། །སྐབས་འདིའི་རྣམ་པར་གཏན་ལ་དབབ་པའི་གཞུང་ལྷག་མ་ནི་མི་སྣང་ངོ་། །ཅིའི་ཕྱིར་མདོ་སྡེ་དག་ལས་ངར་འཛིན་པ་དང་། ང་འིར་འཛིན་པ་དང་། ངའོ་སྙམ་པའི་ང་རྒྱལ་དང་། མངོན་པར་ཞེན་པ་དང་། བག་ལ་ཉལ་རྣམས་དེ་ལས་གཞན་པའི་ཉོན་མོངས་པ་དག་ལས་ལོགས་ཤིག་ཏུ་བཀར་ཏེ་ཀུན་ནས་ཉོན་མོངས་པའི་ 130-1-122a ཕྱོགས་སུ་ཡོངས་སུ་བསྟན་ཅེ་ན། སྨྲས་པ་རྒྱུ་གསུམ་གྱིས་ཏེ་ངར་འཛིན་པ་དང་། ང་འིར་འཛིན་པ་གཉིས་ནི་ལོག་པར་བསྒྲུབ་པ་ལ་མངོན་པར་ཕྱོགས་པ་ཉིད་ཡིན་པའི་ཕྱིར་ཏེ། འདི་ལྟར་འཇིག་ཚོགས་ལ་ལྟ་བ་ལ་བརྟེན་ཏེ། དེའི་རྩ་བ་ལས་བྱུང་བའི་ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་ལ་ཀུན་ཏུ་དམིགས་ན་ཐར་པ་འདོད་ ཀྱང་ཐར་པ་ལོག་པར་བསྒྲུབ་པར་འགྱུར་བའི་ཕྱིར་རོ། །ངའོ་སྙམ་པའི་ང་རྒྱལ་དང་མངོན་པར་ཞེན་པ་གཉིས་ནི་ཡང་དག་པར་སྒྲུབ་པ་ལ་མི་ཕྱོགས་པ་ཉིད་ཡིན་པའི་ཕྱིར་ཏེ། འདི་ལྟར་ངའོ་སྙམ་པའི་ང་རྒྱལ་དང་མངོན་པར་ཞེན་པ་གཉིས་ལ་བརྟེན་ནས། ཆོས་འདུལ་བ་འདི་ལ་དགེ་བའི་བཤེས་གཉེན་དུ་གྱུར་པ་ སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་། སྐྱེས་བུ་དམ་པ་རྣམས་ཀྱི་དྲུང་དུ་མི་འགྲོ་ཞིང་དགེ་བ་གང་ཡིན་མི་དགེ་བ་གང་ཡིན་ཞེས་ཡོངས་སུ་ཞུ་བར་མི་བྱེད་ཡོངས་སུ་འདྲི་བར་མི་བྱེད་ལ། དེ་དག་འོངས་ཏེ་དྲིས་ནའང་བདག་ཉིད་ཇི་ལྟ་བ་བཞིན་དུ་སྨྲ་བར་མི་བྱེད་པའི་ཕྱིར་རོ། །བག་ལ་ཉལ་ གཅིག་ཏུ་ནི་ཁྱད་པར་ཐོབ་པ་ལས་ལྟུང་བ་ཉིད་ཡིན་པའི་ཕྱིར་ཏེ། འདི་ལྟར་སྲིད་པའི་རྩེ་མོའི་བར་དུ་ཐོབ་ཀྱང་ས་འོག་མ་པའི་བག་ལ་ཉལ་དང་ལྡན་ན་ཡང་ཕྱིར་ལྟུང་ཞིང་ཕྱིར་ལྡོག་པའི་ཕྱིར་རོ། །རྣམ་གྲངས་གཞན་ཡང་ཤེས་བྱ་རབ་ཏུ་རྟོགས་པར་བྱ་བ་དང་སྤོང་བ་མངོན་དུ་བྱ་བ་ལ་གེགས་སུ་གྱུར་ པའི་ཆོས་ནི་གཉིས་ཏེ། ལོག་པར་བསྒྲུབ་པའི་རྒྱུ་དང་སྡུག་བསྔལ་སྐྱེ་བའི་རྒྱུའོ། །དེ་ལ་ལོག་པར་བསྒྲུབ་པའི་རྒྱུ་ནི་ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་པོ་དག་སྟེ། དེ་དག་ལ་མངོན་པར་ཞེན་ན་སེམས་ཅན་རྣམས་ལ། ལུས་དང་ངག་དང་ཡིད་ཀྱིས་ལོག་པར་སྒྲུབ་པར་འགྱུར་བའི་ཕྱིར་རོ། ། སྡུག་བསྔལ་སྐྱེ་བའི་རྒྱུ་ནི་བག་ལ་ཉལ་བ་མ་སྤངས་པའོ། །ཆོས་དེ་གཉིས་ཀྱི་རྒྱུ་ཡང་རྣམ་པ་གཉིས་ཏེ། ལོག་པར་བསྒྲུབ་པའི་ཆོས་ཀྱི་རྒྱུའི་རྒྱུ་ནི་ངར་འཛིན་པ་དང་། ང་འིར་འཛིན་པའི་རྣམ་པ་འཇིག་ཚོགས་ལ་ལྟ་བའོ། །སྡུག་བསྔལ་སྐྱེ་བའི་རྒྱུའི་རྒྱུ་ནི་ངའོ་སྙམ་པའི་ང་རྒྱལ་གྱིས་དང་ པོ་དང་ཐ་མ་གཉིས་སུ་མི་བསྒྲུབ་པ་སྟེ། དེ་ལ་དང་པོར་ནི་མི་ཉན་པ་དང་ཡང་དག་པར་མི་བསྒྲུབ་པའི་ཕྱིར་རོ། །ཐ་མར་ནི་མངོན་པའི་ང་རྒྱལ་བྱེད་པའི་ཕྱིར་རོ། །རྣམ་གྲངས་གཞན་ཡང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ། མཆོག་དང་། གཙོ་བོ་དང་། རབ་དང་། རབ་མཆོག་ 130-1-122b དང་། གྱ་ནོམ་པ་དང་། འདི་ལས་ཕྱི་རོལ་པ་རྣམས་དང་། ཐུན་མོང་མ་ཡིན་པའི་ཆོས་བཞི་ཡོད་དེ་བཞི་གང་ཞེ་ན། བདེན་པ་རབ་ཏུ་རྣམ་པར་འབྱེད་པ་དང་། རང་གི་ཚངས་པ་མཚུངས་པར་སྤྱོད་པ་དག་ལ་ཡང་དག་པར་དགའ་བར་བྱེད་པའི་ཆོས་རྣམས་དང་། ཕས་ཀྱི་རྒོལ་བ་དག་ལ་ཞེ་སྡང་ མེད་པ་དང་། དག་པ་རྣམས་ལས་ཕྱིར་མི་ལྡོག་པའོ། །ཉེས་པར་བཤད་པའི་ཆོས་འདུལ་བ་ལ་ནི་དེ་དག་དང་མི་མཐུན་པའི་ཆོས་བཞི་ཡོད་དེ། ངར་འཛིན་པ་དང་ང་འིར་འཛིན་པ་རྣམས་འཇིག་ཚོགས་ལ་ལྟ་བ་དང་། ངའོ་སྙམ་པའི་ང་རྒྱལ་དང་འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་ མཆོག་ཏུ་འཛིན་པ་དང་། བག་ལ་ཉལ་མ་སྤངས་པ་སྟེ། དེས་ན་སྲིད་པའི་རྩེ་མོར་སྐྱེས་ཀྱང་ཡང་ཕྱིར་ལྡོག་པར་འགྱུར་རོ། །གཞན་ཡང་མངོན་པར་ཞེན་པ་ནི་གཉིས་ཡོད་དེ། དབང་པོ་དང་ཡུལ་ལ་མངོན་པར་ཞེན་པ་དང་། སེམས་ཅན་གཅིག་ལ་གཅིག་མངོན་པར་ཞེན་པའོ། ། དེ་ལ་དབང་པོ་དང་ཡུལ་ལ་མངོན་པར་ཞེན་པ་ནི་ངར་འཛིན་པ་དང་ང་འིར་འཛིན་པ་གཉིས་ཀྱིས་བལྟ་བར་བྱའོ། །སེམས་ཅན་གཅིག་ལ་གཅིག་མངོན་པར་ཞེན་པ་ནི་ངའོ་སྙམ་པའི་ང་རྒྱལ་གྱིས་བལྟ་བར་བྱ་སྟེ། བདག་ནི་ཆེའོ་སྙམ་པ་ལ་སོགས་པའི་རྣམ་པ་དེ་དག་གིས་སོ། །སྲེད་པ་སྡུག་བསྔལ་ གྱི་རྒྱུ་ཡིན་ན་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་འདུན་པའང་སྡུག་བསྔལ་གྱི་རྒྱུ་ཉིད་དུ་ཡོངས་སུ་བསྟན་ཅེ་ན། སྨྲས་པ། ཚེ་འདིའི་སྡུག་བསྔལ་གྱི་རྒྱུ་ཉིད་ཡིན་པའི་ཕྱིར་ཏེ། འདི་ལྟར་སེམས་ཅན་གང་དག་ལ་འདུན་པའམ་འདོད་ཆགས་པའམ་བྱམས་པར་གྱུར་པ་དེ་དག་རྣམ་པར་གྱུར་ཏམ་གཞན་ དུ་གྱུར་པ་ལས་མྱ་ངན་ལ་སོགས་པ་སྐྱེ་བའི་ཕྱིར་རོ། །ཅིའི་ཕྱིར་སྒྲིབ་པ་ལྔ་པོ་དག་རུས་སྦལ་གྱི་སྒྲར་གསུངས་ཤེ་ན། སྨྲས་པ། རྣལ་འབྱོར་ཡིད་ལ་བྱེད་པ་སྒོམ་པའི་མི་མཐུན་པའི་ཕྱོགས་ཀྱི་ཡན་ལག་ལྔ་ཡོད་པར་ཆོས་མཐུན་པའི་ཕྱིར་རོ། །ཅིའི་ཕྱིར་ཁྲོ་བ་སྡིག་པའི་སྒྲར་གསུངས་ཤེ་ན། སྨྲས་ པ། བཀའ་བློ་མི་བདེ་བ་དང་ཚིག་མི་བཟོད་པ་ཉིད་ཀྱི་དབང་དུ་བྱས་ནས་གདམས་ངག་དང་རྗེས་སུ་བསྟན་པ་ཐོབ་པའི་མི་མཐུན་པའི་ཕྱོགས་ཀྱི་དེ་དང་རང་བཞིན་འདྲ་བ་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་ཕྲག་དོག་དང་སེར་སྣ་ཤ་སྣ་དགུའི་སྒྲར་གསུངས་ཤེ་ན། སྨྲས་པ། ཡང་དག་པར་དགའ་བར་འགྱུར་ 130-1-123a བའི་ཆོས་ཀྱི་མི་མཐུན་པའི་ཕྱོགས་ཀྱི་རྙེད་པ་དང་བཀུར་སྟི་འདོད་པའི་གནས་པ་ཀུན་ཏུ་སྤྱོད་པ་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་འདོད་པ་རྣམས་གཙོང་ཤའི་སྒྲར་གསུངས་ཤེ་ན། སྨྲས་པ། དགེ་བའི་ཆོས་རྣམས་རྟག་ཏུ་བསྒོམས་པས་མི་མཐུན་པའི་ཕྱོགས་ཀྱི་བདག་པོ་དང་འབྲེལ་ པར་ཡོངས་སུ་གྲུབ་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་མ་རིག་པ་སྤྲེའུ་མཇུག་རིངས་ཀྱི་སྒྲར་གསུངས་ཤེ་ན། སྨྲས་པ། ཐོས་པ་ལས་བྱུང་བའི་ཤེས་པ་མི་མཐུན་པའི་ཕྱོགས་ཀྱིས་དེ་དང་རང་བཞིན་འདྲ་བ་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་སོམ་ཉི་ལམ་ཁ་བྲག་གི་སྒྲར་གསུངས་ཤེ་ན། སྨྲས་པ། བསམས་པ་ལས་བྱུང་བའི་ཤེས་པའི་མི་མཐུན་པའི་ཕྱོགས་ཀྱིས་དེ་དང་རང་བཞིན་འདྲ་བ་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་ངའོ་སྙམ་པའི་ང་རྒྱལ་ཁོར་ཡུག་གི་སྒྲར་གསུངས་ཤེ་ན། སྨྲས་པ། བསྒོམས་པ་ལས་བྱུང་བའི་ཤེས་པའི་མི་མཐུན་པའི་ཕྱོགས་ཀྱིས་དེ་དང་རང་བཞིན་འདྲ་བ་ཉིད་ཀྱི་ཕྱིར་རོ། ། ཅིའི་ཕྱིར་དེ་ལས་གཞན་པའི་ཉོན་མོངས་པ་ཉེས་པར་སྤྱོད་པ་ཀུན་ནས་སློང་བར་བྱེད་པ་དག་ཀྱང་ཡོད་བཞིན་དུ་ཆགས་པ་དང་ཞེ་སྡང་དང་། གཏི་མུག་ཁོ་ན་ལོགས་ཤིག་ཏུ་བཀར་ཏེ་མི་དགེ་བའི་རྩ་བ་ཉིད་དུ་རྣམ་པར་གཞག་ཅེ་ན། སྨྲས་པ། མདོར་བསྡུ་ན། ལས་ཀྱི་རྒྱུ་རྣམ་པ་གསུམ་ཡོད་ པའི་ཕྱིར་ཏེ། ཟང་ཟིང་གི་རྒྱུའི་ཕྱིར་དང་། གཞན་ལ་གནོད་པར་བྱེད་པའི་རྒྱུའི་ཕྱིར་དང་། ལོག་པའི་ཆོས་རྣམ་པར་གཞག་པ་ལ་མངོན་པར་ཞེན་པའི་རྒྱུ་ཡིན་པའི་ཕྱིར་ཏེ། རྒྱུ་དེ་དག་ལ་ཆགས་པ་ལ་སོགས་པ་དེ་དག་གང་གིས་ཞེན་པ་ཅི་རིགས་པར་སྦྱར་རོ། །བར་སྡོམ་ནི། འདོད་དང་སྲེད་དང་ འདོད་ཆགས་བྲལ། །ངར་འཛིན་ལ་སོགས་དེ་བཞིན་ཏེ། །འདུན་དང་རུས་སྦལ་ལ་སོགས་དང་། །དེ་བཞིན་ཆགས་སོགས་གཞན་ཡིན་ནོ། །འདོད་ཆགས་ལ་སོགས་པ་ཉོན་མོངས་པ་བཅུ་པོ་གང་དག་ཡིན་པ་དེ་དག་ལས་དུ་ནི་ལས་ཀུན་ནས་སློང་བར་བྱེད་པ་ཡིན། དུ་ནི་མ་ཡིན་ཞེ་ན། སྨྲས་པ། ཐམས་ཅད་ཀྱང་ལས་ཀུན་ནས་སློང་བར་བྱེད་པ་ཡིན་ཏེ། ངན་འགྲོར་འགྲོ་བར་འགྱུར་བའི་ལས་ནི་ཟིལ་གྱིས་གནོན་པ་ཀུན་ཏུ་སྤྱོད་པའི་ཉོན་མོངས་པས་ཀུན་ནས་སློང་བར་བྱེད་དེ། བརྗེད་ངས་པ་ཀུན་ཏུ་སྤྱོད་པས་ཀྱང་མ་ཡིན་ཀུན་བརྟགས་པ་དང་། རང་བཞིན་པས་ཀྱང་མ་ཡིན་ནོ། ། 130-1-123b ཉོན་མོངས་པའི་མཚན་ཉིད་དུས་བརྗོད་པར་བྱ་ཞེ་ན། སྨྲས་པ། མདོར་བསྡུ་ན་མཚན་ཉིད་གསུམ་གྱིས་ཏེ། རང་གི་མཚན་ཉིད་དང་། སྤྱིའི་མཚན་ཉིད་དང་། བྱེ་བྲག་གི་མཚན་ཉིད་ཀྱིས་སོ། །དེ་ལ་རང་གི་མཚན་ཉིད་ནི་འདོད་ཆགས་ལ་སོགས་པའི་སོ་སོའི་ངོ་བོ་ཉིད་དུ་གཏོགས་པ་ཡིན་པར་བལྟ་ བར་བྱའོ། །དེ་ལ་སྤྱིའི་མཚན་ཉིད་ནི་བྱེ་བྲག་མེད་པར་ཐམས་ཅད་ཀྱང་རབ་ཏུ་མ་ཞི་བའི་མཚན་ཉིད་གང་ཡིན་པའོ། །དེ་ལ་བྱེ་བྲག་གི་མཚན་ཉིད་ནི་འདི་ལྟ་སྟེ། རྣམ་གྲངས་ཀྱི་བྱེ་བྲག་གི་མཚན་ཉིད་དང་། འཇུག་པའི་བྱེ་བྲག་གི་མཚན་ཉིད་དོ། །དེ་ལ་རྣམ་གྲངས་ཀྱི་བྱེ་བྲག་གི་མཚན་ཉིད་ནི་ འདི་ལྟ་སྟེ་ཀུན་ཏུ་སྦྱོར་བ་དང་། འཆིང་བ་དང་བག་ལ་ཉལ་དང་ཉེ་བའི་ཉོན་མོངས་པ་དང་ཀུན་ནས་དཀྲིས་པ་ལ་སོགས་པ་སྟེ་སའི་དངོས་གཞིར་བསྟན་པ་བཞིན་ནོ། །དེ་ལ་འཇུག་པའི་བྱེ་བྲག་གི་མཚན་ཉིད་ནི་འདི་ལྟ་སྟེ། བག་ལ་ཉལ་གྱི་འཇུག་པ་དང་། དམིགས་པའི་འཇུག་པ་དང་ཀུན་ ཏུ་འབྱུང་བའི་འཇུག་པ་དང་། རྣམ་པ་རབ་ཏུ་དབྱེ་བའི་འཇུག་པ་དང་། སྟོབས་དང་ལྡན་པ་དང་སྟོབས་དང་ལྡན་པ་མ་ཡིན་པའི་འཇུག་པ་དང་། རྒྱུ་དང་འབྲས་བུའི་འཇུག་པ་དང་། ལོག་པར་བསྒྲུབ་པའི་འཇུག་པ་ལས་བལྟ་བར་བྱའོ། །དེ་ལ་བག་ལ་ཉལ་གྱི་འཇུག་པའི་མཚན་ཉིད་ནི་ མདོར་བསྡུ་ན་རྣམ་པ་བཅོ་བརྒྱད་དུ་རིག་པར་བྱ་སྟེ། འདི་ལྟ་སྟེ། རང་གི་ཡུལ་གྱི་རྗེས་སུ་སོང་བའི་བག་ལ་ཉལ་དང་། གཞན་གྱི་རྗེས་སུ་སོང་བ་དང་། ཉམས་པ་དང་མ་ཉམས་པ་དང་། བག་ལ་ཉལ་དང་། བག་ལ་ཉལ་མ་ཡིན་པ་དང་། མཐའ་དག་དང་། མ་ཚང་བ་དང་། ཡང་དག་ པར་གཞོམ་དུ་རུང་བ་དང་། ཡང་དག་པར་གཞོམ་དུ་མི་རུང་བ་དང་། ལྷག་པ་དང་། མཉམ་པ་དང་། སྟོབས་ཆུང་བ་དང་། སད་པ་དང་། མ་སད་པ་དང་། སྡུག་བསྔལ་མང་པོ་བསྐྱེད་པ་དང་། སྡུག་བསྔལ་ཉུང་ངུ་བསྐྱེད་པ་དང་། སྡུག་བསྔལ་མི་བསྐྱེད་པའོ། །དེ་ལ་རང་གི་ཡུལ་གྱི་རྗེས་ སུ་སོང་བ་ནི་ཁམས་གསུམ་པོ་དག་ན་རང་གི་ས་པར་གཏོགས་པ་གང་ཡིན་པའོ། །དེ་ལ་གཞན་གྱི་ཡུལ་གྱི་རྗེས་སུ་སོང་བ་ནི་འོག་མ་དང་གོང་མར་སྐྱེད་པའི་འོག་མའམ་གོང་མའི་ས་པའི་ཉོན་མོངས་པའི་ས་བོན་དང་ལྡན་པ་གང་ཡིན་པའོ། །དེ་ལ་ཉམས་པ་ནི་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བའི་ས་འོག་ 130-1-124a མ་གང་ཡིན་པའོ། །དེ་ལ་མ་ཉམས་པ་ནི་འདོད་ཆགས་དང་བྲལ་བ་འོག་མའམ་འདོད་ཆགས་དང་མ་བྲལ་བའི་རང་གི་ས་པ་གང་ཡིན་པའོ། །དེ་ལ་བག་ལ་ཉལ་བ་ནི་རང་གི་ས་པ་གང་ཡིན་པའོ། །དེ་ལ་བག་ལ་ཉལ་མ་ཡིན་པ་ནི་གཞན་གྱི་ས་པ་གང་ཡིན་པའོ། །དེ་ལ་མཐའ་དག་ནི་སོ་སོའི་སྐྱེ་བོ་རྣམས་ཀྱི་གང་ ཡིན་པའོ། །དེ་ལ་མ་ཚང་བ་ནི་སོ་སོའི་སྐྱེ་བོ་མ་ཡིན་པ་སློབ་པ་རྣམས་ཀྱི་གང་ཡིན་པའོ། །དེ་ལ་ཡང་དག་པར་གཞོམ་དུ་རུང་བ་ནི་ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་ཅན་རྣམས་ཀྱི་གང་ཡིན་པའོ། །དེ་ལ་ཡང་དག་པར་གཞོམ་དུ་མི་རུང་བ་ནི་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ རྣམས་ཀྱི་གང་ཡིན་པའོ། །དེ་ལ་ལྷག་མ་ནི་འདོད་ཆགས་ལ་སོགས་པ་སྤྱོད་པ་རྣམས་ཀྱི་གང་ཡིན་པའོ། །དེ་ལ་མཉམ་པ་ནི་ཆ་མཉམ་པར་སྤྱོད་པ་རྣམས་ཀྱི་གང་ཡིན་པའོ། །དེ་ལ་སྟོབས་ཆུང་བ་ནི་ཉོན་མོངས་པ་ཆུང་བ་རྣམས་ཀྱི་གང་ཡིན་པའོ། །དེ་ལ་སད་པ་ནི་ཀུན་ནས་དཀྲིས་པའི་འབྲས་ བུ་ཅན་ཏེ་ཀུན་ནས་དཀྲིས་པ་ཅན་དུ་འབྱུང་བ་གང་ཡིན་པའོ། །དེ་ལ་མ་སད་པ་ནི་ཀུན་ནས་དཀྲིས་པ་མེད་པར་རྗེས་སུ་འབྲེལ་པ་གང་ཡིན་པའོ། །དེ་ལ་སྡུག་བསྔལ་མང་པོ་བསྐྱེད་པ་ནི་འདོད་པ་ལ་སྐྱོད་པ་གང་ཡིན་པའོ། །དེ་ལ་སྡུག་བསྔལ་ཉུང་ངུ་བསྐྱེད་པ་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་ པ་གང་ཡིན་པའོ། །དེ་ལ་སྡུག་བསྔལ་མི་སྐྱེད་པ་ནི་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གང་ཡིན་པའོ། །གནས་ངན་ལེན་གྱི་ལུས་དང་གནས་ངན་ལེན་གྱི་བདག་ཉིད་ཀྱི་བག་ལ་ཉལ་ཞེས་གང་གསུངས་པ་དེ་ལ། ཅི་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་དེ་འདུ་ བྱེད་དེ་དག་ལས་གཞན་དུ་བརྗོད་པར་བྱ་བའམ། གཞན་མ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། གཞན་དུ་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ཡང་དག་པར་བཅོམ་པའི་དགྲ་བཅོམ་པ་རྣམས་ཀྱི་འདུ་བྱེད་ཀྱི་རྒྱུན་རྣམ་པར་ མཆད་པའི་ཕྱིར་རོ། །གནས་ངན་ལེན་དུ་ཞིག་གི་གནས་ངན་ལེན་བསྡུས་ཤེ་ན། སྨྲས་པ། རྣམ་པ་བཅོ་བརྒྱད་ཀྱིས་ཏེ། འདི་ལྟ་སྟེ། རང་བཞིན་གྱིས་རྣམ་པར་སྨིན་པའི་གནས་ངན་ལེན་དང་རང་བཞིན་གྱིས་ཉོན་མོངས་པའི་གནས་ངན་ལེན་དང་། རང་བཞིན་གྱིས་ལས་ཀྱི་གནས་ངན་ 130-1-124b ལེན་དང་། ཉོན་མོངས་པའི་སྒྲིབ་པའི་གནས་ངན་ལེན་དང་། ལས་ཀྱི་སྒྲིབ་པའི་གནས་ངན་ལེན་དང་། རྣམ་པར་སྨིན་པའི་སྒྲིབ་པའི་གནས་ངན་ལེན་དང་། སྒྲིབ་པའི་གནས་ངན་ལེན་དང་། ལེགས་པར་རྟོགས་པ་མ་ཡིན་པའི་གནས་ངན་ལེན་དང་། མྱ་ངན་གྱི་གནས་ངན་ལེན་དང་། འཇིགས་ པའི་གནས་ངན་ལེན་དང་། ངལ་བའི་གནས་ངན་ལེན་དང་། ཟས་ཀྱི་གནས་ངན་ལེན་དང་། གཉིད་ཀྱི་གནས་ངན་ལེན་དང་། འཁྲིག་པའི་གནས་ངན་ལེན་དང་། ཁམས་མ་སྙོམས་པའི་གནས་ངན་ལེན་དང་། ན་ཚོད་འགྱུར་བའི་གནས་ངན་ལེན་དང་། འཆི་བའི་གནས་ངན་ལེན་དང་། གཞན་ཡང་ཐམས་ཅད་དུ་འགྲོ་བའི་གནས་ངན་ལེན་ཏེ་དེ་ནི་སྔ་མ་བཞིན་དུ་བལྟ་བར་བྱའོ། །དེ་ལ་དམིགས་པའི་འཇུག་པ་དང་། ཀུན་ཏུ་འབྱུང་བའི་འཇུག་པ་ནི་རང་གི་གནས་སུ་བརྗོད་པར་བྱའོ། །རྣམ་པ་རབ་ཏུ་དབྱེ་བའི་འཇུག་པ་ནི་འདི་ལྟ་སྟེ། ཕུང་པོ་ལ་མཁས་པའི་སྐབས་སུ་སྔར་བསྟན་ པ་བཞིན་དུ་བལྟ་བར་བྱའོ། །སྟོབས་དང་ལྡན་པ་དང་། སྟོབས་དང་ལྡན་པ་མ་ཡིན་པའི་འཇུག་པ་ཡང་འདི་ལྟ་སྟེ། སའི་དངོས་གཞིར་སྔར་བསྟན་པ་ཁོ་ན་བཞིན་དུ་བལྟ་བར་བྱའོ། །དེ་ལ་རྒྱུ་དང་འབྲས་བུའི་འཇུག་པ་ནི་འདི་ལྟ་སྟེ། ཉོན་མོངས་པ་ཡང་ཉོན་མོངས་པའི་རྒྱུ་ལས་ བྱུང་བ་ཡིན་ལ། ལས་ཀྱང་ཉོན་མོངས་པའི་རྒྱུ་ལས་བྱུང་བ་ཡིན། སྐྱེ་བ་ཡང་ཉོན་མོངས་པའི་རྒྱུ་ལས་བྱུང་བ་ཡིན་ནོ། །འབྲས་བུའང་དེ་བཞིན་དུ་ཅི་རིགས་པར་བལྟ་བར་བྱ་སྟེ། དེ་ལ་ཉོན་མོངས་པ་གང་དག་ཡིན་པ་དེ་དག་ལས། ཁ་ཅིག་མི་དགེ་བ་འདོད་པ་ན་སྤྱོད་པ་རྣམས་ནི་རྣམ་པར་ སྨིན་པ་དང་བཅས་པ་ཡིན་ནོ། །དེ་ལས་གཞན་པ་རྣམས་ནི་རྣམ་པར་སྨིན་པ་མེད་པ་ཡིན་ནོ། །དེ་ལ་ལོག་པར་བསྒྲུབ་པའི་འཇུག་པ་ནི་སའི་དངོས་གཞིར་མདོར་བསྟན་པ་ལས་རྣམ་པ་བདུན་བཤད་པ་སྟེ། དེའི་རབ་ཏུ་དབྱེ་བ་གང་ཞེ་ན། དེ་ལ་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་ པར་ལྟ་བ་དང་ལོག་པར་ལྟ་བ་ནི་ཤེས་བྱའི་ལོག་པར་རྟོག་པས་འཕགས་པའི་བདེན་པ་བཞི་པོ་དག་ལ་ལོག་པར་ཞུགས་པ་ཡིན་ནོ། །མ་རིག་པ་ནི་དེ་མ་རྟོགས་པ་ལས་སོ། །ཐེ་ཚོམ་ནི་དེ་རྟོགས་པ་དང་མ་རྟོགས་པ་ལས་སོ། །ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་། བརྟུལ་ 130-1-125a ཞུགས་མཆོག་ཏུ་འཛིན་པ་དང་འདོད་ཆགས་ལ་སོགས་པ་ལྟ་བ་ལ་དམིགས་པ་མཐོང་བས་སྤང་བར་བྱ་བ་གང་དག་ཡིན་པ་དེ་དག་ཐམས་ཅད་ཀྱང་ལོག་པར་རྟོག་པ་ལ་མངོན་པར་ཞེན་པས། ལོག་པར་ཞུགས་པ་ཡིན་ཏེ། དེ་དག་ཐམས་ཅད་ཀྱང་སྡུག་བསྔལ་གྱི་ བདེན་པ་དང་ཀུན་འབྱུང་བའི་བདེན་པ་ལ་ནི་དེའི་རྒྱུའི་གཞིའི་གནས་ལས་ལོག་པར་ཞུགས་པ་ཡིན་ནོ། །དེ་དག་ཐམས་ཅད་ཀྱང་འགོག་པའི་བདེན་པ་དང་ལམ་གྱི་བདེན་པ་ལ་ནི་དེས་སྐྲག་པར་ཀུན་ཏུ་སྐྱེ་བ་ལས་ལོག་པར་ཞུགས་པ་ཡིན་ནོ། །དེ་དག་ཐམས་ཅད་ལས་རང་བཞིན་གང་དག་ཡིན་པ་དེ་ དག་ནི་བསྒོམ་པའི་ལམ་ལ་རང་བཞིན་དུ་ཀུན་ཏུ་སྤྱོད་པ་ལས་ལོག་པར་ཞུགས་པ་ཡིན་ནོ། །དེ་ལ་སྔར་འདུལ་བའི་དབང་དུ་ཉོན་མོངས་པ་རྣམས་ཀྱི་མི་མཐུན་པའི་ཕྱོགས་དང་གཉེན་པོ་ཤིན་ཏུ་རགས་པ་བསྟན་པ་ནི་འདི་ལྟ་སྟེ། གདུལ་བ་རྣམས་ཉོན་མོངས་པ་དག་ལ་ལོག་པར་བསྒྲུབ་པ་སྣ་ ཚོགས་ཀྱི་ཉེས་པ་ཁོང་དུ་ཆུད་པ་བསྐྱེད་པར་བྱ་བའི་ཕྱིར་ཉོན་མོངས་པ་རྣམས་ཀྱི་ལོག་པར་བསྒྲུབ་པ་རྣམ་པར་གཞག་པ་ཡོངས་སུ་བསྟན་པ་ཡིན་གྱི། འདིར་ནི་ཉོན་མོངས་པ་རྣམས་ཀྱི་ལོག་པར་བསྒྲུབ་པ་རྣམ་པར་གཞག་པ་ཤིན་ཏུ་ཆ་ཕྲ་བའི་རྣམ་པ་ཇི་ལྟ་བ་བཞིན་དུ་དབྱེ་བས་ཡོངས་སུ་བསྟན་ཏོ། ། ཉོན་མོངས་པ་དེ་དག་ལས་དུ་ནི་གཞི་དང་བཅས་པ་ཡིན་ལ་དུ་ནི་གཞི་མེད་པ་ཡིན་ཞེ་ན། སྨྲས་པ། ལྟ་བ་རྣམས་དང་ང་རྒྱལ་ནི་གཞི་མེད་པ་ཡིན་ཏེ། དེ་དག་ནི་འདུ་བྱེད་རྣམས་ལ་བདག་མེད་བཞིན་དུ་ཡོངས་སུ་བརྟགས་ནས་འཇུག་པའི་ཕྱིར། འདོད་ཆགས་དང་ཁོང་ཁྲོ་བ་ནི་གཞི་དང་བཅས་ པ་ཡིན་ནོ། །མ་རིག་པ་དང་ཐེ་ཚོམ་ནི་གཉི་གར་རིག་པར་བྱའོ། །ཉོན་མོངས་པ་དེ་དག་ལས་དུ་ནི་བདེ་བའི་དབང་པོ་དང་མཚུངས་པར་ལྡན་པ་ཡིན་ལ་དུ་ནི་བཏང་སྙོམས་ཀྱི་དབང་པོའི་བར་དག་དང་མཚུངས་པར་ལྡན་པ་ཡིན་ཞེ་ན། སྨྲས་པ། གང་དག་རང་བཞིན་གྱིས་ཉོན་མོངས་པ་ཡིན་པ་ དེ་དག་ཐམས་ཅད་ནི་ཚོར་བ་གསུམ་པོ་དག་ལ་གང་གི་ཕྱིར་དམིགས་ཤིང་ཀུན་ཏུ་སྤྱོད་པར་བྱེད་པ་དེའི་ཕྱིར་རྣམ་པར་ཤེས་པའི་ཚོགས་ཐམས་ཅད་དང་ལྡན་པ་གང་དག་ཡིན་པ་དེ་དག་ནི་དབང་པོ་ཐམས་ཅད་དང་མཚུངས་པར་ལྡན་པ་ཡིན་ནོ། །རྣམ་པར་ཤེས་པའི་ཚོགས་ཐམས་ཅད་དང་མི་ལྡན་ 130-1-125b པ་གང་དག་ཡིན་པ་དེ་དག་ནི་ཡིད་ལས་བྱུང་བའི་དབང་པོ་ཐམས་ཅད་དང་མཚུངས་པར་ལྡན་པ་ཡིན་ནོ། །རང་བཞིན་པ་གང་དག་ཡིན་པ་དེ་དག་གི་མཚུངས་པར་ལྡན་པ་ནི་ཅི་རིགས་པར་བརྗོད་པར་བྱ་སྟེ། འདོད་ཆགས་ནི་ལན་འགའ་བདེ་བ་དང་ཡིད་བདེ་བ་དག་དང་མཚུངས་པར་ལྡན་པར་ བྱེད་ལ། ལན་འགའ་ནི་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དག་དང་ངོ་། །ལན་འགའ་ནི་བཏང་སྙོམས་དང་མཚུངས་པར་ལྡན་པར་བྱེད་དོ། །དེ་ཇི་ལྟ་བུ་ཞེ་ན། སྨྲས་པ། འདི་ལྟར་འདི་ན་ལ་ལ་བདེ་བའི་ཚོར་བ་དང་ཕྲད་པར་སྲེད་པའམ་མི་འབྲལ་པར་སྲེད་པ་མངོན་དུ་བྱས་ཤིང་ གནས་ཏེ། དེ་ལྟར་གྱུར་པ་དེ་བདེ་བའི་ཚོར་བ་དང་མ་ཕྲད་ཅིང་ཕྲད་པར་མ་གྱུར་ལ་བྲལ་ཞིང་ལྡན་པར་མ་གྱུར་པ་དང་སྡུག་བསྔལ་གྱི་ཚོར་བ་དང་མི་ཕྲད་པར་སྲེད་པ་དང་བྲལ་བར་སྲེད་པ་མངོན་དུ་བྱས་ཤིང་གནས་ཏེ། དེ་ལྟར་གྱུར་པ་དེ་སྡུག་བསྔལ་གྱི་ཚོར་བ་དང་ཕྲད་ཅིང་མ་ཕྲད་པར་མ་གྱུར་ ལ། མ་བྲལ་ཞིང་བྲལ་བར་མ་གྱུར་པ་དེ་ལྟ་ན་འདོད་ཆགས་ནི་ལན་འགའ་སྡུག་བསྔལ་དང་ཡིད་མི་བདེ་བ་དག་དང་མཚུངས་པར་ལྡན་པར་བྱེད་པ་ཡིན་ནོ། །དེ་ལས་བཟློག་པ་ལས་ནི་བདེ་བ་དང་ཡིད་བདེ་བ་དེ་དག་དང་མཚུངས་པར་ལྡན་པ་ཡིན་པར་རིག་པར་བྱའོ། །འདོད་ཆགས་སྡུག་ བསྔལ་ཡང་མ་ཡིན་བདེ་བའང་མ་ཡིན་པའི་གནས་སྐབས་ལ་རོ་མྱང་བ་ལས་ནི་བཏང་སྙོམས་ཀྱི་དབང་པོ་དང་མཚུངས་པར་ལྡན་པར་རིག་པར་བྱའོ། །ཁོང་ཁྲོ་བ་ནི་ལན་འགའ་སྡུག་བསྔལ་དང་ཡིད་མི་བདེ་བ་དག་དང་མཚུངས་པར་ལྡན་པར་བྱེད་པ་ལ་ལན་འགའ་ནི་བདེ་བ་དང་ཡིད་བདེ་བ་དག་ དང་མཚུངས་པར་ལྡན་པར་བྱེད་དོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། སྨྲས་པ། འདི་ལྟར་འདི་ན་ཁ་ཅིག་བདག་ཉིད་ཀྱི་ལུས་ལ་སྡུག་བསྔལ་གྱིས་གནོད་པའམ་སེམས་ལ་གནོད་པའི་ཞེ་འགྲས་པའི་སེམས་དང་ལྡན་པར་གྱུར་ནས་བདག་ཉིད་ཀྱི་སྡུག་བསྔལ་གྱི་གནས་སྐབས་དེ་ཉིད་ཡིད་ ལ་བྱེད་དམ། འདུ་བྱེད་མི་འདོད་པ་དག་གམ་སེམས་ཅན་མི་འདོད་པ་དག་གམ་ཆོས་མི་འདོད་པ་དག་ལ་ཞེ་འགྲས་པ་དང་ལྡན་པའི་སེམས་ཡིད་ལ་བྱེད་པ་དེ་ལྟ་ན། ཁོང་ཁྲོ་བ་སྡུག་བསྔལ་དང་ཡིད་མི་བདེ་བ་དག་དང་མཚུངས་པར་ལྡན་པར་བྱེད་པ་ཡིན་ནོ། །འདི་ལྟར་འདི་ན་ཁ་ 130-1-126a ཅིག་དགྲར་གྱུར་པའི་སེམས་ཅན་མི་འདོད་པ་རྣམས་ལ་ཞེ་འགྲས་པའི་སེམས་དང་ལྡན་པ་ནི་སྡུག་བསྔལ་བར་འགྱུར་བའམ་གྱུར་པ་ཡིད་ལ་བྱེད་པ་དང་བདེ་བར་མི་འགྱུར་བ་དང་རྒུད་པ་ཡིད་ལ་བྱེད་པ་དེ་ལྟར་ན་ཁོང་ཁྲོ་བ་བདེ་བ་དང་ཡིད་བདེ་བ་དག་དང་མཚུངས་པར་ ལྡན་པར་བྱེད་པ་ཡིན་ནོ། །དེ་ལ་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་ནི་བདེ་བ་དང་ལྡན་པའི་ཕུང་པོ་རྣམས་ལ། བདག་གམ་བདག་གི་དང་རྟག་པར་ཡང་དག་པར་རྗེས་སུ་མཐོང་བ་ལས་ནི་ཡིད་བདེ་བའི་དབང་པོ་དང་མཚུངས་པར་ལྡན་པར་བྱེད་དོ། །སྡུག་བསྔལ་བ་དང་ ལྡན་པའི་ཕུང་པོ་རྣམས་ལ་བདག་གམ་བདག་གི་དང་རྟག་པར་ཡང་དག་པར་རྗེས་སུ་མཐོང་བ་ལས་ནི་ཡིད་མི་བདེ་བའི་དབང་པོ་དང་མཚུངས་པར་ལྡན་པར་བྱེད་དོ། །བཏང་སྙོམས་དང་ལྡན་པའི་ཕུང་པོ་རྣམས་ལ་བདག་གམ་བདག་གི་དང་རྟག་པར་ཡང་དག་པར་རྗེས་སུ་མཐོང་བ་ལས་ནི་ བཏང་སྙོམས་ཀྱི་དབང་པོ་དང་མཚུངས་པར་ལྡན་པར་བྱེད་དོ། །ཆད་པར་ལྟ་བས་བསྡུས་པའི་མཐར་འཛིན་པར་ལྟ་བ་ནི་དེ་ལས་བཟློག་པ་ལས་རིག་པར་བྱའོ། །ལྟ་བ་མཆོག་ཏུ་འཛིན་པ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་ལྟ་བ་དེ་དག་མཆོག་ཏུ་འཛིན་པ་དེ་བཞིན་ དུ་མཚུངས་པར་ལྡན་པར་ཅི་རིགས་པར་རིག་པར་བྱའོ། །ལོག་པར་ལྟ་བ་ནི་ལེགས་པར་བྱ་བ་བྱེད་པ་རྣམས་ཀྱི་གང་ཡིན་པ་དེ་ནི་ཡིད་མི་བདེ་བ་དང་མཚུངས་པར་ལྡན་པ་ཡིན་པར་རིག་པར་བྱའོ། །ཉེས་པར་བྱ་བ་བྱེད་པ་རྣམས་ཀྱི་གང་ཡིན་པ་དེ་ནི་ཡིད་བདེ་བ་དང་མཚུངས་པར་ལྡན་པ་ ཡིན་པར་རིག་པར་བྱའོ། །ང་རྒྱལ་ནི་ལན་འགའ་ཡིད་བདེ་བ་དང་མཚུངས་པར་ལྡན་པར་བྱེད་ལ་ལན་འགའ་ནི་ཡིད་མི་བདེ་བ་དང་མཚུངས་པར་ལྡན་པར་བྱེད་དོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། སྨྲས་པ། ང་རྒྱལ་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། ཁེངས་པའི་ང་རྒྱལ་དང་། འདུད་ པའི་ང་རྒྱལ་ལོ། །དེ་ལ་ཁེངས་པའི་ང་རྒྱལ་ནི་ཁེངས་པ་རྣམ་པ་གསུམ་གྱིས་རིག་པར་བྱ་སྟེ། ཁེངས་པ་རྣམ་པ་གསུམ་གང་ཞེ་ན། འདི་ལྟ་སྟེ། ཡོངས་སུ་འཇལ་བས་ཁེངས་པ་དང་། སྲིད་པས་ཁེངས་པ་དང་། རྙེད་པ་དང་བཀུར་སྟིས་ཁེངས་པའོ། །དེ་ལ་ཁེངས་པའི་ང་ 130-1-126b རྒྱལ་ནི་ཡིད་བདེ་བ་དང་མཚུངས་པར་ལྡན་པར་བྱེད་དོ། །འདོད་པའི་ང་རྒྱལ་ནི་དེ་ལས་བཟློག་པ་སྟེ། ཡིད་མི་བདེ་བ་དང་མཚུངས་པར་ལྡན་པར་བྱེད་དོ། །ཐེ་ཚོམ་ནི་རྙིད་པའམ་བཀུར་སྟིའམ། གྲགས་པའམ་བསྟོད་པའམ་བདེ་བའམ། བདེ་འགྲོ་ལ་ངེས་པ་རྣམས་ལ་གཞན་དག་གིས་ཐེ་ ཚོམ་བསྐྱེད་པ་ནི་ཡིད་མི་བདེ་བ་དང་མཚུངས་པར་ལྡན་པར་བྱེད་དོ། །རྙེད་པ་མེད་པའམ་བཀུར་སྟི་མེད་པའམ་གྲགས་པ་མེད་པའམ་སྨད་པའམ་སྡུག་བསྔལ་བའམ། ངན་འགྲོ་ལ་ངེས་པ་རྣམས་ལ་གཞན་དག་གིས་ཐེ་ཚོམ་བསྐྱེད་པ་ནི་ཡིད་བདེ་བ་དང་མཚུངས་པར་ལྡན་པར་བྱེད་དོ། ། མ་རིག་པ་ནི་ལྔ་ཆར་དང་མཚུངས་པར་ལྡན་པར་བྱེད་དོ། །མཚུངས་པར་ལྡན་པ་ཉེ་བར་སྦྱར་བའི་དཔེ་ལྷག་མ་རྣམས་ནི་མི་སྣང་ངོ་། །དེ་ལ་སྔར་ནི་མི་འཆོལ་བར་བྱ་བའི་ཕྱིར་ཉོན་མོངས་པ་རྣམས་དང་དབང་པོའི་མཚུངས་པར་ལྡན་པའི་ཚུལ་ཆེ་ལོང་རྣམ་པར་གཞག་པ་ཡིན་གྱི་འདིར་ནི་རང་གི་ དང་གཞན་གྱི་རྒྱུ་རྣམ་པ་སྣ་ཚོགས་ཀྱི་འཇུག་པ་རབ་ཏུ་དབྱེ་བའི་ཕྱིར་ཚུལ་ཞིབ་མོས་རྣམ་པར་གཞག་པ་ཡིན་ནོ། །ཉོན་མོངས་པའི་རིས་ནི་མདོར་བསྡུ་ན་གསུམ་པོ་འདི་དག་ཡིན་ཏེ། འདོད་པ་དང་ལྡན་པ་དང་གཟུགས་དང་ལྡན་པ་དང་གཟུགས་མེད་པ་དང་ལྡན་པའོ། །ཉོན་མོངས་པའི་རིས་ གསུམ་པོ་དེ་དག་ལས་དུ་ནི་མི་དགེ་བ་ཡིན་དུ་ནི་ལུང་མ་བསྟན་པ་ཡིན་ཞེ་ན། སྨྲས་པ། དེ་དག་ལས་དང་པོ་ཁ་ཅིག་ནི་མི་དགེ་བ་ཡིན་ནོ། །གཉིས་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །མི་དགེ་བ་གང་ཡིན་པ་དེ་ནི་རྣམ་པར་སྨིན་པ་དང་བཅས་པ་ཡང་ཡིན་པར་བལྟ་བར་བྱའོ། །དུ་ནི་བདག་ཉིད་ མང་པོ་ཡིན་ལ་དུ་ནི་བདག་ཉིད་ཉུང་དུ་ཡིན་ཞེ་ན། སྨྲས་པ། དང་པོ་ནི་བདག་ཉིད་མང་པོ་ཡིན་ནོ། །ལྷག་མ་དག་ནི་དེ་ལྟ་མ་ཡིན་ནོ། །བདག་ཉིད་མང་པོ་དང་བདག་ཉིད་ཉུང་ངུ་ཇི་ལྟ་བ་བཞིན་དུ་ཤས་ཆེ་བ་དང་ཡུན་རིང་བ་དང་ཉོན་མོངས་པ་ཅན་གྱི་རང་བཞིན་དང་། ཤས་ཆེ་བ་དང་ཡུན་ རིང་བ་དང་ཉོན་མོངས་པ་ཅན་གྱི་རང་བཞིན་མ་ཡིན་པ་དང་། ཕྱིར་བལྟས་པའི་ཀུན་ནས་ཉོན་མོངས་པ་ཀུན་ནས་སློང་བར་བྱེད་པ་དང་། ཁ་ནང་དུ་བལྟས་པའི་ཀུན་ནས་ཉོན་མོངས་པ་ཀུན་ནས་སློང་བར་བྱེད་པ་དང་། ཉེས་པར་སྤྱོད་པ་ཀུན་ནས་སློང་བར་བྱེད་པ་དང་། ཉེས་པར་སྤྱོད་པ་ཀུན་ 130-1-127a ནས་སློང་བར་བྱེད་པ་མ་ཡིན་པ་དང་། སྡུག་བསྔལ་མང་པོ་སྐྱེད་པར་བྱེད་པ་དང་། སྡུག་བསྔལ་ཉུང་ངུ་སྐྱེད་པར་བྱེད་པ་དང་། ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པ་དང་། ཁ་ན་མ་ཐོ་བ་ཆུང་ངུ་དང་བཅས་པ་དང་། བུལ་བར་འདོད་ཆགས་དང་བྲལ་བ་དང་། མྱུར་ དུ་འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་དང་མ་བྲལ་བས་རབ་ཏུ་ཕྱེ་བ་དང་། འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བ་དང་། ཏིང་ངེ་འཛིན་དང་མི་མཐུན་པ་དང་། ཏིང་ངེ་འཛིན་དང་མི་མཐུན་པ་མེད་པ་དང་། རྣམ་པ་དུ་མར་སྐྱེ་བར་ངེས་པ་དང་། རྣམ་པ་གཅིག་ཏུ་ སྐྱེ་བར་ངེས་པ་རྣམས་ཀྱང་དེ་བཞིན་དུ་རིག་པར་བྱའོ། །བར་སྡོམ་ནི། མང་དང་ཉོན་མོངས་ཅན་དང་ནི། །སྤྱོད་དང་སྡུག་བསྔལ་ཉིད་དང་སྤང་། །ཁ་ན་མ་ཐོ་བུལ་བྲལ་དང་། །ཏིང་ངེ་འཛིན་དང་སྐྱེ་བའོ། །ཉོན་མོངས་པ་རྣམས་ནི་ཇི་ལྟར་ནི་སྤོང་བར་འགྱུར། ཇི་ཙམ་གྱིས་ ན་ཉོན་མོངས་པ་རྣམས་སྤངས་པར་བརྗོད་པར་བྱ། ཉོན་མོངས་པ་གང་ལས་ནི་སྤང་བར་བྱ། ཅི་ཉོན་མོངས་པ་ཅིག་ཅར་རམ་འོན་ཏེ་རིམ་གྱིས་སྤང་བར་བྱ། གོ་རིམས་གང་གིས་ནི་ཉོན་མོངས་པ་སྤང་བར་བྱ། ཉོན་མོངས་པ་སྤོང་བ་ལ་རྣམ་པ་ནི་དུ་ཡོད། ཉོན་མོངས་པ་སྤངས་པའི་ རྟགས་ནི་གང་དག་ཡིན། ཉོན་མོངས་པ་སྤངས་པའི་ཕན་ཡོན་ནི་གང་ཞེ་ན། སྨྲས་པ། ཚོགས་ཡང་དག་པར་བསྒྲུབས་པ་དང་སྦྱོར་བའི་ས་ལ་ཞུགས་པ་དང་མཐོང་བའི་ས་ཐོབ་པ་དང་། སྒོམ་པའི་ས་ཡོངས་སུ་འདྲིས་པས་ནི་ཉོན་མོངས་པ་སྤང་བར་བྱའོ། །མཐར་ཐུག་པའི་ས་ ཐོབ་པ་ལས་ནི་ཉོན་མོངས་པ་སྤངས་པར་བརྗོད་པར་བྱའོ། །རྣམ་གྲངས་གཞན་ཡང་རྣལ་འབྱོར་རྣམ་པ་བཞི་བསྒོམས་པས་ནི་ཉོན་མོངས་པ་སྤང་བར་བྱའོ། །ལེགས་པར་བསྒོམས་པས་ནི་སྤངས་པར་བརྗོད་པར་བྱའོ། །རྣལ་འབྱོར་རྣམ་པ་བཞི་ནི་འདི་ལྟ་སྟེ་ཉན་ཐོས་ཀྱི་སར་བསྟན་ པ་བཞིན་ནོ། །རྣམ་གྲངས་གཞན་ཡང་སེམས་ཀྱི་རྒྱུད་ཡོངས་སུ་སྨིན་པ་དང་རྗེས་སུ་མཐུན་པའི་གདམས་ངག་དང་སོ་སོའི་རང་གི་ཚུལ་བཞིན་ཡིད་ལ་བྱེད་པ་དང་གཉེན་པོ་སྐྱེད་པས་ནི་ཉོན་མོངས་པ་སྤང་བར་བྱའོ། །གཉེན་པོ་མཐར་ཐུག་པར་གྱུར་པ་ཉིད་ཀྱིས་ནི་སྤངས་པར་བརྗོད་ 130-1-127b པར་བྱའོ། །རྣམ་གྲངས་གཞན་ཡང་ཉོན་མོངས་པའི་གཞི་ཡོངས་སུ་ཤེས་པ་དང་། ཉོན་མོངས་པའི་ངོ་བོ་ཉིད་ཡོངས་སུ་ཤེས་པ་དང་། ཉོན་མོངས་པའི་ཉེས་དམིགས་ཡོངས་སུ་ཤེས་པ་དང་། བྱུང་བ་དང་དུ་མི་ལེན་པ་དང་། གཉེན་པོ་ཡོངས་སུ་འཛིན་པས་ནི་ཉོན་མོངས་ པ་སྤང་བར་བྱའོ། །གཉེན་པོ་བསྐྱེད་པས་ནི་སྤངས་པར་བརྗོད་པར་བྱའོ། །རྣམ་གྲངས་གཞན་ཡང་ཞི་གནས་ལ་གོམས་པ་དང་ལྷག་མཐོང་ལ་གོམས་པས་ནི་ཉོན་མོངས་པ་སྤང་བར་བྱའོ། །མཚན་མའི་འཆིང་བ་ལས་ངེས་པར་གྲོལ་བ་དང་གནས་ངན་ལེན་གྱི་འཆིང་བ་ལས་ངེས་པར་ གྲོལ་བས་ནི་སྤངས་པར་བརྗོད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། སྐྱེ་བ་པོ་ཡི་ཞི་གནས་དང་། །ལྷག་མཐོང་གོམས་པར་བྱས་ན་ནི། །གནས་ངན་ལེན་གྱི་འཆིང་བ་དང་། །མཚན་མའི་འཆིང་ལས་གྲོལ་བར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །རྣམ་གྲངས་གཞན་ ཡང་དམིགས་པ་ཡོངས་སུ་ཤེས་པ་དང་། དམིགས་པ་ལ་མངོན་པར་དགའ་བས་ནི་ཉོན་མོངས་པ་སྤང་བར་བྱའོ། །གནས་ངན་འགགས་པ་དང་གནས་གྱུར་པས་ནི་སྤངས་པར་བརྗོད་པར་བྱའོ། །ཉོན་མོངས་པས་ནི་མཚུངས་པར་ལྡན་པ་དང་དམིགས་པ་ལས་སྤང་བར་བྱ་སྟེ། འདི་ ལྟར་གཉེན་པོ་སྐྱེས་ན་ཉོན་མོངས་པ་མི་སྐྱེ་ཞིང་མི་སྐྱེ་བའི་ཆོས་ཅན་དུའང་འགྱུར་བས་མཚུངས་པར་ལྡན་པ་དེ་ལས་སྤངས་པ་ཡིན་ནོ། །མཚུངས་པར་ལྡན་པ་ལས་སྤངས་ན་དམིགས་པར་བྱེད་པས་དམིགས་པ་དེ་ལས་ཀྱང་སྤངས་པ་ཡིན་ནོ། །ཉོན་མོངས་པ་ནི་གཅིག་ཅར་སྤོང་པར་རིག་པར་བྱའི་ རིམ་གྱིས་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མངོན་པར་རྟོགས་པའི་ཤེས་པ་བདེན་པ་མངོན་པར་རྟོགས་པས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤོང་བར་འགྱུར་ལ། མངོན་པར་རྟོགས་པ་དེའང་བདེན་པ་འདྲེན་པ་ལ་དམིགས་པའི་ཡིད་ལ་བྱེད་པ་དང་ མཚུངས་པར་ལྡན་པ་ཡིན་པས། དེའི་ཕྱིར་སེམས་གསུམ་གྱིས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྡུག་བསྔལ་ལ་སོགས་པ་ལ་ལོག་པར་ཞུགས་པ་ཐམས་ཅད་ཅིག་ཅར་སྤོང་བར་འགྱུར་པའི་ཕྱིར་རོ། །བསྒོམ་པས་སྤང་བར་བྱ་བ་རྣམས་ནི་རིམ་གྱིས་སྤང་བར་རིག་པར་བྱ་སྟེ། ལམ་ 130-1-128a གོམས་པར་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །དང་པོར་ནི་འདི་ལྟ་སྟེ། ཁྱིམ་ན་གནས་པས་མི་དགེ་བའི་ལས་ཀྱི་མཐའ་རྣམས་དང་སྡིག་པ་ཅན་གྱི་ལྟ་བ་སྤང་བར་བྱའོ། །དེའི་འོག་ཏུ་རབ་ཏུ་བྱུང་བ་ལ་མངོན་པར་དགའ་བའི་གགས་སུ་གྱུར་པ་འདོད་པའི་རྣམ་པར་ རྟོག་པ་དང་གནོད་སེམས་ཀྱི་རྣམ་པར་རྟོག་པ་དང་། རྣམ་པར་འཚེ་བའི་རྣམ་པར་རྟོག་པ་སྤང་བར་བྱའོ། །དེའི་འོག་ཏུ་སེམས་མཉམ་པར་གཞག་པའི་ཏིང་ངེ་འཛིན་གྱི་གགས་སུ་གྱུར་པ་ཉེ་དུའི་རྣམ་པར་རྟོག་པ་དང་ཡུལ་གྱི་རྣམ་པར་རྟོག་པ་དང་མི་འཆི་བའི་རྣམ་པར་རྟོག་པ་སྤང་ བར་བྱའོ། །དེའི་འོག་ཏུ་ཡིད་ལ་བྱེད་པ་ལ་ཐོབ་པའི་གགས་སུ་གྱུར་པ་དབེན་པ་ལ་མངོན་པར་མི་དགའ་བའི་ཕྱོགས་དང་མཐུན་པའི་ལུས་ཀྱི་གནས་ངན་ལེན་སྤང་བར་བྱའོ། །དེའི་འོག་ཏུ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤང་བར་བྱའོ། །དེའི་འོག་ཏུ་བསྒོམ་པས་སྤོང་བར་བྱ་བའི་ཉོན་ མོངས་པ་སྤང་བར་བྱའོ། །དེའི་འོག་ཏུ་སྡུག་བསྔལ་དང་ཡིད་མི་བདེ་བ་དང་འབྲེལ་པའོ། །དེའི་འོག་ཏུ་བདེ་བ་དང་ཡིད་བདེ་བ་དང་འབྲེལ་པའོ། །དེའི་འོག་ཏུ་བཏང་སྙོམས་དང་འབྲེལ་པའོ། །དེའི་འོག་ཏུ་སྙོམས་པར་འཇུག་པ་ལ་སྒྲིབ་པའི་ཕྱོགས་དང་མཐུན་པའི་སྒྲིབ་པ་སྤང་བར་བྱའོ། ། དེའི་འོག་ཏུ་དེ་དག་ལས་གང་ཟག་ཁ་ཅིག་གིས་ནི་ཤེས་བྱའི་སྒྲིབ་པའི་ཕྱོགས་དང་མཐུན་པའི་སྒྲིབ་པ་སྤང་བར་བྱ་སྟེ། དེ་ལྟར་གོ་རིམས་དེས་ཉོན་མོངས་པ་སྤང་བར་བྱའོ། །ཉོན་མོངས་པ་སྤོང་བ་ལ་རྣམ་པ་ནི་མང་དུ་ཡོད་པར་བལྟ་བར་བྱའོ། །དེ་ཡང་མདོར་བསྡུ་ན་རྣམ་པ་གཉིས་ཏེ། ཀུན་ནས་ དཀྲིས་པ་སྤོང་བ་དང་། བག་ལ་ཉལ་སྤོང་བའོ། །དེ་ལ་ཀུན་ནས་དཀྲིས་པ་སྤོང་བ་དང་འདོད་ཆགས་སྤོང་བ་དང་ཞེ་སྡང་སྤོང་བ་དང་ཐེ་ཚོམ་གྱི་བར་དུ་སྤོང་བ་དང་འཇིག་ཚོགས་ལ་ལྟ་བ་སྤོང་བ་དང་། ལོག་པར་ལྟ་བའི་བར་དུ་སྤོང་བ་དང་། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་སྤོང་བ་དང་། བསྒོམ་པས་སྤང་བར་བྱ་བའི་བར་དུ་སྤོང་བ་དང་། འདོད་པ་དང་ལྡན་པ་སྤོང་བ་དང་། གཟུགས་མེད་པ་དང་ལྡན་པའི་བར་དུ་སྤོང་བ་དང་། རྣམ་པར་གཡེང་བ་སྤོང་བ་དང་གཞན་འདེབས་པའི་སྤོང་བ་དང་། རྩེ་འཇིལ་བར་བྱེད་པའི་སྤོང་བ་དང་། རྣམ་པར་གནོན་པའི་སྤོང་བ་དང་། འབྲལ་ 130-1-128b བའི་སྤོང་བའོ། །དེ་ལ་འབྲལ་བའི་སྤོང་བ་གང་ཡིན་པ་དེ་ནི་བག་ལ་ཉལ་སྤོང་བ་ཡིན་པར་བལྟ་བར་བྱའོ། །དེ་ལ་ཉོན་མོངས་པ་སྤངས་པ་ནི་ཀུན་ཏུ་ཆགས་པར་འགྱུར་བའི་ཆོས་དམན་པའང་གྱ་ནོམ་པ་དང་ཕྲད་པའམ་ལྐོག་ན་འདུག་པ་དག་ལ་ཤས་ཆེར་ལྟ་ཞིང་དཔྱོད་པར་བྱེད་ཀྱང་ཀུན་ཏུ་ ཆགས་པར་མི་འགྱུར་རོ། །ཇི་ལྟར་ཀུན་ཏུ་ཆགས་པར་འགྱུར་བའི་ཆོས་རྣམས་ལ་ཀུན་ཏུ་ཆགས་པར་མི་འགྱུར་བ་དེ་བཞིན་དུ་ཞེ་སྡང་བར་འགྱུར་བའི་ཆོས་རྣམས་ལ་ཡང་ཞེ་སྡང་བར་མི་འགྱུར་ལ། ཀུན་ཏུ་རྨོངས་པར་འགྱུར་བའི་ཆོས་རྣམས་ལ་ཡང་ཀུན་ཏུ་རྨོངས་པར་མི་འགྱུར་རོ། ། དེ་བཞིན་དུ་མིག་གིས་གཟུགས་རྣམས་མཐོང་ན་ཡིད་བདེ་བར་ཡང་མི་འགྱུར་ལ། ཡིད་མི་བདེ་བར་ཡང་མི་འགྱུར་བར་དྲན་པ་དང་ཤེས་བཞིན་གྱིས་བཏང་སྙོམས་སུ་གནས་པར་འགྱུར་རོ། །ཇི་ལྟར་མིག་གིས་གཟུགས་རྣམས་མཐོང་བ་བཞིན་དུ་ཡིད་ཀྱིས་ཆོས་རྣམས་མཐོང་བའི་བར་དུ་ ཡང་དེ་བཞིན་ནོ། །དེ་བཞིན་དུ་རང་བཞིན་གྱིས་འདོད་པ་ཆུང་བ་ཡིན་ཏེ་མཆོག་ཏུ་ཡོངས་སུ་གྲུབ་པའི་འདོད་པ་ཆུང་བ་ཉིད་དང་ལྡན་པ་ཡིན་ནོ། །ཇི་ལྟར་འདོད་པ་ཆུང་བ་བཞིན་དུ་ཆོག་ཤེས་པ་དང་རབ་ཏུ་དབེན་པ་དང་བརྩོན་འགྲུས་བརྩམས་པ་དང་། དྲན་པ་ཉེ་བར་གནས་པ་དང་ མཉམ་པར་གཞག་པ་དང་། ཤེས་རབ་དང་ལྡན་པའང་དེ་བཞིན་ནོ། །རང་བཞིན་གྱིས་སྤྲོས་པ་མེད་པ་ལ་དགའ་བ་ཡིན་ཏེ། སྤྲོས་པ་ལ་སོ་སོར་བརྟགས་ནས་སེམས་འཇུག་པར་བྱེད་དེ་དེ་ལྟར་དེ་ལྟ་བུ་དང་མཐུན་པ་དག་ནི་ཉོན་མོངས་པ་སྤངས་པའི་རྟགས་རྣམས་ཡིན་པར་རིག་པར་ བྱའོ། །ཉོན་མོངས་པ་སྤངས་པའི་ཕན་ཡོན་ནི་མང་དུ་ཡོད་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། སྡུག་བསྔལ་དང་ཡིད་མི་བདེ་བ་ལས་རྣམ་པར་འདས་པ་རྗེས་སུ་ཐོབ་པ་ཡིན། བདེ་བ་དང་ཡིད་བདེ་བ་ལས་རྣམ་པར་འདས་པ་རྗེས་སུ་ཐོབ་པ་ཡིན་གཟུགས་དང་ཐོགས་པ་དང་སྣ་ཚོགས་ ཀྱི་འདུ་ཤེས་ལས་རྣམ་པར་འདས་པ་རྗེས་སུ་ཐོབ་པ་ཡིན། ངན་སོང་བའི་སྡུག་བསྔལ་ལས་ཡང་དག་པར་འདས་པ་རྗེས་སུ་ཐོབ་པ་ཡིན། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ལས་ཡང་དག་པར་འདས་པ་རྗེས་སུ་ཐོབ་པ་ཡིན། དབུགས་ཕྱིན་པ་རྗེས་སུ་ཐོབ་པ་ཡིན། མཆོག་ 130-1-129a ཏུ་དབུགས་ཕྱིན་པ་རྗེས་སུ་ཐོབ་པ་ཡིན། བསིལ་བའི་དངོས་པོ་ཐོབ་པ་ཡིན། མཆོག་ཏུ་བསིལ་བའི་དངོས་པོ་རྗེས་སུ་ཐོབ་པ་ཡིན། ཚེ་འདི་ལ་བདེ་བར་གནས་པའི་མཆོག་ཐོབ་པ་དང་རང་གི་སེམས་ལ་དབང་བསྒྱུར་བ་དང་ཇི་ལྟར་འདོད་པ་བཞིན་དུ་རྒྱུ་ཞིང་ གནས་པ་དང་ཡང་ཕྱིར་མི་ལྡོག་པའི་ཆོས་ཅན་དང་བདག་གི་དོན་མཐའ་དག་ཡོངས་སུ་རྫོགས་པ་དང་བྱ་བ་ཐམས་ཅད་ལ་ཆེད་དུ་བརྩལ་མི་དགོས་པ་ཡིན་ནོ། །དེ་དག་ལས་ཁ་ཅིག་ནི་གཞན་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ སྙིང་བརྩེ་བ་དང་ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བའི་ཕྱིར་ཞུགས་པ་ཡང་ཡིན་ཏེ་དེ་ལྟར་དེ་ལྟ་བུ་དང་མཐུན་པ་དག་ནི་ཉོན་མོངས་པ་རྣམས་སྤངས་པའི་ཕན་ཡོན་མང་པོ་དག་ཡིན་པར་རིག་པར་བྱའོ། །ཉོན་མོངས་པ་རྣམས་ཀྱི་དམིགས་པ་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་བཅོ་ ལྔར་རིག་པར་བྱ་སྟེ། མཐའ་དག་ལ་དམིགས་པ་ནི་འདི་ལྟ་སྟེ། འཇིག་ཚོགས་ལ་ལྟ་བ་ལ་སོགས་པའིའོ། །ཕྱོགས་གཅིག་ལ་དམིགས་པ་ནི་འདི་ལྟ་སྟེ། འདོད་ཆགས་དང་ཁོང་ཁྲོ་བ་དང་ང་རྒྱལ་རྣམས་ཀྱིའོ། །གཞི་དང་བཅས་པ་ལ་དམིགས་པ་ནི་འདི་ལྟ་སྟེ། གཞི་དང་ བཅས་པའི་ཉོན་མོངས་པ་རྣམས་ཀྱིའོ། །གཞི་མེད་པ་ལ་དམིགས་པ་ནི་འདི་ལྟ་སྟེ། གཞི་མེད་པ་ལ་དམིགས་པའི་ཉོན་མོངས་པ་རྣམས་ཀྱིའོ། །ནང་ལ་དམིགས་པ་ནི་འདི་ལྟ་སྟེ་མཉམ་པར་གཞག་པ་དང་མཉམ་པར་གཞག་པ་མ་ཡིན་པའི་ས་པའི་ཉོན་མོངས་པ་སྐྱེ་མཆེད་དྲུག་ལ་ དམིགས་པ་རྣམས་ཀྱིའོ། །ཕྱི་རོལ་ལ་དམིགས་པ་ནི་འདི་ལྟ་སྟེ་འདོད་པའི་ཡོན་ཏན་ལྔ་ལ་དམིགས་པའི་ཉོན་མོངས་པ་རྣམས་ཀྱིའོ། །མངོན་སུམ་ལ་དམིགས་པ་ནི་འདི་ལྟ་སྟེ་ད་ལྟར་ལ་དམིགས་པ་ཉོན་མོངས་པ་རྣམས་ཀྱིའོ། །ལྐོག་ལ་དམིགས་པ་ནི་འདི་ལྟ་སྟེ་འདས་པ་དང་མ་ འོངས་པ་ལ་དམིགས་པའི་ཉོན་མོངས་པ་རྣམས་ཀྱིའོ། །རང་གི་རིགས་ལ་དམིགས་པ་ནི་འདི་ལྟ་སྟེ། རང་གི་རིགས་དང་མཐུན་པའི་ཉོན་མོངས་པ་ལ་དམིགས་པ་ཁོ་ནའི་ཉོན་མོངས་པ་རྣམས་ཀྱིའོ། །དེ་ལས་གཞན་པའི་རིགས་ལ་དམིགས་པའི་ཉོན་མོངས་པ་ནི་འདི་ལྟ་སྟེ། གཞན་ 130-1-129b གྱི་རིགས་དང་མཐུན་པའི་ཉོན་མོངས་པ་ལ་དམིགས་པ་ཁོ་ནའི་ཉོན་མོངས་པ་རྣམས་ཀྱི་དང་། འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ཉོན་མོངས་པའི་གཞི་ལ་དམིགས་པའི་ཉོན་མོངས་པ་རྣམས་ཀྱིའོ། །འབྱུང་བ་ལ་དམིགས་པ་ནི་འདི་ལྟ་སྟེ། ཡང་འབྱུང་བའི་སྲིད་པ་ལ་དམིགས་ པའི་ཉོན་མོངས་པ་རྣམས་ཀྱིའོ། །འཇིག་ཚོགས་ལ་དམིགས་པ་ནི་འདི་ལྟ་སྟེ། ཆད་པ་དང་འཇིག་པ་ལ་དམིགས་པའི་ཉོན་མོངས་པ་རྣམས་ཀྱིའོ། །རང་གི་ཡུལ་ལ་དམིགས་པ་ནི་འདི་ལྟ་སྟེ། འདོད་པའི་ཁམས་ནི་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱིའོ། །གཟུགས་ ཀྱི་ཁམས་དང་གཟུགས་མེད་པའི་ཁམས་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱིའོ། །གཞན་གྱི་ཡུལ་ལ་དམིགས་པ་ནི་འདི་ལྟ་སྟེ། གཟུགས་ཀྱི་ཁམས་ནི་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱིའོ། །གཟུགས་མེད་པའི་ཁམས་ནི་གཟུགས་ ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱིའོ། །དེ་བཞིན་དུ་ས་འོག་མ་ནི་ས་གོང་མའི་ཉོན་མོངས་པ་རྣམས་ཀྱི་སྟེ། འདི་ལྟར་ས་གོང་མར་སྐྱེས་པ་རྣམས་ནི་ས་འོག་མ་པའི་སེམས་ཅན་རྣམས་བས་བདག་ཉིད་རྟག་པ་དང་བརྟན་པ་དང་བདེ་བ་དང་། གཙང་བ་དང་ཡོན་ཏན་ཁྱད་པར་དུ་ འཕགས་པ་དང་ལྡན་ནོ་སྙམ་དུ་རློམ་སེམས་བྱེད་པའི་ཕྱིར་རོ། །ཡུལ་མ་ཡིན་པ་ལ་དམིགས་པ་ནི། འདི་ལྟ་སྟེ། ཡོངས་སུ་བརྟགས་ནས་འགོག་པ་དང་། ལམ་དང་། དེས་ཡོངས་སུ་བརྟགས་པའི་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་ཐམས་ཅད་ལ་དམིགས་པའི་ཉོན་མོངས་ པ་རྣམས་ཀྱིའོ། །ཉོན་མོངས་པ་རྣམས་ཀྱི་ཀུན་ཏུ་འབྱུང་བ་གང་ཞེ་ན། སྨྲས་པ། དེ་ནི་གང་ཟག་རྣམ་པ་ཉི་ཤུའི་ཉོན་མོངས་པ་རྣམ་པ་ཉི་ཤུ་རྐྱེན་རྣམ་པ་ཉི་ཤུས་བལྟ་བར་བྱའོ། །གང་ཟག་རྣམ་པ་ཉི་ཤུ་གང་ཞེ་ན། སྨྲས་པ། ཁྱིམ་པ་དང་། རབ་ཏུ་བྱུང་བ་དང་། ཉེས་པར་ བཤད་པའི་ཆོས་ཅན་དང་། ལེགས་པར་གསུངས་པའི་ཆོས་ཅན་དང་། ཉོན་མོངས་པ་ཤས་ཆེར་སྤྱད་པ་དང་། ཆ་མཉམ་པར་སྤྱད་པ་དང་། ཉོན་མོངས་པ་ཆུང་བ་དང་། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་དང་མ་བྲལ་བ་དང་། གཞི་མཐོང་བ་དང་། གཞི་མ་མཐོང་བ་ 130-1-130a དང་། མངོན་པར་ཞེན་པ་དང་། མངོན་པར་མ་ཞེན་པ་དང་། སྤྱོད་པ་པ་དང་། གཉིད་ལོག་པ་དང་། སད་པ་དང་། གཞོན་ནུ་དང་། དབང་པོ་ཡོངས་སུ་སྨིན་པ་དང་། ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་དང་། ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ནོ། ། ཉོན་མོངས་པ་ཀུན་ཏུ་འབྱུང་བ་རྣམ་པ་ཉི་ཤུ་གང་ཞེ་ན། སྨྲས་པ། འདོད་ཅིང་ཁས་བླངས་པའི་ཀུན་ནས་དཀྲིས་པ་ཀུན་ཏུ་འབྱུང་བ་དང་། འདོད་ཅིང་ཁས་བླངས་པ་མ་ཡིན་པའི་ཀུན་ནས་དཀྲིས་པ་ཀུན་ཏུ་འབྱུང་བ་དང་། སོ་སོར་ཡང་དག་པར་མ་རིག་པའི་ཉོན་མོངས་པ་ཀུན་ཏུ་འབྱུང་བ་དང་། སོ་སོར་ཡང་དག་པར་རིག་པའི་ཉོན་མོངས་པ་ཀུན་ཏུ་འབྱུང་བ་དང་། ཉོན་མོངས་པ་རགས་པ་ཀུན་ཏུ་འབྱུང་བ་དང་། ཉོན་མོངས་པ་མཉམ་པ་ཀུན་ཏུ་འབྱུང་བ་དང་། ཉོན་མོངས་པ་ཆ་ཕྲ་བ་ཀུན་ཏུ་འབྱུང་བ་དང་། ཉོན་མོངས་པ་ནང་དུ་བལྟས་པ་ཀུན་ཏུ་འབྱུང་བ་དང་། ཉོན་མོངས་པ་ཕྱིར་བལྟས་ པ་ཀུན་ཏུ་འབྱུང་བ་དང་། བརྗེད་ངས་པའི་ཉོན་མོངས་པ་ཀུན་ཏུ་འབྱུང་བ་དང་། ཟིལ་གྱིས་གནོན་པའི་ཉོན་མོངས་པ་ཀུན་ཏུ་འབྱུང་བ་དང་། ཀུན་བརྟགས་པའི་ཉོན་མོངས་པ་ཀུན་ཏུ་འབྱུང་བ་དང་། རང་བཞིན་གྱི་ཉོན་མོངས་པ་ཀུན་ཏུ་འབྱུང་བ་དང་། ཡོངས་སུ་ཚོལ་བའི་ཉོན་མོངས་པ་ཀུན་ཏུ་ འབྱུང་བ་དང་། རང་དབང་མེད་པའི་ཉོན་མོངས་པ་ཀུན་ཏུ་འབྱུང་བ་དང་། རང་དབང་ཅན་གྱི་ཉོན་མོངས་པ་ཀུན་ཏུ་འབྱུང་བ་དང་། གཞི་ལ་མི་གནས་པའི་ཉོན་མོངས་པ་ཀུན་ཏུ་འབྱུང་བ་དང་། གཞི་ལ་གནས་པའི་ཉོན་མོངས་པ་ཀུན་ཏུ་འབྱུང་བ་དང་། བསྒྲུབ་ཏུ་རུང་བའི་ཉོན་མོངས་པ་ཀུན་ ཏུ་འབྱུང་བ་དང་། བསྒྲུབ་ཏུ་མི་རུང་བའི་ཉོན་མོངས་པ་ཀུན་ཏུ་འབྱུང་བའོ། །ཀུན་ཏུ་འབྱུང་བའི་རྐྱེན་རྣམ་པ་ཉི་ཤུ་གང་ཞེ་ན། སྨྲས་པ། བདེ་བའི་རྐྱེན་དང་། སྡུག་བསྔལ་གྱི་རྐྱེན་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་རྐྱེན་དང་། འདུན་པའི་རྐྱེན་དང་། རྣམ་པར་རྟོག་པའི་ རྐྱེན་དང་། རེག་པའི་རྐྱེན་དང་། བག་ལ་ཉལ་གྱི་རྐྱེན་དང་། སྔོན་གོམས་པའི་རྐྱེན་དང་དམ་པ་མ་ཡིན་པ་དང་འགྲོགས་པའི་རྐྱེན་དང་། དམ་པ་མ་ཡིན་པའི་ཆོས་ཐོས་པའི་རྐྱེན་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྐྱེན་དང་། མ་དད་པའི་རྐྱེན་དང་། ལེ་ལོའི་རྐྱེན་དང་། བརྗེད་ 130-1-130b ངས་པའི་རྐྱེན་དང་། རྣམ་པར་གཡེང་བའི་རྐྱེན་དང་། ཤེས་རབ་འཆལ་པའི་རྐྱེན་དང་། བག་མེད་པའི་རྐྱེན་དང་། ཉོན་མོངས་པའི་རྐྱེན་དང་། འདོད་ཆགས་དང་མ་བྲལ་བ་ཉིད་ཀྱི་རྐྱེན་དང་། སོ་སོའི་སྐྱེ་བོ་ཉིད་ཀྱི་རྐྱེན་གྱིས་ཉོན་མོངས་པ་ཀུན་ཏུ་འབྱུང་བར་འགྱུར་རོ། །ཁམས་གང་དང་གང་ དུ་ལུས་གང་དང་གང་ཉིང་མཚམས་སྦྱོར་བར་བྱེད་པ། ཅི་ཁམས་ཐམས་ཅད་ཀྱི་ཉོན་མོངས་པ་ཐམས་ཅད་ཀྱིས་ཉིང་མཚམས་སྦྱོར་བར་བརྗོད་པར་བྱ་བའམ་འོན་ཏེ་མ་ཚང་བ་དག་གིས་ཤེ་ན། སྨྲས་པ། ཐམས་ཅད་ཀྱིས་ཡིན་གྱི་མ་ཚང་བ་དག་གིས་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འདོད་ཆགས་དང་མ་བྲལ་བ་ནི་རང་གི་སྐྱེ་བའི་གནས་སུ་སྐྱེ་བར་འགྱུར་གྱི་འདོད་ཆགས་དང་བྲལ་བ་ནི་མ་ཡིན་ཏེ། འདོད་ཆགས་དང་མ་བྲལ་བའི་ལུས་ནི་གཞན་དུ་ལུས་གཞན་སྐྱེ་བའི་རྒྱུར་གྱུར་པ་གང་ཡིན་པའི་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ཐམས་ཅད་དང་ རྗེས་སུ་འབྲེལ་པའི་ཕྱིར་ཏེ། རྣམ་གྲངས་དེས་ན་ཉོན་མོངས་པ་ཐམས་ཅད་ཀྱིས་ཉིང་མཚམས་སྦྱོར་བར་རིག་པར་བྱའོ། །གཞན་ཡང་སྐྱེ་བ་ན་ལུས་ལ་སྲེད་པ་ཡང་ཀུན་ནས་འབྱུང་ལ་བུད་མེད་སྐྱེས་པ་ལ་འདོད་ཆགས་དང་། ཁོང་ཁྲོ་བའང་ཀུན་ཏུ་འབྱུང་། ཅི་བུད་མེད་དམ་སྐྱེས་པ་འདི་དག་ དང་ལྷན་ཅིག་འགྲོགས་པར་འགྱུར་རམ་འོན་ཏེ་མི་འགྱུར་སྙམ་དུ་ཐེ་ཚོམ་ཡང་ཀུན་ཏུ་འབྱུང་། ནང་དང་ཕྱི་རོལ་ལ་ངར་འཛིན་པ་དང་། ང་འིར་འཛིན་པ་དང་། ངའོ་སྙམ་པའི་ང་རྒྱལ་ལ་སོགས་པ་ཡང་ཀུན་ཏུ་འབྱུང་བའི་ཕྱིར་ཏེ། རྣམ་གྲངས་དེས་ཀྱང་ཉོན་མོངས་པ་ཐམས་ཅད་ཀྱིས་ ཉིང་མཚམས་སྦྱོར་བར་རིག་པར་བྱའོ། །གཞན་ཡང་ཉིང་མཚམས་སྦྱོར་བ་ནི། མདོར་བསྡུ་ན་བདུན་ཡོད་དེ། ཀུན་ནས་དཀྲིས་པ་དང་བག་ལ་ཉལ་གྱིས་ཉིང་མཚམས་སྦྱོར་བ་ནི་འདི་ལྟ་སྟེ། སོ་སོའི་སྐྱེ་བོ་རྣམས་ཀྱིའོ། །བག་ལ་ཉལ་གྱིས་ཉིང་མཚམས་སྦྱོར་བ་ནི་འདི་ལྟ་སྟེ། གཞི་མཐོང་བ་རྣམས་ཀྱིའོ། །ཤེས་བཞིན་དུ་འཇུག་པས་ཉིང་མཚམས་སྦྱོར་བ་ན་འདི་ལྟ་སྟེ། འཁོར་ལོས་སྒྱུར་བ་རྣམས་ཀྱིའོ། །ཤེས་བཞིན་དུ་འཇུག་ཅིང་གནས་པས་ཉིང་མཚམས་སྦྱོར་བ་ནི་འདི་ལྟ་སྟེ་རང་སངས་རྒྱས་རྣམས་ཀྱིའོ། །ཐམས་ཅད་དུ་བརྗོད་པ་མེད་པས་ཉིང་མཚམས་ 130-1-131a སྦྱོར་བ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །ལས་མངོན་པར་འདུ་བྱེད་པས་ཉིང་མཚམས་སྦྱོར་བ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ཉིང་མཚམས་སྦྱོར་བ་མ་གཏོགས་པ་རྣམས་ཀྱིའོ། །ཡེ་ཤེས་མངོན་པར་འདུ་བྱེད་པས་ཉིང་ མཚམས་སྦྱོར་བ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །གནོད་པ་དང་ལྡན་པས་ཉིང་མཚམས་སྦྱོར་བ་ནི་འདི་ལྟ་སྟེ། ལས་མངོན་པར་འདུ་བྱེད་པས་ཉིང་མཚམས་སྦྱོར་བ་དེ་ཉིད་དོ། །དོན་དང་ལྡན་པས་ཉིང་མཚམས་སྦྱོར་བ་ནི་འདི་ལྟ་སྟེ། ཡེ་ཤེས་མངོན་པར་འདུ་བྱེད་པས་ ཉིང་མཚམས་སྦྱོར་བ་དེ་ཉིད་དེ་དག་བསྡུས་ན་ཉིང་མཚམས་སྦྱོར་བ་བདུན་ནམ་དགུར་འགྱུར་རོ། །གཞི་དེ་དག་ཐམས་ཅད་ལ་ཚིག་གོང་མ་དང་སྦྱོར་བ་དང་ཚིག་འོག་མ་དང་སྦྱོར་བ་རྣམ་པར་གཏན་ལ་དབབ་པའི་ཚུལ་གྱིས་མུ་བཞིར་བཤད་པའི་གཞུང་ནི་མི་སྣང་ངོ་། །སྡོམ་ནི། ལས་དང་ མཚན་ཉིད་གཞི་དང་ནི། །བདེ་དང་མི་དགེ་ལ་སོགས་དང་། །སྤོང་དང་དམིགས་དང་ཀུན་འབྱུང་དང་། །ཉིང་མཚམས་སྦྱོར་བ་ཐ་མ་ཡིན།། །།བམ་པོ་བཅུ་བཞི་པ། ལས་ཀྱི་ཀུན་ནས་ཉོན་མོངས་པའི་རབ་ཏུ་དབྱེ་བ་ནི་རྣམ་པ་ལྔས་རྣམ་པར་གཞག་སྟེ། ལས་ཀྱི་ལམ་ གྱི་དངོས་ཀྱིས་བསྡུས་པའི་ལུས་ཀྱི་ལས་དང་ངག་གི་ལས་དང་ཡིད་ཀྱི་ལས་དང་དེ་དག་ཉིད་ཀྱི་སྦྱོར་བས་བསྡུས་པའི་ལས་དང་མཇུག་གིས་བསྡུས་པའི་ལས་ཀྱིས་སོ། །དེ་ལ་མི་དགེ་བའི་ལས་ཀྱི་ལམ་ཇི་སྐད་བསྟན་པ་རྣམས་ནི་ལས་ཀྱི་ལམ་གྱི་དངོས་ཀྱིས་བསྡུས་པའི་མི་དགེ་བའི་ལུས་ཀྱི་ ལས་དང་ངག་གི་ལས་དང་ཡིད་ཀྱི་ལས་ཞེས་བྱའོ། །སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་ཀྱི་ལམ་དེ་དག་གི་རང་གི་མཚན་ཉིད་རྣམ་པར་གཞག་པ་གང་ཞེ་ན། ཉོན་མོངས་པ་ཅན་གྱི་སེམས་དང་དེའི་བསམ་པས་དེ་ཉིད་ལ་ལས་དེ་ཀུན་ཏུ་སྤྱད་ཅིང་ཡོངས་སུ་རྫོགས་པ་ནི། སྲོག་ གཅོད་པ་ལ་སོགས་པའི་ལས་ཀྱི་ལམ་དེ་དག་ཐམས་ཅད་ཀྱི་རང་གི་མཚན་ཉིད་བསྡུས་པ་ཡིན་པར་བལྟ་བར་བྱའོ། །དེ་ལ་ཉོན་མོངས་པ་ཅན་གྱི་སེམས་ནི་ཆགས་ཤིང་ཆགས་པས་ཟིལ་གྱིས་ནོན་པ་དང་སྡང་ཞིང་སྡང་བས་ཟིལ་གྱིས་ནོན་པ་དང་རྨོངས་ཤིང་རྨོངས་པས་ཟིལ་གྱིས་ནོན་པའོ། ། 130-1-131b གལ་ཏེ་ཉོན་མོངས་པ་ཅན་གྱི་སེམས་ཡོད་ཀྱང་དེའི་བསམ་པས་ཀུན་ཏུ་མ་སྤྱད་ན། ཡོངས་སུ་རྫོགས་པར་བྱས་ཀྱང་ལས་ཀྱི་ལམ་དུ་གཏོགས་པའི་ལས་དེ་ཡོངས་སུ་རྫོགས་པ་མ་ཡིན་ནོ། །གལ་ཏེ་ཉོན་མོངས་པ་ཅན་གྱི་སེམས་ཀྱང་ཡོད་ལ་དེའི་བསམ་པའང་ཡོད་མོད་ཀྱི་སེམས་ཕྱིན་ཅི་ལོག་ གིས་དངོས་པོ་གཞན་ཁོ་ན་ཞིག་ལ་ཀུན་ཏུ་སྤྱད་ན་མཐར་ཐུག་པར་གྱུར་དུ་ཟིན་ཀྱང་དེ་ལྟར་ན་ལས་དེ་ཡོངས་སུ་རྫོགས་པ་མ་ཡིན་ནོ། །གལ་ཏེ་ཉོན་མོངས་པ་ཅན་གྱི་སེམས་ཀྱང་ཡོད་ལ་དེའི་བསམ་པའང་ཡོད་མོད་ཀྱི་ཀུན་ཏུ་མ་སྤྱད་ཅིང་མཐར་ཐུག་པར་མ་གྱུར་ན། དེ་ལྟར་ནའང་ལས་ དེ་ཡོངས་སུ་རྫོགས་པ་མ་ཡིན་ནོ། །གལ་ཏེ་ཉོན་མོངས་པ་ཅན་གྱི་སེམས་ཀྱང་ཡོད། དེའི་བསམ་པའང་ཡོད་ལ་དེ་ཉིད་ལ་ཡང་ཀུན་ཏུ་སྤྱད་མོད་ཀྱི་མཐར་ཐུག་པར་མ་གྱུར་ན་དེ་ལྟ་ནའང་ལས་དེ་ཡོངས་སུ་རྫོགས་པ་མ་ཡིན་པའོ། །གལ་ཏེ་ཉོན་མོངས་པ་ཅན་གྱི་སེམས་ཀྱང་ཡོད། དེའི་ བསམ་པ་ཡང་ཡོད་ལ་དེ་ཉིད་ལའང་ཀུན་ཏུ་སྤྱད་པ་མཐར་ཐུག་པར་ཡང་གྱུར་ན་དེ་ལྟ་ན་དེའི་མི་དགེ་བའི་ལས་ཀྱི་ལམ་དུ་གཏོགས་པའི་ལས་དེ་ཡོངས་སུ་རྫོགས་པ་ཡིན་ཏེ་དེ་ལྟར་རང་གི་མཚན་ཉིད་བསྟན་པ་དེས། མི་དགེ་བའི་ལས་ཀྱི་ལམ་ཐམས་ཅད་ཀྱི་རང་གི་མཚན་ཉིད་རྗེས་སུ་ རྟོགས་པར་བྱའོ། །ལས་ཀྱི་ལམ་བཅུ་པོ་དག་གི་ངོ་བོ་ཉིད་ཀྱི་རབ་ཏུ་དབྱེ་བ་རྒྱས་པ་ནི་རྣམ་པ་ལྔས་རྣམ་པར་གཞག་པར་བལྟ་བར་བྱ་སྟེ། རྣམ་པ་ལྔ་གང་ཞེ་ན། འདི་ལྟ་སྟེ། གཞི་དང་འདུ་ཤེས་དང་། བསམ་པ་དང་། ཉོན་མོངས་པ་དང་མཐའོ། །དེ་ལ་གཞི་ནི་ལས་ཀྱི་ལམ་ སོ་སོ་དག་ལ་སོ་སོར་ངེས་པར་བལྟ་བར་བྱ་སྟེ། དེ་ལ་བརྟེན་ནས་སེམས་ཅན་དུ་བགྲང་བའམ་སེམས་ཅན་དུ་བགྲང་བ་མ་ཡིན་པའི་གཞི་དེས་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཅི་རིགས་པར་འབྱུང་ངོ་། །འདུ་ཤེས་ནི་རྣམ་པ་བཞིར་བལྟ་བར་བྱ་སྟེ། དེ་ལ་དེར་འདུ་ཤེས་པ་དང་། དེ་མ་ཡིན་པ་ལ་དེར་འདུ་ཤེས་པ་དང་། དེ་ལ་དེ་མ་ཡིན་པར་འདུ་ཤེས་པ་དང་། དེ་མ་ཡིན་ལ་དེ་མ་ཡིན་པར་འདུ་ཤེས་པའོ། །དེ་ལ་བསམ་པ་ཞེས་བྱ་བ་ནི་འདུ་ཤེས་ཕྱིན་ཅི་ལོག་གམ་འདུ་ཤེས་ཕྱིན་ཅི་མ་ལོག་པ་བྱེད་འདོད་པ་ཉིད་གང་ཡིན་པའོ། །དེ་ལ་ཉོན་མོངས་པ་ནི་འདི་དག་ 130-1-132a ཡིན་ཏེ་འདི་ལྟ་སྟེ། ཆགས་པའམ་ཞེ་སྡང་ངམ་གཏི་མུག་གམ། ཆགས་པ་དང་ཞེ་སྡང་ངམ་ཆགས་པ་དང་གཏི་མུག་གམ་ཞེ་སྡང་དང་གཏི་མུག་གམ་ཆགས་པ་དང་ཞེ་སྡང་དང་གཏི་མུག་ཐམས་ཅད་དོ། །དེ་ལ་མཐའ་ནི་འདི་ཡིན་ཏེ་འདི་ལྟ་སྟེ། མངོན་ པར་འདོད་པའི་ལས་དེ་ཉིད་ཀྱི་དེ་དང་འབྲེལ་པའི་སྦྱོར་བས་དུས་དེ་ཉིད་ཀྱི་ཚེའམ་དུས་དེའི་འོག་ཏུ་ཡོངས་སུ་རྫོགས་པར་གྱུར་པ་སྟེ། དེ་ལྟར་ན་རྣམ་པ་ལྔ་པོ་དེ་དག་གིས་སྲོག་གཅོད་པ་ལ་སོགས་པ་ལོག་པར་ལྟ་བའི་མཐར་ཐུག་པའི་བར་གྱི་ལས་ཀྱི་ལམ་བཅུ་པོ་དེ་དག་ཐམས་ཅད་ཀྱི་ངོ་བོ་ ཉིད་རྣམ་པར་གཞག་པ་རྒྱ་ཆེར་ཡོངས་སུ་རྫོགས་པར་ཅི་རིགས་པར་རིག་པར་བྱའོ། །སྲོག་གཅོད་པའི་གཞི་ནི་སྲོག་དང་ལྡན་པའི་སེམས་ཅན་ནོ། །གལ་ཏེ་གསོད་པར་བྱེད་པ་དེ་སྲོག་ཆགས་དེ་ལ་སྲོག་ཆགས་ཡིན་པའི་འདུ་ཤེས་ཀྱང་ཡོད་ལ། སྲོག་ཆགས་གང་གསད་པར་འདོད་ པ་ལ་དེར་འདུ་ཤེས་པའང་ཡོད་པ་དེ་ནི་དེ་ལ་དེའི་འདུ་ཤེས་ཕྱིན་ཅི་མ་ལོག་པ་ཞེས་བྱའོ། །དེ་འདུ་ཤེས་དེ་ལ་བརྟེན་ཏེ་འདི་གསད་པར་བྱའོ་སྙམ་དུ་སེམས་མངོན་པར་འདུ་བྱེད་པ་དེ་ནི་དེའི་གསོད་པའི་བསམ་པ་ཡིན་ནོ། །དེ་ལ་ཆགས་པས་ཟིལ་གྱིས་ནོན་ཏམ་ཞེ་སྡང་གིས་ཟིལ་གྱིས་ནོན་ཏམ་གཏི་མུག་ གིས་ཟིལ་གྱིས་ནོན་ཏམ། དེ་དག་ལས་གཉིས་ཀྱིས་ཟིལ་གྱིས་ནོན་ཏམ། ཐམས་ཅད་ཀྱིས་ཟིལ་གྱིས་ནོན་ནས་དེ་ལྟར་སེམས་མངོན་པར་འདུ་བྱེད་པ་དེ་ནི་དེའི་ཉོན་མོངས་པ་ཡིན་ནོ། །དེ་བསམ་པ་དེ་དང་དེ་ལྟར་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་རང་ངམ་གཞན་དག་གིས་གསད་པའི་སྦྱོར་བ་རྩོམ་ཞིང་ མཚོན་གྱིས་འདེབས་པར་བྱེད་ལ། གལ་ཏེ་བཏབ་མ་ཐག་ཁོ་ནར་སྦྱོར་བ་དེས་ཤི་བར་གྱུར་ན་དུས་དེ་ཉིད་ཀྱི་ཚེ་དེའི་ལས་ཀྱི་ལམ་ཡོངས་སུ་རྫོགས་པས་མཐར་ཐུག་པ་ཡིན་པར་བལྟ་བར་བྱའོ། །གལ་ཏེ་དུས་དེ་ཉིད་ཀྱི་ཚེ་མ་ཤི་བར་སྦྱོར་བ་དེས་དུས་གཞན་གྱི་ཚེ་ན་ཤི་བར་གྱུར་ནའང་དུས་གང་ གི་ཚེ་ན་ཤི་བར་གྱུར་པ་དེའི་ཚེ་ན་མཐར་ཐུག་པར་རིག་པར་བྱའོ། །ཇི་ལྟར་རྣམ་པ་ལྔ་པོ་དེ་དག་གིས་ལས་ཀྱི་ལམ་རེ་རེ་བསྟན་པའི་གཞུང་ནི་མི་སྣང་ངོ་། །མ་བྱིན་པར་ལེན་པའི་གཞི་ནི་གཞན་གྱིས་ཡོངས་སུ་བཟུང་བའོ། །འདུ་ཤེས་ནི་དེ་ལ་དེར་འདུ་ཤེས་པའོ། །བསམ་པ་ནི་འཕྲོག་ 130-1-132b པར་འདོད་པ་ཉིད་དོ། །ཉོན་མོངས་པ་ནི་གསུམ་པོ་གང་ཡང་རུང་བའོ། །མཐའ་ནི་གནས་གཞན་དུ་སྤོས་པའོ། །འདོད་པ་ལ་ལོག་པར་གཡེམ་པའི་གཞི་ནི་འཇུག་པར་བྱ་བ་མ་ཡིན་པའི་བུད་མེད་དང་འཇུག་པར་བྱ་བ་ཡིན་ནའང་། ཡན་ལག་མ་ཡིན་པ་དང་གནས་མ་ཡིན་པ་དང་། དུས་མ་ཡིན་པ་དག་ཏུ་ཚོད་མ་ཡིན་པ་དང་མི་རིགས་པར་བྱེད་པ་དང་། སྐྱེས་པ་ཐམས་ཅད་དང་མ་ནིང་ངོ་། །འདུ་ཤེས་ནི་དེ་ལ་དེར་འདུ་ཤེས་པའོ། །བསམ་པ་ནི་འགྲོ་འདོད་པའོ། །ཉོན་མོངས་པ་ནི་གསུམ་པོ་གང་ཡང་རུང་བའོ། །མཐའ་ནི་གཉིས་ཀྱིས་གཉིས་སྤྲད་པའོ། ། བརྫུན་དུ་སྨྲ་བའི་གཞི་ནི་མཐོང་བ་དང་ཐོས་པ་དང་བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པ་དང་། མ་མཐོང་བ་དང་། མ་ཐོས་པ་དང་། བྱེ་བྲག་མ་ཕྱེད་པ་དང་། རྣམ་པར་མ་ཤེས་པའོ། །འདུ་ཤེས་ནི་མཐོང་བ་ལ་སོགས་པ་ལ་བཟློག་པར་འདུ་ཤེས་པའོ། །བསམ་པ་ནི་འདུ་ཤེས་ བསྒྱུར་ཏེ་སྨྲ་བར་འདོད་པ་ཉིད་དོ། །ཉོན་མོངས་པ་ནི་ཆགས་པ་དང་། ཞེ་སྡང་དང་། གཏི་མུག་གང་ཡང་རུང་བའོ། །མཐའ་ནི་འཁོར་དང་ཕས་འདྲི་བ་ལ་གོ་བར་བྱས་པའོ། །ཕྲ་མའི་གཞི་ནི་སེམས་ཅན་མཐུན་པ་དང་མི་མཐུན་པ་རྣམས་སོ། །འདུ་ཤེས་ནི་གཉི་ག་ལ་མཐུན་པ་དང་། མི་མཐུན་པ་ གང་ཡང་རུང་བར་འདུ་ཤེས་པའོ། །བསམ་པ་ནི་དབྱེ་བ་དང་། མི་འདུམ་པར་འདོད་པ་ཉིད་དོ། །ཉོན་མོངས་པ་ནི་གསུམ་པོ་གང་ཡང་རུང་བའོ། །མཐའ་ནི་དབྱེ་བར་བྱ་བས་རྣམ་པར་རིག་པའོ། །ངག་རྩུབ་པོའི་གཞི་ནི་ཀུན་ནས་མནར་སེམས་ཀྱི་རྒྱུར་གྱུར་པའི་སེམས་ཅན་རྣམས་སོ། ། འདུ་ཤེས་ནི་དེ་དག་ལ་དེར་འདུ་ཤེས་པའོ། །བསམ་པ་ནི་ངག་རྩུབ་པོར་སྨྲ་བར་འདོད་པ་ཉིད་དོ། །ཉོན་མོངས་པ་ནི་གསུམ་པོ་གང་ཡང་རུང་བའོ། །མཐའ་ནི་དེ་ལ་ངག་རྩུབ་པོས་སྨྲས་པའོ། །ཚིག་ཀྱལ་བའི་གཞི་ནི་དོན་མེད་པ་དང་ལྡན་པའི་དོན་ཏོ། །འདུ་ཤེས་ནི་དེ་ལ་དེར་འདུ་ཤེས་པའོ། ། བསམ་པ་ནི་སྨྲ་བར་འདོད་པ་ཉིད་དོ། །ཉོན་མོངས་པ་ནི་གསུམ་པོ་གང་ཡང་རུང་བའོ། །མཐའ་ནི་སྨྲས་པའོ། །བརྣབ་སེམས་ཀྱི་གཞི་ནི་གཞན་གྱི་ནོར་དང་ཡོ་བྱད་དོ། །འདུ་ཤེས་ནི་དེ་ལ་དེར་འདུ་ཤེས་པའོ། །བསམ་པ་ནི་དེ་ལྟར་འདོད་པའོ། །ཉོན་མོངས་པ་ནི་གསུམ་པོ་གང་ཡང་རུང་བའོ། ། 130-1-133a མཐའ་ནི་དེ་ལ་བདག་གིར་བྱ་བར་ངེས་པའོ། །གནོད་སེམས་ཀྱི་གཞི་དང་འདུ་ཤེས་ནི་ངག་རྩུབ་པོའི་ཇི་ལྟ་བ་བཞིན་ནོ། །བསམ་པ་ནི་བསྣུན་པ་ལ་སོགས་པར་འདོད་པ་ཉིད་དོ། །ཉོན་མོངས་པ་ནི་གསུམ་པོ་གང་ཡང་རུང་བའོ། །མཐའ་ནི་བསྣུན་པ་ལ་སོགས་ པར་ངེས་པའོ། །ལོག་པར་ལྟ་བའི་གཞི་ནི་ཡོད་པའི་དོན་ཏོ། །འདུ་ཤེས་ནི་བདེན་པ་ཡིན་པར་འདུ་ཤེས་པའོ། །བསམ་པ་ནི་དེ་ལྟར་འདོད་པའོ། །ཉོན་མོངས་པ་ནི་གསུམ་པོ་གང་ཡང་རུང་བའོ། །མཐའ་ནི་སྐུར་པ་གདབ་པར་ངེས་པའོ། །དེ་ལ་སྲོག་གཅོད་པ་ནི་རྣམ་པ་ གསུམ་སྟེ། ཁ་ན་མ་ཐོ་བ་དང་བཅས་པ་རྒྱས་པ་ལས་བྱུང་བ་དང་། ཁ་ན་མ་ཐོ་བ་དང་བཅས་པ་རྒྱས་པ་མ་ཡིན་པ་ལས་བྱུང་བ་དང་། ཁ་ན་མ་ཐོ་བ་མེད་པའོ། །ཁ་ན་མ་ཐོ་བ་བསྐྱེད་པའི་རྒྱུ་ནི་གསུམ་སྟེ། ཉོན་མོངས་པ་བསྐྱེད་པ་དང་། སྡུག་བསྔལ་བསྐྱེད་པ་དང་། འདོད་པ་ཡོངས་སུ་རྫོགས་པའོ། །དེ་ལ་དང་པོ་ ལ་ནི་རྒྱུ་གསུམ་ཆར་ཡོད་པར་བལྟ་བར་བྱའོ། །གཉིས་པ་ལ་ནི་གཉིས་ཏེ། འདོད་པ་ཡོངས་སུ་རྫོགས་པ་མེད་དོ། །གསུམ་པ་ལ་ནི་གཅིག་སྟེ། སྡུག་བསྔལ་བསྐྱེད་པ་ཁོ་ནའོ། །དེ་ལ་བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་རྣམས་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་ ཡོངས་སུ་རྫོགས་པ་ནི་རྣམ་པ་ལྔ་ལྔས་རྣམ་པར་གཞག་པར་བལྟ་བར་བྱ་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། རང་གི་ལོངས་སྤྱོད་དག་ལ་ལྷག་པར་ཆགས་པའི་སེམས་དང་ལྡན་པ་དང་། འདི་ལྟ་སྟེ། ལོངས་སྤྱོད་སོགས་པར་འདོད་པས་བརྐམ་ཆགས་ཀྱི་སེམས་དང་ལྡན་པ་དང་། འདི་ལྟ་ སྟེ། གཞན་གྱི་ནོར་དང་ཡོ་བྱད་ལ་སོགས་པ་ལ་བཟང་བ་ལས་ཡོངས་སུ་རྟོག་ཅིང་རོ་མྱོང་བར་བྱེད་པས་ཆུམས་པའི་སེམས་དང་ལྡན་པ་དང་། འདི་ལྟ་སྟེ། གཞན་དག་གི་གང་ཡིན་པ་བདག་གིར་གྱུར་ཅིག་སྙམ་དུ་སེམས་མངོན་པར་འདུ་བྱེད་པས་འཁུ་བའི་སེམས་དང་ལྡན་པ་དང་། འདི་ལྟ་སྟེ། བརྣབ་སེམས་ཀྱིས་ཀུན་ནས་དཀྲིས་པ་དེས་ངོ་ཚ་བ་མེད་པ་དང་ཉེས་དམིགས་ལས་ངེས་པར་འབྱུང་བ་མི་ཤེས་པས་ཟིལ་གྱིས་ནོན་པའི་སེམས་དང་ལྡན་པ་ཡིན་ཏེ། དེ་ལ་གལ་ཏེ་རང་གི་ལོངས་སྤྱོད་དག་ལ་ལྷག་པར་ཆགས་པའི་སེམས་དང་ལྡན་པ་ཡང་། དེ་ལས་གཞན་ 130-1-133b པའི་སེམས་དག་མི་སྣང་ན། དེའི་ཡིད་ཀྱིས་ཉེས་པར་སྤྱོད་པ་བརྣབ་སེམས་ཀྱི་མཚན་ཉིད་ཡོངས་སུ་རྫོགས་པ་མ་ཡིན་པར་བལྟ་བར་བྱའོ། །དེ་བཞིན་དུ་ལྷག་པར་ཆགས་པའི་སེམས་དང་ལྡན་ལ། བརྐམ་ཆགས་ཀྱི་སེམས་དང་ཡང་ལྡན་མོད་ཀྱི། དེ་ལས་གཞན་པའི་སེམས་དག་ མི་སྣང་ན། བརྣབ་སེམས་ཀྱི་མཚན་ཉིད་ཡོངས་སུ་རྫོགས་པ་མ་ཡིན་ནོ། །དེ་བཞིན་དུ་རྒྱ་ཆེར་ཇི་སྐད་བསྟན་པའི་རྣམ་པ་དག་ལས་རྣམ་པ་གང་ཡང་རུང་བ་ཞིག་མ་ཚང་ན་བརྣབ་སེམས་ཀྱི་མཚན་ཉིད་ཡོངས་སུ་རྫོགས་པ་མ་ཡིན་པར་བལྟ་བར་བྱའོ། །ཡན་ལག་ཐམས་ཅད་ཀྱིས་ ཡོངས་སུ་ཟིན་ན་ནི་བརྣབ་སེམས་ཀྱི་མཚན་ཉིད་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་ལ་གནོད་སེམས་ཀྱི་རང་གི་མཚན་ཉིད་ཡོངས་སུ་རྫོགས་པ་ཡང་རྣམ་པ་ལྔ་ཁོ་ནས་རྣམ་པར་གཞག་པར་བལྟ་བར་བྱ་སྟེ། ལྔ་གང་ཞེ་ན། གནོད་པར་བྱེད་པའི་རྒྱུ་ལ་དེ་དང་མཐུན་པའི་ཆོས་མཚན་མར་འཛིན་པས་ ཞེ་སྡང་གི་སེམས་དང་ལྡན་པ་དང་། གནོད་པ་བྱེད་པ་མི་བཟོད་པས་མི་བཟོད་པའི་སེམས་དང་ལྡན་པ་དང་། ཡང་དང་ཡང་དུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་རྗེས་སུ་དྲན་པས་ཁོན་དུ་འཛིན་པའི་སེམས་དང་ལྡན་པ་དང་། ཀྱེ་མ་སེམས་ཅན་འདི་དག་བརྡེགས་སམ་བསད་ན་ཅི་མ་རུང་སྙམ་དུ་རྒྱ་ ཆེར་སེམས་མངོན་པར་འདུ་བྱེད་པས་འཁུ་བའི་སེམས་དང་ལྡན་པ་དང་། སྔ་མ་ལྟ་བུ་ཟིལ་གྱིས་ནོན་པའི་སེམས་དང་ལྡན་པ་ཡིན་ཏེ། རྣམ་པ་ལྔ་པོ་དེ་དག་ལས་གང་ཡང་རུང་བ་ཞིག་མ་ཚང་ན་གནོད་སེམས་ཀྱི་མཚན་ཉིད་ཡོངས་སུ་རྫོགས་པ་མ་ཡིན་ལ། ཚང་བས་ནི་ཡོངས་སུ་རྫོགས་ པ་ཡིན་པར་བལྟ་བར་བྱའོ། །དེ་ལ་ལོག་པར་ལྟ་བའི་མཚན་ཉིད་ཡོངས་སུ་རྫོགས་པ་ཡང་རྣམ་པ་ལྔ་ཁོ་ནས་རྣམ་པར་གཞག་པར་བལྟ་བར་བྱ་སྟེ། ལྔ་གང་ཞེ་ན། ཤེས་བྱ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་མི་ཤེས་པས་རྨོངས་པའི་སེམས་དང་ལྡན་པ་དང་། སྡིག་པའི་ བྱ་བ་ལ་དགའ་བས་དྲག་ཤུལ་གྱི་སེམས་དང་ལྡན་པ་དང་། ཚུལ་བཞིན་མ་ཡིན་པའི་ཆོས་ལ་རྣམ་པར་རྟོག་ཅིང་ངེས་པར་རྟོག་པས་ལོག་པའི་རྒྱུན་དུ་ཞུགས་པའི་སེམས་དང་ལྡན་པ་དང་། སྦྱིན་པ་དང་། མཆོད་སྦྱིན་དང་སྦྱིན་སྲེག་དང་། ལེགས་པར་སྤྱད་པ་ལ་སོགས་པ་མེད་ 130-1-134a དོ་ཞེས་སྐུར་པ་འདེབས་པས་རབ་ཏུ་དབྱེ་བ་རབ་ཏུ་ཉམས་པའི་སེམས་དང་ལྡན་པ་དང་། ལོག་པར་ལྟ་བའི་ཀུན་ནས་དཀྲིས་པ་དེས་ངོ་ཚ་བ་མེད་པ་དང་། ཉེས་དམིགས་ལ་ངེས་པར་འབྱུང་བ་མི་ཤེས་པས་ཟིལ་གྱིས་ནོན་པའི་སེམས་དང་ལྡན་པ་ཡིན་ཏེ། རྣམ་པ་ལྔ་ པོ་དེ་དག་ལས་ཀྱང་གང་ཡང་རུང་བ་ཞིག་མ་ཚང་ན་ལོག་པར་ལྟ་བའི་མཚན་ཉིད་ཡོངས་སུ་རྫོགས་པ་མ་ཡིན་ལ། ཚང་བས་ནི་ཡོངས་སུ་རྫོགས་པ་ཡིན་པར་བལྟ་བར་བྱའོ། །དེ་ལ་ལག་པས་སྲོག་ཆགས་གསོད་ན་ཡང་བསད་པ་ཡིན་པར་བརྗོད་པར་བྱའོ། །བོང་བའམ་དབྱིག་པའམ་ མཚོན་ཆའམ་བཅིང་བའམ། གོ་རར་གཞུག་པའམ། ཟས་གཅད་པའམ། གཞུ་བའམ་གནོད་པར་བྱས་པའམ། བརྡེག་པའམ། ཐ་ན་གསང་སྔགས་སམ། སྨན་རྣམས་སམ། གཤེད་བྱེད་དམ་བྱེད་དམ། རོ་ལངས་དང་རོ་ལངས་བྱེད་ལ་སོགས་པས་གསོད་ན་ཡང་བསད་ པ་ཡིན་པར་བརྗོད་པར་བྱའོ། །ཟང་ཟིང་ལ་སོགས་པ་འདོད་པས་གསོད་ན་ཡང་བསད་པ་ཡིན་པར་བརྗོད་པར་བྱའོ། །གནོད་པ་བྱེད་དུ་དོགས་པའམ། ཤ་གླན་པར་འདོད་པའམ། ཆོས་འདོད་པའམ། ཐ་ན་དགའ་བ་དང་། རྩེད་མོའི་ཕྱིར་གསོད་ན་ཡང་བསད་པ་ཡིན་པར་བརྗོད་པར་ བྱའོ། །རང་གིས་གསོད་དམ། གཞན་དག་གསོད་དུ་བཅུག་ཀྱང་རུང་། བསད་ན་སྲོག་གཅོད་པ་བྱས་པ་ཡིན་པར་བརྗོད་པར་བྱའོ། །དེ་ལ་ངོ་མཐོན་དུ་གཞན་གྱི་ནོར་ཕྲོགས་ན་ཡང་མ་བྱིན་པར་བླངས་པ་ཡིན་པར་བརྗོད་པར་བྱའོ། །འཇབ་བུས་རྐུ་བའམ། ཁྱིམ་ཕུག་གམ། མདུད་པ་བཀྲོལ་ལམ། ལམ་བགག་སྟེ་རིལ་གྱིས་འཕྲོག་གམ། བུ་ལོན་ལ་དོར་བྱེད་དམ། གཏམས་པ་ལ་དོར་བྱེད་དམ། གཡོ་དང་སྒྱུས་བྲིད་དེ་འཕྲོག་གམ། འཇིགས་པ་བསྟན་ཏམ། གཞན་གྱི་གཡོ་ཐབས་ཀྱིས་སམ། དབང་དུ་བྱས་ནས་རང་གིས་འཕྲོག་གམ། གཞན་ དག་འཕྲོག་ཏུ་བཅུག་ན་ཡང་། མ་བྱིན་པར་བླངས་པ་ཡིན་པར་བརྗོད་པར་བྱའོ། །བདག་གི་དོན་དུ་འཕྲོག་གམ་གཞན་གྱི་དོན་དུ་འཕྲོག་གམ། འཇིགས་པས་འཕྲོག་གམ། གསད་པའི་དོན་ནམ། བཅིང་བའི་དོན་ནམ། གནོད་པར་བྱ་བའི་དོན་ནམ། ལོངས་སྤྱོད་ 130-1-134b ཀྱི་དོན་ནམ། བསྙེན་བཀུར་གྱི་དོན་ནམ། ཕྲག་དོག་གི་རང་བཞིན་ནམ། ཞེ་སྡང་གིས་འཕྲོག་ན་ཡང་ཐམས་ཅད་མ་བྱིན་པར་བླངས་པ་ཡིན་པར་བརྗོད་པར་བྱའོ། །དེ་ལ་འཇུག་པར་བྱ་བ་མ་ཡིན་པར་འཇུག་ན་འདོད་པ་ལ་ལོག་པར་གཡེམ་པ་ཡིན་པར་བརྗོད་པར་བྱའོ། །ཡན་ ལག་མ་ཡིན་པར་འཇུག་པ་དང་། དུས་མ་ཡིན་པར་འཇུག་པ་དང་། གནས་མ་ཡིན་པར་འཇུག་པ་ན་ཡང་འདོད་པ་ལ་ལོག་པར་གཡེམ་པ་ཡིན་པར་བརྗོད་པར་བྱའོ། །དེ་ལམ་ལ་སོགས་པ་དང་། མས་བསྲུངས་པ་ལ་སོགས་པ་མདོ་ལས་ཇི་སྐད་གསུངས་པ་རྣམས་ནི་ འཇུག་པར་བྱ་བ་མ་ཡིན་པ་ཞེས་བྱའོ། །སྐྱེས་པ་ཐམས་ཅད་དེ་རང་གི་དང་། གཞན་གྱི་ཡང་འཇུག་པར་བྱ་བ་མ་ཡིན་པ་ཞེས་བྱའོ། །དེ་ལ་མངལ་གྱི་སྒོ་མ་གཏོགས་པ་དེ་ལས་གཞན་པའི་ཡན་ལག་རྣམས་ནི་ཡན་ལག་མ་ཡིན་པ་ཞེས་བྱའོ། །ཟླ་མཚན་འཛག་པ་དང་། ཟླ་བ་ཚང་བ་དང་། ནུ་ཞོ་འཛག་པ་དང་། གསོ་སྦྱོང་ལ་གནས་པ་དང་། ནད་ཇི་ལྟ་བུས་ཐེབས་ན་འཁྲིག་པ་སྤྱད་དུ་མི་རུང་བའི་ནད་ཀྱིས་ཐེབས་པ་དང་། དེའི་ཚོད་ལས་ལྷག་པ་ནི་དུས་མ་ཡིན་པ་ཞེས་བྱའོ། །དེ་ལ་ཚོད་ནི་འདི་ཡིན་ཏེ་ལན་ལྔའི་བར་དུ་བྱེད་པ་ནི་ཚོད་ཡིན་ནོ། །དེ་ལས་ལྷག་པའི་ཚོད་ནི་མ་ཡིན་ནོ། ། དེ་ལ་བླ་མ་ལྟ་བུ་རྣམས་ཀྱི་ཉེ་འཁོར་དང་། མཆོད་རྟེན་གྱི་གནས་རྣམས་དང་། སྐྱེ་བོ་མང་པོའི་མངོན་སུམ་དང་། གང་དུ་དེ་ལ་གནོད་པར་འགྱུར་བའི་ས་ཕྱོགས་འབར་འབུར་ཅན་ནམ། སྲ་བའམ། དེ་ལྟ་བུ་དང་མཐུན་པའི་གནས་དག་ནི་གནས་མ་ཡིན་པ་ཞེས་བྱའོ། །དེ་ལ་རང་ འགྲོ་ན་ཡང་འདོད་པ་ལ་ལོག་པར་གཡེམ་པ་ཡིན་པར་བརྗོད་པར་བྱའོ། །གཞན་དག་ལ་སྨྱན་བྱེད་དུ་འཆོལ་ན་ཡང་འདོད་པ་ལ་ལོག་པར་གཡེམ་པ་ཡིན་པར་བརྗོད་པར་བྱའོ། །ངོ་མཐོན་དུ་འགྲོ་བ་འགྲོ་བའམ། འཇབ་བུར་འགྲོའམ། གཡོ་དང་སྒྱུས་བྲིད་དེ་འགྲོའམ། ཡིད་བརྟན་ཏེ་འགྲོ་ན་ ཡང་འདོད་པ་ལ་ལོག་པར་གཡེམ་པ་ཡིན་པར་བརྗོད་པར་བྱའོ། །དེ་ལ་བདག་ཉིད་ཀྱི་ཕྱིར་བརྫུན་སྨྲ་ན་ཡང་བརྫུན་དུ་སྨྲ་བ་ཡིན་པར་བརྗོད་པར་བྱའོ། །གཞན་གྱི་ཕྱིར་རམ་འཇིགས་པའི་ཕྱིར་རམ། ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་མ་མཐོང་བར་མཐོང་ངོ་ཞེས་སྨྲའམ། མ་ཐོས་པ་དང་། 130-1-135a བྱེ་བྲག་མ་ཕྱེད་པ་དང་། རྣམ་པར་མ་ཤེས་པར་རྣམ་པར་ཤེས་སོ་ཞེས་སྨྲའམ། མཐོང་བ་ལ་མ་མཐོང་ངོ་ཞེས་སྨྲའམ། ཐོས་པ་དང་བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པ་ལ་རྣམ་པར་མི་ཤེས་སོ་ཞེས་སྨྲས་ན་ཡང་བརྫུན་དུ་སྨྲ་བ་ཡིན་པར་བརྗོད་པར་བྱའོ། །ཡི་གེའི་ ཟུར་གྱིས་བསྒྱུར་ཅིང་སྨྲའམ། ཅང་མི་སྨྲ་བས་དེའི་དོན་དང་དུ་ལེན་ཏམ། ལུས་བསྒྱུར་བའི་མཚན་མས་སྟོན་པར་བྱེད་དམ། མངོན་སུམ་ཉིད་དུ་སྨྲའམ། གཞན་དག་སྨྲར་བཅུག་ན་ཡང་བརྫུན་དུ་སྨྲ་བ་ཡིན་པར་བརྗོད་པར་བྱའོ། །དབྱེ་བའི་ཕྱིར་གཞན་ལ་མི་བསྔགས་པ་བརྗོད་པའི་ཚིག་བདེན་པ་རྗོད་པར་བྱེད་ ན་ཕྲ་མ་ཡིན་པར་བརྗོད་པར་བྱའོ། །མི་བདེན་པས་སྙན་ཚིག་གི་སྦྱོར་བ་ལ་བརྟེན་ཏེ་གཞན་དག་ལ་གནོད་པ་བྱ་བའི་ཕྱིར་སྒྲོགས་སམ། ཉེ་བར་སྦྱིན་པ་ལ་བརྟེན་ཏམ། བསྙེན་བཀུར་ལ་བརྟེན་ཏམ། བདག་གི་དོན་གྱི་ཕྱིར་རམ། གཞན་དག་གི་དོན་གྱི་ཕྱིར་རམ། གཞན་གྱི་ལྕེ་རྟེན་གྱིས་དབྱེན་གྱི་ ཡོན་ཏན་བསྟན་ཏམ། ཐ་ན་འཇིགས་པ་བསྟན་ཏེ། དབྱེ་བའི་ཕྱིར་རང་ངམ། གཞན་དག་ཚིག་ཏུ་བརྗོད་དུ་བཅུག་ན་ཡང་ཕྲ་མ་ཡིན་པར་བརྗོད་པར་བྱའོ། །མངོན་སུམ་དུ་ཚིག་རྩུབ་པོ་རྗོད་པར་བྱེད་ན་ངག་རྩུབ་པོ་ཡིན་པར་བརྗོད་པར་བྱའོ། །ལྐོག་གམ་སྐྱེ་བོ་མང་པོའི་མངོན་སུམ་མམ། དབེན་ པར་བདེན་པའི་སྐྱོན་གྱི་རྗེས་སུ་འབྲང་བའམ། མི་བདེན་པའི་སྐྱོན་གྱི་རྗེས་སུ་འབྲང་བ་ཡི་གེའི་ཟུར་གྱིས་བསྒྱུར་བས་སམ། རྣར་བཤུབས་པས་སམ། བདག་ཉིད་ཀྱི་ལྕེ་རྟེན་གྱིས་སམ། གཞན་གྱི་ལྕེ་རྟེན་གྱིས་རྒོད་པའམ། མ་ཞི་བའམ། རིགས་ཀྱི་སྐྱོན་ལ་བརྟེན་ཏམ། ལུས་ཀྱི་ སྐྱོན་ལ་བརྟེན་ཏམ། བྱ་བའམ་ཚུལ་ཁྲིམས་སམ། ཀུན་ཏུ་སྤྱོད་པའི་སྐྱོན་ལ་བརྟེན་ཏེ། རང་ངམ་གཞན་དག་ཚིག་རྩུབ་པོ་བརྗོད་དུ་བཅུག་ན་ཡང་ངག་རྩུབ་པོ་ཡིན་པར་བརྗོད་པར་བྱའོ། །བྲོ་གར་ལ་བརྟེན་པའི་གླུ་ལེན་ན་ཚིག་ཀྱལ་པ་ཡིན་པར་བརྗོད་པར་བྱའོ། །སིལ་སྙན་ལ་ བརྟེན་པའམ། དེ་གཉི་ག་ལ་བརྟེན་པའམ། དེ་གཉི་ག་ལ་མ་བརྟེན་པའི་གླུ་ལེན་ཏམ། འདི་ལས་ཕྱི་རོལ་པའི་བསྟན་བཅོས་དོན་དང་མི་ལྡན་པ་དེ་དག་ལ་དགའ་བའི་བློས་ལུང་འབོགས་སམ། ཀུན་ཆུབ་པར་བྱེད་དམ། རྒྱས་པར་དབྱངས་ཀྱིས་ཁ་ཏོན་བྱེད་དམ། གཞན་ 130-1-135b དག་ལ་རྒྱ་ཆེར་ཡང་དག་པར་སྟོན་ན་ཡང་ཚིག་ཀྱལ་པ་ཡིན་པར་བརྗོད་པར་བྱའོ། །འཐབ་མོ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་ལ་བརྟེན་ཏེ་ཚིག་རྗོད་པར་བྱེད་དམ། འདུ་འཛིའི་གཏམ་ལ་དགའ་ཞིང་རྒྱལ་པོའི་གཏམ་ཟེར་རམ། རྐུན་པོའི་གཏམ་ཟེར་རམ། རྒྱས་པར་ ཡུལ་གྱི་གཏམ་མམ། བློན་པོ་ཆེན་པོའི་གཏམ་གྱི་བར་རམ། བརྫུན་གྱི་ཚིག་སྨྲའམ། ཕྲ་མའི་ཚིག་སྨྲའམ། ངག་རྩུབ་པོ་སྨྲའམ། ཐ་ན་རྣམ་པར་མ་བརྟགས་པའམ། ཀུན་ཏུ་མ་བརྟགས་པའི་ཚིག་དོན་མེད་པ་བརྗོད་ན་ཡང་ཚིག་ཀྱལ་པ་ཡིན་པར་བརྗོད་པར་བྱའོ། །ཚིག་ ཀྱལ་པ་ནི་གཞི་བདུན་དང་ལྡན་པ་ཡིན་ཏེ། འཐབ་མོ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་དང་། བྲམ་ཟེའི་གསང་སྔགས་རྣམས་དང་། ཉམ་ཐག་ཅིང་སྨྲ་བ་དང་། བགད་པ་དང་། རྩེས་པ་དང་། དགའ་བར་བྱས་པ་དང་། དགའ་དགུར་སྤྱད་པ་སྨྲ་བ་དང་། འདུ་འཛིའི་ གཏམ་སྨྲ་བ་དང་། ར་རོ་བ་དང་། སྨྱོས་པ་ལྟ་བུར་སྨྲ་བ་དང་། ལོག་པའི་འཚོ་བས་སྨྲ་བའོ། །ཁྱིམ་གྱི་རྗེ་དཔོན་ལ་འདོད་པའི་རྣམ་པ་སྐྱེད་པར་བྱེད་པ་དང་། ཀྱེ་མ་ཁྱིམ་གྱི་རྗེ་དཔོན་གང་ཡིན་པ་དེ་བདག་གི་བྲན་གཡོག་ཏུ་གྱུར་ཅིང་ཅི་འདོད་པ་བཞིན་དུ་བྱར་རུང་བར་གྱུར་ན་ཅི་མ་རུང་སྙམ་ པ་ནི་བརྣབ་སེམས་ཡིན་པར་བརྗོད་པར་བྱའོ། །ཁྱིམ་གྱི་རྗེ་དཔོན་ལ་དེ་ཉིད་ཀྱི་ཕ་མའམ། བུའམ། ཆུང་མའམ། བྲན་ནམ། བྲན་མོའམ། ལས་བྱེད་པའམ། ཞོ་ཤས་འཚོ་བའམ། རྒྱས་པར་ཡོངས་སུ་བཟུང་བའི་དངོས་པོ་བདུན་ནམ། ཟས་ལ་སོགས་པ་ལུས་ཀྱི་ཡོ་བྱད་ བཅུ་པོ་དག་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །ཀྱེ་མ་བདག་ལ་གཞན་དག་འདོད་པ་ཆུང་བ་ཡིན་པར་ཡིད་ཆེས་པར་བྱའོ་སྙམ་དུ་འདོད་པའི་རྣམ་པ་སྐྱེད་པར་བྱེད་ན་ཡང་བརྣབ་སེམས་ཡིན་པར་བརྗོད་པར་བྱའོ། །འདོད་པ་ཆུང་བ་ཇི་ལྟ་བ་བཞིན་དུ་ཆོག་ཤེས་པ་དང་། རབ་ཏུ་དབེན་པ་དང་། བརྩོན་འགྲུས་བརྩམས་པ་དང་། དྲན་པ་ཉེ་བར་གནས་པ་དང་། མཉམ་པར་གཞག་པ་དང་། ཤེས་རབ་ཅན་དང་། ཟག་པ་ཟད་པ་དང་། མང་དུ་ཐོས་པ་དང་། གཏོང་བའི་ངང་ཚུལ་ཅན་ཡང་དེ་བཞིན་ནོ། །ཀྱེ་མ་བདག་ཕ་རོལ་རྒྱལ་པོ་ནས། རྒྱས་པར་དེད་དཔོན་དང་། དགེ་ 130-1-136a སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་བར་དག་གིས་བསྙེན་བཀུར་བྱ་བ་དང་། བསྟི་སྟང་དུ་བྱ་བ་དང་། བླ་མར་བྱ་བ་དང་། རི་མོར་བྱ་བ་དང་། མཆོད་པར་བྱ་བར་འགྱུར་བ་དང་། ཀྱེ་མ་བདག་གིས་ཟས་དང་གོས་དང་། མལ་ ཆ་དང་། སྟན་དང་། ནད་ཀྱི་གསོ་སྨན་དང་། ཡོ་བྱད་ཐོབ་པར་གྱུར་ཀྱང་ཅི་མ་རུང་སྙམ་དུ་འདོད་པའི་རྣམ་པ་སྐྱེད་པར་བྱེད་ན་ཡང་བརྣབ་སེམས་ཡིན་པར་བརྗོད་པར་བྱའོ། །ཀྱེ་མ་བདག་ཉིད་ཕྱི་མ་ལ་ལྷའི་འཇིག་རྟེན་དུ་སྐྱེ་ཞིང་ལྷའི་འདོད་པའི་ཡོན་ཏན་ལྔས་བརྩོན་པར་གྱུར་ཅིག་སྙམ་པ་ དང་། ཀྱེ་མ་བདག་ཕྱི་མ་ལ་དྲག་པོའི་འཇིག་རྟེན་དང་། ཁྱབ་འཇུག་གི་འཇིག་རྟེན་དང་། མི་སྐལ་བ་ཅན་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་གྱུར་ཅིག་ཅེས་བྱ་བ་ནས་རྒྱས་པར་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པའི་བར་སྐྱེ་བར་གྱུར་ཅིག་སྙམ་དུ་འདོད་པའི་རྣམ་པ། སྐྱེད་པར་བྱེད་ན་ཡང་བརྣབ་སེམས་ཡིན་པར་བརྗོད་པར་བྱའོ། །ཐ་ན་ཕ་མ་དང་བུ་དང་ཆུང་མ་དང་བྲན་དང་བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། མཛའ་བཤེས་དང་། གྲོས་གྲོགས་དང་། ཉེ་དུ་དང་། རྒན་རབས་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་ཡོ་བྱད་ལ་འདོད་པའི་ རྣམ་པ་སྐྱེད་པར་བྱེད་ན་ཡང་བརྣབ་སེམས་ཡིན་པར་བརྗོད་པར་བྱའོ། །འདི་ནི་བདག་ལ་གནོད་པ་བྱ་བར་འདོད་པ་ཡིན་ནོ་སྙམ་ནས། དེ་ལ་གནོད་པར་བྱ་བའི་ཕྱིར་སེམས་པར་བྱེད་ན་གནོད་སེམས་ཡིན་པར་བརྗོད་པར་བྱའོ། །བདག་ལ་གནོད་པ་བྱས་སོ་བྱེད་དོ་བྱེད་པར་འགྱུར་རོ་སྙམ་ནས། དེ་ ལ་གནོད་པར་བྱ་བའི་ཕྱིར་སེམས་པར་བྱེད་ན་ཡང་གནོད་སེམས་ཡིན་པར་བརྗོད་པར་བྱའོ། །རྒྱས་པར་ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །ཀྱེ་མ་བདག་གི་གཤེད་མ་རྣམས་དང་། དགྲ་བོ་རྣམས་དང་། ཕས་ཀྱི་དགྲ་རྣམས་དབང་དུ་འགྱུར་ཞིང་ བདག་གིས་དེ་དག་བསད་པ་དང་། བཅིང་བ་དང་། སྤྱུགས་པ་དང་། ལྕག་དག་གིས་གཞུ་བ་དང་། དེ་ལོངས་སྤྱོད་རྣམས་དང་དབྲལ་བ་དང་། བུ་སྨད་རྣམས་དང་། རྩ་འཇིང་དང་། འཁོར་དང་ཁྱིམ་དང་དབྲལ་བར་བྱའོ་སྙམ་དུ་ཀུན་ནས་མནར་སེམས་ཀྱི་སེམས་སྐྱེད་པར་ 130-1-136b བྱེད་ན་ཡང་གནོད་སེམས་ཡིན་པར་བརྗོད་པར་བྱའོ། །གཞན་དག་ལ་བདག་གི་གཤེད་མ་རྣམས་དང་། དགྲ་བོ་རྣམས་དང་། ཕས་ཀྱི་དགྲ་རྣམས་ལ་ཇི་སྐད་བརྗོད་པའི་གནོད་པ་བྱ་བར་འཚོལ་བའི་ཀུན་ནས་མནར་སེམས་ཀྱི་སེམས་སྐྱེད་པར་བྱེད་ན་ཡང་གནོད་སེམས་ཡིན་པར་ བརྗོད་པར་བྱའོ། །རང་ཉིད་དེ་ལྟ་དེ་ལྟར་ལུས་དང་ངག་དང་ཡིད་ཀྱིས་སྒྲུབ་ཅིང་དེས་དེ་དག་གི་ལོངས་སྤྱོད་རྣམས་དང་། རྩ་འཇིང་དང་། འཁོར་དང་། གྲགས་པ་དང་། ནད་མེད་པ་དང་། གསོན་པ་དང་། དགེ་བའི་ཆོས་རྣམས་ཡོངས་སུ་ཉམས་པར་གྱུར་ཅིག་སྙམ་པ་དང་། ལུས་ ཞིག་ནས་ཀྱང་ངན་སོང་རྣམས་སུ་སྐྱེ་བར་གྱུར་ཅིག་སྙམ་དུ་ཀུན་ནས་མནར་སེམས་ཀྱི་སེམས་སྐྱེད་པར་བྱེད་ན་ཡང་གནོད་སེམས་ཡིན་པར་བརྗོད་པར་བྱའོ། །བྱིན་པ་མེད་དོ་སྙམ་དུ་ངེས་པར་སེམས་སྐྱེད་པར་བྱེད་ན་ཡང་ལོག་པར་ལྟ་བ་ཡིན་པར་བརྗོད་པར་བྱའོ། །རྒྱས་པར་རྒྱུ་ལ་སྐུར་པ་ འདེབས་སམ། འབྲས་བུ་ལ་སྐུར་པ་འདེབས་སམ། བྱ་བ་ལ་སྐུར་པ་འདེབས་སམ། ཡོད་པའི་དངོས་པོ་འཇིག་པར་བྱེད་ན་ཡང་ལོག་པར་ལྟ་བ་ཡིན་པར་བརྗོད་པར་བྱའོ། །གང་གི་ཚེ་ལོག་པའི་ལྟ་བ་ཐམས་ཅད་ལོག་པར་ལྟ་བ་ཞེས་བྱ་ན་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྐུར་པ་འདེབས་ པའི་ལོག་པར་ལྟ་བ་འདི་ཁོ་ན་ལས་ཀྱི་ལམ་རྣམས་སུ་ལོག་པར་ལྟ་བ་ཡིན་པར་གསུངས་ཤེ་ན། འདི་ལྟར་འདི་ནི་ལོག་པར་ལྟ་བ་ཐམས་ཅད་ཀྱི་མཆོག་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། འདི་ལྟར་ལོག་པར་ལྟ་བ་འདི་ལ་བརྟེན་ནས་དགེ་སྦྱོང་དང་། བྲམ་ཟེ་ཁ་ཅིག་དགེ་བའི་ རྩ་བ་ཡང་དག་པར་གཅོད་པར་བྱེད་ཅིང་། སྡིག་པ་ལ་ཅི་འདོད་དགུར་སྤྱོད་པའི་ལྟ་བ་འདི་ནི་ཤིན་ཏུ་སྡིག་པ་བྱེད་པ་དང་མཐུན་པ་ཡིན་པས་དེའི་ཕྱིར་མི་དགེ་བའི་ལས་ཀྱི་ལམ་རྣམས་སུ་དེ་ཁོ་ན་གསུངས་ཀྱི་གཞན་ནི་མ་ཡིན་ཏེ། ལོག་པར་ལྟ་བའི་མཚན་ཉིད་དུ་རིགས་པ་མ་ཡིན་པར་བལྟ་བར་བྱའོ། །དེ་ལ་ སྲོག་གཅོད་པ་ནི་རྒྱུ་ལྔས་ལྕི་བ་ཡིན་པར་བརྗོད་པར་བྱ་སྟེ། ལྔ་གང་ཞེ་ན། བསམ་པ་དང་། སྦྱོར་བ་དང་། གཉེན་པོ་མེད་པ་དང་། ལོག་པ་ལ་མངོན་པར་ཞེན་པ་དང་། གཞིས་སོ། །དེ་ལ་གལ་ཏེ་ཆགས་པའི་བསམ་པ་དྲག་པོས་བྱེད་དམ། ཞེ་སྡང་གི་བསམ་པ་དྲག་པོས་སམ། 130-1-137a གཏི་མུག་གི་བསམ་པ་དྲག་པོས་བྱེད་པ་ནི་སྲོག་གཅོད་པ་ལྕི་བ་ཡིན་པར་བརྗོད་པར་བྱའོ། །དེ་ལས་ཟློག་པ་ནི་ཡང་བ་ཡིན་ནོ། །གལ་ཏེ་བྱེད་པར་འགྱུར་བའམ། བྱེད་པའམ། བྱས་པ་ལ་སེམས་རངས་པ་དང་ལྡན་པ་དང་། རབ་ཏུ་དགའ་བའི་སེམས་དང་ལྡན་པ་དང་། རང་ ཡང་བྱེད་ལ་གཞན་ཡང་དེ་ཡང་དག་པར་འཛིན་དུ་འཇུག་པ་དང་། དེའི་བསྔགས་བརྗོད་པར་བྱེད་པ་དང་། ཆོས་མཐུན་པ་པ་མཐོང་ན་ཡིད་དགའ་བར་འགྱུར་བ་དང་། ཡུན་རིང་པོ་ནས་བསགས་ཤིང་ཡུན་རིང་པོ་ནས་བསགས་པའི་སེམས་ཀྱིས་བྱེད་པ་དང་། རྟག་ཏུ་བྱེད་པ་དང་། གུས་པར་ བྱེད་པ་དང་། ལན་ཅིག་ལ་ཡང་མང་དུ་གསོད་པར་བྱེད་པ་དང་། ཉོན་མོངས་པའི་ལས་རབ་ཏུ་དྲག་པོས་གསོད་པར་བྱེད་པ་དང་། འཇིགས་པས་དེ་བྱ་བ་མ་ཡིན་པ་བྱེད་དུ་བཅུག་ནས་གསོད་པར་བྱེད་པ་དང་། ཞན་པ་དང་། སྡུག་བསྔལ་བ་དང་། བཀྲེན་པ་དང་། ཉམ་ཐག་པར་སྨྲ་བ་དང་། སྙིང་རྗེ་བར་སྨྲེ་སྔགས་འདོན་བཞིན་དུ་གསོད་པར་བྱེད་པ་ནི་སྲོག་གཅོད་པ་སྦྱོར་བ་ལས་ལྕི་བ་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་སྲོག་གཅོད་པར་བྱེད་པ་ཡང་ཡིན་ལ་ཉིན་གཅིག་བཞིན་དུ་བསླབ་པ་འགའ་ཡང་ལྡན་པར་མི་བྱེད་ལ། ཟླ་བ་ཕྱེད་ལ་ཚེས་བརྒྱད་དང་། ཚེས་བཅུ་བཞི་དང་། ཚེས་བཅོ་ ལྔ་ལ་བསྙེན་གནས་ལ་གནས་པར་མི་བྱེད་པ་དང་། དུས་དུས་སུ་སྦྱིན་པ་དག་སྦྱིན་པར་མི་བྱེད་པ་དང་། བསོད་ནམས་དག་མི་བྱེད་པ་དང་། མངོན་དུ་སྨྲ་བ་དང་། ཕྱག་འཚལ་བ་དང་། ལྡང་བ་དང་། ཐལ་མོ་སྦྱོར་བ་དང་འདུད་པ་ལ་སོགས་པ་མི་བྱེད་པ་དང་། དུས་དུས་སུ་ངོ་ཚ་ཤེས་པ་དང་། ཁྲེལ་ ཡོད་པ་དང་། འགྱོད་པ་ཤས་ཆེན་པོ་མི་ཐོབ་པ་དང་། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་ལ་མི་རེག་པ་དང་། ཆོས་མངོན་པར་རྟོགས་པ་ལ་མི་རེག་པ་ནི་སྲོག་གཅོད་པ་གཉེན་པོ་མེད་པ་ལས་ལྕི་བ་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་དགེ་སྦྱོང་དང་བྲམ་ཟེ་མཆོད་སྦྱིན་ལོག་པར་བྱེད་པ་ རྣམས་ཀྱི་ལྟ་བའི་རྗེས་སུ་ཡིད་འདོད་པར་བྱེད་ཅིང་། ཆོས་འདོད་པས་སྲོག་གཅོད་པར་བྱེད་པ་ནི་སྲོག་གཅོད་པ་ལོག་པ་ལ་མངོན་པར་ཞེན་པ་ལས་ལྕི་བ་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་སེམས་འདི་སྙམ་དུ་སེམས་ཏེ། ཕྱུགས་གསད་པ་ལ་ནི་ཉེས་པ་མེད་དེ། འདི་ལྟར་ཕྱུགས་རྣམས་ནི་སྐྱེ་དགུའི་ 130-1-137b བདག་པོས་ཡོ་བྱད་ཀྱི་རྒྱུར་སྤྲུལ་པ་ཡིན་པའི་ཕྱིར་རོ་སྙམ་དུ་སེམས་ན་ཡང་སྲོག་གཅོད་པ་ལྕི་བ་ཡིན་པར་བརྗོད་པར་བྱའོ། །དེ་ལྟར་ལོག་པར་ལྟ་བ་གང་ཡང་རུང་བ་ལས་བརྟེན་ཏེ། སྲོག་གཅོད་པར་བྱེད་ན་ཡང་སྲོག་གཅོད་པ་ལོག་པ་ལ་མངོན་པར་ཞེན་པ་ལས་ལྕི་བ་ཡིན་པར་བརྗོད་པར་བྱའོ། ། གལ་ཏེ་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་བོང་ཆེན་པོ་གསོད་པར་བྱེད་ན། སྲོག་གཅོད་པ་གཞི་ལས་ལྕི་བ་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་མིའམ་མིར་ཆགས་པ་གསོད་པར་བྱེད་དམ། གལ་ཏེ་ཕ་མའམ། ཕུ་ནུའམ། བླ་མ་ལྟ་བུའམ། གལ་ཏེ་ཡིད་གཅུགས་པའམ། གལ་ཏེ་སློབ་པའམ། གལ་ཏེ་བྱང་ཆུབ་སེམས་དཔའ་འམ། གལ་ཏེ་དགྲ་བཅོམ་པའམ། གལ་ཏེ་རང་སངས་རྒྱས་གསོད་པར་བྱེད་དམ། དེ་བཞིན་གཤེགས་པས་ནི་བགྲོངས་པ་མ་ཡིན་པར་ཤེས་བཞིན་དུ། གལ་ཏེ་གསོད་པའི་བསམ་པས་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པར་ བྱེད་པ་ནི་སྲོག་གཅོད་པའི་གཞི་ལས་ལྕི་བ་ཡིན་པར་བརྗོད་པར་བྱའོ། །ཇི་སྐད་བསྟན་པའི་རྒྱུ་དེ་དག་ལས་བཟློག་པ་ནི་སྲོག་གཅོད་པ་ཡང་བ་ཡིན་པར་བརྗོད་པར་བྱའོ། །འདི་མན་ཆད་ནི་མ་བྱིན་པར་ལེན་པ་ལ་སོགས་པའི་གཞིའི་ལྕི་བ་ཉིད་དང་ཡང་བ་ཉིད་ཀྱི་རབ་ཏུ་དབྱེ་བ་བརྗོད་པར་བྱ་སྟེ། ལྷག་ མ་ནི་སྲོག་གཅོད་པ་བཞིན་དུ་ཇི་རིགས་པར་བལྟ་བར་བྱའོ། །གལ་ཏེ་མང་པོ་འཕྲོག་པར་བྱེད་ན་མ་བྱིན་པར་ལེན་པ་གཞི་ལས་ལྕི་བ་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་བཟང་པོའམ། གལ་ཏེ་ཡིད་བརྟན་པ་ལ་འཁུ་ཞིང་འཕྲོག་པར་བྱེད་དམ། གལ་ཏེ་དམན་པ་དང་། བཀྲེན་པ་དག་ལས་ འཕྲོག་པར་བྱེད་དམ། གལ་ཏེ་རབ་ཏུ་བྱུང་བ་དང་ཆོས་འདི་བདག་ལས་འཕྲོག་པར་བྱེད་དམ། གལ་ཏེ་གྲོང་དུ་ཆུད་པ་འཕྲོག་པར་བྱེད་དམ། གལ་ཏེ་སློབ་པ་ལས་སམ། གལ་ཏེ་དགྲ་བཅོམ་པ་ལས་སམ། གལ་ཏེ་རང་སངས་རྒྱས་ལས་སམ། གལ་ཏེ་དགེ་འདུན་གྱིའམ། གལ་ ཏེ་མཆོད་རྟེན་གྱི་འཕྲོག་པར་བྱེད་ན་ཡང་མ་བྱིན་པར་ལེན་པ་གཞི་ལས་ལྕི་བ་ཡིན་པར་བརྗོད་པར་བྱའོ། །འཇུག་པར་བྱ་བ་མ་ཡིན་པར་འཇུག་པ་ལས་བརྩམས་ཏེ། གལ་ཏེ་མ་ལ་ཉལ་པོ་བྱེད་དམ། མ་དང་འབྲེལ་པའམ། སྐྱེས་པ་ཡིད་གཅུགས་པའི་ཆུང་མའམ། བརྟུལ་ཞུགས་ལ་གནས་པའི་དགེ་ 130-1-138a སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་མ་ལ་ཉལ་པོ་བྱེད་ན་ཡང་འདོད་པ་ལ་ལོག་པར་གཡེམ་པའི་གཞི་ལས་ལྕི་བ་ཡིན་པར་བརྗོད་པར་བྱའོ། །ཡན་ལག་མ་ཡིན་པར་འཇུག་པ་ལས་བརྩམས་ཏེ། གལ་ཏེ་ཁར་འཇུག་ན་འདོད་པ་ལ་ལོག་པར་གཡེམ་པ་གཞི་ ལས་ལྕི་བ་ཡིན་པར་བརྗོད་པར་བྱའོ། །དུས་མ་ཡིན་པར་འཇུག་པ་ལས་བརྩམས་ཏེ། གལ་ཏེ་གསོ་སྦྱོང་ལ་གནས་པའམ། ཟླ་བ་ཚང་བའམ། ནད་ཀྱིས་བཏབ་པ་ལ་ཉལ་པོ་བྱེད་ན་འདོད་པ་ལ་ལོག་པར་གཡེམ་པ་གཞི་ལས་ལྕི་བ་ཡིན་པར་བརྗོད་པར་བྱའོ། །གནས་མ་ཡིན་པར་ འཇུག་པ་ལས་བརྩམས་ཏེ། གལ་ཏེ་མཆོད་རྟེན་གྱི་གནས་སམ། མཆོད་རྟེན་གྱི་དྲུང་ངམ། དགེ་འདུན་གྱི་ཀུན་དགའ་ར་བར་ཉལ་པོ་བྱེད་ན། འདོད་པ་ལ་ལོག་པར་གཡེམ་པ་གཞི་ལས་ལྕི་བ་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་གཞན་བྲིད་པར་འདོད་ཅིང་བསླུ་བར་འདོད་པས་དོན་མང་ པོས་བརྫུན་གྱི་ཚིག་སྨྲ་ན་བརྫུན་དུ་སྨྲ་བ་གཞི་ལས་ལྕི་བ་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་བཟང་པོའམ་རབ་ཏུ་མཆོག་གམ། གལ་ཏེ་ཡིད་གཅུགས་པའམ། གལ་ཏེ་མའམ། གལ་ཏེ་ཕའམ། རྒྱས་པར་སྔ་མ་བཞིན་དུ་དེ་བཞིན་གཤེགས་པའི་བར་ལ་བརྫུན་ཟེར་ན་བརྫུན་དུ་སྨྲ་བ་ གཞི་ལས་ལྕི་བ་ཡིན་པར་བརྗོད་པར་བྱའོ། །གཞན་ཡང་བརྫུན་དུ་སྨྲ་བ་ནི་གཞན་དག་སྲོག་གཅོད་པ་ལ་འཇུག་པར་འགྱུར་བ་ཡང་ཡོད། ལོངས་སྤྱོད་ཉམས་པ་ལ་འཇུག་པར་འགྱུར་བ་ཡང་ཡོད། ཆུང་མ་ཆུད་གཟན་པ་ལ་འཇུག་པར་འགྱུར་བ་ཡང་ཡོད་དེ། དེ་ལ་བརྫུན་དུ་སྨྲ་བ་ གང་སྲོག་གཅོད་པ་ལྕི་བ་སྐྱེད་པར་བྱེད་པ་དང་། མ་བྱིན་པར་ལེན་པའི་ལྕི་བ་དང་། འདོད་པ་ལ་ལོག་པར་གཡེམ་པའི་ལྕི་བ་སྐྱེད་པར་བྱེད་པ་དེ་ཡང་བརྫུན་དུ་སྨྲ་བ་གཞི་ལས་ལྕི་བ་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་དགེ་འདུན་དབྱེ་བའི་ཕྱིར་བརྫུན་ཟེར་ན་བརྫུན་དུ་སྨྲ་བ་དེ་ནི་བརྫུན་དུ་སྨྲ་ བ་ཐམས་ཅད་ཀྱི་ནང་ན་ལྕི་བ་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་ཡུན་རིང་པོ་ནས་བཤེས་པར་གྱུར་པ་རྣམས་དབྱེ་བའི་ཕྱིར་སྦྱོར་བར་བྱེད་པ་ནི་ཕྲ་མ་གཞི་ལས་ལྕི་བ་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་དགེ་བའི་བཤེས་གཉེན་དང་འབྱེད་པར་བྱེད་དམ། གལ་ཏེ་མ་དང་བུ་དག་གམ། གལ་ 130-1-138b ཏེ་ཕ་དང་བུ་དག་གམ། གལ་ཏེ་དགེ་འདུན་འབྱེད་པར་བྱེད་དམ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་སྐྱེད་པའི་ཕྲ་མ་ནི་སྔ་མའི་ཚུལ་བཞིན་དུ་རིག་པར་བྱའོ། །ཕ་མ་ལ་སོགས་པ་དང་བླ་མ་ལྟ་བུ་དག་ལ་ངག་རྩུབ་པོ་རྗོད་པར་བྱེད་པ་ནི་ངག་ རྩུབ་པོ་གཞི་ལས་ལྕི་བ་ཡིན་པར་བརྗོད་པར་བྱའོ། །ཡང་དག་པ་མ་ཡིན་པ་དང་། དེ་ཁོ་ན་མ་ཡིན་པའི་བརྫུན་སྨྲ་བ་དང་། མངོན་སུམ་དུ་གཤེ་བ་དང་། སྤྱོ་བ་དང་། བརྒྱད་བཀག་ཟེར་བ་ཡང་། ངག་རྩུབ་པོ་ལྕི་བ་ཡིན་པར་བརྗོད་པར་བྱའོ། །བརྫུན་དུ་སྨྲ་བ་ལ་སོགས་པར་འགྱུར་བའི། ཚིག་ཀྱལ་པ་གང་ཡིན་པ་དེའི་ལྕི་བ་དང་ཡང་བ་ཡང་འདི་ལྟ་སྟེ། དེ་དག་གི་ཇི་ལྟ་བ་བཞིན་དུ་བལྟ་བར་བྱའོ། །འཐབ་མོ་དང་། མཚང་འདྲུ་བ་དང་། རྩོད་པ་དང་འགྱེད་པ་ལ་བརྟེན་པའི་ཚིག་ཀྱལ་པ་གང་ཡིན་པ་དེ་ཡང་ལྕི་བ་ཡིན་ནོ། །ཆགས་པ་དང་ལྡན་པའི་སེམས་ཀྱིས་ཕྱི་རོལ་བའི་བསྟན་ བཅོས་དོན་དང་མི་ལྡན་པ་དག་ལུང་འབོགས་པ་དང་། ཁ་དོན་བྱེད་པ་དང་། གཞན་དག་ལ་རྒྱ་ཆེར་ཡང་དག་པར་སྟོན་པ་གང་ཡིན་པ་དེ་ཡང་ཚིག་ཀྱལ་པ་གཞི་ལས་ལྕི་བ་ཡིན་པར་བརྗོད་པར་བྱའོ། །ཕ་མ་དང་། ཉེ་དུ་དང་། བླ་མ་ལྟ་བུ་དག་ལ་བསྟིང་སླད་དང་། ཅོ་འདྲི་བ་དང་། ཚིག་གི་ ལམ་མི་བཤའ་བ་དང་ཀུན་ཏུ་བརྗོད་པ་གང་ཡིན་པ་དེ་ཡང་ཚིག་ཀྱལ་པ་གཞི་ལས་ལྕི་བ་ཡིན་པར་བརྗོད་པར་བྱའོ། །དགེ་འདུན་གྱི་དང་། མཆོད་རྟེན་གྱི་ཡོ་བྱད་དག་ལ་བརྣབ་སེམས་སྐྱེད་པར་བྱེད་པ་ནི་བརྣབ་སེམས་གཞི་ལས་ལྕི་བ་ཡིན་པར་བརྗོད་པར་བྱའོ། །བདག་ཉིད་ཀྱི་ཡོན་ཏན་ གྱིས་མངོན་པའི་ང་རྒྱལ་བྱེད་ཅིང་རྒྱལ་པོ་ལ་སོགས་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ལ་ཤེས་ཀྱི་ཁེ་དང་བཀུར་སྟིའི་འདོད་པ་སྐྱེད་པར་བྱེད་པ་ཡང་བརྣབ་སེམས་གཞི་ལས་ལྕི་བ་ཡིན་པར་བརྗོད་པར་བྱའོ། །ཕ་མ་དང་། ཉེ་དུ་དང་། བླ་མ་ལྟ་བུ་དག་ལ་ཀུན་ནས་ མནར་སེམས་སྐྱེད་པར་བྱེད་པ་ནི་གནོད་སེམས་གཞི་ལས་ལྕི་བ་ཡིན་པར་བརྗོད་པར་བྱའོ། །ཉེས་པ་མེད་པ་དང་། བཀྲེན་པ་དང་། སྡུག་བསྔལ་བ་དང་། སྙིང་རྗེ་བའི་གཞི་དག་ལ་ཀུན་ནས་མནར་སེམས་སྐྱེད་པར་བྱེད་པ་ཡང་གནོད་སེམས་གཞི་ལས་ལྕི་བ་ཡིན་པར་བརྗོད་པར་ 130-1-139a བྱའོ། །ཉེས་པ་བྱས་པ་བསམ་པ་ཐག་པ་ནས་འཆགས་པར་བྱེད་པ་ལ་ཀུན་ནས་མནར་སེམས་སྐྱེད་པར་བྱེད་པ་ཡང་གནོད་སེམས་གཞི་ལས་ལྕི་བ་ཡིན་པར་བརྗོད་པར་བྱའོ། །ཐམས་ཅད་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་གང་ཡིན་པ་དེ་ནི་གཞི་ཐམས་ཅད་ ལ་སྐུར་པ་འདེབས་པའི་སྒོར་ཞུགས་པ་ཡིན་པའི་ཕྱིར། དེ་ལས་གཞན་པའི་ལོག་པར་ལྟ་བ་ཐམས་ཅད་པས་ལྕི་བ་ཡིན་པར་བརྗོད་པར་བྱའོ། །གཞན་ཡང་འཇིག་རྟེན་ན་དགྲ་བཅོམ་པ་དང་ཡང་དག་པར་སོང་བ་དང་། ཡང་དག་པར་ཞུགས་པ་རྣམས་མེད་དོ་ཞེས་བྱ་བའི་བར་དུ་རྒྱ་ཆེར་ ལྟ་བ་གང་ཡིན་པ་དེ་ཡང་ལོག་པར་ལྟ་བ་གཞི་ལས་ལྕི་བ་ཡིན་པར་བརྗོད་པར་བྱའོ། །ཇི་སྐད་བསྟན་པའི་གཞི་རྣམས་མ་གཏོགས་པ་དེ་ལས་བཟློག་པ་ཐམས་ཅད་ནི་ཡང་བ་ཡིན་པར་ཅི་རིགས་པར་རིག་པར་བྱའོ། །སྲོག་གཅོད་པ་དང་ལྡན་པའི་མི་དགེ་བ་ནི་བྱས་ལ་བསགས་པ་མ་ཡིན་པ་ ཡང་ཡོད་དོ། །བསགས་ལ་མ་བྱས་པ་ཡང་ཡོད་དོ། །བྱས་ཀྱང་བྱས་ལ་བསགས་ཀྱང་བསགས་པ་ཡང་ཡོད་དོ། །མ་བྱས་ཤིང་མ་བསགས་པ་ཡང་ཡོད་དོ། །དེ་ལ་མུ་དང་པོ་ནི་བྱིས་པ་མི་མཁས་པས་བྱས་པ་དང་། རྨི་ལམ་ན་བྱས་པ་དང་། ཆེད་དུ་མ་བྱས་པ་ དང་། མི་འདོད་བཞིན་དུ་གཞན་དག་གིས་ནན་གྱིས་བྱེད་དུ་བཅུག་པ་དང་། ལན་ཅིག་ཁོ་ན་བྱས་ཤིང་བྱས་ནས་ཀྱང་འགྱོད་པའི་སེམས་དང་ཉེས་དམིགས་ཀྱི་སེམས་ཀྱི་རྒྱུན་དྲག་པོས་བཅོམ་ནས། སྤོང་བའི་སྡོམ་པ་ཡང་དག་པར་བླངས་པས་ཤིན་ཏུ་སྲབ་མོར་བྱས་པ་དང་། རྣམ་པར་ སྨིན་པ་ནི་མ་བསྐྱེད་པ་ཁོ་ནར་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བས་ས་བོན་ནས་བཅོམ་པ་དང་། འཇིག་རྟེན་ལས་འདས་པའི་སྤོང་བའི་ལམ་གྱིས་ས་བོན་ནས་ཡང་དག་པར་བཅོམ་པ་ཡིན་ནོ། །བསགས་ལ་མ་བྱས་པ་ནི་འདི་ལྟར་འདི་ན་ལ་ལ་སྲོག་ཆགས་བསད་པའི་ཕྱིར་ཡུན་རིང་ པོ་ནས་རྗེས་སུ་རྟོག་པར་བྱེད་རྗེས་སུ་དཔྱོད་པར་བྱེད་པ་དེ་ལ་སྲོག་གཅོད་པ་དང་ལྡན་པའི་མི་དགེ་བ་བསགས་པ་ནི་ཡོད་ལ། དེས་སྲོག་གཅོད་པ་ནི་མ་བྱས་པ་ཡིན་ནོ། །བྱས་ཀྱང་བྱས་ལ་བསགས་ཀྱང་བསགས་པ་ནི་རྣམ་པ་གང་དག་གིས་བྱས་ལ་བསགས་པ་མ་ཡིན་པ་ 130-1-139b དང་། བསགས་ལ་མ་བྱས་པའི་རྣམ་པ་ཇི་སྐད་བསྟན་པ་དག་མ་གཏོགས་པ་དེ་ལས་གཞན་པའི་སྲོག་གཅོད་པ་ཐམས་ཅད་དོ། །མ་བྱས་ཤིང་མ་བསགས་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ། །ལྷག་མ་མ་བྱིན་པར་ལེན་པ་ལ་སོགས་པ་ནས་ཚིག་ཀྱལ་པའི་མཐར་ཐུག་ པའི་བར་དག་ཀྱང་སྲོག་གཅོད་པ་ཇི་ལྟ་བ་དེ་བཞིན་དུ་ཅི་རིགས་པར་བལྟ་བར་བྱའོ། །བརྣབ་སེམས་དང་གནོད་སེམས་དང་ལོག་པར་ལྟ་བ་དག་ལ་ནི་བསགས་ལ་མ་བྱས་པ་ཞེས་བྱ་བའི་མུ་གཉིས་པ་མེད་དོ། །མུ་དང་པོ་ལས་ཀྱང་ཆེད་དུ་མ་བྱས་པ་ཡང་མེད་ལ། གཞན་དག་གིས་ནན་གྱིས་བྱེད་ དུ་བཅུག་པ་ཡང་མེད་དོ། །ལྷག་མ་ནི་སྔ་མ་བཞིན་ནོ།། །།བམ་པོ་བཅོ་ལྔ་པ། དེ་ལ་སྲོག་གཅོད་པ་ཀུན་ཏུ་བསྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་པས་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བ་དེ་ནི་སྲོག་གཅོད་པའི་རྣམ་པར་སྨིན་པའི་འབྲས་བུ་ཞེས་བྱའོ། །གལ་ཏེ་དེ་ ནས་ཤི་འཕོས་ནས་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེས་ན་ཡང་ཚེ་ཐུང་བར་འགྱུར་བ་དེ་ནི་སྲོག་གཅོད་པའི་རྒྱུ་མཐུན་པའི་འབྲས་བུ་ཞེས་བྱའོ། །ཕྱི་རོལ་གྱི་སྣོད་ཀྱི་འཇིག་རྟེན་གྱི་བཟའ་བ་དང་། བཏུང་བ་དང་། འབྲས་བུ་དང་། སྨན་ལ་སོགས་པ་མཐུ་ཆུང་བ་དང་། ཉམས་པ་དང་། རྣམ་ པར་སྨིན་པ་དང་། མཐུ་སྟོབས་ཆུང་བ་དང་། འཇུ་དཀའ་ཞིང་ནད་སྐྱེད་པར་བྱེད་ལ། དེས་སེམས་ཅན་ཕལ་ཆེར་ཚེ་མ་ཟད་པ་བཞིན་དུ་དུས་མ་ཡིན་པར་འཆི་བའི་དུས་བྱེད་པར་འགྱུར་བ་དེ་ནི་སྲོག་གཅོད་པའི་དབང་གི་འབྲས་བུ་ཞེས་བྱའོ། །དེ་ལ་དེ་ལས་གཞན་པའི་ལས་ཀྱི་ལམ་རྣམས་ཀྱི་རྣམ་ པར་སྨིན་པའི་འབྲས་བུ་དང་། རྒྱུ་མཐུན་པའི་འབྲས་བུ་ནི་མདོ་ལས་ཇི་སྐད་གསུངས་པ་བཞིན་དུ་བལྟ་བར་བྱའོ། །དབང་གི་འབྲས་བུ་ནི་བཤད་པར་བྱ་སྟེ། དེ་ལ་མ་བྱིན་པར་ལེན་པའི་དབང་གི་འབྲས་བུས་ནི་སྣོད་ཀྱི་འཇིག་རྟེན་ན་འབྲས་བུ་ཉུང་བ་དང་། འབྲས་བུ་མི་གྲུང་བ་དང་། འབྲས་ བུ་རུལ་བ་དང་། འབྲས་བུ་ལོད་པ་དང་། ཐན་པ་ཆེ་བ་དང་། ཆར་ཆེས་པ་དང་། འབྲས་བུ་སྐམ་པོ་དང་། འབྲས་བུ་མེད་པར་འགྱུར་རོ། །འདོད་པ་ལ་ལོག་པར་གཡེམ་པའི་དབང་གི་འབྲས་བུས་ནི་སྣོད་ཀྱི་འཇིག་རྟེན་ན་བཤང་བ་དང་། གཅི་བ་དང་། འདམ་རྫབ་དང་། ལྗན་ལྗིན་མང་བ་དང་། 130-1-140a མི་གཙང་བ་མང་བ་དང་། དྲི་ང་བ་མང་བ་དང་། དོག་པ་དང་། ཉམ་ང་བ་མང་བ་དང་། རྫས་མི་གཙང་ཞིང་དྲི་ང་བ་མང་དུ་འབྱུང་བ་དང་། ཉམས་མི་དགའ་བར་འགྱུར་རོ། །བརྫུན་དུ་སྨྲ་བའི་དབང་གི་འབྲས་བུས་ནི་སྣོད་ཀྱི་འཇིག་རྟེན་ན་ཞིང་ལས་དང་། གྲུ་སྤྱོད་ པའི་ལས་ཀྱི་མཐའ་རྒྱས་པར་མི་འགྱུར་བ་དང་། མཐུན་པར་མི་འགྱུར་ཞིང་། ཕལ་ཆེར་སླུ་བ་དང་། འཇིགས་པ་དང་། འཇིགས་སུ་རུང་བའི་རྒྱུ་མང་པོ་དང་ལྡན་པར་འགྱུར་རོ། །ཕྲ་མའི་དབང་གི་འབྲས་བུས་ནི་སྣོད་ཀྱི་འཇིག་རྟེན་ནས་ཕྱོགས་འབར་འབུར་དང་། ལྕང་ལྕོང་དང་། མཐོ་ དམན་དང་། བགྲོད་དཀའ་བ་དང་ལྡན་ཞིང་འཇིགས་པ་དང་། འཇིགས་སུ་རུང་བའི་རྒྱུ་མང་པོ་དང་ལྡན་པར་འགྱུར་རོ། །ངག་རྩུབ་པོའི་དབང་གི་འབྲས་བུས་ནི་སྣོད་ཀྱི་འཇིག་རྟེན་ནས་ཕྱོགས་སྡོང་དུམ་དང་། ཚེར་མའི་གཞི་དང་། རྡོ་བ་དང་གསེག་མ་དང་། གྱོ་མོ་མང་བ་དང་། རྩུབ་པ་དང་། མདངས་མི་སྣུམ་པ་དང་། འབབ་ཆུ་དང་། མཚོ་དང་། ལྟེང་ཀ་མེད་པ་དང་། སྐམ་པ་དང་། ཚ་སྒོ་དང་། དགོན་དུང་དང་། ཐ་ཆད་དང་། སྡིག་པ་ཅན་གྱི་ས་གཞི་དང་ལྡན་ཞིང་འཇིགས་པ་དང་། འཇིགས་སུ་རུང་བའི་རྒྱུ་མང་པོ་དང་ལྡན་པར་འགྱུར་རོ། །ཚིག་ཀྱལ་པའི་ དབང་གི་འབྲས་བུས་ནི་སྣོད་ཀྱི་འཇིག་རྟེན་ན་འབྲས་བུའི་ཤིང་ལྗོན་པ་རྣམས་ལ་འབྲས་བུ་མི་འཆགས་པ་དང་། དུས་མ་ཡིན་པར་འབྲས་བུ་འཆགས་པ་དང་། དུས་སུ་འབྲས་བུ་མི་འཆགས་པ་དང་། མ་སྨིན་པར་སྨིན་པ་འདྲ་བར་སྣང་བ་དང་། རྩ་བ་མི་བརྟན་པ་དང་། ཡུན་རིང་དུ་མི་གནས་པ་དང་། ཀུན་དགའ་ར་བ་ཉམས་དགའ་བ་དང་། ནགས་ཚལ་ཉམས་དགའ་བ་དང་། རྫིང་བུ་ཉམས་དགའ་བ་མི་མང་བ་དང་། འཇིགས་པ་དང་། འཇིགས་སུ་རུང་བའི་རྒྱུ་མང་པོ་དང་ལྡན་པར་འགྱུར་རོ། །བརྣབ་སེམས་ཀྱི་དབང་གི་འབྲས་བུས་ནི། སྣོད་ཀྱི་འཇིག་རྟེན་ན་ཕུན་སུམ་ཚོགས་པ་ཐམས་ ཅད་ལོ་རེ་རེ་དང་དུས་ཚིགས་རེ་རེ་དང་། ཟླ་བ་དང་། ཟླ་བ་ཕྱེད་དང་། མཚན་མོ་དང་། ཉིན་མ་རེ་རེ་ཞིང་ཡང་ཉམས་པ་དང་། འབྲི་བར་འགྱུར་ཞིང་། དེ་དག་མེད་པར་སྣང་གི་འཕེལ་བར་ནི་མ་ཡིན་ནོ། །གནོད་སེམས་ཀྱི་དབང་གི་འབྲས་བུས་ནི་སྣོད་ཀྱི་འཇིག་རྟེན་ན་ཡམས་ཀྱི་ནད་ 130-1-140b མང་བ་དང་། གནོད་པ་མང་བ་དང་། འགོ་བའི་ནད་མང་བ་དང་། འཁྲུག་པ་མང་བ་དང་། ཕ་རོལ་གྱི་དམག་ཚོགས་ལས་གྱུར་པའི་འཁྲུག་ལོང་གི་འཇིགས་པ་མང་བ་དང་། སེང་གེ་དང་། སྟག་ལ་སོགས་པ་གཅན་གཟན་གནོད་པ་བྱེད་པ་མང་བ་དང་། སྦྲུལ་གདུག་པ་དང་། སྦྲུལ་དང་། སྡིག་པ་དང་། སྲིན་གྱི་སྡེ་མང་བ་དང་། གནོད་སྦྱིན་གདུག་པ་དང་། རྐུན་པོ་ལ་སོགས་པ་མང་བར་འགྱུར་རོ། །ལོག་པར་ལྟ་བའི་དབང་གི་འབྲས་བུས་ནི་སྣོད་ཀྱི་འཇིག་རྟེན་ན་འབྱུང་ཁུང་མཆོག་དང་། གཙོ་བོ་དང་། ཁྱད་པར་དུ་འཕགས་པ་གང་ཡིན་པ་དེ་ ནུབ་པར་འགྱུར་བ་དང་། དངོས་པོ་མི་གཙང་བ་དག་མཆོག་ཏུ་གཙང་བར་སྣང་བ་དང་། སྡུག་བསྔལ་བར་གྱུར་པ་དག་མཆོག་ཏུ་བདེ་བར་སྣང་བ་དང་། གནས་མེད་པ་དང་། སྐྱོབ་པ་མེད་པ་དང་། སྐྱབས་མེད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་སྲོག་གཅོད་པ་ནས་དེ་བཞིན་དུ་ ལོག་པར་ལྟ་བའི་བར་ནི་རྣམ་པ་གསུམ་སྟེ། ཆགས་པ་ལས་བྱུང་བ་དང་། ཞེ་སྡང་ལས་བྱུང་བ་དང་། གཏི་མུག་ལས་བྱུང་བའི་ཞེས་གསུངས་པ་དེ་ལ་ཆགས་པ་དང་། ཞེ་སྡང་བ་དང་གཏི་མུག་ལས་བྱུང་བའི་སྲོག་གཅོད་པ་ལ་སོགས་པའི་རབ་ཏུ་དབྱེ་བ་གང་ཞེ་ན། གལ་ཏེ་ཤ་ལ་ སོགས་པ་འདོད་པས་གསོད་པར་བྱེད་པ་ནི་ཆགས་པ་ལས་བྱུང་བའི་སྲོག་གཅོད་པ་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་གསད་ནས་དེ་ལ་ཡོད་པའི་རྫས་དག་དབྲོག་པར་བྱའོ་སྙམ་པ། དེ་ལྟ་བུའི་སེམས་དང་ལྡན་པ་དང་། གལ་ཏེ་གཞན་དག་གིས་རྔན་པ་བྱིན་པ་དང་། གལ་ཏེ་ཕན་ བཏགས་པ་ལ་ལན་དུ་ཕན་གདགས་པར་འདོད་པ་དང་། གལ་ཏེ་མཛའ་བཤེས་ཀྱིས་ཡོངས་སུ་ཟིན་པར་འགྱུར་རོ་སྙམ་པ་དང་། གལ་ཏེ་རྗེ་དཔོན་གྱི་ཟས་དང་། གོས་བདག་གིར་བྱས་ནས་དེའི་ཚིག་གིས་གསོད་པར་བྱེད་པ་ཡང་ཆགས་པ་ལས་བྱུང་བའི་སྲོག་གཅོད་པ་ཡིན་པར་བརྗོད་ པར་བྱའོ། །གལ་ཏེ་འདི་ནི་བདག་ལ་མི་རྙེད་པ་ཉེ་བར་བསྒྲུབ་པ་ཡིན་ནོ་སྙམ་པ་དང་། འདི་ནི་བདག་གི་རྙེད་པའི་བར་ཆད་བྱེད་པ་ཡིན་ནོ་སྙམ་ནས། གསོད་པར་བྱེད་པ་དང་། མི་རྙེད་པ་དང་། རྙེད་པ་ལ་ཇི་ལྟ་བ་བཞིན་དུ་མི་སྙན་པ་དང་། སྙན་པ་དང་། སྨད་པ་དང་། 130-1-141a བསྟོད་པ་དང་། སྡུག་བསྔལ་བ་དང་། བདེ་བ་ལ་ཡང་ཅི་རིགས་པར་བལྟ་བར་བྱ་སྟེ། ཐམས་ཅད་ཀྱང་ཆགས་པ་ལས་བྱུང་བའི་སྲོག་གཅོད་པ་ཡིན་པར་བལྟ་བར་བྱའོ། །གལ་ཏེ་འདི་ནི་བདག་ལ་གནོད་པ་བྱེད་པར་འདོད་པ་ཡིན་ནོ་སྙམ་ནས་གསོད་ པར་བྱེད་པ་ནི་ཞེ་སྡང་ལས་བྱུང་བའི་སྲོག་གཅོད་པ་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་བདག་ལ་གནོད་པ་བྱེད་པ་རྗེས་སུ་དྲན་ནམ། གལ་ཏེ་བདག་ལ་གནོད་པ་བྱེད་པར་འགྱུར་དུ་དོགས་སམ། གལ་ཏེ་བདག་ལ་གནོད་པ་བྱེད་པར་མཐོང་ངམ། དེ་བཞིན་དུ་རྒྱས་པར་ཀུན་ནས་མནར་ སེམས་ཀྱི་དངོས་པོ་དགུའི་བར་ལ་སྔ་མ་བཞིན་དུ་རིག་པར་བྱ་སྟེ། ཐམས་ཅད་ཀྱང་ཞེ་སྡང་ལས་བྱུང་བའི་སྲོག་གཅོད་པ་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་ཆོས་ཀྱི་ཕྱིར་གསོད་པར་བྱེད་དེ། འདི་དང་བདག་ནི་སྲོག་ཆགས་ཡིན་ལ། གཞན་དག་ཀྱང་དེ་ལ་ཀུན་ཏུ་དགའ་བར་བྱེད་པ་ཡིན་ པས། གཞི་དེས་ལུས་ཞིག་ནས་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ་སྙམ་ནས། གསོད་པར་བྱེད་པ་ནི་གཏི་མུག་ལས་བྱུང་བའི་སྲོག་གཅོད་པ་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་བླ་མ་རྣམས་ཀྱི་དོན་དུ་གསོད་པར་བྱེད་པ་གང་ཡིན་པ་དེ་ནི་ཆོས་དང་ལེགས་པར་ལྡན་པ་ཡིན་ནོ་སྙམ་ པ་དེ་ལྟ་བུའི་སེམས་ཀྱིས་གསོད་པར་བྱེད་པ་དང་། གལ་ཏེ་རིག་བྱེད་རྣམས་དང་ཚངས་པ་དང་། སྐྱེ་དགུའི་བདག་པོ་ལ་སྨོད་པ་དང་བྲམ་ཟེ་རྣམས་ལ་གཤེ་བ་གསོད་པར་བྱེད་པ་གང་ཡིན་པ་དེ་ནི་ཆོས་དང་ལེགས་པར་ལྡན་པ་ཡིན་ནོ་སྙམ་པ་དེ་ལྟ་བུའི་སེམས་ཀྱིས་གསོད་པར་བྱེད་པ་ཡང་གཏི་མུག་ ལས་བྱུང་བའི་སྲོག་གཅོད་པ་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་སྲོག་གཅོད་པ་བྱས་ཤིང་བསགས་པ་ལ་རྣམ་པར་སྨིན་པ་མེད་དོ་ཞེས་གཞན་དག་ལ་སྟོན་པར་བྱེད་ཅིང་། སྲོག་གཅོད་པ་ཡང་དག་པར་འཛིན་དུ་བཅུག་ནས་གཞན་དག་ཀྱང་དེས་ཡང་དག་པར་འཛིན་དུ་བཅུག་པས་གསོད་ པར་བྱེད་ན་ཡང་དག་པར་འཛིན་དུ་འཇུག་པ་དེ་ནི་གཏི་མུག་ལས་བྱུང་བའི་སྲོག་གཅོད་པ་ཡིན་པར་བརྗོད་པར་བྱ་སྟེ། དེ་ལྟར་གཏི་མུག་ལས་བྱུང་བའི་སྲོག་གཅོད་པ་ཇི་སྐད་བསྟན་པ་ཐ་མ་དེ་ནི་དེ་ལས་གཞན་པའི་ལས་ཀྱི་ལམ་ལོག་པར་ལྟ་བའི་མཐར་ཐུག་པའི་བར་ཐམས་ཅད་ལ་ཡང་དེ་ 130-1-141b ཁོ་ན་བཞིན་དུ་བལྟ་བར་བྱའོ། །གལ་ཏེ་ཕ་མའམ། མཛའ་བཤེས་སམ། ཉེ་དུ་དག་མེར་གཞུག་པའམ། ཟས་བཅད་པའམ། མྱ་ངན་དང་། གཡངས་ལ་སོགས་པས་བྲལ་བར་བྱས་ནས་ཆོས་སུ་འགྱུར་རོ་སྙམ་ནས་གསོད་པར་བྱེད་པ་ཡང་གཏི་མུག་ལས་བྱུང་བའི་སྲོག་གཅོད་པ་ ཡིན་པར་བརྗོད་པར་བྱའོ། །གལ་ཏེ་གཞན་གྱི་ནོར་ལ་མངོན་པར་ཆུམས་པ་དང་ལྡན་པས་འཕྲོག་པར་བྱེད་པ་ནི་ཆགས་པ་ལས་བྱུང་བའི་མ་བྱིན་པར་ལེན་པ་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་གཞན་དག་གིས་རྔན་པ་བྱིན་ཏེ་འཕྲོག་པར་བྱེད་དམ། གལ་ཏེ་ཕན་བཏགས་པས་ ཡོངས་སུ་ཟིན་པར་བྱ་བའི་ཕྱིར་རམ། གལ་ཏེ་ཕྱིས་ཕན་འདོགས་སུ་རེ་བའམ། གལ་ཏེ་རྗེ་དཔོན་གྱི་ཟས་དང་། གོས་བདག་གིར་བྱས་ནས། དེའི་ཚིག་གིས་སམ། གལ་ཏེ་སྙན་པར་འདོད་པའམ། བསྟོད་པ་འདོད་པའམ། བདེ་བ་འདོད་པས་འཕྲོག་པར་བྱེད་ན་ཡང་ཐམས་ ཅད་ཆགས་པ་ལས་བྱུང་བའི་མ་བྱིན་པར་ལེན་པ་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་འདི་ནི་བདག་ལ་གནོད་པ་བྱེད་པར་འདོད་པ་ཡིན་ནོ་སྙམ་པ་ནས་རྒྱས་པར་ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུའི་དབང་དུ་བྱས་ནས་འཕྲོག་པར་བྱེད་ན་དངོས་པོ་དེ་ལ་གདོན་མི་ཟ་བར་ཆུམས་པ་ཡང་མེད་ལ། གདོན་མི་ཟ་བར་དོན་དུ་གཉེར་བ་ཡང་མེད་པས་གཞི་དེས་ན་ཞེ་སྡང་ལས་བྱུང་བའི་མ་བྱིན་པར་ལེན་པ་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་གཞན་ལ་ཞེ་སྡང་བས་གྲོང་སྲེག་པར་བྱེད་དམ། ཁང་ཁྱིམ་སྲེག་པར་བྱེད་དམ། ཚོང་ཁང་སྲེག་པར་བྱེད་དམ། སྣོད་སྤྱད་དང་ཡོ་བྱད་སྲེག་པར་བྱེད་པ་ ནི་ཞེ་སྡང་ལས་བྱུང་བའི་མ་བྱིན་པར་ལེན་པ་དང་འདྲ་བའམ་ཆེས་ལྷག་པའི་ཁ་ན་མ་ཐོ་བས་རེག་པར་འགྱུར་རོ། །གལ་ཏེ་གཞན་ལ་རབ་ཏུ་ཞེ་སྡང་བས་གཞན་གྱི་རྫས་འཕྲོག་པའི་ཕྱིར་གཞན་དག་སྦད་ནས། དེ་དག་གིས་ཀྱང་དེའི་ཚིག་གིས་འཕྲོག་པར་བྱེད་པ་ཡང་ཞེ་སྡང་ལས་བྱུང་བའི་མ་ བྱིན་པར་ལེན་པ་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་འདི་ལྟ་བུའི་སེམས་ཀྱིས་འཕྲོག་པར་བྱེད་དེ་བླ་མ་རྣམས་ཀྱི་དོན་དུ་འཕྲོག་པར་བྱེད་པ་གང་ཡིན་པ་དེ་ལ་ནི་ཆོས་སུ་འགྱུར་རོ་སྙམ་ནས་འཕྲོག་པར་བྱེད་པ་ནི་གཏི་མུག་ལས་བྱུང་བའི་མ་བྱིན་པར་ལེན་པ་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་ 130-1-142a འདི་ལྟ་བུའི་སེམས་ཀྱིས་འཕྲོག་པར་བྱེད་དེ། རིག་བྱེད་རྣམས་དང་། ཚངས་པ་དང་། སྐྱེ་དགུའི་བདག་པོ་ལ་སྨོད་པ་ལས་འཕྲོག་པར་བྱེད་པ་དང་། བྲམ་ཟེ་རྣམས་ལ་གཤེ་བ་ལས་འཕྲོག་པར་བྱེད་པ་གང་ཡིན་པ་དེ་ལ་ནི་ཆོས་སུ་འགྱུར་རོ་སྙམ་ནས་འཕྲོག་ པར་བྱེད་པ་ཡང་གཏི་མུག་ལས་བྱུང་བའི་མ་བྱིན་པར་ལེན་པ་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་འདི་ལྟ་བུའི་སེམས་ཀྱིས་འཕྲོག་པར་བྱེད་དེ། མཆོད་སྦྱིན་གྱི་དོན་དུ་མཆོད་སྦྱིན་གྱི་རྒྱུ་དང་། མཆོད་སྦྱིན་གྱི་ཡོ་བྱད་དག་འཕྲོག་པར་བྱེད་པ་གང་ཡིན་པ་དེ་ལ་ནི་ཆོས་སུ་འགྱུར་ རོ་སྙམ་ནས་འཕྲོག་པར་བྱེད་པ་ཡང་གཏི་མུག་ལས་བྱུང་བའི་མ་བྱིན་པར་ལེན་པ་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་མཐོང་ངམ་ཐོས་སམ་ཡོངས་སུ་བརྟགས་ནས་ཚུལ་བཞིན་མ་ཡིན་པའི་མཚན་མ་བཟུང་བས་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས་པར་གྱུར་ནས་ འཇུག་པར་བྱ་བ་མ་ཡིན་པའི་གཞིར་འཇུག་པ་ནི་ཆགས་པ་ལས་བྱུང་བའི་འདོད་པ་ལ་ལོག་པར་གཡེམ་པ་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་རྔན་པ་བྱིན་ནས་གཞན་དག་ལ་སྨྱན་བྱས་ཏེ། དེ་ཡང་སྦྱོར་བ་དེས་འཇུག་པར་བྱ་བ་མ་ཡིན་པར་འཇུག་ན་ཡང་། ཆགས་པ་ལས་བྱུང་བའི་འདོད་པ་ ལ་ལོག་པར་གཡེམ་པའི་ཁ་ན་མ་ཐོ་བས་རེག་པར་འགྱུར་རོ། །གལ་ཏེ་མཛའ་བཤེས་སུ་ཡོངས་སུ་གཟུང་བར་འདོད་དམ། གལ་ཏེ་ཕན་བཏགས་པ་ལ་ལན་གླན་པར་འདོད་དམ། གལ་ཏེ་རྗེ་དཔོན་གྱི་ཟས་དང་གོས་བདག་གིར་བྱས་ནས་དེའི་ཚིག་གིས་སམ། གལ་ཏེ་དེ་ལས་འཚོ་བའམ་ ནོར་དང་འབྲུ་དང་། འགྲོན་བུ་དང་། གསེར་དག་ཐོབ་ཏུ་རེ་བས་འདོད་པ་རྣམས་ལས་ལོག་པར་གཡེམ་པ་ཡང་ཆགས་པ་ལས་བྱུང་བའི་འདོད་པ་ལ་ལོག་པར་གཡེམ་པ་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་འདི་ནི་བདག་ལ་གནོད་པ་བྱེད་པར་འདོད་པ་ཡིན་ནོ་སྙམ་པ་ནས་རྒྱས་པར་ ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུའི་བར་ལ་བརྟེན་ནས། ཉལ་པོ་བྱེད་ཅིང་དེ་ལ་དང་པོ་ནས་འདོད་པའི་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་ནི་མེད་མོད་ཀྱི། འོན་ཀྱང་དེ་ལ་གཞི་འདི་མི་མཐུན་པ་ཁོ་ན་ཡིན་པས་དགྲ་བོ་ལ་གནོད་པ་བྱས་པར་འགྱུར་རོ་སྙམ་དུ་སོ་སོར་བརྟགས་ནས་ 130-1-142b འགྲོ་བར་བྱེད་པ་ནི་ཞེ་སྡང་ལས་བྱུང་བའི་འདོད་པ་ལ་ལོག་པར་གཡེམ་པ་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་གཞན་ལ་ཞེ་སྡང་བས་གཞན་གྱི་ཆུང་མ་ལ་ལོག་པར་བསྒྲུབ་པའི་ཕྱིར་གཞན་དག་སྦད་ནས་དེ་དག་ཀྱང་དེའི་ཚིག་གིས་འདོད་པ་དེ་དག་ལ་ལོག་པར་གཡེམ་པར་བྱེད་པ་ཡང་ཞེ་སྡང་ལས་ བྱུང་བའི་འདོད་པ་ལ་ལོག་པར་གཡེམ་པ་དང་འདྲ་བའམ། ཁྱད་པར་དུ་འཕགས་པའི་ཁ་ན་མ་ཐོ་བས་རེག་པར་འགྱུར་རོ། །གལ་ཏེ་འདི་ལྟ་བུའི་སེམས་ཀྱིས་ཉལ་པོ་བྱེད་དེ། མ་དང་འབྲེལ་པའམ། ཕ་དང་འབྲེལ་པའམ། གཞན་གྱི་བུད་མེད་ཀྱི་གན་དུ་མི་རིགས་པ་བསྐྱེད་པས་ བརྗོད་པ་ན། ཉལ་པོ་མི་བྱེད་པ་གང་ཡིན་པ་དེ་ནི་བསོད་ནམས་མ་ཡིན་པ་ཆེན་པོས་གོས་པར་འགྱུར་ལ། ཉལ་པོ་བྱེད་པ་ནི་བསོད་ནམས་ཆེན་པོ་དང་ལྡན་པར་འགྱུར་རོ་སྙམ་ནས་ཆོས་མ་ཡིན་པས་འཇིགས་ཤིང་ཆོས་ལ་གུས་པས་ཉལ་པོ་བྱེད་པ་ནི་གཏི་མུག་ལས་བྱུང་བའི་འདོད་པ་ལ་ལོག་ པར་གཡེམ་པ་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་བརྫུན་ཟེར་བ་ནི་ཆགས་པ་ལས་བྱུང་བའི་བརྫུན་དུ་སྨྲ་བ་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་བདག་ཕ་རོལ་གྱི་ལོངས་སྤྱོད་དག་ལས་ཉམས་པར་བྱས་ན་མི་རུང་ངོ་སྙམ་ནས་འཇིགས་པས་བརྫུན་ཟེར་བ་ཡང་ཆགས་ པ་ལས་བྱུང་བ་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་སྙན་པའི་ཕྱིར་རམ། གལ་ཏེ་བསྟོད་པའི་ཕྱིར་རམ། གལ་ཏེ་བདེ་བའི་ཕྱིར་བརྫུན་ཟེར་བ་ཡང་ཆགས་པ་ལས་བྱུང་བའི་བརྫུན་དུ་སྨྲ་བ་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་ལ་བརྟེན་ཏེ།བརྫུན་ཟེར་བ་ ནི་ཞེ་སྡང་ལས་བྱུང་བ་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་བླ་མའི་དོན་ཏམ། བ་ལང་གི་དོན་ཏམ། མཆོད་སྦྱིན་གྱི་ཡོ་བྱད་ཀྱི་དོན་དུ་བརྫུན་ཟེར་བ་ནི་ཆོས་སུ་འགྱུར་རོ་སྙམ་པ་དེ་ལྟ་བུའི་སེམས་ཀྱིས་དེ་དག་གི་དོན་དུ་བརྫུན་ཟེར་བ་ནི་གཏི་མུག་ལས་བྱུང་བའི་བརྫུན་དུ་སྨྲ་བ་ཡིན་པར་བརྗོད་པར་ བྱའོ། །གལ་ཏེ་རིག་བྱེད་ཀྱི་མི་མཐུན་པའི་ཕྱོགས་དང་། ཚངས་པ་དང་སྐྱེ་དགུའི་བདག་པོའི་མི་མཐུན་པའི་ཕྱོགས་ཀྱི་དགེ་སྦྱོང་དང་བྲམ་ཟེ་དག་ལ་བརྫུན་གྱི་ཚིག་གིས་སླུ་བར་བྱེད་པ་ནི་ཆོས་སུ་འགྱུར་རོ་སྙམ་པ་དེ་ལྟ་བུའི་སེམས་ཀྱིས་བརྫུན་གྱི་ཚིག་གིས་སླུ་བར་བྱེད་པ་ཡང་གཏི་མུག་ལས་ 130-1-143a བྱུང་བའི་བརྫུན་དུ་སྨྲ་བ་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་ཆོས་ལ་ཡང་ཆོས་སུ་འདུ་ཤེས་འདུལ་བ་ལ་ཡང་འདུལ་བར་འདུ་ཤེས་པ་ལས་འདུ་ཤེས་བསྒྱུར་ཏེ། བརྫུན་གྱི་ཚིག་གིས་དགེ་འདུན་གྱི་དབྱེན་བྱེད་པ་དེ་ལ་ནི་ཆོས་མ་ཡིན་པར་འགྱུར་བ་མེད་དོ་སྙམ་ནས་བརྫུན་ཟེར་བ་ ཡང་གཏི་མུག་ལས་བྱུང་བའི་བརྫུན་དུ་སྨྲ་བ་ཡིན་པར་བརྗོད་པར་བྱའོ། །བརྫུན་དུ་སྨྲ་བ་ཇི་ལྟ་བ་བཞིན་དུ་ཕྲ་མ་དང་། ངག་རྩུབ་པོ་ཡང་ཅི་རིགས་པར་བལྟ་བར་བྱའོ། །གལ་ཏེ་དགའ་བ་དང་། རྩེད་མོའི་ཕྱིར་ཚིག་ཀྱལ་པ་སྨྲ་བ་ནི་ཆགས་པ་ལས་བྱུང་བའི་ཚིག་ཀྱལ་པ་ཡིན་པར་བརྗོད་པར་ བྱའོ། །གལ་ཏེ་ཤེས་ཀྱི་ཁེའི་ཕྱིར་རམ། རྙེད་པའི་ཕྱིར་རམ། སྙན་པའི་ཕྱིར་རམ། བསྟོད་པའི་ཕྱིར་རམ། གལ་ཏེ་བདེ་བའི་ཕྱིར་ཚིག་ཀྱལ་པ་སྨྲ་བ་ཡང་ཆགས་པ་ལས་བྱུང་བའི་ཚིག་ཀྱལ་པ་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་ལ་བརྟེན་ ཏེ། སྨྲ་བ་ནི་ཞེ་སྡང་ལས་བྱུང་བ་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་དེ་ལ་དེ་ཁོ་ནའི་དོན་དང་སྙིང་པོའི་དོན་དང་། ངེས་པར་འབྱུང་བའི་དོན་དང་། ཆོས་ཀྱི་དོན་དུ་སེམས་ཤིང་ཚིག་ཀྱལ་པ་སྨྲ་བ་ནི་གཏི་མུག་ལས་བྱུང་བའི་ཚིག་ཀྱལ་པ་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་གཞན་ གྱི་ནོར་དག་དང་གཞན་གྱི་ཡོ་བྱད་དག་ལ་སྔོན་མཚན་མར་བཟུང་ནས། གནོད་པ་བྱེད་པ་མ་ཡིན་པའི་སེམས་ཅན་རྣམས་ལས་ཡོ་བྱད་འདོད་པ་ཁོ་ནའི་དབང་དུ་བྱས་ནས་གཞན་དག་གི་གང་ཡིན་པ་དེ་བདག་གིར་གྱུར་ཅིག་སྙམ་པའི་སེམས་སྐྱེད་པར་བྱེད་ཅིང་། སྡུག་པ་ལས་སྡུག་པར་འཛིན་པ་སྐྱེད་པར་ བྱེད་པ་གང་ཡིན་པ་དེ་ནི་ཆགས་པ་ལས་བྱུང་བའི་བརྣབ་སེམས་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་གཞན་གྱི་ལོངས་སྤྱོད་ལ། སྡུག་པ་ལས་མཚན་མར་མ་བཟུང་བར་ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུའི་དབང་དུ་བྱས་ནས་གཞན་དག་གི་གང་ཡིན་པ་དེ་བདག་གིར་གྱུར་ཅིག་སྙམ་པའི་ སེམས་སྐྱེད་པ་དང་། ཞེ་སྡང་བ་གང་ཡིན་པ་ལ་འདོད་པ་སྐྱེད་པར་བྱེད་པ་ནི་ཞེ་སྡང་ལས་བྱུང་བའི་བརྣབ་སེམས་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་ཁྱབ་འཇུག་དང་། དྲག་པོ་དང་། བརྒྱ་བྱིན་དང་། སྐྱེ་དགུའི་བདག་པོའི་འཇིག་རྟེན་དོན་དུ་གཉེར་བ་ལ་གཞོལ་བའི་སེམས་ 130-1-143b ཀྱིས་མང་དུ་གནས་པ་གང་ཡིན་པ་ནི་དེས་ན་བསོད་ནམས་ཆེན་པོ་དང་ལྡན་པར་འགྱུར་རོ་སྙམ་པ་དེ་ལྟ་བུའི་སེམས་དང་ལྡན་པས་དེ་ལ་གཞོལ་བའི་སེམས་ཀྱིས་མང་དུ་གནས་པ་ནི་གཏི་མུག་ལས་བྱུང་བའི་བརྣབ་སེམས་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་རྙེད་པའི་ཕྱིར་རམ། སྙན་པའི་ཕྱིར་རམ། བསྟོད་ པའི་ཕྱིར་རམ། བདེ་བའི་ཕྱིར་གཞན་དག་ལ་ཀུན་ནས་མནར་སེམས་སྐྱེད་ཅིང་། དེ་ལ་འདི་ནི་ཡུན་རིང་པོ་ནས་བདག་གི་དགྲ་བོ་ཡིན་ནོ་སྙམ་དུ་དགྲ་བོའི་འདུ་ཤེས་ནི་མེད་པ་དང་། སྡུག་པས་ཞེ་སྡང་སྐྱེད་པར་བྱེད་པ་གང་ཡིན་པ་དེ་ནི་ཆགས་པ་ལས་བྱུང་བའི་གནོད་སེམས་ཡིན་པར་བརྗོད་ པར་བྱའོ། །ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུའི་དབང་དུ་བྱས་ནས་དགྲ་བོའི་འདུ་ཤེས་ཅན་དུ་གྱུར་ནས་ཀུན་ནས་མནར་སེམས་ཀྱི་སེམས་སྐྱེད་པར་བྱེད་པ་ནི་ཞེ་སྡང་ལས་བྱུང་བའི་གནོད་སེམས་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་ཆོས་འདི་བ་རྣམས་སམ། དགེ་སྦྱོང་དང་བྲམ་ཟེ་གཞན་དག་གི་ལྟ་བ་ ལ་སྨོད་པར་བྱེད་ཅིང་ལྟ་བ་དེ་དག་དང་དེ་ལ་ལྟ་བའི་དགེ་སྦྱོང་དང་བྲམ་ཟེ་དེ་དག་ལ་ཀུན་ནས་མནར་སེམས་ཀྱི་སེམས་སྐྱེད་པར་བྱེད་པ་ནི་གཏི་མུག་ལས་བྱུང་བའི་གནོད་སེམས་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་གང་འདི་ལྟར་བྱིན་པ་མེད་དོ་ཞེས་བྱ་བ་ལ་སོགས་པར་རྒྱ་ཆེར་ལྟ་བ་དེ་ནི་རྒྱལ་པོ་ལ་སོགས་པས་ བསྙེན་བཀུར་བྱ་བ་དང་། ཆོས་གོས་ལ་སོགས་པ་རྙེད་པར་འགྱུར་བ་ཞིག་ལ་དོན་དེ་ཉིད་ཀྱི་དབང་དུ་བྱས་ནས། དེ་ལྟར་ལྟ་བར་བྱེད་པ་ནི་ཆགས་པ་ལས་བྱུང་བའི་ལོག་པར་ལྟ་བ་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་བདག་གི་དགྲ་བོ་དག་འདི་ལྟར་ལྟ་སྟེ། འདི་ལྟ་སྟེ། སྦྱིན་པ་ ཡོད་དོ། །མཆོད་སྦྱིན་ཡོད་དོ་ཞེས་རྒྱ་ཆེར་ལྟ་བས། བདག་དགྲ་བོ་རྣམས་དང་ལྟ་བ་མཐུན་པ་ནི་བདག་གི་མི་ཆའོ་སྙམ་ནས་དེ་དག་ལ་ཞེ་སྡང་བའི་ཕྱིར་འདི་ལྟར་སྦྱིན་པ་མེད་དོ། །སྡུག་པ་མེད་དོ་ཞེས་རྒྱ་ཆེར་ལྟ་བ་ནི་ཞེ་སྡང་ལས་བྱུང་བའི་ལོག་པར་ལྟ་བ་ཡིན་པར་བརྗོད་པར་བྱའོ། ། གལ་ཏེ་རིགས་པ་མ་ཡིན་པས་བསྐྱེད་པའི་རྟོགས་པས་ཆོས་ཚུལ་བཞིན་མ་ཡིན་པར་བསམས་ཤིང་གཞལ་ཏེ་ཉེ་བར་བརྟགས་ནས། དེ་ལྟར་ལྟ་བ་ནི་གཏི་མུག་ལས་བྱུང་བའི་ལོག་པར་ལྟ་བ་ཡིན་པར་བརྗོད་པར་བྱའོ། །དེ་ལ་སྲོག་གཅོད་པ་ནི་གསུམ་ཆར་གྱིས་རྩོམ་པར་བྱེད་ལ། 130-1-144a ཞེ་སྡང་གིས་མཐར་ཐུག་པར་བྱེད་དོ། །སྲོག་གཅོད་པ་ཇི་ལྟ་བ་བཞིན་དུ་ངག་རྩུབ་པོ་དང་གནོད་སེམས་ཀྱང་དེ་བཞིན་ནོ། །མ་བྱིན་པར་ལེན་པ་ནི་གསུམ་ཆར་གྱིས་རྩོམ་པར་བྱེད་ལ། ཆགས་པ་ཁོ་ནས་མཐར་ཐུག་པར་བྱེད་དོ། །མ་བྱིན་པར་ལེན་པ་ཇི་ལྟ་བ་ བཞིན་དུ་འདོད་པ་ལ་ལོག་པར་གཡེམ་པ་དང་། བརྣབ་སེམས་ཀྱང་དེ་བཞིན་ནོ། །ལོག་པར་ལྟ་བ་མ་གཏོགས་པ་དེ་ལས་གཞན་པ་རྣམས་ནི་གསུམ་ཆར་གྱིས་རྩོམ་པ་དང་། མཐར་ཐུག་པར་བྱེད་པར་བལྟ་བར་བྱའོ། །ལོག་པར་ལྟ་བ་ནི་གསུམ་ཆར་གྱིས་རྩོམ་པར་བྱེད་ལ། གཏི་མུག་ ཁོ་ནས་མཐར་ཐུག་པར་བྱེད་དོ། །དེ་ལ་སྲོག་གཅོད་པ་དང་འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ངག་རྩུབ་པོ་དང་། གནོད་སེམས་རྣམས་ནི་སེམས་ཅན་ལ་བརྟེན་པ་ཡིན་པར་རིག་པར་བྱའོ། །མ་བྱིན་པར་ལེན་པ་དང་། བརྣབ་སེམས་ནི་ཡོ་བྱད་ ལ་བརྟེན་པ་ཡིན་པར་རིག་པར་བྱའོ། །ཚིག་ཀྱལ་པ་ནི་མིང་གི་ཚོགས་ལ་བརྟེན་པ་ཡིན་པར་རིག་པར་བྱའོ། །ལོག་པར་ལྟ་བ་ནི་འདུ་བྱེད་ལ་བརྟེན་པ་ཡིན་པར་རིག་པར་བྱའོ། །དེ་ལ་མི་དགེ་བའི་ལས་ཀྱི་ལམ་དེ་དག་གི་མི་དགེ་བ་ཉིད་ནི་རྒྱུ་གསུམ་གྱིས་ཤིན་ཏུ་ཡོངས་སུ་རྫོགས་པར་ འགྱུར་ཏེ། གསུམ་གང་ཞེ་ན། ངོ་བོ་ཉིད་ཀྱི་ཉེས་པ་དང་། གཞིའི་ཉེས་པ་དང་། གོས་པའི་ཉེས་པས་སོ། །དེ་ལ་སྲོག་གཅོད་པ་དང་ལྡན་པ་དང་། ལོག་པར་ལྟ་བའི་བར་དང་ལྡན་པའི་སེམས་པ་དེ་དག་དང་མཚུངས་པར་ལྡན་པ་ཐམས་ཅད་ནི་ཉོན་མོངས་པ་ཅན་གྱི་བདག་ཉིད་ཡིན་ པའི་ཕྱིར་དང་། མི་དགེ་བ་ཡིན་པའི་ཕྱིར་ངོ་བོ་ཉིད་ཀྱི་ཉེས་པས་སྐྱོན་ཆགས་པ་ཞེས་བྱའོ། །གལ་ཏེ་ཆགས་པས་ཀུན་ནས་དཀྲིས་པ་བདོ་བའམ། ཞེ་སྡང་དང་གཏི་མུག་གིས་ཀུན་ནས་དཀྲིས་པ་བདོ་བས་འབྱུང་བ། དེ་ནི་གཞིའི་ཉེས་པས་སྐྱོན་ཆགས་པ་ཡང་ཡིན་ལ། ཤིན་ཏུ་མི་ དགེ་བ་དང་། འབྲས་བུ་ཤིན་ཏུ་མི་འདོད་པ་ཡང་ཡིན་ནོ། །གལ་ཏེ་མཐར་ཐུག་པར་གྱུར་ན། དེ་ནི་གོས་པའི་ཉེས་པས་སྐྱོན་ཆགས་པ་ཡང་ཡིན་ལ། ཤིན་ཏུ་མི་དགེ་བ་དང་། འབྲས་བུ་ཤིན་ཏུ་མི་འདོད་པ་ཡང་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གང་ལ་ལ་ཞིག་ཉོན་མོངས་ 130-1-144b པ་ཅན་གྱི་སེམས་ཀྱིས་གཞན་དག་ལ་མི་འདོད་པ་དང་། མི་སྡུག་པ་དང་། མི་དགའ་བ་དང་། ཡིད་དུ་མི་འོང་བའི་སྡུག་བསྔལ་ཉེ་བར་སྒྲུབ་པར་བྱེད་ན། སྡུག་བསྔལ་དང་ལྡན་པའི་སེམས་དེའི་མཐུས་སྡུག་བསྔལ་ཉེ་བར་སྒྲུབ་པར་བྱེད་པའི་གང་ཟག་དེའི་སེམས་པ་དེ་ཁ་ན་མ་ཐོ་བ་ ཤིན་ཏུ་ཆེན་པོས་རེག་པར་འགྱུར་བའི་ཕྱིར་ཏེ། དེ་ནི་དེའི་གོས་པའི་ཉེས་པ་ཞེས་བྱའོ། །དེ་ལ་འདི་ལྟར་བདག་ལ་སྡུག་བསྔལ་ཉེ་བར་སྒྲུབ་པ་གང་ཡིན་པ་དེ་ཁ་ན་མ་ཐོ་བས་རེག་པར་གྱུར་ཅིག་སྙམ་པ་དེ་ལྟ་བུའི་སེམས་མངོན་པར་འདུ་བྱེད་པ་མེད་དུ་ཟིན་ཀྱང་འདི་ནི་ཆོས་ཉིད་ཡིན་ཏེ། དེ་ལ་རེག་པར་འགྱུར་རོ། །འདི་ལྟ་སྟེ་དཔེར་ན་རྡོ་ཁབ་ལོང་ནི་འདི་སྙམ་དུ་ལྕགས་བདག་གི་དྲུང་དུ་འོང་ཡང་ཅི་མ་རུང་སྙམ་དུ་སེམས་པ་མེད་དུ་ཟིན་ཀྱང་འདི་ནི་ཆོས་ཉིད་ཡིན་ཏེ། དེ་དང་ཉེ་བའི་ལྕགས་ནི་མངོན་པར་འདུ་བྱེད་པ་མེད་པ་ཁོ་ནར་ཁབ་ལོང་གི་དྲུང་དུ་འགྲོ་སྟེ། དེ་བཞིན་དུ་འདིར་ཡང་ ཚུལ་དེ་བཞིན་དུ་བལྟ་བར་བྱའོ། །མེ་ཤེལ་གྱི་དཔེ་ཡང་དེ་བཞིན་དུ་རིག་པར་བྱའོ། །སེམས་པ་དེ་ལ་དེའི་མཐུ་ལས་སྐྱེས་པ་ཉེ་བར་བསྒོ་བ་ཞེས་བྱ་བའི་ཆོས་གཞན་འགའ་ཡང་མི་འཇུག་མོད་ཀྱི། འོན་ཀྱང་སེམས་པ་དེའི་འགྱུར་བ་ཙམ་པོ་དེའི་མཐུ་ལས་གྱུར་པར་རིག་པར་བྱའོ། །འདི་ ལྟ་སྟེ་དཔེར་ན། ལས་ཀྱི་མཐུས་བསྐྱེད་པ་འབྱུང་བ་ཆེན་པོ་བཞི་པོ་དག་གི་སྲ་བ་ཉིད་དང་། གཤེར་བ་ཉིད་དང་། དྲོ་བ་ཉིད་དང་། ཡང་ཞིང་གཡོ་བ་ཉིད་སྣ་ཚོགས་པ་གང་ཡིན་པ་དེ་དག་ནི་འབྱུང་བ་ཆེན་པོ་དེ་དག་ལས་ཐ་དད་པ་མ་ཡིན་མོད་ཀྱི། འོན་ཀྱང་དེ་དག་ནི་འབྱུང་བ་ཆེན་པོ་རྣམས་ དེ་ལྟར་གྱུར་པ་ཙམ་ཁོ་ན་ཡིན་ཏེ། དེ་ཡང་ལས་ཀྱི་མཐུའི་རྐྱེན་ཡིན་པར་རིག་པར་བྱའོ། །ལས་ཀྱི་མཐུའི་རྐྱེན་ཇི་ལྟ་བ་བཞིན་དུ་རྫུ་འཕྲུལ་དང་ལྡན་པའི་མངོན་པར་འདུ་བྱེད་པའི་རྐྱེན་ཀྱང་དེ་བཞིན་དུ་བལྟ་བར་བྱའོ། །འདི་ལྟ་སྟེ་དཔེར་ན། བདུད་ཀྱིས་གྲོང་ཁྱེར་སཱ་ལ་ཅན་གྱི་བྲམ་ཟེ་དང་ཁྱིམ་ བདག་རྣམས་ཀྱི་སེམས་དེ་དེ་ལྟར་བསྒྱུར་ཏེ། དེ་དག་ཇི་ལྟར་བཅོམ་ལྡན་འདས་ལ་ལོག་པར་སྒྲུབ་པར་བྱེད་པ་དེ་ལྟར་བྱེད་མོད་ཀྱི། འོན་ཀྱང་དེ་དག་གིས་སེམས་དག་ལ་སྒྱུར་བར་བྱེད་པ་ཞེས་བྱ་བའི་ཆོས་ལྷག་པ་གང་ཡང་ཞུགས་པ་མེད་ཀྱི། དེ་རྣམས་ཀྱི་སེམས་དག་གི་འགྱུར་བ་ནི། 130-1-145a བདུད་ཀྱིས་མངོན་པར་འདུ་བྱས་པའི་མཐུ་ལས་བྱུང་བ་ཁོ་ན་ཙམ་ཡིན་པར་བལྟ་བར་བྱ་སྟེ། འདི་ལ་ཡང་ཚུལ་དེ་བཞིན་དུ་རིག་པར་བྱའོ། །དེ་ལ་ལས་བྱས་ཀྱང་བྱས་ལ་བསགས་ཀྱང་བསགས་པ་ཞེས་གསུངས་པ་གང་ཡིན་པ་དང་། ལྕི་བ་རྣམ་པ་ལྔས་ལས་ལྕི་བར་ གསུངས་པ་གང་ཡིན་པ་དེ་དག་ནི་མྱོང་བར་ངེས་པ་ཡིན་པར་བརྗོད་པར་བྱའོ། །དེ་ལས་བཟློག་པ་ནི་མྱོང་བར་མ་ངེས་པ་ཡིན་ནོ། །དེ་ཡང་རྣམ་པར་སྨིན་པར་ངེས་པ་དང་། གནས་སྐབས་ངེས་པ་དང་། གཉི་གར་ངེས་པ་ཡིན་པར་བརྗོད་པར་བྱའོ། །དེ་ལ་དགྲ་བཅོམ་པའི་མི་དགེ་བའི་ ལས་མྱོང་བར་ངེས་པ་སྔོན་གྱི་ཚེ་རབས་གཞན་དག་ཏུ་བྱས་པ་གང་ཡིན་པ་དེ་ནི་སྔོན་སོ་སོའི་སྐྱེ་བོར་གྱུར་པ་ནི་དེ་ཉིད་ཀྱི་ཚེ་སྡུག་བསྔལ་ཆུང་ཟད་ཙམ་མམ། ངན་ངོན་ཙམ་ཉེ་བར་གྱུར་པས། དེའི་རྣམ་པར་སྨིན་པ་རྣམ་པར་སྨིན་ཟིན་པར་བརྗོད་པར་བྱའོ། །གནས་གྱུར་པས་རྣམ་པར་སྨིན་པའི་ས་བོན་ཡང་ ཡང་དག་པར་བཅོམ་པས་ནི་དེ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་མྱོང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱོང་བར་ངེས་པ་དེ་ནི་བཅོམ་ལྡན་འདས་ཀྱིས་སེམས་ཀྱི་རྒྱུད་རྣམ་པར་མ་གྲོལ་བ་ལས་བརྩམས་ཏེ་རྣམ་པར་གཞག་པའི་ཕྱིར་རོ། །གང་ལ་ལ་ཞིག་གིས་སྲོག་ཆགས་ལན་ཅིག་ དྲངས་ཤིང་གནོད་པ་ཡང་བྱས་ལ། བསད་ཅིང་སྲོག་དང་ཕྲལ་བར་གྱུར་ན་ཅི་དེ་ལ་ལས་གཅིག་ཅེས་བརྗོད་པར་བྱའམ། འོན་ཏེ་གཉིས་ཞེས་བརྗོད་པར་བྱ་ཞེ་ན། སྨྲས་པ། ལས་གཉིས་ཞེས་བརྗོད་པར་བྱ་སྟེ། ལས་དེ་གཉིས་ནི་མྱུར་བར་འཇུག་པའི་ཕྱིར་གཅིག་གོ་སྙམ་པའི་མངོན་པའི་ང་ རྒྱལ་འབྱུང་བར་བལྟ་བར་ཟད་ཀྱི། འདི་དྲངས་ལ་སྲོག་དབྲོག་པར་བྱའོ་སྙམ་པ་ནི་འཕྲོག་པའི་དུས་ན་སེམས་པ་གཅིག་ཡིན་ལ། འདི་ལ་གནོད་པ་བྱས་ཏེ་གསད་པར་བྱའོ་སྙམ་པ་ནི་སེམས་པ་གཉིས་པ་ཡིན་ཏེ། གང་གི་ཚེ་འདྲེན་པར་བྱེད་པ་དེའི་ཚེ་ན་ནི་གནོད་པར་མི་བྱེད་ལ་གང་གི་ཚེ་གནོད་པར་ བྱེད་པ་དེའི་ཚེ་ན་ནི་འདྲེན་པར་མི་བྱེད་དེ། མྱུར་བར་འཇུག་པས་ཅིག་ཅར་རོ་སྙམ་པའི་མངོན་པའི་ང་རྒྱལ་སྐྱེ་བར་ཟད་པས་དེའི་ཕྱིར་ལས་གཉིས་སུ་བརྗོད་པར་བྱའོ། །ཚེ་འདི་ལ་མྱོང་བར་འགྱུར་བའི་ལས་ནི་མདོར་བསྡུ་ན་རྒྱུ་གསུམ་གྱིས་རིག་པར་བྱ་སྟེ། གསུམ་གང་ཞེ་ན། ཞིང་རྒྱ་ 130-1-145b ཆེ་བ་དང་། སེམས་པ་རྒྱ་ཆེ་བ་དང་། སེམས་ཀྱི་རྒྱུད་རྣམ་པར་དག་པས་སོ། །དེ་ལ་ཞིང་རྒྱ་ཆེ་བ་ཉིད་ནི་རྣམ་པ་ལྔས་བལྟ་བར་བྱ་སྟེ། སེམས་ཅན་རྣམས་ལ་མཆོག་ཏུ་ཕན་པའི་ལྷག་པའི་བསམ་པ་ལ་གནས་པ་ལས་ལངས་པ་ནི་འདི་ལྟ་སྟེ། བྱམས་པ་ལ་སྙོམས་པར་འཇུག་པ་ལས་ ལངས་པའོ། །སེམས་ཅན་རྣམས་མཆོག་ཏུ་སེམས་རྗེས་སུ་སྲུང་བ་ལ་གནས་པ་ལས་ལངས་པ་ནི་འདི་ལྟ་སྟེ། ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ལས་ལངས་པའོ། །མཆོག་ཏུ་རབ་ཏུ་ཞི་ཞིང་མྱ་ངན་ལས་འདས་པ་དང་འདྲ་བའི་འཕགས་པའི་གནས་པ་ལས་ལངས་པ་ནི་འདི་ལྟ་སྟེ། འགོག་པའི་སྙོམས་པར་འཇུག་པ་ལས་ལངས་པའོ། །མི་དགེ་བ་ཐམས་ཅད་མི་བྱེད་པའི་སྡོམ་པ་ཐོབ་པ་ནི་འདི་ལྟ་སྟེ། རྒྱུན་དུ་ཞུགས་པའི་སེམས་ཀྱི་རྒྱུད་ཤིན་ཏུ་རྣམ་པར་དག་པའོ། །ཤིན་ཏུ་མཐར་ཐུག་པ་ནི་འདི་ལྟ་སྟེ། དགྲ་བཅོམ་པ་དང་། རང་སངས་རྒྱས་ལ་སོགས་པ་དགེ་ སློང་གི་དགེ་འདུན་ཏེ། དེ་ལྟར་ན་དེ་ནི་ཞིང་རྒྱ་ཆེ་བ་ཉིད་ཡིན་ནོ། །དེ་དག་ལ་གལ་ཏེ་སྙིང་ཐག་པ་ནས་དད་པའི་སེམས་ཀྱིས་བསྙེན་བཀུར་བྱས་ཏེ། དངོས་པོ་རུང་བ་དག་དབུལ་བར་བྱེད་ན། དེ་ནི་སེམས་པ་རྒྱ་ཆེ་བ་ཉིད་ཡིན་པར་བལྟ་བར་བྱའོ། །གལ་ཏེ་དེས་སྔོན་གྱི་ཚེ་རབས་གཞན་ དག་ཏུ་གཞི་དེ་དག་ཉིད་ལ་གཞན་དག་གིས་ཆོས་གོས་ལ་སོགས་པ་དབུལ་བར་བརྩམས་པ་ལ། ལུས་དང་ངག་དང་ཡིད་ཀྱི་བར་ཆད་མ་བྱས་ཤིང་བགེགས་མ་བྱས་ལ་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་བསམས་ཤིང་བསྒྲུབས་པའི་སྒྲིབ་པ་དེས་སེམས་ཀྱི་རྒྱུད་མ་བསྒྲིབས་ན། དེའི་སེམས་ ཀྱི་རྒྱུད་རྣམ་པར་དག་པ་ཡིན་པར་བལྟ་བར་བྱའོ། །གལ་ཏེ་དེ་ལ་རྒྱུ་གསུམ་པོ་ཐམས་ཅད་ཚོགས་པར་ཡོད་ན། དེ་ལྟ་ན་དེའི་ལས་དེ་ཚེ་འདི་ལ་མྱང་བར་འགྱུར་བས་ངེས་པ་ཡིན་ནོ། །སྐྱེས་ནས་མྱོང་བར་འགྱུར་བ་ཡང་དེ་ཡིན་ལ། ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་ཡང་དེ་ཡིན་ནོ། ། དེ་ལས་བཟློག་པའི་རྒྱུ་གསུམ་གྱིས་ནི་མི་དགེ་བ་ཡང་ཚེ་འདི་ལ་མྱོང་བར་འགྱུར་བར་རིག་པར་བྱའོ། །ལས་གང་སྐད་ཅིག་གཅིག་ལ་སྐྱེས་ལ། ཚེ་འདི་ལ་མྱོང་བ་ཁོ་ནར་འགྱུར་བ་དེ་ལྟ་བུ་ཡང་ཡོད་དོ། །གང་ཚེ་འདི་ལ་མྱོང་བར་འགྱུར་བ་དང་། སྐྱེས་ནས་མྱོང་བར་འགྱུར་བ་ཡང་ 130-1-146a ཡོད་དོ། །གང་རྣམ་པ་གསུམ་ཆར་དུ་འགྱུར་བ་ཡང་ཡོད་དེ། འདི་ལྟ་སྟེ་དཔེར་ན། སྐུད་པ་གཅིག་ལ་མེ་ཏོག་གཅིག་ཁོ་ན་ཞིག་བརྒྱུར་ཡོད་དེ། མེ་ཏོག་གཅིག་ཁོ་ན་ཞིག་བརྒྱུར་རུང་བར་ཟད་ཀྱི་དེ་ལས་ལྷག་པར་བརྒྱུར་མི་ནུས་པ་དེ་ལྟར་སྲིད་ཐུང་བ་གང་ཡིན་པ་ དང་། གཞན་ཡང་མེ་ཏོག་གཉིས་བརྒྱུར་རུང་བའི་སྐུད་པ་གང་ཡིན་པ་དང་། གཞན་ཡང་མེ་ཏོག་རབ་ཏུ་མང་པོ་དག་བརྒྱུར་རུང་བའི་སྐུད་པ་གང་ཡིན་པ་ལྟ་བུ་དང་། འདི་ལྟ་སྟེ་དཔེར་ན། ཆུའི་རྒྱུན་ཆུང་ངུའི་བདག་ཉིད་ཅན་ནི་བབ་སྟེ། གོམ་པ་གཅིག་ཏུ་ཕྱིན་ནས་ཐུག་པར་འགྱུར་བ་ དང་། གཉིས་པ་ཆེས་ཆེ་བ་ནི་གོམ་པ་གཉིས་སུ་ཕྱིན་ནས་ཐུག་པར་འགྱུར་བ་དང་། གསུམ་པ་ཆུའི་རྒྱུན་ཆེན་པོ་ནི་བབ་སྟེ་གོམ་པ་རབ་ཏུ་མང་པོ་དག་གི་བར་དུ་ཕྱིན་ནས་ཐུག་པར་འགྱུར་བ་ལྟ་བུ་དང་། འདི་ལྟ་སྟེ་དཔེར་ན། ཚྭའི་ཐིགས་པ་རང་བཞིན་གྱིས་རོ་ཆུང་ངུ་གཅིག་གིས་ནི་ཆུ་ཐིགས་པ་ གཅིག་ཁོ་ན་ཞིག་སྐྱུར་པོར་བྱེད་ནུས་ཀྱི། དེ་ལས་ལྷག་པར་མི་ནུས་པ་དང་། དེ་བས་ཆེས་རྣོ་བའི་ཚྭའི་ཐིགས་པ་གཉིས་པས་ནི་ཆུའི་ཐིགས་པ་གཉིས་ཁོ་ན་སྐྱུར་པོར་བྱེད་ནུས་ལ་དེ་ལས་ལྷག་པར་མི་ནུས་པ་དང་། དེ་བས་ཆེས་རྣོ་བའི་ཚྭའི་ཐིགས་པ་གསུམ་པས་ནི་ཆུ་རབ་ཏུ་མང་པོའི་བར་དག་ ཀྱང་སྐྱུར་པོར་བྱེད་ནུས་པ་བཞིན་དུ་ལས་འདི་ལ་ཡང་ཚུལ་དེ་བཞིན་དུ་བལྟ་བར་བྱའོ། །མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་དེ་དག་ནི་འདོད་པ་དང་ལྡན་པ་ཁོ་ན་ཡིན་ལ། དེ་དག་གི་རྣམ་པར་སྨིན་པ་ཡང་འདོད་པའི་ཁམས་ཁོ་ན་སྟེ། ངན་སོང་རྣམས་སུ་ཕལ་ཆེར་ལ། བདེ་འགྲོ་བ་རྣམས་སུ་ནི་ཉུང་བ་ ཡིན་ནོ། །ངན་སོང་བ་དེ་ཡང་རྒྱུན་དུ་ཞུགས་པས་ནི་སྤངས་པ་ཡིན་ནོ། །སོ་སོའི་སྐྱེ་བོ་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་གོང་མར་སྐྱེས་པས་ནི་ཐམས་ཅད་བཅོམ་པ་ཡིན་ལ། གཏན་སྤངས་པ་ནི་མ་ཡིན་ནོ། །ཕྱིར་མི་འོང་བ་འདི་ན་གནས་པའམ། དེར་སྐྱེས་པ་དང་། དགྲ་ བཅོམ་པ་ཐམས་ཅད་ཀྱིས་ནི་ཐམས་ཅད་ཁོ་ནར་སྤངས་པ་ཡིན་ནོ། །ལྷག་པའི་བསམ་པ་དག་པའི་སར་ཆུད་པའི་བྱང་ཆུབ་སེམས་དཔས་ཀྱང་ཐམས་ཅད་གཏན་སྤངས་པ་ཡིན་ཏེ། མི་མཇེད་པའི་སྟོབས་བསྐྱེད་པ་ཉིད་ཀྱིས་ཡིན་གྱི། ཉོན་མོངས་པ་དང་བྲལ་བས་ནི་མ་ཡིན་ནོ། །དེ་ལ་ 130-1-146b སེམས་པ་ནི་ལས་ཡིན་ལ། ལས་ཀྱི་ལམ་ནི་མ་ཡིན་ནོ། །སྲོག་གཅོད་པ་ལ་སོགས་པ་ཚིག་ཀྱལ་པའི་མཐར་ཐུག་པའི་བར་དག་ནི་ལས་ཀྱང་ཡིན་ལ་ལས་ཀྱི་ལམ་ཡང་ཡིན་ནོ། །བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་དག་ནི་ལས་ཀྱི་ལམ་ཁོ་ན་ཡིན་ལ་ལས་ནི་མ་ཡིན་ པར་བལྟ་བར་བྱའོ། །ལས་ཀྱི་ལམ་རྣམས་ཀྱི་རྣམ་པར་གཏན་ལ་དབབ་པའི་གཞུང་དེ་ལས་ལྷག་པ་ནི་མི་སྣང་ངོ་། །སྡོམ་ནི། ངོ་བོ་ཉིད་དང་བསྡུ་དབྱེ་དང་། །ཐབས་དང་ལྕི་དང་ཡང་བ་དང་། །སོགས་དང་འབྲིང་དང་སྦྱོར་བ་དང་། །འབྲས་བུ་སྐྱེ་བའི་ངེས་པ་ཡིན། །སྐྱེ་བའི་ཀུན་ ནས་ཉོན་མོངས་པ་ཞེས་གང་གསུངས་པ་དེ་ལ་སྐྱེ་བ་ནི་མདོར་བསྡུ་ན་རྣམ་པ་བཅུ་གཅིག་ཏུ་རིག་པར་བྱ་སྟེ། གཅིག་ཏུ་བདེ་བ་ནི་འདི་ལྟ་སྟེ། ལྷ་ཁ་ཅིག་ཏུ་སྐྱེས་པའོ། །གཅིག་ཏུ་སྡུག་བསྔལ་བ་ནི་འདི་ལྟ་སྟེ། སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་པའོ། །བདེ་བ་དང་སྡུག་ བསྔལ་བ་ནི་འདི་ལྟ་སྟེ། ལྷ་དང་མི་དང་དུད་འགྲོ་དང་ཡི་དྭགས་ཁ་ཅིག་ཏུ་སྐྱེས་པའོ། །སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་སྐྱེ་བ་ནི་འདི་ལྟ་སྟེ་ལྷ་ཁ་ཅིག་ཏུ་སྐྱེས་པའོ། །གཅིག་ཏུ་ཡོངས་སུ་མ་དག་པའི་སྐྱེ་བ་ནི། འདི་ལྟ་སྟེ་འདོད་པའི་ཁམས་ན་སོ་སོའི་སྐྱེ་བོ་རྣམས་ཀྱིའོ། ། གཅིག་ཏུ་ཡོངས་སུ་དག་པའི་སྐྱེ་བ་ནི་འདི་ལྟ་སྟེ། དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །ཡོངས་སུ་མ་དག་པ་དང་ཡོངས་སུ་དག་པའི་སྐྱེ་བ་ནི་འདི་ལྟ་སྟེ། གཟུགས་དང་གཟུགས་མེད་པའི་ཁམས་ན་སོ་སོའི་སྐྱེ་བོ་རྣམས་ཀྱིའོ། །སྐྱེ་བ་ཡོངས་སུ་མ་དག་པ་ལ། སྐྱེ་ མཆེད་ཡོངས་སུ་དག་པ་དང་ལྡན་པ་ནི་འདི་ལྟ་སྟེ། འདོད་པའི་ཁམས་ན་ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་ཅན་དལ་བར་སྐྱེས་པ་རྣམས་ཀྱིའོ། །སྐྱེ་བ་ཡོངས་སུ་དག་ལ་སྐྱེ་མཆེད་ཡོངས་སུ་མ་དག་པ་དང་ལྡན་པ་ནི་འདི་ལྟ་སྟེ། གཟུགས་དང་གཟུགས་མེད་པའི་ཁམས་སུ་སྐྱེས་ པའི་སོ་སོའི་སྐྱེ་བོ་རྣམས་ཀྱིའོ། །སྐྱེ་བ་ཡང་ཡོངས་སུ་མ་དག་ལ་སྐྱེ་མཆེད་ཀྱང་ཡོངས་སུ་མ་དག་པ་དང་ལྡན་པ་ནི་འདི་ལྟ་སྟེ། འདོད་པའི་ཁམས་སུ་སྐྱེས་པའི་སོ་སོའི་སྐྱེ་བོ་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་རྣམས་ཀྱི་དང་། ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་མི་ 130-1-147a དལ་བར་སྐྱེས་པ་རྣམས་ཀྱིའོ། །སྐྱེ་བ་ཡོངས་སུ་དག་ལ་སྐྱེ་མཆེད་ཀྱང་ཡོངས་སུ་དག་པ་དང་ལྡན་པ་ནི་འདི་ལྟ་སྟེ། གཟུགས་དང་གཟུགས་མེད་པའི་ཁམས་སུ་སྐྱེས་པའི་སློབ་པ་སོ་སོའི་སྐྱེ་བོ་མ་ཡིན་པ་རྣམས་ཀྱིའོ། །ཇི་སྐད་དུ་ཁྱེད་ཅག་གིས་ནི་ཡུན་རིང་པོ་ ནས་རོའི་མཚམས་སྦྱོར་བ་སྐྱེད་ཅིང་ཁྲག་གི་ཐིགས་པ་བླངས་སོ་ཞེས་གང་གསུངས་པ་དེ་ལ། རོའི་མཚམས་སྦྱོར་བ་གང་ཞེ་ན། སྨྲས་པ་འདི་ལྟ་སྟེ། རོའི་མཚམས་སྦྱོར་བ་ཞེས་བྱ་བ་དེ་ནི་སྲིད་པའི་ཚིག་གི་རྣམ་གྲངས་ཡིན་ཏེ། དེས་ནི་ཀུན་ཏུ་འབྱུང་བའི་བདེན་པ་ཡོངས་སུ་བཟུང་བར་ བསྟན་ཏོ། །ཁྲག་གི་ཐིགས་པ་བླངས་སོ་ཞེས་གང་གསུངས་པ་དེས་ནི་སྡུག་བསྔལ་གྱི་བདེན་པ་ཡོངས་སུ་བཟུང་བར་བསྟན་ཏོ། །བྲམ་ཟེའི་རྟོགས་པ་བརྗོད་པའི་སྡེ་དེ་ལས། འཆི་བའི་ཀུན་ནས་ཉོན་མོངས་པ་ལས་བརྩམས་ཏེ་དེར་བཅོམ་ལྡན་འདས་ཀྱིས་ལྔ་པོ་འདི་དག་ནི་མ་སྨྱོས་པ་སྨྱོན་པའི་ སྤྱོད་པ་དག་ཡིན་ཏེ། ལྔ་གང་ཞེ་ན། ཡན་ལག་ཆག་པ་དག་འཚོ་བའི་ཐབས་གཞན་ཡོད་བཞིན་དུ་ཡན་ལག་གཤེག་པའི་རྒྱུས་འཚོ་བར་བྱེད་པ་གང་ཡིན་པ་དེ་ནི་མ་སྨྱོས་པ་སྨྱོན་པའི་སྤྱོད་པ་དང་པོ་ཡིན་ནོ། །གཞན་ཡང་ཆགས་ཤིང་ཆགས་པའི་ཟིལ་གྱིས་ནོན་པ་དག་ཆགས་པའི་ གཞིའི་རྒྱུས་ལོངས་སྤྱོད་པར་ཡང་མི་བྱེད་སྦྱིན་པར་ཡང་མི་བྱེད་པར་ལོངས་སྤྱོད་ཀྱི་ཚོགས་ཆེན་པོ་དག་སྤངས་ནས་འཆི་བའི་དུས་བྱེད་པ་ཁོ་ནར་འགྱུར་བ་གང་ཡིན་པ་དེ་ནི་མ་སྨྱོས་པ་སྨྱོན་པའི་སྤྱོད་པ་གཉིས་པ་ཡིན་ནོ། །གཞན་ཡང་མཐོ་རིས་འདོད་པ་དག་ལུས་དང་ངག་དང་ཡིད་ཀྱིས་ ལེགས་པར་སྤྱད་པས་བསྡུས་པའི་མཐོ་རིས་ཀྱི་ཐབས་གཞན་ཡོད་བཞིན་དུ་མཐོ་རིས་འདོད་པའི་ཕྱིར་བདག་ཉིད་མེར་སྲེག་པར་བྱེད་པ་དང་། ཆུར་འཆི་བར་བྱེད་པ་དང་། གཡངས་ནས་གཡང་དུ་གཏོང་བར་བྱེད་པ་གང་ཡིན་པ་དེ་ནི་མ་སྨྱོས་པ་སྨྱོན་པའི་སྤྱོད་པ་གསུམ་པ་ཡིན་ནོ། །གཞན་ཡང་ཐར་ པ་འདོད་པ་དག་འཕགས་པའི་ལམ་ཡན་ལག་བརྒྱད་པས་བསྡུས་པའི་ཐར་པའི་ཐབས་ཡོད་བཞིན་དུ། ཐར་པར་འདོད་པའི་ཕྱིར་བདག་ཉིད་རྣམ་པ་དུ་མར་ཀུན་ཏུ་གདུང་བར་བྱེད། ཡང་དག་པར་གདུང་བར་བྱེད། ཡོངས་སུ་གདུང་བར་བྱེད་པ་གང་ཡིན་པ་དེ་ནི་མ་སྨྱོས་པ་སྨྱོན་པའི་སྤྱོད་པ་བཞི་པ་ཡིན་ 130-1-147b ནོ། །གཞན་ཡང་ཤི་བའི་རྗེས་སུ་མྱ་ངན་བྱེད་པ་དག་ཤི་བ་ཕྱིར་འོང་བ་མེད་བཞིན་དུ་ཤི་བའི་རྗེས་སུ་མྱ་ངན་བྱ་བའི་ཆེད་ཀྱི་ཕྱིར་རྣམ་པ་དུ་མར་བདག་ཉིད་ཆོ་ངེས་འདེབས་པར་བྱེད། ལུས་འབྲལ་བར་བྱེད། མགོ་ཐལ་བས་སྐུད་པར་བྱེད་དོ། །ཟས་མི་ཟ་བར་བྱེད་པ་གང་ཡིན་པ་དེ་ནི་མ་སྨྱོས་པ་སྨྱོན་པའི་ སྤྱོད་པ་ལྔ་པ་ཡིན་ནོ། །ཕ་མ་དེ་བཞིན་ཕུ་ནུ་དང་། །དེ་བཞིན་ཉེ་དུ་མཛའ་བཤེས་བུ། །ངེས་མེད་བདག་གིར་འཛིན་བྱེད་པ། །དེ་ནི་འཇིག་རྟེན་ཕྱིན་ཅི་ལོག །མར་གྱུར་པ་ཡང་ཆུང་མར་འགྱུར། །ཆུང་མར་གྱུར་པ་མནའ་མར་འགྱུར། །མནའ་མར་གྱུར་པ་བྲན་མོར་འགྱུར། །དགྲ་ ཡང་ཁྱིམ་གྱི་བདག་མོར་འགྱུར། །ཕར་གྱུར་པ་ཡང་བུ་ཕོར་འགྱུར། །བུ་ཕོར་གྱུར་པ་དགྲ་བོར་འགྱུར། །དགྲར་གྱུར་པ་ནི་བྲན་འགྱུར་ཏེ། །མངག་གཞུག་ལས་མིར་འགྱུར་དེ་བཞིན། །རྒྱལ་པོར་གྱུར་པ་ཚལ་ཟར་འགྱུར། །ཚལ་ཟར་གྱུར་པ་བཀྲེན་པ་དང་། །གྲོང་མི་ངན་པ་དམན་ པ་དང་། །འཇིག་རྟེན་རྣམས་ཀྱིས་སྨད་པར་འགྱུར། །བྲམ་ཟེར་གྱུར་པ་རྒྱལ་རིགས་འགྱུར། །རྒྱལ་རིགས་རྗེའུ་རིགས་ཉིད་དུ་སྟེ། །རྗེའུ་རིགས་གྱུར་པ་དམངས་རིགས་དང་། །དེ་བཞིན་གདོལ་པ་གཡུང་པོར་འགྱུར། །གང་དག་ཁྱོད་ཀྱི་བུར་སྐྱེས་པ། །སྟོང་གི་ཕྲག་དང་བརྒྱ་ ཕྲག་དང་། །ཁྲག་ཁྲིག་ཕྲག་ནི་དུ་མ་དག །དུས་གཞན་ན་ནི་དགྲ་བོར་འགྱུར། །ཇི་ལྟར་གར་མཁན་ལྟད་མོའི་དབུས། །བདག་ཉིད་སྣ་ཚོགས་སྟོན་བྱེད་པའི། །བདག་ཉིད་སྣ་ཚོགས་དེ་བཞིན་དུ། །སོ་སོའི་སྐྱེ་བོ་སྟོན་པར་བྱེད། །འདུ་བྱེད་འདི་དག་སྒྱུ་འདྲ་སྟེ། །རྒྱུ་རྣམས་རྐྱེན་ རྣམས་ལས་རྣམས་དང་། །ཉོན་མོངས་རྣམས་ཀྱིས་ཡང་དང་ཡང་། །རྣམ་པར་བསྒྲུབས་པ་སྣ་ཚོགས་ཡིན། །མི་ཤེས་པ་ཡིས་བསྒྲིབས་པ་རྣམས། །དེ་ལྟར་ཅོ་འདྲི་སྣ་ཚོགས་དག །ཐོབ་ཀྱང་འཁོར་བ་ཉིད་ལ་ནི། །དགའ་ཞིང་ཅིས་ཀྱང་སྐྱོ་མི་བྱེད། །ཐལ་བ་མཆི་མ་སྨྲེ་ སྔགས་ཀྱིས། །བདག་ཉིད་ཕྱིར་ཞིང་ཅོ་འདྲི་ལ། །མྱ་ངན་བྱ་མིན་མྱ་ངན་བྱེད། །གདུང་བ་མིན་ལ་གདུང་བར་བྱེད། །གཞན་ལ་གཉེན་འདབ་འདུ་ཤེས་ཀྱིས། །བདག་ཉིད་བརྡབས་ཤིང་མྱ་ངན་བྱེད། །ཆོས་ཀྱི་སྤྱོད་པ་ཀུན་སྤངས་ནས། །ལག་པ་བསྒྲེང་སྟེ་ཆོ་ངེས་འདེབས། ། 130-1-148a གཏི་མུག་ང་རྒྱལ་རྒྱགས་ལྡན་ཞིང་། །ཡང་དང་ཡང་དུ་བག་མེད་བྱེད། །ཅེས་གསུངས་སོ། །དེ་བཞིན་དུ་སྦྱར་ཏེ། རྩོད་པའི་དུས་ཀྱི་སྐྱོན་ནི་བཞི་སྟེ། ཚེ་ཡོངས་སུ་འགྲིབ་པ་དང་། བདེ་བ་ཡོངས་སུ་འགྲིབ་པ་དང་། ཡོན་ཏན་ཡོངས་སུ་འགྲིབ་པ་དང་། འཇིག་ རྟེན་གྱི་ཕུན་སུམ་ཚོགས་པ་ཡོངས་སུ་འགྲིབ་པའོ། །རྩོད་པའི་དུས་ན་སེམས་ཅན་རྣམས་གཅིག་ལ་གཅིག་གནས་བརྒྱད་བགྲང་བར་མི་བྱེད་དེ། ཆོས་བགྲང་བར་མི་བྱེད་པ་དང་། སྙན་པ་དང་། བསྟན་པ་དང་། སྙིང་རྗེ་དང་། བྱམས་པ་དང་། ཡོན་ཏན་དང་ལྡན་པ་དང་། ཕན་ འདོགས་པ་དང་། ཀུན་ཏུ་དགའ་བ་བགྲང་བར་མི་བྱེད་དོ་ཞེས་ཀྱང་གསུངས་སོ།། །།བམ་པོ་བཅུ་དྲུག་པ། སྐྱེ་བའི་ཀུན་ནས་ཉོན་མོངས་པ་ལ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནས། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བའི་བར་དུ་གང་གསུངས་པ་དེ་ལ། མ་རིག་ པ་ལ་སོགས་པ་ཡན་ལག་དེ་དག་གི་རབ་ཏུ་དབྱེ་བ་ཇི་ལྟར་བལྟ་བར་བྱ་ཞེ་ན། སྨྲས་པ། མདོར་བསྡུ་ན་རྣམ་པ་ལྔ་སྟེ། རྟགས་དང་། ངོ་བོ་ཉིད་དང་། ལས་དང་། ཆོས་དང་། རྒྱུ་དང་འབྲས་བུས་སོ། །དེ་ལ་མ་རིག་པའི་རྟགས་དག་གང་ཞེ་ན། སྨྲས་པ། མ་རིག་པའི་རྟགས་ནི་འདོད་ ཆགས་ཀྱང་ཡིན། ཁོང་ཁྲོ་བ་ཡང་ཡིན། ང་རྒྱལ་ཡང་ཡིན། ངར་འཛིན་པ་དང་ང་ཡིར་འཛིན་པ་ཡང་ཡིན། ངོ་ཚ་མེད་པ་དང་ཁྲེལ་མེད་པ་ཡང་ཡིན། བག་མེད་པ་ཡང་ཡིན། རང་བཞིན་གྱིས་ཁོ་རེ་ཆུང་བ་དང་རྨོངས་རྟུལ་བ་ཡང་ཡིན། གཉིད་ཆེ་བ་ཡང་ཡིན། སེམས་ཞུམ་པ་ ཡིན། སྡིག་པའི་ལས་ཀུན་ཏུ་སྤྱོད་པ་ཡང་རྟགས་ཡིན་ནོ། །མ་རིག་པའི་ངོ་བོ་ཉིད་གང་ཞེ་ན། སྨྲས་པ། མཚན་ཉིད་ཀྱི་ངོ་བོ་ཉིད་ནི་བཤད་ཟིན་ཏོ། །ང་ནི་རབ་ཏུ་དབྱེ་བ་ལས་ངོ་བོ་ཉིད་ཇེ་བརྗོད་པར་བྱ་སྟེ། མ་རིག་པ་ནི་བག་ལ་ཉལ་བ་ཡང་ཡོད་དོ། །སད་པ་ཡང་ཡོད་དོ། །ཉོན་ མོངས་པ་དང་ལྡན་པ་ཡང་ཡོད་དོ། །འབའ་ཞིག་པ་མ་འདྲེས་པ་ཡང་ཡོད་དོ། །སེམས་ཀྱིས་ཟིལ་གྱིས་གནོན་པར་བྱེད་པ་ཡང་ཡོད་དོ། །ལས་ཀུན་ནས་སློང་བར་བྱེད་པ་ཡང་ཡོད་དོ། །ཉོན་མོངས་པ་ཅན་མ་ཡིན་པ་ཡང་ཡོད་དོ། །ངོ་ཚ་བ་དང་བྲལ་བ་ཡང་ཡོད་དོ། །བསྟན་པ་ཡང་ 130-1-148b ཡོད་དེ། ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་རྣམས་ཀྱིའོ། །མ་རིག་པའི་ལས་གང་ཞེ་ན། སྨྲས་པ། མ་རིག་པ་ནི་དོན་ལྐོག་ཏུ་གྱུར་པ་ལ་ཡང་ཀུན་ཏུ་རྨོངས་པར་བྱེད་པའོ། །མ་རིག་པ་ནི་མངོན་སུམ་དང་། ངན་པ་དང་། བར་མ་དང་། རབ་དང་། ཕན་པ་དང་། མི་ཕན་པ་དང་། དེ་ཁོ་ནའི་དོན་དང་། མཛའ་བཤེས་ཀྱི་དོན་དང་། རྒྱུ་དང་འབྲས་བུ་ལ་ཡང་ཀུན་ཏུ་རྨོངས་པར་བྱེད་དོ། །སེམས་ཅན་ཀུན་ཏུ་རྨོངས་པ་ནི་བཅུ་པོ་འདི་དག་ཡིན་ཏེ། སེམས་ཅན་ཀུན་ཏུ་རྨོངས་པ་དེ་དག་གིས་སེམས་ཅན་ཀུན་ཏུ་རྨོངས་པ་ཐམས་ཅད་བསྡུས་པར་འགྱུར་ཏེ། མ་ཚང་བས་ ཀུན་ཏུ་རྨོངས་པ་དང་། གཡེང་བས་ཀུན་ཏུ་རྨོངས་པ་དང་། རྣམ་པར་གཡེང་བས་ཀུན་ཏུ་རྨོངས་པ་དང་། རང་བཞིན་གྱིས་ཀུན་ཏུ་རྨོངས་པ་དང་། མངོན་པར་ཞེན་པས་ཀུན་ཏུ་རྨོངས་པ་དང་། འཁྲུལ་པས་ཀུན་ཏུ་རྨོངས་པ་དང་། ཀུན་ཏུ་རྨོངས་པ་བརྟན་པ་དང་། ཤིན་ཏུ་ཀུན་ཏུ་རྨོངས་པ་དང་། མ་རྟོགས་པས་ཀུན་ཏུ་རྨོངས་པ་དང་། མངོན་སུམ་ལ་ཀུན་ཏུ་རྨོངས་པའོ། །དེ་ལ་མ་ཚང་བས་ཀུན་ཏུ་རྨོངས་པ་ནི། འདི་ལྟར་འདི་ན་ལ་ལ་མིག་མ་ཚང་བའམ་རྣ་བ་མ་ཚང་བར་གྱུར་ནས། དེས་ན་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་སམ། རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་རྣམས་ལ་ཐམས་ ཅད་ཀྱི་ཐམས་ཅད་དུ་ཉམས་སུ་མྱོང་བ་མེད་པ་ལས་ཀུན་ཏུ་རྨོངས་པ་ལྟ་བུའོ། །དེ་ལ་གཡེང་བས་ཀུན་ཏུ་རྨོངས་པ་ནི། འདི་ལྟར་འདི་ན་ལ་ལ་གནོད་པའམ། སྡུག་བསྔལ་བའམ་ནད་ཚབས་ཆེ་བའམ། ཚོར་བས་སྡུག་བསྔལ་བའམ། སྨྱོས་ཏེ་སེམས་འཁྲུགས་ནས། དེས་དེ་ལེགས་ པར་བྱས་པ་དང་ཉེས་པར་བྱས་པ་དག་ལ་ཀུན་ཏུ་རྨོངས་པ་ལྟ་བུའོ། །དེ་ལ་རྣམ་པར་གཡེང་བས་ཀུན་ཏུ་རྨོངས་པ་ནི། འདི་ལྟར་འདི་ན་ལ་ལ་གཞན་ལ་སེམས་འཕྲེལ་པར་གྱུར་པས་གཞན་ལ་ལེགས་པར་བྱས་པ་དང་ཉེས་པར་བྱས་པ་དག་ལ་ཀུན་ཏུ་རྨོངས་པ་ལྟ་བུའོ། །དེ་ལ་རང་ བཞིན་གྱིས་ཀུན་ཏུ་རྨོངས་པ་ནི། འདི་ལྟར་འདི་ན་ལ་ལ་ཐོག་མ་མེད་པ་དང་ལྡན་པའི་འཁོར་བ་ན་རང་བཞིན་ཁོ་ནས་སྡུག་བསྔལ་བ་དང་། ཀུན་ཏུ་འབྱུང་བ་དང་། འགོག་པ་དང་། ལམ་དང་། གང་ཟག་ལ་བདག་མེད་པ་དང་། ཆོས་ལ་བདག་མེད་པ་ལ་ཀུན་ཏུ་རྨོངས་པ་ལྟ་བུའོ། །དེ་ 130-1-149a ལ་མངོན་པར་ཞེན་པས་ཀུན་ཏུ་རྨོངས་པ་ནི། འདི་ལྟར་འདི་ན་ལ་ལ་ཕྱི་རོལ་པ་མུ་སྟེགས་ཅན་དུ་གྱུར་ནས་དེས་ན་དེ་འཇིག་ཚོགས་ལ་ལྟ་བ་དང་། འཇིག་ཚོགས་ལ་ལྟ་བའི་རྩ་བ་ལས་བྱུང་བའི་ལྟ་བའི་རྣམ་པ་དག་ལ་ཀུན་ཏུ་རྨོངས་པ་ལྟ་བུའོ། །དེ་ལ་འཁྲུལ་ པས་ཀུན་ཏུ་རྨོངས་པ་ནི། འདི་ལྟར་འདི་ན་ལ་ལ་མི་འཁྲུལ་པའམ། གྲངས་འཁྲུལ་པའམ། དབྱིབས་འཁྲུལ་པའམ། ཁ་དོག་འཁྲུལ་པའམ། ལས་འཁྲུལ་པས་འཁྲུལ་པ་དང་། མཐུན་པའི་ཆོས་རྣམས་ལ་ཀུན་ཏུ་རྨོངས་པ་ལྟ་བུའོ། །དེ་ལ་ཀུན་ཏུ་རྨོངས་པ་བརྟན་ པ་ནི་འདི་ལྟར་འདི་ན་ལ་ལ་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་དུ་གྱུར་ནས། དེས་ན་དེའི་ཀུན་ཏུ་རྨོངས་པ་སངས་རྒྱས་རྣམས་ཀྱིས་ཀྱང་གཞིག་མི་སྤྱོད་པར་བརྟན་པ་ལྟ་བུའོ། །དེ་ལ་ཤིན་ཏུ་ཀུན་ཏུ་རྨོངས་པ་ནི་འདི་ལྟར་འདི་ན་ལ་ལ་རྟག་པར་རྒྱུན་དུ་ལོག་པར་བསྒྲུབ་པས། ལོག་པར་སྒྲུབ་ པའི་རྒྱུ་ལས་བྱུང་བའི་སྡུག་བསྔལ་གྱིས་བཅོམ་པར་ཤེས་ཤིང་མཐོང་ཡང་དེ་ཉིད་ལ་རྒྱུག་ཅིང་། དེ་ཉིད་ལ་མངོན་པར་དགའ་བ་དང་། འདོད་ཆགས་ལ་སོགས་པ་སྤྱོད་པ་གང་ཡིན་པ་ལྟ་བུའོ། །དེ་ལ་མ་རྟོགས་པས་ཀུན་ཏུ་རྨོངས་པ་ནི། འདི་ལྟར་འདི་ན་ལ་ལ་མ་ཐོས་པ་དང་། མ་བསམས་ པ་དང་། མ་བསྒོམས་པའི་ཕྱིར་ཆོས་ཀྱི་དོན་ལ་ཀུན་ཏུ་རྨོངས་པ་ལྟ་བུའོ། །དེ་ལ་མངོན་སུམ་ལ་ཀུན་ཏུ་རྨོངས་པ་ནི་འདི་ལྟར་འདི་ན་ལ་ལ་འདུ་བྱེད་རྣམས་ཀྱི་མི་རྟག་པ་ཉིད་མངོན་སུམ་དུ་ཡང་དག་པར་རྗེས་སུ་མཐོང་བཞིན་དུ་རྟག་པར་འདུ་ཤེས་པ་དང་། སྡུག་བསྔལ་ཉིད་མངོན་སུམ་དུ་ཡང་དག་ པར་རྗེས་སུ་མཐོང་བཞིན་དུ་བདེ་བར་འདུ་ཤེས་པ་དང་། མི་གཙང་བ་ཉིད་མངོན་སུམ་དུ་ཡང་དག་པར་རྗེས་སུ་མཐོང་བཞིན་དུ་གཙང་བར་འདུ་ཤེས་པ་དང་། བདག་མེད་པ་ཉིད་མངོན་སུམ་དུ་ཡང་དག་པར་རྗེས་སུ་མཐོང་བཞིན་དུ་བདག་ཏུ་འདུ་ཤེས་པ་དང་། ན་བའི་ཆོས་ཉིད་དང་། རྒ་བའི་ ཆོས་ཉིད་དང་། འཆི་བའི་ཆོས་ཉིད་མངོན་སུམ་དུ་ཡང་དག་པར་རྗེས་སུ་མཐོང་བཞིན་དུ་བདེ་བར་འདུ་ཤེས་པ་དང་། གནོད་པ་མེད་པར་འདུ་ཤེས་པ་ལྟ་བུའོ། །གཞན་ཡང་མ་རིག་པ་ནི་གནས་ལྔ་ལ་སྒྲིབ་པར་བྱེད་པ་ཡིན་ཏེ། འདི་ལྟ་སྟེ། མ་རིག་པ་ནི་དེ་ཁོ་ནའི་ཤེས་པ་འཐོབ་པ་དང་། 130-1-149b ཉོན་མོངས་པ་ཉེ་བར་ཞི་བ་འཐོབ་པ་དང་། འཕགས་པའི་ལམ་ཡོངས་སུ་འགྲུབ་པ་དང་། བདེ་འགྲོར་འགྲོ་བ་དང་། འཇིག་རྟེན་པ་རྣམས་ཀྱི་ཚེ་འདི་པའི་ཕུན་སུམ་ཚོགས་པ་ལ་སྒྲིབ་པར་བྱེད་པ་ཡིན་ནོ། །མ་རིག་པའི་ཆོས་ཉིད་ཀྱང་གང་ཞེ་ན། མ་རིག་པ་ནི་མ་རིག་པ་གང་དང་ལྡན་ ན་རྨོངས་པ་ཞེས་བྱ་ལ། གཏི་མུག་གིས་བརླམས་པ་མ་ཡིན་པ་དང་། གཏི་མུག་གི་དྲི་མ་ཅན་མ་ཡིན་པ་དང་། གཏི་མུག་གི་དབང་དུ་གྱུར་པ་མ་ཡིན་པ་ཡང་ཡོད་དོ། །འདི་ལྟ་སྟེ། བག་ལ་ཉལ་དུ་གནས་པའི་མ་རིག་པ་དང་ལྡན་པའོ། །རྨོངས་པ་ཡང་ཡིན། གཏི་མུག་གིས་བརླམས་ པ་ཡང་ཡིན་ལ། གཏི་མུག་གི་དྲི་མ་ཅན་མ་ཡིན་པ་དང་། གཏི་མུག་གི་དབང་དུ་གྱུར་པ་མ་ཡིན་པ་ཡང་ཡོད་དེ། འདི་ལྟ་སྟེ། ཀུན་ནས་དཀྲིས་པར་གཏོགས་པའི་མ་རིག་པ་དང་ལྡན་པའོ། །རྨོངས་པ་ཡང་ཡིན། གཏི་མུག་གིས་བརླམས་པ་ཡང་ཡིན། གཏི་མུག་གི་དྲི་མ་ ཅན་ཡང་ཡིན་ལ། གཏི་མུག་གི་དབང་དུ་གྱུར་པ་མ་ཡིན་པ་ཡང་ཡོད་དེ། འདི་ལྟ་སྟེ། མ་རིག་པའི་རྒྱུ་ལས་བྱུང་བའི་སྡིག་པ་མི་དགེ་བའི་ལས་ཀུན་ནས་སློང་བར་བྱེད་པའི་མ་རིག་པ་དང་ལྡན་པ་སྟེ། དེ་ནི་ལས་ཀུན་ནས་བསླངས་ནས་ཉེས་པར་སྤྱད་པ་དེས་ངོ་ཚ་བར་བྱེད་པའི་ཕྱིར་ རོ། །རྨོངས་པ་ཡང་ཡིན། གཏི་མུག་གིས་བརླམས་པ་ཡང་ཡིན། གཏི་མུག་གི་དྲི་མ་ཅན་ཡང་ཡིན། གཏི་མུག་གི་དབང་དུ་གྱུར་པ་ཡིན་པ་ཡང་ཡོད་དེ། འདི་ལྟ་སྟེ། མ་རིག་པའི་རྒྱུ་ལས་བྱུང་བའི་སྡིག་པ་མི་དགེ་བའི་ལས་ཀུན་ནས་བསླངས་ནས་ཉེས་པར་སྤྱད་པ་དེས་ངོ་ཚ་ བར་མི་བྱེད་པའི་ཕྱིར་རོ། །དེ་ན་མ་རིག་པ་རྣམ་པ་གསུམ་གྱིས་ནི་རྨོངས་པ་ཡིན་ལ། མི་གཏི་མུག་ཅན་ཞེས་ནི་མི་བྱའོ། །ཐ་མས་ནི་མི་གཏི་མུག་ཅན་ཞེས་ཀྱང་བྱའོ། །མ་རིག་པ་ནི་མུན་ནག་གི་ཆོས་ཅན་ཡང་ཡོད་དེ། འདི་ལྟ་སྟེ་འདོད་པ་ན་སྤྱོད་པའོ། །མུན་པའི་ཆོས་ཅན་ ཡང་ཡོད་དེ། འདི་ལྟ་སྟེ། གཟུགས་ན་སྤྱོད་པའོ། །རབ་རིབ་ཀྱི་ཆོས་ཅན་ཡང་ཡོད་དེ། འདི་ལྟ་སྟེ། གཟུགས་མེད་པ་ན་སྤྱོད་པའོ། །མ་རིག་པའི་རྒྱུ་དང་འབྲས་བུ་གང་ཡིན་ཞེ་ན། སྨྲས་པ། རྒྱུ་ནི་འདི་ལྟ་སྟེ། སའི་དངོས་གཞིར་བསྟན་པ་བཞིན་དུ་བལྟ་བར་ 130-1-150a བྱའོ། །འབྲས་བུ་ནི་སྲིད་པའི་ཡན་ལག་ཐམས་ཅད་དོ། །གཞན་ཡང་དེ་བཞིན་ཉིད་དང་བདེན་པའི་དོན་མི་རྟོགས་པ་དང་། དེ་བཞིན་ཉིད་དུ་དེ་ཉིད་ལ་ཐེ་ཚོམ་ཟ་བ་དང་། ལོག་པར་ངེས་ནས་མི་རྟག་པ་ལ་སོགས་པ་ལ་ཕྱིན་ཅི་ལོག་ཏུ་འཛིན་ཅིང་མངོན་པར་ཞེན་ པའི་ཕྱིར་རམ། མངོན་པའི་ང་རྒྱལ་གྱི་ཕྱིར་རམ། བདག་ཁྱད་དུ་གསོད་པའི་ཕྱིར་རམ་བདེན་པ་ལ་སྐུར་པ་འདེབས་པའམ། སྒྲོ་འདོགས་པའོ། །སྲིད་པའི་ཡན་ལག་ལྷག་མ་རྣམས་ཀྱི་རྣམ་པར་གཏན་ལ་དབབ་པའི་གཞུང་ནི་མི་སྣང་ངོ་། །དེ་ལ་བཅོམ་ལྡན་འདས་ཀྱིས་མིག་གི་རྣམ་པར་ ཤེས་པ་སྐྱེ་བའི་རྒྱུ་ནི་མིག་ཡིན་ལ། རྐྱེན་ནི་གཟུགས་རྣམས་ཡིན་ནོ་ཞེས་བྱ་བ་ནས་ལུས་ཀྱི་རྣམ་པར་ཤེས་པ་སྐྱེ་བའི་རྒྱུ་ནི་ལུས་ཡིན་ལ། རྐྱེན་ནི་རེག་བྱ་རྣམས་ཡིན་ནོ་ཞེས་བྱ་བའི་བར་དུ་གང་གསུངས་པ་དང་། རེག་པའི་རྐྱེན་གྱིས་ཚོར་བའོ་ཞེས་གང་གསུངས་པ་དང་། དེ་དང་འབྱུང་བའི་རྣམ་པར་ཤེས་པ་སྐྱེ་བའི་རྒྱུ་ ནི་དེ་དང་འབྱུང་བའི་ཡིད་ལ་བྱེད་པ་ཡིན་ནོ་ཞེས་གང་གསུངས་པ་དེ་ལ། གང་གི་ཚེ་མིག་ལ་སོགས་པའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་སྐྱེད་པའི་རྒྱུ་དག་མ་ཡིན་པ་དང་། རེག་པ་ཡང་ཚོར་བའི་སྐྱེད་པའི་རྒྱུ་མ་ཡིན་པ་དང་། དེ་དང་འབྱུང་བའི་ཡིད་ལ་བྱེད་པ་ཡང་དེ་དང་འབྱུང་བའི་རྣམ་པར་ ཤེས་པ་སྐྱེད་པའི་རྒྱུ་མ་ཡིན་ཏེ། འདི་ལྟར་དེ་དག་གི་རང་གི་ས་བོན་ཉིད་སྐྱེད་པའི་རྒྱུ་ཡིན་པ་དེའི་ཚེ། ཅིའི་ཕྱིར་མིག་ལ་སོགས་པ་ཇི་སྐད་བསྟན་པ་དག་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཇི་སྐད་བསྟན་པ་དག་གི་རྒྱུ་ཡིན་པར་གསུངས་ཤེ་ན། ལྷན་ཅིག་འབྱུང་བ་གནས་སུ་བསྡུས་པ་སྐྱེད་པར་བྱེད་ པའི་རྒྱུ་ལས་དགོངས་ཏེ་གསུངས་པ་ཡིན་གྱི། མངོན་པར་འགྲུབ་པའི་རྒྱུ་ལས་ནི་མ་ཡིན་ཏེ། འདི་ལྟར་ལྷན་ཅིག་འབྱུང་བའི་མིག་ལ་སོགས་པའི་དབང་པོ་ལ་བརྟེན་ནས། མིག་ལ་སོགས་པའི་རྣམ་པར་ཤེས་པ་དམིགས་པ་དེ་དང་དེ་ལ་འཇུག་པར་འགྱུར་གྱི། མ་བརྟེན་པར་མི་ འཇུག་པའི་ཕྱིར་དང་། དེ་བཞིན་དུ་ལྷན་ཅིག་འབྱུང་བའི་རེག་པ་ལ་བརྟེན་ནས་ཚོར་བ་རྣམས་སྐྱེ་བར་འགྱུར་གྱི། མ་བརྟེན་པར་མི་འགྱུར་བའི་ཕྱིར་དང་། དེ་བཞིན་དུ་ལྷན་ཅིག་འབྱུང་བ་དེ་དང་འབྱུང་བའི་ཡིད་ལ་བྱེད་པ་ལ་བརྟེན་ནས་དེ་དང་འབྱུང་བའི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་གྱི་ 130-1-150b མ་བརྟན་པར་ནི་མི་འབྱུང་བའི་ཕྱིར་ཏེ། དེ་ལྟར་ན་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དུ་ཡང་ལྷན་ཅིག་འབྱུང་བ་གནས་སུ་བསྡུས་པ་སྐྱེད་པར་བྱེད་པའི་རྒྱུ་ལས་དགོངས་ཏེ་གསུངས་པ་ཡིན་གྱི། མངོན་པར་འགྲུབ་པའི་རྒྱུའམ། འཁོར་གྱི་རྒྱུ་ལས་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིག་འགགས་པས་ནི་མིག་གི་རྣམ་པར་ཤེས་པ་སྐྱེས་པའི་གནས་ཀྱི་བྱ་བ་བྱེད་པར་མི་ནུས་ཏེ། རྣ་བ་ལ་སོགས་པ་ལྷག་མ་རྣམས་ཀྱང་དེ་དང་འདྲ་བ་དང་། རེག་པ་འགགས་པས་ཀྱང་ཚོར་བ་སྐྱེས་པའི་གནས་ཀྱི་བྱ་བ་བྱེད་པར་མི་ནུས་པ་དང་། དེ་དང་འབྱུང་བའི་ཡིད་ལ་བྱེད་པ་ འགགས་པས་ཀྱང་དེ་དང་འབྱུང་བའི་རྣམ་པར་ཤེས་པ་སྐྱེས་པའི་གནས་ཀྱི་བྱ་བ་བྱེད་པར་མི་ནུས་པའི་ཕྱིར་རོ། །གཞན་ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་གོ་རིམས་ཀྱི་རྣམ་གྲངས་ནི་མདོར་བསྡུ་ན་རྣམ་པ་བཞིས་རིག་པར་བྱ་སྟེ། འདི་ལྟ་སྟེ། འཕེན་པའི་གོ་རིམས་དང་། མངོན་པར་འགྲུབ་ པའི་གོ་རིམས་དང་། ཡུལ་ལ་ཡོངས་སུ་ལོངས་སྤྱོད་པའི་གོ་རིམས་དང་། སྡུག་བསྔལ་ལ་ཡོངས་སུ་སྤྱོད་པའི་གོ་རིམས་ཀྱིས་སོ། །དེ་ལ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་ནི་འཕེན་པའི་གོ་རིམས་ཡིན་ནོ། །དེ་ ལ་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་བྱ་བ་ནི་མངོན་པར་འགྲུབ་པའི་གོ་རིམས་ཡིན་ནོ། །དེ་ལ་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱ་བ་ནི་མངོན་པར་འགྲུབ་པའི་ཡུལ་ལ་ཡོངས་སུ་སྤྱོད་ པའི་གོ་རིམས་ཡིན་ནོ། །དེ་ལ་ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བ་ནི་སྡུག་བསྔལ་ལ་ཡོངས་སུ་སྤྱོད་པའི་གོ་རིམས་ཡིན་པར་རིག་པར་བྱའོ། །ཕྱོགས་འདིའི་གཞུང་ནི་ དེ་ལས་མི་སྣང་ངོ་། །བཅོམ་ལྡན་འདས་ཀྱིས་བད་སའི་རྒྱལ་པོ་འཆར་བྱེད་ལས་བརྩམས་ནས། བད་སའི་རྒྱལ་པོ་འཆར་བྱེད་བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས། བཅོམ་ལྡན་འདས་ལ་འདི་སྐད་གསོལ་ཞེས་གྲག་སྟེ། བཙུན་པ་འདི་ན་དགེ་སྦྱོང་དང་། བྲམ་ཟེ་ཁ་ཅིག་ 130-1-151a བདག་ག་ལ་བ་དེར་མཆིས་ནས། བདག་ལ་མངོན་སུམ་དུ་ཡང་དག་པ་མ་ལགས་པ་དང་། དེ་ཁོ་ན་མ་ལགས་པའི་སྐྱོན་དག་གིས་སྨ་འབེབས་པར་བགྱིད་དེ། ཡང་དག་པ་མ་ལགས་པ་དང་། དེ་ཁོ་ན་མ་ལགས་པའི་སྐྱོན་དག་གིས་སྨ་འབེབས་པར་ བགྱིད་པ་ན། བདག་ལ་སེམས་ཞུམ་པ་མ་སྐྱེས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་བདག་གིས་ཡང་དག་པ་མ་ལགས་པ་དང་། དེ་ཁོ་ན་མ་ལགས་པའི་སྐྱོན་དེ་དག་བདག་ལ་སོ་སོར་བརྟགས་ན་ཡང་དག་པར་རྗེས་སུ་མ་མཐོང་བའི་སླད་དུའོ། །གཞན་ཡང་དགེ་སྦྱོང་ དང་། བྲམ་ཟེ་ཁ་ཅིག་བདག་ག་ལ་བ་དེར་མཆིས་ནས། བདག་ལ་མངོན་སུམ་དུ་ཡང་དག་པ་མ་ལགས་པ་དང་། དེ་ཁོ་ན་མ་ལགས་པའི་ཡོན་ཏན་དག་གིས་སྤྲོ་བར་བགྱིད་དེ། ཡང་དག་པ་མ་ལགས་པ་དང་། དེ་ཁོ་ན་མ་ལགས་པའི་ཡོན་ཏན་དག་གིས་སྤྲོ་བར་བགྱིད་པ་ན་ ཡང་བདག་ལ་དགའ་བ་དང་ཡིད་བདེ་བ་དང་སེམས་ཡེང་ཡེང་བ་ཉིད་མ་སྐྱེས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་བདག་གིས་ཡང་དག་པ་མ་ལགས་པ་དང་། དེ་ཁོ་ན་མ་ལགས་པའི་ཡོན་ཏན་དེ་དག་བདག་ལ་སོ་སོར་བརྟགས་ན། ཡང་དག་པར་རྗེས་སུ་མ་མཐོང་ བའི་སླད་དུའོ། །དགེ་སྦྱོང་དང་བྲམ་ཟེ་དེ་དག་སླར་མཆིས་ནས་བདག་གཅིག་པུ་དབེན་པར་མཆིས་པ་ན་སེམས་ལ་སེམས་ཀྱིས་ཡོངས་སུ་རྟོག་པ་འདི་ལྟ་བུ་སྐྱེས་ལགས་ཏེ། གལ་ཏེ་བདག་གིས་རྒྱལ་པོའི་སྐྱོན་ཡང་དག་པ་དག་འཚལ་བར་གྱུར་ཅིང་། རྒྱལ་པོའི་ཡོན་ཏན་ཡང་དག་ པ་དག་ཀྱང་འཚལ་བར་གྱུར་ན། བདག་གིས་རྒྱལ་པོའི་སྐྱོན་རྣམས་ནི་མངོན་པར་སྤངས་ལ་རྒྱལ་པོའི་ཡོན་ཏན་རྣམས་ནི་ཡང་དག་པར་བླང་བར་བགྱི་ན། གང་བདག་ལ་རྒྱལ་པོའི་སྐྱོན་ཡང་དག་པ་དང་། རྒྱལ་པོའི་ཡོན་ཏན་ཡང་དག་པ་དག་རྒྱ་ཆེར་ཡང་དག་པར་སྟོན་པར་རྔོ་ཐོགས་པའི་དགེ་སྦྱོང་ངམ། བྲམ་ཟེ་ དེ་གང་ལགས་སྙམ་པ་དེ་ལྟ་བུའི་སེམས་ཀྱིས་ཡོངས་སུ་རྟོག་པ་སྐྱེས་ལགས་སོ། །དེ་ནས་བདག་འདི་སྙམ་དུ་སེམས་པར་གྱུར་ལགས་ཏེ། བཅོམ་ལྡན་འདས་འདི་ནི་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ་ལགས་པས། དེས་ནི་རྒྱལ་པོའི་སྐྱོན་ཡང་དག་པ་དག་དང་། 130-1-151b རྒྱལ་པོའི་ཡོན་ཏན་ཡང་དག་པ་དག་མཁྱེན་གྱི། བདག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མཆིས་ཏེ། དོན་དེ་ཉིད་ཡོངས་སུ་ཞུའོ་སྙམ་དུ་སེམས་པར་གྱུར་ལགས་པས། བཅོམ་ལྡན་འདས་ལ་བདག་དོན་དེ་ཉིད་ཡོངས་སུ་ཞུ་ལགས་སོ། །བཅོམ་ལྡན་འདས་རྒྱལ་པོའི་སྐྱོན་ཡང་དག་པ་ དང་། རྒྱལ་པོའི་ཡོན་ཏན་ཡང་དག་པ་དེ་དག་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བད་སའི་རྒྱལ་པོ་འཆར་བྱེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་དེའི་ཕྱིར་ཁྱོད་ཀྱིས་རྒྱལ་པོའི་སྐྱོན་དག་ཀྱང་རིག་པར་བྱ། རྒྱལ་པོའི་ཡོན་ ཏན་དག་ཀྱང་རིག་པར་བྱ་སྟེ། རྒྱལ་པོས་ནི་ཉམས་པའི་སྒོ་དག་ཀྱང་རིག་པར་བྱ། ཐབས་ཀྱི་སྒོ་དག་ཀྱང་རིག་པར་བྱ། འདོད་པའི་ཆོས་དག་ཀྱང་རིག་པར་བྱ། འདོད་པ་འདྲེན་པར་བྱེད་པའི་ཆོས་དག་ཀྱང་རིག་པར་བྱའོ། །དེ་ལ་རྒྱལ་པོའི་སྐྱོན་རྣམས་གང་ཞེ་ན། རྒྱལ་པོ་ ཆེན་པོ་བཅུ་པོ་འདི་དག་ནི་རྒྱལ་པོའི་སྐྱོན་དག་ཡིན་ཏེ། དེ་དག་དང་ལྡན་ན་རྒྱལ་པོ་ལོངས་སྤྱོད་ཆེ་ཞིང་རྩ་འཇིང་ཆེ་ལ་འཁོར་མང་དུ་ཟིན་ཀྱང་། སྐྱབས་ཀྱི་འོས་མ་ཡིན་ཞིང་སྐྱབས་སུ་འགྱུར་བའི་འོས་མ་ཡིན་ནོ། །བཅུ་གང་ཞེ་ན། རིགས་མི་བཙུན་པ་ཡིན། རང་དབང་མེད་པ་ ཡིན། རང་བཞིན་གྱིས་གཏུམ་པ་ཡིན། འཁྲུགས་པའི་ཤས་ཆེ་བ་ཡིན། བྱ་དགའ་ཆུང་བ་ཡིན། དམ་པ་མ་ཡིན་པ་རྣམས་ཀྱི་ངག་ཉན་པ་ཡིན། མ་བརྟགས་པར་བྱེད་ཅིང་ཆོས་ལུགས་དང་མི་ལྡན་པ་ཡིན། ཆོས་ལ་མི་ལྟ་བ་ཡིན། བྱེ་བྲག་མི་ཤེས་ཤིང་བྱས་པ་མི་ གཟོ་བ་ཡིན། རབ་ཏུ་མྱོས་ཤིང་གཅིག་ཏུ་བག་མེད་པར་སྤྱོད་པ་ཡིན་ནོ། །ཇི་ལྟར་ན་རིགས་མི་བཙུན་པ་ཡིན་ཞེ་ན། འདི་ལ་རྒྱལ་པོ་རྒྱལ་པོའི་རིགས་ཤིན་ཏུ་དམན་པ་རྐྱེན་དུ་འབབ་པ་མ་ཡིན་པར་སྐྱེས་པའམ། རྒྱལ་པོའི་རིགས་དེ་ཉིད་དུ་བྲན་མོའི་བུའམ། མི་འདྲ་བའི་བུར་ སྐྱེས་པའམ། ཚལ་ཟའམ། བློ་གྲོགས་སམ། བློན་པོའམ། གྲོས་གྲོགས་ཀྱི་བུར་སྐྱེས་པ་ཡིན་ཏེ། དེ་ལྟར་ན་རིགས་མི་བཙུན་པ་ཡིན་ནོ། །ཇི་ལྟར་ན་རང་དབང་མེད་པ་ཡིན་ཞེ་ན། འདི་ལ་རྒྱལ་པོ་ལ་ལས་ཚལ་ཟ་དང་། བློ་གྲོགས་དང་། བློན་པོ་དང་། གྲོས་གྲོགས་ 130-1-152a དག་དེ་ལྟ་དེ་ལྟར་ཐབས་སྟོན་པས་དེ་རང་གི་བྱ་བ་དག་བྱ་བ་དང་། ཚལ་ཟ་རྣམས་གསོ་བ་དང་། ཅི་འདོད་པ་བཞིན་དུ་འདོད་པའི་ཡོན་ཏན་ལྔ་པོ་དག་གིས་རྩེ་བའམ། དགའ་བའམ། དགའ་དགུར་སྤྱོད་པ་ལ་འདོད་དགུར་བྱེད་དུ་མི་སྟེར་བ་ཡིན་ཏེ། དེ་ལྟར་ན་རྒྱལ་པོ་རང་ དབང་མེད་པ་ཡིན་ནོ། །ཇི་ལྟར་ན་རྒྱལ་པོ་རང་བཞིན་གྱིས་གཏུམ་པ་ཡིན་ཞེ་ན། འདི་ལ་རྒྱལ་པོ་ཚལ་ཟ་རྣམས་སམ། གཞན་དག་གི་ས་གཞི་འགའ་ཁོ་ན་ཞིག་ལ་ཡིད་དུ་མི་འོང་བའི་དངོས་པོ་ཅི་ཡང་རུང་བ་ཅུང་ཞིག་ཀུན་ཏུ་སྤྱད་པ་ན། མངོན་སུམ་དུ་སྨ་འབེབས་པར་བྱེད། ཚིག་རྩུབ་པོ་ རྗོད་པར་བྱེད། ངན་པར་བྱེད། འཁྲུག་པར་བྱེད། གནོད་པར་བྱེད། ཡུལ་ཡུལ་པོར་གནས་པར་བྱེད་ཅིང་། འཁྲུག་པ་ཀུན་དུ་སྐྱེད་པར་བྱེད་པ་དང་། གལ་ཏེ་མངོན་སུམ་དུ་མ་ཡིན་ན་ཡང་ལྐོག་ཏུ་གཞན་དག་གི་དྲུང་དུ་བརྗོད་པ་དང་། གལ་ཏེ་མངོན་སུམ་དུ་ཡང་མ་ཡིན། ལྐོག་ཏུ་གཞན་དག་གི་ དྲུང་དུ་ན་ཡང་མ་ཡིན་མོད་ཀྱི། ནང་དུ་ཡིད་ཀྱིས་རབ་ཏུ་འཁྲུག་པ་མི་མངོན་པར་ཀུན་ནས་མནར་སེམས་ཀྱི་སེམས་དང་། ཁོན་དུ་འཛིན་པའི་སེམས་བསྐྱེད་ལ། འཁྲུག་པའི་བསམ་པ་ཡུན་རིང་པོར་ནི་མི་བསྐྱེད་མི་འཛིན་པ་དང་། གཞན་ཡང་ནང་དུ་ཡིད་ཀྱིས་འཁྲུག་པ་མི་མངོན་པར་བྱེད་ཅིང་། ཀུན་ནས་ མནར་སེམས་ཀྱི་སེམས་དང་ལྡན་ལ། ཁོན་གྱི་བསམ་པ་དང་། འཁྲུག་པའི་བསམ་པ་ཡུན་རིང་པོར་སྐྱེད་ཅིང་འཛིན་པར་བྱེད་པ་ཡིན་ཏེ། དེ་ལྟར་ན་རྣམ་པ་དེ་དག་གིས་མངོན་སུམ་དུ་གཏུམ་པ་དང་། ལྐོག་ན་གཏུམ་པ་དང་། མི་མངོན་པར་གཏུམ་པ་དང་། ཡུན་ཐུང་ངུར་གཏུམ་པ་དང་། ཡུན་ རིང་པོར་གཏུམ་པ་གང་ཡིན་པ་དེ་ནི། རྒྱལ་པོ་རང་བཞིན་གྱིས་གཏུམ་པ་ཞེས་བྱ་སྟེ། རྒྱལ་པོ་ཆེན་པོ་དེ་ལ་ཡུན་རིང་པོར་གཏུམ་པ་ནི་ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པ་ཡིན་ལ། གཞན་ནི་དེ་ལྟ་མ་ཡིན་པར་རིག་པར་བྱའོ། །ཇི་ལྟར་ན་འཁྲུག་པའི་ཤས་ཆེ་བ་ཡིན་ཞེ་ན། འདི་ལ་རྒྱལ་པོ་ཚལ་ཟ་ རྣམས་ཉེས་པ་ཆུང་ངུ་དང་འགལ་བ་ཆུང་ངུ་དག་གིས་ཀྱང་ཐམས་ཅད་ཀྱི་ཐམས་ཅད་དུ་ལོངས་སྤྱོད་དག་དང་བྲལ་བར་བྱེད། ཆུང་མ་དག་དང་བྲལ་བར་བྱེད་ཅིང་། ཆད་པ་མཆོག་གིས་ཀྱང་རྗེས་སུ་བསྟན་པར་བྱེད་པ་ཡིན་ཏེ། དེ་ལྟར་ན་རྒྱལ་པོ་འཁྲུག་པའི་ཤས་ཆེ་བ་ཡིན་ནོ། །ཇི་ལྟར་ན་བྱ་དགའ་ཆུང་བ་ 130-1-152b ཡིན་ཞེ་ན། འདི་ལ་རྒྱལ་པོ་ཚལ་ཟ་རྣམས་ཀྱིས་བཀུར་སྟི་དང་། བསྙེན་བཀུར་གྱིས་དགའ་བར་བྱས་མགུ་བར་བྱས་སུ་ཟིན་ཀྱང་། ཚིག་འཇམ་པོ་ཅུང་ཟད་ཅུང་ཟད་ཙམ་ལས་མི་བརྗོད་ཅིང་ལོངས་སྤྱོད་ཀྱི་བགོ་བཤའ་ཡང་ཡོངས་སུ་རྫོགས་པ་དང་། ཚུལ་དང་མཐུན་པར་མི་བྱེད། འཚོ་བའི་བགོ་བཤའ་ ཡོངས་སུ་རྫོགས་པ་དང་། ཚུལ་དང་མཐུན་པར་མི་བྱེད་ལ། དེ་ཡང་དབྲི་བསྐྱུང་བྱས་བསྒྱང་པ་བྱས། གྱ་གྱུ་བྱས། ཡི་ཆད་པར་བྱས་ནས་བྱེད་པ་ཡིན་ཏེ། དེ་ལྟར་ན་རྒྱལ་པོ་བྱ་དགའ་ཆུང་བ་ཡིན་ནོ། །ཇི་ལྟར་ན་དམ་པ་མ་ཡིན་པ་རྣམས་ཀྱི་ངག་ཉན་པ་ཡིན་ཞེ་ན། འདི་ལ་རྒྱལ་པོ་གང་ཟག་མཁས་པ་ མ་ཡིན་པར་མཁས་པར་རློམ་པ། བརྐམ་ཆགས་ཅན། ཉེ་མགོན་བྱེད་པ། ཚུལ་མི་ཤེས་པ། འཁུ་བར་བྱེད་པ། ཆོས་མ་ཡིན་པ་དང་ལྡན་པ་གང་དག་ཡིན་པ་དེ་ལྟ་བུའི་གང་ཟག་རྣམས་ཀྱི་ཚིག་མཉན་པ་དང་། བྱ་བར་སེམས་ཤིང་དེས་ན་དེ་བྱ་བ་དག་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར། ལོངས་ སྤྱོད་དག་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར། གྲགས་པ་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར། ཆོས་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་བ་ཡིན་ཏེ། དེ་ལྟར་ན་རྒྱལ་པོ་དམ་པ་མ་ཡིན་པ་རྣམས་ཀྱི་ངག་ཉན་པ་ཡིན་ནོ། །ཇི་ལྟར་ན་མ་བརྟགས་པར་བྱེད་ཅིང་ཆོས་ལུགས་དང་མི་ལྡན་པ་ཡིན་ ཞེ་ན། འདི་ལ་རྒྱལ་པོ་ཚལ་ཟ་མཐུན་པར་མ་བསྐོས། ཡོངས་སུ་མ་བསྐོས། དམིགས་སུ་མ་ཕབ། རྣམ་པར་མ་བརྟགས། ཀུན་དུ་མ་བརྟགས་པར་དོན་མཆོག་ཏུ་ཡིད་གཅུགས་པར་བྱ་བའི་ལས་ཀྱི་མཐའ་དེ་དང་དེ་དག་ཏུ་བསྐོ་བར་མི་འོས་པའི་ཚལ་ཟ་རྣམས་ནི་སྐོ་བར་བྱེད། བསྐོ་བར་འོས་པ་རྣམས་ནི་སྐོ་བར་ མི་བྱེད། ལས་ཀྱི་མཐའ་དེ་དང་དེ་དག་ལས་དབྱུང་བར་འོས་པའི་ཚལ་ཟ་རྣམས་ནི་འབྱིན་པར་མི་བྱེད། དབྱུང་བར་མི་འོས་པ་རྣམས་ནི་འབྱིན་པར་བྱེད་པ་དང་། མཐུན་པར་མ་བསྐོས། ཡོངས་སུ་མ་བསྐོས། དམིགས་སུ་མ་ཕབ། རྣམ་པར་མ་བརྟགས། ཀུན་ཏུ་མ་བརྟགས་པས། ཕན་གདགས་ པར་འོས་པའི་ཚལ་ཟ་རྣམས་ལ་ནི་ཆད་པས་གཅོད་པར་བྱེད། ཆད་པས་གཅད་པར་འོས་པ་རྣམས་ལ་ནི་ཕན་འདོགས་པར་བྱེད་པ་དང་། རྒྱལ་པོ་རྒྱལ་པོའི་ཆོས་ལུགས་གང་དག་ཡིན་པ་དེ་དག་ཀྱང་དེས་ཚལ་ཟ་རྣམས་ལ་ལེགས་པར་རྣམ་པར་མ་བཞག་པས། དེས་ན་ཚལ་ཟ་རྣམས་ཀྱང་བློན་པོ་ 130-1-153a ཆེན་པོ་དང་། འཁོར་ཕལ་ཆེར་འདུས་ཏེ་འདུག་པའི་ཚེ། གློ་བུར་དུ་གཏམ་ཟེར་ཞིང་གཏམ་གྱི་མཇུག་མི་སྡོད་པ་དང་། རྗེས་མ་ཡིན་པ་དང་། གུས་པ་མ་ཡིན་པ་དག་སྨྲ་ཞིང་བྱ་བར་ཡང་སེམས་ལ། ཇི་སྐད་བསྒྲོ་བའི་ཚིག་བཞིན་དུ་ཡང་མི་བྱེད་ཅིང་། ཚིག་ལ་ལེགས་ པར་གནས་པ་ཡང་མ་ཡིན་ཏེ། དེ་ལྟར་ན་རྒྱལ་པོ་མ་བརྟགས་པར་བྱེད་ཅིང་། ཆོས་ལུགས་དང་མི་ལྡན་པ་ཡིན་ནོ། །ཇི་ལྟར་ན་ཆོས་ལ་མི་ལྟ་བ་ཡིན་ཞེ་ན། འདི་ལ་རྒྱལ་པོ་འཇིག་རྟེན་ཕ་རོལ་ལམ་དད་ཅིང་ཡིད་མི་ཆེས་པ་ཡིན་ཏེ། དེ་འཇིག་རྟེན་ཕ་རོལ་ལ་མ་དད་ཅིང་ཡིད་མི་ཆེས་པས་ལས་དགེ་བ་དང་། མི་དགེ་བ་རྣམས་ཀྱི་འབྲས་བུ་ཕྱིས་ཚེ་ཕྱི་མ་ལ་འདོད་པ་དང་མི་འདོད་པར་འགྱུར་བ་ལ་ཡང་དད་པར་མི་བྱེད་པ་དང་། མ་དད་པས་ངོ་ཚ་མེད་ཅིང་ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་ལ་ཅི་འདོད་དགུར་འཇུག་པ་དང་། གཞན་ཡང་དུས་སུ་སོ་སོར་བརྟགས་ནས་སྦྱིན་པ་དག་མི་སྦྱིན་པ་དང་། བསོད་ ནམས་དག་མི་བྱེད་པ་དང་། བསྙེན་གནས་ལ་མི་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླང་བ་ལ་མི་འཇུག་པ་ཡིན་ཏེ། དེ་ལྟར་ན་རྒྱལ་པོ་ཆོས་ལ་མི་ལྟ་བ་ཡིན་ནོ། །ཇི་ལྟར་ན་བྱེ་བྲག་མི་ཤེས་ཤིང་བྱས་པ་མི་གཟོ་བ་ཡིན་ཞེ་ན། འདི་ལ་རྒྱལ་པོ་ཚལ་ཟ་རྣམས་དང་། བློ་གྲོགས་རྣམས་དང་། བློན་པོ་རྣམས་དང་། གྲོས་གྲོགས་རྣམས་ལ་སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་ཡིན་ཏེ། དེས་གུས་པ་ལས་ཀྱང་དེ་དག་གི་བྱེ་བྲག་མི་ཤེས་ལ། ནུས་པ་དང་། ཤེས་པ་ལས་ཀྱང་དེ་དག་གི་བྱེ་བྲག་མི་ཤེས་ཏེ། དེ་དེ་ལྟར་བྱེ་བྲག་མི་ཤེས་པས་ཚལ་ཟ་གུས་པ་དང་མི་ལྡན་པ་རྣམས་ལ་ནི་གུས་པ་དང་ལྡན་པར་ འདུ་ཤེས་པ་དང་། གུས་པ་དང་ལྡན་པ་རྣམས་ལ་ནི་གུས་པ་དང་མི་ལྡན་པར་འདུ་ཤེས་པ་དང་། ནུས་པ་མ་ཡིན་པ་རྣམས་ལ་ནི་ནུས་པར་འདུ་ཤེས་པ་དང་། ནུས་པ་རྣམས་ལ་ནི་ནུས་པ་མ་ཡིན་པར་འདུ་ཤེས་པ་དང་། ཤེས་རབ་འཆལ་པ་རྣམས་ལ་ནི་ཤེས་རབ་དང་ལྡན་པར་འདུ་ཤེས་པ་དང་། ཤེས་རབ་ དང་ལྡན་པ་རྣམས་ལ་ནི་ཤེས་རབ་འཆལ་པར་འདུ་ཤེས་པ་དང་། དེ་ལྟར་སེམས་ཕྱིན་ཅི་ལོག་ཏུ་གྱུར་པས་ཚལ་ཟ་གུས་པ་དང་མི་ལྡན་པ་རྣམས་དང་། ནུས་པ་དང་མི་ལྡན་པ་རྣམས་དང་ཤེས་རབ་འཆལ་པ་རྣམས་ལ་ནི་བཀུར་སྟིར་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་ལ། གུས་པ་དང་ 130-1-153b ལྡན་པ་རྣམས་དང་། ནུས་པ་དང་ལྡན་པ་རྣམས་དང་། ཤེས་རབ་དང་ལྡན་པ་རྣམས་ལ་ནི་ཁྱད་དུ་གསོད་པར་བྱེད་པ་དང་། དེའི་ཚལ་ཟ་ཡུན་རིང་པོ་ནས་བསྙེན་བཀུར་བྱེད་བྱེད་པ། སྲི་ཞུ་ཆེ་བ། རྒན་པོ་རྒས་པ་དགོག་ཏུ་ཕྱིན་པ་གང་དག་ཡིན་པ་དེ་དག་ལ་ཡང་མཐུ་མེད་པ་དང་། སྟོབས་མེད་པ་དང་། ཉམས་ རྩལ་མེད་པར་རིག་ནས། བསྙེན་བཀུར་ལས་ཀྱང་ཁྱད་དུ་གསོད་པར་བྱེད། ལོངས་སྤྱོད་ཀྱི་བགོ་བཤའ་དང་། འཚོ་བའི་བགོ་བཤའ་ལས་ཀྱང་ཁྱད་དུ་གསོད་པར་བྱེད་ཅིང་། གཞན་དག་གིས་བརྙས་ན་ཡང་ཡལ་བར་འདོར་བ་ཡིན་ཏེ། དེ་ལྟར་ན་རྒྱལ་པོ་བྱེ་བྲག་མི་ཤེས་ཤིང་བྱས་པ་མི་གཟོ་བ་ཡིན་ནོ། ། ཇི་ལྟར་ན་རབ་ཏུ་མྱོས་ཤིང་གཅིག་ཏུ་བག་མེད་པར་སྤྱོད་པ་ཡིན་ཞེ་ན། འདི་ལ་རྒྱལ་པོ་གཅིག་ཏུ་འདོད་པའི་ཡོན་ཏན་ལྔ་པོ་དག་གིས་འབྱོར་ཅིང་ལྡན་པར་གྱུར་ནས། རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་ཅིང་དུས་དུས་སུ་བྱ་བ་དང་། ཚལ་ཟ་དག་གསོ་བའི་ཕྱིར་བརྩོན་པར་མི་བྱེད་པ་ཡིན་ཏེ། དེ་ལྟར་ན་རྒྱལ་པོ་རབ་ཏུ་མྱོས་ཤིང་གཅིག་ཏུ་བག་མེད་པར་སྤྱོད་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་སྐྱོན་བཅུ་པོ་དེ་དག་དང་ལྡན་ན་རྒྱལ་པོ་ལོངས་སྤྱོད་ཆེ་ཞིང་རྩ་འཇིང་ཆེ་ལ་འཁོར་མང་དུ་ཟིན་ཀྱང་སྐྱབས་ཀྱི་འོས་མ་ཡིན་ཞིང་། མངོན་དུ་འགྲོ་བར་བྱ་བའི་འོས་མ་ཡིན་ནོ། །རྒྱལ་པོ་ཆེན་པོ་རྒྱལ་པོའི་སྐྱོན་དེ་དག་ལས་དང་པོ་གཅིག་ ནི་རིགས་ཀྱི་སྐྱོན་ཡིན་ནོ། །དེ་ལས་གཞན་པའི་སྐྱོན་དགུ་ནི་རྒྱལ་པོའི་རང་བཞིན་གྱི་སྐྱོན་ཡིན་པར་རིག་པར་བྱའོ། །དེ་ལ་རྒྱལ་པོའི་ཡོན་ཏན་རྣམས་གང་ཞེ་ན། རྒྱལ་པོ་ཆེན་པོ་བཅུ་པོ་འདི་དག་ནི་རྒྱལ་པོའི་ཡོན་ཏན་དག་ཡིན་ཏེ། དེ་དག་དང་ལྡན་ན་རྒྱལ་པོ་ལོངས་སྤྱོད་ཆེན་པོ་མ་ཡིན་ཞིང་རྩ་འཇིང་ ཆེན་པོ་མ་ཡིན་ལ། འཁོར་མང་བ་མ་ཡིན་དུ་ཟིན་ཀྱང་སྐྱབས་ཀྱི་འོས་ཡིན་ཞིང་མངོན་དུ་བགྲོད་པར་བྱ་བའི་འོས་ཡིན་ནོ། །བཅུ་གང་ཞེ་ན། རིགས་བཙུན་པ་ཡིན། རང་དབང་ཡོད་པ་ཡིན། རང་བཞིན་གྱིས་མི་གཏུམ་པ་ཡིན། འཁྲུག་པའི་ཤས་མི་ཆེ་བ་ཡིན། བྱ་དགའ་ཆེ་བ་ཡིན། དམ་པ་ རྣམས་ཀྱི་ངག་ཉན་པ་ཡིན། བརྟགས་ཏེ་བྱེད་ཅིང་ཆོས་ལུགས་དང་ལྡན་པ་ཡིན། ཆོས་ལ་ལྟ་བ་ཡིན། བྱེ་བྲག་ཤེས་ཤིང་བྱས་པ་གཟོ་བ་ཡིན། རབ་ཏུ་མ་མྱོས་ཤིང་གཅིག་ཏུ་བག་མེད་པར་མི་སྤྱོད་པ་ཡིན་ནོ། །ཇི་ལྟར་ན་རིགས་བཙུན་པ་ཡིན་ཞེ་ན། རྒྱལ་པོའི་རིགས་འདྲ་བའམ། མཐོ་བར་ 130-1-154a སྐྱེས་པའམ། འདྲ་བའི་བུར་སྐྱེས་པ་ཡིན་ཏེ། དེ་ལྟར་ན་རིགས་བཙུན་པ་ཡིན་ནོ། །ཇི་ལྟར་ན་རང་དབང་ཡོད་པ་ཡིན་ཞེ་ན། རྒྱལ་པོའི་བྱ་བ་དག་བྱ་བ་དང་། ཚལ་ཟ་དག་གསོ་བ་དང་། འདོད་པའི་ཡོན་ཏན་ལྔ་པོ་དག་གིས་རྩེ་བའམ་དགའ་བའམ་དགའ་དགུར་སྤྱོད་པ་ལ་རང་དགར་འཇུག་ ཅིང་དེའི་ཚིག་ཀྱང་ཚལ་ཟ་རྣམས་དང་། བློ་གྲོགས་རྣམས་དང་། བློན་པོ་རྣམས་དང་། གྲོས་གྲོགས་རྣམས་ལ་བརྩན་པར་འཇུག་པ་ཡིན་ཏེ། དེ་ལྟར་ན་རང་དབང་ཡོད་པ་ཡིན་ནོ། །ཇི་ལྟར་ན་རང་བཞིན་གྱིས་མི་གཏུམ་པ་ཡིན་ཞེ་ན། འདི་ལ་རྒྱལ་པོ་ཚལ་ཟ་རྣམས་ཀྱི་ས་གཞི་འགའ་ཞིག་ལ་ཡིད་དུ་མི་འོང་བའི་ དངོས་པོ་ཅི་ཡང་རུང་བ་ལྟོག་པོ་ཞིག་ཀུན་ཏུ་སྤྱད་ཀྱང་། དེ་རང་བཞིན་གྱིས་ཚལ་ཟ་རྣམས་ལ་བཟོད་པར་བྱེད་ཅིང་། མངོན་སུམ་དུ་སྨ་འབེབས་པར་མི་བྱེད། ཚིག་རྩུབ་མོ་རྗོད་པར་མི་བྱེད། ངན་པར་མི་བྱེད། འཁྲུག་པར་མི་བྱེད། གནོད་པར་མི་བྱེད་ཡུལ་ཡུལ་པོར་གནས་པར་མི་བྱེད་ཅིང་། འཁྲུག་ པ་ཀུན་དུ་བསྐྱེད་པར་མི་བྱེད་པ་དང་། ལྐོག་ན་ཡང་མ་ཡིན་པ་དང་། ནང་དུ་ཡིད་ཀྱིས་འཁྲུག་པའི་ཀུན་ནས་དཀྲིས་པ་མི་མངོན་པར་བྱེད་པ་དང་། ཁོན་གྱི་བསམ་པ་དང་། འཁྲུག་པའི་བསམ་པ་ཡུན་རིང་པོར་བསྐྱེད་ཅིང་འཛིན་པར་ཡང་མི་བྱེད་ཅིང་། མངོན་སུམ་དུ་གཏུམ་པ་ཡང་མ་ཡིན། ལྐོག་ན་ གཏུམ་པ་ཡང་མ་ཡིན། མི་མངོན་པར་གཏུམ་པ་ཡང་མ་ཡིན། ཡུན་ཐུང་ངུར་གཏུམ་པ་ཡང་མ་ཡིན། ཡུན་རིང་པོར་གཏུམ་པ་ཡང་མ་ཡིན་ཏེ། དེ་ལྟར་ན་རྒྱལ་པོ་རང་བཞིན་གྱིས་མི་གཏུམ་པ་ཡིན་ནོ། །ཇི་ལྟར་ན་འཁྲུག་པའི་ཤས་ཆུང་བ་ཡིན་ཞེ་ན། འདི་ལ་རྒྱལ་པོ་ཚལ་ཟ་རྣམས་ཉེས་པ་ ཆེན་པོ་དང་། འགལ་བ་ཆེན་པོ་བྱས་ཀྱང་ཐམས་ཅད་ཀྱི་ཐམས་ཅད་དུ་ལོངས་སྤྱོད་དག་དང་འབྲལ་བར་མི་བྱེད་ཆུང་མ་དག་དང་འབྲལ་བར་མི་བྱེད་ཅིང་། ཆད་པ་མཆོག་གིས་ཀྱང་རྗེས་སུ་སྟོན་པར་མི་བྱེད་པར་དེ་དག་ལ་ཉེས་པ་དང་རྗེས་སུ་མཐུན་པའི་ཆད་པས་རྗེས་སུ་སྟོན་པར་བྱེད་པ་ཡིན་ཏེ། དེ་ལྟར་ན་ རྒྱལ་པོ་འཁྲུག་པའི་ཤས་ཆུང་བ་ཡིན་ནོ། །ཇི་ལྟར་ན་བྱ་དགའ་ཆེ་བ་ཡིན་ཞེ་ན། འདི་ལ་རྒྱལ་པོ་བཀུར་སྟི་དང་། བསྙེན་བཀུར་གྱིས་བསྟི་སྟང་ལེགས་པར་བྱེད་བྱེད་པའི་ཚལ་ཟ་རྣམས་ལ་དགའ་བའི་སེམས་དང་མགུ་བའི་སེམས་དང་ལྡན་ཞིང་། དུས་དུས་སུ་ལེགས་པར་ཡོངས་སུ་རྫོགས་པར་ 130-1-154b ཚིག་འཇམ་པོ་ཀུན་དུ་རྗོད་པར་བྱེད་ཅིང་། ལོངས་སྤྱོད་བགོ་བཤའ་དང་། འཚོ་བའི་བགོ་བཤའ་དག་ཀྱང་། འབྲི་བསྐྱུང་མ་བྱས། བསྐྱུང་བ་མ་བྱས། གྱ་གྱུ་མ་བྱས། ཡི་ཆད་པར་མ་བྱས་པར་ཡོངས་སུ་རྫོགས་པར་བྱེད་པ་དང་། མགུ་བར་བྱ་སླ་ཞིང་། མགུ་བར་བྱ་མི་དཀའ་བ་མ་ཡིན་ཏེ། དེ་ ལྟར་ན་རྒྱལ་པོ་བྱ་དགའ་ཆེ་བ་ཡིན་ནོ། །ཇི་ལྟར་ན་དམ་པ་རྣམས་ཀྱི་ངག་ཉན་པ་ཡིན་ཞེ་ན། འདི་ལ་རྒྱལ་པོ་གང་ཟག་མཁས་ལ་མཁས་པར་མི་རློམ་པ། བརྐམ་ཆགས་མེད་པ། ཉེ་མགོན་མི་བྱེད་པ། ཚུལ་ཤེས་པ། འཁུ་བར་མི་བྱེད་པ། ཆོས་དང་ལྡན་པ་གང་དག་ཡིན་པ་དེ་ལྟ་བུའི་གང་ཟག་ རྣམས་ཀྱི་ཚིག་མཉན་པ་དང་། བྱ་བར་སེམས་ཤིང་། དེས་ནི་དེ་བྱ་བ་དག་གིས་ཀྱང་འཕེལ་བར་འགྱུར། ལོངས་སྤྱོད་པ་དག་གིས་ཀྱང་འཕེལ་བར་འགྱུར། གྲགས་པས་ཀྱང་འཕེལ་བར་འགྱུར། ཆོས་ཀྱིས་ཀྱང་འཕེལ་བར་འགྱུར་བ་ཡིན་ཏེ། དེ་ལྟར་ན་རྒྱལ་པོ་དམ་པ་རྣམས་ཀྱི་ངག་ མཉན་པ་ཡིན་ནོ། །ཇི་ལྟར་ན་བརྟགས་ཏེ་བྱེད་ཅིང་ཆོས་ལུགས་དང་ལྡན་པ་ཡིན་ཞེ་ན། འདི་ལ་རྒྱལ་པོ་ཚལ་ཟ་རྣམས་མཐུན་པར་བསྐོས། ཡོངས་སུ་བསྐོས། རྣམ་པར་བརྟགས། ཀུན་དུ་བརྟགས་ནས། དོན་མཆོག་ཏུ་ཡིད་བརྟན་པར་བྱ་བའི་ལས་ཀྱི་མཐའ་དེ་དང་དེ་དག་ཏུ་བསྐོ་བར་མི་ འོས་པའི་ཚལ་ཟ་རྣམས་ནི་སྐོ་བར་མི་བྱེད། བསྐོ་བར་འོས་པ་རྣམས་ནི་སྐོ་བར་བྱེད། ལས་ཀྱི་མཐའ་དེ་དང་དེ་དག་ལས་དབྱུང་བར་འོས་པའི་ཚལ་ཟ་རྣམས་ནི་འབྱིན་པར་བྱེད། དབྱུང་བར་མི་འོས་པ་རྣམས་ནི་འབྱིན་པར་མི་བྱེད། ཕན་གདགས་པར་འོས་པའི་ཚལ་ཟ་རྣམས་ལ་ནི་ལེགས་པ་ཕན་ འདོགས་པར་བྱེད། ཆད་པས་གཅད་པར་འོས་པ་རྣམས་ལ་ནི་ཆད་པས་གཅོད་པར་བྱེད་ཅིང་། བྱ་བ་རྣམས་ལ་ཡང་རྗེས་སུ་བརྟགས་ནས་བྱེད་ཀྱི་གྱ་ཚོམ་དུ་མི་བྱེད་པ་དང་། རྒྱལ་པོ་རྒྱལ་པོའི་ཆོས་ལུགས་གང་དག་ཡིན་པ་དེ་དག་ཀྱང་ཚལ་ཟ་རྣམས་ལ་ལེགས་པར་རྣམ་པར་གཞག་པས་དེས་ན་དེའི་ ཚལ་ཟ་རྣམས་ཀྱང་བློན་པོ་ཆེན་པོ་རྣམས་དང་། འཁོར་ཕལ་པོ་ཆེ་འདུས་ཏེ་འདུག་པའི་ཚེ་གློ་བུར་དུ་གཏམ་མི་ཟེར་ཞིང་། གཏམ་གྱི་མཇུག་སྡོད་པ་དང་། རྗེས་དང་བཅས་པ་དང་། གུས་པ་དང་བཅས་པ་དག་སྨྲ་ཞིང་བྱ་བར་ཡང་སེམས་ལ། ཇི་ལྟར་བསྒོ་བའི་ཚིག་བཞིན་དུ་ཡང་བྱེད་ཅིང་། ཚིག་ 130-1-155a ལ་ལེགས་པར་གནས་པ་ཡིན་ཏེ། དེ་ལྟར་ན་རྒྱལ་པོ་བརྟགས་ཏེ་བྱེད་ཅིང་ཆོས་ལུགས་དང་ལྡན་པ་ཡིན་ནོ། །ཇི་ལྟར་ན་ཆོས་ལ་ལྟ་བ་ཡིན་ཞེ་ན། འདི་ལ་རྒྱལ་པོ་འཇིག་རྟེན་ཕ་རོལ་ལ་དད་ཅིང་ཡིད་ཆེས་པ་སྐྱེས་པ་ཡིན་ཏེ། དེ་འཇིག་རྟེན་ཕ་རོལ་ལ་དད་ཅིང་ཡིད་ཆེས་ པ་སྐྱེས་པས་ལས་དགེ་བ་དང་མི་དགེ་བ་རྣམས་ཀྱི་འབྲས་བུ་ཕྱིས་ཚེ་ཕྱི་མ་ལ་འདོད་པ་དང་མི་འདོད་པར་འགྱུར་བ་ལ་ཡང་དད་པར་བྱེད་པ་དང་། དད་པས་ངོ་ཚ་དང་ལྡན་ཞིང་ལུས་དང་ངག་དང་། ཡིད་ཀྱིས་ཉེས་པར་སྤྱོད་པ་ལ་ཅི་འདོད་དགུར་མི་འཇུག་པ་དང་། གཞན་ཡང་དུས་དུས་སུ་སོ་སོར་ བརྟགས་ནས་སྦྱིན་པ་དག་ཀྱང་སྦྱིན་པ་དང་། བསོད་ནམས་དག་བྱེད་པ་དང་། བསྙེན་གནས་ལ་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླང་བ་ལ་འཇུག་པ་ཡིན་ཏེ། དེ་ལྟར་ན་རྒྱལ་པོ་ཆོས་ལ་ལྟ་བ་ཡིན་ནོ། །ཇི་ལྟར་ན་བྱེ་བྲག་ཤེས་ཤིང་བྱས་པ་གཟོ་བ་ཡིན་ཞེ་ན། འདི་ལ་རྒྱལ་པོ་ཚལ་ཟ་ རྣམས་དང་། བློ་གྲོགས་རྣམས་དང་། བློན་པོ་རྣམས་དང་། གྲོས་གྲོགས་རྣམས་ལ། འདི་ལྟ་སྟེ་གུས་པ་དང་། ནུས་པ་དང་། ཤེས་པ་ལས་ཀྱང་སེམས་ཕྱིན་ཅི་ལོག་ཏུ་མ་གྱུར་ཅིང་། དེའི་ཚལ་ཟ་གང་དག་གུས་པ་དང་མི་ལྡན་པ་དེ་དག་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ལ། གང་ དག་ནུས་པ་དང་མི་ལྡན་པ་དག་དང་། གང་དག་ཤེས་རབ་འཆལ་པ་དེ་དག་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། ཚལ་ཟ་གང་དག་གུས་པ་དང་ལྡན་པ་དེ་དག་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ལ། གང་དག་ནུས་པ་དང་ལྡན་པ་དང་། ཤེས་རབ་དང་ལྡན་པ་དེ་དག་ ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། ཚལ་ཟ་གང་དག་གུས་པ་དང་མི་ལྡན་པ་དང་། ནུས་པ་དང་མི་ལྡན་པ་དང་། ཤེས་རབ་འཆལ་པ་དེ་དག་ལ་ནི་ཁྱད་དུ་གསོད་པར་བྱེད། ཡོངས་སུ་སྤོང་བར་བྱེད་ལ། ཚལ་ཟ་གང་དག་གུས་པ་དང་ལྡན་པ་དང་། ནུས་པ་དང་ལྡན་པ་ དང་། ཤེས་རབ་དང་ལྡན་པ་དེ་དག་ལ་ནི། བཀུར་སྟིར་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་ཅིང་། ལེགས་པ་ཁོ་ནར་ཕན་འདོགས་པར་ཡང་བྱེད་པ་དང་། དེའི་ཚལ་ཟ་ཡུན་རིང་པོ་ནས་བསྙེན་བཀུར་བྱེད་བྱེད་པ། རྒན་པོ་རྒས་པ་དགོག་ཏུ་ཕྱིན་པ་སྲི་ཞུ་ཆེ་བ་གང་དག་ཡིན་པ་ 130-1-155b དེ་དག་ལ་མཐུ་མེད་པ་དང་། སྟོབས་མེད་པ་དང་། ཉམས་རྩལ་མེད་པར་རིག་ཀྱང་སྔོན་གྱི་བྱས་པ་རྗེས་སུ་དྲན་པས་བསྙེན་བཀུར་ལས་ཀྱང་ཁྱད་དུ་གསོད་པར་མི་བྱེད། ལོངས་སྤྱོད་ཀྱི་བགོ་བཤའ་དང་། འཚོ་བའི་བགོ་བཤའ་ལས་ཀྱང་ཁྱད་དུ་གསོད་པར་མི་བྱེད་པ་ཡིན་ཏེ། དེ་ལྟར་ན་རྒྱལ་པོ་ བྱེ་བྲག་ཤེས་ཤིང་བྱས་པ་གཟོ་བ་ཡིན་ནོ། །ཇི་ལྟར་ན་རབ་ཏུ་མ་མྱོས་ཤིང་གཅིག་ཏུ་བག་ཡོད་པར་གནས་པ་ཡིན་ཞེ་ན། འདི་ལ་རྒྱལ་པོ་དུས་དུས་སུ་བྱ་བ་དག་བྱ་བའི་ཕྱིར་བརྩོན་པ་དང་། ཚལ་ཟ་དག་གསོ་བའི་ཕྱིར་བརྩོན་པ་དང་དུས་དུས་སུ་འདོད་པའི་ཡོན་ཏན་ལྔ་པོ་དག་གིས་འབྱོར་ཅིང་ལྡན་པར་གྱུར་ ནས་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ཡིན་ཏེ། དེ་ལྟར་ན་རྒྱལ་པོ་རབ་ཏུ་མ་མྱོས་ཤིང་། གཅིག་ཏུ་བག་ཡོད་པར་གནས་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་རྒྱལ་པོའི་ཡོན་ཏན་བཅུ་པོ་དེ་དག་དང་ལྡན་ན་རྒྱལ་པོ་ལོངས་སྤྱོད་ཆེ་བ་མ་ཡིན་ཞིང་། རྩ་འཇིང་ཆེ་བ་མ་ཡིན་ལ། འཁོར་མང་བ་མ་ཡིན་དུ་ཟིན་ཀྱང་། སྐྱབས་ཀྱི་འོས་ཡིན་ཞིང་། མངོན་དུ་བགྲོད་པར་བྱ་བའི་འོས་ཡིན་ནོ། །རྒྱལ་པོ་ཆེན་པོ་རྒྱལ་པོའི་ཡོན་ཏན་བཅུ་པོ་དེ་དག་ལས་དང་པོ་གཅིག་ནི་རིགས་ཀྱི་ཡོན་ཏན་ཡིན་ནོ། །དེ་ལས་གཞན་པ་དགུ་ནི་རང་བཞིན་གྱི་ཡོན་ཏན་ཡིན་པར་རིག་པར་བྱའོ།། །། བམ་པོ་བཅུ་བདུན་པ། ཉམས་པའི་སྒོ་དག་གང་ཞེ་ན། རྒྱལ་པོ་ཉམས་པའི་སྒོ་ནི་ལྔ་སྟེ། ལྔ་གང་ཞེ་ན། ཚལ་ཟ་མ་བརྟགས་པ་ལེན་པ་རྒྱལ་པོའི་ཉམས་པའི་སྒོ་དང་། ཚལ་ཟ་བརྟགས་པ་ལེན་ཀྱང་མི་སྙན་པ་དང་དུས་མ་ཡིན་པར་སྤྱོད་པ་རྒྱལ་པོའི་ཉམས་པའི་སྒོ་དང་། བྱ་བ་བསམ་པ་ལ་ བག་མེད་པ་རྒྱལ་པོའི་ཉམས་པའི་སྒོ་དང་། ལོངས་སྤྱོད་བསྲུང་བ་ལ་བག་མེད་པ་རྒྱལ་པོའི་ཉམས་པའི་སྒོ་དང་། ཆོས་སྤྱད་པ་ལ་བག་མེད་པ་རྒྱལ་པོའི་ཉམས་པའི་སྒོའོ། །དེ་ལ་ཚལ་ཟ་མ་བརྟགས་པ་ལེན་པ་གང་ཞེ་ན། རྒྱལ་པོ་ཆེན་པོ་འདི་ལ་རྒྱལ་པོ་ཚལ་ཟ་རྣམས་གུས་པ་དང་། ནུས་པ་ དང་། ཤེས་པ་ལས་ཀྱང་མཐུན་པར་མ་བསྐོས། ཡོངས་སུ་མ་བསྐོས། དམིགས་སུ་མ་ཕབ། རྣམ་པར་མ་བརྟགས། ཀུན་དུ་མ་བརྟགས་པར་ཉེ་བར་འཇོག་པར་བྱེད། རིམ་གྲོ་བྱེད་ཅིང་དེ་ལ་ལོངས་སྤྱོད་ཀྱི་བགོ་བཤའ་དང་། འཚོ་བའི་བགོ་བཤའ་ཡང་ཡོངས་སུ་རྫོགས་པར་བྱེད་ལ། 130-1-156a དེ་དག་མཆོག་ཏུ་ཡིད་བརྟན་པར་བྱ་བའི་གནས་དག་ཏུ་བསྒོ་ཞིང་། ཡིད་རྟོན་པར་ཡང་བྱེད་ལ། དུས་དུས་སུ་ཚིག་གི་ལམ་འཇམ་པོ་དག་ཀུན་དུ་རྗོད་པར་ཡང་བྱེད་པས། དེ་དག་དེའི་རྫས་བཞག་པ་ལ་ཡང་འཁུ་བར་བྱེད། གསོད་པ་རྣམས་དང་། དགྲ་བོ་རྣམས་དང་། ཕྱིར་རྒོལ་བ་རྣམས་དང་། གཡུལ་སྤྲོད་པ་ན་དེ་དག་ཐོག་མ་ཁོ་ནར་ཕམ་པར་གྱུར། འཇིགས་པར་གྱུར། ཉམས་པར་གྱུར། གཞན་བརྒྱལ་བར་གྱུར། རྒྱབ་སྟོན་པར་གྱུར་ཅིང་འབྱེར་བར་བྱེད་ལ། ཚུལ་ངན་པའི་སྦྱོར་བ་དག་གིས་ཀྱང་བྱ་བ་དག་ཆུད་གསོན་པར་བྱེད་པ་དེ་དག་ནི་དེའི་ཚལ་ཟ་མ་ བརྟགས་པ་ལེན་པ་ཞེས་བྱའོ། །དེའི་ཚལ་ཟ་བརྟགས་པ་ལེན་ཀྱང་མི་སྙན་པ་དང་དུས་མ་ཡིན་པའི་སྤྱོད་པ་གང་ཞེ་ན། རྒྱལ་པོ་ཆེན་པོ་འདི་ལ་རྒྱལ་པོ་ཚལ་ཟ་རྣམས་གུས་པ་དང་ནུས་པ་དང་། ཤེས་པ་ལས་ཀྱང་མཐུན་པར་བསྐོས། ཡོངས་སུ་བསྐོས། དམིགས་སུ་ཕབ། རྣམ་པར་བརྟགས་ ཀུན་ཏུ་བརྟགས་ཏེ། ཉེ་བར་འཇོག་པར་བྱེད་དུ་ཟིན་ཀྱང་རིམ་གྲོ་མི་བྱེད། ལོངས་སྤྱོད་ཀྱི་བགོ་བཤའ་དང་། འཚོ་བའི་བགོ་བཤའ་རྐྱེན་དུ་འབབ་པ་དག་ཀྱང་ཡོངས་སུ་རྫོགས་པར་མི་བྱེད་ལ་དེ་དག་མཆོག་ཏུ་ཡིད་བརྟན་པར་བྱ་བའི་གནས་དག་ཏུ་བསྐོ་བ་ཡང་མི་བྱེད་ཅིང་། ཡིད་རྟོན་པར་ཡང་ མི་བྱེད་ལ། དུས་དུས་སུ་ཚིག་གི་ལམ་འཇམ་པོ་དག་ཀུན་དུ་རྗོད་པར་ཡང་མི་བྱེད་པར་དེ་ལ་ལན་འགའ་རྒྱལ་པོའི་གསོད་པ་དང་། དགྲ་བོ་དང་། ཕྱིར་རྒོལ་བ་ཉེ་བར་གནས་པ་ནས་རྒྱས་པར་འཇིགས་པ་དང་། སྲོག་ཟད་པར་བྱེད་པའི་བར་དག་དང་ཕྲད་པར་གྱུར་པ་ན། གདོད་རིམ་གྲོ་བྱེད་ཅིང་ལོངས་ སྤྱོད་ཀྱི་བགོ་བཤའ་དང་། འཚོ་བའི་བགོ་བཤའ་རྐྱེན་དུ་བབ་པ་དག་ཡོངས་སུ་རྫོགས་པར་བྱེད་པ་ནས། རྒྱས་པར་ཚིག་གི་ལམ་འཇམ་པོ་དག་ཀུན་དུ་བརྗོད་པའི་བར་དུ་བྱེད་པའི་ཚེ། དེ་ན་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ་མ་རྒྱལ་པོ་འདི་གང་གི་ཕྱིར་ད་ལྟར་གསོད་པ་དང་། དགྲ་བོ་དང་། ཕྱིར་ རྒོལ་བ་ཉེ་བར་གནས་པ་ནས། རྒྱས་པར་འཇིགས་པ་དང་། སྲོག་ཟད་པར་བྱེད་པའི་བར་དག་དང་ཕྲད་པ་ན། གདོད་བདག་ཅག་ལ་རིམ་གྲོ་བྱེད་པ་ནས། རྒྱས་པར་དུས་དུས་སུ་ཚིག་གི་ལམ་འཇམ་པོ་དག་ཀུན་དུ་བརྗོད་པའི་བར་དུ་བྱེད་པ་ལས་ན། ཅི་ཙམ་དུ་གཡོ་དང་ལྡན་པ་དང་། མཆོག་ཏུ་ 130-1-156b གཡོ་དང་ལྡན་པ་ལ་ལྟོས་སྙམ་སྟེ། རྒྱལ་པོ་འདི་དོན་གྱི་ཕྱིར་བདག་ཅག་ལ། སྙན་པ་ཀུན་དུ་བརྗོད་པར་ཟད་ཀྱི་ལྷག་པའི་བསམ་པ་ཐག་པ་ནས་ནི་མ་ཡིན་ནོ་སྙམ་དུ་རིག་ནས། གུས་པ་ཡོད་པ་ཡང་སྟོན་པར་མི་བྱེད་ལ། ནུས་པ་ཡོད་པ་དང་། ཤེས་རབ་ཡོད་པ་ཡང་སྟོན་པར་མི་བྱེད་པ་དེ་ནི། དེའི་ ཚལ་ཟ་བརྟགས་པ་ལེན་ཀྱང་མི་སྙན་པ་དང་། དུས་མ་ཡིན་པར་སྤྱོད་པ་ཞེས་བྱའོ། །བྱ་བ་བསམ་པ་ལ་བག་མེད་པ་གང་ཞེ་ན། འདི་ལ་རྒྱལ་པོ་དུས་དུས་སུ་དགའ་བ་བྱ་ཞིང་། དགའ་བ་བསྒྲུབ་པའི་དོན་དག་ལ་བདག་ཉིད་དམ་སྐྱེས་བུ་གང་ཟག་མཁས་པ་རྣམས་དང་ལྷན་ཅིག་དགའ་བའི་སྦྱོར་བ་ ལེགས་པར་སེམས་པར་མི་བྱེད། འཇལ་བར་མི་བྱེད། ཉེ་བར་རྟོག་པར་མི་བྱེད་པ་དང་། དབྱེ་བར་བྱ་བ་དབྱེ་བ་བསྒྲུབ་པའི་དོན་དག་དང་། སྦྱིན་པར་བྱ་བ་སྦྱིན་པ་བསྒྲུབ་པའི་དོན་དག་དང་། གཡུལ་གྱི་བྱ་བ་གཡུལ་བསྒྲུབ་པའི་དོན་དག་དང་། མཐུ་དང་ལྡན་པའི་ཕྱོགས་ཡོངས་སུ་གཟུང་བར་ བྱ་བ་མཐུ་དང་ལྡན་པའི་ཕྱོགས་ཡོངས་སུ་གཟུང་བ་བསྒྲུབ་པའི་དོན་དག་ལ་ཡང་། དབྱེ་བའི་སྦྱོར་བ་ནས་མཐུ་དང་ལྡན་པའི་ཕྱོགས་ཡོངས་སུ་གཟུང་བའི་སྦྱོར་བའི་བར་དག་ལེགས་པར་སེམས་པར་མི་བྱེད། འཇལ་བར་མི་བྱེད་ཉེ་བར་རྟོག་པར་མི་བྱེད་པ་དེ་ནི། དེའི་བྱ་བ་བསམ་པ་ལ་བག་ མེད་པ་ཞེས་བྱའོ། །ལོངས་སྤྱོད་བསྲུང་བ་ལ་བག་མེད་པ་གང་ཞེ་ན། འདི་ལ་རྒྱལ་པོ་ལས་ཀྱི་མཐའ་ཆུང་བ་དང་། ལས་ཀྱི་མཐའ་ངན་པ་ལ་སྦྱོར་བ་དང་། ལས་ཀྱི་མཐའི་ཞལ་ཏ་བྱེད་པ་མེད་པ་དང་། ལས་ཀྱི་མཐའ་ལ་སོ་སོར་མ་བརྟགས་པ་དང་། རྒྱལ་པོའི་ཕོ་བྲང་གི་སྒོ་མ་བསྲུངས་ པ་དང་། བཙུན་མོའི་འཁོར་གྱི་སྒོ་མ་བསྲུངས་པ་དང་། མཛོད་དང་བང་བ་མ་བསྲུངས་པ་དང་། འདི་ལྟ་སྟེ། བྲོ་གར་མཁན་དང་། ཟློས་གར་མཁན་དང་། བཞད་གད་མཁན་དང་། འཇོ་སྒེག་མཁན་ལ་སོགས་པ་ལ་ལོངས་སྤྱོད་ཚོད་མི་རིགས་པར་གཏོང་བ་དང་། ཆོ་ལོ་དང་། རྒྱན་ དོར་གྱི་ཉེས་རྩོམ་ལ་ཤིན་ཏུ་ཞུགས་པ་དེ་ནི། དེའི་ལོངས་སྤྱོད་བསྲུང་བ་ལ་བག་མེད་པ་ཞེས་བྱའོ། །ཆོས་སྤྱད་པ་ལ་བག་མེད་པ་གང་ཞེ་ན། འདི་ལ་རྒྱལ་པོ་དེའི་ཕེབས་པའི་ཡུལ་ན། དགེ་སྦྱོང་དང་བྲམ་ཟེ་རང་བཞིན་དགེ་བར་གྲགས་པ། མཛངས་པ། གསལ་བ། རིགས་པ། 130-1-157a གྲོལ་བ། མཁས་པ། གནོད་པར་བྱ་བ་མ་ཡིན་པ། གནོད་པར་བྱ་བ་མ་ཡིན་པ་ལ་དགའ་བ་གང་དག་ཡིན་པ་དེ་དག་གི་དྲུང་དུ་དུས་དུས་སུ་སོང་སྟེ། དགེ་བ་གང་ཡིན། མི་དགེ་བ་གང་ཡིན། ཁ་ན་མ་ཐོ་བ་དང་བཅས་པ་གང་ཡིན། ཁ་ན་མ་ཐོ་བ་མེད་པ་གང་ ཡིན། ཅི་ཞིག་བྱས་ན་ལེགས་པ་དང་། སྡིག་པ་མེད་པར་འགྱུར་ཞེས་ཡོངས་སུ་འདྲི་བར་མི་བྱེད། ཡོངས་སུ་ཞུ་བར་མི་བྱེད་པ་དང་། དེ་དག་ལས་ཐོས་ན་ཡང་དེ་བཞིན་དུ་སྒྲུབ་པར་མི་བྱེད་པ་དང་། སྦྱིན་པ་དག་མི་སྦྱིན་པ་དང་། བསོད་ནམས་དག་མི་བྱེད་པ་དང་། བསྙེན་གནས་ལ་ མི་གནས་པ་དང་། ཚུལ་ཁྲིམས་ལ་ཡང་དག་པར་བླང་བ་ལ་མི་འཇུག་པ་དེ་ནི་དེའི་ཆོས་སྤྱོད་པ་ལ་བག་མེད་པ་ཞེས་བྱའོ། །ལྔ་པོ་དེ་དག་ནི་རྒྱལ་པོའི་ཉམས་པའི་སྒོ་དག་ཡིན་ཏེ། དེ་དག་དང་ལྡན་ན་རྒྱལ་པོ་ཚེ་འདི་པའི་དོན་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་ལ། ཚེ་ཕྱི་མ་པའི་ དོན་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་རོ། །དེ་ལ་ཉམས་པའི་སྒོ་དང་པོ་བཞིས་ནི་ཚེ་འདི་པའི་དོན་ལས་ཡོངས་སུ་ཉམས་པར་འགྱུར་རོ། །ཉམས་པའི་སྒོ་ཐ་མ་གཅིག་གིས་ནི་ཚེ་ཕྱི་མ་པའི་དོན་ལས་ཡོངས་སུ་ཉམས་པར་འགྱུར་རོ། །དེ་ལ་ཐབས་ཀྱི་སྒོ་དག་གང་ཞེ་ན། ལྔ་སྟེ། ལྔ་གང་ཞེ་ན། ཚལ་ཟ་བརྟགས་པ་ལེན་པ་དང་། དེ་དག་ལ་སྙན་པ་དང་། དུས་སུ་སྤྱོད་པ་དང་། བྱ་བ་བསམ་པ་ལ་བག་ཡོད་པ་དང་། ལོངས་སྤྱོད་བསྲུང་བ་ལ་བག་ཡོད་པ་དང་། ཆོས་སྤྱད་པ་ལ་བག་ཡོད་པའོ། །དེ་ལ་ཚལ་ཟ་བརྟགས་པ་ལེན་པ་གང་ཞེ་ན། འདི་ལ་རྒྱལ་པོ་ཚལ་ ཟ་རྣམས་གུས་པ་དང་། ནུས་པ་དང་། ཤེས་པ་ལས་ཀྱང་མཐུན་པར་བསྐོས། ཡོངས་སུ་བསྐོས། དམིགས་སུ་ཕབ། རྣམ་པར་བརྟགས། ཀུན་དུ་བརྟགས་ནས་ཉེ་བར་འཇོག་པར་བྱེད་པ་དེ་ནི་དེའི་ཚལ་ཟ་བརྟགས་པ་ལེན་པ་ཞེས་བྱའོ། །དེ་དག་ལ་སྙན་པ་དུས་སུ་སྤྱོད་པ་གང་ཞེ་ན། འདི་ ལ་རྒྱལ་པོ་ཚལ་ཟ་བརྟགས་པ་ཉེ་བར་གཞག་པ་དེ་དག་ལ་རིམ་གྲོ་བྱེད་ཅིང་། ལོངས་སྤྱོད་ཀྱི་བགོ་བཤའ་དང་། འཚོ་བའི་བགོ་བཤའ་རྐྱེན་དུ་འབབ་པ་དག་ཀྱང་ཡོངས་སུ་རྫོགས་པར་བྱེད་པ་དང་། དེ་དག་མཆོག་ཏུ་ཡིད་བརྟན་པར་བྱ་བའི་གནས་དག་ཏུ་ཡང་བསྐོ་བར་བྱེད་ལ། ཡིད་རྟོན་པར་ 130-1-157b ཡང་བྱེད་པ་དང་། དུས་དུས་སུ་ཚིག་གི་ལམ་འཇམ་པོ་དག་ཀུན་དུ་རྗོད་པར་བྱེད་པས། དེ་དག་ཀྱང་དེའི་གསོད་པ་དང་། དགྲ་བོ་དང་། ཕྱིར་རྒོལ་བ་ཉེ་བར་གནས་ཤིང་། འཇིགས་པ་དང་། སྲོག་ཟད་པར་བྱེད་པ་དག་དང་ཕྲད་པ་ན། གུས་པ་ཡོད་པ་ཡང་སྟོན་པར་བྱེད། ནུས་པ་ཡོད་ པ་དང་ཤེས་རབ་ཡོད་པ་ཡང་སྟོན་པར་བྱེད་པ་དེ་ནི། དེའི་དེ་དག་ལ་སྙན་པ་དང་དུས་སུ་སྤྱོད་པ་ཞེས་བྱའོ། །བྱ་བ་བསམ་པ་ལ་བག་ཡོད་པ་གང་ཞེ་ན། འདི་ལ་རྒྱལ་པོ་དུས་དུས་སུ་དགའ་བར་བྱ་བ་དགའ་བ་བསྒྲུབ་པའི་དོན་དག་ལ་དགའ་བའི་སྦྱོར་བ་ལེགས་པ་ཁོ་ནར་སེམས་པར་བྱེད། འཇལ་ བར་བྱེད། ཉེ་བར་རྟོག་པར་བྱེད་པ་དང་། དགའ་བར་བྱ་བ་དགའ་བ་བསྒྲུབ་པའི་དོན་དག་ལ་ཇི་ལྟ་བ་དེ་བཞིན་དུ་དབྱེ་བར་བྱ་བ་དབྱེ་བ་བསྒྲུབ་པའི་དོན་དག་དང་། སྦྱིན་པར་བྱ་བ་སྦྱིན་པ་བསྒྲུབ་པའི་དོན་དག་དང་གཡུལ་གྱི་བྱ་བ་གཡུལ་བསྒྲུབ་པའི་དོན་དག་དང་། མཐུ་དང་ལྡན་པའི་ཕྱོགས་ ཡོངས་སུ་གཟུང་བར་བྱ་བ་མཐུ་དང་ལྡན་པའི་ཕྱོགས་ཡོངས་སུ་གཟུང་བ་བསྒྲུབ་པའི་དོན་དག་ལ་ཡང་། དབྱེ་བའི་སྦྱོར་བ་ནས་མཐུ་དང་ལྡན་པའི་ཕྱོགས་ཡོངས་སུ་གཟུང་བའི་སྦྱོར་བའི་བར་དག་ལེགས་པ་ཁོ་ནར་སེམས་པར་བྱེད། འཇལ་བར་བྱེད། ཉེ་བར་རྟོག་པར་བྱེད་པ་དེ་ནི། དེའི་བྱ་བ་བསམ་ པ་ལ་བག་ཡོད་པ་ཞེས་བྱའོ། །ལོངས་སྤྱོད་བསྲུང་བ་ལ་བག་ཡོད་པ་གང་ཞེ་ན། འདི་ལ་རྒྱལ་པོ་ལས་ཀྱི་མཐའ་རྒྱ་ཆེན་པོ་ལ་སྦྱོར་བ་དང་། ལས་ཀྱི་མཐའ་བཟང་པོ་ལ་སྦྱོར་བ་དང་། ལས་ཀྱི་མཐའི་ཞལ་ཏ་ལེགས་པར་བྱས་པ་དང་། ལས་ཀྱི་མཐའ་ལ་ལེགས་པར་སོ་སོར་བརྟགས་པ་ དང་། རྒྱལ་པོའི་ཕོ་བྲང་གི་སྒོ་ལེགས་པར་བསྲུངས་པ་དང་། བཙུན་མོའི་འཁོར་གྱི་སྒོ་ལེགས་པར་བསྲུངས་པ་དང་། མཛོད་དང་བང་བ་ལེགས་པར་བསྲུངས་པ་དང་། འདི་ལྟ་སྟེ། བྲོ་གར་མཁན་དང་། ཟློས་གར་མཁན་དང་། བཞད་གད་མཁན་དང་། འཇོ་སྒེག་མཁན་ལ་སོགས་ པ་ལ་ལོངས་སྤྱོད་ཚོད་རིགས་པར་གཏོང་བ་དང་། ཆོ་ལོ་དང་རྒྱན་དོར་གྱི་ཉེས་རྩོམ་ལ་ཤིན་དུ་མ་ཞུགས་པ་དེ་ནི་དེའི་ལོངས་སྤྱོད་བསྲུང་བ་ལ་བག་ཡོད་པ་ཞེས་བྱའོ། །ཆོས་སྤྱོད་པ་ལ་བག་ཡོད་པ་གང་ཞེ་ན། འདི་ལ་རྒྱལ་པོ་དེའི་ཕེབས་པའི་ཡུལ་ན། དགེ་སྦྱོང་དང་བྲམ་ཟེ་རང་བཞིན་དགེ་ 130-1-158a བར་གྲགས་པ། མཛངས་པ། གསལ་བ། རིགས་པ། གྲོལ་བ། མཁས་པ། གནོད་པར་བྱ་བ་མ་ཡིན་པ། གནོད་པར་བྱ་བ་མ་ཡིན་པས་དགའ་བ་གང་དག་ཡིན་པ་དེ་དག་གི་དྲུང་དུ་དུས་དུས་སུ་སོང་སྟེ། དགེ་བ་གང་ཡིན། མི་དགེ་བ་གང་ཡིན། ཁ་ན་མ་ཐོ་བ་དང་ བཅས་པ་གང་ཡིན། ཁ་ན་མ་ཐོ་བ་མེད་པ་གང་ཡིན། ཅི་ཞིག་བྱས་ན་ལེགས་པ་དང་སྡིག་པ་མེད་པར་འགྱུར་ཞེས་ཡོངས་སུ་དྲི་བར་བྱེད། ཡོངས་སུ་ཞུ་བར་བྱེད་པ་དང་། དེ་དག་ལས་ཐོས་ན་ཡང་དེ་ལྟ་དེ་ལྟར་སྒྲུབ་པར་བྱེད་པ་དང་། སྦྱིན་པ་དག་སྦྱིན་པ་དང་། བསོད་ནམས་དག་བྱེད་པ་ དང་། བསྙེན་གནས་ལ་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླང་བ་ལ་འཇུག་པ་དེ་ནི་དེའི་ཆོས་སྤྱད་པ་ལ་བག་ཡོད་པ་ཞེས་བྱའོ། །ལྔ་པོ་དེ་དག་ནི་རྒྱལ་པོའི་ཐབས་ཀྱི་སྒོ་དག་ཡིན་ཏེ། དེ་དག་དང་ལྡན་ན་རྒྱལ་པོ་ཚེ་འདི་པའི་དོན་ལས་ཀྱང་ཡོངས་སུ་ཉམས་པར་མི་འགྱུར་ལ། ཚེ་ཕྱི་ མ་པའི་དོན་ལས་ཀྱང་ཡོངས་སུ་ཉམས་པར་མི་འགྱུར་རོ། །དེ་ལ་ཐབས་ཀྱི་སྒོ་དང་པོ་བཞིས་ནི་ཚེ་འདི་པའི་དོན་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ། །ཐབས་ཀྱི་སྒོ་ཐ་མ་གཅིག་གིས་ནི་ཚེ་ཕྱི་མ་པའི་དོན་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ། །རྒྱལ་པོ་རྣམས་ཀྱི་འདོད་པའི་ཆོས་རྣམས་གང་ ཞེ་ན། རྒྱལ་པོའི་འདོད་པ་དང་། སྡུག་པ་དང་། དགའ་བ་དང་། ཡིད་དུ་འོང་བར་བྱ་བའི་ཆོས་ནི་ལྔ་པོ་འདི་དག་སྟེ། ལྔ་གང་ཞེ་ན། སྐྱེ་དགུ་རྗེས་སུ་དགའ་བ་དང་། དབང་ཕྱུག་གི་བདག་པོ་དང་། དགྲ་འདུལ་བ་དང་། ལུས་ལ་ཕན་པ་དང་། བདེ་འགྲོར་འགྲོ་བ་སྟེ་ལྔ་པོ་དེ་དག་ནི་ རྒྱལ་པོའི་འདོད་པ་དང་། སྡུག་པ་དང་། དགའ་བ་དང་ཡིད་དུ་འོང་བར་བྱ་བའི་ཆོས་དག་ཡིན་ནོ། །འདོད་པ་འདྲེན་པར་བྱེད་པའི་ཆོས་དག་གང་ཞེ་ན། ལྔ་པོ་འདི་དག་ནི་རྒྱལ་པོའི་འདོད་པ་འདྲེན་པར་བྱེད་པའི་ཆོས་རྣམས་ཡིན་ཏེ། ལྔ་གང་ཞེ་ན། སྐྱེ་དགུ་ཡོངས་སུ་སྐྱོང་བ་དང་། སྒྲུབ་ཕོད་ པ་དང་། ཐབས་ཤེས་པ་དང་། ཡུལ་ལ་ལེགས་པར་ཡོངས་སུ་ལོངས་སྤྱོད་པ་དང་། ཆོས་སྤྱོད་པའོ། །ཇི་ལྟར་ན་རྒྱལ་པོ་སྐྱེ་དགུ་ཡོངས་སུ་སྐྱོང་བར་བྱེད་ཅེ་ན། འདི་ལ་རྒྱལ་པོ་དང་པོ་ཁོ་ནར་ཆོག་ཤེས་པ་དང་། ལོག་པའི་ཆགས་པས་མ་དཀྲིས་པ་དང་། ལོངས་སྤྱོད་འདུ་བའི་ 130-1-158b སྒོ་བཟང་པོ་ཡོད་པས་ཅི་ནས་ཀྱང་ལོངས་སྤྱོད་བསག་ཅིང་སྤེལ་བར་འདོད་ཀྱི་ཡོངས་སུ་མི་ཚོལ་མི་བྱེད་པ་དང་། གཞན་ཡང་རྒྱལ་པོ་བརྐམ་ཆགས་མི་བྱེད་པ་དང་། ཆགས་པ་མེད་པའི་དཀར་པོའི་ཆོས་དང་ལྡན་པ་དང་། དེ་ཅི་ནུས་ཅི་ལྕོགས་ཀྱིས་རང་གི་མཛོད་དང་བང་བ་ནས་རང་གི་ནོར་ཕྱུང་སྟེ་ ནོར་མེད་པ་དང་། ལོངས་སྤྱོད་དང་བྲལ་ཞིང་གནས་པ་དག་ལ་སྦྱིན་པར་བྱེད་པ་དང་། གཞན་ཡང་རྒྱལ་པོ་དེས་པ་དང་། བཟོད་པ་དང་ལྡན་ཞིང་གྲོང་གི་མི་རྣམས་ལ་ཚིག་གི་ལམ་འཇམ་པོ་དག་གིས་ཀུན་དུ་རྗོད་པར་བྱེད་པ་དང་། དེ་དག་ལ་དུས་དུས་སུ་ལོངས་སྤྱོད་ཀྱི་བགོ་བཤའ་དང་། འཚོ་བའི་བགོ་བཤའ་རྐྱེན་དུ་འབབ་པ་དག་བྱེད་པ་དང་། དེ་དག་མི་ནུས་པའི་ལས་སུ་བསྐོ་བར་མི་བྱེད་པ་དང་། ལས་ངན་པར་བསྐོ་བར་མི་བྱེད་པ་དང་། ལས་ཧ་ཅང་ཆེན་པོར་བསྐོ་བར་མི་བྱེད་པ་དང་། དེ་དག་གི་ཉེས་པ་དང་། འགལ་བ་བཟོད་པར་འོས་པ་དག་བཟོད་པར་བྱེད་པ་དང་། ཉེས་པ་དང་འགལ་བ་བདེན་པ་བཟོད་པར་མི་འོས་པ་དེ་དག་ཀྱང་དུས་དུས་སུ་ཉེས་པ་དང་མཐུན་པའི་ཁྲིམས་དང་སྦྱོར་བར་བྱེད་དེ། དེ་ལྟར་ན་རྒྱལ་པོ་སྐྱེ་དགུ་ལེགས་པར་ཡོངས་སུ་སྐྱོང་བར་བྱེད་པ་ཡིན་ནོ། །དེ་ལྟར་སྐྱེ་དགུ་ལེགས་པར་ཡོངས་སུ་སྐྱོང་བ་འདི་ཡང་དག་པར་བླངས་ཏེ། ལེགས་པར་སྤྱད་ན། སྐྱེ་དགུ་རྗེས་སུ་དགའ་བར་འགྱུར་རོ། །སྒྲུབ་ཕོད་པ་གང་ཞེ་ན། འདི་ལ་རྒྱལ་པོ་མཁས་པ་དང་། ལེ་ལོ་མེད་པ་དང་། སྒྲུབ་ཕོད་པ་ཡིན་ཞིང་། དེ་མ་ཕེབས་པ་ནི་འབེབས་པར་བྱེད། ཕེབས་པ་ནི་སྲུང་བར་བྱེད་པ་དང་། ལས་ཀྱི་མཐའ་རྒྱ་ཆེན་པོ་ལ་སྦྱོར་ བ་ནས། སྔ་མ་བཞིན་དུ་ཆོ་ལོ་དང་རྒྱན་དོར་གྱི་ཉེས་རྩོམ་གྱི་བར་ལ་ཤིན་ཏུ་མ་ཞུགས་པ་དང་། སྐྱེ་དགུ་རྣམས་ཀྱི་ཚུལ་དང་། ཚུལ་མ་ཡིན་པའི་འཇུག་པ་ཡོངས་སུ་བརྟག་པ་ལ་བརྩོན་པ་དང་། ཆད་པས་གཅད་པར་འོས་པ་རྣམས་ཀྱང་ལེགས་པར་ཆད་པས་གཅོད་པར་བྱེད་པ་དང་། ཕན་གདགས་ པར་འོས་པ་རྣམས་ལ་ཡང་ཕན་འདོགས་པར་བྱེད་པ་ཡིན་ཏེ། དེ་ལྟར་ན་རྒྱལ་པོ་བསྒྲུབ་ཕོད་པ་ཡིན་ནོ། །དེ་ལྟར་བསྒྲུབ་ཕོད་པ་འདི་ཡང་དག་པར་བླངས་ཏེ་ལེགས་པར་སྤྱད་ན་དབང་ཕྱུག་གི་བདག་པོར་འགྱུར་རོ། །ཐབས་ཤེས་པ་གང་ཞེ་ན། འདི་ལ་རྒྱལ་པོ་དགའ་བར་བྱ་བ་དགའ་བ་ 130-1-159a བསྒྲུབ་པའི་དོན་དག་ལ་ལེགས་པ་ཁོ་ནར་དགའ་བར་སྦྱོར་བར་བྱེད་པ་ནས། རྒྱས་པར་སྔ་མ་བཞིན་དུ། མཐུ་དང་ལྡན་པའི་ཕྱོགས་ཡོངས་སུ་གཟུང་བར་བྱ་བ་མཐུ་དང་ལྡན་པའི་ཕྱོགས་ཡོངས་སུ་གཟུང་བ་བསྒྲུབ་པའི་དོན་གྱི་བར་དག་ལ་ཡང་། ལེགས་པ་ཁོ་ནར་ མཐུ་དང་ལྡན་པའི་ཕྱོགས་ཡོངས་སུ་གཟུང་བའི་ཕྱིར་སྦྱོར་བར་བྱེད་དེ། དེ་ལྟར་ན་རྒྱལ་པོ་ཐབས་ཤེས་པ་ཡིན་ནོ། །དེ་ལྟར་ཐབས་ཤེས་པ་ནི་ཡང་དག་པར་བླངས་ཏེ། ལེགས་པར་སྤྱད་ན་དགྲ་ཐུལ་བར་འགྱུར་རོ། །ཡུལ་ལ་ལེགས་པར་ཡོངས་སུ་ལོངས་སྤྱོད་པ་གང་ཞེ་ན། འདི་ ལ་རྒྱལ་པོ་ལོངས་སྤྱོད་རྣམས་ཀྱི་འདུ་བ་དང་འགོད་པ་གཞལ་ནས། ཧ་ཅང་ཆུང་བ་ཡང་མ་ཡིན། ཧ་ཅང་ཆེ་བ་ཡང་མ་ཡིན་པར་རན་པས་འཚོ་བར་བྱེད་པ་དང་། ལོངས་སྤྱོད་ཆེན་པོ་དང་ལྡན་པ་དང་། ལོངས་སྤྱོད་སྣ་ཚོགས་དང་ལྡན་པ་དང་། དུས་ཚིགས་ཀྱི་ཚེ་ཇི་ལྟ་བ་བཞིན་དུ་བརྟེན་པར་བྱ་ བའི་ལོངས་སྤྱོད་དང་ལྡན་པ་དང་། འཁོར་དང་བཅས་པ་དང་། གཡོག་འཁོར་དང་བཅས་པའི་ལོངས་སྤྱོད་དང་ལྡན་པ་དང་། གནས་བཟང་པོའི་ལོངས་སྤྱོད་དང་ལྡན་པ་དང་། བྲོ་གར་དང་གླུ་དང་སིལ་སྙན་དང་རོལ་མོ་དང་བཅས་པའི་ལོངས་སྤྱོད་དང་ལྡན་པ་དང་། ཁ་ན་མ་ཐོ་བ་མེད་པའི་ ལོངས་སྤྱོད་དང་ལྡན་པ་ཡིན་ཏེ། དེ་ལ་ཁ་ན་མ་ཐོ་བ་མེད་པའི་ལོངས་སྤྱོད་ནི་འདི་ཡིན་ཏེ། ནད་ཀྱིས་བཏབ་ཅིང་གནོད་པའི་ཚེ་འཕྲོད་པ་ཟ་ཞིང་མི་འཕྲོད་པ་ཡང་ཡོངས་སུ་སྤོང་བ་དང་བདེ་བར་གནས་པའི་ཚེ་ཡང་ཞུ་ནས་ཟའི། མ་ཞུ་བར་མི་ཟ་བ་དང་། ལྷན་ཅིག་ཏུ་ཟ་བ་རྣམས་ཚོགས་ཏེ་འབྲིམ་པ་ན། གཞན་དག་བསྐྲད་ཅིང་བསྩལ་ནས། བདག་གཅིག་པུ་བཟང་པོ་མི་ཟ་བ་སྟེ། དེ་ལྟར་ན་རྒྱལ་པོ་ཡུལ་ལ་ལེགས་པར་ལོངས་སྤྱོད་པ་ཡིན་ནོ། །དེ་ལྟར་ཡུལ་ལ་ལེགས་པར་ཡོངས་སུ་ལོངས་སྤྱོད་པ་འདི་ཡང་དག་པར་བླངས་ཏེ། ལེགས་པར་སྤྱད་ན་ལུས་ལ་ཕན་པར་འགྱུར་རོ། །ཆོས་སྤྱོད་པ་གང་ ཞེ་ན། འདི་ལ་རྒྱལ་པོ་དད་པ་དང་ལྡན་པ་དང་། ཚུལ་ཁྲིམས་དང་ལྡན་པ་དང་། ཐོས་པ་དང་ལྡན་པ་དང་། གཏོང་བ་དང་ལྡན་པ་དང་། ཤེས་རབ་དང་ལྡན་པ་ཡིན་ནོ། །ཇི་ལྟར་ན་དད་པ་དང་ལྡན་པ་ཡིན་ཞེ་ན། འདི་ལ་རྒྱལ་པོ་འཇིག་རྟེན་ཕ་རོལ་ལ་མངོན་པར་དད་པ་དང་། ལས་དགེ་བ་དང་ 130-1-159b མི་དགེ་བ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཕྱིས་ཚེ་ཕྱི་མ་ལ་འདོད་པ་དང་མི་འདོད་པར་གྱུར་པ་ལ་མངོན་པར་དད་པ་ཡིན་ཏེ། དེ་ལྟར་ན་དད་པ་དང་ལྡན་པ་ཡིན་ནོ། །ཇི་ལྟར་ན་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། འདི་ལ་རྒྱལ་པོ་སྲོག་གཅོད་པ་སྤངས་ཤིང་སྲོག་གཅོད་པ་ལས་ཕྱིར་ལོག་པ་དང་། དེ་བཞིན་དུ་མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཆང་དང་། འབྲུའི་ཆང་དང་། བཅོས་པའི་ཆང་བག་མེད་པའི་གནས་དང་། གནས་དེ་དག་ལས་མཐའ་དག་གམ། རེ་རེ་སྤངས་ཤིང་ཕྱིར་ལོག་པ་ཡིན་ཏེ། དེ་ལྟར་ན་ཚུལ་ཁྲིམས་དང་ ལྡན་པ་ཡིན་ནོ། །ཇི་ལྟར་ན་ཐོས་པ་དང་ལྡན་པ་ཡིན་ཞེ་ན། དེས་ཚེ་འདི་པའི་དོན་ལས་བརྩམས་པ་དང་། ཚེ་ཕྱི་མའི་དོན་ལས་བརྩམས་པ་དང་། ཚེ་འདི་པ་དང་། ཚེ་ཕྱི་མའི་དོན་ལས་བརྩམས་ཏེ། ཆོས་མང་པོ་དག་ལེགས་པར་མཉན་པ་དང་། ལེགས་པར་གཟུང་བ་དང་། ཁ་དོན་ བྱ་བ་དང་། ཡིད་ཀྱིས་རྗེས་སུ་བརྟགས་པ་དང་། མཐོང་བས་ཤིན་ཏུ་རྟོགས་པར་བྱས་པ་ཡིན་ཏེ། དེ་ལྟར་ན་ཐོས་པ་དང་ལྡན་པ་ཡིན་ནོ། །ཇི་ལྟར་ན་གཏོང་བ་དང་ལྡན་པ་ཡིན་ཞེ་ན། སྐྱེ་དགུ་སེར་སྣའི་དྲི་མས་ཀུན་ནས་དཀྲིས་ཤིང་གནས་པ་ན། དེ་སེར་སྣའི་དྲི་མ་དང་བྲལ་བའི་སེམས་ཀྱིས་ ཁྱིམ་ན་གནས་ཤིང་ལྷུག་པར་གཏོང་བ་དང་། ལག་རྐྱོང་བ་དང་། རྣམ་པར་འགེད་པ་ལ་དགའ་བ་དང་། མཆོད་སྦྱིན་རྒྱུན་དུ་བྱེད་པ་དང་། གཏོང་བ་ཕུན་སུམ་ཚོགས་པ་དང་། སྦྱིན་པ་ལ་ཀུན་འགེད་པར་དགའ་བ་ཡིན་ཏེ། དེ་ལྟར་ན་གཏོང་བ་དང་ལྡན་པ་ཡིན་ནོ། །ཇི་ལྟར་ན་ཤེས་རབ་དང་ ལྡན་པ་ཡིན་ཞེ་ན། དགེ་བ་དང་མི་དགེ་བའི་ཆོས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། བརྟེན་པར་བྱ་བ་དང་། བརྟེན་པར་བྱ་བ་མ་ཡིན་པ་དང་། ངན་པ་དང་གྱ་ནོམ་པ་དང་། ནག་པོ་དང་། དཀར་པོ་དང་། རྟེན་ ཅིང་འབྲེལ་པར་འབྱུང་བ་རབ་ཏུ་དབྱེ་བ་དང་བཅས་པའི་ཆོས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། དེའི་སེམས་སྡིག་པ་ཅན་གྱི་བརྣབ་སེམས་སྐྱེས་པས་སེམས་ཡོངས་སུ་གཏུགས་ཤིང་མི་གནས་པ་དང་། གནོད་སེམས་དང་། ཁྲོ་བ་དང་། ཁོན་ཏུ་འཛིན་པ་དང་། འཆབ་ 130-1-160a པ་དང་། ཡོངས་སུ་གདུང་བ་དང་། ཕྲག་དོག་དང་། སེར་སྣ་དང་། སྒྱུ་དང་། གཡོ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། སྡིག་པ་ཅན་གྱི་འདོད་པ་དང་། སྡིག་པ་ཅན་གྱི་ལྟ་བས་སེམས་ཡོངས་སུ་གཏུགས་ཤིང་མི་གནས་པ་ཡིན་ཏེ། དེ་ལྟར་ན་ཤེས་ རབ་དང་ལྡན་པ་ཡིན་ནོ། །དེ་ལྟར་ན་རྒྱལ་པོ་ཆོས་སྤྱོད་པ་ཡིན་ཏེ། དེ་ལྟར་ཆོས་སྤྱོད་པ་འདི་ཡང་དག་པར་བླངས་ཏེ། ལེགས་པར་སྤྱད་ན་བདེ་འགྲོར་འགྲོ་བར་འགྱུར་རོ། །རྒྱལ་པོའི་འདོད་པ་འདྲེན་པར་བྱེད་པའི་ཆོས་ལྔ་པོ་དེ་དག་ནི་ཚེ་འདི་དང་ཚེ་ཕྱི་མ་ལ་ཕན་པའི་ཕྱིར་འཇུག་པར་འགྱུར་བ་ ཡིན་ཏེ། དེ་ལ་འདོད་པ་འདྲེན་པར་བྱེད་པའི་ཆོས་དང་པོ་བཞི་ནི་ཚེ་འདི་ལ་ཕན་པའི་ཕྱིར་འཇུག་པར་འགྱུར་བ་ཡིན་ནོ། །འདོད་པ་འདྲེན་པར་བྱེད་པའི་ཆོས་ཐ་མ་གཅིག་ནི་ཚེ་ཕྱི་མ་ལ་ཕན་པའི་ཕྱིར་འཇུག་པར་འགྱུར་བ་ཡིན་ནོ། །རྒྱལ་པོ་ཆེན་པོ་ངས་རྒྱལ་པོའི་སྐྱོན་རྣམས་ཀྱང་བསྟན་ཏོ། །རྒྱལ་ པོའི་ཡོན་ཏན་རྣམས་ཀྱང་བསྟན་ཏོ། །རྒྱལ་པོའི་ཉམས་པའི་སྒོ་རྣམས་ཀྱང་བསྟན་ཏོ། །རྒྱལ་པོའི་ཐབས་ཀྱི་སྒོ་རྣམས་ཀྱང་བསྟན་ཏོ། །རྒྱལ་པོའི་འདོད་པའི་ཆོས་རྣམས་ཀྱང་བསྟན་ཏོ། །རྒྱལ་པོའི་འདོད་པ་འདྲེན་པར་བྱེད་པའི་ཆོས་རྣམས་ཀྱང་བསྟན་ཏོ། །རྒྱལ་པོ་ཆེན་པོ་དེའི་ཕྱིར་ཁྱོད་ ཀྱིས་འདི་ལྟར་བསླབ་པར་བྱ་སྟེ། རྒྱལ་པོའི་སྐྱོན་གང་དག་ཡིན་པ་རྣམས་ནི་སྤངས་ལ། རྒྱལ་པོའི་ཡོན་ཏན་རྣམས་ནི་ཡང་དག་པར་བླང་བར་བྱའོ། །ཉམས་པའི་སྒོ་རྣམས་ནི་སྤངས་ལ། ཐབས་ཀྱི་སྒོ་རྣམས་ནི་ཡང་དག་པར་བླང་བར་བྱའོ། །འདོད་པའི་ཆོས་རྣམས་ཀྱི་དོན་དུ་འདོད་པ་འདྲེན་པར་ བྱེད་པའི་ཆོས་རྣམས་ཀྱང་ཡང་དག་པར་བླང་བར་བྱའོ་སྙམ་དུ་བསླབ་པར་བྱ་སྟེ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ་ཞེས་གསུངས་ཞེས་ཀྱང་གྲག་གོ། །སྐྱེ་བའི་སྡུག་བསྔལ་ཞེས་བྱ་བ་ནས་མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ཞེས་བྱ་བའི་བར་དུ་གང་དུ་གསུངས་པ་དེ་ལ་ ཇི་ལྟར་ན་སྐྱེས་པ་སྡུག་བསྔལ་ཡིན་ཞེ་ན། སྨྲས་པ། རྣམ་པ་ལྔས་ཏེ། སྡུག་བསྔལ་དང་ལྡན་པའི་ཕྱིར་དང་། གནས་ངན་ལེན་དང་ལྡན་པའི་ཕྱིར་དང་། སྡུག་བསྔལ་གྱི་གནས་ཡིན་པའི་ཕྱིར་དང་། ཉོན་མོངས་པའི་གནས་ཡིན་པའི་ཕྱིར་དང་། མི་འདོད་བཞིན་དུ་འབྲལ་བའི་ཆོས་ 130-1-160b ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་ཇི་ལྟར་ན་སྐྱེ་བ་སྡུག་བསྔལ་དང་ལྡན་པའི་ཕྱིར། སྡུག་བསྔལ་ཡིན་ཞེ་ན། འདི་ལྟ་སྟེ་སེམས་ཅན་དམྱལ་བ་རྣམས་དང་། གཅིག་ཏུ་སྡུག་བསྔལ་བའི་ཡི་དྭགས་རྣམས་དང་དེ་བཞིན་དུ་མངལ་ནས་སྐྱེ་བ་དང་། སྒོ་ང་ལས་སྐྱེ་བའི་སྐྱེས་གནས་སུ་སྐྱེ་བའིའོ། ། ཇི་ལྟར་ན་གནས་ངན་ལེན་དང་ལྡན་པའི་ཕྱིར་སྡུག་བསྔལ་ཡིན་ཞེ་ན། སྨྲས་པ། ཁམས་གསུམ་པའི་འདུ་བྱེད་ཐམས་ཅད་ནི་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་དང་ལྡན་པའི་ཕྱིར་ལས་སུ་མི་རུང་བ་དང་དབང་བསྒྱུར་བ་མ་ཡིན་ལ། ཁམས་གསུམ་ན་སྤྱོད་པའི་སེམས་ ཅན་རྣམས་ཀྱི་འདུ་བྱེད་མངོན་པར་འགྲུབ་པར་ཡང་དེ་དང་རྗེས་སུ་འབྲེལ་པ་ཉིད་ཡིན་པས། དེའི་ཕྱིར་གནས་ངན་ལེན་དང་ལྡན་པའི་ཕྱིར་སྡུག་བསྔལ་ཡིན་ཞེས་བྱའོ། །ཇི་ལྟར་སྡུག་བསྔལ་གྱི་གནས་ཡིན་པའི་ཕྱིར་སྡུག་བསྔལ་ཡིན་ཞེ་ན། སྨྲས་པ། རྒ་བ་ལ་སོགས་པའི་སྡུག་བསྔལ་གྱི་བྱེ་བྲག་ རྣམས་ཀྱི་གནས་སུ་གྱུར་པའི་ཕྱིར་རོ། །ཇི་ལྟར་ན་ཉོན་མོངས་པའི་གནས་ཡིན་པའི་ཕྱིར་སྡུག་བསྔལ་ཡིན་ཞེ་ན། སྨྲས་པ། འདི་ལྟར་སྐྱེས་ཤིང་བྱུང་བ་ནི་ཡུལ་ཀུན་དུ་ཆགས་པར་འགྱུར་བ་རྣམས་ལ་ཡང་ཀུན་དུ་ཆགས་པར་འགྱུར་ཞིང་། ཀུན་དུ་ཞེ་སྡང་བར་འགྱུར་བ་རྣམས་ལ་ཡང་ཀུན་དུ་ ཞེ་སྡང་བར་འགྱུར། ཀུན་དུ་རྨོངས་པར་འགྱུར་བ་རྣམས་ལ་ཡང་ཀུན་དུ་རྨོངས་པར་འགྱུར་ལ། གཞི་དེ་ལས་ལུས་དང་སེམས་རབ་ཏུ་མ་ཞི་ཞིང་སྡུག་བསྔལ་ཏེ། བདེ་བ་ལ་རེག་པར་མི་གནས་པས། དེ་ལྟ་བས་ན་ཉོན་མོངས་པའི་གནས་ཡིན་པའི་ཕྱིར་སྡུག་བསྔལ་ཞེས་བྱའོ། །ཇི་ལྟར་ན་ མི་འདོད་བཞིན་དུ་འབྲལ་བའི་ཆོས་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་ཡིན་ཞེ་ན། སྨྲས་པ། འདི་ལྟར་སེམས་ཅན་སྐྱེས་པ་ཐམས་ཅད་ཀྱི་འཆི་བ་དང་། སྐྱེས་པ་རྣམས་ཀྱི་འཆི་བའི་དུས་བྱེད་པ་ནི་གསོན་པའི་མཐའ་འཆི་བ་དང་། ཐ་མར་འཆི་བ་ཡིན་པའི་ཕྱིར་དེ་ཡང་དེ་དག་གི་མི་འདོད་པ་ཡིན་ལ། གཞི་དེས་ཀྱང་སྡུག་བསྔལ་ཁོ་ན་ཉམས་སུ་མྱོང་བར་བྱེད་པས། དེ་ལྟ་བས་ན་སྐྱེ་བ་ནི་མི་འདོད་བཞིན་དུ་འབྲལ་བའི་ཆོས་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་ཡིན་ནོ། །རྒ་བ་ཡང་རྣམ་པ་ལྔས་སྡུག་བསྔལ་བ་ཉིད་ཡིན་པར་རིག་པར་བྱ་སྟེ། འདི་ལྟ་སྟེ་གནས་ལྔ་ཡོངས་སུ་ཉམས་པའི་ཕྱིར་ཏེ། 130-1-161a གཟུགས་བཟང་བ་ཡོངས་སུ་ཉམས་པའི་ཕྱིར་དང་། མཐུ་སྟོབས་ཡོངས་སུ་ཉམས་པའི་ཕྱིར་དང་། དབང་པོ་ཡོངས་སུ་ཉམས་པའི་ཕྱིར་དང་། ཡུལ་ལ་ལོངས་སྤྱོད་ཡོངས་སུ་ཉམས་པའི་ཕྱིར་དང་། ཚེ་ཡོངས་སུ་ཉམས་པའི་ཕྱིར་རོ། །ན་བ་ཡང་རྣམ་པ་ལྔས་ སྡུག་བསྔལ་བ་ཉིད་ཡིན་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། ལུས་ཀྱི་རང་བཞིན་འགྱུར་བའི་ཕྱིར་དང་། སྡུག་བསྔལ་དང་ཡིད་མི་བདེ་བ་མངོན་པར་འཕེལ་ཞིང་དེ་ལ་ཤས་ཆེ་བར་གནས་པའི་ཕྱིར་དང་། ཡུལ་གྱི་ལོངས་སྤྱོད་ཡིད་དུ་འོང་བ་མི་འདོད་པའི་ཕྱིར་དང་། ཡུལ་གྱི་ལོངས་སྤྱོད་ཡིད་ དུ་མི་འོང་བ་ལ་མི་འདོད་བཞིན་དུ་ཡོངས་སུ་སྤྱད་དགོས་པའི་ཕྱིར་དང་། སྲོག་གི་དབང་པོ་དང་འབྲལ་བར་འགྱུར་བའི་ཕྱིར་རོ། །འཆི་བ་ཡང་རྣམ་པ་ལྔས་སྡུག་བསྔལ་བ་ཉིད་ཡིན་པར་རིག་པར་བྱ་སྟེ། ལོངས་སྤྱོད་སྡུག་པ་ཕུན་སུམ་ཚོགས་པ་དང་འབྲལ་བ་ཉིད་ཀྱི་ཕྱིར་དང་། རྩ་འཇིང་སྡུག་ པ་ཕུན་སུམ་ཚོགས་པ་དང་འབྲལ་བ་ཉིད་ཀྱི་ཕྱིར་དང་། འཁོར་སྡུག་པ་ཕུན་སུམ་ཚོགས་པ་དང་འབྲལ་བ་ཉིད་ཀྱི་ཕྱིར་དང་། ལུས་སྡུག་པ་ཕུན་སུམ་ཚོགས་པ་དང་འབྲལ་བ་ཉིད་ཀྱི་ཕྱིར་དང་། འཆི་བའི་ཚེ་སྡུག་བསྔལ་དང་ཡིད་མི་བདེ་བ་རབ་ཏུ་དྲག་པོ་ཉམས་སུ་མྱོང་བར་འགྱུར་བ་ཉིད་ཀྱི་ཕྱིར་རོ། ། མི་སྡུག་པ་དང་ཕྲད་པ་ཡང་རྣམ་པ་ལྔས་སྡུག་བསྔལ་ཉིད་ཡིན་པར་རིག་པར་བྱ་སྟེ། དེ་དང་ཕྲད་པས་སྡུག་བསྔལ་དང་ཡིད་མི་བདེ་བ་ཉིད་ཀྱི་ཕྱིར་དང་། ཆད་པས་འཇིགས་པའི་གནས་ཉིད་ཀྱི་ཕྱིར་དང་། ཚིགས་སུ་བཅད་པ་མེད་པས་འཇིགས་པའི་གནས་ཉིད་ཀྱི་ཕྱིར་དང་། ཉམ་ང་བཞིན་དུ་ འཆི་བའི་འཇིགས་པའི་གནས་ཉིད་ཀྱི་ཕྱིར་དང་། ཆོས་ལས་འགལ་བས་ངན་འགྲོས་འཇིགས་པའི་གནས་ཉིད་ཀྱི་ཕྱིར་རོ། །སྡུག་པ་དང་བྲལ་བ་ཡང་རྣམ་པ་ལྔས་སྡུག་བསྔལ་ཉིད་ཡིན་པར་རིག་པར་བྱ་སྟེ། དེ་དང་བྲལ་བས་མྱ་ངན་སྐྱེ་བ་ཉིད་ཀྱི་ཕྱིར་དང་། དེ་བཞིན་དུ་སྨྲེ་སྔགས་འདོན་ པ་ཉིད་ཀྱི་ཕྱིར་དང་། དེ་བཞིན་དུ་ལུས་ལ་གནོད་པ་ཉིད་ཀྱི་ཕྱིར་དང་། ཡོན་ཏན་རྣམས་ལས་རྗེས་སུ་དྲན་ཞིང་འདོད་པས་ཡིད་ཡོངས་སུ་གདུང་བ་ཉིད་ཀྱི་ཕྱིར་དང་། དེའི་ལོངས་སྤྱོད་མ་ཚང་བ་ཉིད་ཀྱི་ཕྱིར་རོ། །སྡུག་པ་དང་བྲལ་བའི་སྡུག་བསྔལ་ཉིད་ཇི་ལྟ་བ་བཞིན་དུ་གང་འདོད་ 130-1-161b པ་བཙལ་ཏེ་མི་རྙེད་པ་དེ་ཡང་སྡུག་བསྔལ་བ་ཉིད་ཀྱང་དེ་བཞིན་དུ་རིག་པར་བྱའོ། །མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བ་ཉིད་ཀྱང་རྣམ་པ་ལྔས་སྡུག་བསྔལ་ཉིད་ཡིན་པར་རིག་པར་བྱ་སྟེ། མངོན་པར་འགྲུབ་པའི་སྡུག་བསྔལ་ཉིད་ཀྱི་སྣོད་ཡིན་པའི་ཕྱིར་དང་། མངོན་པར་འགྲུབ་པ་ལ་ བརྟེན་པའི་སྡུག་བསྔལ་གྱི་སྣོད་ཉིད་ཡིན་པའི་ཕྱིར་དང་། སྡུག་བསྔལ་གྱི་སྡུག་བསྔལ་གྱི་སྣོད་ཉིད་ཡིན་པའི་ཕྱིར་དང་། འགྱུར་བའི་སྡུག་བསྔལ་གྱི་སྣོད་ཉིད་ཡིན་པའི་ཕྱིར་དང་། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །སྐྱེས་བུ་གསུམ་པོ་སྐྱེས་བུ་ཐ་མ་དང་སྐྱེས་བུ་ འབྲིང་དང་། སྐྱེས་བུ་མཆོག་འདི་དག་ནི་སྒྲུབ་པ་ལས་བརྩམས་པ་སྟེ། དེ་ལ་གང་བདག་ལ་ཕན་པའི་ཕྱིར་ཞུགས་པ་ཡང་མ་ཡིན་ལ། གཞན་ལ་ཕན་པའི་ཕྱིར་ཞུགས་པ་ཡང་མ་ཡིན་པ་དེ་ནི་སྐྱེས་བུ་ཐ་མ་ཡིན་ནོ། །དེ་ལ་གང་བདག་ལ་ཕན་པའི་ཕྱིར་ཞུགས་ལ། གཞན་ལ་ཕན་པའི་ཕྱིར་མ་ ཡིན་པ་དང་། གང་གཞན་ལ་ཕན་པའི་ཕྱིར་ཞུགས་ལ། བདག་ལ་ཕན་པའི་ཕྱིར་མ་ཡིན་པ་དེ་ནི་སྐྱེས་བུ་བར་མ་ཡིན་ནོ། །དེ་ལ་གང་བདག་ལ་ཕན་པའི་ཕྱིར་ཞུགས་པ་ཡང་ཡིན་ལ། གཞན་ལ་ཕན་པའི་ཕྱིར་ཞུགས་པ་ཡང་ཡིན་པ་དེ་ནི་སྐྱེས་བུ་མཆོག་ཡིན་ནོ། །གཞན་ཡང་གང་ཟག་ བཞི་སྟེ། གང་ཟག་སྡིག་པ་བྱེད་ལ་སྡིག་པ་ལ་མི་སྲེད་པ་ཡང་ཡོད་དོ། །སྡིག་པ་ལ་སྲེད་ལ་སྡིག་པ་མི་བྱེད་པ་ཡང་ཡོད་དོ། །སྡིག་པ་བྱེད་ལ་སྡིག་པ་ལ་སྲེད་པ་ཡང་ཡོད་དོ། །གང་ཟག་སྡིག་པ་མི་བྱེད་ལ་སྡིག་པ་ལ་མི་སྲེད་པ་ཡང་ཡོད་དོ། །དེ་ལ་གང་སྡིག་པའི་འབྲས་བུ་རྣམ་པར་སྨིན་ པ་ཕྱི་མ་ལ་མི་འདོད་པར་འགྱུར་བ་ལ་མངོན་པར་དད་ལ། བརྗེད་ངས་པ་དང་། བག་མེད་པ་དང་། སྡིག་པའི་གྲོགས་པོ་དང་བསྟེན་པས་སྡིག་པ་བྱེད་པ་དེ་ནི་སྡིག་པ་བྱེད་ལ་སྡིག་པ་ལ་མི་སྲེད་པ་ཡིན་ནོ། །གང་སྔོན་སྡིག་པ་ལ་གོམས་པས་སྡིག་པ་ལ་ཀུན་དུ་དགའ་བ་དང་། སྡིག་པ་ལ་ མངོན་པར་དགའ་བ་དང་། སྡིག་པ་ལ་དགའ་བས་ཡིད་བསྡུས་པ་ཡིན་ལ། དེ་ཡང་སྐྱེས་བུ་དམ་པ་ལ་བརྟེན་པ་དང་། དམ་པའི་ཆོས་ཉན་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་ལ་བརྟེན་ནས། སྡིག་པའི་འབྲས་བུ་ཕྱི་མ་ལ་མི་འདོད་པར་འགྱུར་བ་ཡང་དག་པར་རྗེས་སུ་མཐོང་བས། 130-1-162a སོ་སོར་བརྟགས་ཤིང་སོ་སོར་བརྟགས་ནས་སྡིག་པ་ལས་ཕྱིར་ལོག་པ་དེ་ནི། སྡིག་པ་ལ་སྲེད་ལ་སྡིག་པ་མི་བྱེད་པ་ཞེས་བྱའོ། །གང་ཟག་གང་རང་བཞིན་གྱིས་སྡིག་པ་ལ་མངོན་པར་དགའ་ལ། སྡིག་པ་ལས་ཕྱིར་ལོག་པ་ཡང་མ་ཡིན་པ་དེ་ནི་སྡིག་པ་བྱེད་ལ། སྡིག་པ་ལ་ སྲེད་པ་ཞེས་བྱའོ། །གང་རང་བཞིན་གྱིས་སྡིག་པ་ལ་མངོན་པར་མི་དགའ་ལ། སྡིག་པ་ལས་ཀྱང་ཕྱིར་ལོག་པ་དེ་ནི་སྡིག་པ་མི་བྱེད་ལ། སྡིག་པ་ལ་མི་སྲེད་པ་ཞེས་བྱའོ། །དེ་ལ་གང་ཟག་གང་སྡིག་པ་བྱེད་ལ་སྡིག་པ་ལ་སྲེད་པ་དེ་ནི་སྐྱེས་བུ་ཐ་མ་ཡིན་པར་བལྟ་བར་བྱའོ། །གང་ཟག་གང་ སྡིག་པ་བྱེད་ལ། སྡིག་པ་ལ་མི་སྲེད་པ་དང་། སྡིག་པ་ལ་སྲེད་ལ། སྡིག་པ་མི་བྱེད་པ་དེ་ནི་སྐྱེས་བུ་འབྲིང་ཡིན་པར་བལྟ་བར་བྱའོ། །གང་ཟག་གང་སྡིག་པ་ལ་མི་སྲེད་ལ་སྡིག་པ་མི་བྱེད་པ་དེ་ནི་སྐྱེས་བུ་མཆོག་ཡིན་པར་བལྟ་བར་བྱའོ། །གཞན་ཡང་གང་ཟག་རྒྱལ་པོ་གསུམ་སྟེ། གསུམ་ གང་ཞེ་ན། འདོད་པའི་ལོངས་སྤྱོད་ལྷུར་ལེན་པ་དང་། བྱ་བ་ལྷུར་ལེན་པ་དང་། ཆོས་ལྷུར་ལེན་པའོ། །དེ་ལ་དང་པོ་ནི་སྐྱེས་བུ་ཐ་མ་ཡིན་ནོ། །གཉིས་པ་ནི་སྐྱེས་བུ་འབྲིང་ཡིན་ནོ། །གསུམ་པ་ནི་སྐྱེས་བུ་མཆོག་ཡིན་ནོ། །གཞན་ཡང་གང་ཟག་གསུམ་སྟེ། གསུམ་གང་ཞེ་ན། བྱ་བ་མ་ཡིན་ པ་རང་གི་བྱ་བར་བྱེད་པ་དང་། བྱ་བ་རང་གི་བྱ་བར་བྱེད་པ་དང་། གཞན་གྱི་བྱ་བ་རང་གི་བྱ་བར་བྱེད་པའོ། །དེ་ལ་གང་ཟག་གང་སྡིག་པའི་སྤྱོད་པས་འཚོ་བར་བྱེད་པ་དེ་ནི་བྱ་བ་མ་ཡིན་པ་རང་གི་བྱ་བ་བྱེད་པའི་གང་ཟག་ཅེས་བྱའོ། །གང་སྡིག་པའི་སྤྱོད་པས་འཇིགས་ཤིང་། དགེ་བའི་སྤྱོད་པ་ཡང་དག་ པར་བླངས་ནས་འདུག་པ་དེ་ནི་བྱ་བ་རང་གི་བྱ་བར་བྱེད་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ནི་གཞན་གྱི་བྱ་བ་རང་གི་བྱ་བར་བྱེད་པ་ཡིན་པར་བལྟ་བར་བྱའོ། །དེ་ལ་གང་ཟག་དང་པོ་ནི་སྐྱེས་བུ་ཐ་མ་ཡིན་ནོ། །གཉིས་པ་ནི་སྐྱེས་བུ་འབྲིང་ཡིན་ནོ། །གསུམ་པ་ནི་སྐྱེས་བུ་མཆོག་ཡིན་པར་བལྟ་བར་ བྱའོ། །གསུམ་པོ་འདི་དག་ནི་རྒྱལ་པོའི་ཕུན་སུམ་ཚོགས་པ་ཡིན་ཏེ། རྣམ་པར་སྨིན་པ་ཕུན་སུམ་ཚོགས་པ་དང་། སྐྱེས་བུའི་རྩལ་ཕུན་སུམ་ཚོགས་པ་དང་། བསོད་ནམས་ཕུན་སུམ་ཚོགས་པའོ། །རྒྱལ་པོ་ཕྱུག་པོའི་ཁྱིམ་དུ་སྐྱེས་ཤིང་ཚེ་རིང་བ་དང་། ནད་ཉུང་བ་དང་། དབང་ཆེ་བར་ 130-1-162b གྲགས་པ་དང་། ཡིད་གཞུངས་པ་དང་། ལྷན་ཅིག་སྐྱེས་པའི་ཤེས་རབ་དང་ལྡན་པ་གང་ཡིན་པ་དེ་ནི་དེའི་རྣམ་པར་སྨིན་པ་ཕུན་སུམ་ཚོགས་པ་ཞེས་བྱའོ། །རྒྱལ་པོ་ཐབས་ཀྱིས་ཡོངས་སུ་ཟིན་པའི་སྒྲུབ་ཕོད་པ་ཕུན་སུམ་ཚོགས་པ་དང་རྟག་པར་རྒྱུན་དུ་ལྡན་པ་གང་ཡིན་པ་དེ་ནི། དེའི་སྐྱེས་བུའི་ རྩལ་ཕུན་སུམ་ཚོགས་པ་ཞེས་བྱའོ། །རྒྱལ་པོ་ཆོས་དང་ལྡན་ཞིང་ཆོས་ལ་དགའ་ཆོས་ལ་གནས་ལ། བཙུན་མོའི་འཁོར་དང་། གཞོན་ནུ་རྣམས་དང་། གྲོས་གྲོགས་རྣམས་དང་། ཁྲོམ་གྱི་རུ་སྣ་དང་། གྲོང་རྡལ་གྱི་མི་རྣམས་དང་། ཡུལ་གྱི་མི་རྣམས་དང་ལྷན་ཅིག་ཏུ་སྦྱིན་པ་དག་སྦྱིན་ པ་དང་། བསོད་ནམས་དག་བྱེད་པ་དང་། བསྙེན་གནས་ལ་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་ནས་འདུག་པ་གང་ཡིན་པ་དེ་ནི་དེའི་བསོད་ནམས་ཕུན་སུམ་ཚོགས་པ་ཞེས་བྱའོ། །དེ་ལ་རྣམ་པར་སྨིན་པ་ཕུན་སུམ་ཚོགས་པས་ནི་སྔོན་གྱི་ལས་དགེ་བའི་འབྲས་བུ་ལ་ཡོངས་སུ་སྤྱོད་པར་ བྱེད་དོ། །སྐྱེས་བུའི་རྩལ་ཕུན་སུམ་ཚོགས་པས་ནི་ཚེ་འདི་པ་ཉིད་ཀྱི་འདོད་པའི་འབྲས་བུ་ལ་ཡོངས་སུ་སྤྱོད་པར་བྱེད་དོ། །བསོད་ནམས་ཕུན་སུམ་ཚོགས་པས་ནི་ཕྱི་མ་ལ་ཡང་ལས་དགེ་བའི་འབྲས་བུ་རྣམ་པར་སྨིན་པ་ཕུན་སུམ་ཚོགས་པ་ལ་ཡོངས་སུ་སྤྱོད་པར་འགྱུར་རོ། །གང་ལ་ཕུན་སུམ་ ཚོགས་པ་རྣམ་པ་གསུམ་ཆར་ཡང་མེད་པ་དེ་ནི་སྐྱེས་བུ་ཐ་མ་ཡིན་ནོ། །གང་ལ་རྣམ་པར་སྨིན་པ་ཕུན་སུམ་ཚོགས་པའམ། སྐྱེས་བུའི་རྩལ་ཕུན་སུམ་ཚོགས་པའམ། གཉི་ག་ཕུན་སུམ་ཚོགས་པར་ཡོད་པ་དེ་ནི་སྐྱེས་བུ་འབྲིང་ཡིན་ནོ། །གང་ལ་ཕུན་སུམ་ཚོགས་པ་རྣམ་པ་གསུམ་ཆར་ཡོད་པ་ དེ་ནི་སྐྱེས་བུ་མཆོག་ཡིན་ནོ། །རྒྱལ་པོའི་ཚལ་ཟ་ནི་གསུམ་སྟེ་གུས་པ་དང་ལྡན་ལ་ནུས་པ་དང་མི་ལྡན་ཤེས་རབ་དང་མི་ལྡན་པ་དང་། གུས་པ་དང་ཡང་ལྡན་ནུས་པ་དང་ཡང་ལྡན་ལ་ཤེས་རབ་དང་མི་ལྡན་པ་དང་གུས་པ་དང་ཡང་ལྡན་ནུས་པ་དང་ཡང་ལྡན་ཤེས་རབ་དང་ཡང་ལྡན་པའོ། །དེ་ལ་དང་པོ་ནི་ སྐྱེས་བུ་ཐ་མ་ཡིན་ནོ། །གཉིས་པ་ནི་སྐྱེས་བུ་འབྲིང་ཡིན་ནོ། །གསུམ་པ་ནི་སྐྱེས་བུ་མཆོག་ཡིན་ནོ། །གུས་པ་དང་ཡང་མི་ལྡན། ནུས་པ་དང་ཡང་མི་ལྡན། ཤེས་རབ་དང་ཡང་མི་ལྡན་པ་གང་ཡིན་པ་དེ་ནི་ཐ་མ་བས་ཀྱང་ཆེས་ཐ་མ་ཡིན་པར་རིག་པར་བྱའོ། །ཚིག་གི་རྣམ་པ་བཞི་སྟེ། མི་སྙན་ 130-1-163a པ་ལ་སྙན་པར་གྲགས་པ་དང་། སྙན་པ་ལ་མི་སྙན་པར་གྲགས་པ་དང་། མི་སྙན་པ་ལ་མི་སྙན་པར་གྲགས་པ་དང་། སྙན་པ་ལ་སྙན་པར་གྲགས་པའོ། །ཚིག་དང་ཡི་གེ་འཇམ་ཞིང་སྙན་ལ་མི་འཕྲོད་པ་གང་ཡིན་པ་དེ་ནི་དང་པོ་ཡིན་ནོ། །ཚིག་དང་ཡི་གེ་རྩུབ་ལ་འཕྲོད་པ་གང་ ཡིན་པ་དེ་ནི་གཉིས་པ་ཡིན་ནོ། །ཚིག་དང་ཡི་གེ་ཡང་རྩུབ་ལ་མི་འཕྲོད་པ་གང་ཡིན་པ་དེ་ནི་གསུམ་པ་ཡིན་ནོ། །ཚིག་དང་ཡི་གེ་ཡང་འཇམ་ཞིང་སྙན་ལ་འཕྲོད་པ་གང་ཡིན་པ་དེ་ནི་བཞི་པ་ཡིན་ནོ། །དེ་ལ་མི་སྙན་པ་ལ་མི་སྙན་པར་གྲགས་པའི་ཚིག་སྨྲ་བ་གང་ཡིན་པ་དང་། མི་སྙན་ལ་སྙན་པར་གྲགས་པའི་ ཚིག་སྨྲ་བ་གང་ཡིན་པ་དེ་ནི་སྐྱེས་བུ་ཐ་མ་ཡིན་ནོ། །སྙན་ལ་མི་སྙན་པར་གྲགས་པའི་ཚིག་སྨྲ་བ་གང་ཡིན་པ་དེ་ནི་སྐྱེས་བུ་འབྲིང་ཡིན་ནོ། །སྙན་ལ་སྙན་པར་གྲགས་པའི་ཚིག་སྨྲ་བ་གང་ཡིན་པ་དེ་ནི་སྐྱེས་བུ་མཆོག་ཡིན་ནོ། །འདོད་པ་ལ་ལོངས་སྤྱོད་པ་ནི་གསུམ་སྟེ། འདོད་པ་ལ་ལོངས་སྤྱོད་པ་ གང་ཆོས་མ་ཡིན་པས་བབ་ཅོལ་དུ་ལོངས་སྤྱོད་པ་དག་ཡང་དག་པར་བསྒྲུབས་ནས། བདག་ཉིད་ཀྱང་ལེགས་པར་བདེ་བར་ཚིམ་པར་མི་བྱེད་ལ་བུ་ཡང་མ་ཡིན་ཆུང་མ་ཡང་མ་ཡིན་པ་ནས། རྒྱས་པ་དགེ་སྦྱོང་དང་བྲམ་ཟེའི་བར་དག་ལ་ཡང་ཡོན་འབུལ་བར་མི་བྱེད་པ་ཡང་ཡོད་དོ། །འདོད་པ་ལ་ལོངས་སྤྱོད་པ་ གང་ཆོས་དང་ཆོས་མ་ཡིན་པས་བབ་ཆོལ་དང་། བབ་ཆོལ་མ་ཡིན་པར་ལོངས་སྤྱོད་དག་ཡང་དག་པར་བསྒྲུབས་ནས། བདག་ཉིད་ཀྱང་ལེགས་པར་བདེ་བས་ཚིམ་པར་བྱེད། བུ་དང་ཆུང་མ་ནས་རྒྱས་པར་མཛའ་བཤེས་དང་། གྲོས་གྲོགས་དང་། ཉེ་དུ་དང་། རྒན་རབས་ཀྱི་བར་དག་ཀྱང་ ལེགས་པར་བདེ་བས་ཚིམ་པར་བྱེད་ལ། དགེ་སྦྱོང་དང་བྲམ་ཟེ་དག་ལ་ནི་ཡོན་འབུལ་བར་མི་བྱེད་པ་ཡང་ཡོད་དོ། །འདོད་པ་ལ་ལོངས་སྤྱོད་པ་གང་ཡིན་གཅིག་ཏུ་ཆོས་ཀྱི་བབ་ཅོལ་མ་ཡིན་པ་ཁོ་ནར་ལོངས་སྤྱོད་ཡང་དག་པར་བསྒྲུབས་ནས། བདག་ཉིད་ཀྱང་ལེགས་པར་བདེ་བས་ཚིམ་པར་བྱེད་ ལ། རྒྱས་པར་དགེ་སྦྱོང་དང་བྲམ་ཟེའི་བར་དག་ལ་ཡང་ཡོན་འབུལ་བར་བྱེད་པ་ཡང་ཡོད་དེ། དེ་ལ་འདོད་པ་ལ་ལོངས་སྤྱོད་པ་དང་པོ་ནི་སྐྱེས་བུ་ཐ་མ་ཡིན་ནོ། །གཉིས་པ་ནི་སྐྱེས་བུ་འབྲིང་ཡིན་ནོ། །གསུམ་པ་ནི་སྐྱེས་བུ་མཆོག་ཡིན་ནོ། །གང་ཟག་གང་ཆགས་པ་དང་། ཞེན་པ་དང་། 130-1-163b འཆུམས་པ་ནས། ལྷག་པར་ཆགས་པར་གྱུར་པའི་བར་གྱིས་ཟས་ཟ་བར་བྱེད་ཅིང་ཉེས་དམིགས་སུ་མི་ལྟ་ལ། ངེས་པར་འབྱུང་བ་རབ་ཏུ་མི་ཤེས་པ་ཡང་ཡོད་དོ། །གང་ཟག་གང་ཆགས་པ་མེད་པ་དང་། ཞེན་པ་མེད་པ་དང་། འཆུམས་པ་མེད་པ་དང་། མདུད་པ་བོར་བ་མེད་པ་དང་། བརྒྱལ་ བ་མེད་པ་དང་། ལྷག་པར་ཆགས་པ་མེད་པ་དང་། ལྷག་པར་ཆགས་པར་གྱུར་པ་མེད་པས་སོ་སོར་བརྟགས་ཤིང་ཟས་ཟ་བར་བྱེད་ལ། ཉེས་དམིགས་སུ་ཡང་ལྟ། ངེས་པར་འབྱུང་བ་ཡང་རབ་ཏུ་ཤེས་ཤིང་། དེའི་ཟས་སྤངས་པ་དང་། ཡོངས་སུ་ཤེས་པ་མ་ཡིན་པ་ཡང་ཡོད་དོ། །གང་ཟག་ གང་ཆགས་པ་མེད་པ་ནས་ལྷག་པར་ཆགས་པར་གྱུར་པ་མེད་པའི་བར་གྱིས། སོ་སོར་བརྟགས་ཤིང་ཟས་ཟ་བར་བྱེད་ལ། ཉེས་དམིགས་སུ་ཡང་ལྟ། ངེས་པར་འབྱུང་བ་ཡང་རབ་ཏུ་ཤེས་ཤིང་དེའི་ཟས་དེ་སྤངས་པ་དང་། ཡོངས་སུ་ཤེས་པ་ཡང་ཡོད་དོ། །དེ་ལ་གང་ཟག་དང་པོ་ནི་སྐྱེས་བུ་ཐ་མ་ ཡིན་ནོ། །གཉིས་པ་ནི་སྐྱེས་བུ་འབྲིང་ཡིན་ནོ། །གསུམ་པ་ནི་སྐྱེས་བུ་མཆོག་ཡིན་ནོ།། །།བམ་པོ་བཅོ་བརྒྱད་པ། སྦྱིན་པར་བྱ་བའི་དངོས་པོ་ལས་བརྩམས་ནས་གང་ཟག་གསུམ་སྟེ། གང་ཟག་གང་དྲི་ཕུན་སུམ་ཚོགས་པ་སྦྱིན་ལ། རོ་ཕུན་སུམ་ཚོགས་པ་མི་སྦྱིན། རེག་པ་ཕུན་སུམ་ ཚོགས་པ་མི་སྦྱིན་པ་ཡང་ཡོད་དོ། །གང་དྲི་ཕུན་སུམ་ཚོགས་པ་དང་རོ་ཕུན་སུམ་ཚོགས་པ་སྦྱིན་ལ་རེག་པ་ཕུན་སུམ་ཚོགས་པ་མི་སྦྱིན་པ་ཡང་ཡོད་དོ། །གང་དྲི་དང་རོ་དང་རེག་པ་ཕུན་སུམ་ཚོགས་པ་སྦྱིན་པ་ཡང་ཡོད་དོ། །དེ་ལ་དང་པོ་ནི་སྐྱེས་བུ་ཐ་མ་ཡིན་ནོ། །གཉིས་པ་ནི་སྐྱེས་བུ་འབྲིང་ཡིན་ ནོ། །གསུམ་པ་ནི་སྐྱེས་བུ་མཆོག་ཡིན་པར་བལྟ་བར་བྱའོ། །སྦྱིན་པའི་ཞིང་ལས་བརྩམས་ནས་གང་ཟག་གསུམ་སྟེ། གང་ཟག་གང་སྡུག་པའམ། ཕན་འདོགས་པ་ལ་སྦྱིན་པར་བྱེད་པ་ཡང་ཡོད་དོ། །གང་སྡུག་བསྔལ་བ་ལ་སྦྱིན་པར་བྱེད་པ་ཡང་ཡོད་དོ། །གང་ཡོན་ཏན་དང་ལྡན་པ་ ཁྱད་པར་དུ་འཕགས་པ་ལ་སྦྱིན་པར་བྱེད་པ་ཡང་ཡོད་དོ། །དེ་ལ་དང་པོ་ནི་ཐ་མ་ཡིན་ནོ། །གཉིས་པ་ནི་འབྲིང་ཡིན་ནོ། །གསུམ་པ་ནི་མཆོག་ཡིན་པར་རིག་པར་བྱའོ། །རྣམ་གྲངས་གཞན་ཡང་གང་སྡུག་པ་ལ་སྦྱིན་པར་བྱེད་པ་དེ་ནི་ཐ་མ་ཡིན་ནོ། །གང་ཕན་འདོགས་པ་ལ་སྦྱིན་པར་བྱེད་པ་ 130-1-164a དེ་ནི་འབྲིང་ཡིན་ནོ། །གང་སྡུག་བསྔལ་བ་དང་། ཡོན་ཏན་དང་ལྡན་པ་ལ་སྦྱིན་པར་བྱེད་པ་དེ་ནི་མཆོག་ཡིན་ནོ། །སྦྱིན་པའི་ལྷག་པའི་བསམ་པ་ལས་བརྩམས་ནས་གང་ཟག་གསུམ་སྟེ། སྦྱིན་པའི་སྔ་རོལ་ནས་ཡིད་དགའ་ལ། སྦྱིན་པའི་ཚེ་སེམས་མི་དགའ་ཞིང་། བྱིན་ནས་འགྱོད་པར་གྱུར་པ་དང་། སྦྱིན་པའི་སྔ་རོལ་ནས་ཡིད་དགའ་ཞིང་། སྦྱིན་པའི་ཚེ་ཡང་སེམས་དགའ་ལ། བྱིན་ནས་འགྱོད་པར་གྱུར་པ་དང་། སྦྱིན་པའི་སྔ་རོལ་ནས་ཀྱང་ཡིད་དགའ་ཞིང་། སྦྱིན་པའི་ཚེ་ཡང་སེམས་དགའ་ལ། བྱིན་ནས་ཀྱང་འགྱོད་པར་མི་འགྱུར་བའོ། ། དེ་ལ་དང་པོ་ནི་སྐྱེས་བུ་ཐ་མ་ཡིན་ནོ། །གཉིས་པ་ནི་སྐྱེས་བུ་འབྲིང་ཡིན་ནོ། །གསུམ་པ་ནི་སྐྱེས་བུ་མཆོག་ཡིན་ནོ། །ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཡང་དག་པར་བླངས་པ་ལས་གང་ཟག་གསུམ་རྣམ་པར་གཞག་སྟེ། གང་ཕྱོགས་གཅིག་སྤངས་ལ། དུས་ཐམས་ཅད་དུ་ སྤངས་པ་ཡང་མ་ཡིན། བདག་ཉིད་ཀྱིས་སྤངས་ལ། གཞན་དག་ཡང་དག་པར་འཛིན་དུ་འཇུག་པ་ཡང་མ་ཡིན། བསྔགས་པ་ཡང་མི་བརྗོད། ཆོས་མཐུན་པ་པ་མཐོང་ན་ཡིད་བདེ་བར་ཡང་མི་འགྱུར་བ་དེ་ནི་སྐྱེས་བུ་ཐ་མ་ཡིན་ནོ། །གང་ཐམས་ཅད་སྤངས་ཤིང་དུས་ཐམས་ཅད་དུ་སྤངས་པ་ཡང་ཡིན་ ལ། དེ་ཡང་བདག་ཉིད་ཡིན་གྱི། གཞན་དག་ཡང་དག་པར་འཛིན་དུ་མི་འཇུག་ལ། བསྔགས་པ་རྗོད་པར་ཡང་མི་བྱེད། ཆོས་མཐུན་པ་པ་མཐོང་ན་ཡང་ཡིད་མི་དགའ་བར་མི་འགྱུར་བ་དེ་ནི་སྐྱེས་བུ་འབྲིང་ཡིན་ནོ། །གང་ཐམས་ཅད་ལ་སྣང་བ་དེ་ནི་སྐྱེས་བུ་མཆོག་ཡིན་ནོ། །ཚུལ་ཁྲིམས་ ཡང་དག་པར་ལེན་པའི་གཞི་ལས་ཀྱང་གང་ཟག་གསུམ་རྣམ་པར་གཞག་པར་རིག་པར་བྱ་སྟེ། ཉེས་པར་བཤད་པའི་ཆོས་འདུལ་བ་ལ་ཚུལ་ཁྲིམས་ཡང་དག་པར་ལེན་པ་དང་། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ཚུལ་ཁྲིམས་ཡང་དག་པར་ལེན་ཅིང་ཉམས་པར་བྱེད། སྐྱོན་ཅན་དུ་ བྱེད་པ་དང་། གསུམ་པ་ནི་དེ་ཉིད་ལ་ཉམས་པར་མི་བྱེད། སྐྱོན་ཅན་དུ་མི་བྱེད་པའོ། །དེ་ལ་དང་པོ་ནི་སྐྱེས་བུ་ཐ་མ་ཡིན་ནོ། །གཉིས་པ་ནི་སྐྱེས་བུ་འབྲིང་ཡིན་ནོ། །གསུམ་པ་ནི་སྐྱེས་བུ་མཆོག་ཡིན་ནོ། །ཚུལ་ཁྲིམས་ཡང་དག་པར་ལེན་པའི་བསམ་པ་ལས་ཀྱང་གང་ཟག་གསུམ་རྣམ་པར་ 130-1-164b གཞག་སྟེ། འཚོ་བའི་བསམ་པས་ཡང་དག་པར་ལེན་པར་བྱེད་པ་དང་། མཐོ་རིས་ཀྱི་བསམ་པས་ཡང་དག་པར་ལེན་པར་བྱེད་པ་དང་། གསུམ་པ་མྱ་ངན་ལས་འདས་པའི་བསམ་པས་ཡང་དག་པར་ལེན་པར་བྱེད་པའོ། །དེ་ལ་དང་པོ་ནི་སྐྱེས་བུ་ཐ་མ་ཡིན་ནོ། །གཉིས་པ་ནི་སྐྱེས་བུ་འབྲིང་ཡིན་ནོ། ། གསུམ་པ་ནི་སྐྱེས་བུ་མཆོག་ཡིན་ནོ། །གཞན་ཡང་སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་བླངས་ནས་འདུག་པའི་གང་ཟག་གསུམ་སྟེ། བསྙེན་གནས་པའི་སྡོམ་པ་ཡང་དག་པར་བླངས་ནས་འདུག་པ་ཡང་ཡོད་དོ། །དགེ་བསྙེན་གྱི་སྡོམ་པ་ཡང་དག་པར་བླངས་ནས་འདུག་པ་ཡང་ཡོད་དོ། ། དགེ་སློང་གི་སྡོམ་པ་ཡང་དག་པར་བླངས་ནས་འདུག་པ་ཡང་ཡོད་དེ། དེ་ལ་དང་པོ་ནི་ཐ་མ་ཡིན་ནོ། །གཉིས་པ་ནི་འབྲིང་ཡིན་ནོ། །གསུམ་པ་ནི་མཆོག་ཡིན་ནོ། །དགེ་སློང་གི་སྡོམ་པ་ཡང་དག་པར་བླངས་པ་ཉིད་ལས་ཀྱང་གང་ཟག་གཞན་གསུམ་སྟེ། གང་བསྙེན་པར་རྫོགས་པའི་ཡན་ལག་དང་ལྡན་ལ་ དེ་དང་མཐུན་པའི་ཆོས་བསླབ་པའི་གཞི་ཡང་དག་པར་བླངས་པའི་ཡན་ལག་དང་ཡང་མི་ལྡན། གཞན་གྱི་སེམས་རྗེས་སུ་བསྲུང་བའི་ཡན་ལག་དང་ཡང་མི་ལྡན། བསླབ་པའི་གཞི་ཇི་ལྟར་ཡང་དག་པར་བླངས་པ་བཞིན་རྗེས་སུ་བསྲུང་བའི་ཡན་ལག་དང་མི་ལྡན་པ་ཡང་ཡོད་དོ། །གང་ཡན་ ལག་དང་པོ་གསུམ་དང་ལྡན་ལ། ཐ་མ་དང་མི་ལྡན་པ་ཡང་ཡོད་དོ། །གང་ཡན་ལག་བཞི་པོ་ཐམས་ཅད་དང་ལྡན་པ་ཡང་ཡོད་དོ། །དེ་ལ་ཡང་དང་པོ་ནི་ཐ་མ་ཡིན་ནོ། །གཉིས་པ་ནི་འབྲིང་ཡིན་ནོ། །གསུམ་པ་ནི་མཆོག་ཡིན་ནོ། །གཞན་ཡང་གང་ཟག་གསུམ་སྟེ། སོ་སོ་ཐར་པའི་ སྡོམ་པ་དང་ལྡན་པ་ཡང་ཡོད་དོ། །སོ་སོར་ཐར་པའི་སྡོམ་པ་དང་། བསམ་གཏན་གྱི་སྡོམ་པ་དང་ལྡན་པ་ཡང་ཡོད་དོ། །སོ་སོར་ཐར་པ་དང་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་དག་དང་ལྡན་པ་ཡང་ཡོད་དོ། །དེ་ལ་དང་པོ་ནི་ཐ་མ་ཡིན་ནོ། །གཉིས་པ་ནི་འབྲིང་ཡིན་ནོ། །གསུམ་པ་ནི་ མཆོག་ཡིན་ནོ། །གཞན་ཡང་གང་ཟག་གསུམ་སྟེ། སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པས་བསྡུས་པའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་དང་ལྡན་པ་ཡང་ཡོད་དོ། །ཉན་ཐོས་དང་ལྡན་པའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་དང་ལྡན་པ་ཡང་ཡོད་དོ། ། 130-1-165a བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་དང་ལྡན་པ་ཡང་ཡོད་དོ། །དེ་ལ་ཡང་དང་པོ་ནི་ཐ་མ་ཡིན་ནོ། །གཉིས་པ་ནི་འབྲིང་ཡིན་ནོ། །གསུམ་པ་ནི་མཆོག་ཡིན་ནོ། །བསྒོམ་པའི་དབང་དུ་བྱས་ནས་འདི་ལྟ་སྟེ། ཡིད་ལ་བྱེད་པའི་ སྦྱོར་བ་ལས་གང་ཟག་གསུམ་རྣམ་པར་གཞག་སྟེ། གང་ཟག་གང་ནན་གྱིས་འཇུག་པའི་ཡིད་ལ་བྱེད་པ་ཐོབ་པ་ཡང་ཡོད་དོ། །གང་བར་ཆད་པ་དང་བཅས་པར་འཇུག་པའམ་གང་བར་མི་ཆད་པར་འཇུག་པ་ཡང་རུང་སྟེ། རྩོལ་བ་དང་བཅས་པས་འཇུག་པའི་ཡིད་ལ་བྱེད་པ་ཐོབ་པ་ཡང་ཡོད་དོ། ། རང་གི་ངང་གིས་འཇུག་པའི་ཡིད་ལ་བྱེད་པ་ཐོབ་པ་ཡང་ཡོད་དོ། །དེ་ལ་ཡང་དང་པོ་ནི་ཐ་མ་ཡིན་ནོ། །གཉིས་པ་ནི་འབྲིང་ཡིན་ནོ། །གསུམ་པ་ནི་མཆོག་ཡིན་ནོ། །གཞན་ཡང་བསྒོམ་པ་ཐོབ་པ་ལས་གང་ཟག་གསུམ་སྟེ། གང་ཟག་གང་ནང་གི་སེམས་ཀྱི་ཞི་གནས་ཐོབ་ལ། ཆོས་ལ་རྣམ་ པར་ལྟ་བའི་ལྷག་པའི་ཤེས་རབ་མ་ཐོབ་པ་ཡང་ཡོད་དོ། །གང་ཆོས་ལ་རྣམ་པར་ལྟ་བའི་ལྷག་པའི་ཤེས་རབ་ཐོབ་ལ་ནང་གི་སེམས་ཀྱི་ཞི་གནས་མ་ཐོབ་པ་ཡང་ཡོད་དོ། །གང་གཉི་ག་ཐོབ་པ་ཡང་ཡོད་དོ། །དེ་ལ་ཡང་དང་པོ་ནི་ཐ་མ་ཡིན་ནོ། །གཉིས་པ་ནི་འབྲིང་ཡིན་ནོ། །གསུམ་པ་ནི་ མཆོག་ཡིན་ནོ། །གཞན་ཡང་གང་ཟག་གསུམ་སྟེ་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཐོབ་པ་ཡང་ཡོད་དོ། །རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཐོབ་པ་ཡང་ཡོད་དོ། །རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པའི་ཏིང་ངེ་འཛིན་ཐོབ་པ་ཡང་ཡོད་དོ། །དེ་ལ་ཡང་དང་ པོ་ནི་ཐ་མ་ཡིན་ནོ། །གཉིས་པ་ནི་འབྲིང་ཡིན་ནོ། །གསུམ་པ་ནི་མཆོག་ཡིན་ནོ། །བསྒོམ་པ་ཁོ་ནའི་དབང་དུ་བྱས་ནས་གནས་པ་ལས་གང་ཟག་རྣམ་པར་གཞག་པ་གསུམ་སྟེ། གང་ཟག་གང་ཉོན་མོངས་པ་ཅན་གྱི་བསམ་གཏན་གྱིས་གནས་པ་ཡང་ཡོད་དོ། །དག་པའི་འཇིག་རྟེན་པའི་ བསམ་གཏན་གྱིས་གནས་པ་ཡང་ཡོད་དོ། །ཟག་པ་མེད་པའི་བསམ་གཏན་གྱིས་གནས་པ་ཡང་ཡོད་དོ། །དེ་ལ་ཡང་དང་པོ་ནི་སྐྱེས་བུ་ཐ་མ་ཡིན་ནོ། །གཉིས་པ་ནི་སྐྱེས་བུ་འབྲིང་ཡིན་ནོ། །གསུམ་པ་ནི་སྐྱེས་བུ་མཆོག་ཡིན་ནོ། །སེམས་ཅན་གྱི་རིས་བཅུ་ནི་དུད་འགྲོ་དང་། བུད་མེད་དང་། 130-1-165b འདོད་པ་ལ་ལོངས་སྤྱོད་པ་རྣམས་དང་། བྱ་བ་དོན་དུ་གཉེར་བ་རྣམས་དང་། རབ་ཏུ་བྱུང་བ་རྣམས་དང་། ཐོས་པས་འཚོ་བ་རྣམས་དང་། རྟོགས་པར་བྱེད་པ་རྣམས་དང་། རྟོག་གེ་བ་རྣམས་དང་། དཀའ་ཐུབ་དྲག་པོ་པ་རྣམས་དང་། ལུས་གཏོང་བར་བྱེད་པ་རྣམས་ཏེ། དེ་དག་གི་འདོད་པ་དང་སྡུག་ པ་དང་ཡིད་དུ་འོང་བའི་ཆོས་ནི་ཚེ་དང་ཁ་དོག་དང་ལོངས་སྤྱོད་དང་། མཛའ་བཤེས་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། ཚངས་པར་སྤྱོད་པ་དང་། ཤེས་རབ་དང་། ཆོས་དང་། མཐོ་རིས་ཏེ་བཅུ་པོ་དེ་དག་གོ། །དམ་པའི་ཆོས་ཉན་པའི་ཉེ་བའི་ཉོན་མོངས་པའི་སྐྱོན་ནི་དྲུག་པོ་འདི་དག་ཡིན་ཏེ། ང་ རྒྱལ་གྱི་སྐྱོན་དང་། འདུན་པ་མེད་པའི་སྐྱོན་དང་། མ་དད་པའི་སྐྱོན་དང་། ལུས་དང་སེམས་ལ་གནོད་པའི་སྐྱོན་དང་། རྣམ་པར་གཡེང་བའི་སྐྱོན་དང་། རྣམ་པར་འཕྲུལ་པའི་སྐྱོན་ནོ། །དེ་དག་གིས་ནི་གུས་པར་བྱས་ཤིང་ཆོས་ཉན་པར་མི་བྱེད། བླ་མར་བྱས་ཤིང་ཆོས་ཉན་པར་མི་བྱེད་དེ། རྒྱས་པར་ མདོ་ལས་ཇི་སྐད་གསུངས་པ་བཞིན་ནོ། །དེ་ལ་ཉེ་བའི་ཉོན་མོངས་པ་རྣམ་པར་གཡེང་བའི་སྐྱོན་རྣམ་པ་གཉིས་ཏེ། སྨྲ་བའི་ཚེ་ན་རྣམ་པར་གཡེང་བ་དང་། སྨྲས་ནས་རྣམ་པར་གཡེང་བའོ། །རྣམ་པར་འཕྲུལ་པའི་སྐྱོན་ནི་ཕྱིན་ཅི་ལོག་གང་ཡིན་པའོ། །ལས་ཀྱི་ཀུན་ནས་ཉོན་མོངས་པ་ཀུན་ནས་སློང་ བ་ནི་རྣམ་པ་གསུམ་སྟེ། མཚུངས་པར་ལྡན་པས་ཀུན་ནས་སློང་བ་དང་། སྐྱེད་པས་ཀུན་ནས་སློང་བ་དང་། བདག་པོས་ཀུན་ནས་སློང་བ་སྟེ། ཉོན་མོངས་པ་གཞན་དྲངས་ནས་ཀུན་ནས་སློང་བར་བྱེད་པ་ཉིད་ཀྱི་ཕྱིར་རོ། །མི་འདོད་པ་ནི་དྲུག་པོ་འདི་དག་ཡིན་ཏེ། དགྲ་དང་། ནད་དང་། ཡུལ་ མི་དགའ་བ་དང་། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་དང་། སྨན་ཚ་བ་དང་། གོམས་པར་མ་བྱས་པའི་དགེ་བའོ། །དེ་དག་ལས་བཞི་ནི་ཡོངས་སུ་སྤང་བར་བྱ་བ་ཡིན་ནོ། །གཉིས་ནི་བསྟེན་པར་བྱ་བ་ཡིན་ནོ། །འདོད་པའི་ལོངས་སྤྱོད་ནི་རྣམ་པ་ལྔ་སྟེ། སོ་སོར་མྱོང་བར་བྱ་བའི་ལོངས་སྤྱོད་ དང་། ཡོངས་སུ་སྲེལ་ན་དགའ་བའི་ལོངས་སྤྱོད་དང་། རྣམ་པར་རྟོག་པའི་ལོངས་སྤྱོད་དང་། གཞན་ལས་ཐོབ་པའི་ལོངས་སྤྱོད་དང་། ལེགས་པར་མ་ཟིན་པའི་ལོངས་སྤྱོད་དོ། །འདོད་པའི་སྐྱོན་ནི་རྣམ་པ་བརྒྱད་དོ། །རོ་མྱོང་བ་ཆུང་བ་དང་། སྡུག་བསྔལ་མང་བ་དང་། ཉེས་དམིགས་ 130-1-166a མང་བ་དང་། གཞན་གྱི་གནོད་པ་བྱས་པ་ལས་གྱུར་པའི་སྡུག་བསྔལ་གྱི་རྒྱུ་ཡིན་པ་དང་། ཀུན་ནས་ཉོན་མོངས་པ་ཅན་གྱིས་ལོངས་སྤྱོད་པའི་རྒྱུ་ཡིན་པ་དང་། ངན་སོང་བའི་སྡུག་བསྔལ་གྱི་རྒྱུ་ཡིན་པ་དང་། རྣམ་པར་རྟོག་པ་དང་ཀུན་དུ་འཁྲུག་པའི་སྡུག་བསྔལ་གྱི་རྒྱུ་ ཡིན་པ་དང་། ལོངས་སྤྱོད་ཡོངས་སུ་ཟད་པའི་རྒྱུ་ཡིན་པ་དང་། གནས་སུ་གཞག་པ་ཡོངས་སུ་ཟད་པའི་རྒྱུ་ཡིན་པ་དང་། དགེ་བའི་བར་དུ་གཅོད་པའི་རྒྱུ་ཡིན་པའོ། །འདོད་པའི་གཞི་ལས་འགྱུར་བ་རྣམ་པ་དྲུག་སྟེ། གཞན་གྱི་གནོད་པས་འགྱུར་བ་དང་། ཁམས་མ་སྙོམས་པར་འགྱུར་བ་ དང་། སེམས་ཅན་སྡུག་པ་འགྱུར་བ་དང་། ལུས་འགྱུར་བ་དང་། སེམས་འགྱུར་བ་དང་། མི་རྟག་པ་ཉིད་ཀྱིས་འགྱུར་བའོ། །འདོད་པ་རྣམས་ལ་ཆོས་མཐུན་པ་རྣམ་པ་ལྔས་ནགས་ཚལ་གྱི་མིང་དུ་རིག་པར་བྱ་སྟེ། མང་བ་ཉིད་དུ་ཆོས་མཐུན་པ་དང་། སྣ་ཚོགས་ཉིད་དུ་ཆོས་མཐུན་པ་དང་། སེམས་ཅན་ཉེ་བར་འཚོ་བ་ཉིད་དུ་ཆོས་མཐུན་པ་དང་། གནས་ཉིད་དུ་ཆོས་མཐུན་པ་དང་། འཕེལ་འགྲིབ་ཅན་ཉིད་དུ་ཆོས་མཐུན་པས་སོ། །རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་ལ་སོགས་པའི་ས་གསུམ་གྱི་རྣམ་པར་གཏན་ལ་དབབ་པ་རྫོགས་ཏེ། དེ་ལ་ཡང་ལ་ལར་རྣམ་པར་གཏན་ལ་དབབ་པའི་ གཞུང་ནི་མི་སྣང་ངོ་།། །།མཉམ་པར་གཞག་པའི་སའི་དབང་དུ་བྱས་ནས་རྣམ་པར་གཏན་ལ་དབབ་པ་ནི། གང་ཟག་གང་དག་གི་སེམས་ཀྱི་རྒྱུད་ཉེ་བའི་ཉོན་མོངས་པའི་རྣམ་པ་དུ་མས་ཉེ་བར་ཉོན་མོངས་པར་གྱུར་པ་དེ་དག་ནི་ལེགས་པ་ཁོ་ནར་སེམས་རྩེ་གཅིག་པ་ཉིད་ལ་རེག་པར་འགྱུར་བའི་སྐལ་ བ་མེད་པ་ཡིན་ནོ། །ཉེ་བའི་ཉོན་མོངས་པ་རྣམ་པ་དུ་མ་དག་གང་ཞེ་ན། གཡོ་དང་ལྡན་པ་དང་། སྒྱུ་དང་ལྡན་པ་དང་། གྱ་གྱུ་དང་ལྡན་པ་དང་། གཅོམ་སྒྱུ་དང་ལྡན་པ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། མ་དད་པ་དང་། ལེ་ལོ་ཅན་དང་། བརྗེད་ངས་པ་དང་། མཉམ་པར་མ་བཞག་པ་དང་། ཤེས་རབ་འཆལ་པ་དང་། ལྷོད་པ་དང་། མང་པོ་པ་དང་། བླང་བར་བྱ་ལ་ཐོག་མར་འགྲོ་བ་དང་། རབ་ཏུ་དབེན་པ་ལ་བརྩོན་པ་བཏང་བ་དང་། བསླབ་པ་དག་ལ་ཤས་ཆེར་གུས་པ་མེད་པ་དང་། དགེ་སྦྱོང་གི་ཚུལ་ལ་མི་ལྟ་བ་དང་། འཚོ་བའི་བསམ་པས་རབ་ཏུ་བྱུང་ལ་མྱ་ངན་ལས་འདའ་བའི་ 130-1-166b བསམ་པས་མ་ཡིན་པ་དག་གོ། །དེ་ལ་ཇི་ལྟར་ན་གཡོ་དང་ལྡན་པ་ཡིན་ཞེ་ན། བདག་ཉིད་སྐྱོན་དང་ལྡན་ཡང་སྟོན་པའི་སྤྱན་སྔའམ། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱི་དྲུང་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྗོད་པར་མི་བྱེད་པ་ཡིན་ནོ། །ཇི་ལྟར་ན་སྒྱུ་དང་ལྡན་པ་ཡིན་ཞེ་ན། དེ་ ཅི་ནས་ཀྱང་བདག་ཉིད་ཡོན་ཏན་དང་མི་ལྡན་ཡང་ཡོན་ཏན་དང་ལྡན་པར་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཡིད་ཆེས་པ་དང་། ངེས་པར་རྟོགས་པར་བྱ་བའི་ཕྱིར། བདག་ཉིད་ཀྱི་ཡོན་ཏན་ཡང་དག་པ་མ་ཡིན་པ་དག་ཉེ་བར་སྟོན་པར་བྱེད་པ་ཡིན་ནོ། །ཇི་ལྟར་ན་གྱ་གྱུ་དང་ལྡན་པ་ ཡིན་ཞེ་ན། ལྷག་པའི་ཚུལ་ཁྲིམས་ལས་ཚུལ་ཁྲིམས་ཉམས་པའམ། སྤྱོད་པ་ལས་སྤྱོད་པ་ཉམས་པ་ལ་མཐོང་བ་དང་ཐོས་པ་དང་། དོགས་པས་གླེངས་པ་ན། གཏམ་རླུང་སྐུར་བར་བྱེད་ཅིང་གཏམ་གཞན་དུ་སྒྱུར་བར་བྱེད་པ་སྟེ། རྒྱས་པར་འདི་ལྟ་སྟེ། མདོ་ལས་སྒྱུ་དང་གཡོ་ ཉིད་ཀྱི་དབང་དུ་མཛད་ནས་ཇི་སྐད་གསུངས་པ་ལྟ་བུའོ། །ཇི་ལྟར་ན་གཅོམ་སྒྱུ་དང་ལྡན་པ་ཡིན་ཞེ་ན། འཇིགས་པའམ། ངོ་བྱ་བའམ། ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་གཞན་དག་གི་ཉེས་པ་ཆེན་པོ་རྗོད་པར་མི་བྱེད་གླེང་བར་མི་བྱེད་ཅིང་། བསམ་པ་ཐག་པ་ནས་ནི་མ་ཡིན་པ་དང་། ཚངས་ པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ལ་བཅོས་མའི་རྗེས་དང་གུས་པ་དང་། ལུས་དང་ངག་གི་ལས་འཇམ་པོས་ཀུན་དུ་སྤྱོད་པ་ཡིན་ནོ། །ཇི་ལྟར་ན་ངོ་ཚ་མེད་པ་དང་། ཁྲེལ་མེད་པ་ཡིན་ཞེ་ན། བདག་ཉིད་དམ་གཞན་དག་ལ་བརྟེན་ཏེ། ངོ་ཚ་མེད་པས་བསམས་བཞིན་དུ་ཉེས་པ་ བྱེད་པ་དང་། ཉེས་པ་བྱུང་ན་ཡང་ཆོས་བཞིན་དུ་ཕྱིར་མི་བྱེད་པ་དང་། འཐབ་ཀྲོལ་བྱེད་པ་དང་། མཚང་འདྲུ་བར་བྱེད་པ་དང་། རྩོད་པར་བྱེད་པ་དང་། འགྱེད་པར་བྱེད་པ་ཡིན་ནོ། །ཇི་ལྟར་ན་མ་དད་པ་ཡིན་ཞེ་ན། སངས་རྒྱས་དང་ཆོས་དང་། དགེ་འདུན་དག་ལ་དད་པའི་སེམས་མེད་ པ་དང་། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་དག་ལ་ཡང་ཡིད་མི་ཆེས་པར་གྱུར་པ་ཡིན་ནོ། །ཇི་ལྟར་ན་ལེ་ལོ་ཅན་ཡིན་ཞེ་ན། དགེ་བའི་ཕྱོགས་སྤངས་ཏེ། གཉིད་ཀྱི་བདེ་བ་དང་། གློས་འབེབས་པའི་བདེ་བ་དང་། ཉལ་བའི་བདེ་བ་ཉམས་སུ་ལེན་ 130-1-167a པས་ཉིན་མཚན་ཤས་ཆེར་ཡོལ་བར་བྱེད་པ་ཡིན་ནོ། །ཇི་ལྟར་ན་བརྗེད་ངས་པ་ཡིན་ཞེ་ན། བྱས་ནས་ཡུན་རིང་དུ་ལོན་པ་དང་། སྨྲས་ནས་ཡུན་རིང་དུ་ལོན་པ་ཡང་རྗེས་སུ་མི་དྲན་ལ། རྗེས་སུ་དྲན་པར་བྱེད་ཀྱང་མི་ནུས་པ་དང་། དབང་པོ་རྣམས་ཀྱི་སྒོ་མ་བསྡོམས་པ་དང་། ཤེས་བཞིན་དུ་མི་གནས་པ་ཡིན་ནོ། །ཇི་ལྟར་ན་མཉམ་པར་མ་བཞག་པ་ཡིན་ཞེ་ན། ཐ་ན་མཉམ་པར་བཞག་པའི་ས་པའི་ཡིད་ལ་བྱེད་པ་ཙམ་ཡང་མ་ཐོབ་པ་ཡིན་ནོ། །ཇི་ལྟར་ན་ཤེས་རབ་འཆལ་པ་ཡིན་ཞེ་ན། རང་གི་ལྟ་བ་མཆོག་ཏུ་འཛིན་ཅིང་གནས་པ་དང་། མི་མཐུན་པར་འཛིན་པ་ དང་། སྨྲ་བ་འདོར་དཀའ་བ་ཡིན་ནོ། །ཇི་ལྟར་ན་ལྷོད་པ་ཡིན་ཞེ་ན། མི་མཁས་པ་དང་། མི་གྲིམས་པ་དང་། སྒྲུབ་མི་མོད་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ལ་ལུས་ཀྱི་ཞལ་ཏ་མི་བྱེད་པ་ཡིན་ནོ། །ཇི་ལྟར་ན་མང་པོ་ཡོད་པ་ཡིན་ཞེ་ན། ཇི་ལྟར་གནས་ པ་དང་། རབ་ཏུ་བྱུང་བ་རྣམས་དང་འདྲེས་པར་གནས་པ་དང་། འདོད་པའི་རྣམ་པར་རྟོག་པ་ལ་སོགས་པ་དང་། སྡིག་པ་མི་དགེ་བའི་རྣམ་པར་རྟོག་པ་དག་ནས། ཁྱིམ་གྱི་འབྱོར་པ་དང་ལྡན་པའི་རྣམ་པར་རྟོག་པའི་བར་དག་ལ་ལན་མང་དུ་རྗེས་སུ་རྟོག་ཅིང་རྗེས་སུ་དཔྱད་པར་བྱེད་པ་ཡིན་ནོ། ། ཇི་ལྟར་ན་བླང་བར་བྱ་བ་ལ་ཐོག་མར་འགྲོ་བ་ཡིན་ཞེ་ན། དགེ་འདུན་གྱིའམ་གང་ཟག་གི་རྙེད་པ་བླང་བ་འདི་ལྟ་སྟེ། ཆོས་གོས་ལ་སོགས་པ་དང་། དགེ་འདུན་ནམ་གང་ཟག་མགྲོན་དུ་འབོད་པ་ནི་བླང་བར་བྱ་ཞེས་བྱ་སྟེ། དེར་དགེ་སློང་རྣམས་ཀྱི་ཐོག་མར་འགྲོ་བ་ཡིན་ནོ། །ཇི་ལྟར་ན་རབ་ ཏུ་དབེན་པ་ལ་བརྩོན་པ་བཏང་བ་ཡིན་ཞེ་ན། བས་མཐའི་གནས་མལ་དབེན་པ། སྐྱེ་བོ་སྡིག་པ་ཅན་མེད་པ། མི་རྣམས་ཀྱིས་གསང་སྟེ་བསྟེན་པ་ནང་དུ་ཡང་དག་འཇོག་དང་རྗེས་སུ་མཐུན་པ་གང་དག་ཡིན་པ་དེ་དག་ཐག་རིང་དུ་སྤོང་བར་བྱེད་ཅིང་དེ་ལ་འདུན་པ་ཙམ་ཡང་སྐྱེད་པར་མི་བྱེད་པ་ཡིན་ནོ། ། ཇི་ལྟར་ན་བསླབ་པ་དག་ལ་གུས་པ་ཤས་ཆེན་པོ་མེད་པ་ཡིན་ཞེ་ན། ཕོངས་པར་གྱུར་པའི་ཚེ་བསླབ་པ་རྣམས་ཡོངས་སུ་གཏོང་བར་བྱེད་ལ། ལུས་དང་སྲོག་ཡོངས་སུ་གཏོང་བར་ནི་མི་བྱེད་ཅིང་། ལུས་ཀྱི་བདེ་བ་དང་སྲོག་ཆེད་ཆེ་བ་དོན་དུ་གཉེར་ལ། བསླབ་པའི་གཞི་རྣམས་རྗེས་སུ་ 130-1-167b བསྲུང་བ་ནི་དོན་དུ་གཉེར་བར་མི་བྱེད་པ་ཡིན་ནོ། །ཇི་ལྟར་ན་དགེ་སྦྱོང་གི་ཚུལ་ལ་མི་ལྟ་བ་ཡིན་ཞེ་ན། བསླབ་པ་རྣམས་ཕུལ་ནས་ཉམས་པར་བྱ་བའི་ཕྱིར་འདུག་པར་འདོད་ཅིང་། ཚུལ་ཁྲིམས་འཆལ་པ་དང་། སྡིག་པའི་ཆོས་ཅན་དང་། ནང་རུལ་པ་ནས་རྒྱས་པར་ཚངས་པར་སྤྱོད་པ་མ་ཡིན་ པར་ཚངས་པར་སྤྱོད་པར་ཁས་འཆེ་བའི་བར་ཡིན་ཏེ། དགེ་སྦྱོང་གི་འབྲས་བུ་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་དོན་དུ་གཉེར་བར་ལྟ་ག་ལ་འགྱུར་བ་ཡིན་ནོ། །ཇི་ལྟར་ན་འཚོ་བའི་བསམ་པས་རབ་ཏུ་བྱུང་ལ། མྱ་ངན་ལས་འདའ་བའི་བསམ་པས་མ་ཡིན་ཞེ་ན། རྒྱལ་ པོས་གཙེས་པས་རབ་ཏུ་བྱུང་བའམ། ཆོམ་རྐུན་པས་གཙེས་པའམ། བུ་ལོན་གྱིས་ཉམ་ཐག་པའམ། འཇིགས་པས་ཉམ་ཐག་པའི་ལོངས་སྤྱོད་རྣམས་ཉམས་པ་ན་འཚོ་བ་མེད་པས་འཇིགས་ཤིང་སྐྲག་པས་རབ་ཏུ་བྱུང་བ་ཡིན་གྱི། བདག་ཉིད་དུལ་བར་བྱ་བའི་ཕྱིར་མ་ཡིན། བདག་ཉིད་ཞི་བར་བྱ་བའི་ཕྱིར་མ་ཡིན། བདག་ཉིད་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་མ་ཡིན་པའོ། །དེ་ལ་ཉེ་བའི་ཉོན་མོངས་པ་དང་པོ་བཞི་ནི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་ལྷན་ཅིག་འགྲོགས་པ་རྒུད་པ་ལས་བརྩམས་ནས་རྣམ་པར་གཞག་པར་བལྟ་བར་བྱའོ། །ངོ་ཚ་ མེད་པ་དང་། ཁྲེལ་མེད་པ་ནི་ལྷག་པའི་ཚུལ་ཁྲིམས་རྒུད་པ་ལས་བརྩམས་ནས་བལྟ་བར་བྱའོ། །མ་དད་པ་ལ་སོགས་པ་ཤེས་རབ་འཆལ་པའི་མཐར་ཐུག་པའི་བར་གྱི་ཉེ་བའི་ཉོན་མོངས་པ་རྣམས་ནི་ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་རྒུད་པ་ལས་བརྩམས་ནས་བལྟ་བར་བྱ་ སྟེ། དེ་ལ་མ་དད་པ་དང་ལེ་ལོ་དང་ལྡན་པ་ནི་གཉི་ག་རྒུད་པ་ལས་བརྩམས་པ་ཡིན་ནོ། །བརྗེད་ངས་པ་དང་། རྣམ་པར་གཡེང་བ་ནི་ལྷག་པའི་སེམས་རྒུད་པ་འབའ་ཞིག་ལས་བརྩམས་པ་ཡིན་ནོ། །ཤེས་རབ་འཆལ་པ་ནི་ལྷག་པའི་ཤེས་རབ་རྒུད་པ་འབའ་ཞིག་ལས་བརྩམས་པ་ ཡིན་ནོ། །དེ་ལ་མ་དད་པ་དང་ལེ་ལོ་དང་ལྡན་པའི་དབང་དུ་བྱས་ནས། ལྷོད་པ་དང་མང་པོ་པ་དང་། བླང་བར་བྱ་བ་ལ་ཐོག་མར་འགྲོ་བ་དང་། རབ་ཏུ་དབེན་པ་ལ་བརྩོན་པ་བཏང་བ་རྣམས་བལྟ་བར་བྱའོ། །བརྗེད་ངས་པ་དང་། སེམས་རྣམ་པར་གཡེངས་པ་དང་། ཤེས་རབ་ 130-1-168a འཆལ་པའི་དབང་དུ་བྱས་ནས་བསླབ་པ་དག་ལ་ཤས་ཆེར་གུས་པ་མེད་པ་དང་། དགེ་སྦྱོང་གི་ཚུལ་ལ་མི་ལྟ་བ་དང་འཚོ་བའི་བསམ་པས་རབ་ཏུ་བྱུང་ལ་མྱ་ངན་ལས་འདའ་བའི་བསམ་པས་མ་ཡིན་པར་བལྟ་བར་བྱའོ། །གང་ཟག་གསུམ་གྱི་ཉེ་བའི་ཉོན་མོངས་པ་ནི་གནས་ གསུམ་ལས་བྱུང་བ་ཡིན་པར་རིག་པར་བྱ་སྟེ། གང་ཟག་གསུམ་གང་ཞེ་ན། ཆོས་འདི་པ་རབ་ཏུ་བྱུང་བ་དང་། འདོད་པ་ལ་ལོངས་སྤྱོད་པ་ཁྱིམ་ན་གནས་པ་དང་། འདི་ལས་ཕྱི་རོལ་པ་རབ་ཏུ་བྱུང་བའོ། །དེ་དག་གི་ཉེ་བའི་ཉོན་མོངས་པ་གནས་གསུམ་ལས་བྱུང་བ་གང་ཞེ་ན། གང་ཟག་དང་ པོའི་ཉེ་བའི་ཉོན་མོངས་པ་ནི་བག་མེད་པ་ལས་བྱུང་བ་ཡིན་ཏེ། དེ་ཡང་རྣམ་པ་གཉིས་ཏེ། ཆོས་གོས་ལ་སོགས་པ་རྙེད་པ་དང་བཀུར་སྟི་འདོད་པའི་ཕྱིར་བདག་ཉིད་ལས་བརྩམས་ནས། བདག་ཉིད་ཀྱི་ཡང་དག་པ་མ་ཡིན་པ་རྗོད་པར་བྱེད་དེ། མིའི་ཆོས་བླ་མ་སྨྲ་བར་བྱེད་པ་དང་། གཞན་ལས་ བརྩམས་ནས་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ལ་ལུས་དང་ངག་གིས་རྣམ་པར་གནོན་པར་བྱེད། རྣམ་པར་འཚེ་བར་བྱེད། ཐོ་འཚམས་པར་བྱེད། བསྟིང་བར་བྱེད་པའོ། །གང་ཟག་གཉིས་པའི་ཉེ་བའི་ཉོན་མོངས་པ་ནི་འདོད་པ་ལ་ལྷག་པར་ཞེན་པ་ལས་བྱུང་བ་ཡིན་ཏེ། འདི་ ལྟ་སྟེ། འདོད་པ་ལས་ལྷག་པར་ཞེན་པའི་རྒྱུས་འདོད་པ་ལ་ལོངས་སྤྱོད་པ་ནི་ལུས་ཀྱིས་ཀྱང་ཉེས་པར་སྤྱོད་པ་ཀུན་དུ་སྤྱོད་ལ། ངག་དང་ཡིད་ཀྱིས་ཀྱང་ཉེས་པར་སྤྱོད་པ་ཀུན་དུ་སྤྱོད་པའོ། །གང་ཟག་གསུམ་པའི་ཉེ་བའི་ཉོན་མོངས་པ་ནི་ལོག་པར་སྒྲུབ་པ་ལས་བྱུང་བ་ཡིན་པར་བལྟ་བར་བྱ་སྟེ། དེ་ཡང་མདོར་བསྡུ་ན་རྣམ་པ་གསུམ་སྟེ། རབ་ཏུ་དབེན་པ་དང་ལྡན་པ་དང་། འདུ་འཛི་དང་ལྡན་པ་དང་། བསླབ་དང་ལྡན་པའོ། །དེ་ལ་རབ་ཏུ་དབེན་པ་དང་ལྡན་པ་གང་ཞེ་ན། འདི་ལས་ཕྱི་རོལ་པ་ནི་བས་མཐའི་གནས་མལ་དབེན་པར་སོང་བ་ན། སྒྲིབ་པ་ལྔ་པོ་དག་གིས་སེམས་བསྒྲིབས་པ་དང་། ལུས་དང་སེམས་ཀྱི་སྡུག་བསྔལ་སོ་སོར་མྱོང་བས་སྡུག་བསྔལ་བར་གནས་པ་དང་། དད་པ་ལ་སོགས་པ་དབང་པོ་ལྔ་དང་བྲལ་བས་ཉོན་མོངས་པའི་གཉེན་པོ་སྤངས་པ་ཡིན་ཏེ། དེ་ལྟར་ཉོན་མོངས་པ་ཅན་དུ་གནས་པ་དང་། སྡུག་བསྔལ་བར་གནས་པ་དང་། དེ་བསལ་བའི་གཉེན་པོ་མེད་ 130-1-168b པ་གང་ཡིན་པ་དེ་ནི་དེའི་ཉེ་བའི་ཉོན་མོངས་པ་རབ་ཏུ་དབེན་པ་དང་ལྡན་པ་ཞེས་བྱའོ། །ཉེ་བའི་ཉོན་མོངས་པ་འདུ་འཛི་དང་ལྡན་པ་གང་ཞེ་ན། ཕན་ཚུན་ལྟ་བ་ལ་འདོད་པ་མི་མཐུན་པ་རྩོད་པས་རང་གི་ཕྱོགས་དང་གཞན་གྱི་ཕྱོགས་ལ་རྣམ་པར་གནས་པ་རྣམས་ཀྱི་ཁྲོ་བ་དང་། ཁོན་དུ་འཛིན་པ་ ནས། རྒྱས་པར་སྒྱུ་དང་གཡོའི་བར་གང་ཡིན་པ་དེ་ནི་དེའི་ཉེ་བའི་ཉོན་མོངས་པ་འདུ་འཛི་དང་ལྡན་པ་ཞེས་བྱའོ། །ཉེ་བའི་ཉོན་མོངས་པ་བསླབ་པ་དང་ལྡན་པ་གང་ཞེ་ན། བདག་དང་གཞན་ལས་བརྟེན་ཏེ་ཁ་ན་མ་ཐོ་བ་ཀུན་དུ་སྤྱོད་པས་ངོ་ཚ་མེད་པས་ཚུལ་ཁྲིམས་ཉམས་པ་དང་ཚུལ་ཁྲིམས་ འདྲལ་བར་བྱེད་པའི་བར་གང་ཡིན་པ་དེ་ནི་ཉེ་བའི་ཉོན་མོངས་པ་ལྷག་པའི་ཚུལ་ཁྲིམས་དང་ལྡན་པ་ཞེས་བྱའོ། །འཇིག་རྟེན་པའི་སྙོམས་པར་འཇུག་པས་དམན་པ་བས་བདག་མཐོའོ་སྙམ་པ་དང་། འདྲ་བ་བས་བདག་ཆེའོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པ་དེ་ནི་དེའི་ཉེ་བའི་ཉོན་མོངས་པ་ ལྷག་པའི་སེམས་ཀྱི་བསླབ་པ་དང་ལྡན་པ་ཞེས་བྱའོ། །དགེ་བའི་ཆོས་རྣམས་ལ་ཐོས་པ་ཉུང་བ་དང་ཡོངས་སུ་མི་སྤྱོད་པ་གང་ཡིན་པ་དེ་ནི། དེའི་ཉེ་བའི་ཉོན་མོངས་པ་ལྷག་པའི་ཤེས་རབ་ཀྱི་བསླབ་པ་དང་ལྡན་པ་ཞེས་བྱའོ། །དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ན། ཆོས་མ་ཡིན་པ་སྤྱོད་ པ་དང་། ཡང་བར་སྤྱོད་པ་ཞེས་བྱ་སྟེ། མི་དགེ་བའི་དོན་གྱིས་ནི་ཆོས་མ་ཡིན་པ་སྤྱོད་པ་ཡིན་ལ། འབྲས་བུ་མི་འདོད་པའི་དོན་གྱིས་ནི། ཡ་ང་བར་སྤྱོད་པ་ཡིན་ནོ། །རྣལ་འབྱོར་པ་ཟད་པར་གྱི་སྐྱེ་མཆེད་བཅུ་བསྒོམ་པ་ནི་བྱ་བ་ལྔ་བྱེད་པ་ཡིན་ཏེ། ལྔ་གང་ཞེ་ན། ཟད་པར་ས་ལ་སོགས་པ་ ནས་ཟད་པར་དཀར་པོའི་མཐར་ཐུག་པའི་བར་དག་གིས་ནི་སྤྲུལ་པ་དང་དངོས་པོ་བསྒྱུར་བ་འཕགས་པའི་རྫུ་འཕྲུལ་མངོན་པར་སྒྲུབ་པར་བྱེད། ཟད་པར་ནམ་མཁའ་ཡས་སྐྱེ་མཆེད་ཀྱིས་ནི་འོང་བ་དང་འགྲོ་བ་འཕགས་པའི་རྫུ་འཕྲུལ་མངོན་པར་སྒྲུབ་པར་བྱེད་དོ། །ཟད་པར་རྣམ་ཤེས་མཐའ་ ཡས་སྐྱེ་མཆེད་ཀྱིས་ནི་ཉོན་མོངས་པ་མེད་པ་དང་། སྨོན་ནས་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ལ་སོགས་པའི་ཡོན་ཏན་མངོན་པར་སྒྲུབ་པར་བྱེད་དོ། །ཟད་པར་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་གྲུབ་ན། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་དང་། འདུ་ཤེས་མེད་འདུ་ཤེས་ 130-1-169a མེད་མིན་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་འགྲུབ་པར་འགྱུར་རོ། །དེ་གྲུབ་པའི་རྒྱུས་གནས་པ་མཆོག་གིས་བསྡུས་པ་འདུ་ཤེས་དང་། ཚོར་བ་འགོག་པའི་རྣམ་པར་ཐར་པ་ལ་སྙོམས་པར་འཇུག་པར་འགྱུར་རོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ནི་ཁྱབ་པའི་ རྣམ་པ་མཐའ་ཡས་པ་དང་། ཚད་མེད་པ་མངོན་པར་འགྲུབ་པར་འགྱུར་བས་དེའི་ཕྱིར་གོང་དུ་ཟད་པར་རྣམ་པར་གཞག་པ་མེད་དོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་དང་། ཟད་པར་གྱི་སྐྱེ་མཆེད་རྣམས་ནི། རྣམ་པར་ཐར་པ་རྣམས་ཀྱི་རྣམ་པར་དག་པའི་ལམ་ཡིན་ནོ། །རྣམ་པར་ཐར་པ་ རྣམས་ནི་ཤེས་བྱའི་སྒྲིབ་པ་ལས་རྣམ་པར་ཐར་པས་རབ་ཏུ་ཕྱེ་བ་ཡིན་ཏེ། ཤེས་བྱའི་སྒྲིབ་པ་ཅི་ཙམ་ལས་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་སེམས་རྣམ་པར་གྲོལ་བར་འགྱུར་བ་ཡིན་ནོ། །སྙོམས་པར་འཇུག་པར་བྱེད་པ་ནི་མདོར་བསྡུ་ན་རྒྱུ་གསུམ་གྱིས་སྙོམས་པར་འཇུག་པའི་རོ་མྱོང་ བར་བྱེད་དེ། སྙོམས་པར་འཇུག་པ་ཐོབ་པ་ལས་ལངས་པ་ནི་གཙང་བ་དང་། འདོད་པ་དང་། སྡུག་པ་དང་། དགའ་བ་དང་ཡིད་དུ་འོང་བ་ལས་ཡང་དག་པར་རྗེས་སུ་དྲན་པས་རོ་མྱོང་བར་བྱེད་དོ། །མ་ཐོབ་པའམ། ཐོབ་པ་མ་འོངས་པ་ལ་ནི་རོ་མྱོང་བ་ཉིད་ཀྱི་དབང་དུ་བྱས་ནས་དོན་དུ་གཉེར་ བ་ནི་མངོན་པར་དགའ་བས་རོ་མྱོང་བར་བྱེད་དོ། །ཐོབ་པ་ནི་གཙང་བ་དང་འདོད་པ་དང་སྡུག་པ་དང་དགའ་བ་དང་། ཡིད་དུ་འོང་བ་རྒྱ་ཆེར་ཀུན་དུ་སྤྱོད་པ་ལས་རོ་མྱོང་བར་བྱེད་དོ། །དེ་ལྟར་ན་གང་ལས་ལངས་པ་དེའི་རོ་མྱོང་བར་བྱེད་པ་དང་། གང་ལ་སྙོམས་པར་ཞུགས་པ་དེ་ལ་རོ་མྱོང་བར་བྱེད་ པ་ཡིན་ཏེ། རོ་མྱོང་བ་ཞེས་བྱ་བ་ནི་དེ་ལ་ཀུན་དུ་ཆགས་ཤིང་ལྷག་པར་ཞེན་པ་གང་ཡིན་པའོ། །ས་འོག་མ་པའི་ཆོས་རྣམས་ནི་གོང་མར་སྐྱེས་པ་ལ་ཀུན་དུ་མི་འབྱུང་བར་རིག་པར་བྱའོ། །ས་གོང་མ་པའི་ཆོས་རྣམས་ནི་འོག་མར་སྐྱེས་པ་འདོད་ཆགས་དང་བྲལ་བ་ལ་ཀུན་དུ་འབྱུང་ངོ་། ། འོག་མར་སྐྱེས་པ་འདོད་ཆགས་དང་མ་བྲལ་བ་སེམས་མཉམ་པར་མ་བཞག་པ་ནི་གོང་མ་ལ་སྲེད་པ་སྐྱེད་པར་བྱེད་དེ། སྲེད་པ་དེ་ཡང་འདོད་པ་ན་སྤྱོད་པ་ཡིན་པར་བརྗོད་པར་བྱའོ། །དེ་ཡང་ཉོན་མོངས་པ་ཅན་ཡང་ཡོད། ཉོན་མོངས་པ་ཅན་མ་ཡིན་པ་ཡང་ཡོད་དེ། ཉོན་མོངས་པ་ཅན་གང་ 130-1-169b ཞེ་ན། གལ་ཏེ་འདི་སྙམ་དུ་ཀྱེ་མ་བདག་ནི་བདེ་བ་རྒྱ་ཆེན་པོ་དེ་ལྟ་བུ་དང་ལྡན་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པར་བྱ་ཞིང་། བདག་གིས་དེ་ལ་འདི་ལྟར་རོ་མྱང་བར་ཡང་བྱའོ་སྙམ་པ་དང་། གོང་མར་སྐྱེས་ན་ནི་རྟག་པ་དང་བརྟན་པ་དང་ཐེར་ཟུག་ཏུ་ཡང་འགྱུར་རོ་སྙམ་པ་དེ་ལྟ་བུའི་ སེམས་སྐྱེད་པར་བྱེད་པའི་སྲེད་པ་ནི་ཉོན་མོངས་པ་ཅན་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་འདོད་ཆགས་དང་བྲལ་བའི་བསམ་པ་ཁོ་ནས་སེམས་སྐྱེད་པར་བྱེད་ཅིང་། ཞི་བ་དང་ཁྱད་པར་དུ་འཕགས་པའི་ས་གོང་མ་སྒྲུབ་པར་བྱེད་པའི་སྲེད་པ་དེ་ནི། ཉོན་མོངས་པ་ཅན་མ་ཡིན་པར་བརྗོད་པར་ བྱའོ། །ཆོས་རྣམས་ཀྱི་སྤོང་བ་ནི་རྣམ་པ་གསུམ་སྟེ། གཉེན་པོས་སྤོང་བ་དང་། ཀུན་ཏུ་སྤྱོད་པས་སྤོང་བ་དང་། འདོར་བས་སྤོང་བའོ། །དེ་ལ་སྤོང་བ་དང་པོ་ནི་ཉོན་མོངས་པའི་གཞིས་རབ་ཏུ་ཕྱེ་བ་ཡིན་ནོ། །སྤོང་བ་གཉིས་པ་ནི་འདུ་བྱེད་སྐྱེ་ནས་འགག་པས་རབ་ཏུ་ཕྱེ་བ་ཡིན་ནོ། །སྤོང་ བ་གསུམ་པ་ནི་གོང་མར་སྐྱེས་པ་དང་ཕུང་པོའི་ལྷག་མ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པའི་འདུ་བྱེད་ས་འོག་མ་པ་འདུ་བྱེད་ཐམས་ཅད་ཡོངས་སུ་གཏོང་བས་རབ་ཏུ་ཕྱེ་བ་ཡིན་ནོ། །ཡོངས་སུ་ཉམས་པ་ནི་གསུམ་པོ་འདི་དག་ཡིན་ཏེ་མ་ཐོབ་པའི་ཆོས་ལས་ཡོངས་སུ་ཉམས་པ་དང་། ཐོབ་པའི་ཆོས་ལས་ ཡོངས་སུ་ཉམས་པ་དང་། ཀུན་དུ་བསྟེན་པས་ཡོངས་སུ་ཉམས་པའོ། །འཇིག་རྟེན་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཉེར་བསྡོགས་དག་ལ་སྦྱོར་བ་དང་། བར་ཆད་མེད་པ་དང་། རྣམ་པར་གྲོལ་བའི་ལམ་གང་དག་ཡིན་པ་དེ་དག་ནི། གང་སྤང་བ་དང་། གང་རྟོགས་པར་བྱ་བའི་ཕྱིར་རབ་ཏུ་ སྦྱོར་ཞིང་དེ་དག་ལ་སྐྱོན་དང་ཞི་བར་དམིགས་ཏེ། འོག་མ་ལ་ནི་སྐྱོན་དུའོ། །གོང་མ་ལ་ནི་ཞི་བར་རོ། །ཁྱད་པར་གྱི་ལམ་གང་དག་ཡིན་པ་དེ་དག་ནི་ཁྱབ་པ་ལ་དམིགས་པ་ཡང་ཡིན་ལ། ཟག་པ་མེད་པ་ལ་དམིགས་པ་ཡང་ཡིན་པར་བལྟ་བར་བྱའོ། །ཉེར་བསྡོགས་ཀྱིས་བསྡུས་པའི་ཡིད་ ལ་བྱེད་པ་དྲུག་པོ་མཚན་ཉིད་སོ་སོར་རིག་པ་ལ་སོགས་པ་ནས། སྦྱོར་བ་མཐར་ཐུག་པའི་བར་གང་དག་ཡིན་པ་དེ་དག་ལས་མཚན་ཉིད་སོ་སོར་རིག་པ་དང་། མོས་པ་ཡིད་ལ་བྱེད་པ་ནི་སྦྱོར་བའི་ལམ་གྱིས་བསྡུས་པ་ཡིན་ནོ། །རབ་ཏུ་དབེན་པ་དང་། སྦྱོར་བ་མཐར་ཐུག་པ་གཉིས་ནི་ 130-1-170a བར་ཆད་མེད་པའི་ལམ་གྱིས་བསྡུས་པ་ཡིན་ནོ། །དགའ་བ་སྡུད་པ་ནི་ལམ་རྣམ་པ་བཞི་ཆར་གྱིས་བསྡུས་པ་ཡིན་ནོ། །དཔྱོད་པའི་ཡིད་ལ་བྱེད་པ་ནི་ཁྱད་པར་གྱི་ལམ་གྱིས་བསྡུས་པ་ཁོ་ན་ཡིན་ནོ། །ཅིའི་ཕྱིར་བསམ་གཏན་རྣམས་ཀྱི་བསམ་གཏན་པའི་ཡུལ་བསམ་ གྱིས་མི་ཁྱབ་ཅེས་བྱ་ཞེ་ན། བསམ་གཏན་པ་རྣམས་ཀྱིས་གང་དང་གང་ཇི་ལྟར་མངོན་པར་འདུ་བྱེད་པ་དེ་དང་དེ་བཞིན་དུ་འགྱུར་གྱི། གཞན་དུ་མ་ཡིན་པ་དེ་ལྟར་སེམས་དེ་ཡོངས་སུ་སྦྱང་བར་བྱས་པས། དེའི་མཐུ་དེ་འདྲ་སྟེ། དེ་ནི་ཆོས་ཉིད་ཡིན་པས་དེའི་ཕྱིར་དེ་ནི་རྟོག་གེའི་ལམ་ གྱིས་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །གཉིས་ཀ་ཡང་དབང་ཐོབ་པའི་བསམ་གཏན་པ་གཉིས་ཀྱིས་དངོས་པོ་བསྒྱུར་པའི་རྫུ་འཕྲུལ་གྱིས་དངོས་པོ་གཅིག་ལ་མོས་པ་བྱས་མ་ཐག་ཏུ་གཉི་གའི་རྫུ་འཕྲུལ་ཐོགས་པར་འགྱུར་ལ། རྫུ་འཕྲུལ་ཆེས་ཆེ་བ་གཞན་ཞིག་གིས་ཟིལ་གྱིས་ མནན་པ་ཡང་མ་ཡིན་པ་ལས་དེའི་འོག་ཏུ་དངོས་པོ་དེ་ཉིད་ལ་གཅིག་གི་རྫུ་འཕྲུལ་ནི་ཇི་ལྟར་འདོད་པ་བཞིན་དུ་བསྒྱུར་བ་ལ་ཐོགས་པ་མེད་པར་འཇུག་ལ། ཅིག་ཤོས་ཀྱི་ནི་ཐོགས་པར་འགྱུར་བ་དེ་ལ་རྒྱུ་ཅི་ཡོད་པར་རིག་པར་བྱ་ཞེ་ན། གཉི་ག་ཡང་མྱུར་བར་འདྲ་བ་དང་། སྟོབས་འདྲ་བ་དང་། མཐུ་འདྲ་བ་དང་ རྫུ་འཕྲུལ་མངོན་པར་འདུ་བྱ་བ་དུས་གཅིག་ཏུ་བསྐྱེད་པར་འདྲ་མོད་ཀྱི། མི་འདྲ་བ་མངོན་པར་འདུ་བྱེད་པ་ཡིན་ཏེ། རྫུ་འཕྲུལ་མི་འདྲ་བ་མངོན་པར་འདུ་བྱེད་པ་དེས་ནི་དེ་གཉིས་ཀྱི་རྫུ་འཕྲུལ་གཅིག་ལ་གཅིག་ཐོགས་པར་གྱུར་ཏོ། །དེ་ནས་གཅིག་འདི་སྙམ་དུ་སེམས་ཏེ། ཅིའི་ཕྱིར་བདག་ གི་རྫུ་འཕྲུལ་ཐོགས་པར་གྱུར། མ་ལ་བདག་ཉིད་ཏིང་ངེ་འཛིན་ལས་ཡོངས་སུ་ཉམས་པའམ། གཅིག་ཏུ་མ་གྱུར་གྲང་སྙམ་དུ་སེམས་ཤིང་། དེ་ལྟར་བསམ་གཏན་པ་གཅིག་གཞན་ཡིད་ལ་བྱེད་ཅིང་འདུག་གི །ཅིག་ཤོས་ཀྱིས་ནི་ཡིད་བྲེལ་བ་མེད་པར་ཡང་དང་ཡང་དུ་རྫུ་འཕྲུལ་མངོན་ པར་འདུ་བྱ་བ་དེ་ཉིད་བྱས་པས་ན། དེའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་དེ་ནི་ཐོགས་པ་མེད་པར་འཇུག་གོ། །མཐུ་མི་མཉམ་པ་གཉིས་ཀྱིས་ནི་གང་ཁྱད་པར་དུ་འཕགས་པ་དེའི་འགྲུབ་པར་འགྱུར་རོ། །མཐུ་མཉམ་པ་གཉིས་ཀྱི་ཡང་གང་གིས་སྔར་མོས་པར་བྱས་པ་དེའི་འགྲུབ་པར་འགྱུར་གྱི། 130-1-170b ཅིག་ཤོས་ཀྱིས་ནི་མ་ཡིན་ནོ། །བསམ་གཏན་པ་ནི་བཞི་པོ་འདི་དག་ཡིན་ཏེ། ཉེར་བསྡོགས་ཀྱི་བསམ་གཏན་པ་དང་། ཉོན་མོངས་པ་ཅན་གྱི་ཏིང་ངེ་འཛིན་གྱི་བསམ་གཏན་པ་དང་། དག་པ་འཇིག་རྟེན་པའི་བསམ་གཏན་གྱི་བསམ་གཏན་པ་དང་། འཇིག་རྟེན་ལས་འདས་པའི་བསམ་ གཏན་གྱི་བསམ་གཏན་པའོ། །དེ་ལ་དང་པོ་ནི་ཡིད་ལ་བྱེད་པ་དྲུག་པོ་མཚན་ཉིད་སོ་སོར་རིག་པ་ལ་སོགས་པ་ནས། སྦྱོར་བ་མཐར་ཐུག་པའི་བར་དག་ལ་ཞུགས་པ་ཡིན་པར་བལྟ་བར་བྱའོ། །གཉིས་པ་ནི་སྲེད་པའི་ཤས་ཆེ་བའི་བསམ་གཏན་པ་ནས། ཐེ་ཚོམ་ཤས་ཆེ་བའི་བསམ་ གཏན་པའི་བར་དག་ཡིན་པར་བལྟ་བར་བྱའོ། །གསུམ་པ་ནི་འཇིག་རྟེན་པའི་བསམ་གཏན་ལ་དེ་ལས་གཞན་པའི་དགེ་བ་འདི་ལྟ་སྟེ། ཚེ་འདི་ལ་བདེ་བར་གནས་པ་དང་། ཚད་མེད་པ་ཡིད་ལ་བྱེད་པ་དང་། འཇིག་རྟེན་པའི་ཡོན་ཏན་མངོན་པར་བསྒྲུབ་པ་དང་། མངོན་པར་བསྒྲུབ་པ་ དག་གིས་རྣམ་པར་རྩེ་བ་དང་ངེས་པར་འབྱེད་པའི་ཆ་དང་མཐུན་པས་ཡོངས་སུ་ཟིན་པའི་ཚེ་ན་ཡིན་པར་བལྟ་བར་བྱའོ། །བསམ་གཏན་བཞི་པ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། སྨོན་པ་མེད་པ་དང་མཚན་མ་མེད་པ་ཡིན་པས་རབ་ཏུ་ཕྱེ་བ་ཡིན་པར་རིག་པར་བྱའོ། །འདུ་ཤེས་མེད་པའི་ སྙོམས་པར་འཇུག་པ་ནི་གཅིག་ཏུ་ཟད་པ་དང་བཅས་པར་བརྗོད་པར་བྱའོ། །འགོག་པའི་སྙོམས་པར་འཇུག་པ་ནི་ཟག་པ་མེད་པར་བརྗོད་པར་བྱ་སྟེ། ཉོན་མོངས་པ་དང་བྲལ་བའི་ཕྱིར་དང་། མཚུངས་པར་ལྡན་པ་མ་ཡིན་པའི་ཕྱིར་དང་། དམིགས་པ་མེད་པའི་ཕྱིར་དང་། ཉོན་མོངས་པ་ རྣམས་ཀྱིས་མ་བསྐྱེད་པའི་ཕྱིར་རོ། །འཇིག་རྟེན་ལས་འདས་པ་ནི་ས་མཐོན་པོར་ཆུད་པའི་བྱང་ཆུབ་སེམས་དཔའ་རྣམས་མ་གཏོགས་པར་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་སྤྱད་པ་མ་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི་འཇིག་རྟེན་ལས་འདས་པའི་ཆོས་རྣམས་མངོན་དུ་བྱེད་ཀྱང་ ཐབས་ལ་མཁས་པས་བྱེད་ཀྱི། ཉོན་མོངས་པ་སྤོང་བར་ནི་མི་བྱེད་དོ། །སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པར་བརྗོད་པར་བྱ་བ་ནི་རྒྱུ་བ་མེད་པ་དང་། མྱ་ངན་ལས་འདས་པ་དང་འདྲ་བའི་ཕྱིར་རོ།། །།བམ་པོ་བཅུ་དགུ་པ། ལུས་སུ་གཏོགས་པའི་དྲན་པའི་མདོ་རྣམ་པར་བཤད་པ་ལས། དགེ་སློང་སེམས་རྣམ་པར་དག་པར་ 130-1-171a བྱ་བའི་ཕྱིར་ཞུགས་པའི་ཉེ་བའི་ཉོན་མོངས་པ་ནི་བཞི་སྟེ། ལྟུང་བ་དང་། རྣམ་པར་རྟོག་པ་དང་། ལུས་ལ་མངོན་པར་ཞེན་པ་དང་། ཡུལ་ལ་མངོན་པར་ཞེན་པའོ། །ལྟུང་བ་ནི་འགྱོད་པའི་སྒོ་ནས་ཏིང་ངེ་འཛིན་གྱི་བར་ཆད་བྱེད་དོ། །རྣམ་པར་རྟོག་པ་ནི་སྒོ་གསུམ་ ནས་ཏེ། དགོད་པ་དང་རྩེ་བ་ལས་བརྩམས་ནས་ཡུལ་འདས་པ་རྗེས་སུ་དྲན་པས་རྣམ་པར་གཡེང་བའི་སྒོ་དང་། ཉེས་པར་མཐོང་བ་དང་། ཉེས་པར་ཐོས་པ་དང་། ཉེས་པར་སྨྲས་པ་དང་། ཉེས་པར་སྤྱད་པའི་ཐོས་པ་དང་། སེམས་ཙམ་ལ་མངོན་པར་དགའ་བས་རྣམ་པར་གཡེང་བའི་སྒོ་དང་། སྔོན་གོམས་པའི་སྟོབས་བསྐྱེད་པའི་རྣམ་པར་གཡེང་བའི་སྒོ་ནས་སོ། །ལུས་ལ་མངོན་པར་ཞེན་པ་ནི་འཁོར་བས་མི་སྐྱོ་བའི་སྒོ་ནས་སོ། །ཡུལ་ལ་མངོན་པར་ཞེན་པ་ནི་ཡུལ་མ་འོངས་པ་ལ་མངོན་པར་དགའ་བའི་སྒོ་ནས་སོ། །དེ་ལ་ཉེ་བའི་ཉོན་མོངས་པ་དང་པོའི་གཉེན་པོར་ནི་ཡིད་ལ་བྱེད་པ་གཅིག་ བསྒོམ་པར་བྱ་སྟེ། ཤེས་བཞིན་ཡིད་ལ་བྱེད་པའོ། །གཉིས་པའི་གཉེན་པོར་ནི་ཡིད་ལ་བྱེད་པ་གསུམ་བསྒོམ་པར་བྱ་སྟེ། དེ་དང་རྗེས་སུ་མཐུན་པའི་དམིགས་པ་ཡིད་ལ་བྱེད་པ་དང་། དེའི་མཚན་མ་རྟོགས་པས་དེའི་གཉེན་པོའི་རྣམ་པར་རྟོག་པ་ཡིད་ལ་བྱེད་པ་དང་། དེའི་གནས་དང་ སེམས་གདུང་བ་ཡིད་ལ་བྱེད་པའོ། །གསུམ་པའི་གཉེན་པོར་ནི་རིལ་པོ་རབ་ཏུ་དབྱེ་བ་ཡིད་ལ་བྱེད་པའོ། །བཞི་པའི་གཉེན་པོར་ནི་མི་སྡུག་པ་ཡིད་ལ་བྱེད་པའོ། །ཡིད་ལ་བྱེད་པ་དང་པོ་ཀུན་དུ་བསྟེན་ཅིང་གོམས་པར་བྱས་པ་ལན་མང་དུ་བྱས་ན་བརྗེད་ངས་པ་སྤོང་བར་འགྱུར་རོ། །གཉིས་ པས་ནི་ལུས་དང་ཡུལ་ལ་མངོན་པར་ཞེན་པ་སད་པར་བྱེད་པ་སྤོང་བར་འགྱུར་རོ། །གསུམ་པས་ནི་ཉེས་པར་མཐོང་བ་ལ་སོགས་པ་ནི་རྣམ་པར་གཡེང་བ་སྤོང་བར་འགྱུར་རོ། །བཞི་པས་ནི་སྔོན་གོམས་པའི་སྟོབས་བསྐྱེད་པའི་རྣམ་པར་གཡེང་བས་སྤོང་བར་འགྱུར་རོ། །ལྔ་པས་ནི་ལུས་ལ་སྡུག་པ་ དང་སེམས་ཅན་དུ་འདུ་ཤེས་པ་སྤོང་བར་འགྱུར་རོ། །དྲུག་པས་ནི་འདོད་ཆགས་རྣམ་པ་བཞི་པོ་ཁ་དོག་དང་། རེག་པ་དང་། དབྱིབས་དང་། ཉེ་བར་སྤྱོད་པའི་འདོད་ཆགས་རྣམས་སྤོང་བར་འགྱུར་ཏེ། དེ་ལྟར་ཡིད་ལ་བྱེད་པ་བསྒོམ་པ་དེ་དག་ལ་བརྟེན་ན། ཉེ་བའི་ཉོན་མོངས་པ་དེ་དག་ 130-1-171b སྤོང་བར་འགྱུར་ཞིང་། ཉེར་བསྡོགས་དང་། དངོས་གཞི་དང་བཅས་པའི་ཏིང་ངེ་འཛིན་ཐོབ་པ་དང་། དགའ་བ་དང་བཅས་པ་དང་། དགའ་བ་མེད་ཅིང་བདེ་བ་ལ་མངོན་པར་དགའ་བ་ཡོངས་སུ་དག་པ་ཐོབ་པ་ལས་སེམས་ཏིང་ངེ་འཛིན་དུ་ཡང་འགྱུར་རོ། །དེ་ལྟར་སེམས་མཉམ་པར་གྱུར་ ན། དེའི་འོག་ཏུ་སེམས་ཅན་མི་རྟག་པ་ཉིད་དང་། འདུ་བྱེད་མི་རྟག་པ་ཉིད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པར་འགྱུར་རོ། །ཇི་ལྟར་ན་སེམས་ཅན་མི་རྟག་པ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤེ་ན། ལྷའི་མིག་རྣམ་པར་དག་པ་མིའི་ལས་ཤིན་ཏུ་འདས་པས་ སེམས་ཅན་རྣམས་མཐོང་ངོ་ཞེས་རྒྱ་ཆེར་ཇི་སྐད་གསུངས་པ་ལྟ་བུའོ། །ཇི་ལྟར་ན་འདུ་བྱེད་མི་རྟག་པ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤེ་ན། མ་འོངས་པ་དང་འདས་པ་དང་ད་ལྟར་བྱུང་བ་ཡིད་ལ་བྱེད་པའི་རྗེས་སུ་ཞུགས་པ་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པ་ལས་སོ། ། ལུས་སུ་གཏོགས་པའི་དྲན་པ་དེ་ནི་གནས་གསུམ་པོ། ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ཀྱི་བསླབ་པའི་ཡོངས་སུ་སྦྱང་བའི་ས་དང་། ལྷག་པའི་སེམས་ཀྱི་བསླབ་པ་དང་། ལྷག་པའི་ཤེས་རབ་ཀྱི་བསླབ་པ་དག་ལ་ཡོད་དེ། ཀུན་དུ་སྦྱོར་བ་ལྷག་མ་རྣམས་སྤངས་པའི་ ཕྱིར་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཐམས་ཅད་ཀྱི་གནས་སུ་གྱུར་པ་ཡིན་ནོ། །རྒྱུ་གསུམ་གྱིས་ན་འདི་ལས་ཕྱི་རོལ་པའི་དགེ་སྦྱོང་དང་བྲམ་ཟེ་རྣམས་དང་ཐུན་མོང་མ་ཡིན་པ་སྟེ། ཡོངས་སུ་སྦྱངས་པའི་ས་ལས་ཚོགས་ཡོངས་སུ་རྫོགས་ པ་དང་། ཞི་གནས་ཀྱི་སྙིང་པོ་ལ་རོ་མྱོང་བར་མི་བྱེད་པ་དང་མྱ་ངན་ལས་འདས་པ་ལ་དགའ་ཞིང་ཆགས་པ་དང་ལྡན་པའི་སེམས་ལ་ཉོན་མོངས་པའི་མེ་འབྱུང་བའི་གནས་མེད་པས་སོ། །དྲན་པ་ཡོངས་སུ་བསྒོམས་པ་འདིའི་ཚོགས་ཡོངས་སུ་རྫོགས་པ་ལ་བརྟེན་ནས་འབྲས་བུ་ཡོངས་སུ་ དག་པ་བཞི་སྟེ། གྲོང་ན་འདུག་པ་ལ་འཇིག་རྟེན་གྱི་ཆོས་ཀྱིས་བསྐྱེད་པའི་ཉེ་བའི་ཉོན་མོངས་པ་མེད་པ་དང་། དགོན་པ་ན་འདུག་པ་ལ་དགོན་པས་བསྐྱེད་པའི་ཉེ་བའི་ཉོན་མོངས་པ་མེད་པ་དང་། དགོན་པ་ན་འདུག་པ་ཉིད་ལ་གྲོང་གིས་བསྐྱེད་པའི་ཉེ་བའི་ཉོན་མོངས་པ་མེད་པ་དང་། དེ་ 130-1-172a གཉི་ག་ན་འདུག་པ་ལ་འཛག་ནོད་བྱེད་པ་ལ་སོགས་པའི་སྡུག་བསྔལ་དང་དུ་བླང་དགོས་པའི་ཉེ་བའི་ཉོན་མོངས་པ་མེད་པའོ། །ཞི་གནས་ཀྱི་རོ་མྱོང་བར་མི་བྱེད་པ་ལ་བརྟེན་ནས་འབྲས་བུ་ཡོངས་སུ་དག་པ་ལྔ་སྟེ། བསམ་གཏན་བཞི་པོ་རྣམ་པར་དག་པ་དང་། ཞི་ བའི་རྣམ་པར་ཐར་པ་རྣམས་སོ། །མྱ་ངན་ལས་འདས་པ་ལ་དགའ་ཞིང་ཆགས་པ་དང་ལྡན་པའི་སེམས་ལ་ཉོན་མོངས་པའི་མེ་འབྱུང་བའི་གནས་མེད་པ་ལ་བརྟེན་ནས་འབྲས་བུ་ཡོངས་སུ་དག་པ་དགུ་སྟེ། དང་པོའི་འབྲས་བུ་གསུམ་དང་། མངོན་པར་ཤེས་པ་དྲུག་གོ། །ལུས་སུ་གཏོགས་ པའི་དྲན་པ་དེ་ཡང་ཡོངས་སུ་དག་པ་ལྔས་བསྡུས་པ་ཡིན་པར་རིག་པར་བྱ་སྟེ། མཉམ་པར་མ་བཞག་པའི་ས་ཡོངས་སུ་དག་པ་དང་། མཉམ་པར་བཞག་པའི་ས་ཡོངས་སུ་དག་པ་དང་། བསྡུས་པའི་ས་ཡོངས་སུ་དག་པ་དང་། ཐུན་མོང་མ་ཡིན་པ་ཡོངས་སུ་དག་པ་དང་། ཐུན་མོང་མ་ ཡིན་པའི་འབྲས་བུ་ཡོངས་སུ་དག་པས་སོ། །ལུས་གྱུར་པ་དང་ལྡན་པ་དང་། དེར་གཏོགས་པ་ཡིན་པའི་ཕྱིར། ལུས་སུ་གཏོགས་པའི་དྲན་པ་ཞེས་བྱའོ་ཞེས་གསུངས་ཏེ། གསུས་པོ་ཆེ་ཆེན་པོའི་མདོ་རྣམ་པར་བཤད་པ་ཡིན་ནོ། །རྣམ་པར་གྲོལ་བ་ནི་གཉིས་ཏེ། ཤེས་རབ་ རྣམ་པར་གྲོལ་བ་དང་། སེམས་རྣམ་པར་གྲོལ་བའོ། །དེ་ལ་ཤེས་རབ་རྣམ་པར་གྲོལ་བ་ལས་བརྩམས་ནས་འཇིག་རྟེན་པའི་ཤེས་རབ་ཀྱི་སྤྱོད་ཡུལ་ནི། འདི་ལྟ་སྟེ། ཉེས་པར་སྤྱོད་པ་དང་། ལེགས་པར་སྤྱོད་པ་གཞི་དང་བཅས་པ་རྣམ་པར་གཞག་པ་ལས་རིག་པར་བྱའོ། །ངོ་བོ་ཉིད་ ནི་འདི་ལྟ་སྟེ། ཉེས་པར་སྤྱོད་པ་དང་། ལེགས་པར་སྤྱོད་པ་གཞི་དང་བཅས་པ་དེ་ཉིད་ཀྱི་དགེ་བ་དང་མི་དགེ་བ་ཉིད་ལ་སོགས་པའི་རབ་ཏུ་དབྱེ་བས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ལས་རིག་པར་བྱའོ། །སེམས་རྣམ་པར་གྲོལ་བ་ལས་བརྩམས་ནས་སེམས་ཀྱི་ཀུན་ནས་ ཉོན་མོངས་པ་དང་རྣམ་པར་བྱང་བའི་གནས་ཉིད་ནི། འདི་ལྟ་སྟེ་གཟུགས་ལ་སོགས་པ་ཡུལ་འཛིན་པ་དང་རྣམ་པར་རིག་པ་ལས་རིག་པར་བྱའོ། །འཇིག་རྟེན་པའི་ཤེས་རབ་དང་། སེམས་རྣམ་པར་གྲོལ་བ་དེ་ཉིད་ཀྱི་འབྲས་བུ་ནི་འདི་ལྟ་སྟེ། དེ་དང་མཚུངས་པར་ལྡན་ཞིང་འདྲེས་པས་ཀུན་ 130-1-172b ནས་ཉོན་མོངས་པའི་རིགས་དམན་པ་ལས་རྣམ་པར་སློང་བ་ལས་རིག་པར་བྱའོ། །ཤེས་རབ་རྣམ་པར་གྲོལ་བ་དེ་ཉིད་ཀྱི་དབང་དུ་བྱས་ནས། འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་སྤྱོད་ཡུལ་ནི། འདི་ལྟ་སྟེ། འཇིག་རྟེན་པའི་ཤེས་རབ་དང་། སེམས་རྣམ་པར་གྲོལ་བ་དེ་ཉིད་ལ་ སོགས་པ་ཤེས་བྱ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ལས་རིག་པར་བྱའོ། །འཇིག་རྟེན་ལས་འདས་པའི་ཤེས་རབ་དང་སེམས་རྣམ་པར་གྲོལ་བ་དེ་ཉིད་ཀྱི་འབྲས་བུ་ནི། འདི་ལྟ་སྟེ། ཀུན་ནས་ཉོན་མོངས་པའི་རིགས་ཐམས་ཅད་ལས་རྣམ་པར་སློང་བ་ལས་རིག་པར་བྱའོ། ། དེ་ལ་འཇིག་རྟེན་པའི་ཤེས་རབ་གང་ཡིན་པ་དང་། འཇིག་རྟེན་ལས་འདས་པའི་ཤེས་རབ་གང་ཡིན་པ་དེ་གཅིག་ཏུ་བསྡུས་པ་ནི་ཡང་དག་པའི་ལྟ་བ་ཞེས་བྱའོ། །ཡང་དག་པའི་ལྟ་བ་དེའི་རྒྱུ་ནི་འདི་ལྟ་སྟེ། སངས་རྒྱས་འབྱུང་བ་ཡོད་པ་དང་། དམ་པའི་ཆོས་ཉན་པ་དང་། དེ་ཕྱིན་ཅི་མ་ལོག་པར་ ཡིད་ལ་བྱེད་པ་ཡིན་པར་རིག་པར་བྱའོ། །འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་དེའི་འབྲས་བུའི་མཚན་ཉིད་ནི་འདི་ལྟ་སྟེ། སྔ་ཕྱིར་རྟག་པ་དང་། མི་མཐུན་པ་མེད་པ་ལས་རིག་པར་བྱའོ། །ཆོས་གང་དག་མི་མཐུན་པའི་ཕྱོགས་ཡོད་ཅིང་བྱུང་ན་མི་འབྱུང་ཞིང་འགག་པར་འགྱུར་བ་ དང་། མི་མཐུན་པའི་ཕྱོགས་མེད་ཅིང་འགགས་ནས་འབྱུང་བ་དེ་དག་ནི་མི་མཐུན་པ་དང་བཅས་པ་ཞེས་བྱའོ། །ཆོས་གང་དག་མི་མཐུན་པའི་ཕྱོགས་ཡོད་ཀྱང་རུང་མེད་ཀྱང་རུང་སྐྱེས་ཀྱང་རུང་མ་སྐྱེས་ཀྱང་རུང་སྟེ། དུས་རྟག་ཏུ་ཡོད་པ་དེ་དག་ནི་མི་མཐུན་པ་མེད་པ་ཡིན་པར་རིག་པར་བྱའོ། །དེའི་ འབྲས་བུ་སེམས་རྣམ་པར་གྲོལ་བ་དེའི་དབང་དུ་བྱས་ནས་སྤྱོད་ཡུལ་དང་བཅས་པ་དང་། དེའི་གནས་རྣམ་པར་དག་པ་ནི་འདི་ལྟ་སྟེ་སེམས་རྣམ་པར་དག་པའི་དབང་གིས་དབང་པོ་གཟུགས་ཅན་རྣམས་ཀྱི་སྤྱོད་ཡུལ་ལ་ཀུན་ནས་ཉོན་མོངས་པ་མི་འབྱུང་བ་དང་། དབང་པོ་རྣམས་ཀྱང་རྣམ་པར་ དག་པ་དེའི་རྗེས་སུ་འཇུག་པ་ལས་རིག་པར་བྱའོ། །སེམས་རྣམ་པར་གྲོལ་བ་དེའི་གནས་པ་ནི་འདི་ལྟ་སྟེ། ཚེ་དང་དྲོད་གཅིག་ལ་གཅིག་བརྟེན་ཅིང་གནས་པའི་རྒྱུན་འབྲེལ་པ་ལས་རིག་པར་བྱའོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རྣམ་པར་གྲོལ་བ་རྣམ་པ་གཉི་གའི་ 130-1-173a འབྲས་བུའི་ཁྱད་པར་ནི་འདི་ལྟ་སྟེ། ཚོར་བ་གཞི་དང་བཅས་པ་དག་ལ་ཀུན་དུ་རྨོངས་ཤིང་སྲེད་པ་དང་བཅས་པའི་ཕྱི་མ་ལ་ཡང་འབྱུང་བ་མངོན་པར་འགྲུབ་པ་དང་། ཀུན་དུ་མ་རྨོངས་ཤིང་སྲེད་པ་མེད་པའི་ཕྱི་མ་ལ་ཡང་འབྱུང་བ་མངོན་པར་མི་འགྲུབ་པ་ལས་རིག་པར་བྱའོ། ། དེ་དང་འདྲེས་ཤིང་མཚུངས་པར་ལྡན་པའི་ཕྱིར། དེ་ལ་བརྟེན་པ་སེམས་ལས་འབྱུང་བའི་ཆོས་རྣམ་པར་དག་པར་རིག་པ་ནི་འདི་ལྟ་སྟེ། ད་ལྟར་གྱི་རྐྱེན་གྱིས་མ་གོས་པ་སྟེ་སོ་སོར་མྱོང་བ་ལས་རིག་པར་བྱའོ། །རྣམ་པར་གྲོལ་བ་དེ་གཉིས་ཀྱི་གནས་པའི་ཁྱད་པར་ནི་འདི་ལྟ་སྟེ། རབ་ཏུ་ཞི་ བ་རྣམ་པ་དྲུག་པོ་རྣམ་པར་དག་པའི་རྣམ་པར་ཤེས་པའི་འཆི་འཕོ་བ་མཉམ་པས་ཡིན་གྱི། དེའི་གནས་མཉམ་པས་ནི་མ་ཡིན་པ་ལས་རིག་པར་བྱ་སྟེ། སྙོམས་པར་འཇུག་པའི་དུས་ན་མངོན་པར་འདུ་བྱ་བ་མེད་པར་སྙོམས་པར་འཇུག་པས་རབ་ཏུ་ཞི་བ་དང་། ལྡང་བའི་དུས་ན་མངོན་པར་ འདུ་བྱ་བ་མེད་པར་ལྡང་བས་རབ་ཏུ་ཞི་བ་དང་། རིམ་གྱིས་ལྡང་བ་དང་། སྙོམས་པར་ཞུགས་པའི་འདུ་བྱེད་པ་རྣམ་པ་གསུམ་འབྱུང་བ་རབ་ཏུ་ཞི་བ་དང་། འདི་ལྟ་སྟེ་དུས་གསུམ་པོ་དགོན་པར་ཚངས་པ་མཚུངས་པར་སྤྱོད་པའི་འདུ་འཛི་ཅན་གྱི་དང་། གྲོང་དུ་ཁྱིམ་པའི་འདུ་འཛི་ཅན་གྱི་དང་། དེ་གཉིས་ཀར་འདུ་བྱེད་ཀྱི་མཚན་མ་ལ་སྤྱོད་པའི་ཡུན་རིང་པོས་ལྡང་བའི་སེམས་རབ་ཏུ་ཞི་བ་དང་། འདི་ལྟ་སྟེ་དུས་གསུམ་པོ་ཁོ་ན་གཟུགས་ཅན་འཇིག་རྟེན་པའི་སྙོམས་པར་འཇུག་པ་མཆོག་ལས་ལྡང་བ་དང་། གཟུགས་ཅན་མ་ཡིན་པ་འཇིག་རྟེན་པའི་སྙོམས་པར་འཇུག་པ་མཆོག་ ལས་ལྡང་བ་དང་། འཇིག་རྟེན་ལས་འདས་པ་སེམས་དང་བཅས་པའི་སྙོམས་པར་འཇུག་པ་ལས་ལྡང་བའི་ཕྱིར་དང་། དུས་ཉེ་བས་ལྡང་བའི་སེམས་རབ་ཏུ་ཞི་བས་སོ། །སྙོམས་པར་འཇུག་པ་དེ་དག་ཀྱང་འགོག་པའི་སྙོམས་པར་འཇུག་པ་ལས་ལངས་པ་ཁོ་ན་ལས་འཐོབ་པ་ནི་ མ་ཡིན་གྱི། འོན་ཀྱང་སྔོན་ཐོབ་པ་རྣམས་མངོན་དུ་བྱེད་དོ། །གཉིས་ནི་མཐར་གྱིས་སྙོམས་པར་འཇུག་པ་དང་། དེའི་གོང་ནས་གོང་དུ་སྙོམས་པར་འཇུག་པ་རྣམ་པར་དག་པ་ལས་ཐོབ་པ་ཡིན་ནོ། །གཅིག་ནི་མཐར་གྱིས་སྙོམས་པར་འཇུག་པ་ལས་མ་ཡིན་མོད་ཀྱི། འོན་ཀྱང་ 130-1-173b མཚན་མ་མེད་པའི་དབྱིངས་རབ་ཏུ་རྟོགས་པ་དང་། དེའི་གོང་ནས་གོང་དུ་སྙོམས་པར་འཇུག་པ་རྣམ་པར་དག་པ་ལས་སོ། །མཚན་མ་དང་བཅས་པའི་སྙོམས་པར་འཇུག་པའི་སྙོམས་པར་འཇུག་པ་དང་། གནས་པ་དང་ལྡང་བ་ནི་མཚན་མ་དང་བཅས་པའི་ཡིད་ལ་བྱེད་པས་སོ། །མཚན་མ་ མེད་པའི་སྙོམས་པར་འཇུག་པའི་སྙོམས་པར་འཇུག་པ་དང་། གནས་པ་ནི་མཚན་མ་མེད་པས་སོ། །ལྡང་བ་ནི་མཚན་མ་དང་བཅས་པས་རིག་པར་བྱའོ། །ཆོས་ཀྱི་གཞིའི་མདོ་རྣམ་པར་བཤད་པ་ཡིན་ནོ། །ཆོས་མངོན་པ་དང་འདུལ་བ་མངོན་པ་ལ་མཁས་པའི་དགེ་སློང་ངམ། དགེ་ བསྙེན་ཀུན་ཤེས་པ་ལས་བརྩམས་ཏེ། དྲི་བ་འདྲི་བར་འདོད་པས་ནི་རྣམ་པ་བརྒྱད་ཀྱིས་དྲི་བར་བྱ་སྟེ། རྣམ་པ་བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཀུན་ཤེས་པའི་གཞི་དང་། ཀུན་ཤེས་པའི་མི་མཐུན་པའི་ཕྱོགས་དང་། ཀུན་ཤེས་པའི་འབྲས་བུ་དང་ཀུན་ཤེས་པའི་ངོ་བོ་ཉིད་དང་། ཀུན་ ཤེས་པའི་འབྲས་བུའི་ཁྱད་པར་དང་། ཀུན་ཤེས་པའི་གནས་དང་། ཀུན་ཤེས་པའི་ཕན་ཡོན་དང་། ཀུན་ཤེས་པ་ཡང་དག་པར་འགྲུབ་པས་སོ། །དེ་ལ་ཀུན་ཤེས་པའི་གཞི་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་སྟེ། ཉེ་བར་བརྟག་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་ཀུན་ཤེས་པའི་མི་ མཐུན་པའི་ཕྱོགས་ནི་སྲེད་པའི་ཀུན་ནས་ཉོན་མོངས་པ་དང་། ལྟ་བའི་ཀུན་ནས་ཉོན་མོངས་པའོ། །དེ་ལ་སྲེད་པའི་ཀུན་ནས་ཉོན་མོངས་པ་ནི། ཡང་འབྱུང་བ་འགོག་པ་ལ་མངོན་པར་དགའ་བར་མི་བྱེད་དོ། །ལྟ་བའི་ཀུན་ནས་ཉོན་མོངས་པས་ནི་མངོན་པར་དགའ་ཡང་རྟོགས་པར་མི་ བྱེད་དོ། །དེ་ལ་ཀུན་ཤེས་པའི་འབྲས་བུ་ནི་ཀུན་ནས་ཉོན་མོངས་པ་རྣམ་པ་གཉིས་པོ་གང་ཡིན་པ་དེ་ཉིད་སྤངས་པའོ། །དེ་ལ་ཀུན་ཤེས་པའི་ངོ་བོ་ཉིད་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། དེ་ཡང་འདི་ལས་ཕྱི་རོལ་པའི་ལྟ་བ་ངན་པ་སྣ་ཚོགས་ཀྱི་གཉེན་པོ་ཡིན་ནོ། །འཕགས་ པའི་ལམ་ཡན་ལག་བརྒྱད་པ་དེ་ཡང་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་གྱི་གཉེན་པོས་ཕུང་པོ་གསུམ་དུ་རྣམ་པར་གཞག་པ་ཡིན་ཏེ། ཉེས་པར་སྤྱོད་པའི་ཀུན་ནས་ཉོན་མོངས་པའི་གཉེན་པོ་དང་། འདོད་པའི་ཀུན་ནས་ཉོན་མོངས་པའི་གཉེན་པོ་དང་། ལྟ་བའི་ཀུན་ནས་ཉོན་མོངས་ 130-1-174a པའི་གཉེན་པོས་སོ། །དེ་ཡང་འཇིག་རྟེན་ལས་འདས་པ་ཡིན་དུ་ཟིན་ཀྱང་འདུས་བྱས་ཡིན་ནོ། །དེ་ལ་ཀུན་ཤེས་པའི་འབྲས་བུའི་ཁྱད་པར་ནི་སྤངས་པ་སྟེ། དེ་ནི་འཇིག་རྟེན་ལས་འདས་པ་དང་འདུས་མ་བྱས་པ་ཡིན་ནོ། །དེ་ལ་ཀུན་ཤེས་པའི་གནས་ནི་ཏིང་ངེ་ འཛིན་ཏེ་དེ་ཡང་རྣམ་པ་བཞིས་རིག་པར་བྱ་སྟེ། རིགས་ལས་ནི་འདི་ལྟ་སྟེ། ཏིང་ངེ་འཛིན་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་ནི་བསམ་གཏན་གྱི་རིགས་ཡིན་ནོ། །དེ་ལས་གཞན་པའི་བསམ་གཏན་གྱི་ཡན་ལག་བསྟན་པ་ལས་ནི། དེ་ལས་གཞན་པའི་བསམ་གཏན་གྱི་ཡན་ལག་བསྟན་ པ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །མཚན་ཉིད་དང་། སྐྱེ་བའི་དམིགས་པའི་མཚན་མ་དང་། འགྲུབ་པའི་རྒྱུའི་མཚན་མ་ལས་ཀྱང་ཁོང་དུ་ཆུད་པར་བྱའོ། །དེ་ལ་ཀུན་ཤེས་པའི་ཕན་ཡོན་ནི་འགོག་པའི་སྙོམས་པར་འཇུག་པ་གནས་པ་མཆོག་སྟེ། ཀུན་ཤེས་པའི་ཕན་ཡོན་ ཞེས་བྱའོ། །དེ་ཡང་རྣམ་པ་ལྔར་རིག་པར་བྱ་སྟེ། འགོག་པའི་གཞི་དང་། ཞི་བ་དང་། ཚུལ་དང་མཐུན་པ་དང་ཚུལ་དང་མི་མཐུན་པའི་གཟུགས་བརྙན་དང་། སྙོམས་པར་འཇུག་པའི་རྒྱུ་དང་། ལྡང་བའི་རྒྱུ་དང་། ལྡང་བའི་ཕན་ཡོན་ལས་ཀྱང་རིག་པར་བྱའོ། །དེ་ལ་ཀུན་ཤེས་ པ་ཡང་དག་པར་འགྲུབ་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དེ་དག་ཉིད་ལ་ཚོར་བ་རྣམ་པ་བརྒྱད་བརྟག་པ་གང་ཡིན་པ་སྟེ། ངོ་བོ་ཉིད་བརྟག་པ་དང་། ཚེ་འདི་ལ་འཇུག་པའི་རྒྱུ་བརྟག་པ་དང་། ཚེ་འདི་ལ་འཇུག་པ་འགག་པའི་རྒྱུ་བརྟག་པ་དང་། ཚེ་ཕྱི་མ་ལ་འཇུག་པའི་རྒྱུ་བརྟག་པ་དང་། ཚེ་ཕྱི་མ་ལ་ འཇུག་པ་འགག་པའི་རྒྱུ་བརྟག་པ་དང་། དེ་གཉི་ག་ལ་འཇུག་པ་དང་། འགག་པའི་རྒྱུ་བརྟག་པ་དང་། འཇུག་པའི་རྒྱུའི་རྒྱུ་རྟག་པ་དང་། ལྡོག་པའི་རྒྱུའི་རྒྱུ་བརྟག་པའོ། །དེ་ལ་བསམ་གཏན་གྱི་དངོས་གཞི་གཙོ་བོ་ལ་ནི་བདེ་བ་དང་ལྡན་པ་ཡང་གཉེན་པོ་ཡིན་ནོ། །ཉེར་བསྡོགས་ ཐོབ་པའི་མངོན་པར་འབྱུང་བ་ལ་འདུན་པ་དང་ལྡན་པ། སྡུག་བསྔལ་དང་ལྡན་པ་ཡང་གཉེན་པོ་ཡིན་ནོ། །བསམ་གཏན་གྱི་དངོས་གཞི་ཉིད་ལ་ནི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་ལྡན་པ་ཡང་གཉེན་པོ་ཡིན་ཏེ། འཇུག་པའི་རྒྱུ་འགག་པའི་ཕྱིར་ཚོར་བའི་གཞི་ཁོ་ན་ལས་ 130-1-174b ཡོངས་སུ་བསྟན་ཏོ། །དེ་ལ་ཚོར་བ་གང་ཅི་ཡང་རུང་སྟེ། དེ་ནི་འདིར་སྡུག་བསྔལ་བ་ཡིན་ནོ་ཞེས་བྱ་བའི་དབང་དུ་བྱས་ནས། ཚོར་བ་གསུམ་ཆར་ཡང་དོན་དམ་པར་ན་སྡུག་བསྔལ་བ་ཡིན་ནོ། །དེ་ལ་མཐུན་པ་ཞེས་བྱ་བ་ནི་གང་ཡོད་ན་གང་གདགས་པ་དེ་ནི་དེ་དང་མཐུན་པ་ཡིན་ནོ། །དེ་ལ་ ཚོར་བ་ཐམས་ཅད་ཀྱང་ཕན་ཚུན་མཐུན་པ་ཡིན་ཏེ། ཐམས་ཅད་ཀྱང་སྡུག་བསྔལ་གྱིས་བསྡུས་པ་ཡིན་པའི་ཕྱིར་རོ། །དོན་དམ་པ་པའི་སྡུག་བསྔལ་དེ་ཡོད་ན་དེ་མི་ཤེས་པ་ཡང་ཡོད་དོ། །དེ་ཡོད་ན་དེའི་གཉེན་པོར་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱང་ཡོད་དེ། དེ་ཡོད་ན་དེའི་འབྲས་བུ་མྱ་ ངན་ལས་འདས་པ་ཡང་ཡོད་དེ། དེའི་ཕྱིར་ཆོས་དེ་དང་དེ་དག་ནི་ཆོས་དེ་དང་དེ་དག་མཐུན་པ་ཞེས་བྱའོ། །གཉིད་ཀྱི་མདོ་རྣམ་པར་བཤད་པ་ནི་ནང་གི་སེམས་ཀྱི་ཞི་གནས་ལ་རྗེས་སུ་བརྩོན་པའི་དགེ་སློང་གི་ཉེ་བའི་ཉོན་མོངས་པ་དེ་སྤང་བའི་གཉེན་པོ་ནི་རྣམ་པ་ལྔར་རིག་པར་བྱ་སྟེ། མུན་པའི་ མཚན་མ་ཡོངས་སུ་སྤང་བ་དང་། ཡང་དག་པར་རབ་ཏུ་གཟུང་བར་བྱ་བ་མཆོག་ཏུ་དགའ་བའི་གནས་དང་མཐུན་པའི་ཆོས་རྣམས་ལ་ཡང་དག་པར་རབ་ཏུ་འཛིན་པར་སྦྱོར་བ་དང་། རིགས་པས་ལྟ་བ་འཇོམས་པ་དང་། ལྟ་བ་སྤྱོད་པ་དང་། ལྟ་བའི་གནས་སྤྱོད་པའོ། །ཉེ་བའི་ཉོན་མོངས་ པ་དེ་སྤངས་པ་ན། ཏིང་ངེ་འཛིན་ཉེ་བར་རྟོག་པ་ནི་ལྔ་ཁོ་ནར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། རབ་ཏུ་དབེན་ཞིང་རབ་ཏུ་དབེན་པར་གནས་པ་དང་། ཏིང་ངེ་འཛིན་འགྲུབ་པའི་གཏམ་དང་། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱི་རྗེས་སུ་མཐུན་པའི་འཚོ་བའི་ཡོ་བྱད་རྣམས་དང་། ཚངས་པ་མཚུངས་པར་སྤྱོད་པ་ལ་མཁས་པ་རྣམས་ལས་རྗེས་སུ་མཐུན་པའི་གདམས་ངག་དང་རྗེས་སུ་བསྟན་པ་འཐོབ་པར་བཀའ་བློ་བདེ་བ་ཉིད་དང་། འཇིག་རྟེན་པའི་ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དག་ལ་རོ་མྱང་བ་ཡོངས་སུ་སྤངས་ནས་ཟག་པ་མེད་པའི་རྣམ་པས་ཚུལ་བཞིན་ཡིད་ལ་ བྱེད་པའོ། །ལྷག་པའི་སེམས་ལ་བརྩོན་པའི་དགེ་སློང་གིས་ནི། རྒྱུ་གསུམ་གྱིས་ཉོན་མོངས་པ་ཅན་གྱི་རྣམ་པར་རྟོག་པ་ཀུན་དུ་འབྱུང་བ་སོ་སོར་བཙལ་བར་བྱ་སྟེ། དམིགས་པ་ཡོངས་སུ་སྤང་བ་དང་། ངོ་བོ་ཉིད་ཡང་དག་པར་སུན་དབྱུང་བ་དང་། ངོ་བོ་ཉིད་ཡོངས་སུ་སྤང་བ་ལས་སོ། ། 130-1-175a དེ་ལ་རྒྱུ་གསུམ་གྱིས་ན་ངོ་བོ་ཉིད་ཡོངས་སུ་སྤོང་བར་འགྱུར་ཏེ། གཉེན་པོའི་སྟོབས་དང་ལྡན་པ་དབང་པོ་རྣོན་པོའི་ནི་ལན་ཅིག་གིས་སོ། །གཉེན་པོའི་སྟོབས་དང་མི་ལྡན་པ་དབང་པོ་འབྲིང་གི་ནི་ཆེ་རིམ་ལས་རིམ་གྱིས་སོ། །གཉེན་པོའི་སྟོབས་དང་མི་ལྡན་པ་དབང་ པོ་རྟུལ་པོའི་ནི་རྣམ་པར་རྟོག་པའི་རྒྱུ་ཟང་ཟིང་ལས་ཤས་ཆེར་སྐྱོན་དུ་ཡང་དག་པར་ལྟ་བ་ལས་སོ། །གང་ཟག་གསུམ་གྱི་ཏིང་ངེ་འཛིན་ནི་གསུམ་དུ་རིག་པར་བྱ་སྟེ། ལྷག་པའི་སེམས་ལ་བརྩོན་པའི་ཏིང་ངེ་འཛིན་ནི་སེམས་ཅན་རྣམ་པ་བཞི་པོ་གནོད་པ་བྱེད་པ་རྣམས་དང་། སྡིག་པ་བྱེད་པ་རྣམས་ དང་། དགེ་བ་བྱེད་པ་རྣམས་དང་། ཕན་པ་བྱེད་པའི་སེམས་ཅན་རྣམས་ལ་དམིགས་པ་ཡིན་ནོ། །མཐར་ཐུག་པར་འགྲོ་བ་ལ་བརྩོན་པའི་ཏིང་ངེ་འཛིན་ནི་ཆོས་ལ་དམིགས་པ་ཡིན་ནོ། །མངོན་པར་རྟོགས་པ་ལ་བརྩོན་པའི་ཏིང་ངེ་འཛིན་ནི་ཆོས་ལ་དམིགས་པ་ཁོ་ན་ཡིན་ནོ། །ཆེན་པོ་རྣམ་པ་ གསུམ་གྱིས་ནི་ཏིང་ངེ་འཛིན་ཆེན་པོས་མྱུར་བ་མྱུར་བ་ཁོ་ནར་དེ་བཞིན་ཉིད་རྟོགས་པར་འགྱུར་ཞིང་། རྟོགས་ནས་ཀྱང་ཟག་པ་ཟད་པར་འགྱུར་ཏེ། དམིགས་པ་ཆེན་པོ་དང་མངོན་པར་བརྩོན་པ་ཆེན་པོ་དང་། ཐབས་ཀྱིས་ཡོངས་སུ་ཟིན་པའི་ཡིད་ལ་བྱེད་པ་ཆེན་པོས་སོ། །དབེན་པ་གཉིས་ནི་མྱུར་བ་ མྱུར་བ་ཁོ་ནར་དེ་བཞིན་ཉིད་རྟོགས་པར་འགྱུར་བ་ཡིན་ཏེ། རྒྱུ་བར་གྱུར་པ་ནི་འདུ་འཛི་ལས་དབེན་པ་དང་། གནས་པར་གྱུར་པ་ན་རྣམ་པར་རྟོག་པ་ངན་པ་ལས་དབེན་པའོ། །ཏིང་ངེ་འཛིན་དང་མི་མཐུན་པའི་ཆོས་ནི་ལྔ་སྟེ། ལྟུང་བ་དང་རྟག་ཏུ་སྦྱོར་བར་མི་བྱེད་པ་དང་། གུས་པར་སྦྱོར་བར་མི་ བྱེད་པ་དང་། ཞུམ་པ་དང་། གཞན་ལས་ཀུན་དུ་གནོད་པ་འབྱུང་བའོ། །དབེན་པ་ན་རྣམ་པ་གསུམ་སྟེ། གནས་པ་དབེན་པ་དང་། ལྟ་བ་དབེན་པ་དང་། ཉན་པ་དབེན་པའོ། །སེམས་རྣམ་པར་སྦྱོང་བ་ལ་ཞུགས་པའི་དགེ་སློང་གི་ཏིང་ངེ་འཛིན་དང་མི་མཐུན་པ་དང་། ཏིང་ངེ་འཛིན་ གྱི་བར་དུ་གཅོད་པའི་སྙིང་ཐག་པའི་སྐྱོན་ནི་ལྔ་པོ་འདི་དག་ཡིན་ཏེ། འདི་ལྟ་སྟེ་ཁྲོ་བ་དང་། ང་རྒྱལ་དང་། འདོད་པའི་འདོད་ཆགས་དང་། འཇིག་ཚོགས་ལ་ལྟ་བ་དང་། མི་བཟོད་པའོ། །སྙིང་ཐག་པ་ནས་ཏིང་ངེ་འཛིན་གྱི་མཚན་མ་ནི་ལྔ་པོ་འདི་དག་ཡིན་ཏེ། དེ་དག་ནི་དེ་དག་གི་ 130-1-175b གཉེན་པོར་གནས་པ་ཡིན་པས་ན། དེའི་ཕྱིར་སྙིང་ཐག་པའི་སྐྱོན་རྣམས་ཞེས་བྱའོ། །མཚན་མ་ལྔ་གང་ཞེ་ན། ཡོ་བྱད་ངན་ངོན་ཙམ་གྱིས་ཆོག་ཤེས་པ་དང་། དགེ་བ་གང་ཡིན་ཞེས་ཚོལ་བ་དང་། ལུས་དང་ལོངས་སྤྱོད་ལ་མི་ལྟ་བ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་ལ་སྐྱོན་དང་ཡོན་ ཏན་དུ་ལྟ་བ་དང་། སྦྱོར་བའི་གནོད་པ་བཟོད་པའོ། །དེ་ལ་ཁྲོས་ཤིང་ཁྲོ་བའི་བསམ་པ་དང་ལྡན་པ་ནི་གལ་ཏེ། ཁྱིམ་རྣམས་སུ་རྙེད་པ་དང་། རྙེད་པར་བྱ་བ་མ་རྙེད་དམ། ཆུང་ངུའམ་ངན་པའམ། བསྒྱོངས་ཏེའམ། གུས་པར་མ་བྱས་པར་རྙིད་པར་གྱུར་ན། དེ་དེས་ཁྲོ་བ་དང་འཁྲུག་ པར་འགྱུར་ཞིང་། གཞི་དེ་ལས་གནོད་སེམས་ཀྱི་རྣམ་པར་རྟོག་པ་དང་། འཚེ་བའི་རྣམ་པར་རྟོག་པ་ལ་ལན་མང་དུ་རྗེས་སུ་རྟོག་པར་བྱེད། རྗེས་སུ་དཔྱོད་པར་བྱེད་དེ། དེས་ན་དེའི་ཏིང་ངེ་འཛིན་དང་པོ་ཉིད་ནས་མ་སྐྱེས་པ་ནི་སྐྱེ་བར་འགྱུར་ལ། སྐྱེས་པ་ནི་ཡོངས་སུ་ཉམས་པར་འགྱུར་རོ། ། དེ་ལ་ང་རྒྱལ་གྱིས་མངོན་པར་ཟིན་ཅིང་ང་རྒྱལ་གྱི་བསམ་པ་དང་ལྡན་པ་ནི་རང་བཞིན་ཉིད་ཀྱིས་ཆོས་རྣམས་ལ་གུས་པ་མ་སྐྱེས་པ་ཡིན་ཏེ། དེ་ནི་སློབ་དཔོན་དང་བླ་མ་དང་སྦྱིན་གནས་རྣམས་ལ། དུས་དུས་སུ་ལུས་འདུད་པར་མི་བྱེད། སེམས་འདུད་པར་མི་བྱེད་ཅིང་། འདི་ལྟ་སྟེ་དགེ་བ་གང་ ཡིན་ཞེས་ཡོངས་སུ་བཙལ་བའི་ཕྱིར་ཡོངས་སུ་ཞུ་བར་མི་བྱེད། ཡོངས་སུ་འདྲི་བར་མི་བྱེད་དེ། དེས་ན་ཏིང་ངེ་འཛིན་བསྒྲུབ་པ་ལས་བརྩམས་པའི་དོན་རྟོགས་པར་མི་འགྱུར་ཞིང་། གཞི་དེ་ལས་རློམ་པ་དང་ལྡན་པའི་རྣམ་པར་རྟོག་པ་ལ་ལན་མང་དུ་རྗེས་སུ་རྟོག་པར་བྱེད། རྗེས་སུ་དཔྱོད་ པར་བྱེད་དེ། དེས་ན་དེའི་ཏིང་ངེ་འཛིན་དང་པོ་ཉིད་ནས་མ་སྐྱེས་པ་ནི་སྐྱེ་བར་མི་འགྱུར་ལ། སྐྱེས་པ་ནི་ཡོངས་སུ་ཉམས་པར་འགྱུར་རོ། །དེ་ལ་འདོད་པའི་འདོད་ཆགས་ཀྱིས་ཆགས་ཤིང་འདོད་ཆགས་ཀྱི་བསམ་པ་དང་ལྡན་པ་ནི། ལུས་དང་ལོངས་སྤྱོད་དག་ལ་ཤིན་ཏུ་ལྟ་བ་ཅན་ཡིན་པས་ དེས་ན་དེ་ཕྱི་རོལ་གྱི་འདོད་པའི་ཡོན་ཏན་ལྔ་པོ་དག་ལ་རྣམ་པར་གཡེང་བ་མང་བ་ཡིན་ཏེ། གཞི་དེས་འདོད་པའི་རྣམ་པར་རྟོག་པ་དང་། ཉེ་དུའི་རྣམ་པར་རྟོག་པ་དང་། ཡུལ་གྱི་རྣམ་པར་རྟོག་པ་དང་། ཁྱིམ་གྱི་འབྱོར་པ་དང་ལྡན་པའི་རྣམ་པར་རྟོག་པ་དག་ལ་ལན་མང་དུ་རྗེས་སུ་རྟོག་པར་བྱེད། རྗེས་ 130-1-176a སུ་དཔྱོད་པར་བྱེད་དེ། དེས་ན་དེའི་ཏིང་ངེ་འཛིན་དང་པོ་ཉིད་ནས་མ་སྐྱེས་པ་ནི་སྐྱེ་བར་མི་འགྱུར་ལ། སྐྱེས་པ་ནི་ཡོངས་སུ་ཉམས་པར་འགྱུར་རོ། །དེའི་གཉེན་པོ་མི་སྡུག་པ་དེ་ཡང་མི་སྡུག་པའི་མཚན་ཉིད་གསུམ་དང་ལྡན་པར་རིག་པར་བྱ་སྟེ། མི་གཙང་བའི་མཚན་ཉིད་ དང་། དེ་དང་རྒྱུ་མཐུན་པ་འཛག་པའི་མཚན་ཉིད་དང་། རྟེན་དང་བརྟེན་པ་རབ་ཏུ་དབྱེ་བའི་མཚན་ཉིད་དོ། །དེ་ལ་འཇིག་ཚོགས་ལ་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བས་ཟིན་པའི་རྒྱུས་འཇིག་རྟེན་གྱི་ཆོས་དང་ཕྲད་པ་ན། འདུད་པ་དང་ཁེངས་པ་དག་གིས་གོས་པར་འགྱུར་བས་དེ་ལ་བཏང་སྙོམས་ སུ་བྱ་བ་ལ། དེའི་འཇིག་ཚོགས་ལ་ལྟ་བ་མི་མཐུན་པར་གནས་པ་ཡིན་ནོ། །གཞན་ཡང་དེ་ཉིད་འཇིག་རྟེན་གྱི་ཆོས་ཀྱི་རྒྱུ་མཚན་སྲེད་པ་དང་། ཆགས་པའི་རྒྱུན་གྱིས་བདས་པ་ན། དེ་ལ་བཏང་སྙོམས་སུ་བྱ་བ་ལ། དེའི་འཇིག་ཚོགས་ལ་ལྟ་བ་མི་མཐུན་པར་གནས་པ་ཡིན་ནོ། ། གཞན་ཡང་དེ་ཉིད་འཇིག་རྟེན་གྱི་ཆོས་ཀྱི་རྒྱུ་མཚན་ལས་བྱུང་བའི་རྣམ་པར་རྟོག་པ་བཟང་པོ་མ་ཡིན་པ་ལ། རྣམ་པར་རྟོག་པས་ཀུན་དུ་གདུང་བ་དང་རྣམ་པར་གདུང་བར་འགྱུར་བས་དེ་ལ་བཏང་སྙོམས་སུ་བྱ་བ་ལ། དེའི་འཇིག་ཚོགས་ལ་ལྟ་བ་མི་མཐུན་པར་གནས་པ་ཡིན་ནོ། །གཞན་ཡང་དེ་ཉིད་ འཇིག་རྟེན་གྱི་ཆོས་ཀྱི་རྒྱུ་མཚན་ཡོངས་སུ་ཚོལ་བར་བྱེད་པ་ན་རྣམ་པར་གཡེན་སྤྱོ་བ་དང་། ཡོངས་སུ་གཡོ་བ་སྣ་ཚོགས་ཀྱིས་གནོད་པར་འགྱུར་བས་དེ་ལ་བཏང་སྙོམས་སུ་བྱ་བ་ལ། དེའི་འཇིག་ཚོགས་ལ་ལྟ་བ་མི་མཐུན་པར་གནས་པ་ཡིན་ནོ། །གཞན་ཡང་དེ་ཉིད་འཇིག་ཚོགས་ལ་ལྟ་ བའི་རྒྱུ་འཇིག་རྟེན་གྱི་ཆོས་ཀྱི་གནས་མི་རྟག་པའི་རྒྱུ་ཉེ་བར་ལེན་པར་བྱེད་ཅིང་། ལྷག་པར་ཆགས་པར་བྱེད་དེ་གཞི་དེས་མྱ་ངན་ལ་སོགས་པས་གནོད་པར་འགྱུར་བས་དེ་ལ་བཏང་སྙོམས་སུ་བྱ་བ་ལ། དེའི་འཇིག་ཚོགས་ལ་ལྟ་བའི་མི་མཐུན་པར་གནས་པ་ཡིན་ནོ། །གཞན་ཡང་དེ་ཉིད་ས་ འོག་མ་པའི་དྲི་མ་བསལ་བའི་ཕྱིར་དགེ་བ་ལ་བརྩོན་པ་ན་སྦྱོར་བ་དེ་ལ་མི་དགའ་བས། དེའི་མི་མཐུན་པའི་ཕྱོགས་ལ་བཏང་སྙོམས་སུ་བྱ་བ་ལ། དེའི་འཇིག་ཚོགས་ལ་ལྟ་བ་མི་མཐུན་པར་གནས་པ་ཡིན་ནོ། །ས་འོག་མ་པའི་དྲི་མ་བསལ་བ་ཇི་ལྟ་བ་བཞིན་དུ། ས་གོང་མ་པའི་དྲི་མ་བསལ་བ་ཡང་ 130-1-176b དེ་བཞིན་ཏེ། རྒྱུ་དེས་ན་དེ་འཁོར་བ་ལ་ནི་སྐྱོན་དུ་བལྟའོ། །མྱ་ངན་ལས་འདས་པ་ལ་ནི་ཡོན་ཏན་དུ་བལྟའོ་སྙམ་དུ་སེམས་ཀྱང་དེ་ལས་བཟློག་པར་འགྱུར་ཏེ། དེས་ན་དེའི་ཏིང་ངེ་འཛིན་དང་པོ་ཐོབ་ཀྱང་བདེན་པ་མངོན་པར་རྟོགས་པའི་ཏིང་ངེ་འཛིན་མ་སྐྱེས་པ་ནི་སྐྱེ་བར་མི་འགྱུར་ལ། སྐྱེས་པ་ནི་ ཡོངས་སུ་ཉམས་པར་འགྱུར་རོ། །དེ་ལ་མི་བཟོད་པའི་རང་བཞིན་ཅན་མི་བཟོད་པའི་བསམ་པ་དང་ལྡན་པ་ནི་བདེན་པ་མངོན་པར་རྟོགས་པའི་ཏིང་ངེ་འཛིན་འཐོབ་ཀྱང་། ཤ་སྦྲང་དང་སྦྲང་བུ་མཆུ་རིངས་ལ་སོགས་པ་མི་བཟོད་པའི་ཕྱིར་སྦྱོར་བ་སྤོང་བར་བྱེད་ཅིང་། ལེ་ལོ་ཡང་བྱེད་དེ། དེས་ན་དེའི་ དངོས་གཞིར་ཞུགས་པའི་ཏིང་ངེ་འཛིན་མ་སྐྱེས་པ་ཡང་སྐྱེ་བར་མི་འགྱུར་ལ། སྐྱེས་པ་ཡང་ཡོངས་སུ་ཉམས་པར་འགྱུར་རོ། །དེ་ལ་སྐྱོན་གསུམ་ནི་ཏིང་ངེ་འཛིན་དང་པོའི་བར་ཆད་བྱེད་པ་ཡིན་ནོ། །གཅིག་ནི་བདེན་པ་མངོན་པར་རྟོགས་པའི་ཏིང་ངེ་འཛིན་གྱི་བར་ཆད་བྱེད་པ་ཡིན་ནོ། །གཅིག་ ནི་དངོས་གཞིར་ཞུགས་པའི་ཏིང་ངེ་འཛིན་གྱི་བར་ཆད་བྱེད་པ་ཡིན་ནོ། །རྣམ་གྲངས་གཞན་ཡང་བརྒྱད་པོ་འདི་དག་ནི་སློབ་མ་སྤོང་བའི་རྒྱུ་མཚན་ཡིན་ཏེ། དེ་དག་ལ་ཉོན་མོངས་པ་དང་བཅས་པ་ཀུན་ནས་ཉོན་མོངས་པར་འགྱུར་ཞིང་། ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་ན་སློབ་མ་ སྤོང་བར་བྱེད་དོ། །དགྲ་བཅོམ་པ་ཉོན་མོངས་པ་མེད་པ་རྟག་ཏུ་དྲན་པ་ཉེ་བར་གཞག་པ་ནི་མི་བྱེད་དོ། །བརྒྱད་གང་ཞེ་ན་རང་བཞིན་གྱིས་ཞེ་འགྲས་པའི་སེམས་དང་ལྡན་པ་དང་། སློབ་མ་ལས་བདག་ཁོ་ནའི་རིམ་གྲོ་འབའ་ཞིག་འདོད་པ་དང་། རིམ་གྲོ་འདོད་པ་ཇི་ལྟ་བ་བཞིན་དུ་ སློབ་མ་ལས་རྙེད་པ་འདོད་པ་དང་། སློབ་མ་ལྟུང་བ་དང་། ཚུལ་ཁྲིམས་ངན་པ་ཀུན་དུ་སྤྱོད་པ་དང་། སློབ་མ་རྣམས་ལས་ཕན་པ་བྱེད་པ་དང་གནོད་པ་བྱེད་པ་དགོས་པ་དང་། མི་དགོས་པ་དང་། ལྷག་པའི་ཚུལ་ཁྲིམས་ཀྱི་གདམས་ངག་ལ་གནོད་པ་མི་བཟོད་པ་དང་། ལྷག་པའི་སེམས་ དང་ལྷག་པའི་ཤེས་རབ་ཀྱི་གནས་པའི་གདམས་ངག་ལ་གནོད་པ་མི་བཟོད་པ་དང་། ཚོགས་ཡོངས་སུ་བསྡུ་བ་ལ་གནོད་པ་མི་བཟོད་པའོ། །སྡོམ་ནི། གྲངས་དང་མི་མཐུན་ཕྱོགས་ཡན་ལག །དེ་དག་རྒྱ་ཆེར་རྣམ་གཞག་དང་། །དབེན་དང་སྡུག་བསྔལ་གཡོ་བ་དང་། །གོང་མའི་ 130-1-177a ཡན་ལག་ཁྱད་པར་ཡིན། །བསམ་གཏན་བཞི་ཞེས་གང་གསུངས་པ་ལ། ཅིའི་ཕྱིར་བསམ་གཏན་བཞི་ཁོ་ནར་ཟད་དེ། ཆེས་མང་བ་ཡང་མ་ཡིན་ལ་ཆེས་ཉུང་བ་ཡང་མ་ཡིན་ཞེ་ན། སྨྲས་པ། བདེ་བ་དང་སྡུག་བསྔལ་ལས་ཤིན་ཏུ་འདས་ཤིང་ཡོངས་སུ་ རྫོགས་པའི་ཕྱིར་ཏེ། འདི་ལྟར་མཐར་གྱིས་བསམ་གཏན་བཞི་པའི་བར་དུ་བདེ་བ་དང་། སྡུག་བསྔལ་ལས་ཤིན་ཏུ་འདས་པ་ཡིན་པའི་ཕྱིར་རོ། །བསམ་གཏན་དང་པོའི་མི་མཐུན་པའི་ཕྱོགས་གང་ཞེ་ན། སྨྲས་པ། དེ་ནི་རྣམ་པ་ལྔར་རིག་པར་བྱ་སྟེ། འདོད་པའི་འདོད་ཆགས་དང་། འདོད་པའི་གནོད་སེམས་དང་རྣམ་པར་འཚེ་བ་དང་། རྣམ་པར་རྟོག་པ་དང་། སྡུག་བསྔལ་དང་། ཡིད་མི་བདེ་བ་དང་། འཆལ་པའི་ཚུལ་ཁྲིམས་དང་། རྣམ་པར་གཡེང་བའོ། །བསམ་གཏན་གཉིས་པའི་མི་མཐུན་པའི་ཕྱོགས་གང་ཞེ་ན། སྨྲས་པ། དེ་ཡང་རྣམ་པ་ལྔར་རིག་པར་བྱ་སྟེ། བསམ་གཏན་དང་པོའི་འདོད་ཆགས་དང་། རྟོག་པ་དང་། དཔྱོད་པ་དང་། སྡུག་བསྔལ་དང་། རྒོད་པ་དང་། ཏིང་ངེ་འཛིན་མ་རྫོགས་པའོ། །བསམ་གཏན་གསུམ་པའི་མི་མཐུན་པའི་ཕྱོགས་གང་ཞེ་ན། སྨྲས་པ། དེ་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། བསམ་གཏན་གཉིས་པའི་འདོད་ ཆགས་དང་། ཡིད་བདེ་བ་དང་། དགའ་བ་དང་། ཏིང་ངེ་འཛིན་མ་རྫོགས་པའོ། །བསམ་གཏན་བཞི་པའི་མི་མཐུན་པའི་ཕྱོགས་གང་ཞེ་ན། སྨྲས་པ། དེ་ཡང་རྣམ་པ་ལྔར་རིག་པར་བྱ་སྟེ། དབུགས་རྔུབ་པ་དང་། དབུགས་དབྱུང་བ་དང་། བསམ་གཏན་གསུམ་པའི་འདོད་ཆགས་དང་། བདེ་བ་དང་། བདེ་བ་ལ་རྩོལ་བ་དང་། ཏིང་ངེ་འཛིན་མ་རྫོགས་པའོ། །བསམ་གཏན་དང་པོའི་ཡན་ལག་དུ་ཞེ་ན། སྨྲས་པ། ཡན་ལག་ལྔ་སྟེ། ཡན་ལག་ལྔ་གང་ཞེ་ན། རྟོག་པ་དང་། དཔྱོད་པ་དང་། དགའ་བ་དང་། བདེ་བ་དང་། སེམས་རྩེ་གཅིག་པ་ཉིད་དོ། །བསམ་གཏན་གཉིས་ པའི་ཡན་ལག་དུ་ཞེ་ན། སྨྲས་པ། ཡན་ལག་བཞི་སྟེ་ཡན་ལག་བཞི་གང་ཞེ་ན། ནད་ཡོངས་སུ་དང་བ་དང་། དགའ་བ་དང་། བདེ་བ་དང་། སེམས་རྩེ་གཅིག་པ་ཉིད་དོ། །དེ་ལ་ནང་ཡོངས་སུ་དང་བའི་ཆོས་ཀྱི་ངོ་བོ་ཉིད་གང་ཞེ་ན། སྨྲས་པ་དང་། དྲན་པ་དང་། ཤེས་བཞིན་དང་། བཏང་ 130-1-177b སྙོམས་ཀྱི་ངོ་བོ་ཉིད་ཡིན་ནོ། །བསམ་གཏན་གསུམ་པའི་ཡན་ལག་དུ་ཞེ་ན། སྨྲས་པ། ཡན་ལག་ལྔ་སྟེ། ལྔ་གང་ཞེ་ན། དྲན་པ་དང་། ཤེས་བཞིན་དང་། བཏང་སྙོམས་དང་། བདེ་བ་དང་། སེམས་རྩེ་གཅིག་པ་ཉིད་དོ། །བསམ་གཏན་བཞི་པའི་ཡན་ལག་དུ་ཞེ་ན། སྨྲས་པ། ཡན་ལག་ བཞི་སྟེ། ཡན་ལག་བཞི་གང་ཞེ་ན། བཏང་སྙོམས་ཡོངས་སུ་དག་པ་དང་། དྲན་པ་ཡོངས་སུ་དག་པ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་། སེམས་རྩེ་གཅིག་པ་ཉིད་དོ། །དེ་ལ་བསམ་གཏན་དང་པོ་ལ་ནི་དྲན་པ་དང་། ཤེས་བཞིན་དང་། བཏང་སྙོམས་དག་རྟོག་པ་ དང་། དཔྱོད་པའི་སྒོ་དག་གིས་མངོན་པར་བསྒྲུབས་པས་ན། དེའི་ཕྱིར་ཡོད་ཀྱང་མ་སྨོས་སོ། །བསམ་གཏན་གཉིས་པ་ལ་ནི་ངོ་བོ་ཉིད་ལས་བྱེད་པ་དག་ཡིན་ཡང་། སེམས་དགའ་བའི་ཉེ་བའི་ཉོན་མོངས་པས་ཀུན་ནས་དཀྲིས་པ་ཡིན་པས་དེའི་ཕྱིར། ནང་ཡོངས་སུ་དང་བའི་མིང་གིས་བསྟན་ ཏོ། །བསམ་གཏན་གསུམ་པ་ལ་ནི་སེམས་ཀྱི་ཉེ་བའི་ཉོན་མོངས་པ་དེ་དང་བྲལ་བའི་ཕྱིར་རང་གི་མཚན་ཉིད་དེ་ཁོ་ནས་བསྟན་ཏེ། དེའི་ཕྱིར་དགའ་བ་དང་བྲལ་བ་ལ་སོགས་པ་སྨོས་སོ། །བསམ་གཏན་དང་པོའི་གང་དག་ཡིན་པ་དེ་དག་ནི་འདོད་པའི་འདོད་ཆགས་དང་བྲལ་བས་ཡིན་གྱི། དགའ་ བ་དང་བྲལ་བས་ནི་མ་ཡིན་ནོ། །བསམ་གཏན་གཉིས་པའི་གང་དག་ཡིན་པ་དེ་དག་ནི་རྟོག་པ་དང་དཔྱོད་པ་དང་བྲལ་བས་ཡིན་གྱི། དགའ་བ་དང་བྲལ་བས་ནི་མ་ཡིན་ནོ། །བསམ་གཏན་བཞི་པ་ལ་ནི་དེ་དག་ཉིད་ཤིན་ཏུ་ཡོངས་སུ་དག་པར་བསྟན་ཏོ། །དེའི་ཕྱིར་བསམ་གཏན་ཐམས་ཅད་ ལ་དེ་དག་གི་ཚུལ་བཞིན་དུ་རིག་པར་བྱ་སྟེ། དེ་ཡང་ཅི་རིགས་པར་རོ། །ཅིའི་ཕྱིར་བསམ་གཏན་བཞི་པོ་དེ་དག་ཡན་ལག་ལྔ་པ་དང་། ཡན་ལག་བཞི་པར་རྣམ་པར་གཞག་ཅེ་ན། སྨྲས་པ། གནས་པའི་རྟེན་དང་། གནས་པ་ལ་ཕན་པ་དང་། གནས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །རྣམ་གྲངས་ གཞན་ཡང་དམིགས་པ་ཡིད་ལ་བྱེད་པ་དང་། དམིགས་པ་ལ་ཡོངས་སུ་དཔྱོད་པ་དང་། དམིགས་པ་ལས་མི་འཕྲོ་བའི་ཕྱིར་རོ། །རྣམ་གྲངས་གཞན་ཡང་ཕན་འདོགས་པའི་རྟེན་དང་། ལྷག་པའི་སེམས་ཀྱི་རྟེན་དང་། ལྷག་པའི་ཤེས་རབ་ཀྱི་རྟེན་ཡིན་པའི་ཕྱིར་རོ། །རྣམ་གྲངས་ 130-1-178a གཞན་ཡང་མི་མཐུན་པའི་ཕྱོགས་ཉེ་བའི་ཉོན་མོངས་པ་ཅན་གྱི་གནས་པ་རྣམ་པ་གསུམ་གྱི་གཉེན་པོའི་ཕྱིར་ཏེ། མི་མཐུན་པའི་ཕྱོགས་ཉེ་བའི་ཉོན་མོངས་པ་ཅན་གྱི་གནས་པ་རྣམ་པ་གསུམ་གང་ཞེ་ན། འདི་ལྟ་སྟེ། ཉོན་མོངས་པ་ཅན་གྱི་གནས་པ་དང་། སྡུག་བསྔལ་ བའི་གནས་པ་དང་། ཀུན་དུ་རྨོངས་པའི་གནས་པའོ། །རྣམ་གྲངས་གཞན་ཡང་བསམ་གཏན་པ་རྣམས་ཀྱི་འདོད་པ་ལ་ལོངས་སྤྱོད་པ་དང་། ཆོས་མཐུན་པ་ཡིན་པར་བལྟ་བར་བྱ་སྟེ། འདོད་པ་ལ་ལོངས་སྤྱོད་པ་རྣམས་ཀྱི་ཡང་དག་པར་བྱ་བ་ནི་གསུམ་པོ་འདི་དག་ཡིན་ཏེ། དེ་དག་གིས་ འདོད་པ་ལ་ལོངས་སྤྱོད་པ་རྣམས་རབ་ཏུ་ཕྱེ་བ་ཡིན་ནོ། །གསུམ་གང་ཞེ་ན། འདི་ལྟ་སྟེ། ལོངས་སྤྱོད་ལེགས་པར་ཡོངས་སུ་ཚོལ་བ་དང་། ཡོངས་སུ་བཙལ་བ་རྣམས་ལ་ལེགས་པར་ལོངས་སྤྱོད་པ་དང་། དེ་ལ་དབང་བསྒྱུར་བ་ལ་རང་དབང་ཡོད་པའོ། །དེ་བཞིན་དུ་བསམ་གཏན་པ་ རྣམས་ཀྱི་ཡན་ལག་ཀྱང་ལེགས་པར་བྱ་བ་གསུམ་ལ་བརྟེན་ནས་རྣམ་པར་གཞག་པར་རིག་པར་བྱ་སྟེ། དེ་ཡང་ཅི་རིགས་པར་རོ། །རྣམ་གྲངས་གཞན་ཡང་བསམ་གཏན་པ་རྣམས་ཀྱི་ཡན་ལག་ནི་དཀའ་ཐུབ་དྲག་པོའི་གཉེན་པོར་རྣམ་པར་གཞག་པ་ཡིན་པར་རིག་པར་བྱ་སྟེ། དེ་ དག་གི་གཉེན་པོ་ཡང་རྣམ་པ་གསུམ་སྟེ། གཉེན་པོ་མེད་པའི་གཉེན་པོ་དང་། ལུས་དང་སེམས་ལ་གནོད་པའི་གཉེན་པོ་དང་། སེམས་ཕྱི་རོལ་དུ་འཕྲོ་བ་ཉེ་བར་མ་ཞི་བའི་གཉེན་པོའོ། །ཅིའི་ཕྱིར་བསམ་གཏན་དང་པོ་ལ་འདོད་པ་རྣམས་ལས་དབེན་པ་ཞེས་གསུངས་ནས། སྡིག་པ་མི་དགེ་ བའི་ཆོས་རྣམས་ལས་དབེན་པ་ཞེས་གསུངས་ཤེ་ན། སྨྲས་པ། འདོད་པ་རྣམས་ཀྱི་རང་གི་མཚན་ཉིད་ཡོངས་སུ་བསྟན་པའི་ཕྱིར་དང་། ཉེས་དམིགས་ཀྱི་མཚན་ཉིད་ཡོངས་སུ་བསྟན་པའི་ཕྱིར་རོ། །དེ་ལ་ཉེས་དམིགས་ཀྱི་མཚན་ཉིད་ནི་འདི་ཡིན་ཏེ། འདོད་པ་རྣམས་ནི་ཉེས་པར་སྤྱོད་པ་ ཀུན་ནས་བསླང་ནས་འོག་ཏུ་ལྟུང་བར་བྱེད་པའི་ཕྱིར་སྡིག་པ་ཡིན་ནོ། །དགེ་བ་སྐྱེ་བ་དང་མི་མཐུན་པ་ཡིན་པའི་ཕྱིར་མི་དགེ་བ་དེ་ཡིན་ནོ། །རྣམ་གྲངས་གཞན་ཡང་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་སྤངས་པ་ཡོངས་སུ་བསྟན་པའི་ཕྱིར་དང་། སྔོན་བསགས་པའི་ལས་ཀྱི་ཀུན་ནས་ 130-1-178b ཉོན་མོངས་པ་སྤངས་པ་ཡོངས་སུ་བསྟན་པའི་ཕྱིར་རོ། །རྣམ་གྲངས་གཞན་ཡང་ཁྱིམ་ན་གནས་པ་རྣམས་ཀྱི་དངོས་པོ་ལ་ཡོངས་སུ་སྤྱོད་པའི་སྒོ་ནས་འདོད་པ་སྤང་བ་ཡོངས་སུ་བསྟན་པའི་ཕྱིར་དང་། རབ་ཏུ་བྱུང་བ་རྣམས་ཀྱི་རྣམ་པར་རྟོག་པའི་སྒོ་ནས་དེ་སྤང་བ་ཡོངས་སུ་བསྟན་པའི་ཕྱིར་རོ། །རྣམ་ གྲངས་གཞན་ཡང་འདོད་པའི་རྣམ་པར་རྟོག་པ་སྤང་བ་ཡོངས་སུ་བསྟན་པའི་ཕྱིར་དང་། གནོད་སེམས་དང་རྣམ་པར་འཚེ་བའི་རྣམ་པར་རྟོག་པ་སྤང་བ་ཡོངས་སུ་བསྟན་པའི་ཕྱིར་རོ། །རྣམ་གྲངས་གཞན་ཡང་ཕྱི་རོལ་པའི་དྲང་སྲོང་རྣམས་ཀྱི་འཐོབ་པའི་རྟགས་ཡོངས་སུ་བསྟན་པའི་ཕྱིར་ དང་། ཡོངས་སུ་ཉམས་པ་རྣམས་ཀྱི་དམོད་པ་འདོར་བ་ཡོངས་སུ་བསྟན་པའི་ཕྱིར་རོ། །ཅིའི་ཕྱིར་བསམ་གཏན་དང་པོ་ལ་སྡུག་བསྔལ་གྱི་དབང་པོ་མ་སྤངས་ཤེ་ན། སྨྲས་པ། དེ་ལ་དེའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་དང་མ་བྲལ་བའི་ཕྱིར་ཏེ། གལ་ཏེ་དེ་ལ་སྡུག་བསྔལ་གྱི་དབང་ པོ་སྤངས་པར་གྱུར་ན། བསམ་གཏན་གཉིས་པ་དང་། གནས་པའི་ཁྱད་པར་དམིགས་པར་མི་འགྱུར་བས་དེའི་ཕྱིར་མ་སྤངས་པ་ཁོ་ནར་རིག་པར་བྱའོ། །གང་གི་ཚེ་བསམ་གཏན་དང་པོ་ལ་སོགས་པ་ལ་རྟོག་པ་དང་དཔྱོད་པ་ལ་སོགས་པའི་ཏིང་ངེ་འཛིན་ལ་ཕན་འདོགས་པ་དག །བསམ་ གཏན་རྣམས་ཀྱི་རང་གི་ས་ལ་ཕན་འདོགས་པ་དང་། ཡོངས་སུ་དག་པར་འགྱུར་བའི་ཕྱིར་འཇུག་པ་ཡིན་ནོ། །ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་གཡོ་བའི་མིང་དུ་བསྟན་ཞེ་ན། སྨྲས་པ། གཞན་གྱི་ས་ལ་ལྟོས་ཏེ་བསྟན་པ་ཡིན་གྱི། རང་གི་ས་ལས་ནི་མ་ཡིན་ནོ། །ཅིའི་ཕྱིར་བསམ་གཏན་ དང་པོ་ལ་སོགས་པ་ལ་འདོད་པའི་ཁམས་ཀྱི་བར་ནས་བཟུང་སྟེ། གོང་ནས་གོང་དུ་ཡན་ལག་དག་རྣམ་པར་གཞག་ཅེ་ན། སྨྲས་པ། མདོར་བསྡུ་ན་རྒྱུ་རྣམ་པ་གསུམ་གྱིས་ཏེ། མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་དང་། རྟོགས་པའི་ཕན་ཡོན་དང་། རྟོགས་པས་སོ། །རྒྱུ་གསུམ་པོ་དེ་དག་ནི་ བསམ་གཏན་བཞི་པོ་དག་ལ་ཡན་ལག་ལྔ་ཡོངས་སུ་གཟུང་བ་དག་ལ་ཡང་ཅི་རིགས་པ་རིག་པར་བྱའོ། །བསམ་གཏན་དང་པོ་དང་། བསམ་གཏན་གཉིས་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། སྨྲས་པ། ཏིང་ངེ་འཛིན་ཡོངས་སུ་རྫོགས་པའི་ཁྱད་པར་ཡོད་དོ། །བསམ་གཏན་གཉིས་པ་དང་ 130-1-179a བསམ་གཏན་གསུམ་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། སྨྲས་པ། ཕན་འདོགས་པ་ཡོངས་སུ་རྫོགས་པའི་ཁྱད་པར་ཡོད་དོ། །བསམ་གཏན་གསུམ་པ་དང་། བསམ་གཏན་བཞི་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། སྨྲས་པ། ཏིང་ངེ་འཛིན་ཡོངས་སུ་དག་པ་ཡོངས་སུ་ རྫོགས་པའི་ཁྱད་པར་ཡོད་དོ།། །།བམ་པོ་ཉི་ཤུ་པ། ཏིང་ངེ་འཛིན་སྒོམ་པ་ནི་རྣམ་པ་བཞི་སྟེ། ཚེ་འདི་ལ་བདེ་བར་གནས་པ་ཐོབ་པར་བྱ་བའི་ཕྱིར་དང་། ཡེ་ཤེས་དང་མཐོང་བ་ཐོབ་པར་བྱ་བའི་ཕྱིར་དང་། ཤེས་རབ་ཀྱི་རབ་ཏུ་དབྱེ་བ་ཐོབ་པར་བྱ་བའི་ཕྱིར་དང་། ཟག་པ་ཟད་ པ་ཐོབ་པར་བྱ་བའི་ཕྱིར་རོ། །གང་ཟག་རྣམ་པ་བཞི་ལས་བརྩམས་ནས་ཏིང་ངེ་འཛིན་སྒོམ་པ་བཞི་རྣམ་པར་གཞག་པར་རིག་པར་བྱ་སྟེ། གང་ཟག་བཞི་གང་ཞེ་ན། བདེན་པ་མཐོང་བ་མངོན་པར་ཤེས་པ་མྱུར་ལ་དཀའ་བའི་ལམ་ཐོབ་པ་དང་། སོ་སོའི་སྐྱེ་བོ་འདོད་ཆགས་དང་བྲལ་བ་ ལམ་མ་ཐོབ་པ་སེམས་ཅན་ལ་དམིགས་པའི་ཚད་མེད་པ་ཐོབ་པ་དང་། བདེན་པ་མཐོང་བ་མངོན་པར་ཤེས་པ་བུལ་ལ་སླ་བའི་ལམ་ཐོབ་པ་དང་། བདེན་པ་མཐོང་བ་མངོན་པར་ཤེས་པ་མྱུར་ལ་སླ་བའི་ལམ་ཐོབ་པའོ། །དེ་ལ་སོ་སོའི་སྐྱེ་བོ་འདོད་ཆགས་དང་བྲལ་བ་ཚད་མེད་པ་ཐོབ་པའི་ཡེ་ ཤེས་དང་། མཐོང་བ་ནི་འཆི་འཕོ་དང་སྐྱེ་བ་མངོན་པར་ཤེས་པ་ཐོབ་པས་ཡོངས་སུ་དག་པ་ཡིན་པར་རིག་པར་བྱའོ། །བདེན་པ་མཐོང་བ་མངོན་པར་ཤེས་པ་བུལ་ལ་སླ་བའི་ལམ་ལ་གནས་པ་ནི་དབང་པོ་རྟུལ་བས་ཡོངས་སུ་ཉམས་པའི་ཆོས་ཅན་ཡིན་ཏེ། དེས་ནི་འདོད་པ་ན་སྤྱོད་པའི་ ཚོར་བ་དང་། འདུ་ཤེས་དང་། རྣམ་པར་རྟོག་པ་དག་ལ་དྲན་པ་ཉེ་བར་གཞག་པར་བྱ་ཞིང་ཤེས་བཞིན་དུ་ཡང་བྱའོ། །བསམ་གཏན་རྣམས་ནི་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བ་ཡིན་ཏེ། དེ་ལ་འདོད་ཆགས་དང་བྲལ་བ་ནི་རྣམ་པ་དྲུག་ཏུ་རིག་པར་བྱ་སྟེ། འདི་ལྟ་སྟེ། རང་ བཞིན་གྱིས་འདོད་ཆགས་དང་བྲལ་བ་དང་། གནོད་པས་འདོད་ཆགས་དང་བྲལ་བ་དང་། སྟོན་པས་འདོད་ཆགས་དང་བྲལ་བ་དང་། ཡང་དག་ཕུལ་གྱིས་འདོད་ཆགས་དང་བྲལ་བ་དང་། ཀུན་དུ་རྨོངས་པས་འདོད་ཆགས་དང་བྲལ་བ་དང་། གཉེན་པོས་འདོད་ཆགས་དང་བྲལ་བའོ། ། 130-1-179b དེ་ལ་རང་བཞིན་གྱིས་འདོད་ཆགས་དང་བྲལ་བ་ནི་འདི་ལྟ་སྟེ། དངོས་པོ་རང་བཞིན་གྱིས་མི་གཙང་བ་ཡོངས་སུ་ལོངས་སྤྱོད་པའི་འོས་མ་ཡིན་པ་དག་ལ་མི་མཐུན་པ་ཉིད་གང་ཡིན་པ་དང་། དེ་བཞིན་དུ་སྡུག་བསྔལ་གྱི་ཚོར་བ་དག་ལ་མི་མཐུན་པ་ཉིད་གང་ཡིན་པ་དང་། དེ་བཞིན་དུ་བསམ་གཏན་ དང་པོ་ལས་འདོད་ཆགས་དང་བྲལ་བའི་བསམ་གཏན་གཉིས་པ་ལ་སོགས་པ་ལ་རྟོག་པ་དང་དཔྱོད་པ་ལ་སོགས་པ་མི་མཐུན་པ་ཉིད་གང་ཡིན་པའོ། །དེ་ལ་གནོད་པས་འདོད་ཆགས་དང་བྲལ་བ་ནི་འདི་ལྟ་སྟེ། གཉིས་ཀྱིས་གཉིས་སྤྲོད་པས་འཁྲིག་པའི་ཆོས་བསྟན་པའི་ཡོངས་སུ་ གདུང་བ་དང་བྲལ་བ་ལ་མི་མཐུན་པ་ཉིད་གང་ཡིན་པ་དང་། དེ་ལྟ་བུ་དང་མཐུན་པ་གཞན་ཡང་བལྟ་བར་བྱའོ། །དེ་ལ་སྟོན་པས་འདོད་ཆགས་དང་བྲལ་བ་ནི་འདི་ལྟ་སྟེ། ལེགས་པར་ཟོས་པ་དང་། ལེགས་པར་འཐུངས་པ་དང་ལེགས་པར་ཚིམ་པའི་བཟའ་བ་དང་། བཏུང་བ་ལ་མི་མཐུན་པ་ཉིད་ གང་ཡིན་པ་དང་། དེ་ལྟ་བུ་དང་མཐུན་པ་གཞན་ཡང་བལྟ་བར་བྱའོ། །དེ་ལ་ཡང་དག་ཕུལ་གྱིས་འདོད་ཆགས་དང་བྲལ་བ་ནི་འདི་ལྟ་སྟེ། ལོངས་སྤྱོད་དང་ཕུན་སུམ་ཚོགས་པ་ཆེས་གྱ་ནོམ་པ་དང་། ཆེས་མཆོག་ཏུ་གྱུར་པ་ཐོབ་པའི་དམན་པ་ལ་མི་མཐུན་པ་ཉིད་གང་ཡིན་པ་དང་། དེ་ལྟ་བུ་དང་མཐུན་པ་གཞན་ཡང་བལྟ་བར་བྱའོ། །དེ་ལ་ཀུན་དུ་རྨོངས་པས་འདོད་ཆགས་དང་བྲལ་བ་ནི་འདི་ལྟ་སྟེ། མྱ་ངན་ལས་འདས་པའི་ཕན་ཡོན་མི་ཤེས་པའི་མྱ་ངན་ལས་འདས་པ་ལ་མི་མཐུན་པ་ཉིད་གང་ཡིན་པ་དང་། དེ་ལྟ་བུ་དང་མཐུན་པ་གཞན་ཡང་བལྟ་བར་བྱའོ། །དེ་ལ་ གཉེན་པོས་འདོད་ཆགས་དང་བྲལ་བ་ནི་འདི་ལྟ་སྟེ། སུན་འབྱིན་པ་གཉེན་པོའམ། སྤོང་བ་གཉེན་པོའམ། ཀུན་དུ་འཛིན་པ་གཉེན་པོའམ། ཐག་སྲིང་བ་གཉེན་པོ་ལས་བརྟེན་ཏེ། འཇིག་རྟེན་པའམ་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཉོན་མོངས་པ་སྤོང་བ་གང་ཡིན་པའོ། །ཅིའི་ཕྱིར་བསམ་ གཏན་ལ་གནས་པ་ཞེས་བྱ་ཞེ་ན། སྨྲས་པ། ནང་གི་དམིགས་པ་ལ་སེམས་ཉེ་བར་གཏད་པ་ནི་ཕྱི་རོལ་དུ་རྣམ་པར་མི་གཡེང་བ་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་བསམ་གཏན་ལ་ཏིང་ངེ་འཛིན་ཞེས་བྱ་ཞེ་ན། སྨྲས་པ། ཤེས་བྱའི་དངོས་པོ་དང་ཆ་མཐུན་པའི་གཟུགས་བརྙན་གྱི་དམིགས་པ་ལ་སེམས་ 130-1-180a ཏིང་ངེ་འཛིན་དུ་གནས་པ་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར། བསམ་གཏན་ལ་ཞི་གནས་ཞེས་བྱ་ཞེ་ན། སྨྲས་པ། ཉོན་མོངས་པ་ཞི་བར་བྱ་བའི་ཕྱིར་གནས་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་བསམ་གཏན་ལ་རྩེ་གཅིག་པ་ཞེས་བྱ་ཞེ་ན། སྨྲས་པ། འདི་ནི་གཉིས་ ཡིན་ཏེ་མཉམ་པར་མ་བཞག་པའི་ས་པའི་དམིགས་པ་དང་། མཉམ་པར་བཞག་པའི་ས་པའི་དམིགས་པའོ། །དེ་ལ་མཉམ་པར་མ་བཞག་པའི་ས་པ་གང་ཡིན་པ་དེ་ནི་དམིགས་པ་གཅིག་པ་ཡིན་ནོ། །ཅིག་ཤོས་ནི་མ་ཡིན་ཏེ། དེའི་ཕྱིར་དེ་ལ་ཉེ་བར་གཏད་པའི་སེམས་ནི་རྩེ་གཅིག་པ་ཞེས་ བྱའོ། །དེ་ལ་འདོད་ཆགས་དང་བྲལ་བའི་ཡོངས་སུ་ཉམས་པ་ནི་རྣམ་པ་བཅུར་རིག་པར་བྱ་སྟེ། འདི་ལྟ་སྟེ། ལུས་མ་སྙོམས་པས་ཀྱང་ཡོངས་སུ་ཉམས་པར་འགྱུར་བ་ནི། འདི་ལྟར་འདི་ན་ལ་ལ་གནོད་པ་དྲག་པོས་རེག་པ་ལས་ཏེ། འདི་ལྟ་སྟེ། དཔེར་ན་ཤིང་ཤུན་གྱིས་བདག་གི་ཏིང་ངེ་འཛིན་དེ་མ་ མཐོང་ནས་བདག་འདི་སྙམ་དུ་སེམས་ཏེ། བདག་ཏིང་ངེ་འཛིན་དེ་ལས་ཡོངས་སུ་ཉམས་པའམ་གཅིག་ཏུ་མ་གྱུར་གྲང་སྙམ་མོ་ཞེས་སྨྲས་པ་ལྟ་བུའོ། །ལ་ལ་ནི་སྔོན་ཏིང་ངེ་འཛིན་གོམས་པར་མ་བྱས་པས་རང་བཞིན་གྱི་གནས་ལེན་མང་བ་ཡིན་ཏེ། དེ་གནས་ངན་ལེན་མང་པོ་དེས་ཡོངས་སུ་ཉམས་པའི་ཆོས་ཅན་དུ་འགྱུར་རོ། ། ཡུལ་གཙོ་བོས་ཀྱང་ཡོངས་སུ་ཉམས་པར་འགྱུར་བ་ནི། འདི་ལྟར་འདི་ན་ལ་ལ་ཡུལ་རྒྱ་ཆེན་པོ་མངོན་དུ་གྱུར་པ་ཐོབ་པ་ལས་ཏེ། འདི་ལྟ་སྟེ། དཔེར་ན་ཕྱི་རོལ་པའི་དྲང་སྲོང་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་ཐོབ་པ་བུད་མེད་གཞོན་ནུ་མདོག་བཟང་པོ་ཆགས་པར་འགྱུར་བའི་རེག་པ་ལ་བརྟེན་ནས་ཡོངས་སུ་ཉམས་པར་གྱུར་ ཅེས་གྲགས་པ་ལྟ་བུའོ། །བཀུར་སྟིས་ཀྱང་ཡོངས་སུ་ཉམས་པར་འགྱུར་བ་ནི་འདི་ལྟར་འདི་ན་ལ་ལ་གཞན་ལས་རྙེད་པ་དང་བཀུར་སྟི་ཐོབ་པ་ན་ཡོངས་སུ་ཉམས་པར་འགྱུར་བ་སྟེ། འདི་ལྟ་སྟེ། དཔེར་ན་ལྷ་སྦྱིན་ལྟ་བུའོ། །བརྙས་པས་ཀྱང་ཡོངས་སུ་ཉམས་པར་འགྱུར་བ་ནི་འདི་ལྟར་འདི་ན་ལ་ལ་ཁྲོས་ སམ་འཁྲུགས་སམ། བརྒྱད་བཀག་པ་ན་ཡོངས་སུ་ཉམས་པར་འགྱུར་བ་སྟེ། འདི་ལྟ་སྟེ། དཔེར་ན་ཕྱི་རོལ་པའི་དྲང་སྲོང་དག་འཁྲུག་པ་ན་ཡོངས་སུ་ཉམས་ནས་དམོད་པ་འདོར་བར་ཡང་བྱེད་པ་ལྟ་བུའོ། །ང་རྒྱལ་གྱིས་ཀྱང་ཡོངས་སུ་ཉམས་པར་འགྱུར་བ་ནི། འདི་ལྟར་འདི་ན་ལ་ལ་སྙོམས་པར་འཇུག་ 130-1-180b པ་དེས་བདག་ལ་སྟོད་པར་བྱེད་གཞན་དག་ལ་སྨོད་པར་བྱེད་པ་ལྟ་བུའོ། །མངོན་པའི་ང་རྒྱལ་གྱིས་ཀྱང་ཡོངས་སུ་ཉམས་པར་འགྱུར་བ་ནི་འདི་ལྟར་འདི་ན་ལ་ལ་སྙོམས་པར་འཇུག་པ་དེ་ལ་རྟོག་པའི་མངོན་པའི་ང་རྒྱལ་དང་ལྡན་པ་ལྟ་བུའོ། །ཡིད་ལ་མི་བྱེད་པས་ཀྱང་ཡོངས་སུ་ཉམས་པར་འགྱུར་བ་ནི། འདི་ལྟར་ འདི་ན་ལ་ལ་ཡིད་ལ་བྱེད་པའི་རྣམ་པ་དང་རྟགས་གང་དག་གིས་སྙོམས་པར་འཇུག་པར་འགྱུར་བ་དེ་དག་ཡིད་ལ་མི་བྱེད་པ་ལྟ་བུའོ། །མ་འདྲིས་པས་ཀྱང་ཡོངས་སུ་ཉམས་པར་འགྱུར་བ་ནི་འདི་ལྟར་འདི་ན་ལ་ལ་ལས་དང་པོ་པ་ཡིན་ཞིང་དགེ་བའི་ཕྱོགས་གསར་པ་ལྟ་བུའོ། །རང་གི་ས་པའི་ཉོན་མོངས་པ་མང་ དུ་བྱེད་པས་ཀྱང་ཡོངས་སུ་ཉམས་པར་འགྱུར་བ་ནི། འདི་ལྟར་འདི་ན་ལ་ལ་སྲེད་པ་ཤས་ཆེ་བའི་བསམ་གཏན་པའམ། ཐེ་ཚོམ་ཤས་ཆེ་བའི་བར་གྱིས་བསམ་གཏན་པ་ཡིན་པ་ལྟ་བུའོ། །ཚེ་དང་བསོད་ནམས་དང་ལས་ཟད་པས་ཀྱང་ཡོངས་སུ་ཉམས་པར་འགྱུར་བ་ནི། འདི་ལྟར་ འདི་ན་ལ་ལ་སྐྱེ་བའི་གནས་དེ་ནས་འོག་ཏུ་འཆི་འཕོ་བ་ལྟ་བུའོ། །དེ་ལ་གང་ཟག་ཉོན་མོངས་པ་ཆུང་བ་དང་། དགེ་བའི་ཕྱོགས་ཆུང་བ་ནི་སྐད་ཅིག་མང་པོས་དཀའ་བས་ཡོངས་སུ་ཉམས་པར་འགྱུར་ཞིང་། སྐད་ཅིག་མང་པོས་དཀའ་བས་སྙོམས་པར་འཇུག་པར་འགྱུར་རོ། །ཉོན་མོངས་པ་ཆུང་ལ་དགེ་ བའི་ཕྱོགས་ཆེ་བ་ནི། སྐད་ཅིག་མང་པོས་དཀའ་བས་ཡོངས་སུ་ཉམས་པར་འགྱུར་ལ། སྐད་ཅིག་གཅིག་ཁོ་ནས་མྱུར་དུ་སྙོམས་པར་འཇུག་པར་འགྱུར་རོ། །གང་ཟག་ཉོན་མོངས་པ་ཆེ་ལ་དགེ་བའི་ཕྱོགས་ཆུང་བ་ནི། སྐད་ཅིག་གཅིག་ཁོ་ནས་མྱུར་དུ་ཡོངས་སུ་ཉམས་པར་འགྱུར་ལ། སྐད་ཅིག་ མང་པོས་དཀའ་བས་སྙོམས་པར་འཇུག་པར་འགྱུར་རོ། །གང་ཟག་ཉོན་མོངས་པ་ཆེ་བ་དང་དགེ་བའི་ཕྱོགས་ཀྱང་ཆེ་བ་ནི། སྐད་ཅིག་གཅིག་གིས་མྱུར་དུ་ཡོངས་སུ་ཉམས་པར་འགྱུར་ཞིང་། སྐད་ཅིག་གཅིག་གིས་མྱུར་དུ་སྙོམས་པར་འཇུག་པར་ཡང་འགྱུར་རོ། །དེ་ལ་གང་ཟག་འདོད་ ཆགས་དང་བྲལ་བ་ཐོབ་པའི་ཏིང་ངེ་འཛིན་དེ་ལས་ལངས་པ་ནི་ལན་འགའ་ཏིང་ངེ་འཛིན་སྤེལ་མ་འདྲེས་པ་ཡིད་ལ་བྱེད་པ་ལ་གནས་སོ། །ལན་འགའ་ལ་ནི་མ་འདྲེས་པ་ལའོ། །ཏིང་ངེ་འཛིན་དེ་ལས་སྒྲའི་རྐྱེན་གྱིས་ལྡང་བ་ལ་ནི། མཉམ་པར་མ་བཞག་པའི་ཡིད་ཀྱི་རྣམ་པར་ཤེས་པ་དང་ 130-1-181a ལྷན་ཅིག་བྱུང་བའི་རྣ་བའི་རྣམ་པར་ཤེས་པ་གཞན་ཁོ་ན་སྐྱེ་བར་འགྱུར་ཏེ། མཉམ་པར་བཞག་པའི་ཡིད་ཀྱི་རྣམ་པར་ཤེས་པ་དེ་ཉིད་སྒྲ་འཛིན་པ་མ་ཡིན་པའི་ཕྱིར་རོ། །གཞན་དུ་ན་དེ་སོ་སོར་མ་རིག་པར་ལྡང་བ་ཉིད་མི་རིགས་ཏེ། དེའི་ཕྱིར་སྒྲ་འཛིན་པ་ཙམ་གྱིས་ལྡང་བ་མ་ཡིན་གྱི། སྒྲ་སོ་སོར་རིག་ནས་འདོད་ན། དེའི་འོག་ཏུ་ལྡང་བར་འགྱུར་རོ། །མཉམ་པར་བཞག་པའི་སའི་རྣམ་པར་གཏན་ལ་དབབ་པ་རྫོགས་ཏེ། རྣམ་པར་གཏན་ལ་དབབ་པའི་གཞུང་ལྷག་མ་ནི་མི་སྣང་ངོ་།། །།མཉམ་པར་མ་བཞག་པའི་སའི་རྣམ་པར་གཏན་ལ་དབབ་པ་ནི། མཉམ་པར་མ་བཞག་པའི་སའི་ངོ་བོ་ཉིད་ ཀྱིས་མཉམ་པར་མ་བཞག་པ་ཡང་ཡོད་དེ། རྣམ་པར་ཤེས་པའི་ཚོགས་ལྔ་ལྟ་བུའོ། །ཤིན་ཏུ་སྦྱངས་པ་མེད་པའི་ཕྱིར་མཉམ་པར་མ་བཞག་པ་ཡང་ཡོད་དེ། འདོད་པ་ན་སྤྱོད་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །མ་བཙས་པའི་ཕྱིར་མཉམ་པར་མ་བཞག་པ་ཡང་ཡོད་དེ། འདོད་ པ་ལ་ལོངས་སྤྱོད་པ་རྣམས་ཀྱིའོ། །རྣམ་པར་གཡེང་བའི་ཕྱིར་མཉམ་པར་མ་བཞག་པ་ཡང་ཡོད་དེ། ལས་དང་པོ་པ་ཏིང་ངེ་འཛིན་ལ་བརྩོན་པ་རྣམས་ཀྱི་སེམས་འདོད་པའི་ཡོན་ཏན་ལྔ་ལ་རྣམ་པར་གཡེང་བའོ། །བསྡུས་པའི་ཕྱིར་མཉམ་པར་མ་བཞག་པ་ཡང་ཡོད་དེ། ལས་དང་པོ་པ་རྣམས་ ཉིད་ཀྱི་སེམས་ནང་དུ་བསྡུས་པའོ། །མ་ཐོན་པའི་ཕྱིར་མཉམ་པར་མ་བཞག་པ་ཡང་ཡོད་དེ། དེ་དག་ཉིད་ཀྱི་སེམས་རྣམ་པར་གཡེང་བ་དང་ལྡན་པའོ། །ཡོངས་སུ་མ་རྫོགས་པའི་ཕྱིར་མཉམ་པར་མ་བཞག་པ་ཡང་ཡོད་དེ། སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པ་མ་ཐོབ་པ་རྣམས་ཀྱིའོ། ། ཀུན་ནས་ཉོན་མོངས་པའི་ཕྱིར་མཉམ་པར་མ་བཞག་པ་ཡང་ཡོད་དེ། སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཐོབ་པ་རོ་མྱོང་བར་བྱེད་པ་རྣམས་ཀྱིའོ། །དབང་མེད་པའི་ཕྱིར་མཉམ་པར་མ་བཞག་པ་ཡང་ཡོད་དེ། དེ་དག་ཉིད་ནི་སེམས་ཉོན་མོངས་པ་ཅན་གྱིས་དབང་མ་ཐོབ་པ་རྣམས་ཀྱིའོ། །རྣམ་པར་མ་ དག་པའི་ཕྱིར་མཉམ་པར་མ་བཞག་པ་ཡང་ཡོད་དེ། བག་ལ་ཉལ་ཡང་དག་པར་མ་བཅོམ་པ་རྣམས་ཀྱིའོ། །ལངས་པའི་ཕྱིར་མཉམ་པར་མ་བཞག་པ་ཡང་ཡོད་དེ། ཏིང་ངེ་འཛིན་ཐོབ་པ་ལས་མཉམས་པ་ལངས་པ་རྣམས་ཀྱིའོ། །ཡོངས་སུ་ཉམས་པའི་ཕྱིར་མཉམ་པར་མ་བཞག་པ་ 130-1-181b ཡང་ཡོད་དེ། ཡོངས་སུ་ཉམས་པ་རྣམས་ཀྱིའོ་ཞེས་བྱ་བ་འདི་ལ། མཉམ་པར་བཞག་པའི་ས་དང་པོ་ལ་བརྟེན་ནས་ནི་སེམས་གནས་པར་བྱ་བའི་ཕྱིར་འདི་ལྟ་སྟེ། རྣམ་པར་བསྡོས་པའམ། རྣམ་པར་རྣགས་པའམ། རྒྱས་པར་སྔ་མ་བཞིན་དུ་མཚན་མ་གཟུང་བར་བྱའོ། །མཉམ་པར་མ་བཞག་ པའི་ས་གཉིས་པ་ལ་བརྟེན་ནས་ནི་ཡིད་ལ་བྱེད་པ་ཐོབ་པར་བྱ་བའི་ཕྱིར་བརྩོན་པར་བྱའོ། །མཉམ་པར་མ་བཞག་པའི་ས་གསུམ་པ་ལ་བརྟེན་ནས་ནི་དངོས་གཞི་ཐོབ་པར་བྱ་བའི་ཕྱིར་བརྩོན་པར་བྱའོ། །བཞི་པ་ལ་གནས་པ་ནི་དང་པོ་ཉིད་ནས་རྣམ་པར་མི་གཡེང་བར་བྱ་བའི་ཕྱིར་དྲན་པ་ཉེ་བར་གཞག་ པར་བྱའོ། །སེམས་རྣམ་པར་གཡེངས་པར་གྱུར་ན་ཡང་། ཤེས་བཞིན་གྱིས་མྱུར་བ་མྱུར་བ་ཁོ་ནར་ཕྱིར་བསྡུ་བར་བྱའོ། །ལྔ་པ་ལ་གནས་པས་ནི་རབ་ཏུ་དང་བར་འགྱུར་བའི་མཚན་མ་ཡིད་ལ་བྱ་ཞིང་ཞུམ་པའི་མཚན་མ་རྟོགས་པར་བྱ་བ་ལ་མཁས་པར་ཡང་བྱའོ། །དྲུག་པ་ལ་གནས་པ་ནི་ གདམས་ངག་མ་བརྗེད་པར་ཤས་ཆེར་བསྲུང་བ་དང་། དྲན་པ་ཉེ་བར་གཞག་པར་བྱ་ཞིང་། ཚུལ་བཞིན་ལ་བརྩོན་པ་དང་། རྟག་ཏུ་བྱེད་པ་དང་གུས་པར་བྱེད་པ་ལ་བརྩོན་པར་ཡང་བྱའོ། །བདུན་པ་ལ་གནས་པས་ནི་ཏིང་ངེ་འཛིན་ཆུང་ངུ་དང་ངན་ངོན་ཅི་མ་ཐོབ་པས་ཆོག་མི་ཤེས་པར་བྱའོ། །བརྒྱད་ པ་ལ་གནས་པས་ནི་ཀུན་ནས་ཉོན་མོངས་པ་ལ་ཉེས་དམིགས་སུ་བལྟ་བར་བྱ་ཞིང་། རོ་མྱང་བ་ལ་སོགས་པའི་ཀུན་ནས་ཉོན་མོངས་པ་སྐྱེས་པ་ཡང་དང་དུ་མི་བླང་བར་ཡང་བྱའོ། །དགུ་པ་ལ་གནས་པས་ནི་ཏིང་ངེ་འཛིན་ལ་རྟག་ཏུ་སྦྱར་བར་བྱ་ཞིང་མཚན་མ་རྟོགས་པ་ལ་མཁས་པར་ཡང་བྱའོ། །བཅུ་ པ་ལ་གནས་པས་ནི་བདེན་པ་ལ་མཁས་པ་ལ་རྟག་ཏུ་ཤས་ཆེར་བརྩོན་པར་བྱའོ། །བཅུ་གཅིག་པ་ལ་གནས་པས་ནི་ཡོངས་སུ་མི་ཉམས་པར་བྱ་བའི་ཕྱིར་བག་ཡོད་པར་བྱའོ། །བཅུ་གཉིས་པ་ལ་གནས་པས་ནི་རབ་ཏུ་དབེན་པ་ལ་བརྟེན་པར་བྱ་ཞིང་། ཚུལ་བཞིན་ཡིད་ལ་བྱེད་པ་ཡང་རྟག་ཏུ་བྱེད་པ་ དང་། གུས་པར་བྱེད་པའི་སྦྱོར་བས་རིམ་གྱིས་བསྒོམ་པར་བྱའོ། །མཉམ་པར་མ་བཞག་པའི་སའི་རྣམ་པར་གཏན་ལ་དབབ་པ་རྫོགས་ཏེ། རྣམ་པར་གཏན་ལ་དབབ་པའི་གཞུང་ལྷག་མ་ནི་མི་སྣང་ངོ་།། །།སེམས་ཡོད་པའི་ས་ལས་བརྩམས་ནས་རྣམ་པར་གཏན་ལ་དབབ་པ་ནི། སེམས་ཀྱི་ 130-1-182a འཇུག་པ་ནི་མདོར་བསྡུ་ན་རྣམ་པ་ལྔར་རིག་པར་བྱ་སྟེ། ཀུན་རྫོབ་ཀྱི་ཚུལ་རྣམ་པར་གཞག་པ་དང་། དོན་དམ་པའི་ཚུལ་རྣམ་པར་གཞག་པ་དང་། གནས་དང་གནས་པ་རྣམ་པར་གཞག་པ་དང་། ལྷན་ཅིག་དངོས་པོར་རྣམ་པར་གཞག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྣམ་པར་གཞག་པས་སོ། །དེ་ལ་ཀུན་རྫོབ་ཀྱི་ཚུལ་རྣམ་པར་གཞག་པས་འཇུག་པ་ནི། འདི་ལྟ་སྟེ། ཡིད་ཀྱི་སར་སྔར་བསྟན་པ་བཞིན་དུ་རིག་པར་བྱའོ། །དེ་ལ་དོན་དམ་པའི་ཚུལ་རྣམ་པར་གཞག་པ་བཤད་པར་བྱ་སྟེ། དོན་དམ་པའི་ཚུལ་རྣམ་པར་གཞག་པས་འཇུག་ པ་གང་ཞེ་ན། མདོར་བསྡུ་ན་རྣམ་པར་ཤེས་པ་ནི་རྣམ་པ་གཉིས་ཏེ། ཀུན་གཞི་རྣམ་པར་ཤེས་པ་དང་། འཇུག་པའི་རྣམ་པར་ཤེས་པའོ། །དེ་ལ་ཀུན་གཞི་རྣམ་པར་ཤེས་པ་ནི་གནས་ཡིན་ནོ། །འཇུག་པའི་རྣམ་པར་ཤེས་པ་ནི་གནས་པ་ཡིན་ཏེ། དེ་ཡང་རྣམ་པ་བདུན་ཏེ། མིག་གི་རྣམ་ པར་ཤེས་པ་ནས། ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པའི་བར་ཏེ། ཆུའི་ཆུ་བོ་དང་རླབས་ལྟ་བུའམ། མེ་ལོང་དང་གཟུགས་བརྙན་ལྟ་བུ་ཡིན་ནོ། །དེ་ལྟར་ན་འདི་ནི་དོན་དམ་པའི་ཚུལ་རྣམ་པར་གཞག་པས་གནས་དང་གནས་པ་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་རྣམ་པར་ཤེས་པ་དེ་དག་ ཐམས་ཅད་ནི་སེམས་ཞེས་ཀྱང་བྱ། ཡིད་ཅེས་ཀྱང་བྱ། རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ། ཀུན་གཞི་རྣམ་པར་ཤེས་པ་ནི་དངོས་སུ་ན་སེམས་ཡིན་ཏེ། འདི་ལྟར་དེ་ནི་ས་བོན་ཐམས་ཅད་ཀྱིས་ཀུན་དུ་བསགས་ཤིང་ཉེ་བར་བསགས་པ་ཡིན་ནོ། །དེ་ཡང་དུས་རྟག་པར་ལེན་པའི་རྒྱུ་ལ་དམིགས་ པ་དང་། བྱེ་བྲག་མེད་པར་རམ་གཅིག་ཏུ་སྣོད་ལ་དམིགས་པ་ཡིན་ནོ། །ཡིད་ནི་དུས་རྟག་ཏུ་ང་དང་བདག་གི་ཞེས་རློམ་སེམས་ཀྱི་བདག་ཉིད་ཅན་ཡིན་ནོ། །རྣམ་པར་ཤེས་པ་ནི་ཡུལ་སོ་སོར་རྣམ་པར་རིག་པའི་མཚན་ཉིད་གང་ཡིན་པའོ། །སེམས་ཡོད་པའི་གནས་སྐབས་ནི། གལ་ཏེ་ མིག་གི་རྣམ་པར་ཤེས་པ་ལ་སོགས་པ་འཇུག་པའི་རྣམ་པར་ཤེས་པ་མ་སྐྱེས་ན་ནི་སེམས་དང་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་གསུམ་པོ་དེ་དག་དུས་རྟག་པར་ལྷན་ཅིག་འབྱུང་ཞིང་འཇུག་པར་རིག་པར་བྱའོ། །གལ་ཏེ་སྐྱེས་ན་ནི་དེས་ན་དེའི་ལྷན་ཅིག་འབྱུང་ཞིང་འཇུག་པ་ལྷག་པར་རིག་པར་བྱ་སྟེ། 130-1-182b དེ་ལྟར་ན་རེས་འགའ་ནི་བཞིའོ། །རེས་འགའ་ནི་བརྒྱད་ཀྱི་བར་ཡང་ལྷན་ཅིག་འབྱུང་ཞིང་འཇུག་པར་རིག་པར་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པ་གཅིག་གིས་ནི་ཅིག་ཅར་དུ་ཡུལ་གཅིག་གམ་གཉིས་སམ་རབ་ཏུ་མང་པོ་དང་རང་གི་ཡུལ་དང་གཞན་གྱི་ཡུལ་ལ་ཡང་རྣམ་པར་རྟོག་པར་བྱེད་པས་ན་ དེའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་དེའི་འཇུག་པ་ནི་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །གལ་ཏེ་ཡིད་དུས་རྟག་ཏུ་རློམ་སེམས་ཀྱི་བདག་ཉིད་ཅན་གྱི་རྒྱུན་གྱིས་འཇུག་པ་ཡིན་ན། དེས་ན་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ལས་འདས་པའི་ཡིད་ཅེས་གང་གསུངས་པ་དེ་ཇི་ལྟར་རྣམ་པར་གཞག་ ཅེ་ན། སྨྲས་པ། མིང་ཙམ་གྱི་བརྡས་གདགས་པ་ཡིན་གྱི་དོན་ཇི་ལྟ་བ་བཞིན་དུ་ནི་མ་ཡིན་ནོ། །རྣམ་གྲངས་གཞན་ཡང་དེ་ནི་གཉེན་པོས་ཡང་དག་པ་ཕྱིན་ཅི་མ་ལོག་པར་སེམས་པ་ཉིད་ཀྱི་ཕྱིར་རོ། །གཞི་དེས་དེ་ལྟར་རྣམ་པར་རྟོག་པ་འཇུག་པ་ཉིད་ཀྱི་ཕྱིར་ཡིད་དེ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ གནས་ཞེས་བྱའོ། །དེ་ལ་རེས་འགའ་ནི་ཐམས་ཅད་ཀྱང་བདེ་བའི་ཚོར་བ་ཁོ་ན་དང་ལྷན་ཅིག་གི་དངོས་པོ་མཚུངས་པར་ལྡན་པར་འཇུག་གོ། །རེས་འགའ་ནི་སྡུག་བསྔལ་དང་ངོ་། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་ཡང་ངོ་། །ཀུན་གཞི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་ པའི་ཚོར་བ་གང་ཡིན་པ་དེ་ནི་དུས་རྟག་ཏུ་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་། རྣམ་པར་སྨིན་པའོ། དེ་ཡང་མ་ཤིའི་བར་དུ་རྣམ་པར་ཤེས་པའི་རྒྱུན་གྱིས་འཇུག་པ་ཐམས་ཅད་པ་བདེ་བ་དང་ལྡན་པ་དག་དང་། སྡུག་བསྔལ་དང་ལྡན་པ་དག་དང་། སྡུག་བསྔལ་ཡང་མ་ཡིན་ བདེ་བ་ཡང་མ་ཡིན་པ་དང་ལྡན་པ་དག་ཏུ་རྒྱུན་མི་འཆད་པར་རྒྱུན་གྱིས་འཇུག་པ་ཡིན་ནོ། །དེ་ལ་དེ་ལས་གཞན་པའི་ཚོར་བ་རྣམ་པ་གསུམ་གང་ཡིན་པ་དེ་ནི་བསྒྲུབས་པ་དང་། ལྷན་ཅིག་སྐྱེས་པ་མ་ཡིན་པ་དང་། རེས་འགའ་འབྱུང་བ་ཡིན་པར་རིག་པར་བྱའོ། །བསྒྲུབས་པ་དེ་མངོན་དུ་ གྱུར་པ་ན། ལྷན་ཅིག་སྐྱེས་པ་དེ་ནི་ཆ་ཕྲ་བའི་ཕྱིར་ཡོངས་སུ་གཅད་པར་དཀའ་བ་ཡིན་ནོ། །དེ་ལྟར་དེ་ལྟ་བུ་དང་མཐུན་པ་དེ་ནི་དོན་དམ་པར་རྣམ་པར་ཤེས་པ་རྣམས་ཀྱི་ལྷན་ཅིག་གི་དངོས་པོས་འཇུག་པ་རྣམ་པར་གཞག་པ་ཡིན་པར་རིག་པར་བྱའོ། །དེ་ལ་ཀུན་གཞི་རྣམ་པར་ཤེས་པ་ནི་ཉོན་ 130-1-183a མོངས་པ་གང་དང་ཡང་མཚུངས་པར་ལྡན་པ་མ་ཡིན་ནོ། །ཡིད་ནི་དུས་རྟག་ཏུ་ཡེ་ཡོད་པའི་ཉོན་མོངས་པ་རྣམ་པ་བཞི་པོ་འདི་ལྟ་སྟེ། ངར་འཛིན་པ་དང་། ང་ཡིར་འཛིན་པའི་རྣམ་པར་འཇིག་ཚོགས་ལ་ལྟ་བ་དང་། ངའོ་སྙམ་པའི་ང་རྒྱལ་དང་། བདག་ལ་ཆགས་ པ་དང་མ་འདྲེས་པའི་མ་རིག་པ་དང་ལྷན་ཅིག་གི་དངོས་པོས་མཚུངས་པར་ལྡན་ཏེ། ཉོན་མོངས་པ་དེ་དག་ཀྱང་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་རྣམ་པར་ཤེས་པ་ལ་འགལ་བ་མེད་པ་དང་། བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། ཡེ་ཡོད་པ་ཡིན་ནོ། །དེ་ལས་གཞན་པ་རྣམ་ པར་བརྟགས་པ་རྣམས་ནི། རྐྱེན་ཇི་ལྟ་བ་བཞིན་དུ་འཇུག་པ་ཡིན་པར་རིག་པར་བྱའོ། །འཇིག་རྟེན་པའི་ལམ་ནི་ཡེ་ཡོད་པའི་ཉོན་མོངས་པ་བཞི་པོ་ཀུན་དུ་འགྲོ་བ་དེ་དག་ཉམས་པར་བྱེད་པའི་གཉེན་པོ་མ་ཡིན་ཏེ། འདི་ལྟར་དེ་དག་ནི་འདོད་ཆགས་དང་བྲལ་བ་རྣམས་ལ་ཡང་ཀུན་དུ་འབྱུང་བའི་ཕྱིར་ རོ། །ཉོན་མོངས་པ་དེ་དག་ནི་གང་དུ་ལུས་སྐྱེས་པར་གྱུར་པའི་ས་དེ་པ་ཉིད་དེ། འདོད་ཆགས་དང་བྲལ་བ་དེ་དག་ཉིད་ཀུན་དུ་འབྱུང་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་ཀུན་གཞི་རྣམ་པར་ཤེས་པའི་ས་བོན་ལས་བྱུང་བ་ཁོ་ན་ཡིན་པས་དུས་རྟག་ཏུ་ཡོད་པ་དང་མི་མཐུན་པའི་ ཕྱོགས་དང་གཉེན་པོའི་ཕྱོགས་ཀྱི་ཡུལ་གྱི་རྐྱེན་ཅན་མ་ཡིན་པའི་ཕྱིར་རོ། །དེ་དག་ནི་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་ལ་ནི་ལམ་མངོན་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་སྟེ་ཀུན་དུ་འབྱུང་ངོ་། །སློབ་པ་བཞི་མཐོང་བ་ལ་ནི་འཇིག་རྟེན་ལས་འདས་པའི་ལམ་མངོན་དུ་གྱུར་ན་ནི་མི་འབྱུང་ངོ་། ། དེ་ལས་ལངས་པ་ལ་ནི་ཀུན་དུ་འབྱུང་སྟེ། ཤིན་ཏུ་རྟོགས་པའི་ཕྱིར་དང་། མ་སྤངས་པའི་ཕྱིར་རོ། །མི་སློབ་པ་ལ་ནི་རྣམ་པ་ཐམས་ཅད་དུ་ཀུན་དུ་མི་འབྱུང་ངོ་། །དེ་དག་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བ་ཁོ་ནས་ཅིག་ཅར་སྤོང་བར་རིག་པར་བྱའོ། །འདི་ལྟ་སྟེ། དཔེར་ན་དེ་ལས་གཞན་པའི་ཉོན་མོངས་པ་དག་ལྟར་རིམ་གྱིས་སྤོང་བ་ནི་མ་ཡིན་ནོ། །དེ་ལྟར་དེ་ལྟ་བུ་དང་མཐུན་པ་དག་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་འཇུག་པ་རྣམ་པར་གཞག་པ་ཡིན་པར་རིག་པར་བྱའོ། །སེམས་ཡོད་པའི་ས་རྣམ་པར་གཏན་ལ་དབབ་པའི་གཞུང་ 130-1-183b ནི་དེ་ལས་མི་སྣང་ངོ་།། །།སེམས་མེད་པའི་ས་ལས་བརྩམས་ཏེ་རྣམ་པར་གཏན་ལ་དབབ་པ་ནི་སེམས་མི་སྐྱེ་བའི་རྒྱུ་དག་ནི་དུ། རྒྱུ་དུ་དག་གིས་ནི་སེམས་སྐྱེ་བར་མི་འགྱུར་ཞེ་ན་མདོར་བསྡུ་ན་བདུན་པོ་འདི་དག་ནི་སེམས་མི་སྐྱེ་བའི་རྒྱུ་ཡིན་ཏེ། དེ་དག་གིས་སེམས་སྐྱེ་བར་མི་འགྱུར་རོ། །བདུན་ གང་ཞེ་ན་རྐྱེན་མེད་པ་ལས་ཀྱང་། སེམས་མི་སྐྱེ་བ་དང་། ཡིད་ལ་བྱེད་པ་མེད་པ་དང་། མ་ཐོབ་པ་དང་། མི་མཐུན་པ་དང་། སྤངས་པ་དང་། འགགས་པ་དང་། སྐྱེས་པ་ལས་ཀྱང་སེམས་མི་སྐྱེའོ། །ཇི་ལྟར་ན་རྐྱེན་མེད་པ་ལས་སེམས་མི་སྐྱེ་ཞེ་ན། ནང་གི་སྐྱེ་མཆེད་མིག་ཉམས་པར་གྱུར་ པ་དང་། ཕྱི་རོལ་གྱི་སྐྱེ་མཆེད་གཟུགས་མི་སྣང་བར་གྱུར་པ་དང་། རྒྱས་པར་ཕྱི་རོལ་གྱི་སྐྱེ་མཆེད་ཆོས་ཀྱི་བར་དུ་མི་སྣང་བར་གྱུར་ན། རེ་ཞིག་དེ་དང་འབྱུང་བའི་མིག་གི་རྣམ་པར་ཤེས་པ་དང་། དེ་དང་འབྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་འབྱུང་བར་མི་འགྱུར་ཏེ། དེ་ལྟར་ན་རྐྱེན་ མེད་པ་ལས་སེམས་མི་སྐྱེ་བ་ཡིན་ནོ། །ཇི་ལྟར་ན་ཡིད་ལ་བྱེད་པ་མེད་པ་ལས་སེམས་མི་སྐྱེ་བ་ཡིན་ཞེ་ན། ནང་གི་སྐྱེ་མཆེད་མིག་ཉམས་པར་མ་གྱུར་ཅིང་། ཕྱི་རོལ་གྱི་སྐྱེ་མཆེད་གཟུགས་ཀྱང་སྣང་ལ། རྒྱས་པར་ཕྱི་རོལ་གྱི་སྐྱེ་མཆེད་ཆོས་ཀྱི་བར་ཡང་སྣང་དུ་ཟིན་ཀྱང་། དེ་དང་འབྱུང་ བའི་ཡིད་ལ་བྱེད་པ་ཉེ་བར་མི་གནས་ན། རེ་ཞིག་དེ་དང་འབྱུང་བའི་མིག་གི་རྣམ་པར་ཤེས་པ་དང་། དེ་དང་འབྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་འབྱུང་བར་མི་འགྱུར་ཏེ། དེ་ལྟར་ན་ཡིད་ལ་བྱེད་པ་མེད་པ་ལས་སེམས་མི་སྐྱེ་བ་ཡིན་ནོ། །ཇི་ལྟར་ན་མ་ཐོབ་པ་ལས་སེམས་མི་སྐྱེ་བ་ ཡིན་ཞེ་ན། འདི་ལྟར་འདི་ན་ལ་ལ་འདོད་པའི་ཁམས་ལ་རགས་པར་ཡིད་ལ་བྱེད་ཅིང་བསམ་གཏན་དང་པོ་ལ་ནི་ཞི་བར་ཡིད་ལ་བྱེད་ལ། དེས་བསམ་གཏན་དང་པོ་མངོན་དུ་བྱ་བའི་ཕྱིར་ལམ་ཤིན་ཏུ་ཀུན་དུ་མ་བསྟེན་མ་བསྒོམས་ལན་མང་དུ་མ་བྱས་ཏེ། དེ་གོམས་པར་མ་བྱས་པའི་ཕྱིར་ བསམ་གཏན་དང་པོ་མི་ཐོབ་སྟེ། དེ་མ་ཐོབ་པས་བསམ་གཏན་དང་པོ་དང་ལྡན་པའི་སེམས་ནི་མི་སྐྱེ་བ་དེ་ལྟ་བུ་དང་། འདི་ལྟར་འདི་ན་ལ་ལས་བསམ་གཏན་དང་པོ་དང་བསམ་གཏན་གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་ 130-1-184a མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ལ་རགས་པར་ཡིད་ལ་བྱེད་ཅིང་བསམ་གཏན་གཉིས་པ་ནས་བཟུང་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་ལ་ཞི་བར་ཡིད་ལ་བྱེད་པ་ཡང་དེ་བཞིན་དུ་སྦྱར་རོ། །འདི་ལྟར་འདི་ན་ལ་ལ་འཇིག་ ཚོགས་ཐམས་ཅད་ལ་སྡུག་བསྔལ་དུ་ཡིད་ལ་བྱེད་ཅིང་། འཇིག་ཚོགས་འགོག་པ་མྱ་ངན་ལས་འདས་པ་ལ་ཞི་བར་ཡིད་ལ་བྱེད་ལ་དེས་འཇིག་ཚོགས་ཐམས་ཅད་སྤང་བ་དང་། མྱ་ངན་ལས་འདས་པ་མངོན་དུ་བྱ་བའི་ཕྱིར་ལམ་ཤིན་ཏུ་ཀུན་དུ་མ་བསྟེན་མ་བསྒོམས། ལན་མང་དུ་མ་བྱས་ཏེ། དེ་ཤིན་ཏུ་གོམས་པར་མ་བྱས་པའི་ཕྱིར་མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མངོན་དུ་མི་བྱེད་དེ། དེ་མངོན་དུ་མ་བྱས་པས་ཀུན་དུ་སྦྱོར་བ་དང་། འཆིང་བ་དང་། བག་ལ་ཉལ་བ་དང་། ཉེ་བའི་ཉོན་མོངས་པ་དང་། ཀུན་ནས་དཀྲིས་པ་ཐམས་ཅད་ལས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ མི་སྐྱེ་སྟེ། དེ་ལྟར་ན་མ་ཐོབ་པ་ལས་སེམས་མི་སྐྱེ་བ་ཡིན་ནོ། །ཇི་ལྟར་ན་མི་མཐུན་པ་ལས་སེམས་མི་སྐྱེ་བ་ཡིན་ཞེ་ན། འདི་ལྟར་འདི་ན་ལ་ལ་བདེ་བ་མྱོང་བར་འགྱུར་བའི་རེག་པས་རེག་ནས་བདེ་བའི་ཚོར་བ་མྱོང་བའི་བདེ་བའི་ཚོར་བ་དང་མཚུངས་པར་ལྡན་པའི་སེམས་མངོན་དུ་གྱུར་པ་ལ་སྡུག་ བསྔལ་དང་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་དང་མཚུངས་པར་ལྡན་པའི་སེམས་གང་ཡིན་པ་དེ་ནི་མི་མཐུན་པས་མི་སྐྱེ་བ་དང་། དེ་བཞིན་དུ་སྡུག་བསྔལ་མྱོང་བར་འགྱུར་བ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བའི་རེག་པས་རེག་ན་སྡུག་ བསྔལ་བ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་མྱོང་བའི་སྡུག་བསྔལ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་དང་མཚུངས་པར་ལྡན་པའི་སེམས་མངོན་དུ་གྱུར་པ་ལ། བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་དང་། མཚུངས་པར་ལྡན་པའི་སེམས་གང་ ཡིན་པ་དེ་མི་མཐུན་པས་མི་སྐྱེ་བ་དང་། འདི་ལྟར་འདི་ན་ལ་ལ་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས་ནས། འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་དང་མཚུངས་པར་ལྡན་པའི་སེམས་མངོན་དུ་གྱུར་པ་ལ། གནོད་སེམས་ཀྱི་ཀུན་ནས་དཀྲིས་པ་དང་མཚུངས་པར་ལྡན་པའི་ 130-1-184b སེམས་གང་ཡིན་པ་དེ་ནི་མི་མཐུན་པས་མི་སྐྱེ་བ་དང་། ཞེ་སྡང་གི་ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས་ནས་ཞེ་སྡང་གི་ཀུན་ནས་དཀྲིས་པ་དང་མཚུངས་པར་ལྡན་པའི་སེམས་མངོན་དུ་གྱུར་པ་ལ། འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་དང་མཚུངས་པར་ལྡན་པའི་བར་གྱི་སེམས་གང་ཡིན་པ་དེ་ མི་མཐུན་པས་མི་སྐྱེ་སྟེ། དེ་ལྟར་ན་མི་མཐུན་པ་ལས་སེམས་མི་སྐྱེ་བ་ཡིན་ནོ། །ཇི་ལྟར་ན་སྤངས་པ་ལས་སེམས་མི་སྐྱེ་བ་ཡིན་ཞེ་ན། འདི་ལྟར་འདི་ན་ལ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཤིན་ཏུ་བསྒོམས་པས་འདོད་ཆགས་མ་ལུས་པར་ཟད་པ་མྱོང་བ་དང་། ཞེ་སྡང་དང་གཏི་མུག་ མ་ལུས་པར་ཟད་པ་མྱོང་བ་དེ་ལ། འདོད་ཆགས་དང་བཅས་པའི་སེམས་སྤངས་པ་དང་། ཡོངས་སུ་ཤེས་པ་གང་ཡིན་པ་དེ་སྤངས་པས་མི་སྐྱེ་བ་དང་། དེ་ལ་ཞེ་སྡང་དང་བཅས་པ་དང་། གཏི་མུག་དང་བཅས་པ་དང་། སེམས་ལས་བྱུང་བའི་ཉེ་བའི་ཉོན་མོངས་པ་གང་ཡང་རུང་བས་ཉེ་བར་ ཉོན་མོངས་པ་ཅན་དུ་གྱུར་པའི་སྤངས་པ་དང་། ཡོངས་སུ་ཤེས་པ་གང་ཡིན་པ་དེ་སྤངས་པས་མི་སྐྱེ་སྟེ། དེ་ལྟར་ན་སྤངས་པ་ལས་སེམས་མི་སྐྱེ་བ་ཡིན་ནོ། །ཇི་ལྟར་ན་འགགས་པ་ལས་སེམས་མི་སྐྱེ་བ་ཡིན་ཞེ་ན། འདི་ལྟར་འདི་ན་ལ་ལ་འདུ་ཤེས་མེད་པའི་སེམས་ཅན་ལྷ་རྣམས་ཀྱི་ནང་དུ་སྐྱེས་ པའམ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པའམ། འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་དེ་ལ། དེའི་དུས་སྐབས་དེར་འགགས་པས་སེམས་མི་སྐྱེ་བ་དང་། འདི་ལྟར་འདི་ན་ལ་ལ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་ དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་དེ་ལ་གཏན་འགགས་པས་སེམས་མི་སྐྱེ་སྟེ། དེ་ལྟར་ན་འགགས་པ་ལས་སེམས་མི་སྐྱེ་བ་ཡིན་ནོ། །ཇི་ལྟར་ན་སྐྱེས་པ་ལས་སེམས་མི་སྐྱེ་བ་ཡིན་ཞེ་ན། སེམས་སྐྱེས་པ་ཐམས་ཅད་ནི་ད་ལྟར་སྐྱེས་པའི་སྐད་ཅིག་གི་འོག་ཏུ་འཇིག་པའི་ཆོས་ཅན་ ཡིན་པས་ན། དེ་ནི་ད་ལྟར་སྐྱེས་པ་ཡིན་པའི་ཕྱིར་མི་སྐྱེ་ལ། འགགས་པ་ཡང་སྐྱེས་ཟིན་པ་ཁོ་ན་ཡིན་པས་དེ་ནམ་ཡང་མི་སྐྱེ་སྟེ། དེ་ལྟར་ན་སྐྱེས་པ་ལས་སེམས་མི་སྐྱེ་བ་ཡིན་ནོ། །རྒྱུ་བདུན་པོ་དེ་དག་གིས་ནི་སེམས་མི་སྐྱེ་བར་རིག་པར་བྱའོ། །དེ་ལས་བཟློག་པའི་རྒྱུ་བདུན་པོ་འདི་ལྟ་ 130-1-185a སྟེ། རྐྱེན་ཡོད་པ་དང་། ཡིད་ལ་བྱེད་པ་ཡོད་པ་དང་། ཐོབ་པ་དང་། མཐུན་པ་དང་། མ་སྤངས་པ་དང་། མ་འགགས་པ་དང་། མ་སྐྱེས་པ་དག་གིས་ནི་སྐྱེ་བར་རིག་པར་བྱའོ། །སེམས་ཡོད་པ་དང་སེམས་མེད་པའི་སའི་རྣམ་པར་གཏན་ལ་དབབ་པ་རྫོགས་ཏེ། ས་འདི་ གཉིས་ཀྱི་རྣམ་པར་གཏན་ལ་དབབ་པའི་གཞུང་ལྷག་མ་ནི་མི་སྣང་ངོ་།། །།ཐོས་པ་ལས་བྱུང་བའི་སའི་རྣམ་པར་གཏན་ལ་དབབ་པ་ནི་གནས་ལྔ་པོ་ལུས་ཀྱི་ལས་ཡོངས་སུ་དག་པ་དང་། ངག་གི་ལས་ཡོངས་སུ་དག་པ་དང་། ཡིད་ཀྱི་ལས་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ལ་ སྙིང་རྗེ་ཆེ་བ་དང་། བླ་ན་མེད་པ་དང་ལྡན་པ་ཉིད་ཀྱིས་སྐྱབས་ཀྱི་འོས་ཉེ་བར་བརྟགས་ནས་སྐྱབས་སུ་འགྲོ་བར་བྱ་སྟེ། དེ་ལ་སྐྱབས་སུ་འགྲོ་བར་བྱ་བ་ནི་དུ། རྒྱུ་གང་གིས་ནི་དེ་དག་ཉིད་ལ་སྐྱབས་སུ་འགྲོ། ཇི་ཙམ་གྱིས་ན་སྐྱབས་སུ་སོང་བ་ཡིན། སྐྱབས་སུ་སོང་བས་ཇི་ལྟར་ནི་བསྒྲུབ་པར་ བྱ། སྐྱབས་སུ་སོང་བའི་ཕན་ཡོན་ནི་གང་ཡིན་ཞེ་ན། སྨྲས་པ། སྐྱབས་སུ་འགྲོ་བར་བྱ་བ་ནི་གསུམ་སྟེ། སངས་རྒྱས་ལ་སོགས་པའོ། །རྒྱུ་བཞིས་ན་དེ་དག་ཉིད་ལ་སྐྱབས་སུ་འགྲོ་བར་བྱ་བ་ཡིན་ཏེ། དེ་བཞིན་གཤེགས་པ་ནི་ཤིན་ཏུ་དུལ་བའི་བདག་ཉིད་དང་། རྣམ་པ་ཐམས་ཅད་ དུ་གདུལ་བྱ་འདུལ་བའི་ཐབས་ལ་མཁས་པ་དང་། ཐུགས་རྗེ་ཆེ་བ་དང་། ཟང་ཟིང་གི་མཆོད་པ་ཐམས་ཅད་ཀྱིས་མཉེས་པར་བྱ་བ་མ་ཡིན་གྱི་བསྒྲུབ་པའི་མཆོད་པས་མཉེས་པར་བྱ་བས་སོ། །དེ་ལྟ་བུས་བསྟན་པའི་ཆོས་གང་ཡིན་པ་དང་། དེའི་ཉན་ཐོས་ཀྱི་དགེ་འདུན་གང་ཡིན་པ་དེ་ ཡང་དེ་ལྟ་བུ་ཁོ་ནས་སྐྱབས་སུ་འོས་པ་ཡིན་པར་རིག་པར་བྱའོ། །རྒྱུ་བཞིས་ན་སྐྱབས་སུ་སོང་བ་ཡིན་ཏེ། ཡོན་ཏན་ཤེས་པ་དང་། ཁྱད་པར་ཤེས་པ་དང་། ཁས་བླངས་པ་དང་། གཞན་མི་སྨྲ་བས་སོ། །སྐྱབས་སུ་སོང་བའི་ཡང་དག་པའི་བསྒྲུབ་པ་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། སྐྱེས་བུ་ དམ་པ་ལེགས་པར་བསྟེན་པ་དང་། དམ་པའི་ཆོས་མཉན་པ་དང་། ཚུལ་བཞིན་ཡིད་ལ་བྱ་བ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པའོ། །ཡང་དག་པར་བསྒྲུབ་པ་ནི་རྣམ་པར་བཞིར་རིག་པར་བྱ་སྟེ། དབང་པོ་མི་རྒོད་པར་བྱ་བ་དང་། བསླབ་པའི་གཞི་ཡང་དག་པར་བླང་བར་བྱ་ 130-1-185b བ་དང་། སེམས་ཅན་ལ་སྙིང་རྗེ་བར་བྱ་བ་དང་། དུས་དུས་སུ་དཀོན་མཆོག་མཆོད་པ་ལ་བརྩོན་པར་བྱའོ། །སྐྱབས་སུ་སོང་བའི་ཕན་ཡོན་ནི་བཞི་སྟེ། བསོད་ནམས་རྒྱ་ཆེན་པོ་འཐོབ་པ་དང་། དགའ་བ་དང་མཆོག་ཏུ་དགའ་བ་རྒྱ་ཆེན་པོ་འཐོབ་པ་དང་། ཏིང་ངེ་འཛིན་འཐོབ་པ་དང་། རྣམ་པར་ དག་པ་འཐོབ་པའོ། །གཞན་ཡང་ཕན་ཡོན་བཞི་སྟེ། སྲུང་བ་ཆེན་པོ་དང་ལྡན་པ་དང་། ལོག་པར་མོས་པའི་སྒྲིབ་པ་ཐམས་ཅད་བསྲབས་པ་དང་། ཡོངས་སུ་ཟད་པ་དང་། ཡོངས་སུ་གཏུགས་པ་འཐོབ་པ་དང་། དམ་པ་ཡང་དག་པར་སོང་བ་སྐྱེས་བུ་དམ་པ་རྣམས་ཀྱི་ནང་དུ་བགྲང་བར་ འགྱུར་བ་དང་། སྟོན་པ་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་། བསྟན་པ་ལ་མངོན་པར་དད་པའི་ལྷ་རྣམས་ཀྱི་ཡིད་དུ་འོང་ཞིང་དགའ་བར་འགྱུར་ཏེ། ཆེ་གེ་མོ་ཞིག་བདག་ཅག་སྐྱབས་སུ་འགྲོ་བ་གང་དང་ལྡན་པས་དེ་ནས་ཤི་འཕོས་ནས་འདིར་སྐྱེས་པའི་སྐྱབས་སུ་འགྲོ་བ་དེ་དག་དང་ལྡན་ ཞིང་ལན་མང་དུ་གནས་པས་ན་དེ་ནི་བདག་ཅག་གི་གྲོགས་སུ་འགྱུར་བར་འོང་ངོ་སྙམ་ནས་ཡིད་དགའ་ཞིང་ཆེད་དུ་བརྗོད་པ་ཆེད་དུ་རྗོད་པར་བྱེད་པའོ། །སངས་རྒྱས་དང་ཆོས་དང་དགེ་འདུན་དཀོན་མཆོག་རྣམས་ཀྱི་ཁྱད་པར་ནི་རྣམ་པ་དྲུག་གིས་རིག་པར་བྱ་སྟེ། མཚན་ཉིད་དང་། ཕྲིན་ལས་དང་། མོས་པ་དང་། སྒྲུབ་པ་དང་། རྗེས་སུ་དྲན་པ་དང་། བསོད་ནམས་འཕེལ་བས་སོ། །དེ་ལ་མཚན་ཉིད་ལས་གྱུར་པའི་ཁྱད་པར་ནི་སངས་རྒྱས་དཀོན་མཆོག་ནི་རང་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་དོ། །ཆོས་དཀོན་མཆོག་ནི་མངོན་པར་རྫོགས་པར་བྱང་ཆུབ་པའི་འབྲས་བུའི་ མཚན་ཉིད་དོ། །དགེ་འདུན་དཀོན་མཆོག་ནི་གཞན་གྱི་མན་ངག་གིས་ཡང་དག་པར་བསྒྲུབ་པའི་མཚན་ཉིད་དོ། །དེ་ལ་ཕྲིན་ལས་ལས་གྱུར་པའི་ཁྱད་པར་ནི་སངས་རྒྱས་དཀོན་མཆོག་ནི་ལུང་ལེགས་པར་འབོགས་པའི་ཕྲིན་ལས་ཅན་ནོ། །ཆོས་དཀོན་མཆོག་ནི་ཉོན་མོངས་པ་དང་སྡུག་ བསྔལ་སྤོང་བ་ལ་དམིགས་པའི་ཕྲིན་ལས་ཅན་ཡིན་ནོ། །དགེ་འདུན་དཀོན་མཆོག་ནི་སྤྲོ་བ་མངོན་པར་འཕེལ་བར་བྱེད་པའི་ཕྲིན་ལས་ཅན་ཡིན་ནོ། །དེ་ལ་མོས་པ་ལས་གྱུར་པའི་ཁྱད་པར་ནི་སངས་རྒྱས་དཀོན་མཆོག་ལ་ནི་བསྙེན་བཀུར་ལ་གུས་པས་ཞེན་པར་བྱའོ། །ཆོས་དཀོན་མཆོག་ལ་ནི་མངོན་དུ་ 130-1-186a བྱ་བ་ལ་གུས་པས་ཞེན་པར་བྱའོ། །དགེ་འདུན་དཀོན་མཆོག་ལ་ནི་ཆོས་མཐུན་པའི་དངོས་པོས་ལྷན་ཅིག་འགྲོགས་པ་ལ་གུས་པས་ཞེན་པར་བྱའོ། །དེ་ལ་སྒྲུབ་པ་ལས་གྱུར་པའི་ཁྱད་པར་ནི་སངས་རྒྱས་དཀོན་མཆོག་ལ་ནི་མཆོད་པ་དང་རིམ་གྲོ་ཉེ་བར་སྒྲུབ་པས་བསྒྲུབ་ པར་བྱའོ། །ཆོས་དཀོན་མཆོག་ལ་ནི་རྣལ་འབྱོར་གྱི་སྦྱོར་བ་གོམས་པར་བྱ་བས་བསྒྲུབ་པར་བྱའོ། །དགེ་འདུན་དཀོན་མཆོག་ལ་ནི་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ཐུན་མོང་གིས་བསྒྲུབ་པར་བྱའོ། །དེ་ལ་རྗེས་སུ་དྲན་པ་ལས་གྱུར་པའི་ཁྱད་པར་ནི་སངས་རྒྱས་དཀོན་མཆོག་ཀྱང་རྣམ་པ་གཞན་ དག་གིས་རྗེས་སུ་དྲན་པར་བྱ་ལ། ཆོས་དཀོན་མཆོག་ཀྱང་རྣམ་པ་གཞན་དག་གིས་རྗེས་སུ་དྲན་པར་བྱ། དགེ་འདུན་དཀོན་མཆོག་ཀྱང་རྣམ་པ་གཞན་དག་གིས་རྗེས་སུ་དྲན་པར་བྱ་བ་སྟེ། འདི་ལྟ་སྟེ། འདི་ལྟར་བཅོམ་ལྡན་འདས་དེ་ནི་ཞེས་བྱ་བ་ལ་སོགས་པས་རྒྱས་པར་བྱའོ། །དེ་ལ་ བསོད་ནམས་འཕེལ་བ་ལས་གྱུར་པའི་ཁྱད་པར་ནི་སངས་རྒྱས་དཀོན་མཆོག་ལ་ནི་སེམས་ཅན་གཅིག་གི་དབང་དུ་བྱས་པའི་བསོད་ནམས་མཆོག་འཕེལ་བར་འགྱུར་རོ། །ཆོས་དཀོན་མཆོག་ལ་ནི་ཆོས་ཀྱི་དབང་དུ་བྱས་པའི་བསོད་ནམས་མཆོག་འཕེལ་བར་འགྱུར་རོ། །དགེ་འདུན་དཀོན་མཆོག་ ལ་ནི་སེམས་ཅན་མང་པོའི་དབང་དུ་བྱས་པའི་བསོད་ནམས་མཆོག་འཕེལ་བར་འགྱུར་རོ། །བྲམ་ཟེའི་ཆོས་ལས་དགེ་སྦྱོང་གི་ཆོས་རྣམ་པ་ལྔས་ཁྱད་པར་དུ་འཕགས་ཏེ། ཆོས་རྣམ་པ་ལྔ་གང་ཞེ་ན། འདི་ལྟ་སྟེ། ཐོས་པའི་ཆོས་དང་། ཚུལ་ཁྲིམས་ཀྱི་ཆོས་དང་། ཡོངས་སུ་གཟུང་བའི་ཆོས་ དང་། ལོངས་སྤྱོད་ཀྱི་ཆོས་དང་། རྟོགས་པའི་ཆོས་ཀྱིས་སོ། །དེ་ལ་བྲམ་ཟེ་རྣམས་ཀྱིས་ཐོས་པའི་ཆོས་ནི་དོན་ངན་པ་དང་། གཞན་དག་ལ་བསྟན་པར་མི་འོས་པ་དང་། ཚིག་དང་ཡི་གེ་གསང་བ་ཡིན་པའི་ཕྱིར་ངན་པ་ཡིན་ནོ། །དགེ་སྦྱོང་གིས་ཐོས་པའི་ཆོས་ནི་དེ་ལས་བཟློག་པ་ཡིན་ པས་བཟང་བར་རིག་པར་བྱའོ། །དེ་ལ་བྲམ་ཟེ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཆོས་ནི་གང་ལ་ཇི་ལྟར་འཚེ་བ་གང་རྗེས་སུ་གནང་བ་ཡིན་པའི་ཕྱིར་ངན་པ་ཡིན་ནོ། །དགེ་སྦྱོང་གི་ཚུལ་ཁྲིམས་ཀྱི་ཆོས་ནི་དེ་ལས་བཟློག་པ་ཡིན་པས་བཟང་བར་རིག་པར་བྱའོ། །དེ་ལ་བྲམ་ཟེ་རྣམས་ཀྱིས་ཡོངས་ 130-1-186b སུ་བཟུང་བའི་ཆོས་ནི་བར་དུ་གཅོད་པ་ཞིང་གི་དངོས་པོ་དང་ཁང་ཁྱིམ་གྱི་དངོས་པོ་དང་། ཚོང་ཁང་གི་དངོས་པོ་ལ་སོགས་པ་ཡོངས་སུ་ཟིན་པའི་ཕྱིར་དང་། བུ་དང་ཆུང་མ་དང་བྲན་མོ་ལ་སོགས་པ་ཡོངས་སུ་འཛིན་པའི་ཕྱིར་ངན་པ་ཡིན་ནོ། །དགེ་སྦྱོང་རྣམས་ཀྱིས་ཡོངས་སུ་བཟུང་ བའི་ཆོས་ནི་སྡུག་བསྔལ་ལས་ངེས་པར་འབྱུང་བའི་ཆོས་མ་གཏོགས་པ་གཞན་མེད་པས་བཟང་བར་རིག་པར་བྱའོ། །དེ་ལ་བྲམ་ཟེ་རྣམས་ཀྱི་ལོངས་སྤྱོད་ཀྱི་ཆོས་ནི་བར་དུ་གཅོད་པ་སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། རྒྱལ་མཚན་ལ་སོགས་པ་ཡོངས་སུ་ལོངས་སྤྱོད་པའི་ ཕྱིར་དང་། བྲོ་གར་མཁན་དང་། ཟློས་གར་མཁན་དང་། བཞད་གད་མཁན་དང་། འཇོ་སྒེག་མཁན་ལ་སོགས་པ་ལ་ལྟ་བས་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་དང་། འཁྲིག་པའི་ཆོས་ཀྱི་ལོངས་སྤྱོད་པའི་ཕྱིར་ངན་པ་ཡིན་ནོ། །དགེ་སྦྱོང་གི་ལོངས་སྤྱོད་ཀྱི་ཆོས་ནི་ཁ་ན་མ་ཐོ་བ་མེད་པ་ཐོས་ པ་དང་། བསམས་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་པས་ལོངས་སྤྱོད་པའི་ཕྱིར་བཟང་བར་རིག་པར་བྱའོ། །དེ་ལ་བྲམ་ཟེ་རྣམས་ཀྱིས་རྟོགས་པའི་ཆོས་ནི་ཚངས་པའི་འཇིག་རྟེན་མཐའ་ཡིན་པ་དང་། ཡང་ཕྱིར་བཟློག་པ་དང་། ཀུན་ནས་ཉོན་མོངས་པ་ཅན་ཡིན་པ་དང་། སྡུག་ བསྔལ་བ་དང་བཅས་པའི་ཕྱིར་ངན་པ་ཡིན་ནོ། །དགེ་སྦྱོང་གིས་རྟོགས་པའི་ཆོས་ནི་མྱ་ངན་ལས་འདས་པ་མཐའ་ཡིན་པ་དང་། ཡང་ཕྱིར་མི་ལྡོག་པ་དང་། གཅིག་ཏུ་དྲི་མ་མེད་པ་དང་། གཅིག་ཏུ་བདེ་བ་ཡིན་པས་བཟང་བར་རིག་པར་བྱའོ། །འདོད་པ་ཚོལ་བ་ནི་རྣམ་པ་ལྔ་སྟེ། ཡོངས་ སུ་བཟུང་བ་ཚོལ་བ་དང་། ལོངས་སྤྱོད་ཚོལ་བ་དང་། རྩེད་མོ་དང་དགའ་བ་ཚོལ་བ་དང་། ཀུན་ཤེས་པ་ཉམས་པ་ཚོལ་བ་དང་། གྲགས་པ་དང་སྒྲ་ཚོལ་བའོ། །སྲེད་པ་ཚོལ་བ་ཡང་རྣམ་པ་ལྔ་སྟེ། ཆོས་ཉིད་ཀྱིས་ཚོལ་བ་དང་། སྨོན་པས་ཚོལ་བ་དང་། ཀུན་དུ་རྨོངས་པས་ཚོལ་བ་ དང་། སྐྱོ་བས་ཚོལ་བ་དང་། སོ་སོར་བརྟགས་པས་ཚོལ་བའོ། །ཚངས་པར་སྤྱོད་པ་ཚོལ་བ་ཡང་རྣམ་པ་ལྔ་སྟེ། བཙལ་བ་ཙམ་ཚོལ་བ་དང་། དེ་འཐོབ་པར་འགྱུར་བ་ཚོལ་བ་དང་། འཕྲལ་དུ་འཐོབ་པ་ཚོལ་བ་དང་། དེའི་འོག་ཏུ་འཐོབ་པ་ཚོལ་བ་དང་། སོ་སོར་བརྟགས་ཏེ་ 130-1-187a ཕྱིས་འཐོབ་པ་ཚོལ་བའོ། །རྣམ་གྲངས་གཞན་ཡང་བརྡར་བཏགས་པ་ཚོལ་བ་དང་། དོན་དམ་པ་ཚོལ་བ་དང་། དེ་ཡོངས་སུ་བརྟགས་པ་ཚོལ་བ་དང་། འཁྲུགས་པ་མེད་པ་དང་། ཁྲུགས་པ་དང་བཅས་པ་ཚོལ་བ་དང་། དེའི་ཐབས་མེད་པ་ཚོལ་བ་དང་ཐབས་དང་ བཅས་པ་ཡོངས་སུ་བརྟགས་ནས་ཚོལ་བའོ།། །།བམ་པོ་ཉི་ཤུ་རྩ་གཅིག་པ། སའི་དངོས་གཞིར་རིག་པའི་གནས་ལྔ་བསྟན་པ་གང་ཡིན་པ་དེ་ལ། ནང་གི་རིག་པ་ནི་རིག་པའི་གནས་ཐམས་ཅད་དང་བསྟན་བཅོས་ཐམས་ཅད་དང་གཞུང་ལུགས་ཐམས་ཅད་ཀྱི་ནང་ན་མཆོག་ དང་གཙོ་བོ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་དག་པའི་གཞིས་རྣམ་པར་དག་པའི་དོན་ཉིད་ཡིན་པའི་ཕྱིར་ཏེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་དོན་ཐམས་ཅད་བསྡུས་པ་རྣམ་པར་དག་པའི་ཕྱིར་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་དོན་དེ་ཚར་མི་ཆོད་པས་རྣམ་པར་ དག་པའི་ཕྱིར་དང་། དོན་དེ་ཉིད་ལ་འཇུག་སླ་བས་རྣམ་པར་དག་པའི་ཕྱིར་དང་། ཞུགས་པ་རྣམས་ཀྱི་སྒྲུབ་པ་ཆུད་མི་ཟ་བས་རྣམ་པར་དག་པ་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་ཀྱི་བཀའ་དེ་ཡང་མདོར་བསྡུ་ན་ཚུལ་དྲུག་གིས་ཁོང་དུ་ཆུད་པར་བྱ་སྟེ། འདི་ལྟ་སྟེ། དེ་ཁོ་ནའི་དོན་གྱི་ཚུལ་དང་ འཐོབ་པའི་ཚུལ་དང་། བཤད་པའི་ཚུལ་དང་། མཐའ་གཉིས་རྣམ་པར་སྤངས་པའི་ཚུལ་དང་། བསམ་གྱིས་མི་ཁྱབ་པའི་ཚུལ་དང་། དགོངས་པའི་ཚུལ་གྱིས་སོ། །དེ་ལ་ཚུལ་སྔ་མ་གསུམ་ནི་ཕྱི་མ་གསུམ་གྱིས་ཁོང་དུ་ཆུད་པར་བྱ་སྟེ། འདི་ལྟ་སྟེ། དེ་ཁོ་ནའི་དོན་གྱི་ཚུལ་ནི་མཐའ་ གཉིས་རྣམ་པར་སྤངས་པའི་ཚུལ་གྱིས་ཁོང་དུ་ཆུད་པར་བྱའོ། །འཐོབ་པའི་ཚུལ་ནི་བསམ་གྱིས་མི་ཁྱབ་པའི་ཚུལ་གྱིས་ཁོང་དུ་ཆུད་པར་བྱའོ། །བཤད་པའི་ཚུལ་ནི་དགོངས་པའི་ཚུལ་གྱིས་ཁོང་དུ་ཆུད་པར་བྱའོ། །དེ་ལ་དེ་ཁོ་ནའི་དོན་ཉིད་ཚུལ་ཡིན་པས། དེ་ཁོ་ནའི་དོན་གྱི་ ཚུལ་དེ་དགོངས་པ་ཉིད་ཚུལ་ཡིན་པས་དགོངས་པའི་ཚུལ་གྱི་བར་དུའོ། །ཚུལ་གྱི་དོན་ནི་དེ་དང་དེ་ལ་མ་ནོར་བ་ཉིད་དང་ཇི་ལྟ་བ་བཞིན་ཉིད་དང་། ཕྱིན་ཅི་མ་ལོག་པ་ཉིད་གང་ཡིན་པའོ། །དེ་ལ་དེ་ཁོ་ནའི་དོན་ནི་མདོར་བསྡུ་ན་རྣམ་པ་དྲུག་ཏུ་རིག་པར་བྱ་སྟེ། འཇིག་རྟེན་གྱི་གྲགས་པ་དང་། རིགས་ 130-1-187b པའི་གྲགས་པ་དང་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དང་། ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དང་། རྣམ་པར་བཞག་པ་དང་། རྣམ་པར་མ་བཞག་པའོ། །དེ་ལ་དེ་ཁོ་ན་རྣམ་པ་བཞིའི་རབ་ཏུ་དབྱེ་བ་ནི་འདི་ལྟ་སྟེ། བྱང་ཆུབ་ སེམས་དཔའི་སར་སྔར་བསྟན་པ་བཞིན་དུ་རིག་པར་བྱའོ། །རྣམ་པར་གཞག་པའི་དེ་ཁོ་ན་གང་ཞེ་ན། སྨྲས་པ། འཕགས་པའི་བདེན་པ་བཞི་སྟེ། སྡུག་བསྔལ་ནི་སྡུག་བསྔལ་དུ་རྣམ་པར་གཞག་པ་དང་། ལམ་གྱི་བར་དུ་ལམ་དུ་རྣམ་པར་གཞག་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ ལྟར་ན་དེ་ནི་ཀུན་རྫོབ་རྣམ་པ་གསུམ་གྱིས་རྣམ་པར་འཇོག་པར་བྱེད་པའི་ཕྱིར་ཏེ། འཇིག་རྟེན་གྱི་ཀུན་རྫོབ་དང་། རིགས་པའི་ཀུན་རྫོབ་དང་། རྟགས་པའི་ཀུན་རྫོབ་ཀྱིས་སོ། །དེ་ལ་འཇིག་རྟེན་གྱི་ཀུན་རྫོབ་ཀྱིས་ནི་ཁང་ཁྱིམ་དང་། བུམ་པ་དང་། དམག་དང་། ནགས་ཚལ་དང་། གྲངས་ལ་སོགས་པ་རྣམ་པར་གཞག་པ་དང་། བདག་དང་སེམས་ཅན་ལ་སོགས་པ་རྣམ་པར་གཞག་པས་རྣམ་པར་འཇོག་གོ། །རིགས་པའི་ཀུན་རྫོབ་ཀྱིས་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམ་པར་གཞག་པས་རྣམ་པར་འཇོག་གོ། །རྟོགས་པའི་ཀུན་རྫོབ་ཀྱིས་ནི་རྒྱུན་ དུ་ཞུགས་པའི་འབྲས་བུ་ལ་སོགས་པ་བཞི་དང་། དེ་དག་གི་གནས་རྣམ་པར་གཞག་པ་རྣམ་པར་འཇོག་གོ། །དེ་དག་ཀྱང་མདོར་བསྡུ་ན་རྣམ་པར་གཞག་པ་རྣམ་པ་བཞིར་འགྱུར་ཏེ། ཇི་སྐད་བསྟན་པ་རྣམ་པ་གསུམ་དང་། དོན་དམ་པའི་ཀུན་རྫོབ་ཀྱིས་དོན་དམ་པའི་བདེན་པ་རྣམ་པར་ གཞག་པ་སྟེ། དེའི་དོན་ནི་སོ་སོ་རང་རིག་པ་ཡིན་པའི་ཕྱིར་རྣམ་པར་གཞག་པར་བྱ་བ་མ་ཡིན་གྱི་དེ་ཤེས་པ་སྐྱེ་བ་དང་མཐུན་པ་ཉིད་ལ་བརྟེན་ཏེ་རྣམ་པར་འཇོག་གོ། །རྣམ་པར་མ་བཞག་པའི་དེ་ཁོ་ན་གང་ཞེ་ན། སྨྲས་པ། ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པའོ། །འཐོབ་པ་གང་ཞེ་ན། འཐོབ་པ་ནི་མདོར་བསྡུ་ན་རྣམ་པ་བཞི་སྟེ། སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་འཐོབ་པ་དང་། ཉན་ཐོས་ཀྱི་ཐེག་པ་འཐོབ་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་འཐོབ་པ་དང་། ཐེག་པ་ཆེན་པོ་འཐོབ་པའོ། །དེ་ལ་སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་འཐོབ་ 130-1-188a པ་ནི། ལས་དགེ་བ་དག་མི་དགེ་བར་མངོན་པར་འདུ་བྱེད་པས། ལས་བདག་གིར་བྱ་བ་ཉིད་ལ་བརྟེན་ནས། རྒྱུ་དེས་འགྲོ་བ་ལྔའི་འཁོར་བར་སེམས་ཅན་རྣམས་ཀྱི་རྣམ་པར་སྨིན་པ་མངོན་པར་འགྲུབ་པ་དང་། རྣམ་པར་སྨིན་པ་སོ་སོར་མྱོང་བ་གང་ཡིན་ པའོ། །དེ་ལ་ཉན་ཐོས་ཀྱི་ཐེག་པ་འཐོབ་པ་ནི་སྐྱབས་སུ་འགྲོ་བ་ལ་སོགས་པ་ནས། དགེ་སྦྱོང་གི་རྒྱན་གྱི་བར་ལ་བརྟེན་ནས་རྣམ་པ་ལྔ་འཐོབ་པ་གང་ཡིན་པ་སྟེ། ས་འཐོབ་པ་དང་། ཤེས་པ་འཐོབ་པ་དང་། དད་པ་འཐོབ་པ་དང་། འབྲས་བུ་འཐོབ་པ་དང་། ཡོན་ཏན་འཐོབ་པའོ། ། དེ་ལ་ས་འཐོབ་པ་ནི་ས་གསུམ་སྟེ། མཐོང་བའི་ས་དང་། བསྒོམ་པའི་ས་དང་། མཐར་ཐུག་པའི་སའོ། །དེ་ལ་ཤེས་པ་འཐོབ་པ་ནི། ཤེས་པ་དགུ་སྟེ། འདི་ལྟ་སྟེ། ཆོས་ཤེས་པ་དང་། རྗེས་སུ་རྟོགས་པ་ཤེས་པ་དང་། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་བ་ཤེས་པ་དང་། འགོག་པ་ཤེས་ པ་དང་། ལམ་ཤེས་པ་དང་། དེ་དག་གི་རྗེས་ལས་ཐོབ་པ་ཀུན་རྫོབ་ཤེས་པ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པའོ། །དེ་ལ་དད་པ་འཐོབ་པ་ནི་ཤེས་ནས་དད་པ་བཞི་པོ་དག་གོ། །དེ་ལ་འབྲས་བུ་ཐོབ་པ་ནི་དགེ་སྦྱོང་གི་འབྲས་བུ་བཞི་པོ་དག་གོ། །དེ་ལ་ཡོན་ཏན་འཐོབ་པ་ནི་ཚད་མེད་ པ་དང་། རྣམ་པར་ཐར་པ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་། ཟད་པར་གྱི་སྐྱེ་མཆེད་དང་། ཉོན་མོངས་པ་མེད་པ་དང་། སྨོན་གནས་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། མངོན་པར་ཤེས་པ་འཐོབ་སྟེ། དེ་དག་ཐམས་ཅད་ཀྱི་རྣམ་པར་དབྱེ་བ་ནི་སྔ་མ་བཞིན་ དུ་རིག་པར་བྱའོ། །ཉན་ཐོས་ཀྱི་ཐེག་པ་དག་ཐོབ་པའི་ཐོབ་པར་བྱེད་པའི་རྒྱུ་ནི་འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བ་དང་། ཐར་པ་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་དག་ཡིན་ནོ། །དེ་ལ་རང་སངས་རྒྱས་ཀྱི་ཐེག་པ་འཐོབ་པ་ནི་མདོར་བསྡུ་ ན་རྣམ་པ་གསུམ་སྟེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་འཐོབ་པ་སྔོན་དུ་བཏང་བ་དང་། རྟོགས་པ་སྔོན་དུ་བཏང་བ་དང་། སྔོན་དུ་མ་བཏང་བའོ། །དེ་ལ་འཐོབ་པ་དང་པོ་གཉིས་ཀྱིས་ནི་རང་རྒྱལ་བ་རྣམས་སུ་འགྱུར་རོ། །ཐ་མས་ནི་བསེ་རུ་ལྟ་བུར་འགྱུར་རོ། །དེ་ལ་ཐེག་ 130-1-188b པ་ཆེན་པོ་འཐོབ་པ་ནི་རྣམ་པ་བརྒྱད་དེ། སེམས་བསྐྱེད་པ་འཐོབ་པ་དང་། སྙིང་རྗེ་འཐོབ་པ་དང་། ཕ་རོལ་ཏུ་ཕྱིན་པ་འཐོབ་པ་དང་། བསྡུ་བའི་དངོས་པོ་འཐོབ་པ་དང་། ས་འཐོབ་པ་དང་། དཔག་ཏུ་མེད་པ་ལྔ་ལ་དེ་བཞིན་ཉིད་ཁོང་དུ་ཆུད་པ་འཐོབ་པ་དང་། མཐུ་བསམ་གྱིས་མི་ཁྱབ་པ་འཐོབ་ པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་འཐོབ་པ་གང་ཡིན་པ་སྟེ། དེ་དག་གི་རྣམ་པར་དབྱེ་བ་ཡང་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སར་སྔར་བསྟན་པ་བཞིན་དུ་རིག་པར་བྱའོ། །དེ་ལ་བཤད་པ་ནི་མདོར་བསྡུ་ན་གནས་གསུམ་གྱིས་བསྡུ་བ་ཡིན་ཏེ། སྡེ་སྣོད་བསྡུ་བ་དང་། མ་ མོ་བསྡུ་བ་དང་། དེ་གཉི་ག་བསྡུ་བས་སོ། །དེ་ལ་སྡེ་སྣོད་བསྡུ་བ་ནི་ཉན་ཐོས་ཀྱི་སྡེ་སྣོད་དང་། ཐེག་པ་ཆེན་པོའི་སྡེ་སྣོད་དོ། །དེ་ལ་མ་མོ་བསྡུ་བ་ནི་ས་བཅུ་བདུན་དང་། བསྡུ་བ་བཞིའོ། །དེ་ལ་དེ་གཉི་ག་བསྡུ་བ་ནི། མདོར་བསྡུ་ན་རྣམ་པ་བཅུ་སྟེ། འདི་ལྟ་སྟེ། བདེན་པའི་མཚན་ཉིད་ བཤད་པ་དང་། ཡོངས་སུ་ཤེས་པ་བཤད་པ་དང་། སྤང་བ་བཤད་པ་དང་། མངོན་དུ་བྱ་བ་བཤད་པ་དང་། བསྒོམ་པ་བཤད་པ་དང་། དེ་དག་ཉིད་ཀྱི་རྣམ་པ་རབ་ཏུ་དབྱེ་བ་བཤད་པ་དང་། དེ་དག་ཉིད་ཀྱི་གནས་དང་གནས་པའི་འབྲེལ་པ་བཤད་པ་དང་། ཡོངས་སུ་ཤེས་པ་ལ་སོགས་པའི་ བར་དུ་གཅོད་པའི་ཆོས་བཤད་པ་དང་། ཡོངས་སུ་ཤེས་པ་ལ་སོགས་པའི་རྗེས་སུ་མཐུན་པའི་ཆོས་བཤད་པ་དང་། ཡོངས་སུ་མི་ཤེས་པ་ལ་སོགས་པ་དང་། ཡོངས་སུ་ཤེས་པ་ལ་སོགས་པའི་ཉེས་དམིགས་དང་ཕན་ཡོན་བཤད་པ་སྟེ། དེ་ལྟར་ན་དེ་ནི་སྡེ་སྣོད་བསྡུ་བ་དང་། མ་མོ་ བསྡུ་བ་ཐམས་ཅད་སྡུད་པར་བྱེད་པས་མ་མོ་བསྡུས་པ་ཞེས་བྱའོ། །ཡང་མདོར་བསྡུ་ན་བཤད་པ་རྣམ་པ་བཅུ་གཉིས་ཡོད་དོ། །འདི་ལྟ་སྟེ། དངོས་པོ་བཤད་པ་དང་། མིང་གི་རྣམ་གྲངས་བཤད་པ་དང་། རང་གི་གཞུང་ལུགས་བརྟག་པ་བཤད་པ་དང་། གཞན་གྱི་གཞུང་ལུགས་བརྟག་ པ་བཤད་པ་དང་། དྲང་བའི་དོན་བཤད་པ་དང་། ངེས་པའི་དོན་བཤད་པ་དང་། ཀུན་རྫོབ་ཀྱི་བདེན་པ་བཤད་པ་དང་། དོན་དམ་པའི་བདེན་པ་བཤད་པ་དང་། གསང་བ་བཤད་པ་དང་། རྣམ་པར་ཕྱེ་བ་བཤད་པ་དང་། ལན་གདབ་པའི་དངོས་པོ་བཤད་ 130-1-189a པ་དང་། ལན་མི་གདབ་པའི་དངོས་པོ་བཤད་པའོ། །དེ་ལ་དངོས་པོ་བཤད་པ་ནི་གཟུགས་ལ་སོགས་པ་དང་། མིག་ལ་སོགས་པའི་ཆོས་རྣམས་སོ་སོར་བཤད་པ་ཡིན་ནོ། །དེ་ལ་མིང་གི་རྣམ་གྲངས་བཤད་པ་ནི་འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་ འདས་རྣམས་ཀྱིས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། གནས་དང་གནས་མ་ཡིན་པ་དང་། དབང་པོ་དང་བདེན་པའི་མིང་དང་དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་མིང་དང་། གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་དང་། བསྟན་དུ་ ཡོད་པ་དང་། བསྟན་དུ་མེད་པ་དང་། ཐོགས་པ་དང་བཅས་པ་དང་། ཐོགས་པ་མེད་པ་ལ་སོགས་པའི་མིང་གིས་མིང་གི་རྣམ་གྲངས་དཔག་ཏུ་མེད་པ་དག་རྒྱ་ཆེར་བཤད་པ་གང་ཡིན་པའོ། །དེ་ལ་རང་གི་གཞུང་ལུགས་བརྟག་པ་བཤད་པ་ནི་རྣམ་པར་བཤད་པ་བསྡུ་བ་ལ་བརྟེན་ནས། མདོའི་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ་དང་ལུང་དུ་བསྟན་པའི་སྡེ་ལ་སོགས་པ་བཤད་པ་དང་ཡང་དག་པར་བཤད་པ་གང་ཡིན་པའོ། །དེ་ལ་གཞན་གྱི་གཞུང་ལུགས་བརྟག་པ་བཤད་པ་ནི་གཏན་ཚིགས་ཀྱི་རིགས་པ་རྣམ་པ་བདུན་ལ་བརྟེན་ནས་ཕས་ཀྱི་རྒོལ་བ་ཚར་བཅད་པ་དང་། རང་གི་ སྨྲ་བའི་གཞུང་གཟུགས་པ་གང་ཡིན་པའོ། །གཏན་ཚིགས་ཀྱི་རིགས་པ་རྣམ་པ་བདུན་ནི་འདི་ལྟ་སྟེ། སྨྲ་བ་དང་། སྨྲ་བའི་ཞལ་ཅེ་བ་དང་། སྨྲ་བའི་གཞི་དང་། སྨྲ་བའི་རྒྱན་དང་། སྨྲ་བ་ཆད་པས་བཅད་པ་དང་། སྨྲ་བ་ལས་འབྱུང་བ་དང་། སྨྲ་བ་གཅེས་སྤྲས་ལ་དགོས་པའི་ཆོས་རྣམས་ སོ། །དེ་ལ་དྲང་བའི་དོན་བཤད་པ་ནི་བཅོམ་ལྡན་འདས་ཀྱིས་མདོའི་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་བསྟན་པའི་སྡེ་ལ་སོགས་པ་གང་དག་བཤད་ལ། དོན་རྣམ་པར་མ་ཕྱེ་བ་དྲང་བར་བྱ་དགོས་པ་གང་ཡིན་པའོ། །དེ་ལ་ངེས་པའི་དོན་བཤད་པ་ནི་དེ་ལས་བཟློག་པར་རིག་ པར་བྱའོ། །དེ་ལ་ཀུན་རྫོབ་ཀྱི་བདེན་པ་བཤད་པ་ནི། ཚིག་གི་ལམ་གྱིས་བརྗོད་པ་གང་ཅི་ཡང་རུང་སྟེ་དེ་ཐམས་ཅད་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ། །མིང་དང་འདུ་ཤེས་དང་བརྗོད་པའི་དབང་དུ་བྱ་བ་འདི་ལྟ་སྟེ། མཚན་མ་དང་མིང་དང་རྣམ་པར་རྟོག་པ་གང་ཅི་ཡང་རུང་བ་དེ་ཡང་ཀུན་རྫོབ་ཀྱི་ 130-1-189b བདེན་པ་ཡིན་ནོ། །དེ་ལ་དོན་དམ་པའི་བདེན་པ་བཤད་པ་ནི་འཕགས་པའི་བདེན་པ་བཞི་བཤད་པ་དང་། དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་། ཆོས་ཀྱི་དབྱིངས་བཤད་པ་གང་ཡིན་པའོ། །དེ་ལ་གསང་བ་བཤད་པ་ནི་འདི་ལྟ་སྟེ། ཕལ་ཆེར་ནི་ཉན་ཐོས་ཀྱི་སྡེ་སྣོད་བཤད་པ་གང་ཡིན་ པའོ། །དེ་ལ་རྣམ་པར་ཕྱེ་བ་བཤད་པ་ནི་འདི་ལྟ་སྟེ། ཕལ་ཆེར་ནི་ཐེག་པ་ཆེན་པོའི་སྡེ་སྣོད་བཤད་པ་གང་ཡིན་པའོ། །དེ་ལ་ལན་གདབ་པའི་དངོས་པོ་བཤད་པ་ནི་འདི་ལྟ་སྟེ། ཆོས་ཀྱི་མདོ་བཞི་པོ་དག་བཤད་པ་སྟེ། འདུས་བྱས་ཐམས་ཅད་མི་རྟག་པ་ཞེས་བྱ་བ་ནས། མྱ་ངན་ལས་ འདས་པ་ནི་ཞི་བའོ་ཞེས་བྱ་བའི་བར་དང་། དེ་ལྟ་བུ་དང་མཐུན་པ་དག་བཤད་པ་གང་ཡིན་པའོ། །དེ་ལ་ལན་མི་གདབ་པའི་དངོས་པོ་བཤད་པ་ནི་འདི་ལྟ་སྟེ། འཇིག་རྟེན་རྟག་གམ་ཞེས་དྲིས་ན་དེ་ནི་བདག་གིས་ལན་མི་གདབ་བོ་ཞེས་སྨྲ་ཞིང་ལན་འདེབས་པར་མི་བྱེད་པ་དང་། དེ་བཞིན་ གཤེགས་པ་ཤི་ཕན་ཆད་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ནམ་ཞེས་བྱ་བའི་བར་དུ་དྲིས་ན། དེ་ནི་བདག་གིས་ལན་མི་གདབ་བོ་ཞེས་སྨྲ་ཞིང་ལན་འདེབས་པར་མི་བྱེད་པ་གང་ཡིན་པའོ། །དེ་ལ་ལན་མི་གདབ་པའི་དངོས་པོ་བཤད་པ་ནི་རྒྱུ་རྣམ་པ་བཞིས་རིག་པར་བྱ་སྟེ། མེད་ པའི་ཕྱིར་ལན་མི་འདེབས་པའང་ཡོད་དེ། འདི་ལྟ་སྟེ། ཅི་བདག་ཕུང་པོ་རྣམས་ལས་གཞན་ནམ་གཞན་མ་ཡིན་ནམ་རྟག་གམ་མི་རྟག་ཅེས་བྱ་བ་ལ་སོགས་པའོ། །དོན་དང་མི་ལྡན་པའི་ཕྱིར་ལན་མི་འདེབས་པ་ཡང་ཡོད་དེ། འདི་ལྟ་སྟེ། ཤིང་ཤ་པའི་ལོ་མའི་དཔེའི་མདོ་ལས། ངས་ ནི་ཆོས་འདི་སྙེད་ཅིག་མངོན་པར་རྫོགས་པར་ཐུགས་སུ་ཆུད་ཀྱང་མ་བསྟན་ཏེ། །དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་དག་ནི་དོན་དང་ལྡན་པ་མ་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་ལྟ་བུའོ། །ཟབ་པའི་ཕྱིར་ལན་མི་འདེབས་པ་ཡང་ཡོད་དེ། འདི་ལྟ་སྟེ་བདག་ཡོད་དམ་ཞེས་འདྲི་ན། ཕུང་པོ་རྣམས་ ལ་བདག་ཏུ་འཛིན་པར་གྱུར་ཏམ་ཕུང་པོ་རྣམས་ལས་དོན་གཞན་དུ་གྱུར་པ་ཡོད་པར་འཛིན་ན་མི་རུང་བས་ལན་མི་འདེབས་པ་དང་། བདག་མེད་དམ་ཞེས་འདྲི་ན་སྐྱེས་བུའི་ཐ་སྙད་ལ་སྐུར་པ་འདེབས་པ་འཛིན་པར་གྱུར་ན་མི་རུང་བས་ལན་མི་འདེབས་པ་དང་། དེ་བཞིན་དུ་དེ་བཞིན་གཤེགས་པ་ 130-1-190a ཤི་ཕན་ཆད་ཡོད་དམ་ཞེས་བྱ་བ་ནས་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ནམ་ཞེས་བྱ་བའི་བར་དུ་འདྲི་ན་ཟབ་པའི་ཕྱིར་ལན་མི་འདེབས་པ་ལྟ་བུའོ། །དེ་བཞིན་ཉིད་ཀྱི་མཚན་ཉིད་རྣམ་པར་གཞག་པ་ལ་ལན་མི་འདེབས་པ་ཡང་ཡོད་དེ། འདི་ལྟ་སྟེ། ཆོས་གང་དག་ གི་དེ་བཞིན་ཉིད་དེ་ཅི་ཆོས་དེ་དག་ལས་གཞན་ནམ་གཞན་མ་ཡིན་ཞེས་འདྲི་ན་ལན་མི་འདེབས་པ་ལྟ་བུ་སྟེ། འདི་ལྟར་མཚན་ཉིད་དེ་དེ་ནི་གཞན་པ་ཉིད་ཀྱང་མ་ཡིན་གཞན་མ་ཡིན་པ་ཉིད་ཀྱང་མ་ཡིན་པར་རྣམ་པར་གནས་པ་ཡིན་པའི་ཕྱིར་རོ། །གཞན་ཡང་ལན་མི་གདབ་པའི་དངོས་པོ་བཤད་པ་ནི་ རྒྱུ་རྣམ་པ་བཞིས་རིག་པར་བྱ་སྟེ། མུ་སྟེགས་ཅན་རྣམས་ཀྱི་བཤད་པ་ཡིན་པའི་ཕྱིར་དང་། ཚུལ་བཞིན་མ་ཡིན་པའི་ཕྱིར་དང་། དོན་དང་མི་ལྡན་པའི་ཕྱིར་དང་། རྩོད་པའི་གཞིའི་གནས་སུ་གྱུར་པ་འབའ་ཞིག་ཡིན་པའི་ཕྱིར་རོ། །དོན་དང་མི་ལྡན་པ་ནི་རྒྱུ་གཉིས་ཀྱིས་རིག་པར་བྱ་སྟེ། རྒྱུ་དང་ འབྲས་བུ་བསམ་པ་དང་བྲལ་བ་ཉིད་ཀྱི་ཕྱིར་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་བསམ་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །མཐའ་གཉིས་རྣམ་པར་སྤང་བ་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་དྲུག་ཏུ་བལྟ་བར་བྱ་སྟེ། ཡོད་པ་མ་ཡིན་པ་ལ་སྒྲོ་འདོགས་པའི་མཐའ་རྣམ་པར་སྤང་བ་ དང་། ཡོད་པ་ལ་སྐུར་པ་འདེབས་པའི་མཐའ་རྣམ་པར་སྤང་བ་དང་། རྟག་པར་འཛིན་པའི་མཐའ་རྣམ་པར་སྤང་བ་དང་། ཆད་པར་འཛིན་པའི་མཐའ་རྣམ་པར་སྤང་བ་དང་། འདོད་པའི་བསོད་ཉམས་ལ་སྦྱོར་བའི་མཐའ་རྣམ་པར་སྤང་བ་དང་། བདག་ཉིད་ངལ་བར་སྦྱོར་བའི་མཐའ་རྣམ་པར་སྤང་ པའོ། །དེ་དག་གི་རྣམ་པར་དབྱེ་བ་ནི་སྔར་དེ་དང་དེ་དག་ཏུ་བསྟན་པ་ཁོ་ན་བཞིན་དུ་རིག་པར་བྱའོ། །དེ་ལ་བསམ་གྱིས་མི་ཁྱབ་པ་གང་ཞེ་ན། མདོར་བསྡུ་ན་བསམ་གྱིས་མི་ཁྱབ་པ་དྲུག་སྟེ། བདག་ལ་སེམས་པ་དང་། སེམས་ཅན་ལ་སེམས་པ་དང་། འཇིག་རྟེན་ལ་སེམས་པ་དང་། སེམས་ ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལ་སེམས་པ་དང་། བསམ་གཏན་པ་རྣམས་ཀྱི་བསམ་གཏན་པའི་ཡུལ་དང་། སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ཡུལ་ལོ། །དེ་ལ་བདག་ལ་སེམས་པ་དང་། སེམས་ཅན་ལ་སེམས་པ་དང་། འཇིག་རྟེན་ལ་སེམས་པ་ནི་ལྟ་བ་ལ་བརྟེན་ན་ནི་ 130-1-190b བསམ་གྱིས་མི་ཁྱབ་པ་དག་ཡིན་ནོ། །ལྟ་བ་ལ་མ་བརྟེན་ན་ནི་བསམ་གྱིས་མི་ཁྱབ་པ་དག་ཡིན་ནོ། །དེ་ལ་བདག་ལ་སེམས་པ་ནི་འདི་ལྟར་འདི་ན་ལ་ལ་འཇིག་ཚོགས་ལ་ལྟ་བ་ལ་བརྟེན་ནས་འདི་སྙམ་དུ་སེམས་ཏེ། ཅི་བདག་འདས་པའི་དུས་ན་བྱུང་བར་གྱུར་ཏམ་ཞེས་བྱ་བ་ནས་རྒྱས་པར་ དུས་གསུམ་རྣམས་སུ་ཡང་དེ་བཞིན་པ་དང་། དེ་བཞིན་དུ་བདག་ནི་གཟུགས་ཅན་ཡིན་ཏེ། དེ་ཕན་ཚུན་འདུ་ཤེས་ཅན་ནམ། དེ་བཞིན་དུ་འདུ་ཤེས་མེད་པའམ། འདུ་ཤེས་ཡོད་པ་ཡང་མ་ཡིན། འདུ་ཤེས་མེད་པ་ཡང་མ་ཡིན་པར་འགྱུར་རོ་སྙམ་པ་དང་། གཟུགས་ཅན་ཇི་ལྟ་ བ་བཞིན་དུ་གཟུགས་ཅན་མ་ཡིན་པ་དེ་ཡང་དེ་བཞིན་ཏེ། རྒྱས་པར་འདི་ལྟ་སྟེ། ཚངས་པའི་དྲ་བའི་མདོ་ལས། ཇི་སྐད་དུ་རྟག་པར་སྨྲ་བ་རྣམས་དང་། དེ་བཞིན་དུ་ཆད་པར་སྨྲ་བ་རྣམས་དང་། ཚེ་འདི་ལ་མྱ་ངན་ལས་འདས་པར་སྨྲ་བ་རྣམས་དང་། སྔོན་གྱི་མཐར་རྟོག་པ་རྣམས་དང་། ཕྱི་མའི་མཐར་རྟོག་པ་རྣམས་དང་། ཅི་རིགས་པར་སྦྱར་བར་བལྟ་བར་བྱའོ། །དེ་བཞིན་དུ་སྲོག་དེ་ལུས་དེ་ཡིན་ནོ་སྙམ་པ་དང་། སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ཡིན་ནོ་སྙམ་པ་དང་། འདི་ཉིད་ཟད་པ་ཡིན་ནོ་སྙམ་པ་དང་། གཉིས་སུ་མེད་དོ་སྙམ་པ་དང་། གཞན་མ་ཡིན་ནོ་སྙམ་པ་ དང་། བདག་གི་བདག་ནི་མ་ཚང་བ་མ་ཡིན་ནོ་སྙམ་དུ་སེམས་པའོ། །དེ་ལ་སེམས་ཅན་ལ་སེམས་པ་ནི་འདི་ལྟར་འདི་ན་ལ་ལ་འཇིག་ཚོགས་ལ་ལྟ་བ་ཁོ་ན་ལ་བརྟེན་ནས་འདི་སྙམ་དུ་སེམས་ཏེ། སེམས་ཅན་ག་ལས་བྱུང་། སེམས་ཅན་གྱི་བྱེད་པ་པོ་སུ་ཡིན། སེམས་ཅན་གང་གི་བར་དུ་འགྲོ། སེམས་ཅན་གང་དུ་འགག་པར་འགྱུར་སྙམ་དུ་སེམས་པའོ། །དེ་ལ་འཇིག་རྟེན་ལ་སེམས་པ་ནི་འདི་ལྟར་འདི་ན་ལ་ལ་འཇིག་ཚོགས་ལ་ལྟ་བ་ལ་བརྟེན་ནས་འདི་སྙམ་དུ་སེམས་ཏེ། འཇིག་རྟེན་རྟག་གོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་བྱའོ། །ཆོས་ཉིད་ལས་བརྩམས་ནས་ཀྱང་འདི་སྙམ་དུ་ སེམས་ཏེ། བདག་གི་ཆོས་ཉིད་དང་། སེམས་ཅན་གྱི་ཆོས་ཉིད་དང་། འཇིག་རྟེན་གྱི་ཆོས་ཉིད་འདི་ཅི་ལས་དེ་ལྟར་བྱུང་སྙམ་དུ་སེམས་ཤིང་། ཆོས་ཀྱི་རིགས་པ་ཁོ་ནས་མི་འཇུག་པ་ཡིན་ཏེ། དེའི་ཕྱིར་དེ་ཡང་བསམ་གྱིས་མི་ཁྱབ་པའི་གནས་ལ་སེམས་པ་ཞེས་བྱའོ། །དེ་ལ་སེམས་ 130-1-191a ཅན་རྣམས་ཀྱི་རྣམ་པར་སྨིན་པ་ལ་སེམས་པ་ནི་རྣམ་པ་བཞིས་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། གནས་དང་དངོས་པོ་དང་། རྒྱུ་དང་རྣམ་པར་སྨིན་པ་ལས་སོ། །དེ་ལ་བསམ་གཏན་པ་རྣམས་ཀྱི་བསམ་གཏན་པའི་ཡུལ་ནི་རྣམ་པ་གསུམ་གྱིས་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། དེ་བཞིན་ཉིད་ཟད་པའི་དོན་དང་། དབང་བསྒྱུར་བ་དང་། ཟག་པ་ཟད་པའི་དབྱིངས་ཡང་དག་པར་འགྲུབ་པས་སོ། །དེ་ལ་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ནི་རྣམ་པ་ལྔས་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། ཇི་སྐད་བསྟན་པ་གསུམ་པོ་དེ་དག་ཉིད་དང་། གཞན་གཉིས་ཀྱིས་ཏེ། སྒྲིབ་ པ་མེད་པ་དང་། སེམས་ཅན་གྱི་དོན་གྱི་བྱ་བ་མཛད་པས་སོ། །དེ་ལ་དགོངས་པ་གང་ཞེ་ན། མདོར་བསྡུ་ན་རྣམ་པ་བཅུ་དྲུག་སྟེ། ཡང་དག་པར་སྟོན་པའི་དགོངས་པ་དང་། འདུན་པ་བཟློག་པའི་དགོངས་པ་དང་། ཡང་དག་པར་འཛིན་དུ་འཇུག་པའི་དགོངས་པ་དང་། ཡང་དག་པར་ གཟེངས་བསྟོད་པའི་དགོངས་པ་དང་། ཡང་དག་པར་རབ་ཏུ་དགའ་བར་མཛད་པའི་དགོངས་པ་དང་། གཟུད་པའི་དགོངས་པ་དང་། ཐེ་ཚོམ་གཅད་པའི་དགོངས་པ་དང་། ཡོངས་སུ་སྨིན་པར་བྱ་བའི་དགོངས་པ་དང་། ཏིང་ངེ་འཛིན་དུ་བྱ་བའི་དགོངས་པ་དང་། རྣམ་པར་གྲོལ་བར་བྱ་ བའི་དགོངས་པ་དང་། དོན་གཞན་དང་འབྲེལ་པའི་དགོངས་པ་དང་། རྟོགས་པར་བྱེད་པ་རྣམས་ལ་ཁ་ན་མ་ཐོ་བ་མེད་པའི་དགའ་བ་དང་མཆོག་ཏུ་དགའ་བ་སྐྱེད་པའི་དགོངས་པ་དང་། སྨྲ་བ་པོ་ལ་ཉན་པ་རྣམས་རི་མོ་ཆེར་བསྐྱེད་པར་བྱ་བའི་དགོངས་པ་དང་། ཆོས་ཀྱི་ཚུལ་འཇུག་པར་བྱ་བའི་ དགོངས་པ་དང་། དགེ་བ་མང་བར་བྱ་བའི་དགོངས་པ་དང་། མཚན་མ་ཐམས་ཅད་ཟིལ་གྱིས་མནན་པའི་དགོངས་པའོ། །དེ་ལ་ཇི་ལྟར་ན་མཐའ་གཉིས་རྣམ་པར་སྤངས་པའི་ཚུལ་གྱིས་དེ་ཁོ་ནའི་དོན་གྱི་ཚུལ་ཁོང་དུ་ཆུད་པར་བྱ་ཞེ་ན། སྡུག་བསྔལ་གྱི་བདེན་པ་ནས་ལམ་གྱི་བདེན་པའི་བར་དུ་ རྣམ་པར་གཞག་པ་ལ་ནི་མདོར་བསྡུ་ན་སྒྲོ་འདོགས་པ་རྣམ་པ་བཞིས་སྒྲོ་འདོགས་པའི་མཐའ་ཡིན་ཏེ། བདག་ཏུ་སྒྲོ་འདོགས་པ་དང་། རྟག་པར་སྒྲོ་འདོགས་པ་དང་། གཙང་བར་སྒྲོ་འདོགས་པ་དང་། བདེ་བར་སྒྲོ་འདོགས་པའོ། །དེ་དག་ནི་ཕྱིན་ཅི་ལོག་བཞི་ཡིན་ཏེ། དེ་དག་གི་གཉེན་ 130-1-191b པོར་དྲན་པ་ཉེ་བར་གཞག་པ་བཞི་དང་། ཤེས་པ་བཞི་བསྟན་ཏོ། །རྒྱུ་གང་གིས་ན་བདག་ཏུ་ལྟ་བ་དང་བདག་ཏུ་སྒྲོ་འདོགས་པར་འགྱུར་ཞེ་ན། དེ་ནི་འདི་ལྟ་སྟེ། རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པའི་སར་རྒྱས་པར་སྔར་བསྟན་པ་བཞིན་དུ་རིག་པར་བྱ་སྟེ། འདི་ལྟར་དེར་ཇི་ལྟར་བདག་མི་ རིགས་པ་དེ་ལྟར་རྒྱ་ཆེར་བསྟན་པའི་ཕྱིར་རོ། །ཡང་མདོར་བསྡུ་ན་བདག་ནི་ཕུང་པོ་རྣམས་ལས་སྐྱེ་བ་དང་མཚན་ཉིད་དང་ལས་ལས་ཀྱང་དོན་གཞན་དུ་གྱུར་པ་མི་དམིགས་པའི་ཕྱིར་དང་། འདུ་བྱེད་རྣམས་ནི་དེ་དང་མཚན་ཉིད་མི་འདྲ་བར་གནས་པའི་ཕྱིར་བདག་མེད་པ་ཉིད་དུ་རིག་པར་བྱའོ། ། རྟག་པ་ཉིད་ཀྱང་ཇི་ལྟར་མི་རིགས་པ་དེ་ལྟར་སྔ་མ་ཁོ་ན་བཞིན་དུ་བལྟ་བར་བྱའོ། །མི་སྡུག་པ་ཉིད་རྣམ་པ་དྲུག་ཀྱང་ཉན་ཐོས་ཀྱི་སར་རྒྱ་ཆེར་བསྟན་ཟིན་ཏོ། །སྡུག་བསྔལ་ཉིད་རྣམ་པ་གསུམ་ཡང་འདི་ལྟ་སྟེ། རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་སར་བསྟན་ཟིན་ཏོ། །དེ་ལ་སྐུར་བ་ འདེབས་པའི་མཐའ་ནི་བདེན་པ་བདེན་པའི་མཚན་ཉིད་ཀྱིས་རྣམ་པར་གཞག་པ་དེ་དག་ཉིད་ལ་མཚན་ཉིད་དེས་མེད་པ་ཉིད་དུ་འཛིན་པ་དང་། མེད་པ་ཉིད་དུ་ཡོངས་སུ་སྟོན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གང་བདེན་པ་དེ་དག་ལ་སྐུར་པ་འདེབས་པ་དེས་ནི་ཚད་མ་གསུམ་པོ་མངོན་སུམ་དང་ རྗེས་སུ་དཔག་པ་དང་། ཡིད་ཆེས་པའི་ལུང་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ལ་ཡང་སྐུར་པ་བཏབ་པ་ཡིན་པའི་ཕྱིར་ཏེ། དེ་ལྟ་བས་ན་དེ་ནི་སྐུར་པ་འདེབས་པའི་མཐའ་ཡིན་ནོ། །གང་མཐའ་གཉིས་ལ་སྐུར་པ་མི་འདེབས་པ་དེ་ནི་བདེན་པ་དེ་དག་ལ་མོས་པ་དང་། རྟོགས་ པ་དང་། རིམ་གྱིས་རྣམ་པར་དག་པ་ཐོབ་པར་ཡང་འགྱུར་རོ། །སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། སྨྲས་པ། སྐྱེ་བའི་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་སྔ་མ་བཞིན་ཏེ། མདོར་བསྡུ་ན་སྐྱེ་བའི་ཀུན་ནས་ཉོན་མོངས་པ་ཇི་སྐད་བསྟན་པ་ནི་སྡུག་བསྔལ་གྱི་བདེན་པ་ཞེས་ བྱའོ། །ཀུན་འབྱུང་བའི་བདེན་པ་གང་ཞེ་ན། སྨྲས་པ། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་ལས་ཀྱི་ཀུན་ནས་ཉོན་མོངས་པ་ཇི་སྐད་བསྟན་པ་ཐམས་ཅད་ནི་ཀུན་འབྱུང་བའི་བདེན་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་གཙོ་བོར་ནི་སྲེད་པ་ཡིན་པར་བསྟན་ཏེ། གཙོ་བོའི་རྒྱུ་རྣམས་ 130-1-192a ནི་སྔ་མ་བཞིན་དུ་རིག་པར་བྱའོ། །འགོག་པའི་བདེན་པ་གང་ཞེ་ན། སྨྲས་པ། ཉོན་མོངས་པ་ཐམས་ཅད་ཡོངས་སུ་གཏུགས་ནས་སྤངས་པ་གང་ཡིན་པའོ། །སྤངས་པ་དེ་ཡང་རྣམ་པ་བརྒྱད་ཀྱིས་ཏེ། སྔ་མ་ཁོ་ན་བཞིན་དུ་བལྟ་བར་བྱའོ། །དེ་ལ་སྲེད་པའོ། ། ཟད་པ་དང་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་དེས་ནི་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ཡོངས་སུ་བསྟན་ཏོ། །འགོག་པ་དང་མྱ་ངན་ལས་འདས་པ་ཞེས་བྱ་བ་དེས་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཡོངས་སུ་བསྟན་ཏོ། ། ལམ་གྱི་བདེན་པ་གང་ཞེ་ན། སྨྲས་པ། ཚོགས་ཀྱི་ལམ་གང་ཡིན་པ་དང་། སྦྱོར་བའི་ལམ་གང་ཡིན་པ་དང་། རྣམ་པར་དག་པའི་ལམ་གང་ཡིན་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་ལམ་གྱི་བདེན་པ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་གཙོ་བོར་ནི་དགེ་སྦྱོང་གི་འབྲས་བུ་ཡོངས་ སུ་གཟུང་བ་ལས་བརྩམས་ནས་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡིན་པར་བསྟན་ཏོ། །དེ་ལ་ཚོགས་ཀྱི་ལམ་ནི་རྣམ་པ་བཅུ་གསུམ་དུ་རིག་པར་བྱ་སྟེ། འདི་ལྟ་སྟེ། ཉན་ཐོས་ཀྱི་སར་བསྟན་པ་བཞིན་ནོ། །སྦྱོར་བའི་ལམ་ནི་གཙོར་འདི་ལྟ་སྟེ། དྲོ་བར་གྱུར་པ་དང་། རྩེ་མོ་དང་ བཟོད་པ་དང་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་གནས་སྐབས་ན་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་ཡིན་ནོ། །རྣམ་པར་དག་པའི་ལམ་ནི་མཐོང་བ་དང་། བསྒོམ་པ་དང་། མཐར་ཐུག་པའི་ལམ་གྱིས་བསྡུས་པ་ཁོ་ནའི་བྱང་ཆུབ་ཀྱི་ཕྱོགས་ དང་མཐུན་པའི་ཆོས་རྣམས་ཡིན་ནོ། །མཐར་ཐུག་པར་གྱུར་པའི་ཡོན་ཏན་མངོན་པར་བསྒྲུབ་པའི་ལམ་གང་ཡིན་པ་དེ་ཡང་ལམ་གྱི་བདེན་པ་ཞེས་བྱ་བའི་གྲངས་སུ་འགྲོའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱོར་བའི་ལམ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པ་ཡིན་པར་རིག་པར་ བྱའོ། །རྣམ་པར་དག་པའི་ལམ་ནི་གཙོ་བོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བསྡུས་པ་ཡིན་ཏེ། དེའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཐམས་ཅད་ཀྱང་བསྒོམ་པའི་གྲངས་སུ་མི་འགྲོ་བ་ནི་མེད་དོ། །དེ་ལ་མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བ་ཞེས་གང་གསུངས་པ་དེ་ 130-1-192b ལ་ཉེ་བར་ལེན་པའི་ཕུང་པོ་ལྔའི་རབ་ཏུ་དབྱེ་བ་ནི་འདི་ལྟ་སྟེ། ཡིད་ཀྱིས་རྣམ་པར་གཏན་ལ་དབབ་པར་ཕུང་པོ་ལ་མཁས་པ་ལས་བརྩམས་ཏེ་བསྟན་པ་བཞིན་དུ་རིག་པར་བྱའོ། །སྡུག་བསྔལ་གྱི་བདེན་པ་དང་། ཀུན་འབྱུང་བའི་བདེན་པ་དེ་ཡང་མདོར་བསྡུ་ན་རྣམ་པ་གསུམ་སྟེ། འདོད་ པ་དང་གཟུགས་དང་གཟུགས་མེད་པ་དང་ལྡན་པའི་བྱེ་བྲག་གིས་སོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པའི་བྱེ་བྲག་གིས་ནི་མཐའ་ཡས་པ་ཡིན་ནོ། །དེའི་གཉེན་པོར་འགོག་པའི་བདེན་པ་དང་། ལམ་གྱི་བདེན་པ་ཡང་དེ་བཞིན་དུ་རིག་པར་བྱའོ། །བདེན་ པ་དེ་དག་གི་རྣམ་པར་གཞག་པའི་གོ་རིམས་བསྟན་པ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །བདེན་པ་དེ་དག་ལས་བརྩམས། བདེན་པ་དེ་དག་ལ་བརྟེན། བདེན་པ་དེ་དག་ལ་གནས་ནས། གང་ཟག་བཅུ་གསུམ་རྣམ་པར་གཞག་པར་རིག་པར་བྱ་སྟེ། གང་ཟག་བཅུ་གསུམ་གང་ཞེ། འདོད་པ་ན་སྤྱོད་པའི་སོ་སོའི་སྐྱེ་བོ་དང་། གཟུགས་ན་སྤྱོད་པའི་སོ་སོའི་སྐྱེ་བོ་དང་། གཟུགས་མེད་པ་ན་སྤྱོད་པའི་སོ་སོའི་སྐྱེ་བོ་དང་། འདོད་པ་ན་སྤྱོད་པའི་སློབ་པ་དང་། གཟུགས་ན་སྤྱོད་པའི་སློབ་པ་དང་། གཟུགས་མེད་པ་ན་སྤྱོད་པའི་སློབ་པ་དང་། འདོད་པ་ན་སྤྱོད་པའི་མི་སློབ་པ་ དང་། གཟུགས་ན་སྤྱོད་པའི་མི་སློབ་པ་དང་། གཟུགས་མེད་པ་ན་སྤྱོད་པའི་མི་སློབ་པ་དང་། འདོད་པ་ན་སྤྱོད་པའི་རང་སངས་རྒྱས་དང་། འདོད་པ་ན་སྤྱོད་པའི་བྱང་ཆུབ་སེམས་དཔའ་དང་། གཟུགས་ན་སྤྱོད་པའི་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་བསམ་གྱིས་མི་ ཁྱབ་པའོ། །གང་ཟག་དེ་དག་གི་མངོན་པར་འདུ་བྱེད་པ་ཡང་རིག་པར་བྱ། སྒྲིབ་པ་དང་། སེམས་དང་། ཉོན་མོངས་པ་དང་། ལས་དང་། དབང་པོ་དང་། ཁམས་དང་། མོས་པ་དང་། བསམ་པ་དང་། བག་ལ་ཉལ་དང་། སྐྱེ་བ་དང་། བག་ཆགས་དང་། ཚོགས་ཀྱང་རིག་པར་བྱའོ། ། དེ་ལ་མངོན་པར་འདུ་བྱེད་པ་ནི་རྣམ་པ་བཅུ་གཉིས་ཏེ། དགེ་བ་མངོན་པར་འདུ་བྱེད་པ་དང་། མི་དགེ་བ་མངོན་པར་འདུ་བྱེད་པ་དང་། ལུང་དུ་མ་བསྟན་པ་མངོན་པར་འདུ་བྱེད་པ་དང་། རབ་ཏུ་འབྱུང་བ་མངོན་པར་འདུ་བྱེད་པ་དང་། དེ་སྤེལ་བ་མངོན་པར་འདུ་བྱེད་པ་དང་། དེ་བསྲུང་བ་མངོན་ 130-1-193a པར་འདུ་བྱེད་པ་དང་། སྐྱེ་བ་མངོན་པར་འདུ་བྱེད་པ་དང་། འདོད་ཆགས་དང་བྲལ་བ་མངོན་པར་འདུ་བྱེད་པ་དང་། ཐར་པ་མངོན་པར་འདུ་བྱེད་པ་དང་། དབང་པོ་སྦྱོར་བ་མངོན་པར་འདུ་བྱེད་པ་དང་། མངོན་པར་འདུ་ཤེས་པ་མངོན་པར་བསྒྲུབ་པ་མངོན་པར་འདུ་བྱེད་ པ་དང་། གཞན་གྱི་དོན་བྱ་བ་མངོན་པར་འདུ་བྱེད་པའོ། །དེ་ལ་སྒྲིབ་པ་ཡང་རྣམ་པ་བཅུ་གཉིས་ཏེ། ལས་ཀྱི་སྒྲིབ་པ་ནི་འདི་ལྟ་སྟེ། མཚམས་མེད་པ་ལྔའི་ལས་བྱེད་པ་ཉིད་ཀྱི་ཕྱིར་རོ། །བག་ཆགས་ཀྱི་སྒྲིབ་པ་ནི་འདི་ལྟ་སྟེ། སྔོན་ཉེས་པར་བྱས་པའི་ལས་ལ་གོམས་པའི་བག་ཆགས་ ཉིད་ཀྱི་ཕྱིར་རོ། །བག་མེད་པའི་སྒྲིབ་པ་ནི་འདི་ལྟ་སྟེ། འདོད་པའི་ལོངས་སྤྱོད་དང་ལྡན་པ་འབྱོར་པ་ཆེན་པོ་ལ་གནས་པ་རྣམས་ཀྱིའོ། །ཆོད་པའི་སྒྲིབ་པ་ནི་འདི་ལྟ་སྟེ། སྒྲིབ་པ་ལྔ་པོ་དག་ལས་གང་ཡང་རུང་བས་སེམས་བསྒྲིབས་པའོ། །ལེ་ལོའི་སྒྲིབ་པ་ནི་འདི་ལྟ་སྟེ། ལེ་ལོའི་ཉེ་བའི་ ཉོན་མོངས་པས་སེམས་ཀུན་ནས་དཀྲིས་པའོ། །བར་ཆད་ཀྱི་སྒྲིབ་པ་ནི་འདི་ལྟ་སྟེ། བར་ཆད་རྣམ་པ་བཅུ་གཅིག་ལས་གང་ཡང་རུང་བ་ཉེ་བར་གནས་པའོ། །སྐྱེ་བའི་སྒྲིབ་པ་ནི་འདི་ལྟ་སྟེ། མི་ཁོམ་པར་སྐྱེ་བའོ། །མི་སྐྱེ་བའི་སྒྲིབ་པ་ནི་འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་ རྣམས་མི་འབྱུང་བའོ། །མོས་པའི་སྒྲིབ་པ་ནི་འདི་ལྟ་སྟེ། སངས་རྒྱས་འབྱུང་བ་ཡོད་ཀྱང་ལོག་པར་ལྟ་བའོ། །ཉོན་མོངས་པའི་སྒྲིབ་པ་ནི་འདི་ལྟ་སྟེ། ཤེས་རབ་རྣམ་པར་གྲོལ་བ་རྣམས་ཀྱི་སེམས་གང་ལས་རྣམ་པར་གྲོལ་བའོ། །སྙོམས་པར་འཇུག་པའི་སྒྲིབ་པ་ནི་འདི་ལྟ་སྟེ། གཉི་གའི་ཆ་ལས་ རྣམ་པར་གྲོལ་བ་རྣམས་ཀྱི་སེམས་གང་ལས་རྣམ་པར་གྲོལ་བའོ། །ཤེས་བྱའི་སྒྲིབ་པ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་གང་ལས་རྣམ་པར་གྲོལ་བའོ། །དེ་ལ་སེམས་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ་བསྒྲིབས་པ་དང་། མ་བསྒྲིབས་པའོ། །ཉོན་མོངས་པ་ཡང་ མདོར་བསྡུ་ན་རྣམ་པ་གཉིས་ཏེ། ཀུན་ནས་དཀྲིས་པ་དང་། བག་ལ་ཉལ་ལོ། །ལས་ཀྱང་མདོར་བསྡུ་ན་རྣམ་པ་གཉིས་ཏེ། སེམས་པ་དང་བསམ་པའོ། །དབང་པོ་ཡང་མདོར་བསྡུ་ན་རྣམ་པ་གཉིས་ཏེ། རྣམ་པར་དག་པའི་ཆ་དང་མཐུན་པ་དང་། རྣམ་པར་དག་པའི་ཆ་དང་མཐུན་པ་མ་ 130-1-193b ཡིན་པའོ། །དབང་པོ་ཇི་ལྟ་བ་བཞིན་དུ་ཁམས་དང་མོས་པ་དང་བསམ་པ་དང་དེ་བཞིན་དུ་རིག་པར་བྱ་སྟེ། དེ་དག་གི་བྱེ་བྲག་ནི། དབང་པོ་ནི་འབྲས་བུར་གྱུར་པ་ཡིན་ལ། ཁམས་ནི་རྒྱུར་གྱུར་པ་ཡིན་ནོ། །མོས་པ་ནི་རྒྱུར་གྱུར་པ་ཡིན་ལ། བསམ་པ་ནི་འབྲས་བུར་གྱུར་པ་ཡིན་ནོ། །བག་ ལ་ཉལ་ཡང་མདོར་བསྡུ་ན་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། ཡང་དག་པར་གཞོམ་པར་བྱ་བ་དང་། ཡང་དག་པར་གཞོམ་པར་བྱ་བ་མ་ཡིན་པའོ། །སྐྱེ་བ་ཡང་མདོར་བསྡུ་ན་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། མི་ཁོམ་པར་སྐྱེ་བ་དང་། ཁོམ་པར་སྐྱེ་བའོ། །བག་ཆགས་ཀྱང་མདོར་ བསྡུ་ན་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། དེ་མ་ཐག་ཏུ་སྐྱེ་བའི་བག་ཆགས་དང་། སྔོན་སྐྱེས་པའི་བག་ཆགས་སོ། །ཚོགས་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ལོག་པ་ཉིད་དུ་ངེས་པའི་ཚོགས་དང་། ཡང་དག་པ་ཉིད་དུ་ངེས་པའི་ཚོགས་དང་། མ་ངེས་པའི་ཚོགས་སོ། །དེ་ལ་ལོག་པ་ ཉིད་དུ་ངེས་པ་ཡང་རྣམ་པ་གཉིས་ཏེ། རང་བཞིན་གྱིས་ལོག་པ་ཉིད་དུ་ངེས་པ་དང་། སྦྱོར་བས་ལོག་པ་ཉིད་དུ་ངེས་པའོ། །ཡང་དག་པ་ཉིད་དུ་ངེས་པ་ཡང་རྣམ་པ་གཉིས་ཏེ་རང་བཞིན་གྱིས་ཡང་དག་པ་ཉིད་དུ་ངེས་པ་དང་། སྦྱོར་བས་ཡང་དག་པ་ཉིད་དུ་ངེས་པའོ། །མ་ངེས་པ་ཡང་རྣམ་པ་ གཉིས་ཏེ། རང་བཞིན་གྱིས་མ་ངེས་པ་དང་། སྦྱོར་བས་མ་ངེས་པའོ། །མངོན་པར་འདུ་བྱེད་པ་ལ་སོགས་པ་རྣམ་པ་བཅུ་གསུམ་པོ་དེ་དག་གིས་གང་ཟག་བཅུ་གསུམ་པོ་དག་ཅི་རིགས་པར་རྒྱ་ཆེར་རིག་པར་བྱའོ། །གང་དགེ་བ་མངོན་པར་འདུ་བྱེད་པ་དེ་དག་ཐམས་ཅད་མི་དགེ་བ་མངོན པར་འདུ་བྱེད་པ་དང་མི་ལྡན་པ་ཡིན་ལ། གང་མི་དགེ་བ་མངོན་པར་འདུ་བྱེད་པ་དང་མི་ལྡན་པ་དེ་དག་ཐམས་ཅད་ཀྱང་དགེ་བ་མངོན་པར་འདུ་བྱེད་པ་ཡིན་ནམ་ཞེ་ན། མུ་བཞི་སྟེ། དགེ་བ་མངོན་པར་འདུ་བྱེད་པ་ཡིན་ལ། མི་དགེ་བ་མངོན་པར་འདུ་བྱེད་པ་མི་ལྡན་པ་མ་ཡིན་པ་ཡང་ཡོད་དེ། ལས་དཀར་གནག་རྣམ་པར་སྨིན་པ་དཀར་གནག་ཅན་མངོན་པར་འདུ་བྱེད་པའི་དགེ་བ་མངོན་པར་འདུ་བྱེད་པ་གང་ཡིན་པའོ། །མི་དགེ་བ་མངོན་པར་འདུ་བྱེད་པ་དང་མི་ལྡན་པ་ཡིན་ལ། དགེ་བ་མ་ཡིན་པ་ནི་ལུང་དུ་མ་བསྟན་པ་མངོན་པར་འདུ་བྱེད་པའོ། །མི་དགེ་བ་མངོན་པར་འདུ་བྱེད་ 130-1-194a པ་དང་ཡང་མི་ལྡན་ལ། དགེ་བ་ཡང་ཡིན་པ་ནི། དཀར་བ་རྣམ་པར་སྨིན་པ་དཀར་བ་དང་། ལས་ཟད་པར་བྱ་བའི་ཕྱིར་མི་དཀར་བ་རྣམ་པར་སྨིན་པ་མེད་པའི་ལས་མངོན་པར་འདུ་བྱེད་པ་གང་ཡིན་པའོ། །མི་དགེ་བ་མངོན་པར་འདུ་བྱེད་པ་དང་བྲལ་བ་མ་ཡིན་ལ་ དགེ་བ་མ་ཡིན་པ་ནི་གནག་པ་རྣམ་པར་སྨིན་པ་གནག་པའི་ལས་མངོན་པར་འདུ་བྱེད་པ་གང་ཡིན་པའོ། །མི་དགེ་བའི་མངོན་པར་འདུ་བྱེད་པ་དང་། ལུང་དུ་མ་བསྟན་པ་མངོན་པར་འདུ་བྱེད་པ་ཡང་དེ་བཞིན་དུ་ཅི་རིགས་པར་བལྟ་བར་བྱའོ། །གང་ལས་ཀྱི་སྒྲིབ་པ་དང་ལྡན་པ་དེ་བག་ཆགས་ ཀྱི་སྒྲིབ་པ་དང་ཡང་ལྡན་ལ། གང་བག་ཆགས་ཀྱི་སྒྲིབ་པ་དང་ལྡན་པ་དེ་ལས་ཀྱི་སྒྲིབ་པ་དང་ཡང་ལྡན་ནམ་ཞེ་ན། མུ་བཞི་སྟེ། ལས་ཀྱི་སྒྲིབ་པ་དང་ལྡན་ལ་བག་ཆགས་ཀྱི་སྒྲིབ་པ་དང་མི་ལྡན་པ་ཡང་ཡོད་དེ། འདི་ལྟར་འདི་ན་ལ་ལ་ལས་ནི་ཚེ་འདི་ལ་མཚམས་མེད་པ་ལྔའི་ལས་བྱས་ཤིང་བསགས་ ལ། དེ་ཚེ་རབས་སྔ་མ་ལ་དེའི་ཚེ་འདི་ལ་འཕགས་པའི་ལམ་གྱི་བར་དུ་གཅོད་པའི་ལས་སྡིག་པ་ཅན་གྱི་མི་དགེ་བ་གང་ཡིན་པ་དེ་ལྟ་བུ་མ་བྱས་མ་བསགས་པ་ལྟ་བུའོ། །བག་ཆགས་ཀྱི་སྒྲིབ་པ་དང་ལྡན་ལ་ལས་ཀྱི་སྒྲིབ་པ་དང་མི་ལྡན་པ་ཡང་ཡོད་དེ། དེ་ལས་བཟློག་པའོ། །གཉི་ག་དང་ ལྡན་པ་ཡང་ཡོད་དེ། གང་གིས་ཚེ་འདི་ལ་ཡང་མཚམས་མེད་པ་ལྔའི་ལས་དག་བྱས་ཤིང་བསགས་ལ། ཚེ་རབས་སྔ་མ་ལ་དེའི་ཚེ་འདི་ལ་འཕགས་པའི་ལམ་གྱི་བར་དུ་གཅོད་པའི་ལས་སྡིག་པ་ཅན་མི་དགེ་བ་གང་ཡིན་པ་དེ་ལྟ་བུ་བྱས་ཤིང་བསགས་པ་ལྟ་བུའོ། །གཉི་ག་དང་མི་ལྡན་ པ་ཡང་ཡོད་དེ། དེ་ལས་བཟློག་པའོ། །དེ་ལ་རྣམ་པར་མ་བཞག་པའི་བདེན་པ་གང་ཞེ་ན། ཆོས་རྣམས་ཀྱི་དེ་བཞིན་ཉིད་ཡོངས་སུ་གྲུབ་པའི་རང་བཞིན་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ། འཕགས་པའི་ཡེ་ཤེས་ཀྱི་དམིགས་པ་གང་ཡིན་པའོ། །དེ་ལ་སྒྲོ་འདོགས་པའི་མཐའ་ གང་ཞེ་ན། སྨྲས་པ། ཆོས་རྣམས་ཀྱི་ངོ་བོ་ཉིད་ནི་མདོར་བསྡུ་ན་རྣམ་པ་གསུམ་སྟེ། ཀུན་བརྟགས་པའི་ངོ་བོ་ཉིད་དང་། གཞན་གྱི་དབང་གི་ངོ་བོ་ཉིད་དང་། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །དེ་ལ་ཀུན་བརྟགས་པའི་ངོ་བོ་ཉིད་ནི་ཐ་སྙད་ལས་བྱུང་བ་གང་ཅི་ཡང་རུང་སྟེ། ཀུན་བརྟགས་ 130-1-194b ཤིང་མིང་དང་བརྡར་རྣམ་པར་གཞག་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་གཞན་གྱི་དབང་གི་ངོ་བོ་ཉིད་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཡིན་པ་སྟེ། གཞན་གྱི་སྟོབས་ཀྱིས་བྱུང་བའི་དངོས་པོ་ཡིན་གྱི། རང་གི་སྟོབས་ཀྱིས་བྱུང་བའི་དངོས་པོ་ཡང་ཡིན་པའི་ཕྱིར་རོ། །དེ་ལ་ཡོངས་སུ་གྲུབ་པའི་ངོ་བོ་ ཉིད་ནི་སྔ་མ་ཁོ་ན་བཞིན་ནོ། །དེ་ལ་གཞན་གྱི་དབང་གི་ངོ་བོ་ཉིད་དང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཀུན་བརྟགས་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་པ་གང་ཡིན་པ་དེ་ནི་སྒྲོ་བཏགས་པའི་མཐའ་ཡིན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེའི་ངོ་བོ་ཉིད་ནི་དེའི་བདག་ཉིད་དུ་མི་རུང་སྟེ། ཇི་ལྟར་མི་རུང་བ་དེ་ལྟར་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ས་དང་། དེ་རྣམ་པར་གཏན་ལ་དབབ་པ་ལས་རྒྱ་ཆེར་བསྟན་ཅིང་སྟོན་ཏོ། །ཡང་མདོར་བསྡུ་ན་རྒྱུ་གསུམ་གྱིས་མི་རུང་སྟེ། མིང་དང་བརྗོད་པ་རྣམ་པ་སྣ་ཚོགས་དུ་མ་རྣམ་པར་གཞག་པ་དང་། མིང་དང་བརྗོད་པ་མེད་པར་དེའི་བློ་ མི་སྐྱེ་བ་དང་། མིང་དང་བརྗོད་པ་ནི་དོན་ལ་འཇུག་པ་ཡིན་པའི་ཕྱིར་རོ། །སྐུར་པ་འདེབས་པའི་མཐའ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དང་། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡོད་པ་ལ་མེད་དོ་ཞེས་རང་གི་མཚན་ཉིད་ལ་སྐུར་པ་འདེབས་པ་གང་ཡིན་པ་སྟེ། དེ་ལྟར་མཐའ་གཉིས་རྣམ་པར་སྤང་ བའི་ཚུལ་གྱིས་དེ་ཁོ་ནའི་དོན་གྱི་ཚུལ་ཁོང་དུ་ཆུད་པར་བྱའོ། །གཞན་ཡང་འཐོབ་པའི་ཚུལ་དང་བཤད་པའི་ཚུལ་གཉིས་ནི་བསམ་གྱིས་མི་ཁྱབ་པའི་ཚུལ་དང་དགོངས་པའི་ཚུལ་གཉིས་ཀྱིས་ཅི་རིགས་པར་ཁོང་དུ་ཆུད་པར་བྱའོ། །འདིར་དོན་གཞན་དང་འབྲེལ་པའི་དགོངས་པ་ཞེས་གང་ གསུངས་པ་དོན་གང་ཞེ་ན། སྨྲས་པ། མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་རྣམས་ཀྱི་དོན་ནི་དོན་གཞན་དང་འབྲེལ་པ་ཡིན་ཏེ། སྒྲ་ཇི་བཞིན་མ་ཡིན་མོད་ཀྱི་འོན་ཀྱང་སྒྲ་ཇི་བཞིན་སྤངས་ནས་དོན་གྱི་ཁྱད་པར་གཞན་ཉིད་ནི་དོན་གཞན་དང་འབྲེལ་པའི་དགོངས་ པ་ཞེས་བྱའོ། །དེ་ལ་མཐའ་གཉིས་རྣམ་པར་སྤངས་པའི་ཚུལ་གྱིས་དེ་ཁོ་ནའི་དོན་གྱི་ཚུལ་ཁོང་དུ་ཆུད་ན་ཐོབ་པར་བྱ་བའི་དོན་འཐོབ་བོ། །ཐོབ་པར་བྱ་བའི་དོན་ཐོབ་ན་དེ་ལས་གཞན་པའི་འཐོབ་པའི་ཚུལ་ཡང་བསམ་གྱིས་མི་ཁྱབ་པའི་ཚུལ་གྱིས་ཁོང་དུ་ཆུད་པར་འགྱུར་རོ། །བཤད་པའི་ 130-1-195a ཚུལ་ཐམས་ཅད་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དགོངས་པའི་ཚུལ་གྱིས་ཁོང་དུ་ཆུད་པར་འགྱུར་ཏེ། དེ་ཡང་ཅི་རིགས་པར་རོ། །དེ་ཁོ་ནའི་དོན་གྱི་ཚུལ་ཁོང་དུ་ཆུད་པའི་སྐྱོན་མེད་པ་ལ་འཇུག་པ་ནི་རྣམ་པར་ལྔར་རིག་པར་བྱ་སྟེ། འདི་ལྟ་སྟེ། འདོད་ ཆགས་དང་མ་བྲལ་བའི་སྐྱོན་མེད་པ་ལ་འཇུག་པ་དང་། འདོད་ཆགས་དང་ཤས་ཆེར་བྲལ་བའི་སྐྱོན་མེད་པ་ལ་འཇུག་པ་དང་། འདོད་ཆགས་དང་བྲལ་བའི་སྐྱོན་མེད་པ་ལ་འཇུག་པ་དང་། རང་སངས་རྒྱས་ཀྱི་སྐྱོན་མེད་པ་ལ་འཇུག་པ་དང་། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པའོ། ། གནས་ངན་ལེན་གྱི་མཚན་ཉིད་གང་ཞེ་ན། མདོར་བསྡུ་ན་ལས་སུ་མི་རུང་བའི་མཚན་ཉིད་གང་ཡིན་པ་སྟེ། ལས་སུ་མི་རུང་བའི་མཚན་ཉིད་དེ་ཡང་མཚན་ཉིད་རྣམ་པ་ལྔར་རིག་པར་བྱ་སྟེ། ལྕི་བ་ཉིད་ཀྱི་མཚན་ཉིད་དང་། སྲ་བ་ཉིད་ཀྱི་མཚན་ཉིད་དང་། སྒྲིབ་པའི་མཚན་ཉིད་དང་། སྒྱིད་ལུག་པའི་མཚན་ཉིད་དང་། དབང་བསྒྱུར་བ་མེད་པས་མི་བཟོད་པ་ཉིད་ཀྱི་མཚན་ཉིད་དོ། །མཚན་ཉིད་དེ་དག་ཡོད་ན་ཀུན་ནས་ཉོན་མོངས་པའི་ཚོགས་དང་མཐུན་པར་གནས་ཤིང་། རྣམ་པར་བྱང་བའི་ཕྱོགས་དང་མི་མཐུན་པར་གནས་པས་ན། དེའི་ཕྱིར་ལས་སུ་མི་རུང་བ་ ཞེས་བྱའོ། །གང་གི་ཚེ་རྣམ་པར་བཞག་པའི་བདེན་པ་བདེན་པ་ཉིད་དུ་གསུངས་པ་དེའི་ཚེ། ཅིའི་ཕྱིར་རྣམ་པར་མ་བཞག་པའི་བདེན་པ་ཡོངས་སུ་བསྟན་ཞེ་ན། སྨྲས་པ། རྣམ་པར་མ་བཞག་པའི་བདེན་པ་མེད་ན་རྣམ་པར་གྲོལ་བ་གཉིས་པོ། མཚན་མའི་འཆིང་བ་ལས་རྣམ་པར་ གྲོལ་བ་དང་། གནས་ངན་ལེན་གྱི་འཆིང་བ་ལས་རྣམ་པར་གྲོལ་བ་མི་རུང་སྟེ། འདི་ལྟར་གང་ལ་ལ་རྣམ་པར་བཞག་པའི་བདེན་པ་དག་ལ་སྤྱོད་པ་དེ་དག་ཐམས་ཅད་ནི་མཚན་མ་ལ་སྤྱོད་པ་ཡིན་ཏེ། མཚན་མ་ལ་སྤྱོད་ན་མཚན་མའི་འཆིང་བ་ལས་ཡོངས་སུ་མི་འགྲོལ་ལ་མཚན་མའི་ འཆིང་བ་ལས་ཡོངས་སུ་མ་གྲོལ་ན་གནས་ངན་ལེན་གྱི་འཆིང་བ་ལས་ཀྱང་ཡོངས་སུ་མི་འགྲོལ་ལོ། །རྣམ་པར་མ་བཞག་པའི་བདེན་པ་ལ་སྤྱོད་པ་ནི་མཚན་མ་ལ་སྤྱོད་པ་མ་ཡིན་ཏེ། མཚན་མ་ལ་མི་སྤྱོད་ན་མཚན་མའི་འཆིང་བ་ལས་ཡོངས་སུ་འགྲོལ་ལ། མཚན་མའི་འཆིང་བ་ལས་ 130-1-195b ཡོངས་སུ་གྲོལ་ན་གནས་ངན་ལེན་གྱི་འཆིང་བ་ལས་ཀྱང་ཡོངས་སུ་འགྲོལ་བའི་ཕྱིར་རོ། །གལ་ཏེ་རྣམ་པར་མ་བཞག་པའི་བདེན་པ་ཁོ་ནས་འཆིང་བ་ལས་རྣམ་པར་འགྲོལ་ཞིང་རྣམ་པར་དག་པར་འགྱུར་བ་ཡིན་ན། ཅིའི་ཕྱིར་རྣམ་པར་བཞག་པའི་བདེན་པ་ཡོངས་སུ་བསྟན་ཞེ་ན། སྨྲས་པ། ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ་རྣམ་པར་དག་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་མཚན་མ་དང་བཅས་པའི་སེམས་ཀྱི་སྤྱོད་པ་ཁོ་ནས་འཆིང་བ་རྣམ་པ་གཉིས་ལས་འགྲོལ་ཞིང་རྣམ་པར་དག་པར་འགྱུར་ན་ཉེས་པ་ཅི་ཡོད་ཅེ་ན་སྨྲས་པ། གང་ལ་ལ་ཤིན་ཏུ་མཉམ་པར་ གཞག་པའི་སེམས་ཀྱིས་བསམ་གཏན་བཞི་པ་ལ་བརྟེན་ཏེ། བདེན་པ་ལ་དམིགས་པས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་ཆོས་རྣམས་ལ་འཇུག་པ་དེ་དག་ཐམས་ཅད་འཆིང་བ་རྣམ་པ་གཉིས་ལས་འགྲོལ་ཞིང་རྣམ་པར་དག་པར་འགྱུར་བའི་རིགས་ན། རྣམ་པར་ དག་པར་མི་འགྱུར་ཏེ། དེའི་ཕྱིར་མི་རུང་ངོ་། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་གཉིས་ཀྱི་བྱེ་བྲག་ཀྱང་མེད་པར་འགྱུར་བའི་རིགས་ན། མཚན་མ་དང་བཅས་པ་དང་། མཚན་མ་མེད་པའི་བྱེ་བྲག་ཡོད་པས། དེའི་ཕྱིར་ཡང་མི་རུང་ངོ་། །དབང་པོའི་འབྱུང་བ་ཆེན་པོ་ རྒྱས་པ་ནི་རྣམ་པ་ལྔ་སྟེ། འདི་ལྟ་སྟེ། ཟས་ཀྱིས་རྒྱས་པ་དང་། གཉིད་ལོག་པས་རྒྱས་པ་དང་། ཡ་ང་བ་སྤངས་པས་རྒྱས་པ་དང་། ཚངས་པར་སྤྱོད་པས་རྒྱས་པ་དང་། སྙོམས་པར་འཇུག་པས་རྒྱས་པའོ། །དེ་དག་ཀྱང་མདོར་བསྡུ་ན་རྒྱས་པ་རྣམ་པ་གཉིས་སུ་འགྱུར་ཏེ། ཉེ་བར་ སྟོན་པས་རྒྱས་པ་དང་། གནོད་པ་མེད་པས་རྒྱས་པའོ། །དེ་ལ་དང་པོས་ནི་ཉེ་བར་སྟོན་པས་རྒྱས་པའོ། །བཞིས་ནི་གནོད་པ་མེད་པས་རྒྱས་པའོ། །དེ་ལ་ཉེ་བར་སྟོན་པ་ནི་རྣམ་པ་བཞི་སྟེ། ཞུ་བས་ཉེ་བར་སྟོན་པ་དང་། དགའ་བས་ཉེ་བར་སྟོན་པ་དང་། རེ་བས་ཉེ་བར་སྟོན་པ་དང་། ལེན་པའམ་འཛིན་པས་ཉེ་བར་སྟོན་པའོ། །འདུ་བྱེད་ནི་རྣམ་པ་ལྔ་སྟེ། ལུས་ཀྱི་འདུ་བྱེད་དང་། ངག་གི་འདུ་བྱེད་དང་། ཡིད་ཀྱི་འདུ་བྱེད་དང་། ལས་ཀྱི་འདུ་བྱེད་དང་། ཚེའི་འདུ་བྱེད་དོ། །བག་ཡོད་པ་ཡང་རྣམ་པ་ལྔ་སྟེ། ཁྱིམ་པའི་ཕྱོགས་ལ་བརྟེན་པ་དང་། རབ་ཏུ་བྱུང་བའི་ 130-1-196a ཕྱོགས་ལ་བརྟེན་པ་དང་། མི་དགེ་བ་སྤང་བའི་ཕྱིར་དང་། དགེ་བ་བསྡུ་བའི་ཕྱིར་དང་། བསྒོམ་པ་རྟག་ཏུ་བྱ་བའི་ཕྱིར་བག་ཡོད་པའོ། །དེ་ལ་ཁྱིམ་པའི་ཕྱོགས་ལ་བརྟེན་པ་ནི་རྣམ་པ་ལྔ་སྟེ། སྔ་མ་བཞིན་ནོ། །རབ་ཏུ་བྱུང་བའི་ཕྱོགས་ལ་བརྟེན་པ་ནི་རྣམ་པ་བཅུ་ སྟེ། དེ་ཡང་ཉན་ཐོས་ཀྱི་ས་རྣམ་པར་གཏན་ལ་དབབ་པའི་འདུལ་བ་དང་ལྡན་པ་ལས་རྒྱ་ཆེར་བཤད་པར་བྱའོ། །མི་དགེ་བ་སྤང་བའི་ཕྱིར་བག་ཡོད་པ་ནི་ཡང་དག་པའི་སྤོང་བ་གཉིས་ཀྱིས་བལྟ་བར་བྱའོ། །དགེ་བ་བསྡུ་བའི་ཕྱིར་བག་ཡོད་པ་དང་། ཡང་དག་པར་སྤོང་བ་གཞན་གཉིས་ ཀྱིས་བལྟ་བར་བྱའོ། །བསྒོམ་པ་རྟག་ཏུ་བྱ་བའི་ཕྱིར་བག་ཡོད་པ་ནི། དགེ་བའི་ཆོས་རྣམས་ལ་རྟག་ཏུ་བྱེད་པ་དང་། གུས་པར་བྱེད་དེ་སྦྱོར་བ་རྣམས་ཀྱི་ཡིན་པར་རིག་པར་བྱའོ། །མིང་ནི་རྣམ་པ་ལྔ་སྟེ། སེམས་དང་སེམས་ལས་བྱུང་བ་རྣམས་དང་། དགེ་བ་དང་མི་དགེ་བ་དང་། ལུང་དུ་ མ་བསྟན་པའོ། །གཟུགས་ཀྱང་རྣམ་པ་ལྔ་སྟེ། འབྱུང་བ་རྣམས་དང་། འབྱུང་བ་ལས་གྱུར་པ་དང་། བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པ་དང་། བསྟན་དུ་མེད་ལ་ཐོགས་པ་དང་བཅས་པ་དང་། བསྟན་དུ་མེད་ལ་ཐོགས་པ་ཡང་མེད་པའོ། །མ་རིག་པ་ཡང་རྣམ་པ་ལྔ་སྟེ། དོན་ ལ་ཀུན་དུ་རྨོངས་པ་དང་། ལྟ་བ་ལ་ཀུན་དུ་རྨོངས་པ་དང་། བག་མེད་པ་ལ་ཀུན་དུ་རྨོངས་པ་དང་། དེ་ཁོ་ནའི་དོན་ལ་ཀུན་དུ་རྨོངས་པ་དང་། མངོན་པའི་ང་རྒྱལ་ལ་ཀུན་དུ་རྨོངས་པའོ། །སྲིད་པའི་སྲེད་པ་ཡང་རྣམ་པ་ལྔ་སྟེ། ཆོས་ཉིད་ཀྱིས་སྲེད་པ་དང་། སྨོན་པས་སྲེད་པ་དང་། ཀུན་དུ་ རྨོངས་པས་སྲེད་པ་དང་། ཡིད་སྐྱོ་བས་སྲེད་པ་འབྱུང་བ་ལ་སྲེད་པ་དང་། སོ་སོར་བརྟགས་ཏེ་སྲེད་པའོ། །ངོ་ཚ་བ་མེད་པ་དང་། ཁྲེལ་མེད་པ་ནི་རྣམ་པ་ལྔས་རྣམ་པར་གཞག་པར་རིག་པར་བྱ་སྟེ། ཉོན་མོངས་པ་ཅན་ཀུན་དུ་སྤྱོད་པ་ལ་མི་འཛེམ་པ་དང་། དེ་བཞིན་དུ་དགེ་བ་ཀུན་དུ་མི་སྤྱོད་པ་དང་། ཆོས་ཡང་དག་པར་བླངས་པ་གཏོང་བ་དང་། དམ་པ་མ་ཡིན་པ་ལ་བརྟེན་པ་དང་། བྱ་བ་ནན་ཏན་མི་བྱེད་པ་ལ་མི་འཛེམ་པས་སོ། །དེ་ལས་བཟློག་པ་རྣམ་པ་ལྔས་ནི་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་རྣམ་པར་གཞག་པར་རིག་པར་བྱའོ། །བཀའ་བློ་མི་བདེ་བ་ཡང་རྣམ་པ་ལྔས་རྣམ་པར་གཞག་ 130-1-196b པར་རིག་པར་བྱ་སྟེ། མི་སྒྲུབ་པ་དང་། ལོག་པར་སྒྲུབ་པ་དང་། མི་བཟོད་པ་དང་། མི་འཛེམ་པ་དང་། མི་སྡོམ་པས་སོ། །སྡིག་པའི་གྲོགས་པོ་རྣམ་པར་གཞག་པ་ཡང་རྣམ་པ་ལྔས་རིག་པར་བྱ་སྟེ། ངོ་ཚ་མེད་པ་དང་། ལོག་པར་ལྟ་བ་ཅན་དང་། ལེ་ལོ་ཅན་དང་། ལོག་པར་ཞུགས་པ་དང་། དམན་པས་སོ། །དེ་ལས་བཟློག་པ་རྣམ་པ་ལྔས་ནི་བཀའ་བློ་བདེ་བ་དང་། དགེ་བའི་བཤེས་གཉེན་གྱི་རྣམ་པར་གཞག་པར་རིག་པར་བྱའོ། །ཞི་གནས་ཀྱི་རྣམ་པར་གཞག་པ་ཡང་རྣམ་པ་ལྔ་ཁོ་ནས་རིག་པར་བྱ་སྟེ། འཇིག་རྟེན་པའི་ཉེར་བསྡོགས་ཀྱིས་བསྡུས་པའི་ཞི་གནས་དང་། དེ་བཞིན་དུ་གཟུགས་ཀྱི་སྙོམས་པར་འཇུག་པའི་དངོས་གཞིས་བསྡུས་པ་དང་། དེ་བཞིན་དུ་གཟུགས་མེད་པའི་སྙོམས་པར་འཇུག་པའི་དངོས་གཞིས་བསྡུས་པ་དང་། འཇིག་རྟེན་ལས་འདས་པའི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པས་བསྡུས་པ་དང་། འཇིག་རྟེན་ ལས་འདས་པ་བྱང་ཆུབ་སེམས་དཔའི་ཡིད་ལ་བྱེད་པས་བསྡུས་པའོ། །ལྷག་མཐོང་གི་རྣམ་པར་གཞག་པ་ཡང་རྣམ་པ་ལྔ་ཁོ་ནས་རིག་པར་བྱ་སྟེ། ཇི་སྙེད་ཡོད་པ་ཉིད་དང་། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་དང་། མཚན་མ་ལས་བྱུང་བ་དང་། ཡོངས་སུ་ཚོལ་བ་ལས་བྱུང་བ་དང་། སོ་སོར་ རྟོག་པའོ། །འདོད་པའི་ཟག་པ་ཡང་མདོར་བསྡུ་ན་རྣམ་པ་ལྔས་རྣམ་པར་གཞག་པར་རིག་པར་བྱ་སྟེ། མཉམ་པར་མ་བཞག་པའི་ས་པའི་དངོས་པོ་ལས་བྱུང་བའི་བག་ལ་ཉལ་དང་། དགེ་བ་དང་མི་མཐུན་པ་དང་། ཉེས་པར་སྤྱོད་པ་དང་མཐུན་པ་དང་། འདོད་པ་ལ་ལྷག་པར་ཞེན་པ་དང་། འགྱུར་བའི་སྡུག་བསྔལ་གྱི་འབྲས་བུ་ཅན་གྱི་ཉོན་མོངས་པ་ལས་འདོད་པའི་ཟག་པར་རིག་པར་བྱའོ། །སྲིད་པའི་ཟག་པ་ཡང་མདོར་བསྡུ་ན་རྣམ་པ་ལྔས་རྣམ་པར་གཞག་པར་རིག་པར་བྱ་སྟེ། ཁམས་ངན་པར་སྐྱེ་བར་འགྱུར་བའི་ཉོན་མོངས་པ་གང་ཡིན་པ་དང་། ཁམས་བར་མར་སྐྱེ་བར་འགྱུར་ བ་དང་། ཁམས་བཟང་པོར་སྐྱེ་བར་འགྱུར་བ་དང་། མི་འདོད་བཞིན་དུ་སྲིད་པར་སྐྱེ་བར་འགྱུར་བ་དང་། འདོད་བཞིན་དུ་སྲིད་པར་སྐྱེ་བར་འགྱུར་བའི་ཉོན་མོངས་པ་གང་ཡིན་པའོ། །ཐར་པ་ལོག་པར་འདོད་པ་རྣམས་ཀྱི་མ་རིག་པའི་ཟག་པ་ཡང་མདོར་བསྡུ་ན་རྣམ་པ་ལྔས་རྣམ་པར་གཞག་ 130-1-197a པར་རིག་པར་བྱ་སྟེ། འདུ་ཤེས་ཅན་དུ་སྨྲ་བ་རྣམས་ཀྱི་འདུ་ཤེས་སུ་སྨྲ་བའི་སྒོ་ནས་འཇུག་པའི་མ་རིག་པ་གང་ཡིན་པ་དང་། འདུ་ཤེས་མེད་པར་སྨྲ་བ་རྣམས་དང་། འདུ་ཤེས་ཡོད་པ་ཡང་མ་ཡིན་འདུ་ཤེས་མེད་པ་ཡང་མ་ཡིན་པར་སྨྲ་བ་རྣམས་དང་། ཆད་ པར་སྨྲ་བ་རྣམས་དང་། ཚེ་འདི་ལ་མྱ་ངན་ལས་འདས་པར་སྨྲ་བ་རྣམས་ཀྱི་སྒོ་ནས་འཇུག་པའི་མ་རིག་པ་གང་ཡིན་པའོ།། །།བམ་པོ་ཉི་ཤུ་རྩ་གཉིས་པ། ཆོས་རྣམས་ཀྱི་རབ་ཏུ་དབྱེ་བའི་ཚུལ་ཡང་མདོར་བསྡུ་ན་རྣམ་པ་ལྔར་རིག་པར་བྱ་སྟེ། འདི་ལྟ་སྟེ་རྟགས་དང་། ངོ་བོ་ ཉིད་དང་། ལས་དང་། ཆོས་དང་། རྒྱུ་དང་འབྲས་བུའོ། །དེ་ལ་རྟགས་ནི་ལུས་དང་རྒྱུ་བ་དང་། གནས་པ་ལས་རིག་པར་བྱའོ། །ངོ་བོ་ཉིད་ནི་རང་གི་མཚན་ཉིད་དང་བྱེ་བྲག་གི་མཚན་ཉིད་ལས་རིག་པར་བྱའོ། །ལས་ནི་རང་གི་བྱ་བ་བྱེད་པ་དང་། ཡང་དག་པ་དང་། ལོག་པར་བསྒྲུབ་པ་ ལས་རིག་པར་བྱའོ། །ཆོས་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལས་རིག་པར་བྱའོ། །རྒྱུ་དང་འབྲས་བུ་ནི་ཐག་ཉེ་བ་དང་། རྒྱང་རིང་བ་དང་། འདོད་པ་དང་མི་འདོད་པ་ལས་རིག་པར་བྱའོ། །བསྟན་བཅོས་ནི་གསུམ་སྟེ། ཐོས་པ་ལྷུར་ལེན་པའི་བསྟན་བཅོས་དང་། རྩོད་པ་ལྷུར་ལེན་པའི་བསྟན་བཅོས་དང་། སྒྲུབ་པ་ལྷུར་ལེན་པའི་བསྟན་བཅོས་སོ། །དེ་ལ་ཐོས་པ་ལྷུར་ལེན་པའི་བསྟན་བཅོས་ནི་འདི་ལྟ་སྟེ། བྲམ་ཟེའི་གསང་ཚིག་རྣམས་སོ། །རྩོད་པ་ལྷུར་ལེན་པའི་བསྟན་བཅོས་ནི་འདི་ལྟ་སྟེ། འདི་ ལས་ཕྱི་རོལ་པ་རྣམས་ཀྱི་གཏན་ཚིགས་ཀྱི་བསྟན་བཅོས་སོ། །དེ་ལ་སྒྲུབ་པ་ལྷུར་ལེན་པའི་བསྟན་བཅོས་ནི་འདི་ལྟ་སྟེ། སངས་རྒྱས་ཀྱི་བཀའོ། །གཞན་ཡང་བསྟན་བཅོས་གསུམ་སྟེ། འདི་ལྟ་སྟེ། དོན་མེད་པའི་བསྟན་བཅོས་དང་། དོན་ལོག་པའི་བསྟན་བཅོས་དང་། དོན་དང་ལྡན་ པའི་བསྟན་བཅོས་སོ། །དེ་དག་ཀྱང་སྔ་མ་རྣམས་དང་ཅི་རིགས་པར་སྦྱར་བར་རིག་པར་བྱའོ། །གཞན་ཡང་བསྟན་བཅོས་གསུམ་སྟེ། ངན་གཡོའི་བསྟན་བཅོས་དང་། སྙིང་པོ་མེད་པའི་བསྟན་བཅོས་དང་། སྡུག་བསྔལ་ལས་ངེས་པར་འབྱུང་བའི་བསྟན་བཅོས་སོ། །དེ་དག་ 130-1-197b ཀྱང་སྔ་མ་རྣམས་དང་ཅི་རིགས་པར་སྦྱར་བར་རིག་པར་བྱའོ། །བསྟན་བཅོས་ཉེ་བར་སྦྱོར་བར་འདོད་པའི་ཕྱག་བྱ་བར་འོས་པ་ནི་གཉིས་ཏེ། དེ་དག་ལ་ཕྱག་འཚལ་ནས་བསྟན་བཅོས་བརྩམ་པར་བྱ་སྟེ། ཆོས་ལ་གུས་པ་ལ་བརྟེན་ནས་དང་པོ་བསྟན་བཅོས་མཛད་པའི་སྟོན་པ་དང་། དོན་ལ་ གུས་པ་ལ་བརྟེན་ནས་དེའི་དོན་སྟོན་པ་སློབ་དཔོན་རྣམས་སོ། །བསྟན་བཅོས་ཉེ་བར་སྦྱོར་བར་འདོད་པས་རྒྱུ་རྣམ་པ་དྲུག་གིས་བསྟན་བཅོས་ཉེ་བར་སྦྱར་བར་འོས་པ་ཡིན་ཏེ། ཆོས་ཀྱི་དོན་མང་དུ་བྱས་པར་འགྱུར་རོ་སྙམ་པ་དང་། སེམས་ཅན་རྣམས་ལ་མོས་པ་སྣ་ཚོགས་ཡོད་པའི་ཕྱིར་དེ་ དག་ཁ་ཅིག་འདིས་འཇུག་པར་འགྱུར་རོ་སྙམ་པ་དང་། དོན་ཉམས་པ་དང་རབ་ཏུ་ཉམས་པ་རྣམ་པར་དབྱེ་བར་བྱ་བའི་ཕྱིར་རོ་སྙམ་པ་དང་། དོན་འཐོར་བ་རྣམས་བསྡུ་བར་བྱ་བའི་ཕྱིར་རོ་སྙམ་པ་དང་། དོན་ཟབ་མོ་རྣམས་གསལ་བར་བྱ་བའི་ཕྱིར་རོ་སྙམ་པ་དང་། ཚིག་འབྲུ་མཛེས་པས་ མཛེས་པ་བསྐྱེད་པར་བྱ་བའི་ཕྱིར་རོ་སྙམ་པའོ། །བསྟན་བཅོས་ཉེ་བར་སྦྱོར་བར་འདོད་པས་བདག་ཉིད་ཡོན་ཏན་བཞི་དང་སྦྱར་ནས་བསྟན་བཅོས་ཉེ་བར་སྦྱར་བར་བྱ་སྟེ། སྔོན་གྱི་སློབ་དཔོན་རྣམས་ལ་ང་རྒྱལ་མི་བྱེད་པ་དང་། སེམས་ཅན་རྣམས་ལ་སྙིང་རྗེ་ཆེ་བ་དང་། ཆོས་མཐུན་པ་པ་ རྣམས་ལ་བྱམས་པ་དང་། བདག་ཉིད་མི་སྒྲོགས་པའོ། །ཇི་ལྟར་ན་ང་རྒྱལ་མི་བྱེད་པ་ཡིན་ཞེ་ན། སྔོན་གྱི་སློབ་དཔོན་རྣམས་ཀྱིས་ཀྱང་བསྟན་བཅོས་ཉེ་བར་སྦྱོར་བ་བྱས་ན་བདག་གིས་ཀྱང་ཅིའི་ཕྱིར་མི་བྱ་སྙམ་པ་དེ་ལྟ་བུའི་སེམས་ཀྱིས་བསྟན་བཅོས་ཉེ་བར་སྦྱོར་བར་མི་བྱེད་ཀྱི། ང་རྒྱལ་གྱིས་ ཁེངས་པའི་ཀུན་ནས་ཉོན་མོངས་པ་ཅན་གྱི་སེམས་རྣམ་པར་སྤངས་ནས་བསྟན་བཅོས་ཉེ་བར་སྦྱོར་བར་བྱེད་པ་ཡིན་ནོ། །ཇི་ལྟར་ན་སེམས་ཅན་རྣམས་ལ་སྙིང་རྗེ་བ་ཡིན་ཞེ་ན། བསྟན་བཅོས་ཉེ་བར་སྦྱོར་བ་མེད་ན་སེམས་ཅན་གྱི་རིས་མང་པོ་དག་འདི་ལྟ་སྟེ། དགེ་བའི་ཆོས་རྣམས་ལས་ ཉམས་པ་དང་། ཡོངས་སུ་ཉམས་པར་འགྱུར་བར་མཐོང་བ་དང་། ཡང་གཞན་དག་སྐྱེ་བ་དང་རྒ་བ་ཞེས་རྒྱ་ཆེར་འབྱུང་བས་ཉེན་པ་དེ་དག་གིས་ཀྱང་བསྟན་བཅོས་སྦྱར་བ་འདི་ལ་ལེགས་པར་བཤད་པའི་ཚིག་གཅིག་གི་དོན་ཀུན་ཤེས་ཤིང་དེ་ལྟ་དེ་ལྟར་བསྒྲུབ་པར་གྱུར་ན་ཡང་། དེ་ནི་དེ་དག་ 130-1-198a གི་ཡུན་རིང་པོའི་དོན་དང་། ཕན་པ་དང་། བདེ་བར་འགྱུར་བ་ཡིན་ནོ་སྙམ་པ་དེ་ལྟ་བུ་ཁོ་ནའི་དབང་དུ་བྱས་ནས་བསྟན་བཅོས་སྦྱོར་བར་བྱེད་པ་ཡིན་ནོ། །ཇི་ལྟར་ན་ཆོས་མཐུན་པ་དག་ལ་བྱམས་པ་ཡིན་ཞེ་ན། བསྟན་བཅོས་སྦྱར་བ་མེད་ན་ཆོས་མཐུན་པ་པ་ གཞན་གྱི་དོན་བྱེད་འདོད་པ་རྣམས་འདི་ལྟ་སྟེ། གཞན་གྱི་དོན་བྱས་པས་ཉམས་པ་དང་། ཡོངས་སུ་ཉམས་པར་ཡང་དག་པར་རྗེས་སུ་མཐོང་བས་དེ་དག་ལ་བྱམས་པ་ཁོ་ནའི་དབང་དུ་བྱས་ནས་བསྟན་བཅོས་སྦྱོར་བར་བྱེད་པ་ཡིན་ནོ། །ཇི་ལྟར་ན་བདག་ཉིད་མི་སྒྲོགས་པ་ཡིན་ཞེ་ན། བདག་ ལ་གཞན་དག་མཁས་པ་དང་། གསལ་བ་དང་ཡིད་གཞུངས་པ་དང་། བསྟན་བཅོས་རྣམས་བྱེད་པ་དང་། དོན་རྣམས་རབ་ཏུ་བརྗོད་པ་ཡིན་པར་ཡིད་ཆེས་པར་གྱུར་ན་དད་པ་སྐྱེ་ཞིང་དད་པའི་དབང་གིས་འདི་ལྟ་སྟེ། རྙེད་པ་དང་བཀུར་སྟི་དག་འབྱུང་བར་འགྱུར་ན་ཅི་མ་རུང་སྙམ་པ་དེ་ལྟ་བུའི་ སེམས་ཀྱིས་བསྟན་བཅོས་སྦྱོར་བར་མི་བྱེད་ཀྱི། ཟང་ཟིང་མེད་པའི་སེམས་ཀྱིས་འདི་ལྟ་སྟེ། བདག་དང་གཞན་དག་གི་དགེ་བའི་རྩ་བ་བསྐྱེད་པའི་ཕྱིར་བསྟན་བཅོས་སྦྱོར་བར་བྱེད་པ་ཡིན་ནོ། །དེ་ལ་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་རྣམས་ཀྱི་དོན་ཇི་ལྟ་བ་བཞིན་དུ་རྣམ་པར་འགྲེལ་ པ་ནི་མདོ་སྡེའི་རྒྱན་ཞེས་བྱ་སྟེ། འདི་ལྟ་སྟེ། དཔེར་ན་པད་མ་ཁ་མ་བྱེ་བ་ནི་ཇི་ལྟར་ཁ་བྱེ་བ་དེ་ལྟར་དགའ་བར་བྱེད་པ་མ་ཡིན་པའི་ཕྱིར་དང་། འདི་ལྟ་སྟེ་དཔེར་ན་གསེར་བརྡུངས་སུ་མ་བྱས་པ་ནི་ཇི་ལྟར་བརྡུངས་སུ་བྱས་པ་དེ་ལྟར་དགའ་བར་བྱེད་པ་མ་ཡིན་པ་དང་། འདི་ལྟ་སྟེ། དཔེར་ན་ཁ་ཟས་ མ་མྱངས་པ་ནི་ཇི་ལྟར་མྱངས་པ་དེ་ལྟར་དགའ་བར་བྱེད་པ་མ་ཡིན་པ་དང་། འདི་ལྟ་སྟེ། དཔེར་ན་ཀུན་དགའ་བའི་འཕྲིན་ཡིག་མ་བཀླགས་པ་ནི་ཇི་ལྟར་བཀླགས་པ་དེ་ལྟར་དགའ་བར་བྱེད་པ་མ་ཡིན་པ་དང་། འདི་ལྟ་སྟེ་དཔེར་ན་ལོངས་སྤྱོད་འདུ་བ་མ་ཐོབ་པ་དག་ནི་ཇི་ལྟར་ཐོབ་ཅིང་བདག་ གིར་བྱས་པ་དེ་ལྟར་དགའ་བར་བྱེད་པ་མ་ཡིན་པ་དེ་བཞིན་དུ། དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་རྣམས་ཀྱི་དོན་རྣམ་པར་མ་ཕྱེ་བ་ཡང་ཇི་ལྟར་རྣམ་པར་ཕྱེ་བ་དེ་ལྟར་དགའ་བར་བྱེད་པ་མ་ཡིན་པས། དེའི་ཕྱིར་མདོ་སྡེའི་རྒྱན་ཞེས་བྱའོ། །རྟོགས་པ་ནི་རྣམ་པ་བདུན་ཏེ། ཡི་གེ་རྟོགས་པ་དང་། ཡི་གེའི་དོན 130-1-198b རྟོགས་པ་དང་། འཛིན་པ་རྟོགས་པ་དང་། འཛིན་པའི་དོན་རྟོགས་པ་དང་། འཆིང་བ་རྟོགས་པ་དང་། གྲོལ་བ་རྟོགས་པ་དང་། ཆོས་ཉིད་རྟོགས་པའོ། །དེ་ལ་ཡི་གེ་རྟོགས་པ་ནི་བརྟག་པ་ལས་སོ། །ཡི་གེའི་དོན་རྟོགས་པ་ནི་མི་བརྟག་པ་ལས་སོ། །དེ་ལ་འཛིན་པ་རྟོགས་པ་ནི་ དབང་པོ་དང་བཅས་པའི་རྣམ་པར་ཤེས་པ་རྣམ་པར་བཞག་པའམ། རྣམ་པར་མ་བཞག་པའི་བདེན་པ་རྟོགས་པ་གང་ཡིན་པའོ། །འཛིན་པ་རྟོགས་པ་ཇི་ལྟ་བ་བཞིན་དུ་འཛིན་པའི་དོན་རྟོགས་པ་ཡང་དེ་བཞིན་ནོ། །དེ་ལ་འཆིང་བ་རྟོགས་པ་ནི་མཚན་མའི་འཆིང་བའམ། གནས་ ངན་ལེན་གྱི་འཆིང་བ་རྟོགས་པ་གང་ཡིན་པའོ། །གྲོལ་བ་རྟོགས་པ་ནི་དེ་ལས་བཟློག་པར་རིག་པར་བྱའོ། །དེ་ལ་ཆོས་ཉིད་རྟོགས་པ་ནི་ཆོས་གནས་པའི་ཕྱིར་འདི་ལྟར་ཆོས་ཉིད་འདི་ནི་གནས་པ་ཁོ་ན་སྟེ། དབང་ཕྱུག་ལས་ཀྱང་མ་ཡིན་རང་བཞིན་དང་སྐྱེས་བུའི་བྱེ་བྲག་ལ་སོགས་པ་ ལས་ཀྱང་མ་ཡིན་པར་རྟོགས་པ་གང་ཡིན་པའོ། །ཐོས་པ་ཕུན་སུམ་ཚོགས་པ་ནི་རྣམ་པ་བཅུར་རིག་པར་བྱ་སྟེ། འདི་ལྟ་སྟེ། ལེགས་པར་སྟོན་པས་བཤད་པ་དང་། ཚིག་དང་ཡི་གེ་གསལ་བར་བཤད་པ་དང་། ཇི་སྙེད་པ་ཡོད་པ་དང་། ཇི་ལྟ་བ་བཞིན་དུ་ཡོད་པའི་དོན་བཤད་པ་དང་། སྦྱོར་བ་ཐབས་བླ་བ་བཤད་པ་དང་། སྡུག་བསྔལ་ཐམས་ཅད་ལས་ངེས་པར་འབྱིན་པ་བཤད་པ་སྟེ། ལྔ་པོ་དེ་དག་དང་། གཞན་ཡང་ལྔ་སྟེ། ཀླན་ཀ་ཚོལ་བའི་བསམ་པ་མེད་པས་ཉན་པ་དང་། མྱ་ངན་ལས་འདས་པའི་བསམ་པས་ཉན་པ་དང་། ལེགས་པར་ཉན་པ་དང་། རབ་ ཏུ་ཉན་པ་དང་། མིང་དང་ཚིག་དང་ཡི་གེའི་ཚོགས་ལ་བརྟེན་པའི་དོན་ལེགས་པར་རྟོགས་པས་སོ། །ཐོས་པ་ལས་བྱུང་བའི་སའི་རྣམ་པར་གཏན་ལ་དབབ་པ་སྟེ། རྣམ་པར་གཏན་ལ་དབབ་པའི་གཞུང་ལྷག་མ་ནི་མི་སྣང་ངོ་།། །།བསམ་པ་ལས་བྱུང་བའི་སའི་རྣམ་པར་གཏན་ལ་དབབ་པ་ ནི། བསམ་པ་ནི་མདོར་བསྡུ་ན་རྣམ་པ་བཞི་སྟེ། དངོས་པོ་བསམ་པ་དང་། ཡོད་པ་དང་མེད་པ་བསམ་པ་དང་། རྒྱུ་དང་འབྲས་བུ་བསམ་པ་དང་། ཐེག་པ་བསམ་པའོ། །དེ་ལ་དངོས་པོ་བསམ་པ་ནི་འདི་ལྟ་སྟེ། དངོས་པོ་དྲུག་ལས་བརྩམས་ནས་ཕུང་པོའི་དངོས་པོ་ནས་དབང་པོའི་ 130-1-199a དངོས་པོའི་བར་དག་གོ། །དེ་ལ་ཡོད་པ་དང་མེད་པ་བསམ་པ་ནི་འདི་ལྟ་སྟེ། སའི་དངོས་གཞིར་བསྟན་པ་བཞིན་ནོ། །དེ་ལ་རྒྱུ་དང་འབྲས་བུ་བསམ་པ་ནི་འདི་ལྟ་སྟེ། རྟོག་པ་དང་བཅས། དཔྱོད་པ་དང་བཅས་པའི་སར་བསྟན་པ་བཞིན་ནོ། །དེ་ལ་ཐེག་པ་བསམ་ པ་ནི་འདི་ལྟ་སྟེ། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ས་རྣམས་སོ། །ཡང་བསམ་པ་ནི་རྣམ་པ་གཉིས་ཏེ། ཉེས་པར་བསམ་པ་སེམས་པ་དང་། ལེགས་པར་བསམ་པ་སེམས་པའོ། །དེ་ལ་ཉེས་པར་བསམ་པ་སེམས་པ་ནི་འདི་ལྟ་སྟེ་སའི་དངོས་གཞིར་ནག་པོའི་ ཕྱོགས་ཀྱིས་འདི་ལྟར་འདི་ན་ལ་ལ་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་ཡོངས་སུ་མ་སྤངས་པར་སེམས་པར་བྱེད་པའོ་ཞེས་བསྟན་པ་ཡིན་ནོ། །དེ་ལས་བཟློག་པ་ནི་ལེགས་པར་བསམ་པ་སེམས་པ་ཡིན་པར་རིག་པར་བྱའོ། །ཉེས་པར་བསམ་པ་དང་། ལེགས་པར་བསམ་པ་ཇི་ལྟ་བ་བཞིན་ དུ། ཆོས་མ་ཡིན་པ་དང་ལྡན་པ་དང་། ཆོས་དང་ལྡན་པ་དང་། འདུལ་བ་མ་ཡིན་པ་དང་ལྡན་པ་དང་། འདུལ་བ་དང་ལྡན་པ་དང་། འཕགས་པ་མ་ཡིན་པ་དང་། འཕགས་པ་དང་། མི་དགེ་བ་དང་། དགེ་བ་དང་། བསྟེན་པར་མི་བྱ་བ་དང་། བསྟེན་པར་བྱ་བ་དང་། མ་ལེགས་པ་དང་། ལེགས་པ་དང་། ནག་པོ་དང་། དཀར་པོ་ དང་། དོན་དང་མི་ལྡན་པ་དང་། དོན་དང་ལྡན་པ་དང་། ངན་པ་དང་། གྱ་ནོམ་པ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ཡོངས་སུ་སྤང་བར་བྱ་བ་དང་། ཡོངས་སུ་སྤང་བར་བྱ་བ་མ་ཡིན་པ་ཡང་དེ་བཞིན་ནོ། །དེ་ལ་བཅོམ་ལྡན་འདས་ཀྱིས་འདི་ན་འཕགས་པ་ཉན་ཐོས་ནི་ ཡོད་པ་ཡང་ཡོད་པར། མེད་པ་ཡང་མེད་པར་ཤེས་སོ་ཞེས་གང་གསུངས་པ་དེ་ལ། འདིར་ཡོད་པ་ནི་གང་ཡིན་མེད་པ་ནི་གང་ཡིན་ཞེ་ན། མདོར་བསྡུ་ན་རྣམ་པ་གཉིས་ཀྱིས་ཡོད་པ་ནི་ཡོད་པར་རིག་པར་བྱ་སྟེ། གཉིས་གང་ཞེ་ན། སྐྱེས་པ་བྱུང་བ་ད་ལྟར་ཡོད་པ་གང་ཡིན་པ་དེ་ནི་ཡོད་པ་ཡིན་ པར་རིག་པར་བྱ་བ་དང་། རྫས་དང་དངོས་པོ་དང་དོན་ལས་ཡོངས་སུ་གྲུབ་པ་གང་ཡིན་པ་དེ་ཡང་ཡོད་པ་ཡིན་པར་རིག་པར་བྱའོ། །མདོར་ན་རྫས་སུ་ཡོད་པར་རིག་པར་བྱ་བ་ནི་གང་། བཏགས་པའི་ཡོད་པ་ཡིན་པར་རིག་པར་བྱ་བ་ནི་གང་ཞེ་ན། གང་ཅི་ཡང་རུང་སྟེ་དེ་ལས་གཞན་པ་ 130-1-199b དག་ལ་མི་ལྟོས་ཤིང་དེ་ལས་གཞན་པ་དག་ལ་མི་བརྟེན་པར་རང་གི་མཚན་ཉིད་འདོགས་པར་བྱེད་པ་དེ་ནི་མདོར་ན་རྫས་སུ་ཡོད་པ་ཡིན་པར་རིག་པར་བྱའོ། །གང་ཅི་ཡང་རུང་སྟེ། དེ་ལས་གཞན་པ་དག་ལ་ལྟོས་ཤིང་དེ་ལས་གཞན་པ་དག་ལ་བརྟེན་ནས་རང་གི་མཚན་ཉིད་འདོགས་པར་བྱེད་ པ་དེ་ནི་མདོར་ན་བཏགས་པའི་ཡོད་པ་ཡིན་པར་རིག་པར་བྱའི། རྫས་སུ་ཡོད་པ་ནི་མ་ཡིན་ཏེ། འདི་ལྟ་སྟེ། གཟུགས་ལ་སོགས་པའི་ཕུང་པོའི་མིང་ཅན་གྱི་དངོས་པོ་ལ་བརྟེན་ཞིང་ལྟོས་ཏེ། གནས་ནས་བདག་ཅེས་བྱ་བའམ། སེམས་ཅན་ཞེས་བྱ་བར་རྒྱ་ཆེར་ཉེ་བར་འདོགས་པར་བྱེད་ པའོ། །དེ་ལ་གཟུགས་ལ་སོགས་པའི་ཕུང་པོའི་མིང་ཅན་གྱི་དངོས་པོ་ནི་རྫས་སུ་ཡོད་པ་ཡིན་ནོ། །སེམས་ཅན་དང་སྲོག་དང་སྐྱེ་བ་པོ་རྫས་སུ་མེད་པ་ནི་བཏགས་པའི་ཡོད་པ་ཞེས་བྱའོ། །གཟུགས་ལ་སོགས་པའི་ཕུང་པོའི་མིང་ཅན་གྱི་དངོས་པོ་ལས་བདག་ལ་སོགས་པ་ཉེ་བར་འདོགས་པ་ བཞིན་དུ། གཟུགས་ལ་སོགས་པའི་མིང་ཅན་གྱི་དངོས་པོ་ཁོ་ན་ལ་ཕུང་པོ་ལ་སོགས་པ་ཉེ་བར་འདོགས་པ་དང་། གཟུགས་དང་དྲི་དང་རོ་དང་རེག་པ་དག་ལ་བཟའ་བ་དང་བཏུང་བ་དང་། བཞོན་པ་དང་། གོས་དང་། རྒྱན་དང་། ཁང་ཁྱིམ་དང་། དམག་དང་། ནགས་ཚལ་ལ་སོགས་ པ་ཉེ་བར་འདོགས་པ་དང་། འདུས་བྱས་ཀྱི་མིང་ཅན་གྱི་དངོས་པོ་ལ་སྐྱེ་བ་དང་། རྒ་བ་དང་། གནས་པ་དང་། མི་རྟག་པ་དང་། ས་བོན་དང་། རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པ་དང་། ཐོབ་པ་དང་། འཐོབ་པ་མ་ཡིན་པ་དང་། སྲོག་གི་དབང་པོ་དང་། རིས་མཐུན་པ་དང་། མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་རྣམས་དང་སོ་སོའི་སྐྱེ་བོ་ཉིད་དང་། ཚོགས་པ་དང་མ་ཚོགས་པ་དང་། འཇུག་པ་དང་སོ་སོར་ངེས་པ་དང་། སྦྱོར་བ་དང་། མགྱོགས་པ་དང་། གོ་རིམས་དང་། དུས་དང་ཡུལ་དང་གྲངས་ཉེ་བར་འདོགས་པ་དང་། གཟུགས་ཀྱི་ འཇུག་པ་མེད་པ་ཙམ་ལ་གནས་ཏེ་ལྟོས་ཤིང་བརྟེན་ནས་ནམ་མཁའ་ཞེས་ཉེ་བར་འདོགས་ཏེ་ནམ་མཁའ་འདུས་མ་བྱས་ཞེས་གདགས་པ་དང་། དེའི་མཇུག་ཐོགས་སུ་མིང་གི་འཇུག་པ་ཙམ་ལ་གནས་ཏེ་ལྟོས་ཤིང་བརྟེན་ནས། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། འགོག་ 130-1-200a པའི་སྙོམས་པར་འཇུག་པ་ཉེ་བར་འདོགས་ཤིང་གདགས་པར་བྱེད་པ་ཡང་དེ་དང་འདྲའོ། །འཐད་པས་བསྒྲུབ་པའི་རིགས་པ་ལས་བརྩམས་ཏེ། གང་གིས་བདག་རྫས་སུ་མེད་དོ་ཞེས་ཁོང་དུ་ཆུད་པར་བྱ་བ་འདི་ལ་རིགས་པ་བརྗོད་པ་གང་ཞེ་ན། འདི་ལྟར་མི་ དམིགས་ཤིང་མི་སྣང་བའི་ཕྱིར་རོ། །ཇི་ལྟར་མི་དམིགས་ཤེ་ན། ཕུང་པོ་ལས་མ་གཏོགས་པ་ནང་ངམ་ཕྱི་རོལ་ལམ་གཉི་ག་མེད་པར་ཡང་མི་དམིགས་སོ། །ཇི་ལྟར་མི་སྣང་ཞེ་ན། ཇི་ལྟར་མིག་ལ་སོགས་པའི་སྐྱེ་མཆེད་རྫས་སུ་ཡོད་པ་དག་རང་རང་གི་ལས་ལ་སྣང་བ་དེ་ལྟར་བདག་ནི་ རང་གི་ལས་ལ་མི་སྣང་ངོ་། །དེ་ལྟར་ན་བདག་ནི་རང་གི་མཚན་ཉིད་ལས་མི་དམིགས་པའི་ཕྱིར་དང་། རང་གི་ལས་ལ་མི་སྣང་བའི་ཕྱིར་རྫས་སུ་མེད་པ་ཁོ་ནར་ཁོང་དུ་ཆུད་པར་བྱའོ། །གལ་ཏེ་དེ་ལྟར་བདག་ནི་མི་དམིགས་ཤིང་མི་སྣང་བ་ཡིན་ན། །ཅིའི་ཕྱིར་གཞན་མུ་སྟེགས་ཅན་ཀུན་དུ་རྒྱུ་ དག་གིས་དམིགས་ཤིང་མཐོང་སྟེ། དེས་ན་རྫས་སུ་ཡོད་དོ་ཞེས་འདོད་པར་བྱེད་སྟོན་པར་བྱེད། འདོགས་པར་བྱེད་ཅེ་ན། སྨྲས་པ། མི་དམིགས་ཤིང་མི་མཐོང་མོད་ཀྱི། འོན་ཀྱང་འཇིག་ཚོགས་ལ་ལྟ་བ་དང་། ངའོ་སྙམ་པའི་ང་རྒྱལ་ལ་བརྟེན་ནས་ལོག་པར་རྟོག་པར་བྱེད་ཅིང་། ལོག་པར་ཡོངས་སུ་བརྟགས་ནས་ཀྱང་ཚུལ་བཞིན་མ་ཡིན་པས་འདོད་པར་བྱེད་སྟོན་པར་བྱེད་ཟློག་པར་བྱེད་པར་ཟད་དོ། །དེ་ལ་ཇི་ལྟར་ན་བདག་མེད་པའི་ཕྱིར་དང་། ཡོད་པ་མ་ཡིན་པ་ཁོ་ནའི་ཕྱིར་དམིགས་ཤིང་མི་སྣང་བར་ཁོང་དུ་ཆུད་པར་བྱ་ཞེ་ན། བདག་ཡོད་ན་རིང་དུ་ཕ་རོལ་དུ་སོང་ཡང་ རུང་རྣམ་པ་བཞིས་རྟོག་པར་འགྱུར་ཏེ། ཕུང་པོ་ཙམ་མམ། ཕུང་པོ་རྣམས་ལས་གཞན་ཏེ་ཕུང་པོ་རྣམས་ལ་གནས་པའམ། ཕུང་པོ་ཙམ་ཡང་མ་ཡིན་ཕུང་པོ་རྣམས་ལས་གཞན་ཏེ། ཕུང་པོ་རྣམས་ལ་གནས་པ་ཡང་མ་ཡིན་མོད་ཀྱི་འོན་ཀྱང་ཕུང་པོ་རྣམས་ལས་གཞན་པ་ཕུང་པོ་ རྣམས་ལས་དོན་གཞན་དུ་གྱུར་པའི་ཆོས་གང་དག་ཡིན་པ་དེ་དག་ལ་གནས་པའམ། ཕུང་པོ་ཙམ་ཡང་མ་ཡིན་ཕུང་པོ་རྣམས་ལས་གཞན་ཏེ་ཕུང་པོ་རྣམས་ལ་གནས་པ་ཡང་མ་ཡིན་ཕུང་པོ་རྣམས་ལས་གཞན་པ་ཕུང་པོ་ལས་དོན་གཞན་དུ་གྱུར་པའི་ཆོས་གང་དག་ཡིན་པ་དེ་དག་ལ་ 130-1-200b གནས་པ་མ་ཡིན་མོད་ཀྱི་འོན་ཀྱང་ཕུང་པོ་མེད་པ་ཕུང་པོའི་ཆོས་ཐམས་ཅད་དང་མི་ལྡན་པ་ཞིག་ཡིན་གྲང་སྟེ་བདག་ཡོད་པ་ཉིད་ལས་བརྩམས་ནས་རྟོག་པར་འགྱུར་བ་ནི་རྣམ་པ་བཞི་པོ་དེ་དག་ལས་གོང་ན་ཡང་མེད་ལ་དེ་ལས་ལྷག་པ་ཡང་མེད་དེ། བདག་རྫས་སུ་ཡོད་པ་ཉིད་ནི་རྣམ་པ་ཐམས་ ཅད་ཀྱིས་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་བདག་ཕུང་པོ་ཙམ་ཞིག་ཡིན་ན་ནི་ཕུང་པོ་རྣམས་ལས་གཞན་མ་ཡིན་ཏེ། བདག་ཕུང་པོ་རྣམས་ལ་གདགས་པ་ཙམ་དུ་ཟད་པར་དེ་ལྟར་འགྱུར་བའི་རིགས་ན། འདི་ལྟར་ཕུང་པོ་རྣམས་ནི་མི་རྟག་པ་དང་རང་གི་མཚན་ཉིད་གཞན་དང་ ལྡན་པ་མ་ཡིན་ཏེ་དེའི་ཕྱིར་དེ་མི་འཐད་དོ། །གལ་ཏེ་བདག་ཕུང་པོ་རྣམས་ལས་གཞན་པ་ཞིག་ཡིན་ན་ནི། དེ་ཡང་མི་རྟག་པའམ། རྟག་པ་ཞིག་ཡིན་གྲང་ན། གལ་ཏེ་མི་རྟག་ན་ནི་སྐད་ཅིག་རེ་རེ་ལ་བདག་གཞན་སྐྱེ་ཞིང་གཞན་འགག་པར་འགྱུར་ཏེ། འདིར་གཞན་འཆི་ཞིང་དེར་གཞན་ སྐྱེ་བ་དང་། གཞན་བྱེད་ཅིང་གཞན་གྱིས་མྱོང་བ་དེ་ལྟར་འགྱུར་བའི་རིགས་ན། ཕུང་པོ་རྣམས་ལས་གཞན་པའི་བདག་སྐྱེ་བའམ་འགག་པ་ནི་ནང་ངམ་ཕྱི་རོལ་ལམ་གཉི་ག་མེད་པར་ཡང་ཅི་ཡང་མི་དམིགས་ཏེ། དེའི་ཕྱིར་དེ་མི་འཐད་དོ། །གལ་ཏེ་རྟག་ན་ནི་རྟག་པའི་མཚན་ཉིད་ནི་འདི་ ཡིན་ཏེ། འགྱུར་བ་མེད་པ་གང་ཡིན་པའོ། །བདག་དེ་འགྱུར་བ་མེད་པ་ཡིན་ན། རྒྱུ་གཉིས་ཀྱིས་འགྱུར་བ་མི་རུང་སྟེ། ཕྱི་མ་ལ་ཡང་མི་རུང་བ་དང་། ཚེ་འདི་ཉིད་ལ་ཡང་མི་རུང་བའོ། །བདག་འགྱུར་བ་མེད་པ་ཡིན་ན་ཕྱི་མ་ལ་ཡང་སྐྱེ་བར་མི་འགྱུར་རྒ་བར་མི་འགྱུར་འཆི་བར་མི་འགྱུར་ གནོད་པར་མི་འགྱུར་བས། རེས་འགའ་ལྷར་སྐྱེ་བ་དང་། རེས་འགའ་མི་དང་། རེས་འགའ་དུད་འགྲོ། རེས་འགའ་ཡི་དྭགས་དང་། རེས་འགའ་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བ་ཡང་མི་རུང་ངོ་། །འགྱུར་བ་མེད་པ་ཡིན་ན་ཚེ་འདི་ལ་ཡང་ཡུལ་འདོད་པ་དང་མི་འདོད་པ་དག་གིས་ བདེ་བར་ཡང་མི་འགྱུར། སྡུག་བསྔལ་བར་ཡང་མི་འགྱུར་ཆགས་པར་ཡང་མི་འགྱུར་སྡང་བར་ཡང་མི་འགྱུར་རྨོངས་པར་ཡང་མི་འགྱུར་ཏེ། མདོར་ན་བདེ་བ་དང་། སྡུག་བསྔལ་བ་དག་དང་། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་གང་ཡང་རུང་བ་དག་གིས་ཀྱང་འགྱུར་བར་མི་ 130-1-201a བྱེད་དོ། །དེ་དེ་ལྟར་འགྱུར་བ་མེད་ཅིང་ཚེ་ཕྱི་མ་དང་། ཚེ་འདི་ལ་བདེ་བས་ཕན་འདོགས་པ་མེད་ན། དེ་དང་འབྲེལ་བའི་ཉོན་མོངས་པས་ཀྱང་ཉེ་བར་ཉོན་མོངས་པར་མི་འགྱུར་ལ། གཞི་དེས་ཆོས་དང་ཆོས་མ་ཡིན་པ་སྤྱོད་པར་ཡང་མི་འགྱུར་རོ། །དེ་སྡུག་བསྔལ་ བས་གནོད་པ་མེད་ན་ཡང་། དེ་དང་འབྲེལ་བའི་ཉོན་མོངས་པས་ཀྱང་ཉེ་བར་ཉོན་མོངས་པར་མི་འགྱུར་ལ། གཞི་དེས་ཆོས་དང་ཆོས་མ་ཡིན་པ་སྤྱོད་པར་ཡང་མི་འགྱུར་རོ། །དེ་ལྟར་ཚེ་འདི་ལ་ཆོས་དང་ཆོས་མ་ཡིན་པ་དང་མི་ལྡན་པ་དེ། ཕྱི་མ་ལ་ཡང་གང་ལ་བརྟེན་ནས་དེ་རྟག་བཞིན་དུ་ དེའི་སོ་སོའི་བདག་གི་ལུས་མི་རྟག་པ་འགྱུར་བ་ལས་གྱུར་པ་ཕྱི་མ་ལ་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་ལ་སོགས་པས་འགྱུར་བར་རྟོགས་པའི་འདོད་པ་དང་མི་འདོད་པའི་ལུས་ཀྱང་རྒྱུ་མེད་པ་ལས་འགྲུབ་པར་མི་འགྱུར་རོ། །དེ་ལྟ་བས་ན་བདག་འདི་སོ་སོའི་བདག་དང་ལུས་ལས་སྐྱེ་བ་ཡང་ མེད་ལ་རྒ་བ་དང་ན་བ་དང་འཆི་བ་དང་བདེ་བ་དང་སྡུག་བསྔལ་བ་དང་ཉེ་བར་ཉོན་མོངས་པ་ཡོད་བཞིན་དུ་གཏན་གྲོལ་བ་ཁོ་ནར་འགྱུར་བས་དེའི་ཕྱིར་ཡང་དེ་མི་འཐད་དོ། །གལ་ཏེ་གང་དག་ལ་བདག་ཕུང་པོ་རྣམས་ལས་གཞན་པ་ཕུང་པོ་ལས་བདག་གཞན་དུ་གྱུར་པའི་ཆོས་གང་དག་ཡིན་པ་དེ་དག་ ལ་བདག་གནས་སོ་ཞེ་ན། དེས་ན་ཕུང་པོ་ལས་དོན་གཞན་དུ་གྱུར་པའི་ཆོས་དེ་དག་ནི་རང་གི་མཚན་ཉིད་ཀྱིས་མི་དམིགས་ན་དེ་དག་ལ་བདག་གནས་པར་ལྟ་ག་ལ་འགྱུར་ཏེ། འདི་ལྟ་སྟེ། དཔེར་ན་ལ་ལ་ཞིག་འདི་སྐད་ཅེས་མོ་གཤམ་གྱི་བུའི་མགོ་ལ་ནམ་མཁའི་མེ་ཏོག་གི་ཕྲེང་བ་བཅིངས་པ་བདག་གིས་ མཐོང་ངོ་ཞེས་ཟེར་བ་དེ་དང་འདྲ་བར་འདི་ཡང་རྟོགས་པར་བྱ་སྟེ། དེའི་ཕྱིར་དེ་ཡང་མི་འཐད་དོ། །གལ་ཏེ་བདག་ཐམས་ཅད་ཀྱི་ཐམས་ཅད་དུ་ཕུང་པོ་ཐམས་ཅད་དང་མི་ལྡན་པའི་ཕྱིར་ཕུང་པོ་མེད་པ་ཡིན་པར་འགྱུར་ན། ད་ཕུང་པོ་མེད་པ་ཡིན་པས་གཟུགས་ཅན་ཡང་མ་ཡིན། ལུས་དང་ མི་ལྡན་བདེ་བ་དང་སྡུག་བསྔལ་བ་དག་དང་ཡང་མི་ལྡན། མིང་མང་པོ་རྣམ་པ་སྣ་ཚོགས་དང་ཡང་མི་ལྡན། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་པ་དང་ཡང་མི་ལྡན། གཟུགས་ལ་སོགས་པའི་ཡུལ་ལ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་ཡིད་ཀྱི་རྣམ་པར་རྟོག་པ་ 130-1-201b དག་དང་ཡང་མི་ལྡན་པས། དེ་ལྟར་ན་བདག་ནི་ལུས་མེད་པ་དང་། ཚོར་བ་མེད་པ་དང་། མིང་མེད་པ་དང་། སེམས་པ་མེད་པ་དང་། རྣམ་པར་རྟོག་པ་མེད་པར་འགྱུར་ཏེ། དེ་ལྟར་ན་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པས་བདག་ནི་ཚེགས་ཆུང་ངུས་གྲོལ་བ་ཉིད་དུ་འགྱུར་ཏེ། དེའི་ཕྱིར་ དེ་ཡང་མི་འཐད་དོ། །གང་གི་ཕྱིར་དེ་ལྟར་བདག་རྟག་པ་རྣམ་པ་ཐམས་ཅད་ཀྱིས་བརྟགས་ན་མི་འཐད་པ་དེའི་ཕྱིར་བདག་ནི་ཕུང་པོ་རྣམས་ལ་བཏགས་པ་ཙམ་དུ་ཟད་ཀྱི་རྫས་སུ་མེད་པར་ཁོང་དུ་ཆུད་པར་བྱའོ། །གང་གི་ཕྱིར་དེ་ལྟར་བདག་ནི་མེད་ལ་ཕུང་པོ་ཙམ་ནི་ཡོད་ན་ཡང་ཀུན་ནས་ཉོན་ མོངས་པ་དང་། རྣམ་པར་བྱང་བའི་རང་བཞིན་རུང་བར་འགྱུར་ཏེ། འདི་ལྟ་སྟེ་ནང་དང་ཕྱི་རོལ་གྱི་སྐྱེ་མཆེད་བྱུང་ཞིང་སྐྱེས་པ་ཡོད་ན་ཚེ་འདི་ལ་མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལུས་ལ་ཕན་འདོགས་པ་དང་། གནོད་པ་བྱེད་པ་འབྱུང་བར་འགྱུར་ལ། དེའི་རྐྱེན་གྱིས་ ཕྲད་པ་དང་། འབྲལ་བར་སྲེད་པ་དང་། དེ་དང་འབྲེལ་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་འབྱུང་བར་འགྱུར་ཞིང་། དེའི་དོན་དུ་དགེ་བ་དང་མི་དགེ་བའི་ལས་ཀྱི་འཇུག་པ་ཡང་སྣང་ལ་དེ་ལྟར་ཉོན་མོངས་པ་དང་ལས་གྲུབ་ན་ཕྱི་མ་ལ་སྐྱེ་བ་དང་རྒ་བ་ལ་སོགས་པ་ཡང་འབྱུང་ བའི་སྡུག་བསྔལ་གྱི་ཆོས་རྣམས་ཀྱང་འབྱུང་བར་འགྱུར་ཏེ། དེ་ལྟར་ན་རེ་ཞིག་ཕུང་པོ་རྣམས་མི་རྟག་ཅིང་བདག་མེད་ཀྱང་ཀུན་ནས་ཉོན་མོངས་པར་འགྱུར་རོ། །གཞན་གྱི་སྒྲའི་རྒྱུ་ལས་བྱུང་བ་དང་། བདག་ཉིད་ཀྱི་ཚུལ་བཞིན་ཡིད་ལ་བྱེད་པའི་རྒྱུ་ལས་བྱུང་བས་མ་རིག་པ་འགག་ཅིང་རིག་ པ་སྐྱེ་བར་འགྱུར་བས། རྨོངས་པ་མེད་པ་ཚོར་བ་ཐམས་ཅད་སྡུག་བསྔལ་ལས་སོ་སོར་རྟོགས་པ་དེའི་ཚོར་བ་རྣམས་ལ་སྲེད་པ་དང་། དེ་དང་འབྲེལ་བའི་ཉོན་མོངས་པ་གང་ཡིན་པ་དེ་ཡང་སྤོང་བར་འགྱུར་ལ། གཞི་དེས་ཀྱང་འབྱུང་བ་འཕེལ་བར་བྱེད་པའི་ལས་དགེ་བ་དང་། མི་དགེ་བ་ ཡང་འཇུག་པར་མི་འགྱུར་ཏེ། དེ་ལྟར་ལས་དང་ཉོན་མོངས་པ་སྤངས་པའི་ཕྱིར་ཡང་འབྱུང་བ་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་དང་བཅས་ཏེ་འབྱུང་བར་མི་འགྱུར་རོ། །དེ་ལྟར་ན་བདག་མེད་ཅིང་ཕུང་པོ་ཙམ་ཡོད་ན་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་རང་བཞིན་རུང་བར་ 130-1-202a འགྱུར་རོ། །དེ་ལ་སེམས་ཅན་དུ་གདགས་པ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། སེམས་ཅན་རྐང་མེད་དང་། རྐང་གཉིས་པ་དང་། རྐང་བཞི་པ་དང་། རྐང་མངས་རྣམས་དང་། སེམས་ཅན་གཟུགས་ཅན་རྣམས་དང་། སེམས་ཅན་གཟུགས་ཅན་མ་ཡིན་པ་རྣམས་དང་། སེམས་ཅན་འདུ་ཤེས་ཅན་རྣམས་དང་། སེམས་ཅན་འདུ་ཤེས་མེད་པ་རྣམས་དང་། སེམས་ཅན་འདུ་ཤེས་ཡོད་པ་ཡང་མ་ཡིན་འདུ་ཤེས་མེད་པ་ཡང་མ་ཡིན་པའི་སྐྱེ་གནས་སུ་སྐྱེས་པ་རྣམས་སོ། །དེ་ལ་སེམས་ཅན་དུ་གདགས་པ་རྣམ་པ་དགུ་པོ་དེ་དག་ཐམས་ཅད་ནི་མདོར་བསྡུ་ན་རྒྱུ་གསུམ་ གྱི་རིགས་པར་བྱ་སྟེ། འགྲོ་བ་དང་། ལྡོག་པ་དང་། ལུས་གཡོ་བའི་རབ་ཏུ་དབྱེ་བས་ནི་རྐང་མེད་རྣམས་ནས་རྐང་མངས་ཀྱི་བར་དག་གི་རྣམ་པར་གཞག་པར་རིག་པར་བྱའོ། །ལུས་ཀྱི་རབ་ཏུ་དབྱེ་བས་ནི་སེམས་ཅན་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་རྣམས་ཀྱི་གདགས་པར་རིག་ པར་བྱའོ། །སེམས་ཀྱི་རབ་ཏུ་དབྱེ་བས་ནི་སེམས་ཅན་འདུ་ཤེས་ཅན་དང་། འདུ་ཤེས་མེད་པ་དང་འདུ་ཤེས་ཡོད་པ་ཡང་མ་ཡིན་འདུ་ཤེས་མེད་པ་ཡང་མ་ཡིན་པའི་སྐྱེ་གནས་སུ་སྐྱེས་པ་རྣམས་ཀྱི་གདགས་པར་རིག་པར་བྱའོ། །རབ་ཏུ་བྱུང་བ་གཅེར་བུ་པ་ཞེས་བྱ་བ་ཡོད་དེ། དེ་ནང་གི་ ཆོས་སྲོག་དང་ལྡན་པར་བགྲང་བ་རྣམས་ཀྱི་སྐྱེ་བ་དང་མཐུན་པ་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ནས། འདི་སྐད་ཅེས་ཤིང་ལྗོན་པ་རྣམས་ལ་ཡང་སྲོག་ཡོད་དོ་ཞེས་ཟེར་རོ། །དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཅི་ཤིང་ལྗོན་པ་རྣམས་ཀྱི་སྐྱེ་བ་གང་ཡིན་པ་དེ་སྲོག་གི་རྒྱུ་ལས་བྱུང་བ་ཡིན་ ནམ། འོན་ཏེ་དེ་ལས་གཞན་པའི་སྐྱེ་བའི་རྒྱུ་ལས་བྱུང་བ་ཡིན་པར་འདོད། གལ་ཏེ་སྲོག་གི་རྒྱུ་ལས་བྱུང་བ་ཡིན་ན་ནི་དེས་ན་དེ་དག་གི་སྲོག་ཉིད་ལྡོག་པར་མི་འགྱུར་བའི་ཕྱིར་ནམ་ཡང་མི་སྐྱེ་བར་མི་འགྱུར་བས་མི་རུང་ངོ་། །གལ་ཏེ་དེ་ལས་གཞན་པའི་སྐྱེ་བའི་རྒྱུ་ལས་བྱུང་བ་ཡིན་ན་ནི་དེས་ན་སྲོག་ ཉིད་མེད་པར་རང་གི་རྒྱུས་སྐྱེ་བ་ཡིན་པས་མི་རུང་ངོ་། །དེ་ལ་འདི་སྐད་ཅེས་ཀྱང་བརྗོད་པར་བྱ་སྟེ། ཅི་སྲོག་མེད་པའི་དངོས་པོ་རྣམས་ཀྱི་མི་སྐྱེ་བ་རྒྱུ་དང་བཅས་པར་བརྗོད་དམ། འོན་ཏེ་རྒྱུ་མེད་པར་བརྗོད་པར་འདོད། གལ་ཏེ་རྒྱུ་དང་བཅས་པར་བརྗོད་དུ་ནི་རྒྱུར་བརྗོད་པ་མི་དམིགས་པས་མི་རུང་ངོ་། །གལ་ཏེ་ 130-1-202b རྒྱུ་མེད་པར་བརྗོད་ན་ནི། རྒྱུ་མེད་པར་བརྗོད་པས་དེ་ལྟ་བུ་ཡིན་པར་མི་རུང་ངོ་། །དེ་ལ་འདི་སྐད་ཅེས་ཀྱང་བརྗོད་པར་བྱ་སྟེ། ཅི་ཤིང་ལྗོན་པ་རྣམས་དང་སྲོག་རྣམས་གཅིག་ཏུ་མཐུན་པ་ཡིན་ནམ། འོན་ཏེ་གཅིག་ཏུ་མཐུན་པ་མ་ཡིན་པར་འདོད། གལ་ཏེ་གཅིག་ཏུ་མཐུན་པ་ཡིན་ན་ནི་དེས་ན་ཤིང་ ལྗོན་པ་རྣམས་ནི་སའི་འོག་ཏུ་ནུབ་པ་དང་སའི་སྟེང་དུ་སྐྱེ་བ་དང་། རང་གི་ལུས་ཀྱིས་མི་གཡོ་བ་དང་། བརྗོད་ན་ཡང་མི་བརྗོད་པ་དང་། ལེགས་པར་བྱས་པ་དང་ཉེས་པར་བྱས་པའི་ལས་ལ་འཇུག་པར་ཡང་མི་སྣང་བ་དང་། ཡལ་ག་དང་ཡལ་ག་གྱེས་པ་དག་བཅད་ན་ཡང་དེ་ལས་གཞན་པ་དག་ཏུ་ སྐྱེ་བས་མི་རུང་ངོ་། །གལ་ཏེ་གཅིག་ཏུ་མཐུན་པ་མ་ཡིན་ན་ནི་དེས་ན་མཐུན་ན་ནི་སྲོག་ཡོད་ལ་མི་མཐུན་ན་ནི་སྲོག་མེད་པར་འགྱུར་བས་མི་རུང་ངོ་། །དེ་ལྟར་ན་སྐྱེ་བའི་རྒྱུ་དེ་ལས་གཞན་པ་ཡོད་པའམ་མེད་པ་དང་། སྲོག་མེད་པ་རྣམས་ཀྱི་མི་སྐྱེ་བའི་རྒྱུར་བརྗོད་པ་ཡོད་པའམ། མེད་པ་དང་། གཅིག་ ཏུ་མཐུན་པའམ་མི་མཐུན་པས་ཀྱང་མི་རུང་ངོ་། །ཅིའི་ཕྱིར་གཟུགས་དང་དྲི་དང་རོ་དང་རེག་བྱ་དེ་ལྟ་དེ་ལྟར་སོ་སོར་གྱུར་པ་དག་ལ་བཟའ་བ་དང་། བཏུང་བ་དང་། བཞོན་པ་དང་། གོས་དང་། རྒྱན་ལ་སོགས་པ་སོ་སོ་བ་ལ་བརྟེན་པ་ནི་འདུས་པ་གཅིག་པའི་མིང་དུ་བཏགས་པ་གང་ཡིན་པ་དེ་དག་ བཏགས་པའི་ཡོད་པ་ཡིན་པར་རིག་པར་བྱ་ཞེ་ན། འདི་ལྟར་དེ་དག་གི་མིང་ནི་གཟུགས་ལ་སོགས་པའི་མིང་འདུས་པ་ལ་ལར་ནི་འབྱུང་ལ། ལ་ལར་ནི་ལྡོག་སྟེ། གཟུགས་ལ་སོགས་པའི་མིང་འདུས་པ་གང་ལ་བཟའ་བའི་མིང་འབྱུང་བ་དེ་ལ་བཏུང་བའི་མིང་ལྡོག་ལ། གང་ལ་ལ་བཏུང་ བའི་མིང་འབྱུང་བ་དེ་ལ་གོས་ཀྱི་མིང་ལྡོག་པ་དང་། ལྷག་མ་དག་ལ་ཡང་བརྡར་བཏགས་པའི་མིང་དེ་དག་གི་འཇུག་པ་དང་ལྡོག་པ་དེ་བཞིན་དུ་རིག་པར་བྱའོ། །གཟུགས་དང་དྲི་དང་རོ་དང་རེག་པ་དག་གི་མིང་ནི་བཟའ་བ་དང་། བཏུང་བ་དང་། གོས་དང་། རྒྱན་ལ་སོགས་པའི་མིང་གི་དངོས་ པོ་ཐམས་ཅད་ལ་ཁྱད་པར་མེད་པར་འབྱུང་བས། དེའི་ཕྱིར་བཟའ་བ་དང་བཏུང་བ་དང་བཞོན་པ་དང་གོས་དང་རྒྱན་ལ་སོགས་པ་ནི་བཏགས་པའི་ཡོད་པ་ཡིན་ལ། གཟུགས་དང་དྲི་དང་རོ་དང་རེག་བྱ་དག་ནི་རྫས་སུ་ཡོད་པ་ཡིན་པར་རིག་པར་བྱའོ། །བཏགས་པའི་ཡོད་པའི་ཆོས་རྣམས་ལ་ 130-1-203a བརྟེན་པའི་མིང་རྣམ་པ་དུ་མ་མང་པོ་སྣ་ཚོགས་དེ་དག་ཀྱང་མདོར་བསྡུ་ན་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། འདུས་པ་གཅིག་ལ་བརྟེན་པ་དང་། འདུས་པ་དུ་མ་ལ་བརྟེན་པའོ། །བཟའ་བ་དང་། བཏུང་བ་དང་། བཞོན་པ་དང་། གོས་དང་། རྒྱན་ལ་སོགས་པ་སོ་སོ་བ་ ལ་བརྟེན་པ་ནི་འདུས་པ་གཅིག་ལ་བརྟེན་པ་ཡིན་ནོ། །རི་མོའི་ལས་དང་འཇིམ་པའི་ལས་དང་། ཁང་ཁྱིམ་དང་གཞལ་མེད་ཁང་དང་དམག་དང་ནགས་ཚལ་ལ་སོགས་པ་ལ་བརྟེན་པ་ནི་འདས་པ་དུ་མ་ལ་བརྟེན་པ་ཡིན་ནོ། །དེ་ལ་ཆོས་གཟུགས་ཅན་རྣམས་གང་ཞེ་ན། མདོར་བསྡུ་ན་སྐྱེ་མཆེད་ གཟུགས་ཅན་བཅུ་དང་། ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པའི་གཟུགས་ཏེ། གཟུགས་ཀྱི་རང་གི་མཚན་ཉིད་དང་ལྡན་པ་ཡིན་པས་དེ་ལ་དེ་ཉིད་ཉེ་བར་གདགས་པ་བྱས་ནས་ཆོས་གཟུགས་ཅན་རྣམས་ཞེས་བྱའོ། །ཆོས་གཟུགས་ཅན་དེ་དག་གི་རབ་ཏུ་དབྱེ་བ་ནི་རྣམ་པ་ལྔས་རྣམ་པར་གཞག་སྟེ། ལྔ་གང་ཞེ་ན། དངོས་པོ་དང་། རང་གི་མཚན་ཉིད་དང་། སྤྱིའི་མཚན་ཉིད་དང་། ཁམས་དང་། ལས་ཀྱིས་སོ། །དེ་ལ་གཟུགས་ཀྱི་དངོས་པོ་ནི་མདོར་བསྡུ་ན་གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དག་དང་། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའོ་ཞེས་ བྱ་བ་དེ་ཡིན་པར་རིག་པར་བྱ་སྟེ། དེ་ལས་གོང་ན་ཡང་མེད་ལ་དེ་ལས་ལྷག་པ་ཡང་མེད་དོ། །གཟུགས་ཀྱི་རང་གི་མཚན་ཉིད་ནི་རྣམ་པ་གསུམ་སྟེ། དང་བ་དང་དང་བའི་གཟུང་བ་དང་། ཡིད་ཀྱི་གཟུང་བའོ། །དེ་ལ་འབྱུང་བ་ཆེན་པོ་བཞི་རྒྱུར་བྱས་པ་མིག་ལ་སོགས་པའི་སྐྱེ་མཆེད་དུ་གཏོགས་པ་ རྣམ་པར་ཤེས་པ་ལྔའི་རྟེན་གྱི་གཟུགས་དང་བ་རྣམ་པ་ལྔ་ནི་གཟུགས་དང་བ་ཞེས་བྱའོ། །མཚུངས་པའི་གཟུགས་དང་བ་ལྔ་པོ་དག་གི་ཡུལ་གཟུགས་ལ་སོགས་པ་ཡུལ་ལྔ་པོ་དག་ནི་དང་བས་གཟུང་བའི་གཟུགས་ཞེས་བྱའོ། །དེ་ལ་རྣམ་པར་ཤེས་པ་དང་བཅས་པའི་གཟུགས་དང་བ་ རྣམས་ནི་རྣམ་པར་ཤེས་པ་རྣམས་དང་ཡུལ་མཚུངས་པའི་ཕྱིར་མཚུངས་པ་རྣམས་ཞེས་བྱའོ། །རྣམ་པར་ཤེས་པ་དང་བྲལ་བ་གང་དག་ཡིན་པ་དེ་དག་ནི་རིམ་གྱིས་རང་གི་རྒྱུན་དང་འདྲ་བར་འགྱུར་བའི་ཕྱིར་དེ་དག་དང་མཚུངས་པ་རྣམས་ཞེས་བྱའོ། །ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་ 130-1-203b བརྙན་གྱི་གཟུགས་ནི་ཡིད་ཀྱི་སྤྱོད་ཡུལ་གྱི་གཟུགས་ཞེས་བྱའོ། །སྤྱིའི་མཚན་ཉིད་ཀྱང་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། གཟུགས་ཐམས་ཅད་ནི་ཡུལ་མནན་ཏེ་གནས་པ་དང་། ཡུལ་ལས་རྟག་ཏུ་རུང་བ་ཡིན་ནོ་ཞེས་བྱ་བ་ནི་སྤྱིའི་མཚན་ཉིད་དང་པོ་ཡིན་ནོ། །དང་བའི་གཟུགས་དང་དང་ བའི་གཟུང་བའི་གཟུགས་འཕེལ་བ་དང་འགྲིབ་པ་དང་ལྡན་པ་ཐམས་ཅད་ནི་སྤྱིའི་མཚན་ཉིད་གཉིས་པ་ཡིན་ནོ། །ལག་པའི་འདུས་ཏེ་རེག་པ་བོང་བ་དང་དབྱུག་པ་དང་མཚོན་ཆ་དང་གྲང་བ་དང་དྲོ་བ་དང་བཀྲེས་པ་དང་སྐོམ་པ་དང་ཤ་སྦྲང་དང་སྦྲང་བུ་མཆུ་རིངས་དང་རླུང་དང་ཉི་མ་དང་སྡིག་སྦྲུལ་ གྱི་འདུས་ཏེ་རེག་པའི་རེག་པ་དག་གིས་རེག་པར་བྱར་རུང་བ་དེ་དག་ཐམས་ཅད་ནི་སྤྱིའི་མཚན་ཉིད་གསུམ་པ་ཡིན་པར་རིག་པར་བྱའོ། །དེ་ལ་མཉམ་པར་གཞག་པའི་ས་པའི་གཟུགས་ལ་སྲེད་པ་དང་ལས་ཀྱིས་མངོན་པར་བསྒྲུབས་པའི་གཟུགས་གང་ཡིན་པ་དེ་ནི་གཟུགས་ན་སྤྱོད་ པའི་གཟུགས་ཡིན་པར་རིག་པར་བྱའོ། །མཉམ་པར་མ་བཞག་པའི་ས་པའི་གཟུགས་ལ་སྲེད་པ་དང་ལས་ཀྱིས་མངོན་པར་བསྒྲུབས་པའི་གཟུགས་གང་ཡིན་པ་དེ་ནི་འདོད་པ་ན་སྤྱོད་པའི་གཟུགས་ཞེས་བྱའོ། །ཁམས་ལས་གཟུགས་ཀྱི་རབ་ཏུ་དབྱེ་བ་ནི་མདོར་བསྡུ་ན་རྣམ་པ་ གཉིས་པོ་དེ་དག་ཡིན་ཏེ། གཟུགས་མེད་པ་ན་སྤྱོད་པ་རྣམས་ལ་ནི་གཟུགས་མེད་དོ། །དེ་ལ་གཟུགས་ཀྱི་སྤྱིའི་མཚན་ཉིད་འདི་ལྟ་སྟེ། ལག་པ་དང་བོང་བ་ལ་སོགས་པའི་འདུས་ཏེ་རེག་པ་དག་གིས་རེག་པར་བྱར་རུང་བ་གང་ཡིན་པའི་སྤྱིའི་མཚན་ཉིད་དེ་ནི་ཐམས་ཅད་དུ་འགྲོ་ བ་མ་ཡིན་ཏེ། འདོད་པ་ན་སྤྱོད་པའི་ལྷ་རྣམས་མ་གཏོགས་པ་དེ་ལས་གཞན་པའི་འདོད་པའི་ཁམས་ན་ནི་ཐམས་ཅད་དུ་འགྲོ་བ་ཡིན་ནོ། །འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་གཟུགས་གང་ཡིན་པ་དེ་ནི་ལག་པ་དང་དབྱུག་པ་དང་མཚོན་ཆའི་འདུས་ཏེ་རེག་པ་དག་གིས་རེག་ན་གནོད་པར་ནི་ འགྱུར་མོད་ཀྱི། གྲང་བ་དང་ཚ་བ་དང་བཀྲེས་པ་དང་སྐོམ་པ་ལ་སོགས་པའི་འདུས་ཏེ་རེག་པས་ནི་མ་ཡིན་ཏེ། དེ་དག་གི་བཟའ་བ་དང་བཏུང་བ་ལ་སོགས་པ་ཡོ་བྱད་ཐམས་ཅད་ནི་འདུན་པ་བསྐྱེད་པ་ཙམ་གྱིས་ལེགས་པར་འགྲུབ་པར་འགྱུར་བས། དེའི་ཕྱིར་དེ་དག་ལ་བཀྲེས་པ་དང་ 130-1-204a སྐོམ་པ་དག་འབྱུང་ཡང་གནོད་པར་མི་འགྱུར་རོ། །གཟུགས་ན་སྤྱོད་པའི་གཟུགས་ནི་ལག་པ་དང་དབྱུག་པ་དང་། མཚོན་ཆའི་འདུས་ཏེ་རེག་པ་དག་གིས་ཀྱང་རེག་ན་ཡང་གནོད་པར་མི་འགྱུར་ལ། དེ་ལས་གཞན་པའི་འདུས་ཏེ་རེག་པ་དག་གིས་ཀྱང་ གནོད་པར་མི་འགྱུར་རོ། །ལུས་ཀྱི་ལས་དང་ངག་གི་ལས་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་གཟུགས་ཅན་ནི་གཟུགས་ཞེས་བྱ་སྟེ། དེ་ལྟར་ན་དེ་ནི་ལས་ལས་གཟུགས་ཀྱི་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་ཡིན་པར་རིག་པར་བྱའོ། །ཆོས་གཟུགས་ཅན་མ་ཡིན་པ་ རྣམས་ཀྱི་རབ་ཏུ་དབྱེ་བ་ནི་དེ་ལས་བཟློག་པ་རྣམ་པ་ལྔ་པོ་དེ་དག་ཉིད་ཀྱིས་རྣམ་པར་གཞག་པར་རིག་པར་བྱའོ། །གཟུགས་འདུས་པ་ནི་གཟུགས་འདུས་པ་རྣམ་པར་གཞག་པ་ལས་མདོར་བསྡུ་ན་རྣམ་པ་གཉིས་ཏེ། མ་འདྲེས་པའི་འབྱུང་བ་ལས་གྱུར་པ་དང་། མ་འདྲེས་པ་མ་ཡིན་པའི་ འབྱུང་བ་ལས་གྱུར་པའོ། །དེ་ལ་མ་འདྲེས་པའི་འབྱུང་བ་ལས་གྱུར་པ་ནི་གང་ལ་འབྱུང་བ་ཆེན་པོ་གཅིག་ཁོ་ན་དམིགས་པ་ཡིན་ནོ། །མ་འདྲེས་པ་མ་ཡིན་པའི་འབྱུང་བ་ལས་གྱུར་པ་ནི་གང་ལས་འབྱུང་བ་ཆེན་པོ་གཉིས་སམ་དེ་བས་ལྷག་པ་དམིགས་པ་ཡིན་ནོ། །དེ་ལ་མ་འདྲེས་པའི་ འབྱུང་བ་ལས་གྱུར་པའི་གཟུགས་འདུས་པ་ལ་ནི་རྡུལ་ཕྲ་རབ་མ་གཏོགས་པར་འབྱུང་བ་རྣམས་འདྲེས་ཤིང་དབྱེར་མེད་པ་ཡིན་པར་རིག་པར་བྱ་སྟེ། འབྱུང་བ་རྣམས་ཀྱི་ཕྱོགས་གཅིག་དབྱེར་མེད་པ་ནི་མེད་པའི་ཕྱིར་རོ། །མ་འདྲེས་པ་མ་ཡིན་པའི་འབྱུང་བ་ལས་གྱུར་པའི་གཟུགས་འདུས་ པ་ལ་ནི་རྡུལ་ཕྲ་རབ་གང་ཡིན་པ་དེ་རྒྱུར་བྱས་པའི་གཟུགས་བཞིན་དུ་དེ་ལས་གཞན་པའི་འབྱུང་བ་ཆེན་པོ་རྣམས་དང་། ཕྱོགས་གཅིག་དབྱེར་མེད་པ་ཡིན་པར་རིག་པར་བྱ་སྟེ། འབྱུང་བ་ཆེན་པོ་དེ་དག་ཀྱང་རྒྱུར་བྱས་པའི་གཟུགས་ཉིད་དུ་མི་འགྱུར་ཏེ། གཅིག་ལ་གཅིག་བརྟེན་ཅིང་འཇུག་པ་ ཉིད་མ་ཡིན་པ་དང་། ཡུལ་ཐ་དད་པ་གནོན་པའི་མཐུ་ཡོད་པའི་ཕྱིར་རོ། །དེ་ལས་འབྱུང་བ་དང་འབྱུང་བ་ལས་གྱུར་པ་རྣམས་ནི་ཕྱོགས་གཅིག་དབྱེར་མེད་པ་ཡིན་པར་བལྟ་བར་བྱ་སྟེ། འདི་ལྟ་སྟེ། དཔེར་ན་ནོར་བུ་འོད་སྔོན་པོ་དང་སེར་པོ་དང་དམར་པོ་དང་། དཀར་པོ་དང་ལྡན་པ་ཟ་མ་ཏོག་ཏུ་བཅུག་ 130-1-204b པ་རྣམས་ཀྱི་འོད་སྣ་ཚོགས་དག་དང་འདྲའོ། །དེ་ལ་འདྲེས་ཤིང་དབྱེར་མེད་པ་དང་འདྲ་བར་དཔེའི་དོན་ཡང་སྔ་མ་བཞིན་དུ་རིག་པར་བྱའོ། །ཡང་ཏིལ་དང་སྲན་ཆུང་དང་། མོན་སྲན་གྲེའུ་ལ་སོགས་པ་དང་། ཕྱེ་མ་ཞིབ་མོ་རྣམས་དང་། སྦྲང་རྩི་དང་བུ་རམ་ལ་སོགས་པ་བསྲེས་པས་བསྡུས་ པའི་འདུས་པ་གང་ཡིན་པ་དེ་ནི་ཕྱོགས་གཅིག་དབྱེར་མེད་པ་ཡང་མ་ཡིན་ལ། འདྲེས་པའི་དངོས་པོས་དབྱེར་མེད་པ་ཡང་མ་ཡིན་པར་བལྟ་བར་བྱ་སྟེ། འོན་ཀྱང་འདུས་པ་དེ་ནི་སྦྱོར་བས་དབྱེར་མེད་པ་ཡིན་པ་དང་། མང་པོ་འདུས་པ་ལས་བྱུང་བ་ཡིན་པས་འདུས་པ་གཅིག་གི་མཚན་ ཉིད་མ་ཡིན་ནོ། །དེ་ལས་གཞན་པ་ནི་འདུས་པ་གཅིག་གི་མཚན་ཉིད་ཡིན་པར་བལྟ་བར་བྱ་སྟེ། ཕྱོགས་གཅིག་དབྱེར་མེད་པ་ལ་བརྟེན་པ་ནི་འདྲེས་པའི་དངོས་པོ་དབྱེར་མེད་པར་ཡང་ཡིན་པར་བལྟ་བར་བྱ་སྟེ། གཞན་དུ་ན་དེ་མི་རུང་བའི་ཕྱིར་རོ། །དེ་ལ་ཆོས་བསྟན་དུ་ཡོད་པ་རྣམས་ ཀྱི་རབ་ཏུ་དབྱེ་བ་ཡང་རྣམ་པ་ལྔ་ཁོ་ནས་རྣམ་པར་གཞག་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། ཁ་དོག་དང་། དབྱིབས་དང་། རྣམ་པར་རིག་བྱེད་དང་། མིག་གི་ཡུལ་དང་། མིག་གི་རྣམ་པར་ཤེས་པའི་དམིགས་པས་སོ། །ཆོས་བསྟན་དུ་མེད་པ་རྣམས་ཀྱི་རབ་ཏུ་དབྱེ་བ་ཡང་དེ་ལས་ བཟློག་པ་རྣམ་པ་ལྔ་ཁོ་ནས་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལ་ཆོས་ཐོགས་པ་དང་བཅས་པ་རྣམས་ཀྱི་རབ་ཏུ་དབྱེ་བ་ཡང་རྣམ་པ་ལྔ་ཁོ་ནས་རྣམ་པར་གཞག་སྟེ། ལྔ་གང་ཞེ་ན། ཡུལ་མནན་ཏེ་གནས་པ་དང་། དེ་ལས་གཞན་པའི་གཟུགས་འདུས་པ་འགྲོ་བའི་གོ་སྐབས་ ལ་སྒྲིབ་པ་དང་། ལག་པ་དང་བོང་བ་དང་དབྱུག་པ་ལ་སོགས་པའི་འདུས་ཏེ་རེག་པ་དག་གིས་གཟུགས་སུ་རུང་བ་དང་། དང་བའི་གཟུགས་ཐམས་ཅད་ཀྱི་གཟུང་བ་ཡིན་པ་དང་། དང་བའི་གཟུགས་ལ་བརྟེན་པའི་རྣམ་པར་ཤེས་པ་ཐམས་ཅད་ཀྱི་དམིགས་པ་ཡིན་པས་སོ། །ཆོས་ ཐོགས་པ་མེད་པ་རྣམས་ཀྱི་རབ་ཏུ་དབྱེ་བ་ཡང་དེ་ལས་བཟློག་པ་རྣམ་པ་ལྔ་ཁོ་ནས་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལ་ཆོས་བསྟན་དུ་མེད་ལ་ཐོགས་པ་མེད་པ་རྣམས་ཀྱི་རབ་ཏུ་དབྱེ་བ་ཡང་རྣམ་པ་ལྔ་ཁོ་ནས་རྣམ་པར་གཞག་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། རྒྱུ་དང་། ཡུལ་ 130-1-205a གནོན་པ་དང་། སྣང་བ་དང་། འགྱུར་བ་མེད་པ་དང་། དམིགས་པས་སོ། །དེ་ལ་མཐུ་དང་ལྡན་པའི་ཏིང་ངེ་འཛིན་དང་ལྡན་པའི་གཟུགས་ལ་མོས་པ་ནི་བསྟན་དུ་མེད་ལ་ཐོགས་པ་མེད་པའི་གཟུགས་སྐྱེ་བའི་རྒྱུ་ཞེས་བྱའོ། །དེ་སྐྱེས་ན་ཡུལ་ན་གནས་པར་སྣང་ བས་དེའི་ཕྱིར་གཟུགས་ཞེས་བྱ་སྟེ། དེ་སྐྱེ་མཆེད་གཟུགས་ཅན་བཅུའི་རང་གི་མཚན་ཉིད་དང་ལྡན་པ་ནི་མ་ཡིན་ནོ། །དེའི་ངོ་བོ་ཉིད་དུ་སྣང་བ་ཡང་། དེ་ལས་གཞན་པའི་གཟུགས་འདུས་པ་འགྲོ་བའི་ལས་ཀྱི་གོ་སྐབས་ལ་ཡང་སྒྲིབ་པར་མི་གནས་ལ། དང་བའི་གཟུགས་ཐམས་ཅད་ དང་། དེ་ལ་བརྟེན་པའི་རྣམ་པར་ཤེས་པ་རྣམས་ཀྱི་ཡུལ་ཡང་མ་ཡིན། དམིགས་པ་ཡང་མ་ཡིན་པས། དེའི་ཕྱིར་བསྟན་དུ་མེད་ལ་ཐོགས་པ་མེད་པ་ཞེས་བྱའོ། །ལག་པ་ལ་སོགས་པའི་འདུས་ཏེ་རེག་པ་དག་གིས་གནོད་པར་བྱར་མེད་པས། དེའི་ཕྱིར་གྱུར་པ་མེད་པ་ཞེས་བྱའོ། །དངོས་ གཞིའི་ཏིང་ངེ་འཛིན་ནི་མཐུ་དང་ལྡན་པའི་ཏིང་ངེ་འཛིན་ཞེས་བྱ་སྟེ། གཟུགས་དེ་ནི་དེའི་དམིགས་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །འདི་ལྟ་སྟེ། དཔེར་ན། སེམས་ཐམས་ཅད་ཀྱིས་སྤྲུལ་པ་སྤྲུལ་པར་མི་ནུས་ཀྱི་སེམས་ཅན་གང་མཐུ་དང་ལྡན་པ་དེས་སྤྲུལ་པར་ནུས་པ་དེ་བཞིན་དུ་མཉམ་པར་ བཞག་པའི་སེམས་མཐུ་དང་ལྡན་པ་དེ་ལ་བསྟན་ནས། བསྟན་དུ་མེད་ལ་ཐོགས་པ་མེད་པའི་གཟུགས་དེ། སྤྲུལ་པ་ལྟ་བུར་འབྱུང་ཞིང་དེ་ཉིད་དེའི་དམིགས་པ་ཡིན་གྱི། མཉམ་པར་མ་བཞག་པ་མཐུ་དང་མི་ལྡན་པ་ལས་ནི་མ་ཡིན་ནོ། །ཆོས་བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པ་རྣམས་ ཀྱི་རབ་ཏུ་དབྱེ་བ་ཡང་དེ་ལས་བཟློག་པ་རྣམ་པ་ལྔ་ཁོ་ནས་རྣམ་པར་གཞག་པར་རིག་པར་བྱའོ།། །།བམ་པོ་ཉི་ཤུ་རྩ་གསུམ་པ། དེ་ལ་ཆོས་ཟག་པ་དང་བཅས་པ་རྣམས་ཀྱི་རབ་ཏུ་དབྱེ་བ་ཡང་རྣམ་པ་ལྔ་ཁོ་ནས་རྣམ་པར་གཞག་སྟེ། ལྔ་གང་ཞེ་ན། གཞི་དང་བག་ལ་ཉལ་དང་ མཚུངས་པར་ལྡན་པ་དང་། དམིགས་པ་དང་། མངོན་པར་སྐྱེ་བས་སོ། །ཆོས་ཟག་པ་དང་བཅས་པ་རྣམས་ཀྱི་གཞི་གང་ཞེ་ན། དང་བའི་གཟུགས་དང་དེ་དང་འབྲེལ་པ་དང་། མ་འབྲེལ་པའི་ཕྱི་རོལ་གྱི་གཟུགས་དང་། སེམས་དང་སེམས་ལས་བྱུང་བའི་ཆོས་ཉོན་མོངས་པ་ཅན་དང་ཉོན་ 130-1-205b མོངས་པ་ཅན་མ་ཡིན་པ་རྣམས་དང་། སེམས་དང་སེམས་ལས་བྱུང་བའི་ཆོས་དགེ་བ་དང་མི་དགེ་བ་དང་། ལུང་དུ་མ་བསྟན་པ་རྣམས་སོ། །དེ་ལྟར་ཟག་པ་དང་བཅས་པའི་གཞི་དེ་ནི་རྣམ་པ་བཞི་པོ་བག་ལ་ཉལ་དང་མཚུངས་པར་ལྡན་པ་དང་། དམིགས་པ་མངོན་པར་སྐྱེ་བ་དག་ གིས་ཅི་རིགས་པར་ཟག་པ་དང་བཅས་པ་ཡིན་པར་རིག་པར་བྱའོ། །དེ་ལ་དང་བའི་གཟུགས་དང་། སེམས་དང་སེམས་ལས་བྱུང་བའི་ཆོས་ཇི་སྐད་བསྟན་པ་ཐམས་ཅད་ལ་ཉོན་མོངས་པའི་ས་བོན་ཡང་དག་པར་མ་བཅོམ་པ་དང་། མ་སྤངས་པ་གང་ཡིན་པ་དེ་ནི་བག་ལ་ཉལ་ཞེས་བྱ་བ་སྟེ། གནས་ངན་ལེན་ཀྱང་དེ་ཡིན་ནོ། །དེའི་ཕྱིར་ཇི་སྐད་དུ་དེ་མ་ལུས་པར་མ་སྤངས་པའི་བར་དུ་དེས་ན་དེ་དག་བག་ལ་ཉལ་ལས་ཟག་པ་དང་བཅས་པ་ཞེས་བྱའོ། །སེམས་དང་སེམས་ལས་བྱུང་བའི་ཆོས་ཉོན་མོངས་པ་ཅན་གང་དག་ཡིན་པ་དེ་དག་ནི་མཚུངས་པར་ལྡན་པ་ལས་ཀྱང་ཟག་ པ་དང་བཅས་པ་ཞེས་བྱའོ། །དངོས་པོ་ཡོད་པ་དང་། མངོན་སུམ་གྱི་སྤྱོད་ཡུལ་དང་། ཟག་པ་དང་བཅས་པའི་དབང་གིས་བྱུང་བ་གང་ཡིན་པ་དེ་ནི་ཟག་པའི་དམིགས་པ་ལས་ཟག་པ་དང་བཅས་པ་ཞེས་བྱའོ། །དེ་ལ་ད་ལྟར་གང་ཡིན་པ་དེ་ནི་ཡོད་པ་ཡིན་ལ་འདས་པ་དང་མ་འོངས་པ་ གང་ཡིན་པ་དེ་ནི་མེད་པ་ཡིན་ནོ། །དང་བ་ལ་བརྟེན་པའི་རྣམ་པར་ཤེས་པའི་སྤྱོད་ཡུལ་གང་ཡིན་པ་དེ་ནི་མངོན་སུམ་གྱི་སྤྱོད་ཡུལ་ཡིན་ལ་དེ་ལས་གཞན་པ་གང་ཡིན་པ་དེ་ནི་མངོན་སུམ་གྱི་སྤྱོད་ཡུལ་མ་ཡིན་པར་རིག་པར་བྱའོ། །ཟག་པ་དང་བཅས་པའི་དབང་གིས་བྱུང་བ་འདི་ལྟ་སྟེ། ནང་གི་ སྐྱེ་མཆེད་ཀྱི་དབང་གིས་ཕྱི་རོལ་གྱི་སྐྱེ་མཆེད་དག་འབྱུང་བ་གང་ཡིན་པ་དེ་ཡང་དེའི་དམིགས་པ་ཁོ་ན་ལས་ཟག་པ་དང་བཅས་པ་ཡིན་པར་རིག་པར་བྱའོ། །འདི་ལྟར་ཉོན་མོངས་པ་གང་འདས་པ་དང་མ་འོངས་པ་ལ་དམིགས་ནས་བྱུང་བའི་འདས་པ་དང་མ་འོངས་པ་དེ་ནི་མེད་པའི་ཕྱིར་དམིགས་ ལ་ལས་ཟག་པ་དང་བཅས་པ་ཞེས་མི་བྱའོ། །ད་ལྟར་གྱི་དངོས་པོ་ཡིན་ཡང་མངོན་སུམ་གྱི་སྤྱོད་ཡུལ་མ་ཡིན་པ་ཡང་ཡོད་དེ། འདི་ལྟ་སྟེ། དང་བའི་གཟུགས་དང་། སེམས་དང་སེམས་ལས་བྱུང་བའི་ཆོས་ཉོན་མོངས་པ་ཅན་དང་། དགེ་བ་དང་ལུང་དུ་མ་བསྟན་པ་ཐམས་ཅད་དོ། ། 130-1-206a དེ་དག་ཀྱང་ཉོན་མོངས་པའི་དམིགས་པ་ལས་ཟག་པ་དང་བཅས་པ་ཞེས་མི་བྱ་སྟེ། འདི་ལྟར་རང་གིས་ཡོངས་སུ་བརྟགས་པའི་མཚན་མས་དེ་ལ་ཉོན་མོངས་པ་འབྱུང་བ་དེའི་ཕྱིར་ཏེ། ཆོས་དེ་གསལ་བར་དེའི་སྤྱོད་ཡུལ་དུ་གྱུར་པ་ནི་མ་ཡིན་ནོ། །དེ་ལ་མངོན་པར་སྐྱེ་ བ་ལས་ཟག་པ་དང་བཅས་པ་ནི་འདི་ལྟ་སྟེ། བག་ལ་ཉལ་ཡང་མ་སྤངས་ཤིང་། ཉོན་མོངས་པའི་གནས་དང་མཐུན་པའི་ཡུལ་ཡང་སྣང་བར་འགྱུར་ལ། དེ་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡང་ཉེ་བར་གནས་པར་གྱུར་ན། རྒྱུ་དེ་དང་རྐྱེན་དེས་ཆོས་གང་ལ་ལ་སྐྱེ་བའམ། སྐྱེས་ པའམ། སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་ནི་མངོན་པར་སྐྱེ་བ་ལས་ཟག་པ་དང་བཅས་པ་ཡིན་པར་རིག་པར་བྱའོ། །གཞན་ཡང་མི་དགེ་བའི་ཉོན་མོངས་པ་དག་ལས་རྣམ་པར་སྨིན་པ་དང་། རྣམ་པར་སྨིན་པའི་དབང་གིས་འབྲས་བུའི་ཕྱི་རོལ་གྱི་དངོས་པོ་གང་དག་མངོན་པར་འགྲུབ་ པར་འགྱུར་བ་དེ་དག་ཐམས་ཅད་ཀྱང་མངོན་པར་སྐྱེ་བ་ལས་ཟག་པ་དང་བཅས་པ་ཡིན་པར་བལྟ་བར་བྱའོ། །གཞན་ཡང་ལུང་དུ་མ་བསྟན་པའི་ཉོན་མོངས་པ་གཟུགས་དང་གཟུགས་མེད་པ་དང་ལྡན་པ་དག་གིས་དེར་ཉིང་མཚམས་སྦྱོར་བ་གང་ཡིན་པ་དེ་ཡང་ཉིང་མཚམས་སྦྱོར་ཞིང་མངོན་ པར་སྐྱེ་བ་ལས་ཟག་པ་དང་བཅས་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་ན་ཆོས་ཟག་པ་དང་བཅས་པ་རྣམས་ཀྱི་རབ་ཏུ་དབྱེ་བ་ནི་རྣམ་པ་ལྔ་པོ་གཞི་དང་བག་ལ་ཉལ་དང་། མཚུངས་པར་ལྡན་པ་དང་། དམིགས་པ་དང་སྐྱེས་པ་ཁོ་ནས་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལ་ཆོས་ཟག་པ་ མེད་པ་རྣམས་ཀྱི་རབ་ཏུ་དབྱེ་བ་ཡང་རྣམ་པ་ལྔ་ཁོ་ནར་རྣམ་པར་གཞག་སྟེ། ལྔ་གང་ཞེ་ན། ཀུན་ནས་དཀྲིས་པ་དང་བྲལ་བའི་ཕྱིར་ཟག་པ་མེད་པ་ཞེས་བྱ་བའི་ཆོས་དག་ཀྱང་ཡོད་དེ། འདི་ལྟ་སྟེ། དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཀྱི་གནས་དང་ དམིགས་པའི་གཟུགས་དང་། དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །བག་ལ་ཉལ་སྤངས་པའི་ཕྱིར་ཟག་པ་མེད་པ་ཞེས་བྱ་བའི་ཆོས་དག་ཀྱང་ཡོད་དེ། འདི་ལྟ་སྟེ། མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ 130-1-206b ཐམས་ཅད་སྤངས་པའི་དགེ་བ་གང་ཡིན་པ་དང་། རྒྱུར་བྱས་པའི་གཟུགས་ལུང་དུ་མ་བསྟན་པ་དེ་དག་ལ་ལ་གང་ཡིན་པ་དང་། འཇིག་རྟེན་པའི་ལུང་དུ་མ་བསྟན་པ་གང་དག་ཡིན་པ་དང་། སེམས་དང་སེམས་ལས་བྱུང་བའི་ཆོས་དགེ་བ་གང་དག་ཡིན་པ་རྣམས་སོ། །གང་དག་ འགག་པའི་ཕྱིར་ཟག་པ་མེད་པ་ཞེས་བྱ་བའི་ཆོས་དག་ཀྱང་ཡོད་དེ། འདི་ལྟ་སྟེ། སེམས་དང་སེམས་ལས་བྱུང་བའི་ཆོས་ཉོན་མོངས་པ་ཅན་དེ་དག་མི་འབྱུང་བས་ཟག་པ་མེད་པ་ཡིན་པ་དང་། དེ་དག་མི་འབྱུང་བས་རབ་ཏུ་ཕྱེ་བའི་མྱ་ངན་ལས་འདས་པ་སྟེ། མྱ་ངན་ལས་ འདས་པ་ཡང་ཟག་པ་མེད་པ་ཡིན་པར་བརྗོད་པར་བྱའོ། །གང་དག་མཐོང་བས་སྤང་བར་བྱ་བ་སྤོང་བའི་གཉེན་པོ་དང་། ངོ་བོ་ཉིད་ཀྱིས་རྣམ་པར་གྲོལ་བའི་ཕྱིར་ཟག་པ་མེད་པ་ཞེས་བྱ་བའི་ཆོས་དག་ཀྱང་ཡོད་དེ། འདི་ལྟ་སྟེ། མཐོང་བའི་ལམ་ཐམས་ཅད་དོ། །བསྒོམ་པས་སྤང་ བར་བྱ་བ་སྤོང་བའི་གཉེན་པོ་དང་། ངོ་བོ་ཉིད་དང་རྒྱུད་རྣམ་པར་གྲོལ་བའི་ཕྱིར་ཟག་པ་མེད་པ་ཞེས་བྱ་བའི་ཆོས་དག་ཀྱང་ཡོད་དེ། འདི་ལྟ་སྟེ། འཇིག་རྟེན་ལས་འདས་པའི་བསྒོམ་པའི་ལམ་དང་མི་སློབ་པའི་ལམ་སྟེ། ཆོས་ཟག་པ་མེད་པ་རྣམས་ཀྱི་རབ་ཏུ་དབྱེ་བ་ནི་རྣམ་པ་ལྔ་པོ་དེ་དག་ གིས་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལ་ཆོས་ཉོན་མོངས་པ་དང་བཅས་པ་རྣམས་ཀྱི་རབ་ཏུ་དབྱེ་བ་ཡང་རྣམ་པ་ལྔས་རྣམ་པར་གཞག་པའང་རྣམ་པ་ལྔས་བལྟ་བར་བྱ་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། གནས་དང་། གཞི་དང་། ངོ་བོ་ཉིད་དང་། གྲོགས་དང་། ཀུན་ནས་ སློང་བས་སོ། །དེ་ལ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་ནི་ཆོས་ཉོན་མོངས་པ་དང་བཅས་པ་རྣམས་ཀྱི་གནས་ཞེས་བྱའོ། །དེ་ལ་རོ་མྱང་བ་ལ་ལྷག་པར་ཆགས་པ་དང་། རོ་མྱང་བ་ལ་ཡོངས་སུ་ཞེན་པ་གང་ཡིན་པ་དེ་ནི་ཉོན་མོངས་པའི་གཞི་ཞེས་བྱའོ། །དེ་ལ་མི་རྟག་པ་ཉིད་དང་། སྡུག་ བསྔལ་བ་ཉིད་དང་། འགྱུར་བའི་ཆོས་ཉིད་གང་ཡིན་པ་དེ་ནི་ཉོན་མོངས་པའི་ངོ་བོ་ཉིད་ཅེས་བྱའོ། །ཉོན་མོངས་པ་དེ་ལ་མི་ཤེས་ཤིང་རྨོངས་པ་གང་ཡིན་པ་དེ་ནི་དེའི་གྲོགས་ཞེས་བྱའོ། །དེ་ལ་བརྟེན་ནས་ནག་པོའི་ཕྱོགས་རྣམ་པ་ལྔ་འབྱུང་བ་ནི་དེ་ཀུན་ནས་སློང་བ་ཞེས་བྱ་སྟེ། དེ་ལ་ 130-1-207a འདོད་པ་དང་ལྟ་བ་ལ་ལྷག་པར་ཞེན་པ་ལས་འཐབ་མོ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པའམ། གཞན་གང་ཡང་རུང་བ་དག་འབྱུང་བ་ནི་ནག་པོའི་ཕྱོགས་དང་པོ་ཡིན་ནོ། །ཉོན་མོངས་པའི་ཀུན་ནས་དཀྲིས་པ་གང་ཡང་རུང་བས་མི་འཛེམ་ ཞིང་དེ་ལ་ཤས་ཆེར་གནས་པ་གང་ཡིན་པ་དེ་ནི་ནག་པོའི་ཕྱོགས་གཉིས་པ་ཡིན་ནོ། །འདི་ལྟ་སྟེ། དཀའ་ཐུབ་དྲག་པོ་པ་རྣམས་སམ། དེ་ལས་གཞན་པའི་དགེ་སྦྱོང་དང་། བྲམ་ཟེ་ཟས་མི་ཟ་བ་དང་། མེར་འཇུག་པ་དང་། གཡང་སར་མཆོང་བ་ལ་སོགས་པ་མོས་པ་རྣམས་ཀྱི་ སླུ་བའི་ལམ་གང་ཡིན་པ་དེ་ནི་ནག་པོའི་ཕྱོགས་གསུམ་པ་ཡིན་ནོ། །ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་གང་ཡིན་པ་དེ་ནི་ནག་པོའི་ཕྱོགས་བཞི་པ་ཡིན་ནོ། །ཡང་སྲིད་པ་འདོད་པ་གང་ཡིན་པ་དེ་ནི་ནག་པོའི་ཕྱོགས་ལྔ་པ་ཡིན་ནོ། །དེ་ལ་དང་པོས་ནི་ཁོན་དང་བཅས་པ་དང་། ཉེས་རྩོམ་གྱི་སེམས་ཀྱིས་བདེ་བ་ལ་རེག་པར་མི་གནས་པར་བལྟ་བར་བྱའོ། །གཉིས་པས་ནི་ཉོན་མོངས་པའི་ཡོངས་སུ་གདུང་བས་བདག་ཉིད་བདེ་བ་ལ་རེག་པར་མི་གནས་པར་བལྟ་བར་བྱའོ། །གསུམ་པས་ནི་དོན་མེད་པའི་སྡུག་བསྔལ་དང་། ཡོངས་སུ་ངལ་བ་ཁས་བླང་པས་ བདེ་བ་ལ་རེག་པར་མི་གནས་པར་བལྟ་བར་བྱའོ། །བཞི་པས་ནི་ངན་སོང་གི་འགྲོ་བར་སྐྱེ་བས་བདེ་བ་ལ་རེག་པར་མི་གནས་པར་བལྟ་བར་བྱའོ། །ལྔ་པས་ནི་སྐྱེ་བ་དང་། རྒ་བ་དང་འཆི་བ་ལ་སོགས་པའི་སྡུག་བསྔལ་དང་མི་འབྲལ་བས་བདེ་བ་ལ་རེག་པར་མི་གནས་པར་བལྟ་བར་བྱའོ། ། དེ་ལ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་གནས་སུ་གྱུར་པ་དེ་དག་ནི་གཞི་དང་བཅས་པ་དང་། གྲོགས་དང་བཅས་པ་དང་། ཀུན་ནས་སློང་བ་དང་བཅས་པའི་ཉོན་མོངས་པ་དེ་དང་ལྡན་པས་ན་ཆོས་ཉོན་མོངས་པ་དང་བཅས་པ་རྣམས་ཞེས་བྱའོ། །ཆོས་ཉོན་མོངས་པ་ཅན་མ་ཡིན་པ་རྣམས་ཀྱི་རབ་ཏུ་ དབྱེ་བ་ཡང་དེ་ལས་བཟློག་པ་རྣམ་པ་ལྔ་ཁོ་ནས་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་ཉེ་བར་ལེན་པ་མ་ཡིན་པའི་ཕུང་པོ་ལྔ་པོ་དག་ནི་གནས་ཡིན་ཏེ། དེ་ལ་གཞི་དང་བཅས་པ་དང་། གྲོགས་དང་བཅས་པ་དང་། ཀུན་ནས་སློང་བ་དང་བཅས་པའི་ཉོན་མོངས་པ་དེ་མི་དམིགས་པས། དེའི་ཕྱིར་ 130-1-207b དེ་དག་ནི་ཆོས་ཉོན་མོངས་པ་ཅན་མ་ཡིན་པ་རྣམས་ཞེས་བྱའོ། །དེ་ལ་ཆོས་ཟང་ཟིང་དང་བཅས་པ་རྣམས་ཀྱི་རབ་ཏུ་དབྱེ་བ་ཡང་རྣམ་པ་ལྔ་ཁོ་ནས་རྣམ་པར་གཞག་སྟེ། ལྔ་གང་ཞེ་ན། གནས་དང་གཞི་ལ་སོགས་པ་རྣམ་པ་ལྔས་ཏེ་སྔ་མ་བཞིན་ནོ། །དེ་ལ་གནས་ནི་ཉེ་བར་ལེན་པའི་ཕུང་པོ་ ལྔ་པོ་ཉིད་དོ། །གཞི་ནི་དེ་ཉིད་ལ་བདེ་བ་དང་། ཡིད་བདེ་བའི་གནས་དང་མཐུན་པ་རོ་མྱང་བའི་གཞིའི་ཆོས་ཡོད་པ་རྣམས་སོ། །ངོ་བོ་ཉིད་ནི་དེ་ལ་བརྟེན་ནས་རོ་མྱང་བས་བསྡུས་པའི་བདེ་བ་སྐྱེ་བ་དང་ཡིད་བདེ་བ་སྐྱེ་བའོ། །གྲོགས་ནི་རོ་མྱང་བ་དེ་ལ་ཀུན་དུ་འདོད་ཆགས་ཤིང་ལྷག་པར་ཞེན་པ་གང་ ཡིན་པའོ། །ཀུན་ནས་སློང་བ་ནི་ནག་པོའི་ཕྱོགས་རྣམ་པ་ལྔ་སྟེ། སྔ་མ་ཁོ་ན་བཞིན་དུ་རིག་པར་བྱའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་གནས་སུ་གྱུར་པ་དེ་དག་ནི་གཞི་དང་གནས་པ་ནས་ཀུན་ནས་སློང་བ་དང་བཅས་པའི་བར་གྱི་ཟང་ཟིང་དེ་དང་ལྡན་པའི་ཕྱིར་ཟང་ཟིང་དང་བཅས་པ་རྣམས་ཞེས་བྱའོ། །ཆོས་ ཟང་ཟིང་མེད་པ་རྣམས་ཀྱི་རབ་ཏུ་དབྱེ་བ་ཡང་དེ་ལས་བཟློག་པ་རྣམ་པ་ལྔ་ཁོ་ནས་རྣམ་པར་གཞག་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། ཉོན་མོངས་པ་མེད་པ་སྔར་བསྟན་པ་བཞིན་དུ་ཅི་རིགས་པར་སྦྱར་རོ། །ཆོས་ཞེན་པ་ལ་བརྟེན་པ་རྣམས་ཀྱི་རབ་ཏུ་དབྱེ་བ་ཡང་རྣམ་པ་ལྔ་ཁོ་ནས་རྣམ་ པར་གཞག་པར་བལྟ་བར་བྱ་སྟེ། ལྔ་གང་ཞེ་ན། གནས་དང་གཞི་ལ་སོགས་པ་སྔ་མ་བཞིན་ནོ། །དེ་ལ་གནས་ནི་འདོད་པ་དང་ལྡན་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་གོ། །གཞི་ནི་འདོད་པའི་འདོད་ཆགས་ཀྱི་གནས་དང་མཐུན་པ་འདོད་པའི་ཡོན་ཏན་ལྔ་པོ་དག་གོ། །ཞེན་ པའི་ངོ་བོ་ཉིད་ནི་རྐྱེན་དེ་དང་དམིགས་པ་དེ་ལས་བྱུང་བའི་འདོད་པའི་འདོད་ཆགས་སོ། །གྲོགས་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་ལྡན་པའི་ལོག་པར་སྨོན་པ་འདོད་པ་ལ་ཀུན་དུ་རྟོག་པ་སྟེ། དེ་དང་འགྲོགས་ན་དེ་ཀུན་དུ་རྟོག་པའི་འདོད་ཆགས་ཞེས་བྱའོ། །ཀུན་ནས་སློང་བ་ནི་ནག་ པོའི་ཕྱོགས་རྣམ་པ་ལྔ་སྟེ། སྔ་མ་བཞིན་ནོ། །འདོད་ཆགས་པ་དང་ལྡན་པའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དེ་དག་ནི་གཞི་དང་བཅས་པ་དང་། གྲོགས་དང་བཅས་པ་དང་། ཀུན་ནས་སློང་བ་དང་བཅས་པའི་ཞེན་པ་དེས་ཡོངས་སུ་ཟིན་པའི་ཕྱིར་ཆོས་ཞེན་པ་ལ་བརྟེན་པ་རྣམས་ཞེས་ 130-1-208a བྱའོ། །ཆོས་ངེས་པར་འབྱུང་བ་ལ་བརྟེན་པ་རྣམས་ཀྱི་རབ་ཏུ་དབྱེ་བ་ཡང་དེ་ལས་བཟློག་པ་རྣམ་པ་ལྔ་ཁོ་ནས་རྣམ་པར་གཞག་པར་རིག་པར་བྱ་སྟེ། སྔ་མ་བཞིན་ནོ། །དེ་ལ་ཆོས་འཇིག་རྟེན་པ་རྣམས་ཀྱི་རབ་ཏུ་དབྱེ་བ་ཡང་རྣམ་པ་ལྔ་ཁོ་ནས་རྣམ་པར་གཞག་སྟེ། ལྔ་གང་ཞེ་ན། འཇིག་རྟེན་པའི་དང་བའི་གཟུགས་དང་། དང་བས་གཟུང་བའི་གཟུགས་ཐམས་ཅད་དང་འཇིག་རྟེན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་ཉོན་མོངས་པ་ཅན་ཐམས་ཅད་དང་། འཇིག་རྟེན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་ལུང་དུ་མ་བསྟན་པ་ ཐམས་ཅད་དང་། འཇིག་རྟེན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་དགེ་བ་དང་སྤང་བར་བྱ་བ་དང་སྤངས་པ་ཐམས་ཅད་དང་། འཇིག་རྟེན་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་འཇིག་རྟེན་པའི་གཟུགས་བསྟན་དུ་མེད་ལ་ཐོགས་པ་མེད་པ་ཐམས་ཅད་དོ། །ཆོས་འཇིག་རྟེན་ལས་ འདས་པ་རྣམས་ཀྱི་རབ་ཏུ་དབྱེ་བ་ཡང་རྣམ་པ་ལྔ་ཁོ་ནས་རྣམ་པར་གཞག་སྟེ། ལྔ་གང་ཞེ་ན། མཐོང་བས་སྤང་བར་བྱ་བའི་གཉེན་པོ་རྣམས་དང་། བསྒོམ་པས་སྤང་བར་བྱ་བའི་གཉེན་པོ་རྣམས་དང་། འདུ་ཤེས་རྣམ་པར་གྲོལ་བས་རྣམ་པར་གྲོལ་བ་འདི་ལྟ་སྟེ། ཉན་ཐོས་དང་ རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྲོས་པ་མེད་པའི་ཚུལ་ལ་ཞུགས་པའི་ཤེས་རབ་དང་། དེ་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དང་། དེའི་དམིགས་པ་བསྟན་དུ་མེད་ལ་ཐོགས་པ་མེད་པའི་གཟུགས་དང་། མི་མཐུན་ པའི་ཕྱོགས་ཀྱི་ཕྱོགས་གཅིག་རྣམ་པར་གྲོལ་བས་རྣམ་པར་གྲོལ་བ་འདི་ལྟ་སྟེ། སློབ་པ་རྣམས་དང་། མི་མཐུན་པའི་ཕྱོགས་ཐམས་ཅད་རྣམ་པར་གྲོལ་བས་རྣམ་པར་གྲོལ་བ་འདི་ལྟ་སྟེ། མི་སློབ་པ་རྣམས་སོ། །དེ་ལ་འཇིག་རྟེན་པ་དེ་དག་ཀྱང་འཇིག་རྟེན་རྣམ་པ་ལྔ་ལས་བརྩམས་ནས་དེར་གཏོགས་ པ་ཞེས་བྱ་སྟེ། འཇིག་རྟེན་རྣམ་པ་ལྔ་ནི་སེམས་ཅན་གྱི་འཇིག་རྟེན་དང་། སྣོད་ཀྱི་འཇིག་རྟེན་དང་། འདོད་པའི་འཇིག་རྟེན་དང་། གཟུགས་ཀྱི་འཇིག་རྟེན་དང་། གཟུགས་མེད་པའི་འཇིག་རྟེན་ཡིན་པར་བལྟ་བར་བྱའོ། །འཇིག་རྟེན་ལས་འདས་པའི་ཆོས་གང་དག་ཡིན་པ་དེ་དག་ 130-1-208b ནི་འཇིག་རྟེན་རྣམ་པ་ལྔ་པོ་དེར་མ་གཏོགས་པ་ཞེས་བྱའོ། །དེ་ལ་ཆོས་འདུས་བྱས་རྣམས་ཀྱི་རབ་ཏུ་དབྱེ་བ་ཡང་རྣམ་པ་ལྔ་ཁོ་ནས་རྣམ་པར་གཞག་སྟེ། ཕྱི་མའི་མཐའ་ནས་མི་འབྱུང་བ་དང་། སྔོན་གྱི་མཐའ་རྣམ་པར་ཞི་བ་དང་། དབུས་ཀྱི་མཐར་རང་གི་མཚན་ཉིད་ལ་གནས་པ་དང་། རྒྱུ་དང་རྐྱེན་གྱི་རྒྱུན་དང་། འབྲས་བུའི་རྒྱུན་གྱིས་སོ། །ཆོས་འདུས་མ་བྱས་རྣམས་ཀྱི་རབ་ཏུ་དབྱེ་བ་ཡང་རྣམ་པ་ལྔ་ཁོ་ནས་རྣམ་པར་གཞག་སྟེ། ལྔ་གང་ཞེ་ན། དེ་ལས་བཟློག་པ་རྣམ་པ་ལྔ་ཁོ་ན་གང་ཡིན་པར་རིག་པར་བྱའོ། །མྱ་ངན་ལས་འདས་པ་འདུས་བྱས་འགགས་ པ་ལས་གུད་ན་ཡོད་དམ་ཞེས་འདྲི་བ་ཡང་ཚུལ་བཞིན་མ་ཡིན་པ་ཡིན་ལ། ལན་འདེབས་པ་ཡང་ཚུལ་བཞིན་མ་ཡིན་པ་ཡིན། སེམས་པ་ཡང་ཚུལ་བཞིན་མ་ཡིན་པ་ཡིན་པར་རིག་པར་བྱའོ། །གུད་ན་མེད་པ་དང་། གུད་ན་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པ་དང་། གུད་ན་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ནམ་ཞེས་འདྲི་བ་ཡང་ཚུལ་བཞིན་མ་ཡིན་པ་ཡིན་ལ། ལན་འདེབས་པ་ཡང་ཚུལ་བཞིན་མ་ཡིན་པ་ཡིན། སེམས་པ་ཡང་ཚུལ་བཞིན་མ་ཡིན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འགོག་པ་ནི་འདུས་བྱས་རྣམ་པར་ ཞི་བ་ཙམ་དང་། འདུས་བྱས་དང་མཚན་ཉིད་མི་འདྲ་བས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་ཏེ། དེ་ལ་འདུས་བྱས་རྣམ་པར་ཞི་བ་ཙམ་ཡིན་པའི་ཕྱིར་ནི་གུད་ན་ཡོད་དམ་ཞེས་འདྲི་བའམ། ལན་འདེབས་པའམ། སེམས་པ་ནི་མ་སྤྲོས་པ་སྤྲོས་པར་བྱས་པ་ཡིན་ནོ། །འདུས་བྱས་དང་མཚན་ ཉིད་མི་འདྲ་བའི་ཕྱིར་ནི་གུད་ན་མེད་དམ་ཞེས་འདྲི་བ་དང་། ལན་འདེབས་པ་དང་། སེམས་པ་ཡང་མ་སྤྲོས་པ་ཁོ་ན་སྤྲོས་པར་བྱས་པ་ཡིན་ནོ། །ཇི་སྐད་བསྟན་པའི་རྒྱུ་གཉིས་པོ་འདུས་པ་དེ་གཉིས་ཀྱིས་ནི་གུད་ན་ཡོད་པ་དང་གུད་ན་མེད་པ་ཡིན་ནམ་ཞེས་འདྲི་བ་དང་ལན་འདེབས་པ་དང་། སེམས་པ་ཉིད་ཀྱང་མི་རུང་ངོ་། །མྱ་ངན་ལས་འདས་པ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་ཡིན་ནོ་ཞེས་གང་འདི་སྙམ་དུ་མྱ་ངན་ལས་འདས་པ་ནི་འདུས་བྱས་འགགས་པ་ལས་གུད་ན་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ནོ་སྙམ་དུ་སེམས་ཤིང་འདྲི་བ་དང་། ལན་འདེབས་པ་ 130-1-209a དང་། སེམས་པ་དེ་ཡང་མི་རུང་སྟེ། མྱ་ངན་ལས་འདས་པའི་དོན་དུ་དཀར་པོའི་ཆོས་ཐམས་ཅད་ལེགས་པར་རྩོམ་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་ནི་ཞི་བ་དང་སྤྲོས་པ་མེད་པ་དང་། སོ་སོ་རང་གི་རིག་པའི་མཚན་ཉིད་དུ་ཡོད་པ་ཡིན་པར་རིག་པར་བྱའོ། །དེ་ ལ་དམིགས་པའི་ཆོས་རྣམས་ཀྱི་རབ་ཏུ་དབྱེ་བ་ཡང་རྣམ་པ་ལྔས་རྣམ་པར་གཞག་སྟེ། ལྔ་གང་ཞེ་ན། དགེ་བ་ཡིད་ལ་བྱེད་པའི་དམིགས་པའི་ཆོས་དག་ཀྱང་ཡོད། མི་དགེ་བ་ཡིད་ལ་བྱེད་པའི་དམིགས་པའི་ཆོས་དག་ཀྱང་ཡོད། ལུང་དུ་མ་བསྟན་པ་ཡིད་ལ་བྱེད་པའི་དམིགས་ པའི་ཆོས་དག་ཀྱང་ཡོད། ཁམས་སུ་གཏོགས་པའི་ཡིད་ལ་བྱེད་པའི་དམིགས་པའི་ཆོས་དག་ཀྱང་ཡོད། རྣལ་འབྱོར་དང་ལྡན་པའི་ཡིད་ལ་བྱེད་པའི་དམིགས་པའི་ཆོས་དག་ཀྱང་ཡོད་དོ། །དེ་ལ་དགེ་བ་ཡིད་ལ་བྱེད་པའི་དམིགས་པ་ནི་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་ བསྟན་པའི་ཆོས་རྣམས་ཡིན་ནོ། །དགེ་བ་ཡིད་ལ་བྱེད་པའི་དམིགས་པ་ཇི་ལྟ་བ་བཞིན་དུ་མི་དགེ་བ་ཡིད་ལ་བྱེད་པ་དང་། ལུང་དུ་མ་བསྟན་པ་ཡིད་ལ་བྱེད་པའི་དམིགས་པ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །དེ་ལ་འདོད་པ་དང་ལྡན་པའི་དགེ་བ་དང་ཉོན་མོངས་པ་ཅན་དང་། ལུང་དུ་བསྟན་ པ་ཡིད་ལ་བྱེད་པའི་དམིགས་པ་ནི་ཁམས་གསུམ་པའི་ཆོས་ཐམས་ཅད་དོ། །གཟུགས་དང་ལྡན་པ་དགེ་བ་ཡིད་ལ་བྱེད་པའི་དམིགས་པ་ཡང་ཁམས་གསུམ་ན་སྤྱོད་པའི་ཆོས་ཐམས་ཅད་ཡིན་ནོ། །འདི་ལས་ཕྱི་རོལ་པའི་སོ་སོའི་སྐྱེ་བོ་གཟུགས་མེད་པ་ལ་སྙོམས་པར་ཞུགས་ པའམ། སྐྱེས་པ་རྣམས་ཀྱི་གཟུགས་མེད་པ་དང་ལྡན་པའི་དགེ་བ་ཡིད་ལ་བྱེད་པའི་དམིགས་པ་གང་ཡིན་པ་དེ་ནི་རང་གི་ས་པ་ཁོ་ནའི་ཆོས་རྣམས་ཡིན་གྱི་ས་འོག་མ་པ་དག་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དབང་མ་ཐོབ་པ་ལྷག་མཐོང་གིས་སྤྱོད་པ་གང་དག་ཡིན་པ་དང་། ཉན་ ཐོས་ཀྱི་ཐེག་པ་བྱེ་བྲག་ཕྱེད་པ་རྒྱ་ཆེན་པོ་དང་ལྡན་པ་གང་དག་ཡིན་པ་དང་། སློབ་པ་གང་དག་ཡིན་པ་དང་། དགྲ་བཅོམ་པ་གང་དག་ཡིན་པ་དེ་དག་གི་གཟུགས་མེད་པ་དང་ལྡན་པའི་དགེ་བ་ཡིད་ལ་བྱེད་པའི་དམིགས་པ་ནི་ས་འོག་མ་ཐམས་ཅད་ཀྱང་ཡིན་ནོ། །བྱང་ཆུབ་སེམས་དཔའི་དབང་ཐོབ་ 130-1-209b པ་གང་དག་ཡིན་པ་དེ་དག་ནི་གཟུགས་མེད་པ་རྣམས་སུ་མི་སྐྱེ་སྟེ། དེ་དག་གིས་དེ་ན་སེམས་ཅན་ལ་ཕན་གདགས་པའི་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་རྒྱ་ཆེན་པོ་མ་མཐོང་བའི་ཕྱིར་ཏེ། དེ་ལྟར་ན་དེ་དག་ནི་ ཁམས་སུ་གཏོགས་པའི་ཡིད་ལ་བྱེད་པའི་དམིགས་པའི་ཆོས་རྣམས་ཡིན་པར་རིག་པར་བྱའོ། །དམིགས་པ་བསམས་པ་ལས་བརྩམས་ནས། མིང་གིས་ཐམས་ཅད་ཟིལ་གྱིས་གནོན། །མིང་ལས་ལྷག་པ་ཡོད་མ་ཡིན། །མིང་ཆོས་གཅིག་གི་དབང་རྗེས་སུ། །ཐམས་ཅད་ འགྲོ་བ་ཁོ་ནར་འགྱུར། །ཞེས་གང་གསུངས་པའི་ཚིག་དེའི་དོན་གང་ཡིན་ཞེ་ན། སྨྲས་པ། མདོར་བསྡུ་ན་རྣམ་པར་བྱང་བའི་རྒྱུ་བརྟག་པ་དང་། རང་གི་མཚན་ཉིད་བརྟག་པ་དང་། ཀུན་ནས་ཉོན་མོངས་པའི་རྒྱུ་བརྟགས་པས་གང་ཟག་ལ་བདག་མེད་པ་དང་། ཆོས་ལ་བདག་ མེད་པ་དེ་ཡོངས་སུ་བསྟན་པ་ཡིན་ནོ། །དེ་ལ་གང་ཟག་ལ་བདག་མེད་པ་ལས་ནི་མིང་གི་ཕུང་པོ་བཞི་པོ་དག་ཡོངས་སུ་ཤེས་པས་རང་གི་ཡུལ་གྱི་མཚན་མ་ཐམས་ཅད་སྤངས་པས་ཟིལ་གྱིས་གནོན་ལ། ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་ཆོས་ལ་བདག་མེད་པར་ཡོངས་སུ་ཤེས་པ་ ལས་ནི་ཐ་སྙད་ལས་འབྱུང་བའི་མིང་ཡོངས་སུ་ཤེས་པས་དེའི་རྟེན་གྱི་མཚན་མ་ཐམས་ཅད་ཟིལ་གྱིས་གནོན་ཏོ། །གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་པོ་དག་ལས་ལོགས་ཤིག་ན་བདག་གི་མཚན་ཉིད་ཀྱི་དངོས་པོ་མི་དམིགས་ལ། ཐ་སྙད་ལས་བྱུང་བའི་མིང་ལས་ལོགས་ ཤིག་ན་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་ཀྱི་དངོས་པོ་ཡང་མི་དམིགས་སོ། །དེ་གཉི་ག་ཡོངས་སུ་མ་ཤེས་ན་ཡུལ་གྱི་མཚན་མ་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀུན་ཏུ་སློང་བ་དང་། རྗེས་སུ་འཇུག་པར་འགྱུར་ཏེ། ཡུལ་གྱི་མཚན་མའི་ཀུན་ནས་ཉོན་མོངས་པ་ ཐམས་ཅད་ནི་དེའི་དབང་གིས་འབྱུང་བ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་དེ་ལས་དགོངས་ནས་ཆོས་ཀྱི་ངོ་བོ་ཉིད་དུ་འཛིན་པ་ལས་ནི་བདག་ཏུ་འཛིན་པ་འབྱུང་བར་འགྱུར་ལ། དེ་རྟོགས་པས་ནི་དེ་ཡང་རྟོགས་པར་འགྱུར་རོ། །དེ་རྟོགས་ན་དེ་ལྡོག་པར་འགྱུར་རོ་ཞེས་ 130-1-210a གསུངས་སོ། །རྣལ་འབྱོར་དང་ལྡན་པའི་ཡིད་ལ་བྱེད་པའི་དམིགས་པ་ནི་མདོར་བསྡུ་ན་རྣམ་པ་བཞི་སྟེ། ཁྱབ་པའི་དམིགས་པ་དང་། སྤྱོད་པ་རྣམ་པར་སྦྱོང་བའི་དམིགས་པ་དང་། མཁས་པའི་དམིགས་པ་དང་། ཉོན་མོངས་པ་རྣམ་པར་སྦྱོང་བའི་ དམིགས་པའོ། །དམིགས་པ་དེ་དག་གི་རྣམ་པར་དབྱེ་བ་ནི་ཉན་ཐོས་ཀྱི་སར་བཤད་པ་བཞིན་ནོ། །དེ་ལ་ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་ནི་བཅོམ་ལྡན་འདས་ཀྱིས་འཕགས་པའི་བདེན་པ་བཞི་དང་། དེ་བཞིན་ཉིད་ཡིན་པར་གསུངས་སོ། །དེ་ལ་སྡུག་བསྔལ་ གསུམ་ཞེས་གང་གསུངས་པ་དེ་ལ་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་གང་ཞེ་ན། ཡང་འབྱུང་བའི་ལས་དང་། ཉོན་མོངས་པས་བསྐྱེད་པའི་འདུ་བྱེད་རྣམས་ཀྱི་ལུས་དེ་དང་དེ་དག་ལ་ཉོན་མོངས་པ་དང་། སྡུག་བསྔལ་ཐམས་ཅད་འབྱུང་བ་དང་མཐུན་པ་ཀུན་དུ་འགྲོ་བའི་གནས་ངན་ལེན་ དུ་གཏོགས་པ་གནས་པ་གང་ཡིན་པ་དེ་ནི་གནས་ངན་ལེན་ཞེས་བྱ་སྟེ། དེ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཡིན་ནོ། །འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དེའི་དབང་དུ་མཛད་ནས་བཅོམ་ལྡན་འདས་ཀྱིས་མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་སྡུག་བསྔལ་བ་ཞེས་གསུངས་ཏེ། དེ་ཡང་བདེ་ བའི་ཚོར་བ་དང་། སྡུག་བསྔལ་གྱི་ཚོར་བ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་ཡིན་ནོ། །གནས་ངན་ལེན་དེ་ཡང་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ལ་ནི་གསལ་བ་དང་མངོན་པ་ཡིན་པས་དེའི་ ཕྱིར་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བ་ཞེས་བྱའོ། །བདེ་བ་དང་སྡུག་བསྔལ་བ་ལ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དག་གིས་རྣམ་པར་དཀྲུགས་པའི་སེམས་ཀྱི་གནས་ངན་ལེན་གྱི་སྡུག་བསྔལ་དེ་ནི་ ཡོངས་སུ་བཅད་པར་སླ་བ་མ་ཡིན་ཏེ། འདི་ལྟ་སྟེ། དཔེར་ན་ལ་ལ་ཞིག་གིས་འབྲས་ཡོངས་སུ་གདུང་བ་དང་བཅས་པ་ལ། བསིལ་བའི་རེག་པ་དང་ཕྲད་པས་ནི་བདེ་བའི་འདུ་ཤེས་སྐྱེད་པར་བྱེད་ལ། འགྱུར་བྱེད་ཀྱི་རེག་པ་དང་ཕྲད་པས་ནི་སྡུག་བསྔལ་གྱི་འདུ་ཤེས་སྐྱེད་པར་ 130-1-210b བྱེད་དོ། །འབྲས་ཡོངས་སུ་གདུང་བ་དང་བཅས་པ་དེ་ལ་རེག་པ་དེ་གཉི་ག་མེད་ན་ནི། དེའི་ཚེ་ན་འབྲས་དེ་ཉིད་ཀྱི་སྡུག་བསྔལ་ཙམ་གསལ་བ་དང་མངོན་པར་འགྱུར་བ་དེ་བཞིན་དུ་ཉོན་མོངས་པ་དང་ལས་ཀྱིས་བསྐྱེད་པའི་འདུ་བྱེད་གནས་ངན་ལེན་དུ་གཏོགས་པ་གནས་པ་འབྲས་ཡོངས་སུ་ གདུང་བའི་གནས་ལྟ་བུ་དེ་ལ་ཡང་། རེག་པ་བསིལ་བ་དང་ཕྲད་པའི་གནས་ལྟ་བུར་ནི་བདེ་བའི་ཚོར་བར་བལྟ་བར་བྱའོ། །འགྱུར་བྱེད་ཀྱི་རེག་པ་དང་ཕྲད་པའི་གནས་ལྟ་བུར་ནི་སྡུག་བསྔལ་གྱི་ཚོར་བར་བལྟ་བར་བྱའོ། །རེག་པ་དེ་གཉིས་ཀ་མེད་པར་འབྲས་ཙམ་གྱི་གནས་ལྟ་བུར་ནི་སྡུག་ བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བར་བལྟ་བར་བྱའོ། །དེ་ལ་བདེ་བའི་ཚོར་བ་ལ་ནི་ལྷག་པར་ཆགས་པར་འགྱུར་བས་དེའི་ཕྱིར་དེ་ལ་ནི་འདོད་ཆགས་བག་ལ་ཉལ་ཞེས་བྱའོ། །སྡུག་བསྔལ་གྱི་ཚོར་བ་ལ་ནི་ཀུན་ནས་མནར་སེམས་སུ་འགྱུར་བས་དེའི་ཕྱིར་དེ་ལ་ནི་ཁོང་ཁྲོ་བ་ བག་ལ་ཉལ་ཞེས་བྱའོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པས་རབ་ཏུ་ཕྱེ་བ་གནས་ངན་ལེན་དུ་གཏོགས་པ་འདུ་བྱེད་གནས་པའི་ལུས་མི་རྟག་པ་ལ་རྟག་པར་ཕྱིན་ཅི་ལོག་དང་། སྡུག་བསྔལ་ལ་བདེ་བ་དང་། མི་གཙང་བ་ལ་གཙང་བ་དང་། བདག་མེད་པ་ལ་བདག་ ཏུ་ཕྱིན་ཅི་ལོག་ཏུ་འགྱུར་བས། དེའི་ཕྱིར་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ལ་ནི་མ་རིག་པ་བག་ལ་ཉལ་ཞེས་བྱའོ། །དེ་ལ་བདེ་བའི་ཚོར་བ་ལ་ལྷག་པར་ཆགས་པའི་བྱིས་པ་ནི་གཞི་དེས་ཚེ་འདི་ལ་ལུས་ཀྱིས་ཉེས་པར་སྤྱད་པ་དང་། ངག་དང་ཡིད་ཀྱིས་ཉེས་ པར་སྤྱད་པ་སྤྱད་ནས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བ་དང་། ཡང་འབྱུང་བའི་སྲེད་པས་ཕྱི་མ་ལ་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་མངོན་པར་འགྲུབ་པར་བྱེད་དེ། དེ་ལྟར་ན་དེ་ནི་བདེ་བའི་ཚོར་བ་ལ་ འདོད་ཆགས་ཀུན་དུ་གནས་པས་ཕྱི་མ་ལ་འགྲོ་བ་ལྔར་སྡུག་བསྔལ་སྐྱེད་པར་བྱེད་དོ། །སྡུག་བསྔལ་གྱི་ཚོར་བ་ལ་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པ་ནི་མི་འདོད་པས་རེག་པ་ནས་དེས་མྱ་ངན་བྱེད་སྒྱིད་ལུག་པར་བྱེད། སྨྲེ་སྔགས་འདོན་པར་བྱེད་པ་ནས་ཀུན་དུ་རྨོངས་པའི་ 130-1-211a བར་དུ་འགྱུར་ཞིང་། གཞི་དེས་ཉེས་པར་སྤྱོད་པ་གསུམ་ཆར་སྤྱད་ནས་ངན་སོང་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ་ལྟར་ན་དེ་ནི་སྡུག་བསྔལ་གྱི་ཚོར་བ་ལ་ཁོང་ཁྲོ་བ་ཀུན་ཏུ་གནས་པས་ཚེ་འདི་པ་དང་། ཚེ་ཕྱི་མ་པའི་སྡུག་བསྔལ་མངོན་པར་འགྲུབ་པར་བྱེད་དོ། ། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ལ་དེ་ལྟར་སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་ནི་བདེ་བའི་ཚོར་བ་ལ་འདོད་ཆགས་ཀྱིས་སྐྱེད་པ་དང་། སྡུག་བསྔལ་གྱི་ཚོར་བ་ལ་ཁོང་ཁྲོ་བས་སྐྱེད་པའི་སྡུག་བསྔལ་རྣམ་པ་གཉིས་པོ་ཡོངས་སུ་མི་གཏོང་བའི་ཕྱིར་སེམས་པ་དང་། ཡོངས་ སུ་མི་གཏོང་བའི་ཕྱིར་ཞུགས་པ་ཡིན་ནོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་མང་པོ་ཡོད་པ་དེ་དག་གི་རྩ་བ་ནི་འདི་ལྟ་སྟེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གསུམ་ཁོ་ན་ཡིན་པར་རྣམ་པར་གཞག་གོ། །དེ་ཉིད་ལས་དགོངས་ནས་བཅོམ་ ལྡན་འདས་ཀྱིས་བདེ་བའི་ཚོར་བ་ནི་སྡུག་བསྔལ་དུ་བལྟ་བར་བྱ། སྡུག་བསྔལ་གྱི་ཚོར་བ་ནི་ཟུག་རྔུར་བལྟ་བར་བྱ། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ནི་མི་རྟག་པ་དང་། འགོག་པའི་ཆོས་ཅན་དུ་བལྟ་བར་བྱའོ་ཞེས་གསུངས་སོ། །མི་རྟག་པར་ལྟ་བ་ནི་རིམ་གྱིས་ ཕྱིན་ཅི་ལོག་ཐམས་ཅད་སྤོང་བར་འགྱུར་རོ། །དེ་ནི་ཡང་དག་པར་སྡུག་བསྔལ་གྱི་བདེན་པའི་དངོས་པོ་ཡིན་ཏེ། འཕགས་པ་འཕགས་པའི་ཡེ་ཤེས་ཀྱིས་དེ་གཟིགས་པ་རྣམས་ནི་སྲིད་པའི་རྩེ་མོ་པའི་ཕུང་པོ་མཆོག་ཏུ་རབ་ཏུ་ཞི་བ་དག་ལ་ཡང་དགའ་བ་མི་འཐོབ་ན། ཤིན་ཏུ་དམན་པ་དག་ ལ་ལྟ་སྨོས་ཀྱང་ཅི་དགོས། ཡང་འབྱུང་བ་བའི་ལས་དང་ཉོན་མོངས་པས་འདུ་བྱེད་དེ་སྐྱེད་པར་བྱེད་པ་གང་དག་ཡིན་པ་དེ་དག་ནི་མཚན་ཉིད་ཀྱི་ཚུལ་གྱིས་ཀུན་འབྱུང་བའི་བདེན་པ་ཡིན་མོད་ཀྱི། བཅོམ་ལྡན་འདས་ཀྱིས་མདོ་སྡེའི་ཚུལ་གྱིས་གཙོར་ནི་སྲིད་པ་ཉིད་ཡིན་པར་བསྟན་ཏོ། །ཉོན་མོངས་པའི ཕྱོགས་ཀྱི་གནས་ངན་ལེན་དེ་སྤངས་པ་ནི་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབང་དུ་བྱས་ནས་འགོག་པའི་བདེན་པ་ཡིན་ནོ། །མ་འོངས་པ་རྒྱུ་ཡང་དག་པར་ཆད་པ་རྣམས་ཀྱི་མི་འབྱུང་བ་དང་། ད་ལྟར་བྱུང་བའི་སྔོན་གྱི་རྒྱུ་དང་ལྡན་པ་རྣམས་ཀྱི་རང་གི་ངང་གིས་ 130-1-211b འགག་པ་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབང་དུ་བྱས་ནས་འགོག་པའི་བདེན་པ་ཡིན་ནོ། །དོན་དམ་པ་འཛིན་པར་བྱེད་པའི་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་ལྟ་བ་སྔོན་དུ་བཏང་བའི་འཕགས་པའི་ཡན་ལག་བརྒྱད་པ་ནི་ལམ་གྱི་བདེན་པ་ཡིན་ནོ། །བདེན་པ་ རྣམ་པར་གཞག་པ་འདི་ནི་སྡུག་བསྔལ་ཡོངས་སུ་ཤེས་པར་བྱ་བ་དང་། ཀུན་འབྱུང་བ་སྤང་བ་དང་། འགོག་པ་མངོན་དུ་བྱ་བ་དང་། ལམ་བསྒོམ་པའི་ཕྱིར་མཚན་ཉིད་བསྡུས་ཏེ་རྣམ་པར་གཞག་པས་རྣམ་པར་གཞག་པ་ཡིན་གྱི། རྒྱ་ཆེར་རྣམ་པར་གཞག་པ་ནི་ཚད་མེད་པར་ རིག་པར་བྱའོ། །སྡུག་བསྔལ་གྱི་བདེན་པ་ཡོངས་སུ་ཤེས་པ་རགས་པ་ལ་བརྟེན་ནས་ཆ་ཕྲ་བ་ལ་གཟུད་པའི་ཕྱིར་དང་པོར་སྐྱེ་བ་ལ་སོགས་པ་སྡུག་བསྔལ་ཉིད་དུ་བརྟགས་ཏེ། ཕྱིས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་བསྟན་ཏོ། །གནས་པ་སྒྲུབ་པའི་ཆོས་རྣམས་ཀྱི་རབ་ཏུ་དབྱེ་བ་ ཡང་རྣམ་པ་ལྔས་རྣམ་པར་གཞག་སྟེ། ལྔ་གང་ཞེ་ན། ཁམ་གྱི་ཟས་དང་། རེག་པའི་ཟས་དང་། ཡིད་ལ་སེམས་པའི་ཟས་དང་། རྣམ་པར་ཤེས་པའི་ཟས་དང་། སྲོག་གི་དབང་པོ་ནི་ལྔ་པ་ཡིན་ནོ། །དེ་ལ་ཁམ་གྱི་ཟས་ནི་རགས་པ་ཡིན་པས་འདོད་པའི་ཁམས་ནི་འགྲོ་བ་ལྔ་ཆར་ན་ ཡོད་དེ། ཉི་ཚེ་བའི་སེམས་ཅན་དམྱལ་བ་དེ་དག་ཁ་ཅིག་ན་ཡང་ཡོད་ལ། སེམས་ཅན་དམྱལ་བ་ཆེན་པོ་དག་ན་ནི་མེད་དོ། །ཟས་ལྷག་མ་རྣམས་ནི་ཁམས་གསུམ་ཆར་ན་ཡང་དམིགས་སོ། །སྲོག་གི་དབང་པོ་ནི་འདུ་བྱེད་རྣམས་ལ་སེམས་ཅན་དུ་ཉེ་བར་གདགས་པ་མཛད་ནས་ བཅོམ་ལྡན་འདས་ཀྱིས་ཆོས་དེ་དག་ནི་སེམས་ཅན་རྣམས་ཀྱི་གནས་པ་བསྒྲུབ་པའོ་ཞེས་བཀའ་སྩལ་ཏོ། །གང་གི་ཚེ་རྒྱུ་བདུན་གྱིས་འདུ་བྱེད་རྣམས་གནས་པར་འགྱུར་ཏེ། བདུན་གང་ཞེ་ན། རེ་ཞིག་དང་པོ་ཁོ་ནར་སྐྱེ་བ་ནི་འདུ་བྱེད་རྣམས་ཀྱི་གནས་པའི་རྒྱུ་ཡིན་ཏེ། འདི་ལྟར་འདུ་ བྱེད་སྐྱེས་ན་གནས་ཀྱི་མ་སྐྱེས་ན་མི་གནས་པའི་ཕྱིར་རོ། །སྲོག་གི་དབང་པོ་དང་། ཟས་ཀྱང་ཡིན་ནོ། །སེམས་ལ་དབང་བ་རྣམས་ཀྱི་རྫུ་འཕྲུལ་ཡང་ཡིན་ཏེ། འདི་ལྟར་དེ་དག་ནི་ཚེའི་འདུ་བྱེད་བསྲིངས་ནས་བསྐལ་པའམ་བསྐལ་པ་ལས་ལྷག་པར་གནས་པའི་ཕྱིར་རོ། །རྒྱུ་དང་ 130-1-212a རྐྱེན་ཚོགས་པ་ཡང་གནས་པའི་རྒྱུ་ཡིན་ཏེ། འདི་ལྟར་ཇི་སྲིད་དུ་རྒྱུ་དང་། རྐྱེན་དང་མ་བྲལ་བ་དེ་སྲིད་དུ། དགེ་བ་དང་མི་དགེ་བ་དང་། ལུང་དུ་མ་བསྟན་པའི་ཆོས་རྣམས་ཀྱི་གནས་པའི་རྒྱུན་རྒྱུན་མི་འཆད་པའི་ཕྱིར་རོ། །སྔོན་གྱི་ལས་ཀྱི་འཕེན་པ་ཡང་དགེ་ བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་ཡིད་ལ་བྱེད་པས་བསྒྲུབས་པའི་འདུ་བྱེད་རྣམས་ཀྱི་གནས་པའི་རྒྱུ་ཡིན་ཏེ། འདི་ལྟར་ཕྱི་རོལ་གྱི་དངོས་པོ་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་ལས་ཀྱིས་བསྐྱེད་པ་རྣམས་ཀྱིའོ། །བར་དུ་གཅོད་པ་མེད་པ་ནི་འདུ་བྱེད་རྣམས་ཀྱི་གནས་པའི་ རྒྱུ་བདུན་པ་ཡིན་ཏེ། འདུ་བྱེད་གང་སྐྱེ་བ་ལ་བགེགས་མི་བྱེད་པ་དང་། སྐྱེས་པའི་འདྲ་བའི་རྒྱུན་དང་མི་མཐུན་པ་མ་ཡིན་པ་འཇིག་པའི་རྒྱུ་མ་ཡིན་པ་དེ་ནི་གནས་པའི་རྒྱུ་ཡིན་པའི་ཕྱིར་ཏེ། གཞན་དུ་ནི་འཇིག་པ་ཁོ་ནར་འགྱུར་བ་ཡིན་ན། ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་སེམས་ཅན་ རྣམས་ཟས་དག་ཁོ་ནས་གནས་པ་ཡིན་པར་གསུངས་ཤེ་ན། འདུ་བྱེད་རྣམས་ནི་རྒྱུ་གཞན་བདུན་པོ་དེ་དག་གིས་གནས་པ་ཡང་ཡིན་མོད་ཀྱི། འོན་ཀྱང་གནས་པའི་རྒྱུ་མང་པོ་འདི་ལྟ་སྟེ། ཟས་བཞི་པོ་དེ་དག་ནི་སྒོ་མང་པོ་སྣ་ཚོགས་པ་དག་གིས་འདུ་བྱེད་རྣམས་གནས་པར་བྱེད་པ་ཡིན་པའི་ ཕྱིར་དང་། གཞན་ཡང་ཟས་ལས་གྱུར་པའི་གནས་པ་འདི་ནི་བྱིས་པ་གཞོན་ནུ་ཡན་ཆད་ཀྱིས་ཀྱང་གཟུང་སླ་བ་དང་། འཇུག་སླ་བ་དང་། རྟོགས་པར་སླ་བ་ཡིན་གྱི། གཞན་དག་ནི་དེ་ལྟ་མ་ཡིན་པའི་ཕྱིར་དང་། གཞན་ཡང་ཟས་རྣམས་ནི་དབང་པོ་དང་། འབྱུང་བ་ཆེན་པོ་མ་འཕེལ་ བ་རྣམས་འཕེལ་བར་བྱེད་པ་དང་། ནད་ཀྱིས་ཐེབས་པ་རྣམས་ཀྱང་ནད་མེད་པར་བྱེད་པ་ཡིན་གྱི། གཞན་དག་ནི་དེ་ལྟར་མ་ཡིན་པའི་ཕྱིར་དང་། གཞན་ཡང་སེམས་ཅན་ཚེ་རིང་པོ་དག་ཀྱང་ཟས་མ་རྙེད་ན་དུས་མ་ཡིན་པར་འཆི་བར་འགྱུར་བའི་ཕྱིར་དང་། འདི་ལྟ་སྟེ། སེམས་ཅན་ ཐམས་ཅད་ཟས་ཀྱིས་གནས་པ་ཡིན་ནོ་ཞེས་བྱ་བའི་ལམ་འདི་ནི། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བསྒོམ་པ་ལ་འཇུག་སླ་བ་ཡིན་པའི་ཕྱིར་ཏེ། དེ་ལྟ་བས་ན་རྒྱུ་ལྔ་པོ་དེ་དག་གིས་ན་སེམས་ཅན་རྣམས་ཟས་དག་གིས་གནས་པ་ཁོ་ན་ཡིན་པར་གསུངས་སོ། །ཅིའི་ཕྱིར་སྲོག་གི་དབང་པོའི་དབང་ 130-1-212b དུ་མཛད་ནས་སེམས་ཅན་རྣམས་འདུ་བྱེད་ཀྱིས་གནས་པར་གསུངས་ཤེ་ན། གནས་གང་ན་ལན་འགའ་ཡང་ཟས་མ་ཚང་བ་མེད་པ་དང་། གང་ན་ཟས་ཚོགས་ཆེན་པོས་ཡོངས་སུ་བཙལ་མི་དགོས་པ་དེ་ལྟ་བུའི་གནས་ཀྱང་ཡོད་མོད་ཀྱི་གནས་དེ་ན་སྲོག་གི་དབང་པོའི་དབང་ཁོ་ནས་གནས་པར་འགྱུར་ ཞིང་། གང་དག་གི་ཚེ་ཇི་ལྟར་འཕངས་པ་དེ་དག་དུས་དེ་སྲིད་དུ་གནས་པར་འགྱུར་བས། དེའི་ཕྱིར་གནས་དེའི་དབང་དུ་མཛད་ནས། སྲོག་གི་དབང་པོས་སེམས་ཅན་རྣམས་འདུ་བྱེད་ཀྱིས་གནས་པར་གསུངས་སོ། །དེ་ལ་ཁམ་གྱི་ཟས་ནི་དྲི་དང་རོ་དང་། རེག་བྱའི་སྐྱེ་མཆེད་རྣམས ཀྱིས་བསྡུས་པ་ཡིན་པར་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དྲི་དང་རོ་དང་རེག་བྱ་རྣམས་ལེགས་པར་ཞུ་བས་ནི་འཕེལ་བར་བྱེད་ལ་མི་མཐུན་པར་ཞུ་བས་ནི་འགྲིབ་པར་བྱེད་ཀྱི། དེ་དག་ལས་གཞན་པ་གཟུགས་ལ་སོགས་པ་ནི་འཕེལ་བའི་ཕྱིར་ཡང་མི་འཇུག་ལ་ འགྲིབ་པའི་ཕྱིར་ཡང་མི་འཇུག་པའི་ཕྱིར་ཏེ། དེ་ལྟ་བས་ན་དེ་དག་ནི་ཁམ་གྱི་ཟས་ཞེས་མི་བྱའོ། །དེ་ལ་ཁམ་ཟ་བའི་ཚེ་ན་ཡིད་དུ་འོང་བས་ཟ་བ་པོའི་དབང་པོ་རྣམས་ཚིམ་པར་བྱེད་པ་གང་ཡིན་པ་དེ་ནི་ཁམ་གྱི་ཟས་ཞེས་བརྗོད་པར་མི་བྱ་མོད་ཀྱི་འོན་ཀྱང་དེ་ནི་རེག་པའི་ཟས་ཡིན་པར་བརྗོད་ པར་བྱའོ། །གལ་ཏེ་དེ་འཕྲོད་པས་བདེ་བ་དང་འཕེལ་བར་འགྱུར་བ་དེ་འཇུ་ན་ནི་དེ་ཞུ་བ་ན་ཁམ་གྱི་ཟས་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་ཞུ་ཡང་བདེ་བ་དང་འཕེལ་བར་མི་འགྱུར་ན་ནི་དེ་ཞུར་ཟིན་ཀྱང་ཁམ་གྱི་ཟས་ཡིན་པར་བརྗོད་པར་མི་བྱའོ། །ཁམ་ཟ་བའི་ཚེ་ན་ཡིད་དུ་མི་འོང་བས་ ཟབ་པོའི་དབང་པོ་རྣམས་ཚིམ་པར་མི་བྱེད་པ་གང་ཡིན་པ་དེ་ནི་ཟས་འགའ་ཡང་མ་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་དེ་ཉིད་འཕྲོད་པས་ཞུ་བ་ན་བདེ་བ་དང་འཕེལ་བར་འགྱུར་ན་ནི་དེ་ཁམ་གྱི་ཟས་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་དེ་ཞུ་བ་ན་བདེ་བ་དང་འཕེལ་བར་མི་འགྱུར་ན་ནི་དེ་ཞུར་ ཟིན་ཀྱང་ཟས་ཡིན་པར་བརྗོད་པར་མི་བྱའོ། །ཁམ་གང་ཡིན་པ་དེ་ཟས་ཀྱང་ཡིན་ལ། ཟས་གང་ཡིན་པ་དེ་ཡང་ཁམ་ཡིན་ནམ་ཞེ་ན། མུ་བཞིར་ཅི་རིགས་པར་བརྗོད་པར་བྱ་སྟེ། དེ་ལ་ཁམ་ཡིན་ལ་ཟས་མ་ཡིན་པ་ནི་ཁམ་གང་དབང་པོ་དང་འབྱུང་བ་ཆེན་པོ་འཕེལ་བར་མི་འགྱུར་ 130-1-213a བའོ། །ཟས་ཡིན་ལ་ཁམ་མ་ཡིན་པ་ནི་རེག་པ་དང་ཡིད་ལ་སེམས་པ་དང་། རྣམ་པར་ཤེས་པ་གང་དབང་པོ་དང་འབྱུང་བ་ཆེན་པོ་འཕེལ་བར་འགྱུར་བའོ། །ཟས་ཀྱང་ཡིན་ལ་ཁམ་ཀྱང་ཡིན་པ་ནི་ཁམ་གང་དབང་པོ་དང་འབྱུང་བ་ཆེན་པོ་འཕེལ་བར་འགྱུར་བའོ། ། ཁམ་ཀྱང་མ་ཡིན་ལ་ཟས་ཀྱང་མ་ཡིན་པ་ནི་རེག་པ་དང་ཡིད་ལ་སེམས་པ་དང་། རྣམ་པར་ཤེས་པ་གང་དབང་པོ་དང་འབྱུང་བ་ཆེན་པོ་འཕེལ་བར་མི་འགྱུར་བའོ། །རེག་པ་ལ་སོགས་པ་ལྷག་མ་རྣམས་ལ་ཡང་མུ་བཞི་དེ་བཞིན་དུ་ཅི་རིགས་པར་བརྗོད་པར་བྱའོ། །དེ་ལ་རྣམ་པར་སྨིན་པ་དང་བཅས་ པའི་ཆོས་རྣམས་ཀྱང་རིག་པར་བྱ་སྟེ། རྣམ་པར་སྨིན་པ་ཡང་རིག་པར་བྱ། རྣམ་པར་སྨིན་པ་ལས་སྐྱེས་པའི་ཆོས་རྣམས་ཀྱང་རིག་པར་བྱའོ། །དེ་ལ་རྣམ་པར་སྨིན་པ་དང་བཅས་པའི་ཆོས་རྣམས་ནི་མདོར་བསྡུ་ན་ཟག་པ་རྣམས་དང་། ཟག་པ་དང་བཅས་པ་རྣམས་སོ། །དེ་དག་ཀྱང་ སྟོབས་དང་ལྡན་པ་དང་ཉམས་པ་དང་མ་སྤྱད་པ་དག་ཡིན་ནོ། །དེ་ལ་ཟག་པ་རྣམས་ལས་ནི་མི་དགེ་བ་གང་དག་ཡིན་པ་དེ་དག་ནི་སྟོབས་དང་ལྡན་པ་ཞེས་བྱའོ། །བསྒྲིབས་ལ་ལུང་དུ་མ་བསྟན་པ་གང་དག་ཡིན་པ་དེ་དག་ནི་མཐུ་ཆུང་བ་ཡིན་ནོ། །ཟག་པ་དང་བཅས་པ་རྣམས་ལས་ཀྱང་ དགེ་བ་དང་། མི་དགེ་བ་གང་དག་ཡིན་པ་དེ་དག་ནི་སྟོབས་དང་ལྡན་པ་ཡིན་ནོ། །དེ་དག་ལས་གཞན་པ་ནི་མཐུ་ཆུང་བ་ཡིན་ནོ། །ཟག་པ་དང་ཟག་པ་དང་བཅས་པ་གང་དག་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བ་དག་གིས་སྤངས་པ་དེ་དག་ནི་ ཉམས་པ་ཞེས་བྱའོ། །དེ་ལས་བཟློག་པ་དག་ནི་མ་ཉམས་པ་ཞེས་བྱའོ། །འདས་པའི་དུས་ལ་བརྟེན་ཏེ་རྣམ་པར་སྨིན་པ་རྣམ་པར་སྨིན་ཟིན་པ་གང་དག་ཡིན་པ་དེ་དག་ནི་སྤྱད་ཟིན་པ་ཞེས་བྱ་སྟེ། འདི་ལྟར་དེ་དག་གི་རྣམ་པར་སྨིན་པ་ནི་འདས་ཟིན་པའི་ཕྱིར་མེད་དོ། །མ་འོངས་པའི་དུས་ སུ་རྣམ་པར་སྨིན་པ་འབྱིན་པར་འགྱུར་བ་གང་དག་ཡིན་པ་དང་། ད་ལྟར་རྣམ་པར་སྨིན་པ་ཉེ་བར་གནས་པ་གང་དག་ཡིན་པ་དེ་དག་ནི་མ་སྤྱད་པ་ཞེས་བྱའོ། །རྣམ་གྲངས་དེས་ན་དགེ་བ་དང་མི་དགེ་བ་ཟག་པ་རྣམས་དང་བཅས་པ་གང་དག་ཡིན་པ་དེ་དག་ནི་ཅི་རིགས་པར་ཟག་པ་དང་ 130-1-213b བཅས་པ་ཡིན་ཏེ། དེ་དག་ནི་མ་སྤངས་པ་དང་། དེ་དག་ནི་རྣམ་པར་སྨིན་པ་སྔོན་རྣམ་པར་མ་སྨིན་པ་དང་། དེ་དག་ནི་རྣམ་པར་སྨིན་པ་དང་བཅས་པ་དག་ཡིན་ནོ། །ཟག་པ་མེད་པ་དང་། ལུང་དུ་མ་བསྟན་པ་དང་། དགེ་བ་དང་མི་དགེ་བ་ཟག་པ་དང་བཅས་པ་ཟག་པ་རྣམས་དང་བཅས་ཏེ་སྤངས་པ་དང་། རྣམ་ པར་སྨིན་པ་རྣམ་པར་སྨིན་ཟིན་པ་གང་དག་ཡིན་པ་དེ་དག་ནི་རྣམ་པར་སྨིན་པ་མེད་པ་ཡིན་པར་བལྟ་བར་བྱའོ། །དེ་ལ་འཆི་ཀའི་སེམས་ཐ་མ་ནི་རྣམ་པར་སྨིན་པ་ཡིན་ནོ། །ཉིང་མཚམས་སྦྱར་མ་ཐག་པའི་སེམས་ཀྱང་རྣམ་པར་སྨིན་པ་ཡིན་ནོ། །དེ་ཕན་ཆད་རང་བཞིན་དུ་གནས་པའི་སེམས་ ཐམས་ཅད་ཀྱང་རྣམ་པར་སྨིན་པ་ཡིན་ནོ། །དེ་ལ་དགེ་བ་དང་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་དང་། ལུང་དུ་མ་བསྟན་པའི་སེམས་མངོན་པར་འདུ་བྱེད་པ་དང་བཅས་པ་མེད་པ་གང་ཡིན་པ་དེ་ནི་རང་བཞིན་དུ་གནས་པ་ཞེས་བྱའོ། །འདོད་ཆགས་དང་བྲལ་བ་ལས་འོག་མ་པའི་དགེ་བའི་ སེམས་དང་། ལུང་དུ་མ་བསྟན་པའི་སེམས་མངོན་པར་འདུ་བྱེད་པ་དང་བཅས་པ་མེད་པ་འབྱུང་བ་གང་ཡིན་པ་དེ་ཡང་རྣམ་པར་སྨིན་པ་ཡིན་པར་རིག་པར་བྱའོ། །རྣམ་པར་སྨིན་པ་དེ་ནི་ཐམས་ཅད་དུ་ཡང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཁོ་ན་ཡིན་པར་བརྗོད་པར་བྱའོ། །རྣམ་ པར་སྨིན་པ་ས་བོན་ཐམས་ཅད་པ་དེ་ལས་སྤངས་པ་དང་། མ་ཐོབ་པ་མ་གཏོགས་པ་དགེ་བའམ། མི་དགེ་བའམ། ལུང་དུ་མ་བསྟན་པའི་ཆོས་གང་དག་རང་གི་ས་བོན་དང་ལྡན་པར་སྐྱེ་བ་དེ་དག་ཐམས་ཅད་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་ཡིན་པར་བརྗོད་པར་བྱའོ། །ཁམས་གསུམ་ཐམས་ཅད་ ན་ཡང་འཆི་ཀའི་སེམས་ཐ་མ་དང་། ཉིང་མཚམས་སྦྱོར་བའི་སེམས་དང་པོའི་འོག་མ་གཉིས་པ་ནི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་དང་ལྡན་པ་ཡིན་པར་བལྟ་བར་བྱ་སྟེ། ཉིང་མཚམས་སྦྱོར་བའི་སེམས་དང་པོ་མ་གཏོགས་པ་དེ་དག་ནི་ཐམས་ཅད་དུ་ཡང་ རྣམ་པར་སྨིན་པར་བསྡུས་པ་ཡིན་པར་བལྟ་བར་བྱའོ། །དེ་ལས་གཞན་པ་བདེ་བ་དང་། སྡུག་བསྔལ་གྱི་ཚོར་བ་དག་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་ཡིན་པར་རིག་པར་བྱའོ། །དེའི་ས་བོན་རྣམ་པར་སྨིན་པས་བསྡུས་པ་ཅི་འདྲ་བ་དེ་འདྲ་བའི་རྒྱུ་དེ་དག་དང་། རྐྱེན་དེ་དག་ལ་ 130-1-214a བརྟེན་ནས་རྣམ་པར་སྨིན་པ་དེ་ལས་སྐྱེའོ། །དེ་ལ་སེམས་ཅན་དམྱལ་བར་སྐྱེས་པའི་སེམས་ཅན་རྣམས་ཀྱི་རྣམ་པར་སྨིན་པའི་མཇུག་ཐོགས་སུ་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་སྡུག་བསྔལ་དང་། ཡིད་མི་བདེ་བའི་རྒྱུན་འབྲེལ་པར་འབྱུང་ངོ་། ། སེམས་ཅན་དམྱལ་བར་སྐྱེས་པ་རྣམས་ལ་ཇི་ལྟ་བ་བཞིན་དུ་ཡི་དྭགས་དེ་དག་ཁ་ཅིག་ལ་ཡང་དེ་དང་འདྲའོ། །ཡི་དྭགས་དེ་དག་ཁ་ཅིག་དང་། དུད་འགྲོ་རྣམས་དང་། མི་རྣམས་དང་། འདོད་པ་ན་སྤྱོད་པའི་ལྷ་རྣམས་ལ་ལ་ནི། རྣམ་པར་སྨིན་པའི་མཇུག་ཐོགས་སུ་རེས་འགའ་ནི་སྡུག་བསྔལ་ དང་ཡིད་མི་བདེ་བ་འབྱུང་། རེས་འགའ་ནི་བདེ་བ་དང་། ཡིད་བདེ་བ་འབྱུང་། རེས་འགའ་ནི་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་འབྱུང་བས་གཅིག་ཏུ་མ་ངེས་སོ། །བསམ་གཏན་དང་པོ་དང་གཉིས་པར་སྐྱེས་པ་རྣམས་ལ་ནི་རྣམ་པར་སྨིན་པའི་མཇུག་ཐོགས་སུ་ རྣམ་པར་སྨིན་པ་ལས་སྐྱེས་པའི་ཡིད་བདེ་བ་ཁོ་ན་རྒྱུན་དུ་འབྱུང་ངོ་། །བསམ་གཏན་གསུམ་པར་སྐྱེས་པ་རྣམས་ལ་ནི་སེམས་ལས་བྱུང་བའི་བདེ་བ་རྒྱུན་དུ་འབྱུང་ངོ་། །བསམ་གཏན་བཞི་པ་ཡན་ཆད་ནི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བའི་རྣམ་པར་སྨིན་པ་སྟེ། དེ་ཉིད་དེ་ན་རྣམ་པར་སྨིན་པ་ལས་སྐྱེས་པ་ཡིན་པར་བལྟ་བར་བྱའོ། །དེ་ལ་དགེ་བའི་ཆོས་རྣམས་ནི་བདེ་བ་དང་ཡིད་བདེ་བ་རྒྱ་ཆེན་པོས་ཡོངས་སུ་བསྡུས་པ་ཡིན་པའི་ཕྱིར། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་མངོན་དུ་གྱུར་ཀྱང་། རྣམ་པར་སྨིན་པ་འདོད་པ་ཞེས་བྱའོ། ། དེ་ལས་བཟློག་པ་ནི་མི་འདོད་པ་ཡིན་པར་རིག་པར་བྱའོ། །དེ་ལ་ལས་དཀར་བ་རྣམ་པར་སྨིན་པ་དཀར་བའི་རྣམ་པར་སྨིན་པ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་ཏེ། གཅིག་ཏུ་འདོད་པའི་ཚོར་བའི་ས་བོན་གྱིས་ཡོངས་སུ་ཟིན་པ་ཡིན་པའི་ཕྱིར་གཅིག་ཏུ་འདོད་པ་དང་གཅིག་ ཏུ་ཡིད་དུ་འོང་བ་ཡིན་པར་རིག་པར་བྱའོ། །ལས་གནག་པ་རྣམ་པར་སྨིན་པ་གནག་པའི་རྣམ་པར་སྨིན་པ་ནི་དེ་ལས་བཟློག་པར་བལྟ་བར་བྱའོ། །ལས་དཀར་གནག་རྣམ་པར་སྨིན་པ་དཀར་གནག་ཅན་གྱི་རྣམ་པར་སྨིན་པ་ནི་ས་བོན་རྣམ་པ་གཉིས་དང་ལྡན་པ་ཡིན་པས་རྣམ་པར་ 130-1-214b སྨིན་པ་ལས་སྐྱེས་པའི་ཚོར་བ་ཡང་རྣམ་པ་གཉིས་ཁོ་ནར་བལྟ་བར་བྱའོ། །དེ་ལ་ལས་དཀར་གནག་ནི་རིགས་ཀྱི་དབྱེ་བས་ཀྱང་རྣམ་པར་གཞག་སྟེ། གནས་གང་ན་དཀར་པོ་དང་། ནག་པོ་གཉིས་ཀ་སྲིད་པའི་གནས་དེ་བའི་ལས་བསྡུས་པ་ནི་དཀར་གནག་ཅེས་བྱ་བར་རྣམ་པར་ གཞག་གོ། །དངོས་པོའི་དབྱེ་བས་ཀྱང་རྣམ་པར་གཞག་སྟེ། འདི་ལྟར་འདི་ན་ལ་ལས་དངོས་པོ་གང་ཡང་རུང་བ་ཞིག་ལ། རེས་འགའ་ནི་ཕན་པའི་སེམས་ཉིད་ཉེ་བར་བཞག་ལ་དངོས་པོ་དེ་ཉིད་ལ་རེས་འགའ་ནི་གནོད་པའི་སེམས་ཉིད་ཉེ་བར་གཞག་པ་ལྟ་བུ་དང་། གཞན་ དག་ལས་ཕྲོགས་ཏེ་སྦྱིན་པ་སྦྱིན་པར་བྱེད་པ་དེ་ལྟ་བུའི་དངོས་པོའི་དབྱེ་བས་རྣམ་པར་གཞག་པ་ཡིན་པར་བལྟ་བར་བྱའོ། །ལས་དཀར་གནག་ནི་ངོ་བོ་ཉིད་ལས་ཀྱང་རྣམ་པར་གཞག་སྟེ། འདི་ལྟ་སྟེ། ལ་ལས་གཞན་གང་ཡང་རུང་བ་ཞིག་ལ་ཤེས་བཞིན་དུ་ཕན་པ་བྱས་པས་ གཞན་དག་ལ་གནོད་པ་བྱས་པར་འགྱུར་བ་ལྟ་བུ་དང་། འདི་ལྟར་འདི་ན་ལ་ལས་སྐྱེས་བུ་དྲག་ཤུལ་ཅན་སྡིག་པ་བྱེད་པ་དག་ལ་སྡིག་པ་ལ་དགའ་བར་མ་བྱེད་ཅེས་ཞེ་སྡང་དང་ལྡན་པའི་སེམས་སྐྱེ་ན། སེམས་དེ་ཞེ་སྡང་དང་མཚུངས་པར་ལྡན་པའི་ཕྱིར་ནི་ནག་པོའི་ཆ་ལ་བརྟེན་པ་ཡིན་ ལ། སྡིག་པ་ལ་མི་དགའ་བ་དང་མཚུངས་པར་ལྡན་པའི་ཕྱིར་ནི་དཀར་པོའི་ཆ་ལ་བརྟེན་པ་ཡིན་པས་དེའི་ཕྱིར་ལས་དེ་དང་། གཞན་ཡང་དེ་ལྟ་བུ་དང་མཐུན་པ་དག་ནི་དཀར་གནག་ཡིན་པར་བརྗོད་པར་བྱའོ།། །།བམ་པོ་ཉི་ཤུ་རྩ་བཞི་པ། དགེ་བ་དང་། མི་དགེ་བ་ དང་། ལུང་དུ་མ་བསྟན་པའི་ཆོས་གང་དག་གི་ས་བོན་ཡང་དག་པར་མ་བཅོམ་པ་དེ་དག་ཐམས་ཅད་ནི་སྐྱེད་པར་བྱེད་པ་མངོན་པར་འགྲུབ་པའི་རྒྱུ་དེས་རྒྱུ་དང་བཅས་པའི་ཆོས་རྣམས་ཞེས་བྱའོ། །སྔོན་བྱས་པའི་ལས་དང་ཉོན་མོངས་པ་རྣམས་ཀྱི་རྣམ་པར་སྨིན་པ་ཁམས་ གསུམ་དུ་རྣམ་པར་སྨིན་པར་འགྱུར་བ་གང་ཡིན་པའི་རྣམ་པར་སྨིན་པ་དེ་ནི་འདྲེན་པའི་རྒྱུར་གྱུར་པ་ལས་དང་པོ་ཉོན་མོངས་པ་དེ་དག་གི་རྒྱུ་དང་བཅས་པ་ཞེས་བྱའོ། །དེ་བཞིན་དུ་མངལ་ནས་སྐྱེ་བའི་སྐྱེ་གནས་སུ་སྐྱེ་བ་གང་ཡིན་པ་དེ་ཡང་འདྲེན་པའི་རྒྱུ་གནས་གསུམ་པོ་མངོན་དུ་ 130-1-215a གྱུར་པ་དེས་རྒྱུ་དང་བཅས་པ་ཡིན་པར་བལྟ་བར་བྱའོ། །དྲོད་གཤེར་ལས་སྐྱེས་པའི་སྐྱེ་གནས་སུ་སྐྱེ་བ་གང་ཡིན་པ་འདྲེན་པའི་རྒྱུ་དྲོད་གཤེར་ཉེ་བར་གྱུར་པས། རྒྱུ་དང་བཅས་པ་དང་། སྒོ་ང་ལས་སྐྱེ་བའི་སྐྱེ་གནས་སུ་སྐྱེ་བ་གང་ཡིན་པ་འདྲེན་པའི་རྒྱུ་སྒོ་ངའི་ སྦུབས་ཆགས་པས། རྒྱུ་དང་བཅས་པ་ཡང་དེ་བཞིན་ནོ། །དེ་བཞིན་དུ་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་ཀྱང་། བདག་པོའི་རྐྱེན་དང་ལྷན་ཅིག་བྱེད་པའི་རྒྱུར་གྱུར་པ། མིང་དང་གཟུགས་ལ་སོགས་པ་ནས། ཡིད་དང་ཆོས་རྣམས་ཀྱི་མཐར་ཐུག་པའི་བར་གྱིས་རྒྱུ་དང་བཅས་ པ་ཡིན་པར་བལྟ་བར་བྱའོ། །དེ་བཞིན་དུ་སེམས་དང་སེམས་ལས་བྱུང་བའི་ཆོས་ལྷན་ཅིག་སྐྱེས་པ་རྣམས་ཀྱང་གཅིག་ལ་གཅིག་ལྷན་ཅིག་བྱེད་པའི་རྒྱུས་རྒྱུ་དང་བཅས་པ་ཡིན་ནོ། །དེ་བཞིན་དུ་མི་དགེ་བའི་ཆོས་རྣམས་ཀྱང་འདྲེན་པའི་རྒྱུར་གྱུར་པ་སྐྱེས་བུ་དམ་པ་མ་ཡིན་པ་ལ་བརྟེན་ པ་དང་། དམ་པའི་ཆོས་མ་ཡིན་པ་ཉན་པ་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དག་གིས་རྒྱུ་དང་བཅས་པ་ཡིན་པར་བརྗོད་པར་བྱའོ། །དགེ་བའི་ཆོས་རྣམས་ཀྱང་འདྲེན་པའི་རྒྱུར་གྱུར་པ་དེ་ལས་བཟློག་པ་གསུམ་པོ་དག་གིས་རྒྱུ་དང་བཅས་པ་ཡིན་པར་བལྟ་བར་བྱའོ། ། དེ་བཞིན་དུ་ཀུན་ནས་ཉོན་མོངས་པ་ཅན་དུ་གནས་པ་ལས་བྱུང་བ་དང་། ལོག་པར་རྩོལ་བའི་ཡོངས་སུ་ངལ་བ་དོན་མེད་པ་ལས་བྱུང་བ་སྡུག་བསྔལ་དང་། ཡིད་མི་བདེ་བར་གནས་པ་ཡང་འདྲེན་པའི་རྒྱུ་དེས་རྒྱུ་དང་བཅས་པ་ཡིན་ནོ། །དེ་བཞིན་དུ་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་ པར་གནས་པ་ལས་བྱུང་བ་དང་། ཡང་དག་པར་རྩོལ་བའི་ཡོངས་སུ་ངལ་བ་འབྲས་བུ་དང་བཅས་པ་ལས་བྱུང་བ་བདེ་བ་དང་ཡིད་བདེ་བ་དང་གནས་པ་ཡང་འདྲེན་པའི་རྒྱུ་དེས་རྒྱུ་དང་བཅས་པ་ཡིན་པར་བརྗོད་པར་བྱའོ། །འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བར་འགྱུར་ བ་དང་། བསམ་གཏན་དང་། གཟུགས་མེད་པ་མངོན་པར་བསྒྲུབ་པ་གང་ཡིན་པ་དེ་ཡང་འདྲེན་པའི་རྒྱུ་དེས་རྒྱུ་དང་བཅས་པ་ཡིན་ནོ། །ཚེ་འདི་ལ་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་བརྟེན་ནས། གང་དུ་ཅི་རིགས་པར་སྐྱེ་བ་གང་ཡིན་པ་དེ་ཡང་འདྲེན་པའི་རྒྱུ་དེས་རྒྱུ་དང་ 130-1-215b བཅས་པ་ཡིན་ནོ། །འཇིག་རྟེན་པའི་ཆོས་ཀྱིས་བསྒྲུབས་པ་འཇིག་རྟེན་ལས་འདས་པའི་ཆོས་གང་དག་ཡིན་པ་དེ་དག་ཀྱང་འདྲེན་པའི་རྒྱུ་དེས་རྒྱུ་དང་བཅས་པ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་ཆོས་འཕགས་པའི་ལམ་གྱིས་བསྡུས་པ་གང་དག་གིས་མྱ་ངན་ལས་འདས་པ་མངོན་དུ་ བྱེད་པར་འགྱུར་བའི་མྱ་ངན་ལས་འདས་པ་མངོན་དུ་བྱ་བ་དེ་ཡང་། འདྲེན་པའི་རྒྱུ་དེས་རྒྱུ་དང་བཅས་པ་དག་ཡིན་ཏེ། ཇི་སྐད་བསྟན་པའི་རྣམ་པ་དེ་དག་གིས་ནི་རྒྱུ་དང་བཅས་པའི་ཆོས་རྣམས་ཀྱི་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལ་སྐྱེད་པར་བྱེད་པ་མངོན་པར་འགྲུབ་པའི་རྒྱུ་ཇི་ སྐད་བསྟན་པ་གང་ཡིན་པ་དེ་ནི་རང་གི་རྒྱུ་མཐུན་པའི་འབྲས་བུ་དེས་འབྲས་བུ་དང་བཅས་པ་ཡིན་པར་བརྗོད་པར་བྱའོ། །ཡང་འབྱུང་བ་པའི་ལས་དང་ཉོན་མོངས་པ་གང་དག་ཡིན་པ་དེ་དག་ནི་རང་གི་རྣམ་པར་སྨིན་པའི་འབྲས་བུ་དེས་འབྲས་བུ་དང་བཅས་པ་ཡིན་པར་བརྗོད་པར་བྱའོ། །གནས་ གསུམ་མངོན་དུ་གྱུར་པ་གང་ཡིན་པ་དང་། དྲོད་གཤེར་ཉེ་བར་གནས་པ་གང་ཡིན་པ་དང་། སྒོ་ངའི་སྦུབས་ཆགས་པ་གང་ཡིན་པ་དང་། མིག་དང་གཟུགས་ལ་སོགས་པ་གང་དག་ཡིན་པ་དང་། སེམས་དང་སེམས་ལས་བྱུང་བའི་ཆོས་ལྷན་ཅིག་སྐྱེས་པ་གང་དག་ཡིན་པ་དང་། སྐྱེས་ བུ་དམ་པ་མ་ཡིན་པ་ལ་བརྟེན་པ་ལ་སོགས་པ་གང་དག་ཡིན་པ་དང་། སྐྱེས་བུ་དམ་པ་ལ་བརྟེན་པ་ལ་སོགས་པ་ཆོས་གསུམ་པོ་གང་དག་ཡིན་པ་དེ་དག་ཐམས་ཅད་ནི་རང་རང་གི་དབང་གི་འབྲས་བུས་འབྲས་བུ་དང་བཅས་པ་ཡིན་པར་བརྗོད་པར་བྱའོ། །དེ་ལ་ཀུན་ནས་ཉོན་མོངས་པ་ཅན་དུ་གནས་པ་དང་། ལོག་པར་རྩོལ་བའི་ཡོངས་སུ་ངལ་བ་འབྲས་བུ་མེད་པས་ཚེ་འདི་ལ་སྡུག་བསྔལ་དང་། ཡིད་མི་བདེ་བར་གནས་པར་བྱེད་པ་གང་ཡིན་པ་དང་། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པར་གནས་པ་དང་། ཡང་དག་པར་རྩོལ་བའི་ཡོངས་སུ་ངལ་བ་འབྲས་བུ་དང་བཅས་པས་ཚེ་འདི་ལ་ བདེ་བ་དང་ཡིད་བདེ་བར་གནས་པར་བྱེད་པ་གང་ཡིན་པ་དེ་ནི་སྐྱེས་བུའི་བྱེད་པའི་འབྲས་བུ་དེས་འབྲས་བུ་དང་བཅས་པ་ཡིན་པར་བལྟ་བར་བྱའོ། །འཇིག་རྟེན་པའི་འདོད་ཆགས་དང་བྲལ་བར་སྐྱེ་བར་འགྱུར་བའི་ལམ་ནི་བྲལ་བ་དང་། དབང་གི་འབྲས་བུས་འབྲས་བུ་དང་བཅས་པ་ཡིན་ 130-1-216a པར་བལྟ་བར་བྱའོ། །འཇིག་རྟེན་ལས་འདས་པ་འདྲེན་པ་འཇིག་རྟེན་པའི་ལམ་དང་། མྱ་ངན་ལས་འདས་པ་མངོན་དུ་བྱེད་པའི་འཇིག་རྟེན་ལས་འདས་པའི་འཕགས་པའི་ལམ་ནི་བྲལ་བའི་འབྲས་བུས་འབྲས་བུ་དང་བཅས་པ་ཡིན་པར་བརྗོད་པར་བྱ་སྟེ། འདི་ནི་ གཏན་དུ་ཐམས་ཅད་དང་བྲལ་བའི་འབྲས་བུས་འབྲས་བུ་དང་བཅས་པ་ཡིན་ནོ། །འཇིག་རྟེན་པ་ནི་གཏན་དུ་ཐམས་ཅད་དང་བྲལ་བའི་འབྲས་བུས་འབྲས་བུ་དང་བཅས་པ་མ་ཡིན་པར་བལྟ་བར་བྱ་སྟེ། འདིར་དེ་གཉིས་ཀྱི་བྱེ་བྲག་ནི་དེ་ཡོད་དོ། །དེ་ལྟར་ཇི་སྐད་བསྟན་པའི་རྣམ་པ་འདི་ལྟ་ སྟེ། རྒྱུ་མཐུན་པའི་འབྲས་བུ་དང་། རྣམ་པར་སྨིན་པའི་འབྲས་བུ་དང་། དབང་གི་འབྲས་བུ་དང་། སྐྱེས་བུའི་བྱེད་པའི་འབྲས་བུ་དང་བྲལ་བའི་འབྲས་བུ་དེ་དག་གིས་ནི་འབྲས་བུ་དང་བཅས་པའི་ཆོས་རྣམས་ཀྱི་རབ་ཏུ་དབྱེ་བ་རྣམ་པར་གཞག་པར་རིག་པར་བྱ་སྟེ། དེ་ཡང་ཅི་ རིགས་པར་སྦྱར་རོ། །རྒྱུ་དང་བཅས་པ་མ་ཡིན་པ་དང་། འབྲས་བུ་དང་བཅས་པ་མ་ཡིན་པའི་ཆོས་རྣམས་ནི་དེ་ལས་བཟློག་པ་ཡིན་པར་རིག་པར་བྱའོ། །དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་ཞེས་བྱ་བ་ནི་བདག་པོ་མེད་པ་དང་བྱེད་པ་པོ་མེད་པ་ཞེས་བྱ་བ་འདི་ལྟ་སྟེ། ཡིད་ཀྱིས་རྣམ་པར་གཏན་ལ་དབབ་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པའི་སྐབས་སུ་གང་དག་སྔར་བསྟན་པ་བཞིན་ནོ། །དེ་ལ་གང་གིས་ནང་རྣམས་ཞེས་བྱ་བའི་ནང་གི་ཆོས་རྣམས་ཀྱི་རབ་ཏུ་དབྱེ་བ་ཡང་མདོར་བསྡུ་ན་རྒྱུ་ལྔས་རྣམ་པར་གཞག་སྟེ། ལྔ་གང་ཞེ་ན། ཉེ་བར་འདོགས་པ་དང་། མངོན་པར་ཞེན་པ་དང་། དབང་དང་། ས་བོན་ཡོངས་སུ་འཛིན་པ་དང་། དངོས་པོས་སོ། །དེ་ལ་རེ་ཞིག་གང་ལ་འདི་ལྟ་སྟེ། བདག་ཅེའམ། སེམས་ཅན་ཞེའམ། འདི་ལྟར་དེའི་མིང་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ་ཞེས་ བྱ་བ་ལ་སོགས་པ་ནས། ཚེའི་མཐའ་ནི་འདི་ཙམ་ཞིག་ཏུ་ཐུབ་ཅེས་བྱ་བའི་བར་དུ་དེ་ལྟར་ཉེ་བར་འདོགས་པ་གང་ཡིན་པ་དེ་ནི་ཉེ་བར་འདོགས་པ་ལས་ནང་ཞེས་བྱའོ། །གང་ལ་ལ་འདི་ལྟ་སྟེ་ངར་འཛིན་པ་དང་། ངའོ་སྙམ་པའི་ང་རྒྱལ་གྱིས་མངོན་པར་ཞེན་པ་དེ་ལྟ་བུའི་མངོན་པར་ཞེན་པ་ 130-1-216b འབྱུང་བར་འགྱུར་བ་གང་ཡིན་པ་དེ་ནི་མངོན་པར་ཞེན་པ་ལས་ནང་ཞེས་བྱའོ། །གང་གི་དབང་གིས་གཟུགས་དང་སྒྲ་ལ་སོགས་པ་ཕྱི་རོལ་གྱི་སྐྱེ་མཆེད་རྣམས་ཉེ་བར་སྤྱད་པའི་ཕྱིར་འབྱུང་བར་འགྱུར་བ་གང་ཡིན་པ་དེ་ནི་དབང་ལས་ནང་ཞེས་བྱའོ། །དགེ་བ་དང་། མི་དགེ་བ་དང་། ལུང་ དུ་མ་བསྟན་པའི་ཆོས་ཐམས་ཅད་ཀྱི་ས་བོན་ཡོངས་སུ་འཛིན་པ་གང་ཡིན་པ་དེ་ནི་ས་བོན་ཡོངས་སུ་འཛིན་པ་ལས་ནང་ཞེས་བྱའོ། །དང་བའི་གཟུགས་རྣམ་པ་ལྔ་པོ་གང་ཡིན་པ་དང་། སེམས་དང་ཡིད་དང་། རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་དངོས་པོ་ལས་ནང་ཞེས་བྱའོ། །དམིགས་ པ་ལས་ནང་ཡིན་པར་བརྡར་བཏགས་པའི་རྣམ་པར་གཞག་པ་གཞན་ཡང་ཡོད་དེ། འདི་ལྟ་སྟེ། ཕྱི་རོལ་གྱི་སྐྱེ་མཆེད་དུ་གཏོགས་པ་ཡིན་ཡང་ནང་ན་དམིགས་པ་གང་ཡིན་པ་དེ་ནི་ནང་ཞེས་བྱ་བ་ལྟ་བུའོ། །དེ་ལ་མིང་དང་གཟུགས་ནི་ཕུང་པོ་ལྔ་པོ་དག་གིས་བསྡུས་པ་ཡིན་པར་རིག་ པར་བྱ་སྟེ། གཟུགས་ཀྱི་ཕུང་པོ་ནི་ཡུལ་དེ་དང་དེར་སྐྱེ་བ་དང་། འཕེལ་བར་ཡང་སྣང་ལ། ལག་པ་དང་བོང་བ་ལ་སོགས་པའི་འདུས་ཏེ་རེག་པ་དག་གིས་གཟུགས་སུ་ཡང་རུང་བས། དེའི་ཕྱིར་དེ་ནི་གཟུགས་ཞེས་བྱའོ། །ཕུང་པོ་ལྷག་མ་བཞི་པོ་དག་ནི་སྣ་ཚོགས་སུ་འདོགས་ པའི་དབང་དང་། སྣ་ཚོགས་སུ་འདོགས་པའི་གནས་ཀྱིས་ཕལ་ཆེར་དམིགས་པ་དེ་དང་དེ་ལ་འཇུག་ཅིང་གཞོལ་བར་བྱེད་པས། དེའི་ཕྱིར་ཕུང་པོ་གཟུགས་ཅན་མ་ཡིན་པ་བཞི་པོ་དག་ནི་མིང་ཞེས་བྱའོ། །དེ་ལ་ཟིན་པའི་ཆོས་རྣམས་ཀྱི་རབ་ཏུ་དབྱེ་བ་ཡང་མདོར་བསྡུ་ན། རྣམ་ པ་ལྔས་རྣམ་པར་གཞག་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། རེ་ཞིག་དང་པོར་གཟུགས་འབའ་ཞིག་ཟིན་པ་ཡིན་པར་བལྟ་བར་བྱ་སྟེ། དེའི་ཕྱིར་དེ་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཟིན་པ་མ་ཡིན་པར་དེ་དག་བསལ་བར་བྱས་པ་ཡིན་ནོ། །ནང་གི་ དབང་པོ་དང་འབྲེལ་པའི་གཟུགས་གང་དག་ཡིན་པ་དེ་ཟིན་པ་ཡིན་པར་བལྟ་བར་བྱ་སྟེ། དེའི་ཕྱིར་དེ་ནི་དབང་པོ་དང་མ་འབྲེལ་པ་ཕྱི་རོལ་གྱི་གཟུགས་ཟིན་པ་མ་ཡིན་པར་དེ་བསལ་བར་བྱས་པ་ཡིན་ནོ། །སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱིས་གནས་སུ་བྱས་ཤིང་ 130-1-217a མ་སྤངས་པའི་གཟུགས་གང་ཡིན་པ་དེ་ནི་ཟིན་པ་ཡིན་པར་བལྟ་བར་བྱ་སྟེ། དེའི་ཕྱིར་དེས་ནི་དབང་པོ་དང་མ་འབྲེལ་པ་ནང་གི་སྐྲ་དང་། སྤུ་དང་། སེན་མོ་དང་། སོ་ལ་སོགས་པ་དང་། ཤི་བའི་རོ་དག་ཟིན་པ་མ་ཡིན་པར་དེ་བསལ་བར་བྱས་པ་ཡིན་ནོ། །ཟིན་ པའི་གཟུགས་དེ་ཡང་རྒྱུ་བཞིས་རྣམ་པར་འགྱུར་བས་དེའི་ཕྱིར་ཟིན་པ་ཞེས་བྱ་སྟེ། བཞི་གང་ཞེ་ན། ཕྱི་རོལ་གྱི་གཟུགས་ཀྱི་རེག་པ་དང་ཕྲད་པ་དང་ནང་གི་ཁམས་འཁྲུགས་པ་དང་མཉམ་པར་གྱུར་པ་དང་། འདོད་ཆགས་དང་། ཞེ་སྡང་ལ་སོགས་པ་ཉོན་མོངས་པ་ཀུན་དུ་འབྱུང་བ་ དང་། དམིགས་པ་ལ་ཉེ་བར་གཏོད་པ་སྟེ། འདི་ལྟར་ཟིན་པའི་གཟུགས་ལ་ཕྱི་རོལ་གྱི་གཟུགས་གནོད་པར་བྱེད་པས་གནོད་པར་གྱུར་པ་ན། སྡུག་བསྔལ་བ་དང་། ན་བ་དང་། གནོད་པར་འགྱུར་ལ། ཕན་འདོགས་པས་རེག་པ་ན་བདེ་བ་དང་། ཕན་པ་དང་། མི་གནོད་པར་ འགྱུར་བ་དང་། ཁམས་འཁྲུགས་པས་སྡུག་བསྔལ་བ་དང་། གནོད་པར་འགྱུར་ལ་སྙོམས་པར་ཕན་པར་འགྱུར་བ་དང་། འདོད་པ་ལ་འདུན་པ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་ཀྱང་སྡུག་བསྔལ་བ་དང་། ཉེས་རྩོམ་དང་། ཡོངས་སུ་གདུང་བར་འགྱུར་བ་དང་། དམིགས་པ་ལ་ལོག་པར་ཉེ་བར་གཏོད་པ་དག་གིས་ཀྱང་སྡུག་བསྔལ་བ་དང་། ཉེས་རྩོམ་དང་། ཡོངས་སུ་གདུང་བར་འགྱུར་ལ། དམིགས་པ་ལ་ཤིན་ཏུ་སྦྱངས་པས་ཡང་དག་པར་ཉེ་བར་གཏོད་པས་ནི་བདེ་བ་དང་ཕན་པར་འགྱུར་བའི་ཕྱིར་ཏེ་གནོད་པ་དང་། ཕན་འདོགས་པ་ གང་ཡིན་པ་དེ་ནི་འགྱུར་བ་ཞེས་བྱའོ། །དེ་ལྟར་ན་ནང་གི་ཡང་ཡིན་ལ་གཟུགས་ཀྱང་ཡིན་ཞིང་། སེམས་དང་སེམས་ལས་བྱུང་བས་གནས་སུ་བྱས་པ་དང་། དེ་ལྟར་འགྱུར་བ་གང་ཡིན་པ་དེ་ནི་ཟིན་པ་ཞེས་བྱའོ། །དེ་ལས་བཟློག་པ་ནི་མ་ཟིན་པའི་ཆོས་རྣམས་ཡིན་པར་རིག་པར་ བྱའོ། །དེ་ལ་འབྱུང་བ་ཆེན་པོ་རྣམས་དང་། རྒྱུར་བྱས་པའི་ཆོས་རྣམས་ནི་ཆོས་གཟུགས་ཅན་ཁོ་ན་ཡིན་པར་བརྗོད་པར་བྱའོ། །དེ་ལ་ཇི་ལྟར་འབྱུང་བ་ཆེན་པོ་རྣམས་རང་གི་ས་བོན་ལས་སྐྱེས་པ་དེ་བཞིན་དུ་རྒྱུར་བྱས་པའི་གཟུགས་ཀྱང་རང་གི་ས་བོན་ལས་སྐྱེ་བ་ཡིན་ན། ཅིའི་ཕྱིར་ 130-1-217b རྒྱུར་བྱས་པའི་གཟུགས་འབྱུང་བ་ཆེན་པོ་དག་རྒྱུར་བྱས་པ་ཞེས་བྱ་ཞེ་ན། འབྱུང་བ་ཆེན་པོའི་ས་བོན་དབང་པོ་གཟུགས་ཅན་དང་། སེམས་དང་ལྡན་པ་གང་དག་ཡིན་པ་དེ་དག་ནི་རྒྱུར་བྱས་པའི་ས་བོན་གཟུགས་ཀྱི་ས་བོན་དག་དང་ལྡན་པ་ཡིན་ཏེ། དེ་དག་གང་གི་ཚེ་འབྲས་བུ་མངོན་པར་ འགྲུབ་པར་བྱེད་པ་དེའི་ཚེ་ན། དེ་དག་དང་ལྡན་པ་རྒྱུར་བྱས་པའི་གཟུགས་ཀྱི་ས་བོན་དག་ཀྱང་རང་གི་འབྲས་བུ་ངེས་པར་མངོན་པར་སྒྲུབ་པར་བྱེད་དེ། དེའི་ཕྱིར་རྒྱུར་བྱས་པའི་གཟུགས་དེ་ཡང་འབྱུང་བ་ཆེན་པོ་དག་རྒྱུར་བྱས་པ་ཞེས་བྱའོ། །དེ་ལ་འབྱུང་བ་ཆེན་པོའི་ས་བོན་དབང་པོ་ གཟུགས་ཅན་དང་ལྡན་པ་གང་ཡིན་པ་དེ་ནི་ཕྱོགས་དང་བཅས་པ་ཡིན་ལ། དབང་པོ་གཟུགས་ཅན་མ་ཡིན་པ་དང་ལྡན་པ་གང་ཡིན་པ་དེ་ནི་ཕྱོགས་མེད་པ་ཡིན་པར་བརྗོད་པར་བྱའོ། །འབྱུང་བ་ཆེན་པོ་དེ་དག་ཀྱང་མདོར་བསྡུ་ན་རྣམ་པ་གཉིས་ཏེ། ཁམས་ཙམ་གྱིས་བསྡུས་པ་དག་དང་། རང་གི་ལས་བྱེད་པ་དག་ཡིན་ནོ། །དེ་ལ་ས་བོན་དུ་གྱུར་པ་གང་ཡིན་པ་དེ་དག་ནི་ཁམས་ཙམ་གྱིས་བསྡུས་པ་དག་ཡིན་ནོ། །རང་གི་ས་བོན་དེ་ལས་གྲུབ་པ་གང་དག་ཡིན་པ་དེ་དག་ནི་རང་གི་ལས་བྱེད་པ་དག་ཡིན་ནོ། །དེ་དག་ཀྱང་རྒྱུར་བྱས་པའི་གཟུགས་དང་ལྷན་ཅིག་གི་དངོས་པོས་ཐ་མི་ དད་པར་འཇུག་པ་དག་ཡིན་ཏེ། དེ་དང་འདྲ་བའི་རྒྱུ་ལས་གྲུབ་པ་ཡིན་པའི་ཕྱིར་རོ། །ཐམས་ཅད་དུ་ཡང་ཐམས་ཅད་འདྲེས་ཤིང་རོ་གཅིག་པའི་གོང་བུ་ལྟ་བུ་ཡིན་གྱི། ཕྱེ་དང་འབྲུ་དང་། ནོར་བུའི་ཕུང་པོ་ལྟ་བུ་ནི་མ་ཡིན་ནོ། །འདོད་པའི་ཁམས་ན་ནི་གཟུགས་འདུས་པ་གཅིག་ཏུ་ སྲ་བ་གང་ཡིན་པ་དེ་ལ་སའི་ཁམས་དང་། གཟུགས་དང་དྲི་དང་རོའི་ཁམས་དག་ལས་བྱེད་པ་ཡིན་ནོ། །གཟུགས་ཀྱི་ཁམས་ན་ནི་གཟུགས་ཀྱི་ཁམས་ཁོ་ན་ལས་བྱེད་པ་ཡིན་ནོ། །ལྷག་མ་ཆུ་དང་། མེ་དང་། རླུང་དང་། སྒྲའི་ཁམས་ས་བོན་དུ་གྱུར་པ་དེ་དང་འབྲེལ་པ་དག་ནི་ རྐྱེན་དག་ལ་ལྟོས་པ་ཡིན་ཏེ། དེ་ལྟར་ན་ཆུ་དང་། མེ་དང་། རླུང་གི་མིང་ཅན་འདུས་པ་དག་ལ་གོ་རིམས་ཅི་རིགས་པར་བལྟ་བར་བྱའོ། །དེ་ལ་ནང་གི་གཟུགས་འདུས་པ་ལ་ནི་སྐྲ་དང་། སྤུ་ལ་སོགས་པའི་རབ་ཏུ་དབྱེ་བས། ས་ལ་སོགས་པའི་ཁམས་ཐམས་ཅད་ལས་བྱེད་པ་དང་ 130-1-218a བཅས་པར་སྣང་སྟེ། མདོ་ལས་ཇི་སྐད་གསུངས་པ་བཞིན་ནོ། །ཕྱི་རོལ་ལ་ནི་ས་ལ་སོགས་པའི་འདུས་པ་སོ་སོར་ཅི་རིགས་པར་བལྟ་བར་བྱའོ། །དེ་དག་ཀྱང་རྐྱེན་ཇི་ལྟ་ཇི་ལྟ་བུ་དག་དང་ཕྲད་པའི་འབྲས་བུ་དེ་ལྟ་དེ་ལྟ་བུའི་རྒྱུར་གྱུར་པ་ཡིན་ཏེ། འདི་ ལྟ་སྟེ། དཔེར་ན་ཤིང་སྐམ་པོ་ལེགས་པར་གཙུབས་པ་ལས་མེ་འབྱུང་བ་དང་། ཚོན་མོ་སྟེང་དང་། རོ་ཉེ་དང་། ལྕགས་དང་དངུལ་ལ་སོགས་པ་ཞུ་བར་འགྱུར་བ་ལྟ་བུའོ། །རེག་བྱའི་སྐྱེ་མཆེད་དུ་གཏོགས་པ་འཇམ་པ་ཉིད་དང་། རྩུབ་པ་ཉིད་ལ་སོགས་པ་གང་དག་རྣམ་པར་ ཤེས་པའི་ཚོགས་ལྔ་དང་ལྡན་པའི་སར་སྔར་ཇི་སྐད་བསྟན་པ་དེ་དག་ཐམས་ཅད་ནི་འབྱུང་བ་ཆེན་པོའི་བྱེ་བྲག་ཁོ་ན་ཡིན་པར་རིག་པར་བྱ་སྟེ། དེ་ལྟ་བུར་གྱུར་པ་དེ་དང་འདྲ་བ་དེའི་གནས་སྐབས་པའི་འབྱུང་བ་ཆེན་པོ་བཞི་པོ་དེ་དག་ནི་ཅི་རིགས་པར་འགྱུར་རོ། །དེ་དག་ལ་འཇམ་ པ་ཉིད་ལ་སོགས་པ་གང་དག་ཉེ་བར་གདགས་ཤིང་གདགས་པར་བྱེད་པ་དེ་དག་ནི་བཏགས་པའི་ཡོད་པ་ཡིན་པར་རིག་པར་བྱའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཕྱི་རོལ་གྱི་རེག་པའི་སྐྱེ་མཆེད་ནི་འབྱུང་བ་ཆེན་པོ་བཞི་པོ་དག་དང་། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་ཡིན་ནོ་ཞེས་ བྱ་བ་དང་། གཟུགས་བསྟན་དུ་མེད་ལ་ཐོགས་པ་མེད་པ་ཞེས་གང་གཟུགས་དེ་ལ་དགོངས་པ་གང་ཞེ་ན། འདི་ལ་འབྱུང་བ་ཆེན་པོ་རྣམས་ནི་རྒྱུར་བྱས་པའི་གཟུགས་རྣམ་པ་གཉིས་སྐྱེད་པར་བྱེད་དེ། རང་གི་རིགས་ཀྱིས་ཁྱད་པར་ཅན་དང་། གཞན་གྱི་རིགས་ཀྱིས་ཁྱད་པར་ཅན་ ནོ། །དེ་ལ་རང་གི་རིགས་ཀྱིས་ཁྱད་པར་ཅན་གྱི་རྒྱུར་བྱས་པའི་གཟུགས་ནི་འབྱུང་བ་ཆེན་པོ་རྣམས་ཀྱི་འཇམ་པ་ཉིད་དང་། རྩུབ་པ་ཉིད་ལ་སོགས་པ་སྟེ། འདི་ལྟར་གང་དག་ལ་འཇམ་པ་ཉིད་དང་། རྩུབ་པ་ཉིད་ཅེས་རྒྱ་ཆེར་འབྱུང་བ་ཉེ་བར་གདགས་པའི་འབྱུང་བ་ཆེན་པོ་ཕན་ཚུན་ ཁྱད་པར་ཅན་དུ་གྱུར་པ་དེ་དག་ནི་རྒྱུ་དེ་དང་རྐྱེན་དེས་གྲུབ་པ་ཡིན་པའི་ཕྱིར་རོ། །གཞན་གྱི་རིགས་ཀྱིས་ཁྱད་པར་ཅན་གྱི་རྒྱུར་བྱས་པའི་གཟུགས་ནི་མིག་དང་རྣ་བ་ལ་སོགས་པ་ནང་གི་སྐྱེ་མཆེད་ལྔ་དང་། རེག་བྱའི་སྐྱེ་མཆེད་མ་གཏོགས་པ་ཕྱི་རོལ་གྱི་སྐྱེ་མཆེད་བཞི་དང་། ཆོས་ཀྱི་ 130-1-218b སྐྱེ་མཆེད་ཀྱི་ཕྱོགས་ཀྱི་གཟུགས་རྣམས་སོ། །དེ་ལ་བཅོམ་ལྡན་འདས་ཀྱིས་རང་གི་རིགས་ཀྱིས་ཁྱད་པར་ཅན་གྱི་རྒྱུར་བྱས་པའི་གཟུགས་ལས་དགོངས་ནས་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་ཞེས་གསུངས་སོ། །བསྟན་དུ་མེད་ལ་ཐོགས་པ་མེད་པའི་གཟུགས་ཞེས་གང་གསུངས་ པ་དེ་འབྱུང་བ་ཆེན་པོ་གང་དག་ལ་བརྟེན་པ་ཡིན་པར་བརྗོད་པར་བྱ་ཞེ་ན། གལ་ཏེ་མཉམ་པར་གཞག་པའི་སེམས་དང་ལྡན་པ་འདོད་པ་ན་སྤྱོད་པའི་ཆོས་གཟུགས་ཅན་ཡིད་ལ་བྱེད་པ་ལ་གཟུགས་བརྙན་སྐྱེ་བར་གྱུར་ན། དེ་ནི་འདོད་པ་ན་སྤྱོད་པའི་འབྱུང་བ་ཆེན་པོ་དག་ལ་བརྟེན་པ་ ཡིན་པར་བརྗོད་པར་བྱའོ། །གལ་ཏེ་གཟུགས་ན་སྤྱོད་པའི་ཆོས་གཟུགས་ཅན་ཡིད་ལ་བྱེད་པ་ལ་གཟུགས་བརྙན་སྐྱེ་བར་གྱུར་ན། དེ་ནི་གཟུགས་ན་སྤྱོད་པ་ཁོ་ནའི་འབྱུང་བ་ཆེན་པོ་དག་ལ་བརྟེན་པ་ཡིན་པར་བརྗོད་པར་བྱའོ། །འབྱུང་བ་ཆེན་པོ་དག་རྒྱུར་བྱས་པའི་ཆོས་རྣམས་ཀྱི་ རྣམ་པར་གཏན་ལ་དབབ་པའི་གཞུང་ལྷག་མ་ནི་མི་སྣང་ངོ་།། །།སྲིད་པའི་ཆོས་རྣམས་ནི་འཇིག་རྟེན་པའི་ཆོས་ཐམས་ཅད་ལ་བྱ་སྟེ། གལ་ཏེ་དགྲ་བཅོམ་པའི་འཇིག་རྟེན་པའི་དགེ་བའི་ཆོས་གང་དག་ཡིན་པ་དེ་དག་འཇིག་རྟེན་པ་ཡིན་པའི་ཕྱིར་སྲིད་པར་གཏོགས་པ་ཡིན་པར་གྱུར་ན། ཅིའི་ ཕྱིར་ཟག་པ་མེད་པ་རྣམས་ཞེས་བྱ་ཞེ་ན། དེ་དག་ནི་སྲིད་པ་གསུམ་དུ་གཏོགས་པ་ཡིན་པའི་ཕྱིར་སྲིད་པར་གཏོགས་པ་ཞེས་བྱ་བར་ཟད་ཀྱི་དེ་དག་ནི་ཟག་པའི་བག་ལ་ཉལ་ལས་རྣམ་པར་གྲོལ་བ་ཁོ་ནའི་ཕྱིར་ཟག་པ་མེད་པ་ཞེས་བྱའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཟག་པ་དང་བཅས་པའི་ ཆོས་རྣམས་གང་ཞེ་ན། འཇིག་རྟེན་པའི་ཡིད་གང་ཡིན་པ་དང་། ཆོས་རྣམས་དང་། ཡིད་ཀྱི་རྣམ་པར་ཤེས་པའོ་ཞེས་གསུངས་པ་དེ་ལ་དགོངས་པ་གང་ཡིན་ཞེ་ན། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་ཡིད་དང་། ཆོས་རྣམས་དང་། ཡིད་ཀྱི་རྣམ་པར་ཤེས་པ་སྤང་བར་བྱ་བ་མ་སྤངས་པ་ གང་ཡིན་པ་ལས་དགོངས་ཏེ་གསུངས་པ་ཡིན་ནོ། །དེ་ལ་བཅོམ་ལྡན་འདས་ཀྱིས་སྲིད་པ་མང་པོ་འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་པའི་སྲིད་པ་ཞེས་གང་གསུངས་པ་དེ་དག་གི་རྣམ་པར་གཞག་པ་ནི་འདི་ལྟ་སྟེ། ཐོས་པ་ལས་བྱུང་བའི་སར་སངས་རྒྱས་ 130-1-219a ཀྱི་བཀའ་ཤེས་བྱའི་གནས་སུ་བསྟན་པ་བཞིན་ནོ། །དེ་ལ་བླ་ན་ཡོད་པའི་ཆོས་རྣམས་ནི་མྱ་ངན་ལས་འདས་པ་མ་གཏོགས་པའི་ཆོས་ཐམས་ཅད་ཡིན་པར་བལྟ་བར་བྱའོ། །མྱ་ངན་ལས་འདས་པ་ནི་རྒྱུ་ལྔས་བླ་ན་མེད་པ་ཡིན་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། ཀུན་དུ་འབྱུང་བའི་བདེན་པ་ཉེ་བར་ཞི་བ་དང་། སྡུག་བསྔལ་གྱི་བདེན་པ་ཉེ་བར་ཞི་བ་དང་། འཇིགས་པ་མེད་པ་དང་། ཡམས་ཀྱི་ནད་མེད་པ་དང་། གནོད་པ་མེད་པ་དང་། འགོ་བའི་ནད་མེད་པས་བདེ་བ་དང་། ཚེ་འདི་ལ་བདེ་བར་གནས་པ་བླ་ན་མེད་པ་ལ་དམིགས་པ་འདི་ལྟ་སྟེ། མཚན་ མ་མེད་པ་ལ་གནས་པའི་ཕྱིར་དང་། བདེ་བའི་དོན་དང་། སྐྱིད་པའི་དོན་ལ་རྟག་པར་གཏན་དུ་མི་སླུ་བ་ཉིད་ཀྱི་ཕྱིར་ཏེ། རྒྱུ་ལྔ་པོ་འདུས་པ་དེ་དག་ཡིན་ནོ། །དེ་དག་གང་ལ་ཡོད་པ་ནི་མྱ་ངན་ལས་འདས་པ་ཁོ་ན་ཡིན་པས་དེའི་ཕྱིར་མྱ་ངན་ལས་འདས་པ་ནི་བླ་ན་མེད་པ་ཞེས་བྱའོ། །བསྒོམ་པར་བྱ་བའི་ཆོས་རྣམས་ ནི་འདུས་བྱས་ཀྱི་དགེ་བ་ཐམས་ཅད་ཡིན་པར་རིག་པར་བྱའོ། །དེ་ལ་བསྒོམ་པ་ནི་མདོར་བསྡུ་ན། རྣམ་པ་བཞིར་བལྟ་བར་བྱ་སྟེ། ཐོབ་པ་བསྒོམ་པ་དང་། བསྟེན་པ་བསྒོམ་པ་དང་། སྤང་བ་བསྒོམ་པ་དང་། གཉེན་པོ་བསྒོམ་པའོ། །དེ་ལ་དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པའི་ཕྱིར་ཡིད་ལ་བྱེད་པ་ བསྒོམ་པ་གང་ཡིན་པ་དེ་ནི་ཐོབ་པ་བསྒོམ་པ་ཞེས་བྱའོ། །དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་། མི་བརྗེད་པར་བྱ་བའི་ཕྱིར་དང་། རྒྱ་ཆེར་འབྱུང་བ་ནི་བསྟེན་པ་བསྒོམ་པ་ཞེས་བྱའོ། །སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་ཡིད་ལ་བྱེད་པ་བསྒོམ་པ་གང་ཡིན་པ་དེ་ནི་སྤང་ བ་བསྒོམ་པ་ཞེས་བྱའོ། །སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་རྣམ་པར་སུན་འབྱིན་པ་ལ་སོགས་པ་གཉེན་པོ་ཡིད་ལ་བྱ་བ་གོམས་པར་བྱེད་པ་གང་ཡིན་པ་དེ་ནི་གཉེན་པོ་བསྒོམ་པ་ཞེས་བྱའོ། །དེ་ལ་མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་ནས་བཟུང་སྟེ། མོས་ པ་ཡིད་ལ་བྱེད་པའི་བར་ནི་རྣམ་པར་སུན་འབྱིན་པ་གཉེན་པོ་བསྒོམ་པ་ཡིན་པར་རིག་པར་བྱའོ། །རབ་ཏུ་དབེན་པ་ཡིད་ལ་བྱེད་པ་ནས་བཟུང་སྟེ། སྦྱོར་བ་མཐར་ཐུག་པ་ཡིད་ལ་བྱེད་པའི་བར་ནི་སྤོང་བ་གཉེན་པོ་བསྒོམ་པ་ཡིན་པར་རིག་པར་བྱའོ། །སྦྱོར་བ་མཐར་ཐུག་པའི་ 130-1-219b འབྲས་བུ་ཡིད་ལ་བྱེད་པ་ནི་ཀུན་དུ་འཛིན་པ་གཉེན་པོ་བསྒོམ་པ་ཡིན་པར་རིག་པར་བྱའོ། །དེའི་གོང་དུ་ཡིད་ལ་བྱེད་པ་བདུན་པོ་ཁྱད་པར་ཅན་དུ་གཏོགས་པ་གོང་མའི་ས་པ་དེ་དག་ཐམས་ཅད་ནི་ཐག་བསྲིང་བ་གཉེན་པོ་བསྒོམ་པ་ཡིན་པར་རིག་པར་བྱའོ། །བསྒོམ་པ་རྣམ་པ་བཞི་པོ་དེ་དག་ ཐམས་ཅད་བསྡུས་ནས་བསྒོམ་པ་རྣམ་པ་གཉིས་སུ་བལྟ་བར་བྱ་སྟེ། སྡོམ་པ་ཡང་དག་པར་བླང་བ་བསྒོམ་པ་དང་། ཡིད་ལ་བྱེད་པ་བསྒོམ་པའོ། །དེ་ལ་ལུས་བསྒོམ་པ་ནི་སྡོམ་པ་བསྒོམ་པའོ། །ཚུལ་ཁྲིམས་བསྒོམ་པ་ནི་ཡང་དག་པར་བླང་བ་བསྒོམ་པའོ། །བསམ་གཏན་གྱི་ ས་པའི་ཡིད་ལ་བྱེད་པ་བསྒོམ་པ་དང་། བདེན་པ་ཤེས་པའི་ས་པའི་ཡིད་ལ་བྱེད་པ་བསྒོམ་པ་ནི་ཡིད་ལ་བྱེད་པ་བསྒོམ་པ་ཡིན་པར་རིག་པར་བྱའོ། །དེ་ལ་ཡིད་ལ་བྱེད་པ་བསྒོམ་པ་དང་པོ་ནི་སེམས་བསྒོམ་པ་ཞེས་བྱའོ། །གཉིས་པ་ནི་ཤེས་རབ་བསྒོམ་པ་ཞེས་བྱའོ། །དེ་ལ་དགྲ་ བཅོམ་པའི་སེམས་དང་སེམས་ལས་བྱུང་བ་ཐ་མ་མ་གཏོགས་པ་འདས་པའི་ཆོས་རྒྱུ་སྤྱད་ཟིན་པ་ངོ་བོ་ཉིད་ཞིག་པ་དེ་ལས་གཞན་པ་དག་སྐྱེད་པའི་མཇུག་ཐོགས་ཀྱི་རྐྱེན་དུ་གྱུར་པ། སེམས་ཀྱི་རྒྱུད་ལ་ཡོངས་སུ་བསྒོས་པ་གང་དག་ཡིན་པ་དེ་དག་ནི་འགགས་ནས་བསྐལ་པ་བརྒྱ་སྟོང་ ལོན་དུ་ཟིན་ཀྱང་། འདོད་པ་དང་མི་འདོད་པའི་རྣམ་པར་སྨིན་པར་བྱེད་དོ། །འདས་པ་ཁ་ཅིག་ནི་ཇི་ལྟར་ཉམས་སུ་མྱོང་བ་དྲན་པ་ཁོ་ན་ཙམ་ཡིན་ལ། ཁ་ཅིག་ནི་མི་དྲན་ལ་འགགས་པས་རབ་ཏུ་ཕྱེ་བ་ཁོ་ན་ཙམ་ཡིན་པས་བྱེད་པ་མེད་པ་ཡིན་པར་རིག་པར་བྱ་སྟེ། དེ་ལྟར་ན་དེ་ནི་འདས་པའི་ ཆོས་རྣམས་ཀྱི་རབ་ཏུ་དབྱེ་བ་ཡིན་པར་བལྟ་བར་བྱའོ། །འདས་པའི་ཆོས་དེ་དག་གི་དངོས་པོ་རབ་ཏུ་དབྱེ་བ་ཡང་མདོར་བསྡུ་ན། རྣམ་པ་ལྔས་རྣམ་པར་གཞག་པར་བལྟ་བར་བྱ་སྟེ། ལྔ་གང་ཞེ་ན། སྐད་ཅིག་འདས་པའི་ཆོས་ཅན་དག་ཀྱང་ཡོད་དེ། འདི་ལྟ་སྟེ། འདུ་བྱེད་སྐད་ ཅིག་པ་ཐམས་ཅད་ཀྱི་ནང་ན། སྐད་ཅིག་ལས་འདས་པའི་འདུ་བྱེད་ཐམས་ཅད་དོ། །ཤི་འཕོས་པས་འདས་པའི་ཆོས་དག་ཀྱང་ཡོད་དེ། འདི་ལྟ་སྟེ། སེམས་ཅན་དེ་དང་དེ་དག་སེམས་ཅན་གྱི་རིགས་དེ་དང་དེ་དག་ནས་ཤི་འཕོས་ཞེས་བྱ་བ་ནས། ཤི་ཞིང་དུས་བྱེད་ཅེས་རྒྱ་ཆེར་འབྱུང་བའི་ 130-1-220a བར་དག་གོ། །འཇིག་པས་འདས་པའི་ཆོས་དག་ཀྱང་ཡོད་དེ། འདི་ལྟ་སྟེ། སྣོད་ཀྱི་འཇིག་རྟེན་དུ་གཏོགས་པ་དག་མེས་འཇིག་པ་ལ་སོགས་པས་ཞིག་པ་གང་དག་ཡིན་པའོ། །ཆོས་གང་དག་ཡོངས་སུ་ཉམས་པའི་འདས་པས་འདས་པ་དག་ཀྱང་ ཡོད་དེ། འདི་ལྟ་སྟེ། ལ་ལ་དགེ་བའི་ཆོས་དང་། ཡོན་ཏན་དང་། བདེ་བར་གནས་པ་ཐོབ་པ་ལས་ཡོངས་སུ་ཉམས་པ་ཡིན་ནོ། །འགགས་པའི་འདས་པས་འདས་པའི་ཆོས་དག་ཀྱང་ཡོད་དེ། འདི་ལྟ་སྟེ། ཕུང་པོའི་ལྷག་མ་དང་བཅས་པ་དང་། ཕུང་པོའི་ལྷག་མ་མེད་པའི་ མྱ་ངན་ལས་འདས་པའི་དབྱིངས་སུ་འགགས་པའོ། །མ་འོངས་པའི་ཆོས་རྒྱུ་མ་སྤྱད་པ། ངོ་བོ་ཉིད་མ་སྤྱད་པ། སྐྱེ་བའི་རྐྱེན་ལ་ལྟོས་པ། སྐྱེ་བ་ལ་མངོན་དུ་ཕྱོགས་པ། སྐྱེ་བ་དང་ཐག་ཉེ་བའམ། སྐྱེ་བ་དང་ཐག་རིང་བ་ཡང་རུང་སྟེ། དེ་དག་གི་རབ་ཏུ་དབྱེ་བ་ཡང་རྣམ་པ་ལྔས་ རྣམ་པར་གཞག་པར་བལྟ་བར་བྱ་སྟེ། སྐད་ཅིག་མ་འོངས་པ་རྣམས་དང་། སྐྱེ་བ་མ་འོངས་པ་རྣམས་དང་། འཆགས་པ་མ་འོངས་པ་རྣམས་དང་། ཀུན་དུ་སྤྱོད་པ་མ་འོངས་པ་རྣམས་དང་། འཐོབ་པ་མ་འོངས་པ་རྣམས་སོ། །ད་ལྟར་བྱུང་བའི་ཆོས་རྒྱུ་སྤྱད་ཟིན་པ་ངོ་བོ་ཉིད་མ་ སྤྱད་པ། སྐད་ཅིག་གི་འོག་ཏུ་འཇིག་པར་ངེས་པ། ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱིས་རབ་ཏུ་ཕྱེ་བ་དང་། དེ་དག་ལས་ཁ་ཅིག་རྣམ་པར་བྱང་བས་རབ་ཏུ་ཕྱེ་བ་ཡང་རུང་སྟེ། དེ་དག་གི་རབ་ཏུ་དབྱེ་བ་ཡང་རྣམ་པ་ལྔས་རྣམ་པར་གཞག་པར་བལྟ་བར་བྱ་སྟེ། སྐད་ཅིག་ད་ལྟར་ བྱང་བ་རྣམས་དང་། སྐྱེ་བ་ད་ལྟར་འབྱུང་བ་རྣམས་དང་། འཆགས་པ་ད་ལྟར་འབྱུང་བ་རྣམས་དང་། ཀུན་དུ་སྤྱོད་པ་ད་ལྟར་འབྱུང་བ་རྣམས་དང་། ཐ་མ་ད་ལྟར་འབྱུང་བ་རྣམས་ཏེ། འདི་ལྟ་སྟེ་དཔེར་ན། དགྲ་བཅོམ་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་ཐ་མ་དག་ ལྟ་བུའོ། །དེ་ལ་འདོད་པ་དང་ལྡན་པའི་ཆོས་རྣམས་གང་ཞེ་ན། འདོད་པའི་ཁམས་སུ་སྐྱེས་ཤིང་བྱུང་བ་འདོད་པ་རྣམས་ལས་འདོད་ཆགས་དང་མ་བྲལ་བ། སེམས་མཉམ་པར་མ་བཞག་པ་དེའི་གནས་སྐབས་ཀྱི་ཆོས་སྐྱེས་ནས་ཐོབ་པ་ལས་སམ། ཡིད་ལ་བྱེད་པ་ལས་སྤྱད་ 130-1-220b པ་དང་། ཀུན་དུ་སྤྱོད་པ་དང་། ཀུན་དུ་སྤྱོད་པར་འགྱུར་བ་གང་དག་ཡིན་པ་དེ་དག་ནི་འདོད་པ་དང་ལྡན་པའི་ཆོས་རྣམས་ཞེས་བྱའོ། །གཟུགས་དང་ལྡན་པའི་ཆོས་རྣམས་གང་ཞེ་ན། འདོད་པའི་ཁམས་ཉིད་དུ་སྐྱེས་ཤིང་འབྱུང་བ་བསམ་གཏན་གང་ཡང་རུང་བ་སྙོམས་པར་ཞུགས་པ་ འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ། གཟུགས་རྣམས་ལས་འདོད་ཆགས་དང་མ་བྲལ་བ། དེའི་གོང་དུ་སྦྱོར་བ་མ་བརྩམས་པ། ཏིང་ངེ་འཛིན་དེ་ལས་མ་ལངས་པའི་འཇིག་རྟེན་པའི་ཡིད་ཀྱི་ས་པའི་ཆོས་ཡིད་ལ་བྱེད་པ་ལས་ཀུན་དུ་སྤྱད་པ་དང་། ཀུན་དུ་སྤྱོད་པ་དང་། ཀུན་དུ་ སྤྱོད་པར་འགྱུར་བ་གང་དག་ཡིན་པ་དེ་དག་ནི་གཟུགས་དང་ལྟན་པའི་ཆོས་རྣམས་ཞེས་བྱའོ། །གཟུགས་ཀྱི་ཁམས་སུ་སྐྱེས་པ་དེ་ལས་འདོད་ཆགས་དང་མ་བྲལ་བ་གོང་དུ་སྦྱོར་བ་མ་བརྩམས་པའི་སྐྱེ་གནས་ཐོབ་པ་ལས་སམ། ཡིད་ལ་བྱེད་པ་ལས་འཇིག་རྟེན་པའི་ཆོས་ཀུན་དུ་སྤྱད་པ་ དང་། ཀུན་དུ་སྤྱོད་པ་དང་། ཀུན་དུ་སྤྱོད་པར་འགྱུར་བ་གང་དག་ཡིན་པ་དེ་དག་ཀྱང་གཟུགས་དང་ལྡན་པའི་ཆོས་རྣམས་ཞེས་བྱའོ། །གཟུགས་དང་ལྡན་པའི་ཆོས་རྣམས་ཇི་ལྟ་བ་དེ་བཞིན་དུ་གཟུགས་མེད་པ་དང་ལྡན་པའི་ཆོས་རྣམས་ཀྱང་ཅི་རིགས་པར་བལྟ་བར་བྱའོ། །དེ་ཆོས་དགེ་ བ་རྣམས་གང་ཞེ་ན། ཆོས་དགེ་བ་རྣམས་ནི་མདོར་བསྡུ་ན། རྒྱུ་གཉིས་ཀྱིས་དགེ་བ་རྣམས་ཞེས་བྱ་སྟེ། ངོ་བོ་ཉིད་ཀྱིས་ཕྱིན་ཅི་ལོག་ཏུ་གྱུར་པ་མ་ཡིན་ལ། ཕྱིན་ཅི་ལོག་ཏུ་གྱུར་པའི་ཆོས་རྣམས་ཀྱི་གཉེན་པོ་དང་བདེ་བས་ཏེ། འདི་ལྟར་དགེ་བའི་ཆོས་རྣམས་ནི་ངོ་བོ་ཉིད་ཀྱིས་ཕྱིན་ཅི་མ་ ལོག་པར་དམིགས་པ་ལ་འཇུག་པ་ཡིན་ཞིང་། གང་དག་ཕྱིན་ཅི་ལོག་ཏུ་གྱུར་ལ། ཉོན་མོངས་པ་ཅན་དུ་དམིགས་པ་ལ་འཇུག་པ་དེ་དག་གི་གཉེན་པོར་གྱུར་པ་ཡིན་པའི་ཕྱིར་དང་། བདེ་འགྲོ་དང་། མྱ་ངན་ལས་འདས་པར་འགྲོ་བ་དང་མཐུན་པ་ཡིན་པའི་ཕྱིར་བདེ་བ་ཡིན་ནོ། །མི་དགེ་བ་ རྣམས་ནི་དེ་ལས་བཟློག་པའི་རྒྱུ་གཉིས་ཁོ་ནས་བལྟ་བར་བྱ་སྟེ། ངོ་བོ་ཉིད་ཀྱི་ཕྱིན་ཅི་ལོག་ཏུ་གྱུར་པ་དང་། མི་བདེ་བས་སོ། །ལུང་དུ་མ་བསྟན་པ་རྣམས་ནི་ཕྱིན་ཅི་ལོག་ཏུ་གྱུར་པ་ཡང་མ་ཡིན། ཕྱིན་ཅི་ལོག་གི་གཉེན་པོ་ཡང་མ་ཡིན་པ་དང་། བདེ་བ་ཡང་མ་ཡིན་མི་བདེ་བ་ཡང་མ་ཡིན་ 130-1-221a པར་བལྟ་བར་བྱའོ། །དགེ་བ་དེའི་རབ་ཏུ་དབྱེ་བ་ཡང་རྣམ་པ་ལྔས་རྣམ་པར་གཞག་པར་རིག་པར་བྱ་སྟེ། ཕྱི་མ་ལ་འབྲས་བུ་འདོད་པ་དང་། ཀུན་ནས་ཉོན་མོངས་པའི་གཉེན་པོ་ནི་འདི་ལྟ་སྟེ། མི་སྡུག་པ་ལ་སོགས་པ་འདོད་ཆགས་ལ་སོགས་པའི་གཉེན་པོ་ཡིན་པ་ནས། འཕགས་ པའི་ལམ་ཡན་ལག་བརྒྱད་པ་ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོ་ཡིན་པའི་བར་དང་། ཀུན་ནས་ཉོན་མོངས་པ་ཉེ་བར་ཞི་བས་རབ་ཏུ་ཕྱེ་བ་ནི་འདི་ལྟ་སྟེ། མྱ་ངན་ལས་འདས་པའོ། །རྣམ་པར་དག་པའི་གནས་པས་རབ་ཏུ་ཕྱེ་བ་ནི་འདི་ལྟ་སྟེ། འདོད་ཆགས་དང་བྲལ་བ། ཚེ་འདི་ལ་བདེ་བར་ གནས་པ་དགེ་བ་འཕགས་པ་ལ་སོགས་པས་གནས་པ་རྣམས་ཀྱིའོ། །སེམས་ཅན་ལ་ཕན་འདོགས་པས་རབ་ཏུ་ཕྱེ་བ་ནི་འདི་ལྟ་སྟེ། འདོད་ཆགས་དང་བྲལ་བ་རྣམས་ཁོ་ནའི་སྟེ་གཞན་ལ་སྙིང་བརྩེ་བ་ཅན་གྱི་ཉན་ཐོས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་ པ་རྣམས་ཀྱི་གཞན་གྱི་དོན་སྤྱོད་པའི་དགེ་བ་སྣ་ཚོགས་གང་དག་ཡིན་པ་རྣམས་སོ། །མི་དགེ་བའི་ཆོས་རྣམས་ཀྱི་རབ་ཏུ་དབྱེ་བ་ཡང་དེ་ལས་བཟློག་པ་རྣམ་པ་ལྔ་ཁོ་ནས་རྣམ་པར་བཞག་པར་རིག་པར་བྱ་སྟེ། ཕྱི་མ་ལ་འབྲས་བུ་མི་འདོད་པ་དང་། ཀུན་ནས་ཉོན་མོངས་པའི་གཉེན་པོའི་མི་ མཐུན་པའི་ཕྱོགས་དང་། ཀུན་ནས་ཉོན་མོངས་པ་ཉེ་བར་མ་ཞི་བས་རབ་ཏུ་ཕྱེ་བ་དང་། ཉོན་མོངས་པ་ཅན་གྱི་གནས་པས་རབ་ཏུ་ཕྱེ་བ་དང་། གཞན་ལ་གནོད་པས་རབ་ཏུ་དབྱེ་བས་སོ། །དགེ་བའི་རྒྱུ་ལྔས་སྟོབས་དང་ལྡན་པ་ཡིན་ཏེ། ལྔ་གང་ཞེ་ན། སྦྱོར་བ་དང་། སྔོན་གོམས་པ་ དང་། ཡོན་ཏན་ཁྱད་པར་ཅན་ཡོངས་སུ་འཛིན་པ་དང་། ཞིང་དང་། དངོས་པོ་དང་། གནས་དང་། ངོ་བོ་ཉིད་ཀྱིས་སོ། །རྟག་ཏུ་སྦྱོར་བ་དང་། གུས་པར་སྦྱོར་བས་བྱས་པ་དང་། རྣམ་པ་དུ་མས་བྱས་པ་འདི་ལྟ་སྟེ། བདག་གིས་བྱས་པ་དང་། གཞན་དག་དེ་ཉིད་ཡང་དག་པར་འཛིན་དུ་ བཅུག་པ་དང་། དེའི་བསྔགས་པ་རྣམ་གྲངས་དུ་མར་བརྗོད་པ་དང་། ཆོས་མཐུན་པ་མཐོང་ན་ཡིད་རབ་ཏུ་དགའ་བ་སྐྱེད་པ་གང་ཡིན་པའི་དགེ་བ་དེ་ནི་སྦྱོར་བས་སྟོབས་དང་ལྡན་པ་ཡིན་པར་རིག་པར་བྱའོ། །དེ་ལ་སྔོན་གྱི་ཚེ་རབས་གཞན་དག་ཏུ་དགེ་བ་ཀུན་དུ་བསྟན་བསྒོམས་ལན་མང་ 130-1-221b དུ་བྱས་པའི་རྒྱུ་དང་རྐྱེན་དེས། ད་ལྟར་རང་བཞིན་གྱིས་དགེ་བའི་ཆོས་རྣམས་ལ་སེམས་འཇུག་པ་དང་། མི་དགེ་བའི་ཆོས་རྣམས་ལ་སེམས་མི་འཇུག་པ་དང་། མི་དགེ་བའི་ཆོས་རྣམས་དང་མི་མཐུན་པ་ཉིད་དུ་ཀུན་དུ་གནས་པ་གང་ཡིན་པའི་དགེ་བ་དེ་ནི་སྔོན་གོམས་པས་སྟོབས་དང་ལྡན་པ་ཡིན་ པར་རིག་པར་བྱའོ། །དེ་ལ་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་རྣམས་དང་། འཕགས་པ་གཞི་མཐོང་བ་རྣམས་ཀྱིས་དགེ་བས་འོག་མ་པ་དང་། ཐར་པའམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ། ལྟ་བའི་རྣམ་པ་ཐམས་ཅད་དང་བྲལ་བ་ གང་ཡིན་པ་དེ་ནི་ཡོན་ཏན་ཁྱད་པར་ཅན་ཡོངས་སུ་འཛིན་པས་སྟོབས་དང་ལྡན་པ་ཡིན་པར་རིག་པར་བྱའོ། །དེ་ལ་སྦྱིན་གནས་ཆེན་པོའི་ཞིང་ལ་དངོས་པོ་གྱ་ནོམ་པ། བླ་མའི་གནས་ཀྱིས་ཕུལ་བ་གང་ཡིན་པའི་དགེ་བ་དེ་ནི་ཞིང་དང་། དངོས་པོ་དང་། གནས་ཀྱིས་སྟོབས་དང་ལྡན་པ་ ཡིན་པར་རིག་པར་བྱའོ། །དེ་ལས་སྦྱིན་པ་ལས་བྱུང་བའི་དགེ་བ་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱིས་ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བ་བས་ཆེས་སྟོབས་ཆུང་བ་ཡིན་ནོ། །ཚུལ་ཁྲིམས་ལས་བྱུང་བ་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱིས་སྦྱིན་པ་ལས་བྱུང་བ་བས་ཆེས་ སྟོབས་དང་ལྡན་པ་ཡིན་ལ་བསྒོམས་པ་ལས་བྱུང་བ་བས་ནི་ཆེས་སྟོབས་ཆུང་བ་ཡིན་ནོ། །བསྒོམས་པ་ལས་བྱུང་བའི་དགེ་བ་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱིས་སྦྱིན་པ་ལས་བྱུང་བ་དང་། ཚུལ་ཁྲིམས་ལས་བྱུང་བ་བས་ཤིན་ཏུ་སྟོབས་དང་ལྡན་པ་ཡིན་ཏེ། དེ་ལྟར་ན་དགེ་བ་ངོ་བོ་ཉིད་ ཀྱིས་སྟོབས་དང་ལྡན་པ་ཡིན་པར་རིག་པར་བྱའོ། །མི་དགེ་བ་ཡང་དེ་ལས་བཟློག་པ་རྣམ་པ་ལྔ་པོ་ཁོ་ནས་སྟོབས་དང་ལྡན་པ་ཡིན་པར་རིག་པར་བྱའོ། །ཆོས་ལུང་དུ་མ་བསྟན་པ་རྣམས་ཀྱི་རབ་ཏུ་དབྱེ་བ་ཡང་རྣམ་པ་ལྔས་རྣམ་པར་གཞག་སྟེ། ལྔ་གང་ཞེ་ན། རྣམ་པར་སྨིན་པ་ལས་སྐྱེས་ པ་དང་། སྤྱོད་ལམ་ལས་བྱུང་བ་དང་། བཟོའི་གནས་ལས་བྱུང་བ་དང་། སྤྲུལ་པ་ལས་བྱུང་བ་དང་། ངོ་བོ་ཉིད་ལས་བྱུང་བས་སོ། །དེ་ལ་ངོ་བོ་ཉིད་ལས་བྱུང་བའི་ལུང་དུ་མ་བསྟན་པ་ནི་འདི་ཡིན་ཏེ། རྒྱས་པས་བྱུང་བའི་དངོས་པོ་གཟུགས་ཅན་ལྔ་པོ་གང་དག་ཡིན་པ་དང་། ཕྱི་རོལ་གྱི་ 130-1-222a སྐྱེ་མཆེད་གཟུགས་ཅན་རྣམ་པར་སྨིན་པར་མ་བསྡུས་པ་དག་ལས། གཟུགས་ཀྱི་སྐྱེ་མཆེད་དང་། སྒྲའི་སྐྱེ་མཆེད་དགེ་བ་དང་། ཉོན་མོངས་པ་ཅན་མ་གཏོགས་པ་གང་དག་ཡིན་པ་རྣམས་སོ། །དེ་ལ་སློབ་པའི་ཆོས་རྣམས་གང་ཞེ་ན། གང་ཟག་སློབ་པ་རྒྱུན་དུ་ཞུགས་ པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བའི་ཆོས་འཇིག་རྟེན་ལས་འདས་པ་འདུས་བྱས་དང་། འཇིག་རྟེན་པའི་དགེ་བ་གང་དག་ཡིན་པ་དེ་དག་ནི་སློབ་པའི་ཆོས་རྣམས་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཆོས་དེ་དག་ལ་བརྟེན་ནས་དུས་དུས་སུ་ལྷག་པའི་ཚུལ་ཁྲིམས་ ཀྱི་བསླབ་པ་ལ་ཡང་སློབ་པར་བྱེད། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ལ་ཡང་སློབ་པར་བྱེད་པའི་ཕྱིར་རོ། །མི་སློབ་པའི་ཆོས་རྣམས་གང་ཞེ་ན། དགྲ་བཅོམ་པ་ཟག་པ་ཟད་པའི་ཆོས་འཇིག་རྟེན་ལས་འདས་པ་འདུས་བྱས་དང་འཇིག་རྟེན་པའི་དགེ་བ་གང་དག་ཡིན་པ་དེ་དག་ནི་ མི་སློབ་པའི་ཆོས་རྣམས་ཞེས་བྱའོ། །སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའི་ཆོས་རྣམས་གང་ཞེ་ན། རྒྱུན་དུ་ཞུགས་པ་ལ་སོགས་པ་དགྲ་བཅོམ་པའི་མཐར་ཐུག་པ་རྣམས་ཀྱི་སློབ་པ་དང་མི་སློབ་པའི་ཆོས་ཇི་སྐད་བསྟན་པ་དེ་དག་མ་གཏོགས་པ་གང་དག་དེ་ལས་གཞན་པ་སོ་ སོའི་སྐྱེ་བོའི་རྒྱུད་དུ་གཏོགས་པ་དང་། དེའི་དབང་གིས་བྱུང་བའི་ཆོས་ཐམས་ཅད་ནི་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའི་ཆོས་རྣམས་ཡིན་པར་རིག་པར་བྱའོ། །དེ་ལ་མཐོང་བས་སྤང་བར་བྱ་བའི་ཆོས་རྣམས་གང་ཞེ་ན། འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལྟ་བ་ལྔ་དང་། ལྟ་བ་དེ་ དག་ལ་འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་གང་དག་ཡིན་པ་དང་། དེ་དག་དང་མཚུངས་པར་ལྡན་པ་དག་དང་། བདེན་པ་རྣམས་ལ་མ་རིག་པ་མ་འདྲེས་པ་དང་། བདེན་པ་རྣམས་ལ་ཡིད་གཉིས་དང་། ངན་སོང་དུ་འགྲོ་བ་དང་། མཐུན་པའི་ལས་མཐོང་བས་སྤང་བར་བྱ་བ་ གང་དག་ཡིན་པ་དེ་དག་ཐམས་ཅད་ནི་མཐོང་བས་སྤང་བར་བྱ་བའི་ཆོས་རྣམས་ཞེས་བྱའོ། །བསྒོམ་པས་སྤང་བར་བྱ་བའི་ཆོས་རྣམས་གང་ཞེ་ན། དགེ་བའི་ཆོས་ཟག་པ་དང་བཅས་པ་ཐམས་ཅད་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་ཆོས་ཐམས་ཅད་དང་། ཉོན་མོངས་པ་ 130-1-222b ཅན་གྱི་ཆོས་ཇི་སྐད་བསྟན་པ་རྣམས་མ་གཏོགས་པ་དེ་ལས་གཞན་པའི་ཆོས་ཉོན་མོངས་པ་ཅན་ཐམས་ཅད་ནི་བསྒོམ་པས་སྤང་བར་བྱ་བའི་ཆོས་རྣམས་ཞེས་བྱའོ། །སྤང་བར་བྱ་བ་མ་ཡིན་པའི་ཆོས་རྣམས་གང་ཞེ་ན། འཇིག་རྟེན་ལས་འདས་པ་སློབ་པ་ཐམས་ཅད་དང་། མི་སློབ་པའི་རྒྱུད་དུ་ གཏོགས་པ་ཐམས་ཅད་དེ། དེ་ལ་འཇིག་རྟེན་ལས་འདས་པ་གང་དག་ཡིན་པ་དེ་དག་ནི་དུས་རྟག་པ་ཁོ་ནར་ངོ་བོ་ཉིད་ཀྱིས་རྣམ་པར་དག་པའི་ཕྱིར་སྤང་བར་བྱ་བ་མ་ཡིན་ནོ། །དེ་ལས་གཞན་པ་འཇིག་རྟེན་པ་རྣམས་ནི་སྤངས་ཟིན་པའི་ཕྱིར་སྤང་བར་བྱ་བ་མ་ཡིན་ནོ། །དེ་ལ་ཆོས་ཟབ་མོ་མཐོང་བར་ དཀའ་བ་རྣམས་གང་ཞེ་ན། ཆོས་ཐམས་ཅད་ཟབ་མོ་མཐོང་བར་དཀའ་བ་ཡིན་པར་བལྟ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། བརྗོད་དུ་མེད་པའི་བདག་ཉིད་དང་། ཚིག་གི་སྤྱོད་ཡུལ་ལས་འདས་པའི་ངོ་བོ་ཉིད་འདི་ནི་མཆོག་ཏུ་ཟབ་པ་ཡིན་ཏེ། ཆོས་ཐམས་ཅད་ཀྱང་བརྗོད་དུ་མེད་ པའི་བདག་ཉིད་དང་། ཚིག་གི་སྤྱོད་ཡུལ་ལས་འདས་པའི་ངོ་བོ་ཉིད་ཡིན་པས། དེ་དག་ནི་བརྗོད་པ་ལ་བརྟེན་པས་གཟུང་བར་བྱ་བ་དང་། བལྟ་བར་བྱ་བ་དང་། རྟོགས་པར་བྱ་བ་ཡིན་པའི་ཕྱིར་ཏེ། དེ་ལྟ་བས་ན་ཟབ་མོ་མཐོང་བར་དཀའ་བ་ཡིན་པར་རིག་པར་བྱའོ། །ཆོས་གཟུགས་ ཅན་རྣམས་དང་། གཟུགས་ཅན་མ་ཡིན་པ་རྣམས་དང་། བསྟན་དུ་ཡོད་པ་རྣམས་དང་། བསྟན་དུ་མེད་པ་རྣམས་དང་། ཐོགས་པ་དང་བཅས་པ་རྣམས་དང་། ཐོགས་པ་མེད་པ་རྣམས་དང་། བསྟན་དུ་མེད་ལ་ཐོགས་པ་མེད་པ་རྣམས་དང་། བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པ་རྣམས་དང་། ཟག་པ་དང་བཅས་པ་ རྣམས་དང་། ཟག་པ་དང་བཅས་པ་རྣམས་དང་། ཟག་པ་མེད་པ་རྣམས་དང་། ཉོན་མོངས་པ་དང་བཅས་པ་རྣམས་དང་། ཉོན་མོངས་པ་ཅན་མ་ཡིན་པ་རྣམས་དང་། ཟང་ཟིང་དང་བཅས་པ་རྣམས་དང་། ཟང་ཟིང་མེད་པ་རྣམས་དང་། ཞེན་པ་ལ་བརྟེན་པ་རྣམས་དང་། མངོན་པར་ འབྱུང་བ་ལ་བརྟེན་པ་རྣམས་དང་། འཇིག་རྟེན་པ་རྣམས་དང་། འཇིག་རྟེན་ལས་འདས་པ་རྣམས་དང་། གཏོག་པ་རྣམས་དང་། མ་གཏོགས་པ་རྣམས་དང་། འདུས་བྱས་རྣམས་དང་། འདུས་མ་བྱས་རྣམས་དང་། ཤེས་པར་བྱ་བ་རྣམས་དང་། རྣམ་པར་ཤེས་པར་བྱ་བ་རྣམས་དང་། 130-1-223a དམིགས་པ་དང་། གནས་པ་འདྲེན་པའི་ཆོས་རྣམས་དང་། རྣམ་པར་སྨིན་པ་དང་བཅས་པ་རྣམས་དང་། རྣམ་པར་སྨིན་པ་མེད་པ་རྣམས་དང་། རྒྱུ་དང་བཅས་པ་རྣམས་དང་། རྒྱུ་མེད་པ་རྣམས་དང་། འབྲས་བུ་དང་བཅས་པ་རྣམས་དང་། འབྲས་བུ་མེད་པ་ རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་དང་། ནང་གི་རྣམས་དང་། ཕྱི་རོལ་གྱི་རྣམས་དང་། མིང་དང་གཟུགས་ཀྱིས་བསྡུས་པ་རྣམས་དང་། ཟིན་པ་རྣམས་དང་། མ་ཟིན་པ་རྣམས་དང་། འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་པ་དང་། འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་པ་མ་ ཡིན་པ་དང་། སྲིད་པ་རྣམས་དང་། སྲིད་པ་མ་ཡིན་པ་རྣམས་དང་། བླ་ན་ཡོད་པ་རྣམས་དང་། བླ་ན་མེད་པ་རྣམས་དང་། བསྒོམ་པར་བྱ་བ་རྣམས་དང་། འདས་པ་རྣམས་དང་། མ་འོངས་པ་རྣམས་དང་། ད་ལྟར་བྱུང་བ་རྣམས་དང་། འདོད་པ་དང་ལྡན་པ་རྣམས་དང་། གཟུགས་དང་ལྡན་ པ་རྣམས་དང་། གཟུགས་མེད་པ་དང་ལྡན་པ་རྣམས་དང་། དགེ་བ་རྣམས་དང་། མི་དགེ་བ་རྣམས་དང་། ལུང་དུ་མ་བསྟན་པ་རྣམས་དང་། སློབ་པ་རྣམས་དང་། མི་སློབ་པ་རྣམས་དང་། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་རྣམས་དང་། མཐོང་བས་སྤང་བར་བྱ་བ་ རྣམས་དང་། བསྒོམ་པས་སྤང་བར་བྱ་བ་རྣམས་དང་། སྤང་བར་བྱ་བ་མ་ཡིན་པ་རྣམས་དང་། ཟབ་མོ་མཐོང་བར་དཀའ་བའི་ཆོས་རྣམས་ཀྱི་དབྱེ་བ་རྣམ་པར་གཞག་པ་ནི་ཇི་སྐད་བསྟན་པ་དེ་དག་ཡིན་ཏེ། ལེགས་པར་བསམས་པ་སེམས་པས་ཚུལ་བཞིན་ལ་རབ་ཏུ་བརྩོན་པས་ནི་དེ་ ལྟར་ཆོས་རབ་ཏུ་རྣམ་པར་དབྱེ་བ་ལ་རྣལ་འབྱོར་དུ་བྱའོ། །བསམས་པ་ལས་བྱུང་བའི་སའི་རྣམ་པར་གཏན་ལ་དབབ་པ་སྟེ། རྣམ་པར་གཏན་ལ་དབབ་པའི་གཞུང་ལྷག་མ་ནི་མི་སྣང་ངོ་།། །།བམ་པོ་ཉི་ཤུ་རྩ་ལྔ་པ། བསྒོམས་པ་ལས་བྱུང་བའི་སའི་རྣམ་པར་གཏན་ལ་དབབ་ པ་ནི་མདོར་བསྡུ་ན་བསྒོམ་པ་རྣམ་པ་བཅུ་དྲུག་ཏུ་རིག་པར་བྱ་སྟེ། འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་ལྡན་པའི་ཡིད་ལ་བྱེད་པ་བསྒོམ་པ་དང་། ཐེག་པ་ཆེན་པོ་དང་ལྡན་པའི་ཡིད་ལ་བྱེད་པ་བསྒོམ་པ་དང་། གཟུགས་བརྙན་བསྒོམ་པ་དང་། དངོས་པོའི་མཐའ་བསྒོམ་པ་དང་། དགོས་པ་ 130-1-223b ཡོངས་སུ་གྲུབ་པ་བསྒོམ་པ་དང་། འཐོབ་པ་བསྒོམ་པ་དང་། བསྟེན་པ་བསྒོམ་པ་དང་། སྤང་བ་བསྒོམ་པ་དང་། གཉེན་པོ་བསྒོམ་པ་དང་། ཉི་ཚེ་བསྒོམ་པ་དང་། ཀུན་དུ་འགྲོ་བ་བསྒོམ་པ་དང་། གཡོ་བ་ཡོད་པའི་བསྒོམ་པ་དང་། མངོན་པར་འདུ་བྱེད་པ་དང་བཅས་པ་བསྒོམ་པ་དང་། གྲུབ་པ་བསྒོམ་པ་དང་། བསྒོམས་པ་ལས་བྱུང་བ་མ་ཡིན་པའི་ཆོས་བསྒོམ་པ་དང་། བསྒོམས་པ་ལས་བྱུང་བའི་ཆོས་བསྒོམ་པའོ། །དེ་ལ་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པའི་ཡིད་ལ་བྱེད་པ་བསྒོམ་པ་གང་ཞེ་ན། སྨྲས་པ། འདི་ལྟར་འདི་ན་ཉན་ཐོས། ཉན་ཐོས་ཀྱི་ཆོས་ཉིད་ལ་གནས་པ། ཡང་དག་པ་ཉིད་དུ་སྐྱོན་མེད་པ་ལ་ཞུགས་པའམ། ཡང་དག་པ་ཉིད་དུ་སྐྱོན་མེད་པ་ལ་མ་ཞུགས་པ། སེམས་ཅན་གྱི་དོན་ལ་མི་ལྟ་བ། བདག་གི་དོན་ལ་ལྟ་བ་ལ་ལ་རྣམ་པར་གཞག་པའི་བདེན་པ་ཡིད་ལ་བྱེད་པའི་སྒོ་ནས། དེ་བཞིན་ཉིད་ལ་རྗེས་སུ་ཞུགས་ནས་སོ་སོ་རང་གི་ཆོས་ཀྱི་དམིགས་ པ་དཔག་ཏུ་ཡོད་ཅིང་ཡོངས་སུ་ཆད་པ་སྐྱོ་བ་དང་། འདོད་ཆགས་དང་བྲལ་བ་དང་། རྣམ་པར་གྲོལ་བའི་རྣམ་པ་ཡིད་ལ་བྱེད་པ་སྲེད་པ་ཟད་པར་བྱ་བའི་ཕྱིར་སྒོམ་པར་བྱེད་པ་དེ་ནི། ཉན་ཐོས་ཀྱི་ཐེག་པ་དང་ལྡན་པའི་ཡིད་ལ་བྱེད་པ་བསྒོམ་པ་ཞེས་བྱའོ། །ཐེག་པ་ཆེན་པོ་དང་ལྡན་པའི་ཡིད་ལ་བྱེད་ པ་བསྒོམ་པ་གང་ཞེ་ན། སྨྲས་པ། འདི་ལྟར་འདི་ན་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ཆོས་ཉིད་ལ་གནས་པ། ཡང་དག་པ་ཉིད་དུ་སྐྱོན་མེད་པ་ལ་མ་ཞུགས་པའམ། ཡང་དག་པ་ཉིད་དུ་སྐྱོན་མེད་པ་ལ་ཞུགས་པ། བདག་གི་དོན་དང་། གཞན་གྱི་དོན་ལ་ལྟ་བ་ལ་ལ་རྣམ་པར་བཞག་ པ་དང་། རྣམ་པར་མ་བཞག་པའི་བདེན་པ་ཡིད་ལ་བྱེད་པའི་སྒོ་ནས། དེ་བཞིན་ཉིད་ལ་རྗེས་སུ་ཞུགས་ནས། སོ་སོ་རང་གི་ཆོས་ཀྱི་དམིགས་པ་དཔག་ཏུ་མེད་ཅིང་ཡོངས་སུ་མ་ཆད་པ། སྙིང་རྗེའི་དབང་དུ་བྱས་ནས་སེམས་ཅན་གྱི་དོན་བྱ་བའི་ཐབས་ཀྱིས་ཡོངས་སུ་ཟིན་པའི་རྣམ་པ་བླ་ན་མེད་པའི་ གོ་འཕང་གནོན་པའི་རྒྱུར་གྱུར་པའི་ཡིད་ལ་བྱེད་པ། བདག་དང་གཞན་གྱི་སྲེད་པ་ཟད་པར་བྱ་བའི་ཕྱིར་སྒོམ་པར་བྱེད་པ་དེ་ནི་ཐེག་པ་ཆེན་པོ་དང་ལྡན་པའི་ཡིད་ལ་བྱེད་པ་བསྒོམ་པ་ཞེས་བྱའོ། །གཟུགས་བརྙན་བསྒོམ་པ་གང་ཞེ་ན། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་ཤེས་བྱའི་དངོས་ 130-1-224a པོ་དང་ཆ་མཐུན་པ་རྣམ་པར་རྟོག་པ་དང་བཅས་པ། ལྷག་མཐོང་གི་ཕྱོགས་དང་མཐུན་པ་ཡིད་ལ་བྱེད་པའམ། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་ཤེས་བྱའི་དངོས་པོ་དང་ཆ་མཐུན་པ་རྣམ་པར་མི་རྟོག་པ་ཞི་གནས་ཀྱི་ཕྱོགས་དང་མཐུན་པ་ཡིད་ལ་བྱེད་པའི་ བསྒོམ་པ་གང་ཡིན་པ་དེ་ནི་གཟུགས་བརྙན་བསྒོམ་པ་ཞེས་བྱའོ། །དངོས་པོའི་མཐའ་བསྒོམ་པ་གང་ཞེ་ན། ནང་དང་ཕྱི་རོལ་གྱི་ཆོས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་རྣམས་ཀྱི་རགས་པ་དང་། ཆ་ཕྲ་བ་ཉིད་དང་། ངན་པ་དང་། གྱ་ནོམ་པ་ཉིད་དང་། རྒྱང་རིང་བ་དང་། ཐག་ཉེ་བ ཉིད་དམ། དེ་བཞིན་ཉིད་ལ་ཇི་སྙེད་ཡོད་པ་ཉིད་དང་། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཀྱིས་ཡིད་ལ་བྱེད་པའི་བསྒོམ་པ་གང་ཡིན་པ་དེ་ནི་དངོས་པོའི་མཐའ་བསྒོམ་པ་ཞེས་བྱའོ། །དགོས་པ་ཡོངས་སུ་གྲུབ་པ་བསྒོམ་པ་གང་ཞེ་ན། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་བསམ་གཏན་ ནམ། སྙོམས་པར་འཇུག་པའི་དངོས་གཞི་ལ་སྙོམས་པར་ཞུགས་པའི་བསྒོམ་པ་གང་ཡིན་པ་དེ་ནི་དགོས་པ་ཡོངས་སུ་གྲུབ་པ་བསྒོམ་པ་ཞེས་བྱའོ། །འཐོབ་པ་བསྒོམ་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་བསམ་གཏན་དང་པོ་ལ་བརྟེན་ནས། གལ་ཏེ་མི་རྟག་པའི་འདུ་ཤེས་སྒོམ་པར་བྱེད་དམ། གལ་ ཏེ་འཆི་བའི་འདུ་ཤེས་ཀྱི་བར་དུ་སྒོམ་པར་བྱེད་པ་དེ། དེ་ལས་གཞན་པ་རང་གི་ས་པའམ། ས་འོག་མ་པའི་འདུ་ཤེས་མངོན་དུ་མ་གྱུར་པ་དག་གམ། དེས་དྲངས་པ་འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པའི་ཡོན་ཏན་དེ་ལས་གཞན་པ་དག་གསལ་བ་དང་། ཆེས་འོད་གསལ་ བར་བསྐྱེད་པར་བྱ་བའི་ཕྱིར་སྒོམ་པར་བྱེད་ཅིང་། དེ་དག་ལ་ཡང་དབང་དང་ལྡན་པ་འཐོབ་པར་འགྱུར་བ་གང་ཡིན་པ་དེ་ནི་འཐོབ་པ་བསྒོམ་པ་ཞེས་བྱའོ། །བསྟན་པ་བསྒོམ་པ་གང་ཞེ་ན། སྨྲས་པ། འདི་ལྟར་འདི་ན་ལ་ལ་མི་རྟག་པ་ལ་སོགས་པ་དགེ་བའི་འདུ་ཤེས་སམ། དགེ་བའི་ཆོས་ གང་དང་གང་ཡིད་ལ་བྱེད་པ་དེའི་དེ་བསྟེན་པའི་བསྒོམ་པས་སྒོམ་པར་བྱེད་པ་གང་ཡིན་པ་དེ་ནི་བསྟེན་པ་བསྒོམ་པ་ཞེས་བྱའོ། །སྤང་བ་བསྒོམ་པ་གང་ཞེ་ན། སྨྲས་པ། འདི་ལྟར་འདི་ན་ལ་ལ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་གྱི་མཚན་མ་ཡིད་ལ་བྱེད་པས། རང་བཞིན་གྱི་ 130-1-224b མཚན་མ་ཁྱིའུས་ཁྱིའུ་དབྱུང་བའི་ཚུལ་གྱིས་མངོན་པར་འབྱིན་པར་བྱེད། མངོན་པར་སེལ་བར་བྱེད། མངོན་པར་སྤོང་བར་བྱེད་དེ། འདི་ལྟ་སྟེ། དཔེར་ན་ལ་ལ་ཞིག་གི་ཁྱིའུ་ཆེས་ཕྲ་བས་ཁྱིའུ་ཆེས་སྦོམ་པ་འབྱིན་པར་བྱེད་པ་དེ་བཞིན་དུ། ཤིན་ཏུ་སྦྱངས་པའི་ཚོགས་ཀྱིས་གནས་ངན་ ལེན་གྱི་ཚོགས་མངོན་པར་འབྱིན་པར་བྱེད། མངོན་པར་སེལ་བར་བྱེད། མངོན་པར་སྤོང་བར་བྱེད་པ་གང་ཡིན་པ་དེ་ནི་སྤོང་བ་བསྒོམ་པ་ཞེས་བྱའོ། །གཉེན་པོ་བསྒོམ་པ་གང་ཞེ་ན། སྨྲས་པ། རྣམ་པར་སུན་འབྱིན་པ་གཉེན་པོའམ་སྤོང་བ་གཉེན་པོའམ་ཀུན་དུ་འཛིན་པ་གཉེན་པོའམ། ཐག་བསྲིང་བ་གཉེན་པོ་ཡིད་ལ་བྱེད་པའི་བསྒོམ་པ་གང་ཡིན་པ་དེ་ནི་གཉེན་པོ་བསྒོམ་པ་ཞེས་བྱའོ། །དེ་ལ་རྣམ་པར་སུན་འབྱིན་པའི་གཉེན་པོ་ནི་ཚད་མེད་པ་དག་མ་གཏོགས་པ་འཇིག་རྟེན་པའི་དགེ་བའི་ལམ་ཐམས་ཅད་དང་། རྣལ་འབྱོར་པ་རྣམས་ཀྱི་རྣམ་པར་འཕྲུལ་པ་དང་ལྡན་པའི་ཡིད་ ལ་བྱེད་པ་གཞན་གང་ཡིན་པའོ། །དེ་ལ་སྤོང་བ་གཉེན་པོ་ནི་དེ་བཞིན་ཉིད་ལ་དམིགས་པ་ཡིད་ལ་བྱེད་པའོ། །དེ་ལ་ཀུན་དུ་འཛིན་པ་གཉེན་པོ་ནི། དེའི་རྗེས་ལས་ཐོབ་པ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ལམ་དང་། རྣམ་པར་གྲོལ་བའི་ལམ་མོ། །དེ་ལ་ཐག་བསྲིང་ བ་གཉེན་པོ་ནི་ཉོན་མོངས་པ་རྣམས་སྤངས་པའི་དེའི་གཉེན་པོའི་ལམ་ལན་མང་དུ་བྱེད་པ་དང་། ས་གོང་མ་པའི་ལམ་ལན་མང་དུ་བྱེད་པ་གང་ཡིན་པའོ། །རྣམ་གྲངས་གཞན་ཡང་ཐོས་པ་དང་བསམས་པ་ལས་བྱུང་བའི་ལན་ནི་སུན་འབྱིན་པ་གཉེན་པོ་ཡིན་ནོ། །འཇིག་རྟེན་ལས་འདས་ པའི་ལམ་ནི་སྤོང་བ་གཉེན་པོ་ཡིན་ནོ། །འདིའི་འབྲས་བུ་གནས་གྱུར་པ་ནི་ཀུན་དུ་འཛིན་པའི་གཉེན་པོ་ཡིན་ནོ། །འཇིག་རྟེན་པའི་བསྒོམ་པའི་ལམ་ནི་ཐག་བསྲིང་བ་གཉེན་པོ་ཡིན་ནོ། །ཉི་ཚེ་བསྒོམ་པ་གང་ཞེ་ན། སྨྲས་པ། མི་རྟག་པའི་འདུ་ཤེས་ལ་སོགས་པ་དགེ་བའི་ཆོས་རྣམས་གང་ ཡང་རུང་བ་ཡིད་ལ་བྱེད་པའི་བསྒོམ་པ་གང་ཡིན་པ་དེ་ནི་ཉི་ཚེ་བསྒོམ་པ་ཞེས་བྱའོ། །ཀུན་དུ་འགྲོ་བ་བསྒོམ་པ་གང་ཞེ་ན། སྨྲས་པ། ཆོས་ཐམས་ཅད་ལ་དེ་བཞིན་ཉིད་རོ་གཅིག་པར་ཡིད་ལ་བྱེད་པའི་བསྒོམ་པ་གང་ཡིན་པ་དེ་ནི་ཀུན་དུ་འགྲོ་བ་བསྒོམ་པ་ཞེས་བྱའོ། །གཡོ་བ་ཡོད་པའི་ 130-1-225a བསྒོམ་པ་གང་ཞེ་ན། མཚན་མ་མེད་པ་བསྒོམ་པ་ལ་ཞུགས་པའི་མཚན་མས་སྐབས་སྐབས་སུ་རྒྱུན་ཆད་པ་དང་བཅས་པའི་བསྒོམ་པ་གང་ཡིན་པ་དེ་ནི་གཡོ་བ་ཡོད་པའི་བསྒོམ་པ་ཞེས་བྱའོ། །མངོན་པར་འདུ་བྱེད་པ་དང་བཅས་པ་བསྒོམ་པ་གང་ཞེ་ན། སྨྲས་ པ། དེ་ཉིད་ལ་ཞུགས་པའི་མངོན་པར་འདུ་བྱེད་པ་ལས་མཚན་མས་རྒྱུན་ཆད་པ་མེད་པར་བསྒོམ་པ་གང་ཡིན་པ་དེ་ནི་མངོན་པར་འདུ་བྱེད་པ་དང་བཅས་པ་བསྒོམ་པ་ཞེས་བྱའོ། །གྲུབ་པ་བསྒོམ་པ་གང་ཞེ་ན། སྨྲས་པ། ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། ཐེག་ པ་ཆེན་པོས་ཐམས་ཅད་ཀྱི་ཐམས་ཅད་དུ་གནས་གྱུར་པ་ཆོས་ཐམས་ཅད་ལ་དབང་ཐོབ་པའི་བསྒོམ་པ་གང་ཡིན་པ་དེ་ནི་གྲུབ་པ་བསྒོམ་པ་ཞེས་བྱའོ། །བསྒོམས་པ་ལས་བྱུང་བ་མ་ཡིན་པའི་ཆོས་བསྒོམ་པ་གང་ཞེ་ན། སྨྲས་པ། མཉམ་པར་མ་བཞག་པའི་ས་པ་རྣམས་ཀྱི་སྦྱིན་པ་དང་ཚུལ་ ཁྲིམས་ལ་སོགས་པ་དགེ་བའི་ཆོས་རྣམས་ཀྱི་བསྒོམ་པ་གང་ཡིན་པ་དེ་ནི། བསྒོམས་པ་ལས་བྱུང་བ་མ་ཡིན་པའི་ཆོས་བསྒོམ་པ་ཞེས་བྱའོ། །བསྒོམས་པ་ལས་བྱུང་བའི་ཆོས་བསྒོམ་པ་གང་ཞེ་ན། སྨྲས་པ། མཉམ་པར་བཞག་པའི་ས་པ་རྣམས་ཀྱི་དགེ་བའི་ཆོས་རྣམས་ཀྱི་བསྒོམ་པ་ པ་གང་ཡིན་པ་དེ་ནི་བསྒོམས་པ་ལས་བྱུང་བའི་ཆོས་བསྒོམ་པ་ཞེས་བྱའོ། །བསྒོམས་པ་ལས་བྱུང་བའི་སའི་རྣམ་པར་གཏན་ལ་དབབ་པ་སྟེ། རྣམ་པར་གཏན་ལ་དབབ་པའི་གཞུང་ལྷག་མ་ནི་མི་སྣང་ངོ་།། །།ཉན་ཐོས་ཀྱི་སའི་རྣམ་པར་གཏན་ལ་དབབ་པ་ནི་སའི་དངོས་གཞིར་གང་ཟག་རིགས་ མེད་པ་ལ་གནས་པ་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཞེས་གང་བཤད་པ་དེ་ལ་གལ་ཏེ་ལ་ལ་ཇི་ལྟར་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཡིན་སྙམ་དུ་ཡིད་གཉིས་དང་། ཐེ་ཚོམ་སྐྱེ་བར་གྱུར་ན། དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཅི་སེམས་ཅན་ ཁམས་སྣ་ཚོགས་པ་དང་། ཁམས་དཔག་ཏུ་མེད་པ་དང་། ཁམས་དམན་པ་དང་། ཁམས་གྱ་ནོམ་པ་པ་དག་ཡོད་པར་འདོད་དམ། འོ་ན་ཏེ་མི་འདོད། གལ་ཏེ་ཡོད་ན་ནི་དེས་ན་གང་ཟག་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་མེད་ཅེས་བྱར་མི་རུང་ངོ་། །གལ་ཏེ་མེད་ 130-1-225b ན་ནི་དེས་ན་སེམས་ཅན་ཁམས་སྣ་ཚོགས་པ་ནས་ཁམས་གྱ་ནོམ་པ་པའི་བར་དག་ཡོད་ཅེས་བྱར་ཡང་མི་རུང་ངོ་། །དེ་སྐད་ལན་བཏབ་ཀྱང་ཡང་ཡོངས་སུ་འདྲི་སྟེ། ཇི་ལྟར་སེམས་ཅན་རྣམས་ལ་ཁམས་སྣ་ཚོགས་པ་ཉིད་ནས། ཁམས་གྱ་ནོམ་པ་པ་ཉིད་ཀྱི་བར་དག་ཡོད་ཀྱང་དབང་པོ་ མེད་པའི་སེམས་ཅན་མེད་དེ་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཡང་དེ་བཞིན་ནོ། །ཡང་ན་དབང་པོ་མེད་པ་ཡང་སེམས་ཅན་དུ་ཅིའི་ཕྱིར་མི་འགྱུར་ཞེ་ན། དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཅི་དབང་པོ་མེད་པ་གང་ཡིན་པ་དེ་ནི་སེམས་ཅན་ཡིན་ནམ། འོན་ཏེ་སེམས་ཅན་མ་ ཡིན་པར་འདོད། གལ་ཏེ་སེམས་ཅན་ཡིན་ན་ནི་དེས་ན་ཕྱི་རོལ་གྱི་དངོས་པོ་དབང་པོ་མེད་པ་རྣམས་ཀྱང་སེམས་ཅན་ཡིན་པར་འགྱུར་བས་མི་རུང་ངོ་། །གལ་ཏེ་སེམས་ཅན་མ་ཡིན་ན་ནི་དེས་ན་དབང་པོ་མེད་པ་ཡང་སེམས་ཅན་དུ་ཅིའི་ཕྱིར་མི་འགྱུར་ཞེས་བྱར་མི་རུང་ངོ་། །དེ་སྐད་ལན་བཏབ་ ཀྱང་ཡང་ཡོངས་སུ་འདྲི་སྟེ། འདི་ལྟ་སྟེ། དཔེར་ན་རྒྱལ་རིགས་སུ་གྱུར་པ་ལས་རེས་འགའ་བྲམ་ཟེ་དང་། རྗེའུ་རིགས་དང་། དམངས་རིགས་སུ་འགྱུར་བ་དང་། དེ་བཞིན་དུ་དམངས་རིགས་སུ་གྱུར་པ་ལས་རེས་འགའ་རྒྱལ་རིགས་ཀྱི་བར་དུ་འགྱུར་བ་དང་། སེམས་ཅན་དམྱལ་བ་པར་གྱུར་ པ་ལས་རེས་འགའ་ལྷའི་བར་དུ་འགྱུར་བ་དང་། ལྷར་གྱུར་པ་ལས་རེས་འགའ་སེམས་ཅན་དམྱལ་བ་པའི་བར་དུ་འགྱུར་བ་དེ་བཞིན་དུ། ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་དུ་གྱུར་པ་ལས་ཀྱང་རེས་འགའ་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་དུ་ཅིའི་ཕྱིར་མི་འགྱུར་ཏེ། དེའི་ཕྱིར་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ནི་འགའ་ཡང་མེད་དོ་ཞེ་ན། དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཅི་རྒྱལ་རིགས་ནས་དམངས་རིགས་ཀྱི་བར་དང་། སེམས་ཅན་དམྱལ་བ་པ་ནས་ལྷའི་བར་གང་ཡིན་པ་དེ་ཁམས་ཐམས་ཅད་པ་ཡིན་ནམ། འོན་ཏེ་ཁམས་ རེ་རེ་བ་ཡིན་པར་འདོད། གལ་ཏེ་ཁམས་ཐམས་ཅད་པ་ཡིན་ན་ནི་དེས་ན་དེ་དཔེ་མི་མཐུན་པས་མི་རུང་ངོ་། །གལ་ཏེ་ཁམས་རེ་རེ་བ་ཡིན་ན་ནི་དེས་ན་རྒྱལ་རིགས་སུ་གྱུར་ནས་རེས་འགའ་དམངས་རིགས་ཀྱི་བར་དུ་འགྱུར་བ་དང་། སེམས་ཅན་དམྱལ་བ་པར་གྱུར་ནས། རེས་འགའ་ 130-1-226a ལྷའི་བར་དུ་འགྱུར་རོ་ཞེས་བྱར་མི་རུང་ངོ་། །དེ་སྐད་ལན་བཏབ་ཀྱང་ཡང་ཡོངས་སུ་འདྲི་སྟེ། ཇི་ལྟར་རྒྱལ་རིགས་ལ་སོགས་པ་ཁམས་ཐམས་ཅད་པ་དེ་ཁོ་ན་ཡིན་པ་དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཡང་ཅིའི་ཕྱིར་ཡོངས་སུ་མྱ་ངན་ལས་འདའ་ བར་མི་འགྱུར་ཞེ་ན། དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཅི་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་གྱི་ཁམས་གང་ཡིན་པ་དང་། ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་གྱི་སེམས་ཅན་གང་ཡིན་པའི་ཁམས་དེ་གཉིས་ཕན་ཚུན་མི་མཐུན་པ་ཡིན་ནམ། འོན་ཏེ་མི་མཐུན་པ་མེད་ པར་འདོད། གལ་ཏེ་མི་མཐུན་ན་ནི་དེས་ན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་གྱི་ཁམས་ཅིའི་ཕྱིར་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་གྱི་ཁམས་སུ་མི་འགྱུར་ཞེས་བྱར་མི་རུང་ངོ་། །གལ་ཏེ་མི་མཐུན་པ་མེད་ན་ནི་གང་ཟག་དེ་ཉིད་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ ཅན་ཡང་ཡིན་ལ། དེ་ཉིད་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་ཡང་ཡིན་པར་འགྱུར་ཏེ་མི་རུང་ངོ་། །དེ་སྐད་ལན་བཏབ་ཀྱང་ཡང་ཡོངས་སུ་འདྲི་སྟེ། འདི་ལྟ་སྟེ། དཔེར་ན་སའི་ཕྱོགས་ལ་ལ་ནི་རེས་འགའ་གསེར་གྱི་རིགས་མེད་པ་ལས་རེས་འགའ་གསེར་གྱི་རིགས་ཡོད་པ་དང་། རེས་འགའ་ནོར་བུ་ དང་། མུ་ཏིག་དང་། བཻ་ཌཱུརྱ་ལ་སོགས་པའི་རིགས་མེད་པ་ལས་རེས་འགའ་དེ་དག་གི་རིགས་ཡོད་པ་དང་། རེས་འགའ་ལན་ཚྭའི་རིགས་མེད་པ་ལས་རེས་འགའ་དེའི་རིགས་ཡོད་པ་དང་། རེས་འགའ་འབྱུང་ཁུངས་རྣམ་པ་སྣ་ཚོགས་ཀྱི་རིགས་མེད་པ་ལས་རེས་འགའ་དེ་དག་གི་རིགས་ཡོད་པ་དེ་ བཞིན་དུ་ཅིའི་ཕྱིར་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་དུ་གྱུར་པ་ལས་རེས་འགའ་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་དུ་མི་འགྱུར་ཞེ་ན། དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཅི་དཔེར་ན་སའི་ཕྱོགས་དེ་ན་དེ་དག་གི་རིགས་མེད་པར་གྱུར་པ་ལས་དེ་དག་གི་རིགས་ཡོད་པར་ གྱུར་པའམ། དེ་དག་གི་རིགས་ཡོད་པར་གྱུར་པ་ལས་དེ་དག་གི་རིགས་མེད་པར་གྱུར་པ་དེ་བཞིན་དུ། ཉན་ཐོས་ཀྱི་རིགས་སུ་ངེས་པར་གྱུར་པ་ལས་དེའི་རིགས་མེད་པར་གྱུར་པ་ནས། ཐེག་པ་ཆེན་པོའི་རིགས་སུ་ངེས་པར་གྱུར་པ་ལས་དེའི་རིགས་མེད་པར་གྱུར་པ་དང་། མ་ངེས་པའི་ 130-1-226b རིགས་སུ་གྱུར་པ་ལས་ངེས་པའི་རིགས་ཀྱི་བར་དུ་གྱུར་པའམ། འོན་ཏེ་དེ་ལྟ་མ་ཡིན་པར་འདོད། གལ་ཏེ་ཡིན་ན་ནི་དེས་ན་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་འབྲས་བུ་མེད་པར་འགྱུར་ཏེ། དེ་ལྟར་ན་རིགས་རྣམ་པར་གཞག་པ་ངེས་པ་མེད་པར་འགྱུར་བས་མི་རུང་ངོ་། །གལ་ཏེ་ མ་ཡིན་ན་ནི་དེས་ན་འདི་ལྟ་སྟེ། དཔེར་ན་སའི་ཕྱོགས་བཞིན་དུ་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་རིགས་མེད་པ་ལ་གནས་པར་གྱུར་ནས། རིགས་ལ་གནས་པར་འགྱུར་བ་དང་། འདི་ལྟ་སྟེ། དཔེར་ན་སའི་ཕྱོགས་བཞིན་དུ་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་ཡང་ རིགས་ལ་གནས་པར་གྱུར་ནས། རིགས་མེད་པ་ལ་གནས་པར་འགྱུར་བས་མི་རུང་ངོ་། །དེ་ལ་འདི་སྐད་ཅེས་ཀྱང་བརྗོད་པར་བྱ་སྟེ། ཅི་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཁམས་དམན་པ་ཁོ་ན་ལ་གནས་པ་ཚེ་དེ་ཉིད་ལ་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་དུ་འགྱུར་རམ། འོན་ཏེ་དེའི་འོག་ཏུ་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་དུ་འདོད། གལ་ཏེ་ཚེ་འདི་ཉིད་ལ་ཡིན་ན་ནི་དེས་ན་ཅི་དེས་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་བརྟེན་ནས། ཚེ་དེ་ཉིད་ལ་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་པའི་སྐལ་བ་ཡང་ཡོད་པའམ། འོན་ཏེ་མེད་ པར་འདོད། གལ་ཏེ་སྐལ་བ་ཡོད་ན་ནི་དེས་ན་སངས་རྒྱས་དང་ཆོས་དང་། དགེ་འདུན་ལ་བརྟེན་ཏེ་ཚེ་འདི་ལ་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་པའི་སྐལ་བ་ཡོད་པས་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཞེས་བྱར་མི་རུང་ངོ་། །གལ་ཏེ་སྐལ་བ་མེད་ན་ནི་དེས་ན་སངས་རྒྱས་ དང་ཆོས་དང་དགེ་འདུན་ལ་བརྟེན་ཏེ། ཚེ་འདི་ལ་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་སྐྱེད་པའི་སྐལ་བ་མེད་པས་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་ཞེས་བྱར་མི་རུང་ངོ་། །གལ་ཏེ་ཕྱི་མའི་ཚེ་རབས་ལ་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་དུ་གྱུར་ན་ནི་དེས་ན་ཅི་སྔར་དགེ་བའི་རྩ་ བ་བསྩགས་ནས། དེའི་ཕྱི་མའི་ཚེ་རབས་ལ་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་བརྟེན་ཏེ། ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་སྐྱེད་པའི་སྐལ་བ་ཡོད་པ་ཡིན་ནམ། འོན་ཏེ་སྔར་དགེ་བའི་རྩ་བ་མ་བསྩགས་པར་དེའི་ཕྱི་མའི་ཚེ་རབས་ལ། སངས་རྒྱས་དང་། ཆོས་དང་། 130-1-227a དགེ་འདུན་ལ་བརྟེན་ཏེ། ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་སྐྱེད་པའི་སྐལ་བ་ཡོད་པར་འདོད། གལ་ཏེ་སྔར་དགེ་བའི་རྩ་བ་བསྩགས་ན་ནི་དེས་ན་ཚེ་འདི་ཉིད་ལ་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་བརྟེན་ཏེ། ཐར་པའི་ཆ་དང་མཐུན་པའི་དགེ་བའི་ རྩ་བ་སྐྱེད་ནས་དེའི་ཕྱི་མའི་ཚེ་རབས་ལ་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་དུ་འགྱུར་ཞེས་བྱར་མི་རུང་སྟེ། འདི་ལྟར་རྒྱུ་མ་ཚང་བའི་ཕྱིར་རོ། །གལ་ཏེ་སྔར་དགེ་བའི་རྩ་བ་མ་བསྩགས་ན་ནི་དེས་ན་སྔོན་དང་ཕྱིས་དགེ་བའི་རྩ་བ་མ་བསྩགས་པར་འདྲ་བས། དེའི་ཕྱི་མའི་ཚེ་རབས་ལ་ ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་དུ་འགྱུར་ལ། དེ་ཉིད་ལ་མི་འགྱུར་ཞེས་བྱར་མི་རུང་ངོ་། །ཉན་ཐོས་རྣམས་ནི་མདོར་བསྡུ་ན་བཅུ་པོ་འདི་དག་ཡིན་ཏེ། བཅུ་གང་ཞེ་ན། དག་པའི་ཁམས་ཅན་དང་། རྐྱེན་རྙེད་པ་དང་། ཀུན་ནས་ཉོན་མོངས་པ་ཅན་གྱི་ཁམས་སུ་སྐྱེས་པ་དང་། དག་པའི་ ཁམས་སུ་སྐྱེས་པ་དང་། དུས་ཀྱི་མཐར་སྐྱེས་པ་དང་། དུས་བཟང་པོར་སྐྱེས་པ་དང་། མིག་མ་ཐོབ་པ་དང་། མིག་ཐོབ་པ་དང་། མིག་རྣམ་པར་དག་པ་དང་། མིག་ཤིན་ཏུ་རྣམ་པར་དག་པའོ། །དེ་ལ་དང་པོ་ནི་རིགས་ལ་གནས་པའོ། །གཉིས་པ་ནི་ཞུགས་པའོ། །ཉན་ཐོས་གང་འཇིག་རྟེན་གྱི་ཁམས་གང་ན་ སྡུག་བསྔལ་མང་བ་སྣ་ཚོགས་དམིགས་པ་དེར་སྐྱེས་ཤིང་། དེར་ཡང་ཚེའི་སྙིགས་མ་ནས། སེམས་ཅན་གྱི་སྙིགས་མའི་མཐར་ཐུག་པའི་བར་གྱི་སྙིགས་མ་ལྔ་འབྱུང་བའི་གོ་སྐབས་ཡོད་པ་དེ་ནི་ཀུན་ནས་ཉོན་མོངས་པ་ཅན་གྱི་ཁམས་སུ་སྐྱེས་པ་ཞེས་བྱའོ། །དག་པའི་ཁམས་སུ་སྐྱེས་པ་ནི་དེ་ལས་བཟློག་ པར་རིག་པར་བྱའོ། །ཉན་ཐོས་དུས་ཀྱི་མཐར་སྐྱེས་པ་ཇི་ལྟར་བལྟ་བར་བྱ་ཞེ་ན། ཉན་ཐོས་དུས་ཀྱི་མཐར་སྐྱེས་པ་རྣམས་ནི་ཕལ་ཆེར་རྙེད་པ་དང་བཀུར་སྟི་ལ་འདུ་བ། ཡང་དག་པར་མགུ་བར་འགྱུར་བའི་ཆོས་རྣམས་ལ་མི་ཕྱོགས་པ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། དམ་ པ་མ་ཡིན་པའི་ཆོས་མང་བ། ཕྲག་དོག་དང་། སེར་སྣའི་ཉེ་བའི་ཉོན་མོངས་པས་སེམས་ཡོངས་སུ་གཏུགས་པ་གནས་ལ་སེར་སྣ་བྱེད་པ། ཁྱིམ་ལ་སེར་སྣ་བྱེད་པ། རྙེད་པ་ལ་སེར་སྣ་བྱེད་པ། བསྔགས་པ་ལ་སེར་སྣ་བྱེད་པ། ཆོས་ལ་སེར་སྣ་བྱེད་པ། གཡོ་དང་སྒྱུ་དང་ལྡན་པ། དཀྱོར་ 130-1-227b འབྱིན་པ། དོར་བྱེད་པ་ནས། རྒྱས་པར་འཚོ་བའི་བསམ་པས་རབ་ཏུ་བྱུང་གི །མྱ་ངན་ལས་འདས་པའི་བསམ་པས་མ་ཡིན་པའི་བར་དང་། རྒོད་པ། ཁེངས་པ། མི་བརྟན་པ། མུ་ཅོར་སྨྲ་བ། སྤྱི་རྟོལ་ཆེ་བ། ངན་གཡོ་དང་ལྡན་པ། བརྗེད་ངས་པ། མཉམ་པར་མ་བཞག་པ། སེམས་རྣམ་པར་ འཁྲུལ་བ། དབང་པོ་ཡལ་བར་བོར་བ། ཉོན་མོངས་པ་མང་ཡང་ཉོན་མོངས་པ་ཀུན་ནས་འབྱུང་བ་ཡོངས་སུ་གཅོད་པར་མི་བྱེད་པ། སྡུག་བསྔལ་དང་ཡིད་མི་བདེ་བ་མང་ཡང་སྐྱོ་བ་མི་སྐྱེད་པ། ཚོགས་འདུ་བ་མང་བ། བས་མཐའི་གནས་མལ་དགོན་པ་དག་སྤངས་པ། ཚོགས་ཀྱི་ ནང་དུ་འོང་བ། གྲོང་དང་ཉེ་བའི་མལ་ཆ་དང་། སྟན་དག་ལ་བརྟེན་ཅིང་དེ་ལ་ཀུན་དུ་དགའ་བ། དེ་བཞིན་དུ་སྨྲ་བ་ལ་ཀུན་དུ་དགའ་བ། འདུ་འཛིའི་གཏམ་ལ་ཀུན་དུ་དགའ་བ། འདུ་འཛི་ལ་ཀུན་དུ་དགའ་བ་བདག་ཉིད་རབ་ཏུ་འཛིན་པ། བག་མེད་པ། ལུས་མ་བསྒོམས་པ། སེམས་ དང་། ཚུལ་ཁྲིམས་དང་། ཤེས་རབ་མ་བསྒོམས་པ། དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་ཆོས་ཟབ་མོ་སྟོང་པ་ཉིད་དང་ལྡན་པ། རྐྱེན་འདི་པ་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་མཐུན་པ་གང་དག་ཡིན་པ་དེ་དག་སྤངས་ནས། སྙན་དངགས་མཁན་གྱིས་བྱས་པ་སྙན་ དངགས་ཀྱི་ཡུལ་ཡི་གེ་སྣ་ཚོགས་པ། ཚིག་དང་ཡིག་འབྲུ་སྣ་ཚོགས་པ། འཇིག་རྟེན་རྒྱང་འཕེན་པའི་གསང་ཚིག་དང་ལྡན་པ་གང་དག་ཡིན་པ་དེ་དག་གུས་པར་བྱ་སྟེ། ལེན་ཅིང་དེ་ལ་མཆོག་ཏུ་དགའ་བ་སྐྱེད་པ་དམ་པའི་ཆོས་ལྟར་བཅོས་པའི་ཆོས་དག་ལ་ཆོས་སུ་འདུ་ཤེས་ ཤིང་། དེ་དག་ལ་དགའ་བ་དང་། སྟོན་པ་དང་། རབ་ཏུ་སྟོན་པར་བྱེད་པ། ཆོས་དང་འདུལ་བ་ལ་སྐུར་པ་འདེབས་པ། ཆོས་དང་འདུལ་བ་སྨྲ་བའི་གང་ཟག་རྣམས་ལ་དགྲར་འདུ་ཤེས་པ། ཕལ་ཆེར་ཚུལ་ཁྲིམས་འཆལ་པ། སྡིག་པའི་ཆོས་ཅན་ནང་རུལ་པ། ཉེས་འཛག་ཏུ་གྱུར་ པ། ལུང་བོང་ལྟར་ཀུན་དུ་སྤྱོད་པ། དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་དུ་ཁས་འཆེ་བ། ཚངས་པར་སྤྱོད་པ་མ་ཡིན་པར་ཚངས་པར་སྤྱོད་པར་ཁས་འཆེ་བ། བསམས་བཞིན་དུ་ལྟུང་བ་ལྕི་བ་དག་མ་ལུས་པར་འབྱིན་པ། ལྕི་བ་དག་ཀྱང་ལྷག་མ་མ་ལུས་པར་འབྱིན་ན། འབྲིང་དང་ཡང་ 130-1-228a བདག་ལྟ་སྨོས་ཀྱང་ཅི་དགོས་པ། ལྟུང་བ་བྱུང་ན་ཡང་ཕལ་ཆེར་ཆོས་བཞིན་དུ་ཕྱིར་གསོ་བར་མི་བྱེད་པ། གཞན་གོ་བར་བྱ་བའི་ཕྱིར་འཆགས་ཀྱི། བསམ་པ་ཐག་པ་ནས་མི་བྱེད་པ། མཛའ་བཤེས་ཀྱི་ཁྱིམ་དང་། སློང་མོ་སྟེར་བའི་ཁྱིམ་དག་ནན་གྱིས་ ཡོངས་སུ་འཛིན་པར་བྱེད་པ། ཁྱིམ་ན་གནས་པའི་བྱ་བ་དང་། ཁྱིམ་ན་གནས་པའི་བྱེད་པ་དོན་མེད་པ་དང་ལྡན་པ་དག་ལ་རྩོལ་བ་མང་དུ་བྱེད་པ་དག་འབྱུང་བར་འགྱུར་ཏེ། དེ་དག་ནི་ཁྱིམ་པ་གོས་དཀར་པོ་ཅན་རྣམས་ལ་ཆེས་ཤས་ཆེར་བྱམས་པ་དང་། མཛའ་བ་དང་། གུས་པ་ དང་། སྙིང་བརྩེ་བའི་སེམས་ཉེ་བར་འཇོག་པར་བྱེད་ཀྱི། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ནི་དེ་ལྟར་མི་བྱེད་དོ། །ཚུལ་འཆོས་པ་ལོག་པས་འཚོ་བར་བྱེད་པའི་ཆོས་རྣམས་ཀྱིས་ཤས་ཆེར་གནས་སོ། །གཅིག་ལ་གཅིག་འཁུ་བའི་སེམས་ཉེ་བར་འཇོག་ཅིང་འཐབ་ཀྲོལ་ བྱེད་པ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པར་བྱེད་དོ། །སྣོད་སྤྱད་དང་། ཡོ་བྱད་མང་བ་དང་། སྤྱོད་ཚུལ་ཙམ་ལྷུར་ལེན་པར་བྱེད་དོ། །དེ་དག་གིས་གང་དག་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པར་བྱས་པ་དེ་དག་ཐམས་ཅད་ཀྱང་། ཟང་ཟིང་དང་བཅས་པའི་ སེམས་ཀྱིས་བསྙེན་བཀུར་དང་ཡོངས་སུ་སྤྱོད་པའི་ཕྱིར་བྱེད་ལ། ཚིག་ཏུ་ནི་སྙིང་བརྩེ་བའི་ཕྱིར་ཁྱེད་རབ་ཏུ་དབྱུང་ངོ་། །བསྙེན་པར་རྫོགས་པར་བྱའོ་ཞེས་སྒྲོགས་པར་བྱེད་དོ། །དེ་དག་དང་ལྷན་ཅིག་གནས་པ་དང་། སློབ་མ་གང་དག་ཡིན་པ་དེ་ཡང་རྟག་པར་རྒྱུན་དུ་བསྙེན་བཀུར་ དང་། ཡོངས་སུ་སྤྱད་པས་དེ་དག་གི་སེམས་སྲུང་དུ་འཇུག་གོ། །དེ་དག་དེ་གཡེལ་ན་དགའ་བ་དང་། ཡིད་དུ་འོང་བ་དང་། ཕན་འདོགས་པར་བྱེད་ལ། མི་གཡེལ་བ་གཞན་དག་ལ་ནི་དེ་ལྟ་མི་བྱེད་དོ། །དེ་དག་དགེ་སློང་གང་རྨད་གྲགས་ཆེ་བ་ཆོས་གོས་ལ་སོགས་པ་རྙེད་པ་དང་ལྡན་ པ་དེ་ལ་བསྙེན་བཀུར་བྱེད། བླ་མར་བྱེད། རིམ་གྲོ་བྱེད། མཆོད་པར་བྱེད་ཀྱི། དེ་དག་དགེ་སློང་གང་རྨད་གྲགས་མི་ཆེ་བ་འདོད་པ་ཆུང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དེ་ལ་ནི་བརྙས་པར་བྱེད། ཁྱད་དུ་གསོད་པར་བྱེད་གནོད་པར་བྱེད་དོ། །དགེ་འདུན་གྱིའམ། གང་ཟག་གི་ 130-1-228b ལོངས་སྤྱོད་ལ་ལོངས་སྤྱོད་པས་འགྱོད་པ་ཆུང་བ་དང་། གང་ཟག་ཚུལ་ཁྲིམས་འཆལ་པ་དག་ཡོངས་སུ་སྡུད་པ་དང་། ཕྱོགས་ལ་འཆགས་པར་བྱེད་དོ། །ཁ་ཅིག་ནི་འགྱོད་པ་ཆུང་བ་དང་། འགྱོད་པ་ཧ་ཅང་ཆེ་བར་བྱེད་དོ། །ཕལ་ཆེར་གྲགས་པ་དང་། སྒྲ་དང་། ཚིགས་སུ་བཅད་པ་ དང་། རྙེད་པ་དང་། བཀུར་སྟིའི་དོན་དུ་ཐོས་པ་འཛིན་པར་བྱེད། བདག་ཉིད་དུལ་བར་བྱ་བའི་དོན་དུ་མ་ཡིན་ཏེ། དུས་ཀྱི་མཐའི་ཉན་ཐོས་རྣམས་ནི་དེ་ལྟར་དེ་ལྟ་བུ་དང་མཐུན་པའི་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་དང་ལྡན་པར་འགྱུར་ཏེ། སྟོན་པ་ཡོངས་སུ་མྱ་ངན་ལས་འདས་ཤིང་ བསྟན་པ་ནུབ་ཏུ་ཉེ་བའི་དུས་ཀྱི་ཚེ་ན་ནི་ཕལ་ཆེར་ལུས་ཞིགས་ཏེ་ཤི་བའི་འོག་ཏུ་ཡང་ངན་སོང་ངན་འགྲོ་ལོག་པར་ལྟུང་བ། སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །ཉན་ཐོས་དུས་བཟང་པོར་སྐྱེས་པ་ནི་དེ་ལས་བཟློག་པ་ཀུན་ནས་ཉོན་མོངས་པ་མེད་པའི་ཆོས་རྣམས་དང་ལྡན་པར་རིག་པར་ བྱ་སྟེ། སྟོན་པ་མངོན་དུ་གྱུར་ཅིང་བསྟན་པ་ལ་ཆུ་བུར་མ་བྱུང་ལ། དེ་བཞིན་གཤེགས་པ་གསར་དུ་བྱུང་བའི་དུས་ཀྱི་ཚེ་ན་ནི་ཕལ་ཆེར་ལུས་ཞིགས་ཏེ་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ཁ་ཅིག་ནི་ཡོངས་སུ་མྱ་ངན་ལས་ཀྱང་ འདའོ། །སོ་སོའི་སྐྱེ་བོའི་ཉན་ཐོས་ནི་མིག་མ་ཐོབ་པ་ཞེས་བྱའོ། །རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་ནི་མིག་ཐོབ་པ་ཞེས་བྱའོ། །དགྲ་བཅོམ་པ་ཤེས་རབ་རྣམ་པར་གྲོལ་བ་རྣམས་ནི་མིག་རྣམ་པར་དག་པ་ཞེས་བྱའོ། །རིག་པ་གསུམ་དང་ལྡན་པ་དང་། གཉི་གའི་ཆ་ལས་རྣམ་པར་གྲོལ་བ་དེ་དག་ནི་མིག་ཤིན་ཏུ་རྣམ་པར་དག་པ་ཞེས་བྱའོ། །ཉན་ཐོས་གང་ཡང་དག་པ་ཇི་ལྟ་བ་བཞིན་དུ་བསལ་ཀྱང་། ཚེ་འདི་ལ་མིའི་ཆོས་ལས་བླ་མ་མི་འཐོབ་པ་ཡང་ཡོད་དོ། །ཉན་ཐོས་གང་ཚེ་འདི་ལ་མིའི་ཆོས་ལས་བླ་མ་དགེ་སྦྱོང་གི་འབྲས་བུ་འཐོབ་པར་ ནུས་ཤིང་མཐུ་ཡོད་ཀྱང་། བག་མེད་པའི་རྒྱུས་མི་འཐོབ་པ་ཡང་ཡོད་དོ། །ཟླ་བ་ལྟ་བུའི་མདོའི་རྣམ་པར་བཤད་པ་ནི་བཞི་པོ་འདི་དག་ནི་ཉན་ཐོས་རྣམས་ལ་དད་པར་འགྱུར་བའི་ཆོས་རྣམས་ཡིན་ཏེ། དེ་དག་སྐྱེ་བོའི་ཚོགས་ཀྱིས་མཐོང་ངམ་ཐོས་ན། ལུས་དང་། ངག་དང་། ཡིད་རྣམས་ཀྱིས་ 130-1-229a བསོད་ནམས་མང་དུ་བསྐྱེད་པར་འགྱུར་རོ། །བཞི་གང་ཞེ་ན། ཚུལ་ཁྲིམས་དང་ལྡན་པར་གནས་པ་དང་། སོ་སོར་ཐར་པའི་སྡོམ་པས་བསྡམས་པ་དང་། ཆོ་ག་ཕུན་སུམ་ཚོགས་པ་དང་། སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང་། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ལ་ ཡང་འཇིགས་པར་ལྟ་བ་དང་། བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཏེ། སློབ་པ་ཞེས་མདོ་ལས་ཇི་སྐད་གསུངས་པ་དེ་ནི་ཆོས་དང་པོ་ཡིན་ནོ། །གཞན་ཡང་འདོད་པ་ཆུང་བ་དང་། ཆོག་ཤེས་པ་ཞེས་བྱ་བ་ནས། ཟག་པ་ཟད་པ་ཤེས་པ་མངོན་སུམ་དུ་བྱ་བའི་ཕྱིར་བསྔགས་པ་ རྗོད་པར་བྱེད་ཅེས་གསུངས་པའི་བར་དེ་ནི་ཆོས་གཉིས་པ་ཡིན་ནོ། །གཞན་ཡང་ངེས་པ་དང་། འགྲོགས་ན་བདེ་བ་དང་། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ལ་མི་འཚེ་བའི་རང་བཞིན་ཅན་དང་། དགེ་སློང་རྣམས་ཀྱང་དེ་དང་ལྷན་ཅིག་གནས་པར་དགའ་བ་དང་། ཤེས་ནས་དད་ པ་བཞི་དང་ལྡན་པ་ཞེས་གསུངས་པ་དེ་ནི་ཆོས་གསུམ་པ་ཡིན་ནོ། །གཞན་ཡང་རྙེད་པ་ལ་ཆགས་པ་མེད་པ་དང་། བཀུར་སྟི་ལ་ཆགས་པ་མེད་པ་དང་། གཞན་ལ་སྙིང་བརྩེ་བ་དང་། དགེ་བ་མི་སྤྱོམས་པ་དང་། སྡིག་པ་འཆགས་པ་དང་། ཡང་དག་པའི་ཡོན་ཏན་ཡོད་པ་དེ་དག་གིས་ དེ་གཞན་དག་གིས་བདག་ལ་འདི་ནི་ཡོན་ཏན་དེ་ལྟ་བུ་དང་ལྡན་པ་ཡིན་ནོ་ཞེས་ཤེས་པར་གྱུར་ན་ཅི་མ་རུང་སྙམ་དུ་གཞན་ལས་ཤེས་ཀྱི་ཁེ་ཡོངས་སུ་མི་ཚོལ་བ་ཞེས་གསུངས་པ་ནི། ཆོས་བཞི་པ་ཡིན་ནོ། །ཉན་ཐོས་ཁྱིམ་རྣམས་སུ་འགྲོ་བར་འདོད་པས་ནི་ཉེ་བའི་ཉོན་མོངས་པ་གསུམ་ སྤངས་པ་ཁྱིམ་རྣམས་སུ་འགྲོ་བར་བྱའོ། །གསུམ་གང་ཞེ་ན། མཛའ་བཤེས་ཀྱི་ཁྱིམ་ཡོངས་སུ་འཛིན་པ་དང་། ཁྱིམ་ལ་སེར་སྣ་བྱེད་པ་དང་། ཟང་ཟིང་དང་བཅས་པའི་སེམས་ཀྱིས་ཆོས་སྦྱིན་པའོ། །དེ་ལ་ཉན་ཐོས་ནི་རྣམ་པ་དྲུག་གིས་མཛའ་བཤེས་ཀྱི་ཁྱིམ་ཡོངས་སུ་འཛིན་པའི་ ཉེ་བའི་ཉོན་མོངས་པ་སྤངས་ནས་ཁྱིམ་དུ་འགྲོ་བར་བྱེད་དེ། རེས་འགའ་འགྲོ་ཞིང་ཡང་དང་ཡང་དུ་མ་ཡིན་པ་དང་། ཆགས་པར་འགྱུར་བའི་དངོས་པོ་ལ་ཚུལ་བཞིན་མ་ཡིན་པས་མཚན་མར་གཟུང་བ་ལས་འདོད་ཆགས་སྐྱེས་པས་ངོ་ཚ་བ་དང་། ལོག་པས་ཆོས་གོས་ལ་སོགས་པ་ 130-1-229b སློང་ཞིང་ཡོངས་སུ་ཚོལ་བ་ལས་བརྩམས་ནས་སྤྱི་རྟོལ་མེད་པ་དང་། མུ་ཅོར་མི་སྨྲ་བ་དང་། ཐུག་ཐུབ་མི་བྱེད་པ་དང་། ལེགས་པར་བསྡམས་པ་དང་། ལུས་ལེགས་པར་སྦས་པ་དང་། ལུས་ཀྱི་རེག་པར་བྱ་བ་མ་ཡིན་པ་ལ་མི་རེག་པ་དང་། འཇུག་ པར་བྱ་བ་མ་ཡིན་པ་ལ་མི་འཇུག་པ་དང་། བཟའ་བར་བྱ་བ་མ་ཡིན་པར་མི་བཟའ་བ་དང་། བཏུང་བར་བྱ་བ་མ་ཡིན་པར་མི་འཐུང་བ་དང་། བླང་བར་བྱ་བ་མ་ཡིན་པར་མི་ལེན་པ་དང་། དབེན་པ་ལ་གཞོལ་བ་དང་། དབེན་པ་ལ་འབབ་པ་དང་། དབེན་པ་ལ་བབ་ པའི་སེམས་ཀྱིས་དགེ་བ་རྣམ་པར་བརྟག་པ་ཁོ་ན་ལ་རྣམ་པར་རྟོག་པར་བྱེད་པ་དང་། རི་ཁྲོད་དང་། གཅོང་རོང་གི་གནས་ལྟ་བུའི་ཁྱིམ་མ་དད་པ་རྣམས་དད་པར་བྱ་བ་དང་། ཁྲོན་པ་རྙིང་པའི་གནས་ལྟ་བུའི་ཁྱིམ་དད་པ་རྣམས་ཕྱིར་ཞིང་འཕེལ་བར་བྱ་བའི་ཕྱིར་འགྲོ་བར་བྱེད་དོ། །རྣམ་པ་ དྲུག་ཁོ་ནས་ཁྱིམ་ལ་སེར་སྣ་བྱེད་པའི་ཉེ་བའི་ཉོན་མོངས་པ་སྤངས་ནས་ཁྱིམ་དུ་འགྲོ་བར་བྱེད་དེ། ཁྱིམ་དུ་སོན་པ་ན་སེམས་ཅན་གྱི་དངོས་པོ་ལ་ཆགས་པ་མེད་ཅིང་ལྷག་པར་ཆགས་པ་མེད་པ་དང་། སེམས་ཅན་གྱི་དངོས་པོ་ལ་ཇི་ལྟ་བ་བཞིན་དུ། རྙེད་པའི་དངོས་པོ་དང་། བཀུར་སྟིའི་དངོས་ པོ་ལ་ཡང་དེ་བཞིན་པ་དང་། མ་རྙེད་པས་སྡུག་བསྔལ་བར་མི་འགྱུར་ཞིང་། ཡིད་མི་བདེ་བར་མི་འགྱུར་བ་དང་། མ་རྙེད་པ་ལ་ཇི་ལྟ་བ་བཞིན་དུ་བཀུར་སྟི་མེད་པ་ལ་ཡང་དེ་བཞིན་པ་དང་། བདག་དང་གཞན་གྱི་རྙེད་པ་ལ་སེམས་སྙོམས་པས། བདག་གི་རྙེད་པ་དང་། བཀུར་སྟིའི་ཕྱིར་ བདག་གི་བསྔགས་པ་མི་བརྗོད་པ་དང་། གཞན་དག་གི་རྙེད་པ་དང་། བཀུར་སྟིའི་བར་ཆད་བྱ་བའི་ཕྱིར་བསྔགས་པ་མ་ཡིན་པ་མི་བརྗོད་པར་འགྲོ་བའོ། །རྣམ་པ་དྲུག་ཁོ་ནས་ཟང་ཟིང་དང་བཅས་པའི་སེམས་ཀྱིས་ཆོས་ཀྱི་སྦྱིན་པའི་ཉེ་བའི་ཉོན་མོངས་པ་སྤངས་ནས་ཁྱིམ་དུ་འགྲོ་སྟེ། དད་པར་གྱུར་ནས་ལྷག་པར་བྱེད་པར་རེ་བ་མེད་ཅིང་། ངེས་པར་འབྱུང་བ་ཉིད་ཀྱི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ནས་འགྲོ་བ་དང་། གཞན་དག་ལ་རྣམ་པ་གསུམ་གྱིས་དགེ་བའི་ཆོས་བསམ་པ་ཉེ་བར་བཞག་ནས་འགྲོ་བར་བྱེད་དེ། གསུམ་གང་ཞེ་ན། བདེ་ 130-1-230a བ་ཉེ་བར་བསྒྲུབ་པ་དང་། སྡུག་བསྔལ་བསྩལ་བ་དང་། གུས་པར་བྱས་ཏེ་ཉན་པ་དང་། འཛིན་པ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པར་འདོད་པ་དང་། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱིས་སྡུག་བསྔལ་བར་གྱུར་པ་རྣམས་སྡུག་བསྔལ་ལས་རྣམ་ པར་ཐར་པར་བྱ་བ་དང་། གྲོལ་བའི་བདག་ཉིད་ཀྱི་ཆོས་ཀྱི་ཆོས་ཉིད་བཟང་པོ་ཁོ་ན་ལ་བརྟེན་ནས་མདོ་སྡེ་དང་། འདུལ་བ་དང་། མ་མོར་གཏོགས་པ་བརྡར་བཏགས་པའི་ཆོས་འཛིན་པར་འདོད་པའམ། ཀློག་པར་འདོད་པ་རྣམས་ལ་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ སྟོན་པར་བྱེད་པའོ། །དེ་ལ་ཉེ་བའི་ཉོན་མོངས་པ་དང་པོ་སྤངས་པས་ནི་མ་འདྲེས་པར་གནས་པར་འགྱུར་རོ། །གཉིས་པ་སྤངས་པས་ནི་ཟང་ཟིང་གི་ལོངས་སྤྱོད་ལེགས་པར་འཐོབ་པར་འགྱུར་རོ། །གསུམ་པ་སྤངས་པས་ནི་ཆོས་ཀྱི་ལོངས་སྤྱོད་ལེགས་པར་འཐོབ་པར་འགྱུར་རོ། །བཙྪི་ ཀའི་མདོའི་རྣམ་པར་བཤད་པ་ནི་ཉན་ཐོས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ལ་བརྩོན་པས་ནི་མདོར་བསྡུ་ན་གནས་གསུམ་ཡོངས་སུ་ཤེས་པར་བྱ་སྟེ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་གནས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་གནས་ལས་ ཡོངས་སུ་ཤེས་པར་བྱ་བ་དང་། ཀུན་ནས་ཉོན་མོངས་པ་ཀུན་ནས་ཉོན་མོངས་པ་ལས་ཡོངས་སུ་ཤེས་པར་བྱ་བ་དང་། རྣམ་པར་བྱང་བ་རྣམ་པར་བྱང་བ་ལས་ཡོངས་སུ་ཤེས་པར་བྱ་བའོ། །དེ་ལ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་གནས་གང་ཞེ་ན། ལུས་འདི་ནི་ གཟུགས་ཅན་རགས་པ་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ཞེས་རྒྱས་པར་མདོ་ལས་གསུངས་པ་གང་ཡིན་པ་སྟེ། དེ་ནི་བྱིས་པ་མི་མཁས་པ་མ་རིག་པ་དང་ལྡན་པ་རྣམས་ཀྱི་ནི་ཀུན་ནས་ཉོན་མོངས་པའི་གནས་ཡིན་ནོ། །མཛངས་པ་མཁས་པ་རིག་པ་དང་ལྡན་པ་རྣམས་ཀྱི་ནི་རྣམ་པར་བྱང་བའི་ གནས་ཡིན་ནོ། །ཀུན་ནས་ཉོན་མོངས་པ་གང་ཞེ་ན། འདི་ལྟ་སྟེ། བྱིས་པས་དགེ་བ་དང་། མི་དགེ་བ་བྱ་བའི་ཕྱིར་སྔར་རྗེས་སུ་བརྟགས་ཤིང་བསམས་ནས། ཕྱིས་ལུས་དང་། ངག་དང་སེམས་ཀྱིས་དགེ་བ་དང་མི་དགེ་བ་བྱེད་པས། འགྲོ་བ་ལྔའི་འཁོར་བར་ལུས་འདོད་པ་དང་། མི་ 130-1-230b འདོད་པ་གནོད་པ་དང་བཅས་པ་དང་། གནོད་པ་མེད་པ་མངོན་པར་འགྲུབ་པར་བྱེད་པའོ། །རྣམ་པར་བྱང་བ་གང་ཞེ་ན། བསླབ་པ་གཉིས་ནི་རྣམ་པར་བྱང་བའི་ཕྱོགས་ལ་གཙོ་བོ་ཡིན་པར་རིག་པར་བྱ་སྟེ། འདི་ལྟར་བསླབ་པ་གཅིག་ནི་དེ་བཞིན་ཉིད་ཀྱི་ཤེས་པའི་རྟེན་གྱི་བྱ་བ་བྱེད་ལ། ཅིག་ ཤོས་ནི་ཉོན་མོངས་པ་དང་འབྲལ་བར་བྱེད་པའི་ཕྱིར་རོ། །རྣམ་པར་བྱང་བ་དེ་ཡང་མདོར་བསྡུ་ན། རྒྱུ་ལྔས་རབ་ཏུ་དབྱེ་བ་ཡིན་ཏེ། རྒྱུ་ལྔ་གང་ཞེ་ན། སྟོན་པ་དང་། སྒྲུབ་པ་པོ་དང་། སྒྲུབ་པ་དང་། ལྷག་པའི་སེམས་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཉེ་བའི་ཉོན་མོངས་པ་སྤོང་བ་དང་། ལྷག་ པའི་ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཉེ་བའི་ཉོན་མོངས་པ་སྤོང་བས་སོ། །དེ་ལ་སྟོན་པ་ནི་དེ་བཞིན་གཤེགས་པའོ། །སྒྲུབ་པ་པོ་ནི་ཉན་ཐོས་དབང་པོ་ཡོངས་སུ་སྨིན་པའོ། །དེ་ནི་ཤིན་ཏུ་ཡིད་གཞུངས་པ་ཡང་ཡིན་ནོ། །སྒྲུབ་པ་ནི་བདེན་པ་ཞེས་པས་བསྡུས་པའི་ཤེས་རབ་སྟེ། དེ་ནི་ ཉོན་མོངས་པ་སྤོང་བའི་གཉེན་པོ་བླ་ན་མེད་པ་ཡིན་པའི་ཕྱིར་རོ། །ཆོས་བཞི་ནི་ལྷག་པའི་སེམས་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཉེ་བའི་ཉོན་མོངས་པ་ཞེས་བྱ་སྟེ། རབ་ཏུ་དབེན་པ་ན་གནས་པའི་སྒྲིབ་པ་དང་། གདམས་ངག་དང་རྗེས་སུ་བསྟན་པ་མི་བཟོད་པའི་ཁྲོ་བ་དང་། འཁྲུག་པ་དང་། རྙེད་པ་དང་། བཀུར་སྟི་ལ་ལྷག་པར་ཆགས་པའི་ཕྲག་དོག་དང་། སེར་སྣ་དང་། སྔོན་སྤྱད་དེ་མྱོང་བའི་ཡུལ་རྣམས་རྗེས་སུ་དྲན་པའི་ཀུན་དུ་རྟོག་པའི་འདོད་ཆགས་བསླབ་པ་གཏོང་བ་དང་རྗེས་སུ་མཐུན་པའོ། །ལྷག་པའི་ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཉེ་བའི་ཉོན་མོངས་པའི་ཆོས་ ནི་གསུམ་སྟེ། དང་པོ་ཁོ་ནར་བརྡའི་ཚུལ་གྱིས་ཆོས་ཀྱི་དོན་མ་རྟོགས་པའི་མ་རིག་པ་དང་། ཆོས་ཀྱི་དོན་རྟོགས་ཀྱང་སོ་སོའི་སྐྱེ་བོར་གྱུར་པས་བདེན་པ་རྣམས་ལ་སོམ་ཉི་དང་། ཡིད་གཉིས་དང་། ཐེ་ཚོམ་མ་སྤངས་པ་གང་ཡིན་པ་དང་། སློབ་པ་བཞི་མཐོང་བའི་བསྒོམ་པའི་ལམ་ གྱིས་བསྡུས་པའི་ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་སུ་གྱུར་པ་ངའོ་སྙམ་པའི་ང་རྒྱལ་ལོ། །ཉེ་བའི་ཉོན་མོངས་པ་དེ་དག་སྤངས་པས། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་རྣམ་པར་དག་པས་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་འཐོབ་པར་རིག་པར་བྱ་སྟེ། དགྲ་བཅོམ་པ་ཉིད་དེ་ 130-1-231a ནི་རྣམ་པར་བྱང་བའི་མཆོག་ཡིན་པར་བལྟ་བར་བྱའོ། །ཉན་ཐོས་ཀྱི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་གནས་དེ་ཡང་མདོར་བསྡུ་ན། རྒྱུ་གསུམ་གྱིས་ཡོངས་སུ་ཤེས་པར་བྱ་སྟེ། ངོ་བོ་ཉིད་དང་། རྒྱུ་དང་། ཉེས་དམིགས་ཀྱིས་སོ། །མིའི་ལུས་འདིའི་ ངོ་བོ་ཉིད་ནི་མཚན་ཉིད་གཉིས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ཏེ། གཟུགས་ཅན་གྱིས་ནི་དེ་ལས་གཞན་པའི་ལུས་ཐམས་ཅད་སྤྱིའི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་ནོ། །རགས་པས་ནི་སོ་སོ་རང་གི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་ཏེ། མི་གསལ་བ་ཉིད་ཀྱིས་ལྷའི་ལུས་དང་མི་འདྲ་བའི་ ཕྱིར་རོ། །དེའི་རྒྱུ་ཡང་རྣམ་པ་གསུམ་སྟེ། ལུས་ཀྱི་སྤྱིའི་མཚན་ཉིད་ཀྱི་རྒྱུ་ནི་འདི་ལྟ་སྟེ། འབྱུང་བ་ཆེན་པོ་བཞི་པོ་དག་གོ། །མིའི་ལུས་དེའི་སོ་སོའི་རང་གི་མཚན་ཉིད་ཀྱི་རྒྱུ་ནི་རྣམ་པ་གཉིས་ཏེ། མ་སྐྱེས་པ་སྐྱེ་བའི་རྒྱུ་ནི་འདི་ལྟ་སྟེ། ཕ་མའི་མི་གཙང་བ་མེར་མེར་པོའོ། །སྐྱེས་པ་གནས་ པའི་རྒྱུ་ནི་འདི་ལྟ་སྟེ། འབྲས་ཆན་དང་། ཟན་དྲོན་ལ་སོགས་པས་རྒྱས་པའོ། །དེའི་ཉེས་དམིགས་ཀྱང་རྣམ་པ་གཉིས་ཏེ། སྡུག་བསྔལ་བ་ཉིད་དང་། མི་རྟག་པ་ཉིད་དོ། །དེ་ལ་སྡུག་བསྔལ་བ་ཉིད་གྲང་བའི་ཚེ་ན། གྲང་བའི་སྡུག་བསྔལ་གྱི་གཉེན་པོ་གོས་ཀྱི་གཉེན་པོ་དང་བཅས་ པ་དང་། ཚ་བའི་ཚེ་ན་ཚ་བའི་སྡུག་བསྔལ་གྱི་གཉེན་པོ་ཁྲུས་ཀྱི་གཉེན་པོ་དང་བཅས་པ་དང་། ལམ་དང་ལས་ཀྱི་མཐའ་ཡོངས་སུ་ངལ་བའི་ཚེ་ན། ཡོངས་སུ་ངལ་བའི་སྡུག་བསྔལ་གྱི་གཉེན་པོ་མཉེ་བའི་གཉེན་པོ་དང་བཅས་པས་སྡུག་བསྔལ་ཉིད་ཡིན་པར་རིག་པར་བྱའོ། །མི་རྟག་པ་ ཉིད་ནི་ལག་པ་དང་། བོང་བ་དང་། དབྱུག་པའི་འདུས་ཏེ་རེག་པ་དག་གིས་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་དང་། མཚོན་ཆའི་འདུས་ཏེ་རེག་པ་དག་གིས་མཆོད་པའི་ཆོས་ཅན་ཡིན་པའི་ཕྱིར་དང་། འཆི་བའི་དུས་བྱས་པ་ནི་དོང་དུ་གཞུག་པའམ། མེར་བསྲེགས་པའམ། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་རྣམ་པ་སྣ་ཚོགས་དག་གིས་ཀུན་དུ་བཟའ་བའི་ཕྱིར་དང་། དེ་ཉིད་ནི་ཉི་མ་དང་། རླུང་གིས་ཡོངས་སུ་སྐམ་པར་འགྱུར་བའི་ཕྱིར་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཉིད་ཡིན་པའི་ཕྱིར་མི་རྟག་པ་ཉིད་ཡིན་པར་རིག་ 130-1-231b པར་བྱའོ། །དེ་ལ་འདུས་པ་རྣམ་པར་འབྲལ་བ་ནི་རྣམ་པར་འཐོར་བ་ཡིན་ནོ། །རྣམ་པར་འཐོར་བ་ཉིད་གྱུར་ནས། མཐར་ཐམས་ཅད་ཀྱི་ཐམས་ཅད་དུ་རྣམ་པར་བྲལ་བ་ནི་རྣམ་པར་འཇིག་པ་ཡིན་ནོ། །དམིགས་པའི་སེམས་ལས་བརྩམས་ནས། མིང་གིས་ཐམས་ཅད་ཟིལ་གྱིས་གནོན། ། མིང་ལས་ལྷག་པ་ཡོད་མ་ཡིན། །མིང་ཆོས་གཅིག་གི་དབང་རྗེས་སུ། །ཐམས་ཅད་འགྲོ་བ་ཁོ་ནར་འགྱུར། །ཞེས་གསུངས་པའི་ཚིག་དེའི་དོན་གང་ཡིན་ཞེ་ན། སྨྲས་པ། མདོར་བསྡུ་ན་རྣམ་པར་བྱང་བའི་རྒྱུ་བརྟག་པ་དང་། རང་གི་མཚན་ཉིད་བརྟག་པ་དང་། ཀུན་ནས་ཉོན་ མོངས་པའི་རྒྱུ་བརྟགས་པས་གང་ཟག་ལ་བདག་མེད་པ་དང་། ཆོས་ལ་བདག་མེད་པ་དེ་ཡོངས་སུ་བསྟན་པ་ཡིན་ནོ། །དེ་ལ་གང་ཟག་ལ་བདག་མེད་པ་ལས་ནི་མིང་གི་ཕུང་པོ་བཞི་པོ་དག་ཡོངས་སུ་ཤེས་པས། རང་གི་ཡུལ་གྱི་མཚན་མ་ཐམས་ཅད་སྤངས་པས་ཟིལ་གྱིས་གནོན་ལ་ ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་ཆོས་ལ་བདག་མེད་པར་ཡོངས་སུ་ཤེས་པ་ལས་ནི་ཐ་སྙད་ལས་བྱུང་བའི་མིང་ཡོངས་སུ་ཤེས་པས། དེ་ལ་རྟེན་གྱི་མཚན་མ་ཐམས་ཅད་ཟིལ་གྱིས་གནོན་ཏོ། །གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་པོ་དག་ལས་ལོགས་ཤིག་ན་བདག་གི་མཚན་ཉིད་ ཀྱི་དངོས་པོ་མི་དམིགས་ལ། ཐ་སྙད་ལས་བྱུང་བའི་མིང་ལས་ལོགས་ཤིག་ན་ཀུན་བརྟགས་པའི་ངོ་བོ་ཉིད་མཚན་ཉིད་ཀྱི་དངོས་པོ་ཡང་མི་དམིགས་སོ། །དེ་གཉིས་ཀ་ཡོངས་སུ་མ་ཤེས་ན་ཡུལ་གྱི་མཚན་མ་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀུན་ནས་ལྡང་བ་དང་། རྗེས་སུ་འཇུག་ པར་འགྱུར་ཏེ། ཡུལ་གྱི་མཚན་མའི་ཀུན་ནས་ཉོན་མོངས་པ་ཐམས་ཅད་ནི་དེའི་དབང་གིས་འབྱུང་བ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་དེ་ལས་དགོངས་ནས། ཆོས་ཀྱི་ངོ་བོ་ཉིད་དུ་འཛིན་པ་ལས་ནི་བདག་ཏུ་འཛིན་པ་འབྱུང་བར་འགྱུར་ལ། དེ་རྟོགས་པས་ནི་དེ་ཡང་ རྟོགས་པར་འགྱུར་རོ། །དེ་རྟོགས་ན་དེ་ཡང་ལྡོག་པར་འགྱུར་རོ་ཞེས་གསུངས་སོ།། །།བམ་པོ་ཉི་ཤུ་རྩ་དྲུག་པ། བཅོམ་ལྡན་འདས་ཀྱིས་ཉན་ཐོས་རྣམས་ཀྱི་ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་ནི་བདེན་པ་བཞི་པོ་འདི་དག་ཡིན་པར་གསུངས་ཏེ། 130-1-232a སྡུག་བསྔལ་ལ་སོགས་པ་སྔ་མ་བཞིན་ནོ། །གལ་ཏེ་བདེན་པ་ཡང་དག་པ་ཉིད་ཡིན་པའི་ཕྱིར་ཕྱིན་ཅི་མ་ལོག་པའི་མཚན་ཉིད་ཡིན་ན། དེ་ལྟར་ན་ཕྱི་རོལ་པ་རྣམས་ཀྱི་ལྟ་བའི་རྣམ་པ་ལོག་པར་མོས་པ་གང་དག་ཡིན་པ་དང་། ལོག་པར་སྨྲ་བ་གང་དག་ཡིན་པ་དེ་དག་ ཡང་དག་པ་མ་ཡིན་པ་དང་། དེ་ཁོ་ན་མ་ཡིན་པ་དང་། ལོག་པ་དང་། ཕྱིན་ཅི་ལོག་ཏུ་གྱུར་པ་ཡིན་པས། དེ་དག་ཇི་ལྟར་ན་བདེན་པས་བསྡུས་པ་ཡིན་པར་རིག་པར་བྱ། གལ་ཏེ་མ་བསྡུས་ན་ནི་དེས་ན་དེ་དག་ཏུ་ཕྱི་མ་ལ་ཡང་འབྱུང་བ་མངོན་པར་འགྲུབ་པར་བྱེད་པ། སྡུག་བསྔལ་གྱི་རྒྱུར་གྱུར་ པར་མི་འགྱུར་རོ་ཞེ་ན། འདི་ལྟར་དེ་དག་ནི་ཡང་དག་པ་མ་ཡིན་པ་དང་། དེ་ཁོ་ན་མ་ཡིན་པ་དང་། ལོག་པ་དང་། ཕྱིན་ཅི་ལོག་ཏུ་གྱུར་པ་ཡིན་མོད་ཀྱི་འོན་ཀྱང་དེ་དག་ནི་སྡུག་བསྔལ་དང་། ཀུན་འབྱུང་བའི་བདེན་པས་བསྡུས་པ་ཡིན་པར་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་ ལོག་པ་ཉིད་ཀྱིས་བསྡུས་པ་ཡིན་མོད་ཀྱི། འོན་ཀྱང་ལོག་པ་ཉིད་ཀྱི་མཚན་ཉིད་དེ་ཁོ་ནས་དེ་དག་ནི་སྡུག་བསྔལ་གྱི་བདག་ཉིད་དང་། སྡུག་བསྔལ་གྱི་རྒྱུ་ཡིན་པས་ཡང་དག་པ་དང་། དེ་ཁོ་ན་དང་མ་ལོག་པ་དང་། ཕྱིན་ཅི་ལོག་ཏུ་མ་གྱུར་པ་ཡིན་ནོ། །མི་རྟག་པའི་དོན་ནི་རྣམ་པ་གཉིས་ ཀྱིས་རིག་པར་བྱ་སྟེ། འདི་ལྟ་སྟེ། ཐེག་པ་ཆེན་པོའི་ཚུལ་དང་། ཉན་ཐོས་ཀྱི་ཐེག་པའི་ཚུལ་ལས་བརྩམས་ནས་མེད་པའི་དོན་དང་། མཚན་མ་རྣམ་པར་འཇིག་པའི་དོན་གྱིས་སོ། །སྡུག་བསྔལ་གྱི་དོན་ཡང་རྣམ་པ་གཉིས་ཀྱིས་རིག་པར་བྱ་སྟེ། མེད་པ་ལ་མངོན་པར་ཞེན་པའི་བག་ ཆགས་ཀྱི་གནས་ངན་ལེན་གྱི་དོན་དང་། ཚོར་བ་རྣམ་པ་གསུམ་དང་། རྗེས་སུ་འབྲེལ་པའི་སྐྱེ་བ་ལ་སོགས་པའི་མཚན་མ་འབྱུང་བའི་དོན་གྱིས་སོ། །སྟོང་པའི་དོན་ཀྱང་རྣམ་པ་གཉིས་ཀྱིས་རིག་པར་བྱ་སྟེ། གང་ཟག་གི་ངོ་བོ་ཉིད་དང་བྲལ་བའི་མཚན་མའི་དོན་དང་། ཆོས་ཀྱི་ངོ་བོ་ཉིད་དང་ བྲལ་བའི་མཚན་མའི་དོན་གྱིས་སོ། །བདག་མེད་པའི་དོན་ཀྱང་རྣམ་པ་གཉིས་ཀྱིས་རིག་པར་བྱ་སྟེ། འདི་ལྟ་སྟེ། ཐེག་པ་ཆེན་པོའི་ཚུལ་དང་། ཉན་ཐོས་ཀྱི་ཐེག་པའི་ཚུལ་ལས་བརྩམས་ནས། ཆོས་ཉིད་ཀྱི་ངོ་བོ་ཉིད་ལ་བདག་མེད་པའི་མཚན་མའི་དོན་དང་། གང་ཟག་གི་ངོ་བོ་ཉིད་ལ་ 130-1-232b བདག་མེད་པའི་མཚན་མའི་དོན་གྱིས་སོ། །བསྟན་པ་ནི་རྣམ་པ་གཉིས་ཏེ། མི་རྟག་པར་བསྟན་པ་དང་། ཐོག་མ་མེད་པར་བསྟན་པའོ། །རྟོགས་པ་ཡང་རྣམ་པ་གཉིས་ཏེ། འདུས་བྱས་ཀྱི་ཁམས་རྟོགས་པ་དང་། འདུས་མ་བྱས་ཀྱི་ཁམས་རྟོགས་པའོ། །གང་མི་རྟག་པ་དེ་ནི་སྡུག་ བསྔལ་བའོ་ཞེས་བྱ་བ་ནི། རྒྱུ་ལྔས་རིག་པར་བྱ་སྟེ། ཡོངས་སུ་འཛིན་པ་ལས་ཀྱང་ཡིན་ཏེ། འདུ་བྱེད་མི་རྟག་པ་རྣམས་ཀྱི་གནས་ངན་ལེན་ཡོངས་སུ་འཛིན་པའི་ཕྱིར་རོ། །ཆོས་ཉིད་ལས་ཀྱང་ཡིན་ཏེ། སྐྱེ་བ་ལ་སོགས་པ་སྡུག་བསྔལ་གྱི་ཆོས་ཉིད་ཡིན་པའི་ཕྱིར་རོ། །རྗེས་སུ་འབྲེལ་ པ་ལས་ཀྱང་ཡིན་ཏེ། སྡུག་བསྔལ་གསུམ་དང་རྗེས་སུ་འབྲེལ་པ་ཉིད་ཀྱི་ཕྱིར་རོ། །རྒྱུ་ལས་ཀྱང་ཡིན་ཏེ། རྨོངས་པའི་སྤྱོད་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །མངོན་པར་ཞེན་པ་ལས་ཀྱང་ཡིན་ཏེ། ཕྱིན་ཅི་ལོག་ཏུ་དམིགས་པའི་གཞི་ཉིད་ཡིན་པའི་ཕྱིར་རོ། །གང་སྡུག་བསྔལ་བ་དེ་ནི་བདག་ མེད་པའོ་ཞེས་བྱ་བ་ཡང་རྒྱུ་ལྔས་རིག་པར་བྱ་སྟེ། འདུ་བྱེད་སྡུག་བསྔལ་བ་དག་ལས་དེ་དོན་གཞན་དུ་གྱུར་པར་མི་དམིགས་པའི་ཕྱིར་དང་། དེ་དག་གི་རྐྱེན་གཞན་གྱི་དབང་གཞན་ཉིད་ཡིན་པའི་ཕྱིར་དང་། གཡོ་བ་མེད་པ་ཉིད་ཀྱི་ཕྱིར་དང་། ཟད་པ་དང་སྐྱེ་བའི་རྒྱུན་གྱི་རྗེས་སུ་འཇུག་པ་ཉིད་ཀྱི་ ཕྱིར་དང་། ཕན་ཚུན་གཞན་གྱི་དབང་ཉིད་ཡིན་པའི་ཕྱིར་རོ། །གང་སྡུག་བསྔལ་བ་དེ་ཐམས་ཅད་མི་འདོད་པ་དང་། མི་སྡུག་པ་དང་། སྡུག་བསྔལ་བ་དང་། གནོད་པ་དང་མི་མཐུན་པ་ཡིན་ལ། མི་འདོད་པ་དང་། མི་སྡུག་པ་དང་། སྡུག་བསྔལ་བ་དང་། གནོད་པ་དང་། མི་མཐུན་པ་གང་ཡིན་པ་ དེ་ཐམས་ཅད་ཀྱང་སྡུག་བསྔལ་གྱི་བདེན་པ་ཡིན་ནམ་ཞེ་ན། རེ་ཞིག་མི་འདོད་པ་དང་། མི་སྡུག་པ་དང་། སྡུག་བསྔལ་བ་དང་། གནོད་པ་དང་། མི་མཐུན་པ་གང་ཡིན་པ་དེ་སྡུག་བསྔལ་གྱི་བདེན་པ་ཡང་ཡིན་པར་བལྟ་བར་བྱའོ། །སྡུག་བསྔལ་གྱི་བདེན་པས་བསྡུས་པ་ཡིན་ལ་དེ་མི་འདོད་པ་དང་། མི་སྡུག་པ་ནས་རྒྱས་པར་མི་མཐུན་པའི་བར་མ་ཡིན་པ་ཡང་ཡོད་དེ། སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ཀྱིས་བསྡུས་པའི་འདུ་བྱེད་རྣམས་མ་གཏོགས་པ། དེ་ལས་གཞན་པ་འགྱུར་བའི་སྡུག་བསྔལ་ཉིད་དང་། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་བསྡུས་པའི་འདུ་བྱེད་རྣམས་སོ། །བཅོམ་ 130-1-233a ལྡན་འདས་ཀྱིས་སྡུག་བསྔལ་གྱི་བདེན་པ་ནི་སྐྱེ་བའི་སྡུག་བསྔལ་དང་། རྒ་བའི་སྡུག་བསྔལ་ཞེས་བྱ་བ་ནས། རྒྱས་པར་མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བ་ཞེས་བྱ་བའི་བར་གྱི་རྣམ་པ་བརྒྱད་ཀྱིས་རྣམ་པར་དབྱེ་བ་མཛད་པ་དེ་ལ་རྣམ་པ་དུ་དག་གིས་ སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ཡོངས་སུ་བསྟན་ལ། དུ་དག་གིས་ནི་འགྱུར་བའི་སྡུག་བསྔལ་ཉིད་ཡོངས་སུ་བསུ་བསྟན། དུ་དག་གིས་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཡོངས་སུ་བསྟན་ཅེ་ན། དང་པོ་ལྔས་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ཡོངས་སུ་བསྟན་ཏོ། །བར་མ་གཉིས་ ཀྱིས་ནི་འགྱུར་བའི་སྡུག་བསྔལ་ཉིད་ཡོངས་སུ་བསྟན་ཏེ། སྡུག་པ་དང་བྲལ་བས་ནི་མི་སྡུག་པ་དང་ཕྲད་པར་འགྱུར་ལ། འདོད་པས་ཕོངས་པ་ནི་མ་ཐོབ་པ་ཉིད་ཀྱིས་འགྱུར་བའི་ཕྱིར་རོ། །ཐ་མ་མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བ་ཞེས་བྱ་བ་གཅིག་པུས་ནི་འདུ་བྱེད་ཀྱི་སྡུག་ བསྔལ་ཉིད་ཡོངས་སུ་བསྟན་ཏོ། །གང་མི་རྟག་པ་དེ་ནི་སྡུག་བསྔལ་ཡང་ཡིན་ལ། གང་སྡུག་བསྔལ་བ་དེ་ཡང་མི་རྟག་པ་ཡིན་ནམ་ཞེ་ན། རེ་ཞིག་སྡུག་བསྔལ་བ་གང་ཡིན་པ་དེ་མི་རྟག་པའང་ཡིན་མོད་ཀྱི། མི་རྟག་པ་ཡིན་ལ་སྡུག་བསྔལ་བ་མ་ཡིན་པ་ཡང་ཡོད་དེ། འདི་ ལྟ་སྟེ་ལམ་གྱི་བདེན་པའོ། །འདི་ལྟར་ལམ་ནི་སྡུག་བསྔལ་གྱི་ཚོར་བས་བསྡུས་པ་ཡང་ཡིན་ལ། ལམ་ནི་འགྱུར་བ་ཡང་མ་ཡིན་ན། འགྱུར་བས་སྡུག་བསྔལ་བསྐྱེད་པར་ལྟ་ག་ལ་འགྱུར་བ་དང་། ལམ་ནི་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་གནས་ངན་ལན་ཐམས་ཅད་ལས་རྣམ་ པར་གྲོལ་བ་དང་། སྐྱེ་བའི་རྒྱུན་ཐམས་ཅད་དང་མི་མཐུན་པ་ཡིན་པས། དེས་ན་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བ་ཡང་མ་ཡིན་པའི་ཕྱིར་རོ། །གང་མི་རྟག་པ་དང་། སྡུག་བསྔལ་བ་དེ་ཐམས་ཅད་སྟོང་པ་དང་བདག་མེད་པ་ཡིན་ནམ་ཞེ་ན། དེ་ལྟ་ཡིན་ནོ་ཞེས་བརྗོད་པར་ བྱའོ། །སྟོང་པ་དང་། བདག་མེད་པ་གང་ཡིན་པ་དེ་དག་ཐམས་ཅད་མི་རྟག་པ་དང་། སྡུག་བསྔལ་བ་ཡིན་ནམ་ཞེ་ན། དེ་ལ་ཀུན་འབྱུང་བའི་བདེན་པ་ནི་རྣམ་པ་བཞི་ཆར་རོ། །ལམ་གྱི་བདེན་པ་ཡང་རྣམ་པ་གསུམ་མོ། །འགོག་པའི་བདེན་པ་ནི་རྣམ་པ་གཉིས་ཁོ་ན་སྟེ། མི་ 130-1-233b རྟག་པ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་ནོ། །མི་རྟག་པ་དང་སྡུག་བསྔལ་བ་གང་ཡིན་པ་དེ་ཐམས་ཅད་ནི་མི་རྟག་པ་ཉིད་ཀྱི་ཕྱིར་སྡུག་བསྔལ་བ་ཡིན་ནམ་ཞེ་ན། མི་རྟག་པ་ཉིད་ཀྱི་ཕྱིར་སྡུག་བསྔལ་བ་ཡང་ཡོད། རང་བཞིན་གྱིས་སྡུག་བསྔལ་བ་ཡང་ཡོད་དེ། འདུ་བྱེད་གང་ དག་འགྱུར་བའི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བ་དེ་དག་ནི་མི་རྟག་པ་ཉིད་ཀྱི་ཕྱིར་སྡུག་བསྔལ་བ་ཡིན་ནོ། །གང་དག་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དང་། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བ་དེ་དག་ནི་རང་བཞིན་གྱིས་སྡུག་བསྔལ་བ་ཡིན་ཏེ། གནོད་པའི་ བདག་ཉིད་ཡིན་པ་དང་། སྡུག་བསྔལ་བར་གནས་པ་ཡིན་པའི་ཕྱིར་རོ། །སྡུག་བསྔལ་གྱི་བདེན་པ་གང་ཡིན་པ་དེ་ཀུན་འབྱུང་བའི་བདེན་པ་ཡང་ཡིན་ལ། ཀུན་འབྱུང་བའི་བདེན་པ་གང་ཡིན་པ་དེ་ཡང་སྡུག་བསྔལ་གྱི་བདེན་པ་ཡིན་ནམ་ཞེ་ན། རེ་ཞིག་ཀུན་འབྱུང་བའི་བདེན་པ་གང་ ཡིན་པ་དེ་ནི་སྡུག་བསྔལ་གྱི་བདེན་པ་ཡང་ཡིན་མོད་ཀྱི། སྡུག་བསྔལ་གྱི་བདེན་པ་ཡིན་ལ་དེ་ཀུན་འབྱུང་བའི་བདེན་པ་མ་ཡིན་པ་ཡང་ཡོད་དེ། དགྲ་བཅོམ་པའི་རྒྱུད་རྣམ་པར་དག་པ་ལས་བྱུང་བ་འཇིག་རྟེན་པའི་ཆོས་དགེ་བ་དང་། ལུང་དུ་མ་བསྟན་པ་ཐམས་ཅད་དང་། སོ་སོའི་སྐྱེ་བོ་རྣམས་ཀྱི་ ལུང་དུ་མ་བསྟན་པའི་ཆོས་འབྲས་བུར་གྱུར་པ་རྣམ་པར་སྨིན་པར་བསྡུས་པ་ཐམས་ཅད་དང་། ད་ལྟར་བྱུང་བ་སྐྱེས་བུའི་བྱེད་པ་ལས་སྐྱེས་པ་བདེ་བ་དང་སྡུག་བསྔལ་བ་དང་། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་ལྡན་པའི་འདུ་བྱེད་ལུང་དུ་མ་བསྟན་པ་ཐམས་ཅད་དེ། དེ་ལྟར་འདུ་བྱེད་དེ་དག་ཐམས་ཅད་ནི་སྡུག་བསྔལ་གྱི་བདེན་པ་ཁོ་ནས་བསྡུས་པ་ཡིན་པར་བལྟ་བར་བྱའོ། །འཇིག་རྟེན་པའི་ཆོས་གང་དག་ཡང་འབྱུང་བའི་སྲིད་པ་སུན་འབྱིན་ཅིང་། དེ་ལ་མི་ཕྱོགས་པའི་འཇིག་རྟེན་ལས་འདས་པའི་ལམ་སྐྱེད་པར་བྱེད་པ་དེ་དག་ཅིའི་ཕྱིར་ཀུན་འབྱུང་ བའི་བདེན་པས་བསྡུས་པ་ཡིན་ཞེ་ན། དེ་དག་ནི་ངོ་བོ་ཉིད་ཀྱིས་ཡང་འབྱུང་བའི་སྲིད་པ་ལས་མི་ཕྱོགས་པ་ཡིན་མོད་ཀྱི། འོན་ཀྱང་ཡང་འབྱུང་བ་པའི་ལུས་དང་། ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་དང་། རྗེས་སུ་མཐུན་པ་ཡིན་པས་དེའི་ཕྱིར་དེ་དག་ཀྱང་ཀུན་འབྱུང་བའི་བདེན་པས་ 130-1-234a བསྡུས་པ་ཡིན་པར་རིག་པར་བྱའོ། །གང་གི་ཚེ་ཡང་འབྱུང་བ་པའི་ལས་དང་ཉོན་མོངས་པ་ཐམས་ཅད་མཚན་ཉིད་ལས་ཀུན་འབྱུང་བའི་བདེན་པ་ཡིན་པའི་ཚེ་བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་སྲེད་པ་ཁོ་ན་གདགས་པ་མཛད་ཅེ་ན། སྲེད་པ་དེ་ནི་ཉེ་བར་ལེན་ པ་ཀུན་ནས་སློང་བར་བྱེད་པ་དང་། ལས་ཀུན་ནས་སློང་བར་བྱེད་པ་དང་། དངོས་པོ་ལ་ཁྱབ་པར་བྱེད་པ་ཡང་ཡིན་ལ། དེ་སྐྱེ་བ་ན་གནོད་པ་རྣམ་པ་བཅོ་ལྔ་རྒྱས་པར་བྱེད་པ་ལ་ཡང་ཡིན་པའི་ཕྱིར་རོ། །དེ་ལ་ཇི་ལྟར་ཡང་འབྱུང་བ་པ་ཡིན་པ་དང་། དགའ་བའི་འདོད་ཆགས་དང་ལྡན་པ་དང་ དེ་དང་དེར་མངོན་པར་དགའ་བ་ཡང་ཡིན་པ་དེ་ལྟར་དངོས་པོ་ལ་ཁྱབ་པར་བྱེད་པ་ཞེས་བྱའོ། །དེ་ལ་ཡང་འབྱུང་བ་པའི་སྲེད་པ་ནི་རྣམ་པ་གཉིས་ཏེ། ཡང་འབྱུང་བ་ལ་དམིགས་པ་དང་། ཡང་འབྱུང་བའི་རྒྱུར་གྱུར་པའོ། །དགའ་བའི་འདོད་ཆགས་དང་ལྡན་པའི་སྲེད་པ་ནི་ཡུལ་ཡིད་དུ་འོང་བ་ ཐོབ་པ་དག་ལ་ཡོངས་སུ་ལོངས་སྤྱོད་པའམ། མི་འབྲལ་ཞིང་ཡུན་རིང་དུ་གནས་པ་ཉིད་དུ་སྲེད་པ་གང་ཡིན་པའོ། །དེ་དང་དེར་མངོན་པར་དགའ་བ་ནི་ཡུལ་མ་འཐོབ་པ་འདོད་པ་དག་དང་ཕྲད་པའམ། ཕྱིར་ཞིང་འབྱུང་བར་སྲེད་པ་གང་ཡིན་པའོ། །སྲེད་པ་གང་ཡིན་པ་དེ་དག་ཐམས་ཅད་ཡང་ འབྱུང་བ་པ་དང་། དགའ་བའི་འདོད་ཆགས་དང་ལྡན་པ་དང་། དེ་དང་དེར་མངོན་པར་དགའ་བ་ཡིན་ཞེ་ན། མུ་བཞི་སྟེ། སྲེད་པ་ཡིན་ལ་ཡང་འབྱུང་བ་པ་ཡང་མ་ཡིན། དགའ་བའི་འདོད་ཆགས་དང་ལྡན་པ་ཡང་མ་ཡིན། དེ་དང་དེར་མངོན་པར་དགའ་བ་ཡང་མ་ཡིན་པ་ཡང་ཡོད་དེ། གོང་ མའི་རྣམ་པར་ཐར་པ་ལ་འདོད་ཅིང་སྨོན་པ་གང་ཡིན་པའོ། །ཡང་འབྱུང་བ་པ་དང་། དགའ་བའི་འདོད་ཆགས་དང་ལྡན་པ་དང་། དེ་དང་དེར་མངོན་པར་དགའ་བ་ཡིན་ལ། སྲེད་པ་མ་ཡིན་པ་ཡང་ཡོད་དེ། ཡང་འབྱུང་བ་པ་དང་། དགའ་བའི་འདོད་ཆགས་དང་ལྡན་པ་དང་། དེ་དང་དེར་མངོན་ པར་དགའ་བའི་སྲེད་པ་དེ་དེ་དང་། དེ་ལས་གཞན་པའི་ཉོན་མོངས་པ་རྣམས་དང་མཚུངས་པར་ལྡན་པའི་ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་། མ་རིག་པའོ། །སྲེད་པ་དེ་ཉིད་རྣམ་པ་གསུམ་ཡིན་པ་ནི་མུ་གསུམ་པའོ། །རྣམ་པ་དེ་དག་མ་གཏོགས་པ་ནི་མུ་བཞི་པ་ཡིན་པར་བལྟ་བར་བྱའོ། ། 130-1-234b ཡང་འབྱུང་བ་པའི་སྲིད་པ་གང་ཡིན་པ་དེ་དགའ་བའི་འདོད་ཆགས་དང་ལྡན་པ་ཡང་ཡིན་ལ། དགའ་བའི་འདོད་ཆགས་དང་ལྡན་པ་གང་ཡིན་པ་དེ་ཡང་འབྱུང་བ་པ་ཡིན་ནམ་ཞེ་ན། རེ་ཞིག་དགའ་བའི་འདོད་ཆགས་དང་ལྡན་པ་གང་ཡིན་པ་དེ་ནི་ཡང་འབྱུང་བ་པ་ཡང་ཡིན་མོད་ཀྱི་ཡང་འབྱུང་བ་པ་ཡིན་ ལ་དགའ་བའི་འདོད་ཆགས་དང་ལྡན་པ་མ་ཡིན་པ་ཡང་ཡོད་དེ། ཉོན་མོངས་པ་ཅན་དང་། ཡིད་མི་བདེ་བ་དང་ལྡན་པའི་སྲེད་པ་དང་། འབྲལ་བར་སྲེད་པ་དང་། མི་ཕྲད་པར་སྲེད་པ་གང་ཡིན་པའོ། །ཡང་འབྱུང་བ་པའི་སྲེད་པ་གང་ཡིན་པ་དེ་དེ་དང་དེར་མངོན་པར་དགའ་བ་ཡང་ཡིན་ལ་དེ་དང་དེར་ མངོན་པར་དགའ་བ་གང་ཡིན་པ་དེ་ཡང་། ཡང་འབྱུང་བ་པ་ཡིན་ནམ་ཞེ་ན། རེ་ཞིག་དེ་དང་དེར་མངོན་པར་དགའ་བ་གང་ཡིན་པ་དེ་ནི་ཡང་འབྱུང་བ་པ་ཡིན་མོད་ཀྱི་ཡང་འབྱུང་བ་པ་ཡིན་ལ་དེ་དང་དེར་མངོན་པར་དགའ་བ་མ་ཡིན་པ་ཡང་ཡོད་དེ། ཡང་འབྱུང་བ་ལ་དམིགས་པ་གང་ཡིན་པ་དང་། དགའ་བའི་འདོད་ཆགས་དང་ལྡན་པའི་སྲེད་པ་གང་ཡིན་པའོ། །དགའ་བའི་འདོད་ཆགས་དང་ལྡན་པའི་སྲེད་པ་གང་ཡིན་པ་དེ། དེ་དང་དེར་མངོན་པར་དགའ་བ་ཡང་ཡིན་ལ་དེ་དང་དེར་མངོན་པར་དགའ་བ་གང་ཡིན་པ་དེ་ཡང་། དགའ་བའི་འདོད་ཆགས་དང་ལྡན་པ་ཡང་ཡིན་ནམ་ཞེ་ ན། མུ་བཞི་སྟེ། ཡུལ་ཡིད་དུ་འོང་བ་ཐོབ་པ་དག་ལ་ཡོངས་སུ་སྤྱོད་པར་སྲེད་པ་ནི་མུ་དང་པོའོ། །ཡིད་དུ་འོང་བ་མ་འོངས་པ་ཐོབ་པར་མ་ངེས་པ་དེ་དག་ཉིད་ལ་སྲེད་པ་ནི་མུ་གཉིས་པའོ། །དེ་དག་ཉིད་འཐོབ་པར་ངེས་པ་དག་ལ་སྲེད་པ་ནི་མུ་གསུམ་པའོ། །རྣམ་པ་དེ་དག་ལས་མ་གཏོགས་ པ་ནི་མུ་བཞི་པ་ཡིན་པར་བལྟ་བར་བྱའོ། །གང་འདོད་པ་དང་ལྡན་པའི་ཚོར་བ་དང་ལྡན་པ་དེ་གཟུགས་དང་ལྡན་པའི་ཚོར་བ་དང་ལྡན་པ་ཡང་ཡིན་ལ། གང་གཟུགས་དང་ལྡན་པའི་ཚོར་བ་དང་ལྡན་པ་དེ་ཡང་འདོད་པ་དང་ལྡན་པའི་ཚོར་བ་དང་ལྡན་པ་ཡིན་ནམ་ཞེ་ན། མུ་བཞི་སྟེ། འདོད་ པ་དང་ལྡན་པའི་ཚོར་བ་དང་ལྡན་ལ། གཟུགས་དང་ལྡན་པའི་ཚོར་བ་དང་མི་ལྡན་པ་ཡང་ཡོད་དེ། འདོད་པའི་ཁམས་སུ་སྐྱེས་ཤིང་བྱུང་བ་དེའི་གཉེན་པོ་གཟུགས་ན་སྤྱོད་པ་མ་ཐོབ་པའོ། །གཟུགས་དང་ལྡན་པའི་ཚོར་བ་དང་ལྡན་ལ། འདོད་པ་དང་ལྡན་པའི་ཚོར་བ་དང་མི་ལྡན་པ་ཡང་ 130-1-235a ཡོད་དེ། གང་གཟུགས་ཀྱི་ཁམས་སུ་སྐྱེས་ཤིང་འབྱུང་བའོ། །འདོད་པ་དང་ལྡན་པའི་ཚོར་བ་དང་ཡང་ལྡན་ལ། གཟུགས་དང་ལྡན་པའི་ཚོར་བ་དང་ལྡན་པ་ཡང་ཡོད་དེ། འདོད་པའི་ཁམས་སུ་སྐྱེས་ཤིང་འབྱུང་བ་དེའི་གཉེན་པོ་གཟུགས་ན་སྤྱོད་པ་ཐོབ་པའོ། ། གཉི་ག་དང་མི་ལྡན་པ་ཡང་ཡོད་དེ། གཟུགས་མེད་པའི་ཁམས་སུ་སྐྱེས་པ་དང་། འཕགས་པ་བྱ་བ་བྱས་པ་འཇིག་རྟེན་ལས་འདས་པའི་ལམ་ལ་གནས་པ། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དག་ཏུ་སྐྱེས་ཤིང་བྱུང་བ་དང་། འགོག་པ་ལ་སྙོམས་པར་ཞུགས་པའོ། ། འདོད་པ་དང་ལྡན་པ་དང་། གཟུགས་དང་ལྡན་པའི་ཚོར་བ་ནི་མུ་བཞི་ཇི་ལྟ་བ་དེ་བཞིན་དུ་འདོད་པ་དང་ལྡན་པ་དང་། གཟུགས་མེད་པ་དང་ལྡན་པའི་ཚོར་བ་དང་། འདོད་པ་དང་ལྡན་པ་དང་ལྡན་པ་མ་ཡིན་པའི་ཚོར་བ་དང་། གཟུགས་དང་ལྡན་པའི་ཚོར་བ་དང་། གཟུགས་མེད་པ་དང་ལྡན་ པའི་ཚོར་བ་དང་། གཟུགས་མེད་པ་དང་ལྡན་པ་དང་ལྡན་པ་མ་ཡིན་པའི་ཚོར་བའི་མུ་བཞི་ཡང་ཅི་རིགས་པར་རིག་པར་བྱའོ། །འདོད་པའི་ཡོན་ཏན་གང་དག་ཡིན་པ་དེ་དག་ཉེས་དམིགས་ཀྱི་སྐྱོན་དང་ལྡན་པའི་འདོད་པ་དག་ཀྱང་ཡིན་ལ། ཉེས་དམིགས་ཀྱི་སྐྱོན་དང་ལྡན་པའི་འདོད་ པ་གང་དག་ཡིན་པ་དེ་དག་ཀྱང་འདོད་པའི་ཡོན་ཏན་དག་ཡིན་ནམ་ཞེ་ན། སྨྲས་པ། མུ་བཞི་སྟེ། འདོད་པའི་ཡོན་ཏན་ཡིན་ལ་ཉེས་དམིགས་ཀྱི་སྐྱོན་དང་ལྡན་པའི་འདོད་པ་མ་ཡིན་པ་དག་ཀྱང་ཡོད་དེ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་གང་དག་ཀུན་ནས་ཉོན་མོངས་པ་ཅན་ མ་ཡིན་པར་ཀུན་དུ་སྤྱོད་ནུས་པའི་འཚོ་བ་དང་། སྟོབས་དང་། བདེ་བ་དང་། ཁ་ན་མ་ཐོ་བ་མེད་པ་དང་། བདེ་བ་ལ་རེག་པར་གནས་པ་ཉིད་ཀྱིས་ཚངས་པར་སྤྱོད་པ་ལ་ཕན་པ་དང་། ལམ་གྱི་ཚོགས་དང་། དགེ་བ་ཉེ་བར་སྩོགས་པའི་ཕྱིར་འཇུག་པར་འགྱུར་བ་དག་གོ། །ཉེས་དམིགས་ ཀྱི་སྐྱོན་དང་ལྡན་པ་དག་ཡིན་ལ། འདོད་པའི་ཡོན་ཏན་མ་ཡིན་པ་དག་ཀྱང་ཡོད་དེ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་གང་དག་གཅིག་ཏུ་མི་འདོད་པ་ཉིད་དང་། མི་སྡུག་པ་ཉིད་དང་། མི་དགའ་བ་ཉིད་དང་། ཡིད་དུ་མི་འོང་བ་ཉིད་ཀྱི་ཕྱིར་འཇུག་པར་འགྱུར་བ་རྣམས་ 130-1-235b དང་། ཉོན་མོངས་པའི་འདོད་པ་གང་དག་ཡིན་པ་རྣམས་སོ། །ཉེས་དམིགས་ཀྱི་སྐྱོན་དང་ལྡན་པ་ཡང་ཡིན་ལ་འདོད་པའི་ཡོན་ཏན་ཡང་ཡིན་པ་དག་ཀྱང་ཡོད་དེ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་གང་དག་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པར་ཀུན་དུ་སྤྱོད་མི་ནུས་ལ། འདོད་པ་ཉིད་དང་། སྡུག་པ་ཉིད་དང་། དགའ་བ་ཉིད་དང་། ཡིད་དུ་འོང་བ་ཉིད་དུ་འགྱུར་བའོ། །འདོད་པའི་ཡོན་ཏན་ཡང་མ་ཡིན་ལ། ཉེས་དམིགས་ཀྱི་སྐྱོན་དང་ལྡན་པའི་འདོད་པ་མ་ཡིན་པ་དག་ཀྱང་ཡོད་དེ། གཟུགས་དང་། གཟུགས་མེད་པ་དང་ལྡན་པའི་ཉོན་མོངས་པ་དང་། གཞི་ ཐམས་ཅད་དོ། །བཅོམ་ལྡན་འདས་ཀྱིས་ཉེས་དམིགས་ཀྱི་སྐྱོན་དང་ལྡན་པའི་འདོད་པའི་ཡོན་ཏན་ལས་དགོངས་ནས། ཀུན་རྟོག་འདོད་ཆགས་སྐྱེས་བུའི་འདོད་པ་ཡིན། །ཞེས་གསུངས་སོ། །སྲེད་པ་གསུམ་པོ་དེ་དག་ཀྱང་མདོར་བསྡུ་ན། རྣམ་པ་གཉིས་སུ་བལྟ་བར་བྱ་སྟེ། དང་པོ་ནི་ སྲེད་པའི་སྲེད་པའོ། །གཉིས་ནི་ལོངས་སྤྱོད་ཀྱི་སྲེད་པའོ། །དེ་ལ་ལོངས་སྤྱོད་ཀྱི་སྲེད་པ་ནི་སྲེད་པ་ཉིད་དེ། ལོངས་སྤྱོད་ཐོབ་པ་དང་། མ་ཐོབ་པའི་གནས་ཀྱི་བྱེ་བྲག་གིས་སོ། །སྲེད་པ་དེ་དག་ཀྱང་ཁམས་ཀྱི་རབ་ཏུ་དབྱེ་བས་ནི་རྣམ་པ་གསུམ་དུ་འགྱུར་ཏེ་འདོད་པའི་སྲེད་པ་དང་། གཟུགས་ ཀྱི་སྲེད་པ་དང་། གཟུགས་མེད་པའི་སྲིད་པའོ། །འདོད་པའི་ཁམས་སུ་སྐྱེས་པ་འདོད་པ་ན་སྤྱོད་པའི་ཡང་འབྱུང་བ་མངོན་པར་འདོད་པ། ལོངས་སྤྱོད་ཐོབ་པ་དག་གིས་དགའ་བ་མ་ཐོབ་པ་དག་ལ་མངོན་པར་མི་དགའ་བའི་སྲེད་པ་གང་ཡིན་པ་དེ་ནི་འདོད་པའི་སྲེད་པ་ཡིན་ནོ། །འདོད་ པའི་ཁམས་སུ་སྐྱེས་པའམ། གཟུགས་ཀྱི་ཁམས་སུ་སྐྱེས་པ་འདོད་པ་རྣམས་ལ་འདོད་ཆགས་དང་བྲལ་བ། གཟུགས་ན་སྤྱོད་པ་ཡང་འབྱུང་བ་མངོན་པར་འདོད་པ་དང་། གཟུགས་ཀྱི་སྙོམས་པར་འཇུག་པ་ཐོབ་པས་དགའ་བ་དང་། སྙོམས་པར་འཇུག་པའི་ཁྱད་པར་ གཞན་དག་འཐོབ་པ་ལ་མངོན་པར་དགའ་བའི་སྲེད་པ་གང་ཡིན་པ་དེ་ནི་གཟུགས་ཀྱི་སྲེད་པ་ཡིན་ནོ། །གཟུགས་ཀྱི་སྲེད་པ་ཇི་ལྟ་བ་དེ་བཞིན་དུ། གཟུགས་མེད་པའི་སྲེད་པ་ཡང་ཅི་རིགས་པར་རིག་པར་བྱའོ། །ཡང་འབྱུང་བ་པའི་སྲེད་པ་དེ་ཉིད་རྟག་པ་དང་ཆད་པར་ལྟ་བ་ལ་བརྟེན་ནས། 130-1-236a འབྱུང་བར་སྲེད་པ་དང་། འཇིག་པར་སྲེད་པར་འགྱུར་བས། དེའི་ཕྱིར་སྲེད་པ་དེ་ནི་དངོས་པོ་ལ་ཁྱབ་པར་བྱེད་པ་ཞེས་བྱའོ། །ཇི་ལྟར་ན་སྲེད་པ་སྐྱེ་བ་ན་གནོད་པ་རྣམ་པ་བཅོ་ལྔ་རྒྱས་པར་བྱེད་ཅེ་ན། ངག་ལ་ཉལ་བརྟན་པར་བྱེད་པ་དང་། ཀུན་ནས་དཀྲིས་པས་ སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང་། སེམས་ཀྱི་རྒྱུད་དམིགས་པ་ལ་ཕྱིན་ཅི་ལོག་ཏུ་འཇུག་པར་བྱེད་པ་དང་། ཉེ་བར་ལེན་པས་བསྡུས་པ་དེ་ལས་གཞན་པའི་ཉོན་མོངས་པ་རྣམས་འདྲེན་པར་བྱེད་པ་དང་། རང་གི་རྒྱུན་གནས་པར་བྱེད་ པ་དང་། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེ་བ་དང་མཐུན་པར་འགྱུར་བ་དང་། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་འཕེལ་ཞིང་རྒྱས་པ་དང་མཐུན་པར་འགྱུར་བ་དང་། དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེ་བའི་བར་ཆད་བྱེད་པ་དང་། དགེ་བའི་ཆོས་སྐྱེས་པ་རྣམས་གནས་ པ་དང་། མི་བརྗེད་པ་དང་ཕྱིར་ཞིང་འབྱུང་བ་དང་། འཕེལ་ཞིང་རྒྱས་པར་འགྱུར་བའི་བར་ཆད་བྱེད་པ་དང་། ཉེས་པར་སྤྱོད་པ་ཀུན་དུ་སྤྱོད་པས་ངན་སོང་བའི་སྡུག་བསྔལ་དང་། ཀུན་དུ་སྦྱོར་བར་བྱེད་པ་དང་། ཡང་འབྱུང་བར་འདོད་པས་སྐྱེ་བ་དང་། རྒ་བ་དང་། ན་བའི་སྡུག་བསྔལ་དང་ཀུན་དུ་སྦྱོར་ བར་བྱེད་པ་དང་། མྱ་ངན་ལས་འདས་པ་ལ་སྐྲག་པར་བྱེད་པ་དང་། འཁོར་བ་ལ་ཡོན་ཏན་དང་ཕན་ཡོན་དུ་ལོག་པར་འཛིན་པས་དགའ་བར་བྱེད་པ་དང་། འཁོར་བ་ལ་ཇི་ལྟ་བ་བཞིན་དུ་ཡུལ་རྣམས་ལ་ཡང་དེ་བཞིན་པ་དང་། བདག་ལ་གནོད་པ་དང་། གཞན་ལ་གནོད་པའི་ཕྱིར་སེམས་ པར་བྱེད་པ་ནས་རྒྱས་པར་དེ་དང་འབྱུང་བའི་སེམས་ལས་བྱུང་བའི་ཡིད་མི་བདེ་བ་སོ་སོར་མྱོང་བར་བྱེད་དོ་ཞེས་བྱ་བའི་བར་དུ་མདོ་ལས་ཇི་སྐད་གསུངས་པ་བཞིན་ནོ། །འདུ་བྱེད་ཉེ་བར་ཞི་བ་གང་ཡིན་པ་དེ་འགོག་པའི་བདེན་པ་ཡང་ཡིན་ལ། འགོག་པའི་བདེན་པ་གང་ཡིན་པ་དེ་ཡང་འདུ་བྱེད་ཉེ་ བར་ཞི་བ་ཡིན་ནམ་ཞེ་ན། རེ་ཞིག་འགོག་པའི་བདེན་པ་གང་ཡིན་པ་དེ་འདུ་བྱེད་ཉེ་བར་ཞི་བ་ཡང་ཡིན་མོད་ཀྱི་འདུ་བྱེད་ཉེ་བར་ཞི་བ་ཡིན་ལ། དེ་འགོག་པའི་བདེན་པ་མ་ཡིན་པ་ཡང་ཡོད་དེ། མི་རྟག་པ་ཉིད་ཀྱིས་འགོག་པ་དང་། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པས་འདུ་བྱེད་རྣམས་ཉེ་བར་ 130-1-236b ཞི་བ་གང་ཡིན་པའོ། །ཆོས་གང་དག་འགོག་པས་འགོག་པའི་བདེན་པ་ཞེས་བྱ་ཞེ་ན། མདོར་བསྡུ་ན་གཉིས་ཀྱིས་ཏེ། ཉོན་མོངས་པ་འགོག་པ་དང་། ཕུང་པོ་འགོག་པས་སོ། །ཉོན་མོངས་པ་འགོག་པས་ནི་ཕུང་པོའི་ལྷག་མ་དང་བཅས་པའི་འགོག་པའི་བདེན་པ་བསྟན་ལ། ཕུང་པོ་ འགོག་པས་ནི་ཕུང་པོའི་ལྷག་མ་མེད་པའི་འགོག་པའི་བདེན་པ་བསྟན་ཏོ། །གལ་ཏེ་འགོག་པའི་བདེན་པ་སྔོན་མ་བྱུང་བ་ལས་ཕྱིས་འབྱུང་བ་ཡིན་ན། ཇི་ལྟར་རྟག་པ་ཡིན་པར་འགྱུར། གལ་ཏེ་དུས་རྟག་པ་ཁོ་ན་ཡོད་པ་ཡིན་ན་ནི་ཅིའི་ཕྱིར་སེམས་ཅན་རྣམས་ཡོངས་སུ་མྱ་ངན་ལས་མ་འདས་ཤེ་ ན། འགོག་པའི་བདེན་པ་ནི་འཇུག་པ་མེད་པའི་མཚན་ཉིད་དང་། རྒྱུ་བ་མེད་པའི་མཚན་ཉིད་ཡིན་པས་དེ་ལ་ནི་སྔོན་མ་བྱུང་བ་ལས་ཕྱིས་འབྱུང་བར་འགྱུར་བ་ཅི་ཡང་མེད་དེ། གང་ལ་འབྱུང་བ་དང་། འཇིག་པ་མེད་པ་དེ་ནི་རྟག་པ་ཡིན་ནོ། །འགོག་པའི་བདེན་པ་དེ་རྟག་པ་ཡིན་ཡང་གང་ དག་གིས་གནས་ངན་ལེན་ཐམས་ཅད་རྒྱུན་བཅད་པས་མངོན་དུ་བྱས་པ་དེ་དག་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ལ། གང་དག་གིས་མངོན་དུ་མ་བྱས་པ་དེ་དག་ནི་ཡོངས་སུ་མྱ་ངན་ལས་མ་འདས་པ་ཡིན་ནོ། །འགོག་པའི་བདེན་པ་ཡོད་ན་སེམས་ཅན་རྣམས་ཀྱི་མྱ་ངན་ལས་འདས་པ་ནི་ དེ་མངོན་དུ་བྱས་པས་རབ་ཏུ་ཕྱེ་བ་ཡིན་གྱི། བསྐྱེད་པས་རབ་ཏུ་ཕྱེ་བ་ནི་མ་ཡིན་ནོ། །ཉེས་པ་བཞི་རྣམ་པར་སྤངས་པས་འགོག་པའི་བདེན་པའི་ལན་འདེབས་པ་ནི་ཡང་དག་པར་ལན་འདེབས་པ་ཡིན་པར་རིག་པར་བྱ་སྟེ། སྒྲོ་འདོགས་པའི་ཉེས་པ་དང་། རང་གི་མཚན་ཉིད་ལོག་པར་ ཡོངས་སུ་རྟོག་པའི་ཉེས་པ་དང་། མཚན་ཉིད་འདྲེས་པའི་ཉེས་པ་དང་། སྐུར་པ་འདེབས་པའི་ཉེས་པ་རྣམ་པར་སྤངས་པས་སོ། །དེ་ལ་འདུ་བྱེད་རྣམས་ཟད་པ་ལས་ལོགས་ཤིག་ན་འགོག་པ་ཡོད་དོ་ཞེས་ཟེར་བ་ནི་སྒྲོ་འདོགས་པའི་ཉེས་པ་ཡིན་ནོ། །ལོགས་ཤིག་ན་མེད་དོ་ཞེས་ཟེར་བ་ནི་ རང་གི་མཚན་ཉིད་ལོག་པར་ཡོངས་སུ་རྟོག་པའི་ཉེས་པ་ཡིན་ནོ། །ལོགས་ཤིག་ན་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་ཅེས་ཟེར་བ་ནི་མཚན་ཉིད་འདྲེས་པའི་ཉེས་པ་ཡིན་ནོ། །ལོགས་ཤིག་ན་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ཞེས་ཟེར་བ་ནི་སྐུར་པ་འདེབས་པའི་ཉེས་པ་ཡིན་ནོ། ། 130-1-237a གང་གི་ཚེ་འཇིག་རྟེན་ལས་འདས་པའི་ཕུང་པོ་ལྔ་པོ་ཐམས་ཅད་ལམ་གྱིས་བསྡུས་པ་ཡིན་པའི་ཚེ། ཅིའི་ཕྱིར་ཡང་དག་པའི་ལྟ་བ་སྔོན་དུ་བཏང་བའི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལམ་གྱི་བདེན་པ་ཞེས་བྱ་ཞེ་ན། བསླབ་པ་གསུམ་གྱི་དབང་དུ་བྱས་པའི་ཕྱིར་ཏེ། སློབ་པ་ནི་འདི་ལྟར་དུས་དུས་སུ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་ཡང་སློབ་པར་བྱེད་ཅིང་། དུས་དུས་སུ་ལྷག་པའི་སེམས་ཀྱི་བསླབ་པ་ལ་ཡང་སློབ་པར་བྱེད། དུས་དུས་སུ་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ་ཡང་སློབ་པར་བྱེད་ལ། ཕུང་པོ་གསུམ་ནི་འཕགས་པའི་ལམ་ཡན་ལག་ བརྒྱད་པ་ཡིན་པས། དེའི་ཕྱིར་ལམ་གྱི་བདེན་པ་ཞེས་བྱའོ། །ཅིའི་ཕྱིར་ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་དག་ཚུལ་ཁྲིམས་ཀྱི་ཕུང་པོར་རྣམ་པར་གཞག་ཅེ་ན། སྨྲས་པ། ཡང་དག་པའི་ཆོས་ཀྱི་ལོངས་སྤྱོད་དང་། ཟང་ཟིང་གི་ལོངས་སྤྱོད་ཀྱི་དབང་དུ་བྱས་པའི་རྒྱུ་ གཉིས་ཀྱིས་ཏེ། ཡང་དག་པའི་ངག་དང་ཡང་དག་པའི་ལས་ཀྱི་མཐའ་ནི་རྩ་བའི་ཚུལ་ཁྲིམས་ཏེ། ཚུལ་ཁྲིམས་ནི་ཆོས་ཀྱི་ལོངས་སྤྱོད་ཐམས་ཅད་ཀྱི་གཞི་ཡིན་པས་ཡང་དག་པའི་ཆོས་ཀྱི་ལོངས་སྤྱོད་ཀྱི་དབང་དུ་བྱས་པའོ། །ཡང་དག་པའི་འཚོ་བ་ནི་ཚུལ་འཆོས་པ་ལ་སོགས་པ་ལོག་ པས་འཚོ་བར་བྱེད་པའི་ཆོས་རྣམས་ལ་མི་བརྟེན་པར་ཆོས་གོས་ལ་སོགས་པ་ཡོངས་སུ་ཚོལ་བའི་རྩ་བ་ཡིན་ཞིང་གཞི་ཡིན་པས་ཡང་དག་པའི་ཟང་ཟིང་གི་ལོངས་སྤྱོད་ཀྱི་དབང་དུ་བྱས་པའོ། །བཅོམ་ལྡན་འདས་ཀྱིས་གང་དུ་ཡིད་ཀྱི་ཀུན་དུ་སྤྱོད་པ་ཡོངས་སུ་དག་པ་ལྷག་པར་གསུངས་པ་ དེར་ནི་འདོད་ཆགས་ལ་སོགས་པ་ལ་བརྟེན་ནས་འཆལ་པའི་ཚུལ་ཁྲིམས་ཀྱི་ཕྱིར་སེམས་པ་གང་ཡིན་པ་དང་། ཚུལ་འཆོས་པ་ལ་སོགས་པ་ལ་བརྟེན་ནས་ཆོས་གོས་ལ་སོགས་པ་ཡོངས་སུ་ཚོལ་བའི་སེམས་པ་གང་ཡིན་པ་དེ་ནི་ཡིད་ཀྱི་ཀུན་དུ་སྤྱོད་པ་ཡོངས་སུ་མ་དག་པ་ཉིད་ཡིན་པར་རིག་ པར་བྱའོ། །ཅིའི་ཕྱིར་ཡང་དག་པའི་ལྟ་བ་གང་ཡིན་པ་དང་། ཡང་དག་པའི་རྟོག་པ་གང་ཡིན་པ་དང་། ཡང་དག་པའི་རྩོལ་བ་གང་ཡིན་པ་དེ་དག་ཤེས་རབ་ཀྱི་ཕུང་པོ་ཞེས་བྱ་ཞེ་ན། ཤེས་རབ་ཀྱི་ལས་ནི་མདོར་བསྡུ་ན་རྣམ་པ་གསུམ་ཡོད་ལ། དེ་དག་ནི་ཆོས་གསུམ་པོ་འདི་དག་ 130-1-237b གིས་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་ཏེ། ཆོས་ཀྱི་དེ་ཁོ་ནའི་དོན་རྟོགས་པར་བྱེད་པ་ནི་ལས་དང་པོ་ཡིན་ནོ། །དེ་ཁོ་ནའི་དོན་རྟོགས་ནས་དེ་ཁོ་ནའི་དོན་དེ་ཉིད་གཞན་དག་ལ་བརྗོད་པ་དང་། འདོགས་པ་དང་། འཇོག་པ་དང་། རྣམ་པར་འབྱེད་པ་དང་། རྣམ་པར་འགྲེལ་པ་དང་། གསལ་ བར་བྱེད་པ་ནི་ལས་གཉིས་པ་ཡིན་ནོ། །ཀུན་དུ་སྦྱོར་བ་ལྷག་མ་རྣམས་སྤང་བའི་ཕྱིར་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པར་བྱེད་པ་ནི་ལས་གསུམ་པ་ཡིན་ཏེ། ལས་དེ་དག་ནི་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་རྩོལ་བ་དག་གིས་གོ་རིམས་བཞིན་དུ་ ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །ཅིའི་ཕྱིར་ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་གྱི་ཕུང་པོ་ཞེས་བྱ་ཞེ་ན། སྨྲས་པ། རྣམ་པ་གཉིས་ཀྱིས་ཏེ། ངོ་བོ་ཉིད་དང་རྟེན་གྱིས་སོ། །ཏིང་ངེ་འཛིན་ནི་ངོ་བོ་ཉིད་ཡིན་ནོ། །དྲན་པ་ནི་རྒྱུ་བཞིས་ཏིང་ངེ་འཛིན་གྱི་རྟེན་གྱི་བྱ་བ་བྱེད་པ་ཡིན་ཏེ། དྲན་པ་ཉེ་བར་ གཞག་པ་བཞི་པོ་དག་ལ་སེམས་དམིགས་པ་ལ་ཉེ་བར་གཏོད་པར་བྱེད་པ་དང་། དབང་པོའི་སྒོ་བསྡམ་པ་དང་། ཤེས་བཞིན་དུ་གནས་པ་དང་། དགའ་བའི་གནས་ལྟ་བུའི་དྲན་པ་ཡིད་ལ་བྱ་བ་ལ་ཏིང་ངེ་འཛིན་གྱི་རྗེས་སུ མཐུན་པ་དང་། སྒྲིབ་པའི་གཉེན་པོ་མི་སྡུག་པ་ལ་སོགས་པ་ ཡིད་ལ་བྱེད་པ་དག་ལ་ལམ་ལ་སྒྲིབ་པ་སྤོང་བ་དང་། རབ་ཏུ་དབེན་པའི་ཞི་གནས་དང་། རབ་ཏུ་འཛིན་པ་དང་། བཏང་སྙོམས་ཀྱི་མཚན་མ་རྟག་ཏུ་བྱེད་པ་དང་། གུས་པར་བྱེད་པའི་སྦྱོར་བ་དག་ལ་མཚན་མ་ཡིད་ལ་བྱེད་པས་ལན་མང་དུ་བྱེད་པ་སྟེ། དེའི་ཕྱིར་དྲན་པ་ནི་ཏིང་ངེ་འཛིན་གྱི་རྟེན་ ཡིན་ནོ། །དེ་ལ་ཡང་དག་པའི་ལྟ་བ་ནི་མདོར་བསྡུ་ན་རྣམ་པ་བཅུ་གཅིག་ཏུ་བལྟ་བར་བྱ་སྟེ། ནང་དུ་ལྟ་བ་དང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་ཉིད་དང་། སྡུག་བསྔལ་བ་ཉིད་དང་། སྟོང་པ་ཉིད་དང་། བདག་མེད་པ་ཉིད་དང་། ཀུན་དུ་སྦྱོར་བར་བྱེད་པ་དང་། བྲལ་བ་ དང་། འབྲལ་བར་བྱེད་པར་བལྟ་བའོ། །དེ་ལ་འདུ་བྱེད་རྣམ་པ་བཞི་པོ་ཉོན་མོངས་པའི་ཀུན་ནས་དཀྲིས་པ་དང་ལྡན་པ་རྣམས་དང་། ཉོན་མོངས་པའི་བག་ལ་ཉལ་དང་ལྡན་པ་རྣམས་དང་། རོ་མྱང་བ་དང་ལྡན་པ་རྣམས་དང་། ཉེས་དམིགས་དང་ལྡན་པ་རྣམས་ལ་ནི་ཡང་དག་པའི་ལྟ་བ་བཞི་པོ་ 130-1-238a ནད་དང་། འབྲས་དང་། ཟུག་རྔུ་དང་། སྡིག་པར་ལྟ་བ་དག་གོ་རིམས་བཞིན་དུ་རིག་པར་བྱའོ། །འདུ་བྱེད་རྣམས་ལས་འབྱུང་བ་དང་། འཇིག་པར་ལྟ་བ་ནི་མི་རྟག་པ་ཉིད་དུ་ལྟ་བ་ཡིན་ནོ། །སྡུག་བསྔལ་གསུམ་དང་རྗེས་སུ་འབྲེལ་པར་ལྟ་བ་ནི་སྡུག་བསྔལ་ཉིད་དུ་ལྟ་བ་ ཡིན་ནོ། །དེ་ལས་གཞན་པ་བདག་དང་བདག་གི་དང་བྲལ་བ་ནི་སྟོང་པ་ཉིད་དུ་ལྟ་བ་ཡིན་ནོ། །འདུ་བྱེད་དེ་དག་ཉིད་ལ་བདག་དང་བདག་གིས་མཚན་ཉིད་མེད་པར་ལྟ་བ་ནི་བདག་མེད་པ་ཉིད་དུ་ལྟ་བ་ཡིན་ཏེ། དེ་ལྟར་འདི་ནི་སྡུག་བསྔལ་གྱི་བདེན་པ་ལ་དམིགས་པའི་ཡང་དག་པའི་ལྟ་བ་ཡིན་ནོ། །ཀུན་ འབྱུང་བའི་བདེན་པ་ལ་རྒྱུ་དང་། ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་། རྐྱེན་དུ་ལྟ་བ་གང་ཡིན་པ་དེ་ནི་ཀུན་དུ་སྦྱོར་བར་བྱེད་པར་ལྟ་བ་ཞེས་བྱ་སྟེ། འདི་ལྟར་ཀུན་འབྱུང་བའི་བདེན་པ་ནི་སྡུག་བསྔལ་གྱི་བདེན་པ་ཀུན་ནས་ཉོན་མོངས་པ་དང་། ཀུན་དུ་སྦྱོར་བར་བྱེད་པ་ཡིན་པའི་ཕྱིར་རོ། །འགོག་པའི་ བདེན་པ་ལ་འགོག་པའི་བདེན་པ་དང་། ཞི་བ་དང་། གྱ་ནོམ་པ་དང་། ངེས་པར་འབྱུང་བར་ལྟ་བ་གང་ཡིན་པ་དེ་ནི་བྲལ་བར་ལྟ་བ་ཞེས་བྱ་སྟེ། འདི་ལྟར་འགོག་པའི་བདེན་པ་ནི་ཉོན་མོངས་པ་དང་། ཕུང་པོ་ཐམས་ཅད་དང་བྲལ་བས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །ལམ་གྱི་བདེན་པ་ལ་ལམ་དང་། རིག་པ་དང་། བསྒྲུབ་པ་དང་། ངེས་པར་འབྱིན་པར་ལྟ་བ་གང་ཡིན་པ་དེ་ནི་བྲལ་བར་བྱེད་པར་ལྟ་བ་ཞེས་བྱ་སྟེ། འདི་ལྟར་ལམ་གྱི་བདེན་པ་འབྲལ་བར་བྱ་བའི་ཕྱིར་འགྲོ་བ་ཡིན་པའི་ཕྱིར་རོ། །གང་གི་ཚེ་སྔར་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ལྟ་བ་སྐྱེ་བ་ལ། ཕྱིས་ ནད་དང་། འབྲས་དང་། ཟུག་རྔུ་དང་། སྡིག་པར་ལྟ་བ་སྐྱེ་བར་འགྱུར་བའི་ཚེ་ཅིའི་ཕྱིར་སྔར་ནད་ལ་སོགས་པ་སྟོན་ཅེ་ན། སྨྲས་པ། གང་ཟག་ལམ་ཐོབ་པ་ལས་དགོངས་ནས་ནད་ལ་སོགས་པ་སྔར་སྟོན་ཏེ། འདི་ལྟར་སློབ་པ་ལམ་མཐོང་བ་ནི་ལྷག་པའི་བསམ་པས་ཕུང་པོ་རྣམས་ལ་ནད་དང་སྡིག་ པའི་བར་དུ་ལྟ་ལ། དེ་ལྟར་ལྟ་བ་དེའི་ཀུན་དུ་སྦྱོར་བ་ལྷག་མ་རྣམས་སྤང་བའི་ཕྱིར། གོང་དུ་མི་རྟག་པར་ལྟ་བ་དང་། བདག་མེད་པར་ལྟ་བའི་བར་དག་ཆོས་ཡོངས་སུ་དག་པར་འགྱུར་བའི་ཕྱིར་རོ། །མི་རྟག་པ་ལ་སོགས་པར་ལྟ་བ་དེ་ཡང་། མདོར་བསྡུ་ན། རྣམ་པ་གཉིས་ཏེ། ནད་ལ་ 130-1-238b སོགས་པར་ལྟ་བ་མ་ཐོབ་པ་ཐོབ་པར་བྱ་བའི་ཕྱིར་དེའི་སྔོན་དུ་འགྲོ་བ་དང་། དེ་འདྲེན་པར་བྱེད་པ་ནད་ལ་སོགས་པར་ལྟ་བའི་གནས་སུ་གྱུར་པ་ཡོངས་སུ་མ་དག་པ་དང་། ནད་ལ་སོགས་པར་ལྟ་བ་ཐོབ་པའི་ཕྱིར་ཞིང་འབྱུང་བ་དང་། སེམས་ཤིན་ཏུ་རྣམ་པར་གྲོལ་བར་བྱ་བའི་ཕྱིར་ནད་ལ་སོགས་པར་ ལྟ་བ་ལ་བརྟེན་པ་ཡོངས་སུ་དག་པའོ། །རྣམ་པ་བཅུ་གཅིག་པོ་དེ་དག་ལས་སྟོང་པ་ཉིད་ཀྱི་རྣམ་པ་དང་། བདག་མེད་པ་ཉིད་ཀྱི་རྣམ་པ་གཉིས་ནི་སྟོང་པ་ཉིད་ཀྱི་རྣམ་པ་ཡིན་ནོ། །ལྷག་མ་བརྒྱད་ནི་སྨོན་པ་མེད་པའི་རྣམ་པ་ཡིན་ནོ། །འགོག་པའི་བདེན་པ་ལ་བྲལ་བའི་རྣམ་པ་གང་ཡིན་པ་ གཅིག་པུ་ནི་མཚན་མ་མེད་པའི་རྣམ་པ་ཡིན་ནོ། །བསྒོམ་པའི་ལམ་ལ་ནི་འཇིག་རྟེན་ལས་འདས་པའི་ལམ་ཐམས་ཅད་བདེན་པ་བཞི་ལ་དམིགས་པ་ཡིན་དུ་ཟིན་ཀྱང་། ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པའི་གཉེན་པོ་ཡིན་པར་རིག་པར་བྱ་སྟེ། འདི་ལྟར་སློབ་པ་གཞི་མཐོང་བས་སྔོན་ཆོས་ ཤེས་པ་དང་། རྗེས་སུ་རྟོགས་པའི་ཤེས་པ་གཉིས་ཀྱིས་མངོན་སུམ་དང་། ལྐོག་ཏུ་གྱུར་པའི་འདུ་བྱེད་ཐམས་ཅད་མངོན་པར་རྟོགས་ནས། བསྒོམ་པའི་ལམ་ལ་འདུ་བྱེད་ཐམས་ཅད་གཅིག་ཏུ་བསྡུས་ཤིང་ཆ་གཅིག་ཏུ་བྱས། ཚོགས་གཅིག་ཏུ་བྱས་ནས། མི་རྟག་པ་ལ་སོགས་པའི་རྣམ་ པ་དག་གིས་ལྟ་བར་ཟད་ཀྱི། འདི་དག་ནི་འདོད་པ་ན་སྤྱོད་པའོ། །འདི་དག་ནི་གཟུགས་དང་། གཟུགས་མེད་པ་ན་སྤྱོད་པའོ། །འདི་དག་ནི་མངོན་སུམ་མོ། །འདི་དག་ནི་ལྐོག་ཏུ་གྱུར་པའོ་ཞེས་རྣམ་པར་རྟོག་པ་མི་བྱེད་དེ། དེ་ལྟ་བས་ན་འཇིག་རྟེན་ལས་འདས་པའི་ལམ་བསྒོམ་པའི་ལམ་གྱིས་ བསྡུས་པ་ཐམས་ཅད་ནས་འོག་མ་དང་། ས་གོང་མ་པའི་ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོ་ཡིན་པར་བལྟ་བར་བྱའོ། །འཕགས་པ་ནི་ཕལ་ཆེར་བསྒོམ་པའི་ལམ་ལ་འཇིག་རྟེན་ལས་འདས་པའི་ལམ་གྱིས་རྗེས་སུ་འཇུག་པ་ན། མཚན་མ་མེད་པའི་རྣམ་པ་དག་གིས་མཚན་མ་མེད་པའི་ དམིགས་པ་མང་དུ་ཡིད་ལ་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཡིད་ལ་བྱེད་པ་དེ་ནི་ཚེ་འདི་ལ་ཤིན་ཏུ་བདེ་བར་གནས་པར་བྱ་བ་དང་། ཉོན་མོངས་པ་སྤོང་བར་འགྱུར་བའི་ཕྱིར་རོ། །མངོན་པར་ཤེས་པ་ལྔ་དང་། ཉོན་མོངས་པ་མེད་པ་དང་། སྨོན་ནས་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། 130-1-239a དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་ལམ་གྱི་རྗེས་ལས་འཐོབ་ཅིང་རྣམ་པར་དག་པ་དང་། ལམ་ལ་བརྟེན་པ་ཡིན་མོད་ཀྱི། དེ་དག་ནི་ལམ་གྱི་བདེན་པས་བསྡུས་པ་མ་ཡིན་ནོ། །གང་གི་ཚེ་ བདེན་པ་བཞི་པོ་ཐམས་ཅད་ཀྱང་ཡོངས་སུ་ཤེས་པར་བྱ་བ་དག་ཡིན་པའི་ཚེ་ཅིའི་ཕྱིར་སྡུག་བསྔལ་གྱི་བདེན་པ་ཁོ་ན་ཡོངས་སུ་ཤེས་པར་བྱ་ཞེས་གསུངས་ཤེ་ན། སྨྲས་པ། འདི་ལྟར་སྡུག་བསྔལ་གྱི་བདེན་པ་ནི་མཚན་ཉིད་གཉིས་ཀྱིས་ཡོངས་སུ་ཤེས་པར་བྱ་བ་ཡིན་ཏེ། རང་གི་མཚན་ ཉིད་དང་། སྤྱིའི་མཚན་ཉིད་ཀྱིས་སོ། །དེ་ལས་གཞན་པ་དག་ནི་རང་གི་མཚན་ཉིད་ཁོ་ནས་ཏེ། ཀུན་འབྱུང་བའི་བདེན་པ་ལ་རྒྱུ་ལ་སོགས་པའི་རྣམ་པ་དག་གིས་ཡོངས་སུ་ཤེས་པར་བྱ་བ་དེ་ཡང་དེའི་རང་གི་མཚན་ཉིད་ཡིན་ལ། འགོག་པའི་བདེན་པ་ལ། འགོག་པ་ལ་སོགས་པའི་རྣམ་ པ་དག་གིས་ཡོངས་སུ་ཤེས་པར་བྱ་བ་དེ་ཡང་དེའི་རང་གི་མཚན་ཉིད་ཡིན་ནོ། །ལམ་གྱི་བདེན་པ་ལ་སོགས་པའི་རྣམ་པ་དག་གིས་ཡོངས་སུ་ཤེས་པར་བྱ་བ་དེ་ཡང་དེའི་རང་གི་མཚན་ཉིད་ཡིན་ཏེ། དེའི་ཕྱིར་སྡུག་བསྔལ་གྱི་བདེན་པ་ཁོ་ན་ཡོངས་སུ་ཤེས་པར་བྱ་ཞེས་གསུངས་སོ། །གང་ གི་ཚེ་སྡུག་བསྔལ་གྱི་བདེན་པ་ཡང་སྤང་བར་བྱ་བའི་ཚེ་ཅིའི་ཕྱིར་ཀུན་འབྱུང་བའི་བདེན་པ་ཁོ་ན་སྤང་བར་བྱ་ཞེས་གསུངས་ཤེ་ན། སྡུག་བསྔལ་གྱི་བདེན་པ་སྤོང་བ་ནི་ཀུན་འབྱུང་བའི་བདེན་པ་སྤོང་བས་རབ་ཏུ་ཕྱེ་བ་ཡིན་ཏེ། དེའི་ཕྱིར་ཀུན་འབྱུང་བའི་བདེན་པ་ཁོ་ན་སྤོང་བར་བྱ་ཞེས་ གསུངས་སོ། །བདེན་པ་རྣམས་ཀྱི་མངོན་པར་རྟོགས་པ་ནི་རྣམ་པ་གཉིས་ཏེ། ཤེས་པ་མངོན་པར་རྟོགས་པ་དང་། སྤང་བ་མངོན་པར་རྟོགས་པའོ། །དེ་ལ་ཤེས་པ་མངོན་པར་རྟོགས་པ་ནི་བདེན་པ་མཚན་ཉིད་མི་འདྲ་བ་དག་ལ་ཤེས་པ་འབྱུང་བས་གོ་རིམས་སུ་རིམ་གྱིས་འབྱུང་ ངོ་། །སྤོང་བ་མངོན་པར་རྟོགས་པ་ཡང་མཐར་གྱིས་འགྱུར་བ་ཉིད་དེ། ཉོན་མོངས་པ་སྤང་བ་མངོན་དུ་བྱ་བ་ནི་ཤེས་པ་འབྱུང་བ་ལ་རག་ལས་པའི་ཕྱིར་རོ།། །།བམ་པོ་ཉི་ཤུ་རྩ་བདུན་པ། ཡང་དག་པར་བརྩོན་འགྲུས་རྩོམ་པའི་རྒྱུ་མཚན་ནི་ལྔ་སྟེ། དམ་པའི་ཆོས་སྟོན་པ་དང་། 130-1-239b རིགས་པ་དང་ལྡན་པ་དང་འགྲོགས་པ་དང་། ལེ་ལོ་དང་བརྩོན་འགྲུས་རྩོམ་པ་ལ་ཉེས་དམིགས་སུ་ལྟ་བ་དང་ཕན་ཡོན་དུ་ལྟ་བའི་སོ་སོར་རྟོག་པའི་སྟོབས་དང་། རྒྱུད་ཡོངས་སུ་སྨིན་པ་དང་། སྔ་ཕྱིའི་ཁྱད་པར་འཐོབ་པའོ། །སྤོང་བ་མངོན་དུ་བྱ་བ་ནི་གཉིས་ཏེ། ས་བོན་ཉམས་པར་བྱེད་པའི་སྤོང་བ་ མངོན་དུ་བྱ་བ་དང་། ས་བོན་གཏན་ནས་འཇོམས་པའི་སྤོང་བ་མངོན་དུ་བྱ་བའོ། །བྲལ་བ་ནི་གཉིས་ཏེ། ཉོན་མོངས་པའི་རྣམ་པ་དང་བྲལ་བ་དང་། ཉོན་མོངས་པའི་གཞིའི་འཆིང་བ་དང་བྲལ་བའོ། །དགེ་སློང་གཡོ་མེད་པ་དང་། སྒྱུ་མེད་པ་ཚུར་ཤོག་ཅེས་གང་གསུངས་པ་དེ་ལ། དེ་བཞིན་ གཤེགས་པས་གཡོའི་ཉེས་དམིགས་དུ་ཞིག་ཡང་དག་པར་རྗེས་སུ་གཟིགས་ན། གཡོན་ཅན་ལ་ཡང་དག་པར་རྗེས་སུ་སྟོན་པར་མི་མཛད་ཅེ་ན། སྨྲས་པ། བཅུ་གཉིས་ཏེ། གཡོན་ཅན་ནི་གཡོའི་གཞིའི་རྒྱུས་དེ་ཁོ་ནའི་ཤེས་པ་མི་འཐོབ་པ་དང་། སྙན་པ་ལས་ཡོངས་སུ་ཉམས་པར་འགྱུར་བ་ དང་། གཞན་ཡིད་ཆེས་པ་ལས་ཡོངས་སུ་ཉམས་པར་འགྱུར་བ་དང་། ཡོན་ཏན་བསྩགས་པ་ལས་ཡོངས་སུ་ཉམས་པར་འགྱུར་བ་དང་། དམ་པ་རྣམས་ལས་ཆོས་མཉན་པ་དང་། གདམས་ངག་ལས་ཡོངས་སུ་ཉམས་པར་འགྱུར་བ་དང་། སྡིག་པ་མང་དུ་བྱེད་པ་དང་། སེམས་ཀྱི་ རྒྱུད་དགེ་བ་ལས་ཐག་རིང་དུ་བྱེད་པ་དང་། གཡོའི་མི་མཉམ་པའི་གནོད་པས་སེམས་སྡུག་བསྔལ་ཞིང་རེག་པར་མི་གནས་པ་དང་། གཞན་ལས་སྡུག་བསྔལ་གྱི་ཆོས་རྣམས་ཀྱི་དོགས་པ་འབྱུང་བ་དང་། འཕགས་པའི་ཆོས་རྣམས་ཀྱི་སྣོད་དུ་མི་འགྱུར་བ་དང་། འགྱོད་བཞིན་དུ་འཆི་ བའི་དུས་བྱེད་པར་འགྱུར་བ་དང་། ལུས་ཞིགས་ཏེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བའོ། །གཡོ་ནི་རྣམ་པ་བརྒྱད་དང་། གཞི་བདུན་དང་ལྡན་པ་ཡིན་པར་རིག་པར་བྱ་སྟེ། དེ་ཡང་འདོད་པ་ན་སྤྱོད་པ་ཡིན་ནོ། །རྣམ་པ་བརྒྱད་གང་ཞེ་ན། རྨོངས་པར་བྱ་བ་གཡོ་བྱེད་པ་དང་། འཆབ་པ་དང་། སྒྲོགས་པ་དང་། འཇོག་པ་དང་། འདུད་པ་དང་། འཁུ་བ་དང་། འདོར་བ་དང་། སྙིང་རྗེ་བར་སྟོན་པ་ལ་གཡོ་བྱེད་པའོ། །གཞི་བདུན་གང་ཞེ་ན། ཐ་སྙད་ཀྱི་གཞི་དང་། བསྐུལ་བའི་གཞི་དང་། རྩོད་པའི་གཞི་དང་། མཛའ་བཤེས་ཉིད་དུ་ 130-1-240a སྟོན་པའི་གཞི་དང་། ཡིད་གཅུགས་པར་སྟོན་པའི་གཞི་དང་། བྱ་བ་ལ་གཡོ་མེད་པའི་གཞི་དང་། གནོད་པའི་གཞིའོ། །དེ་ལ་གཞི་དང་པོས་ནི་གཡོན་ཅན་འཇིག་རྟེན་པ་རྣམས་དང་ལྷན་ཅིག་ཐ་སྙད་བྱེད་པ་ན། དོན་མེད་པ་ལ་དོན་དུ་སྟོན་པ་དང་། དོན་ལ་དོན་མེད་ པར་སྟོན་པ་དང་། དོན་མེད་པ་ལ་དོན་དུ་སྟོན་པ་དང་། དོན་ལ་དོན་མེད་པར་སྟོན་པ་ཇི་ལྟ་བ་དེ་བཞིན་དུ། དོན་མེད་པ་ལས་ཡོད་པར་སྟོན་པ་དང་། ཡོད་པ་ལ་མེད་པར་སྟོན་པས་རྨོངས་པར་བྱེད་དོ། །དེ་ལ་གཞི་གཉིས་པས་ནི་གཡོན་ཅན་གཡོའི་སྤྱོད་པས་ཀུན་ནས་བསླང་བའི་ཉེས་པར་སྤྱོད་ པའི་ལས་དག་ལ་གཞན་དག་གིས་བསྐུལ་བ་ན་དེ་ཉེས་པ་ཡང་དག་པ་ནི་འཆབ་པར་བྱེད་ལ། ཡོན་ཏན་ཡང་དག་པ་མ་ཡིན་པ་ནི་སྒྲོགས་པར་བྱེད་དོ། །དེ་ལ་གཞི་གསུམ་པས་ནི་གཡོན་ཅན་ཕས་ཀྱི་རྒོལ་བ་པ་དག་དང་ལྷན་ཅིག་ཏུ་ཡོན་ཏན་དང་སྐྱོན་ཡོངས་སུ་བརྟགས་པ་ལས་བརྩམས་ཏེ་རྩོད་ པ་ན་ཕྱོགས་བཟང་པོ་མ་ཡིན་པ་ཡང་འཇོག་པར་བྱེད་དོ། །དེ་ལ་གཞི་བཞི་པས་ནི་གཡོན་ཅན་ཆེས་སྟོབས་དང་ལྡན་ཞིང་གཏུམ་པ་གང་ལས་འཇིགས་པ་ཡང་དག་པར་རྗེས་སུ་མཐོང་བ་དེ་ལ་ལུས་དང་ངག་གིས་ཆེས་ཤིན་ཏུ་དམན་པར་བྱེད་ཅིང་འདུད་པ་དེས་མཛའ་བཤེས་ཉིད་དུ་སྟོན་པར་བྱེད་དོ། །དེ་ལ་ གཞི་ལྔ་པས་ནི་གཡོན་ཅན་གནམ་པོ་གཡོ་བའི་རང་བཞིན་ཅན་གང་ལས་ཆུང་ཟད་འཁུས་པས་རྙེད་པ་འཐོབ་པ་ཡང་དག་པར་རྗེས་སུ་མཐོང་བ་དེ་ལ་ཡིད་མི་གཅུགས་ཤིང་ཡིད་མི་ཆེས་པ་ཉིད་ཡིན་བཞིན་དུ། འདི་ལྟ་སྟེ། རྣམ་པར་བསྒྲུབ་པའི་རྒྱུ་བ་དང་། གནས་པ་རྣམ་པར་དག་པ་ཉིད་དུ་བསྟན་པའི་ ཕྱིར་བདག་ཉིད་མཆོག་ཏུ་ཡིད་གཅུགས་པ་ཉིད་དང་། མཆོག་ཏུ་ཡིད་ཆེས་པ་ཉིད་དུ་སྟོན་པར་བྱེད་དོ། །དེ་ལ་གཞི་དྲུག་པས་ནི་གཡོན་ཅན་མཛའ་བཤེས་སྙིང་དུ་སྡུག་པ་ཡིད་གཅུགས་པ་དག་གིས་མ་འོངས་པའི་བྱ་བ་རྒྱ་ཆེན་པོ་དག་ལ་གྲོགས་བྱ་བར་ཁས་བླངས་ལ་བྱ་བ་དེའི་དུས་ལ་བབ་པའི་ཚེ་ན་ འདི་ལྟ་སྟེ། བདག་ཉིད་ཡོངས་སུ་ངལ་བ་རྗེས་སུ་བསྲུང་བ་ཉིད་ཀྱི་ཕྱིར་གཡོ་སྣ་ཚོགས་ཉེ་བར་སྟོན་པས་འདོད་པར་བྱེད་དོ། །དེ་ལ་གཞི་བདུན་པས་ནི་གཡོན་ཅན་གནོད་པ་གང་ཡང་རུང་བ་ཞིག་བྱུང་བ་ན། གང་ལས་དེའི་གནོད་པ་འབྱུང་བའི་དགྲ་བོ་དེ་ལ། འདི་ལྟ་སྟེ། མྱ་ངན་དང་། སྒྱིད་ 130-1-240b ལུག་པ་དང་། རྨོངས་པའི་བར་དག་བསྐྱེད་པའི་ཕྱིར་བདག་ཉིད་དེ་ལྟར་ཉམ་ཐག་པ་དང་། སྡུག་བསྔལ་བ་མ་ཡིན་ཡང་ཅི་ནས་ཀྱང་ཉམ་ཐག་པ་དང་། སྡུག་བསྔལ་ལྟ་བུར་སྟོན་པར་བྱེད་དོ། །ཉན་ཐོས་བཀའ་བློ་མི་བདེ་བ་ནི་རེ་ཞིག་བདེན་པ་རྣམས་ལས་བརྩམས་ནས། གདམས་ངག་དང་། རྗེས་སུ་ བསྟན་པ་ཉིད་འཐོབ་པར་འོས་པ་ཡང་མ་ཡིན་ན། བདེན་པ་རྣམས་མངོན་པར་རྟོགས་པར་འགྱུར་བ་དང་། རྣམ་པར་བྱང་བར་འགྱུར་བའི་སྐལ་བ་ལྟ་ག་ལ་ཡོད། ཉན་ཐོས་བཀའ་བློ་མི་བདེ་བའི་རྟགས་ནི་དགུ་པོ་འདི་དག་ཡིན་ཏེ། དེ་དག་དང་ལྡན་པའི་ཉན་ཐོས་ནི་ཚིག་མི་བཟོད་པ་དང་། བཀའ་བློ་མི་བདེ་བ་ཡིན་པར་རིག་པར་བྱའོ། །དགུ་གང་ཞེ་ན། གླེང་བ་པོའི་གང་ཟག་གིས་གླེངས་པ་ན། ཚིག་མི་འཇམ་པ་ཉིད་ལས་བརྩམས་ནས་སྐབས་ལས་བྱུང་བས་ལན་འདེབས་པ་དང་། མ་འབྲེལ་པ་དང་། མ་རྫོགས་པ་དང་། གཞན་དུ་ཡོངས་སུ་བརྟགས་ནས་ལན་འདེབས་ པ་དེ་ནི་རྟགས་དང་པོ་ཡིན་ནོ། །རྣམ་པར་གཡེངས་པའི་ཚིག་ཉིད་ལས་བརྩམས་ནས། གཏམ་གཞན་གྱིས་གླེངས་པ་འདོར་བར་བྱེད། སྤོང་བར་བྱེད་པ་འདི་ནི་རྟགས་གཉིས་པ་ཡིན་ནོ། །ཁོང་ཁྲོ་བའི་ཀུན་ནས་དཀྲིས་པས་རང་གི་སེམས་འཁྲུག་པར་བྱེད་པ་དང་། སློང་བར་བྱེད་པ་དང་། རྙོག་པ་ཅན་དུ་བྱེད་པ་དེ་ནི་རྟགས་གསུམ་པ་ཡིན་ནོ། །ཁོང་ཁྲོ་བའི་ཀུན་ནས་དཀྲིས་པ་ཉིད་ཀྱིས་མི་མཐུན་པའི་ཚིག་དང་། ཉེས་རྩོམ་གྱི་ཚིག་དང་། ངག་རྩུབ་པོའི་ཚིག་རྗོད་པར་བྱེད་པ་དེ་ནི་རྟགས་བཞི་བ་ཡིན་ནོ། །འདི་བདག་ལ་སྨྲ་ན། བདག་གིས་ཀྱང་འདི་ལ་ཅིའི་ཕྱིར་སྨྲ་བར་མི་བྱ་ སྙམ་དུ་སེམས་ཁེངས་པས་རྗོད་པར་བྱེད་པ་དེ་ནི་རྟགས་ལྔ་པ་ཡིན་ནོ། །ཁ་ན་མ་ཐོ་བ་འཆབ་པར་བྱེད་པ་དེ་ནི་རྟགས་དྲུག་པ་ཡིན་ནོ། །ཁོན་གྱི་བསམ་པ་འཛིན་པར་བྱེད་པ་དེ་ནི་རྟགས་བདུན་པ་ཡིན་ནོ། །ལན་བྱ་བའི་སེམས་མང་དུ་བྱེད་པ་དེ་ནི་རྟགས་བརྒྱད་པ་ཡིན་ནོ། །གཞན་དག་ གིས་གླེང་བ་པོའི་ཡང་དག་པའི་ཡོན་ཏན་དག་བརྗོད་པ་དང་། ཡང་དག་པར་བཤད་པ་ན་མོས་པར་མི་བྱེད་ཅིང་། ཕྱིར་བཟློག་པ་དང་། སྤོང་བ་དང་། ཕྱིར་གཤེ་བར་བྱེད་པ་དེ་ནི་རྟགས་དགུ་པ་ཡིན་ནོ། །གང་ཟག་གླེང་བ་པོ་ནི་མདོར་བསྡུ་ན་གཉིས་པོ་འདི་དག་ཡིན་ཏེ། བླ་མའི་གནས་ལྟ་བུ་ཡང་ཡིན་ལ་གྲགས་པ་དང་། བླ་མའི་གནས་ལྟ་ 130-1-241a བུ་ཡང་མ་ཡིན་ལ་མ་གྲགས་པའོ། །དེ་ལ་རྟགས་དང་པོ་གཉིས་ནི་གླེང་བ་པོའི་གང་ཟག་དང་པོ་ལས་བརྩམས་ཏེ་བལྟ་བར་བྱའོ། །རྟགས་ལྷག་མ་བདུན་ནི་གླེང་བ་པོའི་གང་ཟག་གཉིས་པ་ལས་བརྩམས་ཏེ་བལྟ་བར་བྱའོ། །སའི་དངོས་གཞིར་ཚུལ་ཁྲིམས་ ཀྱི་སྡོམ་པ་ལས་བརྩམས་ནས། འདུལ་བ་དང་ལྡན་པའི་རྣམ་པར་གཏན་ལ་དབབ་པའི་སྡོམ་ནི། བསྡུ་དང་བཅས་དང་ཚུལ་ཁྲིམས་དང་། །བག་ཡོད་སྒྲིབ་དང་སློབ་གཞུག་དང་། །བརྟག་དང་བརྟེན་དང་བླང་བ་དང་། །ལོངས་སྤྱོད་དང་ནི་ཟབ་པ་དང་། །མོས་དང་དཔེ་ཡི་དངོས་པོའོ། །དེ་ ལ་འདུལ་བ་དང་བཅས་པའི་སོ་སོར་ཐར་པ་ནི་གནས་བདུན་གྱིས་བསྡུ་བ་ཡིན་ཏེ། གནས་བདུན་གང་ཞེ་ན། སྨྲས་པ། བཀའ་དང་རྗེས་སུ་གནང་བ་དང་། དགག་པ་དང་། ལྟུང་བའི་གཞི་དང་། ལྟུང་བ་དང་། ལྟུང་བ་མེད་པ་དང་། ལྟུང་བ་ལས་བསླང་བའོ། །དེ་ལ་བཀའ་ནི་བཅོམ་ ལྡན་འདས་ཀྱིས་མི་དགེ་བའི་ཆོས་ཡོངས་སུ་ཉམས་པ་དང་། དགེ་བའི་ཆོས་མངོན་པར་འཕེལ་བར་འགྱུར་བ་གང་ཡིན་པ་དེ་ལ་འདུལ་བར་བཀའ་སྩོལ་པ་སྟེ། དེ་ནི་བཀའི་མཚན་ཉིད་མདོར་བསྡུས་པ་ཡིན་གྱི། རྒྱ་ཆེར་རྣམ་པར་དབྱེ་བ་ནི་དཔག་ཏུ་མེད་དོ། །དེ་ལ་རྗེས་སུ་གནང་བ་ནི་ བཅོམ་ལྡན་འདས་ཀྱིས་ཉེ་བར་སྟོན་པའི་རྒྱུ་དང་། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པར་ཀུན་དུ་སྤྱོད་ནུས་པ་གང་ཡིན་པ་དེ་འདུལ་བར་རྗེས་སུ་གནང་བར་མཛད་པའོ། །དེ་ལ་དགག་པ་ནི་བཅོམ་ལྡན་འདས་ཀྱིས་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་ པ་དང་། མི་མཐུན་པ་གང་ཡིན་པ་དེ་འདུལ་བ་ལ་དགག་པ་མཛད་པའོ། །དེ་ལ་ལྟུང་བའི་གཞི་ནི་མདོར་བསྡུ་ན། རྣམ་པ་བཅོ་བརྒྱད་དེ་འདི་ལྟ་སྟེ། མི་དགེ་བ་དང་། དགེ་བ་དང་། མི་མཐུན་པ་དང་། ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་དང་། ཚུལ་ཁྲིམས་ ཉམས་པ་དང་། ལྟ་བ་ཉམས་པ་དང་། ཆོ་ག་ཉམས་པ་དང་། འཚོ་བ་ཉམས་པ་དང་། གཞན་གྱི་སེམས་རྗེས་སུ་བསྲུང་བ་དང་། གཞན་ལ་གནོད་པ་རྗེས་སུ་བསྲུང་བ་དང་། ཡིད་མི་ཆེས་པའི་གནས་རྗེས་སུ་བསྲུང་བ་དང་། འཁྲིག་པ་དང་། ལྷུང་བཟེད་དང་། ཆོས་གོས་དང་། 130-1-241b བསོད་སྙོམས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོ་སྨན་དང་ཡོ་བྱད་དོ། །དེ་ལ་མི་དགེ་བ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་གང་ཅི་ཡང་རུང་བའོ། །དེ་ལ་དགེ་བ་དང་མི་མཐུན་པ་ནི་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་གང་ཅི་ཡང་རུང་བའོ། །དེ་ལ་ལུས་དང་། ངག་དང་། ཡིད་ཀྱི་ལས་ལ་བརྟེན་ནས་ནི། ལྟུང་བ་སྡེ་ལྔ་པོ་ཐམས་ཅད་ཅི་རིགས་པར་རིག་པར་བྱའོ། །དེ་བཞིན་དུ་ལྟུང་བའི་གཞི་དེ་ལས་གཞན་པ་དག་ཀྱང་ལྟུང་བ་སྡེ་ལྔ་པོ་དག་ལ་ཅི་རིགས་པར་རིག་པར་བྱའོ། །དེ་ལ་ལྟུང་བ་ནི་མདོར་བསྡུ་ན་ལྟུང་བ་སྡེ་ལྔ་པོ་དག་གོ། །ལྟུང་བ་སྡེ་ལྔ་པོ་དེ་དག་ལ་ལྟུང་བ་ ཇི་ལྟར་འབྱུང་ཞེ་ན། སྨྲས་པ། རྣམ་པ་ལྔ་སྟེ། འདི་ལྟ་སྟེ། གཞི་དང་། ཀུན་ནས་སློང་བ་དང་། དངོས་པོ་དང་། སྦྱོར་བ་དང་། མཐས་ཏེ། དེ་དག་གི་རབ་ཏུ་བྱེད་པ་ནི་གཞི་བསྡུ་བའི་འདུལ་བའི་མ་མོ་ལས་རྒྱ་ཆེར་བཤད་པར་བྱའོ། །ཡང་ལྟུང་བ་ནི་རྣམ་པ་དགུ་སྟེ། དགེ་བསྙེན་གྱི་ལྟུང་བ་ དང་། དགེ་བསྙེན་མའི་ལྟུང་བ་དང་། དགེ་ཚུལ་གྱི་ལྟུང་བ་དང་། དགེ་ཚུལ་མའི་ལྟུང་བ་དང་། དགེ་སློབ་མའི་ལྟུང་བ་དང་། དགེ་སློང་མའི་ལྟུང་བ་དང་། དགེ་སློང་གི་ལྟུང་བ་དང་། སོ་སོའི་སྐྱེ་བོའི་ལྟུང་བ་དང་། སློབ་པའི་ལྟུང་བའོ། །མི་སློབ་པ་ལ་ནི་ལྟུང་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་ནི་བྱ་བ་མེད་པའི་ཕྱིར་ཆོས་ཉིད་ཀྱིས་ཐོབ་པ་ཁོ་ནས་བསླབ་པའི་གཞི་ཕྲན་ཚེགས་ཕྲ་བ་ཐམས་ཅད་རྒྱུན་བཅད་པ་ཡིན་ལ། དེ་ནི་ཉོན་མོངས་པ་ཅན་གྱི་ལྟུང་བ་འབྱིན་མི་སྲིད་པའི་ཕྱིར་རོ། །དེ་ལ་ལྟུང་བ་མེད་པ་ནི་རྣམ་པ་བཞིས་རིག་པར་བྱ་སྟེ། འདི་ལྟ་སྟེ། ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་རྣམ་པར་གཡེངས་པ་དང་། ཚོར་བས་ཉེན་པའོ། །དེ་ལ་ལྟུང་བ་ལས་བསླང་བ་ནི་རྣམ་པ་ལྔས་རིག་པར་བྱ་སྟེ། འདི་ལྟ་སྟེ། བདག་ལས་དང་། གཞན་ལས་དང་། བདག་དང་གཞན་ལས་དང་། ལུས་གྱུར་པ་ལས་དང་། ལུས་སྤངས་པ་ལས་སོ། །དེ་ ལ་བདག་ལས་ནི་འདི་ལྟ་སྟེ། བསྡམ་པར་བྱ་བ་ལས་སོ། །དེ་ལས་གཞན་པ་ལས་ནི་འདི་ལྟ་སྟེ། བདེན་པ་མཐོང་བའི་ལྟུང་བ་ཉོན་མོངས་པ་ཅན་མ་ཡིན་པ་ལས་སོ། །དེ་ལ་བདག་དང་གཞན་ལས་ནི་འདི་ལྟ་སྟེ། སོ་སོའི་སྐྱེ་བོའི་ལྟུང་བ་ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་ 130-1-242a མ་ཡིན་པ་ལས་སོ། །དེ་ལ་ལུས་གྱུར་པ་ལས་ནི་འདི་ལྟ་སྟེ། དགེ་སློང་གི་ལུས་སྤངས་ནས། དགེ་སློང་མའི་ལུས་སུ་གྱུར་པའམ། དགེ་སློང་མའི་ལུས་སྤངས་ནས་དགེ་སློང་གི་ལུས་སུ་གྱུར་པའམ། དེ་བཞིན་དུ་དགེ་སློང་དང་། དགེ་སློང་མ་གཉི་གའི་ལུས་སྤངས་ ནས། དེ་ལས་གཞན་པའི་མཚན་དུ་གྱུར་པའམ། མཚན་མེད་པར་གྱུར་པ་ལས་སོ། །དེ་ལ་ལུས་སྤངས་པ་ལས་ནི་འདི་ལྟ་སྟེ། ཤི་བའི་དུས་བྱས་པའོ། །བསླབ་པའི་གཞི་བཅའ་བ་རྣམ་པར་དག་པ་ནི་བཅུ་པོ་འདི་དག་ཡིན་ཏེ། འདི་ལྟ་སྟེ། རིག་པས་རྣམ་པར་དག་པ་དང་། འབྲས་ བུས་རྣམ་པར་དག་པ་དང་། ཕན་འདོགས་པས་རྣམ་པར་དག་པ་དང་། ཕྱི་རོལ་གྱིས་རྣམ་པར་དག་པ་དང་། ནང་གིས་རྣམ་པར་དག་པ་དང་། མཐའ་དག་གིས་རྣམ་པར་དག་པ་དང་། བྱམས་ཤིང་གུས་པས་རྣམ་པར་དག་པ་དང་། རྣམ་པར་གནོན་པའི་གཉེན་པོ་བསྒོམ་པས་རྣམ་པར་དག་པ་དང་། བག་ལ་ཉལ་སྤང་བའི་གཉེན་པོ་བསྒོམ་པས་རྣམ་པར་དག་པ་དང་། རྒྱུད་རྒྱུན་མི་འཆད་པས་རྣམ་པར་དག་པའོ། །རྣམ་གྲངས་གཞན་ཡང་གཞི་དང་བཅས་པའི་བསླབ་པའི་གཞི་བཅས་པས་རྣམ་པར་དག་པ་དང་། འདོད་པའི་བསོད་ཉམས་ཀྱི་རྗེས་སུ་བརྩོན་པའི་མཐའ་ཡོངས་སུ་ སྤངས་པས་རྣམ་པར་དག་པ་དང་། བདག་ཉིད་ངལ་བའི་རྗེས་སུ་བརྩོན་པའི་མཐའ་ཡོངས་སུ་སྤངས་པས་རྣམ་པར་དག་པ་དང་། ལྷག་པའི་ཆོ་གས་རྣམ་པར་དག་པ་དང་། ལྷག་པའི་འཚོ་བས་རྣམ་པར་དག་པ་དང་། ཆོས་མཐུན་པ་དང་། འགྲོགས་པས་རྣམ་པར་ དག་པ་དང་། འཐབ་པ་མེད་པ་དང་། རྩོད་པ་མེད་པས་རྣམ་པར་དག་པ་དང་། ཉོན་མོངས་པ་ཟིལ་གྱིས་མནན་པས་རྣམ་པར་དག་པ་དང་། ཉོན་མོངས་པ་དང་བྲལ་བས་རྣམ་པར་དག་པ་དང་། དམ་པའི་ཆོས་ཡང་དག་པར་འཛིན་པས་རྣམ་པར་དག་པའོ། །ཚུལ་ཁྲིམས་ཀྱི་ ཉེས་པ་ནི་བཅུ་སྟེ། བསླབ་པ་དྲལ་བའི་ཉེས་པ་དང་། མངོན་པར་མི་དགའ་བའི་ཉེས་པ་དང་། གྲོགས་དང་བྲལ་བའི་ཉེས་པ་དང་། སྨོན་ལམ་གྱི་ཉེས་པ་དང་། བག་མེད་པའི་ཉེས་པ་དང་། མངོན་པའི་ང་རྒྱལ་གྱི་ཉེས་པ་དང་། བག་ལ་ཉལ་རྣམ་པར་མ་དག་པའི་ཉེས་པ་དང་། བསམ་ 130-1-242b པ་རྣམ་པར་མ་དག་པའི་ཉེས་པ་དང་། ངེས་པར་འབྱིན་པ་མ་ཡིན་པའི་ཉེས་པ་དང་། བརྟུལ་ཞུགས་ཀྱི་ཉེས་པའོ། །ཚུལ་ཁྲིམས་ཀྱི་ཡོན་ཏན་ནི་བཅུ་སྟེ། མཐུན་པའི་ཚུལ་ཁྲིམས་ཉིད་དང་། རྒྱུན་ཆགས་ཀྱི་ཚུལ་ཁྲིམས་ཉིད་དང་། འགྲན་ཟླ་མེད་པའི་ཚུལ་ཁྲིམས་ཉིད་དང་། གནོད་ པ་མེད་པའི་ཚུལ་ཁྲིམས་ཉིད་དང་། བརྟན་པའི་ཚུལ་ཁྲིམས་ཉིད་དང་། ངེས་པར་འབྱིན་པའི་ཚུལ་ཁྲིམས་ཉིད་དང་། མི་མཐུན་པའི་ཕྱོགས་ལས་རྒྱལ་བའི་ཚུལ་ཁྲིམས་ཉིད་དང་། མི་ལྡོག་པའི་ཚུལ་ཁྲིམས་ཉིད་དང་། ཐུན་མོང་མ་ཡིན་པའི་ཚུལ་ཁྲིམས་ཉིད་དང་། བླ་ན་མེད་པའི་ ཚུལ་ཁྲིམས་ཉིད་དང་། དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས་དུས་བཅུ་དག་ཏུ་བག་ཡོད་པར་བྱ་སྟེ། བཅུ་པོ་གང་དག་ཏུ་ཞེ་ན། ལྟུང་བ་ལས་བརྩམས་པ་དང་། སྙོམས་པར་འཇུག་པ་ལས་བརྩམས་པ་དང་། སྐྱེ་བ་ལས་བརྩམས་པ་དང་། བསོད་སྙོམས་སྤྱོད་པ་ལས་ བརྩམས་པ་དང་། འཕྲལ་གྱི་བྱ་བ་ལས་བརྩམས་པ་དང་། རྙེད་པ་དང་བཀུར་སྟིའི་ལོངས་སྤྱོད་ལས་བརྩམས་པ་དང་། ཐོས་པ་ཡོངས་སུ་ཚོལ་བ་ལས་བརྩམས་པ་དང་། དམ་པའི་ཆོས་བསམ་པ་ལས་བ་རྩམས་པ་དང་། རབ་ཏུ་དབེན་པ་ལས་བརྩམས་པ་དང་། རྟོགས་ པའི་མཐའ་ལས་བརྩམས་པའི་དུས་སུའོ། །ཇི་ལྟར་དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས་ལྟུང་བ་ལས་བརྩམས་ནས། དུས་དང་པོ་འདི་ལ་བག་ཡོད་པར་བྱ་ཞེ་ན། འདི་ན་དགེ་སློང་སྔོན་གྱི་མཐའ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་སྔར་བསྟན་པ་ཡན་ལག་ལྔས་ བསྡུས་པའི་བག་ཡོད་པ་དང་ལྡན་པ་དེ་ལྟར། དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས། ལྟུང་བ་ལས་བརྩམས་ནས། དུས་དང་པོ་འདི་ལ་བག་ཡོད་པར་བྱའོ། །ཇི་ལྟར་དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས། སྙོམས་པར་འཇུག་པ་ལས་བརྩམས་ནས། དུས་གཉིས་པ་འདི་ལ་བག་ཡོད་པར་བྱ་ཞེ་ན། འདི་ན་དགེ་སློང་དགོན་པ་ན་འདུག་ཀྱང་རུང་། ཤིང་དྲུང་ན་འདུག་ཀྱང་རུང་སྟེ། འདོད་པ་ལ་འདུན་པའི་སྒྲིབ་པ་ནས། ཐེ་ཚོམ་གྱི་བར་གྱི་སྒྲིབ་པ་བྱུང་ངོ་ཅོག་དང་དུ་མི་ལེན་པར་སྤོང་བར་བྱེད། སེལ་བར་བྱེད། བྱང་བར་བྱེད་ཅིང་། 130-1-243a དེའི་སྒྲིབ་པ་ལྔ་པོ་སེམས་ཉེ་བར་ཉོན་མོངས་པར་བྱེད་པ། མྱ་ངན་ལས་འདའ་བར་མི་འགྱུར་བའི་བར་དག་སྤངས་ནས། དུས་དུས་སུ་ཞི་གནས་ཀྱི་མཚན་མ་ཡང་སྒོམ་པར་བྱེད། དུས་དུས་སུ་རབ་ཏུ་འཛིན་པའི་མཚན་མ་ཡང་སྒོམ་པར་བྱེད། དུས་དུས་སུ་བཏང་སྙོམས་ ཀྱི་མཚན་མ་ཡང་སྒོམ་པར་བྱེད་ཅིང་། དེ་དེ་ལྟར་ཞི་གནས་ཀྱི་མཚན་མ་ལ་མཁས་པ་དང་། རབ་ཏུ་འཛིན་པའི་མཚན་མ་ལ་མཁས་པ་དང་། བཏང་སྙོམས་ཀྱི་མཚན་མ་ལ་མཁས་པས་སེམས་ཞུམ་པའམ། ཞུམ་དུ་དོགས་པར་རིག་པ་ན། ལེགས་པ་ཁོ་ནར་རབ་ཏུ་འཛིན་པར་ ཡང་བྱེད། སེམས་རྒོད་དམ། རྒོད་དུ་དོགས་པར་རིག་པ་ན། ལེགས་པ་ཁོ་ནར་ནང་དུ་ཡང་དག་པར་ཞི་བར་ཡང་བྱེད། སེམས་མཉམ་པར་གྱུར་པ་ན། བཏང་སྙོམས་སུ་འཇོག་པར་ཡང་བྱེད་པ་དེ་ལྟར་ཏིང་ངེ་འཛིན་ཐོབ་པ་ན། རོ་མྱོང་བར་ཡང་མི་བྱེད་ཅིང་། མཇུག་སྡུད་པར་ ཡང་མི་བྱེད། ལྷག་པར་ཆགས་པར་ཡང་མི་བྱེད། ལྷག་པར་ཆགས་ཤིང་གནས་པར་ཡང་མི་བྱེད་པ། དེ་ལྟར་དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས་དུས་གཉིས་པ་དེ་ལ་བག་ཡོད་པར་བྱའོ། །ཇི་ལྟར་དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས་སྐྱེ་བ་ལས་ བརྩམས་ནས་དུས་གསུམ་པ་འདི་ལ་བག་ཡོད་པར་བྱ་ཞེ་ན། འདི་ན་དགེ་སློང་འཆི་བའི་དུས་ལ་བབ་པའི་ཚེ་ན། འདི་ལྟར་མངོན་པར་འདུ་བྱ་བའི་སེམས་དྲག་པོ་མངོན་པར་འདུ་བྱེད་དེ། ཅི་བདག་སངས་རྒྱས་ལ་དམིགས་པའི་དྲན་པས་འཆི་བའི་དུས་བྱེད་པར་འགྱུར་རམ། ཆོས་ལ་དམིགས་པ་དང་། དགེ་འདུན་ལ་དམིགས་པ་དང་། དགེ་བ་ལ་དམིགས་པས་དགེ་བའི་སེམས་དང་ལྡན་པའི་འཆི་བའི་དུས་བྱེད་པར་འགྱུར་རམ་སྙམ་དུ་སེམས་མངོན་པར་འདུ་བྱེད་དེ། དེ་ལྟ་དེ་ལྟར་དེའི་སེམས་ཀུན་དུ་བསྲུང་བ་དང་། དྲན་པ་ཉེ་བར་གནས་པར་འགྱུར་ རོ། །གང་གི་ཕྱིར་སངས་རྒྱས་ལ་དམིགས་པའི་དྲན་པས་འཆི་བའི་དུས་བྱེད་པ་ནས། རྒྱས་པར་དགེ་བའི་སེམས་དང་ལྡན་པའི་བར་གྱིས་འཆི་བའི་དུས་བྱེད་པ་ནི་སངས་རྒྱས་ལ་དམིགས་པའི་དྲན་པས་འཆི་བའི་དུས་བྱེད་པ་ནས་རྒྱས་པར་དགེ་བའི་སེམས་དང་ལྡན་པའི་བར་ 130-1-243b གྱིས་འཆི་བའི་དུས་བྱེད་པ་དེའི་འཆི་བ་ནི་བཟང་བ་ཡིན། འཆི་བའི་དུས་བྱེད་པ་ཡང་བཟང་བ་ཡིན། ཚེ་ཕྱི་མ་ཡང་བཟང་བ་ཡིན་ཏེ། དེ་ལྟར་དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས་དུས་གསུམ་པ་དེ་ལ་བག་ཡོད་པར་བྱའོ། །ཇི་ལྟར་དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་ པས། བསོད་སྙོམས་སྤྱོད་པ་ལས་བརྩམས་ནས་དུས་བཞི་པ་འདི་ལ་བག་ཡོད་པར་བྱ་ཞེ་ན། འདི་ན་དགེ་སློང་གྲོང་ངམ། གྲོང་རྡལ་གང་ན་ཉེ་བར་བརྟེན་ཅིང་གནས་པའི་གྲོང་ངམ་གྲོང་རྡལ་དེ་ཉིད་དུ་དེ་བསོད་སྙོམས་ཡོངས་སུ་དག་པའི་མདོ་ལས། ཇི་སྐད་གསུངས་པ་ཐམས་ཅད་སྤྱོད་ པར་བྱེད་པ་དེ་ལྟར། དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས་དུས་བཞི་པ་དེ་ལ་བག་ཡོད་པར་བྱའོ། །ཇི་ལྟར་དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས་འཕྲལ་གྱི་བྱ་བ་ལས་བརྩམས་ནས། དུས་ལྔ་པ་འདི་ལ་བག་ཡོད་པར་བྱ་ཞེ་ན། འདི་ན་དགེ་སློང་ལྷུང་བཟེད་ཀྱི་ལས་ དང་ཆོས་གོས་ཀྱི་ལས་དང་། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ལ་ཞལ་ཏ་བྱ་བའི་ལས་སམ། འཕྲལ་གྱི་བྱ་བ་གཞན་གང་ཡང་རུང་བ་དེ་ལ་བག་ཡོད་པར་བྱེད་ཅིང་། ཅི་ནས་ཀྱང་མི་ཚིག་པ་དང་། མི་རུལ་པ་དང་། མི་བརླག་པ་དང་། མི་ཞིགས་པ་དང་། ཆུད་མི་ ཟོས་པར་བྱེད་པ་དང་། ཧ་ཅང་བྱ་བ་མི་བྱེད་པ་དང་། ངན་པར་བྱ་བ་མི་བྱེད་པ་དང་། ཉེས་པར་བྱ་བ་མི་བྱེད་པ་དང་། ཧ་ཅང་བརྟུན་ཏེ་མི་བྱེད་པ་དང་། ཧ་ཅང་བརྒྱངས་ཏེ་མི་བྱེད་པ་དང་། རྒོད་བག་མེད་པ་དང་། ཉོན་མོངས་པ་ཅན་མ་ཡིན་པ་དང་། འཇིག་རྟེན་དང་འགལ་བ་དང་། འདུལ་བ་དང་འགལ་བའི་སྤྱོད་པས་མི་བྱེད་པ་དེ་ལྟར་དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས་དུས་ལྔ་པ་དེ་ལ་བག་ཡོད་པར་བྱའོ། །ཇི་ལྟར་དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས། རྙེད་པ་དང་བཀུར་སྟིའི་ལོངས་སྤྱོད་ལས་བརྩམས་ནས། དུས་དྲུག་པ་འདི་ལ་བག་ ཡོད་པར་བྱ་ཞེ་ན། འདི་ན་དགེ་སློང་རྙེད་པ་དང་བཀུར་སྟི་གང་དང་གང་རྙེད་ཀྱང་རུང་སྟེ། དེ་རྙེད་པ་དེ་ལ་ཆགས་པ་མེད་པར་ཡོངས་སུ་ལོངས་སྤྱོད་པར་བྱེད་པ་དང་། ཞེན་པ་མེད་པ་དང་། འཆུམས་པ་མེད་པ་དང་། མདུད་པ་བོར་བ་མེད་པ་དང་། བརྒྱལ་བ་མེད་པ་དང་། ལྷག་ 130-1-244a པར་ཆགས་པ་མེད་པ་དང་། ལྷག་པར་ཆགས་ཤིང་གནས་པ་མེད་པ་དང་། ཉེས་དམིགས་སུ་ལྟ་བ་དང་། ངེས་པར་འབྱུང་བ་རབ་ཏུ་ཤེས་ཤིང་ཡོངས་སུ་ལོངས་སྤྱོད་པར་བྱེད་པ་དང་། དེ་རྙེད་པ་དང་། བཀུར་སྟི་བྱུང་བ་ཟིལ་གྱིས་གནོན་པར་བྱེད་པ་དང་། རྙེད་པ་དང་ བཀུར་སྟིའི་སེམས་སྐྱེས་པས་དེའི་སེམས་ཡོངས་སུ་གཏུགས་ཤིང་མི་གནས་པ་དེ་ལྟར་དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས་དུས་དྲུག་པ་དེ་ལ་བག་ཡོད་པར་བྱའོ། །ཇི་ལྟར་དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས་ཐོས་པ་ཡོངས་སུ་བཙལ་བ་ལས་བརྩམས་ནས་དུས་བདུན་པ་འདི་ ལ་བག་ཡོད་པར་བྱ་ཞེ་ན། འདི་ན་དགེ་སློང་སྙན་དངགས་མཁན་གྱིས་བྱས་པའམ། སྙན་དངགས་མཁན་གྱིས་བསམས་པའི་ཡི་གེ་སྣ་ཚོགས་པ་ཚིག་དང་། ཚིག་འབྲུ་སྣ་ཚོགས་པ་འཇིག་རྟེན་རྒྱང་འཕེན་པ་དང་ལྡན་པ་དེ་ལྟ་བུའི་ཐོས་པ་སྤངས་ནས། དེ་བཞིན་གཤེགས་པས་གསུངས་ པའི་མདོ་སྡེ་ཟབ་པ་ཟབ་པར་སྣང་བ། སྟོང་པ་ཉིད་དང་ལྡན་པ། རྐྱེན་འདི་པ་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་མཐུན་པ་གང་དག་ཡིན་པ་དེ་དག་གུས་པར་བྱ་སྟེ། ལེན་པར་བྱེད་ཀུན་ཆུབ་པར་བྱེད་པ་དང་། དེ་ཀླན་ཀ་དང་། ཕན་ཡོན་ལ་ལྟ་ཞིང་། ཆོས་ཀུན་ཆུབ་པར་མི་བྱེད། རྩོད་པ་འདི་ལྟ་བུ་ལས་ཐར་པའི་ཕན་ཡོན་ལ་ལྟ་ཞིང་ཆོས་ཀུན་ཆུབ་པར་མི་བྱེད། རྙེད་པ་དང་བཀུར་སྟིའི་དོན་དུ་ཆོས་ཀུན་ཆུབ་པར་མི་བྱེད་པར་འདི་ལྟ་སྟེ། བདག་ཉིད་དུལ་བར་བྱ་བ་དང་། བདག་ཉིད་ཞི་བར་བྱ་བ་དང་། བདག་ཉིད་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བ་དང་། དགེ་སྦྱོང་ གི་ཚུལ་གྱི་དོན་དང་། བྲམ་ཟེའི་དོན་དང་། དོན་གྱི་མཆོག་ཐོབ་པར་བྱ་བ་ལས་བརྩམས་ཏེ། ཆོས་ཀུན་ཆུབ་པར་བྱེད་པ་དང་། དེས་ཆོས་དེ་དག་ལེགས་པར་མཉན་པ་དང་། ལེགས་པར་བཟུང་བ་དང་། ཁ་ཏོན་ཡོངས་སུ་བྱང་བ་དང་། ཡིད་ཀྱིས་རྗེས་སུ་བརྟགས་པ་དང་། མཐོང་བས་ ཤིན་ཏུ་རྟོགས་པར་བྱས་པ་དེ་ལྟར། དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས། དུས་བདུན་པ་དེ་ལ་བག་ཡོད་པར་བྱའོ། །ཇི་ལྟར་དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས། དམ་པའི་ཆོས་བསམ་པ་ལས་བརྩམས་ནས། དུས་བརྒྱད་པ་འདི་ལ་བག་ཡོད་པར་བྱ་ཞེ་ན། 130-1-244b འདི་ནི་དགེ་སློང་གཅིག་པུ་དབེན་པར་སོང་སྟེ། ཇི་སྐད་ཐོས་པ་དང་། ཇི་སྐད་བསྟན་པ་དང་། ཇི་སྐད་ཀུན་ཆུབ་པར་བྱས་པའི་ཆོས་རྣམས་ཀྱི་དོན་སེམས་པར་བྱེད། འཇལ་བར་བྱེད་ལ། ཉེ་བར་རྟོག་པར་བྱེད་ཅིང་། དེས་བསམ་པར་བྱ་བ་ནི་སེམས་པར་བྱེད། བསམ་པར་མི་བྱ་བ་ནི་ སྤོང་བར་བྱེད། ལ་ལ་ལ་ནི་དད་པས་ཀྱང་མོས་པར་བྱེད། ལ་ལ་ལ་ནི་ཤེས་རབ་ཀྱིས་རྣམ་པར་དཔྱོད་པར་བྱེད་ཅིང་། དོན་ལ་རྟོན་པ་སེམས་པར་བྱེད་ཀྱི། ཚིག་འབྲུ་ལ་རྟོན་པ་སེམས་པར་མི་བྱེད་ལ། ནག་པོ་བསྟན་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ལ། ཆེན་པོ་ བསྟན་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤིང་སྙིང་པོར་སེམས་པར་བྱེད། བསྟན་པར་སེམས་པར་བྱེད། རྒྱས་པར་སེམས་པར་བྱེད་དེ། བསམ་པ་དེ་ཡང་མཐར་ཐུག་པར་བྱེད་ཀྱི་བར་མ་དོར་སྒྱིད་ལུག་པར་མི་བྱེད་པ་དེ་ལྟར། དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་ པས། དུས་བརྒྱད་པ་དེ་ལ་བག་ཡོད་པར་བྱའོ། །ཇི་ལྟར་དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས། རབ་ཏུ་དབེན་པ་ལས་བརྩམས་ནས། དུས་དགུ་པ་འདི་ལ་བག་ཡོད་པར་བྱ་ཞེ་ན། འདི་ན་དགེ་སློང་ཁྱིམ་ན་གནས་པ་དང་། རབ་ཏུ་བྱུང་བ་རྣམས་དང་། འདྲེས་པར་མི་གནས་ ཤིང་། ལྷན་ཅིག་དགའ་བར་ཡང་མི་བྱེད། ལྷན་ཅིག་མྱ་ངན་ཡང་མི་བྱེད་པ་ནས། རྒྱས་པར་ཇི་ལྟར་བྱ་བ་བྱུང་ངོ་ཅོག་གི་བར་དག་ཡང་དག་པར་བླངས་ཏེ། མཐར་ཐུག་པར་རྗེས་སུ་མི་འཇུག་པ་དང་། དགོན་པ་ནགས་འདབ་དང་། བས་མཐའི་གནས་མལ་དག་ཏུ་གནས་པར་བྱེད་པ དང་། སེམས་ཅན་ལས་དབེན་པ་དང་། ཡུལ་དང་རྣམ་པར་གཡེང་བ་དང་། ལེ་ལོ་དང་། ཞི་གནས་དང་། ལྷག་མཐོང་དང་། ཞི་གནས་དང་ལྷག་མཐོང་གི་ཉེ་བའི་ཉོན་མོངས་པ་ལས་དབེན་པར་བྱེད་པ་དེ་ལྟར། དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས། དུས་དགུ་པ་དེ་ལ་ བག་ཡོད་པར་བྱའོ། །ཇི་ལྟར་དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས་རྟོགས་པའི་མཐའ་ལས་བརྩམས་ནས། དུས་བཅུ་པ་འདི་ལ་བག་ཡོད་པར་བྱ་ཞེ་ན། འདི་ལ་དགེ་སློང་ཡོད་པ་ཡང་ཡོད་པར། མེད་པ་ཡང་མེད་པར། བླ་ན་ཡོད་པར་ཡང་བླ་ན་ཡོད་པར། བླ་ན་མེད་པ་ཡང་ 130-1-245a བླ་ན་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཡོད་པ་ཡང་ཡོད་པར། མེད་པ་ཡང་མེད་པར། །བླ་ན་ཡོད་པ་ཡང་བླ་ན་ཡོད་པར། བླ་ན་མེད་པ་ཡང་བླ་ན་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ནས་ཀྱང་། མ་ཐོབ་པ་ལ་ཐོབ་པར་འདུ་ཤེས་ མེད་པ་དང་། མ་རྟོགས་པ་ལ་རྟོགས་པར་འདུ་ཤེས་མེད་པ་དང་། མངོན་པའི་ང་རྒྱལ་མེད་པ་དང་། མངོན་པའི་ང་རྒྱལ་གྱིས་ཟིལ་གྱིས་གནོན་པ་མེད་པར། ཤེས་པ་བརྡ་སྤྲོད་པར་བྱེད་པ་དེ་ལྟར་དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པས། དུས་བཅུ་པ་དེ་ལ་བག་ཡོད་པར་བྱའོ། ། རབ་ཏུ་འབྱུང་བའི་སྒྲིབ་པ་ནི་བཞི་པོ་འདི་དག་ཡིན་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། བསམ་པའི་སྒྲིབ་པ་དང་། ལུས་ཀྱི་སྒྲིབ་པ་དང་། ལས་ཀྱི་སྒྲིབ་པ་དང་། རང་དབང་མེད་པའི་སྒྲིབ་པའོ། །དེ་ལ་བསམ་པའི་སྒྲིབ་པ་ནི་འདི་ལྟ་སྟེ། རྒྱལ་པོས་གཙེས་པས་རབ་ཏུ་འབྱུང་བར་འདོད་པ་ ཡིན་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ལུས་ཀྱི་སྒྲིབ་པ་ནི་འདི་ལྟ་སྟེ། ལོང་བའམ། འོན་པའམ། ཟ་མའམ། མ་ནིང་དུ་གྱུར་པའམ། གཡའ་བའམ། མཛེའམ། ཕོལ་མིག་གམ། སྐྱིགས་བུ་ལ་སོགས་པའི་ནད་སྐྱོན་ཆགས་པ་གང་ཡང་རུང་བས་ལུས་ལ་གནོད་པར་གྱུར་པ་ ཡིན་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ལས་ཀྱི་སྒྲིབ་པ་ནི་འདི་ལྟ་སྟེ། ཕ་བསད་པ་དང་། མ་བསད་པ་ཡིན་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་རང་དབང་མེད་པའི་སྒྲིབ་པ་ནི་འདི་ལྟ་སྟེ། ཕ་མས་མ་གནང་བ་དང་། རྒྱལ་པོས་བཀྲབས་པ་དང་། ཕྲོགས་པ་དང་། རྙེད་བཙོན་དང་། རྩོད་ པ་ཡོད་པ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་རབ་ཏུ་བྱུང་བས་འདུལ་བ་ལ་གནས་ལྔ་ངེས་པར་སློབ་ཏུ་གཞུག་པར་བྱ་སྟེ། འདི་ལྟ་སྟེ། ལྟུང་བ་སློབ་ཏུ་གཞུག་པ་དང་། ལྟུང་བ་མེད་པ་དང་། ལྕི་བ་དང་། ཡང་བ་དང་། སོ་སོར་ཐར་པའི་མདོ་འདོན་པ་སློབ་ཏུ་གཞུག་པའོ། །དེ་ལ་ལྟུང་ བ་དང་། ལྟུང་བ་མེད་པ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ལྕི་བ་ནི་བྱེ་བྲག་དྲུག་གིས་འགྱུར་ཏེ། བཅའ་བའི་བྱེ་བྲག་གིས་ལྕི་བ་ནི་འདི་ལྟ་སྟེ། བསླབ་པའི་གཞི་བཅས་པ་ལས་སོ། །དངོས་པོའི་བྱེ་བྲག་གིས་ལྕི་བ་ནི་འདི་ལྟ་སྟེ། ལྟུང་བྱེད་དུ་འདྲ་བ་ལས་སྲོག་གཅོད་པ་ལ་སོགས་ 130-1-245b པ་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་ནི། བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ལས་བྱེ་བྲག་ཏུ་གྱུར་པའོ། །ཉེས་པའི་བྱེ་བྲག་གིས་ལྕི་བ་ནི་འདི་ལྟ་སྟེ། ལ་ལ་ཡང་དང་ཡང་དུ་ལྟུང་བ་འབྱིན་པའོ། །ཉོན་མོངས་པའི་བྱེ་བྲག་གིས་ལྕི་བ་ནི་འདི་ལྟ་སྟེ། ལ་ལ་འདོད་ཆགས་ དང་། ཞེ་སྡང་དང་། གཏི་མུག་གི་ཀུན་ནས་དཀྲིས་པ་ཤིན་ཏུ་དྲག་པོས་ལྟུང་བ་འབྱིན་པའོ། །མི་ཤེས་པའི་བྱེ་བྲག་གིས་ལྕི་བ་ནི་འདི་ལྟ་སྟེ། ལ་ལ་དགེ་བའི་ཕྱོགས་ཆུང་བ་དང་། ཤེས་རབ་ཞེན་པ་དེ་ལ་ནི་ལྟུང་བས་ཆེས་ཤིན་ཏུ་སྒྲིབ་པར་འགྱུར་བ་སྟེ། དེ་ལས་བཟློག་པ་གཞན་ལ་ ནི་བཅས་པ་འདྲ་བ་དང་། དངོས་པོ་འདྲ་བ་དང་། ཉེས་པ་འདྲ་བ་དང་། ཉོན་མོངས་པ་འདྲ་བ་ལ་ཡང་ལྟུང་བས་སྒྲིབ་པར་མི་བྱེད་དོ། །འདི་ལྟ་སྟེ། དཔེར་ན་ཆུ་འབབ་པ་ཆུང་ངུ་ནི་རྩྭ་ཙམ་གྱིས་ཀྱང་དགག་པར་ནུས་ལ། རྩྭ་ཙམ་ཡང་དེད་པར་མི་ནུས་ཀྱི། ཆུ་འབབ་པ་ཆེན་པོ་ནི་ རྩྭ་ཁུར་དང་ཤིང་ཁུར་གྱིས་ཀྱང་དགག་པར་མི་ནུས་ལ། རྩྭ་དང་ཤིང་མང་པོ་ཡང་དེད་པར་ནུས་པ་བཞིན་དུ། འདི་ལ་ཡང་ཚུལ་དེ་བཞིན་དུ་བལྟ་བར་བྱའོ། །དུས་ཀྱི་བྱེ་བྲག་གིས་ལྕི་བ་ནི་འདི་ལྟ་སྟེ། ལ་ལ་ལྟུང་བ་བྱུང་ནས་མྱུར་བ་མྱུར་བ་ཁོ་ནར་ཆོས་བཞིན་དུ་ཕྱིར་གསོ་བར་མི་བྱེད་ པར་དུས་གཞན་དུ་ཡོངས་སུ་གནས་ནས་གསོ་བར་བྱེད་པའོ། །ལྟུང་བ་ཡང་བ་ནི་དེ་དག་ལས་བཟློག་པར་རིག་པར་བྱའོ། །འདུལ་བ་འཛིན་པས་ལྟུང་བ་བྱུང་བ་ལ་རྣམ་པ་ལྔས་བརྟགས་ནས། ལྟུང་བ་སྦྱིན་པར་བྱ་སྟེ། གཅིག་ཏུ་ཀུན་ནས་ཉོན་མོངས་པ་དང་། གཅིག་ཏུ་ལྷག་པར་ མ་སྤྱད་པ་དང་། གཞི་ལས་བཅའ་བ་དང་། དེ་ལ་ཉེས་པ་བྱུང་བ་དང་མ་བྱུང་བ་བསྟན་པ་དང་། གཅིག་ཏུ་ཀུན་དུ་སྤྱོད་པ་མ་ཡིན་པས་སོ། །དེ་ལ་གཅིག་ཏུ་ཀུན་ནས་ཉོན་མོངས་པ་ཅན་གྱི་ལྟུང་བ་ནི་འདི་ལྟ་སྟེ། རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པའོ། །དེ་ལ་གཅིག་ཏུ་ལྟུང་ བ་ལྷག་པར་མ་སྤྱད་པ་ལ་ནི་བསྟན་པར་བྱའོ། །ལྟུང་བ་བྱུང་བ་ལ་ནི་ལྟུང་བ་ཕྱིར་གསོ་བའི་ལས་ཅི་རིགས་པར་ཡོངས་སུ་བསྟན་པར་བྱའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་གང་ཟག་གང་ལ་བརྟེན་པ་དང་། ཡུལ་གང་དང་དུས་གང་ལ་བརྟེན་ནས། བཅས་པའི་ཁ་ན་མ་ཐོ་བ་དང་ 130-1-246a བཅས་པའི་བསླབ་པའི་གཞི་བཅས་པ་ལས། གལ་ཏེ་གང་ཟག་གཞན་ཞིག་ཡུལ་གཞན་དང་། དུས་གཞན་དུ་ཉེས་པ་དེ་ཉིད་ལ་རྟེན་པར་བྱེད་ན། དེས་དེ་ལ་ཡང་བཅོམ་ལྡན་འདས་ཀྱིས་ཉེས་པ་གང་གཟིགས་ནས་བཅས་པ་དེ་ཁོ་ན་བཞིན་དུ་ལྟུང་ བ་ཕྱིར་གསོ་བའི་ལས་ཡོངས་སུ་བསྟན་པར་བྱའོ། །གལ་ཏེ་ཉེས་པ་དེ་ལ་རྟེན་པར་མི་བྱེད་ན་ནི་དེ་ལ་ལྟུང་བ་སྦྱིན་པར་མི་བྱ་སྟེ། ཕྱིར་གསོ་བའི་ལས་ཀྱང་ཡོངས་སུ་བསྟན་པར་མི་བྱའོ། །དེ་ལྟར་དེ་ནི་ལྟུང་བ་ཡོངས་སུ་བརྟག་པ་མདོར་བསྟན་པ་ཡིན་པར་རིག་པར་བྱའོ། །དགེ་སློང་ འདུལ་བའི་བསླབ་པ་ལ་བརྩོན་པས་གནས་བདུན་ལ་བརྟེན་ནས། གནས་དྲུག་ལ་བརྩོན་པར་བྱ་སྟེ། གནས་བདུན་པོ་གང་དག་ལ་བརྟེན་ནས། གནས་དྲུག་པོ་གང་དག་ལ་བརྩོན་པར་བྱ་ཞེ་ན། སྨྲས་པ། སྟོན་པ་ལ་བརྟེན་པ་དང་། མཁན་པོ་དང་། སློབ་དཔོན་དང་། ཆོས་གོས་ དང་། བསོད་སྙོམས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་སྨན་ཡོ་བྱད་ལ་བརྟེན་ནས། ཆོས་ལ་བརྩོན་པར་བྱ་བ་དང་། བསླབ་པ་དང་། གདམས་ཤིང་རྗེས་སུ་བསྟན་པ་དང་། ཏིང་ངེ་འཛིན་དང་། བགོ་བཤའ་དང་། བག་ཡོད་པ་ལ་བརྩོན་པར་བྱའོ། །དེ་ལ་ཆོས་ནི་སོ་ སོར་ཐར་པའི་མདོ་དང་། དེ་རྣམ་པར་འབྱེད་པའོ། །དེ་ལ་བསླབ་པ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ཀྱི་བསླབ་པའོ། །དེ་ལ་གདམས་ཤིང་རྗེས་སུ་བསྟན་པ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་གདམས་ཤིང་ རྗེས་སུ་བསྟན་པ་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ་གདམས་ཤིང་རྗེས་སུ་བསྟན་པའོ། །དེ་ལ་ཏིང་ངེ་འཛིན་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའོ། །དེ་ལ་བགོ་བཤའ་ནི་ཟང་ཟིང་གི་བགོ་བཤའ་དང་། ཆོས་ཀྱི་བགོ་བཤའོ། །དེ་ ལ་ཟང་ཟིང་གི་བགོ་བཤའ་ནི་ཡང་དག་པར་མགུ་བར་འགྱུར་བའི་ཆོས་དྲུག་ལས་གཅིག་གིས་སོ། །ཆོས་ཀྱི་བགོ་བཤའ་ནི་ལྷག་མ་ལྔས་སོ། །དེ་ལ་བག་ཡོད་པ་ནི་མཁས་པ་ལྔ་པོ་ཕུང་པོ་ལ་མཁས་པ་ནས། གནས་དང་གནས་མ་ཡིན་པའི་བར་དག་ལ་རྟག་ཏུ་བྱེད་པ་དང་། བསྒོམ་ 130-1-246b པའི་རྗེས་སུ་བརྩོན་པ་གང་ཡིན་པའོ། །འདུལ་བ་ལ་བླང་བ་ནི་ལྔ་པོ་འདི་དག་ཡིན་ཏེ། བདག་གིར་བྱ་བ་བླང་བ་དང་། བྱིན་ལེན་བླང་བ་དང་། གཏམས་པ་བླང་བ་དང་དབུལ་བ་བླང་བ་དང་། གཞན་གྱི་ཕྱིར་བླང་བའོ། །དེ་ལ་བདག་གིར་བྱ་བ་བླང་བ་ནི་རྒྱུ་གཉིས་ཀྱིས་ཡོངས་སུ་མ་དག་ པ་ཡིན་ཏེ། ལྷག་པར་ཆགས་པ་དང་། སོག་འཇོག་བྱེད་པ་ལ་གདུ་བའོ། །དེ་ལས་བཟློག་པས་ནི་ཡོངས་སུ་དག་པ་ཡིན་ནོ། །བྱིན་ལེན་བླང་བ་ཡང་རྒྱུ་གཉིས་ཀྱིས་ཡོངས་སུ་མ་དག་པ་ཡིན་ཏེ། གནས་མ་ཡིན་པ་ལས་ལེན་པ་དང་། ཚོད་མ་ཟིན་པ་དང་། ཆོས་བཞིན་མ་ཡིན་ པར་ལེན་པས་སོ། །དེ་ལས་བཟློག་པས་ནི་ཡོངས་སུ་དག་པ་ཡིན་ནོ། །གཏམས་པ་བླང་བ་ཡང་རྒྱུ་གཉིས་ཀྱིས་ཡོངས་སུ་མ་དག་པ་ཡིན་ཏེ། གང་ཟག་མ་བརྟགས་པ་ལ་གཏམས་པ་དང་། རུང་བ་མ་ཡིན་པའི་དངོས་པོ་དང་། འབྲེལ་པའི་སེམས་ཀྱིས་སོ། །དེ་ལས་བཟློག་པས་ ནི་ཡོངས་སུ་དག་པ་ཡིན་ནོ། །དབུལ་བ་བླང་བ་ཡང་རྒྱུ་གཉིས་ཀྱིས་ཡོངས་སུ་མ་དག་པ་ཡིན་ཏེ། ཞིང་ངན་པ་ལ་དབུལ་བ་བླང་བ་དང་། མི་ལྟོས་པ་མ་ཡིན་པར་དབུལ་བ་བླང་བས་སོ། །དེ་ལ་ཞིང་གསུམ་པོ་ཡོན་ཏན་གྱི་ཞིང་དང་། སྙིང་བརྩེ་བའི་ཞིང་དང་། ཕན་འདོགས་པའི་ཞིང་ མ་གཏོགས་པ་དེ་ལས་གཞན་པའི་ཞིང་དག་ནི་ཞིང་ངན་པ་ཡིན་པར་རིག་པར་བྱའོ། །དེ་ལས་བཟློག་པས་ནི་ཡོངས་སུ་དག་པ་ཡིན་ནོ། །གཞན་གྱི་ཕྱིར་བླང་བ་ཡང་རྒྱུ་གཉིས་ཀྱིས་ཡོངས་སུ་མ་དག་པ་ཡིན་ཏེ། མ་འདྲིས་པའམ་མ་བཅོལ་བའམ། ངོ་མི་ཤེས་པའི་ཕྱིར་ལེན་པ་ དང་། ཟང་ཟིང་དང་བཅས་པའི་སེམས་ཀྱིས་ལེན་པས་སོ། །དེ་ལས་བཟློག་པས་ནི་ཡོངས་སུ་དག་པ་ཡིན་ནོ། །འདུལ་བ་ལ་དངོས་པོའི་ལོངས་སྤྱོད་ནི་རྒྱུ་ལྔས་རུང་བ་མ་ཡིན་ཏེ། རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་དང་། རྐྱེན་དུ་འབབ་པ་མ་ཡིན་པ་དང་། ལོངས་སྤྱོད་པར་ འོས་པ་མ་ཡིན་པ་དང་། གཏོགས་པ་མ་ཡིན་པ་དང་། རུང་བ་མ་བྱས་པས་སོ། །དེ་ལ་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་ནི་འདི་ལྟ་སྟེ། བླུགས་གཞལ་ལ་སྒྱུ་བྱེད་པ་དང་། སྲང་ལ་སྒྱུ་བྱེད་པ་དང་། གཞལ་བ་ལ་སྒྱུ་བྱེད་པ་དང་། བསད་པ་དང་། བཅིང་བ་དང་། བཅད་པ་ 130-1-247a དང་། བརྡེག་པ་དང་། ནན་གྱིས་གནོད་པ་མཆོག་ཏུ་འཛིན་པ་ལ་སོགས་པ་ལ་བརྟེན་ནས་དངོས་པོའི་ལོངས་སྤྱོད་ཐོབ་པ་གང་ཡིན་པ་དེ་ནི་རུང་བ་མ་ཡིན་ནོ། །དེ་ལ་རྐྱེན་དུ་འབབ་པ་མ་ཡིན་པ་ནི་ཞིང་གི་དངོས་པོ་དང་། ཁང་ཁྱིམ་གྱི་དངོས་པོ་དང་། ཚོང་ཁང་ གི་དངོས་པོ་ཡོངས་སུ་འཛིན་པའི་ལོངས་སྤྱོད་དང་། རྟ་དང་། གླང་པོ་ཆེ་དང་། བ་ལང་དང་། ལུག་དང་། བྱ་གག་དང་། ཕག་ཡོངས་སུ་འཛིན་པའི་ལོངས་སྤྱོད་དང་། བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་ཡོངས་སུ་འཛིན་པའི་ལོངས་སྤྱོད་དང་། བྲན་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་ཡོངས་སུ་འཛིན་པའི་ལོངས་སྤྱོད་དང་། གསེར་དང་དངུལ་ཡོངས་སུ་འཛིན་པའི་ལོངས་སྤྱོད་དང་། འབྲུ་བརྩམ་པ་ཡོངས་སུ་འཛིན་པའི་ལོངས་སྤྱོད་ལ་སོགས་པའོ། །དེ་ལ་ལོངས་སྤྱོད་པར་འོས་པ་མ་ཡིན་པ་ནི་འདི་ལྟ་སྟེ། བཤང་བ་ལས་བྱས་ པའམ། གཅི་བ་ལས་བྱས་པའམ། མཆིལ་མ་ལས་བྱས་པའམ། སྣབས་ལས་བྱས་པའམ། ཁྲག་གིས་གོས་པའམ། རྣག་གིས་གོས་པའམ། རྣག་ཁྲག་གིས་གོས་པའམ། ཞག་དང་ཆུ་སེར་ལ་སོགས་པས་གོས་པའམ། གཞན་ཡང་གང་དེ་ལྟ་བུ་དང་མཐུན་པ་དང་། བཅོམ་ལྡན་འདས་ཀྱིས་བཤང་གཅི་ལ་སོགས་པའི་བུམ་པ་ནི་ལོངས་སྤྱོད་པར་རུང་བ་མ་ཡིན་ནོ་ཞེས་ཇི་སྐད་གསུངས་པ་དག་གོ། །དེ་ལ་གཏོགས་པ་མ་ཡིན་པ་ནི་འདི་ལྟ་སྟེ། དགེ་འདུན་གྱི་ལོངས་སྤྱོད་མ་བསྒོ་བ་དང་། ལྷུང་བཟེད་དུ་མ་ཆུད་ཅིང་། ལྷུང་བཟེད་དུ་མ་གཏོགས་པ་དང་། གང་ཟག་ གི་ལོངས་སྤྱོད་མ་བྱིན་པ་དང་། མ་བཏང་བ་དང་། ལྷུག་པར་མ་བྱས་པ་དང་། ཡིད་གཅུགས་པའི་གནས་མ་ཡིན་པ་དང་། ཚོད་མ་ཟིན་པས་སོ། །དེ་ལ་རུང་བར་མ་བྱས་པ་ནི་རུང་བ་རྣམ་པ་ལྔས་རུང་བར་མ་བྱས་པ་སྟེ། རུང་བ་ལྔ་གང་ཞེ་ན། འདི་ལྟ་སྟེ། བྱིན་ལེན་གྱིས་རུང་བ་ དང་། ཉམས་པར་བྱས་པས་རུང་བ་དང་། གཞག་པས་རུང་བ་དང་། དུས་ཀྱི་ཆོ་གས་རུང་བ་དང་། རྣམ་པར་རྟོག་པ་གཏན་སྤང་བས་རུང་བའོ། །དེ་ལས་བཟློག་པ་ནི་རུང་བ་མ་ཡིན་ནོ།། །།བམ་པོ་ཉི་ཤུ་རྩ་བརྒྱད་པ། འདུལ་བ་ནི་བཅའ་བ་ལྔས་ཟབ་པར་ 130-1-247b རིག་པར་བྱ་སྟེ། བཅའ་བ་ལྔ་གང་ཞེ་ན། བསླབ་པ་བཅའ་བ་དང་། ལྟུང་བ་བཅའ་བ་དང་། ངེས་པར་འབྱུང་བ་བཅའ་བ་དང་། བག་ཡངས་བཅའ་བ་དང་། ལས་བཅའ་བས་སོ། །དེ་ལ་བསླབ་པ་བཅའ་བ་ནི་གནས་ལྔས་ཟབ་པར་རིག་པར་བྱ་སྟེ། རང་དབང་ཡོད་པ་དང་། རང་དབང་ མེད་པ་དང་། ཚུལ་ཁྲིམས་ཉམས་པའི་ཉེས་པ་ཡང་དག་པར་བསྟན་པ་དང་། ལས་ངན་པ་ལ་མངོན་པར་དགའ་བའི་ཉེས་པ་ཡང་དག་པར་བསྟན་པ་དང་། དེ་གཉིས་ཀའི་ཉེས་པ་ལྷག་པར་སྤྱད་པ་དང་ལྷག་པར་མ་སྤྱད་པས་སོ། །དེ་ལ་རང་དབང་ཡོད་པ་ནི་འདི་ཡིན་ཏེ། གང་གི་ ཚེ་འདུལ་བ་རྣམས་ཉོན་མོངས་པའི་དབང་དུ་མ་སོང་ཞིང་། ཉོན་མོངས་པ་རྣམས་ཀྱིས་རང་དབང་མེད་པར་མ་བྱས་པ་དེའི་ཚེ། འདུལ་བ་རང་དབང་ཅན་དེ་ལྟ་བུ་དག་བསླབ་པ་ལྷག་པར་སྤྱད་པ་ལ་རང་དབང་ཡོད་པ་ཁོ་ནར་མཛད་པའོ། །དེ་ལ་རང་དབང་མེད་པ་ནི་འདི་ཡིན་ཏེ། གང་གི་ཚེ་འདུལ་བ་རྣམས་ཉོན་མོངས་པའི་དབང་དུ་སོང་ཞིང་། ཉོན་མོངས་པ་རྣམས་ཀྱིས་རང་དབང་མེད་པར་བྱས་པ་དེའི་ཚེ། འདུལ་བ་རང་དབང་མེད་པ་དེ་ལྟ་བུ་དག་བསླབ་པ་ལྷག་པར་སྤྱད་པ་ལ་རང་དབང་མེད་པར་མཛད་ཅིང་བསླབ་པའི་གཞི་འཆའ་བར་མཛད་པའོ། ། དེ་ལ་ཚུལ་ཁྲིམས་ཉམས་པའི་ཉེས་པ་ཡང་དག་པར་སྟོན་པ་ནི་འདི་ཡིན་ཏེ། དགེ་བའི་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་གང་ཡིན་པ་དེ་གཅིག་ཏུ་ལྷག་པར་སྤྱད་པར་མི་བྱའོ་ཞེས་ཡང་དག་པར་གཟིགས་ནས། ཚུལ་ཁྲིམས་རྗེས་སུ་བསྲུང་བའི་ཕྱིར་བསླབ་པའི་གཞི་ འཆའ་བར་མཛད་པའོ། །དེ་ལ་ལས་ངན་པ་ལ་མངོན་པར་དགའ་བའི་ཉེས་པ་ཡང་དག་པར་སྟོན་པ་ནི་འདི་ཡིན་ཏེ། དགེ་བའི་ཕྱོགས་ལ་མངོན་པར་བརྩོན་པའི་གགས་སུ་ཡང་དག་པར་གཟིགས་པ་གང་ཡིན་པ་དེའི་གཉེན་པོར་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པའི་བསླབ་ པའི་གཞི་འཆའ་བར་མཛད་པའོ། །དེ་ལ་དེ་གཉི་གའི་ཉེས་པ་ལྷག་པར་སྤྱད་པ་དང་། མ་སྤྱད་པ་ནི་འདི་ཡིན་ཏེ། དེ་བཞིན་གཤེགས་པས་རང་དབང་ཡོད་པ་དག་ལ་ནི་ཉེས་པ་དེ་ལྷག་པར་མི་སྤྱོད་པར་གཟིགས་ནས། བསླབ་པའི་གཞི་འཆའ་བར་མི་མཛད་ལ། རང་དབང་ 130-1-248a མེད་པ་དག་ལ་ནི་ཉེས་པ་དེ་ལྷག་པར་སྤྱོད་པར་གཟིགས་ནས་བསླབ་པའི་གཞི་འཆའ་བར་མཛད་པ་གང་ཡིན་པའོ། །དེ་ལ་ལྟུང་བ་བཅའ་བ་ཡང་གནས་ལྔས་ཟབ་པར་རིག་པར་བྱ་སྟེ། དེ་ལ་ལྟུང་བ་གང་ཞེ་ན། དགེ་བའི་ཆོས་རྣམས་སྐྱེ་བ་ལ་སྒྲིབ་པ་གང་ཡིན་ པའོ། །སྒྲིབ་པ་དེ་ཡང་རྣམ་པ་ལྔ་སྟེ། ལྷོད་པའི་སྒྲིབ་པ་དང་། ཁ་ན་མ་ཐོ་བའི་སྒྲིབ་པ་དང་། ཁྱད་དུ་གསོད་པའི་སྒྲིབ་པ་དང་། འགྱོད་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པའོ། །དེ་ལ་ལྷོད་པའི་སྒྲིབ་པ་ནི་དགེ་བའི་ཆོས་རྣམས་ལ་ལེ་ལོ་བྱེད་ཅིང་མངོན་པར་མི་བརྩོན་པ་གང་ཡིན་ པའོ། །དེ་ལ་ཁ་ན་མ་ཐོ་བའི་སྒྲིབ་པ་ནི་འདི་ལྟར་འདི་ན་ལ་ལ་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པའམ། ཞེ་སྡང་གི་ཀུན་ནས་དཀྲིས་པའམ། གཏི་མུག་གི་ཀུན་ནས་དཀྲིས་པའམ། སེམས་ལས་བྱུང་བའི་ཉེ་བའི་ཉོན་མོངས་པ་གང་ཡང་རུང་བས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པ་ ན། དེ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་ཀུན་ནས་དཀྲིས་པ་སྐྱེད་པ་དེ་དང་དུ་ལེན་པར་བྱེད་པའོ། །དེ་ལ་ཁྱད་དུ་གསོད་པའི་སྒྲིབ་པ་ནི་འདི་ལྟར་འདི་ན་ལ་ལས་བསླབ་པ་ལ་མི་འདུ་ཞིང་བསླབ་པ་ལ་གུས་པ་དྲག་པོ་མེད་པ་དང་། ལྟུང་བ་ལ་འཇིགས་པར་མི་ལྟ་ཞིང་ལྷག་པར་ འབྱིན་པ་དང་། ལྷག་པར་བྱུང་ན་ཡང་ཕྱིར་ཆགས་པར་མི་བྱེད་པ་དང་། སྟོན་པ་དང་བསླབ་པ་ལ་མི་གུས་པའི་རང་བཞིན་ཅན་ཡིན་ནོ། །དེ་ལ་འགྱོད་པའི་སྒྲིབ་པ་ནི་འདི་ལྟར་འདི་ན་ལ་ལ་ཉོན་མོངས་པ་ཅན་གྱི་འགྱོད་པའི་རྒྱུན་གྱིས་རེག་ཅིང་། འགྱོད་པ་དེ་ཡང་ལེགས་པར་རབ་ཏུ་སེལ་ བར་མི་ནུས་ལ། ཀུན་དུ་འགྱོད་པ་དང་བཅས། རྣམ་པར་འགྱོད་པ་དང་བཅས། ཡིད་ལ་གཅགས་པ་དང་བཅས་པའོ། །དེ་ལ་ཤེས་བྱའི་སྒྲིབ་པ་ནི་འདི་ཡིན་ཏེ། འདི་ལྟར་འདི་ནི་ཡིད་ལ་གཅགས་པ་དང་བཅས་པ་ལ་ལ་བསླབ་པ་རྣམ་པར་མ་དག་པའི་གཞིའི་རྒྱུས་མཆོག་ཏུ་དགའ་བ་མི་སྐྱེ་ ལ། རབ་ཏུ་དགའ་བ་མི་སྐྱེ། རབ་ཏུ་མི་དགའ་བ་ལ་ནི་དགའ་བ་མི་སྐྱེ་བ་ནས། སེམས་མཉམ་པར་འཇོག་པའི་བར་དུ་མི་འགྱུར་ཏེ། སེམས་མཉམ་པར་མ་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མི་ཤེས་ཤིང་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་མཐོང་བས། དེའི་ཕྱིར་ཤེས་བྱའི་སྒྲིབ་ 130-1-248b པ་ཞེས་བྱའོ། །དེ་ལ་ལྷོད་པའི་སྒྲིབ་པས་རེག་པ་ནི་ཉོན་མོངས་དང་། ཉེ་བའི་ཉོན་མོངས་པ་དང་ལེན་པའི་རང་བཞིན་ཅན་དུ་འགྱུར་ལ། དང་དུ་ལེན་པའི་རང་བཞིན་ཅན་ནི་ཁ་ན་མ་ཐོ་བའི་སྒྲིབ་པས་རེག་པར་འགྱུར་རོ། །ཁ་ན་མ་ཐོ་བའི་སྒྲིབ་པས་རེག་ན། བསླབ་པ་དག་ལ་གུས་པ་དྲག་ པོ་མེད་ཅིང་ལྟུང་བ་འབྱིན་འདོད་པར་འགྱུར་ལ། དེ་ལྟར་ལྟུང་བ་འབྱིན་འདོད་པ་ནི་ཁྱད་དུ་གསོད་པའི་སྒྲིབ་པས་རེག་པར་འགྱུར་རོ། །ཁྱད་དུ་གསོད་པའི་སྒྲིབ་པས་རེག་ན་ཉོན་མོངས་པ་ཅན་གྱི་ཡིད་ལ་གཅགས་པ་སྐྱེད་ཅིང་། ཡིད་ལ་གཅགས་པ་སྐྱེས་པ་སེལ་བར་ཡང་མི་ནུས་པར་ འགྱུར་བས་དེ་ནི་འགྱོད་པའི་སྒྲིབ་པས་རེག་པར་འགྱུར་རོ། །འགྱོད་པའི་སྒྲིབ་པས་རེག་པ་ནི་ཡིད་ལ་གཅགས་པ་དང་བཅས་པ་ཡིན་པས་དེས་ན་དེའི་སེམས་མཉམ་པར་འཇོག་པའི་བར་དུ་མི་འགྱུར་ལ། སེམས་མཉམ་པར་མ་བཞག་པ་ཤེས་བྱའི་སྒྲིབ་པས་རེག་པར་འགྱུར་ཏེ། དེ་ནི་ སྒྲིབ་པ་དེ་དག་གི་གོ་རིམས་ཡིན་ནོ། །དེ་དག་ལས་བཟློག་པ་སྒྲིབ་པ་མེད་པ་ལྔས་ནི་ལྷོད་པའི་སྒྲིབ་པ་མེད་པ་དང་། ཁ་ན་མ་ཐོ་བའི་སྒྲིབ་པ་མེད་པ་དང་། ཁྱད་དུ་གསོད་པའི་སྒྲིབ་པ་མེད་པ་དང་། འགྱོད་པའི་སྒྲིབ་པ་མེད་པ་དང་། ཤེས་བྱའི་སྒྲིབ་པ་མེད་པ་ཡིན་པར་རིག་པར་བྱའོ། །དེ་ལ་ ལྷག་པའི་བསམ་པ་ཉམས་པས་ནི་རེ་ཞིག་ལྟུང་བ་ལ་སློང་བར་ཡང་མི་འགྱུར་ན། ལྟུང་བ་མེད་པར་ལྟ་ག་ལ་འགྱུར། ལྷག་པའི་བསམ་པ་ཉམས་པ་གང་ཞེ་ན། དེ་ཡང་རྣམ་པ་ལྔར་བལྟ་བར་བྱ་སྟེ། བརྩོན་འགྲུས་རྩོམ་མི་འདོད་པ་ཡིན། ཉོན་མོངས་པ་དང་དུ་ལེན་འདོད་པ་ཡིན། ལྟུང་ བ་ལྷག་པར་འབྱིན་འདོད་པ་ཡིན། འགྱོད་པ་སེལ་བར་མི་འདོད་པ་ཡིན། ཏིང་ངེ་འཛིན་སྒྲུབ་པར་མི་འདོད་པ་ཡིན་ནོ། །ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ལ་ནི་ལྟུང་བ་ཡང་མེད་ན། ལྟུང་བ་ལས་བསླང་བ་ལྟ་སྨོས་ཀྱང་ཅི་དགོས། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་གང་ ཞེ་ན། དེ་ཡང་རྣམ་པ་ལྔར་བལྟ་བར་བྱ་སྟེ། བརྩོན་འགྲུས་རྩོམ་འདོད་པ་ཡིན། ཉོན་མོངས་པ་དང་དུ་ལེན་མི་འདོད་པ་ཡིན། ལྟུང་བ་འབྱིན་མི་འདོད་པ་ཡིན། འགྱོད་པ་སེལ་འདོད་པ་ཡིན་ཏིང་ངེ་འཛིན་བསྒྲུབ་པར་འདོད་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ང་ནི་བསམ་པ་ཐག་ 130-1-249a པས་ལྟུང་བ་ལས་ལྡང་བར་སྨྲ་བའི་ཆད་པའི་ལས་ཀྱིས་ནི་མ་ཡིན་ནོ་ཞེས་ཇི་སྐད་གསུངས་པ་དེ་ལ་ལྟུང་བ་ནི་གནས་བཅུ་ལས་ཡོངས་སུ་བཙལ་བར་བྱ་སྟེ། སོ་སོར་ཐར་པའི་ཆོས་དང་། དེ་རྣམ་པར་འབྱེད་པའི་འདུལ་བ་དང་། ལྟུང་བ་སྡེ་ལྔ་པོ་དག་གི་ལྟུང་བ་ཡང་བའི་ མཚན་ཉིད་དང་། ལྕི་བའི་མཚན་ཉིད་ཀྱི་བྱེ་བྲག་དྲུག་པོ་བཅའ་བའི་བྱེ་བྲག་དང་། དངོས་པོའི་བྱེ་བྲག་དང་། ཉོན་མོངས་པའི་བྱེ་བྲག་དང་། ཉེས་པའི་བྱེ་བྲག་དང་། གང་ཟག་གི་བྱེ་བྲག་དང་། དུས་ཀྱི་བྱེ་བྲག་དང་། འཛེམ་པ་མེད་པའི་ཕན་པ་མ་གཏོགས་པར། དེ་ལས་གཞན་ པ་ལྷག་མ་དང་བཅས་པའི་མཚན་ཉིད་དང་། ལས་དང་པོ་པ་དང་ལས་དང་པོ་པ་མ་ཡིན་པ་ལྷག་པར་སྤྱོད་པ་དང་། ལྷག་པར་སྤྱོད་པ་དེ་དགེ་སློང་རྣམས་ཀྱིས་སྟོན་པ་ལ་བསྙད་པ་དང་། བསྙད་ནས་སྟོན་པས་ལྟུང་བ་བཅའ་བའི་ཕྱིར་དགེ་འདུན་བསྡུ་བ་དང་། བསྡུས་ནས་དགེ་འདུན་ལ་ལྟུང་ བ་བྱས་པ་དང་། ལྟུང་བ་བཅས་པ་ལ་ཕྱིས་རྗེས་སུ་གནང་བ་དང་། བཀག་པ་ལས་སོ། །དེ་ལ་ངེས་པར་འབྱུང་བ་བཅས་པ་ཡང་གནས་ལྔས་ཟབ་པར་རིག་པར་བྱ་སྟེ། ཀུན་ནས་ཉོན་མོངས་པ་མེད་པས་ངེས་པར་འབྱུང་བ་དང་། གནོད་པས་ངེས་པར་འབྱུང་བ་དང་། བར་ཆད་ཀྱིས་ངེས་པར་ འབྱུང་བ་དང་། གཉེན་པོ་མེད་པས་ངེས་པར་འབྱུང་བ་དང་། བཤགས་པས་ངེས་པར་འབྱུང་བས་སོ། །དེ་ལ་ཀུན་ནས་ཉོན་མོངས་པ་མེད་པས་ངེས་པར་འབྱུང་བ་ནི་འདི་ལྟར་འདི་ན་ལྟུང་བའི་གནས་དང་མཐུན་པའི་ཆོས་ཕྲན་ཚེགས་ཕྲ་བ་གང་ཡང་རུང་བ་ལྷག་པར་སྤྱད་པ་ལ་ལ་ཞིག་ལ་གལ་ ཏེ་དགེ་བའི་ཆོས་རྣམས་ནི་མངོན་པར་འཕེལ་ལ། མི་དགེ་བའི་ཆོས་རྣམས་ནི་ཡོངས་སུ་ཉམས་པར་འགྱུར་ན། དེས་དེ་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་ཏེ། དེ་ལ་ཀུན་ནས་ཉོན་མོངས་པ་མེད་པ་ཉིད་ངེས་པར་འབྱུང་བའི་ཕྱིར། དེ་ནི་དེའི་ཀུན་ནས་ཉོན་མོངས་པ་མེད་པས་ངེས་པར་ འབྱུང་བ་ཡིན་ནོ། །དེ་ལ་གནོད་པས་ངེས་པར་འབྱུང་བ་ནི་གལ་ཏེ་གནོད་པ་དང་། སྡུག་བསྔལ་བ་དང་། ནད་ཚབས་ཆེ་བས། རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པའི་ཆོས་རྣམས་མ་གཏོགས་པའི་ལྟུང་བའི་གནས་དང་མཐུན་པའི་ཆོས་གཞན་དག་ལྷག་པར་སྤྱོད་ན། དེ་ལ་གནོད་པ་ཁོ་ནས་ 130-1-249b ངེས་པར་འབྱུང་བའི་ཕྱིར་དེ་ནི་དེའི་གནོད་པས་ངེས་པར་འབྱུང་བ་ཡིན་ནོ། །དེ་ལ་བར་ཆད་ཀྱིས་ངེས་པར་འབྱུང་བ་ནི་གལ་ཏེ་སྲོག་གི་བར་ཆད་དམ། ཚངས་པར་སྤྱོད་པའི་བར་ཆད་མཐོང་ནས་ལྟུང་བའི་གནས་དང་མཐུན་པའི་ཆོས་ཕྲན་ཚེགས་ཕྲ་བ་གང་ཡང་རུང་བའི་ལྟུང་བ་བྱུང་བར་གྱུར་ ན། དེ་ལ་བར་ཆད་ཁོ་ནས་ངེས་པར་འབྱུང་བའི་ཕྱིར་དེ་ནི་དེའི་བར་ཆད་ཀྱིས་ངེས་པར་འབྱུང་བ་ཡིན་ནོ། །དེ་ལ་གཉེན་པོ་མེད་པས་ངེས་པར་འབྱུང་བ་ནི་གལ་ཏེ་གུས་པའི་རང་བཞིན་ཅན་ཡུལ་གཞན་ན་འདུག་གམ། འབྲོག་དགོན་པ་ན་འདུག་པ་ཞིག་གིས་ཡོངས་སུ་ལོངས་སྤྱད་པར་ བྱ་བའི་དངོས་པོ་གང་ཡང་རུང་བ་ཞིག་ལ་ཡོངས་སུ་ལོངས་སྤྱོད་པའི་ཆོ་ག་མ་རྙེད་དམ། བར་ཆད་ཀྱི་གནས་ལྟ་བུའི་ཆོས་གང་ཡང་རུང་བས། དངོས་པོ་དེ་ཡོངས་སུ་ལོངས་སྤྱོད་དེ། ལྟུང་བའི་གནས་དང་མཐུན་པའི་ཆོས་ཕྲན་ཚེགས་ཕྲ་བའི་ལྟུང་བ་བྱུང་བར་གྱུར་ན། དེ་ལ་ གཉེན་པོ་མེད་པ་ཁོ་ནས་ངེས་པར་འབྱུང་བའི་ཕྱིར། དེ་ནི་དེའི་གཉེན་པོ་མེད་པས་ངེས་པར་འབྱུང་བ་ཡིན་ནོ། །དེ་ལ་བཤགས་པས་ངེས་པར་འབྱུང་བ་ནི་འདི་ལྟར་འདི་ན་ལ་ལ་ལྟུང་བ་སྡེ་ལྔ་པོ་དག་ལས་ལྷག་མ་དང་བཅས་པའི་ལྟུང་བ་བྱུང་བ་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་ རྣམས་ཀྱི་མདུན་དུ་འདུལ་བའི་གསང་བས་འཆགས་པར་བྱེད། མཐོལ་བར་བྱེད། ཆོས་བཞིན་དུ་ཕྱིར་གསོ་བར་བྱེད་པའོ། །དེ་ལ་ལྟུང་བ་ཕྲན་ཚེགས་ཕྲ་བ་ཞེས་བྱ་བ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་མ་གཏོགས་པའོ། །དེ་ལ་བག་ཡངས་བཅའ་བ་ཡང་གནས་ལྔས་ ཟབ་པར་རིག་པར་བྱ་སྟེ། རྣམ་པར་དག་པ་དང་། དབྱེན་སྤང་བ་དང་། གང་ཟག་རླབས་པོ་ཆེ་དོན་ཆེན་པོ་དང་ལྡན་པ་གཞུག་པ་དང་། བསྟན་པ་འཕེལ་བར་བྱ་བ་དང་། དཀའ་བས་འཚོ་བ་སྤང་བས་སོ། །དེ་ལ་རྣམ་པར་དག་པ་ནི་འདི་ཡིན་ཏེ། དགྲ་བཅོམ་པ་དག་བྱ་བ་བྱས་པ་རྣམས་ ཀྱི་དགེ་འདུན་དུ་གྱུར་ན། དེ་དག་གི་བསླབ་པའི་གཞི་ཕྲན་ཚེགས་ཕྲ་བ་ཐམས་ཅད་ནི་རྣམ་པར་དག་པ་དེས་བག་ཡངས་སུ་གྱུར་པ་ཡིན་པར་རིག་པར་བྱའོ། །དེ་ལ་དབྱེན་སྤང་བ་ནི་འདི་ཡིན་ཏེ། དགེ་འདུན་གྱི་ནང་ན་དགེ་སློང་ཁ་ཅིག་ནི་ལྟུང་བ་བྱུང་བ་ལ་མ་བྱུང་བར་འདུ་ཤེས་པ་ 130-1-250a དང་། ལྟུང་བ་མ་བྱུང་བ་ལ་བྱུང་བར་འདུ་ཤེས་ལ། ཁ་ཅིག་ནི་ལྟུང་བ་བྱུང་ལ་བྱུང་བར་འདུ་ཤེས་པ་དང་། ལྟུང་བ་མ་བྱུང་ལ་མ་བྱུང་བར་འདུ་ཤེས་པས། གཞི་དེས་འཐབ་མོ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་འབྱུང་བར་འགྱུར་ཞིང་དེས་དགེ་འདུན་མི་བདེ་བར་འགྱུར་བ་དང་། དེའི་ཕྱིར་ རྩོད་པ་དེ་ཉིད་ཞི་བར་བྱེད་པའི་ཕྱིར་དགེ་འདུན་མཐུན་པས་གསོལ་བ་དང་བཞིའི་ལས་ཀྱིས་བསླབ་པའི་གཞི་ཕྲན་ཚེགས་ཕྲ་བ་བག་ཡངས་སུ་བྱེད་པའོ། །དེ་ལ་གང་ཟག་རླབས་པོ་ཆེ་དོན་ཆེན་པོ་དང་ལྡན་པ་གཞུག་པ་ནི་འདི་ཡིན་ཏེ་འདི་ལྟ་སྟེ། དགེ་འདུན་གྱིས་གང་ཟག་རིགས་མཐོན་པོ་བསྟན་ པ་ལ་གཅེས་སྤྲས་བྱེད་པ་ཞིག་རྙེད་ལ། དེ་ཡང་དེ་ལྟར་མ་བྱས་ན་འཇུག་པར་མི་འགྱུར་ན། དེ་གཞུག་པའི་དོན་དུ་དགེ་འདུན་མཐུན་པས་གསོལ་བ་དང་བཞིའི་ལས་ཀྱིས་བསླབ་པའི་གཞི་ཕྲན་ཚེགས་ཕྲ་བ་བག་ཡངས་སུ་བྱེད་པའོ། །དེ་ལ་བསྟན་པ་འཕེལ་བར་བྱ་བ་ནི་འདི་ཡིན་ཏེ། དུས་ཀྱི་མཐའ་རྩོད་པའི་དུས་ཀྱི་དུས་ངན་པ་བྱུང་བའི་ཚེ། སེམས་ཅན་དག་བསླབ་པའི་གཞི་ཕྲན་ཚེགས་ཕྲ་བ་མང་པོ་དག་ལ་སློབ་པར་མི་འདོད་ཅིང་། མ་ཞུགས་པ་ནི་མི་འཇུག་ལ། ཞུགས་པ་ནི་སྒྱིད་ལུག་པར་འགྱུར་ཏེ། དེས་བསྟན་པ་ཡོངས་སུ་ཉམས་པར་འགྱུར་ཞིང་འཕེལ་བར་མི་འགྱུར་ བས། གཞི་དེའི་ཕྱིར་དགེ་འདུན་པས་བསྟན་པ་འཕེལ་བར་བྱ་བའི་ཕྱིར་གསོལ་བ་དང་བཞིའི་ལས་ཀྱིས་བསླབ་པའི་གཞི་ཕྲན་ཚེགས་ཕྲ་བ་བག་ཡངས་སུ་བྱེད་པ་པོ། དེ་ལ་དཀའ་བས་འཚོ་བ་སྤང་བ་ནི་འདི་ཡིན་ཏེ། དུས་ཀྱི་མཐའ་རྩོད་པའི་དུས་ཀྱི་དུས་ངན་པ་འབྱུང་བའི་ཚེ། དགེ་སློང་ དག་བསླབ་པའི་གཞི་ཕྲན་ཚེགས་ཕྲ་བའི་རྒྱུས་དཀའ་བས་འཚོ་བར་བྱེད་པས་དེའི་ཕྱིར་དཀའ་བས་འཚོ་བ་དེ་ཉིད་བག་ཡངས་སུ་བྱ་བའི་ཕྱིར་དགེ་འདུན་མཐུན་པས་གསོལ་བ་དང་བཞིའི་ལས་ཀྱིས་བསླབ་པའི་གཞི་ཕྲན་ཚེགས་ཕྲ་བ་བག་ཡངས་སུ་བྱེད་པའོ། །ལས་བཅའ་བ་ནི་ལས་བཅུ་ལ་ གང་ཟག་ལྔས་ཟབ་པར་རིག་པར་བྱ་སྟེ། ལས་བཅུ་གང་ཞེ་ན། བསྙེན་པར་རྫོགས་པའི་ལས་དང་། ས་ཚིགས་ཀྱི་ལས་དང་། གསོ་སྦྱོང་གི་ལས་དང་། གནང་བའི་ལས་དང་། གནས་པར་ཁས་བླང་བ་དང་། དགག་དབྱེའི་ལས་དང་། ཆད་པའི་ལས་དང་། ཕན་གདགས་པའི་ལས་ 130-1-250b དང་། གསོལ་བ་དང་། གསོལ་བ་དང་གཉིས་ཀྱི་ལས་དང་། གསོལ་བ་དང་བཞིའི་ལས་སོ། །གང་ཟག་ལྔ་གང་ཞེ་ན། གང་ཟག་ཅང་ཤེས་ལྟ་བུ་དང་། གང་ཟག་ནེ་ཙོ་ལྟ་བུ་དང་། གང་ཟག་སྐར་མདའ་ལྟ་བུ་དང་། གང་ཟག་གློག་ལྟ་བུ་དང་། གང་ཟག་རི་མོ་བྲི་བ་ལྟ་བུའོ། །གང་ཟག་ ཅང་ཤེས་ལྟ་བུ་གང་ཞེ་ན། ལས་བཅུ་པོ་དེ་དག་ལ་དོན་ལ་རྟོན་པ་ཡིན་གྱི། ཚིག་འབྲུ་ལ་རྟོན་པ་མ་ཡིན་གྱི་དང་། དོན་ལ་རྟོན་ནས་འཇུག་པར་བྱེད་ཀྱི། སྒྲ་ལ་མ་ཡིན་པ་དང་། ཚིག་གི་ལས་དེ་མ་བྱས་ཀྱང་དོན་གང་ལ་ཚིག་དེ་འཇུག་པའི་དོན་དེ་ཀུན་དུ་སྤྱོད་པ་གང་ཡིན་པའོ། །གང་ཟག་ ནེ་ཙོ་ལྟ་བུ་གང་ཞེ་ན། ཚིག་འབྲུ་ལ་རྟོན་པ་ཡིན་གྱི། དོན་ལ་རྟོན་པ་མ་ཡིན་པ་དང་། ཚིག་འབྲུ་ལ་བརྟེན་ནས་འཇུག་པར་བྱེད་ཀྱི། དོན་གང་ལ་ཚིག་དེ་འཇུག་པ་ལ་མི་འཇུག་པ་མི་ཤེས་པའོ། །གང་ཟག་སྐར་མདའ་ལྟ་བུ་གང་ཞེ་ན། འདི་ལྟར་འདི་ན་གང་ཟག་ལ་ལ་ལས་ཀྱི་གཞི་ཆུང་ ངུ་ཞིག་དང་ཕྲད་ན་ཡང་སྒྲོ་འདོགས་པ་མང་དུ་བྱས་ནས་ཀུན་དུ་སྤྱོད་པར་བྱེད་པ་སྟེ། དཔེར་ན་སྐར་མདའ་ལྟ་བུའོ། །གང་ཟག་གློག་ལྟ་བུ་གང་ཞེ་ན། འདི་ལྟར་འདི་ན་གང་ཟག་ལ་ལ་རེས་འགའ་ནི་ལས་ལེགས་པར་བསླབ་པར་ཀུན་དུ་སྣང་ལ། རེས་འགའ་ནི་ཀུན་དུ་མི་སྣང་བ་སྟེ། དཔེར་ན་ གློག་ལྟ་བུའོ། །གང་ཟག་རི་མོ་བྲི་བ་ལྟ་བུ་གང་ཞེ་ན། འདི་ལྟར་འདི་ན་གང་ཟག་ལ་ལ་ཇི་སྐད་སྨྲས་པའི་ལས་ལ་དེ་ཁོ་ན་བཞིན་དུ་འཇུག་པར་བྱེད་ཅིང་། ལྷག་ཆད་མེད་པར་བྱེད་པ་སྟེ། དཔེར་ན་རི་མོ་བྲི་བ་ལྟ་བུའོ། །འདུལ་བ་ལྷད་ཅན་གང་ཞེ་ན། ལྷད་ཅན་ནི་ལྔ་སྟེ། བསླབ་པའི་གཞི་ བཅའ་བ་ལྷད་ཅན་དང་། ལྟུང་བ་བཅའ་བ་ལྷད་ཅན་དང་། ངེས་པར་འབྱུང་བ་བཅའ་བ་ལྷད་ཅན་དང་། བག་ཡངས་བཅའ་བ་ལྷད་ཅན་དང་། ལས་བཅའ་བ་ལྷད་ཅན་ནོ། །བསླབ་པའི་གཞི་བཅའ་བ་ལྷད་ཅན་གང་ཞེ་ན། བསླབ་པའི་གཞི་བཅའ་བ་མདོ་སྡེ་ལ་ཡང་མི་འཇུག །འདུལ་བ་ ལ་ཡང་མི་སྣང་ཆོས་ཉིད་དང་ཡང་མི་མཐུན་པའོ། །དེ་ལ་ཆོས་ཉིད་དང་མི་མཐུན་པ་ནི་འདི་ཡིན་ཏེ། མི་དགེ་བའི་ཆོས་རྣམས་ནི་མངོན་པར་འཕེལ་བར་བྱེད་ལ། དགེ་བའི་ཆོས་རྣམས་ནི་ཡོངས་སུ་ཉམས་པར་བྱེད་པ་གང་ཡིན་པའོ། །ལྟུང་བ་བཅའ་བ་ལྷད་ཅན་གང་ཞེ་ན། འདི་ལྟར་འདི་ 130-1-251a ན་ལ་ལ་ལྟུང་བ་ནི་ལྟུང་བ་མ་ཡིན་པར་འཆའ་བར་བྱེད་ལ། ལྟུང་བ་མ་ཡིན་པ་ནི་ལྟུང་བར་འཆའ་བར་བྱེད་པའོ། །ངེས་པར་འབྱུང་བ་བཅའ་བ་ལྷད་ཅན་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་ངེས་པར་འབྱུང་བ་མ་ཡིན་པ་ནི་ངེས་པར་འབྱུང་བར་འཆའ་བར་བྱེད་ལ་ངེས་པར་འབྱུང་བ་ནི་ངེས་པར་ འབྱུང་བ་མ་ཡིན་པར་འཆའ་བར་བྱེད་པའོ། །བག་ཡངས་བཅའ་བ་ལྷད་ཅན་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་བག་ཡངས་མ་ཡིན་པ་ནི་བག་ཡངས་སུ་འཆའ་བར་བྱེད་ལ། བག་ཡངས་ནི་བག་ཡངས་མ་ཡིན་པར་འཆའ་བར་བྱེད་པའོ། །ལས་བཅའ་བ་ལྷད་ཅན་ གང་ཞེ་ན། འདི་ལྟར་འདི་ན་ལ་ལ་ཆོས་མ་ཡིན་པའི་ལས་ནི་ཆོས་ཀྱི་ལས་སུ་འཆའ་བར་བྱེད་ལ། ཆོས་ཀྱི་ལས་ནི་ཆོས་མ་ཡིན་པའི་ལས་སུ་འཆའ་བར་བྱེད་པའོ། །བཞི་བཅུ་མ་གཏོགས་པ་དགེ་སློང་གི་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། ཆོ་ག་ཉམས་ པ་དང་། འཚོ་བ་ཉམས་པ་དགེ་སློང་གིས་གཞན་དག་ལ་རྗོད་པར་བྱེད། སྟོན་པར་བྱེད། རབ་ཏུ་སྟོན་པར་བྱེད་ན། རྗོད་པ་ཡོངས་སུ་མ་དག་པ་ཡིན་པར་བརྗོད་པར་བྱའོ། །བཞི་བཅུ་གང་ཞེ་ན། སངས་རྒྱས་དཀོན་མཆོག་ལ་བསྣུན་པར་འདོད་པའམ། རྐུ་བར་འདོད་པ་དང་། སངས་ རྒྱས་དཀོན་མཆོག་ལ་ཇི་ལྟ་བ་བཞིན་དུ་ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་ལ་ཡང་དེ་བཞིན་པ་དང་། ཚུལ་ཁྲིམས་ཉམས་པའི་ཕྱོགས་སམ། ལྟ་བ་དང་། ཆོ་ག་དང་། འཚོ་བ་ཉམས་པའི་ཕྱོགས་འཕེལ་ཞིང་རྒྱས་པ་དང་། ཡངས་པར་འགྱུར་བར་མཐོང་ངམ། ཐོས་ སམ། དོགས་པ་དང་། ཚུལ་ཁྲིམས་ཉམས་པའམ། ལྟ་བ་དང་ཆོ་ག་དང་། འཚོ་བ་ཉམས་པ་དམ་པའི་ཆོས་མ་ཡིན་པ་སྟོན་པར་མཐོང་ངམ། ཐོས་སམ། དོགས་པ་དང་། ཚུལ་ཁྲིམས་ཉམས་པའམ། ལྟ་བ་དང་། ཆོ་ག་དང་། འཚོ་བ་ཉམས་པ་མི་དགེ་བའི་གནས་ནས་ བསླངས་ཏེ། དགེ་བའི་གནས་སུ་གཞག་པར་འདོད་པ་དང་། དགེ་སློང་ཚུལ་ཁྲིམས་ཉམས་པའམ། ལྟ་བ་དང་ཆོ་ག་དང་། འཚོ་བ་ཉམས་པ་འཆབ་པར་བྱེད་པ་དག་གཞན་གྱིས་ཤེས་པར་གྱུར་ན་མི་རུང་ངོ་སྙམ་ནས་གཞན་དག་གི་སེམས་རྗེས་སུ་བསྲུང་བའི་ཕྱིར་དང་། སྦྱིན་བདག་ 130-1-251b དགེ་བསྙེན་གཙུག་ལག་ཁང་གི་བདག་པོས་དགེ་འདུན་ལ་བདག་གི་ནི་དགེ་སློང་ཚུལ་ཁྲིམས་ཉམས་པའམ། ལྟ་བ་དང་། ཆོ་ག་དང་། འཚོ་བ་ཉམས་པ་འདིར་གནས་པར་མོས་པ་མ་མཆིས་ཀྱི་ཁྱེད་ཅག་ལས་གང་གིས་སུའི་ཚུལ་ཁྲིམས་ཉམས་པའམ། ལྟ་བ་དང་། ཆོ་ག་དང་། འཚོ་བ་ ཉམས་པར་མཁྱེན་པ་དེས་བདག་ལ་མོས་པར་མཛོད་ཅིག་ཅེས་མཁྱེན་པར་གསོལ་ལ། དགེ་འདུན་གྱིས་ཀྱང་དེའི་ལྟར་མཉན་པ་དང་། མཚམས་ཀྱི་ནང་དུ་གཞན་དག་ལ་གནོད་པ་སྐྱེད་པར་འདོད་པར་མཐོང་ངམ། ཐོས་སམ། དོགས་པ་དང་། དགེ་འདུན་གྱིས་ཚུལ་ཁྲིམས་ཉམས་ པའམ། ལྟ་བ་དང་། ཆོ་ག་དང་། འཚོ་བ་ཉམས་པ་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་དུ་སྤྱོད་པ། དེ་ཆད་པས་བཅད་པའམ། སྤང་བར་མི་ནུས་པའོ། །གང་གིས་བརྗོད་པ་ཡོངས་སུ་མ་དག་པར་འགྱུར་བའི་རྒྱུ་གཅིག་དང་། རྐྱེན་གཅིག་ཁོ་ན་ཡང་ཡོད་དེ། གལ་ཏེ་ཕྲག་དོག་གི་ ཕྱིར་རམ། ཞེ་སྡང་གི་ཕྱིར་རམ། ཟང་ཟིང་གི་ཕྱིར་སྨད་པའམ། འཁོད་པའམ། ཉམས་པར་འགྱུར་བ་དེ་ལྟ་བུའི་རྐྱེན་ཉིད་ཀྱི་དབང་དུ་བྱས་ནས། བརྗོད་པ་དེ་ནི་རྗོད་པ་ཡོངས་སུ་མ་དག་པ་ཡིན་པར་བརྗོད་པར་བྱའོ། །འདུལ་བ་ལ་ཆོས་དང་དོན་ཡོངས་སུ་བྱང་བར་བྱེད་པའི་དཔེའི་དངོས་པོ་ནི་ ལྔ་པོ་འདི་དག་ཡིན་ཏེ། འདི་ལྟ་སྟེ། སྐྱེས་པའི་རབས་དང་། བྱུང་བ་དང་། འདྲ་བ་དང་། སྦྱར་བ་དང་། རྟོགས་པ་བརྗོད་པའོ། །དེ་ལ་སྐྱེས་པའི་རབས་ནི་བྱང་ཆུབ་སེམས་དཔའི་སྔོན་གྱི་སྤྱོད་པ་ལས་བརྩམས་པའོ། །དེ་ལས་བྱུང་བ་ནི་སྔོན་གྱི་ཚུལ་དང་ལྡན་པ་གང་ཅི་ཡང་རུང་བའོ། །དེ་ལ་འདྲ་བ་ ནི་འདི་ལྟ་སྟེ། འོ་མ་དང་། ཞོ་དང་། མར་སར་དང་། མར་དང་། མར་གྱི་སྙིང་ཁུའི་དཔེས་གང་ཟག་མཆོག་དང་འདྲ་བ་དང་། འཇིག་རྟེན་པའི་གང་ཟག་གི་ཆུ་བདུན་གྱི་དཔེས་ཆོས་འདི་པའི་གང་ཟག་བདུན་དང་འདྲ་བ་དང་། དེ་ལྟ་བུ་དང་མཐུན་པ་འདྲ་བ་གཞན་དག་ཀྱང་རིག་པར་བྱའོ། །དེ་ལ་ སྦྱར་བ་ནི་འདི་ལྟ་སྟེ། གཞུ་ཆེན་པོའི་དཔེ་དང་། སྨན་པའི་དཔེ་དང་། དེ་ལྟ་བུ་དང་མཐུན་པའི་དཔེ་གཞན་གྱིས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། རྗེས་སུ་མཐུན་པར་སྦྱར་བ་དང་། འཇིག་རྟེན་པའི་དཔེ་མཐོང་བའི་འབྲེལ་བ་གང་ཡང་རུང་བས་ཀུན་ནས་ཉོན་མོངས་པའི་ 130-1-252a ཕྱོགས་དང་། རྣམ་པར་བྱང་བའི་ཕྱོགས་དང་མཐུན་པར་སྦྱར་བའོ། །དེ་ལ་རྟོགས་པ་བརྗོད་པ་ནི་ཡ་མཚན་ཆེ་ཞིང་། རྒྱ་ཆེ་བ་མང་བའི་དཔེ་གང་ཡིན་པ་དེའང་འདི་ལྟ་སྟེ། རིང་པོ་ལེན་གྱི་རྟོགས་པ་བརྗོད་པ་དང་། གཞན་ཡང་དེ་ལྟ་བུ་དང་མཐུན་པ་དག་གོ། །ཤེས་ བྱའི་ཆོས་རྣམས་ཀྱི་རབ་ཏུ་དབྱེ་བ་ནི་རྣམ་པ་ལྔས་རྣམ་པར་གཞག་སྟེ། ལྔ་གང་ཞེ་ན། དངོས་པོ་དང་། རྣམ་པའི་ལས་ཀྱི་རབ་ཏུ་དབྱེ་བ་དང་། ཤེས་པའི་རྟེན་དང་། ཤེས་པའི་རབ་ཏུ་དབྱེ་བ་དང་། དེ་ལས་གཞན་པའི་ཤེས་པ་བསྡུས་པས་སོ། །དེ་ལ་མདོར་བསྡུ་ན། འདུས་བྱས་དང་འདུས་མ་ བྱས་ནི་ཤེས་བྱའི་དངོས་པོ་ཞེས་བྱའོ། །དེ་ཡང་རྣམ་པ་ལྔ་སྟེ། ཤེས་བྱ་རྣམ་པ་ལྔ་པོ་དེའི་ལས་ཀྱང་རྣམ་པ་ལྔར་བལྟ་བར་བྱའོ། །ཤེས་བྱ་རྣམ་པ་ལྔ་གང་ཞེ་ན། ཤེས་བྱ་ནི་བཏགས་པ་ལས་ཤེས་བྱ་ཡང་ཡོད་དོ། །དོན་དམ་པ་ལས་ཤེས་བྱ་ཡང་ཡོད་དོ། །བྱ་བའི་མཐའ་ལས་ཤེས་ བྱ་ཡང་ཡོད་དོ། །གཞན་དག་གི་སེམས་ཀྱི་རྒྱུ་བ་དགེ་བ་དང་། མི་དགེ་བ་ལས་ཤེས་བྱ་ཡང་ཡོད་དོ། །རྣམ་པ་ཐམས་ཅད་ལས་ཤེས་བྱ་ཡང་ཡོད་དོ། །དེ་ལ་ཀུན་རྫོབ་ཤེས་པ་ནི་བཏགས་པ་ལས་ཤེས་བྱ་རབ་ཏུ་ཤེས་ཤིང་། བཏགས་པ་ལས་རབ་ཏུ་ཤེས་ནས་ཀྱང་བརྡའི་ཚུལ་གྱིས་ ཆོས་དགེ་བ་དང་། མི་དགེ་བ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་ནས་རྒྱས་པར་རྟེན་ཅིང་འབྲེལ་པར་འབྱུང་བའི་བར་གྱི་ཆོས་རྣམས་ཀྱང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤིང་ཁ་ཅིག་ནི་ཡོངས་སུ་སྤོང་བར་བྱེད། ཁ་ཅིག་ལ་ནི་སོ་སོར་རྟེན་པར་བྱེད་དོ། ། དེ་བཞིན་དུ་འཇིག་རྟེན་གྱི་ཐ་སྙད་ཀྱང་རབ་ཏུ་ཤེས་ཏེ། འཇིག་རྟེན་པའི་སྤྱོད་པས་རྒྱུ་ཇི་ལྟ་བ་དང་། རྐྱེན་ཇི་ལྟ་བ་བཞིན་དུ་སྒྲུབ་པར་ཡང་བྱེད་དོ། །ཆོས་ཤེས་པ་དང་། རྗེས་སུ་རྟོགས་པའི་ཤེས་པ་དང་། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཤེས་པ་དག་གིས་ ནི་དོན་དམ་པ་རབ་ཏུ་ཤེས་ཤིང་། དོན་དམ་པ་རབ་ཏུ་ཤེས་ནས་ཀྱང་། མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཆོས་རྣམས་ཀྱི་སྤོང་བ་མངོན་སུམ་དུ་བྱེད་དོ། །ཟད་པ་དང་མི་སྐྱེ་བ་ཤེས་པ་གཉིས་ཀྱིས་ནི་བྱ་བའི་མཐའ་རབ་ཏུ་ཤེས་སོ། །བྱ་བའི་མཐའ་རབ་ཏུ་ཤེས་ནས་ཀྱང་ངེས་པ་དང་། ཐེ་ཚོམ་ 130-1-252b མེད་པ་དང་། རང་གི་སྤངས་པ་ལ་མངོན་པའི་ང་རྒྱལ་མེད་དོ། །ཕ་རོལ་གྱི་སེམས་ཤེས་པས་ནི་གཞན་དག་གི་སེམས་ཀྱི་རྒྱུ་བ་དགེ་བ་དང་མི་དགེ་བ་རབ་ཏུ་ཤེས་སོ། །དེ་རབ་ཏུ་ཤེས་ནས་ཀྱང་གཞན་དག་གི་བསམ་པ་དང་ཁམས་དང་བག་ལ་ཉལ་ཤེས་སོ། །སྟོབས་བཅུའི་ཤེས་པས་ནི་ཤེས་ བྱའི་རྣམ་པ་ཐམས་ཅད་རབ་ཏུ་ཤེས་སོ། །དེ་རབ་ཏུ་ཤེས་ནས་ཀྱང་གཞན་དག་ལ་ཡང་དག་པར་གདམས་ཤིང་རྗེས་སུ་བསྟན་པ་རྣམ་པ་ཐམས་ཅད་འཇུག་པར་བྱེད་ཅིང་སེམས་ཅན་ཐམས་ཅད་ཀྱི་སོམ་ཉི་ཐམས་ཅད་ཀྱིས་གཅོད་པར་བྱེད། སེམས་ཅན་རྣམས་མཐོ་རིས་དང་བདེ་བའི་འབྲས་བུ་ ལ་འགོད་པར་བྱེད་ཅིང་། སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཐམས་ཅད་ལ་མཐུ་ཡོད་པ་ཡིན་ཏེ། དེ་ནི་ཤེས་བྱ་རྣམ་པ་ལྔ་པོ་དེའི་ལས་རྣམ་པ་ལྔ་ཡིན་ནོ། །དེ་ལ་ཤེས་པའི་རྟེན་ནི་རྣམ་པ་གཉིས་ཏེ། རང་ལ་ཕན་པ་བསྒྲུབ་པ་དང་། གཞན་ལ་ཕན་པ་བསྒྲུབ་པའོ། །དེ་ལ་སྤོང་བ་དང་རྗེས་སུ་ མཐུན་པ་ཀུན་རྫོབ་ཤེས་པ་གང་ཡིན་པ་དང་། སྤོང་བ་ལ་དོན་དམ་པ་ཤེས་པ་གང་ཡིན་པ་དང་། སྤོང་བ་ལ་བྱ་བའི་མཐའ་ཤེས་པ་གང་ཡིན་པ་དེ་དག་ནི་རང་ལ་ཕན་པའི་རྟེན་དང་ལྡན་པ་ཡིན་པར་རིག་པར་བྱའོ། །དེ་ལ་གཞན་དག་གི་བསམ་པ་དང་། ཁམས་དང་། བག་ལ་ཉལ་དག་ལ་ཕ་རོལ་གྱི་ སེམས་ཤེས་པ་གང་ཡིན་པ་དང་། ཤེས་བྱ་རྣམ་པ་ཐམས་ཅད་ལ་སྟོབས་བཅུའི་ཤེས་པ་གང་ཡིན་པའི་ཤེས་པ་དེ་གཉིས་ནི་གཞན་ལ་ཕན་པའི་རྟེན་དང་ལྡན་པ་ཡིན་པར་བལྟ་བར་བྱ་སྟེ། དེ་ནི་ཤེས་པའི་རྟེན་གྱི་རབ་ཏུ་དབྱེ་བ་ནི་འདི་ཡིན་པར་རིག་པར་བྱའོ། །ཤེས་པའི་རབ་ཏུ་དབྱེ་བས་ ཀུན་རྫོབ་ཤེས་པ་ནི་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟེན་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་འཇིག་རྟེན་པ་ཡིན་པར་བལྟ་བར་བྱའོ། །དེ་ལ་ཟག་པ་མེད་པ་ནི་སྤངས་པ་མི་སློབ་པའི་རྒྱུད་ལ་དམིགས་པ་གང་ཡིན་པ་སྟེ། དེ་དང་གཞན་དེ་དག་ཐམས་ ཅད་ནི་ཀུན་རྫོབ་ཤེས་པ་འཇིག་རྟེན་པ་ཡིན་པར་བརྗོད་པར་བྱའོ། །ལྷག་མ་ཆོས་དང་རྗེས་སུ་རྟོགས་པའི་ཤེས་པ་ལ་སོགས་པ་ནི་འཇིག་རྟེན་ལས་འདས་པ་དང་། ཟག་པ་མེད་པ་ཡིན་པར་རིག་པར་བྱའོ། །ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་ཡང་ཟག་པ་ཟད་པ་དག་ལ་སྐྱེ་ཞིང་། བདག་ 130-1-253a གི་ཟག་པ་རྣམས་ནི་ཟད་དོ། །བདག་ལ་ནི་ཚེ་ཕྱི་མར་སྡུག་བསྔལ་མངོན་པར་འགྲུབ་པར་མི་འགྱུར་རོ་སྙམ་དུ་ཟད་པ་དང་མི་སྐྱེ་བ་དེ་ལ་ཡོངས་སུ་གཅོད་པར་མི་བྱེད་པ་གང་ཡིན་པ་དེ་ནི་ཟག་པ་མེད་པ་དང་། འཇིག་རྟེན་ལས་འདས་པ་ཡིན་ནོ། །ཡོངས་སུ་ གཅོད་པར་བྱེད་པ་གང་ཡིན་པ་དེ་ནི་ཟག་པ་མེད་པ་ཁོ་ན་ཡིན་ཏེ། དེ་ནི་འཇིག་རྟེན་པ་སྟེ། ཀུན་རྫོབ་ཤེས་པས་བསྡུས་པ་ཡིན་ནོ། །མ་འདྲེས་པ་ཡིན་ཞིང་དགྲ་བཅོམ་པའི་རྒྱུད་ལ་ཡོད་པ་ཡིན་པར་ཡང་བལྟ་བར་བྱའོ། །ཕ་རོལ་གྱི་སེམས་ཤེས་པ་ནི་འཇིག་རྟེན་པ་ཁོ་ན་སྟེ། སོ་སོའི་སྐྱེ་བོ་དང་ སློབ་པའི་རྒྱུད་ལ་ཡོད་པ་གང་ཡིན་པ་དེ་ནི་ཟག་པ་དང་བཅས་པ་ཡིན་ནོ། །མི་སློབ་པའི་རྒྱུད་ལ་ཡོད་པ་གང་ཡིན་པ་དེ་ནི་ཟག་པ་མེད་པ་ཡིན་ནོ། །ཅིའི་ཕྱིར་ཀུན་རྫོབ་ཤེས་པ་དག་པའི་རྒྱུད་ལ་ཡོད་པ་གང་ཡིན་པ་དེ་ཟག་པ་མེད་པ་ཞེས་བྱ་ཞེ་ན། འདི་ལྟར་དེ་དག་གིས་ཟག་པའི་བག་ལ་ཉལ་ གང་ཡིན་པ་དེ་ཡང་དག་པར་བཅོམ་པ་དང་། ཤེས་པ་དེ་ཡང་ཕ་རོལ་གྱི་སེམས་ཤེས་པ་ཁོ་ནའི་མངོན་སུམ་གྱི་སྤྱོད་ཡུལ་ཡིན་ལ། ཕ་རོལ་གྱི་སེམས་ཤེས་པ་དེ་ཡང་ཉོན་མོངས་པ་ཅན་མ་ཡིན་ཏེ། དེ་ནི་ཉོན་མོངས་པ་ཅན་གཞན་གྱི་སྤྱོད་ཡུལ་མ་ཡིན་པ་དང་། དེ་ནི་རང་བཞིན་གྱིས་ཀྱང ཉོན་མོངས་པ་རྣམས་དང་མཚུངས་པར་ལྡན་པ་མ་ཡིན་པའི་ཕྱིར་ཏེ། དེ་ལྟ་བས་ན་དེ་ནི་བག་ལ་ཉལ་དང་། དམིགས་པ་དང་མཚུངས་པར་ལྡན་པ་ལས་ཀྱང་ཟག་པ་མེད་པ་ཡིན་པར་རིག་པར་བྱའོ། །སྟོབས་བཅུའི་ཤེས་པ་ནི་དེ་བཞིན་གཤེགས་པའི་ཐུགས་ཀྱི་རྒྱུད་ལ་མངའ་བའི་མཁྱེན་ པ་མ་འདྲེས་པ་དང་། ཟག་པ་མེད་པ་དང་། འཇིག་རྟེན་པ་ཡིན་པར་བལྟ་བར་བྱ་སྟེ། འདི་ལྟར་ཤེས་པ་དེ་དག་ཐམས་ཅད་ནི་སྤྲོས་པ་དང་བཅས་པར་རྒྱུ་བ་ཡིན་པའི་ཕྱིར་རོ། །དེ་ལ་དེ་ལས་གཞན་པའི་ཤེས་པ་བསྡུས་པའི་རབ་ཏུ་དབྱེ་བ་གང་ཡིན་ན། མངོན་པར་ཤེས་པའི་ཤེས་པ་དང་། རྣམ་པར་ ཐར་པའི་སྒོའི་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པའི་ཤེས་པ་དང་། ཉོན་མོངས་པ་མེད་པའི་ཤེས་པ་དང་། སྨོན་ནས་ཤེས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། སྟོབས་དང་། མི་འཇིགས་པ་དང་། དྲན་པ་ཉེ་བར་གཞག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་དག་སྟེ། 130-1-253b ཤེས་པ་དེ་དག་ཀྱང་སྔར་བསྟན་པའི་ཤེས་པ་རྣམས་ཀྱིས་ཅི་རིགས་པར་བསྡུས་པར་རིག་པར་བྱའོ། །དེ་ལ་མངོན་པར་ཤེས་པ་ལྔ་ནི་ཀུན་རྫོབ་ཤེས་པས་བསྡུས་ཏེ། སོ་སོའི་སྐྱེ་བོའི་རྒྱུད་ལ་ཡོད་པ་དང་། སློབ་པའི་རྒྱུད་ལ་ཡོད་པ་དག་ནི་ཟག་པ་དང་བཅས་པས་བསྡུས་སོ། །མི་སློབ་པའི་ རྒྱུད་ལ་ཡོད་པ་དག་ནི་ཟག་པ་མེད་པས་བསྡུས་སོ། །མངོན་པར་ཤེས་པ་དྲུག་པ་ནི་ཟད་པ་དང་། མི་སྐྱེ་བ་ཤེས་པ་གཉིས་ཀྱིས་བསྡུས་ཏེ། ཟད་པ་དང་མི་སྐྱེ་བ་ཤེས་པ་དེ་གཉིས་ནི་སྔ་མ་ཁོ་ན་བཞིན་དུ་རིག་པར་བྱའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་ཤེས་པ་ནི་ཤེས་པ་བརྒྱད་ཀྱིས་ བསྡུས་ཏེ། ཆོས་དང་རྗེས་སུ་རྟོགས་པའི་ཤེས་པ་དང་། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཤེས་པ་རྣམས་དང་། ཟད་པ་དང་མི་སྐྱེ་བ་ཤེས་པ་འཇིག་རྟེན་ལས་འདས་པ་དག་གིས་བསྡུས་སོ། །རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའི་ཤེས་པ་ནི་ཤེས་པ་ དྲུག་གིས་བསྡུས་ཏེ། ཆོས་ཤེས་པ་དང་། རྗེས་སུ་རྟོགས་པ་དང་། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། ཟད་པ་དང་། མི་སྐྱེ་བ་ཤེས་པ་རྣམས་ཀྱིས་སོ། །རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའི་ཤེས་པ་ནི་ཤེས་པ་ལྔས་བསྡུས་ཏེ། ཆོས་ཤེས་པ་དང་། རྗེས་སུ་རྟོགས་པ་ཤེས་པ་དང་། འགོག་པ་ཤེས་པ་དང་། ཟད་པ་དང་མི་སྐྱེ་བ་ཤེས་པ་རྣམས་ཀྱིས་སོ། །སོ་སོ་ཡང་དག་པར་རིག་པའི་ཤེས་པ་དང་། ཉོན་མོངས་པ་མེད་པ་དང་། སྨོན་ནས་ཤེས་པ་དང་། མ་འདྲེས་པ་དང་སྟོབས་བཅུ་ལ་སོགས་པའི་ཤེས་པ་ཐམས་ཅད་ནི་ཀུན་རྫོབ་ཤེས་པས་བསྡུས་པ། དགྲ་བཅོམ་པ་ཉིད་ དང་། དེ་བཞིན་གཤེགས་པས་ཐུགས་ཀྱི་རྒྱུད་ལ་མངའ་བ་དག་ནི་ཟད་པ་མེད་པ་ཡིན་པར་རིག་པར་བལྟ་བར་བྱའོ། །དེ་ལ་རྣམ་པར་ཐར་པའི་སྒོ་རྣམས་ནི་སའི་དངོས་གཞིར་མཚན་ཉིད་རྣམ་པར་གཞག་པ་ལས་བསྟན་ཟིན་ཏོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། སོ་སོ་ཡང་ དག་པར་རིག་པ་ཡང་བྱང་ཆུབ་སེམས་དཔའི་སར་བསྟན་ཟིན་ཏོ། །དེ་ལ་རྫུ་འཕྲུལ་གྱི་ཡུལ་ནི་གང་རྫུ་འཕྲུལ་གྱི་ཡུལ་ཤེས་པ་ནི་གང་རྫུ་འཕྲུལ་གྱི་ཡུལ་ཤེས་པ་མངོན་སུམ་དུ་བྱ་བ་ནི་གང་ཞེ་ན། གཅིག་ཏུ་གྱུར་ནས་མང་པོར་འགྱུར་ཞེས་བྱ་བ་ལ་སོགས་པ་ནས། རྒྱས་པར་ཚངས་པའི་ 130-1-254a འཇིག་རྟེན་གྱི་བར་དུ་ལུས་ཀྱིས་དབང་སྒྱུར་བར་བྱེད་དོ་ཞེས་བྱ་བ་གང་ཡིན་པ་དེ་ནི་རྫུ་འཕྲུལ་གྱི་ཡུལ་ཞེས་བྱ་སྟེ། རྫུ་འཕྲུལ་གྱི་ཡུལ་ཤེས་པ་དེས་ཡུལ་དེ་ཉམས་སུ་མྱོང་བ་དང་། ཉེ་བར་སྟོན་པར་བྱེད་པས་ན་དེའི་ཕྱིར་རྫུ་འཕྲུལ་གྱི་ཡུལ་ཞེས་བྱའོ། །མཐུ་ དེ་དང་ལྡན་པའི་ཤེས་པ་བསྒོམས་པ་ལས་བྱུང་བ་བསྒོམས་པའི་འབྲས་བུ་གང་ཡིན་པ་དེ་ནི་རྫུ་འཕྲུལ་གྱི་ཡུལ་ཤེས་པ་ཞེས་བྱ་སྟེ་ཤེས་པ་དེ་ནི་ཡུལ་དེ་ཉམས་སུ་མྱོང་བ་དང་། ཉེ་བར་སྟོན་པར་འགྱུར་བས་ན་དེའི་ཕྱིར་དེ་ནི་རྫུ་འཕྲུལ་གྱི་ཡུལ་ཤེས་པ་ཞེས་བྱའོ། །ཤེས་པ་དེ་ཉིད་ཀྱིས་ས་བོན་ སྐྱེ་བའི་རྐྱེན་གྱིས་ཡོངས་སུ་ཟིན་ཅིང་། ཡོངས་སུ་བརྟས་པ་དེའི་རྒྱུད་ཀྱི་རྗེས་སུ་འཇུག་པ་གང་ཡིན་པ་དེ་ནི་རྫུ་འཕྲུལ་གྱི་ཡུལ་ཤེས་པ་མངོན་དུ་བྱ་བ་ཞེས་བྱ་སྟེ། དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་རྫུ་འཕྲུལ་གྱི་ཡུལ་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པ་ཞེས་བྱའོ། །དེ་ལ་ལྷའི་ རྣ་བ་ནི་གང་། ལྷའི་རྣ་བའི་ཤེས་པ་ནི་གང་། ལྷའི་རྣ་བའི་ཤེས་པ་མངོན་དུ་བྱ་བ་ནི་གང་ཞེ་ན། དེ་ལ་བསྒོམས་པའི་འབྲས་བུ་རྣམས་བསྡུས་པའི་གཟུགས་དང་བ་གང་ཡིན་པ་དེ་ནི་ལྷའི་རྣ་བ་ཞེས་བྱའོ། །རྣ་བ་དེ་ལ་བརྟེན་པའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཤེས་ པ་གང་ཡིན་པ་དེ་ནི་ལྷའི་རྣ་བའི་ཤེས་པ་ཞེས་བྱའོ། །ཤེས་པ་དེ་མངོན་དུ་བྱ་བ་ནི་སྔ་མ་བཞིན་དུ་རིག་པར་བྱ་སྟེ། དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་ལྷའི་རྣ་བའི་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པ་ཞེས་བྱའོ། །ཚུལ་དེ་ཉིད་ཀྱིས་མངོན་པར་ཤེས་པ་ལྷག་མ་ཐམས་ཅད་ ཀྱི་བསྟན་པ་ཡང་རིག་པར་བྱའོ། །བཤད་པ་ནི་ཅི་རིགས་པར་བརྗོད་པར་བྱ་སྟེ། གཞན་གྱི་སེམས་འདོད་ཆགས་ལ་སོགས་པ་དང་བཅས་པར་འཇུག་པ་གང་ཡིན་པ་དེ་ནི་སེམས་ཀྱི་རྣམ་གྲངས་ཞེས་བྱའོ། །དེ་ལ་དམིགས་པའི་ཤེས་པ་མཐུ་དང་ལྡན་པ་བསྒོམས་པ་ལས་བྱུང་ བ་བསྒོམས་པའི་འབྲས་བུ་གང་ཡིན་པ་དེ་ནི་སེམས་ཀྱི་རྣམ་གྲངས་ཤེས་པ་ཞེས་བྱའོ། །ཤེས་པ་དེ་མངོན་དུ་བྱ་བ་ནི་སྔ་མ་བཞིན་དུ་བལྟ་བར་བྱ་སྟེ། དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་སེམས་ཀྱི་རྣམ་གྲངས་ཤེས་པའི་མངོན་པར་ཤེས་པ་ཞེས་བྱའོ། །འདས་པའི་ཚེ་ 130-1-254b རབས་དག་གི་ལུས་ཀྱི་རྣམ་པ་མངོན་པར་བརྗོད་པ་ནི་སྔོན་གྱི་སྐྱེ་བ་རྗེས་སུ་དྲན་པ་ཞེས་བྱའོ། །དེ་ལ་རྟེན་ཅིང་དེ་དང་མཚུངས་པར་ལྡན་པའི་ཤེས་པ་མཐུ་དང་ལྡན་པ་བསྒོམས་པ་ལས་བྱུང་བ། བསྒོམས་པའི་འབྲས་བུ་གང་གིས་དེ་ལ་དྲན་པ་འཇུག་པ་དེ་ནི་སྔོན་གྱི་སྐྱེ་བ་རྗེས་སུ་དྲན་པ་ཤེས་ པ་ཞེས་བྱའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ལ་སེམས་ཅན་རྣམས་ཀྱི་ཁ་དོག་བཟང་བ་དང་། ཁ་དོག་ངན་པ་ལ་སོགས་པའི་རབ་ཏུ་དབྱེ་བས་སེམས་ཅན་གྱི་རིས་དེ་ནས་ཤི་འཕོས་ནས། སེམས་ཅན་གྱི་རིས་དེ་ལས་གཞན་པར་སྐྱེ་བ་ནི་འཆི་འཕོ་དང་སྐྱེ་བ་ཞེས་བྱའོ། །འཆི་འཕོ་ དང་སྐྱེ་བ་ལ་དམིགས་པའི་ཤེས་པ་མིག་གི་གཟུགས་རབ་ཏུ་དང་བ་ལ་བརྟེན་པ་བསྒོམས་པའི་འབྲས་བུ་དེ་དང་མཚུངས་པར་ལྡན་པའི་ཤེས་པ་གང་ཡིན་པ་དེ་ནི་འཆི་འཕོ་དང་སྐྱེ་བ་ཤེས་པ་ཞེས་བྱའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ཀུན་དུ་སྦྱོར་བ་མ་ལུས་པར་ཡོངས་སུ་གཏུགས་པ་གང་ ཡིན་པ་དེ་ནི་ཟག་པ་ཟད་པ་ཞེས་བྱའོ། །འཇིག་རྟེན་པའི་ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་དེ་ཤེས་པ་གང་ཡིན་པ་དེ་ནི་ཟག་པ་ཟད་པ་ཤེས་པ་ཞེས་བྱའོ། །ལྷག་མ་ནི་སྔ་མ་ཁོ་ན་བཞིན་དུ་བལྟ་བར་བྱའོ། །དེ་དག་དང་ལྡན་པའི་རྣལ་འབྱོར་པ་ནི་དུས་ལ་བབ་ན་ཉེ་བར་སྟོན་པའམ། གནས་པའམ། གཞན་དག་གི་དོན་ཀུན་དུ་སྤྱད་པའམ། དེ་ལ་དྲི་བ་དྲིས་པའི་ལན་གདབ་པ་མངོན་པར་ཤེས་པར་འགྱུར་བས་ན། དེའི་ཕྱིར་མངོན་པར་ཤེས་པ་ཞེས་བྱའོ། །དེ་ལ་མངོན་པར་ཤེས་པ་དང་པོ་གསུམ་ནི་མངོན་པར་ཤེས་པ་ཁོ་ན་ཡིན་གྱི་རིག་པ་ནི་མ་ཡིན་ནོ། །ཐ་མ་ གསུམ་ནི་མངོན་པར་ཤེས་པ་ཡང་ཡིན་ལ་རིག་པ་ཡང་ཡིན་ཏེ། དུས་གསུམ་ལ་ཀུན་དུ་རྨོངས་པའི་གཉེན་པོར་གྱུར་པའི་ཕྱིར་རོ། །དེ་ལ་དང་པོས་ནི་གཞན་དག་འདུན་པར་བྱེད་དེ། བདག་ལ་གཞན་དག་གུས་པ་དང་། རི་མོ་ཆེར་སྐྱེད་པར་ཡང་བྱེད་དོ། །གཉིས་པས་ནི་གཞན་དག་གི་ ངག་གི་སྤྱོད་པ་དགེ་བ་དང་མི་དགེ་བ་ཤེས་ཏེ། དེ་ལ་སྐུལ་བར་བྱེད། རངས་པར་བྱེད་དོ། །གསུམ་པས་ནི་གཞན་དག་གི་སེམས་ཀྱི་རྒྱུ་བ་དགེ་བ་དང་། མི་དགེ་བ་ཀུན་ཤེས་པར་བྱས་ནས། ལེགས་པར་འདོམས་པར་བྱེད་དོ། །ཐ་མ་གསུམ་གྱིས་ནི་རྟག་པའི་མཐའ་དང་། ཆད་ 130-1-255a པའི་མཐའ་སྤངས་ནས་ཟག་པ་ཟད་པ་ལ་མངོན་པའི་ང་རྒྱལ་མེད་པ་དབུ་མའི་ལམ་ལེགས་པར་སྟོན་ཅིང་། དེ་ལ་འདོམས་པར་ཡང་བྱེད་དོ། །དགེ་སློང་དགྲ་བཅོམ་པ་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་དབང་པོ་རྣོན་པོ་ནི་དོན་གྱི་དབང་གསུམ་ཡང་དག་པར་རྗེས་སུ་ མཐོང་ནས། ཉོན་མོངས་པ་མེད་པ་ལ་གནས་པར་འགྱུར་ཏེ། དེས་སྔོན་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་གྱི་ཕན་ཡོན་དག་རྣམ་གྲངས་དུ་མར་ཐོས་ཤིང་ཡིད་ཆེས་པར་ཡང་གྱུར་ནས། དེས་བསམ་པ་དྲག་པོས་དེ་ལ་དམིགས་པའི་སྨོན་ལམ་ཡང་དང་ཡང་དུ་ཡོངས་སུ་བསྒོམས་པས་རྒྱུ་ དེ་དང་རྐྱེན་དེས་ན་དགྲ་བཅོམ་པ་ཉིད་ཐོབ་པ་དེའི་སེམས་དེ་ཉིད་ལ་འཇུག་པར་འགྱུར་བས། དེའི་ཕྱིར་ཉོན་མོངས་པ་མེད་པ་ལ་གནས་པར་འགྱུར་བ་དང་། གཞན་ཡང་འདི་ན་ལ་ལ་ནི་སྔོན་སོ་སོའི་སྐྱེ་བོར་གྱུར་པ་ན་སེམས་ཅན་མང་པོ་དག་ལ་ཉོན་མོངས་པ་སྐྱེད་ཅིང་། རྣམ་པར་འཚེ་བ་དང་། གནོད་ སེམས་ཀྱང་སྐྱེད་པ་ཡིན་པས། དེ་ནི་དགྲ་བཅོམ་པ་ཉིད་ཐོབ་པ་ན། སྔོན་གྱི་བྱིས་པའི་སྤྱོད་པ་དེས་ངོ་ཚ་བས་ཉོན་མོངས་པ་མེད་པ་ལ་གནས་པར་འགྱུར་བ་དང་། གཞན་ཡང་འདི་ན་ལ་ལ་ནི་དགྲ་བཅོམ་པ་ཉིད་ཐོབ་པ་ན། སྐྱེ་བོའི་ཚོགས་མང་པོ་ཚེ་འདི་ལ་འབྲས་བུ་འདོད་པ་མྱོང་བར་ འགྱུར་བའི་ལས་བྱེད་དུ་གཞུག་པར་འདོད་པ་དང་། ཚེ་འདིའི་འབྲས་བུ་འདོད་པ་ལ་ཡང་དག་པར་སྦྱར་བར་འདོད་པས། དེའི་ཕྱིར་ཉོན་མོངས་པ་མེད་པ་ལ་གནས་པར་འགྱུར་བའོ། །དེ་ཡང་བསམ་གཏན་བཞི་པའི་མཐའ་ཡོངས་སུ་བསྒོམས་པ་ལ་བརྟེན་ནས་ཉོན་མོངས་པ་མེད་པ་ ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཅིང་། ཅི་ནས་ཀྱང་དེ་ལས་གཞན་དག་ཉོན་མོངས་པའི་ཉོན་མོངས་པ་ཇི་ལྟར་ཡང་རྣམ་པ་ཐམས་ཅད་དུ་སྐྱེད་པར་མི་འགྱུར་བར་གཞན་དག་གི་སེམས་རྗེས་སུ་སྲུང་བར་བྱེད་པས་ན། དེའི་ཕྱིར་ཉོན་མོངས་པ་མེད་པ་ཞེས་བྱའོ། །དེ་ནི་ འདི་ལྟར་སེམས་རྗེས་སུ་སྲུང་བར་བྱེད་དེ། དེ་གྲོང་ངམ། གྲོང་རྡལ་གང་དང་གང་ན་ཉེ་བར་རྟེན་ཅིང་གནས་པའི་གྲོང་དང་། གྲོང་རྡལ་དེ་ན་གནས་པ་ཐམས་ཅད་ཀྱི་སེམས་དག་ལ་མཐར་གྱིས་རྣམ་པར་ལྟ་བར་བྱེད་ཅིང་། འདི་ལྟར་ལམ་པོ་ཆེ་ཐམས་ཅད་དང་། ཁྱིམ་ཐམས་ 130-1-255b ཅད་ཀྱི་སོ་སོའི་གང་ཟག་རྣམས་ཀྱི་མ་འོངས་པའི་སེམས་དག་ལ་ཡང་རྣམ་པར་ལྟ་བར་བྱེད་དེ། དེ་ལྟར་རྣམ་པར་ལྟ་བར་བྱེད་པ་ན། གལ་ཏེ་གྲོང་འདི་དང་གྲོང་རྡལ་འདི་དང་། སྲང་འདི་དང་། ཁྱིམ་འདིའི་གང་ཟག་འདིས་བདག་མཐོང་བ་ཙམ་གྱིས་ཉོན་མོངས་པ་སྐྱེད་པར་འགྱུར་རམ། གལ་ཏེ་མཐོང་བ་ཙམ་གྱིས་མ་ཡིན་ན་ཡང་རྗེས་སུ་བསྒྲུབ་པས་ཉོན་མོངས་པ་སྐྱེད་པར་འགྱུར་བར་ཤེས་ན། དེ་སེམས་ཅན་དེ་དག་གིས་མཐོང་བ་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་སྤོང་བར་བྱེད་དོ། །གལ་ཏེ་དེའི་རྗེས་སུ་བསྒྲུབ་པ་རུང་བར་མཐོང་ན་ནི་དེ་དེའི་ཚེ་གཞི་དེས་སེམས་ ཅན་དེ་དག་གིས་ཏེ་པོར་མཐོང་བར་རྗེས་སུ་སྒྲུབ་པར་བྱེད་དོ། །གལ་ཏེ་དེའི་རྗེས་སུ་སྒྲུབ་པ་མི་རུང་བར་མཐོང་ཞིང་སྒྲུབ་པ་བྱས་ན། གཞན་གྱི་རྒྱུད་ལ་ཉོན་མོངས་པ་སྐྱེ་བར་མཐོང་ན་ནི་དེ་དེའི་ཚེ་ན་གཞི་དེས་སེམས་ཅན་དེ་དག་གིས་ཡེ་མི་མཐོང་བར་བྱེད་དོ། །ངག་ཀུན་དུ་བརྗོད་པ་ཇི་ལྟ་བུ་ དང་། སྤྱོད་ལམ་ཇི་ལྟ་བུ་དང་། ཆོས་གོས་ལ་སོགས་པ་བླང་བའི་ལོངས་སྤྱོད་ཇི་ལྟ་བུ་དང་། ཆོས་སྟོན་པ་ཇི་ལྟ་བུ་དང་། ཡང་དག་པར་འཛིན་དུ་གཞུག་པ་ཇི་ལྟ་བུས་གཞན་དག་གི་རྒྱུད་ལ་ཉོན་མོངས་པ་སྐྱེ་བར་མཐོང་བའི་ཚིག་བརྗོད་པ་དེ་ལྟ་བུ་ནས་རྒྱས་པར་ཡང་དག་པར་འཛིན་དུ་ གཞུག་པ་དེ་ལྟ་བུའི་བར་དག་ཀྱང་། ཡོངས་སུ་སྤོང་བར་བྱེད་པ་དེ་ལྟར་གཞན་དག་གི་སེམས་རྗེས་སུ་སྲུང་བར་བྱེད་དེ། ཤས་ཆེར་དེ་ལྟར་གནས་ཤིང་དེ་ལྟར་སྤྱོད་པས་ན། དེའི་ཕྱིར་ཉོན་མོངས་པ་མེད་པར་གནས་པ་ཞེས་བྱའོ། །དེ་ལ་སྨོན་ནས་ཤེས་པ་གང་ཞེ་ན། འདི་ན་དགེ་ སློང་དགྲ་བཅོམ་པ་གཉི་གའི་ཆ་ལས་རྣམ་པར་གྲོལ་བ། དབང་པོ་རྣོན་པོས་བསམ་གཏན་བཞི་པའི་མཐའ་ཡོངས་སུ་བསྒོམས་པ་ལ་བརྟེན་ནས། ཉན་ཐོས་ཀྱིས་ཉན་ཐོས་ཀྱི་ཤེས་པའི་སྤྱོད་ཡུལ་ཇི་ཙམ་པ་དང་། རང་སངས་རྒྱས་ཀྱིས་རང་སངས་རྒྱས་ཀྱི་ཤེས་པའི་སྤྱོད་ཡུལ་ཇི་ཙམ་པའི་ ཤེས་བྱ་དེ་ལ་འདི་ལྟ་འདི་ལྟར་ཤེས་པར་བྱའོ་ཞེས་སྨོན་ལམ་བཏབ་ནས། བསམ་གཏན་བཞི་པའི་མཐའ་ཡོངས་སུ་བསྒོམས་པ་དེ་ལ་སྙོམས་པར་འཇུག་པར་བྱེད་ཅིང་། དེ་ལྟར་སྙོམས་པར་ཞུགས་པས་ཇི་ལྟར་སྨོན་ལམ་བཏབ་པ་བཞིན་ཐམས་ཅད་ཤེས་པའོ། །དེ་བཞིན་གཤེགས་ 130-1-256a པ་རྣམས་ཀྱི་མཁྱེན་པ་ནི་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མི་མངའོ། །དེ་བཞིན་གཤེགས་པ་རྣམས་ནི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ལ་ཡང་སྙོམས་པར་མི་འཇུག་སྟེ། འདི་ལྟར་དེ་བཞིན་གཤེགས་པ་རྣམས་ལ་ཉོན་མོངས་པ་སྐྱེ་བ་དང་བཅས་པས་ སེམས་ཅན་གྱི་དོན་དུ་འགྱུར་བ་ཡང་ཡོད་པས་དེ་ནི་དེ་བཞིན་གཤེགས་པས་བཏང་སྙོམས་སུ་བཞག་པར་མི་རིགས་པའི་ཕྱིར་རོ། །ཇི་ལྟར་ཉོན་མོངས་པ་མེད་པ་དང་། སྨོན་ནས་ཤེས་པ་དག་བསམ་གཏན་བཞི་པའི་མཐའ་ཡོངས་སུ་བསྒོམས་པ་ལ་བརྟེན་ནས་མངོན་པར་བསྒྲུབ་དགོས་ པ་བཞིན་དུ། དེ་བཞིན་གཤེགས་པའི་མཁྱེན་པ་མ་འདྲེས་པ་རྣམས་ཀྱང་དེ་བཞིན་དུ་བལྟ་བར་བྱའོ། །མངོན་པར་ཤེས་པ་ལ་སོགས་པ་ལྷག་མ་རྣམས་ནི་བསམ་གཏན་ཐམས་ཅད་ལ་བརྟེན་ནས་ཀྱང་། མངོན་པར་བསྒྲུབ་ཏུ་རུང་བར་རིག་པར་བྱའོ། །བདེན་པ་མངོན་པར་རྟོགས་པ་ ནི་བསམ་གཏན་རྣམས་ཁོ་ན་དང་། བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་པ་མེད་པ་ལ་བརྟེན་ནས་ཀྱང་མངོན་པར་རྟོགས་པར་འགྱུར་གྱི། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལས་ནི་མ་ཡིན་ཏེ། འདི་ལྟར་གཟུགས་མེད་པའི་སྙོམས་པར་འཇུག་པའི་ ལམ་ནི་ཞི་གནས་ཤས་ཆེ་བ་ཡིན་ལ། ལྷག་མཐོང་ཆུང་བ་ཡིན་པས། ལྷག་མཐོང་ཆུང་བའི་ལམ་གྱིས་ནི་བདེན་པ་རྣམས་མངོན་པར་རྟོགས་པར་མི་ནུས་པའི་ཕྱིར་རོ། །གཟུགས་ཀྱི་ཁམས་སམ། གཟུགས་མེད་པའི་ཁམས་གོང་མར་སྐྱེས་པས་ཀྱང་དང་པོར་བདེན་པ་རྣམས་མངོན་ པར་མི་རྟོགས་ཏེ། འདི་ལྟར་གནས་དེ་དག་ནི་སྐྱོ་བར་འགྱུར་དཀའ་བ་ཡིན་པས། རེ་ཞིག་སྐྱོ་བ་ཆུང་ངུས་ཀྱང་བདེན་པ་རྣམས་མངོན་པར་མི་རྟོགས་ན། གང་ན་སྐྱོ་བ་ཆུང་ངུ་ཡང་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པས་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར་རོ།། །།བམ་པོ་ཉི་ཤུ་ རྩ་དགུ་པ། འདི་མན་ཆད་ནི་ཀུན་རྫོབ་ཤེས་པ་དང་། འཇིག་རྟེན་ལས་འདས་པ་ཟག་པ་མེད་པའི་ཤེས་པ་དང་པོ་དང་། བར་མ་དང་། ཐ་མ་དག་ཏུ་ཇི་ལྟར་འགྱུར་བ་དེ་ལྟར་བརྗོད་པར་བྱའོ། །དང་པོར་སོ་སོའི་སྐྱེ་བོར་གྱུར་པའི་ཉོན་མོངས་པ་ཅན་གྱི་ལྟ་བ་ལྔ་པོ་ཇི་སྐད་བསྟན་པ་དག་ 130-1-256b དང་། འདོད་ཆགས་ལ་སོགས་པ་དང་མཚུངས་པར་ལྡན་པའི་ལོག་པའི་ཤེས་པ་གང་ཡིན་པ་དེ་ནི་ཀུན་རྫོབ་ཤེས་པ་ཉོན་མོངས་པ་ཅན་ཡིན་ཏེ། སྤང་བར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་ཡིན་ནོ། །དེའི་གཉེན་པོ་བསྐྱེད་པའི་ཕྱིར་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དད་པ་ལ་ སོགས་པས་ཡོངས་སུ་ཟིན་པ་སྐྱེད་པར་བྱེད་དེ། དེ་ནི་ཀུན་རྫོབ་ཤེས་པ་དགེ་བ་ཟག་པ་དང་བཅས་པ་ཡིན་ནོ། །དེ་ཡང་དག་པའི་ལྟ་བ་དེ་ལ་བརྟེན་ནས་ཐོས་པ་དང་། བསམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་དྲན་པ་ཉེ་བར་གཞག་པ་དག་ལ་བརྩོན་པར་བྱེད་དེ། དེ་ཡང་ཀུན་རྫོབ་ཤེས་པ་ དགེ་བ་ཟག་པ་དང་བཅས་པ་ཡིན་ནོ། །དེ་དེ་ལ་བརྟེན་ནས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་སྦྱོར་བ་བསྒོམས་པ་ལས་བྱུང་བའི་དྲན་པ་ཉེ་བར་གཞག་པ་དག་ལ་བརྩོན་པར་བྱེད་དེ། དེ་ཡང་ཀུན་རྫོབ་ཤེས་པ་དགེ་བ་ཟག་པ་དང་བཅས་པ་ཡིན་ནོ། །དེ་དེ་ལ་བརྟེན་ནས་མཐོང་བའི་ལམ་གྱི་སྦྱོར་བ་ ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་ལྡན་པའི་དྲན་པ་ཉེ་བར་གཞག་པ་དག་ལ་བརྩོན་པར་བྱེད་དེ། དེ་ཡང་ཀུན་རྫོབ་ཤེས་པ་དགེ་བ་ཟག་པ་དང་བཅས་པ་ཡིན་ནོ། །དེ་དེ་ལ་བརྟེན་ནས་མཐོང་བའི་ལམ་གྱི་བར་ཆད་མེད་པའི་ལམ་གྱིས་བསྡུས་པ་འཇིག་རྟེན་པའི་ཆོས་ཀྱི་མཆོག་སྐྱེད་པར་བྱེད་དེ། དེ་ཡང་ཀུན་རྫོབ་ཤེས་པ་དགེ་བ་ཟག་པ་དང་བཅས་པ་ཡིན་ནོ། །དེ་ནི་རེ་ཞིག་དང་པོར་སོ་སོའི་སྐྱེ་བོའི་ས་ལ་ཀུན་རྫོབ་ཤེས་པའི་གོ་རིམས་ཡིན་པར་རིག་པར་བྱའོ། །དེ་ལ་འཇིག་རྟེན་པའི་ཆོས་ཀྱི་མཆོག་གིས་བསྡུས་པའི་ཀུན་རྫོབ་ཤེས་པ་དེ་ཉིད་ལ་བརྟེན་ནས་མཐོང་བའི་ལམ་ལ་ འཇུག་པར་བྱེད་ཅིང་། མཐོང་བའི་ལམ་ལ་ཡང་དག་པར་ཞུགས་པ་དེ་ས་བོན་རྣམ་པར་དག་པས་ཀུན་རྫོབ་ཤེས་པ་དགེ་བ་ཟག་པ་དང་བཅས་པ་སྔར་ཡོངས་སུ་བསྒོམས་པ་དེ་ཉིད་སྒོམ་པར་བྱེད་དོ། །མངོན་པར་རྟོགས་པའི་མཐའ་ལ་མཐོང་བའི་ལམ་ལས་ལངས་པ་དེའི་མཐོང་བས་ སྤང་བར་བྱ་བའི་ཆོས་གང་དག་ལས་སྔོན་རྣམ་པར་གྲོལ་བར་མ་གྱུར་པ་དེ་དག་ལས་རྣམ་པར་གྲོལ་བ་གང་ཡིན་པ་དེ་ཡང་སྐྱེ་བར་འགྱུར་རོ། །དེ་སྐྱེས་པས་འཕགས་པའི་གང་ཟག་དེ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་ལ་ཡོངས་སུ་གཅོད་པར་བྱེད་དོ། །བདག་ 130-1-257a གི་སེམས་ཅན་དམྱལ་བ་རྣམས་དང་། ངན་སོང་གི་བར་དག་ནི་ཟད་དེ། བདག་ནི་རྒྱུན་དུ་ཞུགས་པ་ཡིན་ནོ་སྙམ་དུ་ཡང་ཡང་དག་པར་རིག་པར་བྱེད་དོ། །བདག་གི་ཉོན་མོངས་པ་རྣམས་ནི་འདི་ལྟ་འདི་ལྟར་སྤངས་སོ་སྙམ་དུ་ཡང་ཡང་དག་པར་རིག་པར་བྱེད་དོ། ། འདོད་ན་གཞན་དག་ལ་ཡང་ཇི་ལྟར་ལན་གདབ་པར་བྱ་བ་དེ་ལྟར་འདོགས་པར་བྱེད་ཅིང་ལེགས་པར་བརྟགས་ནས་ལན་འདེབས་པར་ཡང་བྱེད་དོ། །བདེན་པ་རྣམས་མངོན་པར་རྟོགས་པ་དེ་ཡང་ཤེས་རབ་ཀྱིས་རྣམ་པར་འཇོག་པར་བྱེད་དོ། །དེ་འཇིག་རྟེན་པའི་ལམ་གྱིས་དེའི་གོང་དུ་གང་ དང་གང་ལས་འདོད་ཆགས་དང་མ་བྲལ་བ་དེ་དང་དེ་ལས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་བརྩོན་པར་བྱེད་ཅིང་། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་ལས་འདོད་ཆགས་དང་བྲལ་བར་ཡང་མངོན་དུ་བྱེད་དོ། །འཕགས་པའི་གང་ཟག་གིས་འཇིག་རྟེན་ལས་འདས་པའི་ཤེས་པའི་རྗེས་ ལས་ཐོབ་པ་ཀུན་རྫོབ་ཤེས་པའི་ཚུལ་དེས་འདོད་ཆགས་དང་བྲལ་བར་བྱེད་པ་གང་ཡིན་པ་དེ་དང་། འཕགས་པ་མ་ཡིན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བར་བྱས་པ་གང་ཡིན་པ་དེ་ནི་མཚུངས་པར་རིག་པར་བྱ་སྟེ། ཉོན་མོངས་པའི་ས་བོན་ཉམས་པར་ནི་བྱེད་ལ། ཡང་དག་པར་ འཇོམས་པར་ནི་མི་བྱེད་པ་ཡང་དེ་ཁོ་ན་བཞིན་ནོ། །ཀུན་རྫོབ་ཤེས་པ་དེ་ཡང་འཇིག་རྟེན་ལས་འདས་པའི་ཤེས་པའི་རྗེས་ལས་ཐོབ་པ་གང་ཡིན་པ་དེ་ནི་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་ཡིན་པར་བརྗོད་པར་བྱའི། གཅིག་ཏུ་འཇིག་རྟེན་པ་ནི་མ་ཡིན་ནོ། །དེ་ལ་བརྩོན་པ་དེའི་ལམ་ནི་ བཞི་ཡོད་པར་རིག་པར་བྱ་སྟེ། སྦྱོར་བའི་ལམ་དང་། བར་ཆད་མེད་པའི་ལམ་དང་། རྣམ་པར་གྲོལ་བའི་ལམ་དང་། ཁྱད་པར་གྱི་ལམ་རྣམས་སོ། །དེ་ལས་ཐམས་ཅད་དུ་གཏོགས་པའི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་བྱེ་བྲག་རྣམ་པ་ དགུ་པོ་དག་ལས་རྣམ་པ་གང་ཡང་རུང་བ་སྤོང་བ་དང་རྗེས་སུ་མཐུན་པ་ནི་ལམ་དང་པོ་ཡིན་ནོ། །དེ་མ་ཐག་ཏུ་སྤོང་བ་ནི་ལམ་གཉིས་པ་ཡིན་ནོ། །སྤངས་མ་ཐག་པ་ནི་ལམ་གསུམ་པ་ཡིན་ནོ། །དེའི་འོག་ཏུ་སྤངས་པ་ནི་ལམ་བཞི་པ་ཡིན་ནོ། །ཁྱད་པར་གྱི་ལམ་དེ་ཡང་རྣམ་པ་གཉིས་ 130-1-257b ཏེ། རེས་འགའ་གལ་ཏེ་དེ་མ་ཐག་ཏུ་རྣམ་པ་གཞན་སྤང་བའི་ཕྱིར་བརྩོན་པར་བྱེད་ན་ནི་རྣམ་པ་གཞན་གྱི་སྦྱོར་བའི་ལམ་གང་ཡིན་པ་དེ་སྔ་མའི་ཁྱད་པར་གྱི་ལམ་ཡིན་ནོ། །ལན་འགའ་གལ་ཏེ་དེ་མ་ཐག་ཏུ་དེ་ཙམ་གྱིས་ཆོག་པར་འཛིན་ཅིང་གོང་དུ་རྩོལ་བར་མི་བྱེད་དམ། བག་མེད་པར་ གནས་སམ། སྤོང་བ་དེ་ཉིད་ལ་སོ་སོར་རྟོགས་པའི་ཤེས་པས། སོ་སོར་རྟོག་པར་བྱེད་དམ། དཔྱོད་པའི་ཡིད་ལ་བྱེད་པས་དཔྱོད་པར་བྱེད་ན་ནི་ཁྱད་པར་གྱི་ལམ་ཁོ་ན་ཡིན་ནོ། །དེའི་མི་ལྕོགས་པ་མེད་པ་མ་གཏོགས་པ་ཉེར་བསྡོགས་ཐམས་ཅད་ལ་ནི་ཀུན་རྫོབ་ཤེས་པ་ཁོ་ན་ཡིན་གྱི། འཇིག་རྟེན་ལས་འདས་པ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མི་ལྕོགས་པ་མེད་པ་ནི་སེམས་མཉམ་པར་གཞག་པ་དང་པོ་ཡིན་ལ། བསམ་གཏན་དང་པོ་ཡན་ཆད་ཀྱི་བསམ་གཏན་དང་། ཏིང་ངེ་འཛིན་དེ་ནི་ཏིང་ངེ་འཛིན་སྔོན་དུ་བཏང་བ་ཡིན་པའི་ཕྱིར་ཏེ། དེ་ལྟ་བས་ན་འཕགས་ པ་ཉན་ཐོས་ནི་དེ་ཡན་ཆད་དངོས་གཞི་ལས་བྱུང་བའི་འཇིག་རྟེན་ལས་འདས་པའི་ཤེས་པ་ཁོ་ནས་བརྩོན་པར་བྱེད་ཀྱི། ཉེར་བསྡོགས་ལས་བྱུང་བས་ནི་མ་ཡིན་ནོ། །སྲིད་པའི་རྩེ་མོ་པའི་ཤེས་པ་ཡང་གཅིག་ཏུ་ཀུན་རྫོབ་ཤེས་པས་བསྡུས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གནས་དེ་ ལ་ཡིད་ལ་བྱེད་པ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་རྣམ་པ་ཉིད་ཡིན་པས། འཇིག་རྟེན་ལས་འདས་པའི་ཡིད་ལ་བྱེད་པ་དང་ཆ་མི་མཐུན་པ་ཡིན་ལ། འཇིག་རྟེན་ལས་འདས་པའི་ཡིད་ལ་བྱེད་པ་ནི་འདུ་ཤེས་ལ་སྙོམས་པར་འཇུག་པས་བསྡུས་པ་ཡིན་པའི་ཕྱིར་ཏེ། དེ་ནི་ སློབ་པའི་ས་ལས་བརྩམས་ནས་ཀུན་རྫོབ་ཤེས་པ་བར་གྱི་མཐའ་དང་ལྡན་པ་ཡིན་པར་བལྟ་བར་བྱའོ། །དགྲ་བཅོམ་པའི་རྒྱུད་ལ་ཡོད་པ་ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་ནས་བཟུང་སྟེ། ཀུན་རྫོབ་ཤེས་པས་བསྡུས་པ། མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་ཐམས་ ཅད་ཀྱི་བར་ནི་དུས་ཕྱི་མའི་མཐས་ཤིན་ཏུ་རྣམ་པར་དག་པ་ཟག་པ་མེད་པ་ཀུན་དུ་སྦྱོར་བ་ཐམས་ཅད་ལས་རྣམ་པར་གྲོལ་བ་འཇིག་རྟེན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མོས་པས་སྤྱོད་པའི་ས་ནས་བཟུང་སྟེ། མཐར་ཐུག་པའི་འགྲོ་བའི་སའི་བར་དུ་དང་པོ་དང་། བར་མ་དང་། 130-1-258a ཐ་མ་དག་ལ་ནི་ཐམས་ཅད་དུ་ཡང་ཀུན་རྫོབ་ཤེས་པ་ཁོ་ན་ཡིན་པར་རིག་པར་བྱའོ། །དེ་ལ་དང་པོས་ནི་མོས་པས་སྤྱོད་པའི་སའོ། །བར་མ་ནི་ལྷག་པའི་བསམ་པ་དག་པའི་ས་ནས་བཟུང་སྟེ། སྤྱོད་པ་ངེས་པའི་སའི་བར་རོ། །ཐ་མ་ནི་མཐར་ཐུག་པར་འགྲོ་བའི་སའོ། ། ས་དེ་དག་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་པ་རྣམ་པ་གཉིས་འབྱུང་སྟེ། སྤྲོས་པ་དང་བཅས་པའི་འདུ་ཤེས་ཀྱིས་སྤྱོད་པའི་རྣམ་པ་དང་། སྤྲོས་པ་མེད་པའི་འདུ་ཤེས་ཀྱིས་སྤྱོད་པའི་རྣམ་པའོ། །དེ་ཤིན་ཏུ་ཡོངས་སུ་བསྒོམས་པའི་ཕྱིར་དེ་བཞིན་གཤེགས་པར་གྱུར་ནས་ནི་ དེའི་རྗེས་ལ་འཇིག་རྟེན་ལས་འདས་པ་དང་འདྲ་བའི་སྒྲིབ་པ་མི་མངའ་བའི་མཁྱེན་པ་ཀུན་རྫོབ་ཤེས་པས་བསྡུས་པ་བརྙེས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་སྨོན་ནས་ཤེས་པ་དང་འདྲ་བའི་ཤེས་པ་ཡོད་དེ། དེ་ཡང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སྨོན་ ནས་ཤེས་པ་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །མངོན་པར་ཤེས་པ་ལ་སོགས་པ་དང་། སྟོང་པ་ཉིད་ལ་སོགས་པའི་ཤེས་པ་ལ་སོགས་པ་ཡང་དེ་བཞིན་དུ་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ནི་སྟོབས་བཅུའི་རིགས་དག་ལ་འཇུག་གི །ཉན་ཐོས་དང་རང་ སངས་རྒྱས་རྣམས་ནི་མ་ཡིན་པའི་ཕྱིར་རོ། །དེ་ནི་རེ་ཞིག་ཀུན་རྫོབ་ཤེས་པ་དང་པོ་དང་། བར་མ་དང་། ཐ་མ་དག་ཏུ་འབྱུང་བ་ཡིན་པར་བལྟ་བར་བྱའོ། །འཇིག་རྟེན་ལས་འདས་པའི་ཤེས་པའི་དང་པོ་དང་། བར་མ་དང་། ཐ་མ་དག་ནི་མཐོང་བའི་ལམ་དང་། བསྒོམ་པའི་ལམ་ དང་། སློབ་པའི་ལམ་མོ། །དེ་ལ་མཐོང་བའི་ལམ་གྱི་ཆོས་ཤེས་པའི་ཕྱོགས་དང་མཐུན་པ་ནི་འདོད་པ་ན་སྤྱོད་པའི་མཐོང་བས་སྤང་བར་བྱ་བ་རྣམས་ཀྱི་གཉེན་པོ་ཡིན་ནོ། །རྗེས་སུ་རྟོགས་པའི་ཤེས་པའི་ཕྱོགས་དང་མཐུན་པ་ནི་གཟུགས་དང་། གཟུགས་མེད་པ་ན་སྤྱོད་པའི་མཐོང་བས་ སྤང་བར་བྱ་བ་རྣམས་ཀྱི་གཉེན་པོ་ཡིན་ནོ། །གང་ལ་རྗེས་སུ་རྟོགས་པའི་ཤེས་པ་མངོན་དུ་བྱེད་པ་དེ་ཐམས་ཅད་ཤེས་པ་དེས་གཟུགས་དང་། གཟུགས་མེད་པའི་ཁམས་དག་ལ་རྟོགས་པར་བྱེད་དམ་ཞེ་ན། སྨྲས་པ། དེས་གལ་ཏེ་སྔོན་གཟུགས་དང་། གཟུགས་མེད་པ་དག་ཐོས་པ་དང་། 130-1-258b བསམ་པ་དང་། གཟུང་བར་འགྱུར་ན་ནི་རྟོགས་པར་བྱེད་དོ། །དེ་ལྟ་མ་ཡིན་ན་རྟོགས་པར་མི་བྱེད་དོ། །ཤེས་པ་ལྷག་མ་རྣམས་ནི་ལྷག་མཐོང་གི་ཕྱོགས་དང་ཞི་གནས་ཀྱི་ཕྱོགས་ལ་ཆོས་ཤེས་པ་དང་རྗེས་སུ་རྟོགས་པའི་ཤེས་པའི་ཕྱོགས་དང་མཐུན་པ་དག་ཡིན་པར་རིག་པར་བྱའོ། ། དེ་ལ་མཐོང་བའི་ལམ་གྱི་ཤེས་པ་དང་པོ་སྐྱེས་ན་དེ་ལས་གཞན་པའི་ཤེས་པ་རྣམས་ཀྱི་སྐྱེ་བའི་རྐྱེན་ཡོངས་སུ་ཟིན་པ་དང་། རྒྱུ་ཡོངས་སུ་བརྟས་པར་འགྱུར་ཞིང་། སྐད་ཅིག་དེ་ཉིད་ལ་མཐོང་བའི་ལམ་ཐམས་ཅད་ཀྱང་ཐོབ་པར་འགྱུར་རོ། །ཐོབ་ནས་དེའི་རིམ་གྱིས་མངོན་དུ་འགྱུར་བར་བལྟ་བར་བྱ་སྟེ། མཐོང་བའི་ལམ་དེ་ནི་མྱུར་དུ་འགྲོ་བ་ཡིན་པར་རིག་པར་བྱའོ། །བསྒོམ་པའི་ལམ་ནི་གལ་ཏེ་འཇིག་རྟེན་ལས་འདས་པའི་ལམ་གྱིས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་བརྩོན་པར་བྱེད་ན་སྟེ། དེའི་འཇིག་རྟེན་ལས་འདས་པ་དག་ནི་སྦྱོར་བའི་ལམ་ལ་སོགས་པ་སྔ་མ་བཞིན་དུ་བལྟ་བར་བྱའོ། ། དེ་ལ་སྡུག་བསྔལ་ལ་སོགས་པའི་བདེན་པ་དག་ལ་སྤྲོས་པ་དང་བཅས་པའི་འདུ་ཤེས་ཀྱིས་སྤྱོད་ན་ནི་ཀུན་རྫོབ་ཤེས་པ་འབྱུང་ལ། སྤྲོས་པ་མེད་པའི་འདུ་ཤེས་ཀྱིས་སྤྱོད་ན་ནི་འཇིག་རྟེན་ལས་འདས་པའི་ཤེས་པ་འབྱུང་ངོ་། །མཚན་མ་དང་བཅས་པའི་འདུ་ཤེས་ཀྱིས་ནི་བདེན་པ་ཇི་ལྟར་མཐོང་བ་ དང་། ཇི་ལྟར་རྟོགས་པ་རྣམས་ཀྱི་མཚན་མ་ལེགས་པར་ཟིན་པར་འགྱུར་ཞིང་། ཤེས་པ་སྣ་ཚོགས་ལ་གོམས་ཤིང་མཁས་པར་ཡང་འགྱུར་རོ། །འཇིག་རྟེན་པའི་སྐྱོ་བའི་རྣམ་པ་དག་གིས་སེམས་སྐྱོ་བར་ཡང་འགྱུར་ཞིང་། ཆོས་ཀྱི་ལོངས་སྤྱོད་སྣ་ཚོགས་བྱས་པར་ཡང་འགྱུར་ཏེ། དེའི་ཕྱིར་ འཕགས་པའི་གང་ཟག་ནི་འཇིག་རྟེན་པའི་ལམ་གྱིས་ཀྱང་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་བརྩོན་པར་བྱེད་དོ། །མི་སློབ་པའི་ས་ལ་འཇིག་རྟེན་ལས་འདས་པའི་ཤེས་པ་དེ་ཉིད་བསྒོམ་པས་སླང་བར་བྱ་བའི་ཉོན་མོངས་པ་ལས་རྣམ་པར་གྲོལ་བའི་ཕྱིར་ཤིན་ཏུ་རྣམ་པར་དག་པ་དང་། འཇིག་ རྟེན་པའི་ཡོན་ཏན་ཐམས་ཅད་ཀྱི་གནས་དང་གཞིར་གྱུར་པ་དང་། ས་འོག་མ་དང་། ས་གོང་མ་པའི་ཡོན་ཏན་ཐམས་ཅད་ལ་དབང་སྒྱུར་བར་བྱེད་པ་དེ་ནི་འཇིག་རྟེན་ལས་འདས་པའི་ཤེས་པ་ཡིན་ཏེ། དེ་ལྟར་འཇིག་རྟེན་ལས་འདས་པའི་ཤེས་པ་དང་པོ་དང་། བར་དང་། ཐ་མ་དག་ཏུ་ 130-1-259a འབྱུང་བ་ཡིན་པར་བལྟ་བར་བྱའོ། །དེ་ལ་རྫུ་འཕྲུལ་གྱི་ཡུལ་ཤེས་པ་ནི་སྦྱོར་བ་ལས་བྱུང་བ་ཡང་ཡོད། སྐྱེས་ནས་ཐོས་པ་ཡང་ཡོད་དོ། །དེ་ལ་སྦྱོར་བ་ལས་བྱུང་བ་ནི་འདི་ལྟ་སྟེ། འདིར་སྐྱེས་པའི་སོ་སོའི་སྐྱེ་བོ་རྣམས་དང་། སློབ་པ་རྣམས་དང་། མི་སློབ་པ་རྣམས་ དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྒོམས་པའི་འབྲས་བུ་ཡིན་ནོ། །སྐྱེས་ནས་ཐོབ་པ་ནི་གཟུགས་ཀྱི་ཁམས་སུ་སྐྱེས་པ་རྣམས་ཀྱི་སྔོན་བསྒོམས་པ་ལ་བརྟེན་ནས་ཕྱིས་སྐྱེས་ནས་ཐོབ་པ་གང་ཡིན་པ་དང་། འདོད་པ་ན་སྤྱོད་པའི་ལྷ་རྣམས་དང་། མི་ཁ་ཅིག་གིས་བསོད་ནམས་ཀྱི་ སྟོབས་ཀྱིས་ཐོབ་པ་གང་ཡིན་པ་སྟེ། འདི་ལྟ་སྟེ། དཔེར་ན་རྒྱལ་པོ་ང་ལས་ནུའི་ལྟ་བུའོ། །རྫུ་འཕྲུལ་ནི་རིས་མཐུན་པས་བསྡུས་པའི་བྱ་རྣམས་དང་། ཡི་དྭགས་ཁ་ཅིག་གི་ཡང་ཡིན་ནོ། །ནོར་བུ་དང་། གསང་སྔགས་དང་། སྨན་དག་གི་མཐུ་ཡང་འདི་ལྟ་སྟེ། གཤེད་བྱེད་དང་ བྱད་སྟེམས་དང་། རོ་ལངས་དང་རོ་ལངས་ཕྱེད་པ་ལ་སོགས་པ་ལ་རྫུ་འཕྲུལ་ཞེས་བྱའོ། །རབ་ཏུ་དབྱེ་བའི་ཚུལ་དེ་ཉིད་ཀྱིས་དེ་ལས་གཞན་པའི་མངོན་པར་ཤེས་པ་བཞི་པོ་འདི་དག་གི་མཐུ་ཡང་ཅི་རིགས་པར་རིག་པར་བྱའོ། །དེ་ལ་རྣམ་པར་ཤེས་པར་བྱ་བའི་ཆོས་རྣམས་ནི་ཆོས་ཐམས་ ཅད་ཡིན་པར་བལྟ་བར་བྱ་སྟེ། དེ་དག་ཀྱང་རྣམ་པར་ཤེས་པས་ཅི་རིགས་པར་རྣམ་པར་ཤེས་པར་བྱ་བ་དག་ཡིན་ནོ། །རྣམ་པར་ཤེས་པར་བྱ་བའི་ཆོས་རྣམས་རྣམ་པར་ཤེས་པར་བྱ་བའི་ཕྱིར། རྣམ་པར་ཤེས་པའི་རབ་ཏུ་དབྱེ་བ་ཡང་རྣམ་པ་ལྔས་རྣམ་པར་གཞག་སྟེ། ལྔ་གང་ཞེ་ན། གནས་དང་དམིགས་པའི་རབ་ཏུ་དབྱེ་བ་དང་། ཡོངས་སུ་ཉམས་པ་དང་ཡོངས་སུ་མ་ཉམས་པའི་རབ་ཏུ་དབྱེ་བ་དང་། དམན་པ་དང་། གྱ་ནོམ་པའི་རབ་ཏུ་དབྱེ་བ་དང་། སེམས་ལས་བྱུང་བའི་ཆོས་ཀྱི་རབ་ཏུ་དབྱེ་བ་དང་། མི་མཐུན་པའི་ཕྱོགས་དང་། གཉེན་པོ་དང་། སྐྱེ་བའི་རབ་ཏུ་ དབྱེ་བས་སོ། །དེ་ལ་གནས་དང་དམིགས་པའི་རབ་ཏུ་དབྱེ་བས་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམ་པར་ཤེས་པ་དྲུག་པོ་དག་ཡིན་ཏེ། དེ་ལ་མིག་གི་རྣམ་པར་ཤེས་པས་ནི་གཟུགས་དག་རྣམ་པར་ཤེས་པར་བྱེད་དོ། །ལྷག་མ་རྣམས་ཀྱིས་ཀྱང་རང་རང་གི་ཡུལ་སོ་སོར་ 130-1-259b རྣམ་པར་ཤེས་པར་བྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པས་ནི་མིག་དང་གཟུགས་རྣམས་ནས། རྒྱས་པར་ཡིད་དང་ཆོས་རྣམས་ཀྱི་བར་ཡང་རྣམ་པར་ཤེས་པར་བྱེད་དོ། །དེ་ལ་སྡུག་བསྔལ་གྱི་ཚོར་བ་དང་མཚུངས་པར་ལྡན་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་ཡོངས་སུ་ཉམས་པ་ཞེས་བྱ་ སྟེ། དེས་ན་སྡུག་བསྔལ་དང་ཡིད་མི་བདེ་བའི་གནས་ལྟ་བུའི་ཆོས་ཡིད་དུ་མི་འོང་བ་རྣམས་རྣམ་པར་ཤེས་པར་བྱེད་དོ། །བདེ་བའི་ཚོར་བ་དང་མཚུངས་པར་ལྡན་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་ཡོངས་སུ་མ་ཉམས་པ་ཞེས་བྱ་སྟེ། དེས་ནི་བདེ་བ་དང་ཡིད་བདེ་བའི་གནས་ལྟ་བུའི་ ཆོས་ཡིད་དུ་འོང་བ་རྣམས་རྣམ་པར་ཤེས་པར་བྱེད་དོ། །སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་དང་མཚུངས་པར་ལྡན་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་ཡོངས་སུ་ཉམས་པ་ཡང་མ་ཡིན་ཡོངས་སུ་མ་ཉམས་པ་ཡང་མ་ཡིན་པ་ཞེས་བྱ་སྟེ། དེས་ནི་བཏང་སྙོམས་ ཀྱི་གནས་ལྟ་བུའི་ཆོས་རྣམས་རྣམ་པར་ཤེས་པར་བྱེད་དེ། དེ་ལྟར་དེ་ནི་ཡོངས་སུ་ཉམས་པ་དང་། ཡོངས་སུ་མ་ཉམས་པའི་རབ་ཏུ་དབྱེ་བ་ཡིན་ནོ། །དེ་ལ་མི་དགེ་བའི་ཆོས་རྣམས་སམ། བསྒྲིབས་པའི་ཆོས་རྣམས་དང་མཚུངས་པར་ལྡན་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་ དམན་པ་ཞེས་བྱ་སྟེ། དེས་ནི་ཉོན་མོངས་པ་ཅན་གྱི་རྣམ་པར་ཤེས་པའི་སྤྱོད་ཡུལ་གྱི་ཆོས་རྣམས་རྣམ་པར་ཤེས་པར་བྱེད་དོ། །དགེ་བའི་ཆོས་རྣམས་དང་མཚུངས་པར་ལྡན་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་གྱ་ནོམ་པ་ཞེས་བྱ་སྟེ། དེས་ནི་དགེ་བ་དང་ལྡན་པའི་རྣམ་པར་ཤེས་ པའི་སྤྱོད་ཡུལ་གྱི་ཆོས་རྣམས་རྣམ་པར་ཤེས་པར་བྱེད་དོ། །ལུང་དུ་མ་བསྟན་པའི་ཆོས་རྣམས་དང་མཚུངས་པར་ལྡན་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་དམན་པ་ཡང་མ་ཡིན། གྱ་ནོམ་པ་ཡང་མ་ཡིན་པ་ཞེས་བྱ་སྟེ། དེས་ཀྱང་དེའི་སྤྱོད་ཡུལ་གྱི་ཆོས་རྣམས་རྣམ་པར་ཤེས་པར་བྱེད་དེ། དེ་ལྟར་ དེ་ནི་རྣམ་པར་ཤེས་པའི་དམན་པ་དང་། གྱ་ནོམ་པའི་རབ་ཏུ་དབྱེ་བ་ཡིན་ནོ། །སེམས་ཐམས་ཅད་དང་འབྱུང་བའི་སེམས་ལས་བྱུང་བ་རྣམས་དང་། དགེ་བའི་སེམས་ཐམས་ཅད་དང་འབྱུང་བ་རྣམས་ནི་སེམས་ལས་བྱུང་བའི་ཆོས་ཀྱི་རབ་ཏུ་དབྱེ་བ་ཞེས་བྱའོ། །ལྷག་མ་ནི་འདི་ལྟ་སྟེ། 130-1-260a ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི་སྐབས་སུ་སྔར་བསྟན་པ་བཞིན་དུ་བལྟ་བར་བྱའོ། །དེ་ལ་སེམས་ཐམས་ཅད་དང་འབྱུང་བ་ནི་ལྔ་སྟེ། ཡིད་ལ་བྱེད་པ་དང་། རེག་པ་དང་། ཚོར་བ་དང་། འདུ་ཤེས་དང་། སེམས་པའོ། །དེ་དག་གི་མཚན་ཉིད་ནི་ཡིད་ཀྱི་སར་ བསྟན་ཟིན་ཏོ། །དགེ་བའི་སེམས་ཐམས་ཅད་དང་། འབྱུང་བ་ནི་བཅུ་སྟེ། འདི་ལྟ་སྟེ་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་། དད་པ་དང་། བརྩོན་འགྲུས་དང་། བག་ཡོད་པ་དང་། རྣམ་པར་མི་འཚེ་བ་དང་། བཏང་ སྙོམས་སོ། །དེ་དག་ནི་མཉམ་པར་བཞག་པའི་ས་པའི་སེམས་ལ་ཡང་འབྱུང་། མཉམ་པར་མ་བཞག་པའི་ས་པའི་སེམས་ལ་ཡང་འབྱུང་སྟེ། མཉམ་པར་བཞག་པའི་ས་པའི་སེམས་ལ་ནི་ཤིན་ཏུ་སྦྱངས་པར་ལྷག་པར་རིག་པར་བྱའོ། །དེ་ལ་བག་ཡོད་པ་ནི་བཏགས་པའི་ ཆོས་ཡིན་པར་བལྟ་བར་བྱའོ། །དེ་དག་དང་མཚུངས་པར་ལྡན་པའི་རྣམ་པར་ཤེས་པས་ནི་ཆོས་ཐམས་ཅད་རྣམ་པར་ཤེས་པར་བྱེད་དེ། དེ་ལྟར་དེ་ནི་སེམས་ལས་བྱུང་བའི་ཆོས་ལས་གྱུར་པའི་རྣམ་པར་ཤེས་པར་བྱ་བའི་ཆོས་ཀྱི་རབ་ཏུ་དབྱེ་བ་ཡིན་ནོ། །དེ་ལ་མི་མཐུན་པའི་ཕྱོགས་ སུ་གྱུར་པ་ནི་སེམས་བཅོ་ལྔ་སྟེ། འདོད་པ་དང་ལྡན་པའི་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བ་ལྔ་དང་། འདོད་པ་དང་ལྡན་པ་ཇི་ལྟ་བ་དེ་བཞིན་དུ། གཟུགས་དང་ལྡན་པ་ལྔ་དང་། གཟུགས་མེད་པ་དང་ལྡན་པ་ལྔའོ། ། གཉེན་པོར་གྱུར་པ་ནི་སེམས་བཅུ་དྲུག་པ་སྟེ། ཟག་པ་མེད་པ་དང་། སློབ་པ་དང་། མི་སློབ་པའིའོ། །མི་མཐུན་པའི་ཕྱོགས་དང་གཉེན་པོར་གྱུར་པའི་རྣམ་པར་ཤེས་པ་དེ་དག་གིས་ཀྱང་སྤྱོད་ཡུལ་ཇི་ལྟ་བའི་ཆོས་རྣམས་རྣམ་པར་ཤེས་པར་བྱེད་དོ། །སྐྱེ་བའི་རབ་ཏུ་དབྱེ་བ་ནི་མདོར་བསྡུ་ན་ རྣམ་པ་ལྔ་སྟེ། འདོད་པར་སྐྱེ་བའི་རྒྱུ་བ་དང་། གཟུགས་སུ་སྐྱེ་བའི་རྒྱུ་བ་དང་། གཟུགས་མེད་པར་སྐྱེ་བའི་རྒྱུ་བ་དང་། གང་དུ་འགྲོ་བ་དང་། འོག་ཏུ་ཕྱིར་འོང་བའོ། །དེ་ལ་འདོད་པ་དང་ལྡན་པའི་སེམས་དགེ་བ་དང་། ཉོན་མོངས་པ་ཅན་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་ཀྱི་ 130-1-260b མཇུག་ཐོགས་སུ་འདོད་པ་དང་ལྡན་པ་ཐམས་ཅད་འབྱུང་སྟེ། དེ་ལྟར་དེ་ནི་འདོད་པར་སྐྱེ་བའི་རྒྱུ་བ་ལས་རྣམ་པར་ཤེས་པ་རྣམས་ཀྱི་སྐྱེ་བའི་རབ་ཏུ་དབྱེ་བ་ཡིན་ནོ། །འདོད་པ་དང་ལྡན་པ་རྣམས་ཇི་ལྟ་བ་བཞིན་དུ་གཟུགས་དང་ལྡན་པ་དང་གཟུགས་མེད་པ་དང་ལྡན་པའི་རང་རང་གི་ས་པའི་རྣམ་པར་ ཤེས་པ་གསུམ་པོ་དག་གི་མཇུག་ཐོགས་སུ་ཡང་རང་རང་གི་ས་པའི་སེམས་གསུམ་པོ་ཐམས་ཅད་འབྱུང་ངོ་། །སྔོན་བསམ་གཏན་དང་། གཟུགས་མེད་པ་དག་མ་སྐྱེས་པ་སྐྱེད་པར་བྱེད་པ་ལ་ནི་འདོད་པ་ན་སྤྱོད་པའི་དགེ་བའི་སེམས་ཀྱི་མཇུག་ཐོགས་སུ་བསམ་གཏན་དང་པོའི་ས་པའི་དགེ་བའི་ སེམས་འབྱུང་ཞིང་། བསམ་གཏན་དང་པོའི་ས་པའི་དགེ་བའི་སེམས་ཀྱི་མཇུག་ཐོགས་སུ་ཡང་བསམ་གཏན་གཉིས་པའི་ས་པའི་དགེ་བའི་སེམས་འབྱུང་ལ། དེ་བཞིན་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ས་པའི་དགེ་བའི་སེམས་ཀྱི་མཇུག་ཐོགས་སུ་སྲིད་པའི་རྩེ་མོ་པའི་དགེ་བའི་སེམས་ཀྱི་བར་དུ་འབྱུང་ བར་འགྱུར་རོ། །གཟུགས་ན་སྤྱོད་པའི་དགེ་བའི་སེམས་ཀྱི་མཇུག་ཐོགས་སུ་མི་སློབ་པའི་སེམས་ཀྱང་འབྱུང་ལ། སློབ་པའི་སེམས་ཀྱི་མཇུག་ཐོགས་སུ་མི་སློབ་པའི་སེམས་ཀྱང་འབྱུང་ངོ་། །གལ་ཏེ་དེས་སྔོན་བསམ་གཏན་དང་། གཟུགས་མེད་པ་དག་སྐྱེད་ན་ནི་དེ་དག་ལས་ཡོངས་སུ་ཉམས་པར་ ཡང་མི་འགྱུར་ལ། དེ་འདོད་པ་ན་སྤྱོད་པའི་དགེ་བའི་སེམས་ཀྱི་མཇུག་ཐོགས་སུ་ས་གོང་མ་པ་དང་། སློབ་པ་དང་མི་སློབ་པའི་གཞི་སེམས་གང་དང་གང་མངོན་དུ་བྱེད་པར་འདོད་པ་དེ་ལ། རྣམ་པ་དང་མཚན་མ་དག་ལེགས་པར་གཟུང་བའི་ཕྱིར་རྣམ་པར་ཤེས་པ་དེ་དང་དེ་ཉིད་སྐྱེད་པར་བྱེད་དོ། །དེ་བཞིན་ དུ་ས་གོང་མ་ས་ལྷག་མ་རྣམས་ཀྱི་དགེ་བའི་སེམས་ཀྱི་མཇུག་ཐོགས་སུ་ས་གོང་མ་པའི་སེམས་དག་ཀྱང་སྐྱེ་བར་བལྟ་བར་བྱའོ། །འདོད་པ་ན་སྤྱོད་པའི་ལུང་དུ་མ་བསྟན་པའི་སེམས་ཀྱི་མཇུག་ཐོགས་སུ་ཡང་གཟུགས་ན་སྤྱོད་པའི་དགེ་བའི་སེམས་འབྱུང་སྟེ། འདི་ལྟ་སྟེ། འདོད་པ་ན་སྤྱོད་པའི་ སྤྲུལ་པའི་སེམས་གཟུགས་ན་སྤྱོད་པའི་འབྲས་བུ་དང་ལྡན་པའི་མཇུག་ཐོགས་ལྟ་བུའོ། །གཟུགས་ན་སྤྱོད་པའི་དགེ་བའི་སེམས་དེའི་མཇུག་ཐོགས་སུ་ཡང་འདོད་པ་ན་སྤྱོད་པའི་ལུང་དུ་མ་བསྟན་པའི་སེམས་འབྱུང་བར་རིག་པར་བྱའོ། །དེ་ནི་འདོད་པ་ན་སྤྱོད་པ་ཉིད་ཡིན་པར་རིག་པར་བྱ་སྟེ། དེའི་ 130-1-261a གཟུགས་བརྙན་གྱི་རིགས་འདྲ་བ་ཉིད་ཀྱི་ཕྱིར་ཡིན་གྱི། ངོ་བོ་ཉིད་ལ་ནི་མ་ཡིན་པའི་ཕྱིར་རོ། །འདོད་པ་ན་སྤྱོད་པའི་སེམས་དགེ་བ་དང་། ལུང་དུ་མ་བསྟན་པ་དང་ལྡན་པ་འདི་ནས་ཤི་འཕོས་པའི་མཇུག་ཐོགས་སུ་གོང་དུ་བསམ་གཏན་དང་པོར་སྐྱེ་བ་ནས་སྲིད་པའི་རྩེ་ མོའི་བར་དུ་སྐྱེ་བ་ལ་ནི་གོང་མའི་ས་པའི་ཉོན་མོངས་པ་ཅན་གྱི་སེམས་འབྱུང་སྟེ། འདི་ལྟར་ཐམས་ཅད་དུ་ཡང་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་ཉིང་མཚམས་སྦྱོར་བར་བྱེད་པའི་ཕྱིར་རོ། །དེ་ལྟར་དེ་ནི་གང་དུ་འགྲོ་བ་ལས་རྣམ་པར་ཤེས་པ་རང་གི་སྤྱོད་ཡུལ་ངེས་པ་རྣམས་ཀྱི་སྐྱེ་བའི་རབ་ཏུ་ དབྱེ་བ་ཡིན་པར་བལྟ་བར་བྱའོ། །སོ་སོའི་སྐྱེ་བོ་འཇིག་རྟེན་པའི་བསམ་གཏན་དང་། གཟུགས་མེད་པ་དག་ལས་ཡོངས་སུ་ཉམས་པ་ན་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་ཡོངས་སུ་ཉམས་པར་འགྱུར་ཏེ། ས་གོང་མ་པའི་དགེ་བ་དང་ཉོན་མོངས་པ་ཅན་གྱི་སེམས་དེའི་མཇུག་ཐོགས་སུ་ས་འོག་ མ་པའི་ཉོན་མོངས་པ་ཅན་གྱི་སེམས་དེ་འབྱུང་ངོ་། །ས་གོང་མ་པ་དག་ནས་ཤི་འཕོས་ནས་ས་འོག་མ་དག་ཏུ་སྐྱེ་བ་ལ་ནི་ས་གོང་མ་པའི་དགེ་བ་དང་། ཉོན་མོངས་པ་ཅན་དང་ལུང་དུ་མ་བསྟན་པའི་སེམས་ཐམས་ཅད་ཀྱི་མཇུག་ཐོགས་སུ་ས་འོག་མ་པའི་ཉོན་མོངས་པ་ཅན་གྱི་སེམས་ཁོ་ན་འབྱུང་ སྟེ། དེ་ལྟར་དེ་ནི་འོག་ཏུ་ཕྱིར་འོང་བ་ལས་རྣམ་པར་ཤེས་པ་རྣམས་ཀྱི་སྐྱེ་བའི་རབ་ཏུ་དབྱེ་བ་ཡིན་པར་རིག་པར་བྱའོ། །དེ་ལྟར་མི་མཐུན་པའི་ཕྱོགས་དང་། གཉེན་པོ་དང་། སྐྱེ་བའི་རབ་ཏུ་དབྱེ་བ་ལས་རྣམ་པར་ཤེས་པས་རང་གི་སྤྱོད་ཡུལ་དུ་ངེས་པའི་ཆོས་རྣམ་པར་ཤེས་པར་བྱ་བ་ རྣམས་རྣམ་པར་ཤེས་པར་བྱེད་དོ། །ཤེས་པའི་སྣང་བ་ལ་ཕན་ཡོན་ལྔ་ཡོད་དེ། ཤེས་བྱ་ལ་ལས་མུན་པ་ཐམས་ཅད་སེལ་བར་བྱེད་པ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཡོན་ཏན་དག་གིས་ལུས་ལ་ཕན་འདོགས་ཤིང་ཚིམ་པར་བྱེད་པ་དང་། དོན་མ་མཐོང་བ་ སྟོན་པར་བྱེད་པ་དང་། ཚེ་འདི་ལ་དགའ་བ་མཆོག་སྦྱིན་པར་བྱེད་པ་དང་། ལུས་ཞིག་ནས་གོ་འཕང་མཆོག་སྦྱིན་པར་བྱེད་དོ། །ཤེས་པའི་སྣང་བའི་ཡོན་ཏན་ནི་རྣམ་པ་བཅོ་ལྔས་ཕྱི་རོལ་གྱི་སྣང་བ་ལས་ཁྱད་པར་དུ་འཕགས་པར་རིག་པར་བྱ་སྟེ། བཅོ་ལྔ་གང་ཞེ་ན། ཕྱི་རོལ་པའི་ 130-1-261b སྣང་བ་ནི་གཟུགས་ཀྱི་རང་བཞིན་ཡིན་ལ། ཤེས་པའི་སྣང་བ་ནི་ཤེས་རབ་ཀྱི་རང་བཞིན་ཡིན་པ་དང་། ཕྱི་རོལ་པའི་སྣང་བ་ནི་ཕྱི་རོལ་གྱི་རབ་རིབ་འཇོམས་པ་ཡིན་ལ། ཤེས་པའི་སྣང་བ་ནི་ནང་གི་རབ་རིབ་འཇོམས་པ་དང་། དེ་བཞིན་དུ་རྟག་ཏུ་དགའ་བ་མ་ཡིན་པ་དང་། རྟག་ཏུ་དགའ་ བ་དང་། སེམས་ཅན་རྣམས་ལ་ཡང་དག་པར་རབ་ཏུ་མི་འབྱེད་པ་དང་། སེམས་ཅན་རྣམས་ལ་ཡང་དག་པར་རབ་ཏུ་འབྱེད་པ་དང་། ཤར་ནས་ནུབ་པར་འགྱུར་བ་དང་། ཤར་ནས་ནུབ་པར་མི་འགྱུར་བ་དང་། གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་དང་། རགས་པ་དང་། ཆ་ཕྲ་བ་ དང་། དགྲ་བོ་མུན་པ་ཡོད་པ་དང་། དགྲ་བོ་མེད་པ་དང་། གཡོ་བ་དང་། མི་གཡོ་བ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་མི་བྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་དང་། འདྲིས་པའི་གནས་སུ་ཁྲིད་པ་དང་། མ་འདྲིས་པའི་གནས་སུ་ཁྲིད་པ་དང་། སྒྲིབ་པ་ཐམས་ཅད་སེལ་ བར་མི་བྱེད་པ་དང་། སྒྲིབ་པ་ཐམས་ཅད་སེལ་བར་བྱེད་པ་དང་། ཆོད་པ་སེལ་བར་མི་བྱེད་པ་དང་། ཆོད་པ་སེལ་བར་བྱེད་པ་དང་། ཚད་མེད་པ་སྣང་བར་མི་བྱེད་པ་དང་། ཚད་མེད་པ་སྣང་བར་བྱེད་པ་དང་། མཐོང་བ་དང་མི་མཐུན་པ་དང་། མཐོང་བ་དང་མཐུན་པས་སོ། །དུལ་བ་ཉིད་ནི་རྣམ་པ་གསུམ་སྟེ། རྩེ་འཇིལ་བ་དང་། རྣམ་པར་གནོན་པ་དང་། བག་ལ་ཉལ་ཡང་དག་པར་འཇོམས་པ་ལས་སོ། །ཞི་བ་ཉིད་ཀྱང་རྣམ་པ་གསུམ་སྟེ། རྣམ་པར་རྟོག་པའི་ཀུན་དུ་འཁྲུག་པ་མེད་པ་དང་། མཚན་མའི་ཀུན་དུ་འཁྲུག་པ་མེད་པ་དང་། རང་གི་ངང་གིས་ནང་དུ་མངོན་པར་དགའ་བ་ལས་སོ། །ལེགས་པར་སྡོམ་པ་ ཡང་རྣམ་པ་གསུམ་སྟེ། ལུས་ལེགས་པར་སྡོམ་པ་དང་། ངག་ལེགས་པར་སྡོམ་པ་དང་། ཡིད་ལེགས་པར་སྡོམ་པ་ལས་སོ། །བྲམ་ཟེའི་ཚུལ་ཡང་རྣམ་པ་གསུམ་སྟེ། ཞུགས་པ་བྲམ་ཟེའི་ཚུལ་དང་། འབྲས་བུ་ལ་གནས་པ་བྲམ་ཟེའི་ཚུལ་དང་། མཐར་ཐུག་པ་བྲམ་ཟེའི་ཚུལ་ལོ། ། དགེ་སྦྱོང་གི་ཚུལ་ཡང་རྣམ་པ་གསུམ་སྟེ། ཞུགས་པ་དགེ་སྦྱོང་གི་ཚུལ་དང་། འབྲས་བུ་ལ་གནས་པ་དགེ་སྦྱོང་གི་ཚུལ་དང་། མཐར་ཐུག་པ་དགེ་སྦྱོང་གི་ཚུལ་ལོ། །བྲམ་ཟེ་ཡང་རྣམ་པ་གསུམ་སྟེ། མིང་བྲམ་ཟེ་དང་། རིགས་བྲམ་ཟེ་དང་། སྒྲུབ་པ་བྲམ་ཟེའོ། །ཚུལ་ 130-1-262a ཁྲིམས་ཉམས་པ་ནི་རྒྱུ་བཞིས་འགྱུར་ཏེ། ཉམས་པ་དེ་ཡང་ཚུལ་ཁྲིམས་ལ་བརྟེན་ནས། དགེ་བ་སྐྱེད་པར་འགྱུར་བ་གང་ཡིན་པ་དེ་མི་སྐྱེད་པ་སྟེ། ལྟུང་བ་ལྷག་མ་མ་ལུས་པར་འབྱིན་པ་དང་། ལྷག་མ་དང་བཅས་པ་མི་འཆགས་པ་དང་། ལྟུང་བ་བྱུང་བ་ བརྗེད་པ་དང་། ལྟུང་བ་མེད་པ་ལ་ལྟུང་བར་མངོན་པར་ཞེན་ལ་ལྟུང་བ་ལ་ལྟུང་བ་མེད་པར་མངོན་པར་ཞེན་པས་སོ། །དེ་ལས་བཟློག་པའི་རྒྱུ་བཞིས་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་རིག་པར་བྱའོ། །ཚུལ་ཁྲིམས་ཡང་དག་པར་བླང་བ་ནི་རྒྱུ་གཉིས་ཀྱིས་རྣམ་པར་དག་པ་དང་། ཕུན་ སུམ་ཚོགས་པར་རིག་པར་བྱ་སྟེ། གྲོགས་རྣམ་པར་དག་པ་དང་། ངོ་བོ་ཉིད་རྣམ་པར་དག་པས་སོ། །གྲོགས་རྣམ་པར་དག་པ་གང་ཞེ་ན། ལྟ་བ་རྣམ་པར་དག་པ་དང་། ཆོ་ག་རྣམ་པར་དག་པ་དང་། འཚོ་བ་རྣམ་པར་དག་པའོ། །ངོ་བོ་ཉིད་རྣམ་པར་དག་པ་གང་ཞེ་ན། གུས་པར་རྗེས་སུ་ སློབ་པ་དང་། མཐའ་དག་ལ་རྗེས་སུ་སློབ་པའོ། །རྣམ་གྲངས་གཞན་ཡང་ཚུལ་ཁྲིམས་ཡང་དག་པར་བླང་བ་ནི། རྒྱུ་གསུམ་གྱིས་རྣམ་པར་དག་པ་དང་། ཕུན་སུམ་ཚོགས་པར་རིག་པར་བྱ་སྟེ། བསམ་པ་རྣམ་པར་དག་པ་དང་། འཚོ་བ་རྣམ་པར་དག་པ་དང་། སྒྲུབ་པ་རྣམ་པར་དག་ པས་སོ། །བསམ་པ་རྣམ་པར་དག་པ་གང་ཞེ་ན། ཐར་པའི་ཕྱིར་ཚངས་པར་སྤྱད་པ་སྤྱོད་པར་བྱེད་ཀྱི། མཐོ་རིས་ཀྱི་ཕྱིར་ཡང་མ་ཡིན་པའོ། །འཚོ་བ་རྣམ་པར་དག་པ་གང་ཞེ་ན། ཚུལ་དང་མཐུན་པར་ཡོངས་སུ་ཚོལ་བར་བྱེད་དེ། ཇི་ལྟར་ཡོངས་སུ་བཙལ་བར་བྱ་བ་དང་། གང་ནས་ཡོངས་ སུ་བཙལ་བར་བྱ་བ་དེ་ལྟར་དེ་ནས་ཡོངས་སུ་བཙལ་ཏེ། འཚོ་བར་བྱེད་པ་གང་ཡིན་པའོ། །དེ་ལ་ཇི་ལྟར་ཡོངས་སུ་བཙལ་བར་བྱ་ཞེ་ན། ཚུལ་འཆོས་པས་ཡོངས་སུ་ཚོལ་བར་མི་བྱེད་པ་དང་། ཁ་གསག་གིས་མི་བྱེད་པ་དང་། གཞོགས་སློང་གིས་མི་བྱེད་པ་དང་། ཐོབ་ཀྱིས་འཇལ་གྱིས་མི་ བྱེད་པ་དང་། རྙེད་པས་རྙེད་པར་བྱེད་འདོད་པས་ཡོངས་སུ་ཚོལ་བར་མི་བྱེད་པ་དེ་ལྟར་ཡོངས་སུ་བཙལ་བར་བྱའོ། །གང་ནས་ཡོངས་སུ་བཙལ་བར་བྱ་ཞེ་ན། སྤྱོད་ཡུལ་མ་ཡིན་པ་ལྔ་མ་གཏོགས་པ་ནས་ཡོངས་སུ་བཙལ་བར་བྱའོ། །སྒྲུབ་པ་རྣམ་པར་དག་པ་གང་ཞེ་ན། ལྟུང་བའི་འབྲས་ 130-1-262b བུ་མི་འདོད་པ་ལ་མངོན་པར་ཡིད་ཆེས་པས་རྒྱུ་གང་ཡང་རུང་གནས་ཀྱང་རུང་སྟེ། བསམས་བཞིན་དུ་ལྟུང་བ་མི་འབྱིན་པ་དང་། བྱུང་ན་ཡང་གཞན་ལས་ཕྱིན་ཆད་སྡོམ་པ་ཡང་དག་པར་ལེན་པ་དང་། ཆོས་བཞིན་དུ་ཕྱིར་བྱེད་པའོ། །དགེ་སློང་དབང་པོ་རྣམས་ཀྱི་སྒོ་བསྡམ་པ་ཉིད་ལ་བརྩོན་པས་དྲན་ པའི་སྐྱོན་རྣམ་པ་བཞི་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་རྣམ་པ་བཞི་ཡོངས་སུ་ཤེས་པར་བྱ་སྟེ། དྲན་པའི་སྐྱོན་རྣམ་པ་བཞི་གང་ཞེ་ན། དྲན་པ་མེད་པ་དང་། དྲན་པ་མཐུ་ཆུང་བ་དང་། བརྗེད་ངས་པ་དང་། དྲན་པ་འཁྲུལ་པའོ། །དེ་ལ་དྲན་པ་མེད་པ་ནི་དབང་པོ་རྣམས་ཀྱི་སྒོ་བསྡམ་པ་ཉིད་ ལས་བརྩམས་ནས་ཆོས་མ་མཉན་པ་དང་། མ་བཟུང་བ་དང་། མ་བརྟགས་པའོ། །དེ་ལ་དྲན་པ་མཐུ་ཆུང་བ་ནི་ཐོས་པ་དང་། བཟུང་བ་དང་། བརྟགས་སུ་ཟིན་ཀྱང་། རྟག་ཏུ་བྱེད་པ་དང་། གུས་པར་བྱེད་པའི་སྦྱོར་བས་ཀུན་དུ་མ་བརྟེན་ཅིང་། གོམས་པར་མ་བྱས། ལན་མང་དུ་མ་བྱས་པའོ། ། དེ་ལ་བརྗེད་ངས་པ་ནི་འདི་ལྟ་སྟེ། ཀུན་དུ་བརྟེན་ཅིང་གོམས་པར་བྱས། ལན་མང་དུ་བྱས་ཀྱང་། བརྒྱ་ལ་བརྒྱ་ལམ་ན་ཤེས་བཞིན་མེད་པར་སྤྱོད་པར་འགྱུར་བའོ། །དེ་ལ་དྲན་པ་འཁྲུལ་པ་ནི་འདི་ལྟ་སྟེ། ཀུན་ནས་ཉོན་མོངས་པ་མ་ཡིན་པ་ལ་ཀུན་ནས་ཉོན་མོངས་པར་འདུ་ཤེས་པ་དང་། ཀུན་ནས་ཉོན་མོངས་པ་ལ་ཀུན་ནས་ཉོན་མོངས་པ་མ་ཡིན་པར་འདུ་ཤེས་པའོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་རྣམ་པ་བཞི་གང་ཞེ་ན། ཉོན་མོངས་པ་སྐྱེ་བའི་རྒྱུ་མཚན་དང་། ཀུན་ནས་ཉོན་མོངས་པ་སྐྱེ་བ་དང་མཚུངས་པར་ལྡན་པ་དང་། འཛེམ་པ་ཉམས་པ་དང་། ལྟུང་ བ་དང་འཁྲུལ་པ་ཀུན་ནས་སློང་བར་བྱེད་པའོ། །དེ་ལ་ཉོན་མོངས་པ་སྐྱེ་བའི་རྒྱུ་མཚན་ནི་འདི་ལྟ་སྟེ། མཚན་མར་འཛིན་པ་དང་། མངོན་རྟགས་སུ་འཛིན་པའི་གཞི་དེ་ལས་དེའི་སེམས་ཀྱི་རྗེས་སུ་སྡིག་པ་མི་དགེ་བའི་ཆོས་རྣམས་ཟག་པར་འགྱུར་བའོ། །དེ་ལ་ཀུན་ནས་ཉོན་མོངས་པ་ སྐྱེ་བ་དང་མཚུངས་པར་ལྡན་པ་ནི་སྡིག་པ་མི་དགེ་བའི་ཆོས་དེ་དག་ཉིད་དང་། ཀུན་དུ་སྤྱོད་པ་ལས་ལྡན་པ་གང་ཡིན་པའོ། །དེ་ལ་འཛེམ་པ་ཉམས་པ་ནི་འདི་ལྟ་སྟེ། བཟློག་པར་བྱ་བས་ཟློག་པར་མི་བྱེད་པ་སྟེ། སྡིག་པ་མི་དགེ་བའི་ཆོས་དེ་དག་ཉིད་ཀུན་དུ་སྤྱོད་པས་མི་བཟློགས་པའོ། ། 130-1-263a དེ་ལ་ལྟུང་བ་དང་འཁྲུལ་པ་ཀུན་ནས་སློང་བར་བྱེད་པ་ནི་འདི་ལྟ་སྟེ། འཛེམ་པ་མེད་པའི་གཞིའི་རྒྱུས་ལྟུང་བ་འབྱིན་པར་བྱེད་པ་དང་བསླབ་པ་འདུལ་བར་སེམས་པའོ། །ཟས་ཀྱི་ཚོད་རིག་པ་ཉིད་ལ་བརྩོན་པའི་ཟས་ཀྱི་ཚོད་རིག་པ་ཉིད་ནི་གནས་བརྒྱད་སྤངས་ པས་ཕུན་སུམ་ཚོགས་པ་ཡིན་ཏེ། བརྒྱད་གང་ཞེ་ན། ཟས་ལ་ལྷག་པར་ཆགས་པ་དང་། ལུས་ལ་ལྷག་པར་ཆགས་པ་དང་། སྲོག་གི་དབང་པོ་འགག་པ་དང་། བཀྲེས་ཤིང་ཉམ་ཆུང་བ་དང་། ལུས་ལྕི་བ་དང་། ནད་མེད་པ་མ་ཡིན་པ་དང་། འཚོ་བ་ཡོངས་སུ་མ་དག་པ་དང་། བྱ་བ་མང་པོ་ལ་རྣམ་པར་གཡེང་བ་ཉིད་དོ། ། མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་ནི་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་ཡང་གནས་བརྒྱད་སྤངས་པས་ཕུན་སུམ་ཚོགས་པ་ཡིན་ཏེ། བརྒྱད་གང་ཞེ་ན། སྤྱོད་ལམ་གྱིས་ལུས་ངལ་བ་ཉིད་དང་། གཉིད་དང་གློས་འབེབས་པ་དང་ཉལ་བའི་བདེ་བའི་རོ་མྱང་བ་དང་། ཀུན་ནས་ཉོན་ མོངས་པའི་རྒྱུ་མཚན་གྱི་རྗེས་སུ་འབྲང་བ་དང་། ཀུན་ནས་ཉོན་མོངས་པའི་གཉེན་པོ་བསྒོམ་པ་ལ་མི་བརྩོན་པ་དང་། དུས་མ་ཡིན་པར་མི་ཉལ་བ་དང་། དོན་མེད་པར་མི་ཉལ་བ་དང་། དུས་མ་ཡིན་པར་ཉལ་བ་དང་། དོན་མེད་པར་ཉལ་བའོ། །མངོན་པར་འབྱུང་ བའི་ས་ནི་མངོན་པར་འབྱུང་བ་རྣམ་པ་དྲུག་གི་དབང་དུ་བྱས་ནས། རྣམ་པར་གཞག་པར་རིག་པར་བྱའོ། །མི་མཐུན་པ་ལས་མངོན་པར་འབྱུང་བ་དང་། མེད་པ་ལས་མངོན་པར་འབྱུང་བ་དང་། ཁྱིམ་ནས་མངོན་པར་འབྱུང་བ་དང་། མ་རྫོགས་པ་ལས་མངོན་པར་འབྱུང་བ་དང་། ས་འོག་ མ་པ་ལས་མངོན་པར་འབྱུང་བ་དང་། འཇིག་ཚོགས་ལས་མངོན་པར་འབྱུང་བའོ། །དེ་ལ་ལུས་ཀྱི་མི་མཐུན་པ་ནི་རྣམ་པ་ལྔར་རིག་པར་བྱ་སྟེ། འགྲོ་བ་དང་མི་མཐུན་པ་དང་། སྐྱེ་བ་དང་མི་མཐུན་པ་དང་། བརྩོན་འགྲུས་རྩོམ་པ་དང་མི་མཐུན་པ་དང་། སྒྲིབ་པ་མེད་པ་དང་མི་ མཐུན་པ་དང་། འདོད་པ་དང་མི་མཐུན་པའོ། །རྐྱེན་མེད་པ་ནི་རྣམ་པ་བཞི་སྟེ། བཤེས་གཉེན་མེད་པ་དང་། མཉན་པ་མེད་པ་དང་། ལུང་དང་། རྟོགས་པ་ནུབ་པའི་ཕྱིར་ནུབ་པས་མེད་པ་དང་། སྦྱིན་བདག་དང་། མལ་ཆ་དང་སྟན་མེད་པའོ། །དགེ་བའི་ཆོས་ལ་འདུན་པ་ནི་ 130-1-263b སྟོབས་བཞིས་རིག་པར་བྱ་སྟེ། རྐྱེན་གྱི་སྟོབས་དང་། རྒྱུའི་སྟོབས་དང་། ཤེས་པའི་སྟོབས་དང་། སྒྲུབ་པའི་སྟོབས་ཀྱིས་སོ། །ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་ནི་ཕུན་སུམ་ཚོགས་པ་བཞིས་ཕུན་སུམ་ཚོགས་པར་རིག་པར་བྱ་སྟེ། ཀུན་ནས་ཉོན་ མོངས་པ་མེད་ཅིང་ཡོངས་སུ་ཉོན་མོངས་པ་དང་མི་མཐུན་པའི་ཕྱིར་རྟགས་ཕུན་སུམ་ཚོགས་པ་དང་། སངས་རྒྱས་ཀྱིས་གསུངས་པའི་བསྒྲུབ་པ་རྗེས་སུ་བསྒྲུབ་པའི་ཕྱིར་ལས་ཕུན་སུམ་ཚོགས་པ་དང་། བསམ་པ་ཕུན་སུམ་ཚོགས་པ་དང་། འགྲོགས་པ་ཕུན་སུམ་ཚོགས་པའོ། །ཚུལ་ ཁྲིམས་ཀྱི་སྡོམ་པ་ཡང་རྒྱུ་ལྔས་ཕུན་སུམ་ཚོགས་པར་རིག་པར་བྱ་སྟེ། ལོག་པར་མི་ལྟུང་བ་དང་། ངེས་པར་འབྱིན་པ་དང་། མི་ཁྲོ་བ་དང་། སྐྱོན་མེད་པ་དང་། ཆོག་མི་ཤེས་པས་སོ། །གཉེན་པོ་རྣམ་པ་གཉིས་ལ་བརྟེན་ནས། དབང་པོ་སྡོམ་པ་རྣམ་པ་བཞི་འབྱུང་བར་རིག་པར་བྱ་སྟེ། གཉེན པོ་རྣམ་པ་གཉིས་གང་ཞེ་ན། སོ་སོར་རྟོགས་པའི་སྟོབས་དང་། བསྒོམས་པའི་སྟོབས་སོ། །དབང་པོ་སྡོམ་པ་རྣམ་པ་བཞི་གང་ཞེ་ན། ཡུལ་སྡོམ་པ་དང་། ཀུན་ནས་ཉོན་མོངས་པ་སྡོམ་པ་དང་། ཀུན་ནས་དཀྲིས་པ་སྡོམ་པ་དང་། བག་ལ་ཉལ་སྡོམ་པའོ། །དེ་ལ་ཡུལ་སྡོམ་པ་ནི་ནང་དུ་ཡང་ དག་འཇོག་ལ་བརྩོན་པར་དྲན་པས་ཡིད་ཀུན་དུ་བསྲུངས་བ་ཉིད་ཡིན་ཏེ། ཡུལ་རྣམས་ལ་མི་འཕྲོ་བའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་སྡོམ་པ་ནི་རྒྱུ་བར་གྱུར་པ་གནས་སྐབས་མཉམ་པར་སྤྱོད་པ་ཉིད་ཡིན་ཏེ། ཡུལ་རྣམས་ལ་བརྣབ་སེམས་དང་། ཡིད་མི་བདེ་བ་ཡོངས་སུ་སྤངས་པའི་ ཕྱིར་རོ། །དེ་ཉིད་ཀྱི་རྣམ་པར་དབྱེ་བ་ནི། མཚན་མར་མི་འཛིན་པ་ནས། དེའི་སེམས་ཀྱི་རྗེས་སུ་སྡིག་པ་མི་དགེ་བའི་ཆོས་རྣམས་ཟག་པར་མི་འགྱུར་བའི་བར་དང་། མཚན་མར་བཟུང་བ་ལ་རྗེས་སུ་རྟོགས་པས། དེའི་ཚེ་མངོན་རྟགས་སུ་འཛིན་པ་དེ་དག་བསྡམ་པའི་ཕྱིར་སྒྲུབ་པར་བྱེད་ཅེས་བྱ་བ་ ཡིན་ནོ། །ཀུན་ནས་དཀྲིས་པ་སྡོམ་པ་ནི་བསྒོམ་པའི་སྟོབས་ཀྱིས་མིག་གི་དབང་པོ་སྲུང་བར་བྱེད་ཅེས་བྱ་བ་ཡིན་ནོ། །བག་ལ་ཉལ་སྡོམ་པ་ནི་མིག་གི་དབང་པོས་སྡོམ་པ་སྒྲུབ་པར་བྱེད་ཅེས་བྱ་བ་ཡིན་ནོ། །ཟས་ཀྱི་ཚོད་རིག་པ་ཉིད་ཀྱང་རྒྱུ་ལྔས་ཕུན་སུམ་ཚོགས་པར་རིག་པར་བྱ་སྟེ། གཉེན་ 130-1-264a པོ་ལ་བརྟེན་པ་དང་། མི་མཐུན་པའི་ཕྱོགས་སྤོང་བ་དང་། རང་གི་ལས་བྱེད་པ་དང་། གཏོགས་པ་དང་། དེ་རྣམ་པར་འབྱེད་པས་སོ། །ཚོར་བ་ཉིད་རྣམས་ནི་བཀྲེས་པས་ཀུན་ནས་བསླང་བའམ། ཟས་ཀྱིས་ཀུན་ནས་བསླང་བའི་སྡུག་བསྔལ་གྱི་ཚོར་བའོ། ། འཚོ་བ་ནི་ཚངས་པར་སྤྱོད་པ་འཕེལ་བའོ། །སྟོབས་ནི་མི་མཐུན་པའི་ཕྱོགས་འཇོམས་པར་ནུས་པའོ། །བདེ་བ་ནི་ཚེ་འདི་ལ་བདེ་བར་གནས་པའོ། །ཁ་ན་མ་ཐོ་བ་མེད་པ་ནི་ཡོན་ཡོངས་སུ་སྦྱོང་བའོ། །བདེ་བ་ལ་རེག་པར་གནས་པ་ནི་ཉོན་མོངས་པ་དང་སྡུག་བསྔལ་སྤོང་བ་མངོན་དུ་བྱེད་པའོ། ། མི་ཉལ་བ་ནི་རྟག་ཏུ་བྱེད་པ་དང་། གུས་པར་བྱེད་པའི་སྦྱོར་བ་དག་གིས་བརྩོན་འགྲུས་བརྩམས་པ་ཉིད་ཀྱིས་ཕུན་སུམ་ཚོགས་པར་རིག་པར་བྱའོ། །དེ་ལ་གུས་པར་བྱེད་པའི་སྦྱོར་བ་ནི་འཆག་པ་དང་། འདུག་པའི་དུས་ན་དེའི་རྗེས་སུ་བསྒྲུབ་པ་ལས་རིག་པར་བྱ་སྟེ། འདུག་པའི་དུས་ན་ནི་སྒྲིབ་ པ་དང་པོ་དང་། གཉིས་པ་དང་། བཞི་པ་དག་ལའོ། །འཆག་པའི་དུས་ན་ནི་གསུམ་པ་ལའོ། །གཉིས་ཀའི་དུས་ན་ནི་ལྔ་པ་ལའོ། །རྟག་ཏུ་བྱེད་པའི་སྦྱོར་བ་ནི་ཉིན་མོ་དང་། མཚན་མོ་ཐུན་གཉིས་ལ་མི་ཉལ་བའི་ཕྱིར་དང་། གུང་ཐུན་ལ་སྲོག་ཆགས་སེང་གེ་དང་། ཆོས་མཐུན་ པས་ལེགས་པར་ཉལ་བའི་ཕྱིར་རོ། །ཡུན་རིང་བ་དང་། ལྷུན་སྟུག་པ་དང་། བརྗེད་ངས་པ་དང་། རྒྱུན་ཆགས་པའི་གཉིད་སྤང་བའི་ཕྱིར་རྐང་པའི་སྟེང་དུ་རྐང་པ་གཞག་པ་ནས། ལྡང་བའི་འདུ་ཤེས་ཡིད་ལ་བྱེད་པའི་བར་དུ་རིག་པར་བྱའོ། །ཤེས་བཞིན་དུ་སྤྱོད་པ་ཉིད་ནི་གནས་ལྔ་ལ་ ཚོད་རན་པ་ཉིད་ཀྱི་དབང་དུ་བྱས་ནས། ཕུན་སུམ་ཚོགས་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། འགྲོ་བ་དང་། བལྟ་བ་དང་། རྙེད་པ་དང་བཀུར་སྟི་བདག་གིར་བྱ་བ་དང་། ཡོ་བྱད་ལ་ལོངས་སྤྱོད་པ་དང་། དགེ་བའི་ཕྱོགས་ལ་སྦྱོར་བའོ། །དང་པོས་ནི་སྤྱོད་ཡུལ་མ་ཡིན་པར་ཡེ་མི་འགྲོ་ པ་དང་། སྤྱོད་ཡུལ་སུ་ཡང་ཤིན་ཏུ་ནམ་སྲོས་ནས་ལྡོག་པར་མི་བྱེད་དོ། །གཉིས་པས་ནི་བློ་སྔོན་དུ་མ་བཏང་བའི་ལྟ་བ་ལ་ནི་དབང་པོ་ཕྱིར་རློན་པར་བྱེད་ལ། བློ་སྔོན་དུ་བཏང་བའི་ལྟ་བ་ལ་ནི། དྲན་པ་ཉེ་བར་འཇོག་པར་བྱེད་དེ། གསུམ་པས་ནི་བསླང་བ་དང་། ཕྱག་འཚལ་བ་དག་ལ་ 130-1-264b ལག་པ་དང་། རྐང་པ་ཧ་ཅང་བརྐྱང་བ་དང་། ཧ་ཅང་བསྐུམ་པར་མི་བྱེད་དོ། །བཞི་པས་ནི་ཆོས་གོས་དང་། ལྷུང་བཟེད་དང་། བསོད་སྙོམས་ཀྱི་ལོངས་སྤྱོད་ལ་ཚོད་རིག་པར་བྱེད་དོ། །ལྔ་པས་ནི་ནང་དུ་ཡང་དག་འཇོག་ལ་བརྩོན་པས་ཉིན་མོ་འཆག་པ་དང་། འདུག་པ་དག་གིས་འགྲོ་ བ་དང་། འགྲེང་བ་དང་། འདུག་པ་དང་། མི་ཉལ་བ་དང་། མཚན་མོ་ཉལ་བ་ལ་ཚོད་ཤེས་པར་བྱེད་པ་དང་། འབེལ་བའི་གཏམ་རྣམ་པར་གཏན་ལ་འབེབས་པ་ལ་བརྩོན་པས་སྨྲ་བ་དང་། མི་སྨྲ་བ་ལ་ཚོད་ཤེས་པར་བྱེད་པ་དང་། དེ་གཉི་ག་ལ་ལུས་ལས་སུ་རུང་བར་བྱ་བའི་ཕྱིར་གཉིད་ ཀྱི་སྙོམ་པ་བསང་བ་ལ་ཚོད་ཤེས་པར་བྱེད་དོ།། །།བམ་པོ་སུམ་ཅུ་པ། དགེ་སློང་རྫུ་འཕྲུལ་གྱི་རྐང་པ་བསྒོམ་པ་ལ་བརྩོན་པའི་སྤོང་བའི་འདུ་བྱེད་ནི་ཡན་ལག་བཞིས་བསྡུས་པ་ཡིན་ཏེ། བསྒོམ་པའི་ཡན་ལག་དང་། ཁྱད་པར་རྟོགས་པའི་ཡན་ལག་དང་། ཉེ་བའི་ཉོན་མོངས་པ་ རྗེས་སུ་བསྲུང་བ་རྫོགས་པའི་ཡན་ལག་དང་། ཉེ་བའི་ཉོན་མོངས་པ་རྣམ་པར་དག་པའི་ཕྱིར་སྡུད་པའི་ཡན་ལག་གིས་སོ། །དེ་ལ་བསྒོམ་པའི་ཡན་ལག་ནི་འདུན་པ་དང་རྩོལ་བ་སྟེ། འདི་ལྟར་འདུན་པ་དང་། རྩོལ་བ་གཉིས་ལ་བརྟེན་ནས་རྫུ་འཕྲུལ་གྱི་རྐང་པ་སྒོམ་པར་བྱེད་དོ། ། ཁྱད་པར་རྟོགས་པའི་ཡན་ལག་ནི་དད་པ་དང་ཤིན་ཏུ་སྦྱངས་པ་སྟེ། འདི་ལྟར་དད་པས་ནི་ཁྱད་པར་རྟོགས་ནས་གོང་མའི་རྣམ་པར་ཐར་པ་ལ་མངོན་པར་དད་པར་བྱེད་ལ། ཤིན་ཏུ་སྦྱངས་པས་ནི་ལུས་དང་སེམས་ཀྱི་གནས་ངན་ལེན་ཤིན་ཏུ་སྦྱོང་བར་བྱེད་དོ། །ཉེ་བའི་ཉོན་མོངས་པ་རྗེས་སུ་ བསྲུང་བ་རྟོགས་པའི་ཡན་ལག་ནི་དྲན་པ་དང་ཤེས་བཞིན་ཏེ། འདི་ལྟར་དྲན་པས་ནི་ཞི་གནས་དང་ལྷག་མཐོང་གི་ཉེ་བའི་ཉོན་མོངས་པ་མ་བྱུང་བ་སྲུང་བར་བྱེད་ལ། ཤེས་བཞིན་གྱིས་ནི་བྱུང་བ་རྟོགས་པར་བྱེད་དོ། །ཉེ་བའི་ཉོན་མོངས་པ་རྣམ་པར་དག་པའི་ཕྱིར་སྡུད་པའི་ཡན་ལག་ནི་ སེམས་པ་དང་བཏང་སྙོམས་ཏེ། འདི་ལྟར་སེམས་པས་ནི་སེམས་ཞུམ་པ་ཕྱིར་འཛིན་པར་བྱེད་ལ། བཏང་སྙོམས་ཀྱིས་ནི་རྒོད་པ་ནང་དུ་སྡུད་པར་བྱེད་དོ། །ཏིང་ངེ་འཛིན་ཐོབ་པ་ལ་དབང་བྱེད་པའི་ཆོས་ནི་བཞི་སྟེ། རྣ་བ་གཏོད་པ་དང་། ལེགས་པར་འདོམས་པ་དང་། སྔོན་གོམས་པ་ 130-1-265a དང་། མང་དུ་ཐོས་པའོ། །དེ་ལ་རྣ་བ་གཏོད་པ་ནི་འདི་ཡིན་ཏེ། འདུན་པ་སྐྱེས་ཤིང་དད་པ་སྐྱེས་ནས་དམ་པའི་ཆོས་ཉན་པར་བྱེད་པ་སྟེ། དེས་རྒྱུ་དེ་དང་རྐྱེན་དེས་སེམས་རྩེ་གཅིག་པ་ཉིད་ཐོབ་པར་འགྱུར་རོ། །དེ་ལ་ལེགས་པར་འདོམས་པ་ནི་འདི་ཡིན་ཏེ། གོ་ རིམས་བཞིན་དུ་འདོམས་པ་དང་། ཕྱིན་ཅི་མ་ལོག་པར་འདོམས་པ་ལ་བརྟེན་ནས། བརྩོན་འགྲུས་བརྩམས་ཏེ་གནས་ཤིང་བརྩོན་པས། རྫོགས་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་ལ་རྒྱུན་དུ་ཆུད་པ་དང་། རྟག་འགྲུས་ཀྱིས་སྒོམ་པར་སྦྱོར་བའི་རྗེས་སུ་བརྩོན་པར་ གནས་པ་སྟེ། དེས་རྒྱུ་དེ་དང་རྐྱེན་དེས་ཀྱང་སེམས་རྩེ་གཅིག་པ་ཉིད་འཐོབ་པར་འགྱུར་རོ། །དེ་ལ་སྔོན་གོམས་པ་ནི་འདི་ཡིན་ཏེ། བསམ་གཏན་དང་སྙོམས་པར་འཇུག་པ་དག་ལ་དུས་ཉེ་བ་དང་། ཁད་ཉེ་བར་སྙོམས་པར་ཞུགས་པ་ཡིན་ཏེ། དེས་རྒྱུ་དེ་དང་རྐྱེན་དེས་ཀྱང་སེམས་རྩེ་ གཅིག་པ་ཉིད་འཐོབ་པར་འགྱུར་རོ། །དེ་ལ་མང་དུ་ཐོས་པ་ནི་འདི་ཡིན་ཏེ། ཐོས་པ་མང་བ་དང་། ཐོས་པ་འཛིན་པ་དང་། ཐོས་པ་བསགས་པ་ཡིན་ཞིང་། དེ་གཅིག་པུ་དབེན་པར་སོང་ནས་ཆོས་དེ་དག་ལ་སེམས་པར་བྱེད། འཇལ་བར་བྱེད་ཉེ་བར་རྟོགས་པར་བྱེད་པ་དེ་དེས་རྒྱུ་དེ་དང་རྐྱེན་དེས་ ཀྱང་སེམས་རྩེ་གཅིག་པ་ཉིད་འཐོབ་པར་འགྱུར་རོ། །ཏིང་ངེ་འཛིན་ཐོབ་པར་བྱ་བ་ལ་བརྩོན་པས་ཆོས་བདུན་རིག་པར་བྱ་སྟེ། ནང་གི་ཏིང་ངེ་འཛིན་ཉམས་པའི་རྒྱུ་དང་། ཕྱི་རོལ་གྱི་ཏིང་ངེ་འཛིན་ཉམས་པའི་རྒྱུ་དང་། ནང་གི་ཏིང་ངེ་འཛིན་ཉམས་པ་དང་། ཕྱི་རོལ་གྱི་ཏིང་ངེ་འཛིན་ཉམས་པ་དང་། ནང་གི་ཏིང་ངེ་འཛིན་རྒྱུ་དང་བཅས་པ་ཉམས་པའི་གཉེན་པོ་དང་། ཕྱི་རོལ་གྱི་ཏིང་ངེ་འཛིན་རྒྱུ་དང་བཅས་པ་ཉམས་པའི་གཉེན་པོ་དང་། དེ་གཉི་གའི་གཉེན་པོའི་གཞིའོ། །དེ་ལ་ནང་གི་ཏིང་ངེ་འཛིན་ཉམས་པའི་རྒྱུ་ནི་ལེ་ལོའོ། །དེ་ལ་ཕྱི་རོལ་གྱི་ཏིང་ངེ་འཛིན་ཉམས་པའི་རྒྱུ་ནི་རྒོད་པའོ། །དེ་ ལ་ནང་གི་ཏིང་ངེ་འཛིན་ཉམས་པ་ནི་རྨུགས་པ་དང་གཉིད་དོ། །དེ་ལ་ཕྱི་རོལ་གྱི་ཏིང་ངེ་འཛིན་ཉམས་པ་ནི་འདོད་པའི་ཡོན་ཏན་ལྔ་པོ་དག་ལ་རྗེས་སུ་རྣམ་པར་གཡེང་བའོ། །དེ་ལ་ནང་གི་ཏིང་ངེ་འཛིན་རྒྱུ་དང་བཅས་པ་ཉམས་པའི་གཉེན་པོ་ནི་སོ་སོར་རྟོག་པའི་མཚན་མ་ལེགས་པར་གཟུང་བ་ 130-1-265b ཉིད་དོ། །དེ་ལ་ཕྱི་རོལ་གྱི་ཏིང་ངེ་འཛིན་རྒྱུ་དང་བཅས་པ་ཉམས་པའི་གཉེན་པོ་ནི་ལུས་འདི་ཉིད་ལ་མི་སྡུག་པར་སོ་སོར་རྟོག་པའོ། །དེ་ལ་གཉི་གའི་གཉེན་པོ་གཞི་ནི་སྣང་བའི་འདུ་ཤེས་སོ། །ཇི་ལྟར་ན་ལུས་ལ་ཀུན་འབྱུང་བའི་ཆོས་ཅན་དུ་རྗེས་སུ་ལྟ་ཞིང་གནས་ཤེ་ན། ད་ལྟར་གྱི་ལུས་ ནི་འདས་པའི་དུས་ནས་ཟས་ལས་ཀུན་དུ་འབྱུང་བ་ཉིད་དུ་ཡང་དག་པར་རྗེས་སུ་བལྟ་བའོ། །ཇི་ལྟར་ལུས་ལ་འཇིག་པའི་ཆོས་ཅན་དུ་རྗེས་སུ་ལྟ་ཞིང་གནས་ཤེ་ན། ད་ལྟར་གྱི་ལུས་ནི་མ་འོངས་པའི་དུས་སུ་འཆི་བའི་ཆོས་ཉིད་ཡང་དག་པར་རྗེས་སུ་བལྟ་བའོ། །ཇི་ལྟར་ལུས་ལ་ ཀུན་འབྱུང་བ་དང་། འཇིག་པའི་ཆོས་ཅན་དུ་རྗེས་སུ་ལྟ་ཞིང་གནས་ཤེ་ན། ལུས་ཟས་ཀྱི་རྐྱེན་ལས་བྱུང་བ་ནི་ད་ལྟར་གྱི་དུས་སུ་གནས་པ་དང་། འཇིག་པ་དང་། ཉམས་པ་དང་། ཡང་འབྱུང་བ་ཉིད་དུ་ཡང་དག་པར་བལྟ་བའོ། །ལུས་ཡོད་པར་དེའི་དྲན་པ་ཤིན་ཏུ་ཉེ་བར་གཞག་ པ་ཡིན་ནོ་ཞེས་བྱ་བ་ནི། དེ་བཞིན་ཉིད་ཀྱི་ལུས་ལ་འཇིག་རྟེན་ལས་འདས་པའི་དྲན་པའོ། །ཤེས་པ་ཙམ་ཞེས་བྱ་བ་ནི་སོ་སོར་ནང་གི་ཞི་གནས་ཀྱི་ལམ་གྱིས་སོ། །མཐོང་བ་ཙམ་ཞེས་བྱ་བ་ནི་ལྷག་མཐོང་གི་ལམ་གྱིས་སོ། །ཡང་དྲན་པ་ཙམ་ཞེས་བྱ་བ་ནི་དེའི་རྗེས་ལས་ཐོབ་པ་འཇིག་རྟེན་པ་ དང་། འཇིག་རྟེན་ལས་འདས་པའི་ལམ་གྱིས་སོ། །ཇི་ལྟར་ལུས་ལ་མི་བརྟེན་པར་གནས་ཤེ་ན། སྙོམས་པར་འཇུག་པ་གང་ལ་བརྟེན་ནས། དྲན་པ་ཉེ་བར་གཞག་པ་དག་སྒོམ་པར་བྱེད་པའི་སྙོམས་པར་འཇུག་པ་དེ་ལ་རོ་མྱོང་བར་མི་བྱེད་པ་ནས། ལྷག་པར་ཆགས་ཤིང་མི་གནས་ པའི་བར་རོ། །ཇི་ལྟར་འཇིག་རྟེན་ལ་ཅི་ཡང་མི་འཛིན་པ་ཡིན་ཞེ་ན། ཕྱིན་ཅི་ལོག་བཞི་སྤངས་པ་ཡིན་ཏེ། དེ་དག་སྤངས་པའི་ཕྱིར་ལུས་ལ་སོགས་པ་གཙང་བའམ། བདེ་བའམ་བདག་གམ། རྟག་པར་མི་འཛིན་པའོ། །མཆོག་ཏུ་གདགས་པ་ལས་བརྩམས་ནས་གང་ཟག་ལྔ་ རྣམ་པར་གཞག་པར་རིག་པར་བྱ་སྟེ། གང་ཟག་ལྔ་གང་ཞེ་ན། སོ་སོའི་སྐྱེ་བོ་དགའ་བ་དང་བདེ་བ་ལ་མངོན་པར་དགའ་བ་དང་། གཞི་མཐོང་བ་ལ་ཞུགས་པ་སྒྲིབ་པ་སྤངས་པ་ལ་མངོན་པར་དགའ་བ་དང་། ལྟ་བའི་རྣམ་པ་ལ་ཞུགས་པ་ཐར་པ་ལ་མངོན་པར་དགའ་བ་དང་། ལྟ་བའི་ 130-1-266a རྣམ་པ་ལ་ཞུགས་པ་མཐར་ཐུག་པར་འགྱུར་བ་དང་། གཞི་མཐོང་བ་ལ་ཞུགས་པ་མཐར་ཐུག་པར་འགྱུར་བའོ། །དེ་ལ་གང་ཟག་སོ་སོའི་སྐྱེ་བོ་དགའ་བ་དང་། བདེ་བ་ལ་མངོན་པར་དགའ་བ་གང་ཞེ་ན། དེ་ནི་གསུམ་དུ་བལྟ་བར་བྱ་སྟེ། འདོད་པ་ལས་ སྐྱེས་པའི་དགའ་བ་དང་། བདེ་བ་ལ་མངོན་པར་དགའ་བ་དང་། རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ལ་མངོན་པར་དགའ་བ་དང་། རྟོག་པ་མེད་ཅིང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ལ་མངོན་པར་དགའ་བའོ། །གང་ཟག་གཞི་མཐོང་བ་ལ་ཞུགས་པ་སྒྲིབ་པ་སྤང་བ་ལ་མངོན་པར་དགའ་བ་གང་ཞེ་ན། དེ་ནི་གཉིས་སུ་བལྟ་བར་བྱ་སྟེ། ཉོན་མོངས་པའི་སྒྲིབ་པ་སྤང་བ་ལ་མངོན་པར་དགའ་བ་དང་། སྙོམས་པར་འཇུག་པའི་སྒྲིབ་པ་སྤང་བ་ལ་མངོན་པར་ དགའ་བའོ། །དེ་ལ་གང་ཟག་ཉོན་མོངས་པའི་སྒྲིབ་པ་སྤང་བ་ལ་མངོན་པར་དགའ་བ་ནི་ཚེ་འདི་ལ་བདེ་བར་གནས་པ་རྣམས་མ་ཐོབ་པ་དང་། ཐོབ་པ་དང་། འདུ་ཤེས་ཀྱི་སྙོམས་པར་འཇུག་པ་རྣམ་པ་ཐམས་ཅད་མ་ཐོབ་པ་དང་། ཐོབ་པ་སྟེ། འདི་ལྟ་སྟེ། གནས་པ་ལས་ བརྩམས་པ་དང་། ཤེས་བྱ་ཡོངས་སུ་བརྟགས་པ་ལས་བརྩམས་ནས་སོ། །དེ་ལ་གང་ཟག་སྙོམས་པར་འཇུག་པའི་སྒྲིབ་པ་སྤང་བ་ལ་མངོན་པར་དགའ་བ་ནི། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཐམས་ཅད་ཐོབ་པ་དང་མ་ཐོབ་པ་དང་། ཟད་པར་གྱི་སྐྱེ་མཆེད་ཐམས་ཅད་མ་ཐོབ་པ་དང་། ཐོབ་པའོ། །དེ་ལ་གང་ཟག་ལྟ་བའི་རྣམ་པ་ལ་ཞུགས་པ་ཐར་པ་ལ་མངོན་པར་དགའ་བ་གང་ཞེ་ན། འདི་ལས་ཕྱི་རོལ་པའི་མུ་སྟེགས་ཅན་བདག་མེད་དོ། །བདག་གི་མེད་དོ། །བདག་འབྱུང་བར་མི་འགྱུར་རོ། །བདག་གི་འབྱུང་བར་མི་འགྱུར་རོ་སྙམ་པ་སྟེ། དེ་ཡང་མ་ཐོབ་པ་དང་ ཐོབ་པ་ཡིན་ནོ། །དེ་ལ་གང་ཟག་ལྟ་བའི་རྣམ་པ་ལ་ཞུགས་པ་མཐར་ཐུག་པར་འགྱུར་བ་གང་ཞེ་ན། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་མ་ཐོབ་པ་དང་ཐོབ་པའོ། །དེ་ལ་གང་ཟག་གཞི་མཐོང་བ་ལ་ཞུགས་པ་མཐར་ཐུག་པར་གྱུར་པ་གང་ཞེ་ན། རེག་པའི་སྐྱེ་མཆེད་དྲུག་པོ་དག་མ་ 130-1-266b ལུས་པར་སྤངས་པ་མྱོང་བར་བྱེད་པ་གང་ཡིན་པ་སྟེ། མཆོག་ཏུ་གདགས་པ་ལས་བརྩམས་ནས། གང་ཟག་ལྔ་པོ་དེ་དག་རྣམ་པར་གཞག་པ་ཡིན་ནོ། །དགེ་བསྙེན་གྱི་ཡོན་ཏན་ནི་གསུམ་སྟེ། དག་པ་དང་། བྱེད་པ་དང་། བསྒྲུབ་པ་ཡིན་ནོ། །དེ་ལ་དག་པ་ནི་བསམ་པ་དག་པ་དང་། ཚུལ་ དག་པ་དང་། རྟོགས་པ་དག་པའོ། །དེ་ལ་བསམ་པ་དག་པ་ནི་སངས་རྒྱས་ལ་སོགས་པ་ལ་ཐེ་ཚོམ་མེད་པ་དང་། ངོ་མཚར་དང་བཀྲ་ཤིས་དང་ལྡན་པ་ཡིན་པའོ། །དེ་ལ་ཚུལ་དག་པ་ནི་བསླབ་པ་དག་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །དེ་ལ་རྟོགས་པ་དག་པ་ནི་འཇིག་རྟེན་པ་དང་འཇིག་ རྟེན་ལས་འདས་པའི་རྣམ་པར་དག་པ་རྟོགས་པའི་ཕྱིར་རོ། །དེ་ལ་བྱེད་པ་ནི་དཀོན་མཆོག་གསུམ་གྱི་བྱ་བ་བྱེད་པའི་ཕྱིར་རོ། །དེ་ལ་བསྒྲུབ་པ་ནི་ཆོས་མཐུན་པ་པ་དང་། ཆོས་མཐུན་པ་པ་མ་ཡིན་པ་རྣམས་ལ་ཤེས་པ་ཉེ་བར་བསྒྲུབ་པའི་ཕྱིར་རོ། །དེ་ལ་ཆོས་ནི་རྣམ་པ་གསུམ་སྟེ། མཉན་པའི་ཆོས་དང་། བསྒྲུབ་པའི་ཆོས་དང་མཐར་ཐུག་པའི་ཆོས་སོ། །ཕྱི་རོལ་པ་རྣམས་ཀྱི་བསྟན་པ་ནི་ཕྱིན་ཅི་ལོག་པ་ཡིན་ཏེ། སྨོན་ནས་ཚངས་པར་སྤྱོད་པ་ལ་གནས་པའི་ཕྱིར། ཚུལ་ཁྲིམས་ཡང་དག་པར་མཐོང་བ་མ་ཡིན་པ་དང་། སྙོམས་པར་འཇུག་པའི་རིམས་ནད་དང་བཅས་པ་དང་། ངེས་པར་འབྱུང་བ་ མ་ཡིན་པའི་ཕྱིར་གཏན་དུ་ཉེ་བར་གཏོད་པ་མ་ཡིན་པ་དང་། དེ་ལས་གཞན་པའི་མུ་སྟེགས་ཅན་དང་ཐུན་མོང་བ་དང་སོ་སོའི་སྐྱེ་བོ་དང་ཐུན་མོང་བ་ཡིན་ནོ། །ལེགས་པར་གསུངས་པའི་ཆོས་འདི་ནི་དེ་ལས་བཟློག་པ་ཡིན་པས་ཡང་དག་པར་མཐོང་བ་ནས། མཁས་པ་རྣམས་ཀྱི་སོ་སོར་རང་ གིས་རིག་པའི་བར་དག་ཡིན་ནོ། །འདོད་པ་རྣམས་ཀྱིས་འཐོབ་པ་དང་། གཏོང་བའི་གོ་རིམས་ནི་སྔར་བྱས་པའི་གཏམ་གྱིས་ཏེ། གང་གིས་འཐོབ་ཅེ་ན། སྦྱིན་པ་དང་ཚུལ་ཁྲིམས་ཀྱིས་སོ། །གང་དུ་ཞེ་ན། མཐོ་རིས་སུའོ། །གང་གིས་ལོངས་སྤྱོད་ཅེ་ན། རོ་མྱང་བས་སོ། །གང་གིས་ གཏོང་ཞེ་ན། ཉེས་དམིགས་ཀྱིས་སོ། །ཇི་ལྟར་དངོས་པོའི་འདོད་པ་དང་། ཉོན་མོངས་པའི་འདོད་པ་གཏོང་ཞེ་ན། མངོན་པར་འབྱུང་བ་དང་། རབ་ཏུ་དབེན་པའི་ཕན་ཡོན་དང་། རྣམ་པར་བྱང་བའི་ཕྱོགས་དང་མཐུན་པའི་ཆོས་རྣམས་ཀྱིས་དེ་ཡོངས་སུ་བསྟན་ཏོ། །དགེ་སྦྱོང་གི་ཚུལ་ 130-1-267a གྱི་འབྲས་བུ་བཞི་པོ་དག་ནི་ཡང་དག་ཕུལ་ཡིན་ཏེ། དེ་དག་ལས་ལྟུང་བ་མེད་པའི་ཕྱིར་དང་། འཇིག་རྟེན་ལས་འདས་པ་ཡིན་པའི་ཕྱིར་རོ། །ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ཚོགས་པའི་རྒྱུ་གསུམ་གྱིས་ཚུལ་ཁྲིམས་འཆལ་པ་བསྐྲད་པར་བྱ་སྟེ། གཞན་ རྗེས་སུ་བསྲུང་བ་ཉིད་ཀྱི་ཕྱིར་དང་། བླ་མའི་སྣོད་མ་ཡིན་པ་ཉིད་ཀྱི་ཕྱིར་དང་། དགེ་འདུན་མི་བརྗོད་པ་ཉིད་ཀྱི་ཕྱིར་རོ། །རྒྱུ་བཞིས་ཚུལ་ཁྲིམས་ལ་མངོན་པར་དགའ་བ་སྐྱེ་སྟེ། སྟོན་པ་ལས་ནི་མཐའ་གཉིས་ཡོངས་སུ་སྤངས་པའི་བསླབ་པ་བཅས་པའི་ཕྱིར་རོ། །བདག་ཉིད་ལས་ནི་ འདོད་ཆགས་ལ་སོགས་པ་ཤས་མི་ཆེ་བའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །གྲོགས་ལས་ནི་དེ་དག་དེས་པ་དང་འགྲོགས་ན་བདེ་བ་ཡིན་པའི་ཕྱིར་རོ། །མངོན་པར་བརྩོན་པ་ལས་ནི་ལེ་ལོ་མེད་པར་གནས་པའི་ཕྱིར་རོ། །ཚུལ་ཁྲིམས་བརྟག་པ་ནི་རྣམ་པ་བཞི་སྟེ། འགྲོགས་པས་ཡོད་ པ་ཉིད་དུ་ཡིད་ཆེས་པ་དང་། ཕོངས་པ་ན་ཡང་བསྟན་པས་ཡིད་ཆེས་པ་དང་། ཐ་སྙད་ལ་སྐྱོན་མེད་པས་ཡིད་ཆེས་པ་དང་། གཏམ་དང་འབེལ་བའི་གཏམ་རྣམ་པར་གཏན་ལ་དབབ་པས་མ་ཉམས་པར་ཡིད་ཆེས་པ་སྟེ། ལྟ་བ་མ་ཉམས་པའི་ཕྱིར་རོ། །མི་དགེ་བ་ལས་བཟློག་པའི་ཚེ་ནི་ ཚར་གཅད་དཀའོ། །དགེ་བ་ལ་བཞག་པའི་ཚེ་ནི་མྱུར་དུ་ཡོངས་སུ་འགྱུར་རོ། །རྩེ་གཅིག་པ་ཉིད་ལ་གཞག་པའི་ཚེ་ནི་གང་དུ་འདོད་པར་འགྲོའོ། །ཡང་མི་དགེ་བ་སྐྱེས་པ་སྤང་བ་དང་། དགེ་བ་མ་སྐྱེས་པ་བསྐྱེད་པའི་ཕྱིར་སྦྱོར་བའི་ཚེ་དང་། མི་དགེ་བ་མ་སྐྱེས་པ་མི་བསྐྱེད་པ་དང་། དགེ་ བ་སྐྱེས་པ་གནས་པར་བྱ་བའི་ཕྱིར་སྦྱོར་བའི་ཚེ་དང་། མཉམ་པར་གཞག་པའི་དགེ་བ་མ་སྐྱེས་པ་བསྐྱེད་པའི་ཕྱིར་སྦྱོར་བའི་ཚེ་ནའོ། །ཡང་ཚུལ་ཁྲིམས་ལ་བརྩོན་པ་རྣམས་ཀྱི་དང་། ཐོས་པ་དང་། བསམ་པ་ལ་བརྩོན་པ་རྣམས་ཀྱི་དང་། བསྒོམ་པ་ལ་བརྩོན་པ་རྣམས་ཀྱིའོ། །ཡང་ རབ་ཏུ་འབྱུང་བ་དང་། མངོན་པར་དགའ་བ་དང་། རྟག་ཏུ་བསྒོམ་པ་ལ་བར་ཆད་བྱེད་པའི་ཕྱིར་རོ། །དུལ་བ་ནི་དེ་ལས་ཟློག་པར་བྱེད་པ་སྟེ། དེའི་གནས་ཀྱི་ཉོན་མོངས་པ་སྤོང་བའི་ཕྱིར་རོ། །ལེགས་པ་ཞེས་བྱ་བ་ནི་དུལ་བའི་བསྔགས་པ་བསྟན་པའོ། །བདེ་བ་སྐྱེད་པ་ཞེས་བྱ་བ་ནི་ 130-1-267b བཤད་པ་ཡིན་ནོ། །ཇི་ལྟར་སེམས་དབེན་པ་ལ་གཞོལ་བ་ཡིན་ཞེ་ན། གནས་པ་ལ་འདུ་འཛི་དང་ལྡན་པའིའོ། །ཇི་ལྟར་སེམས་མངོན་པར་འབྱུང་བ་ལ་གཞོལ་བ་ཡིན་ཞེ་ན། གྲོང་དུ་རྒྱུ་བ་དང་ལྡན་པའིའོ། །ཇི་ལྟར་སེམས་མྱ་ངན་ལས་འདས་པ་ལ་གཞོལ་བ་ཡིན་ཞེ་ན། ནང་དུ་ ཡང་དག་འཇོག་ལ་ཞི་གནས་ལ་སོགས་པའི་མཚན་མ་དང་ལྡན་པའིའོ། །རྣམ་གྲངས་གཞན་ཡང་ཉོན་མོངས་པ་ལས་དབེན་པ་ལས་བརྩམས་ནས་ནི་དབེན་པ་ལ་གཞོལ་བ་ཡིན་ནོ། །འཁོར་བ་ལས་ངེས་པར་འབྱུང་བ་ལས་བརྩམས་ནས་ནི་མངོན་པར་འབྱུང་བ་ལ་གཞོལ་བ་ཡིན་ ནོ། །མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པ་ལས་བརྩམས་ནས་ནི་མྱ་ངན་ལས་འདས་པ་ལ་གཞོལ་བ་ཡིན་ནོ། །ཚོར་བ་ཉིང་མཚམས་སྦྱོར་བ་དང་བཅས་པ་ཐམས་ཅད་འགགས་པའི་ཕྱིར་གྲིབ་མ་མེད་པ་དང་། མྱ་ངན་ལས་འདས་པ་ཡིན་ནོ། །སྡུག་བསྔལ་གསུམ་དང་ གཏན་བྲལ་བའི་ཕྱིར་ཞི་བ་ཡིན་ནོ། །ཉོན་མོངས་པའི་རིམས་ནད་ཀྱི་གདུང་བ་དང་གཏན་བྲལ་བའི་ཕྱིར་བསིལ་བར་གྱུར་པ་ཡིན་ནོ། །བླ་ན་མེད་པའི་གོ་འཕང་ཐོབ་པའི་ཕྱིར་ཚངས་པར་གྱུར་པ་ཡིན་ནོ། །དམ་པའི་ཆོས་ཉན་པའི་སྐྱོན་ནི་གསུམ་སྟེ། རྣམ་པར་གཡེང་བ་དང་། རྨོངས་ པ་དང་མི་གུས་པའོ། །ཉན་པའི་སྣོད་ནི་རྣམ་པ་ལྔ་སྟེ། དམན་པའི་སེམས་ཉིད་དང་། ཀུན་ནས་ཤེས་པའི་མཚན་ཉིད་དང་། དོན་གཟུང་བའི་སེམས་ཉིད་དང་། དོན་ལེགས་པར་གཟུང་བའི་སེམས་ཉིད་དང་། གུས་པའི་སེམས་ཉིད་དོ། །ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ སྟོན་པའི་ཡོན་ཏན་ནི་ལྔ་པོ་འདི་དག་ཡིན་ཏེ། དེ་དག་དང་ལྡན་པའི་སྟོན་པ་ནི་འདི་ལས་ཕྱི་རོལ་པའི་དགེ་སྦྱོང་དང་། བྲམ་ཟེ་རྣམས་ཟིལ་གྱིས་ནོན་པ་ཡིན་ནོ། །ལྔ་གང་ཞེ་ན། ཚུལ་འཁྲུག་པ་མེད་པར་ཀུན་དུ་སྤྱོད་པ་དང་། ཆོས་ཉིད་ལེགས་པར་བཅས་པ་དང་། བསླབ་པ་ལེགས་ པར་བཅས་པ་དང་། ཆོས་ལེགས་པར་བཅས་པ་དང་། བསླབ་པ་ལེགས་པར་བཅས་པ་དག་ལ་ཐེ་ཚོམ་སྐྱེས་སོ་ཅོག་གཅོད་པ་ཉིད་དང་། ངེས་པར་འབྱིན་པ་ཉིད་འདོམས་པའོ། །ལམ་འདི་ཉིད་ནི་རྒྱུ་གསུམ་གྱིས་ངེས་པར་འབྱིན་པ་ཡིན་ཏེ། འདི་ལྟ་སྟེ། བདག་མེད་པར་ལྟ་བས་ 130-1-268a འདྲིས་པ་མ་ཡིན་པའི་ཕྱིར་དང་། འཕྲལ་དུ་ཉོན་མོངས་པའི་གཉེན་པོ་ཡིན་པའི་ཕྱིར་དང་། འཕྲལ་དུ་ཐར་པས་སྐྲག་པར་མི་བྱེད་པའི་ཕྱིར་རོ། །དགའ་བ་ནི་རྣམ་པ་བཞི་སྟེ། ཡོ་བྱད་བསྙུངས་པའི་དགའ་བ་དང་། ཚངས་པར་སྤྱོད་པ་ལ་གནས་པའི་ དགའ་བ་དང་། ཡིད་ལ་གཅགས་པ་མེད་པའི་དགའ་བ་དང་། སྤོང་བ་བསྒོམ་པ་ཉིད་ཀྱི་དགའ་བ་ལ་དགའ་བའོ། །དགའ་བ་དང་པོས་ནི་སྙིང་ལས་ཆུང་བ་ཉིད་ཀྱི་བདེ་བ་འདྲེན་པར་བྱེད་དོ། །གཉིས་པས་ནི་མངོན་པར་འབྱུང་བའི་བདེ་བའོ། །གསུམ་པས་ནི་ཏིང་ངེ་འཛིན་གྱི་བདེ་བའོ། ། བཞི་པས་ནི་རྫོགས་པའི་བྱང་ཆུབ་ཀྱི་བདེ་བ་འདྲེན་པར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་ཆོས་ནི་རྒྱུ་གཉིས་ཀྱིས་ལེགས་པར་གསུངས་པ་ཡིན་ཏེ། ཚིག་འབྲུ་ལེགས་པར་རྣམ་པར་ཕྱེ་བ་ཉིད་དང་། ལེགས་པར་རབ་ཏུ་རྟོགས་པ་ཉིད་ཀྱིས་སོ། །རྒྱུ་གཉིས་ཀྱིས་ཚིག་འབྲུའི་དོན་ལེགས་པར་ རྟོགས་པ་ཡིན་ཏེ། ལེགས་པར་མངོན་པར་རྫོགས་པར་རྟོགས་པ་ཉིད་དང་། ངེས་པར་འབྱིན་པ་མངོན་པར་རྫོགས་པར་རྟོགས་པས་སོ། །རྒྱུ་གཉིས་ཀྱིས་ངེས་པར་འབྱིན་པ་ཡིན་ཏེ། བདེ་འགྲོར་འགྲོ་བས་ངེས་པར་འབྱིན་པ་ཉིད་དང་། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བས་ངེས་པར་ འབྱིན་པ་ཉིད་དོ། །རྒྱུ་གཉིས་ཀྱིས་རྫོགས་པའི་བྱང་ཆུབ་ཏུ་འགྲོ་བ་ཡིན་ཏེ། སོམ་ཉི་མེད་པ་དང་མི་ཕྱེད་པས་སོ། །རྒྱུ་གཉིས་ཀྱིས་མི་ཕྱེད་པ་ཡིན་ཏེ། ལྟ་བ་མི་ཕྱེད་པ་དང་། འདུས་པ་དང་ལྡན་པས་སོ། །རྒྱུ་གཉིས་ཀྱིས་འདུས་པ་དང་ལྡན་པ་ཡིན་ཏེ། རྟོགས་པ་བརྟན་པ་དང་། རྟོན་ པ་ཡོད་པས་སོ། །རྒྱུ་གཉིས་ཀྱིས་རྟོན་པ་ཡོད་པ་ཡིན་ཏེ། ཡེ་ཤེས་ལ་རྟོན་གྱི་རྣམ་པར་ཤེས་པ་ལ་མི་རྟོན་པ་དང་། རྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་པས་སོ། །རྒྱུ་གཉིས་ཀྱིས་རྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་ཡིན་ཏེ། སོམ་ཉི་ཐམས་ཅད་གཅོད་པ་དང་། ལོག་པར་བསྒྲུབ་པ་མི་དམིགས་པས་སོ། །སྤོང་བའི་གགས་ཀྱི་ཆོས་ནི་བཞི་སྟེ། སྐྱོ་བ་མེད་པ་དང་། ཤེས་པ་ཡོངས་སུ་མ་སྨིན་པ་དང་། རྣམ་པར་གཡེང་བ་དང་བྱིང་བའོ། །སྡིག་པ་བྱེད་པ་དག་ལ་ནི་ཤེས་རབ་ཀྱི་ 130-1-268b མིག་ལྡོངས་པར་རིག་པར་བྱའོ། །བསོད་ནམས་བྱེད་པ་དག་ལ་ནི་དྲི་མ་ཅན་དུའོ། །གཞན་མུ་སྟེགས་ཅན་ལ་ནི་རབ་རིབ་ཅན་དུའོ། །ཆོས་དྲན་པ་ཉེ་བར་གཞག་པ་བསྒོམ་པས་ནི་ཀུན་ནས་ཉོན་མོངས་པའི་ཆོས་བཅུ་གཅིག་ཡོངས་སུ་ཤེས་པར་བྱ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་ མུག་དང་། སྡུད་པ་དང་། རྣམ་པར་གཡེང་བ་དང་། བྱིང་བ་དང་། རྒོད་པ་དང་། ཉེ་བའི་ཉོན་མོངས་པའི་རྒྱུ་མཚན་དང་། རབ་ཏུ་དབེན་པ་ལ་མངོན་པར་མི་དགའ་བ་དང་། རོ་མྱོང་བར་མི་བྱེད་པ་དང་། མངོན་པའི་ང་རྒྱལ་ལོ། །འཇིག་རྟེན་པའི་ལམ་ནི་རྒྱུ་བཞིས་འཇིག་རྟེན་ལས་འདས་པའི་ ལམ་གྱི་གྲོགས་ཀྱི་བྱ་བ་བྱེད་དེ། སྒྲིབ་པ་སེལ་བ་དང་། ཐག་བསྲིང་བས་རྣམ་པར་གནོན་པ་དང་། སྐྱོ་བས་ཤིག་ཤིག་པོར་བྱེད་པ་དང་། ཆོས་ཀྱི་ཤུགས་ཀྱིས་མངོན་པར་རླན་པར་བྱེད་པས་སོ། །དེ་བཞིན་གཤེགས་པའི་ལྷའི་སྤྱན་ནི་རྒྱུ་བཞིས་སེམས་ཅན་གྱི་དོན་ཐམས་ཅད་ཀྱི་སྤྱོད་ ཡུལ་ཅན་ཡིན་པར་རིག་པར་བྱ་སྟེ། འགྲོ་བ་ཐམས་ཅད་འགྲུབ་པ་དང་། མཐུན་པའི་ལམ་མངོན་པར་འདུ་བྱེད་པ་ལ་གནས་པའི་སེམས་ཅན་ཀུན་དུ་གཟིགས་པ་དང་། སྐྱེ་བའི་གནས་སྣ་ཚོགས་མང་པོ་ན་གནས་པའི་སེམས་ཅན་ཀུན་དུ་གཟིགས་པ་དང་། བར་མ་དོའི་སྲིད་པ་དང་བཅས་པའི་ འཆི་འཕོ་དང་། སྐྱེ་བ་དང་ལྡན་པའི་སེམས་ཅན་ཀུན་དུ་གཟིགས་པ་དང་། བར་མ་དོའི་སྲིད་པ་མེད་པའི་འཆི་འཕོ་དང་། སྐྱེ་བ་དང་ལྡན་པའི་སེམས་ཅན་ཀུན་དུ་གཟིགས་པས་སོ། །རྣལ་འབྱོར་པ་ཆོས་རྟོགས་པར་བྱ་བ་དང་། ཆོས་རབ་ཏུ་རྟོགས་པར་བྱ་བ་ལ་བརྩོན་པའི་ཆོས་རྟོགས་པར་བྱ་བ་དང་། ཆོས་རབ་ཏུ་རྟོགས་པར་བྱ་བའི་གོ་རིམས་ནི་བདུན་སྟེ། འདི་ལྟ་སྟེ། སྟོན་པ་པོ་ལ་གུས་ཤིང་བསྙེན་བཀུར་བྱ་བ་དང་། བསྙེན་བཀུར་བྱས་ནས་རྣ་བ་གཏོད་པ་དང་། རྣ་བ་གཏད་ནས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བསྒྲུབས་ནས་སེམས་ གནས་པར་བྱ་བའི་ཕྱིར་ཡང་དག་པའི་ཐབས་ཡོངས་སུ་གཟུང་བ་དང་། ཐབས་ཡོངས་སུ་བཟུང་ནས་བརྩོན་འགྲུས་བརྩམ་པ་དང་། བརྩོན་འགྲུས་བརྩམས་ནས་ནང་དང་ཕྱི་རོལ་ལ་སེམས་མི་མཉམ་པ་སྐྱེ་བའི་གཞི་སོ་སོར་སྤང་བའི་ཚུལ་གྱིས་ཟང་ཟིང་དང་། ཆོས་ཀྱི་སྒྲིབ་པ་རྣམ་པར་དག་པར་བྱེད་ 130-1-269a པ་དང་། སྒྲིབ་པ་རྣམ་པར་དག་ནས་ཏིང་ངེ་འཛིན་གྱི་རོ་མྱོང་བར་མི་བྱེད་ཅིང་མངོན་པའི་ང་རྒྱལ་མེད་པའོ། །མི་མཐུན་པའི་ཕྱོགས་རྣམ་པ་དགུའི་གཉེན་པོར་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པར་བྱ་སྟེ། དགུ་གང་ཞེ་ན། དེ་ནི་སྐྱོ་བ་མེད་པ་དང་། ཡིད་ལ་བྱེད་པ་མེད་པ་དང་། ཞི་གནས་ དང་ལྷག་མཐོང་གི་ཉེ་བའི་ཉོན་མོངས་པ་དང་། བྱིང་བ་དང་འཁྲུག་པ་ལ་མི་མཇེད་པ་མེད་པ་ཉིད་དང་། ངན་ངོན་ཙམ་གྱིས་ཆོག་པར་འཛིན་པ་དང་། གདམས་ངག་བརྗེད་པ་དང་། ལྟུང་བ་དང་། བརྩོན་པ་བཏང་བ་ཉིད་དོ། །ཁྱིམ་མེད་པའི་སྐྱོན་ནི་ལྔ་སྟེ། མངོན་པར་མི་དགའ་བའི་སྐྱོན་ དང་། རྙེད་པ་དང་། བཀུར་སྟི་ལ་ལྷག་པར་ཆགས་པའི་སྐྱོན་དང་། ཤེས་ཀྱི་ཁེ་ཚོལ་བའི་སྐྱོན་དང་། ཁྱད་དུ་གསོད་པའི་སྐྱོན་དང་། མངོན་པའི་ང་རྒྱལ་གྱི་སྐྱོན་ནོ། །ཁྱིམ་པའི་སྐྱོན་ཡང་ལྔ་སྟེ། ལྷག་པར་ཆགས་པའི་སྐྱོན་དང་། བར་དུ་གཅོད་པའི་འདོད་པ་བསྟེན་པའི་སྐྱོན་དང་། ཡོངས་སུ་འཛིན་པའི་སྐྱོན་དང་། ཉེས་པར་སྤྱོད་པ་ལ་སྦྱོར་བའི་སྐྱོན་དང་། ལེགས་པར་སྤྱོད་པ་ལ་མི་སྦྱོར་བའི་སྐྱོན་ནོ། །བྱིས་པའི་རྟགས་ནི་བཞི་པོ་འདི་དག་ཡིན་ཏེ། ལེགས་པར་བྱ་བ་མི་བྱེད་པ་དང་། ཉེས་པར་བྱ་བ་བྱེད་པ་དང་། འདྲེན་མར་བྱེད་པ་དང་། གཅིག་ཏུ་ལེགས་པར་བྱ་བ་ དེ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་མི་ཤེས་པའོ། །གཞན་ཡང་བྱིས་པའི་རྟགས་བཞི་སྟེ། འདི་ལྟ་སྟེ། བློ་གྲོས་མ་ངེས་པ་དང་། བློ་གྲོས་ལོག་པར་རྣམ་པར་ངེས་པ་དང་། སྦྱོར་བ་མི་རྩོམ་པ་དང་། ཚུལ་འཆོས་པའོ། །གཞན་ཡང་བྱིས་པའི་རྟགས་བཞི་སྟེ། འདི་ལྟ་སྟེ། གནས་མ་ཡིན་པ་ལ་དགའ་བ་དང་། གནས་མ་ཡིན་པ་ལ་མྱ་ངན་བྱེད་པ་དང་། ཞུགས་པ་ལ་ངེས་པ་དང་། དང་པོ་ནས་མི་རྟོག་པའོ། །གཞན་ཡང་བྱིས་པའི་རྟགས་ལྔ་སྟེ། ལོག་པར་མངོན་པར་རྟོགས་པ་དང་། ལོག་པར་རྩོམ་པ་དང་། དེའི་ངལ་བ་ཕལ་ཆེར་འབྲས་བུ་མེད་པ་དང་། དེས་ མྱ་ངན་བྱེད་པ་དང་། བྱིས་པ་ཕལ་ཆེར་བསོད་ནམས་ཆུང་ཞིང་ཁ་རྗེ་ཆུང་བའོ། །འཁོར་བ་ནི་རྒྱ་མཚོ་དང་ཆོས་མཐུན་པ་ལྔས་རྒྱ་མཚོའི་མིང་འཐོབ་སྟེ། སྤྱོད་ཡུལ་ཚད་མེད་པར་ཆོས་མཐུན་པ་དང་། ཟབ་པར་ཆོས་མཐུན་པ་དང་། གཏིང་སླེབས་དཀའ་བར་ཆོས་མཐུན་པ་དང་། བཏུང་ 130-1-269b དུ་མི་རུང་བར་ཆོས་མཐུན་པ་དང་། རིན་པོ་ཆེ་ཆེན་པོའི་གནས་ཡིན་པར་ཆོས་མཐུན་པས་སོ། །ཆོས་ཀྱི་སྦྱིན་པ་ནི་རྒྱུ་ལྔས་ཟང་ཟིང་གི་སྦྱིན་པ་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། ཟང་ཟིང་གི་སྦྱིན་པ་ནི་གཞན་གྱི་སེམས་ཀྱི་རྒྱུད་ལ་ཉེས་པར་སྤྱོད་པ་ཀུན་ནས་སློང་བར་བྱེད་པ་ཡིན་གྱི་ཆོས་ཀྱི་ སྦྱིན་པ་ནི་ལེགས་པར་སྤྱོད་པ་ངེས་པར་ཀུན་ནས་སློང་བར་བྱེད་པའི་ཕྱིར་དང་། ཟང་ཟིང་གི་སྦྱིན་པ་ནི་གཞན་གྱི་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་ཀུན་ནས་སློང་བར་བྱེད་པ་ཡིན་གྱི། ཆོས་ཀྱི་སྦྱིན་པ་ནི་ཉོན་མོངས་པའི་གཉེན་པོ་ཡིན་པའི་ཕྱིར་དང་། ཟང་ཟིང་གི་སྦྱིན་པ་ནི་གཞན་གྱི་སེམས་ཀྱི་རྒྱུད་ལ་རྒྱུན་ དུ་ཁ་ན་མ་ཐོ་བ་དང་བཅས་པའི་བདེ་བ་སྐྱེད་པར་བྱེད་པ་ཡིན་གྱི་ཆོས་ཀྱི་སྦྱིན་པ་ནི་རྒྱུན་དུ་ཁ་ན་མ་ཐོ་བ་མེད་པའི་བདེ་བ་བསྐྱེད་པའི་ཕྱིར་དང་། ཟང་ཟིང་གི་སྦྱིན་པ་ནི་སངས་རྒྱས་རྣམས་འབྱུང་བ་ཡོད་ཀྱང་རུང་། མེད་ཀྱང་རུང་མོད་པ་ཡིན་གྱི་ཆོས་ཀྱི་སྦྱིན་པ་ནི་སངས་རྒྱས་འབྱུང་བ་མེད་ན་དཀོན་པའི་ ཕྱིར་དང་། ཟང་ཟིང་གི་སྦྱིན་པ་ནི་བྱིན་ན་ཟད་པའི་ཆོས་ཅན་ཡིན་གྱི། ཆོས་ཀྱི་སྦྱིན་པ་ནི་བྱིན་ན་མི་ཟད་པའི་ཆོས་ཅན་ཡིན་པའི་ཕྱིར་རོ། །སེམས་ལྔ་ལ་ནི་དབང་བསྒྱུར་བར་བྱའི་སེམས་དེ་དག་གི་དབང་དུ་ནི་མི་འགྱུར་བར་བྱ་བ་ཡིན་ཏེ། ཉེས་པར་སྤྱོད་པའི་སྦྱོར་བ་ལས་བྱུང་བའི་སེམས་ཉེས་ པར་སྤྱོད་པ་ལ་འཇུག་པ་དང་། ལེགས་པར་སྤྱོད་པའི་སྦྱོར་བ་ལས་བྱུང་བའི་སེམས་ལེགས་པར་སྤྱོད་པ་ལ་མི་འཇུག་པ་དང་། འདོད་པ་ཡོངས་སུ་ཚོལ་བའི་སྦྱོར་བ་ལས་བྱུང་བའི་སེམས་ཆོས་མ་ཡིན་པས་བབ་ཅོལ་དུ་འདོད་པ་ཡོངས་སུ་ཚོལ་བ་ལ་འཇུག་པ་དང་། འདོད་པ་ལ་ལོངས་ སྤྱོད་པའི་སྦྱོར་བ་ལས་བྱུང་བའི་སེམས་ཆགས་པ་ནས་ཉེས་དམིགས་སུ་མི་ལྟ་བ་དང་། ངེས་པར་འབྱུང་བ་རབ་ཏུ་མི་ཤེས་པའི་བར་གྱིས་ལོངས་སྤྱོད་པ་ལ་འཇུག་པ་དང་། མངོན་པར་འབྱུང་བ་དང་། རབ་ཏུ་དབེན་པའི་སྦྱོར་བ་ལས་བྱུང་བའི་སེམས་མངོན་པར་འབྱུང་བ་དང་། རབ་ཏུ་དབེན་ པ་ལས་ཕྱིར་ལྡོག་ཅིང་འདོད་པ་རྣམས་དང་། བསམ་གཏན་གྱི་རོ་མྱང་བ་ལ་འཇུག་པ་འཇུག་པའོ། །ཉོན་མོངས་པའི་གདོན་ནི་རྒྱུ་ལྔས་འབྱུང་པོའི་གདོན་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། འབྱུང་པོའི་གདོན་གྱིས་ཟིན་པ་ནི་གཅིག་ལ་གདོན་གཅིག་གིས་ཟིན་པ་ཡིན་གྱི། ཉོན་མོངས་པའི་ 130-1-270a གདོན་གྱིས་ཟིན་པ་ནི་གཅིག་ལ་ཉོན་མོངས་པའི་གདོན་དུ་མས་ཟིན་པ་ཡིན་པ་དང་། གཞན་ཡང་འབྱུང་པོའི་གདོན་གྱིས་ཟིན་པའི་འབྱུང་པོའི་གདོན་ནི་གསང་སྔགས་དག་གམ་སྨན་དག་གམ། ཡོ་བྱད་དག་གིས་བསྒྲུབ་སླ་བ་ཡིན་གྱི་ཉོན་མོངས་པའི་གདོན་གྱིས་ ཟིན་པའི་ཉོན་མོངས་པའི་གདོན་ནི་བསྒྲུབ་ཏུ་མི་རུང་བ་ཡིན་པ་དང་། གཞན་ཡང་འབྱུང་པོའི་གདོན་གྱིས་ཟིན་པའི་འབྱུང་པོའི་གདོན་ནི་ཟིན་པ་ཙམ་ཁོ་ནས་བྱིས་པ་དང་ཁྱེའུ་དག་ཡན་ཆད་ཀྱིས་ཀྱང་རྣམ་པར་ཤེས་པ་སླ་བ་ཡིན་གྱི། ཉོན་མོངས་པའི་གདོན་གྱིས་ཟིན་པའི་ཉོན་མོངས་པའི་གདོན་ ནི་འཇིག་རྟེན་གྱི་མཁས་པ་རྣམས་ཀྱིས་ཀྱང་རྣམ་པར་ཤེས་པ་དཀའ་བ་ཡིན་པ་དང་། གཞན་ཡང་འབྱུང་པོའི་གདོན་གྱིས་ཟིན་པའི་འབྱུང་པོའི་གདོན་ནི་གློ་བུར་བ་སྟེ། ལྷན་ཅིག་སྐྱེས་པ་མ་ཡིན་པ་དང་། དེས་དེའི་ངང་ཚུལ་དུ་མི་འགྱུར་བ་ཡིན་གྱི། ཉོན་མོངས་པའི་གདོན་གྱིས་ཟིན་ པའི་ཉོན་མོངས་པའི་གདོན་ནི་གློ་བུར་བ་མ་ཡིན་པ་སྟེ། ལྷན་ཅིག་སྐྱེས་པ་དང་། དེས་དེའི་ངང་ཚུལ་དུ་འགྱུར་བ་དང་། གཞན་ཡང་འབྱུང་པོའི་གདོན་གྱིས་ཟིན་པའི་འབྱུང་པོའི་གདོན་ནི་དེ་ལས་གཞན་པའི་སེམས་ཅན་ཐམས་ཅད་དང་ཐུན་མོང་མ་ཡིན་པ་ཡིན་གྱི། ཉོན་མོངས་ པའི་གདོན་གྱིས་ཟིན་པའི་ཉོན་མོངས་པའི་གདོན་ནི་དེ་ལས་གཞན་པའི་སེམས་ཅན་ཐམས་ཅད་དང་ཐུན་མོང་ཡིན་པས་སོ། །དགེ་སློང་ཚུལ་བཞིན་མ་ཡིན་པ་སེམས་པ་ལ་ཞུགས་པ་བདེན་པ་དང་། གནས་པ་ལས་བདག་ཉིད་དམིགས་ནས། འདོགས་པར་བྱེད་པའི་སླུ་བ་ནི་རྣམ་པ་ལྔར་རིག་ པར་བྱ་སྟེ། མུ་སྟེགས་ཅན་གྱི་བསྟན་པ་ལ་འཇུག་ཅིང་། མུ་སྟེགས་ཅན་གྱི་ལྟ་བ་འཛིན་པ་དང་། གལ་ཏེ་མི་འཇུག་ན་ཡང་མུ་སྟེགས་ཅན་རྣམས་དང་ཆོས་མཐུན་པར་འགྱུར་བ་དང་། ཞུགས་ན་ཡང་ངེས་པར་འབྱིན་པ་མ་ཡིན་པའི་ལམ་དུ་ཞུགས་པར་འགྱུར་བ་དང་། མ་ཞུགས་ན་ཡང་རྒྱུ་ གཉིས་ཀྱིས་ཏེ། ཆོས་འདི་པ་རྣམས་དང་རིས་མི་མཐུན་པའི་ཆོས་ཅན་དུ་འགྱུར་བ་སྟེ། བདེན་པ་མངོན་པར་རྟོགས་པའི་གཞི་ལོག་པར་བསྒྲུབ་པ་དང་། བདེན་པ་མངོན་པར་རྟོགས་པ་ལོག་པར་བསྒྲུབ་པས་སོ། །འདོད་པ་སྤྱོད་པ་དང་། བསོད་ནམས་སྤྱོད་པ་དང་། ཕན་ཚུན་གནས་པའི་སྤྱོད་ 130-1-270b པ་ལས་བརྩམས་ནས། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བའི་ཀུན་ནས་ཉོན་མོངས་པ་རྣམ་པ་དྲུག་དང་། གཞི་བཞི་དང་། གཉེན་པོ་རྣམ་པ་ལྔ་ཡོད་པར་རིག་པར་བྱ་སྟེ། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བའི་ཀུན་ནས་ཉོན་མོངས་པ་རྣམ་པ་དྲུག་གང་ཞེ་ན། ཡུལ་ལ་འདོད་ཆགས་པ་སྟེ། དེས་བར་དུ་གཅོད་པའི་འདོད་པ་རྣམས་སྟེན་པར་བྱེད་པ་དང་། དགྲ་ལ་ཞེ་སྡང་བ་སྟེ། དེས་གནོད་པར་བྱེད་པའི་སེམས་ཅན་རྣམས་ལ་གནོད་སེམས་སྒྲུབ་པར་འགྱུར་བ་དང་། ངག་ལ་འདོད་ཆགས་པ་སྟེ། དེས་ངག་གིས་ཡོངས་སུ་བསྡུས་པའི་སེམས་ཅན་གཞན་གྱི་དབང་དུ་གྱུར་པ་སྡུག་ བསྔལ་བ་རྣམས་ལ་རྣམ་པར་འཚེ་བ་དང་། རྣམ་པར་ཐོ་འཚམས་པ་སྒྲུབ་པར་བྱེད་པ་དང་། ལྷག་པ་ལ་ཞེ་སྡང་བ་སྟེ། དེས་བདེ་བ་ལྷག་པ་དང་། དགའ་བ་ལྷག་པའི་སེམས་ཅན་རྣམས་ལ་འབྱོར་པ་དེ་མི་འདོད་ཅིང་བདག་ཉིད་འདོད་པས་ཕྲག་དོག་གི་རང་བཞིན་གྱིས་མི་དགའ་བ་དང་། མངོན་ པར་འདྲེ་བར་བྱེད་པ་དང་། ཡོན་ཏན་དང་ལྡན་པ་ལ་འདོད་ཆགས་པ་དང་། སྐྱོན་དང་ལྡན་པ་ལ་ཞེ་སྡང་བ་སྟེ། དེས་སེམས་མི་མཉམ་པས་དགེ་འདུན་ལ་སྦྱིན་པ་དག་སྦྱིན་ཞིང་། བསོད་ནམས་དག་བྱེད་པ་དང་། གཅིག་ལ་གཅིག་ལེགས་པར་བྱས་པ་དང་། ཉེས་པར་བྱས་པ་དང་། མ་ བྱས་པ་ལ་ཀླན་ཀ་ཚོལ་བས་སྡུག་བསྔལ་བ་དང་། བདེ་བ་ལ་རེག་པར་མི་གནས་པའོ། །གཞི་བཞི་གང་ཞེ་ན། རྣམ་པ་དང་པོའི་གཞི་ནི་ཡུལ་ཡིན་ནོ། །རྣམ་པ་ལྷག་མ་རྣམས་ཀྱི་གཞི་ནི་སེམས་ཅན་ཡིན་ནོ། །རྣམ་པ་དང་པོ་གཉིས་ཀྱི་གཞི་ནི་ཀུན་ནས་ཉོན་མོངས་པ་ཆ་གཅིག་པ་ཉིད་ ཡིན་ནོ། །རྣམ་པ་ལྷག་མ་རྣམས་ཀྱི་གཞི་ནི་ཀུན་ནས་ཉོན་མོངས་པ་ཆ་གཉིས་པ་ཉིད་ཡིན་ནོ། །གཉེན་པོ་རྣམ་པ་ལྔ་གང་ཞེ་ན། མི་སྡུག་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་སོ། །རྣམ་གྲངས་གཞན་ཡང་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བའི་ཀུན་ ནས་ཉོན་མོངས་པ་རྣམ་པ་དྲུག་དང་། གཉེན་པོ་རྣམ་པ་ལྔ་ཡོད་པར་རིག་པར་བྱ་སྟེ། རྣམ་པ་དྲུག་གང་ཞེ་ན། འདོད་ཆགས་ཀྱི་དངོས་པོ་དང་། ཞེ་སྡང་གི་དངོས་པོ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཀུན་ནས་ཉོན་མོངས་པ་ལ་འདོད་ཆགས་པ་དང་། ཀུན་དུ་འདོད་ 130-1-271a ཆགས་པ་མེད་པ་དང་། ཀུན་དུ་ཞེ་སྡང་བ་མེད་པ་དང་། ཀུན་དུ་གཏི་མུག་པ་མེད་པའི་ཀུན་ནས་ཉོན་མོངས་པ་མེད་པ་ལ་འདོད་ཆགས་པ་དང་། ཀུན་དུ་འདོད་ཆགས་པ་མེད་པ་དང་། ཀུན་དུ་ཞེ་སྡང་བ་མེད་པ་དང་། ཀུན་དུ་གཏི་མུག་པ་མེད་པའི་ཀུན་ནས་ཉོན་མོངས་པ་ མེད་པ་ལ་ཞེ་སྡང་བ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཀུན་ནས་ཉོན་མོངས་པ་ལ་ཞེ་སྡང་བའོ། །གཉེན་པོ་རྣམ་པ་ལྔ་གང་ཞེ་ན། མི་སྡུག་པ་དང་། བྱམས་པ་དང་། ཡིད་ལ་བྱེད་པ་གསུམ་སྟེ། ཀུན་ནས་ཉོན་མོངས་པ་ཕྱིན་ཅི་ལོག་པར་ཡིད་ལ་བྱེད་པ་དང་། ཀུན་ནས་ ཉོན་མོངས་པ་མེད་པ་ཕྱིན་ཅི་མ་ལོག་པར་ཡིད་ལ་བྱེད་པ་དང་། ཀུན་ནས་ཉོན་མོངས་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་གཉིས་ལ་སེམས་ཕྱིན་ཅི་ལོག་ཏུ་མ་གྱུར་པ་དེ་ལ་འདོད་ཆགས་དང་། ཞེ་སྡང་ཡལ་བར་འདོར་བ་ཡིད་ལ་བྱེད་པའོ། །གང་ཟག་བཞིའི་རབ་ཏུ་འབྱུང་བ་ལ་ཡོན་ ཏན་ལྔ་ཡོད་པར་རིག་པར་བྱ་སྟེ། གང་ཟག་བཞི་གང་ཞེ་ན། རང་དབང་ཅན་དང་། གཞན་གྱི་དབང་དུ་གྱུར་པ་དང་། ཡོངས་སུ་སྨིན་པ་དང་། ཡོངས་སུ་མ་སྨིན་པའོ། །རབ་ཏུ་འབྱུང་བའི་ཡོན་ཏན་ལྔ་ཇི་ལྟར་རིག་པར་བྱ་ཞེ་ན། གང་ཟག་རང་དབང་ཅན་རབ་ཏུ་བྱུང་ན་རྒྱལ་པོ་ལ་སོགས་པ་དང་། ཐུན་མོང་བའི་ལོངས་སྤྱོད་དག་སྤངས་ནས། དེ་དག་དང་ཐུན་མོང་མ་ཡིན་པའི་ཚུལ་ཁྲིམས་དག་ལ་གནས་པར་འགྱུར་ཏེ། དེ་ནི་ཡོན་ཏན་དང་པོ་ཡིན་ནོ། །གང་ཟག་གཞན་གྱི་དབང་དུ་གྱུར་པ་རབ་ཏུ་བྱུང་ན་གཞན་གྱི་དབང་དང་། ཚིག་འོག་ན་འདུག་པ་སྤངས་ནས། དབང་དང་ཚིག་ འོག་ན་འདུག་པ་ལ་རང་དབང་ཡོད་པར་ཁས་བླངས་པར་འགྱུར་ཏེ། དེ་ནི་ཡོན་ཏན་གཉིས་པ་ཡིན་ནོ། །གང་ཟག་ཡོངས་སུ་སྨིན་པ་རབ་ཏུ་བྱུང་ན། གལ་ཏེ་ཀུན་དུ་སྦྱོར་བ་ལྷག་མ་མ་ལུས་ཤིང་སྡུག་བསྔལ་ཐམས་ཅད་ཀྱི་མཐར་ཕྱིན་པ་ཐོབ་པར་གྱུར་ན། དེ་ནི་ཡོན་ཏན་གསུམ་པ་ཡིན་ ནོ། །གལ་ཏེ་ཀུན་དུ་སྦྱོར་བ་ལྷག་མ་དང་བཅས་ཤིང་། ངན་སོང་བའི་སྡུག་བསྔལ་གྱི་མཐར་ཕྱིན་པ་རྗེས་སུ་ཐོབ་པར་གྱུར་ན། དེ་ནི་ཡོན་ཏན་བཞི་པ་ཡིན་ནོ། །གང་ཟག་ཡོངས་སུ་མ་སྨིན་པ་རབ་ཏུ་བྱུང་ན་ཚེ་འདི་ལ་ཁྱིམ་གྱི་གནོད་པ་དང་། སྡུག་བསྔལ་རྣམ་པ་དུ་མ་དག་ལས་ཡོངས་སུ་ 130-1-271b གྲོལ་ཞིང་འདི་ལྟ་སྟེ། ཕྱི་མ་ལ་རྒྱུད་ཡོངས་སུ་སྨིན་པར་འགྱུར་བའི་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་རྣམ་པ་དུ་མ་དག་སོགས་པར་འགྱུར་ཏེ། དེ་ནི་ཡོན་ཏན་ལྔ་པ་ཡིན་ནོ། །ཟག་པ་དང་བཅས་པའི་འདུ་བྱེད་ཐམས་ཅད་ནི་སྡུག་བསྔལ་ཉིད་རྣམ་པ་གསུམ་གྱི་རྣམ་པ་དགུ་དང་། རྗེས་སུ་འབྲེལ་པར་རིག་པར་བྱ་སྟེ། སྡུག་བསྔལ་ཉིད་རྣམ་པ་གསུམ་གང་ཞེ་ན། སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དང་། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དང་། འགྱུར་བའི་སྡུག་བསྔལ་ཉིད་དོ། །རྣམ་པ་དགུ་གང་ཞེ་ན། སྡུག་བསྔལ་ཉིད་གསུམ་པོ་རེ་རེའི་རྣམ་པ་གསུམ་གསུམ་དང་། ཟག་པ་དང་བཅས་པའི་འདུ་བྱེད་ཐམས་ཅད་རྗེས་སུ་འབྲེལ་པར་གྱུར་པ་དེ་དག་ནི་རྣམ་པ་དགུ་ཡིན་ཏེ། འཆི་འཕོ་དང་རྗེས་སུ་འབྲེལ་པ་དང་། ངན་སོང་བའི་རྒྱུ་ཀུན་ནས་སློང་བ་དང་རྗེས་སུ་འབྲེལ་པ་དང་། ངན་སོང་དུ་སྐྱེ་བ་དང་རྗེས་སུ་འབྲེལ་པ་དང་། མི་རྟག་པའི་ཆོས་ཉིད་ཀྱིས་ མི་རྟག་པ་དང་རྗེས་སུ་འབྲེལ་པ་དང་། སྡུག་བསྔལ་གྱི་ཆོས་ཉིད་ཀྱིས་སྡུག་བསྔལ་དང་རྗེས་སུ་འབྲེལ་པ་དང་བདག་མེད་པའི་ཆོས་ཉིད་ཀྱིས་བདག་མེད་པ་དང་རྗེས་སུ་འབྲེལ་པ་དང་། རོ་མྱང་བའི་གནས་ལྟ་བུའི་འདུ་བྱེད་རྣམས་ཀྱི་བདེ་བ་འབྱུང་བ་དང་། གནས་པ་དང་རྗེས་སུ་འབྲེལ་ དང་། འགྱུར་བའི་སྡུག་བསྔལ་ཉིད་དང་རྗེས་སུ་འབྲེལ་པ་དང་། འགྱུར་བའི་སྡུག་བསྔལ་དེ་ཉིད་ལ་བརྟེན་ནས་མཁས་པ་རྣམས་ཀྱིས་ཀྱང་ངེས་པར་འབྱུང་བ་ཡོངས་སུ་མ་ཟིན་པ་ཉིད་དང་རྗེས་སུ་འབྲེལ་པའོ། །དགེ་སློང་འཁོར་གྱི་ནང་དུ་རྒྱུ་བ་ནི་ཡན་ལག་བཞི་དང་ལྡན་ན། འཁོར་ལ་ ཡང་དག་པར་རྗེས་སུ་སྟོན་པ་དང་། འཁོར་ཡོངས་སུ་སྡུད་པར་འོས་པ་དང་། བདག་ལ་ཕན་པ་དང་། གཞན་ལ་ཕན་པའི་ཕྱིར་ཞུགས་པ་ཡིན་ཏེ། བཞི་གང་ཞེ་ན། ཉེ་བའི་ཉོན་མོངས་པས་དབེན་པ་དང་། ཤེས་པས་མི་དབེན་པ་དང་། དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་ མི་བརྗེད་པ་དང་། བསྒོམ་པ་ཡོངས་སུ་རྫོགས་པར་བྱ་བ་དང་། ཕྱིར་ཞིང་འཕེལ་བ་དང་། ཡངས་པར་བྱ་བའི་ཕྱིར་ཉེ་བར་རྟེན་པ་ཉེ་བར་བསྒྲུབ་པ་དང་། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་ཉེ་བར་རྟེན་པ་བསྒྲུབ་པའོ། །ཇི་ལྟར་ན་དགེ་སློང་ཉེ་བའི་ཉོན་མོངས་པ་རྣམས་ 130-1-272a ཀྱིས་དབེན་པ་ཡིན་ཞེ་ན། ཉེ་བའི་ཉོན་མོངས་པ་ནི་ལྔ་པོ་འདི་དག་ཡིན་ཏེ། ཁྱིམ་ན་འདུག་ན་ཆགས་པ་དང་། ཚུལ་ཁྲིམས་ཉམས་པ་དང་། སྔོན་ཉམས་སུ་མྱོང་བ་རྗེས་སུ་དྲན་པའི་ཀུན་དུ་རྟོག་པ་དང་ལྡན་པའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་། མ་ འོངས་པའི་ཡུལ་ལ་ཡོངས་སུ་འཆུམས་པའི་བརྣབ་སེམས་དང་། ཡིད་མི་བདེ་བ་དང་། ཆོས་ལ་སེར་སྣ་བྱེད་པའོ། །བྱིས་པ་བྱུང་བ་དང་། འབྱུང་བ་ལས་གྱུར་པའི་གཟུགས་རང་གི་མཚན་ཉིད་ལས་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་པ་གང་ཡིན་པ་ནི་ཕ་དང་། མ་དང་། བུ་དང་། ཆུང་མ་ནས། མཛའ་བཤེས་དང་། གྲོས་གྲོགས་དང་། ཉེ་དུ་དང་རྒན་རབས་ཀྱི་བར་དག་གི་ཁ་དོག་ཙམ་དང་དབྱིབས་ཙམ་དང་། བགད་པ་དང་རྩེས་པ་ལ་སོགས་པ་ལུས་དང་ངག་གི་བྱ་བ་ཙམ་ལ་སེམས་ཅན་དུ་འདུ་ཤེས་པ་དང་ལྡན་པའི་ཡིད་ལ་བྱེད་པ་ལས་ལོག་པར་ཡོངས་སུ་ བརྟགས་ནས་བདག་གི་ཕ་དང་མ་དང་བུ་དང་ཆུང་མ་ནས་མཛའ་བཤེས་དང་གྲོས་གྲོགས་དང་། ཉེ་དུ་དང་། རྒན་རབས་ཀྱི་བར་དག་ཡིན་སྙམ་དུ་རློམ་སེམས་བྱེད་པས། གཞི་དེས་ཁྱིམ་ན་འདུག་ན་ཆགས་པ་སྐྱེད་པར་བྱེད་དོ། །མཁས་པ་གཟུགས་རང་གི་མཚན་ཉིད་ཙམ་དུ་ཤེས་པ་ སེམས་ཅན་གྱི་འདུ་ཤེས་མེད་པ་ལ་ནི་དེ་མི་འབྱུང་སྟེ། དེ་ལྟ་བས་ན་དེ་ནི་ཉེ་བའི་ཉོན་མོངས་པ་དང་པོ་དེས་དབེན་པ་ཡིན་ཏེ། འདི་ལྟར་གཟུགས་ཀྱི་རང་བཞིན་རྣམ་པར་གཞག་པ་སོ་སོར་གནས་པ་རྣམ་པ་སྣ་ཚོགས་ལ་བརྟེན་ནས། ཤིན་ཏུ་ཡུན་རིང་བར་མཐོང་ངམ། གཞན་དག་དང་ འདྲེས་པར་མཐོང་ནས་འདི་སྙམ་དུ་སེམས་ཏེ། བདག་གི་ཕ་དང་མ་དང་བུ་དང་ཆུང་མ་ནས་རྒྱས་པར་མཛའ་བཤེས་དང་། གྲོས་གྲོགས་དང་། ཉེ་དུ་དང་། རྒན་རབས་ཀྱི་བར་དག་ནི་གཞན་ཡིན་ནོ་སྙམ་པ་དང་། གཟུགས་མེད་པར་སྐྱེས་པའི་སེམས་ཅན་རྣམས་ལ་ནི་མེད་དོ་ སྙམ་དུ་སེམས་པའི་ཕྱིར་རོ། །གཞན་ཡང་བྱིས་པ་ནི་བྱིས་པའི་མཚན་ཉིད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མི་ཤེས་ལ། མཁས་པའི་མཚན་ཉིད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མི་ཤེས་ཏེ། དེས་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མི་ཤེས་པས། ཉེས་ 130-1-272b པར་བསམ་པ་སེམས་པ་དང་། ཉེས་པར་སྨྲ་བ་བརྗོད་པ་དང་། ཉེས་པར་བྱ་བའི་ལས་བྱེད་པ་དང་། ལུས་དང་ངག་དང་ཡིད་ཀྱི་ཀུན་དུ་སྤྱོད་པ་ཡོངས་སུ་མ་དག་པ་དང་། ཚུལ་ཁྲིམས་དང་འཚོ་བ་ཡོངས་སུ་མ་དག་པ་ཡིན་གྱི་མཁས་པས་ནི་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ ཤེས་པས་དེ་ལས་བཟློག་པ་ཡིན་པར་རིག་པར་བྱ་སྟེ། དེ་ལྟ་བས་ན་དེ་ནི་ཉེ་བའི་ཉོན་མོངས་པ་གཉིས་པ་དེས་དབེན་པ་ཡིན་ནོ། །གཞན་ཡང་བྱིས་པ་ནི་ཚུལ་བཞིན་མ་ཡིན་པ་ཡང་ཚུལ་བཞིན་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མི་ཤེས་པ་ལ། ཚུལ་བཞིན་ཡང་ ཚུལ་བཞིན་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མི་ཤེས་པས། འདོད་པའི་འདོད་ཆགས་ཀྱི་གནས་ལྟ་བུའི་ཆོས་ཡིད་དུ་མི་འོང་བ་སྔོན་ཉམས་སུ་མྱོང་བ་དག་ལ་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་ཅིང་འདོད་པའི་རྣམ་པར་རྟོག་པས་རྣམ་པར་རྟོག་པར་བྱེད་དང་དུ་ལེན་པར་བྱེད་དེ། སྤོང་བར་ མི་བྱེད་སེལ་བར་མི་བྱེད་བྱང་བར་མི་བྱེད་པ་དང་། གནོད་སེམས་ཀྱི་གནས་ལྟ་བུའི་ཡིད་དུ་མི་འོང་བ་དག་ལ་གནོད་སེམས་ཀྱི་རྣམ་པར་རྟོག་པས་རྣམ་པར་རྟོག་པ་དང་། རྣམ་པར་འཚེ་བའི་གནས་ལྟ་བུ་ཡིད་དུ་མི་འོང་བ་དག་ལ་རྣམ་པར་འཚེ་བའི་རྣམ་པར་རྟོག་པས་རྣམ་པར་རྟོག་པར་བྱེད་ དེ། ལྷག་མ་རྣམས་ནི་སྔ་མ་བཞིན་དུ་ཤེས་པར་བྱ་སྟེ། མཁས་པ་ནི་ཚུལ་བཞིན་མ་ཡིན་པ་ཡང་ཚུལ་བཞིན་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ལ། ཚུལ་བཞིན་ཡང་ཚུལ་བཞིན་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པས། ཇི་སྐད་བསྟན་པའི་ཆོས་སྔོན་ཉམས་ སུ་མྱོང་བ་དེ་དག་རྗེས་སུ་དྲན་པར་ཡང་མི་བྱེད་ལ་ཚུལ་བཞིན་དུ་ཡང་ཡིད་ལ་བྱེད་དོ། །བརྗེད་ངས་པས་བརྒྱ་ལ་འདོད་པའི་རྣམ་པར་རྟོག་པ་ནས་རྣམ་པར་འཚེ་བའི་རྣམ་པར་རྟོག་པའི་བར་གང་ཡིན་པ་དེ་ལ་དམིགས་པ་སྐྱེས་ན་ཡང་དང་དུ་མི་ལེན་པར་སྤོང་བར་བྱེད། སེལ་བར་བྱེད་བྱང་བར་ བྱེད་དོ། །དེ་ལྟ་བས་ན་དེ་ནི་ཉེ་བའི་ཉོན་མོངས་པ་གསུམ་པ་དེས་དབེན་པ་ཡིན་ནོ། །གཞན་ཡང་བྱིས་པ་ནི་དབང་པོ་སྡོམ་པའི་ཕན་ཡོན་ཡང་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མི་ཤེས་ལ། མ་བསྡམས་པའི་ཉེས་དམིགས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མི་ཤེས་པས། སོ་སོའི་ 130-1-273a ཡུལ་ད་ལྟར་བྱུང་བ་མངོན་དུ་གྱུར་པ་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དག་གིས་སེམས་ཀུན་ནས་ཉོན་མོངས་པ་ཅན་དུ་འགྱུར་བ་དང་། གཟུགས་ལ་སོགས་པ་ཡུལ་ཡིད་དུ་འོང་བ་དག་ལ་ལྟ་བར་འདོད་པ་དེ་ལ་ཡིད་དུ་མི་འོང་བ་ནི་མི་མཐུན་པ་ཡིན་པས་དེ་ལྟར་ ཡིད་དུ་འོང་བ་འདོད་པ་གང་ཡིན་པ་དེ་ནི་དེའི་བརྣབ་སེམས་ཡིན་པར་རིག་པར་བྱ་ལ། དེ་ལྟར་བརྣབ་སེམས་དང་ལྡན་པ་ནི་ཡུལ་གཞན་ཉེ་བར་གྱུར་པ་ན་ཡིད་མི་དགའ་བས་ཡིད་མི་བདེ་བར་ཡང་འགྱུར་གྱི། མཁས་པ་ནི་དེ་ལས་བཟློག་པས་སྔ་མའི་ཚུལ་བཞིན་དུ་བལྟ་བར་བྱ་སྟེ། དེ་ལྟ་བས་ན་དེ་ནི་ཉེ་བའི་ཉོན་མོངས་པ་བཞི་པ་དེས་དབེན་པ་ཡིན་ནོ། །གཞན་ཡང་བྱིས་པ་ནི་ཆགས་པ་དམ་པ་མ་ཡིན་པའི་ཆོས་ཀྱི་ཉེས་དམིགས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མི་ཤེས་ཤིང་། དེ་ལས་གཞན་པའི་སེར་སྣ་བཞིས་དེད་པ་ན་ཆོས་ལ་ཡང་སེར་སྣ་བྱེད་པ་ཡིན་གྱི། མཁས་པས་ནི་དེའི་ཉེས་དམིགས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དེ་ལས་གཞན་པའི་སེར་སྣ་བཞི་སྐྱེས་ན་ཡང་དང་དུ་མི་ལེན་ན། ཆོས་ལ་སེར་སྣ་བྱེད་པར་ལྟ་ག་ལ་འགྱུར་ཏེ། དེ་ལྟར་ཆོས་ལ་སེར་སྣ་དང་བྲལ་བ་དེ་ནི་གང་ཟག་ཆོས་འདོད་པ་རྣམས་ལ་སྟོན་པའི་བསྟན་པ་མདོ་སྡེ་ དང་འདུལ་བ་དང་མ་མོ་དང་ལྡན་པའི་ལུང་འབོགས་པར་བྱེད། འཛིན་དུ་འཇུག་པར་བྱེད་པ་ནས་རྒྱས་པར་རྒྱུན་མི་འཆད་པར་སྟོན་པའི་བར་དུ་བྱེད་ཅིང་། སློབ་དཔོན་གྱི་དཔེ་མཁྱུད་ཀྱང་མི་བྱེད་དེ། དེ་ལྟ་བས་ན་དེ་ནི་ཉེ་བའི་ཉོན་མོངས་པ་ལྔ་པོ་དེས་དབེན་པ་ཡིན་ནོ། །དེ་ལྟར་ན་དགེ་སློང་ ཉེ་བའི་ཉོན་མོངས་པས་དབེན་པའི་ཡན་ལག་དང་པོ་དང་ལྡན་པ་ཡིན་ནོ།། །།བམ་པོ་སུམ་ཅུ་རྩ་གཅིག་པ། ཇི་ལྟར་ན་དགེ་སློང་ཤེས་པ་རྣམས་ཀྱིས་མི་དབེན་པ་ཡིན་ཞེ་ན། ཤེས་པ་ནི་བཞི་པོ་འདི་དག་ཡིན་ཏེ། བཞི་གང་ཞེ་ན། དང་པོར་ཉེ་བའི་ཉོན་མོངས་པ་ཅན་མ་ཡིན་ པའི་སེམས་ཀྱི་རྒྱུད་ཀྱིས་འཕགས་པའི་ལམ་ཡན་ལག་བརྒྱད་པ་རྟོགས་པ་ལ་བརྩམས་ནས་ཤེས་པ་དང་པོའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཐོབ་པར་བྱ་ཞིང་གྲུབ་པར་བྱ་བ་ལས་བརྩམས་ནས་ཤེས་པ་གཞན་གསུམ་མོ། །དགེ་སློང་སོ་སོའི་སྐྱེ་བོར་གྱུར་པ་ཉིད་ན་ 130-1-273b འདི་སྙམ་དུ་སེམས་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་འདུལ་བ་འཕགས་པ་འདི་ལ་ཡོད་ཀྱི་འདི་ལས་ཕྱི་རོལ་པ་མུ་སྟེགས་ཅན་ཐམས་ཅད་ཀྱི་གནས་ཀྱི་གཞུང་རྣམས་ལ་ནི་མེད་དོ། །གང་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ ཡོད་པ་དེ་ལ་ནི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་དང་། དགེ་སྦྱོང་གི་ཚུལ་དང་། དགེ་སྦྱོང་གི་ཚུལ་གྱི་དོན་མྱ་ངན་ལས་འདའ་བ་ཡང་ཡོད་པ་བདག་གི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་དང་། དགེ་སྦྱོང་གི་ཚུལ་དང་། དགེ་སྦྱོང་གི་ཚུལ་གྱི་དོན་རྣམས་ཐོབ་པར་བྱ་བའི་ཕྱིར་འཕགས་པའི་ ལམ་ཡན་ལག་བརྒྱད་པ་བསྐྱེད་པར་བྱ་ཞིང་རྣམ་པར་སྦྱང་བར་བྱ་གོར་མ་ཆག་སྙམ་དུ་སེམས་ཏེ། དེས་རྣམ་པ་དེ་དག་གིས་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཤེས་པ་གང་ཡིན་པ་དེ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་རྟོགས་པ་ལས་བརྩམས་ནས་ཤེས་པ་དང་པོའོ་ཞེས་ བྱའོ། །དེས་ཤེས་པ་དེ་ཉིད་ལ་བརྟེན་ཅིང་གནས་ནས་འཕགས་པའི་ལམ་ཡན་ལག་བརྒྱད་པ་དེ་ལྟར་རིག་པ་དེ་ཐོབ་པར་བྱ་ཞིང་གྲུབ་པར་བྱ་བའི་ཕྱིར་ཤེས་པ་གཞན་གསུམ་པོ་ཐོས་པ་ལས་བྱུང་བའི་ཤེས་པ་དང་། བསམས་པ་ལས་བྱུང་བའི་ཤེས་པ་དང་། བསྒོམས་པ་ལས་ བྱུང་བའི་ཤེས་པ་དག་གིས་སྤྲོ་བར་བྱེད། རྩོལ་བར་བྱེད། འབད་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྩོན་པར་བྱེད་པ་ནས། ཐོས་པ་ལས་བྱུང་བའི་ཤེས་པ་རྣམ་པར་དག་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་རྟོན་པའི་ཚེ། དམ་ པའི་ཆོས་མཉན་པའི་སྐབས་སུ་བབ་པ་ན་སོང་ཞིང་སོང་ཞིང་བསྙེན་བཀུར་བྱས་ཏེ་ཉན་པར་བྱེད་ཅིང་། དགའ་བ་དང་མཆོག་ཏུ་དགའ་བ་རྒྱ་ཆེན་པོ་དགེ་བ་མངོན་པར་འབྱུང་བ་དང་ལྡན་པ་ཐོབ་པར་བྱེད་དོ། །དེ་ལ་རང་གི་མཚན་ཉིད་མཆོག་ཡིན་པས་ན་རྒྱ་ཆེ་བའོ། །ཁ་ན་མ་ཐོ་བ་མེད་པས་ ན། དགེ་བའོ། །མྱ་ངན་ལས་འདས་པ་དང་ལྡན་པས་ན་མངོན་པར་འབྱུང་བ་དང་ལྡན་པ་ཡིན་ནོ། །བསམས་པ་ལས་བྱུང་བའི་ཤེས་པས་བརྩོན་པར་བྱེད་པའི་ཚེ་ན་ནི། བསམས་པ་ལས་བྱུང་བའི་ཤེས་པ་ཉིད་རྣམ་པར་དག་པར་བྱ་བའི་ཕྱིར་གང་ན་དགེ་སློང་མདོ་སྡེ་དང་འདུལ་ 130-1-274a བ་དང་མ་མོ་འཛིན་པ། མདོ་སྡེ་དང་འདུལ་བ་དང་མ་མོའི་འབྲེལ་པའི་གཏམ་རྣམ་པར་གཏན་ལ་འབེབས་པར་བྱེད་པ་དག་འདུས་ཏེ་འཁོད་པར་གྱུར་པ་དེར་སོང་ཞིང་དེ་དག་ལ་བདེན་པ་དག་ལས་བརྩམས་ཏེ་ཡོངས་སུ་འདྲི་བར་བྱེད་དོ། །དེ་དག་གིས་ཀྱང་དེ་ལ་བདེན་པ་དེ་ དག་གི་མཚན་ཉིད་རྟོགས་པར་བྱ་བའི་ཐབས་རྣམ་པར་གཞག་པ་ལས་དང་པོ་ཁོ་ནར་མ་རྟོགས་པ་རྣམས་ནི་རྟོགས་པར་བྱེད་ལ་རྟོགས་པ་རྣམས་ནི་མི་བརྗོད་པར་བྱ་བའི་ཕྱིར་དོན་གཅིག་གིས་ཚིག་འབྲུ་ཐ་དད་པ་བྱེ་བྲག་ཏུ་རྟོགས་པར་བྱ་བས་ཡོངས་སུ་བྱང་བར་བྱེད་ཅིང་། བདག་མེད་པ་དང་ལྡན་པ་བདེན་ པ་ལ་མངོན་པར་རྟོགས་པར་བྱེད་པ་དོན་གྱི་ཚིག་ཟབ་པ་ཤེས་རབ་ཀྱིས་རྟོགས་པར་བྱས་ནས། དེ་བཞིན་གཤེགས་པས་གསུངས་པའི་ཆོས་དང་ཚིག་སྟོང་པ་ཉིད་དང་ལྡན་པ་ཡང་སྟོན་པར་བྱེད་དོ། །དེ་ཐོས་པ་ལས་བྱུང་བ་དང་། བསམས་པ་ལས་བྱུང་བའི་ཤེས་པ་རྣམ་པར་དག་པའི་ཕྱིར། བསྒོམས་པ་ལས་བྱུང་བའི་ཤེས་པ་ཡང་དག་པར་བརྩམས་པའི་ཕྱིར་དང་། རྣམ་པར་དག་པར་བྱ་བའི་ཕྱིར་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ནས་རྒྱས་པར་དྲན་པ་ཉེ་བར་གཞག་པ་བཞིའི་བར་དག་བསྒོམ་པར་རིག་པར་བྱ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཐོབ་པར་བྱ་ ཞིང་གྲུབ་པར་བྱ་བ་ལས་བརྩམ་ནས་ཤེས་པ་གསུམ་པོ་དེ་དག་ཡིན་ཏེ། དེ་ལྟར་ན་དགེ་སློང་ཤེས་པ་རྣམས་ཀྱིས་མི་དབེན་པ་ཡིན་ནོ། །དགེ་བའི་ཆོས་སྐྱེས་པ་རྣམས་གནས་པར་བྱ་བ་དང་། བསྒོམ་པ་ཡོངས་སུ་རྫོགས་པར་བྱ་བ་དང་། ཕྱིར་ཞིང་འཕེལ་བ་དང་། ཡངས་པར་བྱ་བའི་ཕྱིར་ ཉེ་བར་རྟོན་པ་གང་ཞེ་ན། ཟང་ཟིང་གི་ལོངས་སྤྱོད་ལས་བརྩམས་ནས། སྦྱིན་པ་པོ་དང་སྦྱིན་བདག་དད་པ་ཅན་དག་ལས་ཆོས་གོས་ལ་སོགས་པ་བླང་བ་ལ་ཚོད་རིག་པ་གང་ཡིན་པ་དེ་ནི་བདག་གི་ཉེ་བར་རྟོན་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གཞི་དེས་དགེ་སློང་ལུས་མི་ངལ་བ་ དང་། སེམས་ལས་སུ་རུང་བ་དང་། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་སྐྱེ་བར་འགྱུར་ལ། དགེ་བའི་ཆོས་དེ་དག་ལས་ཀྱང་ཡོངས་སུ་ཉམས་པར་མི་འགྱུར་ཞིང་། མངོན་པར་འཕེལ་བར་འགྱུར་བའི་ཕྱིར་རོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་ཉེ་བར་རྟོན་པ་ 130-1-274b གང་ཞེ་ན། དགེ་སློང་ན་སོ་རྒན་པ་ཚུལ་ཁྲིམས་ཀྱིས་རྒན་པ། དགའ་བ་ཐམས་ཅད་ཀྱི་ནང་ན་མྱ་ངན་ལས་འདས་པ་ལ་དགའ་བ་མཆོག་ཡིན་པར་ཤེས་པ། ལམ་ཤིན་དུ་བསྒོམ་པ། མངོན་པའི་ང་རྒྱལ་མེད་པ་གང་དག་ཡིན་པ་དེ་དག་ལ་འདུད་པ་དང་། རིམ་གྲོ་བྱེད་པ་དང་། ལེགས་ པར་སྨྲས་པའི་རྗེས་སུ་ཡི་རང་བས་བྱེད་པ་དང་། གཡོ་མི་བྱེད་པ་དང་ཀླན་ཀ་ཚོལ་བའི་སེམས་མེད་པ་ཉིད་གང་ཡིན་པ་དེ་ནི་དེ་དག་བསྐྱེད་པའི་ཕྱིར་ཉེ་བར་རྟོན་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ལ་དེ་ལྟར་ལེགས་པར་འཇུག་པའི་དགེ་སློང་ནི་དེ་དག་ལས་དགེ་བའི་ཆོས་བྱང་ ཆུབ་ཀྱི་ཕྱོགས་དང་མཐུན་པ་མ་སྐྱེས་པ་རྣམས་མྱུར་བ་ཁོ་ནར་བསྐྱེད་པར་བྱ་བའི་ཕྱིར་དུས་དུས་སུ་རྗེས་སུ་མཐུན་པའི་གདམས་ངག་དང་རྗེས་སུ་མཐུན་པ་ཐོབ་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་ཡན་ལག་བཞི་པོ་དེ་དག་ཡོད་ན་བཅུ་གཅིག་ཏུ་འགྱུར་ལ། བཅུ་གཅིག་ཡོད་ན་ཡང་བཞིར་འགྱུར། དོན་ནི་རྣམ་པ་བདུན་ཏེ། རྣམ་པར་དཔྱད་པར་བྱ་བ་དང་། བླང་བར་བྱ་བ་དང་། གསལ་བར་བྱ་བ་དང་། བསྒྲུབ་པར་བྱ་བ་དང་། བཟློག་པར་བྱ་བ་དང་། ཀུན་དུ་གཟུང་བར་བྱ་བ་དང་། བསྡུ་བར་བྱ་བའོ། །ཡིད་བདེ་བ་ནི་རྣམ་པ་བདུན་ཏེ། ཐོས་པ་ལས་བྱུང་བ་དང་། བསམས་པ་ལས་ བྱུང་བ་དང་། བསྒོམས་པ་ལས་བྱུང་བ་དང་། བསྒྲིབ་པ་མེད་པ་ལས་བྱུང་བ་དང་འབྲེལ་པའི་གཏམ་ལས་བྱུང་བ་དང་། རང་གི་ཡོན་ཏན་རྗེས་སུ་དྲན་པ་ལས་བྱུང་བ་དང་། དམན་པས་ཆོག་མི་ཤེས་པ་ལས་བྱུང་བའོ། །ཆོས་ནི་རྣམ་པ་ལྔ་སྟེ། བཤད་པའི་ཆོས་དང་། ཚུལ་གྱི་ཆོས་དང་། གཟུང་ བའི་ཆོས་དང་། ལོངས་སྤྱོད་ཀྱི་ཆོས་དང་། ཐོབ་པའི་ཆོས་སོ། །མདའ་འཕང་བ་ནི་ཡོན་ཏན་གསུམ་གྱིས་ཕུན་སུམ་ཚོགས་པ་ཡིན་ཏེ། གཞུའི་ཡོན་ཏན་དང་། མདའི་ཡོན་ཏན་དང་། འཕེན་པའི་ཡོན་ཏན་གྱིས་སོ། །དེ་ལ་གཞུའི་ཡོན་ཏན་ནི་གཉིས་ཏེ། རྒྱུ་བཟང་པོ་དང་ལྡན་པ་དང་། ལེགས་པར་མཐར་ཕྱིན་པར་བྱས་པའོ། །མདའི་ཡོན་ཏན་ནི་གཅིག་སྟེ། ལེགས་པར་མཐར་ཕྱིན་པར་བྱས་པ་ཉིད་དོ། །འཕེན་པའི་ཡོན་ཏན་ནི་གསུམ་སྟེ། འཕོང་མཐར་ཕྱིན་པ་དང་། འཕོང་ལ་གོམས་པ་དང་། འཕོང་སློབ་དཔོན་ལས་བསླབ་པའོ། །དེ་བཞིན་གཤེགས་པ་ཆོས་སྟོན་པ་ 130-1-275a ནི་རྣམ་པ་གསུམ་སྟེ། དུས་ཡུན་རིང་དུ་སྟོན་པ་དང་། རྒྱུན་མི་འཆད་པར་སྟོན་པ་དང་། མི་ཟློས་པར་སྟོན་པའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་སྟོན་པ་ནི་ཚུལ་གསུམ་གྱིས་དཔག་ཏུ་མེད་པ་ཡིན་ཏེ། དོན་སྣ་ཚོགས་པ་ཉིད་ཀྱི་ཚུལ་དང་། ཚིག་འབྲུ་སྣ་ ཚོགས་པ་ཉིད་ཀྱི་ཚུལ་དང་། རྒོལ་བའི་ལན་སྣ་ཚོགས་པ་ཉིད་ཀྱི་ཚུལ་གྱིས་སོ། །ལམ་དུ་ཞུགས་པའི་གཉེན་པོ་ནི་རྣམ་པ་ལྔར་རིག་པར་བྱ་སྟེ། ཉི་མའི་གཉེན་པོ་དང་། བགྲོད་དཀའ་བའི་གཉེན་པོ་དང་། ཆུ་ཀླུང་གི་གཉེན་པོ་དང་། སྐོམ་པའི་གཉེན་པོ་དང་། ལུས་ངལ་བའི་གཉེན་པོ་ པོའོ། །ཚུལ་ཁྲིམས་རྣམ་པ་གཉིས་ནི་བདེ་འགྲོར་འགྲོ་བར་འགྱུར་བ་ཡིན་ཏེ། ཚུལ་ཁྲིམས་ཡང་དག་པར་བླངས་པ་ཉིད་དང་། ཚུལ་ཁྲིམས་མ་རལ་བ་ཉིད་དོ། །འདོད་པ་ལ་ལོངས་སྤྱོད་པའི་ཚེ་འདིའི་དོན་ནི་གསུམ་སྟེ། ལོངས་སྤྱོད་རྣམས་བསྒྲུབ་པ་དང་། ཀུན་དུ་བསྲུང་བ་དང་། ལོངས་སྤྱོད་དེ་ལ་ཆགས་པ་མེད་པའོ། །ཚེའི་ཚད་ནི་རྣམ་པ་གཉིས་ཏེ། རིང་བ་དང་ཐུང་བའོ། །གནས་སྐབས་འགྱུར་བ་ཡང་རྣམ་པ་གཉིས་ཏེ། རགས་པ་དང་ཆ་ཕྲ་བའོ། །ཤེས་པའི་ཡོན་ཏན་ཡང་གཉིས་ཏེ། དོན་ཡང་དག་པར་རྟོགས་པའི་ཡོན་ཏན་དང་། ངོ་བོ་ཉིད་ཀྱི་ཡོན་ཏན་ནོ། ། དེ་ལ་དོན་ཡང་དག་པར་རྟོགས་པའི་ཡོན་ཏན་ནི་མྱུར་དུ་ཡང་དག་པར་རྟོགས་པ་དང་། ངེས་པར་ཡང་དག་པར་རྟོགས་པ་དང་། ཆ་ཕྲ་བ་ཡང་དག་པར་རྟོགས་པའོ། །དེ་ལ་ངོ་བོ་ཉིད་ཀྱི་ཡོན་ཏན་ནི་མཉམ་པར་གཞག་པའི་ས་པ་དང་། ཡོངས་སུ་མི་ཉམས་པ་དང་། འཇིག་རྟེན་ལས་འདས་པ་ དང་། ལེགས་པར་བསྒོམས་པ་དང་། རང་གི་སྤྱོད་ཡུལ་ལ་ཉམས་པ་མེད་པ་དང་། རང་གི་རིགས་དང་མཐུན་པའི་དགེ་བའི་རྩ་བས་ཁྱད་པར་དུ་འཕགས་པ་དང་། གཞན་གྱི་རིགས་དང་མཐུན་པའི་དགེ་བའི་རྩ་བས་ཁྱད་པར་དུ་འཕགས་པའོ། །ལྟོས་པ་རྣམ་པ་གསུམ་གྱི་གཉེན་པོ་ནི་དྲན་ པ་ཉེ་བར་གཞག་པ་བཞི་བསྒོམ་པ་སྟེ། གྲོགས་ལ་ལྟོས་པ་དང་། རྙེད་པ་ལ་ལྟོས་པ་དང་། ཡང་འབྱུང་བའི་སྲིད་པ་གཞན་ལ་ལྟོས་པའོ། །སྦྱོར་བ་དང་མངོན་པར་རྟོགས་པ་དང་། རྒྱུད་ལས་ཏེ། འདོད་པའི་འདོད་ཆགས་དང་། མ་རིག་པའི་གཉེན་པོས་སྦྱོར་བ་དང་། རྣམ་པར་མ་ 130-1-275b བཞག་པ་དང་། རྣམ་པར་བཞག་པའི་བདེན་པ་རྣམས་མངོན་པར་རྟོགས་པ་དང་། འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་དང་མ་བྲལ་བ་རྣམས་ཀྱི་རྒྱུད་དོ། །ལུས་དང་ས་དང་གཉེན་པོ་ལས་ཏེ། ཏིང་ངེ་འཛིན་ལ་མི་བརྩོན་པ་དང་། བརྩོན་པ་དང་ཐོབ་པ་དང་། མ་ཐོབ་པ་ལས་ལུས་རྣམ་པར་དག་པ་ལ་སྒྲིབ་པ་དང་། ཡིད་ལ་ བྱེད་པ་རྣམ་པར་དག་པ་ལ་སྒྲིབ་པ་དང་། དེ་ལ་སྒྲིབ་པའི་གཉེན་པོ་ལས་སོ། །མངོན་པར་རྟོགས་པ་རྣམ་པ་དྲུག་པོ་བསམ་པ་མངོན་པར་རྟོགས་པ་ནས་མཐར་ཐུག་པའི་མངོན་པར་རྟོགས་པའི་བར་དུ་གང་གསུངས་པ་དེ་ལ། བསམ་པ་མངོན་པར་རྟོགས་པའི་རྟགས་གང་ཞེ་ན། སྨྲས་ པ། བསམ་པ་མངོན་པར་རྟོགས་པ་དང་ལྡན་པ་ནི་སོ་སོའི་སྐྱེ་བོར་གྱུར་པ་ཉིད་ནས་འདུ་བྱེད་ཐམས་ཅད་མི་རྟག་པ་དང་། འདུ་བྱེད་ཐམས་ཅད་སྡུག་བསྔལ་བ་དང་། ཆོས་ཐམས་ཅད་བདག་མེད་པ་དང་། མྱ་ངན་ལས་འདས་པ་ཞི་བའོ་ཞེས་བྱ་བ་ལ། ཇི་ནས་ཀྱང་དེ་ལས་གཞན་པའི་དགེ་སྦྱོང་ ངམ་བྲམ་ཟེའམ་ལྷའམ་བདུད་དམ་ཚངས་པའམ་སུས་ཀྱང་འཇིག་རྟེན་ན་ཆོས་དང་མཐུན་པས་མི་འཕྲོགས་པ་དེ་ལྟར་ངེས་པར་གྱུར་པ་ཡིན་ནོ། །དད་པ་མངོན་པར་རྟོགས་པའི་རྟགས་གང་ཞེ་ན། སྨྲས་པ། དད་པ་མངོན་པར་རྟོགས་པ་དང་ལྡན་པ་ནི་སོ་སོའི་སྐྱེ་བོར་གྱུར་པ་ཡང་རུང་། སོ་སོའི་ སྐྱེ་བོར་གྱུར་པ་མ་ཡིན་པ་ཡང་རུང་སྟེ། ཚེ་འདིའམ་ཚེ་འདི་དང་ཚེ་ཕྱི་མ་ལ་སྟོན་པ་གཞན་དང་ལེགས་པར་གསུངས་པའི་ཆོས་གཞན་དང་དགེ་འདུན་ལེགས་པར་ཞུགས་པ་གཞན་ཡོད་དོ་ཞེས་ཐ་སྙད་འདོགས་མི་སྲིད་པ་ཡིན་ནོ། །ཚུལ་ཁྲིམས་མངོན་པར་རྟོགས་པའི་རྟགས་གང་ཞེ་ན། སྨྲས་པ། ཚུལ་ཁྲིམས་མངོན་པར་རྟོགས་པ་དང་ལྡན་པ་ནི་བསམས་བཞིན་དུ་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་ཀྱི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པ་རྣམས་ལ་ལོག་པར་གཡེམ་པ་དང་། ཤེས་བཞིན་དུ་བརྫུན་དུ་སྨྲ་བ་དང་། ཆང་དང་བཅོས་པའི་ཆང་ དང་། སྦྱར་བའི་ཆང་དང་། བག་མེད་པའི་གནས་ལ་བརྟེན་མི་སྲིད་པ་ཡིན་ནོ། །མངོན་པར་རྟོགས་པའི་ཤེས་པ་བདེན་པ་མངོན་པར་རྟོགས་པའི་རྟགས་གང་ཞེ་ན། སྨྲས་པ། མངོན་པར་རྟོགས་པའི་ཤེས་པ་བདེན་པ་མངོན་པར་རྟོགས་པ་དང་ལྡན་པ་ནི་ལྟ་བའི་གནས་བྱེད་པ་དང་། 130-1-276a རང་གི་རྟོགས་པ་ལ་སོམ་ཉི་དང་ཐེ་ཚོམ་ཟ་བ་དང་། སྐྱེ་བའི་གནས་ཐམས་ཅད་ལ་དགའ་བ་དང་། མཚན་མ་སྤྱོད་པས་རྣམ་པར་དག་པར་ཡིད་ཆེས་པ་དང་། ཉན་ཐོས་ཀྱི་ཐེག་པའམ་རང་སངས་རྒྱས་ཀྱི་ཐེག་པའམ་ཐེག་པ་ཆེན་པོ་ལ་སྐུར་པ་འདེབས་ཤིང་སྤོང་ བ་དང་། ངན་སོང་བའི་ལས་བྱེད་པར་ཡང་མི་སྲིད་པ་ཡིན་ན། ཕ་དང་མ་གསོད་པ་ལ་སོགས་པ་མཚམས་མེད་པར་བྱེད་པ་ལྟ་ག་ལ་སྲིད་དེ། སྲིད་པ་བརྒྱད་པ་མངོན་པར་བསྒྲུབ་པའི་བར་དུ་མི་སྲིད་པ་ཡིན་ནོ། །མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཤེས་པ་བདེན་པ་མངོན་པར་ རྟོགས་པའི་རྟགས་གང་ཞེ་ན། སྨྲས་པ། མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཤེས་པ་བདེན་པ་མངོན་པར་རྟོགས་པ་དང་ལྡན་པ་ནི་དེ་ལ་དྲི་བ་དྲིས་པ་ན། འཇིགས་པ་དང་བག་ཚ་བ་སྐྱེད་མི་སྲིད་པ་ཡིན་ནོ། །མཐར་ཐུག་པའི་མངོན་པར་རྟོགས་པའི་རྟགས་གང་ཞེ་ན། སྨྲས་པ། མཐར་ཐུག་པའི་མངོན་པར་རྟོགས་པ་དང་ལྡན་པ་ནི་གནས་ལྔ་ལ་སྤྱོད་མི་སྲིད་པ་ཡིན་ཏེ། བསམས་བཞིན་དུ་སྲོག་ཆགས་ཀྱི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་ལ་བརྟེན་པ་དང་། ཤེས་བཞིན་དུ་བརྫུན་གྱི་ཚིག་སྨྲ་བ་དང་། སོག་ འཇོག་གི་ལོངས་སྤྱོད་ཀྱིས་འདོད་པ་རྣམས་ལ་ལོངས་སྤྱོད་པ་དང་། ལུང་དུ་མ་བསྟན་པའི་དངོས་པོ་དག་གིས་སྐྲག་པ་དང་། བདེ་བ་དང་སྡུག་བསྔལ་རང་གིས་བྱས་པའམ་གཞན་གྱིས་བྱས་པའམ། རང་དང་གཞན་གྱིས་བྱས་པར་ཡིད་ཆེས་པ་དང་། བདེ་བ་དང་སྡུག་བསྔལ་རང་ གིས་ཀྱང་མ་བྱས་གཞན་གྱིས་ཀྱང་མ་བྱས་པར་རྒྱུ་མེད་པ་ལས་བྱུང་བར་ཡིད་ཆེས་མི་སྲིད་པ་ཡིན་ཏེ། དེ་ལྟར་དེ་ལྟ་བུ་དང་མཐུན་པ་དག་ནི་མངོན་པར་རྟོགས་པ་དེ་དག་གི་རྟགས་དག་ཡིན་པར་རིག་པར་བྱའོ། །བསམ་པ་མངོན་པར་རྟོགས་པའི་ངོ་བོ་ཉིད་གང་ཞེ་ན། སྨྲས་པ། བསམས་ པ་ལས་བྱུང་བའི་ཤེས་རབ་ཆེན་པོའི་ངོ་བོ་ཉིད་དང་། དེ་དང་ལྡན་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཀྱི་ངོ་བོ་ཉིད་ཡིན་ནོ། །དད་པ་མངོན་པར་རྟོགས་པའི་ངོ་བོ་ཉིད་གང་ཞེ་ན། སྨྲས་པ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དད་པ་ཆེན་པོ་དཀོན་མཆོག་ལ་དམིགས་ 130-1-276b པའི་ངོ་བོ་ཉིད་དང་། དེ་དང་ལྡན་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཀྱི་ངོ་བོ་ཉིད་ཡིན་ནོ། །ཚུལ་ཁྲིམས་མངོན་པར་རྟོགས་པའི་ངོ་བོ་ཉིད་གང་ཞེ་ན། སྨྲས་པ། འཕགས་པ་དགྱེས་པའི་ལུས་དང་ངག་གི་ལས་ཀྱི་ངོ་བོ་ཉིད་དང་། དེ་དང་ལྡན་པའི་བྱང་ཆུབ་ཀྱི་ཕྱོགས་དང་ མཐུན་པའི་ཆོས་ཀྱི་ངོ་བོ་ཉིད་ཡིན་ནོ། །མངོན་པར་རྟོགས་པའི་ཤེས་པ་བདེན་པ་མངོན་པར་རྟོགས་པའི་ངོ་བོ་ཉིད་གང་ཞེ་ན། སྨྲས་པ། རྣམ་པར་མ་བཞག་པའི་བདེན་པ་ལ་དམིགས་པའི་ཤེས་རབ་ཀྱི་ངོ་བོ་ཉིད་དང་། དེ་དང་ལྡན་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཀྱི་ངོ་བོ་ཉིད་ཡིན་ནོ། ། མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཤེས་པ་བདེན་པ་མངོན་པར་རྟོགས་པའི་ངོ་བོ་ཉིད་གང་ཞེ་ན། སྨྲས་པ། རྣམ་པར་བཞག་པའི་བདེན་པ་ལ་དམིགས་པའི་ཤེས་རབ་ཀྱི་ངོ་བོ་ཉིད་དང་། དེ་དང་ལྡན་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཀྱི་ངོ་བོ་ཉིད་ཡིན་ནོ། །མཐར་ཐུག་ པའི་མངོན་པར་རྟོགས་པའི་ངོ་བོ་ཉིད་གང་ཞེ་ན། སྨྲས་པ། ཟད་པ་དང་མི་སྐྱེ་བ་ཤེས་པའི་ངོ་བོ་ཉིད་དང་། དེ་དང་ལྡན་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཀྱི་ངོ་བོ་ཉིད་ཡིན་ཏེ། དེ་ལྟར་དེ་ནི་མངོན་པར་རྟོགས་པ་དེ་དག་གི་ངོ་བོ་ཉིད་ཡིན་པར་རིག་པར་བྱའོ། །མངོན་པར་རྟོགས་པ་དྲུག་པོ་ དེ་དག་ལས། དུ་ནི་འདོད་པ་དང་ལྡན་པ་ཡིན། དུ་ནི་གཟུགས་དང་ལྡན་པ་ཡང་ཡིན། དུ་ནི་གཟུགས་མེད་པ་དང་ལྡན་པ་ཡང་ཡིན། དུ་ནི་ལྡན་པ་མ་ཡིན་པ་ཡིན་ཞེ་ན། སྨྲས་པ། གཅིག་ནི་འདོད་པ་དང་ལྡན་པ་ཡིན་ནོ། །གཅིག་གི་ཕྱོགས་གཅིག་ནི་འདོད་པ་དང་ལྡན་པ་ཡང་ཡིན། གཟུགས་དང་ལྡན་པ་ཡང་ཡིན། གཟུགས་མེད་པ་དང་ལྡན་པ་ཡང་ཡིན། ལྡན་པ་མ་ཡིན་པ་ཡང་མ་ཡིན་ནོ། །གཅིག་པོ་ངོ་བོ་ཉིད་ཀྱི་ཕྱོགས་གཅིག་དང་ལྷག་མ་གསུམ་ནི་ལྡན་པ་མ་ཡིན་པ་ཡང་ཡིན་ནོ། །གཅིག་ནི་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ། །མངོན་པར་ རྟོགས་པ་དྲུག་པོ་དེ་དག་ལས་དུ་ནི་མི་ལྕོགས་པ་མེད་པའི་གནས་ལ་བརྟེན་ཏེ་དམིགས་པ་ཡིན། དུ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་གྱི་གནས་ལ་བརྟེན་ཏེ། དམིགས་པ་ཡིན་ཞེ་ན། སྨྲས་པ་གཅིག་ནི་གནས་གང་ལ་ཡང་མི་བརྟེན་པ་དམིགས་པ་ཡིན་ནོ། །ལྷག་མ་རྣམས་ནི་ 130-1-277a གནས་ཐམས་ཅད་ལ་བརྟེན་ནས་དམིགས་པ་ཡིན་ཏེ། གསུམ་དང་གཅིག་གི་ཕྱོགས་གཅིག་ནི་གནས་ལྔ་ལ་བརྟེན་ཏེ་སྐྱེའོ། །གལ་ཏེ་མངོན་པར་རྟོགས་པའི་ཤེས་པ་བདེན་པ་མངོན་པར་རྟོགས་པ་མཚན་མ་མེད་པའི་ཕྱིར་རྣམ་པར་མི་རྟོག་པ་ཡིན་ན། ཇི་ལྟར་ རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་གནས་ལ་བརྟེན་ཏེ་དམིགས་པ་ཡིན་ཞེ་ན། སྨྲས་པ། རྟོག་པ་དང་དཔྱོད་པ་ལ་སོགས་པ་བསམ་གཏན་མཐའ་དག་ཏུ་དེ་བཞིན་ཉིད་ཡིད་ལ་བྱེད་པ་ན་སྙོམས་པར་འཇུག་སྟེ། དེའི་ཕྱིར་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་བསམ་གཏན་ལ་ བརྟེན་ཏེ་དམིགས་པ་ཡིན་ལ། དེའི་མཚན་མས་མཚན་མ་མེད་པ་དང་རྣམ་པར་རྟོག་པ་མེད་པ་ཡིན་པར་ཡང་རིག་པར་བྱའོ། །མངོན་པར་རྟོགས་པ་དེ་དག་ལས་དུ་ནི་ཀུན་རྫོབ་ཀྱི་བདེན་པ་ལ་དམིགས་པ་ཡིན། དུ་ནི་དོན་དམ་པའི་བདེན་པ་ལ་དམིགས་པ་ཡིན་ཞེ་ན། སྨྲས་པ། གཅིག་ དང་གཅིག་གི་ཕྱོགས་གཅིག་ནི་ཀུན་རྫོབ་ལ་དམིགས་པ་ཡིན་ནོ། །གཅིག་ནི་དམིགས་པ་མེད་པ་ཡིན་ནོ། །གཉིས་དང་གཅིག་གི་ཕྱོགས་གཅིག་ནི་རྣམ་པར་བཞག་པའི་དོན་དམ་པའི་བདེན་པ་ལ་དམིགས་པ་ཡིན་ནོ། །གཅིག་ནི་རྣམ་པར་མ་བཞག་པའི་དོན་དམ་པའི་བདེན་པ་ལ་ དམིགས་པ་ཡིན་ནོ། །མངོན་པར་རྟོགས་པ་དེ་དག་ལས་དུ་ནི་མཚན་མ་དང་བཅས་པ་ཡིན། དུ་ནི་མཚན་མ་མེད་པ་ཡིན་ཞེ་ན། སྨྲས་པ། བཞི་ནི་མཚན་མ་དང་བཅས་པ་ཡིན་ནོ། །གཅིག་ནི་མཚན་མ་མེད་པ་ཡིན་ནོ། །གཅིག་ནི་མཚན་མ་དང་བཅས་པ་དང་མཚན་མ་མེད་པ་ ཡིན་ནོ། །མངོན་པར་རྟོགས་པ་དེ་དག་ལས་དུ་ནི་རྣམ་པར་རྟོག་པ་དང་བཅས་པ་ཡིན། དུ་ནི་རྣམ་པར་རྟོག་པ་མེད་པ་ཡིན་ཞེ་ན། སྨྲས་པ། མཚན་མ་དང་བཅས་པ་དང་། མཚན་མ་མེད་པ་དག་ཇི་ལྟ་བ་བཞིན་དུ་རྣམ་པར་རྟོག་པ་དང་བཅས་པ་དང་རྣམ་པར་རྟོག་པ་མེད་པ་དག་ ཀྱང་དེ་བཞིན་དུ་རིག་པར་བྱའོ། །མངོན་པར་རྟོགས་པ་དེ་དག་ལས་དུ་ནི་ཡིད་བདེ་བ་དང་ལྡན་པ་ཡིན། དུ་ནི་བདེ་བ་དང་ལྡན་པ་ཡིན། དུ་ནི་བཏང་སྙོམས་དང་ལྡན་པ་ཡིན་ཞེ་ན། སྨྲས་པ། དང་པོ་ནི་ཡིད་བདེ་བ་དང་ལྡན་པ་ཁོ་ན་ཡིན་ནོ། །ལྷག་མ་རྣམས་ནི་ཡིད་བདེ་བ་དང་། བདེ་བ་ 130-1-277b དང་། བཏང་སྙོམས་དང་ལྡན་པ་ཡིན་ནོ། །མངོན་པར་རྟོགས་པ་དེ་དག་ལས་དུ་ནི་རྣམ་པར་སུན་འབྱིན་པ་གཉེན་པོ་ཡིན། དུ་ནི་སྤོངས་པ་གཉེན་པོ་ཡིན། དུ་ནི་ཀུན་འཛིན་པ་གཉེན་པོ་ཡིན། དུ་ནི་ཐག་བསྲིང་བ་གཉེན་པོ་ཡིན་ཞེ་ན། སྨྲས་པ། གཉིས་ནི་རྣམ་པར་སུན་འབྱིན་ པ་གཉེན་པོ་ཁོ་ན་ཡིན་ནོ། །གཅིག་ནི་སྤོང་བ་དང་ཀུན་འཛིན་པ་དང་ཐག་བསྲིང་བ་གཉེན་པོ་ཡིན་ནོ། །གཅིག་ནི་ཀུན་འཛིན་པ་དང་ཐག་བསྲིང་བ་གཉེན་པོ་ཡིན་ནོ། །གཉིས་ནི་གཉེན་པོ་མ་ཡིན་ནོ། །མངོན་པར་རྟོགས་པ་དེ་དག་ལས་དུ་ནི་ཀུན་ནས་དཀྲིས་པ་རྣམ་པར་གནོན་པའི་ གཉེན་པོ་ཡིན། དུ་ནི་བག་ལ་ཉལ་ཡང་དག་པར་འཇོམས་པའི་གཉེན་པོ་ཡིན་ཞེ་ན། སྨྲས་པ། གསུམ་ནི་ཀུན་ནས་དཀྲིས་པ་རྣམ་པར་གནོན་པའི་གཉེན་པོ་ཡིན་ནོ། །གཅིག་ནི་དེ་གཉིས་ཀའི་གཉེན་པོ་ཡིན་ནོ། །གཉིས་ནི་དེ་གཉི་གའི་གཉེན་པོ་མ་ཡིན་ནོ། །མངོན་པར་ རྟོགས་པ་དེ་དག་ལས་དུ་ཞིག་ས་དང་ས་ལ་ཉོན་མོངས་པ་ཆུང་ངུ་དང་འབྲིང་དང་ཆེན་པོ་སྤང་བའི་གཉེན་པོ་ཡིན་ཞེ་ན། སྨྲས་པ། གཅིག་གོ། །ལྷག་མ་རྣམས་ནི་དེ་དང་མཐུན་པ་དང་དེའི་གྲོགས་དག་ཡིན་གྱི་སྤོང་བའི་གཉེན་པོ་ནི་མ་ཡིན་ནོ། །མངོན་པར་རྟོགས་པ་དྲུག་དང་ཡོངས་སུ་ ཤེས་པ་དགུ་ལ། ཡོངས་སུ་ཤེས་པ་དགུ་གང་ཞེ་ན། འདོད་པ་དང་ལྡན་པའི་སྡུག་བསྔལ་དང་། ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་ནི་ཡོངས་སུ་ཤེས་པ་དང་པོའོ། །གཟུགས་དང་གཟུགས་མེད་པ་དང་ལྡན་པའི་སྡུག་བསྔལ་དང་ཀུན་འབྱུང་ བ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་ནི་ཡོངས་སུ་ཤེས་པ་གཉིས་པའོ། །འདོད་པ་དང་ལྡན་པའི་འགོག་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་ནི་ཡོངས་སུ་ཤེས་པ་གསུམ་པའོ། །འདོད་པ་དང་ལྡན་པའི་ལམ་མཐོང་བས་སྤང་བར་བྱ་བའི་ ཉོན་མོངས་པ་རྣམས་སྤངས་པ་ནི་ཡོངས་སུ་ཤེས་པ་བཞི་པའོ། །གཟུགས་དང་གཟུགས་མེད་པ་དང་ལྡན་པའི་འགོག་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་ནི་ཡོངས་སུ་ཤེས་པ་ལྔ་པའོ། །གཟུགས་དང་གཟུགས་མེད་པ་དང་ལྡན་པའི་ལམ་མཐོང་བས་ 130-1-278a སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་ནི་ཡོངས་སུ་ཤེས་པ་དྲུག་པའོ། །ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་སྤངས་པ་ནི་ཡོངས་སུ་ཤེས་པ་བདུན་པའོ། །གཟུགས་ཀྱི་འདོད་ཆགས་སྤངས་པ་ནི་ཡོངས་སུ་ཤེས་པ་བརྒྱད་པའོ། །གཟུགས་མེད་པའི་ འདོད་ཆགས་སྤངས་པ་ནི་ཡོངས་སུ་ཤེས་པ་དགུ་པའོ། །མངོན་པར་རྟོགས་པ་དྲུག་པོ་དེ་དག་ལས་དུ་ཞིག་ཡོངས་སུ་ཤེས་པ་གང་གི་འབྲས་བུ་ཡིན་ཞེ་ན། སྨྲས་པ། གཅིག་ནི་ཡོངས་སུ་ཤེས་པ་དགུའི་འབྲས་བུ་ཡིན་ནོ། །ལྷག་མ་རྣམས་ནི་འབྲས་བུ་མ་ཡིན་ནོ། །མངོན་པར་ རྟོགས་པ་དེ་དག་ལས་སྤོང་བ་གཉེན་པོ་གང་ཡིན་པ་དེ་ཅི་སྐྱེས་ནས་སྤོང་བ་གཉེན་པོ་ཡིན་ནམ། འོན་ཏེ་མ་སྐྱེས་པས་ཡིན་ཞེ་ན། སྨྲས་པ། མ་སྐྱེས་པས་མ་ཡིན་ནོ། །སྐྱེས་ན་ཡང་དུས་ཕྱི་མ་ནི་མ་ཡིན་ཏེ། འདི་ལྟར་ཉོན་མོངས་པ་སྤོང་བ་དང་གཉེན་པོ་སྐྱེ་བ་ནི་མགོ་མཉམ་དུ་བལྟ་བར་ བྱའོ། །དེ་ལ་གཉེན་པོ་སྐྱེས་པས་ཉོན་མོངས་པ་སྤོང་ངོ་ཞེས་བྱ་བ་ནི་ཉེ་བར་གདགས་པ་དང་ཐ་སྙད་གདགས་པ་དང་། བརྡར་གདགས་པ་ལས་བྱ་བ་ཡིན་ནོ། །མངོན་པར་རྟོགས་པ་དེ་དག་ལས་དུ་དག་གིས་འབྲས་བུ་གང་འཐོབ་ཅེ་ན། སྨྲས་པ། གཅིག་གིས་ནི་འབྲས་བུ་བཞི་པོ་ ཐམས་ཅད་འཐོབ་བོ། །གཅིག་ནི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཐོབ་པ་ཡོངས་སུ་རྫོགས་པའི་ཚེ་འབྱུང་ངོ་། །ལྷག་མ་རྣམས་ནི་གཅིག་པོ་འཐོབ་པའི་གྲོགས་ཡིན་ཏེ། འཐོབ་པའི་སྔོན་དུ་འགྲོ་བ་ཡིན་ནོ། །མངོན་པར་རྟོགས་པ་དེ་དག་ལས་དུ་དག་གིས་དབང་པོ་རྣམས་འཕོ་བར་བྱེད་ ཅེ་ན། སྨྲས་པ། གཅིག་མ་གཏོགས་པ་ལྷག་མ་ཐམས་ཅད་ཀྱིས་སོ། །མངོན་པར་རྟོགས་པ་དེ་དག་ལས་དུ་དག་གིས་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་ཁྱད་པར་ཅན་དག་མངོན་པར་སྒྲུབ་པར་བྱེད་ཅེ་ན། སྨྲས་པ། གཅིག་མ་གཏོགས་པ་ལྷག་མ་ཐམས་ཅད་ཀྱིས་སོ། །དེ་ ལ་བསམ་པ་མངོན་པར་རྟོགས་པ་ཅིའི་ལས་ཅན་དུ་བརྗོད་པར་བྱ། དེ་བཞིན་དུ་མཐར་ཐུག་པའི་མངོན་པར་རྟོགས་པའི་བར་ཡང་ཅིའི་ལས་ཅན་དུ་བརྗོད་པར་བྱ་ཞེ་ན། སྨྲས་པ། བསམ་པ་མངོན་པར་རྟོགས་པ་ནི་ཡང་དག་པར་རྟོགས་པས། བསྡུས་པ་རྣམ་པར་བྱང་བའི་ཕྱོགས་དང་ 130-1-278b མཐུན་པའི་དགེ་བའི་ཆོས་སྐྱེད་པའི་ལས་ཅན་དང་ཁ་ན་མ་ཐོ་བ་མེད་པའི་དགའ་བ་དང་མཆོག་ཏུ་དགའ་བ་སྐྱེད་པའི་ལས་ཅན་དང་། ཐེ་ཚོམ་རྣམ་པར་ཟློག་པའི་ལས་ཅན་དང་། བསྒོམ་པའི་རྗེས་སུ་འཇུག་པའི་ལས་ཅན་དང་། དེ་ལས་གཞན་པའི་མངོན་པར་རྟོགས་པ་དག་སྐྱེད་པའི་ལས་ ཅན་དང་། བདེ་འགྲོར་འགྲོ་བའི་ལས་ཅན་ཡིན་པར་རིག་པར་བྱའོ། །དད་པ་མངོན་པར་རྟོགས་པ་ནི་དཀོན་མཆོག་རྣམས་ལ་བསམ་པ་དག་པ་ནས་མོས་པ་མི་གཡོ་བ་སྐྱེད་པའི་ལས་ཅན་དང་། ཡང་དག་པར་རྟོགས་པས་རྣམ་པར་བྱང་བར་བྱེད་པའི་ལས་ཅན་དང་། དེ་དག་ལས་ ལ་ལ་བདེ་འགྲོར་འགྲོ་བར་བྱེད་པའི་ལས་ཅན་ཡིན་ནོ། །ཚུལ་ཁྲིམས་མངོན་པར་རྟོགས་པ་ནི་ངན་སོང་བའི་སྡུག་བསྔལ་ལས་རྣམ་པར་ཐར་བར་བྱེད་པའི་ལས་ཅན་ཡིན་ནོ། །མངོན་པར་རྟོགས་པའི་ཤེས་པ་བདེན་པ་མངོན་པར་རྟོགས་པ་ནི་དགེ་སྦྱོང་གི་ཚུལ་གྱིས་འབྲས་བུ་ཐམས་ ཅད་འཐོབ་པ་དང་ཡོན་ཏན་ཐམས་ཅད་མངོན་པར་བསྒྲུབ་པས་རྣམ་པར་བྱང་བར་བྱེད་པའི་ལས་ཅན་དང་། དེ་ལས་གཞན་པའི་མངོན་པར་རྟོགས་པ་དག་སྐྱེད་པའི་ལས་ཅན་དང་བདེ་འགྲོར་རྣམ་པར་སྨིན་པའི་འབྲས་བུ་ཆེས་འོད་གསལ་བ་མངོན་པར་འགྲུབ་པར་བྱེད་པའི་ལས་ཅན་ ཡིན་ནོ། །མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཤེས་པ་བདེན་པ་མངོན་པར་རྟོགས་པ་ནི་རྣམ་པར་གཞག་པའི་བདེན་པ་དག་ལ་དྲིས་པའི་ལན་གདབ་པ་ལ་མཁས་པའི་ལས་ཅན་དང་། མངོན་པར་ཤེས་པ་མྱུར་བ་ཉིད་ཀྱི་ལས་ཅན་དང་། དེའི་གོང་མའི་མངོན་པར་རྟོགས་ པ་དག་སྐྱེད་པའི་ལས་ཅན་ཡིན་ནོ། །མཐར་ཐུག་པའི་མངོན་པར་རྟོགས་པ་ནི་ཚེ་འདི་ལ་མཆོག་ཏུ་བདེ་བར་གནས་པ་སྐྱེད་པའི་ལས་ཅན་དང་། སྡུག་བསྔལ་ཐམས་ཅད་ལས་རྣམ་པར་ཐར་པར་བྱེད་པའི་ལས་ཅན་དང་། ལུས་ཐ་མ་འཛིན་པའི་ལས་ཅན་ཡིན་ནོ། །བསམ་པ་མངོན་ པར་རྟོགས་པ་ལ་རྣམ་པ་དུ་ཡོད། དེ་བཞིན་དུ་མཐར་ཐུག་པའི་མངོན་པར་རྟོགས་པའི་བར་ལ་ཡང་རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། བསམ་པ་མངོན་པར་རྟོགས་པ་རྣམ་པ་དུ་མ་ཡོད་དེ། འདི་ལྟ་སྟེ། མདོའི་སྡེ་ལ་སེམས་པ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་དུ་ 130-1-279a བསྟན་པའི་སྡེ་ནས་ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་། གཏན་ལ་ཕབ་པར་བསྟན་པའི་སྡེའི་བར་ལ་སེམས་པ་དང་། སྡུག་བསྔལ་ལ་སེམས་པ་དང་། ཀུན་འབྱུང་བ་དང་འགོག་པ་དང་། ལམ་ལ་སེམས་པ་དང་། དེ་བཞིན་ཉིད་དང་ ཡང་དག་པའི་མཐའ་དང་། ཆོས་ཀྱི་དབྱིངས་ལ་སེམས་པ་དང་། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ལ་སེམས་པ་དང་། ཉན་ཐོས་ཀྱི་ཐེག་པ་ལ་སེམས་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་སེམས་པ་དང་། ཐེག་པ་ཆེན་པོ་ལ་སེམས་པ་དང་། དེ་ལྟར་དེ་ལྟ་བུ་དང་། མཐུན་པ་ལ་སེམས་པ་དཔག་ཏུ་མེད་པར་རིག་པར་བྱའོ། །དད་པ་མངོན་པར་རྟོགས་པ་ནི་འདས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་དེ་དག་གི་ཆོས་དང་དེ་དག་གི་དགེ་འདུན་ཡང་དག་པར་རྗེས་སུ་དྲན་པ་དང་། འདས་པའི་ཇི་ལྟ་བ་དེ་བཞིན་དུ་མ་འོངས་པ་དང་། ད་ལྟར་བྱུང་བ་དང་། འཇིག་རྟེན་གྱི་ཁམས་འདི་དང་དེ་ལས་གཞན་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་གི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། དེ་དག་གི་ཆོས་དང་དེ་དག་གི་དགེ་འདུན་ཡང་དག་པར་རྗེས་སུ་དྲན་པའི་དད་པ་མངོན་པར་རྟོགས་པ་གང་ཡིན་ པའོ། །ཚུལ་ཁྲིམས་མངོན་པར་རྟོགས་པ་ནི་རང་བཞིན་གྱིས་མི་དགེ་བའི་ལས་ཀྱི་ལམ་བཅུ་སྤང་བའི་རབ་ཏུ་དབྱེ་བ་དང་། དེ་བཞིན་དུ་སེམས་ཀྱི་རྒྱུད་ཀྱི་རབ་ཏུ་དབྱེ་བ་རྒྱུན་དུ་ཞུགས་པའི་སེམས་ཀྱི་རྒྱུད་ནས། དགྲ་བཅོམ་པ་ཉིད་ཀྱི་བར་གྱི་སེམས་ཀྱི་རྒྱུད་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དེ་ བཞིན་གཤེགས་པའི་སེམས་ཀྱི་རྒྱུད་ཀྱི་རབ་ཏུ་དབྱེ་བས་རྣམ་པ་དུ་མ་ཡོད་དོ། །མངོན་པར་རྟོགས་པའི་ཤེས་པ་བདེན་པ་མངོན་པར་རྟོགས་པ་ནི་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པའི་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་ ལམ་གྱི་ཡན་ལག་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཀྱི་རབ་ཏུ་དབྱེ་བས་རྣམ་པ་དུ་མ་ཡོད་དོ། །མངོན་པར་རྟོགས་པའི་ཤེས་པ་བདེན་པ་མངོན་པར་རྟོགས་པ་ཇི་ལྟ་བ་བཞིན་དུ། མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཤེས་པ་བདེན་པ་མངོན་པར་རྟོགས་པ་དང་། 130-1-279b མཐར་ཐུག་པའི་མངོན་པར་རྟོགས་པ་ཡང་དེ་བཞིན་དུ་རིག་པར་བྱའོ། །མངོན་པར་རྟོགས་པ་དེ་དག་མིང་གང་དང་མངོན་པར་བརྗོད་པ་གང་གིས་རྣམ་པར་འཇོག་པ་དེའི་ངོ་བོ་ཉིད་ཡིན་པར་བརྗོད་པར་བྱའམ། འོན་ཏེ་དེའི་ངོ་བོ་ཉིད་མ་ཡིན་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། ཐ་སྙད་ལས་ནི་ དེའི་ངོ་བོ་ཉིད་ཡིན་པར་བརྗོད་པར་བྱའོ། །དོན་དམ་པར་ནི་དེའི་ངོ་བོ་ཉིད་མ་ཡིན་པར་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་དོན་བརྗོད་དུ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་བསམ་པ་མངོན་པར་རྟོགས་པ་རྒྱུ་གང་ལས་བྱུང་། འབྲས་བུ་གང་ ཡིན། དེ་བཞིན་དུ་མཐར་ཐུག་པའི་མངོན་པར་རྟོགས་པའི་བར་ཡང་རྒྱུ་གང་ལས་བྱུང་འབྲས་བུ་གང་ཡིན་ཞེ་ན། སྨྲས་པ། བསམ་པ་མངོན་པར་རྟོགས་པ་ནི་སངས་རྒྱས་འབྱུང་བ་དང་། སྐྱེས་བུ་དམ་པ་ལ་བརྟེན་པ་དང་། དམ་པའི་ཆོས་ཉན་པ་དང་། སེམས་ཀྱི་རྒྱུད་ཡོངས་སུ་སྨིན་ པ་དང་། ཚུལ་བཞིན་ཡིད་ལ་བྱེད་པའི་རྒྱུ་ལས་བྱུང་བ་ཡིན་ནོ། །ལས་གང་དང་ལྡན་པ་དེའི་འབྲས་བུ་ཅན་ཡིན་ནོ། །བསམ་པ་མངོན་པར་རྟོགས་པ་ཇི་ལྟ་བ་བཞིན་དུ་མངོན་པར་རྟོགས་པ་ཐམས་ཅད་ཀྱང་དེ་བཞིན་དུ་རིག་པར་བྱའོ། །དེ་ལ་བྱེ་བྲག་ནི་འདི་ཡོད་དེ། དད་པ་མངོན་པར་ རྟོགས་པ་ནི་དེ་ལས་གཞན་པའི་མངོན་པར་རྟོགས་པའི་རྒྱུ་ལས་བྱུང་བ་ཡང་ཡིན་ནོ། །དེ་བཞིན་དུ་ཚུལ་ཁྲིམས་མངོན་པར་རྟོགས་པ་དང་། མངོན་པར་རྟོགས་པའི་ཤེས་པ་བདེན་པ་མངོན་པར་རྟོགས་པ་ཡང་བསམ་པ་མངོན་པར་རྟོགས་པའི་རྒྱུ་ལས་བྱུང་བ་ཡང་ཡིན་ལ། ངེས་པར་ འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བའི་རྒྱུ་ལས་བྱུང་བ་ཡང་ཡིན། རང་གི་རིགས་ཀྱི་རྒྱུ་ལས་བྱུང་བ་ཡང་ཡིན་ནོ། །དེ་བཞིན་དུ་མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཤེས་པ་བདེན་པ་མངོན་པར་རྟོགས་པ་ཡང་མངོན་པར་རྟོགས་པའི་ཤེས་པ་བདེན་པ་མངོན་པར་རྟོགས་ པའི་རྒྱུ་ལས་བྱུང་བ་ཡང་ཡིན་ནོ། །མཐར་ཐུག་པའི་མངོན་པར་རྟོགས་པ་ཡང་དེ་བཞིན་ནོ། །མངོན་པར་རྟོགས་པ་དྲུག་དང་། མཚན་ཉིད་སོ་སོར་རིག་པ་ལ་སོགས་པའི་ཡིད་ལ་བྱེད་པ་བདུན་པོ་དག་ཅི་མངོན་པར་རྟོགས་པ་དྲུག་གིས་ཡིད་ལ་བྱེད་པ་བདུན་བསྡུས་སམ། འོན་ཏེ་ཡིད་ 130-1-280a ལ་བྱེད་པ་བདུན་གྱིས་མངོན་པར་རྟོགས་པ་དྲུག་བསྡུས་ཤེ་ན། སྨྲས་པ། མངོན་པར་རྟོགས་པ་གཉིས་ནི་ཡིད་ལ་བྱེད་པ་གང་གིས་ཀྱང་མ་བསྡུས་སོ། །གཅིག་ནི་དགའ་བ་སྡུད་པས་བསྡུས་སོ། །གཅིག་ནི་དགའ་བ་སྡུད་པ་དང་། དཔྱོད་པའི་ཡིད་ལ་བྱེད་པས་ བསྡུས་སོ། །གཅིག་ནི་རབ་ཏུ་དབེན་པ་ལས་བྱུང་བ་དང་། དགའ་བ་སྡུད་པ་དང་། སྦྱོར་བ་མཐར་ཐུག་པས་བསྡུས་སོ། །གཅིག་ནི་སྦྱོར་བ་མཐར་ཐུག་པའི་འབྲས་བུས་བསྡུས་སོ། །ཡིད་ལ་བྱེད་པ་ལྷག་མ་འདི་ལྟ་སྟེ་མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་དང་། མོས་པ་ལས་ བྱུང་བའི་ཡིད་ལ་བྱེད་པ་ནི་མངོན་པར་རྟོགས་པའི་རྒྱུ་མཐུན་པས་བསྡུས་པ་ཡིན་པས་མངོན་པར་རྟོགས་པས་མ་བསྡུས་པར་རིག་པར་བྱའོ། །ཤེས་པ་མཐའ་ཡས་པ་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་གང་དག་མངོན་པར་རྟོགས་པ་གང་གིས་བསྡུས་ཤེ་ན། སྨྲས་པ། གང་གིས་ཀྱང་མ་བསྡུས་ཏེ། དེ་དག་ཀྱང་མངོན་པར་རྟོགས་པའི་རྒྱུ་མཐུན་པ་ཡིན་པར་རིག་པར་བྱའོ། །བསམ་པ་མངོན་པར་རྟོགས་པ་གང་ཡིན་པ་དེ་དད་པ་མངོན་པར་རྟོགས་པ་ཡང་ཡིན་ལ། དད་པ་མངོན་པར་རྟོགས་པ་གང་ཡིན་པ་དེ་ཡང་བསམ་པ་མངོན་པར་རྟོགས་པ་ཡིན་ནམ་ཞེ་ན། སྨྲས་པ། མུ་བཞི་སྟེ། དེ་ལ་བསམ་པ་མངོན་པར་རྟོགས་པ་ཡིན་ལ་དད་པ་མངོན་པར་རྟོགས་པ་མ་ཡིན་པ་ནི་དཀོན་མཆོག་ལ་དམིགས་པའི་ངེས་པར་སེམས་པ་མ་གཏོགས་པ། དེ་ལས་གཞན་པ་ལ་དམིགས་པའི་ངེས་པར་སེམས་པའོ། །དད་པ་མངོན་པར་རྟོགས་པ་ཡིན་ལ་བསམ་པ་ མངོན་པར་རྟོགས་པ་མ་ཡིན་པ་ནི་དཀོན་མཆོག་ལ་དམིགས་པའི་དད་པ་ཐོས་པ་དང་བསྒོམས་པ་ལས་བྱུང་བ་གང་ཡིན་པའོ། །བསམ་པ་མངོན་པར་རྟོགས་པ་ཡང་ཡིན་ལ་དད་པ་མངོན་པར་རྟོགས་པ་ཡང་ཡིན་པ་ནི་དཀོན་མཆོག་ལ་དམིགས་པའི་ངེས་པར་སེམས་པ་གང་ཡིན་པའོ། ། རྣམ་པ་དེ་དག་མ་གཏོགས་པ་ནི་མུ་བཞི་པ་ཡིན་ནོ། །ཚུལ་དེ་ཉིད་ཀྱིས་དེ་ལས་གཞན་པའི་མུ་བཞི་དག་ཀྱང་རིག་པར་བྱ་སྟེ། ཉན་ཐོས་ཀྱི་ས་ལས་བརྩམས་ནས། རྣམ་པར་གཏན་ལ་དབབ་པའི་ལམ་ལ་གཅིག་པུ་སྤྱོད་པ་དང་། ཚིག་གོང་མ་དང་སྦྱོར་བ་དང་། ཚིག་འོག་མ་དང་སྦྱོར་ 130-1-280b བ་དང་། མུ་བཞིའི་ཚུལ་ནི་དཔག་ཏུ་མེད་པར་རིག་པར་བྱའོ། །སེར་སྣ་དང་དྲི་མ་དེ་གཉིས་ཀ་ལ་སེར་སྣའི་དྲི་མ་ཞེས་བྱ་སྟེ། དྲི་མ་ནི་བརྒྱད་དེ། དེ་དག་གིས་དྲི་མ་ཅན་དུ་གྱུར་པའི་སེམས་ཀྱི་རྒྱུད་ནི་སེར་སྣའི་གཞིའི་གནས་སུ་གྱུར་པ་ཡིན་པས། དེའི་ཕྱིར་དེ་དག་ནི་སེར་སྣའི་དྲི་མ་ཞེས་བྱའོ། ། བརྒྱད་གང་ཞེ་ན། སྔོན་སྦྱིན་པ་ལམ་གོམས་པས་ཚེ་འདི་ལ་ཟང་ཟིང་ལ་གདུ་བ་ཉིད་དང་། ལུས་དང་སྲོག་ལ་ཤས་ཆེར་ལྟ་ཞིང་འཇིག་རྟེན་ཕ་རོལ་ལ་མི་ལྟ་བ་ཉིད་དང་། གང་ཟག་སེར་སྣ་ཅན་རྣམས་དང་ལྷན་ཅིག་འགྲོགས་ཤིང་དེ་དག་གི་རྗེས་སུ་འཇུག་པ་ཉིད་དང་། ཞིང་མི་མཐུན་ པར་ལྟ་ཞིང་ཞིང་ཡོངས་སུ་ཚོལ་བ་ཉིད་དང་། སྔོན་སྙིང་རྗེ་ལ་མ་གོམས་ཤིང་དེ་ལ་ཕན་ཡོན་དུ་ལྟ་བ་ཉིད་དང་། ཚེགས་ཆེན་པོས་ལོངས་སྤྱོད་བསྒྲུབས་ཤིང་དེ་ལ་ཡོངས་སུ་གོམས་པའི་འདུ་ཤེས་ཀྱིས་ལེ་ལོ་དང་སྙོམ་ལས་བྱེད་པ་ཉིད་དང་། ལྟ་བ་མཆོག་ཏུ་འཛིན་ཞིང་གཏོང་བ་ལ་ཀུན་ ནས་ཉོན་མོངས་པ་དང་བཅས་པ་ཉིད་དང་། ལོངས་སྤྱོད་ཀྱི་བསམ་པས་སྦྱིན་ཞིང་དེར་ཡོངས་སུ་བསྔོ་བ་ཉིད་དོ། །དགེ་ལེགས་ཀྱི་ལམ་ནི་རྣམ་པ་ལྔ་སྟེ་ལོངས་སྤྱོད་འགྲུབ་པ་དང་། བདེ་འགྲོ་འགྲུབ་པ་དང་། སྡུག་བསྔལ་མེད་པ་འགྲུབ་པ་དང་། བདག་གི་དོན་འགྲུབ་པ་དང་། སེམས་ཅན་ གྱི་དོན་འགྲུབ་པའོ། །དེ་ལ་ལོངས་སྤྱོད་འགྲུབ་པ་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོའོ། །དེ་ལ་བདེ་འགྲོ་འགྲུབ་པ་ནི་ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོའོ། །དེ་ལ་སྡུག་བསྔལ་མེད་པ་འགྲུབ་པ་ནི་བསྒོམས་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོའོ། །དེ་ ལ་བདག་གི་དོན་འགྲུབ་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་མོ། །དེ་ལ་སེམས་ཅན་གྱི་དོན་འགྲུབ་པ་ནི་བྱང་ཆུབ་སེམས་དཔའི་ལམ་མོ། །དེ་ཐོབ་པར་བྱ་བའི་ཕྱིར་འདུ་ཤེས་ལྔ་བསྒོམ་པར་བྱ་སྟེ། འདོད་པ་རྣམས་ལ་མི་གཙང་བའི་འདུ་ཤེས་དང་། ལུས་རྣམས་ལ་འཚོ་བ་ངན་པའི་ འདུ་ཤེས་དང་། འདོད་པའི་ཁམས་ལ་འཇིག་པ་དང་བཅས་པའི་འདུ་ཤེས་དང་། འདུས་བྱས་ཐམས་ཅད་ལ་མི་རྟག་པའི་འདུ་ཤེས་དང་། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའི་འདུ་ཤེས་སོ། །མར་གྱི་ཉིང་ཁུ་ལྟ་བུའི་མདོའི་རྣམ་པར་བཤད་པ་ཡིན་ནོ།། །།བམ་པོ་སུམ་ཅུ་ 130-1-281a རྩ་གཉིས་པ། ཇི་ལྟར་མདོའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་། གཏན་ལ་བབ་པར་བསྟན་པའི་སྡེའི་བར་དག་རབ་ཏུ་ཤེས་ཤེ་ན། མདོར་བསྡུ་ན་རྣམ་པ་ལྔ་སྟེ། བརྡ་དང་། གཟུང་བ་དང་། གོ་རིམས་དང་། ལུང་དང་། བྱེད་པས་སོ། །ཇི་ལྟར་བརྡ་ལས་ རབ་ཏུ་ཤེས་ཤེ་ན། ཆོས་ཀྱི་རྣམ་གྲངས་གང་གི་མིང་དང་། བརྡར་གདགས་པ་གང་ཡིན་པ་དེ་དག་རབ་ཏུ་ཤེས་པ་ཡིན་ནོ། །ཇི་ལྟར་གཟུང་བ་ལས་རབ་ཏུ་ཤེས་ཤེ་ན། མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་གང་དག་གིས། དེས་ཆོས་ཀྱི་རྣམ་གྲངས་དེ་དག་བསྟན་ པ་དེ་དག་རབ་ཏུ་ཤེས་པ་ཡིན་ནོ། །ཇི་ལྟར་གོ་རིམས་ལས་རབ་ཏུ་ཤེས་ཤེ་ན། ཆོས་ཀྱི་རྣམ་གྲངས་ཀྱིས་ཆོས་ཀྱི་རྣམ་གྲངས་དང་། ཚིག་གིས་ཚིག་གི་གོ་རིམས་རབ་ཏུ་ཤེས་པ་ཡིན་ནོ། །ཇི་ལྟར་ལུང་ལས་རབ་ཏུ་ཤེས་ཤེ་ན། འདི་ལྟར་ཆོས་ཀྱི་རྣམ་གྲངས་འདི་དག་ནི་དེ་བཞིན་ གཤེགས་པས་གསུངས་པའམ། ཉན་ཐོས་ཀྱིས་བཤད་པའམ། ཁྱིམ་པས་བཤད་པའམ། རབ་ཏུ་བྱུང་བས་བཤད་དོ་ཞེས་རབ་ཏུ་ཤེས་པའོ། །ཇི་ལྟར་བྱེད་པ་ལས་རབ་ཏུ་ཤེས་ཤེ་ན། འདི་ལྟར་ཆོས་ཀྱི་རྣམ་གྲངས་འདི་དག་ནི་བདག་ལ་ཕན་པ་དང་། གཞན་ལ་ཕན་པ་དང་། ལྷ་དང་མི་རྣམས་ལ་ཕན་པའི་བར་གྱི་ཕྱིར་བཤད་དོ་ཞེས་རབ་ཏུ་ཤེས་པ་སྟེ། རྣམ་པ་ལྔ་པོ་དེ་དག་གིས་མདོའི་སྡེ་ཡང་རབ་ཏུ་ཤེས་ལ། གཏན་ལ་དབབ་པར་བསྟན་པའི་སྡེའི་བར་ཡང་རབ་ཏུ་ཤེས་སོ། །ཇི་ལྟར་བཤད་པ་དེའི་དོན་རབ་ཏུ་ཤེས་ཤེ་ན། རྣམ་པ་ལྔ་ཁོ་ནས་ཏེ་ཀུན་ནས་སློང་ བ་དང་། ཚིག་རབ་ཏུ་དབྱེ་བ་དང་། མཚམས་སྦྱར་བ་དང་། རིགས་པ་དང་། དོན་མདོར་བསྡུ་བས་སོ། །ཇི་ལྟར་ཀུན་ནས་སློང་བ་ལས་རབ་ཏུ་ཤེས་ཤེ་ན། གདུལ་བ་དེ་དག་ཁ་ཅིག་ལ་ཡང་དག་པར་བསྟན་པ་དང་། དེ་དག་ཁ་ཅིག་ཡང་དག་པར་རབ་ཏུ་དགའ་བར་བྱ་བའི་བར་གྱི་ ཕྱིར་བཤད་པ་རབ་ཏུ་ཤེས་པའོ། །ཇི་ལྟར་ཚིག་རབ་ཏུ་དབྱེ་བ་ལས་རབ་ཏུ་ཤེས་ཤེ་ན། རྣམ་གྲངས་དང་མཚན་ཉིད་དང་ངེས་པའི་ཚིག་དང་རྣམ་པར་དབྱེ་བ་རབ་ཏུ་ཤེས་པའོ། །ཇི་ལྟར་མཚམས་སྦྱར་བ་ལས་རབ་ཏུ་ཤེས་ཤེ་ན། རྣམ་པར་བཤད་པའི་མཚམས་སྦྱར་བ་དང་། བསྒྲུབ་ 130-1-281b པའི་མཚམས་སྦྱར་བ་དང་། ཡོངས་སུ་རྫོགས་པའི་མཚམས་སྦྱར་བ་རབ་ཏུ་ཤེས་པའོ། །ཇི་ལྟར་རིགས་པ་ལས་རབ་ཏུ་ཤེས་ཤེ་ན། རིགས་པ་བཞི་པོ་ལྟོས་པའི་རིགས་པ་དང་། འཐད་པས་བསྒྲུབ་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པས་ རབ་ཏུ་ཤེས་པའོ། །ཇི་ལྟར་དོན་མདོར་བསྡུ་བ་ལས་རབ་ཏུ་ཤེས་ཤེ་ན། འདི་ནི་ཕུང་པོ་དང་ལྡན་པའི་གཏམ་མོ། །འདི་ནི་ཁམས་དང་སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། གནས་དང་གནས་མ་ཡིན་པ་དང་། བདེན་པ་དང་ལྡན་པའི་གཏམ་མོ། །འདི་ནི་དྲན་པ་ཉེ་བར་ གཞག་པ་ལ་སོགས་པ་དང་ལྡན་པ་ནས། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་ལྡན་པའི་བར་གྱི་གཏམ་མོ། །འདི་ནི་ལས་དང་ལྡན་པའི་གཏམ་མོ། །འདི་ནི་ཉོན་མོངས་པ་དང་ལྡན་པའི་གཏམ་མོ། །འདི་ནི་ལྷག་པའི་ཚུལ་ཁྲིམས་ལ་སོགས་པའི་བསླབ་པ་དང་ལྡན་པའི་གཏམ་ མོ་ཞེས་རབ་ཏུ་ཤེས་པའོ། །ཇི་ལྟར་དུས་ཤེས་པ་ཡིན་ཞེ་ན། རྣམ་པ་ལྔ་ཁོ་ནས་ཏེ། ཀུན་ནས་ཉོན་མོངས་པ་མངོན་དུ་གྱུར་པ་རབ་ཏུ་རྟོགས་པ་དང་། ཀུན་ནས་ཉོན་མོངས་པ་མངོན་དུ་ཕྱོགས་པ་རབ་ཏུ་རྟོགས་པ་དང་། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་གནས་སྐབས་རབ་ཏུ་ རྟོགས་པ་དང་། གཉེན་པོ་ཡིད་ལ་བྱེད་པ་སྐྱེད་པ་དང་། གཉེན་པོ་ཡིད་ལ་བྱེད་པས་སོ། །ཇི་ལྟར་ཚོད་ཤེས་པ་ཡིན་ཞེ་ན། བཟའ་བ་དང་། བཏུང་བ་ལ་སོགས་པ་རྒྱས་པར་བྱ་སྟེ། དེ་ཡང་མདོར་བསྡུ་ན་སྤོང་བ་དང་། རྗེས་སུ་མཐུན་པ་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། ཉེ་བར་ སྟོན་པ་དང་རྗེས་སུ་མཐུན་པ་དང་། བརྩོན་འགྲུས་བརྩམས་པ་དང་རྗེས་སུ་མཐུན་པའོ། །དེ་ལ་ཉེ་བར་སྟོན་པ་དང་རྗེས་སུ་མཐུན་པ་ནི། བཟའ་བ་དང་། བཏུང་བ་དང་། བཅའ་བ་དང་། མྱང་བའི་ཚོད་ཤེས་པར་བྱེད་པ་གང་ཡིན་པའོ། །བརྩོན་འགྲུས་བརྩམས་པ་དང་རྗེས་སུ་མཐུན་ པ་ནི་འགྲོ་བ་དང་སྡོད་པ་ལ་སོགས་པའི་ཚོད་ཤེས་པར་བྱེད་པ་གང་ཡིན་པའོ། །དེ་ལ་ཇི་ལྟར་བཟའ་བ་ལ་སོགས་པའི་ཚོད་ཤེས་པར་བྱེད་ཅེ་ན། འདི་ལྟ་སྟེ། བླང་བ་དང་། ཡོངས་སུ་ལོངས་སྤྱོད་པའི་ཚོད་ཤེས་པ་སྟེ། དེ་ལ་བླང་བའི་ཚོད་ཤེས་པ་ནི་དུས་གང་གི་ཚེ་བླང་བར་བྱ་ 130-1-282a བ་དང་། གང་ནས་བླང་བར་བྱ་བ་དང་། གང་བླང་བར་བྱ་བ་དང་། ཅི་ཙམ་བླང་བར་བྱ་བའི་ཚོད་ཤེས་པའོ། །དུས་གང་གི་ཚེ་བླང་བར་བྱ་ཞེ་ན། སྔ་དྲོ་ཡོངས་སུ་ལོངས་སྤྱོད་པའི་དུས་གང་ཡིན་པ་དེའི་ཚེའོ། །གང་ནས་བླང་བར་བྱ་ཞེ་ན། སྤྱོད་ཡུལ་མ་ ཡིན་པ་ལྔ་མ་གཏོགས་པ་ནས་སོ། །གང་བླང་བར་བྱ་ཞེ་ན། དེ་བཞིན་གཤེགས་པས་རྗེས་སུ་གནང་བ་ཆང་ལ་སོགས་པ་བཏུང་བ་མ་ཡིན་པ་དང་། བཟའ་བ་མ་ཡིན་པ་མ་གཏོགས་པ་རུང་བའོ། །ཅི་ཙམ་བླང་བར་བྱ་ཞེ་ན། བདག་ཉིད་ལ་མི་གནོད་པ་དང་གཞན་ལ་མི་གནོད་ པར་བླང་བར་བྱ་བའི་ཚོད་རན་པ་གང་ཡིན་པའོ། །དེ་ལ་ཡོངས་སུ་ལོངས་སྤྱོད་པའི་ཚོད་ཤེས་པ་ཡང་དུས་གང་གི་ཚེ་ཡོངས་སུ་ལོངས་སྤྱོད་པར་བྱ་བ་དང་། གང་དུ་ཡོངས་སུ་ལོངས་སྤྱད་པར་བྱ་བ་དང་། གང་ཡོངས་སུ་ལོངས་སྤྱོད་པར་བྱ་བ་དང་། ཅི་ཙམ་ཡོངས་སུ་ལོངས་སྤྱོད་པར་ བྱ་བའོ། །དེ་ལ་དུས་གང་གི་ཚེ་ཡོངས་སུ་ལོངས་སྤྱད་པར་བྱ་ཞེ་ན། སྔ་མ་བཞིན་དུ་སྔ་དྲོ་ཡོངས་སུ་ལོངས་སྤྱད་པའི་དུས་གང་ཡིན་པ་དེའི་ཚེའོ། །གང་དུ་ཡོངས་སུ་ལོངས་སྤྱད་པར་བྱ་ཞེ་ན། གཙུག་ལག་ཁང་ངམ། གྲོང་ཁྱེར་དུ་འབབ་པའི་ཕྱོགས་སུའོ། །གང་ཡོངས་སུ་ལོངས་ སྤྱད་པར་བྱ་ཞེ་ན། སྔ་མ་བཞིན་དུ་རུང་བའོ། །ཇི་ཙམ་ཡོངས་སུ་ལོངས་སྤྱད་པར་བྱ་ཞེ་ན། གང་གིས་བཀྲེས་པར་མི་འགྱུར་བ་དང་། སྤོང་བ་མི་བཟོད་པར་མི་འགྱུར་བ་དང་། ཁམས་མི་མཉམ་པ་སྐྱེ་བར་མི་འགྱུར་བར་དྲོད་རན་པར་ཡོངས་སུ་ལོངས་སྤྱད་པར་བྱའོ། །དེ་ལ་བརྩོན་ འགྲུས་བརྩམས་པ་ཚོད་ཤེས་པ་ཡང་དུས་གང་གི་ཚེ་བརྩོན་འགྲུས་བརྩམ་པར་བྱ་བ་དང་། གང་དུ་དང་། གང་དང་། ཇི་ཙམ་བརྩམ་པར་བྱ་བའོ། །དེ་ལ་དུས་གང་གི་ཚེ་བརྩོན་འགྲུས་བརྩམ་པར་བྱ་ཞེ་ན། འགྲོ་བའི་དུས་སུ་འགྲོ་བ་དང་། གཉིད་ཀྱི་སྙོམ་པ་བསང་བར་བྱ་བའི་དུས་ ཀྱི་བར་དུ་གཉིད་ཀྱི་སྙོམ་པ་བསང་བར་བྱ་བའི་དུས་སུའོ། །གང་དུ་བརྩམ་པར་བྱ་ཞེ་ན། ཀུན་དགའི་ར་བའམ། གཙུག་ལག་ཁང་ངམ། ཁང་ཁྱིམ་མམ། འཆག་སར་རོ། །གང་བརྩམ་པར་བྱ་ཞེ་ན། འགྲོ་བ་དང་སྡོད་པ་ནས། གཉིད་ཀྱི་སྙོམ་པ་བསང་བར་བྱ་བའི་བར་ 130-1-282b དག་བརྩམ་པར་བྱའོ། །ཇི་ཙམ་བརྩམ་པར་བྱ་ཞེ་ན། གང་གིས་བརྩོན་འགྲུས་ཧ་ཅང་ཞུམ་པར་ཡང་མི་འགྱུར་ལ། ཧ་ཅང་རབ་ཏུ་འཛིན་པར་ཡང་མི་འགྱུར་བར་དྲོད་རན་པར་བརྩམ་པར་བྱའོ། །ཇི་ལྟར་རྒྱལ་རིགས་ཀྱི་འཁོར་རབ་ཏུ་ཤེས་ཤེ་ན། རྒྱལ་རིགས་ཀྱི་འཁོར་འདིའི་ མིང་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། ཚེའི་མཐའ་ནི་འདི་ཙམ་ཞིག་ཐུབ་ཅེས་བྱ་བར་རབ་ཏུ་ཤེས་པའོ། །ཁྱིམ་བདག་གི་འཁོར་གྱི་བར་དུ་ཡང་དེ་བཞིན་དུ་རབ་ཏུ་ཤེས་སོ། །ཇི་ལྟར་དགེ་སྦྱོང་གི་འཁོར་རབ་ཏུ་ཤེས་ཤེ་ ན། མིང་ཤེས་པ་དང་། འདི་དག་ནི་གསར་བུའོ། །འདི་དག་ནི་བར་མའོ། །འདི་དག་ནི་རྒན་རབས་སོ། །འདི་དག་ནི་མདོ་སྡེ་འཛིན་པའོ། །འདི་དག་ནི་འདུལ་བ་འཛིན་པའོ། །འདི་དག་ནི་མ་མོ་འཛིན་པའོ། །འདི་དག་ནི་རྣལ་འབྱོར་སྤྱོད་པའོ་ཞེས་རབ་ཏུ་ཤེས་པའོ། ། བདག་འདིར་ཇི་ལྟར་འགྲོ་བར་བྱ་བ་ནས། ཇི་ལྟར་མི་སྨྲ་བར་བྱ་བའི་བར་དུ་རབ་ཏུ་ཤེས་པ་ནི་མདོར་བསྡུ་ན། གང་གི་དོན་དང་། ཇི་ལྟར་འགྲོ་བར་བྱ་བ་ནས་མི་སྨྲ་བར་བྱ་བའི་བར་རོ། །དེ་ལ་གང་གི་དོན་དུ་ཞེ་ན། ཁྱིམ་པའི་ཕྱོགས་སུ་འགྲོ་བ་དང་། ཡོ་བྱད་ཀྱི་དོན་དང་། མ་དད་ པ་རྣམས་དད་པར་བྱ་བ་དང་། དད་པ་རྣམས་ཕྱིར་ཞིང་འཕེལ་བར་བྱ་བ་དང་། ནད་པ་དང་ནད་ཚབས་ཆེ་བ་རྣམས་ཡོངས་སུ་དྲི་བ་དང་། སྡུག་བསྔལ་བར་གནས་པ་རྣམས་ཀྱི་མྱ་ངན་བསང་བ་དང་། ཕན་ཚུན་འཁུ་ཞིང་མི་མཐུན་པར་གནས་པ་རྣམས་མཐུན་པར་བྱ་བ་དང་། གཞན་གྱི་བྱ་བ་དང་རྗེས་སུ་མཐུན་པའི་དོན་དང་། གཞན་གྱི་གསོལ་བ་བཏབ་པ་དང་། མཁན་པོ་དང་སློབ་དཔོན་དང་། ཚངས་པ་མཚུངས་པར་སྤྱོད་པའི་རྗེས་སུ་བསྒྲུབ་པའི་དོན་དང་། དགེ་འདུན་གྱི་བྱ་བའི་དོན་དུ་འགྲོ་བ་ནས་མི་སྨྲ་བའི་བར་དུ་བྱེད་པའོ། །ཇི་ལྟར་འགྲོ་བར་བྱེད་ ཅེ་ན། ཉན་ཐོས་ཀྱི་སར་ཇི་སྐད་བསྟན་པ་བཞིན་ནོ། །ཇི་ལྟར་སྡོད་ཅེ་ན། སོང་ནས་ཁང་ཁྱིམ་དེར་ཚམ་ཚོམ་མེད་པར་མི་འཇུག་པར་ང་རྒྱལ་མེད་པ་དང་། ཡོངས་སུ་ཡི་ཆད་པ་མེད་པ་དང་། འཁྲུག་པ་མེད་པར་སྒོ་དྲུང་ན་སྡོད་པ་དང་། ཁང་ཁྱིམ་གྱི་ནང་དུ་ཞུགས་ནས་ཀྱང་། 130-1-283a མངོན་དུ་ཕྱོགས་པ་དང་། གསོང་པོར་སྨྲ་བ་དང་། འཛུམ་པ་སྔར་གཏོང་བ་དང་། ཁྲོ་གཉེར་མེད་པ་དང་། སྙན་པར་སྨྲ་ཞིང་སྡོད་པར་བྱེད་པའོ། །ཇི་ལྟར་འདུག་པར་བྱ་བ་ལ་རབ་ཏུ་ཤེས་ཤེ་ན། བསྒོ་བས་སྟན་ཅི་བཏིང་བ་ལ་ཚུལ་དང་མཐུན་པའི་སྤྱོད་ལམ་གྱིས་ འདུག་པའོ། །ཇི་ལྟར་དེ་ལྟར་སྨྲ་བར་བྱ་བ་རབ་ཏུ་ཤེས་ཤེ་ན། དུས་སུ་དང་། རིགས་པ་དང་། རན་པ་དང་། ཞི་བ་དང་། གནམ་པར་སྨྲ་བར་བྱ་བ་རབ་ཏུ་ཤེས་པའོ། །དེ་ལ་དུས་ནི་གསུམ་སྟེ། ཉན་འདོད་ཅིང་ཉན་མི་འདོད་པ་མ་ཡིན་པ་སྟེ། དེ་ལ་ཉན་མི་འདོད་པ་ནི་འདི་ཡིན་ཏེ། འདི་ལྟར་ འདི་ན་ལ་ལ་བཀྲེས་པའམ། སྐོམ་པའམ། ལུས་ཆད་པ་དང་། ངལ་བའམ། རླུང་དང་། ཉི་མས་ཡོངས་སུ་གདུངས་པ་སྟེ། དེ་ནི་དུས་དང་པོ་ཡིན་ནོ། །སྤྱོད་ལམ་གྱི་གནས་ཀྱི་སྤྱོད་ལམ་མ་ཡིན་པས་མི་གནས་པ་ཡིན་ནོ། །འདི་ན་ལ་ལ་ཉན་འདོད་ཀྱང་སྤྱོད་ལམ་མ་ཡིན་པས་གནས་སོ། ། དེ་ལ་སྤྱོད་ལམ་མ་ཡིན་པ་ནི་འདི་ཡིན་ཏེ། མིན་བར་འདུག་པ་ལ་འགྲེང་སྟེ་ཆོས་བཤད་པར་མི་བྱའོ་ཞེས་སོ་སོར་ཐར་པའི་མདོ་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ། དེ་ནི་དུས་གཉིས་པ་ཡིན་ནོ། །ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་དང་ལྡན་པ་ཡིན་གྱི། ཀུན་ནས་ཉོན་མོངས་པ་ཅན་གྱི་ སེམས་དང་ལྡན་པ་མ་ཡིན་ཏེ། དེ་ལ་ཀུན་ནས་ཉོན་མོངས་པ་ཅན་གྱི་སེམས་ནི་འདི་ཡིན་ཏེ། འདི་ལྟ་སྟེ་འབྲེལ་པའམ། འཕྲལ་གྱི་བྱ་བ་དེ་དང་དེ་དག་ལ་ཤས་ཆེར་བརྩོན་པ་དང་། བྲན་དང་། ལས་མིའམ། གསོད་པའམ། ཕྱིར་རྒོལ་བའམ། དགྲ་བོས་སེམས་འཁྲུགས་པའམ། ཁྲོས་པའམ། རྙོག་མ་ཅན་དུ་གྱུར་པ་སྟེ། དེ་ནི་དུས་གསུམ་པ་ཡིན་ནོ། །དེ་ལ་རིགས་པ་ཡང་རྣམ་པ་གསུམ་སྟེ། སློང་བ་ན་རུང་བ་སློང་བ་དང་། ཚོད་རན་པར་སློང་བ་དང་། གཏམ་ཟེར་བ་ན་ཆོས་ཀྱི་གཏམ་དོན་དང་ལྡན་པ་ཟེར་བའོ། །དེ་ལ་རན་པ་ཡང་རྣམ་པ་གསུམ་གྱིས་རིག་པར་ བྱ་སྟེ། རྣམ་པར་འཁྲུགས་པ་མ་ཡིན་པ་དང་། ཚིག་དང་ཡི་གེ་འདུས་པ་དག་གིས་རྣམ་པར་མ་འཕྲོས་པར་ཆོས་སྟོན་པ་དང་། ཟློས་བུ་མ་ཡིན་པར་སྨྲ་བ་སྟེ། ཚིག་ཟློས་བུ་དགོས་པ་མེད་པ་དོན་དང་མི་ལྡན་པ་ནི་ཆུང་ཟད་ཙམ་ཡང་བརྗོད་པར་མི་བྱེད་ན། མང་པོ་ལྟ་སྨོས་ཀྱང་ཅི་དགོས། 130-1-283b དེ་ལ་ཞི་བ་ཡང་རྣམ་པ་གསུམ་སྟེ། སྤྱོད་ལམ་ཞི་བ་དང་། སྒྲ་ཞི་བ་དང་། སེམས་ཞི་བའོ། །དེ་ལ་སྤྱོད་ལམ་ཞི་བ་ནི་འདི་ཡིན་ཏེ། དབང་པོ་རྣམས་རབ་ཏུ་ཞི་བ་དང་། མི་གཡོ་བ་དང་། མི་རྒོད་པ་དང་། ཡན་ལག་དང་ཉིང་ལག་དག་མི་འགྱུར་བས་གཏམ་ཟེར་བའོ། །དེ་ལ་སྒྲ་ཞི་བ་ནི་འདི་ ཡིན་ཏེ། ཧ་ཅང་སྐད་ཆེན་པོ་མ་ཡིན་པ་དང་། བརྟད་པ་མ་ཡིན་པར་ཚིག་རྗོད་པར་བྱེད་པའོ། །དེ་ལ་སེམས་ཞི་བ་ནི་འདི་ཡིན་ཏེ། གནོད་པ་བྱས་ཀྱང་མི་འཁྲུགས་པར་ཚིག་སྨྲ་ན། གནོད་པ་མ་བྱས་ན་ལྟ་སྨོས་ཀྱང་ཅི་དགོས་པ་དང་། ཟང་ཟིང་མེད་པའི་སེམས་ཀྱིས་སྨྲ་བའོ། །དེ་ལ ཚིག་གནམ་པ་ཡང་རྣམ་པ་གསུམ་སྟེ། དུས་སུ་སྨྲ་བ་ནས་ཞི་བའི་བར་དུ་སྨྲ་བ་ན་སྔོན་གོམས་པའི་ཚུལ་གྱིས་སམ། ཚེ་འདི་ལ་གོམས་པའི་ཚུལ་གྱིས་ཐ་མལ་པར་སྨྲ་བ་དང་། ཚིག་དེ་ལ་བསླབ་པར་འདོད་པས་སོ་སོར་རྟོགས་པའི་སྟོབས་ཀྱིས་ཟིན་པ་དང་། དེའི་ཚིག་དེ་ལྐོག་གམ། མིག་སྔར་དེ་ཐམས་ཅད་དུ་མི་སླུ་བ་ཡིན་པའོ། །དེ་ལ་ཇི་ལྟར་མི་སྨྲ་བར་བྱ་ཞེ་ན། དུས་ལྔར་ཏེ། གལ་ཏེ་གཏམ་ཟེར་བ་ན་ཉན་པ་པོ་མི་ཉན་ཅིང་གཏམ་རླུང་སྐུར་བ་དང་། རྣམ་པར་གཡེང་བ་སྟོན་པར་བྱེད་ན། དེ་ལ་སྨྲ་བ་པོས་མི་སྨྲ་བར་བྱ་ཞེ་ན། གལ་ཏེ་གཏམ་ཟེར་བ་ན་ཉན་པ་པོ་ཆོག་གི་ མི་ཉན་ཏོ་ཞེས་གཏམ་སྤོང་བར་བྱེད་ན། དེ་ལ་ཡང་སྨྲ་བ་པོས་མི་སྨྲ་བར་བྱ་བ་དང་། གལ་ཏེ་གཏམ་ཟེར་བ་ན་ཉན་པ་པོ་སྨྲ་བ་པོ་ལ་ཀླན་ཀ་ཚོལ་བའི་སེམས་ཀྱིས་རྩོད་པ་དང་། ཉེས་རྩོམ་གྱི་ཚིག་གིས་ཉེ་བར་གནས་ན། དེ་ལ་ཡང་སྨྲ་བ་པོས་མི་སྨྲ་བར་བྱ་བ་དང་། སྦྱིན་པ་པོ་དང་སྦྱིན་ བདག་གིས་ཆོས་གོས་དང་བསོད་སྙོམས་ལ་སོགས་པས་མགྲོན་དུ་བོས་པ་ན་ཡང་མི་སྨྲ་བས་མགྲོན་དུ་བོས་པ་བདག་གིར་བྱ་བ་དང་། ཕས་ཀྱི་རྒོལ་བ་ཉེ་བར་འོངས་ཏེ་གཏམ་ཟེར་བ་ན། སྨྲ་བ་པོས་གཏམ་མཇུག་ཏུ་མ་ཕྱིན་གྱི་བར་དུ་ཡང་མི་སྨྲ་བར་བྱའོ། །བདག་གི་དད་པ་ནས་ རིགས་ཀྱི་བུ་ཉིད་ཇི་ཙམ་པ་ནི་རྒྱུ་གསུམ་གྱིས་རིག་པར་བྱ་སྟེ། གནས་དང་ངོ་བོ་ཉིད་དང་དུས་ཀྱིས་སོ། །དེ་ལ་ཇི་ལྟར་གནས་ལས་དད་པ་རིག་པར་བྱ་ཞེ་ན། དད་པའི་གནས་ཀྱི་དངོས་པོ་གང་ཡིན་པ་དང་། དམིགས་པ་གང་ལས་དད་པ་སྐྱེ་བ་ན། བདག་གི་དད་པ་ནི་འདི་ཙམ་མོ། །དད་ 130-1-284a པའི་གནས་ནི་འདི་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའོ། །ཇི་ལྟར་ངོ་བོ་ཉིད་ལས་དད་པ་རིག་པར་བྱ་ཞེ་ན། དད་པ་ཆུང་ངུ་དང་། འབྲིང་དང་ཆེན་པོ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའོ། །ཇི་ལྟར་དུས་ལས་དད་པ་རིག་ པར་བྱ་ཞེ་ན། བདག་གིས་དད་པ་ནི་དུས་འདི་ཙམ་ནས་སྐྱེས་སོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའོ། །དད་པ་ཇི་ལྟ་བ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པ་ནས། སྤོབས་པའི་མཐར་ཐུག་པའི་བར་ཡང་དེ་བཞིན་དུ་རིག་པར་བྱའོ། །དེ་ལ་དད་པ་ནི་འཇུག་པའི་ཡན་ ལག་ཡིན་ནོ། །ཚུལ་ཁྲིམས་ནི་ཞུགས་པའི་ཞི་གནས་ཀྱི་ཡན་ལག་ཡིན་ནོ། །ཐོས་པ་ནི་ལྷག་མཐོང་གི་ཡན་ལག་ཡིན་ནོ། །གཏོང་བ་ནི་ཞི་གནས་དང་ལྷག་མཐོང་གི་ཚོགས་ཀྱི་ཡན་ལག་ཡིན་ནོ། །བདག་ཉིད་ཀྱི་བསམ་པ་ལས་བྱུང་བའི་ཤེས་རབ་དང་གཞན་ལས་རྗེས་ སུ་མཐུན་པའི་གདམས་ངག་རྗེས་སུ་བསྟན་པ་ནི་ཞི་གནས་དང་ལྷག་མཐོང་སྡུད་པའི་ཡན་ལག་ཡིན་ནོ། །དེ་ལ་བརྟེན་ནས་ཞི་གནས་དང་། ལྷག་མཐོང་ཐོབ་པ་དང་། དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཡང་ཐོབ་པར་འགྱུར་བའི་ཕྱིར་རོ། །བདག་གི་དོན་རྟོགས་ན་ཤེས་པར་འདོད་པ་ ཐེ་ཚོམ་ཅན་རྣམས་ཀྱིས་ཇི་ལྟར་རྟོགས་པ་ལ་ཐེ་ཚོམ་རྣམ་པར་བཟློག་པའི་ཕྱིར་སྤོབས་སོ། །རིགས་ཀྱི་བུ་འདི་ཉིད་ནི་རྒོལ་བ་མི་མཐུན་པ་ལུས་དང་ངག་གིས་ལོག་པར་བསྒྲུབ་པ་དག་ལ་བཟོད་པ་དང་དེས་པས་བསྡུས་པ་ཡིན་ནོ། །དེ་ལ་མ་དད་པ་ནི་རྒྱུ་གསུམ་གྱིས་འགྱུར་ཏེ། དཀོན་ མཆོག་གསུམ་གྱི་ཡོན་ཏན་མི་ཤེས་པ་དང་། མུ་སྟེགས་ཅན་གྱི་ལྟ་བ་སྤྱོད་པ་དང་། སངས་རྒྱས་རྣམས་སམ་སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱིས་ཆོ་འཕྲུལ་གསུམ་པོ་གང་ཡང་རུང་བས་མ་བཏུལ་བས་སོ། །ཡང་དང་ཡང་དུ་ཀུན་དགའི་ར་བར་མི་འགྲོ་བ་ནི་རྒྱུ་གསུམ་གྱིས་ ཏེ། བག་མེད་པ་དང་། ལེ་ལོའི་དབང་དུ་སོང་བ་དང་། བྱ་བ་མང་བ་དང་། གང་ཟག་ལ་མངོན་པར་དད་པས་སོ། །ཉེ་བར་མི་འགྲོ་བའི་རང་བཞིན་ཅན་དང་རྒྱུ་གསུམ་གྱིས་ཏེ། རང་བཞིན་གྱིས་མི་འཇིགས་པ་དང་། ང་རྒྱལ་གྱིས་ཁེངས་པ་དང་། ཚིག་འབྲུ་ལ་རྟོན་པས་ 130-1-284b སོ། །བསྙེན་བཀུར་མི་བྱེད་པའི་རང་བཞིན་ཅན་ཡང་རྒྱུ་གསུམ་གྱིས་ཏེ། མི་མཁས་པ་དང་། མཐུན་པར་མི་བྱེད་པ་དང་། འདུན་པ་དྲག་པོ་མེད་པས་སོ། །ཡོངས་སུ་མི་འདྲི་བའི་རང་བཞིན་ཅན་ཡང་རྒྱུ་གསུམ་གྱིས་ཏེ། ཆོས་ལ་མི་མཁས་པ་དང་། དོན་ལ་མི་མཁས་པ་དང་། དེ་གཉི་ག་ལ་ མི་མཁས་པས་སོ། །རྣ་མི་གཏོད་པ་ཡང་རྒྱུ་གསུམ་གྱིས་ཏེ་རྣམ་པར་རྟོག་པ་སྤྱོད་པ་དང་། འདུ་འཛི་མང་བ་དང་། སྒྲིབ་པ་དག་གིས་སེམས་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པའོ། །མི་འཛིན་པའི་རང་བཞིན་ཅན་ཡང་རྒྱུ་གསུམ་གྱིས་ཏེ། མི་ཉན་པ་དང་། ངན་པར་ཉན་པ་དང་། ཤེས་རབ་མ་རྒྱས་ཤིང་ཤེས་རབ་ཞུམ་པས་སོ། །ཆོས་ལ་མི་རྟོག་པ་ཡང་རྒྱུ་གསུམ་གྱིས་ཏེ། སྨྲ་བ་ལ་དགའ་བ་དང་། འདུ་འཛི་ལ་དགའ་བ་དང་། དཔྱོད་པའི་ཤེས་རབ་དང་མི་ལྡན་པས་སོ། །ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་མི་སྒྲུབ་པ་ཡང་རྒྱུ་གསུམ་གྱིས་ཏེ། ལུས་དང་སྲོག་ལ་ལྟ་ བ་དང་། དེ་ཉིད་ཀྱི་དབང་དུ་བྱས་ནས་རྙེད་པ་འདོད་པ་དང་། བཀུར་སྟི་འདོད་པས་སོ། །གཞན་ལ་ཕན་པའི་ཕྱིར་མ་ཞུགས་པ་ཡང་རྒྱུ་གསུམ་གྱིས་ཏེ། རང་བཞིན་གྱིས་རིགས་དམན་པ་དང་། སྙིང་རྗེ་ཆུང་བ་དང་། མཐུ་མེད་པས་སོ། །དཀར་པོའི་ཕྱོགས་ནི་དེ་ལས་བཟློག་པ་ལས་རིག་པར་ བྱའོ། །ཉན་ཐོས་རྣམས་ལ་སྤྱོད་པ་རྣམ་པ་མང་པོ་སྣ་ཚོགས་དམིགས་ཏེ། འདི་ལྟ་སྟེ། ཆུ་ཀླུང་གི་སྤྱོད་པ་དང་། རིའི་སྤྱོད་པ་དང་། རི་དྭགས་ཀྱི་སྤྱོད་པ་དང་། དེ་ལྟ་བུའི་སྤྱོད་པ་དག་དམིགས་པ་དེ་ལ་ཅིའི་ཕྱིར་ཉན་ཐོས་མངོན་པར་ཤེས་པ་ཐོབ་པ་ཡི་དྭགས་རྣམས་ཀྱི་སྤྱད་པ་སྤྱོད་པ་ན། ཡི་དྭགས་ རྣམས་ཀྱི་བདག་ཉིད་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ཡོངས་སུ་འདྲི་བར་བྱེད། ཡོངས་སུ་ཞུ་བར་བྱེད། ཅི་བདག་ཉིད་ཀྱི་ངོ་མཚར་ཙམ་བསལ་བར་བྱ་བའི་ཕྱིར་རམ། འོན་ཏེ་སེམས་ཅན་ལ་ཕན་གདགས་པའི་ཕྱིར་ཡིན། གལ་ཏེ་བདག་ཉིད་ཀྱི་ངོ་མཚར་ཙམ་བསལ་བའི་ཕྱིར་ཞེས་ བྱར་ནི་མངོན་པར་ཤེས་པ་ཐོབ་པ་ལ་དེ་མི་རུང་ངོ་། །གལ་ཏེ་སེམས་ཅན་ལ་ཕན་གདགས་པའི་ཕྱིར་ཡིན་ན་ནི་དེས་ན་ཇི་ལྟར་སེམས་ཅན་ལ་ཕན་འདོགས་པར་བྱེད་པ་བརྗོད་དགོས་སོ་ཞེ་ན། སྨྲས་པ། སེམས་ཅན་ལ་ཕན་གདགས་པའི་ཕྱིར་ཡིན་ཏེ། དེ་དག་དང་སེམས་ཅན་གཞན་དག་ལ་ 130-1-285a ཕན་གདགས་པའི་ཕྱིར་ཏེ། འདི་ལྟར་དེས་རང་གི་མངོན་པར་ཤེས་པའི་སྟོབས་ཀྱིས་ཡི་དྭགས་དེ་དག་གི་སྔོན་གྱི་གནས་རྗེས་སུ་དྲན་པར་བྱེད་ཅིང་དེས་ན་དེ་དག་གིས་བདག་ཉིད་ཀྱི་སྔོན་ཉེས་པར་བྱ་བའི་ལས་དྲན་ནས། སྟོན་པ་དང་། སྐྱོ་བར་བྱེད་ལ་ཆོས་བསྟན་པ་ལ་ཡང་སེམས་ གཏོད་པར་བྱེད་དེ། རྒྱུ་དེས་མྱུར་བ་མྱུར་བ་ཁོ་ནར་ཡི་དྭགས་ཀྱི་སྐྱེ་གནས་ལས་ཡོངས་སུ་ཐར་བར་འགྱུར་བའི་ཕྱིར་ཏེ་དེ་ལྟར་དེ་ནི་ཡི་དྭགས་དེ་དག་ལ་ཕན་འདོགས་པར་བྱེད་པ་ཡིན་ནོ། །དེ་དག་གི་སྔོན་གྱི་ལས་ཀྱི་འབྲས་བུ་མི་འདོད་པ་སྣ་ཚོགས་བསྟན་པ་དེ་དག་ཐོས་ནས། ཉན་ཐོས་མངོན་ པར་ཤེས་པ་ཐོབ་པ་དེས་གཞན་དག་ཀྱང་མོས་པར་བྱེད་ཅིང་། གཞན་དག་གིས་ཀྱང་དེ་དེ་ལས་ཐོས་ནས་ཡིད་སྐྱོ་ཞིང་མི་དགེ་བ་སྤངས་ནས། དགེ་བ་ཡང་དག་པར་བླང་བ་ལ་འཇུག་པར་འགྱུར་ཏེ། དེ་ལྟར་དེ་ནི་དེ་ལས་གཞན་པའི་སེམས་ཅན་རྣམས་ལ་ཕན་འདོགས་པར་བྱེད་པ་ཡིན་ནོ། ། འདོད་པ་ན་སྤྱོད་པའི་གཟུགས་ནི་རྣམ་པ་དྲུག་གིས་རགས་པ་ཉིད་ཡིན་པར་བལྟ་བར་བྱ་སྟེ། རགས་པ་ཉིད་རྣམ་པ་དྲུག་གང་ཞེ་ན། མང་བ་ཉིད་ཀྱིས་རགས་པ་ཉིད་དང་། མི་གཙང་བ་ཉིད་ཀྱིས་རགས་པ་ཉིད་དང་། རྩུབ་པ་ཉིད་ཀྱིས་རགས་པ་ཉིད་དང་། ལྕི་བ་ཉིད་ཀྱིས་རགས་པ་ཉིད་དང་། འགྱུར་ བ་ཉིད་ཀྱིས་རགས་པ་ཉིད་དང་། སེམས་ཀྱི་རྗེས་སུ་མི་འཇུག་པ་ཉིད་ཀྱིས་རགས་པ་ཉིད་དོ། །ཉན་ཐོས་ཀྱི་སའི་རྣམ་པར་གཏན་ལ་དབབ་པ་རྫོགས་ཏེ། རྣམ་པར་གཏན་ལ་དབབ་པའི་གཞུང་ལྷག་མ་ནི་མི་སྣང་ངོ་། །རང་སངས་རྒྱས་ཀྱི་སའི་རྣམ་པར་གཏན་ལ་དབབ་པའི་གཞུང་ནི་མི་ སྣང་ངོ་། །བྱང་ཆུབ་སེམས་དཔའི་སའི་རྣམ་པར་གཏན་ལ་དབབ་པ་ཉན་ཐོས་ཀྱི་རིགས་སྒྲུབ་པ་བཞིན་དུ་བྱང་ཆུབ་སེམས་དཔའི་རིགས་ཀྱང་འགྲུབ་པར་རིག་པར་བྱའོ། །སེམས་བསྐྱེད་པ་ནི་རྣམ་པ་བཅུ་སྟེ། འདི་ལྟ་སྟེ་ཡང་དག་པར་བླང་བ་བརྡ་ལས་བྱུང་བ་དང་། ཆོས་ཉིད་ཀྱིས་ཐོབ་པ་ དང་། མ་ངེས་པ་དང་། ངེས་པ་དང་། ཡོངས་སུ་མ་དག་པ་དང་། ཡོངས་སུ་དག་པ་དང་། སྟོབས་ཆུང་བ་དང་། སྟོབས་དང་ལྡན་པ་དང་འབྲས་བུ་ཡོངས་སུ་མ་གྲུབ་པ་དང་། འབྲས་བུ་ཡོངས་སུ་གྲུབ་པའོ། །དེ་ལ་ཡང་དག་པར་བླང་བ་བརྡ་ལས་བྱུང་བ་ནི་བྱང་ཆུབ་སེམས་དཔའི་ཡང་དག་པ་ཉིད་དུ་སྐྱོན་ 130-1-285b མེད་པ་ལ་ཡང་མ་ཞུགས་པ་ཐམས་ཅད་ཀྱིའོ། །དེ་ལ་ཆོས་ཉིད་ཀྱིས་ཐོབ་པ་ནི་བྱང་ཆུབ་སེམས་དཔའ་ཡང་དག་པ་ཉིད་དུ་སྐྱོན་མེད་པ་ལ་ཞུགས་པ་རྣམས་དང་། ཉན་ཐོས་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བ་རྣམས་ཀྱི། མ་ངེས་པ་ནི་དེའི་མ་ཡིན་པ་རྣམས་དང་། དེའི་རིགས་ཅན་སེམས་བསྐྱེད་པ་ལས་ཕྱིར་ ལྡོག་པའི་ཆོས་ཅན་རྣམས་ཀྱི་གང་ཡིན་པའོ། །སེམས་བསྐྱེད་པ་ངེས་པ་ནི་དེ་ལས་བཟློག་པ་ལས་རིག་པར་བྱའོ། །དེ་ལ་ཡོངས་སུ་མ་དག་པ་འདི་ལྟར་འདི་ན་ལ་ལ་གཞན་གྱི་རྗེས་སུ་ཞུགས་པའམ། རྒྱལ་པོས་འཇིགས་པའམ། རྐུན་པོས་འཇིགས་པའམ། འཛིན་ཁྲིས་འཇིགས་པའམ། ཆུ་ཀླུང་གིས་འཇིགས་པའམ། འཚོ་བའི་ཕྱིར་རམ། རྙེད་པ་དང་བཀུར་སྟིའི་ཕྱིར་རམ། ཁ་གསག་དང་། གཞོགས་སློང་གི་ཕྱིར་ངེས་པར་མ་བརྟགས། ཡོངས་སུ་མ་བརྟགས། གཟུ་ལུམས་སུ་སེམས་སྐྱེད་པར་བྱེད་པ་དང་། དེ་ལྟ་བུ་དང་མཐུན་པར་སེམས་སྐྱེད་པར་བྱེད་པ་གང་ཡིན་ པ་དེ་ནི་ཡོངས་སུ་མ་དག་པ་ཡིན་པར་རིག་པར་བྱའོ། །ཡོངས་སུ་དག་པ་ནི་དེ་ལས་བཟློག་པ་ལས་རིག་པར་བྱའོ། །དེ་ལ་སྟོབས་ཆུང་བ་ནི་འདི་ལྟར་འདི་ན་བྱང་ཆུབ་སེམས་དཔའ་ལ་ལ་སེམས་བསྐྱེད་པ་ལས་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་གིས་ཀུན་ནས་དཀྲིས་པ་དག་ གིས་ཟིལ་གྱིས་གནོན་པར་བྱེད་ཅིང་། ཡང་དག་པའི་སྒྲུབ་པ་ལས་རབ་ཏུ་ཉམས་པར་བྱས་ནས། ལོག་པའི་སྒྲུབ་པ་ལ་ཀུན་དུ་སྦྱོར་བར་བྱེད་པའོ། །སྟོབས་དང་ལྡན་པ་ནི་དེ་ལས་བཟློག་པ་ལས་རིག་པར་བྱའོ། །དེ་ལ་འབྲས་བུ་ཡོངས་སུ་མ་གྲུབ་པ་ནི་མོས་པས་སྤྱོད་པའི་ས་ནས་བཟུང་སྟེ། ས་བཅུ་པའི་བར་གྱིའོ། །དེ་ལ་འབྲས་བུ་ཡོངས་སུ་གྲུབ་པ་ལ་དེ་བཞིན་གཤེགས་པའི་ས་ལ་སྟེ། བཅོམ་ལྡན་འདས་ཀྱིས་ང་ནི་དཀའ་བ་སྤྱོད་པ་དེ་ལས་ཐར་ཅིང་། བདག་ཉིད་ཀྱི་ཡང་དག་པའི་སྨོན་ལམ་དང་། བྱང་ཆུབ་དམ་པ་ཡང་ཐོབ་པ་ཡིན་ནོ་ཞེས་ཇི་སྐད་གསུངས་པ་ལྟ་ བུའོ། །སེམས་བསྐྱེད་པ་བཅུ་པོ་དེ་དག་ལས་དུ་ནི་ཉོན་མོངས་པ་ཅན་ཡིན། དུ་ནི་ཉོན་མོངས་པ་ཅན་མ་ཡིན་པ་དང་། དེ་ལྟ་བུ་ལ་སོགས་པའི་རྣམ་པར་གཏན་པ་དབབ་པའི་གཞུང་ནི་མི་སྣང་ངོ་། །བྱང་ཆུབ་སེམས་དཔའི་སེམས་བཞི་ནི་རྟག་ཏུ་རྒྱུན་མི་འཆད་པར་རྗེས་སུ་བསྲུང་བར་ 130-1-286a བྱ་བ་ཡིན་ཏེ། ཐོས་པ་དང་བསམས་པ་ལས་བྱུང་བ་དང་། སྙིང་རྗེའི་སེམས་དང་། ཚོགས་སུ་འགྱུར་བ་དང་། བསྒོམས་པ་ལས་བྱུང་བའོ། །བྱང་ཆུབ་སེམས་དཔའ་བདག་གི་དོན་དང་གཞན་གྱི་དོན་ལས་བརྩམས་ནས་བསྒྲུབ་པ་ནི་དགུ་པོ་འདི་དག་ཡིན་ཏེ། འཁོར་བ་ལ་སྒྲུབ་པ་དང་། སེམས་ཅན་རྣམས་ལ་སྒྲུབ་པ་དང་། བདག་ཉིད་ལ་སྒྲུབ་པ་དང་། འདོད་པ་རྣམས་ལ་སྒྲུབ་པ་དང་། ལུས་དང་ངག་དང་ཡིད་ཀྱི་ལས་ལ་སྒྲུབ་པ་དང་། སེམས་ཅན་རྣམས་ལ་ཐོ་མི་འཚམས་པར་སྒྲུབ་པ་དང་། དགེ་བའི་ཆོས་རྣམས་རྟག་ཏུ་སྒོམ་པ་ལ་ སྒྲུབ་པ་དང་། ནང་གི་སེམས་ཀྱི་ཞི་གནས་ལ་སྒྲུབ་པ་དང་། ལྷག་པའི་ཤེས་རབ་ཆོས་རྣམ་པར་མཐོང་བ་ལ་སྒྲུབ་པའོ། །བྱང་ཆུབ་སེམས་དཔས་འཁོར་བ་ལ་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། འདི་ལྟ་སྟེ། དཔེར་ན་ནད་པས་སྨན་ཚ་བ་ལ་བྱ་བ་ལྟར་རོ། །སེམས་ཅན་རྣམས་ལ་ཇི་ ལྟར་བསྒྲུབ་པར་བྱ་ཞེ་ན། འདི་ལྟ་སྟེ། དཔེར་ན་སྨན་པས་ནད་པ་ལ་བྱ་བ་ལྟར་རོ། །བདག་ཉིད་ལ་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། འདི་ལྟ་སྟེ། དཔེར་ན་རྗེ་བོ་མཁས་པས་བྲན་ཡོངས་སུ་མ་བྱང་བ་ལ་བྱ་བ་ལྟར་རོ། །འདོད་པ་རྣམས་ལ་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། འདི་ལྟ་སྟེ། དཔེར་ན་ ཚོང་པ་ཚོང་པའི་ལམ་དུ་རྒྱུ་བས་ཟོང་ལ་བྱ་བ་ལྟར་རོ། །ལུས་དང་ངག་དང་ཡིད་ཀྱི་ལས་ལ་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། འདི་ལྟ་སྟེ། དཔེར་ན་བཙོ་བླག་མཁན་གྱིས་གོས་ལ་བྱ་བ་ལྟར་རོ། །སེམས་ཅན་རྣམས་ལ་ཐོ་མི་འཚམས་པར་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། འདི་ལྟ་སྟེ། དཔེར་ན་ཕས་བུ་ གཞོན་ནུ་པང་བར་བཤང་གཅི་བོར་བ་ལ་བྱ་བ་ལྟར་རོ། །དགེ་བའི་ཆོས་རྟག་ཏུ་བསྒོམ་པ་ལ་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། འདི་ལྟ་སྟེ། དཔེར་ན་མེ་འདོད་པ་ལས་གཙུབ་ཤིང་གཙུབས་པ་ལ་བྱ་བ་ལྟར་རོ། །ནང་གི་སེམས་ཞི་གནས་ལ་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། འདི་ལྟ་སྟེ། དཔེར་ན་རྗེ་བོས་ ཡིད་གཅུགས་པ་ནོར་དབུལ་བ་ལ་བྱ་བ་ལྟར་རོ། །ལྷག་པའི་ཤེས་རབ་ཆོས་རྣམ་པར་མཐོང་བ་ལ་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། འདི་ལྟ་སྟེ། དཔེར་ན་སྒྱུ་མ་མཁན་མཁས་པས་སྒྱུ་མའི་བྱ་བ་ལ་བྱ་བ་ལྟར་རོ། །རྣམ་པར་གཏན་ལ་དབབ་པའི་གཞུང་ལྷག་མ་ནི་མི་སྣང་ངོ་། །སེམས་ཅན་གྱི་རིགས་ 130-1-286b ལྔ་ལ་ལོག་པར་སྒྲུབ་པ་ནི་སྙིང་རྗེ་མེད་པ་དང་། སྙིང་བརྩེ་བ་མེད་པ་དང་། རྗེས་སུ་བརྩེ་བ་མེད་པ་ཡིན་པར་བརྗོད་པར་བྱའོ། །ལྔ་གང་ཞེ་ན། འདོད་པ་དང་། ཕོངས་པ་དང་། ཕན་འདོགས་པར་འདོད་པ་དང་། བདེ་བ་འདོད་པ་དང་། ཆོས་འདོད་པ་ལའོ། །དེ་ལ་འདོད་པ་ནི་ལྔ་སྟེ། ཟས་འདོད་པ་དང་། གོས་འདོད་པ་དང་། གནས་འདོད་པ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་འདོད་པ་དང་། སྐྱབས་འདོད་པའོ་ཕོངས་པ་ཡང་ལྔ་སྟེ། སྡུག་བསྔལ་བར་གནས་པ་དང་། འཁྲུལ་པ་དང་། སྐྱབས་སུ་འོངས་པ་དང་། ཡིད་བརྟན་པ་དང་། རབ་ཏུ་བཏུད་པའོ། །ཕན་འདོགས་པ་ཡང་ལྔ་སྟེ། ཕ་མ་དང་། བུ་དང་། ཆུང་མ་དང་། བྲན་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། མཛའ་བཤེས་དང་། གྲོས་གྲོགས་དང་། ཉེ་དུ་དང་སྣག་གི་གཉེན་མཚམས་སུའོ། །བདེ་བ་འདོད་པ་ཡང་ལྔ་སྟེ། ལས་ཀྱི་མཐའ་འབྱོར་པའི་བདེ་བ་འདོད་པ་དང་། ལས་ཀྱི་མཐའ་འབྱོར་པ་དང་མི་ འབྲལ་པའི་བདེ་བ་འདོད་པ་དང་། དུས་ཚིགས་འགྱུར་བ་ལས་བྱུང་བའི་སྡུག་བསྔལ་དང་འབྲལ་བའི་བདེ་བ་འདོད་པ་དང་། ངལ་བསོ་བའི་བདེ་བ་འདོད་པ་དང་། ཁྱད་པར་བསྒྲུབ་པའི་བདེ་བ་འདོད་པའོ། །ཆོས་འདོད་པ་ཡང་ལྔ་སྟེ། དམ་པའི་ཆོས་སྟོན་པར་འདོད་པ་དང་། ལུང་མནོད་པ་དང་། ཁ་ ཏོན་འདོད་པ་དང་། འབེལ་པའི་གཏམ་རྣམ་པར་གཏན་ལ་དབབ་པར་འདོད་པ་དང་། གདམས་ངག་དང་རྗེས་སུ་སྟོན་པར་འདོད་པ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པར་འདོད་པའོ། །དེ་ལ་ལོག་པར་སྒྲུབ་པ་ནི་བྱེད་པའི་སྦྱོར་བ་ལས་སམ། མི་བྱེད་པའི་སྦྱོར་བ་ལས་སམ། གནོད་ པ་བྱེད་པའི་སྦྱོར་བ་ལས་སམ། ཐ་མལ་པའི་སྦྱོར་བ་ལས་རིག་པར་བྱའོ། །སེམས་ཅན་རྣམས་ལ་སྐལ་བ་མེད་པ་ཉིད་ནི་རྣམ་པ་ལྔ་སྟེ། དེ་དང་ལྡན་པའི་སེམས་ཅན་རྣམས་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་གདུལ་བར་དཀའ་བ་ཡིན་ན། བྱང་ཆུབ་སེམས་དཔའ་རྣམས་སམ། དེ་ལས་གཞན་པ་ དག་གིས་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་དག་ལ་ནི་དེ་བཞིན་གཤེགས་པ་དོན་དུ་བཞེད་པ། ཕན་པར་བཞེད་པ། བདེ་བར་བཞེད་པ་རྣམས་ཀྱིས་ཀྱང་དོན་དང་། ཕན་པ་དང་། བདེ་བའི་བྱ་བ་དེ་དག་སྐུ་ཉམས་སུ་བསྟར་བར་མི་འགྱུར་ཞིང་། དེ་ལ་རྩོམ་པ་ཡང་ཉམས་པར་འགྱུར་བ་ཡིན་ན། བྱང་ 130-1-287a ཆུབ་སེམས་དཔའ་རྣམས་སམ། དེ་ལས་གཞན་པ་དག་གིས་ལྟ་སྨོས་ཀྱང་ཅི་དགོས། ལྔ་གང་ཞེ་ན། རྣམ་པར་དག་པའི་སྐལ་བ་མེད་པ་ཉིད་དང་། སྦྱོར་བའི་སྐལ་བ་མེད་པ་ཉིད་དང་། དེའི་འབྲས་བུ་ཡོངས་སུ་གྲུབ་པའི་སྐལ་བ་མེད་པ་ཉིད་དང་། སྦྱོར་བ་དང་དེའི་ འབྲས་བུ་ཡོངས་སུ་བསྒྲུབ་པའི་སྐལ་བ་མེད་པ་ཉིད་དང་། ཕན་གདགས་པའི་སྐལ་བ་མེད་པ་ཉིད་དོ། །དེ་ལ་རྣམ་པར་དག་པའི་སྐལ་བ་མེད་པ་ཉིད་ནི་འདི་ཡིན་ཏེ། འདི་ལྟར་འདི་ན་ལ་ལ་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཉིད་ཡིན་པའོ། །དེ་ལ་སྦྱོར་བའི་ སྐལ་བ་མེད་པ་ཉིད་ནི་འདི་ཡིན་ཏེ། འདི་ལྟར་འདི་ན་ལ་ལ་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་ཉིད་ཡིན་ཞིང་། སེམས་ཀྱི་རྒྱུད་ཀྱང་ཡོངས་སུ་སྨིན་པ་ཡིན་མོད་ཀྱི། དེས་དེའི་མོད་ལ་ཡང་དག་པའི་སྦྱོར་བ་ལ་སྒྲིབ་པར་འགྱུར་བའི་ལས་བྱས་ཤིང་བསགས་པར་གྱུར་པས་དེས་ཚེ་ འདི་ལ་སྦྱོར་བའི་སྐལ་བ་མེད་པ་ཡིན་པའོ། །དེ་ལ་དེའི་འབྲས་བུ་ཡོངས་སུ་འགྲུབ་པའི་སྐལ་བ་མེད་པ་ཉིད་ནི་འདི་ཡིན་ཏེ། འདི་ལྟར་འདི་ན་ལ་ལ་ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་ཅན་ཡིན་ཡང་། སེམས་ཀྱི་རྒྱུད་ཡོངས་སུ་མ་སྨིན་པ་ཡིན་པས། དེས་ཡང་དག་པའི་སྦྱོར་བ་ལ་སྒྲིབ་ པར་འགྱུར་བའི་ལས་བྱས་ཤིང་བསགས་པ་མ་ཡིན་ཡང་། དེས་ན་དེའི་འབྲས་བུ་ཡོངས་སུ་འགྲུབ་པའི་སྐལ་བ་མེད་པ་ཡིན་པའོ། །དེ་ལ་སྦྱོར་བ་དང་དེའི་འབྲས་བུ་ཡོངས་སུ་འགྲུབ་པའི་སྐལ་བ་མེད་པ་ཉིད་ནི་འདི་ཡིན་ཏེ། འདི་ལྟར་འདི་ན་ལ་ལ་རྒྱུད་ཡོངས་སུ་མྱ་ངན་ལས་འདའ་ བའི་ཆོས་ཅན་ཉིད་ཡིན་ཡང་། རྒྱུད་ཡོངས་སུ་སྨིན་པ་ཡང་མ་ཡིན་ལ། དེས་དེའི་མོད་ལ་ཡང་དག་པའི་སྦྱོར་བ་ལ་སྒྲིབ་པར་འགྱུར་བའི་ལས་ཀྱང་བྱས་ཤིང་བསགས་པས། དེས་གཉིས་ཀའི་སྐལ་བ་མེད་པ་ཡིན་ནོ། །དེ་ལ་ཕན་གདགས་པའི་སྐལ་བ་མེད་པ་ཉིད་ནི་འདི་ཡིན་ཏེ། འདི་ ལྟར་འདི་ན་ལ་ལས་དེའི་མོད་ལ་དབུལ་པོར་འགྱུར་བའམ། ཕོངས་པར་འགྱུར་བའམ། སྡུག་བསྔལ་བར་འགྱུར་བ་ངེས་པར་མྱོང་བར་འགྱུར་བའི་ལས་བྱས་ཤིང་བསགས་པས། དེས་ན་དེའི་ཚེ་འདི་ལ་ཕྱུག་པོ་ཉིད་དམ། འབྱོར་པའམ། བདེ་བར་འགྱུར་བའི་སྐལ་བ་མེད་པ་ཡིན་ནོ། ། 130-1-287b སྐལ་བ་ཡོད་པ་ཉིད་རྣམ་པ་ལྔ་ནི་དེ་ལས་བཟློག་པ་ལས་རིག་པར་བྱའོ། །དེ་ཁོ་ནའི་དོན་རྣམ་པར་ཤེས་པར་འདོད་པས་མདོར་བསྡུ་ན་དངོས་པོ་ལྔ་རྣམ་པར་ཤེས་པར་བྱ་བའི་སྡོམ་ནི། བསྟན་དང་མཉམ་པར་དབྱེ་བ་དང་། །ཡོད་དང་རྫས་དང་ཀུན་རྫོབ་དང་། །རབ་ཏུ་སྐྱེ་དང་གཞན་ཉིད་དང་། ། མཚན་ཉིད་རྣམ་པ་གཟུགས་ཅན་ཡིན། །དངོས་པོ་ལྔ་གང་ཞེ་ན། རྒྱུ་མཚན་དང་། མིང་དང་། རྣམ་པར་རྟོག་པ་དང་། དེ་བཞིན་ཉིད་དང་། ཡང་དག་པའི་ཤེས་པའོ། །རྒྱུ་མཚན་གང་ཞེ་ན། མདོར་བསྡུ་ན། མངོན་པར་བརྗོད་པའི་ཚིག་གི་གཞིའི་གནས་སུ་གྱུར་པའི་དངོས་པོ་གང་ཡིན་པའོ། །མིང་ གང་ཞེ་ན། རྒྱུ་མཚན་དེ་ཉིད་ལ་ཚིག་བླ་དྭགས་གང་ཡིན་པའོ། །རྣམ་པར་རྟོག་པ་གང་ཞེ་ན། ཁམས་གསུམ་ན་སྤྱོད་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །དེ་བཞིན་ཉིད་གང་ཞེ་ན། ཆོས་བདག་མེད་པས་རབ་ཏུ་ཕྱེ་བ། འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ། མངོན་པར་ བརྗོད་པ་ཚིག་ཐམས་ཅད་ཀྱི་གཞིའི་གནས་སུ་མ་གྱུར་པའི་དངོས་པོ་གང་ཡིན་པའོ། །ཡང་དག་པའི་ཤེས་པ་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྒྱུ་གཉིས་སུ་བལྟ་བར་བྱ་སྟེ། གཅིག་ཏུ་འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའོ། །ཡང་དག་པའི་ཤེས་པ་ གཅིག་ཏུ་འཇིག་རྟེན་ལས་འདས་པ་གང་ཞེ་ན། གང་གིས་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་བཞིན་ཉིད་རབ་ཏུ་རྟོགས་པར་བྱེད་པའོ། །དེས་བྱང་ཆུབ་སེམས་དཔའ་རྣམས་རིག་པའི་གནས་ལྔ་པོ་དག་ལ་སྦྱོར་བར་བྱེད་པ་ན། དེ་བཞིན་ཉིད་ཤེས་པ་ཐམས་ ཅད་དུ་འགྲོ་བས་དེ་ལ་ལན་མང་དུ་གནས་ཤིང་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པ་ཡང་དག་པར་འཐོབ་པར་བྱེད་པའོ། །ཡང་དག་པའི་ཤེས་པ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་གང་ཞེ་ན། གང་གིས་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཡང་དག་པའི་ཤེས་པ་དང་པོས་དེ་ བཞིན་ཉིད་རབ་ཏུ་རྟོགས་ནས། འཇིག་རྟེན་ལས་འདས་པའི་ཤེས་པ་དང་པོའི་རྗེས་ལས་འཐོབ་པ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པས་རྣམ་པར་གཞག་པའི་བདེན་པ་དག་ལ་ཁམས་གསུམ་པ་ལས་ཡིད་སྐྲག་པར་བྱེད་པ་དང་། ཁམས་གསུམ་པ་རབ་ཏུ་ཞི་བའི་རོ་མྱོང་བར་བྱེད་ཅིང་ 130-1-288a དེ་ལ་ལན་མང་དུ་གནས་པ་ཉིད་ཀྱིས་མྱུར་བ་མྱུར་བ་ཁོ་ནར་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པར་འཐོབ་པར་བྱེད་པའོ། །དེ་ཡང་མ་འདྲིས་པའི་དོན་གྱིས་ནི་འཇིག་རྟེན་ལས་འདས་པ་ཡིན་ལ། ཐ་སྙད་ཀྱི་མཚན་མ་ལ་དམིགས་པའི་དོན་གྱིས་འཇིག་རྟེན་པ་ཡིན་པས། དེའི་ཕྱིར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་ཀྱང་དེ་ལས་དགོངས་ནས་ངས་ནི་འཇིག་རྟེན་པའི་ཤེས་པ་ཡང་ཡོད་པར་གསུངས་སོ། །ངས་ནི་འཇིག་རྟེན་ལས་འདས་པའི་ཤེས་པ་ཡང་ཡོད་པར་གསུངས་སོ། །ངས་ནི་འཇིག་རྟེན་པ་དང་ འཇིག་རྟེན་ལས་འདས་པའི་ཤེས་པ་ཡང་ཡོད་པར་གསུངས་སོ་ཞེས་བཀའ་སྩལ་ཏོ། །དེ་ལ་རྣམ་པར་རྟོག་པས་བསྡུས་པའི་ཤེས་པ་གང་ཡིན་པ་དེ་ནི་འཇིག་རྟེན་པ་ཁོ་ན་ཡིན་ནོ། །ཡང་དག་པའི་ཤེས་པ་དང་པོས་བསྡུས་པ་གང་ཡིན་པ་དེ་ནི་འཇིག་རྟེན་ལས་འདས་པ་ཁོ་ན་ཡིན་ནོ། །ཡང་དག་ པའི་ཤེས་པ་གཉིས་པས་བསྡུས་པ་གང་ཡིན་པ་དེ་ནི་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་ཡིན་ནོ། །རྒྱུ་མཚན་ཡོད་པར་བརྗོད་པར་བྱའམ་མེད་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། ཡོད་པར་བརྗོད་པར་བྱའོ། །ཅི་ངོ་བོ་ཉིད་དང་བྱེ་བྲག་གདགས་པ་ལས་འདོགས་པ་ཇི་ལྟ་བ་ དེ་ལྟར་ཡོད་པར་བརྗོད་པར་བྱའམ་ཞེ་ན། སྨྲས་པ། དེ་ལྟར་མེད་པར་བརྗོད་པར་བྱའོ། །ཅི་རྣམ་པར་རྟོག་པའི་སྤྱོད་ཡུལ་ཇི་ལྟ་བ་དེ་ལྟར་ཡོད་པར་བརྗོད་པར་བྱའམ་ཞེ་ན། སྨྲས་པ། དེ་ལྟར་ཡོད་པར་བརྗོད་པར་བྱའོ། །རྒྱུ་མཚན་དེ་ལྟར་ཡོད་པ་ཉིད་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ ནི་རྒྱུ་མཚན་ཡོད་པར་ལན་འདེབས་པ་ལ་ཡང་མཁས་པ་ཡིན་ལ་མེད་པར་ལན་འདེབས་པ་ལ་ཡང་མཁས་པ་ཡིན། ཡོད་པ་ཡང་མེད་པར་ལན་འདེབས་པ་ལ་ཡང་མཁས་པ་ཡིན། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པར་ལན་འདེབས་པ་ལ་ཡང་མཁས་པ་ཡིན་ནོ། །དེ་ལྟར་ ལན་འདེབས་པ་ལ་ཡང་མཁས་པ་དེ་ནི་སྒྲོ་འདོགས་པའི་མཐའ་དང་སྐུར་པ་འདེབས་པའི་མཐའ་སྤངས་ནས། དབུ་མའི་ལམ་གྱིས་ཆོས་ཀྱི་དབྱིངས་སྟོན་པར་བྱེད་དོ། །ཅི་རྒྱུ་མཚན་བརྗོད་པའི་དོན་གྱིས་ཡོད་པར་བརྗོད་པར་བྱའམ། བརྗོད་དུ་མེད་པའི་དོན་གྱིས་ཡོད་པར་བརྗོད་པར་བྱ་ཞེ་ན། སྨྲས་ 130-1-288b པ། གཉིས་ཀ་ལྟར་ཡོད་པར་བརྗོད་པར་བྱའོ། །ཅིའི་ཕྱིར་ཞེ་ན། ཇི་ལྟར་བརྗོད་པའི་གཞིའི་གནས་སུ་གྱུར་པ་དེ་ལྟར་གནས་པ་བརྗོད་པའི་དོན་གྱིས་ནི་ཡོད་པར་བརྗོད་པར་བྱ་ལ། ཇི་ལྟར་ངོ་བོ་ཉིད་དང་བྱེ་བྲག་ཏུ་འདོགས་པ་ཡོངས་སུ་མ་གྲུབ་པ་དེ་ལྟར་ནི་བརྗོད་དུ་མེད་པའི་དོན་གྱིས་ནི་མེད་ པར་བརྗོད་པར་བྱ་བའི་ཕྱིར་རོ། །རྒྱུ་མཚན་ཇི་ལྟ་བ་བཞིན་དུ་མིང་དང་རྣམ་པར་རྟོག་པ་དང་དེ་བཞིན་ཉིད་དང་། ཡང་དག་པའི་ཤེས་པ་ཡང་དེ་བཞིན་དུ་ཡོད་པར་བརྗོད་པར་བྱའམ་ཞེ་ན། སྨྲས་པ། དེ་བཞིན་དུ་ཡོད་པར་བརྗོད་པར་བྱའོ། །རྒྱུ་མཚན་རྫས་སུ་ཡོད་པར་བརྗོད་པར་བྱའམ། བཏགས་པའི་ཡོད་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། འདུ་བྱེད་རྫས་སུ་ཡོད་པ་རྣམས་ཀྱི་མཚན་མ་ནི་རྫས་སུ་ཡོད་པར་བརྗོད་པར་བྱའོ། །བཏགས་པའི་ཡོད་པ་རྣམས་ཀྱི་ནི་བཏགས་པའི་ཡོད་པར་བརྗོད་པར་བྱ་སྟེ། རྒྱུ་མཚན་ཡོད་པར་འདུ་བྱེད་གང་དག་ཡིན་པ་དེ་དག་ཀྱང་རྣམ་པ་གཉིས་ སོ། །མིང་རྫས་སུ་ཡོད་པར་བརྗོད་པར་བྱའམ། བཏགས་པའི་ཡོད་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། བཏགས་པའི་ཡོད་པར་བརྗོད་པར་བྱ་སྟེ། དེ་ནི་རྒྱུ་མཚན་ཙམ་ལ་ཉེ་བར་བཏགས་པ་ཙམ་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་རྫས་སུ་ཡོད་པར་བརྗོད་པར་བྱའམ། བཏགས་པའི་ཡོད་ པར་བརྗོད་པར་བྱ་ཞེ་ན། སྨྲས་པ། གཉི་གར་བརྗོད་པར་བྱའོ། །དེ་བཞིན་ཉིད་རྫས་སུ་ཡོད་པར་བརྗོད་པར་བྱའམ། བཏགས་པའི་ཡོད་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། རྫས་སུ་ཡོད་པར་བརྗོད་པར་བྱ་སྟེ། དོན་དམ་པས་བསྡུས་པ་ཡིན་པའི་ཕྱིར་རོ། །ཡང་དག་པའི་ཤེས་པ་ རྫས་སུ་ཡོད་པར་བརྗོད་པར་བྱའམ། བཏགས་པའི་ཡོད་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། གཉི་གར་བརྗོད་པར་བྱ་སྟེ། ཇི་ལྟར་ཤེས་པ་གང་ཡིན་པ་དེ་ནི་རྫས་སུ་ཡོད་པ་ཡིན་ལ། ཤེས་པའི་འཁོར་སེམས་དང་སེམས་ལས་བྱུང་བའི་ཆོས་གང་དག་ཡིན་པ་དེ་དག་ཡང་དག་པའི་ཤེས་ པ་ཡིན་པའི་ཕྱིར་རྣམ་པ་གཉིས་སོ། །རྒྱུ་མཚན་ཀུན་རྫོབ་ཏུ་ཡོད་པར་བརྗོད་པར་བྱའམ། དོན་དམ་པར་ཡོད་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། ཀུན་རྫོབ་ཏུ་ཡོད་པར་བྱའོ། །རྒྱུ་གཉིས་ཀྱིས་ཏེ། ཀུན་ནས་ཉོན་མོངས་པ་ཀུན་ནས་སློང་བའི་ཕྱིར་དང་། གདགས་པའི་གཞི་ཡིན་པའི་ཕྱིར་རོ། ། 130-1-289a མིང་ཀུན་རྫོབ་ཏུ་ཡོད་པར་བརྗོད་པར་བྱའམ། དོན་དམ་པར་ཡོད་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། ཀུན་རྫོབ་ཏུ་ཡོད་པར་བརྗོད་པར་བྱའོ། །རྒྱུ་གསུམ་གྱིས་ཏེ། ཀུན་ནས་ཉོན་མོངས་པ་ཀུན་ནས་སློང་བའི་ཕྱིར་དང་། གདགས་པའི་ གཞི་ཡིན་པའི་ཕྱིར་དང་། ཐ་སྙད་ཀྱི་གནས་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་ཀུན་རྫོབ་ཏུ་ཡོད་པར་བྱའམ། དོན་དམ་པར་ཡོད་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། ཀུན་རྫོབ་ཏུ་ཡོད་པར་བརྗོད་པར་བྱའོ། །སྨྲས་པ། རྒྱུ་བཞི་སྟེ། ཀུན་ནས་ཉོན་མོངས་པ་ཀུན་ནས་ སློང་བའི་ཕྱིར་དང་། གདགས་པའི་གཞི་ཡིན་པའི་ཕྱིར་དང་། ཐ་སྙད་བག་ལ་ཉལ་བའི་ཕྱིར་དང་། ཐ་སྙད་རྗེས་སུ་སད་པའི་ཕྱིར་དང་། དེ་བཞིན་ཉིད་ཀུན་རྫོབ་ཏུ་ཡོད་པའི་ཕྱིར་བརྗོད་པར་བྱའམ། དོན་དམ་པར་ཡོད་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། དོན་དམ་པར་ཡོད་ པར་བརྗོད་པར་བྱ་སྟེ། རྣམ་པར་གདགས་པའི་ཕྱིར་དམིགས་པའི་དངོས་པོ་ཡིན་པའི་ཕྱིར་རོ། །ཡང་དག་པའི་ཤེས་པ་ཀུན་རྫོབ་ཏུ་ཡོད་པར་བརྗོད་པར་བྱའམ། དོན་དམ་པར་ཡོད་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། དང་པོར་ནི་དོན་དམ་པར་ཡོད་པར་བརྗོད་པར་བྱའོ། ། གཉིས་པ་ནི་གཉི་གར་བརྗོད་པར་བྱའོ། །རྒྱུ་མཚན་གང་ལས་རབ་ཏུ་སྐྱེ་བར་བརྗོད་པར་བྱ་ཞེ་ན། སྨྲས་པ། རྒྱུ་མཚན་ལས་རབ་ཏུ་སྐྱེ་བ་དང་། སྔོན་གྱི་རྣམ་པར་རྟོག་པ་ལས་རབ་ཏུ་སྐྱེ་བ་ཡིན་ནོ། །མིང་གང་ལས་རབ་ཏུ་སྐྱེ་བར་བརྗོད་པར་བྱ་ཞེ་ན། སྨྲས་པ། གང་ ཟག་གི་འདུན་པ་ལས་རབ་ཏུ་སྐྱེ་བ་ཡིན་ནོ། །རྣམ་པར་རྟོག་པ་གང་ལས་རབ་ཏུ་སྐྱེ་བར་བརྗོད་པར་བྱ་ཞེ་ན། སྨྲས་པ། རྣམ་པར་རྟོག་པ་ལས་རབ་ཏུ་སྐྱེ་བ་དང་། རྒྱུ་མཚན་ལས་རབ་ཏུ་སྐྱེ་བ་ཡིན་ནོ། །དེ་བཞིན་ཉིད་གང་ལས་རབ་ཏུ་སྐྱེ་བར་བརྗོད་པར་བྱ་ཞེ་ན། སྨྲས་པ། སྐྱེ་ བ་མེད་པར་བརྗོད་པར་བྱའོ། །ཡང་དག་པའི་ཤེས་པ་གང་ལས་རབ་ཏུ་སྐྱེ་བར་བརྗོད་པར་བྱ་ཞེ་ན། སྨྲས་པ། ཡང་དག་པའི་ཤེས་པ་དང་། དམ་པའི་ཆོས་མཉན་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་ལས་རབ་ཏུ་སྐྱེ་བ་ཡིན་ནོ།། །། 130-1-289b