202-1-1a ༄༅། །སྨན་དཔྱད་ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བའི་སྨད་དུམ་བཞུགས་སོ། ། 202-1-1b ༄༅༅། །དེ་ནས་དམུ་རྫིང་གསོ་བའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། འདིའི་གོ་རིམས་དང་མཚན་ཉིད་ཀྱིས་ནད་གསོ་བ་འདི་བརྩམས་པ་ཡིན་ནོ། །ནད་ནི་ཤས་ཆེར་སོགས་པ་དང་། །བུ་གའི་རྒྱུན་སྲང་འགགས་པ་ལ། ། དམུ་རྫིང་འབྱུང་བས་དེ་ཡི་ཕྱིར། །རྟག་ཏུ་བཀྲུ་སྨན་གཏང་བར་བྱ། །ཞེས་བྱ་བ་ལ། གང་གི་ཕྱིར་དམུ་རྫིང་གི་ནད་ཐམས་ཅད་ནི་དང་པོར་ནད་ཀྱི་དཀྱེལ་ཤས་ཆེར་སོགས་ཤིང་ནང་ན་འཕེལ་བར་འགྱུར་བ་དང་། དེ་བཞིན་དུ་བུ་གའི་རྒྱུན་སྲང་ འགགས་པ་རླུང་གིས་དཀྲུགས་པར་གྱུར་པ་ལས་དམུ་རྫིང་འབྱུང་བར་འགྱུར་བ་ཡིན་ནོ། །རྒྱུ་དེ་བས་ན་དམུ་རྫིང་གི་ནད་ཀྱིས་ཐེབས་པ་ལ་ནི་རྟག་པར་རྒྱུན་དུ་བཀྲུ་སྨན་གཏང་བར་བྱའོ། །ཡང་ན་ཟླ་བ་གཅིག་གམ་གཉིས། །ཨེ་རཎྜའི་ མར་བ་གཅིན་བཅས། །འོ་མར་བཅས་པའམ་བ་གཅིན་ནམ། །མ་ཧེའི་གཅིན་ནི་བླུད་བྱ་ཞིང་། །བ་ཡི་འོ་མ་བླུད་པར་བྱ། །ཞེས་བྱ་བ་ལ། དམུ་རྫིང་གི་ནད་དང་ལྡན་པ་དེ་ལ་ཟླ་བ་གཅིག་གམ་གཉིས་ཀྱི་བར་དུ་ཨེ་རཎྜའི་མར་བ་ གཅིན་དང་སྦྱར་བ་ཉིན་རེ་ཞིང་བླུད་པར་བྱ་བའམ། ཡང་ན་བའི་འོ་མ་ཟླ་བ་གཅིག་གམ་གཉིས་ཀྱི་བར་དུ་ཉིན་རེ་ཞིང་བླུད་པར་བྱ་བའམ། བའི་གཅིན་ནམ་མ་ཧེའི་གཅིན་ཟླ་བ་གཅིག་གམ་གཉིས་ཀྱི་བར་དུ་བླུད་པར་བྱའོ། །ལྟོ་སྦོས་ཚ་ 202-1-2a བས་ཉམ་ཐག་ཅིང་། །སྐོམ་དང་བརྒྱལ་བས་ནོན་པ་ལ། །རྔ་མོའི་འོ་མ་བླུད་པར་བྱ། །ཞེས་བྱ་བ་ལ། ཡང་དམུ་རྫིང་ཅན་ལྟོ་སྦོས་པ་ལ་སོགས་པའི་ནད་ཀྱི་བླ་བརྣན་གྱིས་ཉམ་ཐག་པ་ལ་ནི་རྔ་མོའི་འོ་མ་བླུད་པར་བྱའོ། །རྩུབ་ཅིང་རླུང་ཤས་ཆེ་བ་ཡི། །ནད་ ནི་སྦྱང་བར་བྱ་འདོད་པས། །སྣུམ་ཆོས་དང་ནི་སྨན་མར་དག ། དམུ་རྫིང་འཇོམས་པར་སྦྱར་བར་བྱ། །ཞེས་བྱ་བ་ལ། དམུ་རྫིང་ཅན་གྱི་ནད་པ་ཁོང་རྩུབ་ཅིང་ལྷག་པར་རླུང་གི་ཤས་ཆེ་བར་གྱུར་པའི་ནད་ཀྱི་ཚོགས་སྦྱང་ཞིང་སེལ་བར་འདོད་པས་སྣུམ་གྱི་ཆོ་ག་དང་སྨན་མར་གྱི་སྦྱོར་བ་དམུ་ རྫིང་སེལ་བར་བྱེད་པ་དག་གཏང་བར་བྱའོ། །སྲང་དྲུག་རྩ་བ་བཅུ་པའི་ཆུ། །ཞོ་ག་ཆུ་ནི་བྲེ་བརྒྱད་བསྐོལ། །ཞེས་བྱ་བ་ལ། ཡང་ན་རྩ་བ་བཅུ་ནི་ཆུ་གཉིས་དང་བསྐོལ་བ་སྲང་དྲུག་པ་སྨན་མར་ཇི་སྐད་སྨོས་པ་དེ་སྦྱིན་པར་བྱའོ། །དོང་གྲ་སྲང་གསུམ་མར་དང་ནི། །ཏིལ་མར་ བྲེ་ནི་རེ་རེ་དང་། །ཞོ་ག་ཆུ་ནི་བྲེ་བཞི་དག ། བསྐོལ་བ་འདི་ནི་བླུད་གྱུར་ན། །དམུ་རྫིང་ཐམས་ཅད་འཇོམས་པར་བྱེད། །རླུང་དང་བད་ཀན་ལས་བྱུང་བའི། །སྐྲན་ལའང་མཆོག་ཏུ་ཕན་པ་ཡིན། །ཞེས་བྱ་བ་ལ། དོང་གྲ་སྲང་གསུམ་གྱི་ལྡེ་གུ་དང་། མར་བྲེ་གང་དང་། ཏིལ་མར་བྲེ་ གང་དང་། ཞོ་ག་ཆུ་བྲེ་བཞིའི་ནང་དུ་བསྐོལ་ཏེ་བླུད་ན་ཡང་ཕན་ཞིང་། རླུང་དང་བད་ཀན་གྱི་སྐྲན་ལ་ཡང་ཕན་ནོ། །བཞི་འགྱུར་ཆུ་དང་ཉིས་འགྱུར་གཅིན། །ཀྲུ་ཏྲུག་ཏྲེས་སྲང་གཅིག་ལྡེ་གུ། །བྲེ་གང་མར་བསྐོལ་ཐལ་སྨན་བཅས། །དམུ་རྫིང་ཅན་ལ་བླུད་པར་བྱ། །ཞེས་བྱ་བ་ལ། མར་བྲེ་གང་སྟེ་དེ་ལ་ལྟོས་པའི་ཆུ་བཞི་འགྱུར་ཏེ་བྲེ་བཞི་བ་གཅིན་ཉིས་འགྱུར་ཏེ་བྲེ་དོ། ཀྲུ་ཏྲུག་ཏྲེས་སྲང་གཅིག་གི་ལྡེ་གུ་དང་བསྐོལ་བའི་མར་ཐལ་སྨན་དང་བཅས་པ་བླུད་ན་ཡང་དམུ་རྫིང་སེལ་བར་བྱེད་དོ། །ནས་དང་རྒྱ་ཤུག་རྒྱ་སྲན་དང་། །རྩ་བ་ལྔ་དང་བསྐོལ་བའི་ཆུ། །ཆང་དང་རང་ སྐྱུར་བཅས་པ་དང་། །མར་བསྐོལ་བ་ཡང་བླུད་པར་བྱ། །ཞེས་བྱ་བ་ལ། ཡང་ན་ནས་ལ་སོགས་པའི་ཁུ་བ་དང་མར་བསྐོལ་བ་བླུད་ན་ཡང་ཕན་ནོ། །སྣུམ་འདི་སྣུམ་བྱས་ཉམས་སྟོབས་ནི། །སྐྱེ་ཞིང་རླུང་ནད་ཞི་གྱུར་ནས། །ནད་ནི་གནས་ལས་བསྐྱོད་པ་དང་། །ཆོ་ག་གྲུབ་བཤད་ 202-1-2b བཀྲུ་སྨན་གཏང་། །ཞེས་བྱ་བ་ལ། སྔར་བཤད་མ་ཐག་པའི་སྨན་མར་གྱི་སྣུམ་འདི་སྣུམ་པར་བྱས་ཤིང་ལུས་ཀྱི་ཉམས་སྟོབས་བསྐྱེད་པ་དང་། ཁོང་པའི་རླུང་ཞི་ཞིང་དག་པར་གྱུར་པ་དང་། ནད་རང་གི་གནས་ལས་བསྐྱོད་ཅིང་འགུལ་བར་གྱུར་ན་ཆོ་ག་གྲུབ་པ་ལས་ཇི་སྐད་བཤད་ པའི་བཀྲུ་སྨན་དག་སྦྱིན་པར་བྱའོ། །པ་ཏོ་ལའི་རྩ་འབྲས་བུ་གསུམ། །སྐྱེར་པ་བྱི་དང་ག་ཞོ་རེ། །ཀམ་བི་ལ་དང་ནི་ལི་ནི། །ཙི་ཏྲ་ཀ་ཞོ་གཉིས་གསུམ་བཞི། །ཕྱེར་བཏགས་བ་གཅིན་སྦྱར་ཏེ་བླུད། །འཁྲུས་ནས་ཐུག་པ་ཤ་ཁུ་ནི། །སྐམ་སར་གནས་པའི་ཤ་ཁུ་སྦྱིན། །དེ་ནས་ ཞག་དྲུག་འོ་མ་དང་། །ཚ་བ་གསུམ་དང་བསྐོལ་བ་ནི། །ཡང་དང་ཡང་དུ་བླུད་བྱས་ན། །འདི་ཡིས་དམུ་རྫིང་ཐམས་ཅད་ནི། །དམུ་ཆུར་གྱུར་ཀྱང་འཇོམས་པར་བྱེད། །ཅེས་བྱ་བ་ལ། པ་ཏོ་ལའི་རྩ་བ་ལ་སོགས་པ་སྨན་སྣ་རེ་ཞིང་ཞོ་རེ་རེ། ཀམ་བི་ལ་ཞོ་གཉིས། ནི་ལི་ ནི་ཞོ་གསུམ། ཙི་ཏྲ་ཀ་ཞོ་བཞི་སྟེ། དེ་དག་ཐམས་ཅད་ཕྱེ་མར་བཏགས་ལ་བ་གཅིན་དང་སྦྱར་བ་བླུད་ན་དེ་འཁྲུས་ནས་ཐུག་པ་ལ་སོགས་པའི་སྦྱོར་བ་སྦྱིན་ཞིང་། དེའི་འོག་ཏུ་ཞག་དྲུག་འོ་མ་དང་ཚ་བ་གསུམ་བསྐོལ་བ་བླུད་ལ། དེའི་འོག་ཏུ་ཞག་བདུན་པ་ལ་ཡང་བླུད་པར་བྱ་སྟེ། དེ་ལྟར་ཕྱེ་མ་དེ་ཡང་དང་ཡང་དུ་བླུད་ན་དམུ་རྫིང་ཐམས་ཅད་སེལ་བར་འགྱུར་རོ། །བི་ཤ་ལ་དང་ཤང་ཁི་ནི། །དན་ད་སེང་ཕྲོམ་ཤུན་ཤུ་དག །རྒྱ་ཤུག་ཕྲེའུ་རྒུན་འབྲུམ་དང་། །རྒྱ་ཤུག་སྦོམ་ཆུ་བུ་རམ་ཆང་། །བ་གཅིན་དང་ནི་སྦྱར་བ་བླུད། །ཅེས་བྱ་བ་ལ། བི་ཤ་ལ་ལ་སོགས་ པའི་སྨན་རྒྱ་ཤུག་ཕྲེའུ་ཀ་རི་ཀན་ད་ཞེས་བྱ་བ་བསྐོལ་བའི་ཁུ་བའམ། རྒུན་ཆུའམ། རྒྱ་ཤུག་སྦོམ་པོ་བི་དིར་ཞེས་བྱ་བའི་ཆུའམ། བུ་རམ་ཆང་གང་ཡང་རུང་བ་དང་སྦྱར་ཏེ་བླུད་ན་ཡང་ཕན་ཏེ། བུ་རམ་ཆང་དང་། བ་གཅིན་དང་སྦྱར་ཏེ་བླུད་པ་ནི་བཀྲུ་སྨན་གྱི་དོན་དུ་གཏང་ངོ་། ། ལ་ལ་ཕུད་དང་སྤ་མའི་འབྲས། །འུ་སུ་ཤུ་ཏི་ཟི་ར་གནག ། པི་པི་ལིང་ཙ་ཀ་ར་བཱི། །ཨ་ཟ་མོ་དང་ཟུར་པ་དཀར། །ཤུ་དག་ཟི་ར་ཙི་ཏྲ་ཀ །ཚ་བ་གསུམ་དང་ཁྲོན་བུ་དང་། །འབྲས་བུ་གསུམ་དང་ཐལ་སྨན་གཉིས། །མ་ནུ་རུ་རྟ་ལན་ཚྭ་ལྔ། །བྱི་དང་ག་རྣམས་ཆ་སྙོམས་ 202-1-3a དང་། །དན་ད་ཆ་གསུམ་དེ་བཞིན་དུ། །དུར་བྱིད་བི་ཤ་ལ་ཉིས་འགྱུར། །ས་ད་ལ་ནི་བཞི་འགྱུར་ཏེ། །ཕྱེ་མ་འདི་ནི་སྲེད་མེད་བུ། །ཞེས་བྱ་ནད་ཀྱི་ཚོགས་འཇོམས་བྱེད། །འདི་བསྟེན་ནད་ནི་མི་གནས་ཏེ། །ཁྱབ་འཇུག་གིས་བཅོམ་ལྷ་མིན་མཚུངས། ། དམུ་རྫིང་ནད་ལ་དར་བ་བླུད། །སྐྲན་ཅན་རྒྱ་ཤུག་ཆུ་སྦྱར་བླུད། །རླུང་གིས་ལྟོ་སྦོས་ཆང་སྦྱར་བླུད། །རླུང་ནད་ཉིད་ལ་ཆང་དྭངས་སྦྱར། །ཕྱི་ས་འགགས་ལ་ཞོ་ག་ཆུས། །གཞང་འབྲུམ་ཅན་ལ་ཞོ་ག་ཆུས། །བཅད་སྙམ་སེམས་ལ་ད་ཏྲིག་ཆུས། །མ་ཞུ་བ་ལ་ཆུ་དྲོན་ལས། ། མཚན་བར་རྡོལ་དང་སྐྱ་རྦབ་དང་། །ལུད་པ་དབུགས་མི་བདེ་སྐད་འགགས། །སྙིང་ནད་འཕོ་བའི་ནད་དང་ནི། །མཛེ་དང་མེ་དྲོད་ཉམས་དང་རིམས། །མཆེ་བའི་དུག་དང་རྩ་བའི་དུག །དབྱིག་དུག་སྦྱར་བའི་དུག་བཅས་ལ། །ཅི་རིགས་པར་ནི་ཕྱེ་མ་འདི། །ཁོང་པ་སྣུམ་དང་ལྡན་ པ་ལ། །བླུད་ནས་འཁྲུ་རུ་གཞུག་པར་བྱ། །ཞེས་བྱ་བ་ལ། ལ་ལ་ཕུད་ནས་བྱི་དང་གའི་བར་གྱི་སྨན་ཆ་མཉམ་པར་བྱས་ལ། སྨན་དང་པོ་ལ་ལྟོས་པའི་དན་ད་ཆ་གསུམ་གཞུག་ཅིང་། དེ་བཞིན་དུ་དུར་བྱིད་དང་། བྱི་ཤ་ལ་དང་པོའི་ཉིས་འགྱུར་ས་ད་ལ་ཞེས་བྱ་བ་སྨན་ས་ད་ལ་དང་པོའི་ བཞི་འགྱུར་དུ་བྱས་ཏེ། ཕྱི་མ་འདི་ནི་སྲེད་མེད་ཀྱི་བུ་ཞེས་བྱ་སྟེ། དེ་ནི་ནད་ཀྱི་ཚོགས་དུ་མ་འཇོམས་པར་བྱེད་པ་ཡིན་ཏེ། ཕྱེ་མ་འདི་བསྟེན་ཅིང་ཟོས་ན་ནད་ལ་གནས་ཤིང་འདུག་པའི་མཐུ་མེད་ཅིང་། དཔེར་ན་ཁྱབ་འཇུག་ཅེས་བྱ་བ་སྲེད་མེད་ཀྱི་བུས་ལྷ་མ་ཡིན་རྣམ་པར་བཅོམ་ པར་གྱུར་ན་གནས་ཤིང་འདུག་པའི་མཐུ་མེད་པ་དང་འདྲའོ། །དེ་དམུ་རྫིང་ཅན་གྱི་ནད་པ་ལ་ནི་དར་བ་དང་སྦྱར་ཏེ་བླུད་པར་བྱ་བ་ནས་མ་ཞུ་བ་ལ་ཆུ་དྲོན་དང་སྦྱར་ཏེ་བླུད་པར་བྱ་ལ། བཅད་སྙམ་སེམས་པ་ནི་རྒྱུ་མའི་ནང་གི་བཅད་པ་སྙམ་དུ་སེམས་ཏེ་དེ་ལ་ད་ཏྲིག་བསྐོལ་བའི་ཆུ་ དང་བླུད་པར་བྱའོ། །མཚན་བར་རྡོལ་ནས་སྦྱར་བའི་དུག་གི་བར་དུ་ནི་ཕྱེ་མ་འདི་དང་པོ་ཁོང་པ་སྣུམ་གྱིས་ཞེན་པར་བྱས་ལ། སྦྱོར་བ་ཇི་ལྟ་བ་བཞིན་དུ་བླུད་དེ་ལེགས་པར་འཁྲུར་གཞུག་པར་བྱའོ། །སྤ་མའི་འབྲས་བུ་བྱ་རུ་དང་། །འབྲས་བུ་གསུམ་དང་ནི་ལི་ནི། །པུ་ཙེ་ཤེལ་དང་ཀྱི་ 202-1-3b ལྕེ་བ། །དུར་བྱིད་ཤུ་དག་ས་ལ་དང་། །རྒྱམ་ཚ་དང་ནི་ཁ་རུ་ཚ། །པི་པི་ལིང་ནི་ཕྱེ་མར་བཏགས། །སེའུ་འབྲུའི་ཁུ་བའམ་འབྲས་བུ་ནི། །གསུམ་གྱི་ཁུ་བའམ་ཤ་ཁུ་འམ། །བ་གཅིན་དྲོ་འཇམ་ཆུ་ལས་བླུད། །འདིས་ནི་སྐྲན་ནད་ཐམས་ཅད་དང་། །མཆེར་པ་དམུ་རྫིང་ཐམས་ཅད་དང་། ། ཤ་བཀྲ་མཛེ་ནད་མ་ཞུ་དང་། །དྲོད་ཉམས་མེ་དྲོད་མ་སྙོམས་དང་། །གཞང་འབྲུམ་སྐྱ་རྦབ་མིག་སེར་དང་། །རྐང་ལག་ཞ་བའི་ནད་དང་ནི། །རླུང་དང་མཁྲིས་པ་བད་ཀན་རྣམས། །བཀྲུ་སྨན་བཏང་བས་མྱུར་དུ་སེལ། །ཞེས་བྱ་བ་ལ། སྤ་མའི་འབྲས་བུ་ཞེས་བྱ་བ་ཧ་པུ་ཤ་ ལ་སོགས་པའི་སྨན་ཕྱེ་མར་བྱས་ལ་ཕྱེ་མ་འདི་སེའུ་འབྲུའི་ཁུ་བ་ལ་སོགས་པ་གང་ཡང་རུང་བ་དང་སྦྱར་ཏེ་ཅི་རིགས་པར་བླུད་ན་སྐྲན་གྱི་ནད་ཐམས་ཅད་ལ་སོགས་པ་སེལ་ཅིང་ཕྱེ་མ་དེ་བཀྲུ་སྨན་དུ་བཏང་བས་ནད་གཞི་གསུམ་ཆར་སེལ་བར་བྱེད་དོ། །ནི་ལི་ནི་དང་ཚ་བ་གསུམ། །ལྕང་མ་ ཡ་བཀྵ་ར་དང་། །ལན་ཚྭ་ལྔ་དང་ཀྲུ་ཏྲུག་ཏྲེས། །ཕྱེ་མ་ཞུན་མར་བླུད་ན་ནི། །དམུ་རྫིང་སྐྲན་གྱི་ནད་རྣམས་སེལ། །ཞེས་བྱ་བ་ལ། ནི་ལི་ནི་ལ་སོགས་པའི་སྨན་ཕྱེ་མར་བཏགས་ལ་ཞུན་མར་དང་སྦྱར་ཏེ་བླུད་ན་དམུ་རྫིང་དང་སྐྲན་གྱི་ནད་རྣམས་སེལ་བར་བྱེད་དོ། །སྦྱང་བྱས་ཉམ་ཆུང་ བར་བར་དུ། །རྔ་མོའམ་བའམ་ར་ཡི་ནི། །འོ་མ་སྔོན་བཞིན་བླུད་པར་བྱ། །ཞེས་བྱ་བ་ལ། བཀྲུ་སྨན་བཏང་བས་ལུས་ཉམ་ཆུང་བར་གྱུར་པ་ལ་ནི་བར་བར་ཏེ། སྐབས་སུ་རྔ་མོའམ་བའམ་རའི་འོ་མ་ཚ་བ་གསུམ་དང་བཅས་པ་བླུད་པར་བྱའོ། །བཤོལ་དུ་མེད་པའི་ ནད་ལ་ནི། །བཀྲུ་སྨན་ཕྱིར་ནི་སྣུམ་བཅས་གཏང་། །མཆོག་ཏུ་ཉམ་ཆུང་ཉིད་ལ་སྦྱིན་། །ཞེས་བྱ་བ་ལ། དམུ་རྫིང་གི་ནད་གདོན་མི་ཟ་བར་བྱ་དགོས་ཤིང་ཤིན་ཏུ་གཏུགས་པར་གྱུར་པ་ལ་ནི། བཀྲུ་སྨན་སྣུམ་ཅན་བཏང་བས་གསོ་བར་བྱ་ལ། དེ་ལས་ཀྱང་མཆོག་ཏུ་ཉམ་ ཆུང་བར་གྱུར་པ་ལ་ནི་སྣུམ་གྱི་བཀྲུ་སྨན་གཏང་བར་བྱའོ། །ཨ་རུ་ར་ཡི་ཕྱེ་མ་ནི། །བྲེ་གང་མར་ནི་བྲེ་བཞི་དང་། །མེ་ལ་བཞུས་ནས་གཟར་བུ་ཡིས། །དཀྲུགས་ནས་ནས་ཀྱི་སྦུན་པའི་ནང་། །ཟླ་གཅིག་བཞག་ནས་དེ་རྗེས་ལ། །ཕྱུང་ནས་ལེགས་པར་བཞུས་ནས་ནི། །ཨ་རུ་ར་བསྐོལ་ 202-1-4a ཁུ་བ་དང་། །ཞོ་ནི་སྐྱུར་པོ་བཅས་པར་བསྐོལ། །དེ་འཐུངས་དམུ་རྫིང་སྐྲན་ལྟོ་སྦོས། །གཏུན་འདྲའི་རླུང་ནད་ཁོང་འབྲས་དང་། །མཛེ་དང་སྨྱོ་བྱེད་བརྗེད་བྱེད་རྣམས། །ཉེ་བར་འཇོམས་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། ཨ་རུ་རའི་ཕྱེ་མ་ཞིབ་ཏུ་བཏགས་ལ་བྲེ་ གང་མར་བྲེ་བཞི་དང་བཅས་པ་མེ་ལ་བཞུས་ནས། དེའི་འོག་ཏུ་གཟར་བུས་ལེགས་པར་དཀྲུགས་ལ་ལེགས་པར་འདྲེས་པར་བྱས་ཏེ། ནས་སམ་ནས་ཀྱི་སྦུན་པའི་ནང་དུ་ཟླ་བ་གཅིག་གི་བར་དུ་སྦངས་ནས་དེའི་རྗེས་ལ་ཕྱུང་སྟེ། ཡང་ཨ་རུ་ར་བསྐོལ་བའི་ཁུ་བ་དང་། ཞོ་སྐྱུར་པོ་དང་བཅས་པར་ སྨན་མར་དེ་འཐུངས་ན་དམུ་རྫིང་ལ་སོགས་པའི་ནད་འཇོམས་པར་བྱེད་དོ། །ཤཱི་ཁཎྜ་བའི་འོ་མ། །བསྐོལ་ཏེ་བསྒྲངས་ནས་གཟར་བུས་དཀྲུགས། །ལས་བྱུང་མར་ནི་སྣུ་ཧ་ཡི། །འོ་མར་བཅས་བསྐོལ་སྔ་མར་མཚུངས། །ཞེས་བྱ་བ་ལ། ཤྲཱི་ཁཎྜ་ཞེས་བྱ་བ་ཤིང་སྣུ་ཧའི་འོ་མ་དང་བསྐོལ་ཏེ་ བསྒྲངས་ནས་གཟར་བུས་དཀྲུགས་ནས་བསྲུབས་པ་ལས་བྱུང་བའི་མར་སར་གང་ཡིན་པ་དེ་ཡང་ཤིང་སྣུ་ཧ་དེ་ཉིད་ཀྱི་འོ་མ་དང་བསྐོལ་བ་བླུད་ན་ཡང་ཡོན་ཏན་སྔ་མ་དང་མཚུངས་ཏེ་དམུ་རྫིང་ལ་སོགས་པ་སེལ་བར་བྱེད་དོ། །འོ་མ་བྲེ་ནི་བཅུ་དྲུག་དང་། །སུ་དྷཱ་ཀྵི་ར་བྲེ་ཕྱེད་བཅས། །ཞོར་གྱུར་བསྲུབས་ ལས་མར་བྱུང་དང་། །དུར་བྱིད་བསྐོལ་བ་ཡང་ཡོན་ཏན་དེའོ། །ཞེས་བྱ་བ་ལ། འོ་མ་དང་སུ་དྷཱ་ཀྵི་ར་ཇི་སྐད་སྨོས་པ་ཞོར་གྱུར་པ་ལ་སོགས་པའི་སྦྱོར་བ་ཡང་ཡོན་ཏན་གོང་དང་འདྲའོ། །མར་ནི་བྲེ་གང་དག་དང་ནི། །འོ་མ་བརྒྱད་འགྱུར་ནང་དུ་ནི། །སྣུ་ཧའི་འོ་མ་སྲང་གཅིག་དང་། །དུར་བྱིད་ སྲང་དྲུག་བསྐོལ་དེ་བཞིན། །ཞེས་བྱ་བ་ལ། མར་བྲེ་གང་དང་འོ་མ་དེའི་བརྒྱད་འགྱུར་གྱི་ནང་དུ་ཤིང་སྣུ་ཧའི་འོ་མ་སྲང་གཅིག་དང་དུར་བྱིད་ཞོ་དྲུག་གི་ལྡེ་གུར་བྱས་པ་དང་བསྐོལ་ཏེ་བླུད་ན་ཡང་ཡོན་ཏན་སྔ་མ་དང་འདྲ་སྟེ། གོང་མ་བཞིན་ནོ། །འདི་བླུད་འོག་ཏུ་ཐུག་པ་དང་། །ཤ་ཁུ་མངར་པོའམ་ འོ་མ་བླུད། །ཅེས་བྱ་བ་ལ། འདིར་མར་འདི་བླུད་པའི་འོག་ཏུ་ཐུག་པ་ལ་སོགས་པ་གང་ཡང་རུང་བ་བླུད་པར་བྱའོ། །མ་ཞུ་འཁྲུས་པར་གྱུར་པ་དང་། །བཅའ་སྒ་བསྐོལ་བའི་ཆུ་དྲོན་བླུད། །དེ་ནས་ཐུག་པ་དེའི་འོག་ནི། །ཀུ་ལད་ཐ་ཡི་ཡུ་ཤ་བླུད། །ཅེས་བྱ་བ་ལ། ཡང་སྨན་མར་ 202-1-4b དེ་ཞུ་ཞིང་འཁྲུས་པར་གྱུར་པ་དང་། ནད་པ་ལ་བཅའ་སྒ་དང་བསྐོལ་བའི་ཆུ་དྲོན་བླུད་པར་བྱ་ལ། དེ་ནས་ནི་ཐུག་པ་རྐྱང་རྐྱང་པོ་བླུད་པར་བྱ་ལ། དེའི་འོག་ཏུ་ནི་རྒྱ་སྲན་ཀུ་ལད་ཐ་གཡོས་པའི་ཡུ་ཤ་བླུད་པར་བྱའོ། །དེ་ལྟར་ཁོང་རྩུབ་ཞག་གསུམ་བླུད། །སླར་ཡང་ཐུག་སོགས་རིམ་པ་ བླུད། །ཅེས་བྱ་བ་ལ། དེ་ལྟར་རིམ་པ་འདིས་ཁོང་རྩུབ་ཅིང་རླུང་ཤས་ཆེ་བ་དག་གིས་ནི་སྔར་བཤད་པའི་མར་གང་ཡང་རུང་བ་ཞག་གསུམ་གྱི་བར་དུ་བླུད་ཅིང་ཐུག་པ་ལ་སོགས་པའི་རིམ་པ་འདི་ཡང་ཞག་གསུམ་གྱི་བར་དུ་བླུད་པར་བྱའོ། །རིམ་པ་འདི་དག་ཉིད་ཀྱིས་ནི། །ཞུན་མར་ཡང་དང་ ཡང་དུ་བླུད། །ཅེས་བྱ་བ་ལ། གོ་རིམས་འདིས་སྨན་མར་ཡང་དང་ཡང་དུ་བླུད་ཅིང་སྦྱིན་པར་བྱའོ། །མར་ནི་བསྐོལ་བར་གྱུར་པ་འདི། །སྨན་པ་ལས་ལ་བྱང་བ་ཡིས། །སྐྲན་རྣམས་དང་ནི་དབྱིག་དུག་དང་། །དམུ་རྫིང་བསལ་ཕྱིར་བླུད་པར་བྱ། །ཞེས་བྱ་བ་ལ། མར་དེ་ལྟར་བསྐོལ་ བ་འདི་སྨན་པ་ལས་ལ་བྱང་ཞིང་རྨོངས་པ་མེད་པ་དག་གིས་སྐྲན་ལ་སོགས་པ་བསལ་བར་བྱ་བའི་ཕྱིར་སྦྱིན་པར་བྱའོ། །ཡང་ན་པི་ལུ་ལྡེ་གུར་བསྐོལ། །ལྟོ་སྦོས་སེལ་བ་བླུད་པར་བྱ། །ཞེས་བྱ་བ་ལ། ཡང་ན་པི་ལུ་བཏགས་པའི་ལྡེ་གུ་དང་བསྐོལ་བའི་མར་བླུད་ན་ཡང་ཕན་ནོ། །སེང་ཕྲོམ་ནི་ ལི་ནིའི་མར་རམ། །འདྲེས་པའི་སྨན་མར་བླུད་པར་བྱ། །ཞེས་བྱ་བ་ལ། ཡང་ན་སྔར་བཤད་པའི་སེང་ཕྲོམ་གྱི་སྨན་མར་ནི་ལི་ནིའི་སྨན་མར་རམ། འདྲེས་པའི་སྨན་མར་གང་ཡང་རུང་བ་བླུད་པར་བྱའོ། །ནད་བསལ་ནས་ནི་རིམ་གྱིས་སེལ། །སཱ་ལུའི་འབྲས་ཆན་ཡང་ཞིང་ཉུང་། །བྱིན་ལ་དམུ་ རྫིང་ཅན་གྱི་ནི། །ནད་ཀྱི་ལྷག་མ་དག་བྱའི་ཕྱིར། །ཨ་རུ་ར་ནི་རྡོག་པོ་སྟོང་། །བ་གཅིན་དང་སྦྱར་འོ་མ་བླུད། །ཡང་ན་པི་པི་ལིང་རྡོག་སྟོང་། །སུ་དྷཱ་ཀྵི་རར་ལེགས་བསྲེས་པའམ། །པི་པི་ལིང་ནི་བསྐྱེད་སྦྱིན་པའམ། །འོ་མར་འཐུངས་ཤིང་བྲག་ཞུན་བཟའ། །དེ་བཞིན་གུ་གུལ་འོ་མ་དང་། ། ཆ་མཉམ་སྒེའུ་གཤེར་ཁུ་བ་སྦྱིན། །ཞེས་བྱ་བ་ལ། ལྟོ་བའི་ནད་བསལ་ཞིང་སྦྱངས་ནས་ཐུག་པ་ལ་སོགས་པའི་རིམ་པས་ཁ་ཟས་སྦྱིན་པར་བྱ་བ་དང་སཱ་ལུའི་འབྲས་ཆན་ཡང་བཞིན་དུ་ཉུང་ཞིང་སྦྱིན་པ་དང་ཡང་ནད་ཀྱི་ལྷག་མ་མ་ལུས་པར་དག་པར་བྱ་བའི་ཕྱིར་ཨ་རུ་ར་རྡོག་མ་སྟོང་བ་གཅིན་དང་སྦྱར་བ་ 202-1-5a བླུད་པ་དེའི་རྗེས་ལ་འོ་མ་བླུད་པར་བྱའོ། །ཡང་ན་ཉེས་པའི་ལྷག་མ་དེ་དག་པར་བྱ་བའི་ཕྱིར། པི་པི་ལིང་གི་རྡོག་མ་སྟོང་ཤྲཱི་ཁཎྜ་དང་བསྲེས་ཤིང་དེ་ལ་སྦངས་པ་སྦྱིན་པར་བྱའོ། །ཡང་ན་པི་པི་ལིང་གིས་ཆ་བསྐྱེད་པའི་ཚུལ་བཅུད་ཀྱིས་ལེན་པའི་ཆོ་ག་ལས་ཇི་སྐད་སྨོས་པ་བཞིན་དུ་ སྦྱིན་པའམ་ཡང་ན་འོ་མ་བླུད་ཅིང་བྲག་ཞུན་སྦྱིན་པར་བྱ་བའམ། དེ་བཞིན་དུ་གུ་གུལ་དང་འོ་མ་སྦྱར་ཏེ་སྦྱིན་པར་བྱ་བའམ། ཡང་ན་ཉེས་པའི་ལྷག་མ་སྦྱང་བའི་ཕྱིར་འོ་མ་དང་སྒེའུ་གཤེར་གྱི་ཁུ་བ་སྦྱར་ཏེ་བླུད་པར་བྱའོ། །ཡང་ན་ཐང་ཤིང་ཙི་ཏྲ་ཀའི། །ལྡེ་གུ་འོ་མར་སྦྱར་བ་བླུད། །ཟླ་གཅིག་ཧ་ སྟི་པི་པི་ལིང་། །བཅའ་སྒ་འོ་མར་བཅས་པ་བླུད། །ཅེས་བྱ་བ་ལ། ཡང་ན་ལྟོ་བའི་ཉེས་པའི་ལྷག་མ་དག་པར་བྱ་བའི་ཕྱིར་ཐང་ཤིང་དང་ཙི་ཏྲ་ཀའི་ལྡེ་གུ་འོ་མ་དང་སྦྱར་ཏེ་བླུད་པར་བྱ་བའམ། ཡང་ན་ཧ་སྟི་པི་པི་ལིང་དང་བཅའ་སྒ་དང་བཅས་པའི་ལྡེ་གུ་འོ་མ་དང་སྦྱར་ཏེ་ཟླ་བ་གཅིག་གི་བར་དུ་སྦྱིན་ པར་བྱའོ། །དན་ད་ཙི་ཏྲ་བྱི་དང་ག ། དབྱི་མོ་ཚ་གསུམ་ལྡེ་གུ་ནི། །ཞོ་གཉིས་འོ་མར་སྦྱར་བླུད་ན། །དམུ་རྫིང་འཕེལ་བ་སེལ་བར་བྱེད། །ཅེས་བྱ་བ་ལ། དན་ད་ལ་སོགས་པའི་སྨན་དེ་དག་གི་ལྡེ་གུ་ཞོ་གཉིས་ཀྱི་ཚད་ཙམ་འོ་མ་དང་སྦྱར་ཏེ་བླུད་ན་ཡང་། དམུ་རྫིང་འཕེལ་ཞིང་སྟོབས་དང་ལྡན་ པ་དག་སེལ་བར་བྱེད་དོ། །ཡང་ན་སུ་དྷཱ་ཀྵི་ར་མར། །བཅས་པའི་ཁ་ཟས་ཟླ་གཅིག་སྦྱིན། །ཞེས་བྱ་བ་ལ། ཡང་ན་སུ་དྷཱ་ཀྵི་ར་དང་། མར་ཅུང་ཟད་ཙམ་དང་བསྲེས་པ་ཁ་ཟས་ཟླ་གཅིག་བར་དུ་སྦྱིན་པར་བྱའོ། །སུ་དྷཱ་ཀྵི་རར་ལ་སྦངས་པའི། །པི་པི་ལིང་དང་ཁུར་བ་སྦྱིན། །ཞེས་བྱ་བ་ལ། ཡང་ན་སུ་དྷཱ་ཀྵི་ར་ལ་སྦངས་པའི་པི་པི་ལིང་དང་བཅས་པའི་ཁུར་བ་ཟླ་བ་གཅིག་གི་བར་དུ་སྦྱིན་པར་བྱའོ། །གལ་ཏེ་རྩིབ་ལོགས་གཟེར་ཞིང་རེངས། །སྙིང་བརྒལ་རླུང་གི་ནད་ལྡང་ན། །དེ་ལ་ཏིལ་མར་བིལ་བ་དང་། །ཐལ་སྨན་དང་ནི་ལྡན་པར་སྦྱིན། །ཞེས་བྱ་བ་ལ། གལ་ཏེ་དམུ་རྫིང་ཅན་གྱི་ནད་དེ་ ལ་རྩིབ་ལོགས་ན་བ་ལ་སོགས་པའི་རླུང་ནད་ལྡང་བར་གྱུར་ན་ནད་པ་དེ་ལ་ཏིལ་མར་བིལ་བ་དང་ཐལ་སྨན་དང་སྦྱར་བ་སྦྱིན་པར་བྱའོ། །ཏུན་ཏུ་ཀ་དང་བ་ལ་དང་། །བ་ལ་ཤའམ་ཏིལ་སྡོང་དང་། །ཨ་པ་མརྐ་ཀ་ཏ་ལི། །ཨག་ནི་མན་ཐའི་ཐལ་བ་རྣམས། །སོ་སོར་གཟགས་པ་བསྐོལ་བ་བླུད། །ཅེས་ 202-1-5b བྱ་བ་ལ། ཡང་ན་ཏུན་ཏུ་ཀ་ལ་སོགས་པའི་ཐལ་བ་སོ་སོར་གཟགས་པའི་ཁུ་བ་བསྐོལ་བ་བླུད་པར་བྱའོ། །ཏུན་ཏུ་ཀ་ནི་སོ་ན་ཀའོ། །ཨག་ནི་མན་ཐ་ནི་ཀརྐ་རའོ། །བད་ཀན་རླུང་ངམ་མཁྲིས་པའམ། །དེ་གཉིས་རླུང་དང་འདྲེས་གྱུར་པ། །སྟོབས་ལྡན་རང་གི་སྨན་བཅས་པའི། །ཨེ་ རཎྜ་ཡི་ཏིལ་མར་ཕན། །ཞེས་བྱ་བ་ལ། བད་ཀན་རླུང་དང་འདྲེས་པར་གྱུར་པའམ། མཁྲིས་པ་དང་རླུང་འདྲེས་པར་གྱུར་པའམ། བད་ཀན་དང་མཁྲིས་པ་དེ་གཉིས་ཀ་རླུང་གང་ཡང་རུང་བ་དང་འདྲེས་པར་གྱུར་པའི་དམུ་རྫིང་ཅན་ཉམས་སྟོབས་དང་ལྡན་པ་ལ་ནི་རང་རང་གི་སྨན་གང་ཡིན་པ་ དང་བསྐོལ་བའི་ཨེ་རཎྜའི་ཏིལ་མར་བླུད་ན་ཕན་ནོ། །ཐང་ཤིང་ཨརྒ་པ་ལ་ཤ ། ཧ་ཏི་པི་པི་ལིང་ཤི་ཀྲུ། །ཨ་ཤྭ་ཀརྞ་བ་གཅིན་བཅས། །ལྡེ་གུ་ལྟོ་ཡི་ཕྱི་རིམ་བྱུག ། ཅེས་བྱ་བ་ལ། ཐང་ཤིང་ལ་སོགས་པ་བ་གཅིན་དང་བཅས་པའི་ལྡེ་གུས་དམུ་རྫིང་གི་ལྟོའི་ཕྱི་རིམ་ནས་བསྐུ་ ཞིང་བྱུག་པར་བྱའོ། །བྲི་ཤི་ཀ་ལི་ཤུ་དག་དང་། །བཅའ་སྒ་རྩ་བ་ལྔ་པ་དང་། །འུ་སུ་རུ་རྟ་བ་སྤྲུ་གཉིས། །བསྐོལ་བ་བ་གཅིན་བཅས་པ་བླུད། །ཅེས་བྱ་བ་ལ། བྲི་ཤི་ཀ་ལི་ལ་སོགས་པའི་སྨན་བསྐོལ་བའི་ཁུ་བ་དང་བ་གཅིན་སྦྱར་བས་དམུ་རྫིང་ཅན་དེ་ལ་བླུད་པའི་ཆོ་ག་ཇི་སྐད་སྨོས་པ་ དག་ཀྱང་བྱའོ། །འཁྲུས་ཤིང་ལྟོ་བ་ཞུམ་གྱུར་པ། །ས་ར་ན་སོགས་དུགས་བྱས་ལ། །གོས་ཀྱིས་ལེགས་པར་དཀྲི་བར་བྱ། །དེ་ལྟར་རླུང་གིས་སྦོས་མི་འགྱུར། ཞེས་བྱ་བ་ལ། བཀྲུ་སྨན་གྱིས་འཁྲུས་ཤིང་ལྟོ་བ་སྦྱངས་པས་སྲ་བ་དེ་ཞུམ་ཞིང་སྙི་བར་གྱུར་པ་དང་། ས་ར་ན་ལ་སོགས་པའི་ སྨན་གྱི་དུགས་ཀྱི་ལེའུ་ལས་ཇི་སྐད་བཤད་པའི་ཚུལ་གྱིས་དུགས་བྱས་ལ་གོས་ཀྱིས་བཅིང་ཞིང་ལེགས་པར་དཀྲི་བར་བྱ་སྟེ། དེ་ལྟར་བྱས་ན་དེའི་ལྟོ་བ་རླུང་གིས་སླར་སྦོས་ཤིང་རྒྱས་པར་མི་འགྱུར་རོ། །གང་ཞིང་ལེགས་པར་འཁྲུས་གྱུར་པ། །སླར་ཡང་སྦོས་གྱུར་དེ་ལ་ནི། །སྣུམ་བཅས་ སྐྱུར་དང་ལན་ཚྭ་གཉིས། །བཀྲུ་སྨན་མས་གཏོང་དྲག་པོར་བྱ། །ཞེས་བྱ་བ་ལ། དམུ་རྫིང་ཅན་གྱི་ནད་པ་གང་ཞིག་ལེགས་པར་འཁྲུས་ཤིང་བཀྲུ་སྨན་གྱི་སྦྱོར་བ་ལེགས་པར་གྱུར་ནས་སླར་ཡང་སྦོས་པར་གྱུར་ན་ནད་པ་དེ་ལ་སྣུམ་དང་བཅས་པ་སྐྱུར་བ་དང་ལན་ཚྭའི་བག་དང་སྦྱར་བའི་བཀྲུ་སྨན་ 202-1-6a ནི་རུ་ཧ་བཏང་བས་དེ་ཚར་གཅད་ཅིང་གསོ་བར་བྱའོ། །རླུང་གིས་རེངས་དང་བཅས་གྱུར་པས། །གང་ཞིག་ལྟོ་སྦོས་གྱུར་པའི་མི། །དེ་ལ་ཐལ་སྨན་རྣོན་པོ་ནི། །བ་གཅིན་བཅས་པ་མས་གཏོང་བྱ། །ཞེས་བྱ་བ་ལ། རླུང་གིས་ནད་རེངས་ཤིང་འགྱུར་མི་ ཤེས་པ་ལ་སོགས་པ་ལ་ནི། ཇི་སྐད་སྨོས་པའི་བཀྲུ་སྨན་མས་གཏོང་བ་དྲག་པོ་འདིས་གཏང་བར་བྱའོ། །དེ་ལྟར་དམུ་རྫིང་སྤྱི་ཡི་ནི། །གསོ་བ་གྲགས་པར་བཤད་པ་ཡིན། །ཞེས་བྱ་བ་ལ། དེ་ལྟར་སྔར་ཇི་སྐད་བཤད་པའི་དམུ་རྫིང་ཐམས་ཅད་ཀྱི་སྤྱིའི་ཐུན་མོང་གི་གསོ་བ་སྨན་ དཔྱད་ཀྱི་རྒྱུད་ཐམས་ཅད་ལ་གྲགས་པ། མངོན་སུམ་དུ་གྲུབ་པར་སྣང་བ་བཤད་པ་བསྟན་པ་ཡིན་ནོ། །དེ་ནས་རླུང་གྱུར་དམུ་རྫིང་ཅན། །བི་ད་རི་སོགས་མར་བསྐོལ་བླུད། །དེ་ནས་སྣུམ་གྱིས་ཞེན་བྱས་ཤིང་། །ཡན་ལག་དུགས་བྱས་བཀྲུ་སྨན་གཏང་། །འདི་ལ་སེང་ཕྲོམ་མར་ རམ་ནི། །འདྲེས་པའི་སྨན་མར་ལན་མང་བླུད། །ཅེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་རླུང་ལས་གྱུར་པའི་དམུ་རྫིང་ཅན་གྱི་ནད་པ་ཉམས་སྟོབས་དང་ལྡན་པ་ལ་བི་ད་རི་ལ་སོགས་པའི་སྨན་གྱི་སྡེ་ཚན་དང་བསྐོལ་བའི་མར་བླུད་པར་བྱ་ལ། དེའི་འོག་ཏུ་སེང་ཕྲོམ་གྱི་སྨན་མར་རམ་ འདྲེས་པའི་སྨན་མར་གྱི་སྣུམ་གྱིས་ཞེན་པར་བྱས་ལ་ཡན་ལག་ལ་དུགས་བྱས་ནས་བཀྲུ་སྨན་གཏང་བར་བྱའོ། །ཐུག་སོགས་རིམ་པ་བྱས་ནས་ནི། །སྟོབས་བསྐྱེད་ཕྱིར་ནི་འོ་མ་བླུད། །ཅེས་བྱ་བ་ལ། འཁྲུས་པར་གྱུར་ནས་ཐུག་པ་ལ་སོགས་པའི་རིམ་པ་བྱས་པའི་རྗེས་ལ་ལུས་ཀྱི་ སྟོབས་བསྐྱེད་པར་བྱ་བའི་ཕྱིར་འོ་མ་བླུད་པར་བྱའོ། །ཉམས་སྟོབས་རྙེད་ནས་རིམ་གྱིས་ནི། །འོ་མ་དེ་ནི་སྤང་བར་བྱ། །ཞེས་བྱ་བ་ལ། འོ་མ་དེས་ཉམས་སྟོབས་རྙེད་པར་གྱུར་ནས་ནི་རིམ་གྱིས་འོ་མ་དེ་མི་བཏུང་བར་སྤང་བར་བྱའོ། །ཡུ་ཤ་ཤ་ཁུ་སྐྱུར་དང་ནི། །ལན་ཚྭར་བཅས་པས་ མེ་དྲོད་སྐྱེད། །རྟུག་འགགས་གྱུར་ནས་སླར་སྣུམ་དང་། །དུགས་བྱས་དེ་འོག་མས་གཏོང་བྱ། །རྩུབ་ཅིང་མས་གཏོང་སྨན་བཅས་པའི། །རྩ་བ་བཅུ་པའི་མས་གཏོང་སྦྱར། །ཞེས་བྱ་བ་ལ། དེའི་འོག་ཏུ་དམུ་རྫིང་ཅན་གྱི་ནད་པ་དེ་ལ་སྲན་ཁུ་ཡུ་ཤ་དང་ཤ་ཁུ་སྐྱུར་དང་ལན་ཚྭ་ཤས་ 202-1-6b ཆུང་བ་བླུད་ལ། མེ་དྲོད་བསྐྱེད་པར་བྱ་ཞིང་རྟུག་འགགས་ཀྱི་ནད་ཀྱིས་བཏབ་ན་མས་གཏོང་བའི་བཀྲུ་སྨན་དང་སྦྱར་བའི་རྩ་བ་བཅུ་པ་བསྐོལ་བའི་བཀྲུ་སྨན་གཏང་བར་བྱའོ། །གཡོ་ཞིང་ཚིགས་རུས་ལ་འཇུག་པ། །རྩུབ་ཅིང་འཕྱེན་དང་ཕྱི་ས་འགགས། །མེ་དྲོད་ཆེ་ལ་ཏིལ་མར་དང་། ། ཨེ་རཎྜའི་མར་རླུང་འཇོམས་པའི། །སྨན་དང་བསྐོལ་བའི་འཇམ་རྩི་གཏང་། །ཁྲུས་མི་བྱ་ལ་འོ་མ་མར། །ཤ་ཁུ་ལ་སོགས་ཞི་བྱེད་གཏང་། །ཞེས་བྱ་བ་ལ། གཡོ་ཞིང་ཚིགས་དང་རུས་པ་ལ་འཇུག་པའི་རླུང་ནད་སྐྱེས་པར་གྱུར་པ་དག་ལ་ཨེ་རཎྜའི་ཏིལ་མར་ཚུལ་བཞིན་དུ་ བསྐོལ་བའི་འཇོམ་རྩི་གཏང་བར་བྱའོ། །དམུ་རྫིང་ཅན་གང་ལ་ཁྲུས་བྱར་མི་རུང་བའི་ནད་ཡོད་པ་དེ་ལ་ནི་འོ་མ་ལ་སོགས་པ་ཞི་བར་བྱེད་པའི་སྨན་གཏོང་བར་བྱའོ། །མཁྲིས་པ་ལས་གྱུར་སྟོབས་ཆེ་ལ། །མངར་དང་སྦྱར་བའི་སྣུམ་ཆོས་བྱ། །ཤ་མ་དུར་བྱིད་འབྲས་བུ་གསུམ། ། བསྐོལ་བའི་ཁུ་བའི་བཀྲུ་སྨན་གཏང་། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་དམུ་རྫིང་ཅན་ཉམས་སྟོབས་ཆེ་བར་གྱུར་པ་ལ་ནི་དང་པོར་སྣུམ་ཆོས་བྱས་ལ། དེའི་འོག་ཏུ་ཇི་སྐད་སྨོས་པའི་བཀྲུ་སྨན་གཏང་བར་བྱའོ། །དེ་འོག་ནྱ་གྲོ་དྷ་སོགས་བསྐོལ། །ཁུ་བར་ཁ་ར་སྦྲང་རྩི་ མར། །ལྡན་པ་ནི་རུ་ཧ་ཡང་ཕན། །དེ་བསྐོལ་སྣུམ་གྱི་འཇམ་རྩིའང་གཏང་། །ཉམ་ཆུང་དང་པོ་འཇམ་རྩི་གཏང་། །འོ་མ་མས་གཏོང་གིས་སྦྱང་བྱ། །ཞེས་བྱ་བ་ལ། དེའི་འོག་ཏུ་ནད་པ་དེ་ལ་ནྱ་གྲོ་དྷ་ལ་སོགས་པའི་སྡེ་ཚན་བསྐོལ་བའི་ཁུ་བའི་ནང་དུ། ཁ་ར་དང་། སྦྲང་ རྩི་ཤས་ཆེ་བའི་མས་གཏོང་བ་དྲག་པོ་ནི་རུ་ཧ་བཏང་ལ་དེའི་རྗེས་ལ་ནྱ་གྲོ་དྷ་ལ་སོགས་པ་དེ་ཉིད་ལ་བསྐོལ་བའི་སྣུམ་གྱི་འཇམ་རྩི་གཏང་བར་བྱའོ། །ཉམ་ཆུང་བར་གྱུར་པའི་ནད་པ་ལ་ནི་དང་པོར་འཇམ་རྩི་བྱས་ལ་དེའི་འོག་ཏུ་འོ་མའི་བཀྲུ་སྨན་མས་གཏོང་བས་སྦྱང་ཞིང་བསལ་བར་བྱའོ། ། མེ་སྟོབས་སྐྱེད་ཅིང་སྣུམ་ཆོས་བྱ། །འོ་མ་དུར་བྱིད་ལྡེ་གུའམ། །ཨེ་རཎྜ་དང་བསྐོལ་བའམ། །ས་ད་ལ་དང་ཀྱི་ལྕེ་བའམ། །དོང་ག་བསྐོལ་བ་དག་གིས་བྱ། །བད་ཀན་ཅན་ལ་བ་གཅིན་བཅས། །རླུང་ཅན་ཏིག་ཏ་མར་བཅས་པས། །ཡང་དང་ཡང་དུ་བཀྲུ་སྨན་གཏང་། །ཞེས་བྱ་ 202-1-7a བ་ལ། མེ་དྲོད་ཀྱི་སྟོབས་སྐྱེས་ཤིང་རྙེད་ནས་ནད་པ་དེ་ལ་སྣུམ་ཆོས་བྱ་ཞིང་འོ་མ་དང་། དུར་བྱིད་སྦྱར་བའི་ལྡེ་གུའམ། ཨེ་རཎྜ་དང་འོ་མར་བསྐོལ་བའམ། པ་ཏོ་ལ་དང་ཀྱི་ལྕེ་བ་དང་འོ་མ་བསྐོལ་བའམ། དོང་ག་དང་འོ་མ་བསྐོལ་བ་དག་གིས་ཡང་དང་ཡང་དུ་བཀྲུ་སྨན་ བཏང་ནས་སྦྱང་བར་བྱ་ལ། བད་ཀན་དང་མཁྲིས་པར་བཅས་པ་ལ་ནི་བ་གཅིན་དང་བཅས་པའི་འོ་མས་བཀྲུ་སྨན་གཏོང་ངོ་། །རླུང་གིས་དམུ་རྫིང་དེ་རླུང་བཅས་པ་ཡིན་ན་ཏིག་ཏ་དང་མར་དང་བཅས་པའོ་མས་ཡང་དང་ཡང་དུ་བཀྲུ་སྨན་གཏང་བར་བྱའོ། །འདི་དག་འོ་མར་བཅས་བཟའ་ བའམ། །བི་ད་རི་སོགས་སྡེ་བསྐོལ་སྦྱིན། །དམུ་རྫིང་ཅན་ལ་འོ་ཐུག་ནི། །སྦྱིན་ཞིང་ཉེ་བར་བསྐུ་བར་བྱ། །ཞེས་བྱ་བ་ལ། འོ་མ་སྨན་དང་བཅས་པའི་སྦྱོར་བ་དག་གང་ཡང་རུང་བ་དང་བཅས་པ་ཁ་ཟས་སྦྱིན་པར་བྱ། ཡང་ན་བི་ད་རི་ལ་སོགས་པའི་སྡེ་ཚན་བསྐོལ་བའི་འོ་མ་དང་ ཁ་ཟས་སྦྱིན་པར་བྱའོ། །ཡང་ན་དམུ་རྫིང་ཅན་དེ་ལ་འོ་ཐུད་སྦྱིན་ཞིང་འོ་ཐུག་དིས་ལྟོ་བ་བསྐུ་བར་བྱའོ། །སླར་ཡང་འོ་མ་འཇམ་རྩི་དང་། །བཀྲུ་སྨན་ཡང་དང་ཡང་དུ་གཏང་། །རིམ་པས་ངེས་པར་གནས་བྱས་ཏེ། །མ་ཡེངས་མཁྲིས་གྱུར་དམུ་རྫིང་བསལ། །ཞེས་བྱ་བ་ལ། འོ་མ་ དང་འཇམ་རྩི་ལ་སོགས་པའི་སྦྱོར་བ་ཡང་དང་ཡང་དུ་བྱ་བ་གནས་པའི་རིམ་པས་གཞན་དུ་མ་ཡེངས་ཤིང་དེ་ལ་གཏོད་པར་གྱུར་པ་དང་། མཁྲིས་པ་ལས་གྱུར་པའི་དམུ་རྫིང་གསོ་ཞིང་བཅོས་པར་བྱའོ། །བད་ཀན་ལས་གྱུར་སྣུམ་ཆོས་བྱ། །དུག་མོ་ཉུང་སོགས་མར་བསྐོལ་གཏང་། །ཉམས་ སྟོབས་ལྡན་པས་དུགས་བྱས་ཏེ། །སུ་དྷཱ་ཀྵི་རིའི་བཀྲུ་སྨན་བཏང་། །ཐུག་སོགས་རིམ་དང་ཐལ་སྨན་ཚ། །ལྡན་པས་བད་ཀན་སེལ་བ་སྦྱིན། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་དམུ་རྫིང་གི་ནད་ལ་ནི་དུག་མོ་ཡུངས་ལ་སོགས་པ་དང་བསྐོལ་བའི་མར་བླུད་ཅིང་སྣུམ་ཆོས་བྱས་ལ། དེ་ ཉམས་སྟོབས་དང་ལྡན་པ་ཡིན་ན་དུགས་བྱས་པའི་འོག་ཏུ་སུ་དྷཱ་ཀྵི་ར་དང་སྦྱར་བའི་བཀྲུ་སྨན་བཏང་ལ། བད་ཀན་སེལ་བའི་ཁ་ཟས་ཁ་བ་དང་ཚ་བ་དང་ཐལ་སྨན་དང་ལྡན་པ་བླུད་པར་བྱའོ། །བ་གཅིན་ཚ་གསུམ་ཏིལ་མར་བཅས། །མས་གཏོང་དྲག་པོ་བྱ་བའང་ཕན། །མུངྒ་ཀ་སོགས་ལྡེ་ 202-1-7b གུ་དང་། །སྣུམ་གྱི་འཇམ་རྩི་དེ་ནས་གཏང་། །ཞེས་བྱ་བ་ལ། ཡང་དེ་ལ་ཇི་སྐད་སྨོས་པའི་མས་གཏོང་བ་དྲག་པོ་དང་། འཇམ་རྩི་མུད་ག་ཀ་ལ་སོགས་པའི་སྨན་གྱི་སྡེ་ཚན་དང་སྦྱར་བ་བཏང་ན་ཕན་ནོ། །ཁ་ཟས་འོ་མ་ཚ་བ་གསུམ། །ཡང་ན་རྒྱ་སྲན་ཁུ་བ་སྦྱིན། །ཞེས་བྱ་བ་ལ། ཁ་ཟས་ཀྱང་འོ་མ་དང་ཚ་བ་གསུམ་སྦྱར་བའམ། རྒྱ་སྲན་ཀུ་ལད་ཐའི་ཁུ་བ་སྦྱིན་ན་ཕན་ནོ། །བད་ཀན་འཐས་ཤིང་ལྟོ་བ་སྐྲང་། །རྨོངས་བག་སྙིང་འཕར་ཡི་ག་འཆུས། །མེ་དྲོད་ཆུང་བ་ཆང་གོམས་ན། །ཆང་སྙིང་ནས་ཚིག་འཁུས་ཐལ་བླུད། །ཅེས་བྱ་བ་ལ། བད་ཀན་ཅན་གྱི་ དམུ་རྫིང་ཅན་དེ་འོ་མས་བད་ཀན་དེ་འཐས་པ་ནས་མེ་དྲོད་ཆུང་བའི་བར་དུ་ཡང་གྱུར་ལ། སྔར་ཆང་གོམས་ཤིང་འདྲིས་པ་ཡིན་ན། ཆང་སྙིང་རྣོན་པོ་དང་། ནས་ཚིག་འཁུས་པའི་ཐལ་བའི་ཆུ་བླུད་པར་བྱའོ། །ཤིང་ཀུན་དང་ནི་པི་པི་ལིང་། །འབྲས་བུ་གསུམ་དང་ཐང་ཤིང་དང་། ། སེར་པོ་རྣམ་གཉིས་གོ་བྱེ་དང་། །ན་ལེ་ཤམ་དཀར་པུ་ཙེ་ཤེལ། །སེང་ཕྲོམ་ཤུ་དག་བཅའ་སྒ་དང་། །བོང་ང་གླ་སྒང་རུ་རྟ་དང་། །ས་ར་ན་དང་ལན་ཚྭ་ལྔ། །བཏགས་པ་ཞོ་དང་སྣུམ་བཞི་སྦྱར། །དུ་བ་མ་ཤོར་བར་བསྲེགས་ལ། །ཐལ་བ་དེ་ལས་ཞོ་གཉིས་གཉིས། །ཆང་དང་ ཆུ་དྲོན་ཞོ་ག་ཆུ། །ཆང་རྙིང་མནན་ཆང་སྦྱར་བ་བླུད། །སྐྲན་དང་དམུ་རྫིང་གཏུན་འདྲའི་ནད། །རྩིག་པ་འདྲ་དང་གསུད་དང་སྐྲན། །སྙིང་ནད་མཆེར་པ་གཞང་འབྲུམ་དང་། །རྟུག་འགགས་ནད་རྣམས་འཇོམས་པར་བྱེད། །ཅེས་བྱ་བ་ལ། ཤིང་ཀུན་ནས་ལན་ཚྭ་ལྔའི་བར་དུ་ཞིབ་ཏུ་ བཏགས་ལ་ཞོ་དང་སྣུམ་རྣམ་པ་བཞི་པོ་ཞུན་མར་ལ་སོགས་པ་དང་སྦྱར་ཏེ་རྫ་སྣོད་ཁ་སྦྱར་གྱི་ནང་དུ་དུ་བ་མ་ཤོར་བར་བསྲེགས་ལ། ཐལ་བ་དེ་ལས་ཞོ་གཉིས་གཉིས་ཀྱི་ཚད་དུ་བྱས་པ་ལ་ཆང་དྭངས་མ་ལ་སོགས་པ་གང་ཡང་རུང་བ་དང་སྦྱར་ཏེ་བླུད་ན། སྐྲན་ལ་སོགས་པའི་ནད་འཇོམས་པར་བྱེད་ དོ། །བད་ཀན་དམུ་རྫིང་ཉམ་ཆུང་ལ། །ཆང་རྙིང་དང་ནི་བ་གཅིན་དང་། །ལྕགས་ཕྱེ་དང་སྦྱར་བཏུང་བ་དང་། །ཐལ་སྨན་ཏིལ་མར་བཅས་པ་བླུད། །ཅེས་བྱ་བ་ལ། བད་ཀན་ལས་གྱུར་པའི་དམུ་རྫིང་ཅན་གྱི་ནད་པ་ཉམ་ཆུང་བར་གྱུར་པ་ལ་ནི། ཆང་རྙིང་པ་ལ་སོགས་པ་བླུད་པར་བྱའོ། ། 202-1-8a ཡུངས་ཀར་ཕབས་དང་ལ་ཕུག་གི། །ས་བོན་བཏགས་པའི་ལྡེ་གུ་ཡིས། །བསྐུ་ཞིང་དམུ་རྫིང་དུགས་བྱ་བ། །འདི་ལ་རྒྱུན་ཏུ་སྦྱང་བར་བྱ། །ཞེས་བྱ་བ་ལ། དེ་ལ་ཡུངས་ཀར་ལ་སོགས་པའི་ལྡེ་གུས་བསྐུ་ཞིང་དཀྲིས་པ་ལ་ཡང་དང་ཡང་དུ་དུགས་བྱའོ། །འདུས་པ་ ལས་གྱུར་དམུ་རྫིང་ནི། །མེ་དྲོད་ཉམས་སྟོབས་མ་ཟད་ལ། །ནད་ཤས་ཆེ་ལྟར་རེ་ཐག་བཅད། །གསོ་བའི་སྦྱོར་བ་འདི་བྱའོ། །ཞེས་བྱ་བ་ལ། འདུས་པ་ལས་གྱུར་པའི་དམུ་རྫིང་ཅན་གྱི་མེ་དྲོད་ཉམས་སྟོབས་ཤས་ཆེར་ཟད་པ་མ་ཡིན་པ་ལ་ནི་ནད་ཤས་ཆེ་ཞིང་གསོར་མི་རུང་བའི་ཚུལ་དུ་རེ་ཐག་ བཅད་དེ་འདུས་པ་ལས་གྱུར་པའི་ནད་ལ་ནི་གསོར་མི་རུང་ངོ་ཞེས་བསྒོ་ཞིང་གསོ་བ་མ་བྱས་ན་ནི་ངེས་པར་འཆི་བར་འགྱུར་ལ། གསོ་བ་བྱས་སུ་ཟིན་ཀྱང་ཐེ་ཙོམ་དང་བཅས་པ་ཡིན་ནོ། །ཞེས་བརྗོད་ལ་ནད་གཞི་གང་ཤས་ཆེ་བའི་དབང་དུ་བྱས་ཏེ་འོག་ནས་འབྱུང་བའི་གསོ་བ་འདི་བྱའོ། །དན་ད་ཏྲ་ པན་ཏིའི་འབྲས་བུ། །བཙིར་བའི་མར་ནི་བླུད་པ་བསྔགས། །ཞེས་བྱ་བ་ལ། འདུས་པ་ལས་གྱུར་པའི་དམུ་རྫིང་ཅན་ལ་ནི་དན་ད་དང་། ཏྲ་པན་ཏིའི་འབྲས་བུ་བཙིར་བའི་མར་བླུད་པ་ཕན་ནོ། །དམུ་རྫིང་གསོས་ཀྱང་མ་འཆོས་དང་། །མཆོག་ཏུ་ཉེས་གསུམ་ལས་གྱུར་ལ། །དེ་ཡི་ཉེ་ དུ་དྲིས་ནས་ནི། །ཀ་ཀ་ད་ནི་འོལ་མ་སེ། །ཀ་ར་བཱི་རའི་རྩ་བ་དག །བཏགས་པའི་ལྡེ་གུ་ཆང་སྦྱར་བླུད། །ཅེས་བྱ་བ་ལ། དེ་ལྟར་གསོས་པར་གྱུར་ཀྱང་དམུ་རྫིང་ཞི་བར་མ་གྱུར་ཅིང་གསོ་བ་ལས་འདས་པ་དང་མཆོག་ཏུ་ཡང་ནད་གཞི་གསུམ་ཆར་གྱུར་པའི་དམུ་རྫིང་འཆོས་པ་ན། ནད་པ་དེའི་ ཉེ་དུ་ལ་དྲིས་ནས་གྲོས་སུ་བྱས་པའི་རྗེས་ལ། ཀ་ཀ་ད་ནི་ལ་སོགས་པའི་སྨན་རྣོ་ཞིང་བརྒྱལ་བར་བྱེད་པའི་ལྡེ་གུ་སྦྱིན་པར་བྱའོ། །ཡང་ན་བཟའ་བཏུང་ནང་དུ་ནི། །དུག་ཀྱང་རིམ་པས་སྦྱིན་པར་བྱ། །ཞེས་བྱ་བ་ལ། ཡང་ན་བཙན་དུག་གི་རིགས་ཀྱི་སྦྱོར་བ་ལེགས་པར་བྱས་བཙོས་པའི་ ནང་དུ་སྦྱིན་པར་བྱའོ། །གང་དུ་སྦྲུལ་ནི་ཁྲོས་གྱུར་ནས། །ཤིང་ཐོག་ལ་ནི་དུག་བསྒོས་པ། །དེ་ཡིས་འདི་ཡི་ནད་ཚོགས་ནི། །བརྟན་ཞིང་ཞེན་པ་ལམ་ལོག་གཞུགས། །བཤིག་སྟེ་ཕྱིར་ནི་འབྱིན་པར་བྱེད། །དུག་གིས་མྱུར་དུ་འཇིག་པར་བྱེད། །དེ་བཞིན་ནད་མེད་གྱུར་པའམ། །འཆི་ 202-1-8b བ་ཉིད་དུ་འགྱུར་བ་ཡིན། །ཞེས་བྱ་བ་ལ། ཡང་ན་ཤིང་ཏོག་གང་ལས་སྦྲུལ་ཁྲོས་པས་དུག་གིས་བསྒོས་པར་གྱུར་པའི་ཤིང་ཐོག་དེ་སྦྱིན་པར་བྱ་སྟེ། དུག་དེས་ནད་པ་དེའི་ནད་ཀྱི་ཚོགས་བརྟན་ཞིང་གཏིང་ཟུག་པ་དང་། རྩ་སྦུབས་ལ་སོགས་པའི་བུ་ག་ལ་ཞེན་པར་གྱུར་པ་རྣམས་དང་ལམ་ ལོག་པར་ཞུགས་ཤིང་བདེ་བླག་ཏུ་འབྱུང་བར་མི་བྱེད་པ་རྣམས་བཤིག་ཅིང་ཕྱེ་ནས་ཕྱི་རོལ་དུ་འབྱིན་པར་བྱེད་དོ། །དེ་ནས་དུག་དེས་ནད་དེ་མྱུར་དུ་འཇིག་པར་བྱེད་པས་ན། དེའི་ཚེ་ནད་མེད་ཅིང་བདེ་བར་འགྱུར་རམ། ཡང་ན་དུག་དེའི་ཤུགས་ཀྱིས་འཆི་བར་འགྱུར་བ་ཡིན་ནོ། །ནད་བསལ་ནད་ དེ་ཆུ་གྲང་གིས། །ཁྲུས་བྱས་འོ་མའམ་ཐུག་པ་བླུད། །ཅེས་བྱ་བ་ལ། གལ་ཏེ་དུག་དེས་ནད་བསལ་བར་གྱུར་ན་ནི་ནད་པ་དེ་ཆུ་གྲང་གིས་ཁྲུས་བྱས་ལ། འོ་མའམ་ཐུག་པ་གང་ཡང་རུང་བ་བླུད་པར་བྱའོ། །དུར་བྱིད་ཀྱི་ནི་ཚོད་མའམ། རྒྱ་སྣེའུ་པཱསྟུ་ཀ་པརྞི། །ཀ་ལ་ཤ་ཀ་སྣེའུ་ ཡི། །ཁུ་བ་དང་ནི་བསྐོལ་བ་ལ། །སྐྱུར་དང་ལན་ཚྭ་སྣུམ་མེད་ཅིང་། །ཤིན་ཏུ་ཚོས་པའམ་མ་ཚོས་མིན། །ཟས་མེད་ཟླ་བ་གཅིག་སྦྱིན་ལ། །དེ་ནས་སྐོམ་ན་ཁུ་བ་བླུད། །ཅེས་བྱ་བ་ལ། དུར་བྱིད་ཀྱི་ཚོད་མ་ལ་སོགས་པ་ནས་སྣེའུའི་བར་གྱི་ཁུ་བ་དང་བསྐོལ་བ་སྐྱུར་བ་ལ་སོགས་པ་མེད་ ཅིང་ཤིན་ཏུ་ཚོས་པའམ་མིན་པ་ཟླ་བ་གཅིག་གི་བར་དུ་སྦྱིན་ནོ། །དེ་ནས་སྐོམ་ན་ཚོད་མ་དེ་དག་གི་ཁུ་བ་བླུད་པར་བྱའོ། །དེ་ལྟར་ཟླ་བ་གཅིག་གི་བར། །ཚོད་མས་ནད་ནི་བསལ་གྱུར་ནས། །ཉམ་ཆུང་བ་ལ་བརྟས་བྱེད་པ། །རྔ་མོའི་འོ་མ་བླུད་པར་བྱ། །ཞེས་བྱ་བ་ལ། དེ་ལྟར་ རིམ་པ་འདིས་ཚོད་མའི་སྦྱོར་བས་ནད་བསལ་ནས་ཟླ་བ་གཅིག་གི་རྗེས་ལ་ཉམས་བརྟ་བའི་ཕྱིར། རྔ་མོའི་འོ་མ་བླུད་པར་བྱའོ། །མཆེར་པའི་དམུ་རྫིང་ནད་གཞི་ནི། །ཇི་བཞིན་སྣུམ་ཆོས་དུགས་བྱ་སྟེ། །ཞོ་དང་འབྲས་ཆན་བཅས་སྦྱིན་ལ། །ལག་པ་གཡོན་ལ་གཏར་ག་གདབ། ། ཅེས་བྱ་བ་ལ། མཆེར་པའི་དམུ་རྫིང་ལ་ནི་ནད་གཞི་ཇི་ལྟ་བ་བཞིན་དུ་སྣུམ་ཆོས་དང་དུགས་བྱས་ལ། ཞོ་དང་འབྲས་ཆན་དུ་བཅས་པ་སྦྱིན་ནམ། ཡང་ན་ཞོ་ཉི་ཚེ་བླུད་ལ་ལག་པ་གཡོན་པ་ནས་གཏར་ག་བྱའོ། །ཉམས་སྟོབས་རྙེད་ནས་སླར་ཡང་ནི། །སྣུམ་བླུད་ནས་ནི་སྦྱང་བར་བྱ། །རྒྱ་ 202-1-9a མཚོའི་ཉ་ཕྱིས་ཐལ་སྨན་དང་། །འོ་མ་སྦྱར་བ་བླུད་པར་བྱ། །ཞེས་བྱ་བ་ལ། ཉམས་སྟོབས་རྙེད་ནས་ནད་པ་དེ་ལ་ཡང་སྣུམ་བླུད་ལ་བཀྲུ་སྨན་གྱིས་སྦྱང་བར་བྱ་སྟེ། རྒྱ་མཚོའི་ཉ་ཕྱིས་བསྲེགས་པའི་ཐལ་བ་དང་འོ་མ་སྦྱར་བ་བླུད་པར་བྱའོ། །པུ་དི་ཀ་རཉྫའི་ཐལ་ བ། །སྐྱུར་ཁུ་ཁ་རུ་ཚ་དང་ནི། །པི་པི་ལིང་གི་ཕྱེ་བཏབ་བླུད། །ཅེས་བྱ་བ་ལ། ཡང་དེ་བཞིན་དུ་པུ་དི་ཀ་རཉྫ་ཞེས་བྱ་བ་ཏ་མ་ལའི་ཐལ་བ་རོ་སྐྱུར་བའི་ཁུ་བ་དང་བཙགས་པའི་ཆུའི་ནང་དུ་ཁ་རུ་ཚ་དང་པི་པི་ལིང་གི་ཕྱེ་མ་བཏབ་སྟེ་བླུད་པར་བྱའོ། །ཤི་ཀྲུ་བསྐོལ་བར་པི་པི་ལིང་། །རྒྱམ་ཚ་ ཙི་ཏྲ་ཀ་བཏབ་བླུད། །ཅེས་བྱ་བ་ལ། ཡང་ན་ཤི་ཀྲུ་ཞེས་བྱ་བ་ལ་པི་པི་ལིང་དཀར་པོ་བསྐོལ་བའི་ཁུ་བ་དང་པི་པི་ལིང་ལ་སོགས་པ་བཏབ་པ་བླུད་པར་བྱའོ། །ཤིང་ཀུན་སོགས་ཕྱེ་ཐལ་སྨན་དང་། །མར་སྦྱར་མེ་དྲོད་ཇི་བཞིན་སྦྱིན། །ཞེས་བྱ་བ་ལ། ཤིང་ཀུན་ལ་སོགས་པའི་ཕྱེ་ མ་སྐྲན་གསོ་བའི་སྐབས་སུ་བཤད་པ་དང་། ཐལ་སྨན་རྣམ་གཉིས་དང་མར་ཞེས་པ་སྲང་དྲུག་པའི་སྨན་མར་དག་ཀྱང་ཕོ་བའི་མེ་དྲོད་ཇི་ལྟ་བ་བཞིན་དུ་སྦྱིན་པར་བྱའོ། །དོང་གྲ་དནྡ་པི་པི་ལིང་། །ཆ་མཉམ་ཨ་རུ་ར་ཉིས་འགྱུར། །ཁ་རུ་ཚ་ནི་ཆ་ཕྱེད་བཅས། །ཕྱེ་མ་ཆུ་དྲོན་སྦྱར་བ་ བླུད། །ཅེས་བྱ་བ་ལ། དོང་གྲ་ལ་སོགས་པའི་སྨན་ཆ་མཉམ་པོར་བྱས་ཤིང་ཨ་རུ་ར་དོང་གྲའི་ཉིས་འགྱུར་ཁ་རུ་ཚ་དོང་གྲའི་ཆ་ཕྱེད་དང་བཅས་པའི་ཕྱེ་མ་ཆུ་དྲོན་དང་བླུད་ན་ཡང་ཕན་ནོ། །བྱི་དང་ག་དང་ཀྲུ་ཏྲུག་ཏྲེས། །ཕྱེ་དང་རྒྱ་ཚ་ཤུ་དག་རྣམས། །ཁམ་སྐྱོགས་ནང་བསྲེགས་འོ་མར་ བཅས། །བླུད་ན་སྐྲན་དང་མཆེར་ནད་འཇོམས། །ཞེས་བྱ་བ་ལ། བྱི་དང་ག་ལ་སོགས་པའི་སྨན་རྫ་སྐྱོགས་ཀྱི་ནང་དུ་བསྲེགས་ལ་ཐལ་བ་དེ་འོ་མ་དང་སྦྱར་ཏེ་བླུད་ན་སྐྲན་དང་མཆེར་པའི་ནད་དམུ་རྫིང་འཇོམས་པར་འགྱུར་རོ། །རྒྱ་ཤུག་ལོ་མ་ཏིལ་མར་བསྲེས་པ་དག ། ལེགས་ པར་མཉེས་པ་བསྲེགས་ཏེ་དེ་འོག་ཏུ། །གཏུན་བུར་བཙིར་ལ་དེ་ནས་འོ་མ་བླུད། །མཆེར་པ་དམུ་རྫིང་སོགས་ནི་འཇིག་པར་འགྱུར། །ཞེས་བྱ་བ་ལ། རྒྱ་ཤུག་གི་ལོ་མ་ཏིལ་མར་དང་བསྲེས་ལ། ལེགས་པར་མཉེས་པ་དེས་དཀྲིས་ཤིང་བཅིངས་ལ། དེའི་འོག་ཏུ་མཆེར་པའི་ 202-1-9b ཕྱོགས་དེར་གཏུན་ཤིང་གིས་མནན་ཅིང་བཙིར་ནས་དེའི་རྗེས་ལ་འོ་མ་བླུད་པར་གྱུར་ན་ཡང་མཆེར་པའི་དམུ་རྫིང་ལ་ཕན་ནོ། །རོ་ཧེ་ཏ་ཡི་ལྕུག་མ་གཏུབས། །དུམ་བུ་ཨ་རུ་ར་བཅས་ཆུའམ། །བ་གཅིན་ནང་དུ་ཞག་བདུན་ནི། །སྦངས་པ་དེ་ནི་བླུད་གྱུར་ན། །མིག་སེར་མཆེར་པ་ སྐྲན་གཞང་འབྲུམ། །སྲིན་ནད་གཅིན་སྙི་དམུ་རྫིང་འཇོམས། །ཞེས་བྱ་བ་ལ། རོ་ཧི་ཏ་ཞེས་བྱ་བའི་ལྕུག་མ་མཚོན་གྱིས་དུམ་བུ་དུམ་བུར་གཏུབས་ལ། དུམ་བུ་དེ་དང་ཨ་རུ་རའམ་བ་གཅིན་གྱི་ནང་དུ་ཞག་བདུན་གྱི་བར་དུ་ལེགས་པར་སྦངས་ལ་དེའི་འོག་ཏུ་ཁུ་བ་དེ་བཙགས་ཏེ་བླུད་ ན་ཡང་མིག་སེར་ལ་སོགས་པའི་ནད་འཇོམས་པར་བྱེད་དོ། །རོ་ཧི་ཏ་ཀའི་ཤུན་ལྤགས་ནི། །སྲང་ནི་ཉི་ཤུ་རྩ་ལྔའི་ཚད། །རྒྱ་ཤུག་བྲེ་དོར་བཅས་པ་ནི། །བསྐོལ་བའི་ཁུ་བ་བྱས་ནས་ནི། །ཚ་བ་ལྔ་ནི་སྲང་རེ་དང་། །དེ་དག་ཀུན་དང་མཉམ་པ་ཡི། །རོ་ཧི་ཏ་ཀའི་ཤུན་ ལྤགས་ཕྱེ། མར་བྲེ་གང་དང་བཙོས་ནས་ནི། །འདི་བླུད་པ་ཡིས་མྱུར་དུ་ནི། །མཆེར་པ་རབ་ཏུ་འཕེལ་བ་སེལ། །ཞེས་བྱ་བ་ལ། རོ་ཧི་ཏ་ཀའི་ཤུན་ལྤགས་སྲང་ཉི་ཤུ་རྩ་ལྔ་ལ་སོགས་པ་དང་མར་བྲེ་གང་ཇི་སྐད་སྨོས་པའི་སྦྱོར་བས་བསྐོལ་ལ། སྨན་མར་དེ་བླུད་ན་ཡང་མཆེར་པ་ རབ་ཏུ་འཕེལ་ཞིང་སྐྱེ་བ་ཡང་སེལ་བར་བྱེད་དོ། །ཆུ་ཤིང་ཏིལ་གྱི་སྡོང་བུ་དང་། །བུ་རམ་ཤིང་བསྲེགས་ཐལ་བ་ནི། །ཏིལ་མར་བསྐོལ་བ་བླུད་གྱུར་ན། །བད་རླུང་ལས་གྱུར་མཆེར་ནད་འཇོམས། །ཞེས་བྱ་བ་ལ། ཆུ་ཤིང་ལ་སོགས་པ་བསྲེགས་པའི་ཐལ་བ་དང་། ཏིལ་མར་ བསྐོལ་བ་བླུད་ན་ཡང་ནད་དེ་འཇོམས་པར་བྱེད་དོ། །མ་ཞི་སྐྲན་གྱི་ཆོ་ག་ལྟར། །རླུང་དང་བད་ཀན་ཤས་ཆེ་ལ། །མཆེར་ནད་སྤྱི་བག་མ་གྱུར་ན། །མེ་ཡི་ལས་ནི་སྤྱད་པར་བྱ། །ཞེས་བྱ་བ་ལ། དེ་ལྟར་བྱས་ཀྱང་ནད་དེ་ཞི་ཞིང་བྱང་བར་མ་གྱུར་ན། བད་ཀན་དང་རླུང་ཤས་ཆེ་བའི་མཆེར་ པའི་ནད་སྤྱི་བག་ཅན་གྱི་ཆུ་སྐྱེས་པར་མ་གྱུར་པ་ལ་སྐྲན་གྱི་ཆོ་ག་ལས་སྨོས་པའི་ཚུལ་དུ་ལྡེ་གུ་བསྲེགས་པ་ལ་སོགས་པས་མེའི་ལས་བྱའོ། །མཁྲིས་གྱུར་འཚོ་བྱེད་སྣ་བཅུ་དང་། །མར་དང་འོ་མའི་འཇམ་རྩི་གཏང་། །ཁྲག་དབྱུང་སྦྱང་བྱ་བ་དང་། །འོ་མ་བླུད་པར་གྱུར་པའང་བསྔགས། །ཞེས་ 202-1-10a བྱ་བ་ལ། མཁྲིས་པ་ལས་གྱུར་པའི་མཆེར་པའི་དམུ་རྫིང་ལ་ནི་འཚོ་བྱེད་སྣ་བཅུ་དང་སྦྱར་བའི་སྨན་མར་བླུད་པ་དང་། འོ་མའི་འཇམ་རྩི་ལ་སོགས་པ་དང་། བཀྲུ་སྨན་དང་། སྐྱུག་སྨན་གྱིས་སྦྱོང་བར་བྱ་བ་དང་། འོ་མ་བླུད་པར་བྱ་བ་བསྔགས་སོ། །མཆིན་པར་ མཆེར་པ་ལ་ལྟར་གསོ། །གཏར་ག་ལག་པ་གཡས་ནས་བྱ། །ཞེས་བྱ་བ་ལ། མཆིན་པའི་དམུ་རྫིང་ལ་ནི་མཆེར་པའི་གསོ་བ་ཇི་སྐད་སྨོས་པ་དག་གིས་བྱ་ལ། ཁྱད་པར་དུ་ནི་ལག་པ་གཡས་པ་ལ་གཏར་ག་བྱའོ། །རྒྱུ་མ་འགགས་གྱུར་དུགས་བྱས་ལ། །བ་གཅིན་སྨན་ནི་ རྣོ་བཅས་པའི། །ཏིལ་མར་ལན་ཚྭ་བཅས་པ་ཡི། །ནི་རུ་ཧ་ནི་འཇམ་རྩིར་བྱས། །ཕྱི་ས་སླ་གྱུར་ཁ་ཟས་དང་། །བཀྲུ་སྨན་རྣོན་པོ་འདི་ལ་གཏང་། །རྟུག་འགགས་བསལ་བའི་གསོ་བ་ནི། །རླུང་ནི་འཇོམས་པ་གང་ཡིན་བྱ། །ཞེས་བྱ་བ་ལ། རྒྱུ་མ་འགགས་པ་ལས་གྱུར་པའི་ དམུ་རྫིང་ལ་ནི་དང་པོར་དུགས་བྱས་ལ། བ་གཅིན་སྨན་རྣོན་པོ་དང་ཏིལ་མར་དང་ལན་ཚྭ་དང་བཅས་པའི་ནི་རུ་ཧ་བྱས་ལ། དེའི་འོག་ཏུ་འཇམ་རྩི་བྱའོ། །གཞན་ཡང་ཕྱི་ས་སླ་བར་བྱ་བའི་ཟས་དང་བཏུང་བ་སྦྱིན་པར་བྱ་བ་དང་བཀྲུ་སྨན་རྣོན་པོ་ཇི་སྐད་བཤད་པ་དག་ཀྱང་བཏང་བར་བྱས་ལ། དེ་ བཞིན་དུ་རྟུག་པ་འགགས་པའི་ནད་གསོ་བ་གང་དག་ཡིན་པ་རླུང་འཇོམས་པར་བྱེད་པ་དེ་དག་བྱའོ། །རྒྱུ་མ་རྡོལ་བའི་དམུ་རྫིང་ལ། །དུགས་མ་གཏོགས་པའི་གསོ་བ་ཀུན། །བད་ཀན་དམུ་རྫིང་ལྟ་བུར་བྱ། །སོགས་པ་བཞིན་དུ་ཆུ་གཟགས་ཤིང་། །སྨན་པས་དེ་ལྟར་འཚོ་ཙམ་བྱ། ། ཞེས་བྱ་བ་ལ། རྒྱུ་མ་རྡོལ་བའི་དམུ་རྫིང་ལ་ནི་དུགས་ཀྱི་སྦྱོར་བ་མ་གཏོགས་པ་བད་ཀན་གྱི་གསོ་བ་ལྟར་བྱ་སྟེ། དེར་ནི་དུགས་བྱར་མི་རུང་ངོ་། །ཞེས་སྟོན་པ་ཡིན་ནོ། །དེ་བཞིན་དུ་ཆུ་སོགས་ཤིང་འདུས་པ་བཞིན་དུ་གཟགས་ཤིང་བསལ་བར་བྱ་ལ། སྨན་པས་དེ་ལྟར་བྱེད་བཞིན་ དུ་ནད་པ་དེ་རེ་ཞིག་འཚོ་བ་ཙམ་དུའོ། །དམུ་ཆུ་ལ་ནི་ཆུ་ཡི་ནི། །ཉེས་སེལ་སྨན་ནི་དང་པོར་ནི། །སྨན་རྣོ་བ་གཅིན་ལྡན་པ་དང་། །སྣ་ཚོགས་ཐལ་སྨན་ལྡན་པར་སྦྱིན། །ཞེས་བྱ་བ་ལ། དམུ་ཆུའི་རྫིང་ལ་ནི་དང་པོ་ཁོ་ནར་ཆུ་ལ་སོགས་པའི་ཉེས་པ་སེལ་བར་འགྱུར་བའི་སྨན་རྣོ་བ་བ་ 202-1-10b གཅིན་དང་ཐལ་བ་སྣ་ཚོགས་དང་བཅས་པ་སྦྱིན་པར་བྱའོ། །དྲོད་སྐྱེད་བད་ཀན་འཇོམས་པ་ཡི། །ཟས་ཀྱིས་དེ་ནི་གསོ་བར་བྱ། །ཞེས་བྱ་བ་ལ། དམུ་རྫིང་ཅན་དེ་ལ་ནི་མེ་དྲོད་བསྐྱེད་པའི་ཁྱད་པར་དུ་ཡང་བད་ཀན་འཇོམས་པའི་ཟས་བྱིན་ལ་བཅོས་པར་བྱའོ། །ར་ཡི་རིལ་མའི་ཐལ་ བའི་ཆུ། །བ་གཅིན་བཅས་གཟགས་མེ་བསྐོལ་བ། །སྐ་བར་གྱུར་པ་དེའི་ནང་དུ། །པི་པི་ལིང་དང་དེའི་རྩ་བ། །བཅའ་སྒ་དུར་བྱིད་ལན་ཚྭ་ལྔ། །དན་ད་ཁྲོན་བུ་འབྲས་བུ་གསུམ། །ཤུ་དག་ཀར་ཀ་ཏ་སྲིང་གི། །ཡ་བཀྵ་ར་པ་ཏ་ལ། །སྭརྫི་ཀྵ་ར་ཞེས་བྱ་བ། །ཞོ་ནི་གཉིས་ གཉིས་བཏགས་ཕྱེ་གཞུག །རྒྱ་ཤུག་ཙམ་གྱི་རི་ལུ་བྱ། །དེ་ནས་སྐྱུར་རྩབས་དང་སྦྱར་ལ། །བླུད་ན་མ་ཞུ་འོར་ནད་དང་། །དམུ་ཆུའི་ནད་ནི་འཕེལ་བ་སེལ། །ཞེས་བྱ་བ་ལ། རའི་རིལ་མ་ལེགས་པར་བསྲེགས་པའི་ཐལ་བ་བ་གཅིན་དང་བསྲེས་ཏེ། བཙགས་པ་གཟགས་པའི་ ཁུ་བ་མེས་ལེགས་པར་བསྐོལ་བ་ལ་ཐལ་ཆུ་སྐས་པར་གྱུར་པ་དང་དེའི་ནང་དུ་པི་པི་ལིང་ལ་སོགས་པའི་སྨན་ཞོ་གཉིས་གཉིས་ཀྱི་ཚད་བཏགས་པའི་ཕྱེ་མ་བཅུག་ལ། དེའི་འོག་ཏུ་རྒྱ་ཤུག་ཙམ་གྱི་རི་ལུ་སྐྱུར་རྩབས་ཀན་ཛི་དང་སྦྱར་ཏེ་བླུད་ན་མ་ཞུ་བ་ལ་སོགས་པའི་ནད་སེལ་བར་བྱེད་དོ། ། དེ་ལྟར་སྨན་གྱིས་མ་ཐུབ་ན། །རྒྱུ་འགགས་ལ་སོགས་དམུ་རྫིང་གསུམ། །གཉེན་གྱི་རྒྱལ་པོ་ལ་ཞུས་ཏེ། །མཚོན་གྱི་ལས་ནི་སྤྱད་པར་བྱ། །ཞེས་བྱ་བ་ལ། དེ་ལྟར་ཇི་སྐད་སྨོས་པའི་སྨན་གྱི་སྦྱོར་བ་བྱས་སུ་ཟིན་ཀྱང་ནད་དེ་མ་ཐུབ་ཅིང་། ཞི་བར་མ་གྱུར་ན་རྒྱུ་མ་འགགས་པའི་དམུ་ རྫིང་དང་། རྒྱུ་མ་རྡོལ་བའི་དམུ་རྫིང་དང་། ཆུའི་དམུ་རྫིང་སྟེ། གསུམ་ལ་མཚོན་གྱི་ལས་བྱ་དགོས་ལ། དེ་ཡང་ནད་པ་དེའི་གཉེན་གྱི་རྒྱལ་པོ་ལ་ཞུས་ཤིང་གསོལ་བ་བཏབ་པ་ལ། དེ་ཡིས་གནང་བ་མནོས་ཏེ་མཚོན་གྱི་ལས་བྱའོ། །རྒྱུ་འགགས་རྡོལ་བའི་དམུ་རྫིང་ལ། །སྣུམ་ ཞེན་དུགས་བྱས་ལྟེ་བའི་འོག །གཡོན་ལོགས་སུ་ནི་སོར་བཞི་ཡི། །ལྟེ་བའི་ཕྱོགས་སུ་བཞག་ནས་ནི། །སོར་བཞི་ཙམ་གྱི་ཚད་དབྲལ་ལ། །དེ་ལས་རྒྱུ་མ་ཕྱུང་ནས་ནི། །བརྟགས་ཏེ་སྤུ་དང་དྲི་མ་དང་། །འབྱར་བག་རྡོ་བ་ལ་སོགས་བསལ། །ཞེས་བྱ་བ་ལ། རྒྱུ་མ་འགགས་པ་དང་། 202-1-11a རྒྱུ་མ་རྡོལ་བ་ལས་བྱུང་བའི་དམུ་རྫིང་ལ་དང་པོ་སྣུམ་གྱིས་ཞེན་ཅིང་དུགས་བྱས་པའི་ནད་པའི་ལྟེ་འོག་གཡོན་ལོགས་སུ་སོར་བཞིའི་ཚད་གཞལ། དེ་དོར་བའི་ལྟོ་བའི་ཕྱོགས་སུ་སོར་བཞི་ཙམ་གྱི་ཚད་ལེགས་པར་དྲལ་ལ་སྒོ་དེ་ནས་རྒྱུ་མ་དྲངས་ལ་ཕྱུང་སྟེ་བརྟགས་ནས། གལ་ ཏེ་སྤུའམ་རྒྱུ་མ་དྲི་མ་ལ་འབྱར་བའི་ལྗན་ལྗིན་ནམ། རྡོ་བ་ལ་སོགས་པས་རྒྱུ་མ་འགགས་པར་བྱེད་པ་གང་དག་ཡིན་པ་བསལ་ཅིང་གདོན་པར་བྱའོ། །བརྟོལ་ལ་ཟུག་རྔུ་ཕྱུང་ནས་ནི། །རྣམ་པར་བསལ་ལ་གཟགས་པར་བྱ། །བུ་ག་དབྲལ་ལ་ཆར་གཞུག་ཅིང་། །ཟིན་ནས་དེ་ཡི་ལུས་ ཀྱི་ནི། །མགོ་བོ་རྣམ་པར་གཅད་པར་བྱ། །དེ་རྗེས་མར་དང་སྦྲང་རྩི་ཡིས། །བསྐུས་ནས་རྒྱུ་མ་ལེགས་པར་གཞུག །དེ་འོག་ཕྱིའི་ངོས་ནས་རྨ་བཙེམ། །ཞེས་བྱ་བ་ལ། རྒྱུ་མ་རྡོལ་བའི་དམུ་རྫིང་ལ་ནི། ནང་ནས་འཛག་པའི་སྒོ་དེ་ནས་ནང་གི་ཟུག་རྔུའི་གནོད་པ་ཕྱུང་སྟེ་ལྗན་ལྗིན་ རྣམ་པར་བསལ་ཞིང་ཆུ་ཅི་ཡོད་པ་ལེགས་པར་གཟགས་ལ། དེའི་བུ་ག་མ་ཀ་ལ་ཞེས་བྱ་བའི་སྲིན་བུའི་སོས་འདེབས་སུ་གཞུག་གོ། །སྲིན་བུ་དེས་ཟིན་པ་དང་། དེའི་ལུས་ལས་མགོ་བོ་གཅད་པར་བྱའོ། །དེ་ནས་དེ་རྗེས་ལ་རྨ་དེ་སྦྲང་རྩི་དང་། བུ་རམ་གྱིས་བསྐུས་ནས། རྒྱུ་མ་གནས་ གང་ཡིན་པར་ལེགས་པར་བཅུག་ནས་རང་གི་གནས་སུ་གཞག་པར་བྱའོ། །དེ་ལྟར་བཞག་པའི་རྗེས་ལ་ལྟོའི་ཕྱི་རོལ་ནས་རྨ་བཙེམ་པར་བྱའོ། །དེ་ནས་ས་ནག་ཤིང་མངར་གྱི། །ལྡེ་གུས་ལེགས་པར་བསྐུ་བར་བྱ། །ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་ས་ནག་སོར་རྟ་ཞེས་བྱ་བ་ དང་ཤིང་མངར་བཏགས་པའི་ལྡེ་གུས་ལེགས་པར་བསྐུས་ལ་རྨ་དཀྲི་ཞིང་བཅིང་བར་བྱའོ། །དེ་འོག་རླུང་མེད་གནས་སུ་ནི། །བཞག་ནས་འོ་མས་གསོས་པ་དང་། །སྣུམ་གྱིས་སྣོད་ནས་སྤྱིང་བར་བྱ། །ཞེས་བྱ་བ་ལ། དེ་ལྟར་བཅིངས་པའི་རྗེས་ལ་ནད་པ་དེ་རླུང་མེད་པའི་ཁང་པའི་ ནང་དུ་བཞག་ལ་འོ་མ་བླུད་ཅིང་བརྟེན་པ་དང་། སྣུམ་གྱིས་གང་བའི་སྣོད་ཆེན་པོའི་ནང་དུ་ལུས་སྤྱིང་བར་བྱའོ། །ཆུ་བཅས་དམུ་རྫིང་ཏིལ་མར་ནི། །རླུང་འཇོམས་བསྐོལ་བས་བསྐུས་ནས་ནི། །ཆུ་དྲོན་བླུགས་པས་དུགས་བྱ་ཞིང་། །ལྟོ་བ་རས་ཀྱིས་དཀྲིས་ནས་ནི། །རྒྱུ་འགགས་རྡོལ་ 202-1-11b བར་བཤད་ནས་སུ། །སོར་གཅིག་ཙམ་ནི་དབུག་པར་བྱ། །དེར་ནི་གཅེའུ་བཅུག་ནས་སུ། །དེ་ལ་ཆུ་ཕྱེད་གཟགས་པར་བྱ། །ཞེས་བྱ་བ་ལ། ཆུ་དང་བཅས་པའི་དམུ་ཆུའི་དམུ་རྫིང་ཆགས་པ་ལ་ནི་རླུང་འཇོམས་པའི་སྨན་དང་བསྐོལ་བའི་ཏིལ་མར་གྱིས་ནད་པའི་ལུས་བསྐུས་ལ་སྣུམ་གྱི་ཆོ་ ག་བྱས་ནས། ཆུ་དྲོན་པོ་སྣུམ་ཅན་བླུགས་པ་དེ་ཇི་སྐད་སྨོས་པ་བཞིན་དུ་དུགས་བྱ་ཞིང་ལྟོ་བ་མཆན་ཁུང་མན་ཆད་རས་ཀྱིས་དཀྲི་ཞིང་བཅིངས་ནས་རྒྱུ་མ་འགགས་པ་དང་། རྒྱུ་མ་རྡོལ་བའི་སྐབས་སུ་བཤད་པའི་ལུས་ཀྱི་གནས་ལྟེ་བའི་འོག་ཏུ་གཡོན་ལོགས་སུ་སོར་བཞི་བཅལ་བ་མ་ གཏོགས་པའི་འོག་གི་གནས་ཀྱི་ཕྱོགས་སུ་འབྲས་ཀྱི་དབྱིབས་ལྟ་བུའི་རྩེ་མོ་ཡོད་པས་གཙགས་བུས་སོར་གཅིག་ཙམ་ཞེས་བྱ་བ་མཐོ་བོང་ཤོང་པ་ཙམ་དབུག་ཅིང་དྲང་བར་བྱའོ། །དེ་ནས་རྨ་ཁ་དེར་དེ་དང་འཚམ་པའི་གཅེའུ་དེ་ལས་ནད་ཀྱི་ཆུ་དེའི་ཕྱེད་ཙམ་གཟགས་ཤིང་གདོན་པར་བྱའོ། ། དེ་ནས་གཅེའུ་ཕྱུང་ནས་ནི། །ཏིལ་དང་རྒྱམ་ཚའི་ལྡེ་གུ་ཡིས། །རྨ་བསྐུས་ནས་ནི་བཀག་ནས་སུ། །རས་ཀྱིས་ལྟོ་བ་དཀྲི་བར་བྱ། །ཞག་གསུམ་ཡང་ན་ཞག་བཞི་ཞིང་། །ཞག་ནི་བཅུ་དྲུག་བར་གྱིས་བྱ། །ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་ཞག་གསུམ་པའམ། ཞག་བཞི་ པའམ། ལྔ་པའམ། ཞག་བཅུ་གཉིས་པའི་བར་རམ། ཞག་བཅུ་དྲུག་པའི་བར་གྱིས། ནད་པའི་ཉམས་དང་དུས་ལ་སོགས་པའི་རང་བཞིན་གྱིས་དཔགས་ཏེ། ཆུ་གཟགས་པར་བྱས་ལ་དེ་ལྟར་གཟགས་པའི་ཚེ་གཅེའུ་ནས་གཟགས་ཤིང་བཏོན་པའི་འོག་ཏུ་གཅེའུ་དེ་ཕྱུང་ནས་ཏིལ་ དང་ལན་ཚྭ་བཏགས་པའི་ལྡེ་གུས་རྨ་བཀག་ཅིང་གླན་ཏེ་ལྟོ་བ་རས་ཀྱིས་དཀྲིས་ཤིང་བཅིང་བར་བྱའོ། །དེ་ནི་བར་བར་དུབ་བསྟི་ཞིང་། །ཆུ་ནི་ཉུང་ཟད་ཉུང་ཟད་དབྱུང་། །ཞེས་བྱ་བ་ལ། ཡང་ནད་པ་དེའི་ཆུ་འབྱིན་པ་ན་བར་སྐབས་སུ་ཞག་ཚིགས་ཀྱིས་བཅད་ཅིང་ངལ་སོས་པའི་དུབ་བརྟས་ ནས་ནད་ཀྱི་ཆུ་རིམ་གྱིས་ཉུང་ཟད་ཉུང་ཟད་དབྱུང་བར་བྱ་སྟེ། གལ་ཏེ་ཅིག་ཅར་ཆུ་ཐམས་ཅད་དུས་གཅིག་ཏུ་ཕྱུང་ན་ནི་སྐོམ་དད་དང་རིམས་དང་རྐང་ལག་བཅོམ་པ་སྙམ་དུ་ན་བ་དང་། འཁྲུ་བ་དང་། ལུད་པ་དང་། དབུགས་མི་བདེ་བ་དང་། རྐང་པ་སྦྲིད་ཅིང་ཚ་བར་གྱུར་པའི་སྐྱོན་ཡོད་ 202-1-12a པའམ། སླར་ཞིང་ཤས་ཆེར་ཆུས་འགེངས་པར་འགྱུར་བའི་སྐྱོན་ཡོད་དོ། །ལྟོ་ནི་ལྷོད་པར་གྱུར་པ་ན། །ཤིན་ཏུ་དམ་དུ་དཀྲི་བར་བྱ། །ཞེས་བྱ་བ་ལ། དམུ་ཆུ་དེ་གཟགས་ནས་ལྟོ་བ་ལེགས་པར་མཉེས་པ་ལ་ལྟོ་བ་དེ་ལྷོད་ཅིང་སྙི་བར་གྱུར་པ་ནི་ལུག་གི་པགས་ རློན་ནམ། རི་བོང་ལ་སོགས་པའི་པགས་རློན་གྱིས་ཤིན་ཏུ་དམ་དུ་བཅིང་བར་བྱ་སྟེ། དེ་ལྟར་བྱས་ན་རླུང་འཇུག་ཅིང་ལྟོ་སྦོས་པར་མི་འགྱུར་རོ། །ཆུ་ནི་གཟགས་པ་སྨྱུང་བྱས་ལ། །ཐུག་པ་ལན་ཚྭ་སྣུམ་མེད་བླུད། །ཅེས་བྱ་བ་ལ། ནད་ཀྱི་ཆུ་གཟགས་ཤིང་བཏོན་ནས་ནད་པ་དེ་སྨྱུང་བ་བྱས་ ཤིང་། ནས་ཀྱི་ཐུག་པ་ལན་ཚ་དང་སྣུམ་མེད་པ་ཚད་ཙམ་ཞིག་བླུད་ཅིང་སྦྱིན་པར་བྱའོ། །ཟླ་དྲུག་བར་དུ་འོ་མས་གསོ། །ཟླ་གསུམ་ཐུག་པ་འོ་ཐུག་བླུད། །ཟླ་གསུམ་བར་དུ་འོ་ཐུག་གམ། །འབྲས་བུ་སྐྱུར་བཅས་ཤ་ཁུ་ནི། །ལན་ཚ་སྣུམ་ནི་ཉུང་བ་བླུད། །ཁྲེ་དང་ཅི་ཚེ་རྙིང་པ་སྦྱིན། ། ཞེས་བྱ་བ་ལ། དེ་ནས་ཟླ་བ་དྲུག་གི་བར་དུ་ཕལ་ཆེར་འོ་མ་བླུད་ཅིང་འོ་ཐུག་སྦྱིན་པ་དང་། དེའི་འོག་ཟླ་བ་གསུམ་ནས་ཐུག་པའམ་འོ་ཐུག་བླུད་པ་དང་། དེའི་འོག་ཏུ་ཟླ་བ་གསུམ་གྱི་བར་དུ་འོ་ཐུག་གམ་འབྲས་ཐུག་ལ་སོགས་པ་ལ་སེའུ་འབྲུ་ལ་སོགས་པའི་འབྲས་བུ་སྐྱུར་བ་བཏབ་པ་དང་། ཤ་ ཁུ་ལན་ཚྭ་དང་སྣུམ་ཉུང་བ་བླུད་པར་བྱ་བ་དང་། ཁྲེ་དང་ཅི་ཚེ་ལ་སོགས་པའི་རྩ་འབྲུ་རྩུབ་ཅིང་ཡང་བ་ལོ་གཅིག་ལོན་པ་སྦྱིན་ཞིང་། མདོར་ན་ཁ་ཟས་ཡང་བ་དང་རྩུབ་པ་སྦྱིན་པར་བྱའོ། །དེ་ལྟར་ལོ་གཅིག་འབད་པ་ཡིས། །ཆུ་ཡི་དམུ་རྫིང་ལེགས་པར་གསོ། །སྤང་བ་རྣམས་ནི་བསྡམས་པ་ དང་། །བརྟེན་པར་བྱ་ཞིང་སྐོམ་མེད་བྱ། །ཞེས་བྱ་བ་ལ། ཇི་སྐད་སྨོས་པའི་ཚུལ་འདིས་ལོ་གཅིག་གི་བར་དུ་འབད་ཅིང་བརྩོན་པ་དང་ལྡན་པས་དམུ་ཆུའི་དམུ་རྫིང་གི་ནད་ལེགས་པར་གསོ་བར་བྱ་ཞིང་། དེ་ལ་གནོད་པའི་བག་སྤང་བར་བྱ་བ་རྣམས་ཤིན་ཏུ་བསྡམས་པ་དང་། སྲོག་འཚོ་བའི་སྨན་ པས་བསླབས་ཤིང་བསྟན་པའི་ཁ་ཟས་དང་སྤྱོད་ལམ་རྣམས་བརྟན་པར་བྱ་ཞིང་བཀག་པ་རྣམས་ལ་དབང་པོ་ཐུལ་ཞིང་སྐོམ་པ་མེད་པར་བྱའོ། །གང་ཕྱིར་དམུ་རྫིང་ཐམས་ཅད་ནི། །ནད་སོགས་པ་ལས་བྱུང་བས་ན། །དེ་ཕྱིར་རླུང་སོགས་བསལ་བ་ཡི། །གསོ་བ་ཀུན་ལ་བསྔགས་པ་ཡིན། ། 202-1-12b ཞེས་བྱ་བ་ལ། ཕལ་ཆེར་ནད་སོགས་ཤིང་འདུས་པ་ཡིན་པས་ན་དེའི་ཕྱིར་དེའི་རྒྱུ་རླུང་ལ་སོགས་པའི་ནད་བསལ་བའི་ཆོ་ག་གང་དག་ཡིན་པ་དེ་གསོ་བ་ཐམས་ཅད་ལས་ལྷག་པར་བསྔགས་ཤིང་ཕན་པ་ཡིན་ནོ། །ནད་ཀྱིས་ལྟོ་བ་གང་གྱུར་པས། །མེ་དྲོད་འབྲི་བར་གྱུར་པ་ཡིན། །དེ་བས་ ནང་ན་དྲོད་སྐྱེད་པའི། །རྩ་བ་ལྔ་བཅས་ཉུང་བ་དང་། །ལན་ཚྭ་སྣུམ་དང་ཁ་བ་ཉུང་། །འཇུ་སླའི་ཁ་ཟས་སྦྱིན་པར་བྱ། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་ཀྱིས་ཁོང་པའི་ནང་གང་ཞིང་རྒྱས་པར་གྱུར་ན་ཁོང་པའི་མེ་དྲོད་འབྲི་ཞིང་ཞན་པར་འགྱུར་བ་ཡིན་པས་དེའི་ཕྱིར་དམུ་རྫིང་ ཅན་ལ་ཁ་ཟས་ཀྱང་ཡང་བ་དང་། དྲོད་བསྐྱེད་པ་རྩ་བ་ལྔ་དང་བཅས་པ་དང་། ཁ་ཟས་ལན་ཚྭ་ལ་སོགས་པའི་ཞད་ཉུང་བ་འཇུ་སླ་བ་དག་སྦྱིན་པར་བྱའོ། །བ་གཅིན་དང་ནི་སྦངས་པ་ཡི། །དྲུག་ཅུ་པ་ཡི་འབྲས་དག་ལས། །ཐུག་པ་འོ་ཐུག་བཙོས་ནས་ནི། །ཅི་འདོད་པར་ནི་སྦྱིན་པར་ བྱ། །དམུ་རྫིང་སྐྱོན་ནི་སྦྱང་བའི་ཕྱིར། །དེ་རྗེས་བུ་རམ་ཤིང་ཁུ་བླུད། །དེས་ནི་རླུང་མཁྲིས་བད་ཀན་རྣམས། །རང་རང་གནས་སུ་འགྲོ་བར་འགྱུར། །ཞེས་བྱ་བ་ལ། འབྲས་དྲུག་ཅུ་པ་བ་གཅིན་གྱི་ནང་དུ་སྦངས་པ་ལས་ཅི་འདོད་པར་ཐུག་པ་ལ་སོགས་པ་བྱས་ནས་སྦྱིན་པར་བྱ་ཞིང་། དེའི་ རྗེས་ལ་དམུ་རྫིང་གི་ནད་སྦྱང་ཞིང་དག་པར་བྱ་བའི་ཕྱིར་བུ་རམ་ཤིང་གི་ཁུ་བ་བླུད་པར་བྱ་སྟེ། སྦྱོང་བ་དེས་ནི་རླུང་ལ་སོགས་པའི་ནད་རང་རང་གི་གནས་སུ་སོང་སྟེ་བདེ་བར་གནས་པར་འགྱུར་རོ། །དམུ་རྫིང་གི་ནད་ཐམས་ཅད་ལ་ཤིན་ཏུ་ཚ་བ་ལ་སོགས་པའི་ཁ་ཟས་དང་སྤྱོད་ལམ་སྤང་བར་བྱའོ། ། ཤིན་ཏུ་ཚ་བའི་ཆུ་ལན་ཚྭ། །རྩུབ་ཅིང་བཤང་སྲི་གྲང་ཞིང་ལྕི། །བུ་རམ་ཏིལ་གཡོས་ཚོད་མ་དང་། །ཆུ་འཐུངས་ལུས་ནི་འཁྲུ་བ་དང་། །རྩོལ་དྲགས་ལམ་དུབ་ཉིན་མོའི་གཉིད། །བཞོན་པས་འགྲོ་བ་སྤང་བར་བྱ། །ཤིན་ཏུ་སྐ་སླ་མིན་ཞིང་མངར། །དར་བ་སྐོམ་དུ་བླུད་པར་བསྔགས། ། རླུང་ལ་རྒྱམ་ཚ་པི་པི་ལིང་། །མཁྲིས་པར་ཁ་ར་ཚ་བ་གསུམ། །བད་ཀན་ལས་གྱུར་ལ་ལ་ཕུད། །རྒྱམ་ཚ་ཟི་ར་སྦྲང་རྩི་དང་། །ཚ་བ་གསུམ་དང་ལྡན་པ་སྦྱིན། །འདུས་པ་ལས་གྱུར་སྦྲང་རྩི་དང་། །ཤུ་དག་ཏིལ་མར་བཅའ་སྒ་དང་། །ཤུ་ཏི་རུ་རྟ་ལྕེ་མྱང་ཚ། །མཆེར་པ་རྒྱུ་འགགས་ 202-1-13a དམུ་རྫིང་ལ། །ཚ་བ་གསུམ་དང་ལ་ལ་ཕུད། །རྒྱམ་ཚ་གོ་སྙོད་སྤ་འབྲས་བཅས། །རྒྱུ་རྡོལ་སྦྲང་རྩི་པི་པི་ལིང་། །ཚ་བ་གསུམ་དང་ལྡན་པ་བླུད། །ཅེས་བྱ་བ་ལ། དར་བ་ཤིན་ཏུ་སྐ་བ་ཡང་མ་ཡིན་ལ། སླ་བ་ཡང་མ་ཡིན་པའི་དར་བ་སར་པ་རོ་མངར་ བ་བླུད་པ་བསྔགས་པ་དེ་ཡང་རླུང་ལས་གྱུར་པའི་དམུ་རྫིང་ལ་ནི། དར་བ་འཇམ་པོ་རྒྱམ་ཚ་དང་པི་པི་ལིང་བཏབ་པ་བླུད་པ་ཡང་ཕན་ནོ། །མཁྲིས་པ་ལས་གྱུར་པའི་དམུ་རྫིང་ལ་ནི་ཁ་ར་དང་ཚ་བ་གསུམ་བཏབ་པའི་དར་བ་བླུད་ན་ཕན་ནོ། །བད་ཀན་ལ་ནི་དར་བ་དེ་ལ་ལ་ལ་ཕུད་ལ་སོགས་པའི་སྨན་ བཏབ་པ་བླུད་དོ། །འདུས་པ་ལས་གྱུར་པའི་དམུ་རྫིང་ལ་ནི་སྦྲང་རྩི་ལ་སོགས་པ་བཏབ་པའི་དར་བ་བླུད་ན་ཕན་ནོ། །མཆེར་པ་དང་མཆིན་པ་དང་རྒྱུ་མ་འགགས་པའི་དམུ་རྫིང་ལ་ནི། ཚ་བ་གསུམ་དང་སྤ་མའི་འབྲས་བུ་ཧ་པུ་ཤ་ཞེས་བྱ་བའི་བར་དང་བཅས་པར་བླུད་ན་ཕན་ནོ། །རྒྱུ་མ་རྡོལ་བའི་དམུ་ རྫིང་ལ་ནི་པི་པི་ལིང་དང་སྦྲང་རྩིར་བཅས་པའི་དར་བ་བླུད་ན་ཕན་ནོ། །ཆུ་ཡི་དམུ་རྫིང་ཅན་ལ་ནི། །ཚ་བ་གསུམ་བཅས་བླུད་ན་ཕན། །ཞེས་བྱ་བ་ལ། ཆུའི་དམུ་རྫིང་དམུ་ཆུ་ཅན་ལ་ནི་ཚ་བ་གསུམ་དང་བཅས་པའི་དར་བ་བླུད་ན་ཕན་ནོ། །རླུང་དང་བད་ཀན་གྱིས་གཟིར་ཞིང་། །ལུས་ལྕི་ལྟོ་སྦོས་ ཡི་ག་འཆུས། །ཚད་འཁྲུ་མེ་དྲོད་ཉམས་པ་ལ། །དར་བ་བདུད་རྩི་ལྟ་བུ་ཡིན། །ཞེས་བྱ་བ་ལ། རླུང་དང་བད་ཀན་གྱིས་ཉེན་པའི་ནད། ལུས་ལྕི་བ་ལ་སོགས་པའི་ནད་ཉམ་ཐག་པ་ལ་དར་བ་བླུད་པ་ནི་བདུད་རྩི་ལྟ་བུར་ཕན་ཞིང་བསྔགས་པ་ཡིན་ནོ། །སྦྱོར་བ་ཀུན་གྱི་རྗེས་ལ་ནི། ། འོ་མ་ཉེ་བར་སྦྱར་བྱས་ཏེ། །ལུས་ཟུངས་ཐམས་ཅད་བརྟན་བྱེད་ཅིང་། །སྟོབས་བསྐྱེད་ནས་ནི་ལྷག་ལུས་སེལ། །ཞེས་བྱ་བ་ལ། དམུ་རྫིང་གི་ནད་སེལ་བའི་སྦྱོར་བ་ཀུན་གྱི་རྗེས་སམ་རྟིང་ཐོག་ལ་འོ་མ་བླུད་ཅིང་སྦྱིན་པར་བྱ་སྟེ། ཅིའི་ཕྱིར་ཞེ་ན། འོ་མ་དེས་ལུས་ཟུངས་དྭངས་མ་ལ་སོགས་པ་བརྟན་ པར་བྱེད་ཅིང་ལུས་ཀྱི་སྟོབས་བསྐྱེད་པར་བྱ་བ་དང་། ནད་ཀྱི་ལྷག་མ་མ་ལུས་པ་སེལ་ཞིང་ཕྱིས་ནད་འབྱུང་བར་མི་བྱེད་པ་ཡིན་ནོ། །སྨན་གྱིས་ཉམས་སྨད་གྱུར་ལུས་ལ། །འོ་མ་བདུད་རྩི་ལྟ་བུ་ཡིན། །ཞེས་བྱ་བ་ལ། སྨན་གྱི་སྦྱོར་བས་གང་ལུས་ཀྱི་ཉམས་སྨད་ཅིང་རིད་པར་གྱུར་པ་དེ་ལ། འོ་མ་ 202-1-13b བླུད་པ་ནི་བདུད་རྩི་ལྟར་ཕན་པ་ཡིན་ཞིང་སྲོག་སྟེར་བར་བྱེད་པ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། གསོ་བའི་གནས་ལེའུ་བཅོ་ལྔ་པའི་རྣམ་པར་འགྲེལ་པའོ།། །།དེ་ ནས་སྐྱ་རྦབ་ཀྱི་ནད་གསོ་བའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། ནད་གཞི་ཇི་སྐད་བསྟན་པའི་རིམ་པས་གསོ་བ་ཡང་དེ་དང་འདྲ་བར་བརྩམས་པ་ཡིན་པའི་ཕྱིར་གོ་རིམས་ལ་བབ་པས། སྐྱ་རྦབ་ཀྱི་ནད་གསོ་བ་བརྩམས་པ་ཡིན་ནོ། །སྐྱ་རྦབ་ནད་ལ་དང་པོར་ནི། །དགེ་བ་ཆེན་པོའི་ སྨན་མར་རམ། །བ་ཡི་ལྔ་དང་ཏིག་ཏ་ཆེའམ། །དོང་ག་སོགས་བསྐོལ་སྨན་མར་བླུད། །ཅེས་བྱ་བ་ལ། དེ་ལ་སྐྱ་རྦབ་ཀྱི་ནད་དང་ལྡན་པའི་མི་ལ་ནི་དང་པོ་ཁོ་ནར་དགེ་བ་ཆེན་པོ་ཞེས་བྱ་བའི་སྨན་མར་རམ། བའི་རྣམ་ལྔའི་སྨན་མར་རམ། ཏིག་ཏ་ཆེན་པོའི་སྨན་མར་རམ། དོང་ག་ ལ་སོགས་པའི་སྡེ་ཚེན་དང་བསྐོལ་བའི་སྨན་མར་བླུད་ན་ཕན་ནོ། །སེའུ་འབྲུ་ཕུལ་གང་འུ་སུ་ཕྱེད། །ཙི་ཏྲ་ཀ་དང་བཅའ་སྒ་ལས། །སྲང་རེ་པི་པི་ལིང་སྲང་ཕྱེད། །ལྡེ་གུར་བྱས་པ་མར་སྲང་ནི། །ཉི་ཤུ་ཆུ་བྲེ་བཞི་ནང་བསྐོལ། །སྐྱ་རྦབ་སྙིང་ནད་གཞང་འབྲུམ་སྐྲན། །མཆེར་རླུང་བད་ཀན་ གྱིས་ཉེན་སེལ། །དྲོད་སྐྱེད་ལུད་པ་དབུགས་མི་བདེ། །སེལ་ཞིང་རླུང་འཁྱིལ་བདེར་འབྱུང་བྱེད། །བུ་བཅས་དཀའ་དང་མོ་གཤམ་ལ། །འདི་ནི་མཆོག་ཏུ་བསྔགས་པ་ཡིན། །ཞེས་བྱ་བ་ལ། སེའུ་འབྲུའི་ཁུ་བ་ལས་ཕུལ་གང་སྟེ་སྲང་བཞི། འུ་སུའི་འབྲས་བུ་ཕུལ་ཕྱེད་དེ་སྲང་གཉིས། ཙི་ཏྲ་ཀ་དང་བཅའ་སྒ་སྲང་རེ་རེ། པི་པི་ལིང་སྲང་ཕྱེད་དོ། །དེ་དག་བཏགས་ལ་ལྡེ་གུར་བྱས་ནས་མར་སྲང་ཉི་ཤུ་དང་ཆུ་བྲེ་བཞིའི་ནང་དུ་བསྐོལ་བའི་སྨན་མར་བྱིན་ན་སྐྱ་རྦབ་ལ་སོགས་པའི་ནད་སེལ་བར་བྱེད་ཅིང་། དྲོད་སྐྱེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དང་། བུད་མེད་བུ་བཙས་ པའི་ཚེ་ན་སྡུག་བསྔལ་ཞིང་མ་ཐོན་པ་དང་། བུད་མེད་མོ་གཤམ་སྟེ་བུ་མེད་པ་དག་ལ་མཆོག་ཏུ་ཕན་པ་ཡིན་ནོ། །སྣུམ་བྱས་སྐྱུག་སྨན་རྣོན་པོ་གཏང་། །སླར་ཡང་སྣུམ་བྱས་བཀྲུ་སྨན་ནི། །འོ་མ་གཅིན་སྦྱར་བཏང་བའམ། །མཁུར་བཀང་ལན་མང་བྱས་པས་སྦྱང་། །ཞེས་བྱ་བ་ལ། 202-1-14a ཡང་སྐྱ་རྦབ་ཀྱི་ནད་དང་ལྡན་པ་དེ་ལ། དང་པོར་སྣུམ་གྱི་ཆོ་ག་ལེགས་པར་བྱས་ལ་སྐྱུག་སྨན་རྣོན་པོ་བཏང་ལ་སློན་དུ་གཞུག་པར་བྱའོ། །དེ་ནས་ཡང་བརྟས་ལ་སླར་སྣུམ་གྱི་ཆོ་ག་བྱས་ནས། འོ་མ་དང་བ་གཅིན་སྦྱར་བའི་བཀྲུ་སྨན་བཏང་བའམ། འོ་མ་མཁུར་བར་ བཀང་བ་ལན་མང་དུ་བསྟེན་པས་སྦྱངས་ཤིང་དག་པར་བྱའོ། །དན་དའི་འབྲས་བུའི་ཁུ་བ་དྲོད། །ཏང་པལ་ཡང་ན་རྒུན་འབྲུམ་ནི། །སྲང་བརྒྱད་ཞག་གཅིག་སྦངས་མཉེས་པ། །དེ་འཐུངས་སྐྱ་རྦབ་ནད་སེལ་ཏོ། །ཞེས་བྱ་བ་ལ། དན་དའི་འབྲས་བུའི་ཁུ་བ་ཅུང་ཟད་ཙམ་དྲོ་བར་ཏང་པལ་སྲང་ བརྒྱད་དམ། རྒུན་འབྲུམ་སྲང་བརྒྱད་དང་མཚན་མོ་སྦངས་ལ་དེ་ནང་པར་མཉེས་ཏེ་ཚགས་ཀྱིས་བཙགས་པ་དེ་འཐུངས་ན། སྐྱ་རྦབ་ཀྱི་ནད་སེལ་བར་བྱེད་དོ། །ཨ་རུ་བཏགས་པ་བ་གཅིན་སྦྱར། །ཡང་ན་དེ་བསྐོལ་འབྲས་བུ་གསུམ། ཞེས་བྱ་བ་ལ། ཨ་རུ་ར་བཏགས་ཏེ་བ་ གཅིན་དང་སྦྱར་བ་བླུད་པའམ། ཡང་ན་བ་གཅིན་དེའི་ནང་དུ་འབྲས་བུ་གསུམ་བསྐོལ་བའི་ཁུ་བ་བླུད་ན་ཡང་སྐྱ་རྦབ་ཀྱི་ནད་ལ་ཡང་ཕན་ནོ། །ཁྲོན་བུ་མ་ཤ་དུར་བྱིད་དང་། །ཐང་ཤིང་བཅའ་སྒའི་ལྡེ་གུ་ནི། །བ་གཅིན་སྲང་བརྒྱད་སྦྱར་བའམ། །བ་གཅེན་ལྷན་ཅིག་བསྐོལ་བ་བླུད། ། ཅེས་བྱ་བ་ལ། ཁྲོན་བུ་ལ་སོགས་པ་བཏགས་པའི་ལྡེ་གུ་དང་བ་གཅིན་སྲང་བརྒྱད་སྦྱར་ཏེ་བླུད་པའམ། ཁྲོན་བུ་ལ་སོགས་པ་དེ་དག་ཉིད་དང་བ་གཅིན་སྲང་བརྒྱད་བསྐོལ་བ་དེ་བླུད་ན་ཡང་ཕན་ནོ། །དེ་དག་ཉིད་ནི་མར་བསྐོལ་བ། །བླུད་ནའང་ནད་ནི་སེལ་བར་བྱེད། །ཅེས་བྱ་བ་ལ། ཡང་ཁྲོན་བུ་ལ་སོགས་པ་སྨན་དེ་དག་ཉིད་དང་མར་བསྐོལ་བ་བླུད་ན་ཡང་སྐྱ་རྦབ་ཀྱི་ནད་སེལ་ཞིང་སྦྱོང་བར་བྱེད་དོ། །ཡང་ན་ལྕགས་ཕྱེ་བ་གཅིན་ནམ། །འོ་མར་ཞག་བདུན་བཞག་པ་བླུད། །ཞུ་ནས་ཁ་ཟས་འོ་མའམ། །ཤ་ཁུ་མངར་པོ་སྦྱིན་པར་བྱ། །ཞེས་བྱ་བ་ལ། ཡང་ན་ལྕགས་ ཀྱི་ཕྱེ་མ་ཞག་བདུན་གྱི་བར་དུ་བ་གཅིན་ནམ་འོ་མའི་ནང་དུ་བཞག་པ་བླུད་ན་སྨན་དེ་ཞུ་ནས་ཁ་ཟས་འབྲས་ཆན་འོ་མའམ། ཤ་ཁུ་མངར་པོ་དང་སྤགས་ཏེ་བྱིན་ན་ཡང་ཕན་ནོ། །སྟོད་སྨད་སྦྱངས་ནས་ཨ་རུ་ར། །སྦྲང་རྩི་མར་སྦྱར་ལྡེ་གུ་སྦྱིན། །ཞེས་བྱ་བ་ལ། སློན་སྨན་དང་བཀྲུ་སྨན་ 202-1-14b གྱིས་སྟོད་སྨད་ཀྱི་ནད་སྦྱངས་ནས། ཨ་རུ་ར་དང་། མར་དང་། སྦྲང་རྩི་སྦྱར་བའི་ལྡེ་གུ་སྦྱིན་པར་བྱའོ། །བི་ཤ་ལ་དང་པུ་ཙེ་ཤེལ། །གླ་སྒང་རུ་རྟ་ཐང་ཤིང་དང་། །དུག་མོ་ཡུངས་ནི་ཞོ་གཉིས་གཉིས། །མུར་བ་སྲང་ཕྱེད་བོང་ང་ནི། །ཞོ་གཅིག་དེ་རྣམས་ཕྱེར་བཏགས་ཆུ། །དྲོ་ འཇམ་སྦྱར་བླུད་སྦྲང་རྩི་སྦྱིན། །སྐྱ་རྦབ་རིགས་དང་ཁོང་ཚ་དང་། །ལུད་པ་དབུགས་མི་བདེ་སྐྲན་སྦོ། །ཡི་ག་འཆུས་དང་མ་ཞུ་རླུང་། །ཁྲག་མཁྲིས་དེས་ནི་སེལ་བར་བྱེད། །ཅེས་བྱ་བ་ལ། བི་ཤ་ལ་ལ་སོགས་པའི་སྨན་ཞོ་གཉིས་གཉིས་དང་མུར་བ་སྲང་ཕྱེད་དང་བོང་ང་དཀར་པོ་ ཞོ་གཅིག་སྟེ། དེ་རྣམས་ཕྱེ་མར་བཏགས་ལ་ཆུ་བསྐོལ་བ་འཇམ་ཙམ་དང་སྦྱར་ཏེ་བླུད་ལ། དེའི་འོག་ཏུ་སྦྲང་རྩི་བྱིན་ན་ཕྱེ་མ་དེས་སྐྱ་རྦབ་ལ་སོགས་པའི་ནད་སེལ་བར་བྱེད་དོ། །སླེ་ཏྲེས་དང་ནི་བ་ཤ་ཀ །འབྲས་བུ་གསུམ་དང་པུ་ཙེ་ཤེལ། །ཏིག་ཏ་ནིམ་པ་རྩ་མཁྲིས་རྣམས། །བསྐོལ་ཏེ་ བསྒྲངས་པར་སྦྲང་རྩི་ནི། །བཏབ་པ་བླུད་ན་སྐྱ་རྦབ་དང་། །མིག་སེར་ཁྲག་མཁྲིས་འཇོམས་པར་བྱེད། །ཅེས་བྱ་བ་ལ། སླེ་ཏྲེས་ལ་སོགས་པའི་སྨན་བསྐོལ་བའི་ཁུ་བ་བསྒྲངས་པའི་ནང་དུ་སྦྲང་རྩི་བཏབ་སྟེ་བླུད་ན་ཡང་སྐྱ་རྦབ་ལ་སོགས་པའི་ནད་འཇོམས་པར་བྱེད་དོ། །ཚ་བ་གསུམ་དང་རྩི་ཏྲ་ ཀ །འབྲས་བུ་གསུམ་དང་བྱི་དང་ག །ག་དུར་དང་མཉམ་ལྕགས་ཀྱི་ཕྱེ། །མར་དང་སྦྲང་རྩི་དར་བའམ། །ཆུ་དྲོན་འོ་མར་སྦྱར་བ་བླུད། །མིག་སེར་སྙིང་ནད་སྐྱ་རྦབ་དང་། །མཛེ་དང་གཞང་འབྲུམ་ནད་རྣམས་སེལ། །ཞེས་བྱ་བ་ལ། ཚ་བ་གསུམ་ལ་སོགས་པའི་སྨན་དགུ་པོ་ཆ་མཉམ་ པའི་ཕྱེ་མ་ཇི་སྙེད་ཡོད་པ་དང་མཉམ་པའི་ལྕགས་ཀྱི་ཕྱེ་མ་མར་ལ་སོགས་པའམ། ཆུ་དྲོན་དང་སྦྱར་ཏེ་བླུད་ན་མིག་སེར་གྱི་ནད་ལ་སོགས་པ་སེལ་བར་བྱེད་དོ། །དོང་གྲ་ལྕགས་ཕྱེ་ཏིལ་དང་ནི། །བུ་རམ་ཆ་སྙོམས་པ་ཡི་ཚད། །པི་པི་ལིང་ནི་ཉིས་འགྱུར་གཞུག །རི་ལུ་སྐྱ་རྦབ་ཅན་ལ་སྦྱིན། ། ཞེས་བྱ་བ་ལ། དོང་གྲ་ལ་སོགས་པ་ཆ་མཉམ་པར་བྱས་ལ་པི་པི་ལིང་དོང་གྲའི་ཉིས་འགྱུར་བཅུག་ནས་རི་ལུའི་སྦྱོར་བ་བྱས་ཏེ་སྐྱ་རྦབ་ཅན་ལ་བྱིན་ན་ཕན་ནོ། །ཏ་བྱ་སྐྱེར་པའི་ཤུན་པ་དང་། །དབྱི་མོ་པི་པི་ལིང་རྩ་བ། །ཐང་ཤིང་རྩ་བ་གསུམ་སོགས་དགུ། །ཕྱེ་མར་བཏགས་པ་ཉིས་འགྱུར་གྱི། ། 202-1-15a མན་དུ་རའི་ཕྱེ་དངུལ་རྡོ་འདྲ། །དེ་དག་གི་ནི་བརྒྱད་འགྱུར་གྱི། །བ་གཅིན་ནང་དུ་སོ་སོར་བསྐོལ། །རི་ལུར་བྱ་བར་བཟོད་པ་དང་། །གཅིག་ཏུ་བསྲེས་ཏེ་རི་ལུར་བྱ། །དེ་ནི་མན་དུ་རིའི་རི་ལུ། །དེ་ཟོས་དར་བ་འཐུངས་ནས་ནི། །སྐྱ་རྦབ་ཅན་ལ་སྲོག་སྟེར་རོ། །མཛེ་ དང་མ་ཞུ་འོར་ནད་དང་། །བརླ་རེངས་ཡི་ག་འཆུས་པ་དང་། །གཞང་འབྲུམ་མིག་སེར་གཅིན་སྙི་དང་། །མཆེར་པའི་ནད་རྣམས་ཞི་བར་བྱེད། །ཅེས་བྱ་བ་ལ། ཏ་བྱ་ནི་པ་ཊ་མ་ཀྵི་ཀའོ། །ཚ་བ་གསུམ་ལ་སོགས་པའི་དགུ་པ་ནི་ཚ་བ་གསུམ་དང་། ཙི་ཏྲ་ཀ་དང་། པི་ད་ཀ་དང་། འབྲས་བུ་གསུམ་དང་། གླ་སྒང་སྟེ་དགུའོ། །དེ་དག་ཐམས་ཅད་ཕྱེ་མར་ཞིབ་ཏུ་བཏགས་ལ་དེ་ཕྱེ་མ་དེའི་ཉིས་འགྱུར་གྱི་མན་དུ་ར་ཞེས་བྱ་བ་ལྕགས་ནག་པོའི་ཕྱེ་མ་ཡིན་ནོ་ཞེས་ཉི་མ་འཆར་ཀའི་ཞེས་བྱ་བའི་སྨན་པ་ཟེར་རོ། །སྨན་པ་རྒན་པོ་གཞན་དག་ནི་གཙིགས་མ་ཚ་ཚ་ཞེས་བྱ་བ་ལ་མན་ དུ་རའི་ཞེས་བྱའོ། །ཞེས་ཟེར་རོ། །དེ་ཕྱེ་མ་ཕྱེ་མ་བྱིང་པོའི་ཉིས་འགྱུར་གནག་ཅིང་འཚེར་བས་དངུལ་རྡོ་འདྲ་བར་བཏགས་ལ། དེ་ནས་ཕྱེ་མ་དེ་སོར་བཞག་སྟེ། བ་གཅིན་བརྒྱད་འགྱུར་གྱི་ནང་དུ་སོ་སོར་བསྐོལ་ལ། །རི་ལུར་བྱ་བར་བཟོད་པ་དང་། གཅིག་ཏུ་བསྲེས་ལ་རི་ལུར་ བྱའོ། །འདི་ནི་མན་དུ་རའི་རི་ལུ་ཞེས་བྱ་སྟེ། དེ་ལས་རན་པར་ཟོས་ཤིང་དེའི་རྗེས་ལ། དར་བ་བླུད་ན་སྐྱ་རྦབ་ལ་སོགས་པའི་ནད་ཞི་བར་བྱེད་དོ། །རྟ་བྱ་བྲག་ཞུན་རྡུལ་ལྕགས་ཀྱི། །དྲི་མ་སྣ་རེ་སྲང་ལྔ་ལྔ། །ཙི་ཏྲ་ཀ་དང་འབྲས་བུ་གསུམ། །ཚ་བ་གསུམ་དང་བྱི་དང་ག །སྲང་རེ་ཁ་ར་ སྲང་བརྒྱད་སྦྱར། །ཕྱེ་མ་སྦྲང་རྩིས་སྦྲུས་པ་ཡིས། །སྐྱ་རྦབ་དུག་དང་ལུད་པ་ལུ། །གཅོང་ཆེན་མི་བཟད་རིམས་དང་ནི། །མཛེ་དང་མ་ཞུ་གཅིན་སྲི་དང་། །སྐྲན་དབུགས་མི་བདེ་ཡི་ག་འཆུས། །ཁྱད་པར་དུ་ནི་བརྗེད་བྱེད་དང་། །མིག་སེར་གཞང་འབྲུམ་ནད་རྣམས་སེལ། །ཞེས་ བྱ་བ་ལ། ཏ་བྱ་ལ་སོགས་པའི་སྨན་བཞི་པོ་སྣ་རེ་ཞིང་སྲང་ལྔ་ལྔ་དང་། ཙི་ཏྲ་ཀ་ལ་སོགས་པ་སྲང་རེ་རེ་ཁ་ར་སྲང་བརྒྱད་དང་སྦྱར་བའི་ཕྱེ་མ་ཞིབ་ཏུ་བཏགས་པ་སྦྲང་རྩིས་སྦྲུས་ཏེ་ལྡེ་གུར་བྱས་ལ། བྱིན་ན་སྐྱ་རྦབ་ལ་སོགས་པའི་ནད་རྣམས་འཇོམས་པར་བྱེད་དོ། །དུག་མོ་ཡུངས་དང་འབྲས་བུ་ 202-1-15b གསུམ། །ནིམ་པ་གླ་སྒང་པ་ཏོ་ལ། །དོང་གྲ་བསྐོལ་བའི་ཁུ་བར་ནི། །བྲག་ཞུན་སྲང་བརྒྱད་ཞག་བཅུ་འམ། །ཉི་ཤུའམ་སུམ་ཅུའི་བར་དུ་སྦངས། །ཁ་ར་དཀར་པོ་དེ་མཉམ་དང་། །སྨིག་རྐང་དང་ནི་པི་པི་ལིང་། །ཀརྐ་ཏ་སྲིང་སྐྱུ་རུ་ར། །སྲང་རེའི་ཚད་དུ་བྱས་པ་དང་། ། ཀཎྜ་ཀ་རིའི་རྩ་འབྲས་བུ། །སྲང་གཅིག་ཚད་དུ་བྱས་པ་དང་། །དྲི་སྣ་གསུམ་པོ་ཞོ་གཉིས་གཉིས། །སྦྲང་རྩི་སྲང་གསུམ་བཅས་པར་ནི། །རི་ལུ་ཞོ་གཉིས་ཚད་བྱས་ཟོས། །སེའུ་འབྲུའི་ཁུ་བ་འོ་མ་དང་། །བྱ་ཡི་ཤ་ཁུ་ཆུ་དྲོན་དང་། །ཨ་ས་བ་དང་ཆང་རྙིང་དང་། །དེ་ནི་ཟོས་ རྗེས་བླུད་པའམ། །ཟས་སྔོན་ཟས་ཀྱི་རྗེས་བླུད་ན། །སྐྱ་རྦབ་མཛེ་དང་རིམས་མཆེར་པ། །མགོ་འཁོར་གཞང་འབྲུམ་མཚན་བར་རྡོལ། །རྣགས་དང་སྙིང་ནད་ཁུ་བའི་ནད། །གཅིན་ནད་དྲོད་ཉམས་སེལ་བྱེད་ཅིང་། །སྐེམས་དང་སྦྱར་དུག་དམུ་རྫིང་དང་། །ལུད་པ་ཁྲག་མཁྲིས་ གསར་པ་དང་། །འོར་ནད་སྐྲན་དང་ལྐོག་མའི་ནད། །རྒྱུ་རླུགས་མགོ་འཁོར་བཅས་པ་ཡི། །ནད་ཀུན་སེལ་ཞིང་དགེ་བ་ཡིན། །ཞེས་བྱ་བ་ལ། དུག་མོ་ཡུངས་ལ་སོགས་པའི་སྨན་བསྐོལ་བའི་ཁུ་བའི་ནང་དུ་བྲག་ཞུན་བཟང་པོ་སྲང་བརྒྱད་ཞག་བཅུ་ཉི་ཤུའམ་སུམ་ཅུ་སྟེ་ཟླ་བ་གཅིག་གི་ བར་དུ་སྦངས་ལ་ཁ་ར་དཀར་པོ་བྲག་ཞུན་དང་མཉམ་པ་སྲང་བརྒྱད་དང་། སྨིག་རྐང་ལ་སོགས་པའི་སྨན་སྣ་རེ་ཞིང་སྲང་རེ་དང་། ཀཎྜ་ཀ་རིའི་རྩ་བ་དང་། འབྲས་བུ་སྲང་གཅིག་དང་། དྲི་སྣ་གསུམ་ཞེས་བྱ་བ་ཤིང་ཚ་དང་། སུག་སྨེལ་དང་། གནྡྷ་བྷ་དྲ་ཅི་རིགས་པར་གཞུག་པར་བྱ་སྟེ། དེ་དག་ལ་སྦྲང་རྩི་སྲང་གསུམ་བསྲེས་ཏེ། རི་ལུ་དེ་ཞོ་གཉིས་ཀྱི་ཚད་དུ་བྱས་པ་དང་། སེའུ་འབྲུའི་ཁུ་བ་ལ་སོགས་པ་གང་ཡང་རུང་བ་དང་། ཅི་རིགས་པར་བླུད་ཅིང་དེ་ཡང་ཟས་ཟོས་པའི་སྔོན་དུ་བླུད་ན་དེས་སྐྱ་རྦབ་ལ་སོགས་པའི་ནད་སེལ་བར་བྱེད་ཅིང་དགེ་བ་དང་། བདེ་ལེགས་སྐྱེད་པར་ བྱེད་པ་ཡིན་ནོ། །རྒུན་འབྲུམ་པི་པི་ལིང་བྲེ་རེ། །ཁ་ར་སྲང་ནི་ལྔ་བཅུ་དང་། །ཤིང་མངར་བཅའ་སྒ་སྨིག་རྐང་དག །སྲང་ནི་གཉིས་གཉིས་ཕྱེ་མར་བྱ། །སྐྱུ་རུ་རའི་ཁུ་བྲེ་བཅུ་དྲུག །ནང་གཞུག་ལྡེ་གུ་དེ་བཞིན་བསྐོལ། །བསྒྲངས་པར་སྦྲང་རྩི་བྲེ་གང་གཞུག །དེ་ལས་ཞོ་གཉིས་ 202-1-16a ཚད་ཟོས་ན། །གཟུགས་འཁུམས་སྐྱ་རྦབ་ནད་དང་ནི། །མིག་སེར་གྱི་ནི་ནད་འཇོམས་སོ། །ཞེས་བྱ་བ་ལ། རྒུན་འབྲུམ་བྲེ་གང་དང་། པི་པི་ལིང་བྲེ་གང་དང་། ཁ་ར་སྲང་ལྔ་བཅུ། ཤིང་མངར་ལ་སོགས་པའི་སྨན་སྣ་རེ་རེ་ཞིང་ཞོ་གཉིས་གཉིས་ཏེ། དེ་མ་ལུས་པར་ ཕྱེ་མར་བྱས་ཏེ། སྐྱུ་རུ་བསྐོལ་བའི་ཁུ་བ་བྲེ་བཅུ་དྲུག་གི་ནང་དུ་བཅུག་ལ། མེ་ཆུང་ངུས་ལྡེ་གུར་གྱུར་པ་དང་། དེ་བསྒྲངས་པའི་སྦྲང་རྩི་བྲེ་གང་བཅུག་ལ། དེ་ལས་ཞོ་གཉིས་གཉིས་ཀྱི་ཚད་དུ་ཟོས་ན་གཟུགས་འཁུམས་པ་ལ་སོགས་པའི་ནད་འཇོམས་པར་བྱེད་དོ། །རྩ་བ་ལྔ་པ་ཆུང་ ངུའི་ཆུ། །རྒུན་འབྲུམ་སྐྱུ་རུ་རའི་ཁུ་བ། །བཟའ་དང་བཏུང་བར་སྦྱར་བ་ནི། །སྐྱ་རྦབ་མིག་སེར་ནད་སེལ་ཏོ། །ཞེས་བྱ་བ་ལ། སྐྱ་རྦབ་ཀྱིས་ཉེན་པའི་མི་ལ་རྩ་བ་ལྔ་བསྐོལ་བའི་ཆུ་ལ་སོགས་པ་དང་། བཟའ་བ་དང་བཏུང་བ་དང་སྦྱར་ཏེ་བསྟེན་པ་བསྔགས་སོ། །དེ་ལྟར་སྐྱ་རྦབ་ནད་ ལ་ནི། །སྤྱི་ཡི་སྨན་ནི་བསྟན་པ་ཡིན། །མཁས་པས་ནད་དམིགས་སོ་སོ་ཡི། །སྟོབས་དབང་ལས་ཀྱང་སྦྱར་བར་བྱ། །ཞེས་བྱ་བ་ལ། དེ་ལྟར་སྔར་བཤད་པའི་ཚུལ་གྱིས་སྐྱ་རྦབ་ཀྱི་ནད་བསལ་བར་བྱ་བའི་ཕྱིར་ཐུན་མོང་གི་སྨན་བཏང་བ་ཡིན་ནོ། །སྨན་དེ་གསོ་བ་ལ་མཁས་པའི་ སྨན་པས་རླུང་ལ་སོགས་པ་སོ་སོའི་ནད་ཀྱི་སྟོབས་གང་ཤས་ཆེ་བའི་དབང་དུ་བྱས་ནས་ཀྱང་དེ་ཅི་རིགས་པའི་གསོ་བར་སྦྱར་ཞིང་གཏང་བར་བྱའོ། །རླུང་གྱུར་ཕལ་ཆེར་སྣུམ་ཆོས་བྱ། །མཁྲིས་པར་ཁ་དང་བསིལ་བ་གཏང་། །བད་ཀན་ལས་གྱུར་རྩུབ་ཚ་དྲོ། །འདུས་པར་འདྲེན་མར་སྦྱར་བར་ བྱ། །ཞེས་བྱ་བ་ལ། སྐྱ་རྦབ་ཀྱི་ནད་རླུང་ལས་གྱུར་པ་ལ་ནི་སྔར་སྨོས་པའི་སྨན་ལས་ཕལ་ཆེར་སྣུམ་གྱིས་ཤས་ཆེར་གསོ་བར་བྱའོ། །མཁྲིས་པ་ལས་གྱུར་པའི་སྐྱ་རྦབ་ཀྱི་ནད་ལ་ནི། སྨན་ཁ་བ་དང་བསིལ་བ་བཏང་ཞིང་གསོ་བར་བྱའོ། །བད་ཀན་ལས་གྱུར་པའི་སྐྱ་རྦབ་ཀྱི་ནད་ལ་ནི་ སྨན་རྩུབ་པ་དང་། ཚ་བ་དང་། དྲོ་བའི་བག་གཏང་བར་བྱའོ། །འདུས་པ་ལས་གྱུར་པའི་ནད་ལ་ནི་སྨན་དེ་དག་ཕན་ཚུན་འདྲེན་མར་སྦྱར་ཞིང་གཏང་བར་བྱའོ། །ས་ཟོས་ལས་གྱུར་སྦྱང་བ་ནི། །རྣོན་པོས་ལུས་ལས་བསལ་བར་བྱ། །དེ་འོག་ལྟོ་སྦྱངས་སྟོབས་བསྐྱེད་ཕྱིར། །དེ་ལ་ཞུན་མར་ 202-1-16b སྦྱིན་པར་བྱ། །ཞེས་བྱ་བ་ལ། ས་ཞག་ཟོས་པ་ལས་གྱུར་པའི་སྐྱ་རྦབ་ལ་ནི་དང་པོ་ཁོ་ནར་བཀྲུ་སྨན་དང་སློན་སྨན་རྣོན་པོ་བཏང་བས་ལུས་ལས་བསལ་ཞིང་གདོན་པར་བྱའོ། །དེའི་འོག་ཏུ་ལྟོ་བའི་ནད་སྦྱངས་པའི་སྐྱ་རྦབ་ཅན་གྱི་ནད་པའི་ལུས་ཀྱི་སྟོབས་བསྐྱེད་ཅིང་བརྟ་བར་བྱ་བའི་ཕྱིར་ཞུན་མར་དག་སྦྱིན་པར་བྱའོ། ། ཚ་བ་གསུམ་དང་བིལ་བ་དང་། །སེར་པོ་གཉིས་དང་འབྲས་བུ་གསུམ། །བ་སྤྲུ་བ་གཉིས་གླ་སྒང་དང་། །ལྕགས་ཕྱེ་པ་ཐ་བྱི་དང་ག །ཐང་ཤིང་བྲི་ཤྩིཀ་ལི་དང་། །ག་བྲའི་རྩ་བ་འོ་མ་མར། །བསྐོལ་བ་འཐུངས་ན་ས་ཞག་ཟོས། །ལས་གྱུར་ནད་ནི་ཐམས་ཅད་སེལ། །ཞེས་བྱ་བ་ལ། ཚ་བ་གསུམ་ལ་སོགས་པའི་ སྨན་འདི་དག་དང་འོ་མ་དང་མར་ཚུལ་བཞིན་དུ་བསྐོལ་བ་བླུད་ནས་ཞག་ཟོས་པ་ལས་གྱུར་པའི་ནད་ཐམས་ཅད་སེལ་ཞིང་འཇོམས་པར་བྱེད་དོ། །དེ་བཞིན་ནཱ་ག་གེ་སར་དང་། །ཤིང་མངར་ཀུ་ཤ་པི་པི་ལིང་། །འོ་མར་བསྐོལ་བ་བླུད་ན་ཕན། །ཞེས་བྱ་བ་ལ། དེ་བཞིན་དུ་ནཱ་ག་གེ་སར་ལ་སོགས་པའི་སྨན་དང་འོ་མ་ བསྐོལ་ཏེ་བླུད་ན་ཡང་ས་ཞག་ཟོས་པ་ལས་གྱུར་པའི་ནད་ཐམས་ཅད་སེལ་བར་བྱེད་དོ། །དེ་ལ་སྲེད་པར་གྱུར་ན་ནི། །བྱི་དང་ག་དང་པ་ཐ་དང་། །ནིམ་པ་བསྐོལ་བའི་ཁུ་བའམ། །མུར་བ་དང་བསྲེས་ས་ཞག་དག །སྲེད་པ་དགག་ཕྱིར་སྦྱིན་པར་བྱ། །ཞེས་བྱ་བ་ལ། སྐྱ་རྦབ་ཅན་གྱི་ནད་པ་དེ་ས་ཞག་ལ་སྲེད་ཅིང་དེ་ ལ་དགའ་བར་གྱུར་ན་དེའི་སྲེད་པ་དགག་ཅིང་དེ་དང་འགལ་འགྲས་པར་བྱ་བའི་ཕྱིར་བྱི་དང་ག་ལ་སོགས་པ་དང་ས་ཞག་ཏུ་བསྲེས་པ་སྦྱིན་པར་བྱའོ། །ཡང་ན་མུར་བ་དང་བསྲེས་པའི་ས་ཞག་སྦྱིན་པར་བྱའོ། །ས་ཞག་བྱེ་བྲག་ཐ་དད་ནད། །རྗེས་སུ་མཐུན་པའི་སྨན་སྦྱིན་བྱ། །ཞེས་བྱ་བ་ལ། ས་ཞག་གི་བྱེ་བྲག་ཐ་དད་ པར་ཟོས་པ་ལས་ནད་ཐ་དད་པར་གྱུར་པ་ལས་ནི་རྗེས་སུ་མཐུན་ཞིང་ནད་དམིགས་ཇི་ལྟ་བ་བཞིན་དུ་སྨན་གྱི་སྦྱོར་བ་སྦྱིན་པར་བྱའོ། །དེ་ནི་འདི་སྐད་སྟོན་པ་ཡིན་ཏེ་རོ་བསྐ་བའི་ས་ཞག་ཟོས་པ་ལས་ནད་དུ་གྱུར་པ་ལ་ནི་རླུང་འཇོམས་པའི་སྨན་སྦྱིན་པར་བྱ་ལ་ཚ་སྒོ་ཅན་གྱི་ས་ཟོས་པ་ལས་ནད་དུ་གྱུར་པ་ལ་ནི་མཁྲིས་པ་སེལ་བའི་སྨན་ སྦྱིན་པར་བྱ་ལ། ས་མངར་པོ་ཟོས་པ་ལས་ནད་དུ་གྱུར་པ་ལ་ནི་བད་ཀན་སེལ་བའི་སྨན་སྦྱིན་པར་བྱའོ། །མིག་སེར་ལ་ནི་མཁྲིས་འཇོམས་སྨན། །སྐྱ་རྦབ་གནོད་པ་མེད་པ་སྦྱིན། །ཞེས་བྱ་བ་ལ། མིག་སེར་གྱི་ནད་ལ་ནི་མཁྲིས་པ་འཇོམས་ཤིང་སེལ་བའི་སྨན་སྦྱིན་པར་བྱ་ལ་དེ་ཡང་སྐྱ་རྦབ་ལ་གནོད་ཅིང་མི་མཐུན་པ་ 202-1-17a མེད་པ་སྦྱིན་པར་བྱའོ། །ཨ་རུ་ར་ནི་བརྒྱའི་ཁུ་བར། །ཨ་རུ་ར་རྡོག་ལྔ་བཅུའི་ཕྱེད། །མར་ནི་བྲེ་གང་ནང་དུ་བསྐོལ། །སྐྲན་དང་མིག་སེར་སྐྱ་རྦབ་འཇོམས། །ཞེས་བྱ་བ་ལ། ཨ་རུ་ར་བརྒྱ་བསྐོལ་བའི་ཁུ་བ་དང་མར་བྲེ་གང་བསྐོལ་བའི་ནང་དུ་ཨ་རུ་ར་ལྔ་བཅུ་བཏབ་པའི་ ལྡེ་གུ་བྱིན་ན་སྐྲན་ལ་སོགས་པའི་ནད་འཇོམས་མོ། །དོང་ག་བུ་རམ་ཤིང་ཁུ་འམ། །བི་ད་རི་དང་སྐྱུ་རུ་རའི། །ཁུ་བ་ཚ་བ་གསུམ་བཅས་པ། །སྲང་གཅིག་བླུད་ན་མིག་སེར་འཇོམས། །ཞེས་བྱ་བ་ལ། བུ་རམ་ཤིང་གི་ཁུ་བ་དང་། །དོང་ག་ཚ་བ་གསུམ་དང་བཅས་པ་སྲང་གཅིག་ཙམ་ བྱིན་ན་ཡང་མིག་སེར་གྱི་ནད་འཇོམས་སོ། །ཡང་ན་བི་ད་རི་དང་སྐྱུ་རུ་རའི་ཁུ་བ་ཚ་བ་གསུམ་དང་བཅས་པ་སྲང་གཅིག་ཙམ་བྱིན་ན་ཡང་ཕན་ནོ། །དན་ད་བུ་རམ་ཉིས་འགྱུར་གྱི། །ལྡེ་གུ་ཆུ་གྲང་སྦྱར་བ་བླུད། །ཅེས་བྱ་བ་ལ། ཡང་ན་དན་ད་བུ་རམ་ཉིས་འགྱུར་དང་སྦྱར་བའི་ལྡེ་གུ་ཆུ་ གྲང་སྦྱར་ཏེ་བླུད་ན་ཕན་ནོ། །དུར་བྱིད་ཕྱེ་མ་སྦྲང་རྩིར་བཅས། །འབྲས་བུ་གསུམ་གྱི་ཁུ་བ་བླུད། །ཅེས་བྱ་བ་ལ། དུར་བྱིད་ཀྱི་རྩ་བ་ཕྱེ་མ་སྦྲང་རྩི་དང་བཅས་པའི་ལྡེ་གུ་འབྲས་བུ་གསུམ་བསྐོལ་བའི་ཁུ་བ་དང་སྦྱར་ཏེ་བླུད་ན་ཕན་ནོ། །འབྲས་བུ་གསུམ་མམ་སླེ་ཏྲེས་སམ། །སྐྱེར་ པའམ་ནིམ་པའི་ཁུ་བ་དག །སྦྲང་རྩིར་སྦྱར་བ་ནང་རེ་ནི། །མིག་སེར་གྱིས་ནི་ཉེན་ལ་བླུད། །ཅེས་བྱ་བ་ལ། འབྲས་བུ་གསུམ་གྱི་ཁུ་བ་སྦྲང་རྩིར་སྦྱར་བའམ། སླེ་ཏྲེས་བསྐོལ་བའི་ཁུ་བ་སྦྲང་རྩིར་སྦྱར་བའམ། སྐྱེར་པའི་ཁུ་བ་སྦྲང་རྩིར་སྦྱར་བའམ། ནིམ་པའི་ཁུ་བ་སྦྲང་རྩིར་ སྦྱར་བ་སྟེ། དེ་དག་གང་ཡང་རུང་བས་མིག་སེར་གྱི་ནད་ཀྱིས་ཉེན་པ་ལ་ནང་རེ་ཞིང་བླུད་ན་ཕན་ཏེ་སེལ་བར་བྱེད་དོ། །སྐྱེར་པ་ཡུག་སྣམ་སྐྱུ་རུ་ར། །མིག་སེར་སེལ་བའི་མིག་སྨན་ཡིན། །ཞེས་བྱ་བ་ལ། སྐྱེར་པ་དང་བཙག་ཡུག་སྣམ་དང་སྐྱུ་རུ་ར་སྦྱར་བའི་མིག་སྨན་བསྐུས་ན་ཡང་ མིག་སེར་གྱི་ནད་སེལ་བར་བྱེད་དོ། །མིག་སེར་ཅན་གང་དྲི་མ་ནི། །ཏིལ་བཏགས་ལྟ་བུར་བྱུང་གྱུར་ན། །བད་ཀན་ལམ་འགགས་དེ་ལ་ནི། །བད་ཀན་མཁྲིས་པ་སེལ་བས་གསོ། །ཞེས་བྱ་བ་ལ། མིག་སེར་ཅན་གྱི་མི་གང་ཞིག་བཤང་བ་ཞེས་བྱ་བའི་དྲི་མ་ཏིལ་བཏགས་པའི་ 202-1-17b མདོག་འདྲ་བ་བྱུང་བར་གྱུར་ཅིང་བད་ཀན་གྱིས་མཁྲིས་པ་རྒྱུ་བའི་ལམ་འགགས་པ་ཡིན་པས། དེ་ལ་ནི་བད་ཀན་དང་མཁྲིས་པ་སེལ་བའི་ཁ་ཟས་དང་སྤྱོད་ལམ་དང་སྨན་གྱིས་གསོ་བར་བྱའོ། །རྩུབ་གྲང་ལྕི་དང་མངར་བ་དང་། །དྲག་ཤུལ་རླུང་ནི་བཀག་པ་ཡིས། །རླུང་དང་བད་ ཀན་གཅིག་གྱུར་པ། །མཁྲིས་པ་ཕྱིར་འབྱིན་དེ་ཡི་ཚེ། །མིག་དང་པགས་པ་སེར་བ་དང་། །ཕྱི་ས་སྐྱ་བར་གྱུར་པ་དང་། །བཤང་འགགས་རྒྱུ་མ་འཁྲུགས་པ་དང་། །སྙིང་ག་ལྕི་བ་ཉིད་གྱུར་ལ། །མཁྲིས་པ་ཡན་ལག་ལ་བརྟེན་ན། །རིད་ཅིང་དྲོད་ཆུང་རྩིབ་ལོགས་གཟེར། ། སྐྱིགས་བུ་ལུད་པ་ཡི་ག་འཆུས། །རིམས་འདེབས་རིམ་གྱིས་འབྱུང་བར་འགྱུར། །ཞེས་བྱ་བ་ལ། གང་གི་ཚེ་རྩུབ་པ་ལ་སོགས་པའི་རྒྱུས་རླུང་དང་བད་ཀན་འདྲེས་ཤིང་གཅིག་ཏུ་གྱུར་པ་དེའི་ཚེ་མཁྲིས་པ་ཁོང་པ་ནས་ཕྱིར་འབྱིན་པར་བྱེད་ལ་དེའི་ཚེ་མིག་དང་པགས་པ་སེར་པོར་འགྱུར་ ཞིང་ཕྱི་ས་ཤིན་ཏུ་སྐྱ་རྦབ་ཤིང་དཀར་བར་འགྱུར་བ་དང་། བཤང་བ་འགགས་ཤིང་རྒྱུ་མ་ཀྲུག་ཀྲུག་ཟེར་ཞིང་ལྦོ་བ་དང་བཅས་ཏེ། སྙིང་ག་ཤིན་ཏུ་ལྕི་ཞིང་ན་བར་གྱུར་ན་མཁྲིས་པའི་རིམས་ཀྱིས་ཡན་ལག་བྱེར་ཞིང་བརྟེན་པར་གྱུར་པ་དང་། འབྲི་བར་གྱུར་པ་ན། རིད་ཅིང་དྲོད་ཆུང་བ་ལ་ སོགས་པའི་བླ་བརྣན་གྱི་ནད་རྣམས་འབྱུང་བར་འགྱུར་རོ། །དེ་ལ་རྨ་བྱའམ་ཁྱིམ་བྱ་དང་། །སྲེག་པའི་ཤ་ཁུའམ་ལ་ཕུག་ནི། །སྐམ་པོའི་ཁུ་བའམ་རྒྱ་སྲན་ཁུ། །རྩུབ་ཁ་སྐྱུར་བར་སྦྱར་བ་སྦྱིན། །ཞེས་བྱ་བ་ལ། ཡན་ལག་ལ་བརྟེན་པའི་མིག་སེར་གྱི་ནད་དེ་ལ་རྨ་བྱ་ལ་སོགས་པའི་ཤ་ ཁུ་དང་། ལ་ཕུག་སྐམ་པོའི་ཁུ་བ་ལ་སོགས་པའི་ཁུ་བ་དེ་དག་རྩུབ་པ་དང་ཁ་བ་དང་སྐྱུར་བ་དང་སྦྱར་བ་སྦྱིན་པར་བྱའོ། །རབ་ཚ་སྐྱུར་དང་རྣོ་བ་དང་། །ལན་ཚ་ཤིན་ཏུ་དྲོ་བ་བསྔགས། །ཞེས་བྱ་བ་ལ། ཡང་ནད་དེ་ལ་ཟས་སྐོམ་དང་སྨན་ལ་སོགས་པ་རབ་ཏུ་ཚ་བ་དང་སྐྱུར་བ་ལ་སོགས་པ་ཕན་ནོ། །ཁ་ ལུང་ཁུ་བ་ཚ་བ་གསུམ། །སྦྱར་བའི་ལྡེ་གུའང་སྦྱིན་པར་བྱ། །ཞེས་བྱ་བ་ལ། མིག་སེར་གྱི་ནད་དང་ལྡན་པས་ཁ་ལུང་ལ་སོགས་པའི་ལྡེ་གུ་ཟོས་ན་ཡང་ཕན་ནོ། །དེས་ནི་མཁྲིས་པ་རང་གནས་སུ། །འཇུག་ཅིང་བཤང་མདོག་ཐ་མལ་འགྱུར། །རྒྱུ་མ་འཁྲུག་སོགས་བླ་བརྣན་བཅས། །རླུང་ 202-1-18a ཡང་རབ་ཏུ་ཞི་བར་འགྱུར། །ཞེས་བྱ་བ་ལ། བཤད་མ་ཐག་པ་ལྟར་བྱས་ལ། དེས་ནང་གི་རླུང་དང་བད་ཀན་བསལ་བས་ཡན་ལག་བྱེར་བའི་མཁྲིས་པ་རང་གི་གནས་གང་ཡིན་པ་དེར་འཇུག་ཅིང་འོང་བར་འགྱུར་ལ། དེས་ན་བཤང་བ་ཡང་སྔ་མ་ལས་མདོག་འགྱུར་ཏེ། ཏིལ་བཏགས་པ་ལྟ་བུ་ལས་སེར་པོར་འགྱུར་རོ། །དེ་བཞིན་དུ་རླུང་བླ་བརྣན་དང་བཅས་པ་ཡང་ཞི་བར་འགྱུར་རོ། །འདི་ཡིས་བླ་བརྣན་ཞི་ནས་ནི། །མིག་སེར་གསོ་བའི་ཆོ་ག་བྱ། །ཞེས་བྱ་བ་ལ། སྐྱེས་བུ་དེའི་བླ་བརྣན་ཞི་བར་གྱུར་ནས། མིག་སེར་ལ་ཕན་པའི་གསོ་བ་བྱའོ། །མིག་ སེར་ཁོང་དུ་ཞེན་པ་ན། །བྲག་ཞུན་བ་གཅིན་དང་སྦྱར་བ། །གསེར་གྱི་དྲི་མའམ་ཏ་བྱ་ནི། །བ་གཅིན་སྦྱར་བ་ཟླ་གཅིག་བླུད། །ཅེས་བྱ་བ་ལ། མིག་སེར་ཁོང་པའི་ནང་དུ་ཞེན་པ་ལ་ནི་བྲག་ཞུན་དང་བ་གཅིན་དང་སྦྱར་བ་ཟླ་བ་གཅིག་གི་བར་དུ་བླུད་པའམ། གསེར་བཞུས་པའི་དྲི་ མ་དང་། བ་གཅིན་ནམ། ཏ་བྱ་དང་བ་གཅིན་སྦྱར་བ་ཟླ་བ་གཅིག་གི་བར་དུ་བླུད་པར་བྱའོ། །ཧ་ལི་ས་ཀ་སླེ་ཏྲེས་ཁུ། །འོ་མ་མ་ཧེའི་མར་བསྐོལ་བའི། །སྐྱུ་རུ་ར་ཡི་ཁུ་བ་དང་། །དུར་བྱིད་སྦྱར་བའི་བཀྲུ་སྨན་བླུད། །འཁྲུས་ནས་ཁ་ཟས་མངར་བག་ནི། །རླུང་འཇོམས་མཁྲིས་པ་ འཇོམས་པ་སྦྱིན། །ཞེས་བྱ་བ་ལ་སོགས་པའི། ཧ་ལི་ས་ཀ་ཞེས་བྱ་བ་འདིའི་ནད་ཡོད་པ་ལ་ནི། སླེ་ཏྲེས་ཀྱི་ཁུ་བ་དང་། འོ་མ་མར་གྱི་ཉིས་འགྱུར་དང་མ་ཧེའི་མར་བསྐོལ་བས་ལུས་སྣུམ་པར་བྱས་ལ། སྐྱུ་རུ་རའི་ཁུ་བ་དང་། དུར་བྱིད་སྦྱར་བའི་བཀྲུ་སྨན་བླུད་ནས་འཁྲུས་པར་གྱུར་ པ་དང་། མཁྲིས་པ་ལ་ཕན་པའི་ཁ་ཟས་མངར་བག་སྦྱིན་པར་བྱའི་གཞན་སྦྱིན་པར་མི་བྱའོ། །སྔར་བཤད་རྒུན་འབྲུའི་ལྡེ་གུ་དང་། །མངར་བའི་སྨན་མར་ཞུན་མར་སྦྱིན། །འོ་མ་མས་གཏོང་སྨན་དང་ནི། །འཇམ་རྩིར་བྱས་པ་བསྟེན་པར་བྱ། །ཞེས་བྱ་བ་ལ། སྔར་ལེའུ་འདི་ཉིད་ ལས་བཤད་པའི་རྒུན་འབྲུའི་ལྡེ་གུ་དང་། མངར་བའི་སྨན་དང་སྦྱར་བའི་མར་དང་། འོ་མའི་མས་གཏོང་བ་འོག་ནས་བཤད་པ་དང་། སྣུམ་གྱི་འཇམ་རྩི་དང་བཅས་པ་སྦྱིན་པར་བྱའོ། །མེ་དྲོད་བསྐྱེད་པར་བྱ་བའི་ཕྱིར། །རྒུན་ཆང་ཆང་རྙིང་སྦྱིན་པར་བྱ། །ཞེས་བྱ་བ་ལ། དེ་བཞིན་དུ་ 202-1-18b རྒུན་ཆང་དང་ཆང་རྙིང་དག་ཀྱང་ཁོང་པའི་མེ་དྲོད་བསྐྱེད་པ་བླུད་པར་བྱའོ། །ལུད་པའི་སྐབས་བཤད་ཨ་རུ་རའི། །ཤིང་མངར་བ་ལ་པི་པི་ལིང་། །འོ་མ་སྦྱར་བ་ནད་དམིགས་དང་། །མེ་དྲོད་ཇི་བཞིན་སྦྱིན་པར་བྱ། །ཞེས་བྱ་བ་ལ། ཧ་ལི་ས་ཀའི་ནད་དེ་ལ་ལུད་པ་གསོ་བའི་སྐབས་སུ་ བཤད་པའི་ཨ་རུ་རའི་ལྡེ་གུ་རྀ་ཥིས་བཤད་པ་སྦྱིན་པར་བྱའོ། །ཡང་ན་པི་པི་ལིང་ལ་སོགས་པ་ནད་ཀྱི་ཚུལ་ཇི་ལྟ་བ་དང་། མེ་དྲོད་ཀྱི་སྟོབས་ཇི་ལྟ་བ་བཞིན་དུ་སྦྱིན་པར་བྱའོ། །མཁས་པས་འོར་ནད་སྐབས་བཤད་པའི། །གསོ་བ་སྐྱ་རྦབ་ལ་ཡང་སྦྱར། །ཞེས་བྱ་བ་ལ། སྨན་པ་ མཁས་པས་འོར་ནད་ཀྱི་གསོ་བར་བཤད་པ་དག་ཀྱང་ནད་དམིགས་ཇི་ལྟ་བ་བཞིན་དུ་སྐྱ་རྦབ་ཀྱི་ནད་ལ་སྦྱར་བར་བྱའོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས་གསོ་བའི་གནས་ཀྱི་ལེའུ་བཅུ་དྲུག་ པའི་རྣམ་པར་འགྲེལ་པའོ།། །།དེ་ནས་འོར་ནད་གསོ་བ་བཤད་པར་བྱའོ། །ཞེས་བྱ་བ་ལ། གོ་རིམས་ཀྱིས་ན་འོར་ནད་གསོ་བ་བཤད་པའི་ཕྱིར་ལེའུ་འདི་བརྩམས་པ་ཡིན་ནོ། །འོར་ནད་ཡན་ལག་ཀུན་ཞུགས་ཤིང་། །ནད་སྐྱེས་མ་སྨིན་ལ་དང་པོར། །སྨྱུང་བྱས་ཁ་ཟས་ཡང་ བ་བཟའ། །བོང་ང་ཐང་ཤིང་བྱི་དང་ག །དུག་མོ་ཡུངས་དང་ན་ལེ་ཤམ། །བསྐོལ་བའི་ཆུ་དྲོན་བླུད་པར་བྱ། །ཞེས་བྱ་བ་ལ། འོར་ནད་ཀྱི་རྣམ་པ་ལུས་ཀྱི་ཡན་ལག་ཐམས་ཅད་ལ་ཞུགས་ཤིང་ནད་གཞི་སོ་སོ་དང་། གཉིས་དང་ཀུན་འདུས་པ་ལས་སྐྱེས་པ་མ་ཡིན་པ་ལ་དང་པོ་ཁོ་ནར་སྨྱུང་བ་ བྱས་པས་དེའི་རྗེས་ཐུག་པ་ལ་སོགས་པའི་ཁ་ཟས་མང་པོ་སྦྱིན་པར་བྱའོ། །དེའི་འོག་ཏུ་བོང་ང་ལ་སོགས་པ་དང་བསྐོལ་བའི་ཆུ་འཇམ་བླུད་པར་བྱའོ། །ཡང་ན་ཨ་རུ་ར་བཅས་དང་། །ཐང་ཤིང་བ་སྤྲུ་བསྐོལ་བའམ། །ལྕགས་ཕྱེ་དགུ་པར་བཅས་པ་བླུད། །ཅེས་བྱ་བ་ལ། ཡང་ན་ཨ་རུ་ར་རྣམ་པར་ རྒྱལ་བ་ལ་སོགས་པའི་ཁུ་བ་སྨྱུང་བར་བྱས་ཤིང་། ཁ་ཟས་ཡང་བཟོས་པའི་འོག་ཏུ་བླུད་པར་བྱའོ། །ཡང་ན་ལྕགས་ཕྱེ་དགུ་པ་སྐྱ་རྦབ་ཀྱི་ནད་གསོ་བའི་སྐབས་སུ་བཤད་པ་དང་། ཆུ་དྲོན་དུ་སྦྱར་ཏེ་བླུད་པར་བྱའོ། །འོར་ནད་ཤས་ཆེར་ཨ་རུ་ར། །བ་གཅིན་བཅས་པ་སྦྱང་ཕྱིར་བླུད། །ཅེས་བྱ་བ་ལ། འོར་ 202-1-19a ནད་ཤས་ཆེར་བདོ་བ་ལ་ནི་ཨ་རུ་ར་དང་བ་གཅིན་སྦྱར་བ་བླུད་ཅིང་སྦྱངས་ནས་དག་པར་བྱའོ། །འབྲས་བུ་གསུམ་བསྐོལ་པུ་ཙེ་ཤེལ། །དུར་བྱིད་ལྕགས་ཕྱེ་ཚ་གསུམ་བཅས། །ཞེས་བྱ་བ་ལ། ཡང་ན་འབྲས་བུ་གསུམ་བསྐོལ་བའི་ནང་དུ་པུ་ཙེ་ཤེལ་ནས་ཚ་བ་གསུམ་གྱི་སྨན་ཡན་ བཏབ་པ་བླུད་པར་བྱའོ། །ཡང་ན་དེ་བཞིན་གུ་གུལ་ལམ། །བྲག་ཞུན་དང་ནི་སྦྱར་བ་བླུད། །ཅེས་བྱ་བ་ལ། ཡང་ན་འབྲས་བུ་གསུམ་བསྐོལ་བའི་ཁུ་བ་གུ་གུལ་ལ་བྲག་ཞུན་གང་ཡང་རུང་བ་དང་སྦྱར་ཏེ་བླུད་པར་བྱའོ། །མེ་དྲོད་ཆུང་ཞིང་མ་སྨིན་ལ། །ལྕི་ཞིང་རྟུག་འགགས་ཡང་ན་འཁྲུ། ། ཚ་བ་གསུམ་དང་རྩལ་རུ་ཚ། །སྦྲང་རྩི་དར་བར་སྦྱར་བའམ། །ཨ་རུ་ར་དང་བུ་རམ་བཅས། །བུ་རམ་བཅའ་སྒར་བཅས་པ་དང་། །ཟོས་རྗེས་དར་བ་བླུད་པར་བྱ། །ཞེས་བྱ་བ་ལ། འོར་ནད་ཅན་གྱི་ནད་པ་མེ་དྲོད་ཆུང་བ་ལ་སོགས་པ་དང་ལྡན་པ་ལ་ཚ་བ་གསུམ་དང་ལྡན་པའི་དར་བ་བླུད་པའམ། ཡང་ ན་ཨ་རུ་ར་དང་བུ་རམ་ཟོས་པའི་རྗེས་ལ་དར་བ་བླུད་པར་བྱ་བའམ། ཡང་ན་བུ་རམ་དང་སྒར་སྦྱར་བ་ཟོས་ནས། དེའི་རྗེས་ལ་དར་བ་བླུད་པར་བྱའོ། །སྒེའུ་གཤེར་བུ་རམ་ཆ་སྙོམས་པ། །སྲང་ཕྱེད་ཚད་ཀྱིས་བསྐྱེད་ནས་ནི། །ཆེ་ཚད་སྲང་ལྔའི་བར་དུ་ནི། །ཟླ་གཅིག་ཟ་ཞིང་ཡུ་ཤ་དང་། །འོ་མ་ ཤ་ཁུ་བཅས་ཟོས་ན། །འོར་ནད་དམུ་རྫིང་སྐྲན་གཞང་འབྲུམ། །གཅིན་ནད་དབུགས་མི་བདེ་ཆམ་པ། །སྒྱིད་སྙོམ་མ་ཞུ་མིག་སེར་དང་། །ལུས་སྐེམ་གདོན་གྱི་ནད་རྣམས་དང་། །ལུད་པ་བད་ཀན་སྦྱོར་འདིས་སེལ། །ཞེས་བྱ་བ་ལ། ཡང་ན་སྒེའུ་གཤེར་བུ་རམ་དང་ཆ་མཉམ་པ་སྲང་ཕྱེད་ ཕྱེད་ཀྱིས་བསྐྱེད་ནས་ཆེ་ཚད་སྲང་ལྔར་ཕྱིན་གྱི་བར་དུ་ཟླ་བ་གཅིག་གི་བར་དུ་བཟའ་ཞིང་བསྟེན་པར་བྱའོ། །དེ་ནི་འདི་སྐད་སྟོན་ཏེ། སྒེའུ་གཤེར་དང་བུ་རམ་ཆ་མཉམ་སྟེ་བསྲེས་པ་ཉི་མ་དང་པོ་ལ་སྲང་ཕྱེད་བཟའ། ཉི་མ་གཉིས་པ་ལ་སྲང་གཅིག་བཟའ། གསུམ་པ་ལ་སྲང་ཕྱེད་དང་གཉིས། བཞི་ པ་ལ་སྲང་གཉིས། ལྔ་པ་ལ་སྲང་ཕྱེད་དང་གསུམ། དྲུག་པ་ལ་སྲང་གསུམ། བདུན་པ་ལ་སྲང་ཕྱེད་དང་བཞི། བརྒྱད་པ་ལ་སྲང་བཞི། དགུ་པ་ལ་སྲང་ཕྱེད་དང་ལྔ། ཞག་བཅུ་པ་ལ་སྲང་ལྔ། ཞག་བཅུ་གཅིག་པ་ནས་ཟླ་བ་གཅིག་གི་བར་གྱི་ཞག་ཉི་ཤུ་ལ་སྒེའུ་གཤེར་དང་བུ་རམ་ཡོད་ན་ 202-1-19b སྲང་ལྔ་ལྔ་བཟའ་བར་བྱའོ། །སྨན་དེ་ཞུ་བར་གྱུར་ནས་བད་ཀན་གྱི་ཤས་ཆེ་བའི་འོར་ནད་ལ་ནི་ཡུ་ཤ་སྲན་ཁུ་བླུད་པར་བྱའོ། །མཁྲིས་པ་ཤས་ཆེ་བ་ལ་ནི་འོ་མ་བླུད་པར་བྱའོ། །རླུང་ཤས་ཆེ་བ་ལ་ནི་ཤ་ཁུ་དང་བཅས་པར་ཟས་སྦྱིན་པར་བྱའོ། །འདིས་ནི་འོར་ནད་ལ་སོགས་པ་ནས་བད་ཀན་གྱི་མཐའི་ནད་ སེལ་བར་བྱེད་དོ། །གདོན་གྱི་ནད་ནི་སྨྱོ་བྱེད་དང་། བརྗེད་བྱེད་ལ་སོགས་པའོ། །སྒེའུ་གཤེར་དོང་གྲའི་ལྡེ་གུའི་ཁུ་བ་དང་། །འོ་མ་དག་དང་མར་ནི་བསྐོལ་བླུད་ན། །འོར་ནད་སྦྲིད་པ་དམུ་རྫིང་མེ་དྲོད་ཉམས། །ནད་ཀྱིས་ཟིལ་མནན་ན་ཡང་ནད་མེད་འགྱུར། །ཞེས་བྱ་བ་ལ། སྒེའུ་གཤེར་དེ་ ཉིད་དོང་གྲ་ཡིན་པས་ན། སྒེའུ་གཤེར་དོང་གྲའོ། །ཡང་ན་གསར་ཞིང་རང་གི་ཁུ་བ་དང་བཅས་པ་བཟང་ཞིང་ཁྱད་པར་དུ་གྱུར་པའི་སྒེའུ་གཤེར་ཉིད་ལ་སྒེའུ་གཤེར་དོང་གྲ་ཞེས་བྱ་སྟེ། དེའི་ལྡེ་གུའི་ཁུ་བ་དང་འོ་མ་གཉིས་དང་མར་བསྐོལ་ཏེ་བླུད་ན་འོར་ནད་ལ་སོགས་པས་ཉམ་ཐག་ཅིང་ཟིལ་གྱིས་ མནན་ན་ཡང་ནད་མེད་པར་བྱེད་པར་འགྱུར་རོ། །མ་ཞུ་མེད་ཅིང་ཕྱི་ས་འགགས། །འོར་ནད་ཀྱིས་གཟེར་ཚ་བ་གསུམ། །དུར་བྱིད་དན་ད་ཀྲུ་ཏྲུག་ཏྲེས། །བསྐོལ་བའི་འོ་མ་བླུད་པར་བྱ། །ཞེས་བྱ་བ་ལ། མ་ཞུ་བ་མེད་ཅིང་མ་ཞུ་བའི་ནད་དེ་བྱང་བར་གྱུར་ནས་ཀྱང་ཕྱི་ས་འགགས་པ་དང་ལྡན་པའི་ འོར་ནད་ཀྱིས་གཟིར་བར་གྱུར་པ་ལ་ཚ་བ་གསུམ་ལ་སོགས་པ་དང་བསྐོལ་བའི་འོ་མ་བླུད་པར་བྱའོ། །མ་ཧེའི་གཅིན་ནམ་བ་གཅིན་ནམ། །འོ་མ་བཏུང་ཞིང་དེ་དང་བཟའ། །ཞེས་བྱ་བ་ལ། ཡང་ན་འོ་མ་དང་བཅས་པར་ཟས་བཟའ་ཞིང་། མ་ཧེའམ། བའི་གཅིན་ཞེས་བྱ་བ་གང་ཡང་རུང་བ་ འོ་མ་དང་བཅས་པ་བླུད་པར་བྱའོ། །ཞག་བདུན་ཡང་ན་ཟླ་གཅིག་བར། །རྔ་མོའི་འོ་མ་བླུད་པས་གསོ། །ཞེས་བྱ་བ་ལ། ཡང་ན་ཞག་བདུན་ནམ། ཟླ་བ་གཅིག་གི་བར་དུ་ཟས་གཞན་མི་སྦྱིན་པར་རྔ་མོའི་འོ་མ་བླུད་པས་གསོ་བར་བྱའོ། །ཏི་མུ་ས་དང་ནས་ཚིག་ཐལ། །ལ་ལ་ཕུད་དང་ཚ་བ་ ལྔ། །ན་ལེ་ཤམ་དང་སེའུ་འབྲུ་དང་། །བ་ཏ་འུ་སུ་སྟར་བུ་དང་། །བིལ་བ་གཞོན་ནུ་ཞོ་གཉིས་གཉིས། །ཆུ་བྲེ་བཞི་བསྐོལ་མར་བྲེ་གང་། །བསྐོལ་བ་བླུད་ན་འོར་ནད་དང་། །གཞང་འབྲུམ་སྐྲན་དང་ཟ་གུ་འཇོམས། །ཞེས་བྱ་བ་ལ། ཡང་འོར་ནད་ལ་ཏི་མུ་ས་ཞེས་བྱ་བ། ཡང་བ་ན་ཀ་ལ་སོགས་པའི་ 202-1-20a སྨན་སྣ་རེ་ཞིང་ཞོ་གཉིས་གཉིས་ཆུ་བྲི་བཞིའི་ནང་དུ་བསྐོལ། དེའི་ཁུ་བ་བཞི་ཆ་ལུས་པ་ད། སྨན་གྱི་ཁུ་བ་བཙགས་པ་བྲེ་གང་། མར་བྲེ་གང་བསྐོལ་བ་བླུད་ན་འོར་ནང་ལ་སོགས་པ་འཇོམས་པར་བྱེད་དོ། །ཞོ་དང་༙༙ཙི་ཏྲ་ཀར་བསྲེས་ལས། །བྱུང་བའི་མར་ནི་དར་བར་ བཅས། །ཙི་ཏྲ་ཀ་བཏབ་བསྐོལ་བ་ནི། །ཡོན་ཏན་གོང་མ་མཚུངས་པ་ཡིན། །ཞེས་བྱ་བ་ལ། ཙི་ཏྲ་ཀ་དང་བསྲེས་པའི་ཞོ་བསྲུབས་པ་ལས་མར་སར་གང་ཞིག་བྱུང་བར་གྱུར་པ་དེ་དར་བ་ཉིད་དང་བཅས་ལ་ཙི་ཏྲ་ཀའི་ལྡེ་གུ་བཏབ་སྟེ་བསྐོལ་བའི་སྨན་མར་བླུད་ན་ཡང་ཡོན་ཏན་སྔ་མ་དང་འདྲ་སྟེ། འོར་ནད་གཞང་འབྲུམ་ལ་སོགས་པ་འཇོམས་པར་བྱེད་དོ། །ཐང་ལ་འབར་དང་ཏིག་ཏ་ཆེ། །དགེ་བའམ་ཨ་རུ་རའི་སྨན་མར། །དུས་ཤེས་པ་ཡིས་སྦྱིན་པར་བྱ། །ཞེས་བྱ་བ་ལ། དུས་ཤེས་པའི་སྨན་པ་མཁས་པས་ནད་དམིགས་ཀྱི་ཤས་གང་ཆེ་བ་ལས་དཔགས་ཏེ། ཐང་ལ་འབར་གྱིས་ བཤད་པའི་སྨན་མར་གཅིན་ནད་ཟ་གུའི་སྐབས་སུ་བཤད་པ་དང་། ཏིག་ཏ་ཆེན་པོའི་སྨན་མར་མཛེ་ནད་ཀྱི་སྐབས་སུ་བཤད་པ་དང་། དགེ་བ་ཆེན་པོའི་སྨན་མར་སྨྱོ་བྱེད་གསོ་བའི་སྐབས་སུ་བཤད་པ་དང་། ཨ་རུ་རའི་སྨན་མར་དམུ་རྫིང་གསོ་བའི་སྐབས་སུ་བཤད་པ་དེ་དག་ལས་ཅི་རིགས་པར་སྦྱིན་ པར་བྱའོ། །རྩ་བ་བཅུ་པའི་ཁུ་བ་ནི། །བྲེ་བཞིར་ཨ་རུ་ར་བརྒྱ་བསྐོལ། །དེར་ནི་བུ་རམ་སྲང་བརྒྱ་གཞུག །ཚ་བ་གསུམ་དང་དྲི་སྣ་གསུམ། །ནས་ཚིག་འཁུས་ཐལ་ཅུང་ཟད་བཏབ། །བསྒྲངས་ནས་སྦྲང་རྩི་བྲེ་ཕྱེད་གཞུག །དེ་བྱིན་ན་ནི་འོར་ནད་དང་། །རིམས་སྐྲན་གཅིན་ནད་ལུས་ སྐེམས་པ། །མ་ཞུ་མཁྲིས་པ་རླུང་དང་ནི། །སྒྲེགས་སྐྱུར་ཁ་དོག་མི་སྡུག་དང་། །གཅིན་ནད་རླུང་གི་ཁུ་ཆུའི་ནད། །དབུགས་མི་བདེ་དང་ཡི་ག་འཆུས། །མཆེར་པའི་ནད་དང་སྦྱར་བའི་དུག །དམུ་རྫིང་གི་ནི་ནད་རྣམས་སེལ། །ཞེས་བྱ་བ་ལ། རྩ་བ་བཅུ་པ་བསྐོལ་བའི་ཁུ་བ་བྲེ་བཞིའི་ ནང་དུ་ཨ་རུ་ར་རྡོག་མ་བརྒྱ་བསྐོལ་ལ་དེར་བུ་རམ་སྲང་བརྒྱ་གཞུག་པར་བྱ་སྟེ། དེ་ཚུལ་བཞིན་དུ་བསྐོལ་ལ། གཟར་བུར་ཆགས་པའི་ཚད་ཀྱི་ལྡེ་གུར་གྱུར་པ་དང་། དེའི་ནང་དུ་ཚ་བ་གསུམ་པི་པི་ལིང་དང་། ན་ལེ་ཤམ་དང་། བཅའ་སྒ་ཞེས་བྱ་བ་དང་། དྲི་སྣ་གསུམ་པོ་སུག་སྨེལ་དང་། 202-1-20b ཤིང་ཚྭ་དང་། གནྡྷ་བྷ་དྲ་ཞེས་བྱ་བ་དང་། ནས་ཚིག་འཁུས་པའི་ཐལ་བ་ལས་ཅུང་ཟད་ཅིག་ཅི་རིགས་པར་བཏབ་སྟེ་བཏགས་པའི་ཕྱེ་མ་དང་བསྲེས་ལ་བསྒྲངས་པ་དང་། སྦྲང་རྩི་བྲེ་ཕྱེད་དེ་སྲང་བཅུ་དྲུག་གཞུག་གོ། །ཚ་བ་གསུམ་དང་། དྲི་སྣ་གསུམ་དང་། ཡ་བཀྵ་རའི་ཚད་འདིར་སློབ་ དཔོན་གྱིས་མ་བཤད་མོད་ཀྱི། དེ་གཞུང་གཞན་ལས་ཤེས་པར་བྱ་སྟེ། དེ་ཡང་རྒྱུད་གཞན་ལས། ཚ་བ་གསུམ་ལས་སྲང་བཞི་དང་། །དྲི་སྣ་གསུམ་ལས་སྲང་གཉིས་དང་། །ཡ་བཀྵ་ལ་སོགས་ཞོ་གཉིས། །བསྒྲངས་པའི་སྦྲང་རྩི་བྲེ་ཕྱེད་གཞུག །ཅེས་བཤད་པ་ཡིན་ནོ། །སྨན་དེ་ བྱིན་ནས་འོར་ནད་ནས་དམུ་རྫིང་གི་ནད་ཀྱི་བར་དུ་སེལ་བར་བྱེད་དོ། །ནས་དང་སཱ་ལུ་འབྲས་རྙིང་ཟས། །རྩ་བ་བཅུ་ཡི་ཆུ་དང་བསྐོལ། །ལན་ཚྭ་ཉུང་སྣུམ་ཤས་ཆུང་བ། །བྱིན་ན་འོར་ནད་སེལ་བར་བྱེད། །རྒྱ་སྲན་མུངྒའི་ཁུ་བ་ནི། །ཐལ་སྨན་ཚ་བ་གསུམ་ལྡན་དང་། །དེ་བཞིན་ སྐམ་སའི་ཤ་རུས་སྦལ། །སྐྱིན་གོར་བྱི་དུར་ཤ་ཁུ་སྦྱིན། །ཞེས་བྱ་བ་ལ། འོར་ནད་ལ་ནི་ནས་དང་སཱ་ལུ་ལ་སོགས་པའི་འབྲས་རྙིང་པ་རྩ་བ་བཅུའི་ཆུ་དང་བསྐོལ་བའི་ལན་ཚྭ་དང་སྣུམ་ཅུང་ཟད་ཅིག་བྱིན་ན་ཕན་ནོ། །རྒྱ་སྲན་མུངྒའི་ཁུ་བ་དང་ནས་ཚིག་འཁུས་པའི་ཐལ་བ་དང་། ཚ་བ་གསུམ་ དང་ལྡན་པ་དང་། དེ་བཞིན་དུ་སྐམ་སའི་སྲོག་ཆགས་རུས་སྦལ་ལ་སོགས་པའི་ཤ་ཁུ་ལ་ཐལ་སྨན་དང་ཚ་བ་གསུམ་དང་བྱིན་ན་ཡང་ཕན་ནོ། །བཏུང་བར་དར་བ་སར་པ་དང་། །ཆང་ནི་སྨན་དང་བཅས་པ་བླུད། །ཅེས་བྱ་བ་ལ། འོར་ནད་ཅན་ལ་བཏུང་བ་ནི་དར་བ་སར་པ་བསྲུབས་མ་ཐག་ གམ། ཆང་སྨན་དང་ལྡན་པ་མནན་པའི་ཆང་ཨ་ས་པ་དང་། ཆང་སྙིང་དང་། རྒུན་ཆང་ལ་སོགས་པ་བླུད་ན་ཕན་ནོ། །ཟི་ར་ཟུར་པ་ཛི་བན་ཏི། །མ་ནུ་ཙི་ཏྲ་ཀ་ར་བཱི། །ཡ་བཀྵ་ར་བིལ་བའི་རྐང་། །ད་ཏྲིག་ཞོ་རེའི་ཚད་དུ་བྱས། །མར་དང་ཏིལ་མར་ནང་དུ་བརྔོས། །བྱིན་ན་འོར་ནད་སྐྲན་ གཞང་འབྲུམ། །ཚད་འཁྲུ་དང་ནི་སྙིང་གི་ནད། །མེ་དྲོད་ཆུང་དང་གཅིན་ནད་སེལ། །ཚ་བ་ལྔ་དང་སྦྱར་བ་ཡི། །ཐུག་པའང་ཡོན་ཏན་དེ་དང་འདྲ། །ཞེས་བྱ་བ་ལ། ཟི་ར་ལ་སོགས་པའི་སྨན་མར་དང་། ཏིལ་མར་གྱི་ནང་དུ་བརྔོས་ནས་ཐུག་པར་བྱས་ཏེ་བླུད་ན་ཡང་འོར་ནད་ལ་སོགས་པ་ལ་ 202-1-21a མཆོག་ཏུ་ཕན་ལ། དེ་བཞིན་དུ་ཚ་བ་ལྔ་དང་སྦྱར་བའི་ཐུག་པ་ཡང་འོར་ནད་ལ་སོགས་པ་ལ་མཆོག་ཏུ་ཕན་པ་ཡིན་ནོ། །རྡོ་དྲེག་རུ་རྟ་སྟོ་ནེ་ཡ། །ཧ་རེ་ཎུ་ཀ་ཨ་རུ་ར། །ཤི་བེ་ཏ་ཀ་ཤུ་པ་དང་། །ཆུ་སྲིན་སྡེར་མོ་བྲི་ཡང་ཀུ། །སྤྲི་ཀ་ཐང་ཤིང་སྤང་སྤོས་དང་། །པི་པི་ལིང་ དང་དབྱི་མོ་དང་། །ཀུན་ཏན་ཏ་ན་བྱ་མ་ཀ །བ་ལ་ཀ་དང་དྲི་སྣ་བཞི། །བལ་བུའི་ལོ་མ་གླ་སྒང་དང་། །གནྡྷ་པ་ལ་ཤ་ལ་ནི། །བསྐུས་པའི་ཏིལ་མར་དག་དང་ནི། །ཁྲུས་ཀྱི་ཆུ་དང་ལྡེ་གུ་བྱ། །ཞེས་བྱ་བ་ལ། རྡོ་དྲེག་ལ་སོགས་པའི་སྨན་ལྡེ་གུར་བྱས་པ་དང་། ཏིལ་མར་དུ་བཅས་ པས་བསྐུ་བར་བྱ་བ་དང་། ཡང་སྨན་དེ་དག་ཞིབ་ཏུ་བཏགས་པའི་ལྡེ་གུས་བསྐུ་བ་དང་། ཡང་སྨན་དེ་དག་ཉིད་དང་བསྐོལ་བའི་ཆུས་ལུས་ཁྲུས་བྱའོ། །རྡོ་དྲེག་ནི་ཤི་ལ་པུས་པའོ། །སྟོ་ན་ཡ་ནི་ཏ་ལ་བིད་ཀའོ། །ཤི་བེ་ཏ་ཀ་ནི་ཐང་ཤིང་ཕྲ་མོའི་ཐང་ཆུའོ། །པྲི་ཀ་ནི་དེ་བི་ལ་ཏའོ། །ཀུན་ ཏན་ཏ་ནི་པ་རི་བི་ལའོ། །ནིམ་པ་ཨརྒ་བ་སྤྲུ་དང་། །ནག་ཏ་མ་ལིའི་ཆུས་ཁྲུས་བྱ། །ཞེས་བྱ་བ་ལ། ཡང་ན་ནིམ་པ་དང་། ཨརྒ་དང་། བ་སྤྲུ་བ་དང་ནག་ཏ་མ་ལ་བསྐོལ་བའི་ཆུས་ཁྲུས་བྱའོ། །ཡན་ལག་ཕྱོགས་གཅིག་སྐྲངས་པ་ལ། །ཀ་ར་བཱི་ར་བ་སྤྲུ་བ། །ཀིང་ཤུ་ཀ་དང་པི་ཤ་ ལ། །འབྲས་བུ་གསུམ་དང་སེང་ཕྲོམ་དང་། །ན་ལི་ཀ་དང་ཐང་ཤིང་དང་། །སྤང་སྤོས་ཀོ་ཤ་ཏ་ཀི་དང་། །བོང་ང་ཏ་ལའི་ལོ་མ་དང་། །ཛ་ཡན་ཏི་དང་འོལ་མ་སེ། །ཀ་ཀ་ཏ་ནི་ས་ལི་ཤིང་། །པྲི་ཤ་ཀརྞི་དབྱི་མོ་དང་། །རིད་ཏི་བྲི་ཏི་གླང་པོའི་སྣ། །ལྡེ་གུ་དྲོ་འཇོམ་བསྐུས་པ་ཕན། ། ཞེས་བྱ་བ་ལ། ཡན་ལག་གི་ཕྱོགས་གཅིག་སྐྲངས་པའི་ནད་ལ་ནི། ཀ་ར་བཱི་ར་ལ་སོགས་པའི་སྨན་གྱི་ལྡེ་གུ་དྲོ་འཇམ་ཙམ་གྱིས་བསྐུས་པ་ཕན་ནོ། །བ་སྤྲུ་བ་ནི་དུ་རྒའོ། །ཀིང་ཤུ་ཀ་ནི་པ་ལ་ཤའོ། །ན་ལི་ཀ་ནི་པ་དྲུ་མ་ལ་ཏའོ། །ཀོ་ཤ་ཏ་ཀ་ནི་ཀྲི་ཏ་ཙི་ཏྲའོ། །བོང་ང་ནི་ཨ་ཏི་བི་ ཥའོ། །ཏ་ལིའི་ལོ་མ་ནི་མོ་ས་ལིའོ། །ཛ་ཡན་ཏི་ནི་ཨག་ནི་མན་ཏའོ། །འོལ་མ་སེ་ནི་གུན་ཛའོ། །པྲི་ཤ་ཀརྞི་ནི་མུ་ཤ་ཀར་ནིའོ། །རིད་ཏི་ནི་དུད་སྟིའོ། །བྲི་ཏི་ཏྲ་བ་ནི་ཤིར་ཤའོ། །ཧསྟི་ཀ་ར་ཎ་ནི་གླང་པོ་ཆེའི་རྣ་བ་སྟེ་བ་རད་དའོ། །དེ་ནས་འོར་ནད་རླུང་གྱུར་ལ། །ཟླ་ཕྱེད་བར་དུ་དུར་བྱིད་ 202-1-21b དམ། །ཡང་ན་ཨེ་རཎྜའི་མར་བླུད། །ཅེས་བྱ་བ་ལ། དེ་ནས་རླུང་ལས་གྱུར་པའི་འོར་ནད་ལ་དུར་བྱིད་དང་བསྐོལ་བའི་མར་རམ། ཨེ་རཎྜ་ལས་བྱུང་བའི་མར་ཟླ་བ་ཕྱེད་ཀྱི་བར་དུ་བླུད་པར་བྱའོ། །རླུང་གིས་རྟུག་འགགས་ལ་དེ་ཉིད། །ཟས་ཀྱི་སྔོན་དུ་འོ་མའམ། །ཤ་ཁུ་བླུད་ཅིང་ རླུང་འཇོམས་པའི། །སྨན་གྱི་དུགས་དང་བསྐུ་བར་བྱ། །ཞེས་བྱ་བ་ལ། འོར་ནད་ལ་རླུང་གིས་རྟུག་པ་འགགས་པ་དང་ལྡན་པ་ལ་ནི་ཨེ་རཎྜའི་ཏིལ་མར་དེ་ཉིད་ཟས་མ་ཟོས་པའི་སྔོན་དུ་འོ་མའམ། ཤ་ཁུ་དང་སྦྱང་ཏེ་བླུད་པར་བྱའོ། །ཡང་ན་རླུང་ལས་གྱུར་པའི་འོར་ནད་ལ་རླུང་འཇོམས་པའི་སྨན་གང་ དག་ཡིན་པ་དུགས་དང་བསྐུ་བའི་རྣམ་པ་དག་བྱའོ། །ཕྱོགས་གཅིག་སྐྲངས་ལ་ཁ་ལུང་དང་། །ཨག་ནི་མན་ཐ་སྡང་སྤོས་དང་། །བཅའ་སྒ་ཐང་ཤིང་ལྡེ་གུས་བསྐུ། །ཞེས་བྱ་བ་ལ། ལུས་ཀྱི་ཕྱོགས་གཅིག་སྐྲངས་པར་གྱུར་པ་ལ་ནི། ཁ་ལུང་ལ་སོགས་པའི་སྨན་གྱི་ལྡེ་གུས་བསྐུ་ བར་བྱའོ། །མཁྲིས་གྱུར་ཏིག་ཏའི་སྨན་མར་རམ། །ནྱ་གྲོ་དྷ་སོགས་བསྐོལ་བ་བླུད། །ཅེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་ནད་ལ་ཏིག་ཏའི་སྨན་མར་རམ། ནྱ་གྲོ་དྷ་ལ་སོགས་པ་དང་བསྐོལ་བའི་མར་བླུད་པར་བྱའོ། །སྐོམ་དད་ཆེ་དང་རྨོངས་བག་ཚ། །འོ་མ་བསྐུ་བྱུག་བསིལ་བ་ བྱ། །ཞེས་བྱ་བ་ལ། མཁྲིས་པའི་འོར་ནད་སྐོམ་དད་ཆེ་བ་དང་། རྨོངས་བག་དང་ཁོང་ཚ་བར་གྱུར་པ་ལ་ནི་འོ་མ་བླུད་པ་དང་། དེ་བཞིན་དུ་བསྐུ་བ་དང་བྱུག་པ་དང་རེག་པ་དང་ནུས་པའི་སྨན་གྱིས་བྱས་པ་ཕན་ནོ། །པ་ཏོ་ལ་རྩ་ཀྱི་ལྕེ་བ། །ཤིང་མངར་ཐང་ཤིང་པུ་ཙེ་ཤེལ། །སྐྱེར་པ་ ཙནྡན་ཨ་རུ་ར། །ད་ན་ལྕང་མ་བི་ཤ་ལ། །པི་པི་ལིང་དང་མར་བསྐོལ་བླུད། །ཁོང་ཚ་མགོ་འཁོར་སྐོམ་དད་ཆེ། །འདུས་པའི་ནད་དང་མེ་དབལ་སྐྲང་། །ལུས་ཚ་རིམས་དང་བཅས་པ་སེལ། །ཞེས་བྱ་བ་ལ། པ་ཏོ་ལ་ལ་སོགས་པ་བསྐོལ་བའི་ཁུ་བ་མར་དང་བཅས་པ་བླུད་ན་ཁོང་ཚ་ བ་ལ་སོགས་པའི་ནད་སེལ་བར་འགྱུར་རོ། །བད་ཀན་ལས་གྱུར་དོང་ག་སོགས། །ཏིལ་མར་དང་ནི་བསྐོལ་བ་བླུད། །ཅེས་བྱ་བ་ལ། བད་ཀན་ལས་གྱུར་པའི་འོར་ནད་ལ་ནི་དོང་ག་ལ་སོགས་པའི་སྡེ་ཚན་དང་བསྐོལ་བའི་ཏིལ་མར་བླུད་པར་བྱའོ། །རྒྱུན་སྲང་འགགས་ཤིང་མེ་དྲོད་ཉམས། ། 202-1-22a རྨོངས་བག་ཡི་ག་འཆུས་པ་ལ། །ཐལ་སྨན་ཆང་སྙིང་མནན་ཆང་དང་། །བ་གཅིན་དར་བར་བཅས་པ་བླུད། །ཅེས་བྱ་བ་ལ། བད་ཀན་ལས་གྱུར་པའི་སྐྲན་ནད་རྒྱུན་སྲང་འགགས་པ་ལ་སོགས་པ་ལ་ནི་ཐལ་སྨན་ལ་སོགས་པ་བླུད་ཅིང་བསྟེན་པར་བྱའོ། །པི་པི་ལིང་ དང་འབའ་ཆ་རྙིང་། །ཤི་ཀྲུའི་ཤུན་པ་ཟངས་མ་དང་། །བ་གཅིན་ལྡེ་གུ་དྲོ་འཇམ་སྦྱར། །བསྐུ་དང་དྲིལ་བའི་ལས་ལ་སྦྱར། །ཞེས་བྱ་བ་ལ། པི་པི་ལིང་ལ་སོགས་པ་བ་གཅིན་དང་ལྡེ་གུར་བྱས་པ་དྲོ་འཇམ་ཙམ་གྱིས་ལུས་ལ་བསྐུ་བ་དང་དྲིལ་ཕྱིས་བྱ་བ་ལ་སྦྱར་བར་བྱའོ། །རུ་རྟ་ཨག་ནི་མན་ ཐ་དང་། །རྒྱ་སྲན་དོང་ག་ཙི་ཏྲ་ཀ །བ་གཅིན་ཆུ་བསྐོལ་བས་ཁྲུས་བྱ། །ཙ་རོང་ཨ་ཀ་རུ་ཡིས་བྱུག །ཅེས་བྱ་བ་ལ། རུ་རྟ་ལ་སོགས་པའི་སྨན་བ་གཅིན་དང་ཆུའི་ནང་དུ་བསྐོལ་ལ་དེས་ཁྲུས་བྱས་ལ། ཙ་རོང་དང་ཨ་ཀ་རུའི་ལྡེ་གུར་བྱས་པས་ནི་བྱུག་པར་བྱའོ། །ནཱ་ག་བ་ལ་ས་ར་ལ། ། ཨ་ཟ་སྲིང་གི་ཨམ་བ་ཏ། །ཨ་ཟ་གནྡྷ་ཞེས་བྱ་དང་། །ཨ་ཤྭ་གནྡྷའི་ལྡེ་གུ་ནི། །ཡན་ལག་ཕྱོགས་གཅིག་སྐྲངས་ལ་ཕན། །ཞེས་བྱ་བ་ལ། ཡང་ཡན་ལག་གི་ཕྱོགས་གཅིག་སྐྲངས་པའི་འོར་ནད་ལ་ནི་ནཱ་ག་ལ་སོགས་པའི་ལྡེ་གུས་བསྐུས་ན་ཕན་ནོ། །ས་ར་ལ་ནི་ཙི་ཏྲའོ། །ཨམ་བ་ཏ་ ནི་ཨེའི་ཤ་ཤི་ཀའོ། །ཨ་ཟ་གནྡྷ་ནི་བ་ད་གནྡྷའོ། །ནད་གཞི་ཇི་བཞིན་ཡན་ལག་ནི། །ཉེ་བའི་ཕྱོགས་ནས་གཏར་ག་བྱ། །ཞེས་བྱ་བ་ལ། ཡན་ལག་གི་ཕྱོགས་གཅིག་ལ་བརྟེན་པའི་སྐྲན་ནད་ལ་ནད་གཞི་སོ་སོ་ཇི་ལྟ་བ་དང་། ཡན་ལག་གི་ཕྱོགས་གང་དང་ཉེ་བའི་ཕྱོགས་ནས་གཏར་ ག་བྱ་བ་ལ། སློན་སྨན་དང་བཀྲུ་སྨན་གྱིས་སྦྱང་བར་བྱའོ། །འདྲེས་པའི་ནད་ལ་ནད་གཞི་ནི། །ཤས་ཆེའི་དབང་དུ་གསོ་བ་བྱ། །ཞེས་བྱ་བ་ལ། འདྲེས་པའི་ནད་དང་ལྡན་པ་དང་། །འདུས་པ་ཞེས་བྱ་བ་ལ་ནི། ནད་གཞི་གང་ཤས་ཆེ་བའི་དབང་དུ་བྱས་ནས་ཇི་སྐད་སྨོས་པའི་གསོ་བ་ཉིད་ཅི་རིགས་ པར་སྦྱར་བར་བྱའོ། །གོ་སྙོད་པ་ཐ་གླ་སྒང་དང་། །ཀཎྜ་ཀ་རི་ཚ་བ་ལྔ། །སྐྱེར་པ་ཆུ་དྲོན་སྦྱར་བླུད་པ། །རྩ་མཁྲིས་བཅའ་སྒ་ཆུ་དྲོན་བླུད། །ནད་གཞི་གསུམ་གྱི་འོར་ནད་ནི། །ཡུན་རིངས་ལོན་ཞིང་ཚབས་ཆེན་སེལ། །ཞེས་བྱ་བ་ལ། གོ་སྙོད་ལ་སོགས་པའི་ལྡེ་གུ་ཆུ་དྲོན་དང་སྦྱར་ཏེ་ 202-1-22b བླུད་ན། ནད་གཞི་གསུམ་འདུས་པ་ལས་གྱུར་པའི་འོར་ནད་ཡུན་རིང་པོ་ལོན་ཅིང་ཚབས་ཤིན་ཏུ་ཆེ་བ་དག་ཀྱང་སེལ་བར་བྱེད་དོ། །དེ་བཞིན་དུ་རྩ་མཁྲིས་ཞེས་བྱ་བ་བུ་ནིམ་པ་དང་བཅའ་སྒ་བསྐོལ་བའི་ཆུ་དྲོན་བླུད་ན་ཡང་ཡོན་ཏན་དེ་དང་འདྲའོ། །སླེ་ཏྲེས་དང་ནི་ཨ་རུ་ར། །ཐང་ཤིང་གུ་གུལ་བ་ སྤྲུ་བ། །བ་གཅིན་སྦྱར་བླུད་དམུ་རྫིང་དང་། །མཛེ་དང་སྐྱ་རྦབ་སྲིན་བུའི་ནད། །གཅིན་ནད་ཟ་ཁུ་བད་ཀན་དང་། །རླུང་ནི་སྟོད་དུ་འཇོམས་པ་སེལ། །ཞེས་བྱ་བ་ལ། སླེ་ཏྲེས་ལ་སོགས་པའི་སྨན་བ་གཅིན་དང་སྦྱར་ཏེ་བླུད་ན་དམུ་རྫིང་ལ་སོགས་པའི་ནད་སེལ་བར་བྱེད་དོ། །དེ་ལྟར་ རང་རང་ནད་ཀྱི་དབང་བྱས་བཤད། །སྣད་པ་ལས་བྱུང་བ་ལ་ཁྲག་དབྱུང་ཞིང་། །བསིལ་སྨན་མར་ཁུས་བྱུགས་ཤིང་བླུགས་པར་བྱ། །དུག་སྐྱེས་སྐྲངས་ལ་དུག་སེལ་སྦྱོར་བ་བྱ། །ཞེས་བྱ་བ་ལ། ཚུལ་དེ་ལྟར་རང་རང་གི་ནད་གཞིའི་དབང་དུ་བྱས་ནས་འོར་ནད་ཀྱི་གསོ་བ་བཤད་པ་ཡིན་ལ། མཚོན་ལ་སོགས་པས་སྣད་པ་ལས་བྱུང་བ་ལ་གཏར་ག་བྱ་བ་དང་། བསིལ་བའི་སྨན་དང་མར་ལ་སོགས་པས་བསྐུ་བ་ལ་སོགས་པ་བྱས་ལ་དུག་གིས་ཕོག་པ་ལས་གྱུར་པའི་སྐྲངས་ནད་ལ་ནི་དུག་སེལ་བའི་སྦྱོར་བ་གང་དག་ཡིན་པ་བྱས་ན་ཕན་ནོ། །གྲོང་དང་རླན་ཅན་ཆུར་གནས་ཤ་རིད་རློན། ། ཚོད་སྐམ་ཏིལ་གྱི་ཟས་དང་བུ་རམ་ཅན། །ཕྱེ་བཏགས་ཟས་དང་ཞོ་དང་ལན་ཚྭ་དང་། །ཁ་ཟས་རུལ་བག་ཆང་སྐྱུར་ཡོས་ཤ་སྐམ། །འདྲེས་པའི་ཟས་དང་ལྕི་དང་མ་གོམས་ཟ། །ཚ་བ་བསྐྱེད་དང་ཉིན་པར་གཉིད་ལོག་དང་། །མཚན་མོ་གཉིད་མ་ལོག་དང་ཉལ་པོ་རྣམས། །འོར་ནད་ཅན་ གྱིས་དེ་དག་ཐམས་ཅད་སྤང་། །ཞེས་བྱ་བ་ལ། སྐྲང་ནད་དང་ལྡན་པ་ཐམས་ཅད་ཀྱིས་ཀྱང་གྲོང་གི་ཕྱོགས་ཀྱི་ཤ་ལ་སོགས་པ་དང་། ཚོད་མ་སྐོམ་པོ་ལ་སོགས་པ་སྤང་བར་བྱའོ། །ཆུར་གནས་ནི་ཆུ་ན་སྤྱོད་པའི་སྲོག་ཆགས་ཀྱི་ཤའོ། །ཆུར་གནས་པ་ཞེས་སྨོས་པ་རླན་ཅན་གྱི་ ཤའི་སྒྲས་ཀྱང་སྤང་བ་ཉིད་ཡིན་མོད་ཀྱི། འདིར་གཙོ་བོར་བྱ་བའི་ཕྱིར་ལོགས་ཤིག་ཏུ་སྨོས་པ་ཡིན་ནོ། །ཡང་ན་རླན་ཅན་ཉིད་ཆུར་གནས་པ་ཡིན་པར་སྦྱར་རོ། །ཤ་རིད་ནི་སྲོག་ཆགས་སྦེག་པའི་ཤའོ། །ཤ་རློན་ནི་མ་བཙོས་པའོ། །ཚོད་མ་སྐམ་པོ་ནི་པ་ཏོ་ལ་ལ་སོགས་པ་ཚོད་ 202-1-23a མའི་སྡེ་ཚན་ལས་བཤད་པའོ། །ཏིལ་གྱི་ཁ་ཟས་ནི་ཏིལ་ལས་བྱས་པའི་ལ་དུ་ལ་སོགས་པའོ། །བུ་རམ་ནི་བུ་རམ་ལས་བྱས་པའི་ཟས་སམ་བཏུང་བའོ། །ཕྱེ་ཟན་ནི་འབྲས་ལ་སོགས་པ་བཏགས་པ་ལས་ཟན་དུ་བྱས་པའོ། །དེ་བཞིན་དུ་ཞོ་འབའ་ཞིག་ཀྱང་ སྐྲང་བར་བྱེད་པ་ཡིན་པས་སྤང་བར་བྱའོ། །དེ་བཞིན་དུ་ལན་ཚྭ་དང་ཁ་ཟས་རུལ་ཅིང་སྤྱི་བག་ཏུ་གྱུར་པ་ཡང་སྤང་བར་བྱའོ། །ཆང་འབའ་ཞིག་ཀྱང་སྤང་བར་བྱའོ། །དེ་བཞིན་དུ་སྐྱུར་བའི་རྣམ་པར་རང་སྐྱུར་ལ་སོགས་པ་གང་ཡང་རུང་བ་དང་། ནས་བརྔོས་པའི་ཡོས་དང་ཤ་སྐམ་ དང་འདྲེས་པའི་ཟས་དེ་ཕན་དང་མི་ཕན་ཞེས་བྱ་བ་དང་། དེ་བཞིན་དུ་གཞན་ཡང་ལྕི་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པའི་ཁ་ཟས་ཀྱང་སྤང་བར་བྱ་བ་དང་། དེ་བཞིན་དུ་ཉིན་པར་གཉིད་ལོག་ཅིང་ཉལ་ལ་མཚན་མོ་གཉིད་མ་ལོག་པ་དང་། བུད་མེད་ལ་འཁྲིག་པ་སྤྱོད་ཅིང་ཉལ་པོ་ བྱེད་པ་གང་དག་ཡིན་པ་དེ་དག་ཐམས་ཅད་འོར་ནད་ཅན་གྱིས་སྤང་བར་བྱའོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། གསོ་བའི་གནས་ལས་ལེའུ་བཅུ་བདུན་པའི་རྣམ་པར་འགྲེལ་ པའོ།། །།དེ་ནས་མེ་དབལ་གསོ་བ་བཤད་པར་བྱའོ། །ཞེས་བྱ་བ་ལ། གོ་རིམས་ཀྱིས་ན་འདི་ཉིད་ཀྱི་གསོ་བ་བཤད་དགོས་པས་འདི་བརྩམས་པ་ཡིན་ནོ། །མེ་དབལ་ནད་ལ་ཐོག་མ་ཉིད། །སྨྱུང་བ་དང་ནི་རྩུབ་ཆོས་དང་། །ཁྲག་དབྱུང་སྐྱུག་སྨན་བཀྲུ་སྨན་ཕན། །སྣུམ་ ཆོས་སྤྱད་པར་མི་བྱའོ། །ཞེས་བྱ་བ་ལ། མེ་དབལ་གྱི་ནད་ལ་ནི་ནད་ཀྱི་སྔོན་བྱུང་བའི་ཚུལ་སྐྱེས་པའི་ཐོག་མ་ཉིད་ལ་སྨྱུང་བ་བྱ་ཞིང་ཉམས་སྨད་པ་དང་རྩུབ་པར་འགྱུར་བའི་ཆོ་ག་བྱ་བ་དང་། གཏར་ག་བཏབ་ཅིང་ཁྲག་དབྱུང་བ་དང་། བཀྲུ་སྨན་དང་སྐྱུག་སྨན་བླུད་པས་སྦྱང་བ་བྱས་ན་ཕན་གྱི་མེ་དབལ་ གྱི་ནད་གང་ལ་ཡང་ཐོག་མ་ཁོ་ནར་སྣུམ་ཆོས་བྱ་བ་ནི་ཕན་པ་མ་ཡིན་ནོ། །པོ་སོན་ཆ་དང་དུག་མོ་ཡུངས། །ཤིང་མངར་བཅས་པ་པ་ཏོ་ལ། །ནིམ་པའི་ལོ་མ་པི་པི་ལིང་། །སྐྱུག་སྨན་བཏང་ན་མེ་དབལ་འཇོམས། །ཞེས་བྱ་བ་ལ། དེ་ལ་པོ་སོན་ཆ་ལ་སོགས་པའམ། ཡང་ན་པོ་སོན་ 202-1-23b ཆ་དང་པ་ཏོ་ལ་ལས་སྐྱུག་སྨན་བཏང་ན་ཡང་མེ་དབལ་གྱི་ནད་འཇོམས་པར་བྱེད་དོ། །ཀྱི་ལྕེ་བ་ཡི་ཁུ་བའམ། །རྒུན་འབྲུའི་འབྲས་བུ་གསུམ་ཡང་རུང་། །དུར་བྱིད་ཕྱེ་མ་བཏབ་པའམ། །འོ་མ་མར་སྦྱར་བཀྲུ་སྨན་ནི། །ཁོང་ན་ཞེན་པའི་ནད་ལ་ནི། །ཁྱད་པར་དུ་ནི་སྦྱང་བ་བཏང་། །ཞེས་ བྱ་བ་ལ། ཀྱི་ལྕེ་བསྐོལ་བའི་ཁུ་བའམ། རྒུན་འབྲུའི་ཁུ་བའམ། འབྲས་བུ་གསུམ་བསྐོལ་བའི་ཁུ་བའམ། གང་ཡང་རུང་བའི་ནང་དུ་དུར་བྱིད་ཀྱི་ཕྱེ་མ་བཏབ་པའི་བཀྲུ་སྨན་བཏང་བའམ། ཡང་ན་དུར་བྱིད་དང་། འོ་མ་དང་མར་དུ་སྦྱར་བའི་བཀྲུ་སྨན་གཏང་བར་བྱའོ། །དེ་ ལསཀྱང་ཁྱད་པར་དུ་ནི་ཁོང་པའི་ནང་དུ་ཞེན་པའི་ནད་ལ་སྐྱུག་སྨན་དང་བཀྲུ་སྨན་གྱིས་སྦྱང་བར་བྱའོ། །སྦྱང་མིན་ནད་ཚབས་ཆུང་བ་ལ། །ཞི་སྨན་ཙནྡན་ཨུཏྤལ་གཏང་། །ཞེས་བྱ་བ་ལ། མེ་དབལ་གྱི་ནད་དང་ལྡན་པ་ལས་སྦྲུམ་མ་ལ་སོགས་པ་སྦྱང་བར་མི་རུང་ལ་ནད་ཚབས་ཆུང་བ་ཡིན་ ན་ཞི་བར་བྱ་བའི་སྨན་ཙནྡན་དང་ཨུཏྤལ་ལ་སོགས་པ་གཏང་བར་བྱའོ། །གླ་སྒང་ནིམ་པ་པ་ཏོ་ལ། །པ་ཏོ་ལ་སོགས་ཉིད་དག་གམ། །ཞེས་བྱ་བ་ལ། ཡང་ན་སྦྱར་བ་བྱར་མི་རུང་ཞིང་ནད་ཚབས་ཆུང་བ་ལ་ཞི་བར་བྱ་བའི་སྨན་གླ་སྒང་ལ་སོགས་པ་བླུད་པར་བྱའོ། །པ་ཏོ་ལ་ལ་སོགས་པ་ ནི་པ་ཏོ་ལ་དང་པུ་ཙེ་ཤེལ། །ཞེས་བྱ་བ་བསྟན་པ་ཡིན་ནོ། །ཐལ་ཏྲེས་གླ་སྒང་སྐྱུ་རུ་ར། །པུ་ཙེ་ཤེལ་གྱི་ཆུ་བསྐོལ་བླུད། །ཅེས་བྱ་བ་ལ། ཡང་ན་དེ་ལ་ཞི་བར་བྱ་བའི་སྨན་ཐལ་ཏྲེས་ལ་སོགས་པ་བླུད་པར་བྱའོ། །མེ་དབལ་སྐམ་དད་ཅན་ལ་ནི། །བྱི་ཚེར་བ་དང་པར་པ་ཏ། །སླེ་ ཏྲེས་བཅའ་སྒ་བསྐོལ་བ་ནི། །ཁུ་བ་བསྒྲངས་པ་བླུད་པར་བྱ། །ཞེས་བྱ་བ་ལ། མེ་དབལ་གྱི་ནད་སྐོམ་དད་ཅན་གྱིས་བཏབ་པ་ལ་ནི་བྱི་ཚེར་བ་ལ་སོགས་པ་བསྐོལ་བའི་ཁུ་བའམ། བསྐོལ་ཏེ་བསྒྲངས་པ་བླུད་པར་བྱ། །སྐྱེར་པ་སྲན་ཆུང་པུ་ཙེ་ཤེལ། །པ་ཏོ་ལ་དང་འབྲས་བུ་གསུམ། ། ནིམ་པ་ཤིང་མངར་ཀྱི་ལྕེ་བ། །བསྐོལ་བ་མར་དང་བཅས་པ་བླུད། །ཅེས་བྱ་བ་ལ། ཡང་མེ་དབལ་སྐོམ་དད་ཅན་ལ་སྐྱེར་པ་ལ་སོགས་པའི་སྨན་གྱི་ཁུ་བ་ཉིད་བླུད་པའི་སྦྱོར་བར་བསྐོལ་ལ་དེའི་ནང་དུ་མར་བཅུག་སྟེ་བླུད་ན་ཡང་ཕན་ནོ། །ཡན་ལག་ནད་ཞུགས་ནད་ཁྲག་ཉིད། །ཐོག་ 202-1-24a མ་ཉིད་དུ་ཁྲག་དབྱུང་བྱ། །ཞེས་བྱ་བ་ལ། ལག་ངར་དང་བྱིན་པ་ལ་སོགས་པ་ཡན་ལག་རྣམས་ལ་ནད་ཁྲག་ཡོད་པ་ལས་གྱུར་པའི་མེ་དབལ་ནི་ཐོག་མ་ཉིད་དུ་ཁྲག་དེ་ཕྱུང་བས་བསལ་བར་བྱ་སྟེ། ནད་གཞི་ཇི་ལྟ་བ་ལས་རྔབས་རུ་དང་། ཀུ་བ་དང་། སྲིན་བུ་པད་པས་ཁྲག་དབྱུང་བའམ། གཏར་ག་བཏབ་སྟེ་ཁྲག་དབྱུང་བར་བྱའོ། །པགས་པ་ཤ་དང་རྒྱུས་པ་འདྲུལ། །ཁྲག་རུལ་པ་ལས་བྱུང་བ་ཡིན། །ཞེས་བྱ་བ་ལ། གང་གི་ཕྱིར་ཁྲག་རུལ་པ་ལས་པགས་པ་ལ་སོགས་པ་འདྲུལ་ཞིང་རྣགས་པར་འགྱུར་བས་དེའི་ ཕྱིར་ཁྲག་དབྱུང་བར་བྱའོ། །སྨིན་ཞིང་བད་ཀན་ཟད་པ་དང་། །རླུང་དང་མཁྲིས་པ་ཤས་ཆེ་ལ། །ཏིག་ཏ་ཏིག་ཏ་ཆེན་པོའི་མར། །ཀྱི་ལྕེ་བ་བསྐོལ་མར་ཕན་ནོ། །ཞེས་བྱ་བ་ལ། སྨིན་ཅིང་བད་ཀན་ཟད་པར་གྱུར་ནས། རླུང་དང་མཁྲིས་པ་ཤས་ཆེ་ཞིང་རྒྱས་པར་གྱུར་ པ་ལ་ནི་ཏིག་ཏ་དང་ཏིག་ཏ་ཆེན་པོའི་སྨན་མར་མཁྲིས་པ་ལས་གྱུར་པའི་མཛེ་ནད་ཀྱི་སྐབས་སུ་བཤད་པ་དང་། ཀྱི་ལྕེ་བའི་སྨན་མར་ཁོང་འབྲས་ཀྱི་སྐབས་སུ་བཤད་པ་ཕན་ནོ། །ཁྲག་ཕྱུང་ཁོང་པ་དག་གྱུར་ནས། །ནད་ནི་ཤ་ལྤགས་ལ་གནས་ལ། །ཕྱི་རོལ་ནས་ནི་བྱུགས་ སོགས་ཀྱིས། །འཕྲལ་དུ་མེ་དབལ་ཞི་བར་འགྱུར། །ཞེས་བྱ་བ་ལ། ཁྲག་ཕྱུང་ཞིང་བསལ་བར་འགྱུར་བ་དང་། སྦྱང་བ་བྱས་པས་ཁོང་པ་དག་པར་གྱུར་ནས་ནང་གི་སྐྱོན་མེད་པར་རླུང་ལ་སོགས་པའི་ནད་གང་ཡང་མེད་པར་ཤ་དང་པགས་པ་ལ་གནས་པར་གྱུར་པ་ལ། ཕྱི་ རོལ་ནས་སྨན་གྱི་བྱུགས་པ་ལ་སོགས་པ་བྱས་ན་འཕྲལ་དུ་དེའི་མོད་ལ་མེ་དབལ་ཞི་བར་འགྱུར་རོ། །རླུང་གྱུར་ཤུ་ཏི་གླ་སྒང་དང་། །འོ་མ་འུ་སུ་བ་ར་ཧི། །ཨར་ཏ་ཀ་ལ་པི་པི་ལིང་། །ཐང་ཤིང་ཤི་ཀྲུ་རུ་རྟ་ཡི། །ལྡེ་གུས་བྱུགས་པ་བྱས་ན་ཕན། །ཞེས་བྱ་བ་ལ། རླུང་ལས་ གྱུར་པའི་མེ་དབལ་ལ་ནི་ཤུ་ཏི་ཞེས་བྱ་བའི་ཤ་ཏ་པུས་པ་ལ་སོགས་པའི་སྨན་བཏགས་པའི་ལྡེ་གུས་བསྐུས་ན་ཕན་ནོ། །བ་ར་ཧ་ནི་བ་ན་མ་ལི་ཀའོ། །ཨར་ཏ་ཀ་ལ་ནི་རུ་ཛ་ག་རའོ། །འུ་སུ་ནི་འུ་སུའི་འབྲས་བུའོ། །ཤི་ཀྲུ་ནི་སོ་བན་ཛ་ནའོ། །མཁྲིས་པར་ནྱ་གྲོ་དྷ་སོགས་ཏེ། །དེ་ 202-1-24b བཞིན་པདྨ་ཨུཏ་པལ་སོགས། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་མེ་དབལ་ལ་ནི་ནྱ་གྲོ་དྷ་ལ་སོགས་པའི་སྡེ་ཚན་གྱིས་བསྐུ་བའམ། ཡང་ན་པདྨ་དང་ཨུཏྤལ་ལ་སོགས་པ་བསྡུས་པ་ལས་བཤད་པས་བསྐུས་ན་ཕན་ནོ། །དེ་ལས་མཁྲིས་པ་ལ་ནི་པདྨ་དང་ཨུཏྤལ་དང་ཉ་ ལྕིབས་དང་། འདམ་དང་པདྨའི་རྩ་བ་དང་། སྲིང་ག་ཏ་ག་དང་། ཀ་ཤི་རུ་ཀ་དང་། ཤ་ཁ་ར་དང་། བ་ལ་ཀ་དང་། ཙནྡན་དཀར་པོ་དང་། མུ་ཏིག་དང་། ནོར་བུ་དང་། བཙག་ཡུག་སྣམ་དང་། པ་ཡ་སྱ་དང་། པྲ་དུ་ན་ཌ་རཱི་ཀ་དང་། ཤིང་མངར་དང་། ཤུག་པ་དང་། མར་སར་དང་། འོ་མའི་ལྡེ་གུ་བསྐུས་ན་ཕན་ནོ། །ཞེས་བཤད་དོ། །ནྱ་གྲོ་དྷའི་རྩ་གཞོན་ནུ་དང་། །ཆུ་ཤིང་ནང་གི་ལོ་མར་བཅས། །པདྨའི་རྩ་བའི་ལྡེ་གུ་དང་། །ལན་བརྒྱར་བཀྲུས་པའི་མར་གྱིས་བྱུག །ཅེས་བྱ་བ་ལ། ནྱ་གྲོ་དྷའི་རྩ་བ་གཞོན་ནུ་སར་པ་དང་ཆུ་ཤིང་གི་ནང་ གི་ལོ་མ་དང་བཅས་ཤིང་བསྲེས་པ་དང་། པདྨའི་རྩ་བའི་ལྡེ་གུར་སྦྱར་བ་ལན་བརྒྱ་ཕྲག་མང་དུ་བཀྲུས་ཤིང་བཙིར་བའི་མར་དང་སྦྱར་བས་བྱུག་པར་བྱའོ། །པདྨ་ཅན་གྱི་འདམ་བསིལ་བའམ། །མུ་ཏིག་བཏགས་པར་གྱུར་པ་ལ། །དུང་ངམ་བྱི་རུ་ཉ་ཕྱིས་སམ། །ཡུག་སྣམ་མར་དང་བཅས་ པས་བྱུག །ཅེས་བྱ་བ་ལ། གང་ན་པདྨ་སྐྱེས་པའི་འོག་གི་འདམ་བསིལ་བས་བྱུག་པའམ། མུ་ཏིག་ཞིབ་ཏུ་བཏགས་པ་ཉིད་ཀྱིས་བྱུག་པའམ། དུང་ལ་སོགས་པ་གང་ཡང་རུང་བ་བཏགས་ནས་མར་དང་བཅས་པས་བྱུགས་ན་ཡང་ཕན་ནོ། །བད་ཀན་ལས་གྱུར་འབྲས་བུ་གསུམ། ། ཤུག་པ་བཙོད་དང་པུ་ཤེལ་ཙེ། །ཀ་ར་བཱི་ར་འདམ་བུའི་རྩ། །ཨ་ནན་ད་ཡི་ལྡེ་གུས་བསྐུས། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་མེ་དབལ་ལ་ནི་འབྲས་བུ་གསུམ་ལ་སོགས་པའི་ལྡེ་གུས་བསྐུས་ན་ཕན་ནོ། །ད་བ་ལོ་མ་བདུན་པ་དང་། །སེང་ལྡེང་ཐང་ཤིང་འབྲུ་སྨན་དང་། །གླ་ སྒང་དོང་གར་བཅས་པའམ། །བ་ར་ན་སོགས་ལྡེ་གུས་བསྐུ། །ཞེས་བྱ་བ་ལ། ད་བ་ལ་སོགས་པའི་ལྡེ་གུར་སྦྱར་བའམ། བ་ར་ན་ལ་སོགས་པའི་སྡེ་ཚན་གྱི་ལྡེ་གུ་བསྐུས་ན་ཡང་བད་ཀན་ལས་གྱུར་པའི་མེ་དབལ་སེལ་ཏོ། །དོང་ག་ཡི་ནི་ལོ་མ་དང་། །སླེ་སྨན་ཏ་ཀའི་ཤུན་ལྤགས་ 202-1-25a དང་། །ཨིནྡྲ་བ་རུ་ནའི་ལོ་མ། །ཤཱི་ཥ་འོལ་མ་སེའི་མེ་ཏོག །ཅེས་བྱ་བ་ལ། དོང་གའི་ལོ་མ་དང་། སླེ་སྨན་ཏ་ཀ་ལས་སྐྱེས་པའི་ཤུན་ལྤགས་དང་། ཨིནྡྲ་བ་རུ་ནའི་ལོ་མ་དང་། ཤྲཱི་ཥ་དང་། འོལ་མ་སེའི་མེ་ཏོག་ལྡེ་གུར་བྱས་པ་བསྐུས་ན་ཡང་ཕན་ནོ། ། ཆུ་བླུགས་མར་བསྐུ་སྨན་མར་དང་། །ལྡེ་གུ་ཕྱེ་མ་ཇི་བཞིན་དུ། །སྨན་ནི་འདི་དག་ཉིད་ཀྱིས་བྱ། །ཞེས་བྱ་བ་ལ། བཀྲུ་བའི་དོན་དུ་བཤད་པའི་སྨན་ཤུ་ཏི་ལ་སོགས་པ་འདི་དག་ཉིད་ཀྱིས་ཆུ་བླུགས་པ་དང་། རྨའི་ཕྱི་རོལ་ནས་བསྐུ་བའི་མར་དང་ལྡེ་གུ་དང་ཕྱེ་མའི་སྦྱོར་བ་ཡང་ཇི་ལྟ་བ་ བཞིན་དུ་བྱས་ཏེ་གཏང་བར་བྱའོ། །རླུང་རྒྱས་མར་ནི་ཤས་ཆེར་བྱ། །ཞེས་བྱ་བ་ལ། ཡང་ལྡེ་གུའི་སྨན་ལ་སོགས་པ་འདི་དག་རླུང་ཤས་ཆེ་བའི་མེ་དབལ་ལ་ནི་མར་ཤས་ཆེ་བས་བྱའོ། །བད་ཀན་གནས་ཞེན་མ་སྨིན་ལ། །དྲོ་དང་རྩུབ་ཤས་ཆེ་བ་སྦྱར། །དེ་བཞིན་མཁྲིས་པའི་གནས་ ཞུགས་ལ། །ཁྲག་མཁྲིས་ལ་ནི་མར་ལྡན་བྱ། །ཞེས་བྱ་བ་ལ། བད་ཀན་གྱི་གནས་ལ་གནས་ཤིང་རྟེན་པའི་མེ་དབལ་མ་སྨིན་པར་གྱུར་པ་ལ་ནི་དྲོ་བ་དང་རྩུབ་པའི་ལྡེ་གུས་བསྐུ་བ་ཕན་ལ། དེ་བཞིན་དུ་མཁྲིས་པའི་གནས་སུ་ཞུགས་པའི་མེ་དབལ་དང་ཁྲག་དང་། མཁྲིས་པ་ ལས་གྱུར་པའི་མེ་དབལ་ལ་ནི་མར་སར་དང་ལྡན་པའི་སྨན་དེ་དག་གི་ལྡེ་གུས་བསྐུ་བར་བྱའོ། །ཤིན་ཏུ་བསིལ་ཞིང་སྲབ་པ་དང་། །གོས་སྲབ་ནང་དུ་བཞག་པ་ནི། །ནུས་པ་ཆུང་ལས་ཡང་དང་ཡང་། །གཞན་དང་གཞན་ནི་སྦྱར་བར་བྱ། །ཞེས་བྱ་བ་ལ། ཤིན་ཏུ་བསིལ་ཞིང་ གྲང་ལ་སྲབ་ཅིང་ཆུང་བ་དང་། གོས་སྲབ་མོའི་ནང་དུ་གཏུམས་ཤིང་བཞག་པའི་ལྡེ་གུ་ནི་སྐད་ཅིག་མ་རེ་རེ་ཞིང་ཡང་དང་ཡང་དུ་གཞན་དང་གཞན་སྤོས་ལ་སྦྱར་བར་བྱ་སྟེ། གང་གི་ཕྱིར་ལྡེ་གུ་དེ་དེ་ལྟར་བསྐུས་པ་ནི་ནུས་པ་ཆུང་བ་ཡིན་པའི་ཕྱིར་རོ། །འདྲེས་པའི་ནད་ལ་ལས་འདི་ནི། ། འདྲེན་མར་བྱ་བ་བསྔགས་པ་ཡིན། །ཞེས་བྱ་བ་ལ། ནད་གཞི་གཉིས་འདྲེས་པའི་ལྡན་པ་ལས་གྱུར་པའི་མེ་དབལ་ལ་ནི། གོང་དུ་བཤད་པའི་གསོ་བའི་ལས་དེ་འདྲེན་མ་བྱས་ན་བསྔགས་ཤིང་ཕན་ནོ། །མེ་ལྟར་ཚ་ལ་ལན་བརྒྱར་ནི། །བཀྲུས་པའི་མར་སར་འབའ་ཞིག་ 202-1-25b ཕན། །ཞེས་བྱ་བ་ལ། མེ་ལྟ་བུར་ཚ་བའི་མེ་དབལ་ནི། མར་སར་ཆུ་གྲང་མོའི་ནང་དུ་ལན་མང་དུ་མཉེས་པ་འབའ་ཞིག་གིས་བསྐུས་ན་ཕན་ནོ། །མར་གྱི་ཉིང་ཁུ་བླུགས་པའམ། །ཤིང་མངར་བསྐོལ་བའི་ཆུ་གྲང་ངམ། །ཨུཏྤལ་པདྨ་ཁ་རའི་ཆུ། །འོ་མ་བུ་རམ་ཤིང་ཁུ་ བླུགས། །ཞེས་བྱ་བ་ལ། ཡང་མེ་ལྟར་ཚ་བའི་མེ་དབལ་ལ་མར་གྱི་ཉིང་ཁུ་དྭངས་མ་བླུགས་པའམ། ཡང་ན་ཆུ་གྲང་བསྐོལ་བའི་ཆུ་བསྒྲངས་ཏེ་བླུགས་པའམ། ཡང་ན་ཨུཏྤ་ལའམ། ཁ་རའམ། འོ་མའམ། བུ་རམ་ཤིང་ཁུའི་ཁུ་བ་གྲང་མོ་བླུགས་པར་བྱའོ། །བཏུང་བ་ བསྐུ་དང་བླུགས་པ་དང་། །ཏིག་ཏ་ཆེན་པོའི་སྨན་མར་ཕན། །ཞེས་བྱ་བ་ལ། མེ་ལྟ་བུའི་མེ་དབལ་ལ་ཏིག་ཏ་ཆེན་པོའི་སྨན་མར་མཛེ་ནད་ཀྱི་སྐབས་ནས་བཤད་པ་བླུད་པ་ལ་སོགས་པ་སྦྱར་ན་མཆོག་ཏུ་ཕན་ནོ། །རྨེན་བུ་ཁྲག་མཁྲིས་སེལ་བ་ཡི། །གསོ་བ་ཅི་རིགས་ལེགས་བྱས་ ལ། །རླུང་དང་བད་ཀན་འཇོམས་བྱེད་ལ། །གླན་དང་དཀྲི་བ་ལ་སོགས་ཕན། །ཞེས་བྱ་བ་ལ། རྨེན་བུའི་མེ་དབལ་ལ་ནི་སྔར་བཤད་པའི་མཁྲིས་པ་དང་འདྲེས་པ་ལས་བྱུང་བ་ནས། བཀྲུ་སྨན་གྱི་བར་ཁྲག་དང་མཁྲིས་པ་སེལ་བའི་གསོ་བ་ལེགས་པར་བྱས་ལ། དེའི་རྗེས་ལ་རླུང་ དང་བད་ཀན་ལ་ཕན་པའི་གསོ་བ་གླན་པའི་དུགས་དང་། དཀྲི་བའི་དུགས་ལ་སོགས་པ་བྱས་ན་ཕན་ནོ། །རྨེན་བུའི་མེ་དབལ་གཟེར་བཅས་ལ། །ཏིལ་མར་རྩ་བ་བཅུ་དང་བསྐོལ། །བ་གཅིན་དྲོན་མོ་ཆུ་དྲོན་བླུགས། །ཞེས་བྱ་བ་ལ། རྨེན་བུའི་མེ་དབལ་གཟེར་དང་བཅས་པ་འབྱུང་བ་ ལ་ནི་རྩ་བ་བཅུ་དང་བསྐོལ་བའི་ཏིལ་མར་བླུགས་པའམ། དེ་བཞིན་དུ་བ་གཅིན་དྲོན་མོའམ་ཆུ་དྲོན་མོ་བླུགས་པར་བྱའོ། །ཡང་ན་ཤི་ཀྲུའི་ལྡེ་གུའམ། །ན་ཏམ་ལའི་ཤུན་པའམ། །ལ་ཕུག་སྐམ་པོ་བ་རུ་རའི། །ལྡེ་གུ་དྲོ་འཇམ་བསྐུ་བའམ། །ཞེས་བྱ་བ་ལ། ཡང་ན་ཤི་ཀྲུའི་ཤུན་ པ་ལྡེ་གུར་བཏགས་པ་དྲོ་འཇམ་ཙམ་གྱིས་བསྐུ་བའམ། ཡང་ན་ན་ཏ་མ་ལ་ཞེས་བྱ་བ་ཀ་རཉྫའི་ཤུན་ལྤགས་བཏགས་པའི་ལྡེ་གུ་ཆུ་དྲོ་འཇམ་ཙམ་མམ། ལ་ཕུག་སྐམ་པོ་བཏགས་པའི་ལྡེ་གུ་དྲོ་འཇམ་ཙམ་བསྐུ་བའམ། བ་རུ་རའི་ལྡེ་གུ་དྲོ་འཇམ་ཙམ་བསྐུས་ན་ཡང་རྨེན་བུའི་མེ་དབལ་ 202-1-26a གཟེར་དང་བཅས་པ་ལ་ཕན་ནོ། །དན་ད་ཤིང་ཚ་ཙི་ཏྲ་ཀ །ཨརྐ་སྣུ་ཧའི་འོ་མ་དང་། །བུ་རམ་གོ་བྱེའི་རུས་ནག་ཚུར། །ལྡེ་གུས་རྡོ་ཡང་འབིགས་བྱེད་ན། །བད་ཀན་ལས་གྱུར་རྨེན་བུའི་ནད། །ཕྱི་རོལ་གནས་པ་སྨོས་ཅི་དགོས། །ཞེས་བྱ་བ་ལ། དན་ ད་དང་། ཙི་ཏྲ་ཀའི་རྩ་བའི་ཤུན་ལྤགས་དང་། ཨརྐ་དང་། ཤིང་སྣུ་ཧའི་འོ་མ་དང་། བུ་རམ་དང་། གོ་བྱེའི་ནང་གི་རུས་པ་དང་། ནག་ཚུར་གྱི་ལྡེ་གུར་བྱས་པས་བསྐུས་ན་རྡོ་ཡང་འབིགས་པར་བྱེད་ན་བད་ཀན་ལས་གྱུར་པའི་རྨེན་བུ་ལུས་ཀྱི་ཕྱི་རོལ་ན་གནས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ་ ངེས་པར་འབིགས་པར་བྱེད་དོ། །ཡུན་རིངས་གནས་པའི་རྨེན་བུ་ལ། །ལ་ཕུག་རྒྱ་སྲན་ཀུ་ལད་ཐའི། །ཁུ་བ་ཐལ་སྨན་སེའུ་འབྲུར་བཅས། །གྲོ་ཡི་ཟན་དང་ནས་ཀྱི་ཟན། །རྒུན་ཆང་སྦྲང་རྩི་བུ་རམ་དང་། །ཁ་ར་ཆང་གི་དྭངས་མར་བཅས། །ཁ་ལུང་ཁུ་བར་བཅས་པ་དང་། །འབྲས་ བུ་གསུམ་གྱི་སྦྱོར་ལྡེ་གུ། །པི་པི་ལིང་དང་སྦྲང་རྩིར་བཅས། །ཐང་ཤིང་དང་ནི་སླེ་ཏྲེས་དང་། །བྲག་ཞུན་གྱི་ནི་སྦྱོར་བ་དང་། །གླ་སྒང་གོ་བྱེའི་སྦྱོར་བའམ། །སྦྲང་རྩི་ཡི་ནི་སྦྱོར་བ་དང་། །མགོ་བཀྲུ་སྨན་དུད་རྔུབ་པ་དང་། །སྔར་བཤད་སྐྲན་ནི་གཞིག་པ་དང་། །ལྕགས་གསེར་ ལན་ཚྭ་བསྲེགས་པ་དང་། །རྡོ་བས་བཙིར་བར་བྱ་བ་ཡིན། །སྨན་འདི་ཡིས་ནི་འཇིག་པར་བྱེད། །ཅེས་བྱ་བ་ལ། རྨེན་བུའི་ནད་ཡུན་རིང་དུ་གནས་ཤིང་རྒྱུན་དུ་ཆགས་པར་གྱུར་པ་ལ་འོག་ནས་བཤད་པའི་སྨན་འདི་དག་གིས་བཤིག་པར་བྱའོ། །ལ་ཕུག་གི་ཁུ་བ་ཐལ་སྨན་རྣམ་གཉིས་ གང་ཡང་རུང་བ་དང་བཅས་པ་སེའུ་འབྲུ་དང་བཅས་པ་དང་། དེ་བཞིན་དུ་རྒྱ་སྲན་ཀུ་ལད་ཐའི་ཡུ་ཤའི་ཁུ་བ་དང་ཐལ་སྨན་བཅས་པ་དང་། དེ་བཞིན་དུ་གྲོའི་ཟན་དང་ནས་ཀྱི་ཟན་རྟག་ཏུ་སྦྱིན་པ་དང་། རྒུན་ཆང་ལ་སོགས་པ་བླུད་པ་དང་། དེ་བཞིན་དུ་འབྲས་བུ་གསུམ་མམ། པི་པི་ལིང་ གི་སྦྱོར་བ་ལྡེ་གུའམ། ཕྱེ་མར་བྱས་པའམ། དེ་བཞིན་དུ་ཐང་ཤིང་ལ་སོགས་པའི་སྦྱོར་བ་སྟེ། ཅི་རིགས་པར་སྦྱོར་བ་དེ་དང་དེས་བྱ་བ་དང་། ནམ་ཚོང་ཡན་ཆད་ཀྱི་ནད་དུ་གཏོགས་པའི་རྨེན་བུ་ལ། མགོ་བོའི་བཀྲུ་སྨན་དང་། དུད་པ་རྔུབ་པའི་རྣོན་པོ་དང་། སྔར་བཤད་པའི་སྐྲན་ 202-1-26b གཞིག་པའི་སྦྱོར་བ་གང་ཡིན་པ་དང་། ལྕགས་ལ་སོགས་པ་བསྲེགས་པས་བཙིར་ཞིང་མནན་པས་ཡུན་རིང་དུ་གནས་པའི་རྨེན་བུ་འཇིག་པར་བྱེད་དོ། །ཞེས་ཐམས་ཅད་ལ་སྦྱར་བར་བྱའོ། །སྦྱོར་བ་སྣ་ཚོགས་དེ་དག་ནི། །བྱས་ཀྱང་ཞི་བར་མ་གྱུར་ཅིང་། །ཤིན་ཏུ་སྲ་བར་གནས་ གྱུར་ལ། །ནད་སྟོབས་ཆེ་བར་གྱུར་ན་ནི། །དེ་འོག་འདི་ལ་ཐལ་སྨན་ནམ། །ལྡེ་གུའམ་གསེར་གྱིས་བསྲེགས་པ་ཕན། །ཞེས་བྱ་བ་ལ། སྦྱོར་བ་གོང་དུ་སྨོས་པ་སྣ་ཚོགས་པ་དེ་དག་གིས་གསོ་བ་བྱས་ཀྱང་དེ་ཞི་བར་མ་གྱུར་ཅིང་། རྡོ་ལྟར་ཤིན་ཏུ་སྲ་བར་གནས་པར་གྱུར་ལ་ནད་ ཀྱི་སྟོབས་ཤིན་ཏུ་ཆེ་ཞིང་ཞིག་པར་མ་གྱུར་ན་སྨན་གྱི་སྦྱོར་བ་དེ་དག་གི་འོག་ཏུ་རྨེན་བུའི་ནད་འདི་ལ་ཐལ་སྨན་གྱིས་བསྲེག་པའམ། ལྡེ་གུ་མེས་བསྲེགས་པས་བསྲེག་པའམ། གསེར་མེར་བསྲེགས་པས་བསྲེགས་ན་ཕན་ནོ། །སྨིན་པར་བྱེད་པས་རྣགས་བྱས་ལ། །དབྲལ་ནས་དེ་ ནས་དབྱུང་བར་བྱ། །ཞེས་བྱ་བ་ལ། ཡང་རྨེན་བུ་དེ་སྨིན་པར་བྱེད་པའི་སྨན་གྱིས་སྨིན་ཅིང་བསྲུབས་ལ། དེའི་འོག་ཏུ་གཙགས་སྤྱད་ཀྱིས་བསལ་ཏེ། རྨེན་བུ་གང་ཡོད་པ་དབྱུང་བར་བྱའོ། །འདི་ལ་ཁྲག་འདི་རྣགས་འདོད་པ། །ཡང་དང་ཡང་དུ་གདོན་པར་བྱ། །ཞེས་བྱ་བ་ ལ། རྨེན་བུའི་མེ་དབལ་ཞེས་བྱ་བ་ལ། ཁྲག་རྣགས་པར་འདོད་ཅིང་གནས་པ་ལས་གཡོས་ཤིང་ཕྱེད་ཙམ་སྨིན་པར་གྱུར་པ་ལ་ཡང་དང་ཡང་དུ་ཁྲག་གདོན་ཅིང་དབྱུང་བར་བྱའོ། །ཁྲག་བསལ་འོག་ཏུ་སླར་ཡང་ནི། །རླུང་དང་བད་ཀན་སེལ་སྨན་གཏང་། །ཞེས་བྱ་བ་ལ། ཁྲག་ བསལ་ཞིང་བཏོན་ནས་དེ་ཡི་འོག་ཏུ་རླུང་དང་བད་ཀན་སེལ་བའི་སྨན་གང་དག་ཡིན་པ་གཏང་བར་བྱའོ། །ཚ་ཞིང་སྨིན་པས་རྣགས་གྱུར་ལ། །ཕྱི་ནང་རྨ་ལྟར་གསོ་བར་བྱ། །ཞེས་བྱ་བ་ལ། རྨེན་བུའི་མེ་དབལ་དེ་དང་ཚ་བ་དང་སྨིན་པས་རྣགས་པར་གྱུར་པ་ལ་ནི་ཕྱི་དང་ནང་གི་རྨའི་གསོ་བ་ལྟར་ གསོ་བར་བྱའོ། །སྐྱེར་པ་སྲིན་སྨན་ཀམ་བིལྱཻ། །བསྐོལ་བའི་ཏིལ་མར་རྨ་ལ་ཕན། །ཞེས་བྱ་བ་ལ། སྐྱེར་པ་ལ་སོགས་པའི་སྨན་དང་ཏིལ་མར་བསྐོལ་བ་རྨ་ལ་ཕན་ནོ། །བད་ཀན་མཁྲིས་པ་ཤས་ཆེ་ལ། །དཱུར་བའི་ཁུ་བ་མར་བསྐོལ་ཕན། །ཞེས་བྱ་བ་ལ། བད་ཀན་དང་མཁྲིས་པ་ཤས་ 202-1-27a ཆེར་གྱུར་པའི་མེ་དབལ་ལ་ནི་དཱུར་བ་བསྐོལ་བའི་ཁུ་བ་དང་མར་བསྐོལ་བ་ཕན་ནོ། །གསོ་བའི་ལས་ཀུན་ཕྱོགས་དང་སྟེང་། །ཁྲག་དབྱུང་བ་ནི་ཕྱོགས་གཅིག་ཡིན། །མེ་དབལ་དེ་ནི་ཁྲག་མཁྲིས་དང་། །མ་འདྲེས་པ་ལས་བྱུང་མི་འགྱུར། །འདི་ཡི་རྟེན་ནི་ཁྲག་ ཉིད་ཡིན། །དེ་བས་ཁྲག་ནི་མང་དུ་དབྲི། །ཞེས་བྱ་བ་ལ། མེ་དབལ་གྱི་ནད་ལ་སྐྱུག་སྨན་དང་། བཀྲུ་སྨན་བཏང་བ་ལ་སོགས་པའི་གསོ་བའི་ལས་ཀུན་ནད་སེལ་བའི་ལས་བྱེད་པའི་ཕྱོགས་གཅིག་ཏུ་བཞག་པ་དང་། ཁྲག་དབྱུང་བ་གཅིག་ཏུ་གསོ་བའི་ཕྱོགས་གཅིག་སྟེ་ཕྱེད་ཡིན་ནོ། ། དེ་ཡང་གང་གི་ཕྱིར་མེ་དབལ་དེ་ནི་ཁྲག་དང་མཁྲིས་པ་དང་མ་འདྲེས་ཤིང་དེ་ལ་མི་བརྟེན་པ་ལས་འབྱུང་བར་མི་འགྱུར་ཏེ། དེ་བས་ན་རྒྱུ་དེའི་ཕྱིར་མེ་དབལ་འདིའི་རྟེན་ནམ། གནས་ནི་ཁྲག་ཉིད་ཡིན་ཏེ། དེ་བས་ན་ཁྲག་མང་དུ་དབྲི་ཞིང་དབྱུང་བ་ཁོ་ན་འདིའི་དཔྱད་ཀྱི་མཆོག་ཡིན་ནོ། ། ནད་གཞི་མང་པོ་མེ་དབལ་ལ། །བཀྲུ་སྨན་མ་གྱུར་མར་མི་སྦྱིན། །དེ་ཡིས་ནད་ནི་སྲ་གྱུར་པས། །པགས་པ་ཁྲག་དང་ཤ་འཚེད་བྱེད། །ཅེས་བྱ་བ་ལ། གང་ནད་གཞི་མང་པོ་ལས་གྱུར་པའི་མེ་དབལ་དེ་ལ་ནི་བཀྲུ་སྨན་དུ་མ་གྱུར་ཅིང་གང་ཞིག་བླུད་ན་འཁྲུ་བའི་བྱ་བ་མི་བྱེད་པའི་མར་ དེ་སྦྱིན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འཁྲུ་བར་མི་བྱེད་པའི་མར་དེས་སླར་ཞིང་སྲ་ལ་རེངས་ཤིང་འཐས་པར་འགྱུར་བས་པགས་པ་དང་ཁྲག་དང་ཤ་འཚེད་ཅིང་སྲེག་པར་བྱེད་པའི་སྐྱོན་ཡོད་དོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་ དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས་གསོ་བའི་གནས་ལེའུ་བཅོ་བརྒྱད་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་མཛེ་ནད་གསོ་བ་བཤད་པར་བྱའོ། །ཞེས་བྱ་བ་ལ། གོ་རིམས་ཀྱིས་ན་མཛེ་ནད་ཀྱི་གསོ་བ་བརྩམས་པ་ཡིན་ནོ། །མཛེ་ཅན་ཀུན་ལ་ཐོག་མ་ཉིད། ། སྣུམ་བླུད་པས་ནི་གསོ་བར་བྱ། །ཞེས་བྱ་བ་ལ། མཛེའི་ནད་ཀྱིས་བཏབ་པ་ཐམས་ཅད་ལ་ནི་དང་པོ་ཁོ་ནར་སྨན་མར་བླུད་ཅིང་སྣུམ་སྦྱིན་པས་གསོ་ཞིང་བཅོས་པར་བྱའོ། །དེ་ལ་རླུང་ཤས་ཆེ་བ་ལ། །རྩ་བ་བཅུ་པ་སླེ་ཏྲེས་དང་། །ཤ་རང་ཀ་ཏ་ཨེ་རཎྜ། །མེ་ཤ་སྲིང་གི་མར་རམ་ནི། ། 202-1-27b ཏིལ་མར་བསྐོལ་ཏེ་བླུད་པ་ཕན། །ཞེས་བྱ་བ་ལ། དེ་ལ་མཛེ་ནད་དེ་རྣམས་ཀྱི་ནང་ན་རླུང་ལས་གྱུར་པ་དེའི་ཤས་ཆེ་བའི་མཛེ་ནད་ལ་ནི་རྩ་བ་བཅུ་པ་ལ་སོགས་པའི་མར་རམ། ཏིལ་མར་བསྐོལ་ཏེ་བླུད་ན་ཕན་ནོ། །ནིམ་པ་པ་ཏོ་པུ་ཙེ་ཤེལ། །སྐྱེར་པ་པ་ཏ་བྱི་ཚེར་བ། །པར་པ་ཏ་དང་ ཀྱི་ལྕེ་བ། །སྲང་རེ་ཆུ་བྲེ་བརྒྱད་ཀྱི་ནི། །ནང་བསྐོལ་བརྒྱད་ཆ་ལུས་པ་རུ། །གླ་སྒང་རྩ་མཁྲིས་ཀྱི་ལྕེ་བ། །དུག་མོ་ཡུངས་དང་པི་པི་ལིང་། །ཙནྡན་ཞོ་ནི་གཉིས་གཉིས་དང་། །ཞུན་མར་སྲང་ནི་བཅུ་གཉིས་བསྐོལ། །ཏིག་ཏའི་སྨན་མར་དེ་འཐུངས་ན། །མཁྲིས་པའི་ མཛེ་དང་མེ་དབལ་དང་། །འབྲུམ་ཕྲན་ལུས་ཚ་སྐོམ་དད་ཆེ། །མགོ་འཁོར་གཡན་པ་སྐྱ་རྦབ་འབྲས། །རྨ་འགྲམས་འབྲས་ཀྱི་ཕྲེང་བ་དང་། །ཐོར་བུ་ཁོང་འབྲས་སྐྲན་དང་ནི། །ཟད་བྱེད་སྨྱོ་བྱེད་མྱོས་པ་དང་། །སྙིང་ནད་རབ་རིབ་ངོ་ཁབས་དང་། །ཤ་བཀྲ་མིག་སེར་ཕོ་བའི་ ནད། །མཚན་པར་རྡོལ་དང་བརྗེད་བྱེད་དང་། །དམུ་རྫིང་ཟླ་མཚན་མི་ཆོད་དང་། །སྦྱར་དུག་གཞང་འབྲུམ་ཁྲག་མཁྲིས་སེལ། །གཞན་ཡང་མཁྲིས་པ་ལས་གྱུར་ནད། །ཤིན་ཏུ་གསོ་དཀའ་རྣམས་ལའང་ཕན། །ཞེས་བྱ་བ་ལ། ནིམ་པ་ལ་སོགས་པའི་སྨན་སྣ་རེ་སྲང་རེ་ཆུ་བྲེ་བརྒྱད་ ཀྱི་ནང་དུ་བསྐོལ་ལ་བསྐོལ་བ་དེ་བརྒྱད་ཆ་ལུས་པ་དང་ཞུན་མར་སྲང་བཅུ་གཉིས་དང་གླ་སྒང་ལ་སོགས་པའི་སྨན་སྣ་རེ་ཞོ་གཉིས་གཉིས་ལྡེ་གུར་བྱས་པ་དང་བསྐོལ་བའི་སྨན་མར་ཏེ་ཏིག་ཏའི་སྨན་མར་ཞེས་བྱ་སྟེ། དེ་བླུད་ན་མཁྲིས་པ་ལས་གྱུར་པའི་མཛེ་དང་མེ་དབལ་ལ་སོགས་པ་སེལ་བར་ བྱེད་དོ། །དེ་བཞིན་དུ་འདིར་མ་སྨོས་པའི་མཁྲིས་པ་དག་ལས་གྱུར་པའི་ནད་གཞན་དག་སེལ་བར་བྱེད་ཅིང་དེ་ལ་ཕན་པ་ཡིན་ནོ། །ལོ་མ་བདུན་པ་པར་པ་ཏ། །དོང་ག་ཤུ་དག་པུ་ཙེ་ཤེལ། །ཤུག་པ་པ་ཏ་འབྲས་བུ་གསུམ། །སེར་པོ་གཉིས་དང་ཐལ་ཏྲེས་གཉིས། །ནིམ་པ་ཙནྡན་ པི་པི་ལིང་། །ཤིང་མངར་སླེ་ཏྲེས་བི་ཤ་ལ། །དུག་མོ་ཡུངས་དང་པུ་ཙེ་ཤེལ། །རྩ་མཁྲིས་མུར་བ་བ་ཤ་ཀ །ཉེའུ་ཤིང་བུ་ག་པ་ཏོ་ལ། །གླ་སྒང་བྱི་ཚེར་ཀྱི་ལྕེ་བ། །སྐྱུ་རུའི་ཁུ་བ་ཉིས་འགྱུར་དང་། །དེ་རྣམས་མར་གྱི་བརྒྱད་འགྱུར་ཆུར། །བསྐོལ་བའི་ཏིག་ཏ་ཆེན་པོ་སྟེ། །ཡོན་ཏན་ 202-1-28a ཡང་ནི་སྔར་བས་ལྷག །ཅེས་བྱ་བ་ལ། ལོ་མ་བདུན་པ་ལ་སོགས་པའི་སྨན་ལྡེ་གུར་བྱས་པ་དང་། སྐྱུ་རུ་རའི་ཁུ་བ་ཉིས་འགྱུར་དང་། མར་གྱི་བརྒྱད་འགྱུར་གྱི་ཆུའི་ནང་དུ་བསྐོལ་བའི་སྨན་མར་ནི་ཏིག་ཏ་ཆེན་པོའི་སྨན་མར་ཞེས་བྱ་སྟེ། དེའི་ཡོན་ཏན་ཡང་སྔར་སྨོས་ པའི་ཏིག་ཏའི་སྨན་མར་བས་ཡོན་ཏན་ཆེ་བ་ཡིན་ནོ། །ལོ་མ་བདུན་པ་ནི་སབ་ཏ་ལའོ། །པར་པ་ཏ་ནི་ལྡུམ་བུ་སྐྲ་བཟངས་སོ། །སེར་པོ་རྣམ་གཉིས་ནི་ཡུང་བ་དང་སྐྱེར་པའོ། །ཐལ་ཏྲེས་གཉིས་ནི་ཤ་རི་པ་དཀར་ནག་གཉིས་སོ། །པི་པི་ལིང་གཉིས་ནི་པི་པི་ལིང་དང་། ཧ་ཏི་པི་པི་ལིང་ ངོ་། །བད་ཀན་ལས་གྱུར་ནིམ་པ་དང་། །ལོ་མ་བདུན་པ་ཙི་ཏྲ་ཀ །རུ་རྟ་དོང་གྲ་ཚ་བ་གསུམ། །པི་ལ་ཡ་ཡི་མར་བླུད་ཕན། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་མཛེ་ནད་ལ་ནི་ནིམ་པ་ལ་སོགས་པའི་སྨན་ལྡེ་གུར་བྱས་པ་དང་། མར་ཚུལ་བཞིན་དུ་བསྐོལ་བ་བླུད་ན་ཕན་ནོ། ། ཀུན་ལ་གོ་བྱེའི་མར་རམ་ནི། །ཡུངས་ཀར་དུ་བ་རའི་མར་བླུད། །ཅེས་བྱ་བ་ལ། མཛེ་ནད་ཐམས་ཅད་ལ་གོ་བྱེ་ཞེས་པ་བསེ་ཤིང་གི་འབྲས་བུ་བཙིར་བའི་མར་རམ། ཡུངས་ཀར་གྱི་མར་རམ། དུ་བར་བཙིར་བའི་མར་བླུད་ན་ཕན་ནོ། །བྱི་དང་ག་དང་ཨ་ཀ་རུ། །གོ་བྱེའི་ལྡེ་གུ་མར་ བསྐོལ་བླུད། །ཅེས་བྱ་བ་ལ། ཡང་ན་མཛེ་ནད་ཐམས་ཅད་ལ་སྲིན་སྨན་བྱི་དང་ག་དང་། ཨ་ཀ་རུ་དང་། གོ་བྱེ་བཏགས་པའི་ལྡེ་གུ་དང་བསྐོལ་བའི་སྨན་མར་བླུད་དོ། །དོང་གའི་རྩ་བ་དག་དང་མར། །ལན་བརྒྱའི་བར་བསྐོལ་མར་ཡང་བླུད། །སེང་ལྡེང་བསྐོལ་བའི་ཆུ་བསྟེན་ན། །མཛེ་ ནད་མྱུར་དུ་སེལ་བར་བྱེད། །ཅེས་བྱ་བ་ལ། དོང་གའི་རྩ་བ་ལྡེ་གུར་བྱས་པ་དང་། མར་གཉིས་ལན་དུ་མའི་བར་དུ་བསྐོལ་བ་བླུད་ལ། སེང་ལྡེང་བསྐོལ་བའི་ཆུ་འཐུངས་ན་མཛེ་ནད་ཐམས་ཅད་མྱུར་དུ་སེལ་བར་བྱེད་དོ། །འདི་དག་ཉིད་ཀྱིས་ཅི་རིགས་པར། །སྣུམ་ཆོས་བསྐུ་བ་བྱས་པའང་ ཕན། །ཞེས་བྱ་བ་ལ། བཤད་མ་ཐག་པའི་སྣུམ་དེ་དག་གིས་ནད་གཞི་ཇི་ལྟ་བ་ལས། ཅི་རིགས་པས་སྣུམ་གྱི་ཆོ་ག་བྱས་པ་དང་། བསྐུ་བ་བྱས་ན་ཡང་ཕན་ནོ། །སྣུམ་གྱིས་ཞེན་ལ་མེ་དབལ་གྱི། །སྐབས་སུ་བཤད་པའི་སྦྱར་སྨན་གཏང་། །ཞེས་བྱ་བ་ལ། མཛེ་ནད་ཀྱིས་ཐེབས་པ་ 202-1-28b དེ་ལུས་སྣུམ་གྱིས་ཁེབས་པར་བྱས་ནས། མེ་དབལ་གསོ་བའི་སྐབས་སུ་བཤད་པའི་བཀྲུ་སྨན་དང་སྐྱུག་སྨན་བཏང་བས་སྦྱང་བར་བྱའོ། །དཔྲལ་བ་ལག་པ་རྐང་པ་ལས། །འདི་ལ་གཏར་ག་གདབ་པར་བྱ། །ཞེས་བྱ་བ་ལ། ཡང་ནད་པ་དེ་ལ་ཉམས་སྟོབས་ཀྱི་ཚུལ་ནས་དཔགས་ཏེ་ དཔྲལ་བ་ལ་སོགས་པར་གཏར་ག་གདབ་ཅིང་ཁྲག་དབྱུང་བར་བྱའོ། །མཛེ་ནད་ཚབས་ཆུང་ཞལ་ཞལ་གདབ། །རྭ་སོགས་ཀྱིས་ཀྱང་ཁྲག་དབྱུང་བྱ། །ཞེས་བྱ་བ་ལ། མཛེ་ནད་ཅུང་ཟད་ཀྱིས་བཏབ་པ་ལ་ནི་གཙགས་བུས་ཞལ་ཞལ་གདབ་ཅིང་ཁྲག་དབྱུང་བར་བྱའོ། །ནད་ དམིགས་ཀྱི་ཚུལ་ལས་དཔགས་ཏེ། གཏར་ག་གདབ་པའི་ལེའུ་ལས་འབྱུང་བའི་ཚུལ་དུ་རྔབས་རུ་དང་བསྐུ་བ་ལ་སོགས་པས་ཁྲག་ཕྱུང་ན་ཡང་ཕན་ནོ། །མཛེ་ནད་འཇོམས་པའི་སྣུམ་གྱིས་ནི། །འདི་ལ་བར་བར་བརྟ་བར་བྱ། །ཁྲག་བྱུང་བཀྲུ་སྨན་གྱིས་སྦྱང་ཞིང་། །ལྟོ་སྟོང་གྱུར་པའི་ མཛེ་ཅན་ལ། །ཅི་ནས་རླུང་གིས་འདི་ཡི་ནི། །ལུས་ནི་འཇིག་པ་དེ་ལྟར་བྱ། །ཞེས་བྱ་བ་ལ། ཡང་མཛེ་ཅན་དེ་ལ་མཛེ་ནད་འཇོམས་ཤིང་སེལ་བར་བྱེད་པའི་སྣུམ་གོ་བྱེ་དང་། ཡུངས་ཀར་གྱི་མར་ལ་སོགས་པས་བར་དུ་ཉམས་བརྟ་ཞིང་ཚིམ་པར་བྱས་ན། དེ་སྔར་བྱུང་བ་དང་། བཀྲུ་ སྨན་གྱིས་སྦྱང་བར་གྱུར་པས་རླུང་བརྟ་བར་བྱེད་པའི་རྒྱུས་ལུས་ལ་གནོད་ཅིང་འཇིག་པར་བྱེད་པར་མི་འགྱུར་རོ། །ནིམ་པ་སླེ་ཏྲེས་བ་ཤ་ཀ །འབྲས་བུ་གསུམ་དང་པ་ཏོ་ལ། །ཀཎྜ་ཀ་རི་ཀ་རཉྫ། །ལྡེ་གུ་ཆུ་དང་མར་བསྐོལ་བ། །སྨན་མར་རྡོ་རྗེ་ཅན་ཞེས་བྱ། །དེས་ནི་མེ་དབལ་མིག་སེར་ རིམས། །ཁྲག་ནད་ལུད་པ་མཛེ་ནད་འཇོམས། །ཞེས་བྱ་བ་ལ། ནིམ་པ་ལ་སོགས་པའི་སྨན་ལྡེ་གུར་བྱས་པ་བསྐོལ་བའི་ཆུ་དང་མར་དུ་བསྐོལ་བའི་སྨན་མར་དེ་ནི་སློབ་དཔོན་གྱིས་རྡོ་རྗེ་ཅན་ཞེས་བྱའོ་ཞེས་བཤད་དེ། དེ་བླུད་པས་ན་མེ་དབལ་ལ་སོགས་པའི་ནད་སེལ་བར་བྱེད་དོ། །འབྲས་བུ་ གསུམ་དང་ཚ་བ་གསུམ། །དུར་བྱིད་ཀཎྜ་ཀ་རི་གཉིས། །དན་ད་དོང་ག་པུ་ཙེ་ཤེལ། །ཤུ་དག་བོང་ང་ཙི་ཏྲ་ཀ །པ་ཐར་བཅས་པ་ཞོ་གཉིས་གཉིས། །སྣུ་ཧའི་འོ་མ་སྲང་གཅིག་དང་། །བྲེ་གང་མར་བསྐོལ་ལྟོ་སྲ་བའི། །སྣུམ་བཅོས་བཀྲུ་སྨན་དག་ཏུ་སྦྱར། །མཛེ་དང་ཤ་ 202-1-29a བཀྲ་མཆེར་པ་དང་། །རྒྱུ་རླུགས་རྡེའུ་འགགས་སྐྲན་འཇོམས་བྱེད། །འདི་ནི་རྡོ་རྗེ་ཆེན་པོར་བཤད། །ཅེས་བྱ་བ་ལ། འབྲས་བུ་གསུམ་ལ་སོགས་པའི་སྨན་སྣ་རེ་རེ་ཞིང་ཞོ་གཉིས་གཉིས་ཀྱི་ཚད་དུ་བྱས་ལ། སྣུ་ཧ་ཞེས་བྱ་བ་སུ་དྷ་ཀྵི་རའི་འོ་མ་སར་པ་སྲང་གཅིག་ དང་བཏགས་ཏེ་ལྡེ་གུར་བྱས་ཏེ། ལྡེ་གུ་དེ་དང་མར་བྲེ་གང་བསྐོལ་བའི་སྨན་མར་དེ་ནི་ལྟོ་སྲ་བ་དག་ལ་སྣུམ་ཆོས་བྱ་ཞིང་བཏང་བ་དང་བཀྲུ་སྨན་གཉི་ག་ཅི་རིགས་པར་སྦྱར་ཞིང་གཏང་བར་བྱ་སྟེ། དེས་མཛེ་ནད་ལ་སོགས་པའི་ནད་ཤིན་ཏུ་གསོ་དཀའ་བ་དག་ཀྱང་སེལ་བར་བྱེད་དོ། །སྨན་མར་དེ་ནི་ རྡོ་རྗེ་ཆེན་པོ་ཞེས་བྱའོ། །ཀཎྜ་ཀ་རི་གཉིས་ནི་ཀཎྜ་ཀ་རི་དང་བྲི་ཧ་ཏིའོ། །དན་ད་བྲེ་བཞི་ཆུ་བྲེ་ནི། །བཅུ་དྲུག་བསྐོལ་བ་དེ་མར་བསྐོལ། །ཀོ་ཤ་ཀ་ཏི་སྲང་གཅིག་བཏབ། །དེ་བླུད་སྟེང་འོག་སྦྱོང་བྱེད་ཡིན། །ཞེས་བྱ་བ་ལ། དན་ད་བྲེ་བཞི་ཆུ་བྲེ་བཅུ་དྲུག་གི་ནང་དུ་བསྐོལ་བ་དེའི་བརྒྱད་ཆ་ ལུས་པར་མར་བྲེ་གང་བསྐོལ་བ་མར་དང་ཀོ་ཤ་ཏ་ཀི་སྲང་གཅིག་ལྡེ་གུར་བྱས་ཏེ་བསྲེས་ལ་དེ་ལས་ཅི་རིགས་པར་བླུད་ན་སྟེང་དང་འོག་ཏུ་སྦྱོང་ཞིང་སློན་པ་དང་ཁྲུས་བྱས་པས་དག་པར་བྱེད་པ་ཡིན་ནོ། །ཨ་པར་ཏ་ཀི་སྲང་བརྒྱད་ཆུ། །བྲེ་བཅུ་དྲུག་བསྐོལ་བརྒྱད་ཆ་ལུས། །ཁུ་བ་དེར་ནི་དེའི་རྩ་བ། ། མར་ནི་བྲེ་གང་བསྐོལ་བར་བྱ། །བླུད་པ་དེ་ནི་ཞག་གཅིག་གིས། །བར་དུ་ཆོད་དེ་ལེགས་ཞུ་ནས། །ཁྲེ་རྒོད་རང་སྐྱུར་མར་བསྐོལ་བླུད། །མཛེ་ནད་ཤ་བཀྲ་འབྲས་ཀྱི་ཕྲེང་། །སེལ་ཞིང་བུ་མང་དྲན་འཛིན་འགྱུར། །ཞེས་བྱ་བ་ལ། ཨ་པར་ཏ་ཀི་ནི་རཀྟ་པུཥྤེ་དང་། ཙར་མ་རང་ག་ དང་། རོ་ཧི་ནི་ཞེས་བྱ་བ་མེ་ཏོག་དམར་པོ་ཅན་སག་ཏི་ཚོད་པ་ཞིག་ཡོད་པ་ལ་བྱའོ། །ལ་ལ་ནི་སབ་ཏ་ལ་ལ་ཨར་པ་ཏ་ཀི་ཞེས་བྱ་བའོ་ཞེས་ཟེར་རོ། །དེ་སྲང་བརྒྱད་ཆུ་བྲེ་བཅུ་དྲུག་གི་ནང་དུ་བསྐོལ་བ་དེ་ལས་ཆུ་བྲེ་དོ་ལུས་པ་དང་ཁུ་བ་དེའི་ནང་དུ་ཨར་ག་ཏ་ཀི་དེའི་རྩ་བ་ལྡེ་གུར་བྱས་པ་དང་། མར་བྲེ་གང་བ་སྐོལ་ལ་མར་དེ་ཞག་གཅིག་གིས་བར་དུ་ཆོད་པའི་ཚུལ་གྱིས་བླུད་ལ་དེ་ལེགས་པར་ཞུ་བར་གྱུར་པ་དང་། ཁྲེ་རྒོད་དམ་ཅི་ཚེའི་ཆན་དང་རང་སྐྱུར་ཀན་ཛི་ཞེས་བྱ་བ་བསྐོལ་བ་བླུད་ན་མཛེ་ནད་ལ་སོགས་པ་སེལ་ཞིང་འཇོམས་པར་བྱེད་པ་དང་དེ་བཞིན་དུ་བུ་ཚ་མང་དུ་འཕེལ་བ་དང་དྲན་པ་ 202-1-29b འཛིན་ཅིང་མི་བརྗེད་པར་འགྱུར་རོ། །ནི་ལི་ཏ་ཀའི་ཚིལ་སྦྲང་རྩི། །ཛཱ་ཏིའི་ཁུ་བ་མར་བཅས་པའམ། །སེང་ལྡེང་ཨ་ས་ནའི་ཆུར་བཅས། །དབང་པོ་བསྡམས་བརྟན་མཛེ་ནད་འཇོམས། །ཞེས་བྱ་བ་ལ། དབང་པོ་བསྡམས་ཤིང་ཡུལ་ཐུབ་པ་དང་ནི་ལི་ཀའི་ཚིལ་སྦྲང་རྩི་དང་མེ་ ཏོག་ཛཱ་ཏིའི་ཁུ་བ་དང་བཅས་པ་ཟོས་ན་མཛེ་ནད་འཇོམས་པར་འགྱུར་རོ། །ཡང་ན་ནི་ལི་ཏ་ཀའི་ཚིལ་མར་དང་ཆ་སྙོམས་པ་ཟོས་ན་ཡང་མཛེ་ནད་འཇོམས་པར་འགྱུར་རོ། །ཡང་ན་ནི་ལི་ཏ་ཀའི་ཚིལ་དང་སེང་ལྡེང་དང་ཨ་ས་ན་བསྐོལ་བའི་ཆུ་དང་བཅས་པ་བླུད་ན་ཡང་མཛེ་ནད་འཇོམས་པར་ འགྱུར་རོ། །སཱ་ལུ་ནས་དང་གྲོ་དང་ནི། །ཅི་ཚེ་ཁྲེ་དང་མུངྒ་དང་། །སྲན་ཆུང་དང་ནི་ཏུ་ཀ་རའི། །ཚོད་མ་ཁ་བོ་སྐམ་སའི་ཤ །འབྲས་བུ་གསུམ་དང་པ་ཏོ་ལ། །སེང་ལྡེང་ནིམ་པ་གོ་བྱེ་སྦྱར། །ཆང་ནི་སྨན་དང་སྦྱར་བ་དང་། །དར་བ་སར་པ་ར་དར་བཅས། །བཟའ་དང་བཏུང་ བ་མཛེ་ལ་ཕན། །སྐྱུར་ཚ་ལན་ཚྭ་ཅན་རྣམས་གནོད། །ཅེས་བྱ་བ་ལ། སཱ་ལུ་ནི་སཱ་ལུ་རྩ་སྣར་ལ་སོགས་པ་སྟེ། དེ་དང་ནས་དང་སྐམ་སའི་ཤའི་བར་གྱི་ཁ་ཟས་འབྲས་བུ་ལ་སོགས་པ་དང་སྦྱར་བ་བཟའ་བར་བྱ་བ་དང་། དེ་བཞིན་དུ་བཏུང་བར་ནི་ཆབ་ཀྱི་ནང་དུ་སྨན་བཅུག་པ་ལ་སོགས་ པ་བླུད་ན་ཕན་ནོ། །སྐྱུར་བ་དང་ཚ་བ་དང་ལན་ཚྭའི་བག་དང་ལྡན་པའི་བཟའ་བ་དང་། བཏུང་བ་ནི་དེ་གནོད་པ་ཡིན་པར་ཤེས་པར་བྱའོ། །ཞོ་དང་འོ་མ་རླན་ཅན་ཤ །བུར་མ་མ་ཤ་ཏིལ་མར་སྤང་། །ཞེས་བྱ་བ་ལ། ཞོ་ལ་སོགས་པ་ནི་མཛེ་ཅན་གྱིས་ཤིན་ཏུ་སྤང་བར་བྱའོ། །པ་ཏོ་ལའི་ རྩ་འབྲས་བུ་གསུམ། །བི་ཤ་ལ་ནི་རེ་རེ་ནི། །ཆ་གསུམ་གྱིས་དབྲི་ཞོ་ཕྱེད་གསུམ། །ཀྱི་ལྕེ་བ་དང་པུ་ཙེ་ཤེལ། །ཞོ་ཕྱེད་དོང་གྲ་བཞི་ཆར་བཅས། །དེ་ལྟར་སྲང་གཅིག་བརྡུངས་པ་དག །བསྐོལ་བའི་ཆུ་ནི་འཐུངས་གྱུར་ན། །ནད་ཀྱི་ཚོགས་ནི་སྦྱོང་བར་བྱེད། །སྨན་དེ་ཞུ་ནས་ སྐམ་ས་ཡི། །རི་དྭགས་བྱ་ཡི་ཤ་ཁུ་དག །འབྲས་རྙིང་ཆན་དང་སྦྱར་བ་བཟའ། །སྦྱོར་འདི་ཞག་དྲུག་བསྟེན་ན་ནི། །མཛེ་ནད་ཀུན་དང་སྐྲངས་པའི་ནད། །ཕོ་བའི་ནད་དང་གཅིན་སྲི་དང་། །གཟུགས་འཁུམས་གསོ་དཀའི་ནད་རྣམས་དང་། །སྙིང་ནད་ཆུ་སོར་གཟེར་རིམས་ 202-1-30a སེལ། །ཞེས་བྱ་བ་ལ། པ་ཏོ་ལའི་རྩ་བ་ལ་སོགས་པའི་སྨན་སྣ་རེ་ཞིང་སུམ་ཆ་སུམ་ཆ་དབྲི་བའི་ཞོ་ཕྱེད་སུམ་ཆ། དེས་ན་སྨན་ལྔ་པོ་དེ་དག་སྣ་རེ་ཞིང་ཆ་གསུམ་པས་ཕྲི་བའི་ཞོ་ཕྱེད་དང་གཉིས་ཏེ། དེ་ལ་དན་དྲུག་ལ་ཞོ་ཕྱེད་ཡོད་པས་དེ་ལ་པ་ཏོ་ལ་ཞོ་ཕྱེད་དང་ གཉིས། དེ་ལས་ཞོ་ཕྱེད་ཀྱི་སུམ་ཆ་ད་ན་གཉིས་ཀྱིས་དབྲི། དེས་ན་པ་ཏོ་ལ་ད་ན་བཅོ་བརྒྱད་ལས་བཅུ་དྲུག་ཏུ་བྱ། དེ་བཞིན་དུ་ཨ་རུ་ར་དང་། སྐྱུ་རུ་ར་དང་། བ་རུ་ར་དང་བི་ཤ་ལ་ཡང་ད་ན་ཞོ་གཉིས་གཉིས་ཕྲི་སྟེ། ད་ན་བཅུ་དྲུག་བཅུ་དྲུག་བྱ། དེ་ལྟར་བཅུ་དྲུག་ཕྲག་ལྔ་པ་དན་ བརྒྱད་ཅུ་ཡོད་ལ། ཀྱི་ལྕེ་བ་དང་པུ་ཙེ་ཤེལ་གཉིས་ཆ་གཅིག་གིས་བསྐྱེད་པ་དང་དོང་གྲ་བཞི་ཆ་དང་བཅས་པ་དེ་ལྟར་སྦྱར་ན་ཀྱི་ལྕེ་བ་ཞོ་ཕྱེད་དེ། དན་དྲུག་པུ་ཙེ་ཤེལ་ཡང་ཞོ་ཕྱེད་དེ། དན་དྲུག་དང་གྲ་བཞི་ཆ་སྟེ། ད་ན་བཞི་སྟེ་སྤྱིར་དན་དགུ་བཅུ་རྩ་དྲུག་ལ་སྤྱིར་སྲང་དྲུག་ཡོད་དེ། སྨན་ གཅིག་པ་དེ་བརྡུངས་ལ་ཕྱེ་མར་བྱས་ཏེ་བསྐོལ་བའི་ཆུ་འཐུངས་ན་ནད་ཀྱི་ཚོགས་སྦྱོང་ཞིང་དག་པར་བྱེད་ལ་སྨན་དེ་ཞུ་ནས་སྐམ་ས་རི་དྭགས་དང་བྱའི་ཤ་ཁུ་དང་འབྲས་རྙིང་པའི་ཆན་ཟོས་ཤིང་སྤྱོད་ལ་སྦྱོར་བ་འདི་ཞག་དྲུག་གི་བར་བསྟེན་ཞིང་ལོངས་སྤྱད་པར་གྱུར་ན་མཛེ་ནད་ལ་སོགས་པ་སེལ་བར་འགྱུར་རོ། ། དེ་བཞིན་དུ་རྟག་པའི་རིམས་ལ་སོགས་པའི་རིམས་ཐམས་ཅད་ཀྱང་སེལ་བར་འགྱུར་རོ། །བྱི་དང་ག་ཡི་སྙིང་པོ་དང་། །ཨ་རུ་ར་དང་སྐྱུ་རུ་ར། །སྲང་རེ་དན་ད་སྲང་གསུམ་དང་། །བུ་རམ་སྲང་ནི་བཅུ་གཉིས་དག །རི་ལུར་བྱས་འདི་བྱིན་གྱུར་ན། །མཛེ་དང་ཤ་བཀྲ་དབུགས་མི་བདེ། ། ལུད་པ་དམུ་རྫིང་གཞང་འབྲུམ་དང་། །གཅིན་ནད་མཚེར་པའི་རྨེན་བུའི་ནད། །ཐོར་བུ་སྲིན་ནད་སྐྲན་རྣམས་འཇོམས། །གྲུབ་པའི་སྦྱོར་འདི་གནོད་སྦྱིན་ནི། །ནོར་བུ་བཟང་པོས་དགེ་སློང་ཞིག །སྲོག་འདོར་ཉིད་ལ་བཤད་ཅེས་གྲགས། །ཞེས་བྱ་བ་ལ། བྱི་དང་གའི་སྙིང་པོ་ལ་ སོགས་སྤྱིར་སྲང་རེ་རེ་སྲང་གསུམ། དན་ད་གཅིག་པུ་སྲང་གསུམ། བུ་རམ་སྲང་བཅུ་གཉིས་ཏེ། དེ་དག་སྤྱིར་རི་ལུ་བྱས་པ་དབང་པོ་ཐུལ་ཞིང་བསྡམས་པའི་ནད་ལ་བྱིན་ན། མཛེ་ནད་ལ་སོགས་པ་སེལ་བར་བྱེད་དོ། །སྦྱོར་བ་འདི་ནི་རབ་ཏུ་གྲུབ་པར་གྲགས་པ་ཡིན་ནོ། །གནོད་སྦྱིན་ 202-1-30b ནོར་བུ་བཟང་པོས་དགེ་སློང་ཞིག་སྲོག་འདོར་དུ་ཉེ་བའི་ཚེ་སྦྱོར་བ་འདི་བཤད་ཅིང་བསྟན་ཏོ་ཞེས་གྲགས་ཏེ། གྲགས་ཞེས་བྱ་བ་ནི་དེ་སྐད་ཟེར་རོ། །ཞེས་ལུང་ལས་འབྱུང་བ་སྟོན་པ་ཡིན་ནོ། །ཐོར་བུ་ནི་ཚོགས་དག་ཏུ་རྩ་བ་ཆེར་འཆོས་པའི་འབྲས་ནད་ལ་བྱའོ། །ཏིག་ཏ་ནིམ་པ་འབྲས་བུ་ གསུམ། །ཤུག་པ་བོང་ང་པི་པི་ལིང་། །མུར་བ་དང་ནི་པ་ཏོ་ལ། །སེར་པོ་རྣམ་གཉིས་པུ་ཙེ་ཤེལ། །ཤུ་དག་ཨིནྡྲ་བ་རུ་ནི། །དུག་མོ་ཡུངས་བཅས་ཆ་སྙོམས་པ། །དན་ད་དུར་བྱིད་བྲམ་ཤ་མི། །ཕྱི་མ་བཞིན་དུ་ཉིས་འགྱུར་བྱས། །ཕྱེ་མ་སྦྲང་རྩི་མར་བཅས་ཟོས། །མཛེ་ དང་ཟ་གུ་ཚོར་བ་ཆུང་། །སེལ་བའི་སྨན་གྱི་མཆོག་ཡིན་ནོ། །ཞེས་བྱ་བ་ལ། ཏིག་ཏ་ལ་སོགས་པའི་སྨན་ཆ་མཉམ་པོར་བྱས་ལ། དན་ད་དང་དུར་བྱིད་དང་བྲམ་ཤ་མི་ཞེས་བྱ་བ་ཕྱི་མ་བཞིན་ཉིས་འགྱུར་དུ་བྱས་ཏེ། དེས་ན་གལ་ཏེ་ཏིག་ཏ་ཞོ་གཅིག་བྱེད་ན་དན་ད་ཞོ་གཉིས་དུར་བྱིད་ཞོ་ བཞི་བྲམ་ཤ་མི་ཞོ་བརྒྱད་དང་སྦྱར་རོ། །སྨན་དེ་དག་ཕྱེ་མར་ཞིབ་ཏུ་བཏགས་པ་སྦྲང་རྩི་དང་སྦྱར་བ་རྟག་ཏུ་ཟོས་ན་མཛེ་ནད་ལ་ཕན་ནོ། །འབྲས་བུ་གསུམ་དང་པི་པི་ལིང་། །བྱི་དང་ག་དང་སྦྲང་རྩི་ནི། །ཏིལ་མར་མར་སྦྱར་ལྡེ་གུའམ། །ཞེས་བྱ་བ་ལ། འབྲས་བུ་གསུམ་ལ་ སོགས་པའི་ལྡེ་གུ་སྦྱར་བ་ཟོས་ན་ཡང་མཛེ་ནད་ལ་ཕན་ནོ། །ཀ་ཀ་ཨུ་དུམྦཱ་ར་དང་། །ནིམ་པ་གླ་སྒང་བྱི་དང་ག །ཚ་བ་གསུམ་གྱི་ལྡེ་གུ་ནི། །དུག་མོ་ཡུངས་ཀྱི་ཁུ་བར་བཅས། །བླུད་ན་ལྤགས་ནད་ཐམས་ཅད་འཇོམས། །ཞེས་བྱ་བ་ལ། ཀ་ཀ་ཨུ་དུམྦཱ་ར་ལ་སོགས་པའི་ལྡེ་ གུ་དུག་མོ་ཡུངས་བསྐོལ་བའི་ཁུ་བ་དང་སྦྱར་ཏེ། བླུད་ན་མཛེ་ནད་དུ་གཏོགས་པའི་པགས་པའི་སྐྱོན་ཐམས་ཅད་སེལ་བར་བྱེད་དོ། །ཀ་ཀ་ཨུ་དུམྦཱ་ར་ནི་ཕལ་གུ་སྟེ། ཕྱེད་དུ་ཞེས་བྱའོ། །དུག་མོ་ཡུངས་དང་ཙི་ཏྲ་ཀ །ནིམ་པ་ཐང་ཤིང་སེང་ལྡེང་དང་། །ལོ་མ་བདུན་པ་ཨ་ས་ན། ། ཁུ་བསྐོལ་མར་དང་ཨ་རུ་ར། །སྦྲང་རྩི་ལྡན་ཟོས་མཛེ་ནད་འཇོམས། །ཞེས་བྱ་བ་ལ། དུག་མོ་ཡུངས་ལ་སོགས་པའི་སྨན་བསྐོལ་བའི་ཁུ་བའི་ནང་དུ་ཨ་རུ་ར་དང་སྦྲང་རྩི་དང་མར་བཏབ་སྟེ་ཟོས་ན་མཛེ་ནད་ཐམས་ཅད་སེལ་བར་འགྱུར་རོ། །སེང་ལྡེང་ནིམ་པ་སླེ་ཏྲེས་དང་། །པ་ཏོ་ལ་ 202-1-31a དང་བྱི་ཚེར་བསྐོལ། །སེང་ལྡེང་ལ་སོགས་ལྔ་པ་སྟེ། །ཁྱབ་འཇུག་གིས་ནི་ལྷ་མིན་བཞིན། །མཛེ་ནད་འཕྲལ་དུ་འཇོམས་པར་བྱེད། །ཅེས་བྱ་བ་ལ། སེང་ལྡེང་ནས་བྱི་ཚེར་བར་སྨན་ལྔ་པོ་བསྐོལ་བའི་ཁུ་བ་ནི་སེང་ལྡེང་ལྔ་པ་ཞེས་བྱ་སྟེ། དེས་ནི་མཛེ་ ནད་ཀྱི་རྣམ་པ་འཕྲལ་དུ་འཇོམས་ཤིང་སེལ་བར་བྱེད་དོ། །དཔེར་ན་ལྷ་ཆེན་པོ་ཁྱབ་འཇུག་གིས་ལྷ་མ་ཡིན་རྨེག་མེད་པར་བྱེད་པ་དང་འདྲའོ། །སྐྱེར་པ་ནིམ་པ་སེང་ལྡེང་གི། །ཤུན་ལྤགས་བསྐོལ་བས་མཛེ་ནད་སེལ། །ཞེས་བྱ་བ་ལ། སྐྱེར་པ་ལ་སོགས་པ་བསྐོལ་བའི་ཁུ་བ་བླུད་ པས་ཀྱང་མཛེ་ནད་སེལ་བར་བྱེད་དོ། །སྐྱེར་པ་ནིམ་པ་འབྲས་བུ་གསུམ། །པ་ཏོ་ལའི་རྩ་པུ་ཙེ་ཤེལ། །ཤུ་དག་བཅོད་ནི་བསྐོལ་བ་ཡིས། །དམ་ཆོས་ལ་བརྟེན་འཁོར་བ་ལྟར། །ཁྲག་མཁྲིས་ལས་གྱུར་མཛེ་ནད་གཅོད། །སྨན་འདི་ཉིད་དང་བ་ཡི་མར། །བསྐོལ་བས་རླུང་གྱུར་མཛེ ནད་རྣམས། །མཆོག་ཏུ་སེལ་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། སྐྱེར་པ་ལ་སོགས་པ་སྨན་བསྐོལ་བའི་ཁུ་བ་བླུད་ན་ཡང་ཁྲག་དང་མཁྲིས་པ་ལས་གྱུར་པའི་མཛེ་ནད་སེལ་བར་བྱེད་དོ། །དཔེར་ན་དམ་པའི་ཆོས་ལ་ལེགས་པར་བརྟེན་ཅིང་བསྒོམས་པས་འཁོར་བའི་འཆིང་བ་གཅོད་པ་དང་འདྲའོ། ། ཡང་སྐྱེར་པ་ལ་སོགས་པའི་སྨན་འདི་དག་ཉིད་དང་བའི་མར་བསྐོལ་བའི་སྨན་མར་བླུད་ན་རླུང་ལས་གྱུར་པའི་མཛེ་ནད་སེལ་བར་འགྱུར་རོ། །སེང་ལྡེང་ནིམ་པ་སྐྱེར་པ་དང་། །སླེ་ཏྲེས་ཐང་ཤིང་སྣ་རེར་བསྐོལ། །ཞེས་བྱ་བ་ལ། དེ་བཞིན་དུ་སེང་ལྡེང་ལ་སོགས་པའི་སྨན་སྣ་རེ་རེ་བསྐོལ་བའི་ཁུ་ བའམ་སྨན་དེ་དག་མར་དུ་བསྐོལ་བ་བླུད་ན་ཡང་མཛེ་ནད་ལ་ཕན་ནོ། །པ་ཐ་སྐྱེར་པ་ཙི་ཏྲ་ཀ །དན་ད་དུག་ཡུངས་པུ་ཙེ་ཤེལ། །བ་གཅིན་ཡང་ན་ཆུ་དྲོན་བཅས། །ཟླ་བ་གཅིག་བླུད་མཛེ་ནད་དང་། །གཞང་འབྲུམ་ཟ་ཁུ་སྐྲན་ནད་དང་། །སྐྱ་རྦབ་མ་ཞུ་སྲིན་ནད་འཇོམས། །ཞེས་བྱ་བ་ལ། པ་ཏོ་ལ་ལ་སོགས་པའི་སྨན་གྱི་ལྡེ་གུ་བ་གཅིན་དང་སྦྱར་བའམ། ཆུ་དྲོན་དང་སྦྱར་བ་སྟེ་ཟླ་བ་གཅིག་གི་བར་དུ་བླུད་ན་མཛེའི་ནད་ལ་སོགས་པ་འཇོམས་པར་བྱེད་དོ། །རྒྱ་སྐྱེགས་དན་དའི་འབྲས་བུ་གསུམ། །མུར་བ་པ་ཏ་ཙི་ཏྲ་ཀ །ཨ་པ་མར་ག་བྱི་དང་ཀ །ལོ་མ་བདུན་པ་ཚ་བ་གསུམ། །བཙོད་ 202-1-31b དང་སྐྱེར་པ་བ་ཤ་ཀ །ནིམ་པ་ཐང་ཤིང་རྩ་བ་ལྔ། །གཉིས་པོ་ཕྱེ་མ་བ་གཅིན་སྦྱར། །ཟླ་བ་གཅིག་འཐུངས་ཕན་ཟས་བཟའ། །མཛེ་ཡི་ནད་ཀུན་འཇོམས་པར་བྱེད། །ཅེས་བྱ་བ་ལ། རྒྱ་སྐྱེགས་ལ་སོགས་པ་ནས་རྩ་བ་ཆེན་པོ་ལྔ་དང་། ཆུང་ངུ་ལྔ། གཉིས་པོའི་བར་ཕྱེ་མར་བྱས་པ་དང་ བ་གཅིན་དུ་སྦྱར་ཏེ་ཟླ་བ་གཅིག་གི་བར་དུ་བླུད་ཅིང་ཕན་ཞིང་འཕྲོད་པའི་ཟས་ཟོས་ནས་མཛེའི་ནད་ཐམས་ཅད་སེལ་བར་བྱེད་དོ། །སྐྱེར་པ་པི་པི་ལིང་དོང་གྲ། །བྱི་དང་ག་དང་དོ་བ་རི། །ཙི་ཏྲ་ཀ་དང་ཏ་བྱ་རྣམས། །གོ་རིམས་བཞིན་དུ་ཆ་རེས་བསྐྱེད། །བ་གཅིན་སྦྱར་བའམ་རི་ལུ་ནི། །བྱིན་ ན་མི་བཟད་མཛེ་ཡང་འཇོམས། །ཞེས་བྱ་བ་ལ། སྐྱེར་པ་ལ་སོགས་པ་གོ་རིམས་བཞིན་དུ་ཆ་རེས་བསྐྱེད་པའི་ཕྱེ་མ་བ་གཅིན་དང་སྦྱར་ཏེ་བླུད་པའམ། ཡང་ན་བསྐོལ་ཏེ་རི་ལུར་བྱས་པ་བྱིན་ན་མཛེ་ནད་གསོ་དཀའ་བའམ་མི་བཟད་པ་ཡང་འཇོམས་ཤིང་སེལ་བར་བྱེད་དོ། །ཚ་བ་གསུམ་དང་ འབྲས་བུ་གསུམ། །ཏིལ་དང་གོ་བྱེའི་ཕྱེ་མ་ནི། །མར་དང་སྦྲང་རྩི་ཁ་རར་སྦྱར། །རི་ལུར་བྱས་པ་ཆ་བདུན་པས། །མཛེ་ཡི་ནད་རྣམས་འཇོམས་བྱེད་ཅིང་། །བཅུད་ཀྱིས་ལན་དང་རོ་ཙར་འགྱུར། །ཞེས་བྱ་བ་ལ། ཚ་བ་གསུམ་ཆ་གཅིག །འབྲས་བུ་གསུམ་ཆ་གཉིས་པ། ཏིལ་གསུམ་པ། གོ་བྱེ་བཞི་པ། མར་ལྔ་པ། སྦྲང་རྩི་དྲུག་པ། ཁ་ར་བདུན་པ་སྟེ། དེ་ལྟ་བུའི་ཆ་བདུན་པོ་མཉམ་པོར་བྱས་པའི་སྨན་འདིས་ནི་མཛེའི་ནད་ཐམས་ཅད་འཇོམས་པར་བྱེད་ཅིང་བཅུད་ཀྱིས་ལེན་དུ་འགྱུར་ཞིང་རོ་ཙ་བ་དང་སྟོབས་སྐྱེད་པར་འགྱུར་བ་ཡིན་ནོ། །སོ་མ་ར་ཛ་ཙི་ ཏྲ་ཀ །སྐྱེར་པ་དུ་བ་རའི་རུས་པ། །གོ་བྱེ་སྲིན་སྨན་འབྲས་བུ་གསུམ། །བསྟེན་ན་མཛེ་ནད་མ་ལུས་འཇོམས། །ཞེས་བྱ་བ་ལ། སོ་མ་ར་ཛ་ལ་སོགས་པའི་སྨན་བུ་རམ་དང་རི་ལུར་བྱས་པ་བསྟེན་ཞིང་ཟོས་ན་མཛེ་ནད་མ་ལུས་པར་འཇོམས་ཤིང་སེལ་བར་བྱེད་དོ། །སོ་མ་ར་ཛ་བྱི་དང་ ག །གོ་བྱེ་ཙི་ཏྲ་བ་ར་ཧི། །ཨ་རུ་ར་དང་ལང་ག་ལི། །ཏིལ་ནག་པོ་དང་པི་པི་ལིང་། །བུ་རམ་དང་ནི་རི་ལུར་བྱས། །མཛེ་ཡི་ནད་རྣམས་འཇོམས་པར་བྱེད། །ཅེས་བྱ་བ་ལ། སོ་མ་ར་ཛ་ལ་སོགས་པའི་ཕྱེ་མ་གཅིག་ཏུ་བསྡུས་ཏེ་བུ་རམ་དང་རི་ལུར་བྱས་པ་གང་ཡིན་པ་དག་གིས་ 202-1-32a ཀྱང་མཛེའི་ནད་རྣམས་འཇོམས་པར་བྱེད་དོ། །འདིས་སོ་མ་ར་ཛ་ལ་སོགས་པའི་ཕྱེ་མ་ཇི་སྙེད་ཡོད་པའི་བུ་རམ་ཉིས་འགྱུར་དང་རི་ལུར་བྱས་ཏེ། དེ་ཡང་། ཚད་ནི་རྣམ་པར་མ་བཤད་པར། །ཕྱེ་མ་བུ་རམ་ཉིས་འགྱུར་གཞུག །ཅེས་སྨོས་པ་ཡིན་ནོ། ། ལང་ག་ལི་ནི་བི་ཤ་ལའོ། །སོ་མ་ར་ཛ་པི་པི་ལིང་། །དེ་ཡི་རྩ་བ་བྱི་དང་ག །སྙིང་པོ་ལྕགས་རྐྱག་སྐྱུ་རུ་ར། །ཏིལ་མར་ལྡེ་གུས་མཛེ་ནད་འཇོམས། །ཞེས་བྱ་བ་ལ། སོ་མ་ར་ཛ་ལ་སོགས་པ་དང་ཏིལ་མར་དང་བུ་རམ་རི་ལུ་བྱས་པ་བྱིན་ན་ཡང་ཕན་ནོ། །ཨ་རུ་ར་དང་ གོ་བྱེ་ཏིལ། །བུ་རམ་རི་ལུས་མཛེ་ནད་འཇོམས། །ཞེས་བྱ་བ་ལ། ཡང་ན་ཨ་རུ་ར་ལ་སོགས་པའི་རི་ལུ་བྱིན་ན་ཡང་མཛེ་ནད་ལ་ཕན་ནོ། །སོ་མ་ར་ཛ་བྱི་དང་ག །བུ་རམ་རི་ལུར་བྱས་པའང་ཕན། །ཞེས་བྱ་བ་ལ། སོ་མ་ར་ཛ་དང་བུ་རམ་རི་ལུར་བྱས་ན་ཡང་ཕན་ནོ། །སེང་ལྡེང་ བྲག་ཞུན་བྱི་དང་ག །སྦྲང་རྩི་མར་དང་ལྡན་ཟ་ཞིང་། །ཕན་དང་རན་པར་ཟོས་ན་ནི། །འབྲུམ་ཕྲན་ཤ་བཀྲ་ཤུ་བ་འཇོམས། །ཞེས་བྱ་བ་ལ། སེང་ལྡེང་གི་ཕྱེ་མ་དང་བྲག་ཞུན་དང་བྱི་དང་ག་མར་དང་སྦྲང་རྩི་དང་སྦྱར་བ་ཟ་ཞིང་མཛེ་ལ་ཕན་པའི་ཁ་ཟས་འབྲུམ་ཕྲན་ལ་སོགས་པ་འཇོམས་པར་ བྱེད་པ་ཟོས་ན་ཡང་མཛེ་ནད་ལ་ཕན་ནོ། །ཁ་ར་ལྕགས་ཕྱེ་བྱི་དང་ག །ཙི་ཏྲ་ཀ་དང་སྐྱུ་རུ་ར། །པི་པི་ལིང་གི་ལྡེ་གུ་ཡིས། །མཛེ་ནད་ཤིན་ཏུ་གསོ་དཀའ་འཇོམས། །ཞེས་བྱ་བ་ལ། ཁ་ར་ལ་སོགས་པའི་སྨན་གྱི་ལྡེ་གུ་བྱིན་ན་ཡང་ཤིན་ཏུ་གསོ་དཀའ་ཞིང་ལྕི་བའི་མཚན་ཉིད་འཇོམས་སོ། ། གླ་སྒང་ཚ་གསུམ་འབྲས་བུ་གསུམ། །རྩ་བ་ལྔ་ཉིད་ཐང་ཤིང་བཙོད། །ནིམ་པ་ཤིང་ཚ་ལོ་མ་བདུན། །ཤིང་ཚ་ཙི་ཏྲ་ཀ་དང་ནི། །མུར་བ་བི་ཤ་ལའི་ཕྱེ་མ། །ནས་ཕྱེ་དགུ་ཆ་སྦྲང་རྩི་ནི། །ཆ་གཅིག་སྦྱར་བ་འདི་རྟག་ཏུ། །འཐུངས་ན་མཛེ་ནད་འཇོམས་བྱེད་ཅིང་། །འོར་ནད་སྐྱ་རྦབ་ ཤ་བཀྲར་བཅས། །ཕོ་ནད་གཞང་འབྲུམ་རྒྱུ་རླུགས་དང་། །མཚན་བར་རྡོལ་དང་འབྲུམ་ཕྲན་དང་། །གཡན་པ་ཤུ་བ་ནད་རྣམས་འཇོམས། །ཞེས་བྱ་བ་ལ། གླ་སྒང་ལ་སོགས་པའི་སྨན་ཕྱེ་མར་བཏགས་པ་ནས་ཕྱེ་དགུ་ཆ་དང་། སྦྲང་རྩི་ཆ་གཅིག་ཏུ་སྦྱར་ཏེ་སྐྱོ་མར་བྱས་པ་འཐུངས་ན་ 202-1-32b མཛེ་ནད་འཇོམས་པར་བྱེད་པ་ཡིན་ནོ། །ཏུ་པ་ར་ཡི་རུས་པའམ། །གོ་བྱེ་སོ་མ་ར་ཛ་དང་། །ཙི་ཏྲ་ཀ་དང་བྲག་ཞུན་རྣམས། །བཅུད་ལེན་ཆོ་ག་ལྟར་བསྟེན་ཕན། །ཞེས་བྱ་བ་ལ། ཏུ་པ་རའི་ནང་གི་རུས་པ་བཅུད་ལེན་གྱི་ཆོ་ག་ལས་བཤད་པའི་ཚུལ་ལྟར་བསྟེན་ན་ཡང་ཕན་ནོ། །དེ་ བཞིན་དུ་གོ་བྱེ་དང་། སོ་མ་ར་ཛ་དང་། ཙི་ཏྲ་ཀ་དང་། བྲག་ཞུན་རྣམས་རེ་རེ་ཞིང་བཅུད་ཀྱིས་ལེན་གྱི་ཆོ་ག་ལྟར་བསྟེན་ན་ཡང་མཛེའི་ནད་ལ་ཕན་ནོ། །དེ་ལྟར་ནད་བསལ་ནང་གི་ནི། །ནད་སྦྱངས་ནས་ནི་ཕྱི་རོལ་གྱི། །པགས་པར་གནས་ལ་སྨན་བྱུགས་ཕན། །ནད་ཀྱི་དྲི་མ་མ་ དག་ལ། །སྨན་རྣོན་བྱུགས་ན་མཛེ་ནད་ནི། །བསླངས་པས་སླར་ནི་འཕེལ་བར་འགྱུར། །ཞེས་བྱ་བ་ལ། ཚུལ་དེ་ལྟར་མཛེའི་ནད་ནང་དུ་སྦྱངས་ཤིང་བསལ་ནས་པགས་པར་གནས་པའི་ནད་ལ་ནི་སྨན་གྱི་ཕྱི་རོལ་ནས་བསྐུ་བ་ལ་སོགས་པ་ཕན་ཏེ། གང་གི་ཕྱིར་དྲི་མ་ཅན་གྱི་ལུས་མ་ དག་པར་གྱུར་པ་ལས་སྨན་རྣོན་པོས་བྱུགས་ཤིང་བསྐུས་ན་ནད་དེ་བསླངས་པས་སླར་ཞིག་འཕེལ་བར་འགྱུར་བས་ན་དང་པོར་ནང་གི་སྦྱངས་ནས་གཟོད་བསྐུ་བར་བྱའོ། །གཏིང་ཟུག་སྲ་ཞིང་ཀོར་ཀོར་པོའི། །མཛེ་ལ་དུགས་བྱ་སྙི་བ་དང་། །འབུར་བར་གྱུར་ནས་མཚོན་གྱིས་ནི། །ཞལ་ཞལ་ གདབ་ཅིང་བྱུག་པར་བྱ། །ཞེས་བྱ་བ་ལ། མཛེའི་ནད་གཏིང་ཟུག་ཅིང་ཞེན་པ་དང་། སྲ་ཞིང་མཁྲང་པ་དང་། ཟླུམ་པོ་ཀོར་ཀོར་པོའམ་ཏིལ་ཏིལ་དུ་ཆགས་པ་ལ་ནི་སྨན་རྣོ་བ་ལ་སོགས་པས་དུགས་བྱ་ཞིང་དཀྲིས་ལ་འབུར་ཞིང་མཐོ་བར་གྱུར་པ་དང་མཚོན་གྱིས་དྲིལ་ཞིང་ཞལ་ཞལ་བྱས་ལ་སྨན་ གྱིས་བྱུག་ཅིང་བསྐུ་བར་བྱའོ། །གང་ཞིག་པགས་པ་ཀུན་ཉམས་ཤིང་། །མཚོན་གྱིས་གདབ་ཏུ་མི་རུང་བ། །དེ་ལ་ཁྲག་ནི་ཕྱུང་ནས་སུ། །ཐལ་སྨན་རྣོན་པོས་བསྐུ་བར་བྱ། །ཞེས་བྱ་བ་ལ། མཛེ་ནད་གང་པགས་པ་ཀུན་ཉམས་ཤིང་ཞིག་སྟེ། མཚོན་གྱིས་གདབ་ཏུ་མི་རུང་བ་དེ་ལ་ ནི་ནད་ཀྱི་ཁྲག་ཕྱུང་ཞིང་བསལ་ལ་ཐལ་སྨན་རྣོན་པོས་བསྐུ་བར་བྱའོ། །མཛེ་ནད་རབ་སྲ་རྩུབ་པ་དང་། །ཚོར་བ་མེད་བརྟན་ཡུན་རིང་ལོན། །སྔགས་བཅས་དུག་ཁུ་བླུད་པ་དང་། །དུག་གི་སྨན་ནི་རྗེས་སུ་བསུ་བསྐུ། །ཞེས་བྱ་བ་ལ། མཛེའི་ནད་སྲ་ཞིང་རྩུབ་པར་གྱུར་པ་དང་། ཚོར་བ་མེད་ 202-1-33a ཅིང་བེམ་བེམ་པོར་གནས་པ་དང་། བརྟན་ཞིང་འགྱུར་བ་མེད་པ་དང་། ཡུན་རིང་ཞིང་ལོ་མང་ཞིག་ལོན་པ་ལ་དུག་གིས་བྱུག་ཅིང་བླུད་པར་བྱ་བ་དེ་ཡང་སྔགས་ཀྱིས་བཏབ་པས་བྱུག་ཅིང་བསྐུ་བར་བྱ་བ་ལ། དེའི་འོག་ཏུ་དུག་གི་སྨན་རྗེས་སུ་སྦྱར་ཞིང་བླུད་པར་བྱའོ། ། མཛེ་ནད་རེངས་ཤིང་ཚོར་བ་མེད། །རྡུལ་མི་འབྱུང་ཞིང་གཡའ་བ་ལ། །ལྕི་སྐམ་རྒྱ་མཚོའི་དབུ་བའམ། །མཚོན་གྱིས་བདར་ལ་ལྡེ་གུས་བྱུག །ཅེས་བྱ་བ་ལ། མཛེ་ནད་གང་ལུས་རེངས་ཤིང་འགྱུར་མི་ཤེས་པ་དང་། ཤིན་ཏུ་ཚོར་བ་མེད་ཅིང་བེམ་བེམ་པོར་འདུག་པ་ དང་། འབྱུང་མི་ཤེས་པ་དང་། གཡའ་བ་དང་ལྡན་པའི་མཛེ་ནད་ལ་ནི་ལྕི་བ་སྐམ་པོའམ། རྒྱ་མཚོ་དབུ་བའམ་མཚོན་གྱིས་བདར་ཞིང་དྲུད་ལ་དེའི་འོག་ཏུ་ལྡེ་གུས་བསྐུ་བར་བྱའོ། །གླ་སྒང་དོང་གྲ་འབྲས་བུ་གསུམ། །པོ་སོན་ཆ་དང་ཀ་རཉྫ། །ལོ་མ་བདུན་པ་དུག་མོ་ཡུངས། ། རུ་རྟ་སྐྱེར་པ་པྲི་ཡང་ཀུ། །ཡུངས་ཀར་སྦྱོར་བས་ལུས་བཀྲུ་ཞིང་། །ལྡེ་གུས་སློན་སྨན་བཀྲུ་སྨན་དང་། །བཞར་ཞིང་ལུས་ནི་བསྐུས་གྱུར་ན། །པགས་པའི་ནད་དང་མཛེ་ནད་དང་། །སྐྲངས་ནད་སྐྱ་རྦབ་མཛེ་ནད་འཇོམས། །ཞེས་བྱ་བ་ལ། གླ་སྒང་ལ་སོགས་པའི་ལྡེ་གུས་ནི་དོན་ ཐམས་ཅད་གྲུབ་པའི་ལྡེ་གུ་སྟེ། དེ་ལ་ལུས་ཁྲུས་བྱས་པ་དང་། ཡང་དེས་སློན་སྨན་དང་། བཀྲུ་སྨན་གྱི་སྦྱོར་བ་བྱས་པ་དང་། བཞར་བའི་རྗེས་ལ་བསྐུས་ན་པགས་པའི་ནད་ལ་སོགས་པ་སེལ་བ་ཡིན་ནོ། །ཀ་ར་བཱི་ར་ནིམ་པ་དང་། །དུག་མོ་ཡུངས་དང་དོང་ག་དང་། །ཙི་ཏྲ་ཀའི་རྩ་བ་གཅིན་ བསྐོལ། །བསྐུས་ནས་མཛེ་ནད་འཇོམས་པར་བྱེད། །ཅེས་བྱ་བ་ལ། ཀ་ར་བཱི་ར་ལ་སོགས་པའི་སྨན་བ་གཅིན་དང་བསྐོལ་བ་གཟར་བུ་ལ་ཆགས་པ་ཙམ་ཞིག་བླུད་ན་ཡང་མཛེ་ནད་ལ་ཕན་ནོ། །ཀ་ར་བཱི་ར་ཀར་རྩ་བ། །དུག་མོ་ཡུངས་དང་ཀ་རཉྫའི། །འབྲས་བུ་སྐྱེར་པའི་ཤུན་ལྤགས་ ནི། །སོ་མ་ན་ཡི་མྱུ་གུར་བཅས། །བསྐུས་ན་མཛེ་འཇོམས་གྲུབ་པ་ཡིན། །ཞེས་བྱ་བ་ལ། ཀ་ར་བཱི་ར་དཀར་པོའི་རྩ་བ་དང་། དུག་མོ་ཡུངས་དང་། ཀ་རཉྫའི་འབྲས་བུ་དང་། སྐྱེར་པའི་ཤུན་ལྤགས་དང་། སོ་མ་ན་ཞེས་བྱ་བ་ཛཱ་ཏིའི་མྱུ་གུ་དང་བཅས་པ་བཏགས་པའི་ལྡེ་གུས་བསྐུས་ན་ 202-1-33b ཡང་མཛེ་ནད་འཇོམས་པར་མངོན་སུམ་དུ་གྲུབ་ཅིང་མཐོང་བས་ཡིད་ཆེས་པ་ཡིན་ནོ། །ཤྲི་ཤའི་ཤུན་པ་རས་བལ་གྱི། །མེ་ཏོག་དོང་གའི་ལོ་མ་དང་། །མོན་སྡེའུ་དམར་རུ་བཞི་པོ་ནི། །བཏགས་པའི་ལྡེ་གུས་མཛེ་ནད་འཇོམས། །ཞེས་བྱ་བ་ལ། ཤིང་ཤྲི་ཤའི་ཤུན་ལྤགས་དང་། རས་ བལ་གྱི་ས་བོན་གྱི་མེ་ཏོག་དང་། དོང་གའི་ལོ་མ་དང་། མོན་སྲན་སྡེའུ་དམར་རུ་ཀ་ཀ་མ་ཙི་ཞེས་བྱ་བའི་རྩ་བ་དང་ལོ་མར་བཅས་པ་སྟེ་རྣམ་པ་བཞི་པོ་དེ་དག་བཏགས་པའི་ལྡེ་གུས་བསྐུས་ན་ཡང་མཛེའི་ནད་རྣམས་འཇོམས་ཤིང་སེལ་བར་བྱེད་དོ། །ནིམ་པ་སེར་པོ་རྣམ་པ་གཉིས། །བྱེའུ་རུག་པ་དང་ པ་ཏོ་ལ། །རུ་རྟ་ཨ་ཤྭ་གནྡྷ་དང་། །ཐང་ཤིང་ཤི་ཀྲུ་ཡུངས་ཀར་དང་། །གཡེར་མ་འུ་སུ་གླ་བ་དང་། །ཙ་རོང་ཆ་སྙོམས་ཕྱེ་མར་བཅས། །དར་བ་སྦྱར་བ་ཏིལ་མར་གྱིས། །བསྐུས་པའམ་ལུས་བྱུག་དྲིལ་གྱུར་ན། །མཛེ་ནད་གཡེན་པ་འདུམ་པོར་བཅས། །འབྲུམ་ཕྲན་སྐྲང་ པའི་ནད་རྣམས་སེལ། །ཞེས་བྱ་བ་ལ། ནིམ་པ་ལ་སོགས་པའི་སྨན་ཆ་མཉམ་པོར་ཕྱེ་མར་བྱས་ལ། ཕྱེ་མ་དེ་དག་དར་བ་དང་བསྲེས་ནས་དང་པོར་ལུས་ཏིལ་མར་གྱིས་བསྐུས་ལ་བྱུགས་ཏེ། དེའི་འོག་ཏུ་ལྡེ་གུ་དེས་བསྐུ་ཞིང་དྲིལ་ཕྱིས་བྱས་ནས་མཛེའི་ནད་ལ་སོགས་པ་སེལ་བར་ བྱེད་དོ། །གླ་སྒང་དངུལ་རྡོ་དང་ནི་སྐྱེར་པ་དང་། །ནག་ཚུར་ཀམ་བི་ལྱ་དང་རུ་རྟ་དང་། །སེང་ཕྲོམ་མུ་ཟི་པོག་ཀར་བྱི་དང་ག །ལྡོང་རོས་བ་བླ་ཀ་ར་བཱི་རའི་ཤུན། །ཕྱེ་མར་བྱས་པ་ཏིལ་མར་གྱིས་བསྐུས་པའི། །སྟེང་དུ་ཕྱེ་མའི་དོང་དུ་འདི་བླུགས་ན། །ཤུ་བ་གཡན་པ་འབྲུམ་བུ་ ཕྲ་མོ་དང་། །རྐང་ཤུ་ལ་སོགས་འབྱུང་བར་མི་འགྱུར་རོ། །ཞེས་བྱ་བ་ལ། ཡང་སྔར་ཏིལ་མར་གྱིས་བསྐུས་པའི་ལུས་ལ་གླ་སྒང་ལ་སོགས་པའི་སྨན་ཕྱེ་མར་བྱས་པ་ཞིབ་ཏུ་བཏགས་པས་ལུས་ཀྱི་སྟེང་དུ་གཏོར་ཞིང་བླུགས་པར་གྱུར་ན་ཤུ་བ་དང་། གཡན་པ་ལ་སོགས་པའི་མཛེ་ནད་ཀྱི་ རྣམ་པ་འབྱུང་བར་མི་འགྱུར་རོ། །སྐམ་བི་ལྱ་ནི་ར་ཛ་ན་གའོ། །མུ་ཟི་ནི་གནྡྷ་པ་ཤ་ན་སྟེ་རྡོ་དྲི་ཅན་ནོ། །ཀ་ར་བཱི་རའི་ཤུན་ལྤགས་ནི་ཨ་ཤྭ་མ་རའི་ཤུན་ལྤགས་སོ། །ཡུངས་ཀར་སྣུ་ཧའི་ཤིང་དུམ་བཏགས། །ལྡེ་གུ་མེ་མ་མུར་བཅོས་ཏེ། །འདོད་ཆགས་ཤུགས་ཀྱིས་ངོ་ཚ་བཞིན། །བསྐུས་ 202-1-34a ན་གླང་ཤུ་འཇིག་པར་བྱེད། །ཅེས་བྱ་བ་ལ། ཡུངས་ཀར་དང་སྣུ་ཧའི་ཤིང་གི་དུམ་བུའི་ནང་བསྐོལ་བ་བཏགས་པའི་ལྡེ་གུས་སྨན་གྱི་ཕུར་མ་བཙོ་བའི་ཚུལ་དུ་མེ་མ་མུར་གྱི་ནང་དུ་བཅོས་ཏེ་བསྐུས་ན་གླང་ཤུའི་ནད་འཇིག་ཅིང་སེལ་བར་བྱེད་དོ། །ཇི་ལྟར་འདོད་ཆགས་ཀྱི་ ཤུགས་བདོ་བར་གྱུར་ན་ངོ་ཚ་འཇིག་པར་བྱེད་པ་བཞིན་དུ་ལྡེ་གུས་གླང་ཤུ་འཇིག་པར་བྱེད་དོ། །ལྡོང་རོས་བ་བླ་ན་ལེ་ཤམ་ཏིལ་མར། །ཨརྐའི་འོ་མའི་ལྡེ་གུས་མཛེ་འཇོམས་བྱེད། །ཅེས་བྱ་བ་ལ། ལྡོང་རོས་ལ་སོགས་པའི་སྨན་ཏིལ་མར་ཨརྐའི་འོ་མ་དང་ལྡེ་གུས་བྱས་པ་བསྐུས་ན་ ཡང་ཕན་ནོ། །དེ་བཞིན་ཙི་ཏྲ་མར་ད་ཀ་རཉྫ། །རུ་རྟར་བཅས་པ་བ་གཅིན་བཏགས་པའང་ཕན། །ཞེས་བྱ་བ་ལ། ཙི་ཏྲ་མར་ད་དང་། ཀ་རཉྫའི་ས་བོན་དང་། རུ་རྟ་དང་བཅས་པ་བ་གཅིན་དང་བཏགས་ཏེ་བསྐུས་ན་ཡང་མཛེ་ནད་སེལ་བར་བྱེད་དོ། །གུ་གུལ་ཡུངས་ཀར་ ན་ལེ་ཤམ། །ནག་ཚུར་དང་ནི་བྱི་དང་ག །ཤྲཱི་པེཥྚ་དང་སྲ་རྩི་པོག །གླ་སྒང་ལྡོང་རོས་སུ་ཟི་དང་། །རུ་རྟ་དང་ནི་ཀམྦི་ལྱཻ། །སེར་པོ་གཉིས་དང་བཅས་པ་ནི། །འཁོར་ལོས་བཙིར་བའི་ཏིལ་མར་བསྲེས། །འདི་ནི་མཚོན་གྱིས་བཞར་ཏེ་བསྐུས། །ཉི་མར་བསྲེགས་ན་མཛེ་ནད་ སེལ། །ཞེས་བྱ་བ་ལ། གུ་གུལ་ལ་སོགས་པའི་སྨན་འཁོར་ལོས་བཙིར་བའི་ཏིལ་མར་བསྲེས་པ་མཚོན་ཆ་ལ་སོགས་པས་བཞར་ཞིང་བདར་བ་ལུས་ལ་བསྐུས་ནས་ཉི་མའི་འོད་ལ་བསྲེགས་ན་མཛེ་ནད་དེའི་མོད་ལ་སེལ་བར་བྱེད་དོ། །ཏ་མ་ལའི་ལོ་མ་ན་ལེ་ཤམ། །རུ་རྟ་ལྡོང་རོས་ནག་ ཚུར་བཅས། །ཟངས་ཀྱི་སྣོད་དུ་ཏིལ་མར་དུ། །ཞག་བདུན་ལེགས་པར་སྦངས་པ་དེས། །ཞག་བདུན་བསྐུ་ཞིང་ཉི་མས་བསྲེག །ཤ་བཀྲ་འཇོམས་པར་བྱེད་པ་ཡིན། །ཤ་བཀྲ་སར་པར་ཟླ་བ་གཅིག །བསྟེན་ཞིང་སྦྱངས་པ་བྱས་ན་སེལ། །ཞེས་བྱ་བ་ལ། ཏ་མ་ལའི་ལོ་མ་ལ་ སོགས་པ་ཟངས་ཀྱི་སྣོད་དུ་བཅུག་ལ་ཏིལ་མར་གྱི་ནང་དུ་ཞག་བདུན་སྦངས་པ་དེས་བསྐུ་ཞིང་བྱུགས་ནས་ཉི་མའི་ཐན་པ་ལ་བསྲེགས་ན་ཤ་བཀྲ་ཟླ་བ་གཅིག་གིས་སེལ་བར་བྱེད། དེ་ཡང་སྐྱུག་སྨན་དང་བཀྲུ་སྨན་གྱི་སྦྱང་བ་བྱས་ན་དེ་སེལ་ཞིང་འཇོམས་པར་འགྱུར་རོ། །ཨ་པ་མརྒའི་ཐལ་བའི་ཆུ། །ལན་ 202-1-34b བདུན་ལེགས་པར་གཟགས་པ་རུ། །པྲི་ཡང་ཀུ་ཡི་མར་བསྐོལ་བ། །བསྐུས་ན་ཤ་བཀྲ་སེལ་བར་བྱེད། །ཅེས་བྱ་བ་ལ། ཨ་པ་མརྒའི་ཐལ་བའི་ཆུ་ལན་བདུན་གྱི་བར་དུ་ལེགས་པར་གཟགས་ཤིང་འཁུས་པར་བྱས་ལ། དེའི་ནང་དུ་པྲི་ཡང་ཀུའི་མར་བསྐོལ་བས་བསྐུས་ན་ཡང་ཤ་བཀྲའི་ནད་ སེལ་བར་ཡང་འགྱུར་རོ། །ཀ་ཀ་ཛང་གི་རྩ་བ་དང་། །རས་བལ་ས་བོན་འདབ་མ་དང་། །ལ་ཕུག་ས་བོན་དར་བར་སྦྱར། །མིག་དམར་གཟའ་ལ་བསྐུས་ན་ནི། །ཤ་བཀྲ་སེལ་བར་གྲུབ་པ་ཡིན། །ཞེས་བྱ་བ་ལ། ཀ་ཀ་ཛའི་རྩ་བ་ལ་སོགས་པའི་སྨན་དར་བ་དང་སྦྱར་བ་གཟའ་མིག་དམར་ལ་ བབས་པའི་ཞག་ལ་བསྐུས་ན་ཡང་ཤ་བཀྲ་སེལ་བར་བྱེད་ཅིང་མངོན་སུམ་དུ་མཐོང་བས་ཡིད་ཆེས་པ་ཡིན་ནོ། །ཛི་བན་ཏི་དང་སྐྱེར་པ་བཙོད། །ཀམྦི་ལྱཻ་དང་སྤངས་མ་ནི། །འོ་མ་མར་དང་ཏིལ་མར་བསྐོལ། །སྲ་རྩི་པོག་དང་སྤྲ་ཚིལ་ནི། །བཏབ་པ་བསྐུས་ན་དེ་ཡིས་ནི། །རྐང་ལག་ ཞིག་པ་སེལ་བར་བྱེད། །པགས་པ་གཅིག་པའི་མཛེ་དང་ནི། །འབྲུམ་ཕྲན་འབྲས་ནི་འབྱེར་བ་ཡི། །མཛེ་ནད་འཇིག་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། ཛི་བན་ཏི་ལ་སོགས་པའི་ལྡེ་གུར་བྱས་ལ་འོ་མ་བཞི་འགྱུར་བཅུག་སྟེ། མར་དང་ཏིལ་མར་དང་ཇི་སྐད་སྨོས་པ་ལྟར་བསྐོལ་ལ་དེའི་ནང་དུ་ སྲ་རྩི་པོག་སར་ཛ་རན་ཞེས་བྱ་བ་དང་སྤྲ་ཚིལ་བཏབ་སྟེ་བསྐུས་ན་རྐང་ལག་ཞིག་ཅིང་འདྲུལ་བ་རྣམས་སེལ་བར་བྱེད་ལ་པགས་པ་གཅིག་པའི་མཛེ་ནད་རྣམས་འཇིག་པར་བྱེད་དོ། །ལོ་མ་བདུན་པའི་རྩ་བ་དང་། །ཤྲཱི་ཤ་ཡི་ནི་ཤུན་ལྤགས་དང་། །སུ་མན་དང་ཙི་ཏྲ་ཀ །ཐལ་ཏྲེས་ནིམ་པའི་ཤུན་པ་ དང་། །ཀ་རཉྫ་དང་ཡུངས་ཀར་དང་། །ཙི་ཏྲ་མར་དང་འབྲས་བུ་གསུམ། །བྱི་དང་ག་དང་ཚ་བ་གསུམ། །སེར་པོ་རྣམ་གཉིས་ཏིལ་མར་དང་། །བ་གཅིན་བཅས་པར་བསྐོལ་བས་ནི། །པགས་པའི་ནད་དང་རྨ་འགྲམས་དང་། །རླུང་དང་བད་ཀན་ལས་གྱུར་པའི། །མཛེ་ཡི་ནད་ ནི་སེལ་བྱེད་དེ། །འདི་ནི་རྡོ་རྗེ་འདྲ་བས་ན། །རྡོ་རྗེ་ཅན་ཞེས་བྱ་བ་ཡིན། །ཞེས་བྱ་བ་ལ། ལོ་མ་བདུན་པའི་རྩ་བ་དང་། ཤྲི་ཤ་ལ་སོགས་པའི་ཤུན་ལྤགས་དང་། ཀ་རཉྫ་ལ་སོགས་པའི་ས་བོན་དང་། འབྲས་བུ་གསུམ་ལ་སོགས་པའི་སྨན་ལྡེ་གུར་བྱས་ལ་བ་གཅིན་བཞི་འགྱུར་དང་ཏིལ་ 202-1-35a མར་དང་བཅས་པར་བསྐོལ་ན་པགས་པའི་ནད་ལ་སོགས་པ་སེལ་ཞིང་འཇོམས་པར་བྱེད་དོ། །དེས་ན་འདི་ནི་རྡོ་རྗེ་དང་འདྲ་བས་ན་མིང་རྡོ་རྗེ་ཅན་ཞེས་བྱའོ། །ཨེ་རཎྜ་དང་དངུལ་རྡོ་དང་། །གླ་སྒང་ནིམ་པ་ཀ་དང་ནི། །ག་བྲའི་རྩ་བ་ཀམྦི་ལྱཻ། །བྱི་དང་ག་དང་ནི་རྒུན་ཐི། །གོ་བྱེ་ ཨིནྡྲ་པ་རུ་ནི། །ཐང་ཤིང་ཁྲོན་བུ་གུ་གུལ་དང་། །ལྡོང་རོས་ཤྲི་པེ་རུ་རྟ་དང་། །ལན་ཚྭ་ཏ་ལ་བཅའ་སྒ་རྣམས། །ཆ་སྙོམས་སྣུ་ཧའི་འོ་མ་དང་། །ཨརྐ་ཏིལ་མར་ལྷན་ཅིག་བསྐོལ། །ལྡེ་གུ་རྡོ་རྗེ་ཆེན་པོ་སྟེ། །རྡོ་རྗེ་ཅན་པས་ཡོན་ཏན་ལྷག །ཤ་བཀྲ་དང་ནི་གཞང་འབྲུམ་དང་། །འབྲས་ ཀྱི་ཕྲེང་བ་འཇོམས་པར་བྱེད། །ཅེས་བྱ་བ་ལ། ཨེ་རཎྜ་ལ་སོགས་པའི་སྨན་ཆ་མཉམ་དང་ཏིལ་མར་བསྐོལ་ལ་ཨརྒ་དང་སྣུ་ཧའི་འོ་མ་ཏིལ་མར་དང་ཆ་མཉམ་པར་བྱས་ཏེ། དེ་དག་ལྷན་ཅིག་བསྐོལ་བའི་སྨན་མར་ནི་རྡོ་རྗེ་ཆེན་པོ་ཞེས་བྱ་སྟེ། སྔར་གྱི་རྡོ་རྗེ་ཅན་གྱི་ཡོན་ཏན་པས་ཡོན་ཏན་ཆེས་ལྷག་ ཅིང་ཆེ་བ་ཡིན་ལ། ཁྱད་པར་དུ་ཡང་ཤ་བཀྲ་ལ་སོགས་པའི་ནད་སེལ་བར་བྱེད་པ་ཡིན་ནོ། །རུ་རྟ་ཀ་ར་བཱི་ར་དང་། །བྲིང་ག་ར་ཛ་ཨརྐ་དང་། །ཤུ་དག་ཤི་ར་རྒྱམ་ཚ་གཅིན། །ཏིལ་མར་བསྐོལ་བར་དུག་བཅུག་པ། །བསྐུ་བ་མཛེ་ནད་སེལ་བའི་མཆོག །ཅེས་བྱ་བ་ལ། རུ་རྟ་ལ་སོགས་པའི་ སྨན་ལྡེ་གུར་བྱས་པའམ། བ་གཅིན་དང་མར་བསྐོལ་ཏེ་དེའི་ནང་དུ་དུག་བཅུག་པས་བསྐུས་ན་མཛེ་ནད་སེལ་བའི་མཆོག་ཡིན་ནོ། །སྤྲ་ཚིལ་ལི་ཁྲི་གུ་གུལ་དང་། །སྤངས་མ་དངུལ་རྡོ་ཡུངས་ཀར་བསྐོལ། །གཡན་པ་གླང་ཤུ་མྱུར་དུ་སེལ། །ཞེས་བྱ་བ་ལ། སྤྲ་ཚིལ་ལ་སོགས་པའི་སྨན་ ལྡེ་གུར་བྱས་པ་དང་ཡུངས་ཀར་གྱི་མར་བསྐོལ་བས་ནི་གཡན་པ་ལ་སོགས་པ་སེལ་བར་བྱེད་དོ། །རྒྱ་སྐྱེགས་ཙི་ཏྲ་མར་ད་དང་། །ཤི་བེ་ཤྲི་ཏ་ཚ་བ་གསུམ། །རུ་རྟ་ཡུངས་ཀར་ལ་ཕུག་གི། །ས་བོན་སེར་པོ་རྣམ་གཉིས་ཀྱི། །ལྡེ་གུ་དར་བར་སྦྱར་བསྐུས་ན། །ཤུ་བ་ཐམས་ཅད་སེལ་བར་ བྱེད། །ཅེས་བྱ་བ་ལ། རྒྱ་སྐྱེགས་ལ་སོགས་པའི་ལྡེ་གུ་དར་བ་དང་སྦྱར་ཏེ་བསྐུས་ན་ཤུ་བའི་ནད་ཐམས་ཅད་སེལ་ཏོ། །ཞེས་དྲང་སྲོང་རྣམས་ཀྱིས་བཤད་དོ། །ཙི་ཏྲ་ཀ་དང་ཤི་ཀྲུ་འམ། །སླེ་ཏྲེས་ཐང་ཤིང་ཨ་བ་མར། །སེང་ལྡེང་དྷ་བའི་ལྡེ་གུའམ། །དུར་བྱིད་དན་ད་ཏྲ་བན་ཏི། །རྒྱ་ 202-1-35b སྐྱེགས་དངུལ་རྡོ་སུག་སྨེལ་ལམ། །པུརྞ་རྣ་བའི་ལྡེ་གུ་སྟེ། །ཚིག་རྐང་དྲུག་བཤད་ལྡེ་གུ་དྲུག །ཞོ་ག་ཆུ་དང་སྦྱར་བ་ཡིས། །བསྐུས་ན་བད་ཀན་རླུང་ལས་ནི། །གྱུར་པའི་མཛེ་ནད་སེལ་བར་བྱེད། །ཅེས་བྱ་བ་ལ། ཙི་ཏྲ་ཀ་དང་ཤི་ཀྲུ་ཞེས་བྱ་བའི་པི་པི་ལིང་དཀར་པོ་ཞོ་ག་ཆུ་དང་སྦྱར་ བའི་ལྡེ་གུ་བསྐུས་ན་ཡང་བད་ཀན་དང་རླུང་ལས་གྱུར་པའི་མཛེ་ནད་སེལ་བར་བྱེད་དོ། །དེ་བཞིན་དུ་སླེ་ཏྲེས་དང་ཨ་བ་མརྒ་དང་ཐང་ཤིང་ཞོ་ག་ཆུ་དང་སྦྱར་བའི་ལྡེ་གུ་ཡང་སེང་ལྡེང་དང་། དྷ་བ་བཏགས་པའི་ལྡེ་གུ་དང་། དུར་བྱིད་དང་དན་ད་དང་ཏྲ་བན་ཏིའི་ལྡེ་གུའམ། རྒྱ་སྐྱེགས་ སམ། དངུལ་རྡོ་དང་སུག་སྨེལ་སྦྱར་བའི་ལྡེ་གུའམ་པུརྞ་རྣ་བ་གཅིག་པུའི་ལྡེ་གུ་སྟེ། དེ་ལྟར་ཚིག་རྐང་པ་རེ་རེས་བཤད་པའི་ལྡེ་གུ་དྲུག་པོ་དེ་དག་གང་ཡང་རུང་བ་ཞོ་ག་ཆུ་དང་སྦྱར་བ་དེ་བསྐུས་ན་རླུང་དང་བད་ཀན་ལས་གྱུར་པའི་ནད་སེལ་བར་བྱེད་དོ། །བ་ལ་ཀ་དང་མ་ནུ་དང་། །ཨ་གར་ ནཱ་ག་གེ་སར་དང་། །གནྡྷ་བྷ་དྲ་གླ་བ་དང་། །ཙནྡན་དང་ནི་པུ་ཤེལ་ཙེ། །ཆ་རེས་བསྐྱེད་པའི་ལྡེ་གུ་ཡིས། །བད་མཁྲིས་མཛེ་ནད་སེལ་བར་འགྱུར། །ཞེས་བྱ་བ་ལ། བལ་ཀ་ལ་སོགས་པའི་སྨན་ཆ་བརྒྱད་པོ་ཆ་རེས་བསྐྱེད་པའི་ལྡེ་གུས་བསྐུས་ན་བད་ཀན་དང་མཁྲིས་པ་ལས་གྱུར་པའི་ མཛེ་ནད་སེལ་བར་བྱེད་པ་གྲུབ་ཅིང་མངོན་དུ་གྱུར་པ་ཡིན་ནོ། །དེ་ལ་བ་ལ་ཀ་ཞོ་གཅིག །མ་ནུ་ཞོ་གཉིས། ཨ་རུ་ར་ཞོ་གསུམ། ནཱ་ག་གེ་སར་ཞོ་བཞི། གནྡྷ་བྷ་དྲ་ཞོ་ལྔ། གླ་བ་ཞེས་བྱ་བ་ནི་པེ་ལ་ཞོ་དྲུག །ཙནྡན་ཞོ་བདུན། པུ་ཤེལ་ཙི་ཞེས་བྱ་བ་ཨུ་ཤི་ར་ཞོ་བརྒྱད་སྦྱར་བར་བྱའོ། །ཏིག་ ཏའི་སྨན་མར་བརྒྱ་བཀྲུས་མར། །བསྐུས་ན་མཛེ་ཡི་ཚ་བ་སེལ། །ཞེས་བྱ་བ་ལ། མཛེ་ནད་སེལ་བར་བྱེད་པ་ཚ་བ་དང་སྦྱར་བ་ལ་ནི་སྔར་བཤད་པའི་ཏིག་ཏའི་སྨན་མར་ཆུའི་ནང་དུ་ལན་དུ་མ་བསྐུས་ན་ཕན་ནོ། །ཏིལ་མར་ཙནྡན་ཤིང་མངར་དང་། །སྟག་ཚེར་བ་དང་ཨུཏྤ་ལ། །བཅས་པ་ བསྐུས་ན་ཕན་པ་ཡིན། །ཞེས་བྱ་བ་ལ། ཡང་ཚ་བ་དང་ལྡན་པའི་མཛེ་ནད་དེ་ལ་ཏིལ་མར་ཙནྡན་དང་ཤིང་མངར་དང་སྟག་ཚེར་བ་ཞེས་བྱ་བ་པྲ་པུཎྜ་རཱི་ཀ་དང་ཨུཏྤ་ལ་སྦྱར་བའི་ལྡེ་གུས་བསྐུས་ན་དེ་ལ་ཕན་ཞིང་སེལ་བར་བྱེད་དོ། །རྣགས་ཤིང་ཡན་ལག་འདྲུལ་བ་དང་། །ལུས་ཚ་འབྲུམ་བུ་ཕྲ་མོ་འབྱུང་། ། 202-1-36a པགས་པ་མྱགས་དང་བཅས་པ་ལ། །བསིལ་བའི་སྨན་ཆུས་བླུགས་ཤིང་བྱུགས། །གཏར་ག་བཀྲུ་སྨན་བཏང་བ་དང་། །ཏིག་ཏའི་སྨན་མར་བྱིན་ན་ཕན། །ཞེས་བྱ་བ་ལ། རྣགས་ཤིང་རུལ་བར་གྱུར་པས་ཡན་ལག་དང་ཉིང་ལག་འདྲུལ་བར་གྱུར་པ་དང་། ལུས་ཚ། འབྲུམ་ བུ་ཕྲ་མོ་ཙག་ཙག་བྱུང་བ་དང་། པགས་པ་མྱགས་ཤིང་ཞིག་པར་གྱུར་པ་ལ་ནི་སྨན་བསིལ་བ་ཅན་ལ་སོགས་པའི་ཆུས་ལུས་ལ་བླུགས་པ་དང་ལྡེ་གུས་བྱུགས་པ་ཕན་ནོ། །དེ་བཞིན་དུ་ནད་དེ་ལ་ནི་གཏར་ག་གདབ་ཅིང་ཁྲག་དབྱུང་བ་དང་། བཀྲུ་སྨན་སྦྱིན་པ་དང་། ཏིག་ཏའི་སྨན་མར་བཟའ་བ་དང་། བཏུང་བ་དང་། བླུགས་པ་དང་། བསྐུ་བའི་དོན་དུ་སྦྱར་བ་ཕན་ནོ། །སེང་ལྡེང་ནིམ་པ་བ་ཤ་ཀ །དུག་མོ་ཡུངས་དང་འབྲས་བུ་གསུམ། །བྱི་དང་ག་དང་སླེ་ཏྲེས་དང་། །པ་ཏོ་ལ་དང་བ་གཅིན་སྦྱར། །ཕྱི་དང་ནང་ནས་བཏང་གྱུར་ན། །སྲིན་བུ་ལས་གྱུར་མཛེ་ནད་འཇོམས། །ཞེས་ བྱ་བ་ལ། སེང་ལྡེང་ལ་སོགས་པའི་སྨན་བ་གཅིན་དང་སྦྱར་བ་ཕྱི་ནས་བླུགས་པ་དང་། ནང་ནས་བཏུང་བར་སྦྱར་ན་སྲིན་བུ་ལས་གྱུར་པའི་མཛེ་ནད་སེལ་བར་བྱེད་དོ། །རླུང་ཤས་ཆེ་ལ་ཐོག་མར་ནི། །མར་བཏང་བད་ཀན་ཤས་ཆེ་ལ། །སྐྱུག་སྨན་མཁྲིས་པ་ལས་གྱུར་ལ། །གཏར་ག་ གདབ་ཅིང་བཀྲུ་སྨན་གཏང་། །ཞེས་བྱ་བ་ལ། རླུང་གི་ཤས་ཆེ་བའི་མཛེ་ནད་ལ་ནི་དང་པོ་ཁོ་ནར་ཞུན་མར་སྦྱིན་པར་བྱའོ། །བད་ཀན་ཤས་ཆེ་བའི་མཛེ་ནད་ལ་ནི་དང་པོ་ཁོ་ནར་སྐྱུག་སྨན་གཏང་བར་བྱའོ། །མཁྲིས་པ་རྒྱས་པར་གྱུར་པའི་མཛེ་ནད་ལ་ནི་དང་པོར་གཏར་གས་ཁྲག་དབྱུང་ལ་བཀྲུ་སྨན་ གཏང་བར་བྱའོ། །ནང་སྦྱངས་ཁྲག་ནི་ཕྱུང་བ་དང་། །གནས་ནི་དག་པར་གྱུར་པ་ལ། །བསྐུ་བ་གང་ཞིག་བྱས་གྱུར་པ། །དེ་ནི་མོད་ལ་བྱང་བར་འགྱུར། །ཞེས་བྱ་བ་ལ། མཛེའི་ནད་གང་ཞིག་ལ་ནང་གི་ནད་བཀྲུ་སྨན་ལ་སོགས་པས་བསལ་ཞིང་ཁྲག་ཕྱུང་ནས་ལུས་ཀྱི་གནས་དག་པར་ བྱས་པ་ལ་ཇི་སྐད་སྨོས་པའི་ལྡེ་གུས་བསྐུས་ན་འཕྲལ་དུ་དེ་ནད་མེད་པར་འགྱུར་རོ། །ནད་གཞི་བསལ་ཞིང་ཁྲག་ནི་ཕྱུང་བ་དང་། །ཕྱི་དང་ནང་ནས་ཞི་བའི་གསོ་བ་བྱས། །སྨན་མར་ཡང་ནི་དུས་སུ་བྱིན་གྱུར་ན། །མཛེ་ཡི་ནད་ནི་གསོ་སླ་ཉིད་དུ་འགྱུར། །ཞེས་བྱ་བ་ལ། མཛེ་ནད་གཞི་ 202-1-36b སྦྱངས་ཞིང་བསལ་བ་ལ་སོགས་པ་བྱས་པར་གྱུར་ན་མཛེའི་ནད་དེ་གསོ་སླ་ཞིང་བདེ་བླག་ཁོ་ནར་འབྱུང་དུ་རུང་བར་འགྱུར་རོ། །མཛེ་ཅན་ནད་ནི་ལན་མང་སྦྱངས་གྱུར་པ། །དེ་ཡི་སྲོག་བསྲུང་ལན་མང་འབད་བྱ་སྟེ། །ནད་ནི་ལྷག་པར་ཕྱུང་བས་ཉམ་ཆུང་བ། །རླུང་ལྡོང་མྱུར་དུ་གསོད་པར་བྱེད་པར་ འགྱུར། །ཞེས་བྱ་བ་ལ། མཛེའི་ནད་དང་ལྡན་པ་གང་ཞིག་ནད་ལན་མང་དུ་སྦྱངས་ཤིང་དག་པར་གྱུར་པ་དེའི་སྲོག་བསྲུང་ཞིང་གནོད་པར་མི་འགྱུར་བར་སྨན་པས་འབད་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ནང་གི་ནད་ལྷག་པར་མང་དུ་ཕྱུང་བར་གྱུར་པ་ལ། ཉམས་སྟོབས་ཤིན་ཏུ་བྲི་ཞིང་ཆུང་བར་ གྱུར་པ་ལ། རླུང་གི་ནད་ལངས་ནས་མྱུར་བ་ཁོ་ནར་གསོད་པའི་སྐྱོན་ཡོད་པའི་ཕྱིར་རོ། །ཟླ་བ་ཕྱེད་ཅིང་སྐྱུག་སྨན་བཏང་བ་དང་། །ཟླ་བ་རེ་རེ་ནས་ནི་བཀྲུ་སྨན་གཏང་། །མགོ་བོ་སྦྱང་བ་ཞག་ནི་གསུམ་གསུམ་དང་། །ཟླ་བ་དྲུག་དྲུག་ནས་ནི་གཏར་ག་བྱ། །ཞེས་བྱ་བ་ལ། མཛེ་ཅན་ལ་ ཟླ་བ་ཕྱེད་ཕྱེད་འདས་པ་དང་སྐྱུག་སྨན་བཏང་ཞིང་སློན་དུ་གཞུག་པ་དང་། ཟླ་བ་རེ་རེ་འདས་ནས་བཀྲུ་སྨན་བཏང་ཞིང་འཁྲུར་གཞུག་པ་དང་། ཞག་གསུམ་གསུམ་འདས་པ་དང་མགོ་བོའི་བཀྲུ་སྨན་ཇི་སྐད་སྨོས་པ་བཞིན་དུ་བྱ་བ་དང་ཟླ་བ་དྲུག་དྲུག་ནས་གཏར་ག་བྱ་ཞིང་ནད་ཁྲག་དབྱུང་བར་བྱའོ། ། གང་ཞིག་སློན་དང་འཁྲུ་བ་དཀའ་འགྱུར་ཏེ། །མཛེ་ཅན་ནད་ཤས་ཆེ་བས་ཁྱབ་གྱུར་པ། །དེ་ནི་ངེས་པར་གསོ་དཀའ་ཉིད་འགྱུར་བས། །དེ་བས་ནད་ནི་མ་ལུས་དབྱུང་བར་བྱ། །ཞེས་བྱ་བ་ལ། མཛེ་ཅན་གང་ཞིག་སྐྱུག་སྨན་བྱིན་ཡང་སློན་པར་དཀའ་ཞིང་དེ་བཞིན་དུ་བཀྲུ་སྨན་བྱིན་ཡང་ འཁྲུས་པར་དཀའ་བར་གྱུར་པའམ། ཡང་ན་ཅུང་ཟད་ཙམ་ཞིག་སློན་ཞིང་འཁྲུས་ནས་ནད་འཐོན་པར་མ་གྱུར་པའི་མཛེ་ཅན་དེ་ནད་ཀྱི་ཤས་ཆེ་བས་ཁྱབ་པར་གྱུར་པ་ཡིན་ལ། དེ་ལྟ་བུ་དག་ནི་ངེས་པར་གསོ་དཀའ་བའམ། གསོར་མི་རུང་བའི་མཛེ་ནད་དུ་འགྱུར་བས་དེ་བས་ན་མཛེ་ནད་དེའི་ནད་ ཅི་ནས་ཀྱང་མ་ལུས་པར་དབྱུང་བར་བྱ་ཞིང་གཏིང་ཕྱིན་པར་བྱ་བའི་ནད་ཅུང་ཟད་འབྲི་བ་ཙམ་གྱིས་གསོ་བར་ནི་མི་བྱའོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས་གསོ་བའི་གནས་ལེའུ་བཅུ་དགུ་པའི་ 202-1-37a རྣམ་པར་འགྲེལ་པའོ།། །།དེ་ནས་ཤ་བཀྲ་དང་སྲིན་བུའི་ནད་གསོ་བ་བཤད་པར་བྱའོ། །ཞེས་བྱ་བ་ལ། སྔར་ནད་གཞི་བཤད་པའི་གོ་རིམས་ཀྱིས་གསོ་བ་ཡང་དེ་ལྟར་བཤད་དགོས་པའི་ཕྱིར་སྐབས་འདིར་ལེའུ་བརྩམས་པ་ཡིན་ནོ། །གང་ཞིག་མཛེ་ནད་པས་ ཀྱང་འཇིགས་འགྱུར་ཞིང་། །མྱུར་དུ་གསོ་དཀའ་ཉིད་དུ་འགྱུར་བས་ན། །ཁང་པ་འབར་བར་གྱུར་པ་ལྟ་བུར་ནི། །ཤ་བཀྲའི་ནད་ཞི་བ་ལ་འབད་པར་བྱ། །ཞེས་བྱ་བ་ལ། ཤ་བཀྲའི་ནད་ལ་ནི་མཛེའི་ནད་པས་ཀྱང་སྨད་ཅིང་འཇིགས་པར་གྱུར་པ་ཡིན་པས་དེ་ནི་མ་བཅོས་ན་མྱུར་དུ་གསོ་དཀའ་ བ་ཉིད་དུ་འགྱུར་ཏེ། རྒྱུ་དེ་བས་ན་ཤ་བཀྲའི་ནད་དེའི་གསོ་བའི་སྦྱོར་བ་ལ་འབད་ཅིང་བརྩོན་པར་བྱ་སྟེ། དཔེར་ན་ཁང་པའི་མེ་འབར་བར་གྱུར་པ་ལ་མྱུར་དུ་ཞི་ཞིང་བསིལ་བར་བྱ་དགོས་པ་དང་འདྲའོ། །ཁྱད་པར་དུ་ནི་དང་པོར་ལུས་ལ་ནི། །སྦྱང་བ་བྱ་བ་ཉེ་བར་སྦྱར་བར་བྱ། །ཞེས་བྱ་བ་ལ། ཤ་ བཀྲའི་ནད་ཐམས་ཅད་ལ་ནི་གསོ་བ་གཞན་པས་ཁྱད་པར་དུ་དང་པོ་ཁོ་ནར་ལུས་ཀྱི་ནད་སྦྱང་བའི་ཆོ་ག་འོག་ནས་སྨོས་པ་ཉེ་བར་སྦྱར་བར་བྱའོ། །ཤ་བཀྲ་ལ་ནི་སོ་མ་ར་ཛའི་ཁུ། །བུ་རམ་ཆང་ངམ་ཤ་ཁུ་བཀྲུ་སྨན་ནི། །སྣུ་ཧའི་འོ་མར་བཅས་པ་བླུད་པར་བྱ། །དེ་འཐུངས་ནས་ནི་ལུས་བཀྲུས་ཉམས་ སྟོབས་དག །ཅི་ཡོད་པ་ལས་ཉིན་མཚན་བསྟེན་པར་བྱ། །སྐོམ་དད་སྐྱེས་ན་ཞག་གསུམ་ཐུག་པ་བླུད། །ཅེས་བྱ་བ་ལ། ཤ་བཀྲའི་ནད་ལ་སོ་མ་ར་ཛ་བསྐོལ་བའི་ཁུ་བ་བུ་རམ་དང་ཆང་སྦྱར་ཏེ་བླུད་བའམ། ཡང་ན་སོ་མ་ར་ཛ་བསྐོལ་བའི་ཁུ་བ་ཤ་ཁུ་དང་སྦྱར་ལ་བླུད་པར་བྱ་སྟེ། དེ་ནི་བཀྲུ་སྨན་ གྱི་དམ་པའམ། མཆོག་ཡིན་པར་འདོད་ལ། དེ་བས་ན་སོ་མ་ར་ཛའི་ཁུ་བ་དེ་འཐུངས་ནས་ལུས་བསྐུས་ཏེ་ཉམས་སྟོབས་ཀྱིས་ཇི་ཙམ་བཟོད་པར་ཉི་ཚན་ལ་བསྟན་ཅིང་འདུག་པར་བྱའོ། །དེས་ཤ་བཀྲ་ཅན་དེ་བཀྲུས་པར་གྱུར་པ་དང་། སྐོམ་དད་སྐྱེས་ན་ཞག་གསུམ་གྱི་བར་དུ་ཐུག་པ་རྐྱང་ རྐྱང་པོ་བླུད་པར་བྱའོ། །ཤ་བཀྲའི་ལུས་ལ་ཆུ་བུར་བྱུང་གྱུར་ན། །དེ་ནི་ཚེར་མ་དག་གིས་བརྟོལ་བར་བྱ། །ཞེས་བྱ་བ་ལ། གོང་གི་སྨན་དེས་བསྐུས་ནས་ཉི་མ་ལ་འདུག་པ་ན་ཤ་བཀྲ་ཅན་གྱི་ལུས་དེ་ལས་འབྲུམ་བུའམ་ཆུ་བུར་བྱུང་བར་གྱུར་ན་ཆུ་བུར་དེ་ཚེར་མས་བརྟོལ་ལ་ཆུ་གཟགས་པར་བྱའོ། ། 202-1-37b ཆུ་བུར་གཟགས་པར་བྱས་ནས་ནང་རེ་ཞིང་། །སོ་མ་ར་ཛ་དང་ནི་ཨ་ས་ན། །པྲི་ཡང་ཀུ་དང་ཤུ་ཏི་ཆུར་བསྐོལ་བླུད། །ཅེས་བྱ་བ་ལ། དེ་ལྟར་ཆུ་བུར་དེ་བརྟོལ་ཏེ་ཆུ་གཟགས་པའི་འོག་ཏུ་ཉི་མ་རེ་རེ་ཞིང་ནང་པར་གྱི་དུས་སུ་སོ་མ་ར་ཛ་ལ་སོགས་པའི་སྨན་ཆུར་བསྐོལ་བ་བླུད་པར་བྱའོ། །རྒྱ་ སྐྱེགས་ཤིང་ཐལ་བུ་རམ་ཕྲན་སྦྱར་བའི། །ཆུ་ནི་ཉམས་སྟོབས་ཅི་ཡོད་པ་ལ་བླུད། །ཅེས་བྱ་བ་ལ། ཡང་ན་ཆུ་བུར་གཟགས་པའི་འོག་ཏུ་རྒྱ་སྐྱེགས་ཀྱི་ཤིང་པ་ལ་ཤ་ཞེས་བྱ་བའི་ཐལ་བ་དང་། བུ་རམ་ཕྲ་མོ་ཕ་ནི་རྟ་ཞེས་བྱ་བ་སྦྱར་བའི་ཆུ་ནད་པའི་ཉམས་སྟོབས་ཅི་ཡོད་པ་ལས་ཟླ་བ་ཕྱེད་ཀྱི་ བར་དུ་ནང་རེ་བླུད་པར་བྱའོ། །བལ་གུ་སྐྱུ་རུ་རའི་ཤུན་དུག་མོ་ཡུངས། །ཁུ་བ་སོ་མ་ར་ཛར་བཅས་པ་བླུད། །དྲོ་བར་འདུག་ནས་ཆུ་བུར་བྱུང་བ་ན། །ལན་ཚྭ་མེད་ཟས་དར་བར་བཅས་པར་སྦྱིན། །ཞེས་བྱ་བ་ལ། སོ་མ་ར་ཛའི་ལྡེ་གུ་ཤིང་བལ་གུ་དང་སྐྱུ་རུ་ར་ལ་སོགས་པའི་ཤུན་པ་ བསྐོལ་བའི་ཁུ་བ་དང་སྦྱར་ཏེ་བླུད་ནས་ཤ་བཀྲ་ཅན་དེ་ཉི་ཚན་དྲོ་བ་ལ་འདུག་ཏུ་བཅུག་ནས་ཆུ་བུར་བྱུང་བར་གྱུར་པ་དང་། ཚྭ་མེད་པའི་ཟས་དར་བ་དང་བཅས་པ་སྦྱིན་པར་བྱའོ། །བ་གཅིན་ཙི་ཏྲ་ཀ་དང་ཚ་བ་གསུམ། །སྦྲང་རྩིར་སྦྱར་བ་མར་གྱི་སྣོད་དུ་གཞག །ཟླ་ཕྱེད་ལོན་ནས་ཤ་བཀྲ་ཅན་ ལ་བླུད། །འདི་ལ་མཛེ་ནད་གསོ་བའི་ཆོ་གའང་བྱ། །ཞེས་བྱ་བ་ལ། བ་གཅིན་དང་། ཙི་ཏྲ་ཀ་དང་། ཚ་བ་གསུམ་སྦྱར་བའི་ནང་དུ་སྦྲང་རྩི་བཏབ་ལ་རྫ་མར་བཅུག་པའི་སྣོད་ཀྱི་ནང་དུ་ཟླ་བ་ཕྱེད་ཀྱི་བར་དུ་བཞག་ལ། དེའི་འོག་ཏུ་བླུད་པར་བྱ་ཞིང་ཡང་ཤ་བཀྲའི་ནད་ཀྱིས་བཏབ་པ་འདི་ལ་མཛེའི་ ནད་ཀྱི་གསོ་བའི་ཆོ་ག་ཇི་སྐད་བཤད་པ་བྱས་ན་ཡང་ཕན་ནོ། །ཡང་ན་བྲིང་ག་ར་ཛ་ལྕགས་སྣོད་བཅུག །ཏིལ་མར་ནང་དུ་བརྔོས་པ་སྦྱིན་བྱ་ཞིང་། །ཨ་ས་ན་ཡི་ས་བོན་འོ་མར་བསྐོལ། །དེ་རྗེས་བླུད་ན་ཤ་བཀྲ་འཇོམས་པར་བྱེད། །ཅེས་བྱ་བ་ལ། ཡང་ཤ་བཀྲའི་ནད་ཀྱིས་བཏབ་པ་ ལ། བྲིང་ག་ར་ཛ་ལྕགས་ཀྱི་སྣོད་ཀྱི་ནང་དུ་བཅུག་སྟེ། ཏིལ་མར་གྱིས་བརྔོས་པ་བྱིན་ནས། དེའི་རྗེས་ལ་ཨ་ས་ནའི་ས་བོན་འོ་མར་བསྐོལ་བ་བླུད་ན་ཤ་བཀྲའི་ནད་འཇོམས་པར་བྱེད་དོ། །དོང་ག་ཨརྐ་པུ་ཏི་ཀ་རཉྫ། །སྣུ་ཧ་ཛཱ་ཏིའི་ལོ་མ་བ་གཅིན་བཏགས། །ལྡེ་གུ་བསྐུས་ན་ཤ་བཀྲ་གཞང་ 202-1-38a འབྲུམ་དང་། །ཤུ་བ་གཡན་པ་རྨ་འགྲམས་སེལ་བར་བྱེད། །ཅེས་བྱ་བ་ལ། དོང་ག་ནས་སྣུ་ཧ་དང་ཛཱ་ཏིའི་བར་གྱི་ལོ་མ་བ་གཅིན་དང་ལྷན་ཅིག་ཞིབ་ཏུ་བཏགས་པའི་ལྡེ་གུས་བསྐུས་ན་ཤ་བཀྲ་ལ་སོགས་པའི་ནད་སེལ་བར་བྱེད་དོ། །གླང་ཆེན་གཟིག་གི་པགས་བསྲེགས་ ཏིལ་མར་དང་། །སྦྱར་བ་བསྐུས་ན་ཤ་བཀྲ་སེལ་མཆོག་ཡིན། །ཞེས་བྱ་བ་ལ། གླང་པོ་ཆེའི་པགས་པ་དང་། གཟིག་གི་པགས་པ་མེའི་ནང་དུ་བསྲེགས་པ་ལ་ཏིལ་མར་དང་བཅས་པའི་ལྡེ་གུས་བསྐུས་ན་ཡང་ཤ་བཀྲའི་ནད་སེལ་བའི་མཆོག་དམ་པ་ཡིན་ནོ། །སྦུར་བ་དྲི་ངན་དོང་གའི་འོ་མ་དང་། ། སྦྱར་ཏེ་བསྐུས་པ་གཅིག་པུས་ཤ་བཀྲ་སེལ། །ཞེས་བྱ་བ་ལ། སྦུར་བ་དྲིང་ཞིང་གནག་པ་གང་ཡིན་པ་དེ་དོང་གའི་ཤིང་གི་འོ་མ་དང་སྦྱར་ཏེ་ཤ་བཀྲ་ལ་བསྐུས་ན་རྫས་ཀྱི་སྦྱོར་བ་གཞན་དང་མ་འདྲེས་པ་གཅིག་པུ་དེས་ཀྱང་ཤ་བཀྲའི་ནད་སེལ་བར་བྱེད་དོ། །ཆུ་བུར་བསྐྱེད་ཕྱིར་གོ་བྱེ་ཆམ་ཆོམ་ བརྡུངས། །ནུབ་མོ་བ་གཅིན་ལ་སྦངས་ཉི་གྲིབ་བསྐོམ། །དེ་ལྟར་ལན་གསུམ་བྱས་ཏེ་ཞིབ་ཏུ་བཏགས། །སྣུ་ཧའི་འོ་སྦྱར་བསྐུས་ན་ཤ་བཀྲ་འཇོམས། །ཞེས་བྱ་བ་ལ། ཤ་བཀྲ་ལས་ཆུ་བུར་བསྐྱེད་ཅིང་འབྱུང་བར་བྱ་བའི་ཕྱིར་གོ་བྱེ་ཞེས་བྱ་བ་བསེ་ཤིང་གི་འབྲས་བུ་ཆམ་ཆོམ་བརྡུངས་ཏེ་ནུབ་མོ་བ་ གཅིན་གྱི་ནང་དུ་སྦངས་ནས་ཉིན་པར་གྲིབ་མ་ལ་བསྐོམས་ཏེ་ཚུལ་དེ་ལྟར་ལན་གསུམ་སྦངས་ཤིང་བསྐམས་ནས་དེའི་འོག་ཏུ་དེ་ཞིབ་པར་བཏགས་ལ། ལྡེ་གུར་སྦྱར་ཏེ། ཤིང་སྣུ་ཧ་ཞེས་བྱ་བ་ཤྲཱི་ཁཎྜ་འབྱུང་བའི་འོ་མ་དང་སྦྱར་ཏེ་བསྐུས་ན་ཤ་བཀྲའི་ནད་འཇོམས་ཤིང་སེལ་བར་བྱེད་དོ། །སྦྲུལ་ནག་བསྲེགས་ པ་ལས་བྱུང་སྣག་ཚ་ནི། །བ་རུ་ར་ཡི་མར་དང་སྦྱར་ཏེ་བསྐུ། །ཞེས་བྱ་བ་ལ། སྦྲུལ་ནག་པོ་སྣོད་ཁ་སྦྱར་བའི་ནང་དུ་དུ་བ་མ་ཤོར་བར་བསྲེགས་པའི་ཐལ་བ་སྣག་ཚ་ལྟར་གྱུར་པ་དེ་བ་རུ་རའི་ཚི་གུ་བཙིར་བའི་ཁུ་བ་མར་དང་སྦྱར་ཏེ་བསྐུས་ན་ཡང་ཤ་བཀྲ་སེལ་བར་བྱེད་དོ། །དེ་བཞིན་རྨ་བྱའི་མཁྲིས་པ་ བསྲེགས་པའམ། །བ་ལ་ཀ་བསྲེགས་རྨ་བྱའི་མཁྲིས་བསྲེགས་ཕན། །ཞེས་བྱ་བ་ལ། རྨ་བྱའི་མཁྲིས་པ་བསྲེགས་པ་བསྐུས་པའམ། བ་ལ་ཀ་བསྲེགས་པའི་ཐལ་བའམ། རྨ་བྱའི་མཁྲིས་པ་བསྲེགས་ཏེ་བསྐུས་ན་ཡང་ཤ་བཀྲའི་ནད་ལ་ཕན་ནོ། །སོ་མ་ར་ཛའི་ས་བོན་ཕུལ་གང་དང་། ། 202-1-38b བ་བླ་བཞི་ཆ་དག་ནི་བསྲེགས་ནས་སུ། །བ་ཡི་གཅིན་དང་སྦྱར་ཏེ་བཏགས་བསྐུས་ན། །ཤ་བཀྲ་ལྤགས་མདོག་འདྲ་བར་བྱེད་པའི་མཆོག །ཅེས་བྱ་བ་ལ། སོ་མ་ར་ཛའི་ས་བོན་ལས་ཕུལ་གང་སྟེ་སྲང་བཞི། བ་བླ་དེའི་བཞི་ཆ་སྟེ། སྲང་གཅིག་གཅིག་ཏུ་བསྲེས་ནས་བའི་གཅིན་དང་སྦྱར་ཏེ་ བསྐུས་ན་ཡང་ཤ་བཀྲའི་ནད་དེ་པགས་པ་གཞན་དང་མདོག་འདྲ་བར་བྱེད་པའི་མཆོག་ཡིན་ནོ། །གླང་ཆེན་རྟུག་པ་ལེགས་བསྲེགས་ཐལ་བ་ནི། །གླང་ཆེན་གཅིན་དང་བསྲེས་ཏེ་གཟགས་གྱུར་པ། །བྲེ་བཅུ་དྲུག་དང་སོ་མ་ར་ཛ་ཡི། །ས་བོན་བཅུ་ཆས་བཏབ་བསྐོལ་སྦྱིན་བག་གྱུར། །མང་དུ་ བདར་བ་དེ་ཡིས་བསྐུས་ན་ནི། །ཤ་བཀྲའི་ནད་ནི་རྣམ་པར་འཇོམས་འགྱུར་ཞིང་། །མཛེའི་ནད་དམ་སྨེ་བ་ནག་པོའམ། །ཤ་ལྷག་སྐྱེས་པའི་རྨ་ནི་སྦྱོང་བར་བྱེད། །ཅེས་བྱ་བ་ལ། གླང་པོ་ཆེའི་རྟུག་པ་ལེགས་པར་བསྲེགས་པའི་ཐལ་བ་ཡང་། གླང་པོ་ཆེའི་གཅིན་དང་ལྷན་ཅིག་ཏུ་བསྲེས་ པ་ལན་མང་དུ་གཟགས་པའི་ཁུ་བ་བྲེ་བཅུ་དྲུག་ཙམ་གྱི་ཚད་ལ་སོ་མ་ར་ཛའི་ས་བོན་གཅིན་ཁུའི་བཅུ་ཆ་བཏབ་སྟེ་བསྐོལ་ལ་དེ་ཚོས་ནས་སྦྱིན་བག་འབྱར་བག་ཅན་དུ་གྱུར་པ་དང་། ཤ་བཀྲའི་ནད་ལྕི་བ་སྐམ་པོ་ལ་སོགས་པས་མང་དུ་བདར་ཏེ། ལྡེ་གུ་དེས་བསྐུས་ན་ཤ་བཀྲའི་ནད་འཇོམས་པར་ འགྱུར་ལ། དེ་བཞིན་དུ་མཛེ་ནད་ལ་སོགས་པའི་ནད་ལ་ཡང་དང་པོར་བདར་ཏེ་དེས་བསྐུས་ན་སྦྱོང་ཞིང་སེལ་བར་བྱེད་དོ། །གོ་བྱེ་ཙི་ཏྲ་ཀ་དང་སྣུ་ཧ་དང་། །ཨརྐའི་རྩ་བ་དང་ནི་འོལ་མ་སེ། །དེ་བཞིན་ཚ་བ་གསུམ་དང་དུང་དང་ནི། །སྤངས་མ་རུ་རྟར་བཅས་དང་ལན་ཚྭ་ལྔ། །ཐལ་བ་གཉིས་དང་ལངྒ་ ལི་བཏགས་ཕྱེ། །སྣུ་ཧ་ཨརྐའི་འོ་མར་བསྐོལ་ནས་ནི། །སྐ་བར་གྱུར་པ་ལྕགས་ཀྱི་ནང་དུ་གཞུག །དེ་ནི་ཐུར་མས་བསྐུས་ན་མཛེ་ནད་དང་། །ཤ་བཀྲ་སྨེ་བ་ནག་པོར་གྱུར་པ་དང་། །མཛེར་པ་གཞང་འབྲུམ་པགས་པའི་རྨེན་བུ་སེལ། །ཞེས་བྱ་བ་ལ། ཤིང་སྣུ་ཧ་དང་ཨརྒའི་འོ་མའི་ནང་དུ་ གོ་བྱེ་ལ་སོགས་པའི་སྨན་ཕྱེ་མར་བྱས་ཏེ་བསྐོལ་ནས་འོ་མ་དེ་སྐ་བར་གྱུར་པ་དང་དེ་ཐུར་མས་བླངས་ནས་བསྐུས་ན་མཛེ་ནད་ལ་སོགས་པ་སེལ་བར་བྱེད་དོ། །སྦྱང་བྱས་གཏར་ག་གདབ་པ་དང་། །རྩུབ་ཆོས་ཕྱེ་ཟན་ཟོས་གྱུར་པས། སྡིག་པ་ཟད་པར་གྱུར་པ་ཡི། །འགའ་ཞིག་གིས་ནི་ཤ་ 202-1-39a བཀྲ་འབྱང་། །ཞེས་བྱ་བ་ལ། ཤ་བཀྲའི་ནད་སྐྱེས་པར་གྱུར་ནས་སྐྱུག་སྨན་དང་བཀྲུ་སྨན་གྱིས་སྦྱང་བ་བྱས་པ་དང་། གཏར་ག་གདབ་ཅིང་ཁྲག་དབྱུང་བ་དང་། རྩུབ་ཆོས་ཀྱི་རྣམ་པ་ཁ་བ་དང་། ཕྱེ་ཟན་ཟོས་པར་གྱུར་པ་ལ་ནི་སྡིག་པ་ཟད་ཅིང་བསོད་ནམས་དང་ལྡན་པའི་ མི་འགའ་ཞིག་གིས་ཤ་བཀྲ་འབྱང་བར་འགྱུར་གྱི་ཐམས་ཅད་ནི་མ་ཡིན་ནོ། །ཁོང་པའི་སྲིན་ཡོད་སྣུམ་དུགས་བྱས། །བུ་རམ་འོ་མ་ཉ་སོགས་ཀྱིས། །བད་ཀན་སྲིན་བུ་བསླངས་ནས་ནི། །ནུབ་མོ་དེ་ནི་བདེ་བར་གནས། །བྱེའུ་རུག་སོགས་སྡེ་བ་གཅིན་དང་། །ཆུ་ཕྱེད་བཅས་པ་བསྐོལ་ནས་ནི། ། ཁུ་བ་དེའི་ནང་པི་པི་ལིང་། །པོ་སོན་ཆ་དང་བྱི་དང་ག །ཏིལ་མར་སྭརྫི་ཀྵ་རར་བཅས། །མས་གཏོང་བས་ནི་གཏང་བར་བྱ། །ཞེས་བྱ་བ་ལ། སྲིན་བུ་ཁོང་པ་ན་ཡོད་པའི་ནད་པ་ལ་ནི་སྣུམ་གྱིས་ཤེས་པར་བྱས་ལ། དེའི་འོག་ཏུ་དུགས་བྱས་ནས་བུ་རམ་དང་འོ་མ་དང་ཉའི་ཤ་ལ་སོགས་པས་བད་ཀན་ དང་སྲིན་བུ་བསླངས་ཤིང་གནས་ལ་བཀོད་ལ་ནུབ་མོ་དེ་བདེ་བར་གནས་ཤིང་གཉིད་ལོག་ལ། ནང་པར་བྱེའུ་རུག་པ་ལ་སོགས་པའི་སྡེ་ཚན་བ་གཅིན་དང་ཆུ་བ་གཅིན་ཕྱེད་བླུགས་པའི་ནང་དུ་བསྐོལ་ལ། ཁུ་བའི་ནང་དུ་པི་པི་ལིང་ལ་སོགས་པའི་ལྡེ་གུ་བཏབ་ལ་ཏིལ་མར་དང་སྭརྫི་ཀ་ཀྵ་ར་དང་བཅས་པའི་མས་ གཏོང་བའི་བཀྲུ་སྨན་གཏང་བར་བྱའོ། །དེ་ཉིད་དེ་ལ་དེ་ཉིད་དམ། །དུར་བྱིད་ལྡེ་གུ་པོ་སོན་ཆ། །པི་པི་ལིང་ནི་ཁུ་བར་བསྲེས། །བཀྲུ་སྨན་དེ་ལ་བླུད་པར་བྱ། །ཞེས་བྱ་བ་ལ། དེའི་འོག་ཏུ་ཉིན་ཞག་དེ་ཉིད་ལ། ལྟོ་ན་སྲིན་བུ་ཡོད་པའི་ནད་པ་དེ་ལ་ནི་རུ་ཧ་མས་གཏོང་བ་དེ་ཉིད་བླུད་པར་བྱ་བའམ། དུར་ བྱིད་དང་ལྡེ་གུ་པོ་སོན་ཆ་དང་པི་པི་ལིང་བསྐོལ་བའི་ཁུ་བ་དང་བསྲེས་པའི་བཀྲུ་སྨན་བླུད་པར་བྱའོ། །དེ་ལྟར་སྟེང་འོག་སྦྱང་བྱས་ནས། །ཚ་བ་ལྔར་ལྡན་ཐུག་སོགས་བླུད། །ཚ་དང་ཁ་དང་བསྐ་བ་ཡི། །སྨན་བསྐོལ་ཆུ་ནི་བླུད་པར་བྱ། །ཞེས་བྱ་བ་ལ། དེ་ལྟར་སྟེང་དང་འོག་ནས་སྦྱང་བར་བྱས་པའི་རྗེས་ལ་ ནད་པ་དེ་ལ་ཚ་བ་ལྔ་དང་ལྡན་པའི་ཐུག་པ་ལ་སོགས་པའི་རིམ་པ་བླུད་པར་བྱའོ། །དེ་བཞིན་དུ་སྨན་ཚ་བ་དང་། ཁ་བ་དང་བསྐ་བ་དང་ལྡན་པའི་སྨན་ཆུ་བསྐོལ་བ་བླུད་པར་བྱའོ། །དུས་སུ་བྱི་དང་གའི་ཏིལ་མར། །འཇམ་རྩི་དེ་ལ་གཏང་བར་བྱ། །ཞེས་བྱ་བ་ལ། བཀྲུ་སྨན་དང་སྐྱུག་སྨན་བཏང་བའི་ 202-1-39b རྗེས་ལ། སྲིན་བུ་ཡོད་པའི་ནད་པ་དེ་ལ་འཇམ་རྩི་གཏང་བར་འོས་པའི་དུས་སུ་བྱི་དང་གའི་ཏིལ་མར་གྱི་འཇམ་རྩི་མས་གཏོང་བར་བྱའོ། །མགོ་ཡི་སྲིན་བུར་མགོ་ནད་ནི། །གསོ་བར་བྱ་བའི་རིམ་པ་བྱ། །ཚ་དང་ཁ་བ་ཤས་ཆེ་ཞིང་། །སྣུམ་ཉུང་ཁ་ཟས་སྦྱིན་པར་བྱ། །ཞེས་བྱ་བ་ལ། མགོ་ བོ་ལ་བརྟེན་ཞིང་གནས་པའི་སྲིན་བུ་ཡོད་པ་ལ་ནི་མགོ་བོའི་ནད་གསོ་བ་ལས་བཤད་པའི་སྨན་གྱིས་གསོ་བའི་རིམ་པ་བྱ་ཞིང་ཁ་ཟས་ཚ་བ་དང་ཁ་བའི་ཤས་ཆེ་ཞིང་དེ་ལྟ་བུ་ལས་གཞི་བླངས་པ་སྦྱིན་ཞིང་སྣུམ་ཆུང་བའི་ཁ་ཟས་སྦྱིན་པར་བྱའོ། །བྱི་དང་ག་དང་པི་པི་ལིང་། །པི་པི་ལིང་རྩ་ན་ལེ་ཤམ། །ན་ ལེ་ཤམ་ནི་དཀར་པོ་དང་། །སྭརྫི་ཀ་ནི་ཐལ་བར་བཅས། །ནས་ཐུག་དར་བ་བཙོས་པ་བླུད། །ཅེས་བྱ་བ་ལ། བྱི་དང་ག་ལ་སོགས་པའི་སྨན་དང་བཅས་པའི་ནས་ཐུག་དར་བར་བཙོས་པ་བླུད་པར་བྱའོ། །གི་རི་ཀར་ནི་ཤི་ཤ་ཀ །པ་རི་པ་ཏྲ་ཀེ་དུ་ཀ །པ་ལ་ཤའི་འབྲས་བ་ཏུ་ར། །སུ་ཏི་ཀ་ནི་སོ་སོར་ བསྐོལ། །ཁུ་བ་སྦྲང་རྩི་བཅས་པའམ། །ཞེས་བྱ་བ་ལ། གི་རི་ཀར་ནི་ལ་སོགས་པའི་སྨན་སྣ་གང་ཡང་རུང་བ་སོ་སོར་བསྐོལ་བའི་ཁུ་བ་དང་། བྱིའུ་རུག་པ་དང་སྦྲང་རྩིར་སྦྱར་བ་བླུད་པར་བྱའོ། །བྱེའུ་རུག་པ་སོགས་སྦྲང་རྩིར་སྦྱར། །ཞེས་བྱ་བ་ལ། ཡང་ན་བྱེའུ་རུག་པ་ལ་སོགས་པ་ སྟེ། བྱེའུ་རུག་པ་གཉིས་དང་ཕ་ནི་ཏ་ཞེས་བྱ་བ་ལ་སོགས་པའི་སྨན་སྣ་རེ་རེ་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་སྦྱིན་པར་བྱའོ། །རྟ་སྦངས་ཕྱེ་མ་བྱི་དང་ག །བསྐོལ་བའི་ནང་སྦངས་མང་དུ་བཟའ། །སྦྲང་རྩིར་བཅས་པའི་ལྡེ་གུའམ། །འབྲས་བུ་གསུམ་ཁུར་སྦངས་པ་སྦྱིན། །མགོ་བོའི་སྲིན་བུའི་ ནད་ལ་ནི། །དེ་ཡི་ཕྱེ་མ་བུད་པར་བྱ། །ཞེས་བྱ་བ་ལ། ཡང་ན་རྟ་སྦངས་ཀྱི་ཕྱི་མ་བྱི་དང་ག་དང་བསྐོལ་བའི་ནང་དུ་སྦྱངས་ཤིང་བསྲེས་པ་ལན་མང་དུ་བཟའ་བའམ། ཡང་རྟ་སྦངས་ཀྱི་ཕྱེ་མ་སྦྲང་རྩི་དང་བཅས་པའི་ལྡེ་གུའམ། འབྲས་ཀྱི་ཁུ་བ་དང་སྦྱར་བ་སྦྱིན་པར་བྱ་སྟེ། ཡང་ན་མགོ་ བོ་ན་སྲིན་བུ་ཡོད་པའི་ནད་པ་ལ་ནི་རྟ་སྦངས་ཀྱི་ཕྱེ་མ་སྣའི་སྒོ་ནས་བུས་ལ་བཏང་ན་ཡང་ཕན་ནོ། །མུ་ཤ་ཀརྞའི་འདབ་མ་ནི། །ཞིབ་ཏུ་བཏགས་པ་འབྲས་ཕྱེར་བཅས། །བཙོས་པའི་ཁུ་བ་སྦྱིན་པར་བྱ། །དེ་ཡི་རྗེས་ལ་རང་སྐྱུར་རམ། །དར་བ་སླ་བ་ཚ་བ་ལྔ། །ལན་ཚྭར་བཅས་པ་ 202-1-40a བླུད་པར་བྱ། །ཞེས་བྱ་བ་ལ། མུ་ཤ་ཀརྞ་ཞེས་བྱ་བ་ཨ་ཁུ་ཀརྞའི་འདབ་མ་བྱི་བའི་རྣ་བ་འདྲ་བ་ཞིབ་ཏུ་བཏགས་ལ། འབྲས་སཱ་ལུའི་ཕྱེ་མ་དང་སྦྱར་ཏེ་འདབ་མ་ལ་བཙོས་པའི་སྐྱ་ཁུར་བྱིན་ན་དེའི་འོག་ཏུ་འབྲས་ཀྱི་ཁུ་ལེའི་རང་སྐྱུར་ཀན་ཛི་ཞེས་བྱ་བ་ལ། ཚ་བ་ལྔ་དང་ལན་ ཚྭར་བཅས་པ་བླུད་པའམ། དར་བ་སླ་བ་ཚ་བ་ལྔ་དང་བཅས་པ་བླུད་པར་བྱའོ། །ནིམ་པ་ཨ་པ་མརྒ་དང་། །ནི་རྒུན་ཐི་ལོའང་དེ་བཞིན་བྱ། །ཞེས་བྱ་བ་ལ། ནིམ་པ་དང་ཨ་པ་མརྒ་དང་། ནི་རྒུན་ཐིའི་ལོ་མ་ལ་ཡང་མུ་ཤ་ཀརྞའི་སྐབས་སུ་བཤད་པའི་ཆོ་ག་དེ་བཞིན་དུ་བྱས་པའི་ཁུ་བ་ སྦྱིན་པར་བྱའོ་ཞེས་སྦྱར་རོ། །བྱི་དང་ག་ཡི་ཕྱེ་མ་དང་། །བསྲེས་པའི་འབྲས་ཕྱེའི་ཁུར་བ་སྦྱིན། །གོ་བྱེའི་མར་ནི་རྙིང་པ་ལ། །བྱི་དང་ག་ཡི་ཤུན་པ་བསལ། །ཆ་ཕྱེད་བཅུག་སྟེ་ཉི་མར་གཞག །བཏུང་དང་འཇམ་རྩིར་སྦྱར་བར་བྱ། །ཐང་ཤིང་ཤྲི་བེཥྚ་ཡི་སྣུམ། །སོ་སོར་དེ་ བཞིན་སྦྱར་བར་བྱ། །ཞེས་བྱ་བ་ལ། ཡང་ན་བྱི་དང་གའི་ཕྱེ་མ་དང་བསྲེས་པའི་འབྲས་ཀྱི་ཕྱེའི་ཁུ་བ་སྦྱིན་པར་བྱ་བའམ། གོ་བྱེ་བཙིར་བའི་མར་གྱི་ནང་དུ་བྱི་དང་ག་ཤུན་པ་དྲུས་པ་མར་དེའི་ཆ་ཕྱེད་བཅུག་ལ་ཉི་མ་ལ་བཞག་སྟེ་བཏུང་བ་དང་འཇམ་རྩིར་སྦྱར་ན་ཡང་སྲིན་བུའི་ནད་སེལ་ཏོ། ། ཐང་ཤིང་དང་ཤྲི་བེཥྚ་ཞེས་བྱ་བ་ས་ར་ལའི་ཤིང་གི་སྣུམ་ཁུ་སོ་སོར་སྔ་མ་བཞིན་དུ་བྱི་དང་ག་སྣུན་པ་ཆ་ཕྱེད་བཅུག་སྟེ། བཏུང་བ་དང་འཇམ་རྩིར་སྦྱར་ན་ཡང་ཕན་ནོ། །བཤང་བར་སྐྱེས་ལ་ལྷག་པར་ཡང་། །བཀྲུ་སྨན་དང་ནི་འཇམ་རྩི་གཏང་། །ཞེས་བྱ་བ་ལ། བཤང་བ་ལས་སྐྱེས་པའི་ སྲིན་བུ་ལ་ཁྱད་པར་དུ་ཡང་སྲིན་བུ་འཇོམས་པར་བྱེད་པའི་སྨན་དང་སྦྱར་ཏེ། བཀྲུ་སྨན་དང་འཇམ་རྩི་གཏང་བར་བྱའོ། །བད་ཀན་ལས་གྱུར་མགོ་བོའི་ནད། །བཀྲུ་སྨན་སློན་དང་ཞི་སྨན་གཏང་། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་སྲིན་བུ་ལ་ནི་མགོ་བོའི་བཀྲུ་སྨན་དང་སློན་སྨན་ ཞི་བའི་སྨན་བཏང་བས་བསལ་བར་བྱའོ། །ཁྲག་ལས་གྱུར་པའི་སྲིན་བུ་ལ། །གསོ་བ་མཛེ་ཡི་ཚུལ་དུ་བྱ། །ཞེས་བྱ་བ་ལ། ཁྲག་ལས་གྱུར་པའི་སྲིན་བུ་ལ་ནི་མཛེ་ནད་གསོ་བའི་ཆོ་ག་ཇི་སྐད་སྨོས་པ་བཞིན་དུ་བྱའོ། །སྤུ་འབྱི་བྱེད་ལ་གསོ་བ་ནི། །ཨིནྡྲ་ལུབ་ཏའི་ཆོ་ག་བྱ། ། 202-1-40b ཞེས་བྱ་བ་ལ། ཁྲག་ལས་གྱུར་པའི་སྲིན་བུ་སྤུ་ཟ་ཞིང་འབྱིན་པར་བྱེད་པ་ལ་ནི། དེའི་གསོ་བ་ཨིནྡྲ་ལུབ་ཏ་ཞེས་བྱ་བའི་ནད་གསོ་བའི་ཆོ་ག་རྒྱུད་ཕྱི་མ་ལས་མགོ་ན་བའི་སྐབས་སུ་བཤད་པ་གང་དག་ཡིན་པ་དེ་བྱའོ། །འོ་མ་ཤ་དང་མར་དང་བུ་རམ་དང་། །ཞོ་དང་འདབ་མ་ཅན་གྱི་ཚོད་མ་ དང་། །མདོར་ན་མངར་དང་སྐྱུར་བའི་ཁུ་བ་རྣམས། །སྲིན་བུ་གཞོམ་པར་འདོད་པས་ཡོངས་སུ་སྤང་། །ཞེས་བྱ་བ་ལ། མིའི་སྲིན་བུའི་ནད་གཞོམ་ཞིང་བསལ་བར་འདོད་པས་འོ་མ་ལ་སོགས་པ་སྤང་བར་བྱ་བའམ། དེ་བཞིན་དུ་འདབ་མ་ཅན་གྱི་ཚོད་མ་སྟེ་རྒྱ་སྣེའུ་དང་། ལྕམ་པ་ལ་ སོགས་པའི་ཚོད་མ་སྤང་བ་དང་། མདོར་བསྡུ་ན་མངར་བ་དང་སྐྱུར་བའི་བག་ཐམས་ཅད་ཡོངས་སུ་སྤང་ཞིང་དོར་བར་བྱའོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས་གསོ་བའི་གནས་ ལེའུ་ཉི་ཤུ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་རླུང་ནད་གསོ་བ་བཤད་པར་བྱའོ། །ཞེས་བྱ་བ་ལ། གོ་རིམས་འདི་ཉིད་ལ་བབ་པས་འདིའི་གསོ་བ་བསྟན་པའི་ཕྱིར་བརྩམས་པ་ཡིན་ནོ། །མ་འདྲེས་རླུང་ལས་དང་པོར་ནི། །མར་དང་རྐང་དང་ཚིལ་དང་ནི། །ཏིལ་མར་ བླུད་ཅིང་སྣུམ་གྱི་ནི། །སྦྱོར་བས་ལེགས་པར་གསོ་བར་བྱ། །ཞེས་བྱ་བ་ལ། རླུང་གི་ནད་མ་འདྲེས་པ་དེས། བད་ཀན་དང་མཁྲིས་པའི་ནད་མེད་པ་ལ་ནི་དང་པོར་མར་ལ་སོགས་པའི་སྣུམ་བླུད་ཅིང་བསྐུ་བ་དང་དུགས་ལ་སོགས་པ་སྣུམ་གྱི་སྦྱོར་བས་གསོ་བར་བྱའོ། །དེ་ནས་སྣུམ་ཞེན་ ངལ་བསོས་སྟེ། །འོ་མས་སླར་ཡང་སྣུམ་ཆོས་བྱ། །རླན་ཅན་གྲོང་དང་ཆུ་ལ་གནས། །ཤ་ཁུ་སྣུམ་དང་ལྡན་པ་གཏང་། །འོ་ཐུག་ཀྲི་སར་སྐྱུར་དང་བཅས། །ལན་ཚྭར་ལྡན་བླུད་འཇམ་རྩི་གཏང་། །སྣ་སྨན་སྐྱོ་བྱས་ཁ་ཟས་ནི། །སྣུམ་བྱས་བྱིན་ཞིང་དུགས་བྱས་ལ། །ལེགས་བསྐུས་ སྣུམ་དང་ལྡན་པ་ལ། །གསེག་མ་ལ་སོགས་དུགས་བྱའོ། །ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་རླུང་ནད་ཀྱིས་ཞེན་པའི་ནད་པ་ལ་སྣུམ་གྱི་ཆོ་ག་བྱས་པས་དུབ་པར་གྱུར་པ་དེ་ལ། གསོ་ཞིང་དུབ་བརྟས་ཏེ་འོ་མ་བླུད་ཅིང་སྣུམ་གྱི་ཆོ་ག་བྱ་བའམ། རླན་ཅན་གྱི་སྲོག་ཆགས་ལ་སོགས་པའི་ 202-1-41a ཤ་ཁུ་གང་ཡང་རུང་བ་བླུད་ཅིང་འོ་ཐུག་དང་ཀྲི་ས་རའི་ཐུག་པ་སྐྱུར་དང་ལན་ཚྭ་དང་ལྡན་པ་བླུད་པའམ། འཇམ་རྩི་མས་གཏོང་བ་དང་། སྣ་ནས་སྨན་གྱི་སྦྱོར་བ་བཏང་བ་དང་། སྐྱོ་མ་ལ་སོགས་པའི་སྨན་ཁ་ཟས་སྣུམ་ཅན་བྱིན་ལ་བརྟ་བར་བྱས་ལ། དེའི་འོག་ཏུ་ལེགས་ པར་སྣུམ་གྱིས་ཞེན་པ་དང་གསེག་མ་ལ་སོགས་པའི་དུགས་ཀྱི་ལེའུ་ལས་བཤད་པ་རྣམས་སྣུམ་དང་ལྡན་པས་དུགས་བྱའོ། །སྣུམ་གྱིས་ཞེན་བྱས་དུགས་བྱས་པས། །གཡོ་ཞིང་རེངས་དང་གཟེར་བཅས་པས། །ཞེས་བྱ་བ་ལ། སྣུམ་གྱིས་ལེགས་པར་ཞེན་པར་བྱས་པ་དང་། དུགས་ ལེགས་པར་བྱས་པ་ནི་ལུས་རླུང་ནད་ཀྱིས་གཡོ་ཞིང་སྒུལ་བ་ལྟར་རེངས་པ་དང་། གཟེར་དང་བཅས་པ་ལྷང་ལྷང་པོར་ན་བ་དག་ཀྱང་ཇི་ལྟར་འདོད་པ་བཞིན་དུ་འགུགས་ཤིང་ལུས་སྡུད་པར་བདེ་བླག་ཁོ་ནར་ནུས་པར་འགྱུར་རོ། །ཇི་ལྟར་འདོད་བཞིན་འགུགས་པ་ནི། །བདེ་བླག་ཉིད་དུ་ནུས་ པར་འགྱུར། །ཇི་ལྟར་ཤིང་སྐམ་དག་ཀྱང་ནི། །སྣུམ་བསྐུས་བསྲོས་པར་གྱུར་ན་ནི། །ལས་སུ་བྱ་བར་རུང་གྱུར་ན། །སྲོག་བཅས་ལུས་ནི་སྨོས་ཅི་དགོས། །ཞེས་བྱ་བ་ལ། དེ་ཡང་དཔེར་ན། ཤིང་སྐམ་པར་གྱུར་པ་དག་ཀྱང་སྣུམ་གྱིས་བསྐུས་ཤིང་མེ་ལ་བསྲོས་པར་གྱུར་ན་དགུག་ པ་ལ་སོགས་པ་ལས་སུ་བྱ་བ་ཇི་ལྟར་འདོད་པ་ལྟར་བྱར་རུང་བ་ཡིན་ན། འཚོ་བའི་དང་པོ་སྲོག་དང་བཅས་པའི་ལུས་ལ་སྣུམ་དང་དུགས་ཀྱིས་བདེ་བླག་ཏུ་མནོས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ་ངེས་པར་ནུས་སོ་ཞེས་བྱ་བའི་དོན་ཏོ། །སྤུ་བརྩེ་གཟེར་ན་སྙོམ་པ་དང་། །ལུས་སྐེམ་རེངས་པའི་ནད་ ལ་སོགས། །དུགས་བྱས་མྱུར་དུ་ཞི་འགྱུར་ཞིང་། །མཉེན་པ་ཉིད་དུའང་འགྱུར་བ་ཡིན། །ཞེས་བྱ་བ་ལ། སྣུམ་དང་དུགས་བྱས་པའི་རླུང་ནད་ཅན་གྱི་བ་སྤུ་བརྩེ་བ་ལ་སོགས་པའི་ནད་མྱུར་དུ་ཞི་བར་འགྱུར་བ་དང་། མཉེན་ཞིང་འཇམ་པ་ཉིད་དུ་ཡང་འགྱུར་བ་ཡིན་ནོ། །སྣུམ་བཏང་བས་ ནི་ལུས་ཟུངས་རྣམས། །བསྐམས་པ་མྱུར་དུ་རྒྱས་པར་བྱེད། །ཉམས་སྟོབས་མེ་དྲོད་འཕེལ་འགྱུར་ཞིང་། །དེ་ཡི་སྲོག་ཀྱང་རིང་ནས་བྱེད། །ཅེས་བྱ་བ་ལ། རླུང་གི་ནད་ཀྱིས་ཉམ་ཐག་པ་དེ་ལ་སྣུམ་གྱི་སྦྱོར་བ་བཏང་བས། དངས་མ་ལ་སོགས་པའི་ལུས་ཟུངས་བསྐམས་པ་རྒྱས་ཤིང་འཕེལ་ 202-1-41b བ་ལ་སོགས་པའི་ཡོན་ཏན་སྐྱེད་པར་བྱེད་པ་ཡིན་ནོ། །ལན་མང་སྣུམ་དང་དུགས་ཀྱི་ནི། །ཆོ་ག་ལེགས་པར་སྦྱར་བར་བྱ། །དེ་ལྟར་སྣུམ་གྱིས་མཉེན་བྱས་ལྟོར། །རླུང་གི་ནད་ནི་གནས་མི་འགྱུར། །ཞེས་བྱ་བ་ལ། ཡང་རླུང་ནད་ཅན་དེ་ལ་ཡང་དང་ཡང་དུ་སྣུམ་གྱི་སྦྱོར་བ་ལ་སོགས་པ་ བྱས་ན་རླུང་ནད་དེ་ངེས་པ་སེལ་བར་འགྱུར་བ་ཡིན་ནོ། །གལ་ཏེ་ནད་གཞན་བཅོས་པའི་ཕྱིར། །ལས་འདིས་ཞི་བར་མ་གྱུར་ན། །འཇམ་ཞིང་སྣུམ་དང་ལྡན་པ་ཡི། །སྣུམ་གྱིས་དེ་ནི་སྦྱང་བར་བྱ། །ཞེས་བྱ་བ་ལ། གལ་ཏེ་བཤད་མ་ཐག་པའི་སྦྱོར་བ་འདིས་རླུང་ནད་བད་ཀན་ལ་སོགས་པའི་ ནད་གཞི་གཞན་དང་འདྲེས་པའི་ཕྱིར་བྱང་བར་མ་གྱུར་ན་སྣུམ་ཅན་གྱི་སྐྱུག་སྨན་ནམ་བཀྲུ་སྨན་གྱིས་ཅི་རིགས་པར་སྦྱང་བར་བྱའོ། །ཞུན་མར་སེང་ཕྲོམ་བཙོས་པའམ། །སཔྟ་ལ་དང་བསྐོལ་བའམ། །འོ་མ་ཨེ་རཎྜ་ཡི་མར། །བསྐོལ་བ་ནད་སེལ་དགེ་བ་བླུད། །ཅེས་བྱ་བ་ལ། སྦྱང་བ་ དེ་ཡང་སེང་ཕྲོམ་གྱི་མར་ལ་སོགས་པ་གསུམ་ལས་གང་ཡང་རུང་བ་བླུད་པར་བྱའོ། །སྣུམ་སྐྱུར་དྲོད་དང་ལན་ཚྭ་སོགས། །ཟས་ཀྱིས་དྲི་མ་སོགས་གྱུར་ནས། །བུ་ག་འགགས་ཏེ་རླུང་འགགས་པས། །དེ་ཕྱིར་དེ་ནི་བདེ་རྒྱུ་བྱ། །ཞེས་བྱ་བ་ལ། སྣུམ་སེལ་བའི་ཟས་སྣུམ་པ་དང་སྐྱུར་བ་ལ་སོགས་པས་ བཤང་བ་ཞེས་བྱ་བའི་དྲི་མ་སོགས་ཤིང་འཕེལ་བར་གྱུར་པས་རླུང་རྒྱུ་བའི་བུ་ག་འགགས་པར་བྱེད་པ་ཡིན་པས་དེའི་ཕྱིར་དེ་བཀྲུ་སྨན་གྱིས་སྦྱངས་ལ་བདེ་བར་རྒྱུ་བར་བྱའོ། །ཉམ་ཆུང་བཀྲུ་སྨན་བྱར་འོས་པས། །དེ་ལ་དྲོད་སྐྱེད་སྨིན་བྱེད་པའོ། །ཁ་ཟས་སྨིན་པའང་དེ་བཅས་པའི། །མས་གཏོང་བཀྲུ་ སྨན་སྦྱར་བར་བྱ། །ཞེས་བྱ་བ་ལ། རླུང་ནད་ཅན་གང་ཞིག་ལུས་ཀྱི་ཉམ་སྟོབས་ཆུང་བར་གྱུར་ཀྱང་བཀྲུ་སྨན་གཏོང་བར་འོས་པ་ཡིན་ན་དེ་ལ་དྲོད་སྐྱེད་ཅིང་སྨིན་པར་བྱེད་པའི་སྨན་དང་། ཁ་ཟས་སྦྱིན་པར་བྱ་བའམ། དྲོད་སྐྱེད་པ་དང་སྨིན་པར་བྱེད་པ་དང་བཅས་པའི་མས་གཏོང་བའི་ནི་རུ་ཧ་གཏང་ བར་བྱའོ། །སྦྱང་ས་ཤིང་མེ་དྲོད་བསྐྱེད་གྱུར་ནས། །སླར་ཡང་སྣུམ་དང་དུགས་བྱས་ཕན། །ཞེས་བྱ་བ་ལ། དེ་ལྟར་སྦྱང་བ་བྱས་ན་མེ་དྲོད་ཀྱང་ལེགས་པར་སྐྱེད་པར་གྱུར་པ་དང་དེའི་འོག་ཏུ་སླར་ཡང་སྣུམ་དང་དུགས་ཀྱི་ཆོ་ག་བྱས་ན་རླུང་ནད་བདེ་བར་འབྱང་བར་འགྱུར་རོ། །མ་ཞུའི་ 202-1-42a གནས་སུ་ཞུགས་པའི་རླུང་། །སློན་བྱས་ཟས་རིམ་བྱིན་ནས་ནི། །བ་ར་ཎ་སོགས་དྲུག་པའམ། །ཤུ་དག་སོགས་ཆུ་དྲོ་སྦྱར་བླུད། །ཅེས་བྱ་བ་ལ། མ་ཞུ་བའི་གནས་ཕོ་བ་ཡན་ཆད་དུ་ཞུགས་པའི་རླུང་དང་པོར་སྐྱུག་སྨན་གྱིས་སློན་བྱས་ལ་ཐུག་པ་ལ་སོགས་པའི་ ཁ་ཟས་ཀྱི་རིམ་པ་ཚུལ་བཞིན་དུ་བྱིན་པའི་འོག་ཏུ་བ་ར་ཎ་ལ་སོགས་པའི་སྨན་གྱི་སྦྱོར་བ་དྲུག་གི་ཕྱེ་མ་བ་ར་ཎ་དྲུག་པ་མཛེ་ནད་ཀྱི་སྐབས་ནས་བཤད་པའམ། ཤུ་དག་ལ་སོགས་པ་སྐྱུག་སྨན་གྱི་སྡེ་ཚན་གྱི་སྐབས་སུ་བཤད་པ་ཆུ་དྲོན་དང་སྦྱར་ཏེ་བླུད་པར་བྱའོ། །མེ་དྲོད་བསྐྱེད་ནས་དེ་འོག་ཏུ། །རླུང་ ཅན་གཅིག་པུའི་གསོ་བ་བྱ། །ཞེས་བྱ་བ་ལ། ཐུག་པའི་རིམ་པ་ལ་སོགས་པའི་སྦྱོར་བས་ཁོང་པའི་མེ་དྲོད་བསྐྱེད་ཅིང་སྦར་ནས་དེ་ཡི་འོག་ཏུ་རླུང་ནད་མ་འདྲེས་པ་དང་ལྡན་པ་ལ་རླུང་ནད་གཅིག་པུའི་གསོ་བ་ཇི་སྐད་སྨོས་པ་བྱའོ། །ལྟེ་བའི་ཕྱོགས་ཞུགས་བིལ་བ་ནི། །གཞོན་དང་ཉ་ ཤས་གཡོས་བྱས་སྦྱིན། །ཞེས་བྱ་བ་ལ། རླུང་གི་ནད་ལྟེ་བའི་ཕྱོགས་སུ་ཞུགས་ཤིང་བརྟེན་པ་ལ་ནི་བིལ་བའི་འབྲས་བུ་མ་སྨིན་པ་གཞོན་ནུ་དང་། ཉའི་ཤ་བཙོས་པ་སྦྱིན་པར་བྱའོ། །ལྟེ་བའི་འོག་ཞུ་འཇམ་རྩི་དང་། །ཟས་ཀྱི་སྔོན་དུ་སྣུམ་བཏང་ཕན། །ཞེས་བྱ་བ་ལ། ལྟེ་བའི་ འོག་ཞུ་བའི་གནས་སུ་བརྟེན་པའི་རླུང་ལ་ནི་སྣུམ་གྱི་འཇམ་རྩི་མས་གཏོང་བ་དང་། དེ་བཞིན་དུ་ཁ་ཟས་མ་ཟོས་པའི་སྔོན་དུ་མར་རམ། ཏིལ་མར་སྦྱིན་ན་ཕན་ནོ། །ཁོང་པར་ཞུགས་ལ་ཐལ་སྨན་སོགས། །ཕྱེ་མ་དྲོད་བསྐྱེད་སྨན་བྱིན་ཕན། །ཞེས་བྱ་བ་ལ། རླུང་ལྟོ་བའི་ནང་དུ་ ཞུགས་པ་ལ་ནི་ཐལ་སྨན་རྣོན་པོ་ལ་སོགས་པ་དང་སྦྱར་བའི་སྨན་གྱི་ཕྱེ་མ་ཕན་ནོ། །སྙིང་གནས་ས་ལ་པརྞི་དག །འོ་མ་དང་ནི་བསྐོལ་བ་ཕན། །ཞེས་བྱ་བ་ལ། སྙིང་ལ་གནས་པའི་རླུང་ལ་ནི་ས་ལ་པརྞི་ཞེས་བྱ་བ་སྨན་སྠི་ར་དང་བསྐོལ་བའི་འོ་མ་སྦྱིན་ན་ཡང་ཕན་ནོ། །མགོ་བོར་གནས་ ལ་མགོ་སྣུམ་བསྐུ། །སྣ་སྨན་དུད་བརྔུབ་སྣུམ་ཅན་དང་། །རྣ་བ་སོགས་ལ་བརྟ་བྱས་ཕན། །ཞེས་བྱ་བ་ལ། མགོ་བོ་ལ་བརྟེན་པའི་ནད་ལ་ནི། མགོ་བོ་སྣུམ་གྱིས་བསྐུ་བའི་སྦྱོར་བས་གསོ་བ་དང་། སྣ་ནས་སྨན་སྣུམ་ཅན་བཏང་བ་དང་། དུད་པ་སྣུམ་ཅན་བརྔུབ་པར་བྱ་ 202-1-42b བ་དང་། རྣ་བ་དང་མིག་ལ་སོགས་པ་ལ་ཡང་བརྟ་ཞིང་སྣུམ་གྱིས་དགང་བ་དག་ཀྱང་བྱས་ན་ཕན་ནོ། །པགས་པར་གནས་ལ་བསྐུ་བྱུག་དུགས། །རླུང་མེད་གནས་སུ་གནས་པ་དང་། །ཁ་ཟས་ཡི་ག་འབྱེད་པ་ཕན། །ཞེས་བྱ་བ་ལ། པགས་པ་ལ་བརྟེན་པའི་ནད་ལ་ནི་སྣུམ་གྱིས་ བསྐུས་པ་དང་། དུགས་བྱ་བ་དང་། རླུང་མེད་ཅིང་སེར་བུས་མི་འཕོག་པའི་གནས་ཁང་པ་ལ་སོགས་པར་གནས་པ་དང་། ཁ་ཟས་ཞིམ་ཞིང་བསོད་པ་ཕན་ནོ། །ཁྲག་གནས་བསིལ་སྨན་བསྐུ་བ་དང་། །བཀྲུ་སྨན་ཁྲག་ནི་དབྱུང་བ་ཕན། །ཞེས་བྱ་བ་ལ། ཁྲག་ལ་གནས་པའི་རླུང་ལ་ ནི་ཙནྡན་ལ་སོགས་པའི་སྨན་བསིལ་བས་བསྐུ་བ་དང་། བཀྲུ་སྨན་བྱ་ཞིང་སྦྱང་བ་དང་། གཏར་ག་གདབ་ཅིང་ཁྲག་དབྱུང་བ་ཕན་ནོ། །ཤ་ཚིལ་བརྟེན་ལ་བཀྲུ་སྨན་དང་། །མས་གཏོང་དྲག་དང་ཞི་བྱའི་སྨན། །ཞེས་བྱ་བ་ལ། ཤ་དང་ཚིལ་ལ་གནས་པའི་རླུང་ལ་ནི། བཀྲུ་སྨན་དང་མས་ གཏོང་བའི་བཀྲུ་སྨན་ནི་རུ་ཧས་སྦྱང་བ་བྱས་པ་དང་། ཕྱི་དང་ནང་ནས་ཞི་བར་བྱ་བའི་སྨན་བསྟེན་པ་དག་ཕན་ནོ། །རུས་པ་རྐང་ལ་གནས་པ་ལ། །ཕྱི་དང་ནང་ནས་སྣུམ་གྱིས་གསོ། །ཞེས་བྱ་བ་ལ། རུས་པ་དང་རྐང་ལག་ལ་གནས་པའི་རླུང་ལ་ནི་ཕྱི་དང་ནང་ནས་སྣུམ་གྱི་སྦྱོར་བ་བྱ་བས་བསལ་ བར་བྱའོ། །ཁུ་ཆུར་གནས་ལ་སེམས་དགའ་དང་། །ཁ་ཟས་སྟོབས་སྐྱེད་རོ་ཙ་ཕན། །ཞེས་བྱ་བ་ལ། ཁུ་ཆུ་ལ་གནས་པའི་རླུང་ལ་ནི། སེམས་དགའ་བར་བྱ་བ་དང་། ལུས་ཀྱི་སྟོབས་སྐྱེད་ཅིང་རོ་ཙ་ལ་ཁུ་བ་འཕེལ་བར་བྱེད་པའི་ཁ་ཟས་སྦྱིན་པར་བྱའོ། །ཁུ་བ་རྒྱུ་བ་འགགས་གྱུར་ན། ། བཀྲུ་སྨན་བཏང་བས་གསོ་བར་བྱ། །ཞེས་བྱ་བ་ལ། ཁུ་བ་རྒྱུ་བ་འགགས་ཤིང་རྒྱུ་མི་ཤེས་པར་གྱུར་ན། བཀྲུ་སྨན་གྱི་སྦྱང་བས་གསོ་བར་བྱའོ། །འཁྲུས་ཤིང་ཟས་རིམ་བསྟེན་གྱུར་ནས། །སྔར་བཤད་པ་ཡི་གསོ་བ་བྱ། །ཞེས་བྱ་བ་ལ། དང་པོར་བཀྲུ་སྨན་གྱིས་འཁྲུས་པར་གྱུར་ ཅིང་དེ་ཡི་འོག་ཏུ་ཐུག་པ་ལ་སོགས་པའི་ཟས་ཀྱི་རིམ་པ་བསྟེན་པར་གྱུར་ནས་སྔར་བཤད་མ་ཐག་པའི་སྦྱོར་བས་གསོ་བར་བྱའོ། །རླུང་ལས་མངལ་ཆགས་བསྐམས་གྱུར་དང་། །བྱིས་པ་སྐེམས་པར་གྱུར་པ་ལ། །ཁ་ར་ཏང་པལ་ཤིང་མངར་རྣམས། །འོ་མར་སྦྱར་བསྐོལ་བླུད་པ་ཕན། །ཞེས་ 202-1-43a བྱ་བ་ལ། རླུང་ནད་ཀྱི་ཤས་ཆེ་བའི་ཁུ་བ་ལས་མངལ་དུ་སེམས་ཅན་ཆགས་པར་གྱུར་ནས་དེའི་ལུས་བསྐམས་པར་གྱུར་པ་དང་། དེ་བཞིན་དུ་བཙས་ནས་བྱིས་པའི་ལུས་དེ་སྐམ་པོར་གྱུར་པ་ལ་ནི་ཁ་ར་དཀར་པོ་དང་ཏང་པ་ལ་དང་ཤིང་མངར་འོ་མའི་ནང་དུ་བསྐོལ་བ་ བླུད་ལ་བརྟ་ཞིང་ཤ་སྐྱེད་པ་ཕན་ནོ། །རྒྱུས་པ་ཚིལ་དང་རྩར་ཞུགས་ལ། །སྣུམ་ཚ་དཀྲི་བའི་དུགས་བྱས་ཕན། །ཞེས་བྱ་བ་ལ། རྒྱུས་པ་ལ་སོགས་པར་ཞུགས་པའི་རླུང་ལ་ནི་སྣུམ་ཚ་བ་དང་དཀྲི་བའི་དུགས་ཇི་སྐད་བཤད་པ་བྱས་ན་ཕན་ནོ། །ཡན་ལག་འཁུམས་ལ་མ་ཤ་དང་། །རྒྱམ་ ཚ་ཏིལ་མར་བསྐོལ་བས་བསྐུ། །ཞེས་བྱ་བ་ལ། ཡན་ལག་གི་གཟུགས་འཁུམས་ཤིང་འཇས་པ་ལ་ནི་མ་ཤ་ཞེས་བྱ་བ་མོན་སྲན་གྲེའུ་དང་རྒྱམ་ཚ་དང་བསྐོལ་བའི་ཏིལ་མར་བསྐུས་ན་ཕན་ནོ། །ཁྲག་གཟགས་དྲགས་ལ་ཡན་ལག་ནི། །ཚོར་བ་མེད་ལ་ཁྱིམ་དུད་པ། །རྒྱམ་ཚ་ཏིལ་མར་ སྦྱར་བ་བསྐུ། །དཀྲི་བའི་དུགས་ནི་སྦྱར་བར་བྱ། །ཞེས་བྱ་བ་ལ། ཁྲག་གཟགས་ཤིང་ཕྱུང་དྲགས་པ་ལས་ཡན་ལག་ཚོར་བ་མེད་ཅིང་བེམ་བེམ་པོར་གྱུར་པ་ལ་ནི་ཁྱིམ་གྱི་དུད་པ་དང་། རྒྱམ་ཚ་དང་ཏིལ་མར་བཏགས་པའི་ལྡེ་གུས་བསྐུས་ན་ཕན་ནོ། །དེ་བཞིན་དུ་དཀྲི་བའི་དུགས་བྱས་ན་ ཡང་ཕན་ནོ། །གཞན་དབང་ཅན་གྱིས་གཟིར་གྱུར་ཅིང་། །མིག་འགྱུར་མི་ཤེས་འདར་བ་མེད། །ཕོ་མཚན་མི་ལྡང་རྔུལ་མི་འབྱུང་། །ཕྱི་རོལ་རྩོལ་བ་མེད་གྱུར་པ། །ཁྲི་ཡི་བཅིངས་པས་མ་ནོན་པ། །དེ་ལ་མྱུར་དུ་གསོ་དཔྱད་བྱ། །ཞེས་བྱ་བ་ལ། གཞན་དབང་ཅན་ཞེས་བྱ་བའི་ རླུང་གི་ནད་ཡོད་དེ། དེས་གཟིར་བར་གྱུར་ཅིང་མིག་གི་འབྲས་བུ་འགྱུར་མི་ཤེས་པ་དང་། འདར་ཞིང་གཡོ་བ་མེད་པ་དང་། ཕོ་མཚན་ལྡང་ཞིང་ལས་སུ་མི་རུང་བ་དང་། རྔུལ་འབྱུང་མི་ཤེས་པ་དང་། ཕྱི་རོལ་གྱི་རྩོལ་བ་འགྱུར་ལྡོག་མེད་པ་དང་། ཁྲིའི་བཅིངས་པས་བསྡམས་ནས་མནོན་ པ་དེ་ལྟ་བུ་དེ་ལ་ནི་གསོ་དཔྱད་ཤིན་ཏུ་གསར་ཏེ་བྱའོ། །དེར་ནི་ཐོག་མར་སྣུམ་ཞེན་བྱ། །དུགས་བྱས་སྣ་སྨན་རྣོན་པོས་ནི། །བུ་ག་སྦྱང་ཕྱིར་བཏང་བ་དང་། །བི་ད་ར་ཡི་སྡེ་བསྐོལ་དང་། །ཞོ་དང་འོ་མ་ཤ་ཁུ་དང་། །མར་བསྐོལ་བ་ཡི་དྭངས་མ་བླུད། །ཅེས་བྱ་བ་ལ། གཞན་ 202-1-43b དབང་ཅན་གྱི་ནད་ཀྱིས་བཏབ་པ་དེ་དེ་ལ་ཐོག་མ་ཁོ་ནར་སྣུམ་གྱིས་ལེགས་པར་ཞེན་པར་བྱ་བ་དང་། དུགས་ཀྱིས་བརླན་པར་བྱས་ནས་སྣ་སྨན་རྣོན་པོ་བཏང་ཞིང་སྤྱི་བོ་བཀྲུ་སྨན་གྱིས་སྦྱང་བར་བྱ་ཞིང་། ཚ་བ་གསུམ་དང་། བྱི་དང་ག་དང་། པི་པི་ལིང་དཀར་པོ་ལ་སོགས་པ་བཏང་ཞིང་བུ་གའི་ རྒྱུན་དག་པར་བྱའོ། །དེ་ལྟར་སྣ་སྨན་བཏང་ནས་དེ་ལ་བི་ད་རི་ལ་སོགས་པའི་སྡེ་ཚན་བསྐོལ་བ་དང་། ཞོ་དང་འོ་མ་དང་ཤ་ཁུ་དང་འོ་མ་ཆ་མཉམ་བསྐོལ་བའི་མར་གྱི་དྭངས་མ་བླུད་པར་བྱའོ། །དེས་ནི་རླུང་ནད་ཚབས་ཆེ་བ་འམ། འཕྲལ་དུ་ཁྱབ་པར་མི་འགྱུར་རོ། །ཞེས་བྱ་བ་ལ། དེ་ལྟར་བྱས་པར་གྱུར་ན་རླུང་ནད་ཚབས་པོ་ཆེས་འདེབས་པར་མི་འགྱུར་བའམ། འཕྲལ་དུ་ལུས་ལ་ཁྱབ་ཅིང་འབྱེར་བར་མི་འགྱུར་རོ། །རྒྱ་སྲན་ནག་དང་རྒྱ་ཤུག་སོགས། །ཐང་ཤིང་ལ་སོགས་སྡེ་ཚན་ནི། །རླན་ཅན་ཤ་ནི་བསྐོལ་བ་དང་། །སྐྱུར་དང་འོ་མ་དག་དང་ནི། །མངར་བའི་ སྡེ་ཚན་བཏབ་པ་ཡི། །སྣུམ་ཆེན་དག་ནི་བསྐོལ་བ་ཡིས། །བླུགས་དང་བསྐུ་དང་ལུས་སྦྱིན་དང་། །བཏུང་དང་སྣ་སྨན་འཇམ་རྩི་བྱ། །སྣུམ་དང་དུགས་ནི་ལེགས་སྦྱར་བ། །དེ་དང་དེས་ནི་རླུང་ནད་འཇོམས། །ཞེས་བྱ་བ་ལ། རྒྱ་སྲན་ཀུ་ལད་ཐ་ལ་སོགས་པ་དང་དེ་བཞིན་དུ་ཐང་ཤིང་ལ་སོགས་པའི་སྡེ་ཚན་སྐྱུག་ སྨན་ལ་སོགས་པའི་སྡེ་ཚན་ལས་བཤད་པའི་རླུང་འཇོམས་པའི་སྨན་སྡེ་དང་། རླན་ཅན་ན་གནས་པའི་སྲོག་ཆགས་ཀྱི་ཤ་ཁུ་བསྐོལ་བའི་ཆོ་གས་བསྐོལ་བའི་ཁུ་བ་དང་། དེ་བཞིན་དུ་རང་སྐྱུར་ལ་སོགས་པའི་སྐྱུར་དང་། སྣུམ་ཆེན་པོ་མར་དང་། ཏིལ་མར་དང་། རྐང་དང་། ཚིལ་ཞེས་བྱ་བ་དང་། འོ་མ་ དང་མངར་བའི་སྡེ་ཚན་གྱི་སྨན་བསྐོལ་བ་བྱས་ལ། དེ་ལྟ་བུའི་སྣུམ་ཆེན་པོ་དེས་ནི་ལུས་ལ་བླུགས་པ་ལ་སོགས་པ་བྱས་ན་རླུང་འཇོམས་པར་བྱེད་ལ། དེ་བཞིན་དུ་སྣུམ་དང་དུགས་ཀྱི་ལེའུ་ལས་བཤད་པའི་སྦྱོར་བ་དེ་དང་དེ་དག་ལེགས་པར་སྦྱར་ཞིང་བཏང་ན་དེས་རླུང་ནད་འཇོམས་པར་བྱེད་དོ། །ནད་ ཤུགས་བར་མ་དག་ལ་ནི། །བད་ཀན་སེལ་ཞིང་རྣོ་བ་ཡི། །སྤྱི་ཡི་བཀྲུ་སྨན་ལན་མང་གཏང་། །བུད་ཅིང་བཏང་བར་བྱས་པ་ཡིས། །དབུགས་རྒྱུའི་གནས་ནི་དག་གྱུར་ན། །དེས་ནི་དྲན་པ་རྙེད་པར་འགྱུར། །ཞེས་བྱ་བ་ལ། གཞན་དབང་ཅན་གྱི་རླུང་ནད་ཀྱིས་བཏབ་པའི་ཤུགས་དང་པོ་ལས། 202-1-44a གཞན་པའི་ཤུགས་བར་མའི་གནས་སྐབས་སུ་སྤྱིའི་བཀྲུ་སྨན་བད་ཀན་སེལ་ཞིང་འཇོམས་པར་བྱེད་པའི་མགོ་བོའི་བཀྲུ་སྨན་ཡང་དང་ཡང་དུ་གཏང་བར་བྱ་བ་དང་། སྣ་སྨན་གྱི་ཕྱེ་མ་བུད་ཅིང་གཏང་བར་བྱ་བ་དང་། དེ་ལྟར་བྱས་པས་དབུགས་རྒྱུ་བའི་བུ་གའི་གནས་དག་པར་གྱུར་ ནས་སྐྱེས་བུ་དེ་དྲན་པ་རྙེད་པར་འགྱུར་རོ། །ཁ་རུ་ཚ་དང་ཨ་རུ་ར། །ཚ་བ་གསུམ་བསྐོལ་རླུང་ཆེན་སེལ། །ཞེས་བྱ་བ་ལ། རླུང་གི་ཤས་ཆེ་བར་གྱུར་པ་ལ་ནི་ཁ་རུ་ཚ་ལ་སོགས་པ་བསྐོལ་བའི་མར་བླུད་ན་ཕན་ནོ། །སེང་ཕྲོམ་སྲང་བརྒྱད་འབྲས་བུ་གསུམ། །བྲེ་གང་རྩ་བ་ཆེན་པོ་ལྔ། ། ཨེ་རཎྜ་དང་བྲི་ཧ་ཏི། །དུར་བྱིད་སྲང་རེ་ཆུ་བྲེ་ནི། །བཅུ་དྲུག་ནང་དུ་བསྐོལ་ནས་ནི། །བཞི་ཆ་ལུས་པ་དེ་དང་ནི། །མར་བྲེ་གང་དང་ཞོ་བྲེ་བཞི། །ནས་ཚིག་འཁུས་ཐལ་སྲང་གསུམ་བསྐོལ། །དེ་བསྟེན་རླུང་ནད་མ་རུངས་པ། །ཡན་ལག་ཕྱོགས་གཅིག་ཀུན་ལ་ཞུགས། །མངལ་ གྱི་ནད་དང་རྒྱུ་རླུགས་དང་། །སྐྲན་དང་དམུ་རྫིང་འཇོམས་པར་བྱེད། །ཅེས་བྱ་བ་ལ། སེང་ཕྲོམ་ཞེས་བྱ་བ་རོ་ཧ་སྲང་བརྒྱད། འབྲས་བུ་གསུམ་བྲེ་གང་། རྩ་བ་ལྔ་ཆེན་པོ་སྣ་རེ་ཞིང་སྲང་རེ་རེ། ཨེ་རཎྜ་དང་། བྲི་ཧ་ཏི་དང་། དུར་བྱིད་ཀྱང་སྲང་རེ་རེ་ཆུ་བྲེ་བཅུ་དྲུག་གི་ནང་དུ་བསྐོལ་ ལ་སྨན་གྱི་ཁུ་བ་བཞི་ཆ་ལུས་པ་དང་། མར་བྲེ་གང་དང་། ཞོ་བྲེ་བཞི་ནས་ཚིག་འཁུས་པའི་ཐལ་བ་སྲང་གསུམ་གྱི་ལྡེ་གུ་དང་ཡང་བསྐོལ་ལ་སྨན་མར་དེ་བསྟེན་ཞིང་གོམས་པར་བྱས་ན་རླུང་ནད་ཤིན་ཏུ་མ་རུངས་ཤིང་གསོ་དཀའ་བ་ལུས་ཀྱི་ཕྱོགས་གཅིག་གམ། ཡན་ལག་ཀུན་ལ་ཞུགས་པའི་ ནད་ལ་སོགས་པ་འཇོམས་པར་བྱེད་དོ། །རམ་ཉེ་བ་དང་ཨ་ཤོ་ཀ །ཆོ་ག་སེང་ཕྲོམ་ལྟ་བུར་བྱ། །ཞེས་བྱ་བ་ལ། རམ་ཉེ་བ་དང་། ཨ་ཤོ་ཀ །ཆོ་ག་ཡང་སེང་ཕྲོམ་དང་འདྲ་བར་ཤེས་པར་བྱ་སྟེ། ཇི་ལྟར་སེང་ཕྲོམ་ལས་སྲང་བརྒྱད་བཅུག་སྟེ། འབྲས་བུ་གསུམ་ལ་སོགས་ པའི་ཚད་གོང་དུ་ཇི་སྐད་བཤད་པ་དང་། སྨན་མར་སྦྱོར་བ་ལྟར་འདི་ཡང་དེ་ལྟར་ཤེས་པར་བྱའོ། །གསོ་བ་འདི་ནི་གཞན་དབང་ཅན། །རླུང་ནད་མ་འདྲེས་པ་ལ་བྱ། །ཞེས་བྱ་བ་ལ། འདས་མ་ཐག་པའི་གསོ་བ་འདི་ནི་གཞན་དབང་ཅན་གྱི་ནད་ནད་གཞི་གཞན་དང་མ་འདྲེས་པ་ལ་བྱ་བ་ 202-1-44b ཡིན་ནོ། །ནད་གཞི་འདྲེན་མར་འདྲེན་མས་བྱ། །ཞེས་བྱ་བ་ལ། རླུང་ནད་གཞན་དབང་ཅན་དེ་ཉིད་བད་ཀན་ནམ་མཁྲིས་པ་དང་འདྲེས་པར་གྱུར་ན་གསོ་བ་ཡང་འདྲེན་མར་བྱའོ། །བད་ཀན་བཅས་པའི་གཞན་དབང་ཅན། །སྙིང་ག་རྩིབ་ལོགས་ན་བ་ལ། །གཡེར་མ་ཤིང་ཀུན་ཨ་རུ་ ར། །མ་ནུ་དང་ནི་ལན་ཚྭ་གསུམ། །ནས་བསྐོལ་ཁུ་བར་སྦྱར་བ་བླུད། །ཅེས་བྱ་བ་ལ། བད་ཀན་དང་འདྲེས་པའི་གཞན་དབང་ཅན་གྱི་རླུང་ནད་སྙིང་ག་དང་རྩིབ་ལོགས་ན་བ་དག་ལ་ནི། གཡེར་མ་ལ་སོགས་པའི་སྨན་གྱི་ཕྱེ་མས་བསྐོལ་བའི་ཁུ་བ་དང་སྦྱར་བ་བླུད་པར་བྱའོ། །ཤིང་ ཀུན་བཅའ་སྒ་རྩབས་རུ་ཚ། །སེའུ་འབྲུ་སྟར་བུ་བཅས་པ་བླུད། །ཅེས་བྱ་བ་ལ། ཡང་ན་གཞན་དབང་ཅན་གྱི་ནད་སྙིང་ག་དང་རྩིབ་ལོགས་ན་བ་ལ་ཤིང་ཀུན་ལ་སོགས་པའི་སྨན་བསྐོལ་བའི་ཁུ་བ་དང་བླུད་པར་བྱའོ། །བད་ཀན་རླུང་ནི་འདྲེས་པ་ལ། །སྙིང་ནད་གསོ་བའི་སྐབས་བཤད་ ཕན། །ཞེས་བྱ་བ་ལ། བད་ཀན་དང་རླུང་འདྲེས་པའི་ནད་ལ་ནི། སྙིང་ནད་གསོ་བའི་སྐབས་སུ་བཤད་པའི་སྦྱོར་བ་གང་ཡིན་པ་ཕན་ནོ། །ད་རྒན ཕྱིར་དགྱེ་ནང་གུག་གཉིས། །གླད་པ་གཞོགས་ཕྱེད་ན་ལྟར་གསོ། །ཏིལ་མར་གྱིས་བཀང་སྣོད་དུ་བསྙལ། །འདིར་ནི་ནང་གུག་རབ་ གསོ་དཀའ། །ཞེས་བྱ་བ་ལ། ད་རྒན་གྱི་ནད་ཕྱིར་དགྱེ་བ་དང་། ནང་དུ་གུག་པ་གཉིས་ལ་ཡང་བླུད་པ་གཞོགས་ཕྱེད་ན་བའི་གསོ་བ་ཇི་སྐད་སྨོས་པ་དག་བྱས་ན་ཕན་ནོ། །དེ་བཞིན་དུ་ཏིལ་མར་གྱིས་སྣོད་ཆེན་པོ་བཀང་བའི་ནང་དུ་ལུས་བཅིངས་ཀྱིས་ཉལ་བ་ཡང་ཕན་ནོ། །དེ་ལྟར་ཕྱིར་དགྱེ་བ་དང་ནང་དུ་གུག་ པའི་ནད་འདི་ཉིད་ལས་ནང་དུ་གུག་པའི་ད་རྒན་གང་ཡིན་པ་དེ་ནི་ཤིན་ཏུ་གསོ་དཀའ་ཞིང་མི་བཟད་པའི་ནད་ཡིན་ནོ། །སོ་དང་བཞིན་གྱི་མདོག་ཉམས་ཤིང་། །ཡན་ལག་ལྷོད་ཅིང་དྲན་པ་ཉམས། །རབ་ཏུ་རྔུལ་བ་གཞུ་རེངས་ཡིན། །དེ་ནི་ཞག་བཅུ་ལས་མི་འཚོ། །ཞེས་བྱ་བ་ལ། གཞུ་ལྟར་རེངས་པ་ཞེས་བྱ་བའི་ད་རྒན་ གྱི་ནད་སོ་དང་བཞིན་རས་ཀྱི་མདོག་ཉམས་པ་དང་། ལུས་ཀྱི་ཡན་ལག་ལྷོད་ཅིང་ཞིགས་པ། དྲན་པ་སྟོར་ཞིང་ཉམས་པ། རྔུལ་ཤས་ཆེར་འབྱུང་བ་དེ་ནི་ཞག་བཅུ་ལས་མི་འཚོ་སྟེ། དེ་ལས་མི་ཐུབ་པོ། །དེ་ལས་གཞན་ཤུགས་སྨན་གྱུར་འཚོ། །ལུས་སྒུ་བ་དང་འོན་གླེན་དང་། །འཐེང་དང་ཞ་བོ་ 202-1-45a གཞོགས་ཕྱེད་ཉམས། །འཕྱེ་བོ་འམ་དབང་པོ་མ་ཚང་འགྱུར། །ཞེས་བྱ་བ་ལ། གལ་ཏེ་གཞུ་ལྟར་རེངས་པའི་ད་རྒན་དེ་ལྟར་བཤད་པ་ལས་གཞན་དུ་ཤུགས་དམན་ཞིང་ཞན་པར་འགྱུར་བས་ཞག་བཅུས་འཆི་སྟེ། གལ་ཏེ་འཚོ་བར་གྱུར་ན་ལུས་སྒུ་ཞིང་སྒུར་བ་དང་། འོན་ཞིང་རྣ་བའི་དབང་པོ་ཉམས་པ་དང་། འཐེང་ཞིང་རྐང་གིས་འགྲོ་མི་ཤེས་པ་དང་། ཞ་ཞིང་ལག་པས་བྱ་བ་མི་ནུས་པ་དང་། ལུས་ཀྱི་གཞོགས་ཕྱེད་ཉམས་ཤིང་བསྐམས་པ་དང་། འཕྱེ་བོ་སྟེ་བརླ་གཉིས་ཀྱིས་འགྲོ་བར་འགྱུར་བའམ། ཡང་ན་དབང་པོ་མ་ཚང་བ་སྟེ་འོན་པ་དང་ ལོང་བ་ལ་སོགས་པར་འགྱུར་རོ། །འགྲམ་པ་ཉམས་པར་འགྲམ་པ་སྣུམ། །དུགས་བྱས་ནས་ནི་རང་གནས་གཞུག །ཁ་གདངས་པ་ལ་ཀོ་སྐོ་ནི། །བཏེག་སྟེ་མཁས་པས་གཞུག་པར་བྱ། །འཐམས་པར་གྱུར་པ་ལྷག་མ་ལ། །ཕྱོགས་གཅིག་གུས་པ་ལྟ་བུར་གསོ། །ཞེས་ བྱ་བ་ལ། འགྲམ་པ་གནས་ལས་བསྐྱོད་ཅིང་འཆུས་ཏེ་ཉམས་པར་གྱུར་པའི་ནད་ལ་ནི་སྣུམ་གྱིས་བསྐུ་ཞིང་དུགས་བྱས་ནས་རང་རང་གི་གནས་སུ་གཞུག་པར་བྱ་བ་དང་། ཡང་ཁ་གདངས་པར་གྱུར་པའི་རླུང་གི་ནད་ལ་ཀོ་སྐོའི་ཕྱོགས་ནས་ལེགས་པར་བཏེག་སྟེ་རང་གི་གནས་སུ་གཞུག་པར་བྱ་ལ། འཐམས་པར་གྱུར་པའི་ནད་ལྷག་མ་ལ་ནི་ཕྱོགས་གཅིག་ཏུ་གུག་པའི་ད་རྒན་ཇི་ལྟ་བ་བཞིན་དུ་གསོ་བའོ། །ལྕེ་ལྡིབས་གནས་སྐབས་ཇི་བཞིན་དུ། །རླུང་ནད་ཀྱི་ནི་གསོ་བ་བྱ། །ཞེས་བྱ་བ་ལ། ལྕེ་ལྡིབས་པའི་རླུང་ནད་ལ་ནི་རླུང་ནད་ཀྱི་གསོ་བ་ཇི་སྐད་བཤད་པ་དག་ནད་ཀྱི་གནས་ ཇི་ལྟ་བ་ལས་བརྟགས་ཏེ་སྦྱར་བར་བྱའོ། །གླད་པ་གཞོགས་ཕྱེད་ན་བ་ལ། །སྣ་སྨན་སྤྱི་བོར་ཏིལ་མར་དང་། །མིག་དང་རྣ་བ་དགང་བར་བྱ། །ཞེས་བྱ་བ་ལ། གླད་པའི་གཞོགས་ཕྱེད་ན་བའི་རླུང་གི་ནད་ལ་ནི་སྨན་སྣ་ནས་བཏང་བ་དང་། སྤྱི་བོར་ཏིལ་མར་བསྐུ་བའི་སྦྱོར་བ་དང་། མིག་དང་རྣ་བ་དགང་བའི་སྦྱོར་བ་ཇི་སྐད་སྨོས་པ་དག་བྱའོ། །སྐྲང་ལ་སྐྱུག་སྨན་གཏང་བར་བྱ། །ཚ་ཞིང་དམར་བཅས་གཏར་ག་གདབ། །ཅེས་བྱ་བ་ལ། གླད་པའི་གཞོགས་ཕྱེད་ན་བ་དང་། སྐྲང་བ་དང་བཅས་པ་ལ་ནི་སྐྱུག་སྨན་གཏང་བར་བྱའོ། །ཡང་ན་ཀླད་ནད་དེ་ཚ་ཞིང་དམར་བ་དང་ 202-1-45b བཅས་པ་ལ་ནི་གཏར་ག་གདབ་པས་གསོ་བར་བྱའོ། །གཞོགས་ཕྱེད་བསྐམས་ལ་སྣུམ་ཆོས་དང་། །སྣུམ་དང་ལྡན་པའི་བཀྲུ་སྨན་གཏང་། །ཞེས་བྱ་བ་ལ། གཞོགས་ཕྱེད་བསྐམས་པའི་ཕྱོགས་གཅིག་པའི་རླུང་ནད་ལ་ནི་སྣུམ་གྱི་ཆོ་ག་ལ་སོགས་པ་བྱའོ། །དཔུང་པ་འཇས་ལ་སྣ་ སྨན་དང་། །ཟས་ཀྱི་རྗེས་ལ་སྣུམ་སྦྱིན་བྱ། །ཞེས་བྱ་བ་ལ། དཔུང་པ་འཇས་པའི་རླུང་ནད་ལ་ནི་སྨན་སྣ་ནས་གཏང་བ་ལ་སོགས་པ་བྱའོ། །བརླ་རེངས་པ་ལ་སྣུམ་ཆོས་དང་། །སྦྱང་བྱས་ཕན་པ་མ་ཡིན་ཏེ། །བད་ཀན་མ་ཞུ་ཚིལ་མང་བས། །དེ་ཕྱིར་དེ་ལ་རྩུབ་ཆོས་ཀྱི། །ཟད་ པར་བྱ་བས་གསོ་བར་བྱ། །ཞེས་བྱ་བ་ལ། བརླ་རེངས་ཀྱི་རླུང་ནད་ལ་ནི་སྣུམ་གྱི་ཆོ་ག་དང་སྦྱང་བ་བྱ་བ་བཀྲུ་སྨན་དང་། སློན་སྨན་དང་། མས་གཏོང་བ་དང་གཏར་ག་གདབ་པ་ཕན་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། བད་ཀན་དང་མ་ཞུ་བ་དང་། ཚིལ་མང་བའི་རྒྱུ་ལས་བྱུང་བའི་ཕྱིར་ཏེ། དེ་ལ་ནི་སྐྱུག་སྨན་ ལ་སོགས་པ་གནོད་པ་ཡིན་ཏེ། དེ་བས་ན་དེ་ལ་རྩུབ་པའི་ཆོ་ག་བྱས་པ་དག་གིས་བད་ཀན་ལ་སོགས་པ་དེ་དག་ཟད་ཅིང་བསྐམས་པས་གསོ་བར་བྱའོ། །ནས་དང་ཁྲེ་དང་ཁྲེ་རྒོད་སྦྱིན། །ཚོད་མ་ལན་ཚྭ་མེད་པ་ནི། །ཏིལ་མར་ཅུང་ཟད་ཆུར་བསྐོལ་བའམ། །སྐམ་སའི་ཤ་ནི་མར་མེད་དང་། ། སྦྲང་རྩི་ཆུ་དང་ཆང་རྙིང་སྦྱིན། །ཞེས་བྱ་བ་ལ། རྩུབ་པའི་ཆོ་ག་བྱ་བ་དེ་ཡང་ནས་ལ་སོགས་པའི་ཁ་ཟས་སྦྱིན་ཞིང་ཚོད་མ་ཡང་ལན་ཚྭ་མེད་པ་ཏིལ་མར་ཅུང་ཟད་བཏབ་ནས་ཆུའི་ནང་དུ་བསྐོལ་བ་སྦྱིན་ལ། གཞན་ཡང་སྐམ་སའི་ཤ་མར་མེད་པ་ལ་སོགས་པ་སྦྱིན་པར་བྱའོ། །ཕྱུག་པོའི་རླུང་ ལ་དུག་མོ་ཡུངས། །ཡུང་བའི་སྡེ་ཚན་ཤུ་དག་སོགས། །བསྐོལ་ལ་རྒྱམ་ཚར་བཅས་པ་འམ། །བ་ར་ཎ་སོགས་ཕྱེར་སྦྱར་བླུད། །ཅེས་བྱ་བ་ལ། ཕྱུག་པོའི་རླུང་ནད་ཅེས་བྱ་བའི་བརླ་རེངས་ཀྱི་ནད་ལ་ནི་དུག་མོ་ཡུངས་ལ་སོགས་པའི་སྡེ་མཚན་ནམ། ཤུ་དག་གི་སྡེ་ཚན་ནམ། ཡུང་ བའི་སྡེ་ཚན་གང་ཡང་རུང་བ་བསྐོལ་བའི་ནང་དུ་རྒྱམ་ཚ་བཏབ་པའི་ཆུ་དྲོ་འཇམ་ཙམ་གདབ་པར་བྱའོ། །ཡང་ན་བ་ར་ཎ་ལ་སོགས་པའི་ཕྱེ་མ་བ་ར་ཎ་དྲུག་པ་ཞེས་བྱ་བའི་ཕྱེ་མ་ཆུ་དྲོ་འཇམ་ཙམ་དང་སྦྱར་ཏེ་བླུད་པར་བྱའོ། །ཡང་ན་དབྱི་མོ་འབྲས་བུ་གསུམ། །པུ་ཙེ་ཤེལ་དང་པི་པི་ལིང་། །སྦྲང་ 202-1-46a རྩིར་སྦྱར་བའི་ལྡེ་གུ་སྦྱིན། །ཞེས་བྱ་བ་ལ། ཡང་ན་དབྱི་མོ་ལ་སོགས་པའི་སྨན་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་སྦྱིན་པར་བྱའོ། །ཡང་ན་དབྱི་མོ་ཨ་རུ་ར། །ཙི་ཏྲ་ཀ་དང་ཐང་ཤིང་དང་། །སྦྲང་རྩིར་སྦྱར་བའི་ལྡེ་གུ་སྦྱིན། །ཞེས་བྱ་བ་ལ། ཡང་ན་དབྱི་མོ་དང་། ཨ་ རུ་ར་ལ་སོགས་པའི་ལྡེ་གུ་སྦྱིན་པར་བྱའོ། །གུ་གུལ་བྲག་ཞུན་ཨ་རུ་ར། །བ་གཅིན་དང་ནི་སྦྱར་བ་བླུད། །ཅེས་བྱ་བ་ལ། ཡང་ན་བ་གཅིན་དང་གུ་གུལ་ལམ། བྲག་ཞུན་ནམ། ཨ་རུ་ར་གང་ཡང་རུང་བ་བླུད་པར་བྱའོ། །གླ་སྒང་ཙི་ཏྲ་ཚ་བ་གསུམ། །འབྲས་བུ་གསུམ་དང་བྱི་དང་ ག །གུ་གུལ་ཆ་མཉམ་ཕྱེ་མ་སྦྱིན། །ཚིལ་དང་བད་ཀན་མ་ཞུ་ལས། །གྱུར་པའི་ནད་རྣམས་ཐམས་ཅད་སེལ། །ཞེས་བྱ་བ་ལ། གླ་སྒང་དང་ཙི་ཏྲ་ཀ་ལ་སོགས་པའི་སྨན་ཆ་མཉམ་པའི་ཕྱེ་མ་བྱིན་ན་ཚིལ་ལ་སོགས་པ་ལས་གྱུར་པའི་རླུང་ནད་ཐམས་ཅད་སེལ་བར་འགྱུར་རོ། །དེ་ལྟར་ བད་ཀན་ཤས་ཆེ་ཞིང་། །ཚིལ་བཅས་རླུང་ནི་ནད་སེལ་བྱེད། །ཅེས་བྱ་བ་ལ། དེ་ལྟར་སྔར་བཤད་པའི་གསོ་བའི་རིམ་པ་ཉེ་བར་སྦྱར་བར་གྱུར་པས་བད་ཀན་གྱི་ཤས་ཆེ་ཞིང་ཚིལ་ལས་གྱུར་པའི་རླུང་གི་ནད་སེལ་ཞིང་འཇོམས་པར་བྱེད་དོ། །ཐལ་སྨན་བ་གཅིན་སྦྱར་དུགས་དང་། ། བླུགས་དང་ལུས་ལ་དྲིལ་བའང་བྱ། །ཞེས་བྱ་བ་ལ། བརླ་རེངས་ཀྱི་ནད་དེ་ལ་ཐལ་སྨན་དང་བ་གཅིན་སྦྱར་བའི་དུགས་བྱ་བ་དང་། ལུས་ལ་བླུགས་པ་དང་། བསྐུ་ཞིང་དྲིལ་ཕྱིས་ཀྱང་ཐལ་སྨན་དང་བ་གཅིན་སྦྱར་བར་བྱའོ། །ཡུངས་ཀར་ཀ་རཉྫའི་འབྲས་བུ། །བ་གཅིན་སྦྱར་བས་ བསྐུ་བ་བྱ། །ཞེས་བྱ་བ་ལ། ཕྱི་རོལ་ནས་ཀྱང་བད་ཀན་ཟད་པར་བྱ་བའི་ཕྱིར། ཀ་རཉྫའི་འབྲས་བུ་དང་ཡུངས་ཀར་བ་གཅིན་མང་པོ་དང་སྦྱར་བའི་ལྡེ་གུས་བསྐུ་བར་བྱའོ། །ཨརྐ་ཨག་ནི་མན་ཐ་དང་། །ནིམ་པའི་རྩ་བ་ཐང་ཤིང་དང་། །བོང་བ་དང་ནི་གྲོག་མཁར་ས། །ཡུངས་ ཀར་སྦྲང་རྩིར་བཅས་པ་བསྐུ། །ཞེས་བྱ་བ་ལ། དེ་བཞིན་དུ་བད་ཀན་ཟད་པར་བྱ་བའི་ཕྱིར་ཨརྐ་དང་། ཨག་ནི་མན་ཐ་དང་། ནིམ་པ་གསུམ་གྱི་རྩ་བ་ཐང་ཤིང་དང་ཡུངས་ཀར་བཏགས་ཏེ་སྦྲང་རྩི་དང་སྦྱར་བ་བསྐུ་བར་བྱའོ། །གྲོག་མཁར་ཞེས་བྱ་བ་ནི་གྲོག་མས་བརྐོས་པ་ལས་ 202-1-46b བཏོན་པའི་སའོ། །བད་ཀན་ཟད་ཕྱིར་དྲག་ཤུལ་ནི། །བཟོད་ན་དེ་ལ་བརྟེན་པར་བྱ། །ཞེས་བྱ་བ་ལ། བརླ་རེངས་ཀྱི་ནད་དང་ལྡན་པ་དེ་ལ་བད་ཀན་ཟད་པར་བྱ་བའི་ཕྱིར་དྲག་ཤུལ་གྱི་རྩོལ་བས་ལུས་དུབ་པར་བྱེད་པ་དག་བཟོད་ཅིང་ནུས་ན་དེ་ལ་བརྟེན་ཞིང་གནས་པར་བྱའོ། །དེ་ཡང་ འདི་ལྟ་སྟེ། ཐང་ལ་མཆོང་དང་ཅི་ནུས་ཀྱི། །ཉལ་པོ་དག་ཀྱང་ཡོངས་སུ་བརྟེན། །ཞེས་བྱ་བ་ལ། གཞི་མཉམ་པའི་ས་གཞི་ལ་མཆོང་ཞིང་བརྒལ་བ་དང་། དེ་བཞིན་དུ་ལུས་ཀྱི་ཉམས་སྟོབས་ལས་དཔགས་ཏེ་བུད་མེད་ལ་བརྟེན་ཞིང་ཉལ་པོ་བྱའོ། །ཆུ་མི་གཡོ་དང་ལྡེང་ཀ་ དང་། །ཆུ་རྒྱུན་བཟློག་པས་ཆུ་བོ་བརྒལ། །ཞེས་བྱ་བ་ལ། དེ་བཞིན་དུ་ཆུ་མི་གཡོ་ཞིང་བརྟན་པར་གནས་པ་ལ། ཅི་བདེར་གནས་པ་དང་། དེ་བཞིན་ཆུའི་རྒྱུན་བཟློག་ཅིང་གྱེན་དུ་བརྒལ་བར་བྱའོ། །འདིར་ནི་ཚིལ་དང་བད་ཀན་དག །ཟད་ནས་སྣུམ་ལ་སོགས་པ་གཏང་། ། ཞེས་བྱ་བ་ལ། བརླ་རེངས་ཀྱི་ནད་འདི་ལ་ཚིལ་དང་བད་ཀན་གཉིས་ཟད་ཅིང་བྲི་བར་གྱུར་ནས་སྣུམ་ལ་སོགས་པ་རླུང་གི་གསོ་བར་བཤད་པ་གཏང་བར་བྱའོ། །གནས་དང་ལུས་ཟུངས་སོགས་བརྟགས་ལ། །ལྷག་མ་རྣམས་ཀྱང་གསོ་བར་བྱ། །ཞེས་བྱ་བ་ལ། རླུང་ནད་ལྷག་ མ་གཟུགས་འཁུམས་པ་ནས་རྐང་པ་ཚ་བའི་བར་གྱི་རླུང་ནད་ལ་གནས་དང་ལུས་ཟུངས་ཉམས་སྟོབས་དང་དུས་ལ་སོགས་པ་ལ་བརྟགས་ཏེ། ཅི་རིགས་པར་གསོ་བར་བྱའོ། །ས་ཧ་ར་ཛ་ཐང་ཤིང་དང་། །དོང་གྲ་བསྐོལ་བ་ཏིལ་མར་སྦྱར། །རླུང་གིས་ལུས་གཟིར་ལ་བླུད་ན། །ཅི་འདོད་ ཐོགས་པ་མེད་འགྲོ་ནུས། །ཞེས་བྱ་བ་ལ། ས་ཧ་ར་ཛ་ཐང་ཤིང་དང་། དོང་གྲ་བསྐོལ་བའི་ཆུ་ཏིལ་མར་དང་སྦྱར་ཏེ། རླུང་གིས་ལུས་གཟིར་ཅིང་ཉེན་པ་ལ་བླུད་ན་ཅི་འདོད་པ་བཞིན་དུ་ཐོགས་པ་མེད་པར་འགྲོ་ནུས་པར་འགྱུར་རོ། །ར་སྣ་དོང་གྲ་ཙི་ཏྲ་ཀ །ཟུར་པ་མ་ནུ་པི་པི་ལིང་། །བཏགས་ པའི་ཕྱེ་མ་མར་བསྐོལ་བ། །རླུང་ནད་སེལ་བར་བྱེད་པའི་མཆོག །ཅེས་བྱ་བ་ལ། ར་སྣ་ལ་སོགས་པའི་སྨན་བཏགས་པའི་ཕྱེ་མ་མར་དང་བསྐོལ་ན་རླུང་ནད་སེལ་བར་བྱེད་པའི་མཆོག་ཡིན་ནོ། །ནིམ་པ་སླེ་ཏྲེས་བ་ཤ་ཀ །ཀཎྜ་ཀ་རི་པ་ཏོ་ལ། །སྲང་ནི་བཅུ་བཅུ་ཚད་བྱས་པ། །ཆུ་བྲེ་བཅུ་ 202-1-47a དྲུག་ནང་དུ་བསྐོལ། །ཁུ་བ་བརྒྱད་ཆ་ལུས་པ་དེར། །མར་ནི་བྲེ་གང་བཅུག་སྟེ་བསྐོལ། །པ་ཏ་ཐང་ཤིང་བྱི་དང་ག །དོང་གྲ་ཧ་ཏི་པི་པི་ལིང་། །སྐྱེར་པ་ཤུ་ཏི་དབྱི་མོ་དང་། །ཏེ་ཛོ་བ་ཏ་ན་ལེ་ཤམ། །རུ་རྟ་དང་ནི་དུག་མོ་ཡུངས། །ཐལ་སྨན་རྣམ་པ་གཉིས་པོ་དང་། །ཏི་མུ་ས་དང་ཀྲུ་ཏྲུག་ཏྲེས། །བསེ་ཤིང་ འབྲས་བུ་པུ་ཙེ་ཤེལ། །ཤུ་དག་པི་པི་ལིང་རྩ་བ། །བཙོད་དང་བོང་ང་ལ་ལ་དུད། །ཞོ་ནི་གཉིས་གཉིས་ཚད་བྱས་པ། །གུ་གུལ་སྦྱར་བ་སྲང་ལྔ་དང་། །ལྡེ་གུ་བཏབ་སྟེ་བསྐོལ་བའི་མར། །བླུད་ན་རླུང་ནི་ཚབས་ཆེ་བ། །རུས་ཚིགས་རྐང་ལ་ཞེན་པའང་འཇོམས། །མཛེ་ནད་དེ་འདྲའང་སེལ་བར་བྱེད། །བུ་ག་རྨ་དང་ལྦ་བ་ དང་། །མཚན་བར་རྡོལ་དང་འབྲས་ཀྱི་ཕྲེང་། །ནམ་ཚོང་ཡན་ཆད་ནད་ཀུན་དང་། །སྐྲན་དང་གཞང་འབྲུམ་ཟ་ཁུ་དང་། །གཅོང་ཆེན་དབུགས་ནི་མི་བདེ་དང་། །ཡི་ག་འཆུས་དང་ཆམ་པ་དང་། །ལུད་པ་འོར་ནད་སྙིང་ནད་དང་། །སྐྱ་རྦབ་མྱོས་དང་ཁོང་འབྲས་དང་། །རླུང་དང་ཁྲག་གི་ནད་རྣམས་འཇོམས། །ཞེས་བྱ་བ་ལ། ནིམ་ པ་ལ་སོགས་པའི་སྨན་སྲང་བཅུ་བཅུའི་ཚད་དུ་བྱས་པ་ཇི་སྐད་སྨོས་པ་བཞིན་བསྐོལ་ཏེ། དེ་ལས་སྨན་ཁུ་བྲེ་དོ་ལུས་པ་ལ་མར་བྲེ་གང་བཅུག་སྟེ། པ་ཐ་ལ་སོགས་པ་ཞོ་གཉིས་གཉིས་ཀྱི་ལྡེ་གུར་བྱས་པ་དང་། གུ་གུལ་དག་ཅིང་དྲི་མ་མེད་པར་བྱས་པ་སྲང་ལྔ་ཡང་བཅུག་སྟེ་ལྡེ་གུར་བྱས་པ་དང་བསྐོལ་བའི་མར་བླུད་ན་ རླུང་ནད་ཤིན་ཏུ་ཚབས་ཆེ་བར་འཁྲུགས་ཤིང་རུས་པ་དང་། ཚིགས་དང་རྐང་པ་ལ་ཡང་ཞེན་པ་འཇོམས་པར་བྱེད་ལ། དེ་བཞིན་དུ་མཛེ་ནད་རུས་པ་དང་། རྐང་པ་ལ་ཞེན་པ་ཡང་སེལ་བར་བྱེད་པ་དང་། བུ་གའི་ནང་གི་རྨ་དང་ལྦ་བ་ལ་སོགས་པའི་ནད་འཇོམས་པར་བྱེད་པ་ཡིན་ནོ། །ཐལ་སྨན་གཉིས་ནི་ཡ་བཀྵ་ར་དང་། སྭ་རྫི་ཀྵ་རའོ། །བིལ་བ་གཞོན་ནུའི་འོ་མ་དང་། །མར་གྱི་ཉིང་ཁུ་བསྐོལ་ནས་ནི། །དེ་ལས་སྲང་ནི་གཅིག་གམ་ཕྱེད། །སྣ་སྨན་བྱས་མགོའི་རླུང་ནད་སེལ། །ཞེས་བྱ་བ་ལ། བིལ་བ་གཞོན་ནུ་དང་། འོ་མ་བསྐོལ་བ་དང་། མར་གྱི་ཉིང་ཁུ་ཞེས་བྱ་བ་མར་ཁུའི་སྟེང་གི་ཆའི་དྭངས་མ་བསྐོལ་ལ་དེ་ལས་སྲང་གཅིག་གམ་སྲང་ཕྱེད་ ཙམ་སྣ་སྨན་དུ་བཏང་ན་མགོ་བོའི་རླུང་ནད་ཐམས་ཅད་སེལ་བར་བྱེད་དོ། །དེ་བཞིན་ཆུ་སྲིན་ནག་ཁྲ་དང་། །ཉ་དང་རུས་སྦལ་འུག་པའི་ཚིལ། །བསྐོལ་བ་མ་འདྲེས་རླུང་ལ་ནི། །ཁྱད་པར་དུ་ནི་གཏང་བར་བྱ། །ཞེས་བྱ་བ་ལ། ཆུ་སྲིན་ལ་སོགས་པའི་ཤིང་ངམ་སྔ་མ་བཞིན་དུ་བིལ་བ་གཞོན་ནུ་དང་བསྐོལ་བ་ཡང་རླུང་གི་ནད་ 202-1-47b གཞན་དང་མ་འདྲེས་པ་ལ་ཕན་ནོ། །ཏིལ་གྱི་ཚིགས་མ་རྙིང་པ་དང་། །རྩ་བ་ལྔ་པོ་སོ་སོར་བསྐོལ། །གཅིག་ཏུ་བསྲེས་པ་ཏིལ་མར་ནི། །འོ་མ་བརྒྱད་ཆའི་ནང་དུ་བསྐོལ། །བླུད་ན་རླུང་དང་བད་ཀན་དང་། །འདྲེས་པའི་ནད་ནི་མཆོག་ཏུ་འཇོམས། །ཞེས་བྱ་བ་ལ། ཏིལ་གྱི་ཚིགས་མ་འབའ་ཆ་རྙིང་པ་དང་། རྩ་བ་ལྔ་པ་ཆེན་པོ་སྟེ། དེ་གཉིས་ སྨན་བསྐོལ་བའི་ཆོ་གས་སོ་སོར་བསྐོལ་ལ། དེ་གཉིས་གཅིག་ཏུ་བསྲེས་པ་ཏིལ་མར་འོ་མ་བརྒྱད་ཆའི་ནང་དུ་བསྐོལ་ལ། ཏིལ་མར་བླུད་ན་རླུང་དང་བད་ཀན་འདྲེས་པའི་ནད་གང་དག་ཡིན་པ་དེ་སེལ་ཞིང་འཇོམས་པར་བྱེད་དོ། །པྲ་ས་ར་ནི་སྲང་བརྒྱད་བསྐོལ། །ཏིལ་མར་འོ་མ་བྲེ་རེ་དང་། །མེ་ད་གཉིས་དང་ཤ་པུཥྤ། །བཙོད་དང་རུ་ རྟ་ར་སྣ་དང་། །ཙནྡན་དམར་པོ་ཛི་བ་ཀ །ར་སྣ་རམ་ཉེ་བ་གཉིས་དང་། །ཐང་ཤིང་བཏགས་པའི་ལྡེ་གུ་དང་། །བསྐོལ་བླུད་རླུང་ནད་ཐམས་ཅད་སེལ། །ཞེས་བྱ་བ་ལ། སྨན་པྲ་ས་ར་སྲང་བརྒྱད་བསྐོལ་བའི་ཁུ་བའི་ནང་དུ་ཏིལ་མར་བྲེ་གང་འོ་མ་བྲེ་གང་བསྲེས་ལ་མེ་ད་གཉིས་ལ་སོགས་པའི་སྨན་ལྡེ་གུའི་ཚུལ་དུ་བཏགས་ལ་བསྐོལ་ བའི་ཏིལ་མར་དེས་ནི་རླུང་ལ་སོགས་པའི་ནད་ཇི་སྙེད་པ་ཐམས་ཅད་སེལ་ཞིང་འཇོམས་པར་བྱེད་དོ། །ས་ཧ་ར་ཛའི་རྩ་བ་ཡལ་གར་བཅས། །སྲང་བརྒྱ་རྩ་བ་བཅུ་ནི་དེ་དང་མཉམ། །ཉེའུ་ཤིང་སྲང་ནི་ལྔ་བཅུ་ཆུ་བྲེ་དྲུག་ཅུ་ནི། །རྩ་བཞིའི་ནང་བསྐོལ་བཞི་ཆ་ལུས་པ་དེར། །ཆུ་སྲིན་སེན་མོ་རུ་རྟ་པུ་ཤེལ་ཙེ། །ཙནྡན་སུག་སྨེལ་པྲི་ཀ་པྲི་ ཡང་ཀུ། །ན་ལི་ཀ་དང་རྡོ་དྲེག་བ་ལེ་ཀ །སྤང་སྤོས་ཐང་ཤིང་བཙོད་དང་ཨ་ཀ་རུ། །ཙ་རོང་ཤུ་ཏི་རྒྱ་སྤོས་དུ་རུ་ཀ །སྲང་རེ་ཆ་མཉམ་འོ་མར་བཅས་པ་ནི། །ཏིལ་མར་བྲེ་བཞི་ལྷན་ཅིག་བསྐོལ་བ་བླུད། །རླུང་ནད་གསོ་དཀའ་དག་ཀྱང་འཇོམས་པར་བྱེད། །ལུས་འདར་ལུས་ལ་རླུང་འཇུག་ལུས་རེངས་དང་། །ལུས་བསྐམས་པ་ཡིས་ ཤིན་ཏུ་གཟིར་ལ་སོགས། །སྐྲན་དང་སྨྱོ་བྱེད་ཆམ་པ་མངལ་ནད་འཇོམས། །ཞེས་བྱ་བ་ལ། སྨན་ས་ཧ་ར་ཛའི་རྩ་བ་དང་ཡལ་ག་སྲང་བརྒྱ་རྩ་བཅུ་ཡང་དེ་དང་མཉམ་པ་སྟེ། སྤྱིར་སྲང་བརྒྱ། ཉེའུ་ཤིང་སྲང་ལྔ་བཅུ་ཆུ་བྲེ་དྲུག་ཅུ་རྩ་བཞིའི་ནང་དུ་བསྐོལ་ལ་སྨན་གྱི་ཁུ་བ་བཞི་ཆ་ལུས་པ་དེར་ཆུ་སྲིན་སེན་མོ་ལ་སོགས་པ་སྨན་སྣ་རེ་ཞིང་སྲང་རེ་འོ་མ་བྲེ་ བཅུ་དྲུག་དང་། ཏིལ་མར་བྲེ་བཞི་ལྷན་ཅིག་བསྐོལ་ཏེ་ཏིལ་མར་ལུས་པ་བླུད་ན་རླུང་གི་ནད་ཤིན་ཏུ་གསོ་བར་དཀའ་བ་དང་། ལུས་འདར་བ་ལ་སོགས་པ་འཇོམས་པར་བྱེད་དོ། །པྲི་ཀ་ནི་བ་ལི་ཏ་སྟེ་འབུ་སུག་ཧང་ངོ་། །ན་ལི་ཀ་ནི་བི་རུ་མ་ལ་ཏའོ། །བ་ལ་ཀ་ནི་ཨམ་བུའོ། །རྡོ་དྲེག་ནི་ཤི་ལ་པུས་པའོ། །ཙ་རོང་ནི་ཙནྡན་ནོ། །ས་ཧ་ར་ཛ་སྲང་བརྒྱ་ཡི། ། 202-1-48a ཁུ་བར་ཏིལ་མར་བྲེ་བཞི་བསྐོལ། །དེ་རྩ་ལྡེ་གུ་སྲང་བཅུ་དང་། །འོ་མ་བཞི་འགྱུར་བཅུག་སྟེ་བསྐོལ། །ཡང་ན་རྒྱ་སྤོས་ཤུ་དག་དང་། །སྠི་ར་རུ་རྟ་ཤུ་དག་དང་། །སུག་སྨེལ་རྡོ་དྲེག་སྤང་སྤོས་དང་། །ཤུ་ཏི་ཙནྡན་དམར་པོ་གཞུག །བསྐོལ་བ་དེ་ནི་ཁ་རའི་ཆུ། །སྲང་ནི་བཅོ་བརྒྱད་གཞུག་པར་བྱ། །ཏིལ་མར་སྨན་མར་ཡིན་པར་ བཤད། །དེས་ནི་རླུང་ནད་མ་ལུས་དང་། །རླུང་ནད་འཁྱིལ་དང་སྨྱོ་བྱེད་དང་། །སྐྲན་དང་རླིག་རླུགས་ལ་སོགས་སེལ། །ཞེས་བྱ་བ་ལ། ས་ཧ་ར་ཛ་སྲང་བརྒྱ་སྨན་ཁུ་བསྐོལ་བའི་སྦྱོར་བས་བསྐོལ་ལ། ཁུ་བ་དེའི་ནང་དུ་ཏིལ་མར་བྲེ་བཞི་དང་བསྲེས་ཏེ། ས་ཧ་ར་ཛའི་ལྡེ་གུ་སྲང་བཅུ་དང་འོ་མ་ཏིལ་མར་གྱི་བཞི་འགྱུར་བཅུག་ལ་བསྐོལ་ ཏེ་སྨན་མར་བྱ་བའམ། ཡང་ནས་ཧ་ར་ཛའི་རྩ་བ་སྲང་བཅུ་པོ་མི་གཞུག་པར་རྒྱ་སྤོས་ལ་སོགས་པ་སྲང་བཅུ་བཅུག་ལ་བསྐོལ་བར་བྱས་ཏེ། ཏིལ་མར་གཉིས་གང་བྱས་ཀྱང་རུང་སྟེ། དེ་བསྐོལ་བའི་ནང་དུ་ཁ་ར་དཀར་པོའི་ཕྱེ་མ་སྲང་བཅོ་བརྒྱད་གཞུག་པར་བྱའོ། །དེ་ལྟ་བུའི་ཏིལ་མར་གྱི་སྨན་མར་བླུད་ན་དེས་རླུང་ནད་གསོ་ དཀའ་བ་མ་ལུས་པ་དང་། རླུང་ནང་འཁྱིལ་པ་ལ་སོགས་པ་སེལ་བར་བྱེད་དོ། །བ་ལ་སྲང་བརྒྱ་སླེ་ཏྲེས་ནི། །བཞི་ཆར་ར་སྣང་བརྒྱད་ཆ་ནི། །ཆུ་བྲེ་བཞི་བརྒྱའི་ནང་དུ་བསྐོལ། །ཁུ་བ་བརྒྱད་ཆ་ལུས་པ་དང་། །ཞོ་དང་ཞོ་ག་ཆུ་བུ་རམ། །ཤིང་ཁུ་ཚྭ་དང་ཏིལ་མར་དང་། །བྲེ་ནི་བཞི་བཞི་བསྐོལ་ནས་ནི། །ར་ཡི་འོ་མ་ཆ་ཕྱེད་དང་། །ཟུར་པ་ སྐྱེར་པ་ས་ར་ལ། །སུག་སྨེལ་བཙོད་དང་ཨ་ཀ་རུ། །ཙནྡན་ཨ་ཏི་བ་ལ་དང་། །ཤུག་པ་གླ་སྒང་མུངྒའི་ལོ། །ཧ་རེ་ཎུ་ཀ་ཤིང་མངར་དང་། །བྱ་གྲི་ན་ག་བྱེའུ་རུག་པ། །ཟངས་རྩི་བ་དང་ཛི་བ་ཀ །གླ་རྩི་ལྕེ་པོག་པ་ལ་ཤ །ཛཱ་ཏི་ཤོ་ཀ་ན་ལི་ཀ །གུར་གུམ་རྡོ་དྲེག་པྲི་ཀ་དང་། །ཛཱ་ཏི་ཕ་ལ་ཀད་པ་ལ། །བ་ལི་ཀ་དང་ཤིང་ཚ་དང་། ། ཀུན་ཏུ་རུ་དང་ག་པུར་དང་། །ཤི་རི་བ་ས་དུ་རུ་ཀ །ལི་ཤི་ཆུ་སྲིན་སེན་མོ་དང་། །རུ་རྟ་སྤང་སྤོས་ཀ་ཀོ་ལ། །པྲི་ཡང་ཀུ་དང་སྟོ་ནེ་ཡ། །རྒྱ་སྤོས་ཤུ་དག་བྱ་མ་ཀ །མ་ད་ན་ག་བླ་བ་དང་། །ན་ག་གེ་སར་སྲང་རེ་དང་། །བསྐོལ་ཏེ་བཙགས་པར་གྱུར་པ་རུ། །གནྡྷ་བྷ་དྲའི་ལྡེ་གུ་ནི། །ཆོ་ག་བཞིན་དུ་བཅུག་པ་དེས། །ལུད་པ་དབུགས་མི་བདེ་དང་རིམས། ། བརྒྱལ་དང་སློན་སྐྲན་ཟད་བྱེད་དང་། །ལོ་འགྲམས་མཆེར་ནད་སྐེམས་པ་དང་། །བརྗེད་བྱེད་བཀྲ་མི་ཤིས་པ་སེལ། །བ་ལི་ཏིལ་མར་བཟང་པོ་ནི། །རླུང་གི་ནད་ནི་འཇོམས་བྱེད་ཡིན། །ཞེས་བྱ་བ་ལ། སྨན་པ་ལ་སྲང་བརྒྱ། སླེ་ཏྲེས་བཞི་ཆ་སྟེ་སྲང་ཉི་ཤུ་རྩ་ལྔ། ར་སྣ་བརྒྱད་ཆ་སྟེ་སྲང་ཕྱེད་དང་བཅུ་གསུམ། ཆུ་བྲེ་བཞི་བརྒྱ་ཆ་སྟེ་ཆུ་སྲང་ཁྲི་ཉིས་ 202-1-48b སྟོང་དགུ་བཅུ་རྩ་དགུ་དང་བསྐོལ་བ་ལ། དེ་ལ་ཆུ་བྲེ་བརྒྱད་ཆ་སྟེ་བྲེ་བཞི་ལུས་པར་གྱུར་པ་དང་ཞོ་དང་ཞོ་ག་ཆུ་དང་བུ་རམ་ཤིང་གི་ཁུ་བ་དང་། ཚ་བྲེ་བཞི་བཞི་ཏིལ་མར་བྲེ་བཞི་དང་བསྐོལ་ནས་རའི་འོ་མ་ཆ་ཕྱེད་དེ་བྲེ་དོ་བཅུག་ལ་ཟུར་པ་ལ་སོགས་པའི་སྨན་སྣ་རེ་ཞིང་སྲང་རེའི་ལྡེ་གུ་བཅུག་པ་བསྐོལ་ལ་ཚོས་པ་དང་ཕབ་སྟེ་བཙགས་པའི་ ནང་དུ་གནྡྷ་བྷ་དྲའི་ལྡེ་གུ་སྲང་གཅིག་ཙམ་མམ། ཡང་ན་ཅི་རན་གཞུག་པར་བྱའོ། །དེ་ནས་ཏིལ་མར་དེ་ཆོ་ག་བཞིན་དུ་བཅུག་ན་ལུད་པ་དང་དབུགས་མི་བདེ་བ་ལ་སོགས་པ་སེལ་བར་བྱེད་དོ། །བ་ལའི་ཏིལ་མར་འདི་ནི་སྨན་མར་གྱི་མཆོག་དམ་པ་ཡིན་པས་རླུང་གི་ནད་ཐམས་ཅད་འཇོམས་པར་བྱེད་པ་ཡིན་ནོ། །མུངྒའི་ལོ་མ་ ནི་མུངྒ་པརྞིའོ། །ཧ་རེ་ཎུ་ཀ་ནི་ཀོན་ཏིའོ། །ལྕེ་པོག་ནི་བོ་ལའོ། །པ་ལ་ཤིང་ནི་རྒྱ་སྐྱེགས་ཤིང་ངོ་། །ཛཱ་ཏི་ཀ་ཤ་ནི་ཛཱ་ཏི་པ་ཏྲའོ། །ན་ལི་ཀ་ནི་བི་དྲུ་མ་ག་ཏའོ། །ཛཱ་ཏི་ཕ་ལ་ནི་ལིག་ཤི་ཝེར་རོ། །བ་ལ་ཀ་ནི་ཨ་མ་ནུའོ། །ཀ་ཀོ་ལ་ནི་བ་ཧུའི་ཛ་ག་སྟེ་ས་བོན་མང་པོ་ཅན་ནོ། །སྟོ་ནེ་ཡ་ནི་ཏྲེ་ལ་པ་ཏྲི་ཀའོ། །བྱ་མ་ཀ་ནི་ད་བ་ད་གི་ཐའོ། །མ་ དན་ཀ་ནི་མན་མ་ཐའོ། །བླ་བ་ནི་ཀུན་ཏན་ན་ཐའོ། །བཏུང་དང་སྣ་སྨན་བསྐུ་དང་འཇམ་རྩི་ནི། །སྣུམ་གྱི་སྦྱོར་བའང་དུས་སུ་ལེགས་བསྟེན་ན། །དེས་ནི་མ་རུང་ས་རླུང་ནད་མྱུར་ཞི་བྱེད། །བུད་མེད་མོ་གཤམ་བུ་ཡི་སྣོད་བྱེད་འགྱུར། ཞེས་བྱ་བ་ལ། སྨན་འདི་བཏུང་བ་དང་། སྨན་ལ་སོགས་པ་སྦྱོར་བ་བཞི་ལ་སྣུམ་གྱིས་ སྦྱོར་བར་དུས་དང་རྗེས་སུ་མཐུན་པར་བསྟེན་ཅིང་གོམས་པར་བྱས་ནས་རླུང་ནད་ཤིན་ཏུ་མི་བཟད་པ་དག་ཞི་ཞིང་སེལ་བར་བྱེད་ལ། དེ་བཞིན་དུ་བུད་མེད་མོ་གཤམ་བུ་མེད་པ་དག་ཀྱང་བུའི་སྣོད་ཉིད་དུ་འགྱུར་ཞིང་དུ་སྐྱེད་པར་བྱེད་པའི་དོན་ནོ། །གང་ཚེ་བད་ཀན་མཁྲིས་པ་ནི། །ཞུ་བའི་གནས་འདུག་སྣུམ་དུགས་ཀྱིས། །ཞུ་ནས་མཁྲིས་ པར་སྣང་གྱུར་པ། །དེ་ལ་འཇམ་རྩིས་བསལ་བར་བྱ། །ཞེས་བྱ་བ་ལ། སྣུམ་དང་དུགས་ཀྱི་སྦྱོར་བ་བྱས་པས་གང་གི་ཚེ་བད་ཀན་ཞུ་བའི་གནས་ན་འདུག་ཅིང་ཞུ་ཞིང་མཁྲིས་པའི་ཚུལ་དུ་སྣང་བར་གྱུར་པའམ། ཡང་ན་མཁྲིས་པ་ཞུ་བའི་གནས་ན་འདུག་པ་དེ་སྣུམ་དང་དུགས་ཀྱིས་ཞུ་ནས་མཁྲིས་པའི་ཚུལ་དུ་ སྣང་བར་གྱུར་ན་དེ་གཉིས་ཀ་ལ་འཇམ་རྩི་བཏང་བས་བསལ་ཞིང་སྦྱང་བར་བྱའོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས་གསོ་བའི་གནས་ལེའུ་ཉི་ཤུ་རྩ་གཅིག་པའི་རྣམ་པར་འགྲེལ་པའོ།། །། 202-1-49a དེ་ནས་དྲེག་ནད་གསོ་བ་བཤད་པར་བྱའོ། །ཞེས་བྱ་བ་ལ། བསྟེན་པ་ཇི་ལྟ་བ་བཞིན་དུ་བཤད་པ་ཡང་དེ་ལྟ་བུར་བྱས་པའི་ཚུལ་གྱིས་རིམས་ལ་སོགས་པའི་གསོ་བ་རྣམ་པར་དགོད་པ་ཡིན་པས་དྲེག་ནད་གསོ་བ་སྐབས་འདིར་བརྩམས་པ་ཡིན་ནོ། །དྲེག་ནད་ ཅན་ནི་སྣུམ་ཆོས་བྱས། །རླུང་བསྲུངས་ནད་གཞི་ཉམས་སྟོབས་ལས། །དཔགས་ཏེ་ཁྲག་ནི་ཅུང་ཟད་ཙམ། །ལན་མང་དུ་ནི་དབྱུང་བར་བྱ། །ཞེས་བྱ་བ་ལ། དྲེག་ནད་ཀྱིས་བཏབ་པའི་མི་ལ་ནི་དང་པོར་སྣུམ་བཅོས་བྱས་ནས་དེའི་རྗེས་ལ་ཁྲག་དབྱུང་ཞིང་གཏར་ག་བྱ་ལ། དེ་ཡང་ནད་ གཞིའི་ཚུལ་དང་ལུས་ཀྱི་ཉམས་སྟོབས་ཅི་ཡོད་པ་ལས་དཔག་ཅིང་རླུང་མི་ལྡང་བར་བསྲུངས་ལ་ཁྲག་ཉུང་ཟད་ཉུང་ཟད་ལན་མང་དུ་བསྟུད་མར་དབྱུང་བར་བྱའོ། །དམར་གཟེར་ན་ཞིང་ཚ་བ་ལ། །སྲིན་བུ་པད་པས་ཁྲག་དབྱུང་ངོ་། །གཡའ་ཞིང་ན་ལ་ཙག་ཙག་ཚ། །ཤས་ཆེར་ཚ་ལ་རྔབས་རྭས་ དབྱུང་། །ཞེས་བྱ་བ་ལ། དྲེག་ནད་མདོག་དམར་བ་ལ་སོགས་པར་སྣང་བར་གྱུར་པ་ལ་ནི་སྲིན་བུ་པད་པས་འཇིབས་པས་ཁྲག་དབྱུང་ཞིང་གདོན་པར་བྱའོ། །དེ་བཞིན་དུ་གཡའ་བ་དང་ལྷང་ལྷང་པོར་ན་བ་དང་། ཡུངས་ཀར་གྱི་ལྡེ་གུས་བསྐུས་པ་ལྟར་ཙག་ཙག་པོར་ཚ་བ་དང་། ཤས་ཆེར་ཚ་ཞིང་ ཚ་བ་འུར་འུར་པོར་ཁྱབ་པ་ལ་ནི་རྭའམ་ཀུ་བས་ཁྲག་དབྱུང་བར་བྱའོ། །གནས་ནས་གནས་སུ་འཕོས་པ་ལ། །གཏར་གའམ་ཞལ་ཞལ་གྱིས་ཁྲག་དབྱུང་། །ཞེས་བྱ་བ་ལ། ནད་ཁྲག་ལུས་ཀྱི་གནས་ཀྱི་ཕྱོགས་གཅིག་ནས་གཅིག་ཏུ་འཕོས་ཤིང་འགྲོ་བ་ལ་ནི་གཏར་ག་གདབ་པའམ། ཞལ་ཞལ་བྱ་ཞིང་ ཁྲག་དབྱུང་བར་བྱའོ། །དེ་ཡང་ཉུང་ཤས་ཉུང་ཤས་ལན་མང་དུ་དབྱུང་བར་བྱའོ། །ལུས་ཞུམ་པ་དང་ཁོང་རྩུབ་ཅིང་། །རླུང་ཤས་ཆེ་ལ་ཁྲག་མི་དབྱུང་། །ཞེས་བྱ་བ་ལ། ལུས་ཞུམ་ཞིང་སྙིང་ལ་ཉམ་ཆུང་བ་དང་། ཁོང་རྩུབ་ཅིང་རླུང་ནད་ཀྱི་ཤས་ཆེ་བར་གྱུར་པའི་དྲེག་ནད་ལ་ནི་ཁྲག་དབྱུང་ བར་མི་བྱའོ། །ཁྲག་ཟད་པ་ལ་རླུང་གིས་ནི། །སྐྲངས་པ་གཏིང་ཟབ་རེངས་པ་དང་། །འདར་ཞིང་རྩ་རྒྱུས་ན་དང་ཞུམ། །རླུང་ནད་གཞན་ཡང་སྐྱེད་པར་བྱེད། །ཅེས་བྱ་བ་ལ། ཁྲག་གཏར་དྲགས་པ་ལས་ཟད་པར་གྱུར་ནས་རྒྱུ་དེས་རླུང་ནད་ལྡང་ཞིང་འཁྲུགས་པར་གྱུར་པ་ལ། དྲེག་ནད་ཀྱིས་སྐྲངས་པ་ 202-1-49b འདི་ཟབ་ཅིང་མི་མངོན་པ་དང་། ལུས་ཤིང་ལྟར་རེངས་པ་དང་། འདར་ཞིང་གཡོ་བ་དང་། རྩ་དང་རྒྱུས་པ་ལྷང་ལྷང་པོར་ན་བ་དང་། རྐང་ལག་ཞུམ་ཞིང་རྙིད་པ་དང་། དེ་བཞིན་དུ་རླུང་ལས་གྱུར་པའི་ནད་མི་བཟད་པ་གཞན་ཡང་སྐྱེད་པར་བྱེད་དོ། །སྣུམ་ཆོས་བྱས་ལ་བཀྲུ་སྨན་ནི། ། སྣུམ་དང་ལྡན་པས་འཁྲུ་རུ་གཞུག །ཅེས་བྱ་བ་ལ། རླུང་ལས་གྱུར་པའི་དྲེག་ནད་ཅན་དེ་ལ་དང་པོར་སྣུམ་ཆོས་ལེགས་པར་བྱས་ལ། དེའི་འོག་ཏུ་སྣུམ་དང་ལྡན་པའི་བཀྲུ་སྨན་བྱིན་ལ་འཁྲུར་གཞུག་པར་བྱའོ། །རླུང་ཤས་ཆེ་བའི་དྲེག་ནད་ལ། །མར་ནི་རྙིང་པ་བླུད་པར་བྱ། །ཞེས་བྱ་བ་ལ། རླུང་གི་ ཤས་ཆེ་བའི་རླུང་ཁྲག་འདྲེས་པའི་དྲེག་ནད་ལ་མར་རྙིང་པ་བླུད་པར་བྱའོ། །ར་མ་ཉེ་བ་དང་སྲ་མན་ནི། །པ་ཡས་སྱེ་དང་ཛི་བ་ཀ །ཟངས་རྩི་བ་རྣམས་ཆ་སྙོམས་ཏེ། །འོ་མ་མར་བསྐོལ་དྲེག་ནད་འཇོམས། །ཞེས་བྱ་བ་ལ། རམ་ཉེ་བ་ལ་སོགས་པའི་སྨན་གྱི་ལྡེ་གུར་བྱས་པ་དེ་དང་འོ་མར་ བཅས་པ་བསྐོལ་ཏེ་བླུད་ན་དྲེག་ནད་འཇོམས་པར་འགྱུར་རོ། །རྒུན་འབྲུམ་མ་དུ་ཀ་བསྐོལ་བའི། །ཁུ་བ་ཁ་ར་མར་བཅས་པའམ། །དེ་བཞིན་སླེ་ཏྲེས་ཁུ་བར་ནི། །འོ་མ་བསྐོལ་བ་བླུད་པར་བྱ། །ཞེས་བྱ་བ་ལ། རྒུན་འབྲུ་དང་མ་དུ་ཀ་གཉིས་བསྐོལ་བའི་ཁུ་བའི་ནང་དུ། ཁ་ར་དཀར་པོ་ བཅུག་པ་དང་བསྐོལ་བ་བླུད་པ་སྦྱར་བའི་མར་དང་། དེ་བཞིན་དུ་སླེ་ཏྲེས་བསྐོལ་བའི་ཁུ་བ་དང་འོ་མ་གཉིས་བསྐོལ་བའི་ནང་དུ་ཁ་ར་བཏབ་པ་བླུད་པར་བྱའོ། །ཏིལ་མར་འོ་མ་ཁ་རར་བཅས། །ལེགས་པར་བསྲེས་ལ་བླུད་པར་བྱ། བ་ལ་ཉེ་ཤིང་ར་སྣ་དང་། །པི་ལུ་རྩ་བ་བཅུ་པར་བཅས། །དུར་བྱིད་ སྟི་ར་ཨེ་རཎྜ། །བསྐོལ་བའི་འོ་མས་རླུང་དྲེག་སེལ། །བ་གཅིན་འོ་མ་བཞོས་མ་ཐག །བཅས་པའང་ནད་ནི་དེ་འབྱུང་བྱེད། །ཅེས་བྱ་བ་ལ། བ་གཅིན་དང་བའམ་རའི་འོ་མ་བཞོས་མ་ཐག་སྦྱར་བ་བླུད་ན་ཡང་ནད་འཁྱིལ་བ་བདེ་བར་འབྱུང་བར་བྱེད་དོ། །མཁྲིས་པར་ཉེའུ་ཤིང་པུ་ཙེ་ཤེལ། །པ་ཏོ་ ལ་ཡི་རྩ་འབྲས་གསུམ། །སླེ་ཏྲེས་དང་ནི་སྨན་མངར་ཁ། །འོ་མ་འམ་མར་དང་བསྐོལ་ལ་བླུད། །ཅེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་དྲེག་ནད་ལ་ནི། ཉེའུ་ཤིང་ལ་སོགས་པ་བསྐོལ་བའི་ཁུ་བ་བླུད་པར་བྱ་བའམ། ཡང་ན་སྨན་མངར་བ་དང་ཁ་བ་བསྐོལ་བའི་འོ་མའམ། མར་བླུད་པར་བྱའོ། ། 202-1-50a ནད་གཞི་ཤས་ཆེར་བཀྲུ་སྨན་ཕྱིར། །ཨེ་རཎྜའི་མར་འོ་མར་སྦྱར། །སྦྱོར་བ་ཇི་བཞིན་བླུད་པར་བྱ། །ཞུ་ནས་འོ་མ་འབྲས་ཆན་སྦྱིན། །ཞེས་བྱ་བ་ལ། དྲེག་ནད་ནད་གཞི་མང་པོ་དཀྱེལ་ཆེ་བ་ལས་གྱུར་པ་ལ་ནི་བཀྲུ་སྨན་གྱི་དོན་དུ་ཨེ་རཎྜའི་མར་ འོ་མ་དང་སྦྱར་བ་སྦྱོར་བ་ལས་ཇི་སྐད་བཤད་པའི་རིགས་པས་བཤད་པར་བྱ་ལ། དེ་ཞུ་ནས་འོ་མ་དང་འབྲས་ཆན་སྦྱར་བ་སྦྱིན་པར་བྱའོ། །ཨ་རུ་ར་ནི་མར་བརྔོས་པ། །ཁུ་བ་བླུད་པར་བྱ་བའམ། །ཞེས་བྱ་བ་ལ། ཡང་ན་ཨ་རུ་ར་མར་དུ་བརྔོས་པ་བསྐོལ་བའི་ཁུ་བ་བླུད་པར་བྱའོ། །དུར་ བྱིད་ཕྱེ་མ་རྒུན་ཆུའམ། །འོ་མར་སྦྱར་བ་བླུད་པར་བྱ། །ཞེས་བྱ་བ་ལ། ཡང་ན་དུར་བྱིད་ཀྱི་ཕྱེ་མ་རྒུན་ཆུ་དང་སྦྱར་བའམ། འོ་མ་དང་སྦྱར་བ་དེ་ལ་བླུད་པར་བྱའོ། །ཡང་ན་དེ་ཡི་ནད་གཞི་ནི། །འཇམ་རྩི་འོ་མ་མར་བཅས་སྦྱང་། །ཞེས་བྱ་བ་ལ། ཡང་དྲེག་ནད་ཅན་དེའི་ནད་ གཞི་གང་དག་ཡོད་པ་འཇམ་རྩི་འོ་མ་དང་མར་དུ་བཅས་པ་མས་གཏོང་བས་སྐྱང་བར་བྱའོ། །རླུང་དང་ཁྲག་ནད་གསོ་བ་ལ། །འཇམ་རྩི་ལས་ལྷག་གང་ཡང་མེད། །མཆོག་ཏུ་གཞང་དང་རྩིབ་ལོགས་བརླ། །ཚིགས་ནད་དམུ་རྫིང་ཉམ་ཐག་སེལ། །ཞེས་བྱ་བ་ལ། གང་གི་ཕྱིར་ རླུང་དང་ཁྲག་འཛག་པ་དྲེག་ནད་ཀྱི་གསོ་བ་ལ་ནི་འཇམ་རྩི་མས་གཏོང་བ་ལས་མཆོག་ཏུ་གྱུར་པའི་སྨན་གང་ཡང་ཡོད་པ་མ་ཡིན་ལ། དེ་ལས་ཁྱད་པར་དུ་གཞང་ལ་སོགས་པ་ན་བའི་དྲེག་ནད་ལ་ནི་འཇམ་རྩི་ལས་ལྷག་པ་གང་ཡང་མེད་དོ། །བད་ཀན་ཤས་ཆེ་གླ་སྒང་དང་། །རྒུན་འབྲུ་སྐྱེར་པ་ བསྐོལ་བ་དང་། །འབྲས་བུ་གསུམ་བསྐོལ་སྦྲང་རྩིར་བཅས། །ཡང་ན་སླེ་ཏྲེས་ཅི་རིགས་བླུད། །ཅེས་བྱ་བ་ལ། བད་ཀན་གྱི་ཤས་ཆེ་བ་ལས་གྱུར་པའི་དྲེག་ནད་ལ་ནི་གླ་སྒང་ལ་སོགས་པ་བསྐོལ་བའི་ཁུ་བ་དང་། སྦྲང་རྩིར་བྱས་པའམ། འབྲས་བུ་གསུམ་བསྐོལ་བའི་ཁུ་བ་སྦྲང་རྩི་ དང་བཅས་པ་བླུད་པར་བྱ་བའམ། ཡང་ན་སླེ་ཏྲེས་ཁུ་བར་བསྐོལ་བའམ། ལྡེ་གུར་བྱས་པའི་མར་དང་བསྐོལ་བའི་སྦྱོར་བས་ཇི་ལྟར་འཚམ་པར་བྱའོ། །ཇི་ལྟར་འཚམ་པར་སྣུམ་བླུད་དེ། །སློན་བྱས་ནས་ནི་རྩུབ་ཆོས་བྱ། །ཞེས་བྱ་བ་ལ། བད་ཀན་གྱི་ཤས་ཆེ་བར་གྱུར་པའི་དྲེག་ནད་ 202-1-50b དང་ལྡན་པར་གྱུར་པ་ལ་ནི་ཇི་ལྟར་འཚམ་པ་བཞིན་དུ་སྣུམ་བླུད་དེ། དེའི་འོག་ཏུ་སྐྱུག་སྨན་གྱིས་སློན་དུ་བཅུག་ལ། དེའི་འོག་ཏུ་རྩུབ་པའི་སྦྱོར་བས་གསོ་བར་བྱའོ། །འབྲས་བུ་གསུམ་དང་ཚ་བ་གསུམ། །གནྡྷ་བྷ་དྲ་ཤིང་ཚ་དང་། །ཅུ་གང་ཁ་ར་ཙི་ཏྲ་ཀ །པི་པི་ལིང་རྩ་བྱི་དང་ ག །སྤང་སྤོས་བ་ཤ་ཀའི་ཤུན་ཕྲགས། །རིད་དི་དབྱི་མོ་ལང་ག་ལི། །ཆ་མཉམ་ལྡེ་གུར་བྱས་པ་ལས། །ནང་པར་ལྕགས་སྣོད་བསྐུས་ཏེ་བཞག །ཉི་མ་ཕྱེད་དུས་དེ་ཟོས་ན། །ནད་གཞི་ཀུན་གྱུར་དྲེག་ནད་ནི། །གཟེར་དང་ལྡན་ལ་མཆོག་ཏུ་ཕན། །ཞེས་བྱ་བ་ལ། འབྲས་བུ་གསུམ་ལ་སོགས་པའི་སྨན་ཆ་མཉམ་པ་བཏགས་པ་ལྡེ་གུར་བྱས་ལ་ནང་པར་གྱི་དུས་སུ་ལྕགས་ཀྱི་སྣོད་དུ་བསྐུས་ཏེ་བཞག་ལ། དེའི་འོག་ཏུ་ཉི་མ་ཕྱེད་ཀྱི་དུས་སུ་བཀོགས་ཏེ། ཟོས་ན་ལྡེ་གུའམ་ཕྱེ་མ་དེ་ནི་ནད་གཞི་ཀུན་ལས་གྱུར་པ་སྟེ། མཁྲིས་པ་ལས་གྱུར་པའི་དྲེག་ནད་ གཟེར་དང་ལྡན་པ་ལ་ཁྱད་པར་དུ་ཕན་པ་ཡིན་ནོ། །ཀོ་ཀི་ལཀྵ་བསྐོལ་བའི་ཁུ། །བླུད་ཅིང་དེ་ཡི་ཚོད་མ་ཟོས། །སྙིང་རྗེ་གོམས་པའི་སྐྱེས་བུ་ལྟར། །དྲེག་ནད་སེལ་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། ཀོ་ཀི་ལཀྵ་བསྐོལ་བའི་ཁུ་བ་བླུད་ཅིང་ཀོ་ཀི་ལཀྵའི་ཚོད་མ་དང་བཅས་ པའི་ཁ་ཟས་ཟོས་ན་དྲེག་ནད་སེལ་བར་བྱེད་དེ། དཔེར་ན་སྙིང་རྗེ་ལ་གོམས་པའི་སྐྱེས་བུས་འགྲོ་བ་ལ་ཞེ་སྡང་བ་སེལ་ཅིང་སྤོང་བར་བྱེད་པ་དང་འདྲའོ། །རྩ་བ་ལྔའམ་སྐྱུ་རུ་རུ་རའི། །ཁུ་བ་ལི་ལི་ཏ་ཡི་ཞག །འཁྲིག་པ་སྤོང་ཞིང་འཐུངས་ན་ནི། །དྲེག་འཐེང་ཤིན་ཏུ་གཏིང་ཟུག་ སེལ། །ཞེས་བྱ་བ་ལ། རྩ་བ་ལྔ་པ་ཆེན་པོ་བསྐོལ་བའི་ཁུ་བའམ། སྐྱུ་རུ་ར་བསྐོལ་བའི་ཁུ་བ་སྲོག་ཆགས་ལི་ལི་ཏ་ཞེས་བྱ་བའི་ཞག་དང་བཅས་པར་འཐུང་ཞིང་ཉལ་བའི་ལས་འཁྲིག་པ་སྤང་ཞིང་ཚངས་པར་སྤྱོད་པ་དང་ལྡན་པས་བསྟེན་ན་དྲེག་ནད་ཀྱིས་འཐེང་བར་གྱུར་ཅིང་། ལུས་ལ་ཤིན་ཏུ་གཏིང་ཟུག་པར་ཞེན་པ་ཡང་སེལ་བར་བྱེད་དོ། །དེ་ལྟར་ནང་གི་བསྟན་ནས་ནི། །དེ་འོག་ཕྱི་རོལ་གསོ་བ་བཤད། །ཅེས་བྱ་བ་ལ། དེ་ལྟར་བཤད་མ་ཐག་པའི་ཚུལ་གྱིས་ནང་གི་གསོ་བའི་ཆོ་ག་བསྟན་ནས། འདི་མན་ཆད་ནི་ཕྱི་རོལ་ནས་ཇི་ལྟར་གསོ་བ་བཤད་པར་ 202-1-51a བྱའོ། །རང་སྐྱུར་བྲེ་བཞིར་ཏིལ་མར་དང་། །སྲ་རྩི་པོག་ནི་བཞི་ཆར་བསྐོལ། །ཆུ་ནང་གཟར་བུས་མང་དུ་དཀྲུགས། །རིམས་ཚ་ནད་གཟིར་སེལ་མཆོག་ཡིན། །ཞེས་བྱ་བ་ལ། རང་སྐྱུར་ཀན་ཛི་ཞེས་བྱ་བ་བྲེ་བཞིའི་ནང་དུ་ཏིལ་མར་དང་། སྲ་རྩི་པོག་ དེའི་བཞི་ཆ་བཅུག་སྟེ་བསྐོལ་བ་གཟར་བུས་དཀྲུགས་ནས་ལྡེ་གུར་བྱས་པ་ཕྱི་རོལ་ནས་བསྐུས་ན་རིམས་དང་། ཚ་བ་ལ་སོགས་པའི་ནད་ཀྱིས་གཟིར་བ་སེལ་ཞིང་འཇོམས་པའི་མཆོག་དམ་པ་ཡིན་ནོ། །ཏིལ་མར་བཙོད་དང་སྦྲང་རྩི་དང་། །སྲ་རྩི་པོག་དང་ཐལ་ཏྲེས་བཅས། ། ཏིལ་མར་སྐ་བས་ལུས་བསྐུས་ན། །དྲེག་ནད་སེལ་བའི་དམ་པ་ཡིན། །ཞེས་བྱ་བ་ལ། ཏིལ་མར་བཙོད་ལ་སོགས་པ་དང་བཅས་པ་བསྐོལ་ཏེ། གོང་པོར་གྱུར་པའི་སྐ་བས་བསྐུས་ན་དྲེག་ནད་སེལ་བར་བྱེད་པ་ཡིན་ནོ། །རྩ་བ་བཅུ་དང་འོ་མ་བསྐོལ། །ཡང་ན་ལྡེ་གུ་ཆུ་ དྲོན་སྦྱར། །བླུགས་ན་རླུང་ཤས་ཆེ་བ་ཡི། །གཟེར་ནད་འཕྲལ་དུ་སེལ་བྱེད་ཡིན། །ཞེས་བྱ་བ་ལ། རྩ་བ་བཅུ་དང་བསྐོལ་བའི་འོ་མ་བླུགས་ན་རླུང་ཤས་ཆེ་བར་གྱུར་པའི་དྲེག་ནད་གཟེར་དང་བཅས་པ་འཕྲལ་དུ་སེལ་བར་བྱེད་པ་ཡིན་ནོ། །ཡང་ན་རྩ་བ་བཅུའི་ལྡེ་གུ་དྲོ་འཇམ་ ཙམ་དང་སྦྱར་ཏེ་བླུགས་ན་ཡང་དེ་དང་འདྲའོ། །ལུས་འཇུག་རེངས་དང་གཟེར་གྱིས་ཉེན། །སྣུམ་བཞི་པོ་ནི་མངར་བའི་སྨན། །དྲོ་འཇམ་སྦྱར་བ་བླུགས་པར་བྱ། །ཞེས་བྱ་བ་ལ། ལུས་ལ་འཇུག་པའི་རླུང་ནད་ལ་སོགས་པས་ཉེན་ཅིང་གཟིར་བའི་ནད་པ་ལ་སྣུམ་བཞི་པོ་ཞུན་ མར་དང་། རྐང་དང་ཚིལ་དང་ཏིལ་མར་དང་། རྒུན་འབྲུ་ལ་སོགས་པ་མངར་བའི་སྨན་དང་སྦྱར་བ་དྲོ་འཇམ་ཙམ་ལུས་ལ་བྱུག་པར་བྱའོ། །ཚ་བར་གྱུར་ལ་གྲོང་མོ་བླུགས། །ཞེས་བྱ་བ་ལ། གལ་ཏེ་ལུས་ལ་འཇུག་པ་ལ་སོགས་པའི་དྲེག་ནད་དེ་ཚ་བ་ཡིན་ན་ནི་སྣུམ་བཞི་ པོ་དང་མངར་བའི་སྨན་བསྐོལ་བ་བསྒྲངས་པ་བླུགས་པར་བྱའོ། །དེ་བཞིན་ར་ལུག་བ་ཡི་ནི། །འོ་མ་ཏིལ་མར་སྦྱར་བའམ། །ཞེས་བྱ་བ་ལ། དེ་བཞིན་དུ་ར་ལ་སོགས་པའི་འོ་མ་ཏིལ་མར་དང་སྦྱར་བ་ཡང་དྲོ་འཇམ་ཙམ་དུ་བྱས་ཏེ་ལུས་ལ་བྱུག་པ་དང་རེངས་པ་ལ་སོགས་ 202-1-51b པ་དང་གཟེར་གྱིས་ཉེན་པར་གྱུར་པའི་རླུང་ལས་གྱུར་པའི་དྲེག་ནད་ལ་བླུགས་པར་བྱའོ། །དྲེག་ནད་ཚ་བ་ལ་ནི་འོ་མ་འདི་དག་དང་ཏིལ་མར་སྦྱར་བ་གྲང་མོ་བླུགས་པར་བྱའོ། །འཚོ་བྱེད་སྡེ་ཚན་བསྐོལ་བའམ། །རྩ་བ་ཆུང་ངུ་ལྔ་བསྐོལ་བླུགས། །ཞེས་བྱ་བ་ལ། འཚོ་བྱེད་ཀྱི་ སྡེ་ཚན་བསྐོལ་བའི་ཁུ་བའམ། རྩ་བ་ཆུང་ངུ་ལྔ་བསྐོལ་བའི་ཁུ་བ་དྲོ་འཇམ་ཙམ་ལུས་ལ་འཇུག་པ་ལ་སོགས་པའི་ནད་ཀྱིས་ཉེན་པ་ལ་བླུགས་པར་བྱ་བ་ལ། ཚ་བ་ལ་ནི་གྲང་མོ་བླུགས་པར་བྱའོ། །རྒུན་ཆུ་བུ་རམ་ཤིང་ཁུ་ཆང་། །རང་སྐྱུར་ཞོ་དང་ཞོ་ག་ཆུ། །འབྲས་ བཀྲུས་ཆུ་དང་སྦྲང་རྩིའི་ཆུ། །ཁ་རའི་ཆུ་ནི་བླུགས་ནའང་ཕན། །ཞེས་བྱ་བ་ལ། དྲེག་ནད་ཚ་བ་དང་ལྡན་པ་ལ་ནི་རྒུན་ཆུའམ་བུ་རམ་ཤིང་གི་ཁུ་བ་ལ་སོགས་པ་བླུད་ན་ཕན་ནོ། །བུད་མེད་གཟུགས་སྡུག་སྙན་པར་སྨྲ། །ལག་པ་ནུ་མ་ཙནྡན་བསྐུས། །རེག་ན་བསིལ་ ཞིང་བདེ་བ་ཡིས། །ཚ་དང་ན་དང་རྨྱ་བ་སེལ། །ཞེས་བྱ་བ་ལ། བུད་མེད་གཟུགས་སྡུག་ཅིང་ཡིད་དུ་འོང་ལ་སྙན་པར་སྨྲ་བ། ལག་པ་དང་ནུ་མ་ཙནྡན་གྱིས་བསྐུས་པ་རེག་ན་བསིལ་ཞིང་བདེ་བ་སྐྱེད་པར་བྱེད་པ་ལ་འཁྱུད་པས་ཀྱང་ལུས་ཚ་བ་དང་ན་བ་དང་རྨྱ་ཞིང་དུབ་པ་སེལ་བར་ བྱེད་དོ། །མདོག་དམར་ཚ་དང་ནད་བཅས་ལ། །ཁྲག་ཕྱུང་ནས་ནི་ལྡེ་གུས་བསྐུ། །སྟག་ཚེར་བ་དང་ཤིང་མངར་བཙོད། །སྐྱེར་པ་ཙནྡན་ཁ་ར་དཀར། །ཨེ་རཎྜ་ཡི་ས་བོན་ཕྱེ། །སྲན་ཆུང་ཤུག་པ་པུ་ཤེལ་ཙེ། །ལྡེ་གུས་ཚ་ན་ཤུ་བ་མཆེད། །ན་ཞིང་མདོག་དམར་ སྐྲངས་པ་སེལ། །ཞེས་བྱ་བ་ལ། སྟག་ཚེར་པ་ཞེས་བྱ་བ། པྲ་པུཎྜ་རཱི་ག་ཙ་ལ་སོགས་པའི་ལྡེ་གུས་བསྐུས་ན་མདོག་དམར་ཞིང་ཚ་བ་ལ་སོགས་པའི་ནད་སེལ་བར་བྱེད་དོ། །ཀྲི་ས་ར་ནི་རླུང་འཇོམས་སྨན། །སྣུམ་བཅས་བསྐོལ་བའམ་མུད་ག་དང་། །འོ་ཐུག་ཡུངས་ ཀར་ཏིལ་ཚིགས་མ། །གླན་ཞིང་དཀྲིས་པས་གཟེར་འཇོམས་བྱེད། །ཅེས་བྱ་བ་ལ། ཀྲི་ས་ར་ནི་ཏིལ་དང་མོན་སྲན་སྡེའུ་ལ་སོགས་པ་ལས་བྱས་པའི་ཐུག་པ་སྟེ། དེ་རླུང་འཇོམས་པའི་སྨན་གྱི་ཁུ་བ་དང་། སྣུམ་དང་བཅས་པ་བསྐོལ་བའི་ལྡེ་གུ་ལྟ་བུས་བསྐུས་ལ་དཀྲིས་ 202-1-52a པའམ་དེ་བཞིན་དུ་མུད་ག་ཞེས་བྱ་བ་མོན་སྲན་སྡེའུ་དང་འོ་ཐུག་གམ་ཡུངས་ཀར་དང་ཏིལ་གྱི་ཚིགས་མ་རླུང་འཇོམས་པའི་སྨན་དང་སྣུམ་བསྐོལ་བས་གླན་ཞིང་དཀྲིས་པས་ཀྱང་དྲེག་ནད་ཀྱི་གཟེར་འཇོམས་པར་བྱེད་དོ། །ཆུར་གནས་རླན་ཅན་མཐུ་རྩལ་གྱིས། །གཟས་ ཚོལ་ཤ་བཏགས་གཡོས་ལེགས་པ། །འཚོ་བྱེད་སྨན་དང་སྣུམ་བཅས་པས། །གླན་ཞིང་དཀྲི་བ་བྱས་གྱུར་ན། །སྲ་ཞིང་གཟེར་ལ་ན་བ་དང་། །སྐྲངས་དང་གཡན་པ་འཇོམས་པར་བྱེད། །ཅེས་བྱ་བ་ལ། སྲོག་ཆགས་ཆུ་ན་གནས་པ་དང་། རླན་ཅན་དང་མཐུ་རྩལ་ གྱིས་གཟས་ཚོལ་བའི་ཤ་ཞིབ་ཏུ་བཏགས་ཏེ། ཚ་ལ་སོགས་པས་གཡོས་ལེགས་པར་བྱས་པ་དང་། འཚོ་བྱེད་ཀྱི་སྨན་གྱི་སྡེ་ཚན་དང་སྣུམ་དང་བཅས་པས་གླན་ཞིང་དཀྲིས་པས་ཀྱང་དྲེག་ནད་སྲ་ཞིང་རེངས་ལ་གཟེར་བ་ལ་སོགས་པ་འཇོམས་པར་བྱེད་དོ། །འཚོ་བྱེད་སྨན་དང་ བསྐོལ་བ་ཡི། །འོ་མ་ཞག་གིས་བསྐུས་ནའང་ཕན། །ཞེས་བྱ་བ་ལ། ཡང་ན་སྲ་བ་ལ་སོགས་པའི་ནད་ལ་འཚོ་བྱེད་ཀྱི་སྡེ་ཚན་དང་བསྐོལ་བའི་འོ་མའམ་ཞག་གིས་བསྐུས་ན་ཡང་དེ་ལ་ཕན་ནོ། །ས་ཧ་ར་ཛའི་རྩ་བ་དང་། ཛི་བན་ཏའི་མར་རའི་འོ་མ། ལྡེ་གུས་བསྐུས་ པའམ་དེ་བཞིན་དུ། །ཏིལ་བཏགས་བརྔོས་པའི་འོ་མར་སྦྱར། །ཞེས་བྱ་བ་ལ། ས་ཧ་ར་ཛའི་ཁུ་བ་ལ་སོགས་པ་མར་དང་བསྐོལ་བའམ། རའི་འོ་མ་དང་ལྡེ་གུར་སྦྱར་བའམ་ཏིལ་བཏགས་པ་བརྔོས་པ་འོ་མ་དང་སྦྱར་བའི་ལྡེ་གུས་བསྐུས་ན་ཡང་ཕན་ནོ། །ཟར་མ་འོ་མར་ སྦྱར་བའམ། །ཨེ་རཎྜ་ཡི་འབྲས་བུ་ནི། །འོ་མ་དག་དང་སྦྱར་བའམ། །ཤུ་ཏིའི་འོ་མར་སྦྱར་བ་ནི། །རླུང་ཤས་ཆེ་བའི་གཟེར་འཇོམས་བྱེད། །ཅེས་བྱ་བ་ལ། འོ་མ་དང་ཟར་མའི་ས་བོན་བཏབ་པའམ། ཡང་ན་ཨེ་རཎྜའི་འབྲས་བུ་འོ་མ་དང་བཏགས་པའམ། ཡང་ན་ཤུ་ཏིའི་འོ་མ་དང་སྦྱར་བའི་ལྡེ་གུས་བསྐུས་ན་རླུང་གི་ཤས་ཆེ་བའི་དྲེག་ནད་ཀྱིས་གཟེར་བའི་ནད་འཇོམས་པར་བྱེད་དོ། །བ་གཅིན་ཐལ་སྨན་ཆང་དང་བསྐོལ། །མར་གྱིས་བསྐུས་ནའང་དེ་ལ་ཕན། །ཞེས་བྱ་བ་ལ། ཡང་ན་བ་གཅིན་ལ་སོགས་པ་དང་བསྐོལ་བའི་མར་གྱིས་ 202-1-52b བསྐུས་ན་ཡང་རླུང་ཤས་ཆེ་བའི་དྲེག་ནད་འཇོམས་པར་བྱེད་དོ། །བད་ཀན་ཤས་ཆེར་རྒུན་ཚ་དང་། །བསྐོལ་བའི་མར་བསྐུ་བླུགས་པ་ཕན། །ཞེས་བྱ་བ་ལ། དྲེག་ནད་བད་ཀན་གྱི་ཤས་ཆེ་བ་ལ་ནི། རྒུན་ཆང་གི་ཚ་དང་བསྐོལ་བའི་མར་བསྐུ་བ་དང་བླུགས་པ་ཕན་ནོ། ། ཤུ་དག་རུ་རྟ་ཁྱིམ་དུད་པ། །ཤུ་ཏི་སེར་པོ་རྣམ་གཉིས་ཀྱི། །ལྡེ་གུས་བསྐུས་ན་དྲེག་ནད་ནི། །རླུང་དང་བད་ཀན་ཤས་ཆེ་སེལ། །ཞེས་བྱ་བ་ལ། རླུང་དང་བད་ཀན་ཤས་ཆེ་བའི་དྲེག་ནད་ལ་ནི་ཤུ་དག་ལ་སོགས་པ་བཏགས་པའི་ལྡེ་གུས་བསྐུས་ན་ཕན་ནོ། །ཤུ་ཏི་ ཤ་ཏ་ནི་པུས་པའོ། །སེར་པོ་རྣམ་གཉིས་ནི་ཡུང་བ་དང་སྐྱེར་པའོ། །དེ་བཞིན་ཤི་ཀྲུའི་ས་བོན་ནི། །འབྲས་ཀྱི་ཁུ་བའི་རང་སྐྱུར་ནི། །ཡུད་ཙམ་བཏགས་ནས་སྐྱུར་གྱུར་པ། །བླུགས་ན་བད་རླུང་ཤས་ཆེ་སེལ། །ཞེས་བྱ་བ་ལ། མ་དུ་ཤི་ཀྲུའི་ས་བོན་འབྲས་ཀྱི་ཁུ་བའི་རང་ སྐྱུར་དང་བཏགས་པ་དེས་ཡུད་ཙམ་བསྐུས་ལ་དེའི་འོག་ཏུ་ཚ་ལ་སོགས་པ་སྐྱུར་པོ་བླུགས་ན་བད་ཀན་དང་རླུང་ཤས་ཆེ་བའི་དྲེག་ནད་སེལ་བར་བྱེད་དོ། །རྟོགས་པར་སླ་ལ་བྱུགས་དང་བསྐུ། །བླུགས་དང་ལུས་ནི་བཅིང་བས་བསལ། །རྟོགས་དཀའ་མས་གཏོང་དྲག་པོ་དང་། །བཀྲུ་སྨན་ སྣུམ་གྱིས་བླུད་པས་གསོ། །ཞེས་བྱ་བ་ལ། དྲེག་ནད་རྟོགས་པར་སླ་བ་མཐོན་པོར་བསྟེན་ན་གནས་པ་ནི་སྨན་གྱི་ལྡེ་གུས་བྱུགས་པ་ལ་སོགས་པས་གསོ་བར་བྱའོ། །དྲེག་ནད་རྟོགས་པར་དཀའ་བ་ཞེས་བྱ་བ་མི་མངོན་ཞིང་ཁོང་པར་གཏིང་ཟུག་པར་ན་ན། ནི་རུ་ཧ་ལ་སོགས་པས་ གསོ་བར་བྱའོ། །བད་རླུང་ཤས་ཆེར་དྲོ་འཇམ་སྦྱར། །དེ་བྱུགས་ལ་སོགས་གྲང་མོ་ཡིས། །ལུས་ན་ཚ་ཞིང་གཡའ་ཞིང་སྐྲང་། །སྲ་བ་རྣམ་པར་འཕེལ་བར་འགྱུར། །ཞེས་བྱ་བ་ལ། བད་ཀན་དང་རླུང་ཤས་ཆེ་བའི་དྲེག་ནད་ལ་ནི་བསྐུ་བ་ལ་སོགས་པ་དྲོ་འཇམ་ཙམ་ བཏང་ན་ཕན་གྱི། དེར་བསྐུ་བྱུག་ལ་སོགས་པ་གྲང་མོ་བྱས་ན་ནི་ལུས་ཚ་བ་ལ་སོགས་པ་འཕེལ་བར་འགྱུར་རོ། །ཁྲག་མཁྲིས་ཤས་ཆེའི་དྲེག་ནད་ལ། །བྱུགས་པ་ལ་སོགས་བསིལ་བས་བྱ། །དྲོ་བས་ཚ་ཞིང་ན་ལ་དམར། །རྡུལ་འབྱུང་གས་པ་འབྱུང་བར་འགྱུར། ། 202-1-53a ཞེས་བྱ་བ་ལ། ཁྲག་དང་མཁྲིས་པ་ཤས་ཆེ་བ་ལ་ནི་བྱུག་པ་ལ་སོགས་པ་བསིལ་བ་ཕན་གྱི། བྱུག་པ་ལ་སོགས་པ་དྲོ་བ་བཏང་ན་ཚ་བ་ལ་སོགས་པ་འབྱུང་བར་འགྱུར་རོ། །ཤིང་མངར་སྲང་བརྒྱ་བསྐོལ་བ་ཡི། །ཁུ་བ་བཞི་ཆ་ལུས་པ་རུ། ། ཏིལ་མར་བྲེ་བཞི་འོ་མ་མཉམ། །ཏི་ར་མུར་པ་ཏ་མ་ལ། །ཉེའུ་ཤིང་ཨ་གར་པ་ཡ་སྱ། །ཙནྡན་ཧཾ་ས་བ་ཏི་དང་། །སྤང་སྤོས་སླེ་ཏྲེས་མེ་ད་གཉིས། །རམ་ཉེ་བ་གཉིས་ཤུ་ཏི་དང་། །ཤུག་པ་རྣམ་གཉིས་ཛི་བན་ཏི། །ཛི་བ་ཀ་དང་རི་ཤ་བ། །ཤིང་ཚ་གནྡྷ་བྷ་དྲ་དང་། ། ཆུ་སྲིན་སེན་མོ་བ་ལེ་ཀ །བཙོད་དང་པྲ་པུཎྜ་རཱི་ཀ །ཤ་རི་བ་དང་བི་ཤ་ལ། །ཀུ་ཏན་ན་ཏ་སྲང་རེ་ཡི། །ལྡེ་གུར་བཅས་པ་བསྐོལ་བར་བྱ། །སྦྱོར་བ་བཞི་པོས་དྲེག་ནད་ཀྱི། །མཁྲིས་པའི་ཚ་བ་རིམས་ནད་སེལ། །ཞེས་བྱ་བ་ལ། ཤིང་མངར་སྲང་བརྒྱ་ཁུ་བ་ བསྐོལ་བའི་ཆོ་གས་བསྐོལ་ལ། དེའི་སྨན་ཁུ་བཞི་ཆ་ལུས་པར་ཏིལ་མར་བྲེ་བཞི་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང་། འོ་མ་བྲེ་བཞི་བསྲེས་ལ་སྠི་ར་ལ་སོགས་པའི་སྨན་སྣ་རེ་སྲང་རེར་བྱས་པ་ལྡེ་གུར་བྱས་པ་དང་། བསྐོལ་བའི་སྦྱོར་བ་བཞི་པོ་དེ་བླུད་པ་དང་། སྣ་ནས་བཏང་བ་དང་། འཇམ་ རྩི་དང་བསྐུ་བའི་སྦྱོར་བ་བཞི་པོ་བྱས་ན་དྲེག་ནད་ཀྱི་ཚ་བ་ལ་སོགས་པ་སེལ་བར་བྱེད་དོ། །སྠི་ར་ནི་ས་ལ་པར་ཎའོ། །ཏ་མ་ལ་ཀ་ནི་བུ་ད་ཏྲིའོ། །པ་ཡས་སྱ་ནི་ཨར་ག་པུས་པའོ། །ཨ་ཀ་རུ་ནི་ཨ་ཀ་རུ་ནག་པོའོ། །ཧཾ་ས་པ་ཏི་ནི་ཏྲི་པ་དི་དང་ཀྲི་མི་མར་ཞེས་བྱ་བའོ། །མེ་ད་གཉིས་ ནི་མེ་ད་དང་མ་ཧཱ་མེ་དའོ། །བི་ཤ་ལ་ནི་ཨིན་དྲའོ། །ཀུ་ཏན་ན་ཏ་ནི་པ་རི་པེར་ལའོ། །བ་ལའི་ཁུ་བའི་ལྡེ་གུ་དང་། །ཏིལ་མར་འོ་མ་ཆ་མཉམ་བསྐོལ། །ལན་བརྒྱའི་བར་དུ་བསྐོལ་བ་དེས། །དྲེག་ནད་རླུང་ཅན་སེལ་བར་བྱེད། །བཅུད་ཀྱིས་ལེན་གྱི་དམ་པ་སྟེ། །དབང་པོ་ གསལ་བར་བྱེད་པ་ཡིན། །ཚེ་རིང་ལུས་འཕེལ་སྐད་སྙན་དང་། །ཁུ་ཆུ་ཁྲག་གི་ནད་སེལ་བྱེད། །ཅེས་བྱ་བ་ལ། སྨན་པ་ལ་བསྐོལ་བའི་ཁུ་བའམ་བཏགས་པའི་ལྡེ་གུ་ཏིལ་མར་དང་འོ་མ་ཆ་མཉམ་པོར་བསྐོལ་ལ། ཏིལ་མར་དེ་ལན་བརྒྱ་ཕྲག་མང་པོའི་བར་དུ་བསྐོལ་བ་དེས་ནི་རླུང་ 202-1-53b ལས་གྱུར་པའི་དྲེག་ནད་སེལ་བར་བྱེད་པ་ཡིན་ལ། དེ་བཞིན་དུ་བཅུད་ཀྱིས་ལེན་གྱི་ཡང་མཆོག་ཡིན་ཞིང་མིག་ལ་སོགས་པའི་དབང་པོ་གསལ་བ་དང་། ཚེ་རིང་ཞིང་སྲོག་འཛིན་པ་དང་། ལུས་འཕེལ་ཞིང་རྒྱས་པ་དང་། གདངས་སྙན་པ་དང་། ཁུ་བ་དང་ཁྲག་གི་ནད་གང་དག་ ཡིན་པ་སེལ་ཞིང་འཇོམས་པ་ཡིན་ནོ། །རྒྱུ་བའི་ལམ་འགགས་འཁྲུགས་གྱུར་པས། །ཚིལ་ལམ་བད་ཀན་ཤིན་ཏུ་ནི། །འཕེལ་བར་གྱུར་པའི་རླུང་ནད་ལ། །སྣུམ་བརྟས་དང་པོ་ཕན་པ་ཡིན། །ཞེས་བྱ་བ་ལ། རླུང་གི་རྒྱུ་བའི་ལམ་འགགས་པར་གྱུར་པའི་རྒྱུ་ཚིལ་ལྷག་ པར་འཕེལ་བའམ། བད་ཀན་ལྷག་པར་འཕེལ་བར་གྱུར་པ་ལ་དང་པོར་སྣུམ་པ་དང་བརྟ་བར་བྱ་བའི་སྨན་གྱི་སྦྱོར་བ་བྱས་པས་ནི་ཕན་པ་ཡིན་ནོ། །དེར་ནི་ཕྱུག་པོའི་རླུང་ནད་ཀྱི། །གསོ་བ་དྲེག་ནད་གསོ་བར་བྱ། །ཁྲག་ནི་དྭངས་པར་བྱེད་པ་ཡི། །སྣུམ་དང་སྨན་གྱི་སྦྱོར་ བ་བྱ། །ཞེས་བྱ་བ་ལ། ཚིལ་ལམ་བད་ཀན་འཕེལ་བར་གྱུར་པའི་ནད་དེ་ལ་ནི་ཕྱུག་པོའི་རླུང་ནད་ཅེས་བྱ་བའི་ཚིལ་དབྲི། གསོ་བའི་སྦྱོར་བ་གང་དག་ཡིན་པས་རླུང་གི་དྲེག་ནད་དེ་གསོ་བར་བྱས་ལ་དེའི་འོག་དུ་དྲེག་ནད་གསོ་བའི་སྦྱོར་བ་ཇི་སྐད་སྨོས་པ་བྱ་ཞིང་ཁྲག་ནད་མེད་པར་བྱ་བའི་སྦྱོར་བ་ གང་དག་ཡིན་པ་དེ་ཡང་བྱའོ། །དྲེག་ནད་ཀྱི་གསོ་བ་བཤད་ཟིན་ནས་དེའི་ཞར་ལ་སྲོག་ཅེས་བྱ་བའི་རླུང་ལ་སོགས་པ་རླུང་ལྔ་པོའི་གསོ་བ་སྨྲས་པ་ནི། སྲོག་སོགས་རླུང་ནི་ཅིག་ཅར་འཁྲུགས། །ཇི་སྐད་བསྟན་དང་ནད་གཞི་བཞིན། །ཇི་ལྟར་ཉེ་བར་སྨན་རྣམས་ནི། །ནད་ཚུལ་ཇི་ བཞིན་སྦྱིན་པར་བྱ། །ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སྲོག་ལ་སོགས་པའི་རླུང་ལྔ་པོ་ཅིག་ཅར་དུས་གཅིག་ཏུ་འཁྲུགས་ཤིང་ལྡང་བར་གྱུར་པ་ལ་ནི། རླུང་གི་ནད་གསོ་བའི་མཚན་ཉིད་ཇི་སྐད་བསྟན་པ་དང་མི་འགལ་ཞིང་སྲོག་ལ་སོགས་པའི་ནད་ལྡང་བ་ལས་གྱུར་པའི་ཚད་ཀྱི་ ཚུལ་ཇི་ལྟ་བུ་དང་སྲོག་ལ་སོགས་པའི་གནས་གང་དག་ཡིན་པ་དང་། ཇི་ལྟར་ཉེ་བའི་ཚུལ་དང་མི་འགལ་བར་ནད་གང་ཡིན་པ་ལ་སྲོག་ཅེས་བྱ་བའི་རླུང་ལ་སོགས་པ་ལ་གང་ཞིག་ཕན་པར་གྱུར་པའི་སྨན་ནད་ཀྱི་ཚུལ་ལས་བརྟགས་ཏེ་སྦྱིན་ཞིང་གསོ་བར་བྱའོ། །དེ་ལྟར་ན་འདིར་སྨན་ཅི་ 202-1-54a རིགས་པར་བློས་བརྟགས་ཏེ་སྦྱིན་པར་བྱ་བའི་དོན་ཡིན་ནོ། །མ་ཞུ་བཅས་ལ་དུགས་དང་སྨྱུང་། །སྨིན་བྱ་རྩུབ་སྨན་བྱུག་པ་དང་། །རླུང་སོགས་ཀྱིས་ནི་མ་ཞུ་བསལ། །བྱས་ལ་མ་འདྲེས་རླུང་གསོ་བྱ། །ཞེས་བྱ་བ་ལ། མ་ཞུ་བ་དང་བཅས་པའི་རླུང་ནད་ལ་ནི་ དུགས་དང་། སྨྱུང་བ་ལ་སོགས་པས་སྨིན་ཅིང་མ་ཞུ་བ་མེད་པར་བྱས་ལ། དེའི་འོག་ཏུ་མ་འདྲེས་པའི་རླུང་ནད་ཉི་ཚེ་བའི་གསོ་བ་ཇི་སྐད་སྨོས་པ་དག་བྱའོ། །སྐེམ་དང་བྱ་རྨྱང་ཡན་ལག་འཁུམས། །རེངས་དང་འདར་བུ་ཚོར་བ་མེད། །འགྲམ་ཉམས་ཁ་ཡོ་འཐེང་པོ་དང་། ། ཞ་བོ་དྲེག་ནད་ཀྱིས་འཐེང་དང་། །ཚིགས་འཁྲུལ་གཞོགས་ཕྱེད་ན་བ་དང་། །ཚིགས་དང་རྐང་རུས་ལ་ཞུགས་ནད། །འདི་དག་གནས་ནི་གཏིང་རིང་བས། །དེ་བས་འདི་དག་གསར་བཏབ་དང་། །བླ་བརྣན་མེད་ཅིང་ཉམས་སྟོབས་ལྡན། །འབད་ན་འཚོ་ཡི་གཞན་དུ་མིན། ། ཞེས་བྱ་བ་ལ། སྐེམ་པའི་ལུས་ནི་རིད་ཅིང་སྐམ་པར་འགྱུར་རོ། །བྱ་རྨྱང་ནི་ལུས་འགྱུར་ཞིང་གཅུ་བའོ། །ཡན་ལག་འཁུམས་པ་ནི་ལུས་ཀྱི་ཡན་ལག་འདུས་ཤིང་ཞུམ་པའོ། །རེངས་པ་ནི་ཤིང་ལྟར་རེངས་པའོ། །འདར་བ་ནི་ལུས་འདར་བའོ། །ཚོར་བ་མེད་པ་ནི་བེམ་བེམ་ པོར་གྱུར་པའོ། །འགྲམ་པ་ཉམས་པ་ནི་འགྲམ་པ་གཉིས་གནས་ལས་འཆུགས་ཤིང་ཉམས་པའོ། །ཁ་ཡོ་བ་ནི་རླུང་གིས་ཁ་ཕྱེད་ཡོན་པོར་གཅུས་པའོ། །འཐེང་པོ་ནི་རྐང་པའི་གཟུགས་ཕྱེད་ཉམས་པའོ། །ཞ་བོ་ནི་ཡན་ལག་འཇས་པའོ། །དྲེག་ནད་ཀྱིས་འཐེང་པ་དེ་ནི་རླུང་དང་ ཁྲག་གི་ནད་ཀྱིས་འཐེང་པར་འགྱུར་བའོ། །ཚིགས་འཁྲུལ་པ་ནི་རང་གི་གནས་འཆུགས་པའོ། །གཞོགས་ཕྱེད་ན་བ་ནི་ལུས་ཀྱི་གཞོགས་ཕྱེད་ལྷག་པར་ན་བའོ། །གཞན་ཡང་ཚིགས་ལ་སོགས་པ་ལ་གནས་ཤིང་གཏིང་དུ་ཞེན་པའི་ནད་འདི་དག་ནི་གནས་གཏིང་རིང་ཞིང་བརྟག་དཀའ་བར་ ཞེན་པ་ཡིན་པས་དེའི་ཕྱིར་ནད་འདི་དག་ནི་ནད་ཀྱིས་གསར་དུ་བཏབ་ཅིང་ནད་བྱུང་ནས་རིང་པོ་མ་ལོན་པ་དང་། བླ་བརྣན་གྱི་ནད་གཞན་མེད་ཅིང་ནད་པ་ཉམས་སྟོབས་དང་ལྡན་པ་དག་ལ་སྨན་པས་འབད་པ་དང་བཅས་ཏེ་གསོས་ན་འཚོའི། གཞན་དུ་ནི་འཚོ་བར་མི་འགྱུར་བར་གསར་དུ་བཏབ་པ་དང་བླ་ 202-1-54b བརྣན་མེད་པའི་སྐབས་སུ་འབད་དེ་གསོ་བར་བྱའོ། །མཁྲིས་འདྲེས་རླུང་ལ་གྲང་དྲོ་བའི། །གསོ་བའི་རིམ་གྱིས་མང་དུ་བྱས། །འཚོ་བྱེད་སྡེ་དང་བསྐོལ་བ་ཡི། །སྨན་མར་དག་ཀྱང་བླུད་པར་བྱ། །ཞེས་བྱ་བ་ལ། མཁྲིས་པ་དང་འདྲེས་པའི་རླུང་ནད་ལ་ནི་གྲང་བ་དང་དྲོ་བའི་ གསོ་བའི་རིམ་གྱིས་སྤོང་མང་དུ་བྱས་པ་ལ། དེ་བཞིན་དུ་འཚོ་བྱེད་ཀྱི་སྡེ་ཚན་དང་བསྐོལ་བའི་སྨན་མར་དག་ཀྱང་ནད་པ་དེ་ལ་བླུད་པར་བྱའོ། །སྐམ་སའི་ཤ་དང་སཱ་ལུ་ནས། །བཀྲུ་སྨན་འོ་མར་བཅས་འཇམ་གཏང་། །ཞེས་བྱ་བ་ལ། མཁྲིས་པ་དང་འདྲེས་ཤིང་མཁྲིས་པ་ བསྒྲིབས་པའི་རླུང་གི་ནད་འདི་ལ་སྐམ་སའི་སྲོག་ཆགས་ཀྱི་ཤ་དང་འབྲས་སཱ་ལུ་དང་ནས་ཀྱི་ཁ་ཟས་སྦྱིན་ཞིང་བཀྲུ་སྨན་འོ་མ་དང་སྦྱར་བའི་འཇམ་པོ་གཏང་བར་བྱའོ། །རྩ་བ་ལྔ་དང་བ་ལར་བསྐོལ། །འོ་མའི་མས་གཏོང་སྦྱོར་བ་བྱ། །ཞེས་བྱ་བ་ལ། མཁྲིས་པ་དང་འདྲེས་པའི་རླུང་ འདི་ལ་མས་གཏོང་བའི་སྨན་རྩ་བ་ལྔ་ཆེན་པོ་དང་བ་ལ་བསྐོལ་བའི་ཁུ་བ་དང་ལྷན་ཅིག་བསྐོལ་བའི་མས་གཏོང་བའི་སྦྱོར་བ་དག་གཏང་བར་བྱའོ། །སྨན་མར་བསྐོལ་བའི་ཏིལ་མར་གྱི། །འཇམ་རྩི་དུས་སུ་གཏང་བར་བྱ། །ཞེས་བྱ་བ་ལ། ཡང་དེ་འཇམ་རྩི་བཏང་བའི་དུས་ལ་བབ་ པ་ན་སྨན་མངར་བའི་སྡེ་ཚན་དང་བསྐོལ་བའི་ཏིལ་མར་གྱི་སྣུམ་གྱི་འཇམ་རྩི་མས་གཏོང་བར་བྱའོ། །ཤིང་མངར་བ་ལ་ཏིལ་མར་དང་། །མར་དང་འོ་མར་བསྐོལ་བ་བླུགས། །རྩ་བ་ལྔ་ཡི་ཁུ་བའམ། །ཆུ་ནི་གྲང་མོ་ཉིད་བླུགས་བྱ། །ཞེས་བྱ་བ་ལ། ཡང་ན་དེ་ལ་ཤིང་མངར་བསྐོལ་ བའི་ཏིལ་མར་འོ་མ་དང་མར་དུ་བསྐོལ་བ་བླུད་ན་ཡང་ཕན་ནོ། །ཡང་ན་རྩ་བ་ལྔ་བསྐོལ་བའི་ཁུ་བ་བླུགས་པའམ། ཡང་ན་ཆུ་གྲང་མོ་བླུགས་ན་ཡང་མཁྲིས་པ་དང་འདྲེས་པའི་རླུང་ལ་ཕན་ནོ། །བད་ཀན་བཅས་ལ་ནས་ཀྱི་ཟན། །སྐམ་སའི་རི་དྭགས་བྱ་ཡི་ཤ །དུགས་དང་མས་གཏོང་བཀྲུ་ སྨན་ནོ། །སློན་སྨན་བཀྲུ་སྨན་བཅས་པ་གཏང་། །མར་རྙིང་ཏིལ་མར་ཡུངས་ཀར་ལས། །བྱུང་བའི་མར་ནི་བླུད་ན་ཕན། །ཞེས་བྱ་བ་ལ། བད་ཀན་དང་བཅས་ཤིང་འདྲེས་པའི་རླུང་ལ་ནི་ནས་ཀྱི་ཟན་དང་། སྐམས་ན་གནས་པའི་རི་དྭགས་དང་བྱའི་ཤ་དང་། དུགས་བྱ་བ་དང་། 202-1-55a ནི་རུ་ཧ་རྣོན་པོ་གཏང་བ་དང་། སློན་སྨན་དང་བཀྲུ་སྨན་བཏང་བ་དག་ཕན་ལ། དེ་བཞིན་དུ་མར་རྙིང་པ་དང་། ཡུངས་ཀར་གྱི་མར་བླུད་ན་ཕན་ནོ། །བད་ཀན་མཁྲིས་པ་འདྲེས་པ་ལ། །དང་པོར་མཁྲིས་པ་གསོ་བར་བྱ། །ཞེས་བྱ་བ་ལ། བད་ ཀན་དང་མཁྲིས་པ་གཉིས་ཀ་དང་འདྲེས་པའི་རླུང་ནད་ལ་ནི་དང་པོ་ཁོ་ནར་མཁྲིས་པ་གསོས་ལ། དེའི་རྗེས་ལ་བད་ཀན་དང་འདྲེས་པའི་རླུང་ནད་བསལ་བར་བྱའོ། །ཁྲག་དང་འདྲེས་ལ་དྲེག་ནད་ཀྱི། །གསོ་བ་ཇི་སྐད་བཤད་པར་བྱ། །ཞེས་བྱ་བ་ལ། ཁྲག་དང་འདྲེས་པའི་རླུང་ནད་ ནི་དྲེག་ནད་ཀྱི་གསོ་བ་གོང་དུ་ཇི་སྐད་སྨོས་པ་དག་བྱའོ། །དུགས་བསྐུ་ཤ་ཁུ་འོ་མ་དང་། །སྣུམ་དང་བཅས་པས་ཤ་བཀྲ་སེལ། །ཞེས་བྱ་བ་ལ། ཤ་ལ་གནས་ཤིང་དེའི་ནང་དུ་ཞུགས་པའི་རླུང་ལ་ནི་དུགས་ལ་སོགས་ཅི་རིགས་སུ་སྦྱར་རོ། །ཕྱུག་པོའི་རླུང་ལ་གཅིན་སྙི་དང་། །ཚིལ་ དང་རླུང་འཇོམས་སྨན་གྱིས་གསོ། །ཞེས་བྱ་བ་ལ། ཕྱུག་པོའི་རླུང་ནད་ཚིལ་དང་རླུང་དུ་འདྲེས་པ་ལ་གཅིན་སྙི་བ་ཟ་གུའི་ནད་འཇོམས་པ་དང་། ཚིལ་འཇོམས་པའི་སྨན་གང་དག་ཡིན་པས་གསོ་བར་བྱའོ། །རུས་པ་རྐང་གནས་སྣུམ་ཆེན་གྱིས། །ཁུ་ཆུར་གནས་ལ་སྔར་བཤད་ པའི། །ཞེས་བྱ་བ་ལ། རུས་པ་དང་རྐང་ལ་གནས་པའི་རླུང་ལ་ནི་སྣུམ་ཆེན་པོ་བཞིའི་སྦྱོར་བས་གསོ་བར་བྱའོ། །ཁུ་ཚུར་གནས་པའི་རླུང་ནད་ལ་ནི་སྔར་རླུང་ནད་ཀྱི་གསོ་བའི་སྐབས་སུ་ཁུ་ཆུ་ལ་གནས་པའི་རླུང་ལ་ཕན་པའི་སྨན་གྱིས་གསོ་བར་བྱའོ། །ཟས་དང་འདྲེས་ལ་ འཇུ་བྱེད་དང་། །དྲོད་སྐྱེད་སྐྱུག་སྨན་ཡང་བ་བཏང་། །ཞེས་བྱ་བ་ལ། ཟས་དང་འདྲེས་པ་ལས་གྱུར་པའི་རླུང་ནད་ལ་ནི་འཇུ་བར་བྱེད་པའི་སྨན་དང་། དེ་བཞིན་དུ་དྲོད་སྐྱེད་པ་དང་སྐྱུག་སྨན་གྱིས་སློན་པ་དང་། རང་བཞིན་དང་ཚད་ཀྱིས་ཡང་བར་གྱུར་པའི་སྨན་གང་དག་ཡིན་ པ་བཏང་བས་གསོ་བར་བྱའོ། །གཅིན་འདྲེས་གཅིན་ནི་འཕེལ་བ་དང་། །དུགས་དང་འཇམ་རྩི་གོང་མས་གསོ། །ཞེས་བྱ་བ་ལ། གཅིན་དང་འདྲེས་པའི་རླུང་ནད་ལ་ནི་གཅིན་འཕེལ་བར་བྱེད་པའི་སྨན་ག་གོན་དང་། གཟེ་མ་ལ་སོགས་པའི་སྨན་བྱིན་ན་ཕན་པ་དང་དེ་བཞིན་དུ་དུགས་དང་ 202-1-55b མཚན་གྱི་སྒོ་ནས་འཇམ་རྩི་བཏང་བས་གསོ་བར་བྱའོ། །བཤང་འདྲེས་ཨེ་རཎྜའི་མར་དང་། །འཇམ་རྩི་སྣུམ་ནི་འཁྲུ་བྱེད་ཕན། །ཞེས་བྱ་བ་ལ། བཤང་བ་ལ་གནས་ཤིང་དེ་དང་འདྲེས་པའི་རླུང་ལ་ནི་ཨེ་རཎྜའི་ཏིལ་མར་དང་འཇམ་རྩི་དང་སྣུམ་འཁྲུ་བར་བྱེད་པ་བྱིན་ན་ ཕན་ནོ། །ལུས་ཟུངས་ཀུན་ཞུགས་རླུང་ནད་ལ། །བད་ཀན་མཁྲིས་པར་མི་གནོད་དང་། །གང་ཡང་རླུང་ནི་བདེར་རྒྱུ་བའི། །སྨན་དེ་རླུང་ནད་དེ་ལ་གཏང་། །ཞེས་བྱ་བ་ལ། ལུས་ཐམས་ཅད་ལ་ཞུགས་ཤིང་བརྟེན་པའི་རླུང་ནད་ལ་ནི་སྨན་གང་བད་ཀན་དང་མཁྲིས་པ་ལ་ གནོད་པ་མི་སྐྱེད་ཅིང་། ལྡང་བར་མི་འགྱུར་བ་རླུང་ལ་ནི་བདེ་བར་རྒྱུ་བར་བྱེད་པའི་སྨན་དེ་གཏང་བར་བྱའོ། །འཁྲུ་བར་མི་བྱེད་སྣུམ་པ་དང་། །རྩ་རྒྱུན་སྦྱོང་བར་བྱེད་པ་དང་། །མས་གཏོང་བ་ནི་མངར་བ་དང་། །སྣུམ་གྱི་འཇམ་རྩིས་གསོ་བར་བྱ། །ཉམས་སྟོབས་ཅི་ཡོད་ བརྟགས་ནས་ནི། །བཀྲུ་སྨན་འཇམ་པོ་གཏང་བར་བྱ། །བཅུད་ཀྱིས་ལེན་ནི་ཐམས་ཅད་ཀྱི། །སྦྱོར་བ་དག་ཀྱང་བསྔགས་པ་ཡིན། །མཆོག་ཏུ་བྲག་ཞུན་སྦྱོར་བ་དང་། །དེ་བཞིན་གུ་གུལ་ཉི་ཚེ་འམ། །ཁ་ར་སྲང་སྟོང་ཆིག་བརྒྱར་བཅས། །པ་བ་སངས་བཤད་ལྡེ་གུའང་ ཕན། །ཞེས་བྱ་བ་ལ། ལུས་ཟུངས་ཐམས་ཅད་ལ་གནས་པའི་རླུང་ནད་དེ་ལ་ནི་ཡང་འཁྲུ་བར་མི་བྱེད་པའི་སྣུམ་དང་། བུ་གའི་རྩ་རྒྱུན་སྦྱོང་ཞིང་དག་པར་བྱེད་པའི་ཟས་དང་སྐོམ་དང་སྨན་ཐམས་ཅད་གཏང་བར་བྱའོ། །དེ་བཞིན་དུ་ཕལ་ཆེར་མངར་བ་དང་སྦྱོར་བའི་འཇམ་རྩི་མས་ གཏོང་བ་དང་། སྣུམ་གྱི་འཇམ་རྩི་དག་གིས་གསོ་བར་བྱ་བ་དང་། ནད་པའི་ཉམས་སྟོབས་ལས་དཔགས་ཏེ་བཀྲུ་སྨན་འཇམ་པོ་བཏང་བ་དང་། བཅུད་ཀྱིས་ལེན་གྱི་སྦྱོར་བ་ཇི་སྐད་སྨོས་པ་དག་བསྟེན་ན་ཕན་པ་དང་། ཁྱད་པར་རམ་མཆོག་ཏུ་བྲག་ཞུན་གྱི་སྦྱོར་བ་ལན་མང་དུ་བསྟེན་ ན་ཕན་པ་དང་། དེ་བཞིན་དུ་གུ་གུལ་ཉི་ཚེའི་སྦྱོར་བ་བཏང་ན་ཕན་པ་དང་། པ་བ་སངས་ཀྱིས་བཤད་པའི་བཅུད་ཀྱིས་ལེན་པའི་སྦྱོར་བ་ཇི་སྐད་བཤད་པ་དག་ཀྱང་ཕན་ཏེ། དེ་ནི་ཁ་ར་སྲང་སྟོང་ཆིག་བརྒྱ་དང་བཅས་པའི་ལྕགས་ཕྱེའི་སྦྱོར་བ་ལས་བྱེད་པ་ཡིན་ནོ། །ཐུར་སེལ་འདྲེས་ལ་དྲོད་ 202-1-56a སྐྱེད་དང་། །འཁྲུ་གཅོད་རླུང་ནི་བདེར་རྒྱུ་བྱེད། །གཅིན་གྱི་གནས་ནི་སྦྱོང་བྱེད་པའི། །སྨན་རྣམས་དེ་ལ་གཏང་བར་བྱ། །ཞེས་བྱ་བ་ལ། ཐུར་དུ་སེལ་བ་ཞེས་བྱ་བའི་རླུང་གང་དང་འདྲེས་ཀྱང་རུང་སྟེ། དེ་ལ་ནི་ཕོ་བའི་མེ་དྲོད་སྐྱེད་པར་བྱེད་པ་ དང་། འཁྲུ་བ་གཅོད་པར་བྱེད་པ་དང་། རླུང་བདེ་བར་རྒྱུ་ཞིང་འབྱུང་བར་བྱེད་པ་དང་། གཅིན་གྱི་གནས་ལྒང་པ་སྦྱོང་བར་བྱེད་པའི་སྨན་གང་དག་ཡིན་པ་དེ་ཐམས་ཅད་གཏང་བར་བྱའོ། །དེ་ལྟར་སྲོག་ལ་སོགས་པ་ཡི། །འདྲེས་པའི་གསོ་བ་མདོར་བཤད་ཡིན། །སྨན་ པས་དེ་གསོ་རྒྱས་པར་ནི། །བློ་ཡིས་བརྟགས་ཏེ་ཅི་རིགས་བྱ། །ཞེས་བྱ་བ་ལ། དེ་ལྟར་བཤད་མ་ཐག་པའི་ཚུལ་གྱིས་སྲོག་ཅེས་བྱ་བ་ལ་སོགས་པའི་རླུང་དང་ནད་གཞན་འདྲེས་པའི་གསོ་བ་མདོ་ཙམ་དུ་བསྟན་པ་ཡིན་གྱི། སྲོག་ལ་སོགས་པའི་རླུང་ལྔ་པོ་དེ་དག་གི་གསོ་བ་རྒྱ་ ཆེར་ནི་སྨན་པས་བློས་ལེགས་པར་བརྟགས་ལ་ཇི་ལྟར་འོས་པ་དང་ཅི་རིགས་པར་སྦྱར་བར་བྱའོ། །སྟོད་དུ་རྒྱུ་བའི་སྤྱི་བོར་བསྡུ། །ཐུར་སེལ་དེ་ལས་བཟློག་པར་བྱ། །མེ་དང་མཉམ་གནས་མཉམ་པར་བྱ། །ཁྱབ་བྱེད་གསུམ་དུ་སྦྱར་བར་བྱ། །ཞེས་བྱ་བ་ལ། སྟོད་དུ་རྒྱུ་བའི་ རླུང་ནི་སྤྱི་བོར་དྲང་ཞིང་བསྡུ་བར་བྱ་ལ། ཐུར་དུ་སེལ་བའི་རླུང་ནི་དེ་ལས་གོ་བཟློག་པ་སྟེ། ཅི་ནས་ཀྱང་ཐུར་དུ་རྒྱུ་ཞིང་འགྲོ་བར་བྱ་ལ། མེ་དང་མཉམ་དུ་གནས་པ་ནི། ཆ་མཉམ་པ་ཉིད་དུ་བྱས་ཏེ། སྟེང་དུ་དྲང་བར་ཡང་མི་བྱ་ལ། འོག་ཏུ་དྲང་བར་ཡང་མི་བྱའོ། ། ཅི་ནས་ཀྱང་དེ་ཉིད་དུ་མཉམ་པར་གནས་པར་བྱའོ། །ཁྱབ་བྱེད་ཅེས་བྱ་བའི་རླུང་ནི་སྟེང་དང་འོག་དང་བར་གསུམ་ཆར་དུ་གནས་པར་བྱའོ། །བཞི་པོ་བས་ཀྱང་སྲོག་བསྲུང་སྟེ། །དེ་གནས་ན་ནི་ལུས་གནས་འགྱུར། །ཞེས་བྱ་བ་ལ། སྟོད་དུ་རྒྱུ་བ་ལ་སོགས་པའི་ རླུང་བཞི་པོ་བས་ཀྱང་། རྣམ་པ་ཐམས་ཅད་དུ་འབད་དེ་སྲོག་ཅེས་བྱ་བའི་རླུང་ལྷག་པར་བསྲུང་བར་བྱ་སྟེ། གང་གི་ཕྱིར་སྲོག་ཅེས་བྱ་བའི་རླུང་དེ་གནས་ན་ལུས་གནས་ཤིང་མི་འཇིག་པར་འགྱུར་བ་ཡིན་ནོ། །དེ་ལྟར་རླུང་ནི་ལམ་གཞན་ཞུགས། །རང་རང་གི་ནི་གནས་ 202-1-56b སུ་གཞག །ཅེས་བྱ་བ་ལ། དེ་ལྟར་ཚུལ་འདིས་ན་ལམ་གཞན་དུ་ཞུགས་པའི་རླུང་ཐམས་ཅད་རྣམ་པ་སྣ་ཚོགས་ཀྱིས་དེ་ལས་བཟློག་ཅིང་རང་གི་གནས་སུ་གཞག་ཅིང་བསྡུ་ཞིང་གཞག་པར་བྱའོ། །ཁྲག་མཁྲིས་འདྲེས་པ་མ་གཏོགས་པ། །འདྲེས་པའི་ནད་ནི་ཐམས་ཅད་ ལ། །བཅུད་ཀྱིས་ལེན་གྱི་ཆོ་ག་བཞིན། །སྒོག་སྐྱ་བསྟེན་ན་སེལ་བར་བྱེད། །ཅེས་བྱ་བ་ལ། རླུང་ནད་གཞན་དང་འདྲེས་པ་སྔར་བཤད་པ་ཐམས་ཅད་ལ་ཁྲག་དང་འདྲེས་པ་མཁྲིས་པ་དང་འདྲེས་པ་མ་གཏོགས་པར་གཞན་ཐམས་ཅད་ལ་བཅུད་ཀྱིས་ལེན་གྱི་ཆོ་ག་ཇི་སྐད་བཤད་པ་ བཞིན་དུ་སྒོག་སྐྱ་བསྟེན་ན་ཡང་ནད་དེ་ཐམས་ཅད་སེལ་བར་བྱེད་དོ། །མཁྲིས་པ་འདྲེས་ལ་མཁྲིས་སེལ་བས། །རླུང་ནི་བདེ་བར་རྒྱུ་བར་བྱ། །ཞེས་བྱ་བ་ལ། མཁྲིས་པ་དང་སྟོད་དུ་རྒྱུ་བ་ལ་སོགས་པ་འདྲེས་པ་ནི་མཁྲིས་པ་སེལ་བར་བྱེད་པའི་སྨན་གང་དག་ཡིན་པ་དང་། དེ་ བཞིན་དུ་རླུང་བདེ་བར་རྒྱུ་བ་གང་དག་ཡིན་པ་དེ་བྱའོ། །ཁྲག་དང་འདྲེས་ལ་དེ་ཉིད་དང་། །འཐེང་བའི་ནད་བཤད་སྨན་བྱའོ། །ཞེས་བྱ་བ་ལ། སྟོད་དུ་རྒྱུ་བ་ལ་སོགས་པ་ཁྲག་དང་འདྲེས་པ་ལ་ནི་མཁྲིས་པའི་སྨན་དང་རླུང་བདེ་བར་རྒྱུ་བ་སྔ་མ་དེ་ཉིད་དང་། རླུང་ནད་འཐེང་པའི་སྨན་གང་ དག་ཡིན་པ་དེ་བྱའོ། །ཁྲག་མཁྲིས་རླུང་ནི་སེལ་བ་ཡི། །བཅུད་ཀྱིས་ལེན་ནི་སྣ་ཚོགས་སྦྱར། །ཞེས་བྱ་བ་ལ། ཡང་ན་ནད་དེ་ལ་ནད་གཞི་དང་། ལུས་ཟུངས་ལ་སོགས་པ་ཁྲག་དང་འདྲེས་པ་ལ་ནི་ལེགས་པར་བརྟགས་ལ་ཁྲག་ལ་གོགས་པ་སེལ་བའི་བཅུད་ཀྱིས་ལེན་པ་སྣ་ཚོགས་ དང་ཅི་རིགས་པར་སྦྱར་བར་བྱའོ། །ནད་གཞི་ཇི་ལྟར་བསྟན་པ་བཞིན། །གསོ་བ་དེ་ལྟར་ཡང་དག་བཤད། །ཉམ་ཐག་འཕྲལ་དུ་སེལ་བ་འདི། །ཚེ་ཡི་རིག་བྱེད་གནས་འབྲས་བུ། །ཞེས་བྱ་བ་ལ། ནད་གཞི་སྔར་ཇི་སྐད་བསྟན་པ་བཞིན་དུ་གསོ་བའི་བཤད་པ་ཡང་དེ་ལྟར་བཀོད་ཅིང་ བཤད་དེ་ཚུལ་དེ་ལྟར་ལེའུ་ཉི་ཤུ་རྩ་གཉིས་ཀྱི་གསོ་བ་ཡང་དག་པར་བཤད་པ་ཡིན་ནོ། །གསོ་བའི་གནས་འདི་ནི་ནད་ཀྱིས་ཉམ་ཐག་པ་ཉིད་འཕྲལ་དུ་དེའི་མོད་ལ་སེལ་ཞིང་འཇིག་པར་བྱེད་པའི་རྒྱུས་ན་ཚེའི་རིག་བྱེད་ཀྱི་གནས་མ་ལུས་པའི་འབྲས་བུར་གྱུར་པ་ཡིན་ནོ། །གསོ་བ་ཕན་པ་གནོད་སེལ་ 202-1-57a དང་། །སྦྱོར་བ་སྨན་དང་རྩི་དང་ནི། །ཞི་བར་བྱེད་དང་སྔགས་བྱ་སྟེ། །དེ་དག་སྨན་མིང་རྣམ་གྲངས་ཡིན། །ཞེས་བྱ་བ་ལ། སྨན་ནི་གསོ་བ་དང་ཕན་པ་ཞེས་བྱ་བ་ལ་སོགས་པའི་མིང་གི་རྣམ་གྲངས་ཀྱི་ཚེའི་རིག་བྱེད་ལ་མཁས་པའི་དྲང་སྲོང་ རྣམས་ཀྱིས་བསྟན་ཅིང་བཤད་པ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། གསོ་བའི་གནས་ལེའུ་ཉི་ཤུ་རྩ་གཉིས་པའི་རྣམ་པར་འགྲེལ་པའོ།། །།ཡན་ལག་ བརྒྱད་པའི་སྙིང་པོའི་གནས་ཞེས་བྱ་བ་གནས་བཞི་པའི་འགྲེལ་པ་རྫོགས་སོ།། །།དེ་ནས་སྐྱུག་སྨན་གྱི་ཆོ་ག་བཤད་པར་བྱའོ། །ཞེས་བྱ་བ་ལ། གསོ་བའི་གནས་ཀྱི་འོག་ཏུ་ཆོ་ག་གྲུབ་པའི་གནས་བཤད་པ་ནི་ཤིན་ཏུ་རིགས་པ་ཁོ་ན་ཡིན་ཏེ། གསོ་བ་ནི་ཆོ་གའི་གནས་ལ་ ལྟོས་པར་བྱ་དགོས་པ་ཡིན་པའི་ཕྱིར་རོ། །དེ་ཡང་། དུས་སྟོབས་བྱ་བ་ཤེས་པ་ཡིས། །སྐྱོ་མ་ཤ་ཁུ་བུ་རམ་ཤིང་། །ཁུ་བའམ་ཆོ་ག་ལས་བཤད་ཆང་། །སྐྱུག་སྨན་དོན་དུ་སྦྱར་བར་བྱ། །ཞེས་བྱ་བ་ལ་སོགས་པ་སྨོས་པའི་རིགས་པས་གསོ་བ་ནི་ཕལ་ཆེར་ཆོ་གའི་གནས་ལ་ལྟོས་ དགོས་པ་ཉིད་ཡིན་པའི་ཕྱིར་རོ། །སྐྱུག་པར་བྱེད་པའི་སྨན་རྣམས་བྱ་བའི་སྦྱོར་བ་ནི་ཆོ་ག་སྟེ་ལས་སུ་བྱའོ། །དེ་ལ་ནད་འབྱིན་པར་བྱེད་པ་ནི་སྐྱུག་པའི་སྨན་ཏེ། དེ་ལྟར་སྐྱུག་སྨན་སྔོན་དུ་བཏང་བས་བཀྲུ་སྨན་ལ་སོགས་པ་ལས་རྣམ་པ་ལྔའི་ནང་ན་སྐྱུག་སྨན་མཆོག་ཉིད་ཡིན་པར་བཤད་པ་ཡིན་ནོ། ། རྒྱུན་ཤེས་ཀྱི་བུ་ལ་སོགས་པ་དྲང་སྲོང་ཆེན་པོ་རྣམས་ཀྱིས་འདི་ལྟར་བཤད་དེ་ཞེས་བྱ་བ་ལ་ནི་སྔ་མ་བཞིན་དུ་བཤད་པར་བྱའོ། །སྐྱུག་སྨན་མཆོག་ནི་པོ་སོན་ཆ། །དུར་བྱིད་རྩ་བ་བཀྲུ་སྨན་མཆོག །གཞན་དག་ནད་ཀྱི་དབང་ལས་ནི། །ཁྱད་པར་དུ་ནི་གྱུར་པ་ཡིན། །ཞེས་བྱ་བ་ལ། སྐྱུག་སྨན་དུ་བཏང་བའི་སྨན་རྣམས་ཀྱི་མཆོག་ནི་པོ་སོན་ཆ་ཞེས་བྱ་བ་མ་ད་ན་ཕ་ལ་མཆོག་དམ་པ་ཡིན་ཏེ། དེ་ནི་སྐྱོན་མེད་པ་ཡིན་ལ། དེ་བས་ན་སྨན་དེ་ནི་དུས་ཐམས་ཅད་དུ་ནད་ཐམས་ཅད་ལ་ཕན་པ་ཡིན་པའི་ཕྱིར་རོ། །བཀྲུ་སྨན་རྣམས་ཀྱི་ནང་ན་དུར་བྱིད་ཀྱི་རྩ་བ་མཆོག་དམ་པ་ཡིན་ཏེ། རྟག་པར་ 202-1-57b ནད་ཐམས་ཅད་བདེ་བར་འཁྲུ་བར་བྱེད་ཅིང་གནོད་པ་མི་སྐྱེད་པ་ཡིན་པའི་ཕྱིར་རོ། །ཛི་མུ་ཏ་ལ་སོགས་པའི་སྨན་གཞན་རྣམས་ནི་ནད་རེ་རེའི་དབང་དུ་བྱས་པའི་ཁྱད་པར་ལ་ལྟོས་ནས་ཁྱད་པར་དུ་འཕགས་ཤིང་མཆོག་ཏུ་གྱུར་པ་ཡིན་གྱི། པོ་སོན་ཆའི་འབྲས་བུ་དང་། དུར་བྱིད་ཀྱི་རྩ་བ་ལྟར་དུས་ ཐམས་ཅད་ལ་ཕན་ཞིང་མཆོག་ཏུ་གྱུར་པ་མ་ཡིན་ནོ། །པོ་སོན་ཆ་དེ་མདོག་སྐྱ་ཞིང་། །ཤིན་དུ་སྔོ་བའམ་མ་ཡིན་པ། །ཉིན་ཞག་ཚེས་གྲངས་ཤིས་པ་ལ། །སོས་ཀ་དཔྱིད་ཀྱི་མཚམས་སུ་བཏུ། །ཕྱིས་ནས་འཇག་མའི་སྣོད་དུ་ནི། །བཅུག་སྟེ་བཅིངས་ལ་བ་ལང་གི། །ལྕི་བས་སྣོད་ དེ་བྱུགས་ནས་ནི། །འབྲུ་ཡི་ནང་དུ་གཞག་པར་བྱ། །ཞེས་བྱ་བ་ལ། པོ་སོན་ཆ་དེ་བཏུ་བ་ཡང་མདོག་སྐྱ་བ་སྟེ་སྨིན་པ་ལས་ཤིན་ཏུ་ཐལ་བའི་མདོག་ཧ་ཅང་སྐྱ་བ་མ་ཡིན་པ་དང་། དེ་བཞིན་དུ་ཤིན་ཏུ་སྔོ་བ་ཡང་མ་སྨིན་པ་ཡིན་པས་དེ་ལྟ་བུ་ཡང་མ་ཡིན་ཏེ། དེ་ལྟར་སྨིན་ནས་ཐལ་ཆེས་པ་དང་། མ་ སྨིན་པ་གཉིས་ཀ་མ་ཡིན་པ་དེ་ཉིན་ཞག་དང་ཚེས་གྲངས་ཤིས་ཤིང་བཟང་བ་ལ་སོགས་པའི་དུས་ཚིགས་དང་། དཔྱིད་ཀྱི་དུས་ཀྱི་བར་མཚམས་སུ་ལེགས་པར་བཏུ་ཞིང་བླངས་ནས་ཕྱིས་ཤིང་སྦྱངས་ནས་འཇག་མའི་སྣོད་དུ་བྱས་པའི་ནང་དུ་བཅུག་སྟེ། སྟེང་ནས་སྲད་བུ་ལ་སོགས་པས་ བཅིངས་ལ་དེའི་འོག་ཏུ་བ་ལང་གི་ལྕི་བས་སྣོད་དེའི་ཕྱི་རོལ་ནས་བསྐུ་ཞིང་བྱུག་པར་བྱའོ། །དེ་ལྟར་བསྐུས་པའི་རྗེས་ལ་འཇག་མའི་ཐུམ་བུ་དེ་ཞག་བརྒྱད་ཀྱི་བར་དུ་འབྲས་ཀྱི་ཕུང་པོའི་ནང་དུ་བཅུག་ལ་གཞག་པར་བྱའོ། །འཇག་མས་དཀྲིས་པས་འཇམ་པ་དང་། །སྦྲང་རྩི་ལྟ་བུར་དྲི་ཞིམ་ ལ། །ཞག་བརྒྱད་འདས་པར་གྱུར་པ་དང་། །ཕྱུང་སྟེ་དེ་ནི་ཉི་མར་བསྐམ། །ཞེས་བྱ་བ་ལ། པོ་སོན་ཆ་དེ་འཇུག་མས་དཀྲིས་པའི་དབང་གིས་གང་གི་ཚེ་འཇམ་པོར་གྱུར་ཅིང་སྦྲང་རྩི་ལྟ་བུར་དྲི་ཅུང་ཟད་ཞིམ་པར་གྱུར་པ་དང་། ཞག་བརྒྱད་འདས་པ་དེའི་ཚེ་འཇག་མའི་སྣོད་ཀྱི་ནང་ནས་ ཕྱུང་ལ་ཉི་མ་ལ་བསྐམ་པར་བྱའོ། །དེ་འོག་ལེགས་པར་བསྐམས་པ་དང་། །ནང་གི་འབྲས་བུ་ཕྱུང་ནས་ནི། །ཞོ་དང་ཞོ་ག་ཆུ་མར་གྱི། །ལྡེ་གུར་མཉེས་ལ་སླར་ཡང་བསྐམ། །ཞེས་བྱ་བ་ལ། པོ་སོན་ཆ་དེ་ལེགས་པར་བསྐམས་པར་གྱུར་པ་དང་། ནང་གི་འབྲས་བུ་གང་ཡིན་པ་དེ་ཕྱུང་ 202-1-58a ལ་དེ་ཞོ་ལ་སོགས་པ་དང་མཉེས་ལ། ལྡེ་གུ་དེ་ཡང་བསྐམ་པར་བྱའོ། །དེ་ནས་ལེགས་པར་སྦས་ཏེ་བཞག །དགོས་པའི་དུས་སུ་སྦྱར་བར་བྱ། །ཞེས་བྱ་བ་ལ། དེའི་འོག་ཏུ་ནང་གི་འབྲས་བུ་བསྐམས་པ་དེས་རྫའི་བུམ་པ་སར་པ་མགྲིན་པའི་བར་དུ་བཀང་སྟེ། ལེགས་པར་སྦས་ལ་དེ་ནས་ནམ་སྦྱོར་བ་ལ་དགོས་པའི་དུས་སུ་དེ་སྦྱར་ཞིང་གཏང་བར་བྱའོ། །དེ་ནས་དེ་ལ་ཚད་ཙམ་དུ། །བླངས་ནས་ཆམ་ཆོམ་བརྡུངས་ནས་ནི། །ཤིང་མངར་གོ་བྱེ་བི་ད་རའམ། །བིམ་པ་ལྕང་མ་སླེ་སྨན་ཏི། །བུ་ཏི་ཨ་པ་མརྒ་དང་། །ཨརྒ་གང་ཡང་རུང་བ་ནི། ། བསྐོལ་བའི་ཆུ་ཡི་ནང་དུ་ནི། །ནུབ་གཅིག་ལེགས་པར་སྦང་བར་བྱ། །ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་པོ་སོན་ཆའི་འབྲས་བུ་དེ་ལས་ཅི་ཙམ་གྱི་སློབ་པར་གྱུར་པའི་ཚད་ཙམ་བླངས་ལ། གཏུན་གྱི་ནང་དུ་ཆམ་ཆོམ་བརྡུངས་ཏེ་བཏགས་པ་ཤིང་མངར་ལ་སོགས་པ་གང་ཡང་རུང་བ་བསྐོལ་ བའི་ཆུའི་ནང་དུ་ནུབ་གཅིག་གི་བར་དུ་སྦང་བར་བྱའོ། །དེ་ནས་སྨན་གྱི་ཁུ་བ་དེ། །མཉེས་ཤིང་བཙགས་ལ་ནང་པར་ནི། །མདོ་ནས་བསྟན་པའི་ཆོ་ག་བཞིན། །ལེགས་པར་བླུད་ལ་སྐྱུག་ཏུ་གཞུག །ཅེས་བྱ་བ་ལ། དེ་ལྟར་ནུབ་གཅིག་སྦངས་ནས་སྨན་གྱི་ཁུ་བ་དེ་ལེགས་པར་མཉེས་ ལ། ཚགས་ཀྱིས་བཙགས་ཏེ། ནང་པར་གྱི་དུས་སུ་བླུད་པ་ལ་སྔར་མདོའི་གནས་སུ་ཇི་སྐད་བསྟན་པའི་ཆོ་ག་བཞིན་དུ་ལེགས་པར་བྱས་ཏེ། སློན་ཞིང་སྐྱུག་ཏུ་གཞུག་པར་བྱའོ། །བད་ཀན་ལས་གྱུར་རིམས་ཆམ་པ། །སྐྲན་དང་ཁོང་འབྲས་རྣམས་ལ་ནི། །ཇི་སྲིད་མཁྲིས་པ་ སྣང་གི་བར། །ཁྱད་པར་དུ་ནི་སྐྱུག་ཏུ་གཞུག །ཅེས་བྱ་བ་ལ། བད་ཀན་ལས་གྱུར་པའི་རིམས་ལ་སོགས་པའི་ནད་ལ་སྐྱུག་སྨན་བྱིན་ཏེ། དུས་ཇི་སྲིད་དུ་མཁྲིས་པ་སྣང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་སྐྱུག་ཏུ་གཞུག་གོ། །པོ་སོན་ཆ་ཡི་འབྲས་བུ་ཡི། །ཕྱེ་མ་བསྐོལ་བའི་ཁུ་བར་ནི། ། འབྲས་བུ་གསུམ་ཕྱེ་ཆ་གསུམ་བཏབ། །ཀོ་བི་ད་ར་སོགས་ཁུར་བཅས། །བླུད་ན་རིམས་དང་དམུ་རྫིང་དང་། །རྨེན་བུ་འབྲས་དང་འབྲུམ་ཆེན་དང་། །གཏུན་འདྲའི་རླུང་ནད་སེལ་བར་བྱེད། །ཅེས་བྱ་བ་ལ། པོ་སོན་ཆའི་ནང་གི་འབྲས་བུའི་ཕྱེ་མའམ། དེ་བསྐོལ་བའི་རང་གི་ཁུ་བ་ 202-1-58b དང་དེའི་སུམ་ཆའི་འབྲས་བུ་གསུམ་གྱི་ཕྱེ་མ་བསྲེས་ལ། ཀོ་བི་ད་ར་ལ་སོགས་པའི་ཁུ་བ་དང་བཅས་པར་བླུད་ན་རིམས་ལ་སོགས་པའི་ནད་སེལ་བར་བྱེད་དོ། །མཁྲིས་པ་བད་ཀན་གནས་ཞུགས་ལ། །ཛི་མུ་ཏ་སོགས་ཁུ་བར་བླུད། །ཅེས་བྱ་བ་ལ། པོ་སོན་ཆའི་ནང་གི་ འབྲས་བུའི་ཕྱེ་མ་དེ་ཛི་མུ་ཏ་ལ་སོགས་པ་སྟེ། ཛི་མུ་ཏ་ཀ་དང་ཨི་ཀྵ་ཀུ་དང་། ཀ་ཤ་ཏ་ཀི་རྣམ་གཉིས་དང་། དུག་མོ་ཡུངས་ཀྱི་ས་བོན་བསྐོལ་བའི་ཁུ་བ་དང་སྦྱར་བ་བླུད་ན་མཁྲིས་པ་བད་ཀན་གྱི་གནས་སུ་ཞུགས་པའི་ནད་ལ་ཕན་ནོ། །སྙིང་ཚ་ཁྲག་མཁྲིས་དག་ལ་ནི། །དེ་འབྲས་འོ་མར་ བསྐོལ་བ་ཡི། །འོ་ཐུག་བཅས་པ་བླུད་པར་བྱ། །ཞེས་བྱ་བ་ལ། པོ་སོན་ཆ་དེའི་ནང་གི་འབྲས་བུ་འོ་མར་བསྐོལ་བ་དང་སྦྱར་ཏེ་བླུད་པའམ། འོ་ཐུག་གི་ནང་དུ་པོ་སོན་ཆའི་ནང་གི་འབྲས་བུ་བཏབ་པ་བླུད་ན་སྙིང་ཚ་བ་ལ་སོགས་པའི་ནད་སེལ་བར་བྱེད་དོ། །བད་ཀན་ལས་གྱུར་སློན་བྲོ་དང་། ། ཆམ་པ་མུན་ཐིབས་བྱེད་པ་ལ། །དེ་བསྐོལ་འོ་མ་ལས་བྱུང་བའི། །ཞོ་ཡི་སྤྲིས་མའམ་ཞོ་བླུད་བྱ། །པོ་སོན་ཆ་སོགས་ལྡེ་གུ་དང་། །བསྐོལ་བའི་འོ་མ་ལས་བྱུང་བའི། །མར་སར་བད་ཀན་གྱིས་དྲོད་ཉམས། །ལུས་སྐམ་པ་ལ་སྐྱུག་སྨན་བྱ། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་སློན་བྲོ་ བ་ལ་སོགས་པའི་ནད་ལ་ནི་པོ་སོན་ཆའི་ནང་གི་འབྲས་བུ་འོ་མ་དང་བསྐོལ་བ་མནན་པ་ལས་གྱུར་པའི་ཞོའི་སྤྲིས་མའམ། མནན་པའི་ཞོ་དེ་ཉིད་བླུད་ལ་སློན་དུ་གཞུག་པར་བྱའོ། །ཆམ་པའི་ནད་བད་ཀན་གྱི་ལྗན་ལྗིན་མང་དུ་འབྱུང་བར་བྱེད་པའོ། །མུན་ཐིབས་ཞེས་བྱ་བ་ནི། དབུགས་ མི་བདེ་བའི་ནད་ཀྱིས་མུན་པར་ཞུགས་པ་སྙམ་དུ་སེམས་པའོ། །པོ་སོན་ཆ་ལ་སོགས་པའི་ལྡེ་གུ་དང་བསྐོལ་བའི་འོ་མ་བླུགས་པ་ལས་བྱུང་བའི་མར་སར་བླུད་ན། བད་ཀན་གྱིས་དྲོད་ཉམས་པར་བྱས་པ་དང་། དེ་བཞིན་དུ་ལུས་བསྐམས་ཤིང་སྦེགས་པར་གྱུར་པ་ལ་སྐྱུག་སྨན་དུ་བྱའོ། །པོ་སོན་ཆ་ སོགས་ཞེས་བྱ་བའི་སོགས་པའི་སྒྲས་ནི། ཛི་མུ་ཏ་ཀ་དང་། ཨི་ཀྵ་ཀུ་དང་ཀོ་ཤ་ཏ་ཀི་དང་། ར་ཛ་ཀོ་ཤ་ཏ་ཀི་དང་། དུག་མོ་ཡུངས་ཀྱི་ས་བོན་བསྡུས་ཏེ་སྐྱུག་སྨན་གྱི་མཆོག་དྲུག་པ་དེ་དག་བསྐོལ་བའི་ཁུ་བའམ་བཏགས་པའི་ལྡེ་གུ་དང་འོ་མར་བསྲེས་པ་ལས་བྱུང་བའི་མར་སར་རོ། ། 202-1-59a པོ་སོན་ཆ་ཡི་ཁུ་བ་ནི། །བསེ་ཤིང་ཆོ་གས་བཙགས་ནས་ནི། །གཟར་བུར་ཆགས་པའི་བར་དུ་བསྐོལ། །བྱིན་ལ་བདེ་བར་སྐྱུག་ཏུ་གཞུག །ཅེས་བྱ་བ་ལ། པོ་སོན་ཆའི་ནང་གི་འབྲས་བུ་བསྐོལ་བའི་ཁུ་བ་ནི་བསེ་ཤིང་གི་འབྲས་བུའི་ཆོ་ག་ཇི་སྐད་ སྨོས་པ་ལྟར་བཙགས་ཏེ། གཟར་བུ་ལ་ཆགས་ཀྱི་བར་དུ་བསྐོལ། དེའི་འོག་དུ་ལྡེ་གུ་དེ་བྱིན་ལ། བདེ་ཞིང་ཉམ་ང་བ་མེད་པར་སྐྱུག་ཏུ་གཞུག་པར་བྱའོ། །ལྡེ་གུ་དེ་འམ་དེའི་ཁུ་བ། །བཟའ་དང་བཏུང་བར་སྦྱར་ཏེ་གཏང་། །ཞེས་བྱ་བ་ལ་བཤད་མ་ཐག་པའི་ལྡེ་གུ་དེ་བཟའ་ བ་དང་བཏུང་བ་བསྲེས་ཏེ་བཏང་བའམ། །པོ་སོན་ཆ་དེའི་ནང་གི་འབྲས་བུ་བསྐོལ་བའི་ཁུ་བ་བཟའ་བ་དང་བཏུང་བ་ལ་སོགས་པ་དང་སྦྱར་ཏེ་བྱིན་ལ་སློན་དུ་གཞུག་པར་བྱའོ། །པོ་སོན་ཆའི་འབྲས་བུའི་ཁུ་བ། །དུག་མོ་ཡུངས་སོགས་སྡེ་ཚན་བཏབ། །ནིམ་པ་ཨརྒ་གང་ཡང་རུང་། ། བསྐོལ་བའི་ཁུ་བར་བཅས་པ་ནི། །བླུད་ན་ཉམས་བརྟས་ལས་བྱུང་ནད། །གཏིང་ཟུག་ཀུན་ཀྱང་སེལ་བར་བྱེད། །ཅེས་བྱ་བ་ལ། པོ་སོན་ཆའི་ནང་གི་འབྲས་བུ་བསྐོལ་བའི་ཁུ་བའི་ནང་དུ་དུག་མོ་ཡུངས་ལ་སོགས་པའི་སྨན་གྱི་སྡེ་ཚན་གྱི་ཕྱེ་མ་བཏབ་ལ། ནིམ་པའམ་ཨརྒ་ བསྐོལ་བའི་ཁུ་བ་དང་སྦྱར་ཏེ་བླུད་ན། ཉམས་བརྟས་པ་ལས་བྱུང་བའི་ནད་གཏིང་ཟུག་ཅིང་ནང་དུ་ཞེན་པར་གྱུར་པ་ཐམས་ཅད་ཀྱང་སེལ་ཞིང་འཇོམས་པར་བྱེད་དོ། །པོ་སོན་ཆ་ཡི་མེ་ཏོག་ནི། །ཞིབ་བཏགས་ཕྲེང་བསྒོས་མནམས་ནས་ནི། །ཐུག་ཤ་ཁུ་སོགས་ངོམས་པ་བླུད། ། སྐྱིད་དེ་བ་ནི་བདེར་སློན་གཞུག །ཅེས་བྱ་བ་ལ། པོ་སོན་ཆ་ནི་མ་ད་ན་ཕ་ལ་སྟེ། དེའི་མེ་ཏོག་ཞིབ་ཏུ་བཏགས་པ་མེ་ཏོག་གི་གེ་སར་གྱི་རྡུལ་འདྲ་བར་བྱས་ལ། ཕྱེ་མ་དེས་མེ་ཏོག་གི་ཕྲེང་བ་ལ་ལེགས་པར་བསྒོས་པ་དེ་ལྟ་བུའི་དྲི་ཕུན་སུམ་ཚོགས་པ་མནམས་པས་བད་ཀན་དང་ མཁྲིས་པ་ལེགས་པར་བསླངས་ཤིང་གཡོས་པར་བྱས་ནས་ཐུག་པ་དང་། ཤ་ཁུ་དང་ཀྲི་ས་ར་དང་། ནས་ཐུག་ལ་སོགས་པ་གང་ཡང་རུང་བ་ངོམས་པར་བླུད་དེ། དྲི་དེ་མནམ་ལ་དེ་ལྟ་བུས་སྡུག་མ་མྱོང་ཞིང་། སྐྱིད་དེ་བར་གནས་པའམ། བྱིས་པ་གཞོན་ནུ་ངག་བདེ་ཞིང་ཉམ་ 202-1-59b ང་བ་མེད་པར་སློན་དུ་གཞུག་པར་བྱའོ། །པོ་སོན་ཆ་མེད་མེ་ཏོག་དང་། །འབྲས་བུ་གཞོན་ནུ་དེ་བཞིན་སྦྱར། །ཞེས་བྱ་བ་ལ། གལ་ཏེ་པོ་སོན་ཆའི་འབྲས་བུ་མེད་ཅིང་མ་རྙེད་པར་གྱུར་ན་དེ་བཞིན་དུ་པོ་སོན་ཆའི་མེ་ཏོག་གམ། པོ་སོན་ཆའི་འབྲས་བུ་མ་སྨིན་པ་གཞོན་ནུ་ བཏགས་ལ་ཤིང་མངར་ལ་སོགས་པ་བསྐོལ་བའི་ཆུའི་ནང་དུ་ནུབ་གཅིག་སྦངས་ལ། སླར་བཙགས་པའི་ཁུ་བ་མདོའི་གནས་ལས་སྨོས་པའི་ཆོ་གས་བཏུང་བར་བྱ་བ་ལ་སོགས་པ་ནས། དེའི་ཕྱེ་མ་ཞིབ་མོས་བསྒོས་པའི་ཕྲེང་བ་མནམས་པས་བདེ་བར་སློན་དུ་གཞུག་པའི་བར་ཇི་སྐད་ སྨོས་པ་བཞིན་དུ་བྱའོ། །དེ་ཡན་ཆད་ནི་པོ་སོན་ཆའི་ཆོ་ག་ཇི་ལྟར་བྱ་བ་བསྟན་པ་ཡིན་ནོ། །ཛི་མུ་ཏ་སོགས་དེ་དང་འདྲ། །ཞེས་བྱ་བ་ལ། ཛི་མུ་ཏ་ཀ་དང་། ཨ་ཀྵ་ཀུ་དང་ཀོ་ཤ་ཏ་ཀི་རྣམ་གཉིས་དང་། དུག་མོ་ཡུངས་ཀྱི་ས་བོན་གྱི་བར་དེ་དག་ཀྱང་པོ་སོན་ཆ་དང་འདྲ་བར་གཏང་ བར་བྱ་ཞིང་། ཆོ་ག་ཡང་དེ་དང་མཐུན་པར་སྦྱར་བར་བྱའོ། །ཛི་མུ་ཏ་ནི་ཁྱད་པར་དུ། །རིམས་དང་ལུད་པ་དབུགས་མི་བདེ། །སྐྱིགས་བུ་ལ་སོགས་ནད་ལ་གཏང་། །ཞེས་བྱ་བ་ལ། ཛི་མུ་ཏ་ནི་དེ་བ་ཏ་ལི་དང་ཀར་ཀོ་ཊི་དང་། བི་ནི་དང་། ཛི་མུ་ཏ་ཀ་ཞེས་མིང་གི་རྣམ་གྲངས་ ཀྱིས་བཤད་པ་ཡིན་ཏེ། ཛི་མུ་ཏ་དེ་ཁྱད་པར་དུ་རིམས་ལ་སོགས་པའི་ནད་ཀྱིས་བཏབ་པ་ལ་གཏང་བར་བྱའོ། །འདི་ཡི་མེ་ཏོག་འོ་མར་བཙོས། །འབྲས་བུ་སྨིན་པ་འོ་ཐུག་བཅས། །སྤུ་བཅས་འོ་མའི་སྤྲིས་མར་སྦྱར། །སྤུ་མེད་ཞོ་ཡི་སྤྲིས་མར་སྦྱར། །ཞེས་བྱ་བ་ལ། ཛི་མུ་ཏའི་མེ་ཏོག་སྐྱེས་པ་ རྫོགས་པར་གྱུར་པ་དེ་འོ་མའི་ནང་དུ་བཙོས་པ་བླུད་ལ་སྐྱུག་ཏུ་གཞུག་པར་བྱ་བའམ། ཛི་མུ་ཏ་འདི་འབྲས་བུ་སྨིན་པར་གྱུར་པ་དེ་འོ་ཐུག་གི་ནང་དུ་བཏབ་སྟེ། བླུད་ལ་སྐྱུག་ཏུ་གཞུག་པར་བྱའོ། །ཡང་འདིའི་འབྲས་བུ་སྤུ་དང་བཅས་པར་གྱུར་པ་ནི་འོ་མའི་སྟེང་གི་སྤྲིས་མ་དང་སྦྱར་ཏེ་སྐྱུག་སྨན་དུ་གཏང་བར་བྱ་ལ་ འབྲས་བུ་སྤུ་མེད་པ་ནི་ཞོའི་སྤྲིས་མ་དང་སྦྱར་ཏེ་སྐྱུག་སྨན་དུ་གཏང་བར་བྱའོ། །སྐྱ་བའམ་སྔོན་འགྱུར་འོ་མར་བཅུག །ཞོ་ནི་སྐྱུར་བར་གྱུར་པའམ། །ཞེས་བྱ་བ་ལ། ཛི་མུ་ཏའི་འབྲས་བུ་སྐྱ་བའམ་སྡོ་བར་གྱུར་པ་འོ་མའི་ནང་དུ་བཅུག་ལ། དེ་མནན་པས་ཞོ་སྐྱུར་པོར་གྱུར་པ་དེ་སྐྱུག་ 202-1-60a སྨན་གྱི་དོན་དུ་སྦྱིན་པར་བྱ་བའམ། ཡང་ན། མནན་པའི་ཆང་གི་དྭངས་མར་ནི། །མཉེས་ཏེ་ཞུ་བར་གྱུར་པ་བླུད། །ཅེས་བྱ་བ་ལ། ཛི་མུ་ཏ་དེ་མནན་པའི་ཆང་ཨ་སུ་ར་ཞེས་བྱ་བའི་དྭངས་མར་དང་པོར་མཉེས་ཏེ་ཞུ་བར་གྱུར་ནས་བཙགས་ཏེ་བླུད་པར་བྱའོ། །བད་ཀན་ལུད་ པ་ཡི་ག་འཆུས། །སྐྱ་རྦབ་གཅོང་ཆེན་ནད་ལ་གཏང་། །ཞེས་བྱ་བ་ལ། ཛི་མུ་ཏའི་སྦྱོར་བ་འདི་དག་ནི་བད་ཀན་ལས་གྱུར་པའི་ལུད་པ་ལ་སོགས་པའི་ནད་ལ་གཏང་བར་བྱའོ། །ཀུ་བ་ཀོ་ཤ་ཏ་ཀི་ཡང་། །སྦྱོར་བའི་ཆོ་ག་འདི་ཉིད་བྱ། །ཞེས་བྱ་བ་ལ། ཀུ་བ་ནི་ཀུ་བ་ཁ་བོ་སྟེ། ཀཌྜ་ཀ་ལ་པུ་ཞེས་བྱའོ། ། ཀོ་ཤ་ཏ་ཀི་ནི་ར་ཛ་ཀོ་ཤ་ཏ་ཀི་ཞེས་བྱ་བ་ཀོ་ཤ་པ་ལ་ཞེས་བྱ་བ་དང་། ཀོརྡ་ཀོ་ཤ་ཏ་ཀི་ཞེས་བྱ་བ་ཀོ་ཤ་ཏ་ཀི་རོ་ཁ་བ་སྟེ། དེ་ལྟར་ཀོ་ཤ་ཏ་ཀི་རྣམ་གཉིས་དང་ཀུ་བ་ཁ་བོ་སྟེ། སྨན་གསུམ་པོ་འདི་དག་ལ་ཡང་འདིའི་མེ་ཏོག་འོ་མར་བཙོས་ཞེས་བྱ་བ་ནས་མཉེས་ཏེ་ཞུ་བར་གྱུར་པ་བླུད་ཅེས་བྱ་བའི་བར་ དུ་སྦྱོར་བ་སྔ་མ་དང་མཐུན་པ་ཁོ་ནར་བྱའོ། །སྨིན་ཅིང་བསྐམས་པར་གྱུར་པ་ཡི། །ཛི་མུ་ཏ་ཡི་འབྲས་བུ་དག །ཕྱེ་མ་སྲང་ཕྱེད་འོ་མར་བསྲེས། །རླུང་མཁྲིས་ནད་ཀྱིས་ཉེན་ལ་བླུད། །ཅེས་བྱ་བ་ལ། ཛི་མུ་ཏའི་འབྲས་སྨིན་ཅིང་བསྐམས་ལ་རྙིང་པར་གྱུར་པའི་ཕྱེ་མ་སྲང་ཕྱེད་འོ་མ་དང་བསྲེས་པ་རླུང་ དང་མཁྲིས་པས་ཉེན་པའི་ནད་པ་ལ་བླུད་ཅིང་སྐྱུག་ཏུ་གཞུག་པར་བྱའོ། །ཛི་མ་ཏ་འབྲས་གཉིས་སམ་གསུམ། །བརྡུངས་པ་དེ་ཡི་ཁུ་བ་ནི། །དོང་ག་ལ་སོགས་དགུ་པ་ནི། །གང་ཡང་རུང་བ་ལ་སྦངས་ཏེ། །མཉེས་ལ་བཙགས་པར་གྱུར་པ་དག །བད་ཀན་མཁྲིས་རིམས་ཅན་ལ་བླུད། །ཅེས་ བྱ་བ་ལ། ཛི་མུ་ཏའི་འབྲས་བུ་གཉིས་སམ་གསུམ་ཆམ་ཆོམ་བརྡུངས་པ་པ་ཏོ་ལ་བསྐོལ་བའི་ཁུ་བའི་ནང་དུ་སྦངས་པའམ། ཡང་ན་དོང་ག་ལ་སོགས་པའི་སྨན་གྱི་སྡེ་ཚན་ཏེ། དོང་ག་དང་། དུག་མོ་ཡུངས་དང་། ཀ་ཀ་ཏིག་ཏ་དང་། པ་ཊ་ལི་དང་། ནིམ་པ་དང་། སླེ་ཏྲེས་དང་། མུར་བ་ དང་། དཱུར་བ་དང་། བྱི་དང་ག་དང་། པ་ཐའི་བར་གྱི་སྨན་གང་ཡང་རུང་བ་གཅིག་བསྐོལ་བའི་ཁུ་བའི་ནང་དུ་སྦངས་ཏེ། ནང་པར་མཉེས་ལ་ཚགས་ཀྱིས་བཙགས་པའི་ཁུ་བ་དེ་བད་ཀན་དང་མཁྲིས་པར་ལྡན་པའི་རིམས་ཀྱིས་བཏབ་པའི་མི་ལ་བླུད་པར་བྱའོ། །ཛི་མུ་ཏ་ཡི་ཕྱེ་མའམ། །ལྡེ་གུ་ཆུ་གྲང་སྦྱར་ 202-1-60b བ་དག །མཁྲིས་རིམས་ཅན་བླུད་བད་ཀན་དང་། །རླུང་འདྲེས་རིམས་ལ་ཆུ་དྲོན་བླུད། །ཅེས་བྱ་བ་ལ། ཛི་མུ་ཏའི་ཕྱེ་མའམ། ལྡེ་གུར་བྱས་པ་དག་མཁྲིས་པ་ལས་གྱུར་པའི་རིམས་ལ་ནི་ཆུ་གྲང་དང་སྦྱར་ཏེ་བླུད་ལ་བད་ཀན་དང་རླུང་འདྲེས་པའམ། བད་ཀན་འབའ་ཞིག་ལས་གྱུར་ པའི་རིམས་ལ་ནི་ཆུ་ཅུང་ཟད་དྲོ་བ་དང་སྦྱར་ཏེ་བླུད་པར་བྱའོ། །ལུད་པ་དབུགས་མི་བདེ་དང་དུག །སློན་རིམས་བད་ཀན་གྱིས་ཉེན་དང་། །མུན་ཐིབས་བྱེད་པའི་ནད་ལྡན་ལ། །ཀུ་བ་ཁ་བོའི་སྐྱུག་སྨན་བསྔགས། །ཞེས་བྱ་བ་ལ། ཀུ་བ་ཁ་བོ་ནི་ཨི་ཀྵ་ཀུ་སྟེ། དེ་ནི་ཁྱད་པར་དུ་ལུད་པ་ལ་སོགས་ པའི་ནད་ཀྱིས་བཏབ་པའི་སྐྱུག་སྨན་དུ་བསྔགས་སོ། །དེ་བཞིན་དུ་མུན་པའི་ནང་དུ་ཞུགས་པ་སྙམ་བྱེད་པའི་ནད་ལ་ཡང་བསྔགས་སོ། །དེ་ནི་མེ་ཏོག་འབྲས་བུ་མེད། །མྱུ་གུ་གཞོན་ནུ་འོ་མར་བཙོས། །བད་ཀན་མཁྲིས་པ་ལས་གྱུར་རིམས། །མཁྲིས་པ་ཤས་ཆེར་གྱུར་ལ་བླུད། །ཅེས་བྱ་བ་ལ། ཀུ་བ་ ཁ་བོ་དེ་མེ་ཏོག་འབྲས་བུ་མེད་པར་གྱུར་པའི་སྐབས་ཀྱི་མྱུ་གུ་འདབ་མ་འཇམ་པོ་ཡོད་པ་དང་བསྐོལ་བའི་འོ་མ་ནི་བད་ཀན་དང་མཁྲིས་པ་ལས་གྱུར་པའི་རིམས་མཁྲིས་པའི་ཤས་ཆེ་བ་ལ་བླུད་ཅིང་སློན་དུ་གཞུག་པར་བྱའོ། །འབྲས་བུ་སྨིན་པའི་ནང་གི་ནི། །འབྲས་བུ་ཕྱུང་སྟེ་འོ་མ་བཅུག །ཞོར་གྱུར་ལུད་པ་དབུགས་ མི་བདེ། །བླུད་དེ་སློན་དུ་གཞུག་པར་བྱ། །ཞེས་བྱ་བ་ལ། ཀུ་བ་ཁ་བོའི་འབྲས་བུ་ལགས་པར་སྨིན་པར་གྱུར་པ་དང་། ཀུ་བའི་ནང་ནས་འབྲས་བུ་ཕྱུང་ལ། ཀུ་བའི་ནང་དུ་འོ་མ་བཅུག་སྟེ། མནན་ལ་ཞོར་གྱུར་པ་དང་། ལུད་པ་དང་དབུགས་མི་བདེ་བའི་ནད་པ་ལ་བླུད་ལ་སློན་དུ་གཞུག་གོ། །འབྲས་བུའི་ ནང་མ་ཞོ་ག་ཆུ། །མཛེ་དུག་སྐྱ་རྦབ་ཉིད་ལ་བླུད། །ཅེས་བྱ་བ་ལ། ཀུ་བ་ཁ་བོའི་ནང་གི་འབྲས་བུ་ཞོ་ག་ཆུ་དང་སྦྱར་ཏེ། མཛེ་ནད་ལ་སོགས་པས་བཏབ་པ་ལ་བླུད་དེ་སློན་དུ་གཞུག་པར་བྱའོ། །དེ་དང་དར་བ་བསྐོལ་བ་ནི། །རྒྱམ་ཚ་སྦྲང་རྩིར་བཅས་པའང་བླུད། །ཅེས་བྱ་བ་ལ། ཡང་ན་ཀུ་བ་ཁ་བོ་ དང་། དར་བ་བསྐོལ་བའི་ནང་དུ་རྒྱམ་ཚ་དང་སྦྲང་རྩི་བཏབ་སྟེ་བླུད་ལ། མཛེ་དང་དུག་དང་སྐྱ་རྦབ་ཀྱིས་ཉེན་བའི་ནད་པ་སློན་དུ་གཞུག་པར་བྱའོ། །ཡང་ན་དེ་ཡི་ས་བོན་ནི། །ར་ཡི་འོ་མར་བཅས་པ་དག །དུག་སྐྲན་དམུ་རྫིང་རྨེན་བུ་དང་། །འབྲས་དང་རྐང་བམ་ནད་ལ་བླུད། །ཅེས་བྱ་བ་ལ། ཀུ་བ་ཁ་བོའི་ས་ 202-1-61a བོན་རའི་འོ་མ་དང་སྦྱར་བ་རའི་འོ་མ་དེ་ཉིད་དང་བཅས་པ་དུག་ལ་སོགས་པའི་ནད་ཀྱིས་བཏབ་པ་ལ་བླུད་ལ་སློན་དུ་གཞུག་གོ། །བད་ཀན་ལས་གྱུར་ལུད་པའི་རིམས། །ལྐོག་མའི་ནད་དང་མ་ཞུ་ལ། །ཀུ་བ་ཁ་བོའི་ཁུ་བ་ནི། །ཕྱེ་དང་སྦྱར་བའི་སྐྱོ་མ་བླུད། །ཅེས་བྱ་བ་ལ། བད་ཀན་ལས་ གྱུར་པའི་ལུད་པ་ལ་སོགས་པའི་ནད་ལ། ཀུ་བ་ཁ་བོ་བསྐོལ་བའི་ཁུ་བ་ཕྱེ་དང་སྦྱར་བའི་སྐྱོ་མ་བླུད་ལ་སློན་དུ་གཞུག་གོ། །སྐྲན་དང་རིམས་རྙིང་བྱིང་བ་ལ། །ལྡེ་གུ་ཤ་ཁུར་སྦྱར་བླུད་ན། །ལེགས་པ་ཁོ་ནར་སློན་འགྱུར་ཞིང་། །ཉམ་ཆུང་བར་ཡང་འགྱུར་མ་ཡིན། །ཞེས་བྱ་བ་ལ། ཡང་ཀུ་བ་ཁ་བོའི་ལྡེ་གུ་ཤ་ ཁུ་དང་སྦྱར་བ་བླུད་ན་སྐྲན་དང་རིམས་བྱིང་བ་ཡུན་རིང་དུ་ལོན་པ་རྙིང་པ་སེལ་ཞིང་སྦྱོར་བ་དེ་ལྟ་བུས་ཉམ་ང་བ་མེད་པར་ལེགས་པར་སློན་པར་འགྱུར་ཞིང་ནད་པ་དེ་ཉམ་ཆུང་བས་ཉེན་པར་མི་འགྱུར་རོ། །ཀུ་བ་ཁ་བོའི་མེ་ཏོག་དང་། །འབྲས་བུའི་ཕྱེ་མས་བསྒོས་པ་ཡི། །མེ་ཏོག་ཕྲེང་བ་བསྣམས་པ་ནི། །སྐྱིད་དེ་བ་ ཡི་སྐྱུག་སྨན་ཡིན། །ཞེས་བྱ་བ་ལ། ཀུ་བ་ཁ་བོའི་མེ་ཏོག་དང་འབྲས་བུ་བསྐམས་པ་ཞིབ་ཏུ་བཏགས་པས་མེ་ཏོག་གི་ཕྲེང་བ་ལ་བསྒོས་ཏེ། དེའི་དྲི་མ་མནམས་པས་སྐྱིད་དེ་བ། །བདེ་བ་ལ་བརྟེན་པ་དག་སྐྱུག་ཏུ་བཞུག་གོ། །སྐྲན་ལུད་དམུ་རྫིང་ལྐོག་མའི་ནད། །བད་ཀན་གནས་ལ་བརྟེན་པའི་རླུང་། །བད་ ཀན་ཁ་དང་མགྲིན་པར་གནས། །བད་ཀན་འཕེལ་བར་གྱུར་པ་དག །བརྟན་ཞིང་དཀྱེལ་ནི་སྐྱེས་པ་ལ། །ཀོ་ཤ་ཏ་ཀའི་སྐྱུག་སྨན་བསྔགས། །ཞེས་བྱ་བ་ལ། སྐྲན་ལ་སོགས་པའི་ནད་དང་བད་ཀན་གྱི་གནས་ལ་བརྟེན་པའི་རླུང་ནད་ལ། ཁ་དང་ལྐོག་མར་གནས་པའི་བད་ཀན་དང་། བད་ཀན་འཕེལ་ ཞིང་རྒྱས་པར་གྱུར་པ་དང་བརྟན་ཅིང་དཀྱེལ་ཆེ་བར་གྱུར་པ་ལ་ནི་ར་ཛ་ཀོ་ཤ་ཏ་ཀི་ཞེས་བྱ་བ་མརྒའི་སྐྱུག་སྨན་བཏང་བ་བསྔགས་པ་ཡིན་ནོ། །འཚོ་བྱེད་ཉེའུ་ཤིང་ཟངས་རྩི་བ། །ཁ་སྲལ་ཕྲེའུ་རམ་ཉེ་གཉིས། །ཤྲ་བ་ནི་དང་མེ་ད་དང་། །མ་ཧཱ་མེ་ད་མ་དྷུ་ལི། །འདི་དག་རེ་རེའི་ཕྱེ་མ་དང་། །ཀོ་ཤ་ཏ་ཀིའི་ ཕྱེ་མར་བཅས། །སྦྲང་རྩི་ཁ་རར་སྦྱར་བ་ནི། །ལུད་པ་སྙིང་ནི་ཚ་ལ་བསྔགས། །ཞེས་བྱ་བ་ལ། འཚོ་བྱེད་དང་། ཉེའུ་ཤིང་ལ་སོགས་པ་གང་ཡང་རུང་བའི་ཕྱེ་མ་ར་ཛ་ཀོ་ཤ་ཏ་ཀིའི་ཕྱེ་མ་དང་བཅས་པ་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་བྱིན་ཏེ་སློན་དུ་བཅུག་ན་ལུད་པ་ལ་སོགས་པའི་ནད་ལ་ཕན་ནོ། །དེ་རྗེས་ཆུ་དྲོན་བླུད་ 202-1-61b པ་ནི། །བད་ཀན་མཁྲིས་ཚ་ལྡན་ལ་བསྔགས། །ཞེས་བྱ་བ་ལ། ལྡེ་གུ་དེ་བྱིན་པའི་རྗེས་ལ་ཆུ་དྲོན་བླུད་པ་ནི་མཁྲིས་པ་ཚ་བ་དང་ལྡན་པའི་བད་ཀན་ལ་སྐྱུག་སྨན་དུ་བསྔགས་སོ། །འུ་སུ་གཡེར་མའི་ཁུ་བ་དང་། །དེ་ཡི་ཁུ་བས་དུག་འཇོམས་སོ། །ཞེས་བྱ་བ་ལ། འུ་སུའི་འབྲས་བུ་དང་། གཡེར་ མ་བསྐོལ་བའི་ཁུ་བ་ར་ཛ་ཀོ་ཤ་ཏ་དེའི་ལྡེ་གུ་དང་སྦྱར་བའི་སྐྱུག་སྨན་བླུད་ན་དུག་འཇོམས་པར་བྱེད་པར་འགྱུར་རོ། །བིམ་པ་ཀ་ས་མར་ད་འམ། །བ་སྤྲུ་བ་ཡི་ཁུ་བར་ནི། །ར་ཛ་ཀོ་ཤ་ཏ་ཀི་ནི། །རྡོག་མ་གཅིག་གམ་གཉིས་མཉེས་པའི། །དངས་མ་སྙིང་གི་ནད་ལ་བླུད། །ཅེས་བྱ་བ་ལ། ར་ཛ་ཀོ་ཤ་ ཏ་ཀིའི་རྡོག་མ་གཅིག་གམ་གཉིས་བིམ་པ་བསྐོལ་བའི་ཁུ་བའམ། ཀ་ས་མར་ད་བསྐོལ་བའི་ཁུ་བའམ། བ་སྤྲུ་བ་བསྐོལ་བའི་ཁུ་བའི་ནང་དུ་མཉེས་ལ་བཙགས་པའི་དྭངས་མ་བླུད་དེ་སློན་དུ་བཅུག་ན་མཆོག་ཏུ་སྙིང་གི་ནད་སེལ་ཞིང་འཇོམས་པར་བྱེད་པའི་དམ་པ་ཡིན་ནོ། །དེ་བསྐོལ་འོ་མ་ལས་བྱུང་ མར། །པོ་སོན་ཆ་སོགས་བསྐོལ་བ་བླུད། །ཅེས་བྱ་བ་ལ། ཡང་ན་ར་ཛ་ཀོ་ཤ་ཏ་དེ་དང་བསྐོལ་བའི་འོ་མ་ལས་བྱུང་བའི་མར་སར་དང་པོ་སོན་ཆ་ལ་སོགས་པ་སྟེ་པོ་སོན་ཆ་དང་། ཛི་མུ་ཏ་ཀ་དང་། ཀུ་བ་ཁ་བོ་དང་། ཀོ་ཤ་ཏ་ཀི་དང་། དུག་མོ་ཡུངས་ཀྱི་ས་བོན་དང་། ཀྲི་ད་བེ་ད་ཞེས་བྱ་བ་ ཀོ་ཤ་ཏ་ཀི་གཉིས་པ་བསྐོལ་བའི་ཁུ་བ་དང་བཅས་པའི་སྐྱུག་སྨན་བླུད་ན་སྙིང་གི་ནད་ལ་ཕན་ནོ། །ཀོ་ཤ་ཏ་སོགས་ཁ་དང་ཚ། །མཛེ་དང་སྐྱ་རྦབ་མཆེར་པའི་ནད། །འོར་ནད་སྐྲན་ནད་སྦྱར་དུག་སོགས། །གཏིང་ཟུག་པ་ལ་བསྔགས་པ་ཡིན། །ཞེས་བྱ་བ་ལ། ཀོ་ཤ་ཏ་ཀ་ལ་སོགས་པའི་སྨན་རོ་ཁ་ བ་དང་། ཚ་བའི་སྐྱུག་སྨན་བཏང་ན། མཛེ་ལ་སོགས་པའི་ནད་སེལ་བར་འགྱུར་རོ། །པོ་སོན་ཆ་སོགས་དྲུག་སོ་སོར། །བསྐོལ་བ་དང་ནི་རླན་ཅན་ཤ །ཀོ་ཤ་ཏ་ཀ་ཆ་མཉམ་བསྐོལ། །ཁུ་བ་རྒྱམ་ཚར་བཅས་པ་བླུད། །ཅེས་བྱ་བ་ལ། པོ་སོན་ཆ་ལ་སོགས་པ་གོང་དུ་སྨོས་པའི་སྐྱུག་སྨན་དྲུག་ པོ་སོ་སོར་བསྐོལ་བའི་ཁུ་བ་དང་། རླན་ཅན་གྱི་སྲོག་ཆགས་ཀྱི་ཤ་ཀོ་ཤ་ཏ་ཀ་དང་ཆ་མཉམ་པ་བསྐོལ་ལ། བསྐོལ་བའི་ཁུ་བ་དེ་རྒྱམ་ཚ་དང་བཅས་པ་བླུད་ནས་སློན་དུ་བཅུག་ན་ཡང་མཛེ་ལ་སོགས་པའི་ནད་ལ་ཕན་ནོ། །པོ་སོན་ཆ་སོགས་པི་པི་ལིང་། །ཆ་མཉམ་ཀོ་ཤ་ཏ་ཀར་སྦྱར། །ཡང་ན་ཀོ་ཤ་ཏ་ 202-1-62a ཀ་ཡི། །ཁུ་བ་བུ་རམ་ཤིང་ཁུ་བླུད། །ཅེས་བྱ་བ་ལ། པོ་སོན་ཆ་ལ་སོགས་པའི་སྐྱུག་སྨན་དྲུག་པོ་པི་པི་ལིང་དང་ཆ་མཉམ་པ་ཀོ་ཤ་ཏ་ཀའི་ཁུ་བ་དང་སྦྱར་བའི་སྐྱུག་སྨན་བླུད་པའམ། ཡང་ན་ཀོ་ཤ་ཏ་ཀ་བླུད་པའི་ཁུ་བ་བུ་རམ་ཤིང་གི་ཁུ་བ་དང་སྦྱར་ཏེ། བླུད་དེ་སློན་དུ་བཅུག་ན་ ཡང་མཛེ་ནད་ལ་སོགས་པའི་ནད་ལ་ཕན་ནོ། །དུག་མོ་ཡུངས་ནི་སྐྱིད་དེ་བ། །བད་ཀན་མཁྲིས་པ་ཁྲག་བཅས་དང་། །རིམས་ནད་ཤུ་བ་སྙིང་ནད་དང་། །དྲེག་ནད་ཀྱིས་འཐེང་མཛེ་ལ་བསྔགས། །ཞེས་བྱ་བ་ལ། དུག་མོ་ཡུངས་ཀྱི་ས་བོན་བསྐོལ་བའི་ཁུ་བ་ནི་སྐྱིད་དེ་བའམ། བྱིས་པ་གཞོན་ནུ་བད་ ཀན་དང་། མཁྲིས་པ་ལ་སོགས་པའི་ནད་དང་བཅས་པའི་སྐྱུག་སྨན་དུ་གཏང་བ་བསྔགས་སོ། །དུག་མོ་ཡུངས་ཀྱི་ས་བོན་ཏེ། །ཡུངས་ཀར་རམ་ནི་མ་དུ་ཀ །བསྐོལ་བའི་ཆུ་འམ་རྒྱམ་ཚའི་ཆུ། །ཡང་ན་ཀྲི་ས་ར་ལྡན་བླུད། །ཅེས་བྱ་བ་ལ། ཡང་ན་དུག་མོ་ཡུངས་ཀྱི་ས་བོན་ཡུངས་ཀར་བསྐོལ་བའི་ ཆུའམ་མ་དུ་ཀ་བསྐོལ་བའི་ཆུ་འམ། རྒྱམ་ཚའི་ཆུ་གང་ཡང་རུང་བ་དང་སྦྱར་ཏེ་སྐྱུག་སྨན་དུ་བཏང་བའམ། ཡང་ན་དུག་མོ་ཡུངས་ཀྱི་ས་བོན་ཀྲི་ས་ར་ཞེས་བྱ་བའི་ཏིལ་གྱི་སྦྱར་ཐུག་དང་ལྡན་པ་བླུད་ལ་སློན་དུ་གཞུག་གོ། །དེ་ཡི་ས་བོན་ཨརྒ་ཡི། །འོ་མར་ཞག་བདུན་སྦངས་པ་ནི། །པོ་སོན་ཆ་དང་ཛི་མུ་ཏ། ། ཀུ་བ་ཁ་བོ་ཛི་བན་ཏི། །ཛི་བ་ཀ་ནི་བསྐོལ་བ་ཡི། །ཁུ་བ་གང་ཡང་རུང་བ་བླུད། །ཅེས་བྱ་བ་ལ། དུག་མོ་ཡུངས་དེའི་ས་བོན་གྱི་ཕྱེ་མ་ཨརྒའི་འོ་མའི་ནང་དུ་ཞག་བདུན་གྱི་བར་དུ་སྦངས་པ་པོ་སོན་ཆ་ལ་སོགས་པ་གང་ཡང་རུང་བ་བསྐོལ་བའི་ཁུ་བ་དང་སྦྱར་ཏེ། སྐྱུག་སྨན་དུ་བླུད་པར་བྱའོ། །སྐྱུག་སྨན་གྱི་ ནི་གཙོ་བོ་ཡི། །ཆོ་ག་ཕྱོགས་ཙམ་བཤད་པ་ཡིན། །བློ་དང་ལྡན་པས་ཚུལ་འདི་ཡིས། །གཞན་ཡང་ཅི་རིགས་སྦྱར་བར་བྱ། །ཞེས་བྱ་བ་ལ། དེ་ལྟར་ཚུལ་འདིས་སྐྱུག་སྨན་གྱི་གཙོ་བོ་པོ་སོན་ཆ་ལ་སོགས་པའི་ཆོ་ག་བྱ་བའི་ཐབས་མ་སྨོས་པར་དེའི་ཕྱོགས་ཙམ་ཞིག་བཤད་ཅིང་བསྟན་པ་ཡིན་པས། བློ་དང་ལྡན་པའི་སྨན་པས་ས་བོན་ཙམ་དུ་སྨོས་པའི་ཚུལ་འདིས་སྐྱུག་སྨན་གྱི་རྣམ་པ་གཞན་དག་ལ་ཡང་ཅི་རིགས་པར་རྗེས་སུ་དཔགས་ཏེ་སྦྱར་ཞིང་གཏང་བར་བྱའོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་ 202-1-62b བ་ལས། ཆོ་ག་གྲུབ་པའི་གནས་ཀྱི་ལེའུ་དང་པོའི་འགྲེལ་པའོ།། །།དེ་ནས་བཀྲུ་སྨན་བྱ་བའི་ཆོ་ག་བཤད་པར་བྱའོ། །ཞེས་བྱ་བ་ལ། རོ་སྟོད་ཀྱི་སྦྱང་བ་བཤད་པའི་རྗེས་ལ། རོ་སྨད་ཀྱི་སྦྱང་བ་བསྟན་པར་བྱ་བའི་ཕྱིར་ལེའུ་འདི་བརྩམས་པ་ཡིན་ནོ། །དེ་ལས་ཀྱང་དུར་བྱིད་ནི་བཀྲུ་སྨན་གྱི་གཙོ་ བོ་ཡིན་པས་དང་པོར་བཤད་པ་ཡིན་ཏེ། དེའི་ཕྱིར་སྨོས་པ་ནི། དུར་བྱིད་བསྐ་ཞིང་མངར་ལ་རྩུབ། །ཞུ་རྗེས་ཚ་བར་གྱུར་པ་ཡིན། །བད་ཀན་མཁྲིས་པ་ཞི་བྱེད་དེ། །རྩུབ་པས་རླུང་ནི་འཁྲུགས་པར་བྱེད། །ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། དུར་བྱིད་ནི་ཤ་མ་དང་། ཏྲི་བྱིད་དང་། མ་ཀ་ཏི་ཀ་ཞེས་ བྱ་བ་ལ་སོགས་པའི་མིང་གི་རྣམ་གྲངས་ཀྱིས་བཤད་པ་ཡིན་ནོ། །དེ་ནི་རོ་བསྐ་བ་དང་མངར་བ་ཡིན་ལ། རང་བཞིན་ནི་རྩུབ་པའི་ཡོན་ཏན་དང་ལྡན་པ་ཡིན་ལ། ཞུ་བར་གྱུར་པ་ནི་ཞུ་རྗེས་ཀྱི་རོ་ཚ་བ་ཡིན་ནོ། །དེ་བཞིན་དུ་བསྐ་བ་ལ་སོགས་པའི་རྒྱུས་བད་ཀན་དང་མཁྲིས་པ་ནི་ཞི་ཞིང་སེལ་བར་བྱེད་པ་ཡིན་ལ། རྩུབ་པའི་རྒྱུས་རླུང་ནི་འཁྲུགས་ཤིང་ལྡང་བར་བྱེད་པ་ཡིན་ནོ། །དེ་འདིར་སྨན་གྱི་སྦྱོར་བ་ཡིས། །རླུང་དང་བད་ཀན་མཁྲིས་པ་སེལ། །ཆོ་གའི་ཁྱད་པར་ལ་བརྟེན་ནས། །ནད་ཀུན་འཇོམས་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། ཡང་དུར་བྱིད་དེ་ནི་རླུང་དང་མཁྲིས་པ་དང་། བད་ཀན་སེལ་བར་བྱེད་པའི་སྨན་ གྱི་སྦྱོར་བ་དང་། བསྲེལ་ཤིང་ཆོ་གའི་ལས་ཀྱི་རིམ་པ་ལ་བརྟེན་ཅིང་གནས་ན། ནད་ཐམས་ཅད་ཀྱང་སེལ་ཅིང་འཇོམས་པར་བྱེད་པ་ཡིན་ནོ། །དུར་བྱིད་རྣམ་པ་གཉིས་སུ་བཤད། །དེ་རྩ་དམར་ནག་དཀར་བ་ཡི། །རྣམ་པ་གཉིས་སུ་བཤད་པ་ཡིན། །ཞེས་བྱ་བ་ལ། དུར་བྱིད་དེའི་རྩ་བ་རྣམ་པ་ གཉིས་སུ་བཤད་དེ། ཤ་མ་ཞེས་བྱ་བ་རྩ་བ་དམར་ནག་ཏུ་འདུག་པ་ནི་གཅིག་ཡིན་ལ། ཏྲི་བྱིད་ཅེས་བྱ་བ་རྩ་བ་དཀར་པོ་ཡོད་པ་ནི་གཉིས་པ་ཡིན་ནོ། །དེ་ལ་ཏྲི་བྱིད་མཆོག་ཏུ་བཤད། །ཉེས་པ་མེད་ཅིང་བདེ་བར་འཁྲུ། །ཞེས་བྱ་བ་ལ། རྩ་བ་རྣམ་པ་གཉིས་སུ་ཡོད་པ་དེའི་ནང་ནས་ཏྲི་བྱིད་ཅེས་བྱ་བ་དུར་ བྱིད་དཀར་པོ་ནི་ཤིན་ཏུ་མཆོག་ཡིན་པར་བཤད་དེ། དེ་ཅིའི་ཕྱིར་ཞེ་ན། ཉེས་པའི་སྐྱོན་མེད་པར་ནད་སེལ་ཞིང་བདེ་བླག་ཏུ་འཁྲུ་བར་བྱེད་པས་མཆོག་ཡིན་ལ། དེ་ནི་བྱིས་པ་དང་། རྒན་པོ་དང་། མི་སྐྱིད་དེ་བར་གནས་པ་དག་དང་ལྟོ་སྙི་བའི་ནད་པའི་བཀྲུ་སྨན་དུ་མཆོག་ཏུ་བསྔགས་པ་ཡིན་ནོ། །བརྒྱལ་རྨོངས་ 202-1-63a བྱེད་ཅིང་ལྐོག་མ་ནི། །རྩུབ་ཅིང་གནོད་པར་བྱེད་པ་དང་། །རྣོ་ཞིང་མྱུར་དུ་འཁྲུ་བྱེད་པ། །ལྟོ་སྲ་ནད་གཞི་ཤས་ཆེ་དང་། །སྡུག་བསྔལ་གྱིས་ཉེན་ནད་པ་ལ། །ཤ་མ་དུར་བྱིད་བསྔགས་པ་ཡིན། །ཞེས་བྱ་བ་ལ། དུར་བྱིད་དམར་ནག་ཏུ་འདུག་པ་ཤ་མ་ཞེས་བྱ་བའི་སྒྲས་བཤད་ པ་དེ་ནི་ཤིན་ཏུ་རྣོ་ཞིང་མྱུར་དུ་འཁྲུ་བར་བྱེད་པ་ཡིན་པས། བརྒྱལ་བ་དང་སེམས་རྨོངས་པར་བྱེད་པ་དང་། ལྐོག་མ་ཤས་ཆེར་རྩུབ་ཅིང་འདར་བ་སྙམ་སེམས་ལ་ཉམས་ཤིང་གནོད་པར་བྱེད་པ་ཡིན་ནོ། །དེ་བས་ན་རྩ་བ་དམར་ནག་ཏུ་འདུག་པའི་དུར་བྱིད་དེ་ནི་ནད་པ་ལྟོ་སྲ་བ་དང་། ནད་གཞི་སོགས་པའི་ཤས་ ཆེ་བ་དང་། ནད་ཀྱི་སྡུག་བསྔལ་གྱིས་ལུས་ཉེན་ཅིང་གཟིར་བ་དག་ལ་དེ་བསྔགས་ཤིང་ནད་ཀྱི་གཏིང་འབྱིན་པ་ཡིན་ནོ། །དེ་ནི་ཟབས་སུ་ཟུག་ཅིང་འཇམ། །ཐད་ཀར་འཕྲོས་པ་མ་ཡིན་པ། །བཏུས་ལ་སྙིང་པོ་བོར་ནས་ནི། །ཤུན་པ་བསྐམས་ཏེ་སྦ་བར་བྱ། །ཞེས་བྱ་བ་ལ། རྩ་བ་དེ་གཉིས་ཀྱང་ཟབས་སུ་ ཟུག་ཅིང་སའི་གཏིང་རིང་པོར་ནུབ་པར་གྱུར་པ་དང་། འཇམ་ཞིང་མཉེན་པ་དང་། རྩ་བ་ཡན་མན་དུ་མ་འཕྲོས་པར་ཐུར་དུ་དྲང་པོར་ཟུག་པ་བཏུས་ཤིང་བཏོན་ལ། ནང་གི་སྙིང་པོ་ཤིང་བུ་ལྟར་སྲ་བ་དེ་བོར་ནས་ཤུན་པ་ལེགས་པར་བསྐམས་ཏེ། སྣོད་བཟང་པོའི་ནང་དུ་སྦ་བར་བྱའོ། །དེ་ནས་དེའི་འོག་དེའི་ ཕྱེ་མ། །རྒྱམ་ཚ་དོང་ག་ཅུང་ཟད་བཏབ། །རླུང་ནད་ལ་ནི་སྐྱུར་ལས་བླུད། །ཅེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་བཀྲུ་སྨན་གཏོང་བའི་དུས་སུ་རླུང་གི་ནད་ལ་ནི། དུར་བྱིད་ཀྱི་ཕྱེ་མ་རྒྱམ་ཚ་དང་དོང་གའི་ཕྱེ་མ་ཅུང་ཟད་ཙམ་དང་བསྲེས་ཏེ། རང་སྐྱུར་ཀན་ཛིའམ། རྩབ་མོའི་དྭངས་མ་ལ་སོགས་པ་བཏུང་བ་ སྐྱུར་བག་དང་སྦྱར་ཏེ་བླུད་པར་བྱའོ། །མཁྲིས་པར་སྦྲང་རྩི་ཁ་ར་མར། །འོ་མ་རྒུན་འབྲུམ་བུ་རམ་ཤིང་། །ཁུ་བ་ཏང་པལ་མངར་བ་ཡི། །སྨན་དེ་འབྲས་བུ་གསུམ་གྱི་ནི། །ཁུ་བར་བཅས་པ་བླུད་པར་བྱ། །ཞེས་བྱ་བ་ལ། མཁྲིས་པའི་ནད་ལ་ནི་དུར་བྱིད་ཀྱི་ཕྱེ་མ་དེ་སྦྲང་རྩི་དང་ཁ་ར་དང་མར་དང་ སྦྱར་ཞིང་བསྲེས་པའི་འོ་མའམ། རྒུན་ཆུའམ། བུ་རམ་ཤིང་གི་ཁུ་བའམ། ཏང་པལ་བསྐོལ་བའི་ཁུ་བའམ། མངར་བའི་སྨན་གྱི་སྡེ་ཚན་བསྐོལ་བའི་ཁུ་བའམ། འབྲས་བུ་གསུམ་བསྐོལ་བའི་ཁུ་བ་གང་ཡང་རུང་བ་དང་ཅི་རིགས་པར་སྦྱར་ཏེ་བླུད་པར་བྱའོ། །བད་ཀན་ནད་ལ་པི་ལུ་ཡི། ། 202-1-63b ཁུ་བ་བ་གཅིན་ཆང་སྐྱུར་རྩབས། །ཚ་བ་ལྔ་སོགས་ཕྱེ་མ་ནི། །བད་ཀན་འཇོམས་དང་ཅི་རིགས་སྦྱར། །ཞེས་བྱ་བ་ལ། བད་ཀན་གྱི་ནད་ལ་དུར་བྱིད་ཀྱི་ཕྱེ་མ་བི་ལུ་བསྐོལ་བའི་ཁུ་བའམ། བ་གཅིན་ནམ། ཆང་ངམ། སྐྱུར་རྩབས་ཀན་ཛི་ཞེས་བྱ་བ་གང་ཡང་རུང་བ་དང་སྦྱར་ཏེ་ཚ་བ་ལྔའི་ཕྱེ་མ་ལ་ སོགས་པ་བད་ཀན་འཇོམས་པར་བྱེད་པའི་སྨན་གྱི་ཕྱེ་མ་བཏབ་སྟེ་ཅི་རིགས་པར་བླུད་པར་བྱའོ། །དུར་བྱིད་ལྡེ་གུ་ཁུ་བ་དང་། །བསྐོལ་བའི་ཁུ་བ་བསྒྲངས་ཁ་ར། །སྦྲང་རྩི་དྲི་བཟངས་གསུམ་དང་བཅས། །ལྡེ་གུ་ཡིད་འོང་བཀྲུ་སྨན་ཡིན། །ཞེས་བྱ་བ་ལ། དུར་བྱིད་ལྡེ་གུར་བཏགས་པའམ། །བསྐོལ་ བའི་ཁུ་བ་བསྒྲངས་པའི་ནང་དུ་སྦྲང་རྩི་དང་ཁ་ར་དང་། ཤིང་ཚ་ལ་སོགས་པ་དྲི་བཟངས་གསུམ་གྱི་ཕྱེ་མ་བཏབ་པའི་ལྡེ་གུ་ནི་བཀྲུ་སྨན་ཤིན་དུ་ཡི་གར་འོང་བ་ཡིན་ནོ། །ཨརྫ་གནྡྷ་སྨིག་རྐང་དང་། །ཁ་ར་དུར་བྱིད་བི་ད་རི། །ཕྱེར་བཏགས་སྦྲང་རྩི་མར་དང་ནི། །ལྡེ་གུ་བྱིན་ན་འདུས་པ་དང་། །རིམས་དང་ལུས་ རེངས་ཚ་བ་དང་། །སྐོམ་དད་ཀྱིས་གཟིར་ལེགས་པར་འཁྲུ། །ཞེས་བྱ་བ་ལ། ཨརྫ་གནྡྷ་ལ་སོགས་པའི་སྨན་བཏགས་པའི་ཕྱེ་མ་དང་། སྦྲང་རྩི་དང་། མར་དུ་སྦྱར་བའི་ལྡེ་གུ་བྱིན་ན་འདུས་པའི་ནད་ལ་སོགས་པས་གཟིར་བ་ལེགས་པར་འཁྲུ་ཞིང་བདེ་བར་བྱེད་པར་འགྱུར་རོ། །བུ་རམ་ཤིང་ནི་ཚལ་ པར་བཀས། ནང་ངོས་དུར་བྱིད་ལྡེ་གུས་བསྐུས། །གཅིག་ཏུ་སྦྱར་ཏེ་ཕུར་མ་ཡིས། །བཙོ་བའི་ཚུལ་བྱས་དེ་བཟའ་བྱ། །ཞེས་བྱ་བ་ལ། བུ་རམ་ཤིང་གི་དུམ་བུ་ཚལ་པ་གཉིས་སུ་བཀས་ལ། དེའི་ནང་ངོས་དུར་བྱིད་ཀྱི་ལྡེ་གུས་བསྐུས་ལ། སླར་གཅིག་ཏུ་སྦྱར་ཏེ་སྨན་གྱི་ཕུར་མ་བཙོས་པའི་ཚུལ་དུ་བཙོས་ པ་དེ་ཟོས་ན། འདུས་པ་དང་རིམས་ལ་སོགས་པས་གཟིར་བའི་ནད་ལེགས་པར་འཁྲུ་བར་འགྱུར་རོ། །ཤིང་ཚ་སུག་སྨེལ་མཉམ་ནི་ལི། །དེ་མཉམ་དུར་བྱིད་ཤ་ཁ་ར། །ཕྱེ་མ་རྒུན་ཆུ་སྦྲང་རྩི་དང་། །ཕྱེ་དང་སྐྱོ་མར་སྦྱར་ཏེ་བླུད། །རླུང་མཁྲིས་བད་ཀན་ལས་གྱུར་དང་། །མེ་དྲོད་ཆུང་བའི་ ནད་དང་ནི། །སྐྱིད་དེ་བ་ཡི་མི་རྣམས་ལ། །གནོད་པ་མེད་པའི་བཀྲུ་སྨན་ཡིན། །ཞེས་བྱ་བ་ལ། ཤིང་ཚ་སུག་སྨེལ་སྤྱིར་ཆ་གཅིག་དང་། དེ་གཉིས་ཀྱི་ཆ་ཇི་ཙམ་ཡོད་པ་དང་། ནི་ལི་ཞེས་བྱ་བ་སྨན་ནི་ལི་ནི་ཆ་མཉམ་དུ་བྱ། སྨན་དེ་གསུམ་ཇི་སྙེད་ཡོད་པའི་ཆ་དང་། དུར་བྱིད་ཆ་མཉམ་དུ་བྱ། དུར་ 202-1-64a བྱིད་ཡན་ཆད་ཀྱི་སྨན་བཞི་པོ་དང་། ཁ་ར་ཆ་མཉམ་དུ་བྱ། དེ་ལྟ་བུའི་སྨན་གྱི་ཕྱེ་མ་དེ་རྒུན་ཆུ་དང་སྦྲང་རྩི་དང་ཕྱེ་དང་ལྷན་ཅིག་སྐྱོ་མར་བྱས་ཏེ་བླུད་ན། རླུང་དང་མཁྲིས་པ་དང་བད་ཀན་ལས་གྱུར་པའི་ནད་དང་། པོ་བའི་མེ་དྲོད་ཉམས་པ་དང་། སྐྱིད་དེ་བར་གནས་པའི་ མི་རྣམས་ལ་བཀྲུ་སྨན་འདི་ནི་སྡུག་བསྔལ་སྐྱེས་པའི་གནོད་པའི་འཚེ་བ་མེད་ཅིང་དམ་པར་གྱུར་པ་ཡིན་ནོ། །བྱི་དང་ག་ཡི་སྙིང་པོ་དང་། །འབྲས་བུ་གསུམ་ཞེས་བྱ་བ་དང་། །ཡ་བཀྵ་ར་པི་པི་ལིང་། །དུར་བྱིད་ཀུན་གྱི་ཆ་ཕྱེད་བཅས། །སྦྲང་རྩི་མར་རམ་བུ་རམ་གྱིས། །ལྡེ་གུར་བྱས་པ་བྱིན་ན་ནི། ། སྐྲན་དང་མཚེར་པ་དམུ་རྫིང་དང་། །གཟུགས་འཁུམས་ལུད་པ་ཡི་ག་འཆུས། །རླུང་དང་བད་ཀན་ལས་གྱུར་ནད། །མང་པོ་གཞན་དག་སྦྱོང་བར་བྱེད། །ཅེས་བྱ་བ་ལ། བྱི་དང་གའི་སྦུན་པ་བསལ་བའི་སྙིང་པོ་དང་། འབྲས་བུ་གསུམ་དང་ཡ་བཀྵ་ར་ཞེས་བྱ་བ་ནས་ཚིག་འཁུས་པའི་ཐལ་བ་དང་ པི་པི་ལིང་ཆ་མཉམ་པོར་བྱ། བྱི་དང་ག་ལ་སོགས་པའི་སྨན་དེ་དག་ཀུན་གྱི་ཆ་ཕྱེད་ཕྱེད་དུ་བྱས་ཏེ། ཕྱེ་མར་བཏགས་པ་དེ་སྦྲང་རྩི་དང་མར་གྱི་ལྡེ་གུར་བཅས་པ་བྱིན་ན་སྐྲན་ལ་སོགས་པའི་ནད་སྦྱོང་ཞིང་དག་པར་བྱེད་དོ། །དེ་བཞིན་དུ་རླུང་དང་བད་ཀན་ལས་གྱུར་པའི་ནད་འདིར་མ་སྨོས་པ་གཞན་དག་ཀྱང་སྦྱོང་ བར་བྱེད་དོ། །པི་པི་ལིང་རྩ་བྱི་དང་ག །འབྲས་བུ་གསུམ་དང་འུ་སུ་དང་། །ཙི་ཏྲ་ཀ་དང་ན་ལེ་ཤམ། །པི་པི་ལིང་དང་དུག་མོ་ཡུངས། །ཟི་ར་ཧ་ཏི་པི་པི་ལིང་། །ཏི་མུ་ས་དང་ལན་ཚ་ལན་ཚྭ་ལྔ། །ཞོ་ནི་གཉིས་གཉིས་ཕྱེ་མར་བྱས། །དུར་བྱིད་དང་ནི་ཏིལ་མར་གཉིས། །སྲང་ནི་བརྒྱད་བརྒྱད་ཆར་བསྲེས་དང་། །སྐྱུ་ རུ་རའི་ཁུ་བྲེ་གསུམ་དང་། །བུ་རམ་སྲང་ནི་ལྔ་བཅུ་མེ། །ཆུང་བསྐོལ་དེ་ལས་རན་ཙམ་ནི། །ཟོས་ན་མཛེ་དང་གཞང་འབྲུམ་དང་། །མིག་སེར་ཟ་ཁུ་སྐྲན་དང་ནི། །དམུ་རྫིང་མཚན་བར་རྡོལ་བ་དང་། །ཕོ་བའི་ནད་དང་སྐྱ་རྦབ་རྣམས། །འཇོམས་ཤིང་ཆོ་ག་བསྲུང་མི་དགོས། །བུ་སྐྱེད་པར་ཡང་དེ་ ཡིས་བྱེད། །བུ་རམ་དགེ་བ་ཅན་ཞེས་བྱ། །དུས་ཀུན་དུ་ནི་འཕྲོད་པ་ཡིན། །ཞེས་བྱ་བ་ལ། པི་པི་ལིང་གི་རྩ་བ་ལ་སོགས་པ་སྨན་སྣ་རེ་རེ་ཞིང་ཞོ་གཉིས་གཉིས་ཚད་དུ་བྱས་པའི་ཕྱེ་མ་དང་། ཏིལ་མར་དང་དུར་བྱིད་ཀྱི་ཕྱེ་མ་གཉིས་སྲང་བརྒྱད་བརྒྱད་ཀྱི་ཚད་དུ་བྱས་པ་དང་བསྲེས་ལ། སྐྱུ་རུ་རའི་འབྲས་བུ་ 202-1-64b བསྐོལ་བའི་ཁུ་བ་བྲེ་གསུམ་དང་། བུ་རམ་སྲང་ལྔ་བཅུ་གཅིག་ཏུ་བསྲེས་དེ་ཐམས་ཅད་མེ་ཆུང་ངུ་ལ་བསྐོལ་ལ། དགེ་བའི་བུ་རམ་ཞེས་བྱ་བ་དེ་ལས་ཇི་ཙམ་རན་པའི་ཚད་ཙམ་ཟོས་ན་དེས་མཛེ་ལ་སོགས་པའི་ནད་འཇོམས་པར་འགྱུར་བ་དང་། བུ་སྐྱེད་པར་བྱེད་པ་དང་། དུས་དྲུག་ཆར་དུ་ཡང་ འཕྲོད་ཅིང་བསྔགས་པ་ཡིན་ནོ། །ཚ་བ་གསུམ་དང་དྲི་སྣ་གསུམ། །གླ་སྒང་དང་ནི་བྱི་དང་ག །སྐྱུ་རུ་ར་དེ་ཐམས་ཅད་ནི། །མཉམ་པའི་དུར་བྱིད་ཁ་ར་དང་། །སྦྲང་རྩིའི་རི་ལུར་བྱས་ཟོས་ན། །གཅིན་སྲི་རིམས་དང་སློན་བྲོ་དང་། །ལུད་པ་ཤ་སྐེམས་མགོ་འཁོར་དང་། །ཟད་བྱེད་ལུས་ ཚ་སྐྱ་རྦབ་དང་། །མེ་དྲོད་ཆུང་དང་དུག་ནད་སྦྱོང་། །ཞེས་བྱ་བ་ལ། ཚ་བ་གསུམ་ལ་སོགས་པའི་སྨན་ཆ་མཉམ་པོར་བྱས་པ་སྤྱིར་ཇི་སྙེད་པ་ཡོད་པ་དང་། དུར་བྱིད་ཆ་མཉམ་པར་བྱས་ལ། ཁ་ར་ཡང་དུར་བྱིད་དང་ཆ་མཉམ་པར་བྱས་ཏེ། དེས་ཚ་བ་གསུམ་ལ་སོགས་པའི་སྨན་སྤྱིར་ཆ་གཅིག་དུར་ བྱིད་ཆ་གཉིས་ཁ་ར་ཆ་གསུམ་པར་སྦྱར་ལ་དེ་ཐམས་ཅད་སྦྲང་རྩི་དང་ལྷན་ཅིག་རི་ལུར་བྱས་ན། གཅིན་སྲི་བའི་ནད་ལ་སོགས་པ་སྦྱོང་བར་བྱེད་ཅིང་བསྔགས་པ་ཡིན་ནོ། །དུར་བྱིད་དུག་མོ་ཡུངས་ས་བོན། །པི་པི་ལིང་དང་བཅའ་སྒ་རྣམས། །སྦྲང་རྩི་རྒུན་འབྲུའི་ཆུར་སྦྱར་བ། །དབྱར་གྱི་དུས་ ཀྱི་བཀྲུ་སྨན་ཡིན། །ཞེས་བྱ་བ་ལ། དུར་བྱིད་ལ་སོགས་པའི་སྨན་གྱི་ཕྱེ་མ་སྦྲང་རྩི་དང་རྒུན་འབྲུའི་ཆུ་དང་སྦྱར་བ་ནི། དབྱར་གྱི་དུས་ཀྱི་བཀྲུ་སྨན་དུ་བསྔགས་སོ། །དུར་བྱིད་གླ་སྒང་བྱི་ཚེར་དང་། །ཁ་ར་ཙནྡན་བ་ལེ་ཀ །ཤིང་མངར་པ་ཏ་ལ་ཕྱེ་མ། །རྒུན་ཆུ་དང་སྦྱར་སྟོན་གྱི་ཡིན། །ཞེས་ བྱ་བ་ལ། དུར་བྱིད་ལ་སོགས་པའི་སྨན་གྱི་ཕྱེ་མ་རྒུན་ཆུ་དང་སྦྱར་བ་སྟོན་གྱི་དུས་སུ་བཀྲུ་སྨན་བཏང་བར་བསྔགས་སོ། །དུར་བྱིད་པ་ཏ་ཀྲུ་ཏྲག་ཏྲེས། །ཟི་ར་ཤུ་དག་ས་ར་ལ། །ཁྲོན་བུའི་ཕྱེ་མ་ཆུ་དྲོན་སྦྱར། །དགུན་གྱི་དུས་སུ་བླུད་པར་བྱ། །ཞེས་བྱ་བ་ལ། དུར་བྱིད་ལ་སོགས་པའི་སྨན་ཆ་ མཉམ་སྟེ་ཕྱེ་མར་བཏགས་པ་ཆུ་དྲོན་མོ་དང་སྦྱར་བ་ནི་དགུན་གྱི་དུས་སུ་བཀྲུ་སྨན་དུ་བྱ་བར་བསྔགས་པ་ཡིན་ནོ། །དུར་བྱིད་ཁ་ར་ཆ་མཉམ་པ། །སོས་ཀའི་དུས་ཀྱི་བཀྲུ་སྨན་ཡིན། །ཞེས་བྱ་བ་ལ། དུར་བྱིད་དང་ཁ་ར་ཆ་མཉམ་པ་ནི་སོས་ཀ་ཚ་བའི་དུས་སུ་བཀྲུ་སྨན་དུ་བླུད་པར་བྱའོ། །དུར་བྱིད་སྦ་ 202-1-65a འབྲས་ཀྱི་ལྕེ་བ། །པ་ཏ་ལ་དང་པུ་ཙེ་ཤེལ། །ཁྲོན་བུ་ལེགས་པར་བཏགས་ནས་ནི། །བ་གཅིན་ནང་དུ་ཞག་གསུམ་སྦངས། །འདི་ནི་དུས་ཀུན་སྦྱོར་བ་སྟེ། །སྣུམ་ཞེན་དྲི་མ་ནད་རྣམས་འབྱིན། །ཞེས་བྱ་བ་ལ། དུར་བྱིད་ལ་སོགས་པའི་སྨན་ཕྱེ་མར་བཏགས་པ་བ་ གཅིན་གྱི་ནང་དུ་ཞག་གསུམ་སྦངས་པ། འདི་ནི་དུས་ཀུན་དུ་བཏང་བའི་སྦྱོར་བ་ཡིན་ཏེ། སྣུམ་གྱིས་ཞེན་པར་བྱས་པའི་ལུས་ལས་དྲི་མ་ཞེས་བཤང་བ་དང་ནད་རྣམས་འབྱིན་པར་བྱེད་པ་ཡིན་ནོ། །ཤ་མ་དུར་བྱིད་བྱི་ཚེར་བ། །གླ་སྒང་ཧ་ཏི་པི་པི་ལིང་། །དུག་མོ་ཡུངས་དང་ནི་ལི་ནི། །འབྲས་བུ་གསུམ་དང་པུ་ ཙེ་ཤེལ། །ཕྱེ་མ་ཤ་ཁུའམ་མར་རམ་ནི། །ཆུ་དྲོན་དང་སྦྱར་ཐམས་ཅད་དུ། །ཁོང་རྩུབ་ལ་ཡང་གཏང་བར་བྱ། །ཞེས་བྱ་བ་ལ། ཤ་མ་དུར་བྱིད་ལ་སོགས་པའི་སྨན་ཆ་སྙོམས་ཏེ་ཕྱེ་མར་བཏགས་ལ། ཤ་ཁུའམ་མར་རམ་ཆུ་དྲོན་དང་སྦྱར་ཏེ་དུས་ཐམས་ཅད་དུ་སྐྱེས་བུ་ཁོང་རྩུབ་པ་དག་ལ་ཡང་གཏང་ བར་བྱ་བ་ཡིན་ནོ། །རིམས་དང་སྙིང་ནད་དྲེག་ནད་དང་། །རྟུག་སྐམ་ལ་སོགས་ནད་རྣམས་ལ། །དོང་གའི་བཀྲུ་སྨན་ལྷག་པར་ནི། །འཇམ་མངར་བསིལ་ལ་ཕན་པ་ཡིན། །ཞེས་བྱ་བ་ལ། རིམས་ལ་སོགས་པའི་ནད་ལ་ནི་ལྷག་པར་ཡང་དོང་གའི་བཀྲུ་སྨན་ཕན་པ་ཡིན་ཏེ། དེ་ནི་འཇམ་པར་འཁྲུ་ལ་རོ་མངར་ ཞིང་བསིལ་བའི་ནུས་པ་དང་ལྡན་པ་ཡིན་ནོ། །བྱིས་པ་རྒན་པོ་གློ་རྡོལ་དང་། །སྐྱིད་དེ་བ་ཡི་མི་རྣམས་ལ། །འཇམ་ཞིང་སྐྱོན་ནི་མེད་པའི་ཕྱིར། །མཆོག་དུ་དོང་གའི་བཀྲུ་སྨན་གཏང་། །ཞེས་བྱ་བ་ལ། ཁྱད་པར་དུ་བྱིས་པ་ལ་སོགས་པའི་ནད་པ་རྣམས་ལ་ལྷག་པར་འཇམ་པར་འཁྲུ་ཞིང་འཚེ་ བའི་སྐྱོན་མེད་པའི་ཕྱིར་དོང་གའི་བཀྲུ་སྨན་གཏང་བ་ལྷག་པར་ཡང་བསྔགས་པ་ཡིན་ནོ། །འབྲས་བུའི་དུས་སུ་ལེགས་སྨིན་པའི། །དེ་ཡི་འབྲས་བུ་བཏུས་ནས་ནི། །ཞེས་བྱ་བ་ལ། དོང་ག་དེའི་འབྲས་བུ་འབྱུང་བའི་དུས་སུ་སྐྱེས་ཤིང་དུས་མ་ཡིན་པར་སྐྱེས་པ་མ་ཡིན་ལ། ལེགས་པར་སྨིན་ ཅིང་ཚོས་པ་དེ་བཏུ་ཞིང་བླང་བར་བྱའོ། །དེ་ནི་ཡོན་ཏན་ལྡན་གྱུར་པས། །ཁུར་གཅིག་ཕྱེ་མའི་ནང་དུ་གཞུག །ཅེས་བྱ་བ་ལ། དོང་གའི་འབྲས་བུ་དེ་འབུས་ཟོས་པ་ལ་སོགས་པའི་སྐྱོན་མེད་པ་དེ་ཁུ་ར་གཅིག་ཙམ་ཞིག་གཞུག་པར་བྱའོ། །ཞག་བདུན་ལོན་ནས་ཕྱུང་ནས་ནི། །ཉི་མ་ལ་ནི་ 202-1-65b བསྐམ་པར་བྱ། །ཞེས་བྱ་བ་ལ། འབྲས་བུ་དེ་ཕྱེ་མར་སྦས་པའི་འོག་ཏུ་ཞག་བདུན་ནས་ཕྱུང་ལ་ཉི་མ་ལ་བསྐམ་པར་བྱའོ། །དེ་ནས་རྐང་ནི་ཕྱུང་ནས་སུ། །སྣོད་ནི་གཙང་མར་གཞག་པར་བྱ། །ཞེས་བྱ་བ་ལ། དེ་ལྟར་བསྐམས་པའི་འོག་ཏུ་འབྲས་བུ་དེའི་ནང་གི་རྐང་ཕྱུང་ལ། རྫ་སྣོད་ལ་སོགས་པའི་སྣོད་གཙང་མའི་ནང་དུ་གཞག་པར་བྱའོ། །བྱིས་པ་ལོ་བཞི་ལོན་པ་ནས། །ལོ་ནི་བཅུ་གཉིས་ལོན་གྱི་བར། །ལུས་ཚ་རྟུག་འགགས་ཀྱིས་གཟིར་ལ། །རྒུན་ཆུར་སྦྱར་ཏེ་བླུད་པར་བྱ། །ཞེས་བྱ་བ་ལ། དོང་གའི་རྐང་དེ་ལུས་ཚ་བ་དང་། རྟུག་པ་འགགས་ པའི་ནད་ཀྱིས་གཟིར་བར་བྱེད་པའི་བྱིས་པ་ལོ་བཞི་ནས་ལོ་བཅུ་གཉིས་ལོན་པའི་བར་དག་ལ་རྒུན་ཆུ་དང་སྦྱར་ཏེ་བླུད་ན་བདེ་བར་འཁྲུ་བར་བྱེད་དོ། །དོང་གའི་རྐང་ནི་མཉེས་པ་དང་། །བསྐོལ་བའི་ཆུ་ནི་གྲང་མོ་བླུད། །ཅེས་བྱ་བ་ལ། ཡང་དེ་ལ་དོང་གའི་རྐང་མཉེས་པ་བསྐོལ་བའི་ཆུ་བསྒྲངས་ པ་བླུད་ན་ཡང་བདེ་བར་འཁྲུ་བར་བྱེད་པ་ཡིན་ནོ། །ཡང་ན་ཆང་དྭངས་ཞོ་ག་ཆུ། །སྐྱུ་རུ་ར་ཡི་ཁུ་བའམ། །རང་སྐྱུར་དག་དང་བཅས་པའམ། །དུར་བྱིད་ལྡེ་གུར་སྦྱར་བ་སྦྱིན། །ཞེས་བྱ་བ་ལ། ཡང་ན་དོང་གའི་རྐང་མཉེས་པའི་ཁུ་བ་ཆང་གི་དྭངས་མའམ། ཞོ་ག་ཆུ་ལ་སོགས་པའམ། དུར་ བྱིད་ཀྱི་ལྡེ་གུ་ཡང་བླུད་པར་བྱའོ། །དན་དའི་ཁུ་བར་དེ་ཡི་རྐང་། །བུ་རམ་རྙིང་པ་བཅུག་ནས་ནི། །ཟླ་བ་གཅིག་གམ་ཟླ་ཕྱེད་བར། །མནན་པའི་ཆང་ནི་བླུད་པར་བྱ། །ཞེས་བྱ་བ་ལ། དོང་གའི་རྐང་དང་བུ་རམ་རྙིང་པ་དན་ད་བསྐོལ་བའི་ཁུ་བའི་ནང་དུ་བཅུག་ལ་དེ་ཟླ་བ་གཅིག་གམ་ཟླ་བ་ཕྱེད་ཀྱི་ བར་དུ་མནན་ཏེ་བླུད་ན་ཡང་བདེ་བར་འཁྲུ་བར་བྱེད་དོ། །སེང་ཕྲོམ་རྩ་བའི་ཤུན་པ་ནི། །ནང་གི་ཤུན་ལྤགས་བོར་ནས་ནི། །བསྐམས་ཏེ་ཕྱེ་མར་བྱས་ནས་ནི། །དེ་ལ་ཆ་གཉིས་བསྐོལ་ཏེ་གཟགས། །སེང་ཕྲོམ་ཆ་ནི་གསུམ་པ་སྦངས། །རྩ་བ་བཅུ་ཡི་ཁུ་བ་དང་། །ཆ་དེ་སླར་ཡང་སྦང་བར་བྱ། ། སླར་ཡང་སྐམས་ཏེ་ཕྱེ་མར་བྱས། །དེ་ལས་ཞོ་གཉིས་བ་གཅིན་ནམ། །ཆང་གི་དྭངས་མའམ་ཞོ་ག་ཆུ། །རྒྱ་ཤུག་སྐྱུ་རུ་རའི་ཁུ་བ། །གང་ཡང་རུང་བར་སྦྱར་ཏེ་བླུད། །ཅེས་བྱ་བ་ལ། སེང་ཕྲོམ་ནི་རོ་ཏྲ་དང་། པི་ཧང་པ་ཏྲ་ཞེས་བྱ་བ་སྟེ། དེའི་རྩ་བ་དང་ཤུན་ཕྲགས་ཀྱི་ནང་རིམ་བོར་ཏེ། 202-1-66a ལེགས་པར་བསྐམས་ནས་ཕྱེ་མར་བྱས་ལ་དེའི་འོག་ཏུ་ཕྱེ་མ་དེ་ཆ་གསུམ་དུ་བྱས་ལ་ཆ་གཉིས་བསྐོལ་བའི་ཁུ་བ་དེ་བཙགས་ནས། ཁུ་བ་དེ་དང་སེང་ཕྲོམ་ཆ་གསུམ་པ་བསྲེས་ལ། སྦང་བར་བྱ་བ་དང་། རྩ་བ་བཅུའི་ཁུ་བ་དང་ཡང་ཆ་དེ་སྦང་བར་བྱའོ། །དེ་ནས་སླར་ཕྱུང་ལ་བསྐམས་ཏེ་ ཕྱེ་མར་བྱས་ནས་ཕྱེ་མ་དེ་ལ་ཞོ་གཉིས་ཀྱི་ཚད་བ་གཅིན་ནམ་ཆང་གི་དྭངས་མའམ། ཞོ་ག་ཆུ་ལ་སོགས་པ་གང་ཡང་རུང་བ་དང་སྦྱར་ཏེ། ཅི་རིགས་པར་བླུད་པར་བྱའོ། །སེང་ཕྲོམ་བསྐོལ་བའི་ཁུ་བ་དང་། །ལྡེ་གུར་བྱས་ཏེ་ཁ་ར་དང་། །མར་དང་བསྐོལ་བའི་ལྡེ་གུ་དེ། །བཀྲུ་སྨན་གྱི་ནི་དམ་པ་ཡིན། །ཞེས་ བྱ་བ་ལ། སེང་ཕྲོམ་ཞེས་བྱ་བ་རོ་ཏྲ་བསྐོལ་བའི་ཁུ་བ་ཁ་ར་དང་བསྐོལ་བའི་ལྡེ་གུ་དེ་བྱིན་ན་ཡང་བཀྲུ་སྨན་གྱི་མཆོག་ཡིན་ནོ། །ཤྲཱི་ཁཎྜས་ནད་ཀྱི་ཚོགས། །ཤས་ཆེར་སོགས་པའང་འཇིག་བྱེད་དེ། །མྱུར་དུ་འཁྲུ་ཞིང་གྲགས་པས་ན། །ལྟོ་སྙི་ཉམ་ཆུང་བྱིས་པ་དང་། །རྒན་པོ་ནད་པ་ཡུན་རིངས་ལ། །དེ་ནི་ གཏང་བར་མི་བྱའོ། །ཞེས་བྱ་བ་ལ། ཤྲཱི་ཁཎྜ་ཞེས་བྱ་བ་ཤིང་སུ་ཏའི་འོ་མ་བསྐོལ་བས་ནད་ཀྱི་ཚོགས་ཤས་ཆེར་ཚོགས་ཤིང་དཀྱེལ་སྐྱེས་པ་ཡང་མྱུར་དུ་འཁྲུ་བར་བྱེད་ཅིང་སྐྲག་ཅིང་སྡུག་བསྔལ་བས་སེམས་མྱོས་པར་བྱེད་པ་ཡིན་པས་ན་དེའི་ཕྱིར་ལྟོ་སྙི་བ་ལ་སོགས་པར་བཀྲུ་སྨན་དུ་གཏང་བར་མི་བྱའོ། ། སྐྲན་དང་དམུ་རྫིང་སྦྱར་བའི་དུག །ལྤགས་ནད་གཅིན་ནད་སྦྲང་རྩི་འདྲ། །སྐྱ་རྦབ་སྐྲན་དང་དུག་གིས་ཕོག །ནད་ཀྱིས་སེམས་དཀྲུགས་གྱུར་ལ་གཏང་། །ཞེས་བྱ་བ་ལ། ཡང་ཤྲཱི་ཁཎྜ་དེ་སྐྲན་ལ་སོགས་པའི་ནད་ཀྱིས་བཏབ་པ་ལ་བཀྲུ་སྨན་དུ་གཏང་བར་བྱའོ། །དེ་ནི་ཚེར་མ་རྣོན་པོ་ནི། །མང་པོས་ ཁྱབ་པར་གྱུར་པ་མཆོག །ཅེས་བྱ་བ་ལ། ཤིང་སུ་ཏ་དེ་ཡང་ཚེར་མ་རྣོན་པོ་མང་པོས་ཁྱབ་ཅིང་གཡོགས་པར་གྱུར་པ་དེ་ཐམས་ཅད་ཀྱི་མཆོག་ཡིན་ནོ། །ལོ་གཉིས་པའམ་ལོ་གསུམ་པ། །ཁྱད་པར་དུ་ནི་དགུན་གྱི་མཐར། །དེ་ནི་མཚོན་གྱིས་རྣམ་བཅད་ལ། །དེ་ལས་འོ་མ་བླང་བར་བྱ། །ཞེས་ བྱ་བ་ལ། ཡང་ཤིང་སུ་ཏ་དེ་ལོ་གཉིས་སམ་ལོ་གསུམ་ལོན་པའི་གཞོན་ནུ་རྩ་བ་ལེགས་པར་ཟུག་པ། དཔྱིད་ཟླ་ར་བའི་ཚེ་མཚོན་གྱིས་བཅད་ལ། དེ་ལས་འོ་མ་གཟགས་ཤིང་བླང་བར་བྱའོ། །བིལ་བ་ལ་སོགས་རྩ་བ་ལྔ། །བྲི་ཧ་ཏི་ནི་རྣམ་གཉིས་དང་། །བསྐོལ་བའི་ཁུ་བ་དང་མཉམ་པའི། །སུ་ཏའི་འོ་ 202-1-66b མ་དང་བསྲེས་ལ། །དེ་འོག་མེ་ཡི་མདག་མར་བསྐམ། །རི་ལུར་བྱས་པ་ཞོ་ག་ཆུའམ། །ཆང་ངམ་བ་གཅིན་སོགས་སྦྱར་བླུད། །ཅེས་བྱ་བ་ལ། བིལ་བ་ལ་སོགས་པ་རྩ་བ་ཆེན་པོ་ལྔ་དང་། བྲི་ཧ་ཏི་ནི་རྣམ་པ་གཉིས་ཏེ་ཀཎྜ་ག་རི་དང་། བྲི་ཧ་ཏི་གཉིས་པོ་ལས་སྨན་སྣ་རེ་རེ་ཞིང་བསྐོལ་བའི་ཁུ་ བ་དང་། ཤིང་སུ་ཏའི་འོ་མ་བསྲེས་ཏེ་ཆ་མཉམ་དུ་བྱས་ལ། དེ་ནས་དེའི་འོག་ཏུ་དེ་གཉིས་ཀ་མེའི་མདག་མ་ལ་བསྐོམས་ཏེ། དེ་ནས་རི་ལུར་ཆ་མཉམ་པར་བྱས་ལ། ཞོ་ག་ཆུའམ་ཆང་ངམ་རྩབ་མོའི་དྭངས་མ་བ་གཅིན་ནམ། རྒྱ་ཤུག་གི་ཁུ་བའམ། སྐྱུ་རུ་རའི་ཁུ་བའམ། སྐྱུར་རྩབས་ཀན་ཛི་ གང་ཡང་རུང་བ་དང་སྦྱར་ཏེ་བླུད་པར་བྱའོ། །དུར་བྱིད་སོགས་དགུ་འབྲས་བུ་གསུམ། །ཁྲོན་བུ་སབ་ཏ་ལ་དང་བཅས། །སུ་ཏའི་འོ་མས་ཞག་བདུན་སྦངས། །ཤ་ཁུའམ་མར་དང་སྦྱར་ཏེ་བླུད། །ཅེས་བྱ་བ་ལ། དུར་བྱིད་ལ་སོགས་པ་དགུ་སྟེ། ཏྲི་བྱིད་ཅེས་བྱ་བ་དུར་བྱིད་དཀར་པོ་དང་། ཤ་ མ་དུར་བྱིད་དང་། དོང་ག་དང་། སེང་ཕྲོམ་དང་། སུ་ཏ་ཞེས་བྱ་བ་ཤྲཱི་ཁཎྜ་དང་ཤང་ཁི་ནི་དང་། དན་ད་དང་། ཏྲ་བན་ཏི་དང་། ས་ཏ་ལ་ཞེས་བྱ་བ་དང་བཅས་པ་སྟེ་དགུ་པོ་དང་། འབྲས་བུ་གསུམ་གྱི་ཕྱེ་མ་དང་། རྩང་སྨན་ཁྲོན་བུ་དང་བཅས་པ་ཤིང་སུ་ཏ་ཞེས་བྱ་བ་སྣུ་ཧའི་འོ་མའི་ནང་དུ་ཞག་བདུན་སྦངས་པ་ ཤ་ཁུའམ་མར་དང་སྦྱར་ཏེ་བླུད་ན་ཡང་བདེ་བར་འཁྲུ་བར་བྱེད་དོ། །ཚ་བ་གསུམ་དང་འབྲས་བུ་གསུམ། །དུར་བྱིད་དན་ད་ཙི་ཏྲ་ཀ །དེ་བཞིན་བུ་རམ་ཆུས་སྦྱར་བླུད། །ཅེས་བྱ་བ་ལ། ཚ་བ་གསུམ་དང་། འབྲས་བུ་གསུམ་དང་། དུར་བྱིད་དང་དན་ད་དང་། ཙི་ཏྲ་ཀའི་ཕྱེ་མ་སྔ་མ་བཞིན་དུ་སུ་ཏའི་འོ་མའི་ ནང་དུ་སྦངས་པ་བླུད་ན་ཡང་ངེས་པར་འཁྲུ་བར་བྱེད་དོ། །ཤང་ཁི་ནི་ཡི་འབྲས་བུ་ནི། །ཕུབ་མ་མེད་ཅིང་མ་བསྐམས་བཏུ། །དེ་བཞིན་སབ་ཏ་ལའི་རྩ་བ། །དེ་དག་རྣོན་པོར་འཁྲུ་བྱེད་ཡིན། །བད་ཀན་དམུ་རྫིང་སྦྱར་བའི་དུག །སྐྲན་སོགས་ནད་ལ་གཏང་བར་བྱ། །ཞེས་བྱ་བ་ལ། ཤང་ཁི་ནི་ ནི་ཏུ་ལ་དང་། ཡ་བ་ཏིག་ཏ་ཞེས་བྱ་བའི་སྨན་དེ་དེའི་འབྲས་བུའོ། །ཕུབ་མ་མེད་པར་གྱུར་པ་དང་། །ཤས་ཆེར་མ་བསྐམས་བཏུ་བ་དང་། །དེ་བཞིན་དུ་སབ་ཏ་ལའི་རྩ་བ་སྦྱར་ཏེ། དེ་དག་གིས་རྣོ་བར་འཁྲུ་བར་བྱེད་པ་ཡིན་པས་བད་ཀན་གྱི་ནད་ལ་སོགས་པ་ལ་གཏང་བར་བྱའོ། །དེ་གཉིས་རི་ལུ་ཞོ་གཉིས་ 202-1-67a ཙམ། །ཆང་དང་རྒྱམ་ཚར་སྦྱར་བ་ནི། །བད་རླུང་ལས་གྱུར་སྙིང་ནད་དང་། །དེ་བཞིན་སྐྲན་གྱི་ནད་ལ་གཏང་། །ཞེས་བྱ་བ་ལ། ཤང་ཁི་ནིའི་འབྲས་བུ་དང་། སབ་ཏ་ལའི་རྩ་བ་དེ་གཉིས་ཕྱེ་མར་བཏགས་ཏེ། རི་ལུར་བསྒོངས་པ་ཞོ་གཉིས་ཙམ་ཆང་དང་རྒྱམ་ཚ་ དང་སྦྱར་བ་ནི་བད་ཀན་དང་རླུང་ལས་གྱུར་པའི་སྙིང་ནད་དང་སྐྲན་གྱི་ནད་ལ་གཏང་བར་བྱའོ། །དན་ད་དྲ་བན་ཏིའི་རྩ་བ། །གླང་པོའི་སོ་ལྟར་བརྟན་ཞིང་སྦོམ། །དམར་ཞིང་གནག་ལ་རྣོ་ཞིང་དྲོ། །མྱུར་དུ་འཁྲུ་བར་བྱེད་པ་ཡིན། །ལྕི་ཞིང་རླུང་ནི་འཁྲུ་བྱེད་ཅིང་། །མཁྲིས་པ་བད་ཀན་འཇུ་བར་བྱེད། ། ཅེས་བྱ་བ་ལ། དན་ད་ནི་ཀུམ་པ་སྟེ་དེ་དང་དྲ་བན་ཏི་ཞེས་བྱ་བའི་རྩ་བ་གླང་པོ་ཆེའི་སོ་ལྟར་བརྟན་ཞིང་སྦོམ་པར་གནས་པ་དམར་གནག་ཏུ་འདུག་པ་རང་བཞིན་རྣོ་ཞིང་དྲོ་བ། མྱུར་དུ་འཁྲུ་ཞིང་སྦྱོང་བར་བྱེད་པ་ལྕི་བའི་ནུས་པ་དང་ལྡན་པ། རླུང་གི་ནད་འཁྲུ་བར་བྱེད་པ། མཁྲིས་པ་དང་བད་ཀན་གྱི་ནད་ འཇུ་བར་བྱེད་པ་ཡིན་ནོ། །དེ་ནི་སྦྲང་རྩི་པི་པི་ལིང་། །ལྡེ་གུས་བསྐུས་ལ་འཇག་མ་དང་། །འཇིམ་པས་བསྐུས་ཤིང་མེས་བསྲེགས་ལ། །ཉི་མ་ཆུང་ཟད་དྲོ་བསྐོམས་པས། །དེ་ཡི་རྣོ་བས་བསལ་བར་བྱ། །ཞེས་བྱ་བ་ལ། དན་ད་དང་དྲ་བན་ཏིའི་རྩ་བ་དེ་སྦྲང་རྩི་དང་པི་པི་ལིང་གཉིས་ཀྱི་ལྡེ་ གུས་བསྐུས་ལ་འཇག་མ་དང་འཇིམ་པས་ཀྱང་བསྐུས་ཏེ་སྨན་གྱི་ཕུར་བུའི་ཚུལ་དུ་བསྲེགས་ལ་ཚོས་པར་གྱུར་པ་དང་། ཉི་མའི་ཚ་བ་ཧ་ཅང་མི་ཆེ་བ་ལ་ཡང་བསྐམ་པར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། དེ་དག་ནི་རྣོ་བ་ལུས་ཟུངས་ལ་གནོད་པར་བྱེད་པ་མེད་པ་དང་། ཉི་མའི་ཚ་བས་བསལ་ཞིང་གཞིག་པར་ བྱའོ། །དེ་ནི་ཆང་དྭངས་ཞོ་ག་ཆུ། །དར་བ་མནན་ཆང་པི་ལུ་ཡི། །ཁུ་བ་གང་ཡང་རུང་སྦྱར་བླུད། །ཉམ་ཆུང་སྐྲན་དང་གཅིན་སྙི་དང་། །དམུ་རྫིང་སྦྱར་བའི་དུག་རྣམས་སེལ། །ཞེས་བྱ་བ་ལ། དེ་ལྟར་བྱས་པའི་རྩ་བ་དེ། ལྡེ་གུར་བྱས་པ་ལ་ཆང་གི་དྭངས་མ་ལ་སོགས་པ་གང་ཡང་རུང་བ་དང་ སྦྱར་ཏེ་བླུད་ན་ལུས་ནད་ཀྱིས་ཉམས་སྨད་པའི་སྐྲན་ལ་སོགས་པའི་ནད་རྣམས་སྦྱོང་བར་བྱེད་དོ། །བ་གླང་རི་དྭགས་ར་ཤ་ཡི། །ཁུ་བར་སྦྱར་བས་སྐྱ་རྦབ་དང་། །ལྟོ་སྲིན་མཚན་བར་རྡོལ་ནད་སེལ། །ཞེས་བྱ་བ་ལ། དན་ད་དང་དྲ་བན་ཏིའི་རྩ་བའི་ཕྱེ་མ་བ་གླང་ངམ་རི་དྭགས་སམ་ར་ཤའི་ཁུ་བ་དང་ 202-1-67b སྦྱར་ཏེ་བླུད་ན་སྐྱ་རྦབ་དང་ལྟོ་ན་སྲིན་བུ་ཡོད་པ་དང་། མཚན་པར་རྡོལ་བའི་ནད་སེལ་ཅིང་སྦྱོང་བར་བྱེད་དོ། །དེ་བསྐོལ་ཁུ་བ་ལྡེ་གུ་དང་། །རྩ་བ་བཅུ་ཡི་ཁུ་བར་བསྐོལ། །མར་གྱིས་མེ་དབལ་ཁོང་འབྲས་དང་། །འབྲུམ་ཕྲན་མཆན་ཁུང་ཚ་བ་སེལ། །ཞེས་བྱ་བ་ལ། དན་ད་དང་དྲ་བན་ཏིའི་ རྩ་བ་བཏགས་པའི་ལྡེ་གུ་རྩ་བ་བཅུ་བསྐོལ་བའི་ཁུ་བ་དང་། བསྐོལ་བའི་མར་བླུད་ན་མེ་དབལ་གྱི་ནད་ལ་སོགས་པ་སེལ་བར་བྱེད་དོ། །ཏིལ་མར་བཅས་པས་སྐྲན་ཟ་ཁུ། །གཞང་འབྲུམ་རྟུག་འགགས་བད་རླུང་སེལ། །ཞེས་བྱ་བ་ལ། བཤད་མ་ཐག་པའི་ཆོ་ག་འདི་ཉིད་ཀྱིས་ཏིལ་མར་བསྐོལ་ ཏེ་བསྐུས་ན་སྐྲན་ལ་སོགས་པའི་ནད་སེལ་བར་བྱེད་དོ། །སྣུམ་ཆེན་སྦྱར་བས་ཁུ་ཆུ་བཤང་། །འཕྱེན་འགགས་རླུང་གི་ནད་རྣམས་སྦྱོང་། །ཞེས་བྱ་བ་ལ། ཆོ་ག་འདིས་སྣུམ་ཆེན་པོ་སྟེ་ཞུན་མར་དང་རྐང་དང་ཚིལ་དང་ཏིལ་མར་བསྐོལ་བ་བླུད་ན་ཁུ་ཆུ་འགགས་པ་ལ་སོགས་པའི་ནད་དང་རླུང་གི་ ནད་གཞན་དག་ཀྱང་སྦྱོང་བར་བྱེད་དོ། །དུར་བྱིད་ལ་སོགས་དགུ་པོ་འདི། །བཀྲུ་སྨན་གྱི་ནི་རབ་མཆོག་ཡིན། །ཞེས་བྱ་བ་ལ། དུར་བྱིད་རྣམ་གཉིས་དང་། དོང་ག་ལ་སོགས་པ་སྨན་དགུ་པོ་འདི་དག་ནི་བཀྲུ་སྨན་རྣམས་ཀྱི་ནང་ན་མཆོག་ཏུ་གྱུར་པ་ཡིན་ནོ། །ཨ་རུ་ར་ཡང་དུར་བྱིད་ཀྱི། །ཆོ་ག་བཞིན་ དུ་སྦྱར་བར་བྱ། །ཞེས་བྱ་བ་ལ། ཨ་རུ་ར་ཡང་གོང་དུ་བཤད་པའི་དུར་བྱིད་ཀྱི་ཆོ་ག་བཞིན་དུ་བཤད་པར་བྱ་སྟེ། དེ་ནས་དུས་སུ་དེའི་ཕྱེ་མ། །རྒྱམ་ཚ་དོང་ག་ཅུང་ཟད་གདབ། །རླུང་ནད་ལ་ནི་སྐྱུར་ལས་བླུད། །ཅེས་བྱ་བ་ལ་སོགས་པ་སྦྱར་བའི་བར་ཇི་སྙེད་སྨོས་པ་རྣམས་ལ་དུར་བྱིད་ཀྱི་གོང་ ཨ་རུ་ར་བཅུག་ལ་སྨན་གྱིས་སྦྱང་བར་བྱའོ། །བུ་རམ་སྲང་བརྒྱད་ཨ་རུ་ར། །ཉི་ཤུ་དན་ད་ཙི་ཏྲ་ཀ །སྲང་རེ་པི་པི་ལིང་དུར་བྱིད། །ཞོ་ནི་གཉིས་གཉིས་ལྷན་ཅིག་སྦྱར། །རི་ལུ་བཅུ་བྱས་ཞག་བཅུ་བར། །རི་ལུ་རེ་རེ་ཟོས་རྗེས་ལ། །ཆུ་དྲོན་བླུད་ཅིང་ཆོ་ག་འདིས། ། དེ་དག་ཐམས་ཅད་ཟོས་གྱུར་ན། །ཀུན་ཟོས་བསྲུང་བའང་མི་དགོས་པར། །འདིས་ནི་ཐམས་ཅད་སེལ་བར་བྱེད། །མཆོག་ཏུ་སྐྱ་རྦབ་ཕོ་བའི་ནད། །ལྤགས་ནད་ཟླུམ་པོ་གཞང་འབྲུམ་དང་། །གཡན་པའི་ནད་རྣམས་སེལ་བ་ཡིན། །ཞེས་བྱ་བ་ལ། བུ་རམ་སྲང་ 202-1-68a བརྒྱད་དང་། ཨ་རུ་ར་རྡོག་མ་ཉི་ཤུ། དན་ད་དང་ཙི་ཏྲ་ཀ་སྲང་རེ་རེ། པི་པི་ལིང་དང་དུར་བྱིད་གཉིས་ཞོ་གཉིས་གཉིས་སྦྱར་ལ་དེ་དག་ལས་རི་ལུ་ཆ་མཉམ་པ་བཅུར་བྱས་ཏེ། རི་ལུ་རེ་རེ་ཞག་བཅུ་བཅུའི་བར་དུ་ཟོས་ལ། དེའི་རྗེས་ལ་ཆུ་དྲོན་བླུད་དེ་ཆོ་ག་འདིས་རི་ལུ་ དེ་ཐམས་ཅད་ཟོས་པར་གྱུར་ན་རི་ལུ་འདིས་ཆོ་ག་བསྲུང་ཞིང་བསྡམས་མི་དགོས་པར་ནད་ཐམས་ཅད་སེལ་ཅིང་འཇོམས་པར་བྱེད་པ་ཡིན་ལ། དེ་ལས་ཀྱང་ཁྱད་པར་དུ་སྐྱ་རྦབ་ལ་སོགས་པའི་ནད་སེལ་ཞིང་འཇོམས་པར་བྱེད་པ་ཡིན་ནོ། །ཆུང་ངུའང་དོན་ནི་ཆེན་པོ་དང་། །ཆེན་པོའང་ལས་ནི་ཉུང་ཟད་ དག །འདྲེ་དང་དབྱེ་བ་བྱས་པ་དང་། །དུས་དང་སྦྱོར་བ་ལྡན་པར་བྱེད། །ཅེས་བྱ་བ་ལ། ཆུང་བ་སྟེ་ནུས་པ་ཆུང་ངུ་ཡང་ཚད་ཆེན་པོ་དང་ལྡན་པས་དོན་ཆེན་པོ་སྟེ། ལས་སུ་བྱ་བ་ཆེན་པོ་བྱེད་པར་འགྱུར་བ་དང་། ནུས་པ་ཆེན་པོ་དང་ལྡན་པ་དག་ཀྱང་ཚད་ཆུང་ངུར་བཏང་བས། ལས་ཀྱི་བྱ་བ་ ཉུང་ཟད་བྱེད་ཅིང་ནུས་པ་ཞན་པར་འགྱུར་ཏེ། ཇི་ལྟ་ཞེ་ན། འདྲེས་པ་ལ་སོགས་པས་བྱ་བ་དེ་དག་བྱེད་དེ། དེ་ལ་སྨན་རྣོན་པོ་དང་སྦྱར་བ་ཆུང་ངུས་ཀྱང་དོན་ཆེན་པོ་བྱེད་པར་འགྱུར་ལ། མང་པོ་ཡང་སྨན་རྣོན་པོ་དང་། དབྱེ་ཞིང་དེ་དང་མི་ལྡན་ན་ལས་ཉུང་ཟད་བྱེད་པར་འགྱུར་རོ། །དེ་བཞིན་དུས་ ཀྱིས་ཀྱང་སྨན་བཏུལ་ཞིང་འཇམ་པ་དེ་ཉིད་སོས་ཀའི་ཚེ་བཏང་ན་དོན་ཆེན་པོ་བྱེད་པར་འགྱུར་ལ། སྨན་རྣོན་པོ་ཡང་དགུན་གྱི་དུས་སུ་བཏང་ན་ལས་ཉུང་ཟད་བྱེད་པར་འགྱུར་རོ། །སྦྱོར་བ་ནི་ནུས་པ་སྐྱེད་པར་བྱེད་པ་སྟེ། སྦྱོར་བ་དེས་ན་སྨན་འཇམ་པོ་རྣོན་པོ་དང་སྦྱར་བས་ཀྱང་དོན་ཆེན་པོ་བྱེད་པར་འགྱུར་ ལ། སྨན་རྣོན་པོ་ཡང་སྨན་རྟུལ་པོ་དང་སྦྱར་ན་ཡང་ལས་ཉུང་ཟད་བྱེད་པར་འགྱུར་རོ། །ཡང་དེ་བཞིན་དུ་རིགས་པའི་སྦྱོར་བས་ནུས་པ་ཞན་པའི་སྨན་དེ་ཉིད་སྨན་རྣོན་པོ་དང་ཅི་རིགས་པར་སྦྱར་ན་རྣོན་པོར་འགྱུར་ལ། དེ་བཞིན་དུ་སྨན་རྣོན་པོ་ཡང་ནུས་པ་ཞན་པའི་སྨན་དང་སྦྱར་ན་རྟུལ་པོར་འགྱུར་རོ། ། དེ་ཡང་དྲང་སྲོང་ཙ་ར་ཀས། །སྨན་ནི་འདྲེ་བས་ཆུང་ངུ་ཡང་། །ལས་ནི་མང་པོ་བྱེད་པར་འགྱུར། །དེ་བས་སྨན་ནི་ནུས་པ་དག །མཚུངས་པས་ཉེ་བར་སྦྱར་བར་བྱ། །ཆུ་མེད་སྲིན་བུས་གནོད་མ་བྱས། །ཡུལ་དང་དུས་ཀྱི་ཡོན་ཏན་ལྡན། །ཚད་ནི་ཆུང་དང་ལྷག་པར་ལྡན། །ནུས་པ་མཚུངས་ 202-1-68b ཤིང་ལེགས་སྦྱར་ལ། །སྣུམ་དང་དུགས་ཀྱི་ཆོ་ག་བྱས། །སྨན་ནི་རྣོ་བ་ཉིད་དུ་འགྱུར། །ཡོན་ཏན་འདི་དག་ཆུང་ཟད་སྨན། །སྔར་བཤད་ཚད་ཀྱིས་མཉམ་འགྱུར་ལ། །སྣུམ་དུགས་ལེགས་པར་མ་བྱས་ལ། །སྨན་གྱི་ནུས་པ་འབྲིང་པོར་འགྱུར། །སྨན་མཐུ་ཆུང་ཞིང་རྩུབ་ པ་དང་། །ཚད་ནི་ཆུང་བར་གྱུར་པ་དང་། །མཐུ་ནི་མི་མཚུངས་སྦྱར་གྱུར་པས། །ཤུགས་དལ་ལྟ་བུར་ནུས་ཞན་འགྱུར། །ཞེས་བྱ་བ་བཤད་པ་ཡིན་ནོ། །ཤིང་ཚ་ནཱ་ག་གེ་སར་དང་། །ཨ་མྲ་ཏ་ཀ་སེའུ་འབྲུ་དང་། །སུག་སྨེལ་ཁ་ར་སྦྲང་རྩི་དང་། །ཁ་ལུང་ཆང་སོགས་དེ་དང་ དེ། །ཡིད་དང་རྗེས་སུ་མཐུན་པ་ཡི། །རིགས་པས་བཀྲུ་སྨན་གཏང་བར་བྱ། །ཞེས་བྱ་བ་ལ། ཤིང་ཚ་ལ་སོགས་དང་ལྡན་པའི་བཀྲུ་སྨན་དེ་དང་དེ་ནད་པ་སོ་སོའི་ཡིད་དང་རྗེས་སུ་མཐུན་པ་འདིར་མ་བཤད་པར་གཞན་དག་ཀྱང་ཅི་རིགས་པར་སྦྱར་ཞིང་བཀྲུ་སྨན་དུ་གཏང་བར་མི་བྱ་སྟེ། གང་གི་ ཕྱིར་ཡིད་དང་རྗེས་སུ་མི་མཐུན་ཞིང་ཞེ་འགྲས་པ་ཡིད་དུ་མི་འོང་བ་དག་བྱིན་ན་སློན་པ་ལ་སོགས་པ་འབྱུང་བར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་རོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཆོ་ག་གྲུབ་པའི་གནས་ཀྱི་ལེའུ་གཉིས་པའི་འགྲེལ་པའོ།། །།དེ་ནས་སྐྱུག་སྨན་དང་བཀྲུ་སྨན་གྱི་ཉེས་པ་གྲུབ་པར་བྱ་བའི་ཆོ་ག་བཤད་པར་བྱའོ། །ཞེས་བྱ་བ་ལ། སྐྱུག་སྨན་དང་བཀྲུ་སྨན་གྱི་ཆོ་ག་བཤད་ནས་དེ་དག་ཉིད་ཀྱི་ཆོ་གའི་སྦྱོར་བ་ཕྱིན་ཅི་ལོག་ཏུ་གྱུར་པ་དེ་གྲུབ་པར་བྱ་ཞིང་ གསོ་བར་བྱ་བ་དང་། བཅོས་པར་བྱ་བའི་སྦྱོར་བ་བཤད་པར་བྱ་བའི་ཕྱིར་ལེའུ་འདི་བརྩམས་པ་ཡིན་ནོ། །སྐྱུག་སྨན་ལྟོ་ནི་སྙི་བ་འམ། །ལྟོགས་པའམ་བད་ཀན་ཤས་ཆུང་བའམ། །ཤིན་ཏུ་རྣོ་བའམ་གྲང་བའང་ཆུང་། །མ་ཞུ་བའམ་ཉམ་ཆུང་ལ། །བླུད་ན་ནད་འབྱུང་རེ་བ་ཉམས། ། དེ་ཚེ་ཐུར་འབྱུང་ནད་སློང་འགྱུར། །དེ་ལ་སླར་ཡང་སྣུམ་ཆོས་བྱ། །སྔར་གྱི་སྐྱོན་བྲལ་སྐྱུག་སྨན་གཏང་། །ཞེས་བྱ་བ་ལ། གལ་ཏེ་སྐྱུག་སྨན་ནད་པ་ལྟོ་སྙི་བར་གྱུར་པའམ། ལྟོགས་ཤིང་བཀྲེས་པར་གྱུར་པའམ། བད་ཀན་གྱི་ཤས་ཆུང་བའམ། ཤིན་ཏུ་རྣོ་བ་ལ་སོགས་པ་ལ་བླུད་ 202-1-69a པར་གྱུར་ན། ནད་གྱེན་དུ་འབྱུང་བའི་རེ་བ་དེས་ཉམས་པར་འགྱུར་ཞིང་འདོད་པའི་དོན་ཐོབ་པར་མི་འགྱུར་ལ། སྨན་ཡང་ཐུར་དུ་འབྱུང་བར་འགྱུར་ཞིང་སླར་ཡང་ནད་བསླངས་ཤིང་སྐྱེད་པར་འགྱུར་རོ། །ཉེས་པ་དེ་ལ་སླར་ཡང་སྣུམ་ཆོས་བྱ་ལ་སླར་སྐྱོན་གང་གིས་ ཉེས་པར་གྱུར་པ་དེ་རན་པར་བྱས་ལ་ཚད་དང་དུས་ལ་སོགས་པར་ལྟོས་པའི་སྨན་གྱིས་དེ་སྐྱུགས་ཤིང་སློན་དུ་གཞུག་པར་བྱའོ། །བཀྲུ་སྨན་མ་ཞུ་བད་ཀན་དང་། །ལྡན་པའམ་ཤིན་ཏུ་རྣོ་ཆེས་པ། །དྲོ་བའམ་ལན་ཚྭ་ཤས་ཆེ་བ། །ཡི་གར་མི་འོང་མངས་པ་ཡིས། །གྱེན་དུ་རྒལ་བར་ གྱུར་པ་དག །སྔར་བཤད་ཉེས་པ་དེ་ལ་ནི། །གྲུབ་པའི་སྦྱོར་བ་དེ་བཞིན་བྱ། །ཞེས་བྱ་བ་ལ། བཀྲུ་སྨན་དེ་ནད་པ་མ་ཞུ་བ་དང་ལྡན་པའམ། བད་ཀན་དང་ལྡན་པ་ལ་ནི་ཤིན་ཏུ་རྣོ་ཆེས་པའམ་ལན་ཚྭ་ཤས་ཆེ་བའི་ཡི་གར་མི་འོང་ཞིང་ཡིད་དང་མི་འཐད་པའམ། སྨན་ཤིན་ཏུ་མང་པོ་ འཐུངས་པས་ཚད་ལས་ཆེས་པར་གྱུར་པ་ལ་སོགས་པས་གྱེན་དུ་རྒལ་ཞིང་ཁའི་སྒོ་ལས་བྱུང་བར་གྱུར་པས་སྔར་བཤད་པའི་ཉེས་པ་ནད་འབྱུང་བའི་རེ་བ་ཉམས་པ་དང་། ནད་སླར་ལ་གློངས་པར་གྱུར་པ་དག་ལ་གྲུབ་པའི་སྦྱོར་བ་ཡང་སྔར་བཤད་པ་དང་འདྲ་བར་ནད་པ་དེ་སྣུམ་ཆོས་བྱ་ཞིང་སྔར་ གྱི་སྐྱོན་གང་ཡིན་པ་ཡང་ངོས་ཟིན་པར་བྱས་ལ། ཚད་དང་དུས་ལ་སོགས་པ་ལ་ལྟོས་པའི་བཀྲུ་སྨན་བཏང་ཞིང་སྔར་སྐྱོན་དུ་གྱུར་པའི་ཉེས་པ་དག་ཀྱང་སྤང་བར་བྱའོ། །དེ་ཡང་སྣོད་དུ་མ་ཆགས་ན། །གསུམ་པོ་དེ་ལ་བླུད་མི་བྱ། །གཞན་དུ་གོམས་པའམ་ཞིམ་པ་ཡི། །སྨན་ནི་གནོད་པ་ མེད་པ་གཏང་། །ཞེས་བྱ་བ་ལ། དེ་ལྟར་གསོ་བ་ལོག་པར་གྱུར་པའི་ཚུལ་གྱིས་བླུད་པས་སྨན་དེ་ཡང་ཁོང་པའི་སྣོད་ཀྱི་ནང་དུ་ཆགས་པར་མ་གྱུར་ཅིང་ཡང་གྱེན་དུ་རྒལ་བར་གྱུར་ན། དེའི་འོག་དུ་སྨན་གསུམ་པོ་དེ་ལ་བླུད་པར་མི་བྱ་ཞེས་གཞན་དུ་སྔར་གོམས་པར་གྱུར་པ་དང་། ཞིམ་ཞིང་ཡི་ གར་འོང་བའི་སྨན་གནོད་པ་མེད་པའི་ལྡེ་གུ་ལ་སོགས་པ་སྐྱིན་པ་ནི་མ་གཏོགས་ཏེ། ཡོན་ཏན་དེ་ལྟ་བུ་དང་ལྡན་པ་ནི་གསུམ་པ་ཡིན་ཡང་གཏང་བར་བྱའོ། །སྣུམ་ཆོས་དུགས་ནི་མ་བྱས་ལ། །སྨན་ནི་རྙིང་ཞིང་རྩུབ་པ་ཡིས། །ནད་སློང་ཕྱིན་པར་མ་གྱུར་པས། །མགོ་འཁོར་སྐྲན་དང་སྐྱིགས་བུ་དང་། ། 202-1-69b མུན་པར་མཐོང་དང་སྐོམ་དད་ཆེ། །བྱིན་སྙིང་ན་ཞིང་ལུས་གཡའ་དང་། །བརླ་ན་ཁ་དོག་མི་སྡུག་པའི། །ནད་ནི་སྐྱེད་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། ནད་པ་སྣུམ་ཆོས་དང་དུགས་མ་བྱས་པའི་ལུས་ལ་སྨན་རྙིང་པ་དང་རྩུབ་པ་དག་གིས་ནད་གློངས་ཤིང་གནས་ལས་བསྐྱོད་ནས་ཕྱིར་འབྱིན་ ཅིང་བསྐྱོད་པར་མ་ནུས་པས་མགོ་འཁོར་བ་ལ་སོགས་པའི་ནད་སྐྱེད་པར་བྱེད་པ་ཡིན་ནོ། །སྣུམ་ཆོས་དུགས་བྱས་སྨན་ཉུང་ཞིང་། །མེ་དྲོད་ཆེ་བས་ཞུ་གྱུར་པའམ། །གྲང་བས་རེངས་པའམ་མ་ཞུ་བས། །ནད་གློངས་་པས་ནི་མ་ཕྱིན་པས། །ནད་ནི་དེ་དག་ཉིད་སྐྱེད་ཅིང་། །དེ་ཉིད་སྦྱོར་ཉེས་ཐམས་ ཅད་ཡིན། །ཞེས་བྱ་བ་ལ། སྣུམ་ཆོས་དང་དུགས་ལེགས་པར་བྱས་པའི་ནད་པ་ལ་སྨན་ཤིན་ཏུ་ཐུན་ཆུང་ཞིང་ཉུང་བ་བྱིན་པའམ། ཕོ་བའི་མེ་དྲོད་ཆེ་བས་སྨན་ཚད་ཆུང་ངུ་དེ་ཞུ་བར་བྱས་པའམ། གྲང་བས་རེངས་ཤིང་འཐས་པར་གྱུར་པའམ། མ་ཞུ་བ་དང་ལྡན་པས་ནད་གློངས་ནས་ཕྱིར་ འབྱིན་པར་མ་ནུས་པ་དག་གིས་སྔར་བཤད་མ་ཐག་པའི་ནད་མགོ་འཁོར་བ་དང་སྐྲངས་པ་ལ་སོགས་པ་དེ་དག་ཉིད་སྐྱེད་པར་བྱེད་དེ། དེ་དག་ཉིད་ནི་སྦྱོར་བ་ཉེས་པ་ཞེས་བྱ་བ་ཐམས་ཅད་ཡིན་ནོ། །དེ་ལ་ཏིལ་མར་རྒྱམ་ཚས་བསྐུས། །གཤག་མ་རྡོ་བས་དུགས་བྱས་ཤིང་། །མས་གཏོང་དྲག་ བྱས་སྐམ་སའི་ཤ །ཁ་ཟས་བྱིན་ལ་འཇམ་རྩི་ནི། །པོ་སོན་ཆ་དང་པི་པི་ལིང་། །ཐང་ཤིང་ཏིལ་མར་བསྐོལ་བ་གཏང་། །ཞེས་བྱ་བ་ལ། དེ་ལྟ་བུའི་ཉེས་པ་དང་ལྡན་པའི་མི་དེ་ལ་ཏིལ་མར་དང་རྒྱམ་ཚས་ལུས་བསྐུས་ལ། གཤག་མ་རྡོ་ཡིས་དུགས་བྱ་ཞིང་མས་གཏོང་བ་དྲག་པོ་ནི་རུ་ཧ་བྱས་ལ་སྐམ་ སའི་ཤ་ཁུ་དང་ཁ་ཟས་བྱིན་པ་པོ་སོན་ཆ་ལ་སོགས་པ་དང་བསྐོལ་བའི་ཏིལ་མར་གྱི་འཇམ་རྩི་མས་གཏོང་བ་ཚད་དང་ལྡན་པར་བྱས་པ་ནད་གཞི་དང་ལུས་ཟུངས་ལ་སོགས་པའི་ཚུལ་ལ་བརྟགས་ཏེ་གཏང་བར་བྱའོ། །རླུང་འཇོམས་སྣུམ་གྱིས་སྣུམ་ཆོས་བྱ། །སླར་ཡང་བཀྲུ་སྨན་རྣོན་པོས་སྦྱང་། །ཞེས་བྱ་བ་ལ། ཡང་དེ་ལ་རླུང་འཇོམས་པར་བྱེད་པའི་སྣུམ་གྱི་སྦྱོར་བས་སྣུམ་ཆོས་བྱས་ལ། བཀྲུ་སྨན་སྔ་མ་བས་རྣོ་བ་བཏང་ལ་སྦྱང་བར་བྱའོ། །ནད་གཞི་ཆེ་ཞིང་ཁོང་རྩུབ་ལ། །མེ་དྲོད་ཆུང་དང་སྨན་ཆུང་བ། །རྟུག་སྐམ་བཅས་པས་གློངས་པ་དང་། །ནད་ཀྱིས་ལམ་ནི་འགགས་པར་འགྱུར། །མི་བཟད་སྦོ་དང་ལྟེ་བ་དང་། ། 202-1-70a རྒྱབ་དང་རྩིབ་ལོགས་མགོ་བོ་ན། །ཕྱི་ས་གཅིན་འགགས་དབུགས་མི་བདེ། །མི་བཟད་པ་ནི་སྐྱེད་པར་བྱེད། །ཅེས་བྱ་བ་ལ། ནད་གཞི་ཤས་ཆེ་བ་དང་། ཁོང་རྩུབ་པ་ལ་སོགས་པ་དང་ལྡན་པ་དང་། རྟུག་སྐམ་དང་བཅས་པས་གྱེན་དུ་འཁྱིལ་ཞིང་ནད་གློངས་པ་དང་། ནད་དེས་རྩ་སྦུབས་ཀྱི་ལམ་འགགས་པར་བྱས་ནས་མི་བཟད་པར་སྦོ་བ་དང་། ལྟེ་བ་ལ་སོགས་པར་ན་བ་དང་། ཕྱི་ས་འགགས་པ་ལ་སོགས་པ་བརྣག་པར་དཀའ་བ་སྐྱེད་པར་བྱེད་པར་འགྱུར་རོ། །བསྐུ་དང་དུགས་དང་རེང་བུ་སོགས། །མས་གཏོང་དྲག་པོ་འཇམ་རྩི་བྱ། །རྟུག་སྐམ་སེལ་བའི་གསོ་ དཔྱད་ལས། །ཐམས་ཅད་སྦོ་བ་དག་ལ་ཕན། །ཞེས་བྱ་བ་ལ། སྦོ་བ་ལ་སོགས་པའི་ནད་དང་ལྡན་པའི་མི་དེ་ལ་སོགས་པའི་ནད་རྣམས་དང་། རྟུག་སྐམ་སེལ་བའི་གསོ་དཔྱད་ཀྱི་ལས་གཞང་འབྲུམ་གསོ་བའི་སྐབས་སུ་བཤད་པ་ཐམས་ཅད་ཕན་ནོ། །རྩ་བ་ལྔ་པ་ནས་ཚིག་འཁུས། །ཤུ་དག་ པུ་ཏི་ཀ་རཉྫ། །རྒྱམ་ཚ་ནས་ཐུག་ལེགས་སྦྱར་བས། །གཟེར་ནད་རྟུག་སྐམ་ལྟོ་སྦོས་འཇོམས། །ཞེས་བྱ་བ་ལ། རྩ་བ་ལྔ་པོ་ལ་སོགས་པའི་སྨན་དང་། ནས་ཐུག་ལེགས་པར་གཡོས་པས་ནི་གཟེར་ལ་སོགས་པའི་ནད་རྣམས་སེལ་བར་འགྱུར་རོ། །ཐལ་སྨན་སེའུ་འབྲུ་པི་པི་ལིང་། ། ཤིང་ཀུན་བཅའ་སྒ་སྟར་བུ་དང་། །རྒྱམ་ཚ་བཅས་པའི་ཆང་ངམ་ནི། །མར་རམ་ཆུ་དྲོན་སྦྱར་བ་བླུད། །མཁྲེགས་ཤིང་ཡོངས་སུ་འཛག་པ་དང་། །ན་ཞིང་བཅད་སྙམ་སེམས་པ་སེལ། །ཞེས་བྱ་བ་ལ། ཐལ་སྨན་ཡ་བཀྵ་ར་དང་སེའུ་འབྲུ་ལ་སོགས་པ་ཆང་ལ་སོགས་པ་གང་ཡང་རུང་བ་དང་ སྦྱར་ཏེ་བླུག་ན་མཁྲེགས་ཤིང་འཁྲུ་བ་ལ་སོགས་པའི་ནད་སེལ་བར་བྱེད་དོ། །སྨན་འཐུངས་གྱུར་པའི་ཤུགས་བཀག་ནི། །རླུང་ལ་སོགས་པའི་ནད་རྣམས་ནི། །འཁྲུགས་ཏེ་སྙིང་གི་ཕྱོགས་སོང་ནས། །སྙིང་ནད་མི་བཟད་སྐྱེད་པར་བྱེད། །སྐྱིགས་བུ་ལུད་པ་རྩིབ་ལོགས་ན། །རྨྱ་ཞིང་མིག་ འགུལ་ཁ་ཆུ་འཛག །དྲན་པ་ཉམས་ཤིང་ལྕེ་འཆའ་ལ། །སོ་ནི་ཁྲིག་ཁྲིག་འཆའ་བར་བྱེད། །ཅེས་བྱ་བ་ལ། ནད་པས་སྨན་འཐུངས་པར་གྱུར་ནས། འབྱུང་བར་འགྱུར་བའི་ཤུགས་བཀག་ཅིང་བརྣགས་ཏེ་འབྱུང་དུ་མ་སྟེར་ན་རླུང་ལ་སོགས་པའི་ནད་འཁྲུགས་ཤིང་ལྡང་བར་འགྱུར་ཏེ། སྙིང་ 202-1-70b གི་ཕྱོགས་སུ་སོང་ནས་སྙིང་གི་ནད་བཙིར་བ་སྙམ་སེམས་པ་ལ་སོགས་པ་མི་བཟད་ཅིང་བརྣག་པར་དཀའ་བ་སྐྱེད་པ་དང་། སྐྱིགས་བུ་ལ་སོགས་པའི་ནད་འབྱུང་བར་འགྱུར་རོ། །དེ་ལ་སྨན་པ་མ་རྨོངས་པས། །མཁྲིས་པས་ཉེན་ལ་མངར་བ་དང་། །བད་ཀན་གྱིས་ཉེན་ཁ་བ་ཡི། །སྐྱུག་ སྨན་དག་ནི་མྱུར་དུ་གཏང་། །ཞེས་བྱ་བ་ལ། དེ་ལྟ་བུའི་གནས་སྐབས་སུ་གྱུར་པའི་ནད་པ་དེ་ལ་སྨན་པ་རྨོངས་ཤིང་འཁྲུལ་བར་མ་གྱུར་པས་གལ་ཏེ་ནད་དེ་མཁྲིས་པས་བརྒྱལ་བར་གྱུར་པ་ཡིན་ན། སྨན་མངར་བའི་སྐྱུག་སྨན་བླུད་དེ་མྱུར་དུ་སྐྱུག་ཏུ་གཞུག་ལ། བད་ཀན་གྱིས་བརྒྱལ་ བ་ཡིན་ན། སྨན་ཁ་བའི་སྐྱུག་སྨན་བླུད་དེ་སྐྱུག་ཏུ་གཞུག་པར་བྱའོ། །དེ་ནས་དེ་ལ་སྨིན་བྱེད་པའི། །ནད་ཀྱི་ལྷག་མ་སྨིན་པར་བྱ། །ཞེས་བྱ་བ་ལ། དེ་ནས་ནད་པ་དེ་སྨིན་པར་བྱེད་པའི་སྨན་གྱིས་ནད་ལྷག་མ་རྣམས་སྨིན་ཅིང་ཟད་པར་བྱའོ། །དེ་ཡི་མེ་དྲོད་ལུས་ཀྱི་སྟོབས། །རིམ་གྱིས་ མངོན་པར་འཕེལ་བར་བྱེད། །ཅེས་བྱ་བ་ལ། ཡང་ནད་པ་དེའི་ཕོ་བའི་མེ་དྲོད་དང་ལུས་ཀྱི་སྟོབས་རྗེས་སུ་མཐུན་པའི་སྨན་དང་། ཟས་དང་སྐོམ་གྱིས་རིམ་གྱིས་མངོན་པར་འཕེལ་བར་བྱ་ཞིང་བསྐྱེད་པར་བྱའོ། །ཤས་ཆེར་སློན་གྱུར་རླུང་གིས་ནི། །གང་གི་སྙིང་ནི་གཟིར་གྱུར་པ། ། དེ་ལ་སྣུམ་འགྱུར་ལན་ཚྭ་སྦྱིན། །མཁྲིས་པ་བད་ཀན་དེ་ལས་གཞན། །ཞེས་བྱ་བ་ལ། གང་ཞིག་ཤས་ཆེར་སློན་པར་གྱུར་པས་རླུང་གིས་སྙིང་གཟེར་ཞིང་ན་བར་གྱུར་པ་དེ་ལ། སྨན་དང་། ཟས་དང་། སྐོམ་སྣུམ་པ་དང་། སྐྱུར་བ་དང་། ལན་ཚྭའི་ཤས་ཆེ་བ་སྦྱིན་པར་བྱའོ། ། མཁྲིས་པ་དང་བད་ཀན་གྱི་ཤས་ཆེ་བ་སློན་པའི་ནད་ནི་དེ་ལས་གཞན་པ་སྟེ། རྩུབ་པ་དང་ཁ་བ་དང་བསྐ་བའི་ཟས་སྐོམ་དང་སྨན་སྦྱིན་པར་བྱའོ། །སྨན་ནི་འཐུངས་པར་གྱུར་ནས་ཤུགས། །བཀག་པར་གྱུར་པའམ་བད་ཀན་གྱིས། །འགགས་པའམ་ཤིན་ཏུ་སྦྱངས་གྱུར་པའི། ། ལུས་ལ་རླུང་ནི་འཇུག་གྱུར་ནས། །རེངས་དང་འདར་དང་ཟུག་པ་དང་། །ལུས་སྙོམ་དཀྲིས་སྙམ་སེམས་ཤིང་ཟུག །ཅེས་བྱ་བ་ལ། སྐྱེས་བུ་སྨན་འཐུངས་པར་གྱུར་ནས་ཤུགས་འབྱུང་བ་བཀག་པས་རླུང་གིས་ལམ་སྲང་འགགས་པར་བྱས་པ་དང་། བད་ཀན་གྱིས་འགགས་ 202-1-71a པར་བྱས་པའམ། ཡང་ན་ཤིན་ཏུ་སྦྱངས་ཤིང་སློན་ཁྲུས་དྲགས་པར་གྱུར་པས་ལུས་ལ་རླུང་འཇུག་པར་འགྱུར་ཏེ། དེས་རླུང་རེངས་པ་ལ་སོགས་པའི་ནད་འབྱུང་བར་འགྱུར་རོ། །དེ་ལ་རླུང་ནི་འཇོམས་པ་ཡི། །སྣུམ་ཆོས་དུགས་སོགས་ཐམས་ཅད་བསྔགས། ། ཞེས་བྱ་བ་ལ། སྦྱོར་བ་ཉེས་པ་དེ་ལ་ནི་རླུང་འཇོམས་པར་བྱེད་པའི་གསོ་བ་དང་སྣུམ་ཆོས་ལ་སོགས་པ་ཐམས་ཅད་ཕན་ནོ། །སོགས་པ་སྨོས་པས་ནི་འཇམ་རྩི་དང་། བཀྲུ་བ་དང་སྨན་ཆུ་བླུགས་པ་དང་། ལུས་བྱིང་བ་དང་། ཁ་ཟས་དང་། སྐོམ་དང་། སྨན་རླུང་འཇོམས་པར་བྱེད་པ་དག་ བསྡུའོ། །སྨན་ཐུན་ཆེ་ལ་རྣོ་བ་ནི། །བཀྲེས་ཉེན་ལྟོ་སྙི་ལ་བླུད་ན། །བད་ཀན་མཁྲིས་པ་བཤང་བ་ནི། །བསལ་ནས་ལུས་ཟུངས་འཛག་པར་བྱེད། །ཅེས་བྱ་བ་ལ། བཀྲེས་པས་ཉེན་པ་དང་། ལྟོ་སྙི་བའི་ནད་པ་ལ་སྨན་ཐུན་ཆེ་ཞིང་མང་བར་བཏང་བར་གྱུར་ན། བད་ཀན་ལ་སོགས་པ་ མྱུར་དུ་བསལ་ཞིང་ཕྱུང་ནས་དྭངས་མ་ལ་སོགས་པའི་ལུས་ཟུངས་རྣམས་འཛག་ཅིང་འབྱུང་བར་བྱེད་དོ། །དེ་ལ་སྦྱོར་དྲགས་མངར་བ་ཡི། །སྨན་གྱིས་ལྷག་མ་སློན་དུ་གཞུག །ཅེས་བྱ་བ་ལ། སྦྱོར་བ་དྲགས་པའི་ཉེས་པ་བྱུང་བ་དེ་ལ་མངར་བའི་སྨན་གྱིས་མ་ཞུ་བའི་སྨན་ལྷག་མ་སློན་དུ་ གཞུག་ཅིང་སྦྱར་བར་བྱའོ། །སྐྱུག་སྨན་དྲགས་ལ་བཀྲུ་སྨན་གཏང་། །འཁྲུས་དྲགས་སྐྱུག་སྨན་འཇམ་པོ་གཏང་། །ཞེས་བྱ་བ་ལ། སྐྱུག་སྨན་གྱི་སྦྱོར་བ་དྲགས་པ་ལ་ནི་བཀྲུ་སྨན་གཏང་བར་བྱའོ། །བཀྲུ་སྨན་དྲགས་པར་གྱུར་པ་ལ་ནི་སྐྱུག་སྨན་འཇམ་པོ་གཏང་བར་བྱའོ། །དེ་ལ་ཆུ་གྲང་ བླུད་པ་དང་། །རོ་སྨད་བཅིངས་པས་གཅད་པར་བྱ། །ཞེས་བྱ་བ་ལ། སྦྱོར་བ་དྲགས་པའི་ནད་པ་དེ་ལ་ཆུ་གྲང་བླུད་པར་བྱའོ། །རོ་སྨད་མན་ཆད་བཅིངས་པ་དང་ཟས་དང་སྐོམ་ཤིན་ཏུ་བསིལ་བས་དེ་གཅད་པར་བྱའོ། །སྟང་ཟིལ་ཙནྡན་པུ་ཤེལ་དང་། །ར་ཁྲག་ཁ་རའི་ཆུ་དང་ནི། །འབྲས་ཡོས་ཕྱེ་ མའི་སྐྱོ་མ་ནི། །སྦྱོར་དྲགས་སེལ་བའི་དམ་པ་ཡིན། །ཞེས་བྱ་བ་ལ། སྟང་ཟིལ་དེ་དངུལ་རྡོ་ལ་སོགས་པ་དང་སྦྱར་བའི་ཆུ་དང་འབྲས་ཡོས་སྐྱོ་མར་བྱས་པ་ནི་སྦྱོར་བ་དྲགས་པ་སེལ་བའི་མཆོག་ཡིན་པས་དེ་བླུད་པར་བྱའོ། །སློན་སྨན་སྦྱོར་བ་དྲགས་པ་ལ། །ཆུ་གྲང་དག་ནི་བླུགས་ 202-1-71b པར་བྱ། །རྒུན་འབྲུ་ལ་སོགས་ཁུ་བ་མར། །སྦྲང་རྩི་ཁ་རའི་སྐྱོ་མ་བླུད། །ཅེས་བྱ་བ་ལ། སྐྱུག་སྨན་གྱི་སྦྱོར་བ་དྲགས་པ་ལ་ཆུ་གྲང་གིས་ལུས་ལ་བླུགས་པར་བྱ་ཞིང་རྒུན་འབྲུ་ལ་སོགས་པའི་སྐྱོ་མ་བླུད་པར་བྱའོ། །སྒྲེགས་པར་བཅས་པ་ཤིན་ཏུ་སྐྱུགས། །མུར་བ་འུ་སུ་གླ་སྒང་ དང་། །སྟང་ཟིལ་མ་དུ་ཀའི་ཕྱེ་མ། །སྦྲང་རྩིར་བཅས་པའི་ལྡེ་གུ་སྦྱིན། །ཞེས་བྱ་བ་ལ། སྒྲེགས་པར་བཅས་པར་དྲག་ཏུ་སྐྱུག་པ་ལ་མུར་བ་ལ་སོགས་པའི་ཕྱེ་མ་སྦྲང་རྩི་དང་ལྡེ་གུར་སྦྱར་བ་སྦྱིན་ཞིང་བལྡག་ཏུ་གཞུག་པར་བྱའོ། །སློན་མཐར་ལྕེ་ནི་འཁུམས་པ་ལ། །སྣུམ་དང་སྐྱུར་དང་ལན་ཚྭ་དང་། ། ལྡན་པས་མཁུར་བ་བཀང་བ་དང་། །ཡིད་འོང་ཡུ་ཤ་ཤ་ཁུ་ཕན། །ཞེས་བྱ་བ་ལ། མི་སློན་དྲགས་པས་ལྕེ་འཁུམས་ཤིང་། ནང་དུ་ཞུགས་པར་གྱུར་པ་ལ་སྣུམ་ལ་སོགས་པ་དང་ལྡན་པས་མཁུར་བ་བཀང་བ་དང་། དེ་བཞིན་དུ། ཡིད་དུ་འོང་བའི་ཡུ་ཤ་དང་ཤ་ཁུ་བླུད་ན་ཕན་ནོ། །དེ་ཡི་ མདུན་དུ་མི་གཞན་ནི། །འབྲས་བུ་སྐྱུར་པ་ཟ་རུ་གཞུག །ཅེས་བྱ་བ་ལ། ལྕེ་འཁུམས་པའི་ནད་པ་དེའི་མདུན་དུ་སྐྱེས་བུ་གཞན་འབྲས་བུ་སྐྱུར་པ་ཟར་བཅུག་ན་ཕན་ནོ། །ལྕེ་ཕྱིར་བྱུང་ལ་ཏིལ་དང་ནི། །རྒུན་འབྲུའི་ལྡེ་གུ་བསྐུས་ནས་གཞུག །ཅེས་བྱ་བ་ལ། སློན་དྲགས་པས་ལྕེ་ཕྱིར་ བྱུང་ཞིང་སྡུད་མི་ཤེས་པ་ལ་ནི་ཏིལ་དང་རྒུན་འབྲུམ་བཏགས་པའི་ལྡེ་གུས་བསྐུས་ལ་ནང་དུ་གཞུག་པར་བྱའོ། །ཚིག་ལྐུགས་རླུང་གི་ནད་ལ་ནི། །མར་དང་ཤ་དང་གཡོས་པ་ཡི། །ནས་ཐུག་སླ་བ་སྦྱིན་བྱ་ཞིང་། །སྣུམ་དང་དུགས་ཀྱི་སྦྱོར་བ་བྱ། །ཞེས་བྱ་བ་ལ། ཚིག་ལྐུགས་ཤིང་ཐོགས་པ་དང་། དེ་བཞིན་དུ་རླུང་གི་ནད་ལྡང་བ་ལ་ནི་དུས་ཤེས་པའི་སྨན་པས་མར་དང་ཤ་དང་གཡོས་སུ་བྱས་པ་ནས་ཐུག་སླ་བ་སྦྱིན་པར་བྱ་ཞིང་། དེ་བཞིན་དུ་སྣུམ་དང་དུགས་ཀྱི་སྦྱོར་བ་དང་ལྡན་པར་བྱའོ། །སྨན་གྱི་སྦྱོར་བ་དྲགས་པ་ཡིས། །སྲོག་ཅེས་བྱ་བའི་ཁྲག་ཕྱུང་བས། །གང་ཕྱིར་དེ་ནི་སྲོག་འཕྲོག་པས། ། སྲོག་ལེན་པ་ནི་ཡིན་པར་བཤད། །ཅེས་བྱ་བ་ལ། སྨན་གྱི་སྦྱོར་བ་དྲགས་པས་ཤས་ཆེར་འཁྲུས་པ་ན། སྲོག་ཅེས་བྱ་བའི་ཁྲག་འབྱུང་བར་འགྱུར་ལ། དེས་ནི་མི་རྣམས་ཀྱི་སྲོག་འཕྲོག་ཅིང་གསོད་པར་བྱེད་པས་དེའི་ཕྱིར་དེ་ལ་ནི་སྲོག་ལེན་པ་ཞེས་སློབ་དཔོན་གྱིས་བཤད་དོ། །ཁྲག་ 202-1-72a དེ་དང་ནི་ཟས་བཅས་པ། །ཁྱི་འམ་བྱ་རོག་ལ་བྱིན་ལ། །ཟོས་ན་སྲོག་ཅེས་བརྗོད་པར་བྱ། །མ་ཟོས་མཁྲིས་པ་ཡིན་པར་བཤད། །ཅེས་བྱ་བ་ལ། སྲོག་ཅེས་བྱ་བའི་ཁྲག་འཁྲུས་པ་དེ་དང་ཟས་སུ་སྦྱར་ལ། ཁྱི་འམ་བྱ་རོག་ལ་བྱིན་ན། གལ་ཏེ་ཟ་བར་ གྱུར་ན་ནི། སྲོག་ཅེས་བྱ་བའི་ཁྲག་ཡིན་པར་བརྗོད་པར་བྱ་ལ། གལ་ཏེ་ཟ་བར་མ་གྱུར་ན་སྲོག་མ་ཡིན་གྱི་མཁྲིས་པ་ཡིན་པར་ཤེས་པར་བྱའོ། །ཡང་ན་རས་དཀར་ལ་བསྒོས་ཏེ། །བསྐམས་ལ་ཆུ་དྲོན་གྱིས་བཀྲུས་ལ། །བཀྲུས་ཀྱང་དག་པར་མ་གྱུར་ན། །མཁྲིས་པའོ་དག་ན་ ཁྲག་ཡིན་ནོ། །ཞེས་བྱ་བ་ལ། ཡང་ན་འཁྲུས་པའི་ཁྲག་དེ་རས་དཀར་པོ་ལ་བསྒོས་ཏེ། དེའི་འོག་ཏུ་ཉི་མ་ལ་བསྐམས་ལ། དེ་ནས་ཆུ་དྲོན་གྱིས་བཀྲུ་སྟེ་མ་དག་པར་གྱུར་ན་ནི་མཁྲིས་པ་ཡིན་ལ། གལ་ཏེ་དེ་དག་པར་གྱུར་ན་ནི་སྲོག་ཅེས་བྱ་བའི་ཁྲག་ཡིན་པར་ཤེས་པར་བྱའོ། ། སྐོམ་དད་བརྒྱལ་དང་མྱོས་པས་ཉེན། །དེ་ལ་སྲོག་ནི་མྱུར་བསྲུང་ཕྱིར། །ཁྲག་དང་མཁྲིས་པ་སེལ་བ་ཡི། །གསོ་བ་འཚོ་བའི་བར་དུ་བྱ། །ཞེས་བྱ་བ་ལ། སྐོམ་དད་ལ་སོགས་པས་ཉེན་པའི་ནད་པ་ལ་སྲོག་བསྲུང་བར་བྱ་བའི་ཕྱིར་ཁྲག་དང་མཁྲིས་པ་སེལ་བའི་གསོ་བ་ཇི་ སྐད་བཤད་པ་དག་ཤིས་པར་གྱུར་གྱི་བར་དུ་རྒྱུན་དུ་བྱའོ། །རི་དྭགས་བ་གླང་མ་ཧེ་ར། །གསོན་པོའི་ཁྲག་ནི་བྱུང་མ་ཐག །སྲོག་ནི་འབྱོར་བར་བྱེད་པ་བླུད། །དེ་ནི་མྱུར་དུ་སྲོག་ཏུ་འགྱུར། །ཞེས་བྱ་བ་ལ། རི་དྭགས་ལ་སོགས་པ་གསོན་པོའི་ཁྲག་ཕྱུང་མ་ཐག་མིའི་སྲོག་ཅེས་ བྱ་བའི་ཁྲག་འབྱོར་ཅིང་འཛིན་པར་བྱེད་པ་ཡིན་པས་དེ་བླུད་པར་བྱ་སྟེ། དེས་ནི་དེའི་སྲོག་མྱུར་དུ་འཛིན་པར་བྱེད་ཅིང་ཚིམ་པར་བྱེད་པར་འགྱུར་རོ། །དེ་ཉིད་འཇག་མ་དང་མཉེས་པའི། །ཁྲག་ནི་འཇམ་རྩིར་གཏང་བར་བྱ། །ཞེས་བྱ་བ་ལ། ཁྲག་དེ་ཉིད་འཇག་མ་དང་མཉེས་ཏེ་ བཙགས་པའི་འཇམ་རྩི་མས་གཏོང་བར་བྱའོ། །དུར་བྱིད་ཏང་པལ་ཤིང་མངར་དང་། །དཱུར་བ་པུ་ཤེལ་ཙེ་འོ་མ། །བསྐོལ་བ་མར་གྱི་སྙིང་པོ་དང་། །སྟང་ཟིལ་དང་ནི་བཅས་པ་ཡི། །འཇམ་རྩི་གྲང་མོ་གཏང་བར་བྱ། །ཞེས་བྱ་བ་ལ། དུར་བྱིད་ལ་སོགས་པའི་སྨན་དང་འོ་མ་བསྐོལ་བ་དང་། 202-1-72b མར་གྱི་སྙིང་པོ་དང་། སྟང་ཟིལ་དང་བཅས་པའི་འཇམ་རྩི་གྲང་མོ་བཏང་ན་ཡང་ཕན་ནོ། །སྤྱི་བག་འཇམ་རྩི་རབ་གྲང་བའམ། །མར་གྱི་སྙིང་པོ་འཇམ་རྩི་གཏང་། །ཞེས་བྱ་བ་ལ། ཡང་ན་སྤྱི་བག་གི་འཇམ་རྩི་རབ་ཏུ་གྲང་མོ་འཁྲུ་བ་གསོ་བའི་སྐབས་སུ་བཤད་པ་གཏང་བར་བྱ་བའམ། དེ་བཞིན་དུ་མར་གྱི་ཉིང་ཁུའི་འཇམ་རྩི་གཏང་བར་བྱའོ། །གཞང་ཕྱིར་བྱུང་ལ་སྨན་ཁུ་ཡིས། །འཁྲུ་བ་བཅད་ལ་གཞུག་པར་བྱ། །ཞེས་བྱ་བ་ལ། གཞང་ཕྱིར་བྱུང་བ་ལ་ནི་སྦྱོར་བ་དང་འཕྲོད་པའི་སྨན་གྱི་ཁུ་བས་འཁྲུ་བ་བཅད་ལ། ནང་དུ་ལེགས་པར་གཞུག་པར་བྱའོ། །དྲན་པ་ སྟོར་ལ་རིག་བྱེད་ཚིག །གླིང་བུ་གླུ་དབྱངས་ཉན་དུ་གཞུག །ཅེས་བྱ་བ་ལ། སྨན་གྱི་སྦྱོར་བ་དྲགས་པས་དྲན་པ་སྟོར་བར་གྱུར་པ་ལ་ནི་སྙན་ཚིག་གི་རིག་བྱེད་དང་། གླིང་བུ་དང་། གླུ་དབྱངས་སྙན་པ་ཉན་དུ་གཞུག་ཅིང་ཡིད་གསོ་བར་བྱའོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་ པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཆོ་ག་གྲུབ་པའི་གནས་ཀྱི་ལེའུ་གསུམ་པའི་འགྲེལ་པའོ།། །།དེ་ནས་སྨན་མས་གཏོང་བའི་ཆོ་ག་བཤད་པར་བྱའོ། །ཞེས་བྱ་བ་ལ། སྔར་བྱས་ཟིན་པའི་འོག་ཏུ་ འཇམ་རྩི་མས་གཏོང་བར་བྱ་བ་ཡང་རིགས་པ་ཡིན་པས་སྐྱུག་སྨན་དང་། བཀྲུ་སྨན་གཏང་བའི་ཆོ་གའི་འོག་ཏུ་ལེའུ་འདི་བརྩམས་པ་ཡིན་ནོ། །བ་ལ་སླེ་ཏྲེས་ར་སྣ་འབྲས་བུ་གསུམ། །རྩ་བ་ལྔ་པ་རྣམ་གཉིས་སྲང་རེའི་ཚད། །པོ་སོན་ཆ་བརྒྱད་ར་ཤ་སྲང་ལྔ་བཅུ། །ཆུ་ནང་བསྐོལ་ཏེ་བཞི་ཆ་ལུས་གྱུར་པ། ། བཙགས་པར་ལ་ལ་ཕུད་དང་པོ་སོན་ཆ། །བིལ་བ་རུ་རྟ་ཤ་ཏ་པུཥྤ་དང་། །ཤུ་དག་གླ་སྒང་པི་པི་ལིང་རྣམས་ཀྱི། །ལྡེ་གུ་བུ་རམ་སྦྲང་རྩི་མར་དང་ནི། །ཏིལ་མར་རྒྱམ་ཚ་དག་དང་ལྡན་གྱུར་པ། །དྲོ་འཇམ་ཆོ་ག་བཞིན་དུ་བཏང་གྱུར་པ། །མས་གཏོང་མཆོག་སྟེ་ནད་ཀུན་འཇོམས་བྱེད་ཡིན། །ནད་ མེད་ལ་ཕན་ཚེ་རིང་ཉམས་བརྟས་བྱེད། །འཇམ་རྩི་གང་དུ་ལྡེ་གུ་མ་སྨོས་པ། །དེར་ནི་ཀུན་ལ་འདི་ཉིད་གཞུག་པར་བྱ། །ཞེས་བྱ་བ་ལ། བ་ལ་ནས་རྩ་བ་བཅུ་པའི་བར་སྨན་སྣ་རེ་ཞིང་སྲང་རེའི་ཚད་དུ་བྱས་པ་དང་། པོ་སོན་ཆ་རྡོག་མ་བརྒྱད་སྲང་གཅིག་ཙམ་ཡོད་པ་དང་། ར་ཤ་སྲང་ལྔ་བཅུ་ 202-1-73a ཆུ་ཚད་བཞིན་དུ་བྱས་པའི་ནང་དུ་བསྐོལ་ལ། དེའི་ཁུ་བ་བཞི་ཆ་ལུས་པ་བྱས་ཏེ། དེ་ཡང་འདིར་བ་ལ་ལ་སོགས་པ་སྨན་སྣ་བཅུ་དྲུག་པོ་དེ་དག་གི་ཆུ་བཅུ་དྲུག་འགྱུར་ཏེ། ཆུ་སྲང་ཉིས་བརྒྱ་ལྔ་བཅུ་རྩ་དྲུག་ཡོད་དོ། །དེ་ཙམ་དང་དེ་དག་བསྐོལ་ལ། དེའི་བཞི་ཆ་སྟེ། ཆུ་སྲང་དྲུག་ཅུ་རྩ་བཞི་ལུས་པ་དང་དབབ་པར་བྱ་སྟེ། འདིར་སྨན་ལ་ལྟོས་ནས་ཆུ་སྲང་བཅུ་དྲུག་འགྱུར་གཞུག་པར་བྱའོ། །ཤ་ལ་ལྟོས་ན་ནི་ཆུ་ཤིན་ཏུ་བསྐོལ་བ་མང་བས་བསྐོལ་བ་ཐལ་ཆེས་པར་འགྱུར་བའི་ཕྱིར་དང་། དགོས་པ་མེད་པའི་ཕྱིར་སྨན་པ་རྒན་པོ་དེ་དག་དེ་ལྟར་ཉེ་ བར་སྤྱོད་པར་མི་བྱེད་དོ། །འདིར་དཔེར་བརྗོད་པ་ནི་ར་སྣ་ལ་སོགས་པའི་སྨན་མར་ལུད་པ་གསོ་བའི་སྐབས་སུ་བཤད་པ་ལྟ་བུ་ཡིན་ནོ། །དེ་ལྟར་བཞི་ཆ་ལུས་པའི་སྨན་གྱི་ཁུ་བ་དེ་བཙགས་ལ། དེའི་ནང་དུ་ལ་ལ་ཕུད་ལ་སོགས་པ་བཏགས་པའི་ལྡེ་གུ་དང་བུ་རམ་དང་སྦྲང་རྩི་ལ་ སོགས་པ་དང་ལྡན་པར་བྱས་པ་དྲོ་འཇམ་ཙམ་སྔར་བཤད་པ་བཞིན་དུ་མས་གཏོང་བར་གྱུར་པ་ནི་འཇམ་རྩིའི་མཆོག་ཡིན་ཏེ། ནད་ཐམས་ཅད་འཇོམས་པར་བྱེད་ཅིང་ནད་མེད་པ་ལ་ཡང་ཕན་ཞིང་ཚེ་རིང་བར་བྱེད་པ་ཡིན་ནོ། །འདིར་ལྡེ་གུ་ལ་སོགས་པའི་ཚད་མས་གཏོང་བའི་ཆོ་ག་ ལས་བཤད་པ་ལྟར་ཤེས་པར་བྱ་སྟེ། དེ་བདེ་བླག་ཏུ་དྲན་པར་བྱ་བའི་ཕྱིར་ཡང་དེ་ཉིད་བསྟན་པར་བྱ་སྟེ། ལྡེ་གུ་ནི་བསྐོལ་བའི་སྨན་གྱི་བརྒྱད་ཆ་གཞུག་པར་བྱ་བའམ། ཤིན་ཏུ་སླ་བའམ་ཤིན་ཏུ་སྐ་བར་མ་གྱུར་པ་དེ་ཙམ་དུ་གཞུག་ལ། བུ་རམ་ནི་སྲང་གཅིག་གཞུག་པར་བྱ་ཞིང་། སྦྲང་རྩི་དང་རྒྱམ་ཚ་ནི་ཅི་རིགས་པ་གཞུག་པར་བྱའོ། །འདིར་སྣུམ་ནི་བསྐོལ་བའི་སྨན་ཁུའི་བཞི་ཆ་དང་ཆ་མཉམ་པར་གཞུག་པར་བྱའོ། །དེ་ཡང་གང་གི་ཕྱིར་སྦྲང་རྩི་རྒྱམ་ཚ་ལ་སོགས་པ་ཅི་རིགས་པ་ཞེས་བཤད་པ་ཡིན་ལ། རིགས་པ་དེ་ཡང་བཀྲུ་སྨན་དྲག་པོ་མས་གཏོང་བ་བཤད་པའི་ཚིག་ གཞན་དག་ལ་བཤད་པར་བྱ་སྟེ། དེ་ཡང་སྦྲང་རྩི་དང་ཏིལ་མར་ནི་ཁྱོར་བཞི་གཞུག་པར་བྱ་ལ། རྒྱམ་ཚ་ནི་ཞོ་གཉིས་གཞུག་པར་བྱའོ། །ཞེས་ཇི་སྐད་བཤད་པ་དང་། དེ་བཞིན་དུ་སྙིང་པོ་ལས། སྣུམ་དང་སྦྲང་རྩི་རེ་རེ་ཞིང་། །སྲང་ནི་གསུམ་གསུམ་ཚད་དུ་བྱ། །ཞེས་བྱ་བ་ལ་སོགས་པ་ 202-1-73b སྨྲས་པ་ཡིན་ནོ། །མས་གཏོང་བའི་འཇམ་རྩིའི་སྐབས་གང་དུ་ལྡེ་གུའི་སྨན་མ་སྨོས་པ་དེ་འཇམ་རྩི་ཀུན་ལ་ཡང་ལ་ལ་ཕུད་ལ་སོགས་པའི་ལྡེ་གུ་འདི་ཉིད་གཞུག་པར་བྱའོ། །རྩ་བ་བཅུ་པའི་ཁུ་བ་སྐྱུར་དང་ནི། །ར་ཤ་བཅས་པ་སྔ་མ་བཏགས་པ་དང་། །སྣུམ་ཆེན་གསུམ་ལྡན་མས་གཏོང་མཆོག་ ཡིན་ཏེ། །རླུང་གི་ནད་ཀུན་རབ་ཏུ་འཇོམས་པར་བཤད། །ཅེས་བྱ་བ་ལ། སྨན་རྩ་བ་ལྔ་པ་ཆེ་ཆུང་གཉིས་དང་། ར་ཤ་དང་བཅས་པའི་ཁུ་བ་བསྐོལ་བ་ཆོ་ག་བཞིན་དུ་བསྐོལ་བའི་སྨན་གྱི་ཁུ་བ་སྦྱོར་བ་དང་འཚམ་པའི་སྐྱུར་དང་ལྡན་པ་དང་སྔར་བཤད་པའི་ལ་ལ་ཕུད་ལ་སོགས་པའི་སྨན་བཏགས་པ་ གཞུག་པ་དང་། སྣུམ་ཆེན་པོ་གསུམ་པོ་ཏིལ་མར་དང་ཞུན་མར་ཞག་དང་ལྡན་པའམ། ནད་གཞིའི་ཚུལ་ལས་དཔགས་ཏེ། སྣུམ་གསུམ་པོ་དེ་དག་ལས་གང་ཡང་རུང་བ་དང་སྦྱར་ཏེ་མས་གཏོང་བ་ནི་མས་གཏོང་བའི་དམ་པ་ཡིན་ཏེ། རླུང་གི་ནད་ཐམས་ཅད་འཇོམས་པར་བྱེད་པ་ཡིན་ནོ། །ཞེས་དྲང་སྲོང་རྣམས་ ཀྱིས་བཤད་དོ། །པ་ལ་པ་ཏོལ་རྩ་བ་ཆུང་ངུ་ལྔ། །ཀྱི་ལྕེ་བ་དང་ཨེ་རཎྜ་དང་ནས། །བསྐོལ་བའི་ཁུ་བ་བྲེ་གང་ར་ཤའི་ཁུ། །དེ་ཡི་ཕྱེད་བཅུག་ལ་བསྐོལ་བྲེ་གང་ལུས། །པྲི་ཡང་ཀུ་དང་གླ་སྒང་པི་པི་ལིང་། །ལྡེ་གུར་བྱས་ཤིང་ཏིལ་མར་ཞུན་མར་དང་། །སྦྲང་རྩི་རྒྱམ་ཚ་དང་ནི་ལྡན་གྱུར་པའི། ། འཇམ་རྩི་བཏང་ན་མེ་དྲོད་འཕེལ་བ་དང་། །ཉམས་སྟོབས་བསྐྱེད་ཅིང་ཤ་ནི་རྒྱས་པ་དང་། །མིག་གི་གསལ་སྟོབས་འཕྲལ་དུ་སྐྱེད་པར་བྱེད། །ཅེས་བྱ་བ་ལ་སོགས་པའི་སྨན་གྱི་ཚོགས་བསྐོལ་བའི་ཆོ་ག་བཞིན་དུ་ལེགས་པར་བསྐོལ་བ་བྲེ་གང་དང་ར་ཤའི་ཁུ་བ་བྲེ་ཕྱེད་བཅུག་ལ་ཡང་ དེ་བྲེ་གང་ལུས་ཀྱི་བར་དུ་བསྐོལ་ལ། པྲི་ཡང་ཀུ་དང་གླ་སྒང་དང་། པི་པི་ལིང་གི་ལྡེ་གུ་བརྒྱད་ཆ་ཆ་མཉམ་པ་དང་ལྡན་པ་ཏིལ་མར་དང་སྦྲང་རྩི་དང་རྒྱམ་ཚ་དང་ལྡན་པར་བྱས་པའི་འཇམ་རྩི་དེས་ནི་ཕོ་བའི་མེ་དྲོད་འཕེལ་བར་བྱེད་པ་ལ་སོགས་པ་སྐྱེད་པར་བྱེད་པ་ཡིན་ནོ། །ཨེ་རཎྜའི་རྩ་སྲང་ གསུམ་པ་ལ་ཤ །སྲང་གསུམ་རྩ་བ་ལྔ་པ་ཆུང་ངུ་དང་། །ར་སྣ་པ་ལ་སླེ་ཏྲེས་བ་སྤྲུ་བ། །ཨ་ཤྭ་གནྡྷ་དོང་ག་ཐང་ཤིང་རྣམས། །པོ་སོན་ཆ་བརྒྱད་ཆུ་བྲེ་བརྒྱད་དུ་བསྐོལ། །བརྒྱད་ཆ་ལུས་པར་གྱུར་པ་དེ་ཡི་ནང་། །ཤུ་དག་ཤུ་ཏི་སྤ་མའི་འབྲས་བུ་དང་། །པྲི་ཡང་ཀུ་དང་ཤིང་མངར་པི་པི་ 202-1-74a ལིང་། །དུག་མོ་ཡུངས་ཀྱི་ས་བོན་གླ་སྒང་དང་། །སྐྱེར་པའི་ཁཎྜར་བཅས་པ་ཞིབ་ཏུ་བཏགས། །ཞོ་གཉིས་ཚད་ཀྱིས་རྒྱམ་ཚར་བཅས་པ་དང་། །སྦྲང་རྩི་ཏིལ་མར་བ་གཅིན་དང་སྦྱར་བའི། །མས་གཏོང་སྐྱུགས་བྱེད་མེ་དྲོད་སྐྱེད་པ་དང་། །རྐང་པ་བྱིན་པ་བརླ་ དང་མཇུག་ཏོ་དང་། །ལྟོ་བ་སྙི་དང་ཕོ་མཚན་ན་བ་དང་། །ལུས་ལྕི་རླུང་དང་བཤང་གཅི་འགགས་དང་སྐྲན། །རྡེའུ་ཆགས་རྒྱུ་རླུགས་གཞང་འབྲུམ་ཕོ་བའི་ནད། །བད་ཀན་རླུགས་ནད་དེ་དང་དེ་དག་འཇོམས། །ཞེས་བྱ་བ་ལ། ཨེ་རཎྜའི་རྩ་བ་དང་པ་ལ་ཤ་སྲང་གསུམ་ གསུམ། རྩ་བ་ལྔ་པ་ཆུང་ངུ་ལ་སོགས་པའི་སྨན་སྣ་རེ་ཞིང་སྲང་རེ། པོ་སོན་ཆ་རྡོག་མ་བརྒྱད་ཆུ་བྲེ་བརྒྱད་དེ། སྲང་ཉིས་བརྒྱ་ལྔ་བཅུ་རྩ་དྲུག་གི་ནང་དུ་དེ་ཐམས་ཅད་བསྐོལ་ཏེ། བསྐོལ་བ་དེ་ལས་བརྒྱད་ཆ་སྟེ་བྲེ་གང་ལུས་པར་གྱུར་པ་དང་། སྨན་གྱི་ཁུ་བ་དེའི་ནང་དུ་ཤུ་དག་ལ་ སོགས་པ་ནས་སྐྱེར་པའི་ཁཎྜ་དང་བཅས་པར་ཞིབ་ཏུ་བཏགས་པའི་ལྡེ་གུ་དང་། རྒྱམ་ཚ་ཞོ་གཉིས་སམ། ནད་གཞིའི་ཚུལ་ལས་དཔགས་པའི་ཚད་དང་ལྡན་པའི་སྦྲང་རྩི་ལ་སོགས་པ་སྦྱར་བས་མས་གཏོང་བས་ནི་བད་ཀན་དང་ཚིགས་ལ་སོགས་པའི་ནད་ལ་སོགས་པ་སྐྱུགས་ པར་བྱེད་པ་དང་། རྐང་པའི་ནད་ལ་སོགས་པ་བད་ཀན་དང་རླུང་ལས་གྱུར་པའི་ནད་གང་དག་ཡིན་པ་དེ་དང་དེ་དག་ཐམས་ཅད་འཇོམས་ཤིང་སེལ་བར་བྱེད་དོ། །ཤིང་མངར་སེང་ཕྲོམ་ཙནྡན་ཨ་རུ་ར། །ཙནྡན་ཨུཏྤལ་བ་ཡི་འོ་མར་བསྐོལ། །འཚོ་བྱེད་ཁ་ར་མར་དང་བཅས་པ་ཡི། ། འཇམ་རྩིས་མཁྲིས་པའི་ནད་རྣམས་སེལ་བར་བྱེད། །ཅེས་བྱ་བ་ལ། ཤིང་མངར་ལ་སོགས་པའི་སྨན་བའི་འོ་མར་བསྐོལ་བའི་ནང་དུ་འཚོ་བྱེད་ཀྱི་སྡེ་ཚན་གྱི་ལྡེ་གུ་དང་ཁ་ར་དང་མར་དང་བཅས་པར་སྦྱར་བའི་འཇམ་རྩི་མས་གཏོང་བས་ནི་མཁྲིས་པ་ལ་སོགས་པའི་ནད་འཇོམས་ཤིང་སེལ་བར་ བྱེད་དོ། །ར་སྣ་བ་ཤ་ཀ་འཚོད་བྱི་ཚེར་བ། །བ་ལ་རྩ་བ་ཆུང་ལྔ་རྩྭ་ཡི་ལྔ། །ཐལ་ཏྲེས་ཙནྡན་ཤུག་པ་རྣམ་གཉིས་དང་། །ཤིང་མངར་སེང་ཕྲོམ་སྲང་ནི་ཕྱེད་ཕྱེད་དང་། །ཆུ་དང་བསྐོལ་བའི་ཁུ་བ་དེ་དང་ནི། །འོ་མ་བྲེ་བཞི་བསྐོལ་ཏེ་ཆུ་དུའི་བར། །ཛི་བན་ཏི་དང་མེ་ད་རྣམ་ 202-1-74b གཉིས་དང་། །ཉེའུ་ཤིང་རམ་ཉེ་བ་གཉིས་བི་ད་རི། །ཀ་ཤེ་རུ་དང་ཁ་ར་དཀར་པོ་དང་། །ཛི་བ་ཀ་དང་པདྨ་གེ་སར་དང་། །སྟག་ཚེར་ཨུཏྤ་ལ་དང་པདྨ་དཀར། །སེང་ཕྲོམ་ཁ་སྲལ་ཕྲེའུ་ཤིང་མངར་དང་། །ནཱ་ག་གེ་སར་མུན་ཛ་ཏ་ཀ་དང་། །ཙནྡན་རྣམ་གཉིས་བཏགས་ པ་མར་དང་ནི། །སྦྲང་རྩི་རྒྱམ་ཚ་དང་ནི་ལྡན་བྱས་པ། །བསྒྲངས་པའི་ནི་རུ་ཧ་ནི་གཏང་བར་བྱ། །སླར་ཕྱུང་སྐམ་སའི་ཤ་ཁུའམ་འོ་མ་དང་། །འབྲས་ཆན་བྱིན་ལ་ལུས་ལ་ཆུ་བླུགས་བྱ། །ལུས་ཚ་ཚད་འཁྲུ་མངལ་ནད་ཁྲག་མཁྲིས་དང་། སྙིང་ནད་སྐྱ་རྦབ་མི་བཟད་རིམས་དང་ ནི། །སྐྲན་བཅས་གཅིན་འགགས་མིག་སེར་ལ་སོགས་པ། །མཁྲིས་པ་ལས་གྱུར་ནད་ནི་ཐམས་ཅད་འཇོམས། །ཞེས་བྱ་བ་ལ། བ་ཤ་ཀ་ནི་བྲི་ཤའོ། །རྩ་བ་ཆུང་ངུ་ལྔ་ནི་བྲི་ཧ་ཏི་ལ་སོགས་པའོ། །རྩྭའི་རྩ་བ་ལྔ་ནི་དཱུར་བ་དང་། འཇག་མ་དང་། བུ་རམ་ཤིང་དང་། འདམ་བུ་དང་། འབྲས་ཀྱི་རྩ་བའོ། །ཐལ་ཏྲེས་ནི་ཤ་རི་པ་སྟེ། གོ་སང་གནྡྷ་ཞེས་བྱའོ། །ར་སྣ་ལ་སོགས་པ་འདི་དག་སྨན་སྣ་རེ་རེ་ཞིང་སྲང་ཕྱེད་ཕྱེད་སྨན་གྱི་ཁུ་བ་བསྐོལ་བའི་ཆོ་གས་ཆུའི་ནང་དུ་བསྐོལ་ལ། དེ་དང་འོ་མ་བྲེ་བཞི་བསྐོལ་ལ་ཆུ་དུ་བར་གྱུར་ཅིང་འོ་མ་ལུས་ཀྱི་བར་ དུ་བསྐོལ་ནས་དེའི་ནང་དུ་ཛི་བན་ཏི་ལ་སོགས་པ་ལྡེ་གུའི་ཆོ་ག་བཞིན་དུ་བཏགས་ཏེ་སྦྱར་བའི་ལྡེ་གུ་དང་། མར་ལ་སོགས་པ་དང་ལྡན་པའི་ནི་རུ་ཧ་གཏང་བར་བྱའོ། །མས་གཏོང་བ་དེ་སླར་བྱུང་བར་གྱུར་ན་སྐམ་སའི་སྲོག་ཆགས་ཀྱི་ཤ་ཁུའམ་འོ་མ་དང་སྦགས་ཏེ། འབྲས་ཆན་སྦྱིན་པར་ བྱའོ། །དེ་བཞིན་དུ་ལུས་ལ་ཆུ་བླུགས་ཤིང་ཁྲུས་བྱས་ཏེ་དེ་ལྟར་བཏང་བའི་འཇམ་རྩི་དེས་ནི་ལུས་ཀྱི་ཁོང་ཚ་བ་ལ་སོགས་པའི་ནད་དང་། མཁྲིས་པ་ལས་གྱུར་པའི་ནད་ཐམས་ཅད་འཇོམས་པར་བྱེད་དོ། །ཀོ་ཤ་ཏ་ཀ་དོང་ག་ཐང་ཤིང་དང་། །མུར་བ་གཟེ་མ་ཨརྐ་དུག་མོ་ཡུངས། །པ་ཐ་ རྒྱ་སྲན་བྲི་ཧ་ཏི་ཆུར་བསྐོལ། །ཁུ་བ་སྲང་ནི་ཉི་ཤུ་ལུས་པ་དང་། །དེས་ནི་ཡུངས་ཀར་སུག་སྨེལ་པོ་སོན་ཆ། །རུ་རྟ་ཞོ་ནི་གཉིས་གཉིས་ཚད་དང་ནི། །སྦྲང་རྩི་པོ་སོན་ཆ་ཡི་མར་དང་ནི། །ཐལ་སྨན་ཡུངས་མར་སྲང་ནི་གཉིས་བཅས་པ། །མས་གཏོང་མེ་དྲོད་ཆུང་དང་ཡི་ག་འཆུས། །བད་ 202-1-75a ཀན་ལས་གྱུར་ནད་ནི་ཀུན་ལ་ཕན། །ཞེས་བྱ་བ་ལ། ཀོ་ཤ་ཏ་ཀ་ལ་སོགས་པའི་སྨན་གྱི་ཁུ་བ་བསྐོལ་བའི་ཆོ་གས་བསྐོལ་ལ་དེའི་ཁུ་བ་སྲང་ཉི་ཤུ་སྟེ། ཁྱོར་བཅུ་ལུས་པར་གྱུར་ཏེ། དེ་ནས་ཀོ་ཤ་ཏ་ཀ་ནས་བྲི་ཧ་ཏིའི་བར་གྱི་སྨན་སྲང་ལྔ་བཅུ་ཆུ་དྲུག་འགྱུར་གྱི་ནང་ དུ་བསྐོལ་ལ། ཁུ་བ་སྲང་ནི་ཉི་ཤུ་ལུས་པར་བྱས་ལ་ཁུ་བ་སྲང་ཉི་ཤུ་པོ་དེར་ཡུངས་ཀར་ལ་སོགས་པའི་སྨན་བཞི་པོ་ཞོ་གཉིས་གཉིས་དང་བཅས་ཤིང་སྦྲང་རྩི་དང་། པོ་སོན་ཆའི་མར་དང་། ཐལ་སྨན་དང་། ཡུངས་མར་སྣ་རེ་རེ་ཞིང་སྲང་གཉིས་དང་ལྡན་པར་བྱས་ལ། མས་གཏོང་ བ་དྲག་པོ་ནི་རུ་ཧ་ཞེས་བྱ་བ་བཏང་ན་མེ་དྲོད་ཆུང་བ་ལ་སོགས་པའི་ནད་ཐམས་ཅད་ལ་ཕན་ནོ། །དེ་ནས་ནི་རུ་ཧ་དེ་ནི། །སྣུམ་འཇམ་སྐྱིད་དེ་བ་དང་ནི། །ལས་ཀྱི་ལུས་སྙོམ་གྱུར་པའི་སྨན། །སྲང་ནི་གཉིས་གཉིས་སོ་སོར་བཤད། །ཅེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་མས་གཏོང་བ་ ནི་རུ་ཧ་སྣུམ་ཞིང་སྣུམ་པར་བྱེད་ནུས་པ་འཇམ་ཞིང་རྩུབ་པ་མ་ཡིན་པ་སྐྱིད་དེ་བའི་མི་རྣམས་དང་། སྐྱུག་སྨན་ལ་སོགས་པའི་ལས་ཀྱི་ལུས་སྙོམ་ཞིང་རབ་ཏུ་ཞིག་པར་གྱུར་པའི་མས་གཏོང་བའི་སྨན་སྲང་གཉིས་གཉིས་མཚོན་པ་སོ་སོར་བཤད་པར་བྱའོ། །འོ་མ་ལས་ནི་སྲང་བཞིར་བྱ། ། སྦྲང་རྩི་ཏིལ་མར་མར་ཁྱོར་རེ། །གཟར་བུས་དཀྲུགས་པའི་མས་གཏོང་བས། །རླུང་འཇོམས་སྟོབས་དང་ཁ་དོག་སྐྱེད། །ཅེས་བྱ་བ་ལ། འོ་མ་ལས་སྲང་བཞི་སྟེ། ཁྱོར་དོ། སྦྲང་རྩི་དང་། ཏིལ་མར་དང་། མར་ལས་སྲང་གཉིས་གཉིས་ཏེ་ཁྱོར་རེ་བསྡུས་ལ་གཟར་བུས་ དཀྲུགས་པའི་མས་གཏོང་བས་ནི་རླུང་གི་ནད་རྣམས་འཇོམས་པར་བྱེད་ཅིང་། སྟོབས་དང་ཁ་དོག་རྣམས་སྐྱེད་ཅིང་འཕེལ་བར་བྱེད་དོ། །ཏིལ་མར་ཆང་དང་སྦྲང་རྩི་མར། །ཁྱོར་ནི་རེ་རེའི་ཚད་དུ་བྱས། །བིལ་བ་ལ་སོགས་རྩ་བ་ནི། །ཁྱོར་གཉིས་རྒྱ་སྲན་ཁུ་བ་ནི། །ཁྱོར་ དོ་བཅས་པས་རླུང་ནད་སེལ། །ཞེས་བྱ་བ་ལ། ཏིལ་མར་ལ་སོགས་པ་སྣ་རེ་ཁྱོར་རེ་སྟེ་སྲང་གཉིས་གཉིས། བིལ་བ་ལ་སོགས་པའི་རྩ་བ་ལྔའི་སྨན་ཁྱོར་གཉིས་གཉིས། རྒྱ་སྲན་གྱི་ཁུ་བ་ཁྱོར་དོ་སྟེ་སྲང་བཞི་དང་བཅས་པའི་འཇམ་རྩི་མས་གཏོང་བས་ནི་རླུང་གི་ནད་རྣམས་སེལ་བར་བྱེད་ 202-1-75b དོ། །པ་ཏོ་ལ་དང་ནིམ་པ་དང་། །ལོ་མ་བདུན་པ་པུ་ཏི་ཀ །ར་སྣའི་ཁུ་བ་སྲང་གཉིས་གཉིས། །མར་སྲང་གཉིས་དང་ཡུངས་ཀར་གྱི། །ལྡེ་གུར་བྱས་པ་ཁ་བ་ལྔ། །བད་ཀན་མང་དང་སྲིན་ནད་དང་། །མཛེ་དང་ཟ་ཁུའི་ནད་རྣམས་འཇོམས། །ཞེས་བྱ་བ་ལ། པ་ཏོ་ལ་ ལ་སོགས་པའི་སྨན་སྣ་ལྔ་པོ་སྲང་གཉིས་གཉིས་ཏེ། ཁྱོར་རེ་དང་མར་སྲང་གཉིས་ཏེ་དེ་ཁྱོར་དྲུག་དང་། ཡུངས་ཀར་གྱི་ལྡེ་གུ་དང་བཅས་པའི་ཁ་བ་ལྔ་པ་ཞེས་བྱ་བའི་འཇམ་རྩི་ཡིན་ཏེ། དེས་ནི་བད་ཀན་མང་བ་ལ་སོགས་པའི་ནད་རྣམས་འཇོམས་པར་བྱེད་དོ། །ཏིལ་མར་བ་གཅིན་ ཞོ་ག་ཆུ། །སྐྱུར་རྩབས་ཁྱོར་ནི་རེ་རེ་དག །ཡུངས་ཀར་བཏགས་པའི་ལྡེ་གུར་སྦྱར། །རྟུག་འགགས་ལྟོ་སྦོས་སེལ་བྱེད་ཡིན། །ཞེས་བྱ་བ་ལ། ཏིལ་མར་ལ་སོགས་པ་ཁྱོར་རེ་རེ་སྟེ་ཁྱོར་བཞི་དང་ཡུངས་ཀར་བཏགས་པའི་ལྡེ་གུས་ནི་རྟུག་པ་འགགས་པ་ལ་སོགས་པ་སེལ་ཞིང་ འཇོམས་པར་བྱེད་དོ། །པ་ཡས་སྱ་དང་བུ་རམ་ཤིང་། །ས་ལ་པརྞི་བི་ད་རི། །ར་སྣ་ཁྱོར་རེ་པི་པི་ལིང་། །ལྡེ་གུ་སྦྲང་རྩི་མར་སྦྱར་བའི། །མས་གཏོང་ཁུ་བ་འཕེལ་བར་བྱེད། །ཅེས་བྱ་བ་ལ། པ་ཡས་སྱ་ལ་སོགས་པ་ལྔ་པོ་ཁྱོར་རེ་རེ་བསྐོལ་བའི་ནང་དུ་པི་པི་ལིང་གི་ལྡེ་གུ་ དང་། སྦྲང་རྩི་དང་མར་སྦྱར་བའི་མས་གཏོང་བས་ནི་ཁུ་བ་འཕེལ་ཞིང་རོ་ཙ་བར་བྱེད་དོ། །དེ་ནས་གྲུབ་པའི་འཇམ་རྩི་ནི། །ཉེས་པ་མེད་ཅིང་འབྲས་བུ་ཆེ། །སྟོབས་སྐྱེད་ལུས་འཕེལ་བདེ་བར་བྱེད། །ཀུན་དུ་སྦྱར་བྱ་བཤད་པར་བྱ། །ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་གྲུབ་པའི་འཇམ་ རྩི་སྟེ་འབྲས་བུ་དག་གིས་མངོན་སུམ་དུ་མཐོང་བ་ཉེས་པ་མེད་ཅིང་གནོད་པར་འགྱུར་བའི་སྐྱོན་དང་བྲལ་བར་འབྲས་བུ་ཆེ་ཞིང་ཡོན་ཏན་མང་བ་ཉམས་སྟོབས་བསྐྱེད་ཅིང་ལུས་འཕེལ་ཞིང་རྒྱས་པར་བྱེད་པ་དང་། དུས་ཀུན་ཏུ་སྦྱར་ཞིང་གཏང་བར་བྱ་བ་གང་ཡིན་པ་དེ་བཤད་པར་བྱའོ། །སྦྲང་རྩི་ཏིལ་ མར་ཆ་མཉམ་ལ། །རྒྱམ་ཚ་ཞོ་གཉིས་ཤུ་ཏི་བཞི། །ཨེ་རཎྜ་ཡི་རྩ་བ་བསྐོལ། །མས་གཏོང་སྦྲང་རྩི་ཏིལ་མར་ཅན། །བཅུད་ཀྱིས་ལེན་ཏེ་གཅིན་སྙི་དང་། །གཞང་འབྲུམ་སྲིན་བུ་སྐྲན་ནད་དང་། །རྒྱུ་མ་རླུགས་པའི་ནད་རྣམས་སེལ། །ཞེས་བྱ་བ་ལ། སྦྲང་རྩི་དང་ཏིལ་མར་གཉིས་ཆ་ 202-1-76a མཉམ་པོར་བྱས་པ་དང་། རྒྱམ་ཚའམ། ལྕེ་མྱང་ཚ་ཞོ་གཉིས། ཤུ་ཏི་ཞོ་བཞི། ཨེ་རཎྜའི་རྩ་བ་བསྐོལ་བ་དང་། སྦྲང་རྩི་དང་ཏིལ་མར་བསྐོལ་བ་གཙོ་བོར་གྱུར་པའི་མས་གཏོང་བའི་འཇམ་རྩི་ནི་བཅུད་ཀྱིས་ལེན་དུ་འགྱུར་ཞིང་གཅིན་སྙི་བ་ལ་སོགས་པའི་ནད་ སེལ་བར་འགྱུར་རོ། །འདི་ནི་ཤིང་མངར་ཕྱེ་མར་བཅས། །མིག་ལ་ཕན་ཞིང་ཁྲག་མཁྲིས་སེལ། །ཞེས་བྱ་བ་ལ། བཤད་མ་ཐག་པའི་སྨན་འདི་ཉིད་ཤིང་མངར་གྱི་ཕྱེ་མ་དང་བཅས་པའི་འཇམ་རྩི་ནི་མིག་ལ་ཕན་པར་བྱེད་པ་དང་། ཁྲག་དང་མཁྲིས་པའི་ནད་སེལ་བར་བྱེད་དོ། ། གླ་སྒང་ལྡེ་གུ་སྦྲང་རྩི་དང་། །ཏིལ་མར་ཤ་ཁུ་མར་བཅས་པ། །འཚོ་བར་བྱེད་པ་ཞེས་བྱ་སྟེ། །གཞང་གི་ནད་དང་བརླ་ནད་དང་། །ཆུ་སོ་དང་ནི་རླིག་པ་དང་། །ཕོ་མཚན་ཟུག་པའི་ནད་རྣམས་སེལ། །ཞེས་བྱ་བ་ལ། གླ་སྒང་གི་ལྡེ་གུ་དང་གོང་དུ་སྨོས་པའི་འཇམ་རྩི་འདི་ཉིད་ སྦྲང་རྩི་དང་ཏིལ་མར་དང་ཤ་ཁུ་དང་ལྡན་པ་ནི་མིང་འཚོ་བར་བྱེད་པ་ཞེས་བྱ་སྟེ། གཞང་གི་ནད་ལ་སོགས་པ་སེལ་བར་བྱེད་དོ། །སྦྲང་རྩི་མར་དང་ཞག་དང་ནི། །ཏིལ་མར་ཁྱོར་ནི་རེ་རེའི་ཚད། །རྒྱམ་ཚ་ཞོ་གཅིག་སྤ་མ་ཡི། །འབྲས་བུ་སྲང་ཕྱེད་བཅས་པ་དང་། །དེ་ཡང་འཚོ་བ་ཡིན་ པར་བཤད། །ཅེས་བྱ་བ་ལ། སྦྲང་རྩི་ལ་སོགས་པ་སྣ་རེ་ཞིང་ཁྱོར་རེའི་ཚད་དང་། རྒྱམ་ཚ་ཞོ་གཅིག་སྤ་མའི་འབྲས་བུ་སྲང་ཕྱེད་དང་སྦྱར་བ་དེ་ཡང་འཚོ་བར་བྱེད་པ་ཞེས་བྱ་བའི་འཇམ་རྩི་ཡིན་ཏེ། དེས་ཀྱང་གཞང་གི་ནད་ལ་སོགས་པ་སེལ་བར་བྱེད་དོ། །ཨེ་རཎྜའི་རྩ་བསྐོལ་ བ་ཡི། །ཁུ་བ་ཤུ་དག་པི་པི་ལིང་། །པོ་སོན་ཆ་ཡི་ཕྱེ་མར་བཅས། །སྦྲང་རྩི་ཏིལ་མར་རྒྱམ་ཚར་བཅས། །འདི་ནི་ཤིང་རྟ་ཅན་ཞེས་བྱ། །ཞེས་བྱ་བ་ལ། ཨེ་རཎྜའི་རྩ་བ་བསྐོལ་བའི་ཁུ་བ་ལ་སོགས་པ་དང་ཚུལ་བཞིན་དུ་སྦྱར་བའི་འཇམ་རྩི་འདི་ནི་མིང་ཤིང་རྟ་ཅན་ཞེས་ བྱ་སྟེ། དེས་ཀྱང་གཞང་གི་ནད་ལ་སོགས་པ་སེལ་བར་བྱེད་དོ། །དེ་བསྐོལ་ཤུ་དག་ཤུ་ཏི་དང་། །ཤིང་ཀུན་རྒྱམ་ཚ་ཐང་ཤིང་དང་། །ར་སྣ་སྦྲང་རྩི་སྦྱར་བ་ཡི། །འཇམ་རྩིས་ནད་སེལ་ཞེས་བྱ་དགེ། །ཞེས་བྱ་བ་ལ། ཨེ་རཎྜའི་རྩ་བ་དེ་བསྐོལ་བའི་ཁུ་བ་ཤུ་དག་ལ་ 202-1-76b སོགས་པ་དང་ལྡན་པའི་འཇམ་རྩི་ནི་མིང་ནད་སེལ་ཞེས་བྱ་སྟེ་དགེ་ཞིང་མཆོག་ཏུ་གྱུར་པ་ཡིན་ནོ། །རྩ་བ་ལྔ་ཡི་ཁུ་བ་དང་། །པི་པི་ལིང་དང་རྒྱམ་ཚ་དང་། །ཤིང་མངར་སྦྲང་རྩིར་བཅས་པ་ཡི། །ཏིལ་མར་གྲུབ་པའི་འཇམ་རྩིར་བཤད། །ཅེས་བྱ་བ་ལ། རྩ་བ་ལྔ་པ་ བསྐོལ་བའི་ཁུ་བ་དང་པི་པི་ལིང་ལ་སོགས་པ་སྦྱར་བའི་འཇམ་རྩི་ནི་མིང་གྲུབ་པའི་འཇམ་རྩི་ཞེས་བྱ་བ་ཡིན་ནོ། །རྩ་བ་བཅུ་པ་འབྲས་བུ་གསུམ། །པོ་སོན་ཆ་ནི་བིལ་བར་བསྐོལ། །བ་གཅིན་དང་ནི་དེ་བཏགས་ཤིང་། །པ་ཐ་གླ་སྒང་དུག་མོ་ཡུངས། །ལན་ཚྭ་པོ་སོན་ ཆ་ཏིལ་མར། །ཐལ་སྨན་ལན་ཚྭར་བཅས་པ་ནི། །རིགས་པའི་འཇམ་རྩི་བད་ཀན་ནད། །སྐྱ་རྦབ་གསུད་པའི་ནད་རྣམས་དང་། །ཁུ་བ་རླུང་ནི་འགགས་པ་དང་། །རླུང་འཁྲུགས་པ་ལ་བསྔགས་པ་ཡིན། །ཞེས་བྱ་བ་ལ། །རྩ་བ་བཅུ་བ་ལ་སོགས་པའི་སྨན་ཚུལ་བཞིན་དུ བསྐོལ་བ་ནི་རིགས་པའི་འཇམ་རྩི་ཞེས་བྱ་སྟེ། དེས་ནི་བད་ཀན་གྱི་ནད་ལ་སོགས་པ་སེལ་བར་བྱེད་པ་ཡིན་ནོ། །གླ་སྒང་པ་ཏ་ཨེ་རཎྜ། །སླེ་ཏྲེས་པ་ལ་བ་སྤྲུ་བ། །ར་སྣ་བཙོད་དང་དོང་ག་དང་། །པུ་ཤེལ་ཙེ་དང་ཀྱི་ལྕེ་བ། །བ་རུ་ར་དང་པུ་ཙེ་ཤེལ། །རྩ་བ་ལྔ་པ་ཆུང་ངུ་རྣམས། ། སྲང་རེ་པོ་སོན་ཆ་རྡོག་བརྒྱད། །དེ་ནི་ཆུ་བྲེ་བཞི་ནང་བསྐོལ། །བཞི་ཆ་ལུས་པ་བཙགས་ནས་ནི། །འོ་མ་བྲེ་དོ་དང་བསྲེས་ལ། །འོ་མ་ལུས་པ་སླར་ཡང་བསྐོལ། །སྐམ་སའི་ཤ་ཁུ་བཞི་ཆ་དང་། །སྦྲང་རྩི་རྒྱམ་ཚ་ཤིང་མངར་དང་། །ཤུ་ཏི་དུར་བྱིད་པི་པི་ལིང་། །དུག་མོ་ཡུངས་ དང་སྐྱེར་ཁཎྜ། །བཏགས་པ་དང་ནི་བསྲེས་པ་ཡི། །འཇམ་རྩི་དྲོ་འཇམ་བཏང་ན་ནི། །ཤ་དང་མེ་དྲོད་ལུས་ཀྱི་སྟོབས། །ཁུ་བ་འཕེལ་བར་བྱེད་པ་ཡིན། །དྲེག་ནད་རྨོངས་བག་གཅིན་སྙི་དང་། །གཞང་འབྲུམ་སྐྲན་དང་བཤང་གཅི་འགགས། །མི་བཟད་རིམས་དང་མེ་དབལ་དང་། ། རྒྱུ་རླུགས་ལྟོ་སྦོས་མཁྲེགས་ཤིང་འཁྲུ། །ཆུ་སོ་རྐེད་པ་བརླ་དཀུ་ན། །གཉེའུ་རེངས་རྣ་བ་མགོ་ཡི་ནད། །ཟླ་མཚན་ནད་དང་སྨྱོ་བྱེད་དང་། །འོར་ནད་ལུད་པ་རྡེའུ་ཆགས་དང་། །གཅིན་འཁྱིལ་པ་ཡི་ནད་རྣམས་འཇོམས། །དབང་པོ་ཉམས་ཤིང་ཞུམ་པ་དང་། །མིག་ལ་ 202-1-77a ཕན་ཞིང་བུ་སྐྱེད་བྱེད། །འཚོ་བྱེད་རྒྱལ་པོ་བཅུད་ལེན་ཡིན། །ཞེས་བྱ་བ་ལ། གླ་སྒང་ནས་རྩ་བ་ལྔ་པ་ཆུང་ངུའི་བར་སྨན་རེ་རེ་ཞིང་སྲང་རེ་རེ་དང་། པོ་སོན་ཆ་བརྒྱད་ཆུ་བྲེ་བཞིའི་ནང་དུ་བསྐོལ་ལ། དེ་ལས་བཞི་ཆ་སྟེ། བྲེ་གང་ལུས་པ་བཙགས་ནས་སྨན་ གྱི་ཁུ་བ་དང་འོ་མ་བྲེ་དོ་བསྲེས་ལ། ཡང་འོ་མ་ལུས་ནས་ཆུ་དུ་བར་གྱུར་གྱི་བར་དུ་བསྐོལ་ལ། དེའི་ནང་དུ་སྐམ་སའི་སྲོག་ཆགས་ཀྱི་ཤ་ཁུ་བཞི་ཆ་དང་སྦྲང་རྩི་དང་རྒྱམ་ཚ་ལ་སོགས་པ་དང་བསྲེས་པའི་འཇམ་རྩི་དྲོ་འཇམ་ཙམ་བཏང་བས་ནི་ཤ་ལ་སོགས་པ་ཕེལ་བར་བྱེད་པ་དང་། དྲེག་ནད་ ལ་སོགས་པ་འཇོམས་པར་བྱེད་པ་དང་། མིག་ལ་ཕན་ཞིང་བདེ་བར་བྱེད་པ་དང་། བུ་སྐྱེད་ཅིང་མངལ་འཆགས་པར་བྱེད་དེ་འཚོ་བྱེད་ཀྱི་འཇམ་རྩི་རྣམས་ཀྱི་རྒྱལ་པོ་ཡིན་ཞིང་ཡོན་ཏན་གྱིས་ཁྱད་པར་འཕགས་པར་བྱེད་པ་དང་། བཅུད་ཀྱིས་ལེན་དུ་འགྱུར་བ་ཡིན་ནོ། །རི་དྭགས་ཕྲ་ མོ་མགོ་ཆུང་བ། །རྩ་བ་བཅུ་པ་བསྐོལ་བའི་ཆུ། །སྤ་མའི་འབྲས་བུ་ཤུ་ཏི་དང་། །གླ་སྒང་ལྡེ་གུ་སྣུམ་ཆེན་བཅས། །མས་གཏོང་རླུང་ནི་སེལ་བའི་མཆོག །ཤིན་ཏུ་རོ་ཙར་བྱེད་པ་ཡིན། །ཞེས་བྱ་བ་ལ། རི་དྭགས་ཕྲ་མོ་རི་བོང་ལ་སོགས་པ་དང་། མགོ་བོ་ཆུང་བ་ཕག་ རྒོད་ལ་སོགས་པའི་ཆུ་དང་། སྤ་མའི་འབྲས་བུ་ལ་སོགས་པའི་ལྡེ་གུ་དང་། སྣུམ་ཆེན་པོ་ཞུན་མར་དང་། ཏིལ་མར་དང་། རྐང་དང་། ཚིལ་གཅིག་ཏུ་སྦྱར་བ་མས་གཏོང་བ་ནི་རླུང་གི་ནད་སེལ་བར་བྱེད་པའི་མཆོག་ཡིན་ཞིང་དེ་བཞིན་དུ་རོ་ཙ་བར་བྱེད་པ་ཡིན་ནོ། །རྨ་བྱའི་མཁྲིས་ པ་གཤོག་པ་དང་། །རྒྱུ་མ་རྐང་པ་མཆུ་རྟུག་པ། །བོར་བའི་ཤ་ནི་འབའ་ཞིག་དང་། །རྩ་བ་ལྔ་པ་ཆུང་ངུ་ནི། །སྲང་རེ་དང་ནི་ལྡན་གྱུར་པ། །ཆུ་དང་འོ་མར་བསྐོལ་ནས་ནི། །འོ་མ་ལུས་པར་སྦྲང་རྩི་མར། །བཅས་དང་དེ་བཞིན་བི་ད་རི། །ཤིང་མངར་ཤུ་ཏི་པི་པི་ལིང་། །པོ་སོན་ ཆ་ཡི་ལྡེ་གུར་བསྲེས། །རྒྱམ་ཚ་ཅུང་ཟད་བཏབ་པ་ཡི། །འཇམ་རྩི་སྟོབས་འཕེལ་རོ་ཙའི་མཆོག །ཅེས་བྱ་བ་ལ། རྨ་བྱའི་གཤོག་པ་ལ་སོགས་པ་བོར་བའི་ཤ་འབའ་ཞིག་དང་། རྩ་བ་ལྔ་པ་ཆུང་ངུ་སྲང་རེ་ཆུ་དང་འོ་མ་བརྒྱད་འགྱུར་གྱི་ནང་དུ་བསྐོལ་ལ། ཆུ་དུ་སྟེ་འོ་མ་ལུས་ 202-1-77b པ་སྦྲང་རྩི་དང་མར་དང་བཅས་པར་བྱས་པ་དང་། བི་ད་རི་ལ་སོགས་པའི་ལྡེ་གུ་བཅུག་ལ། རྒྱམ་ཚ་ཅུང་ཟད་བཏབ་པའི་འཇམ་རྩིས་ནི་ཤིན་ཏུ་སྟོབས་སྐྱེད་པར་བྱེད་པ་དང་། །རོ་ཙ་བར་བྱེད་པའི་མཆོག་ཡིན་ནོ། །གོང་མ་སྲེག་ལ་སོགས་པ་ཡང་། །ཆོ་ག་འདིས་ནི་སོ་སོར་ བྱ། །ཁྲོན་གྱིས་གཟས་ཚོལ་ཐམས་ཅད་དང་། །མཐུ་རྩལ་མཆུ་ཡིས་གཟས་ཚོལ་བ། །ཆུ་ལ་གནས་པའང་དེ་བཞིན་ཏེ། །ཉ་ལ་འོ་མ་སྤང་བར་བྱ། །ཞེས་བྱ་བ་ལ། བཤད་མ་ཐག་པའི་རྨ་བྱའི་ཤའི་སྐབས་ཀྱི་ཆོ་ག་འདི་ནི་གོང་མ་སྲེག་ལ་སོགས་པ་དང་། ཁྲོན་གྱིས་ གཟས་ཚོལ་བ་ལ་སོགས་པའི་ཤ་རེ་རེ་ལ་ཡང་དེ་ཆོ་ག་བཞིན་དུ་བྱ་ལ། ཆུ་ལ་གནས་པའི་སྲོག་ཆགས་ངང་པ་ལ་ཡང་དེ་བཞིན་དུ་བྱ་ཞིང་། རོ་ཧི་ཏ་ལ་སོགས་པའི་ཉལ་ཡང་ཆོ་ག་དེ་བཞིན་དུ་བྱས་ལ་ཉའི་སྐབས་སུ་སྔར་གྱི་འོ་མ་སྨོས་པ་དེ་སྤང་བར་བྱའོ། །སྲམ་དང་ནེའུ་ལེ་བྱི་ལ་དང་། ། རེག་འཇམ་བྱི་བ་རྣམས་ཀྱི་ཤ། །རེ་རེ་སྲང་བཅུ་རྩ་བ་ལྔ། །འོ་མའི་ནང་དུ་བསྐོལ་བ་ལ། །འོ་མ་དེར་ནི་པོ་སོན་ཆ། །པི་པི་ལིང་དང་ལན་ཚྭ་གཉིས། །ཁ་ར་ཏིལ་མར་སྦྲང་རྩི་མར། །འཇམ་རྩི་བཏང་བ་བཅུད་ལེན་ཡིན། །རྩོལ་བས་དཀྲུགས་ནས་གློ་འགྲམས་དང་། །དབང་ པོ་ཉམས་དང་གཟི་མདངས་སྟོབས། །ཁུ་ཆུ་བཤང་གཅི་འགགས་པ་དང་། །དྲེག་ནད་ཀྱིས་འཐེང་ནད་རྣམས་དང་། །རྟ་དང་གླང་པོ་ཤིང་རྟས་གཡེངས། །རྐང་ལག་ཆག་གྲུགས་གྱུར་པ་ལ། །སླར་ནི་བདེ་བར་འཚོ་བྱེད་ཅིང་། །རོ་ཙ་བྱེད་པའི་མཆོག་ཡིན་ནོ། །ཁ་སྲལ་བུ་རམ་ ཤིང་ཕྲན་ལས། །གཡོས་སུ་བྱས་པའི་འོ་ཐུག་བླུད། །ཅེས་བྱ་བ་ལ། སྲམ་ལ་སོགས་པའི་ཤ་སྲོག་ཆགས་རེ་རེའི་སྲང་བཅུ་བཅུ་དང་། རྩ་བ་ཆེན་པོ་ལྔ་ལས་སྣ་རེ་རེ་ཞིང་སྲང་བཅུ་བཅུ་འོ་མ་བཅུ་འགྱུར་གྱི་ནང་དུ་བསྐོལ་ལ་འོ་མ་དེའི་ནང་དུ་པོ་སོན་ཆ་དང་པི་པི་ལིང་གི་ལྡེ་གུ་ལན་ཚྭ་གཉིས་ ལ་སོགས་པ་དང་ལྡན་པའི་འཇམ་རྩི་བཅུད་ཀྱིས་ལེན་གྱི་དམ་པར་འགྱུར་ཞིང་། རྩོལ་བས་ལུས་དཀྲུགས་ཤིང་བསྐྱོད་དེ་གློ་འགྲམས་པར་གྱུར་པའི་མི་དང་དབང་པོ་ཉམས་ཤིང་ཞུམ་པར་གྱུར་པ་ལ་སོགས་པ་རྣམས་སླར་ཡང་བདེ་བར་འཚོ་བར་བྱེད་ཅིང་། སྐྱོན་དེ་དག་སེལ་བར་བྱེད་པ་ 202-1-78a དང་རོ་ཙ་བར་བྱེད་པའི་སྦྱོར་བ་རྣམས་ཀྱི་ནང་ན་མཆོག་དམ་པ་ཡིན་ནོ། །སྨན་གྱི་སྦྱོར་བ་འདི་ལ་ནི། །ཁ་སྲལ་པདྨ་ཀུན་ད་དང་། །བུ་རམ་ཤིང་ནི་ཕྲ་མོ་ལས་གཡོས་སུ་སྦྱར་བའི་འོ་ཐུག་ཏུ་སྦྱར་བ་བླུད་པར་བྱའོ། །སྣུམ་ཞིང་བསྡམ་ པ་མི་དགོས་པའི། །གྲུབ་པའི་སྨན་ནི་སྦྱར་བར་བྱ། །ཞེས་བྱ་བ་ལ། གྲུབ་པའི་སྨན་གོང་དུ་བཤད་མ་ཐག་པའི་སྦྲང་རྩི་ཏིལ་མར་ཆ་མཉམ་ལ། །རྒྱམ་ཚ་ཞོ་གཉིས་ཤུ་ཏི་བཞི། །ཨེ་རཎྜ་ཡི་རྩ་བ་བསྐོལ། །མས་གཏོང་འཇམ་རྩི་ཏིལ་མར་ཅན། །ཞེས་བྱ་བ་ལ་ སོགས་པ་སྨོས་པའི་སྣུམ་གྱི་མས་གཏོང་བ་བསྡམས་ཤིང་བསྲུང་བར་བྱ་མི་དགོས་པ་གྲུབ་པའི་སྨན་གྱི་སྦྱོར་བ་ནི་རུ་ཧ་གཏང་བར་བྱའོ། །ནད་འཇོམས་བསྲུང་དང་བཅས་པ་ཡི། །སྣུམ་གྱི་འཇམ་རྩི་བཤད་བྱ་སྟེ། །ཞེས་བྱ་བ་ལ། འདི་མན་ཆད་ཀྱི་སྣུམ་གྱི་མས་གཏོང་ འཇམ་རྩི་ཞེས་བྱ་བ་ནད་ཀྱི་ཚོགས་འཇོམས་པར་བྱེད་ཅིང་བསྲུང་ཞིང་བསྡམས་པ་དང་བཅས་པ་ཁྱད་པར་དུ་རླུང་ནད་འཇོམས་པར་བྱེད་པ་གང་ཡིན་པ་དེ་བཤད་པ་ཡིན་ནོ། །རྩ་བ་བཅུ་པ་བ་ལ་དང་། །ར་སྣ་ཨ་ཤྭ་གནྡྷ་དང་། །བ་སྤྲུ་བ་དང་ཨེ་རཎ་དང་། །སླེ་ཏྲེས་ག་ བྲའི་རྩ་བ་དང་། །བ་ཤ་ཀ་དང་པུ་ཏི་ཀ །ས་ཧ་ར་ཛ་ཉེའུ་ཤིང་པ། །ཀ་ཀ་ན་སེ་སྲང་རེ་དང་། །ནས་དང་མ་ཤ་ཟར་མ་དང་། །རྒྱ་ཤུག་རྒྱ་སྲན་ཁྱོར་རེའི་ཚད། །ཆུ་བྲེ་དྲུག་ཅུ་རྩ་བཞིར་བསྐོལ། །དེ་ལས་བྲེ་ནི་བཅུ་དྲུག་ལུས། །འཚོ་བྱེད་སྡེ་ནི་སྲང་རེ་བཅུག ། ཏིལ་མར་བྲེ་ནི་བཞི་དང་བསྐོལ། །འདི་ནི་འཇམ་རྩིར་བཏང་གྱུར་ན། །རླུང་ནད་ཐམས་ཅད་སེལ་བར་བྱེད། །ཅེས་བྱ་བ་ལ། རྩ་བ་བཅུ་པ་ལ་སོགས་པའི་སྨན་སྣ་རེ་རེ་ཞིང་སྲང་རེ་དང་། ནས་ལ་སོགས་པའི་ཁྱོར་རེ་ལ་སྲང་གཉིས་གཉིས། ཆུ་བྲེ་དྲུག་ཅུ་རྩ་བཞི་སྟེ། ། དྲོ་ན་བཞིའི་ནང་དུ་བསྐོལ་ལ། དེ་ལས་བཅུ་དྲུག་སྟེ། དྲོ་ན་གཅིག་ལུས་པ་དང་། འཚོ་བྱེད་ཀྱི་སྨན་གྱི་སྡེ་ཚན་སྲང་རེ་བཅུག་ལ། ཏིལ་མར་བྲེ་བཞི་དང་བསྐོལ་ཏེ་འཇམ་རྩི་འདི་བཏང་ན་རླུང་ལས་གྱུར་པའི་ནད་ཐམས་ཅད་སེལ་ཞིང་འཇོམས་པར་བྱེད་པ་ཡིན་ནོ། །དེ་ 202-1-78b བཞིན་སྐམ་སའི་སྲོག་ཆགས་ཤ །འཚོ་བྱེད་སྡེ་དང་བཅས་པར་བསྐོལ། །ཞེས་བྱ་བ་ལ། སྐམ་སའི་སྲོག་ཆགས་ཀྱི་ཤའི་ཞག་འཚོ་བྱེད་སྣ་བཅུ་དང་བསྐོལ་བའི་འཇམ་རྩི་བཏང་ན་ཡང་རླུང་ལས་གྱུར་པའི་ནད་ཐམས་ཅད་སེལ་བར་བྱེད་དོ། །ཤུ་ཏི་ནས་དང་བིལ་བ་ སྐྱུར། །ཏིལ་མར་བསྐོལ་བས་རླུང་ནད་སེལ། །ཞེས་བྱ་བ་ལ། ཤུ་ཏི་ལ་སོགས་པའི་སྨན་ཀན་ཛི་རང་སྐྱུར་ལ་སོགས་པ་དང་། ཏིལ་མར་བསྐོལ་བའི་འཇམ་རྩི་བཏང་ན་ཡང་རླུང་ལས་གྱུར་པའི་ནད་ཐམས་ཅད་སེལ་བར་བྱེད་དོ། །རྒྱམ་ཚ་མདོག་དམར་གྱུར་ གྱི་བར། །མེར་བསྲེགས་མར་གསུར་རླུང་ནད་འཇོམས། །ཞེས་བྱ་བ་ལ། རྒྱམ་ཚའམ་ལྕེ་མྱང་ཚ་མདོག་དམར་པོར་གྱུར་གྱི་བར་དུ་མེར་བསྲེགས་ལ། དེ་མར་གྱི་ནང་དུ་གསུར་བའི་ནད་འཇམ་རྩི་བཏང་ན་ཡང་རླུང་ནད་འཇོམས་པར་བྱེད་དོ། །ཛི་བན་ཏི་དང་པོ་སོན་ ཆ། །མེ་ད་རྣམ་གཉིས་སྲ་བ་ནི། །ཤིང་མངར་བ་ལ་ཤུ་ཏི་དང་། །ཟངས་རྩི་བ་དང་པི་པི་ལིང་། །ཀ་ཀ་ན་སི་ཉེའུ་ཤིང་པ། །ཁ་སྲལ་ཀྵི་ར་ཀ་ཀ་རི། །ཟུར་པ་ཀར་ཀ་ཏ་སྲིང་གི། །ཤུ་དག་བཏགས་པའི་ལྡེ་གུ་དང་། །མར་དང་ཏིལ་མར་འོ་མ་ནི། །བཞི་འགྱུར་གྱི་ ནི་ནང་དུ་བསྐོལ། །འཇམ་རྩི་ཉམས་བརྟས་རླུང་མཁྲིས་འཇོམས། །སྟོབས་དང་ཁུ་བ་མེ་དྲོད་འཕེལ། །ཁྲག་དང་ཁུ་བའི་ནད་སེལ་བྱེད། །བུ་སྐྱེད་པར་ཡང་བྱེད་པ་ཡིན། །ཞེས་བྱ་བ་ལ། ཛི་བན་ཏི་ལ་སོགས་པའི་སྨན་བཏགས་ཏེ་ལྡེ་གུར་བྱས་པ་དང་། མར་དང་ཏིལ་ མར་ཆ་མཉམ་པར་བྱས་པ་འོ་མ་བཞི་འགྱུར་དང་བསྲེས་ཏེ། ཚུལ་བཞིན་དུ་བསྐོལ་བའི་འཇམ་རྩི་བཏང་ན་ཉམས་བརྟས་པར་བྱེད་པ་དང་། རླུང་དང་མཁྲིས་པ་འཇོམས་པ་ལ་སོགས་པའི་ཡོན་ཏན་སྐྱེད་པར་བྱེད་དོ། །རྒྱམ་ཚ་རུ་རྟ་པོ་སོན་ཆ། །ཤུ་ཏི་ལྕང་མ་ཤུ་དག་དང་། །བ་ལ་ཀ་ དང་ཤིང་མངར་དང་། །ག་བྲའི་རྩ་བ་ཀད་ཕ་ལ། །ཐང་ཤིང་དོང་གྲ་མ་ནུ་དང་། །མེ་ད་དབྱི་མོ་ཙི་ཏྲ་ཀ །ཟུར་པ་བོང་ང་བྱི་དང་ག །ཤ་མ་དུར་བྱིད་ཧ་རེ་ཎུ། །སྠི་ར་བིལ་བ་ནི་ལི་ནི། །ཏི་མུ་ས་དང་པི་པི་ལིང་། །དན་ད་ར་སྣ་ཆ་མཉམ་པ། །ཨེ་རཎྜ་ཡི་མར་རམ་ནི། །ཏིལ་ 202-1-79a མར་བསྐོལ་བའི་འཇམ་རྩི་ཡིས། །བད་ཀན་ནད་འཇོམས་རྒྱུ་རླུགས་དང་། །རྟུག་སྐམ་སྐྲན་དང་གཞང་འབྲུམ་དང་། །མཆེར་པའི་ནད་དང་གཅིན་སྙི་དང་། །རླུང་ནད་འཁྱིལ་དང་ལྟོ་སྦོས་དང་། །རྡེའུ་ཆགས་ནད་ནི་མྱུར་དུ་སེལ། །ཞེས་བྱ་བ་ལ། རྒྱམ་ཚ་ལ་སོགས་པ་ཆ་མཉམ་པར་བྱས་པ་ལྡེ་གུར་བཏབ་ལ། ཨེ་རཎྜའི་འབྲས་བུ་བཙིར་བའི་མར་དང་བསྐོལ་བའི་འཇམ་རྩིས་ནི་བད་ཀན་གྱི་ནད་འཇོམས་ཤིང་རྒྱུ་རླུགས་ལ་སོགས་པའི་ནད་སེལ་བར་བྱེད་དོ། །ཡང་ན་བིལ་བ་ལ་སོགས་པའི། །རྩ་བ་ལྔ་དང་ཏིལ་ མར་བསྐོལ། །ཞེས་བྱ་བ་ལ། ཡང་ན་བིལ་བ་ལ་སོགས་པའམ། རྩ་བ་ལྔ་དང་ཏིལ་མར་བསྐོལ་བའི་འཇམ་རྩི་བཏང་ན་ཡང་རླུང་གི་ནད་འཇོམས་པར་བྱེད་དོ། །ཡང་ན་བད་ཀན་སེལ་སྨན་སྦྱར། །ཏིལ་མར་དང་བཏང་བད་ཀན་འཇོམས། །ཞེས་བྱ་བ་ལ། ཡང་ན་ བད་ཀན་སེལ་བའི་སྨན་ཚ་བ་ལྔ་ལ་སོགས་པ་དང་སྦྱར་བའི་ཏིལ་མར་གྱི་འཇམ་རྩི་བཏང་ན་བད་ཀན་འཇོམས་པར་བྱེད་དོ། །ཡང་ན་པོ་སོན་ཆ་བརྒྱད་འགྱུར། །སྐྱུར་བསྐོལ་འཇམ་རྩི་བད་ཀན་སེལ། །ཞེས་བྱ་བ་ལ། ཡང་ན་རང་སྐྱུར་ལ་སོགས་པ་ཁུ་བ་སྐྱུར་པོ་ཏིལ་མར་ གྱི་བརྒྱད་འགྱུར་དང་། པོ་སོན་ཆའི་ལྡེ་གུ་བསྐོལ་བའི་འཇམ་རྩི་བཏང་ན་ཡང་བད་ཀན་སེལ་བར་བྱེད་དོ། །འཇམ་རྩི་འཇམ་པས་རྨོངས་གྱུར་པ། །རྣོན་པོས་ཉེ་བར་སྦྱར་བར་བྱ། །རྣོ་བས་གནོད་ལ་སྣུམ་པ་དང་། །མངར་ཞིང་བསིལ་ལ་འཇམ་པ་གཏང་། །ཞེས་བྱ་བ་ལ། འཇམ་རྩི་འཇམ་ཞིང་རྟུལ་བ་བཏང་བས་སྐྱེས་བུ་རྨོངས་བག་ཏུ་གྱུར་པ་འཇམ་རྩི་རྣོན་པོས་སྦྱང་ཞིང་དག་པར་བྱ་བ་དང་། དེ་བཞིན་དུ་འཇམ་རྩི་རྣོན་པོས་གནོད་པར་གྱུར་པ་ལ། སྣུམ་པ་དང་མངར་བ་དང་། བསིལ་བ་དང་། འཇམ་པའི་འཇམ་རྩི་གཏང་བར་བྱའོ། །རྣོན་པོ་ བ་གཅིན་པི་ལུ་དང་། །ཙི་ཏྲ་ཀ་དང་ལན་ཚྭ་དང་། །ཐལ་སྨན་དང་ནི་ཡུངས་ཀར་རྣམས། །དུས་ལ་བབ་པར་གཏང་བར་བྱ། །འོ་མ་མར་སོགས་འཇམ་པོ་ཡིས། །ཞེས་བྱ་བ་ལ། འཇམ་རྩི་འཇམ་པོ་ལས་ཉེས་པར་གྱུར་པ་ལ་ནི་བ་གཅིན་ལ་སོགས་པ་མས་གཏོང་བ་ 202-1-79b རྣོན་པོ་དུས་ལ་བབ་པའི་ཚེ་གཏང་བར་བྱ་ལ། རྣོན་པོས་ཉེས་པར་གྱུར་པ་ལ་ནི་འོ་མ་དང་མར་ལ་སོགས་པ་རྫས་འཇམ་པོའི་མས་གཏོང་བ་དག་གིས་གསོ་བར་བྱའོ། །ཉམས་སྟོབས་དུས་དང་ནད་གཞི་རང་བཞིན་དག །རྣམ་པར་ཕྱེ་སྟེ་འཇམ་རྩི་གཏང་བྱ་བ། །རང་རང་ གི་ནི་སྨན་གྱི་སྡེ་ཚན་གྱིས། །རང་རང་གི་ནི་ནད་རྣམས་བསལ་བར་བྱ། །ཞེས་བྱ་བ་ལ། བློ་དང་ལྡན་པའི་སྨན་པས་ནད་པའི་ཉམས་སྟོབས་ལ་སོགས་པ་རྣམ་པར་ཕྱེ་ཞིང་བརྟགས་ཏེ་རང་རང་གི་སྨན་གྱི་སྡེ་ཚན་མངར་བ་ལ་སོགས་པའི་སྨན་གྱི་ཚོགས་རྣམས་ཀྱིས་རླུང་ལ་སོགས་ པ་རང་རང་གི་ནད་བསལ་བའི་ཕྱིར་འཇམ་རྩི་གཏང་བར་བྱའོ། །ཚ་བས་ཉམ་ཐག་ལ་བསིལ་བ། །བསིལ་བས་ཉེན་ལ་དྲོ་འཇམ་སྦྱར། །དེ་དང་འཚམ་པའི་སྨན་ལྡན་པར། །འཇམ་རྩི་བརྟགས་ཏེ་གཏང་བར་བྱ། །ཞེས་བྱ་བ་ལ། ཟས་དང་སྤྱོད་ལམ་ལ་སོགས་པ་ མཁྲིས་པ་སྐྱེད་པར་བྱེད་པས། ཉམ་ཐག་ཅིང་གཟིར་བར་གྱུར་པ་ལ་ནི་བསིལ་བའི་སྨན་དང་འཇམ་རྩི་གཏང་བར་བྱ་ལ། དེ་བཞིན་དུ་ཟས་དང་སྤྱོད་ལམ་ལ་སོགས་པའི་གྲང་བའི་དབང་གིས་རླུང་དང་བད་ཀན་གྱིས་ཉེན་པའི་ནད་ལ་ནི། དེ་དང་འཚམ་པའི་སྨན་དང་སྦྱར་བའི་འཇམ་ རྩི་ཙམ་གང་ཡིན་པ་གཏང་བར་བྱ་སྟེ། དེ་དག་ཀྱང་སྨན་དང་ནད་ཀྱི་མཚན་ཉིད་བརྟགས་ཏེ། ཇི་ལྟར་འཚམ་པ་བཞིན་དུ་གཏང་བར་བྱའོ། །སྦྱང་བར་བྱ་བའི་ནད་རྣམས་ལ། །བརྟ་བྱེད་འཇམ་རྩི་མི་གཏང་ཞིང་། །མི་གང་མཛེ་གཅིན་ནད་ཀྱིས་ཉེན། །ཚིལ་རྒྱས་ནད་ ལ་གཏང་མི་བྱ། །ཞེས་བྱ་བ་ལ། སྦྱང་བར་བྱ་བ་སྐྱུག་སྨན་དང་བཀྲུ་སྨན་གཏང་བར་རིགས་པའི་ནད་རྣམས་ལ་བརྟ་བར་བྱེད་པའི་འཇམ་རྩི་གཏང་བར་མི་བྱ་ཞིང་། ཡང་མི་གང་མཛེ་ནད་དང་གཅིན་ནད་ཀྱིས་ཉེན་པ་ལ་སོགས་པ་ལ་འཇམ་རྩི་གཏང་བར་མི་བྱའོ། །ཉམ་ ཆུང་གློ་འགྲམས་པ་དང་བརྒྱལ་བ་དང་། །ལུས་སྐེམ་རིད་དང་སྦྱངས་པའི་ལུས་ཅན་དང་། །གང་ཡང་དྲི་མས་ཚེ་ནི་བཟུང་གྱུར་ལ། །སྦྱོང་བར་བྱེད་པའི་མས་གཏོང་གཏང་མི་བྱ། །ཞེས་བྱ་བ་ལ། ཉམ་ཆུང་བ་དང་། གློ་འགྲམས་པ་དང་། བརྒྱལ་ 202-1-80a བར་གྱུར་པ་དང་། ལུས་ཟུངས་ཟད་པས་ཤས་ཆེར་རིད་ཅིང་སྐེམ་པ་དང་། བཀྲུ་སྨན་ལ་སོགས་པས་ལུས་སྦྱངས་ཟིན་པའི་ལུས་ཅན་གང་དང་གང་དྲི་མ་སྟེ་བཤང་བས་ཚེ་བཟུང་ཞིང་སྲོག་གི་རྟེན་བྱས་པས་དེ་དག་ལ་སྦྱོང་ཞིང་བཀྲུ་བར་བྱེད་ པའི་མས་གཏོང་བ་གང་ཡིན་པ་དེ་གཏང་ཞིང་སྦྱང་དུ་མི་རུང་ངོ་། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཆོ་ག་གྲུབ་པའི་གནས་ཀྱི་ལེའུ་བཞི་པའི་འགྲེལ་པའོ།། །། དེ་ནས་མས་གཏོང་བའི་ཆོ་གའི་ཉེས་པ་གྲུབ་པ་བཤད་པར་བྱའོ། །ཞེས་བྱ་བ་ལ། མས་གཏོང་བ་ཕྱིན་ཅི་ལོག་ཏུ་ཉེ་བར་སྦྱར་བ་ལས་ཉེས་པ་གང་ཞིག་འབྱུང་བ་དེ་བསལ་ཞིང་གསོ་བར་བྱ་བའི་ཕྱིར་དེ་གྲུབ་པར་བྱ་བའི་ཆོ་གའི་ལེའུ་བརྩམས་པ་ཡིན་ནོ། །སྣུམ་ཆོས་དུགས་ནི་མ་བྱས་དང་། ། ལྟོ་ལྕི་བ་ལ་སྨན་གྲང་སྣུམ། །ཚ་ཉུང་སྨན་ཚད་ཆུངས་པའམ། །སྨན་ནི་སྐ་བ་བཏང་གྱུར་ན། །དེ་ཡིས་ནད་ནི་གློངས་གྱུར་དང་། །སྟོབས་ཆུང་བ་ཡིས་ནད་མ་ཕྱིན། །སྦྱོར་བ་ཉེས་པ་བསྐྱེད་གྱུར་ཅིང་། །འཕྱེན་དང་ཕྱི་ས་གཅིན་སྲི་དང་། །ལྟེ་བ་ཆུ་སོ་ན་ཞིང་ཚ། །དང་གར་ཆགས་ཤིང་གཞང་ སྐྲངས་དང་། །གཡན་པ་ཐོར་བུ་མདོག་མི་སྡུག །མི་དགའ་མེ་དྲོད་ཆུང་བར་འགྱུར། །ཞེས་བྱ་བ་ལ། དང་པོར་སྣུམ་ཆོས་ཀྱི་སྦྱོར་བ་དང་། དུགས་མ་བྱས་ཤིང་ལྟོ་ལྕི་བར་གྱུར་པ་ལ། འཇམ་རྩིའི་སྨན་གྲང་བ་དང་སྣུམ་ཉུང་བ་དང་ལན་ཚྭ་ཉུང་བ་དང་སྨན་གྱི་ཚད་ཆུངས་པར་གྱུར་པ་ ལ། ཡང་ན་སྨན་སྐ་ཞིང་འཇུག་པ་བུལ་བ་བཏང་བར་གྱུར་ན། སྨན་དེས་ནད་གློངས་ཤིང་དཀྲུགས་པར་གྱུར་ནས་མི་བདེ་བར་བྱེད་ལ། སྟོབས་ཆུང་བས་ནད་ཕྱིན་ཅིང་སེལ་བར་མི་ནུས་ཏེ། སྦྱོར་བ་ཉེས་པའི་མཚན་མ་རྣམས་བསྐྱེད་པར་འགྱུར་ལ། སྦྱོར་བ་ཉེས་པ་དེ་དག་འཕྱེན་དང་ ཕྱི་ས་ལ་སོགས་པ་འགག་པར་བྱེད་ཅིང་སྲི་བ་དང་། ལྟེ་བ་དང་ཆུ་སོར་ཟུག་ཅིང་ན་བ་དང་། ལུས་ཁོང་ཚ་བ་དང་། དང་གར་འདམ་གྱིས་བསྡུས་པ་སྙམ་སེམས་ཤིང་མེར་མེར་པོར་བྱེད་པ་དང་། གཞང་ཁ་སྐྲངས་པ་དང་། གཡན་པ་ལ་སོགས་པ་འབྱུང་བར་འགྱུར་རོ། །ཚད་ 202-1-80b འཁྲུའི་ཉེས་པ་བར་མ་ལ། །སྔར་བཤད་སྨན་གྱི་ཁུ་བ་གཉིས། །དེ་ལས་གཅིག་ནི་དྲོ་བ་ཡི། །བཏུང་བར་བླུགས་པ་བསྔགས་པ་ཡིན། །ཞེས་བྱ་བ་ལ། དེ་ལ་མས་གཏོང་བ་ལ་ཉེས་པར་གྱུར་པའི་ནད་ལ། ཚད་པས་འཁྲུ་བའི་ཉེས་པ་བར་མ་ལ། ཕན་པའི་སྐབས་ སུ་སྔར་བཤད་པའི་སྨན་གྱི་ཁུ་བ་གཉིས་པོ། པུ་ཏི་ཀ་དང་། པི་པི་ལིང་དང་། བཅའ་སྒ་དང་། ཤུ་དག་དང་། འུ་སུ་དང་། ཨ་རུ་ར་བསྐོལ་བའི་ཁུ་བ་དང་། ཡང་ན་བིལ་བ་དང་། འུ་སུའི་འབྲས་བུ་དང་། གླ་སྒང་དང་། དོང་གྲ་དང་། བ་ལ་ཀ་བསྐོལ་བ་སྟེ། སྨན་གྱི་ཁུ་བ་དེ་གཉིས་ལས་གང་ཡང་རུང་བ་གཅིག་བླུད་ན་གོང་དུ་སྨོས་པའི་ནད་རྣམས་བསྟོད་ཅིང་བསྔགས་པ་ཡིན་ནོ། །པོ་སོན་ཆ་ཡི་རེང་བུའི་དུགས། །དུས་ཤེས་པ་ཡིས་བཀྲུ་སྨན་གཏང་། །ཞེས་བྱ་བ་ལ། འདིར་ལྟེ་བར་ཟུག་པ་དང་། རླུང་དང་བཤང་བ་ལ་སོགས་པ་ འགགས་པ་ལ་པོ་སོན་ཆ་བཏགས་པའི་རེང་བུ་མས་གཏོང་བ་དང་། དུས་ཚོད་ཤེས་པར་བྱས་ནས་བཀྲུ་སྨན་བཏང་བ་ཡང་ཕན་ཞིང་བསྔགས་པ་ཡིན་ནོ། །བིལ་བའི་རྩ་བ་དུར་བྱིད་དང་། །ཐང་ཤིང་ནས་དང་རྒྱ་ཤུག་དང་། །རྒྱ་སྲན་ཆང་དང་བ་གཅིན་བཅས། །མས་གཏོང་འགགས་ པ་སེལ་བར་བྱེད། །ཅེས་བྱ་བ་ལ། ཡང་མས་གཏོང་བ་འགགས་པར་གྱུར་པ་དེ་ལ་བིལ་བའི་རྩ་བ་ལ་སོགས་པ་བཏགས་པའི་ལྡེ་གུ་དང་། ཆང་དང་བ་གཅིན་སྦྱར་བ་མས་གཏོང་བས་ཀྱང་སེལ་ཅིང་སྦྱོང་བར་བྱེད་དོ། །ནད་གཞི་ཤས་ཆེ་ལུས་རྩུབ་དང་། །ལྟོ་སྲ་ནུས་པ་ཆུང་བཏང་ན། ། མས་གཏོང་ནད་གཞི་གློངས་ནས་ནི། །རླུང་གི་ལམ་ནི་འགག་པར་བྱེད། །རླུང་ནི་ལམ་ལོག་ཞུགས་པ་དེས། །ལྟོ་སྦོས་ནད་རྣམས་གཟིར་བར་བྱེད། །གཞང་དང་ལྟོ་བ་ཚ་བ་དང་། །རླིག་པ་ཆུ་སོ་ན་བྱེད་ཅིང་། །སྙིང་གར་འགགས་པས་གཟེར་བ་དང་། །ཕན་ཚུན་དུ་ ནི་འགྲོ་བར་བྱེད། །ཅེས་བྱ་བ་ལ། ནད་གཞི་ཤས་ཆེ་སྐྱེལ་དུས་སོགས་ཤིང་ཆེ་བ་དང་། ཁོང་རྩུབ་ཅིང་སྣུམ་གྱིས་མ་ཞེན་པ་དང་། ལྟོ་སྲ་བར་གྱུར་པ་ལ་མས་གཏོང་བའི་སྨན་ནུས་པ་ཆུང་བས་མས་གཏོང་བ་དེ་དང་དེ་རླུང་འདྲེས་པར་གྱུར་ནས་རླུང་རྒྱུ་བའི་ལམ་འགགས་ 202-1-81a པར་གྱུར་ལ། དེ་ལྟར་ལམ་འགགས་པས་རླུང་རང་གི་རྒྱུ་བའི་ལམ་སྤངས་ནས་ལམ་ལོག་པར་ཞུགས་པར་གྱུར་ནས། དེས་ལྟོ་སྦོས་པ་ལ་སོགས་པའི་ནད་སྐྱེད་པར་བྱེད་ཅིང་སྙིང་གར་རླུང་གིས་འགགས་ཤིང་རྒྱས་པས་གཟིར་བར་བྱེད་པ་དང་། རླུང་དེ་གཟེར་དང་བཅས་པར་ལུས་ཕན་ཚུན་དུ་འགྲོ་ཞིང་ཁྱབ་པར་བྱེད་པར་འགྱུར་རོ། །དེ་ལ་ལུས་བསྐུ་དུགས་བྱས་པའི། །ལུས་ལ་རེང་བུ་གཞུག་པར་བྱ། །ཞེས་བྱ་བ་ལ། ལྟོ་སྦོས་ལ་སོགས་པའི་ནད་ཀྱི་ཉེས་པ་བྱུང་བར་གྱུར་པ་དེ་ལ་དང་པོར་ལུས་བསྐུ་ཞིང་ དུགས་བྱས་ལ་པོ་སོན་ཆ་བཏགས་པའི་ལྡེ་གུ་མས་གཞུག་པར་བྱའོ། །བིལ་བ་སོགས་དང་པི་ལུ་དང་། །ཡུངས་ཀར་བ་གཅིན་བཅས་མས་གཏོང་། །ཞེས་བྱ་བ་ལ། ཡང་དེ་ལ་བིལ་བའི་རྩ་བ་དུར་བྱིད་དང་ཞེས་བྱ་བ་ལ་སོགས་པ་བཤད་མ་ཐག་པ་ནི་རུ་ཧའམ། ཡང་ན་པི་ལུའི་འབྲས་བུ་དང་། ཡུངས་ཀར་དང་བ་གཅིན་སྦྱར་བའི་མས་གཏོང་བའི་བཀྲུ་སྨན་དྲག་པོ་བྱའོ། །ཙི་ཏྲ་ཐང་ཤིང་ཏིལ་མར་ནི། །བསྐོལ་བའི་འཇམ་རྩི་གཏང་བྱའོ། །ཞེས་བྱ་བ་ལ། ཙི་ཏྲ་ཞེས་བྱ་བ་ཤི་པེ་ཏའི་ཤིང་དང་ཐང་ཤིང་གཉིས་བསྐོལ་བའི་འཇམ་རྩི་བཏང་ན་དེ་ ལ་ཕན་ནོ། །ཤུགས་ནི་བཀག་པར་གྱུར་པའམ། །བཙིར་དྲགས་པར་ནི་བྱས་པའམ། །ལན་ཚྭ་སྣུམ་ཤས་ཆུང་ལ་ཚ། །སྨན་ཆུང་བ་ཡི་མས་གཏོང་བ། །འཇམ་པས་རླུང་གིས་གྱེན་དུ་འཕུལ། །ཁ་དང་སྣ་ནས་འབྱུང་བར་འགྱུར། །དེ་ཡིས་བརྒྱལ་དང་སྙིང་ནད་དང་། ། སྐོམ་དང་ཚ་བ་ལ་སོགས་འབྱུང་། །ཞེས་བྱ་བ་ལ། འཇམ་རྩི་བཏང་བས་ཤུགས་བཀག་པར་གྱུར་པའམ། ལྒང་པ་ཤས་ཆེར་བཙིར་དྲགས་པའམ། ལན་ཚྭ་དང་སྣུམ་ཤས་ཆུང་ཞིང་ཚ་དྲགས་པའམ། སྨན་ཉུང་ཤས་བཏང་བའམ། འཇམ་པོ་བཏང་བས་སྨན་དེ་རླུང་གིས་གྱེན་དུ་ ཕུལ་ནས་ཁ་དང་སྣའི་སྒོ་ནས་འབྱུང་བར་འགྱུར་ལ། དེ་ལྟར་གྱེན་དུ་འབྱུང་བ་དེས་བརྒྱལ་བ་ལ་སོགས་པའི་ནད་སྐྱེ་བར་བྱེད་དོ། །བརྒྱལ་བའི་ནད་ནི་མཐོང་གྱུར་ན། །དེ་ཡི་གདོང་ལ་ཆུ་གྲང་གཏོར། །ངལ་སོས་བར་དུ་གཡོབ་པ་དང་། །དབུགས་རྔུབ་འབྱུང་བར་བྱེད་དུ་གཞུག །ཁ་སྦུབ་བཞག་ 202-1-81b སྟེ་རྒྱབ་རྩིབ་ལོགས། །ལྟོ་བ་ལག་པ་དྲོན་པོས་མཉེ། །སྐྲ་ནས་བཏེག་སྟེ་སྤྲུགས་པ་དང་། །སྦྲུལ་དང་མཆེ་བ་ཅན་འཇིགས་བསྟན། །མཚོན་དང་ཐོག་འབབ་རྒྱལ་པོའི་མིས། །སྐྲག་བྱས་མས་གཏོང་ཐུར་དུ་འབྱུང་། །ཞེས་བྱ་བ་ལ། དེ་ལྟར་ནད་པ་བརྒྱལ་བར་གྱུར་པར་ སྣང་ན། དེའི་གདོང་ལ་ཆུ་གྲང་གིས་འཕྲལ་དུ་གཏོར་བ་དང་། ཇི་སྲིད་ངལ་སོས་པར་གྱུར་པ་དེ་སྲིད་ཀྱི་བར་དུ། རླུང་ཡབ་ཀྱིས་གཡོབ་ཅིང་དུབ་པ་བསང་བ་དང་། དེའི་དབུགས་རྔུབ་པ་དང་། འབྱུང་བ་ལ་ཤས་ཆེར་རྔུབ་ཅིང་ནང་དུ་དགག་པ་བྱེད་དུ་གཞུག་པ་དང་། ནད་པ་ཁ་བུབ་ཏུ་གཞུག་ སྟེ། རྒྱབ་ལ་སོགས་པ་ལག་པ་དྲོན་པོས་མཉེ་བར་བྱ་དེའི་སྐྲ་ནས་བཟུང་སྟེ། གྱེན་དུ་བཏེག་ལ་སྤྲུགས་པ་དང་། དེ་བཞིན་དུ་སྦྲུལ་ལ་སོགས་པ་དང་འཇིགས་ཤིང་སྐྲག་ཏུ་གཞུག་པ་དང་། མཚོན་དང་རྒྱལ་པོའི་སྐྱེས་བུ་མི་སྲུན་པ་དང་། ཐོག་འབབ་པ་ལ་སོགས་པས་ཀྱང་འཇིགས་ཤིང་ སྐྲག་ཏུ་གཞུག་པར་བྱ་སྟེ། དེ་ལྟར་བྱས་ན་འཇམ་རྩི་ནང་དུ་འཁྱིལ་པ་དེ་ཐུར་དུ་འབྱུང་ཞིང་བཤང་བའི་སྒོ་ནས་འཛག་པར་འགྱུར་རོ། །ལག་པ་གོས་ཀྱིས་མགུལ་པར་བསྡམས། །ཅི་ནས་འཆི་བར་མི་འགྱུར་བྱ། །སྲོག་དང་གྱེན་རྒྱུ་རླུང་བཀག་པས། །ཐུར་སེལ་ཤིན་ཏུ་བདེ་རྒྱུ་ བ། །གྲུབ་པ་ཡིས་ནི་མས་གཏོང་བ། །མྱུར་དུ་འདྲེན་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། ཡང་ནད་པ་དེའི་ལག་པ་གཉིས་སམ་གོས་ཀྱིས་མགུལ་པ་བསྡམས་ཤིང་བཅིང་བར་བྱ་ལ། བསྡམས་པའི་ཚེ་ན་ཡང་དེ་འགེམས་ཏེ་འཆི་བར་མི་འགྱུར་བ་དེ་ལྟར་སྨན་པས་བསྲུང་ཞིང་ ཚོད་ཟིན་པར་བྱས་ལ་དེ་ལྟར་བྱས་པས་སྲོག་ཅེས་བྱ་བ་དང་། གྱེན་དུ་རྒྱུ་བ་ཞེས་བྱ་བའི་རླུང་བཀག་པར་གྱུར་པས་ཐུར་དུ་སེལ་བ་ཞེས་བྱ་བའི་རླུང་ཤིན་ཏུ་བདེ་བར་རྒྱུ་བ་གྲུབ་པ་ཡིན་པ་སྟེ། དེས་ན་མས་གཏོང་བ་དེ་མྱུར་བ་ཁོ་ནར་ཐུར་དུ་འདྲེན་ཅིང་བཤང་སྒོ་ནས་འབྱིན་པར་བྱེད་དོ། །རུ་རྟ་ གླ་གོར་ཞོ་ཤ་ཡི། །ལྡེ་གུ་སྐྱུར་རྩབས་སྦྱར་ཏེ་བླུད། །དྲོ་དང་རྣོ་དང་འཁྲུ་བ་ཡི། །མས་གཏོང་ལུགས་བཞིན་འབྱུང་བར་བྱེད། །ཅེས་བྱ་བ་ལ། རུ་རྟ་དང་གླ་གོར་ཞོ་ཤ་བཏགས་པའི་ལྡེ་གུ་སྐྱུར་རྩབས་ཀན་ཛི་དང་སྦྱར་ཏེ་ནད་པ་དེ་ལ་བླུད་ན། ལྡེ་གུ་དེ་ནི་རྣོ་བ་དང་། དྲོ་བ་དང་། འཁྲུ་བར་ 202-1-82a བྱེད་པའི་ཡོན་ཏན་གྱིས་མས་གཏོང་བ་གྱེན་དུ་འབྱུང་བ་དེ་ལུགས་བཞིན་དུ་ཐུར་དུ་འབྱུང་བར་བྱེད་དོ། །དུར་བྱིད་ཨ་རུ་ར་བ་གཅིན། །སྦྱར་བླུད་ལུགས་བཞིན་འབྱུང་བར་བྱེད། །ཅེས་བྱ་བ་ལ། ཡང་དུར་བྱིད་དང་། ཨ་རུ་རའི་ལྡེ་གུ་བ་གཅིན་དང་སྦྱར་ཏེ་བླུད་ ན་ཡང་གྱེན་དུ་བྱུང་བ་དེ་ཐུར་དུ་འབྱུང་བར་བྱེད་དོ། །ཞུ་བའི་གནས་འདུག་དུགས་བྱས་ལ། །རྩ་བ་བཅུ་པ་རྒྱ་ཤུག་ནས། །རྒྱ་སྲན་བ་གཅིན་བསྐོལ་བ་ཡིས། །མས་གཏོང་དྲག་པོ་སྦྱར་བར་བྱ། །ཞེས་བྱ་བ་ལ། མས་གཏོང་བ་ཞུ་བའི་གནས་ན་འཁྱིལ་ཞིང་འདུག་པར་གྱུར་ན། ནད་པ་དེ་དུགས་བྱ་ཞིང་རྩ་བ་བཅུ་པ་ལ་སོགས་པའི་སྨན་བ་གཅིན་དང་བསྐོལ་བའི་ནི་རུ་ཧ་མས་གཏོང་བར་བྱའོ། །སླེ་ཏྲེས་སྨྱུག་མའི་ལོ་མ་དང་། །བུ་ཏི་ཀ་རཉྫ་ཤུན་པ། །འོ་མ་ཟུར་པ་ཐང་ཤིང་དང་། །བུ་ཏི་ཀ་ནི་བ་གཅིན་བསྐོལ། །ཏིལ་མར་བུ་རམ་རྒྱམ་ཚར་བཅས། ། བཀྲུ་སྨན་ལྡེ་གུར་བཅས་པ་གཏང་། །ཞེས་བྱ་བ་ལ། ཡང་ན་མ་ཞུ་བའི་གནས་ན་འཁྱིལ་པ་དེ་ལ་སླེ་ཏྲེས་དང་སྨྱུག་མའི་ལོ་མ་དང་། པུ་ཏི་ཀ་རཉྫའི་ཤུན་པ་དང་འོ་མ་བ་གཅིན་དང་བསྐོལ་བའི་ནང་དུ་ཏིལ་མར་ལ་སོགས་པ་བཏབ་སྟེ། བཀྲུ་སྨན་གང་ཡང་རུང་བའི་ལྡེ་གུ་ བཅུག་པ་གཏང་བར་བྱའོ། །མས་གཏོང་བྲང་ན་གནས་པ་ལ། །བིལ་བ་ལ་སོགས་ལྔ་བསྐོལ་གཏང་། །ཞེས་བྱ་བ་ལ། མས་གཏོང་བའི་སྨན་བྲང་ངམ། སྙིང་གར་འཁྱིལ་པ་ནི་བིལ་བ་ལ་སོགས་པ་རྩ་བ་ལྔ་བསྐོལ་བའི་སྨན་མས་གཏོང་བར་བྱའོ། །མགོར་གནས་སྣར་ བླུགས་དུད་པ་བརྔུབ། །ཡུངས་ཀར་ལྡེ་གུས་མགོ་བོ་བསྐུ། །ཞེས་བྱ་བ་ལ། མས་གཏོང་བ་མགོ་བོར་གནས་ཤིང་འཁྱིལ་པ་ལ་ནི་སྣ་ནས་སྨན་བླུགས་པ་དང་། དུད་པ་སྔོན་པོ་བརྔུབ་པ་དང་། ཡུངས་ཀར་བཏགས་པའི་ལྡེ་གུས་མགོ་བོ་བསྐུ་བར་བྱའོ། །མས་གཏོང་ དྲོ་ཆེས་རྣོ་སྐྱུར་དྲགས། །སྐ་ཆེས་དུགས་ནི་དྲགས་པ་དང་། །ནད་གཞི་ཆུང་ཞིང་ལྟོ་སྙི་ལ། །ཡང་དང་ཡང་དུ་བཏང་བ་ཡི། །སྦྱོར་བ་དྲགས་པས་ཉེས་གྱུར་པས། །ལྟོ་བའི་ནད་ནི་སྐྱེད་པར་བྱེད། །དེ་ལ་བཀྲུ་སྨན་སྦྱར་དྲགས་དང་། །གསོ་བ་མཚུངས་པ་ཉིད་དུ་བྱ། ། 202-1-82b ཞེས་བྱ་བ་ལ། གལ་ཏེ་སྨན་མས་གཏོང་བ་དེ་དྲོད་ཆེས་པའམ། རྣོ་དྲགས་པའམ། སྐྱུར་དྲགས་པའམ། ཤིན་ཏུ་སྐ་དྲགས་པའམ། དུགས་ཀྱི་སྦྱོར་བ་དྲགས་པའམ། ནད་ཀྱི་གཞི་ཆུང་ཞིང་ལྟོ་སྙི་བ་ལ་ཡང་དང་ཡང་དུ་བསྟུད་མར་བཏང་བར་གྱུར་ན། དེ་ནི་སྦྱོར་བ་དྲགས་པའི་ཉེས་པར་གྱུར་ཅིང་ལྟོ་བའི་ནད་རྣམས་སྐྱེད་པར་འགྱུར་རོ། །དེ་ལྟ་བུའི་སྦྱོར་བ་དྲགས་པའི་ནད་དུ་གྱུར་པ་དེ་ལ་ནི་བཀྲུ་སྨན་གྱི་སྦྱོར་བ་དྲགས་པའི་གསོ་བ་སྔར་ཇི་སྐད་བཤད་པ་དང་། གསོ་བ་མཚུངས་པ་ཁོ་ནར་བྱའོ། །དེས་ན་བཀྲུ་སྨན་གྱི་སྦྱོར་བ་དྲགས་ པའི་མཚན་ཉིད་ཅི་ལྟར་ཤེས་པར་བྱ་ཞིང་གསོ་བའི་ཚུལ་ཡང་དེ་ཉིད་ལས་བཤད་པའི་ཚུལ་ཡང་ཤེས་པར་བྱའོ། །མས་གཏོང་ཐལ་སྨན་སྐྱུར་རྣོ་དྲོ། །ལན་ཚྭ་ཅན་ནམ་མཁྲིས་ཅན་ལ། །གཞང་ཚ་འབྲུད་ཅིང་གནོད་པ་དང་། །ཡོངས་སུ་འཛག་པར་བྱེད་པར་འགྱུར། །ཁྲག་ནི་ཚོས་ པ་ལྟ་བུར་འབྱུང་། །མཁྲིས་པའང་མདོག་མང་འབྱུང་བར་བྱེད། །ལན་མང་ཤུགས་དྲག་འབྱུང་བ་དང་། །ཡང་དང་ཡང་དུ་བརྒྱལ་བར་འགྱུར། །ཞེས་བྱ་བ་ལ། མས་གཏོང་བའི་སྨན་ཐལ་སྨན་ལ་སོགས་པ་ཤས་ཆེ་བར་སྦྱར་ཅིང་བཏང་བའམ། མཁྲིས་པ་ཅན་གྱི་མི་ལ་དེ་ལྟ་བུ་དག་ བཏང་ན། མས་གཏོང་བ་དེས་གཞང་ཁ་ཚ་བ་ལ་སོགས་པ་འབྱུང་བར་འགྱུར་ལ། མི་དེ་ལས་ཁྲག་བཙོས་ཤིང་སྨིན་པར་བྱས་པ་ལྟ་བུ་འབྱུང་བ་དང་། དེ་བཞིན་དུ་མཁྲིས་པ་ཡང་ཁ་དོག་སྣ་ཚོགས་པ་འབྱུང་བར་བྱེད་ཅིང་། ལན་མང་དུ་ཤུགས་དྲག་ཏུ་འབྱུང་བར་བྱེད་ལ། ཡང་དང་ ཡང་དུ་བརྒྱལ་ཞིང་མི་དྲན་པ་ཉིད་དུ་འགྱུར་རོ། །དེ་ལ་ཁྲག་མཁྲིས་འཁྲུ་བ་སེལ། །གསོ་བ་རབ་ཏུ་བསྔགས་པ་ཡིན། །ཞེས་བྱ་བ་ལ། གཞང་ཁ་ཚ་བ་ལ་སོགས་པའི་མཁྲིས་པའི་ནད་དེ་ལ་ཁྲག་དང་མཁྲིས་པ་འཁྲུ་བ་སེལ་བར་བྱེད་པའི་གསོ་བ་སྔར་བཤད་པ་དེ་བསྔགས་ཤིང་ བཤད་པ་ཡིན་ནོ། །ཚ་བ་སོགས་ལ་དུར་བྱིད་ཀྱི། །ལྡེ་གུ་རྒུན་ཆུར་སྦྱར་བ་བླུད། །དེ་ཡིས་བཤང་རླུང་མཁྲིས་པ་ནི། །བསལ་ནས་ཚ་བ་ལ་སོགས་འཇོམས། །ཞེས་བྱ་བ་ལ། གལ་ཏེ་ཚ་བ་ལ་སོགས་པ་དང་ལྡན་པར་གྱུར་ན། དུར་བྱིད་ཀྱི་ལྡེ་གུ་དང་རྒུན་ཆུ་དང་སྦྱར་བ་ 202-1-83a བླུད་པར་བྱ་སྟེ། དེས་ནི་བཤང་བ་ལ་སོགས་པ་བསལ་ཞིང་ཕྱུང་ནས་ཚ་བ་ལ་སོགས་པའི་བླ་བརྣན་འཇོམས་པར་བྱེད་དོ། །དག་གྱུར་ནས་ཐུག་གྲང་མོ་ནི། །ཁ་ར་དང་ནི་བཅས་པ་བླུད། །ཅེས་བྱ་བ་ལ། སྐྱེས་བུ་དེའི་ནད་དག་ཅིང་སྦྱང་བར་གྱུར་ནས་ ཐུག་པ་གྲང་མོའི་ནང་དུ་ཁ་ར་བཏབ་པ་བླུད་པར་བྱའོ། །འཁྲུ་བ་དྲགས་པར་གྱུར་པ་ཡིས། །བཤང་བ་ཟད་ལ་ཁ་ཟས་ནི། །མ་ཤའི་ཁུ་བ་ཟན་དྲོན་སྦྱིན། །ཞོ་དང་ཆང་ནི་བླུད་པར་བྱ། །ཞེས་བྱ་བ་ལ། འཁྲུ་བ་དྲགས་པར་གྱུར་ཅིང་བཤང་བ་ཟད་པར་གྱུར་པ་ལ་མ་ཤའི་ ཁུ་བ་ཡུ་ཤ་དང་ཟན་དྲོན་ནམ་ཤ་བཙོས་པ་སྦྱིན་པར་བྱ་ཞིང་། བཏུང་བར་ཞོ་ཆང་བླུད་པར་བྱའོ། །དེ་ལྟར་གྲུབ་པའི་མས་གཏོང་ཉེས། །བཤད་ནས་སྣུམ་གྱི་མས་གཏོང་བཤད། །ཅེས་བྱ་བ་ལ། དེ་ལྟར་ཚུལ་འདིས་གྲུབ་པའི་མས་གཏོང་བའི་ཉེས་པའི་གསོ་བ་བཤད་ ཟིན་ནས། དེའི་འོག་ཏུ་སྣུམ་གྱི་འཇམ་རྩི་མས་གཏོང་བའི་ཉེས་པའི་གསོ་བ་བཤད་པའི་ཕྱིར་སྣུམ་གྱི་མས་གཏོང་བ་བཤད་ཅེས་སྨོས་པ་ཡིན་ཏེ། དེ་ནི་སྣུམ་གྱི་འཇམ་རྩི་མས་གཏོང་བའི་ཉེས་པ་གང་ཡིན་པ་དེའི་གསོ་བ་བཤད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རླུང་ཙན་གྲང་ཞིང་ཆུང་ བ་དང་། །མཁྲིས་པ་རབ་ཚ་བད་ཀན་འཇམ། །འགྲངས་ཆེས་པ་ལ་ལྕི་བ་དང་། །བཤང་བ་སོགས་ལ་སྟོབས་ཆུང་གཏང་། །དེ་ནི་སྣུམ་རླུང་འདྲེས་གྱུར་པ། །ཟིལ་གྱིས་མནན་པར་འབྱུང་མི་འགྱུར། །ཞེས་བྱ་བ་ལ། རླུང་གི་ནད་ཤས་ཆེ་བ་ལ་སྣུམ་གྱི་འཇམ་རྩི་གྲང་བའམ། ཆུང་བ་བཏང་བའམ། ཁྲག་དང་མཁྲིས་པ་ཤས་ཆེ་བའི་ནད་ལ་སྣུམ་གྱི་འཇམ་རྩི་ཤིན་ཏུ་ཚ་བ་བཏང་བ་དང་། བད་ཀན་ཤས་ཆེ་བའི་ནད་ལ་སྣུམ་གྱི་འཇམ་རྩི་འཇམ་པོར་བཏང་བ་དང་། ཤིན་ཏུ་འགྲངས་ཆེས་པ་ལ་སྣུམ་གྱི་འཇམ་རྩི་ལྕི་བར་བཏང་བ་དང་། བཤང་བ་སོགས་ཤིང་ནང་ དུ་འཕེལ་བར་གྱུར་པ་ལ། སྣུམ་གྱི་འཇམ་རྩི་ནུས་པ་ཆུང་བར་བཏང་བར་གྱུར་ན། རླུང་ལ་སོགས་པའི་ནད་དེ་དག་སྣུམ་དུ་འདྲེས་པར་གྱུར་ཅིང་། ནད་ཀྱིས་ཟིལ་གྱིས་མནན་པས་ཐུར་དུ་འབྱུང་བར་མི་འགྱུར་རོ། །རེངས་དང་བརླ་ན་སྦོ་བ་དང་། །རིམས་དང་གཟེར་དང་ཡན་ལག་ན། །རྩིབ་ 202-1-83b ལོགས་ན་དང་འདར་བ་ནི། །རླུང་སྣུམ་འདྲེས་ལས་འབྱུང་ཞེས་བྱ། །ཞེས་བྱ་བ་ལ། རླུང་དང་སྣུམ་འདྲེས་པར་གྱུར་པ་ལས་ནི་རེངས་པ་ལ་སོགས་པའི་ནད་འབྱུང་བར་འགྱུར་བར་ཤེས་པར་བྱའོ། །དེ་སྣུམ་ལན་ཚྭ་དྲོ་དང་སྐྱུར། །ར་སྣ་བི་ད་དྲོ་ཡི་མར། །རང་སྐྱུར་ཆང་ དང་རྒྱ་ཤུག་དང་། །རྒྱ་སྲན་ནས་དང་བསྐོལ་བའམ། །རྩ་བ་ལྔ་པ་བ་གཅིན་བཅས། །མས་གཏོང་དྲག་པོས་ལེགས་བསལ་བྱ། །ཞེས་བྱ་བ་ལ། སྣུམ་པ་དང་ལན་ཚྭ་དང་དྲོ་བ་དང་སྐྱུར་བའི་བག་དང་ར་སྣ་དང་བི་ད་དྲོ་བཙིར་བའི་མར་དང་རང་སྐྱུར་ལ་སོགས་པ་བསྐོལ་བའི་ ནི་རུ་ཧ་མས་གཏོང་བས་ལེགས་པར་བསལ་བར་བྱ་བའམ། རྩ་བ་ལྔ་པ་དང་བ་གཅིན་བཅས་པའི་ནི་རུ་ཧ་མས་གཏོང་བས་ལེགས་པར་བསལ་བར་བྱའོ། །དེ་དག་ཉིད་ཀྱི་ཏིལ་མར་དང་། །དགོངས་ཀར་ཟན་ཟོས་འཇམ་རྩི་གཏང་། །ཞེས་བྱ་བ་ལ། བཤད་མ་ཐག་པའི་ནི་རུ་ཧའི་ སྨན་འཕྲོད་པ་གཉིས་པོ་གང་ཡང་རུང་བ་དང་། ཏིལ་མར་བསྐོལ་ལ། དགོངས་ཀ་ཟས་ཟོས་པའི་རྗེས་ལ་ཏིལ་མར་དེའི་འཇམ་རྩི་མས་གཏོང་ན་ཡང་ནད་དེ་ལ་ཕན་ནོ། །སྐོམ་དད་ལུས་ཚ་རྨོངས་བག་དམར། །མདོག་ཉམས་རིམས་འདེབས་མུན་པར་མཐོང་། །མཁྲིས་པ་དང་འདྲེས་ཡིན་ ཞེས་བྱ། །ཞེས་བྱ་བ་ལ། སྐོམ་དད་ལ་སོགས་པའི་བླ་བརྣན་དང་བཅས་པའི་འཇམ་རྩིའི་སྣུམ་མཁྲིས་པ་དང་འདྲེས་ཤིང་དེས་གནོད་པ་ཡིན་པར་ཤེས་པར་བྱའོ། །ཁ་མངར་མས་གཏོང་བས་དེ་སྦྱང་། །ཞེས་བྱ་བ་ལ། སྣུམ་དང་མཁྲིས་པ་འདྲེས་པ་དེ་སྨན་ཁ་བ་དང་མངར་བའི་མས་གཏོང་བས་སྦྱང་ཞིང་ ཐུར་དུ་འབྱུང་བར་བྱའོ། །ལུས་སྙོམ་སྒྱིད་ཞན་རིམས་དྲག་འདེབས། །ཆམ་པ་ལུས་ལྕི་ཡི་ག་འཆུས། །བརྒྱལ་བཅས་ན་བས་བད་ཀན་དང་། །འཇམ་རྩི་སྣུམ་ནི་འདྲེས་ཤེས་བྱ། །ཞེས་བྱ་བ་ལ། ལུས་སྙོམ་པ་ལ་སོགས་བླ་བརྣན་དང་བཅས་ན་ནི་འཇམ་རྩིའི་སྣུམ་དེ་བད་ཀན་དང་བཅས་པ་ ཡིན་པར་ཤེས་པར་བྱའོ། །དེ་ལ་བསྐ་དང་ཁ་དང་ཚ། །ཆང་དང་བ་གཅིན་ལ་བསྐོལ་བ། །པོ་སོན་ཆ་དང་ཏིལ་མར་དང་། །སྐྱུར་བཅས་མས་གཏོང་བ་ཡིས་བསལ། །ཞེས་བྱ་བ་ལ། བད་ཀན་དང་འདྲེས་པའི་ནད་དེ་ལ་བསྐ་བ་ལ་སོགས་པའི་སྨན་གྱི་སྦྱོར་བ་བྱས་པའི་ཏིལ་མར་རང་ 202-1-84a སྐྱུར་ལ་སོགས་པ་སྐྱུར་བག་དང་བཅས་པའི་མས་གཏོང་བས་བསལ་ཞིང་ཐུར་དུ་དབྱུང་བར་བྱའོ། །སློན་དང་བརྒྱལ་དང་ཡི་ག་འཆུས། །སྙོམ་གཟེར་གཉིད་ཆེས་ཡན་ལག་ན། །མ་ཞུའི་མཚན་མར་ལུས་ཚར་བཅས། །དེ་ནི་འགྲངས་ཆེས་འདྲེས་ཤེས་བྱ། ། ཞེས་བྱ་བ་ལ། འགྲངས་ཆེས་པ་དང་འདྲེས་པའི་བླ་བརྣན་ལ་ནི་སློན་པ་ལ་སོགས་པའི་ཡིན་པར་ཤེས་པར་བྱ་ཞིང་། མ་ཞུ་བའི་མཚན་མ་གཞན་དག་ཀྱང་དེ་ལས་འབྱུང་བར་ཤེས་པར་བྱའོ། །དེ་ལ་ཚ་དང་ལན་ཚྭའི་ཕྱེ། །བསྐོལ་བའི་སྨིན་ཆེས་སྨན་དང་ནི། །བཀྲུ་སྨན་འཇམ་པོ་བཏང་ བ་དང་། །མ་ཞུ་ལ་ཕན་ཐམས་ཅད་ཕན། །ཞེས་བྱ་བ་ལ། འགྲངས་ཆེས་པ་དང་འདྲེས་པའི་སྣུམ་དེ་ལ་ནི་སྨན་ཚ་བ་དང་ལན་ཚྭ་རྣམས་ཀྱི་ཕྱེ་མ་དང་བསྐོལ་བའི་ཁུ་བ་སྨིན་ཅིང་འཇུ་བར་བྱེད་པ་སྦྱིན་པ་དང་། བཀྲུ་སྨན་འཇམ་པོས་འཁྲུར་གཞུག་པ་དང་། མ་ཞུ་བ་ལ་ཕན་པའི་ཟས་ དང་སྤྱོད་ལམ་གང་དག་ཡིན་པ་ཐམས་ཅད་ཀྱང་ཕན་ནོ། །གཅིན་རྟུག་འཕྱེན་ནི་འགགས་པས་ཉེན། །ལུས་ལྕི་ལྟོ་སྦོས་སྙིང་ག་ན། །སྣུམ་དང་བཤང་འདྲེས་ཡིན་ཞེས་བྱ། །དེ་ལ་སྣུམ་དུགས་རེང་བུར་བཅས། །དུར་བྱིད་བིལ་བ་སོགས་བསྐོལ་བ། །མས་གཏོང་དྲག་དང་འཇམ་རྩི་ གཏང་། །རྟུག་པ་འགགས་པ་སེལ་བས་ཀྱང་། །ཆོ་ག་བཞིན་དུ་ལེགས་པར་བསལ། །ཞེས་བྱ་བ་ལ། གཅིན་དང་རྟུག་པ་དང་འཕྱེན་འགགས་པས་ཉེན་པ་ལ་སོགས་པའི་བླ་བརྣན་ལས་ནི་སྣུམ་དེ་བཤང་བ་ལ་སོགས་པ་དང་འདྲེས་པ་ཡིན་པར་ཤེས་པར་བྱ་སྟེ། ནད་དེ་ལ་ ནི་སྣུམ་དང་དུགས་ཀྱི་ཆོ་ག་བྱ་བ་དང་། པོ་སོན་ཆའི་རེང་བུ་གཞུག་པ་དང་། ཤ་མ་དུར་བྱིད་ལ་སོགས་པ་བསྐོལ་བའི་སྦྱོར་བ་བཏང་བ་དང་། རྟུག་པ་འགགས་པ་སེལ་བའི་ཆོ་གས་ཀྱང་ལེགས་པར་བསལ་ཞིང་ཐུར་དུ་དབྱུང་བར་བྱའོ། །ལྟོགས་པའམ་གཞང་ནི་སྐྲངས་པའམ། །ཐུག་ པ་རན་པར་འཐུངས་པ་ཡིས། །རྐུབ་ཏུ་སྣུམ་ནི་བཏང་གྱུར་པ། །སྡོད་པ་མེད་པར་ཤུགས་ཀྱིས་རྒྱུ། །དེ་ནས་རོ་སྟོད་མགྲིན་པ་དང་། །སྟོད་ཀྱི་བུ་ག་དག་ཏུ་འབྱུང་། །ཞེས་བྱ་བ་ལ། ལྟོགས་ཤིང་ཁ་ཟས་ཅི་ཡང་མ་ཟོས་པའམ། ཡང་ན་གཞང་སྐྲངས་པར་གྱུར་པའམ། ཐུག་པ་ 202-1-84b འཐུངས་པར་གྱུར་པ་ནི་སྣོད་པ་མེད་པར་རྒྱུ་ཞིང་རོ་སྟོད་དུ་སོང་ཞིང་། སྟོད་ཀྱི་བུ་ག་མིག་དང་རྣ་བ་དང་། སྣ་ལ་སོགས་པ་ལས་འབྱུང་བར་འགྱུར་རོ། །དེ་ལ་དུར་བྱིད་རྒྱ་ཤུག་ནས། །རྒྱ་སྲན་བ་གཅིན་བསྐོལ་བ་དང་། །དེ་དང་བསྐོལ་བའི་ཏིལ་མར་ནི། །མས་གཏོང་ འཇམ་རྩིར་བཅས་པ་གཏང་། །ཞེས་བྱ་བ་ལ། ཉེས་པ་དེ་ལ་དུར་བྱིད་ལ་སོགས་པ་དང་བ་གཅིན་བསྐོལ་བའི་མས་གཏོང་བ་བྱས་ལ། ཡང་དུར་བྱིད་ལ་སོགས་པ་དང་བསྐོལ་བའི་ཏིལ་མར་གྱི་འཇམ་རྩི་གཏང་བར་བྱའོ། །ལྐོག་མར་བྱུང་ལ་དགག་པ་དང་། །ལྐོག་མ་ བསྡམས་ཤིང་སྐྱུག་སྨན་དང་། །སློན་བྲོ་སེལ་བའི་གསོ་བས་ཀྱང་། །བཟློག་པ་དག་ནི་དེ་ལ་བྱ། །ཞེས་བྱ་བ་ལ། སྣུམ་དེ་ལྐོག་མར་བྱུང་བར་གྱུར་པ་ལ་ནན་གྱིས་དགག་པ་དང་། ལྐོག་མ་བསྡམས་པ་ལ་སོགས་པས་གྱེན་དུ་འབྱུང་བའི་སྣུམ་དེས་བཟློག་པར་བྱའོ། །སྣུམ་ ཚོས་མ་གྱུར་མི་བཏང་སྟེ། །དེས་ནི་གཞང་ཁར་ཆགས་གྱུར་ཅིང་། །དེ་ལས་ནད་བཅས་རྨོངས་བག་དང་། །གཡའ་དང་སྐྲངས་པའང་སྐྱེད་པར་བྱེད། །ཅེས་བྱ་བ་ལ། འཇམ་རྩིའི་སྣུམ་ཚོས་པར་མ་གྱུར་པ་ལ་ནི་བཤང་བའི་སྒོ་ནས་གཏང་བར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། མ་ཚོས་ པའི་སྣུམ་ནི་གཞང་གི་ཁར་ཆགས་ལ་གོས་པར་གྱུར་ལ། དེ་ལས་ནི་རྨོངས་བག་ལ་སོགས་པའི་ནད་སྐྱེད་པར་འགྱུར་རོ། །དེ་ལ་མས་གཏོང་རྣོན་པོ་དང་། །ཨརྒའི་ལོར་བསྐོལ་ཏིལ་མར་གཏང་། །ཞེས་བྱ་བ་ལ། དེ་ལྟ་བུའི་ནད་དེ་ལ་གསོ་བ་ནི་མས་གཏོང་ལ་རྣོན་པོ་དང་། ཤིང་ ཨརྒའི་ལོ་མ་དང་བསྐོལ་བའི་ཏིལ་མར་གཏོང་བར་བྱའོ། །དབུགས་མ་ཕྱུང་བར་བཅིངས་པའམ། །མ་ལུས་པར་ནི་བཏང་བ་ཡིས། །རླུང་ཞུགས་ནས་ནི་འཁྲུགས་བྱེད་ཅིང་། །གཟེར་དང་ན་བ་སྐྱེད་པར་བྱེད། །ཅེས་བྱ་བ་ལ། འཇམ་རྩི་ལྒང་པའི་ཁའི་དབུགས་མ་ཕྱུང་བར་བཅིངས་ པའམ། ཡང་ན་དེར་བླུགས་པའི་སྣུམ་མ་ལུས་པར་བཙིར་ཏེ་བཏང་བར་གྱུར་ན། རླུང་ཁོང་པའི་ནང་དུ་ཞུགས་ནས་འཁྲུགས་པར་བྱེད་ཅིང་གཟེར་བ་ལ་སོགས་པའི་ནད་སྐྱེད་པར་བྱེད་དོ། །དེ་ལ་གཞང་ཁ་བསྐུ་དུགས་བྱ། །རླུང་འཇོམས་པ་ཡི་ཁ་ཟས་གཏང་། །ཞེས་བྱ་བ་ལ། 202-1-85a གཟེར་དང་ན་བ་བྱུང་བར་གྱུར་པ་དེ་ལ་གཞང་ཁ་བསྐུ་བ་དང་དུགས་བྱས་པ་དང་། རླུང་འཇོམས་པའི་ཁ་ཟས་ཤ་ཁུ་ལ་སོགས་པ་སྦྱིན་པར་བྱའོ། །མྱུར་དུ་བཅུག་ཅིང་ཕྱུང་བའམ། །གློ་བུར་དུ་ནི་བཏེག་པ་ཡིས། །རྐེད་པ་གཞང་དང་བརླ་བྱིན་པ། ། ཆུ་སོར་རེངས་ཤིང་ན་བར་འགྱུར། །ཞེས་བྱ་བ་ལ། འཇམ་རྩིའི་གཅེའུ་དེ་རིངས་ཤིང་མྱུར་དུ་བཅུག་པ་དང་། མྱུར་དུ་ཕྱུང་བའམ། ཡང་ན་གློ་བུར་དུ་རྐུབ་ཀྱི་སྔས་ལས་བཏེག་པར་གྱུར་ན། རྐེད་པ་ལ་སོགས་པའི་ཡན་ལག་རྣམས་ན་བ་དང་རེངས་པར་འགྱུར་རོ། །དེ་ལ་རླུང་ འཇོམས་ཁ་ཟས་དང་། །དུགས་བསྐུ་འཇམ་རྩིར་བཅས་པ་ཕན། །ཞེས་བྱ་བ་ལ། རྐེད་པ་རེངས་པ་ལ་སོགས་པ་དེ་ལ་རླུང་འཇོམས་པ་སེལ་བར་བྱེད་པའི་ཁ་ཟས་སྦྱིན་པ་དང་། དུགས་ལ་སོགས་པ་རླུང་འཇོམས་པར་བྱེད་པ་བྱས་ན་ཕན་ནོ། །འཚིར་བའི་ཚེ་ན་བར་དུ་གྲོལ། ། རླུང་གིས་གཞང་ལ་གནོད་གྱུར་ནས། །བྲང་དང་མགོ་བོ་གཟེར་ཅིང་ན། །བརླ་ཡི་ནད་ནི་སྐྱེད་པར་བྱེད། །ཅེས་བྱ་བ་ལ། ལྒང་པ་འཚིར་བར་བྱེད་པའི་ཚེ་ན། ལེགས་པར་མ་བསྡམས་པས་བར་དུ་གྲོལ་བར་གྱུར་ན། རླུང་གིས་གཞང་ལ་གནོད་པ་སྐྱེད་པ་བྱེད་པས། བྲང་ན་བ་ལ་ སོགས་པ་སྐྱེད་པར་བྱེད་དོ། །དེ་ལ་བིལ་བ་ལ་སོགས་དང་། །པོ་སོན་ཆ་དང་དུར་བྱིད་སོགས། །བ་གཅིན་དང་ནི་སྦྱར་བ་གཏང་། །ཞེས་བྱ་བ་ལ། ཉེས་པ་དེ་ལ་བིལ་བ་ལ་སོགས་པའི་རྩ་བ་ལྔ་དང་། པོ་སོན་ཆ་དང་དུར་བྱིད་ལ་སོགས་པའི་སྡེ་ཚན་བ་གཅིན་དང་སྦྱར་བ་གཏང་བར་བྱའོ། ། བཙིར་དྲགས་པ་ཡིས་ཁོང་པར་ནི། །མི་འདུག་ལྐོག་མར་འབྱུང་བར་འགྱུར། །ཞེས་བྱ་བ་ལ། ལྒང་པ་བཙིར་དྲགས་པར་གྱུར་པ་ལས་ཁོང་པའི་ནང་དུ་སྣུམ་དེ་མི་འཆགས་པའམ། ལྐོག་མར་གྱེན་དུ་འབྱུང་བར་འགྱུར་རོ། །དེ་ལ་མས་གཏོང་བཀྲུ་སྨན་དང་། །མགུལ་པ་བསྡམས་སོགས་ལས་ རྣམས་བྱ། །ཞེས་བྱ་བ་ལ། ཉེས་པར་གྱུར་པ་དེ་ལ་འཇམ་རྩིའི་ཁྱད་པར་མས་གཏོང་བ་དང་། བཀྲུ་སྨན་བཏང་བ་དང་མགུལ་པ་བསྡམས་པ་ལ་སོགས་པའི་ལས་གོང་དུ་བཤད་པ་རྣམས་བྱས་ན་ཕན་ནོ། །བཀྲུ་སྨན་སོགས་པས་དག་བྱས་ནས། །ལུས་དང་ཉམས་སྟོབས་མེ་དྲོད་ཆུང་། ། 202-1-85b སྒོ་ང་གཞོན་ནུའམ་ཏིལ་མར་གྱི། །སྣོད་ནི་གང་བ་ཇི་བཞིན་དུ། །གནོད་པར་གྱུར་པ་ཐམས་ཅད་ལས། །སྨན་པས་འབད་དེ་བསྲུང་བར་བྱ། །ཞེས་བྱ་བ་ལ། བཀྲུ་སྨན་སོགས་ཞེས་བྱ་བ་སྐྱུག་སྨན་དང་བཀྲུ་སྨན་དྲག་པོ་མས་གཏོང་བའི་ལས་ཀྱིས་དག་ཅིང་ལུས་སྦྱངས་པར་གྱུར་ པས་ལུས་རིད་པ་དང་། ཉམས་སྟོབས་ཞན་པ་དང་མེ་དྲོད་ཆུང་བར་གྱུར་པ་ལ་གནོད་པར་གྱུར་པའི་ཟས་དང་སྤྱོད་ལམ་ཐམས་ཅད་ལ་སྨན་པས་འབད་པ་དང་བཅས་པས་བསྲུང་ཞིང་བསྐྱང་བར་བྱ་སྟེ། དཔེར་ན་བྱའི་སྒོ་ང་གཞོན་ནུ་མ་སྨིན་པའམ་ཏིལ་མར་གྱིས་སྣོད་གང་བ་བསྲུང་བ་ཇི་ལྟ་བ་ བཞིན་དུ་ནད་པ་དེ་སྨན་པས་ཉེ་བར་བསྲུང་བར་བྱའོ། །ཁ་ཟས་མངར་དང་ཡིད་འོང་སྦྱིན། །དེ་འོག་སྐྱུག་དང་ལན་ཚྭར་བཅས། །དེ་ནས་མངར་དང་ཁ་བ་སྦྱིན། །དེ་འོག་བསྐ་དང་ཚ་བ་སྦྱིན། །རོ་ནི་སྣུམ་དང་རྩུབ་པ་ལྟར། །ཕན་ཚུན་གཉེན་པོར་གྱུར་པ་ཡིན། །རིམ་པར་ཉེ་བར་སྦྱར་ བ་ཡི། །རིམ་པས་དེ་ནི་རྣལ་དུ་དབབ། །ཅེས་བྱ་བ་ལ། དེ་ལྟར་སྦྱང་བ་བྱས་ཤིང་དག་པར་གྱུར་པའི་ནད་དེ་ལ། དང་པོར་མངར་ཞིང་ཡི་གར་འོང་བའི་ཟས་དང་སྐོམ་དག་སྦྱིན་པར་བྱའོ། །དེའི་འོག་ཏུ་ནི་རོ་སྐྱུར་བ་དང་ལན་ཚྭ་དང་བཅས་པའི་ཟས་སྐོམ་སྦྱིན་པར་བྱའོ། །དེ་ནས་ནི་རོ་མངར་བ་དང་། ཁ་བ་སྦྱིན་པར་བྱའོ། །དེའི་འོག་ཏུ་ནི་ཡང་རོ་བསྐ་བ་དང་ཁ་བ་སྦྱིན་པར་བྱའོ། །རོ་དེ་དག་ནི་སྣུམ་པ་དང་རྩུབ་པའི་ཚུལ་དུ་ཕན་ཚུན་གཅིག་ལ་གཅིག་གཉེན་པོར་གྱུར་པ་ཡིན་ཏེ། དེ་ལྟར་རིམ་པར་ཉེ་བར་སྦྱར་བ་དེ་རིམ་བཞིན་དུ་རང་བཞིན་རྣལ་མ་ལ་དབབ་པར་བྱའོ། །ཀུན་བཟོད་ཉམས་སྟོབས་ བརྟན་པ་ནི། །རྣལ་མར་གྱུར་པ་ཡིན་ཞེས་བྱ། །ཞེས་བྱ་བ་ལ། དེ་ལ་ནད་པས་ནམ་ཟས་དང་སྤྱོད་ལམ་ཐམས་ཅད་བསྟེན་བཟོད་ཅིང་ཉམས་སྟོབས་བརྟན་པ་ཉིད་དུ་གྱུར་ན་ནད་པ་དེ་རྣལ་མར་གྱུར་པ་ཡིན་པར་ཤེས་པར་བྱའོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཆོ་ག་གྲུབ་པའི་གནས་ཀྱི་ལེའུ་ལྔ་པའི་འགྲེལ་པའོ།། །།དེ་ནས་སྨན་གྱི་ཆོ་ག་བཤད་པར་བྱའོ། །ཞེས་བྱ་བ་ལ། སྨན་རྣམས་ཀྱི་སྤྱིའི་ཆོ་ག་བསྟན་པར་བྱ་བའི་ཕྱིར་ལེའུ་འདི་བརྩམས་པ་ཡིན་ནོ། །ས་ཕྱོགས་ 202-1-86a སྐམ་ཞིང་ཆ་མཉམ་པ། །གཞི་མཉམ་གཙང་ཞིང་ས་གཞི་བཟང་། །དུར་ཁྲོད་ཤིང་ཆེན་ལྷ་གནས་དང་། །གཡང་ས་གྲོག་མ་ཅན་མ་གཏོགས། །འཇམ་ཞིང་ཆུ་ནི་གཡས་ནས་འབབ། །འཇག་མ་དཱུར་བ་དང་ལྡན་པ། །ཐོང་ལྕགས་ཀྱིས་ནི་ མ་སྣད་པ། །ལྗོན་ཤིང་གྲིབ་མས་མ་ཕོག་པ། །ཁ་དོག་བཅུད་ལ་སོགས་དང་ལྡན། །སྨན་སྐྱེས་པ་ནི་བསྔགས་པ་ཡིན། །འབུས་མ་ཟོས་ཤིང་མེས་མ་ཚིག །འབྱུང་བ་སོགས་ཀྱིས་གནོད་མ་གྱུར། །ཉི་གྲིབ་ཆུ་ལ་སོགས་མ་ཉེན། །ཇི་བཞིན་དུས་སུ་བརྟེན་གྱུར་པ། ། རྩ་བ་ཆེ་ཞིང་གཏིང་དུ་ཟུག །བྱང་གི་ཕྱོགས་སུ་བརྟེན་པ་བཟང་། །ཞེས་བྱ་བ་ལ། སྨན་སྐྱེ་བའི་ས་ཕྱོགས་སྐམ་པར་གྱུར་ཅིང་རླན་གྱི་ཤས་ཆུང་བ་དྲོ་གྲང་གི་ཆ་མཉམ་པ་གཞི་མཉམ་ཞིང་མཐོན་དམན་མེད་པ་གཙང་ཞིང་དག་པས་ས་གཞི་བཟང་བ་སྟེ། སྣུམ་ཞིང་མདངས་དང་ལྡན་པ་དང་། གནག་པ་དང་། གསེར་གྱི་མདོག་ཅན་ལ་རོ་མངར་བའི་ས་ཡོད་པ་དང་། དེ་བཞིན་དུ་དུར་ཁྲོད་ལ་སོགས་པ་མ་ཡིན་པའི་ས་ཕྱོགས་དང་། མཆོད་རྟེན་ནམ་ཤིང་ཆེན་ཏེ་གྲོང་གི་ཕྱི་རོལ་ན་ཤིང་ཆེན་པོ་གཅིག་པུ་གནས་པ་དང་། ལྷ་ཁང་སྟེ་ལྷ་རྣམས་ཀྱི་གནས་སུ་བྱས་པའི་ཁང་པ་དང་། གཡང་ས་སྟེ། གད་ཁ་དང་། གྲོག་མ་ཅན་གྱི་ས་ལས་སྐྱེས་པ་མ་གཏོགས་པ། འཇམ་ཞིང་ས་ཕྱོགས་རྩུབ་ཤས་མེད་པ་དང་། ཆུ་གཡས་ཕྱོགས་ནས་འབབ་པ་དང་། དེ་བཞིན་དུ་འཇག་མ་དང་། དཱུར་བའི་ནེའུ་སིང་གིས་ཁྱབ་ཅིང་གདལ་བ་དང་། དེ་བཞིན་དུ་གཤོལ་གྱི་ཐོང་ལྕགས་ ཀྱིས་སྨས་ཤིང་སྣད་པར་མ་གྱུར་པ་དང་། ལྗོན་ཤིང་གི་གྲིབ་མས་ཁེབས་པར་མ་གྱུར་པ་དང་། གཞན་ཡང་སྦྲུལ་ལ་སོགས་པ་གདུག་པས་ཕོག་པར་མ་གྱུར་པ་སྟེ། དེ་ལྟ་བུའི་ས་ཕྱོགས་སུ་སྐྱེས་པར་གྱུར་པའི་སྨན་ནི། བསྔགས་ཤིང་ཤིས་པ་ཡིན་པར་བཤད་དོ། །ཡང་སྨན་དེ་ཡང་སྲིན་བུ་རྣམས་ཀྱིས་མ་ཟོས་ ཤིང་མ་སྨས་པ་དང་། ནགས་ཀྱི་མེས་མ་ཚིག་པ་དང་། གྲང་ལྷགས་ལ་སོགས་པ་འབྱུང་བའི་གནོད་པ་རྣམས་ཀྱིས་གནོད་པར་མ་གྱུར་པ་དང་། ཉི་མ་དང་། གྲིབ་མ་དང་། ཆུ་ལ་སོགས་པས་མ་ཉེན་ཅིང་གནོད་པར་མ་གྱུར་པའི་སྨན་དེ་དུས་ཇི་ལྟ་བ་བཞིན་དུ་བཏུས་པ་དང་། རྩ་བ་ཆེ་ 202-1-86b ཞིང་སའི་གཏིང་དུ་ཟུག་པ་དང་། བྱང་གི་ཕྱོགས་ན་གནས་པ་གང་ཡིན་པ་དེ་བཟང་ངོ་། །དེ་ནས་དགེ་བ་ལ་སྤྱོད་ཅིང་། །དད་ལྡན་གཙང་སྦྲ་སྨྱུང་བ་བྱས། །སྨན་ནི་ལེགས་པར་གནས་པ་བཏུ། །འོ་མར་བཅས་པ་དུས་སུ་སྦྱར། །བུ་རམ་མར་དང་སྦྲང་རྩི་དང་། །པི་པི་ལིང་དང་བྱི་དང་ག ། འབྲུ་རྣམས་མ་གཏོགས་འོ་མ་མེད། །ལོ་གཅིག་འདས་པར་མ་གྱུར་སྦྱར། །ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནི་བཀྲ་ཤིས་པའི་དོན་ཏེ། དེ་ལྟར་སྨན་བཏུ་བ་དེ་ཡང་སྨན་པ་དགེ་བ་ལ་སྤྱོད་ཅིང་གནས་པ་དང་། དད་པ་དང་ལྡན་ཞིང་ངང་ཚུལ་བཟང་བ་དང་། ཁྲུས་དང་། གཙང་སྦྲ་བྱས་ པ་དང་། སྨྱུང་བ་བྱས་པས་སྨན་ལེགས་པར་གནས་ཤིང་འདུག་པ་བཏུ་ཞིང་བླང་བར་བྱ་ལ། བཏུས་ནས་ཀྱང་ཡོན་ཏན་དང་ལྡན་ཞིང་དེ་དང་འཚམ་པའི་སྣོད་དུ་བཅུག་ལ། དུས་སུ་འོ་མ་དང་བཅས་པ་སྦྱར་བར་བྱ་ལ། འོ་མ་མེད་པའི་སྨན་ནི་ལོ་གཅིག་འདས་པར་མ་གྱུར་པ་སྤྱད་པར་བྱ་སྟེ། དེ་ལ་བུ་རམ་ལ་སོགས་པ་ནི་མ་གཏོགས་ཏེ། དེ་དག་ནི་རྙིང་པ་ཉིད་བཟང་བ་ཡིན་ནོ། །འོ་མ་བ་ནི་ཡར་མ་ཡི། །གཅིན་དང་ལྕི་བ་སྐྱོན་མེད་ཡིན། །ན་ཚོད་སྟོབས་ལྡན་ལུས་ཟུངས་དང་། །རྭ་འཛུག་རྨིག་པ་ལ་སོགས་བཟང་། །ཞེས་བྱ་བ་ལ། བ་ཡར་ནི་བེའུ་བཙས་ནས་ཡུན་རིང་པོ་མ་ ལོན་པ་སྟེ། དེའི་འོ་མ་ནི་ལྷག་པར་བཟང་བ་ཡིན་ནོ། །བའི་གཅིན་དང་ལྕི་བ་ནི་ནད་ཀྱི་སྐྱོན་མེད་པ་གང་ཡིན་པ་དེ་བླང་བར་བྱའོ། །ལུས་ཟུངས་ལ་སོགས་པ་ནི་ན་ཚོད་དང་ལུས་ཀྱི་སྟོབས་དང་ལྡན་པའི་བླང་བར་བྱའོ། །སོགས་པའི་སྒྲས་ནི་སྤུ་དང་པགས་པ་ལ་སོགས་པ་བསྡུའོ། །ལན་ཚྭ་ མ་གཏོགས་རོ་ལྔ་པོ། །སྨན་ཁུ་ཡི་ནི་སྐྱེ་གནས་ཡིན། །ཞེས་བྱ་བ་ལ། མངར་བ་ལ་སོགས་པའི་རོ་ལན་ཚྭ་མ་གཏོགས་པ་རོ་ལྔ་པོ་ནི་སྨན་གྱི་ཁུ་བ་འབྱུང་བའི་གནས་ཡིན་ཞིང་སྨན་ཁུ་ཞེས་བཏགས་པ་ཡིན་ནོ། །སྨན་ཁུ་ལྡེ་གུ་བསྐོལ་དང་བསྒྲངས། །ཁཎྜ་ཞེས་ནི་བྱ་བ་སྟེ། །སྨན་ནི་རྣམ་པ་ལྔ་ རུ་བརྟག །སྔ་མ་བཞིན་དུ་མཐུ་སྟོབས་ཆེ། །ཞེས་བྱ་བ་ལ། སྨན་ཁུ་ལ་སོགས་པ་ལྔ་པོ་མངར་བ་ལ་སོགས་པའི་དབྱེ་བས་ཕྱེ་བ་དག་ནི་དབྱེ་བ་རྣམ་པ་ལྔར་འགྱུར་ཏེ། སྨན་ཁུ་ནི་སྨན་གྱི་རང་གི་ཁུ་བ་སྟེ། མིང་གི་རྣམ་པར་སྨན་གྱི་བཅུད་ཅེས་ཀྱང་བྱའོ། །ལྡེ་གུར་ནི་གཤེར་བའི་རྫས་དང་བསྲེས་ 202-1-87a ཏེ། རྡོ་ལེབ་ལ་བཏགས་པའོ། །བསྐོལ་ནི་བཙོས་པའི་ཁུ་བ་སྟེ། བསྐོལ་བའི་སྨན་གྱི་ཁུ་བ་ཞེས་བྱའོ། །བསྒྲངས་པ་ནི་སྨན་གྱི་ཁུ་བ་བསྐོལ་བ་སྟེ། མཚན་མོ་འདས་པར་བྱས་པའོ། །སྨན་གཏུམས་ཏེ་བཅུག་ནས་འཕྲལ་དུ་བཙགས་པ་ནི་ཁཎྜ་ཞེས་བྱ་སྟེ། དེ་ལྟར་སྨན་གྱི་ཁུ་བའི་སྦྱོར་བ་ནི་རྣམ་པ་ལྔ་ཡིན་ནོ། །དེ་ལས་སྔ་མ་བཞིན་མཐུ་སྟོབས་ཆེ་བ་ཡིན་ཏེ། ཕན་པས་ནི་བསྒྲངས་པ་མཐུ་སྟོབས་ཆེ་ལ། བསྒྲངས་པ་བས་ནི་བསྐོལ་བའོ། །བསྐོལ་བ་བས་ནི་ལྡེ་གུའོ། །ལྡེ་གུ་བས་ནི་སྨན་ཁུ་མཐུ་སྟོབས་ཆེ་བ་ཡིན་ནོ། །འཕྲལ་དུ་བཏུས་ཏེ་ བརྡུངས་ནས་ནི། །ཚགས་ལས་བཙིར་ཏེ་བཙགས་པ་གང་། །དེ་ནི་ཁུ་བ་ཞེས་བཤད་དོ། །ཞེས་བྱ་བ་ལ། སྨན་འཕྲལ་དུ་བཏུས་མ་ཐག་རྡོ་ལེབ་སྟེང་དུ་བརྡུངས་ལ་རས་ལ་སོགས་པའི་ཚགས་ཀྱིས་བཙིར་བ་ལས། སྨན་གྱི་ཁུ་བ་གང་ཞིག་བྱུང་བ་དེ་ནི་སློབ་དཔོན་གྱིས་སྨན་གྱི་ཁུ་བ་ཡིན་ནོ་ཞེས་ བཤད་དོ། །ལྡེ་གུ་གཤེར་གྱིས་སྦྲུས་བཏགས་པའོ། །ཞེས་བྱ་བ་ལ། ལྡེ་གུ་ནི་སྨན་གྱི་ཕྱེ་མ་སྐམ་པ་ཉིད་ཆུ་ལ་སོགས་པའི་རྫས་གཤེར་བས་སྦྲུས་ཏེ་བཏགས་པ་དེ་ཉིད་ལ་ལྡེ་གུ་ཞེས་བྱའོ། །དེ་བསྐོལ་བ་ནི་བསྐོལ་བ་ཡིན། །ཞེས་བྱ་བ་ལ། བསྐོལ་བ་ནི་སྨན་དེ་ཉིད་ཕྲ་མོར་བླགས་ཤིང་བཏགས་པ་གཅད་ པར་བྱ་བ་ཡང་བཅད་དེ། ཆུའི་ནང་དུ་བསྐོལ་བའི་སྨན་གྱི་ཁུ་བ་དེ་ནི་བསྐོལ་བ་ཞེས་བྱའོ། །བསྒྲངས་བ་མཚན་མོ་གཞག་པ་ཡིན། །ཞེས་བྱ་བ་ལ། བསྒྲངས་པའི་སྨན་གང་ཆུ་གྲང་མོ་དང་སྦངས་ཏེ་མཚན་མོ་གཞག་པའི་ཞག་ལོན་པ་ནང་པར་བཙགས་པའོ། །ཁཎྜ་འཕྲལ་དུ་སྦྱར་བཙགས་ པ། །ཞེས་བྱ་བ་ལ། ཁཎྜ་ནི་སྨན་འཕྲལ་དུ་ཆུ་དྲོན་པོའི་ནང་དུ་སྦངས་ཤིང་མཉེས་ཏེ་བཙགས་པའོ། །དེ་དག་གི་ནི་ཚད་བརྟག་པ། །ནད་སོགས་སྟོབས་ལས་སྦྱར་བར་བྱ། །ཞེས་བྱ་བ་ལ། སྨན་གྱི་ཁུ་བ་ལ་སོགས་པ་དེ་དག་གི་ཚད་ཀྱི་ངེས་པར་བརྟགས་པ་ནི་ནད་དང་ནད་གཞི་ ལུས་ཟུངས་ལ་སོགས་པ་གནོད་པར་བྱེད་པ་ལ་དུས་དང་། ཁ་ཟས་དང་། རོ་དང་། གོམས་པ་དང་། དུས་ཚིགས་ལ་སོགས་པའི་སྟོབས་ལས་དཔགས་ཏེ། ཅི་ཙམ་རན་པའི་ཚད་སྦྱར་བར་བྱའོ། །གཞན་ཡང་སྨན་གྱི་རོ་དང་ནུས་པ་ལ་སོགས་པ་ཡང་ལེགས་པར་བརྟགས་ཏེ་ 202-1-87b སྦྱར་བར་བྱའོ། །དེ་ཡང་དྲང་སྲོང་གིས་བཤད་པ། །ཚད་ཀྱི་ངེས་པ་ཡོད་མིན་ཏེ། །ནད་དང་ལྟོ་ཚད་ཉམས་དང་ནི། །དུས་དང་ཡུལ་ནི་རྣམ་བརྟགས་ཏེ། །དེ་ལྟར་སྨན་ནི་གཏང་བར་བྱ། །ཞེས་བྱ་བ་ལ། སྔར་བཤད་པའི་ཚིག་དེ་ཚད་མ་དང་ལྡན་པ་ཉིད་དུ་བསྒྲུབ་པའི་ཕྱིར་ དྲང་སྲོང་སྟེ། རྒྱུན་ཤེས་ཀྱི་བུས་བཤད་པ་ནི་ཚད་ཀྱི་ངེས་པ་ཡོད་པ་མ་ཡིན་ནོ། །ཞེས་དམ་བཅས་པ་སྟེ། སྨན་གྱི་ཁུ་བ་ལ་སོགས་པ་ནི་ནད་ཀྱི་དུས་སུ་གཏང་བར་བྱ་ལ། དེ་ཡང་ནད་ཀྱི་དཀྱེལ་དང་། ལྟོ་སྲ་སྙིའི་ཚད་དང་། ཉམས་ཆེ་ཆུང་དང་། དུས་གྲང་དྲོ་དང་། ཐུན་མོང་དང་། ཡུལ་སྐབས་དང་། རླན་ཅན་དང་ཆ་མཉམ་པ་སྟེ། དེ་དག་གི་ཚུལ་ལས་བརྟགས་ནས་བློ་དང་ལྡན་པའི་སྨན་པས་སྨན་གཏང་བར་བྱའོ། །ཞེས་མཁས་པ་དག་གིས་སྨན་གཏང་བ་ཐམས་ཅད་ཀྱི་ཚད་བསྟན་པའི་ཕྱིར་འདི་སྐད་བཤད་པ་ཡིན་ལ། དེ་ལས་ཀྱང་ཕྱོགས་གཅིག་ཙམ་བཤད་པ་ནི། སྨན་གྱི་ཁུ་ བ་སྲང་བཞི་ནི། །འབྲིང་ཚད་ཙམ་དུ་བཤད་པ་ཡིན། །ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སྨན་གྱི་ཁུ་བའི་འབྲིང་ཚད་ནི་སྲང་བཞི་ཙམ་ཡིན་ནོ། །ཞེས་སློབ་དཔོན་གྱིས་བཤད་པ་ཡིན་ནོ། །ལྡེ་གུ་ཞོ་གཉིས་དག་དང་བསྲེ། །དེ་ནི་ཆུ་སྲང་གསུམ་གྱི་ཚད། །ཅེས་བྱ་བ་ལ། སྨན་ལྡེ་གུར་ བཏགས་པ་དེ་དག་གི་འབྲིང་ཚད་ནི་ལྡེ་གུ་ཞོ་གཉིས་ཙམ་དུ་བྱས་ལ། ལྡེ་གུ་དེ་རྫས་གཤེར་བ་གང་དང་གཏོང་ཡང་གཤེར་སྲང་གསུམ་གྱི་ནང་དུ་བཅུག་ལ་དཀྲུགས་ཏེ་བླུད་པར་བྱའོ། །བསྐོལ་བའི་སྨན་ནི་སྲང་གཅིག་བྱ། །བྲེ་ཕྱེད་ཆུ་བསྐོལ་བཞི་ཆ་ལུས། །ཞེས་བྱ་བ་ལ། སྨན་བསྐོལ་བའི་འབྲིང་ ཚད་སྨན་སྲང་གཅིག་ཆུ་བྲེ་ཕྱེད་ཅེས་བྱ་བ་སྲང་བཅུ་དྲུག་གི་ནང་དུ་བསྐོལ་བ་དེ་ལས་བཞི་ཆ་སྟེ། སྲང་བཞི་ལུས་པ་ན་ཕབ་སྟེ་བླུད་པར་བྱའོ། །བསྒྲངས་པ་སྲང་གཅིག་སྲང་དྲུག་ནི། །ཞེས་བྱ་བ་ལ། བསྒྲངས་པའི་སྨན་ཁུ་ནི་སྨན་སྲང་གཅིག་ཆུ་ལ་སོགས་པ་གཤེར་བའི་རྫས་སྲང་དྲུག་གི་ནང་དུ་ནུབ་ མོ་སྦངས་ཏེ་བླུད་པར་བྱའོ། །དེ་ལས་གཞན་པ་སྲང་བཞི་ཡིན། །ཞེས་བྱ་བ་ལ། བསྒྲངས་པའི་སྨན་ཁུ་དེའི་ལས་གཞན་པ་སྟེ། དེའི་འོག་མ་ཁཎྜ་ཞེས་བྱ་བ་ནི་སྨན་སྲང་གཅིག་དང་ཆུ་སྲང་བཞིར་སྦངས་ལ་བཙགས་ཏེ་བླུད་པར་བྱའོ། །སྨན་མར་བསྐོལ་ཚད་མ་སྨོས་པར། །ལྡེ་གུ་སྣུམ་ 202-1-88a དང་གཤེར་རྫས་ནི། །བཞི་འགྱུར་དུ་ནི་བསྐྱེད་དེ་སྦྱར། །ཞེས་བྱ་བ་ལ། སྨན་མར་བསྐོལ་བ་དེ་དག་ཏུ་ཚད་མ་སྨོས་པ་དེར་ལྡེ་གུ་དང་སྣུམ་དང་ཆུ་ལ་སོགས་པ་གཤེར་བའི་རྫས་བཞི་འགྱུར་དུ་བསྐྱེད་ལ་སྦྱར་བར་བྱའོ། །མར་ལ་སོགས་པའི་སྣུམ་ནི་སྨན་གྱི་ལྡེ་ གུའི་བཞི་འགྱུར་བྱ་ལ། ཆུ་ལ་སོགས་པའི་གཤེར་བའི་རྫས་ནི། སྣུམ་གྱི་བཞི་འགྱུར་གཞུག་པར་བྱའོ། །ཤོ་ན་ཀ་ཡིས་བཤད་པ་ནི། །སྣུམ་བསྐོལ་ཆུ་ནི་འབའ་ཞིག་དང་། །ཁུ་བ་བསྐོལ་བ་རིམ་བཞིན་དུ། །ལྡེ་གུའི་ཆ་ནི་བཞི་དང་དྲུག །བརྒྱད་ནི་རིམ་བཞིན་སྦྱར་ བར་བྱ། །ཞེས་བྱ་བ་ལ། དྲང་སྲོང་ཤོ་ན་ཀ་ཞེས་བྱ་བས་བཤད་པའི་གཞུང་ནི་སྣུམ་གང་ཞིག་ཆུ་འབའ་ཞིག་དང་བསྐོལ་བ་དེར་ནི་སྣུམ་ལྡེ་གུའི་བཞི་འགྱུར་གཞུག་པར་བྱ་ལ་གང་སྨན་གྱི་ཁུ་བ་དང་བསྐོལ་བ་དེར་ནི་ལྡེ་གུའི་དྲུག་འགྱུར་དང་བསྐོལ་བར་བྱའོ། །གང་དུ་བསྐོལ་བའི་ཁུ་བ་དང་ བསྐོལ་བ་དེ་ནི་ལྡེ་གུ་བརྒྱད་འགྱུར་དང་བསྐོལ་བར་བྱའོ། །ལྡེ་གུ་སོར་མོར་མ་འབྱར་དང་། །སྣུམ་ནི་མེར་བཅུག་སྒྲ་མེད་དང་། །གང་ཚེ་ཁ་དོག་སོགས་ཕུན་ཚོགས། །དེ་ཚེ་དེ་ནི་མྱུར་དུ་དབབ། །ཅེས་བྱ་བ་ལ། སྨན་མར་བསྐོལ་བ་ན་ལྡེ་གུ་སོར་མོ་ལ་དྲིལ་བ་ནམ་འབྱར་བ་དང་། དེ་བཞིན་ དུ་སྣུམ་མེར་བཅུག་པ་ན། སྒྲ་ཚེག་ཚིག་ཟེར་བ་མི་འབྱུང་བ་དང་། དེ་བཞིན་དུ་ཁ་དོག་དང་། དྲི་དང་། རོ་ཕུན་སུམ་ཚོགས་པར་གྱུར་པ་དེའི་ཚེ། སྨན་མར་དེ་ཚོས་པ་ཡིན་པས་དབབ་པར་བྱའོ། །མར་ནི་ལྦུ་བ་དྭངས་མ་དང་། །ཏིལ་མར་ལྦུ་བ་བྱུང་བ་དང་། །ལྡེ་གུ་ནལ་ནལ་པོར་གྱུར་ཅིང་། ། ཆུ་ནང་འབྱིང་ཞིང་གྱེས་མི་འགྲོ། །ཞེས་བྱ་བ་ལ། གཞན་ཡང་མར་བསྐོལ་བ་ལེགས་པར་ཚོས་པར་གྱུར་པ་ན། བསྐོལ་བའི་ལྦུ་བ་དེ་དྭངས་ཤིང་མེད་པར་འགྱུར་རོ། །ཏིལ་མར་བསྐོལ་བ་ལེགས་པར་ཚོས་པ་ནི་ལྦུ་བ་འབྱུང་བར་འགྱུར་རོ། །ལྡེ་གུ་བསྐོལ་བ་ཚོས་པ་ན་ནི་སོར་མོས་མཉེས་པ་ན། རྒྱུན་ནལ་ནལ་པོར་འབྱུང་བར་འགྱུར་བ་དང་། དེ་བཞིན་དུ་ཆུའི་ནང་དུ་བཅུག་པ་འོག་ཏུ་འབྱིང་ཞིང་ཕན་ཚུན་གྱེས་པར་མི་འགྱུར་གྱི། གཅིག་ཏུ་ལུས་ཏེ་གནས་པར་འགྱུར་རོ། །ཚོས་པའི་ཚད་ནི་རྣམ་གསུམ་སྟེ། །འཇམ་ཚོས་འབྱར་བག་འབྱར་ལ་རྩུབ། །ཅེས་བྱ་བ་ལ། སྣུམ་ཚོས་པའི་ 202-1-88b ཚད་ནི་རྣམ་པ་གསུམ་སྟེ། འཇམ་པོར་ཚོས་པ་དང་། འབྱར་བག་དང་། འབྱར་བག་རྩུབ་པའོ། །འཇམ་ཚོས་ཚིགས་མ་ལྡེ་གུ་འདྲ། །འབྱར་བག་སྦྲང་རྩི་ལྟ་བུ་ཡིན། །ཅུང་ཟད་ཚིག་ཅིང་མདོག་གནག་པར། །སྣང་འགྱུར་དེ་ནི་ཐ་མ་ཡིན། །ཞེས་བྱ་བ་ལ། གསུམ་ པོ་དེ་དག་ལས་ཀྱང་། འཇམ་པོར་ཚོས་པའི་འོག་གི་ཚིགས་མ་ལྡེ་གུ་འདྲ་བར་གྱུར་པ་ཡིན་ནོ། །བར་མ་འབྱར་བག་ཅན་ནི་བཙོས་པ་ན་སྦྲང་རྩི་ལྟར་འབྱར་བག་སྣང་བ་ཡིན་ནོ། །འབྱར་བག་རྩུབ་པོར་གྱུར་པ་ནི་ཅུང་ཟད་ཚིག་པར་འགྱུར་ཞིང་། གཟར་བུར་ཆགས་པ་རྩུབ་ལ་མདོག་ གནག་པར་གྱུར་པ་ཡིན་ནོ། །དེ་ལས་འདས་པ་དོན་མི་བྱེད། །མ་ཚོས་མེ་དྲོད་ཉམས་པར་བྱེད། །ཅེས་བྱ་བ་ལ། དེ་ལྟར་ཚོས་པ་ཐམས་ཅད་འབྱར་བག་རྩུབ་པོ་དེ་ལས་ཀྱང་འདས་པར་གྱུར་ཅིང་སྣུམ་ཚིག་པར་གྱུར་པ་ལ་ནི། སྨན་གྱི་དོན་བྱེད་པར་མི་ནུས་ཏེ། ནུས་པ་དང་ འབྲལ་བར་འགྱུར་རོ། །ཤིན་ཏུ་མ་ཚོས་པས་ནི་ཕོ་བའི་མེ་དྲོད་ཉམས་པར་བྱེད་དོ། །འཇམ་ཚོས་སྣར་བཏང་རྩུབ་པས་བསྐུ། །བཏུང་དང་འཇམ་རྩི་འབྱར་བག་བྱ། །ཞེས་བྱ་བ་ལ། སྨན་སྣ་ནས་གཏོང་བ་བསྐོལ་བའི་ཚད་ནི་དང་པོ་འཇམ་ཙམ་དུ་ཚོས་པ་གཏང་བར་བྱའོ། །ལུས་ བསྐུ་བ་ལ་ནི་ཐ་མ་སྨིན་པ་རྩུབ་པོར་གྱུར་པས་བསྐུ་བར་བྱའོ། །སྨན་མར་བཏུང་བ་དང་། འཇམ་རྩི་བཏང་བ་ལ་ནི་བར་མ་འབྱར་བག་ཅན་གཏང་བར་བྱའོ། །ཤ་ན་ཀར་ཤ་ལག་མཐིལ་དང་། །སྤར་གང་ཕུལ་བྲེ་ཨ་ད་ཀ །དྲོ་ན་བ་ཧ་རིམ་བཞིན་དུ། །བཞི་འགྱུར་ཡིན་པར་ཤེས་པར་ བྱ། །ཞེས་བྱ་བ་ལ། ཤ་ན་མ་ཤ་བཞི་སྟེ། འཇིག་རྟེན་པ་དག་ནི་མ་ཤ་དྲུག་ལ་ཤ་ན་གཅིག་ཏུ་འདོད་དོ། །ཤན་དེ་བཞི་ལ་ཀར་ཤ་སྟེ། ཞོ་གཉིས་ཡོད་ལ། དེ་ཉིད་ནི་ལག་མཐིལ་ཞེས་བྱ་བའི་ཚད་ཡིན་ནོ། །ལག་མཐིལ་དེ་བཞི་ལ་ནི་སྤར་གང་ཞེས་བྱ་བ་ཡིན་ནོ། །སྤར་བ་བཞི་ ལ་ནི་ཕུལ་གང་ངོ་། །ཕུལ་བཞི་ལ་བྲེ་གང་ངོ་། །བྲེ་བཞི་ལ་ཨ་ད་ཀའོ། །ཨ་ད་ཀ་བཞི་ལ་ནི་དྲོ་ནའོ། །དྲོ་ན་བཞི་ལ་བ་ཧ་ཞེས་བྱའོ། །རློན་པ་ཉིས་འགྱུར་སྦྱར་བྱ་ཞིང་། །གཤེར་བ་ཕུལ་གང་སོགས་དེ་བཞིན། །ཞེས་བྱ་བ་ལ། སྨན་གཤེར་བ་རྣམས་ནི་ཇི་སྐད་སྨོས་པའི་ཚད་ཤ་ 202-1-89a ན་ནས་བ་ཧའི་བར་དུ་ཉིས་འགྱུར་གཞུག་པར་བྱའོ། །དེ་ལ་ཡང་། ཏུ་ལ་ཞེས་བྱ་བ་སྲང་བརྒྱ་དང་། བྷ་ར་ཞེས་བྱ་བ་ཁུར་གཅིག་སྟེ། དེ་གཉིས་ནི་སྲང་བརྒྱ་དང་ཁུར་གཅིག་ཁོ་ནར་བྱའི་རློན་པ་ཡང་ཉིས་འགྱུར་དུ་མི་བྱའོ། །ཡང་ཆུ་དང་འོ་མ་ལ་སོགས་ པ་གཤེར་བའི་རྫས་ནི་རློན་པ་ལ་སོགས་པ་ཡན་ཆད་ཀྱང་དེ་བཞིན་དུ་ཉིས་འགྱུར་དུ་སྦྱར་བར་བྱའོ། །བཏགས་ཏེ་སྦྲུས་ནས་གཤེར་མེད་པའི། །སྣུམ་བསྐོལ་བ་ལ་ཆུ་གཞུག་བྱ། །ཞེས་བྱ་བ་ལ། སྨན་བཏགས་ཏེ་སྦྲུས་པ་ལ་ནི་བཏགས་པ་སྟེ། སྦྲུ་བའི་ཕྱིར་ཆུ་གཞུག་པར་བྱས་ལ། དེ་བཞིན་དུ་ གཤེར་བའི་རྫས་མེད་པའི་སྣུམ་བསྐོལ་བ་ལ་ནི་ཆུ་ཉིད་དང་སྦྱར་ཞིང་གཞུག་པར་བྱའོ། །གང་དུ་ཚད་ནི་མ་བཤད་པ། །དེར་ནི་ཆ་མཉམ་སྦྱར་བར་བྱ། །ཞེས་བྱ་བ་ལ། སྨན་གྱི་སྦྱོར་བ་ཕྱེ་མ་དང་། སྨན་བསྐོལ་བའི་ཁུ་བ་དང་། མར་དང་། ཏིལ་མར་ལ་སོགས་པའི་སྨན་གྱི་ ཚད་ངེས་པ་མ་སྨོས་པ་དེར་ནི་སྨན་དག་ཆ་མཉམ་པ་ཁོ་ནར་བྱའོ། །ཤ་ན་གཉིས་ལ་བ་ཏ་ཀ །དེ་གཉིས་ཀར་ཤ་ཀོ་ལ་དང་། །བ་རུ་ར་དང་དྲང་འཁྲུ་མེད། །ཅེས་བྱ་བ་ལ། དེ་ལ་ཞོ་ཕྱེད་ལ་ནི་ཤ་ན་སྟེ། ཤ་ན་གཉིས་ནི་པ་ཏ་ཀ་གཅིག་གོ། །པ་ཏ་ཀ་གཉིས་ལ་ནི། ཀར་ ཤ་དང་། ཀོ་ལ་དང་། བ་རུ་ར་དང་། དྲང་འཁྲུ་མེད་ཅེས་བྱ་བའི་མིང་གི་རྣམ་གྲངས་ཀྱིས་བཤད་པ་ཡིན་ནོ། །ཨཀྵ་པི་ཙུ་སུ་བརྞ། །ལག་མཐིལ་ཁམ་ཚད་བྱི་ལའི་སྡེར། །ཏིན་དུ་ཀ་དང་ལག་པའི་ཚད། །སྒྲ་གཞན་དོན་ནི་གཅིག་པ་ཡིན། །ཞེས་བྱ་བ་ལ། ཡང་ཀར་ཤ་དེ་ ཉིད་ནི་ཨཀྵ་དང་པི་ཙུ་ནས་ལག་པའི་ཚད་ཅེས་བྱ་བའི་བར་གྱི་སྒྲས་བསྟན་པ་ཡིན་ཏེ། དེ་དག་ནི་དོན་གཅིག་ལ་མིང་གི་རྣམ་གྲངས་ཀྱིས་སྒྲ་གཞན་དུ་བསྟན་པ་ཡིན་གྱི་དོན་ཐ་དད་པ་ནི་མ་ཡིན་ནོ། །ཤུ་ཏི་བརྒྱད་པ་པི་ཙུ་ཡིན། །ཞེས་བྱ་བ་ལ། ཀར་ཤ་གཉིས་ལ་ནི་ཤུ་ཏི་སྟེ་དེ་ཉིད་ནི་མིང་ བརྒྱད་པ་དང་པི་ཙུ་ཞེས་བྱའོ། །སྲང་གཅིག་བིལ་བ་པྲ་ཀུ་ཛ། །སྤར་གང་ཨ་མྲ་བཞི་པོ་ཡིན། །ཞེས་བྱ་བ་ལ། སྲང་གི་རྣམ་གྲངས་ནི། བིལ་བ་དང་། པྲ་ཀུ་ཛ་དང་། སྤར་གང་དང་། ཨ་མྲ་དང་། བཞི་པོ་ཞེས་བྱ་བ་ཡིན་ནོ། །སྲང་གཉིས་ཁྱོར་གང་དེ་གཉིས་ལ། །སྙིམ་ 202-1-89b གང་དེ་གཉིས་མ་ནི་ཀ །ཞེས་བྱ་བ་ལ། ཁྱོར་གང་ལ་སྲང་གཉིས་ཡོད་པར་ཤེས་པར་བྱ་སྟེ། ཁྱོར་གཉིས་ལ་སྙིམ་པ་གང་ཡིན་ཏེ། སྙིམ་པ་གཉིས་ལ་ནི་མ་ནི་ཀ་ཞེས་བྱ་བའི་ཚད་ཡིན་ནོ། །ཨ་ད་ཀ་དང་སྣོད་ཀན་ས། །དྲོ་ན་ཀུམ་པ་བུམ་ཆེན་ཡིན། །ཞེས་བྱ་བ་ལ། ཨ་ད་ཀ་ཞེས་ བྱ་བ་བྲེ་བཞི་པའི་མིང་གི་རྣམ་གྲངས་ནི། སྣོད་དང་ཀན་ས་ཞེས་བྱ་བ་ཡིན་ལ། དྲོ་ན་ཞེས་བྱ་བ། བྲེ་བཅུ་དྲུག་པའི་བྲེ་བོ་ཆེའི་ཚད་ཀྱི་མིང་གི་རྣམ་གྲངས་ནི། ཀུམ་པ་དང་། ག་ད་ཞེས་བྱ་བ་བུམ་པ་ཆེན་པོ་ཡིན་ནོ། །ཏུ་ལ་སྲང་ནི་བརྒྱ་ཡིན་ཏེ། །དེ་ཉི་ཤུ་ལ་ཁུར་དུ་བཤད། ། ཅེས་བྱ་བ་ལ། ཏུ་ལ་ཞེས་སྨོས་པ་ནི། སྨན་སྐམ་པའམ། རློན་པ་རྫས་གཤེར་བ་ཡིན་ཡང་རུང་སྟེ། སྲང་བརྒྱའི་ཚད་ཡིན་པར་ཤེས་པར་བྱའོ། །སྲང་བརྒྱ་ཕྲག་ཉི་ཤུ་ལ་ནི། བྷ་ར་ཞེས་བྱ་བ་ཁུར་བུའི་ཚད་ཡིན་པར་ཤེས་པར་བྱ་སྟེ། བྷ་ར་ཞེས་བྱ་བའི་ཚད་དེ་ནི་སྐམ་པོའམ་ རློན་པའམ། ཁུ་བའི་ཚད་གང་ཡང་རུང་སྟེ། ཏུ་ལ་དང་འདྲ་བར་སྲང་བརྒྱ་ཕྲག་ཉི་ཤུ་ཁོ་ན་ལ་བྱའི། ཉིས་ལྡབ་ཏུ་གཞན་ལྟར་མི་བགྲང་ངོ་། །གངས་ཅན་འབིགས་བྱེད་རི་ཡིས་ནི། །ས་གཞི་ཕལ་ཆེར་ཁྱབ་པ་ཡིན། །དེ་ལས་དང་པོ་བསིལ་ཞིང་ཕན། །འབིགས་བྱེད་ སྨན་ནི་མེའི་རང་བཞིན། །ཞེས་བྱ་བ་ལ། རི་བོ་གངས་ཅན་དང་། རི་བོ་འབིགས་བྱེད་གཉིས་ཀྱི་རང་བཞིན་གྱིས་ས་གཞི་འདི་ལ་ཕལ་ཆེར་ཁྱབ་པ་ཡིན་ལ། དེ་གཉིས་ཀྱི་ནང་ནས་དང་པོ་སྟེ། རི་ཁ་བ་ཅན་ལས་སྐྱེས་པའི་སྨན་རྣམས་ནི་རང་བཞིན་བསིལ་ཞིང་ཕན་པ་ཡིན་ཏེ། དེ་ནི་ ཞི་ཞིང་གྲང་བའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །འབིགས་བྱེད་ཀྱི་རིའི་རང་བཞིན་ནི་དྲོ་བ་ཡིན་པའི་ཕྱིར་མེའི་རང་བཞིན་ཅན་ཡིན་པར་ཤེས་པར་བྱའོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཆོ་ག་གྲུབ་པའི་གནས་ཀྱི་ལེའུ་དྲུག་པའི་འགྲེལ་པ་སྟེ། གནས་ལྔ་པའི་འགྲེལ་པ་རྫོགས་སོ།། །།དེ་ནས་བྱིས་པ་གསོ་བའི་ཆོ་གའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། རྒྱུད་ཀྱི་གནས་ལྔས་ནི་ཡན་ལག་གི་གཙོ་བོ་ལུས་ཀྱི་གསོ་བ་བཤད་པ་ཡིན་ལ། ཡན་ལག་ལྷག་ 202-1-90a མ་བདུན་པོའི་ནད་ནི་རྟག་ཏུ་འབྱུང་ཞིང་རྟོགས་ཤིང་ཤེས་པར་དཀའ་བ་ཡིན་པར་བཤད་ལ་དེས་ན་བྱིས་པ་གསོ་བ་ལ་སོགས་པའི་ཡན་ལག་ཅུང་ཟད་ཙམ་གསལ་བས་ངེས་པར་བསྟན་པར་བྱ་བའི་ཕྱིར་རྒྱུད་ཕྱི་མ་ཞེས་བྱ་བ་གནས་ཀྱི་མཆོག་བརྩམས་པ་ཡིན་ནོ། །དེ་ ལས་ཀྱང་བྱིས་པ་གསོ་ཞིང་རིམ་གྲོར་བྱ་བའི་ཕྱིར་ཐོག་མ་ཁོ་ནར་བྱིས་པ་གསོ་བ་བཤད་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་བཤད་པར་བྱའོ། །བྱིས་པ་གསོ་ཞིང་བསྙེན་བཀུར་བའི་དབང་དུ་བྱས་པའི་གཞུང་ནི་བྱིས་པ་གསོ་བའི་ཆོ་གའི་ལེའུ་སྟེ། དེ་བཤད་པར་བྱའོ། ། ཞེས་བྱ་བའོ། །རྒྱུན་ཤེས་ཀྱི་བུ་ལ་སོགས་པ་དྲང་སྲོང་ཆེན་པོ་རྣམས་ཀྱིས་འདི་སྐད་ཅེས་བཤད་དོ། །ཞེས་བྱ་བ་ལ། ཡང་སྔ་མ་བཞིན་བཤད་པར་བྱ་སྟེ། བདག་ཉིད་ཀྱིས་རང་བཟོར་བྱས་པ་མ་ཡིན་ནོ། །ཞེས་བསྟན་པའི་ཕྱིར་མདོའི་ཚིག་འདི་སྨོས་པ་ཡིན་ནོ། །བྱིས་པ་བཙས་མ་ ཐག་ཕྲུ་མ། །བསལ་ཏེ་རྒྱམ་ཚ་མར་བསྐུས་སྦྱང་། །དེ་འོག་བཙས་པས་སྡུག་བསྔལ་ལ། །བ་ལའི་ཏིལ་མར་བླུགས་པར་བྱ། །ཞེས་བྱ་བ་ལ། བྱིས་པ་མངལ་ནས་བཙས་མ་ཐག་ཏུ་ཕྲུ་མ་ཞེས་བྱ་བ་དེ་བསལ་ཞེས་ཕྱི་བར་བྱ་སྟེ། དེ་ཡང་གཞུང་ལས། གང་གིས་དཀྲིས་ནས་བྱིས་པ་ སྐྱེས། །ཕྲུ་མ་ཞེས་ནི་བྱ་བ་ཡིན། །ཞེས་བཤད་པ་ཡིན་ཏེ། དེ་བསལ་ཞིང་ཕྱིས་ལ་རྒྱམ་ཚྭ་དང་མར་དུ་སྦྱར་བས་བསྐུ་ཞིང་ཕྱི་བར་བྱའོ། །དེའི་འོག་ཏུ་བཙས་པའི་ཚེ་སྡུག་བསྔལ་ཞིང་ཉམ་ཐག་པ་དེ་བསལ་བར་བྱ་བའི་ཕྱིར་བ་ལའི་ཏིལ་མར་ཇི་སྐད་བཤད་པ་དེ་ལུས་ལ་བླུགས་པར་བྱའོ། ། དེ་ནི་རྣ་བའི་དྲུང་དུ་ནི། །རྡོ་གཉིས་བརྡུང་བ་སྤྱད་པར་བྱ། །ཞེས་བྱ་བ་ལ། དེའི་འོག་ཏུ་རྣ་བ་སྦྱང་བའི་ཕྱིར་བྱིས་པ་དེའི་རྣ་བའི་དྲུང་དུ་རྡོ་གཉིས་བརྡབ་ཅིང་བརྡུང་བ་ཉེ་བར་སྤྱད་ཅིང་སྒྲ་བསྒྲགས་པར་བྱའོ། །དེ་ནས་དེ་ཡི་རྣ་བ་ནི། །གཡས་པར་སྔགས་འདི་བརྗོད་པར་བྱ། །ཞེས་བྱ་བ་ལ། དེ་ནས་ དེའི་འོག་ཏུ་བྱིས་པ་དེའི་རྣ་བ་གཡས་པའི་རྩ་བར་སྔགས་འདི་བརྗོད་པར་བྱའོ། །ཡན་ལག་ཡན་ལག་ལས་བྱུང་ཁྱོད། །སྙིང་ལས་མངོན་པར་སྐྱེས་པ་ཡིན། །བདག་ཉིད་བུ་ཞེས་བྱ་བ་ཁྱོད། །ལོ་བརྒྱར་ཡང་དག་འཚོར་གྱུར་ཅིག །ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་འཚོ། །ཚེ་རིང་བ་ནི་ཐོབ་གྱུར་ཅིང་། །རྒྱུ་སྐར་ 202-1-90b ཕྱོགས་དང་མཚན་མོ་དང་། །ཉིན་མོས་ཁྱོད་ནི་བསྲུང་བར་ཤོག །ཅེས་བྱ་བ་ནི་རིག་བྱེད་ལས་དེ་བཤད་པའི་སྔགས་ཀྱི་ཚིགས་སུ་བཅད་པ་ཡིན་ཏེ་དེ་བརྗོད་པར་བྱའོ། །བདེ་བར་གྱུར་ནས་ལྟེ་བ་ནི། །སོར་བཞིའི་འོག་ཏུ་སྲད་བུས་བཅིང་། །དེ་ཡི་འོག་ཏུ་བཅད་ནས་ནི། །ལྟེ་བ་ལ་ནི་ བརྟོད་དེ་གཞག །ཅེས་བྱ་བ་ལ། བྱིས་པ་དེ་མངལ་ནས་བཙས་པའི་སྡུག་བསྔལ་ཉེ་བར་ཞི་བའི་རང་བཞིན་རྣམ་པར་འདུག་པའི་བདེ་བ་ཐོབ་པར་གྱུར་པའི་འོག་ཏུ། ལྟེ་བ་འཕྱང་བའི་སོར་བཞིའི་འོག་ཏུ་སྲད་བུས་ལེགས་པར་བཅིངས་པའི་གོང་དུ་མཚོན་རྣོན་པོས་བཅད་དེ་སྲད་བུས་ ལྟེ་བའི་ལྟག་པར་མདུད་དེ་བརྟོད་པར་བྱའོ། །དེ་འོག་ལྟེ་བ་རུ་རྟ་ཡི། །ཏིལ་མར་གྱིས་ནི་བསྐུ་བར་བྱ། །ཞེས་བྱ་བ་ལ། དེ་ནས་བྱིས་པ་དེའི་ལྟེ་བ་རུ་རྟ་དང་བསྐོལ་བའི་ཏིལ་མར་གྱིས་ནི་བསྐུ་བར་བྱའོ། །འོ་མ་ཅན་ཤིང་བསྐོལ་ཆུའམ། །དྲི་ཞིམ་བཅུད་ལྡན་ཆུ་དག་ནི། ། གསེར་རམ་དངུལ་ནི་བསྲེགས་པ་ཡིས། །བསྲོས་པའི་དྲོ་འཇམ་ཆུ་ཡིས་བཀྲུ། །ཞེས་བྱ་བ་ལ། དེ་ལྟར་བསྐུས་ནས་དེའི་རྗེས་ལ། འོ་མ་ཅན་གྱི་ཤིང་གང་ཡང་རུང་བ་བསྐོལ་བའི་ཁུ་བས་བཀྲུ་བར་བྱ་སྟེ། འོ་མ་ཅན་གྱི་ཤིང་ནི། ཨུ་དུམ་བཱ་ར་ཨ་ཤྭད་ཐ། །བླག་ཤ་དང་ ནི་ནྱ་གྲོ་དྷ། །པི་པི་ལིང་སྟེ་ལྔ་པོ་འདི། །འོ་མ་ཅན་གྱི་ཤིང་དུ་བཤད། །ཅེས་བྱ་བ་ཡིན་ནོ། །ཡང་ན་དྲི་ཞིམ་པོ་ཐམས་ཅད་དང་སྦྱར་བའི་ཆུའི་ནང་དུ་གསེར་རམ་དངུལ་གང་ཡང་རུང་བ་བསྲེགས་པས་གསུར་ལ་དྲོ་འཇམ་ཙམ་དུ་བསྲོས་པས་བཀྲུ་བར་བྱའོ། །དེ་ནས་མཛུབ་མོ་གཡས་པ་ནི། ། དཀྲིས་པས་རྐན་ནི་བཏེག་ནས་ཀྱང་། །མགོ་བོར་རས་བལ་སྣུམ་ཅན་གཡོགས། །ཞེས་བྱ་བ་ལ། དེའི་འོག་ཏུ་སྨན་པའི་མཛུབ་མོ་གཡས་པ་རས་བལ་གྱི་ཡེའུས་དཀྲིས་པས་བྱིས་པའི་རྐན་ལེགས་པར་བཏེག་ལ་མགོ་བོའི་སྟེང་ནས་རས་བལ་སྣུམ་གྱིས་བཀབ་ཅིང་གཡོགས་པར་བྱའོ། ། བློ་དང་ཚེ་དང་སྟོབས་བསྐྱེད་ཕྱིར། །ཤུ་དག་པྲ་མ་བི་ཤ་ལི། །ཤཾ་ག་པུཥྤའི་ལྡེ་གུ་ནི། །མར་དང་སྦྲང་རྩི་བཅས་པ་དག །སྔགས་བཏབ་ཧ་རེ་ཎུ་ཙམ་སྦྱིན། །ཞེས་བྱ་བ་ལ། དེ་ནས་བྱིས་པ་དེའི་བློ་དང་། ཚེ་དང་སྟོབས་བསྐྱེད་པའི་ཕྱིར་ཤུ་དག་དང་པྲ་མ་ལ་སོགས་པ་བཏགས་པའི་ 202-1-91a ལྡེ་གུ་སྦྲང་རྩི་དང་མར་སྦྱར་བ་ཧ་རེ་ཎུའི་ཚད་ཙམ་འཇག་མའི་རྩེ་མོ་ལ་སྔགས་ཀྱིས་བཏབ་ཅིང་མངོན་པར་བཟླས་ཏེ། གསེར་གྱི་སྣོད་དུ་སྦྱིན་པར་བྱའོ། །གསེར་དང་ཤུ་དག་མུ་མེན་དང་། །མ་ནུ་ཨ་རུ་རའི་ཕྱེ་མའམ། །གསེར་དང་སྐྱུ་རུའི་ཕྱེ་མ་ དང་། །སྦྲང་རྩི་མར་བཅས་ལྡེ་གུ་སྦྱིན། །ཞེས་བྱ་བ་ལ། ཡང་ན་གསེར་ལ་སོགས་པ་ཕྱེ་མར་བཏགས་པ་སྦྲང་རྩི་དང་ལྡེ་གུར་སྦྱར་བའམ། ཡང་ན་གསེར་དང་སྐྱུ་རུ་རའི་ཕྱེ་མ་མར་དང་སྦྲང་རྩི་དང་སྦྱར་བ་གང་ཡང་རུང་བ་དེ་བློ་དང་ཚེ་དང་སྟོབས་བསྐྱེད་པའི་ཕྱིར་སྦྱིན་པར་བྱའོ། ། དེ་ནས་མངལ་ཆུ་རྒྱམ་ཚ་ནི། །མར་དང་བཅས་པས་སྐྱུག་ཏུ་གཞུག །ཅེས་བྱ་བ་ལ། དེ་ལྟར་ལྡེ་གུ་དེ་སྦྱིན་པའི་རྗེས་ལ་རྒྱམ་ཚ་དང་སྦྱར་བའི་མར་བྱིན་ལ། མངལ་གྱི་གནས་ན་གནས་པའི་ཚེ་ཆུ་གང་དག་སོགས་པ་དེ་སློན་དུ་གཞུག་པར་བྱའོ། །སྐྱེ་དགུའི་བདག་པོའི་ཆོ་ག་ཡིས། ། བཙས་པའི་ཆོ་ག་བྱེད་དུ་གཞུག །ཅེས་བྱ་བ་ལ། དེ་ནས་སྐྱེ་དགུའི་བདག་པོས་བཤད་པའི་ཆོ་ག་རིག་བྱེད་ཀྱི་གསང་ཚིག་ལས་བཤད་པའི་བཙས་པའི་ཆོ་ག་བྱེད་དུ་གཞུག་གོ། །སྙིང་ལ་གནས་པའི་རྩ་རྣམས་ནི། །བཙས་ནས་ཁ་ནི་དབྱེ་བའི་ཕྱིར། །ཉི་མ་གསུམ་པའམ་བཞི་ པ་ལ། །བུད་མེད་ཀྱི་ནི་ནུ་ཞོ་འབྱུང་། །ཞེས་བྱ་བ་ལ། བུད་མེད་བུ་བཙས་པའི་སྙིང་ལ་གནས་པའི་རྩ་རྣམས་བཙས་པའི་དབང་གིས་ཁ་དབྱེ་བའི་ཕྱིར། བཙས་ནས་ཉི་མ་གསུམ་མམ་བཞི་པ་ལ་ནུ་ཞོ་འབྱུང་བར་འགྱུར་རོ། །དེ་ནས་ཉིན་ཞག་དང་པོ་ལ། །དུས་གསུམ་དུ་ནི་སྦྲང་རྩི་ མར། །བྱི་ཚེར་བ་དང་སྦྱར་བ་ལ། །སྔགས་ཀྱིས་བཏབ་སྟེ་བྱིས་པར་སྦྱིན། །ཞེས་བྱ་བ་ལ། གང་གི་ཕྱིར་དེ་ལྟར་དེ་ཉིན་ཞག་དང་པོ་ལ་བྱི་ཚེར་བ་དང་སྦྱར་བའི་མར་དང་སྦྲང་རྩི་ལ་སྔགས་ཀྱིས་བཏབ་སྟེ། བྱིས་པ་ལ་དུས་གསུམ་དུ་སྦྱིན་པར་བྱའོ། །གཉིས་པ་དང་ནི་གསུམ་པ་ ལ། །ལཀྵི་མ་དང་བསྐོལ་མར་བླུད། །ཅེས་བྱ་བ་ལ། བཙས་ནས་ཉི་མ་གཉིས་པ་ལ། ལཀྵི་མ་ཞེས་བྱ་བའི་སྨན་དང་བསྐོལ་བའི་མར་ལ་སྔགས་ཀྱིས་བཏབ་པ་དུས་གསུམ་དུ་ནི་སྦྱིན་པར་བྱའོ། །ཉི་མ་གསུམ་པ་ལ་ཡང་མར་དེ་ཉིད་ལ་སྔགས་ཀྱིས་བཏབ་པ་དུས་ 202-1-91b གསུམ་དུ་སྦྱིན་པར་བྱའོ། །དེ་ནས་དང་པོའི་ནུ་ཞོ་ནི། །བཀག་པ་དེ་ལ་མར་སར་ནི། །ཞོ་གཉིས་ཙམ་གྱི་ཚད་སྦྱིན་ཞིང་། །ནུ་ཞོ་དུས་གཉིས་བླུད་པར་བྱ། །ཞེས་བྱ་བ་ལ། དེའི་འོག་ཏུ་དང་པོར་ནུ་ཞོ་མི་བླུད་པར་བཀག་པའི་བྱིས་པ་དེ་ལ་མར་སར་ཞོ་གཉིས་ཙམ་གྱི་ ཚོད་བྱིན་ལ། དེའི་རྗེས་ལ་ནུ་ཞོ་སྔགས་ཀྱིས་བཏབ་ལ་སྦྱིན་པར་བྱའོ། །མ་ཉིད་ཀྱི་ནི་ནུ་ཞོ་བླུད། །དེ་ཡི་ལུས་ནི་འཕེལ་བྱེད་ཡིན། །ཞེས་བྱ་བ་ལ། ནུ་ཞོ་དེ་ཡང་མཁོ་ནའི་བླུད་པར་བྱའོ། །གཞན་གྱི་བླུད་པར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། མའི་འོ་མ་དེ་ནི་བྱིས་པའི་ལུས་འཕེལ་ ཞིང་རྒྱས་པར་བྱེད་པ་ཡིན་ནོ། །དེ་མེད་མ་མ་ཤིན་ཏུ་བྱམས། །སྐྱོན་མེད་འཁྲིག་པ་སྤངས་པ་དང་། །རིགས་དང་རང་བཞིན་དེ་དང་མཉམ། །ནད་མེད་ན་ཚོད་དར་ལ་བབ། །བུ་མ་ཤི་ཞིང་བརྐམ་ཆགས་མེད། །གཉིས་ཀྱི་འོ་མ་བླུད་པར་བྱ། །ཞེས་བྱ་བ་ལ། མའི་འོ་མ་དེ་མེད་ པར་གྱུར་ན། མ་མ་བྱིས་པ་ལ་ཤིན་ཏུ་བྱམས་ཤིང་བརྩེ་བ་ལ་ལུས་ལ་སྐྱོན་མེད་ཅིང་འོན་པ་དང་ཞར་བ་མ་ཡིན་ཞིང་ཡན་ལག་མ་ཚང་བ་མེད་པ་དང་། འཁྲིག་པ་སྤངས་ཤིང་སྐྱེས་པ་དང་ཉལ་པོ་སྤོང་བ་དང་། རིགས་དང་རང་བཞིན་བྱིས་པ་དེ་དང་མཉམ་པ་དང་། ནད་མེད་ཅིང་བདེ་བར་ གནས་པ་དང་། དར་ལ་བབ་ཅིང་བྱིས་པ་དང་རྒས་པ་མ་ཡིན་པ། སྔོན་ཆད་བུ་ཤི་མ་མྱོང་ཞིང་བུ་འཚོ་བ་དང་། བརྐམ་ཆགས་ཀྱི་ཞེན་པ་ཆུང་བའི་མ་མ་གཉིས་བསྐོས་ལ། དེའི་འོ་མ་བླུད་པར་བྱའོ། །དེ་གཉིས་ཟས་དང་སྤྱོད་ལམ་ནི། །ཕན་པས་འབད་དེ་གསོ་བར་བྱ། ། ཞེས་བྱ་བ་ལ། མ་མ་གཉིས་ཟས་དང་སྤྱོད་ལམ་ཕན་ཞིང་གནོད་པ་མེད་པ་དག་གི་འབད་པས་གསོ་ཞིང་བསྙེན་བཀུར་བྱའོ། །མྱ་ངན་ཁྲོ་དང་སྨྱུང་བ་དང་། །ལུས་དུབ་ནུ་ཞོ་ཉམས་པའི་རྒྱུ། །ཞེས་བྱ་བ་ལ། མྱ་ངན་ལ་སོགས་པ་ནི་བུད་མེད་ཀྱི་ནུ་ཞོ་ཉམས་ཤིང་འཇིག་ པའི་རྒྱུ་ཡིན་པས་དེ་དག་ཀྱང་སྤང་བར་བྱའོ། །བུ་རམ་ཆང་མ་གཏོགས་ཆང་དང་། །རླན་ཅན་ཤ་ཁུ་འོ་མ་དང་། །འོ་མ་ཅན་སྨན་མྱ་ངན་སོགས། །གོ་བཟློག་ནུ་ཞོའི་རྒྱུ་ཡིན་ནོ། །ཞེས་བྱ་བ་ལ། ནུ་ཞོའི་རྒྱུ་ནི་བུ་རམ་ཆང་མ་གཏོགས་པའི་ཆང་དང་། 202-1-92a རླན་ཅན་གྱི་སྲོག་ཆགས་ཀྱི་ཤ་ཁུ་དང་། འོ་མ་དང་། འོ་མ་ཅན་གྱི་སྨན་ཛི་བན་ཏི་ལ་སོགས་པ་དང་། མྱ་ངན་ལ་སོགས་པ་ལས་གོ་བཟློག་པ་སྟེ་སེམས་དགའ་བ་དང་། འགྲངས་པར་ཟ་བ་དང་ལུས་དུབ་པར་མ་གྱུར་པ་ནི། ནུ་ཞོའི་རྒྱུ་ ཡིན་ནོ། །དེ་བས་ན་དེ་དག་ནི་སྦྱིན་པར་བྱའོ། །མི་མཐུན་ཟས་ནི་ཟོས་པ་དང་། །ལྟོགས་དང་སེམས་ནི་ཉམས་པ་དང་། །ལུས་ཟུངས་གནོད་བཅས་སྦྲུམ་མ་ཡི། །འོ་མ་བྱིས་པའི་ནད་སྐྱེད་བྱེད། །ཅེས་བྱ་བ་ལ། མའམ། མ་མས་ཁ་ཟས་མི་མཐུན་ཞིང་འཕྲོད་ པ་མ་ཡིན་པ་ཟོས་པ་དང་། དེ་བཞིན་དུ་ལྟོགས་ཤིང་བཀྲེས་པར་གྱུར་པ་དང་། སེམས་ཉམས་ཤིང་བརྒྱལ་བར་གྱུར་པ་དང་། ལུས་ཟུངས་རླུང་ལ་སོགས་པའི་གནོད་པ་དང་བཅས་པ་དང་། སྦྲུམ་མའི་ནུ་ཞོ་གང་ཡིན་པ་དེ་ནི་བྱིས་པའི་ནད་སྐྱེད་པར་བྱེད་པ་ཡིན་ནོ། ། ནུ་ཞོ་མེད་ན་རའམ་བའི། །འོ་མ་བྲི་ཧ་ཏི་སོགས་རྩའམ། །སྟི་ར་གཉིས་བསྐོལ་ཁ་རར་བཅས། །ཡོན་ཏན་དེ་ལྡན་བླུད་པར་བྱ། །ཞེས་བྱ་བ་ལ། གལ་ཏེ་མའམ་མ་མའི་ནུ་ཞོ་མེད་པར་གྱུར་ན། བྱིས་པ་ལ་བའམ་རའི་འོ་མ་བྲི་ཧ་ཏི་ལ་སོགས་པ་རྩ་བ་ཆེན་པོ་ལྔ་ དང་། ཆུང་ངུ་ལྔ་དང་བསྐོལ་བའམ། ཡང་ན་བའམ། རའི་འོ་མ་སྟི་ར་གཉིས་པོ་སྟེ། ས་ལ་པརྞི་དང་། ཀྲྀཥྞ་པརྞི་དང་བསྐོལ་བའམ། ཁ་ར་དང་བཅས་པ་མའི་འོ་མའི་ཡོན་ཏན་དང་བཅས་པ་བླུད་པར་བྱའོ། །དྲུག་པའི་མཚན་མོར་ཁྱད་པར་དུ། ། བསྲུང་དང་གཏོར་མའི་བྱ་བ་བྱ། །དེ་ཡི་གཉེན་གྱིས་མེལ་ཙེ་བྱ། །ཤིན་ཏུ་དགའ་བ་ཉིད་ཀྱང་བྱ། །ཞེས་བྱ་བ་ལ། བཙས་ནས་ཉི་མ་དྲུག་པའི་མཚན་མོ་ལ་བབ་པ་ན་མཆོག་གམ་ཁྱད་པར་དུ་བསྲུང་བའི་སྦྱོར་བ་ཇི་སྙེད་པ་རྣམས་བྱ་བ་དང་། གཏོར་མའི་ཆོ་ག་བྱ་ བ་དང་། དེའི་ཉེ་དུའི་སྐྱེ་བོ་རྣམས་ཀྱིས་མཚན་མོ་མེལ་ཚེ་བྱ་ཞིང་དགའ་བར་འགྱུར་བའི་རོལ་མོ་སྣ་ཚོགས་ཀྱང་བྱའོ། །ཞག་བཅུ་རྫོགས་པར་གྱུར་པ་དང་། །རང་རིགས་འཚམ་པའི་ཆོ་ག་ནི། །བྱེད་དུ་གཞུག་ཅིང་བཙས་མ་བསླང་། །ལུས་ལ་ལྡོང་རོས་བ་བླ་དང་། །གི་ཝཾ་ 202-1-92b ཙནྡན་ཨ་ཀར་གདགས། །རྒྱུ་སྐར་ལྷ་འམ་ཉེ་དུ་ལས། །དྲས་པའི་ཡི་གེ་མཉམ་པ་ཡི། །མིང་ནི་བྱིས་པ་ལ་གདགས་བྱ། །ཞེས་བྱ་བ་ལ། བཙས་ནས་ཞག་བཅུ་རྫོགས་པར་གྱུར་པ་དང་། རང་གི་རིགས་དང་མཐུན་པའི་ཚོགས་བཅས་པའི་བུད་མེད་ བསླང་བའི་ལས་བྱ་ཞིང་དགའ་སྟོན་བྱས་ལ། བྱིས་པ་དེའི་ལུས་ལ་ལྡོང་རོས་ནས་ཨ་ག་རུའི་བར་གྱི་རྫས་གདགས་པ་དང་། བྱིས་པ་ལ་མིང་གདགས་པར་བྱ། །ཞེས་བྱ་བ་ལ། མིང་དེ་ཡང་རྒྱུ་སྐར་གྱི་ལྷ་ལས་དྲས་ནས་གདགས་པར་བྱ་བ་སྟེ། དེ་ཡང་བྲ་ཉེའི་ལྷ་ ནི་ཐ་སྐར་གྱི་བུ་གཉིས་སོ། །སྨིན་དྲུག་ནི་མེ་ལྷའོ། །སྣར་མ་ནི་གཤིན་རྗེ་སྟེ། དེ་དག་ལ་སོགས་པ་རྒྱུ་སྐར་རང་རང་གི་ལྷ་ཡོད་ལ། དེ་ལས་དྲས་པའི་མིང་ནི་མེས་བྱིན་བྱ་བ་ལ་སོགས་པ་གདགས་པའོ། །ཡང་ན་ཉེ་དུ་ལས་དྲས་ནས་གདགས་པར་བྱ་སྟེ། དེ་ཡང་ཉེ་དུའི་བདུན་བརྒྱུད་ཚུན་ཆད་དེ། དེ་ལས་དྲས་པའོ། །ཡི་གེ་མཉམ་པ་ནི་ཡི་གེ་ཚེག་བར་གྱི་གྲངས་མཉམ་པ་སྟེ། དེ་ལྟ་བུའི་ཚུལ་དུ་མིང་གདགས་པར་བྱའོ། །དེ་ནས་རང་བཞིན་དབྱེ་ལས་བཤད། །གཟུགས་ཀྱིས་ཚེ་ནི་ཡོངས་སུ་བརྟག །ཅེས་བྱ་བ་ལ། དེའི་འོག་ཏུ་ལུས་ཀྱི་རང་བཞིན་གྱི་དབྱེ་བའི་ཆ་ཇི་ལྟ་བུ་དང་ལྡན་ན་བཟང་བ་དང་། ངན་པའི་བྱེ་བྲག་བཤད་པའི་ཚུལ་ལས་སྨོས་པའི་གཟུགས་ཀྱིས་བྱིས་པའི་ཚེའི་ཚད་ཇི་ཙམ་པ་ཡིན་པ་ཡོངས་སུ་བརྟག་པར་བྱའོ། །མཁས་པས་བྱིས་པའི་མལ་སྟན་ནི། །བྱང་ངམ་ཤར་དུ་མགོ་ བསྟན་ལ། །སྔས་དང་གོས་ནི་གཙང་ཞིང་བཀྲུས། །འཇམ་ཞིང་གཉེར་མ་མེད་པ་ཡི། །གོས་ལ་གདོན་ནི་འཇོམས་བྱེད་པའི། །སྨན་གྱི་དུད་པས་བདུག་པར་བྱ། །ཞེས་བྱ་བ་ལ། སྨན་པ་བསྟན་བཅོས་ཀྱི་དོན་ཤེས་པའི་མཁས་པས་བྱིས་པ་དེའི་མལ་སྟན་ལས་སྔས་ བྱང་ཕྱོགས་སུ་བསྟན་ལ། སྟན་དང་གོས་གཙང་ཞིང་དག་པ་དང་། དྲི་མ་མེད་པར་བཀྲུས་པ་དང་། འཇམ་ཤིང་མཉེན་པ་དང་། གཉེར་མ་མེད་ཅིང་མ་འཁུམས་པ་དང་། སྔས་དང་བཅས་པ་ལ་གདོན་འཇོམས་པའི་སྨན་ཤུ་དག་དང་། ཡུངས་ཀར་ལ་སོགས་པའི་སྨན་ 202-1-93a བསྲེགས་པས་བདུག་པར་བྱའོ། །བྱ་རོག་བསད་པ་སྣུམ་གསུམ་དང་། །བཅས་པའི་དུད་པས་བདུག་པ་བསྔགས། །ཞེས་བྱ་བ་ལ། ཁྭ་འམ་བྱ་རོག་བཟང་པོ་བདག་ཉིད་ཀྱིས་བསད་པའམ་རང་ཉིད་ཤི་བར་གྱུར་པ་དང་། སྣུམ་གསུམ་ པོ་ཞུན་མར་དང་། རྐང་དང་། ཞག་ཅེས་བྱ་བ་དང་བཅས་པའི་དུད་པས་བདུག་པ་ཡང་བསྔགས་པ་ཡིན་ནོ། །བསེ་རུ་ལ་སོགས་གསོན་པོ་ཡི། །རྭར་བཏགས་ནོར་བུ་བཟང་པོའི་སྤུ། །བྲམྷི་འཚོ་བྱེད་ཨིན་དྲི་སོགས། །སྨན་ནི་བཟང་པོ་གདགས་པར་བྱ། །མཆོག་ཏུ་ རྟག་པར་ཤུ་དག་ནི། །ལག་གཉིས་མགུལ་དང་སྤྱི་བོར་གདགས། །དེས་ནི་ཚེ་དང་ཡིད་གཞུངས་དྲན། །བདེ་བ་སྐྱེད་བྱད་གདོན་ལས་སྲུང་། །ཞེས་བྱ་བ་ལ། ཡང་བྱིས་པ་ལ་སྲོག་ཆགས་བསེ་རུ་ལ་སོགས་གསོན་པོའི་རྭ་ཕུག་པའི་རྩེ་མོ་ལ་ནོར་བུ་བཟང་པོ་མརྒད་དང་། པདྨ་རཱ་ ག་ལ་སོགས་པ་བཏགས་ཤིང་གླན་པ་དག་ལག་པ་གཉིས་སམ་མགུལ་པའམ་སྤྱི་བོར་གདགས་པར་བྱ་བ་དང་། དེ་བཞིན་དུ་བྲམྷི་དང་། འཚོ་བྱེད་དང་ཨིན་དྲི་ལ་སོགས་པའི་སྨན་བསྔགས་ཤིང་བཟང་བ་དག་ལག་པ་ལ་སོགས་པར་གདགས་པར་བྱ་བ་དང་། དེ་བཞིན་དུ་མཆོག་གམ་ ཁྱད་པར་དུ་ཤུ་དག་རྟག་པར་དུས་ཐམས་ཅད་དུ་གདགས་པར་བྱ་སྟེ། དེས་ནི་ཚེ་འཕེལ་བ་ལ་སོགས་པའི་ཡོན་ཏན་སྐྱེད་པར་བྱེད་ཅིང་གདོན་ཐམས་ཅད་ལས་བསྲུང་བ་ཡིན་ནོ། །ཟླ་བ་བདུན་ནམ་བརྒྱད་པ་ན། །ནད་མེད་ཉིན་ཞག་ཤིས་པ་ལ། །མ་མའི་པང་དུ་སྤྲོ་བསྲིངས་ལ། །དགུན་གྱི་ དུས་སུ་རྣ་བ་དབུག །ཁྱེའུའི་དང་པོར་གཡས་པ་དབུག །བུ་མོའི་གཡོན་པ་དབུག་པར་བྱ། །སྨན་པས་ཁབ་ནི་གཡས་པས་བཟུང་། །གཡོན་པས་རྣ་ཤལ་བཟུང་ནས་ནི། །རྣ་བའི་ཁྱོན་གྱི་དབུས་ལས་ནི། །མཁུར་ཚོས་ཀྱི་ནི་ཕྱོགས་དག་ཏུ། །པགས་པ་དག་ ནི་ཕུག་ནས་སུ། །ཉི་མའི་འོད་ཟེར་སྣང་བར་དུ། །མི་འགྱུར་བརྟན་པོར་བཟུང་ནས་ནི། །རྒྱ་སྐྱེགས་ཀྱི་ནི་ཁུ་བས་བསྐུ། །དབུས་སུ་རང་བཞིན་གྱིས་གྲུབ་པའི། །བུ་ག་དྲང་པོར་ཅིག་ཅར་དབུག །ཅེས་བྱ་བ་ལ། དེ་ནས་ཟླ་བ་བདུན་ནམ་བརྒྱད་འདས་ནས་བྱིས་ 202-1-93b པ་ནད་མེད་པ་ལ་ནི་ཉིན་ཞག་ཤིས་པའི་ཚེ། མ་མའི་པང་པར་བཞག་ལ་སྤྲོ་བསྲིངས་ཏེ། དགུན་གྱི་དུས་ཀྱི་ཚེ་རྣ་བ་དབུག་པར་བྱ་ལ། དེ་དག་གི་དབུག་པའི་ཚུལ་ནི་གོ་བར་ཟད་དོ། །དེ་ནས་རྩ་ནི་གནས་པའི་ཕྱིར། །སྟེང་འོག་ངོས་སུ་གཏང་མི་བྱ། །ནག་པོ་གནད་སྒྲ་དམར་ པོ་སྟེ། །རྩ་དེ་ཕུག་ན་དམར་ཞིང་ན། །སྐྲང་ཞིང་སྲ་ལ་ཚ་བ་དང་། །གཉེའུ་རེངས་གཞན་དབང་ཅན་སྐྱེད་བྱེད། །ཅེས་བྱ་བ་ལ། འདི་ནི་དབུག་པར་མི་བྱ་བའི་དམིགས་ནི་འདི་ཡིན་ཏེ། ཡང་གོ་བར་ཟད་དོ། །དེ་རྣམས་ནད་གཞི་ཇི་བཞིན་དུ། །གསོ་བ་དག་ནི་མྱུར་དུ་བྱ། ། ཞེས་བྱ་བ་ལ། ཕུག་པ་ལ་སྐྱོན་དུ་གྱུར་པའི་ནད་དེ་ལ་ཡང་ནད་གཞི་ཇི་ལྟ་བ་བཞིན་དུ་གསོ་བར་བྱའོ། །གནད་དུ་ཕུག་ན་ཁྲག་མེད་ཅིང་། །ན་དང་དམར་སོགས་འབྱུང་མི་འགྱུར། །ཁབ་རྗེས་སྐུད་པ་སྣུམ་ཅན་ནི། །རྗེས་སུ་གཞུག་པ་ཉིད་དུ་བྱ། །ཏིལ་མར་ རློན་པས་བསྐུ་བ་དང་། །རྒྱ་ཆེར་དེ་ནི་བསྐྱེད་པར་བྱ། །རྣ་ཤལ་ཕུག་ནས་ཕན་ཟས་སྦྱིན། །དེ་འོག་སྡོང་བུ་སྦོམ་པོ་གཞུག །ཞག་གསུམ་བཞག་ལ་རྨ་འཚོབ་ནས། །རིམ་གྱིས་དེ་ནི་བསྐྱེད་པར་བྱ། །ཞེས་བྱ་བ་ལ། འདི་དག་ནི་ལེགས་པར་དབུག་པ་དང་། བུ་ག་ བསྐྱེད་པའི་ཐབས་ཡིན་ནོ། །དེ་ནས་དེ་ཡི་སོ་སྐྱེས་ནས། །ནུ་ཞོ་འཐུངས་ལས་རིམ་གྱིས་བཟློག །སྔར་བཤད་འོ་མ་སྦྱིན་བྱ་ཞིང་། །ཁ་ཟས་ཡང་དང་རྟས་བྱེད་སྦྱིན། །ཞེས་བྱ་བ་ལ། བྱིས་པ་སོ་སྐྱེས་པར་གྱུར་ནས། ནུ་ཞོ་འཐུངས་པ་ལས་རིམ་གྱིས་བཟློག་པར་བྱ་ཞིང་ ཅིག་ཅར་བཟློག་པར་མི་བྱ་ལ། ཡང་དེ་ལ་སྔར་བཤད་པའི་བའམ་རའི་འོ་མ་སྦྱིན་པར་བྱ་བ་དང་། ཁ་ཟས་ཡང་བ་དང་རྟས་པར་བྱེད་པ་སྦྱིན་པར་བྱའོ། །ནུ་ཞོ་སྤངས་ནས་པི་ཡ་ལའི། །རྐང་དང་ཤིང་མངར་འབྲས་ཡོས་དང་། །ཁ་ར་དཀར་པོའི་ལ་དུ་སྦྱིན། །བིལ་བ་གཞོན་ནུ་སུག་སྨེལ་ དང་། །ཁ་ར་འབྲས་ཡོས་དྲོད་སྐྱེད་སྦྱིན། །ཞེས་བྱ་བ་ལ། བུད་མེད་ཀྱི་ནུ་ཞོ་སྤངས་ཤིང་དོར་བར་གྱུར་པའི་བྱིས་པ་ལ་པི་ཡ་ལའི་རྐང་པ་ལ་སོགས་པ་དང་ལ་དུའི་ཚུལ་དུ་སྦྲུས་པ་སྦྱིན་པར་བྱ་བ་དང་། བིལ་བ་གཞོན་ནུ་ལ་སོགས་པ་བྱིན་ན་མེ་དྲོད་སྐྱེད་པར་བྱེད་དོ། །འཁྲུ་གཙོད་ད་ཏ་ཀའི་མེ་ཏོག །ཁ་ར་འབྲས་ཡོས་ 202-1-94a སྐྱོ་མ་སྦྱིན། །ཞེས་བྱ་བ་ལ། ཡང་བྱིས་པ་དེ་ལ་འཁྲུ་བར་བྱེད་པའི་སྨན་ད་ཏ་ཀའི་མེ་ཏོག་ལ་སོགས་པའི་སྐྱོ་མ་སྦྱིན་པར་བྱའོ། །གནོད་པ་སྐྱེད་པར་མི་བྱེད་པའི། །སྨན་གྱིས་དེ་ཡི་ནད་བསལ་བྱ། །ཞེས་བྱ་བ་ལ། ཡང་བྱིས་པ་དེའི་རིམས་ནད་ལ་སོགས་པའི་ནད་སྐྱེས་པར་གྱུར་ ན་གནོད་པ་སྐྱེ་བར་མི་འགྱུར་བའི་སྨན་འཇམ་པོ་མར་དང་། འོ་མ་དང་། ཁ་ར་དང་། རྒུན་འབྲུམ་ལ་སོགས་པ་དེ་བསལ་ཞིང་བཟློག་པར་བྱའོ། །ཤིན་ཏུ་དྲག་ནད་མ་གཏོགས་གཞན། །རྣོ་སྨན་བཀྲུ་སྨན་ཀུན་ཏུ་སྤང་། །ཞེས་བྱ་བ་ལ། ཤིན་ཏུ་དྲག་ཅིང་གནོད་པར་བྱེད་པ་མ་གཏོགས་པ་ནད་གཞན་དག་ལ་ནི་གོང་ དུ་སྨོས་པའི་སྨན་འཇམ་པོས་གསོ་བར་བྱ་ལ། ཤིན་ཏུ་དྲག་ཅིང་གསོ་དཀའ་བའི་ནད་ལ་ནི་སྨན་དྲག་ཅིང་རྣོ་བ་ཡང་གཏང་བར་བྱའོ། །བཀྲུ་སྨན་ནི་རྣམ་པ་ཐམས་ཅད་དུ་སྤང་བར་བྱའོ། །ཚུལ་མིན་སྐྲག་པར་མི་བྱ་སྟེ། །སྐྲག་ན་གདོན་ནི་འཇུག་པར་འགྱུར། །ཞེས་བྱ་བ་ལ། བྱིས་པ་དེ་ཚུལ་དང་མི་ལྡན་ཞིང་དབང་བྱར་མེད་པར་ གྱུར་ཀྱང་སྐྲག་པར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། བྱིས་པ་འཇིགས་ཤིང་སྐྲག་པར་གྱུར་ན་སྐེམ་བྱེད་ལ་སོགས་པའི་གདོན་འཇུག་ཅིང་འཛིན་པར་འགྱུར་རོ། །གོས་ཀྱི་རླུང་དང་གཞན་རེག་དང་། །འགོམས་པ་ལ་ནི་དེ་བསྲུང་བྱ། །ཞེས་བྱ་བ་ལ། ཡང་བྱིས་པ་དེ་གོས་ཀྱིས་གཡབ་པའི་རླུང་གིས་མ་ཕོག་པར་བསྲུང་ བ་དང་། དེ་བཞིན་དུ་གཞན་གྱིས་རེག་པ་དང་། འགོམས་ན་གནོད་པར་འགྱུར་བས་དེ་ལས་བསྲུང་བར་བྱའོ། །བྲམྷི་ཡུངས་ཀར་ཤུ་དག་དང་། །རྒྱམ་ཚ་རུ་རྟ་ཤ་རི་བ། །པི་པི་ལིང་བཅས་བསྐོལ་བ་ཡི། །སྨན་མར་དྲན་དང་ཡིད་གཞུངས་སྐྱེད། །ཚེ་འཕེལ་གདོན་ནི་མི་བཟད་འཇོམས། །འབྱུང་པོ་སྨྱོ་བྱེད་ཟློག་པར་བྱེད། ། ཅེས་བྱ་བ་ལ། བྲམྷི་ལ་སོགས་པའི་སྨན་ལྡེ་གུར་བྱས་པ་དང་། མར་དང་འོ་མར་བཅས་པར་བསྐོལ་བའི་སྨན་མར་བྱིན་ན་དྲན་པ་དང་ཡིད་གཞུངས་པ་སྐྱེད་པར་བྱེད་ཅིང་འཕེལ་བར་བྱེད་པ་དང་། གདོན་མི་བཟད་པ་རྣམས་འཇོམས་པར་བྱེད་ཅིང་འབྱུང་པོ་ལ་སོགས་པ་ཡང་ཟློག་པར་བྱེད་པ་ཡིན་ནོ། །སོ་མ་ར་ཛ་ཤུ་དག་དང་། །སྤལ་པ་ཉེའུ་ ཤིང་སླེ་ཏྲེས་དང་། །ཤང་ཀ་པུཥྤ་བྲམྷི་དང་། །བྲ་མ་སོ་མ་སྲང་རེ་ནི། །ལྡེ་གུ་བརྒྱད་ཆ་མར་བྲེ་གང་། །འོ་མ་བཞི་འགྱུར་ནང་དུ་ནི། །བསྐོལ་བ་དེ་བླུད་དཔལ་ཡོན་དང་། །ཚེ་བློ་ཡིད་གཞུངས་དྲན་པ་སྐྱེད། །ཅེས་བྱ་བ་ལ། སོ་མ་ར་ཛ་ལ་སོགས་པའི་སྣུམ་སྲང་རེ་ལྡེ་གུར་བྱས་པ་བརྒྱད་ཆ་མར་བྲེ་གང་དང་། འོ་མ་བཞི་ 202-1-94b འགྱུར་དང་བཅས་པ་བསྐོལ་བ་དེ་བླུད་ན་དཔལ་ཡོན་ཏེ་ནོར་འཕེལ་ཞིང་བཀྲ་མི་ཤིས་པ་འཇིག་པར་བྱེད་པ་དང་། ཚེ་དང་བློ་གྲོས་དང་། ཡིད་གཞུངས་པ་དང་། དྲན་པ་མྱུར་བའི་ཡོན་ཏན་སྐྱེད་པར་བྱེད་དོ། །ར་ཡི་འོ་མ་ཨ་རུ་ར། །ཚ་བ་གསུམ་དང་པ་ཏ་དང་། །ཤི་ཀྲུ་ཤུ་དག་ལྕེ་མྱང་ཚ། །བསྐོལ་བའི་སྨན་མར་དབྱངས་ཅན་ དེ། །ཚིག་དང་བློ་གྲོས་དྲན་པ་དང་། །ངག་གསལ་མེ་དྲོད་སྐྱེད་པར་བྱེད། །ཅེས་བྱ་བ་ལ། མར་གྱི་བཞི་འགྱུར་གྱི་འོ་མ་དང་། ཨ་རུ་ར་ལ་སོགས་པའི་ལྡེ་གུ་བསྐོལ་བའི་སྨན་མར་ནི་མིང་དབྱངས་ཅན་གྱི་སྨན་མར་ཞེས་བྱ་སྟེ། དེས་ནི་ཚིག་དང་བློ་གྲོས་ལ་སོགས་པ་སྐྱེད་པར་བྱེད་དོ། །ཤུ་དག་སླེ་ཏྲེས་ཨ་རུ་ར། །ཉེའུ་ཤིང་དང་ ཤང་ཁི་ནི། །ཨ་བ་མརྒ་བསྐོལ་བ་ཡི། །སྨན་མར་ཡོན་ཏན་སྔ་མར་མཚུངས། །ཞེས་བྱ་བ་ལ། ཤུ་དག་ལ་སོགས་པའི་སྨན་ལྡེ་གུར་བྱས་པ་དང་། མར་གྱི་བཞི་འགྱུར་གྱི་ཆུ་དང་བསྐོལ་བར་བྱ་སྟེ། འདིར་གཤེར་བའི་རྫས་མ་སྨོས་པ་ཐམས་ཅད་ལ་ཆུ་གཞུག་པར་བྱ་བ་ཡིན་པས་ན་ཚུལ་དེ་ལྟར་བསྐོལ་བར་བྱ་སྟེ། སྨན་མར་ དེ་བླུད་ན་ཡོན་ཏན་ཚིག་དང་བློ་གྲོས་ལ་སོགས་པ་སྐྱེད་པར་བྱེད་པ་ཡིན་ནོ། །ཤུ་དག་དཀར་པོ་རུ་རྟ་གསེར། །ཨརྒའི་པུཥྤ་གསེར་དང་བཅས། །ལྕགས་རྐྱག་དང་ནི་དུང་དང་གསེར། །ཀ་རཉྫ་དང་ཤུ་དག་གསེར། །རྐང་པ་རེ་རེས་བཤད་པ་བཞི། །སྦྲང་རྩི་མར་དང་བཅས་ ལྡེ་གུ། །ལོ་གཅིག་བྱིན་ན་ལུས་དང་བློ། །ཁ་དོག་ཉམས་སྟོབས་སྐྱེད་པར་བྱེད། །ཅེས་བྱ་བ་ལ། ཤུ་དག་དཀར་པོ་ནི་ཁ་བ་ཅན་གྱི་རི་ལ་སྐྱེས་པའོ། །གཞན་དག་ནི་གོ་བར་ཟད་དོ། །རྐང་པ་བཞི་བཤད་པའི་སྨན་གྱི་སྡེ་ཚན་བཞི་པོ་སྦྲང་རྩི་དང་མར་དང་སྦྱར་བའི་ ལྡེ་གུ་ལོ་གཅིག་གི་བར་དུ་བྱིན་ན་ལུས་ཀྱི་ཉམས་དང་། བློ་དང་ཁ་དོག་ལ་སོགས་པ་སྐྱེད་པ་ཡིན་ནོ། །ཤུ་དག་ཤིང་མངར་ལྕེ་མྱང་ཚ། །དོང་གྲ་ཤུ་ཏི་ཨ་རུ་ར། །རུ་རྟ་ཟི་ར་པི་པི་ལིང་། །མར་བཅས་ལྡེ་གུས་ངག་དག་བྱེད། །ཅེས་བྱ་བ་ལ། ཤུ་དག་ལ་ སོགས་པའི་ལྡེ་གུས་ངག་དག་པར་བྱེད་ཅིང་ཚིག་གསལ་བར་བྱེད་པ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། གནས་ཕྱི་མའི་ལེའུ་དང་པོའི་འགྲེལ་པའོ།། །། 202-1-95a དེ་ནས་བྱིས་པའི་ནད་གསོ་བའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། བྱིས་པའི་ནད་གསོ་བ་ནི། ནད་བཅོས་པའི་ཐབས་ཏེ། དེ་སྟོན་པའི་ལེའུ་བཤད་པར་བྱའོ་ཞེས་སྟོན་པའོ། །འོ་མ་ཟས་དང་གཉི་གས་འཚོ། །བྱིས་པ་རྣམ་པ་གསུམ་དུ་བཤད། ། དེ་དག་གནོད་མེད་ལས་བདེར་འགྱུར། །གནོད་པ་ལས་ནི་ནད་རྣམས་འབྱུང་། །ཞེས་བྱ་བ་ལ། བྱིས་པ་ནི་འོ་མ་འཐུང་བ་དང་། ཁ་ཟས་ཟ་བ་དང་། ཟས་དང་འོ་མ་གཉིས་ཀས་འཚོ་ཞིང་གནས་པ་སྟེ། རྣམ་པ་གསུམ་དུ་བཤད་དོ། །དེས་ན་ནུ་ཞོའི་འོ་མ་དང་། ཁ་ཟས་ དེ་གཉིས་ལ་གནོད་པ་མེད་པ་ལས་ནི་བྱིས་པ་ནད་མེད་ཅིང་བདེ་བར་འགྱུར་ལ་དེ་གཉིས་གནོད་ཅིང་མི་འཕྲོད་པ་ལས་ནི་བྱིས་པའི་ནད་རྣམས་འབྱུང་བར་འགྱུར་རོ། །གང་ཞིག་ཆུ་དང་གཅིག་ཏུ་འདྲེས། །ཉེས་པ་ཡོད་པ་མ་ཡིན་ཏེ། །འོ་མ་དེ་ནི་སྐྱོན་མེད་ཡིན། །ཞེས་བྱ་བ་ལ། བུད་ མེད་ཀྱི་ནུ་ཞོ་གང་ཞིག་ཆུའི་ནང་དུ་བཅུག་པ་ན་གཅིག་ཏུ་འདྲེས་པར་གྱུར་པ་ནི་རླུང་ལ་སོགས་པའི་ནད་ཀྱི་ཉེས་པའི་སྐྱོན་མེད་པས་འོ་མ་དེ་ནི་སྐྱོན་མེད་པ་ཡིན་པར་ཤེས་པར་བྱའོ། །རླུང་གིས་གནོད་གྱུར་ཆུ་སྟེང་འཕྱོ། །བསྐ་ཞིང་རྩུབ་ལ་དབུ་བ་ཅན། །དེ་ཡིས་བཤང་གཅི་སྲི་བར་བྱེད། ། ཅེས་བྱ་བ་ལ། འོ་མ་གང་རླུང་གིས་གནོད་ཅིང་མ་རུངས་པར་གྱུར་པ་ནི་ཆུའི་ནང་དུ་བཅུག་ན་སྟེང་དུ་འཕྱོ་བར་འགྱུར་གྱི་འོག་ཏུ་ནུབ་པར་མི་འགྱུར་བ་དང་། རོ་བསྐ་བ་དང་རང་བཞིན་རྩུབ་པ་དང་། དབུ་བ་ཅན་དུ་གནས་པ་ཡིན་ཞིང་དེ་འཐུངས་ན་བཤང་བ་དང་གཅི་བ་སྲི་ཞིང་འགག་པར་ བྱེད་པ་ཡིན་ནོ། །མཁྲིས་པས་གནོད་གྱུར་དྲོ་སྐྱུར་ཚ། །རི་མོ་སེར་སྣང་དེས་ཚ་སྐྱེད། །ཅེས་བྱ་བ་ལ། མཁྲིས་པས་གནོད་པར་གྱུར་པའི་ནུ་ཞོ་ནི་དྲོ་བར་འགྱུར་བ་དང་། རོ་སྐྱུར་ཞིང་ཚ་བ་དང་། མེའི་ནང་དུ་བཅུག་ན་རི་མོ་སེར་པོ་ལྟ་བུར་སྣང་བ་ཡིན་ཏེ། དེ་བླུད་ན་བྱིས་པ་ ཚ་བ་སྐྱེད་པར་བྱེད་པ་ཡིན་ནོ། །བད་ཀན་གྱིས་སྐ་ལན་ཚྭར་བཅས། །སྦྱིན་བག་ཅན་ལ་ཆུ་ནང་འབྱིང་། །ཞེས་བྱ་བ་ལ། བད་ཀན་གྱིས་གནོད་པར་གྱུར་པའི་འོ་མ་ནི་སྐ་བ་དང་རོ་ལན་ཚྭར་བྲོ་བ་དང་། སྦྱིན་བག་ནལ་ནལ་པོར་འདུག་པ་དང་། ཆུར་བཅུག་ན་འོག་ཏུ་འབྱིང་བ་ཡིན་ནོ། ། 202-1-95b ལྡན་པའི་མཚན་མ་འདྲེན་མ་སྟེ། །འདུས་པའི་མཚན་ཉིད་གསུམ་དང་ལྡན། །ཞེས་བྱ་བ་ལ། བུད་མེད་ཀྱི་ནུ་ཞོ་ནད་གཞི་གཉིས་དང་འདྲེས་པའི་ལྡན་པས་གནོད་པར་འགྱུར་བ་ནི་མཚན་མ་འདྲེས་པར་སྣང་བ་ཡིན་ལ། ཉེས་པ་གསུམ་ཆར་འདུས་པར་གྱུར་པའི་ནུ་ཞོ་ནི་ནད་གཞི་གསུམ་ ཆར་གྱི་མཚན་ཉིད་དང་ལྡན་པ་ཡིན་ནོ། །རང་གི་མཚན་མ་ཅི་འདྲ་ལས། །དེ་འཐུངས་པས་ནི་ནད་སྐྱེད་འགྱུར། །ཞེས་བྱ་བ་ལ། འོ་མ་དེ་ནད་གཞི་རེ་རེ་དང་ལྡན་པ་དང་། འདུས་པའི་སྐྱོན་དང་ལྡན་པའི་མཚན་ཉིད་ཅི་འདྲ་བ་འཐུངས་པ་ལས་རང་གི་མཚན་ཉིད་དང་མཐུན་པའི་ནད་སོ་སོ་ དང་ལྡན་པ་དང་། འདུས་པ་དེ་སོགས་ཤིང་འཕེལ་བར་འགྱུར་རོ། །བྱིས་པ་རྟག་ཏུ་མི་བཟད་པར། །ངུ་བ་ལ་ནི་ནད་ཤེས་བྱ། །ཞེས་བྱ་བ་ལ། བྱིས་པ་ན་བའི་མཚན་མ་ནི། བྱིས་པ་ཡང་དང་ཡང་དུ་རྟག་པར་ཤས་ཆེར་ངུ་བ་ལས་ནད་ཀྱིས་གཟིར་བ་ཡིན་པར་ཤེས་པར་བྱའོ། ། དེ་ནི་ཕྱོགས་གང་ཤས་ཆེར་འཛིན། །གང་དུ་རེག་པར་མི་བཟོད་པ། །དེ་ན་ནད་ཡོད་ཤེས་པར་བྱ། །ཞེས་བྱ་བ་ལ། ཡང་བྱིས་པ་དེ་ལུས་ཀྱི་ཕྱོགས་གང་དུ་ཤས་ཆེར་འཛིན་ཅིང་རེག་པར་བྱེད་པ་དང་། ལུས་ཀྱི་ཕྱོགས་གང་དུ་རེག་ཅིང་མནན་ན་ལུས་ཀྱི་ཕྱོགས་དེ་ན་ནད་ཡོད་པ་ཁོ་ ནར་ཤེས་པར་བྱའོ། །མགོ་ནད་མིག་འབྱེད་ལས་ཤེས་བྱ། །ཞེས་བྱ་བ་ལ། དེ་ལས་ཀྱང་ཁྱད་པར་དུ་མགོ་བོ་ན་བ་ནི་མིག་གཉིས་རྟག་ཏུ་འབྱེད་ཅིང་འཛུམས་མི་ཤེས་པས་མགོའི་ནད་ཡོད་པར་ཤེས་པར་བྱའོ། །སྙིང་ནད་ལྕེ་མཆུ་སོས་གནོན་དང་། །དབུགས་དང་ཁུ་ཚུར་བསྡམས་ཤེས་ བྱ། །ཞེས་བྱ་བ་ལ། ལྕེ་དང་མཆུ་སོས་གནོན་པ་ལ་སོགས་པ་ལས་ནི་བྱིས་པ་དེ་སྙིང་ནད་ཡོད་པར་ཤེས་པར་བྱའོ། །ཁོང་ནད་བཤང་གཅི་སྲི་དང་སློན། །ནུ་མ་སོས་འདེབས་རྒྱུ་མ་འཁྲུགས། །ལྟོ་སྦོ་རྒྱབ་ནི་འགུགས་དགྱེ་དང་། །ལྟོ་འགུགས་པས་ཀྱང་ཤེས་པར་བྱ། །ཞེས་བྱ་བ་ལ། བཤང་ གཅི་སྲི་བ་ལ་སོགས་པ་ལ་ནི་ཁོང་པ་སྟེ། ལྟོ་བའི་ནང་ན་ནད་ཡོད་པར་ཤེས་པར་བྱའོ། །ཆུ་སོ་མཚན་ནད་བཤང་གཅི་སྲི། །སྐྲག་ཅིང་ཕྱོགས་ལྟ་ལས་ཤེས་བྱ། །ཞེས་བྱ་བ་ལ། ཆུ་སོ་སྟེ་ལྒང་པ་དང་། གསང་བའི་མཚན་མ་ལ་ནད་ཡོད་པའི་རྟགས་ནི་བཤང་གཅི་སྲི་བ་ 202-1-96a ལ་སོགས་པ་ལས་ཤེས་པར་བྱའོ། །དེ་ནས་མ་མ་ནད་གཞི་དང་། །སྐྱོན་ནི་ཇི་བཞིན་གསོ་བར་བྱ། །ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་བྱིས་པ་ལ་ནུ་ཞོ་བླུད་པའི་མ་མ་ནད་གཞི་ཇི་ལྟ་བུ་ཡོད་པ་དང་། ནད་ཀྱི་སྐྱོན་ཇི་ལྟ་བུ་ཡོད་པའི་ཚུལ་ལས་གསོ་ ཞིང་བཅོས་པར་བྱའོ། །དེ་ལ་ནུ་ཞོརླུང་ཅན་ལ། །རྩ་བ་བཅུ་བསྐོལ་ཞག་གསུམ་བླུད། །ཅེས་བྱ་བ་ལ། རླུང་གིས་གནོད་པར་གྱུར་པའི་ནུ་ཞོ་ལ་ནི་རྩ་བ་བཅུ་པོ་བསྐོལ་བའི་ཁུ་བ་མ་མ་ལ་ཞག་གསུམ་གྱི་བར་དུ་བླུད་པར་བྱའོ། །ཡང་ན་རུ་རྟ་ཙི་ཏྲ་ཀ །པ་ཐ་ཤུ་དག་པུ་ཙེ་ ཤེལ། །ག་བྲའི་རྩ་བ་ལ་ལ་ཕུད། །ཐང་ཤིང་དང་ནི་ས་ར་ལ། །བྲི་ཤྩི་ཀ་ནི་པི་པི་ལིང་། །ན་ལེ་ཤམ་ནི་བསྐོལ་བ་བླུད། །ཅེས་བྱ་བ་ལ། ཡང་ན་རླུང་གིས་གནོད་པར་གྱུར་པའི་ནུ་ཞོ་ལ་རུ་རྟ་དང་ཙི་ཏྲ་ཀ་བསྐོལ་བའི་ཁུ་བ་མ་མ་ལ་ཞག་གསུམ་གྱི་བར་དུ་བླུད་པར་བྱའོ། ། དེ་ནས་རླུང་ནད་འཇོམས་པ་ཡི། །སྨན་མར་གང་ཡང་རུང་བ་བླུད། །དེ་རྗེས་ཆང་གི་དྭངས་མ་བླུད། །སྣུམ་གྱུར་བཀྲུ་སྨན་འཇམ་པོ་གཏང་། །ཞེས་བྱ་བ་ལ། དེའི་འོག་ཏུ་སྨན་གྱི་ཁུ་བ་སྔར་སྨོས་པ་བླུད་པའི་རྗེས་ལ་སྨན་དེ་ཞུ་བར་གྱུར་པའི་སྐབས་སུ། རླུང་གི་ནད་ལ་ཕན་ པར་བཤད་པའི་སྨན་མར་གང་ཡང་རུང་བ་ཅི་རིགས་པ་བླུད་པར་བྱ་ལ། མར་དེ་འཐུངས་པའི་རྗེས་ལ་ཆང་གི་དྭངས་མ་བླུད་པར་བྱའོ། །དེ་ལྟར་ཚུལ་འདིས་མའམ་མ་མ་དེ་སྣུམ་གྱིས་ཞེན་པར་གྱུར་པ་དང་། བཀྲུ་སྨན་འཇམ་པོ་ཉུང་ཤས་བཏང་ལ་འཁྲུར་གཞུག་པར་བྱའོ། །དེ་འོག་ འཇམ་རྩིའི་ལས་བྱ་ཞིང་། །དུགས་སོགས་རླུང་ནད་འཇོམས་པ་བྱ། །ཞེས་བྱ་བ་ལ། དེའི་འོག་ཏུ་བཀྲུ་སྨན་བཏང་བའི་རྗེས་ལ་འཇམ་རྩི་མས་གཏོང་བར་བྱ་ཞིང་དུགས་དང་། བསྐུ་བ་དང་། བྱུག་པ་དང་། མཉེ་བ་ལ་སོགས་པ་རླུང་འཇོམས་པའི་གསོ་བ་བྱའོ། །བིལ་བ་ར་ སྣ་ཏི་མུ་ས། །ཐང་ཤིང་ས་ར་ལ་བཅས་ཕྱེ། །མར་དང་སྦྱར་བའི་ལྡེ་གུའམ། །དེ་བསྐོལ་ཁ་ར་དཀར་བཏབ་སྦྱིན། །ཞེས་བྱ་བ་ལ། བྱིས་པ་ལ་ནི་ར་སྣ་དང་ཏི་མུ་ས་ཞེས་བྱ་བ་ཨ་ཛ་མོ་ད་ལས་བཏགས་པའི་ཕྱེ་མ་མར་དང་སྦྱར་བའི་ལྡེ་གུའམ། ཡང་ན་ར་སྣ་ལ་སོགས་པ་དང་བསྐོལ་ 202-1-96b བའི་མར་དང་ཁ་ར་དཀར་པོ་བསྲེས་པ་སྦྱིན་པར་བྱའོ། །མཁྲིས་པས་གནོད་ལ་སླེ་ཏྲེས་དང་། །ཉེའུ་ཤིང་ནིམ་པ་པ་ཏོ་ལ། །ཙནྡན་ཤ་རི་བ་བསྐོལ་བ། །མ་མ་དང་ནི་བྱིས་པར་བླུད། །ཅེས་བྱ་བ་ལ། མཁྲིས་པས་གནོད་པར་གྱུར་པའི་ནུ་ཞོ་ལ་ནི་སླེ་ཏྲེས་ལ་སོགས་པ་བསྐོལ་ བའི་ཁུ་བ་མ་མ་དང་བྱིས་པ་ལ་བླུད་པར་བྱའོ། །ཡང་ན་གླ་སྒང་འབྲས་བུ་གསུམ། །རྩ་མཁྲིས་པུ་ཙེ་ཤེལ་བླུད་བྱ། །ཞེས་བྱ་བ་ལ། ཡང་ན་མཁྲིས་པས་གནོད་པར་གྱུར་པའི་ནུ་ཞོ་ལ་གླ་སྒང་ལ་སོགས་པའི་སྣུམ་བསྐོལ་བ་བྱིས་པ་དང་། མ་མ་ལ་བླུད་པར་བྱའོ། །ཐལ་ཏྲེས་ལ་ སོགས་ཤུག་པ་སོགས། །པ་ཏོ་ལ་སོགས་སྡེ་བསྐོལ་བླུད། །ཅེས་བྱ་བ་ལ། དེ་བཞིན་དུ་ཤ་རི་བ་ཞེས་བྱ་བ་ཐལ་ཏྲེས་ལ་སོགས་པའི་སྡེ་ཚན་བཀྲུ་སྨན་ལ་སོགས་པའི་སྐབས་ནས་བཤད་པའམ། ཤུག་པ་ལ་སོགས་པའི་སྡེ་ཚན་ནམ། པ་ཏོ་ལ་ལ་སོགས་པའི་སྡེ་ཚན་བསྐོལ་ བའི་ཁུ་བ་མ་མ་དང་། བྱིས་པ་ལ་ཅི་རིགས་པར་བླུད་པར་བྱའོ། །སྨན་ནི་འདི་བསྐོལ་མར་དང་ནི། །མཁྲིས་པ་སེལ་བའི་བཀྲུ་སྨན་དང་། །བསིལ་སྨན་གྱིས་བསྐུ་བྱུག་སོགས་སྦྱར། །ཞེས་བྱ་བ་ལ། ཡང་ན་མཁྲིས་པས་གནོད་པར་གྱུར་པའི་ནུ་ཞོ་ལ་ཕན་པའི་སྨན་འདི་རྣམས་ དང་། མར་བསྐོལ་ལ་བྱིས་པ་དང་མ་མ་ལ་བླུད་པར་བྱ་བ་དང་། མཁྲིས་པ་སེལ་བའི་བཀྲུ་སྨན་མ་མ་ཁོ་ན་ལ་གཏང་བར་བྱ་བའམ། དེ་བཞིན་དུ་བསིལ་སྨན་གྱིས་བསྐུ་བ་དང་བྱུག་པ་ལ་སོགས་པའི་སྦྱོར་བ་བྱའོ། །བད་ཀན་ཅན་གྱི་བདག་ཉིད་ལ། །ཤིང་མངར་རྒྱམ་ཚར་བཅས་ པའམ། །རྒྱམ་ཚར་ཤིང་མངར་པི་པི་ལིང་། །མར་སྦྱར་བྱིས་པ་ལ་བླུད་བྱ། །ཞེས་བྱ་བ་ལ། བད་ཀན་གྱིས་གནོད་པར་གྱུར་པའི་བདག་ཉིད་ཅན་ནི་ནུ་ཞོ་ལ་ཤིང་མངར་དང་། རྒྱམ་ཚ་དང་བཅས་པའི་མར་བྱིས་པ་ལ་བླུད་པར་བྱ་བའམ། ཡང་ན་རྒྱམ་ཚ་ཤིང་མངར་དང་། པི་པི་ལིང་དང་། མར་སྦྱར་བ་བྱིས་པ་ལ་བླུད་པར་བྱའོ། །དེ་ནས་པོ་སོན་ཆའི་མེ་ཏོག །བཏགས་པ་སྦྲང་རྩིར་བཅས་པ་ཡི། །ལྡེ་གུས་ནུ་མ་བྱིས་པའི་མཆུ། །བསྐུས་ལ་བྱིས་པ་བདེར་སློན་གཞུག །མ་མ་རྣོན་པོས་སློན་དུ་གཞུག །ཅེས་བྱ་བ་ལ། དེ་ནས་དེའི་འོག་ 202-1-97a ཏུ་པོ་སོན་ཆའི་མེ་ཏོག་ཞིབ་ཏུ་བཏགས་ནས། སྦྲང་རྩི་དང་མར་སྦྱར་ཞིང་བཏགས་པའི་ལྡེ་གུས་མ་མའི་ནུ་མ་དང་། བྱིས་པའི་མཆུར་བསྐུས་ལ། ཚུལ་དེ་ལྟ་བུས་བྱིས་པ་བདེ་ཞིང་ཉམ་ང་བ་མེད་པར་སློན་དུ་བཅུག་ན། ནུ་མ་ལྷུད་པའི་མ་མ་ནི་སྨན་རྣོན་པོས་ སྐྱུག་ཏུ་གཞུག་པར་བྱའོ། །དེ་ནས་ཐུག་སོགས་རིམ་པར་སྤྱད། །གླ་སྒང་ལ་སོགས་བསྐོལ་བ་བླུད། །ཅེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་མ་མ་ཐུག་པ་བླུད་པ་ལ་སོགས་པའི་རིམ་པ་སྤྱད་ཅིང་གླ་སྒང་ལ་སོགས་པའི་སྡེ་ཚན་གྱི་ནང་ནས་བཤད་པ་བླུད་པར་བྱའོ། །དེ་བཞིན་གོ་ སྙོད་རྒྱ་སྤོས་དང་། །ཐང་ཤིང་དུག་མོ་ཡུངས་བསྐོལ་བླུད། །ཅེས་བྱ་བ་ལ། དེ་བཞིན་དུ་གོ་སྙོད་ལ་སོགས་པ་དང་། བསྐོལ་བའི་ཐུག་པ་ལ་སོགས་པ་མ་མ་ལ་བླུད་པར་བྱའོ། །ཡང་ན་གླ་སྒང་བོང་ང་དཀར། །ཤུ་དག་ཚ་བ་ལྔ་བསྐོལ་བླུད། །ཅེས་བྱ་བ་ལ། ཡང་ན་གླ་སྒང་ལ་སོགས་པའི་ཁུ་བ་མ་མ་དང་བྱིས་པ་ལ་བླུད་པར་བྱའོ། །ནུ་ཞོ་ཉེས་གསུམ་དྲི་མ་ཅན། །དྲི་མནམ་འཁྲུ་ཞིང་ཆུ་དང་འདྲ། །མཁྲེགས་ཤིང་སླ་ལ་རྒྱུན་བར་ཆད། །ལྦུ་བ་ཅན་དུ་འཁྲུ་བར་འགྱུར། །བཤང་བ་ཁ་དོག་སྣ་ཚོགས་འབྱུང་། །ན་ཞིང་གཅིན་སེར་དཀར་ ཞིང་སྐ། །རིམས་ནད་སྐོམ་དང་ཡི་ག་འཆུས། །སྒྲེགས་པ་སྐམ་པོ་འབྱུང་ཞིང་སླར། །ལུས་ན་ཡན་ལག་རྐྱོང་བ་དང་། །མཁུན་ཞིང་འདར་ལ་མགོ་འཁོར་དང་། །སྣ་མིག་ཁར་ནི་ཤུ་བ་སོགས། །ནད་ནི་གཞན་དག་དེ་ལས་འབྱུང་། །འོ་མའི་བེའུ་སྣབས་ཞེས་བཤད་དེ། །གནོད་ པའི་ནད་ནི་མི་བཟད་ཡིན། །ཞེས་བྱ་བ་ལ། བུད་མེད་ཀྱི་ནུ་ཞོ་ཉེས་པ་གསུམ་ཆར་གྱིས་གནོད་པར་གྱུར་ཅིང་དྲི་མ་ཅན་དུ་གྱུར་ནས། བྱིས་པ་ཤིན་ཏུ་དྲི་མ་མནམ་པར་འཁྲུ་ན། འཁྲུ་བ་དེ་ཡང་ཆུ་འདྲ་བ་ལ་སོགས་པའི་མཚན་ཉིད་ཅན་དུ་འབྱུང་བར་འགྱུར་བ་དང་། བཤང་བ་ཁ་ དོག་སྣ་ཚོགས་ཤིང་ན་བར་གྱུར་པ་དང་། གཅིན་ཡང་ཁ་དོག་དཀར་བའམ་སེར་པོར་གྱུར་པ་ལ་སྐ་བ་དང་། དེ་བཞིན་དུ་བྱིས་པའི་རིམས་ལ་སོགས་པའི་ནད་དང་། འདིར་མ་སྨོས་པའི་ནད་གཞན་དག་ཀྱང་འདི་ལ་འབྱུང་བར་འགྱུར་ཏེ། དེ་ལྟ་བུའི་ནད་དེ་ནི་འོ་མའི་ནད་བེའུ་སྣབས་ 202-1-97b ཤེའམ། འོ་མ་མ་ཞུ་བ་ཞེས་བྱའོ། །ཞེས་དྲང་སྲོང་རྣམས་ཀྱིས་བཤད་དེ། དེ་ནི་བྱིས་པ་རྣམས་ལ་ཤིན་ཏུ་གནོད་པ་དང་། མི་བཟོད་ཅིང་གསོ་བར་དཀའ་བ་ཡིན་ནོ། །དེ་ལ་མ་མ་བྱིས་པ་ལ། །སློན་སྨན་བཏང་བས་མྱུར་དུ་གསོ། །ཞེས་བྱ་བ་ལ། དེ་ལྟ་བུའི་ནད་དེ་ལ་ ནུ་མ་ལྷུད་པའི་མ་མའམ། མ་དང་བུ་གཉིས་ཀ་སློན་སྨན་བཏང་བས་མྱུར་བ་ཁོ་ནར་གསོ་བར་བྱའོ། །ཐུག་སོགས་རིམ་པར་བཤད་པ་ནི། །ཤུ་དག་ལ་སོགས་སྡེ་ཚན་ནམ། །སྐྱེར་པ་སོགས་པའམ་བོང་ང་དཀར། །པ་ཏ་དང་ནི་པི་པི་ལིང་། །གླ་སྒང་པུ་ཙེ་ཤེལ་བསྐོལ་ བླུད། །ཅེས་བྱ་བ་ལ། སྔར་ཐུག་པ་ལ་སོགས་པའི་རིམ་པ་བཤད་པ་དག་ཏུ་ཤུ་དག་ལ་སོགས་པའི་སྨན་གྱི་སྡེ་ཚན་དང་སྦྱར་བ་དང་། དེའི་ཁུ་བ་བླུད་པར་བྱ་བའམ། སྐྱེར་པ་ལ་སོགས་པའི་སྡེ་ཚན་ནམ། ཡང་ན་བོང་ང་དཀར་པོ་ནས་པུ་ཙེ་ཤེལ་གྱི་བར་གྱི་སྨན་བསྐོལ་བ་བླུད་པར་ བྱའོ། །པ་ཐ་བཅའ་སྒ་པུ་ཙེ་ཤེལ། །སླེ་ཏྲེས་རྩ་མཁྲིས་ཤ་རི་བ། །ཐང་ཤིང་གླ་སྒང་མུར་བ་དང་། །དུག་མོ་ཡུངས་བཅས་བསྐོལ་བ་བླུད། །ནུ་ཞོའི་ཉེས་པ་སེལ་བའི་མཆོག །ཅེས་བྱ་བ་ལ། ཡང་ན་པ་ཏ་ལ་སོགས་པའི་སྨན་བསྐོལ་བ་བླུད་ན་ཡང་ནུ་ཞོའི་ཉེས་པ་ སེལ་བའི་མཆོག་ཡིན་ནོ། །རྗེས་འབྲེལ་ནད་ལ་ཇི་བཞིན་དུ། །དུས་ཤེས་པ་ཡིས་གསོ་བར་བྱ། །ཞེས་བྱ་བ་ལ། འོ་མའི་བེའུ་སྣབས་ཀྱི་ནད་དེ་དང་རྗེས་སུ་འབྲེལ་ཅིང་རྗེས་སུ་འབྲང་བའི་བླ་བརྣན་གྱི་ནད་རྣམས་ལ་ཡང་ནད་ཀྱི་དམིགས་ཇི་ལྟ་བ་བཞིན་དུ། དུས་ཤེས་པའི་སྨན་པས་ གསོ་བ་བརྩམ་པར་བྱའོ། །སོ་འབྱུང་བ་དག་ནད་རྣམས་ནི། །ཐམས་ཅད་ཀྱི་ཡང་རྒྱུ་ཡིན་ནོ། །མཆོག་ཏུ་རིམས་དང་འཁྲུ་བ་ཡི། །ལུད་པ་སློན་དང་མགོ་ནད་དང་། །བད་མིག་འཛག་པའི་ནད་དང་ནི། །ཤུ་བ་རྣམས་ནི་སྐྱེད་པར་བྱེད། ཅེས་བྱ་བ་ལ། བྱིས་པའི་སོ་འབྱུང་ བ་ནི་བྱིས་པའི་ནད་ཐམས་ཅད་ཀྱི་རྒྱུ་དང་གནས་ཡིན་ནོ། །དེ་ལས་ཀྱང་ཁྱད་པར་དུ་རིམས་ལ་སོགས་པའི་ནད་རྣམས་སྐྱེད་པར་བྱེད་པའི་རྒྱུ་ཡིན་ནོ། །བྱི་ལའི་སྒལ་ཚིགས་བྱེ་བ་དང་། །རྨ་བྱའི་གཙུག་ནི་འབྱུང་བ་དང་། །བྱིས་པའི་སོ་ནི་སྐྱེ་བ་ན། །མི་ན་བ་ནི་ཅུང་ཟད་མེད། ། 202-1-98a ཅེས་བྱ་བ་ལ། བྱི་ལའི་སྒལ་ཚིགས་བྱེ་ཞིང་འབུར་བའི་དུས་དང་། རྨ་བྱའི་གཙུག་གི་ཅོད་པན་འབྱུང་བའི་དུས་སུ་ཡན་ལག་ཐམས་ཅད་བརྡུང་ཞིང་ན་བར་མི་བྱེད་པ་ཅུང་ཟད་ཀྱང་མེད་དོ། །དེ་བཞིན་དུ་བྱིས་པའི་སོ་སྐྱེ་བ་ན་ཡང་ཡན་ལག་མི་ན་བ་ཅུང་ཟད་ཀྱང་མེད་ཀྱི་ ཐམས་ཅད་ན་བར་འགྱུར་རོ། །དེ་ལ་ནད་ནི་ཇི་བཞིན་དང་། །ནད་སྟོབས་ཇི་བཞིན་འཇིགས་ཇི་བཞིན། །ཡུལ་དང་དུས་སོགས་རྣམ་ཕྱེ་སྟེ། །སྨན་གྱི་སྦྱོར་བས་གསོ་བར་བྱ། །ཞེས་བྱ་བ་ལ། སོ་སྐྱེ་བ་ལས་བྱུང་བའི་ནད་དེ་ལ་ནད་ཀྱི་ཚུལ་ཇི་ལྟ་བ་དང་། ནད་གང་དང་གང་སྟོབས་ ཆེ་བའི་ཤས་ཇི་ལྟ་བ་དང་། འཇིགས་པ་གང་དང་གང་ལས་བྱུང་བ་ཇི་ལྟ་བ་དེ་བཞིན་དུ་ཡུལ་དང་དུས་ལ་སོགས་པའི་ཚུལ་ཤེས་པར་བྱས་ལ། སྨན་གྱི་སྦྱོར་བས་གསོ་བར་བྱའོ། །གནོད་དང་གནོད་བྱ་དེ་ཉིད་དང་། །རིམས་སོགས་ནད་ཀྱང་དེ་ཉིད་འབྱུང་། །དེ་བས་སྨན་ནི་དེ་ཉིད་དེ། ། གཞོན་ཤ་ཅན་དང་ལུས་ཆུང་ཕྱིར། །ཟས་ཀུན་བསྟེན་པར་མི་བྱེད་པས། །འདི་ཡི་ཚད་ནི་ཆུང་དུ་སྦྱིན། །ཞེས་བྱ་བ་ལ། བྱིས་པའི་གནོད་པ་དེ་ཉིད་དེ་རླུང་དང་མཁྲིས་པ་དང་བད་ཀན་དེ་ཉིད་དང་། དྭངས་མ་ལ་སོགས་པའི་ལུས་ཟུངས་བདུན་པོའི་གནོད་བྱ་དེ་ཉིད་དང་། རིམས་ལ་ སོགས་པའི་ནད་ཀྱང་སྔར་ལུས་སྤྱིའི་གསོ་བར་བསྟན་པ་དེ་ཉིད་འབྱུང་བར་འགྱུར་རོ། །དེ་བས་ན་སྨན་ཡང་རིམས་ལ་སོགས་པའི་སྐབས་དེ་དག་ཏུ་སྨོས་པ་དེ་ཉིད་ཀྱིས་གསོ་བར་བྱའོ། །འོན་ཀྱང་བྱིས་པའི་སྐབས་སུ་ཁྱད་པར་འདི་ཡོད་དེ། བྱིས་པ་ནི་གཞོན་ཤ་ཅན་ཁུལ་ཞོ་བ་ཡིན་པའི་ ཕྱིར་དང་ལུས་ཆུང་བའི་ཕྱིར་དང་། ཟས་ཐམས་ཅད་ལ་རྟེན་པར་མི་བྱེད་པའི་ཕྱིར་འདི་ལ་སྨན་གྱི་ཚད་ཆུང་དུ་སྦྱིན་པར་བྱའོ། །མར་དང་འོ་མ་ལ་བརྟེན་པས། །བྱིས་པ་རྟག་པར་ཁོང་སྣུམ་ཡིན། །དེ་བས་འཕྲལ་དུ་སྐྱུག་སྨན་ནི། །འཇམ་པོ་བློ་དང་ལྡན་པས་བླུད། །ཅེས་བྱ་བ་ལ། བྱིས་པ་ནི་དུས་རྟག་ཏུ་མར་དང་། འོ་མ་ལ་བརྟེན་ཅིང་དེས་འཚོ་བ་ཡིན་པས། རྟག་པར་ཁོང་སྣུམ་པ་ཡིན་ལ། དེ་བས་ན་བྱིས་པ་དེ་ལ་ནི་འཕྲལ་དུ་དེའི་མོད་ལ་སྐྱུག་སྨན་འཇམ་པོ་སྨན་པ་བློ་དང་ལྡན་པས་བླུད་པར་བྱའོ། །འོ་མ་འོ་མ་ཟས་བརྟེན་ལ། །ནུ་ཞོ་ངོམས་པར་བྱས་པས་སློན། ། 202-1-98b ཞེས་བྱ་བ་ལ། བྱིས་པ་འོ་མ་ལ་བརྟེན་པ་དང་། འོ་མ་དང་ཟས་གཉིས་ཀ་ལ་བརྟེན་པ་དག་ལ་ནི་ནུ་ཞོ་ངོམས་པར་བྱས་ནས་སློན་དུ་གཞུག་གོ། །ཟས་ཟ་བ་ལ་མར་བཅས་པའི། །ཐུག་པ་སླ་བ་བླུད་པར་བྱ། །ཞེས་བྱ་བ་ལ། ཟས་འབའ་ཞིག་གིས་གསོ་བའི་བྱིས་པ་ནི་ཐུག་པ་ སླ་བ་རྐྱང་རྐྱང་པོ་བླུད་པས་སློན་པར་བྱའོ། །བཀྲུ་སྨན་གྱིས་གསོ་མས་གཏོང་དང་། །ཚད་ཆུང་ཚད་ཕྲན་དག་གིས་བྱ། །ཞེས་བྱ་བ་ལ། བྱིས་པ་བཀྲུ་སྨན་གྱིས་གསོ་བར་བྱ་བའི་ནད་ཡོད་པ་ལ་ནི་བཀྲུ་སྨན་མས་གཏོང་བས་གསོ་བར་བྱའོ། །སྣ་སྨན་ཚད་ཆུང་དུ་བཏང་བའི་ནད་ཡོད་པ་ ལ་ནི་ཚད་ཕྲན་དག་གཏང་བར་བྱའོ། །བཀྲུ་སྨན་ལ་སོགས་ཇི་སྐད་བཤད། །མ་མ་ཉིད་ལ་གཏང་བར་བྱ། །ཞེས་བྱ་བ་ལ། མ་མ་འམ་མ་ལ་ནི་བཀྲུ་སྨན་ལ་སོགས་པ་ཇི་སྐད་དུ་སྨོས་པའི་སྦྱོར་བ་ཐམས་ཅད་སྦྱར་བར་བྱ་སྟེ། དེ་ལ་བྱིས་པ་ལ་ནི་བཀྲུ་སྨན་རྣམ་པ་ཐམས་ཅད་དུ་བཏང་དུ་མི་ རུང་ངོ་། །མུར་བ་རྒྱ་ཤུག་ཚ་བ་གསུམ། །འབྲས་བུ་གསུམ་དང་འཛམ་བུའི་ཤུན། །ཐང་ཤིང་པ་ཏ་ཡུངས་ཀར་བཅས། །སྦྲང་རྩིར་སྦྱར་བའི་ལྡེ་གུ་སྦྱིན། །ནུ་ཞོའི་ཉེས་པ་སེལ་མཆོག་ཡིན། །ཞེས་བྱ་བ་ལ། མུར་བ་ལ་སོགས་པའི་སྨན་སྦྲང་རྩི་དང་བཏགས་པའི་ལྡེ་གུ་ནི་ནུ་ཞོའི་ ཉེས་པ་སེལ་བའི་མཆོག་ཡིན་ནོ། །པི་པི་ལིང་དང་སྐྱུ་རུ་ར། །ད་ཏ་ཀ་ཡི་མེ་ཏོག་གི། །ཕྱེ་མ་སྦྲང་རྩིར་བཅས་པ་ཡི། །ལྡེ་གུས་རྙིལ་ནི་བྱུག་པར་བྱ། །ཞེས་བྱ་བ་ལ། པི་པི་ལིང་གི་ཕྱེ་མ་སྦྲང་རྩི་དང་སྦྱར་བའི་ལྡེ་གུས་རྙིལ་བསྐུ་བར་བྱ་བའམ། ཡང་ན་སྐྱུ་རུ་ར་དང་། ད་ཏ་ཀའི་མེ་ཏོག་གི་ ཕྱེ་མ་དང་། སྦྲང་རྩིར་སྦྱར་བས་རྙིལ་བསྐུ་བར་བྱའོ། །འུར་བྱ་སྲེག་པའི་ཤ་སྐམ་གྱི། །ཕྱེ་མ་སྦྲང་རྩིས་སྦྲུས་པ་ཡིས། །བྱིས་པའི་སོ་ཡི་མྱུ་གུ་ནི། །མྱུར་དུ་སྐྱེད་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། འུར་བྱ་ཞེས་བྱ་བ་བྱ་ལ་བ་དང་། སྲེག་པའི་ཤ་སྐམ་གྱི་ཕྱེ་མ་སྦྲང་རྩིས་སྤྲས་པ་ བསྐུས་ན་བྱིས་པའི་སོའི་མྱུ་གུ་མྱུར་དུ་སྐྱེད་པར་བྱེད་དོ། །ཤུ་དག་བྲི་ཧ་ཏི་གཉིས་དང་། །པ་ཏ་གླ་སྒང་པུ་ཙེ་ཤེལ། །བོང་ང་མངར་བའི་སྨན་སྡེ་དག །བསྐོལ་བའི་སྨན་གྱིས་སོ་སྐྱེད་གྲུབ། །ཅེས་བྱ་བ་ལ། ཤུ་དག་ལ་སོགས་པའི་སྨན་དང་། དེ་བཞིན་དུ་རྒུན་འབྲུ་ལ་སོགས་པ་ 202-1-99a མངར་བའི་སྨན་གྱི་སྡེ་ཚན་དང་བསྐོལ་བའི་མར་གྱིས་བསྐུས་ན། སོ་མྱུར་དུ་སྐྱེད་པ་དེ་མངོན་དུ་གྲུབ་པས་ཡིད་ཆེས་པ་ཡིན་ནོ། །སྐྱེར་པ་ཐང་ཤིང་ས་ར་ལ། །བྲི་ཧ་ཏི་གཉིས་ཉེ་ཤིང་པ། །ཀྲྀཥྞ་པརྞི་ཤྲི་ཡ་སེ། །སྦྲང་རྩི་མར་སྦྱར་ལྡེ་གུ་ནི། །ཕོ་བའི་མེ་དྲོད་ སྐྱེད་པའི་མཆོག །རླུང་ནི་བདེ་བར་རྒྱུ་བར་བྱེད། །འཁྲུ་བ་རིམས་དང་དབུགས་མི་བདེ། །མིག་སེར་སྐྱ་རྦབ་ལུད་པ་འཇོམས། །བྱིས་པའི་ནད་ནི་ཐམས་ཅད་ལ། །ཕན་ཞིང་མདོག་དང་ཉམས་སྟོབས་སྐྱེད། །ཅེས་བྱ་བ་ལ། ས་ར་ནི་ཙི་ཞེས་བྱ་བའི་ཤིང་ངོ་། །བྲི་ཧ་ཏི་གཉིས་ནི་ བྲི་ཧ་ཏི་དང་ཀཎྜ་ཀཱ་རིའོ། །ཤྲི་ཡ་སེ་ནི་ཧ་ཏི་པི་པི་ལིང་ངོ་། །གཞན་དག་ནི་གྲགས་པར་ཟད་དོ། །སྨན་དེ་དག་བཏགས་པའི་ཕྱེ་མ་སྦྲང་རྩི་དང་མར་དང་སྦྱར་བའི་ལྡེ་གུ་ནི་ཕོ་བའི་དྲོད་བསྐྱེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པས་ནད་ཐམས་ཅད་ལ་ཕན་ཞིང་ལུས་ཀྱི་མདོག་དང་ཉམས་ སྟོབས་སྐྱེད་པར་བྱེད་པ་ཡིན་ནོ། །བཙོད་དང་སིང་ཕྲོམ་ད་ཏ་ཀི །ཀུ་ཏན་ན་ཏ་བ་ལ་གཉིས། །ས་ཧ་ཆེ་ཆུང་གཉིས་དང་ནི། །མུད་ག་བིལ་བ་གཞོན་ནུ་རྣམས། །རས་བལ་ས་བོན་བཅས་པ་དག །ཆུ་བསྐོལ་བ་དང་མར་དང་ནི། །ཐལ་སྨན་ཞོ་ག་ཆུར་བསྐོལ་བས། །སོ་སྐྱེས་ ལས་བྱུང་སྣ་ཚོགས་ནད། །འདི་ཡིས་མྱུར་དུ་འཇོམས་བྱེད་དོ། །འོད་སྲུངས་རྒན་པོས་བཤད་པ་ཡིན། །ཞེས་བྱ་བ་ལ། བཙོད་ལ་སོགས་པའི་སྨན་ཆུ་དང་། བསྐོལ་བའི་སྨན་གྱི་ཁུ་བ་དང་། མར་དང་། ཐལ་སྨན་དང་། ཞོ་ག་ཆུར་སྦྱར་ཏེ་བསྐོལ་བས་ནི་སོ་སྐྱེས་པ་ལས་བྱུང་བའི་ ནད་སྣ་ཚོགས་འདིས་སེལ་བར་བྱེད་དོ། །སྦྱོར་བ་འདི་ནི་འོད་སྲུངས་རྒན་པོ་ཞེས་བྱ་བའི་དྲང་སྲོང་གིས་བཤད་པ་ཡིན་ནོ། །བྱིས་པ་སོ་སྐྱེའི་ནད་ལ་ནི། །སྔགས་ཀྱིས་མངོན་པར་གདབ་མི་བྱ། །སོ་སྐྱེས་པ་ཡི་ནད་གང་ཡིན། །གསོ་བས་རང་ཉིད་ཉེར་ཞིར་འགྱུར། །ཞེས་བྱ་བ་ལ། བྱིས་པ་སོ་སྐྱེ་བའི་ནད་ལ་སྔགས་ཀྱིས་གདབ་པར་མི་བྱ་སྟེ། སོ་སྐྱེས་པའི་ནད་གང་ཡིན་པ་དེ་ནི་གསོ་བ་དེ་དག་བྱས་པས་རང་ཉིད་ཉེ་བར་ཞི་བར་འགྱུར་བས་སྔགས་གདབ་མི་དགོས་སོ། །ཉིན་པར་གཉིད་དྲགས་ཆུ་གྲང་དང་། །ནུ་ཞོ་བད་ཀན་ཅན་བརྟེན་པས། །བྱིས་པའི་དྭངས་མ་རྒྱུ་ 202-1-99b བ་ཡི། །རྩ་རྒྱུན་བད་ཀན་གྱིས་བཀག་པས། །ཡི་ག་འཆུས་དང་ཆམ་པ་དང་། །རིམས་དང་ལུད་པ་འབྱུང་བར་འགྱུར། །དེ་ནས་བྱིས་པ་ལུས་བསྐམས་ཤིང་། །གདོང་སྣུམ་མིག་ནི་དཀར་བར་འགྱུར། །ཞེས་བྱ་བ་ལ། ཉིན་པར་གཉིད་ལོག་དྲགས་པ་ལ་བརྟེན་པས་དྭངས་མ་རྒྱུ་ བའི་རྩ་སྦུབས་འགགས་པ་ལ་སོགས་པའི་ཕྱིར་ཡི་ག་འཆུས་པ་ལ་སོགས་པའི་ནད་བྱུང་ལ། དེས་ན་བྱིས་པ་ལུས་སྐམས་པར་འགྱུར་རོ། །རྒྱམ་ཚ་ཚ་གསུམ་ཤ་རང་ག །པ་ཐ་གི་རི་ཀ་དམ་པ། །མར་དང་སྦྲང་རྩི་སྦྱར་སྐམས་དང་། །ཡི་ག་འཆུས་པ་སོགས་ལ་གཏང་། །ཞེས་བྱ་བ་ལ། བྱིས་པ་ལུས་སྐམས་ཤིང་ཡི་ག་འཆུས་པ་ལ་སོགས་པ་ལ་རྒྱམ་ཚ་ལ་སོགས་པའི་སྨན་གཏང་བར་བྱའོ། །པུ་ཙེ་ཤེལ་དང་ཨ་ཤོ་ཀ །ཚ་བ་ལྔར་བཅས་ཕྱེ་མ་ཕན། །ཞེས་བྱ་བ་ལ། ཡང་ན་པུ་ཙེ་ཤེལ་དང་ཨ་ཤོ་ཀ་དང་ཚ་བ་ལྔའི་ཕྱེ་མ་སྦྲང་རྩི་དང་། མར་དང་སྦྱར་བ་ཡང་བྱིས་པའི་ཡི་ག་འཆུས་ པ་ལ་སོགས་པའི་ནད་ལ་ཕན་ནོ། །ད་ཏ་ཀི་དང་སྐྱུ་རུ་ར། །རྒྱ་ཤུག་ཕྱེ་མ་མར་བཅས་ཕན། །ཞེས་བྱ་བ་ལ། ཡང་ན་ད་ཏ་ཀི་ལ་སོགས་པའི་ཕྱེ་མ་དང་། མར་དང་སྦྲང་རྩི་དང་སྦྱར་བ་ཡང་བྱིས་པ་སྐེམ་ཞིང་ཡི་ག་འཆུས་པ་ལ་སོགས་པ་ལ་ཕན་ནོ། །ས་ལ་པརྞི་ཤུ་དག་དང་། །བྲི་ཧ་ཏི་གཉིས་ རམ་ཉེ་བ། །པི་པི་ལིང་དང་རྒྱ་སྤོས་དང་། །ལྕང་མ་ཨུཏྤལ་བ་སྤྲུ་བ། །ག་བྲའི་རྩ་བ་གླ་སྒང་རྣམས། །སྲང་རེ་ཡི་ནི་ཚད་བྱས་པ། །མར་ནི་བྲེ་གང་བཅས་བསྐོལ་བ། །རྩ་རྒྱུན་སྦྱོང་བའི་དམ་པ་ཡིན། །ཞེས་བྱ་བ་ལ། ས་ལ་པརྞི་ལ་སོགས་པའི་སྨན་སྣ་རེ་རེ་སྲང་རེ་མར་བྲེ་གང་གི་ནང་དུ་བསྐོལ་ བ་བླུད་ན་ཡང་རྩ་རྒྱུན་བད་ཀན་གྱིས་འགགས་པ་སྦྱོང་བར་བྱེད་པ་ཡིན་ནོ། །ཨ་ཤྭ་གནྡྷ་བྱེའུ་རུག་པ། །བྲི་ཧ་ཏི་དང་པི་པི་ལིང་། །བསྐོལ་བའང་ཡོན་ཏན་དེ་དང་འདྲ། །ཞེས་བྱ་བ་ལ། ཨ་ཤྭ་གནྡྷ་ལ་སོགས་པའི་སྨན་དང་བསྐོལ་བའི་མར་བླུད་ན་ཡང་ཡོན་ཏན་སྔ་མ་དང་འདྲ་སྟེ། རྩ་རྒྱུད་སྦྱོང་བར་བྱེད་པ་ཡིན་ནོ། །ཤིང་མངར་སེང་ཕྲོམ་པི་པི་ལིང་། །ཤུག་པ་ཙནྡན་ཨུཏྤ་ལ། །བལ་བུའི་ལོ་མ་ཤ་རི་བ། །བསྐོལ་བའི་མར་གྱིས་སྐེམ་པ་ཡི། །ནད་ནི་འཇོམས་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། ཤིང་མངར་ལ་སོགས་པ་དང་། བསྐོལ་བའི་མར་གྱིས་ཀྱང་ 202-1-100a བྱིས་པའི་སྐེམ་པའི་ནད་སེལ་བར་བྱེད་པ་ཡིན་ནོ། །ཤྲིང་གི་མ་ཏུ་ལུང་ག་དང་། །ག་བྲའི་རྩ་བ་པི་པི་ལིང་། །ཐང་ཤིང་ཨ་ཤྭ་གནྡྷ་དང་། །རམ་ཉེ་བ་གཉིས་ར་སྣ་དང་། །ཟངས་རྩི་བ་དང་ཛི་བ་ཀ །མ་ཤ་མུད་ག་པརྞི་དང་། །བྱི་དང་ག་ཡི་ལྡེ་ གུར་བྱས། །རི་བོང་མགོ་བསྐོལ་ཁུ་བ་དང་། །བསྐོལ་བའི་མར་ནི་བླུད་གྱུར་ན། །ལུས་སྐེམ་རྒྱས་པར་བྱེད་པའི་མཆོག །ཅེས་བྱ་བ་ལ། ཀར་ཀ་ཏ་ཤྲིང་གི་དང་མ་དུ་ལུང་ག་ལ་སོགས་པའི་སྨན་གྱི་ལྡེ་གུ་དང་། རི་བོང་གི་མགོ་བོ་བསྐོལ་བའི་ཁུ་བ་དང་། ལྷན་ཅིག་བསྐོལ་བའི་ མར་གྱིས་ནི་བྱིས་པའི་ལུས་སྐེམ་པར་གྱུར་པ་མཆོག་ཏུ་བརྟས་པར་བྱེད་པ་ཡིན་ནོ། །ཤུ་དག་སླེ་ཏྲེས་ཀ་ཡསྠ། །རྒྱ་སྤོས་ཙ་རོང་ར་ཐུག་གཅིན། །ཆང་བསྐོལ་ཏིལ་མར་འཐུངས་པ་ཕན། །ཞེས་བྱ་བ་ལ། ཤུ་དག་ལ་སོགས་པ་དང་། ཏིལ་མར་བསྐོལ་བ་ཡང་ལུས་སྐེམ་པ་ལ་ ཕན་ནོ། །རྒྱ་སྐྱེགས་ཁུ་བ་ཆ་མཉམ་དང་། །ཏིལ་མར་བྲེ་གང་ཞོ་ག་ཆུ། །བཞི་འགྱུར་ཨ་ཤྭ་གནྡྷ་དང་། །སྐྱེར་པ་ཐང་ཤིང་རུ་རྟ་དང་། །ཧ་རེ་ཎུ་ཀ་བ་ཏ་ལ། །ཙནྡན་མུར་བ་པུ་ཙེ་ཤེལ། །ར་སྣ་ཉེའུ་ཤིང་ཤིང་མངར་མཉམ། །བསྐོལ་བའི་ཏིལ་མར་རྒྱ་སྐྱེགས་སོགས། ། ཞེས་བྱ་བསྐུས་ན་ཕན་པར་འགྱུར། །སྟོབས་སྐྱེད་རིམས་དང་ཟད་བྱེད་དང་། །སྨྱོ་བྱེད་བརྗེད་བྱེད་དབུགས་མི་བདེ། །རླུང་གི་ནད་རྣམས་སེལ་བར་བྱེད། །གནོད་སྦྱིན་སྲིན་པོ་འབྱུང་པོ་འཇོམས། །སྦྲུམ་མ་ལ་ཡང་བསྔགས་པ་ཡིན། །ཞེས་བྱ་བ་ལ། རྒྱ་སྐྱེགས་ཀྱི་ཁུ་བ་བྲེ་གང་ དང་། ཞོ་ག་ཆུ་བྲེ་བཞི་དང་། ཨ་ཤྭ་གནྡྷ་ལ་སོགས་པ་སྨན་ཆ་མཉམ་པར་བྱས་པ་དང་། བསྐོལ་བའི་ཏིལ་མར་ནི་རྒྱ་སྐྱེགས་ལ་སོགས་པའི་ཏིལ་མར་ཞེས་བྱ་སྟེ། དེ་བསྐུས་ན་ཡང་ལུས་སྐེམས་པ་ལ་ཕན་ཞིང་རྒྱས་པར་འགྱུར་བ་དང་། སྟོབས་སྐྱེད་པ་ལ་སོགས་པའི་ ཡོན་ཏན་དང་ལྡན་པ་ཡིན་ནོ། །བོང་ང་ཀར་ཀ་ཏ་སྲིང་གི། །པི་པི་ལིང་དང་སྦྲང་རྩིར་སྦྱར། །ལྡེ་གུ་བྱིས་པ་ལ་སྦྱིན་པ། །ཞེས་བྱ་བ་ལ། བོང་ང་དང་ཀར་ཀ་ཏ་ཤྲིང་གི་ལ་སོགས་པ་སྦྱར་བའི་ལྡེ་གུ་སྦྱིན་ན་ཡང་ཕན་ནོ། །བོང་ང་དཀར་པོ་གཅིག་པུ་ཡི། །ལྡེ་གུས་ལུད་པ་རིམས་ 202-1-100b སློན་བྲོ། །བླ་བརྣན་གྱི་ནི་ནད་སེལ་བྱེད། །ཅེས་བྱ་བ་ལ། ཡང་ན་བོང་ང་དཀར་པོ་གཅིག་པུ་སྦྲང་རྩི་དང་སྦྱར་བའི་ལྡེ་གུས་ཀྱང་ལུད་པ་དང་རིམས་ལ་སོགས་པའི་ནད་སེལ་བར་བྱེད་དོ། །ནུ་ཞོ་འཐུང་ཞིང་སློན་པ་ལ། །དེ་ལ་ཞུན་མར་སྦྲང་རྩི་དང་། །ཀཎྜ་ཀཱ་རི་བྲི་ཧ་ཏི། །འབྲས་བུའི་ ཁུ་བ་ཚ་བ་ལྔ། །སྦྱར་བའི་ལྡེ་གུ་སྦྱིན་པར་བྱ། །ཞེས་བྱ་བ་ལ། བྱིས་པ་གང་མའི་ནུ་ཞོ་འཐུངས་ཤིང་སློན་པར་གྱུར་པ་དེ་ལ་ནི། མར་དང་སྦྲང་རྩི་དང་། ཀཎྜ་ཀ་རི་དང་། བྲི་ཧ་ཏིའི་འབྲས་བུའི་ཁུ་བ་དང་། ཚ་བ་ལྔའི་ཕྱེ་མ་དང་སྦྱར་བའི་ལྡེ་གུ་སྦྱིན་པར་བྱའོ། །པི་པི་ལིང་དང་ལན་ ཚ་ལན་ཚ་ལྔ། །བ་རི་པ་ཏྲ་བྱི་དང་ག །དེ་བཞིན་ལྡེ་གུར་བཅས་པ་སྦྱིན། །ཞེས་བྱ་བ་ལ། པི་པི་ལིང་དང་། ལན་ཚྭ་ལྔ་དང་། བ་རི་པ་ཏྲ་དང་། བྱི་དང་གའི་ཕྱེ་མ་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་སྦྱིན་ན་ཡང་སློན་པའི་ནད་ལ་ཕན་ནོ། །དེ་བཞིན་ཚ་བ་གསུམ་རེག་འཇམ། །ཤ་རི་ད་ཏ་རྨ་བྱ་སྲ་མ། ། ཇི་སྙེད་པགས་པ་སྤུ་བསྲེགས་ལ། །སྣག་ཚ་སྦྲང་རྩི་མར་སྦྱར་ཕན། །ཞེས་བྱ་བ་ལ། ཡང་དེ་བཞིན་དུ་ཚ་བ་གསུམ་དང་། བྱ་རེག་འཇམ་ལ་སོགས་པ་ཇི་སྙེད་པའི་པགས་པ་དང་། སྤུ་བསྲེགས་ཏེ་སྣག་ཚར་བཅས་པ་མར་དང་སྦྲང་རྩིར་སྦྱར་བའི་ལྡེ་གུ་བྱིས་པ་ལ་བྱིན་ན་ཡང་ནད་དེ་ལ་ཕན་ ནོ། །སེང་ལྡེང་བལ་བུ་ཨརྫུ་ན། །རུ་རྟ་ཏྭ་ཏ་ནའི་ཁུ་བ། །འོ་མ་མར་དང་བཅས་བསྐོལ་བས། །སློན་བྲོ་ཉེ་བར་སེལ་བར་བྱེད། །ཅེས་བྱ་བ་ལ། སེང་ལྡེང་ལ་སོགས་པ་འོ་མ་དང་མར་བཅས་པ་བསྐོལ་བ་བླུད་ན་ཡང་སློན་བྲོ་བ་སེལ་བར་བྱེད་དོ། །གང་ཞིག་སོ་དང་བཅས་ སྐྱེས་དང་། །གང་གི་དང་པོར་ཡ་སོ་སྐྱེས། །བཀྲ་མི་ཤིས་པ་དེ་ལ་ནི། །ཞི་བ་བྱ་ཞིང་བྲམ་ཟེ་ལ། །ཡོན་དང་བཅས་པ་སྦྱིན་པར་བྱ། །དེ་བཞིན་སྐེམ་བྱེད་མཆོད་པར་བྱ། །ཞེས་བྱ་བ་ལ། བྱིས་པ་གང་མའི་ཁོང་ནས་སོ་དང་བཅས་པར་སྐྱེས་པ་དང་། ཡང་བྱིས་པ་གང་ཡ་སོ་དང་པོར་ སྐྱེས་པའི་བཀྲ་མི་ཤིས་པའི་གནོད་པ་ཅན་དེ་ལ་ནི་ཞི་བའི་སྦྱིན་སྲེག་བྱ་བ་དང་། དགེ་སྦྱོང་དང་བྲམ་ཟེ་ལ་བྱིས་པ་དེ་ཡོན་དང་བཅས་པ་སྦྱིན་པར་བྱ་བ་དང་། དེ་བཞིན་དུ་གཞོན་ནུ་སྐེམ་བྱེད་མཆོད་པར་བྱའོ། །བད་ཀན་འཁྲུགས་པས་རྐན་གྱི་ཤར། །རྐན་གྱི་མཛེར་པ་ཞེས་བྱ་སྟེ། ། 202-1-101a དེས་ན་རྐན་གྱི་ཕྱོགས་ཀྱི་ནི། །སྤྱི་བོ་དམའ་བར་འབྱུང་བར་འགྱུར། །རྐན་ལྷུང་ནུ་ཞོ་འགྲས་པ་དང་། །སྐ་བ་འཐུངས་ཤིང་བཤང་བ་སླ། །སྐོམ་དད་ཁ་གཡའ་མིག་ན་ཞིང་། །གཉའ་བ་འདེགས་དཀའ་སློན་པར་འགྱུར། །ཞེས་བྱ་བ་ལ། བད་ཀན་འཁྲུགས་ པས་རྐན་གྱི་ཤར་རྐན་གྱི་མཛེར་པ་ཞེས་བྱ་བའི་ནད་སྐྱེ་བར་འགྱུར་རོ། །རྐན་གྱི་མཛེར་པ་དེས་རྐན་གྱི་ཕྱོགས་ཀྱི་སྤྱི་བོར་དམའ་ཞིང་ལྕོང་བར་འགྱུར་ལ། དེ་བཞིན་དུ་རྐན་ལྷུང་ཞིང་བབས་པ་དང་། ནུ་ཞོ་དང་འགྲས་ཤིང་འཐུང་བར་མི་དགའ་བ་དང་། དཀའ་ཞིང་སྡུག་བསྔལ་བས་འཇིགས་ པ་ལ་སོགས་པར་འགྱུར་རོ། །དེ་ལ་རྐན་བཏེག་ནས་ཚིག་འཁུས། །ཐལ་བ་སྦྲང་རྩིར་སྦྱར་བ་བསྐུ། །ཡང་ན་བཅའ་སྒ་པི་པི་ལིང་། །བ་གླང་ལྕི་ཁུ་ལན་ཚྭ་བསྐུ། །ཞེས་བྱ་བ་ལ། རྐན་དུ་མཛེར་པ་བྱུང་བ་དེ་ལ་བཏེག་ནས། ནས་ཚིག་འཁུས་པའི་ཐལ་བ་དང་། སྦྲང་རྩིར་བཅས་པའི་ ལྡེ་གུས་བསྐུ་བར་བྱ་བའམ། ཡང་ན་བཅའ་སྒ་ལ་སོགས་པའི་སྨན་སྦྲང་རྩི་དང་སྦྱར་བའི་ལྡེ་གུས་བསྐུ་བར་བྱའོ། །དོང་གྲ་སྐྱེར་པ་ཤིང་ཚ་ཡི། །ལྡེ་གུ་ནྱ་གྲོ་དྷའི་ལོ་མར། །གཏུམས་ལ་བ་ལང་ལྕི་བས་བྱུགས། །དེ་རྗེས་མེ་མ་མུར་ལ་བསྲེགས། །ཁུ་བས་རྐན་དང་ཁ་བསྐུ་ཞིང་། །མིག་ ཏུ་ཡང་ནི་བླུགས་པར་བྱ། །ཞེས་བྱ་བ་ལ། དོང་གྲ་དང་སྐྱེར་པ་དང་། ཤིང་ཚ་ལྡེ་གུར་བྱས་པ་ནྱ་གྲོ་དྷའི་ལོ་མར་གཏུམས་ལ། དེའི་འོག་ཏུ་བ་ལང་གི་ལྕི་བས་ཕྱི་རོལ་ནས་བསྐུས་ལ། དེའི་འོག་ཏུ་མེ་མ་མུར་གྱི་མདག་མེར་བསྲེགས་ལ། ཚོས་པ་དང་ཁུ་བ་བཙིར་ཏེ་བྱིས་པ་དེའི་རྐན་དང་། ཁའི་ཕྱོགས་བསྐུ་ཞིང་། མིག་ཏུ་སྨན་གྱི་ཐིགས་པ་བླུགས་པར་བྱའོ། །རུ་རྟ་ཤུ་དག་ཨ་རུ་ར། །སྦྲང་རྩིར་བཅས་པའི་ལྡེ་གུ་ནི། །ནུ་ཞོར་སྦྱར་བས་བྱིས་པ་བླུད། །རྐན་གྱི་མཛེར་པ་ལས་ཐར་འགྱུར། །ཞེས་བྱ་བ་ལ། རུ་རྟ་ལ་སོགས་པའི་ལྡེ་གུ་དང་ནུ་ཞོ་དང་ལྷན་ཅིག་བླུད་ན་ཡང་རྐན་གྱི་ མཛེར་པའི་ནད་ལས་ཐར་བར་འགྱུར་རོ། །དྲི་མས་གོས་སམ་རྔུལ་བ་ལས། །གཞང་ཁར་བད་ཀན་ཁྲག་ལས་བྱུང་། །རྨ་ནི་ནང་དམར་གཡའ་བ་དང་། །བླ་བརྣན་མང་པོ་འབྱུང་བར་འགྱུར། །ལ་ལས་མ་མོའི་ཉེས་པར་བཤད། །གཞན་དག་ལུས་སྲུལ་པོས་བྱས་ཟེར། །རྒྱབ་ཀྱི་ཐོར་བུ་གཞང་ 202-1-101b བསྡེབས་ཟེར། །ལ་ལས་དེ་མིང་མེད་ཅེས་བཤད། །ཅེས་བྱ་བ་ལ། བཤང་བ་ཞེས་བྱ་བའི་དྲི་མས་གོས་པ་དང་། ལན་འགའ་རྔུལ་བར་གྱུར་པ་ལས་བད་ཀན་ཁྲག་ལས་གྱུར་པའི་རྨ་ནང་ན་དམར་ཞིང་གཡའ་བ་དང་བཅས་པ་དང་། བླ་བརྣན་མང་པོ་དང་ལྡན་པར་འབྱུང་བར་ འགྱུར་ལ། རྨ་དེ་ལ་ནི་ལ་ལས་ནི་མ་མོའི་གདོན་གྱིས་ཉེན་པ་ལས་བྱུང་བ་ཡིན་པར་བཤད་ལ། དེ་བཞིན་དུ་གཞན་དག་ནི་ལུས་སྲུལ་པོའི་གདོན་གྱིས་ཉེན་པ་བྱས་ཟེར། ལ་ལས་ནི་རྒྱབ་ཀྱི་ཐོར་བུ་ཞེས་བྱ་བ་ཡིན་ཟེར་ལ། གཞན་དག་ནི་གཞང་བསྡེབས་པ་ཞེས་བྱ་བ་ཡིན་ནོ། །ཞེས་ ཟེར་བའོ། །ལ་ལས་ནི་ནད་དེ་མིང་མེད་ཅེས་བྱའོ། །ཞེས་ཟེར་རོ། །དེ་ལ་མ་མ་བད་མཁྲིས་དག །སེལ་བའི་སྨན་གྱིས་ནུ་ཞོ་སྦྱང་། །ཞེས་བྱ་བ་ལ། མིང་དུ་མ་དང་ལྡན་པའི་ནད་དེ་ལ་ནི་མ་མའི་མཁྲིས་པ་དང་། བད་ཀན་སེལ་བར་བྱེད་པའི་སྨན་གྱིས་དེའི་ནུ་ཞོ་སྦྱང་ཞིང་ཉེས་པ་མེད་པར་ བྱའོ། །ཙནྡན་དཀར་ཆུ་བསིལ་བ་དང་། །ལྡན་པའི་སྐོམ་ནི་ནང་ནས་བླུད། །ཅེས་བྱ་བ་ལ། མ་མ་དེ་ལ་ཙནྡན་དཀར་པོ་ཆུ་བསིལ་བ་དང་སྦྱར་བའི་སྐོམ་མ་མ་དང་བྱིས་པ་ལ་བླུད་པར་བྱའོ། །དེ་དང་སྐྱེར་པའི་ཁཎྜ་ནི། །སྦྲང་རྩིར་བཅས་པས་རྨ་བསྐུ་བྱ། །ཞེས་བྱ་བ་ལ། ཙནྡན་ དཀར་པོ་དང་སྐྱེར་པའི་ཁཎྜ་སྦྲང་རྩི་དང་བཅས་པའི་ལྡེ་གུས་རྨ་བསྐུ་བར་བྱའོ། །རྒྱ་ཤུག་འབྲས་བུ་གསུམ་བླག་ཤའི། །ཤུན་པ་བསྐོལ་བའི་ཆུ་བླུགས་བྱ། །ནག་ཚུར་གི་ཝཾ་སྤངས་མ་དང་། །དངུལ་རྡོ་བ་བླ་ལྡོང་རོས་ནི། །སྐྱུར་དང་བཏགས་པས་བསྐུ་བྱ་ཞིང་། །ཞེས་བྱ་བ་ལ། རྒྱ་ཤུག་ལ་སོགས་པ་བསྐོལ་བའི་ཁུ་བས་རྨ་དེ་ལ་བླུགས་པར་བྱ་བའམ། ནག་ཚུར་ལ་སོགས་པའི་སྨན་ཁུ་བ་སྐྱུར་པོ་དང་། སྦྱར་བའི་ལྡེ་གུས་རྨ་བསྐུ་བར་བྱའོ། །ཡང་ན་ཤིང་མངར་སྐྱེར་ཁཎྜ། །དུང་ནི་ཞིབ་ཏུ་བཏགས་པའམ། །དུང་གི་ལྟེ་བ་ཤ་རི་བའམ། །ཨ་ས་ན་ཡི་ཤུན་པ་ནི། ། ཕྱེ་མར་བཏགས་པས་གདབ་པར་བྱ། །ཞེས་བྱ་བ་ལ། ཡང་ན་རྨ་དེ་ཤིང་མངར་ལ་སོགས་པ་ཞིབ་ཏུ་བཏགས་པའི་ཕྱེ་མ་གདབ་པར་བྱ་བའམ། ཡང་ན་དུང་གི་ལྟེ་བ་དང་། ཤ་རི་བ་ཞེས་བྱ་བ་ཐལ་ཏྲེས་ཀྱི་ཕྱེ་མས་གདབ་པར་བྱ་བའམ། ཡང་ན་ཨ་ས་ནའི་ཤུན་པ་ཕྱེ་མར་ཞིབ་ཏུ་བཏགས་ 202-1-102a ནས་གདབ་པར་བྱའོ། །དམར་ཞིང་གཡའ་བའི་ཤས་ཆེ་ལ། །སྲིན་བུ་པད་པས་ཁྲག་དབྱུང་བྱ། །ཞེས་བྱ་བ་ལ། གཞང་བསྡེབས་པའི་ནད་དེ་མདོག་དམར་ཞིང་། གཡའ་བའི་ཤས་ཆེ་བར་གྱུར་པ་ནི་སྲིན་བུ་པད་པས་ཁྲག་དབྱུང་བར་བྱའོ། །གཞང་ བསྡེབས་ནད་ལ་མཁྲིས་པ་ཡི། །རྨ་ལ་ཕན་པ་ཐམས་ཅད་བསྔགས། །ཞེས་བྱ་བ་ལ། གཞང་བསྡེབས་པ་ཞེས་བྱ་བའི་ནད་ལ་མཁྲིས་པའི་རྨ་ལ་ཕན་པའི་ཟས་དང་། སྐོམ་དང་། སྨན་ཐམས་ཅད་ཕན་ནོ། །པ་ཐ་གླ་སྒང་སེར་པོ་གཉིས། །ག་བྲའི་རྩ་བ་བྱི་དང་ག །པུརྞ་རྣ་བར་ བིལ་བར་བཅས། །བྲིཤྩི་ཀ་ལི་ཚ་བ་གསུམ། །མར་བཅས་བསྐོལ་བ་ཚད་ཙམ་བལྡག །ས་ཟོས་ནད་ལས་ཐར་བར་འགྱུར། །ཞེས་བྱ་བ་ལ། པ་ཐ་ལ་སོགས་པ་སྨན་བསྐོལ་བའི་ཁུ་བ་མར་དང་བསྐོལ་བ་ཚད་ཙམ་བྱིས་པས་བལྡགས་ཤིང་ཟོས་ནས་ཟོས་པ་ལ་སོགས་པའི་ ནད་ལས་ཐར་བར་འགྱུར་རོ། །ནད་ནི་གང་གི་སྨན་གང་ཡིན། །དེ་ཡིས་ནུ་མ་བསྐུས་ནས་ནི། །ཡུད་ཙམ་འདུག་ལ་དེ་རྗེས་བཀྲུ། །བླུད་ན་ནད་ནི་དེ་དེས་སེལ། །ཞེས་བྱ་བ་ལ། རིམས་ལ་སོགས་པའི་སྨན་གང་དག་ཡིན་པར་བཤད་པའི་སྨན་དེས་ནད་གཞི་ཇི་ལྟ་བ་དང་སྦྱར་ཏེ་ བསྐུས་ནས་ཡུད་ཙམ་སྟེ། ཆུ་ཚོད་གཉིས་འདས་ཀྱི་བར་དུ་བསྡད་ལ། དེའི་རྗེས་ལ་ནུ་མ་བཀྲུས་ཏེ། བྱིས་པ་ལ་ནུ་ཞོ་བླུད་ན་རིམས་ལ་སོགས་པའི་ནད་དེ་སྨན་དེས་འཇོམས་པར་འགྱུར་རོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་ སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། གནས་ཕྱི་མའི་ལེའུ་གཉིས་པའི་འགྲེལ་པའོ།། །།དེ་ནས་བྱིས་པའི་གདོན་གསོ་བ་བཤད་པར་བྱའོ། །ཞེས་བྱ་བ་ལ། ལེའུ་སྔ་མར། ཚུལ་མིན་སྐྲག་པར་མི་བྱ་སྟེ། །སྐྲག་ན་གདོན་ནི་འཇུག་པར་འགྱུར། །ཞེས་ བཤད་པའི་རིམ་པས་བྱིས་པའི་གདོན་གསོ་བ་བསྟན་པར་བྱ་བའི་ཕྱིར་ལེའུ་འདི་བརྩམས་པ་ཡིན་ནོ། །སྔོན་གྱི་སྐེམ་བྱེད་བསྲུང་བའི་ཕྱིར། །གདོན་ནི་སྐྱེས་པའི་གཟུགས་ཅན་ལྔ། །བུད་མེད་ཀྱི་ནི་གཟུགས་ཅན་བདུན། །ལྷ་ཆེན་པོ་ཡི་སྤྲུལ་པ་ཡིན། །ཞེས་བྱ་བ་ལ། སྔོན་གྱི་དུས་ 202-1-102b སུ་ལྷ་ཆེན་པོའི་བུ་སྐེམ་བྱེད་ཅེས་བྱ་བ་གཞོན་ནུ་གདོང་དྲུག་པ་རིམས་ལས་བསྲུང་བའི་ཕྱིར། གདོན་སྐྱེས་པའི་གཟུགས་ཅན་ལྔ་དང་བུད་མེད་ཀྱི་གཟུགས་ཅན་བདུན་ལྷ་ཆེན་པོ་ཉིད་ཀྱིས་བསྐྱེད་པ་ཡིན་ནོ། །སྐེམ་བྱེད་ས་ག་ལུག་ཐུག་གདོང་། །ཁྱི་གདོང་ཡི་དྭགས་ཞེས་བྱ་དང་། །ཞེས་བྱ་བ་ ལ། སྐེམ་བྱེད་ཀྱི་གདོན་ལ་སོགས་པ་ལྔ་ནི་སྐྱེས་པའི་གཟུགས་ཅན་ཡིན་པར་ཤེས་པར་བྱའོ། །བྱ་གདོན་སྲུལ་མོ་གྲང་བ་ཡི། །སྲུལ་མོ་ལོང་མ་ལུས་སྲུལ་མོ། །དེ་བཞིན་བཞིན་གྱི་རྒྱན་ཅན་མ། །ནམ་གྲུ་ནམ་གྲུ་སྐམ་མོ་ཡིན། །ཞེས་བྱ་བ་ལ། བྱའི་གདོན་ལ་སོགས་པའི་གདོན་བདུན་ པོ་ནི། བུད་མེད་ཀྱི་གཟུགས་ཅན་ཡིན་ནོ། །དེ་རྣམས་ཀྱིས་ནི་གཟུང་བའི་ཚུལ། །རྟག་ཏུ་ངུ་དང་རིམས་ཀྱིས་འདེབས། །ཞེས་བྱ་བ་ལ། གདོན་དེ་རྣམས་ཀྱིས་དང་པོ་གཟུང་ཞིང་འཇུག་པའི་ཚུལ་ལམ་རྟགས་ནི་རྟག་པར་རྒྱུན་དུ་ངུ་བ་དང་། རིམས་ཀྱིས་འདེབས་པར་བྱེད་ པ་ཡིན་ནོ། །སྤྱིའི་ཚུལ་སྐྲག་དང་གླལ་བ་དང་། །སྨིན་མ་འདེགས་ཤིང་རྨྱ་བ་དང་། །དབུ་བ་སློན་ཞིང་གྱེན་དུ་བལྟ། །མ་མཆུ་སོས་འདེབས་གཉིད་ཡར་དང་། །ངུ་ཞིང་མཁུན་ལ་ནུ་ཞོ་ལ། །མི་དགའ་སྐད་ནི་འགྱུར་བ་དང་། །གློ་བུར་དུ་ནི་སེན་མོ་ཡིས། །རང་གི་མ་ མའི་ཡན་ལག་འབྲད། །ཅེས་བྱ་བ་ལ། གདོན་དེ་རྣམས་ཀྱི་སྤྱིའི་རྟགས་ནི། སྐྲག་ཅིང་འཇིགས་པ་དང་གླལ་བ་ལ་སོགས་པ་ནས་རང་གི་མ་མའམ་མ་ལ་རྒྱུ་མེད་པར་ཡན་ལག་ཐམས་ཅད་སེན་མོས་འབྲད་ཅིང་གནོད་པར་བྱེད་པའི་བར་ཡིན་ནོ། །དེ་ལ་སྐེམ་བྱེད་ཀྱིས་ཟན་རྟགས། ། མིག་གཅིག་མཆི་མ་འཛག་པ་དང་། །ཡང་དང་ཡང་དུ་མགོ་བོ་རྡེབ། །ཕྱོགས་གཅིག་ཉམས་ཤིང་ལུས་རེངས་ལ། །རྔུལ་བཅས་སྐྱེ་བ་རེངས་པ་དང་། །སོ་འཆའ་ནུ་ཞོ་ལ་མི་དགའ། །སྔངས་ཤིང་ངུ་ལ་སྐད་གསང་ཉམས། །ཁ་ཡོ་ཁ་ཆུ་སྐྱུག་པ་དང་། །མི་བཟད་པར་ནི་ གྱེན་དུ་བལྟ། །ཚིལ་ཁྲག་དྲི་བྲོ་ཡིད་མི་དགའ། །བཤང་བ་ཁུ་ཚུར་ལ་བཅངས་ཤིང་། །མཁུར་ཚོས་མིག་དང་སྨིན་མ་གཅིག །གཡོ་ཞིང་མིག་ནི་གཉིས་ཀ་དམར། །དེས་ནི་ཡན་ལག་ཉེས་ཉམས་སམ། །འཆི་བ་ཁོ་ནར་བྱེད་པར་འགྱུར། །ཞེས་བྱ་བ་ལ། དེ་ལ་ 202-1-103a གདོན་དེ་རྣམས་ཀྱི་ནང་ནས་སྐེམ་བྱེད་ཅེས་བྱ་བའི་གདོན་གྱིས་ཟིན་ཅིང་ཉེན་པའི་རྟགས་ནི་བྱིས་པའི་མིག་གཅིག་ནས་མཆི་མ་འཛག་པ་དང་། སྐད་ཅིག་མ་རེ་རེ་ཞིང་ཡང་དང་ཡང་དུ་མགོ་བོ་བརྡེགས་ཤིང་བསྐྱོད་པ་དང་། ལུས་ཀྱི་གཞོགས་ཕྱེད་ཉམས་ཤིང་མ་ རུངས་པ་དང་། ལུས་ཤིང་ལྟར་རེངས་པ་དང་། རྔུལ་འབྱུང་བ་དང་། སྐེ་བ་གཉེའུ་རེངས་ཀྱིས་བཏབ་པ་ལ་སོགས་པ་དང་། ཚིལ་དང་ཁྲག་དྲི་མི་ཞིམ་པ་དང་། ཡིད་མི་དགའ་ཞིང་ལྟོ་བ་ལྟར་གནས་པ་དང་། བཤང་བ་ཁུ་ཚུར་གྱི་ནང་དུ་བཅངས་པ་དང་། མཁུར་ཚོས་དང་ཁ་ཡོ་ བར་གནས་པ་ལ་སོགས་པ་ཡིན་ཏེ། དེས་ནི་ཡན་ལག་ཉམས་ཤིང་མི་ཚང་བར་འགྱུར་བའམ། འཆི་བ་ཁོ་ནར་འགྱུར་རོ། །སྐེམ་བྱེད་བརྗེད་བྱེད་མཚན་མ་ནི། །དྲན་པ་ཉམས་ཤིང་ཡང་དང་ཡང་། །སྐྲ་འབལ་སྐེ་བ་འགུགས་པ་དང་། །རྣམ་པར་འདུད་ཅིང་གླལ་བཞིན་དུ། ། བཤང་དང་གཅི་བ་འབྱིན་པར་བྱེད། །ལྦུ་བར་སྐྱུག་ཅིང་གྱེན་དུ་བལྟ། །རྐང་ལག་སྨིན་མས་གར་ཡང་བྱེད། །ནུ་མ་རང་ལྕེ་སོ་ཡིས་འདེབས། །ཀུན་ཏུ་གཡོ་ཞིང་གཉིད་ཡར་རིམས། །ཁྲག་ནི་རྣག་གི་དྲི་བྲོའོ། །ཞེས་བྱ་བ་ལ། སྐེམ་བྱེད་བརྗེད་བྱེད་ཅེས་བྱ་བ་གདོན་ས་གས་བཟུང་ བའི་མཚན་མ་ནི་བྱིས་པའི་དྲན་པ་ཉམས་ཤིང་བརྒྱལ་བ་ལ་སོགས་པ་དང་། ལུས་རྣམ་པར་འགུགས་ཤིང་བཏུད་ནས་གླལ་བཞིན་དུ་བཤང་བ་དང་། གཅི་བ་འབྱིན་པར་བྱེད་པ་ལ་སོགས་པ་ཡིན་ནོ། །ལུག་ཐུག་གདོང་གིས་རྟགས་ཀྱི་ནད། །སྦོ་ཞིང་རྐང་པ་ལག་པ་དག །འདར་ཞིང་ལྦུ་ བར་སྐྱུག་པ་དང་། །སྐོམ་དད་ཆེ་འཁྲུ་ཆང་པ་སྡོམ། །སྐད་གསང་དམའ་ཞིང་མདོག་མི་སྡུག །མཁུན་ཞིང་སློན་པར་བྱེད་པ་དང་། །ལུད་པ་སྐྱིགས་བུས་འདེབས་གཉིད་ཡར། །སོ་ཡིས་མཆུ་གནོན་ཡན་ལག་སྡུད། །རེངས་ཤིང་ལུག་ཐུག་དྲི་བྲོ་ལ། །གྱེན་དུ་ལྟ་ཞིང་དགོད་པ་དང་། ། བར་དུ་འགུགས་ཤིང་རིམས་ཀྱིས་འདེབས། །བརྒྱལ་ཞིང་མིག་གཅིག་སྐྲངས་པ་ཡིན། །ཞེས་བྱ་བ་ལ། ལུག་ཐུག་གི་གདོང་ཞེས་བྱ་བས་ཟིན་པའི་རྟགས་ནི་བྱིས་པ་ལྟོ་སྦོ་བ་ལ་སོགས་པའི་ནད་ཀྱིས་འདེབས་པ་དང་། ལུས་ཀྱི་བར་དུ་གུགས་ཤིང་སྒུར་པོར་བྱེད་པ་ལ་སོགས་པ་ཡིན་ནོ། ། 202-1-103b ཁྱི་ཡི་གདོང་གི་རྟགས་གྱུར་པ། །འདར་ཞིང་བ་སྤུ་ལྡང་བ་དང་། །རྔུལ་ཞིང་མིག་ནི་འཛུམས་པ་དང་། །རྒྱབ་ཏུ་གུག་ཅིང་ལྕེ་དང་སོ། །མཆུ་དང་རྐན་སྒྲ་འབྱིན་ཞིང་སྐྱུག །བཤང་བའི་དྲི་འབྱུང་ཁྱི་སྐད་འདོན། །ཞེས་བྱ་བ་ལ། ཁྱིའི་གདོང་གི་རྟགས་ནི་བྱིས་པ་ལུས་འདར་བ་ལ་ སོགས་པ་ནས་ཁྱིའི་སྐད་འབྱིན་པའི་བར་ཡིན་ནོ། །ཡི་དྭགས་ཀྱི་ནི་གདོན་གྱི་རྟགས། །བ་སྤུ་ལྡང་ཞིང་ཡང་ཡང་སྔང་། །གློ་བུར་ངུ་ཞིང་རིམས་ཀྱིས་འདེབས། །འཁྲུ་ཞིང་སློན་བྱེད་ལུད་པ་ལུ། །གླལ་སྐོམ་མི་རོའི་དྲི་དང་ལྡན། །ལུས་ནི་བསྐྱོད་ཅིང་གཡོ་བ་དང་། །སྐེམ་ ཞིང་རེངས་ལ་མདོག་མི་སྡུག །ཁུ་ཚུར་བསྡམ་ཞིང་མཆི་མ་འཛག །ཅེས་བྱ་བ་ལ། བྱིས་པ་ཡི་དྭགས་ཀྱི་གདོན་མཚུན་ལྷ་ཞེས་བྱ་བས་གཟུང་བའི་རྟགས་ནི་བ་སྤུ་ལྡང་ཞིང་ཡང་དང་ཡང་དུ་སྔང་བ་ཡིན་ནོ། །བྱ་གདོན་ལུས་ལྷོད་འཁྲུ་བར་བྱེད། །ལྕེ་རྐན་ལྐོག་མར་རྨ་བྱུང་ཞིང་། །ཐོར་བུ་ ན་ཞིང་ཚ་ལ་རྣགས། །ཚིགས་དག་ཏུ་ནི་ཡང་ཡང་འབྱུང་། །མཚན་མོ་སྐྱེ་ལ་ཉིན་མོ་འབྲི། །ཁའམ་བཤང་སྒོ་འགགས་པ་དང་། །འཇིགས་ཤིང་བྱ་ཡི་དྲི་དང་ལྡན། །རིམས་ཀྱིས་འདེབས་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། བྱིས་པ་བྱའི་གདོན་གྱིས་ཟིན་པའི་རྟགས་ནི། ལུས་ལྷོད་ཅིང་ཡན་ལག་ཤིག་ཤིག་པོར་གྱུར་པ་དང་། འཁྲུ་བར་བྱེད་པ་ལ་སོགས་པ་དང་། ལུས་དང་ཡན་ལག་ལ་རྨ་འབྱུང་བ་དང་། མཚན་མོ་སྐྱེ་ཞིང་མཆེད་ལ་ཉིན་མོ་ནི་བྲི་བ་ལ་སོགས་པ་ཡིན་ནོ། །སྲུལ་མོས་སློན་ཞིང་འདར་བ་དང་། །ལུས་སྙོམ་མཚན་མོ་གཉིད་ཡར་དང་། ། སྐྱིགས་བུ་ལྟོ་སྦོ་འཁྲུ་བ་དང་། །སྐོམ་ཞིང་གཅིན་ནི་སྲི་བ་དང་། །ལུས་ལྷོད་བ་སྤུ་གཤོར་བ་དང་། །ཁ་ལྟར་དྲི་ནི་མནམ་པ་ཡིན། །ཞེས་བྱ་བ་ལ། སྲུལ་མོ་ཞེས་བྱ་བའི་གདོན་བུད་མེད་ཀྱི་གཟུགས་ཅན་གྱི་གདོན་གྱིས་ཟིན་པའི་རྟགས་ནི་བྱིས་པ་སློན་ཞིང་སྐྱུག་པ་དང་། ལུས་འདར་བ་དང་། སྐོམ་ཞིང་གཉིད་ཀྱིས་ལོག་པ་ལྟར། ཡུལ་འཛིན་མི་ནུས་པ་དང་། མཚན་མོ་གཉིད་ཡར་བ་ལ་སོགས་པ་ཡིན་ནོ། །གྲང་བའི་སྲུལ་མོས་འདར་བ་དང་། །ངུ་ཞིང་ཟུར་གྱིས་ལྟ་བ་དང་། །སྐོམ་ཞིང་འཁྲུ་ལ་རྒྱུ་མ་འཁྲུགས། །ཞག་ལྟར་དྲི་ནི་མནམ་པ་དང་། །ཡན་ལག་ལོགས་ 202-1-104a གཅིག་གྲང་བ་དང་། །ཅིག་ཤོས་དྲོ་བ་ཉིད་ཡིན་ནོ། །ཞེས་བྱ་བ་ལ། གྲང་བའི་ལུས་སྲུལ་མོ་ཞེས་བྱ་བའི་བུད་མེད་ཀྱི་གཟུགས་ཅན་གྱི་གདོན་གྱིས་ཟིན་པའི་རྟགས་ནི་བྱིས་པ་ལུས་འདར་བ་ལ་སོགས་པ་ནས་ལུས་ཀྱི་གཞོགས་གཅིག་ནི་དྲོ་བར་གྱུར་པ་ལ་སོགས་ པའི་བར་ཡིན་ནོ། །སྲུལ་མོ་ལོང་མས་སློན་པ་དང་། །རིམས་དང་ལུད་པ་གཉིད་ཆུང་དང་། །བཤང་བ་སླ་ཞིང་མདོག་མི་སྡུག །དྲི་ང་བསྐུས་པས་མྱུར་དུ་སྐམ། །མཐོང་བ་ཉམས་ཤིང་མིག་ན་གཡའ། །མིག་སྐྲང་གློ་བར་གྱུར་པ་དང་། །སྐྱིགས་བུ་མི་དགོད་ནུ་ཞོ་འགྲས། །མདོག་ མི་སྡུག་ཅིང་ང་རོ་རྩུབ། །མདོག་ཉམས་ཉ་ཡི་དྲི་དང་ལྡན། །ཡང་ན་དྲི་ནི་སྐྱུར་བཅས་ཡིན། །ཞེས་བྱ་བ་ལ། སྲུལ་མོ་ལོང་མའི་གདོན་གྱིས་ཟིན་པའི་རྟགས་ནི། བྱིས་པ་སློན་ཞིང་སྐྱུགས་པ་ལ་སོགས་པ་དང་ལུས་དྲི་ང་བ་དང་ལུས་ཀྱི་ལྡེ་གུ་མྱུར་དུ་བསྐམས་པ་ལ་སོགས་པའི་བར་ཡིན་ནོ། ། བཞིན་རྒྱན་ཅན་གྱིས་རྐང་པ་དང་། །ལག་པ་གདོང་ནི་མཛེས་པ་དང་། །རྩ་ནི་ནག་པོར་སྣང་བ་ཡིས། །ལྟོ་བ་ཁྱབ་ཅིང་རིམས་ཀྱིས་འདེབས། །ཡི་ག་འཆུ་ཞིང་ཡན་ལག་ན། །བ་གཅིན་ལྟ་བུའི་དྲི་འབྱུང་འགྱུར། །ཞེས་བྱ་བ་ལ། བུད་མེད་ཀྱི་གཟུགས་ཅན་གྱི་གདོན་བཞིན་རྒྱན་ཅན་ གྱིས་ཟིན་པའི་རྟགས་ནི་བྱིས་པའི་རྐང་པ་ལ་སོགས་པ་སྡུག་ཅིང་མཛེས་པར་གྱུར་པ་ལ་སོགས་པ་ཡིན་ནོ། །ནམ་གྲུས་གནག་ཅིང་སྔོ་བ་དང་། །མིག་དང་རྣ་བ་སྣ་མེད་ཅིང་། །མིག་འགུལ་སྐྱིགས་བུ་ལུད་པ་ལུ། །ཁ་ནི་ཡོ་ཞིང་དམར་བ་དང་། །ལུག་ཐུག་དྲིར་ལྡན་རིམས་འདེབས་སྐེམ། ། བཤང་བ་སྔོ་ཞིང་སླ་བ་ཡིན། །ཞེས་བྱ་བ་ལ། ནམ་གྲུའི་བྱའི་གདོན་གྱིས་ཟིན་པའི་རྟགས་ནི། བྱིས་པའི་མདོག་གནག་ཅིང་སྔོ་བ་ལ་སོགས་པ་ཡིན་ནོ། །ནམ་གྲུ་སྐེམ་མོས་ལུས་ཀུན་ནི། །རིམས་ཀྱིས་འདེབས་པར་འགྱུར་བ་དང་། །སྐྲ་འབྱི་ཟས་ལ་མི་དགའ་དང་། །སྐད་གསང་ ཞུམ་ཞིང་མདོག་མི་སྡུག །བཤང་བ་ཁ་དོག་སྣ་ཚོགས་དང་། །ལྟོ་བར་རྩ་ཡི་མདུད་པ་ཆགས། །ངུ་ཞིང་བྱ་རྒོད་དྲི་ལྡན་ལ། །ཡུན་རིངས་ན་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། ནམ་གྲུ་སྐེམ་མོ་ཞེས་བྱ་བའི་གདོན་གྱི་རྟགས་ནི། ལུས་ཀྱི་ཡན་ལག་ཐམས་ཅད་སྐམ་ཞིང་རེངས་པ་ལ་ 202-1-104b སོགས་པ་ནས་ནད་ཡུན་རིང་དུ་ན་ཞིང་རྗེས་སུ་འབྲེལ་པ་ལ་སོགས་པའི་བར་ཡིན་ནོ། །ལྟོ་བར་རྨེན་བུ་ཟླུམ་པོར་འབྱུང་། །བཤང་བ་ཁ་དོག་སྣ་ཚོགས་འབྱུང་། །ལྕེ་ཡི་དབུས་ནི་དམའ་བ་དང་། །རྐན་ནི་གནག་འགྱུར་དེ་སྤང་བྱ། །ཞེས་བྱ་བ་ལ། བྱིས་པ་གང་ལྟོ་བར་རྨེན་བུའམ། ཐོར་བུ་ཟླུམ་པོ་བྱུང་བ་དང་བཤང་བ་ཁ་དོག་སྣ་ཚོགས་སུ་འབྱུང་བ་ལ་སོགས་པའི་བྱིས་པ་དེ་ནི་གསོ་བར་མི་རུང་བས་སྤང་བར་བྱའོ། །ཁ་ཟས་མང་པོ་ཟོས་ཀྱང་ནི། །བྱིས་པ་གང་ཞིག་ལུས་སྐེམ་བྱེད། །སྐེམ་པས་ཉེན་ཅིང་མིག་ཉམས་པ། །དེ་ནི་ནམ་གྲུ་སྐེམ་མོས་གསོད། ། ཅེས་བྱ་བ་ལ། བྱིས་པ་ཁ་ཟས་མང་ཞིང་སྣ་ཚོགས་ཟོས་སུ་ཟིན་ཀྱང་ལུས་སྐེམ་ཞིང་སྦེགས་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་དེ་ཉིད་ནམ་གྲུའི་གདོན་གྱིས་ངེས་པར་གསོད་པར་འགྱུར་རོ། །འཚེ་བ་ལ་དགའ་མཆོད་པར་འདོད། །གདོན་རྣམས་འཛིན་པའི་རྒྱུ་ཡིན་ནོ། །ཞེས་བྱ་བ་ ལ། གདོན་འཇུག་པར་འགྱུར་བའི་རྒྱུ་ནི་འཚེ་བར་བྱེད་ཅིང་སྲོག་གཅོད་པ་ལ་དགའ་བ་དང་། མཆོད་ཅིང་བརྗོད་པར་འདོད་པ་ཡིན་ནོ། །དེ་ལ་འཚེ་བའི་བདག་ཉིད་ཅན། །བྱིན་ཚེ་སྣ་ནས་འཛག་པ་དང་། །ལྕེ་ཉམས་མིག་ནི་གཏིང་དུ་འབྲོས། །བདེ་མེད་མིག་ནི་མཆི་མར་བཅས། ། ཉམ་ཆུང་ཚིག་ནི་དམན་པ་དང་། །དྲི་ང་བ་ནི་འབྱུང་བར་འགྱུར། །སྐེམ་ཞིང་རང་གི་བཤང་དང་གཅི། །ལག་པས་ཉེད་ཀྱི་སྨོད་མི་བྱེད། །ལག་པས་བཏེག་སྟེ་འབད་པ་ཡིས། །བདག་དང་དེ་བཞིན་གཞན་ལ་བརྡེག །མཚོན་དང་ཤིང་སོགས་ཀྱིས་བརྡེགས་ཤིང་། །འབར་བའི་ མེ་ལ་འཇུག་པར་བྱེད། །ཆུ་ནང་འབྱིང་ཞིང་ཁྲོན་པར་ལྟུང་། །གཞན་ཡང་དེ་འདྲར་བྱེད་པར་འགྱུར། །སྐོམ་དད་ཆེ་ཞིང་ཚ་བས་གནག །སློན་པར་བྱེད་པར་འགྱུར་བ་དང་། །བུ་ག་ཀུན་ནས་ཁྲག་འཛག་ཅིང་། །འཆི་ལྟས་བྱུང་བ་དེ་སྤང་བྱ། །ཞེས་བྱ་བ་ལ། དེ་ལ་གདོན་ དེ་རྣམས་ཀྱི་ནང་ནས་གདོན་འཚེ་བའི་བདག་ཉིད་ཅན་ཞེས་བྱ་བས་ནི། བྱིས་པ་འཚེ་བའམ། ཡང་ན་འཚེ་བའི་མཚན་ཉིད་དང་ལྡན་པ་དག་ལ་འཛིན་ཅིང་དེ་སྣ་ནས་འཛག་པ་དང་། ལྕེ་ཉམས་པ་ལ་སོགས་པ་ནས་མཚོན་དང་ཤིང་ལ་སོགས་པའི་བར་གྱིས་ཀྱང་བདག་དང་ 202-1-105a གཞན་ལ་རྡེག་པར་བྱེད་པ་དང་། མེ་ལ་འཇུག་པ་དང་། ཆུའི་ནང་དུ་ལུས་བྱིང་བ་དང་། ཁྲོན་པར་མཆོང་ཞིང་ལྟུང་བ་དང་། གཞན་ཡང་འཚེ་བའི་ལས་དེ་ལྟ་བུ་གཞན་ཡང་བྱེད་པར་འགྱུར་བ་དང་། སྐོམ་དད་ཆེ་བ་ལ་སོགས་པ་ཡིན་ཏེ། དེ་ལྟ་བུའི་འཚེ་ བའི་བདག་ཉིད་ཅན་གྱིས་ཟིན་པ་གང་ཡིན་པ་དེ་ནི་གསོར་མི་རུང་བས་སྤང་བར་བྱའོ། །དགའ་བ་འདོད་པས་གཟིར་གྱུར་པ། །དབེན་པར་བུད་མེད་འདོད་སྨྲ་དགའ། །དྲི་དང་མེ་ཏོག་ཕྲེང་རྒྱན་དགའ། །མགུ་ཞིང་ཞི་བ་གསོ་བར་དཀའ། །ཞེས་བྱ་བ་ལ། དགའ་བ་འདོད་པ་ཞེས་བྱ་ བའི་གདོན་གྱིས་མི་ཆེན་པོའམ། བྱིས་པ་ཟིན་པར་གྱུར་པ་ནི། དབེན་པའི་གནས་སུ་བུད་མེད་དང་ལྷན་ཅིག་འདོད་པ་སྤྱོད་པ་དང་། སྨྲ་བ་ལ་དགའ་བར་འགྱུར་བ་དང་། དྲི་དང་མེ་ཏོག་ལ་སོགས་པ་ལ་དགའ་བར་འགྱུར་བ་དང་། སེམས་མགུ་ཞིང་དགའ་བ་ལ་བརྟགས་པ་དང་། སྤྱོད་ལམ་ཞི་བ་དང་། གདོན་དེ་གསོ་བར་དཀའ་བ་ཡིན་ནོ། །ལྕེས་ནི་ཁ་ལ་ཉུག་པ་དང་། །མཆུ་རྐན་གྲེ་བ་སྐམས་པ་དང་། །དོགས་པས་ལྟ་ཞིང་ངུ་བ་དང་། །སེམས་ཁོང་ཆུད་ཅིང་ཞུམ་པ་དང་། །ཟས་འདོད་ལྟོགས་པར་གྱུར་ཀྱང་ནི། །བྱིན་ན་ཟ་བར་མི་འདོད་པ། །གཏོར་མ་ འདོད་པས་ཟིན་པ་སྟེ། །དེ་ནི་གསོ་སླ་ཡིན་ཞེས་བྱ། །ཞེས་བྱ་བ་ལ། གཏོར་མ་འདོད་པ་ཞེས་བྱ་བའི་གདོན་ཡོད་དེ། དེས་བྱིས་པའམ། མི་ཆེན་པོ་གང་དག་ཟིན་པར་གྱུར་པ་དེ་ནི་ལྕེས་ཁ་ལ་འབྱུག་ཅིང་འབྱུག་པ་དང་། མཆུ་ལ་སོགས་པ་བསྐམ་པར་འགྱུར་བ་དང་། དོགས་པ་དང་ བཅས་པས་ཀུན་ལ་ལྟ་བ་དང་། ངུ་ཞིང་ང་རོ་འབྱིན་པ་དང་། སེམས་ཁོང་དུ་ཆུད་པ་དང་། ཡིད་ཞུམ་པར་འགྱུར་བ་དང་། ཟས་འདོད་ཅིང་ཤིན་ཏུ་བཀྲེས་པར་གྱུར་ཀྱང་ཟས་བྱིན་ན་ཟས་མི་འདོད་པར་འགྱུར་བ་ནི་གཏོར་མ་འདོད་པ་ཞེས་བྱ་བའི་གདོན་གྱིས་ཟིན་པ་ཡིན་པར་ཤེས་པར་བྱ་སྟེ། དེ་ནི་གསོ་སླ་བ་ཡིན་ནོ། །གསོད་འདོད་པ་ལས་གྲུབ་པ་ཡི། །སྔགས་བཟླས་སྦྱིན་སྲེག་བྱ་བས་གཞོམ། །ཞེས་བྱ་བ་ལ། གདོན་སྲོག་འདོད་པ་ཞེས་བྱ་བ་གསོད་པར་འདོད་པ་ཡོད་དེ། དེ་ལ་ནི་གྲུབ་ཅིང་འབྲས་བུ་མངོན་དུ་སྣང་བའི་མཐུ་དང་ལྡན་པས་སྔགས་བཟླས་ཤིང་སྦྱིན་སྲེག་བྱ་བས། 202-1-105b གཞོམ་ཞིང་གསོ་བར་བྱའོ། །ཅིག་ཤོས་ལ་ནི་ཅི་འདོད་པར། །དགའ་དང་གཏོར་མ་སོགས་སྦྱིན་པས། །ཞེས་བྱ་བ་ལ། གསོད་པར་འདོད་པས་ཅིག་ཤོས་སུ་གྱུར་པའི་གདོན་དགའ་བར་འདོད་པ་དང་། གཏོར་མ་འདོད་པ་ཞེས་བྱ་བ་ལ་ནི་དགའ་བ་དང་། གཏོར་མ་སྦྱིན་པས་གསོ་ བར་བྱ་སྟེ། དགའ་བར་འདོད་པ་ལ་ནི་རྩེ་དགའི་བྱ་བ་སྦྱིན་པས་གསོ་ལ། གཏོར་མ་འདོད་པ་ལ་ནི་གཏོར་མ་སྦྱིན་པས་གསོ་བར་བྱའོ། །སོགས་པ་སྨོས་པས་ནི་འོག་ནས་བཤད་པའི་ཆོ་ག་གཞན་དག་ཀྱང་སྦྱར་བར་བྱའོ། །དེ་ནས་གསོར་རུང་གདོན་ལ་ནི། །བྱིས་པ་ཁང་པ་དབེན་ པར་གཞག །ཞག་གསུམ་ཆག་ཆག་ཕྱག་དར་བྱས། །རྟག་ཏུ་མེ་ནི་བཞག་པ་ཡི། །པུ་ཏིའི་མེ་ཏོག་སིལ་མ་དང་། །འདབ་མ་ས་བོན་ཡུངས་ཀར་གཏོར། །གདོན་འཇོམས་ཏིལ་མར་སྦར་བ་ཡི། །མར་མེས་གདོན་ནི་འཇོམས་པར་བྱེད། །ནད་གཡོག་ཉལ་པོ་ཆངས་དང་ ཤ །ཡོངས་སུ་སྤངས་པར་གྱུར་པ་ཡི། །མར་ནི་རྙིང་པས་བསྐུས་ནས་ནི། །བ་ལ་ནིམ་པ་ཏར་ཀ་རི། །དོང་གྲ་ཐང་ཤིང་ཀ་ཏང་ག །འཛམ་བུ་དང་ནི་ཏ་མ་ལ། །ཀ་ཏྲི་ན་དང་ལྕམ་པ་དང་། །ཨ་པ་མརྒ་པ་ཏ་ལི། །མ་དུ་ཤི་ཀྲུ་ཞེས་བྱ་དང་། །ཀ་ཀ་ཛ་ཀ་ཤྭེ་ཏ་ཆེ། །བིལ་རྐང་འོ་མ་ཅན་ གྱི་ཤིང་། །ཀ་དམ་པ་བཅས་ཀ་རཉྫ། །ཆུ་ནི་དྲོ་འཇམ་དག་གིས་བཀྲུ། །ཞེས་བྱ་བ་ལ། དེ་ནས་གསོར་རུང་བའི་གདོན་གྱིས་ཟིན་པའི་བྱིས་པ་ཁང་པ་དབེན་ཞིང་ཡངས་པར་ཞག་གསུམ་གྱི་བར་དུ་ཆག་ཆག་དང་། ཕྱག་དར་ལན་གསུམ་བྱས་ལ་རྟག་པར་རྒྱུན་མི་འཆད་པར་མེ་ གཞག་པ་དང་། པུ་ཏི་ལ་སོགས་པའི་མེ་ཏོག་གི་སིལ་མ་གཏོར་བར་བྱ་བ་དང་། དེ་བཞིན་དུ་གདོན་འཇོམས་པའི་རྫས་ཡུངས་མར་ལ་སོགས་པ་སྦར་བའི་མར་མེ་གཞག་པར་གྱུར་པ་དེར་ནད་པ་དེ་གཞག་ལ། ནད་གཡོག་འཁྲིག་པ་ལ་སོགས་པ་སྤངས་པར་གྱུར་པ་དག་གིས་མར་རྙིང་པས་ ནད་པའི་ལུས་བསྐུས་ལ་བ་ལ་དང་ནིམ་པ་ལ་སོགས་པའི་སྨན་དང་། བསྐོལ་བའི་ཆུ་དྲོ་འཇམ་ཙམ་གྱིས་བླུགས་ཤིང་ནད་པ་བཀྲུ་བར་བྱའོ། །ཏར་ཀ་རི་ནི་ཨ་ག་ནི་མན་ཏའོ། །ཀ་ཏང་ག་ནི་ཨ་རུ་ལ་ཀའོ། །ཏ་མ་ལ་ནི་བ་ར་ནའོ། །ཀ་ཏྲི་ན་ནི་བུ་ཏྲི་ནའོ། །ལྕམ་པ་ནི་སུ་པར་ཙ་ལའོ། །མ་དུ་ 202-1-106a ཤི་ཀྲུ་ནི་སོ་བན་ཛ་ནའོ། །ཤྭེ་ཏ་ཅེ་ནི་མ་ཧཱ་ཀཤེྤ་ཏ་སྟེ་གི་རི་ཀར་ཎིའོ། །འོ་མ་ཅན་གྱི་ཤིང་ནི་ནྱ་གྲོ་དྷའི་ཤིང་ལ་སོགས་པའོ། །ཀ་དམ་པ་ནི་ཨ་མ་པ་དན་པའོ། །སྟག་དང་གཟིག་དང་སེང་གེ་སྦྲུལ། །དོམ་གྱི་པགས་པ་མར་དང་བཅས། །བདུག་པས་ཁྲུས་བྱས་འོག་ཏུ་ བདུག །ཅེས་བྱ་བ་ལ། བྱིས་པ་ཁྲུས་བྱས་པའི་འོག་ཏུ་སྟག་ལ་སོགས་པའི་པགས་པ་བསྲེགས་པའི་དུད་པས་ལུས་ལ་བདུག་པར་བྱའོ། །པུ་ཏི་ཡུངས་ཀར་ཤ་རང་ག །ཤུ་དག་གོ་བྱེ་ལ་ལ་ཕུད། །རུ་རྟ་མར་བཅས་བདུག་པས་ནི། །གདོན་ཀུན་ལས་ནི་ཐར་བྱེད་ཡིན། །ཞེས་ བྱ་བ་ལ། པུ་ཏི་ཀ་རཉྫ་དང་། ཤ་རང་གའི་རྩ་བ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་དང་། མྱུ་གུ་དང་། ཤིང་གི་ནང་གི་སྙིང་པོ་དང་། ཁུ་བ་དང་། ཚེར་མ་དང་། ཤུ་དག་ལ་སོགས་པའི་སྨན་གྱི་བདུགས་པས་ཀྱང་བྱིས་པའི་གདོན་ཐམས་ཅད་ལས་ཐར་བར་བྱེད་དོ། ། ཡུངས་ཀར་ནིམ་པའི་ལོ་མ་དང་། །ཤུ་དག་ཀ་ར་བཱི་རའི་རྩ། །གྲོ་བ་མར་སྦྱར་བདུགས་པས་ནི། །གདོན་ནི་ཐམས་ཅད་སེལ་བར་བྱེད། །ཅེས་བྱ་བ་ལ། ཡུངས་ཀར་ལ་སོགས་པའི་སྨན་མར་དང་སྦྱར་བའི་དུད་པ་བྱིས་པ་ལ་བདུགས་ན་ཡང་གདོན་ཐམས་ཅད་སེལ་བར་བྱེད་དོ། །བ་ལང་ རྭ་དང་རུས་པ་སྤུ། །པགས་པ་བྱི་ལའི་རྟུག་པ་དང་། །ནིམ་པའི་ལོ་མ་པུ་ཙེ་ཤེལ། །མར་དང་བྲི་ཧ་ཏི་གཉིས་དང་། །རས་བལ་ས་བོན་པོ་སོན་ཆ། །ནས་དང་ར་སྤུ་ཐང་ཤིང་དང་། །ཡུངས་ཀར་རྨ་བྱའི་སྒྲོ་དང་པོག །སྐྲ་དང་ཕུབ་མ་ཕ་བང་དང་། །རྫ་མར་ར་ཐུག་གཅིན་དང་སྦངས། ། ཞིབ་བཏགས་པ་ཡི་བདུགས་པས་ནི། །འབྱུང་པོའི་གདོན་ནི་ཐམས་ཅད་དང་། །མི་བཟད་རིམས་ནི་འཇོམས་པར་བྱེད། །ཅེས་བྱ་བ་ལ། བ་ལང་གི་རྭ་ལ་སོགས་པའི་སྨན་རྫ་སྣོད་སར་པའི་ནང་དུ་ར་ཐུག་གི་གཅིན་དང་སྦངས་ཏེ། གཅིན་དེ་ཉིད་བཏགས་པའི་རེང་བུ་སྐམ་པོའི་དུད་ པས་ནི་གདོན་ཐམས་ཅད་དང་རིམས་ནད་ཐམས་ཅད་འཇོམས་པར་བྱེད་དོ། །བྱི་ཚེར་ཨ་མྲའི་ཚི་གུ་དང་། །རྒྱ་སྤོས་མངར་སྡེ་ན་ལེ་ཤམ། །ཀྲྀཥྞ་པརྞི་གླ་སྒང་རྣམས། །ལྡེ་གུར་བཅས་པ་མར་དང་ནི། །འོ་མ་རྩ་བ་བཅུ་བསྐོལ་ཁུར། །བཅས་བསྐོལ་དེ་ནི་གདོན་འཇོམས་མཆོག ། ཅེས་ 202-1-106b བྱ་བ་ལ། ཨ་མྲའི་ཚི་གུ་ནི་ཨ་མྲའི་འབྲས་བུའི་ནང་ན་ཡོད་པའོ། །མངར་བའི་སྡེ་ཚན་ནི་འཚོ་བྱེད་ཀྱི་སྡེ་ཚན་ནོ། །གཞན་ནི་གོ་བར་ཟད་དེ་རྫས་དེ་དག་ལྡེ་གུར་བྱས་པ་དང་། མར་ལ་སོགས་པ་བསྐོལ་ཏེ། མར་དེ་བླུད་ན་གདོན་ཐམས་ཅད་འཇོམས་པར་བྱེད་དོ། །ར་སྣ་ཨཾ་ཤུ་མ་ཏི་གཉིས། ། བ་ལ་རྩ་བ་ཆེན་པོ་ལྔ། །གླ་སྒང་བཏགས་ཏེ་མར་དང་བསྐོལ། །ཚ་བ་གསུམ་དང་ཙི་ཏྲ་ཀའི། །ཐལ་ཏེས་པ་ཏྲ་བྱི་དང་ག །ཤིང་མངར་ཤིང་ཀུན་པ་ཡ་སྱ། །ཐང་ཤིང་པི་པི་ལིང་རྩ་བ། །དུག་མོ་ཡུངས་དང་བཅས་པ་ཡི། །ལྡེ་གུ་མར་དང་བསྐོལ་བ་ཡིས། །རྟག་ཏུ་བྱིས་པ་ལ་ཕན་ ཞིང་། །ནད་དང་གདོན་ནི་ཐམས་ཅད་འཇོམས། །མེ་དྲོད་སྟོབས་དང་ཁ་དོག་སྐྱེད། །ཅེས་བྱ་བ་ལ། ར་སྣ་དང་ཨཾ་ཤུ་མ་ཏི་གཉིས་ཀྱི་ལོ་མ་ལ་སོགས་པའི་སྨན་གྱི་ལྡེ་གུ་དང་བསྐོལ་བའི་མར་ནི་བྱིས་པ་ལ་རྟག་ཏུ་ཕན་ཞིང་རིམས་ལ་སོགས་པའི་ནད་དང་འབྱུང་པོ་ལ་སོགས་པའི་གདོན་ཐམས་ ཅད་འཇོམས་པར་བྱེད་ཅིང་མེ་དྲོད་སྐྱེད་པ་དང་། ལུས་ཀྱི་སྟོབས་དང་། ཁ་དོག་སྐྱེད་པ་ཡིན་ནོ། །ཤ་རི་བ་དང་མུ་ར་དང་། །བྲཧྨི་ཤུ་དག་ཤང་ཁི་ནི། །ཡུངས་ཀར་ཨ་ཤྭ་གནྡྷ་དང་། །བྱེ་རུག་པ་བཅས་མར་དང་བསྐོལ། །དེ་ནི་བཏུང་བའམ་བསྐུ་བ་ཡིས། །གདོན་རྣམས་ཐམས་ཅད་ འཇོམས་པར་བྱེད། །ཅེས་བྱ་བ་ལ། ཤ་རི་བ་ལ་སོགས་པ་ལྡེ་གུ་དང་མར་དུ་བསྐོལ་བའི་མར་དེ་བཏུང་བའམ་བསྐུ་བ་བྱས་ན་གདོན་ཐམས་ཅད་འཇོམས་པར་བྱེད་པ་ཡིན་ནོ། །མར་གང་འབྱུང་པོའི་རིག་པ་རུ། །འོག་ནས་བཤད་པ་དག་དང་ནི། །དེ་བཞིན་གཏོར་མ་སྦྱིན་སྲེག་དང་། ། ཁྲུས་ནི་སྔགས་རྒྱུད་ཤེས་པས་སྦྱར། །ཞེས་བྱ་བ་ལ། སྨན་མར་གང་འབྱུང་པོའི་རིག་པ་ཞེས་བྱ་བ། འབྱུང་པོའི་ནད་གསོ་བའི་སྐབས་ནས་འབྱུང་བ་གང་ཡིན་པ་ཡང་བྱིས་པ་ལ་སྦྱར་བར་བྱ་ལ། དེ་བཞིན་དུ་འོག་ནས་བཤད་པའི་གཏོར་མ་དང་། གཞན་ཡང་སྦྱིན་སྲེག་གི་ལས་དང་། ཁྲུས་ཀྱི་ཆོ་ག་གང་ཡིན་པ་དག་ཀྱང་སྔགས་ཀྱི་རྒྱུད་ཤེས་པའི་སྔགས་པས་སྔགས་ལས་བཤད་པའི་ཆོ་ག་བཞིན་དུ་སྦྱར་བར་བྱའོ། །པུ་ཏི་ཀ་རཉྫའི་ཤུན་པ། །བར་བ་ར་ཡི་རྩ་བ་དང་། །ཀུ་བ་ཁ་བོ་བི་ཤ་ལ། །ཀ་ཏྲ་ཀ་དང་བིལ་བ་དང་། །ཀ་པིད་ཐ་བསྐོལ་དེས་མཚན་མོ། །བྱིས་པ་བཀྲུས་ན་ཤིས་ 202-1-107a པ་ཡིན། །ཞེས་བྱ་བ་ལ། པུ་ཏི་ཀ་རཉྫའི་ཤུན་པ་དང་། ལོ་མ་དང་། ཤིང་མངར་བར་བ་རེའི་རྩ་བ་དང་། ཀུ་བ་ཁ་བོ་ནས་བིལ་བ་དང་། ཀ་པིད་ཐའི་བར་ཆ་མཉམ་པར་བྱས་པ་བསྐོལ་བའི་ཆུ་དེས་མཚན་མོ་བྱིས་པ་བཀྲུས་ན་ཤིས་ཤིང་དཔལ་བསྐྱེད་པ་ཡིན་ ནོ། །གདོན་དང་བྲལ་ཡང་བླ་བརྣན་ནད། །རྗེས་སུ་འབྲེལ་པ་ཐམས་ཅད་ལ། །བྱིས་པའི་ནད་གསོར་བཤད་པ་ཡི། །སྨན་གྱིས་ཇི་བཞིན་གསོ་བར་བྱ། །ཞེས་བྱ་བ་ལ། གནོད་པ་བསལ་ཞིང་དེ་དང་བྲལ་བར་གྱུར་ཀྱང་བླ་བརྣན་གྱི་ནད་དང་རྗེས་སུ་འབྲེལ་བར་གྱུར་ཅིང་ཡུན་རིང་དུ་གནས་ པར་གྱུར་པ་དེ་ཐམས་ཅད་ལ་ནད་དམིགས་ཇི་ལྟ་བ་བཞིན་དུ་བྱིས་པའི་ནད་གསོ་བར་བཤད་པའི་སྨན་གྱིས་གསོ་ཞིང་བཅོས་པར་བྱའོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། གནས་ཕྱི་མའི་ ལེའུ་གསུམ་པའི་འགྲེལ་པའོ། །བྱིས་པ་གསོ་བའི་བཤད་པ་རྫོགས་སོ།། །།དེ་ནས་འབྱུང་པོའི་གདོན་གྱི་ནད་དམིགས་ཤེས་པ་བཤད་པར་བྱའོ། །ཞེས་བྱ་བ་ལ། བྱིས་པའི་གདོན་གྱི་རྗེས་ལ་འབྱུང་པོའི་གདོན་གྱི་དམིགས་ཤེས་པར་བྱ་བའི་ལེའུ་བཞི་པ་ནི་དེ་ཉིད་དུ་ བརྩམ་པར་འོས་པ་ཡིན་ནོ། །གདོན་ཕལ་ཆེར་ཕན་ཚུན་གཅིག་ལ་གཅིག་གསོ་བའི་ཚུལ་གཅིག་སྟེ་ཁྱད་པར་མེད་པ་ཡིན་པའི་ཕྱིར་རོ། །ཤེས་དང་རྣམ་ཤེས་ཚིག་དང་ནི། །སྤྱོད་པ་སྙིང་སྟོབས་རང་བཞིན་དག །གང་གི་རང་བཞིན་འགྱུར་བར་སྣང་། །དེ་ལ་འབྱུང་པོའི་གདོན་ཡོད་བཤད། ། ཅེས་བྱ་བ་ལ། སྐྱེས་བུ་གང་ཤེས་པ་ལ་སོགས་པ་རང་བཞིན་འགྱུར་ཞིང་ཕྱིན་ཅི་ལོག་ཏུ་སྣང་ན། མི་དེ་ལ་འབྱུང་པོའི་གདོན་ཡོད་ཅེས་ངེས་པར་བཤད་པར་བྱའོ། །དེ་ལ་ཤེས་པ་ནི་འཇིག་རྟེན་པའི་སྒྲ་ཤེས་པས་བརྩམ་མོ། །རྣམ་པར་ཤེས་པ་ནི་སྐབས་འདིར་ཁྱད་པར་ཤེས་པས་དེ་ཁོ་ན་ཉིད་ རྟོགས་པའོ། །འབྱུང་པོའི་གཟུགས་དང་རང་བཞིན་དང་། །སྨྲ་དང་འགྲོ་སོགས་སྤྱོད་པ་དང་། །གང་ཞིག་འདྲེ་བར་བྱེད་པ་དག །དེ་ལ་དེ་ནི་ཞུགས་པར་བཤད། །ཅེས་བྱ་བ་ལ། འབྱུང་པོ་ནི་ལྷ་དང་ལྷ་མ་ཡིན་དང་དྲི་ཟ་ལ་སོགས་པའི་དབྱེ་བས་བྱེ་བའི་སེམས་ཅན་རྣམས་ཏེ། 202-1-107b དེའི་གཟུགས་དང་རང་བཞིན་ལ་སོགས་པའི་ཚུལ་མཐུན་པར་བྱེད་པ་གང་ཡིན་པ་དེ་ནི་མི་དེ་ལ་གདོན་དེ་ཞུགས་པ་ཡིན་པར་ཤེས་པར་བྱའོ། །དེ་ནི་ལྷ་དང་ལྷ་མིན་སོགས། །དབྱེ་བ་རྣམ་པ་བཅོ་བརྒྱད་བཤད། །ཅེས་བྱ་བ་ལ། འབྱུང་པོའི་གདོན་ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟ་ལ་སོགས་པའི་དབྱེ་བས་ མདོར་བསྡུས་ན་གྲངས་བཅོ་བརྒྱད་ཡིན་པར་ཤེས་པར་བྱའོ། །དེ་འཛིན་རྒྱུ་ནི་འཕྲལ་གཏམ་ནི། །སྔོན་ཆད་ཤེས་རབ་འཆལ་པ་ཡི། །བློ་ཡིས་ཉེས་པ་བྱས་གྱུར་ནས། །དེ་ཡི་ཆགས་པ་སོགས་བསྐྱེད་པས། །བརྟུལ་ཞུགས་སྤྱོད་དང་ཆོས་ལུགས་ཉམས། །མཆོད་འོས་རྣམས་ནི་བརྙས་པ་ དང་། །གཞུང་ལུགས་ཉམས་པ་དེ་དང་ནི། །སྡིག་དང་བདག་ཉིད་གསོད་བྱེད་ན། །གདོན་ནི་གླགས་སྐབས་ཚོལ་བྱེད་པས། །ལྷ་ལ་སོགས་པའང་རྗེས་གནོད་བྱེད། །ཅེས་བྱ་བ་ལ། གདོན་དེ་རྣམས་འཛིན་ཅིང་འཇུག་པའི་རྒྱུ་ནི་ཤེས་རབ་འཆལ་པའི་དབང་གིས་ཉེས་པའི་ལས་ཚེ་འདིར་འཕྲལ་ དུ་བྱས་པའམ། ཡང་ན་སྔོན་ཆད་བྱས་པར་གྱུར་ལ། རྒྱུ་དེའི་དབང་གིས་ཆགས་པ་དང་། ཁྲོ་བ་དང་ང་རྒྱལ་ལ་སོགས་པ་སྐྱེས་པར་གྱུར་པས་སྐྱེས་བུ་བརྟུལ་ཞུགས་དང་སྤྱོད་པ་དང་རང་གི་ཆོས་ལུགས་ཉམས་པར་གྱུར་ཅིང་མཆོད་པར་འོས་པ་བླ་མ་ལ་སོགས་པ་ལ་བརྙས་པར་བྱེད་པ་དང་། དེ་བཞིན་ དུ་རང་གི་ཆོས་ལུགས་སམ། འཇིག་རྟེན་པའི་ཁྲིམས་ཀྱི་གཞུང་ལས་ཉམས་པར་བྱེད་པ་དང་། སྡིག་པའི་ཚུལ་ལ་སོགས་པ་བྱེད་པར་འགྱུར་ལ། དེ་ལྟ་བུའི་གླགས་རྙེད་པ་དང་། གླགས་སྐབས་ཚོལ་བར་བྱེད་པའི་གདོན་གྱི་རིགས་ལྷ་ལ་སོགས་པ་རྣམས་ཀྱིས་དེ་ལ་གནོད་ཅིང་འཚེ་བར་བྱེད་དོ། ། གླགས་ནི་སྡིག་ལ་སོགས་པ་དང་། །མི་དགེའི་ལས་ནི་སྨིན་པ་དང་། །གཅིག་པུར་ཁང་སྟོང་གནས་པའམ། །དུར་ཁྲོད་སོགས་པར་མཚན་མོ་གནས། །གཅེར་བུར་རྒྱུ་བའམ་བླ་མ་སྨོད། །འཁྲིག་པ་ཚུལ་མིན་སྤྱོད་པ་དང་། །གཙང་སྦྲ་མེད་པར་ལྷ་མཆོད་དང་། །མི་གཙང་གཞན་དང་ འདྲེས་པ་དང་། །སྦྱིན་སྲེག་སྔགས་གཏོར་མཆོད་སྦྱིན་རྣམས། །ཕྱིན་ཅི་ལོག་ཏུ་བྱེད་པ་དང་། །མདོར་ན་ཉིན་རེ་སྤྱོད་སོགས་པས། །སྤྱོད་པ་བརྟན་པ་ལས་འདས་པའོ། །ཞེས་བྱ་བ་ལ། གདོན་དེ་རྣམས་འཛིན་ཅིང་གླགས་སྐབས་ཚོལ་བའི་རྒྱུ་ནི་སྲོག་གཅོད་པ་ལ་སོགས་པའི་སྡིག་པ་ལ་བརྩོན་ 202-1-108a པར་བྱེད་པ་དང་། སྔོན་ཆད་མི་དགེ་བའི་ལས་བྱས་པར་གྱུར་པ་སྨིན་ཅིང་ཉམས་སུ་མྱོང་བའི་དུས་ལ་བབ་པ་དག་ནི་གདོན་དེ་ལ་འཇུག་པའི་གླགས་སྐབས་ཡིན་ནོ། །དེ་བཞིན་དུ་གཅིག་པུ་གྲོགས་མེད་པར་ཁང་སྟོང་ལ་སོགས་པར་གནས་པ་དང་། ཡང་ན་དུར་ཁྲོད་དང་། ཤིང་ ཆེན་པོའི་དྲུང་དང་། བས་མཐའ་ལ་སོགས་པར་མཚན་མོ་གནས་ཤིང་ཉལ་བ་དང་། དེ་བཞིན་དུ་དུས་སུ་ཕྱོགས་ཀྱི་གོས་འཆང་ཞིང་གོས་སྤང་བ་དང་། དེ་བཞིན་དུ་མཆོད་པར་འོས་པའི་བླ་མ་རྣམས་ལ་སྨོད་ཅིང་བརྙས་པ་དང་། དུས་ཚིགས་དག་ཏུ་སྤྱོད་པ་དང་། བུད་མེད་ཟླ་མཚན་དང་ལྡན་ པ་ལ་འཁྲིག་པ་སྤྱོད་པར་བྱེད་པ་དང་། གཙང་སྦྲའི་སྤྱོད་པ་མེད་པར་ལྷ་ལ་མཆོད་པར་བྱེད་པ་དང་། གཞན་བུ་བཅས་ཤིང་མི་གཙང་བ་དག་དང་འདྲེས་ཤིང་རེག་པ་དང་། སྦྱིན་སྲེག་ལ་སོགས་པའི་ལས་ཕྱིན་ཅི་ལོག་ཏུ་བྱེད་ཅིང་དེའི་བརྟུལ་ཞུགས་ཉམས་པ་སྟེ། མདོར་ན་ཉིན་རེ་ཞིང་རྟག་ཏུ་ སྤྱད་པའི་ལེའུ་ལས་སྨོས་པའི་སྤྱོད་པ་དག་ལས་འདས་པར་གྱུར་པ་དེ་ཐམས་ཅད་ནི་གདོན་འཇུག་པའི་གླགས་སྐབས་ཀྱི་རྒྱུ་ཡིན་ནོ། །ལྷ་ཡི་གདོན་གྱི་ཡར་ངོ་ཡི། །ཚེས་གཅིག་བཅུ་གསུམ་དག་ལ་འཛིན། །ཞེས་བྱ་བ་ལ། གདོན་དེ་དག་ལས་ལྷའི་གདོན་འཛིན་པའི་དུས་ནི་ཡར་ངོའི་ཚེས་ གཅིག་དང་བཅུ་གསུམ་པ་ལ་འཛིན་པར་བྱེད་དོ། །ལྷ་མིན་གདོན་ནི་ཡར་ངོ་ཡི། །བཅུ་གསུམ་མར་ངོའི་བཅུ་གཉིས་ལ། །ཞེས་བྱ་བ་ལ། ལྷ་མ་ཡིན་གྱི་གདོན་ཡར་ངོའི་ཚེས་བཅུ་གསུམ་དང་མར་ངོའི་ཚེས་བཅུ་གཉིས་ལ་འཛིན་པར་བྱེད་དོ། །དྲི་ཟའི་གདོན་ནི་བཅུ་བཞི་དང་། །བཅུ་གཉིས་དག་ ལའང་འཛིན་པར་བྱེད། །ཅེས་བྱ་བ་ལ། དྲི་ཟའི་གདོན་གྱིས་ནི་མར་ངོའི་ཚེས་བཅུ་བཞི་དང་བཅུ་གཉིས་ལ་འཛིན་པར་བྱེད་དོ། །ཀླུ་གདོན་ཚེས་ལྔ་ལ་འཛིན་བྱེད། །ཅེས་བྱ་བ་ལ། ཀླུའི་གདོན་ནི་ཟླ་བ་ཡར་ངོའི་ཚེས་ལྔ་ལ་འཛིན་ཏོ། །གནོད་སྦྱིན་གདོན་ནི་ཡར་ངོ་ཡི། །ཚེས་བདུན་བཅུ་གཅིག་དག་ ལ་འཛིན། །ཞེས་བྱ་བ་ལ། གནོད་སྦྱིན་གྱི་གདོན་ཞེས་བྱ་བ་ནོར་གྱི་བདག་པོའི་གདོན་ནི་ཟླ་བ་ཡར་ངོའི་ཚེས་བདུན་དང་བཅུ་གཅིག་དག་ལ་འཛིན་ནོ། །ཚངས་པ་སྲིན་པོ་ཡར་ངོ་ཡི། །ཚེས་བརྒྱད་བཅོ་ལྔ་དག་ལ་འཛིན། །ཞེས་བྱ་བ་ལ། ཚངས་པ་སྲིན་པོ་ཞེས་བྱ་བའི་གདོན་ནི་ཚེས་བརྒྱད་དང་ 202-1-108b ཟླ་བ་ལ་མི་ལ་འཛིན་པར་བྱེད་དོ། །སྲིན་པོ་ཤ་ཟ་སོགས་མར་ངོའི། །ཚེས་གཅིག་ཚེས་དགུ་བཅུ་གཅིག་ལ། །ཞེས་བྱ་བ་ལ། སྲིན་པོ་ལ་སོགས་པའི་གདོན་ནི་མར་ངོའི་ཚེས་གཅིག་དང་ཚེས་དགུ་དང་བཅུ་གཅིག་ལ་འཛིན་ཏོ། །མཚུན་ལྷ་གནམ་སྟོང་ཚེས་བཅུ་དང་། །བརྒྱད་དང་དགུ་པ་དག་ ལ་འཛིན། །ཞེས་བྱ་བ་ལ། མཚུན་ལྷར་གཏོགས་པའི་གདོན་ནི་གནམ་སྟོང་ལ་སོགས་པ་ལ་འཛིན་ནོ། །རྒན་པོ་ལ་སོགས་གཞན་དག་ནི། །ཕལ་ཆེར་དུས་དེའི་ཐུན་མཚམས་ལའོ། །ཞེས་བྱ་བ་ལ། རྒན་པོ་སྟེ། ཕ་མ་ལ་སོགས་པ་ལས་གདོན་དུ་གྱུར་པ་གཞན་དག་ལ་ནི་ཕལ་ ཆེར་ཚེས་བརྒྱད་དང་། ཚེས་དགུ་དག་ལ་ཉིན་མཚན་གྱི་ཐུན་མཚམས་ལ་འཛིན་པར་བྱེད་དོ། །ལྷ་ཡི་གདོན་གྱིས་དབང་བྱས་ལ། །གདོང་ནི་པདྨ་ཁ་བྱེ་འདྲ། །ལྟ་སྟངས་ཞི་ཞིང་ཁྲོ་བ་མེད། །ཚིག་ཉུང་རྡུལ་དང་བཤང་གཅི་ཉུང་། །ཁ་ཟས་ལ་ནི་གནོད་པ་མེད། །ལྷ་དང་བྲམ་ཟེ་ལ་རབ་དགའ། ། གཙང་ཞིང་སཾ་སྐྲྀ་ཏའི་སྐད་སྨྲ། །ཡུན་རིང་ནས་ནི་མིག་འཛུམས་ཤིང་། །ལུས་དྲི་ཞིམ་ཞིང་མཆོག་སྟེར་བྱེད། །གོས་ཕྲེང་དཀར་པོ་ཆུ་བོ་དང་། །རི་མཐོ་ཁང་པ་མཐོ་ལ་དགའ། །གཉིད་མེད་ཚུགས་པ་མེད་པ་ཡིན། །ཞེས་བྱ་བ་ལ། གདོན་དེ་དག་ལས་ལྷའི་གདོན་གྱིས་ཟིན་ཅིང་དབང་དུ་བྱས་ པའི་རྟགས་ནི་གདོང་པདྨ་ཁ་ཕྱེ་བ་འདྲ་བ་ལྟར་མདངས་དང་ལྡན་པ་དང་། ལྟ་སྟངས་ཞི་ཞིང་མི་སྡུག་པ་མེད་པ་དང་། ཁྲོ་ཞིང་འཁྲུག་པ་མེད་པ་དང་། ཚིག་ཉུང་ཞིང་རྔུལ་དང་བཤང་གཅི་ཉུང་བ་དང་། ཁ་ཟས་ལ་མི་གདུ་བ་དང་། ལྷ་དང་བྲམ་ཟེ་ལ་དགའ་ཞིང་མཆོད་པ་དང་། གཙང་ཞིང་ ཁྲུས་ལ་སོགས་པ་ལ་དགའ་བ་དང་། སཾ་སྐྲྀ་ཏའི་སྐད་དུ་སྨྲ་བ་དང་། མིག་ཡུན་རིང་ཞིག་ནས་འཛུམས་པར་བྱེད་པ་དང་། ལུས་ལ་དྲི་ཞིམ་པོའི་ངད་དང་ལྡན་པ་དང་། མཆོག་སྦྱིན་མཆོག་སྦྱིན་ནོ། །ཞེས་སྨྲ་བ་དང་། གོས་དཀར་པོ་ལ་སོགས་པ་ལ་དགའ་བ་དང་། མཚན་མོ་གཉིད་ཡར་ ཞིང་ཆུང་བ་དང་། གཞན་གྱིས་ཚུགས་པ་མེད་ཅིང་ཟིལ་གྱིས་མི་ནོན་ཏེ། དེ་ལྟ་བུའི་མི་དེ་ནི་ལྷའི་གདོན་གྱིས་དབང་དུ་བྱས་པ་ཡིན་པར་ཤེས་པར་བྱའོ། །ལྷ་མིན་གདོན་གྱིས་ཟིན་པ་ནི། །ཡོན་པོར་བལྟ་ཞིང་རང་བཞིན་ངན། །ལྷ་དང་བླ་མ་བྲམ་ཟེ་དང་། །འཇིགས་མེད་ཁེངས་ཤིང་དཔའ་བ་ 202-1-109a དང་། །ཁྲོ་ཞིང་རྩོལ་བ་ཆེ་བ་དང་། །ང་ནི་དྲག་པོ་ཁྱབ་འཇུག་དང་། །སྐེམ་བྱེད་བརྒྱ་བྱིན་ཡིན་ཞེས་བཤད། །ཤ་དང་ཆང་ལ་དགའ་ཞེས་བྱ། །དྲི་ཟའི་གདོན་གྱིས་ཟིན་པའི་རྟགས། །རང་སྤྱོད་ལ་དགའ་ལུས་དྲི་ཞིམ། །སྙིང་དགའ་གླུ་དང་གར་ཡང་བྱེད། ། ཁྲུས་དང་སྐྱེད་མོས་ཚལ་ལ་དགའ། །གོས་ཕྲེང་བྱུག་པ་དམར་ལ་སྲེད། །སྒེག་དང་རྩེད་མོ་ལ་མངོན་དགའ། །ཀླུ་ཡི་གདོན་གྱིས་ཟིན་པའི་རྟགས། །མིག་དམར་ཁྲོ་ཞིང་མིག་འགྱུར་ལྟ། །ཡོན་པོར་འགྲོ་ཞིང་བལྟ་བ་དང་། །ཉིན་མཚན་དབུགས་རྒོད་ལྕེ་ལས་ནི། །ཁ་ཆུ་འཛག་ ཅིང་ཁ་འགྲམ་ལྷག །བུ་རམ་འོ་མ་ཁྲུས་ལ་དགའ། །ཁ་བུབ་ཏུ་ནི་ཉལ་བར་བྱེད། །གདུགས་མཐོང་ན་ཡང་འཇིགས་པ་ཡིན། །ཞེས་བྱ་བ་ལ། དེ་ལ་ཀླུའི་གདོན་གྱིས་ཟིན་པའི་དབང་དུ་བྱས་པའི་རྟགས་ནི་མིག་དམར་ཞིང་ཁྲག་གིས་ཁྱབ་པ་དང་། ཁྲོ་ཞིང་ཞེ་སྡང་བའི་ངང་ཚུལ་དང་ ལྡན་པ་དང་། འགྱུར་བ་མེད་ཅིང་མིག་མི་འགྱུར་བར་ལྟ་བ་དང་། སྦྲུལ་ལྟར་ཡོན་པོར་འགྲོ་བ་དང་། གཡོ་ཞིང་མི་བརྟན་པ་དང་། ཉིན་དང་མཚན་དུ་རྒྱུན་དུ་དབུགས་རྒོད་ཅིང་འབྱིན་པ་དང་། ལྕེ་སྐྱོད་ཅིང་འབྱིན་པ་དང་། ཁ་ཆུ་འཛག་པ་དང་། མཆུ་གཉིས་ཀྱི་མཚམས་ཀྱི་ཁ་འགྲམ་ ལྷག་པ་དང་། བུ་རམ་ལ་དགའ་བ་དང་། འོ་མ་ལ་དགའ་བ་དང་། ཁྲུས་དང་གཙང་སྦྲ་ལ་དགའ་བ་དང་། ཁ་བུབ་ཏུ་གདོང་ཕབ་སྟེ་ཉལ་བར་བྱེད་པ་དང་། གདུགས་མཐོང་ན་འཇིགས་ཤིང་སྐྲག་པར་བྱེད་པ་ཡིན་ནོ། །གནོད་སྦྱིན་གདོན་གྱིས་ཟིན་པའི་རྟགས། །མིག་དམར་བགྲད་ཅིང་ སྐྲག་ལ་འགུལ། །ལུས་དྲི་ཞིམ་ཞིང་གཟི་མདངས་ལྡན། །གཏམ་དང་གླུ་དང་ཁྲུས་དང་ནི། །ཕྲེང་བ་བྱུག་པ་ལ་དགའ་ཞིང་། །ཉ་ཡི་ཤ་སྲེད་དགའ་བ་དང་། །དགའ་མགུ་སྟོབས་ཆེ་ནད་མེད་ལ། །ལག་རྩེ་བསྐྱོད་ཅིང་སུ་ཞིག་ལ། །ཅི་ཞིག་སྦྱིན་ཞེས་སྨྲ་བར་བྱེད། །གསང་ཚིག་སྨྲ་ཞིང་སྨན་ པ་དང་། །བྲམ་ཟེ་ལ་ནི་བརྙས་པར་བྱེད། །ཁྲོ་བ་ཆུང་ཞིང་མགྱོགས་འགྲོ་བའོ། །ཞེས་བྱ་བ་ལ། དེ་ལ་གནོད་སྦྱིན་གྱི་གདོན་གྱིས་ཟིན་པའི་མཚན་མ་ནི་མིག་དམར་བ་བགྲད་ཅིང་སྐྲག་པའི་ཚུལ་དུ་འགུལ་བ་དང་། ལུས་ལ་བསོད་ནམས་ཀྱི་དྲི་ཞིམ་པོ་འབྱུང་བ་དང་། གཟི་མདངས་བཟང་པོ་ 202-1-109b དང་ལྡན་པ་དང་། གཏམ་ལ་སོགས་པ་ལ་དགའ་བ་དང་། ཉའི་ཤ་ལ་སྲེད་ཅིང་མངོན་པར་འདོད་པ་དང་། དགའ་བ་དང་མགུ་བ་དང་བཅས་པ་དང་། ལུས་ཀྱི་སྟོབས་ཆེ་བ་དང་། ནད་མེད་པར་བདེ་བར་གནས་པ་དང་། ལག་པའི་རྩེ་མོ་བསྐྱོད་ཅིང་འགུལ་བ་དང་། སྲོག་ཆགས་གང་ ཞིག་ལ་ནོར་ལ་སོགས་པ་ཅི་ཞིག་སྦྱིན་པར་བྱ་ཞེས་སྨྲ་བར་བྱེད་པ་དང་། གསང་ཞིང་སྦ་བར་བྱ་བའི་དངོས་པོ་སྨྲ་བར་བྱེད་པ་དང་། སྨན་པ་དང་བྲམ་ཟེ་ལ་སོགས་པ་ལ་བརྙས་པར་བྱེད་པ་དང་། ཁྲོ་བ་ཆུང་ཞིང་ཅུང་ཟད་ཙམ་ཁྲོ་བར་བྱེད་པ་དང་མགྱོགས་པར་འགྲོ་བ་སྟེ། མཚན་མ་དེ་དག་དང་ ལྡན་པ་ཡིན་ནོ། །ཚངས་པ་སྲིན་པོས་ཟིན་པའི་རྟགས། །དགོད་ཅིང་གར་ལ་དགའ་བ་དང་། །སྤྱོད་པ་གཏུམ་ཞིང་གླགས་སྐབས་ཚོལ། །གཤེ་ཞིང་མྱུར་དུ་འགྲོ་བ་དང་། །སྨན་པ་བྲམ་ཟེ་ལྷ་ལ་སྡང་། །རང་ལ་ཤིང་དང་མཚོན་སོགས་རྡེག །ཀྱེ་ཞེས་བྱ་བའི་སྒྲ་སྒྲོགས་ཤིང་། །བསྟན་ བཅོས་རིག་བྱེད་འདོན་པ་ཡིན། །ཞེས་བྱ་བ་ལ། ཚངས་པ་སྲིན་པོ་ཞེས་བྱ་བའི་གདོན་གྱིས་ཟིན་པའི་མཚན་མ་ནི་དགོད་པ་ལ་དགའ་བ་དང་། གར་བྱེད་པ་ལ་དགའ་བ་དང་། ལུས་ངག་གི་སྤྱོད་པ་གཏུམ་ཞིང་འཇིགས་སུ་རུང་བ་དང་། གླགས་སྐབས་ཚོལ་ཞིང་དོར་ཐབས་བྱེད་པ་དང་། གཤེ་ ཞིང་ཚིག་ངན་པ་སྨྲ་བ་དང་། མགྱོགས་པར་འགྲོ་བ་དང་། སྨན་པ་ལ་སོགས་པ་ལ་སྡང་བ་དང་། རང་གི་ལུས་ལ་ཤིང་ལ་སོགས་པས་བརྡེག་པ་དང་། ཀྱེ་ཀྱེ་ཞེས་འབོད་པར་བྱེད་པ་དང་། བསྟན་བཅོས་ཀྱི་ཚིག་དང་། རིག་བྱེད་ཀྱི་ཚིག་འདོན་ཅིང་སྨྲ་བར་བྱེད་པ་ཡིན་པར་ཤེས་པར་བྱའོ། ། སིྲན་པོའི་གདོན་གྱིས་ཟིན་པའི་རྟགས། །ཁྲོ་གཉེར་བཅས་ཤིང་ཁྲོ་བར་ལྟ། །སྟོབས་བག་ཏུ་ནི་བྱེད་པ་དང་། །རྡེག་ཅིང་རབ་ཏུ་རྒྱུག་པ་དང་། །ངུ་ཞིང་གདོང་ནི་འཇིགས་རུང་སྟོན། །ཟས་མ་ཟོས་ཀྱང་སྟོབས་དང་ལྡན། །གཉིད་མེད་མཚན་མོ་རྒྱུ་བ་དང་། །ངོ་ཚ་གཙང་སྦྲ་མེད་ཅིང་དཔའ། ། གདུག་ཅིང་ཚིག་རྩུབ་སྨྲ་བ་དང་། །ཁྲོ་ཞིང་ཕྲེང་བ་དམར་པོ་དང་། །བུད་མེད་ཤ་ཆང་ཁྲག་ལ་དགའ། །ཤའམ་ཁྲག་ནི་མཐོང་བ་ན། །མཆུ་ནི་ལྡག་པར་བྱེད་པ་དང་། །ཟས་ཟའི་ཚེ་ན་དགོད་པ་ཡིན། །ཞེས་བྱ་བ་ལ། སྲིན་པོའི་གདོན་གྱིས་ཟིན་པར་གྱུར་པའི་མཚན་མ་ནི་དཔྲལ་བར་ཁྲོ་གཉེར་ 202-1-110a དང་བཅས་པའི་ཁྲོ་བས་ལྟ་བར་བྱེད་པ་དང་། བརྟགས་ཤིང་གཡོ་བ་དང་བཅས་པས་རྡེག་པར་བྱེད་པ་དང་། རབ་ཏུ་རྒྱུག་ཅིང་འགྲོ་བ་དང་། སྐད་ཀྱི་ང་རོ་ཆེན་པོས་ངུ་བ་དང་། གདོང་འཇིགས་སུ་རུང་བ་སྟོན་པ་དང་། ཁ་ཟས་མ་ཟོས་ཀྱང་ལུས་སྟོབས་དང་ལྡན་པ་ དང་། གཉིད་མེད་པ་དང་། མཚན་མོ་རྒྱུ་ཞིང་འགྲོ་བ་ལ་དགའ་བ་དང་། ངོ་ཚ་མེད་པ་དང་། གཙང་སྦྲ་མེད་ཅིང་ཁྲུས་ལ་སོགས་པ་ལ་མི་དགའ་བ་དང་། དཔའ་ཞིང་བརྟན་པ་དང་། གདུག་ཅིང་ལས་ངན་པ་བྱེད་པ་དང་། ཚིག་རྩུབ་ཅིང་རྣོ་བར་སྨྲ་བ་དང་ཁྲོ་ཞིང་འཁྲུག་པ་དང་། ཕྲེང་བ་ དམར་པོ་ལ་སོགས་པ་ལ་དགའ་བ་དང་། ཤའམ་ཁྲག་མཐོང་ན་མཆུ་ལྡག་ཅིང་འཇིབ་པར་བྱེད་པ་དང་། ཟས་ཟ་བའི་ཚེ་དགོད་པར་གྱུར་པ་སྟེ། དེ་ལྟ་བུའི་མི་ནི་སྲིན་པོ་ཞེས་བྱ་བའི་གདོན་གྱིས་ཟིན་པ་ཡིན་པར་བརྗོད་པར་བྱའོ། །ཤ་ཟའི་གདོན་གྱིས་ཟིན་པའི་རྟགས། །སེམས་ནི་བདེ་བར་ མི་གནས་ཤིང་། །ཡོངས་སུ་རྒྱུག་པར་བྱེད་པ་དང་། །མི་གཙང་ལ་དགའ་གླུ་གར་དང་། །དགོད་དང་ཆང་དང་ཤ་རློན་དགའ། །སྤྱོས་ན་གདོད་ནི་ཞུམ་པ་དང་། །རྒྱུ་མེད་པར་ནི་ངུ་བ་དང་། །བདག་ཉིད་སེན་མོས་འབྲུད་པ་དང་། །ཁོང་རྩུབ་ལུས་ཉམས་སྐད་གསང་དམའ། །སྡུག་བསྔལ་ བ་ནི་བརྡ་སྤྲོད་ཅིང་། །འབྲེལ་དང་མི་འབྲེལ་ཚིག་མང་སྨྲ། །དྲན་པ་ཉམས་ཞིང་གནས་སྟོང་དགའ། །མི་བརྟན་གཅེར་བུ་དྲི་མ་ཅན། །སྲང་བར་འཁྱམས་པའི་གོས་གྱོན་ཞིང་། །རྩྭ་ཡི་ཕྲེང་བ་རྒྱན་དུ་ཐོགས། །ཤིང་འཛེག་རྟ་ལ་ཞོན་པར་བྱེད། །དེ་བཞིན་ཕྱག་དར་ཕུང་པོར་འཛེག ། མང་དུ་ཟ་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། ཤ་ཟའི་གདོན་གྱིས་ཟིན་ཅིང་དབང་དུ་བྱས་པའི་མཚན་མ་ནི་སེམས་མལ་ན་མི་གནས་ཤིང་སྡུག་བསྔལ་ལ་བློ་ཀུན་དུ་ཕྱོགས་པས་ཡུལ་ཐམས་ཅད་རྒྱུག་པར་བྱེད་པ་དང་། མི་གཙང་བ་དང་སྦགས་པ་ལ་དགའ་བ་དང་། གླུ་ལ་སོགས་པ་ལ་ དགའ་བ་དང་། སྤྱོས་ཤིང་བརྒྱབ་ན་གདོང་ཞུམ་ཞུམ་པོར་གྱུར་ཅིང་སྤ་བཀོང་བ་དང་། གདུང་བའི་རྒྱུ་མེད་པར་ངུ་བ་དང་། རང་ཉིད་ཀྱི་ལུས་ལ་སེན་མོས་འབྲུད་པ་དང་ཁོང་རྩུབ་ཅིང་མདངས་ཉམས་ལ་སྐད་འགག་པར་འགྱུར་བ་དང་། སྡུག་བསྔལ་བརྡ་ 202-1-110b སྤྲོད་ཅིང་སྨྲ་བར་བྱེད་པ་དང་། རིགས་པ་དང་མི་རིགས་པའི་ཚིག་འབྲེལ་པ་དང་མི་འབྲེལ་པ་མང་དུ་སྨྲ་བ་དང་དྲན་པ་ཉམས་ཤིང་བརྒྱལ་བ་དང་། སྐྱེ་བོ་མེད་པའི་གནས་སྟོང་པ་ལ་དགའ་བ་དང་། མི་བརྟན་ཞིང་གཡོ་བ་དང་། གཅེར་བུར་འདུག་ཅིང་གོས་མེད་པར་གནས་པ་དང་། དྲི་མས་ སྦགས་པ་དང་། སྲང་བར་ན་འཁྱམ་ཞིང་ལྟུང་བའི་གོས་ངན་ངོན་གོན་པ་ལ་དགའ་བ་དང་། རྩྭ་ཕྲེང་བར་ལྷས་རྒྱན་དུ་ཐོགས་པ་དང་ཤིང་ལ་འཛེག་པ་ལ་སོགས་པ་ལ་དགའ་བ་དང་། ཁ་ཟས་མང་དུ་ཟ་བར་བྱེད་པ་སྟེ། མི་དེ་ལྟ་བུ་ནི་ཤ་ཟའི་གདོན་གྱིས་བརླབས་པ་ཡིན་པར་ཤེས་པར་བྱའོ། ། ཡི་དྭགས་གདོན་གྱིས་ཟིན་པའི་རྟགས། །སྤྱོད་ཚུལ་དྲི་ནི་ཡི་དྭགས་འདྲ། །སྡར་ཞིང་ཟས་ལ་མི་དགའ་དང་། །རྩ་གཅོད་བྱེད་པ་ཞེས་ཀྱང་བྱ། །ཞེས་བྱ་བ་ལ། མི་ཡི་དྭགས་ཀྱི་གདོན་གྱིས་བརླབས་པའི་རྟགས་སམ་མཚན་མ་ནི་སྤྱོད་པ་དང་དབྱིབས་དང་། དྲི་ཡི་དྭགས་དང་འདྲ་བ་དང་ སྡར་ཞིང་འཇིགས་པ་དང་། ཁ་ཟས་མི་དགའ་བ་དང་། རྩ་གཅོད་པར་བྱེད་པ་ཡིན་ནོ། །གྲུལ་བུམ་གདོན་གྱིས་ཟིན་པའི་རྟགས། །ཚིག་མང་སྨྲ་ཞིང་ཁ་གདོང་གནག །དལ་གྱིས་འགྲོ་བར་བྱེད་པ་དང་། །རླིག་པ་སྐྲང་ཞིང་འཕྱང་བ་ཡིན། །ཞེས་བྱ་བ་ལ། མི་གྲུལ་བུམ་གྱི་གདོན་ གྱིས་ཟིན་པའི་མཚན་མ་ནི་ཚིག་འབྲེལ་པ་དང་མི་འབྲེལ་པ་དང་མང་དུ་སྨྲ་བ་དང་ཁ་གདོང་གི་མདོག་གནག་པ་དང་། རང་གི་གནས་ན་དལ་གྱིས་འགྲོ་ཞིང་འཁྱམས་པ་དང་། རླིག་པ་སྐྲངས་པ་དང་བཅས་ཤིང་ཤས་ཆེར་འཕྱང་བ་ཡིན་ནོ། །མི་ནི་བྱད་སྟེམས་ཟིན་པའི་རྟགས། །ཤིང་དང་བོང་ བ་སོགས་ཐོགས་ཤིང་། །ཚལ་པ་གྱོན་ཏེ་འགྲོ་བ་དང་། །གཅེར་བུར་རྒྱུག་ཅིང་འཇིགས་བག་ཏུ། །ལྟ་ལ་རྩྭ་ཡི་རྒྱན་དུ་བྱེད། །དུར་ཁྲོད་གནས་ནི་སྟོང་པ་དང་། །སྲང་བར་ཤིང་གཅིག་བརྟེན་པ་དང་། །ཏིལ་ཟས་ཤ་དང་ཆང་ལ་ནི། །རྟག་ཏུ་མིག་ནི་ཚག་པ་དང་། །ཚིག་རྩུབ་དེ་ནི་སྨྲ་ བ་ཡིན། །ཞེས་བྱ་བ་ལ། མི་བྱད་སྟེམས་ཞེས་བྱ་བའི་གདོན་གྱིས་ཟིན་པའི་མཚན་མ་ནི་ཤིང་ལ་སོགས་པ་ཐོགས་ཤིང་། གོས་ཀྱི་ཚལ་པ་དུམ་བུར་གྱོན་ཏེ། འགྲོ་བ་ལ་དགའ་བ་དང་། གཅེར་བུར་འགྲོ་བ་དང་། འཇིགས་ཤིང་རྟབས་བག་ཏུ་ལྟ་བ་དང་རྩྭའི་རྒྱན་ཐོགས་པ་དང་། དུར་ཁྲོད་ 202-1-111a ལ་སོགས་པར་བརྟེན་ཅིང་འདུག་པར་དགའ་བ་དང་། ཏིལ་ལ་སོགས་པ་ལ་དགའ་ཞིང་རྟག་ཏུ་དེ་ལ་ལྟ་བ་དང་། ཚིག་རྩུབ་པར་སྨྲ་བ་སྟེ། དེ་ལྟ་བུ་ནི་བྱད་སྟེམས་ཀྱི་གདོན་གྱིས་ཟིན་པ་ཡིན་ནོ། །ཞེས་བརྗོད་པར་བྱའོ། །གཡེངས་བྱེད་ཀྱིས་ནི་ཟིན་པའི་རྟགས། ། ཆུ་འདོད་ཟས་ནི་མི་སློང་དང་། །དངངས་ཤིང་མིག་ནི་དམར་བ་དང་། །ཚིག་རྩུབ་སྨྲ་བ་ཤེས་པར་བྱ། །ཞེས་བྱ་བ་ལ། མི་གཡེངས་བྱེད་ཅེས་བྱ་བའི་གདོན་གྱིས་ཟིན་པའི་མཚན་མ་ནི་རྟག་ཏུ་ཆུ་འདོད་ཅིང་སློང་གི་ཟས་སློང་བར་མི་བྱེད་པ་དང་། དངང་བག་དང་བཅས་པའི་མིག་དམར་པོས་ ལྟ་བ་དང་ཚིག་རྩུབ་ཅིང་གཞན་ལ་གནོད་པར་སྨྲ་བ་ཡིན་ནོ། །རོ་ལངས་གདོན་གྱིས་ཟིན་པའི་རྟགས། །དྲི་དང་ཕྲེང་བ་ལ་དགའ་ཞིང་། །ཚིག་བདེན་སྨྲ་ལ་ཡོངས་སུ་འདར། །གཉིད་ཆེ་བར་ནི་ཤེས་པར་བྱ། །ཞེས་བྱ་བ་ལ། མི་རོ་ལངས་ཞེས་བྱ་བའི་གདོན་གྱིས་ཟིན་པའི་མཚན་མ་ནི། དྲི་དང་ཕྲེང་བ་བསྟེན་པར་དགའ་བ་དང་དམ་བཅས་པ་ལ་བརྟེན་ཅིང་ཚིག་བདེན་པར་སྨྲ་བ་དང་ལུས་འདར་བ་ལ་སོགས་པའི་མཚན་ཉིད་ཅན་ཡིན་པར་ཤེས་པར་བྱའོ། །ཡི་དྭགས་མཚུན་ལྷའི་གདོན་གྱི་རྟགས། །མིག་མི་གསལ་ཞིང་བཞིན་རས་ཞུམ། །རྐན་ནི་སྐམ་པར་བྱེད་པ་དང་། །མིག་ དང་རྫི་མ་སྐྱོད་པ་དང་། །གཉིད་ཆེ་མེ་དྲོད་ཆུང་བ་དང་། །གཡོན་ཕྱོགས་ནས་ནི་གོས་གོན་ཞིང་། །ཤ་དང་བུ་རམ་ཏིལ་ལ་དགའ། །ཚིག་འཁྲུལ་པ་ནི་ཡིན་ཞེས་བྱ། །ཞེས་བྱ་བ་ལ། ཡི་དྭགས་མཚུན་ལྷ་ཞེས་བྱ་བ་ཉེ་དུ་ཤི་བ་ལས་གདོན་དུ་གྱུར་པའི་མཚན་མ་ནི་མིག་མི་གསལ་ཞིང་རབ་རིབ་ཏུ་ འགྱུར་བ་དང་བཞིན་རས་ཞུམ་ཞིང་གསང་དམའ་བ་དང་། རྐན་གྱི་ཕྱོགས་སྐམ་པ་དང་། མིག་གི་རྫི་མ་གཡོ་བ་དང་གཉིད་ཆེ་བ་ནས་ཚིག་འཁྲུལ་ཞིང་ཅལ་ཅོལ་དུ་སྨྲ་བའི་བར་གྱི་མཚན་ཉིད་དང་ལྡན་པར་ཤེས་པར་བྱའོ། །བླ་མ་དྲང་སྲོང་རྒན་དང་དྲུག །དམོད་པ་སེམས་ཀྱི་རྗེས་མཐུན་པ། །སྤྱོད་ ལམ་ཁ་ཟས་རང་བཞིན་ལ། །ཅི་འདྲ་གདོན་ནི་དེ་ཡིན་བཤད། །ཅེས་བྱ་བ་ལ། བླ་མ་དང་རྒན་པོ་ལ་སོགས་པ་བཞི་པོ་དག་གི་གདོན་གྱིས་ཟིན་པ་ནི་དམོད་པ་བཏབ་པ་དང་སེམས་ཀྱིས་བསམ་པ་དང་རྗེས་སུ་མཐུན་པ་དང་། དེ་བཞིན་དུ་དེའི་སྤྱོད་ལམ་དང་ཁ་ཟས་ཀྱི་རང་བཞིན་ཅི་འདྲ་བ་ལས་གདོན་ 202-1-111b ཡང་དེ་འདྲ་བ་ཡིན་པར་ཤེས་པར་བྱའོ། །གཞོན་ནུའི་ཚོགས་ཀྱི་རྗེས་འབྲང་ཞིང་། །གཅེར་བུ་སྐྲ་ནི་གྱེན་དུ་བརྫེས། །ཡིད་མི་བདེ་ཞིང་དུས་ཡུན་རིང་། །གྱུར་པའི་གདོན་དེའང་སྤང་བར་བྱ། །ཞེས་བྱ་བ་ལ། བྱིས་པ་གཞོན་ནུའི་ཚོགས་ཀྱི་རྗེས་སུ་འབྲང་ཞིང་རྒྱུ་བ་དང་གཅེར་བུར་གནས་ཤིང་སྐྲ་ གྱེན་དུ་བརྫེས་པ་དང་ཡིད་མི་བདེ་ཞིང་སེམས་གནོད་པར་འགྱུར་བ་དང་། གདོན་གྱིས་ཟིན་ནས་དུས་ཡུན་རིང་པོར་ལོན་པའི་གདོན་དང་བཅས་པ་དེ་ནི་གསོར་མི་རུང་བས་ཡོངས་སུ་སྤང་བར་བྱའོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། །ཕྱི་མའི་གནས་ཀྱི་ལེའུ་བཞི་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་གདོན་ནད་གསོ་བ་བཤད་པར་བྱའོ། །ཞེས་བྱ་བ་ལ། གང་དུ་གདོན་གྱིས་ཟིན་པའི་ནད་གསོ་བ་སྟོན་པའི་ལེའུ་གང་ཡིན་པ་དེ་བཤད་པར་བྱའོ། །ཞེས་པའོ། །འབྱུང་པོ་ འཚེ་བ་མི་འདོད་དང་། །བཟླས་དང་སྦྱིན་སྲེག་གཏོར་མ་དང་། །བརྟུལ་ཞུགས་ཚུལ་ཁྲིམས་མཉམ་འཇོག་དང་། །སྦྱིན་ཞེས་བརྩེ་བ་སོགས་པས་བསལ། །ཞེས་བྱ་བ་ལ། འབྱུང་པོའི་གདོན་ནི་གཞན་ལ་འཚེ་ཞིང་སྲོག་གཅོད་པ་མི་འདོད་པ་དང་གཏོར་མ་འདོད་པ་དང་། འདོད་པའི་དགའ་བ་ འདོད་པའི་གདོན་གསོར་མི་རུང་བ་དག་ནི་བཟླས་པ་ལ་སོགས་པ་དང་བརྟུལ་ཞུགས་ཀྱི་དཀའ་ཐུབ་དང་། ཚུལ་ཁྲིམས་ལ་སོགས་པ་བསྟེན་པས་དེ་བསལ་ཞིང་གཞོམ་པར་བྱའོ། །ཤིང་ཀུན་བ་ལ་ཚ་བ་གསུམ། །གླ་རྩི་སྒོག་སྐྱ་ཨརྒའི་རྩ། །སྤང་སྤོས་ཨ་ཟ་ལོ་མི་དང་། །ལ་བ་འབམ་པོ་ཀུ་ཀུ་ ཏི། །ཤུ་དག་གནྡྷ་པྲི་ཡང་ཀུ། །སར་པ་གན་ད་ཏིལ་དང་ནི། །ཀ་ཀ་ཨན་ད་རམ་ཉེ་བ། །སྣུ་ཧ་ཀར་ཀ་ཏ་ཤྲིང་གི། །སླེ་ཏྲེས་མ་ཧཱ་ན་བ་ལི། །ཡུངས་ཀར་དང་ནི་ལིག་བུ་མིག །གདོན་འཇོམས་སྨན་ནི་གཞན་དག་དང་། །བོང་བུ་རྟ་དང་ཁྱི་དང་ལུག །རྔ་མོ་ཁྭ་དང་དྲེད་དང་ནི། །སྲེ་མོ་རེག་ འཇོམ་བྱི་ལ་གུང་། །བ་གླང་སེང་གེ་སྟག་དང་ནི། །རྒྱ་མཚོ་ཡི་ནི་སྲོག་ཆགས་ཀྱི། །པགས་པ་མཁྲིས་པ་སེན་མོ་སོ། །སྡེ་ཚན་འདི་དང་མར་རྙིང་ངམ། །ཏིལ་མར་དག་ནི་བསྐོལ་བ་དང་། །བཏུང་དང་སྣར་ནི་བླུགས་པ་དང་། །བསྐུ་བའི་དོན་དུ་སྦྱར་བྱ་ཞིང་། །འདི་དག་ཕྱེ་མས་བདུག་པ་བྱ། །ཞེས་ 202-1-112a བྱ་བ་ལ། ཤིང་ཀུན་ལ་སོགས་པའི་སྨན་གྱི་སྡེ་ཚན་འདི་དང་མར་རྙིང་པའམ་ཏིལ་མར་བསྐོལ་ཏེ་མར་རམ་ཏིལ་མར་ཏེ་བཏུང་བ་དང་། སྣ་ནས་བཏང་བ་དང་ལུས་ལ་བསྐུ་བའི་དོན་དུ་སྦྱར་བར་བྱ་བ་དང་། དེ་བཞིན་དུ་སྨན་འདི་དག་གི་ཕྱེ་མའི་དུད་པས་བདུག་པ་ཡང་སྦྱར་བར་ བྱའོ། །ཚ་བ་གསུམ་ནི་པི་པི་ལིང་ལ་སོགས་པའོ། །གླ་རྩི་ནི་ནེ་པ་ལི་སྟེ་ལ་ལ་ནི་ནེ་པ་ལི་ཞེས་བྱ་བ་གླ་རྩི་མ་ཡིན་གྱི་སྐབས་འདིར་ལྡོང་རོས་ལ་བྱའོ། །ཞེས་ཟེར་རོ། །ཨརྐའི་རྩ་བ་ནི་ཤིང་ཨརྐའི་རྩ་བའོ། །ཨ་ཟ་ལོ་མི་ནི་མི་ཤ་བྱི་ལོ་ཙན་ཞེས་བྱ་བའི་སྨན་ནོ། །ལ་བ་ནི་གོ་རོ་མིའོ། །འབམ་པོ་ནི་ འབུ་ཏ་ཀེ་ཤིའོ། །ཀུ་ཀུ་ཏི་ནི་ལག་མ་ནའོ། །གནྡྷ་པྲི་ཡང་ཀུ་ནི་ལ་ཏཱ་ཞེས་བྱ་བའོ། །སར་པ་གན་ད་ནི་གན་ད་ན་གུ་ལིའོ། །ཀ་ཀན་ད་ནི་ཀ་ནའོ། །སྣུ་ཧ་ནི་ཤྲཱི་ཁཎྜའི་ཤིང་ངོ་། །སླེ་ཏྲེས་ནི་གུ་རྩེའོ། །གདོན་འཇོམས་སྨན་ནི་གདོན་སེལ་བའི་སྨན་ལ་སོགས་པ་ཇི་སྙེད་པའོ། །བོང་བུ་ལ་སོགས་ པའི་པགས་པ་ལ་སོགས་པ་ཇི་སྙེད་པ་གཞུག་པར་བྱའོ། །འདི་ཡི་རི་ལུ་བྱས་ནས་ནི། །མིག་སྨན་སྣ་སྨན་བྱ་བ་དང་། །འདི་ཡི་ལྡེ་གུས་བྱུག་པ་དང་། །བསྐོལ་བའི་ཁུ་བ་བླུགས་པར་བྱ། །ཞེས་བྱ་བ་ལ། ཤིང་ཀུན་ལ་སོགས་པའི་སྨན་གྱི་སྡེ་ཚན་འདི་དག་རི་ལུར་བྱས་ནས། མིག་སྨན་དུ་ བྱ་བ་དང་། སྣ་ནས་གཏང་བ་དང་། ཡང་ཤིང་ཀུན་ལ་སོགས་པའི་སྨན་འདི་དག་གི་ལྡེ་གུས་ལུས་ལ་བྱུག་པ་དང་། ཡང་སྨན་དེ་དག་བསྐོལ་བའི་ཁུ་བས་ལུས་ལ་བླུགས་པར་བྱའོ། །སྦྱོར་བ་འདིས་ནི་སྨྱོ་བྱེད་དང་། །བརྗེད་བྱེད་བཅས་པའི་གདོན་ཞི་བྱེད། །ཅེས་བྱ་བ་ལ། ཤིང་ཀུན་ལ་ སོགས་པའི་སྦྱོར་བ་འདིས་ནི་སྨྱོ་བྱེད་དང་བརྗེད་བྱེད་ཀྱི་གདོན་གང་དག་ཡིན་པ་དེ་ཞི་ཞིང་མེད་པར་འགྱུར་རོ། །ཡུངས་ཀར་ཧ་ཏི་པི་པི་ལིང་། །པི་པི་ལིང་རྩ་ཚ་བ་གསུམ། །སྐྱུ་རུ་ར་དང་གོ་ད་དང་། །སྲེ་མོ་བྱི་ལ་ཛ་ཤ་ཡི། །མཁྲིས་པ་དང་བཏགས་སྣ་སྨན་དང་། །བསྐུ་བྱུག་བྱུགས་སོགས་བྱས་ གདོན་འཇོམས། །ཞེས་བྱ་བ་ལ། ཡུངས་ཀར་ལ་སོགས་པའི་སྨན་སྲོག་ཆགས་གོ་ད་ལ་སོགས་པའི་མཁྲིས་པ་དང་བཏགས་ཏེ། སྣ་སྨན་ལ་སོགས་པའི་སྦྱོར་བ་བྱས་ན་ཡང་སྨྱོ་བྱེད་ལ་སོགས་པའི་གདོན་འཇོམས་པར་བྱེད་དོ། །ཡུངས་ཀར་ཤིང་ཀུན་ཤུ་དག་དང་། །པྲི་ཡང་ཀུ་དང་ 202-1-112b སེར་པོ་གཉིས། །གི་རི་ཀར་ནི་དཀར་ནག་གཉིས། །འབྲས་བུ་གསུམ་དང་ཤྭེ་ཏ་དང་། །ནིམ་པའི་ལོ་མ་ཀ་རཉྫ། །ཤྲི་ཤ་གཉིས་དང་ས་བོན་དང་། །ཐང་ཤིང་དང་ནི་ཚ་བ་གསུམ། །མར་དང་བ་གཅིན་དེའི་བཞི་འགྱུར། །བསྐོལ་བ་དོན་གྲུབ་ཅེས་བྱ་སྟེ། །བཏུང་དང་སྣར་བླུགས་པ་སྦྱར་ན། ། གདོན་ནི་ཐམས་ཅད་མྱུར་འཇོམས་བྱེད། །མཆོག་ཏུ་ལྷ་མིན་གདོན་སེལ་བྱེད། །བརྗེད་བྱེད་དུག་དང་བཀྲ་མི་ཤིས། །སྨྱོ་བྱེད་གཤེད་བྱེད་རིམས་རྣམས་འཇོམས། །ཞེས་བྱ་བ་ལ། ཡུངས་ཀར་དང་ཤུ་དག་ལ་སོགས་པའི་སྨན་ལྡེ་གུར་བྱས་པ་དང་། མར་དང་མར་གྱི་བཞི་འགྱུར་གྱི་བ་ གཅིན་དང་། བསྐོལ་བའི་སྨན་མར་ནི་མིང་དོན་གྲུབ་ཅེས་བྱ་སྟེ། དེ་བཏུང་བ་ལ་སོགས་པར་སྦྱར་ན་གདོན་ཐམས་ཅད་མྱུར་དུ་འཇོམས་པར་བྱེད་དེ། མཆོག་གམ་ཁྱད་པར་དུ་ལྷ་མ་ཡིན་གྱི་གདོན་རྣམས་འཇོམས་པར་བྱེད་ལ། དེ་བཞིན་དུ་བརྗེད་བྱེད་ནས་རིམས་ཀྱི་བར་ཡང་འཇོམས་པར་བྱེད་པ་ ཡིན་ནོ། །སྨན་དེ་ཉིད་ནི་ར་ཐུག་གི །གཅིན་དང་སྦྱར་ཏེ་བླུད་པ་དང་། །སྣར་བླུགས་མིག་སྨན་བྱུག་པ་དང་། །ཁྲུས་དང་དྲིལ་བ་ལས་སྦྱར་བ། །སྔར་བཤད་ཡོན་ཏན་དང་འདྲ་ཞིང་། །རྒྱལ་པོའི་སྒོར་ཡང་དོན་གྲུབ་བྱེད། །ཅེས་བྱ་བ་ལ། ཡུངས་ཀར་ལ་སོགས་པའི་སྨན་འདི་དག་ཉིད་ར་ཐུག་ གི་གཅིན་དང་སྦྱར་ཏེ་ལྡེ་གུར་བྱས་ལ་བླུད་པ་ལ་སོགས་པར་སྦྱར་ན་གདོན་ཐམས་ཅད་འཇོམས་པ་ལ་སོགས་པ་སྔར་བཤད་པའི་ཡོན་ཏན་དང་ལྡན་ཞིང་དེ་བཞིན་དུ་རྒྱལ་པོའི་སྒོར་ཡང་དོན་གྲུབ་པར་བྱེད་པ་ཡིན་ནོ། །ཡུངས་ཀར་ཤུ་དག་ཚ་བ་གསུམ། །ཨ་ཤྭོ་གནྡྷ་སེར་པོ་གཉིས། །ཤིང་ཀུན་ཀུན་ དོང་རྩ་བ་དང་། །ཀ་རཉྫ་ཡི་ས་བོན་དང་། །ཤི་རི་ཤ་ཡི་མེ་ཏོག་དང་། །ཀ་པིད་ཐ་ཡི་འབྲས་བུ་དང་། །རྒྱམ་ཚ་རུ་རྟ་རྒྱ་སྤོས་དང་། །གི་རི་ཀར་ནི་དཀར་པོ་དང་། །སོ་ན་ཀ་ཡི་རྩ་བར་བཅས། །ར་གཅིན་དག་དང་ལགས་བསྒོས་ཤིང་། །བ་གླང་མཁྲིས་པ་བུ་རམ་དང་། །རི་ལུར་བྱས་པའི་ སྦྱོར་བ་དེ། །མིག་བསྐུས་སྣར་བླུགས་བསྐུ་བྱས་ན། །སྨྱོ་བྱེད་རྨ་ནི་རེད་པ་དང་། །མཚན་མོ་མི་མཐོང་མུན་ཐིབས་བྱེད། །བགེགས་དང་ལུས་ཆུར་ནུབ་པས་བརྒྱལ། །དུག་བསྐུས་མདའ་ཡིས་ཕོག་པ་དང་། །གདུག་པའི་སྦྲུལ་གྱིས་ཟིན་པ་སེལ། །ཞེས་བྱ་བ་ལ། སེར་པོ་གཉིས་ནི་ཡུང་ 202-1-113a བ་དང་། །སྐྱེར་པའོ། །ཀུན་དོང་རྩ་བ་ནི་སྒོག་པ་ཀུན་དོང་ཞེས་བྱ་བའི་རྩ་བའོ། །གཞན་དག་ནི་གོ་བར་ཟད་དེ། སྨན་དེ་དག་ཐམས་ཅད་ར་གཅིན་དང་ལེགས་པར་སྦངས་ཤིང་བསྲེལ་ལ་དེའི་འོག་ཏུ་བ་གླང་གི་མཁྲིས་པ་དང་བུ་རམ་དང་སྦྱར་ཏེ་རི་ལུར་བྱས་པའི་ སྦྱོར་བ་དེ་མིག་ཏུ་བསྐུ་བ་དང་། སྣར་བླུགས་པ་དང་། ལུས་ལ་བསྐུས་ན་སྨྱོ་བྱེད་ལ་སོགས་པའི་ནད་སེལ་བར་བྱེད་དོ། །རས་བལ་ས་བོན་རྨ་བྱའི་སྒྲོ། །མེ་ཏོག་སྨན་མ་བྲི་ཧ་ཏི། །ཤིང་ཚ་སྤང་སྤོས་པོ་སོན་ཆ། །བྱི་ལའི་རྟུག་པ་ཕུབ་མ་དང་། །ཤུ་དག་མི་སྐྲ་སྦྲུལ་ལྤགས་དང་། །གླང་པོའི་ སོ་དང་གླང་གི་རྭ། །ཤིང་ཀུན་དང་ནི་ན་ལེ་ཤམ། །ཆ་མཉམ་བདུགས་པར་བྱས་པ་ཡིས། །སྐེམ་བྱེད་སྨྱོ་བྱེད་ཤ་ཟའི་རིགས། །སྲིན་པོ་ལྷ་ཡི་གདོན་འཇོམས་མཆོག །ཅེས་བྱ་བ་ལ། རས་བལ་གྱི་ས་བོན་ལ་སོགས་པའི་སྨན་འདི་རྣམས་ཆ་སྙོམས་ཏེ་སྦྱར་བའི་དུད་པས་བདུགས་ན་སྐེམ་བྱེད་ལ་སོགས་ པའི་གདོན་སེལ་བར་བྱེད་པའི་མཆོག་ཡིན་ནོ། །སྐེམ་བྱེད་ནི་གཞོན་ནུའི་གདོན་ཡིན་ནོ། །གནྡྷ་བྷ་དྲ་ཚ་བ་གསུམ། །གུར་གུམ་པི་པི་ལིང་རྩ་བ། །ཀཎྜ་ཀ་རི་སྐྱེར་པ་དང་། །ཐང་ཤིང་དང་ནི་ཡུངས་ཀར་གཉིས། །བ་ལ་དཀར་དང་དུག་མོ་ཡུངས། །ཙནྡན་དཀར་པོ་རྒྱམ་ཚ་དང་། །འབྲས་བུ་གསུམ་ དང་པུ་ཤེལ་ཙེ། །ཤུ་དག་སྤངས་མ་པུ་ཙེ་ཤེལ། །ཙནྡན་དམར་པོ་བ་ལ་དང་། །ཤིང་མངར་སུག་སྨེལ་ལྡོང་རོས་དང་། །ཤུག་པ་རྒྱ་སྤོས་ཤྲི་པ་ས། །མ་དུ་ཀ་ཡི་སྙིང་པོ་དང་། །བོང་ང་གཉིས་པོ་པྲི་ཡང་ཀུ། །དབྱི་མོ་རུ་རྟ་སྐྱེར་ཁཎྜ། །ཆ་སྙོམས་ཞིབ་བཏགས་ལྡེ་གུ་དང་། །མར་རྙིང་གཅིན་ཀུན་ ཆ་སྙོམས་བསྐོལ། །གདོན་ཁུས་འདེབས་ཞེས་བྱ་བར་བརྗོད། །དེ་བླུད་གདོན་འཇོམས་མཆོག་ཡིན་ནོ། །ཞེས་བྱ་བ་ལ། ཡུངས་ཀར་གཉིས་ནི་ཡུངས་ཀར་སེར་པོ་དང་དམར་པོའི་མདོག་གིས་ཕྱེ་བའོ། །བ་ལ་ཀ་ནི་ཨམ་པུའོ། །ཙནྡན་དམར་པོ་ནི་ལོ་ཧི་ཏ་སྟེ། ལ་ལ་དག་ཙནྡན་དམར་པོ་མ་ ཡིན་གྱི་བཙོད་ལ་བྱའོ་ཞེས་ཀྱང་ཟེར་རོ། །ཤྲི་བེ་ཏ་ནི་ཤྲི་པ་སའོ། །མ་དུ་ཀའི་སྙིང་པོ་ནི་མ་དུ་ཀའི་མེ་ཏོག་གམ། ཤིང་མ་དུ་ཀའི་དབུས་ཀྱི་ཆ་ན་ཡོད་པའོ། །པྲི་ཡང་ཀུ་ནི་གནྡྷ་པྲི་ཡང་ཀུའོ། །བོང་ང་གཉིས་ནི་བོང་ང་དཀར་པོ་དང་ནག་པོའོ། །གཞན་དག་ནི་གོ་བར་ཟད་དེ། སྨན་དེ་དག་ཐམས་ཅད་ 202-1-113b ཆ་སྙོམས་ཏེ། ཞིབ་ཏུ་བཏགས་པའི་ལྡེ་གུ་དང་མར་རྙིང་པ་དང་། གཅིན་བརྒྱད་པོ་ཀུན་ཆ་སྙོམས་ཏེ་མར་ཇི་ཙམ་ཡོད་པ་གཅིན་རེ་རེ་ཡང་དེ་ཙམ་དུ་བྱས་པ་དང་བསྲེས་ཏེ་བསྐོལ་བའི་སྨན་མར་ནི་གདོན་ཁུས་འདེབས་ཞེས་སློབ་དཔོན་གྱིས་བཤད་དེ་བླུད་ཅིང་བསྐུ་བ་ལ་སོགས་པའི་སྦྱོར་བ་བྱས་ན་གདོན་ ཐམས་ཅད་འཇོམས་པའི་མཆོག་ཡིན་ནོ། །རྒྱ་སྤོས་ཤིང་མངར་ཀ་རཉྫ། །རྒྱ་སྐྱེགས་ད་ཏ་པ་ཏོ་ལ། །ཤུ་དག་ཤིང་ཀུན་པ་ཏ་ལ། །ཡུངས་ཀར་ཀཎྜ་ཀ་རི་དང་། །སེར་པོ་གཉིས་དང་པུ་ཙེ་ཤེལ། །རྒྱ་ཤུག་གནྡྷ་པྲི་ཡང་ཀུ། །ཚ་བ་གསུམ་དང་འབྲས་བུ་གསུམ། །ཐང་ཤིང་སླེ་ཏྲེས་བྱི་དང་ ག །ཀོ་ཤ་ཏ་ཀི་ཀ་ཀན་དང་། །ཤི་ཀྲུ་ནིམ་པ་དུག་མོ་ཡུངས། །ཤིར་ཤའི་མེ་ཏོག་ས་བོན་དང་། །གླ་སྒང་རུ་རྟ་དན་ད་དང་། །གི་རི་ཀར་ཎི་ཙི་ཏྲ་ཀ །བིལ་བ་ཆ་མཉམ་ལྡེ་གུར་བྱས། །མར་རྙིང་ཅན་གྱི་སྡེ་ཚན་བཅས། །བསྐོལ་ཏེ་ཡུན་རིང་གཞག་པ་སྟེ། །ཁུས་འདེབས་ཆེན་པོ་ཞེས་བཤད་དེ། ། རིམ་པ་ཀུན་གྱིས་སྦྱར་ན་ནི། །གདོན་རྣམས་ཀུན་དང་སྨྱོ་བྱེད་དང་། །མཛེ་དང་རིམས་ནི་མྱུར་དུ་འཇོམས། །ཞེས་བྱ་བ་ལ། རྒྱ་སྤོས་ནི་ཏ་ཀ་རུའོ། །སེར་པོ་གཉིས་ནི་ཡུང་བ་དང་སྐྱེར་པའོ། །རྒྱ་ཤུག་ནི་རྒྱ་ཤུག་སྐྱུར་པོའོ། །ཀ་ཀན་ད་ནི་མ་ཧ་ཀའི་འབྲས་བུའོ། །ཤི་ཀྲུ་ནི་སོ་བན་ཛནའོ། །གཞན་ དག་ནི་གོ་བར་ཟད་དེ་སྨན་དེ་དག་ཐམས་ཅད་ཆ་སྙོམས་ཏེ་ལྡེ་གུར་བྱས་པ་དང་། མར་རྙིང་པ་དང་གཅིན་གྱི་སྡེ་ཚན་ཆང་གི་སྡེ་ཚན་གྱི་ནང་ནས་བཤད་པའི་གཅིན་བརྒྱད་པོ་དང་བཅས་པར་བསྐོལ་ཏེ་དུས་ཡུན་རིང་པོར་གཞག་པའི་རྙིང་པ་དེ་ནི་ཁུས་འདེབས་ཆེན་པོའི་སྨན་མར་ཞེས་བྱ་སྟེ། དེ་རིམ་པ་ཀུན་གྱིས་ ཞེས་པ་བཏུང་བ་དང་། སྣར་བླུགས་པ་དང་། བསྐུ་བ་དང་སྦྱར་ན་གདོན་གྱི་ནད་ཐམས་ཅད་དང་སྨྱོ་བྱེད་དང་། མཛེའི་ནད་རིམས་ལ་སོགས་པ་མྱུར་དུ་འཇོམས་པར་བྱེད་དོ། །གདོན་ནི་ཉི་མ་གང་གང་ལ། །འཛིན་པའི་ཉི་མ་དེ་དང་དེར། །མཆོག་ཏུ་སྦྱིན་སྲེག་གཏོར་མ་སོགས། །སྨན་པས་རབ་ ཏུ་འབད་དེ་བྱ། །ཞེས་བྱ་བ་ལ། གདོན་གང་ཞིག་ཉིན་ཞག་གང་ལ་འཛིན་པར་བྱེད་པའི་ཉིན་ཞག་དེ་ལ་སྦྱིན་སྲེག་དང་གཏོར་མ་ལ་སོགས་པ་གདོན་བཟློག་པའི་ཐབས་སྨན་པས་འབད་དེ་སྦྱར་ཏེ་བྱའོ། །ཁྲུས་དང་གོས་དང་ཤ་དང་ཚིལ། །ཆང་དང་མར་དང་བུ་རམ་སོགས། །གང་ཞིག་གང་ལ་སྲེད་ 202-1-114a གྱུར་པ། །དེའི་ཚེ་དེ་ནི་དེ་ལ་སྦྱིན། །ཞེས་བྱ་བ་ལ། གདོན་གང་ཞིག་ཁྲུས་ལ་སོགས་པ་གང་ཞིག་ལ་སྲེད་ཅིང་འདོད་པར་གྱུར་པ་དེའི་ཚེ་གདོན་དེ་ལ་ཁྲུས་ལ་སོགས་པ་དག་སྦྱིན་པར་བྱའོ། །རིན་ཆེན་དྲི་དང་ཕྲེང་བ་དང་། །ས་བོན་མར་དང་སྦྲང་རྩི་དང་། །ཟས་ཀུན་ཀུན་ལ་ སྦྱིན་བྱ་སྟེ། །འདི་ནི་སྤྱི་ཡི་ཆོ་གའོ། །ཞེས་བྱ་བ་ལ། གདོན་ཐམས་ཅད་ལ་རིན་ཆེན་ཏེ་རྡོ་རྗེ་དང་བཻཌཱུརྱ་དང་། མརྒད་དང་། གསེར་ལ་སོགས་པ་དང་། དྲི་ཞིམ་པ་སྦྱར་བའི་དྲི་དང་། སྣ་མའི་མེ་ཏོག་ལ་སོགས་པའི་མེ་ཏོག་དྲི་ཞིམ་པའི་ཕྲེང་བ་དང་ས་བོན་དེའི་སྲན་མུད་ག་དང་། མོན་སྲན་གྲེའུ་ ལ་སོགས་པ་དང་། མར་དང་སྦྲང་རྩི་དང་ལ་དུ་ལ་སོགས་པའི་ཟས་ཀུན་གདོན་ཐམས་ཅད་ལ་སྦྱིན་པར་བྱ་སྟེ། ཆོ་ག་འདི་ནི་སྤྱིའི་ཐུན་མོང་གི་ཆོ་ག་ཡིན་ནོ། །ཞེས་བྱ་བའི་དོན་ནོ། །ལྷ་དང་དྲང་སྲོང་བླ་མ་རྒན། །གྲུབ་ལ་ལྷ་ཡི་གནས་སུ་སྦྱིན། །དེར་ཡང་ལྷ་ཡི་གདོན་ལ་ནི། །བྱང་གི་ཕྱོགས་ སུ་གཏོར་མ་སྦྱིན། །ཞེས་བྱ་བ་ལ། ལྷ་ལ་སོགས་པའི་གདོན་ལྔ་པོ་དག་ལ་ནི་ལྷའི་གནས་ཏེ། ལྷ་གནས་པའི་ཁང་པར་གཏོར་མ་སྦྱིན་པར་བྱ་ལ། དེར་ཡང་ལྷའི་གདོན་ལ་ནི་བྱང་གི་ཕྱོགས་སུ་གཏོར་མ་སྦྱིན་པར་བྱའོ། །ལྷ་མིན་གདོན་ལ་ཅི་འདོད་པར། །མཚམས་ཀྱི་གནས་སུ་ནུབ་ཏུ་སྦྱིན། །ཞེས་ བྱ་བ་ལ། ལྷ་མ་ཡིན་གྱི་གདོན་ལ་ནི་ཅི་ལྟར་འདོད་པར་གྲོང་གི་མཚམས་ཞེས་བྱ་བར་གྲོང་ངམ་ཡུལ་གྱི་ཕྱི་རོལ་དུ་ནུབ་ཕྱོགས་སུ་སྦྱིན་པར་བྱའོ། །དྲི་ཟའི་གདོན་ནི་བ་གླང་ངམ། །གོས་དང་རྒྱན་བཅས་གཏོར་མ་སྦྱིན། །ཞེས་བྱ་བ་ལ། དྲི་ཟའི་གདོན་ལ་ནི་བ་གླང་རྒྱུ་བའི་ལམ་དུ་གོས་དང་རྒྱན་དང་ བཅས་པའི་གཏོར་མ་སྦྱིན་པར་བྱའོ། །མཚུན་ལྷ་ཀླུ་གདོན་འབབ་ཆུའི་འགྲམ། །ཀླུ་ལ་ཤར་ལྷོའི་མཚམས་སུ་སྦྱིན། །ཞེས་བྱ་བ་ལ། མཚུན་ལྷའི་གདོན་དང་། ཀླུའི་གདོན་ལ་ནི་འབབ་ཆུའི་འགྲམ་དུ་གཏོར་མ་སྦྱིན་པར་བྱ་ལ། དེ་ལས་ཀྱང་ཀླུའི་གདོན་ལ་ནི་ཤར་ལྷོའི་མཚམས་སུ་གནས་ཏེ་གཏོར་ མ་སྦྱིན་པར་བྱའོ། །གནོད་སྦྱིན་རང་གི་གནས་སམ་ནི། །ཆུ་གཉིས་འདུས་པའི་གནས་སུ་སྦྱིན། །ཞེས་བྱ་བ་ལ། གནོད་སྦྱིན་གྱི་གདོན་ལ་ནི། གནོད་སྦྱིན་གྱི་གནས་སུ་བྱས་པའམ། ཡང་ན་ཆུ་བོ་གཉིས་འདུས་པའི་གནས་སུ་གཏོར་མ་སྦྱིན་པར་བྱའོ། །སྲིན་པོ་ལམ་གྱི་བཞི་མདོ་འམ། །ཚང་ཚིང་ 202-1-114b འཇིགས་སུ་རུང་བར་སྦྱིན། །སྲིན་པོའི་ལྷོའི་ཕྱོགས་སུ་སྦྱིན། །ཚངས་པའི་སྲིན་པོ་ཤར་དུ་སྦྱིན། །ཞེས་བྱ་བ་ལ། སྲིན་པོ་དང་ཚངས་པའི་སྲིན་པོའི་གདོན་གཉིས་ལ་ནི་ལམ་གྱི་བཞི་མདོ་འམ། ནགས་ཀྱི་ཚང་ཚིང་འཇིགས་སུ་རུང་བར་གཏོར་མ་སྦྱིན་པར་བྱ་ལ། དེ་ལས་ཀྱང་སྲིན་པོའི་གདོན་ལ་ནི་ལྷོ་ཕྱོགས་སུ་སྦྱིན་པར་བྱ་ལ། ཚངས་པའི་སྲིན་པོའི་གདོན་ལ་ནི་ཤར་ཕྱོགས་སུ་གཏོར་མ་སྦྱིན་པར་བྱའོ། །ཤ་ཟ་ལ་ནི་ཁང་སྟོང་དུ། །ནུབ་ཕྱོགས་སུ་ནི་གནས་ཏེ་སྦྱིན། །ཞེས་བྱ་བ་ལ། ཤ་ཟའི་གདོན་ལ་ནི་ཁང་སྟོང་དུ་ནུབ་ཕྱོགས་སུ་གནས་ཏེ་གཏོར་མ་སྦྱིན་པར་བྱའོ། །ཕྲེང་བ་གཙང་ཞིང་དཀར་པོ་དང་། །དྲི་དང་འོ་ཐུག་འབྲས་ཆན་དང་། །ཞོ་དང་གདུགས་ ནི་དཀར་པོ་ཡི། །ལྷ་རྣམས་ཀྱི་ནི་གཏོར་མར་འདོད། །ཅེས་བྱ་བ་ལ། ལྷའི་གདོན་ལ་ནི་ཕྲེང་བ་གཙང་ཞིང་དཀར་བ་དང་། ཨ་ཀ་རུ་ལ་སོགས་པའི་དྲི་དང་། འོ་ཐུག་དང་འབྲས་ཆན་དང་ཞོ་དང་གདུགས་དཀར་པོའི་གཏོར་མ་བཤམས་ཤིང་འདོད་པ་ཡིན་ནོ། །ཤིང་ཀུན་ཡུངས་ཀར་ཤུ་དག་དང་། །ཚ་བ་གསུམ་ནི་སྲང་ཕྱེད་ཕྱེད། ། མར་བྲེ་གང་དང་བ་ཡི་གཅིན། །བཞི་འགྱུར་དང་ནི་ལྷན་ཅིག་བསྐོལ། །དེར་བཏུང་སྣར་བླུགས་བསྐུས་པ་ཡིས། །ལྷའི་གདོན་ལས་ཐར་བར་བྱེད། །ཅེས་བྱ་བ་ལ། དེ་ལྟར་གཏོར་མ་བྱིན་ཡང་མ་ཞི་ན་སྨན་གྱི་སྦྱོར་བ་བྱ་བ་ནི་ཤིང་ཀུན་ལ་སོགས་པའི་སྨན་སྲང་ཕྱེད་ཕྱེད་དང་། མར་བྲེ་གང་དང་། བའི་གཅིན་བྲེ་བཞི་དང་ལྷན་ཅིག་བསྐོལ་ལ་ མར་དེ་བཏུང་བ་ལ་སོགས་པར་སྦྱར་ན་ལྷའི་གདོན་ལས་ཐར་བར་འགྱུར་རོ། །ཤུ་དག་ཤིང་ཀུན་སྒོག་སྐྱ་རྣམས། །ར་གཅིན་སྦྱར་བ་སྣར་བླུགས་དང་། །མིག་བསྐུས་ལྷ་ཡི་གདོན་ལས་ཐར། །ཞེས་བྱ་བ་ལ། གཞན་ཡང་ཤུ་དག་ལ་སོགས་པའི་སྨན་ར་གཅིན་དང་སྦྱར་ཏེ་སྣ་སྨན་ལ་སོགས་པ་བྱས་ན་ཡང་ལྷའི་གདོན་ལས་ཐར་ བར་འགྱུར་རོ། །ལྷ་མིན་གཏོར་མ་འབྲས་བུ་ནི། །མང་པོ་དག་དང་པུ་ཤེལ་ཙེ། །ཞེས་བྱ་བ་ལ། ལྷ་མ་ཡིན་གྱི་གདོན་ལ་ནི་གཏོར་མ་འབྲས་བུ་ཤིང་ཐོག་ལ་སོགས་པ་མང་བ་དང་། དེ་བཞིན་དུ་པུ་ཤེལ་ཙེ་དང་པདྨ་དང་། ཨུཏྤལ་དང་བཅས་པའི་གཏོར་མ་སྦྱིན་པར་བྱའོ། །ཀླུ་ཡི་གདོན་ལ་ཛཱ་ཏི་དང་། །འབྲས་ཡོས་བུ་རམ་སྣུམ་ཁུར་ དང་། །འབྲས་ཆན་བུ་རམ་བཅས་པ་དང་། །ཟས་མཆོག་སྦྲང་རྩི་འོ་མ་དང་། །ས་ནག་ནཱ་ག་གེ་སར་དང་། །ཤུ་དག་པདྨ་པུ་ཤེལ་ཙེ། །ཨུཏྤལ་པདྨ་དམར་པོ་ཡི། །འདབ་མར་བཅས་པའི་གཏོར་མ་བྱིན། །ཞེས་བྱ་བ་ལ། ཀླུའི་གདོན་ལ་ནི། ཛཱ་ཏི་ཞེས་བྱ་བའི་སྣ་མའི་མེ་ཏོག་དང་། འབྲས་ཡོས་ལ་སོགས་པའི་གཏོར་མ་སྦྱིན་པར་བྱ་སྟེ་ 202-1-115a སྣུམ་ཁུར་དང་འབྲས་ཆན་གཉིས་ཀ་ཡང་བུ་རམ་དང་བཅས་པར་བྱ་བ་དང་། ཟས་མཆོག་ཅེས་བྱ་བའོ་ཐུག་དང་ས་ནག་ནི་སོ་ར་ཤི་ཏ་ཞེས་བྱའོ། །སེང་ཕྲོམ་འོ་མ་དཀར་པོ་དང་། །རྒྱ་སྤོས་ནཱ་ག་གེ་སར་དང་། །ཡུངས་ཀར་ཆུ་གྲང་ལ་བཏགས་པས། །སྣར་བླུགས་མིག་ལ་བསྐུས་པའང་ཕན། །ཞེས་བྱ་བ་ལ། སེང་ ཕྲོམ་འོ་མ་དཀར་པོ་ཡོད་པ་དང་རྒྱ་སྤོས་ལ་སོགས་པ་དང་ཡུངས་ཀར་དཀར་པོའི་ཆུ་གྲང་ལ་བཏགས་ཏེ་སྣར་བླུགས་པ་དང་མིག་སྨན་དུ་བྱས་ན་ཡང་ཀླུའི་གདོན་གྱིས་ཟིན་པ་ལ་ཕན་ཞིང་ཐར་བར་འགྱུར་རོ། །གནོད་སྦྱིན་གདོན་ལ་འོ་མ་ཞོ། །མར་དང་འབྲས་ཆན་བསྲེས་པ་དང་། །གུ་གུལ་པདྨ་ ཐང་ཤིང་དང་། །པུ་ཤེལ་ཙེ་དང་གོས་དང་གསེར། །དབྱིག་ནི་གཏོར་མ་སྦྱིན་པར་བྱ། །ཞེས་བྱ་བ་ལ། གནོད་སྦྱིན་གྱི་གདོན་ལ་ནི་འོ་མ་ལ་སོགས་པའི་གཏོར་མ་སྦྱིན་པར་བྱའོ། །གསེར་དང་དབྱིག་ནི་བཟོར་བྱས་པ་དང་མ་བྱས་པའི་དབྱེ་བས་ཐ་དད་པར་ཤེས་པར་བྱའོ། །རྒྱན་ལ་སོགས་ པ་བྱས་པ་ནི་དབྱིག་ཅེས་བྱའོ། །མར་དང་འོ་མ་བ་གཅིན་ནི། །ཆ་སྙོམས་བསྐོལ་བ་བཏུང་བ་དང་། །སྣར་བླུགས་ལུས་ལ་བསྐུས་ན་ཕན། །ཞེས་བྱ་བ་ལ། མར་ལ་སོགས་པ་གསུམ་པོ་ཆ་སྙོམས་ཏེ་བསྐོལ་ལ་བླུད་པ་ལ་སོགས་པ་བྱས་ན་ཡང་གནོད་སྦྱིན་གྱི་གདོན་གྱིས་ཟིན་པ་ལ་ཕན་ནོ། ། ཨ་རུ་ར་དང་སེར་པོ་གཉིས། །སྒོག་སྐྱ་ཤུ་དག་ན་ལེ་ཤམ། །ནིམ་པའི་ལོ་མ་ར་གཅིན་བཏགས། །ལྡེ་གུས་སྣ་སྨན་མིག་སྨན་བྱ། །ཞེས་བྱ་བ་ལ། ཨ་རུ་ར་ལ་སོགས་པའི་སྨན་ར་གཅིག་དང་བཏགས་པའི་ལྡེ་གུ་བཙིར་བ་སྣ་སྨན་ལ་སོགས་པ་བྱས་ན་ཡང་གནོད་སྦྱིན་གྱི་གདོན་གྱིས་ཟིན་པ་ ལ་ཕན་ནོ། །ཚངས་པ་སྲིན་པོའི་གཏོར་མ་ནི། །ནས་བྲེ་བཞི་ནི་བཙོས་པ་ཡི། །ཆུ་བྲེ་བཅུ་དྲུག་ཏིལ་བཏགས་བསྲེས། །གདུགས་དང་གོས་དང་བྱུག་པ་སྦྱིན། །ཞེས་བྱ་བ་ལ། ཚངས་པ་སྲིན་པོའི་གདོན་ལ་ནི་ནས་བྲེ་བཞི་བཙོས་པའི་ཆན་གྱི་གཏོར་མ་དང་། དེ་བཞིན་དུ་ཆུ་བྲེ་བཅུ་ དྲུག་དང་ཏིལ་མར་བཏགས་པ་བསྲེས་པའི་དང་གདུགས་དང་གོས་ཀྱི་རྣམ་པའི་དང་། གུར་ཀུམ་ལ་སོགས་པའི་བྱུག་པ་སྦྱིན་པར་བྱའོ། །སེང་ལྡེང་སྲང་ནི་ཉི་ཤུ་དང་། །ཚ་བ་གསུམ་དང་འབྲས་བུ་གསུམ། །ཤིན་ཀུན་ཤུ་དག་ཤུ་ཏི་དང་། །ཡུངས་ཀར་ནིམ་པའི་ལོ་མར་བཅས། ། 202-1-115b སྒོག་སྐྱ་སྲང་ནི་ཕྱེད་ཕྱེད་དང་། །ཞུན་མར་ཕུལ་ནི་བདུན་དག་དང་། །བ་གཅིན་སུམ་འགྱུར་བསྐོལ་བ་དེ། །བཏུང་དང་སྣར་བླུགས་བསྐུས་ན་ཕན། །ཞེས་བྱ་བ་ལ། སེང་ལྡེང་སྲང་ཉི་ཤུ་བསྐོལ་བའི་ཁུ་བའི་ནང་དུ་ཚ་བ་གསུམ་ལ་སོགས་པ་སྲང་ཕྱེད་ཕྱེད་ལྡེ་གུར་བྱས་པ་དང་། ཞུན་ མར་ཕུལ་བདུན་དང་བ་གཅིན་མར་གྱི་སུམ་འགྱུར་ལྷན་ཅིག་བསྲེས་ཏེ་བསྐོལ་ལ་སྨན་མར་དེ་བཏུང་བ་ལ་སོགས་པར་བཏང་ཡང་ཚངས་པ་སྲིན་པོའི་གདོན་གྱིས་ཟིན་པ་ལ་ཕན་ནོ། །སྲིན་པོའི་གདོན་ལ་ཏིལ་ཕྱེ་དང་། །མེ་ཏོག་དཀར་པོ་འབྲས་ཆན་འདྲེས། །ཤ་བཙོས་རྗེན་པ་ནིམ་པ་བ། ། ཁྲག་དང་བཅས་པའི་གཏོར་མ་སྦྱིན། །ཞེས་བྱ་བ་ལ། སྲིན་པོའི་གདོན་ལ་ནི་ཏིལ་གྱི་ཕྱེ་མ་དང་མེ་ཏོག་དཀར་པོ་དང་འབྲས་ཆན་འདྲེས་མ་སྟེ། འབྲས་ཆན་དང་མུད་ག་ལ་སོགས་པའི་ཆན་དང་། ཤ་བཙོས་པ་དང་རྗེན་པ་དང་ནིམ་པ་ཞེས་བྱ་བ་རྩ་འབྲུའི་རྣམ་པ་དང་། ཁྲག་གི་གཏོར་མ་ སྦྱིན་པར་བྱའོ། །ནག་ཏ་མ་ལ་ཤི་རི་ཤ །ཤུན་ལྤགས་མེ་ཏོག་འབྲས་བུ་དང་། །དེ་བཞིན་པ་ཏ་ལ་ནག་པོ། །བིལ་བའི་རྩ་བ་ཚ་བ་གསུམ། །ཤིང་ཀུན་ཡུངས་ཀར་དུག་མོ་ཉུང་། །སྒོག་སྐྱ་སྐྱུ་རུ་རའི་འབྲས་བུ། །ར་གཅིན་དང་ནི་སྦྱར་བའི་སྨན། །སྣར་བླུགས་མིག་ཏུ་བྱུགས་ན་ཕན། ། ཞེས་བྱ་བ་ལ། ནག་ཏ་མ་ལ་སོགས་པའི་སྨན་ར་གཅིན་དང་སྦྱར་བའི་སྣ་སྨན་དང་མིག་སྨན་བཏང་ན་སྲིན་པོའི་གདོན་གྱིས་བཏབ་པ་ལས་ཐར་བར་འགྱུར་རོ། །འདི་དག་ཉིད་དང་མར་གྱི་ནི། །བཞི་འགྱུར་བ་གཅིན་བསྐོལ་བ་ནི། །བཏུང་དང་སྣར་བླུགས་བསྐུས་པ་ཡིས། །སྲིན་པོའི་ གདོན་ནི་ཟློག་པར་བྱེད། །ཅེས་བྱ་བ་ལ། ནག་ཏ་མ་ལ་དང་ཤྲི་ཤའི་ཤུན་ལྤགས་དང་མེ་ཏོག་དང་འབྲས་བུ་ལ་སོགས་པའི་སྨན་འདི་དག་ཉིད་དང་མར་དང་མར་གྱི་བཞི་འགྱུར་གྱི་བ་གཅིན་དང་བསྐོལ་བའི་སྨན་མར་བཏུང་བ་ལ་སོགས་པའི་སྦྱོར་བ་བྱས་ན་ཡང་སྲིན་པོའི་གདོན་སེལ་ བར་བྱེད་དོ། །ཤ་ཟ་ལ་ནི་བུ་རམ་ཆང་། །ཏིལ་ཚིགས་ཏིལ་གྱི་ཕྱེ་མ་ཞོ། །ལ་ཕུག་ལན་ཚྭ་ཕྱེ་ཟན་མར། །འབྱུང་པོར་འབྲས་ཆན་གཏོར་མ་སྦྱིན། །ཞེས་བྱ་བ་ལ། ཤ་ཟའི་གདོན་ལ་ནི་བུ་རམ་ཆང་ལ་སོགས་པའི་གཏོར་མ་སྦྱིན་པར་བྱའོ། །ཏིལ་གྱི་ཚིགས་མ་ནི་འབའ་ཆའོ། ། 202-1-116a འགྱུར་བའི་འབྲས་ཆན་ནི་འབྲས་ཆན་འདྲེས་མའོ། །ལ་ལ་ནི་འབྱུང་པོའི་འབྲས་ཆན་ཞེས་མི་བྱའི། འབྱུང་པོའི་ཁ་ཟས་ཞེས་བྱ་སྟེ། དེ་ནི་ཁྲག་ཡིན་ནོ། །ཕྱེ་ཟན་ནི་ནས་ཀྱི་ཆན་ནོ། །སེར་པོ་རྣམ་གཉིས་ལན་ཚྭ་བཙོད། །ཤུ་ཏི་དོང་གྲ་པྲི་ཡང་ཀུ། །ཤིང་ ཀུན་སྒོག་སྐྱ་ཚ་བ་གསུམ། །འབྲས་བུ་གསུམ་དང་བ་ཏ་ལི། །ཤུ་དག་གི་རི་ཀར་ནི་དཀར། །ཤི་རི་ཤ་ཡི་མེ་ཏོག་མར། །བ་གཅིན་བཞི་ཆ་བཅས་པར་བསྐོལ། །བཏུང་དང་བསྐུ་བ་བྱས་ན་ཕན། །ཞེས་བྱ་བ་ལ། སེར་པོ་རྣམ་གཉིས་ལ་སོགས་པའི་ལྡེ་གུ་དང་། མར་དང་ བ་གཅིན་གྱི་བཞི་ཆ་དང་བཅས་པར་བསྲེ། བ་གཅིན་མར་གྱི་བཞི་འགྱུར་དང་བསྐོལ་བའི་མར་བཏུང་བ་ལ་སོགས་པར་བྱས་ན་ཤ་ཟའི་གདོན་གྱིས་ཟིན་པ་ལ་ཡང་ཕན་ནོ། །ཡང་ན་དེ་ཉིད་ར་གཅིན་བཏགས། །མིག་བསྐུས་སྣར་ནི་བླུགས་ན་ཕན། །ཞེས་བྱ་བ་ལ། ཡང་ན་སེར་པོ་རྣམ་ གཉིས་ལ་སོགས་པའི་སྨན་དེ་ཉིད་དང་ར་གཅིན་དང་ལྷན་ཅིག་བཏགས་ཏེ་ལྡེ་གུར་བྱས་པ་མིག་ཏུ་བསྐུས་ཤིང་སྣར་བླུགས་ན་ཡང་ཤ་ཟའི་གདོན་གྱིས་ཟིན་པ་ལ་ཡང་ཕན་ནོ། །ལྷ་དང་དྲང་སྲོང་མཚུན་ལྷ་དང་། །དྲི་ཟའི་གདོན་ལ་སྣ་སྨན་སོགས། །རྣོན་པོ་གཏང་བར་མི་བྱ་ཞིང་། །འདི་ལ་ ཞུན་མར་བཏུང་ལ་སོགས། །སྨན་ནི་འཇམ་པོར་སྤྱད་པར་བྱ། །ཞེས་བྱ་བ་ལ། ལྷ་ལ་སོགས་པའི་གདོན་བཞི་པོ་ལ་ནི་སྣ་སྨན་ལ་སོགས་པ་རྣོ་ཞིང་དྲག་པ་གཏང་བར་མི་བྱའི། ལྷ་ལ་སོགས་པའི་གདོན་འདི་ལ་ཞུན་མར་དང་བཏུང་བ་ལ་སོགས་པའི་སྨན་འཇམ་པོ་གང་ཡིན་པ་དེ་སྤྱད་ཅིང་ གཏང་བར་བྱའོ། །ཤ་ཟ་མ་གཏོགས་ཐམས་ཅད་ལ། །མི་མཐུན་སྦྱིན་པར་མི་བྱ་སྟེ། །མཐུ་སྟོབས་ཆེ་བ་དེ་ཁྲོས་ན། །ནད་པ་སྨན་པར་བཅས་གསོད་བྱེད། །ཅེས་བྱ་བ་ལ། ཤ་ཟའི་གདོན་མ་གཏོགས་པ་གདོན་ཐམས་ཅད་ལ་མི་མཐུན་ཞིང་དེ་ལ་གནོད་པར་འགྱུར་བ་ཅི་ཡང་སྦྱིན་ཞིང་སྤྱད་ པར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། དེ་རྣམས་ནི་མཐུ་སྟོབས་ཆེ་ཞིང་ནུས་པ་དང་ལྡན་པ་ཡིན་པས་ལྷ་ལ་སོགས་པའི་གདོན་དེ་དག་ལ་མི་མཐུན་པས་སྤྱད་ན་ཁྲོས་ཞིང་འཁྲུགས་ནས་ནད་པ་སྨན་པ་དང་བཅས་པ་གསོད་པར་བྱེད་པར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག །མགོན་ 202-1-116b པོ་ཕྱག་ནི་བཅུ་གཉིས་པ། །ནད་ཀུན་གསོ་བར་མཛད་པ་ཡི། །སྔགས་བཟླས་ན་ནི་ནད་ཀུན་སེལ། །དེ་བཞིན་སྨྱོ་བྱེད་བརྗེད་བྱེད་དང་། །གཞན་ཡང་སེམས་འཁྲུལ་བྱེད་པ་འཇོམས། །ཞེས་བྱ་བ་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེམས་ཅན་ཐམས་ཅད་ཀྱི་མགོན་དུ་གྱུར་ པ། ལྷའི་ཡང་ལྷ་ཕྱག་བཅུ་གཉིས་པ་ནད་ཐམས་ཅད་གསོ་བར་མཛད་པའི་སྔགས་ཇི་སྐད་བཤད་པ་དག་བཟླས་ན་ཡང་གདོན་ཐམས་ཅད་དང་བརྗེད་བྱེད་ལ་སོགས་པ་འཇོམས་པར་འགྱུར་རོ། །རིག་སྔགས་རྒྱལ་མོ་རྨ་བྱ་ཆེ། །གཙང་བྱས་དེ་ལ་རྟག་ཏུ་བསྒྲགས། །ཞེས་བྱ་བ་ལ། ཡང་ ན་ནད་པ་དེ་ཁྲུས་དང་གཙང་སྦྲ་བྱས་ལ་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་སྔགས་དུས་ཐམས་ཅད་དུ་དེའི་རྣ་བར་བསྒྲགས་ཤིང་བཟླས་ན་ཡང་གདོན་ཐམས་ཅད་ལས་ཐར་བར་འགྱུར་རོ། །འབྱུང་པོའི་བདག་པོ་ལྷ་ཆེན་དང་། །དེ་ཡི་འཁོར་གྱི་ཚོགས་མཆོད་ཅིང་། །དེ་ཡི་སྔགས་གྲུབ་ བཟླས་ན་ཡང་། །གདོན་ནི་ཐམས་ཅད་འཇོམས་པར་བྱེད། །ཅེས་བྱ་བ་ལ། འབྱུང་པོའི་གདོན་རྣམས་ཀྱི་ལེགས་ལྡན་ལྷ་ཆེན་པོ་མཆོད་པར་བྱ་བ་དང་། དེ་བཞིན་དུ་དེའི་འཁོར་གྱི་ཚོགས་འཇོམས་བྱེད་རྣམས་མཆོད་པ་དང་། དེའི་སྔགས་གྲུབ་ཟིན་པ་བཟླས་པར་གྱུར་ན་ཡང་གདོན་ ཐམས་ཅད་འཇོམས་པར་བྱེད་དོ། །གང་ཡང་འོག་ནས་བཤད་པ་ཡི། །ལེའུ་གཉིས་ལས་སྨོས་པ་དང་། །གང་འདིར་བཤད་པ་དེ་དག་ཀུན། །ཕན་ཚུན་སྦྱོར་བ་བྱས་ན་ཕན། །ཞེས་བྱ་བ་ལ། གང་འདིའི་འོག་ནས་བཤད་པའི་ལེའུ་གཉིས་པོ་སྨྱོ་བྱེད་དང་བརྗེད་བྱེད་ཅེས་བྱ་བའི་ནད་གསོ་བ་ ལ་སྨོས་པ་དང་། གང་ལེའུ་འདི་ལས་བཤད་པ་དེ་དག་ཐམས་ཅད་ནི་ཕན་ཚུན་འདྲེས་མར་སྦྱར་ཞིང་སྦྱོར་བ་བྱས་ན་ཕན་ནོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ ལེའུ་ལྔ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་སྨྱོ་བྱེད་གསོ་བ་བཤད་པར་བྱའོ། །ཞེས་བྱ་བ་ལ། གདོན་གྱི་གསོ་བ་ལས་སྨྱོ་བྱེད་དང་བརྗེད་བྱེད་ཀྱི་གསོ་བ་ལོགས་ཤིག་ཏུ་བྱས་པ་ནི་བརྗོད་པ་མང་བ་ཡིན་པའི་ཕྱིར་རོ། །སྨྱོ་བྱེད་ནད་གཞི་རེ་རེ་དང་། །འདུས་སོགས་དུག་ལས་ 202-1-117a གྱུར་པ་དྲུག །ཅེས་བྱ་བ་ལ། སྨྱོ་བྱེད་ནི་རྣམ་པ་དྲུག་སྟེ། རླུང་ལ་སོགས་པ་ནད་གཞི་རེ་རེ་ལས་གྱུར་པ་གསུམ་དང་འདུས་པ་ལས་གྱུར་པ་གཅིག་དང་། སོགས་པ་སྨོས་པས་སེམས་ཀྱི་གདུང་བ་ལས་གྱུར་པ་གཅིག་དང་། དུག་ལས་གྱུར་པ་སྟེ་དྲུག་གོ། །སྨྱོ་བྱེད་ ཅེས་བྱ་ལུས་དང་ནི། །སེམས་ཀྱི་ནད་ལམ་ལོག་པ་རུ། །ཞུགས་པས་སྨྱོས་པར་གྱུར་པ་ཡིན། །ཞེས་བྱ་བ་ལ། སྨྱོ་བྱེད་ཅེས་བྱ་བ་ནི་གང་ལུས་དང་སེམས་ཀྱི་ནད་ལམ་ལོག་པར་གྱུར་པས་ཡིད་མྱོས་ཤིང་མ་བརྟགས་པ་ཉིད་དུ་མྱོས་པར་གྱུར་པ་དེ་ལ་ནི་མྱོས་ཤིང་བརྒྱལ་བ་ཞེས་བྱའོ། །བཟའ་བཏུང་གནོད་ པ་དག་དང་ནི། །སྙིང་དང་མ་གོམས་དྲི་མར་བཅས། །མ་སྙོམས་པ་ནི་བསྟེན་པ་དང་། །ཡིད་ཞུམ་སྙིང་སྟོབས་ཆུང་བ་དང་། །ནད་ཀྱི་ཤུགས་ནི་དཀྲུགས་པ་དང་། །རིད་ཅིང་སྤྱོད་པ་མ་སྙོམས་དང་། །མཆོད་འོས་མཆོད་པར་མི་བྱེད་དང་། །སེམས་ལས་ཀྱིས་ནི་སེམས་ཉམས་དང་། །དུག་ དང་ཉེ་བའི་དུག་ལས་གྱུར། །ཞེས་བྱ་བ་ལ། བཟའ་བ་དང་བཏུང་བ་གནོད་པར་གྱུར་པ་དག་གིས་ལུས་དང་སེམས་ཀྱི་ནད་སྐྱེད་པ་དང་། དེ་བཞིན་དུ་ཟས་སྐོམ་རྙིང་པ་ལོ་ལོན་པ་དང་། སྔར་མ་གོམས་པ་དང་། དྲི་མ་ཅན་དུ་གྱུར་པ་དང་། ཟས་སྐོམ་མ་སྙོམས་པ་བསྟེན་པ་དང་། དེ་བཞིན་ དུ་ཡིད་ཞུམ་ཞིང་མི་དགའ་བ་དང་སྙིང་སྟོབས་ཆུང་ཞིང་ནད་ཀྱི་ཁྱད་པར་གྱིས་འཁྲུགས་པ་དང་། ལུས་རིད་ཅིང་ཉམ་ཆུང་བ་དང་། སྤྱོད་པ་དྲག་དལ་མ་སྙོམས་པ་དང་། མཆོད་པར་འོས་པ་ལྷ་དང་བླ་མ་ལ་སོགས་པ་མཆོད་པར་མི་བྱེད་པ་དང་། སེམས་ལས་ཀྱིས་ཡིད་ལ་གནོད་པར་བྱེད་པ་ དང་། སེམས་ཉམས་ཤིང་མ་རུངས་པར་གྱུར་པ་དང་། དེ་བཞིན་དུ་དུག་དང་ཉེ་བའི་དུག་སྦྱར་བའི་དུག་ལ་སོགས་པ་ལས་སྨྱོ་བྱེད་ཀྱི་ནད་དུ་གྱུར་པ་ཡིན་ནོ། །འདི་ཡིས་སྙིང་སྟོབས་ཞན་པ་ཡི། །སྙིང་གི་ནད་ལ་གནོད་བྱས་ཏེ། །བློ་ནི་དྲི་མ་ཅན་བྱས་ཏེ། །ཡིད་རྒྱུ་བ་ཡི་ལམ་བཀག་ནས། །སྨྱོ་བྱེད་ དག་ནི་སྐྱེད་པར་བྱེད། །དེ་ཡིས་བློ་དང་རྣམ་ཤེས་དང་། །དྲན་པ་འཁྲུལ་ཞིང་ལུས་ཀྱི་ནི། །བདེ་དང་སྡུག་བསྔལ་ལས་ཉམས་ཏེ། །ཤིང་རྟ་ཁ་ལོ་སྒྱུར་བ་ནི། །མེད་པ་ལྟ་བུར་རྩོམ་པ་ནི། །ཀུན་ཀྱང་བསམ་པ་མེད་པར་སྤྱོད། །ཅེས་བྱ་བ་ལ། སྔར་བཤད་པའི་བཟའ་བ་དང་ 202-1-117b བཏུང་བ་གནོད་པ་ལ་སོགས་པའི་ནད་ཀྱིས་སྙིང་ལ་གནོད་པར་བྱས་ཏེ། བློ་དྲི་མའི་རྙོག་མ་ཅན་དུ་བྱས་ཏེ། ཡིད་རྒྱུ་བའི་རྩ་སྦུབས་ཀྱི་ལམ་བཀག་ནས་སྨྱོ་བྱེད་ཀྱི་ནད་སྐྱེད་པར་བྱེད་པ་ཡིན་ལ། སྨྱོ་བྱེད་དེས་བློ་ལ་སོགས་པ་འཁྲུག་ཅིང་འཁྲུགས་པ་དང་ལུས་ཀྱི་བདེ་བ་དང་། སྡུག་བསྔལ་ལས་ ཉམས་ཤིང་། ཚོར་བ་མེད་དེ་ཐམས་ཅད་དུ་བསམ་པ་མེད་པ་ཁོ་ནར་སྤྱོད་པ་ནི་དཔེར་ན་ཇི་ལྟར་ཤིང་རྟ་ཁ་ལོ་སྒྱུར་བའི་སྐྱེས་བུ་མེད་པ་དང་ཕྱོགས་མེད་པར་འཁྱམས་པ་ལྟ་བུར་འགྱུར་རོ། །དེ་ལ་རླུང་གྱུར་ལུས་སྦེགས་ཤིང་། །རྒྱུ་མེད་ངུ་ཞིང་ཚིག་རྩུབ་སྨྲ། །དགོད་དང་འཛུམ་དང་གར་བྱེད་དང་། ། གླུ་ལེན་རོལ་མོ་བྱེད་པ་དང་། །ལུས་སྐྱོད་ཕེག་ནི་རྡོབ་པ་དང་། །གླིང་བུ་པི་ཝང་ལ་སོགས་ཀྱི། །སྒྲ་ཡི་ལད་མོ་ཡང་ཡང་ཟློ། །རྒྱུན་དུ་ཁ་ནས་སྦུ་བ་འཛག །ཕན་ཚུན་རྒྱུག་ཅིང་མང་དུ་སྨྲ། །རྒྱན་མིན་པས་ནི་རྒྱན་དུ་བྱེད། །བཞོན་པ་མིན་པས་འགྲོ་བར་རྩོམ། །ཁ་ཟས་ལ་ནི་གདུ་ བར་བྱེད། །དེ་རྙེད་ན་ནི་མི་འདོད་བྱེད། །མིག་ཟླུམ་མིག་ནི་དམར་བ་དང་། །ཁ་ཟས་ཞུ་ནས་ནད་ལྡང་འགྱུར། །ཞེས་བྱ་བ་ལ། དེ་ལ་རླུང་ལས་གྱུར་པའི་སྨྱོ་བྱེད་ནི་་ལུས་སྦེགས་ཤིང་རིད་པ་དང་། རྒྱུ་མེད་པར་ངུ་བ་ནས་ཕེག་རྡོབ་པའི་བར་དུ་བྱེད་དེ། རྒྱུ་མེད་པ་ནི་གནས་སྐབས་མ་ཡིན་ པ་སྟེ། གང་དུ་ངུ་བ་ལ་སོགས་པའི་བྱ་བ་རིགས་པ་དག་ལ་ནི་མི་བྱེད་ལ། མི་བྱེད་པར་རིགས་པ་དག་ལ་ནི་བྱེད་པའོ། །འཛུམ་པ་ནི་ཆུང་ཟད་དགོད་པའོ། །གླིང་བུ་ལ་སོགས་པའི་ལད་མོ་བྱེད་པ་ནི་དེ་དང་རྗེས་སུ་མཐུན་པར་བྱེད་པའོ། །རྒྱན་མ་ཡིན་པ་ནི་རྩ་ཤིང་ལ་སོགས་པ་སྟེ། དེས་རྒྱན་དུ་བྱེད་པའོ། །བཞོན་པ་མ་ཡིན་པ་ནི་ཤིང་ལས་བྱས་པའི་རྟ་ལ་སོགས་པས་འགྲོ་བར་རྩོམ་པའོ། །ཁ་ཟས་ལ་གདུ་བ་ནི་ཟས་སྐོམ་ལ་སོགས་པ་ལ་ཆགས་པའོ། །རྙེད་ན་མི་འདོད་པ་ནི་དེ་ལ་མངོན་པར་མི་དགའ་བའོ། །ཁ་ཟས་ཞུ་ནས་ནད་ལྡང་བ་ནི། ནད་དེ་སྟོབས་ཅན་དུ་ འགྱུར་བའོ། །གཞན་དག་ནི་གོ་བར་ཟད་དོ། །མཁྲིས་ལས་སྤྱོ་ཞིང་ཁྲོ་བ་དང་། །ཁུ་ཚུར་བོང་བས་རྡེག་ཅིང་རྒྱུག །གྲིབ་མ་ཆུ་ནི་གྲང་མོ་འདོད། །གཅིག་པུ་འདུག་ཅིང་ལུས་མདོག་སེར། །མེད་པར་མེ་ནི་འབར་བ་དང་། །སྐར་མ་མར་མེ་མཐོང་བའོ། །ཞེས་བྱ་བ་ལ། 202-1-118a མཁྲིས་པ་ལས་གྱུར་པའི་སྨྱོ་བྱེད་ནི་གཞན་དག་ལ་ཚིག་ངན་པས་སྤྱོ་བ་དང་། ཁྲོ་ཞིང་འཁྲུག་པ་དང་། ཁུ་ཚུར་ལ་སོགས་པས་རྡེག་ཅིང་འགྲོ་བ་དང་། བཙོག་པ་དང་། ས་ཕྱོགས་གང་ན་མེ་འབར་བ་ལ་སོགས་པ་མེད་བཞིན་དུ་མེའི་ཕུང་པོ་ལ་སོགས་པ་མཐོང་བ་ ཡིན་ནོ། །བད་ཀན་སློན་ཞིང་ཡི་ག་འཆུས། །ཁ་ཟས་རྩོལ་དང་སྨྲ་བ་ཉུང་། །བུད་མེད་འདོད་ཅིང་དབེན་ལ་དགའ། །ཁ་ཆུ་སྣབས་ནི་འཛག་པ་དང་། །འཇིགས་རུང་གཙང་སྦྲ་ལ་མི་དགའ། །གཉིད་ཆེ་གདོང་ནི་སྐྲང་བ་དང་། །ནུབ་མོ་ཤས་ཆེར་སྨྱོ་བ་དང་། །ཟོས་མ་ཐག་ཏུ་ ལྡང་བ་ཡིན། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་སྨྱོ་བྱེད་ནི་སློན་བྲོ་བ་དང་། ཡི་ག་འཆུས་པ་ལ་སོགས་པ་དང་། དབེན་པར་གཅིག་པུ་འདུག་པར་དགའ་བ་དང་། འཇིགས་སུ་རུང་ཞིང་སྨད་པར་བྱ་བ་ལ་གནས་པ་དང་། གཙང་སྦྲ་ཆུང་བ་ལ་སོགས་པ་དང་། ཁ་ཟས་ ཟོས་མ་ཐག་ཏུ་སྨྱོ་བྱེད་ཀྱི་ནད་ཤས་ཆེར་ལྡང་བའི་བར་ཡིན་ནོ། །འདུས་པའི་རྒྱུ་དང་མཚན་མ་ནི། །ཀུན་ལྡན་དེ་ཡི་བདག་ཉིད་ཅན། །སྨྱོ་བྱེད་མི་བཟད་པར་ཤེས་བྱ། །དེ་ནི་སྨན་པས་ཡོངས་སུ་སྤང་། །ཞེས་བྱ་བ་ལ། འདུས་པ་ལས་གྱུར་པའི་སྨྱོ་བྱེད་ནི་ནད་གཞི་རྒྱུ་ཐམས་ཅད་དང་མཚན་ མ་ཐམས་ཅད་དང་ལྡན་པ་ཡིན་ཏེ། དེ་ལྟ་བུ་ནི་འདུས་པའི་ནད་དེའི་བདག་ཉིད་ཅན་ཡིན་ལ། སྨྱོ་བྱེད་དེ་ནི་ཤིན་ཏུ་མི་བཟད་ཅིང་། འཇིགས་སུ་རུང་བ་ཡིན་པས། གསོར་མི་རུང་བའི་ཕྱིར་སྨན་པས་སྤང་བར་བྱའོ། །ནོར་དང་ཆུང་མ་སོགས་བྲལ་བས། །བརྣག་དཀའ་བ་ལས་སེམས་ གདུང་བས། །སྨྱོ་ཞིང་ཞུམ་ལ་ཡང་ཡང་བརྒྱལ། །ཀྱི་ཧུད་ཀྱི་ཧུད་སྨྲེ་སྔགས་འདོན། །གློ་བུར་དུ་ནི་ངུ་ཞིང་བརྒྱལ། །དེ་ཡི་ཡོན་ཏན་མང་དུ་སེམས། །མྱ་ངན་གྱིས་གདུངས་སེམས་ཁོང་ཆུད། །གཉིད་ཡར་རྣམ་པར་འཁྱམས་པ་ཡིན། །ཞེས་བྱ་བ་ལ། སེམས་ཀྱི་གདུང་བ་ན་སྨྱོ་བྱེད་ ནི་ནོར་དང་ཆུང་མ་ལ་སོགས་པ་ཡིད་དུ་འོང་བ་དང་བྲལ་བས། བརྣག་དཀའ་བ་ལ་སེམས་ཀྱི་གདུང་བ་སྐྱེལ། དེའི་དབང་གིས་མདོག་སྐྱ་བོ་འོད་འོད་པོར་གྱུར་པ་དང་། སེམས་ཞུམ་པ་ལ་སོགས་པར་འགྱུར་ཞིང་། ནོར་རམ་ཆུང་མ་དང་བྲལ་བ་དེའི་ཡོན་ཏན་ཡང་དང་ཡང་དུ་སེམས་ 202-1-118b ཤིང་མྱ་ངན་གྱིས་གདུངས་པ་ལ་སོགས་པ་ཡིན་ནོ། །དུག་གིས་གདོང་ནི་སྔོ་བ་དང་། །གཟི་ཉམས་དབང་པོ་སྟོབས་ཆུང་བ། །ཤུགས་ཀྱི་བར་དུའང་འཁྲུལ་བར་བྱེད། །མིག་དམར་དེ་ནི་སྤང་བར་བྱ། །ཞེས་བྱ་བ་ལ། དུག་ལས་གྱུར་པའི་སྨྱོ་བྱེད་ནི་མིའི་གདོང་སྔོ་བ་དང་། གཟི་ མདངས་ཉམས་པ་ལ་སོགས་པ་དང་། བཤང་གཅི་ལ་སོགས་པའི་ཤུགས་འབྱིན་ཞིང་བར་དུ་ཡང་འཁྲུལ་ཞིང་མྱོས་པར་འགྱུར་བ་དང་། མིག་དམར་པོར་འགྱུར་བ་ཡིན་ཏེ། དེ་ཡང་གསོར་མི་རུང་བས་སྤང་བར་བྱའོ། །དེ་ནས་རླུང་གྱུར་སྨྱོ་བྱེད་ལ། །དང་པོར་སྣུམ་གྱི་བཏུང་བ་ བླུད། །ཅེས་བྱ་བ་ལ། དེ་ནས་དེ་དག་གི་གསོ་བ་ནི་རླུང་ལས་གྱུར་པའི་སྨྱོ་བྱེད་ལ་ནི་དང་པོ་ཐོག་མ་ཁོ་ནར་སྨན་མར་བླུད་ནས་གསོ་བར་བྱའོ། །ལམ་འགགས་གྱུར་ལ་དང་པོར་ནི། །སྣུམ་བཅས་སྦྱང་བ་འཇམ་པོ་བྱ། །ཞེས་བྱ་བ་ལ། རྩ་སྦུབས་ཀྱི་ལམ་འགགས་པ་ལས་སྨྱོ་བྱེད་དུ་ གྱུར་པ་ལ་ནི་དང་པོ་ཁོ་ནར་སྣུམ་དང་བཅས་པའི་སྐྱུག་སྨན་དང་། བཀྲུ་སྨན་དང་འཇམ་པོའི་སྦྱོར་བས་གསོ་བར་བྱའོ། །བད་ཀན་མཁྲིས་གྱུར་དང་པོ་ནི། །སྣུམ་དང་དུགས་བྱས་སྐྱུག་སྨན་དང་། །བཀྲུ་སྨན་མས་གཏོང་བཅས་པ་དང་། །མགོ་བོའི་བཀྲུ་སྨན་དག་ཀྱང་བྱ། །ཞེས་བྱ་བ་ ལ། བད་ཀན་དང་མཁྲིས་པ་ལས་གྱུར་པའི་སྨྱོ་བྱེད་ལ་ནི་དང་པོ་ཁོ་ནར་སྣུམ་དང་དུགས་ཀྱི་ཆོ་ག་བྱས་ལ་སྐྱུག་སྨན་ལ་སོགས་པ་བཏང་བས་གསོ་བར་བྱའོ། །དེ་ལྟར་ལུས་ནི་དག་བྱས་ན། །ཡིད་ནི་དྲན་པ་རྙེད་པར་འགྱུར། །ཞེས་བྱ་བ་ལ། ཚུལ་དེ་ལྟར་བྱས་པས་སྨྱོ་བྱེད་ཀྱིས་བཏབ་ པའི་ནད་པ་དེའི་ལུས་སྦྱང་བ་བྱས་པའི་རྒྱུས་སེམས་གསལ་ཞིང་ཡིད་དྲན་པ་རྙེད་པར་འགྱུར་རོ། །དེ་ལྟ་ན་ཡང་རྗེས་འབྲངས་ན། །སྣ་སྨན་མིག་སྨན་རྣོན་པོ་གཏང་། །སེམས་དགའ་དབུགས་འབྱུང་སྐྲག་པ་དང་། །འཇིགས་དང་རྡེག་དང་སྡིགས་མོ་བྱེད། །ལུས་དྲིལ་བྱུག་དང་བསྐུ་བ་དང་། ། དུད་བརྔུབ་སྨན་མར་བླུད་པ་དག །སྦྱར་ཏེ་དེ་ནི་དག་གྱུར་ན། །ཡིད་ནི་ཐ་མལ་པ་ལ་སྦྱར། །ཞེས་བྱ་བ་ལ། ཚུལ་དེ་ལྟ་བུའི་གསོ་བ་བྱས་སུ་ཟིན་ཀྱང་ནད་དེ་རྗེས་སུ་འབྲང་ཞིང་འབྲེལ་པ་ཡིན་ན་སྣ་སྨན་རྣོན་པོ་ལ་སོགས་པ་བཏང་བ་དང་། སེམས་དགའ་བ་ལ་སོགས་པ་བྱས་ཏེ། དེས་ནི་ 202-1-119a ཡིད་ཐ་མལ་པར་བདེ་བར་གནས་པར་འགྱུར་རོ། །ཤིང་ཀུན་དང་ནི་རྩབས་རུ་ཚ། །ཚ་བ་གསུམ་ནི་སྲང་གཉིས་གཉིས། །མར་བྲེ་བཞི་ནི་བ་གཅིན་བཅས། །བསྐོལ་བས་སྨྱོ་བྱེད་འབྱུང་པོ་དང་། །བརྗེད་བྱེད་གདོན་ནི་སེལ་མཆོག་ཡིན། །ཞེས་བྱ་བ་ལ། ཤིང་ ཀུན་ལ་སོགས་པའི་སྨན་སྲང་གཉིས་གཉིས་དང་། མར་བྲེ་བཞི་བ་གཅིན་དང་བཅས་པར་བསྐོལ་བ་བཏུང་བ་ལ་སོགས་པར་སྦྱར་ན་སྨྱོ་བྱེད་ལ་སོགས་པ་སེལ་བར་འགྱུར་རོ། །བྲམྷིའི་ཁུ་བ་བྲེ་དོ་དང་། །མར་བྲེ་གང་དང་ཚ་བ་གསུམ། །ཤ་མ་དུར་བྱིད་བིམ་པ་དང་། །ཤང་ཀ་པུཥྤ་དོང་ག་ དང་། །སཔྟ་ལ་དང་བྱི་དང་ག །ཞོ་ནི་གཉིས་གཉིས་ལྡེ་གུར་བསྐོལ། །བྲམྷིའི་རྩ་བ་ཞེས་བཤད་དེ། །མར་ནི་སྲང་རེས་བསྐྱེད་དེ་གཏང་། །ཆེ་ཚད་སྲང་བཞིའི་བར་ཟོས་ན། །སྨྱོ་བྱེད་བརྗེད་བྱེད་མཛེ་ཡི་ནད། །སེལ་ཞིང་མོ་གཤམ་བུ་སྐྱེད་བྱེད། །སྐད་སྙན་ཚིག་གསལ་དྲན་པ་དང་། །ཡིད་ གཞུངས་དཔལ་ནི་སྐྱེད་པར་བྱེད། །ཞེས་བྱ་བ་ལ། སྨན་བྲམྷི་བསྐོལ་བའི་ཁུ་བ་བྲེ་དོ་དང་མར་བྲེ་གང་དང་། ཚ་བ་གསུམ་ལ་སོགས་པའི་སྨན་སྣ་རེ་རེ་ཞོ་གཉིས་གཉིས་ཀྱི་ལྡེ་གུ་བསྐོལ་བ་ནི་བྲམྷིའི་སྨན་མར་ཞེས་བྱ་བར་བཤད་དེ། མར་དེ་སྲང་གཅིག་ནས་སྲང་རེ་བསྐྱེད་དེ་སྲང་བཞི་བར་དུ་ཟོས་ན། མར་དེས་སྨྱོ་ བྱེད་ལ་སོགས་པའི་ནད་སེལ་ཞིང་དཔལ་སྐྱེད་པའི་བར་དུ་བྱེད་དོ། །འབྲས་བུ་གསུམ་དང་པི་ཤ་ལ། །པ་ཏྲོ་ཨེ་ལ་ཐང་ཤིང་དང་། །ཨེ་ལ་བ་ལུ་ཀ་དང་ནི། །ཐལ་ཏྲེས་རྣམ་གཉིས་སེར་པོ་གཉིས། །སྠི་ར་རྣམ་གཉིས་པྲི་ཡང་ཀུ། །རྒྱ་སྤོས་རུ་རྟ་བྲི་ཧ་ཏི། །ནཱ་ག་གེ་སར་དོང་ག་བཙོད། །སེའུ་འབྲུ་ བལ་བུའི་ལོ་མ་དང་། །ཛཱ་ཏི་ཁ་འབུས་བྱི་དང་ག །དན་ད་ཤུག་པ་ཨུཏྤལ། །ཙནྡན་དཀར་པོ་ཞོ་གཉིས་གཉིས། །ཞུན་མར་བྲེ་གང་བཅས་བསྐོལ་བ། །དགེ་བའི་སྨན་མར་ཞེས་བཤད་འདིས། །འབྱུང་པོའི་གདོན་སོགས་སྨྱོ་བྱེད་དང་། །བརྗེད་བྱེད་ལུད་པ་སྡིག་ཅན་འཇོམས། །སྐྱ་རྦབ་ གཡན་པ་སྐེམ་དང་དུག །རྨོངས་བག་གཅིན་སྙི་དབྱིག་དུག་རིམས། །ཁུ་བ་མེད་པའམ་བུ་མེད་པའམ། །དྲན་པ་གདོན་གྱིས་བརླམས་པ་དང་། །ཡིད་གཞུངས་མེད་ཅིང་ཚིག་འཁྲུལ་དང་། །དྲན་ཉམས་མེ་དྲོད་ཆུང་ལ་ཕན། །སྟོབས་སྐྱེད་བཀྲ་ཤིས་ཚེ་རིང་ཞིང་། །མདངས་སྐྱེད་སྐལ་ལྡན་ 202-1-119b ལུས་རྒྱས་བྱེད། །བུ་སྐྱེད་བྱེད་པའི་མཆོག་ཡིན་ནོ། །ཞེས་བྱ་བ་ལ། པ་ཏྲ་ཨེ་ལ་ནི་ཧ་རེ་ཎུ་ཀའོ། །ཨེ་ལ་བ་ལུ་ཀ་ནི་མ་ལུང་ཀའོ། །ཐལ་ཏྲེས་རྣམ་གཉིས་ནི་ཤ་རི་བ་དཀར་པོ་དང་། ནག་པོ་གཉིས་སོ། །སེར་པོ་གཉིས་ནི་ཡུང་བ་དང་སྐྱེར་པའོ། །སྠི་ར་རྣམ་གཉིས་ནི་ས་ལ་པརྞི་དང་ ཀྲྀཥྞ་པརྞིའོ། །པྲི་ཡང་ཀུ་ནི་གན་དྷ་པྲི་ཡང་ཀུའོ། །ཛཱ་ཏི་ནི་སྣ་མའི་མེ་ཏོག་སྟེ། དེ་ཁ་འབུས་པའོ། །ཨུཏྤ་ལ་ནི་ཨུཏྤ་ལ་སྔོན་པོའོ། །གཞན་ནི་གྲགས་པར་ཟད་དེ་སྨན་དེ་དག་ཞོ་གཉིས་གཉིས་ཀྱི་ཚད་དུ་བྱས་པའི་ལྡེ་གུ་དང་། ཞུན་མར་བྲེ་གང་བསྐོལ་བའི་སྨན་མར་ནི་དགེ་བའི་སྨན་མར་ཞེས་དྲང་ སྲོང་དག་གིས་བཤད་དེ། སྨན་མར་འདིས་ནི་འབྱུང་པོའི་གདོན་ལ་སོགས་པ་འཇོམས་པ་ནས་བུ་སྐྱེད་པའི་མཆོག་ཡིན་པའི་བར་གྱི་ཡོན་ཏན་དང་ལྡན་པ་ཡིན་ནོ། །འདི་ལས་ཐལ་ཏྲེས་རྣམ་གཉིས་སོགས། །ཉི་ཤུ་རྩ་གཅིག་ཆུ་ནང་བསྐོལ། །དེ་ཡི་ཁུ་བ་མར་དང་བ། །ལན་ཅིག་སྐྱེས་འོ་ བཞི་འགྱུར་དང་། །མེ་ད་རྣམ་གཉིས་རམ་ཉེ་བ། །བུམ་གཙང་སྟོང་དང་ཁ་སྲལ་ཕྲེའུ། །བུ་རམ་ཤིང་དང་པརྞི་གཉིས། །བསྐོལ་བ་ཡི་ནི་སྨན་མར་ནི། །དགེ་བ་ཆེན་པོ་ཞེས་བྱ་སྟེ། །བརྟས་བྱེད་འདུས་པའི་ནད་འཇོམས་ཤིང་། །སྔ་མ་བས་ཀྱང་ཡོན་ཏན་ལྷག །ཅེས་བྱ་བ་ལ། བཤད་མ་ཐག་པའི་སྨན་འདི་དག་ལས་དང་པོའི་བདུན་མ་གཏོགས་པ་ཐལ་ཏྲེས་རྣམ་གཉིས་ལ་སོགས་པ་སྨན་སྣ་ཉི་ཤུ་རྩ་གཅིག་ཁུ་བ་བསྐོལ་བའི་ཆོ་གས་ཆུར་བསྐོལ་ཏེ། ཤ་རི་བ་རྣམ་གཉིས་ལ་སོགས་པ་སྨན་སྤྱིར་བྲེ་གང་ཆུ་བྲེ་བཅུ་དྲུག་གི་ནང་དུ་བསྐོལ་ལ་སྨན་གྱི་ཁུ་བ་བཞི་ཆ་ལུས་པ་མར་བྲེ་ གང་དང་བ་བེའུ་ལན་ཅིག་སྐྱེས་པའི་འོ་མ་བྲེ་བཞི་དང་། མེ་ད་རྣམ་གཉིས་ལ་སོགས་པ་སྤྱིར་སྲང་བརྒྱད་བསྐོལ་བའི་སྨན་མར་ནི་དགེ་བ་ཆེན་པོའི་སྨན་མར་ཞེས་བྱ་སྟེ། དེས་ལུས་བརྟས་པར་བྱེད་པ་དང་། འདུས་པའི་ནད་སེལ་བར་བྱེད་པ་དང་། དགེ་བའི་སྨན་མར་ཡོན་ཏན་ཆེར་ལྷག་པ་ཡིན་ནོ། ། སྤང་སྤོས་པུ་ཏ་ཀེ་ཤི་དང་། །ཆུ་རྩ་ཤུ་དག་ཁ་སྲལ་ཕྲེའུ། །ཀྱི་ལྕེ་བ་དང་རམ་ཉེ་བ། །ཙ་རོང་ཛ་ཡ་པུ་ཙེ་ཤེལ། །སླེ་ཏྲེས་ཙ་ཏྲ་བ་ར་ཧ། །ཨ་ཏི་ཚ་ཏྲ་ས་ཏ་ལ། །མ་ཧཱ་པུ་རུ་ཥ་དན་ཌ། །ན་ཀུ་ལི་གཉིས་སྐྱུ་རུ་ར། །བྲི་ཤྩི་ཀ་ལ་ཀ་དམ་བ། །ས་ལ་པརྞི་བཅས་བསྐོལ་མར། །ཤ་ཟ་ 202-1-120a ཆེན་པོའི་མར་ཞེས་བྱ། །དེས་ནི་ཉིན་བཞི་པ་རིམས་དང་། །སྨྱོ་བྱེད་བརྗེད་བྱེད་གདོན་འཇོམས་ཤིང་། །བློ་དང་ཡིད་གཞུངས་དྲན་པ་སྐྱེད། །བྱིས་པ་རྣམས་ཀྱི་ལུས་འཕེལ་བྱེད། །བདུད་རྩི་དང་ནི་འདྲ་བ་ཡིན། །ཞེས་བྱ་བ་ལ། སྤང་སྤོས་ལ་སོགས་པའི་ སྨན་དང་། མར་ཚུལ་བཞིན་དུ་བསྐོལ་བའི་སྨན་མར་ནི་མིང་ཤ་ཟ་ཆེན་པོའི་སྨན་མར་ཞེས་བྱ་སྟེ། དེས་ནི་ཉིན་བཞི་པའི་རིམས་ལ་སོགས་པ་སེལ་བའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །བྲམྷི་ཨིན་དྲི་བྱི་དང་ག །ཤིང་ཀུན་སྤང་སྤོས་མུར་བ་དང་། །ར་སྣ་སྒོག་སྐྱ་བོང་ང་དཀར། ། ཤུ་དག་བྱེའུ་རུག་བི་ཤ་ལ། །ནཱ་ག་དན་ཏི་བྱི་ཚེར་བ། །ཛོ་ཏི་སྨཱ་ཏི་ཚ་བ་གསུམ། །ཨ་རུ་ར་དང་ས་ནག་རྣམས། །གླང་པོའི་གཅིན་བཏགས་རི་ལུ་བྱས། །གྲིབ་བསྐམས་སྣར་བླུགས་མིག་བསྐུ་ཞིང་། །ལུས་བསྐུས་སྤོས་བདུགས་སྨྱོ་བྱེད་སེལ། །ཞེས་བྱ་བ་ལ། བྲམྷི་ནི་བྲམ་མན་ཡ་སྟི་ཀ་ ཞེས་བྱའོ། །ཨིན་དྲི་ནི་ཨིན་དྲ་བ་རུ་ནའོ། །ལ་ལ་ནི་སུག་སྨེལ་ལ་བྱའོ་ཞེས་ཟེར་རོ། །མོ་ར་ནི་གནྡྷ་མོ་རའོ། །བི་ཤ་ལ་ནི་ལང་ག་ལིའོ། །ཛོ་ཏི་སྨ་ཏི་ནི་མར་མ་ཏ་ཞེས་བྱ་བ་ཕུག་རོན་གྱི་རྐང་པ་འདྲ་བ་མིང་གི་རྣམ་གྲངས་ཀུ་ནི་ཞེས་བྱའོ། །ནཱ་ག་དན་ད་ནི་ནཱ་ག་བྱི་ནའོ། །ས་ནག་ནི་སོ་ར་ཤི་ཞེས་ བྱ་བ་སྟེ། སྨན་དེ་རྣམས་གླང་པོ་ཆེའི་གཅིན་དང་བཏགས་ཏེ་རི་ལུར་བྱས་ནས། གྲིབ་མ་ལ་བསྐམས་ལ་སྣར་བླུགས་པ་ལ་སོགས་པ་བྱས་ན་སྨྱོ་བྱེད་ཀྱི་གདོན་སེལ་བར་འགྱུར་རོ། །ཡུངས་ཀར་དང་ནི་སྦྱར་བ་ཡི། །སྣ་སྨན་རྣམ་པ་སྣ་ཚོགས་ཕན། །ཞེས་བྱ་བ་ལ། གཞན་ཡང་སྨྱོ་བྱེད་ ཀྱི་གདོན་ལ་ནི་ཡུངས་ཀར་གྱི་མར་དང་སྦྱར་བའི་སྣ་སྨན་རྣམ་པ་ཐ་དད་པ་དག་ཀྱང་ཕན་པ་ཡིན་ནོ། །ཡུངས་མར་གྱིས་ནི་ལུས་བསྐུ་དང་། །ཡུངས་ཀར་ཕྱེ་མ་སྣར་བུད་བྱ། །ཞེས་བྱ་བ་ལ། ཡང་སྨྱོ་བྱེད་ཀྱི་ནད་འདི་ལ་ཡུངས་ཀར་གྱི་མར་གྱིས་ལུས་བསྐུ་བ་དང་། ཡུངས་ཀར་གྱི་ཕྱེ་མ་སྣ་ནས་འབུད་ པ་དག་བྱས་ན་ཡང་ཕན་ནོ། །མདོ་གནས་བསྟན་པའི་ཆོ་ག་བཞིན། །དུད་རྣོན་ཤིང་ཀུན་བཅས་པ་ཕན། །ཞེས་བྱ་བ་ལ། སྨྱོ་བྱེད་ཀྱི་ནད་ལ་མདོའི་གནས་ལས་བཤད་པའི་དུད་པ་རྣོན་པོ་ཤིང་ཀུན་དང་བཅས་པ་བདུགས་ན་ཡང་ཕན་ནོ། །ཝ་དང་རེག་འཇམ་འུག་པ་དང་། །བྱི་བ་ར་ཐུག་ 202-1-120b ཛ་ཏུ་ཀའི། །གཅིན་དང་རྟུག་པ་སྤུ་དང་ནི། །པགས་པ་མཁྲིས་པ་སེན་མོ་དང་། །སྤོས་བདུགས་མིག་སྨན་ལུས་བསྐུས་དང་། །བྱུགས་དང་བླུགས་པ་སྤྱད་པར་བྱ། །ཞེས་བྱ་བ་ལ། ཝ་ལ་སོགས་པའི་གཅིན་ལ་སོགས་པ་དང་སྦྱར་བའི་སྤོས་ཀྱིས་བདུགས་པ་ལ་སོགས་པ་བྱས་ན་ཡང་སྨྱོ་ བྱེད་ཀྱི་ནད་ལ་ཕན་ནོ། །བད་ཀན་རླུང་གྱུར་ལ་ཕལ་ཆེར། །ཁྱི་དང་བ་གླང་ཉ་ཤ་ནི། །རུལ་བའི་དུད་པས་བདུག་པར་བྱ། །ཞེས་བྱ་བ་ལ། བད་ཀན་དང་རླུང་ལས་གྱུར་པའི་སྨྱོ་བྱེད་ཕལ་ཆེར་ལ་ནི་ཁྱི་དང་བ་གླང་དང་ཉའི་ཤ་རུལ་ཞིང་དྲི་མནམ་པའི་དུད་པས་ནད་པ་དེ་ལ་བདུགས་ན་ཕན་ནོ། ། མཁྲིས་གྱུར་ལ་ནི་ཏིག་ཏའི་མར། །འཚོ་བྱེད་སྣུམ་ནི་གཉིས་ཀྱི་མར། །བཟའ་དང་བཏུང་བ་བསིལ་བ་དང་། །མངར་བ་དང་ནི་ཡང་བ་བསྔགས། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་སྨྱོ་བྱེད་ལ་ནི་ཏིག་ཏའི་སྨན་མར་དང་། མར་དང་། ཏིལ་མར་གཉིས་ཀྱི་སྨན་མར་བླུད་ན་ཕན་ པ་དང་། དེ་བཞིན་དུ་བཟའ་བ་དང་བཏུང་བ་བསིལ་བ་དང་། མངར་བ་དང་ཡང་བའི་བག་བསྟེན་པ་བསྔགས་པ་ཡིན་ནོ། །ཇི་སྐད་བཤད་པའི་གཏར་ག་གདབ། །ཡང་ན་ཤ་ཚོན་གྱིས་འགྲངས་བྱ། །དེ་འོག་རླུང་མེད་གནས་བསྙལ་ནས། །སེམས་མྱོས་པ་ལས་ཐར་བར་འགྱུར། ། ཞེས་བྱ་བ་ལ། སྔར་མདོའི་གནས་སུ་སྨྱོ་བྱེད་ལ་ནི་སྙིང་ག་དང་། མིག་ཟུར་དང་། དཔྲལ་བར་གཏར་ག་གདབ་པར་བཤད་པའི་ཆོ་གས་གཏར་ག་གདབ་པར་བྱའོ། །ཡང་ན་ཤ་ཚོན་གྱིས་འགྲངས་པར་བྱས་ལ། དེའི་འོག་ཁང་པ་རླུང་མེད་པའི་གནས་སུ་བསྙལ་ན། སེམས་མྱོས་ཤིང་ འཁྲུལ་པའི་ནད་ལས་ཐར་བར་འགྱུར་རོ། །ཁྲོན་པའི་ཆུ་ནི་ཉུང་བར་གཞུག །ལྟོགས་པ་ཉིད་དུ་བྱས་ཏེ་བསྐམ། །ཞེས་བྱ་བ་ལ། ཡང་ན་སྨྱོ་བྱེད་ཀྱིས་ཟིན་པའི་ནད་པ་དེ་ཁྲོན་པའམ། རྫིང་བུ་ཆུ་ཉུང་བར་བཅུག་ལ་ལྟོགས་པ་ཉིད་དུ་བྱས་ནས་ལུས་བསྐམས་ན་ཡང་ཕན་ནོ། །དེ་ལ་ཆོས་དང་ ནོར་ལྡན་པའི། །གཏམ་དང་མཛའ་བོས་དགའ་བར་བྱ། །ཞེས་བྱ་བ་ལ། ཡང་ན་སྨྱོ་བྱེད་དང་ལྡན་པའི་ནད་པ་དེ་ལ་དེའི་སྙིང་དུ་སྡུག་པའི་མཛའ་བོས་ཆོས་དང་ནོར་དང་ལྡན་པའི་གཏམ་སྙན་པས་དེའི་སེམས་དགའ་བར་བྱ་ཞིང་སྤྲོ་བསྲིང་བར་བྱའོ། །ཡང་ན་སྡུག་པ་དང་བྲལ་བའམ། ། 202-1-121a རྨད་དུ་བྱུང་བ་བསྟན་པར་བྱ། །ཞེས་བྱ་བ་ལ། ཡང་ནད་པ་དེ་ལ་ཡིད་དུ་འོང་ཞིང་སྡུག་པ་དང་བྲལ་བའི་གཏམ་སེམས་དངངས་པར་འགྱུར་བའམ། ཡང་ན་ངོ་མཚར་སྐྱེ་ཞིང་རྨད་དུ་གྱུར་པའི་དངོས་པོ་བསྟན་པར་བྱའོ། །བཅིངས་ལ་ཡུངས་མར་གྱིས་བསྐུས་ཏེ། ། ཉི་ཚན་ཞལ་ནི་གན་རྐྱལ་བཞག །ཁ་སྲལ་ཕྲེའུའམ་ལྕགས་ཚ་བའམ། །ཏིལ་མར་ཆུ་ཚན་གྱིས་རེག་བྱ། །ཞེས་བྱ་བ་ལ། ཡང་ན་སྨྱོ་བྱེད་ཅན་དེ་བཅིངས་ལ། ཡུངས་མར་གྱིས་ལུས་བསྐུས་ཏེ། ཉི་ཚན་ལ་ལུས་གན་རྐྱལ་དུ་བཞག་སྟེ། ཁ་སྲལ་ཕྲེའུ་ལུས་ལ་རེག་པར་བྱས་པ་ འམ། ཡང་ན་ལྕགས་དང་ཏིལ་མར་དང་། ཆུ་ཚ་བས་ལུས་ལ་བསྲེག་པར་བྱའོ། །ཡང་ན་ལྕག་གིས་གཞུས་ནས་ནི། །བཅིངས་ཏེ་གཡང་སར་སྐྱུར་བར་བྱ། །ཞེས་བྱ་བ་ལ། ཡང་ནད་པ་དེ་ལྕག་གིས་གཞུས་ལ་བཅིངས་ཏེ་ཉམ་ང་བའི་གཡང་སར་སྐྱུར་བས་སྔང་བར་བྱའོ། ། ཡང་ན་རྡོ་དང་མཚོན་མེད་པའི། །མུན་ཁང་མི་ནི་མེད་པར་བཞག །ཅེས་བྱ་བ་ལ། ཡང་ན་རྡོ་དང་མཚོན་ཆ་མེད་པའི་ཁང་པ་མུན་ནག་དུ་གྱུར་པ་མི་མེད་པ་དག་ཏུ་གཞག་པར་བྱའོ། །མཆེ་བ་བཏོན་པའི་སྦྲུལ་དང་ནི། །གླང་དང་སེང་གེ་གླང་པོ་ཆེས། །དེ་ནི་སྐྲག་ཏུ་གཞུག་པའམ། །ཡང་ ན་རྒྱལ་པོའི་སྐྱེས་བུ་ཡིས། །དམ་དུ་བཅིངས་ཏེ་ཕྱིར་ཕྱུང་ན། །རྒྱལ་པོའི་བཀའ་ཡིས་བསྡིགས་པ་དང་། །འདི་གསད་བྱ་ཞེས་སྐྲག་ཏུ་གཞུག །ཅེས་བྱ་བ་ལ། ཡང་ན་སྨྱོ་བྱེད་ཅན་གྱི་ནད་པ་དེ་མཆེ་བ་བཏོན་ཞིང་མེད་པར་བྱས་པའི་སྦྲུལ་ལམ་གླང་ཁྱུ་མཆོག་གམ། སེང་གེ་ལ་སོགས་ པས་སྐྲག་ཏུ་གཞུག་པར་བྱ་བའམ། ཡང་ན་ནད་པ་དེ་རྒྱལ་པོའི་མངག་གཞུག་གི་སྐྱེ་བོས་དམ་དུ་བཅིངས་ཏེ། རྒྱལ་པོའི་བཀས་བསྡིགས་པ་དང་གསད་པ་ལ་སོགས་པའི་ཚིག་གིས་སྐྲག་ཏུ་གཞུག་པར་བྱའོ། །ལུས་ཀྱི་སྡུག་བསྔལ་འཇིགས་པ་བས། །སྲོག་གི་འཇིགས་པ་རབ་ འཇིགས་པས། །དེ་ཕྱིར་ཀུན་ཏུ་འཁྲུལ་པའི་ཡིད། །ཉེ་བར་ཞི་བ་ཉིད་དུ་འགྱུར། །ཞེས་བྱ་བ་ལ། གང་གི་ཕྱིར་ལུས་ཀྱི་སྡུག་བསྔལ་བསྲེག་པ་དང་བརྡེག་པ་དང་། གཟིར་བ་ལ་སོགས་པ་ལས་སྲོག་གི་འཇིགས་པ་རབ་ཏུ་འཇིགས་ཤིང་སྐྲག་པར་བྱེད་པ་ཡིན་པས་རྒྱུ་དེའི་ཕྱིར་སྲོག་དང་ 202-1-121b བྲལ་བའི་འཇིགས་པས་སྨྱོ་བྱེད་ཀྱིས་ཀུན་ཏུ་འཁྲུལ་པར་བྱེད་པའི་ཡིད་ཉེ་བར་ཞི་ཞིང་མེད་པར་འགྱུར་རོ། །གྲུབ་པའི་སྦྱོར་བ་འདི་དག་ནི། །ནད་དམིགས་དུས་སོགས་ལྟོས་ཏེ་བྱ། །ཞེས་བྱ་བ་ལ། དེ་ལྟར་སྔར་བཤད་པའི་གསོ་བའི་སྦྱོར་བ་གྲུབ་པར་གྱུར་པ་འདི་དག་ནི་ནད་དམིགས་དང་དུས་ལ་ སོགས་པ་ལ་ལྟོས་ནས་སྤྱད་པར་བྱའོ། །སྡུག་དང་ནོར་དང་བྲལ་བ་ལས། །གང་གི་ཡིད་ལ་གནོད་གྱུར་པ། །དེ་ལ་དེ་འདྲ་རྙེད་གྱུར་པ། །སྤྲོ་བསྲིངས་དབུགས་དབྱུང་པ་ཡིས་གསོ། །ཞེས་བྱ་བ་ལ། སྐྱེས་བུ་གང་སྡུག་ཅིང་ཡིད་དུ་འོང་བ་དང་། ནོར་དང་བྲལ་བ་ལས་ཡིད་ལ་གནོད་ ཅིང་གདུང་བར་གྱུར་པའི་མི་དེ་ལ་ནི་དེ་དང་འདྲ་བའི་ནོར་དང་སྡུག་པ་དང་ཕྲད་ཅིང་རྙེད་པར་འགྱུར་བའི་ཚུལ་གྱིས་སྤྲོ་བསྲིང་ཞིང་དབུགས་དབྱུང་བའི་ཚུལ་གྱིས་དེའི་ཡིད་གསོ་བར་བྱའོ། །འདོད་དང་མྱ་ངན་འཇིགས་པ་དང་། །ཁྲོ་དང་འཇིགས་པ་ཆང་ལས་གྱུར། །གཉིས་གཉིས་དག་གིས་ གཅིག་ལ་གཅིག །དེ་དག་ཉིད་ཀྱིས་ཞི་བར་བྱ། །ཞེས་བྱ་བ་ལ། འདོད་ཆགས་ལ་སོགས་པ་ལས་བྱུང་བའི་སྨྱོ་བྱེད་ནི་འདོད་ཆགས་ལ་སོགས་པ་དེ་དག་ཉིད་ཀྱིས་གཅིག་ལ་གཅིག་གཉེན་པོར་བྱས་ཏེ་ཞི་བར་བྱའོ། །དེ་ཡང་འདོད་ཆགས་ལས་བྱུང་བའི་སྨྱོ་བྱེད་ནི་མྱ་ངན་གྱིས་ཞི་བར་བྱ་ ལ། མྱ་ངན་ལས་བྱུང་བ་ནི་འདོད་ཆགས་ཀྱིས་ཞི་བར་བྱའོ། །དེ་བཞིན་དུ་ཁྲོ་བ་ལས་བྱུང་བ་ནི་འཇིགས་པས་ཞི་བར་བྱ་ལ། འཇིགས་པས་ནི་ཁྲོ་བ་ཞི་བར་བྱ་སྟེ། དེ་ལྟར་གཅིག་ལ་གཅིག་གཉེན་པོར་གྱུར་པས་བསལ་བར་བྱའོ། །བཤད་པའི་མཚན་མ་ལས་ལྷག་པ། །གདོན་དང་ རྗེས་འབྲེལ་ཡིན་ཞེས་བྱ། །གལ་ཏེ་སྨྱོ་བྱེད་གདོན་ལས་གྱུར། །གདོན་གསོར་བཤད་པའི་སྨན་སྦྱར་བྱ། །ཞེས་བྱ་བ་ལ། སྔར་བཤད་པའི་སྨྱོ་བྱེད་དྲུག་པོ་ལས་མཚན་ཉིད་ལྷག་པར་གྱུར་པ་སྨན་པས་གང་དང་གང་མཐོང་བ་དེ་ནི་གདོན་དང་རྗེས་སུ་འབྲེལ་པ་ཡིན་པས་ན་དེ་ལྟར་གདོན་ལས་གྱུར་ པའི་སྨྱོ་བྱེད་ལ་ནི་གདོན་གསོ་བའི་སྐབས་སུ་བཤད་པའི་སྨན་གང་དག་ཡིན་པ་དག་གིས་བཏང་ཞིང་གསོ་བར་བྱའོ། །ཏིལ་བཏགས་ཕྱེ་མ་ནས་ཟན་དང་། །སྣུམ་ཞིང་མངར་བའི་ཁ་ཟས་དང་། །འབྲས་ནི་ཁྲག་དང་སྦྲུས་པ་དང་། །ཤ་ནི་བཙོས་པ་རྗེན་པ་དང་། །འབྲུ་ཆང་སྦྱར་ཆང་མནན་པའི་ཆང་། ། 202-1-122a ཨ་ཏི་མུ་ཏིའི་མེ་ཏོག་དང་། །ཛཱ་ཏི་ས་ཧ་ར་ཛ་ཡི། །མེ་ཏོག་བཅས་པའི་གཏོར་མ་ནི། །ལམ་གྱི་བཞི་མདོ་བ་ལང་ལྷས། །ཆུ་བོ་འདུས་པ་དག་ཏུ་སྦྱིན། །ཞེས་བྱ་བ་ལ། དེ་བཞིན་དུ་གདོན་ལས་གྱུར་པའི་སྨྱོ་བྱེད་ལ་ཏིལ་བཏགས་པའི་ཕྱེ་མ་སྐྱོ་མ་དང་། དེ་ བཞིན་དུ་ནས་ཆན་ནམ་ཟན་དང་དེ་བཞིན་དུ་སྣུམ་ཞིང་མངར་བའི་ཤས་ཆེ་བའི་ཁ་ཟས་དང་འབྲས་ཁྲག་གི་གཏོར་མ་དང་། ཤ་བཙོས་པ་ལ་སོགས་པ་དང་། ས་ཧ་ར་ཛའི་མེ་ཏོག་གི་བར་དང་བཅས་པའི་གཏོར་མ་ལམ་གྱི་བཞི་མདོ་དང་། བ་ལང་གི་ལྷས་དང་། ཆུ་བོ་གཉིས་འདུས་པའི་ལམ་ དུ་སྦྱིན་པར་བྱའོ། །གང་ཞིག་ཤ་དང་ཆང་སྤངས་ཤིང་། །ཕན་ལ་བརྩོན་ཞིང་གཙང་སྦྲ་ཆེ། །སྙིང་སྟོབས་ཅན་ལ་ལྷན་ཅིག་སྐྱེས། །གློ་བུར་སྨྱོ་བྱེད་འབྱུང་མི་འགྱུར། །ཞེས་བྱ་བ་ལ། སྐྱེས་བུ་གང་ཤ་དང་ཆང་སྤངས་ཤིང་བོར་བ་དང་། ཕན་ཞིང་འཕྲོད་པའི་ཁ་ཟས་ཟོས་པ་དང་བརྩོན་ པ་ཆེ་ཞིང་དགེ་བའི་ལས་ལ་འབད་པ་དང་ལྡན་པ་དང་། གཙང་ཞིང་ལུས་དང་ངག་དང་ཡིད་ཀྱི་ལས་དྲི་མས་མ་གོས་པ་དང་། སྙིང་སྟོབས་དང་ལྡན་ཞིང་རང་བཞིན་གྱིས་སྲན་ཐུབ་པའི་སྐྱེས་བུ་ལ་ནི་ལྷན་ཅིག་སྐྱེས་པ་དང་། གློ་བུར་བའི་སྨྱོ་བྱེད་རྣམས་འབྱུང་བར་མི་འགྱུར་རོ། །དབང་པོའི་ དོན་ནི་གསལ་བ་དང་། །དེ་བཞིན་བློ་དང་ཡིད་གསལ་བ། །ལུས་ཟུངས་ཐ་མལ་པར་གནས་པ། །སྨྱོ་བྱེད་དང་བྲལ་མཚན་མ་ཡིན། །ཞེས་བྱ་བ་ལ། གཟུགས་ལ་སོགས་པའི་དབང་པོའི་དོན་གསལ་བར་རྟོགས་ཤིང་མ་འཁྲུལ་བ་དང་། བློའི་ཤེས་པ་དང་། ཡིད་ཀྱི་འཛིན་པ་ དྭངས་མ་ལ་སོགས་པའི་ལུས་ཟུངས་རྣམས་ཐ་མལ་པར་གནས་ཤིང་། མ་འཁྲུལ་བ་དག་ནི་སྨྱོ་བྱེད་ཀྱི་གདོན་ལས་ཐར་ཞིང་བྲལ་བར་གྱུར་པའི་མཚན་མ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་དྲུག་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་བརྗེད་བྱེད་གསོ་བ་བཤད་པར་བྱའོ། །ཞེས་བྱ་བ་ལ། སྨྱོ་བྱེད་གསོ་བའི་འོག་ཏུ་བརྗེད་བྱེད་གསོ་བ་བཤད་པ་ནི། ཕལ་ཆེར་རྒྱུ་དང་མཚན་ཉིད་དང་གསོ་བ་མཐུན་པ་ཡིན་ 202-1-122b པའི་ཕྱིར་སྨོས་པ་ཡིན་ནོ། །བརྗེད་བྱེད་དྲན་པ་ཉམས་པ་སྟེ། །དེ་ནི་སྙིང་སྟོབས་བློ་འཁྲུལ་དང་། །སེམས་ལས་མྱ་ངན་འཇིགས་སོགས་ཀྱིས། །གནོད་གྱུར་སེམས་ལས་བྱུང་བ་ཡིན། །ཞེས་བྱ་བ་ལ། བརྗེད་བྱེད་ཅེས་བྱ་བ་ནི་དྲན་པ་ཉམས་ཤིང་འདུ་ཤེས་དང་བྲལ་བ་ལ་ བྱ་སྟེ། འདི་ནི་བརྗེད་བྱེད་ཀྱི་ངེས་པའི་ཚིག་བསྟན་པའི་ཕྱིར། འདི་སྐད་སྨོས་པ་ཡིན་ནོ། །བརྗེད་བྱེད་དེ་ནི་སྙིང་སྟོབས་དང་བློ་ལ་སོགས་པ་འཁྲུལ་པ་ལས་བྱུང་བ་ཡིན་ཏེ། དེ་ལ་བློ་ནི་ཤེས་རབ་དང་ཤེས་པ་དང་། བློ་གྲོས་ཞེས་བྱ་བའི་མིང་གི་རྣམ་གྲངས་ཡིན་ཏེ་དེ་འཁྲུལ་པས་སེམས་ལས་ དང་མྱ་ངན་དང་འཇིགས་པ་ལ་སོགས་པས་གནོད་ཅིང་ཉེན་པར་གྱུར་པའི་སེམས་ལས་བརྗེད་བྱེད་བྱུང་བ་ཡིན་ནོ། །ལུས་སེམས་གཏོགས་པའི་ནད་ཀྱིས་ནི། །སྨྱོ་བྱེད་བཞིན་དུ་འཁྲུགས་གྱུར་པས། །སྙིང་སྟོབས་ཉམས་ཤིང་སྙིང་དང་ནི། །འདུ་ཤེས་རྒྱུ་བའི་རྩ་སྦུབས་ཁྱབ། །མུན་པར་ ཞུགས་སྙམ་སེམས་ཤིང་རྨོངས། །འཇིགས་སུ་རུང་བའི་བྱ་བ་བྱེད། །སོ་འཆའ་ལྦུ་བ་སྐྱུག་པ་དང་། །ལག་པ་རྐང་པ་གཡོབ་པ་དང་། །གཟུགས་མེད་པ་ཡང་མཐོང་བ་དང་། །འཁྲུལ་ཞིང་ས་ལ་འགྱེལ་བ་དང་། །སྨིན་མ་མི་གཡོ་ནད་ཤུགས་དང་། །བྲལ་ནས་སད་པར་འགྱུར་བ་དང་། ། དེ་ནི་དུས་གཞན་དག་ཏུ་ཡང་། །དེ་བཞིན་དུ་ནི་སྤྱོད་པ་ཡིན། །ཞེས་བྱ་བ་ལ། ལུས་དང་སེམས་ཀྱི་ཆར་གཏོགས་པའི་ནད་ཀྱིས་སྨྱོ་བྱེད་ཀྱི་ཚུལ་དུ་འཁྲུགས་ཤིང་ལྡང་བར་གྱུར་པས་སྙིང་སྟོབས་བརྟན་པ་ཡོད་པ་གང་ཡིན་པ་དེ་ཉམས་ཤིང་མེད་པར་གྱུར་ནས་གནོད་པ་དེ་སྙིང་ལ་ཁྱབ་པར་ གྱུར་པ་དང་། འདུ་ཤེས་རྒྱུ་བའི་རྩ་སྦུབས་རྣམས་སུ་ཡང་ནད་ཀྱིས་ཁྱབ་པར་གྱུར་ལ་དེས་ན་སྐྱེས་བུ་མུན་པའི་ནང་དུ་ཞུགས་པ་སྙམ་དུ་སེམས་ཤིང་བློ་རྨོངས་པར་གྱུར་པ་དང་། ལས་སུ་བྱ་བ་འཇིགས་སུ་རུང་ཞིང་སྨད་པར་བྱ་བ་བྱེད་པ་དང་། སོ་འཆའ་བ་ལ་སོགས་པ་དང་། གཟུགས་ མེད་ཅིང་འདྲ་བ་མ་ཡིན་པ་གང་ཡིན་པ་དེ་མཐོང་བ་དང་འཁྲུལ་ཞིང་འདུ་ཤེས་ཉམས་པས་ས་ལ་འགྱེལ་བ་དང་། སྨིན་མ་དང་མིག་ཡོན་པོར་སྣང་བ་དང་། ནད་ཀྱི་ཤུགས་དེ་དང་བྲལ་ཞིང་ཞི་ནས་སད་ཅིང་འདུ་ཤེས་རྙེད་པར་འགྱུར་བ་དང་། ཡང་མི་དེ་དུས་ཕྱིས་ནས་གནས་སྐབས་གཞན་དག་ཏུ་ཡང་ 202-1-123a སྤྱོད་པར་འགྱུར་བ་དེ་བཞིན་དུ་བྱེད་པ་ཡིན་ནོ། །རླུང་ལ་སོགས་པ་དང་འདུས་པའི། །དབྱེ་བས་བརྗེད་བྱེད་རྣམ་པ་བཞི། །ཞེས་བྱ་བ་ལ། བརྗེད་བྱེད་ནི་རླུང་ལ་སོགས་པ་ནད་གཞི་རེ་རེ་ལས་གྱུར་པ་དང་། འདུས་པ་ལས་གྱུར་པའི་དབྱེ་བས་རྣམ་པ་བཞི་ ཡོད་པ་ཡིན་ནོ། །དེ་ནི་སྐྱེ་བར་གྱུར་པའི་ཚུལ། །སྙིང་འདར་ཁོང་སྟོང་མགོ་འཁོར་ལ། །མུན་པར་མཐོང་ཞིང་སེམས་ཁོང་ཆུད། །སྨིན་མ་མི་སྡུག་མི་འགྱུར་དང་། །སྒྲ་མི་ཐོས་ཤིང་རྔུལ་འབྱུང་ལ། །ཁ་ཆུ་སྣབས་ནི་འཛག་པ་དང་། །མི་འཇུ་ཡི་ག་འཆུས་ཤིང་བརྒྱལ། ། ལྟོ་སྦོས་ཉམས་སྟོབས་ཟད་པ་དང་། །གཉིད་མེད་སྐོམ་ཞིང་ཡན་ལག་ན། །རྨི་ལམ་གླུ་ལེན་གར་བྱེད་དང་། །ཏིལ་མར་ཆང་ནི་འཐུང་བ་དང་། །དེ་གཉིས་གཅིན་དུ་འབྱུང་བ་རྨི། །ཞེས་བྱ་བ་ལ། བརྗེད་བྱེད་ཀྱི་ནད་དེ་འབྱུང་ཞིང་སྐྱེ་བར་འགྱུར་བ་ན། སྔར་འབྱུང་བའི་ཚུལ་ལམ་ མཚན་མ་ནི་སྙིང་འདར་ཞིང་གཡོ་བ་དང་། ཁོང་པ་སྟོང་ཞིང་ལྟོ་སྦོ་བ་དང་། འཁོར་ལོ་ལ་བསྐྱོན་པ་ལྟར་མགོ་འཁོར་བ་དང་། མུན་པར་མཐོང་ཞིང་མུན་འཐིབས་ཞེས་བྱེད་པ་དང་། སེམས་ཁོང་དུ་ཆུད་པ་ལ་སོགས་པ་ནས་ཏིལ་མར་དང་ཆང་འཐུང་བ་དང་། དེ་གཉིས་གཅིན་དུ་འབྱུང་ བའི་རྨི་ལམ་རྨི་བའི་བར་ཡིན་ནོ། །དེ་ལ་རླུང་གྱུར་བརླ་འགུལ་ཞིང་། །ཡང་དང་ཡང་དུ་འགྱེལ་བ་དང་། །ཡང་དང་ཡང་དུ་དྲན་པ་སྟོར། །འདུ་ཤེས་རྙེད་ནས་མི་གསལ་དུ། །མིག་འབུར་ཡང་ཡང་དབུགས་འབྱིན་ཅིང་། །ལྦུ་བར་སྐྱུག་ཅིང་འདར་བ་དང་། །སོ་འཆའ་མགོ་ནི་ རྡེབས་པ་དང་། །རླུང་གིས་གྲེ་བ་རྒྱས་པར་བྱེད། །ཡན་ལག་ཀུན་དུ་རྡེབས་པ་དང་། །སོར་མོ་མི་སྙོམས་འགུགས་པ་དང་། །མིག་དང་པགས་པ་སེན་མོ་ནི། །གནག་ཅིང་རྩུབ་པོར་སྣང་བ་དང་། །གཟུགས་ནི་མི་བརྟན་རྩུབ་པ་དང་། །མི་སྡུག་བཞིན་རས་ངན་པ་ཡིན། །ཞེས་ བྱ་བ་ལ། དེ་ལ་རླུང་ལས་གྱུར་པའི་བརྗེད་བྱེད་ནི་ནད་པ་དེའི་བརླ་འགུལ་བ་ལ་སོགས་པ་དང་། མིག་གྱེན་དུ་འབུར་ཞིང་འབྱུང་བ་དང་། ཡང་དང་ཡང་དུ་དབུགས་འབྱིན་པར་བྱེད་པ་དང་། ལྦུ་བ་སྐྱུག་པ་ལ་སོགས་པ་དང་། རླུང་གིས་གྲེ་བ་རྒྱས་པར་བྱེད་ཅིང་འགེངས་པ་དང་། ཡན་ལག་ཀུན་ 202-1-123b དུ་བརྡེབ་ཅིང་བསྐྱོད་པ་དང་། སོར་མོ་མཐོན་དམན་མི་སྙོམས་པར་བྱས་ནས་འགུགས་པ་ལ་སོགས་པ་ཡིན་ནོ། །མཁྲིས་པ་ལས་གྱུར་བརྗེད་བྱེད་ནི། །དྲན་པ་ཡང་ཡང་ཉམས་པ་དང་། །མིག་གདོང་པགས་པ་དབུ་བ་སེར། །ས་ལ་རྡེབ་པར་བྱེད་པ་དང་། །འཇིགས་རུང་འབར་ཞིང་ཁྲོ་བ་ ཡི། །གཟུགས་མཐོང་སྐོམ་དད་ཆེ་བ་ཡིན། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་བརྗེད་བྱེད་ཀྱི་མཚན་མ་ནི་དྲན་པ་ཡང་དང་ཡང་དུ་ཉམས་ཤིང་ཡང་དང་ཡང་དུ་རྙེད་པར་འགྱུར་བ་དང་། མིག་སེར་བ་ལ་སོགས་པ་ཡིན་ནོ། །བད་ཀན་ལས་གྱུར་རིང་ནས་འཛིན། །ཡུན་རིང་ ཉིད་ནས་སད་པར་བྱེད། །གཡོ་འགུལ་ཉུང་ཞིང་ཁ་ཆུ་མང་། །ཁ་མིག་སེན་མོ་པགས་པ་དཀར། །གཟུགས་རྣམས་དཀར་པོར་མཐོང་བ་ཡིན། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་བརྗེད་བྱེད་ཀྱི་མཚན་མ་ནི། ཡུན་རིང་ཞིག་ནས་འཛིན་ཅིང་འཇུག་ལ། རིང་ཞིག་ནས་སད་ ཅིང་དྲན་པ་རྙེད་པར་འགྱུར་བ་ལ་སོགས་པ་ཡིན་ནོ། །མཚན་ཉིད་ཀུན་དང་ལྡན་པ་སྤངས། །ཞེས་བྱ་བ་ལ། འདུས་པ་ལས་གྱུར་པའི་བརྗེད་བྱེད་ནི་མཚན་ཉིད་ཀུན་དང་ལྡན་པ་ཡིན་ཏེ། དེ་ནི་གསོར་མི་རུང་བས་སྤང་བར་བྱའོ། །དེ་ནས་བློ་སེམས་དྲན་པ་དང་། །སྙིང་གའི་སྦུབས་ནི་སད་བྱེད་ པའི། །སློན་སྨན་ལ་སོགས་ལས་རྣམས་ནི། །རྣོན་པོ་ཡིས་ནི་སྦྱང་བར་བྱ། །ཞེས་བྱ་བ་ལ། བློ་དང་སེམས་དང་དྲན་པ་རྒྱུ་བའི་སྙིང་གའི་རྩ་སྦུབས་འགགས་པར་གྱུར་པ་ལ་ནི་དེ་སད་ཅིང་དག་པར་བྱེད་པའི་སློན་སྨན་དང་། སྐྱུག་སྨན་ལ་སོགས་པ་རྣོན་པོ་དག་གིས་དེ་དང་པོར་སྦྱང་ཞིང་དག་ པར་བྱའོ། །རླུང་གྱུར་འཇམ་རྩི་མང་དུ་བྱ། །མཁྲིས་གྱུར་ཕལ་ཆེར་བཀྲུ་སྨན་གཏང་། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་བརྗེད་བྱེད་ནི། གསོ་བ་རྣམས་ཀྱི་ནང་ནས་ཕལ་ཆེར་འཇམ་རྩི་མང་བས་གསོ་བར་བྱའོ། །མཁྲིས་པ་ལས་གྱུར་པའི་བརྗེད་བྱེད་ལ་ནི་ཕལ་ཆེར་བཀྲུ་ སྨན་བཏང་བས་གསོ་བར་བྱའོ། །བད་ཀན་ཕལ་ཆེར་སྐྱུག་སྨན་ནི། །བཏང་བས་བརྗེད་བྱེད་གསོ་བར་བྱ། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་བརྗེད་བྱེད་ནི་ཕལ་ཆེར་སྐྱུག་སྨན་ལ་སོགས་པ་བཏང་བས་གསོ་བར་བྱའོ། །རྣམ་པ་ཀུན་དུ་ལེགས་དག་ཅིང་། །ལེགས་པར་སྤྲོ་ནི་ 202-1-124a བསྲིང་བྱ་ཞིང་། །བརྗེད་བྱེད་ལས་ནི་ཐར་བྱའི་ཕྱིར། །ཞི་བར་བྱ་བའི་སྦྱོར་བ་ཉོན། །ཞེས་བྱ་བ་ལ། བརྗེད་བྱེད་ཀྱི་ནད་ཀྱིས་བཏབ་པ་དེ་རྣམ་པ་ཐམས་ཅད་དུ་སྟེང་དང་འོག་ནས་སྦྱང་བ་བྱས་ཤིང་ལེགས་པར་དག་པར་བྱས་པ་དང་། ལེགས་པར་སྤྲོ་བསྲིང་ཞིང་ དབུགས་དབྱུང་བར་བྱས་ནས། བརྗེད་བྱེད་ལས་ཐར་ཞིང་ཞི་བར་བྱ་བའི་སྦྱོར་བ་གང་དག་ཡིན་པ་མཉན་པར་གྱིས་ཤིག་པའོ། །བ་ལྕིའི་ཁུ་བ་འོ་མ་དང་། །ཞོ་དང་གཅིན་དང་མར་བསྐོལ་བ། །བརྗེད་བྱེད་རིམས་དང་སྨྱོ་བྱེད་དང་། །མིག་སེར་སེལ་བར་བྱེད་པ་བླུད། །ཅེས་བྱ་བ་ ལ། བའི་ལྕི་བ་བཙགས་པའི་ཁུ་བ་དང་། འོ་མ་དང་ཞོ་དང་གཅིན་རེ་རེ་ཞིང་བའི་མར་དང་ཆ་མཉམ་པར་བྱས་པའི་རྣམ་ལྔའི་སྨན་མར་ནི་བརྗེད་བྱེད་ལ་སོགས་པ་སེལ་བར་བྱེད་པ་ཡིན་པས་དེ་བླུད་པར་བྱའོ། །རྩ་བ་བཅུ་པ་འབྲས་བུ་གསུམ། །དུག་མོ་ཡུངས་ཤུན་སེར་པོ་གཉིས། ། ཨ་པ་མརྒ་ལོ་མ་བདུན། །ནི་ལི་ནི་དང་པུ་ཙེ་ཤེལ། །དོང་ག་པུཥྐར་མཱུ་ལ་དང་། །ཕལ་གུའི་རྩ་་བ་བྱི་ཚེར་སྲང་། །གཉིས་གཉིས་ཆུ་བྲེ་བཅུ་དྲུག་ནང་། །བསྐོལ་བ་ལས་ནི་བཞི་ཆ་ལུས། །ག་བྲའི་རྩ་བ་དུ་བ་རི། །པ་ཐ་དན་ད་དུར་བྱིད་དང་། །ཚ་བ་གསུམ་དང་རོ་ཧི་ཤཻ། ། མུར་བ་རྩ་མཁྲིས་བུ་ཏི་ཀ །ཧ་ཏི་པི་པི་ལིང་དང་ནི། །མ་དུ་ཡན་ཏི་ཐལ་ཏྲེས་གཉིས། །ལྕང་མ་དང་ནི་ཙི་ཏྲ་ཀ །ཞོ་ནི་གཉིས་གཉིས་མར་བྲེ་གང་། །དེ་བཞིན་སྔ་མའི་གཤེར་རྫས་བསྐོལ། །འདི་ནི་བ་ཡི་རྣམ་ལྔ་ཆེ། །བརྗེད་བྱེད་རིམས་དང་དམུ་རྫིང་དང་། །མཚན་བར་ རྡོལ་བ་སེལ་མཆོག་ཡིན། །འོར་ནད་གཞང་འབྲུམ་མིག་སེར་དང་། །སྐྱ་རྦབ་སྐྲན་དང་ལུད་པ་དང་། །གདོན་རྣམས་འཇོམས་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། རྩ་བ་ལྔ་པ་རྣམ་གཉིས་དང་འབྲས་བུ་གསུམ་ལ་སོགས་པའི་སྨན་སྣ་རེ་རེ་ཞིང་སྲང་གཉིས་གཉིས་ཆུ་བྲེ་བཅུ་དྲུག་གི་ ནང་དུ་བསྐོལ་ལ་དེ་ལས་ཆུ་བྲེ་བཞི་ལུས་པ་དང་། དེའི་ནང་དུ་ག་བྲ་ལ་སོགས་པའི་རྩ་ང་ཞོ་གཉིས་གཉིས་ལྡེ་གུར་བྱས་པ་དང་། དེ་བཞིན་དུ་སྔ་མའི་གཤེར་རྫས་བའི་ལྕི་བའི་ཁུ་བ་ལ་སོགས་པ་བའི་རྣམ་ལྔ་ཆེན་པོའི་སྨན་མར་ཞེས་བྱ་སྟེ། འདིས་ནི་བརྗེད་བྱེད་ལ་སོགས་པ་སེལ་བར་བྱེད་ 202-1-124b པ་དང་། འོར་ནད་ལ་སོགས་པ་འཇོམས་པར་བྱེད་པ་ཡིན་ནོ། །རོ་ཧི་ཤ་ནི་བུ་སྲི་ནའོ། །རྩ་མཁྲིས་ནི་བུ་ནིམ་པ་སྟེ། ཀི་ར་ཏ་ཏིག་ཏའོ། །ཧ་ཏི་པི་པི་ལིང་ནི་ཤི་བ་སེའོ། །ཐལ་ཏྲེས་རྣམ་གཉིས་ནི་ཤ་རི་བ་དཀར་པོ་དང་ནག་པོའོ། །བྲམྷི་ཤུ་དག་རུ་རྟ་དང་། །ཤང་ཀ་པུཥྤ་མར་རྙིང་བཅས། ། བསྐོལ་བའི་མར་ནི་ཡིད་གཞུངས་བྱེད། །སྨྱོ་བྱེད་བཀྲ་མི་ཤིས་པ་དང་། །བརྗེད་བྱེད་སྡིག་པ་འཇོམས་པར་བྱེད། །ཅེས་བྱ་བ་ལ། །བྲམྷིའི་ཁུ་བ་མར་གྱི་བཞི་འགྱུར་དང་། ཤུ་དག་ལ་སོགས་པའི་སྨན་གྱི་ལྡེ་གུ་དང་མར་རྙིང་པ་བསྐོལ་བའི་སྨན་མར་ནི་ཡིད་གཞུངས་པར་བྱེད་ཅིང་ སྡིག་པ་དང་བཀྲ་མི་ཤིས་པའི་བར་འཇོམས་པར་བྱེད་པ་ཡིན་ནོ། །འཚོ་བྱེད་སྡེ་ཚན་སྲང་རེ་དང་། །ཏིལ་མར་ཞུན་མར་བྲེ་རེ་བསྲེས། །འོ་མ་བྲེ་ནི་བཅུ་དྲུག་བསྐོལ། །འཐུངས་ན་བརྗེད་བྱེད་ལས་ཐར་བྱེད། །ཅེས་བྱ་བ་ལ། འཚོ་བྱེད་ཀྱི་སྡེ་ཚན་སྨན་བཅུ་པོ་སྲང་རེ་རེ་དང་། ཏིལ་མར་བྲེ་གང་དང་། མར་བྲེ་གང་བསྲེས་ཏེ་འོ་མ་བྲེ་བཅུ་དྲུག་གི་ནང་དུ་བསྐོལ་ལ་མར་དང་ཏིལ་མར་འབའ་ཞིག་ལུས་པ་ལས་རན་པར་འཐུངས་ན་བརྗེད་བྱེད་ཀྱི་ནད་ལས་ཐར་བར་འགྱུར་རོ། །འོ་མ་བུ་རམ་ཤིང་ཁུ་བ། །བྲེ་བཞི་དང་ནི་ཏང་པལ་གྱི། །ཁུ་བ་བརྒྱད་འགྱུར་དག་ དང་ནི། །འཚོ་བྱེད་སྡེ་ཚན་ཞོ་གཉིས་གཉིས། །ཞུན་མར་བྲེ་གང་བཅས་བསྐོལ་བླུད། །དེས་ནི་རླུང་མཁྲིས་ལས་གྱུར་པའི། །བརྗེད་བྱེད་མྱུར་དུ་སེལ་བར་བྱེད། །ཅེས་བྱ་བ་ལ། འོ་མ་དང་བུ་རམ་ཤིང་གི་ཁུ་བ་བྲེ་བཞི་དང་། ཏང་པལ་གྱི་ཁུ་བ་དེའི་བརྒྱད་འགྱུར་ དང་། འཚོ་བྱེད་སྣ་བཅུ་ཞོ་གཉིས་གཉིས་དང་ཞུན་མར་བྲེ་གང་བསྐོལ་བའི་སྨན་མར་བྱིན་ན་རླུང་དང་མཁྲིས་པ་ལས་གྱུར་པའི་བརྗེད་བྱེད་མྱུར་དུ་སེལ་བར་བྱེད་དོ། །དེ་བཞིན་འཇག་མ་བྱི་ད་རི། ཀུ་ཤ་བུ་རམ་ཤིང་འོ་མ། །བསྐོལ་བ་འཐུངས་པའང་དེ་དང་འདྲ། །ཞེས་ བྱ་བ་ལ། འཇག་མ་ལ་སོགས་པ་དང་འོ་མ་བསྐོལ་བ་ལ་སོགས་པ་འཐུངས་ན་ཡང་དེ་དང་འདྲ་བར་རླུང་དང་མཁྲིས་པ་ལས་གྱུར་པའི་བརྗེད་བྱེད་སེལ་བར་འགྱུར་རོ། །ཀུ་སྨན་ཏ་ཡི་ཁུ་བ་མར། །བཅོ་བརྒྱད་འགྱུར་དང་ཤིང་མངར་གྱི། །ལྡེ་གུར་བཅས་པ་བསྐོལ་བ་ནི། །བརྗེད་བྱེད་ 202-1-125a སེལ་བར་བྱེད་པ་དང་། །བློ་དང་ཚིག་གསལ་སྐད་སྙན་བྱེད། །ཅེས་བྱ་བ་ལ། ཀུ་སྨན་ཏ་ཞེས་བྱ་བ་བུམ་ཤའི་ཁུ་བ་མར་གྱི་བཅོ་བརྒྱད་འགྱུར་དང་། ཤིང་མངར་གྱི་ལྡེ་གུ་དང་བཅས་པར་བསྐོལ་བའི་སྨན་མར་གྱིས་ནི་བརྗེད་བྱེད་སེལ་བ་ལ་སོགས་ པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །བ་ནི་སེར་སྐྱའི་མཁྲིས་པ་ཡི། །སྣ་སྨན་བཏང་ཡང་མཆོག་ཏུ་ཕན། །ཞེས་བྱ་བ་ལ། ཁ་དོག་སེར་སྐྱར་འདུག་པའི་མཁྲིས་པའི་སྣ་སྨན་བཏང་ན་ཡང་བརྗེད་བྱེད་ཀྱི་ནད་ལ་མཆོག་ཏུ་ཕན་པ་ཡིན་ནོ། །ཁྱི་དང་ཝ་དང་བྱི་ལ་དང་། །སེང་ གེ་སོགས་ཀྱི་མཁྲིས་པ་བསྔགས། །ཞེས་བྱ་བ་ལ། ཁྱི་ལ་སོགས་པའི་མཁྲིས་པའི་སྣ་སྨན་བཏང་ན་ཡང་བརྗེད་བྱེད་ཀྱི་ནད་ལ་ཕན་ནོ། །གོ་ད་སྲེ་མོ་གླང་པོ་ཆེ། །བ་གླང་དྲེད་དང་པྲི་ཤ་ཏའི། །མཁྲིས་པ་ཏིལ་མར་བསྐོལ་བ་དག །ལུས་བསྐུ་སྣར་ནི་བླུགས་ནའང་ཕན། །ཞེས་ བྱ་བ་ལ། གོ་ད་ལ་སོགས་པའི་མཁྲིས་པ་དང་ཏིལ་མར་བསྐོལ་ལ་དེ་ལུས་ལ་བསྐུས་པ་དང་། སྣར་བླུགས་ན་ཡང་ཕན་པ་ཡིན་ནོ། །འབྲས་བུ་གསུམ་དང་ཚ་བ་གསུམ། །ནས་ཚིག་འཁུས་ཐལ་ཀོ་ཉོན་ཚེ། །ཕ་ནི་ཛ་ཀ་སྲ་རྩི་པོག །ཨ་པ་མརྒ་ཀ་རཉྫའི། །ས་བོན་ ཏིལ་མར་ར་གཅིན་དང་། །བཅས་པ་བསྐོལ་བ་སྣར་བླུགས་པའམ། །ཕྱེ་མ་སྣ་ནས་བུས་ནའང་ཕན། །ཞེས་བྱ་བ་ལ། འབྲས་བུ་གསུམ་ལ་སོགས་པའི་ལྡེ་གུ་དང་ཏིལ་མར་གྱི་བཞི་འགྱུར་གྱི་ར་གཅིན་ལ་སོགས་པ་དང་བསྐོལ་ལ། ཏིལ་མར་ཉི་ཚེ་ལུས་པ་སྣར་བླུགས་པའམ། འབྲས་བུ་གསུམ་ལ་སོགས་པའི་སྨན་གྱི་ཕྱེ་མ་སྣ་ནས་བུས་ན་ཡང་བརྗེད་བྱེད་ཀྱི་ནད་ལ་ཕན་ནོ། །སྲེ་མོ་འུག་པ་སྤྲེའུ་དང་། །བྱ་རྒོད་ཁྱི་རྟ་བྱ་རོག་སྦྲུལ། །མཆུ་དང་སྒྲོ་དང་རྟུག་པ་ཡི། །དུད་པས་འདི་ལ་བདུག་པར་བྱ། །ཞེས་བྱ་བ་ལ། སྲེ་མོ་ལ་སོགས་པའི་མཆུ་ལ་སོགས་ པ་གང་རྙེད་པའི་དུད་པས་ནད་པ་དེ་ལ་བདུགས་ན་ཡང་བརྗེད་བྱེད་ཀྱི་ནད་ལ་ཕན་པ་ཡིན་ནོ། །ཏིལ་མར་སྒོག་སྐྱ་བཅས་པའམ། །འོ་མ་ཉེའུ་ཤིང་བསྟེན་ཡང་ཕན། །ཞེས་བྱ་བ་ལ། ཡང་ན་བརྗེད་བྱེད་ཀྱི་ནད་ཀྱིས་བཏབ་པ་དེས་ཏིལ་མར་དང་སྒོག་སྐྱ་བཟའ་བའམ། འོ་མ་ 202-1-125b དང་ཉེའུ་ཤིང་བསྟེན་ཅིང་གོམས་པར་བྱས་ན་ཡང་ཕན་ནོ། །བྲམྷི་འམ་རུ་རྟའི་ཁུ་བའམ། །ཤུ་དག་སྦྲང་རྩིར་ལྡན་པའང་ཕན། །ཞེས་བྱ་བ་ལ། ཡང་ན་བྲམྷིའི་ཁུ་བའམ། རུ་རྟའི་ཁུ་བ་ཤུ་དག་དང་སྦྲང་རྩིར་ལྡན་པ་དག་ཀྱང་བསྟེན་པར་བྱའོ། །ནད་གཞི་མཉམ་དུ་ འཁྲུགས་པ་ལས། །ལུས་དང་སེམས་ལ་བརྟེན་གྱུར་ནད། །སྐྱེས་པར་གྱུར་པ་གང་ཡིན་དེ། །བརྗེད་བྱེད་གནད་ནི་ཆེན་པོར་གནས། །དེ་བས་གསོ་དཀའ་འདི་ལ་ནི། །བཅུད་ཀྱིས་ལེན་གྱིས་གསོ་བར་བྱ། །ཞེས་བྱ་བ་ལ། རླུང་དང་མཁྲིས་པ་དང་། བད་ཀན་ཆ་ མཉམ་དུ་འཁྲུགས་ཤིང་ལྡང་བ་ལས་ལུས་དང་སེམས་ལ་བརྟེན་པའི་བརྗེད་བྱེད་ཀྱི་ནད་སྐྱེས་པར་གྱུར་པ་འདི་ནི་བརྗེད་བྱེད་དེ། ལུས་ཀྱི་གནད་ཆེན་པོ་ལ་གནས་ཤིང་། སྙིང་ལ་བརྟེན་པ་ཡིན་ཏེ། དེ་བས་ན་ཤིན་ཏུ་གསོ་བར་དཀའ་བའི་བརྗེད་བྱེད་ཀྱི་ནད་འདི་ལ་ནི་བཅུད་ཀྱིས་ལེན་ དེ་དང་འཕྲོད་པར་གསོ་བར་བྱའོ། །དེས་ཉེན་མེ་དང་ཆུ་ལ་སོགས། །ཡ་ང་བ་ལས་རྟག་ཏུ་བསྲུང་། །ཞེས་བྱ་བ་ལ། བརྗེད་བྱེད་ཅེས་བྱ་བའི་ནད་དེས་ཉེན་ཞིང་གདུངས་པའི་མི་དེ་མེ་དང་ཆུ་ལ་སོགས་པ་ཡང་ཞིང་འཆི་བའི་རྒྱུར་གྱུར་པ་ལ་རྟག་པར་དུས་ཐམས་ཅད་དུ་བསྲུང་ བར་བྱའོ། །ཐར་པ་ན་ནི་ཡིད་འཁྲུལ་པས། །ཁྱེད་ཀྱིས་འདི་ལྟར་བྱས་སོ་ཞེས། །མི་བརྗོད་ཡུལ་ནི་ཡིད་འོང་བས། །ཉམས་པའི་སེམས་ནི་བརྟ་བར་བྱ། །ཞེས་བྱ་བ་ལ། བརྗེད་བྱེད་ཅེས་བྱ་བས་ཡིད་འཁྲུལ་ཞིང་དྲན་པ་ཉམས་པས་ཚུལ་འདི་ལྟར་བྱས་སོ་ཞེས་དེ་ཐར་ཞིང་དྲན་པ་ རྙེད་པའི་སྐབས་སུ་སྐྱེས་བུ་གཞན་དག་གས་བརྗོད་པར་མི་བྱ་ཞིང་ཡིད་ལ་གདུང་བ་བསྐྱེད་པར་མི་བྱའི། དེ་ལ་སྒྲ་ལ་སོགས་པའི་ཡུལ་ཡིད་དུ་འོང་ཞིང་དབང་པོ་ཚིམ་པར་བྱེད་པས། ཉམས་ཉེས་པའི་སེམས་དེ་བརྟ་བར་བྱ་ཞིང་སྟོབས་དང་ལྡན་པར་འགྱུར་རོ། །ཡན་ལག་བརྒྱད་ པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་བདུན་པའི་རྣམ་པར་འགྲེལ་པའོ།། །།འབྱུང་པོའི་གདོན་གསོ་བའི་རྒྱུད་རྫོགས་སོ།། །།དེ་ནས་ 202-1-126a མིག་མཆུའི་ནད་དམིགས་ཤེས་པར་བྱ་བ་བཤད་པར་བྱའོ། །ཞེས་བྱ་བ་ལ། འབྱུང་པོའི་ནད་གསོ་བའི་རྒྱུད་བཤད་པའི་རྗེས་ལ་མིག་སྨན་གྱི་རྒྱུད་བརྩམས་པ་ནི་སྔར་མདོར་བསྟན་པ་ཇི་ལྟ་བ་བཞིན་དུ་རྒྱས་པར་བཤད་པ་ཡང་དེ་ལྟར་བྱ་དགོས་པའི་ཚུལ་གྱིས་ བརྩམས་པ་ཡིན་ཏེ། ཇི་ལྟར་བརྗེད་བྱེད་ཀྱི་ནད་གནད་ཆེན་པོ་ཞེས་བྱ་བ་སྙིང་ལ་གནས་ཏེ་སྐྱེ་བར་བྱེད་པ་དེ་བཞིན་དུ་གནད་ཆེན་པོ་མགོ་བོ་ཞེས་བྱ་བ་ལ་བརྟེན་ཅིང་གནས་ནས་ནམ་ཚོང་ཡན་ཆད་དུ་གཏོགས་པའི་ནད་སྐྱེ་བར་འགྱུར་བ་ཡིན་ལ་དེ་ལས་ཀྱང་མིག་ནི་ལས་སུ་བྱ་བ་ཐམས་ཅད་ལ་ འཇུག་པའི་རྒྱུར་གྱུར་པ་ཡིན་པས་གཙོ་བོ་ཡིན་པའི་ཕྱིར་དེའི་གསོ་བ་དང་པོར་བརྩམས་པ་ཡིན་ནོ། །དེ་ལ་མིག་མཆུ་ནི་མིག་སྦུབས་དང་མིག་འབྲས་འགེབས་པར་གྱུར་པའི་པགས་པ་ལ་བྱ་སྟེ། མིག་མཆུ་དེར་མིག་དབྱེ་དཀའ་བ་ལ་སོགས་པའི་ནད་འབྱུང་ལ་དེའི་དམིགས་ཤེས་ པར་བྱ་བ་ནི་ནད་གཞི་ནད་ཀྱི་སྔར་བྱུང་བའི་ཚུལ་ལ་སོགས་པ་ཇི་ལྟ་བུ་ཡིན་པ་དེ་བཤད་པར་བྱའོ། །ཞེས་བྱ་བ་ལ། ནད་ཀུན་ནད་གཞི་ལས་བཤད་པའི། །གནོད་པས་ནད་ནི་འཁྲུགས་པ་དང་། །མཆོག་ཏུ་མིག་ལ་གནོད་པ་དང་། །ཕལ་ཆེར་མཁྲིས་པ་སྐྱེད་པ་ཡིས། །རྩ་ ལས་གྱེན་དུ་རྒྱུས་ནས་ནི། །མིག་གི་ཡན་ལག་མིག་མཆུ་གྲྭ། །དཀར་ནག་མཐོང་བྱེད་རྒྱལ་མོའམ། །མིག་ཀུན་ལ་གནས་ནད་སྐྱེད་བྱེད། །ཅེས་བྱ་བ་ལ། ནད་ཐམས་ཅད་ཀྱི་ནད་གཞི་ལས་བཤད་པའི་ནད་ཀྱི་རྒྱུ་ཁ་བ་དང་ཚ་བ་དང་ཉུང་བ་དང་། ཁ་ཟས་ངན་ངོན་ལ་ སོགས་པ་ཟོས་པ་དང་། གནོད་ཅིང་མི་འཕྲོད་པར་གྱུར་པ་དག་གིས་རང་གི་ནད་གཞི་ཇི་ལྟ་བ་བཞིན་དུ་འཁྲུགས་པར་གྱུར་པ་དང་། མཆོག་གམ་ཁྱད་པར་དུ་ཁ་ཟས་དང་སྤྱོད་ལམ་དང་། སྨན་མིག་ལ་གནོད་པར་གྱུར་པ་དག་གིས་མིག་ནད་ལྡང་བར་བྱས་པ་དག་ཕལ་ཆེར་རམ། མང་དུ་མཁྲིས་པ་སྐྱེད་པར་བྱེད་པ་དག་གིས་ནད་ལྡང་ལ་དེས་ན་རྩ་ལས་གྱེན་དུ་རྒྱུས་པར་གྱུར་ནས་མིག་གི་ཡན་ལག་ཏུ་གྱུར་པ་མིག་མཆུའམ་མིག་གི་གྲ་མཚམས་མིག་འབྲས་དཀར་པོའམ་མཐོང་བར་བྱེད་པའི་མིག་གི་རྒྱལ་མོའམ། མིག་ཐམས་ཅད་ལ་བརྟེན་ཅིང་གནས་ནས་རང་ 202-1-126b རང་གི་མིག་གི་ནད་སྐྱེད་པར་བྱེད་དོ། །དེ་ལ་རླུང་ནི་མིག་མཆུ་ཡི། །རྩ་ལ་ཞུགས་པར་གྱུར་པ་དག །ཉལ་ནས་ལང་ཚེ་མིག་མཆུ་ནི། །ཧར་བག་ན་དང་བཅས་པར་བྱེད། །མིག་ནི་རྡུལ་གྱིས་གང་སྙམ་སེམས། །འཛུམས་པར་དཀའ་ཞིང་མཆི་མ་འཛག །མཉེས་ན་ བདེ་བ་སྙམ་དུ་བྱེད། །དེ་ནི་འཛུམས་དཀའ་ཡིན་ཞེས་བཤད། །ཅེས་བྱ་བ་ལ། དེ་ལ་མིག་མཆུའི་ནད་དེ་རྣམས་ཀྱི་ནང་ནས་རླུང་གི་ནད་དམིགས་མཆུ་ལ་གནས་པ་རྩར་ཞུགས་ཏེ། མི་ཉལ་ནས་ལྡང་བར་གྱུར་པ་ལ། ན་བ་དང་བཅས་པའི་མིག་མཆུ་བསྡུར་མི་འདོད་ཅིང་ རེངས་ཏེ། ཧར་བག་ཏུ་འདུག་པ་སྐྱེད་པར་འགྱུར་བ་དང་། མིག་རྡུལ་གྱི་ཚོགས་སམ་བྱེ་མས་གང་བ་སྙམ་དུ་སེམས་པ་དང་། དེ་བཞིན་དུ་དཀའ་ཞིང་སྡུག་བསྔལ་བས་འཛུམས་པར་བྱེད་ཅིང་། སྡུད་པར་བྱེད་པར་འགྱུར་བ་དང་། མཆི་མ་མང་དུ་འཛག་པ་དང་། ནད་དེ་མཉེས་ན་ བདེ་བ་སྙམ་དུ་སེམས་ཤིང་། ཞི་བར་བྱེད་དེ་ནད་ཀྱི་ཁྱད་པར་དེ་ལྟ་བུ་དེ་ནི་མིག་འཛུམས་པར་དཀའ་བ་ཞེས་བྱ་བ་ཡིན་ནོ། །ཞེས་སློབ་དཔོན་གྱིས་བཤད་དོ། །རླུང་གིས་མིག་མཆུ་བསྐྱོད་ནས་ནི། །ཡང་དང་ཡང་དུ་འབྱེད་ཅིང་འཛུམས། །འདི་ནི་འཛུམས་པ་ཞེས་བཤད་དོ། ། ཞེས་བྱ་བ་ལ། རླུང་གིས་མིག་མཆུ་བསྐྱོད་ཅིང་འགུལ་ནས། ཡང་དང་ཡང་དུ་འབྱེད་པ་དང་། འཛུམས་པར་བྱེད་པ་དེ་ཡང་ནད་མེད་པར་འགྱུར་བའི་མིག་མཆུའི་ནད་འདི་ནི་འཛུམས་པ་ཞེས་བྱའོ། །ཞེས་བཤད་དོ། །གྲྭ་མཚམས་ལྷོད་ཅིང་ཚོར་བ་མེད། །རྟག་ཏུ་ འཛུམས་ཤིང་མིག་ཉམས་པ། །གང་ཡིན་དེ་ནི་རླུང་གནོད་ཡིན། །ཞེས་བྱ་བ་ལ། མིག་མཆུ་གང་མིག་གི་གྲྭ་མཚམས་ལྷོད་པར་གྱུར་ཅིང་ཚོར་བ་མེད་པས་རྟག་ཏུ་འཛུམས་པར་བྱེད་ཀྱི། ནམ་ཡང་འཛུམས་པར་མི་བྱེད་ལ། ཉམས་པའི་ནད་དེ་ནི་རླུང་གིས་གནོད་པར་བྱས་ པ་ཞེས་བྱའོ། །ཞེས་བཤད་དོ། །མཁྲིས་པས་མིག་མཆུའི་མཐའ་མར་ནི། །འབྲུམ་བུ་ཀུ་མུ་ད་ཡི་ནི། །ས་བོན་འདྲ་སླར་གང་གྱུར་པ། །འབྲུམ་ཕྲན་ཀུ་མུ་ད་ཞེས་བྱ། །ཞེས་བྱ་བ་ལ། མཁྲིས་པས་མིག་མཆུའི་མཐའ་མ་ཐོག་ཐག་ཏུ་འབྲུམ་བུ་ཕྲ་མོ་ཀུ་མུ་དའི་ས་བོན་འདྲ་བ་ 202-1-127a མང་པོས་གང་ཞིང་ཁྱབ་པར་གྱུར་ལ། བསལ་ཞིང་བརྟོལ་ཡང་སླར་གང་བར་འགྱུར་བའི་འབྲུམ་ཕྲན་གྱི་མིག་མཆུའི་ནད་དེ་ནི་ཀུ་མུ་ད་ཞེས་བྱའོ། །ཚ་ཞིང་འདྲུལ་ལ་ནད་དང་བཅས། །དམར་ཞིང་རེག་ན་མི་བཟོད་པ། །མཁྲིས་པས་མིག་མཆུར་ སྐྱེས་པ་དེ། །མཁྲིས་པས་སྐྱེས་པ་ཡིན་ཞེས་བཤད། །ཅེས་བྱ་བ་ལ། མཁྲིས་པས་མིག་གི་མཆུར་ཚ་བ་དང་། འདྲུལ་བ་དང་། ན་བ་དང་བཅས་པ་དང་། མིག་དམར་པོར་སྣང་བ་དང་། རེག་ན་མི་བཟོད་པ་སྐྱེས་པར་གྱུར་ན་ནད་དེ་ནི་མཁྲིས་པས་སྐྱེད་ཅིང་དཀྲུགས་པ་ཡིན་ ནོ་ཞེས་སློབ་དཔོན་གྱིས་བཤད་དོ། །མཁྲིས་པ་རྫི་མའི་ནང་གནས་ཤིང་། །གཡའ་ཞིང་ཚ་བར་བྱེད་པ་དང་། །དེ་རྗེས་རྫི་མ་འབྱི་བ་སྟེ། །རྫི་མ་འབྱི་བ་ཞེས་བཤད་དོ། །ཞེས་བྱ་བ་ལ། མཁྲིས་པ་རྫི་མའི་ནང་ན་གནས་ཤིང་བརྟེན་ནས་གཡའ་བ་དང་ཚ་བར་བྱེད་ལ། དེའི་ རྗེས་ལ་རྫི་མ་འབྱི་ཞིང་འདྲུལ་བར་བྱེད་པའི་ནད་དེ་ནི་རྫི་མ་འབྱི་བ་ཞེས་བྱ་བར་དྲང་སྲོང་རྣམས་ཀྱིས་བཤད་དོ། །བད་ཀན་ལས་གྱུར་མིག་མཆུའི་ནད། །འབྲུམ་ཕྲན་དཀར་པོ་ཡུངས་ཀར་འདྲ། །མཐུག་སྐྲངས་གཡའ་ན་མིག་རྡུལ་ཁེབས། །སྤྱི་བག་ཅན་འཛག་པོ་དག་ཀྱ། །ཞེས་ བྱ་བ་ལ། བད་ཀན་ལས་གྱུར་པའི་མིག་མཆུའི་ནད་འབྲུམ་ཕྲན་ཡུངས་ཀར་ལྟ་བུ་ལ་མཐུག་ཅིང་སྐྲངས་པ་ལ་སོགས་པ་དང་ལྡན་པ་དེ་ནི་མིང་པོ་དག་ཀྱ་ཞེས་བྱའོ། །ཧར་བག་འདྲུལ་བ་རྔུ་མས་ཁེབས། །བད་ཀན་གྱིས་བསླངས་མིག་མཆུའི་ནད། །ཅེས་བྱ་བ་ལ། ཧར་བག་ ཏུ་འདུག་པ་དང་། འདྲུལ་ཞིང་རྣགས་པ་དང་། མིག་རྔུ་མས་ཁེབས་ཤིང་གོས་པའི་མིག་མཆུའི་ནད་ནི་མིང་བད་ཀན་གྱིས་བསླངས་པ་ཞེས་བྱའོ། །བད་ཀན་ལས་གྱུར་རྨེན་བུ་དཀར། །ན་ཞིང་སྨིན་མ་མེད་གཡའ་སྲ། །རྒྱ་ཤུག་ཙམ་མམ་དེ་ལས་ནི། །ཅུང་ཟད་ཆུང་བ་ ཆགས་པ་ཡིན། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་མིག་མཆུའི་ནད་རྨེན་བུ་དཀར་པོ་རེ་འབྱུང་ཞིང་རེ་རེ་ཞིང་ན་བ་དང་། སྨིན་མ་གཉིས་ཀ་མེད་པ་ཤས་ཆེར་གཡའ་བ་རྡོ་ལྟར་སྲ་བ་རྒྱ་ཤུག་ཙམ་གྱི་ཚད་དམ། ཡང་ན་རྒྱ་ཤུག་གི་འབྲས་བུ་དེ་ལས་ཅུང་ཟད་ཙམ་ཆུང་བའི་མིག་ 202-1-127b མཆུའི་ནང་དེ་ནི་འབྱར་ཞིང་ཆགས་ཏེ་གནས་པ་ཡིན་པས་མིང་ཆགས་པ་ཞེས་བྱའོ། །ཁྲག་ལས་འབྲུམ་ཕྲན་དམར་བ་དང་། །དེ་མཚུངས་འབྲུམ་ཕྲན་གྱིས་ཁྱབ་པ། །བརྩེགས་པ་ཞེས་བྱ། ཞེས་བྱ་བ་ལ། ཁྲག་འཁྲུགས་པ་ལས་འབྲུམ་ཕྲན་ཁ་དོག་དམར་བ་ཞིག་ འབྱུང་ལ། གཞན་ཡང་དེ་དང་མཚུངས་པའི་འབྲུམ་བུ་ཕྲ་མོས་ཁྱབ་པ་དེ་ནི་བརྩེགས་པ་ཞེས་བྱའོ། །དེས་བསྐྱེད་དམར། རེག་མི་བཟོད་པ་མིག་མཆུ་སློངས། །ཞེས་བྱ་བ་ལ། ཡང་ཁྲག་དེ་ཉིད་ཀྱིས་དེ་བཞིན་དུ་མིག་མཆུ་དམར་པོ་བསྐྱེད་པར་འགྱུར་ལ་དེ་ཡང་རི་མོ་ དམར་པོ་ཤར་ཤར་པོའི་རི་མོ་དང་ལྡན་ཞིང་རེག་པར་མི་བཟོད་པ་ནི་མིག་མཆུ་སློངས་པ་ཞེས་བྱའོ། །མིག་མཆུའི་ནང་དུ་ཤ་ལྷག་ནི། །སྲ་ཞིང་སྣུམ་ལ་ཚ་ཞིང་ན། །མདོག་དམར་དེ་ནི་ཁྲག་འཛག་ཅིང་། །བཅད་བཞིན་འཕེལ་བྱེད་མིག་འབྲུམ་ཡིན། །ཞེས་བྱ་བ་ལ། མིག་ མཆུའི་ནང་དུ་ཤ་ལྷག་ཁྲག་ལས་གྱུར་པ་སྲ་བ་དང་སྣུམ་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་བཅད་བཞིན་དུ་འཕེལ་བར་བྱེད་པ་ནི་མིག་ནད་མིག་འབྲུམ་ཞེས་བྱའོ། །མིག་མཆུའི་མཐའ་འམ་དབུས་སུ་ནི། །གཡའ་ཞིང་ཚ་ལ་ན་བཅས་བརྟན། །མུངྒ་ཙམ་གྱི་ཁྲག་འབྲུམ་ དམར། །འབྲུམ་ཕྲན་མིག་ནད་ཅེས་བྱའོ། །ཞེས་བྱ་བ་ལ། མིག་མཆུའི་མཐའ་མའི་ཆའམ་དབུས་ཀྱི་གནས་སུ་འབྲུམ་ཕྲན་མུངྒ་ཞེས་བྱ་བ་མོན་སྲན་སྡེའུ་ཙམ་གཡའ་བ་ལ་སོགས་པ་དང་ལྡན་ལ་བརྟན་ཞིང་མི་འགྱུར་བ་མདོག་དམར་པོར་གནས་པ་དེ་ནི་འབྲུམ་ཕྲན་གྱི་མིག་ ནད་ཅེས་བྱའོ། །ནད་ཀྱིས་མིག་མཆུའི་ཕྱི་རོལ་སྐྲངས། །ནང་དུ་བུ་ག་ཕྲ་མོས་ཁྱབ། །འཛག་བཅས་ནང་ན་ཆུ་ཡོད་དེ། །པདྨའི་རྩ་འདྲ་པད་རྩ་ཡིན། །ཞེས་བྱ་བ་ལ། ནད་དམིགས་གསུམ་པོ་དག་གིས་མིག་མཆུའི་ཕྱི་རོལ་གྱི་ཆ་སྐྲངས་པར་གྱུར་ཅིང་ནང་ན་བུ་ག་ཕྲ་ མོས་ཀུན་དུ་ཁྱབ་པར་གྱུར་ལ་ཆུ་སེར་འཛག་པ་དང་བཅས་ཤིང་ནང་ན་ཆུ་ཡོད་པའི་མིག་མཆུའི་ནང་དེ་ནི་པདྨའི་རྩ་བའི་དབྱིབས་འདྲ་བར་འདུག་པ་དེའི་མིང་ནི་མིག་མཆུའི་ནད་པདྨ་ལྟ་བུ་ཞེས་བྱའོ། །ནད་གཞི་གསུམ་དང་ཁྲག་འཁྲུགས་པས། །མིག་མཆུའི་ནད་ནི་ལྡང་བ་དང་། ། 202-1-128a རྒྱུ་མེད་པར་ནི་རྙིད་འགྱུར་གང་། །དེ་ནི་མིག་མཆུ་འཁྲུགས་ཞེས་བྱ། །ཞེས་བྱ་བ་ལ། ནད་གཞི་གསུམ་དང་ཁྲག་འཁྲུགས་པར་གྱུར་པས་གང་མིག་མཆུའི་ནད་ཡང་དང་ཡང་དུ་ལྡང་བར་གྱུར་ཅིང་རྒྱུ་མེད་པར་གློ་བུར་དུ་རྙིད་ཅིང་ཅུང་ཟད་སྐམས་ཏེ། ཞུམ་པར་གྱུར་པའི་མིག་ནད་གང་ཡིན་པ་དེ་ནི་མིང་མིག་མཆུ་འཁྲུགས་པ་ཞེས་བྱ་བའི་མིང་དུ་བཏགས་པ་ཡིན་ནོ། །ནད་ཀྱིས་མིག་མཆུ་དྲི་མ་ཁྲག །སྐྲངས་རྣགས་ན་བཅས་མིག་མཆུ་སྔོ། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་གསུམ་གྱིས་མིག་མཆུ་གང་དྲི་མ་དང་ བཅས་ཤིང་ཁྲག་ཡོད་ལ་སྐྲངས་པ་དང་། རྣགས་པ་དང་། ན་བ་དང་བཅས་པ་ནི། མིག་མཆུའི་ནད་སྔོན་པོ་ཞེས་བཤད་དོ། །གཡའ་ཞིང་སྐྲངས་ལ་དམར་བ་དང་། །མིག་མཆུ་འབྱར་བ་འབྱར་ཞེས་བྱ། །ཞེས་བྱ་བ་ལ། དྲི་མ་དང་ཁྲག་ལ་སོགས་པའི་ནད་ཀྱིས་ གཡའ་བ་ལ་སོགས་པ་དང་ལྡན་ཞིང་། མིག་མཆུ་གཉིས་ཕན་ཚུན་འབྱར་ཞིང་དབྱེ་བར་དཀའ་བ་དེ་ནི་མིག་མཆུའི་ནད་འབྱར་བ་ཞེས་བྱའོ། །མིག་མཆུའི་ནད་ནི་སྲ་ཞིང་རྩུབ། །འབྲུམ་ཕྲན་བྱེ་མ་འདྲ་ཞེས་བྱ། ཞེས་བྱ་བ་ལ། མིག་མཆུའི་ནང་གི་ཆར་འབྲུམ་ཕྲན་སྲ་ཞིང་ རྩུབ་པར་བྱེ་མ་འདྲ་བ་ཡོད་པ་ནི་བྱེ་མ་འདྲ་བའི་མིག་མཆུའི་ནད་ཅེས་བྱའོ། །གནག་ཅིང་འདམ་འདྲ་འདམ་བུའོ། །ཞེས་བྱ་བ་ལ། མིག་མཆུ་གང་ཁ་དོག་ནག་ཅིང་འདམ་ལྟར་རྙོག་པ་ཅན་དུ་གནས་པ་གང་ཡིན་པ་དེ་ནི་འདམ་བུ་ལྟ་བུ་ཞེས་བྱའོ། །མདོག་འདྲ་ཤ་ནི་མང་པོས་ རྒྱས། །ན་ཤས་ཆེ་བ་ཞེས་བྱའོ། །ཞེས་བྱ་བ་ལ། མིག་མཆུ་གང་ཤ་མདོག་འདྲ་བའི་ཤ་མང་པོས་ཆ་མཉམ་དུ་རྒྱས་ཤིང་ཁྱབ་པར་གྱུར་པ་ནི་མིང་ཤས་ཆེ་བ་ཞེས་བྱའོ། །བྱིས་པ་སོ་སྐྱེས་ཚེ་ན་འབྱུང་། །དེས་ནི་བྱིས་པའི་མིག་སྐྲང་ཞིང་། །མིག་དམར་ལྟ་བར་མི་ནུས་ལ། །མིག་ མཆུ་གཟེར་ཞིང་སྤྱི་བག་འཛག །རྣ་བ་སྣ་དང་མིག་ཉེད་བྱེད། །གང་ཡིན་དེ་ནི་སྒྲ་ངན་ཡིན། །ཞེས་བྱ་བ་ལ། སྒྲ་ངན་ཞེས་བྱ་བའི་མིག་མཆུའི་ནད་ནི་བྱིས་པ་སོ་སྐྱེ་བ་ཉིད་ཀྱི་ཚེ་ན་འབྱུང་ཞིང་དེ་རྒྱུར་གྱུར་པ་ཡིན་ཏེ། ནད་དེས་བྱིས་པའི་མིག་སྐྲངས་པ་ལ་སོགས་པའི་མཚན་ཉིད་ 202-1-128b དང་ལྡན་ཞིང་རྣ་བ་དང་སྣ་དང་མིག་ལག་པས་ཉེད་པར་བྱེད་དེ། དེའི་མིང་ནི་སྒྲ་ངན་པ་ཞེས་བྱའོ། །རྫི་འགགས་རྫི་མ་འདུས་ཤིང་ཞུམ། །མིག་མཆུའང་དེ་འདྲར་གྱུར་པ་དང་། །རྩུབ་ཅིང་ནང་དུ་ཁ་བལྟས་ལ། །སྤུ་གཞན་ཡང་ནི་ཚེར་མ་ལྟར། །རྩེ་མོ་རྣོན་པོ་སྐྱེས་གྱུར་ཅིང་། ། དེས་བདར་མིག་ནི་སྐྲངས་པ་དང་། །ཚ་ཞིང་རླུང་ལ་སོགས་མི་བཟོད། །བཏོན་ན་ཅུང་ཟད་བདེ་བར་བྱེད། །ཅེས་བྱ་བ་ལ། རྫི་མ་འགགས་པ་ཞེས་བྱ་བའི་མིག་མཆུའི་ནད་ནི་རྫི་མ་ནང་དུ་འདུས་ཤིང་མིག་རྙིད་ཅིང་ཞུམ་པ་དང་། མིག་གི་མཆུ་ཡང་ནང་དུ་འདུས་ཤིང་རྙིད་པར་འགྱུར་ བ་དང་རྩུབ་ཅིང་ཁ་ནང་དུ་བལྟས་པ་དང་། རྫི་མའི་སྤུ་གཞན་དག་ཀྱང་ཚེར་མ་ལྟར་རྣོ་ཞིང་རྩུབ་པ་སྐྱེས་པས་དེས་མིག་བདར་ཞིང་རེག་པས་སྐྲང་བར་འགྱུར་བ་དང་། ཤ་ཆེར་ཚ་བ་དང་། མིག་དེས་རླུང་དང་ཚ་བ་ལ་སོགས་པ་མི་བཟོད་ཅིང་བསྟེན་མི་ནུས་པ་དང་། སྤུ་རྩུབ་ཅིང་རྣོ་བ་སྐྱེས་པ་དེ་ བཏོན་ཅིང་བསལ་ན་གཉིས་ཀ་ཅུང་ཟད་ཅིག་བདེ་ཞིང་ཞི་བར་གྱུར་ནས་སླར་ཡང་དེ་བཞིན་དུ་འགྱུར་བ་ཡིན་ཏེ། དེ་ནི་རྫི་མ་འགགས་པའི་མིག་ནད་ཅེས་བྱའོ། །མིག་ཕུགས་གྲྭ་མཚམས་ཕྱི་རོལ་དུ། །ཐོར་བུ་སྲ་ཞིང་མཐོ་བ་དང་། །དམར་ཞིང་མཆི་མ་རྣག་ཁྲག་འཛག ། ཡང་ཡང་རྒྱས་ པ་སློན་པ་ཡིན། །ཞེས་བྱ་བ་ལ། མིག་ཕུགས་ཞེས་བྱ་བ་སྣ་གོང་གི་མིག་གི་གྲྭ་མཚམས་ཀྱི་ཕྱི་རོལ་གྱི་ཆར་ཐོར་བུ་སྲབ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཡང་དང་ཡང་དུ་རྒྱས་པར་འགྱུར་བ་དེ་ནི་མིག་སློན་པ་ཞེས་བྱའོ། །ནད་གཞི་གསུམ་དང་ཁྲག་ལས་ནི། །མིག་མཆུའི་ནང་ ན་ཤའི་དུམ་བུ། །རྨེན་བུ་སྲ་ལ་ནད་མེད་པ། །ཕྱི་རོལ་མི་མཉམ་གཡོ་མཛེར་པ། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་གཞི་གསུམ་ཁྲག་དང་བཅས་པ་ལས་མིག་མཆུའི་ནང་ན་ཤའི་དུམ་བུ་རྨེན་བུ་ཆགས་ཤིང་དེ་སྲ་བ་དང་ཟུག་གཟེར་གྱི་ནད་མེད་པ་དང་། ཕྱི་རོལ་མི་མཉམ་ ཞིང་གཡོ་བར་གྱུར་པའི་མིག་མཆུའི་ནད་དེ་ནི་མིག་གི་མཛེར་པ་ཞེས་བྱའོ། །དེ་ལྟར་ཉི་ཤུ་རྩ་བཞི་པོ། །མིག་མཆུ་ལ་གནས་ནད་ཡིན་ནོ། །ཞེས་བྱ་བ་ལ། དེ་ལྟར་འཛུམས་པར་དཀའ་བ་ལ་སོགས་པ་གྲངས་ཉི་ཤུ་རྩ་བཞིས་བཤད་པ་དེ་དག་ནི་མིག་མཆུ་ལ་གནས་པའི་ནད་ཡིན་ནོ། ། 202-1-129a ཞེས་བཤད་དོ། །དེ་ལ་དང་པོར་སྨན་གྱིས་གསོ། །དེ་འོག་གཉིས་དང་འབྲུམ་བུ་སྤང་། །ཞེས་བྱ་བ་ལ། འདིར་དེ་དག་གི་ནང་ནས་དང་པོར་འཛུམས་པར་དཀའ་བ་ཞེས་བྱ་བའི་མིག་མཆུའི་ནད་ནི་སྨན་གྱི་སྦྱོར་བས་གསོ་བར་བྱའོ། །དེའི་འོག་མ་སྟེ་ བཙུམས་པ་དང་། རླུང་གིས་གནོད་པ་གཉིས་དང་མིག་འབྲུམ་ཞེས་བྱ་བའི་མིག་མཆུའི་ནད་ནི་གསོར་མི་རུང་བས་སྤང་བར་བྱའོ། །རྫི་མ་འགགས་པ་གསོར་རུང་ཙམ། །ལྷག་མ་མཚོན་གྱིས་གསོ་བར་བྱ། །ཞེས་བྱ་བ་ལ། མིག་མཆུའི་ནད་རྫི་མ་འགགས་པ་ཞེས་བྱ་བ་ ནི་རེ་ཞིག་མི་སྤང་བ་ཙམ་དུ་གསོར་རུང་བ་ཡིན་ལ་ལྷག་མ་ནི་མཚོན་གྱིས་གདབ་ཅིང་གཙགས་བུས་གསོར་རུང་བ་ཡིན་ནོ། །དེ་དག་ལས་ཀྱང་རྫི་མ་འབྱི། །གཙགས་པར་བྱ་ལ་མིག་མཛེར་གཅད། །ཆགས་དང་པད་རྩ་ཀུ་མུ་ད། །བརྩེགས་དང་འབྲུམ་ཕྲན་སློན་པ་འདྲལ། ། ཞེས་བྱ་བ་ལ། མཚོན་གྱིས་གསོ་བར་བྱ་བ་དེ་དག་ལས་ཀྱང་རྫི་མ་འབྱི་བ་ཞེས་བྱ་བའི་ནད་ནི་འོག་ནས་བཤད་པའི་ཚུལ་གྱིས་གཙགས་ཤིང་གསོ་བར་བྱའོ། །དེ་དག་ལས་ཀྱང་མིག་མཛེར་ཞེས་བྱ་བ་ནི་གཅད་པར་བྱའོ། །ཆགས་པ་ནས་སློན་པའི་བར་ནི་མཚོན་གྱིས་འདྲལ་ཞིང་ དབུག་པར་བྱའོ། །མིག་མཆུའི་ཤ་སྔོ་བྱེ་མ་འདྲ། །འབྱར་དང་བསྐྱེད་བྱ་ཞེས་པ་བཞི། །འདམ་བཅས་ཤས་ཆེར་བྱས་པ་དང་། །སྒྲ་ངན་བཅས་པ་མཚོན་གྱིས་བཞར། །ཞེས་བྱ་བ་ལ། མིག་མཆུའི་ཤའི་ནད་ལ་སོགས་པ་བཅུ་གསུམ་ནི་མཚོན་གྱིས་ཕྱི་ཞིང་བཞར་ཏེ་གསོ་བར་ བྱའོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་བརྒྱད་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་མིག་མཆུའི་ནད་གསོ་བ་བཤད་པར་བྱའོ། ། ཞེས་བྱ་བ་ལ། འཛུམས་པར་དཀའ་ལ་མར་རྙིང་ནི། །རྒུན་འབྲུའི་ལྡེ་གུ་ཆུར་བསྐོལ་བར། །ཁ་ར་བཏབ་དང་སྣ་སྨན་དང་། །དུད་པ་མིག་སྨན་སྣུམ་ཅན་གཏང་། །ཞེས་བྱ་བ་ལ། འཛུམས་པར་དཀའ་བ་ཞེས་བྱ་བའི་མིག་ནད་ལ་ནི་མར་རྙིང་པ་དང་རྒུན་འབྲུའི་ལྡེ་གུ་བསྐོལ་བའི་ཁུ་ 202-1-129b བ་དང་བཅས་པར་བཙོས་པའི་སྨན་མར་ལ་ཁ་ར་བཏབ་པ་བཏང་བ་དང་། དེ་བཞིན་དུ་སྣ་ནས་གཏང་བའི་སྨན་དང་དུད་པས་བདུགས་པ་དང་། མིག་སྨན་སྣུམ་ཅན་གང་ཡིན་པ་གཏང་བར་བྱའོ། །ཀུ་མུ་ད་ལ་ཞལ་ཞལ་གདབ། །དེ་སྟེང་རྒྱམ་ཚ་གདབ་པར་བྱ། །ཤིང་མངར་དང་ ནི་སྐྱུ་རུ་ར། །པ་ཏོ་ལ་བསྐོལ་ཆུ་བླུགས་བྱ། །ཞེས་བྱ་བ་ལ། ཀུ་མུ་ད་ཞེས་བྱ་བའི་མིག་མཆུའི་ནད་ལ་ནི། གཙགས་བུས་ཞལ་ཞལ་བཏབ་ལ་དེའི་སྟེང་དུ་རྒྱམ་ཚྭའི་ཕྱེ་མ་བཏབ་སྟེ། ཤིང་མངར་ལ་སོགས་པ་བསྐོལ་བའི་ཆུ་དྲོ་འཇམ་ཙམ་བླུགས་པར་བྱའོ། །རླུང་མེད་གནས་ ལ་གཡོག་མཁས་པས། །སྦྱང་བྱས་གན་རྐྱལ་ཉལ་བ་ལ། །མིག་མཆུ་བཟློག་སྟེ་དྲོ་འཇམ་ཆུར། །བསྲོས་པའི་གོས་ཀྱིས་དུགས་བྱས་ལ། །གོས་ཀྱིས་ལེགས་པར་དཀྲིས་ནས་ནི། །གཡོན་པའི་མཐེབ་མཛུབ་ཀྱིས་བཟུང་ཞིང་། །འགུལ་ཞིང་འགྱུར་བ་མེད་པར་ནི། །དེ་ནས་ མིག་མཆུ་ཀུན་དུ་ནི། །དཀྱིལ་འཁོར་ལྟ་བུའི་མཚོན་གྱིས་ནི། །འཕྲེད་དུ་གདབ་ཅིང་མཚན་མ་བྱས། །དེ་ཉིད་ཀྱིས་སམ་ལོ་རྩུབ་བམ། །ཤེ་པ་ལི་ཡི་ལོ་མའམ། །ཡང་ན་རྒྱ་མཚོའི་ལྦུ་བས་བྲུད། །ཅེས་བྱ་བ་ལ། ནད་པ་རླུང་མེད་པའི་གནས་སུ་བཞག་ལ། ནད་གཡོག་ མཁས་ཤིང་བྱང་བས་སྔར་སྦྱང་བ་བྱས་པའི་ནད་པ་ལ་གན་རྐྱལ་དུ་ཉལ་བར་གྱུར་པ་ལ་ནི་མིག་མཆུའི་ཕྱི་རོལ་དུ་བཟློག་ལ། ཆུ་དྲོ་འཇམ་ཙམ་གྱིས་བསྲོས་པའི་གོས་ཀྱིས་དུགས་བྱས། གོས་འཇམ་པོས་དཀྲིས་ཏེ་ནང་དུ་བཅུག་ལ་ལག་པ་གཡོན་པའི་མཐེ་བོང་དང་མཛུབ་མོས་བཟུང་སྟེ་ དེ་ལྟར་བྱས་པས་མིག་འགུལ་ཞིང་འགྱུར་བ་མེད་པར་གྱུར་པ་དང་། དེའི་འོག་ཏུ་མིག་མཆུ་དེ་དཀྱིལ་འཁོར་ལྟ་བུའི་མཚོན་གྱི་གཙགས་བུས་འཕྲེད་དུ་གདབ་པར་བྱ་ཞིང་གཙགས་བུས་མཚན་མ་བྱས་ལ། དཀྱིལ་འཁོར་ལྟ་བུའི་གཙགས་བུ་དེ་ཉིད་ཀྱིས་འབྲུད་ཅིང་ཞལ་ཞལ་གདབ་པར་བྱའོ། ། ཡང་ན་ལོ་མ་རྩུབ་པོའམ་ཤིང་ཤེ་ལའི་ལོ་མ་ལ་སོགས་པ་ལོ་མ་རྩུབ་པས་རྨ་དེ་བྲུད་པར་བྱའོ། །ཡང་ན་རྒྱ་མཚོའི་ལྦུ་བས་བྲུད་པར་བྱའོ། །དེ་ནས་ཁྲག་བྱུང་བ་དང་། རས་བལ་གྱི་ཡེ་འུས་ལེགས་པར་ཕྱི་བར་བྱའོ། །ཁྲག་ནི་རས་བལ་ཡེ་འུས་ཕྱི། །ཁྲག་བཅད་ལེགས་པར་བྲུད་ཤེས་ 202-1-130a ནས། །རང་རང་སྨན་ནི་སྦྲང་རྩི་དང་། །བཅས་པ་དེ་ལ་བསྐུ་བར་བྱ། །ཞེས་བྱ་བ་ལ། ཁྲག་ཆོད་ཅིང་འགགས་པར་གྱུར་ནས་ལེགས་པར་བྲུད་པར་གྱུར་པར་ཤེས་ནས་རང་རང་གི་སྨན་སྦྲང་རྩི་དང་བཅས་པའི་ལྡེ་གུས་རྨ་དེ་ལ་བསྐུ་ཞིང་གདབ་པར་བྱའོ། ། དེའི་འོག་ཆུ་དྲོན་གྱིས་བཀྲུས་ལ། །མར་གྱིས་བླུགས་པར་བྱ་བ་དང་། །རྣ་བའི་སྟེང་དང་འོག་གི་བར། །ནས་ཀྱི་ཟན་དང་སྦྲང་རྩི་དང་། །མར་དང་བཅས་པས་དཀྲི་བར་བྱ། །ཞེས་བྱ་བ་ལ། མིག་མཆུ་ལེགས་པར་བྲུད་པ་དེའི་རྗེས་ལ་ཆུ་དྲོ་འཇམ་ཙམ་གྱིས་མིག་མཆུ་དེ་བཀྲུས་ ལ་མར་བླུགས་ནས་རྣ་བའི་སྟེང་དང་འོག་གི་བར་དུ་ནས་ཀྱི་ཟན་མར་དང་སྦྲང་རྩིར་བཅས་པས་བསྣན་ལ་དཀྲི་ཞིང་བཅིང་བར་བྱའོ། །ཞག་ནི་གཉིས་པ་ལ་དགྲོལ་ཏེ། །ཇི་ལྟ་བར་ནི་སྨན་བླུགས་ཤིང་། །བཞི་པར་སྣ་སྨན་ལ་སོགས་བྱ། །ཞག་ནི་ལྔ་པ་དག་ལ་དགྲོལ། །ཞེས་བྱ་བ་ལ། དེ་ལྟར་གླན་ཞིང་བཅིང་བའི་མིག་མཆུ་དེ་ཞག་གཉིས་པ་ལ་བཀྲོལ་ཏེ་རང་གི་སྨན་གང་དག་ཡིན་པའི་སྨན་གྱི་ཁུ་བ་ཇི་བཞིན་དུ་བླུགས་ཤིང་སྔ་མ་བཞིན་དུ་བཅིང་བར་བྱས་ལ། ཞག་བཞི་པ་ལ་ནི་སྣ་སྨན་ལ་སོགས་པ་བྱས་ཏེ་དཀྲི་བར་བྱའོ། །ཞག་ལྔ་པ་ལ་ནི་སླར་དགྲོལ་བར་བྱའི་བཅིང་བར་མི་ བྱའོ། །མཉམ་ཞིང་སེན་མོ་ལྟར་དམར་ལ། །སྐྲང་གཡའ་དྲུད་སོགས་ནད་མེད་པ། །མིག་མཆུ་སྦྱར་ལེགས་ཡིན་ཞེས་བྱ། །དེ་ལས་བཟློག་པ་སླར་བཞར་བྱ། །ཞེས་བྱ་བ་ལ། བཞར་ཞིང་བྲུད་ལེགས་པའི་མིག་མཆུ་ནི་མཉམ་པོར་གནས་ཀྱི་མཐོན་དམན་དུ་མི་འགྱུར་བ་དང་། སེན་མོའི་མདོག་ལྟར་དམར་བ་དང་། སྐྲངས་པ་ལ་སོགས་པའི་ནད་མེད་པ་ནི་བྲུད་ལེགས་པ་ཡིན་པར་ཤེས་པར་བྱའོ། །མཚན་ཉིད་དེ་ལས་གོ་བཟློག་པ་ནི་བཞར་མ་ལེགས་པ་ཡིན་པས་སླར་ཞིང་བཟླས་ཏེ་བཞར་ཞིང་བྲུད་པར་བྱའོ། །བཞར་དྲགས་པས་ནི་ན་བ་དང་། །རྫི་མ་འབྱི་ཞིང་མིག་ མཆུར་འགྱུར། །ཞེས་བྱ་བ་ལ། བཞར་དྲགས་པས་ནི་ན་བ་ལ་སོགས་པར་འགྱུར་རོ། །དེ་ལ་སྣུམ་དང་དུགས་ལ་སོགས། །རླུང་ལ་ཕན་པའི་སྦྱོར་བ་བསྔགས། །ཞེས་བྱ་བ་ལ། བཞར་དྲགས་པའི་མིག་མཆུ་དེ་ལ་སྣུམ་ཆོས་དང་དུགས་ལ་སོགས་པ་རླུང་སེལ་བའི་སྦྱོར་བ་བྱ་བར་ 202-1-130b སློབ་དཔོན་གྱིས་བསྔགས་པ་ཡིན་ནོ། །མར་སར་གྱིས་ནི་བསྐུ་བྱ་ཞིང་། །སེང་ཕྲོམ་དཀར་པོ་མར་སར་གྱིས། །ལེགས་པར་བསྐུ་བར་བྱས་ནས་ནི། །ཨེ་རཎྜ་ཡི་རྩ་བ་ཡི། །ལྡེ་གུས་བྱུགས་ཏེ་ཕུར་མས་བཙོ། །ཚོས་པ་བཀྲུས་ཏེ་སྐམས་ནས་ནི། །བཏགས་པ་ཐུམ་པོར་ བྱས་ནས་ནི། །རའམ་བུད་མེད་འོ་མར་ནི། །མཉེས་ལ་མིག་ཏུ་བླུགས་པར་བྱ། །ཞེས་བྱ་བ་ལ། སེང་ཕྲོམ་ཞེས་བྱ་བ་རོ་ཏྲ་དཀར་པོ་མར་སར་གྱིས་བསྐུས་ལ། དེའི་འོག་ཏུ་ཨེ་རཎྜའི་རྩ་བའི་ལྡེ་གུས་བྱུགས་ལ། དེའི་རྗེས་ལ་སྨན་གྱི་ཕུར་མས་བཙོ་བའི་ཚུལ་གྱིས་བཙོས་ ལ་ཚོས་པར་གྱུར་པ་དང་། ཆུས་བཀྲུས་ཏེ་དེའི་འོག་ཏུ་སྐམས་པ་དེ་ཞིབ་ཏུ་བཏགས་ལ་རས་གཙང་མས་ཐུམ་བུར་གཏུམས་ནས་རའམ་བུད་མེད་ཀྱི་འོ་མའི་ནང་དུ་ཐུམ་བུ་སྦངས་ལ་མཉེས་པ་དེའི་ཐིགས་པ་མིག་ཏུ་བླུགས་པར་བྱའོ། །དེ་ཉིད་སཱ་ལུ་ཐུག་པོ་ཆེའི། །ལྡེ་གུས་བསྐུས་ ཏེ་དེ་ལྟར་བྱས། །ཞོ་དང་ཞོ་ག་ཆུས་སྦངས་པ། །མིག་ནི་བཞར་དྲགས་གྱུར་ལ་བླུགས། །ཞེས་བྱ་བ་ལ། ཡང་ན་སེང་ཕྲོམ་དཀར་པོ་དེ་ཉིད་འབྲས་སཱ་ལུ་ཐུག་པོ་ཆེའི་ལྡེ་གུས་བསྐུ་ལ། སྔ་མ་བཞིན་དུ་མར་སར་གྱིས་བསྐུ་ཞིང་ཕུར་མས་བཙོ་བ་ལ་སོགས་པའི་སྦྱོར་བ་སྔ་མ་ བཞིན་དུ་བྱས་ལ། ཞོ་དང་ཞོ་ག་ཆུའི་ནང་དུ་སྦངས་པ་དེ་མིག་བཞར་དྲགས་པ་ལ་སྨན་གྱི་ཐིགས་པ་བླུགས་པར་བྱའོ། །ཡང་ན་ཞོ་ག་ཆུ་ཉི་ཚེ། །བླུགས་ཤིང་སྐམ་སའི་ཤ་ཁུ་སྦྱིན། །ཞེས་བྱ་བ་ལ། ཡང་ན་མིག་བཞར་དྲགས་པ་ལས་ཞོ་ག་ཆུ་ཉི་ཚེ་བླུགས་ཤིང་སྐམ་སའི་ཤ་ཁུ་སྦྱིན་པར་ བྱའོ། །འབྲུམ་ཕྲན་སྲ་ཞིང་མཐོ་བ་ནི། །འབྲས་ཀྱི་རྩེ་མོས་བརྟོལ་བར་བྱ། །དེ་རྗེས་བཙིར་ཏེ་ཆོ་ག་ནི། །ལྷག་མ་སྔ་མ་བཞིན་དུ་བྱ། །ཞེས་བྱ་བ་ལ། འབྲུམ་བུ་ཕྲ་མོ་ཞེས་བྱ་བའི་མིག་མཆུའི་ནད་སྲ་ཞིང་མཐོ་བར་གནས་པ་ནི་འབྲས་ཀྱི་རྩེ་མོ་འདྲ་བའི་གཙགས་བུས་བརྟོལ་ ཞིང་ཕུག་པ་དེའི་རྗེས་ལ་ཆོ་ག་ལྷག་མ་བཀྲུ་བ་དང་། སྨན་བསྐུ་བ་ལ་སོགས་པ་སྔ་མ་བཞིན་དུ་བྱའོ། །ཞལ་ཞལ་གདབ་དང་འདྲལ་བ་ལ། །རིམ་འདིས་མིག་མཆུའི་ནད་ཀུན་སྦྱར། །ཞེས་བྱ་བ་ལ། མིག་མཆུའི་ནད་ལ་ཞལ་ཞལ་གདབ་ཅིང་བྲུད་པ་དང་། འདྲལ་ཞིང་དབུག་པའི་ལས་ 202-1-131a ཀུན་ལ་ཡང་བཤད་མ་ཐག་པའི་རིམ་པ་འདི་ཉིད་སྦྱར་བར་བྱའོ། །ཁྲག་མཁྲིས་ལས་གྱུར་མངར་བ་ཡི། །སྡེ་ཚན་དང་བསྐོལ་མར་གྱིས་གསོ། །སྣུམ་གྱུར་ནས་ནི་གཏར་ག་གདབ། །དུར་བྱིད་བཀྲུ་སྨན་གཏང་བ་མཆོག །ཅེས་བྱ་བ་ལ། ཁྲག་དང་ མཁྲིས་པས་སྐྱེད་པའི་མིག་མཆུའི་ནད་ལ་ནི་མངར་བའི་སྡེ་ཚན་དང་བསྐོལ་བའི་མར་གྱིས་གསོས་ལ། སྣུམ་པར་གྱུར་པ་དང་གཏར་ག་གདབ་ཅིང་ཁྲག་དབྱུང་བ་དང་། དུར་བྱིད་ཀྱི་བཀྲུ་སྨན་གཏོང་བ་ཉིད་མཆོག་ཏུ་གྱུར་པ་ཡིན་ནོ། །བཞར་ཞིང་ཁྲག་ནི་ཕྱུང་བ་དང་། །ཤིང་མངར་ བསྐོལ་བའི་ཆུས་བཀྲུ་ཞིང་། །ཙནྡན་དཀར་པོ་འོ་མར་བསྐོལ། །མིག་མཆུ་ལ་ནི་བླུགས་ན་ཕན། །ཞེས་བྱ་བ་ལ། མིག་མཆུ་བཞར་ཞིང་བྲུད་པ་དང་ཁྲག་གཟགས་ནས་ཤིང་མངར་བསྐོལ་བའི་ཆུས་བཀྲུས་ན་ཕན་པ་དང་། ཙནྡན་དཀར་པོ་དང་འོ་མ་བསྐོལ་བ་བླུགས་ན་ ཕན་ནོ། །རྫི་མ་འབྱི་ལ་ཁབ་ཀྱིས་ནི། །བ་སྤུའི་བུ་ག་གཙགས་པའམ། །སྲིན་བུ་པད་པས་ཁྲག་དབྱུང་ངོ་། །ཞེས་བྱ་བ་ལ། རྫི་མ་འབྱི་བ་ལ་ནི་ཁབ་ཀྱིས་བ་སྤུའི་བུ་ག་གཙགས་པའམ། སྲིན་བུ་པད་པས་དེ་ལ་ཁྲག་དབྱུང་བར་བྱའོ། །ཡང་ན་འོ་མའམ་བུ་རམ་ཤིང་། ། ཁུ་བས་སློན་བྱ་མངར་བསིལ་སྨན། །བསྐོལ་བའི་མར་ནི་གཏང་བར་བྱ། །ཞེས་བྱ་བ་ལ། རྫི་མ་འབྱི་བའི་མིག་མཆུའི་ནད་དེ་ལ་འོ་མའམ་བུ་རམ་ཤིང་གི་ཁུ་བའི་སློན་སྨན་བྱ་བའམ། རྒུན་འབྲུ་ལ་སོགས་པའི་སྨན་མངར་བ་དང་བསིལ་བ་དང་བསྐོལ་བའི་མར་གྱིས་རྫི་མ་འབྱི་བ་ལ་སྣ་ ནས་བཏང་བའི་སྨན་གཏང་བར་བྱའོ། །ནག་ཚུར་དཀར་པོའི་ཕྱེ་མ་ནི། །བྱེའུ་རུག་པའི་ཁུ་བར་བསྲེས། །ཟངས་ཀྱི་སྣོད་དུ་བཅུག་པ་དེ། །རྫི་མ་འབྱི་བའི་མིག་སྨན་མཆོག །ཅེས་བྱ་བ་ལ། ནག་ཚུར་དཀར་པོ་ཕྱེ་མར་བྱས་པ་དང་། བྱེའུ་རུག་པའི་ཁུ་བ་བསྲེས་ལ་ཟངས་ མའི་སྣོད་ཀྱི་ནང་དུ་ཞག་བཅུའི་བར་དུ་སྦངས་པའི་མིག་སྨན་དེ་ནི་རྫི་མ་འབྱི་བའི་མིག་སྨན་གྱི་དམ་པར་གྱུར་པ་ཡིན་ནོ། །མིག་མཆུའི་ཤ་བྲུད་བཅའ་སྒ་དང་། །རྒྱམ་ཚའི་ཕྱེ་མ་གདབ་པར་བྱ། །ཆུ་དྲོན་གྱིས་བཀྲུས་སེང་ལྡེང་དང་། །ན་ལེ་ཤམ་དཀར་ཏུ་བ་རི། །ཆུ་བསྐོལ་བ་འམ་སེར་པོ་ 202-1-131b གཉིས། །ཤིང་མངར་དང་ནི་འབྲས་བུ་གསུམ། །ཁུ་བ་སྦྲང་རྩིར་བཅས་པ་བླུགས། །ཞེས་བྱ་བ་ལ། མིག་མཆུའི་ཤལ་འབྲུམ་ཕྲན་བྱུང་བ་ལ་ནི་དཀྱིལ་འཁོར་ལྟ་བུའི་གཙགས་བུས་ཞལ་ཞལ་གདབ་ཅིང་བྲུད་ལ་བཅའ་སྒ་དང་རྒྱམ་ཚ་གཉིས་ཀྱི་ཕྱེ་མ་གདབ་པར་བྱ་ཞིང་ཆུ་དྲོན་ གྱིས་བཀྲུས་ལ་སེང་ལྡེང་ལ་སོགས་པའི་ཆུར་བསྐོལ་བའི་སྨན་གྱི་ཁུ་བ་བླུགས་པར་བྱ་བའམ། ཡང་ན་སེར་པོ་གཉིས་དང་ཤིང་མངར་དང་འབྲས་བུ་གསུམ་བསྐོལ་བའི་ཁུ་བ་སྦྲང་རྩི་དང་བཅས་པ་བླུགས་པར་བྱའོ། །བད་ཀན་ལས་གྱུར་ཞལ་ཞལ་བྱས། །ནག་ཚུར་རྒྱམ་ཚ་ པི་པི་ལིང་། །ལྡོང་རོས་སྟང་ཟིལ་ཞིབ་བཏགས་པ། །སྦྲང་རྩིར་བཅས་པ་བསྐུ་བར་བྱ། །ཞེས་བྱ་བ་ལ། བད་ཀན་གྱིས་བསྐྱེད་པའི་མིག་མཆུའི་ནད་ལ་ནི་གཙགས་བུས་ཞལ་ཞལ་བྱས་ཤིང་བྲུད་ལ་ནག་ཚུར་ལ་སོགས་པའི་སྨན་ཞིབ་ཏུ་བཏགས་ནས་སྦྲང་རྩི་དང་བཅས་པས་ བསྐུས་ན་ཕན་ནོ། །སྐྱུག་སྨན་མིག་སྨན་སྣ་སྨན་ནི། །བད་ཀན་སེལ་བ་ཐམས་ཅད་ཕན། །ཞེས་བྱ་བ་ལ། ཡང་ན་བད་ཀན་ལས་གྱུར་པའི་མིག་མཆུའི་ནད་ལ་སྐྱུག་སྨན་དང་མིག་སྨན་ལ་སོགས་པ་དང་། བད་ཀན་སེལ་ཞིང་འཇོམས་པར་བྱེད་པ་གང་ཡིན་པ་དེ་ཐམས་ཅད་ཕན་ ནོ། །ཆགས་པ་ལ་ཡང་འདི་དག་བྱ། །མ་ཞི་མེ་བཙའ་གདབ་པར་བྱ། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་མིག་མཆུའི་ནད་གསོ་བ་འདི་ནི་ཆགས་པ་ཞེས་བྱ་བའི་མིག་ནད་ལ་ཡང་སྦྱར་བར་བྱ་ལ། དེས་ཞི་ཞིང་མེད་པར་གྱུར་ན་ཆགས་པ་ཞེས་བྱ་བའི་མིག་མཆུའི་ནད་དེ་ལ་མེ་ བཙའ་གདབ་པས་བསྲེག་པར་བྱའོ། །སྒྲ་ངན་ལ་ནི་སེང་ལྡེང་དང་། །ནིམ་པའི་ལོ་མ་འབྲས་བུ་གསུམ། །མར་དང་སྦྱར་བའམ་པི་པི་ལིང་། །ཤིང་མངར་རྒྱམ་ཆ་བསྐོལ་བ་ནི། །མ་མར་བླུད་དེ་སློན་དུ་གཞུག །ཅེས་བྱ་བ་ལ། སྒྲ་ངན་ཞེས་བྱ་བའི་བྱིས་པའི་མིག་མཆུའི་ནད་ལ་ ནི་སེང་ལྡེང་ལ་སོགས་པའི་སྨན་བསྐོལ་བའི་ཁུ་བ་བླུད་ལ་མ་མ་སློན་དུ་གཞུག་ལ། དེའི་འོག་ཏུ་པི་པི་ལིང་ལ་སོགས་པ་བསྐོལ་བས་སློན་དུ་གཞུག་པར་བྱའོ། །རྒུན་འབྲུ་དང་ནི་ཨ་རུ་ར། །པི་པི་ལིང་བསྐོལ་བཀྲུ་སྨན་སྦྱིན། །ཞེས་བྱ་བ་ལ། དེའི་འོག་ཏུ་མ་མ་དེ་ལ་རྒུན་འབྲུ་ལ་སོགས་པ་ 202-1-132a བསྐོལ་བའི་སྐྱུག་སྨན་སྦྱིན་པར་བྱའོ། །སེར་པོ་རྣམས་གཉིས་པི་པི་ལིང་། །གླ་སྒང་ལྡེ་གུས་ནུ་མ་བསྐུ། །ཞེས་བྱ་བ་ལ། ཡང་མ་མ་དེའི་ནུ་མ་སེར་པོ་གཉིས་ལ་སོགས་པའི་ལྡེ་གུས་བསྐུ་བར་བྱའོ། །ཡུངས་ཀར་མར་བཅས་དུད་པས་བདུགས། །སྦྱང་བ་ བྱས་ནས་པ་ཏོ་ལ། །གླ་སྒང་དང་ནི་རྒུན་འབྲུ་དང་། །སླེ་ཏྲེས་འབྲས་བུ་གསུམ་བསྐོལ་བླུད། །ཅེས་བྱ་བ་ལ། མ་མ་དེ་ལ་ཡུངས་ཀར་མར་དང་བཅས་པའི་དུད་པས་ནུ་མ་ལ་བདུག་པར་བྱ་བ་དང་། ཡང་མ་མ་དེ་བཀྲུ་སྨན་དང་སྐྱུག་སྨན་གྱི་སྦྱང་བ་བྱས་ནས་པ་ཏོ་ལ་ལ་སོགས་པ་ བསྐོལ་བའི་སྨན་གྱི་ཁུ་བ་བླུད་པར་བྱའོ། །བྱིས་པའི་མིག་མཆུ་བྲུད་པའམ། །སྲིན་བུ་པད་པས་ཁྲག་དབྱུང་བྱ། །ཨ་སྨན་ད་ཀ་སྐྱུ་རུ་ར། །འཛམ་བུའི་ལོ་མ་བསྐོལ་བ་བླུགས། །ཞེས་བྱ་བ་ལ། བྱིས་པའི་མིག་མཆུ་དེ་གཙགས་བུས་བྲུད་པའམ་སྲིན་བུ་པད་པས་ཁྲག་ ཕྱུང་ཞིང་བཏོན་ལ་ཨ་སྨན་ཏ་ཀ་ལ་སོགས་པའི་ལོ་མ་བསྐོལ་བའི་ཁུ་བ་བླུགས་པར་བྱའོ། །བྱིས་པ་འོ་མ་མར་བརྟེན་པས། །ཕལ་ཆེར་བད་ཀན་ནད་འབྱུང་བས། །དེ་བས་དང་པོར་སྐྱུག་སྨན་ཉིད། །ནད་ཀུན་ལ་ནི་བསྔགས་པ་ཡིན། ཞེས་བྱ་བ་ལ། བྱིས་པ་ནི་འོ་མ་དང་མར་ ལ་བརྟེན་ཅིང་སྤྱོད་པའི་རྒྱུས་ན་ཕལ་ཆེར་ཏེ་མང་དུ་བད་ཀན་གྱི་ནད་འབྱུང་བར་འགྱུར་བས། དེའི་ཕྱིར་བྱིས་པའི་ནད་ཐམས་ཅད་ལ་དང་པོ་ཁོ་ནར་སྐྱུག་སྨན་བཏང་ན་ནད་ཀུན་ལ་བསྔགས་ཤིང་ཕན་པ་ཡིན་ནོ། །ལྕེ་མྱང་ཚ་དང་པི་པི་ལིང་། །ཨ་པ་མརྒའི་འབྲས་བུ་མར། །འོ་མ་ཤུ་ དག་སྦྲང་རྩིར་བཅས། །པོ་སོན་ཆ་ནི་ཤིང་མངར་བཅས། །འོ་མ་ཁ་ཟས་འོ་མ་དང་། །ཟས་ལ་བརྟེན་པའི་བྱིས་པ་ལ། །རིམ་བཞིན་བླུད་པས་ནད་ཀུན་ནི། །སྦྱང་བར་བྱ་ཕྱིར་སློན་སྨན་གཏང་། །མཆོག་དུ་སྒྲ་ངན་ནད་ལ་ཕན། །ཞེས་བྱ་བ་ལ། བྱིས་པའི་ནད་ཐམས་ཅད་ལ་ནི་ ལྕེ་མྱང་ཆ་ལ་སོགས་པའི་སྨན་དང་མར་དང་འོ་མ་དང་། སྦྲང་རྩི་སྦྱར་བའི་སྐྱུག་སྨན་བཏང་བ་ནི། འོ་མ་ལ་བརྟེན་པ་བསྔགས་པ་ཡིན་ནོ། །ཁ་ཟས་དང་འོ་མ་གཉིས་ལ་བརྟེན་པ་ལ་ནི་ཤུ་དག་གི་ཕྱེ་མ་སྦྲང་རྩི་དང་བཅས་པའི་སྐྱུག་སྨན་ནད་ཐམས་ཅད་ལ་བསྔགས་པ་ཡིན་ནོ། ཟས་འབའ་ཞིག་ལ་བརྟེན་པའི་ 202-1-132b ཤིང་མངར་སྦྱར་བའི་སྐྱུག་སྨན་ནད་ཐམས་ཅད་ལ་ནི་བསྔགས་པ་ཡིན་ཏེ། དེ་ལྟར་ན་འོ་མ་འཐུང་བ་དང་འོ་མ་དང་། ཁ་ཟས་གཉིས་ཀ་ལ་བརྟེན་པ་དང་། ཟས་འབའ་ཞིག་ལ་བརྟེན་པ་དག་ལ་རིམ་བཞིན་དུ་སྦྱར་བར་བྱ་སྟེ། དེ་ལས་ཀྱང་ཁྱད་པར་དུ་ནི་སྒྲ་ངན་ ཞེས་བྱ་བའི་མིག་མཆུའི་ནད་ལ་ཕན་པ་ཡིན་ནོ། །སབ་ཏ་ལ་ཡི་ཁུ་བ་མར། །བསྐོལ་བ་གཉིས་ཀ་སྦྱོང་བྱེད་སྦྱིན། །ཞེས་བྱ་བ་ལ། ཡང་ན་སབ་ཏ་ལ་བསྐོལ་བའི་ཁུ་བ་དང་མར་ལྷན་ཅིག་བསྐོལ་བའི་སྨན་མར་ནི་བད་ཀན་དང་སྒྲ་ངན་གཉི་ག་སྦྱོང་བར་བྱེད་པ་དེ་སྦྱིན་པར་ བྱའོ། །སེང་ཕྲོམ་ཤིང་མངར་སེར་པོ་གཉིས། །ནིམ་པའི་ལོ་མ་པུ་ཙེ་ཤེལ། །ཟངས་ཀྱི་ཕྱེ་མར་བཅས་རེང་བུ། །སྒྲ་ངན་གྱི་ནི་ནད་ལ་ཕན། །ཞེས་བྱ་བ་ལ། ཡང་ན་སེང་ཕྲོམ་ལ་སོགས་པའི་ཕྱེ་མ་དང་། ཟངས་ཀྱི་ཕྱེ་མ་དང་བཅས་པའི་རི་ལུ་ནི་སྒྲ་ངན་ གྱི་ནད་ལ་ཕན་ནོ། །ཡང་ན་ལྕགས་ཀྱི་ཕྱེ་མ་བསྲེགས། །འོ་མ་སྦྲང་རྩི་མར་བཅས་ཕན། །ཞེས་བྱ་བ་ལ། ཡང་ན་ལྕགས་ཀྱི་ཕྱེ་མ་བསྲེགས་པ་དང་། འོ་མ་སྦྲང་རྩིར་བཅས་པའི་རི་ལུ་ཡང་སྒྲ་ངན་གྱི་ནད་ལ་ཕན་ནོ། །སུག་སྨེལ་སྒོག་སྐྱ་ཀ་ཏ་ཀ །ཕ་ནི་ད་ཛ་ཀན་ལེ་ཤམ། ། དུང་བཅས་ཆུ་དང་བདར་བ་དང་། །ཀད་པ་ལ་བཅས་རི་ལུའང་ཕན། །ཞེས་བྱ་བ་ལ། ཡང་ན་སུག་སྨེལ་ལ་སོགས་པའི་རི་ལུ་ཡང་མིག་མཆུའི་ཤའི་ནད་དང་སྒྲ་ངན་གྱི་ནད་ལ་ཕན་ནོ། །ཀ་ཏ་ཀ་པ་ལ་ནི་ཀི་ཚའོ། །ཕ་ནིད་ཛ་ཀ་ནི་མ་དུ་བ་ཀའོ། །རྫི་མ་འགགས་ནད་འཕེལ་བ་ ལ། །སྦྱང་བ་བྱས་པར་གྱུར་པ་ནི། །སྨིན་མའི་འོག་གི་ཆ་གཉིས་དང་། །རྫི་མའི་ཆ་གཅིག་བར་བར་ནི། །ནས་ཀྱི་ཚད་ཙམ་ནས་ཀྱི་དབྱིབས། །འཕྲེད་དུ་དབྲལ་ལ་རས་རློན་པས། །དེ་ཡི་ཁྲག་ནི་བསལ་ནས་ནི། །ཁྲག་ནི་ཆུང་བར་གྱུར་པ་དང་། །བར་མཚམས་མུངྒ་ ཙམ་བཞག་ལ། །ཁབ་ནི་ཡོན་པོས་བཙེམ་པར་བྱ། །ཞེས་བྱ་བ་ལ། རྫི་མ་འགགས་པའི་ནད་བུ་འཕེལ་བར་གྱུར་པ་ལ་ནད་པ་སྦྱང་བ་བྱས་ཤིང་དག་པར་བྱས་པའི་སྨིན་མའི་འོག་ཆ་གཉིས་དང་། རྫི་མའི་ཆ་གཅིག་བོར་བའི་གནས་སུ་ནས་ཀྱི་ཚད་ཙམ་ལ་དབྱིབས་ནས་འདྲ་བར་ 202-1-133a འཕྲེད་དུ་དབྲལ་ལ་རས་ཆུ་དོྲན་མོའི་ནང་དུ་སྦངས་པས་དེའི་ཁྲག་བསལ་ཞིང་ཕྱིས་ནས་ཁྲག་དེ་བྲི་ཞིང་ཆུང་བར་གྱུར་པ་དང་བར་མཚམས་སུ་སྲན་མུད་ག་ཞེས་བྱ་བ་མོན་སྲན་སྡེའུ་ཙམ་བཞག་ལ། ཁབ་ཡོན་པོས་ལེགས་པར་འདྲུབ་པར་བྱའོ། །དཔྲལ་བ་རས་ཀྱིས་བཅིངས་ནས་ནི། ། དེ་བཞིན་སྐུད་པས་བཙེམ་པར་བྱ། །ཤིན་ཏུ་དམ་དང་ལྷོད་མིན་པར། །དེར་ནི་ལེགས་པར་བཙེམ་པར་བྱ། །ཞེས་བྱ་བ་ལ། དེའི་འོག་ཏུ་དཔྲལ་བ་རས་ཀྱི་ཚལ་པས་བཅིང་ལ། དེར་སྐུད་པས་ཤིན་ཏུ་དམ་པ་ཡང་མ་ཡིན་ཤིན་ཏུ་ལྷོད་པ་ཡང་མ་ཡིན་པར་བཙེམ་པར་བྱའོ། །དེ་ནས་ སྦྲང་རྩི་མར་གྱིས་བྱུག །འདི་ལ་བཅིང་བར་མི་བྱའོ། །ཞེས་བྱ་བ་ལ། དེའི་འོག་ཏུ་སྦྲང་རྩི་དང་མར་གྱིས་བྱུག་ཅིང་དེ་བསྐུས་ནས་རས་ཀྱིས་དཀྲིས་ལ་བཙེམ་པར་བྱའི་འདི་ལ་བཅིང་བར་ནི་མི་བྱའོ། །ན་ན་ནྱ་གྲོ་དྷ་སོགས་པའི། །ཁུ་བ་འོ་མར་བཅས་པ་བླུགས། །ཞེས་བྱ་བ་ལ། གལ་ཏེ་རྨ་དེ་ནད་དང་བཅས་པར་གྱུར་ན་ནྱ་གྲོ་དྷ་ལ་སོགས་པའི་སྡེ་ཚན་གྱི་ཁུ་བ་འོ་མ་དང་བཅས་པ་བླུགས་པར་བྱའོ། །ཞག་ལྔ་པ་ལ་སྐུད་པ་ནི། །བསལ་ཏེ་ཡུག་སྣམ་ཕྱེ་མ་ནི། །རྨ་ལ་ལེགས་པར་གདབ་པར་བྱ། །སྣ་སྨན་མིག་སྨན་རྣོན་པོ་གཏང་། །ཞེས་བྱ་བ་ལ། ཞག་ལྔ་པ་ལ་མཚོན་ གྱིས་དབྲལ་ལ་དེ་འདྲུབས་པར་གྱུར་པ་དང་སྐུད་པ་བསལ་ཞིང་བཅད་དེ་བཙག་ཡུག་སྣམ་ཞིབ་ཏུ་བཏགས་པའི་ཕྱེ་མ་རྨ་ལ་གདབ་པར་བྱ་བ་དང་། དེ་ལ་སྣ་སྨན་དང་མིག་སྨན་རྣོན་པོ་གཏང་བར་བྱའོ། །ཞག་བཅུའི་མཐར་ཡང་མ་སོས་ན། །མིག་མཆུར་བརྟེན་གཉེར་བཟློག་སྟེ་བསྲེག ། ཅེས་བྱ་བ་ལ། སྦྱོར་བ་དེས་ཞི་བར་མ་གྱུར་ན་མིག་མཆུར་བརྟེན་པའི་གཉེར་མ་བཟློག་སྟེ་ཐལ་སྨན་ནམ་ཐུར་མ་ཚ་བས་བསྲེག་པར་བྱའོ། །རྫི་མའི་ལྷག་མ་ཚེར་ཟུངས་ཀྱིས། །ཕྱུང་ལ་དེ་ཡི་གནས་དག་ནི། །མེའི་མདོག་འདྲའི་ཁབ་རྩེས་བསྲེག །ཅེས་བྱ་བ་ལ། རྫི་མའི་ལྷག་མ་ ཚེར་ཟུངས་ཀྱིས་ཕྱུང་ལ་རྫི་མ་དེའི་གནས་མེའི་མདོག་འདྲ་བའི་ཁབ་ཀྱི་རྩེ་མོས་བསྲེག་པར་བྱའོ། །ཕྱི་རོལ་རློན་པ་བསྲེགས་པ་དང་། །ཐོར་བུ་བཅད་པར་གྱུར་པ་ལ། །མེ་འམ་ཐལ་སྨན་རྣོན་པོས་བསྲེག །ཅེས་བྱ་བ་ལ། ཕྱི་རོལ་གྱི་རློན་ཞིང་གཤེར་བ་མེའམ་ཐལ་སྨན་གྱིས་བསྲེག་པར་ 202-1-133b བྱ་བ་དང་། ཐོར་བུ་ཡང་རྩ་བ་ནས་དང་པོ་བཅད་ལ་མེའམ་ཐལ་སྨན་རྣོན་པོས་བསྲེག་པར་བྱའོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་དགུ་པའི་རྣམ་པར་ འགྲེལ་པའོ།། །།དེ་ནས་མིག་ཟུར་དང་མིག་གི་འབྲས་བུ་དཀར་ནག་གི་ནད་ཀྱི་དམིགས་བརྟག་པར་བྱ་བ་བཤད་པར་བྱའོ། །ཞེས་བྱ་བ་ལ། མིག་མཆུའི་ནད་ཀྱི་རྗེས་ལ་མིག་ཟུར་དང་མིག་གི་འབྲས་བུ་དཀར་ནག་གི་ནད་ཀྱི་དམིགས་བརྟག་པ་བསྟན་པ་ནི་གནས་ཀྱི་གོ་ རིམས་ཀྱིས་བཤད་པ་ཡིན་ཏེ། མིག་ཟུར་གཉིས་དང་མིག་གི་འབྲས་བུ་དཀར་པོ་དང་ནག་པོ་དག་གི་ནད་ཀྱི་དམིགས་ཤེས་ཤིང་བརྟག་པར་བྱ་བའི་ལེའུ་གང་ཡིན་པ་དེ་བཤད་པར་བྱའོ། །ཞེས་པའོ། །རླུང་འཁྲུགས་པས་ནི་ཆུ་རྒྱུ་བའི། །རྩར་སོང་ནས་ནི་ཆུ་འདྲ་བའི། །མཆི་མ་ མིག་མཆུའི་མིག་ཕུགས་ཀྱི། །མཚམས་ནས་མཆི་མ་འཛག་འགྱུར་ལ། །དེས་ནི་ནད་མེད་རྩ་དམར་ལ། །སྐྲང་འགྱུར་དེ་ནི་ཆུ་འཛག་ཡིན། །ཞེས་བྱ་བ་ལ། རླུང་གི་ནད་རང་རང་གི་སྐྱེ་བའི་རྒྱུས་འཁྲུགས་ཤིང་ལྡང་བར་གྱུར་པ་དང་། ཆུ་རྒྱུ་བའི་རྩར་སོང་ནས་མིག་ཕུགས་ཀྱི་ མཚམས་ཏེ། མིག་འབྲས་དཀར་པོའི་མཐའ་སྣ་གོང་གི་ཕུགས་ནས་ཆུ་འདྲ་བའི་མཆི་མ་འཛག་པར་འགྱུར་ལ། ནད་དེས་མིག་ན་བ་ལྷང་ལྷང་པོ་མེད་པར་རྩ་དམར་བ་དང་། སྐྲང་པར་འགྱུར་ཏེ་མིག་ནད་དེ་ནི་མཆི་མ་འཛག་པ་ཞེས་བྱའོ། །བད་ཀན་ལས་གྱུར་སྤྱི་བག་མང་། །དཀར་བ་ བད་ཀན་འཛག་པ་ཡིན། །ཞེས་བྱ་བ་ལ། བད་ཀན་འཛག་པའི་མིག་ཟུར་གྱི་ནད་ནི་བད་ཀན་ལས་གྱུར་ཅིང་མཆི་མ་སྤྱི་བག་ནལ་ནལ་པོར་མང་དུ་འཛག་པ་དང་། མིག་དཀར་བ་ནི་མིང་བད་ཀན་འཛག་པ་ཞེས་བྱའོ། །བད་ཀན་གྱིས་སྐྲང་རྩེ་མོ་རྣོ། །ལན་ཚའི་ཆུ་བུར་འདྲ་བ་འབྱུང་། ། རྩ་བ་ཆེ་ཞིང་གཡོ་ལ་སྣུམ། །མདོག་འདྲ་འཇམ་ཞིང་སྤྱི་བག་ཅན། །ཆེ་ཞིང་སྨིན་དཀའ་གཡའ་དང་བཅས། །གཟེར་མེད་བཅིངས་པ་ལྟ་བུ་ཡིན། །ཞེས་བྱ་བ་ལ། བད་ཀན་གྱིས་མིག་སྐྲང་བར་འགྱུར་ཞིང་སྐྲང་བ་དེའི་རྩེ་མོ་རྣོན་པོར་འདུག་ལ་སྐྲང་བ་དེ་ལན་ཚྭའི་ཆུ་བུར་འབྱུང་བ་འདྲ་ 202-1-134a ཞིང་རྩ་བ་ཆེ་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ནི་བཅིངས་པ་ལྟ་བུའི་མིག་ནད་ཅེས་བྱའོ། །ཁྲག་ལས་མཆི་མ་ཁྲག་འཛག་དམར། །ཤས་ཆེར་དྲོ་བ་ཁྲག་འཛག་ཡིན། །ཞེས་བྱ་བ་ལ། ཁྲག་འཁྲུགས་པ་ལས་མཆི་མ་དམར་ཞིང་ཤས་ཆེར་དྲོ་བ་འཛག་པ་ནི་ མིག་ཟུར་གྱི་ནད་ཁྲག་གི་མཆི་མ་འཛག་པ་ཞེས་བྱའོ། །མིག་མཆུ་གྲྭ་མཚམས་དཀར་པོ་རུ། །འབྲུམ་ཕྲན་ཚ་ཞིང་གཟེར་དང་བཅས། །དམར་ཞིང་མུངྒ་འདྲ་ལ་གས། །ཁྲག་འཛག་དེ་ནི་ཚིགས་ཅན་ཡིན། །ཞེས་བྱ་བ་ལ། མིག་མཆུའི་གྲྭ་མཚམས་དཀར་པོའི་ཆ་རུ་འབྲུམ་ ཕྲན་ཚ་བ་ལ་སོགས་པ་དང་ལྡན་པ་སྲན་མུངྒ་ཙམ་དང་འདྲ་བ་ཁ་གྱེས་ཤིང་གས་པ་ལས་ཁྲག་འཛག་པ་དེ་ནི་མིང་ཚིགས་ཅན་ཞེས་བྱའོ། །རྣག་འཛག་དྲི་མ་ཁྲག་དང་བཅས། །མིག་ཕུགས་ཀྱི་ནི་གྲྭ་མཚམས་ནས། །ཡང་དང་ཡང་དུ་རྣག་འཛག་ཅིང་། །ཤ་ལྤགས་འདྲུལ་བས་མཆི་ མར་བཅས། །ཞེས་བྱ་བ་ལ། རྣག་འཛག་པ་ཞེས་བྱ་བའི་མིག་ཟུར་གྱི་ནད་ནི་དྲི་མ་ཞེས་བྱ་བ་ནད་གཞི་གསུམ་པོ་ཁྲག་དང་བཅས་པའི་མིག་ཕུགས་ཀྱི་མིག་མཆུའི་མཚམས་ནས་ཡང་དང་ཡང་དུ་རྣག་འཛག་ཅིང་མཆི་མ་འབྱུང་བ་དང་བཅས་པ་དང་། ཤ་དང་པགས་པ་འདྲུལ་བའི་རྒྱུ་ལས་ འབྱུང་བའི་རྣག་འཛག་པའི་མིག་ནད་ཅེས་བྱའོ། །རྣག་སླ་འཛག་པ་རྨ་ཕྲ་ཞིང་། །སྐྲང་ཞིང་གཡོ་བ་ཆེ་བ་དང་། །མིག་ཕུགས་མཚམས་སྐྲང་རྣག་འཛག་ཅིང་། །ནད་བཅས་རྣག་གི་ཆུ་སེར་འཛག །ཅེས་བྱ་བ་ལ། རྣག་སླ་བ་ཆུ་སེར་འདྲ་བ་འཛག་པ་དང་། རྨའི་དབྱིབས་ཕྲ་ཞིང་ སྐྲངས་པ་དང་། གཡོ་ཞིང་འགུལ་བ་དང་། རྩོམ་པ་ཆེ་བ་ལ་མིག་ཕུགས་ཀྱི་གྲྭ་མཚམས་སྣ་གོང་གི་མཚམས་སུ་སྐྲངས་པ་དང་། རྣག་གི་ཚོགས་འཛག་ཅིང་འབབ་པ་དང་། ནད་དང་བཅས་པ་ཡིན་ཏེ། ནད་དེ་ནི་རྣག་གི་ཆུ་སེར་འཛག་པ་ཞེས་བྱའོ། །མིག་ཕུགས་ཀྱི་ནི་མཚམས་ནང་ན། །སྐྲང་ ཟུག་ཚ་བཅས་ཆུ་སེར་ནད། །ཅེས་བྱ་བ་ལ། མིག་ཕུགས་ཀྱི་མཚམས་ནི་ནད་ན་བ་དང་བཅས་པ་དང་། ཟུག་པ་དང་ཚ་བ་དང་བཅས་པ་ནི་ཆུ་སེར་གྱི་མིག་ཟུར་གྱི་ནད་ཅེས་བྱའོ། །མིག་ཟུར་རམ་ནི་མིག་ཕུགས་སུ། །གཡོའ་ཞིང་རྫི་མའི་བུ་ག་ནས། །རྣག་འཛག་སྲིན་དང་རྨེན་བུ་འབྱུང་། །ན་བཅས་ 202-1-134b སྲིན་གྱི་རྨེན་བུ་ཅན། །ཞེས་བྱ་བ་ལ། མིག་འགྲམ་གྱི་མིག་ཟུར་གྱི་ཕྱོགས་སམ་མིག་ཕུགས་སྣ་གོང་གི་ཕྱོགས་སུ་གཡའ་བ་ལ་སོགས་པ་དང་ལྡན་པའི་སྲིན་གྱི་རྨེན་བུ་འབྱུང་བར་འགྱུར་ཞིང་ན་བ་དང་བཅས་པ་ནི་སྲིན་བུའི་རྨེན་བུ་ཞེས་བྱའོ། །བཅིངས་པ་ལྟ་བུའི་སྲིན་རྨེན་བུ། །རྣག་གི་ཆུ་ སེར་ཚིགས་ཅན་དག །མཚོན་གྱིས་གསོ་བྱ་ལྷག་མ་ལྔ། །འཛག་པ་ཆུ་སེར་བཅས་པ་སྤང་། །ཞེས་བྱ་བ་ལ། བཅིངས་པ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་བཞི་ནི་མཚོན་གྱི་གཙགས་བུས་གསོ་བར་བྱ་ལ། མིག་མཆུ་འཛག་པ་ལ་སོགས་པ་བཞི་དང་ཆུ་སེར་ཅན་ཏེ་ལྔ་པོ་དེ་དག་སྤང་བར་ བྱའོ། །དེ་ཡང་འཛག་པ་བཞི་ནི་ཆུ་འཛག་པ་དང་། བད་ཀན་འཛག་པ་དང་། ཁྲག་འཛག་པ་དང་། རྣག་འཛག་པའོ། །མཁྲིས་པས་དཀར་པོའི་ཐིག་ལེ་ནི། །གནག་པའམ་སྡོ་བའམ་སེར་པོ་སྐྱེད། །གུར་ཀུམ་མེ་ལོང་དྲི་མས་གོས། །ལྟར་སྣང་ན་བ་ཚ་བ་མེད། །འཁྲུ་ཞིང་སྐོམ་དང་ རིམས་དང་བཅས། །ནད་ནི་ཉ་ཕྱིས་ཅན་ཞེས་བྱ། །ཞེས་བྱ་བ་ལ། མཁྲིས་པའི་ནད་ཀྱིས་མིག་འབྲས་དཀར་པོའི་སྟེང་དུ་ཐིག་ལེ་ནག་པོའམ་སྔོན་པོའམ་སེར་པོའམ། ཡང་ན་དཀར་པོ་ཐམས་ཅད་མེ་ལོང་དྲི་མས་གོས་པ་ལྟར་སྣང་ཞིང་ཚ་བ་དང་། ལྷང་ལྷང་པོར་ན་བ་མེད་པ་དང་། འཁྲུ་བ་ ལ་སོགས་པ་དང་བཅས་པའི་ནད་དེ་ནི་མིང་ཉ་ཕྱིས་ཅན་ཞེས་བྱའོ། །བད་ཀན་ལས་དཀར་ཤ་ལྷག་དཀར། །རིང་ནས་འཕེལ་བ་མིག་མཛེར་དཀར། །ཞེས་བྱ་བ་ལ། བད་ཀན་གྱི་རྒྱུ་ལས་མིག་འབྲས་དཀར་པོའི་ཆར་ཤ་ལྷག་དཀར་ཞིང་ཡུན་རིང་ཞིག་ན་དལ་གྱིས་འཕེལ་བ་གང་ཡིན་པ་དེ་ནི་ མིག་མཛེར་དཀར་པོ་ཞེས་བྱའོ། །ནད་མེད་པ་ལ་སྐྲང་བ་དང་། །མདོག་དཀར་ལྷུན་ཆེ་འཇམ་པ་དང་། །ལྕི་སྣུམ་ཆུ་ཡི་ཐིགས་པ་འདྲ། །བད་ཀན་མདུད་པ་ཞེས་བྱར་བཤད། །ཅེས་བྱ་བ་ལ། ཡང་མིག་འབྲས་དཀར་པོ་ལ་ན་ཚབས་ཆུང་ཞིང་སྐྲང་བ་དང་། མདོག་དཀར་ཞིང་དཀར་པོར་ སྣང་བ་དང་། །ལྷུན་ཆེ་བ་དང་། འཇམ་ཞིང་མཉེན་པ་དང་། ལྕི་བ་ལ་སོགས་པའི་རྨེན་བུ་བྱུང་བ་གང་ཡིན་པ་དེ་ནི་བད་ཀན་གྱི་མདུད་པ་ཞེས་བྱའོ། །ཞེས་དྲང་སྲོང་རྣམས་ཀྱིས་བཤད་དོ། །ཐིག་ལེ་འབྲས་ཕྱེ་ལྟར་དཀར་བ། །མཐོ་བ་འབྲས་ཕྱེ་འདྲ་ཞེས་བཤད། །ཅེས་བྱ་བ་ལ། མིག་འབྲས་དཀར་ 202-1-135a པོའི་སྟེང་དུ་ཐིག་ལེ་འབྲས་ཕྱེ་ལྟར་དཀར་ལ་དཔངས་མཐོ་ཞིང་པགས་པས་ཁྱབ་པ་གང་ཡིན་པ་དེ་ནི་འབྲས་ཕྱེ་འདྲ་བ་ཞེས་བྱའོ། །དཀར་པོའི་རི་མོ་དམར་པོས་ཁྱབ། །ཚ་ཞིང་ན་དང་བཅས་པ་ནི། །སྐྲང་ཞིང་མཆི་མས་གོས་པ་མེད། །ཁྲག་གྱུར་རྩ་ཡི་ཉེས་པར་བཤད། ། ཅེས་བྱ་བ་ལ། མིག་འབྲས་དཀར་པོའི་སྟེང་དུ་རི་མོ་དམར་པོ་ཤར་ཤར་པོར་ཁྱབ་ཅིང་ཚ་བ་དང་། ལྷང་ལྷང་པོར་ན་བ་དང་བཅས་པ་ལ། སྐྲང་པ་དང་། མཆི་མ་དང་ལྗན་ལྗིན་གྱིས་གོས་པ་མེད་པར་གྱུར་པ་དེ་ནི་ཁྲག་ལས་གྱུར་པའི་རྩའི་ནད་ཡིན་པས་ན་རྩའི་ཉེས་པ་ཞེས་བྱའོ། །རྩ་ཉེས་ཡལ་ བར་བོར་ན་ནི། །དམར་རིས་དེ་ཉིད་འཕེལ་བར་འགྱུར། །ཁྲག་བཅས་རྩ་ནི་བརྩེ་བར་བྱེད། །དེ་ཡིས་མིག་གིས་བལྟ་མི་ནུས། །ཞེས་བྱ་བ་ལ། རྩའི་ཉེས་པ་དེ་ཡལ་བར་བོར་ཞིང་གསོ་བ་མ་བྱས་ན་རྩ་རིས་དམར་པོ་ཤར་ཤར་པོར་གནས་པ་དེ་ལ་འཕེལ་ཞིང་རྒྱས་པར་གྱུར་པས་རྩ་ཁྲག་དང་ བཅས་པ་དང་། རྩ་བརྩེ་ཞིང་ཚ་བ་ཙག་ཙག་པོར་ཁྱབ་པར་འགྱུར་རོ། །རྩ་བརྩེ་བ་དེས་མིག་གིས་བལྟ་མི་ནུས་པར་འགྱུར་རོ། །རྩ་ཡི་དྲ་བས་གཡོགས་ཤིང་སྟུག །མཐོ་བ་རྩ་ཡི་དྲ་བ་ཡིན། །ཞེས་བྱ་བ་ལ། རྩའི་དྲ་བ་ཞེས་བྱ་བའི་མིག་ནད་ནི་དཀར་པོ་རྩའི་རྩ་བའི་ནང་ན་ཁྲག་གིས་གང་ཞིང་ ཆེ་བ་སྟུག་ཅིང་མཐོ་བར་གནས་པ་ཡིན་ནོ། །ཁྲག་གི་མིག་མཛེར་འཇམ་ཞིང་མཉམ། །པདྨ་འདྲ་བ་ཤ་ལྷག་ཡིན། །ཞེས་བྱ་བ་ལ། ཁྲག་གི་མིག་མཛེར་དང་མཉམ་པ་སྟེ་མིག་ཟུར་གྱི་ནད་དང་ཚུལ་འདྲ་བ་འཇམ་ཞིང་མཉམ་པ། མདོག་པདྨ་འདྲ་བ་གང་ཡིན་པ་དེ་ནི་ཤ་ལྷག་ཅན་ཞེས་བྱའོ། ། ནད་མེད་རི་བོང་ཁྲག་ལྟར་དམར། །ཐིག་ལེ་ལིང་ཐོག་དམར་པོ་ཡིན། །ཞེས་བྱ་བ་ལ། མིག་འབྲས་དཀར་པོའི་སྟེང་དུ་ལིང་ཐོག་ནད་ཀྱི་ཤས་ཆུང་ཞིང་རི་བོང་གི་ཁྲག་ལྟར་དམར་བའི་ཐིག་ལེ་འབྱུང་བ་དེ་ནི་མིང་ལིང་ཐོག་དམར་པོ་ཞེས་བྱའོ། །འཇམ་ཞིང་ནད་མེད་མྱུར་དུ་འཕེལ། །དཀར་ པོར་ཁྱབ་བྱེད་དམར་ནག་ནི། །ཁྱབ་པའི་མཛེར་པ་ཞེས་བྱའོ། །ཞེས་བྱ་བ་ལ། འཇམ་ཞིང་སྲ་བ་མ་ཡིན་པ་ཟུག་གཟེར་གྱི་ཤས་ཆུང་བ་མྱུར་དུ་མཆེད་ཅིང་འཕེལ་བར་བྱེད་པ་དཀར་པོར་ཁྱབ་ཅིང་རྒྱས་པར་བྱེད་ལ། མདོག་དམར་ནག་ཏུ་གནས་པ་དེའི་མིང་ནི་ཁྱབ་པའི་མཛེར་པ་ཞེས་བྱའོ། ། 202-1-135b དྲི་མ་ཁྲག་བཅས་རྩའི་མཛེར་པ། །རྩ་རྒྱུས་དང་འདྲ་རྩ་མཛེར་ཡིན། །ཞེས་བྱ་བ་ལ། ནད་གཞི་གསུམ་གྱི་དྲི་མ་ཁྲག་ཏུ་བཅས་པ་ལས་བྱུང་བའི་རྩའི་མཛེར་པ་རྩ་རྒྱུས་དང་འདྲ་བར་གནས་པ་གང་ཡིན་པ་དེ་ནི་རྩའི་མཛེར་པ་ཞེས་བྱའོ། །ཁྲག་སྐམ་གོང་བུ་ལྟར་གནག་ཅིང་། །ཤ་ནི་ཆེ་ཞིང་རྒྱས་པ་ གང་། །དེ་ནི་ཤ་ལྷག་མཛེར་པ་ཡིན། །ཞེས་བྱ་བ་ལ། ཤ་གང་ཁྲག་སྐམ་པོའི་གོང་བུ་ལྟར་ཁ་དོག་གནག་ཅིང་ཤས་ཆེ་བ་དང་། མཛེར་པ་རྒྱས་ཤིང་གཏོས་ཆེ་བ་གང་ཡིན་པ་དེ་ནི་ཤ་ལྷག་གི་མཛེར་པ་ཞེས་བྱ་བ་ཡིན་ནོ། །ཚ་ཞིང་རེག་ན་རྩུབ་པ་དང་། །རྩས་གཡོགས་མིག་འབྲས་ནག་ དང་ཉེ། །འབྲུམ་ཕྲན་ཡུངས་ཀར་ལྟ་བུས་རྩ། །ཞེས་བྱ་བ་ལ། མིག་འབྲས་ནག་པོ་དང་ཐག་ཉེ་བར་འབྲུམ་བུ་ཕྲ་མོ་ཡུངས་ཀར་ལྟ་བུས་ཁྱབ་ཅིང་ཚ་བ་དང་། རེག་ན་རྩུབ་པ་དང་ལྡན་ལ་རྩས་གཡོགས་པ་གང་ཡིན་པ་དེ་ནི་མིང་རྩ་ཞེས་བྱའོ། །ཉ་ཕྱིས་རྩ་བརྩེ་རྩའི་ཉེས་པ། །འབྲས་ཕྱེ་མདུད་པའི་ ལིང་ཐོག་དམར། །དྲུག་པོ་སྨན་གྱིས་གསོ་བར་བྱ། །ལྷག་མ་བདུན་པོ་མཚོན་གྱིས་གསོ། །ཞེས་བྱ་བ་ལ། ཉ་ཕྱིས་ལ་སོགས་པའི་མིག་ནད་དྲུག་པོ་ནི་སྨན་གྱིས་གསོ་ཞིང་བཅོས་པར་བྱའོ། །མིག་ནད་ལྷག་མ་བདུན་ནི་མཚོན་གྱིས་དཔྱད་དུ་བྱ་ཞིང་གསོའོ། །དེ་ཡང་སར་པ་སྨན་གྱིས་གསོ། ། མཛེར་པར་བཤད་པ་ལྔ་པོ་གང་། །རྒྱུས་པ་དང་ནི་རྩས་གཡོགས་པ། །ནག་པོར་ཕྱིན་ཅིང་ལྤགས་གས་འདྲ། །མཐོན་པོ་གཅད་པར་བྱ་བ་ཡིན། །ཞེས་བྱ་བ་ལ། མཚོན་གྱིས་གསོ་བར་བྱ་བ་དེ་དག་ཀྱང་སར་པ་ཡིན་ཞིང་ནད་བྱུང་ནས་རིང་པོ་མ་ལོན་པ་ནི་སྨན་ཉིད་ཀྱིས་གསོ་བར་བྱའོ། །མཛེར་ པར་བཤད་པ་ལྔ་པོ་རྒྱུས་པ་དང་རྩས་གཡོགས་པ་མིག་འབྲས་ནག་པོར་ཕྱིན་པ་པགས་པ་གས་པ་ལྟ་བུར་སྣང་བ་མཐོན་པོ་གང་ཡིན་པ་དེ་ནི་མཚོན་གྱིས་གཅད་པར་བྱའོ། །དེ་ལ་མཛེར་པ་ལྔ་པོ་ནི། མཛེར་པ་དཀར་པོ་དང་། ཁྲག་གི་མཛེར་པ་དང་། ཤ་ལྷག་གི་མཛེར་པ་ དང་། ཁྱབ་པའི་མཛེར་པ་དང་། རྩ་རྒྱུས་ཀྱི་མཛེར་པ་སྟེ་ལྔའོ། །མཐོང་བྱེད་སྟེང་དུ་ཕྱིན་པ་སྤང་། །ཞེས་བྱ་བ་ལ། མཛེར་པ་དེ་མཐོང་བར་བྱེད་པ་ཞེས་བྱ་བའི་མིག་གི་རྒྱལ་མོའི་སྟེང་དུ་མཛེར་པ་དེ་དག་བྱུང་ན་ནི་སྤང་ཞིང་དོར་བར་བྱའོ། །དེ་ལྟར་ན་དེ་ཡན་ཆད་མིག་ 202-1-136a འབྲས་དཀར་པོའི་ནད་བཅུ་གསུམ་དུ་བཤད་པ་ཡིན་ནོ། །ནག་པོའམ་མཐོང་བྱེད་ལ་མཁྲིས་པས། །པགས་པ་བརྟོལ་ཏེ་ལིང་ཏོག་ནི། །ཟུག་དམར་མཆི་མར་བཅས་པ་སྐྱེད། །དེ་ཡིས་མིག་འབྲས་དཀྱིལ་འཁོར་ནག །འཛམ་བུ་སྨིན་པ་འདྲར་སྣང་ཞིང་། །དམའ་ བ་རྨ་ཡི་ལིང་ཐོག་སྟེ། །དེ་ནི་གསོ་དཀའ། ཞེས་བྱ་བ་ལ། ནག་པོ་ཞེས་བྱ་བ་མིག་འབྲས་ནག་པོའི་ཤའི་སྟེང་ངམ། མཐོང་བར་བྱེད་པའི་མིག་གི་རྒྱལ་མོའི་སྟེང་དུ་མཁྲིས་པས་འཁྲུགས་པར་གྱུར་ནས་པགས་པ་བརྟོལ་ཏེ་ལིང་ཏོག་ཟུག་ཅིང་ན་བ་དང་། དམར་བ་དང་། མཆི་མ་དང་། བཅས་པ་སྐྱེད་པར་བྱེད་ལ། ནད་དེས་མིག་གི་འབྲས་བུའི་དཀྱིལ་འཁོར་ནག་པོ་འཛམ་བུ་སྨིན་པ་དང་མདོག་འདྲ་བར་སྣང་བར་གྱུར་ལ། ལིང་ཐོག་དེ་ནི་ཅུང་ཟད་དམའ་བ་ཡིན་ཏེ། དེ་ལ་ནི་མིང་རྨའི་ལིང་ཐོག་ཅེས་བྱ་ལ་དེ་ནི་ཤིན་ཏུ་གསོ་དཀའ་བ་ཡིན་ནོ། །རིམ་གཉིས་དག །བརྟོལ་ བ་གསོ་བ་ཙམ་ཡིན་ནོ། །ཞེས་བྱ་བ་ལ། ལིང་ཐོག་དེ་རིམ་པ་གཉིས་བརྟོལ་བ་ཡིན་ན་ནི་དེ་རེ་ཞིག་གསོར་རུང་བ་ཙམ་ཡིན་ནོ། །དེར་ནི་ཟུག་པ་ལ་སོགས་མང་། །ནག་པོ་ཁབ་ཀྱིས་ཕུག་སྙམ་བྱེད། །ཅེས་བྱ་བ་ལ། རིམ་པ་གཉིས་བརྟོལ་ནས་བྱུང་བའི་ལིང་ཐོག་ནི་ཟུག་པ་ལ་ སོགས་པའི་ནད་མང་བར་གྱུར་པ་དང་མིག་འབྲས་ནག་པོ་ཁབ་ཀྱིས་ཕུག་པ་སྙམ་དུ་སེམས་པར་འགྱུར་རོ། །རིམ་པ་གསུམ་ནི་བརྟོལ་བ་དང་། །རྨ་ཡིས་ཁྱབ་པ་གསེར་མི་རུང་། །ཞེས་བྱ་བ་ལ། ལིང་ཏོག་དེ་མིག་ལྤགས་ཀྱི་རིམ་པ་གསུམ་པོ་བརྟོལ་ཏེ་བྱུང་བ་དང་། རྨས་ཁྱབ་ཅིང་ཁེབས་པ་ གང་ཡིན་པ་དེ་ནི་གསོར་མི་རུང་བར་འགྱུར་རོ། །བད་ཀན་ལས་གྱུར་དུང་ལྟར་དཀར། །ཤས་ཆེར་མི་ན་གསོ་སླ་དཀར། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་ལིང་ཐོག་དུང་ལྟར་ཤས་ཆེར་དཀར་ཞིང་། ཧ་ཅང་ཤས་ཆེར་མིན་པ་གང་ཡིན་པ་དེ་གསོ་སླ་བ་ཡིན་པས་དེ་ནི་ལིང་ཐོག་དཀར་པོ་ཞེས་བྱའོ། ། དམར་ཞིང་མཆི་མ་སྤྱི་བག་འཛག །འབྲུམ་ཕྲན་དམར་ཞིང་ཤིན་ཏུ་ན། །ར་ཡི་རིལ་མ་འདྲ་ཞིང་འབུར། །ཁྲག་སྐྱེས་ར་རིལ་འདྲ་བ་སྤང་། །ཞེས་བྱ་བ་ལ། ཁྲག་འཁྲུགས་པར་གྱུར་པ་ལས་མིག་གི་འབྲས་བུ་ནག་པོའི་སྟེང་དུ་འབྲུམ་བུ་ཕྲ་མོ་ཀུན་ལས་དམར་ཞིང་མཆི་མ་སྤྱི་བག་ནལ་ནལ་པོ་འཛག་ 202-1-136b ལ་འབྲུམ་ཕྲན་དེ་ཟངས་ལྟར་དམར་བ་ཤིན་ཏུ་ན་ལ་དབྱིབས་རའི་རིལ་མ་འདྲ་བར་འཇོང་ཞིང་འབུར་ལ་ནག་པ་དེ་ནི་རའི་རིལ་མ་ལྟ་བུ་ཞེས་བྱ་སྟེ། དེ་གསོར་མི་རུང་བས་སྤང་བར་བྱའོ། །ནད་ཁྲག་བཅས་པས་རྩའི་ལིང་ཏོག །དེ་ཡིས་མིག་འབྲས་ནག་པོ་ཁེབས། །ཚ་ཞིང་ན་ལ་དམར་བ་ཡི། །རྩ་ཡིས་ ཀུན་དུ་རྒྱས་གྱུར་ལ། །རྒྱུ་མེད་མཆི་མ་གྲང་དྲོ་དང་། །སྐ་སླ་འཛག་པ་དེ་སྤང་བྱ། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་ཁྲག་དང་བཅས་པས། རྩའི་ལིང་ཏོག་ཅེས་བྱ་བའི་ནད་དུ་འགྱུར་ཏེ་ནད་དེས་མིག་འབྲས་ནག་པོ་ཁེབས་པར་གྱུར་ཅིང་ཚ་བ་ལ་སོགས་པ་ཀུན་དུ་རྒྱས་པར་འགྱུར་ལ། རྒྱུ་མེད་ པར་མཆི་མ་གྲང་བ་དང་དྲོ་བ་དང་། སྐ་བ་དང་སླ་བ་འཛག་པའི་རྩའི་ལིང་ཐོག་དེ་ནི་གསོར་མི་རུང་བས་སྤང་བར་བྱའོ། །ནད་གཞི་ཁྲག་ལས་མཐོང་བཅས་གནག །འབྲས་བུ་དཀར་པོར་སྒྱུར་བྱེད་དེ། །སྤྲིན་དཀར་གྱིས་ནི་གཡོགས་འདྲ་ཞིང་། །ནིམ་པ་བ་ནི་བཀས་པ་འདྲ། །ཤིན་ཏུ་མི་བཟད་ན་ཞིང་ དམར། །ཚ་ཞིང་སྐྲངས་པས་གཟིར་བ་དག །སྨིན་པས་ཉེན་པའི་ལིང་ཏོག་དེ། །མི་བཟད་ན་བ་སྤང་བར་བྱ། །ཞེས་བྱ་བ་ལ། ནད་གཞི་གསུམ་པོ་དང་ཁྲག་འཁྲུགས་པ་ལས་མཐོང་བར་བྱེད་པའི་མིག་གི་རྒྱལ་མོ་དང་བཅས་པའི་མིག་འབྲས་ནག་པོ་དཀར་པོའི་གཟུགས་སུ་སྒྱུར་བར་བྱེད་ཅིང་སྤྲིན་ དཀར་པོས་གཡོགས་པ་ལྟ་བུ་ལ་ནིམ་པ་ཞེས་བྱ་བའི་རྩ་འབྲུའི་ཕྱེད་དུ་བཀས་པའི་དབྱིབས་དང་འདྲ་བར་གནས་པ་དང་། ཤིན་ཏུ་མི་བཟད་པར་ན་བ་ལ་སོགས་པ་གང་ཡིན་པ་དེ་སྨིན་པས་ཉེན་པའི་རྒྱུས་ལིང་ཐོག་དེ་ཤས་ཆེར་མི་བཟད་པར་གྱུར་པ་ནི་གསོར་མི་རུང་བས་སྤང་བར་བྱའོ། །གང་གིས་ མཚན་མ་ཉམས་པའམ། །ནང་སྔོ་བའམ་དམར་བཅས་པའམ། །ཤིན་ཏུ་འབུར་བའམ་གཏིང་རིང་བའམ། །མཆི་མར་བཅས་ཤིང་རྩའི་རྨས་ཁྱབ། །རྙིང་པའམ་མཐོ་དམན་ཅན་དག་གམ། །དབུས་ཆད་ལིང་ཐོག་སྤང་བར་བྱ། །ཞེས་བྱ་བ་ལ། ལིང་ཐོག་གང་ཞིག་སྐྱེས་པར་གྱུར་པ་ན་མཐོང་བར་བྱེད་ པའི་མཚན་མ་ཟར་མའི་མེ་ཏོག་ལྟ་བུར་ཉམས་པར་གྱུར་པའམ། ནང་སྔོ་བར་གྱུར་པའམ། ཡང་དམར་བ་དང་བཅས་པའི་ལིང་ཐོག་གམ། གང་ཤིན་ཏུ་འབུར་ཞིང་མཐོ་བའམ། གང་གཏིང་རིང་ཞིང་ཁོང་དུ་བྲོས་པའམ། གང་མཆི་མ་དང་བཅས་ཤིང་རྩའི་རྨས་ཁྱབ་པའམ། གང་རྙིང་ཞིང་ཡུན་རིང་ 202-1-137a དུ་ལོན་པ་དང་། གང་མཐོན་དམན་མི་མཉམ་པར་གནས་པའམ། དབུས་སུ་ཆད་པའི་ལིང་ཐོག་གང་ཡིན་པ་དེ་ནི་གསོར་མི་རུང་བས་སྤང་བར་བྱའོ། །ནག་པོའི་ནད་ནི་གསོར་རུང་དང་། །མི་རུང་དབྱེ་བ་རྣམ་ལྔ་ཡིན། །ཞེས་བྱ་བ་ལ། མིག་འབྲས་ནག་པོའི་ནད་ནི་གསོར་རུང་བའི་དབྱེ་ བ་དང་དེ་བཞིན་དུ་གསོར་མི་རུང་བའི་དབྱེ་བས་རྣམ་པ་ལྔར་བཤད་པ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་བཅུ་པའི་རྣམ་པར་འགྲེལ་པའོ།། །། དེ་ནས་མིག་ཟུར་དང་མིག་གི་འབྲས་བུ་དཀར་པོ་དང་ནག་པོའི་ནད་གསོ་བ་བཤད་པར་བྱའོ། །མིག་ནད་བཅིངས་པ་སྨན་པ་ཡིས། །དུགས་བྱས་རྩེ་མོ་འབྲས་འདྲས་དབུག །རྩེ་མོ་དཀྱིལ་འཁོར་འདྲ་བས་བཞར། །ཞེས་བྱ་བ་ལ། མིག་ཟུར་གྱི་ནད་བཅིངས་པ་ཞེས་བྱ་བ་ལ་ནི། སྨན་པས་དང་པོ་ཁོ་ ནར་དུགས་བྱས་ལ། དེའི་འོག་ཏུ་རྩེ་མོ་འབྲས་འདྲ་བའི་གཙགས་བུས་ཕུག་ཅིང་བརྟོལ་ལ་དེ་ནས་རྩེ་མོ་དཀྱིལ་འཁོར་འདྲ་བའི་གཙགས་བུས་བཞར་བར་བྱའོ། །དེའི་འོག་རྒྱམ་ཚ་པི་པི་ལིང་། །སྦྲང་རྩི་སྦྱར་བས་བསྐུ་བར་བྱ། །དེ་ནས་སྔ་མ་བཞིན་དུ་བཅིང་། །པ་ཏོ་ལའི་ལོ་སྐྱུ་རུ་ར། །བསྐོལ་བའི་སྨན་ཁུ་ ཐིགས་པ་བླུགས། །ཞེས་བྱ་བ་ལ། དེ་ལྟར་བཞར་བའི་འོག་ཏུ་རྒྱམ་ཚ་ལ་སོགས་པའི་སྨན་སྦྱར་བས་བསྐུ་ཞིང་བྱུག་པར་བྱའོ། །དེའི་འོག་ཏུ་སྔར་མིག་མཆུའི་ནད་གསོ་བའི་སྐབས་སུ་བཤད་པ་བཞིན་དུ་བཅིང་བར་བྱ་ཞིང་དེ་ལྟར་བཅིངས་ནས་པ་ཏོ་ལའི་ལོ་མ་དང་། སྐྱུ་རུ་ར་བསྐོལ་བའི་སྨན་གྱི་ཐིགས་པ་ བླུགས་པར་བྱའོ། །ཚིགས་ཅན་ལྕགས་ཀྱུའི་ཆ་སྤྱད་ཀྱིས། །ཕྱི་མའི་མཚམས་ཀྱི་ཆ་གསུམ་གཟུང་། །འཕེལ་གཙགས་ཀྱིས་ནི་ཕྱེད་གཅད་བྱ། །གཞན་དུ་མཆི་མ་རྒྱུ་ལ་གནོད། །སྦྲང་རྩི་རྒྱམ་ཚས་བསྐུས་ནས་ནི། །མིག་མཛེར་ལྟ་བུར་གསོ་བར་བྱ། །ཞེས་བྱ་བ་ལ། ཚིགས་ཅན་ཞེས་བྱ་བའི་ མིག་གི་གྲྭ་མཚམས་ཀྱི་ནད་ལ་ནི་ལྕགས་ཀྱུ་ལྟ་བུའི་ཆ་སྤྱད་ཀྱིས་ཕྱིའི་མཚམས་ཀྱི་ཆ་གསུམ་ནས་གཟུང་ཞིང་བླངས་ཏེ་དེ་ནས་འཕེལ་གཙགས་ཀྱིས་ཕྱེད་ཙམ་དུ་གཅད་པར་བྱའོ། །དེ་ལས་གཞན་དུ་བྱས་ན་མཆི་མ་རྒྱུ་བའི་རྩ་ལ་གནོད་པར་འགྱུར་རོ། །དེ་ལྟར་བཅད་ནས་ཀྱང་དེ་ལ་སྦྲང་རྩི་དང་རྒྱམ་ཚར་ 202-1-137b སྦྱར་བས་བསྐུས་ཏེ་མིག་མཛེར་གསོ་བའི་ཚུལ་དུ་གསོ་བར་བྱའོ། །ཆུ་སེར་རྣག་འཛག་གཏར་ག་གདབ། །དེ་ནས་དེ་ནི་བཅིང་བར་བྱ། །མིག་རྣགས་ཆོ་གར་བཤད་པ་ཡི། །ལས་ཀུན་ཆོ་ག་བཞིན་དུ་བྱ། །ཞེས་བྱ་བ་ལ། རྣག་གི་ཆུ་སེར་འཛག་པ་ཞེས་བྱ་བའི་མིག་གི་གྲྭ་མཚམས་ཀྱི་ནད་ལ་ནི་དང་པོར་ གཏར་ག་གདབ་ལ་ཁྲག་གཟགས་ནས་དེའི་འོག་ཏུ་རྣག་གི་ཆུ་སེར་འཛག་པའི་ནད་དེ་བཅིང་བར་བྱ་བ་དང་། དེ་བཞིན་དུ་མིག་རྣགས་པའི་གསོ་བའི་ཆོ་གར་བཤད་པའི་ལས་ཀུན་ཆོ་ག་ཇི་ལྟ་བ་བཞིན་སྤྱད་པར་བྱའོ། །རྒྱམ་ཚ་སྒེའུ་གཤེར་ནག་ཚུར་དང་། །ལྕགས་དང་ཟངས་ནི་ཞིབ་བཏགས་པའི། ། ཕྱེ་མའི་མིག་སྨན་གཏང་བའམ། །སྦྲང་རྩིར་སྦྱར་བའི་ཁུ་བ་བླུགས། །ཞེས་བྱ་བ་ལ། རྣག་གི་ཆུ་སེར་འཛག་པ་དེ་ལ་རྒྱམ་ཚ་ལ་སོགས་པ་ཞིབ་ཏུ་ལེགས་པར་བཏགས་པའི་ཕྱེ་མའི་མིག་སྨན་གཏང་བར་བྱ་བའམ། ཡང་ན་རྒྱམ་ཚ་ལ་སོགས་པའི་སྨན་སྦྲང་རྩི་དང་སྦྱར་བའི་ཁུ་བ་མིག་ཏུ་བླུགས་ ཤིང་གཏང་བར་བྱའོ། །སྲིན་གྱི་རྨེན་བུ་ལྕི་བ་ཡིས། །དུགས་བྱས་བརྟོལ་ཏེ་ཕྱི་བར་བྱ། །ནག་ཚུར་རྒྱམ་ཚ་འབྲས་བུ་གསུམ། །སྦྲང་རྩིར་སྦྱར་བས་བསྐུ་བར་བྱ། །ཞེས་བྱ་བ་ལ། སྲིན་གྱི་རྨེན་བུ་ནི་ལྕི་བའམ་རིལ་མ་ལ་སོགས་པས་དུགས་བྱས་ལ། གཙགས་བུས་བརྟོལ་ཏེ་དེའི་འོག་ཏུ་ གཙགས་བུ་ཉིད་ཀྱིས་ཕྱི་ཞིང་བཞར་ལ་དེ་ནས་ནག་ཚུར་ལ་སོགས་པའི་སྨན་བསྐུ་བར་བྱའོ། །ཉ་ཕྱིས་མཁྲིས་མཆི་འཛག་ལྟར་གསོ། །ཞེས་བྱ་བ་ལ། ཉ་ཕྱིས་ཞེས་བྱ་བ་གྲྭ་མཚམས་ཀྱི་མིག་ན་ན་ནི་མཁྲིས་པ་ལས་གྱུར་པའི་མཆི་མ་འཛག་པའི་མིག་ནད་ལྟར་གསོ་བར་བྱའོ། །བད་ཀན་མདུད་ པ་འབྲས་ཕྱེ་གཉིས། །གཏར་ག་མ་གཏོགས་བད་ཀན་གྱི། །མཆི་མ་འཛག་པ་བཞིན་དུ་གསོ། །ཞེས་བྱ་བ་ལ། བད་ཀན་གྱི་མདུད་པ་དང་འབྲས་ཕྱེ་ལྟ་བུའི་མིག་ཟུར་གྱི་ནད་གཉིས་ནི་གཏར་ག་གདབ་ཅིང་ཁྲག་དབྱུང་བའི་སྦྱོར་བ་མ་གཏོགས་པར་བད་ཀན་ལས་གྱུར་པའི་མཆི་མ་འཛག་པ་བཞིན་དུ་ གསོ་བར་བྱའོ། །ཚ་བ་གསུམ་དང་ཀད་པ་ལ། །བ་ལུང་ཁུ་བའི་མིག་སྨན་གཏང་། །ཞེས་བྱ་བ་ལ། བད་ཀན་གྱི་མདུད་པ་དང་འབྲས་ཀྱི་ཕྱེ་མའི་མིག་ནད་གཉིས་ལ་ནི། ཚ་བ་གསུམ་དང་ཀད་པ་ལ་དང་བ་ལུང་ཞེས་བྱ་བ་པི་ཛ་པུ་རའི་ཁུ་བ་དང་སྦྱར་བའི་མིག་སྨན་གཏང་བར་བྱའོ། །རྒྱམ་ཚ་ཛཱ་ཏི་ཁ་འབུས་པ། ། 202-1-138a ཐང་ཤིང་བཅའ་སྒ་བཏགས་པའི་ཕྱེ། །ཆང་གི་དྭངས་མ་རི་ལུར་བྱས། །མིག་སྨན་སྐྲང་དང་གཡའ་བ་སེལ། །ཞེས་བྱ་བ་ལ། རྒྱམ་ཚ་ལ་སོགས་པར་སྨན་བཏགས་པའི་ཕྱེ་མ་ཆང་གི་དྭངས་མ་དང་རི་ལུ་བྱས་པའི་མིག་སྨན་ནི་སྐྲང་བ་དང་། གཡའ་བ་སེལ་བར་བྱེད་དོ། །རྩ་ཉེས་རྩ་ བརྩེ་ལིང་ཐོག་དམར། །རྩ་དྲ་ཁྲག་འཛག་ལྟ་བུར་གསོ། །ཞེས་བྱ་བ་ལ། རྩའི་ཉེས་པ་དང་རྩ་བརྩེ་བ་དང་ལིང་ཐོག་དམར་པོ་དང་རྩའི་དྲ་བ་ནི། ཁྲག་འཛག་པའི་མིག་ནད་དང་འདྲ་བར་གསོ་བར་བྱའོ། །རྩ་ཡི་ཉེས་ལ་ཁྱད་པར་དུ། །མར་དང་སྦྲང་རྩིའི་མིག་སྨན་བསྐུ། །ཞེས་བྱ་བ་ལ། རྩའི་ཉེས་པ་ལ་ནི་ ཁྱད་པར་དུ་མར་དང་སྦྲང་རྩི་སྦྱར་བའི་མིག་སྨན་བསྐུ་བར་བྱའོ། །རྩ་བརྩེ་བ་ལ་སྦྲང་རྩི་དང་། །སྐྱེར་པའི་ཁཎྜ་ཞིབ་བཏགས་བསྐུ། །ཞེས་བྱ་བ་ལ། རྩ་བརྩེ་བ་ཞེས་བྱ་བ་ལ་ནི་ཁྱད་པར་དུ་སྦྲང་རྩི་དང་སྐྱེར་པའི་ཁཎྜ་ཞིབ་ཏུ་བཏགས་པའི་མིག་སྨན་གཏང་བར་བྱའོ། །ལིང་ཐོག་དམར་པོ་ཞོ་ག་ཆུ། །སྦྲང་རྩི་ ཁ་རའི་ཐིགས་པ་བླུགས། །ཞེས་བྱ་བ་ལ། ལིང་ཐོག་དམར་པོ་ལ་ནི་ཁྱད་པར་དུ་ཞོ་ག་ཆུ་དང་། སྦྲང་རྩི་དང་ཁ་ར་སྦྱར་བའི་ཐིགས་པ་བླུགས་ན་ཕན་ནོ། །ཤེལ་དང་གུར་ཀུམ་ཤིང་མངར་དུང་། །སྦྲང་རྩི་སྦྱར་བའི་མིག་སྨན་གཏང་། །ཞེས་བྱ་བ་ལ། ཡང་ལིང་ཐོག་དམར་པོ་ལ་ནི་ཤེལ་ལ་སོགས་པའི་མིག་ སྨན་བཏང་ན་ཕན་ནོ། །ཡང་ན་སྦྲང་རྩི་དུང་སྦྱར་བའམ། ཁ་ར་རྒྱ་མཚོའི་ལྦུ་བ་ཕན། །ཞེས་བྱ་བ་ལ། ཡང་ན་ལིང་ཐོག་དམར་པོ་ལ་སྦྲང་རྩི་དང་དུང་སྦྱར་བའི་མིག་སྨན་ཕན་པའམ། ཡང་ན་ཁ་ར་དཀར་པོ་དང་རྒྱ་མཚོའི་ལྦུ་བ་སྦྱར་བའི་མིག་སྨན་ལིང་ཐོག་དམར་པོ་ལ་ཕན་ནོ། །མཛེར་པར་བཤད་པ་རྣམ་ ལྔ་ལས། །དུད་པ་ལྟ་བུའི་རྙོག་ཅན་དང་། །གང་ཡང་དམར་ཞིང་ཞོ་འདྲ་བ། །དེ་སྨན་ལིང་ཐོག་བཞིན་དུ་བྱ། །ཞེས་བྱ་བ་ལ། ཁྱབ་པའི་མཛེར་པ་ལ་སོགས་པའི་མཛེར་པ་རྣམ་པ་ལྔར་བཤད་པ་གང་ཡིན་པ་དེ་དག་ལས་དུད་པ་ལྟ་བུའི་རྙོག་མའི་རྡུལ་ཙམ་དམར་ཞིང་ཞོ་འདྲ་བ་གང་ཡིན་པ་དེ་ལ་ནི་ལིང་ ཐོག་བཞིན་དུ་ལུས་དང་མགོ་བོའི་བཀྲུ་སྨན་བཏང་བ་དང་བཞར་བ་དང་། མིག་སྨན་བསྐུ་བ་ལ་སོགས་པ་བྱས་ན་ཕན་ནོ། །ཅིག་ཤོས་གན་རྐྱལ་བཞག་དུགས་བྱས། །ཁ་ལུང་དང་ནི་རྒྱམ་ཚ་དག །སྦྱར་བའི་མིག་སྨན་བསྐུས་ནས་ནི། །མིག་བཙུམས་ནས་ནི་མཉེ་བར་བྱ། །ཞེས་བྱ་བ་ལ། ཅིག་ཤོས་ 202-1-138b ཏེ་སྔར་བཤད་པའི་མིག་མཛེར་གྱི་ནད་ལ་ནི། གན་རྐྱལ་དུ་བཞག་ཅིང་དུགས་བྱས་ལ་ཁ་ལུང་དང་རྒྱམ་ཚར་སྦྱར་བའི་མིག་སྨན་བསྐུས་ལ་མིག་བཙུམས་ཏེ་མཉེ་བར་བྱའོ། །དེ་ལྟར་མིག་ནི་འཁྲུགས་བཅས་པ། །ཤ་ལྷག་སྐྱེས་པ་བསྐྱོད་ནས་ནི། །མགོ་བོ་མི་འགྱུར་དམ་དུ་བཟུང་། །མིག་མཆུ་ མཆོག་ཏུ་མི་འགུལ་དང་། །མིག་ཟུར་དུ་ནི་ལྟ་བཞིན་དུ། །མིག་ཕུགས་མཚམས་ནས་མཛེར་པ་མཐོ། །གང་དུ་གཉེར་མ་འདུས་གྱུར་པ། །དེར་ནི་ལྕགས་ཀྱུས་དམ་བཟུང་བའམ། །ཧ་ཅང་མི་ཆེ་མུ་ཙི་ཏྲའམ། །ཁབ་བམ་སྐུད་པས་བླངས་ནས་ནི། །ཀུན་ནས་དཀྱིལ་འཁོར་འདྲ་བས་དབྲལ། ། ཞེས་བྱ་བ་ལ། དེ་ལྟར་རྣམ་པ་འདིས་འཁྲུགས་ཤིང་ནད་དང་བཅས་པའི་མིག་འདིའི་ཤ་ལྷག་སྐྱེས་པ་བསྐྱོད་ཅིང་མཉེས་པས་གཡོ་བར་བྱས་ནས། ནད་གཡོག་གིས་མགོ་བོ་གཞན་དུ་མི་འགྱུར་བར་དམ་དུ་བཟུང་ལ་མིག་མཆུ་ཡང་མི་འགུལ་བ་ཉིད་དུ་བརྟན་པར་བྱས་ཤིང་བཟུང་ལ་ཁྱད་པར་དུ་ མིག་ཟུར་དེ་མིག་འགྲམ་ལོགས་སུ་ལྟ་བཞིན་དུ། མིག་ཕུགས་ཀྱི་མཚམས་ནས་མཛེར་པ་མཐོ་ཞིང་འཕགས་པར་འགྱུར་ལ། དེ་ལྟར་བྱས་པ་ན་གང་དང་གང་དུ་གཉེར་མ་འདུས་པར་གྱུར་པ་དེ་དང་དེར་ལྕགས་ཀྱུས་དམ་དུ་བཟུང་ཞིང་བླངས་ལ། ཧ་ཅང་རྒྱ་ཆེ་བ་མ་ཡིན་པར་བྱས་ཏེ། མུ་ཙི་ཏྲ་ ཞེས་བྱ་བའི་ཆ་སྤྱད་དམ་ཁབ་བམ་སྐུད་པས་བླངས་ལ་དེའི་འོག་ཏུ་ཀུན་ནས་ཏེ་ཐམས་ཅད་ནས་དཀྱིལ་འཁོར་འདྲ་བའི་གཙགས་བུས་དབྲལ་བར་བྱའོ། །དེ་ནས་བཏོན་ཏེ་དྲལ་ནས་ཀྱང་། །མིག་ཕུགས་མཚམས་སུ་བསྙེན་ནས་ནི། །ཆ་བཞི་ལུས་པར་གཅད་བྱ་སྟེ། །མིག་ཕུགས་རྩ་དང་མཆི་མ་ནི། ། འཛག་པའི་རྩ་ལ་མི་གནོད་བསྲུང་། །ཞེས་བྱ་བ་ལ། དེ་ནས་མིག་མཛེར་དེ་དབྲལ་ཞིང་ཕུག་ནས་མིག་ཕུགས་ཀྱི་ཕྱོགས་སུ་བསྙེན་ཅིང་དྲངས་ནས་ཆ་བཞི་ལུས་པ་ཙམ་དུ་དེ་གཅད་པར་བྱའོ། །མིག་ཕུགས་ཀྱི་རྩ་དང་མཆི་མ་འཛག་པའི་རྩ་ལ་ནི་མི་གནོད་ཅིང་མཚོན་གྱིས་མི་ཕོག་པར་བསྲུང་སྟེ། མཚོན་གྱིས་གཅད་པར་མི་བྱའོ། །མིག་ཕུགས་ཟུར་བཅད་མཆི་མ་འཛག །མིག་གི་རྩ་སྦུབས་རྨ་ཅན་འགྱུར། །ཞེས་བྱ་བ་ལ། གལ་ཏེ་མིག་ཕུགས་སྣ་གོང་གི་མིག་ཟུར་དེ་བཅད་ཅིང་གནོད་པར་གྱུར་ན་རྟག་ཏུ་མཆི་མ་འཛག་པ་དང་། མིག་གི་རྩ་སྦུབས་ལ་རྨ་འབྱུང་བར་འགྱུར་རོ། །མིག་འགྲམ་ 202-1-139a མཛེར་པ་ཆེར་སྐྱེས་པ། །མིག་ཕུགས་ཟུར་དུ་བལྟས་ཏེ་བྱ། །ཞེས་བྱ་བ་ལ། མིག་འགྲམ་ནས་མིག་མཛེར་ཆེར་སྐྱེས་ཤིང་འཕགས་པར་གྱུར་པ་ལ་ནི་མིག་ཕུགས་ཀྱི་ཟུར་དུ་ནད་པ་བལྟར་བཅུག་ལ་དེ་ལ་བཞི་ཆ་ལུས་པར་སྤྱད་པར་བྱ་ཞིང་མིག་ཟུར་དང་རྩ་ལ་མི་གནོད་པར་བསྲུང་ བར་བྱའོ། །ལེགས་པར་བཅད་དེ་ཚ་བ་གསུམ། །རྒྱམ་ཚ་སྦྲང་རྩིར་བཅས་པ་བསྐུ། །ཞུན་མར་དྲོན་པོ་བླུགས་པ་དང་། །སྦྲང་རྩི་མར་སྦྱར་བསྐུས་ཏེ་བཅིངས། །ཞེས་བྱ་བ་ལ། མཛེར་པ་ལེགས་པར་བཅད་ཅིང་པགས་པ་ལ་གནོད་པར་མ་གྱུར་པར་བྱས་ནས་རྨ་དེ་ལ་ཚ་བ་གསུམ་ལ་སོགས་པ་ བསྐུ་བར་བྱ་ཞིང་། ཞུན་མར་དྲོ་འཇམ་ཙམ་བླུགས་པར་བྱ་བ་དང་། སྦྲང་རྩི་དང་མར་སྦྱར་བས་བསྐུས་ཏེ་སྔར་བཤད་པའི་ཚུལ་དུ་བཅིང་བར་བྱའོ། །དེ་ནས་ཞག་གསུམ་ལ་སོགས་ནས། །བཀྲོལ་ནས་ཀ་རཉྫའི་ས་བོན། །འོ་མ་བསྐོལ་བ་དེ་བཞིན་བླུགས། །ཞེས་བྱ་བ་ལ། དེ་ནས་རྨ་དེ་ཞག་ གསུམ་ལ་སོགས་པའི་ཉིན་པར་བགྲོལ་ལ། ཀ་རཉྫའི་ས་བོན་དང་། འོ་མ་བསྐོལ་བ་དྲོ་འཇམ་ཙམ་གྱི་ཐིགས་པ་བླུགས་པར་བྱའོ། །སེར་པོ་རྣམ་གཉིས་པ་ཏོ་ལ། །ཤིང་མངར་དང་ནི་རྒྱ་སྐྱེགས་ཤིང་། །ཀ་རཉྫ་ཡི་མེ་ཏོག་ནི། །ཁ་འབུས་སྦྲང་རྩིར་བཅས་བསྐོལ་བླུགས། །ཞེས་བྱ་བ་ལ། གསུམ་པོ་ ལ་སོགས་པའི་ཉིན་ཞག་ལ་མིག་གི་ཆིངས་མ་བཀྲོལ་ཏེ། སེར་པོ་རྣམ་གཉིས་ལ་སོགས་པ་དང་། ཀ་རཉྫའི་མེ་ཏོག་ཁ་འབུས་པ་བསྐོལ་བའི་ཁུ་བ་སྦྲང་རྩི་དང་བཅས་པ་མིག་ཏུ་བླུགས་པར་བྱའོ། །ཞག་བདུན་ནས་ནི་དེ་དགྲོལ་བྱ། །ཞེས་བྱ་བ་ལ། ཞག་བདུན་པ་ལ་ནི་དེ་དགྲོལ་བར་བྱའི་བཅིང་བར་མི་བྱའོ། ། ལེགས་པར་བཅད་ན་ནད་མེད་འགྱུར། །ཞེས་བྱ་བ་ལ། མིག་གི་མཛེར་པ་དེ་ལེགས་པར་བཅད་པར་གྱུར་ན། མིག་དེ་ནད་མེད་པ་ཁོ་ནར་འགྱུར་རོ། །བཅད་དྲགས་མ་ཆོད་ལས་ནད་འགྱུར། །སྨན་ཁུ་བླུགས་དང་མིག་སྨན་སོགས། །ཕྱི་བ་དང་ནི་བརྟ་བས་གས་གསོ། །ཞེས་བྱ་བ་ལ། བཅད་དྲགས་པ་དང་། མཆོད་ཅིང་བཅད་མ་ལེགས་ པ་ལས་ནད་དུ་གྱུར་པ་ལ་ནི་སྨན་གྱི་ཁུ་བ་ལ་སོགས་པས་གསོ་བར་བྱའོ། །ཁ་ར་ལྡོང་རོས་ཨེ་ལི་ཡ། །རྒྱམ་ཚ་བཅའ་སྒ་ཞོ་རེ་དང་། །སྐྱེར་པའི་ཁཎྜ་སྲང་ཕྱེད་དང་། །སྦྲང་རྩི་སྦྱར་བའི་མིག་སྨན་གྱིས། །བད་ཀན་ལས་གྱུར་རབ་རིབ་དང་། །ཆུ་སེར་གྱིས་གང་ལིང་ཏོག་དང་། །མིག་མཛེར་བཅས་པའི་ཤ་ལྷག་ 202-1-139b སེལ། །ཞེས་བྱ་བ་ལ། ཁ་ར་དཀར་པོ་ལ་སོགས་པའི་སྨན་འདི་དག་སྣ་རེ་ཞིང་ཞོ་རེ་དང་། སྐྱེར་པའི་ཁཎྜ་སྲང་ཕྱེད་དང་། སྦྲང་རྩི་སྦྱར་ཞིང་སྦྲུས་པའི་མིག་སྨན་གྱིས་ནི་བད་ཀན་ལས་གྱུར་པའི་རབ་རིབ་ལ་སོགས་པ་སེལ་བར་བྱེད་དོ། །ཨེ་ལི་ཡ་ནི། ཨེ་ལ་བ་ལུ་ཀ་དང་མ་ལུང་ཀ་དང་ཧ་རི་བ་ལུ་ཀ་ཞེས་ བྱ་བ་ཡིན་ནོ། །འབྲས་བུ་གསུམ་ནི་གང་རུང་བའི། །ཤུན་པ་ཆུར་བཏགས་ལྡེ་གུར་བྱས། །ཁམ་ཕོར་སྦྱར་བའི་ནང་དུ་བསྲེག །དེ་ནས་ཚིག་ནས་ཕྱེ་མར་བཏགས། །སྨན་ནི་ལྷག་མའི་ཁུ་བ་ཡིས། །སོ་སོར་ལེགས་པར་བསྒོས་ནས་ནི། །སྣག་ཚ་དེ་བསྐམས་སླར་ཡང་བཏགས། །རྒྱམ་ཚ་ ཉིས་འགྱུར་བཅས་པ་ཡི། །མིག་སྨན་གསུམ་པོ་དེ་དག་ནི། །ཕྱི་བའི་མཆོག་ཏུ་མུ་ཁྱུད་འཆད། །ཅེས་བྱ་བ་ལ། འབྲས་བུ་གསུམ་གང་ཡང་རུང་བའི་ཤུན་པ་སྟེ། ཨ་རུ་རའི་ཤུན་པའམ། བ་རུ་རའི་ཤུན་པ་དང་། སྐྱུ་རུ་རའི་ཤུན་པ་གང་ཡང་རུང་བ་ཆུར་བཏགས་ཏེ་ལྡེ་གུར་བྱས་ལ་ཁམ་ ཕོར་སྦྱར་བའི་ནང་དུ་དུ་བ་མ་ཤོར་བར་བསྲེག་པར་བྱའོ། །དེ་ནས་ཚིག་པར་གྱུར་པ་དང་ཕྱེ་མར་བཏགས་ཏེ་དེ་ནས་སྨན་གྱི་ལྷག་མ་འབྲས་བུ་གསུམ་ལས་བཞག་པའི་གཉིས་པོའི་ཁུ་བ་དང་སོ་སོར་ལེགས་པར་བསྒོས་ཤིང་བསྲེགས་ནས་སྣག་ཚ་འདྲ་བ་དེ་ཡང་བསྐམས་པ་བཏགས་ཏེ་རྒྱམ་ཚ་ཉིས་ འགྱུར་དང་བཅས་པའི་མིག་སྨན་གསུམ་པ་དེ་དག་ནི་ཕྱི་ཞིང་བསལ་བའི་མིག་སྨན་གྱི་མཆོག་ཡིན་པར་དྲང་སྲོང་མུ་ཁྱུད་ཅེས་བྱ་བས་བཤད་དོ། །རྩ་ཡི་དྲས་གཡོགས་རྩ་གང་ཞིག །སྲ་བས་ཕྱི་བའི་སྨན་དག་གིས། །མ་ཞི་འབྲུམ་ཕྲན་དེ་ལ་ནི། །མིག་མཛེར་ཆོ་ག་བཞིན་དུ་གསོ། ། ཞེས་བྱ་བ་ལ། རྩའི་དྲ་བས་གཡོགས་པའི་རྩ་གང་ཞིག་སྲ་ཞིང་མཁྲང་བས་ཕྱི་ཞིང་བསལ་བའི་སྨན་བསྐུས་སུ་ཟིན་ཀྱང་ནད་དེ་ཞི་ཞིང་མེད་པར་མ་གྱུར་ན། འབྲུམ་ཕྲན་དེ་ལ་མིག་མཛེར་གྱི་གསོ་བ་ལྟར་བྱའོ། །ལིང་ཏོག་ནད་གཞིའི་དབང་ལས་ནི། །སྣུམ་རྩུབ་འབྲས་བུ་གསུམ་སྦྱིན་ཞིང་། ། ཏིག་ཏ་ཆེན་པོའི་སྨན་མར་སྦྱིན། །གཏར་ག་བཀྲུ་སྨན་སྨན་ཁུ་ཡི། །ཐིགས་པ་བླུགས་པ་ལ་སོགས་བྱ། །ཞེས་བྱ་བ་ལ། ལིང་ཐོག་གསོར་རུང་བ་དག་ལ་ནི་ནད་གཞི་རང་རང་གི་གང་དག་ཡིན་པའི་དབང་དུ་བྱས་ནས་སྣུམ་པའམ་རྩུབ་པ་དག་འབྲས་བུ་གསུམ་སྦྱིན་པར་བྱ་ཞིང་ཏིག་ཏ་ 202-1-140a ཆེན་པོའི་སྨན་མར་སྦྱིན་པ་དང་། དེ་བཞིན་དུ་གཏར་ག་གདབ་པ་དང་། བཀྲུ་སྨན་དུ་གཏང་བ་དང་། སྨན་ཁུའི་ཐིགས་པ་མིག་ཏུ་བླུགས་པ་དང་། ཁ་བསྐུ་བ་དང་། སྣ་ནས་གཏང་བ་དང་། བརྟ་བ་དང་། མིག་སྨན་གྱི་ཕུར་མ་བཙོ་བའི་སྦྱོར་བ་དག་བྱས་ན་ཕན་ནོ། ། སྣད་པའི་ལིང་ཐོག་དུར་བྱིད་ཆུ། །ལན་གསུམ་བསྐོལ་བའི་མར་བླུད་བྱ། །ཞེས་བྱ་བ་ལ། སྣད་ཅིང་རྨ་བྱུང་བ་ལས་ལིང་ཐོག་ཏུ་གྱུར་པ་ལ་ནི་དུར་བྱིད་བསྐོལ་བའི་ཁུ་བ་དང་ལན་གསུམ་གྱི་བར་དུ་བསྐོལ་བའི་སྨན་མར་བླུད་པར་བྱའོ། །དེ་འོག་གཏར་ག་འམ་པད་པ་ཡིས། །མིག་ ལས་ཁྲག་ནི་དབྱུང་བར་བྱ། །ཞེས་བྱ་བ་ལ། དེའི་འོག་ཏུ་སྣད་པའི་ལིང་ཐོག་དེ་ལ་གཏར་ག་གདབ་པ་དང་། སྲིན་བུ་པད་པས་འཇིབ་ཏུ་གཞུག་པས་ཁྲག་དབྱུང་བར་བྱའོ། །ཨུཏྤལ་རྒུན་འབྲུམ་རམ་ཉེ་བ། །ཤིང་མངར་བི་ད་རི་བསྐོལ་བ། །ཁ་ར་ར་ཡི་འོ་མའམ། །ཆུ་བསྐོལ་ ཐིགས་པ་བླུགས་པར་བྱ། །ཞེས་བྱ་བ་ལ། ཡང་ན་སྣད་པའི་ལིང་ཐོག་ལ་རའི་འོ་མ་དང་། ཨུཏྤལ་ལ་སོགས་པ་སྨན་བསྐོལ་བ་བསྒྲངས་པའི་ནང་དུ་ཁར་བཏབ་པ་བླུགས་པའམ། ཡང་ན་ཨུཏྤལ་ལ་སོགས་པའི་སྨན་ཆུའི་ནང་དུ་བསྐོལ་བའི་ཐིགས་པ་བླུགས་པར་བྱའོ། །མིག་དམར་ མཆི་མ་ནད་ཞི་ནས། །དེ་རྗེས་ཕྱི་བའི་མིག་སྨན་ཕན། །ཞེས་བྱ་བ་ལ། མིག་དམར་བ་ལ་སོགས་པ་ཞི་བར་གྱུར་ནས་དེའི་འོག་ཏུ་ཕྱི་བའི་མིག་སྨན་བཏང་ན་ལིང་ཐོག་ལ་ཕན་ནོ། །ཛཱ་ཏི་ཁ་འབུས་རྒྱ་སྐྱེགས་དང་། །ཡུག་སྣམ་ཙནྡན་རི་ལུར་བྱས། །ཁྲག་དང་མཁྲིས་པ་དང་བྱེད་ཅིང་། ། སྣད་པ་ལས་གྱུར་ལིང་ཐོག་སེལ། །ཞེས་བྱ་བ་ལ། ཛཱ་ཏིའི་མེ་ཏོག་ཁ་འབུས་པ་ལ་སོགས་པའི་རི་ལུར་བྱས་པའི་མིག་སྨན་གྱིས་ནི། ཁྲག་དང་མཁྲིས་པ་དང་ཞིང་སྦྱོང་བར་བྱེད་པ་དང་། སྣད་པར་གྱུར་པའི་ལིང་ཐོག་སེལ་བར་བྱེད་དོ། །ཕག་དང་རྔ་མོ་གླང་པོ་ཆེ། །བ་ལང་ར་རྟ་བོང་ བུའི་སོ། །རྒྱ་མཚོའི་ལྦུ་བ་མུ་ཏིག་དང་། །ན་ལེ་ཤམ་ནི་བཞི་པར་སྦྱར། །སོ་ཡི་རི་ལུས་སྣད་པ་ཡི། །ལིང་ཐོག་གིས་ཁྱབ་སེལ་བར་བྱེད། །ཅེས་བྱ་བ་ལ། ཕག་ལ་སོགས་པའི་སོ་དང་རྒྱ་མཚོའི་ལྦུ་བ་དང་། མུ་ཏིག་དང་ན་ལེ་ཤམ་བཞི་པོར་སྦྱར་བའི་མིག་ 202-1-140b སྨན་སོའི་རི་ལུ་ཞེས་བྱ་བས་སྣད་པའི་ལིང་ཐོག་གིས་ཤིན་ཏུ་ཁྱབ་པ་དག་ཀྱང་སེལ་བར་བྱེད་དོ། །ཏ་མའི་ལོ་མ་བ་ལང་སོ། །རྒྱ་མཚོ་ལྦུ་བ་བོང་བུའི་རུས། །ཟངས་མ་དུང་གཅིན་རི་ལུར་བྱས། །ལིང་ཏོག་ཐམས་ཅད་སེལ་བར་བྱེད། །ཅེས་བྱ་བ་ལ། ཏམ་ལའི་ལོ་མ་ ལ་སོགས་པ་གཅིན་དང་རི་ལུར་བྱས་པས་ནི་ལིང་ཐོག་ཐམས་ཅད་འཇིག་ཅིང་སེལ་བར་བྱེད་དོ། །རིན་ཆེན་སོ་དང་རྭ་དང་ནི། །ཁམས་དང་སུག་སྨེལ་ཚ་བ་གསུམ། །སྒོག་སྐྱ་ཀ་རཉྫའི་ས་བོན། །རྨ་ལ་ཕན་པའི་སྨན་རྣམས་ནི། །རྨ་བཅས་རྨ་མེད་གཏིང་ཟུག་དང་། ། ལྤགས་གནས་ལིང་ཐོག་འཇོམས་སྨན་ཡིན། །ཞེས་བྱ་བ་ལ། མར་གད་ལ་སོགས་པ་རིན་པོ་ཆེ་རྣམས་དང་། གླང་པོ་ཆེ་ལ་སོགས་པའི་སོ་དང་། གསེར་ལ་སོགས་པའི་ཁམས་ཏེ་འབྱུང་ཁུངས་ལས་བྱུང་བ་དང་། སུག་སྨེལ་ལ་སོགས་པའི་སྨན་དང་། རྨ་ལ་ཕན་པའི་སྨན་རྨའི་དབང་དུ་བྱས་ནས་འོག་ནས་བཤད་པ་དེ་ཐམས་ཅད་མིག་སྨན་དུ་བྱས་པའི་རྨ་དང་བཅས་པའི་ལིང་ཏོག་དང་། རྨ་མེད་པའི་ལིང་ཏོག་དང་གཏིང་དུ་ཟུག་པའི་ལིང་ཐོག་དང་། པགས་པ་ལ་གནས་པའི་ལིང་ཐོག་འཇོམས་ཤིང་སེལ་བར་བྱེད་པ་ཡིན་ནོ། །སྣ་ སྨན་སྣུམ་བླུད་ཤ་ཁུ་ནི། །བླུད་པས་དམའ་བ་བསྟོད་པར་བྱ། །ནད་མེད་ལིང་ཏོག་དམའ་བ་ནི། །ཕུར་མ་བཙོས་དང་བརྟ་བས་བསྟོད། །ཅེས་བྱ་བ་ལ། དམའ་ཞིང་གཏིང་ན་ཡོད་པའི་ལིང་ཏོག་ནི་སྣུམ་བླུད་པ་དང་སྣ་སྨན་བཏང་བ་དང་། ཤ་ཁུ་བླུད་པས་བསྟོད་པར་ བྱ་བ་ལ་ནད་མེད་པའི་ལིང་ཏོག་གིས་དམའ་བ་ནི་སྨན་གྱི་ཕུར་མ་བཙོས་པ་དང་། བརྟ་བའི་སྦྱོར་བས་བསྟོད་པར་བྱའོ། །ལིང་ཏོག་དཀར་པོ་སྐྱེར་པ་དང་། །ཤིང་མངར་ཐལ་ཏྲེས་སེང་ཕྲོམ་ཆུ། །བླུགས་པས་སེང་ཕྲོམ་གཏུམས་པ་ནི། །ཆུ་དྲོན་ལ་སྦངས་ཐིགས་པ་བླུགས། ། ཞེས་བྱ་བ་ལ། ལིང་ཐོག་དཀར་པོ་ལ་ནི་སྐྱེར་པ་ལ་སོགས་པ་བསྐོལ་བའི་ཆུའི་ཐིགས་པ་བླུགས་པར་བྱ་བའམ། ཡང་ན་སེང་ཕྲོམ་བཏགས་ཏེ་ཐུམ་པོར་གཏུམས་པ་ཆུ་དྲོན་པོ་ལ་སྦངས་པའི་ཐིགས་པ་བླུགས་པར་བྱའོ། །ཤིང་མངར་བྲི་ཧ་ཏིའི་རྩ་བ། །རྒྱམ་ཚ་དོང་གྲ་ཟངས་ 202-1-141a མ་ནི། །སྐྱུ་རུ་རའི་འབྲས་ཆུ་དང་བཏགས། །ལྡེ་གུ་ཟངས་མའི་སྣོད་ལ་བསྐུ། །ནས་མར་སྐྱུ་རུ་རའི་ལོ་མ། །དུད་པས་དེ་འོག་མང་དུ་བདུག །དེ་ལས་རི་ལུར་བྱ་བ་ནི། །དེ་ནི་ཆུ་དང་སྦྲང་རྩིར་བཏགས། །མཐོན་ཀ་ཆེན་པོ་ཞེས་བྱ་སྟེ། །ལིང་ཐོག་ དཀར་པོ་སེལ་མཆོག་ཡིན། །ཞེས་བྱ་བ་ལ། ཤིང་མངར་ལ་སོགས་པའི་སྨན་སྐྱུ་རུ་རའི་འབྲས་བུ་བསྐོལ་བའི་ཆུ་དང་བཏགས་པའི་ལྡེ་གུས་ཟངས་མའི་སྣོད་བསྐུས་ལ་ནས་དང་མར་ལ་སོགས་པའི་དུད་པས་ཟངས་མའི་སྣོད་དེ་བསྐུས་པའི་འོག་ཏུ་མང་དུ་བདུག་པར་བྱའོ། །དེ་ ནས་ཟངས་མའི་སྣོད་དེ་ཆུ་དང་སྦྲང་རྩི་དང་སྦྱར་ཞིང་བཏགས་ཏེ་རི་ལུར་བྱས་པའི་མིག་སྨན་དེའི་མིང་མཐོན་ཀ་ཆེན་པོ་ཞེས་བྱ་སྟེ། ལིང་ཐོག་དཀར་པོ་སེལ་ཞིང་འཇོམས་པར་བྱེད་པའི་མཆོག་ཡིན་ནོ། །ལིང་ཐོག་བརྟན་ཞིང་མཐུག་པ་ལ། །ཁྲག་ནི་ལན་མང་དབྱུང་བར་བྱ། །མགོ་ དང་ལུས་ཀྱི་བཀྲུ་སྨན་དང་། །ཕུར་མ་བཙོས་པའང་ལན་མང་གཏང་། །ཞེས་བྱ་བ་ལ། ལིང་ཐོག་བརྟན་པ་ལ་སོགས་པ་ལ་ནི་གཏར་ག་ལ་སོགས་པས་ཁྲག་མང་དུ་དབྱུང་བར་བྱ་ཞིང་། མགོ་བོའི་བཀྲུ་སྨན་ལ་སོགས་པ་ལན་མང་དུ་གཏང་བར་བྱའོ། །པི་པི་ ལིང་དང་ན་ལེ་ཤམ། །རྒྱམ་ཚ་ཤྲི་ཤའི་འབྲས་བུའམ། །འབྲས་བུ་གསུམ་བསྐོལ་རྒྱམ་ཚར་བཅས། །བླུད་པས་གནས་ལས་བསྟོད་པར་བྱ། །ཞེས་བྱ་བ་ལ། ལིང་ཐོག་དཀར་པོ་དེ་གནས་ནས་བསྐྱོད་ཅིང་བསྟོད་པར་བྱ་བའི་ཕྱིར་པི་པི་ལིང་ནས་ཤྲི་ཤའི་འབྲས་བུའི་བར་ གྱིས་སམ། ཡང་ན་རྒྱམ་ཚ་དང་འབྲས་བུ་གསུམ་བསྐོལ་ཏེ་ཞག་གསུམ་གྱི་བར་དུ་བླུད་པས་བསྟོད་པར་བྱའོ། །དུང་དང་རྒྱ་ཤུག་ཀ་ཏ་ཀ །རྒུན་འབྲུ་ཤིང་མངར་སྦྲང་རྩི་དང་། །མུ་ར་སོ་ཡི་དྲི་མ་ནི། །ཤི་རི་ཤ་ཡི་མེ་ཏོག་བཅས། །ཚིགས་བཅད་ཕྱེད་ཀྱིས་བཤད་ པ་ཡི། །མིག་སྨན་སྦྱོར་བ་གཏང་བར་བྱ། །ཞེས་བྱ་བ་ལ། ཡང་ན་ལིང་ཐོག་དཀར་པོ་དེ་བསྐྱོད་ཅིང་བསྟོད་པར་བྱ་བའི་ཕྱིར། དུང་ལ་སོགས་པ་དང་མུ་ར་ལ་སོགས་པའི་ཚིགས་བཅད་ཕྱེད་ཕྱེད་ཀྱིས་བཤད་པའི་མིག་སྨན་གྱི་སྦྱོར་བ་འདི་གཏང་བར་བྱའོ། །སྐྱུ་རུ་ཕ་ནིད་ 202-1-141b ཛའི་ཁུ་བར། །ལང་ཀ་ལི་ཡི་ཐལ་བ་ནི། །ནུབ་གཅིག་སྦངས་ཏེ་སྐམས་པའི་ཕྱེ། །ལིང་ཏོག་བསྐྱོད་པའི་མིག་སྨན་ཡིན། །ཞེས་བྱ་བ་ལ། སྐྱུ་རུ་ར་དང་ཕ་ནིད་ཛ་ཀ་བསྐོལ་བའི་ཁུ་བར་ལང་ག་ལིའི་ཐལ་བ་ནུབ་གཅིག་སྦངས་པ་དེ་སྐམས་ལ་ཕྱེ་མར་བྱས་པའི་མིག་ སྨན་དེ་ནི་ལིང་ཐོག་བསྐྱེད་པ་སྟོད་པར་བྱེད་པ་ཡིན་ནོ། །མུངྒ་སྦུན་པ་མེད་བཏགས་པ། །དུང་དང་སྦྲང་རྩིར་བཅས་པའང་ཕན། །ཞེས་བྱ་བ་ལ། ཡང་ན་སྲན་མུངྒ་སྦུན་པ་མེད་པར་བཏགས་པ་དང་། དུང་དང་སྦྲང་རྩི་དང་སྦྱར་བའི་མིག་སྨན་ནི་ལིང་ཐོག་སེལ་བ་ཡིན་ནོ། ། སྦྲང་རྩི་མ་དུ་ཀའི་སྙིང་པོ་འམ། །བ་རུ་ར་རྐང་སྦྲང་རྩིར་བཅས། །ཞེས་བྱ་བ་ལ། མ་དུ་ཀའི་སྙིང་པོ་སྦྲང་རྩི་དང་སྦྱར་བའམ། བ་རུ་རའི་རྐང་གི་ཚི་གུ་སྦྲང་རྩི་དང་སྦྱར་བ་ཡང་ལིང་ཐོག་སེལ་ཏོ། །བ་གླང་རྟ་བོང་རྔ་མོའི་སོ། །དུང་དང་རྒྱ་མཚོའི་ལྦུ་བ་དང་། །ཨརྫུ་ ནའི་ཆུས་རི་ལུ་བྱས། །བསྐྱོད་པའི་ལིང་ཐོག་འཇིག་པར་བྱེད། །ཅེས་བྱ་བ་ལ། བ་གླང་ལ་སོགས་པའི་སོ་དང་དུང་ལ་སོགས་པ་ཨརྫུ་ནའི་ཆུ་དང་། རི་ལུར་བྱས་པས་ཀྱང་བསྐྱོད་ཅིང་བསྟོད་པའི་ལིང་ཐོག་འཇིག་པར་བྱེད་དོ། །བསྟོད་པའམ་ཟུག་རྔུར་ བཅས་པ་ཡི། །ལིང་ཐོག་སྤུ་ལ་སོགས་པས་ཕྱི། །ཞེས་བྱ་བ་ལ། ལིང་ཏོག་བསྟོད་པའམ་ཟུག་རྔུ་དང་བཅས་པ་ནི་སྤུ་ལ་སོགས་པས་ཕྱི་བར་བྱའོ། །རྩ་ཡི་ལིང་ཐོག་མཐོང་གནོད་མེད། །སྣད་པའི་ལིང་ཐོག་ལྟ་བུར་གསོ། །ཞེས་བྱ་བ་ལ། རྩའི་ལིང་ཐོག་ མཐོང་བར་བྱེད་པ་ལ། གནོད་པ་མེད་པའི་རྨའི་ལིང་ཐོག་ལྟར་གསོ་བར་བྱའོ། །ཤིང་མངར་སྟག་ཚེར་རམ་ཉེ་བ། །བྲི་ཧ་ཏི་དང་ཨ་ཀ་རུ། །སྐྱེར་པའི་མིག་སྨན་རའི་འོ་མ། །བཏགས་པའི་ལྡེ་གུ་ནས་དང་མར། །བཅས་པའི་དུད་པས་བདུག་པར་བྱ། །སྐྱུ་རུ་ར་ཡི་ ལོ་མ་དང་། །རི་ལུར་བྱས་པ་མིག་སྨན་མཆོག །ཅེས་བྱ་བ་ལ། ཤིང་མངར་དང་སྟག་ཚེར་པ་ཞེས་བྱ་བ་པྲ་པུཎྜ་རཱི་ཀ་ལ་སོགས་པ་རའི་འོ་མ་དང་བཏགས་ཏེ་ལྡེ་གུར་བྱས་པ་དང་། ནས་དང་མར་དང་བཅས་པའི་དུད་པས་བདུགས་པ་དང་། སྐྱུ་རུ་རའི་ལོ་མས་རིམ་གྱིས་དུད་ 202-1-142a པས་བདུགས་པའི་རི་ལུར་བྱས་པ་ནི་རྩའི་ལིང་ཐོག་སེལ་བའི་སྨན་གྱི་མཆོག་དམ་པ་ཡིན་ནོ། །མེ་སོས་ར་ཡི་རིལ་མ་འདྲ། །མཛེར་པ་ལྟ་བུར་མཚོན་གྱིས་གསོ། །ཞེས་བྱ་བ་ལ། ནད་དེ་གལ་ཏེ་ཞི་ཞིང་སོས་པར་མ་གྱུར་ན། རྩའི་ལིང་ཐོག་ལ་མིག་ མཛེར་གྱི་དཔྱད་ལྟར་བྱ་བ་དང་། དེ་བཞིན་དུ་རའི་རིལ་མ་ལྟ་བུ་ཞེས་བྱ་བའི་མིག་ནད་ལ་ཡང་མཛེར་པ་ལྟར་མཚོན་གྱིས་གཅད་པར་བྱའོ། །ར་རིལ་གསོར་ནི་མི་རུང་དང་། །ལིང་ཐོག་དེ་འདྲ་དེ་བཞིན་གཞན། །ནད་མ་ཞི་ན་སྣུམ་བླུད་ཅིང་། །གཏར་ག་གདབ་པ་ལ་སོགས་ བྱ། །སྨད་བྱས་དེ་ནི་བསལ་བྱ་ཞིང་། །དཀར་ཞིང་མཐོ་བ་གསོ་བར་བྱ། །ཞེས་བྱ་བ་ལ། རའི་རིལ་མ་ལྟ་བུའི་མིག་ནད་གསོར་མི་རུང་བ་དང་། དེ་བཞིན་དུ་ལིང་ཐོག་ཀྱང་དེ་དང་འདྲ་བར་གསོར་མི་རུང་བ་དང་། མིག་ནད་གཞན་དག་རྟག་ཏུ་ནད་མ་ཞི་བར་གྱུར་པ་ ལ་སྣུམ་བླུད་པ་ལ་སོགས་པས་གསོ་བར་བྱ་ཞིང་དེ་བཞིན་དུ་སྨད་པར་བྱ་ཞིང་མིག་ནད་འཇིགས་པ་དེ་ཐབས་དེ་དག་གིས་བསལ་བར་བྱ་ཞིང་དཀར་བ་དང་མཐོ་ཞིང་འབུར་བའི་ནད་བསལ་བར་བྱའོ། །རྒྱ་སྟར་གོ་བྱེ་ལུང་ཏང་དང་། །ཏ་ལ་སྨྱིག་མ་ཀ་རི་ར། །བསྲེགས་པའི་ ཐལ་ཆུ་བཙགས་པ་དང་། །རྔ་མོའི་རུས་པའི་ཕྱེ་མ་བསྲེ། །མིག་སྨན་ལིང་ཐོག་གསོ་དཀའ་དང་། །མདོག་མི་སྡུག་པ་འཇོམས་པར་བྱེད། །ཅེས་བྱ་བ་ལ། རྒྱ་སྟར་ལ་སོགས་པ་བསྲེགས་པའི་ཐལ་བ་ཆུ་ལ་སྦངས་ཏེ། བཙགས་པ་ཐལ་ཆུ་དེ་དང་རྔ་མོའི་རུས་པའི་ ཕྱེ་མ་བསྲེས་ལ། མིག་སྨན་དེས་ནི་ལིང་ཏོག་གསོ་དཀའ་བ་དང་། མདོག་མི་སྡུག་པ་རྣམས་འཇོམས་ཤིང་སེལ་བར་བྱེད་དོ། །གསོ་སླ་ལ་ཡང་འདི་ཉིད་ནི། །བསྟེན་པས་སེལ་བར་ནུས་པ་ཡིན། །ཞེས་བྱ་བ་ལ། ལིང་ཏོག་གསོ་ཞིང་བཅོས་པར་སླ་བ་ལ་ཡང་བཤད་མ་ ཐག་པའི་ཕྱེ་མའི་མིག་སྨན་འདི་ཉིད་བསྟེན་ཞིང་བསྐུས་ན་ནད་དེ་སེལ་བར་ནུས་པ་ཡིན་ནོ། །ར་ཡི་རིལ་མ་ངོས་གཉིས་ནས། །ཁབ་ཀྱིས་ཕུག་སྟེ་ཆུ་གཟགས་ནས། །མཐེ་བོས་མཉམ་དུ་བཙིར་ནས་ནི། །རྨ་ཡི་ནང་ནི་ཤ་ཕྱེ་དང་། །ཚིལ་ནི་རློན་པས་བཀང་ནས་ནི། །དཀྲི་ཞིང་དཀྲི་ཞིང་དགང་ 202-1-142b བར་བྱ། །ཞེས་བྱ་བ་ལ། རའི་རིལ་མ་ལྟ་བུ་ཞེས་བྱ་བའི་མིག་ནད་ལ་ངོས་གཉིས་ནས་ཁབ་ཕྲ་མོས་ཕུག་ལ་ཆུ་གཟགས་ནས་མཐེ་བོས་ཆ་མཉམ་དུ་ལེགས་པར་བཙིར་བ་དེའི་རྗེས་ལ་རྨའི་ནང་ན་བ་ལང་གི་ཤའི་ཕྱེ་མས་ལེགས་པར་བཀང་ནས་དེ་བཞིན་དུ་དཀྲིས་ཤིང་ཕྱིས་ཡང་བཀྲོལ་ལ་ དེའི་རྗེས་ལ་བ་ལང་གི་ཤའི་ཕྱེ་མ་དང་ཚིལ་རློན་པས་རྨ་དགང་བར་བྱའོ། །གཞན་བདུན་ནས་ནི་རྨ་འབྱོར་ནས། །མིག་འབྲུས་ནག་པོ་མཉམ་བརྟན་ལ། །མིག་སྨན་སྣུམ་ཅན་གཏང་བྱ་ཞིང་། །མར་དང་འོ་མའི་སྣ་སྨན་བླུགས། །ཞེས་བྱ་བ་ལ། ཞག་བདུན་ལོན་པ་དང་། རྨ་འབྱོར་ཅིང་འཚོ་བས་ པའི་རྗེས་ལ་མིག་འབྲས་ནག་པོ་མཉམ་ཞིང་བརྟན་པར་གྱུར་པ་དང་། མིག་སྨན་སྣུམ་ཅན་མར་དང་སྦྱར་བ་གཏང་བར་བྱ་ཞིང་མར་དང་འོ་མ་བསྐོལ་བའི་སྣ་སྨན་བླུགས་པར་བྱའོ། །དེ་ལྟར་ན་ཡང་རྒྱས་གྱུར་ན། །དབུག་དང་གཅད་སོགས་བྱ་བ་བྱས། །བཅད་དྲགས་པ་ཡིས་ མིག་ནང་དུ། །ཞུགས་པར་མི་འགྱུར་ཅི་རིགས་བྱ། །ཞེས་བྱ་བ་ལ། དེ་ལྟར་སྔར་བཤད་པའི་ཚུལ་གྱིས་གསོ་བ་བྱས་སུ་ཟིན་ཀྱང་སླར་གང་ཞིང་རྒྱས་པར་གྱུར་ན་རའི་རིལ་མ་ལྟ་བུའི་མིག་ནད་དེ་ལ་དབུག་པ་དང་བཅད་པ་ལ་སོགས་པའི་གསོ་བ་ཅི་རིགས་པར་བྱ་སྟེ། རྣམ་པ་གང་གིས་བཅད་དྲགས་པའི་རྒྱུས་མིག་ནང་དུ་ཞུགས་པར་མི་འགྱུར་བར་ལེགས་པ་ཁོ་ནར་བྱའོ། །ལིང་ཐོག་ལ་ནི་རྟག་པར་རང་གི་སྨན། །བསྐོལ་བའི་མར་བླུད་སྣ་སྨན་བསྟེན་པ་དང་། །ཅི་ནས་མཐོང་བ་ཉམས་པར་མི་འགྱུར་བར། །མིག་སྨན་རྣོན་པོ་རྟག་ཏུ་བསྟེན་ པར་བྱ། །ཞེས་བྱ་བ་ལ། ལིང་ཐོག་གི་མིག་ནད་ལ་ནི་དུས་རྟག་པར་རང་གི་མིག་ནད་དང་རྗེས་སུ་མཐུན་པའི་སྨན་དང་བསྐོལ་བའི་མར་བླུད་པ་དང་སྣ་སྨན་ཚད་ཕྲན་བསྟེན་པར་བྱ་སྟེ། དེ་ལྟར་བྱས་པས་ཅི་ནས་ཀྱང་མིག་གི་མཐོང་བ་ཉམས་པར་མི་འགྱུར་བར་མིག་སྨན་རྣོན་པོ་རྟག་ཏུ་ བསྟེན་ཞིང་གོམས་པར་བྱས་ན་ནང་དུ་ཞུགས་ཤིང་སྟོབས་ཉམས་པར་མི་འགྱུར་རོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་བཅུ་གཅིག་པའི་རྣམ་པར་འགྲེལ་པའོ།། །། 202-1-143a དེ་ནས་མཐོང་བར་བྱེད་པའི་མིག་ནད་ཀྱི་ནད་དམིགས་ཤེས་པར་བྱ་བ་བཤད་པར་བྱའོ། །ཞེས་བྱ་བ་ལ། གོ་རིམས་སུ་བབ་པའི་མཐོང་བར་བྱེད་པའི་མིག་གི་རྒྱལ་མོར་ནད་ཞུགས་པའི་ཚུལ་དུ་ཤེས་པར་བྱ་བའི་ལེའུ་བཤད་ཅིང་བརྩམས་པ་ཡིན་ནོ། །ནད་ ནི་རྩ་ཡི་ནང་ཞུགས་པ། །རིམ་པ་དང་པོར་གནས་ནས་ནི། །གཟུགས་ནི་མི་གསལ་མཐོང་འགྱུར་ཞིང་། །རྒྱུ་མེད་པར་ཡང་གསལ་བར་མཐོང་། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་གང་ཡང་རུང་བ་རྩའི་ནང་དུ་ཞུགས་ཤིང་འགྲོ་བར་གྱུར་པའི་ནད་དེས་རིམ་པ་དང་པོ་སྟེ་ཕྱི་རིམ་ དུ་གནས་ཤིང་བརྟེན་པར་གྱུར་པ་ན། མིག་གིས་གཟུགས་མི་གསལ་བར་མཐོང་བར་འགྱུར་བ་དང་། ལན་འགའ་ཞིག་ནི་དེ་ལྟར་འགྱུར་བའི་རྒྱུ་མེད་པར་གསལ་བ་ཉིད་དུ་ཡང་མཐོང་བར་འགྱུར་བ་ཡིན་ནོ། །རིམ་པ་གཉིས་པར་ཕྱིན་པ་ན། །མེད་པ་དག་ཀྱང་མཐོང་འགྱུར་ཞིང་། །ཡོད་ཅིང་ ཉེ་བར་བསྒྲིབས་ན་མཐོང་། །རིང་ནས་ཕྲ་བ་མཐོང་བར་འགྱུར། །ཉེ་དང་རིང་བར་གནས་པའི་གཟུགས། །ཕྱིན་ཅི་ལོག་ཏུ་ཤེས་པར་འགྱུར། །ཞེས་བྱ་བ་ལ། ནད་དེ་མིག་གི་རིམ་པ་གཉིས་པར་ཕྱིན་པར་གྱུར་པ་ན་མེད་པར་གྱུར་པའི་གཟུགས་དག་ཀྱང་མཐོང་བར་འགྱུར་བ་ དང་། གཟུགས་ཅན་དུ་ཡོད་ཅིང་གན་ན་གནས་ཏེ་ཉེ་བ་དག་ལ་བསྒྲིབས་ཏེ་བལྟས་ན་མཐོང་བར་འགྱུར་བ་དང་། ཐག་རིང་པོ་ནས་མཐོང་བར་འགྱུར་བ་ཡིན་ཏེ། ཉེ་བ་དང་རིང་བར་གནས་པའི་གཟུགས་ལ་ཕྱིན་ཅི་ལོག་ཏུ་ཤེས་པ་སྐྱེ་སྟེ། རིང་པོ་ན་ཡོད་པའི་གཟུགས་ནི་ཉེ་ཞིང་ གན་ན་ཡོད་པ་ལྟ་བུར་སྣང་བར་འགྱུར་ལ། ཉེ་བ་ན་ཡོད་པའི་གཟུགས་ནི་རིང་པོ་ན་གནས་པར་ཤེས་པར་འགྱུར་རོ། །ནད་ཀྱིས་ཟླུམ་པོའི་དབྱིབས་འདྲ་བར། །ཟླུམ་པོ་ཉིད་དུ་མཐོང་བར་འགྱུར། །ཞེས་བྱ་བ་ལ། རིམ་པ་གཉིས་པ་ན་གནས་པར་གྱུར་པ་ན་སྐྱེས་བུས་གཟུགས་ ནས་ཀུན་ནས་ཟླུམ་པའི་དབྱིབས་འདྲ་བར་ཟླུམ་པོ་ཁོ་ནར་མཐོང་བར་འགྱུར་རོ། །མཐོང་བྱེད་དབུས་གནས་གཅིག་གཉིས་མཐོང་། །མང་དུ་གནས་ན་དུ་མ་མཐོང་། །ཞེས་བྱ་བ་ལ། ནད་མཐོང་བར་བྱེད་པའི་མིག་གི་རྒྱལ་མོའི་དབུས་ན་གནས་ན་དངོས་པོ་གཅིག་ལ་གཉིས་སུ་ 202-1-143b མཐོང་བར་འགྱུར་ལ། མཐོང་བར་བྱེད་པ་དེར་ནད་མང་དུ་གནས་ན་གཟུགས་དུ་མ་སྟེ། སྣ་ཚོགས་པར་མཐོང་བར་བྱེད་པར་འགྱུར་རོ། །མཐོང་བྱེད་ནང་དུ་ཞུགས་པ་ནི། །ཆེ་ཆུང་གོ་ནི་བཟློག་པ་མཐོང་། །ཞེས་བྱ་བ་ལ། ནད་མཐོང་བར་བྱེད་པའི་མིག་གི་རྒྱལ་ མོའི་ནང་དུ་ཞུགས་ན་གཟུགས་ཆེ་བ་ཡང་ཆུང་བར་མཐོང་ལ་ཆུང་ངུ་ནི་ཆེ་བར་མཐོང་བར་འགྱུར་རོ། །འོག་ཏུ་གནས་པས་ཉེ་མི་མཐོང་། །སྟེང་དུ་གནས་པས་རིང་མི་མཐོང་། །ཞེས་བྱ་བ་ལ། མཐོང་བར་བྱེད་པའི་འོག་ན་ནད་གནས་པར་གྱུར་ན་གཟུགས་ཉེ་བར་གནས་པ་མཐོང་བར་ མི་འགྱུར་ལ། མཐོང་བར་བྱེད་པའི་སྟེང་ན་ནད་གནས་ན་གཟུགས་རིང་པོ་ན་གནས་པ་མཐོང་བར་མི་འགྱུར་རོ། །ངོས་ལ་གནས་པས་གཡས་གཡོན་མིན། །ནད་འདི་རབ་རིབ་ཅེས་བྱར་བཤད། །ཅེས་བྱ་བ་ལ། ནད་མཐོང་བར་བྱེད་པའི་ངོས་གཉིས་ལ་གནས་པར་གྱུར་ ན་གཡས་གཡོན་གྱི་ལོགས་ན་གནས་པའི་གཟུགས་མཐོང་བར་མི་འགྱུར་ཏེ། ནད་འདི་དག་ནི་རབ་རིབ་ཀྱི་ནད་ཅེས་བྱ་བར་བཤད་དོ། །ནད་ནི་རིམ་པར་གསུམ་པར་བརྟེན། །སྔོན་པོ་ཉིད་དུ་འགྱུར་བ་ཡིན། །དེ་ཡིས་སྟེང་མཐོང་འོག་མི་མཐོང་། །གོས་སྲབ་ཀྱིས་གཡོགས་ ལྟར་མཐོང་ཞིང་། །ཁ་དོག་ཇི་བཞིན་འགྱུར་བ་དང་། །རིམ་གྱིས་མཐོང་བ་ཉམས་པར་འགྱུར། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་མིག་སྤྲིན་གྱི་རིམ་པ་གསུམ་པ་ལ་བརྟེན་ཅིང་གནས་པར་གྱུར་ན་མིག་མཆིང་བུ་ལྟར་སྔོན་པོར་འགྱུར་བ་ཡིན་ལ། སྔོན་པོར་གྱུར་པ་དེས་ སྟེང་ན་གནས་པའི་གཟུགས་མཐོང་བར་བྱེད་ཀྱི། འོག་ན་གནས་པ་མཐོང་བར་མི་འགྱུར་བ་དང་། གང་མཐོང་བ་དེ་གོས་སྲབ་མོས་གཡོགས་པ་ལྟར་མཐོང་བ་དང་། ཁ་དོག་ཇི་ལྟ་ཇི་ལྟར་མཐོང་བ་དེ་ལ་དེ་བཞིན་དུ་མེ་ལོང་ལྟར་རྣམ་པར་མཐོང་བར་བྱེད་པ་དང་། མཐོང་བ་དེ་རིམ་གྱིས་ ཉམས་ཤིང་ནུས་པ་ཆུང་བར་འགྱུར་རོ། །དེ་ལྟ་ན་ཡང་ཡལ་བར་དོར། །རིམ་པ་བཞི་པར་ཕྱིན་ནས་ནི། །མཐོང་བྱེད་མཚན་མོ་ཉམས་བྱེད་ཅིང་། །མིག་གི་རྒྱལ་མོ་ཁེབས་པར་བྱེད། །ཅེས་བྱ་བ་ལ། དེ་ལྟར་མིག་མཆིང་བུ་ལྟར་སྔོན་པོར་གྱུར་ན་ཡང་ཡལ་བར་དོར་ཏེ་མ་བཅོས་ 202-1-144a ན་ནད་དེ་མིག་གི་རིམ་པ་བཞི་པར་ཕྱིན་ནས་མཐོང་བར་བྱེད་པའི་མིག་གི་མཚན་མའི་དང་པོ་ཉམས་པར་བྱེད་ཅིང་མིག་གི་རྒྱལ་མོ་ཁེབས་པས་ལོང་བར་བྱེད་པར་འགྱུར་རོ། །དེ་ལྟ་ན་དེ་ཡན་ཆད་ནི་རབ་རིབ་ལ་སོགས་པའི་སྤྱིའི་མཚན་ཉིད་བཤད་པ་ཡིན་ ནོ། །དེ་ལ་རླུང་གྱུར་རབ་རིབ་ནི། །ལོང་ལོང་པོར་ནི་མཐོང་བ་དང་། །གཡོ་ཞིང་རྙོག་ཅན་རྩ་དམར་སྣང་། །ཆེད་འགའ་གསལ་བར་མཐོང་བ་དང་། །དྲ་བ་སྐྲ་ཤད་སྦྲང་བུ་དང་། །འོད་མཐོང་། ཞེས་བྱ་བ་ལ། རབ་རིབ་ཀྱི་ནད་དེ་ལ་རླུང་ལས་གྱུར་པའི་རབ་རིབ་ཀྱི་མཚན་ཉིད་ ནི་གཟུགས་འཁྲུགས་ཤིང་ལོང་ལོང་པོར་མཐོང་བ་དང་། གཡོ་ཞིང་མི་བརྟན་པ་དང་། རྙོག་པ་ཅན་དེ་མི་གསལ་བ་དང་། ཕལ་ཆེར་རྩ་དམར་བར་སྣང་བ་དང་། ཆེད་འགའ་ནི་གཟུགས་གསལ་བར་མཐོང་བ་དང་། དེ་བཞིན་དུ་དྲ་བས་གཡོགས་པ་དང་། སྐྲ་ཤད་འཛིངས་ པ་དང་། སྦྲང་བུ་ལྟ་བུ་དང་། འོད་འབར་བ་ལྟ་བུར་ཡང་ཆེད་འགའ་མཐོང་བ་ཡིན་ནོ། །དེ་ནི་ཡལ་བར་བོར། སྔོན་པོར་གྱུར་པ་མིག་དམར་ལ། །བཞིན་ལ་སྣ་ནི་མེད་པར་མཐོང་། །ཟླ་བ་མེད་སོགས་དུ་མར་མཐོང་། །ཡོན་པོའང་དྲང་པོར་མཐོང་བར་འགྱུར། །ཞེས་བྱ་བ་ ལ། དེ་ལ་རླུང་ལས་གྱུར་པའི་རབ་རིབ་དེ་ཡལ་བར་བོར་ཞིང་མ་བཅོས་ན་སྔོན་པོར་གྱུར་པ་ལས་ཐལ་ཏེ། མིག་དམར་བར་གྱུར་པ་དང་། མིག་ནད་སྤྲིས་གཡོགས་པས་ཉེན་པའི་མི་དེས་རང་གི་བཞིན་དེ་གདོང་ལ་སྣ་མེད་པར་མཐོང་བ་དང་། ཡང་ཟླ་བ་ལ་སོགས་པ་ལ་གཟུགས་ དུ་མ་མཐོང་བ་དང་། གཟུགས་ཡོན་པོ་ཡང་དྲང་པོར་ཤེས་ཤིང་མཐོང་བར་འགྱུར་རོ། །སྔོན་པོ་འཕེལ་ན་མཐོང་བྱེད་ནི། །རྡུལ་གྱིས་ཁེབས་པ་ལྟ་བུར་མཐོང་། །གསལ་ཞིང་དམར་བའམ་རྒྱ་ཆེ་བའམ། །ཕྲ་མོའམ་མཐོང་བ་ཉམས་པར་འགྱུར། །དེ་ནི་མཐོང་བ་ཉམས་པ་ ཡིན། །ཞེས་བྱ་བ་ལ། མིག་ནད་མཆིང་བུ་ལྟ་བུར་སྔོ་བ་དེ་ཉིད་འཕེལ་ཞིང་རྒྱས་པར་གྱུར་ན་མཐོང་བར་བྱེད་པའི་མིག་གི་དཀྱིལ་འཁོར་རྡུལ་གྱི་ཚོགས་ཀྱིས་ཁེབས་ཤིང་གཡོགས་པ་ལྟ་བུར་འགྱུར་བ་དང་། གསལ་བ་ལ་སོགས་པ་གང་ཡང་རུང་བ་མཐོང་ཞིང་མཐོང་བ་ཉམས་ 202-1-144b པར་བྱེད་པར་འགྱུར་ཏེ། དེ་ལྟ་བུའི་མིག་ནད་དེ་ནི་མཐོང་བ་ཉམས་པའམ་མཚན་མ་ཉམས་པ་ཞེས་བྱའོ། །ཞེས་བཤད་དེ། དེ་ལ་ལོང་བ་དང་སྤྲིས་གཡོགས་པ་དང་མཚན་མ་ཉམས་པ་ཞེས་བྱ་བའི་མིང་ཡང་འཐོབ་བོ། །རླུང་གིས་མིག་གི་རྩ་འཁུམས་འགྱུར། །མཐོང་ བྱེད་གཏིང་དུ་ཞུགས་པ་དག །འདི་ནི་གཏིང་རིང་ཞེས་བྱར་བཤད། །ཅེས་བྱ་བ་ལ། རླུང་གི་ནད་ལས་གྱུར་པའི་མཐོང་བ་ཉམས་པའི་ནད་ལ་ནི་མིག་གི་རྩ་འཁུམས་པར་འགྱུར་བ་དང་། དེ་བཞིན་དུ་མཐོང་བར་བྱེད་པའི་མིག་གི་རྒྱལ་མོའི་གཏིང་དུ་ཞུགས་ཤིང་ནང་དུ་ཞེན་པ་ཡིན་ ཏེ། མིག་ནད་འདི་ནི་མིག་གཏིང་རིང་བ་ཞེས་བྱའོ། །ཞེས་དྲང་སྲོང་རྣམས་ཀྱིས་བཤད་དོ། །མཁྲིས་གྱུར་རབ་རིབ་གློག་དང་ནི། །སྲིན་བུ་མེ་ཁྱེར་མེ་སྒྲོན་འོད། །རྨ་བྱ་སྲེག་པའི་སྒྲོ་དང་འདྲ། །ཕལ་ཆེར་སྔོན་པོར་མཐོང་བར་འགྱུར། །ཞེས་བྱ་བ་ལ། མཁྲིས་པ་ལས་ གྱུར་པའི་མིག་ནད་རབ་རིབ་ནི་གློག་དང་སྲིན་བུ་མེ་ཁྱེར་ལ་སོགས་པའི་འོད་ཀྱིས་སྣང་བར་བྱས་པ་ལྟ་བུར་གཟུགས་མཐོང་བར་འགྱུར་བ་དང་། དེ་བཞིན་དུ་རྨ་བྱའི་མཇུག་སྒྲོ་དང་། སྲེག་པའི་སྒྲོ་འདྲ་བར་གཟུགས་ཁ་དོག་སྣ་ཚོགས་སུ་མཐོང་བ་དང་། ཕལ་ཆེར་དེ་མང་དུ་ གཟུགས་སྔོན་པོར་མཐོང་བར་འགྱུར་རོ། །མཐོང་བྱེད་མིག་ནི་འཁར་གཡའ་འདྲ། །དེ་ལྟ་བུ་ནི་མཐོང་བ་དང་། །ཉི་ཟླ་འཁྱིམས་དང་མེ་དང་ནི། །སྨིན་རྒྱུ་འཇའ་ཚོན་མཐོང་བར་འགྱུར། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་མིག་སྔོན་པོར་གྱུར་པའི་ནད་ལ་ནི་ མིག་འཁར་བའི་གཡའ་ལྟར་སྡོ་བ་དང་གཟུགས་ཀྱང་འཁར་བའི་སྔོན་པོ་ལྟར་མཐོང་བ་དང་། དེ་བཞིན་དུ་ཉི་མ་དང་ཟླ་བ་འཁྱིམས་ཤིང་ཟླུམ་པོས་བསྐོར་བ་ལྟ་བུར་མཐོང་བ་དང་། དེ་བཞིན་དུ་མེ་དང་སྨིག་རྒྱུ་དང་འཇའ་ཚོན་ལྟ་བུར་གཟུགས་མཐོང་བར་འགྱུར་བ་ཡིན་ནོ། །བུང་བ་ལྟར་སྔོ་ མཐོང་བ་མེད། །འབྲས་བུ་སྣུམ་པ་མཐོང་ཉམས་ཡིན། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་མིག་ནད་བུང་བ་ལྟར་སྔོ་བའི་བུང་བའི་མདོག་ལྟར་སྔོ་ནག་ཏུ་སྣང་བ་དང་། དེ་བཞིན་དུ་མཐོང་བ་མེད་ཅིང་གཟུགས་མཐོང་བ་ལས་ཉམས་པ་དང་། འབྲས་བུ་སྣུམ་པ་དང་ 202-1-145a གཟུགས་མཐོང་བ་ཉམས་པ་ཡིན་ནོ། །མཁྲིས་པས་མིག་ནི་ཆུང་ཞེས་བཤད། །ཆུང་མཐོང་དེ་ནི་ཐུང་ངུ་ཡིན། །ཞེས་བྱ་བ་ལ། མཁྲིས་པ་འཁྲུགས་པར་གྱུར་པ་ལས་མིག་གང་ཆུང་ངུར་མཐོང་བ་དེ་ནི་མིང་ཆུང་ངུ་མཐོང་བ་ཞེས་བྱའོ། །སེར་ཞིང་དངོས་པོ་ སེར་པོར་མཐོང་། །མཁྲིས་པས་ཚིག་པར་གྱུར་ཅེས་བྱ། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་མིག་ནད་མིག་སེར་ཞིང་དངོས་པོ་སེར་པོར་མཐོང་བ་དེ་ནི་མིང་མཁྲིས་པས་ཚིག་པ་ཞེས་བྱའོ། །བད་ཀན་རབ་རིབ་ཕལ་ཆེར་ནི། །སྣུམ་ཞིང་དཀར་བར་མཐོང་བ་དང་། །དུད་དང་ ཟླ་བ་ཀུན་ད་དང་། །ཀུན་དའི་མེ་ཏོག་ལྟ་བུས་ཁྱབ། །ཅེས་བྱ་བ་ལ། བད་ཀན་ལས་གྱུར་པའི་མིག་ནད་རབ་རིབ་ཅན་ཕལ་ཆེར་དེ་མང་དུ་ནི་གཟུགས་སྣུམ་པ་དང་། དཀར་པོར་མཐོང་བ་དང་། དེ་བཞིན་དུ་གཟུགས་དུང་དང་ཟླ་བ་ལ་སོགས་པ་ལྟ་བུས་ཁྱབ་ཅིང་གཡོགས་པ་ལྟ་བུར་ མཐོང་བ་ཡིན་ཏེ། དེ་ནི་མིག་ནད་དཀར་པོ་ཞེས་བྱའོ། །སྔོན་པོ་འོད་མེད་ཉི་ཟླ་དང་། །སྒྲོན་མེས་ཁྱབ་པ་ལྟ་བུར་མཐོང་། །མིག་འབྲས་དཀར་པོར་སྣང་བར་འགྱུར། །ཞེས་བྱ་བ་ལ། དེ་ཉིད་ཡལ་བར་བོར་ཞིང་མ་གསོས་ན་མཆིང་བུ་ལྟ་བུར་སྔོན་པོར་གྱུར་ཅིང་འོད་མེད་པའི་ཉི་མ་ དང་ཟླ་བ་དང་། སྒྲོན་མ་ལ་སོགས་པ་ལྟ་བུར་ཁྱབ་ཅིང་གཟུགས་མཐོང་བ་དང་། དེ་ནི་མིག་འབྲས་དཀར་པོ་ཉིད་དུ་སྣང་ཞིང་མངོན་པར་གྱུར་པ་ཡིན་ནོ། །བད་ཀན་མཐོང་ཉམས་དེས་མངོན་ཁྱབ། །སྣུམ་ཞིང་མཐོང་བ་ཉམས་འགྱུར་ལ། །ཆུ་ཡི་ཐིགས་པ་པདྨ་ཡི། །འདབ་ མའི་སྟེང་ན་གནས་ལྟར་གཡོ། །དྲོ་ན་ཞུམ་པར་གྱུར་པ་དང་། །གྲང་བས་ཡོངས་སུ་ཁྱབ་པར་བྱེད། །ཟླ་བ་མེ་ཏོག་ཀུན་ད་དུང་། །ཤེལ་ལྟར་སྣང་ཞིང་དཀར་བ་ཡིན། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་སྤྲིས་གཡོགས་ཤིང་མཐོང་བ་ཉམས་པའི་མིག་ནད་ནི་ བད་ཀན་གྱིས་མངོན་སུམ་དུ་ཁྱབ་པ་ལྟ་བུར་སྣང་བ་དང་། མིག་སྣུམ་པར་སྣང་བ་དང་། མཐོང་བ་ཉམས་ཤིང་ལོང་བར་གྱུར་པ་དང་། དེ་བཞིན་དུ་ཆུའི་ཐིགས་པ་པདྨའི་འདབ་མའི་སྟེང་དུ་གནས་པ་ལྟ་བུར་གཡོགས་པར་སྣང་བ་དང་། ཐིགས་པ་དེ་དྲོ་བའི་གནས་སུ་ 202-1-145b ནི་ཞུམ་ཞིང་འདུས་པར་གྱུར་ལ། གྲིབ་མ་དང་གྲང་བའི་གནས་སུ་ཡོངས་སུ་ཁྱབ་ཅིང་རྒྱས་པར་བྱེད་པ་དང་། ཡང་དེ་ཟླ་བ་ལ་སོགས་པ་འགའ་ཡང་རུང་བ་བས་ཀྱང་དཀར་བར་གྱུར་པར་སྣང་བ་ཡིན་ནོ། །ཁྲག་གི་རབ་རིབ་དམར་བ་དང་། །མུན་པར་གྱུར་པ་མཐོང་བ་ཡིན། །ཞེས་ བྱ་བ་ལ། ཁྲག་ལས་གྱུར་པའི་རབ་རིབ་ནི་སྤྲིས་གཡོགས་པ་དམར་བར་སྣང་བ་དང་། གཟུགས་མུན་པར་ཞུགས་པ་ལྟ་བུར་མཐོང་བ་ཡིན་ནོ། །སྔོན་པོ་དམར་བའམ་གནག་པར་ནི། །མིག་གིས་དེ་ལྟར་མཐོང་བ་ཡིན། །ཞེས་བྱ་བ་ལ། ཁྲག་ལས་མིག་ནད་མཆིང་བུ་ལྟར་ སྔོན་པོར་གྱུར་པ་ནི། མིག་དམར་པོའམ་ནག་པོར་གྱུར་ཅིང་མིག་གིས་ཀྱང་དམར་པོའམ་ནག་པོར་མཐོང་བར་གྱུར་པ་ཡིན་ནོ། །མཚན་མ་ཉམས་པའང་དེ་ལྟར་མཐོང་། །འོད་མེད་མཐོང་བ་ཉམས་པ་ཡིན། །ཞེས་བྱ་བ་ལ། དེ་ཡལ་བར་བོར་བས་མཚན་མ་ཉམས་ ཤིང་སྤྲིས་གཡོགས་པ་ཁྲག་ལས་གྱུར་པའང་མིག་དེ་དང་འདྲ་བ་སྟེ། དམར་པོའམ་ནག་པོར་གྱུར་ཞིང་གཟུགས་དེ་གཉིས་ལྟར་མཐོང་བ་དང་། དེ་བཞིན་དུ་མིག་གི་རྒྱལ་མོ་འོད་མེད་ཅིང་མཐོང་བ་ཉམས་ཤིང་ལོང་བར་འགྱུར་རོ། །ལྡན་པའམ་ནི་འདུས་པ་ཡི། །རབ་རིབ་ ལ་སོགས་མཚན་མ་ནི། །འདྲེན་མ་ཡིན་པར་ཤེས་པར་བྱ། །ཞེས་བྱ་བ་ལ། ནད་གཞི་གཉིས་འདྲེས་པའི་ལྡན་པའམ་གསུམ་འདུས་པར་འགྱུར་བའི་མཚན་མ་ནི། རབ་རིབ་དང་སྔོན་པོ་དང་། སྤྲིས་གཡོགས་པའི་མཚན་མ་འདྲེན་མར་སྣང་བ་ཡིན་པར་ཤེས་པར་བྱའོ། ། གློ་བུར་དུ་ནི་རབ་རིབ་དག །གསལ་དང་མི་གསལ་འཁྲུགས་པར་བྱེད། །ཅེས་བྱ་བ་ལ། ལྡན་པ་དང་འདུས་པ་ལས་རབ་རིབ་ཏུ་འགྱུར་བ་ནི་གློ་བུར་དུ་གསལ་བར་འཁྲུགས་པར་འགྱུར་ཏེ། ལན་འགའ་ནི་གསལ་བར་འགྱུར་ལ། ལན་འགའ་ནི་མི་གསལ་བར་གཟུགས་མཐོང་བར་ འགྱུར་རོ། །ལྷག་མ་དག་གིས་མཐོང་བྱེད་ནི། །དམར་ཞིང་སྣ་ཚོགས་དག་ཏུ་སྣང་། །ཞེས་བྱ་བ་ལ། སྔོན་པོ་དང་མཐོང་བ་ཉམས་པ་ལྷག་མ་འདུས་པ་དང་། ལྡན་པ་ལས་གྱུར་པ་ནི་མཐོང་བར་བྱེད་པའི་མིག་གི་དཀྱིལ་འཁོར་དམར་ཞིང་སྣ་ཚོགས་སུ་སྣང་བ་ཡིན་ཏེ། ལྡན་ 202-1-146a པ་དང་འདུས་པའི་རབ་རིབ་གཅིག་ཏུ་བཤད་པ་ནི། ལྡན་པ་ལས་གྱུར་པའི་རབ་རིབ་གཅིག་དང་། ལྡན་པ་ལས་གྱུར་པའི་མིག་སྔོན་པོར་གྱུར་པ་གཅིག་དང་། ལྡན་པ་ལས་གྱུར་པའི་མཐོང་བ་ཉམས་པ་གཅིག་དང་། དེ་བཞིན་དུ་ལྡན་པ་ལས་གྱུར་པའི་རབ་ རིབ་གཅིག་དང་། འདུས་པ་ལས་གྱུར་པའི་མིག་སྔོན་པོར་གྱུར་པ་གཅིག་དང་། འདུས་པ་ལས་གྱུར་པའི་མཐོང་བ་ཉམས་པ་གཅིག་ཡིན་ནོ། །གང་གིས་མཐོང་བྱེད་ནད་ཀྱིས་ཁྱབ། །སྲེ་མོའི་མིག་འདྲར་སྣང་བར་འགྱུར། །དེ་ནི་ཉིན་མཐོང་མཚན་མོ་མིན། །ནེའུ་ལེ་ལོང་བ་ཞེས་ དེ་བཤད། །ཅེས་བྱ་བ་ལ། མིག་གང་གིས་མཐོང་བར་བྱེད་པའི་མིག་གི་དཀྱིལ་འཁོར་རླུང་ལ་སོགས་པའི་ནད་ཀྱིས་ཁྱབ་ཅིང་སྲེ་མོའི་མིག་དང་འདྲ་བར་འཚེར་བར་སྣང་བར་འགྱུར་བའི་ནད་དེ་ནི་མིང་ནེའུ་ལེ་ལོང་བ་ཞེས་བྱ་བར་བཤད་དེ། ནེའུ་ལེ་ལོང་བ་ཞེས་བྱ་བ་གང་ཡིན་ པ་དེའི་མཚན་ཉིད་དེ་ནི་ཉིན་མོར་དངོས་པོ་སྣ་ཚོགས་མཐོང་བར་འགྱུར་གྱི། མཚན་མོ་མཐོང་བར་མི་འགྱུར་རོ། །ཉི་མ་ནུབ་པར་གྱུར་པ་ན། །འོད་མི་སྣང་ཚེ་རེངས་འགྱུར་ཞིང་། །མཐོང་བྱེད་ཉམས་པར་བྱེད་པ་ནི། །ནད་ཀྱིས་ལོང་བ་གཉིས་པ་ཡིན། །ཉི་མའི་ ཟེར་གྱིས་ཕོག་པ་ན། །མཐོང་བའི་ལམ་ནས་དྲི་མ་ནི། །ཞུ་ཞིང་མེད་པར་གྱུར་ནས་ནི། །ཉིན་མོ་གསལ་བར་མཐོང་བར་བྱེད། །ཅེས་བྱ་བ་ལ། ཉི་མ་རིའི་རྩེ་ལས་ནུབ་པར་གྱུར་ཅིང་ཉིན་མོའི་མཐའ་མར་འོད་མི་སྣང་བར་གྱུར་པ་ན། མིག་གི་ནད་དེ་རེངས་ཤིང་སྲ་བར་གྱུར་ ནས་མཐོང་བར་བྱེད་པའི་མིག་གི་རྒྱལ་མོ་བསྒྲིབས་ཤིང་ཁེབས་པར་གྱུར་པས་མཐོང་བར་བྱེད་པ་ཉམས་པར་འགྱུར་ཏེ། དེ་ནི་ནད་ཀྱིས་མཚན་མོ་ལོང་བ་སྔ་མ་ལས་གཉིས་པར་གྱུར་པ་ཉིད་ཡིན་ཏེ་མཚན་མོ་ལོང་བ་འདི་ལ་ཉི་མའི་འོད་ཟེར་གྱིས་མཐོང་བར་བྱེད་པ་ན་ཡོད་པའི་ནད་མཐོང་བར་ བྱེད་པའི་ལམ་གྱི་མིག་ནས་དྲི་མ་དེ་ཞུ་ཞིང་མེད་པར་གྱུར་ནས། ཉིན་མོ་དངོས་པོ་གསལ་བ་ཁོ་ནར་མཐོང་བར་བྱེད་པ་ཡིན་ནོ། །ཚ་བས་གདུངས་ཏེ་མོད་ལ་ནི། །ཆུ་གྲང་ནང་དུ་ཞུགས་གྱུར་ན། །ནད་གཞི་གསུམ་དང་ཁྲག་འཁྲུགས་ཏེ། །དྲོད་ནི་གྱེན་འགྲོ་དེ་ནས་མིག ། 202-1-146b ཚ་ཞིང་ན་དཀར་དྲི་མ་ཅན། །ཉིན་མོ་ལོང་ལོང་པོར་མཐོང་ཞིང་། །མཚན་མོ་ལོང་བར་གྱུར་པ་དག །དེ་ནི་དྲོ་བས་ཚིག་ཅེས་བྱ། །ཞེས་བྱ་བ་ལ། མིག་གང་ཉི་མ་ལ་སོགས་པའི་ཚ་བས་གདུངས་ཤིང་ཉེན་པར་གྱུར་པ་དེ། མོད་ལ་དེ་འཕྲལ་དུ་ཆུ་གྲང་མོའི་ནང་དུ་ཞུགས་ ཤིང་ལུས་ནུབ་པར་བྱེད་པའི་རྒྱུས། ལུས་ཀྱི་ནང་ན་ཡོད་པའི་མེ་དྲོད་ཀྱི་ཚོགས་རླུང་ལ་སོགས་པའི་ནད་གཞི་གསུམ་དང་ཁྲག་འཁྲུགས་པར་གྱུར་ཅིང་དྲོད་དེ་ནད་དེ་དང་འདྲེས་པར་གྱུར་པས་གྱེན་དུ་འགྲོ་བར་འགྱུར་ལ་དེ་ནས་དེའི་འོག་ཏུ་རྒྱུ་དེས་མིག་ཚ་ཞིང་ན་བར་གྱུར་པ་དང་། མིག་ འབྲས་དཀར་པོ་དྲི་མ་ཅན་དུ་འགྱུར་ལ། དེས་ནི་ཉིན་མོ་ནི་མཐོང་བ་མི་གསལ་ཞིང་རྙོག་པ་ཅན་ལོང་ལོང་པོར་མཐོང་ལ་མཚན་མོའི་དུས་སུ་ནི་ལོང་ཞིང་ཅི་ཡང་མི་མཐོང་བར་འགྱུར་ཏེ། མིག་ནད་དེ་ནི་དྲོ་བས་ཚིག་པ་ཞེས་དྲང་སྲོང་རྣམས་ཀྱིས་བཤད་དོ། །ཤས་ཆེར་སྐྱུར་ཟོས་ ནད་དང་ནི། །ཁྲག་དང་བཅས་པས་མིག་ཁྱབ་འགྱུར། །འདྲུལ་ཞིང་གཡོ་བ་དྲི་མ་ཅན། །དེ་ནི་སྐྱུར་གྱིས་ཚིག་ཅེས་བྱ། །ཞེས་བྱ་བ་ལ། ཤས་ཆེར་དེ་ནི་མི་ཟད་པའམ། ཡང་དང་ཡང་དུ་ཁ་ཟས་སྐྱུར་བག་ཟོས་པ་ལས་རླུང་ལ་སོགས་པའི་ནད་ཁྲག་དང་བཅས་ པས་མིག་གི་ནང་ཁྱབ་པར་འགྱུར་ཞིང་ཁེབས་པར་གྱུར་པས་མིག་འདྲུལ་ཞིང་རྣགས་པ་དང་། ཤས་ཆེར་གཡའ་བ་དང་དྲི་མ་ཅན་དུ་གྱུར་པའི་མིག་ནད་དེ་ནི་མིང་སྐྱུར་གྱིས་ཚིག་པ་ཞེས་བྱའོ། །ཞེས་སློབ་དཔོན་དག་གིས་བཤད་དོ། །མྱ་ངན་རིམས་དང་མགོ་ནད་ཀྱིས། །རླུང་ སོགས་གདུངས་པར་གྱུར་པ་ལས། །རླུང་སོགས་འཁྲུགས་ཤིང་དུད་འཐུལ་མཐོང་། །དེ་ནི་དུད་པ་ཅན་ཞེས་བྱ། །ཞེས་བྱ་བ་ལ། སྐྱེས་བུ་མྱ་ངན་ལ་སོགས་པས་གདུངས་པར་གྱུར་པ་ལས་མིག་གིས་དུད་པ་ལྟ་བུར་མཐོང་ཞིང་ནང་ན་དུད་པ་བསྐུ་བ་ལྟར་འཁྲུགས་པའི་ མིག་ནད་དེ་ནི་དུད་པ་ཅན་ཞེས་བྱའོ། །སྙིང་སྟོབས་ཆུང་བས་གློ་བུར་དུ། །ངོ་མཚར་ཅན་གྱི་གཟུགས་མཐོང་བའམ། །ཉི་མ་འོད་ཅན་སོགས་མཐོང་ནས། །མིག་ལ་བརྟེན་པའི་རླུང་ལ་སོགས། །གཟི་བྱིན་ཉམས་པས་མིག་གི་ནི། །མཐོང་བ་ཉམས་པར་བྱེད་ 202-1-147a པར་འགྱུར། །བཻ་ཌཱུརྱ་མདོག་མཁྲང་བག་དང་། །རང་བཞིན་གནས་ལྟར་ནད་མེད་འགྱུར། །འདི་ནི་འཕྲད་པ་ལས་བྱུང་བའི། །མཚན་མ་ཉམས་པ་ཞེས་བྱར་བཤད། །ཅེས་བྱ་བ་ལ། སྐྱེས་བུ་སྙིང་སྟོབས་ཆུང་ཞིང་བློ་ཞེན་པས་གློ་བུར་ཏེ་འཕྲལ་ དུ་ངོ་མཚར་དུ་གྱུར་ཅིང་རྨད་དང་ལྡན་པའི་གཟུགས་མཐོང་བར་འགྱུར་བ་དང་། ཡང་ན་ཉི་མ་ལ་སོགས་པ་འོད་དང་ལྡན་ཞིང་འཚེར་བའི་གཟུགས་མཐོང་བ་ལས་མིག་ལ་རྟེན་ཅིང་གནས་པའི་ནད་ཀྱིས་མིག་གི་གཟི་བྱིན་གྱི་མདངས་ཉམས་པར་བྱས་ནས། མིག་གི་མཐོང་བ་ཉམས་ པར་འགྱུར་བ་དང་། བཻ་ཌཱུརྱའི་མདོག་ལྟར་སྔོ་བ་དང་། མཁྲང་ཞིང་གཏར་བག་ཏུ་འདུག་པ་དང་། རང་བཞིན་དུ་གནས་ཤིང་ཐ་མལ་པར་འདུག་པ་ལྟར་ན་ནད་མེད་པར་འགྱུར་ཏེ། ནད་འདི་ནི་འཕྲད་པ་ལས་བྱུང་བའི་མཚན་མ་ཉམས་པ་ཞེས་བྱའོ། །འདི་ལས་བད་ ཀན་མ་གཏོགས་མཚན། །ཉམས་དང་ཐུང་ངུ་གཏིང་ཞེན་སྤང་། །ཞེས་བྱ་བ་ལ། མིག་ནད་འདི་དག་གི་ནང་ནས་བད་ཀན་ལས་གྱུར་པའི་མཚན་མའམ། མཐོང་བ་ཉམས་པ་མ་གཏོགས་པ་རླུང་དང་མཁྲིས་པ་དང་ཁྲག་དང་ལྡན་པ་དང་འདུས་པ་དང་འཕྲད་པ་ལས་གྱུར་པའི་ མཐོང་བ་ཉམས་པ་དྲུག་པོ་སྤང་བར་བྱ་བ་དང་། དེ་བཞིན་དུ་ཐུང་ངུ་ཞེས་བྱ་བ་དང་། གཏིང་དུ་ཞེན་པ་ཞེས་བྱ་བའི་མིག་ནད་ཀྱང་གསོར་མི་རུང་བས་སྤང་བར་བྱའོ། །མིག་སྔོན་དྲུག་དང་ནེའུ་ལེ་ཡི། །ལོང་བ་འཚོ་ཙམ། ཞེས་བྱ་བ་ལ། རླུང་དང་མཁྲིས་པ་དང་བད་ཀན་དང་། ཁྲག་དང་ལྡན་པ་དང་། འདུས་པ་ལས་གྱུར་པའི་མིག་སྔོན་པོ་མཆིང་བུ་ལྟར་གྱུར་པ་དྲུག་པོ་དང་། ནེའུ་ལེ་ལོང་བ་སྟེ་བདུན་པོ་དེ་དག་ནི་རེ་ཞིང་འཚོ་བ་ཙམ་དུ་བྱར་རུང་བ་ཡིན་ནོ། །ལྷག་མ་ནི། བཅུ་གཉིས་པོ་ནི་གསོ་བར་བྱ། །ཞེས་བྱ་བ་ལ། ལྷག་མ་མིག་ནད་ བཅུ་གཉིས་པོ་རླུང་དང་མཁྲིས་པ་དང་། བད་ཀན་དང་ཁྲག་དང་ལྡན་པ་དང་། འདུས་པ་ལས་གྱུར་པའི་རབ་རིབ་དྲུག་དང་། མཁྲིས་པས་ཚིག་པ་དང་། བད་ཀན་གྱིས་མཚན་མ་ཉམས་པ་དང་། མཚན་མོ་ལོང་བ་དང་དྲོ་བས་ཚིག་པ་དང་སྐྱུར་བས་ཚིག་པ་དང་། དུད་པ་ 202-1-147b ཅན་ཏེ་བཅུ་གཉིས་པོ་ནི་བཅོས་སུ་རུང་བ་ཡིན་པས་གསོ་བར་བྱའོ། །དེ་ལྟར་མིག་ནད་ཉི་ཤུ་ནི། །རྩ་བདུན་དག་ཏུ་བསྟན་པ་ཡིན། །ཞེས་བྱ་བ་ལ། ཚུལ་དེ་ལྟར་ན་མཐོང་བར་བྱེད་པའི་མཚན་མ་ལ་གནོད་པའི་མིག་ནད་ཉི་ཤུ་རྩ་བདུན་དག་ཀྱང་བསྟན་ཅིང་བཤད་པ་ཡིན་ ནོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་བཅུ་གཉིས་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་རབ་རིབ་གསོ་བ་བཤད་ པར་བྱའོ། །ཞེས་བྱ་བ་ལ། གོ་རིམས་ཀྱིས་ན་ལེའུ་འདི་བརྩམས་པ་ཡིན་ནོ། །རབ་རིབ་སྔོན་པོ་ཉིད་འགྱུར་ཞིང་། །སྔོན་པོ་མ་བཅོས་ལོང་བར་འགྱུར། །དེ་བས་མིག་ནད་ལ་རབ་རིབ། །མི་བཟད་མྱུར་དུ་གསོ་བར་བྱ། །ཞེས་བྱ་བ་ལ། དང་པོར་མིག་ནད་རབ་ རིབ་ཏུ་གྱུར་པ་དེ་མ་བཅོས་ཤིང་གསོ་བ་མ་བྱས་ན། རྒྱུ་དེས་སྔོན་པོ་ཞེས་བྱ་བའམ། སྤྲིས་གཡོགས་པ་ཞེས་བྱ་བར་འགྱུར་ལ། དེ་བཞིན་དུ་སྔོན་པོར་འགྱུར་ཞིང་སྤྲིས་གཡོགས་པ་མ་བཅོས་ན་ཡང་ལོང་བ་ཉིད་དུ་འགྱུར་རོ། །རྒྱུ་དེ་བས་ནི་མིག་ནད་ཐམས་ཅད་ཀྱི་ནང་ ནས་རབ་རིབ་ནི་མི་བཟད་ཅིང་འཇིགས་པ་ཡིན་པས་དེ་མྱུར་བ་ཁོ་ནར་གསོ་བར་བྱའོ། །འཚོ་བྱེད་སྲང་བརྒྱ་ཆུ་བྲེ་ནི། །བཅུ་དྲུག་ནང་བསྐོལ་བཞི་ཆ་ལུས། །ཁུ་བ་འོ་མ་བྲེ་དོ་དང་། །མར་ནི་བྲེ་གང་ལྷན་ཅིག་བཙོ། །སྟག་ཚེར་བ་དང་རམ་ཉེ་བ། །སེང་ཕྲོམ་རྒྱམ་ཚ་པི་པི་ ལིང་། །ཤུ་ཏི་ཤིང་མངར་རྒུན་འབྲུ་དང་། །ཐང་ཤིང་ཁ་ར་འབྲས་བུ་གསུམ། །ཞོ་ནི་གཉིས་གཉིས་བཏབ་བསྐོལ་ཏེ། །མཚན་འཐུངས་རབ་རིབ་སེལ་མཆོག་ཡིན། །ཞེས་བྱ་བ་ལ། སྨན་འཚོ་བྱེད་ཛི་བན་ཏི་ཞེས་བྱ་བ་སྲང་བརྒྱ་ཆུ་བྲེ་བཅུ་དྲུག་གི་ནང་དུ་བསྐོལ་ ལ་དེ་ལས་བཞི་ཆ་སྟེ་བྲེ་བཞི་ལུས་པའི་ཁུ་བ་དང་མར་བྲེ་གང་དང་། འོ་མ་བྲེ་དོ་དང་སྟག་ཚེར་བ་ཞེས་བྱ་བ་པྲ་པུཎྜ་རཱི་ཀ་དང་རམ་ཉེ་བ་ལ་སོགས་པའི་སྨན་ཞོ་གཉིས་བཏགས་པའི་ལྡེ་གུ་བཅུག་སྟེ་བསྐོལ་ལ་སྨན་མར་དེ་མཚན་མོ་ཉལ་ཁར་འཐུངས་ན་རབ་རིབ་སེལ་ཞིང་འཇོམས་པར་ 202-1-148a བྱེད་པའི་མཆོག་ཡིན་ནོ། །རྒུན་འབྲུ་བཙོད་དང་ཙནྡན་དཀར། །རམ་ཉེ་བ་གཉིས་ཛི་བ་ཀ །ཁ་ར་ཉེའུ་ཤིང་མེ་ད་དང་། །ཤིང་མངར་ཨུཏྤལ་པུཎྜ་རཱི། །ཞོ་ནི་གཉིས་གཉིས་མར་རྙིང་ནི། །བྲེ་གང་འོ་མ་དེ་མཉམ་བསྐོལ། །དེ་ཡིས་མིག་སྔོན་ རབ་རིབ་དང་། །མར་གྱིས་མགོ་བོའི་ནད་རྣམས་འཇོམས། །ཞེས་བྱ་བ་ལ། རྒུན་འབྲུ་ལ་སོགས་པའི་སྨན་སྣ་རེ་རེ་ཞིང་ཞོ་གཉིས་གཉིས་དང་མར་རྙིང་པ་བྲེ་གང་དང་འོ་མ་དེ་དང་མཉམ་པ་སྟེ་བྲེ་གང་བསྐོལ་བའི་སྨན་མར་དེས་ནི་མིག་སྔོན་པོ་ལ་སོགས་པའི་ནད་རྣམས་འཇོམས་པར་བྱེད་ དོ། །ནིམ་པ་སྐྱེར་པ་པ་ཏོ་ལ། །པུ་ཙེ་ཤེལ་དང་པུ་ཤེལ་ཙེ། །འབྲས་བུ་གསུམ་དང་བ་ཤ་ཀ །བྱི་ཚེར་བ་དང་ཀྱི་ལྕེ་བ། །པར་པ་ཏ་ནི་སྲང་རེ་ཡིན། །སྐྱུ་རུ་ར་ནི་བྲེ་གང་དག །ཆུ་བྲེ་བཅུ་དྲུག་ནང་དུ་བསྐོལ། །བྲེ་བཞི་ལུས་པར་གླ་སྒང་དང་། །རྩ་མཁྲིས་ཤིང་མངར་དུག་མོ་ ཡུངས། །བ་ལུ་ཀ་དང་ཙནྡན་དང་། །པི་པི་ལིང་སྲང་ཕྱེད་ཕྱེད་དང་། །མར་བྲེ་གང་དང་བཅས་བསྐོལ་བ། །དེས་ནི་རྣ་མིག་སྣ་ནད་དང་། །ཁོང་འབྲས་རིམས་དང་མཛེར་པ་དང་། །འབྲུམ་ཕྲན་ཤུ་བ་མཛེ་ནད་སེལ། །མཆོག་ཏུ་ལིང་ཏོག་རབ་རིབ་དང་། །མཚན་ལོང་དྲོ་བས་ཚིག་ པ་འཇོམས། །ཞེས་བྱ་བ་ལ། ནིམ་པ་ནས་པར་པ་ཏའི་བར་སྲང་རེ་རེ་དང་། སྐྱུ་རུ་ར་བྲེ་གང་དང་། ཆུ་བྲེ་བཅུ་དྲུག་གི་ནང་དུ་བསྐོལ་བ་དེ་ལས་བྲེ་བཞི་ལུས་པའི་ཁུ་བ་དང་། གླ་སྒང་ལ་སོགས་པའི་མིག་སྨན་སྲང་ཕྱེད་ཕྱེད་བཏགས་པའི་ལྡེ་གུ་དང་མར་བྲེ་གང་དང་བཅས་པར་བསྐོལ་ ལ་སྨན་མར་དེ་བླུད་ན། རྣ་བ་དང་མིག་དང་སྣ་ལ་སོགས་པའི་ནད་སེལ་བར་འགྱུར་བ་དང་། མཆོག་ཏུ་ཡང་ལིང་ཏོག་ལ་སོགས་པ་འཇོམས་པར་བྱེད་པ་ཡིན་ནོ། །འབྲས་བུ་གསུམ་ནི་སྲང་བརྒྱད་དག །ཆུ་བྲེ་བཞི་བསྐོལ་བཞི་ཆ་ལུས། །འོ་མ་དེ་དང་ཆ་མཉམ་དང་། །འབྲས་ བུ་གསུམ་གྱི་ལྡེ་གུ་ནི། །སྲང་གཅིག་ཞུན་མར་བྲེ་ཕྱེད་བསྐོལ། །ཁ་རའམ་སྦྲང་རྩི་བཅས་པའམ། །འབྲས་བུ་གསུམ་གྱི་ཁུ་བར་བཅས། །འཐུངས་ན་རབ་རིབ་ཐམས་ཅད་འཇོམས། །ཞེས་བྱ་བ་ལ། འབྲས་བུ་གསུམ་སྲང་བརྒྱད། ཆུ་བྲེ་བཞིའི་ནང་དུ་བསྐོལ་ལ་དེ་ལས་ 202-1-148b ཁུ་བ་བྲེ་གང་ལུས་པའི་ནང་དུ་འོ་མ་སྨན་གྱི་ཁུ་བ་དེ་དང་ཆ་མཉམ་པ་བྲེ་གང་བཅུག་ལ་འབྲས་བུ་གསུམ་སྲང་གཅིག་ལྡེ་གུ་དང་ཞུན་མར་བྲེ་ཕྱེད་བསྐོལ་ཏེ་མར་གྱི་ནང་ཁ་རའམ་སྦྲང་རྩི་བཏབ་ལ་རབ་རིབ་ཅན་ལ་བླུད་པར་བྱ་བའམ། ཡང་ན་མར་དེ་དང་འབྲས་བུ་གསུམ་གྱི་ཁུ་བ་དང་བཅས་པ་ བླུད་ན་རབ་རིབ་ཀྱི་ནད་ཐམས་ཅད་སེལ་བར་བྱེད་དོ། །ཤིང་མངར་རམ་ཉེ་བ་གཉིས་དང་། །ཀཎྜ་ཀ་རི་པི་པི་ལིང་། །ཨ་རུ་ར་དང་ཨུཏྤ་ལ། །ཁ་ར་རྒུན་འབྲུ་སྲང་རེ་བཅས། །ར་ཡི་འོ་མ་མར་བྲེ་རེ། །འབྲས་བུ་གསུམ་དང་བ་ཤ་ཀ །བྲིང་ག་ར་ཛའི་ཁུ་བར་བསྐོལ། །འདི་ནི་ འབྲས་བུ་གསུམ་ཆེན་མོའི། །མར་དེ་མིག་ནད་ཀུན་སེལ་མཆོག །ཅེས་བྱ་བ་ལ། ཤིང་མངར་ལ་སོགས་པའི་སྨན་སྲང་རེ་དང་། མར་དང་འོ་མ་ཆ་སྙོམས་པའི་བྲེ་རེ་རེ་བྱས་པ་དང་། འབྲས་བུ་གསུམ་ལ་སོགས་པའི་ཁུ་བ་བྲེ་གང་དང་བསྐོལ་བའི་སྨན་མར་འདི་ནི་འབྲས་བུ་གསུམ་ བསྐོལ་བའི་སྨན་མར་ཞེས་བྱ་བ་སྟེ། མིག་ནད་ཐམས་ཅད་སེལ་བའི་མཆོག་ཡིན་ནོ། །འབྲས་བུ་གསུམ་དང་མར་རམ་ནི། །འབྲས་བུ་གསུམ་དང་ཤིང་མངར་བཅས། །སྦྲང་རྩི་ཡིས་ནི་སྦྲུས་གྱུར་པ། །མཚན་མོ་ཟོས་པར་གྱུར་ནས་ནི། །ཟླ་གཅིག་ཕན་པའི་ཟས་བསྟེན་ཞིང་། ། སྐྱུ་རུ་ར་ཡི་ཆུ་འཐུངས་ན། །མཁའ་ལྡིང་ལྟ་བུའི་མིག་ཐོབ་ཅེས། །དྲང་སྲོང་མུ་ཁྱུད་ཀྱིས་བཤད་དོ། །ཞེས་བྱ་བ་ལ། འབྲས་བུ་གསུམ་དང་བསྐོལ་བའི་སྨན་མར་རམ། འབྲས་བུ་གསུམ་དང་ཤིང་མངར་དུ་བཅས་པར་སྦྲང་རྩིས་སྦྲུས་ཤིང་མཉེས་པ་དང་། འབྲས་བུ་གསུམ་ གྱི་སྨན་མར་དང་བཅས་པར་མཚན་མོ་ཉལ་ཀའི་དུས་སུ་ཟོས་པར་གྱུར་ཅིང་ཕན་ཞིང་འཕྲོད་པའི་ཟས་བསྟེན་པར་བྱེད་ཅིང་སྐྱུ་རུ་རའི་ཆུ་དེའི་རྗེས་ལ་འཐུངས་ན། དེའི་མིག་ནམ་མཁའ་ལྡིང་གི་མིག་ལྟ་བུར་ཤིན་ཏུ་གསལ་བར་འགྱུར་རོ། །ཞེས་དྲང་སྲོང་ཆེན་པོ་མུ་ཁྱུད་ཅེས་བྱ་བས་ བཤད་པ་ཡིན་ནོ། །ཏ་བྱ་ཤིང་མངར་ལྕགས་དང་གསེར། །ཁ་ར་སྦྲང་རྩི་མར་རྙིང་དང་། །འབྲས་བུ་གསུམ་དང་ཅི་འདོད་སྦྱར། །བསྟེན་པས་རབ་རིབ་འཇོམས་མཆོག་ཡིན། །ཞེས་བྱ་བ་ལ། ཏ་བྱ་ཞེས་བྱ་བ་དྲུབ་མར་ཅང་ཞེས་གྲགས་པ་རྡོ་གསེར་མདོག་ཅན་དང་ཤིང་མངར་ 202-1-149a ལ་སོགས་པའི་སྨན་ཅི་འདོད་པ་སྦྱར་བ་སྟེ་སྨན་འདི་དག་རེ་རེའམ་གཉིས་སམ་གསུམ་མམ་བཞི་འམ་མ་ལུས་པར་སྦྱར་ཞིང་ཟོས་ན། རབ་རིབ་འཇོམས་པར་བྱེད་པའི་མཆོག་གཙོ་བོ་ཡིན་ནོ། །ཡང་ན་འབྲས་བུ་གསུམ་བསྐོལ་མར། རབ་རིབ་ཅན་གྱིས་ བསྟེན་བྱའམ། །ཞེས་བྱ་བ་ལ། ཡང་ན་འབྲས་བུ་གསུམ་བསྐོལ་བའི་ཁུ་བ་མར་དང་བཅས་པ་རབ་རིབ་ཅན་གྱི་ནད་པས་བསྟེན་ཅིང་གོམས་པར་བྱའོ། །སྣུམ་ཁུར་ཕྱེའམ་སྲན་ཚོད་ནི། །འབྲས་བུ་གསུམ་གྱི་ཕྱེ་བཅས་པའམ། །ཞེས་བྱ་བ་ལ། ཡང་སྣུམ་ཁུར་ལ་སོགས་ པ་འབྲས་བུ་གསུམ་གྱི་ཕྱེ་མ་དང་བཅས་པ་དེ་རབ་རིབ་ཅན་གྱིས་བསྟེན་པར་བྱའོ། །འོ་ཐུག་འབྲས་བུ་གསུམ་བཅས་པ། །བསྒྲངས་ཏེ་ཁ་ར་སྦྲང་རྩི་གདབ། །ཅེས་བྱ་བ་ལ། ཡང་ན་འབྲས་ཆན་དང་འོ་མ་བསྐོལ་བའི་འོ་ཐུག་འབྲས་བུ་གསུམ་དང་བཅས་པ་དེ་བསྐངས་པ་དེའི་ནང་དུ་ཁ་ ར་དང་སྦྲང་རྩི་བཏབ་པ་རབ་རིབ་ཅན་གྱི་ནད་པས་བསྟེན་ན་ཡང་ཕན་ནོ། །ཟས་མ་ཟོས་པའམ་ནང་པར་ནི། །རྒུན་འབྲུ་ཁ་ར་སྦྲང་རྩི་དང་། །ཨ་རུ་ར་ནི་སོ་སོར་བཟའ། །རྟག་ཏུ་རབ་རིབ་ཅན་གྱིས་བསྟེན། །ཞེས་བྱ་བ་ལ། ཡང་ན་ཟས་མ་ཟོས་པའི་སྔོན་དུའམ། ནང་པར་ཐོ་རངས་ ཀྱི་དུས་སུ་རྒུན་འབྲུ་ལ་སོགས་པ་རྟག་ཏུ་སོ་སོར་བཟའ་བར་བྱ་ཞིང་། བསྟེན་ན་ཡང་རབ་རིབ་ཅན་ཐམས་ཅད་ཀྱི་ནད་ལ་ཕན་ནོ། །ལིག་བུ་མིག་ཆ་དྲུག་ཅུ་བཞི། །ཟངས་དང་དངུལ་དང་གསེར་གྱི་ཆ། །རེ་རེ་གཅིག་ཏུ་སྦྱར་བ་ནི། །ཀོང་བུ་ཁ་སྦྱར་ནང་དུ་གཞུག །འདྲེས་པར་གྱུར་པའི་བར་ དུ་བུད། །དེ་ནས་དེ་ཡི་རོ་དྲུག་གི། །ཚོགས་ཀྱི་ཁུ་བར་ལན་བདུན་དུ། །སོ་སོར་དེ་ལ་བླུགས་པར་བྱ། །མུ་ཏིག་དུང་དང་བཻ་ཌཱུརྱ། །ཚ་བ་གསུམ་དང་དེ་ནས་བསྲེ། །ཕྱེ་མའི་མིག་སྨན་དེ་བཏང་ན། །རབ་རིབ་ཐམས་ཅད་སེལ་བྱེད་ཡིན། །ཞེས་བྱ་བ་ལ། ལིག་བུ་མིག་ ཅེས་བྱ་བ་སྟྲོ་ཏ་ཨན་ཛ་ན་ཆ་དྲུག་ཅུ་རྩ་བཞི་ཟངས་དང་དངུལ་དང་གསེར་སྣ་རེ་ཞིང་ཆ་རེ་གཅིག་ཏུ་བསྡུས་ལ་ཀོང་བུ་ཁ་སྦྱར་གྱི་ནང་དུ་བཅུག་ནས་དུ་བ་མ་ཤོར་བར་བྱས་ཏེ་མེ་བུས་ལ་འདྲེས་པར་གྱུར་གྱི་བར་དུ་བསྐོལ་ལོ། །རྡོ་ལ་བཏགས་ཏེ་དེའི་འོག་ཏུ་དེ་མངར་བ་དང་། སྐྱུར་བ་དང་། ལན་ཚྭ་དང་། 202-1-149b ཁ་བ་དང་། ཚ་བ་དང་། བསྐ་བའི་སྨན་གྱི་ཚོགས་ཀྱི་ཁུ་བའི་ནང་དུ་ལན་བདུན་གྱི་བར་དུ་དེ་སོ་སོར་བླུགས་པར་བྱ་ཞིང་དེ་ལ་སྦང་བར་བྱའོ། །དེའི་འོག་ཏུ་མུ་ཏིག་དང་། དུང་དང་བཻ་ཌཱུརྱ་དང་། ཚ་གསུམ་མིག་སྨན་ཞེས་བྱ་སྟེ་བསྲེ་བར་བྱའོ། །དེ་ལྟ་བུ་དེ་ནི་ཕྱེ་མའི་མིག་སྨན་ཞེས་བྱ་ སྟེ། མིག་སྨན་དེ་བཏང་ཞིང་བསྐུས་པར་གྱུར་ན་རབ་རིབ་ཐམས་ཅད་སེལ་བར་བྱེད་པ་ཡིན་ནོ། །རྒུན་འབྲུ་པདྨའི་རྩ་བ་ཡི། །ཁུ་བ་འོ་མ་ཆང་དང་ཞག །ཆར་པ་དེ་བཞིན་ལིག་བུ་མིག །བསྐོལ་ཞིང་བསྐུ་བ་བྱས་ནས་ནི། །ཕྱེ་མ་དེ་ནི་དུང་དང་གཞུག །མཐོང་བ་གསལ་བྱེད་མིག་ སྨན་ཡིན། །མིག་ནད་ཐམས་ཅད་ལ་བསྔགས་ཞེས། །ལུས་འཕགས་རྒྱལ་པོས་བཤད་པ་ཡིན། །ཞེས་བྱ་བ་ལ། རྒུན་འབྲུ་དང་པདྨའི་རྩ་བ་བསྐོལ་བའི་ཁུ་བ་དང་འོ་མ་ལ་སོགས་པ་ལྷན་ཅིག་བསྐོལ་བ་དག་གིས་ལིག་བུ་མིག་བསྒོས་ཤིང་དེའི་ནང་དུ་བསྐོལ་བའི་ཕྱེ་མ་དུང་དང་ བཅས་པ་དེ་མིག་སྨན་དུ་བསྐུས་ན་རབ་རིབ་སེལ་ཅིང་མཐོང་བ་གསལ་བར་བྱེད་པ་དང་། མིག་གི་ནད་ཐམས་ཅད་ལ་ཡང་ཕན་པར་བྱེད་པ་ཡིན་ནོ། །ཞེས་ལུས་འཕགས་ཀྱི་རྒྱལ་པོས་བཤད་པ་ཡིན་ནོ། །སྤངས་མ་སྲང་གཉིས་རྒྱ་ཤུག་གི། །སོལ་བར་བསྲེགས་ལ་ར་ཡི་ནི། ། འོ་མ་མར་དང་སྦྲང་རྩི་ཡི། །ནང་དུ་ལན་ནི་བདུན་བདུན་བཅུག །ཏ་བྱ་དང་ནི་ན་ལེ་ཤམ། །ལིག་བུ་མིག་དང་པུ་ཙེ་ཤེལ། །སྤང་སྤོས་རྒྱམ་ཚ་ཨ་རུ་ར། །སེང་ཕྲོམ་ལྡོང་རོས་པི་པི་ལིང་། །སུག་སྨེལ་རྒྱ་མཚོའི་ལྦུ་བ་དང་། །སྟང་ཟིལ་ཞོ་ནི་གཉིས་གཉིས་དང་། །ཤིང་མངར་སྲང་ གཅིག་བཅས་པ་ནི། །ཀོང་བུ་ཁ་སྦྱར་ནང་བསྲེགས་བཏགས། །མིག་སྔོན་མཚན་མོ་ལོང་བར་བཅས། །དམར་རིས་དེ་བསྟེན་པ་ཡིས་འཇོམས། །ཕྱེ་མས་མཆོག་ཏུ་རབ་རིབ་ནད། །ཉི་མས་མུན་པ་བཞིན་དུ་སེལ། །ཞེས་བྱ་བ་ལ། སྤངས་མ་ཤིང་རྒྱ་ཤུག་གི་སོལ་བའི་ནང་ དུ་བསྲེགས་ལ་རའི་འོ་མ་ལ་སོགས་པའི་ནང་དུ་ལན་བདུན་བདུན་བཅུག་ལ་ཏ་བྱ་ལ་སོགས་པའི་སྨན་ཞོ་གཉིས་གཉིས་དང་ཤིང་མངར་ལ་སོགས་པ་སྲང་གཅིག་དང་བསྲེས་ཏེ། ཀོང་བུ་ཁ་སྦྱར་གྱི་ནང་དུ་བཅུག་ལ་དུ་བ་མ་ཤོར་བར་བསྲེགས་ཏེ་དེ་བཞིན་དུ་བཏགས་ཏེ་མིག་སྨན་དུ་བྱས་བས་ནི་མིག་ 202-1-150a སྔོ་བ་ལ་སོགས་པའི་མིག་ནད་འཇོམས་པར་བྱེད་ཅིང་སྨན་གྱི་ཕྱེ་མ་དེས་ཇི་ལྟར་ཉི་མས་མུན་པ་བཞིན་དུ་རབ་རིབ་ཀྱི་ཚོགས་འཇོམས་པར་བྱེད་པ་ཡིན་ནོ། །སྤང་སྤོས་དྲི་བཟངས་གསུམ་དང་ལྕགས། །གུར་གུམ་ཨུཏྤལ་སྔོན་པོ་དང་། །ཁ་ར་སྤངས་མ་ཨ་རུ་ ར། །རྒྱ་མཚོའི་ལྦུ་བ་མཆིང་བུ་དཀར། །ན་ལེ་ཤམ་དང་པི་པི་ལིང་། །སྟང་ཟིལ་ཤིང་མངར་དུང་དང་བཅས། །ཐ་སྐར་ཟླ་བའི་ཚེ་ན་ནི། །ཕྱེ་མ་མིག་གཉིས་ལ་བསྐུས་ན། །མིག་མཛེར་རབ་རིབ་དམར་རིས་དང་། །གཡའ་དང་མིག་སྔོན་སོགས་ཞི་བྱེད། །ཅེས་བྱ་བ་ལ། སྤང་ སྤོས་ལ་སོགས་པའི་སྨན་གྱི་ཕྱེ་མ་གཟའ་ཟླ་བ་དང་སྐར་མ་ཐ་སྐར་ལ་བབ་པའི་ཚེ་བསྐུས་ཤིང་མིག་གཉིས་ལ་བྱུགས་ན་རབ་རིབ་ལ་སོགས་པའི་མིག་ནད་ཐམས་ཅད་སེལ་བར་བྱེད་པ་ཡིན་ནོ། །ན་ལེ་ཤམ་དང་རྒྱམ་ཚ་ནི། །ཆ་རེ་པི་པི་ལིང་དང་ནི། །རྒྱ་མཚོའི་ལྦུ་བ་ཆ་གཉིས་དང་། །སྐྱེར་ པའི་ཁཎྜ་ཆ་དགུ་ནི། །ནད་པ་ལ་བབ་ཚེ་ན་བཏགས། །མིག་བསྐུས་བད་ཀན་རབ་རིབ་འཇོམས། །ཞེས་བྱ་བ་ལ། ན་ལེ་ཤམ་དང་རྒྱམ་ཚ་གཉིས་ཆ་རེ། པི་པི་ལིང་དང་རྒྱ་མཚོའི་ལྦུ་བ་ཆ་གཉིས་སྐྱེར་པའི་ཁཎྜ་ཆ་དགུ་སྐར་མ་ནག་པ་ལ་བབ་པའི་ཚེ་བཏགས་ལ་བསྐུས་ན་བད་ཀན་ལས་གྱུར་པའི་རབ་ རིབ་འཇོམས་པར་བྱེད་དོ། །སྤངས་མ་བསྲེགས་ནས་ལན་མང་དུ། །བ་གཅིན་ར་ཐུག་ཁུ་བ་དང་། །སྐྱུར་རྩབས་བུད་མེད་ནུ་ཞོ་དང་། །དུག་གི་ཁུ་བ་སྦྲང་རྩི་མར། །བཅུག་པར་གྱུར་པ་གང་ཡིན་པ། །ཕྱེ་མར་བྱས་དེས་མི་ཡི་མིག །མཁའ་ལྡིང་མིག་ལྟར་གསལ་བར་འགྱུར། ། ཞེས་བྱ་བ་ལ། སྤངས་མ་ལེགས་པར་བསྲེགས་ལ། བ་གཅིན་ལ་སོགས་པའི་ནང་དུ་ལན་མང་དུ་སོ་སོར་བཅུག་པར་གྱུར་པ་གང་ཡིན་པ་དེ་སྐམས་ལ་ཕྱེ་མར་བྱས་ཏེ། ཕྱེ་མ་དེས་མིག་ལ་བསྐུས་ན་མིའི་མིག་ནམ་མཁའ་ལྡིང་དང་འདྲ་བར་གསལ་བར་འགྱུར་རོ། །བྲིང་ག་ར་ཛ་འབྲས་བུ་ གསུམ། །དུག་དང་ཤིང་མངར་ཁུ་བ་དང་། །མར་དང་ར་ཡི་འོ་མར་ནི། །ཞ་ཉེ་ལན་ནི་བདུན་བདུན་དུ། །བསྲེགས་ཤིང་བསྲེགས་ཤིང་བཙོས་པ་ཡི། །མིག་སྨན་ཐུར་མར་བྱས་པ་དེ། །མིག་སྨན་བསྐོལ་བའམ་མ་བསྐོལ་བའམ། །བྱུགས་ན་རབ་རིབ་མིག་མཛེར་ནད། །ཆུ་སེར་ 202-1-150b འཛག་དང་འབྱར་བག་ཅན། །གཡའ་དང་ཚོར་བ་མེད་པ་དང་། །རི་མོ་དམར་པོར་སྣང་བ་འཇོམས། །ཞེས་བྱ་བ་ལ། བྲིང་ག་ར་ཛའི་ཁུ་བ་དང་། འབྲས་བུ་གསུམ་གྱི་ཁུ་བ་དང་། དུག་གི་ཁུ་བ་དང་། ཤིང་མངར་གྱི་ཁུ་བ་དང་། མར་དང་རའི་འོ་མའི་ ནང་དུ་བསྲེགས་པ་དེ་སོ་སོར་ལན་བདུན་དང་། ཞ་ཉེ་ནག་པོ་ལན་བདུན་གྱི་བར་དུ་བསྲེགས་ཤིང་བཙོས་ལ། བསྣུར་བའི་ཞ་ཉེ་དེ་མིག་སྨན་གྱི་ཐུར་མར་བྱས་ལ། ཐུར་མ་དེ་མིག་སྨན་དང་བཅས་པའམ་མིག་སྨན་མེད་པར་ཡང་རུང་སྟེ། མིག་ཏུ་བྱུགས་ན་རབ་རིབ་ལ་སོགས་ པའི་མིག་ནད་དང་། གཡའ་བ་དང་ཚོར་བ་མེད་ཅིང་བེམ་པོར་འདུག་པ་དང་། རི་མོ་དམར་པོ་ཤར་ཤར་པོར་སྣང་བ་འཇོམས་ཤིང་སེལ་བར་བྱེད་དོ། །དངུལ་ཆུ་རོ་ཉེ་ཆ་མཉམ་བྱ། །དེ་གཉིས་སྟང་ཟིལ་མཉམ་བྱས་ལ། །ག་བུར་ཅུང་ཟད་བཏབ་པ་ཡི། །མིག་སྨན་རབ་རིབ་སེལ་ མཆོག་ཡིན། །ཞེས་བྱ་བ་ལ། དངུལ་ཆུ་དང་རོ་ཉེ་གཉིས་པོ་ཆ་མཉམ་པར་བྱས་ལ་གཉིས་པ་དེ་དང་སྟང་ཟིལ་ཞེས་བྱ་བ་དངུལ་རྡོ་ཆ་མཉམ་དུ་བྱས་ལ་ཞིབ་ཏུ་བཏགས་ཏེ་དེའི་ནང་དུ་ག་པུར་ཅུང་ཟད་བཏབ་པའི་མིག་སྨན་ནི། མིག་གི་བདུད་རྩི་ཞེས་བྱ་བ་སྟེ་རབ་རིབ་སེལ་བའི་མཆོག་ཡིན་ནོ། ། བྱ་རྒོད་དུས་སུ་ཤི་བའི་མགོ་བོ་ནི། །ཉི་མ་འཆར་ཀའི་མདོག་འདྲ་གང་ཡིན་དེ། །བ་ལང་ལྕི་བས་བསྲེགས་ཐལ་ལིག་བུ་མིག །ཆ་མཉམ་བཏགས་པར་གྱུར་པའི་ཕྱེ་མ་ཡི། །སྦྱོར་འདིས་མིག་གི་གསལ་སྟོབས་བྱ་རྒོད་ལྟ་བུར་བྱེད། །ཅེས་བྱ་བ་ལ། བྱ་རྒོད་གང་མ་བསད་པར་ དུས་སུ་ཤི་བའི་མགོ་བོ་ཉི་མ་འཆར་ཀའི་མདོག་དང་འདྲ་བར་དམར་བ་གང་ཡིན་པ་དེ་བ་ལང་གི་ལྕི་བའི་མེས་བསྲེགས་ཏེ་ཐལ་བར་བྱས་པ་དང་ལིག་བུ་མིག་ཆ་སྙོམས་ཏེ་ཞིབ་ཏུ་བཏགས་པའི་ཕྱེ་མའི་མིག་སྨན་འདི་བསྐུས་ན་མིག་གི་མཐོང་བའི་སྟོབས་བྱ་རྒོད་ལྟ་བུར་གསལ་བར་མཐོང་བར་བྱེད་པ་ ཡིན་ནོ། །སྦྲུལ་ནག་མགོར་ནི་ལིག་བུ་མིག །མར་བཅས་དུད་པ་མ་ཤོར་བསྲེགས། །སྤང་སྤོས་གནྡྷ་བྷ་དྲ་དང་། །ལྷན་ཅིག་བཏགས་པས་མིག་འབྲས་ནི། །རྡོལ་ཡང་མིག་ནི་སྲུང་བར་བྱེད། །ཅེས་བྱ་བ་ལ། སྦྲུལ་ནག་པོ་ཤི་བའི་མགོ་བོའི་ཁའི་ནང་དུ་ལིག་བུ་མིག་མར་ 202-1-151a དང་བཅས་པར་བཅུག་ལ། འཇིམ་པས་བསྐུས་ཏེ་དུད་པ་མ་ཤོར་བར་བསྲེགས་ནས། སྤང་སྤོས་དང་། གནྡྷ་བྷ་དྲ་དང་བཅས་པར་བཏགས་པའི་མིག་སྨན་གྱིས་མིག་གི་འབྲས་བུ་བརྟོལ་ཞིང་ཉམས་པ་ཡང་བསྲུང་ཞིང་མཐོང་བར་བྱེད་པ་ཡིན་ནོ། །སྦྲུལ་ ནག་ཤི་བའི་རོ་དང་ནི། །སྡིག་པ་ཤི་བའི་རོ་བཞི་ནི། །འོ་མའི་བུམ་པར་ཞག་ཉི་ཤུ། །རྩ་གཅིག་བཅུག་སྟེ་བསྲུལ་ལ་བསྲུབ། །དེ་ལས་མར་སར་གང་བྱུང་བས། །ཁྱིམ་བྱ་གསོ་སྟེ་དེ་ཡི་ནི། །རྟུག་པས་མིག་ནི་བསྐུས་གྱུར་ན། །ལོང་བས་ཀྱང་ནི་ངེས་པར་མཐོང་། །ཞེས་བྱ་བ་ ལ། སྦྲུལ་ནག་པོ་ཤི་བའི་རོ་གཅིག་དང་། སྡིག་པ་ཞེས་བྱ་བའི་འབུ་ཤི་བའི་རོ་བཞི་འོ་མ་བླུགས་པའི་བུམ་པའི་ནང་དུ་བཅུག་སྟེ་དེ་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་བཞག་ལ་བསྲུལ་ནས་དེའི་འོག་ཏུ་བསྲུབ་མས་བསྲུབས་ཏེ། འོ་མ་ལས་མར་སར་པ་གང་ཞིག་བྱུང་བར་གྱུར་པའི་མར་དེས་ ཁྱིམ་བྱ་གསོ་སྟེ། ཁྱིམ་བྱ་དེའི་རྟུག་པ་མིག་ཏུ་བསྐུས་པར་གྱུར་ན་ལོང་བས་ཀྱང་ངེས་པར་གཟུགས་སུ་མཐོང་བར་འགྱུར་རོ། །སྦྲུལ་ནག་པོ་ཡི་ཞག་དང་དུག །སྟང་ཟིལ་ཀ་ཏ་ཀའི་འབྲས་བུ། །ཁུ་བར་བྱས་པའི་སྦྱོར་བ་ཡིས། །ལོང་བའང་མྱུར་དུ་མཐོང་བར་བྱེད། །ཅེས་བྱ་བ་ལ། སྦྲུལ་ནག་པོའི་ཞག་ལ་སོགས་པའི་སྨན་འདི་དག་ཐམས་ཅད་ཁུ་བའི་སྦྱོར་བ་བྱས་ལ་དེ་གདུས་པའི་མིག་སྨན་གྱིས་བསྐུས་ན་ལོང་བས་ཀྱང་རིང་པོར་མི་ཐོགས་པར་མཐོང་བར་བྱེད་པ་ཡིན་ནོ། །ན་ལེ་ཤམ་ནི་རྡོག་པོ་བཅུ། །དྲུབ་མར་ཅང་ནི་སྲང་ཕྱེད་དང་། །སྤངས་མ་སྲང་གཅིག་ཤིང་ མངར་ནི། །ཞོ་གཉིས་འོ་མའི་ནང་དུ་སྦངས། །དུ་བ་མ་ཤོར་བསྲེགས་མིག་སྨན། །ཁུ་བ་མཉམ་མེད་ཅེས་བྱ་སྟེ། །རབ་རིབ་འཇོམས་པའི་མཆོག་ཡིན་ནོ། །ཞེས་བྱ་བ་ལ། ན་ལེ་ཤམ་རྡོག་མ་བཅུ་དང་། དྲུབ་མར་ཅང་ཞེས་བྱ་བ་ཏ་བྱ་སྲང་ཕྱེད་དང་། སྤངས་མ་སྲང་གཅིག་ དང་། ཤིང་མངར་ནི་ཞོ་གཉིས་ཏེ་འདི་དག་འོ་མའི་ནང་དུ་སྦངས་ལ་དུ་བ་མ་ཤོར་བར་བསྲེགས་པའི་ཁུ་བ་མཉམ་པ་མེད་པ་ཞེས་བྱ་བའི་མིག་སྨན་ཡིན་ཏེ་རབ་རིབ་སེལ་བར་བྱེད་པའི་མཆོག་དམ་པ་ཡིན་ནོ། །བ་རུ་ར་ཡི་ཚི་གུ་ན་ལེ་ཤམ། །སྐྱུ་རུ་ར་དང་སྤངས་མ་ཤིང་མངར་ནི། །ཆུ་ 202-1-151b ཐགས་བྱས་པའི་རི་ལུ་གྲིབ་མར་བསྐམས། །རབ་རིབ་མྱུར་དུ་འཇོམས་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། བ་རུ་རའི་ཚི་གུ་ལ་སོགས་པའི་སྨན་ཆུ་ཐགས་ལ་བཏགས་ལ་དེའི་རི་ལུ་གྲིབ་མ་ལ་བསྐམས་ཏེ། དེ་མིག་ཏུ་བསྐུས་ན་རབ་རིབ་ཀྱི་མིག་ནད་མྱུར་ཞིང་རིང་པོར་མི་ཐོགས་ པར་འཇོམས་པར་བྱེད་པ་ཡིན་ནོ། །ན་ལེ་ཤམ་དང་སྐྱུ་རུ་ར། །རྒྱ་མཚོའི་ལྦུ་བ་སྤངས་མ་དང་། །དངུལ་རྡོ་དང་ནི་དྲུབ་མར་བཅས། །གོ་རིམས་བཞིན་དུ་ཆ་རེས་བསྐྱེད། །དྲུབ་མར་ཆ་ནི་དྲུག་པ་སྟེ། །སྦྱོར་འདིས་རབ་རིབ་ལིང་ཏོག་མཛེར། །རྣག་དང་མིག་སྔོ་གཡའ་བ་སེལ། །ཞེས་ བྱ་བ་ལ། ན་ལེ་ཤམ་ལ་སོགས་པའི་སྨན་ཆ་རེས་བསྐྱེད་དེ་སྦྱར་བའི་མིག་སྨན་འདི་ནི་མིང་དྲུབ་མར་ཆ་དྲུག་པ་ཞེས་བྱ་སྟེ། སྦྱོར་བ་འདིས་རབ་རིབ་དང་ལིང་ཐོག་ལ་སོགས་པའི་མིག་ནད་སེལ་བར་བྱེད་དོ། །དེ་ལ་ཆ་རེས་བསྐྱེད་པའི་ཚུལ་ནི་ན་ལེ་ཤམ་ཆ་གཅིག །སྐྱུ་རུ་ར་ཆ་གཉིས། རྒྱ་མཚོའི་ལྦུ་བ་ཆ་གསུམ། སྤངས་མ་ཆ་བཞི། དངུལ་རྡོ་ཆ་ལྔ། དྲུབ་མར་ཅང་ཆ་དྲུག་ཏུ་སྦྱར་རོ། །རིན་ཆེན་དངུལ་དང་ཤེལ་དང་གསེར། །ལིག་བུ་མིག་དང་ཟངས་ལྕགས་དང་། །ཙནྡན་དམར་པོ་ཡུག་སྣམ་དམར། །ཕྱེ་མའི་མིག་སྨན་ནད་ཀུན་སེལ། །ཞེས་བྱ་བ་ལ། རིན་པོ་ ཆེ་ལ་སོགས་པའི་མིན་སྨན་དུ་བྱས་པས་ནི་མིག་གི་ནད་ཐམས་ཅད་སེལ་བར་བྱེད་དོ། །རིན་པོ་ཆེ་ནི་མར་གད་ལ་སོགས་པའོ། །ཏིལ་མར་བ་རུ་ར་ཡི་མར། །བྲིང་ག་ར་ཛ་ཨ་ས་ནའི། །ཁུ་བ་ལྕགས་ཀྱི་སྣོད་དུ་བསྐོལ། །སྣར་བླུགས་མིག་ནི་གསལ་སྟོབས་སྐྱེད། །ཅེས་བྱ་བ་ལ་སོགས་པའི་ སྨན་ལྕགས་ཀྱི་སྣོད་དུ་བསྐོལ་བའི་ཐིགས་པ་སྣར་བླུགས་ན་ཡང་མིག་གསལ་ཞིང་མཐོང་བའི་སྟོབས་སྐྱེད་པར་བྱེད་དོ། །བ་རུ་རའི་མར་ནི་དེའི་ཚི་གུ་བཙིར་བའི་མར་རོ། །བྲིང་ག་ར་ཛ་དང་། ཨ་ས་ནའི་ཁུ་བ་ནི། དེ་གཉིས་བསྐོལ་བའི་ཁུ་བའོ། །ནད་ཀྱི་ཚུལ་ལས་དེ་ལ་ལན་མང་ དུ། །སྣུམ་བླུད་གཏར་ག་བཀྲུ་སྨན་སྣ་སྨན་དང་། །མིག་སྨན་མགོ་བོའི་བཀྲུ་སྨན་མས་གཏོང་དང་། །ཉམས་བརྟ་བྱུག་དང་བླུགས་པས་ཅི་རིགས་གསོ། །ཞེས་བྱ་བ་ལ། རབ་རིབ་ཀྱི་ནད་དེ་ནི་ནད་ཀྱི་ཚུལ་ཐ་དད་པ་དེ་ལ་གཅིག་མ་ཡིན་པར་ལན་དུ་མར་སྣུམ་བླུད་པ་དང་གཏར་ག་ལ་ 202-1-152a སོགས་པ་ནས་སྨན་ཆུའི་ཐིགས་པ་བླུགས་པའི་བར་གྱིས་དེ་གསོ་བར་བྱའོ། །འདི་ནི་སྤྱི་ཡི་གསོ་བ་ཡིན། །ད་ནི་རེ་རེའི་མཉན་པར་གྱིས། །ཞེས་བྱ་བ་ལ། གསོ་བ་འདི་ནི་རབ་རིབ་ཐམས་ཅད་ཀྱི་སྤྱིའི་ཐུན་མོང་གི་གསོ་བ་བཤད་པ་ཡིན་ལ། ད་ནི་ འདི་མན་ཆད་ནི་རླུང་ལ་སོགས་པ་ནད་གཞི་རེ་རེ་ལས་གྱུར་པའི་རབ་རིབ་གསོ་བ་སྟོན་པས་དེ་མཉན་པར་གྱིས་ཤིག་པའོ། །དེ་ལས་རླུང་གྱུར་རབ་རིབ་ལ། །རྩ་བ་བཅུ་བསྐོལ་ཁུ་བ་མར། །འོ་མ་བཞི་འགྱུར་འབྲས་བུ་གསུམ། །ལྡེ་གུ་བསྐོལ་བ་བླུད་པར་བྱ། །དེ་འོག་འབྲས་ བུ་གསུམ་དང་ནི། །རྩ་བ་ལྔའི་ཁུ་འོ་མ་དང་། །ཨེ་རཎྜ་ཡི་ཏིལ་མར་བཅས། །བཀྲུ་སྨན་ཉེ་བར་གཏང་བར་བྱ། །ཞེས་བྱ་བ་ལ། དེ་ལ་རླུང་ལས་གྱུར་པའི་རབ་རིབ་ལ་ནི་རྩ་བ་བཅུ་པ་བསྐོལ་བའི་སྨན་གྱི་ཁུ་བ་དང་། འོ་མ་མར་གྱི་བཞི་འགྱུར་དང་། འབྲས་བུ་གསུམ་བཏགས་ པའི་ལྡེ་གུ་དང་། བསྐོལ་བའི་མར་བླུད་པར་བྱའོ། །དེའི་འོག་ཏུ་ནད་པ་དེ་སྨྱུང་བའི་ཆོ་ག་བྱས་ལ་འབྲས་བུ་གསུམ་དང་། རྩ་བ་ལྔ་བསྐོལ་བའི་ཁུ་བ་འོ་མ་དང་བཅས་པ་དང་། དེ་བཞིན་དུ་ཨེ་རཎྜའི་ཏིལ་མར་དང་བཅས་པའི་བཀྲུ་སྨན་བཏང་ལ་འཁྲུར་གཞུག་པར་བྱའོ། །ཛི་བན་ཏི་ཡི་ཡལ་ གར་བཅས། །སྲང་བརྒྱ་ཆུ་བྲེ་བཅུ་དྲུག་བསྐོལ། །བརྒྱད་ཆ་ལུས་པ་དེ་ནང་དུ། །ཏིལ་མར་འོ་མ་བྲེ་རེ་དང་། །བ་ལ་གསུམ་དང་ཛི་བན་ཏི། །ཉེའུ་ཤིང་རྩ་བ་སྲང་རེ་དང་། །ཤིང་མངར་སྲང་ནི་བཞི་དང་བཅས། །ལྕགས་ཀྱི་སྣོད་དུ་བསྐོལ་བར་བྱ། །ལྕགས་སྣོད་ཉིད་དུ་ཟླ་གཅིག་བཞག ། སྣ་སྨན་ནམ་ཚོང་ཡན་ཆད་ཀྱི། །རླུང་དང་མཁྲིས་པའི་ནད་འཇོམས་ཤིང་། །མཆོག་ཏུ་མིག་ལ་གནས་པ་སེལ། །སྐྲ་གདོང་གཉའ་བ་ཕྲག་ནད་སེལ། །རྒྱས་ཤིང་བཞིན་མདངས་མཛེས་པར་བྱེད། །ཅེས་བྱ་བ་ལ། ཛི་བན་ཏིའི་ཡལ་ག་དང་། །རྩ་བར་བཅས་པ་སྲང་ བརྒྱ་ཆུ་བྲེ་བཅུ་དྲུག་གི་ནང་དུ་བསྐོལ་ལ་ཆུ་དེའི་བརྒྱད་ཆ་ལུས་པའི་ནང་དུ་ཏིལ་མར་དང་འོ་མ་བྲེ་རེ་དང་བ་ལ་གསུམ་ཞེས་བྱ་བ་ཨ་ཏི་བ་ལ་དང་། ནཱ་ག་བ་ལ་ཞེས་བྱ་བ་ཛི་བན་ཏི་དང་། ཉེའུ་ཤིང་གི་རྩ་བ་སྲང་རེ་རེ་དང་ཤིང་མངར་སྲང་བཞི་ལྡེ་གུར་བྱས་པ་ལྕགས་ཀྱི་སྣོད་ཀྱི་ནང་དུ་ 202-1-152b བསྐོལ་བའི་ཏིལ་མར་དེ་ལྕགས་སྣོད་དེ་ཉིད་དུ་ཟླ་བ་གཅིག་གི་བར་དུ་བཞག་ལ། སྣ་སྨན་དུ་བཏང་ན། ནམ་ཚོང་ཡན་ཆད་ཀྱི་རླུང་དང་། མཁྲིས་པ་ལས་གྱུར་པའི་ནད་ཐམས་ཅད་འཇོམས་པར་འགྱུར་རོ། །དེ་ལས་ཀྱང་མཆོག་གམ་ཁྱད་པར་དུ་མིག་ལ་གནས་པའི་རླུང་དང་མཁྲིས་ པ་སེལ་བར་བྱེད་པ་དང་། སྐྲ་དང་གདོང་ལ་སོགས་པའི་ནད་སེལ་བར་བྱེད་ཅིང་བཞིན་མདངས་མཛེས་པར་བྱེད་པ་ཡིན་ནོ། །ཨེ་རཎྜ་དཀར་རྩ་བ་དང་། །ཐང་ཤིང་བྲི་ཧ་ཏིའི་འབྲས་བུ། །ཤུ་དག་རྒྱ་སྤོས་ཙི་ཏྲ་དང་། །བིལ་བའི་རྩ་བ་ཏིལ་མར་དང་། །འོ་མར་བཅས་བསྐོལ་ སྣར་བླུགས་ན། །ནམ་ཚོང་ཡན་ཆད་རླུང་དང་ནི། །བད་ཀན་གྱི་ནི་ནད་ཀུན་སེལ། །ཞེས་བྱ་བ་ལ། ཨེ་རཎྜ་དཀར་པོའི་རྩ་བ་ལ་སོགས་པ་ལྡེ་གུར་བྱས་པ་ཏིལ་མར་དང་འོ་མ་དང་ལྷན་ཅིག་ཏུ་བསྐོལ་ཏེ་སྣ་སྨན་དུ་བླུགས་ན་ནམ་ཚོང་ཡན་ཆད་ཀྱི་རླུང་དང་བད་ཀན་གྱི་ནད་ཀྱིས་ཉེན་པ་ ཐམས་ཅད་སེལ་བར་འགྱུར་རོ། །སྟག་དང་ཕག་དང་བྱ་རྒོད་དང་། །སྦྲུལ་དང་ཁྱིམ་བྱའི་ཚིལ་དང་ནི། །ཤིང་མངར་སོ་སོར་སྦྱར་ཏེ་བསྐོལ། །མིག་སྨན་བསྐུས་པ་བསྔགས་པ་ཡིན། །ཞེས་བྱ་བ་ལ། སྟག་གི་ཞག་གམ། ཕག་གི་ཞག་གམ། བྱ་རྒོད་ཀྱི་ཚིལ་ལམ། སྦྲུལ་གྱི་ཚིལ་ལམ། ཁྱིམ་བྱའི་ཚིལ་ཤིང་མངར་དང་། སོ་སོར་སྦྱར་ཏེ་བསྐོལ་བ་མིག་སྨན་དུ་བསྐུས་ན་ཡང་ནད་དེ་ལ་བསྔགས་པ་ཡིན་ནོ། །དེ་རྗེས་མིག་སྨན་ལིག་བུ་མིག །ཤ་ཁུ་འོ་མ་མར་རིམ་བཞིན། །སྔ་མ་བཞིན་དུ་བླུགས་ན་ནི། །རབ་རིབ་འཇོམས་བྱེད་མཆོག་ཡིན་ནོ། ། ཞེས་བྱ་བ་ལ། །མིག་སྨན་ལིག་བུ་མིག་སྔ་མ་བཞིན་དུ་བསྐོལ་བ་ཤ་ཁུ་དང་། འོ་མ་དང་མར་གྱི་ནང་དུ་རིམ་བཞིན་དུ་ལན་བདུན་བདུན་སྦངས་ཤིང་བླུགས་ལ་མིག་ཏུ་བསྐུས་ན་རབ་རིབ་སེལ་བའི་མཆོག་ཡིན་ནོ། །དེ་ལྟར་བྱས་ཀྱང་མ་ཞི་ན། །དེ་འོག་བརྟ་བའི་ཆོ་ག་སྤྱད། །ཅེས་བྱ་ བ་ལ། གལ་ཏེ་དེ་ལྟར་བྱས་སུ་ཟིན་ཀྱང་རླུང་ལས་གྱུར་པའི་རབ་རིབ་དེ་ཞི་བར་མ་གྱུར་ན་དེའི་འོག་ཏུ་བརྟ་བའི་ཆོ་ག་ཇི་སྐད་བཤད་པ་སྤྱད་པར་བྱའོ། །ཤུ་ཏི་རུ་རྟ་སྤང་སྤོས་དང་། །ཤིང་མངར་རམ་ཉེ་བ་གཉིས་དང་། །སྟག་ཚེར་བ་དང་ས་ར་ལ། །པི་པི་ལིང་དང་ཐང་ཤིང་ནི། །མར་ 202-1-153a གྱི་བརྒྱད་འགྱུར་འོ་མར་བསྐོལ། །མིག་བརྟ་བ་ཡི་མཆོག་ཡིན་ནོ། །ཞེས་བྱ་བ་ལ། ཤུ་ཏི་ལ་སོགས་པའི་སྨན་མར་གྱི་བརྒྱད་འགྱུར་གྱི་འོ་མ་དང་བསྐོལ་བའི་སྨན་མར་ནི་མིག་བརྟ་བའི་མཆོག་ཡིན་ནོ། །རི་དྭགས་ཨེ་ན་ཡའི་ཚིལ་ནི། །འོ་མར་བསྐོལ་ཏེ་ གཟར་བུས་དཀྲུགས། །དེ་ཡི་དྭངས་མ་ཤིང་མངར་དང་། །ཙནྡན་པུ་ཤེལ་ཙེ་དེ་བཞིན། །ཞེས་བྱ་བ་ལ། རི་དྭགས་ཨེ་ན་ཡའི་ཚིལ་འོ་མ་དང་བཅས་པར་བསྐོལ་ཏེ་གཟར་བུས་དཀྲུགས་ལ་དེའི་དྭངས་མ་བླངས་ལ། ཤིང་མངར་དང་ཙནྡན་དང་པུ་ཤེལ་ཙི་དང་། སོ་སོར་བསྐོལ་ བའི་ཁུ་བ་ཡང་མིག་བརྟ་བར་བྱེད་པའི་མཆོག་ཡིན་ནོ། །ཤྭ་བིད་རེག་འཇམ་གོ་ད་དང་། །ཁྱིམ་བྱ་སྲེག་པ་རྨ་བྱའི་ཚིལ། །རེ་རེ་ཞིང་ནི་ཆོ་ག་དག །འདི་ཉིད་ཀྱིས་ནི་བརྟ་བར་བྱ། །ཞེས་བྱ་བ་ལ། ཤྭ་བིད་ལ་སོགས་པའི་ཚིལ་ཡང་སྔར་བཤད་པའི་སྦྱོར་བའི་ཆོ་ག་ཉིད་ཀྱིས་བརྟག་ ཅིང་སྦྱར་བ་ཡང་མིག་བརྟ་བའི་མཆོག་ཡིན་ནོ། །བསལ་བར་བྱ་དང་སྣུམ་དང་ནི། །སྨན་ཕུར་བཙོས་པའི་ཐིགས་པ་བླུགས། །ཞེས་བྱ་བ་ལ། རབ་རིབ་དེ་བསལ་བར་བྱ་བ་དང་། སྣུམ་གྱི་ཆོ་གར་བྱས་པའི་སྦྱོར་བར་སྨན་གྱི་ཕུར་མ་བཙོས་པའི་ཐིགས་པ་ཡང་བླུགས་པར་བྱའོ། ། འདིར་ནི་རླུང་གྱུར་ཆམ་པ་བཞིན། །ནི་རུ་ཧ་དང་འཇམ་རྩི་བྱ། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་རབ་རིབ་འདི་ལ་གསོ་བ་རླུང་ལས་གྱུར་པའི་ཆམ་པ་དང་འདྲ་བར་བྱ་ཞིང་དེ་བཞིན་དུ་བཀྲུ་སྨན་དྲག་པོ་མས་གཏོང་བ་འཇམ་རྩི་དང་བཅས་པ་གཏང་བར་བྱའོ། །མཁྲིས་པ་ལས་གྱུར་ རབ་རིབ་ལ། །འཚོ་བྱེད་འབྲས་བུ་གསུམ་དང་ནི། །བསྐོལ་བའི་མར་ནི་བླུད་བྱ་ཞིང་། །སྣུམ་གྱིས་ཞེན་པར་གཏར་ག་གདབ། །ཅེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་རབ་རིབ་ཀྱི་མིག་ནད་ལ་ནི་འཚོ་བྱེད་ཀྱི་སྡེ་ཚན་དང་། འབྲས་བུ་གསུམ་བསྐོལ་བའི་སྨན་མར་བླུད་ལ། སྣུམ་ གྱིས་ཞེན་པར་གྱུར་པ་དང་དེའི་འོག་ཏུ་གཏར་ག་གདབ་ཅིང་ཁྲག་དབྱུང་བར་བྱའོ། །ཁ་ར་དུར་བྱིད་སུག་སྨེལ་ཕྱེ། །སྦྲང་རྩི་སྦྱར་བའི་བཀྲུ་སྨན་གཏང་། །ཞེས་བྱ་བ་ལ། ནད་མཁྲིས་པ་ལས་གྱུར་པའི་རབ་རིབ་ཀྱིས་ཉེན་པའི་ནད་པ་དེ་ལ་ཁ་ར་ལ་སོགས་པའི་བཀྲུ་སྨན་གཏང་བ་ཡང་ 202-1-153b ཕན་ནོ། །རབ་བསིལ་སྨན་ཆུ་བླུགས་བྱུག་སོགས། །གདོང་དང་མིག་དང་སྤྱི་བོར་སྦྱར། །ཞེས་བྱ་བ་ལ། མཁྲིས་པ་དང་ཁྲག་ལས་གྱུར་པའི་རབ་རིབ་ཅན་ལ་ནི་རབ་ཏུ་བསིལ་བའི་ནུས་པ་དང་ལྡན་པའི་སྨན་གྱི་ཆུ་བསིལ་མོ་སྤྱི་བོ་ནས་བླུགས་པར་བྱ་ཞིང་བྱུག་པ་ལ་སོགས་ པས་གདོང་བསྐུ་བར་བྱའོ། །ཐལ་ཏྲེས་ཤུག་པ་པུ་ཤེལ་ཙེ། །མུ་ཏིག་སེང་ཕྲོམ་ཙནྡན་དཀར། །རི་ལུའི་མིག་སྨན་བསྐུས་ན་ཕན། །ཞེས་བྱ་བ་ལ། ཐལ་ཏྲེས་ལ་སོགས་པའི་མིག་སྨན་རི་ལུར་བྱས་པའི་སྨན་བསྐུས་ན་ཡང་། མཁྲིས་པ་ལས་གྱུར་པའི་རབ་རིབ་ལ་ ཕན་ནོ། །དེ་བཞིན་གནྡྷ་བྷ་དྲ་དང་། །ནཱ་ག་པུཥྤ་ཨུཏྤ་ལ། །ག་པུར་ཤིང་མངར་ཡུག་སྣམ་ཕན། །ཞེས་བྱ་བ་ལ། དེ་བཞིན་དུ་མཁྲིས་པ་ལས་གྱུར་པའི་རབ་རིབ་ལ་གནྡྷ་བྷ་དྲ་ལ་སོགས་པའི་ཕྱེ་མའི་མིག་སྨན་བསྐུས་ན་ཡང་ཕན་ནོ། །སྐྱེར་ཁཎྜ་དང་སྤངས་མ་དང་། །ཀར་ཀ་ཏ་ཡི་ སྲིང་གི་དང་། །སྐྱུ་རུ་ར་ཡི་འབྲས་བུ་ཤེལ། །ག་བུར་ཆ་ནི་ལྔ་ལྔ་དང་། །ཆ་གསུམ་ཆ་རེ་སྦྱར་བ་ཡིན། །མིག་སྨན་རབ་རིབ་འཇོམས་པར་བྱེད། །ཅེས་བྱ་བ་ལ། སྐྱེར་པའི་ཁཎྜ་ཆ་ལྔ་དང་སྤངས་མ་སྐྱེར་པ་ཁཎྜའི་ཆ་དང་། ཀར་ཀ་ཏ་སྲིང་གི་དང་། སྐྱུ་རུ་རའི་འབྲས་བུ་ཆ་ གསུམ། ཤེལ་དང་ག་བུར་ཆ་གཅིག་སྦྱར་བའི་མིག་སྨན་ནི་རབ་རིབ་འཇོམས་པར་བྱེད་པ་ཡིན་ནོ། །འཚོ་བྱེད་ཁ་ར་ཨུཏྤ་ལ། །འོ་མ་མར་བསྐོལ་སྣ་སྨན་གཏང་། །ཞེས་བྱ་བ་ལ། འཚོ་བྱེད་ཀྱི་སྡེ་ཚན་དང་། ཁ་ར་དང་། ཨུཏྤ་ལ་སྔོན་པོ་དང་། མར་དང་མར་གྱི་གཞི་འགྱུར་ གྱི་འོ་མ་དང་བསྐོལ་བའི་མར་སྣ་ནས་བཏང་ན་ཡང་ཕན་ནོ། །བད་ཀན་ལས་གྱུར་སླེ་ཏྲེས་དང་། །འབྲས་བུ་གསུམ་དང་པི་པི་ལིང་། །མར་བསྐོལ་སྣུམ་བླུད་གཏར་ག་གདབ། །དེ་རྗེས་དན་ད་དུར་བྱིད་བསྐོལ། །གླ་གོར་ཞོ་ཤ་ཨ་རུ་ར། །བཅའ་སྒ་པི་པི་ལིང་ཕྱེ་གདབ། །བཀྲུ་ སྨན་དག་ནི་གཏང་བར་བྱ། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་རབ་རིབ་ལ་ནི་སླེ་ཏྲེས་ལ་སོགས་པ་དང་། མར་བསྐོལ་བའི་ཁུ་བ་བླུད་པས་སྣུམ་གྱི་ཆོ་ག་བྱས་ལ་དེའི་རྗེས་ལ་གཏར་ག་གདབ་པར་བྱའོ། །དེའི་རྗེས་ལ་དན་ད་ལ་སོགས་པའི་བཀྲུ་སྨན་གཏང་བར་བྱའོ། །རྩ་བ་ 202-1-154a བཅུ་པའི་ཁུ་བར་ནི། །བ་ལེ་ཀ་དང་སེར་པོ་གཉིས། །ཐང་ཤིང་པི་པི་ལིང་འོ་མ། །ཏིལ་མར་བསྐོལ་བའི་སྣ་སྨན་གཏང་། །ཅེས་བྱ་བ་ལ། ཡང་ན་བད་ཀན་ལས་གྱུར་པའི་རབ་རིབ་ལ་རྩ་བ་བཅུ་པ་ལ་སོགས་པའི་བཀྲུ་སྨན་གཏང་བར་བྱའོ། །དུང་དང་གླ་ རྩི་པྲི་ཡང་ཀུ། །རྩ་བ་གསུམ་དང་འབྲས་བུ་གསུམ། །དྲི་མེད་རི་ལུས་མིག་གསལ་བྱེད། །ཅེས་བྱ་བ་ལ། དུང་ལ་སོགས་པ་བཏགས་ཏེ་རི་ལུར་བྱས་པ་ནི། དྲི་མ་མེད་པའི་རི་ལུ་ཞེས་བྱ་བ་སྟེ། དེ་མིག་གསལ་བར་བྱེད་པའི་ཕྱིར་བསྐུ་བར་བྱའོ། །ལྕགས་ནག་ཕྱེ་མ་ཚ་བ་ གསུམ། །རྒྱམ་ཚ་འབྲས་བུ་གསུམ་མིག་སྨན། །རི་ལུ་ནག་པོས་མིག་གསལ་བྱེད། །ཅེས་བྱ་བ་ལ། ལྕགས་ནག་པོའི་ཕྱེ་མ་ལ་སོགས་པ་བཏགས་ཏེ་རི་ལུར་བྱས་པའི་མིག་སྨན་ནི་རི་ལུ་ནག་པོ་ཞེས་བྱ་སྟེ། དེས་ཀྱང་མིག་གསལ་བར་བྱེད་པ་ཡིན་ནོ། །རི་བོང་བོང་བུ་སེང་གེ་ གླང་། །རྔ་མོའི་སོ་དང་དཔྲལ་བའི་རུས། །བ་ལང་དཀར་སྤུ་ན་ལེ་ཤམ། །རྒྱ་མཚོའི་ལྦུ་བ་ཙནྡན་དུང་། །ནུ་ཞོ་ར་ཡི་འོ་མར་བཏགས། །རི་ལུས་རབ་རིབ་ལིང་ཏོག་སེལ། །ཅེས་བྱ་བ་ལ། རི་བོང་ལ་སོགས་པའི་སོ་དང་། དཔྲལ་བའི་རུས་པ་དང་། བ་ལང་དཀར་པོའི་སྤུ་དང་ ན་ལེ་ཤམ་ལ་སོགས་པ་ཐམས་ཅད་བུད་མེད་ཀྱི་ནུ་ཞོ་དང་། རའི་འོ་མ་དང་བཏགས་ཏེ་རི་ལུར་བྱས་པས་ནི་རབ་རིབ་དང་ལིང་ཏོག་ཐམས་ཅད་སེལ་བར་བྱེད་དོ། །ཁྲག་གྱུར་མཁྲིས་པ་ལྟ་བུར་གསོ། །བསིལ་ཆོས་བྱ་ཞིང་གཏར་ག་གདབ། །ཅེས་བྱ་བ་ལ། ཁྲག་ལས་གྱུར་པའི་རབ་རིབ་ནི་ མཁྲིས་པ་ལས་གྱུར་པའི་རབ་རིབ་དང་འདྲ་བར་གསོ་བར་བྱ་ཞིང་དེ་བཞིན་དུ་ཟས་དང་སྐོམ་དང་སྨན་དང་སྤྱོད་ལམ་ལ་སོགས་པ་བསིལ་བས་བྱ་ཞིང་གཏར་ག་གདབ་པར་བྱའོ། །རྒུན་འབྲུ་སྤང་སྤོས་སེང་ཕྲོམ་དང་། །ཤིང་མངར་ཙནྡན་ཟངས་མ་དུང་། །པདྨ་ཤུག་པ་ཨུཏྤ་ལ། །ར་ ཡི་འོ་མས་རི་ལུར་བྱས། །ཁྲག་གྱུར་རབ་རིབ་མྱུར་དུ་སེལ། །ཞེས་བྱ་བ་ལ། རྒུན་འབྲུ་ལ་སོགས་པའི་སྨན་རའི་འོ་མ་དང་བཏགས་ཏེ། རི་ལུར་བྱས་པའི་མིག་སྨན་བསྐུས་ན་ཁྲག་ལས་གྱུར་པའི་རབ་རིབ་སེལ་བར་བྱེད་དོ། །ལྡན་པ་འདུས་པ་ལས་གྱུར་པ། །ནད་གཞིའི་ 202-1-154b ཆ་ནི་ཇི་བཞིན་གསོ། །ཞེས་བྱ་བ་ལ། ལྡན་པ་ལས་གྱུར་པ་དང་། འདུས་པ་ལས་གྱུར་པའི་རབ་རིབ་ལ་ནི་ནད་གཞིའི་ཆ་ཤས་གང་ཆེ་བ་བཞིན་དུ་བཤད་མ་ཐག་པའི་གསོ་བ་ཇི་ལྟ་བ་བཞིན་དུ་བྱའོ། །མ་དུ་ཀ་དང་བྱི་དང་ག །ན་ལེ་ཤམ་དང་སྒྲོན་ཤིང་དང་། །འོ་མ་ཏིལ་མར་ བསྐོལ་བའམ། །བཏགས་བའི་སྣ་སྨན་གདོང་བསྐུ་བྱ། །ཞེས་བྱ་བ་ལ། མ་དུ་ཀ་ལ་སོགས་པ་སྨན་དང་འོ་མ་དང་ཏིལ་མར་བསྐོལ་བའི་སྣ་སྨན་བཏང་ན་ལྡན་པ་དང་འདུས་པ་ལས་གྱུར་བའི་རབ་རིབ་སེལ་བར་བྱེད་དོ། །ཡང་ན་མ་དུ་ཀ་ལ་སོགས་པའི་སྨན་དེ་དག་ཉིད་ཆུ་ ཐགས་སུ་བྱས་པའི་ལྡེ་གུས་གདོང་བསྐུས་ན་ཡང་དེ་དང་འདྲ་བར་ཕན་ནོ། །རྒྱ་སྤོས་ཨུཏྤལ་ཨ་ནན་ད། །ཤིང་མངར་སུ་ནི་ཤ་ན་ཀཻ། །ཏིལ་མར་བསྐོལ་བའི་སྣ་སྨན་དང་། །མགོ་བསྐུ་འཇམ་རྩི་བྱ་བ་བསྔགས། །ཞེས་བྱ་བ་ལ། ཡང་ན་རྒྱ་སྤོས་ལ་སོགས་པས་ལྡེ་གུར་བྱས་པ་ དང་། ཏིལ་མར་བསྐོལ་བའི་སྣ་སྨན་བཏང་བའམ། ཏིལ་མར་དེ་ཉིད་མགོ་ལ་བསྐུ་ཞིང་། འཇམ་རྩི་བྱ་བ་ཡང་བསྔགས་ཤིང་ཕན་པ་ཡིན་ནོ། །པུ་ཤེལ་ཙེ་བསྐོལ་ཁུ་བའི་ནང་། །རྒྱམ་ཚ་པི་པི་ལིང་ཕྱེ་གདབ། །དེ་བཙགས་སླར་ཡང་མར་བཅས་པར། །བསྐོལ་ལ་སྐ་གྱུར་ བསྒྲངས་ནས་ནི། །སྦྲང་རྩི་བཅུག་པའི་མིག་སྨན་ནི། །འདུས་པ་ལས་གྱུར་རབ་རིབ་སེལ། །ཞེས་བྱ་བ་ལ། པུ་ཤེལ་ཙེ་བསྐོལ་བའི་ཁུ་བའི་ནང་དུ་རྒྱམ་ཚ་དང་པི་པི་ལིང་གི་ཕྱེ་མ་བཏབ་སྟེ། དེ་ཚགས་ཀྱིས་བཙགས་ལ་ཡང་བའི་མར་དང་བསྐོལ་ཏེ་སྐ་བར་གྱུར་པ་དང་བསྒྲངས་ པར་སྦྲང་རྩི་བཅུག་པའི་མིག་སྨན་འདིས་ཀྱང་འདུས་པ་ལས་གྱུར་པའི་རབ་རིབ་ཀྱི་མིག་ནད་ཐམས་ཅད་སེལ་བར་བྱེད་དོ། །ནུབ་མོ་རྒྱུ་བའི་སེམས་ཅན་གྱི། །རུས་པ་རྐང་གིས་གང་བ་དང་། །ལིག་བུ་མིག་དང་བཅས་པ་ནི། །འབབ་ཆུའི་ནང་དུ་ཟླ་གཅིག་གམ། །ཞག་ནི་ ཉི་ཤུའི་བར་དུ་བཞག །དེ་ནས་ཕྱུང་སྟེ་བསྐམས་ནས་ནི། །ལུག་རུ་པ་ཡི་མེ་ཏོག་དང་། །ཤིང་མངར་བཅས་པའི་ཕྱེ་མར་བྱས། །མིག་བསྐུས་འདུས་པ་ལས་གྱུར་པའི། །རབ་རིབ་སེལ་བར་བྱེད་མཆོག་ཡིན། །ཞེས་བྱ་བ་ལ། ནུབ་མོ་རྒྱུ་བའི་སེམས་ཅན་འུག་པ་ལ་ 202-1-155a སོགས་པ་དེ་རྣམས་ཀྱི་རུས་པ་རྐང་གིས་གང་བ་དང་། ཇི་སྐད་སྨོས་པ་བཞིན་དུ་ཕྱེ་མར་བྱས་པའི་མིག་སྨན་གྱིས་འདུས་པ་ལས་གྱུར་པའི་རབ་རིབ་འཇོམས་པའི་མཆོག་ཡིན་ནོ། །མིག་སྔོན་གསོ་བའང་དེ་ཉིད་ལས། །གཏར་ག་གདབ་པར་མི་བྱ་སྟེ། །ནད་ དེས་ལོང་བར་གྱུར་པ་ཡིན། །སྲིན་བུ་པད་པས་ཁྲག་དབྱུང་བྱ། །ཞེས་བྱ་བ་ལ། མིག་སྔོ་བ་ཞེས་བྱ་བ་ལ་སྤྲིས་གཡོགས་པའི་ནད་ལ་ཡང་རབ་རིབ་ཀྱི་གསོ་བར་བཤད་པ་འདི་ཉིད་ནད་གཞི་ཇི་ལྟ་བ་བཞིན་དུ་སྦྱར་བར་བྱ་ལ། གསོ་བ་དེ་ལས་གཏར་ག་གདབ་ཅིང་བསྡམས་པ་ ནི་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། སྔོན་པོའི་སྤྲིས་གཡོགས་པའི་ནད་མིག་ལ་གནས་པར་བྱེད་པ་བསྡམས་པར་གྱུར་ན་ནི། དེ་སྐྱོན་དེས་ལོང་བར་འགྱུར་བའི་སྐྱོན་ཡོད་དོ། །གལ་ཏེ་ཁྲག་ངེས་པར་དབྱུང་དགོས་པ་ཡིན་ན་ནི་བསྡམ་ཞིང་གཏར་ག་མི་བྱའི། སྲིན་བུ་པད་པས་ཁྲག་ གཞིབ་པའི་ཕྱིར་གླན་པར་བྱའོ། །བུ་རམ་རྒྱ་མཚོའི་ལྦུ་བ་དང་། །པི་པི་ལིང་དང་ན་ལེ་ཤམ། །གུར་གུམ་སྦྲང་རྩི་ལིག་བུ་མིག །སྤྲིས་གཡོགས་འཚོ་བ་ཙམ་མིག་སྨན། །ཞེས་བྱ་བ་ལ། བུ་རམ་ལ་སོགས་པའི་མིག་སྨན་ནི། སྤྲིས་གཡོགས་ཤིང་མིག་སྔོན་པོར་གྱུར་ པ་དེ་རེ་ཞིག་མིག་སྔོན་པོ་ལ་བཙམ་དུ་འཚོ་བར་བྱེད་པའི་མིག་སྨན་ཡིན་ནོ། །འདུས་གྱུར་ནེའུ་ལེ་ལྟ་བུར་ལོང་། །རབ་རིབ་སྐབས་བཤད་ཆོ་གར་སྦྱར། །ཞེས་བྱ་བ་ལ། ནེའུ་ལེ་ལྟ་བུའི་ལོང་བ་ཞེས་བྱ་བ་འདུས་པ་ལས་གྱུར་པའི་མིག་ནད་ལ་ནི་རབ་རིབ་ཀྱི་སྐབས་སུ་གསོ་བ་ བཤད་པའི་ཆོ་ག་གང་དག་ཡིན་པ་སྦྱར་བར་བྱའོ། །མར་དང་སྦྲང་རྩི་བ་ལང་གི །ལྕི་བའི་ཁུ་བ་སྐྱེར་ཁཎྜ། །ཡུག་སྣམ་བལ་བུའི་ཕྱེ་མར་སྦྱར། །མིག་སྨན་མཚན་མོ་ལོང་ལ་ཕན། །ཞེས་བྱ་བ་ལ། སྐྱེར་པའི་ཁཎྜ་ལ་སོགས་པའི་སྨན་མར་ལ་སོགས་པ་དང་སྦྱར་བའི་ མིག་སྨན་ནི་མིག་ནད་མཚན་མོ་ལོང་བ་ཞེས་བྱ་བ་ལ་ཕན་ནོ། །ན་ལེ་ཤམ་ནི་ཞོ་དང་སྦྱར། །མཚན་མོ་མི་མཐོང་མིག་སྨན་མཆོག །ཅེས་བྱ་བ་ལ། ཡང་ན་ན་ལེ་ཤམ་ཞོ་དང་སྦྱར་བ་ཡང་ཕན་ནོ། །ཨུཏྤལ་ཡུག་སྣམ་ཀ་རཉྫ། །པདྨ་གེ་སར་བ་ལང་གི། །ལྕི་བའི་ཁུ་བ་དང་སྦྱར་བའི། །རི་ལུས་མཚན་ 202-1-155b མོ་ལོང་བ་སེལ། །ཞེས་བྱ་བ་ལ། ཨུཏྤལ་སྔོན་པོ་ལ་སོགས་པའི་ཇི་སྐད་བཤད་པ་བཞིན་དུ་སྦྱར་བའི་མིག་སྨན་ཡང་ཕན་ནོ། །ཧ་རེ་ཎུ་ཀ་པི་པི་ལིང་། །རྒྱམ་ཚ་དང་ནི་ལིག་བུ་མིག །ར་གཅིན་རི་ལུར་བྱས་པ་ཕན། །ཞེས་བྱ་བ་ལ། ཧ་རེ་ཎུ་ཀ་ལ་སོགས་པའི་རི་ལུ་ཡང་ མཚན་མོ་ལོང་བ་ཞེས་བྱ་བའི་མིག་ནད་ལ་ཕན་ནོ། །པྲི་ཡང་ཀུ་དང་ཚ་བ་གསུམ། །ལྡོང་རོས་བ་བླ་འབྲས་བུ་གསུམ། །རྒྱ་མཚོའི་ལྦུ་བ་རའི་འོ་མ། །རི་ལུར་བྱས་པའི་མིག་སྨན་གྱིས། །མཚན་མོ་ལོང་བའི་མིག་ནད་སེལ། །ཞེས་བྱ་བ་ལ། པྲི་ཡང་ཀུ་ལ་སོགས་པའི་རི་ ལུ་ཡང་དེ་ལ་ཕན་ནོ། །མཆེར་པའི་ནང་དུ་པི་པི་ལིང་། །བཅུག་སྟེ་མ་ཚོས་བར་བཙོས་ལ། །དེ་སྐམས་སྦྲང་རྩིར་བཏགས་པ་ནི། །མཚན་མོ་མི་མཐོང་མིག་སྨན་མཆོག །ཅེས་བྱ་བ་ལ། མཆེར་པའི་ནང་དུ་པི་པི་ལིང་བཅུག་སྟེ། ཇི་སྐད་བཤད་པ་བཞིན་དུ་སྦྱར་བའི་མིག་ སྨན་ཡང་མཚན་མོ་ལོང་བ་ལ་ཕན་ནོ། །མ་ཧེའི་མཆིན་པ་མཆེར་པ་དང་། །ཏིལ་མར་མར་ནི་ལྷན་ཅིག་བཟའ། །ཞེས་བྱ་བ་ལ། ཡང་ན་མ་ཧེའི་མཆིན་པ་ལ་སོགས་པ་ཇི་སྐད་བཤད་པ་བཞིན་དུ་ཟོས་ན་ཡང་ཕན་ནོ། །འཚོ་བྱེད་སྣ་བཅུའི་ལོ་མ་ནི། །མར་དང་ལྷན་ཅིག་བསྐོལ་བ་ བཟའ། །ཞེས་བྱ་བ་ལ། ཡང་འཚོ་བྱེད་སྣ་བཅུའི་ལོ་མ་མར་གྱི་ནང་དུ་བསྐོལ་ཏེ་ཟོས་ན་ཡང་ཕན་ནོ། །ཨ་ཏི་མུག་ཏ་ཨེ་རཎྜ། །ཉེའུ་ཤིང་ལང་ག་ལིའི་ལོ་མ། །མར་དང་བརྔོས་པ་བཟའ་བར་བྱ། །ཞེས་བྱ་བ་ལ། ཡང་ན་ཨ་ཏི་མུག་ཏ་ལ་སོགས་པའི་ལོ་མ་མར་དང་བཙོས་ཏེ་ཟོས་ ན་ཡང་ཕན་ནོ། །དྲོ་ན་པུཥྤ་མར་དང་བརྔོས། །བཟའ་དང་བཏུང་བར་སྦྱར་བའང་ཕན། །ཞེས་བྱ་བ་ལ། ཡང་ན་དྲོ་ན་པུཥྤ་ཞེས་བྱ་བའི་སྨན་ཇི་སྐད་སྨོས་པ་བཞིན་བསྟེན་ན་ཡང་ཕན་ནོ། །དུད་འཐུལ་མཁྲིས་པ་སྐྱུར་བྲོ་བས། །ཚིག་ལ་མར་ནི་རྙིང་པ་དག །སྣུམ་གྱུར་བསིལ་བའི་ བཀྲུ་སྨན་གཏང་། །བསིལ་སྨན་གྱིས་ནི་ཀུན་ཏུ་བྱུག །ཅེས་བྱ་བ་ལ། མིག་སྨན་དུད་པ་འཐུལ་བ་ཞེས་བྱ་བ་དང་། མཁྲིས་པས་ཚིག་པ་དང་། སྐྱུར་གྱིས་ཚིག་པ་ཞེས་བྱ་བའི་མིག་ནད་ལ་སྣུམ་གྱི་ཆོ་ག་བྱས་ལ་སྨན་བསིལ་བས་བཀྲུ་སྨན་གཏང་བར་བྱ་ཞིང་། དེ་བཞིན་དུ་ལུས་ཀུན་ 202-1-156a དུ་བསྐྲ་ཞིང་བྱུག་པར་བྱའོ། །བ་ལང་ལྕི་ཁུ་འོ་མ་མར། །བསྐོལ་བ་ཡི་ནི་མིག་སྨན་ནམ། །བལ་བུའི་ལོ་མ་ཡུག་སྣམ་བསྐོལ། །ཕྱེ་མ་བཏབ་པའི་མིག་སྨན་ཕན། །ཞེས་བྱ་བ་ལ། བའི་ལྕི་བ་བཙིར་བའི་ཁུ་བ་དང་འོ་མ་དང་མར་རམ། ཡང་ན་ བལ་བུའི་ལོ་མ་དང་། བཙག་ཡུག་སྣམ་གྱི་ཕྱེ་མ་བསྐོལ་བའི་མིག་སྨན་ཕན་པ་ཡིན་ནོ། །མེ་ད་སེང་ཕྲོམ་ཨ་ནནྟ། །སྐྱེར་པ་བཙོད་དང་ཤིང་མངར་ནི། །མར་གྱི་བརྒྱད་འགྱུར་འོ་མ་བསྐོལ། །ཏིལ་མར་བསྐོལ་བའི་སྣ་སྨན་ཕན། །ཞེས་བྱ་བ་ལ། མེ་ད་ལ་སོགས་པའི་ སྨན་མར་གྱི་བརྒྱད་འགྱུར་གྱི་འོ་མ་དང་། ཏིལ་མར་བསྐོལ་བའི་སྣ་སྨན་བཏང་ན་ཡང་ཕན་ནོ། །འོ་མ་མར་སར་གྱིས་བརྟ་བྱ། །དེས་མ་ཞི་ན་གཏར་ག་གདབ། །ཅེས་བྱ་བ་ལ། འོ་མ་ལས་བྱུང་བའི་མར་སར་ཡིན་པས་ནའོ་མའི་མར་སར་ཏེ། དེས་བརྟ་བར་བྱ་ལ། དེ་ལྟར་བྱས་སུ་ཟིན་ཀྱང་ཞི་ བར་མ་གྱུར་ན། གཏར་ག་གདབ་ཅིང་ཁྲག་དབྱུང་བར་བྱའོ། །སེམས་ལས་ནད་དང་མྱ་ངན་འཇིགས། །ཟས་རྩུབ་ཙོག་ཙོག་པོར་འདུག་དང་། །སྐྱུག་སྨན་བཀྲུ་སྨན་སྣ་སྨན་དང་། །སྨན་ཐིགས་བླུགས་སོགས་ཉེས་པ་དང་། །ཁ་ཟས་ཕྱེད་ཞུ་སློན་པ་དང་། །བཀྲེས་སྐོམ་ལ་ སོགས་བརྣག་པ་དང་། །མིག་ནད་མ་བཅོས་ཡུན་རིང་ལས། །རབ་རིབ་ནད་ལྡན་བརྟ་བར་བྱ། །ཞེས་བྱ་བ་ལ། སེམས་ལས་ལ་སོགས་པ་བསྟེན་པ་དང་། སྐྱུག་སྨན་ལ་སོགས་པ་ཉེས་པ་དང་། དེ་བཞིན་དུ་ཁ་ཟས་ཕྱེད་ཙམ་མ་ཞུ་བ་ལས་སློན་པ་དང་། བཀྲེས་པ་ལ་ སོགས་པ་བརྣག་པ་ལས་མིག་རབ་རིབ་ཀྱི་ནད་དང་ལྡན་པར་བརྟ་བར་བྱའོ། །དེ་ལ་ནད་གཞི་སོགས་བརྟགས་ཏེ། །རང་གི་སྨན་ནི་ཇི་བཞིན་སྦྱར། །ཞེས་བྱ་བ་ལ། སེམས་ལས་ལ་སོགས་པའི་ནད་ཀྱི་རྒྱུ་དེ་དག་ལས་རབ་རིབ་དང་འདྲ་བར་ཉེས་པར་བརྟགས་ལ་ནད་གཞི་ཇི་ ལྟ་བ་ལས། རང་གི་སྨན་གང་དང་གང་ཡིན་པ་ལས་དེ་སྦྱར་ཞིང་གཏང་བར་བྱའོ། །ཉི་མ་གཟས་འཛིན་མེ་འོད་གློག་ལ་སོགས། །བལྟས་པས་མིག་ནི་ཉམས་པར་གྱུར་པ་དག །དེ་ལ་བསིལ་སྨན་ཚོགས་ཀྱིས་བརྟ་བྱ་ཞིང་། །དེ་ལྟར་གསེར་བདར་མར་གྱི་མིག་སྨན་གཏང་། ། 202-1-156b ཞེས་བྱ་བ་ལ། ཉི་མ་གཟས་འཛིན་པའི་ཚེ་མིག་གིས་ཤས་ཆེར་བལྟས་པ་དང་། དེ་བཞིན་དུ་མེའི་འོད་དང་གློག་ལ་སོགས་པ་འཚེར་བག་ཅན་བལྟས་པར་གྱུར་པ་ལས་མིག་ཉམས་པར་གྱུར་ཅིང་ནད་ཞུགས་པར་གྱུར་ན་ནད་དེ་ལ་ནུས་པ་བསིལ་བའི་སྨན་གྱི་ཁུ་བ་ལ་སོགས་ པས་བརྟ་བར་བྱ་བ་དང་། དེ་བཞིན་དུ་སྣུམ་གྱི་སྦྱོར་བ་ལ་སོགས་པས་བརྟ་བར་བྱ་བ་དང་། དེ་བཞིན་དུ་གསེར་མར་གྱི་ནང་དུ་བདར་བའི་མིག་སྨན་གཏང་བར་བྱའོ། །མི་ཡིས་ཇི་སྲིད་འཚོ་ཡི་བར་དུ་ནི། །རྟག་ཏུ་མིག་བསྲུང་བ་ལ་འབད་པར་བྱ། །ཉིན་དང་མཚན་མོ་འདྲ་བར་ གྱུར་པ་ཡི། །མི་ལ་ནོར་ཡོད་གྱུར་ཀྱང་དོན་མེད་ཡིན། །ཞེས་བྱ་བ་ལ། མི་རྣམས་ཇི་སྲིད་འཚོ་ཞིང་གནས་པར་གྱུར་གྱི་བར་དུ་རྟག་ཏུ་གནོད་པ་ཐམས་ཅད་ལས་མིག་བསྲུང་ཞིང་གནོད་པར་མི་འགྱུར་བ་ལ་འབད་པར་བྱའོ། །ཅིའི་ཕྱིར་ཞེ་ན། སྐྱེས་བུ་ལོང་བར་གྱུར་པ་ལ་ ནི། ནོར་དང་འབྱོར་པ་བདོག་ཅིང་ཡོད་པར་གྱུར་ཀྱང་འཇིག་རྟེན་འདིར་དོན་མེད་ཅིང་འབྲས་བུ་མེད་པ་ཡིན་ནོ། །འབྲས་བུ་གསུམ་བསྟེན་གཏར་ག་སྦྱང་བྱ་དང་། །སེམས་དགའ་མིག་སྨན་སྣ་སྨན་བཅས་བསྟེན་ན། །བྱ་ཤ་ཟ་ཞིང་རྐང་པའི་རིམ་གྲོ་དང་། །ཞུན་མར་བཏུང་བས་ རྟག་ཏུ་མིག་བསྲུང་བྱ། །ཁ་ཟས་མི་འཕྲོད་ཟ་བ་རྟག་ཏུ་སྤང་། །རབ་ཕྲ་འཚེར་དང་གཡོ་བ་མི་ལྟ་ཞེས། །སྐྱེས་བུའི་མིག་ནི་མཆོག་ཏུ་བསྲུང་བའི་ཐབས། །དྲང་སྲོང་ཆེན་པོ་མུ་ཁྱུད་ཀྱིས་བཤད་དོ། །ཞེས་བྱ་བ་ལ། མིག་བསྲུང་བར་བྱ་བའི་ཐབས་ནི་འདི་དག་སྟེ། རྟག་ཏུ་འབྲས་ བུ་གསུམ་བསྟེན་ཅིང་བཟའ་བ་དང་། དེ་བཞིན་དུ་གཏར་ག་གདབ་པ་དང་། བཀྲུ་སྨན་དང་སྐྱུག་སྨན་གྱིས་སྦྱང་བ་བྱ་བ་དང་། རྟག་ཏུ་སེམས་དགའ་ཞིང་ཡིད་བདེ་བར་བྱ་བ་དང་། སྐྱེར་པའི་ཁཎྜ་ལ་སོགས་པའི་མིག་སྨན་བསྐུ་བ་དང་། དེ་བཞིན་དུ་ཏིལ་མར་ལ་སོགས་པའི་ སྣ་སྨན་བསྟེན་པ་དང་། སྲོག་ཆགས་བྱའི་ཤ་བསྟེན་ཏེ་བཟའ་ཞིང་སྤྱད་པ་དང་། རྐང་པའི་རིམ་གྲོ་བསྐུ་བ་དང་། དྲིལ་བ་དང་། བཀྲུ་བ་དང་། མཉེ་བ་དང་། ལྷམ་བགོ་བ་ལ་སོགས་པས་གནོད་པ་མེད་པར་བྱ་བ་དང་། ཞུན་མར་རྟག་ཏུ་བཏུང་བས་མིག་བསྲུང་ཞིང་གནོད་ 202-1-157a པ་མེད་པ་ལ་འབད་པར་བྱ་བ་དང་། གཞན་ཡང་མིག་ལ་གནོད་པའི་ཁ་ཟས་རྟག་ཏུ་སྤང་བ་དང་། དངོས་པོ་རབ་ཏུ་ཕྲ་ཞིང་བརྟག་དཀའ་བ་ལ་བལྟ་བ་དང་། འཚེར་ཞིང་འོད་ཅན་ལ་བལྟ་བ་དང་། གཡོ་ཞིང་འགྱུར་བའི་དངོས་པོ་ལ་མི་ལྟ་བ་སྟེ་འདི་དག་ནི་ སྐྱེས་བུའི་མིག་བསྲུང་བར་བྱ་བའི་ཐབས་ཡིན་པས། ཐབས་དེ་དག་ལ་གནས་པར་བྱ་ཞིང་མིའི་མིག་བསྲུང་བ་ལ་འབད་པར་བྱའོ། །ཞེས་དྲང་སྲོང་ཆེན་པོ་མུ་ཁྱུད་ཀྱིས་བསྟན་ཅིང་བཤད་པ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་ བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་བཅུ་གསུམ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་མཐོང་བ་ཉམས་པ་གསོ་བ་བཤད་པར་བྱའོ། །ཞེས་བྱ་བ་ལ། མིག་གི་མཐོང་བ་ཉམས་པ་ལས་ནི་བཤད་པར་བྱ་བ་མང་ དུ་ཡོད་པས་རབ་རིབ་ཀྱི་གསོ་བ་ལས་ལོགས་ཤིག་ཏུ་བཤད་པ་ཡིན་ཏེ། མཐོང་བ་ཉམས་པ་ཞེས་བྱ་བ་དང་། མཚན་མ་ཉམས་པ་ཞེས་བྱ་བ་དང་། མིག་སྔོན་པོར་གྱུར་པ་ཞེས་བྱ་བ་དང་། སྤྲིས་གཡོགས་པ་ཞེས་བྱ་བ་དང་། ལོང་བ་ཞེས་བྱ་བ་ནི་མིང་གི་རྣམ་གྲངས་ཡིན་ནོ། ། དོན་གཅིག་ལ། དེ་འགགས་པར་བྱེད་པ་ཡིན་པས་ན། འགགས་པ་ལ་གསོ་བ་ཞེས་བྱ་བའམ། ཡང་ན་བཀག་ཅིང་བཟློག་ལ་བསལ་བའི་ཐབས་ཡིན་པས་ན་གསོ་བ་ཞེས་བྱ་སྟེ་དེའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བའི་དོན་ཡིན་ནོ། །བད་ཀན་ལས་གྱུར་སྤྲིས་ གཡོགས་པ། །རྦ་ཀློང་ལ་སོགས་བླ་བརྣན་ནི། །དྲུག་པོ་མེད་པར་གྱུར་པ་དང་། །ལེགས་སྨིན་མཐོང་བ་མེད་པ་དབྱེ། །ཞེས་བྱ་བ་ལ། མཐོང་བ་ཉམས་ཤིང་སྤྲིས་གཡོགས་པའི་མིག་ནད་རྦ་ཀློང་ལ་སོགས་པ་སྟེ། རྦ་ཀློང་པ་དང་། གསེག་མ་ལྟ་བུ་དང་། རི་མོ་ཅན་དང་ གྲ་མ་བཅད་པ་ལྟ་བུ་དང་། གདུགས་འདྲ་བའི་བླ་བརྣན་དྲུག་པོ་མེད་པར་གྱུར་པ་དང་། ལེགས་པར་སྨིན་པར་གྱུར་པ་སྟེ། མཐུག་པོ་ཁོ་ནར་གྱུར་ཅིང་བད་ཀན་གྱིས་གོང་པོ་ལྟར་སྣང་བར་གྱུར་པ་མེད་ཅིང་ལོང་བར་གྱུར་པ་གང་ཡིན་པ་དེ་ནི་ཐུར་མས་དབུག་ཅིང་དབྱེ་བར་བྱའོ། །དེ་སྨིན་མ་ 202-1-157b གྱུར་མི་སྙོམས་ལ། །ཞོ་ག་ཆུ་འདྲ་སྲབ་པ་ནི། །ཐུར་མ་ཡིས་ནི་དྲངས་གྱུར་ཀྱང་། །སླར་ཡང་གྱེན་དུ་འབྱུང་བར་འགྱུར། །ནད་ནི་མི་བཟད་སྐྱེད་བྱེད་ཅིང་། །མཐོང་བྱེད་སླར་ཡང་འགེབས་པར་བྱེད། །དེ་ནི་ཟས་བཅས་བླ་བརྣན་བཅས། །བད་ཀན་ཅན་གྱིས་མྱུར་དུ་སྐྱེད། ། ཅེས་བྱ་བ་ལ། སྤྲིས་གཡོགས་པའི་ནད་དེ་སྨིན་ཅིང་མཐུག་པར་མ་གྱུར་པ་དང་། མི་སྙོམས་ཤིང་དམའ་བར་གྱུར་པ་དང་། དེ་བཞིན་དུ་ཞོ་ག་ཆུ་འདྲ་བར་སྣང་ཞིང་དེའི་མདོག་དང་མཚུངས་པ་དང་སྲབ་པར་གྱུར་པ་དེ་ནི་ཐུར་མས་ཕུག་སྟེ་དྲངས་ཤིང་བསྡུས་སུ་ཟིན་ཀྱང་། སླར་ཡང་གྱེན་ དུ་འབྱུང་ཞིང་འབྱར་བར་གྱུར་པ་དང་། དེ་བཞིན་དུ་ནད་མི་བཟད་ཅིང་བརྣག་པར་དཀའ་བ་སྐྱེད་པར་བྱེད་པ་དང་། མཐོང་བར་བྱེད་པའི་མིག་གི་རྒྱལ་མོ་སླར་ཡང་འགེབས་ཤིང་སྒྲིབ་པར་བྱེད་པ་དེ་ནི་བད་ཀན་སྐྱེད་པར་བྱེད་པའི་ཟས་དང་། སྐོམ་དང་སྨན་གྱིས་མྱུར་བ་ཁོ་ནར་སྐྱེད་ཅིང་སྨིན་ པར་བྱ་ལ། རླུང་དང་མཁྲིས་པ་ཅན་གྱི་ཟས་སྐོམ་ལ་སོགས་པས་ཡུན་རིང་ཞིག་ན་སྨིན་པར་འགྱུར་རོ། །བད་ཀན་གྱིས་ནི་མཐོང་ཉམས་པ། །བད་ཀན་དཀར་བས་དཀར་བ་ཡིན། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་མཚན་མའམ། མཐོང་བ་ཉམས་པ་དེའི་རྒྱུ་བད་ཀན་ གྱི་དཀར་བ་ཡིན་པས་ན་སྤྲིས་གཡོགས་པ་ཡང་དཀར་བ་ཡིན་ནོ། །དེ་ནི་ནད་གཞན་གྱིས་ཟིལ་གནོན། །ཀུན་ཏུ་སྔོ་བའི་ནད་དུ་འགྱུར། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་མཐོང་བ་ཉམས་པ་དེ་རླུང་ངམ་མཁྲིས་པ་གཞན་གྱི་ཟིལ་གྱིས་མནན་ཅིང་དབང་དུ་གྱུར་ན། ཀུན་ཏུ་ སྔོ་བ་ཞེས་བྱ་བའི་ནད་མཆིང་བུ་ལྟ་བུར་འགྱུར་རོ། །དེ་ལ་རླུང་གྱུར་མིག་གཡོ་ཞིང་། །རྦ་ཀློང་གཡོ་ཞིང་དམར་སྐྱར་འདུག །ཅེས་བྱ་བ་ལ། དེ་རྦ་ཀློང་ཞེས་བྱ་བའི་མིག་ནད་ནི་རྦ་ཀློང་འཁྱིལ་བ་ལྟར་གཡོ་ཞིང་མི་བརྟེན་ལ་དམར་སྐྱ་སྟེ། ཅུང་ཟད་དམར་བར་འདུག་པ་ཡིན་ནོ། །གསེག་ མ་ཨརྒའི་འོ་མ་ནི། །ཐིགས་ཕྲན་ཁྱབ་འདྲ་མཐུག་པ་ཡིན། །ཞེས་བྱ་བ་ལ། གསེག་མ་ལྟ་བུའི་མིག་ནད་ནི་ཤིང་ཨརྒའི་འོ་མ་ཐིགས་པ་ཕྲ་མོ་ལྟ་བུས་ཁྱབ་པ་ཤིན་ཏུ་མཐུག་པ་ཡིན་ནོ། །གྲ་མ་ལྟ་བུའི་མིག་འབྲས་ནི། །འབྲས་ཀྱི་གྲ་མ་འདྲས་ཁྱབ་ཡིན། །ཞེས་བྱ་བ་ལ། གྲ་མས་ 202-1-158a ཁྱབ་པ་ལྟ་བུ་ནི། མིག་གི་ནད་འབྲས་ཀྱི་གྲ་མ་ལྟ་བུའི་རི་མོས་ཁྱབ་པར་གྱུར་པ་ཡིན་ནོ། །གྲ་མ་བཅད་པ་གྲ་མ་ཚིག །བཅད་པ་ལྟར་སྣང་ན་བ་ཡིན། །ཞེས་བྱ་བ་ལ། གྲ་མ་བཅད་པ་ལྟ་བུ་ཞེས་བྱ་བའི་མིག་ནད་ནི་གྲ་མ་བཅད་པ་དང་ཚིག་པ་དང་བཅད་པ་ལྟ་བུར་སྣང་ཞིང་ན་ བ་དང་བཅས་པ་ཡིན་ནོ། །རྨ་སྒྲོ་རྨ་བྱའི་མཇུག་སྒྲོ་འདྲ། །ཁར་བའི་མདོག་ཏུ་སྣང་བ་ཡིན། །ཞེས་བྱ་བ་ལ། རྨ་བྱའི་སྒྲོ་ལྟ་བུ་ཞེས་བྱ་བའི་མིག་ནད་ནི་རྨ་བྱའི་སྒྲོ་ལྟ་བུའི་དབྱིབས་ཅན་ལ་ཁར་བའི་རི་མོའི་མདོག་ལྟ་བུར་སྣང་བ་ཡིན་ནོ། །གདུགས་འདྲ་ཁ་དོག་སྣ་ཚོགས་པ། །སྤྲིས་ གཡོགས་གདུགས་ཅན་ཞེས་བྱའོ། །ཞེས་བྱ་བ་ལ། གདུགས་འདྲ་བ་ཞེས་བྱ་བའི་སྤྲིས་གཡོགས་པའི་ནད་ནི་དབྱིབས་སུ་གདུགས་དང་འདྲ་བར་སྣང་ཞིང་ཁ་དོག་སྣ་ཚོགས་པར་སྣང་བ་དང་། སྤྲིས་གཡོགས་པ་གདུགས་ཅན་ཞེས་བྱའོ། །གཏར་ག་མི་བྱ་ཆམ་པ་དང་། ལུད་པ་ ཅན་ནི་དབྱེ་མི་བྱ། །མ་ཞུ་སྔར་མ་སྐྱུགས་པ་དང་། །རྣ་མིག་མགོ་གཟེར་ཅན་མི་དབྱེ། །ཞེས་བྱ་བ་ལ། སྤྲིས་གཡོགས་པ་གཏར་ག་བྱར་མི་རུང་བའི་ནད་ཡོད་པའི་མིག་དབྱེ་བར་མི་བྱའོ། །དེ་བཞིན་དུ་ཆམ་པས་བཏབ་པ་དང་། ལུད་པ་ཅན་གྱི་མིག་དབྱེ་བར་མི་བྱ་བ་དང་། དེ་བཞིན་དུ་ མ་ཞུ་བ་དང་། སྔར་མ་དང་། སྐྱུགས་ཤིང་སློན་པ་དང་། རྣ་བ་གཟེར་བ་དང་། མིག་གཟེར་བ་དང་། མགོ་བོ་གཟེར་བའི་མིག་དབྱེ་བར་མི་བྱའོ། །དེ་ནས་ཐུན་མོང་དུས་སུ་ནི། །སྦྱང་བྱས་ཟས་ཟོས་པ་ལ་ནི། །ས་ཕྱོགས་གསལ་བར་སྔ་དྲོ་ནི། །སྨན་པ་པུས་མཉམ་ཁྲི་ལ་འདུག ། ནད་ པ་འདུག་ཅིང་བསྡམས་བྱས་ལ། །ཁ་ཡི་དབུགས་ཀྱིས་དུགས་བྱ་ཞིང་། །མཐེ་བོས་མིག་ནི་མཉེས་བྱས་ནས། །ནད་ནི་གཡོས་པར་མཐོང་བ་དང་། །མི་འགུལ་བར་ནི་མགོ་ནས་གཟུང་། །རང་གི་སྣ་ལ་ལྟ་བཞིན་དུ། །ནག་པོ་སོར་ཕྱེད་མ་གཏོགས་ཤིང་། །མིག་འགྲམ་བཞི་ཆ་དོར་ བ་རུ། །མཛུབ་མོ་གུང་མོ་མཐེབ་མོ་ཡིས། །མིག་ཐུར་དམ་དུ་བཟུང་ནས་ནི། །རང་གྲུབ་བུ་ག་ནས་འཕྲེད་དུ། །གཟུག་ཅིང་གྱེན་མཉེ་དྲང་པོར་བྱས། །མིག་གཡོན་ལག་པ་གཡས་པས་དབུག །མིག་གཡས་ལག་པ་གཡོན་པས་དབུག །ཅེས་བྱ་བ་ལ། དེ་ནས་ཐུན་མོང་གི་ 202-1-158b འདུ་ཤེས་ཞེས་བྱ་བ། སྟོན་ཟླ་འབྲིང་པོ་དང་། སྟོན་ཟླ་ཐ་ཆུངས་དང་། དཔྱིད་ཟླ་ཐ་ཆུངས་ཀྱི་དུས་སུ་སྦྱང་བ་བྱས་པས་ཏེ། སྣུམ་ཆོས་དང་དུགས་བྱས་ལ་བཀྲུ་སྨན་གྱིས་སྦྱངས་ཏེ། བརྟས་པའི་རྗེས་ལ། ཁ་ཟས་ཕན་ཞིང་འཕྲོད་པ་རན་པར་ཟོས་པར་གྱུར་ནས་ས་ཕྱོགས་མུན་པ་ མེད་ཅིང་གསལ་བར་སྔ་དྲོ་སྟེ་ཉི་མ་ཤར་བའི་ཆ་དང་པོ་ལ་སྨན་པ་མཁས་པ་པུས་མོ་དང་མཐོན་དམན་མཉམ་པའི་ཁྲི་ལ་འདུག་སྟེ། ས་ཕྱོགས་བྱི་དོར་བྱས་ཤིང་བདེ་བར་བྱས་པར་སྟན་བཏིང་ལ་ནད་གཡོག་སྒྲིན་པོ་རྒྱབ་ཏུ་ལེགས་པར་འདུག་པས་ལག་པ་གཉིས་ཀྱིས་མགོ་དམ་དུ་བཟུང་སྟེ་ཉི་ མ་ལ་ཁ་བསྟན་ལ་རྐང་པ་གཉིས་བརྐྱང་སྟེ་སྨན་པའི་ཁའི་དབུགས་ཀྱིས་ནད་པའི་མིག་དུགས་བྱས་ལ། དེའི་འོག་ཏུ་མིག་གོང་གཉིས་མཐེ་བོས་མཉེས་ནས་མིག་གི་ནད་སྤྲིས་གཡོགས་པ་དེ་གཡོས་ཤིང་། ཅུང་ཟད་འཕགས་པར་མཐོང་བ་དང་། ནད་པ་རང་གི་སྣའི་རྩེ་མོ་ལ་ལྟ་བར་བྱེད་ བཞིན་དུ་མགོ་བོ་མི་འགུལ་བར་དམ་དུ་བཟུང་སྟེ། ནག་པོ་ཞེས་བྱ་བ་མིག་འབྲས་ནག་པོ་ལས་སོར་ཕྱེད་དོར་ཞིང་དེ་མ་གཏོགས་པར་བྱས་ལ། མིག་འགྲམ་ཞེས་བྱ་བ་མིག་ཟུར་ནས་སོར་གྱི་བཞི་ཆ་དོར་ལ་མཛུབ་མོ་དང་། གུང་མོ་དང་མཐེ་བོས་མིག་ཐུར་དམ་དུ་མི་འགྱུར་བར་བཟུང་སྟེ་རང་ བཞིན་གྱིས་གྲུབ་པའི་མིག་གི་བུ་ག་ཕྲ་མོ་ཡོད་པའི་ངོས་ནས་གྱེན་དུ་མཉེ་ཞིང་མིག་དྲང་པོར་མ་ཡོ་བར་བཞག་ཅིང་། སྟེང་ངམ་འོག་ཏུ་མ་འགྱུར་བར་བྱས་ལ་མིག་གཡོན་པ་ནི་ལག་པ་གཡས་པས་ཕུག་པར་བྱས་ལ། མིག་གཡས་པ་ནི་ལག་པ་གཡོན་པས་དབུག་པར་བྱའོ། །ལེགས་པར་ ཕུག་ན་སྒྲ་འབྱུང་འགྱུར། །ནད་མེད་ཆུ་ནི་ཉུང་ཞིག་འབྱུང་། །ཞེས་བྱ་བ་ལ། དེ་ལྟར་འབིགས་པ་ན་ལེགས་ཤིང་མ་ནོར་བར་ཕུག་ན་ནི་ཕུག་པའི་ཚེ་སྒྲ་འབྱུང་བར་འགྱུར་བ་དང་། དེ་བཞིན་དུ་ནད་མེད་པར་འགྱུར་བ་དང་། ཆུའི་ཐིགས་པ་ཉུང་ཞིག་འབྱུང་བར་འགྱུར་རོ། །དེ་རྗེས་ནད་པ་ སྤྲོ་བསྲིངས་ལ། །མིག་ཏུ་ནུ་ཞོ་བླུགས་པར་བྱ། །ཞེས་བྱ་བ་ལ། དེ་ལྟར་ཕུག་པའི་འོག་ཏུ་ནད་པ་ཚིག་གིས་ལེགས་པར་སྤྲོ་བསྲིངས་ལ། མིག་དམར་བ་དང་། ནད་མེད་པ་དང་། མཆི་མ་མི་འཛག་པར་བྱ་བའི་ཕྱིར་བུད་མེད་ཀྱི་ནུ་ཞོ་བླུགས་པར་བྱའོ། །དེ་ནས་ཐུར་མའི་རྩེ་མོ་ཡིས། ། 202-1-159a གནོད་པ་མེད་པར་དལ་གྱིས་ནི། །མིག་གི་འབྲས་བུ་དབྱི་བྱས་ལ། །སྣ་ནས་དལ་གྱིས་ཕུལ་བར་བྱ། །མིག་ན་གནས་པའི་བད་ཀན་ནི། །སྣ་ནས་བརྔུབས་པས་བསལ་བར་བྱ། །ཞེས་བྱ་བ་ལ། དེའི་འོག་ཏུ་སྨན་པས་ཐུར་མའི་རྩེ་མོས་མིག་གི་འབྲས་བུ་ལ་ གནོད་ཅིང་འཚེ་བ་མེད་པར་དལ་གྱིས་མིག་གི་འབྲས་བུ་དབྱེ་ཞིང་བསལ་བར་བྱ་ཞིང་། སྣ་ནས་ནད་དལ་གྱིས་ཕུལ་བར་བྱའོ། །དེའི་འོག་ཏུ་སྣ་ནས་བརྔུབས་པས་མིག་ལ་གནས་པའི་ནད་དབྱུང་ཞིང་བསལ་བར་བྱའོ། །ནད་མི་འགུལ་བའམ་འགྱུར་ན་ནི། །མིག་གི་ཕྱི་རོལ་ནས་དུགས་ བྱ། །ཞེས་བྱ་བ་ལ། མིག་གི་སྤྲིས་གཡོགས་པའི་ནད་མི་འགུལ་བར་གྱུར་པའམ། རླུང་གིས་འགྱུར་ཞིང་མལ་ན་མི་གནས་པར་གྱུར་ན་ནི། མིག་གི་ཕྱི་རོལ་ནས་དུགས་འཇམ་པོ་བྱའོ། །དེ་ནས་གཟུགས་ནི་མཐོང་གྱུར་ནས། །ཐུར་མ་རིམ་གྱིས་དབྱུང་བར་བྱ། །མར་ལ་ སྦངས་པའི་རས་བལ་གཞུག །མིག་དཀྲིས་ནས་ནི་དེ་འོག་ཏུ། །དེ་ལས་ལོགས་ནི་ཅིག་ཤོས་དབབ། །གཉིས་ཀ་ཕྱེ་ན་གན་རྐྱལ་བཞག །རླུང་མེད་མལ་དུ་མགོ་བོ་དང་། །རྐང་བསྐུ་ཕན་པའི་ཟས་བསྟེན་བྱ། །ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་གཟུགས་མཐོང་བར་གྱུར་ན་སྨན་ པས་ཐུར་མ་དེ་རིམ་གྱིས་དལ་བུས་དབྱུང་བར་བྱའོ། །དེ་ལྟར་ཕྱུང་ནས་དེའི་རྗེས་ལ་མར་གྱི་ཁུ་བ་ལ་སྦངས་པའི་རས་བལ་བཅུག་ལ་ནད་པ་དེའི་མིག་དཀྲི་སྟེ་ཉལ་དུ་གཞུག་ལ། དེ་ཡང་མིག་གཅིག་ཕུག་ཅིང་ཕྱེ་བ་ཡིན་ན་ནི། ཕྱེ་བའི་མིག་སྟེང་དུ་ཕྱུང་ལ་མ་ཕྱེ་བའི་མིག་ཅིག་ཤོས་ཀྱི་ ལོགས་ཕབ་སྟེ་ཉལ་དུ་གཞུག་ལ། གལ་ཏེ་གཉི་ག་ཕྱེ་ན་ནི་གན་རྐྱལ་དུ་བཀན་ཏེ་བསྙལ་བར་བྱ་ལ། དེ་ཡང་རླུང་མེད་པའི་གནས་མལ་དུ་བསྙལ་ཞིང་མགོ་བོ་དང་རྐང་པ་བསྐུ་བ་དང་། ཕན་པའི་ཟས་བསྟེན་དུ་གཞུག་པར་བྱའོ། །སྦྲིད་པ་ལུད་པ་སྒྲེགས་པ་དང་། །མཆིལ་མ་འདོར་ དང་ཆུ་འཐུངས་དང་། །ཐུར་དུ་གཏོང་བ་ཁྲུས་བྱེད་དང་། །སོ་ཤིང་འཆའ་བར་བྱེད་པ་དག །ཞག་བདུན་བར་དུ་སྤང་བྱ་ཞིང་། །སྣུམ་འཐུངས་ཆོ་ག་བཞིན་དུ་བསྡམ། །ཞེས་བྱ་བ་ལ། ནད་པ་དེ་སྦྲིད་པ་ལ་སོགས་པ་ཞག་བདུན་གྱི་བར་དུ་སྤང་ཞིང་བསྡམ་པར་བྱ་བ་དང་། 202-1-159b འདིར་བསྡམ་པའི་ཆོ་ག་གཞན་དག་ཀྱང་སྣུམ་འཐུངས་པའི་ཆོ་གའི་སྐབས་སུ། ཆུ་དྲོན་གྱིས་ནི་ཉེར་སྤྱོད་བྱ། །ཞེས་བྱ་བ་ལ་སོགས་པ་ཇི་སྐད་སྨོས་པའི་བསྡམ་པའི་སྦྱོར་བ་དག་ཀྱང་བྱའོ། །ཅི་ནུས་སྨྱུང་བྱ་ན་གྱུར་ན། །མར་ཁུ་དྲོ་འཇམ་བླུགས་པར་བྱ། །ཞེས་བྱ་བ་ལ། ཡང་ ནད་པ་དེ་ཉམས་སྟོབས་ཅི་ཡོད་པ་ལས་སྨྱུང་བ་བྱ་བ་ལ་གལ་ཏེ་ན་བར་གྱུར་ན་མར་ཁུ་དྲོ་འཇམ་ཙམ་གྱི་ཐིགས་པ་བླུགས་པར་བྱའོ། །ནས་ཆན་སླ་བའམ་ཐུག་པ་སྐ། །ཚ་གསུམ་སྐྱུ་རུ་ར་མར་སྦྱིན། །ཞེས་བྱ་བ་ལ། ནད་པ་དེ་ལ་ནས་ཆག་ཚེར་བཏྲལ་བའི་ཆན་སླ་བ་ལ་མར་བཏབ་པ་ ཚ་བ་གསུམ་ལ་སོགས་པ་དང་བཅས་པ་སྦྱིན་པར་བྱ་བའམ། ཡང་འབྲས་ཐུག་གར་པོ་ཚ་བ་གསུམ་དང་སྐྱུ་རུ་ར་དང་མར་དང་བཅས་པ་སྦྱིན་པར་བྱའོ། །ཞག་གསུམ་ནས་ནི་དེ་བཀྲོལ་ལ། །རླུང་འཇོམས་པ་ཡི་སྨན་གྱི་ནི། །ཁུ་བ་མིག་ཏུ་བླུགས་པར་བྱ། །ཞེས་བྱ་བ་ལ། ཞག་གསུམ་ལོན་པ་དང་ནད་པ་དེའི་མིག་ཕྱེ། རླུང་འཇོམས་པའི་སྨན་གྱི་ཁུ་བའི་ཐིགས་པ་མིག་ཏུ་བླུགས་པར་བྱའོ། །ཞག་བདུན་ནས་ནི་མིག་དེ་ཉིད། །རྣམ་པ་ཀུན་ཏུ་དགྲོལ་བར་བྱ། །ཞེས་བྱ་བ་ལ། ཞག་བདུན་འདས་པ་དང་མིག་དེ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་ དུ་བཅིང་བ་དགྲོལ་བར་བྱའི། བཅིང་བར་ནི་མི་བྱའོ། །ཇི་སྲིད་མི་གསལ་བརྟན་གྱུར་པ། །བསྡམས་ལ་འབད་དེ་གནས་པར་བྱ། །ཞེས་བྱ་བ་ལ། ཇི་སྐད་དུ་བཤད་པའི་བསྡམས་པའི་སྤྱོད་པ་ནི་ཇི་སྐད་མི་གསལ་བར་མཐོང་བ་ཉམས་ཤིང་བརྟན་པར་གྱུར་པ་དེ་སྲིད་ཀྱི་བར་དུ་ ཆོ་ག་དེ་ལ་གནས་པར་བྱའོ། །གཟུགས་ནི་ཕྲ་དང་འཚེར་བ་དག །མོད་ལ་བལྟ་བར་མི་བྱའོ། །ཞེས་བྱ་བ་ལ། དེ་ལྟར་སྤྲིས་གཡོགས་པ་བསལ་ནས། དེས་གཟུགས་ཕྲ་ཞིང་བརྟག་པར་དཀའ་བ་དང་། འཚེར་ཞིང་འོད་འབར་བའི་དངོས་པོ་དག་ལ་མོད་ལ་སྟེ་འཕྲལ་ཁོ་ནར་ བལྟ་ཞིང་བརྟག་པར་མི་བྱའོ། །དབུག་ཉེས་མི་མཐུན་ཟོས་པ་ལས། །སྐྲངས་དང་ན་དང་དམར་ལ་སོགས། །མིག་ནད་གདུང་བ་འབྱུང་བར་འགྱུར། །ནད་ཚུལ་དེ་བཞིན་དེ་གསོ་བྱ། །ཞེས་བྱ་བ་ལ། སྤྲིས་གཡོགས་པ་དབུག་ཅིང་བརྟོལ་བ་ཉེས་པ་དང་། ནད་དང་མི་འཕྲོད་ 202-1-160a པའི་ཟས་སྐོམ་ཟོས་ཤིང་བསྟེན་པ་ལས་སྐྲངས་པ་ལ་སོགས་པ་དང་། མིག་ནད་གདུང་བ་ཞེས་བྱ་བ་འབྱུང་བར་འགྱུར་ལ། སྐྲངས་པ་ལ་སོགས་པ་དེ་དག་ལ་ནི། ནད་ཀྱི་ཚུལ་ཇི་ལྟ་བ་བཞིན་དུ་དེ་དང་འཚམ་པའི་སྨན་གྱིས་དེ་གསོ་ཞིང་བཅོས་པར་བྱའོ། ། ནད་དང་དམར་བ་ཞི་བྱའི་ཕྱིར། །དཱུར་བ་ནས་དང་ཡུག་སྣམ་དང་། །ཐལ་ཏྲེས་མར་དང་ལྡན་པ་ཡི། །ལྡེ་གུས་གདོང་ནི་བསྐུ་བར་བྱ། །ཞེས་བྱ་བ་ལ། ནད་དང་དམར་བ་སྣང་བ་ཞི་བར་བྱ་བའི་ཕྱིར། དཱུར་བ་ལ་སོགས་པའི་སྨན་ཆུ་ཐགས་སུ་བྱ་བའི་ལྡེ་གུ་མར་དང་ལྡན་པས་ གདོང་བསྐུ་ཞིང་བྱུག་པར་བྱའོ། །དེ་བཞིན་ཏིལ་དང་ཡུངས་ཀར་བཅས། །ཁ་ལུང་ཁུ་བས་སྦྲུས་པའང་ཕན། །ཞེས་བྱ་བ་ལ། དེ་བཞིན་དུ་ཏིལ་དང་། ཡུངས་ཀར་ལྡེ་གུར་བྱས་པ་ཁ་ལུང་ཞེས་བྱ་བ་བི་ཛ་པུ་རའི་ཁུ་བས་སྦྲུས་པས་གདོང་བསྐུས་ན། ཡང་ན་བ་དང་དམར་བ་ལ་ཕན་ ནོ། །ཐལ་ཏྲེས་ལོ་མ་པ་ཡ་སྱ། །བཙོད་དང་ཤིང་མངར་ར་ཡི་ནི། །འོ་མར་སྦྱར་བའི་ལྡེ་གུ་ནི། །དྲོ་འཇམ་བདེ་བར་བྱེད་མཆོག་ཡིན། །ཞེས་བྱ་བ་ལ། ཐལ་ཏྲེས་ལ་སོགས་པའི་སྨན་རའི་འོ་མ་དང་བསྐོལ་བ་དྲོ་འཇམ་ཙམ་གྱི་ལྡེ་གུས་མིག་ཏུ་བསྐུས་ན་ཡང་ན་བ་དང་དམར་བ་བདེ་ བར་བྱེད་པའི་མཆོག་ཡིན་ནོ། །སེང་ཕྲོམ་རྒྱམ་ཚ་རྒུན་འབྲུ་དང་། །ཤིང་མངར་ར་ཡི་འོ་མར་བསྐོལ། །ཐིགས་པ་མིག་ཏུ་བླུགས་པ་ནི། །ན་དང་དམར་བ་འཇོམས་པར་བྱེད། །ཤིང་མངར་རུ་རྟ་ཨུཏྤ་ལ། །རྒུན་འབྲུ་རྒྱ་སྐྱེགས་ཁ་རར་བཅས། །ཞེས་བྱ་བ་ལ། སེང་ཕྲོམ་ལ་ སོགས་པ་རའི་འོ་མ་དང་བསྐོལ་བ་བླུགས་ན་ཡང་དེ་ལ་ཕན་ནོ། །རླུང་འཇོམས་སྨན་བསྐོལ་འོ་མ་ནི། །མར་གྱི་བཞི་འགྱུར་བསྐོལ་བ་དང་། །ཤུག་པ་ལ་སོགས་ལྡེ་གུས་བཏབ། །ལས་ཀུན་ལ་ནི་བསྔགས་པ་ཡིན། །ཞེས་བྱ་བ་ལ། རླུང་འཇོམས་པའི་སྨན་དང་བསྐོལ་བའི་འོ་ མའི་ནང་དུ་ཤུག་པ་ལ་སོགས་པའི་ལྡེ་གུས་བཏབ་ན་ཡང་བསྐོལ་བའི་སྨན་མར་ནི་ལས་ཀུན་ཏེ་བཏུང་བ་དང་སྣ་ནས་བཏང་བ་དང་། བསྐུ་བ་ལ་སོགས་པ་ཐམས་ཅད་ལ་བསྔགས་པ་ཡིན་ནོ། །དེས་མ་ཞི་ན་སྣུམ་ཆོས་དང་། །དུགས་བྱས་གཏར་ག་གདབ་པར་བྱ། །གདུང་བའི་ 202-1-160b གསོ་བ་དག་ཀྱང་བྱ། །ཞེས་བྱ་བ་ལ། དེ་ལྟར་བྱས་སུ་ཟིན་ཀྱང་ཉེ་བར་ཞི་བར་མ་གྱུར་ན་ནད་པ་དེ་སྣུམ་ཆོས་དང་དུགས་བྱས་ལ། གཏར་ག་གདབ་པར་བྱ་བ་དང་། དེ་བཞིན་དུ་མིག་ནད་གདུང་བའི་གསོ་བ་བཤད་པའི་ཆོ་ག་དག་ཀྱང་འདིར་བཤད་པར་བྱའོ། །དབུག་འདྲུབ་ མིག་སྨན་འཇམ་པོ་བསྐུ། །ཞེས་བྱ་བ་ལ། མིག་དབུག་ཅིང་ཕྱེ་བ་དེ་ལེགས་པར་འདྲུབ་པར་གྱུར་ནས། མིག་སྨན་འཇམ་པོ་དག་བསྐུས་ན་ཕན་ནོ། །ཏུ་པ་རིའི་རྩ་ན་ལེ་ཤམ། །བ་བླ་སྐྱེར་པའི་ཁཎྜ་བསྐུ། །མིག་ཕྱེད་བུ་རམ་རི་ལུ་ནི། །ཆར་པའི་ཆུ་དང་བདར་བ་གཏང་། ། ཞེས་བྱ་བ་ལ། ཏུ་པ་རི་ཞེས་བྱ་བ་ཨ་ཏ་ཀའི་རྩ་བ་དང་ན་ལེ་ཤམ་ལ་སོགས་པ་ཆར་པའི་ཆུ་དང་བདར་བ་དག་ཀྱང་གཏང་བར་བྱའོ། །ཛཱ་ཏི་ད་པ་ཤི་རི་ཤ །ཀརྐ་ཏ་སྲིང་གི་མེ་ཏོག །མུ་ཏིག་འབྲས་བུ་བཻ་ཌཱུརྱ། །ར་ཡི་འོ་མར་བཏགས་པ་ནི། །ཟངས་མའི་སྣོད་ལ་སླ་བར་བསྐུ། ། ཞག་བདུན་ནས་བཀོག་སླར་ཡང་ནི། །འོ་མ་དང་བཏགས་ལྡེ་གུར་བྱས། །རི་ལུ་གྲིབ་མ་ལ་བསྐམས་པ། །མིག་བསྐུས་ཕྱེ་བ་མཐོང་བ་ནི། །གསལ་ཞིང་སྟོབས་ནི་སྐྱེད་པར་བྱེད། །ཅེས་བྱ་བ་ལ། ཛཱ་ཏི་ལ་སོགས་པ་རའི་འོ་མ་དང་ཞིབ་ཏུ་བཏགས་ཏེ་ལྡེ་གུ་ཞིབ་མོ་དེས་ཟངས་ མའི་སྣོད་ལ་སྲབ་མོར་བསྐུས་ཏེ་ཞག་བདུན་འདས་པར་གྱུར་པ་དང་། སླར་བཀོག་སྟེ་འོ་མ་དང་ལྡེ་གུར་བྱས་ཏེ་རི་ལུར་བྱས་ཏེ། དེ་གྲིབ་མ་ལ་བསྐམས་ལ་མིག་ལ་བསྐུས་ན། དེ་ལྟར་མིག་ཕྱེ་ཞིང་ཕུག་པ་དེའི་མཐོང་བ་གསལ་བར་བྱེད་ཅིང་། མིག་རྣོ་བའི་སྟོབས་སྐྱེད་པར་བྱེད་པ་ཡིན་ནོ། ། བྱི་རུ་ལྡོང་རོས་ལིག་བུ་མིག །རྒྱ་མཚོའི་ལྦུ་བ་ན་ལེ་ཤམ། །སྣ་ནས་བཏང་བའི་སྨན་སྦྱར་ན། །བཤད་པའི་ཡོན་ཏན་མཚུངས་པར་བསྟན། །ཞེས་བྱ་བ་ལ། བྱི་རུ་ལ་སོགས་པ་སྔ་མ་བཞིན་དུ་རའི་འོ་མ་དང་ཞིབ་ཏུ་བཏགས་ཏེ། དེས་ཟངས་མའི་སྣོད་དུ་བསྐུ་བ་ལ་སོགས་ པ་གོང་དུ་བཤད་མ་ཐག་པའི་སྦྱོར་བ་དང་ཡོན་ཏན་ཐམས་ཅད་མཚུངས་ཤིང་འདྲ་བར་སློབ་དཔོན་གྱིས་བསྟན་ཅིང་བཤད་པ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ 202-1-161a ལས། ཕྱི་མའི་གནས་ཀྱི་ལེའུ་བཅུ་བཞི་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་མིག་ནད་ཐམས་ཅད་ཀྱི་ནད་ཀྱི་དམིགས་བརྟག་པ་བཤད་པར་བྱའོ། །ཞེས་བྱ་བ་ལ། མིག་ནད་ཀྱི་ཡན་ལག་གི་ཆར་གཏོགས་པ་བཤད་ནས་མིག་ཐམས་ཅད་ ཀྱི་ནད་གང་ཡིན་པ་དེ་བསྟན་པར་བྱ་བའི་ཕྱིར་ལེའུ་འདི་བརྩམས་པ་ཡིན་ནོ། །རླུང་གི་མིག་ནས་མཆི་མ་འཛག །སྣ་རྒྱས་ཅུང་ཟད་སྐྲངས་པ་དང་། །མུར་འགྲམ་དཔྲལ་མིག་སྨིན་མ་ཁ། །ན་ཞིང་ཟུག་ལ་འཕར་བ་དང་། །རྔུ་མ་སྐམ་ཞིང་མཆི་མ་གྲང་། །སླ་ཉུང་ན་བ་ལྡང་དུབ་ཅན། ། འབྱེད་དང་འཛུམས་པར་དཀའ་བ་དང་། །སྲིན་བུ་འགྲོ་བ་སྙམ་དུ་སེམས། །མིག་ནི་བུས་པ་ལྟ་བུར་སྣང་། །ཟུག་རྔུ་ཕྲ་མོས་ཁྱབ་སྙམ་བྱེད། །སྣུམ་དང་དྲོ་བས་ཉེར་ཞིར་འགྱུར། །མཆི་མ་འཛག་པ་ཞེས་བྱའོ། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་མིག་ནད་རླུང་གིས་མཆི་མ་ འཛག་པར་གྱུར་པ་ན། སྣ་རྒྱས་ཞིང་བུས་པ་འམ། གང་བ་ལྟ་བུར་གྱུར་པ་དང་། ཅུང་ཟད་སྐྲངས་པ་དང་། མུར་འགྲམ་ལ་སོགས་པ་ལྷང་ལྷང་པོར་ན་ཞིང་ཟུག་པ་དང་། མིག་འཕར་ཞིང་འགུལ་བ་དང་། རྔུ་མ་ཞེས་བྱ་བའི་མིག་གི་དྲི་མ་སྐམ་པོ་འབྱུང་བ་དང་། མཆི་མ་གྲང་ཞིང་ སླ་བ་དང་། ཉུང་ཞིང་འབྱུང་བ་དང་། ན་བ་ལྡང་དུབ་བྱེད་པ་ཅན་དུ་འགྱུར་ཞིང་མི་བརྟན་པ་དང་། མིག་དབྱེ་བ་དང་། འཛུམས་པར་དཀའ་ཞིང་སྡུག་བསྔལ་བ་དང་། གྲོག་མ་ལ་སོགས་པའི་སྲིན་བུ་སྟེང་ན་འགྲོ་བ་སྙམ་དུ་སེམས་པ་དང་། མིག་བུས་པ་ལྟར་རྒྱས་པར་སྣང་བ་ དང་། ཁབ་ཀྱིས་བཙགས་ཤིང་ཟུག་རྔུ་ཕྲ་མོས་ཁྱབ་པ་སྙམ་དུ་བྱེད་པ་དང་། སྣུམ་པ་དང་དྲོ་བས་བདེ་ཞིང་ནད་ཉེ་བར་ཞི་བར་གྱུར་པ་ཡིན་ཏེ། ནད་དེ་ནི་རླུང་གིས་མཆི་མ་འཛག་པ་ཞེས་བྱའོ། །དེ་མ་བཅོས་ན་གདུང་བར་འགྱུར། །རྣ་བ་སྒྲ་འབྱུང་མགོ་འཁོར་དང་། །དཔྲལ་བ་ མིག་དང་སྨིན་མ་སོགས། །གཙུབ་ཤིང་གིས་ནི་གཙུབས་སྙམ་བྱེད། །ཅེས་བྱ་བ་ལ། མཆི་མ་འཛག་པ་ཞེས་བྱ་བའི་ནད་དེ་མ་བཅོས་ཏེ་ཡལ་བར་དོར་ན་མིག་ནད་གདུང་བ་ཞེས་བྱ་བར་འགྱུར་ཏེ། གདུང་བ་དེ་ནི་རྣ་བ་ནས་སྒྲ་ཟིང་ཟིང་པོར་འབྱུང་བར་འགྱུར་བ་དང་། མགོ་ 202-1-161b བོ་འཁོར་བ་དང་། དཔྲལ་བ་ལ་སོགས་པ་གཙུབ་ཤིང་གིས་གཙུབས་ཤིང་དཀྲུགས་པ་སྙམ་དུ་སེམས་པར་བྱེད་པ་ཡིན་ནོ། །དེ་ཡང་བག་མེད་ཡལ་བར་བོར། །གདུང་བས་བཅོམ་གྱུར་ནད་དེ་ཡིས། །སྣ་ཚོགས་ཚུལ་ནི་འབྱུང་འགྱུར་ཞིང་། །མིག་མཐོང་ཉམས་བྱེད་རྨ་ འབྱུང་འགྱུར། །ཞེས་བྱ་བ་ལ། ཡང་གདུང་བ་ཞེས་བྱ་བའི་ནད་དེ་བག་མེད་པས་ཡལ་བར་བོར་ན་མིག་ནད་གདུང་བས་བཅོམ་པ་ཞེས་བྱ་བའི་མིག་ནད་དུ་འགྱུར་ཏེ་གདུང་བས་བཅོམ་པ་ཞེས་བྱ་བའི་ནད་དེས་ནི་མིག་ནད་སྣ་ཚོགས་ཤིང་ཐ་དད་པའི་ཚུལ་དུ་མ་དག་འབྱུང་བར་འགྱུར་ ཞིང་མིག་གི་མཐོང་བ་ཉམས་ཤིང་ལོང་བའི་རྨ་འབྱུང་བར་བྱེད་པར་འགྱུར་རོ། །མུར་འགྲམ་ཁ་དང་མཇིང་པ་ལས། །རླུང་ནི་གཞན་དུ་འཇུག་འགྱུར་ཞིང་། །མི་བཟད་ན་ལ་གནག་པ་དང་། །དམར་ཞིང་སྐྲངས་ལ་མིག་མི་སྡུག །ཞུམ་ཞིང་ཀུན་ནས་མཆི་མ་འཛག །དེ་ནི་ རླུང་གིས་གཞན་གྱུར་ཡིན། །ཞེས་བྱ་བ་ལ། གདུང་བས་བཅོམ་པ་ཞེས་བྱ་བ་དེ་མ་བཅོས་ཏེ་ཡལ་བར་བོར་ན་མུར་འགྲམ་ལ་སོགས་པ་ལས་རླུང་གཞན་དུ་འཇུག་པར་འགྱུར་བ་དང་། དེ་བཞིན་དུ་མི་བཟད་པའི་གནག་པ་ལ་སོགས་པའི་ནད་སྐྱེད་པར་བྱེད་པ་དང་། མིག་ མི་སྡུག་ཅིང་མིག་ཀུན་ནས་ཞུམ་པར་འགྱུར་བ་དང་། ཐམས་ཅད་ནས་མཆི་མ་འཛག་པར་འགྱུར་ཏེ། དེ་ནི་རླུང་གིས་གཞན་དུ་གྱུར་པ་ཞེས་བྱ་བའི་མིག་ནད་ཡིན་ནོ། །དེ་བཞིན་མིག་ནི་ཡོན་པོ་དང་། །ཆུང་བ་རླུང་གིས་ཕྱིན་ཅི་ལོག །ཅེས་བྱ་བ་ལ། སྔ་མ་བཞིན་དུ་ རླུང་གིས་གཞན་དུ་གྱུར་པ་དང་ནད་ཀྱི་ཚུལ་མཐུན་ཞིང་། གཞན་ཡང་ཡོན་པོ་དང་རང་གི་ཚད་ལས་ཆུང་བར་གྱུར་པ་ནི་རླུང་གིས་ཕྱིན་ཅི་ལོག་ཏུ་གྱུར་པ་ཞེས་བྱའོ། །མཁྲིས་པའི་མཆི་འཛག་མཚན་མ་ནི། །ཚ་གྲང་དུ་བ་འབྱུང་སྙམ་སེམས། །མིག་ཆུའི་ཕྱི་རོལ་གནག་པ་དང་། ། ནང་ན་རྣག་འདྲུལ་མཆི་མ་ཚ། །སེར་ཞིང་མིག་དམར་སེར་པོར་མཐོང་། །རྨ་ལ་ལན་ཚྭས་བཏབ་སྙམ་སེམས། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་མིག་ནད་མཆི་མ་འཛག་པའི་མཚན་ཉིད་ནི་ཚ་བར་གྱུར་པ་དང་། སྐྲངས་པ་དང་། དུ་བ་འབྱུང་བ་སྙམ་དུ་སེམས་པ་ 202-1-162a ལ་སོགས་པ་འབྱུང་བ་དང་། དངོས་པོ་སེར་པོར་མཐོང་བར་འགྱུར་བ་དང་། རྨ་ལ་ལན་ཚྭས་བཏབ་པ་དང་འདྲ་བར་མིག་ན་བར་འགྱུར་བ་ཡིན་ནོ། །མེ་མདག་གཏོར་བ་འདྲ་བ་དང་། །མཆེར་པའི་གོང་བུ་ལྟ་བུར་སྣང་། །མིག་ནད་གདུང་བར་གྱུར་པ་ ཡིན། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་མཆི་མ་འཛག་པ་དེ་ཡལ་བར་བོར་ན། མིག་ནད་གདུང་བ་ཞེས་བྱ་བར་འགྱུར་ཏེ། དེ་ནི་མིག་ལ་མེ་མདག་གཏོར་བ་སྙམ་དུ་སེམས་པ་དང་། མཆེར་པའི་གོང་བུ་ལྟར་གནག་པ་སྣང་བར་འགྱུར་བ་ཡིན་ནོ། །བད་ཀན་ ལས་གྱུར་མཆི་འཛག་ནི། །ཚོར་བ་མེད་སྐྲང་རབ་ཏུ་གཡའ། །གཤེར་ཞིང་སྣུམ་ལ་ཤས་ཆེར་དཀར། །མིག་གདུང་སྤྱི་བག་འཛག་པ་ཡིན། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་མཆི་མ་འཛག་པ་ནི་མིག་ཚོར་བ་མེད་ཅིང་བེམ་བེམ་པོར་གྱུར་པ་དང་། ཤས་ཆེར་ སྐྲངས་པ་དང་། གཡའ་བ་ལ་སོགས་པ་ཡིན་ནོ། །གདུང་བ་དེས་ནི་ནག་པོ་དམའ། །འབྲས་བུ་དཀར་པོ་མཐོ་བ་དང་། །ཆམ་པས་ཐེབས་ཤིང་སྣ་རྒྱས་ལ། །མིག་ནི་རྡུལ་གྱིས་གང་སྙམ་བྱེད། །ཅེས་བྱ་བ་ལ། བད་ཀན་གྱིས་མཆི་མ་འཛག་པ་ནི་མིག་ཚོར་བ་མེད་ཅིང་ཡལ་ བར་བོར་བ་ན། གདུང་བ་ཞེས་བྱ་བར་འགྱུར་ལ། དེས་ནི་མིག་འབྲས་ནག་པོ་དམའ་བར་འགྱུར་བ་དང་། འབྲས་བུ་དཀར་པོ་མཐོ་ཞིང་འབུར་བར་འགྱུར་བ་དང་། དེ་བཞིན་དུ་ཆམ་པས་ཐེབས་པ་ལ་སོགས་པར་འགྱུར་རོ། །ཁྲག་གྱུར་དམར་རིས་མིག་ཏུ་དམར། །མིག་འབྲས་ དཀར་པོ་དམར་བ་དང་། །ཁྲག་འཛག་དམར་པོ་མཐོང་བ་དང་། །མཁྲིས་པའི་མཆི་འཛག་མཚན་ཉིད་ཡིན། །ཞེས་བྱ་བ་ལ། ཁྲག་ལས་གྱུར་པའི་མཆི་མ་འཛག་པར་གྱུར་པ་ནི། མིག་ལ་རི་མོ་དམར་པོ་ཤར་ཤར་པོར་སྣང་བ་ནས། མིག་འབྲས་དཀར་པོ་དམར་པོ་ཉིད་དུ་ སྣང་ཞིང་། དངོས་པོ་དམར་པོ་ཉིད་དུ་སྣང་བ་དང་། དེ་བཞིན་དུ་མཁྲིས་པ་ལས་གྱུར་པའི་མཆི་མ་འཛག་པའི་མཚན་ཉིད་གང་དག་ཡོད་པ་དེ་འདི་ལས་འབྱུང་བར་འགྱུར་རོ། །གདུང་བ་མིག་ནི་མཐའ་དམར་ཞིང་། །ཕྱུང་བ་དང་ནི་མཚུངས་པར་ན། །མེ་ཏོག་བནྡུ་ཀ་ལྟར་དམར། ། 202-1-162b ཤིན་ཏུ་ན་ཞིང་རེག་མི་བཟོད། །ལུང་ཏང་ཁྲག་ཏུ་ནུབ་པ་འདྲ། །གནག་ཅིང་མེ་ལྟར་སྣང་བ་ཡིན། །ཞེས་བྱ་བ་ལ། ཁྲག་ལས་གྱུར་པའི་མཆི་མ་འཛག་པ་དེ་ཡལ་བར་བོར་ན་མིག་ནད་གདུང་བ་ཞེས་བྱ་བར་འགྱུར་ཏེ། དེའི་མཚན་མ་ནི་མིག་གི་མཐའ་མ་གཟགས་པ་ལྟར་དམར་ བར་འགྱུར་བ་དང་། དེ་བཞིན་དུ་མིག་ཕྱུང་བ་དང་མཚུངས་པར་མི་བཟད་པར་ན་བར་འགྱུར་བ་དང་། མེ་ཏོག་བནྡུ་ཀའི་མདོག་ལྟར་མིག་ཤིན་ཏུ་དམར་བ་དང་། ཤིན་ཏུ་ལྷང་ལྷང་པོར་ན་བ་དང་། རེག་མི་བཟོད་པ་དང་། ལུང་ཏང་ཁྲག་གི་ནང་དུ་ནུབ་པ་དང་འདྲ་བའི་མདོག་ཏུ་མིག་ འབྲས་ནག་པོར་སྣང་བར་འགྱུར་བ་དང་། དངོས་པོ་རྣམས་མེ་དང་འདྲ་བར་མཐོང་བ་ཡིན་ནོ། །གདུང་བ་རང་གི་ཇི་བཞིན་དུ། །ཐམས་ཅད་འཛག་པ་ལས་ལྷག་ན། །མུར་འགྲམ་སོ་དང་མཁུར་ཚོས་དང་། །མགོ་བོ་ལྷག་པར་ན་བར་བྱེད། །ཅེས་བྱ་བ་ལ། མིག་ནད་གདུང་ བ་ཞེས་བྱ་བའི་ནད་རླུང་དང་། མཁྲིས་པ་དང་། བད་ཀན་དང་། ཁྲག་ལས་གྱུར་པ་ཐམས་ཅད་ནི། རང་གི་མཚན་ཉིད་ཇི་ལྟ་བ་བཞིན་དུ་ན་བ་ཡིན་ནོ། །རླུང་ལ་སོགས་པ་ལས་གྱུར་པའི་མཆི་མ་འཛག་པ་ཐམས་ཅད་ལས་ལྷག་པར་མི་བཟད་པར་ན་བ་དང་། དེ་བཞིན་དུ་ མུར་འགྲམ་ལ་སོགས་པ་ལྷག་པར་ན་བར་བྱེད་པ་ཡིན་ནོ། །རླུང་མཁྲིས་ཤས་ཆེར་དྲུད་སྙམ་སེམས། །ཟུག་ཅིང་ན་ལ་ཕུལ་སྙམ་སེམས། །ཤིན་ཏུ་རྩུབ་ཅིང་མིག་མཆུ་མིག །འཛུམས་དང་འབྱེད་པར་དཀའ་བ་དང་། །ན་ཞིང་སྐམས་པར་གྱུར་པ་དང་། །གྲང་འདོད་ སྨིན་ཅིང་སྐམ་དང་བཅས། །མིག་སྐམ་སྨིན་པ་ཞེས་བྱའོ། །ཞེས་བྱ་བ་ལ། མིག་ལ་རླུང་དང་མཁྲིས་པ་གཉིས་ཀྱི་ཤས་ཆེ་ཞིང་ལྷག་པར་གྱུར་ན་ནི། དྲུད་པ་སྙམ་དུ་སེམས་པ་ལ་སོགས་པ་འབྱུང་བར་འགྱུར་རོ། །ནད་གཞི་གསུམ་ནི་ཁྲག་བཅས་ལ། །སྐྲང་འགྱུར་དེ་ ནི་རབ་སྐྲངས་ཤིང་། །ན་དང་ཚ་དང་འཛག་དང་བཅས། །ཨུ་དུམྺཱ་རའི་འབྲས་སྨིན་འདྲ། །མིག་འབྲས་དཀར་པོར་འབྱུང་བར་འགྱུར། །མཆི་མ་གྲང་ཞིང་དྲོ་བ་དང་། །སྤྱི་བག་སྐ་སླ་རས་ཀྱིས་འབྱུང་། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་གཞི་གསུམ་པོ་ཁྲག་དང་བཅས་ 202-1-163a པས་ནི་སྐྲངས་པ་དང་བཅས་པ་ཞེས་བྱ་བའི་མིག་ནད་དུ་འགྱུར་ཏེ། དེ་ནི་རབ་ཏུ་སྐྲངས་པ་དང་། ན་བ་ལ་སོགས་པར་འགྱུར་བ་དང་། དེ་བཞིན་དུ་མིག་འབྲས་དཀར་པོར་ཨུ་དུམྺཱ་རའི་འབྲས་བུ་སྨིན་པ་དང་འདྲ་བར་འགྱུར་བ་དང་། མཆི་མ་ཕྱེད་འགའ་ནི་གྲང་བར། མཆི་མ་ཕྱེད་འགའ་ནི་དྲོ་བར་འབྱུང་། ཕྱེད་འགའ་ནི་སྤྱི་བག་དང་། ཕྱེད་འགའ་ནི་སྐ་བ་དང་། ཕྱེད་འགའ་ནི་སླ་བ་ལ་སོགས་པར་རེས་ཀྱིས་འབྱུང་བར་འགྱུར་རོ། །སྐྲང་ཆུང་ཅུང་ཟད་སྐྲངས་ཞེས་བྱ། །དེ་བཞིན་མཚན་ཉིད་གཞན་གྱིས་སྨིན། །ཞེས་བྱ་བ་ལ། ཅུང་ཟད་ སྐྲང་པ་ཞེས་བྱ་བའི་མིག་ནད་ནི་སྐྲངས་པ་ཅུང་ཟད་ཙམ་དུ་འགྱུར་བ་དང་། བཤད་མ་ཐག་པའི་མིག་ནད་སྐྲངས་པ་དང་བཅས་པ་ཞེས་བྱ་བ་དང་། མིག་ནད་འདིའི་ཁྱད་པར་ནི་འདི་ཡིན་ཏེ། གང་སྐྲངས་པ་ཅུང་ཟད་ཆུང་བ་དང་། དེ་བཞིན་དུ་སྔར་བཤད་པའི་མཚན་ཉིད་སྨིན་པ་དང་། ཚ་བ་དང་ན་བ་མེད་པར་གནས་ལ། དེ་བཞིན་དུ་ཨུ་དུམྺཱ་རའི་འབྲས་བུ་སྨིན་པ་དང་འདྲ་བ་ལ་སོགས་པ་ཡིན་ནོ། །མིག་སྨིན་པས་ཉེན་སྐྲངས་པ་ཡི། །རྩོམ་ཆེ་མཆི་མ་རྙོག་ཅན་འཛག །བད་ཀན་གྱིས་བསྒོས་མིག་འབྲས་ནི། །དཀར་པོ་དམར་ཞིང་འདྲུལ་བ་དང་། །ཚ་ཞིང་ མཐོང་བ་ཉམས་པ་དང་། །ནད་ནི་མལ་ན་མི་གནས་ཡིན། །ཞེས་བྱ་བ་ལ། མིག་སྨིན་པས་ཉེན་པ་ཞེས་བྱ་བའི་མིག་ནད་ནི་སྐྲངས་པའི་རྩོམ་པ་དང་པོར་ཆེ་བར་འགྱུར་བ་དང་། མཆི་མ་རྙོག་པ་ཅན་འཛག་པ་དང་། བད་ཀན་གྱིས་བསྒོས་ཤིང་བྱུགས་པ་འདྲ་བར་སྣང་བ་ དང་། མིག་གི་འབྲས་བུ་དཀར་པོ་མདོག་དམར་ཞིང་མིག་འཛག་ཅིང་འདྲུལ་བ་དང་ལྡན་པ་དང་། ཚ་བར་འགྱུར་བ་དང་། མཐོང་བ་ཉམས་ཤིང་ལོང་བ་དང་ནད་མལ་ན་མི་གནས་ཤིང་ཀུན་ཏུ་འཕོ་བར་གྱུར་པ་ཡིན་ནོ། །ཁྲག་མཁྲིས་ཤས་ཆེའི་ནད་ཀྱིས་ནི། །ཟས་ཀྱི་དྭངས་ མ་སྐྱུར་པོར་འགྱུར། །མིག་གི་རྩར་ནི་སོང་ནས་ནི། །མིག་ནི་དམར་པོར་བྱེད་པར་འགྱུར། །སྐྲང་ཚ་སྨིན་ཞིང་མཆི་མ་འཛག །ཤིན་ཏུ་ལོང་ལོང་པོར་མཐོང་ན། །སྐྱུར་གྱིས་སྐྱེད་པའི་ནད་ཅེས་བྱ། །ཞེས་བྱ་བ་ལ། ཁྲག་དང་མཁྲིས་པ་ཤས་ཆེ་བའི་རླུང་ལ་སོགས་པའི་ 202-1-163b ནད་ཀྱིས་ཟས་ཀྱི་བཅུད་དྭངས་མ་ཞེས་བྱ་བ་སྐྱུར་པོར་གྱུར་ནས། དེ་ཉིད་ཀྱིས་ཁྲག་དང་མཁྲིས་པ་ཤས་ཆེར་བྱས་ལ། ཡང་མིག་གི་རྩར་སོང་བ་དང་། དེས་མིག་དམར་པོར་བྱེད་པར་འགྱུར་ལ། དེ་བཞིན་དུ་སྐྲང་ཞིང་ཚ་བ་ལ་སོགས་པར་འགྱུར་ཏེ། མིག་ནད་འདི་ནི་སྐྱུར་ གྱིས་སྐྱེད་པ་ཞེས་བྱའོ་ཞེས་དྲང་སྲོང་རྣམས་ཀྱིས་བཤད་དོ། །དེ་ལྟར་ཀུན་གཏོགས་ནད་བཅུ་དྲུག །ཅེས་བྱ་བ་ལ། དེ་ལྟར་བཤད་མ་ཐག་པའི་ཚུལ་གྱིས་མིག་ནད་དུ་གཏོགས་པའི་ནད་ནི་བཅུ་དྲུག་ཡོད་དོ། །དེ་ལ་གདུང་བས་བཅོམ་པ་ནི། །མིག་སྨིན་བཅས་པ་སྤང་ བར་བྱ། །ཞེས་བྱ་བ་ལ། མིག་ནད་འདི་དག་གི་ནང་ནས་གདུང་བས་བཅོམ་པ་ཞེས་བྱ་བའི་མིག་ནད་དང་། མིག་སྨིན་པ་ཞེས་བྱ་བའི་ནད་དང་བཅས་པ་ནི། གསོར་མི་རུང་བས་སྤང་བར་བྱའོ། །རླུང་གྱུར་ཞག་ལྔས་མིག་ལ་གནོད་པར་བྱེད། །བད་ཀན་ལས་གྱུར་གདུང་བས་ ཞག་བདུན་གྱིས། །དེ་བཞིན་ཁྲག་གྱུར་ཞག་གསུམ་གྱིས་འཇོམས་བྱེད། །མཁྲིས་གྱུར་འཕྲལ་དུ་ལོག་སྤྱོད་ཀྱིས་གནོད་སྐྱེད། །ཅེས་བྱ་བ་ལ། རླུང་ལས་གྱུར་པའི་མིག་ནད་གདུང་བ་ནི་ལོག་པའི་སྤྱོད་པ་སྟེ། ཁ་ཟས་དང་སྤྱོད་ལམ་ལ་སོགས་པ་མིག་ལ་གནོད་པར་བྱེད་པས་ ཞག་ལྔ་ལ་མིག་ལ་གནོད་ཅིང་ཉམས་པར་བྱེད་དོ། །བད་ཀན་ལས་གྱུར་པའི་གདུང་བ་ནི། སྤྱོད་ལམ་དང་ཁ་ཟས་ལོག་པས་ཞག་བདུན་གྱིས་མིག་ལ་གནོད་ཅིང་འཇོམས་པར་བྱེད་དོ། །ཁྲག་ལས་གྱུར་པའི་མིག་ནད་གདུང་བ་ནི་ཞག་གསུམ་གྱིས་མིག་འཇོམས་ཤིང་གནོད་པར་ བྱེད་དོ། །མཁྲིས་པ་ལས་གྱུར་པའི་མིག་ནད་གདུང་བ་ནི་ཁ་ཟས་དང་སྤྱོད་ལམ་ལ་སོགས་པ་ལོག་པས་འཕྲལ་དུ་གནོད་པ་སྐྱེད་ཅིང་མིག་འཇོམས་པར་བྱེད་དོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་ ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་བཅོ་ལྔ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་མིག་ནད་ཐམས་ཅད་གསོ་བ་བཤད་པར་བྱའོ། །ཞེས་བྱ་བ་ནི། གོ་རིམས་ཀྱིས་ན་གསོ་བ་འདི་བརྩམས་པ་ཡིན་ནོ། །མཆི་འཛག་སྔར་བྱུང་ཚུལ་ཉིད་ལ། །མཁུར་བཀང་ 202-1-164a སྣ་སྨན་རྣོན་པོ་གཏང་། །རླུང་འཁྲུགས་མ་གཏོགས་ནད་གཞན་ལ། །སྨྱུང་བ་དག་ཀྱང་བྱ་བ་ཡིན། །ཞེས་བྱ་བ་ལ། མཆི་མ་འཛག་པའི་ནད་ཐམས་ཅད་ཀྱི་སྔར་བྱུང་བའི་ཚུལ་ལ་མཁུར་བ་བཀང་བ་རྣོན་པོ་དང་། སྣ་སྨན་རྣོན་པོ་གཏང་བར་བྱའོ། །དེའི་ རྗེས་ལ་རླུང་འཁྲུགས་པ་ལས་གྱུར་པའི་ནད་མ་གཏོགས་པ་ནད་གཞན་ལ་སྨྱུང་བ་བྱས་པས་གསོ་བར་བྱའོ། །ཚ་དང་དམར་དང་གོས་པ་དང་། །སྐྲང་སོགས་ཞི་ཕྱིར་ཀུན་ལ་ནི། །སུག་སྨེལ་གནྡྷ་བྷ་དྲ་དང་། །ན་ལེ་ཤམ་དང་བཙག་ཡུག་སྣམ། །ལྡེ་གུར་བྱས་པས་བསྐུ་ བར་བྱ། །ཞེས་བྱ་བ་ལ། མཆི་མ་འཛག་པ་ཐམས་ཅད་ཀྱིས་ཚ་བ་དང་། དམར་བ་དང་། ལྗན་ལྗིན་གྱིས་གོས་པ་ལ་སོགས་པ་ཞི་བར་བྱ་བའི་ཕྱིར། སུག་སྨེལ་ལ་སོགས་པའི་སྨན་གྱི་ལྡེ་གུས་མིག་གི་ཕྱི་རོལ་ནས་བསྐུ་བར་བྱ་སྟེ། དེ་ཡང་རྫི་མ་ལ་མི་གནོད་པར་བྱའོ། ། རླུང་གྱུར་རྒྱམ་ཚ་སྐྱེར་ཁཎྜ། །ཤིང་མངར་རྒྱ་སྤོས་ཙནྡན་ནམ། །རྒྱམ་ཚ་དོང་གྲ་སྐྱེར་ཁཎྜ། །མར་གྱི་ཉིང་གུ་བདར་བའམ། །ཡང་ན་སེང་ཕྲོམ་སྦྱར་བ་གཏང་། །ཞེས་བྱ་བ་ལ། དེ་ལ་རླུང་ལས་གྱུར་པའི་མིག་ནད་ལ་ནི་རྒྱམ་ཚ་ལ་སོགས་པའི་སྨན་མར་གྱི་ཉིང་གུ་ཞེས་བྱ་བ་ མར་གྱི་སྟེང་གི་དྭངས་མ་དང་བཅས་པ་བདར་བའི་ལྡེ་གུས་ཕྱི་རོལ་ནས་བསྐུ་བར་བྱའོ། །ཡང་ན་སེང་ཕྲོམ་མར་དང་བདར་བའི་ལྡེ་གུས་ཕྱི་རོལ་ནས་བསྐུ་བར་བྱའོ། །ཁྲག་མཁྲིས་གྱུར་ལ་སྤང་སྤོས་དང་། །ཤུག་པ་ཤིང་མངར་ར་མཉེ་བ། །ཞེས་བྱ་བ་ལ། ཁྲག་དང་མཁྲིས་ པ་ལས་གྱུར་པའི་མིག་ནད་ལ་ནི་སྤང་སྤོས་ལ་སོགས་པའི་ལྡེ་གུས་ཕྱི་རོལ་ནས་བསྐུ་བར་བྱའོ། །བད་ཀན་ལས་གྱུར་པྲི་ཡང་ཀུ། །ལྡོང་རོས་སྦྲང་རྩི་སྦྱར་བ་བསྐུ། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་མིག་ནད་ལ་ནི། གནྡྷ་པྲི་ཡང་ཀུ་ལ་སོགས་པའི་ལྡེ་གུས་ཕྱི་རོལ་ ནས་བསྐུ་བར་བྱའོ། །འདུས་པ་ལས་གྱུར་ཀུན་གྱིས་བསྐུ། །ཞེས་བྱ་བ་ལ། ནད་གཞི་གསུམ་ཆར་འདུས་པ་ལ་སོགས་པའི་མིག་ནད་ལ་ནི་རླུང་དང་། མཁྲིས་པ་དང་བད་ཀན་གྱི་སྨན་ཐམས་ཅད་བསྲེས་པའི་མིག་སྨན་གྱི་ལྡེ་གུས་ཕྱི་རོལ་ནས་བསྐུ་བར་བྱའོ། །ན་ལེ་ 202-1-164b ཤམ་ནི་དཀར་པོ་ཆ་གཅིག་དང་། །ལྡོང་རོས་ཆ་བཞི་སེང་ཕྲོམ་ཆ་བཅུ་དྲུག །ཞིབ་ཏུ་བཏགས་ཏེ་རས་གཙང་ཕུར་མས་གཏུམས། །ནད་ལྡང་མེད་ལ་མིག་ཏུ་གདབ་པར་བྱ། །ཞེས་བྱ་བ་ལ། ན་ལེ་ཤམ་དཀར་པོ་ཆ་གཅིག་ལྡོང་རོས་ཆ་བཞི་སྟེ། དེའི་བཞི་འགྱུར་སེང་ཕྲོམ་ ཆ་བཅུ་དྲུག་སྟེ། དང་པོའི་བཅུ་དྲུག་འགྱུར་ཏེ། དེ་དག་ཐམས་ཅད་ཞིབ་ཏུ་བཏགས་ཏེ། རས་གཙང་མའི་ནང་དུ་ཕུར་མར་གཏུམས་ལ། ནད་ལྡང་བའི་མོད་ལ་མིག་ཏུ་ཕུར་མ་སྤྲུག་ཅིང་གདབ་པར་བྱའོ། །རྒྱ་སྲན་ནག་པོ་བ་ལྕི་རའི་རིལ་ཁུ། །ལེགས་བཙོས་སེན་མོས་ཤུན་པ་ བཤུས་གྱུར་པ། །དེ་ཡིས་མཚན་མོ་ལན་ཅིག་བསྐུས་པ་ཡིས། །མིག་ནད་འཁྲུགས་པ་མོད་ལ་ཞི་བར་བྱེད། །ཅེས་བྱ་བ་ལ། རྒྱ་སྲན་ཀུ་ལདྠ་དགོན་པ་བའི་ལྕི་བ་དང་། རའི་རིལ་མའི་ཁུ་བར་ཚོས་པར་བཙོས་ལ་སེན་མོས་ཤུན་པ་བཤུས་ཏེ་རྒྱ་སྲན་དེའི་ཕྱེ་མ་མཚན་མོའི་དུས་ སུ་ལན་ཅིག་བསྐུས་ཤིང་མིག་ཏུ་བཏབ་ན་མིག་ནད་འཁྲུགས་པ་མོད་ཁོ་ན་ལ་ཞི་བར་བྱེད་དོ། །ཤུ་ཏི་ཤིང་མངར་སྤངས་མ་ཨ་རུ་ར། །ཞིབ་བཏགས་རས་ཀྱི་ཐུམ་པོ་ལྷོད་པར་བཅིངས། །ཟངས་ཀྱི་སྣོད་དུ་སྐྱུར་རྩབས་ནང་དུ་བཅུག །མིག་ཏུ་བཞག་ན་མིག་ནད་སྣ་ཚོགས་ སེལ། །ཞེས་བྱ་བ་ལ། ཤུ་ཏི་ལ་སོགས་པ་ཇི་སྐད་བཤད་པའི་སྦྱོར་བས་འབྲས་ཀྱི་རང་སྐྱུར་རམ་སྐྱུར་ཁུའི་ནང་དུ་བཅུག་པ་དེ་མིག་ཏུ་བཞག་ཅིང་གླན་ན་མིག་ནད་རྣམ་པ་སྣ་ཚོགས་དག་སེལ་ཅིང་འཇོམས་པར་བྱེད་དོ། །སྐྱེར་པ་སྲང་གཅིག་ཆུ་བྲེ་ཕྱེད་དུ་ཡང་། །ཁུ་བ་བརྒྱད་ ཆ་ལུས་པར་སྦྲང་རྩི་བཏབ། །དེ་བཞིན་མིག་ཏུ་བསྐུས་པར་གྱུར་ན་ནི། །ནད་གཞི་ཐམས་ཅད་འཁྲུགས་པའི་མིག་ནད་སེལ། །ཞེས་བྱ་བ་ལ། སྐྱེར་པ་སྲང་གཅིག་ཆུ་སྲང་བཅུ་དྲུག་གི་ནང་དུ་བསྐོལ་ལ་བརྒྱད་ཆ་ལུས་པར་སྦྲང་རྩི་བཏབ་སྟེ། མིག་ཏུ་ཇི་ལྟ་བ་བཞིན་དུ་བསྐུས་ ན་མིག་ནད་སྣ་ཚོགས་པ་ནད་གཞི་སོ་སོ་དང་འདུས་པ་ལས་གྱུར་པ་སེལ་བར་བྱེད་དོ། །ཤི་ཀྲུའི་ལོ་མའི་ཁུ་བ་སྦྲང་རྩིར་བཅས། །མིག་ཏུ་བླུགས་ན་རླུང་དང་མཁྲིས་པ་དང་། །བད་ཀན་འདུས་པ་ལས་གྱུར་མིག་ནད་རྣམས། །མིག་ནད་མང་པོ་དག་ཀྱང་མྱུར་དུ་སེལ། །ཞེས་བྱ་ 202-1-165a བ་ལ། ཤི་ཀྲུའི་ལོ་མ་བསྐོལ་བའི་ཁུ་བ་སྦྲང་རྩི་དང་སྦྱར་བའི་མིག་སྨན་གྱིས་ཀྱང་རླུང་ལ་སོགས་པ་ལས་གྱུར་པའི་མིག་ནད་སེལ་ཏོ། །ཨེ་རཎྜ་ནི་གཞོན་ནུའི་ལོ་མ་དང་། །རྩ་བ་བརྡུངས་ཏེ་ར་ཡི་འོ་མར་བསྐོལ། །བླུགས་སམ་ཟན་དྲོན་མིག་ཏུ་གླན་པ་ ཡིས། །རླུང་གྱུར་མཆི་འཛག་ནད་ནི་མོད་ལ་འཇོམས། །ཞེས་བྱ་བ་ལ། ཨེ་རཎྜ་གཞོན་ནུའི་ལོ་མ་དང་རྩ་བ་གཏུན་གྱི་ནང་དུ་བརྡུངས་ཏེ་རའི་འོ་མ་དང་བསྐོལ་ཏེ་ཐིགས་པ་མིག་ཏུ་བླུགས་པའམ། དེ་བཞིན་དུ་ཟན་དྲོན་མོ་མིག་ཏུ་གླན་ན། རླུང་ལས་གྱུར་པའི་མཆི་མ་འཛག་ པའི་ནད་གསར་པ་མོད་ལ་འཇོམས་པར་བྱེད་དོ། །རླུང་གྱུར་པ་ལ་བིལ་བ་སོགས། །བསྐོལ་བའི་སྨན་ཐིགས་བླུགས་པའམ། །ཨེ་རཎྜའི་རྩ་བྲི་ཧ་ཏི། །མ་དུ་ཤི་ཀྲུ་དྲོ་འཇམ་བླུགས། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་མིག་ནད་མཆི་མ་འཛག་པ་ལ་ནི་བིལ་བ་ལ་སོགས་པའམ། ཨེ་རཎྜའི་རྩ་བ་ལ་སོགས་པ་བསྐོལ་བའི་ཁུ་བ་དྲོ་འཇམ་ཙམ་གྱི་ཐིགས་པའི་རྒྱུན་མིག་ཏུ་བླུགས་ན་ཕན་ནོ། །ཤ་རང་གཥྚ་བ་ལ་ཀ །རྒྱ་སྤོས་ཨུ་དུམྺཱ་རའི་ཤུན། །ཆུ་དང་འོ་མར་བཅས་བསྐོལ་བའི། །ཐིགས་བླུགས་གཟེར་ནི་སེལ་མཆོག་ཡིན། །ཞེས་བྱ་བ་ལ། ཤ་རང་ག་ ལ་སོགས་པའི་ཤིང་གི་ཤུན་པ་ཆུའི་ནང་དུ་བསྐོལ་བའི་ཐིགས་པ་བླུགས་ན་མིག་གཟེར་ཞིང་ན་བ་སེལ་བའི་མཆོག་དམ་པ་ཡིན་ནོ། །བཙོད་དང་སྐྱེར་པ་རྒྱ་སྐྱེགས་དང་། །རྒུན་འབྲུ་ཨུཏྤལ་ཤིང་མངར་གཉིས། །བསྐོལ་ཏེ་བསྒྲངས་པར་ཁ་ར་གདབ། །མིག་བླུགས་ཁྲག་ མཁྲིས་མིག་ནད་སེལ། །ཞེས་བྱ་བ་ལ། བཙོད་ལ་སོགས་པའི་སྨན་བསྐོལ་བའི་ཁུ་བ་བསྒྲངས་པར་ཁ་ར་བཏབ་པ་གྲང་མོའི་ཐིགས་པ་བླུགས་ན་ཡང་ཁྲག་དང་མཁྲིས་པ་ལས་གྱུར་པའི་མིག་ནད་འཇོམས་སོ། །ཤིང་མངར་ཀ་ཤེ་རུའི་ཕྱེ་མ། །རས་མ་འཇམ་པོས་ལྷོད་པར་ བཅིང་། །ཆར་ཆུའི་ནང་དུ་སྦངས་པ་ནི། །ཁྲག་མཁྲིས་ལས་གྱུར་མཆི་འཛག་སེལ། །ཞེས་བྱ་བ་ལ། ཤིང་མངར་ལ་སོགས་པའི་སྨན་གྱི་སྦྱོར་བ་ཇི་སྐད་དུ་བཤད་པ་ལྟར་བྱས་པ་ཡང་ཡོན་ཏན་དེ་དང་འདྲའོ། །ཤིང་མངར་སྐྱེར་པ་སྟག་ཚེར་བ། །ཐུམ་པོ་ནུ་ཞོ་ཁ་རར་བཅས། ། 202-1-165b ར་ཡི་འོ་མར་སྦངས་པ་བླུགས། །ཚ་ན་མདོག་དམར་མཆི་འཛག་སེལ། །ཞེས་བྱ་བ་ལ། ཤིང་མངར་ལ་སོགས་པ་རས་གཙང་མའི་ཐུམ་བུར་བྱས་ཏེ། བུད་མེད་ཀྱི་ནུ་ཞོ་དང་ཁ་རར་བཅས་པའམ། རའི་འོ་མ་སྦྱར་བའི་ཐིགས་པ་མིག་ཏུ་བླུགས་ན་ཚ་བ་ལ་སོགས་པ་སེལ་བར་བྱེད་ དོ། །སེང་ཕྲོམ་དཀར་པོ་ཤིང་མངར་བཅས། །མར་བརྔོས་ལེགས་པར་བཏགས་པ་ནི། །རས་ལ་གཏུམས་ཏེ་ནུ་ཞོར་མཉེ། །ཁྲག་མཁྲིས་སྣད་པའི་མིག་ནད་སེལ། །ཞེས་བྱ་བ་ལ། སེང་ཕྲོམ་དཀར་པོ་ཤིང་མངར་དང་བཅས་པ་མར་ལ་བརྔོས་པ་ལ་སོགས་པའི་སྦྱོར་བས་མིག་སྨན་དུ་ བཏང་ན་ཁྲག་དང་མཁྲིས་པ་དང་སྣད་པ་ལས་གྱུར་པའི་མིག་ནད་སེལ་ལོ། །དོང་གྲ་ནིམ་པ་འབྲས་བུ་གསུམ། །སེང་ཕྲོམ་བ་ཤ་ཀའི་ཁུ་བ། །དྲོ་འཇམ་བླུགས་པས་བད་ཀན་སེལ། །ཞེས་བྱ་བ་ལ། དོང་གྲ་ལ་སོགས་པ་བསྐོལ་བའི་ཁུ་བ་དྲོ་འཇམ་ཙམ་གྱི་ཐིགས་པ་བླུགས་ན་ཡང་བད་ ཀན་ལས་གྱུར་པའི་མིག་ནད་སེལ་ཏོ། །འདུས་པར་འདི་དག་བསྲེས་པ་ཕན། །ཞེས་བྱ་བ་ལ། འདུས་པ་ལས་གྱུར་པའི་མིག་ནད་ལ་ནི། སྨན་འདི་དག་བསྲེས་པ་བསྐོལ་བའི་ཐིགས་པ་བླུགས་ན་ཕན་ནོ། །རླུང་ལ་མར་ནི་རྙིང་པ་དང་། །མཁྲིས་པ་ཁ་རར་བཅས་པ་དང་། །བད་ ཀན་ལ་ནི་ཚ་བ་གསུམ། །བསྐོལ་དང་ཐལ་སྨན་བཅས་པ་བླུད། །དེ་འོག་ཁྲག་ཀྱང་དབྱུང་བ་དང་། །དེ་ནས་སྣུམ་གྱུར་བཀྲུ་སྨན་གཏང་། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་མིག་ནད་ལ་ནི། མར་རྙིང་པ་བཏུང་བར་བྱ་ལ། མཁྲིས་པ་ལས་གྱུར་པ་ལ་ནི། མར་རྙིང་པ་དེ་ ཉིད་ཁ་ར་དང་བཅས་པ་བླུད་པར་བྱ་ལ། བད་ཀན་ལས་གྱུར་པ་ལ་ནི་མར་རྙིང་པ་དེ་ཉིད་ཚ་བ་གསུམ་དང་བསྐོལ་ཅིང་། ཐལ་སྨན་གྱི་ཕྱེ་མ་བཏབ་པ་བླུད་ལ། དེའི་རྗེས་ལ་ཁྲག་དབྱུང་ཞིང་གཏར་ག་གདབ་པ་དང་། དེའི་རྗེས་ལ་ཡང་སྣུམ་གྱི་ཆོ་ག་བྱས་ལ་བཀྲུ་སྨན་གཏང་བར་ བྱའོ། །དྲོ་བས་ཚ་སྟེ་གཟེར་བ་ལ། །སྐམ་སའི་སྲོག་ཆགས་ཤ་བཏགས་པས། །མགོ་དང་གདོང་བསྐུ། ཞེས་བྱ་བ་ལ། མིག་དྲོ་ཞིང་ཚ་བས་གཟེར་བར་གྱུར་པ་ལ་ནི། སྐམ་སའི་སྲོག་ཆགས་ཀྱི་ཤ་ཞིབ་ཏུ་བཏགས་པས་མགོ་དང་གདོང་བྱུག་པར་བྱའོ། །ཚ་བ་ལ། འོ་ 202-1-166a མ་མར་བཅས་གྲང་མོས་བསྐྲ། །ཞེས་བྱ་བ་ལ། གལ་ཏེ་ཚ་བར་གྱུར་ན། འོ་མ་མར་དང་བཅས་པ་གྲང་མོས་མགོ་བོ་དང་། གདོང་བསྐུ་བར་བྱའོ། །རབ་རིབ་གསོ་བའི་ཆོ་ག་ཡང་། །བརྟགས་ཏེ་ཇི་བཞིན་གསོ་བར་བྱ། །ཞེས་བྱ་བ་ལ། རབ་རིབ་ གསོ་བའི་སྟོབས་ལས་ཀྱང་བརྟགས་ཏེ་དེའི་སྨན་རབ་རིབ་གསོ་བའི་སྐབས་སུ་ཇི་སྐད་བཤད་པ་དག་ཀྱང་གཏང་བར་བྱའོ། །ཆོ་ག་འདི་དག་ཐམས་ཅད་ནི། །གདུང་བ་ལ་སོགས་རྣམས་ལའང་ཕན། །ཞེས་བྱ་བ་ལ། སྔར་བཤད་པའི་ཆོ་ག་འདི་དག་ཐམས་ཅད་ནི་ གདུང་བ་ལ་སོགས་པའི་མིག་ནད་ལྷག་མ་རྣམས་ལའང་ཕན་ཞིང་བསྔགས་པ་ཡིན་ནོ། །གདུང་བ་ཡོང་ཡེ་མ་ཞི་ན། །སྨིན་མའི་སྟེང་དུ་མེ་བཙའ་གདབ། །ཅེས་བྱ་བ་ལ། གདུང་བ་ཞེས་བྱ་བའི་མིག་ནད་རྣམ་པ་ཐམས་ཅད་དུ་ཞི་བར་མ་གྱུར་ན་སྨིན་མའི་སྟེང་དུ་ཇི་སྐད་བཤད་ པའི་ཆོ་གས་མེ་བཙའ་གདབ་པར་བྱའོ། །བ་ཞོ་སྣུམ་མེད་ཀྱིས་དངུལ་སྣོད། །བྱུགས་ཏེ་སྔོན་པོར་གྱུར་པ་དང་། །སྐམ་ནས་ཞོ་ག་ཆུ་རི་ལུར། །བྱས་པས་རླུང་གྱུར་མིག་ནད་འཇོམས། །ཞེས་བྱ་བ་ལ། བའི་ཞོ་སྣུམ་མེད་ཅིང་སྤྲིས་མ་བཤུས་པའམ། སྐྱུར་པོས་དངུལ་གྱི་ སྣོད་བྱུགས་ལ་དེ་སྔོན་པོར་གྱུར་ཅིང་སྐོམ་པ་དང་། བསྡུས་ཏེ་ཞོ་ག་ཆུས་རི་ལུར་བྱས་པས་བསྐུས་ན་རླུང་ལས་གྱུར་པའི་མིག་ནད་འཇོམས་པར་བྱེད་དོ། །ཛཱ་ཏིའི་མེ་ཏོག་ཁ་འབུས་དུང་། །ཤིང་མངར་བ་ལ་འབྲས་བུ་གསུམ། །ཆར་ཆུ་དང་བཏགས་རི་ལུར་བྱས། །ཁྲག་ མཁྲིས་ལས་གྱུར་མིག་ནད་སེལ། །ཞེས་བྱ་བ་ལ། ཛཱ་ཏི་ཞེས་བྱ་བ་སྣ་མའི་མེ་ཏོག་ཁ་འབུས་པ་དང་། དུང་ལ་སོགས་པ་ཇི་སྐད་བཤད་པ་བཞིན་དུ་རི་ལུར་བྱས་པའི་མིག་སྨན་གྱིས་ནི་ཁྲག་མཁྲིས་ལས་གྱུར་པའི་མིག་ནད་སེལ་བར་བྱེད་དོ། །རྒྱམ་ཚ་འབྲས་བུ་ཚ་བ་གསུམ། །རྒྱ་མཚོའི་ ལྦུ་བ་དུང་སྙིང་པོ། །ཨེ་ལ་བ་ལུ་སྲ་རྩི་པོག །རི་ལུས་བད་ཀན་མིག་ནད་སེལ། །ཞེས་བྱ་བ་ལ། རྒྱམ་ཚ་དང་འབྲས་བུ་གསུམ་ལ་སོགས་པའི་མིག་སྨན་གྱིས་བད་ཀན་ལས་གྱུར་པའི་མིག་ནད་གང་དག་ཡིན་པ་སེལ་བར་བྱེད་དོ། །ཤིང་མངར་པྲ་པུཎྜ་རཱི་ཀ །སྐྱེར་པ་སྲང་ 202-1-166b ནི་བརྒྱད་བརྒྱད་དག །ཆུ་བྲེ་བཅུ་དྲུག་ནང་བསྐོལ་བཙགས། །སླར་བསྐོལ་སྐ་བར་གྱུར་པ་ནི། །ར་གན་དུད་པ་སྲང་བཅུ་དང་། །ན་ལེ་ཤམ་ཕྱེ་ཞོ་གཉིས་གཞུག །དེ་ལ་རི་ལུའམ་ཕྱེ་མར་བྱས། །བསྐུས་ན་མཆི་འཛག་ཐམས་ཅད་དང་། །དམར་ན་དྲུད་པ་བྱེད་སྙམ་ འཇོམས། །འཕྲལ་དུ་མིག་ནི་གསལ་བར་བྱེད། །སྦྱོར་འདི་ཕྱུགས་བདག་ཅེས་བྱ་སྟེ། །སྨན་པ་རྣམས་ཀྱི་གསང་བ་མཆོག །ཅེས་བྱ་བ་ལ། ཤིང་མངར་ལ་སོགས་པ་ཇི་སྐད་བཤད་པ་བཞིན་དུ་བསྐོལ་ལ་བཞི་ཆ་ལུས་པ་དང་བཙགས་ཏེ་ཡང་བསྐོལ་ལ། གཟར་བུ་ལ་ ཆགས་པ་ཙམ་གྱི་བར་དུ་སྐ་བར་གྱུར་པ་དང་། ར་གན་གྱི་དུད་པ་ལ་སོགས་པ་ཇི་སྐད་སྨོས་པ་བཞིན་དུ་བཅུག་སྟེ། དེའི་འོག་ཏུ་རི་ལུར་བྱས་པའམ། ཕྱེ་མར་བྱས་པས་བསྐུས་ན་མཆི་མ་འཛག་པ་ལ་སོགས་པ་འཇོམས་པར་བྱེད་པ་དང་། འཕྲལ་དུ་དེའི་མོད་ལ་མིག་གསལ་ཞིང་ དྭངས་པར་བྱེད་པ་ཡིན་ཏེ། མིག་སྨན་གྱི་སྦྱོར་བ་འདི་ནི་མིང་ཕྱུགས་བདག་ཅེས་བྱ་སྟེ། ཤིན་ཏུ་གསང་བར་བྱེད་པ་ཡིན་ནོ། །མིག་སྨིན་སྐམ་པ་མར་བླུད་ཅིང་། །འཚོ་བྱེད་ཀྱི་ནི་སྨན་མར་ནི། །བླུད་ཅིང་མིག་ནི་བརྟ་བྱ་དང་། །ཏིལ་མར་ཆུང་ངུའི་སྣ་སྨན་གཏང་། །ཞེས་བྱ་བ་ལ། མིག་སྨིན་མ་སྐམ་པོའི་ནད་ལ་ནི་མར་བླུད་ན་ཕན་ནོ། །དེ་བཞིན་དུ་འཚོ་བྱེད་ཀྱི་སྡེ་ཚན་དང་བསྐོལ་བའི་སྨན་མར་བླུད་ཅིང་མིག་བརྟ་བ་དང་། དེ་བཞིན་དུ་སྨན་མར་དེ་ཉིད་ཀྱི་སྨན་གཏང་བ་དང་། ཏིལ་མར་གྱི་ཐིགས་པ་ཆུང་ངུའི་སྣ་སྨན་གཏང་བའོ། །འདི་ལ་འོ་མ་རྒྱམ་ཚར་ བཅས། །དྲོ་འཇམ་ཐིགས་པ་བླུགས་པའང་ཕན། །ཞེས་བྱ་བ་ལ། མིག་སྨིན་མ་སྐམ་པོ་འདི་ལ་འོ་མ་ལ་སོགས་པ་ཇི་སྐད་སྨོས་པ་བཞིན་བཏང་ན་ཡང་ཕན་ནོ། །བཅའ་སྒ་བུད་མེད་ནུ་ཞོར་བཏགས། །མར་སྦྱར་མིག་ཏུ་བསྐུས་ནའང་ཕན། །ཞེས་བྱ་བ་ལ། ཡང་ན་དེ་ལ་བཅའ་སྒ་ལ་སོགས་པའི་མིག་སྨན་བསྐུས་ན་ཡང་ཕན་ནོ། །ཡང་ན་རླན་ཅན་ཤ་ཡི་ཞག །དོང་གྲ་རྒྱམ་ཚ་ཅུང་ཟད་བཏབ། །ཅེས་བྱ་བ་ལ། ཡང་ན་རླན་ཅན་གྱི་སྲོག་ཆགས་ཀྱི་ཤའི་ཞག་དོང་གྲ་དང་རྒྱམ་ཚ་ཅུང་ཟད་བསྲེས་པའི་མིག་སྨན་ཡང་ 202-1-167a ཕན་ནོ། །སྐྲ་ནི་མར་བསྐུས་མེ་ལོང་གིས། །མཉེས་ཏེ་ཁམ་ཕོར་ཁ་སྦྱོར་བཅུག །བསྲེགས་ཏེ་ལྕགས་སྣོད་མར་དང་བཅས། །སྣག་ཚ་དེ་ནི་མིག་སྨན་མཆོག །ཅེས་བྱ་བ་ལ། མིའི་སྐྲ་མར་བསྐུ་བ་ལ་སོགས་པའི་སྦྱོར་བ་ཇི་སྐད་སྨོས་པ་བཞིན་དུ་ བྱས་པའི་སྣག་ཚ་ནི་མིག་སྨིན་མ་སྐམ་པོའི་མིག་སྨན་གྱི་མཆོག་ཡིན་ནོ། །སྐྲངས་བཅས་ཅུང་ཟད་སྐྲངས་པ་ལ། །སྣུམ་ཆོས་བྱས་ཏེ་གཏར་ག་གདབ། །སྣུམ་བྱས་རྒུན་འབྲུ་ཨ་རུ་ར། །དུར་བྱིད་མར་བཅས་བཀྲུ་སྨན་བཏང་། །ཞེས་བྱ་བ་ལ། མིག་གི་ནང་སྐྲངས་པ་དང་ བཅས་པ་དང་། ཅུང་ཟད་སྐྲངས་པ་ལ་དང་པོར་སྣུམ་ཆོས་བྱས་ཏེ་དེའི་འོག་ཏུ་གཏར་ག་གདབ་པ་དང་། ཡང་སྣུམ་ཆོས་བྱས་ལ་ཇི་སྐད་སྨོས་པའི་བཀྲུ་སྨན་གཏང་བར་བྱའོ། །སེང་ཕྲོམ་དཀར་པོ་མར་ལ་བརྔོས། །ཕྱེ་མར་བྱས་ཏེ་རས་ལ་གཏུམས། །ཆུ་དྲོན་ལ་མཉེས་ཐིགས་པ་ བླུགས། །གཟེར་འཇོམས་པ་ཡི་མཆོག་ཡིན་ནོ། །ཞེས་བྱ་བ་ལ། སེང་ཕྲོམ་ཇི་སྐད་སྨོས་པའི་སྦྱོར་བས་ཐིགས་པ་མིག་ཏུ་བླུགས་ན། མིག་ནད་ཀྱི་གཟེར་འཇོམས་པར་བྱེད་པའི་དམ་པ་ཡིན་ནོ། །སྐྱེར་པ་པྲ་པུཎྜ་རཱི་ཀ །བསྐོལ་བའི་ཐིགས་པ་བླུགས་པས་ཕན། །ཞེས་ བྱ་བ་ལ། ཡང་ན་མིག་གཟེར་བ་ལ་སྐྱེར་པའམ། པྲ་པུཎྜ་རཱི་ཀ་བསྐོལ་བའི་ཐིགས་པ་མིག་ཏུ་བླུགས་ན་ཕན་ནོ། །མཆི་འཛག་ན་ཞིང་དྲུད་སྙམ་བྱེད། །སྦྱར་སྨན་འདི་དག་གཏང་བར་བྱ། །ཞེས་བྱ་བ་ལ། མཆི་མ་འཛག་པ་ལ་སོགས་པ་ལས་འོག་ནས་སྨོས་པའི་སྦྱར་སྨན་ འདི་དག་ཀྱང་གཏང་བར་བྱའོ། །ལྕགས་ཀྱི་སྣོད་དུ་ཟངས་མ་བ་གཅིན་སྦྱར། །མར་བདུགས་མིག་བསྐུས་གཟེར་ནི་འཇོམས་པར་བྱེད། །ཅེས་བྱ་བ་ལ། ལྕགས་ཀྱི་སྣོད་ཀྱི་ནང་དུ་ཟངས་མ་བ་གཅིན་དང་སྦྱར་ལ་མར་གྱི་དུད་པས་བདུགས་པ་མིག་ཏུ་བསྐུས་ན། མིག་གཟེར་ ཞིང་ན་བ་འཇོམས་པར་བྱེད་དོ། །ཟངས་མའི་སྣོད་དུ་བ་ཞོའི་སྤྲིས་མ་བདར། །རྒྱམ་ཚ་པི་པི་ལིང་དང་བཅས་པ་མཆོག །ཅེས་བྱ་བ་ལ། ཡང་ན་ཟངས་མའི་སྣོད་ཀྱི་ནང་དུ་བའི་ཞོ་དང་བདར་བ་དང་རྒྱམ་ཚ་དང་པི་པི་ལིང་སྦྱར་བའི་མིག་སྨན་ནི་མིག་ན་ཞིང་གཟེར་བ་འཇོམས་ 202-1-167b པར་བྱེད་པའི་མཆོག་ཡིན་ནོ། །ཟངས་མའི་སྣོད་དུ་ནུ་ཞོ་དུང་བདར་ལ། །དོང་གའི་ལོ་མ་མར་བཅས་དུད་པས་བདུག །སྦྱར་སྨན་ཞེས་བྱ་མིག་ཏུ་བསྐུས་ན་ནི། །དྲུད་སྙམ་བྱེད་སོགས་མི་བཟད་ནད་མྱུར་སེལ། །ཞེས་བྱ་བ་ལ། ཟངས་མའི་སྣོད་ཀྱི་ནང་དུ་བུད་མེད་ཀྱི་ནུ་ ཞོ་དང་བདར་ཏེ། དོང་གའི་ལོ་མ་མར་གྱིས་བསྐུས་པས་བདུགས་ལ། མིག་ཏུ་བསྐུས་པའི་སྦྱར་སྨན་ནི་དྲུད་སྙམ་དུ་བྱེད་པ་དང་། ཚ་བ་ལ་སོགས་པའི་མིག་ནད་མི་བཟད་པ་མྱུར་དུ་སེལ་བར་བྱེད་དོ། །ཨུ་དུམ་ཝཱ་རའི་འབྲས་བུ་ནི། །ལྕགས་སྣོད་ནང་དུ་ནུ་ཞོ་བདར། །ཤ་ མའི་ལོ་མ་མར་དུད་བདུགས། །མཆི་འཛག་གཟེར་དམར་དྲུད་པ་འཇོམས། །ཞེས་བྱ་བ་ལ། ཨུ་དུམ་ཝཱ་རའི་འབྲས་བུ་ཇི་སྐད་སྨོས་པ་བཞིན་དུ་བྱས་པའི་མིག་སྨན་ཡང་སྦྱར་སྨན་ཞེས་བྱ་སྟེ། མཆི་མ་འཛག་པ་ལ་སོགས་པ་འཇོམས་པར་བྱེད་དོ། །ཤི་ཀྲུའི་ལོ་མའི་ཁུ་བ་ནི། ། ཟངས་མ་གཉིས་ཀྱི་བར་དུ་བདར། །མར་དུད་བདུགས་པས་སྐྲངས་པ་དང་། །གཡའ་དང་མཆི་འཛག་ནད་རྣམས་འཇོམས། །ཞེས་བྱ་བ་ལ། ཤི་ཀྲུ་ཞེས་བྱ་བ། ན་ལེ་ཤམ་དཀར་པོ་བསྐོལ་བའི་ཁུ་བ་ཟངས་མའི་སྣོད་གཉིས་ཁ་སྦྱར་བའི་ནང་དུ་བདར་ལ། མར་གྱི་དུད་པས་ བདུགས་པ་ཡང་སྦྱར་སྨན་ཞེས་བྱ་སྟེ། སྐྲངས་པ་ལ་སོགས་པའི་ནད་འཇོམས་པར་བྱེད་དོ། །ཏིལ་གྱི་ཆུ་དང་ཁར་བ་ནི། །ཁམ་ཕོར་བདར་ཏེ་ནིམ་པ་ཡི། །འོ་མ་མར་བསྐོལ་དུད་པས་བདུགས། །གཟེར་རམ་མཆི་འཛག་དྲུད་སྙམ་སེམས། །ཞེས་བྱ་བ་ལ། ཏིལ་གྱི་ཆུ་དང་། ཁར་བ་ཁམ་ཕོར་གྱི་ནང་དུ་བདར་ཏེ་ནིམ་པའི་ལོ་མ་མར་གྱིས་བསྐུས་པའི་ནང་དུ་དུད་པས་ལེགས་པར་བདུགས་པའི་མིག་སྨན་ཡང་སྦྱར་སྨན་ཞེས་བྱ་སྟེ། དེས་བསྐུས་ན་གཟེར་བ་ནས་དྲུད་པ་སྙམ་དུ་སེམས་པའི་མིག་ནད་སེལ་ལོ། །སྦྱར་སྨན་གྱིས་ནི་མིག་བསྐུས་ཏེ། །སྨན་ ཤུགས་ཟུག་གཟེར་དང་བྲལ་ནས། །བུད་མེད་ནུ་ཞོའི་ཐིགས་པ་བླུགས། །ལན་གསུམ་ཕན་ཆད་དེ་མི་བསྐུ། །ཞེས་བྱ་བ་ལ། སྦྱར་སྨན་ཞེས་བྱ་བའི་སྨན་དེ་དག་གིས་མིག་བསྐུས་ནས། སྨན་གྱིས་བསྐྱེད་པའི་ཟུག་གཟེར་གྱི་རྩོམ་པ་ཞི་ཞིང་བྲལ་བར་འགྱུར་བ་དང་། དེའི་ 202-1-168a འོག་ཏུ་བུད་མེད་ཀྱི་ནུ་ཞོའི་ཐིགས་པའི་རྒྱུན་བླུགས་པར་བྱས་ལ། སྦྱར་སྨན་དེ་དག་གིས་ལན་གསུམ་ཕན་ཆད་ནི་མིག་བསྐུ་བར་མི་བྱའོ། །བལ་བུའི་ལོ་མ་པི་པི་ལིང་། །རྒྱ་སྤོས་ལྕགས་ཕྱེ་སྟང་ཟིལ་དང་། །ཛཱ་ཏི་ཁ་འབུས་ནག་ཚུར་དང་། ། རྒྱམ་ཚ་བ་གཅིན་བཏགས་པ་ཡི། །ལྡེ་གུས་ཟངས་ཀྱི་སྣོད་བསྐུས་ལ། །ཞག་བདུན་བཞག་སྟེ་བ་གཅིན་དང་། །བཏགས་ཏེ་རི་ལུར་བྱས་ནས་ནི། །དེ་འོག་གྲིབ་མ་ལ་བསྐམས་ཏེ། །བུད་མེད་ནུ་ཞོ་དང་བདར་བསྐུ། །དྲུད་སྙམ་བྱེད་དང་མཆི་མ་འཛག །སྐྲང་དང་ གཡའ་བ་སེལ་བར་བྱེད། །ཅེས་བྱ་བ་ལ། བལ་བུའི་ལོ་མ་ལ་སོགས་པའི་སྨན་བ་གཅིན་དང་བཏགས་པས་ཟངས་ཀྱི་སྣོད་ལ་བསྐུས་ལ། ཞག་བདུན་གྱི་བར་དུ་བཞག་སྟེ། བཀོག་ལ་དེའི་འོག་ཏུ་བ་འམ་རའི་གཅིན་དང་བཏགས་ཏེ་རི་ལུར་བྱས་ལ་གྲིབ་མ་ལ་ བསྐམས་ཏེ། རི་ལུ་དེ་བུད་མེད་ཀྱི་ནུ་ཞོ་དང་བདར་ཏེ། མིག་ཏུ་བསྐུས་ན་མིག་ནད་དྲུད་པ་སྙམ་དུ་སེམས་པ་ལ་སོགས་པ་སེལ་བར་བྱེད་དོ། །ཀཎྜ་ཀ་རིའི་ཤུན་པ་དང་། །ཤིང་མངར་ཟངས་མའི་ཕྱེ་མ་ནི། །ར་ཡི་འོ་མས་ལྡེ་གུར་བྱས། །ཤ་མི་སྐྱུ་རུ་རའི་ལོ་ མ། །མར་གྱིས་བསྐུས་པའི་དུད་པས་བདུགས། །བསྐུས་ན་སྐྲངས་དང་གཟེར་ནད་སེལ། །ཞེས་བྱ་བ་ལ། ཀཎྜ་ཀ་རའི་ཤུན་པ་ལ་སོགས་པ་ཇི་སྐད་སྨོས་པ་བཞིན་དུ་ལྡེ་གུར་བྱས་པ་ལ་ཤ་མི་དང་སྐྱུ་རུ་རའི་ལོ་མ་མར་གྱིས་བསྐུས་པའི་དུད་པས་བདུགས་ཏེ་བསྐུས་ན་ སྐྲངས་པ་ལ་སོགས་པའི་ནད་སེལ་བར་བྱེད་དོ། །སྐྱུར་གྱིས་བསྐྱེད་ལ་མཁྲིས་པ་ཡི། །མཆི་མ་འཛག་པའི་ཆོ་གས་གསོ། །ཞེས་བྱ་བ་ལ། སྐྱུར་གྱིས་བསྐྱེད་པ་ཞེས་བྱ་བའི་མིག་ནད་ལ་ནི་མཁྲིས་པའི་མཆི་མ་འཛག་པའི་ཆོ་ག་ཇི་སྐད་སྨོས་པས་གསོ་བར་བྱའོ། ། བད་ཀན་ཁྲག་མཁྲིས་ཀྱིས་བསྐྱེད་དང་། །འདུས་པས་བསྐྱེད་དང་སྒྲ་ངན་དང་། །རྫི་མ་འགགས་དང་མིག་སྨིན་སྐམ། །རྣག་གི་ཆུ་སེར་པདྨའི་རྩ། །མིག་མཆུའི་ཤ་དང་སྐྱུར་སྐྱེད་ཅུང་། །མཆི་འཛག་གདུང་བ་རླུང་མ་གཏོགས། །བཅོ་བརྒྱད་པོ་དག་ཆག་པར་བཤད། ། 202-1-168b ཡུན་རིང་དུ་ནི་ན་བ་ཡིན། །ཞེས་བྱ་བ་ལ། བད་ཀན་གྱིས་བསྐྱེད་པ་དང་། ཁྲག་གིས་བསྐྱེད་པ་དང་། མཁྲིས་པས་བསྐྱེད་པ་དང་། འདུས་པས་བསྐྱེད་པ་དང་། སྒྲ་ངན་དང་། རྫི་མ་འགགས་པ་དང་། མིག་སྨིན་མ་སྐམ་པོ་དང་། རྣག་གི་ཆུ་སེར་ཅན་དང་། པདྨའི་ རྩ་བ་དང་། མིག་མཆུའི་ཤ་དང་། སྐྱུར་གྱིས་བསྐྱེད་པ་དང་། ཅུང་ཟད་སྐྲངས་པ་དང་། མཁྲིས་པའི་མཆི་མ་འཛག་པ་དང་། ཁྲག་གི་མཆི་མ་འཛག་པ་དང་། བད་ཀན་གྱི་མཆི་མ་འཛག་པ་དང་། མཁྲིས་པའི་མིག་ནད་གདུང་བ་དང་། ཁྲག་གིས་གདུང་བ་དང་། བད་ཀན་གྱིས་གདུང་བ་སྟེ། དེ་ལྟར་མིག་ནད་བཅོ་བརྒྱད་པོ་དག་ནི་ཡུན་རིང་དུ་ན་ཞིང་གནས་པར་བྱེད་པ་ཡིན་ཞིང་། ཐམས་ཅད་ཀྱང་མིག་ཚག་པར་བཤད་པ་ཡིན་ནོ། །འདི་དག་གསོ་བ་སོ་སོ་ཡི། །ལེའུའི་ནང་དུ་བཤད་པ་ཡིན། །དེའི་འོག་མིག་ཚག་སྤྱི་ཡི་བཤད། ། ཅེས་བྱ་བ་ལ། མིག་ཚག་པ་འདི་དག་གི་གསོ་བ་གང་དག་ཡིན་པ་དེ་སོ་སོའི་ལེའུའི་ནང་དུ་བཤད་ཅིང་བསྟན་པ་ཡིན་ཞིང་། རང་རང་གི་གང་དག་བཤད་པ་ཡིན་ལ། དེ་ལས་གཞན་ཡང་མིག་ཚག་པ་ཡུན་རིང་དུ་རྗེས་སུ་འབྲེལ་ཅིང་ན་བའི་ཐུན་མོང་གི་སྤྱིའི་གསོ་བ་ད་ལྟར་འདིར་སྟོན་ ཅིང་འཆད་པ་ཡིན་ནོ། །དེ་ནས་མིག་ཚག་ནད་པ་ནི། །སྣུམ་ཆོས་སློན་ནི་བྱས་ནས་ཀྱང་། །གཏར་ག་གདབ་ཅིང་ཁྲག་དབྱུང་བྱ། །བཀྲུ་སྨན་བཏང་ཞིང་མིག་ཆུ་ནི། །དག་པར་གྱུར་གྱི་བར་དུ་བཞར། །ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་མིག་ཚག་པར་གྱུར་པ་དག །དང་ པོར་སྣུམ་ཆོས་བྱས་ལ་སྐྱུག་སྨན་གཏང་ཞིང་སློན་དུ་བཅུག་སྟེ། གཏར་ག་གདབ་པ་དང་། དེའི་འོག་ཏུ་སྣུམ་ཆོས་ཏེ་བཀྲུ་སྨན་བཏང་ལ། དེའི་འོག་མིག་གི་ཆུ་དག་ཅིང་ནད་མེད་པར་གྱུར་གྱི་བར་དུ་བཞར་ཞིང་ཞལ་ཞལ་གདབ་པའི་སྤྱད་ཀྱིས་བསལ་བར་བྱའོ། །སྤངས་མ་ སྲང་གཅིག་ན་ལེ་ཤམ། །དཀར་པོ་སྲང་ནི་ཉི་ཤུ་དང་། །སྐྱུར་རྩབས་སྲང་ནི་སུམ་ཅུ་དག །བཏགས་ཏེ་ཟངས་མའི་སྣོད་དུ་གཞུག །ལོ་མང་ལོན་པའི་མིག་ཚག་པའམ། །ཆུ་སེར་འཛག་སོགས་ཞི་བར་བྱེད། །གོས་དང་ཚ་དང་མཆི་མ་འཛག །གཡའ་སྐྲངས་དེ་བླུགས་ 202-1-169a པ་ཡིས་སེལ། །ཞེས་བྱ་བ་ལ། སྤངས་མ་སྲང་གཅིག་ལ་སོགས་པ་ཇི་སྐད་སྨོས་པ་བཞིན་དུ་བཏགས་ཏེ་ཟངས་མའི་སྣོད་དུ་བཅུག་ལ་དེའི་ཐིགས་པ་བླུགས་ན་ལོ་མང་དུ་ལོན་པའི་མིག་ཚག་པའམ་ཆུ་སེར་འཛག་པ་ལ་སོགས་པ་ཞི་བར་བྱེད་དོ། ། དེ་བཞིན་དུ་གོས་པ་ལ་སོགས་པའི་མིག་ནད་ཀྱང་དེ་བླུགས་པས་སེལ་བར་བྱེད་དོ། །བྱེའུ་རུག་ཀ་རཉྫའི་ས་བོན། །ཛཱ་ཏིའི་མེ་ཏོག་ཁ་འབུས་པ། །བརྡུངས་ཏེ་བསྐོལ་ལ་བཙགས་ནས་ནི། །ཁུ་བར་བྱས་པ་དེ་དང་ནི། །སྟང་ཟིལ་དང་སྦྱར་མིག་སྨན་ནི། །མིག་ཚག་གཡའ་ དང་ཆུ་སེར་འཛག །གཡའ་ཞིང་འདྲུལ་བ་སེལ་མཆོག་ཡིན། །ཞེས་བྱ་བ་ལ། བྱེའུ་རུག་པ་ལ་སོགས་པ་གཏུན་ལ་བརྡུངས་ཏེ་བསྐོལ་ལ། རས་གཙང་མས་བཙགས་པའི་ཁུ་བ་དང་། སྟང་ཟིལ་དང་སྦྱར་བའི་མིག་སྨན་གྱིས་ནི་མིག་ཚ་བ་ལ་སོགས་པ་སེལ་བར་བྱེད་དོ། །སྐྱེར་ པའི་ཁཎྜ་སྲ་རྩི་པོག །ར་གན་དུད་པ་ལྡོང་རོས་དང་། །རྒྱ་མཚོའི་ལྦུ་བ་རྒྱམ་ཚ་དང་། །ན་ལེ་ཤམ་དང་བཙག་ཡུག་སྣམ། །སྦྲང་རྩི་བཏགས་པའི་མིག་སྨན་ནི། །མིག་ཚག་འདྲུལ་གཡའ་སེལ་བར་བྱེད། །ཅེས་བྱ་བ་ལ། སྐྱེར་པའི་ཁཎྜ་ལ་སོགས་པ་སྦྲང་རྩི་དང་ཞིབ་ཏུ་བཏགས་ པའི་མིག་སྨན་ནི་མིག་ཚག་པ་དང་། འདྲུལ་བ་ལ་སོགས་པ་སེལ་བར་བྱེད་པ་ཡིན་ནོ། །རྒྱ་སྤོས་ཨ་རུ་རའི་ཁུ་བར། །དངུལ་རྡོ་བཏགས་པས་མིག་ཚག་སེལ། །ཞེས་བྱ་བ་ལ། རྒྱ་སྤོས་དང་ཨ་རུ་ར་བསྐོལ་བའི་ཁུ་བ་དང་། དངུལ་རྡོ་བཏགས་པའི་མིག་སྨན་གྱིས་ཀྱང་ མིག་ཚག་པ་སེལ་བར་བྱེད་དོ། །ཐང་ཤིང་སྣུམ་དང་བཅས་པ་ནི། །ར་གཅིན་ནང་དུ་སྦངས་པའང་ཕན། །ཞེས་བྱ་བ་ལ། ཐང་ཤིང་སྣུམ་དང་བཅས་པར་གཅིན་གྱི་ནང་དུ་སྦངས་པའི་མིག་སྨན་ཡང་མིག་ཚག་པ་ལ་ཕན་ནོ། །རྒྱམ་ཚ་འབྲས་གསུམ་པི་པི་ལིང་། །དུང་གི་སྙིང་ པོ་པུ་ཙེ་ཤེལ། །ཟངས་མའི་ཕྱེ་མ་བཅས་རི་ལུ། །མིག་ཚག་ལིང་ཏོག་སེལ་བར་བྱེད། །ཅེས་བྱ་བ་ལ། རྒྱམ་ཚ་དང་འབྲས་བུ་གསུམ་ལ་སོགས་པ་ཟངས་མའི་ཕྱེ་མ་དང་བཅས་པ་རི་ལུར་བྱས་པས་ཀྱང་མིག་ཚག་པ་དང་། ལིང་ཏོག་སེལ་ཅིང་འཇིག་པར་བྱེད་དོ། ། 202-1-169b ཡང་ན་ནག་ཚུར་ཕྱེ་མ་ནི། །བྱེའུ་རུག་པའི་ཁུ་བར་སྦངས། །ཟངས་མའི་སྣོད་དུ་ཞག་བཅུ་བཞག །དེ་ཡིས་མིག་ཚག་ཆུ་སེར་འཛག །རྫི་མ་འབྱི་བ་སེལ་བར་བྱེད། །ཅེས་བྱ་བ་ལ། ནག་ཚུར་གྱི་ཕྱེ་མ་བྱེའུ་རུག་པ་བསྐོལ་བའི་ཁུ་བར་སྦངས་པ་ཟངས་མའི་སྣོད་ཀྱི་ནང་ དུ་ཞག་བཅུའི་བར་དུ་བཞག་པའི་མིག་སྨན་དེས་ནི་མིག་ཚག་པ་ལ་སོགས་པ་སེལ་བར་བྱེད་དོ། །ལྡོང་རོས་དང་ནི་སྐྱེར་པའི་ཁཎྜ་དང་། །དེ་མཉམ་ཟངས་མའི་ཕྱེ་མ་ཞིབ་ཏུ་བཏགས། །ཕྱེ་མ་མིག་སྨན་ཐུར་མ་གཅིག་གིས་ཀྱང་། །རྫི་མ་སྐྱེད་ཅིང་མིག་ཚག་འདིས་སེལ་བྱེད། ། ཅེས་བྱ་བ་ལ། ལྡོང་རོས་དང་སྐྱེར་པའི་ཁཎྜ་ཆ་མཉམ་དུ་བྱས་ལ་དེ་གཉིས་ཇི་ཙམ་དུ་ཡོད་པ་དང་། ཟངས་མའི་ཕྱེ་མ་མཉམ་དུ་བྱས་པ་ཞིབ་ཏུ་བཏགས་ཏེ་ཕྱེ་མའི་མིག་སྨན་འདིས་བསྐུས་ན་མིག་སྨན་གྱི་ཐུར་མ་གཅིག་གིས་ཀྱང་མིག་ཚག་པའི་བ་སྤུ་སྐྱེད་ཅིང་སེལ་བར་བྱེད་ པ་ཡིན་ནོ། །རྒྱ་སྐྱེགས་བྲིང་ག་སྐྱེར་པ་ནི་རྒུན་ཏི། །ཁུ་བར་རས་ཀྱི་དུམ་བུ་ལན་བདུན་སྦངས། །སྡོང་བུ་མར་མེ་དེ་བུས་ལས་བྱུང་བའི། །སྣག་ཚ་མིག་ཚག་སེལ་བར་བྱེད་མཆོག་ཡིན། །ཞེས་བྱ་བ་ལ། རྒྱ་སྐྱེགས་ལ་སོགས་པའི་ཁུ་བར་རས་ཀྱི་དུམ་བུ་དྲི་མ་མེད་པ་བཟང་ པོ་ལན་བདུན་གྱི་བར་དུ་སྦངས་ལ། དེའི་སྡོང་བུ་མར་དང་བཅས་པར་སྦྱར་བ་ལས་བྱུང་བའི་སྣག་ཚས་ཀྱང་མིག་ཚག་པ་སེལ་བར་བྱེད་པ་ཡིན་ནོ། །མིག་མཆུ་མང་དུ་ཞལ་ཞལ་བྱ། །དེ་བཞིན་གཏར་ག་བྱ་བ་དང་། །བཀྲུ་སྨན་ཡང་ཡང་བྱ་བ་ནི། །མིག་ཚག་ཅན་གྱི་ནད་ པས་བསྟེན། །ཞེས་བྱ་བ་ལ། མིག་ཚག་པའི་ནད་པས་ནི་མིག་མཆུ་ཞལ་ཞལ་བྱ་བ་ལ་སོགས་པ་ལན་མང་དུ་བསྟེན་པར་བྱའོ། །རྣག་གི་ཆུ་འཛག་མ་ཞིའི་མཐར། །ཐུར་མ་ཕྲ་མོས་བསྲེག་པར་བྱ། །ཞེས་བྱ་བ་ལ། རྣག་གི་ཆུ་སེར་འཛག་པ་ཞི་བར་མ་གྱུར་ན། དེའི་ཐམས་ ཐུར་མ་ཕྲ་མོས་བསྲེག་པར་བྱའོ། །དེ་ལྟར་མིག་ནད་དགུ་བཅུ་བཞི། །ནད་གཞི་མཚན་ཉིད་གསོ་བ་དག །ཕན་ཚུན་འདྲེས་པ་མེད་པར་ནི། །མ་ལུས་པར་ནི་བཤད་པ་ཡིན། །ཞེས་བྱ་བ་ལ། ཚུལ་དེ་ལྟར་ན་མིག་ནད་ཀྱི་རྒྱུ་དང་། མཚན་ཉིད་དང་། གསོ་བའི་ཚུལ་གྱིས་ 202-1-170a ནད་དགུ་བཅུ་རྩ་བཞིར་བཤད་པ་ཡིན་ལ། དེ་དག་ཀྱང་ཕན་ཚུན་འདྲེས་ཤིང་འདོམ་པ་མེད་པའི་ཚུལ་གྱིས་མ་ལུས་པར་བཤད་པ་ཡིན་ནོ། །སྐྱེས་བུ་ནད་མེད་པ་ཡིས་ཀྱང་། །ནས་དང་གྲོ་རྙིང་དྲུག་ཅུ་པ། །སཱ་ལུ་ཁྲེ་རྒོད་རྙིང་པ་དང་། །མུངྒ་ལ་ སོགས་བད་མཁྲིས་འཇོམས། །ཞུན་མར་མང་དུ་བཏབ་པ་དང་། །ཚོད་མ་དེ་འདྲ་སྐམ་ས་ཡི། །ཤ་དང་སེའུ་འབྲུ་ཁ་ར་དཀར། །བསྟེན་ཞིང་ཆར་ཆུ་བཏུང་བ་དང་། །གདུགས་བཅང་ལྷྭམ་ནི་བགོ་བ་དང་། །ཆོ་ག་བཞིན་དུ་ནད་སྦྱངས་པ། །རྣམ་པ་ཀུན་ཏུ་བསྟེན་པར་བྱ། ། ཞེས་བྱ་བ་ལ། སྐྱེས་བུ་ནད་མེད་པ་དག་གིས་ཀྱང་མིག་ལ་གནོད་པ་མེད་ཅིང་ཕན་པར་འདོད་ན་ནས་རྙིང་པ་ལ་སོགས་པ་རྣམ་པ་ཐམས་ཅད་དུ་བསྟེན་པར་བྱ་བ་དང་། དེ་བཞིན་དུ་སྲན་མུངྒ་ལ་སོགས་པ་བད་ཀན་དང་མཁྲིས་པ་འཇོམས་པའི་ཁ་ཟས་མར་མང་དུ་བཏབ་པ་དང་། ཚོད་མ་དང་བད་ཀན་དང་མཁྲིས་པ་སེལ་བའི་མར་མང་དུ་བཏབ་པ་བསྟེན་པ་དང་། སྐམ་སའི་ཤ་དང་། སེའུ་འབྲུ་ལ་སོགས་པ་ནས། ལྷྭམ་བགོ་བའི་བར་ཆོ་ག་ཇི་ལྟ་བ་བཞིན་དུ་རྣམ་པ་ཐམས་ཅད་དུ་བསྟེན་པར་བྱའོ། །ཤུགས་བཀག་པ་དང་མ་ཞུར་ཟ། །ཕྱེད་ཞུ་ཟ་ དང་རྟུག་འགག་ཟ། །ཚ་དང་ཕྱི་ས་འགག་བྱེད་པའི། །ཟས་དང་སྤྱོད་ལམ་སྨན་ཀུན་སྤང་། །ཞེས་བྱ་བ་ལ། ནད་མེད་པའི་མིས་ཀྱང་། མིག་ལ་ཕན་པར་འདོད་ན། ཤུགས་བཀག་པ་ལ་སོགས་པ་དང་། དེ་བཞིན་དུ་ཚ་བ་དང་། ཕྱིས་འགག་པར་བྱེད་པའི་ཟས་ལ་ སོགས་པ་རྣམ་པ་ཐམས་ཅད་དུ་སྤང་བར་བྱའོ། །རྐང་པ་གཉིས་ཀྱི་དབུས་ན་རྩ་སྦོམ་པོ། །གཉིས་གནས་དེ་ཡིས་མིག་ནི་ནང་དུ་ཁྱབ། །དེ་བསྐུས་བྱུག་དང་དྲིལ་བ་ལ་སོགས་པ། །རྐང་པར་བྱས་ན་མིག་ཏུ་འགྲོ་བར་འགྱུར། །ཞེས་བྱ་བ་ལ། རྐང་པ་གཉིས་ཀྱི་དབུས་ན་ རྩ་སྦོམ་པོ་གཉིས་གནས་ལ་དེས་ཀྱང་མིག་ནང་དུ་ཁྱབ་པས་ན་རྩ་དེ་ལ་བསྐུ་བ་ལ་སོགས་པ་བྱས་ན་མིག་ཏུ་འགྲོ་བར་འགྱུར་ཞིང་ཕན་པར་འགྱུར་བ་ཡིན་ནོ། །དྲི་མ་ཚ་དང་སྣད་པ་ལ་སོགས་པས། །དེ་གནོད་གྱུར་ན་མིག་ལ་གནོད་པར་འགྱུར། །དེ་བས་མིག་ལ་ཕན་འདོད་ལྷྭམ་ 202-1-170b དང་ནི། །བསྐུ་དང་དྲིལ་དང་བྱུག་པ་སོགས་བསྟེན་བྱ། །ཞེས་བྱ་བ་ལ། རྩ་དེ་དྲི་མ་ལ་སོགས་པས་གནོད་པར་གྱུར་ན། མིག་ལ་གནོད་པར་འགྱུར་ལ། དེ་བས་ན་མིག་ལ་ཕན་པར་འདོད་པས་རྟག་པར་དུས་ཐམས་ཅད་དུ་ལྷྭམ་བགོ་བ་དང་། སྣུམ་གྱིས་བསྐུ་བ་དང་། བག་ ཟན་ལ་སོགས་པས་དྲིལ་བ་དང་། སྨན་གྱི་ལྡེ་གུས་བྱུག་པ་དང་། བསྐུ་བ་ལ་སོགས་པ་རྣམ་པ་ཐམས་ཅད་དུ་བསྟེན་པར་བྱའོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་ གནས་ཀྱི་ལེའུ་བཅུ་དྲུག་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་རྣ་བའི་ནད་ཀྱི་དམིགས་ཤེས་པ་བཤད་པར་བྱའོ། །ཞེས་བྱ་བ་ལ། མིག་ནད་ཀྱི་ངེས་པ་བཤད་ནས་རྣ་བའི་ནད་ཀྱི་གཞི་ལ་སོགས་པ་བཤད་པར་བྱ་བའི་ཕྱིར་ལེའུ་འདི་བརྩམས་པ་ཡིན་ནོ། །ཆམ་པས་ བཏབ་དང་ཆུ་ལ་རྩེ། །རྣ་བ་བྲུད་པས་རླུང་འཁྲུགས་ཤིང་། །སྒྲ་ཡི་ལོག་པའི་སྦྱོར་བ་དང་། །ལྡང་བའི་རྒྱུ་གཞན་གྱིས་འཁྲུགས་ནས། །རྣ་བའི་རྩར་ནི་རླུང་ཞུགས་ཏེ། །རྣ་བའི་བུ་གར་ཤུགས་དྲག་གཟེར། །གཞོགས་ཕྱེད་ན་ཞིང་རེངས་པ་དང་། །གྲང་བ་དག་ནི་མི་འཕྲོད་ཅིང་། ། རིང་ནས་རྣགས་ཤིང་སྨིན་ནས་ཀྱང་། །ཆུ་སེར་ཅུང་ཟད་འཛག་པར་བྱེད། །རྒྱུ་མེད་རྣ་བ་སྟོང་སྙམ་སེམས། །ཞུམ་དང་རྒྱས་པ་སྙམ་དུ་བྱེད། །ཅེས་བྱ་བ་ལ། ཆམ་པ་ལ་སོགས་པ་དང་སྒྲ་ཡིད་དུ་མི་འོང་བ་ལོག་པའི་སྦྱོར་བ་ཐོས་པ་དང་རླུང་འཁྲུགས་པའི་རྒྱུ་ཟས་དང་སྤྱོད་ལམ་གཞན་ དག་གིས་ཀྱང་རླུང་འཁྲུགས་པར་གྱུར་ཅིང་། རྣ་བའི་རྩར་ཞུགས་ཏེ་རྣ་བའི་བུ་གར་ཤུགས་དྲག་ཏུ་གཟེར་བར་བྱེད་པ་དང་། དེ་བཞིན་དུ་མགོ་བོའི་གཞོགས་ཕྱེད་ན་བ་དང་། རེངས་ཤིང་འགྱུར་མི་ཤེས་པ་དང་། གྲང་བ་ལ་མངོན་པར་མི་དགའ་བ་དང་། ཡུན་རིང་ཞིག་ན་སྨིན་ ཅིང་རྣགས་པ་དང་། རྣ་བའི་ནད་དེ་སྨིན་ནས་ཀྱང་། ཆུ་སེར་ཅུང་ཟད་འཛག་པར་གྱུར་པ་དང་། རྒྱུ་མེད་ཅིང་གཞི་མེད་པར་རྣ་བ་སྟོང་པ་སྙམ་དུ་སེམས་པ་དང་། ཐང་འགའ་ནི་ཞུམ་ཐང་འགའ་ནི་རྒྱས་པ་སྙམ་དུ་བྱེད་པ་ཡིན་ནོ། །མཁྲིས་གྱུར་ཚ་བཅས་ན་ཞིང་གཟེར། །གྲང་ 202-1-171a འདོད་སྐྲང་ཞིང་རིམ་གྱིས་འདེབས། །མྱུར་དུ་སྨིན་ཞིང་སྨིན་ནས་ཀྱང་། །ཆུ་སེར་སེར་པོར་འཛག་པར་བྱེད། །ཆུ་སེར་དེས་ནི་གང་གང་དུ། །རེག་པ་དེ་དང་དེར་རྣགས་འགྱུར། །ཞེས་བྱ་བ་ལ། མཁྲིས་པ་རང་གི་རྒྱུས་འཁྲུགས་པར་གྱུར་པ་ལས་རྣ་ བའི་བུ་ག་ཚ་བ་ལ་སོགས་པ་དང་ལྡན་པ་དང་། དེ་མྱུར་དུ་སྨིན་ཅིང་རྣགས་པ་དང་། སྨིན་ནས་ཆུ་སེར་སེར་པོར་འཛག་པར་བྱེད་པ་དང་། ཆུ་སེར་དེ་གནས་གང་དང་གང་དུ་རེག་པ་དེ་དང་དེར་རྣགས་ཤིང་འདྲུལ་བར་འགྱུར་རོ། །བད་ཀན་ལས་གྱུར་མགོ་འགྲམ་པ། །མགྲིན་པ་ལྕི་ཞིང་ ནད་ཤུགས་དལ། །གཡའ་ཞིང་གྲང་ལ་དྲོ་བ་འདོད། །སྨིན་ནས་རྣག་དཀར་སྐ་བ་འཛག །ཅེས་བྱ་བ་ལ། བད་ཀན་རང་གི་རྒྱུས་འཁྲུགས་པར་གྱུར་པ་ལས། རྣ་བའི་བུ་ག་དང་མགོ་ལ་སོགས་པ་ལྕི་བར་འགྱུར་བ་དང་། ནད་ཀྱི་ཤུགས་དལ་ཞིང་ཆུང་བ་དང་། གཡའ་བ་ ལ་སོགས་པ་མྱོང་བར་འགྱུར་བ་ཡིན་ནོ། །སྣད་ལ་སོགས་པས་གནོད་གྱུར་པ། །རྣ་བ་གཟེར་བར་བྱེད་པར་འགྱུར། །ཁྲག་དང་མཁྲིས་པ་ལྟར་ན་དང་། །མཚན་ཉིད་ཅུང་ཟད་ལྷག་པ་ཡིན། །ཞེས་བྱ་བ་ལ། སྣད་པ་ལ་སོགས་པས་གནོད་པར་གྱུར་པ་ནི། རྣ་བ་ཤས་ ཆེར་གཟེར་བར་བྱེད་པ་དང་། ཁྲག་དང་མཁྲིས་པ་དང་འདྲ་བར་ན་བར་བྱེད་པ་ཡིན་ལ། དེ་ལས་ཀྱང་མཚན་ཉིད་ཅུང་ཟད་ཙམ་གྱིས་ལྷག་པར་གྱུར་པ་ཡིན་ནོ། །ནད་གཞི་འདུས་པས་གཟེར་བ་དང་། །སྐྲངས་བཅས་རིམས་འདེབས་མི་བཟད་ན། །རེས་ཀྱིས་གྲང་དང་དྲོ་བ་འདོད། ། འོན་པ་ལྟ་བུ་ཉིད་དུ་འགྱུར། །སྨིན་ནས་རྣག་ནི་དཀར་དང་གནག །དམར་དང་སྐ་བ་འཛག་པར་འགྱུར། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་ཀྱིས་རྣ་བ་གཟེར་བ་དང་། སྐྲངས་པ་ལ་སོགས་པར་འགྱུར་བ་དང་། རེས་ཀྱིས་ཆེད་འགའ་གྲང་བ་དང་། ཆེད་འགའ་དྲོ་བ་ འདོད་པར་འགྱུར་བ་དང་། འོན་པ་ལྟ་བུ་སྒྲ་ཐོས་པ་མེད་པར་འགྱུར་བ་ལ་སོགས་པ་ཡིན་ནོ། །སྒྲ་ཐོས་རྩར་ནི་རླུང་ཞུགས་པ། །རྒྱུ་མེད་པར་ནི་སྣ་ཚོགས་པའི། །སྒྲ་ནི་ཡང་དང་ཡང་དུ་ཐོས། །དེ་ནི་རྣ་བའི་སྒྲ་ཞེས་བཤད། །ཅེས་བྱ་བ་ལ། རླུང་སྒྲ་ཐོས་པར་བྱེད་པའི་རྩའི་ 202-1-171b ནང་དུ་ཞུགས་པར་གྱུར་ན། རྒྱུ་མེད་པར་སྒྲ་སྣ་ཚོགས་པ་ཡང་དང་ཡང་དུ་ཐོས་པར་འགྱུར་བ་ཡིན་ཏེ། ནད་དེ་ནི་རྣ་བའི་སྒྲ་ཞེས་བྱ་བར་དྲང་སྲོང་རྣམས་ཀྱིས་བཤད་དོ། །རླུང་ནི་བད་ཀན་དང་འདྲེས་པའི། །རྣ་སྒྲ་ཡལ་བར་བོར་ན་ནི། །སྐད་གསང་མཐོན་པོར་སྨྲས་པ་ ཐོས། །རིམ་གྱིས་འོན་པ་ཉིད་དུ་འགྱུར། །ཞེས་བྱ་བ་ལ། རླུང་རིམ་གྱིས་བད་ཀན་དང་འདྲེས་པ་ལས། སྒྲ་གྲག་པའི་ནད་ཡལ་བར་བོར་ཞིང་མ་གསོས་ན་སྐད་གསང་མཐོན་པོས་ཐོས་པར་འགྱུར་བའམ། ཡང་ན་རིམ་གྱིས་འོན་པ་ཉིད་དུ་འགྱུར་རོ། །རླུང་གིས་བད་ ཀན་བསྐམས་གྱུར་པས། །དེ་ལ་རྣ་བར་གོས་གྱུར་ན། །ན་ཞིང་ལྕི་ལ་འགགས་གྱུར་པ། །དེ་ནི་རྣ་བ་འགགས་ཞེས་བཤད། །ཅེས་བྱ་བ་ལ། བད་ཀན་རླུང་གིས་བསྐམས་པར་གྱུར་ན། དེས་རྣ་བར་གོས་ཤིང་ཆགས་ལ་བྱུགས་པ་ལྟ་བུར་འགྱུར་ལ་རྒྱུ་དེས་རྣ་བ་ན་བ་ལ་སོགས་པར་འགྱུར་ ཏེ་ནད་དེ་ནི་རྣ་བ་འགགས་པ་ཞེས་བྱའོ། །ཞེས་སློབ་དཔོན་གྱིས་བཤད་དོ། །བད་ཀན་ལས་ནི་རྣ་བ་གཡའ། །སྐྲང་སྲ་དེ་ཡི་མིང་གིས་བཤད། །ཅེས་བྱ་བ་ལ། བད་ཀན་ལས་རྣ་བར་གཡའ་བ་ལ་སོགས་པ་འབྱུང་བར་འགྱུར་བ་ཡང་སློབ་དཔོན་གྱིས་དེའི་མིང་གིས་བཤད་དེ་ གཡའ་ཞིང་སྐྲངས་ལ་སྲ་བ་ཞེས་བཤད་དོ། །མཁྲིས་པས་བད་ཀན་ཚིག་གྱུར་པ། །ནད་བ་ཅས་པའམ་ནད་མེད་ཀྱང་། །རྣག་སྐ་འཛག་ཅིང་མང་དུ་འདྲུལ། །རྣ་བ་རྣག་ཅན་བྱེད་པར་འགྱུར། །ཞེས་བྱ་བ་ལ། མཁྲིས་པས་བད་ཀན་ཚིག་པར་བྱས་ཤིང་སྨིན་པའི་གནས་ སྐབས་སུ་གྱུར་པ་ན། རྣ་བ་རྣག་ཅན་ཞེས་བྱ་བའི་ནད་དུ་འགྱུར་ཏེ། དེ་ནི་ནད་དང་བཅས་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །རླུང་སོགས་པ་ཡིས་རྣ་བའི་ཤ །ཁྲག་ལ་གནོད་གྱུར་འདྲུལ་བར་ཟ། །སྲིན་བུས་བསྐྱོད་ཅིང་མི་བཟོད་ན། །རྣ་ནད་སྲིན་བུ་ཅན་ ཞེས་བྱ། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་རང་གི་རྒྱུས་བསྐྱེད་པ་དག་གིས་རྣ་བའི་ཤ་དང་ཁྲག་གཉིས་ལ་གནོད་པར་བྱས་ཤིང་འདྲུལ་བར་གྱུར་པའི་དབང་གིས་ཟ་ཞིང་འཆའ་བར་བྱེད་པའི་སྲིན་བུས་བསྐྱོད་པ་ན་མི་བཟད་པར་ན་བའི་ནད་དེ་ནི་མིང་སྲིན་བུ་ཅན་ཞེས་བྱའོ། །རྣ་བ་ 202-1-172a ཕུག་པའི་རྨ་ལས་བྱུང་། །རྨ་ནི་སྔ་མའི་མཚན་ཉིད་ཅན། །ཁོང་འབྲས་འགྱུར་བའམ། ཞེས་བྱ་བ་ལ། རྣ་བ་ཕུག་པ་ལས་བྱུང་བའི་རྨ་བྱུང་བའི་མཚན་ཉིད་ནི། སྔར་བཤད་པའི་ནད་གཞིའི་སྐབས་ནས་སྨོས་པའི་མཚན་ཉིད་ཅན་གྱི་ཁོང་འབྲས་སུ་འགྱུར་ རོ། །གཞན་དུའང་འགྱུར། ཞེས་བྱ་བ་ལ། གཞན་དུའང་འགྱུར་ཞེས་བྱ་བ་ནི། ཁོང་འབྲས་རླུང་ལས་གྱུར་པ་ལ་སོགས་པ་གཞན་དག་ཀྱང་། ནད་གཞིའི་སྐབས་ནས་སྔར་བཤད་པ་ལྟ་བུར་གྱུར་པ་ལས་འདི་ཉིད་ནི་ཁོང་འབྲས་ཀྱི་དབྱེ་བ་ཙམ་དུ་ཟད་པས་དེའི་ཕྱིར་གྲངས་སུ་ ལོགས་ཤིག་ཏུ་མ་བགྲངས་པ་ཡིན་ནོ། །ཐོར་བུ་འབྲུམ་བུ་སྐྲངས་ལས་འབྱུང་། །དེ་ལས་རྣ་བ་རྣགས་པ་དང་། །འོན་པར་བྱེད་པས་གནོད་པར་འགྱུར། །ཞེས་བྱ་བ་ལ། རྣ་བ་ཐོར་བུ་དང་འབྲུམ་བུ་སྐྲངས་པ་ལས་ནད་གཞི་སོ་སོ་དང་འདུས་པ་དང་ལྡན་པ་དང་ཁྲག་ལས་གྱུར་པ་ རླུང་འབྱུང་བར་འགྱུར་ལ། ཐོར་བུ་འབྲུམ་བུ་དེ་ལས་རྣ་བ་རྣགས་པ་ལ་སོགས་པས་གནོད་པར་འགྱུར་རོ། །དེ་ལྟར་ན་འདི་ལས་ཐོར་བུ་དང་འབྲུམ་བུའི་རྣ་བའི་ནད་ཅེས་བྱ་བ་གཉིས་སུ་འགྱུར་རོ། །མངལ་དུ་རླུང་གིས་རྣ་བའི་ཤ །ཞུམ་འགྱུར་འཁུམས་པ་ཞེས་བྱའོ། །ཞེས་བྱ་ བ་ལ། མངལ་གྱི་གནས་སྐབས་སུ་རླུང་ལས་རྣ་བའི་འགྲམ་གྱི་ཤ་འཁུམས་ཤིང་འདུས་པར་གྱུར་པ་ནི་རྣ་བ་འཁུམས་པ་ཞེས་བྱ་བ་ཡིན་ནོ། །མངལ་དུ་ཤ་མཛེར་སྲ་ན་མེད། །པི་པི་ལིང་འདྲ་མང་པོའང་གཅིག །ནད་མེད་པི་པི་ལིང་ཞེས་བྱ། །ཞེས་བྱ་བ་ལ། མངལ་གྱི་གནས་ སྐབས་ཉིད་དུ་ཤའི་མཛེར་པ་སྲ་ཞིང་ན་བ་མེད་པ་པི་པི་ལིང་གི་ཚད་ཙམ་མང་པོ་འམ་གཅིག་འབྱུང་བ་གང་ཡིན་པ་དེ་ནི་མིང་པི་པི་ལིང་ཞེས་བྱའོ། །འདུས་པ་ལས་གྱུར་གས་པ་ནི། །མདོག་འདྲ་ན་ཞིང་སྲ་བ་དང་། །སྐྲངས་གྱུར་དེ་ནི་མ་གསོས་ན། །སྨིན་ནས་ཡུངས་མར་ལྟ་བུར་ནི། ། འཛག་ཅིང་འཚོ་བ་དཀའ་བར་འགྱུར། །རྨ་འཚོབས་ནས་ཀྱང་ངེས་པར་ནི། །རྣ་བའི་ཤ་ནི་ཞུམ་པར་འགྱུར། །ཞེས་བྱ་བ་ལ། འདུས་པའི་རྒྱུ་ལས་སྐྲངས་པ་གང་ཁ་དོག་འདྲ་བ་ལ་སོགས་པར་འགྱུར་བ་དེ་ནི་མིང་གས་པ་ཞེས་བྱ་སྟེ། སྐྲངས་པ་དེ་མ་གསོས་ཏེ་ཡལ་བར་བོར་ནས་ 202-1-172b སྨིན་ཅིང་རྣགས་པར་གྱུར་ན་ཡུངས་མར་ལྟ་བུ་འཛག་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །རྩ་ལ་གནས་པའི་རླུང་གིས་ནི། །རྣ་ཤལ་སྐམ་པ་དེ་མིང་ཅན། །ཞེས་བྱ་བ་ལ། རླུང་རྣ་བའི་རྩ་ན་གནས་ཤིང་རྣ་རྩ་སྐམ་པར་བྱེད་པའི་ནད་དེ་ནི་དེའི་མིང་ཅན་དེ་རྣ་ཤལ་ སྐམ་པ་ཞེས་བྱའོ། །རྣ་ཤལ་པི་ཝང་རྒྱུད་ལྟར་ཕྲ། །སྲ་བ་རྒྱུད་ཅན་ཞེས་བྱའོ། །ཞེས་བྱ་བ་ལ། རླུང་གིས་རྣ་ཤལ་པི་ཝང་གི་རྒྱུད་ལྟར་སྲ་ཞིང་ཕྲ་བར་གྱུར་པ་དེ་ནི་མིང་རྒྱུད་ཅན་ཞེས་བྱའོ། །གཞོན་ཤ་ཅན་ནི་ཡུན་རིང་དུ། །བཏང་སྙོམས་བོར་ནས་འཕྲལ་དུ་བསྐྱེད། །རྣ་ཤལ་ སྐྲང་ཞིང་ནད་བཅས་ལ། །དམར་ཞིང་འབྱར་བར་གྱུར་པ་ནི། །དེ་ནི་རླུང་གིས་འབྱར་ཞེས་བྱ། །ཞེས་བྱ་བ་ལ། ཤིན་ཏུ་གཞོན་ཤ་ཅན་གྱི་རྣ་བ་འཇམ་པོ་ཡུན་རིང་དུ་བཏང་སྙོམས་སུ་བཞག་ནས། དེའི་རྗེས་ལ་འཕྲལ་དུ་དེའི་མོད་ལ་རྣ་བའི་བུ་གར་བསྐྱེད་ཅིང་བརྒྱངས་པར་ གྱུར་ན་རྣ་ཤལ་སྐྲངས་པ་དང་། ན་བ་དང་བཅས་ཤིང་དམར་ལ་སླར་འབྱར་བར་འགྱུར་ཏེ། དེ་ནི་རླུང་གིས་འབྱར་བ་ཞེས་བྱའོ། །གནོད་འགྱུར་རྒྱན་ལྕི་ཁུར་སོགས་ཀྱིས། །ཁྲག་དང་མཁྲིས་པ་འཁྲུགས་གྱུར་པས། །དམར་ཞིང་ཚ་ན་སྨིན་པ་དང་། །སྐྲང་དང་འབྲུམ་བུ་ འབྲུམ་ཕྲན་དང་། །དམར་ཞིང་ཚ་ལ་རྣགས་པ་ཡིན། །ཞེས་བྱ་བ་ལ། རྒྱན་ལྕི་བ་ལ་སོགས་པའི་རྒྱུས་ཁྲག་དང་མཁྲིས་པ་འཁྲུགས་པར་བྱས་པས་དམར་བ་ལ་སོགས་པ་དང་ལྡན་པའི་ནད་དེ་ནི་མིང་གནོད་པར་གྱུར་པ་ཞེས་བྱའོ། །རླུང་དང་བད་ཀན་གྱིས་རྣ་ཤལ། ། སྐྲང་ཞིང་ནད་མེད་སྲ་བ་དང་། །བརྟན་ཞིང་མདོག་འདྲ་གཡའ་བ་དང་། །དེ་ནི་མཉེ་བ་ཞེས་བྱར་བཤད། །ཅེས་བྱ་བ་ལ། རླུང་དང་བད་ཀན་གྱི་རྒྱུས་རྣ་ཤལ་སྐྲང་ཞིང་། སྐྲངས་པས་ཀུན་ཏུ་ཁྱབ་ལ། ན་ཚ་ཆུང་ཞིང་སྲ་བ་དང་། བརྟན་པར་བྱས་པ་ལ་སོགས་པའི་ནད་དེ་ནི་ མཉེ་བ་ཞེས་བྱ་བ་དང་། གལ་ལི་རི་ཞེས་ཀྱང་བྱའོ། །ཕུག་ཉེས་རྣ་བ་བརྒྱངས་པ་ལས། །གཡའ་བཅས་ཚ་གྲང་སྨིན་ཅིང་ན། །འདུས་པ་ལས་གྱུར་སྐྲངས་པ་དེ། །སྡུག་བསྔལ་འཕེལ་བྱེད་ཅེས་བྱའོ། །ཞེས་བྱ་བ་ལ། རྣ་བ་ཕུག་པ་ཉེས་ཤིང་ནང་བརྒྱངས་དྲགས་པ་ལས་ 202-1-173a གཡའ་བ་ལ་སོགས་པའི་ནད་དུ་འགྱུར་ཏེ། ནད་དེའི་མིང་ནི་སྡུག་བསྔལ་འཕེལ་བ་ཞེས་བྱའོ། །བད་ཀན་ཁྲག་གྱུར་སྲིན་བུ་ཕྲ། །གཡའ་ཞིང་གནག་ལ་རྣག་བཅས་པ། །སྲིན་བུ་ཕྲ་མོས་བལྡགས་ཞེས་བྱ། །དེ་མ་གསོས་ན་རྣ་ཤལ་བ། །ཞེས་ བྱ་བ་ལ། བད་ཀན་དང་ཁྲག་ལས་གྱུར་པའི་སྲིན་བུ་ཕྲ་མོ་གཡའ་བ་ལ་སོགས་པ་དང་བཅས་པ་ནི་རྣ་ཤལ་བལྡགས་པ་ཞེས་བྱ་སྟེ། དེ་མ་བཅོས་ཤིང་ཡལ་བར་བོར་ན་རྣ་ཤལ་ཟ་ཞིང་བལྡགས་པར་འགྱུར་རོ། །དེ་ལས་འདུས་གྱུར་པི་པི་ལིང་། །གཟེར་ཅན་གས་ འཁུམས་གསོར་མི་རུང་། །རྒྱུད་ཅན་གཅིག་པུ་འཚོ་བ་ཙམ། །ལྷག་མ་རྣམས་ནི་གསོ་བར་བྱ། །ཞེས་བྱ་བ་ལ། རྣ་བའི་ནད་འདི་རྣམས་ཀྱི་ནང་ནས་པི་པི་ལིང་ཞེས་བྱ་བ་དང་། གཟེར་ཅན་ཞེས་བྱ་བ་དང་། གས་པ་ཞེས་བྱ་བ་དང་། རྣ་བ་ འཁུམས་པ་ཞེས་བྱ་བ་དེ་ནི་གསོར་མི་རུང་ངོ་། །རྒྱུད་ཅན་གཅིག་པུ་ནི་རེ་ཞིག་འཚོ་བ་ཙམ་དུ་གསོར་རུང་ངོ་། །ལྷག་མ་ཉི་ཤུ་ནི་གསོར་རུང་བ་ཡིན་ནོ། །དེ་ལྟར་རྣ་བའི་ནད་ཀྱི་ནི། །དབྱེ་བ་ཉི་ཤུ་རྩ་ལྔར་བཤད། །ཅེས་བྱ་བ་ལ། དེ་ལྟར་བཤད་མ་ཐག་པའི་ཚུལ་གྱིས་རྣ་བའི་ ནད་ཀྱི་དབྱེ་བ་ནི་གྲངས་ཉི་ཤུ་རྩ་ལྔ་ཡོད་དོ་ཞེས་སློབ་དཔོན་གྱིས་བཤད་དོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་བཅུ་བདུན་པའི་རྣམ་པར་འགྲེལ་ པའོ།། །།དེ་ནས་རྣ་བའི་ནད་གསོ་བ་བཤད་པར་བྱའོ། །ཞེས་བྱ་བ་ལ། གོ་རིམས་ཀྱིས་ན་ལེའུ་འདི་བརྩམས་པ་ཡིན་ནོ། །རླུང་ལས་གྱུར་པའི་རྣ་ནད་ལ། །ཤ་ཁུ་བླུད་ཅིང་རླུང་འཇོམས་པའི། །སྨན་བསྐོལ་མར་ནི་མཚན་མོ་བླུད། །ཅེས་བྱ་བ་ལ། རླུང་ ལས་གྱུར་པའི་རྣ་བའི་ནད་ལ་ནི། མཚན་མོ་ཉལ་ཁར་ནད་པ་ལ་ཤ་ཁུ་བླུད་པར་བྱ་ཞིང་རླུང་འཇོམས་པའི་སྨན་རྩ་བ་བཅུ་པ་ལ་སོགས་པ་དང་བསྐོལ་བའི་མར་བླུད་པར་བྱའོ། །རྣ་བ་དུགས་བྱས་དེ་རྗེས་ལ། །ཨ་ཤྭཏྠ་དང་ཨེ་རཎྜ། །བིལ་བ་ཨརྐའི་ལོ་མ་དང་། །ཏིལ་མར་ 202-1-173b རྒྱམ་ཚར་བཅས་པ་དང་། །ཕུར་མ་བཙོ་བ་བྱས་པ་ཡི། །ཁུ་བ་དྲོ་འཇོམ་ཙམ་མམ་ནི། །ལ་ཕུག་གུ་གུལ་རྣ་བ་དགང་། །ཞེས་བྱ་བ་ལ། རྣ་བ་དང་པོར་དུགས་བྱ་ཞིང་སྣུམ་ཆོས་ཀྱི་ཆོ་ག་བྱས་ནས་དེའི་རྗེས་ལ་ཨ་ཤྭཏྠ་ལ་སོགས་པའི་ལོ་མའི་སྨན་གྱི་ཕུར་མ་ བཙོ་བའམ་ཡང་ན་ལ་ཕུག་དང་གུ་གུལ་བསྐོལ་བའི་ཁུ་བ་གང་ཡང་རུང་བས་རྣ་བ་དགང་བར་བྱའོ། །རླུང་འཇོམས་སྡེ་ཚན་སྐྱུར་རྣམས་དང་། །གཅིན་གྱི་ནང་དུ་སྣུམ་ཆེན་ནི། །བསྐོལ་བ་དེ་ནི་རྣ་བའི་ནད། །མི་བཟད་པ་ཡང་མྱུར་དུ་སེལ། །ཞེས་བྱ་བ་ལ། རླུང་འཇོམས་ པའི་སྡེ་ཚན་ཐང་ཤིང་ལ་སོགས་པ་དང་། སྐྱུར་ཏེ་སྐྱུར་རྩབས་དང་། ཞོག་ཆུ་དང་དར་བ་ལ་སོགས་པ་རྣམས་དང་། མ་ཧེ་དང་བ་ལང་ལ་སོགས་པའི་གཅིན་གྱི་ནང་དུ་སྣུམ་ཆེན་པོ་སྟེ། ཞུན་མར་དང་ཏིལ་མར་དང་རྐང་དང་ཞག་ཅེས་བྱ་བ་བསྐོལ་བ་དེས་ནི་རྣ་བའི་ནད་མི་བཟད་ ཅིང་བརྣག་པར་དཀའ་བ་ཡང་སེལ་བར་བྱེད་དོ། །རྩ་བ་ཆེན་པོ་ལྔ་ཡི་ཤིང་། །གང་ཡང་རུང་བ་གསོ་མས་དཀྲི། །ཏིལ་མར་གྱིས་བསྐུས་འབར་བའི་རྩེ། །སྣུམ་འཛག་འཕྲལ་དུ་ནད་སེལ་བྱེད། །ཅེས་བྱ་བ་ལ། རྩ་བ་ཆེན་པོ་ལྔའི་ཤིང་གང་ཡང་རུང་བ་ཅིག་དང་། དེ་ བཞིན་དུ་ས་ར་ལ་ཞེས་བྱ་བའི་ཤིང་སོར་བཅུ་ཙམ་ལ་གསོ་མས་ཆ་གསུམ་དཀྲིས་ལ་ཏིལ་མར་གྱིས་བསྐུས་ཏེ་འབར་བའི་རྩེ་མོ་ལ་ཚིག་པའི་ཚེ་སྣུམ་གང་ཞིག་འཛག་པར་གྱུར་པ་དེས་ནི་འཕྲལ་དུ་རྣ་བའི་ནད་སེལ་ཞིང་འཇོམས་པར་བྱེད་དོ། །དེ་བཞིན་ཐང་ཤིང་རུ་རྟ་དང་། །སྒྲོན་ཤིང་ ལས་ཀྱང་དེ་བཞིན་བྱ། །ཞེས་བྱ་བ་ལ། དེ་བཞིན་དུ་ཐང་ཤིང་ལ་སོགས་པ་དག་ཀྱང་ཤིང་སོར་བཅུ་ཙམ་ལ་གསོ་མས་དཀྲི་ཞིང་ཏིལ་མར་གྱིས་བསྐུས་ལ་འབར་བའི་རྩེ་མོ་ནས་འཛག་པའི་སྣུམ་གང་ཞིག་བྱུང་བ་དེ་བསགས་པ་དྲོ་འཇོམ་ཙམ་དུ་བླུད་ན་ཡང་རྣ་བའི་ནད་འཕྲལ་དུ་སེལ་བར་ བྱེད་དོ། །རླུང་ནད་ཆམ་པ་ལ་བཤད་པའི། །གསོ་བས་འདིར་ཡང་ཕན་པ་ཡིན། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་ཆམ་པ་ལ་ཕན་པའི་སྨན་གང་ཡིན་པ་དེ་འདིར་རླུང་ལས་གྱུར་པའི་རྣ་བའི་ནད་ལ་ཡང་ཕན་པ་ཡིན་ནོ། །མགོ་བོ་བཀྲུ་དང་ཆུ་གྲང་བཏུང་། །ཉིན་མོའང་ཡོངས་ 202-1-174a སུ་སྤང་བར་བྱ། །ཞེས་བྱ་བ་ལ། རྣ་བའི་ནད་དེ་ལ། མགོ་བོ་བཀྲུ་བ་དང་། ཆུ་གྲང་བཏུང་བ་ནི་ཉིན་མོ་ཡང་སྤང་བར་བྱའོ། །མཁྲིས་གྱུར་ཁ་ར་དཀར་པོར་བཅས། །མར་གྱིས་སྣུམ་བྱས་བཀྲུ་སྨན་གཏང་། ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་ པའི་གཟེར་ནད་ལ་ནི། ཁ་ར་དཀར་པོ་དང་བཅས་པའི་མར་གྱིས་སྣུམ་གྱི་ཆོ་ག་བྱས་པ་ལ་མཁྲིས་པ་སེལ་བའི་བཀྲུ་སྨན་གཏང་བར་བྱའོ། །རྒུན་འབྲུ་ཤིང་མངར་ནུ་ཞོ་བསྐོལ། །རྣ་བ་བཀང་བའང་བསྔགས་པ་ཡིན། །ཞེས་བྱ་བ་ལ། རྒུན་འབྲུ་ལ་སོགས་པའི་སྦྱོར་བས་རྣ་བ་ བཀང་བ་ཡང་མཁྲིས་པ་ལས་གྱུར་པའི་རྣ་བ་གཟེར་བ་ལ་ཕན་ནོ། །ཤིང་མངར་ཙནྡན་དཱུར་བ་དཀར། །པུ་ཤེལ་ཙེ་དང་རམ་ཉེ་བ། །སེང་ཕྲོམ་པདྨའི་རྩ་བ་དང་། །པདྨའི་སྡོང་བུ་ཛི་བ་ཀ །བཙོད་དང་ཐལ་ཏྲེས་བསྐོལ་བ་དང་། །ཤིང་མངར་ཁུ་བ་བྲེ་གང་དང་། །འོ་མ་བྲེ་དོ་ བཅས་པ་དག །ཏིལ་མར་ཕུལ་གང་བསྐོལ་བ་དང་། །འདི་ཡིས་རྣར་བླུགས་རྣ་དགང་བསྐུ། །ཡང་ན་སྦྲང་རྩི་ཉི་ཚེས་དགང་། །གཟེར་དང་ཚ་དང་ན་བ་སེལ། །ཞེས་བྱ་བ་ལ། ཤིང་མངར་ལ་སོགས་པའི་ལྡེ་གུ་དང་། ཤིང་མངར་བསྐོལ་བའི་ཁུ་བ་བྲེ་གང་ལ་སོགས་པ་ཇི་ སྐད་སྨོས་པ་བཞིན་དུ་བསྐོལ་བ་ཏིལ་མར་འདི་རྣ་བར་བླུགས་པ་ལ་སོགས་པ་བྱས་ན། གཟེར་བ་ལ་སོགས་པ་སེལ་བར་འགྱུར་རོ། །ཡང་ན་སྦྲང་རྩི་ཉི་ཚེས་བཀང་ན་ཡང་གཟེར་བ་ལ་སོགས་པ་སེལ་བར་བྱེད་དོ། །ཤིང་མངར་ལ་སོགས་མར་དང་བཅས། །རྣ་བ་ཀུན་ཏུ་བྱུགས་ནའང་ ཕན། །ཞེས་བྱ་བ་ལ། ཤིང་མངར་དང་ཙནྡན་ལ་སོགས་པ་བཤད་མ་ཐག་པའི་སྨན་མར་དང་བཅས་པའི་ལྡེ་གུས་རྣ་བ་ཀུན་ཏུ་བྱུགས་ཤིང་བསྐུས་ན་ཡང་གཟེར་བ་ལ་སོགས་པ་ལ་ཕན་ནོ། །བད་ཀན་ལས་གྱུར་པི་པི་ལིང་། །མར་བསྐོལ་སྣུམ་གྱུར་སྐྱུག་ཏུ་གཞུག །ཅེས་ བྱ་བ་ལ། བད་ཀན་ལས་གྱུར་པའི་རྣ་བའི་གཟེར་ལ་ནི། པི་པི་ལིང་དང་ཞུན་མར་བསྐོལ་བའི་སྣུམ་གྱི་ཆོ་ག་བྱས་ལ་སྐྱུག་སྨན་བཏང་སྟེ་སློན་དུ་གཞུག་གོ། །བད་ཀན་སེལ་བའི་སྣ་སྨན་དང་། །མཁུར་བཀང་དུགས་དང་དུད་པ་བརྔུབ། །ཅེས་བྱ་བ་ལ། བད་ཀན་ལས་གྱུར་པའི་ 202-1-174b རྣ་བའི་གཟེར་ལ་ནི་བད་ཀན་སེལ་བའི་སྣ་སྨན་ལ་སོགས་པ་བྱའོ། །སྒོག་སྐྱ་སྒེའུ་གཤེར་ཤི་ཀྲུ་དང་། །ལ་ཕུག་ཆུ་ཤིང་མུ་རང་ག །བསྐོལ་བའི་ཁུ་བ་དམ་པ་ནི། །དྲོ་འཇམ་རྣ་བར་བླུགས་ནའང་ཕན། །ཞེས་བྱ་བ་ལ། སྒོག་སྐྱ་ལ་སོགས་པའི་ཁུ་བ་དྲོ་འཇམ་ཙམ་བླུགས་ ན་ཡང་མཆོག་ཏུ་ཕན་པ་ཡིན་ནོ། །ཨརྐའི་མྱུ་གུ་སྐྱུར་ཁུར་བཏགས། །ཏིལ་མར་རྒྱམ་ཚར་བཅས་པ་གང་། །སྣུ་ཧའི་ཤིང་བུ་བྲུས་པར་ནི། །བཅུག་ལ་ཨརྐའི་ལོ་མས་གཡོགས། །ཕུར་མ་བཙོས་པའི་ཚུལ་དུ་བསྲེགས། །དེ་ཡི་ཁུ་བ་གཟེར་འཇོམས་མཆོག །ཅེས་ བྱ་བ་ལ། ཤིང་ཨརྐའི་མྱུ་གུ་རང་སྐྱུར་ལ་སོགས་པ་ཁུ་བ་སྐྱུར་པོའི་ནང་དུ་བཏགས་ལ་ཇི་སྐད་སྨོས་པའི་ཕུར་མ་བཙོས་པའི་ཚུལ་དུ་བསྲེགས་པའི་ཁུ་བ་ནི་གཟེར་འཇོམས་པར་བྱེད་པའི་མཆོག་ཡིན་ནོ། །མ་དུ་ལུང་གའམ་ཀ་པིད་ཐའི། །ཁུ་བས་བཀང་བ་བྱས་ན་ཕན། །ཞེས་ བྱ་བ་ལ། ཡང་ན་མ་དུ་ལུང་གའི་ཁུ་བའམ་ཀ་པིད་ཐའི་ཁུ་བས་རྣ་བ་བཀང་ན་ཡང་གཟེར་བ་ལ་ཕན་ནོ། །ཡང་ན་ཚས་བཀང་དེ་རྗེས་ལ། །རྒྱ་མཚོའི་ལྦུ་བའི་ཕྱེ་མས་གདབ། །ཅེས་བྱ་བ་ལ། ཡང་ན་རྣ་བ་ཚས་བཀང་ལ་དེའི་འོག་ཏུ་རྒྱ་མཚོའི་ལྦུ་བའི་ཕྱེ་མ་བཏབ་ནའང་ཕན་ནོ། །ར་ ལུག་གཅིན་དང་འོད་མའི་ཤུན། །ཏིལ་མར་བསྐོལ་བས་བཀང་ན་ཕན། །ཞེས་བྱ་བ་ལ། ཡང་ན་ར་ལུག་གི་གཅིན་ལ་སོགས་པའི་སྦྱོར་བའང་ཕན་ནོ། །ཡང་ན་ཡུངས་མར་ཤིང་ཀུན་དང་། །གཡེར་མ་དོང་གྲ་བསྐོལ་བ་བླུགས། །ཞེས་བྱ་བ་ལ། ཡང་ན་ཡུངས་མར་ལ་ སོགས་པའི་སྦྱོར་བ་ཇི་སྐད་སྨོས་པ་ལྟར་བཏང་ན་འང་ཕན་ནོ། །ཁྲག་གྱུར་མཁྲིས་པ་ལྟ་བུར་གསོ། །གཏར་ག་མྱུར་དུ་གདབ་པར་བྱ། །ཞེས་བྱ་བ་ལ། ཁྲག་ལས་གྱུར་པའི་རྣ་བའི་ནད་ལ་མཁྲིས་པ་ལས་གྱུར་པའི་རྣ་བའི་གཟེར་ལྟར་གསོ་བར་བྱའོ། །སྨིན་ཅིང་ རྣ་བ་ཁྲག་འཛག་ལ། །དུད་པ་མཁུར་བཀང་སྣ་སྨན་སྦྱར། །སྦུ་གུའི་ཆོ་ག་དག་དང་ནི། །རྨ་རེད་ཆོ་ག་གང་ཡིན་བྱ། །ཞེས་བྱ་བ་ལ། རྣ་བའི་ནད་སྨིན་ཅིང་རྣག་འཛག་པར་གྱུར་ན་དུད་པ་བརྔུབ་པ་ལ་སོགས་པ་སྦྱར་བར་བྱ་ཞིང་། དེ་བཞིན་དུ་སྡུ་གུའི་ཆོ་ག་ཇི་ 202-1-175a སྐད་བཤད་པ་དག་ཀྱང་སྦྱར་བར་བྱ་ལ། རྨ་རེད་པའི་གསོ་བ་གང་དག་ཡིན་པ་དེ་ཡང་སྦྱར་བར་བྱའོ། །གོས་པར་ཡེའུས་དུས་གཉིས་སུ། །རྣ་བ་ཕྱི་ཞིང་དག་པར་བྱ། །གུ་གུལ་དུད་པས་བདུགས་ནས་ཀྱང་། །སྦྲང་རྩི་ཡིས་ཀྱང་དགང་བར་བྱ། །ཞེས་ བྱ་བ་ལ། རྣ་བར་རྣག་ལ་སོགས་པ་ཆགས་ཤིང་གོས་པར་གྱུར་ན། རས་བལ་གྱི་ཡེའུས་ཉིན་རེ་ཞིང་དུས་གཉིས་སུ་ཕྱི་ཞིང་དག་པར་བྱས་ལ། དེའི་རྗེས་ལ་གུ་གུལ་གྱི་དུད་པས་བདུགས་ཏེ་སྦྲང་རྩིས་ཡོངས་སུ་དགང་བར་བྱའོ། །བྱེའུ་རུག་ཁུ་བ་བསྐོལ་བ་དང་། །བུ་རམ་ ཁུ་བས་བསྒོས་པ་ཡི། །རས་བལ་ཡེའུ་རབ་ཕྲས་བྱུག །དེ་ཡི་ཕྱེ་མ་གདབ་པར་བྱ། །ཞེས་བྱ་བ་ལ། ཡང་ན་རྣ་བ་རྣག་ཅན་དེ་བྱེའུ་རུག་པའི་ཁུ་བ་ལ་སོགས་པས་བསྒོས་པའི་རས་བལ་གྱི་ཡེའུ་ཕྲ་མོས་བྱུག་པར་བྱ་བ་དང་། ཕྱེ་མ་ལ་སོགས་པའི་སྨན་དེ་དག་ཞིབ་ཏུ་ བཏགས་པའི་ཕྱེ་མས་གདབ་པར་བྱའོ། །གཟེར་དང་རྣགས་དང་ལྕི་བ་ལ། །ཆོ་ག་འདིས་ནི་བཟློག་པར་བྱ། །ཞེས་བྱ་བ་ལ། བཤད་མ་ཐག་པའི་ཆོ་ག་འདི་ཉིད་ནི་གཟེར་ལ་སོགས་པ་ཡང་ཟློག་པར་བྱེད་པ་ཡིན་པར་དྲང་སྲོང་རྣམས་ཀྱིས་བཤད་དོ། །པྲི་ཡང་ཀུ་དང་ ཨམྤཤྠ། །ཤིང་མངར་དང་ནི་ད་ཏ་ཀི། ཨུཏྤ་ལ་ཡི་ལོ་མ་དང་། །བཙོད་དང་སེང་ཕྲོམ་རྒྱ་སྐྱེགས་དང་། །ཀ་པིད་ཐ་ཡི་ཁུ་བ་དང་། །ཏིལ་མར་བསྐོལ་ཏེ་དེ་བླུགས་ན། །རྣག་འཛག་པ་ནི་མྱུར་འཆད་བྱེད། །ཅེས་བྱ་བ་ལ། པྲི་ཡང་ཀུ་ལ་སོགས་པའི་ལྡེ་གུ་དང་། ཀ་པིད་ ཐ་ལ་སོགས་པ་བསྐོལ་བའི་ཏིལ་མར་དེ་རྣ་བར་བླུགས་ཤིང་བཀང་ན་རྣག་འཛག་པ་མྱུར་དུ་འཆད་པར་བྱེད་དོ། །སྒྲ་བཅས་འོན་པ་དག་ལ་ནི། །རླུང་གི་གཟེར་འཇོམས་སྨན་གཏང་བྱ། །ཞེས་བྱ་བ་ལ། རྣ་བ་སྒྲ་དང་བཅས་པས་འོན་པར་གྱུར་པ་གཉིས་ལ་ནི། རླུང་གི་རྣ་བའི་ནད་ ཀྱི་གཟེར་འཇོམས་པར་བཤད་པའི་སྨན་གང་དག་ཡིན་པ་གཏང་བར་བྱའོ། །བད་ཀན་ལས་གྱུར་བད་ཀན་ནི། །སློན་སྨན་སོགས་ཀྱིས་དང་པོར་བསལ། །ཞེས་བྱ་བ་ལ། སྒྲ་དང་བཅས་པ་དང་འོན་པ་བད་ཀན་ལས་གྱུར་པ་དག་ལ་ནི་དང་པོར་སློན་སྨན་ལ་སོགས་པས་བད་ཀན་ 202-1-175b བསལ་བར་བྱའོ། །ཨེ་རཎྜ་དང་ཤི་ཀྲུ་དང་། །ལ་ཕུག་གཞོན་ནུའི་འོ་མ་དང་། །ཁུ་བ་ཏིལ་མར་བཞི་འགྱུར་དང་། །ལོ་མ་བརྒྱད་འགྱུར་བཅས་པ་དང་། །ཤིང་མངར་རམ་ཉེ་བའི་ལྡེ་གུ། །བཅས་པར་བསྐོལ་བ་རྣར་བླུགས་དང་། །བསྐུ་དང་རྣ་བ་བཀང་བ་ཡིས། །སྒྲ་བཅས་ འོན་དང་གཟེར་བ་འཇོམས། །ཞེས་བྱ་བ་ལ། ཨེ་རཎྜ་ལ་སོགས་པའི་ལོ་མ་བསྐོལ་བའི་ཁུ་བ་དང་། ཏིལ་མར་དེའི་བཞི་འགྱུར་དང་། ལོ་མ་ཏིལ་མར་བརྒྱད་འགྱུར་དང་བཅས་པ་དང་ཤིང་མངར་དང་རམ་ཉེ་བའི་ལྡེ་གུ་བསྐོལ་ཏེ་ཏིལ་མར་ལུས་པ་རྣ་བར་བླུགས་པ་ལ་སོགས་པ་བྱས་ན་སྒྲ་ལ་ སོགས་པ་དང་བཅས་པའི་ནད་འཇོམས་པར་བྱེད་དོ། །ཤིང་ཀུན་བོང་ང་དཀར་པོ་དང་། །ཤུ་ཏི་སྐྱེར་ཤུན་སྭརྫི་ཀ །ཏིལ་མར་ཚ་དང་བཅས་བསྐོལ་བས། །བཀང་ན་གཟེར་དང་ཆུ་སེར་འཛག །སྒྲ་བཅས་འོན་པ་སེལ་བར་བྱེད། །ཅེས་བྱ་བ་ལ། ཤིང་ཀུན་ལ་སོགས་པའི་ལྡེ་གུ་ དང་། ཏིལ་མར་གྱི་བཞི་འགྱུར་གྱི་ཚ་དང་བསྐོལ་བའི་ཏིལ་མར་གྱིས་རྣ་བ་བཀང་ན་རྣ་བ་གཟེར་བ་དང་བཅས་པ་ཡང་སེལ་བར་བྱེད་དོ། །རྣ་བ་སྒྲ་དང་བཅས་པ་ལ། །ཡུངས་མར་གྱིས་ནི་བཀང་ན་ཕན། །ཞེས་བྱ་བ་ལ། རྣ་བ་སྒྲ་ཟི་ཟི་པོ་དང་བཅས་པ་ལ་ནི། ཡུངས་ མར་བཙིར་བའི་མར་གྱིས་རྣ་བ་དགང་བར་བྱའོ། །ལ་ཕུག་སྐམ་པོའི་དུམ་བུ་ཡི། །ཐལ་བ་ཤིང་ཀུན་བཅའ་སྒ་དང་། །ཤུ་ཏི་རུ་རྟ་ཤུ་དག་དང་། །ཐང་ཤིང་ཤི་ཀྲུ་སྐྱེར་ཁཎྜ། །ཡ་བཀྵ་ར་རྩབས་རུ་ཚ། །རྒྱམ་ཚ་རྡུལ་ཚ་སྭརྫི་ཀ །སྟག་པའི་ཚེར་མ་ཁ་རུ་ཚ། །གླ་སྒང་རྒུན་ ཚ་བཞི་འགྱུར་དང་། །ཁ་ལུང་ཁུ་བ་དེ་དང་འདྲ། །ཆུ་ཤིང་ཁུ་བ་མཉམ་བསྐོལ་བའི། །ཏིལ་མར་བཀང་བས་རྣ་བའི་ནད། །གཡའ་དང་སྒྲ་བཅས་འོན་པ་དང་། །རྣག་འཛག་གཟེར་ཞིང་སྲིན་བུ་ཅན། །ཤིན་ཏུ་གསོ་དཀའ་ཐལ་སྨན་གྱི། །ཏིལ་མར་གྱིས་ནི་མྱུར་དུ་འཇོམས། ། ཁ་དང་སོ་ཡི་ནད་ལའང་ཕན། །ཞེས་བྱ་བ་ལ། ལ་ཕུག་སྐམ་པོའི་དུམ་བུ་ཐལ་བར་བྱས་པ་དང་། ཤིང་ཀུན་ལ་སོགས་པའི་སྨན་གྱི་བཞི་འགྱུར་རྒུན་ཚ་དང་། ཁ་ལུང་གི་ཁུ་བ་བཞི་འགྱུར་དང་། ཆུ་ཤིང་གི་ཁུ་བ་བཞི་འགྱུར་དང་། ཏིལ་མར་བསྐོལ་ལ་རྣ་བ་བཀང་ན་རྣ་བའི་ནད་ 202-1-176a གསོ་དཀའ་བ་ཡང་མྱུར་དུ་སེལ་བར་བྱེད་ལ། ཐལ་བའི་ཏིལ་མར་འདི་ནི་ཁ་དང་སོའི་ནད་ལ་ཡང་ཕན་ཞིང་བསྔགས་པ་ཡིན་ནོ། །དེ་ནས་ཚོར་བ་མེད་པ་ལ། །ཉེ་བ་ལ་ནི་གཏར་ག་གདབ། །ཅེས་བྱ་བ་ལ། དེ་ནས་རྣ་བ་ཚོར་བ་མེད་ཅིང་བེམ་བེམ་པོར་གྱུར་ན་དེ་ དང་ཉེ་བ་ལ་གཏར་ག་གདབ་ཅིང་ཁྲག་དབྱུང་བར་བྱའོ། །སྐྲང་ཞིང་རྣགས་ལ་ཐོས་པ་ནི། །མི་གསལ་གྱུར་ལ་སྐྱུག་སྨན་གཏང་། །ཞེས་བྱ་བ་ལ། རྣ་བ་སྐྲང་ཞིང་རྣག་འཛག་པ་དང་ཐོས་པ་མི་གསལ་ཞིང་འོན་པ་ལ་ནི་སྐྱུག་སྨན་བླུད་དེ་སློན་དུ་གཞུག་པར་བྱའོ། །བྱིས་པ་རྒན་དང་ ཡུན་རིང་དུ། །ལོན་པའི་འོན་པ་སྤང་བར་བྱ། །ཞེས་བྱ་བ་ལ། བྱིས་པའི་ཚེ་ནས་འོན་པ་དང་། རྒས་ནས་འོན་པ་དང་། ཡུན་རིང་དུ་འོན་ཞིང་ལོ་མང་དུ་ལོན་པའི་འོན་པ་ལ་ནི། གསོར་མི་རུང་བས་སྤང་བར་བྱའོ། །སྒྲ་བཅས་རྣགས་པར་གྱུར་པ་ལ། །སྣུམ་དང་དུགས་བྱས་དག་ པར་བྱ། །རྣ་བ་སྦྱངས་ནས་དེ་རྗེས་ལ། །རྣ་བ་སྦྱངས་པའི་ཏིལ་མར་དག །ཁ་ལུང་ཁུ་བ་རྒྱམ་ཚ་དང་། །ཚ་དང་སྦྲང་རྩིར་བཅས་པའང་བླུགས། །ཞེས་བྱ་བ་ལ། རྣ་བ་སྒྲ་དང་བཅས་ཤིང་རྣགས་པར་གྱུར་པའི་རྣ་ནད་ལ་ནི་སྣུམ་དུགས་བྱས་པས་རྣ་བ་སྦྱངས་ཤིང་གཤེར་བར་བྱས་ལ། དེའི་འོག་ཏུ་རྣ་བའི་ཡེའུས་སྦྱང་ཞིང་དག་པར་བྱའོ། །དེ་ལྟར་རྣ་བ་སྦྱངས་ནས། དེའི་རྗེས་ལ་རྣ་བ་སྦྱང་བའི་ཏིལ་མར་ཇི་སྐད་སྨོས་པས་དགང་བའམ། ཡང་ན་ཁ་ལུང་ལ་སོགས་པའི་སྨན་རྣ་བར་བླུགས་པར་བྱའོ། །དག་བྱས་རྩུབ་པར་གྱུར་ན་ནི། །མར་གྱི་ཉིང་ཁུས་དགང་བར་ བྱ། །ཞེས་བྱ་བ་ལ། སྦྱང་བས་སྦྱངས་ཤིང་དག་པར་བྱས་པས་རྣ་བ་རྩུབ་པར་གྱུར་ན། མར་གྱི་ཉིང་ཁུས་རྣ་བ་གཉིས་བཀང་བ་ཕན་ནོ། །རིམ་འདི་རྣ་སྤབས་གང་ལའང་བྱ། །ཞེས་བྱ་བ་ལ། རྣ་བ་རྣ་སྤབས་ཀྱིས་གང་བ་ལ་ཡང་སྔར་བཤད་པའི་རིམ་པ་འདི་ཉིད་ཕན་ནོ། །གཡའ་ དང་སྐྲང་ལ་རྣ་སྨན་སོགས། །བད་ཀན་སེལ་བར་བྱེད་པ་ཕན། །སྐྲང་ལ་ཚ་དང་དྲོ་བས་བྱུག །ཅེས་བྱ་བ་ལ། རྣ་བ་གཡའ་བ་ཞེས་བྱ་བའི་རྣ་ནད་ལ་ནི། རྣ་སྨན་དང་། དུད་པ་བརྔུབ་པ་དང་། བཟའ་བ་དང་བཏུང་བ་ལ་སོགས་པ་བད་ཀན་སེལ་བ་དག་ཕན་ནོ། །དེ་བཞིན་དུ་སྐྲང་ 202-1-176b པ་ལ་ཡང་རྣ་སྨན་དུད་པ་བརྔུབ་པ་ལ་སོགས་པས་ཕན་ནོ། །འདིར་སྐྲང་པ་ལ་ནི་ཁྱད་པར་དུ་ཚ་བ་དང་། དྲོ་བའི་སྨན་གྱི་ལྡེ་གུས་བྱུག་པས་ཕན་ནོ། །རྣ་བ་རྣག་འཛག་འབུ་ཅན་ལ། །རྣ་བ་ཆུ་འཛག་གསོ་བར་བྱ། །ཞེས་བྱ་བ་ལ། རྣ་བ་རྣག་ཅན་དང་རྣ་བ་སྲིན་བུ་ཅན་ལ་ནི་རྣ་བ་ཆུ་འཛག་ པའི་གསོ་བ་ཐམས་ཅད་བྱས་ན་ཕན་ནོ། །མཆོག་ཏུ་རྣ་ནད་སྲིན་ཅན་ལ། །ཡུངས་མར་དྲོན་པོ་བླུགས་པར་བྱ། །ཞེས་བྱ་བ་ལ། རྣ་ནད་སྲིན་བུ་ཅན་ལ་ནི་ཁྱད་པར་དུ་ཡུངས་མར་དྲོན་པོས་དགང་བར་བྱའོ། །རྣ་བའི་འབྲས་ལ་ཁོང་འབྲས་ཀྱི། །གསོ་བ་དང་ནི་སྐྱུག་སྨན་གཏང་། ། ཞེས་བྱ་བ་ལ། རྣ་བའི་ཁོང་འབྲས་སྨིན་པ་དང་། མ་སྨིན་པ་ལ་ནི་སྔར་བཤད་པའི་ཁོང་འབྲས་ཀྱི་གསོ་བ་ཇི་སྐད་བཤད་པ་བཞིན་བྱ་ཞིང་སྐྱུག་སྨན་བཏང་བས་གསོ་བར་བྱའོ། །སྣད་པའི་ཁོང་འབྲས་གསོ་བ་ནི། །མཁྲིས་གྱུར་རྣ་གཟེར་གསོ་བར་བྱ། །ཞེས་ བྱ་བ་ལ། སྣད་པའི་ཁོང་འབྲས་ལ་ནི་མཁྲིས་པ་ལས་གྱུར་པའི་རྣ་བ་གཟེར་བའི་གསོ་བ་ཐམས་ཅད་བྱའོ། །འབྲུམ་པ་ཐོར་བུ་སྣ་ལྟར་བྱ། །ཞེས་བྱ་བ་ལ། རྣ་བའི་འབྲུམ་བུ་དང་རྣ་བའི་ཐོར་བུ་ལ་ནི་སྣའི་འབྲུམ་བུ་དང་ཐོར་བུ་ལྟར་གསོ་བར་བྱའོ། །རྣ་བ་ གས་པ་མ་སྨིན་ལ། །རྣ་བའི་ཁོང་འབྲས་ལྟར་གསོ་ཞིང་། །ནད་གཞི་ཇི་བཞིན་ལས་ཀྱང་བྱ། །ཞེས་བྱ་བ་ལ། རྣ་བ་གས་པ་ཞེས་བྱ་བའི་ནད་མ་སྨིན་པ་ལ་ནི་རྣ་བའི་ཁོང་འབྲས་ཀྱི་གསོ་བ་ཇི་སྐད་སྨོས་པ་ལྟར་བྱ་ཞིང་། དེ་བཞིན་དུ་ནད་གཞི་ཇི་ལྟ་བུའི་ཚུལ་ཀྱང་གསོ་བར་བྱའོ། །རྣ་ཤལ་ སྐམ་ལ་རླུང་གཟེར་ལྟར། །རྣ་སྨན་བསྐུ་བ་ལ་སོགས་བྱ། །དུགས་བྱ་སྙི་བར་གྱུར་པ་ན། །རྣ་ཤལ་ཏིལ་མར་བསྐུས་ཤིང་མཉེ། །ཤིང་མངར་པི་ལ་ཡའི་ས་བོན། །ཨ་ཤྭ་གནྡྷ་ནས་བཅས་བསྐུ། །ཞེས་བྱ་བ་ལ། རྣ་ཤལ་སྐམ་པ་ཞེས་བྱ་བའི་རྣ་བའི་ནད་ལ་ནི་རླུང་ལས་གྱུར་པའི་རྣ་ བའི་གཟེར་ལྟར་རྣ་སྨན་དང་བསྐུ་བ་དང་དུགས་ལ་སོགས་པ་བྱའོ། །དེ་ལྟར་དུགས་ཀྱིས་སྙི་བར་གྱུར་པ་དང་། རྣ་ཤལ་ཏིལ་མར་གྱིས་བསྐུས་ལ་པི་ལ་ཡའི་ས་བོན་ལ་སོགས་པ་བསྐུ་ཞིང་མཉེ་བར་བྱའོ། །དེ་ནས་རྒྱས་བྱེད་སྣུམ་གྱིས་ནི། །བསྐུ་བ་རྟག་ཏུ་བསྟེན་པར་བྱ། །ཞེས་ 202-1-177a བྱ་བ་ལ། དེ་ནས་དེའི་འོག་ཏུ་རྣ་ཤལ་མཉེས་པའི་རྗེས་ལ་རྒྱས་པར་བྱེད་པའི་སྣུམ་གྱིས་རྟག་ཏུ་བསྐུ་བར་བྱའོ། །ཉེའུ་ཤིང་ཨ་ཤྭ་གནྡྷ་དང་། །ཨེ་རཎྜ་དང་པ་ཡ་སྱ། །ཛི་བ་ཀ་དང་འོ་མར་བཅས། །ཏིལ་མར་བསྐོལ་བས་བསྐུ་བ་ནི། །རྣ་ཤལ་རྒྱས་ བྱེད་མཆོག་ཡིན་ནོ། །ཞེས་བྱ་བ་ལ། ཉེའུ་ཤིང་ལ་སོགས་པ་བསྐོལ་བའི་ཏིལ་མར་གྱིས་བསྐུ་བ་ནི་རྣ་ཤལ་མཆོག་ཏུ་རྒྱས་པར་བྱེད་པ་ཡིན་ནོ། །འཚོ་བྱེད་སྡེ་ཚན་ལྡེ་གུ་དང་། །རླན་ཅན་ཤ་ནི་བསྐོལ་བ་དག །རྣ་ཤལ་འཕེལ་ཞིང་རྒྱས་བྱེད་ཡིན། །ཞེས་བྱ་བ་ལ། འཚོ་ བྱེད་ཀྱི་སྡེ་ཚན་གྱི་ལྡེ་གུ་ལ་སོགས་པ་དང་བསྐོལ་བ་ཡང་ཕན་ནོ། །རྣ་ཤལ་རབ་ཟད་བཅད་པས་ནི། །ལྷག་མ་སྦྱར་ལ་གསོ་ཞིང་བསྐྱེད། །ཅེས་བྱ་བ་ལ། རྣ་ཤལ་ཤིན་ཏུ་ཟད་ཅིང་ཆད་དུ་ཉེ་བ་ལ་ནི། གཙགས་བུས་བཅད་ལ་རྣ་ཤལ་ལྷག་མ་སྦོམ་པོ་དེ་ཇི་སྐད་བཤད་པའི་རིམ་ པ་བཞིན་དུ་སྦྱར་ལ། དེའི་འོག་ཏུ་གསོ་ཞིང་བསྐྱེད་པར་བྱའོ། །དེ་བཞིན་རྒྱུད་འདྲ་འཚོ་ཙམ་བྱ། །ཞེས་བྱ་བ་ལ། ཚུལ་དེ་བཞིན་དུ་པི་ཝང་གི་རྒྱུད་འདྲ་བ་ཞེས་བྱ་བའི་རྣ་བའི་ནད་ཀྱང་འདི་བཞིན་དུ་རེ་ཞིག་མི་ལ་བཙམ་དུ་གསོ་བར་བྱའོ། །འབྱར་བ་ཞེས་བྱ་བའི་མིག་ནད་ལ་ཡང་ བཤད་མ་ཐག་པའི་ཆོ་ག་འདི་ཉིད་བྱའོ། །འབྱར་བ་ལ་ཡང་ཆོ་ག་འདི། །གནོད་གྱུར་བསིལ་སྨན་བསྐུ་བ་དང་། །སྲིན་བུ་པད་པས་ཁྲག་དབྱུང་བྱ། །ཞེས་བྱ་བ་ལ། གནོད་པར་གྱུར་པ་ཞེས་བྱ་བའི་རྣ་ནད་ལ་ནི་བསིལ་སྨན་བསྐུ་ཞིང་སྲིན་བུ་པད་པས་གཏར་ག་བྱའོ། །འཛམ་བུ་ཨ་ མྲའི་ལོ་མ་དང་། །བ་ལ་ཤིང་མངར་སེང་ཕྲོམ་ཏིལ། །བཙོད་དང་ཨུཏྤལ་ཀ་དམ་པ། །ཐལ་ཏྲེས་ཏིལ་མར་བཅས་པ་དང་། །སྐྱུར་རྩབས་བཅས་པར་བསྐོལ་བ་འདི། །ཏིལ་མར་བསྐུ་བར་བྱ་བ་དང་། །མེ་དབལ་སྐབས་བཤད་མར་གྱིས་བསྐུ། །ཞེས་བྱ་བ་ལ། གནོད་ པར་གྱུར་པ་ཞེས་བྱ་བའི་རྣ་ནད་ལ་ནི། འཛམ་བུ་ལ་སོགས་པའི་ལྡེ་གུ་དང་། ཏིལ་མར་དང་དེའི་བཞི་འགྱུར་གྱི་སྐྱུར་རྩབས་དང་བསྐོལ་བའི་ཏིལ་མར་བསྐུས་ན་ཕན་ནོ། །ཡང་ན་མེ་དབལ་གྱི་སྐབས་སུ་བཤད་པའི་སྨན་མར་གྱིས་བསྐུ་བར་བྱའོ། །མཉེ་བ་གོ་ཏ་ཀརྐ་ཏ། །ཞག་དང་ 202-1-177b བཅས་པའི་ཏིལ་མར་དང་། །ཏཱ་ལའི་ལོ་མ་ཨརྐ་དང་། །ཨ་ཤྭ་གནྡྷ་བྱེའུ་རུག་པ། །སོ་མ་ར་ཛ་འབྲས་བུ་དང་། །རྒྱམ་ཚ་ལང་ཀ་ལིར་བཅས་བསྐོལ། །ཏིལ་མར་བསྐུ་བར་བྱ་བ་དང་། །རྣ་སྨན་རྣོན་པོ་གཏང་བར་བྱ། །ཞེས་བྱ་བ་ལ། མཉེ་བ་ཞེས་བྱ་བའི་རྣ་བའི་ནད་ལ་ནི་གོ་ ཏ་དང་། ཀརྐ་ཏ་ཞེས་བྱ་བ་ཀུ་ཏ་ལི་ར་གཉིས་ཀྱི་ཞག་དང་བཅས་པའི་ཏིལ་མར་ལ་སོགས་པ་བསྐོལ་བས་བསྐུ་བར་བྱ་བ་དང་། དེ་བཞིན་དུ་རྣ་སྨན་རྣོན་པོ་དག་ཀྱང་གཏང་བར་བྱའོ། །དབུག་ཉེས་པ་ལ་ཨ་སྨན་ཏ། །འཛམ་བུ་ཨ་མྲའི་ལོ་མ་ནི། །བསྐོལ་བའི་ཁུ་བ་བླུགས་པར་ བྱ། །རྣ་ཤལ་ཏིལ་མར་གྱིས་བསྐུ་ཞིང་། །ཤིང་མངར་བཙོད་དང་སྟག་ཚེར་བ། །ཡུང་བའི་ཕྱེ་མ་ཞིབ་པོ་གདབ། །རྒྱ་སྐྱེགས་བྱི་དང་ག་བསྐོལ་བའི། །ཏིལ་མར་གྱིས་ནི་བསྐུས་ན་ཕན། །ཞེས་བྱ་བ་ལ། དབུག་ཉེས་པའི་རྣ་བའི་ནད་ལ་ནི། ཨ་སྨན་ཏ་ཀ་ལ་སོགས་ པ་བསྐོལ་བའི་ཁུ་བ་བླུགས་པར་བྱ་བ་ལ་སོགས་པའི་སྦྱོར་བ་བྱའོ། །ཡང་ན་རྒྱ་སྐྱེགས་ལ་སོགས་པ་དང་བསྐོལ་བའི་ཏིལ་མར་གྱིས་བསྐུས་ན་དབུག་ཉེས་པའི་ནད་སྡུག་བསྔལ་འཕེལ་བ་ཞེས་བྱ་བ་སེལ་བར་བྱེད་དོ། །སྲིན་བུས་ཟོས་ལ་བའི་ལྕི་བས། །ལན་མང་དུ་ནི་དུགས་བྱས་ལ། ། བྱི་དང་ག་ཡི་སྙིང་པོ་ནི། །ལུག་གི་གཅིན་སྦྱར་ལྡེ་གུས་བསྐུ། །ཞེས་བྱ་བ་ལ། སྲིན་བུས་ཟོས་པའི་ནད་རྣ་བ་ལྷགས་པ་ཞེས་བྱ་བའི་ནད་ལ་ནི་བའི་ལྕི་བས་དུགས་བྱ་བ་ལ་སོགས་པའི་སྦྱོར་བ་བྱའོ། །དུག་མོ་ཉུང་དང་ཨིང་གུ་དང་། །ཀ་རཉྫ་ཡི་ས་བོན་དང་། །དང་གའི་ ཤུན་པའི་ལྡེ་གུས་བསྐུ། །ཞེས་བྱ་བ་ལ། ཡང་ན་དུག་མོ་ཉུང་ལ་སོགས་པའི་ལྡེ་གུས་བསྐུས་ན་ཡང་ནད་དེ་ལ་ཕན་ནོ། །ཡང་ན་དེ་དང་ནིམ་པ་ཡི། །ལོ་མ་ན་ལེ་ཤམ་དང་བཅས། །སྦྲང་རྩིའི་ལྡེ་གུས་རྨ་ལ་བསྐུ། །ཞེས་བྱ་བ་ལ། ཡང་ན་འབུས་བལྡགས་པ་ཞེས་ བྱ་བའི་ནད་དེ་ལ། སྔར་བཤད་པའི་སྨན་དུག་མོ་ཉུང་ལ་སོགས་པ་དེ་དག་ཀུན་དང་ནིམ་པའི་ལོ་མ་ལ་སོགས་པའི་སྨན་ལུག་གི་གཅིན་དང་སྦྱར་བའི་ལྡེ་གུས་བསྐྲ་བར་བྱའོ། །རྣ་བ་ཆད་ལ་སྦྱང་བྱས་ཏེ། །སྐྱོན་མེད་ཁྲག་དང་དེ་འཚམ་པའི། །བཅིང་བ་དག་གིས་སྦྱར་ 202-1-178a བར་བྱ། །སྦྱར་ནས་འཕྲལ་བཅད་སྦྱང་བར་བྱ། །ཞེས་བྱ་བ་ལ། རྣ་བའི་ནད་ཀྱིས་ཆད་པའམ་སྟོབས་ཀྱིས་དྲངས་ཏེ་རྣ་བ་ཆད་པ་ལ་སློན་དང་ཁྲུས་ཀྱིས་སྦྱང་བ་བྱས་ཏེ། ནད་ཀྱི་སློན་མེད་པའི་ཁྲག་དང་། དེ་དང་འཚམ་པའི་བཅིང་བ་དག་གིས་བཅིངས་ ཏེ་སྦྱར་བར་བྱ་ལ། དེ་ལྟར་སྦྱར་ནས་ནི་བཅད་མ་ཐག་པའི་དག་པར་བྱ་བའི་ཆོ་གས་སྦྱང་བར་བྱའོ། །དེ་ནས་སྐྲ་མཐར་མདུད་བྱས་ཏེ། །རྣ་ཤལ་བཅད་དང་ཞལ་ཞལ་བྱ། །བཅད་པ་དང་ནི་བསྲུང་བ་བྱ། །མཚམས་ནི་མཉམ་པར་སྦྱར་བྱ་ཞིང་། །མཐོན་དམན་མེད་པ་ཉིད་དུ་བྱ། ། ཞུན་མར་དང་ནི་སྦྲང་རྩིས་བྱུག །རས་བལ་གྱིས་ནི་གླན་པ་དང་། །སྐུད་པས་དམ་ལྷོད་རན་པར་བཅིངས། །རྨ་ཡི་ཁྲག་ནི་བཅད་པ་ཡི། །སྨན་གྱི་ཕྱེ་མས་གདབ་བྱ་ཞིང་། །སྤྱོད་པ་དེ་ལ་བསྟན་པར་བྱ། །ཞེས་བྱ་བ་ལ། དེ་ནས་དེའི་རྗེས་ལ་ནད་པའི་སྐྲའི་ཐ་མའི་མཚམས་སུ་ མདུད་པ་བྱས་ལ། རྣ་ཤལ་བཅད་པ་དང་། ཞལ་ཞལ་བྱ་བ་དག་བྱས་ནས་རྣ་བའི་མཚམས་ཤིན་ཏུ་མཉམ་ཞིང་ལེགས་པར་སྦྱར་ལ། མཐོན་དམན་མེད་པ་ཉིད་དུ་བྱས་ཏེ་བཞག་ལ། དེའི་འོག་ཏུ་ཞུན་མར་དང་སྦྲང་རྩིས་བྱུགས་པའི་རས་བལ་གྱིས་གླན་ལ། སྐུད་པས་ཤིན་ཏུ་ དམ་པར་ཡང་མ་ཡིན་ལ། ཤིན་ཏུ་ལྷོད་པ་ཡང་མ་ཡིན་པར་རན་པར་བཅིངས་ལ། ཁྲག་བཅད་པའི་ཕྱེ་མ་གཏར་གའི་སྐབས་ནས་སྨོས་པའི་ཕྱེ་མས་གདབ་པར་བྱ་ལ། དེའི་འོག་ཏུ་རྨ་ལ་ཕན་ཞིང་གནོད་པ་མེད་པའི་སྤྱོད་པ་གང་དག་ཡིན་པ་དེ་ལ་བསྟན་ཅིང་བསླབ་པར་བྱའོ། ། ཞག་བདུན་ནས་ནི་མ་བཙོས་པའི། །ཏིལ་མར་བསྐུས་ལ་རས་བལ་དགྲོལ། །ལེགས་འབྱོར་སྤུ་ནི་སྐྱེས་པ་དང་། །མཚམས་འབྱོར་མཉམ་ཞིང་བརྟན་པ་དང་། །ཚད་ལྡན་ནད་ནི་མེད་པ་དང་། །རིམ་གྱིས་རྣ་བ་སྐྱེད་པར་བྱེད། །ཅེས་བྱ་བ་ལ། ཞག་བདུན་གྱི་རྗེས་ལ་ཏིལ་མར་སྨན་ མ་བཙོས་པས་བསྐུས་ལ། རས་བལ་དལ་གྱིས་བཀྲོལ་ཏེ། རྣ་བ་ལེགས་པར་འབྱོར་ཞིང་སྤུ་སྐྱེས་པ་དང་། མཚམས་འབྱོར་ཞིང་མཉམ་པ་ལ་སོགས་པ་དང་ལྡན་ནས་རིམ་གྱིས་རྣ་བ་དེ་སྐྱེད་ཅིང་འཕེལ་བར་བྱེད་དོ། །ཉ་ལྕིབས་ཁ་སྲལ་ཕྲེའུ་དང་། །བྲི་ཧ་ཏི་འབྲས་སེར་པོ་གཉིས། ། 202-1-178b བ་ལ་ཧ་ཏི་པི་པི་ལཱིང་། །ཨ་ཤྭ་གནྡྷ་ཡུངས་དཀར་སེར། །ཀོ་ཤ་ཏ་ཀའི་རྩ་བ་དང་། །ཀ་ར་བཱི་ར་རུ་ཤི་ཀ །ལོ་མ་བདུན་པ་པི་པི་ལིང་། །ས་ནག་སྦྲང་མའི་གནས་དང་ནི། །བྱེའུ་ཆུ་སྐྱེས་སྲིན་བུའི་ཤ །དེ་བཞིན་སེང་ཕྲོམ་སྡོང་བུ་རྣམས། །འདི་དག་ལྡེ་གུ་ཏིལ་མར་བཅས། ། མ་ཧེའི་མར་དང་གླང་པོ་རྟའི། །གཅིན་དང་བཅས་པར་བསྐོལ་བ་ནི། །བསྐུས་ན་རྣ་བ་འཕེལ་བྱེད་མཆོག །ཅེས་བྱ་བ་ལ། ཉ་ལྕིབས་ལ་སོགས་པ་དང་སྦྲང་མས་བརྩིགས་ཤིང་རང་གི་གནས་སུ་བྱས་པའི་ས་དང་། བྱིའུ་ལ་སོགས་པ་འདི་དག་བཏགས་ཏེ་ལྡེ་གུར་བྱས་ལ་ ཏིལ་མར་དང་བཅས་པའི་མ་ཧེའི་གཅིན་ལ་སོགས་པ་ཐལ་ཆེས་པ་ཙམ་གྱི་བར་དུ་བསྐོལ་བས་བསྐུས་ན་ཡང་རྣ་བ་འཕེལ་བར་བྱེད་པའི་སྨན་གྱི་མཆོག་ཡིན་ནོ། །དེ་ནས་ན་ཚོད་ལྡན་པ་ཡི། །སྦྱང་བ་བྱས་ནས་རྣ་ཆད་གསོ། །སྣ་དང་མཉམ་པའི་ཤ་ལྤགས་ནི། །མཁུར་ཚོས་ལས་ ནི་བཅད་ནས་ཀྱང་། །རྣ་དང་ཉེ་བའི་ཤ་ལྤགས་ནི། །སྲབ་མོ་ཉིད་དུ་བཞར་བར་བྱ། །དེ་ནས་རས་བལ་བཅས་པ་ཡི། །ཁབ་ཀྱིས་མཁུར་བ་བཙེམ་པར་བྱ། །ཞེས་བྱ་བ་ལ། དེ་ནས་མིན་ཚོད་དང་ལྡན་ཞིང་གཞོན་པར་གྱུར་པ་སྦྱང་བ་བྱས་ནས་རྣ་བ་ཆད་པ་དེ་གསོ་བར་བྱ་སྟེ། དེ་ཡང་ ནད་པ་དེ་ཉིད་ཀྱི་སྣ་དང་མཉམ་པའི་ཤིང་ལ་སོགས་པའི་ཤུན་པ་བཅད་ལ། དེ་དང་མཉམ་པའི་པགས་པ་དང་ཤ་མཁུར་ཚོས་ལས་བཅད་དེ་རྣ་བ་དང་ཉེ་བའི་ཤ་དང་པགས་པ་དེ་སྲབ་མོར་བྱའོ། །དེ་ནས་རས་བལ་གྱིས་སྐུད་པ་དང་ལྡན་པའི་ཁབ་ཀྱིས་མཁུར་བ་ནས་མཁུར་བར་བཙེམས་ཏེ་ བརྟོད་པར་བྱའོ། །སྣ་བཅད་མཚོན་གྱིས་བཞར་ནས་ནི། །མཁུར་ཚོས་ལས་བཅད་པགས་པ་ཡིས། །སྣ་ནི་ལེགས་མོར་བཙེམ་པར་བྱ། །ཁ་ཡི་དབུགས་ནི་དབྱུང་བའི་ཕྱིར། །སྣར་ནི་སྦུ་གུ་ཅན་གཞུག་བྱ། །ཞེས་བྱ་བ་ལ། སྣ་དེ་བས་དེའི་འོག་སྣ་བཅད་པའི་འཕྲོ་དེ་ མཚོན་གྱིས་བཞར་ནས་མཁུར་ཚོས་ལས་བཅད་པའི་པགས་པ་རློག་སྟེ། པགས་པ་སྟེང་དུ་ཕྱུང་ལ་སྣ་དང་ལེགས་པར་བཙེམས་ལ་གླན་ནས་ལེགས་པར་དྲུབ་པར་བྱའོ། །དེ་ནས་ཁའི་དབུགས་དབྱུང་བར་བྱ་བའི་ཕྱིར་སྣའི་ནང་དུ་སྦུབས་ཅན་སྨྱིག་མ་ལ་སོགས་པ་གཉིས་གཞུག་ 202-1-179a པར་བྱའོ། །དེ་རྗེས་ཏིལ་མར་སློན་པར་བསྐུ། །རྨ་ནི་སྦྲང་རྩིར་སྦྱར་བས་བསྐུ། །ཁྲག་བཅད་པ་ཡི་སྨན་གཞན་ཡང་། །ཞིབ་ཏུ་བཏགས་པའི་ཕྱེ་མས་གདབ། །དེ་ནས་མར་དང་སྦྲང་རྩིས་བསྐུ། །བཅིངས་ལ་སྤྱོད་པ་བསྟན་པར་བྱ། །ཞེས་བྱ་བ་ལ། དེའི་འོག་ཏུ་ཏིལ་མར་སློན་པར་བསྐུས་ལ། རྨ་ཤིང་དང་སྦྲང་རྩིར་སྦྱར་བས་བསྐུ་བ་དང་། གཞན་ཡང་ཁྲག་བཅད་པའི་སྨན་ཞིབ་ཏུ་བཏགས་པའི་ཕྱེ་མས་བསྐུ་བར་བྱའོ། །དེ་ནས་སྦྲང་རྩིས་བསྐུས་ཏེ་རས་མས་དཀྲིས་ལ་ཆུ་དྲོན་གྱིས་ཉེར་སྤྱོད་བྱ་བ་ལ་སོགས་པ་སྤྱོད་པ་བསྟན་པར་བྱའོ། ། དེ་ནས་གནས་སྐབས་ཤེས་བྱས་ནས། །རྨ་གསར་གསོ་བའི་ཆོ་ག་བྱ། །ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་གནས་སྐབས་ཀྱི་ཁྱད་པར་ཤེས་པར་བྱས་ལ། རྨ་གསར་པ་གསོ་བའི་ཆོ་ག་འོག་ནས་བཤད་པ་དག་བྱའོ། །རྨ་འབྱོར་སྣ་ཡི་ཉེ་འཁོར་གྱི། །ཤ་ལྷག་ལེགས་པར་ གཅད་པར་བྱ། །དེ་ནས་ཤིན་ཏུ་ཞིབ་ཏུ་བཙེམ། །དམའ་བ་དག་ཀྱང་བསྐྱེད་པར་བྱ། །ཞེས་བྱ་བ་ལ། རྨ་དེ་འབྱོར་ནས་སྣའི་ཉེ་འཁོར་གྱི་ཤ་ལྷག་གང་དག་ཡོད་པ་གཅད་པར་བྱའོ། །དེ་ནས་ཡང་དེ་བཞིན་དུ་ལེགས་པར་བཙེམས་ཤིང་དམའ་བར་གྱུར་པ་ནི་ཤ་སྐྱེད་ པའི་ཆོ་གས་སླར་ཤ་བསྐྱེད་པར་བྱའོ། །བཅད་མ་ཐག་ལ་ཅི་རིགས་པར། །བཞག་སྟེ་ཆོ་ག་འདི་ཉིད་བྱ། །ཞེས་བྱ་བ་ལ། འཕྲལ་དུ་སྣ་བཅད་མ་ཐག་པ་ལ་ནི་ཅི་རིགས་པར་སྣ་དེ་ཉིད་གླན་ཏེ་གསོ་བའི་ཆོ་ག་འདི་ཉིད་བྱའོ། །མཆུ་བཅད་པ་ལ་སྦུ་གུ་དག །མ་གཏོགས་སྣ་སྦྱར་ བཞིན་དུ་བྱ། །ཞེས་བྱ་བ་ལ། མཆུ་བཅད་པ་ལ་ཡང་སྣའི་ནང་དུ་སྦུ་གུ་གཞུག་པ་མ་གཏོགས་པ་སྣ་སྦྱར་བའི་ཆོ་ག་ཐམས་ཅད་འདི་ཉིད་ལ་སྦྱར་བར་བྱའོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་ སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་བཅོ་བརྒྱད་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་སྣ་ནད་ཀྱི་དམིགས་ཤེས་པ་བཤད་པར་བྱའོ། །ཞེས་བྱ་བ་ལ། ནམ་ཚོང་ཡན་ཆད་ཀྱི་ནད་བཤད་པའི་སྐབས་ཀྱིས་ན། སྣ་ནད་ཀྱི་ནད་གཞི་ལ་སོགས་པ་བསྟན་པར་བྱ་བའི་ 202-1-179b ཕྱིར་ལེའུ་འདི་བརྩམས་པ་ཡིན་ནོ། །བ་མོ་རླུང་དང་རྡུལ་དང་ནི། །སྨྲ་དྲགས་གཉིད་ལོག་གཉིད་གཡར་དྲགས། །སྔས་ནི་མཐོ་དང་དམའ་དྲགས་དང་། །ཆུ་གཞན་འཐུངས་པར་གྱུར་པ་དང་། །ཆུ་མང་འཐུངས་དང་ཉལ་པོ་དང་། །སྐྱུགས་དང་མཆི་མ་བཀག་པ་ཡིས། ། རླུང་ཤས་ཆེ་བའི་ནད་འཁྲུགས་ནས། །སྣ་ནི་སྲ་བ་ཉིད་འགྱུར་ཞིང་། །ཆམ་པ་སྐྱེད་པར་བྱེད་པ་ཡིན། །འཕེལ་ན་ཟད་པ་སྐྱེད་པར་བྱེད། །ཅེས་བྱ་བ་ལ། བ་མོ་ལ་སོགས་པའི་ཉེས་པ་ལས། རླུང་ཤས་ཆེ་བའི་ནད་འཁྲུགས་ཤིང་ལྡང་བར་གྱུར་ནས། སྣ་སྲ་ཞིང་འཐས་ ལ་རྒྱས་པར་གྱུར་པས། ཆམ་པ་ཞེས་བྱ་བའི་ནད་སྐྱེད་པར་བྱེད་པ་ཡིན་ནོ། །དེ་འཕེལ་བ་ན་མ་བཅོས་ཤིང་ཡལ་བར་བོར་ན་ཟད་པ་ཞེས་བྱ་བའི་ནད་སྐྱེད་པར་བྱེད་དོ། །དེ་ལ་བ་མོ་ནི་མཚན་མོའི་དུས་སུ་ནམ་མཁའ་ལས་བབ་པའི་ཆུ་གྲང་མོ་བབས་པའོ། །དྲགས་པ་ནི་གཉིད་ ལོག་པ་དང་། མ་ལོག་པ་གཉིས་ཀ་དང་སྦྱར་རོ། །སྔས་ནི་མལ་གྱི་མགོ་བོའི་ཕྱོགས་སུ་བཞག་པ་གང་ཡིན་པའོ། །ཆུ་གཞན་འཐུངས་པ་ནི་སྔར་བསྟན་པ་དང་མི་འདྲ་བའི་ཆུ་གཞན་འཐུངས་པའོ། །གཞན་དག་ནི་གོ་བར་ཟད་དོ། །དེ་ལ་རླུང་གྱུར་ཆམ་པ་ནི། །ཁ་སྐམ་ སྦྲིད་པ་དྲག་ཏུ་འབྱུང་། །སྣ་འགགས་ཟུག་ཅིང་ན་བ་དང་། །མུར་འགྲམ་སོ་དང་ཀླད་པ་དང་། །སྨིན་མ་ནས་ནི་སྣ་རྩེའི་བར། །སྲིན་བུ་རྒྱུ་བ་སྙམ་དུ་སེམས། །སྐད་འགགས་རིང་ནས་སྨིན་པ་དང་། །མཆིལ་སྣབས་གྲང་བར་འཛག་པ་ཡིན། །ཞེས་བྱ་བ་ལ། དེ་ལ་སྣ་ནད་ཆམ་ པ་དེ་དག་གི་ནང་ནས་རླུང་ལས་གྱུར་པའི་ཆམ་པ་ནི་ཁ་སྐམ་པ་ལ་སོགས་པ་ནས། མཆིལ་སྣབས་གྲང་མོ་འཛག་པར་བྱེད་པའི་བར་ཡིན་ནོ། །མཁྲིས་གྱུར་སྐོམ་དང་རིམས་ཀྱིས་འདེབས། །མགོ་འཁོར་སྣ་ནང་འབྲུམ་པ་འབྱུང་། །རྣ་རྩེ་གནག་ཅིང་དྲོ་ལ་རྩུབ། །མཆིལ་སྣབས་ དམར་སེར་འཛག་པ་ཡིན། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་ཆམ་པ་ནི། སྐོམ་དད་ལ་སོགས་པ་ནས་མཆིལ་མ་དང་སྣབས་རྩུབ་པ་དང་དམར་བ་དང་སེར་བ་འཛག་པའི་བར་ཡིན་ནོ། །བད་ཀན་ལུད་པ་དབུགས་མི་བདེ། །སློན་ཞིང་ལུས་ལྕི་ཡི་ག་འཆུས། །ཁ་མངར་ 202-1-180a བྲོ་ཞིང་གཡའ་བ་དང་། །མཆིལ་སྣབས་སྣུམ་དཀར་སྐ་བ་འཛག །ཅེས་བྱ་བ་ལ། བད་ཀན་ལས་གྱུར་པའི་ཆམ་པ་ནི་དབུགས་མི་བདེ་བ་ལ་སོགས་པ་ཡིན་ནོ། །འདུས་གྱུར་མཚན་ཉིད་ཀུན་དང་ལྡན། །རྒྱུ་མེད་འཕེལ་དང་འགྲིབ་པར་བྱེད། །ཅེས་བྱ་ བ་ལ། ནད་གཞི་གསུམ་ཆར་འདུས་པ་ལས་བྱུང་བའི་ཆམ་པ་ནི། རླུང་དང་། མཁྲིས་པ་དང་། བད་ཀན་དང་གསུམ་ཆར་གྱི་མཚན་ཉིད་དང་ལྡན་པ་དང་། དེ་གློ་བུར་དུ་རྒྱུ་མེད་པར་ཆེད་འགའ་ནི་འཕེལ། ཆེད་འགའ་ནི་འབྲི་བར་བྱེད་པ་ཡིན་ནོ། །ནད་ཁྲག་སྣ་ཡི་རྩར་ཞུགས་ནས། ། ཆམ་པས་འདེབས་པར་བྱེད་འགྱུར་བ། །བྲང་ན་ཚོར་བ་མེད་པ་དང་། །མིག་དམར་དབུགས་ཀྱི་དྲི་མི་ཞིམ། །མིག་དང་རྣ་བ་སྣ་གཡའ་ཞིང་། །འདི་ནི་མཁྲིས་གྱུར་མཚན་ཉིད་ལྡན། །ཞེས་བྱ་བ་ལ། ནད་ཁྲག་ལས་གྱུར་པའི་ཆམ་པ་ནི། བྲང་ཚོར་བ་མེད་ཅིང་བེམ་བེམ་ པོར་འདུག་པ་དང་། མིག་དམར་པོ་ལ་སོགས་པ་དང་། མཁྲིས་པ་ལས་གྱུར་པའི་ཆམ་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །ཆམ་པ་ཐམས་ཅད་མ་གསོས་ན། །གནོད་པ་མི་བཟད་སྐྱེད་བྱེད་འགྱུར། །ཞེས་བྱ་བ་ལ། བཤད་མ་ཐག་པའི་ཆམ་པ་ཐམས་ཅད་ཡལ་བར་ བོར་ན། ནད་མི་བཟད་ཅིང་དྲག་པོ་སྐྱེད་པར་བྱེད་དོ། །ཇི་སྐད་བཤད་པའི་བླ་བརྣན་ནི། །འཕེལ་བས་དབང་པོ་ཀུན་གནོད་བྱེད། །མེ་དྲོད་ཉམས་ཉེས་དབུགས་མི་བདེ། །ལུད་པ་བྲང་དང་རྩིབ་ལོགས་ཟུག །གློ་བུར་དུ་ནི་ཤས་ཆེར་འཁྲུགས། །ཁ་དྲི་ང་ཞིང་སྐམ་པར་བྱེད། །སྣ་ ནང་འདྲུལ་ཞིང་སྐམ་པ་དང་། །ཡང་ཡང་སྣ་འགགས་དག་པར་བྱེད། །སྣབས་ནི་རྣག་འདྲ་དཀར་ཞིང་དམར། །དུད་པ་ཅན་ནི་འཛག་པར་འགྱུར། །འདི་ལ་སྲིན་བུ་སྣུམ་ཞིང་རིང་། །དཀར་ཞིང་ཕྲ་བ་འབྱུང་བར་འགྱུར། །ཞེས་བྱ་བ་ལ། ཆམ་པས་གནོད་ཅིང་མ་རུངས་པར་གྱུར་པ་དེ་ཇི་ སྐད་བཤད་པའི་བླ་བརྣན་འཕེལ་ཞིང་རྒྱས་པས་དབང་པོ་ཀུན་ལ་གནོད་ཅིང་གདུང་བར་བྱེད་པ་དང་། དེ་བཞིན་དུ་མེ་དྲོད་ཉམས་པ་ལ་སོགས་པ་བྱེད་པ་དང་། དེ་བཞིན་དུ་ཡང་དང་ཡང་དུ་སྣ་འདྲུལ་བ་དང་། སྐམ་པར་བྱེད་པ་དང་། སྣ་འགགས་པ་དང་དག་པར་ཡང་དང་ཡང་དུ་བྱེད་པ་ལ་ 202-1-180b སོགས་པ་དང་། འདི་ལ་སྲིན་བུ་སྣུམ་པ་ལས་སྐྱེ་ཞིང་འབྱུང་བར་བྱེད་པ་ཡིན་ནོ། །དེ་སྨིན་མཚན་མ་ལུས་ཡང་ཞིང་། །སྦྲིད་པ་ཞི་བར་གྱུར་པ་དང་། །སྣབས་ནི་སྦྱིན་ཞིང་སེར་བ་དང་། །དྲི་དང་རོ་ནི་ཚོར་བ་ཡིན། །ཞེས་བྱ་བ་ལ། ཆམ་པ་དེ་སྨིན་པར་གྱུར་པའི་མཚན་མ་ནི། ལུས་ཡང་ བས་དྲི་དང་རོ་ཚོར་བའི་བར་ཡིན་ནོ། །སྣབས་སྦྱིན་ཞིང་སེར་བ་ནི་སྤྲ་ཚིལ་ལྟ་བུར་འབྱུང་བའོ། །སྣར་ནི་རྣོན་པོ་བརྔུབས་པ་དང་། །ཉི་འོད་སྐུད་པ་རྩ་སོགས་དང་། །རླུང་འཁྲུགས་བྱེད་པ་གཞན་གྱིས་ཀྱང་། །སྣ་ཡི་མཚུལ་པར་ཞུགས་གྱུར་པས། །བསྐྱོད་དེ་རླུང་ནི་འཁྲུགས་གྱུར་པ། ། སུམ་མདོར་ཞུགས་འགྱུར་འགགས་ནས་ནི། །ལྡོག་ནས་མི་བཟད་སྦྲིད་པ་ནི། །སྣབས་འཛག་བཅས་པར་སྐྱེད་པར་བྱེད། །ཅེས་བྱ་བ་ལ། སྣ་ཚ་ཞིང་དྲོ་བ་བརྔུབས་པས་རླུང་འཁྲུགས་པར་བྱེད་པ་དང་། དེ་བཞིན་དུ་དེ་དང་འདྲ་བ་གཞན་གྱིས་ཀྱང་འཁྲུགས་ནས་སྣའི་མཚུལ་པའི་རུས་པ་ འཇམ་པ་གཞོན་ནུ་བསྐྱོད་ཅིང་བསྒུལ་བས་རླུང་འཁྲུགས་པར་གྱུར་ལ། དེ་མཚུལ་པའི་སུམ་མདོར་ཞུགས་པ་དང་། རྒྱུ་བ་འགགས་ཏེ་སླར་ལྡོག་ནས་སྦྲིད་པ་མི་བཟད་པ་སྐྱེད་པར་བྱེད་པ་སྟེ། དེའི་མིང་ནི་ཆམ་པ་མ་རུངས་པ་ཞེས་བྱའོ། །སྣ་ཡི་བུ་ག་སྐེམ་བྱེད་ཅིང་། །རླུང་གིས་བད་ཀན་ སྐྱེད་པར་བྱེད། །སྣ་ནང་གྲ་མས་གང་སྙམ་སེམས། །དབུགས་འབྱུང་དཀའ་བར་གྱུར་པ་དེ། །སྣ་སྐམས་པ་ཞེས་བྱ་བར་བཤད། །སྣ་རྒྱས་པ་ནི་འབྱུང་འགྱུར་བ། །སྣ་ནི་བཀག་པ་འདྲར་སེམས་ཤིང་། །རླུང་གིས་འགག་པར་བྱེད་པར་འགྱུར། །དབུགས་འབྱུང་དབུགས་རྔུབ་ འགགས་པ་ལས། །བུ་ག་གདངས་པ་ལྟ་བུ་ཡིན། །ཞེས་བྱ་བ་ལ། རླུང་གིས་སྣའི་བུ་ག་སྐམས་ཏེ་བད་ཀན་སྐྱེད་པར་བྱེད་པ་ལ་སོགས་པའི་ནད་དེ་ནི་སྣ་སྐམས་པ་ཞེས་བྱའོ་ཞེས་དྲང་སྲོང་རྣམས་ཀྱིས་བཤད་དོ། །སྣ་རྒྱས་པ་ཞེས་བྱ་བའི་སྣ་ནད་ནི་སྣ་བུས་ཤིང་བརྒྱངས་པ་ལྟ་བུར་ འབྱུང་བར་འགྱུར་བ་ལ་སོགས་པ་ཡིན་ནོ། །མཁྲིས་པས་སྣ་ཁུང་རྣགས་གྱུར་པ། །ཤ་ལྤགས་ཚ་ཞིང་གཟེར་དང་བཅས། །དེ་ནི་སྣ་ཡི་ཤུ་བར་བཤད། །ཅེས་བྱ་བ་ལ། མཁྲིས་པ་འཕེལ་བས་སྣ་ཁུང་གི་ནང་རྣགས་པར་གྱུར་ཅིང་སྨིན་ལ་དེའི་ཤ་དང་ལྤགས་པ་ཚ་བ་དང་གཟེར་བ་དང་ 202-1-181a བཅས་པར་འགྱུར་ཏེ། ནད་དེའི་མིང་ནི་སྣའི་ཤུ་བ་ཞེས་བྱའོ། །བད་ཀན་ལས་གྱུར་ཆུ་སེར་ནི། །ཆུ་འདྲ་རྒྱུན་དུ་འཛག་པ་དང་། །མཆོག་ཏུ་མཚན་འཛག་དེ་མིང་ཅན། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་ཆུ་སེར་ནི་ཆུ་དང་འདྲ་བ་རྒྱུན་དུ་འཛག་ཅིང་། ཁྱད་པར་དུ་མཚན་ མོ་འཛག་པ་ནི་དེའི་མིང་ཅན་དེ་སྣ་ཆུ་འཛག་པ་ཞེས་བྱའོ། །བད་ཀན་འཕེལ་བས་སྣ་ཁུང་དུ། །བུ་ག་འགགས་ཤིང་ཆམ་པ་སྐྱེད། །དབུགས་ནི་ངར་ངར་པོར་འབྱིན་ཅིང་། །ཆམ་པ་ལས་ཀྱང་ནད་ཚབས་ཆེ། །སྣ་ལས་ལུག་ལྟར་རྣག་འཛག་ཅིང་། །རྒྱུན་དུ་སྤྱི་བག་སེར་པོ་དང་། ། སྨིན་མའི་རྣག་ནི་འཛག་འགྱུར་ཞིང་། །དེ་ཡི་སྣ་ནི་སྣབས་བཅས་ཡིན། །ཞེས་བྱ་བ་ལ། སྣའི་ནང་དུ་བད་ཀན་འཕེལ་བས་སྣ་ཁུང་གི་བུ་ག་འགགས་པར་བྱས་ཏེ་དབུགས་ངར་ངར་པོར་འབྱིན་པར་བྱེད་ལ། ཆམ་པ་བས་ནད་ཚབས་ཆེ་ཞིང་ལྷག་པ་དང་སྣའི་ནང་ནས་ལུག་ལྟར་རྣག་ འཛག་པ་དང་། རྣག་དེ་ཡང་རྒྱུན་དུ་འཛག་ཅིང་། སྤྱི་བག་ལ་སོགས་པར་འབྱུང་བར་འགྱུར་བ་སྟེ་ནད་དེ་ནི་ལུག་གི་ཆམ་པ་ཞེས་བྱའོ། །ཁྲག་གི་སྣ་ནི་ཚིག་སྙམ་སེམས། །ཕྱི་དང་ནང་དུ་རེག་མི་བཟོད། །དུ་བ་ལྟ་བུའི་དབུགས་འབྱིན་པ། །བསྲེགས་འདྲ་དེ་ནི་འབར་བ་ཡིན། །ཞེས་ བྱ་བ་ལ། ཁྲག་འཁྲུགས་པས་སྣའི་ནང་ནས་ཚིག་པ་སྙམ་དུ་སེམས་ཤིང་སྣའི་ནང་དང་། ཕྱི་རོལ་དུ་རེག་མི་བཟོད་པ་དང་། དུ་བ་ལྟ་བུ་འབྱིན་པའི་ནད་དེ་ནི་བསྲེགས་པ་དང་འདྲ་བ་ཡིན་པས་ན་སྣ་ནད་འབར་བ་ཞེས་བྱའོ། །རྐན་གྱི་ཕུགས་སུ་ནད་འཁྲུགས་པས། །རླུང་ནི་ཁ་དང་སྣ་ནས་ འབྱུང་། །མཆིལ་སྣབས་དྲི་ང་འབྱུང་འགྱུར་བ། །དེ་ནི་སྣ་ནད་རུལ་པ་ཡིན། །ཞེས་བྱ་བ་ལ། རྐན་གྱི་རྩ་བའི་ཕུགས་སུ་རླུང་ལ་སོགས་པའི་ནད་འཁྲུགས་པས་རླུང་ཁ་དང་སྣ་ནས་རླུང་འབྱུང་ཞིང་མཆིལ་སྣབས་དྲི་མནམ་པ་འབྱུང་བའི་ནད་དེ་ནི་སྣ་ནད་རུལ་པ་ཞེས་བྱ་བ་ཡིན་ནོ། །འདུས་པ འམ་སྣད་པ་ལས་གྱུར་པའི། །རྣག་དང་ཁྲག་ནི་སྣ་ནས་འཛག །མགོ་བོ་ཚ་ཞིང་ན་བྱེད་པ། །དེ་ནི་རྣག་ཁྲག་ཅན་ཞེས་བཤད། །ཅེས་བྱ་བ་ལ། སྣད་ཅིང་རྨ་བྱུང་བ་ལས་གྱུར་པའི་རྣག་དང་ཁྲག་འདྲེས་པ་འཛག་པ་ལ་སོགས་པ་དེ་ནི་མིང་རྣག་ཁྲག་ཅན་ཞེས་བྱའོ། །རླུང་གིས་མཁྲིས་པ་ 202-1-181b བད་ཀན་དག །སྣ་ནི་སྐམས་པར་གྱུར་པ་ལས། །བད་ཀན་སྐམས་ཏེ་གོང་པོར་གྱུར། །དེ་ནི་བསྒོངས་པ་ཞེས་བྱའོ། །ཞེས་བྱ་བ་ལ། རླུང་གིས་མཁྲིས་པ་དང་བད་ཀན་སྣའི་ནང་དུ་སྐམས་ཤིང་། གོང་གོང་པོར་གྱུར་པ་དག་ནི་སྣ་ནད་བསྒོངས་པ་ཞེས་བྱའོ། །འབྲུམ་བུ་ཐོར་ བུ་ནད་གཞི་ཡི། །མཚན་ཉིད་ཅི་འདྲ་དག་ལས་དབྱེ། །ཞེས་བྱ་བ་ལ། སྣའི་འབྲུམ་བུ་དང་། སྣའི་ཐོར་བུ་ནི་ནད་གཞི་གསུམ་གྱི་མཚན་ཉིད་ལས་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་ཞིང་དབྱེ་བར་བྱའོ། །ཀུན་ལས་དབུགས་འབྱུང་དཀའ་བ་དང་། །རྒྱུན་དུ་ཆུ་འཛག་སྦྲིད་པ་འབྱུང་། །སྣ་འགགས་ ལྟ་བུར་སྨྲ་བ་དང་། །སྣ་ནས་རྣག་འཛག་ཀླད་པ་ན། །ཞེས་བྱ་བ་ལ། འབྲུམ་བུ་དང་ཐོར་བུའི་ནད་ཀུན་ལས་ཀྱང་དབུགས་འབྱུང་བར་དཀའ་བ་ནས། ཀླད་པ་ན་བའི་བར་གྱི་ནད་འབྱུང་བར་འགྱུར་རོ། །དེ་ལྟར་རྣམ་པ་བཅོ་བརྒྱད་ལས། །ཆམ་པ་མ་རུངས་འཚོ་བ་ཙམ། །ཞེས་བྱ་བ་ལ། ཚུལ་དེ་ལྟར་སྣ་ནད་རྣམ་པ་བཅོ་བརྒྱད་ལས་ཆམ་པ་མ་རུངས་པ་ཞེས་བྱ་བ་ནི་རེ་ཞིག་འཚོ་བ་ཙམ་དུ་གསོར་རུང་བ་ཡིན་ལ་ལྷག་མ་རྣམས་ཀྱང་གསོར་རུང་བ་ཉིད་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་ངེས་ པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་བཅུ་དགུ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་སྣ་ནད་གསོ་བ་བཤད་པར་བྱའོ། །ཞེས་བྱ་བ་ལ། གོ་རིམས་སྔ་མའི་ཚུལ་གྱིས་ན་ལེའུ་འདི་བརྩམས་པ་ཡིན་ནོ། །སྣ་ནད་ཀུན་ལ་དང་པོར་ནི། །རླུང་མེད་ཁང་པར་འདུག་ནས་ ནི། །སྣུམ་ཆོས་དུགས་དང་སྐྱུག་སྨན་དང་། །དུད་པ་བརྔུབ་དང་མཁུར་བཀང་བསྟེན། །གོས་ནི་ལྕི་ཞིང་དྲོ་བ་བགོ། །མགོ་བོ་ཤིན་ཏུ་མ་ཐུག་པས་དཀྲི། །ཁ་ཟས་ཡང་སྐྱུར་ལན་ཚྭ་སྣུམ། །དྲོ་བ་དང་ནི་བསྐ་བ་བཟའ། །བུ་རམ་འོ་མ་སྐམ་སའི་ཤ །ལན་ཚ་ཚ་བ་གསུམ་ཤས་ཆེ། ། ནས་དང་གྲོ་ནི་མང་པོ་དང་། །ཞོ་དང་སེ་འབྲུའི་ཁུ་བ་བསྟེན། །ཞེས་བྱ་བ་ལ། སྣ་ནད་ཆམ་པ་ཐམས་ཅད་ལ་ནི་ཁོ་ནར་རླུང་མེད་པའི་ཁང་པར་འདུག་པ་དང་། དེ་བཞིན་དུ་སྣུམ་ཆོས་ལ་སོགས་པ་བསྟེན་པ་དང་། གོས་ལྕི་བ་བགོ་བ་ལ་སོགས་པ་དང་། ཁ་ཟས་ཡང་ཞིང་སྐྱུར་བ་ལ་ 202-1-182a སོགས་པ་བཟའ་བ་དང་། བུ་རམ་ལ་སོགས་པའི་བཟའ་བཏུང་བསྟེན་པར་བྱའོ། །ལ་ཕུག་གཞོན་ནུའི་ཁུ་བ་དང་། ཀུ་ལདྠ་ཡི་ཁུ་བའང་བསྔགས། །ཞེས་བྱ་བ་ལ། ཆམ་པ་དེ་དག་ལ་ལ་ཕུག་བསྐོལ་བའི་ཁུ་བ་དང་། རྒྱ་སྲན་ཀུ་ལདྠ་བསྐོལ་བའི་ཁུ་བ་ཡང་ཕན་ པ་ཡིན་ནོ། །རྩ་བཅུའི་ཁུ་བ་དྲོ་འཇམ་མམ། །ཆང་སྙིང་དྭངས་མ་བླུད་པར་བྱ། །ཞེས་བྱ་བ་ལ། གལ་ཏེ་སྐོམ་པར་གྱུར་ན་རྩ་བ་བཅུ་བསྐོལ་བའི་ཁུ་བ་ལ་སོགས་པ་བླུད་པར་བྱའོ། །ཙ་རོང་ཨགྣི་མནྠའི་དང་། །ཤུ་དག་ཟི་ར་གོ་སྙོད་སྣོམ། །ཞེས་བྱ་བ་ལ། ཡང་ན་ཙ་རོང་ཞེས་བྱ་བ་སྨན་ཙོ་ར་ ཀ་དང་། ཨགྣི་མནྠ་ལ་སོགས་པ་བཏགས་པའི་ཐུམ་པོ་ཆམ་པ་ཅན་གྱིས་སྣོམ་པར་བྱའོ། །བལ་བུའི་ལོ་མ་ཚ་བ་གསུམ། །དབྱི་མོ་ད་ཏྲིག་སྟར་བུ་དང་། །ཟི་ར་ཙི་ཏྲ་སྲང་གཉིས་གཉིས། །ཤིང་ཚ་གནྡྷ་བྷ་དྲ་དང་། སུག་སྨེལ་ཞོ་ནི་གཉིས་གཉིས་དང་། །བུ་རམ་རྙིང་པ་སྲང་ལྔ་ བཅུ། །བསྐོལ་ཏེ་རི་ལུར་བྱས་པ་ནི། །ཟོས་ན་ཆམ་པ་དབུགས་མི་བདེ། །ལུད་པ་ལུ་བ་འཇོམས་བྱེད་ཅིང་། །སྐད་སྙན་ཡི་ག་འབྱེད་མཆོག་ཡིན། །ཞེས་བྱ་བ་ལ། བལ་བུའི་ལོ་མ་ལ་སོགས་པ་ཇི་སྐད་སྨོས་པའི་སྦྱོར་བས་བསྐོལ་ཏེ། དེ་ཐམས་ཅད་ལས་རི་ལུར་བྱས་པ་ཟོས་ན་ ཆམ་པ་ལ་སོགས་པ་འཇོམས་ཤིང་སྐད་སྙན་པར་བྱེད་པ་དང་། ཡི་ག་འབྱེད་པར་བྱེད་པའི་མཆོག་ཡིན་ནོ། །ཤུ་ཏིའི་ཤུན་པ་བ་ལ་དང་། །སོ་ན་ཀ་དང་ཨེ་རཎྜ། །བིལ་བའི་རྩ་བ་དོང་གྲར་བཅས། །ཞག་མར་སྤྲ་ཚིལ་དུད་པ་བརྔུབ། །ཅེས་བྱ་བ་ལ། ཤུ་ཏི་ལ་སོགས་པའི་སྨན་ ཞག་དང་མར་དང་སྤྲ་ཚིལ་དང་བསྲེས་པའི་དུད་པ་བརྔུབས་ན་ཡང་ཆམ་པ་ལ་ཕན་ནོ། །ཡང་ན་ཕྱེ་དང་མར་དང་བཅས། །ཁམ་ཕོར་སྦྱར་བའི་ནང་དུ་བཅུག །བསྲེགས་པའི་དུད་པ་བརྔུབ་པར་བྱ། །ཞེས་བྱ་བ་ལ། ཡང་ན་ཕྱེ་དང་མར་སྦྱར་བ་ཁམ་ཕོར་ནང་དུ་བཅུག་པའི་དུད་པས་ བརྔུབས་ན་ཡང་ཕན་ནོ། །ཁྲུས་དང་མྱ་ངན་ཁྲོ་བ་དང་། །ཤས་ཆེར་གཉིད་ལོག་ཆུ་གྲང་སྤང་། །ཞེས་བྱ་བ་ལ། ཆམ་པ་ཅན་གྱིས་སྤང་བར་བྱའོ། །དེ་ཡན་ཆད་ནི་ཐམས་ཅད་སྤྱིའི་གསོ་བ་བཤད་པ་ཡིན་ནོ། །རླུང་གྱུར་ཆམ་པ་རླུང་འཇོམས་པའི། །སྨན་ནི་བསྐོལ་བའི་ཁུ་བ་ 202-1-182b འམ། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་ཆམ་པ་ལ་ནི་རླུང་འཇོམས་པའི་སྨན་དང་བསྐོལ་བའི་ཁུ་བ་བླུད་པར་བྱའོ། །ལན་ཚྭ་ལྔ་ནི་བསྐོལ་བའམ། །བི་ད་རི་སོགས་སྡེ་བསྐོལ་བླུད། །ཅེས་བྱ་བ་ལ། ཡང་ན་སྨན་གྱི་ཁུ་བ་གཉིས་པོ་འདི་ལས་གང་ཡང་རུང་བ་དང་བསྐོལ་བའི་མར་ བླུད་ན་ཡང་ཕན་ནོ། །དུགས་དང་སྣ་སྨན་ལ་སོགས་བྱ། །གཞོགས་ཕྱེད་ནར་བཤད་གསོ་བའང་བྱ། །ཞེས་བྱ་བ་ལ། ཡང་ན་རླུང་ལས་གྱུར་པའི་ཆམ་པ་ལ་དུགས་ལ་སོགས་པའམ་གཞོགས་ཕྱེད་ན་བའི་གསོ་བ་གང་དག་ཡིན་པ་དེ་བཤད་པར་བྱའོ། །ཁྲག་མཁྲིས་ལས་གྱུར་ ཐུག་པ་ནི། །མར་སར་མངར་བའི་སྨན་བསྐོལ་བླུད། །ཅེས་བྱ་བ་ལ། ཁྲག་དང་མཁྲིས་པ་ལས་གྱུར་པའི་ཆམ་པ་ལ་ནི་སྨན་མངར་བ་དང་མར་དང་བསྐོལ་བའི་ཐུག་པ་བླུད་པར་བྱའོ། །སྨན་ཆུ་བླུགས་ཤིང་བྱུག་པ་དང་། །ནུས་བསིལ་གྲང་མོ་དག་གིས་བྱ། །ཞེས་བྱ་བ་ལ། ཡང་ ན་ཁྲག་དང་མཁྲིས་པ་ལས་གྱུར་པའི་ཆམ་པ་ལ་ནི་ནུས་པ་བསིལ་བའི་སྨན་བསྐོལ་བའི་ཆུ་གྲང་མོ་བླུགས་པ་དང་། དེའི་ལྡེ་གུས་བསྐུ་བ་ལ་སོགས་པ་བྱའོ། །དྭ་བའི་ཤུན་པ་འབྲས་བུ་གསུམ། །ཤི་རི་པརྞི་པྲི་ཡང་ཀུ། །ཤིང་མངར་སེང་ཕྲོམ་ཏིལ་མར་གྱི། །བཅུ་འགྱུར་འོ་མ་སྐྱེར་ པར་བཅས། །བསྐོལ་བའི་སྣ་སྨན་གཏང་བར་བྱ། །ཞེས་བྱ་བ་ལ། ཤིང་དྭ་བ་ལ་སོགས་པའི་ལྡེ་གུ་དང་། ཏིལ་མར་གྱི་བཅུ་འགྱུར་གྱི་འོ་མ་དང་སྐྱེར་པར་བསྐོལ་བའི་སྣ་སྨན་གཏང་བར་བྱའོ། །བད་ཀན་ལས་གྱུར་སྨྱུང་བ་དང་། །ཡུངས་ཀར་ལྡེ་གུས་མགོ་བསྐུ་འམ། །ཞེས་བྱ་ བ་ལ། བད་ཀན་ལས་གྱུར་པའི་ཆམ་པ་ལ་ནི་སྨྱུང་བའམ་ཡུངས་ཀར་གྱི་ལྡེ་གུས་བསྐུ་བར་བྱའོ། །ཐལ་སྨན་བཅས་པའི་མར་བླུད་དེ། །སློན་གཞུག ཅེས་བྱ་བ་ལ། ཡང་ན་བད་་ཀན་ལས་གྱུར་པའི་ཆམ་པ་ལ་ནི་ཐལ་སྨན་དང་བཅས་པའི་མར་བླུད་ལ་དེའི་འོག་ཏུ་སློན་དུ་གཞུག་ པར་བྱའོ། །རྒྱམ་ཚ་ཚ་བ་གསུམ། བྱི་དང་ག་དང་དུག་མོ་ཉུང་། །ཟི་ར་ར་གཅིན་སྦྱར་བ་ཡི། །སྣ་སྨན་དག་ནི་གཏང་བར་བྱ། །ཞེས་བྱ་བ་ལ། རྒྱམ་ཚ་ལ་སོགས་པ་རའི་གཅིན་དང་སྦྱར་ཏེ་བཙགས་པའི་སྣ་སྨན་བཏང་ན་ཡང་བད་ཀན་ལས་གྱུར་པའི་ཆམ་པ་ལ་ཕན་ནོ། །འདུས་ 202-1-183a གྱུར་ཚ་དང་རྣོ་སྦྱར་བའི། །མར་གྱི་སྣ་སྨན་བླུགས་པས་གསོ། །ཞེས་བྱ་བ་ལ། འདུས་པ་ལས་གྱུར་པའི་ཆམ་པ་ལ་ནི་སྨན་ཚ་བ་དང་རྣོ་བ་དང་སྦྱར་བའི་སྨན་མར་ལ་སོགས་པས་གསོ་བར་བྱའོ། །གཅོང་ཆེན་སྲིན་གསོའི་རིམ་གྱིས་ནི། །ཆམ་པ་མ་ རུངས་འཚོ་ཙམ་བྱ། །ཞེས་བྱ་བ་ལ། གཅོང་ཆེན་པོ་དང་སྲིན་བུ་གསོ་བའི་རིམ་གྱིས་ནི། ཆམ་པ་མ་རུངས་པ་རེ་ཞིག་འཚོ་བ་ཙམ་དུ་བྱའོ། །ཚ་བ་གསུམ་དང་ཨེ་རཎྜ། །ཐང་ཤིང་རུ་རྟ་བྱི་དང་ཀ །བོང་ང་དཀར་པོ་ཨིངྒུ་དང་། །དུར་བྱིད་པརྟ་ཀའི་ས་བོན། །ཡུངས་ཀར་ ཉེའུ་འཕྲལ་རུས་པ། །ཨགྣི་མནྠའི་མེ་ཏོག་དང་། །པི་ལུ་ཤི་ཀྲུའི་ས་བོན་དང་། །རྟ་སྦངས་ཁུ་བ་གཅིན་དང་ནི། །གླང་པོའི་གཅིན་དང་གཅིག་ཏུ་སྦྱར། །ཟར་མའི་སྐུད་དཀྲིས་རེང་བུ་ཡི། །དུད་པ་ཁ་དང་སྣ་ནས་བརྔུབ། །ཅེས་བྱ་བ་ལ། ཚ་བ་གསུམ་ལ་སོགས་པའི་སྨན་རྟ་སྦངས་བཙིར་བའི་ཁུ་བ་ དང་གཅིན་དང་གླང་པོ་ཆེའི་གཅིན་དང་གཅིག་ཏུ་སྦྱར་བའི་རེང་བུ་ཟར་མའི་སྐུད་པས་དཀྲིས་པའི་དུད་པ་བརྔུབ་པར་བྱའོ། །སྨིན་དང་སྦྲིད་པ་འབྱུང་ཞེས་པ། །སྣ་སྨན་རྣོན་པོ་བུད་པས་ཕན། །ཞེས་བྱ་བ་ལ། སྨིན་པ་ཞེས་བྱ་བ་དང་སྦྲིད་པ་འབྱུང་བ་ཞེས་བྱ་བའི་སྣ་ནད་ལ་ནི་སྣ་སྨན་རྣོན་པོའི་ཕྱེ་མ་ བུད་པར་བྱའོ། །བཅའ་སྒ་རུ་རྟ་པི་པི་ལིང་། །རྒུན་འབྲུ་བྱི་དང་གའི་ལྡེ་གུ། །མར་རམ་ཏིལ་མར་བཅས་བསྐོལ་བའི། །སྣ་སྨན་སྦྲིད་པ་རྣགས་པ་སེལ། །ཞེས་བྱ་བ་ལ། བཅའ་སྒ་ལ་སོགས་པའི་ལྡེ་གུ་དང་། མར་རམ་ཏིལ་མར་བསྐོལ་བའི་སྣ་སྨན་བཏང་ན་སྦྲིད་པ་དང་རྣགས་པ་སེལ་ བར་བྱེད་དོ། །སྣ་སྐམ་པ་ལ་བ་ལའི་མར། །བཏུང་སོགས་ཤ་ཁུར་སྦྱར་བ་བཟའ། །སྣུམ་གྱི་དུད་པ་དུགས་ཀྱིས་གསོ། །ཞེས་བྱ་བ་ལ། སྣ་སྐམས་པ་ཞེས་བྱ་བའི་སྣ་ནད་ལ་ནི་བ་ལའི་ཏིལ་མར་རླུང་ནད་གསོ་བའི་སྐབས་སུ་བཤད་པ་བཏུང་བ་དང་སྣ་ནས་གཏང་བ་ལ་སོགས་པ་བྱ་ བ་དང་། དེ་བཞིན་དུ་ཤ་ཁུ་དང་སྦྱར་བའི་ཁ་ཟས་བཟའ་བ་དང་། སྣུམ་གྱི་དུད་པ་བརྔུབ་པ་དང་། དུགས་བྱ་བས་གསོ་བར་བྱའོ། །སྣ་རྒྱས་ལ་ཡང་ཆོ་ག་འདིའོ། །ཞེས་བྱ་བ་ལ། སྣ་རྒྱས་པ་ཞེས་བྱ་བའི་སྣ་ནད་ལ་ཡང་སྣ་སྐམས་པའི་གསོ་བ་འདི་ཉིད་སྦྱར་བར་བྱའོ། །སྣ་རྣགས་ 202-1-183b འབར་ལ་མཁྲིས་འཇོམས་སྨན། །ཆུ་འཛག་སྣ་སྨན་སོགས་རྣོས་བྱ། །ཞེས་བྱ་བ་ལ། སྣ་རྣགས་པ་དང་སྣ་འབར་བ་སྙམ་དུ་སེམས་པའི་སྣ་ནད་གཉིས་ལ་ནི་མཁྲིས་པ་འཇོམས་པའི་སྨན་བསྟེན་ཅིང་། ཕན་ཚུན་ནས་ཆུ་འཛག་པའི་སྣ་ནད་ལ་ནི་སྣ་སྨན་དང་མཁུར་བ་བཀང་བ་ལ་སོགས་ པ་རྣོན་པོས་བྱའོ། །རྣག་ཅན་ལ་ནི་བད་ཀན་གྱི། །གསོ་བ་དང་ནི་འདྲ་བར་བྱའོ། །ཞེས་བྱ་བ་ལ། སྣ་ནད་རྣག་ཅན་དང་སྣ་ནད་ཆམ་པ་ལ་ནི་བད་ཀན་གྱི་ཆམ་པ་དང་འདྲ་བར་གསོ་བར་བྱའོ། །རྒྱ་སྐྱེགས་དང་ནི་ཀ་རཉྫ། །ན་ལེ་ཤམ་དང་བྱི་དང་ག །ཤིང་ཀུན་བུ་རམ་པི་པི་ལིང་། ། ལུག་ཐུག་གཅིན་སྦྱར་སྣ་སྨན་ནི། །སློན་བྱས་འོག་ཏུ་གཏང་བར་བྱ། །ཞེས་བྱ་བ་ལ། སྣ་ནད་རྣག་ཅན་དང་ཆམ་པ་ལ་ནི་སློན་སྨན་བཏང་ནས་རྒྱ་སྐྱེགས་ལ་སོགས་པ་ལུག་གི་གཅིན་དང་སྦྱར་བའི་སྣ་སྨན་གཏང་བར་བྱའོ། །ཤི་ཀྲུ་དན་ད་བྲི་ཧ་ཏི། །ཚ་བ་གསུམ་དང་ལྕེ་མྱོང་ཚ། ། བྱེའུ་རུག་པ་དང་བྱི་དང་ག །ཏིལ་མར་བསྐོལ་བའི་སྣ་སྨན་ཡང་། །བཏང་ན་མཆོག་ཏུ་ཕན་པ་ཡིན། །ཞེས་བྱ་བ་ལ། ཤི་ཀྲུ་ཞེས་བྱ་བ་ན་ལེ་ཤམ་དཀར་པོ་དང་། དན་ད་དང་བྲི་ཧ་ཏིའི་ས་བོན་ཚ་བ་གསུམ་ལ་སོགས་པ་དང་བཅས་པའི་ཏིལ་མར་དང་བསྐོལ་བའི་སྣ་སྨན་ནི་སྣ་ནད་རྣག་ཅན་ དང་ཆམ་པ་ལ་མཆོག་ཏུ་ཕན་པ་ཡིན་ནོ། །རྣག་དང་ཁྲག་ཅན་སར་པ་ནི། །ཁྲག་གི་ཆམ་པ་ལྟ་བུར་གསོ། །ཞེས་བྱ་བ་ལ། རྣག་དང་ཁྲག་ཅན་གྱི་སྣ་ནད་སར་པ་སྐྱེས་མ་ཐག་པ་ལ་ནི་ཁྲག་ལས་གྱུར་པའི་ཆམ་པ་ལྟར་གསོ་བར་བྱའོ། །ཤིན་ཏུ་འཕེལ་ལ་རྨ་འཁྱིམས་ལྟར། །ཞེས་བྱ་བ་ ལ། རྣག་དང་ཁྲག་ཤིན་ཏུ་འཕེལ་བ་ལ་ནི་རྨ་འཁྱིམས་པ་ལྟར་གསོ་བར་བྱའོ། །འབྲུམ་བུ་རྨེན་བུ་ཚ་བ་ལ། །དན་ཏི་དུར་བྱིད་ལྕེ་མྱོང་ཚ། །ལྡོང་རོས་དང་ནི་པི་པི་ལིང་། །ཙི་ཏྲ་ཀ་ཡི་ལྡེ་གུ་ནི། །མར་དང་སྦྲང་རྩིར་སྦྱར་བ་ཡི། །རེང་བུ་སྣར་ནི་གཞུག་པར་བྱ། །ཞེས་བྱ་བ་ལ། སྣའི་ འབྲུམ་བུ་དང་རྨེན་བུ་ཚ་བར་གྱུར་པ་ལ་ནི་དན་ཏི་ལ་སོགས་པའི་ལྡེ་གུ་མར་དང་སྦྲང་རྩི་དང་སྦྱར་བའི་རེང་བུ་སྣར་གཞུག་པར་བྱའོ། །ཤི་ཀྲུ་ལ་སོགས་སྣ་སྨན་ཡང་། །རྣག་ཅན་གསོ་བའི་སྐབས་སུ་བཤད། །ཅེས་བྱ་བ་ལ། འབྲུམ་བུ་རྨེན་བུའི་སྣ་ནད་འདི་ལ་ནི། ཤི་ཀྲུ་ལ་སོགས་པའི་ 202-1-184a སྣ་སྨན་ཡང་ཕན་པ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་ཉི་ཤུ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་ ཁ་ནད་ཀྱི་དམིགས་ཤེས་པ་བཤད་པར་བྱའོ། །ཞེས་བྱ་བ་ལ། སྟོད་ཀྱི་ཡན་ལག་ཡིན་པའི་ཕྱིར། གོ་རིམས་ཀྱིས་ན་ཁ་ནད་ཀྱི་ནད་གཞི་དང་རྒྱུ་ལ་སོགས་པ་བསྟེན་པར་བྱ་བའི་ཕྱིར་ལེའུ་འདི་བརྩམས་པ་ཡིན་ནོ། །ཉ་དང་མ་ཧེ་ཕག་གི་ནི། །ཤ་དང་ལ་ཕུག་རྗེན་པ་དང་། །མ་ཤའི་ སྲན་ཚོད་འོ་མ་ཞོ། །ཚ་དང་བུ་རམ་ཤིང་ཀུན་དང་། །བུར་བྲན་ཁ་སྦུབ་ཉལ་བསྟེན་དང་། །སོ་ཤིང་གིས་སྣད་གོམས་པ་སྤོང་། །དུད་པ་མཁུར་བཀང་སྐྱུགས་པ་དང་། །གཏར་ག་དབུག་ནི་ཉེས་པ་ཡིས། །བད་ཀན་ཤས་ཆེའི་ནད་འཁྲུགས་པས། །ཁ་ཡི་ནང་གི་ནད་སྐྱེད་ འགྱུར། །ཞེས་བྱ་བ་ལ། ཉ་དང་མ་ཧེའི་ཤ་ལ་སོགས་པ་ཟ་ཞིང་བསྟེན་པར་བྱེད་པ་དང་། ཁ་སྦུབ་ཏུ་ཉལ་བ་དང་། སོ་ཤིང་གིས་སྣད་ཅིང་མ་རུངས་པར་གྱུར་པ་དང་། ཁ་ཟས་གོམས་པ་ལ་མི་དགའ་ཞིང་སྤོང་བ་དང་། དུད་པ་བརྔུབས་པ་ལ་སོགས་པ་ཉེས་པར་གྱུར་པ་ དག་གིས་བད་ཀན་ཤས་ཆེ་བར་གྱུར་པའི་རླུང་ལ་སོགས་པའི་ནད་འཁྲུགས་ཤིང་ལྡང་བར་གྱུར་ནས་ཁའི་ནང་གི་ནད་སྣ་ཚོགས་པ་དག་འབྱུང་བར་འགྱུར་རོ། །དེ་ལ་རླུང་གིས་མཆུ་གས་འགྱུར། །མཆུ་རལ་བ་ཡི་ནད་ཅེས་བཤད། །ཅེས་བྱ་བ་ལ། དེ་ལ་ཁའི་ནད་དེ་དག་གི་ནང་ ནས་རླུང་གིས་མཆུ་གང་གས་ཤིང་གཉིས་སུ་བྱས་པ་དེ་ནི་མིང་མཆུ་རལ་བ་ཞེས་བྱའོ་ཞེས་དྲང་སྲོང་རྣམས་ཀྱིས་བཤད་དོ། །རླུང་གིས་མཆུ་ལ་གནོད་གྱུར་པ། །མཆུ་སྲ་ནད་ཚབས་ཆེ་བ་ཡིན། །མཆུ་འགས་རྡོལ་བར་འགྱུར་བ་དང་། །གནག་ཅིང་རྩུབ་པ་མཆུ་འཁྲུགས་ཡིན། ། ཞེས་བྱ་བ་ལ། རླུང་གིས་མཆུ་ལ་གནོད་པར་གྱུར་པའི་ནད་ནི་མཆུ་སྲ་ཞིང་རྒྱས་ཏེ་ཤིང་ལྟར་འདུག་པ་དང་། ཤས་ཆེར་ན་བ་དང་། མཆུ་འགས་ཤིང་ཞིག་པ་དང་། རྡོལ་ཞིང་ཟགས་པར་འགྱུར་བ་དང་། མདོག་གནག་ཅིང་རྩུབ་པར་གྱུར་པ་ནི། མཆུ་འཁྲུགས་པ་ཞེས་བྱའོ། ། 202-1-184b མཁྲིས་པས་ཚ་བ་མི་བཟོད་སེར། །འབྲུམ་ཕྲན་ཡུངས་ཀར་འདྲ་བས་ཁྱབ། །མྱུར་སྨིན་མང་དུ་རྣགས་པ་ཡིན། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་མཆུ་ནད་ཚ་བའི་དངོས་པོ་མི་བཟོད་པ་དང་ཁ་དོག་སེར་བ་དང་། ཡུངས་ཀར་འདྲ་བའི་འབྲུམ་ཕྲན་གྱིས་ཀུན་ཏུ་ཁྱབ་ཅིང་ གཡོགས་པ་དང་། མྱུར་དུ་སྨིན་ཅིང་རྣགས་པ་དང་། རྣག་དང་ཆུ་སེར་མང་བ་དང་ལྡན་པ་ནི་མཁྲིས་པས་གནོད་པའི་མཆུ་ནད་ཡིན་ནོ། །བད་ཀན་ལས་གྱུར་གྲང་བ་ཡིས། །མི་བཟོད་ལྕི་ཞིང་སྐྲང་བ་དང་། །འབྲུམ་ཕྲན་དཀར་པོས་ཁྱབ་པ་ཡིན། །ཞེས་བྱ་བ་ལ། བད་ཀན་ ལས་གྱུར་པའི་མཆུ་ནད་ལ་ནི་གྲང་བས་རེག་ན་མི་བཟོད་པ་དང་ལྕི་ཞིང་སྐྲང་བ་དང་། འབྲུམ་ཕྲན་ཁ་དོག་དཀར་པོས་ཙེམ་ཙེམ་པོར་ཁྱབ་པ་ཡིན་ནོ། །འདུས་གྱུར་སྣ་ཚོགས་པར་སྣང་ཞིང་། །དྲི་ངའི་སྤྱི་བག་འཛག་པ་དང་། །གློ་བུར་ཤས་ཆེར་སྐྲང་ཞིང་ཞུམ། །ན་དང་མི་ན་རྣག་ མི་སྙོམས། །ཞེས་བྱ་བ་ལ། འདུས་པ་ལས་གྱུར་པའི་མཆུ་ནད་ནི་མདོག་སྣ་ཚོགས་པར་སྣང་བ་དང་། མཆུའི་ལྗན་ལྗིན་དྲི་མི་ཞིམ་པ་དང་། སྤྱི་བག་ནལ་ནལ་པོར་འཛག་པ་དང་། གློ་བུར་དུ་རྒྱུ་མེད་པར་ལན་འགའ་ནི་ཤས་ཆེར་སྐྲངས་པ་དང་། ཕྱེད་འགའ་ནི་ཞུམ་ཞིང་ སྐྲང་། ལན་འགའ་ནི་ན། ལན་འགའ་ནི་ན་བར་མི་བྱེད་པ་དང་། རྣག་ཅིང་སྨིན་པ་མི་སྙོམས་ཏེ། ལན་འགའ་ནི་མྱུར་དུ་སྨིན་ལ། ལན་འགའ་ནི་རིང་ནས་སྨིན་པ་ཡིན་ནོ། །ཁྲག་ལས་གྱུར་པ་ཁྲག་འཛག་ཅིང་། །ཁྲག་གི་མདོག་དང་འདྲ་བ་དང་། །འདི་ལ་འབྲ་གོ་ལྟ་བུ་ཡི། ། ཁྲག་ཟད་ཆུ་བུར་འབྱུང་བ་ཡིན། །ཞེས་བྱ་བ་ལ། ཁྲག་ལས་གྱུར་པའི་མཆུ་ནད་ནི་རྒྱུན་དུ་ཁྲག་འཛག་པ་དང་ཁྲག་གི་མདོག་ཅན་དུ་སྣང་བ་དང་མཆུ་ནད་འདི་ལ་ཁྲག་ཟད་པར་གྱུར་པ་དང་། ཆུ་བུར་འབྲ་གོ་ལྟ་བུར་འཕྱང་བ་ཡིན་ནོ། །ཤ་གྱུར་ཤ་ཡི་གོང་པོ་འདྲ། །རིམ་གྱིས་ སྲིན་བུ་སྐྱེ་ཞིང་འགུལ། །ཞེས་བྱ་བ་ལ། ཤ་ལས་གྱུར་པའི་མཆུ་ནད་ནི་ཤའི་གོང་པོ་འདྲ་བར་གྱུར་པ་དང་རིམ་གྱིས་སྲིན་བུ་སྐྱེ་ཞིང་འགུལ་བར་གྱུར་པ་ཡིན་ནོ། །ཚིལ་གྱུར་གཡའ་ཞིང་འདྲུལ་བ་དང་། །སྐྲང་འཇམ་ཏིལ་མར་ལྟ་བུར་འཛག །ཅེས་བྱ་བ་ལ། ཚིལ་གྱི་གནོད་ 202-1-185a པ་ལས་གྱུར་པའི་མཆུ་ནད་གཡའ་ཞིང་འདྲུལ་བ་དང་། སྐྲང་ཞིང་ལྗན་ལྗིན་དང་ཆུ་སེར་ཏིལ་མར་ལྟ་བུར་འཛག་ཅིང་འཇམ་པོར་འདུག་པ་ཡིན་ནོ། །སྣད་པ་ལས་གྱུར་གས་པ་དང་། །ཡང་དང་ཡང་དུ་འབྱེ་འགྱུར་ལ། །སླར་ཡང་འདྲུབ་པར་འགྱུར་བ་དང་། །མཆུ་ ནི་གཡའ་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། སྣད་ཅིང་རྨ་བྱུང་བ་ལས་མཆུ་ནད་དུ་གྱུར་པ་ནི། ཡང་དང་ཡང་དུ་གས་པར་འགྱུར་བ་དང་། ཡང་དང་ཡང་དུ་འབྱེ་བར་འགྱུར་བ་དང་། སླར་ཡང་དེ་ལས་འདྲུབས་ཏེ་རྨེན་བུར་འགྱུར་བ་དང་། མཆུ་དེ་ཡང་དང་ཡང་དུ་གཡའ་བར་བྱེད་ པ་ཡིན་ནོ། །རླུང་དང་བད་ཀན་འདྲེས་པ་ལས། །ཆུ་ཡི་ཆུ་བུར་ལྟ་བུར་འབྱུང་། །ཞེས་བྱ་བ་ལ། རླུང་དང་བད་ཀན་འདྲེས་པར་གྱུར་པ་ལས་མཆུ་ནད་ཆུའི་ཆུ་བུར་ལྟ་བུར་མཐོ་བ་དག་འབྱུང་བ་ནི། མཆུ་ནད་ཆུའི་ཆུ་བུར་ཞེས་བྱ་སྟེ། དེ་ལྟར་ན་མཆུའི་ནད་བཅུ་གཅིག་ཏུ་བཤད་པ་ཡིན་ནོ། ། མཁུར་བའི་འབྲས་འབྱེད་སྐྲང་ཞིང་བརྟན། །མཁུར་བ་ཚ་ཞིང་རིམས་དང་བཅས། །ཞེས་བྱ་བ་ལ། མཁུར་ཚོས་སུ་སྐྲང་ཞིང་བརྟན་པ་དང་། མཁུར་བ་ཚ་བ་འུར་འུར་པོར་གྱུར་ཅིང་རིམས་དང་བཅས་པ་གང་ཡིན་པ་དེ་ནི་མཁུར་བར་འབྲས་འབྱེད་པའི་ནད་ཅེས་བྱ་སྟེ། དེ་ལྟར་ན་མཁུར་ བའི་ནད་ནི་གཅིག་ཡིན་ནོ། །རླུང་གྱུར་སོ་ནད་དྲོ་ལ་སྲེད། །གྲང་བས་རེག་ན་ལྷག་པར་ན། །གཟེར་ཞིང་བཅག་པ་སྙམ་དུ་སེམས། །གྲང་བས་ཞིག་པར་དེ་བཤད་དོ། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་སོའི་ནད་དྲོ་བ་ལ་སྲེད་ཅིང་བསྟན་པ་བཟོད་པ་དང་། གྲང་བས་རེག་ན་ ལྷག་པར་ན་ཞིང་ལྷང་ལྷང་པོར་ཟུག་པ་དང་། དེ་བཞིན་དུ་གཟེར་བ་དང་ན་བས་བཅག་ཅིང་འབྲུལ་པ་སྙམ་དུ་སེམས་པའི་སོ་ནད་དེ་གྲང་བས་ཞིག་པ་ཞེས་བྱའོ། །རླུང་དང་ཆུ་ཡིས་སོ་བརྩེ་བ། །གྲང་དང་སྐྱུར་བ་མི་བཟོད་པར། །སྐྱུར་བ་ཟོས་པ་ཉིད་ཀྱིས་འགྱུར། །ནད་བཅས་འགུལ་བར་ བྱེད་པ་ཡིན། །ཞེས་བྱ་བ་ལ། སོ་བརྩེ་བ་ཞེས་བྱ་བའི་ནད་ནི་རླུང་དང་གྲང་བ་ལ་སོགས་པ་སོས་བསྟེན་པར་མི་བཟོད་པ་དང་། ནད་དེ་ཡང་སྐྱུར་པ་ཟོས་པ་ཉིད་ལས་གྱུར་པ་དང་དེ་བཞིན་དུ་ནད་དང་བཅས་ཤིང་འགུལ་བར་བྱེད་པ་ཡིན་ནོ། །སོ་གས་སོ་ནི་ཟེགས་པ་དང་། །ན་ཞིང་ཟུག་ལ་ 202-1-185b གཡོ་བ་ཡིན། །ཞེས་བྱ་བ་ལ། སོ་ཟེགས་ཤིང་ན་བ་ལ་སོགས་པ་ཡིན་ནོ། །སོ་འགུལ་སོ་ནི་གཡོ་བ་དང་། །ཟ་བའི་ཚེ་ན་ལྷག་པར་ན། །ཞེས་བྱ་བ་ལ། སོ་འགུལ་བ་ཞེས་བྱ་བའི་ནད་ནི་སོ་གཡོ་ཞིང་ལྡེག་པ་དང་། ལྷག་པར་ཡང་ཟས་ཟ་བའི་ཚེ་ན་ན་བར་གྱུར་པ་ཡིན་ནོ། །སོ་སྟོ་སོ་ནི་ མི་སྡུག་པར། །སོ་རྣམས་སྐྱེ་བར་འགྱུར་བ་ཡིན། །ཞེས་བྱ་བ་ལ། སོ་སྟོ་ཞིང་མི་སྡུག་པར་གྱུར་པ་སྐྱེ་བར་འགྱུར་བ་ཡིན་ནོ། །སོ་ལྷག་སོ་ནི་སྐྱེས་པ་སྟེ། །དེ་ནི་འཕེལ་བ་ཞེས་ཀྱང་བཤད། །ཅེས་བྱ་བ་ལ། སོ་རྣམས་ལས་གང་ལྷག་པའི་སོ་སྐྱེས་པར་གྱུར་པ་དེ་ནི། སོ་ལྷག་ ཅེས་བྱ་བའི་སོ་ནད་ཡིན་ཏེ་དེ་ནི་སློབ་དཔོན་ལ་ལས་དེ་སོ་འཕེལ་བའི་ནད་ཡིན་ནོ་ཞེས་ཟེར་རོ། །སྐྱེ་བར་འགྱུར་བའི་ཚེ་ན་ནི། །ན་ཞིང་སྐྱེས་ནས་དེ་ཞི་བྱེད། །ཅེས་བྱ་བ་ལ། སོ་ལྷག་དེ་སྐྱེ་བར་འགྱུར་བའི་ཚེ་ན་ནི་ཤིན་ཏུ་ན་བར་འགྱུར་ལ། དེ་སྐྱེས་ཟིན་ནས་ནི་ཞི་བར་འགྱུར་བ་ཡིན་ནོ། །མ་ བཀྲུས་སོ་ཡི་དྲི་མའམ། །བད་ཀན་རླུང་གིས་སྐམས་པ་ལས། །དྲི་ང་བརྟན་གྱུར་སོ་དྲེག་ཡིན། །ཞེས་བྱ་བ་ལ། ཁམ་སྦྱངས་ཤིང་མ་བཀྲུས་ལ་སོ་ཤིང་ལ་སོགས་པས་དག་པར་མ་བྱས་པའི་སོའི་དྲི་མ་གང་དག་ཡོད་པ་དེ་རླུང་གིས་སྐམ་པར་བྱས་པ་ལས་སོ་དྲེག་དྲི་མི་ཞིམ་ཞིང་བརྟན་ པར་ཆགས་པའི་ནད་དེ་ནི་མིང་སོ་དྲེག་ཅེས་བྱའོ། །དེ་ནི་ཡལ་བར་བོར་བ་ལས། །སོ་ནི་དུམ་བུར་ཟེགས་གྱུར་པ། །གྲུགས་ཤིང་སོ་ནི་གོགས་པ་ཡིན། །ཞེས་བྱ་བ་ལ། དེ་ཉིད་ཡལ་བར་བོར་ན་སོ་ནད་ཁ་ར་ལྟ་བུ་ཞེས་བྱ་བ་འབྱུང་ངོ་། །ཡང་གང་གིས་སོ་དུམ་བུ་དུམ་བུར་ཡང་དང་ཡང་ གོགས་པ་དེ་ནི་དུམ་བུར་གོགས་པའི་སོ་ནད་ཅེས་བྱའོ། །ཁྲག་དང་མཁྲིས་པ་རླུང་གིས་སོ། །སྔོན་པོར་གྱུར་པ་སོ་སྔོན་ཡིན། །ཞེས་བྱ་བ་ལ། སོ་ཁྲག་དང་མཁྲིས་པ་དང་། རླུང་གི་ནད་ཞུགས་པར་གྱུར་པས་སོའི་མདོག་སྔོན་པོར་གྱུར་པ་ནི་སོ་སྔོན་གྱི་ནད་ཅེས་བྱའོ། །ནད་ཀྱི་ རླུང་ནི་ཤས་ཆེར་འགྱུར། །རྩ་བར་བཅས་པའི་སོ་ལ་བརྟེན། །སོ་དབུས་སྐམས་ཏེ་སྟོང་པར་བྱས། །སོ་ནི་ཟས་ཀྱི་དྲི་མས་གང་། །རུལ་བས་སྲིན་བུ་ཕྲ་མོ་ནི། །སྐྱེ་བར་འགྱུར་ཏེ་དེ་འོག་ཏུ། །རྒྱུ་མེད་བརྣག་དཀའ་ལྡང་དུབ་ཅན། །སྦོམ་ཆེ་གནས་ལ་ཤས་ཆེར་ན། །བཅད་པ་འདྲར་ 202-1-186a སྣང་རྣག་ཁྲག་འཛག །དེ་ནི་སོ་སྲིན་ཅན་ཞེས་བྱ། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་ཀྱི་ཚོགས་རླུང་གི་ཤས་ཆེ་ཞིང་རྒྱས་པར་གྱུར་པ་རྩ་བ་དང་བཅས་པའི་སོ་ལ་བརྟེན་ཅིང་གནས་པས་སོའི་དབུས་སྐམས་པར་གྱུར་པ་ལས་སོ་དེའི་ནང་ཁོང་སྟོང་དུ་བྱས་ ལ། ཁོང་སྟོང་གི་སོ་དེར་ཟས་ཀྱི་དྲི་མས་གང་བ་དེ་རུལ་བར་གྱུར་པ་དང་། སྲིན་བུའི་རིགས་ཕྲ་མོ་སྐྱེ་བར་འགྱུར་ལ་དེའི་འོག་ཏུ་ནད་པ་དེ་ལ་རྒྱུ་མེད་པར་སོའི་ནད་ཆེད་འགའ་འབྱུང་ཞིང་ཆེད་འགའ་ཞི་བའི་ལྡང་དུབ་ཅན་དུ་འབྱུང་བ་དང་། ནད་ཀུན་འབྱུང་བ་དང་ནད་ཀུན་གཡོ་ཞིང་བསྐྱོད་པ་དང་། མདོག་གནག་པ་དང་། ཤས་ཆེར་ན་བ་དང་། སོ་བཅད་པ་ལྟ་བུར་སྣང་བ་དང་། རྣག་དང་ཁྲག་གི་ཚོགས་འཛག་པར་གྱུར་པའི་ནད་དེ་ནི་སོ་སྲིན་བུ་ཅན་གྱི་ནད་ཅེས་བཤད་དོ། །དེ་ལྟར་ན་སོའི་ནད་ནི་གྲངས་བཅུར་བཤད་པ་ཡིན་ནོ། །བད་ཀན་དང་ནི་ཁྲག་གིས་རྙིལ། །རྣགས་ ཤིང་རུལ་པར་གྱུར་པ་དང་། །མཉེན་ལ་ཟགས་ཤིང་གནག་པ་དེ། །གྲང་བས་ཉེན་པ་ཡིན་པར་བཤད། །ཅེས་བྱ་བ་ལ། བད་ཀན་དང་ཁྲག་གི་ནད་དེ་གཡོས་པར་གྱུར་པས་རྙིལ་རྣགས་ཤིང་དྲི་ང་བར་གྱུར་ལ། རུལ་ཞིང་འདྲུལ་ལ་རྒྱུ་མེད་པར་ཁྲག་རྒྱུན་དུ་འཛག་པ་དང་། དེ་མཉེན་ཞིང་འཇམ་པ་དང་། ཁྲག་ཟགས་པར་གྱུར་པ་དང་། མདོག་གནག་པར་གྱུར་པ་དེ་ནི་རྙིལ་ནད་གྲང་བས་ཉེན་པ་ཞེས་བྱ་བར་བཤད་དོ། །ཁྲག་མཁྲིས་རྣགས་པ་ལས་བྱུང་བ། །རྙིལ་ནི་ཚ་བར་བྱེད་པ་དང་། །ཁྲག་གིས་སྐྲངས་པ་མཐོ་བ་དང་། །གཡའ་ཞིང་ཁྲག་ནི་འཛག་པ་ དང་། །ཁྲག་ཆད་ནས་ནི་རྒྱས་པར་འགྱུར། །སོ་ན་འགུལ་ཞིང་ནད་ཚབས་ཆུང་། །ཁ་དྲི་མནམ་འགྱུར་ཉེར་བདར་ཡིན། །ཞེས་བྱ་བ་ལ། ཁྲག་དང་མཁྲིས་པ་ལས་གྱུར་པའི་རྙིལ་གྱི་ནད་ཉེ་བར་བདར་བ་ཞེས་བྱ་བ་ནི་རྙིལ་ཚ་བ་འུར་འུར་པོས་ཁྱབ་པར་གྱུར་པ་དང་། དེ་བཞིན་དུ་ཁྲག་ལས་ གྱུར་པའི་སྐྲངས་པ་དེ་མཐོན་པོར་འགྱུར་བ་དང་། དེ་བཞིན་དུ་ཁྲག་འཛག་པ་དང་། ཤས་ཆེར་གཡའ་བ་དང་། དེ་བཞིན་དུ་ཁྲག་དེ་ཆད་ཅིང་འཁྱིལ་བར་གྱུར་པ་ན་ནི་རྙིལ་གྱི་ཤ་དེ་རྒྱས་པར་འགྱུར་བ་དང་། སོ་ན་ཞིང་འགུལ་བར་འགྱུར་བ་དང་། ནད་ཚབས་ཅུང་ཟད་ཆུང་བར་འགྱུར་བ་དང་། 202-1-186b ཁའི་ནང་དྲི་མི་ཞིམ་ཞིང་མནམ་པར་འགྱུར་བའི་རྙིལ་གྱི་ནད་དེ་ནི་ཉེ་བར་བདར་བའི་ནད་ཅེས་བྱའོ། །སོ་ནི་གཉིས་སམ་གསུམ་ཐད་ཀར། །བད་ཀན་ལས་གྱུར་རྒྱ་ཤུག་ཙམ། །སྐྲངས་པ་སྲ་ཞིང་མི་བཟད་ན། །མྱུར་དུ་སྨིན་པ་སོ་འབུད་ཡིན། །ཞེས་བྱ་བ་ལ། སོ་གཉིས་སམ་གསུམ་ གྱི་ཐད་ཀར་བད་ཀན་འཁྲུགས་པར་གྱུར་པ་ལས་རྒྱ་ཤུག་གི་ཚི་གུ་ཙམ་དུ་སྐྲང་ཞིང་སྲ་བ་དང་། སྐྲངས་པ་དེ་མི་བཟད་པར་ན་ཞིང་མྱུར་དུ་སྨིན་པར་འགྱུར་བ་དེ་ནི་སོའི་ཤ་འབུར་བ་ཞེས་བྱ་བའི་ནད་ཅེས་བྱའོ། །རྙིལ་ནི་ནད་བཅས་ཁྲག་གིས་ནི། །ཕྱི་དང་ནང་དུ་སྐྲང་ཞིང་ལྕི། །ན་ཞིང་ ཚ་ལ་གས་པ་ལས། །རྣག་ཁྲག་འཛག་སོའི་ཁོང་འབྲས་ཡིན། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་དང་བཅས་པའི་ཁྲག་གིས་རྙིལ་གྱི་ཤ་ཕྱི་དང་ནང་དུ་སྐྲངས་པ་དང་། ལྕི་བར་འདུག་པ་དང་། ན་ཞིང་ཚ་བ་འུར་འུར་པོར་གནས་པ་དང་། དེ་གས་པར་གྱུར་པ་ལས་རྣག་དང་ ཁྲག་འཛག་པར་གྱུར་པ་ནི་སོའི་ཁོང་འབྲས་ཞེས་བྱའོ། །སོ་རྩར་ཁྲག་མཁྲིས་ལས་གྱུར་ན། །སྐྲང་ཞིང་ནད་དང་བཅས་པ་དང་། །ཁ་ཆུ་འཛག་ཅིང་རྙིལ་འདྲུལ་བ། །ཁོང་སྟོང་གི་ནི་ནད་ཅེས་བྱ། །ཞེས་བྱ་བ་ལ། སོ་རྣམས་ཀྱི་རྩ་བར་ཁྲག་དང་མཁྲིས་པ་ལས་གྱུར་པའི་ནད་སྐྲངས་པ་ དང་། ཁ་ཆུ་འཛག་པ་ལ་སོགས་པ་ནི་ཁོང་སྟོང་གི་ནད་ཅེས་བྱའོ། །འདུས་པ་ལས་གྱུར་རིམས་དང་བཅས། །རྣག་དང་བཅས་པའི་ཁྲག་འཛག་ལ། །སོ་ཡི་སྦྲེལ་མཚམས་ཞིག་པ་ནི། །ཁོང་སྟོང་ཆེན་པོ་ཞེས་བཤད་དོ། །ཞེས་བྱ་བ་ལ། སྐྲངས་པ་དེ་ཉིད་འདུས་པའི་ནད་ ལས་གྱུར་ཅིང་སྐྲངས་པ་དང་། རིམས་ཀྱིས་འདེབས་པ་དང་། དེ་བཞིན་དུ་རྣགས་དང་བཅས་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ནི། མིང་ཁོང་སྟོང་ཆེན་པོ་ཞེས་བྱའོ་ཞེས་དྲང་སྲོང་ཆེན་པོ་རྣམས་ཀྱིས་བཤད་དོ། །བད་ཀན་གྱིས་ནི་སོ་ཡི་མཐར། །ཤ་མཛེར་ལྟར་སྐྲང་འགྲམ་པ་ དང་། །རྣ་བ་ན་བྱེད་སྤྱོད་ལམ་ཉམས། །དེ་ནི་ཤ་ལྷག་ཅེས་བྱར་བཤད། །ཅེས་བྱ་བ་ལ། བད་ཀན་འཁྲུགས་པར་གྱུར་པས་ཤའི་མཛེར་པ་ལྟ་བུའི་སྐྲངས་པ་འབྱུང་བར་འགྱུར་ཞིང་། དེས་འགྲམ་པ་དང་རྣ་བ་ན་བར་བྱེད་པ། རང་གི་སྤྱོད་ལམ་ཁ་ཟས་ཟ་བ་ཉམས་པར་བྱེད་པའི་ནད་དེ་ནི་ 202-1-187a ཤ་ལྷག་སྐྱེས་པའམ། ཤའི་རྨེན་བུ་ཞེས་བྱ་བར་བཤད་དོ། །རྙིལ་ནི་བདར་བར་གྱུར་པ་ལས། །ནད་ཚབས་ཆེན་པོར་འབྱུང་འགྱུར་ཞིང་། །གང་ཞིག་སོ་ནི་འགུལ་གྱུར་པ། །དེ་ནི་སྣད་པ་ལས་བྱུང་ཡིན། །ཞེས་བྱ་བ་ལ། སོ་ཤིང་ལ་སོགས་པས་ བདར་ཅིང་བྲུད་པར་གྱུར་པ་ལས་ཤས་ཆེར་ན་བ་ལ་སོགས་པར་གྱུར་པའི་ནད་དེ་ནི་སོ་སྣད་པ་ལས་བྱུང་བ་ཞེས་བྱའོ། །རྙིལ་ལ་བརྟེན་པར་བྱེད་པའི་ནད། །གསོར་རུང་ཡལ་བར་བོར་བ་གང་། །ནང་དུ་དེ་ནི་ནད་འཛག་པས། །དེས་ནི་རྒྱུན་ལམ་ཕྲ་བ་སྐྱེད། །དེ་ནི་ཡང་ཡང་རྣག་འཛག་ཅིང་། ། པགས་པ་ཤ་དང་རུས་པ་འབིགས། །ཞེས་བྱ་བ་ལ། མི་གང་གི་རྙིལ་ལ་བརྟེན་པ་ལ་ནི་ནད་གསོར་རུང་ཞིང་བཅོས་སུ་འདོད་པ་གང་ཡིན་པ་དག་ཡལ་བར་བོར་བར་གྱུར་ན་ནད་དེའི་སྐྱོན་ནང་དུ་འཛག་པས་དེའི་ནང་གི་རྒྱུན་ལམ་གྱི་བུ་ག་ཕྲ་མོ་བསྐྱེད་ལ་བུ་ག་དེ་ལས་ཡང་དང་ཡང་དུ་རྣག་ འཛག་ཅིང་པགས་པ་དང་ཤ་དང་རུས་པ་འབིགས་པར་བྱེད་དོ། །དེ་ཡང་རང་རང་མཚན་ཉིད་ནི། །ཇི་སྐད་བཤད་པས་ལྔར་ཤེས་བྱ། །ཞེས་བྱ་བ་ལ། ཕྲ་མོར་འབིགས་པའི་ནད་དེ་ཡང་ནད་རང་རང་གི་མཚན་ཉིད་ཀྱིས་རྣམ་པ་ལྔར་འགྱུར་བ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་ ན་རྙིལ་གྱི་ནད་ནི་བཅུ་གསུམ་དུ་ཤེས་པར་བྱའོ། །ལྕེ་ནི་ཤ་ཁའི་ལོ་ལྟར་རྩུབ། །ཚོར་བ་མེད་གས་རླུང་གནོད་ཡིན། །ཞེས་བྱ་བ་ལ། རླུང་གི་ནད་ཀྱིས་གནོད་པར་གྱུར་པའི་ལྕེའི་ནད་ནི། ཤིང་ཤ་ཁ་ཞེས་བྱ་བའི་ལོ་མ་ལྟར་རེག་ན་རྩུབ་པ་དང་། ཚོར་བ་མེད་ཅིང་བེམ་བེམ་པོར་ འདུག་པ་དང་། ཁ་མང་དུ་གས་པ་ཡིན་ནོ། །མཁྲིས་པས་ཚ་ཞིང་ནད་བཅས་འགྱུར། །མཛེར་པ་དམར་པོས་ཁྱབ་པ་ཡིན། །ཞེས་བྱ་བ་ལ། མཁྲིས་པས་གནོད་པར་གྱུར་པའི་ལྕེ་ནི་ཚ་བ་འུར་འུར་པོར་འདུག་པ་དང་། ནད་དང་བཅས་པ་ཡིན་ལ། དེ་བཞིན་དུ་མཛེར་པ་དམར་ པོས་ཁྱབ་པར་གྱུར་པ་ཡིན་ནོ། །བད་ཀན་ལས་གྱུར་ཤལ་མ་ལིའི། །ཚེར་མས་ཁྱབ་གྱུར་ལྕི་ཞིང་མཐུག །ཅེས་བྱ་བ་ལ། བད་ཀན་གྱིས་གནོད་པར་གྱུར་པའི་ལྕེ་ནི་ཤལ་མ་ལིའི་ཚེར་མ་འདྲ་བའི་ཤའི་མཛེར་པས་ཁྱབ་པར་གྱུར་པ་དང་། རང་བཞིན་ལྕི་ཞིང་མཐུག་པར་ 202-1-187b གྱུར་པ་ཡིན་ནོ། །བད་ཀན་མཁྲིས་པས་འོག་ཏུ་སྐྲང་། །མཐོ་ཞིང་གྱོང་བར་བྱེད་པ་དང་། །སྨིན་ན་ཉ་ཡི་དྲི་འདྲ་ལ། །ཤ་འདྲུལ་ཆུ་སེར་ཅན་ཞེས་བྱ། །ཞེས་བྱ་བ་ལ། བད་ཀན་དང་མཁྲིས་པ་ལས་གྱུར་པའི་ནད་ཀྱིས་འོག་ཏུ་སྐྲང་ཞིང་མཐོ་བ་དང་། དེ་ཉིད་ཀྱིས་ནི་ལྕེ་གྱོང་ཞིང་སྲབ་པར་བྱེད་པ་ དང་། སྨིན་ཅིང་རྣགས་པར་གྱུར་ན་ཉ་རུལ་བའི་དྲི་འདྲ་ལ། ལྕེའི་ཤ་འདྲུལ་ཅིང་ཞིགས་པ་དེ་ནི་ལྕེ་ནད་ཆུ་སེར་ཅན་ཞེས་བྱའོ། །ལྕེ་རྩའི་འོག་དང་འབྲེལ་པ་ནི། །སྐྲང་ཞིང་ལྕེ་ཡི་རྩེ་མོ་འདྲ། །མཛེར་པ་བྱུང་ཞིང་ཁ་ཆུ་འཛག །ལྕེ་ནི་རིངས་ཤིང་རྩུབ་པ་དང་། །གཡའ་དང་ནད་བཅས་ཚིག་ མི་ཐོན། །ཟ་བར་མི་ནུས་ལྕེ་ལྷག་ཡིན། །ཞེས་བྱ་བ་ལ། ལྕེའི་ཕུགས་ཀྱི་རྩའི་འོག་དང་འབྲེལ་པ་དེ་སྐྲང་ཞིང་ལྕེའི་རྩེ་མོ་འདྲ་བའི་མཛེར་པ་བྱུང་བ་དང་། ཁ་ཆུ་དང་ཁྲག་འཛག་པ་དང་། ལྕེ་རེངས་ཤིང་གྱོང་བ་དང་། ཁ་ཟས་ཟ་མི་ནུས་པ་དེ་ནི་མིང་ལྕེ་ལྷག་ཅེས་བྱ་བ་ཡིན་ནོ། ། དེ་དང་འདྲ་བ་ལྕེ་སྟེང་ན། །གནས་པ་ཉེ་བའི་ལྕེ་ཞེས་བྱ། །ཞེས་བྱ་བ་ལ། བཤད་མ་ཐག་པའི་མཚན་ཉིད་དང་འདྲ་བའི་སྐྲངས་པའི་ནད་ལྕེའི་སྟེང་ན་གནས་པ་ནི་ཉེ་བའི་ལྕེ་ཞེས་བྱ་བའི་མིང་འདིས་བཤད་པ་ཡིན་ནོ། །དེ་ལྟར་ན་ལྕེའི་ནད་ནི་དྲུག་ཡོད་པ་ཡིན་ནོ། །རླུང་འཁྲུགས་ པ་ནི་རྐན་གྱི་ཤར། །འབྲུམ་ཕྲན་སྲ་ཞིང་ནད་བཅས་འགྱུར། །མང་ཞིང་མཐུག་ལ་འཛག་པར་བཅས། །རྐན་གྱི་འབྲུམ་ཕྲན་ཞེས་དེ་བཤད། །ཅེས་བྱ་བ་ལ། རླུང་གི་ནད་འཁྲུགས་པས་རྐན་གྱི་ཤ་ལ་གནོད་པར་གྱུར་ན་འབྲུམ་ཕྲན་སྲ་ཞིང་ན་བ་དང་བཅས་པ་དང་། མང་ བ་དང་། མཐུག་ཅིང་འབྲུམ་བུ་འདུས་པ་དང་། ཆུ་སེར་འཛག་པ་དང་བཅས་པར་འབྱུང་སྟེ། འབྲུམ་བུ་དེ་ནི་མིང་བད་ཀན་གྱི་འབྲུམ་ཕྲན་ཞེས་བྱའོ་ཞེས་དྲང་སྲོང་རྣམས་ཀྱིས་བཤད་དོ། །བད་ཀན་ཁྲག་གིས་རྐན་ཕུགས་སུ། །ཉ་ཡི་ལྒང་པ་འདྲ་ཞིང་འཇམ། །འཕྱང་ཞིང་ སྐྲངས་ལ་སྤྱི་བག་ཅན། །ཁ་ཟས་སྣ་ནས་འབྱུང་བར་བྱེད། །ལྐོག་འགགས་སྐོམ་དད་ལུད་པ་དང་། །སློན་བྱེད་ལྐོག་མའི་ཤ་ལྷག་ཡིན། །ཞེས་བྱ་བ་ལ། བད་ཀན་ཁྲག་དང་འདྲེས་པས་རྐན་གྱི་ཕུགས་སུ་ཉའི་ལྒང་པ་འདྲ་བ་འཇམ་ཞིང་རབ་ཏུ་འཕྱང་ལ་སྤྱི་བག་ཅན་དུ་ 202-1-188a སྐྲངས་པ་དང་། དེའི་དབང་གིས་ཁ་ཟས་སྣ་ནས་འབྱུང་བར་བྱེད་པ་དང་། ལྐོག་མ་འགགས་པ་ལ་སོགས་པ་སྐྱེད་པར་བྱེད་དོ། །ནད་དེ་ནི་ལྐོག་མའི་ཤ་ལྷག་ཅེས་བྱ་བ་ཡིན་ནོ། །རྐན་གྱི་དབུས་སུ་ནད་མེད་ཤ །འདུས་པ་རྐན་འདུས་ཞེས་བྱའོ། །ཞེས་ བྱ་བ་ལ། རྐན་གྱི་དབུས་ཀྱི་ཕྱོགས་སུ་ཤ་འདུས་ཤིང་སྤུངས་པ་ནད་མེད་པར་སྐྱེས་པ་གང་ཡིན་པ་དེ་ནི་མིང་རྐན་འདུས་པ་ཞེས་བྱའོ། །རྐན་གྱི་དབུས་སུ་པདྨ་འདྲ། །ཁྲག་ལས་སྐྱེས་པ་ཆུ་བུར་ཡིན། །ཞེས་བྱ་བ་ལ། རྐན་གྱི་དབུས་ཀྱི་ཕྱོགས་སུ་པདྨ་འདྲ་བར་སྐྲངས་པ་ཁྲག་ ལས་སྐྱེས་པའི་ནད་གང་ཡིན་པ་དེ་ནི་མིང་ཆུ་བུར་ཞེས་བྱའོ། །བད་ཀན་འཁྲུགས་པས་རིང་ནས་འཕེལ། །ནད་མེད་རུས་སྦལ་འདྲ་ཞེས་བྱ། །ཞེས་བྱ་བ་ལ། བད་ཀན་འཁྲུགས་པར་གྱུར་པ་ལས་སྐྲངས་པའི་ནད་གང་ཡང་ཡུན་རིང་ཞིག་ནས་འཕེལ་བ་གང་ཡིན་པ་དེ་ནི་མིང་རུས་སྦལ་ འདྲ་བ་ཞེས་བྱའོ། །བད་ཀན་ཚིལ་གྱིས་རྒྱ་སྲན་འདྲ། །ནད་མེད་བརྟན་པ་འབུར་བ་ཡིན། །ཞེས་བྱ་བ་ལ། བད་ཀན་དང་ཚིལ་འཕེལ་བར་གྱུར་པ་ལས་སྐྲང་ནད་གང་རྒྱ་སྲན་གྱི་དབྱིབས་འདྲ་ཞིང་ཡུན་རིང་དུ་གནས་པར་འབྱུང་བ་གང་ཡིན་པ་དེ་ནི་མིང་འབུར་བ་ཞེས་བྱའོ། །མཁྲིས་ པས་རྣགས་པ་སྨིན་ཞེས་བྱ། །རྣག་འཛག་ནད་དཀྱེལ་ཆེ་བ་ཡིན། །ཞེས་བྱ་བ་ལ། མཁྲིས་པ་འཁྲུགས་པས་རྐན་གྱི་ནང་དུ་རྣགས་པར་གྱུར་པ་ནི་སྨིན་པ་ཞེས་བྱའོ། །དེ་ནི་རྣག་འཛག་པ་དང་ནད་ཀྱི་དཀྱེལ་ཆེ་བ་ཡིན་ནོ། །རླུང་མཁྲིས་ལས་གྱུར་ཚ་ཉོན་མོངས། །རྐན་སྐམ་དེ་ཡི་མིང་ ཅན་ཡིན། །ཞེས་བྱ་བ་ལ། རླུང་དང་མཁྲིས་པ་ལས་གྱུར་པའི་རྐན་གྱི་ནད་ཚ་ཞིང་སྐྲངས་པ་དེ་ཤས་ཆེར་སྡུག་བསྔལ་བ་དང་། རྐན་གྱི་ཕྱོགས་སྐམ་པ་གང་ཡིན་པ་དེ་ནི་དེའི་མིང་ཅན་ཏེ་རྐན་སྐམ་པ་ཞེས་བྱའོ། །དེ་ལྟར་ན་རྐན་གྱི་ནད་རྣམ་པ་བརྒྱད་ཡིན་ནོ། །ལྕེ་དང་འབྲེལ་པ་ལྐོག་ མའི་ནད། །ཤ་ཡི་མྱུ་གུ་མྱུར་འཕེལ་ཞིང་། །མི་བཟད་ལམ་ནི་འགོག་བྱེད་པ། །མྱུར་གསོད་བྱེད་པ་གག་པ་ཡིན། །ཞེས་བྱ་བ་ལ། ལྐོག་མའི་ཕྱོགས་སུ་ལྕེ་དང་འབྲེལ་ཅིང་ལྕེ་རྩ་ལས་བྱུང་བ་ལྐོག་མའི་ནང་ཤའི་མྱུ་གུ་ལྟ་བུའི་ཤ་ལྷག་སྐྱེ་ཞིང་འཕེལ་བར་བྱེད་ལ། མི་བཟད་ 202-1-188b ཅིང་བརྣག་པར་དཀའ་བ་ལྐོག་མའི་ལམ་འགོག་པར་བྱེད་པ་མྱུར་དུ་གསོད་ཅིང་འཇོམས་པར་བྱེད་པ་གང་ཡིན་པ་དེ་ནི་མིང་གག་པ་ཞེས་བྱའོ། །དེ་ནི་རླུང་གྱུར་ལྐོག་མ་ཁ། །སྐམ་བྱེད་འགྲམ་པ་རྣ་ནད་སྐྱེད། །ཅེས་བྱ་བ་ལ། གག་པ་དེ་རླུང་ལས་གྱུར་པ་ལ་ནི་ལྐོག་མ་དང་ཁ་ སྐམ་པར་བྱེད་པ་དང་། འགྲམ་པ་དང་རྣ་བའི་ནད་སྐྱེད་པར་བྱེད་པ་ཡིན་ནོ། །མཁྲིས་པས་རིམས་སྐོམ་རྨོངས་བག་ཅན། །ལྐོག་འགགས་དུད་པས་བདུགས་སྙམ་སེམས། །མྱུར་སྨིན་མྱུར་དུ་འཕེལ་བ་དང་། །དམར་ཞིང་རེག་ན་མི་བཟོད་བྱེད། །ཅེས་བྱ་བ་ལ། མཁྲིས་ པ་ལས་གྱུར་པའི་གག་པ་ནི་རིམས་དང་སྐོམ་དད་ལ་སོགས་པ་དང་ལྡན་པར་འགྱུར་ཞིང་ལྐོག་མ་འགགས་པ་ལ་སོགས་པའི་མཚན་ཉིད་ཅན་ཡིན་ནོ། །བད་ཀན་གྱིས་དཀར་འབྱར་བག་ཅན། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་གག་པའི་མཚན་ཉིད་ནི་དཀར་ཞིང་མདོག་ སྐྱ་བ་དང་སྦྱིན་ཞིང་འབྱར་བག་ཅན་དུ་འདུག་པ་ཡིན་ནོ། །ཁྲག་གྱུར་འབྲུམ་བུས་ཁྱབ་པ་དང་། །མེ་མདག་འདྲ་ཞིང་རྣ་ནད་སྐྱེད། །མཁྲིས་པ་ལས་གྱུར་མཚན་ཉིད་མཚུངས། །ཞེས་བྱ་བ་ལ། ཁྲག་འཁྲུགས་པ་ལས་གྱུར་པའི་གག་པ་ནི་འབྲུམ་བུ་ཕྲ་མོས་ཁྱབ་པ་དང་། མེ་མདག་ དང་རེག་པའི་ཚུལ་འདྲ་བའམ་མདོག་འདྲ་བ་དང་། རྣ་བ་གཉིས་ན་བར་བྱེད་པ་དང་། མཁྲིས་པ་ལས་གྱུར་པའི་གག་པའི་མཚན་ཉིད་དང་མཐུན་པ་ཡིན་པར་ཤེས་པར་བྱའོ། །འདུས་གྱུར་རྣག་ཕུགས་གཏིང་རིང་ཞིང་། །མཚན་མ་ཀུན་དང་ལྡན་པ་ཡིན། །ཞེས་བྱ་བ་ལ། ནད་གཞི་ གསུམ་འདུས་པ་ལས་གྱུར་པའི་གག་པ་ནི་རྣག་ཕུགས་གཏིང་རིང་ཞིང་ཟབ་སྟེ་མི་མངོན་པ་དང་། རླུང་ལ་སོགས་པའི་མཚན་མ་ཐམས་ཅད་དང་ལྡན་པ་ཡིན་ནོ། །བད་ཀན་ཤས་ཆེར་སྐྲངས་པ་དང་། །རྨེན་བུ་རྒྱ་ཤུག་འདྲ་ཞིང་མཐོ། །གྲ་མ་ཚེར་མས་གང་སྙམ་བྱེད། །ལམ་ འགག་བྱེད་པ་རྩ་བ་ཡིན། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་ལས་བད་ཀན་ཤས་ཆེ་བར་གྱུར་པས་ནི། ལྐོག་མའི་ཕྱོགས་སྐྲངས་པ་དང་། རྨེན་བུ་ཤ་ཁྱུད་རྒྱ་ཤུག་གི་དབྱིབས་འདྲ་ཞིང་མཐོ་བ་སྐྱེ་བ་དང་། གྲ་མའམ་ཚེར་མས་ནང་དུ་གང་བ་སྙམ་བྱེད་པ་དང་། 202-1-189a ལྐོག་མའི་ངོས་ན་འགག་པར་བྱེད་པ་ནི། མིང་པདྨའམ། ཀུ་མུ་དའི་རྩ་བ་འདྲ་བའི་ཕྱིར་རྩ་བ་ཞེས་བྱའོ། །བླུམ་ཞིང་མཐོ་ལ་ཚ་བ་དང་། །ལྐོག་མའི་ངོས་གནས་འདུས་པ་ཡིན། །ཞེས་བྱ་བ་ལ། ལྐོག་མའི་ངོས་ན་གནས་པའི་སྐྲངས་པའི་ནད་ཟླུམ་པ་ལ་ སོགས་པའི་མཚན་ཉིད་ཅན་དེ་ནི་མིང་འདུས་པ་ཞེས་བྱའོ། །འགྲམ་པའི་མཚམས་གནས་མགུལ་པའི་ནད། །རས་བལ་ས་བོན་ལྟ་བུར་ཟླུམ། །སྤྱི་བག་ནད་ཚབས་ཆུང་བར་སྐྲང་། །སྲ་བ་མཆུ་རྩེ་ཅན་ཞེས་བྱ། །ཞེས་བྱ་བ་ལ། མགུལ་པའི་ཕྱོགས་སུ་སྐྲངས་པའི་ནད་གངས་ བལ་གྱི་ས་བོན་དང་དབྱིབས་འདྲ་བའི་ཟླུམ་པོ་སྤྱི་བག་ཅན་ཤས་ཆེར་མི་ན་བ་སྐྲང་ཞིང་སྲ་བ་དེ་ནི་མིང་མཆུ་རྩེ་ཅན་ཞེས་བྱའོ། །ཕྱི་དང་ནང་དུ་མི་བཟད་སྐྲང་། །ལྐོག་མའི་ལམ་གྱི་གཏན་པ་འདྲ། །མགོ་ལྕི་སྣུམ་དང་ཁ་ཆུ་འཛག །རིམས་སྐྱེད་ལྐོག་མཆུ་འཛིངས་པ་ཡིན། །ཞེས་ བྱ་བ་ལ། ལྐོག་མའི་ཕྱོགས་སུ་སྐྲངས་པའི་ནད་གང་ཕྱི་ནང་དུ་ཤས་ཆེར་སྐྲང་ཞིང་ལྐོག་མའི་རྒྱུན་ལམ་གྱི་གཏན་པ་འདྲ་བར་སྐྱེ་ཞིང་མགོ་བོ་ལྕི་བ་ལ་སོགས་པ་གང་ཡིན་པ་དེ་ནི། ལྐོག་མའི་མཆུ་འཛིངས་པ་ཞེས་བྱའོ། །སྐྲངས་པ་ཤས་ཆེར་མི་ན་ཞིང་། །ཆུ་ཞེང་དེ་དང་གདུ་བུ་ ཡིན། །ཞེས་བྱ་བ་ལ། ལྐོག་མའི་ཕྱོགས་སུ་སྐྲངས་པ་གང་ནད་ཚབས་ཆུང་ཞིང་དཔངས་དང་རྒྱར་ཆུ་དང་ཞེང་གདུ་བུ་དང་འདྲ་བར་སྐྲངས་པའི་ནད་གང་ཡིན་པ་དེ་ནི་མིང་གདུ་བུ་ཞེས་བྱ་སྟེ། གདུ་བུ་དང་དབྱིབས་འདྲ་བའི་ཕྱིར་རོ། །ནད་ཀྱིས་ལྐོག་མར་ཤ་མཛེར་ནི། །གཅིག་གམ་མང་ སྐྱེས་ནད་ཚབས་ཆུང་། །དབུགས་འབྱིན་དཀའ་ཞིང་ཟས་མིད་དཀའ། །རྩ་བ་ཆེ་བ་ལྐོག་མའི་མཚོན། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་འཁྲུགས་པར་གྱུར་པས་ལྐོག་མའི་གནས་སུ་ཤའི་མཛེར་པ་གཅིག་གམ། མང་པོ་འབྱུང་བར་གྱུར་ཅིང་དབུགས་འབྱིན་པར་དཀའ་བ་ ལ་སོགས་པའི་མཚན་ཉིད་ཅན་གང་ཡིན་པ་དེ་ནི་ལྐོག་མའི་མཚོན་ཞེས་བྱའོ། །ཤ་ཡི་མཛེར་པ་མང་པོས་ཁྱབ། །རབ་སྐམ་ཚ་ལ་མགོ་བོ་ན། །མདུང་ལྟར་ཤིན་ཏུ་ནད་སྐྱེད་བྱེད། །མཛེར་པས་ཁྱབ་པས་མདུང་འདྲ་ཡིན། །ཞེས་བྱ་བ་ལ། ཤའི་མཛེར་པ་མང་པོས་ཁྱབ་ཅིང་གཡོགས་ 202-1-189b པ་རབ་ཏུ་སྐོམ་པ་ལ་སོགས་པ་དང་ལྡན་པའི་མཛེར་པ་མང་པོ་མདུང་ལྟར་ཤིན་ཏུ་ནད་སྐྱེད་པར་བྱེད་པའི་ལྐོག་མའི་ནད་དེ་ནི་མདུང་ལྟ་བུའི་ནད་ཅེས་བྱའོ། །ལྐོག་མ་ཀུན་ནི་མྱུར་ཁྱབ་ཅིང་། །མྱུར་སྐྱེ་མྱུར་སྨིན་ཤས་ཆེར་ན། །རུལ་བའི་རྣག་འདྲ་འཛག་གྱུར་པ། །སྐྲངས་པ་ལྐོག་ མའི་ཁོང་འབྲས་ཡིན། །ཞེས་བྱ་བ་ལ། ལྐོག་མར་སྐྲངས་པས་ཁྱབ་པའི་ནད་གང་ལྐོག་མ་ཐམས་ཅད་ཁྱབ་པར་བྱེད་པ་དང་། དེ་བཞིན་དུ་མྱུར་དུ་སྐྱེ་ཞིང་མྱུར་དུ་སྨིན་པར་བྱེད་པ་དང་། དེ་བཞིན་དུ་ཤས་ཆེར་ན་བ་ལ་སོགས་པའི་ནད་དེ་ནི་ལྐོག་མའི་ཁོང་འབྲས་ཞེས་བྱའོ། །ལྕེ་ཡི་ མཐའ་མ་ལྐོག་མ་སོགས། །སྐྲང་ཞིང་སྨིན་པ་མེད་པའི་ནད། །བརྟན་པ་ཁྲག་གིས་སྐྱེད་བྱེད་པ། །ནད་མེད་ལྐོག་མའི་རྨེན་བུ་ཡིན། །ཞེས་བྱ་བ་ལ། ལྕེའི་མཐའ་མ་དང་ལྐོག་མའི་ཕྱོགས་ལ་སོགས་པར་སྐྲངས་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་དེ་ནི་ལྐོག་མའི་རྨེན་བུ་ ཞེས་བྱའོ། །རླུང་དང་བད་ཀན་ཚིལ་གྱིས་ནི། །ལྐོག་མའི་ཕྱི་རོལ་ལྦ་བ་སྐྱེས། །དེ་ནི་འཕེལ་བར་གྱུར་པའི་ཚེ། །རླིག་པ་ལྟར་འཕྱང་ན་བ་མེད། །ཅེས་བྱ་བ་ལ། རླུང་དང་བད་ཀན་དང་ཚིལ་གྱིས་ནད་འཁྲུགས་པར་གྱུར་པ་ལས། ལྐོག་མའི་ཕྱི་རོལ་དུ་ལྦ་བ་སྐྱེས་པར་གྱུར་ཅིང་། དེ་ཤས་ཆེར་ན་བ་མེད་ལ་རླིག་པ་ལྟར་འཕྱང་བ་ཡིན་ནོ། །དེ་ནི་རླུང་གྱུར་དམར་བའམ་གནག །ན་ཟུག་རྩ་རིས་ནག་པོར་བཅས། །འཕེལ་བས་ལྐོག་མ་ཁ་སྐམ་ཞིང་། །ལྕེ་ཡིས་རོ་མི་ཚོར་བར་བྱེད། །ཅེས་བྱ་བ་ལ། ལྐོག་མའི་སྦ་བ་དེ་རླུང་ཤས་ཆེ་བ་ལས་གྱུར་པ་ཡིན་ན་ནི། དམར་བའམ་ཤས་ཆེར་གནག་པར་སྣང་ཞིང་ན་ཞིང་ཟུག་པ་ཤས་ཆེ་བར་གྱུར་པ་དང་། རྩའི་རི་མོ་ནག་པོ་དང་བཅས་པ་དང་། དེ་འཕེལ་བར་གྱུར་ན་ལོག་མ་སྐམས་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །བད་ཀན་ལས་ལྕི་རེག་ན་གྲང་། །བརྟན་ཞིང་སྐྱ་ལ་གཡའ་ དང་བཅས། །འཕེལ་ན་རྐན་དང་ལྐོག་མར་ཆགས། །ཁ་ནི་མངར་བ་བྲོ་བར་བྱེད། །ཅེས་བྱ་བ་ལ། ལྐོག་མའི་སྦ་བ་དེ་བད་ཀན་ལས་གྱུར་པའི་རང་བཞིན་ལྕི་བ་དང་། རེག་ཅིང་མྱང་ན་གྲང་བ་ལ་སོགས་པ་ཡིན་ལ། དེ་འཕེལ་བར་གྱུར་ན་བད་ཀན་དང་ལྐོག་མའི་ཕྱོགས་སུ་སྤྱི་བག་ 202-1-190a ཅན་ཆགས་པར་འགྱུར་བ་དང་། ཁའི་ནང་རོ་མངར་བ་བྲོ་བར་བྱེད་པ་ཡིན་ནོ། །ཚིལ་གྱུར་བད་ཀན་ལྟ་བུར་ན། །དེ་ནི་འཕེལ་འབྲི་ལུས་འདར་བྱེད། །འཕེལ་བར་བྱེད་པའི་ཚེ་ན་ནི། །སྐོག་མར་སྒྲ་བཅས་སྐད་གསང་ཉམས། །ཞེས་བྱ་བ་ལ། ཚིལ་ འཕེལ་བ་ལས་གྱུར་པའི་སྦ་བ་ནི་བད་ཀན་གྱི་ལྦ་བ་དང་རང་བཞིན་འདྲ་ཞིང་དེ་ཆེད་འགའ་ནི་འཕེལ་ལ། ཆེད་འགའ་ནི་འབྲི་བར་བྱེད་དེ། ཚིལ་རྒྱས་ན་ནི་འཕེལ་ལ། ཚིལ་བྲིན་འབྲི་བར་ཤེས་པར་བྱའོ། །གཞན་ཡང་སྦ་བ་འཕེལ་བར་བྱེད་པའི་ཚེ་ན་ནི་ལྐོག་མར་སྒྲ་ངར་ངར་པོ་དང་བཅས་པ་ དང་། སྐད་གསང་ཉམས་ཤིང་ཆུང་བར་འགྱུར་རོ། །བད་ཀན་གྱིས་ནི་རླུང་རྒྱུན་བཀག །ལྐོག་སྐམ་སྐད་གསང་ཉམས་པ་དང་། །དཀའ་བས་དབུགས་འབྱིན་མུན་ཞུགས་སྙམ། །རླུང་ལས་སྐད་ཉམས་གང་ཡིན་འགྱུར། །ཞེས་བྱ་བ་ལ། བད་ཀན་འཁྲུགས་པར་གྱུར་པ་ ལས་གང་གི་ཚེ་རླུང་རྒྱུ་བའི་རྒྱུན་བཀག་པར་འགྱུར་ཞིང་། དེ་བཞིན་དུ་མི་དེ་ལྐོག་མ་སྐམས་པ་དང་། སྐད་གསང་དེ་ཤིན་ཏུ་ཉམས་པར་འགྱུར་བ་དང་། དབུགས་ཉམ་ཐག་པར་འབྱིན་པ་དང་། མུན་པར་ཞུགས་པ་སྙམ་དུ་མུན་འཐིབས་ཞེས་བྱེད་པར་འགྱུར་བ་དང་། རླུང་གི་ནད་ གང་གིས་སྐད་གསང་ཉམས་པ་ཞེས་བྱ་བར་ཉམས་པར་འགྱུར་ཏེ། དེ་ལྟར་ན་ལྐོག་མའི་ནད་བཅོ་བརྒྱད་ཡིན་ནོ། །རླུང་ནི་ཀུན་ཏུ་འགྲོ་བྱེད་པས། །ཁ་ནང་རྨ་ནི་འཕོ་བར་བྱེད། །དམར་ལ་རྩུབ་པ་སྐྱེད་བྱེད་ཅིང་། །མཆུ་དམར་པགས་པ་ལྷོད་པ་དང་། །ལྕེ་ཡིས་གྲང་བ་མི་བཟོད་ ལྕི། །གས་ཤིང་ཚེར་མས་ཁྱབ་འདྲར་སྣང་། །ཁ་མནམ་གདངས་པར་དཀའ་བ་ནི། །ཁ་ཡི་ཤུ་བ་ཞེས་བྱར་བཤད། །ཅེས་བྱ་བ་ལ། རླུང་ཀུན་འགྲོ་བ་གཡོ་བར་བྱེད་པས་ཁའི་ནང་དུ་རྨ་འཕོ་ཞིང་ཡན་མན་དུ་གནས་འཕོ་བར་བྱེད་པ་དང་། མདོག་དམར་ཞིང་རྩུབ་པ་སྐྱེད་པར་བྱེད་ པ་དང་། དེ་བཞིན་དུ་མཆུ་ཟངས་ལྟར་དམར་བ་དང་། པགས་པ་ལྷོད་ཅིང་འགུལ་བ་དང་། །ལྕེས་གྲང་བ་མི་བཟོད་ཅིང་རང་བཞིན་ལྕི་བ་དང་། མཆུ་གས་ཤིང་ཚེར་མས་ཁྱབ་པ་ལྟར་སྣང་བ་དང་། རྣགས་ཤིང་ཤུ་བ་བྱུང་བས་ཁ་གདངས་པ་བཀའ་བར་གྱུར་པའི་ནད་དེ་ནི་མིང་ 202-1-190b ཁའི་ཤུ་བ་ཞེས་བཤད་དོ། །བད་ཀན་གཞང་འབྲུམ་སྐྲན་སོགས་ཀྱིས། །འོག་ཏུ་གནོད་པར་བྱས་པའི་རླུང་། །གྱེན་འབྱུང་ཁ་ནི་དྲི་མི་ཞིམ། །དེ་ནི་སྟེང་གི་རྐུབ་ཅེས་བྱ། །ཞེས་བྱ་བ་ལ། བད་ཀན་ལ་སོགས་པས་རླུང་འོག་ཏུ་རྒྱུ་བ་བཀག་པར་གྱུར་པས་གནོད་པར་གྱུར་ན། རླུང་ དེ་གྱེན་དུ་འབྱུང་བས་ཁ་དེ་དྲི་མི་ཞིམ་པར་འགྱུར་ཏེ། དེའི་མིང་ནི་སྟེང་གི་རྐུབ་ཅེས་བྱ་སྟེ། འཕྱེན་གྱི་རླུང་སྟེང་དུ་འབྱུང་བར་འགྱུར་བའི་ཕྱིར་རོ། །མཁྲིས་གྱུར་ཁ་ཤུ་ཁ་རྣག་ཅིང་། །ཚ་ན་ཁ་ནི་ཚ་བྲོ་ལ། །རྨ་ལ་ལན་ཚྭས་བྱུགས་སྙམ་སེམས། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་ ཁའི་ཤུ་བ་ནི་ཁ་རྣགས་པར་འགྱུར་བ་དང་། ཚ་བ་དང་། ན་བ་དང་། ཁའི་ནང་ཚྭ་བྲོ་བར་འགྱུར་བ་དང་། རྨ་ལན་ཚྭས་བྱུགས་ཤིང་བསྐུས་པ་དང་འདྲ་བར་འགྱུར་བ་ཡིན་ནོ། །ཁྲག་ལས་གྱུར་པའང་དེ་དང་འདྲ། །ཞེས་བྱ་བ་ལ། ཁྲག་ལས་གྱུར་པའི་ཁ་ཤུ་ནི་མཁྲིས་པ་ལས་ གྱུར་པའི་ཁ་ཤུ་དང་མཚན་ཉིད་འདྲ་བར་ཤེས་པར་བྱའོ། །བད་ཀན་ལས་གྱུར་ཁ་མངར་བྲོ། །གཡའ་ཞིང་རྨ་ནི་འབྱིལ་བག་ཅན། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་ཁ་ཤུ་ནི། ཁའི་ནང་རོ་མངར་བ་བྲོ་བ་དང་། ཤུ་བའི་རྨ་དེ་གཡའ་བ་ལ་སོགས་པའི་མཚན་ཉིད་ཅན་ ཡིན་ནོ། །མཁུར་ཚོས་ནང་དུ་བརྟེན་ནས་ནི། །འབྲུམ་བུ་གནག་ཅིང་སྐྱ་བ་འབྱུང་། །དེ་ནི་མཉེ་ཞིང་བཅད་པ་དང་། །བསྐྱོད་ན་འཕེལ་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། བད་ཀན་འཕེལ་བར་བྱེད་པ་མཁུར་ཚོས་ཀྱི་ནང་དུ་བརྟེན་ཅིང་གནས་ན་འབྲུམ་བུ་གནག་ཅིང་སྐྱ་བ་འབྱུང་བར་ འགྱུར་ཏེ། འབྲུམ་བུ་དེ་ལག་པས་མཉེ་ཞིང་བསྐྱོད་པ་ལ་སོགས་པ་བྱས་ན། སླར་འཕེལ་ཞིང་རྒྱས་པར་འགྱུར་རོ། །ནད་ནི་ཁྲག་བཅས་གྱུར་ཁ་ཤུ། །ཁ་ཤུ་ནད་ནི་ཁྲག་བཅས་འགྱུར། །འདུས་པའི་མཚན་ཉིད་ཀུན་དང་ལྡན། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་ཁྲག་དང་ བཅས་པ་ལས་གྱུར་པའི་ཁ་ཤུ་ནི། མཚན་ཉིད་སྔར་སྨོས་པ་ཐམས་ཅད་དང་ལྡན་པ་ཡིན་ནོ། །དེ་ཉིད་སོ་ཤིང་ལ་སོགས་ལ། །མི་དགའ་ཁ་དྲི་མི་ཞིམ་འགྱུར། །ཞེས་བྱ་བ་ལ། ནད་ཁྲག་དང་བཅས་པ་དེ་ཉིད་སོ་ཤིང་ལ་སོགས་པ་ལ་མི་དགའ་ཞིང་བསྟེན་པར་མི་བྱེད་པས། ཁ་དྲི་མི་ 202-1-191a ཞིམ་ཞིང་དྲི་མནམ་པར་འགྱུར་རོ། །མཆུ་དང་མཁུར་ཚོས་སོ་རྩ་དང་། །ལྕེ་དང་རྐན་དང་མགུལ་པ་དང་། །ཁ་དང་ཐམས་ཅད་དག་གི་ནི། །ནད་ནི་བདུན་ཅུ་རྩ་ལྔ་ཡིན། །བཅུ་གཅིག་གཅིག་དང་བཅུ་དང་ནི། །བཅུ་གསུམ་དེ་བཞིན་དྲུག་དང་བརྒྱད། །བཅོ་བརྒྱད་ བརྒྱད་པོ་དག་དང་ནི། །དེ་དག་གོ་རིམས་བཞིན་དུ་སྦྱར། །ཞེས་བྱ་བ་ལ། མཆུའི་ནད་ནི་བཅུ་གཅིག་ཡོད་པར་བཤད་དོ། །མཁུར་ཚོས་ལ་ནི་གཅིག་ཡོད་དོ། །སོ་ལ་ནི་བཅུ་ཡོད་དོ། །སོ་རྩ་ལ་ནི་བཅུ་གསུམ་ཡོད་དོ། །ལྕེ་ལ་ནི་དྲུག་ཡོད་དོ། །རྐན་ལ་ནི་བརྒྱད་ཡོད་དོ། །མགུལ་པ་ལ་ནི་བཅོ་བརྒྱད་ ཡོད་དོ། །ཁ་ལ་ནི་བརྒྱད་ཡོད་དོ། །དེ་ལྟར་ན་ཁ་ནད་ནི་སྤྱིར་བདུན་ཅུ་རྩ་ལྔ་ཡོད་པ་ཡིན་ནོ། །སོ་སྟོ་ཤ་དང་ཁྲག་གྱུར་མཆུ། །ཆུ་བུར་ཆུ་ནི་མེད་པ་དང་། །རྐན་གྱི་རུས་སྦལ་འབྲུམ་ཕྲན་དང་། །མིད་ཁོང་སྟོང་སྟོང་ཆེ་མཆུ་འཛིངས། །སྐད་ཉམས་སོ་སྔོན་སྟེང་གི་རྐུབ། །མདུང་འདྲ་གདུ་བུ་ཆུ་ སེར་ཅན། །འདུས་གྱུར་མིད་པ་མཆུ་ནད་དང་། །ཁྲག་དང་འདུས་གྱུར་གག་པ་དང་། །སོ་གོགས་སོ་ནི་ཆག་པ་དང་། །སྨིན་པའི་ཉེ་བའི་ལྕེ་དང་ནི། །ལྐོག་མའི་ལྦ་བ་སྐད་ཉམས་དང་། །དབུགས་མི་ཐོན་པ་ལོ་གཅིག་ལོན། །ཞེས་བྱ་བ་ལ། ནད་དེ་རྣམས་ཀྱི་ནང་ནས། སོ་སྟོ་ བ་ལ་སོགས་པའི་ནད་ནི་གསོར་མི་རུང་བ་ཡིན་ཏེ། སོ་ནད་ལས་ནི་སོ་སྟོ་བའོ། །མཆུ་ནད་ལས་ནི་ཤ་ལས་གྱུར་པ་དང་། ཁྲག་ལས་གྱུར་པའོ། །ཆུ་བུར་རམ་རྨེན་བུ་ལས་ནི་ནང་ན་ཆུ་ཡོད་པའི་ཆུ་བུར་མ་གཏོགས་པར་འབྲུམ་བུའི་ཆུ་བུར་ལྟ་བུ་དང་། རླུང་གི་ཆུ་བུར་དང་། བད་ཀན་གྱི་ ཆུ་བུར་དང་སྐྲང་པ་གསོར་མི་རུང་ངོ་། །བད་ཀན་གྱི་ནད་ལས་ནི་རུས་སྦལ་ལྟ་བུ་དང་། འབྲུམ་ཕྲན་ཞེས་བྱ་བ་དག་གསོར་མི་རུང་ངོ་། །ཡང་སོ་ནད་ལས་ནི་ཁོང་སྟོང་དང་ཁོང་སྟོང་ཆེན་པོ་གསོར་མི་རུང་ངོ་། །མིད་པའི་ནད་ལས་ནི་མཆུ་འཛིངས་དང་། སྐད་འགགས་པ་དང་། ཡང་སོའི་ནད་ ལས་ནི་སྔོན་པོ་དང་། ཁའི་ནད་ལས་སྟེང་གི་རྐུབ་དང་། མགུལ་པའི་ནད་ལས་མདུང་འདྲ་བ་དང་། གདུ་བུ་ལྟ་བུ་དང་། ལྕེའི་ནད་ཆུ་སེར་ཅན་དང་། འདུས་པ་ལས་གྱུར་པའི་མིད་པ་དང་། མཆུ་ནད་དང་། ཁྲག་དང་འདུས་པ་ལས་གྱུར་པའི་གག་པ་དང་། སོ་གོགས་པ་དང་ཆག་པར་གྱུར་ 202-1-191b པ་དང་། སྨིན་པའི་ཉེ་བའི་ལྕེ་ཡང་གསོ་དཀའོ། །ལྐོག་མའི་ལྦ་བ་ལ་སོགས་པ་ལོ་གཅིག་ལོན་པ་ཡང་གསོ་དཀའ་བ་ཡིན་ནོ། །སོ་བརྩེ་སོ་གས་འཚོ་བ་ཙམ། །ཞེས་བྱ་བ་ལ། སོ་བརྩེ་བ་དང་གས་པའི་ནད་གཉིས་ནི་རེ་ཞིག་འཚོ་བ་ཙམ་དུ་བྱ་བ་ཡིན་ནོ། །ལྷག་མ་མཚོན་དང་སྨན་ གྱིས་གསོ། །ཞེས་བྱ་བ་ལ། མཆུ་ལ་སོགས་པའི་ནད་ལྷག་མ་རྣམས་ནི་འོག་ནས་བཤད་པའི་ཚུལ་དུ་མཚོན་དང་སྨན་གྱི་སྦྱོར་བས་གསོ་བར་བྱའོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་ སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་ཉི་ཤུ་རྩ་གཅིག་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་ཁ་ནད་གསོ་བ་བཤད་པར་བྱའོ། །མཆུ་རལ་བ་ཡི་མཐའ་བྲུད་དེ། །བཙེམས་ལ་རྨ་ལྟར་གསོ་བར་བྱ། །ཞེས་བྱ་བ་ལ། མཆུ་རལ་བ་ཞེས་བྱ་བའི་མཆུ་ནད་ཀྱི་མཐའ་མ་བྲུད དེ། གཙགས་བུས་བྲུད་ཅིང་ཞལ་ཞལ་བྱས་ཏེ་སྦྱར་ལ་ལེགས་པར་བཙེམས་ཏེ་རྨ་གསོ་བའི་ཚུལ་ལྟར་གསོ་བར་བྱའོ། །ཤིང་མངར་སེང་ཕྲོམ་ཀྲ་ཀུ་ནི། །ཐལ་ཏྲེས་ཨུཏྤལ་ཤྲ་པ་ནི། །མོན་སྣེའུ་དམེ་རུ་པ་ཏོ་ལ། །ཏིལ་མར་བསྐོལ་བས་བསྐུ་བར་བྱ། །ཞེས་བྱ་བ་ལ། ཡང་ན་ མཆུ་རལ་བ་ལ་ཤིང་མངར་ལ་སོགས་པའི་སྨན་གྱི་ལྡེ་གུ་དང་། ཏིལ་མར་བསྐོལ་བས་བསྐུ་བར་བྱའོ། །རླུང་འཇོམས་མངར་བའི་སྡེ་ཚན་དང་། །བསྐོལ་བའི་ཏིལ་མར་སྣ་སྨན་གཏང་། །ཞེས་བྱ་བ་ལ། ཡང་དེ་ལ་རླུང་འཇོམས་པའི་སྨན་གྱི་སྡེ་ཚན་དང་། མངར་བའི་སྨན་གྱི་སྡེ་ཚན་དང་ བསྐོལ་བའི་ཏིལ་མར་སྣ་ནས་གཏང་བར་བྱའོ། །རླུང་གྱུར་མཆུ་ནད་སྲ་རྩི་པོག །སྤྲ་ཚིལ་གུ་གུལ་ཐང་ཤིང་ནི། །སྣུམ་ཆེན་བསྐོལ་བའི་རས་བལ་དག །སྦངས་པའི་ཡེའུས་གླན་པར་བྱ། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་མཆུ་ནད་ལ་ནི་སྲ་རྩི་པོག་ལ་སོགས་པ་དང་སྣུམ་ཆེན་པོ་ གང་ཡང་རུང་བ་བསྐོལ་བའི་ནང་དུ་སྦངས་པའི་རས་བལ་གྱི་ཡེའུས་གླན་པར་བྱའོ། །ཤིང་མངར་ཕྱེ་མར་བཅས་པ་དང་། །དེ་ཉིད་ཀྱིས་ནི་བསྐུ་བར་བྱ། །ཞེས་བྱ་བ་ལ། ཡང་ན་ཤིང་མངར་གྱི་ཕྱེ་མ་དང་། སྣུམ་ཆེན་པོ་དེ་ཉིད་སྦྱར་བས་བསྐུས་ན་ཡང་རླུང་ལས་གྱུར་པའི་མཆུ་ནད་ལ་ 202-1-192a ཕན་ནོ། །ཨེ་རཎྜ་ཡི་ལོ་མ་ནི། །འོ་མར་བསྐོལ་བས་སྦུབས་དུགས་བྱ། །ཞེས་བྱ་བ་ལ། ཡང་ན་རླུང་ལས་གྱུར་པའི་མཆུ་ནད་ལ། ཨེ་རཎྜའི་ལོ་མ་འོ་མར་བསྐོལ་བའི་སྦུ་གུ་ལས་དུགས་བྱའོ། །མཆུ་རལ་སྐབས་བཤད་སྣ་སྨན་དང་། །མགོ་བོ་བརྟ་བ་དག་ ཀྱང་བྱ། །ཞེས་བྱ་བ་ལ། ཡང་ན་གོང་དུ་མཆུ་རལ་བའི་སྐབས་སུ་བཤད་པའི་སྣ་སྨན་དང་། དེ་བཞིན་དུ་མགོ་བོ་བརྟ་ཞིང་བསྐུ་བ་དག་ཀྱང་བྱའོ། །མཁྲིས་པས་སྣད་པའི་མཆུ་ནད་ལ། །སྲིན་བུ་པད་པས་ཁྲག་དབྱུང་བྱ། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའམ། སྣད་པ་ལས་ གྱུར་པའི་མཆུ་ནད་ལ་ནི་སྲིན་བུ་པད་པ་ལ་སོགས་པས་གཏར་ག་གདབ་ཅིང་ཁྲག་དབྱུང་བར་བྱའོ། །སེང་ཕྲོམ་སྦྲང་རྩི་སྲ་རྩི་པོག །ཤིང་མངར་བཅས་པའི་ཕྱེ་མ་གདབ། །ཅེས་བྱ་བ་ལ། ཡང་ནད་དེ་ལ་སེང་ཕྲོམ་ལ་སོགས་པའི་ཕྱེ་མའམ་ལྡེ་གུས་བསྐུས་ན་ཕན་ནོ། །སླེ་ཏྲེས་ཤིང་ མངར་རྨ་ཤིང་དང་། །བསྐོལ་བའི་མར་གྱིས་བསྐུས་ནའང་ཕན། །ཞེས་བྱ་བ་ལ། ཡང་ན་ཁྲག་དང་སྣད་པའི་མཆུ་ནད་ལ་སླེ་ཏྲེས་ལ་སོགས་པ་དང་བསྐོལ་བའི་མར་གྱིས་བསྐུས་ན་ཡང་ཕན་ནོ། །མཁྲིས་པའི་ཁོང་འབྲས་ལྟར་ཡང་གསོ། །ཞེས་བྱ་བ་ལ། འདིར་མཁྲིས་པ་ དང་ཁ་སྣད་པ་ལས་གྱུར་པའི་མཆུ་ནད་ལ་ནི་མཁྲིས་པའི་ཁོང་འབྲས་ཀྱི་གསོ་བ་ཇི་སྐད་སྨོས་པ་དག་ཀྱང་བྱའོ། །ཁྲག་ལས་གྱུར་པ་སར་པ་ལ། །དེ་དག་ཉིད་ཀྱིས་གསོ་བར་བྱ། །ཞེས་བྱ་བ་ལ། ཁྲག་ལས་གྱུར་པའི་མཆུ་ནད་སར་པ་ཡུན་རིང་དུ་མ་ལོན་པ་ལ་ནི་མཁྲིས་པའི་གསོ་ བར་བཤད་པ་འདི་དག་ཉིད་ཀྱིས་གསོ་བར་བྱའོ། །བད་ཀན་ལས་གྱུར་མཆུ་ནད་ལ། །པ་ཏོའི་ཐལ་བ་ཚ་བ་གསུམ། །སྦྲང་རྩི་དང་ནི་སྦྱར་བས་བསྐུ། །གཏར་ག་བྱས་ནས་ཕྱེ་མ་གདབ། །བད་ཀན་འཇོམས་པར་བྱེད་པ་ཡིན། །དུད་བརྔུབ་སྣ་སྨན་མཁུར་བཀང་བྱ། །ཞེས་ བྱ་བ་ལ། བད་ཀན་ལས་གྱུར་པའི་མཆུ་ནད་ཀྱིས་ཉེན་པ་ལ་ནི་པ་ཏོ་ལ་ལ་སོགས་པའི་སྨན་གྱི་ལྡེ་གུས་བསྐུ་བ་དང་། གཏར་ག་གདབ་པ་ལ་སོགས་པ་བྱའོ། །ཚིལ་གྱུར་དུགས་བྱས་དབྲལ་ནས་ནི། །མེ་ཡིས་ངེས་པར་བསྲེག་པར་བྱ། །ཞེས་བྱ་བ་ལ། ཚིལ་ལས་གྱུར་པའི་ 202-1-192b མཆུ་ནད་ལ་ནི་དུགས་བྱས་ལ་དབྲལ་བ་ལ་སོགས་པ་བྱའོ། །པྲི་ཡང་ཀུ་དང་འབྲས་བུ་གསུམ། །སེང་ཕྲོམ་སྦྲང་རྩིར་སྦྱར་བས་བསྐུ། །ཞེས་བྱ་བ་ལ། ཚིལ་ལས་གྱུར་པའི་མཆུ་ནད་ལ་ནི་པྲི་ཡང་ཀུ་ལ་སོགས་པས་བསྐུ་བར་བྱའོ། །ཆུ་ཡི་ཆུ་བུར་བརྟོལ་ནས་སྦྱང་། །སྨན་རྣོན་ སྦྲང་རྩིས་བསྐུ་བར་བྱ། །ཞེས་བྱ་བ་ལ། ཆུའི་ཆུ་བུར་ནི་དང་པོར་བརྟོལ་ནས་སྦྱང་ཞིང་དག་པར་བྱས་ལ། སྨན་རྣོན་པོ་པི་པི་ལིང་ལ་སོགས་པས་བསྐུ་བར་བྱའོ། །གཏིང་རིང་བའམ་རབ་འཕེལ་ལ། །ཐང་སྨན་དག་གམ་མེ་བཙས་གསོ། །ཞེས་བྱ་བ་ལ། ཆུའི་ཆུ་བུར་ གཏིང་རིང་ཞིང་ནང་དུ་ཞུགས་པའམ་རབ་ཏུ་འཕེལ་བ་ལ་ནི་ཐང་སྨན་ནམ་མེ་བཅས་བསྲེག་པར་བྱའོ་ཞེས་བྱའི་དོན་ཏོ། །མཁུར་བའི་ཆུ་སེར་སྨིན་སྐབས་སུ། །སྐྲངས་པའི་ནད་ལྟར་གསོ་བར་བྱ། །ཞེས་བྱ་བ་ལ། མཁུར་བ་ཆུ་སེར་འབྱུང་བ་སྨིན་ཅིང་རྣགས་པར་གྱུར་པའི་ སྐབས་སུ་ནི་མདོའི་གནས་སུ་བཤད་པའི་སྐྲངས་པའི་ནད་ལྟར་གསོ་བར་བྱའོ། །སོ་གྲང་བ་ལ་དུགས་བྱ་སྟེ། །སོ་རྩ་བྲུད་དེ་ཏིལ་མར་བསྲེག །ཅེས་བྱ་བ་ལ། སོ་གྲང་བར་གྱུར་པ་ལ་ནི་དང་པོར་དུགས་བྱས་ལ། རྩེ་མོ་དཀྱིལ་འཁོར་འདྲ་བའི་གཙགས་བུས་བྲུད་དེ་ཏིལ་མར་ བསྐོལ་བས་བསྲེག་པར་བྱའོ། །གླ་སྒང་རྒྱམ་ཚ་སྦྲང་རྩི་དང་། །སེ་འབྲུའི་ཤུན་པ་འབྲས་བུ་གསུམ། །སྐྱེར་པའི་ཁཎྜ་འཇམ་བུའི་རྐང་། །བཅའ་སྒ་སྦྱར་བས་བསྐུ་བར་བྱ། །ཞེས་བྱ་བ་ལ། ཡང་སོའི་ཕྲེང་བ་དེ་གླ་སྒང་ལ་སོགས་པའི་སྨན་སྦྱར་བའི་ལྡེ་གུས་བསྐུ་བར་བྱའོ། ། འོ་མ་ཅན་བསྐོལ་མཁུར་བ་བཀང་། །ཨེ་རཎྜ་མར་སྣ་སྨན་གཏང་། །ཞེས་བྱ་བ་ལ། འོ་མ་ཅན་གྱི་ཤིང་བསྐོལ་བའི་ཁུ་བས་མཁུར་བ་དགང་བའམ། ཨེ་རཎྜའི་མར་གྱི་སྣ་སྨན་གཏང་བར་བྱའོ། །སོ་བརྩེ་དེ་བཞིན་བྱེ་བ་ལ། །རླུང་འཇོམས་གསོ་བ་ཐམས་ཅད་བྱ། །ཞེས་བྱ་བ་ལ། སོ་བརྩེ་བ་དང་པོ་གས་ཤིང་བྱེ་བ་ལ་ནི་རླུང་འཇོམས་པའི་ཟས་དང་སྐོམ་དང་སྨན་ཐམས་ཅད་ཀྱིས་གསོ་བར་བྱའོ། །ཏིལ་དང་ཤིང་མངར་སྦྲང་རྩི་ནི། །འོ་མར་བསྐོལ་བའི་མཁུར་བཀང་བཅང་། །ཞེས་བྱ་བ་ལ། ཡང་ན་ནད་དེ་གཉིས་ལ་ཏིལ་ལ་སོགས་པ་དང་བསྐོལ་བའི་ཁུ་བ་ 202-1-193a མཁུར་བར་བཅངས་ན་ཕན་ནོ། །སོ་འགུལ་བ་ལ་རྩ་བ་བཅུའི། །ཁུ་བ་མར་བསྐོལ་མཁུར་བ་བཀང་། །ཞེས་བྱ་བ་ལ། སོ་འགུལ་བའི་ནད་ལ་ནི་རྩ་བ་བཅུ་བསྐོལ་བའི་ཁུ་བ་དང་། ཞུན་མར་རམ་ཏིལ་བསྐོལ་བ་མཁུར་བར་བཅངས་ན་ཕན་ནོ། །སྤངས་མ་ སེང་ཕྲོམ་པི་པི་ལིང་། །འབྲས་བུ་གསུམ་དང་རྨ་ཤིང་དང་། །རྒྱམ་ཚ་ཡིས་ནི་བདར་བར་བྱ། །ཞེས་བྱ་བ་ལ། ཡང་སོ་འགུལ་བ་ལ་སྤངས་མ་ལ་སོགས་པས་སོ་བདར་ན་ཡང་ཕན་ནོ། །སྣུམ་བག་གིས་ནི་སྣ་སྨན་དང་། །མཁུར་བཀང་གནས་སྐབས་ཇི་བཞིན་བསྟེན། ། ཞེས་བྱ་བ་ལ། ཡང་སོ་འགུལ་བ་ལ་སྣུམ་བག་ཅན་གྱི་སྣ་སྨན་ལ་སོགས་པ་གནས་སྐབས་ཇི་ལྟ་བ་བཞིན་དུ་བསྟེན་པར་བྱའོ། །སོ་ལྷག་སྐྱེས་ལ་བྲལ་སྨན་གྱིས། །བསྐུས་ཏེ་གོགས་པར་གྱུར་པ་དང་། །སྲིན་ཅན་སོ་ལྟར་ཕྱུང་ནས་ནི། །དེ་ཚེ་དེ་དང་འདྲ་བར་གསོ། །ཞེས་ བྱ་བ་ལ། སོ་ལྷག་སྐྱེས་པ་ཞེས་བྱ་བའི་སོ་ནད་ལ་ནི་ཐལ་སྨན་གྱིས་བསྐུས་ཏེ་གོགས་ཤིང་བྱེ་བར་གྱུར་པ་དང་། སྲིན་བུས་ཟོས་པའི་སོ་ལྟར་ཕྱུང་ལ། དེ་དང་འདྲ་བ་ཁོ་ནར་གསོ་བར་བྱའོ། །ཁྲག་ནི་ཆོད་པར་མ་གྱུར་ན། །བསྲེགས་ལ་རྨ་ལྟར་གསོ་བར་བྱ། །ཞེས་བྱ་བ་ལ། སོ་ ལྷག་སྐྱེས་པ་དེ་ཕྱུང་བའི་ཚེ་ཁྲག་ཆོད་པར་མ་གྱུར་ན་གནས་དེ་བསྲེགས་ལ། དེའི་འོག་ཏུ་རྨ་ལྟར་གསོ་བར་བྱའོ། །སོ་དྲེག་ཆགས་ལ་སོ་རྩ་ལ། །གནོད་པ་མེད་པར་བསལ་བར་བྱ། །ཞེས་བྱ་བ་ལ། སོ་དྲེག་ཆགས་པ་ལ་ནི་སོའི་རྩ་བ་ལ་གནོད་པ་མེད་པར་བྱས་ཏེ། སོ་ བྲུད་པའི་གཙགས་སྤྱད་ཀྱིས་དེ་བྲུད་ཅིང་བསལ་བར་བྱའོ། །ཐལ་སྨན་སྦྲང་རྩིར་བཅས་པས་ནི། །དེ་ཡི་འོག་ཏུ་བསྐུ་བར་བྱ། །ཞེས་བྱ་བ་ལ། དེ་ལྟར་སོ་དྲེག་བཞར་ནས་ཐལ་སྨན་གྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བའི་ལྡེ་གུས་སོ་ལ་བསྐུ་བར་བྱའོ། །སོ་གོགས་པ་ལའང་འདི་ ཉིད་དང་། །སོ་བརྩེར་བཤད་པའི་གསོ་བ་བྱ།།ཞེས་བྱ་བ་ལ། སོ་གོགས་པའི་ནད་ལ་ཡང་སོ་དྲེག་ཆགས་པའི་གསོ་བ་འདི་ཉིད་དང་། སོ་བརྩེ་བ་ལ་བཤད་པའི་གསོ་བ་ཐམས་ཅད་བྱའོ། །སྲིན་ཅན་སོ་ནི་མི་འགུལ་ལ། །དུགས་བྱས་ནས་ནི་ཁྲག་དབྱུང་བྱ། །སྣུམ་གྱིས་ 202-1-193b བསྐུ་ཞིང་མཁུར་བཀང་དང་། །སྣ་སྨན་ཁ་ཟས་རླུང་འཇོམས་སྦྱིན། །ཞེས་བྱ་བ་ལ། སོ་སྲིན་བུས་ཟོས་པ་མི་འགུལ་བར་གནས་པ་ལ་ནི་དང་པོར་དུགས་བྱས་ལ་ཁྲག་དབྱུང་བར་བྱ་ལ་རླུང་ལ་ཕན་པའི་སྣུམ་གྱིས་བསྐུ་བ་ལ་སོགས་པས་གསོ་བར་བྱའོ། །ཁོང་སྟོང་ བུ་རམ་སྤྲ་ཚིལ་གྱིས། །གང་བའི་ཐུར་མས་བསྲེག་པར་བྱ། །ཞེས་བྱ་བ་ལ། སོ་ཁོང་སྟོང་དུ་འདུག་པ་ལ་ནི་བུ་རམ་མམ་སྤྲ་ཚིལ་གྱིས་གང་བའི་ཐུར་མས་དེ་བསྲེག་པར་བྱའོ། །ལོ་མ་བདུན་པ་ཨརྐ་ཡི། །ལོ་མས་བཀང་ན་སྲིན་གཟེར་འཇོམས། །ཞེས་བྱ་བ་ལ། ཡང་ཁོང་ སྟོང་དེ་ལ་ལོ་མ་བདུན་པའམ། ཨརྐའི་ལོ་མས་བཀང་ན་སྲིན་བུས་ཟོས་པའི་གཟེར་འཇོམས་པར་བྱེད་དོ། །ཤིང་ཀུན་ནག་ཚུར་ཀད་པ་ལ། །སྭརྫི་ཀ་དང་བྱི་དང་ག །རུ་རྟའི་ཕྱེ་མ་རས་ལ་གཏུམས། །སོར་གླན་ཟུག་གཟེར་མྱུར་དུ་འཇོམས། །ཞེས་བྱ་བ་ལ། ཤིང་ཀུན་ལ་སོགས་པའི་ ཕྱེ་མ་རས་གཙང་མར་གཏུམས་ཏེ་སོའི་སྟེང་དུ་བཞག་ན་ཡང་ཟུག་གཟེར་གྱི་ནད་མྱུར་དུ་སེལ་བར་བྱེད་དོ། །ཡང་ན་འདི་ཉིད་བསྐོལ་བ་ཡི། །ཏིལ་མར་མཁུར་བར་དགང་བར་བྱ། །ཞེས་བྱ་བ་ལ། ཡང་ན་ཤིང་ཀུན་ལ་སོགས་པ་འདི་ཉིད་དང་། བསྐོལ་བའི་ཏིལ་མར་གྱིས་མཁུར་བ་ བཀང་བར་བྱའོ། །ཡང་ན་བྲི་ཧ་ཏི་རྣམ་གཉིས། །བུ་ག་དམ་པ་ཨེ་རཎྜ། །བསྐོལ་བའི་ཁུ་བས་མཁུར་བ་བཀང་། །ཞེས་བྱ་བ་ལ། ཡང་ན་བྲི་ཧ་ཏི་གཉིས་ནི་ཀཎྜ་ཀ་རི་དང་། བྲི་ཧ་ཏི་དང་། དེ་ལ་སོགས་པ་སྨན་གྱི་སྦྱོར་བ་བྱའོ། །དེ་ལྟར་གསོ་བ་མང་པོ་ཡིས། །ནད་ནི་ཞི་བར་ མ་གྱུར་ན། །སྐམ་པ་ཕྲ་མོ་དག་གིས་སམ། །སོ་དབྱུང་བ་ཡི་ཆ་སྤྱད་ཀྱིས། །དང་པོར་རྩ་བ་ནས་བསླངས་ཏེ། །གཏན་ནས་དེ་ནི་དབྱུང་བར་བྱ། །ཞེས་བྱ་བ་ལ། རྣམ་པ་དེ་ལྟ་བུའི་སྨན་གྱི་གསོ་བ་སྣ་ཚོགས་པ་དག་གིས་ནད་དེ་ཞི་ཞིང་མེད་པར་མ་སོང་ན་སྐམ་པ་ཕྲ་མོ་ འམ། ཡང་སོ་དབྱུང་བའི་ཆ་སྤྱད་དུ་བྱས་པས་དེ་མི་འགུལ་བ་ཡིན་ཡང་དབྱུང་བར་བྱའོ། །ཏིལ་མར་ཤིང་མངར་ཕྱེར་བཅས་པའམ། །སྦྲང་རྩིས་དེ་འོག་མཁུར་བཀང་བྱ། །ཞེས་བྱ་བ་ལ། དེ་ལྟར་སོ་ཕྱུང་ནས་ཏིལ་མར་དང་ཤིང་མངར་གྱི་ཕྱེ་མ་སྦྱར་བའམ། ཡང་ན་ཤིང་ 202-1-194a མངར་གྱི་ཕྱེ་མ་དང་སྦྲང་རྩིར་སྦྱར་བས་མཁུར་བ་བཀང་བར་བྱའོ། །དེ་འོག་ཤིང་མངར་པི་ད་རི། །བྲིད་ཏ་ཀ་དང་ཀ་ཤེ་རུ། །ཏིལ་མར་བཅུ་འགྱུར་འོ་མ་དང་། །བསྐོལ་བའི་སྣ་སྨན་གཏང་བར་བྱ། །ཞེས་བྱ་བ་ལ། དེའི་འོག་ཏུ་པི་ད་རི་ལ་སོགས་པ་དང་བསྐོལ་བའི་སྣ་ སྨན་གཏང་བར་བྱའོ། །རིད་ཅིང་ཉམ་ཆུང་རྒན་པོ་དང་། །རླུང་ནད་ཀྱིས་ཉེན་སོ་མི་དབྱུང་། །ཡ་སོ་དབྱུང་བར་མི་བྱ་སྟེ། །དེ་ནི་བླ་བརྣན་མང་པོ་སྐྱེད། །ཅེས་བྱ་བ་ལ། རིད་པ་ལ་སོགས་པ་དང་། དེ་བཞིན་དུ་གཞན་དག་གི་ཡ་སོ་ནི་དབྱུང་བར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། དེ་ནི་ནད་ཀྱི་བླ་ བརྣན་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ཡང་འབྱིན་ན་སྣུམ་པ་དང་། །མངར་དང་བསིལ་བའི་རིམ་པས་གསོ། །ཞེས་བྱ་བ་ལ། དེ་ལྟར་དབྱུང་དུ་མི་རུང་བ་དེ་ཡང་འབྱིན་ན་སྣུམ་པ་ལ་སོགས་པས་གསོ་བར་བྱའོ། །གྲང་བས་ཉེན་ལ་ཁྲག་དབྱུང་ཞིང་། །སྦྲང་རྩིར་བཅས་པས་ བསྐུ་བར་བྱ། །གླ་སྒང་ཨརྫུ་ནའི་ཤུན་པ། །པྲི་ཡང་ཀུ་དང་སྐྱེར་ཁཎྜ། །བཅའ་སྒ་སྦྲང་རྩིར་སྦྱར་བ་བསྐུ། །ཞེས་བྱ་བ་ལ། གྲང་བས་ཉེན་པའི་སོ་ནད་ལ་ནི་ཁྲག་ཕྱུང་ལ་གླ་སྒང་ལ་སོགས་པའི་སྨན་སྦྲང་རྩི་དང་སྦྱར་བའི་ལྡེ་གུས་བསྐུ་བར་བྱའོ། །དེ་བསྐོལ་བས་ནི་མཁུར་བཀང་དང་། ། མངར་སྨན་ཏིལ་མར་བསྐོལ་སྣར་བླུགས། །ཞེས་བྱ་བ་ལ། གླ་སྒང་ལ་སོགས་པའི་མཁུར་བ་བཀང་བ་བཅང་བ་དང་། དེ་བཞིན་དུ་མངར་བའི་སྨན་གྱི་སྡེ་ཚན་དང་ཏིལ་མར་བསྐོལ་བའི་སྣ་སྨན་གཏང་བར་བྱའོ། །རྙིལ་ནི་ཉེ་བར་བདར་བ་ལ། །ཆུ་ཚན་མཁུར་བཀང་བས་དུགས་བྱ། ། དཀྱིལ་འཁོར་འདྲ་བའམ་ཤ་ཁ་ཡི། །ལོ་མས་མང་དུ་བྲུད་པར་བྱ། །ཞེས་བྱ་བ་ལ། རྙིལ་ཉེ་བར་བདར་བ་ཞེས་བྱ་བའི་སོ་ནད་ལ་ནི། ཆུ་ཚན་མཁུར་བ་བཀང་བས་དུགས་བྱ་བ་དང་། གཙགས་བུའི་རྩེ་མོ་དཀྱིལ་འཁོར་འདྲ་བའམ། ཤིང་ཤ་ཁ་ལ་སོགས་པའི་ལོ་མ་རྩུབ་ མོས་མང་དུ་བྲུད་པར་བྱའོ། །རྒྱ་སྐྱེགས་རྨ་ཤིང་པྲི་ཡང་ཀུ། །རྒྱམ་ཚ་རུ་རྟ་བཙག་ཡུག་སྣམ། །ན་ལེ་ཤམ་དང་བཅའ་སྒ་དང་། །ཤིང་མངར་སྐྱེར་པའི་ཁཎྜ་དང་། །མར་གྱི་སྙིང་པོ་སྦྲང་རྩི་དང་། །སྦྱར་བ་དེ་འོག་བསྐུ་བར་བྱ། །ཞེས་བྱ་བ་ལ། དེའི་འོག་ཏུ་རྒྱ་སྐྱེགས་ལ་ 202-1-194b སོགས་པའི་སྨན་མར་ཁུའི་སྙིང་པོ་དྭངས་མ་དང་སྦྱར་བས་བསྐུ་བར་བྱའོ། །མར་ཁུའམ་ཏིལ་མར་མཁུར་སྤོ་བ། །དྲོ་འཇམ་དེ་ཡི་རྗེས་ལ་བྱ། །ཞེས་བྱ་བ་ལ། དེ་ལྟར་བྱས་པའི་རྗེས་ལ་མར་ཁུའམ་ཏིལ་མར་དྲོ་འཇམ་ཙམ་གྱིས་དེ་མཁུར་བ་བཀང་ཞིང་སྤོ་བར་བྱའོ། །མངར་ བའི་སྡེ་དང་བསྐོལ་བའི་མར། །མཁུར་བཀང་སྣ་སྨན་བྱས་ན་ཕན། །ཞེས་བྱ་བ་ལ། ཡང་ན་མངར་བའི་སྨན་གྱི་སྡེ་ཚན་བསྐོལ་བའི་ཁུ་བའམ། ལྡེ་གུ་དང་བསྐོལ་བའི་མར་གྱིས་མཁུར་བ་བཀང་བའམ་སྣ་སྨན་བྱའོ། །སོ་འབུར་བ་ལ་དུགས་བྱས་ལ། །བཅད་དང་དབུག་དང་བྲུད་པར་ བྱ། །ཤིང་མངར་བཅའ་སྒ་སྭརྫི་ཀ །རྒྱམ་ཚའི་ཕྱེ་མ་བསྐུ་བར་བྱ། །ཞེས་བྱ་བ་ལ། སོ་འབུར་བའི་ནད་ལ་ནི་དུགས་བྱ་སྟེ། བཅད་པ་ལ་སོགས་པ་བྱས་ལ། དེའི་འོག་ཏུ་ཤིང་མངར་ལ་སོགས་པའི་ལྡེ་གུས་བསྐུ་བར་བྱའོ། །སོ་ཡི་ཁོང་འབྲས་ཚ་རྣོ་དྲོ། །རྩུབ་པའི་ མཁུར་བཀང་བསྐུ་བར་བྱ། །ཞེས་བྱ་བ་ལ། སོའི་ཁོང་འབྲས་ཞེས་བྱ་བའི་ནད་བྱུང་བ་ལ་ནི་སྨན་ཚ་བ་ལ་སོགས་པའི་ཁུ་བས་མཁུར་བ་བཀང་བ་དང་། ལྡེ་གུས་བསྐུ་བར་བྱའོ། །པུ་ཙེ་ཤེལ་དང་བ་སྦྲུ་བ། །རུ་རྟ་ནས་ཚིག་འཁུས་ཕྱེས་བདར། །ཞེས་བྱ་བ་ལ། སོའི་ཁོང་འབྲས་དེ་ལ་པུ་ཙེ་ ཤེལ་དང་བཏགས་པའི་ཕྱེས་བདར་ན་ཡང་ཕན་ནོ། །བསིལ་སྨན་གྱིས་ནི་སྨིན་མི་གཞུག །སྨིན་ནས་དྲལ་ལ་གཏིང་རིང་བསྲེག །ཅེས་བྱ་བ་ལ། སོའི་ཁོང་འབྲས་དེ་ནུས་པ་བསིལ་སྨན་ཕྱི་དང་ནང་ནས་བཏང་བས་སྨིན་དུ་མི་གཞུག་པར་རྣགས་པ་ལས་ཟློག་པའི་ཕྱིར་ བསྲུང་བར་བྱ་ལ། སྨིན་ཅིང་རྣགས་ནས་གཙགས་བུས་དྲལ་ལ་གཏིང་རིང་བར་འདུག་ན་བསྲེག་པར་བྱའོ། །ཁོང་སྟོང་བཅད་དེ་བྲུད་ནས་ནི། །གླ་སྒང་སེང་ཕྲོམ་འབྲས་བུ་གསུམ། །ཤུ་ཏི་རྨ་ཤིང་སྐྱེར་ཁཎྜ། །རྒྱ་སྐྱེགས་ཤིང་མངར་ཀད་པ་ལ། །སྦྲང་རྩིར་སྦྱར་བས་བསྐུ་བར་བྱ། ། ཞེས་བྱ་བ་ལ། སོ་ཁོང་སྟོང་དུ་གྱུར་པ་ལ་ནི། དང་པོར་བྲུད་ཅིང་བཞར་ལ། དེའི་འོག་ཏུ་གླ་སྒང་ལ་སོགས་པས་བསྐུ་བར་བྱའོ། །དེ་ཉིད་ཁུ་བས་མཁུར་བ་བཀང་། །ཞེས་བྱ་བ་ལ། ཡང་ན་གླ་སྒང་ལ་སོགས་པའི་སྨན་དེ་དག་ཉིད་ཀྱི་ཁུ་བས་མཁུར་བ་བཀང་ན་ཕན་ནོ། ། 202-1-195a ཤིང་མངར་སེང་ཕྲོམ་དཱུར་བ་དཀར། །ཐལ་ཏྲེས་ཙནྡན་ཨ་ག་རུ། །ཁ་ར་དཀར་པོ་བཙག་ཡུག་སྣམ། །པདྨ་དཀར་པོ་སྟག་ཚེར་བ། །བསྐོལ་བའི་ཏིལ་མར་སྣ་སྨན་གཏང་། །ཞེས་བྱ་བ་ལ། ཡང་ན་ཁོང་སྟོང་གི་ནད་དེ་ལ་ཤིང་མངར་ལ་ སོགས་པའི་ལྡེ་གུ་དང་བསྐོལ་བའི་ཏིལ་མར་སྣ་སྨན་བཏང་ན་ཡང་ཕན་ནོ། །ཤ་ལྷག་སྐྱེས་པ་བཅད་ནས་ནི། །ཤུ་དག་ཏེ་ཛོ་བ་ཏི་དང་། །བ་ཐ་ནས་ཚིག་འཁུས་ཐལ་བ། །སྭརྫི་ཀ་དང་སྦྲང་རྩིས་བསྐུ། །ཞེས་བྱ་བ་ལ། ཤ་ལྷག་སྐྱེས་པའི་ནད་ལ་ནི་ཤུ་དག་ལ་ སོགས་པའི་སྨན་གྱི་ལྡེ་གུས་བསྐུ་བར་བྱའོ། །འབྲས་བུ་གསུམ་དང་པ་ཏོ་ལ། །ནིམ་པ་བསྐོལ་བས་མཁུར་བ་བཀང་། །ཞེས་བྱ་བ་ལ། ཤ་ལྷག་སྐྱེས་པ་དེ་བཅད་ནས་འབྲས་བུ་གསུམ་ལ་སོགས་པ་བསྐོལ་བའི་ཁུ་བ་བླུད་ན་ཡང་ཕན་ནོ། །སྣད་པ་ལས་བྱུང་ནད་ལ་ནི། ། དཀྱིལ་འཁོར་རྩེ་མོ་འདྲ་བས་སྦྱངས། །དེ་ནས་ཐལ་སྨན་སྣ་སྨན་གཏང་། །མཁུར་བཀང་ལ་སོགས་བསིལ་སྨན་གཏང་། །ཞེས་བྱ་བ་ལ། སྣད་པ་ལས་བྱུང་བ་ཞེས་བྱ་བའི་སོ་ནད་ལ་ནི་དཀྱིལ་འཁོར་གྱི་རྩེ་མོ་འདྲ་བའི་གཙགས་བུས་སོའི་རྩ་བ་སྦྱངས་ཤིང་དག་པར་བྱས་ ལ། དེའི་འོག་ཏུ་ཐལ་སྨན་གྱིས་བསྐུས་ལ་སྨན་བསིལ་བའི་ནུས་པ་དང་ལྡན་པའི་སྣ་སྨན་དང་མཁུར་བ་བཀང་བ་དག་བྱའོ། །ལུས་ཀྱི་གོང་འོག་ནས་སྦྱང་བྱ། །དེ་འོག་མགོ་བོའི་བཀྲུ་སྨན་བྱ། །སོ་ཡི་རྩ་ནི་གསོས་ནས་ཀྱང་། །ཕྱུང་སྟེ་ནད་དང་ལྡན་པ་ཡི། །བུ་རམ་ སྤྲ་ཚིལ་བཀང་བས་བསྲེག །ཅེས་བྱ་བ་ལ། ལུས་ཀྱི་གོང་འོག་སྐྱུག་སྨན་དང་བཀྲུ་སྨན་གྱིས་སྦྱངས་ལ། དེའི་འོག་ཏུ་སོའི་རྩར་རྒྱུ་བའི་རྩ་སྦུབས་ལ་གནོད་པ་མེད་པར་གསོས་ལ་སོ་ཕྱུང་སྟེ། ནད་སྣ་ཚོགས་དང་ལྡན་པའི་རྩ་སྦུབས་ཡན་མན་ཀུན་ཁྱབ་པར་བྱེད་པ་བུ་རམ་ མམ། སྤྲ་ཚིལ་གྱིས་བཀང་བའི་ཐུར་མས་བསྲེག་པར་བྱའོ། །ཛཱ་ཏི་སེང་ལྡེང་སྤྲ་ཚིལ་དང་། །གཟེ་མ་བསྐོལ་བའི་ཁུ་བས་བཀྲུ། །ཞེས་བྱ་བ་ལ། ཡང་རྩ་དེ་སེང་ལྡེང་ལ་སོགས་པ་བསྐོལ་བའི་ཁུ་བས་བཀྲུ་བར་བྱའོ། །འོ་མ་ཅན་ཤིང་ཆུས་མཁུར་ 202-1-195b བཀང་། །དེ་བསྐོལ་ཏིལ་མར་སྣ་སྨན་གཏང་། །ཞེས་བྱ་བ་ལ། འོ་མ་ཅན་གྱི་ཤིང་བསྐོལ་བའི་ཁུ་བས་མཁུར་བ་བཀང་བར་བྱ་བའམ། ཡང་ན་འོ་མ་ཅན་གྱི་ཤིང་གི་ལྡེ་གུ་དང་བསྐོལ་བའི་ཏིལ་མར་སྣ་སྨན་གཏང་བར་བྱའོ། །རླུང་གྱུར་ལྕེ་ནི་རྩུབ་པ་ལ། ། རླུང་གི་མཆུ་ནད་གསོ་བར་བྱ། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་ལྕེའི་ནད་ཚེར་མ་ལྟར་རྩུབ་པ་ལ་ནི། རླུང་གི་མཆུ་ནད་ཀྱི་གསོ་བ་གང་ཡིན་པ་དག་བྱའོ། །མཁྲིས་པ་ལས་གྱུར་ལྕེ་ནད་ལ། །བཞར་ཏེ་ཁྲག་ནི་དབྱུང་བར་བྱ། །བསྐུ་དང་མཁུར་བ་བཀང་བ་དང་། ། སྣ་སྨན་མངར་བ་དག་ཀྱང་བྱ། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་ལྕེའི་ནད་ཚེར་མ་ལྟ་བུ་བྱུང་བ་ལ་ནི་བཞར་ཞིང་གཏར་ག་བྱ་སྟེ་ཁྲག་ཕྱུང་ལ། དེའི་འོག་ཏུ་མངར་བའི་སྨན་གྱི་སྡེ་ཚན་གྱི་ལྡེ་གུས་བསྐུ་བ་དང་། སྨན་དེ་དག་བསྐོལ་བའི་ཁུ་བས་མཁུར་བ་བཀང་བ་ དང་སྣ་སྨན་བྱའོ། །དེ་བཞིན་བད་ཀན་ལས་གྱུར་ལ། །ཡུངས་ཀར་ཚ་བ་གསུམ་ལ་སོགས། །སྨན་ནི་རྣོན་པོས་གསོ་བར་བྱ། །ཞེས་བྱ་བ་ལ། དེ་བཞིན་དུ་བད་ཀན་ལས་གྱུར་པའི་ལྕེའི་ནད་ཚེར་མས་ཁྱབ་པ་ལྟ་བུ་ལ་ནི་སྔ་མ་བཞིན་དུ་བདར་ལ། ཡུངས་ཀར་ ལ་སོགས་པའི་སྨན་རྣོན་པོས་བསྐུ་བ་དང་། མཁུར་བ་བཀང་བ་ལ་སོགས་པ་བྱའོ། །ལྕེ་ལས་ཆུ་སེར་འཛག་པ་གསར། །མཚོན་མི་རེག་པར་དེ་བཞིན་གསོ། །ཞེས་བྱ་བ་ལ། ཆུ་སེར་འཛག་པ་ཞེས་བྱ་བའི་ལྕེ་ནད་ལས་སྐྱེས་ནས་རིང་པོར་མ་ལོན་པའི་སར་པ་ལ་ ཡུངས་ཀར་ལ་སོགས་པའི་སྨན་བསྐུ་བ་ལ་སོགས་པ་སྔ་མ་བཞིན་དུ་བྱས་ལ། ཆུ་སེར་འཛག་པའི་ནད་དེ་ལ་ཁྱད་པར་དུ་མཚོན་གྱིས་བཞར་བ་དང་གཏར་ག་མི་བྱའོ། །ལྕེ་ལྷག་སྐྱེས་པ་ལྕེ་བཏེག་སྟེ། །ལྕགས་ཀྱུས་ལྕེ་ལྷག་དྲངས་ནས་ནི། །རྩེ་མོ་དཀྱིལ་འཁོར་འདྲ་ བས་བཅད། །རྣོ་དང་དྲོ་བས་བདར་སོགས་བྱ། །ཞེས་བྱ་བ་ལ། ལྕེ་ལྷག་སྐྱེས་པ་ནི་ལྕེ་བཏེག་སྟེ་ལྕགས་ཀྱུས་ལྕེ་ལྷག་དེ་ཕྱིར་དྲངས་ནས། རྩེ་མོ་དཀྱིལ་འཁོར་འདྲ་བའི་གཙགས་སྤྱད་ཀྱིས་བཅད་པར་བྱ་ཞིང་། སྨན་རྣོ་བ་དང་དྲོ་བས་གཏར་ག་ལ་སོགས་པ་ 202-1-196a བྱའོ། །ཉེ་བའི་ལྕེ་ལ་ཁྲག་གཟགས་ཏེ། །ནས་ཚིག་འཁུས་པའི་ཐལ་བས་བདར། །ཞེས་བྱ་བ་ལ། ཉེ་བའི་ལྕེ་ལ་ནི་ཤ་ཁ་ལ་སོགས་པའི་ལོ་མ་རྩུབ་པོའམ། སོར་གདུབ་ལྟ་བུའི་མཚོན་གྱིས་གཏར་ཞིང་ཁྲག་གཟགས་ལ། དེའི་འོག་ ཏུ་ནས་ཚིག་འཁུས་པའི་ཐལ་བས་བདར་ཞིང་བྲུད་པར་བྱའོ། །ཤ་ལྷག་སྐྱེས་ལ་བད་ཀན་འཇོམས། །སྣ་སྨན་མཁུར་བཀང་བདར་བར་བྱ། །ཞེས་བྱ་བ་ལ། ལྐོག་མ་ཤ་ལྷག་གམ་རྨེན་བུ་སྐྱེས་པ་ལ་ནི་བད་ཀན་འཇོམས་པར་བྱེད་པའི་སྨན་ལ་སོགས་པ་བཏང་བས་གསོ་ བར་བྱའོ། །ག་གོན་ས་བོན་ལྟ་བུར་ནི། །འཕེལ་ཞིང་རྩ་ནི་མི་མངོན་དང་། །རྩེ་མོས་ལྕེ་ཡི་རྩ་བར་སླེབས། །ལྕགས་ཀྱུ་ཡིས་ནི་བཟུང་ནས་ཀྱང་། །རྩེ་མོ་དཀྱིལ་འཁོར་འདྲ་བ་ཡིས། །རྩེ་མོ་རྩ་བ་རན་པར་གཅད། །ཅེས་བྱ་བ་ལ། ལྐོག་མར་ཤ་ལྷག་ སྐྱེས་པ་འཕེལ་བར་གྱུར་ཅིང་། ག་གོན་གྱི་ས་བོན་དང་འདྲ་བར་སྐྱེས་པ་དང་། རྩ་རིས་མི་མངོན་པར་གྱུར་པ་དང་། ལྕེ་དེའི་རྩེ་མོ་ལྕེའི་རྩ་བར་བབས་ཤིང་སླེབས་པ་ནི་མུ་ཙུ་ཏྲི་འམ་ལྕགས་ཀྱུས་བཟུང་ལ། རྩེ་མོ་དཀྱིལ་འཁོར་འདྲ་བའི་གཙགས་བུས་དེ་རན་པར་གཅད་ པར་བྱའོ། །བཅད་དྲགས་ཁྲག་ཟགས་འཆི་བར་བྱེད། །བཅད་ཆུང་ནད་ནི་འཕེལ་བར་བྱེད། །ཅེས་བྱ་བ་ལ། ལྕེ་ཆུང་ངམ་ཤ་ལྷག་སྐྱེས་པ་བཅད་དྲགས་ན་ནི་ཁྲག་ཟགས་པར་བྱས་ནས་འཆི་བར་འགྱུར་ལ། རྩེ་མོ་ནས་བཅད་དམ་ཆུང་ན་ནི་ནད་ཞར་ལ་འཕེལ་ཞིང་ སྐྱེ་བར་འགྱུར་རོ། །བོང་ང་པ་ཐ་ན་ལེ་ཤམ། །ཤུ་དག་རུ་རྟ་པ་རི་ལ། །རྒྱམ་ཚ་སྦྲང་རྩིར་བཅས་པ་ཡིས། །བཅད་པ་དག་ནི་བདར་བར་བྱ། །ཞེས་བྱ་བ་ལ། ལེགས་པར་བཅད་ནས་བོང་ང་ལ་སོགས་པའི་སྨན་སྦྲང་རྩི་དང་སྦྱར་བས་བདར་ ཞིང་བསྐུས་ན་ཕན་ནོ། །པ་རི་པེ་ལ་ནི་ཀུན་ཏན་ན་ཏའོ། །པུ་ཙེ་ཤེལ་དང་བོང་ང་དཀར། །པ་ཏ་ནིམ་པ་ར་སྣ་དང་། །ཤུ་དག་ཆུ་ཡིས་མཁུར་བཀང་བྱ། །ཞེས་བྱ་བ་ལ། པུ་ཙེ་ཤེལ་ལ་སོགས་པ་དེ་བསྐོལ་བའི་ཁུ་བས་མཁུར་བ་དགང་བར་བྱའོ། །འདུས་དང་སོ་འབུར་ 202-1-196b རུས་སྦལ་འདྲ། །དེ་བཞིན་བཞར་ཏེ་གསོ་བར་བྱ། །ཞེས་བྱ་བ་ལ། སོ་འདུས་པ་དང་འབུར་བ་དང་རུས་སྦལ་འདྲ་བའི་ནད་ལ་ཡང་སྔ་མ་བཞིན་དུ་བཞར་ཏེ་གསོ་ཞིང་བཅོས་པར་བྱའོ། །རྐན་རྣགས་མ་སྨིན་པ་ལ་ནི། །ནག་ཚུར་སྦྲང་རྩི་སྐྱེར་ཁཎྜ། །བསྐུ་བར་བྱའོ། ། ཞེས་བྱ་བ་ལ། རྐན་གྱི་རྣགས་པའི་ནད་སྨིན་པར་མ་གྱུར་པ་ལ་ནི་ནག་ཚུར་ལ་སོགས་པའི་སྨན་གྱིས་བདར་བར་བྱའོ། །བསིལ་དང་མངར། སྨན་བསྐོལ་ཁུ་བས་མཁུར་བཀང་བྱ། །ཞེས་བྱ་བ་ལ། ནུས་པ་བསིལ་བ་དང་། རོ་མངར་བའི་སྨན་དང་། བསྐོལ་བའི་ཁུ་ བས་མཁུར་བ་བཀང་བ་བྱས་ན་ཡང་ཕན་ནོ། །སྨིན་ནས་ན་ཡའི་གཞི་ལྟར་དྲས། །དྲོ་དང་རྣོ་བས་བསྐུ་བར་བྱ། །ཞེས་བྱ་བ་ལ། རྐན་རྣགས་པ་སྨིན་ནས་ནི་མཚོན་གྱིས་ན་ཡའི་གཞི་ལྟར་དྲས་ལ་མར་སར་དང་། སྨན་དྲོ་བ་དང་རྣོ་བ་སྦྱར་བས་བསྐུ་བར་བྱའོ། །ན་ཡའི་ གཞི་ནི་གང་དུ་ན་ཡང་རྩེ་བའི་གཞི་སྤང་ལེབ་ལ་སོགས་པར་མིག་མངས་རིས་སུ་བྲིས་པ་སྟེ། དེ་དང་འདྲ་བར་དཀྱིལ་འཁོར་འདྲ་བའི་གཙགས་བུས་རི་མོ་མང་པོར་དྲ་ཞིང་དྭགས་པར་བྱའོ། །བ་ཤ་ཀ་དང་པ་ཏོ་ལ། །ནིམ་པ་ལ་སོགས་རྣོ་བ་ཡི། །སྨན་གྱི་ཁུ་བས་མཁུར་ བ་དགང་། །ཞེས་བྱ་བ་ལ། རྐན་རྣགས་པའི་སྨན་རྣོན་པོ་ནི། བ་ཤ་ཀ་ལ་སོགས་པའི་སྨན་ཁ་བ་ལ་བྱ་སྟེ། དེའི་ཁུ་བ་མཁུར་བར་བཅངས་ན་ཡང་ཕན་ནོ། །རྐན་སྐམ་སྐོམ་དད་གདུང་མེད་པ། །ཟས་ཟོས་རྗེས་ལ་ཞུན་མར་ནི། །བཅའ་སྒ་པི་པི་ལིང་བསྐོལ་བླུད། །སྐྱུར་ བས་མཁུར་བ་སྤོ་བ་བཅང་། །ཞེས་བྱ་བ་ལ། ཡང་རྐན་སྐམ་པའི་ནད་སྐོམ་དད་ཀྱི་གདུང་བ་མེད་པ་ལ་ནི། ཟས་ཟོས་པའི་འོག་ཏུ་ཞུན་མར་བཅའ་སྒ་ལ་སོགས་པ་བསྐོལ་བ་བླུད་ལ། དེ་བཞིན་དུ་ཆང་དྭངས་མ་ལ་སོགས་པ་སྐྱུར་བས་མཁུར་བ་སྤོ་བ་བཅངས་ན་ཡང་ཕན་ ནོ། །སྐམ་སའི་ཤ་ཁུ་སྣུམ་པ་དང་། །ཞུན་མར་འོ་མའི་སྣ་སྨན་གཏང་། །ཞེས་བྱ་བ་ལ། ཡང་རྐན་སྐམ་པའི་ནད་དེ་ལ། སྐམ་སའི་སྲོག་ཆགས་ཀྱི་ཤ་ཁུ་སྣུམ་དང་བཅས་པ་ཟས་ཀྱི་རྗེས་ལ་བླུད་ན་ཕན་ལ། དེ་བཞིན་དུ་ཞུན་མར་ལ་སོགས་པའི་སྣ་སྨན་བཏང་ན་ཡང་ 202-1-197a ཕན་ནོ། །ལྐོག་མའི་ནད་ལ་གཏར་ག་གདབ། །སྣ་སྨན་ལ་སོགས་རྣོན་པོ་བྱ། །ཞེས་བྱ་བ་ལ། ལྐོག་མའི་ནད་ཐམས་ཅད་ལ་ནི་གཏར་ག་གདབ་ཅིང་ཁྲག་དབྱུང་བ་དང་། སྨན་རྣོན་པོའི་སྣ་སྨན་དང་། མཁུར་བ་བཀང་བ་དང་བསྐུ་བ་ལ་སོགས་ པའི་ལས་བྱས་ན་ཕན་ནོ། །སྐྱེར་པའི་ཤུན་པ་སྐྱེར་ཁཎྜ། །དུག་མོ་ཉུང་བསྐོལ་ཁུ་བ་བླུད། །ཅེས་བྱ་བ་ལ། སྐྱེར་པའི་ཤུན་པ་ལ་སོགས་པའི་སྨན་བསྐོལ་བའི་ཁུ་བ་རྐན་གྱི་ནད་ལ་བླུད་པར་བྱའོ། །ཨ་རུ་ར་ཡི་ཁུ་བ་ནི། །སྦྲང་རྩིར་ལྡན་པ་སྦྱིན་པར་བྱ། །ཞེས་བྱ་བ་ལ། ཡང་ན་ཨ་རུ་ར་བསྐོལ་བའི་ཁུ་བ་སྦྲང་རྩི་དང་ལྡན་པ་བླུད་ན་ཡང་ལྐོག་མའི་ནད་ལ་ཕན་ནོ། །འབྲས་བུ་གསུམ་དང་ཚ་བ་གསུམ། །ནས་ཚིག་འཁུས་ཐལ་སྐྱེར་པ་དང་། །ཙི་ཏྲ་ཀ་དང་སྐྱེར་ཁཎྜ། །པ་ཏ་ཏེ་ཛོ་བ་ཏི་དང་། །ནིམ་པ་ཚ་དང་ར་གཅིན་བསྐོལ། །མཁུར་བ་སྤོ་དང་རི་ལུ་ དང་། །ཕྱེ་མ་གདབ་པ་དག་ཀྱང་བྱ། །ཞེས་བྱ་བ་ལ། དེ་ལ་ལྐོག་མའི་ནད་དེ་དག་ལ་འབྲས་བུ་གསུམ་ལ་སོགས་པ་དང་། ཚ་བ་གསུམ་ལ་སོགས་པ་དང་བསྐོལ་བའི་མཁུར་བ་སྤོ་བ་དང་། རི་ལུ་བཅང་བ་དང་། ཕྱེ་མས་གདབ་པ་དག་ཀྱང་བྱའོ། །ལྕང་མ་གི་རི་ཀརྞི་དང་། ། གླ་སྒང་ཐང་ཤིང་བཅའ་སྒ་དང་། །ཤུ་དག་དན་ད་མུར་བ་ཡི། །ལྡེ་གུ་དྲོ་བསྐུས་སྐྲངས་ནད་སེལ། །ཞེས་བྱ་བ་ལ། ལྕང་མ་ལ་སོགས་པའི་ཕྱེ་མ་དང་སྦྱར་བའི་ལྡེ་གུ་དྲོ་འཇམ་ཙམ་བསྐུས་ན་ལྐོག་མའི་ནད་ཀྱི་སྐྲངས་པ་དང་ན་བ་སེལ་བར་བྱེད་པ་ཡིན་ནོ། །དེ་ནས་ཕྱི་ནང་དུགས་ བྱས་ཏེ། །སོར་གདུབ་ཆ་སྤྱད་དག་གིས་སམ། །རྒྱམ་ཚ་ལྡན་པའི་སེན་མོ་ཡིས། །རླུང་གྱུར་གག་པ་བཞར་བར་བྱ། །ཞེས་བྱ་བ་ལ། དེ་ནས་རླུང་ལས་གྱུར་པའི་གག་པ་ལ་ཕྱི་དང་ནང་ནས་དུགས་ལེགས་པར་བྱས་ལ། སོར་གདུབ་ལྟ་བུའི་ཆ་སྤྱད་དམ་རྒྱམ་ཚ་དང་བཅས་པའི་སེན་ མོས་བྲུད་ཅིང་བཞར་བར་བྱའོ། །རྩ་བ་ལྔ་བསྐོལ་མཁུར་བཀང་དང་། །ཏིལ་མར་མཁུར་སྤོ་སྣ་སྨན་གཏང་། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་གག་པ་དེ་ལ་རྩ་བ་ལྔ་པ་ཆེན་པོ་བསྐོལ་བའི་ཁུ་བས་མཁུར་བ་བཀང་བ་དང་། དེ་བཞིན་དུ་ཏིལ་མར་གྱིས་མཁུར་བ་སྤོ་བ་དང་། 202-1-197b སྣ་སྨན་དག་བྱས་ན་ཕན་ནོ། །མཁྲིས་པ་ལས་གྱུར་གཏར་ག་གདབ། །ཁ་ར་སྦྲང་རྩི་པྲི་ཡང་ཀུ། །སེང་ཕྲོམ་རྨ་ཤིང་བཅས་པ་བདར། །དེ་བསྐོལ་ཁུ་བ་མཁུར་བར་བཅང་། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་གག་པ་ལ་ནི། དང་པོ་གཏར་ག་གདབ་ཅིང་ ཁྲག་ཕྱུང་ལ། ཁ་ར་ལ་སོགས་པའི་སྨན་གྱིས་བསྐུས་ཤིང་བདར་བ་དང་། ཁ་ར་ལ་སོགས་པ་དེ་དག་བསྐོལ་བའི་ཁུ་བ་ཉིད་མཁུར་བར་བཅང་བར་བྱའོ། །རྒུན་འབྲུ་བ་རུ་ཤ་ཀ་བསྐོལ། །མཁུར་བ་བཀང་བའང་ཕན་པ་ཡིན། །ཞེས་བྱ་བ་ལ། ཡང་ན་མཁྲིས་པ་ལས་ གྱུར་པའི་གག་པ་ལ་རྒུན་འབྲུ་ལ་སོགས་པའི་སྦྱོར་བ་འདི་བྱས་ན་ཡང་ཕན་ནོ། །ཁྲག་ལས་གྱུར་པའང་དེ་བཞིན་དུ། །གཏར་ག་གདབ་སྟེ་གསོ་བར་བྱ། །ཞེས་བྱ་བ་ལ། ཁྲག་ལས་གྱུར་པའི་གག་པ་ལ་ནི་དེ་བཞིན་དུ་མཁྲིས་པ་ལས་གྱུར་པ་དང་འདྲ་བར་གསོ་ཞིང་གཏར་ག་ གདབ་པ་དང་ཁྲག་དབྱུང་བར་བྱའོ། །བད་ཀན་ལས་གྱུར་གག་པ་ཡི། །དུད་པ་ཚ་བའི་སྨན་བཅས་གདབ། །ཨ་པ་མརྒའི་འབྲས་བུ་དང་། །གི་རི་ཀརྞི་བྱི་དང་ག །རྒྱམ་ཚ་ཙནྡན་ཏིལ་མར་བསྐོལ། །སྣ་སྨན་མཁུར་བཀང་བྱ་བ་བསྔགས། །ཞེས་བྱ་བ་ལ། བད་ ཀན་ལས་གྱུར་པའི་གག་པ་ལ་ནི། ཁང་པའི་དུད་པ་ལ་སོགས་པའི་སྨན་གྱིས་བཏབ་ཅིང་། ཨ་པ་མརྒ་ལ་སོགས་པའི་སྨན་བསྐོལ་བའི་ཁུ་བ་མཁུར་བར་བཅང་བར་བྱའོ། །དེ་བཞིན་འདུས་དང་རྩ་བ་དང་། །མཆུ་རྩེ་ལྐོག་མའི་མཚོན་ལའང་བྱ། །ཞེས་བྱ་བ་ ལ། ལྐོག་མའི་ནད་འདུས་པ་དང་རྩ་ལ་སོགས་པ་བཞི་པོ་དག་ལ་ཡང་། བད་ཀན་ལས་གྱུར་པའི་གག་པ་དང་འདྲ་བར་གསོ་བར་བྱའོ། །ཁོང་འབྲས་ཁྲག་གཟགས་འབྲས་བུ་གསུམ། །གི་ཝང་ཡུག་སྣམ་སྐྱེར་ཁཎྜ། །སེར་ཕྲོམ་རྒྱམ་ཚ་རྨ་ཤིང་དང་། །པི་པི་ལིང་ བསྐུ་མཁུར་བཀང་བྱ། །ཞེས་བྱ་བ་ལ། ལྐོག་མའི་ཁོང་འབྲས་ལ་ནི་གཏར་གས་ཁྲག་ཕྱུང་ལ། འབྲས་བུ་གསུམ་ལ་སོགས་པའི་སྨན་གྱི་ལྡེ་གུས་བསྐུ་ཞིང་བསྐོལ་བའི་ཁུ་བས་མཁུར་བ་བཀང་བ་བཅང་བར་བྱའོ། །རླུང་ལས་གྱུར་པའི་ལྦ་བ་ལ། །དུགས་བྱས་ནས་ནི་ 202-1-198a ཁྲག་དབྱུང་ཞིང་། །ཏིལ་དང་ཟར་མ་ལེ་བརྒན་རྩི། །པི་ལ་ཡ་དང་གསོ་འབྲས་ཀྱིས། །རྨ་འདྲུབས་ནས་བསྐུས་དཀྲི་བར་བྱ། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་ལྐོག་མའི་ལྦ་བ་ལ་ནི་དུགས་བྱ་ཞིང་གཏར་གས་ཁྲག་ཕྱུང་ལ་རྨ་འདྲུབས་ པར་གྱུར་པ་དང་། ཏིལ་ལ་སོགས་པའི་ས་བོན་གྱིས་བསྐུས་ཏེ་དཀྲི་བར་བྱའོ། །ཤི་ཀྲུ་སེང་ཕྲོམ་ཏ་རྐ་རི། །ཏ་ལ་ཧ་ཏི་པི་པི་ལིང་། །བ་སྤྲུ་བ་དང་ཨ་རུ་ར། །ཨརྐའི་རྩ་བ་པོ་སོན་ཆ། །ཨེ་ཀཻ་ཥི་ཀར་བཅས་པ་ནི། །ཆང་ངམ་རང་སྐྱུར་བཏགས་པས་བསྐུ། །ལྡེ་གུས་ ཡང་དང་ཡང་དུ་བསྐུ། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་ལྦ་བ་དེ་ལ་ཤི་ཀྲུ་ལ་སོགས་པའི་སྨན་ཆང་ངམ་རང་སྐྱུར་ཀཉྫི་དང་བཏགས་པའི་ལྡེ་གུས་ཡང་ནས་ཡང་དུ་བསྐུ་བར་བྱའོ། །སླེ་ཏྲེས་ནིམ་པ་དུག་མོ་ཉུང་། །ཧ་ན་ས་པ་ཏི་བལ་གཉིས། །ཐང་ཤིང་དང་ནི་པི་པི་ ལིང་། །བསྐོལ་བའི་ཏིལ་མར་བླུད་པར་བྱ། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་ལྦ་བ་ལ་སླེ་ཏྲེས་ལ་སོགས་པ་དང་བསྐོལ་བའི་ཏིལ་མར་བསྐུས་ན་ཡང་ཕན་ནོ། །བད་ཀན་ལ་ཡང་འདི་དག་ནི། །བྱ་ཞིང་ལྷག་པར་དུགས་བསྐུ་བྱ། །ཞེས་བྱ་བ་ལ། བད་ཀན་ལས་ གྱུར་པའི་ལྦ་བ་ལ་ཡང་རླུང་ལས་གྱུར་པའི་གསོ་བ་འདི་དག་ཉིད་བྱ་ཞིང་། དེ་ལས་ཀྱང་ལྷག་པར་དུགས་དང་ལྡེ་གུས་བསྐུ་བ་དག་ཤས་ཆེར་བྱའོ། །ཨ་ཟ་གནྡྷ་བོང་ང་དཀར། །ཨ་ཟ་ཤིང་གི་བི་ཤ་ལྱ། །ཀུ་བ་ཁ་བོ་འོལ་མ་སེ། །ཤི་རི་ཤ་དང་རྒྱ་སྐྱེགས་ཤིང་། །ཐལ་ ཆུའི་ལྡེ་གུས་བསྐུ་བར་བྱ། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་ལྦ་བ་ལ་ནི་ཨ་ཟ་གནྡྷ་ལ་སོགས་པའི་སྨན་གྱི་ཕྱེ་མ་རྒྱ་སྐྱེགས་ཀྱི་ཤིང་ངམ་ཐལ་བའི་ཆུ་དང་ལྡེ་གུར་བྱས་ལ་བསྐུ་བར་བྱའོ། །ཐལ་བ་དྲག་པོ་གཅིན་བསྐོལ་བཙགས། །ཁྲེ་རྒོད་བཟའ་ཞིང་བཏུང་ བར་བྱ། །ཞེས་བྱ་བ་ལ། ཐལ་བ་དྲག་པོ་ནི་རྩའི་ཐལ་བ་དང་ཆུ་བཙགས་པ་ལས་བྱས་པ་སྟེ། མིང་གི་རྣམ་གྲངས་ཆུའི་ཐལ་བ་ཞེས་ཀྱང་བྱའོ། །དེ་གཅིན་དང་བསྐོལ་བ་བཙགས་ཏེ་ཁྲེ་རྒོད་ཟ་ཞིང་དེ་བླུད་ན་བད་ཀན་ལས་གྱུར་པའི་ལྔ་པ་སེལ་ཏོ། །དུག་མོ་ཉུང་སོགས་ 202-1-198b ལན་ཚྭ་ལྔ། །ཏིལ་མར་ལྷན་ཅིག་བསྐོལ་བ་བླུད། །ཅེས་བྱ་བ་ལ། ཡང་ན་དུག་མོ་ཉུང་གི་སྡེ་ཚན་ལ་སོགས་པའི་སྨན་དང་ལན་ཚྭ་ལྔ་པོ་དང་བཅས་པར་ཏིལ་མར་བསྐོལ་ལ། ཁྲེ་རྒོད་བཟའ་ཞིང་དེ་བླུད་པར་བྱའོ། །བད་ཀན་འཇོམས་པའི་དུད་པ་དང་། །སློན་སྨན་སྣ་ སྨན་ལ་སོགས་བསྟེན། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་ལྦ་བ་ལ་དུད་པ་བརྔུབ་པ་ལ་སོགས་པ་བད་ཀན་སེལ་བ་རྣམས་བསྟེན་པར་བྱའོ། །ཚིལ་གྱུར་པ་ལ་གཏར་ག་གདབ། །བད་ཀན་འཇོམས་པའི་ཆོ་ག་བསྟེན། །ཞེས་བྱ་བ་ལ། ཚིལ་ལས་གྱུར་པའི་ལྦ་བ་ལ་ནི། སྣུམ་ཆོས་བྱས་ལ་གཏར་ག་གདབ་པ་དང་། བད་ཀན་བསལ་བའི་སྦྱོར་བ་བྱའོ། །འདི་ལ་ཨ་ས་ལ་སོགས་པའི། །ཁུ་བ་གཅིན་ནི་སྔ་དྲོ་བླུད། །ཅེས་བྱ་བ་ལ། ཚིལ་ལས་གྱུར་པའི་ལྦ་བ་ལ་ཨ་ས་ན་ལ་སོགས་པའི་སྡེ་ཚན་བསྐོལ་བའི་ཁུ་བ་གཅིན་དང་སྦྱར་བ་སྔ་དྲོ་དང་པོའི་ཆ་ ལ་བླུད་པར་བྱའོ། །དེས་མ་ཞི་ན་ཐམས་ཅད་ནི། །སྨིན་བྱས་རྨ་ལྟར་གསོ་བར་བྱ། །ཞེས་བྱ་བ་ལ། ལྐོག་མའི་ནད་ཐམས་ཅད་གསོ་བའི་སྦྱོར་བ་དེ་དག་བྱས་སུ་ཟིན་ཀྱང་ཞི་ཞིང་མེད་པར་མ་གྱུར་ན། དེ་སྨིན་པར་བྱས་ལ་རྨའི་གསོ་བ་ལྟར་བྱའོ། །ཁ་ཤུ་ལ་ནི་འབྲས་བུ་གསུམ། ། པ་ཏ་རྒུན་འབྲུ་ཛཱ་ཏི་ནི། །འོ་མར་བསྐོལ་བའི་སྦྲང་རྩིར་བཅས། །ཁ་ནི་བསྐུ་ཞིང་བཅང་བར་བྱ། །ཞེས་བྱ་བ་ལ། ཁ་ཤུའི་ནད་ཐམས་ཅད་ལ་འབྲས་བུ་གསུམ་ལ་སོགས་པ་བསྐོལ་བའི་ཁུ་བ་བསྒྲངས་པའི་ནང་དུ་སྦྲང་རྩི་བཏབ་པ་སྟེ། ཁར་བ་ཅང་ཞིང་བསྐུ་བར་བྱའོ། །ཡང་ན་ ཟིན་ཐིག་ལ་སོགས་སྡེ། །བཟའ་ཞིང་བསྟེན་པ་ཉིད་དུ་བྱ། །ཞེས་བྱ་བ་ལ། ཡང་ན་ཁའི་ཤུ་བ་ལ་འབྲས་བུ་གསུམ་ལ་སོགས་པ་ཟོས་ནས་ཟིན་ཐིག་ལ་སོགས་པའི་སྡེ་ཚན་བཟའ་བར་བྱའོ། །རླུང་གི་ཁ་ཤུར་པི་པི་ལིང་། །རྒྱམ་ཚ་སུག་སྨེལ་ཕྱི་མ་གདབ། །ཅེས་བྱ་བ་ལ། རླུང་ལས་གྱུར་པའི་ཁ་ཤུ་ལ་ནི་པི་པི་ལིང་ལ་སོགས་པའི་ཕྱེ་མས་གདབ་པའམ། འདེ་གུས་བསྐུ་བར་བྱའོ། །ཡང་ན་རླུང་འཇོམས་སྨན་བསྐོལ་བའི། །ཏིལ་མར་སྣ་སྨན་མཁུར་བཀང་ཕན། །ཞེས་བྱ་བ་ལ། ཡང་རླུང་ལས་གྱུར་པའི་ཁ་ཤུ་ལ་རླུང་སེལ་བའི་སྨན་གྱི་སྡེ་ཚན་ 202-1-199a བསྐོལ་བའི་ཏིལ་མར་སྣ་སྨན་དང་མཁུར་བ་བཀང་བ་བྱས་ན་ཕན་ནོ། །ཁྲག་མཁྲིས་གྱུར་ལ་ཁྲག་མཁྲིས་འཇོམས། །བད་ཀན་ལས་གྱུར་དེ་འཇོམས་བསྟེན། །ཞེས་བྱ་བ་ལ། ཁྲག་དང་མཁྲིས་པ་ལས་གྱུར་པའི་ཁ་ཤུ་ལ་ནི་ཁྲག་དང་མཁྲིས་པ་སེལ་བའི་ཆོ་གས་ཕན་ ནོ། །བད་ཀན་ལས་གྱུར་པའི་ཁ་ཤུ་ལ་ནི་བད་ཀན་སེལ་བར་བྱེད་པའི་ཆོ་ག་བསྟེན་པར་བྱའོ། །འབྲུམ་ཕྲན་སྲ་ཞིང་བརྟན་པ་ལ། །ཤ་ཁའི་ལོ་མ་སོགས་ཀྱིས་བཞར། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་ཁ་ཤུར་འབྲུམ་བུ་ཕྲ་མོ་བརྟན་ཞིང་མི་འགྱུར་བར་གནས་པ་གང་ཡིན་པ་དེ་ལ་ ནི་ཤ་ཁའི་ལོ་མ་ལ་སོགས་པས་བཞར་ཞིང་བསལ་བར་བྱའོ། །འདུས་པ་ལས་གྱུར་གསོ་བ་ནི། །ནད་གཞི་ཇི་བཞིན་ཤས་ཆེར་བྱ། །ཞེས་བྱ་བ་ལ། འདུས་པ་ལས་གྱུར་པའི་ཁ་ཤུ་ལ་ནི་ནད་གཞི་གང་ཤས་ཆེ་བའི་དབང་དུ་བྱས་ཏེ་གསོ་བར་བྱའོ། །ཆུ་བུར་གསར་ཞིང་མ་འཕེལ་བ། ། བཅད་ལ་སྭརྫི་ཀའི་ཐལ་བ། །བཅའ་སྒ་སྦྲང་རྩི་གདབ་པར་བྱ། །ཞེས་བྱ་བ་ལ། མཛེར་པ་ཆུ་བུར་གསར་དུ་བྱུང་ཞིང་རིང་པོ་མ་ལོན་པ་མ་འཕེལ་བ་ལ་ནི་དཀྱིལ་འཁོར་འདྲ་བའི་གཙགས་བུས་བཅད་ལ། སྭརྫི་ཀ་ལ་སོགས་པའི་ཕྱེ་མས་གདབ་པར་བྱའོ། །དེ་བསྐོལ་མཁུར་བ་བཀང་བར་བྱ། ། སླེ་ཏྲེས་ནིམ་པའི་ལྡེ་གུ་ནི། །སྦྲང་རྩི་ཏིལ་མར་བཅས་པའང་རུང་། །ཞེས་བྱ་བ་ལ། དེ་ལྟར་ཆུ་བུར་བཅད་ནས་སྨན་སྔ་མ་དེ་བསྐོལ་བའམ། སླེ་ཏྲེས་ལ་སོགས་པའི་ཁུ་བས་མཁུར་བ་བཀང་བར་བྱའོ། །ནས་ཟན་ཟ་ཞིང་ཏིལ་མར་རྣོས། །སྣ་སྨན་དང་ནི་བསྐུ་བྱུག་བྱ། །ཞེས་བྱ་བ་ལ། ཡང་ཆུ་བུར་ ཅན་དེ་ལ་ནས་ཀྱི་ཟན་བཟའ་བ་ལ་སོགས་པའི་སྦྱོར་བ་བྱའོ། །ཁ་དྲི་ང་ལ་སློན་སྨན་དང་། །དུད་པ་སྣ་སྨན་རྣོན་པོ་གཏང་། །ཞེས་བྱ་བ་ལ། ཁ་དྲི་མི་ཞིམ་པ་ལ་སློན་སྨན་བཏང་ལ། སློན་པའི་འོག་ཏུ་དུད་པ་བརྔུབ་པ་རྣོན་པོ་དང་སྣ་སྨན་གཏང་བར་བྱའོ། །བཙོད་དང་སེང་ཕྲོམ་ད་ཏ་ཀི། །ཤུག་པ་པྲི་ཡང་ཀུ་ཡི་ཆུས། །ཁ་ཡི་ནང་ནི་ བཀྲུ་བ་དང་། །ཕྱེ་མས་ཁ་ནི་དག་པར་བྱ། །ཞེས་བྱ་བ་ལ། ཡང་ཁའི་ནང་དྲི་ང་ཞིང་མནམ་པ་ལ་སོགས་པའི་ཕྱེ་མ་དང་བཅས་པའི་ཆུ་དང་ཁ་བཀྲུ་ཞིང་དག་པར་བྱའོ། །གྲང་ཉེན་ཉེ་བར་བདར་བཤད་པའི། །སྣ་སྨན་ལ་སོགས་བསྟེན་པར་བྱ། །ཞེས་བྱ་བ་ལ། ཡང་ཁ་དྲི་ང་བ་ལ་ནི་གྲང་བས་ཉེན་པ་དང་ཉེ་བར་ 202-1-199b བདར་བ་ཞེས་བྱ་བའི་ནད་གསོ་བའི་སྐབས་སུ་བཤད་པའི་སྣ་སྨན་ལ་སོགས་པ་ཡང་བྱའོ། །འབྲས་བུ་གསུམ་དང་རྩ་མཁྲིས་ཙི་ཏྲ་ཀ །ཤིང་མངར་ཡུངས་ཀར་གླ་སྒང་ཚ་བ་གསུམ། །ཡ་བཀྵ་ར་སེར་པོ་རྣམ་གཉིས་དང་། །ད་ཏྲིག་ཙནྡན་ལྕང་མ་སྟར་བུ་དང་། །ཨ་ཤྭཏྠ་དང་འཛམ་ བུའི་མྱུ་གུ་དང་། །ད་ནན་ཛཱ་ཡ་ཀ་ར་བཱི་རའི་ཤུན། །སེང་ལྡེང་སྙིང་པོ་བསྐོལ་ཏེ་སྐ་བར་གྱུར། །དེ་ཡི་ཕྱེ་མ་བཏབ་སྟེ་རི་ལུ་བྱ། །དེ་ནི་ཁ་ནང་རྟག་ཏུ་བཞག་གྱུར་ན། །མཆུ་དང་རྐན་སོགས་ནད་ནི་མི་བཟད་འཇོམས། །མཆོག་ཏུ་ཁ་སྐམས་པ་དང་གག་པ་དང་། །རོ་མི་ཚོར་སེལ་ལུས་འཕགས་བདག་ པོས་བཤད། །ཅེས་བྱ་བ་ལ། འབྲས་བུ་གསུམ་ལ་སོགས་པ་བསྐོལ་བའི་ཚོགས་བཙོས་ཏེ་སྐ་བར་གྱུར་པ་དང་། ཡང་འབྲས་བུ་གསུམ་ལ་སོགས་པ་དེ་ཉིད་ཀྱི་ཕྱེ་མ་བཏབ་སྟེ་རི་ལུར་བྱས་ཏེ་ཁའི་ནང་དུ་རྟག་ཏུ་བཞག་ན་མཆུ་དང་རྐན་ལ་སོགས་པའི་ནད་མི་བཟད་ཅིང་གསོ་དཀའ་བ་ དག་ཀྱང་སེལ་བར་བྱེད་ལ། མཆོག་གམ་ཁྱད་པར་དུ་ཁ་སྐམས་པ་དང་། གག་པ་ལ་སོགས་པའི་ནད་སེལ་བར་བྱེད་ལ། སྦྱོར་བ་འདི་ནི་ལུས་འཕགས་པོའི་རྒྱལ་པོ་ཞེས་བྱ་བའི་རྒྱལ་པོས་བཤད་པ་ཡིན་ནོ། །སེང་ལྡེང་སྲང་བརྒྱ་ཆུ་བྲེ་བཅུ་དྲུག་བསྐོལ། །ཁུ་བ་དེ་དང་ཙནྡན་ཨ་ག་རུ། །གུར་ གུམ་བ་ལ་པ་རི་པེ་ལ་དང་། །ཐང་ཤིང་སེང་ཕྲོམ་རྒུན་འབྲུ་པུ་ཤེལ་ཙེ། །བཙོད་དང་ཙོ་ཙ་ཤུག་པ་བྱི་དང་ག །པྲི་ཀ་རྒྱ་སྤོས་ཀད་པལ་ཆུ་སྲིན་སྡེར། །སུག་སྨེལ་དྷེ་མ་ཀ་དང་རྨ་ཤིང་བཅས། །ཞོ་ནི་གཉིས་གཉིས་ཏིལ་མར་བྲེ་གང་བསྐོལ། །དེ་ནི་བཏུང་དང་སྣ་སྨན་མཁུར་བཀང་བྱས། །ཁ་ཡི་ ནད་ཀུན་འཇོམས་བྱེད་བྱ་རྒོད་ལྟར། །མིག་གསལ་རྣ་བ་ཕག་འདྲར་གསང་བར་བྱེད། །ཅེས་བྱ་བ་ལ། སེང་ལྡེང་སྲང་བརྒྱ་ལ་སོགས་པ་ཇི་སྐད་སྨོས་པ་བཞིན་དུ་བསྐོལ་ལ། ཏིལ་མར་དེ་བཏུང་བ་དང་སྣ་སྨན་ལ་སོགས་པའི་སྦྱོར་བ་བྱས་ན་མིག་ནི་བྱ་རྒོད་ལྟར་གསལ་བར་འགྱུར་ལ། རྣ་བ་ ཕག་དང་འདྲ་བར་གསང་བར་འགྱུར་རོ། །ཙ་ཀྲ་མརྡ་སྐྱེར་པ་སེང་ཕྲོམ་གྱི། །ལྡེ་གུས་གདོང་ལ་བྱུགས་པར་གྱུར་ན་ནི། །ངོ་ཁབས་སྨེ་བ་དྲི་མ་ལ་སོགས་སེལ། །ཟླ་བ་ལྟ་བུའི་མདངས་དང་ལྡན་པར་འགྱུར། །ཞེས་བྱ་བ་ལ། སྔར་བཤད་མ་ཐག་པའི་ཏིལ་མར་གྱིས་བསྐུས་ལ་ཙཀྲ་མརྡ་ཞེས་ 202-1-200a བྱ་བ་པྲ་པུན་ད་དང་སྐྱེར་པ་ལ་སོགས་པའི་ལྡེ་གུས་བསྐུས་ན། ངོ་ཁབས་སེལ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པར་འགྱུར་རོ། །ས་ཧ་ར་ཛ་སྲང་སྟོང་ཆུ་བྲེ་ནི། །བཅུ་དྲུག་ནང་བསྐོལ་བརྒྱད་ཆ་ལུས་པ་རུ། །སེང་ལྡེང་འཛམ་བུ་ཤིང་མངར་ཨེ་རཎྜ། །ཨ་མྲ་ཨ་ཏི་མ་ར་ཨུཏྤལ་ སྡོ། །ཞིབ་བཏགས་ཏིལ་མར་བྲེ་གང་ནང་དུ་བསྐོལ། །དེ་ནི་ཁ་ཡི་ནང་དུ་བཅངས་གྱུར་ན། །ཁ་ཡི་ནད་ཀུན་འཇོམས་ཤིང་ཁྱད་པར་དུ། །སོ་ཡི་ཕྲེང་བ་འགུལ་བ་བརྟན་པར་བྱེད། །ཅེས་བྱ་བ་ལ། ས་ཧ་ར་ཛ་ནཱི་ལ་པུཤྤ་སྟེ་མེ་ཏོག་སྔོན་པོ་ཅན་ཡིན་ཏེ། དེ་ལས་སྲང་སྟོང་ཆུ་བྲེ་བཅུ་དྲུག་གི་ནང་དུ་བསྐོལ་ཏེ། དེའི་ བརྒྱད་ཆ་ལུས་པའི་ནང་དུ་སེང་ལྡེང་ལ་སོགས་པའི་སྨན་སྲང་རེ་ལྷག་ཙམ་བཅུག་སྟེ། ཏིལ་མར་བྲེ་གང་ལྷན་ཅིག་བསྐོལ་བའི་ཏིལ་མར་དེ་མཁུར་བ་བཀང་ཞིང་ཁའི་ནང་དུ་བཅངས་པར་གྱུར་ན། ཁ་ནད་སེལ་ཅིང་སོ་བརྟན་པར་བྱེད་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །སེང་ལྡེང་སྙིང་པོ་སྲང་ནི་ཉིས་བརྒྱ་ དང་། །ཨ་རི་མེ་ད་ས་ནི་སྲང་བརྒྱད་དག །ཆུ་བྲེ་དྲུག་ཅུ་བཞི་བསྐོལ་བཞི་ཆ་ལུས། །བཙགས་ཏེ་སླར་ཡང་སྐ་བའི་བར་དུ་བསྐོལ། །དེ་ནང་དབྱི་མོ་རྨ་ཤིང་བ་ལ་ཀ །ཙནྡན་རྣམ་གཉིས་སེང་ཕྲོམ་སྟག་ཚེར་བ། །ཤིང་མངར་རྒྱ་སྐྱེགས་ཨ་ཛ་རི་རྣམ་གཉིས། །ད་ཏ་ཀི་དང་ཀཏྤ་ལའི་འབྲས་བུ། །སེར་ པོ་རྣམ་གཉིས་འབྲས་བུ་གསུམ་དང་ནི། །དྲི་སྣ་བཞི་དང་གླ་སྒང་ཨ་ག་རུ། །བཙོད་དང་སྤང་སྤོས་ནྱ་གྲོ་དྷའི་མྱུ་གུ། །ཤུག་པ་བཙོད་དང་ཨེ་ལ་བ་ལུ་ཀ །ཞོ་ནི་གཉིས་གཉིས་བཏབ་སྟེ་བསྒྲངས་པ་རུ། །ཛཱ་ཏི་པ་ཏྲ་ཛཱ་ཏི་ཕ་ལ་དང་། །ལི་ཤི་ཨ་ཀོ་ལ་དང་ཀ་ཀོ་ལ། །སྲང་རེ་ག་བུར་སྲང་བཞི་བཅུག་པར་བྱ། །དེ་ལས་རི་ ལུར་བྱས་ལ་རྟག་ཏུ་ནི། །ཁར་བཞག་ན་ནི་ཁ་ནད་ཐམས་ཅད་སེལ། །ཞེས་བྱ་བ་ལ། སེང་ལྡེང་གི་སྙིང་པོ་སྲང་ཉིས་བརྒྱ་དང་། ཨ་རི་མེ་ད་ས་ཞེས་བྱ་བ་ཨ་ཏི་ལའི་ཤུན་པ་སྲང་བརྒྱད། ཆུ་བྲེ་དྲུག་ཅུ་རྩ་བཞིའི་ནང་དུ་བསྐོལ་ལ། དེ་ལས་ཆུ་བྲེ་བཅུ་དྲུག་ལུས་པ་དང་བཙགས་ཏེ་སླར་སྐ་བར་གྱུར་གྱི་བར་དུ་བསྐོལ་ལ། དེའི་ནང་དུ་དབྱི་མོ་ལ་སོགས་པ་ཞོ་གཉིས་གཉིས་བཏགས་པའི་ཕྱེ་མ་ཞིབ་མོ་བཅུག་ལ་དེ་གྲངས་པར་གྱུར་པ་དང་། ཛཱ་ཏི་པ་ཏྲ་ལ་སོགས་པ་སྲང་རེ་རེ་དང་། ག་བུར་སྲང་བཞི་དེའི་ནང་དུ་བཅུག་ལ། དེའི་འོག་ཏུ་དེ་ལས་རི་ལུར་བྱས་ལ། དུས་རྟག་ཏུ་ཁར་བཞག་ན་ཁའི་ནད་ཐམས་ཅད་སྦྱོང་བར་བྱེད་དོ། ། 202-1-200b བསྐོལ་དང་རེང་བུའི་སྨན་ནི་གོ་བཟློག་པ། །བཏགས་པ་འདི་ཡི་ཏིལ་མར་བསྐོལ་བར་བྱ། །ཁ་ནད་ཀུན་སེལ་བར་ནི་དེ་བཤད་དོ། །སོ་བརྟན་བྱེད་པའི་མཆོག་ཀྱང་འདི་ཉིད་ཡིན། །ཞེས་བྱ་བ་ལ། བསྐོལ་བ་དང་རེང་བུར་བྱས་པའི་སྨན་སེང་ལྡེང་གི་སྙིང་པོ་དང་། ས་ཧ་ཙ་རའི་སྨན་ཚན་ གཉིས་གོ་བཟློག་པའི་ཚུལ་འདི་ནས་བཤད་པའི་ཆོ་ག་ལྟར་བྱས་ཏེ། དེས་ན་ས་ཧ་ཙ་ར་སྲང་བརྒྱད་བྱས་ལ། སེང་ལྡེང་སྲང་གཅིག་ཏུ་བྱས་ཏེ། གཞན་ཐམས་ཅད་གོང་མ་བཞིན་སྦྱར་བར་བྱས་ཏེ། ཏིལ་མར་དེས་ནི་ཁ་ནད་ཐམས་ཅད་སེལ་བར་བྱེད་པ་ཡིན་ནོ། །རི་ལུ་འདི་ནི་སེང་ལྡེང་སྦྱར་ ཏིལ་མར། །ཨ་རི་མེ་ད་ས་དང་བསྐོལ་བ་དག །ཉིན་རེ་བསྟེན་པར་བྱེད་ན་ནད་མེད་པའང་། །སོ་ནི་ངེས་པར་བརྟན་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། རི་ལུ་འདི་ཉིད་སེང་ལྡེང་དང་བྱས་ལ། དེ་བཞིན་དུ་ཏིལ་མར་དང་། ཨ་རི་མེ་དས་བསྐོལ་བའི་རི་ལུ་དང་། ཏིལ་མར་དེ་དག་ ཐ་མལ་པར་གནས་པ་དག་གིས་ཀྱང་རྟག་ཏུ་བསྟེན་ན་སོ་བརྟན་པར་འགྱུར་རོ། །རྒུན་འབྲུ་སླེ་ཏྲེས་ཛཱ་ཏིའི་མྱུ་གུ་དང་། །སྐྱེར་པ་བྱི་ཚེར་འབྲས་བུ་གསུམ་བསྐོལ་བའི། །སྦྲང་རྩིར་སྦྱར་བ་འདི་ནི་མཁུར་བར་བཅངས། །ཁ་ཡི་ནད་དུ་གཏོགས་པ་ཐམས་ཅད་སེལ། །ཞེས་བྱ་བ་ལ། རྒུན་ འབྲུ་ལ་སོགས་པ་བསྐོལ་བའི་ཁུ་བ་བསྒྲངས་པ་སྦྲང་རྩི་དང་སྦྱར་བ་ཡང་ནད་དེ་ལ་ཕན་ནོ། །སྐྱེར་པ་པ་ཐ་རུ་རྟ་གླ་སྒང་བཙོད། །ཡུང་བ་སེང་ཕྲོམ་ཏེ་ཛོ་བ་ཏི་དང་། །པུ་ཙེ་ཤེལ་གྱི་ཕྱེ་མ་སྦྲང་རྩིར་སྦྱར། །བསྐུས་ན་རྙིལ་ནད་ཉམ་ཐག་གཡའ་བ་དང་། །རྣག་དང་འཛག་པའི་ནད་རྣམས་སེལ་བར་ བྱེད། །ཅེས་བྱ་བ་ལ། སྐྱེར་པའི་ཤུན་པ་ལ་སོགས་པའི་ཕྱེ་མ་སྦྲང་རྩི་དང་སྦྱར་བ་བསྐུས་ན་ཡང་རྙིལ་གྱི་ནད་ཀྱིས་ཉེན་པ་ལ་སོགས་པ་སེལ་བར་བྱེད་དོ། །ཁྱིམ་གྱི་དུད་པ་པ་ཐ་སྐྱེར་ཁཎྜ། །ཚ་བ་གསུམ་དང་ནས་ཚིག་འཁུས་ཐལ་བ། །ཙི་ཏྲ་ཀ་དང་ལྕགས་ཕྱེ་འབྲས་བུ་གསུམ། ། ཏེ་ཛོ་བ་ཏི་སྦྲང་རྩིར་སྦྱར་བ་ནི། །ནག་པོ་ཁར་བཅངས་སོ་དང་འགུལ་ནད་སེལ། །ཞེས་བྱ་བ་ལ། ཁྱིམ་གྱི་སྟེང་གི་ངོས་ལ་ཆགས་པའི་དུད་པ་ནག་པོ་དང་། པ་ཐ་ལ་སོགས་པའི་སྨན་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་ནག་པོ་ཞེས་བྱ་བ་ཁར་བཅངས་ན། སོ་འགུལ་བའི་ནད་སེལ་བར་བྱེད་དོ། ། 202-1-201a སྐྱེར་པའི་ཤུན་པ་ལྡོང་རོས་རྒྱམ་ཚ་དང་། །བ་བླ་ནས་ཆིག་འཁུས་པའི་ཐལ་བའི་ཕྱེ། །སྦྲང་རྩི་མར་སྦྱར་ཕྱེ་མ་སེར་པོ་ཅན། །ཁར་བཞག་སོ་དང་མགུལ་པའི་ནད་རྣམས་སེལ། །ཞེས་བྱ་བ་ལ། སྐྱེར་པའི་ཤུན་པ་ལ་སོགས་པའི་ཕྱེ་མ་ནི་སེར་པོ་ཅན་ཞེས་བྱ་སྟེ། དེ་ཁ་དང་སོའི་ནད་ལ་བཅང་བར་བྱའོ། ། བ་གཅིན་ཨ་རུ་ར་བསྐོལ་ཐིམ་གྱུར་པར། །ཤུ་ཏི་རུ་རྟ་བ་ལེ་ཀའི་ཕྱེ་ཟོས། །ནང་གི་ཁ་ནད་ཕྲ་མོ་ཡན་ཆད་ནི། །རྒྱལ་པོར་བརྟེན་ན་གནོད་པས་མི་ཚུགས་ཤིང་། །ནང་དུ་བཞག་ན་ནད་རྣམས་སེལ་བར་བྱེད། །ཅེས་བྱ་བ་ལ། བ་གཅིན་གྱི་ནང་དུ་ཨ་རུ་ར་བསྐོལ་ཏེ། བ་གཅིན་དེ་ཨ་རུ་རའི་ནང་དུ་ཐིམ་པར་གྱུར་པ་དེ་ལྟ་བུའི་ ཨ་རུ་ར་དང་ཤུ་ཏི་ལ་སོགས་པའི་ཕྱེ་མ་དང་བཅས་པ་མིས་ཟོས་པར་གྱུར་ན། ཁའི་ནང་གི་ནད་ཕྲ་མོ་རྣམས་ཀྱིས་གནོད་པར་མི་འགྱུར་ཏེ། ཇི་ལྟར་འགྲོ་བ་རྣམས་ཀྱིས་སྐྱོབ་པར་གྱུར་པའི་རྒྱལ་པོ་དམ་པ་ལ་བརྟེན་ན་འཚེ་བའི་ཚོགས་ཀྱིས་མི་ཚུགས་པར་འགྱུར་རོ། །ལོ་མ་བདུན་པ་གླ་སྒང་པུ་ཤེལ་ཙེ། ། ཨ་རུ་ར་དང་ཏིག་ཏ་པ་ཏོ་ལ། །ཤིང་མངར་དོང་གྲ་ཙནྡན་པུ་ཤེལ་ཙེ། །བསྐོལ་བ་འཐུངས་ན་ཁ་ཡི་ཤུ་བ་འཇོམས། །ཞེས་བྱ་བ་ལ། ལོ་མ་བདུན་པ་ལ་སོགས་པའི་སྨན་བསྐོལ་བའི་ཁུ་བ་འཐུངས་ན་ཁའི་ནང་གི་ཤུ་བ་དང་རྣགས་པ་སེལ་བར་འགྱུར་རོ། །པ་ཏོ་ལ་དང་བཅའ་སྒ་འབྲས་བུ་གསུམ། །བི་ཤ་ལྱ་དང་ཏིག་ ཏ་ཀྱི་ལྕེ་བ། །སླེ་ཏྲེས་བསྐོལ་བ་སྦྲང་རྩིར་བཅས་བླུད་དམ། །ཁར་བཞག་ཁ་ཡི་ནད་ཀུན་མ་ལུས་འཇོམས། །ཞེས་བྱ་བ་ལ། པ་ཏོ་ལ་ལ་སོགས་པ་བསྐོལ་བའི་ཁུ་བ་བཙགས་པའི་ནང་དུ་སྦྲང་རྩི་དང་བཅས་པ་བླུད་ཅིང་བཏུང་བའམ། ཁར་བཞག་ཅིང་མཁུར་བ་བཀང་བ་བྱས་ན་ཁའི་ནད་ཐམས་ཅད་སེལ་བར་བྱེད་དོ། །སྐྱེར་པ་བསྐོལ་ བའི་ཁུ་བ་ནི། །སྐ་གྱུར་ཡུག་སྣམ་བཙག་དང་བཅས། །སྦྲང་རྩིར་བཅས་པ་ཁ་ནང་བཞག །ཤུ་བ་རྨ་འཁྱིམས་སེལ་བར་བྱེད། །ཅེས་བྱ་བ་ལ། སྐྱེར་པ་བསྐོལ་བའི་ཁུ་བ་སྐ་བར་གྱུར་པ་ཡུག་སྣམ་དང་སྦྲང་རྩི་སྦྱར་བ་ཁར་བཞག་ན་ཤུ་བ་ལ་སོགས་པ་སེལ་བར་བྱེད་དོ། །ནིམ་པ་ཤིང་མངར་པ་ཏོ་ལ། །བ་ཤ་ཀ་དང་ཛཱ་ཏི་ དང་། །སེང་ལྡེང་ཨ་རི་མེ་ད་ས། །འབྲས་བུ་གསུམ་པོ་རེ་རེ་ལའང་། །དེ་བཞིན་དུ་ནི་གཏང་བར་བྱ། །ཞེས་བྱ་བ་ལ། ནིམ་པ་ལ་སོགས་པའི་སྨན་རེ་རེ་ཞིང་བཤད་མ་ཐག་པའི་ཁུ་བའི་ཆོ་ག་དང་འདྲ་བར་བཏང་ན་ཡང་ཡོན་ཏན་དེ་དང་འདྲའོ། །སེང་ལྡེང་ལྕགས་ཕྱེ་འབྲས་བུ་གསུམ། །མ་ད་ཡན་ཏི་ཨརྫུ་ན། །ཨ་ཏི་མ་ར་བསྐོལ་ 202-1-201b བ་ནི། །མཁུར་བཅངས་ཁ་ནད་སོ་ནད་སེལ། །ཞེས་བྱ་བ་ལ། སེང་ལྡེང་ལ་སོགས་པའི་སྨན་ཆུ་དང་བསྐོལ་བ་མཁུར་བར་བཅངས་ན་ཡང་ཁ་ནད་དང་སོའི་ནད་རྣམས་སེལ་བར་བྱེད་དོ། །ཁ་དང་སོ་རྩ་མགུལ་ནད་ཕལ་ཆེར་ནི། །བད་ཀན་ཁྲག་ལས་མང་དུ་འབྱུང་བ་ཡིན། །དེ་བས་ནད་དེ་བསལ་བར་བྱ་བའི་ ཕྱིར། །ནད་ཁྲག་ལན་མང་དུ་ནི་དབྱུང་བར་བྱ། །མགོ་དང་ལུས་ཀྱི་སྐྱུག་སྨན་བཀྲུ་སྨན་དང་། །ཁ་དང་ཚ་དང་མཁུར་བཀང་བཅང་བར་བྱ། །ཞེས་བྱ་བ་ལ། ཁའི་ནད་དང་། སོ་རྩའི་ནད་དང་། མགུལ་པའི་ནད་ཕལ་མོ་ཆེ་ནི་བད་ཀན་དང་ཁྲག་ལས་མང་དུ་འབྱུང་བར་འགྱུར་བ་ཡིན་པས། དེའི་ཕྱིར་ནད་དེ་རྣམས་ ལ་ནད་ཁྲག་ཡང་དང་ཡང་དུ་དབྱུང་བར་བྱ་བ་དང་། དེ་བཞིན་དུ་མགོ་བོ་དང་ལུས་ཀྱི་བཀྲུ་སྨན་གཏང་བར་བྱ་བ་དང་། དེ་བཞིན་དུ་སྐྱུག་སྨན་དང་བཀྲུ་སྨན་ཁ་བ་དང་། ཚ་བས་མཁུར་བ་བཀང་བར་བྱ་བ་ཡིན་ནོ། །དེ་བཞིན་བད་ཀན་ཁྲག་ནི་སེལ་བ་ཡི། །གསོ་བའི་ནད་ནི་ཕལ་ཆེར་བསྔགས་པ་ཡིན། །ཞེས་ བྱ་བ་ལ། ཡང་ན་བཤད་མ་ཐག་པའི་ནད་དེ་དག་ལ་བད་ཀན་དང་ཁྲག་སེལ་བའི་གསོ་བ་དག་བྱས་ན་མང་དུ་ཕན་པ་ཡིན་ནོ། །ནས་དང་རྩ་འབྲུ་ཕུབ་མ་མེད་བྱས་ལ། །ཐལ་སྨན་ནང་དུ་སྦངས་ཤིང་སྣུམ་མེད་བཟའ། །ཁུ་བ་བསྟེན་པ་ལ་སོགས་གང་གཞན་ནི། །བད་ཀན་སེལ་བར་བྱེད་པ་ཕན་པ་ཡིན། །ཞེས་ བྱ་བ་ལ། ནས་དང་རྩ་འབྲུ་ཙི་ཙེ་ལ་སོགས་པ་ཕུབ་མ་མེད་པར་དྲུས་པ་ཐལ་སྨན་གྱི་ནང་དུ་སྦངས་ནས་སྣུམ་མེད་པའི་བཟའ་བ་དང་། དེ་དག་གི་ཁུ་བ་ལ་སོགས་པ་བསྟེན་པ་དང་། གཞན་ཡང་བད་ཀན་སེལ་བར་བྱེད་པའི་ཁ་ཟས་དག་ཀྱང་ཕན་པ་ཡིན་ནོ། །སྲོག་ནི་རླུང་གི་ལམ་ལ་གནས་པས་ན། །བག་མེད་པ་ཡིས་འགག་ པར་འགྱུར་བ་ཡིན། །དེ་བས་ལྐོག་མའི་ནད་ཀྱི་གསོ་བ་ནི། །ཤིན་ཏུ་མྱུར་བར་བྱ་བ་ཁོ་ན་ཡིན། །ཞེས་བྱ་བ་ལ། སྲོག་ཅེས་བྱ་བའི་རླུང་ནི་ལྐོག་མའི་ལམ་ལ་གནས་ཤིང་། དེ་ལས་རྒྱུ་བས་ན་བག་མེད་པར་གྱུར་པའི་མི་དབུགས་རྒྱུ་བཞིན་དུ་ཡང་ནད་དེས་འགག་པར་བྱེད་པས་ན། དེ་བས་ན་དེ་རྣམས་ཀྱི་ནང་ ནས་ལྐོག་མའི་ནད་ཀྱི་གསོ་བ་ནི་ཤིན་ཏུ་རིངས་པ་ཁོ་ནར་གསོ་བ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་ཉི་ཤུ་རྩ་གཉིས་པའི་རྣམ་པར་འགྲེལ་པའོ།། །། 202-1-202a དེ་ནས་མགོ་བོའི་ནད་ཀྱི་དམིགས་ཤེས་པར་བྱ་བ་བཤད་པར་བྱའོ་ཞེས་བྱ་བ་ལ། གོ་རིམས་ཀྱིས་ན་ལེའུ་འདི་ཉིད་བརྩམས་པ་ཡིན་ནོ། །དུ་བ་ཉི་ཚན་ཁ་བ་དང་། །ཆུ་དང་རྩེ་དང་གཉིད་དྲགས་དང་། །གཉིད་ཡར་རྡུལ་དང་མདུན་གྱི་རྡུལ། །མཆི་མ་བཀག་དང་དུས་ དྲགས་དང་། །ཆུ་འཐུངས་ཆང་འཐུངས་དྲགས་པ་དང་། །སིན་བུས་ཤུགས་ནི་བཀག་པ་དང་། །སྔས་དང་བསྐུ་བྱུགས་དྲིལ་ཕྱིས་ལ། །མི་དགའ་རྒྱུན་དུ་ཐུར་དུ་བལྟ། །མ་གོམས་དྲི་དང་ཟས་གནོད་ཟོས། །མང་དུ་སྨྲས་པས་མགོ་བོ་ཡི། །ནང་དུ་ནད་ནི་སྐྱེད་པར་བྱེད། །ཅེས་བྱ་བ་ལ། དུ་བ་ དང་ཉི་ཚན་ལ་སོགས་པ་བསྟེན་པའི་རྒྱུ་དང་། སྲིན་བུའི་ཤུགས་འབྱུང་བ་བཀག་པ་དང་། སྔས་ལ་སོགས་པ་ལ་མི་དགའ་བ་དང་། རྒྱུན་དུ་ཐུར་དུ་བལྟ་བ་དང་། སྔར་མ་གོམས་པའི་དྲི་སྣོམས་པ་དང་། ཁ་ཟས་གནོད་པ་ཟོས་པ་དང་། མང་དུ་སྨྲས་པས་ནད་ལངས་པར་གྱུར་ཏེ། མགོ་བོར་ ཞུགས་ནས་མགོ་བོའི་ནད་དུ་གཏོགས་པ་རྣམས་སྐྱེད་ཅིང་འབྱུང་བར་བྱེད་དོ། །དེ་ལ་རླུང་ནི་འཁྲུགས་པ་ལས། །མུར་འགྲམ་གཉིས་སུ་ཤིན་ཏུ་ཟུག །འགྲམ་སོ་ཕུག་པ་སྙམ་དུ་སེམས། །སྨིན་མའི་མཚམས་དང་དཔྲལ་བ་ནི། །ལྟུང་བ་སྙམ་སེམས་རབ་ཏུ་ན། །རྣ་བར་སྒྲ་ཡིས་གནོད་ པར་བྱེད། །མིག་ནི་ཕྱུང་བ་སྙམ་དུ་སེམས། །མགོ་བོ་འཁོར་བ་ལྟ་བུར་སེམས། །ཚིགས་རྣམས་བྱེ་བ་སྙམ་དུ་བྱེད། །རྩ་ཡི་དྲ་བ་ཤིན་ཏུ་འཕར། །མཇིང་པ་འགྲམ་པ་འབྱར་སྙམ་བྱེད། །གསལ་བ་མཐོང་བར་མི་བཟོད་ཅིང་། །སྣ་ཆུ་འཛག་ཅིང་གློ་བུར་དུ། །ན་བ་དང་ནི་ནད་གཞི་ བྱེད། །མཉེ་ཞིང་སྣུམ་བསྐུས་དུགས་བྱས་དང་། །བཅིངས་པས་བདེ་བར་འགྱུར་བ་ཡིན། །མགོ་བོ་ཚ་བའི་ནད་ཅེས་བྱ། །ཞེས་བྱ་བ་ལ། མགོ་བོའི་ནད་དེ་དག་གི་ནང་ནས། རླུང་ལས་གྱུར་པའི་མགོ་བོའི་ནད་ཀྱི་མཚན་མ་ནི་མུར་འགྲམ་གཉིས་ཤིན་ཏུ་ན་ཞིང་ཟུག་པ་ལ་སོགས་པ་འབྱུང་བ་དང་། རྣ་བ་གཉིས་སུ་སྒྲ་འུར་འུར་པོ་གྲག་པ་ལས་གནོད་པར་བྱེད་ཅིང་ན་བ་དང་། མིག་ཕྱིར་བྱུང་བ་སྙམ་དུ་སེམས་པ་དང་། མགོ་བོ་ཐམས་ཅད་བསྐོར་བ་ལྟར་སེམས་པ་དང་། དེ་བཞིན་དུ་རུས་པའི་ཚིགས་རྣམས་བྱེ་བ་སྙམ་དུ་བྱེད་པ་ལ་སོགས་པ་དང་། སྣང་བའི་ཕྱོགས་ལ་སོགས་པ་གསལ་བ་ 202-1-202b མཐོང་བར་མི་བཟོད་པ་ལ་སོགས་པ་དང་། མཉེ་བ་དང་། སྣུམ་བསྐུ་བ་ལ་སོགས་པས་ནད་རྩེ་ཞིལ་ཞིང་བདེ་བར་འགྱུར་བ་ཡིན་ཏེ། ནད་འདི་ནི་མགོ་བོ་ཚ་བའི་ནད་ཅེས་བྱའོ། །གླད་པའི་གཞོགས་ཕྱེད་ན་བ་ནི། །གཞོགས་ཕྱེད་ནད་ཅེས་བྱ་བར་བཤད། །ཟླ་གཅིག་ཟླ་ཕྱེད་ནས་ལྡང་དེ། །རང་ ཉིད་ཞི་བར་འགྱུར་བ་ཡིན། །ཤས་ཆེར་འཕེལ་ན་མིག་དང་ནི། །རྣ་བ་དག་ཀྱང་མ་རུངས་བྱེད། །ཅེས་བྱ་བ་ལ། གླད་པའི་གཞོགས་ཕྱེད་དེ་སྤྱི་བོའི་ཕྱེད་ཀྱི་ཆ་ཤིན་ཏུ་ན་བར་གྱུར་པ་ནི་མིང་གཞོགས་ཕྱེད་ཀྱི་ནད་ཅེས་བྱ་ལ། དེ་ཡང་ཟླ་བ་གཅིག་གམ་ཟླ་བ་ཕྱེད་ནས་ལྡང་ཞིང་ན་ལ། དེ་ནས་ནི་ སྨིན་མི་དགོས་ལ་རང་ཉིད་ཞི་བར་འགྱུར་ལ། དེ་ཤས་ཆེར་འཕེལ་བར་གྱུར་ན་ནི། མིག་ལ་སོགས་པ་མ་རུངས་པར་བྱེད་དོ། །མཁྲིས་གྱུར་མགོ་བོ་ཚ་བ་དང་། །དུད་པས་བདུགས་སྙམ་སེམས་རིམས་འདེབས། །རྔུལ་ཞིང་མིག་ཚ་བརྒྱལ་བ་དང་། །མཚན་མོ་གྲང་བས་རྩེ་འཇིལ་ འགྱུར། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་མགོ་བོ་ཚ་བའི་ནད་ནི་མགོ་བོ་དུད་པས་བདུགས་པ་སྙམ་དུ་སེམས་པར་འགྱུར་བ་ལ་སོགས་པ་དང་། མཚན་མོའི་དུས་དང་གྲང་བ་ལ་རྩེ་འཇིལ་བར་འགྱུར་བ་ཡིན་ནོ། །བད་ཀན་ལས་གྱུར་ཡི་ག་འཆུས། །མགོ་ལྕི་ཚོར་བ་མེད་ཅིང་ གྲང་། །རྩ་མི་འཕར་ཞིང་སྒྱིད་སྙོམ་ལ། །ཉིན་མོ་ནད་ཆུང་མཚན་མོ་ལྡང་། །རྨྱ་ཞིང་མིག་ནི་སྐྲངས་པ་དང་། །རྣ་བ་གཡའ་ཞིང་སློན་པ་ཡིན། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་མགོ་བོ་ཚ་བའི་ནད་ལ་ཡི་ག་འཆུས་པ་ལ་སོགས་པ་དང་། རྩ་ཐམས་ཅད་མི་འཕར་བ་ལ་སོགས་པ་ནས། སློན་པའི་བར་གྱི་མཚན་ཉིད་དང་ལྡན་པ་ཡིན་ནོ། །ཁྲག་གྱུར་མཁྲིས་པ་ལས་ཆེར་ན། །ཞེས་བྱ་བ་ལ། ཁྲག་ལས་གྱུར་པའི་མགོ་བོ་ཚ་བའི་ནད་ནི། མཁྲིས་པའི་མཚན་ཉིད་དང་ལྡན་པར་གྱུར་པ་ལས། ཤིན་ཏུ་དྲག་པར་ན་བར་གྱུར་པ་ཡིན་ནོ། །འདུས་གྱུར་མཚན་ཉིད་ཀུན་དང་ལྡན། ། ཞེས་བྱ་བ་ལ། ནད་གཞི་གསུམ་ཆར་འདུས་པ་ལས་གྱུར་པའི་མགོ་བོ་ན་བའི་མཚན་ཉིད་ནི་ནད་གཞི་གསུམ་ཆར་འདུས་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །འདྲེན་མའི་ཟས་ཀྱིས་སྤྱི་བོ་ཡི། །ཁྲག་དང་ཤ་ནི་འདྲུལ་བྱས་པས། །འདུས་པའི་ནད་ནི་འཁྲུགས་འགྱུར་ཞིང་། །མགོ་བོའི་སྲིན་བུ་ 202-1-203a སྐྱེ་བར་འགྱུར། །དེས་ནི་མགོ་བོའི་ཁྲག་འཐུང་ཞིང་། །སེམས་ནི་འཁྲུལ་པར་བྱེད་པ་ཡི། །མི་བཟད་ནད་ནི་སྐྱེད་པར་བྱེད། །ལུད་པ་རིམས་དང་ཉམས་སྟོབས་ཟད། །མགོ་བོ་རྩུབ་སྐྲང་དབུག་སྙམ་ན། །ཚ་ཞིང་མགོ་འགུལ་རྣགས་པ་དང་། །ཐོད་པ་རྐན་དང་མགོ་ བོར་ནི། །གཡའ་ཞིང་སྐེམ་ལ་ཚོར་བ་མེད། །སྣབས་ཀྱི་མདོག་ནི་དམར་བ་ལ། །རྣ་བ་སྒྲ་བཅས་སྲིན་སྐྱེས་ནད། །ཅེས་བྱ་བ་ལ། སྲིན་བུ་ལས་བྱུང་བའི་མགོ་བོ་ཚ་བའི་ནད་ཀྱི་མཚན་ཉིད་ནི་འདི་དག་ཡིན་ཏེ། འཕྲོད་པ་དང་མི་འཕྲོད་པའི་ཁ་ཟས་འདྲེས་མར་ཟོས་པས། སྤྱི་ བོའི་ཁྲག་དང་ཤའི་ཚོགས་འདྲུལ་ཞིང་རྣགས་པར་གྱུར་པ་ལ། འདུས་པའི་ནད་འཁྲུགས་པར་གྱུར་པ་ལས། དེ་ལས་མགོ་བོའི་སྲིན་བུའི་ནད་སྐྱེད་པར་འགྱུར་ཏེ། འབུ་དེ་རྣམས་མགོ་བོ་ན་གནས་པའི་ཁྲག་འཐུང་བར་བྱེད་ཅིང་། སེམས་འཁྲུལ་པ་སྐྱེད་པར་བྱེད་པའི་ནད་མི་བཟད་པ་བརྣག་པར་ དཀའ་བ་སྐྱེད་པར་བྱེད་པ་དང་། དེ་བཞིན་དུ་ལུད་པ་ལ་སོགས་པའི་ནད་སྐྱེད་པར་བྱེད་པ་དང་། ཁབ་ཀྱིས་ཕུག་པ་སྙམ་དུ་ན་བ་ལ་སོགས་པ་དང་། རྣ་བ་ནས་སྒྲ་ཟི་ཟིའོ་འབྱུང་བ་སྟེ། དེ་དག་ནི་སྲིན་བུ་ལས་གྱུར་པའི་མགོ་ནད་ཀྱི་མཚན་ཉིད་ཡིན་ནོ། །རླུང་ཤས་ཆེ་བས་མགོ་འདར་ཞིང་། །དེ་ཡི་མིང་ ཅན་ནད་སྐྱེད་བྱེད། །ཅེས་བྱ་བ་ལ། ནད་གཞི་གསུམ་རླུང་གི་ཤས་ཆེ་བ་ལས་མགོ་འདར་ཞིང་འདམ་པའི་ནད་སྐྱེ་བར་འགྱུར་ལ། དེ་ནི་དེའི་མིང་ཅན་ཏེ་མགོ་བོ་འདར་བ་དང་། མགོ་བོ་འདམ་པ་ཞེས་བྱའོ། །མཁྲིས་ཤས་ཆེ་བའི་རླུང་སོགས་ཀྱིས། །མུར་འགྲམ་སྐྲང་ཞིང་ཁྲག་བཅས་ལ། ། མི་བཟད་ཚ་ཞིང་ན་ལ་དམར། །གླལ་ཞིང་རིམས་འདེབས་སྐོམ་མགོ་འཁོར། །ཁ་ནང་ཁ་བྲོ་གདོང་སེར་ཞིང་། །མྱུར་དུ་གསོད་བྱེད་མུར་འགྲམ་ཅན། །ཞག་གསུམ་ནས་ནི་སྲོག་འཇོམས་ཤིང་། །མྱུར་དུ་གསོ་ན་འཚོ་བ་ཡིན། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་གཞི་གསུམ་པོ་ལ། མཁྲིས་པ་ཤས་ཆེ་ཞིང་ཁྲག་དང་བཅས་པ་འཁྲུགས་པ་ལས། མུར་འགྲམ་སྐྲང་བར་འགྱུར་བ་དང་། དེ་ཡང་མི་བཟོད་པར་ཚ་བ་ལ་སོགས་པ་དང་ལྡན་པས་མྱུར་དུ་གསོད་པར་བྱེད་པ་ཡིན་ཏེ། དེའི་མིང་ནི་མུར་འགྲམ་ཅན་ཞེས་བྱ་སྟེ། དེ་གསོ་བ་མ་བྱས་ན་ཞག་གསུམ་ནས་གསོད་པར་འགྱུར་བ་ 202-1-203b ཡིན་ལ། གལ་ཏེ་མྱུར་དུ་གསོ་བ་བྱས་ན་ནི་འཚོ་བར་འགྱུར་བ་ཡིན་ནོ། །རླུང་མཁྲིས་རྗེས་འབྲེལ་མུར་འགྲམ་མིག །སྨིན་མ་འཕྲལ་བ་ན་བ་དང་། །འཕར་བར་བྱེད་པ་སྐྱེད་པར་བྱེད། །ཉི་མ་འཆར་བར་གྱུར་པ་ནས། །ཉི་མ་ཕྱེད་ཀྱི་བར་དུ་འཕེལ། །དེ་ཕན་ཆད་ནི་བདེ་བར་འགྱུར། ། ལྟོགས་ན་དེ་ནི་ལྷག་པར་ན། །གྲང་དང་དྲོ་ལ་ངེས་པ་མེད། །དེ་ནི་ཉི་མ་འཁོར་ཞེས་བྱ། །ཞེས་བྱ་བ་ལ། རླུང་གི་ནད་མཁྲིས་པ་དང་འབྲེལ་ཞིང་འདྲེས་པར་གྱུར་ན་མུར་འགྲམ་ལ་སོགས་པར་ཉི་མ་འཆར་བའི་ཚེ་ན་ཞིང་འཕར་བར་བྱེད་པ་སྐྱེད་པར་བྱེད་ལ། དེ་ཡང་ཉི་མ་ཕྱེད་ཀྱི་བར་དུ་ནི་ ནད་འཕེལ་ཞིང་ཤས་ཆེར་ན་ལ་གླལ་ཏེ། ལྟོགས་ན་ཡང་ལྷག་པར་ན་བ་ཡིན་ནོ། །དེ་བཞིན་དུ་གྲང་བ་དང་དྲོ་བས་བདེ་བར་འགྱུར་བ་ལ་ངེས་པ་མེད་དེ་ལན་འགའ་ནི་དྲོ་ན་བདེ་བར་འགྱུར་ལ། ལན་འགའ་ནི་གྲང་ན་བདེ་བར་འགྱུར་བ་ཡིན་ལ། ཉི་མ་ཕྱེད་ཡོལ་བར་གྱུར་པ་དེ་ཕན་ཆད་ ནི་ནད་དེ་ཞི་ཞིང་བདེ་བར་འགྱུར་བ་ཡིན་ཏེ། ནད་དེ་ནི་གླད་ནད་ཉི་མ་ལྟར་འཁོར་བ་ཞེས་བྱའོ། །དེ་ལྟར་མགོ་བོར་གཏོགས་པའི་ནད། །རྣམ་པ་བཅུར་ནི་བཤད་པ་ཡིན། །ཞེས་བྱ་བ་ལ། དེ་ལྟར་བཤད་མ་ཐག་པའི་ཚུལ་གྱིས་ན་མགོ་བོའི་ནད་ནི་གྲངས་བཅུར་བཤད་པ་ཡིན་ནོ། །གཞན་ ཡང་ཐོད་པ་ལ་བརྟེན་ནད། །དགུ་པོ་མགོ་བོ་བཞིན་བཤད་བྱ། །ཞེས་བྱ་བ་ལ། མགོ་བོའི་ནད་དང་འདྲ་བར་ཐོད་པ་ལ་བརྟེན་པའི་ནད་ནི་རྣམ་པ་དགུར་བཤད་པ་ཡིན་ནོ། །གླད་པ་རླུང་ནི་འཁྲུགས་གྱུར་ལ། །ནང་ན་གནས་པའང་ནད་སྐྱེད་བྱེད། །མདོག་གནག་ནད་ཆུང་སྐྲངས་པ་ ཡིན། །དེ་ནི་ཉེ་བའི་མགོ་ཞེས་བྱ། །ཞེས་བྱ་བ་ལ། མངལ་གྱི་ནང་ན་གནས་པའི་འགྲོ་བ་ལ་ཡང་རླུང་འཁྲུགས་པར་གྱུར་ན་ཀླད་པ་ན་བར་བྱེད་དེ། དེ་ཡང་མདོག་གནག་པ་དང་ནད་ཚབས་ཆུང་བར་སྐྲངས་པ་ཡིན་ཏེ་ནད་དེ་ནི་ཉེ་བའི་མགོ་ནད་ཅེས་བྱའོ། །འབྲུམ་ཕྲན་ཐོར་བུ་ཁོང་འབྲས་ནི། ། ནད་གཞི་ཇི་བཞིན་བརྗོད་པར་བྱ། །ཞེས་བྱ་བ་ལ། ཐོད་པར་འབྲུམ་ཕྲན་ལ་སོགས་པ་བྱུང་བ་ཡང་ནད་གཞིའི་ཚུལ་ཇི་ལྟ་བ་ཉིད་ལས་བཤད་པར་བྱའོ། །ཐོད་པར་ལྗན་ལྗིན་མང་པོ་དང་། །ཁྲག་དང་མཁྲིས་པའི་འབུ་ལས་ནི། །ཁྲེ་དང་ཡུངས་ཀར་ལྟ་བུར་འབྱུང་། །འབྲུམ་ཕྲན་ 202-1-204a སྲིན་གྱི་ནད་སྐྱེད་འགྱུར། །ཞེས་བྱ་བ་ལ། ཐོད་པར་རྣག་དང་ལྗན་ལྗིན་མང་པོ་ཡོད་པ་ལས་ཁྲག་དང་མཁྲིས་པ་ལས་གྱུར་པའི་འབུ་ལས་ཁྲེ་དང་ཡུངས་ཀར་ལྟ་བུ་འབྱུང་བར་བྱེད་པ་གང་ཡིན་པ་དེ་ནི་སྲིན་ནམ་གློག་པའི་ནད་ཅེས་བྱའོ། །རླུང་དང་མཁྲིས་པ་འཁྲུགས་ པ་ལས། །པགས་པ་རྩུབ་ཅིང་གས་པ་དང་། །གཡའ་ཞིང་སྐྲ་འབྱི་ཚོར་བ་མེད། །གྱུར་པ་མི་བཟད་ཡིན་ཞེས་བྱ། །ཞེས་བྱ་བ་ལ། རླུང་དང་མཁྲིས་པ་གཉིས་འཁྲུགས་པ་ལས་པགས་པ་རྩུབ་ཅིང་གས་པ་ལ་སོགས་པར་གྱུར་ན། །དེ་ནི་ཐོད་པའི་མི་བཟད་པ་ཞེས་བྱའོ། །མཁྲིས་པ་རླུང་ དང་འདྲེས་པ་ནི། །བ་སྤུའི་ནང་དུ་ཞུགས་གྱུར་པ། །སྐྲ་ནི་འབྱི་བར་བྱེད་པ་ཡིན། །དེ་ནས་བད་ཀན་ཁྲག་བཅས་པས། །བ་སྤུའི་བུ་ག་འགག་བྱེད་དེ། །དེ་ཡིས་གཞན་དག་མི་འབྱུང་བ། །འཁོར་ལིང་སྐྲ་འབྱི་ཞེས་བྱ་སྟེ། །གཞན་དག་སྐྲ་འབྱི་ཞེས་བྱར་འདོད། །ཅེས་བྱ་བ་ལ། བ་སྤུའི་བུ་ག་ན་གནས་པའི་མཁྲིས་པའི་ནད་རླུང་འདྲེས་པར་གྱུར་པ་བ་སྤུའི་ནང་དུ་ཞུགས་ཏེ་སྐྲའི་ཚོགས་འབྱི་བར་བྱེད་ལ། དེའི་འོག་ཏུ་བད་ཀན་དང་ཁྲག་དང་བཅས་པས་བ་སྤུའི་བུ་ག་འགག་པར་བྱེད་དེ། རྒྱུ་དེས་ན་དེ་ལ་སྤུ་གཞན་དག་འབྱུང་བར་མི་འགྱུར་བའི་ནད་གང་ཡིན་པ་དེ་ནི་ཀོར་ལིང་དུ་སྐྲ་ འབྱི་བ་ཞེས་བྱའོ། །ཞེས་སློབ་དཔོན་གྱིས་བཤད་དོ། །དྲང་སྲོང་གཞན་དག་ནི་ནད་དེ་ལ་སྐྲ་འབྱི་བ་ཞེས་བྱའོ། །ཞེས་ཟེར་རོ། །སྤྱི་ཅེར་སྐྱེ་བའང་དེ་བཞིན་དུ། །སྐྲ་འབྱི་དེ་ལ་རིམ་གྱིས་འབྱུང་། །ཞེས་བྱ་བ་ལ། སྤྱི་ཅེར་ཡང་བཤད་མ་ཐག་པའི་ཚུལ་དེ་བཞིན་དུ་འབྱུང་བ་ཡིན་ལ། སྤྱི་ ཅེར་དེ་ལ་ནི་སྐྲ་རིམ་གྱིས་འབྱི་བར་འགྱུར་རོ། །དེ་ནི་རླུང་གྱུར་མེས་ཚིག་འདྲ། །མཁྲིས་གྱུར་རླན་ཅན་རྩ་ཡིས་ཁྱབ། །བད་ཀན་པགས་པའི་མདོག་དཀར་མཐུག །པགས་པ་རང་གི་ཇི་བཞིན་སྣང་། །ཞེས་བྱ་བ་ལ། སྤྱི་ཅེར་རླུང་ལས་གྱུར་པ་ནི་སྐྲ་འབྱི་བའི་རྗེས་མེས་ཚིག་པ་འདྲ་ལ། མཁྲིས་པ་ལས་གྱུར་པའི་རྗེས་དེ་རྔུལ་གྱི་རླན་ཅན་ཡོད་ཅིང་རྩ་རྒྱས་པ་ཡིན་ནོ། །བད་ཀན་ལས་གྱུར་པའི་པགས་པའི་མདོག་དཀར་ཞིང་མཐུག་པ་ཡིན་ནོ། །གཞན་ཡང་པགས་པ་རང་གི་ནད་གཞི་ཇི་ལྟ་བ་བཞིན་དུ་སྣང་སྟེ། གནག་པ་དང་། དམར་བ་དང་། དཀར་བར་སྣང་བ་ཡིན་ནོ། །འདུས་ 202-1-204b གྱུར་མཚན་ཉིད་ཀུན་དང་ལྡན། །སེན་མོའི་མདོག་འདྲ་གསོར་མི་རུང་། །ཞེས་བྱ་བ་ལ། ནད་གཞི་གསུམ་ཆར་ལས་གྱུར་པའི་སྐྲ་འབྱི་བ་ནི་མཚན་ཉིད་ཐམས་ཅད་དང་ལྡན་ལ། མདོག་སེན་མོའི་མདོག་ལྟར་སྣང་བ་ཡིན་ཏེ། དེ་ནི་གསོར་མི་རུང་བ་ཡིན་ནོ། །མེས་བསྲེགས་ལྟ་བུར་སྤུ་མེད་ གང་། །ཚ་བཅས་དེ་ཡང་གསོར་མི་རུང་། །ཞེས་བྱ་བ་ལ། སྤྱི་ཅེར་གང་མེས་བསྲེགས་པ་ལྟ་བུར་སྣང་ལ་སྤུ་མེད་ཅིང་། ཚ་བ་དང་བཅས་པར་གྱུར་པ་དེ་ཡང་གསོར་མི་རུང་བ་ཡིན་ནོ། །མྱ་ངན་ཁྲོ་དང་ངལ་ལས་བྱུང་། །ལུས་ཀྱི་དྲོད་ནི་མགོར་ཞུགས་པས། །ནད་དེས་སྐྲ་ནི་བཙོས་ནས་ནི། །དེ་ལས་ སྐྲ་དཀར་སྐྱེ་བར་འགྱུར། །ཞེས་བྱ་བ་ལ། མྱ་ངན་ལ་སོགས་པ་ལས་བྱུང་བའི་ལུས་ཀྱི་དྲོད་མགོ་བོའི་ནང་དུ་ཞུགས་པས་དེས་སྐྲ་བཙོས་ཏེ་དེའི་ཕྱིར་སྐྲ་དཀར་སྐྱེ་བར་འགྱུར་བ་ཡིན་ན། །དེ་ནི་རླུང་གྱུར་ཡིད་ཙམ་གནག །སྲ་ཞིང་རྩུབ་ལ་ཆུ་མདོག་ཅན། །ཞེས་བྱ་བ་ལ། སྐྲ་དཀར་དེ་རླུང་ལས་ གྱུར་པ་ལ་ནི་སྐྲ་ཡིད་ཙམ་གནག་ཅིང་སྲབ་པ་ལ་སོགས་པ་ཡིན་ནོ། །མཁྲིས་པས་ཚ་ཞིང་མདོག་སེར་ཡིན། །ཞེས་བྱ་བ་ལ། མཁྲིས་པ་ལས་སྐྲ་དཀར་བ་ནི་ཚ་བ་དང་བཅས་ཤིང་མདོག་སེར་བ་ཡིན་ནོ། །བད་ཀན་ལས་གྱུར་སྣུམ་ཞིང་འཕེལ། །སྦོམ་ཞིང་མདོག་ནི་དཀར་བ་ཡིན། །ཞེས་བྱ་བ་ ལ། བད་ཀན་ལས་གྱུར་པའི་སྐྲ་དཀར་ནི་སྣུམ་པ་ལ་སོགས་པའི་མཚན་ཉིད་ཅན་ཡིན་ནོ། །འདུས་གྱུར་མཚན་མ་འདྲེན་མ་ཡིན། །ཞེས་བྱ་བ་ལ། ནད་གཞི་གསུམ་ཆར་ལས་གྱུར་པའི་སྐྲ་དཀར་ནི་མཚན་ཉིད་གསུམ་ཆར་དང་ལྡན་པ་ཡིན་ནོ། །མགོ་བོའི་ནད་ལས་བྱུང་བ་གཞན། །མདོག་ངན་རེག་ ན་མི་བཟོད་ཡིན། །ཞེས་བྱ་བ་ལ། སྐྲ་དཀར་མགོ་བོའི་ནད་ལས་གྱུར་པ་གཞན་དག་ནི་མདོག་ངན་པ་ལ་སོགས་པ་ཡིན་ནོ། །འདུས་པ་ལས་ནི་གྱུར་པ་ཡི། །སྤྱི་ཅེར་སྐྲ་དཀར་གསོར་མི་རུང་། །ཞེས་བྱ་བ་ལ། ནད་གཞི་གསུམ་འདུས་པ་ལས་གྱུར་པ་དང་། དེ་བཞིན་དུ་འདུས་པ་ལས་གྱུར་པའི་སྤྱི་ཅེར་ནི་གསོར་མི་རུང་ བ་ཡིན་ནོ། །ལུས་ཀྱི་འགྱུར་བ་ལས་བྱུང་བ། །བཅུད་ཀྱིས་ལེན་གྱིས་གསོ་བར་བྱ། །ཞེས་བྱ་བ་ལ། ལུས་ཀྱི་འགྱུར་བ་རྒས་པ་ཞེས་བྱ་བ་ལས་བྱུང་བའི་སྐྲ་དཀར་ནི་བཅུད་ཀྱིས་ལེན་པ་ལ་ལྟོས་ཤིང་དེ་ལ་བརྟེན་ཏེ་གསོ་དགོས་པ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་ 202-1-205a པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་ཉི་ཤུ་རྩ་གསུམ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་མགོ་བོའི་ནད་གསོ་བ་བཤད་པར་བྱའོ། །ཞེས་བྱ་བ་ལ། རླུང་ལས་ གྱུར་པའི་མགོ་ནད་ལ། །རླུང་ནད་གསོ་བའི་ཆོ་ག་བཤད། །ཅེས་བྱ་བ་ལ། རླུང་ལས་གྱུར་པའི་མགོ་བོའི་ནད་ལ་ནི་རླུང་ནད་གསོ་བའི་ཆོ་ག་ཇི་སྐད་སྨོས་པ་དག་བཤད་པར་བྱའོ། །འདི་ནི་མཚན་མོ་ཞུན་མར་བླུད། །དེ་རྗེས་འོ་མ་དྲོན་མོ་བླུད། །ཅེས་བྱ་བ་ལ། ཡང་ན་མགོ་བོའི་ནད་འདི་མཚན་ མོ་ན་བ་ནི་ཞུན་མར་བླུད་ཅིང་དེའི་རྗེས་ལ་འོ་མ་དྲོན་མོ་བླུད་པར་བྱའོ། །མ་ཤ་རྒྱ་སྲན་མུད་གའང་རུང་། །མར་དང་ལྡན་པ་དེ་བཞིན་སྦྱིན། །ཞེས་བྱ་བ་ལ། དེ་བཞིན་དུ་སྲན་མ་ཤ་མར་དང་ལྡན་པའམ། རྒྱ་སྲན་མར་དང་ལྡན་པའམ། མུད་ག་མར་དང་ལྡན་པ་བྱིན་ལ། དེ་བཞིན་དུ་འོ་མ་དྲོན་ མོ་བླུད་པར་བྱའོ། །ཏིལ་མར་ཏིལ་གྱི་ལྡེ་གུ་ནི། །འོ་མ་དང་ནི་ལྷན་ཅིག་བླུད། །ཅེས་བྱ་བ་ལ། ཏིལ་མར་དང་ཉིལ་གྱི་ལྡེ་གུ་ནི་འོ་མ་དང་ལྷན་ཅིག་སྦྱར་བ་བླུད་ན་ཡང་ཕན་ནོ། །གླན་དང་བཅིང་བའི་དུགས་དག་ནི། །ཤ་དང་འུ་སུ་ལས་བྱས་ཕན། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་ མགོ་བོ་ཚ་བའི་ནད་ལ་ཤ་དང་འུ་སུའི་འབྲས་བུ་སྦྱར་བ་ལས་བྱས་པ་གླན་ཅིང་། སྦྱར་བའི་དུགས་དང་བཅིང་ཞིང་དཀྲི་བའི་དུགས་བྱས་ན་ཡང་ཕན་ནོ། །རླུང་འཇོམས་རྩ་བ་བཅུ་ལ་སོགས། །བསྐོལ་བའི་འོ་མ་སྣུམ་ཅན་བླུད། །ཅེས་བྱ་བ་ལ། རྩ་བ་བཅུ་ལ་སོགས་པའི་རླུང་འཇོམས་ པའི་སྨན་དང་བསྐོལ་བའི་འོ་མའི་རྒྱུན་བླུད་ན་ཡང་ཕན་ནོ། །སྣ་སྨན་དུད་བརྔུབ་སྣུམ་ཅན་དང་། །མགོ་དང་རྣ་བ་བརྟ་བར་བྱ། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་མགོ་བོའི་ཚ་བ་ལ་སྣ་སྨན་སྣུམ་ཅན་ལ་སོགས་པ་བྱས་ན་ཕན་ནོ། །བ་ར་ན་སོགས་སྡེ་ཚན་བརྡུང་། །འོ་མ་ཆུ་ཕྱེད་ བསྐོལ་བ་ཡི། །འོ་མ་ལུས་པ་དེ་བསྒྲངས་ལ། །བསྲུབས་ཏེ་སྙིང་པོ་བླངས་ནས་ནི། །དེ་ནས་མངར་བའི་སྡེ་ཚན་བསྐོལ། །མར་གྱི་སྣ་སྨན་བླུགས་པ་བསྔགས། །ཞེས་བྱ་བ་ལ། བ་ར་ན་ལ་སོགས་པའི་སྡེ་ཚན་གཏུན་གྱི་ནང་དུ་བརྡུངས་པ་འོ་མ་ཕྱེད་ཀྱི་ཆུ་དང་བསྲེས་པའི་ནང་དུ་ 202-1-205b བསྐོལ་ཏེ། འོ་མ་ལུས་པ་དང་བསྒྲངས་ཏེ་བསྲུབས་ལ་དེ་ལས་དེའི་སྙིང་པོ་མར་སར་བླངས་ནས། དེའི་འོག་ཏུ་ཛི་བནྟི་ལ་སོགས་པ་མངར་བའི་སྡེ་ཚན་དང་བསྐོལ་བའི་མར་དེས་སྣ་སྨན་བླུགས་ན་ཡང་ཕན་ནོ། །འདིར་ནི་འོ་མའི་སྡེ་ཚན་བསྐོལ། །མར་དང་ཁ་རར་བཅས་པ་བླུགས། ། ཞེས་བྱ་བ་ལ། ཡང་ནད་འདིར་འོ་མའི་སྡེ་ཚན་ལས་བཤད་པའི་འོ་མ་བརྒྱད་པོ་བསྐོལ་བ་ལས་བསྲུབས་པའི་མར་ཁ་ར་དང་བཅས་པ་བླུགས་ན་ཡང་ཕན་ནོ། །རས་བལ་ས་བོན་ཤིང་ཚ་དང་། །གླ་སྒང་ཛཱ་ཏི་ཁ་འབུས་པ། །ཆུ་དྲོན་བཏགས་པའི་སྣ་སྨན་ནི། །མགོ་བོའི་ནད་ཀུན་འཇོམས་ བྱེད་ཡིན། །ཞེས་བྱ་བ་ལ། རས་བལ་གྱི་ས་བོན་ལ་སོགས་པ་ཆུ་དྲོན་ལ་བཏགས་ཏེ་བཙགས་པའི་སྣ་སྨན་བཏང་ན་མགོ་བོའི་ནད་ཐམས་ཅད་སེལ་བར་བྱེད་པ་ཡིན་ནོ། །ཁྲག་དང་མཁྲིས་པ་ལས་གྱུར་པ། །ཁ་ར་གུར་གུམ་མར་བསྐོལ་གཏང་། །ཞེས་བྱ་བ་ལ། ཁྲག་དང་མཁྲིས་པ་ལས་ གྱུར་པའི་མགོ་བོའི་ནད་ལ་ནི་ཁ་ར་དང་གུར་གུམ་དང་མར་བསྐོལ་བའི་སྣ་སྨན་གཏང་བར་བྱའོ། །རུ་རྟ་རྒྱ་སྤོས་ཨུཏྤ་ལ། །ཙནྡན་མར་སྦྱར་མགོ་བོར་བསྐུས། །ཞེས་བྱ་བ་ལ། ཡང་དེ་ལ་རུ་རྟ་ལ་སོགས་པའི་སྨན་སྦྱར་བས་བསྐུ་བར་བྱའོ། །རླུང་ཤས་ཆེ་ལ་འཇིགས་ཡོད་པས། །གཏར་ག་འདི་ལ་ མི་བྱའོ། །ཞེས་བྱ་བ་ལ། རླུང་གི་ཤས་ཆེ་བའི་མགོ་བོའི་ཚ་བའི་ནད་ལ་ནི་གཏར་ག་བྱར་མི་རུང་སྟེ། དེས་ནི་རླུང་འཁྲུགས་པར་འགྱུར་བའི་སྐྱོན་ཡོད་དོ། །དེས་མ་ཞི་ན་བད་རླུང་ལ། །མེ་བཙའ་ཇི་སྐད་བཤད་པ་བྱ། །ཞེས་བྱ་བ་ལ། སྨན་གྱི་སྦྱོར་བ་དེ་དག་གིས་ནད་དེ་ཞི་བར་མ་གྱུར་ན། རླུང་ དང་བད་ཀན་ལས་གྱུར་པའི་མགོ་བོའི་ནད་ལ་ཇི་སྐད་བཤད་པ་བཞིན་དུ་མེ་བཙའ་གདབ་པར་བྱའོ། །གཞོགས་ཕྱེད་ན་ལའང་དེ་བཞིན་ཏེ། །ནད་དང་འབྲེལ་བའི་གསོ་བ་བྱ། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་མགོ་བོའི་ཚ་བའི་གསོ་བ་བཤད་མ་ཐག་པ་འདི་ནི་གཞོགས་ཕྱེད་ན་བ་ལ་ཡང་ ཕན་ལ། ནད་གཞན་དང་འབྲེལ་པ་དག་ལ་ཡང་འབྲེལ་པའི་ཚུལ་ལས་གསོ་བ་ཅི་རིགས་པར་བྱས་ན་ཕན་ནོ། །ཤི་རི་ཤ་ཡི་ས་བོན་དང་། །ཨ་པ་མརྒའི་རྩ་བ་དང་། །ཁ་རུ་ཚ་བཅས་སྣ་སྨན་གཏང་། །ཞེས་བྱ་བ་ལ། ཤི་རི་ཤའི་ས་བོན་ལ་སོགས་པའི་སྣ་སྨན་བཏང་ན་ཡང་དེ་ 202-1-206a ལ་ཕན་ནོ། །ཡང་ན་ས་ལ་པརྞི་འམ། །ཙཀྲ་མརྡ་གང་ཡང་རུང་། །སྐྱུར་ཁུ་དང་སྦྱར་ལྡེ་གུས་བསྐུ། །ཞེས་བྱ་བ་ལ། ཡང་ནས་ལ་པརྞིའི་སྨན་གྱི་སྣ་སྨན་གཏང་བའམ། ཡང་ན་འདི་གཉིས་གང་ཡང་རུང་བའི་ལྡེ་གུས་བསྐུ་བར་བྱའོ། །ཉི་མ་ལྟར་འཁོར་དེ་ཡི་ ཚེ། །གཏར་གས་ཁྲག་ནི་དབྱུང་བར་བྱ། །ཞེས་བྱ་བ་ལ། གླད་ནད་ཉི་མ་ལྟར་འཁོར་བ་ལ་ཡང་ཆོ་ག་འདི་ཉིད་ལྟར་བྱ་སྟེ། རླུང་ལས་གྱུར་པའི་མགོ་བོ་ཚ་བའི་གསོ་བའི་སྦྱོར་བ་བྱའོ། །དེ་ལ་ཁྱད་པར་དུ་ནི་ནད་འདི་ལ་གཏར་ག་གདབ་པར་བྱའོ། །མཁྲིས་པ་ལས་གྱུར་མགོ་ནད་ལ། །སྣུམ་ ཆོས་བྱས་ནས་གཏར་ག་གདབ། །ཅེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་མགོ་བོའི་ཚ་བའི་ནད་ལ་ནི་དང་པོར་སྣུམ་ཆོས་བྱས་ལ། དེའི་འོག་ཏུ་གཏར་ག་གདབ་པར་བྱའོ། །མགོ་དང་གདོང་བྱུགས་སྨན་ཆུ་བླུགས། །སློན་ཁྲུས་མས་གཏོང་བསིལ་བར་བྱ། །ཞེས་བྱ་བ་ལ། མཁྲིས་ པ་ལས་གྱུར་པའི་མགོ་བོའི་ཚ་བ་ལ་ནི་མགོ་བོ་དང་གདོང་བསྐུ་བ་ལ་སོགས་པའི་སྦྱོར་བ་ནུས་པ་བསིལ་བའི་སྨན་གྱིས་བྱའོ། །འཚོ་བྱེད་དང་བསྐོལ་འོ་མ་དང་། །མར་ནི་སྣ་སྨན་བཏུང་བ་བླུགས། །ཞེས་བྱ་བ་ལ། ཡང་ནད་དེ་ལ་འཚོ་བྱེད་ཀྱི་སྡེ་ཚན་དང་བསྐོལ་བའི་འོ་མ་དང་མར་གྱི་སྣ་ སྨན་གཏང་བ་དང་བཏུང་བ་བླུགས་པར་བྱའོ། །ཁྲག་ལས་གྱུར་པའང་འདི་ཉིད་བྱ། །མུར་འགྲམ་ཅན་ལ་གཏར་ག་སྤང་། །ཞེས་བྱ་བ་ལ། ཁྲག་ལས་གྱུར་པའི་མགོ་བོའི་ཚ་བའི་ནད་ལ་ཡང་མཁྲིས་པ་གསོ་བར་བཤད་པའི་ཆོ་ག་འདི་ཉིད་བྱ་ཞིང་། དེ་བཞིན་དུ་མུར་འགྲམ་ཅན་ཞེས་བྱ་བའི་མགོ་ ནད་ལ་གཏར་ག་མ་གཏོགས་པ་གསོ་བ་འདི་དག་ཉིད་བྱའོ། །བད་ཀན་མགོ་ནད་མར་རྙིང་དང་། །སྣུམ་ཆོས་བྱས་ལ་ཚ་བས་སློན། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་མགོ་བོའི་ཚ་བའི་ནད་ལ་ནི་མར་རྙིང་སྣུམ་ཆོས་བྱས་ལ། སྨན་ཚ་བའི་སློན་སྨན་བླུད་པར་བྱའོ། །དུགས་དང་བྱུགས་ པ་སྣ་སྨན་ཚོགས། །རྩུབ་དྲོ་རྣོ་བའི་སྨན་གྱིས་གསོ། །ཞེས་བྱ་བ་ལ། ཡང་བད་ཀན་ལས་གྱུར་པའི་མགོ་བོའི་ཚ་བའི་ནད་ལ་སྨན་རྩུབ་ཅིང་དྲོ་བ་ལ་སོགས་པའི་མགོ་བོའི་ཚ་བའི་ནད་ལ་མར་རྙིང་པས་གསོ་བར་བྱའོ། །འདིར་ནི་སྨྱུང་བའང་བསྔགས་པ་ཡིན། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་ 202-1-206b པའི་མགོ་བོའི་ཚ་བའི་ནད་འདི་ལ་སྨྱུང་བ་བྱས་པ་ན་ཡང་ཕན་པ་ཡིན་ནོ། །འདུས་པ་ལས་ནི་འདྲེན་མར་གསོ། །ཞེས་བྱ་བ་ལ། འདུས་པ་ལས་གྱུར་པའི་མགོ་བོའི་ཚ་བའི་ནད་ལ་ནི་གསོ་བ་སྔ་མ་དེ་དག་འདྲེན་མས་བྱའོ། །སྲིན་གྱུར་སྣ་སྨན་ཁྲག་བླུགས་ཏེ། །དེ་ཡིས་འབུ་ནི་བརྒྱལ་བར་འགྱུར། །ཁྲག་ གི་དྲི་ཡིས་ར་རོ་ནས། །ཁ་དང་སྣ་ནས་འབྱུང་བར་འགྱུར། །ཞེས་བྱ་བ་ལ། སྲིན་བུ་ལས་གྱུར་པའི་མགོ་བོའི་ནད་ལ་ནི་སྣ་སྨན་དུ་ཁྲག་བླུགས་པར་བྱ་སྟེ། ཁྲག་དེའི་དྲིས་འབུ་དེ་བརྒྱལ་ཞིང་ར་རོ་བར་གྱུར་ནས་དེའི་འོག་ཏུ་ཁ་དང་སྣའི་བུ་ག་ནས་ཕྱིར་འབྱུང་བར་འགྱུར་རོ། །དེ་ནས་སྣ་སྨན་དུད་བརྔུབ་རྣོས། ། དེ་ནི་ཉེ་བར་དབྱུང་བར་བྱ། །ཞེས་བྱ་བ་ལ། དེའི་འོག་ཏུ་འབུ་དེ་རྣམས་སྨན་དང་དུད་པ་བརྔུབ་པ་ཤིན་དུ་རྣོ་བས་ཕྱིར་དབྱུང་བར་བྱའོ། །ཡུངས་ཀར་ནིམ་པ་ཨིང་གུ་དང་། །པི་ལུའི་མར་དང་སྦྱར་བ་ཡི། །བྱི་དང་ག་དང་སརྫི་ཀ །དན་ད་ཤིང་ཀུན་བ་གཅིན་བསྐོལ། །སྣ་སྨན་སོ་སོར་གཏང་བར་ བྱ། །ཞེས་བྱ་བ་ལ། ཡུངས་མར་རམ་ནིམ་པའི་མར་རམ། ཨིང་གུའི་མར་རམ་པི་ལུའི་མར་དང་བྱི་དང་ག་ལ་སོགས་པའི་ལྡེ་གུ་སོ་སོར་གཏང་བར་བྱའོ། །བྱི་དང་ག་ནི་ར་གཅིན་དང་། །སྦྱར་བའི་སྣ་སྨན་འབུ་འཇོམས་མཆོག །ཅེས་བྱ་བ་ལ། བྱི་དང་ག་ར་གཅིན་དང་སྦྱར་བའི་སྣ་སྨན་ཡང་ སྲིན་བུ་འཇོམས་པར་བྱེད་པའི་མཆོག་ཡིན་ནོ། །ཉ་རུལ་བཅས་པའི་སྣ་སྨན་དང་། །དུད་པ་དག་ཀྱང་བརྔུབ་པར་བྱ། །ཞེས་བྱ་བ་ལ། ཉ་རུལ་པ་དང་བཅས་པའི་སྣ་སྨན་དང་དུད་པ་བརྔུབ་པ་དག་ཀྱང་བྱ་སྟེ། དོན་དུ་ན་སྨན་དང་དུད་པའི་སྐབས་སུ་བཤད་པའི་སྨན་དང་ཉ་རུལ་པས་བྱ་བའི་དོན་ཏོ། ། སྲིན་བུས་ཁྲག་ནི་འཐུངས་པའི་ཕྱིར། །འདི་ལ་ཁྲག་ནི་དབྱུང་མི་བྱ། །ཞེས་བྱ་བ་ལ། སྲིན་བུ་ལས་གྱུར་པའི་མགོ་ནད་འདི་ལ་སྔར་སྲིན་བུས་ཁྲག་འཐུངས་ཟིན་པའི་ཕྱིར་གཏར་ག་གདབ་ཅིང་ཁྲག་དབྱུང་དུ་མི་རུང་ངོ་། །མགོ་འདར་རླུང་གི་མགོ་ནད་ཀྱི། །གསོ་བ་མེ་བཙའ་མ་གཏོགས་བྱ། །ཞེས་ བྱ་བ་ལ། མགོ་འདར་ཞིང་འདམ་པའི་མགོ་བོའི་ནད་ལ་རླུང་ལས་གྱུར་པའི་མགོ་བོའི་ཚ་བའི་ནད་ཀྱི་གསོ་བ་ལས་མེ་བཙའ་མ་གཏོགས་པ་ཐམས་ཅད་བྱའོ། །ཉེ་བའི་མགོ་ནད་སྐྱེས་པ་ཡི། །རྗེས་དང་སྐྱེས་མ་ཐག་ལ་ནི། །རླུང་ནད་ཀྱི་ནི་གསོ་བ་བྱ། །སྨིན་ནས་ཁོང་འབྲས་གསོ་ལས་བྱ། ། 202-1-207a ཞེས་བྱ་བ་ལ། ཉེ་བའི་མགོ་ནད་ཅེས་བྱ་བ་ནད་དེ་སྐྱེས་པའི་རྗེས་ལ་དང་། སྐྱེས་མ་ཐག་པའི་གསར་པ་ལ་ནི་རླུང་ནད་ཀྱི་གསོ་བ་ཇི་སྐད་སྨོས་པ་བྱ་ལ། ཉེ་བའི་མགོ་ནད་སྨིན་ནས་ནི་ཁོང་འབྲས་ཀྱི་གསོ་བའི་ལས་བྱའོ། །འབྲུམ་ཕྲན་འབྲུམ་བུ་ཁོང་འབྲས་ལ། །སྨིན་དང་མ་སྨིན་ཇི་བཞིན་ བྱ། །ཞེས་བྱ་བ་ལ། འབྲུམ་ཕྲན་དང་འབྲུམ་བུ་དང་ཁོང་འབྲས་ལ་ནི་སྨིན་པ་དང་མ་སྨིན་པའི་གནས་སྐབས་ཀྱི་སྨན་ཇི་ལྟ་བ་བཞིན་དུ་སྦྱར་བར་བྱའོ། །སྲིན་ལ་སྲིན་བུ་པད་པ་ཡིས། །གཏར་ག་བྱས་ཏེ་ནིམ་པའི་ཆུ། །བླུགས་ཤིང་རྟ་སྦངས་ཁུ་བ་ནི། །ལན་ཚྭ་ཤས་ཆེར་བཏབ་པས་བསྐུ། །ཞེས་བྱ་བ་ལ། སྲིན་ཕྲ་མོ་འམ་གློག་པ་བྱུང་བ་ལ་ནི་སྲིན་བུ་པད་པས་གཏར་ག་བྱས་ལ། ནིམ་པའི་ཆུ་བླུགས་པ་ལ་སོགས་པའི་སྦྱོར་བ་བྱའོ། །ནིམ་པ་པ་ཏོ་ལའི་ལོ་མ། །ཡུངས་མར་བཅས་པ་ཞིབ་བཏགས་བསྐུ། །ཞེས་བྱ་བ་ལ། ཡང་ན་གློག་པ་ལ་ནིམ་པ་དང་། པ་ཏོ་ལའི་ལོ་མ་དང་ཡུངས་མར་དང་བཅས་ པ་ཞིབ་ཏུ་བཏགས་པས་བསྐུ་བར་བྱའོ། །བ་གཅིན་འབའ་ཆ་རྙིང་པར་སྦྱར། །ཁྱིམ་བྱའི་རྟུག་པ་དག་གིས་བསྐུ། །ཞེས་བྱ་བ་ལ། ཡང་ན་ནད་དེ་ལ་བ་གཅིན་ལ་སོགས་པས་བསྐུ་བར་བྱའོ། །གྱོ་མོར་རུ་རྟ་བརྔོས་པ་དང་། །ཏིལ་གྱི་ཕྱེ་མར་བཅས་པ་ཡིས། །གློག་པར་བསྐུས་ན་གཡའ་བའམ། ། ཆུ་འཛག་ཚ་བ་སེལ་བར་བྱེད། །ཅེས་བྱ་བ་ལ། རུ་རྟ་གྱོ་མོའི་དུམ་བུའི་ནང་དུ་བརྔོས་ཤིང་ཚོགས་པར་བྱས་ལ། ཏིལ་གྱི་ཕྱེ་མ་དང་བཅས་པའི་ལྡེ་གུས་གློག་པའམ་སྲིན་ནད་ལ་བསྐུས་ན་ཆུ་འཛག་པ་ལ་སོགས་པ་སེལ་བར་བྱེད་དོ། །མ་ལ་ཅི་དང་ཙི་ཏྲ་ཀ །ཀ་ར་བཱི་ར་ཀ་རཉྫ། །ཏིལ་མར་ སྤུ་གྲིས་བྲེགས་པ་ཡི། །རྗེས་བསྐུས་འཁོར་ལིང་འབྱི་བ་སེལ། །ཞེས་བྱ་བ་ལ། མ་ལ་ཙི་ལ་སོགས་པའི་སྨན་དང་བསྐོལ་བའི་ཏིལ་མར་སྤུ་གྲིས་བྲེགས་པའི་རྗེས་ལ་བསྐུས་ན་འཁོར་ལིང་དུ་འབྱི་བ་དང་། གློག་པ་སེལ་བར་བྱེད་དོ། །དེས་མ་ཞི་ན་མགོ་བོ་ཡི། །སྦྱང་བྱ་སློན་སྨན་སོགས་པ་ བྱ། །ཞེས་བྱ་བ་ལ། སྦྱོར་བ་དེ་དག་གིས་མ་ཞི་ན་མགོ་བོའི་བཀྲུ་སྨན་ལ་སོགས་པས་མགོ་བོ་སྦྱང་བ་ལ་འབད་པར་བྱའོ། །མི་བཟད་པ་ལ་དང་པོར་ནི། །དཔྲལ་བའི་རྩ་ལ་གཏར་ག་བྱ། །མགོ་བོའི་བཀྲུ་སྨན་སྣ་སྨན་གཏང་། །ཞེས་བྱ་བ་ལ། མི་བཟད་པ་ཞེས་བྱ་བའི་མགོ་བོའི་ནད་ལ་ནི་དཔྲལ་ 202-1-207b བའི་རྩ་ནས་གཏར་ག་གདབ་པ་ལ་སོགས་པ་བྱའོ། །ཤིང་མངར་བི་ལ་ཡའི་ས་བོན། །རུ་རྟ་མ་ཤ་ཡུངས་ཀར་བཅས། །སྦྲང་རྩིར་བཅས་པའི་འདེ་གུས་བསྐུ། །ཞེས་བྱ་བ་ལ། མི་བཟད་པའི་མགོ་བོའི་ནད་ལ། ཤིང་མངར་ལ་སོགས་པའི་འདེ་གུས་བསྐུས་ན་ཡང་ཕན་ནོ། །རྒྱ་སྐྱེགས་དོང་ གའི་ལོ་མ་དང་། །ཙཀྲ་མརྡ་སྐྱུ་རུ་ར། །སྦྲང་རྩིར་སྦྱར་བས་བསྐུས་ཀྱང་ཕན། །ཞེས་བྱ་བ་ལ། ཡང་དེ་བཞིན་དུ་ནད་དེ་ལ་རྒྱ་སྐྱེགས་ལ་སོགས་པའི་འདེ་གུས་བསྐུས་ན་ཡང་ཕན་ནོ། །ཁྲེ་རྒོད་རྩ་བསྲེགས་ཐལ་བ་ནི། །ཆུ་དང་སྦྱར་བས་བསྐུས་ན་ཕན། །ཞེས་བྱ་བ་ལ། ཡང་ན་དེ་ལ་ཁྲེ་རྒོད་ལ་སོགས་ པ་བསྲེགས་པའི་ཐལ་བ་ཆུ་དང་སྦྱར་བ་བསྐུས་ན་ཡང་ཕན་ནོ། །འཁོར་ལིང་སྐྲ་འབྱིའི་ནད་ལ་ནི། །ཉེ་བར་གཏར་ག་གདབ་པ་དང་། །ཞལ་ཞལ་བྱས་ཏེ་ན་ལེ་ཤམ། །ལྡོང་རོས་སྤངས་མ་ནག་ཚུར་བསྐུ། །ཞེས་བྱ་བ་ལ། འཁོར་ལིང་དུ་འབྱི་བ་ཞེས་བྱ་བའི་ནད་ལ་ནི་ནད་གང་ན་ཡོད་པ་དང་ཉེ་བའི་ ཕྱོགས་ནས་གཏར་ག་གདབ་ལ། དེའི་འོག་ཏུ་རབ་ཏུ་ཞལ་ཞལ་བྱས་ནས། ན་ལེ་ཤམ་ལ་སོགས་པའི་སྨན་གྱིས་བསྐུ་བར་བྱའོ། །ཡང་ན་འབའ་ནྱ་ཐང་ཤིང་ངམ། །འོལ་མ་སེ་ཡི་འབྲས་བུ་རྩ། །ཞེས་བྱ་བ་ལ། ཡང་ན་འབའ་ནྱ་ཞེས་བྱ་བ་པ་རི་བེལ་བ་དང་། ཀུ་ཏན་ནད་ཞེས་བྱ་བ་དང་། ཐང་ཤིང་གི་འདེ་གུའམ། འོལ་མ་སེའི་འབྲས་བུ་དང་རྩ་བའི་འདེ་གུས་རབ་ཏུ་ཞལ་ཞལ་བཏབ་པར་བསྐུ་བར་བྱའོ། །ཡང་ན་ལངྐ་ལིའི་རྩ་བའམ། །ཀ་ར་བཱི་རའི་ཁུ་བའམ། །ཞེས་བྱ་བ་ལ། ཡང་ན་ལངྐ་ལི་ཞེས་བྱ་བ་བི་ཤ་ལྱའི་རྩ་བའམ། ཀ་ར་བཱི་ར་ཞེས་བྱ་བ་ཨ་ཤོ་མརྡའི་ཁུ་བས་བསྐུ་བར་བྱའོ། ། ཀཎྜ་ཀ་རིའི་ཁུ་བ་ནི། །སྦྲང་རྩིར་བཅས་པས་བསྐུ་བའམ། །དྷ་དུ་ར་ཡི་ལོ་མའམ། །བསེ་ཤིང་འབྲས་བུའི་ཁུ་བས་བསྐུ། །ཞེས་བྱ་བ་ལ། ཡང་ན་ཀཎྜ་ཀ་རིའི་འབྲས་བུའི་ཁུ་བ་སྦྲང་རྩི་དང་བཅས་པས་བསྐུ་བའམ། ཡང་ན་དྷ་དུ་རའི་ལོ་མའམ་འབྲས་བུའི་འདེ་གུས་བསྐུ་བའམ། ཡང་ན་བསེ་ཤིང་ གི་འབྲས་བུའི་འདེ་གུས་བསྐུ་བར་བྱའོ། །ཏིལ་གྱི་མེ་ཏོག་གཟེ་མ་དང་། །མར་དང་སྦྲང་རྩིར་བཅས་པའམ། །ཞེས་བྱ་བ་ལ། ཡང་ན་ཏིལ་གྱི་མེ་ཏོག་ལ་སོགས་པས་བསྐུ་བར་བྱའོ། །གླང་པོའི་སོ་བསྲེགས་ཏིལ་མར་བསྲེས། །འཁོར་ལིང་འབྱི་བའི་སྨན་མཆོག་ཡིན། །ཞེས་བྱ་བ་ལ། 202-1-208a ཡང་ན་གླང་པོ་ཆེའི་སོ་བསྲེགས་པ་དང་ཏིལ་མར་དུ་བ་བསྲེས་པའི་སྣག་ཚ་ལྟ་བུ་ནི་འཁོར་ལིང་དུ་འབྱི་བའི་སྨན་གྱི་མཆོག་ཡིན་ནོ། །སྐྲ་དཀར་སྐྱེས་ལ་ལུག་གི་རྭའི། །སྣག་ཚས་དེ་བཞིན་བསྐུ་བར་བྱ། །ཞེས་བྱ་བ་ལ། སྐྲ་དཀར་སྐྱེས་པ་ལ་ནི་ལུག་གི་རྭ་བསྲེགས་པའི་སྣག་ ཚ་དང་ཏིལ་མར་བསྲེས་པས་དེ་བཞིན་དུ་བསྐུ་བར་བྱའོ། །ཇི་སྲིད་སྐྲ་ནི་སྐྱེས་ཀྱི་བར། །ཆུ་བླུགས་པ་ནི་སྤང་བར་བྱ། །ཞེས་བྱ་བ་ལ། སྐྲ་འབྱི་བ་ལ་སྨན་གྱི་སྦྱོར་བ་བྱེད་པའི་ཚེ། སྐྲ་སྐྱེས་ཀྱི་བར་དུ་ཆུ་བླུགས་པ་སྤང་བར་བྱའོ། །སྤྱི་ཅེར་སྐྲ་དཀར་གཉེར་མ་མང་། །སྐྲ་སེར་སྐྱེས་ལ་སྦྱང་བྱས་ ནས། །སྣ་སྨན་གཏང་དང་མགོ་བཀྲུས་ལ། །བྱུག་པ་རྣམས་ཀྱིས་གསོ་བར་བྱ། །ཞེས་བྱ་བ་ལ། སྤྱི་ཅེར་ལ་སོགས་པ་ལ་སྦྱང་བ་ལེགས་པར་བྱས་ནས་སྣ་སྨན་ལ་སོགས་པས་གསོ་བར་བྱའོ། །བྲི་ཧ་ཏི་སོགས་ཏིལ་མར་བསྐོལ། །འཚོ་བྱེད་བསྐོལ་བའི་སྣ་སྨན་བླུགས། ། ཞེས་བྱ་བ་ལ། ཡང་དེ་ལ་བྲི་ཧ་ཏི་ལ་སོགས་པ་ལྔ་དང་། ཏིལ་མར་བསྐོལ་བ་དང་། འཚོ་བྱེད་ཀྱི་སྡེ་ཚན་དང་བསྐོལ་བའི་ཏིལ་མར་གྱི་སྣ་སྨན་བླུགས་པར་བྱའོ། །ནིམ་པའི་མར་གྱིས་ཟླ་བ་གཅིག །སྣ་སྨན་བཏང་སྟེ་འོ་མ་བླུད། །ཅེས་བྱ་བ་ལ། ཡང་ན་ནིམ་པའི་མར་གྱི་སྣ་སྨན་བླུགས་ ཤིང་འོ་མ་བླུད་ལ། ཤིན་ཏུ་གདམས་པ་དང་བཅས་པར་བྱའོ། །ཤིར་ཤ་ཨེ་རཎྜ་དང་རམས། །བྲིང་ག་རཱ་ཛའི་ཁུ་བར་སྦངས། །སེའུ་ལུ་ཏིལ་དང་བ་རུ་ར། །པྲི་ཡང་ཀ་ཀ་ཏའི་ས་བོན། །ཆ་མཉམ་ལྕགས་ལ་བསྐོལ་ནས་ནི། །ཉི་མིའི་འོད་ལ་བསྐམས་ནས་ནི། །མར་འཛག་པ་ཡི་སྣ་སྨན་ གཏང་། །འོ་མ་འཐུངས་པས་སྐྲ་དཀར་སེལ། །ཞེས་བྱ་བ་ལ། ཤིར་ཤ་ལ་སོགས་པའི་སྨན་ཇི་སྐད་སྨོས་པའི་སྦྱོར་བའི་སྣ་སྨན་དུ་བྱ་བ་སྟེ། དེ་ཡང་སེའུ་ལུ་ཞེས་བྱ་བ་སླེ་སྨན་ཏ་ཀ་དང་། ཏིལ་དང་། བ་རུ་ར་དང་། པྲི་ཡང་ཀུ་དང་། ཀ་ཀ་ཨན་ཏའི་ས་བོན་ཆ་མཉམ་པ་ཤྲི་ཤ་ལ་སོགས་པའི་ ཁུ་བར་སྦངས་པ་འོ་མ་དང་བཏགས་ལ་ལྕགས་ཀྱི་སྣོད་ལ་བསྐོལ་ཏེ་ཉི་མའི་འོད་ལ་སྐམས་པ་ལས་མར་འཛག་པ་གང་ཡིན་པའི་སྣ་སྨན་བཏང་ཞིང་། དེའི་རྗེས་ལ་འོ་མ་བླུད་ན་སྐྲ་དཀར་སེལ་བར་འགྱུར་རོ། །ས་ཧ་ཙ་ར་བྱེའུ་རུག་པ། །བྲིང་ག་རཱ་ཛའི་ཁུ་བ་ནི། །བྲེ་གང་ཏིལ་མར་ཕུལ་གང་དང་། ། 202-1-208b ཤིང་མངར་སྲང་གཅིག་བཏབ་སྟེ་བསྐོལ། །ཨ་ས་ནའམ་རྡོ་སྣོད་དམ། །ལུག་གི་རྭ་ཡི་ནང་དུ་གཞུག །ཅེས་བྱ་བ་ལ། ས་ཧ་ཙ་ར་ལ་སོགས་པའི་ཁུ་བ་བྲེ་གང་དང་། འོ་མ་དང་ཏིལ་མར་ཕུལ་རེའམ། ཤིང་མངར་སྲང་གཅིག་ལྷན་ཅིག་བསྐོལ་བའི་ཏིལ་མར་ཨ་ས་ནིའི་སྣོད་དམ། རྡོའི་ སྣོད་དམ། ལུག་གི་རྭའི་ནང་དུ་གཞུག་ལ་སྣ་སྨན་གཏང་བར་བྱའོ། །ཀ་ར་བཱི་ར་པ་ཡ་སྱ། །འོ་མ་དང་ནི་ཞིབ་བཏགས་པས། །སྐྲ་དཀར་ཕྱུང་བའི་རྗེས་བསྐུས་ཤིང་། །སྤངས་ན་སྐྲ་དཀར་སེལ་བར་བྱེད། །ཅེས་བྱ་བ་ལ། ཀ་ར་བཱི་ར་དང་པ་ཡ་སྱ་འོ་མ་དང་ཞིབ་ཏུ་བཏགས་ཏེ། སྐྲ་དཀར་དང་པོ་ཕྱུང་ ལ་སྐྲ་དཀར་གྱི་རྗེས་ལ་བསྐུས་ན་སྐྲ་དཀར་སེལ་བར་བྱེད་དོ། །པི་ལ་ཡི་དང་ཤིང་མངར་དང་། །འཚོ་བྱེད་སྡེ་ཚན་ཏིལ་ནག་དང་། །ས་ནག་འོ་མའི་ལྡེ་གུ་ཡིས། །གདོང་བསྐུས་གཉེར་མ་སྤུ་སེར་སེལ། །ཞེས་བྱ་བ་ལ། པི་ལ་ཡ་ལ་སོགས་པའི་ལྡེ་གུས་བསྐུས་ན་ཡང་གཉེར་མ་ལྷགས་པ་ དང་། བ་སྤུ་སེར་པོ་སྐྱེས་པ་སེལ་བར་བྱེད་དོ། །ཏིལ་དང་པདྨ་གེ་སར་དང་། །ཤིང་མངར་སྦྲང་རྩི་སྐྱུ་རུ་ར། །ལྡེ་གུ་འདི་ཡིས་མགོ་བསྐུས་ན། །སྐྲ་འཕེལ་གནག་པར་འགྱུར་བ་ཡིན། །ཞེས་བྱ་བ་ལ། ཏིལ་ལ་སོགས་པའི་སྨན་ལྡེ་གུར་བྱས་པ་འདིས་མགོ་ལ་བསྐུས་ན་སྐྲ་འཕེལ་བ་དང་ ནག་པོར་འགྱུར་བ་ཡིན་ནོ། །སྤང་སྤོས་རུ་རྟ་ཏིལ་ནག་དང་། །ཐལ་ཏྲེས་ཨུཏྤལ་སྔོན་པོ་དང་། །འོ་མར་བཏགས་ཏེ་སྦྲང་རྩིར་སྦྱར། །སྐྲ་ནི་འཕེལ་བར་བྱེད་པའི་མཆོག །ཅེས་བྱ་བ་ལ། སྤང་སྤོས་ལ་སོགས་པའི་ལྡེ་གུས་བསྐུས་ན་ཡང་སྐྲ་འཕེལ་བར་བྱེད་པ་ཡིན་ནོ། །ལྕགས་ཕྱེ་བྲིང་ག་རཱ་ ཛ་དང་། །འབྲས་བུ་གསུམ་དང་ས་ནག་པོ། །བུ་རམ་ཤིང་ཁུར་ཟླ་གཅིག་གཞུག །སྐྲ་དཀར་རྩད་ནས་སྐྱུར་བར་བྱེད། །ཅེས་བྱ་བ་ལ། ལྕགས་ཕྱེ་ལ་སོགས་པ་བུ་རམ་ཤིང་གི་ཁུ་བར་ཟླ་བ་གཅིག་གི་བར་དུ་གཞུག་ལ། དེའི་ལྡེ་གུས་སྐྲ་དཀར་རྩ་བ་ནས་ཚོན་སྒྱུར་བར་བྱེད་ཅིང་ནག་པོར་བྱེད་ དོ། །མ་ཤ་ཁྲེ་རྒོད་སྐྱུར་རྩབས་དང་། །ནས་ཐུག་ལྕགས་ཕྱེ་ཚ་མང་བཏབ། །ཞག་གསུམ་བཞག་སྟེ་བཏགས་པ་ཡིས། །བྱ་དཀར་ཡང་ནི་ནག་པོར་བྱེད། །ཅེས་བྱ་བ་ལ། མ་ཤ་ཞེས་བྱ་བ་མོན་སྲན་སྡེའུ་དང་། ཁྲེ་རྒོད་ལ་སོགས་པ་དང་སྦྱར་བའི་ནས་ཐུག་བྱས་ཏེ། ལྕགས་ཕྱེ་དང་ 202-1-209a ཚ་མང་དུ་བཏབ་སྟེ། ཞག་གསུམ་གྱི་བར་དུ་བཞག་ལ། དེའི་འོག་ཏུ་བཏགས་ཏེ་སྐྲ་ལ་བསྐུས་ན་བྱ་དཀར་ཡང་ནག་པོར་བྱེད་ན། སྐྲ་ལྟ་སྨོས་ཀྱང་ཅི་དགོས་ཏེ་འདི་ནི་ཁྱད་པར་ཅན་ཡོད་པར་བསྟན་པའི་ཕྱིར་སྨོས་པ་ཡིན་ནོ། །ཤིང་མངར་ཙནྡན་སྟག་ཚེར་དང་། །པི་པི་ལིང་ དང་ཨུཏྤལ་དང་། །སྐྱུ་རུ་ར་ཁུ་ཏིལ་མར་བསྐོལ། །སྣ་སྨན་བསྐུ་བ་བྱས་གྱུར་ན། །སྐྲ་དཀར་དང་ནི་ཀླད་པ་ཡི། །ནད་ཀུན་འཇོམས་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། ཤིང་མངར་ལ་སོགས་པའི་འདེ་གུ་དང་སྐྱུ་རུ་རའི་ཁུ་བ་དང་ཏིལ་མར་སྦྱོར་བ་ཇི་ལྟ་བ་བཞིན་དུ་བསྐོལ་ཏེ། སྣ་སྨན་དང་ བསྐུ་བ་བྱས་ན་སྐྲ་དཀར་དང་ཀླད་པའི་ནད་ཐམས་ཅད་སེལ་བར་བྱེད་དོ། །ཉེའུ་ཤིང་ཛི་བནྟིའི་ཁུ་བ། །འོ་མ་མར་དང་ཏིལ་མར་དང་། །འཚོ་བྱེད་བསྐོལ་བའི་སྣ་སྨན་གྱིས། །ནམ་ཚོང་ཡན་ཆད་ནད་ཀུན་སེལ། །ཞེས་བྱ་བ་ལ། ཉེའུ་ཤིང་ཛི་བནྟི་བསྐོལ་བའི་ཁུ་བ་དང་། འོ་མ་དང་འཚོ་བྱེད་ཀྱི་ སྡེ་ཚན་དང་བཅས་པར་བསྐོལ་བའི་སྣ་སྨན་འདིས་ནི་ནམ་ཚོང་ཡན་ཆད་ཀྱི་ནད་ཐམས་ཅད་སེལ་བར་བྱེད་དོ། །རྨ་བྱའི་སྒྲོ་མཁྲིས་རྒྱུ་མ་དང་། །རྐང་པ་རྟུག་པ་ཆུ་བོར་བའི། །ཤ་དང་བ་ལ་རྩ་བ་བཅུ། །ར་སྣ་ཤིང་མངར་སྲང་གསུམ་གསུམ། །ཆུ་བསྐོལ་ཁུ་བ་མར་བྲེ་གང་། །འོ་མ་བྲེ་གང་ བཅས་བསྐོལ་བ། །མངར་བའི་སྨན་སྡེའི་ལྡེ་གུ་བཏབ། །དེ་བཏུང་མས་གཏོང་བསྐུ་བ་དང་། །སྣ་སྨན་རྟག་ཏུ་བསྟེན་པ་ཡིས། །ནམ་ཚོང་ཡན་ཆད་ནད་ཀུན་སེལ། །ཞེས་བྱ་བ་ལ། རྨ་བྱའི་ཤ་སྒྲོ་ལ་སོགས་པ་བོར་བ་དང་། རྩ་བ་བཅུ་ལ་སོགས་པའི་སྨན་ལ་ལྟོས་པའི་ཆུ་བཅུ་ དྲུག་འགྱུར་དུ་བྱས་པ་ཡིན་གྱི། ཤ་ལ་ལྟོས་པ་ནི་མ་ཡིན་ཏེ། འདིར་དཔེར་བརྗོད་པ་ན། ར་སྣ་ལ་སོགས་པའི་སྨན་མར་དང་འདྲའོ། །ཆུ་དེར་བསྐོལ་བ་བྲེ་བཞི་ལུས་པའི་ནང་དུ་མར་བྲེ་གང་དང་འོ་མ་བྲེ་གང་དང་བཅས་པར་བསྐོལ་ལ་མངར་བའི་སྨན་གྱི་སྡེ་ཚན་སྲང་བརྒྱད་ཀྱི་ལྡེ་གུ་བཏབ་སྟེ་ བསྐོལ་ལ། དེ་བཏུང་བ་ལ་སོགས་པའི་སྦྱོར་བས་བསྟེན་ན་ནམ་ཚོང་ཡན་ཆད་ཀྱི་ནད་ཐམས་ཅད་སེལ་བར་བྱེད་དོ། །སྨན་འདི་དག་གི་ལྡེ་གུ་དང་། །ཛི་བནྟི་དང་འབྲས་བུ་གསུམ། །མེ་ད་རྒུན་འབྲུམ་དབྱི་མོ་དང་། །པ་རུ་ཤ་ཀ་ས་མང་ག །ག་བྲའི་རྩ་བ་ཏང་པལ་དང་། །ཀངྐ་ཏ་སྲིང་ཁ་ 202-1-209b སྲལ་ཕྲེའུ། །མ་ཧཱ་མེ་ད་ཏ་ལ་དང་། །འབྲ་གོ་པདྨའི་རྩ་བ་དང་། །པདྨའི་སྡོང་བུ་ཁརྫུ་ན། །ཤིང་མངར་ཉེའུ་ཤིང་ཛི་བ་ཀ །བི་ད་རི་དང་བུ་རམ་ཤིང་། །ཐལ་ཏྲེས་རྣམ་གཉིས་བྲི་ཧ་ཏི། །མུར་བ་གཟེ་མ་ཟངས་རྩི་བ། །སྲིང་ག་ཏ་དང་ཀ་ཤེ་རུ། །ར་སྣ་སྠི་ར་ལྕ་བ་དང་། །སུག་སྨེལ་ཟུར་ པ་མ་ནུ་དང་། །བ་སྤྲུ་བ་དང་ཅུ་གང་དང་། །རམ་ཉེ་བ་དང་བྱི་ཚེར་བ། །མ་དུ་ཀ་དང་སྟར་ག་དང་། །ཨ་བི་ཤུ་ཀ་མུཉྫ་ཀ །ཞོ་ནི་གཉིས་གཉིས་ཕྱེར་བཏགས་དང་། །མར་བྲེ་གང་དང་འོ་མ་ནི། །བཞི་འགྱུར་དག་དང་བསྐོལ་བའི་མར། །འདི་ནི་རྨ་བྱ་ཆེན་པོ་སྟེ། །རྨ་བྱ་ལས་ནི་ཡོན་ཏན་ལྷག ། ལུས་ཟུངས་དབང་པོ་ཉམས་སྐད་འགགས། །ལུད་པ་དབུགས་མི་བདེ་ཉེན་འཇོམས། །ཟླ་མཚན་ཁུ་བའི་སྐྱོན་ལའང་ཕན། །མོ་གཤམ་ལ་ཡང་བུ་སྐྱེད་བྱེད། །ཅེས་བྱ་བ་ལ། སྨན་བཤད་མ་ཐག་པ་འདི་དག་གི་འདེ་གུ་དང་། ཛི་བན་ཏི་ལ་སོགས་པ་ཞོ་གཉིས་གཉིས་ཀྱི་འདེ་གུ་དང་། མར་བྲེ་ གང་དང་། འོ་མ་བཞི་འགྱུར་དང་བཅས་པ་བསྐོལ་བ་འདི་ནི་རྨ་བྱ་ཆེན་པོའི་མར་བས་ཡོན་ཏན་ཆེ་བ་ཡིན་ཏེ། ལུས་ཟུངས་ཉམས་པ་ལ་སོགས་པ་འཇོམས་པ་དང་། ཟླ་མཚན་དང་ཁུ་བའི་སྐྱོན་ལ་སོགས་པ་ནད་ཕྲ་མོ་ཡང་སེལ་ཅིང་མོ་གཤམ་ལྟ་བུ་ལ་ཡང་བུ་སྐྱེད་པར་བྱེད་པ་ཡིན་ནོ། །བྱི་བ་ ཁྱིམ་བྱ་ངང་པ་དང་། །རི་བོང་དང་ཡང་དེ་བཞིན་སྦྱར། །ཞེས་བྱ་བ་ལ། བྱི་བ་ལ་སོགས་པ་རེ་རེ་ཞིང་ཡང་རྨ་བྱའི་སྨན་མར་གྱི་ཚུལ་དུ་སྦྱར་བར་བྱ་བའི་དོན་ནོ། །ནམ་ཚོང་ཡན་ཆད་གཏོགས་པའི་ནད། །ཉིས་བརྒྱ་སུམ་ཅུ་རྩ་གཅིག་ཡིན། །དེ་དག་ཕན་ཚུན་མ་འདྲེས་པར། །རྒྱ་ཆེར་ རབ་ཏུ་བཤད་པ་ཡིན། །ཞེས་བྱ་བ་ལ། ནམ་ཚོང་ཡན་ཆད་དུ་གཏོགས་པའི་ནད་སྤྱིར་གྲངས་ཉིས་བརྒྱ་སུམ་ཅུ་རྩ་གཅིག་ཡོད་པ་ཡིན་ལ། དེ་དག་ཀྱང་ཕན་ཚུན་མཚན་ཉིད་མ་འདྲེས་པར་རྒྱ་ཆེར་རབ་ཏུ་བསྟན་ཅིང་བཤད་པ་ཡིན་ནོ། །དྲང་སྲོང་རྣམས་ཀྱིས་སྐྱེས་བུའི་མགོ། །རྩ་བ་ འོག་ནི་ཡལ་གར་བཤད། །དེ་ཕྱིར་རྩ་བ་ལ་གནོད་པའི། །ནད་ནི་མྱུར་དུ་གསོ་བར་བྱ། །ཞེས་བྱ་བ་ལ། དྲང་སྲོང་རྣམས་ཀྱིས་སྐྱེས་བུའི་མགོ་བོ་ནི་རྩ་བ་ཡིན་ལ། མགོ་བོ་མན་ཆད་ཀྱི་འོག་ཏུ་མ་ལུས་པ་ཐམས་ཅད་ནི་ཡན་ལག་ཡིན་པར་བཤད་དེ། དེ་བས་ན། སྨན་པས་ལུས་ཀྱི་རྩ་ 202-1-210a བར་གྱུར་པ་མགོ་བོ་ལ་གནོད་པར་གྱུར་པའི་ནད་རྣམས་ནི་ཤིན་ཏུ་རིངས་པ་ཁོ་ནར་གསོ་བར་བྱ་བ་ཡིན་ནོ། །གང་ལ་དབང་པོ་ཀུན་རྟེན་ཞིང་། །གང་ལ་སྲོག་ནི་གནས་བྱེད་པས། །དེས་ན་ཡན་ལག་དམ་པ་ཡི། །བསྲུང་བ་ལ་ནི་འབད་པར་བྱ། །ཞེས་བྱ་བ་ལ། མགོ་བོ་གང་ ལ་རྒྱུ་གང་གིས་མིག་ལ་སོགས་པའི་དབང་པོ་ཀུན་རྟེན་པར་བྱེད་པ་དང་། གང་ལ་སྲོག་གི་དབང་པོ་གནས་པར་བྱེད་པའི་རྒྱུ་དེས་ན་ཡན་ལག་དམ་པར་གྱུར་པའི་མགོ་བོ་དེ་བསྲུང་ཞིང་གནོད་པ་མེད་པར་བྱ་བ་ལ་སྨན་པས་འབད་ཅིང་བརྩོན་པ་ཉིད་དུ་བྱའོ། །མགོ་བོའི་ནད་གསོ་བའི་རྒྱུད་རྫོགས་སོ།། །། ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་ཉི་ཤུ་རྩ་བཞི་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་རྨ་གསོ་བ་བཤད་པར་བྱའོ། །ཞེས་བྱ་བ་ལ། ཡན་ ལག་བརྒྱད་པའི་གསོ་བ་ལས་ཡན་ལག་བཞི་བཤད་ནས། ད་ནི་གོ་རིམས་ཀྱིས་ན་རབ་ཏུ་་བྱེད་པ་ལྔ་པ་བརྩམས་པ་ཡིན་ཏེ། དེ་ལ་རྨ་རྣམས་ཀྱི་ནད་ཀྱི་ཉེས་པ་དགག་པའི་རྨ་གསོ་བ་སྟེ། དེའི་ལེའུ་བཤད་པར་བྱའོ་ཞེས་པའོ། །རྨ་ནི་ལྷན་ཅིག་སྐྱེས་གློ་བུར། །རེད་དང་མ་རེད་དབྱེ་བ་གཉིས། ། ཞེས་བྱ་བ་ལ། རྨ་ནི་ལྷན་ཅིག་སྐྱེས་པ་དང་། གློ་བུར་བའི་དབྱེ་བ་དང་། རེད་ཅིང་གནོད་པ་དང་བཅས་པ་དང་། མ་རེད་ཅིང་སྐྱོན་མེད་པའི་དབྱེ་བས་རྣམ་པ་གཉིས་ཁོ་ན་ཡིན་ནོ། །ལུས་ཀྱི་ནད་གཞིས་སྐྱེད་ལྷན་ཅིག །ཕྱི་རོལ་རྒྱུས་བྱུང་གློ་བུར་བའོ། །ཞེས་བྱ་བ་ལ། དེ་ལ་ལྷན་ཅིག་སྐྱེས་པའི་རྨ་ ནི་ལུས་ལས་བྱུང་བའི་ནད་རླུང་ལ་སོགས་པས་སྐྱེད་པ་ཡིན་ནོ། །གློ་བུར་བའི་རྨ་ནི་མཚོན་ཆ་དང་མཚོན་ཆ་ཕྲ་མོ་དང་རྡོ་དང་དབྱིག་པ་དང་སེན་མོ་དང་སོ་དང་དུག་དང་བསེ་ཞོ་ལ་སོགས་པ་ཕྱི་རོལ་གྱི་རྒྱུ་ལས་བྱུང་བ་ཡིན་ནོ། །ནད་དང་འདྲེས་པ་རེད་པ་ཡིན། །དེ་མེད་དག་པ་མ་རེད་ཡིན། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་དང་འདྲེས་ཤིང་དེས་སྐྱེད་པའི་རྨ་ནི་རེད་པའམ་མ་དག་ཅེས་བྱ་ལ། ནད་དེ་དག་མེད་ཅིང་དག་པར་གྱུར་པ་ནི་མ་རེད་པ་ཞེས་བྱ་བའོ། །རྨ་རེད་ཁ་རྒྱས་ཞུམ་པ་དང་། །ཤིན་ཏུ་སྲ་བའམ་ཤིན་ཏུ་སྙི། །ཤིན་ཏུ་མཐོ་འམ་ཤིན་ཏུ་དམའ། །ཤིན་ཏུ་གྲང་ངམ་ཤིན་ཏུ་ཚ། །དམར་ 202-1-210b ཞིང་སྐྱ་འམ་གནག་པ་ཉིད། །རྣག་ནི་དྲི་མནམ་ཡོངས་སུ་འཛག །ཤ་དང་རྩ་རྒྱུས་འདྲུལ་བ་དང་། །གཡོས་ཤིང་མཆེད་ལ་རབ་ཏུ་ན། །གཡོ་ཞིང་ཚ་ལ་སྐྲང་བ་དང་། །གཡའ་བ་ལ་སོགས་བླ་བརྣན་བཅས། །ཡུན་རིང་དུ་ནི་འཚོ་བ་དཀའ། །རྨ་རེད་མཚན་མར་ཤེས་པར་བྱ། །ཞེས་བྱ་བ་ལ། དེ་ལ་རྨ་རེད་ཅིང་མ་དག་པའི་མཚན་མ་ནི་རྨའི་ཁ་རྒྱས་ཤིང་བྱེ་བ་དང་། ཞུམ་ཞིང་འཁུམས་པ་དང་། ཤིན་ཏུ་སྲ་ཞིང་རྩུབ་པའམ་ཤིན་ཏུ་སྙི་བ་ལ་སོགས་པ་དང་། ཁ་དོག་ཤིན་ཏུ་དམར་བ་ལ་སོགས་པའམ། གནག་པ་ལ་སོགས་པའམ། རྨ་མཆེད་ཅིང་རབ་ཏུ་ན་ལ་བླ་བརྣན་དང་བཅས་པ་དང་། ཡུན་རིང་དུ་གནས་ཤིང་འཚོ་བར་དཀའ་བ་སྟེ། རྨ་ཤིན་ཏུ་མ་རུངས་པའི་མཚན་མ་ནི་དེ་དག་ཡིན་པར་ཤེས་པར་བྱའོ། །དེ་ནི་ཁྲག་བཅས་ནད་བཅོ་ལྔ། །ཞེས་བྱ་བ་ལ། དེ་ལ་རླུང་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་དང་། བད་ཀན་ལས་གྱུར་པ་དང་། ཁྲག་ལས་གྱུར་པ་དང་། རླུང་ དང་མཁྲིས་པ་ལས་གྱུར་པ་དང་། རླུང་དང་བད་ཀན་ལས་གྱུར་པ་དང་། རླུང་དང་མཁྲིས་པ་དང་བད་ཀན་ལས་གྱུར་པ་དང་། རླུང་དང་ཁྲག་ལས་གྱུར་པ་དང་། མཁྲིས་པ་དང་ཁྲག་ལས་གྱུར་པ་དང་། བད་ཀན་དང་ཁྲག་ལས་གྱུར་པ་དང་། རླུང་དང་མཁྲིས་པ་དང་ཁྲག་ལས་གྱུར་པ་ དང་། རླུང་དང་བད་ཀན་དང་ཁྲག་ལས་གྱུར་པ་དང་། བད་ཀན་དང་རླུང་དང་ཁྲག་ལས་གྱུར་པ་དང་། བད་ཀན་དང་མཁྲིས་པ་དང་ཁྲག་ལས་གྱུར་པ་དང་། རླུང་དང་མཁྲིས་པ་དང་བད་ཀན་དང་ཁྲག་ལས་གྱུར་པ་སྟེ། དེ་ལ་རྣམ་པ་བཅོ་ལྔ་ཡིན་ནོ། །དེ་ལ་རླུང་ལས་གྱུར་པའི་རྨ། །གནག་ ཅིང་སྨུག་དམར་ཐལ་མདོག་དང་། །ཐི་བའི་རུས་པ་ལྟ་བུར་སྣང་། །ཞོ་ག་ཆུའམ་འབྲས་བཀྲུས་ཆུ། །འདྲ་བའི་ཆུ་སླ་ཉུང་དུ་འཛག །ཤ་ཟད་ཤས་ཆེར་ན་ཞིང་ཟུག །རྩུབ་ཅིང་ཙེག་ཙེག་ཚ་བ་ཡིན། །ཞེས་བྱ་བ་ལ། དེ་ལ་རྨ་དེ་དག་གི་ནང་ནས་རླུང་ལས་གྱུར་པའི་རྨ་ནི་ཁ་དོག་གནག་ཅིང་ སྔོ་བ་དང་། སྨུག་པ་དང་དམར་བ་ལ་སོགས་པ་དང་། ཞོ་ག་ཆུ་ལྟར་སྣང་བའམ། འབྲས་བཀྲུས་པའི་ཆུ་དང་འདྲ་བར་སྣང་བའི་ཆུ་སེར་སླ་བ་ཉུང་ཤས་ཤིག་འཛག་པ་དང་། དེ་བཞིན་དུ་ཤ་ཟད་པ་དང་། ཤས་ཆེར་ཟུག་ཅིང་ན་བ་དང་། རེག་ན་རྩུབ་པ་དང་། སྟེང་ན་ཚ་བ་ཙེག་ཙེག་བྱེད་ 202-1-211a ཅིང་གས་པ་ཡིན་ནོ། །མཁྲིས་གྱུར་མྱུར་རྣགས་སེལ་བ་དང་། །སྔོ་ཞིང་སེར་སྐྱའམ་ཁམ་པར་འདུག །གཅིན་དང་ཐལ་ཆུ་རྒྱ་སྐྱེགས་ཁུ། །ཏིལ་མར་འདྲ་ཆུ་མང་དུ་འཛག །རྨ་ལ་ཐལ་སྨན་བཏབ་ལྟར་ན། །དམར་ཞིང་ཚ་ལ་རྣགས་པ་ཡིན། །ཞེས་བྱ་བ་ལ། མཁྲིས་ པ་ལས་གྱུར་པའི་རྨ་ནི་མྱུར་དུ་རྣགས་ཤིང་ན་བར་བྱེད་པ་དང་། ཁ་དོག་སེར་པོ་ལ་སོགས་པ་གང་ཡང་རུང་བར་སྣང་བ་དང་། ཆུ་སེར་གཅིན་ལ་སོགས་པ་དང་འདྲ་བ་མང་དུ་འཛག་པ་དང་། དེ་བཞིན་དུ་རྨའི་ནང་དུ་ཐལ་སྨན་གྱི་ཆུ་བཏབ་པ་ལྟར་ཚ་ཞིང་ན་བ་དང་། ཤས་ཆེར་དམར་ཞིང་ཚ་བ་ལ་སོགས་ པ་དང་ལྡན་པ་ཡིན་ནོ། །བད་ཀན་ལས་གྱུར་མདོག་སྐྱ་གཡའ། །ཆུ་ནི་སྐ་བ་མང་དུ་འཛག །རྨ་ཁ་སྦོམ་ཞིང་ན་བ་དང་། །རྩ་རྒྱུས་ཀྱིས་ཁྱབ་ནད་ཚབས་ཆུང་། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་རྨ་ནི་མདོག་སྐྱ་བ་ལ་སོགས་པ་དང་ལྡན་པ་དང་། རྨ་ཁ་སྦོམ་ཞིང་མཐུག་པ་དང་། རྨ་སྲ་བ་ དང་། རྩ་རྒྱུས་པའི་ཚོགས་ཀྱི་དྲ་བས་ཁྱབ་པར་སྣང་བ་ཡིན་ནོ། །ཁྲག་གྱུར་བྱི་རུའི་མདོག་ལྟར་དམར། །ཁྲག་དང་བཅས་པའི་རྣག་འཛག་ཅིང་། །རྟ་བྲེས་ཀྱི་ནི་དྲི་ལྟར་བྲོ། །མཁྲིས་པའི་མཚན་མ་དག་དང་ལྡན། །ཞེས་བྱ་བ་ལ། ཁྲག་ལས་གྱུར་པའི་རྨ་ནི་བྱི་རུ་ལྟར་དམར་བ་ལ་སོགས་པ་ དང་། རྟ་བྲེས་ཀྱི་གནས་ཀྱི་དྲི་བྲོ་ཞིང་དེ་དང་མཚུངས་པའི་དྲི་དང་ལྡན་པ་དང་། དེ་བཞིན་དུ་མཁྲིས་པའི་མཚན་མ་ཇི་སྐད་བཤད་པ་དག་དང་ཡང་ལྡན་པ་ཡིན་ནོ། །གཉིས་སམ་གསུམ་མམ་ཐམས་ཅད་ལས། །གྱུར་པའི་མཚན་མ་འདྲེན་མ་ཡིན། །ཞེས་བྱ་བ་ལ། ནད་གཞི་གཉིས་གཉིས་སམ་གསུམ་གསུམ་ མམ། ཁྲག་དང་བཅས་པ་ཐམས་ཅད་ལས་གྱུར་པའི་མཚན་མ་ནི་གང་དང་གང་གི་ཤས་འདྲེས་པ་དེ་དང་དེའི་མཚན་མ་འདྲེན་མར་སྣང་བ་ཡིན་ནོ། །ལྕེ་ཡི་མདོག་འདྲ་འཇོམ་ཞིང་མཉེན། །རྨ་ཁ་སྨུག་ཅིང་འབྲུམ་ཕྲན་ཅན། །མཉམ་པ་དབུས་མ་ཅུང་ཟད་མཐོ། །བླ་བརྣན་མེད་རྨ་དག་པ་ཡིན། ། ཞེས་བྱ་བ་ལ། རྨ་མ་རེད་ཅིང་སྐྱོན་མེད་པའི་མཚན་མ་ནི་ལྕེའི་མདོག་འདྲ་བར་སྣང་བ་དང་། རེག་ན་འཇམ་པ་དང་། མཉེན་ཞིང་གྱོང་བག་མེད་པ་དང་། རྨ་ཁ་ཅུང་ཟད་སྨུག་པ་དང་། ཕྱི་རོལ་ན་འབྲུམ་ཕྲན་ཡོད་པ་དང་། དབྱིབས་མཐོ་དམན་མེད་ཅིང་མཉམ་པ་དང་། རྨའི་དབུས་ཡིད་ 202-1-211b ཙམ་མཐོ་བའམ། བླ་བརྣན་གྱི་བག་མེད་པའི་རྨ་ནི་དག་ཅིང་སྐྱོན་མེད་པ་ཡིན་ནོ། །པགས་པ་ཤ་དང་རྩ་རྒྱུས་དང་། །ཚིགས་དང་རུས་པ་ནང་གྲོལ་གནད། །བརྒྱད་པོ་དེར་ནི་རྨ་གནས་པ། །ཕྱི་མ་བཞིན་དུ་གསོ་བར་དཀའ། །ཞེས་བྱ་བ་ལ། པགས་པ་ནས་གནད་ཀྱི་བར་བརྒྱད་པོ་ནི་རྨའི་ གནས་ཡིན་པ་ལས། དེ་དག་ཕྱི་མ་བཞིན་དུ་གསོ་དཀའ་བ་ཡིན་ཏེ། དེ་ལ་པགས་པའི་རྨ་བས་ནི་ཤ་ལ་བརྟེན་པའི་རྨ་གསོ་དཀའོ། །དེ་བས་ནི་རྩའི་འོ། །དེ་བས་ནི་རྒྱུས་པའི་འོ། །དེ་བས་ནི་ཚིགས་ནས་ཇི་སྲིད་གནད་ལ་གནས་པའི་བར་ཐམས་ཅད་བས་ཀྱང་གསོ་དཀའ་བ་ཡིན་ནོ། །གསོ་སླ་སྙིང་ སྟོབས་མེ་དྲོད་ཤ །ན་ཚོད་ཉམས་སྟོབས་ལྡན་པའི་རྨ། །ཟླུམ་ཞིང་དཀྱུས་རིང་རིམ་གསུམ་པ། །ཟུར་བཞི་པ་ནི་གང་ཡིན་དང་། །དེ་བཞིན་དཔྱི་རྐུབ་ཕོ་མཚན་མཆུ། །རྒྱབ་དང་ཁ་ནང་མཁུར་ཚོས་འབྱུང་། །ཞེས་བྱ་བ་ལ། རྨ་མི་སྙིང་སྟོབས་དང་ལྡན་པ་དང་། རུས་ཚིགས་ཤ་དང་བཅས་པ་ དང་། ནང་གི་མེ་དྲོད་འབར་བ་དང་། ན་ཚོད་དར་ལ་བབ་པ་དང་། ཉམས་སྟོབས་དང་ལྡན་པའི་རྨ་གང་ཡིན་པ་དེ་ནི་གསོ་བར་སླ་བ་ཡིན་ནོ། །དེ་བཞིན་དུ་རྨའི་དབྱིབས་ཟླུམ་པ་དང་། དཀྱུས་རིང་བ་དང་། རིམ་པ་གསུམ་ཡོད་པ་དང་། ཟུར་བཞིར་གནས་པ་གང་ཡིན་པ་དང་། དེ་བཞིན་དུ་ གསོ་སླ་བའི་རྨ་ནི་དཔྱི་དང་རྐུབ་ཚོས་དང་། ཕོ་མཚན་དང་། མཆུ་དང་། རྒྱབ་དང་། ཁའི་ནང་དང་མཁུར་ཚོས་སུ་བྱུང་བ་ནི་གསོ་སླ་བ་ཡིན་ནོ། །གསོ་དཀའ་མིག་དང་སོ་དང་ནི། །སྣ་དང་མིག་ཟུར་ལྟེ་བ་དང་། །སྲུབ་མཚམས་ལྟོ་བ་རྣ་བ་དང་། །རྩིབ་ལོགས་མཆན་ཁུང་ནུ་མར་བྱུང་། །ཞེས་ བྱ་བ་ལ། རྨ་གསོ་དཀའ་བ་ནི། མིག་ལ་སོགས་པ་ལས་བྱུང་བ་ཡིན་ནོ། །ལྦུ་བ་རྣག་འཛག་རླུང་འབྱུང་ཞིང་། །ཟུག་རྔུར་བཅས་ཤིང་སྟོད་ནས་འཛག །མཚན་བར་རྡོལ་ཞིང་ཁ་ནང་བལྟས། །དེ་བཞིན་རྐེད་པའི་རུས་པར་གནས། །ཞེས་བྱ་བ་ལ། ཡང་རྨ་གང་ལྦུ་བ་འཛག་པ་ དང་། རྣག་འཛག་པ་དང་། རླུང་འབྱུང་བ་དང་། ནང་ན་ཟུག་རྔུ་དང་བཅས་པ་དང་། སྟོད་ཀྱི་ཆ་ནས་རྣག་འཛག་ཅིང་ལྗན་ལྗིན་འབྱུང་བར་བྱེད་པ་དེ་ཡང་གསོ་དཀའ་བ་ཡིན་ལ། དེ་བཞིན་དུ་མཚན་བར་རྡོལ་ལ་ཁ་ནང་དུ་བལྟས་པ་དང་། རྐེད་པའི་རུས་པར་གནས་པ་ནི་གསོ་ 202-1-212a དཀའོ། །མཛེ་ཅན་དུག་གིས་ཕོག་པ་དང་། །ལུས་སྐེམ་གཅིན་ནད་སྦྲང་རྩི་འདྲ། །རྨ་སྟེང་རྨ་ནི་བྱུང་བ་གང་། །རྨ་དེ་གསོ་བར་དཀའ་བ་ཡིན། །ཞེས་བྱ་བ་ལ། མཛེའི་ནད་ཡོད་པའི་ཕྱིར་མཛེ་ཅན་ནོ། །དུག་གིས་ཕོག་པ་ནི་དུག་གིས་ཉེན་པའོ། །ལུས་སྐེམ་ པ་ནི་ཟད་བྱེད་ཀྱི་ནད་གཅོང་ཆེན་པོས་བཏབ་པའོ། །གཅིན་ནད་སྦྲང་རྩི་འདྲ་བས་བཏབ་པའི་གཅིན་སྙི་བའི་ནད་མདོག་སྦྲང་རྩི་འདྲ་བས་བཏབ་པ་སྟེ། དེ་དག་གི་རྨ་ནི་གསོ་བར་དཀའ་བ་ཡིན་ནོ། །དེ་བཞིན་དུ་རྨའི་སྟེང་དུ་རྨ་བྱུང་བ་གང་ཡིན་པ་དེ་ཡང་གསོ་བར་དཀའ་བ་ཡིན་ནོ། །མེ་དབལ་རིམས་དང་ ཚད་པར་འཁྲུ། །ལུད་པ་ལུ་དང་སྐོམ་དད་ཆེ། །གཉིད་མེད་པ་དང་དབུགས་མི་བདེ། །མེ་དྲོད་ཆུང་བར་གྱུར་པ་ཡི། །རྨ་ནི་འཚོབ་པར་མི་འགྱུར་རོ། །ཞེས་བྱ་བ་ལ། མེ་དབལ་ལ་སོགས་པ་གནས་མེ་དྲོད་ཆུང་ཞིང་སྨིན་མི་ཤེས་པའི་རྨ་ནི་འཚོབས་ཤིང་འདྲུབས་པར་མི་འགྱུར་རོ། །མགོ་བོའི་ ཐོད་པ་ཆག་གྱུར་ཞིང་། །ཀླད་རྒྱས་མཚན་མ་སྣང་དེ་བཞིན། །ཞེས་བྱ་བ་ལ། མགོ་བོའི་ཐོད་པའི་རུས་པ་ཆག་པར་གྱུར་ནས། ཀླད་རྒྱས་ཞེས་བྱ་བ་ཀླད་པའི་མཚན་མ་སྣང་བར་གྱུར་པའི་རྨ་ཡང་འཚོ་བར་མི་འགྱུར་རོ། །ཆུ་བ་རུལ་ཞིང་རྩ་ཆད་དང་། །རྨ་ཕུགས་རིང་དང་སྲིན་བུས་ཟོས། ། རུས་པ་ཆག་དང་ཟུག་རྔུར་བཅས། །དུག་བཅས་པ་དང་མ་རྟོགས་དང་། །བཅིང་བ་ཉེས་དང་སྣུམ་ཆེས་དང་། །རྩུབ་པས་སྤུ་ཚོགས་བདར་བ་དང་། །བསྐྱོད་དང་ཁོང་པ་མ་དག་དང་། །འགྲངས་དྲགས་ཉམས་དམན་དྲགས་པ་དང་། །ཆང་འཐུངས་ཉིན་པར་གཉིད་ལོག་དང་། །ཉལ་པོ་ལ་བརྟེན་ མཚན་གཉིད་ཡར། །རྨ་ནི་ལོག་པར་གསོས་པ་དག །གསོས་ཀྱང་འགྲུབ་པར་མི་འགྱུར་རོ། །ཞེས་བྱ་བ་ལ། རྨ་གསོ་བར་བྱ་བ་ཡིན་ཡང་ཆུ་བ་རུལ་བ་གང་ཡིན་པ་དེ་ནི་གསོས་ཀྱང་གསོ་བ་འགྲུབ་ཅིང་བདེ་བར་མི་འགྱུར་རོ། །དེ་བཞིན་དུ་རྩ་རྣམས་ཆད་པར་འགྱུར་བ་དང་། རྨའི་ ཕུགས་ཤིན་ཏུ་གཏིང་རིང་བར་འགྱུར་བ་དང་། དེ་བཞིན་དུ་སྲིན་བུས་ཟོས་པ་དང་། རུས་པ་དུམ་བུར་ཆད་པ་དང་། ནང་ན་ཟུག་རྔུར་བཅས་པ་དང་། དུག་དང་བཅས་པ་དང་། གང་ན་ཡོད་པ་ངོས་མ་ཟིན་ཅིང་མ་རྟོགས་པ་དང་། བཅིང་བ་ཉེས་པར་གྱུར་པ་དང་། སྣུམ་དྲགས་པ་དང་། 202-1-212b རྩུབ་ཆེས་པས་སྤུ་ལ་སོགས་པ་བདར་ཞིང་རེག་པ་དང་། ལུས་བསྐྱོད་ཅིང་གཡེང་བ་དང་། ཁོང་པ་མ་དག་ཅིང་ནང་གི་ནང་མ་སྦྱངས་པ་དང་། ཧ་ཅང་འགྲངས་དྲགས་པ་དང་། ཉམས་དམན་པའི་སྨྱུང་བ་བྱས་པ་ཧ་ཅང་དྲགས་པ་དང་། ཆང་མང་དུ་འཐུངས་པ་དང་། ཉིན་པར་གཉིད་ལོག་ པ་དང་། ཉལ་པོའི་ལས་འཁྲིག་པ་ལ་བརྟེན་པ་དང་། དེ་བཞིན་དུ་མཚན་མོ་གཉིད་ཡར་བ་དང་། གསོ་བ་ལོག་པར་བྱས་པ་སྟེ། རྒྱུ་དེ་དག་གིས་ནི་རྨ་གསོར་རུང་བ་ཡིན་ཡང་གསོ་བའི་ལས་འགྲུབ་པར་མི་འགྱུར་རོ་ཞེས་རེ་རེ་ལ་སྦྱར་རོ། །གང་ཞིག་ནང་ནི་ཐི་བའི་མདོག །འདྲ་ཞིང་ རྣགས་པ་མེད་པ་དང་། །བརྟན་ཞིང་འབྲུམ་ཕྲན་རྙིད་བཅས་པ། །འཚོབ་པར་འགྱུར་བར་དེ་བཤད་དོ། །ཞེས་བྱ་བ་ལ། རྨ་གང་ཞིག་གི་ནང་ཐི་བའི་མདོག་འདྲ་བར་སྣང་བ་དང་། ནང་ན་རྣག་དང་ལྗན་ལྗིན་མེད་པ་དང་། བརྟེན་ཞིང་མི་འགྱུར་བ་དང་། འབྲུམ་ཕྲན་རྙིད་པ་ལྟ་བུ་དང་བཅས་ པའི་རྨ་དེ་ནི་འཚོབ་ཅིང་འདྲུབས་པར་འགྱུར་བ་ཡིན་པར་ཤེས་པར་བྱའོ། །དེས་ན་འདིར་སྐྲངས་གནས་སྐབས་སུ། །གང་ལ་ཉེ་བ་དེ་ལས་སྦྱང་། །སྦྱངས་པས་སྐྲངས་པར་གྱུར་པ་དང་། །རྨ་ནི་མྱུར་དུ་འཚོབ་པར་འགྱུར། །ཞེས་བྱ་བ་ལ། ད་ནི་འདི་དག་གི་གསོ་བ་སྟོན་ཏེ། དེས་ན་འདི་ལ་སྐྲངས་ པའི་གནས་སྐབས་སུ་ནི། རྨ་དེ་དང་གང་དང་ཉེ་བའི་སྟེང་ངམ་འོག་ནས་སྦྱང་བ་སྟེ། བཀྲུ་སྨན་དང་སྐྱུག་སྨན་ལ་སོགས་པས་སྦྱང་བར་བྱ་སྟེ། དེ་ལྟར་སྦྱངས་པར་གྱུར་ན་སྐྲངས་པ་དང་། རྨ་དེ་མྱུར་དུ་ཞི་ཞིང་འཚོབ་པར་འགྱུར་རོ། སྐྲངས་པའི་སྐབས་སུ་རྒྱུན་དུ་ནི། །ཉེ་བར་སྤྱོད་པ་བསིལ་བས་གསོ། །དེ་ ཡིས་ནད་མེད་ཆུ་ལྟ་བུར། །མོད་ལ་ཞི་བར་འགྱུར་བ་ཡིན། །ཞེས་བྱ་བ་ལ། རྨ་དེ་སྐྲངས་པའི་སྐབས་སུ་ནི་རྟག་པར་རྒྱུན་དུ་བསིལ་བར་བྱ་བའི་གསོ་བའི་ཆོ་གས་ཉེ་བར་གསོ་བར་བྱ་སྟེ། གསོ་བའི་ཆོ་ག་བྱས་པ་དེས་ནད་ཀྱི་ཚ་བ་མེ་ལྟ་བུ་མེ་ལ་ཆུ་བླུགས་པ་ལྟར་མོད་ལ་ཞི་བར་འགྱུར་རོ། །རྨ་སྐྲང་ སྲ་བར་གྱུར་པ་དང་། །ནད་བཅས་མདོག་ནི་མི་སྡུག་དང་། །དུག་ཅན་ལ་ནི་ཁྱད་པར་དུ། །པདྨ་སོགས་ཤེས་ཁྲག་དབྱུང་ངོ་། །ཞེས་བྱ་བ་ལ། རྨ་སྐྲང་བར་བྱེད་པ་སྲ་བར་གྱུར་པ་རྩུབ་ཅིང་ནད་དང་བཅས་པ་མདོག་མི་སྡུག་པར་འགྱུར་བ་དང་། རྨ་དུག་ཅན་ལ་ནི་ཁྱད་པར་དུ་སྲིན་བུ་པད་ 202-1-213a པ་དང་རྔབས་རྭ་ལ་སོགས་པས་ཁྲག་དབྱུང་བར་བྱའོ། །ནད་ཁྲག་བྲལ་ནས་མོད་ལ་ནི། །སྐྲང་དང་མདོག་དམར་ནད་ཞིར་འགྱུར། །ཞེས་བྱ་བ་ལ། ནད་ཁྲག་བསལ་ཅིང་། དེ་དང་བྲལ་ནས་ནི་མོད་ལ་དེ་ཉིད་ཀྱི་ཚེ་སྐྲང་པ་ལ་སོགས་པ་ཞི་བར་འགྱུར་རོ། །ཁྲག་དབྱུང་ནས་ ནི་ཆུང་ཟད་ལུས། །རེག་ན་ནུས་པ་རབ་བསིལ་བ། །ཤིན་ཏུ་ཞིབ་པར་དེ་ཉིད་བཏགས། །བུ་རམ་ཤིང་ཁུ་འོ་མས་སྤྲུས། །ལན་བརྒྱར་བསྐུས་པའི་མར་དང་བཅས། །གཞན་མ་སྐམ་པར་ཡང་དང་ཡང་། །རྗེས་སུ་མཐུན་པར་བསྐུས་ན་ཕན། །བྱུག་དང་བླུགས་པ་དེ་བཞིན་བྱ། །ཞེས་བྱ་བ་ ལ། ཁྲག་ཕྱུང་བའི་རྗེས་ལ། དེའི་ནད་ཁྲག་ཅུང་ཟད་ལུས་པར་གྱུར་པ་ལ་རེག་ན་བསིལ་བ་ནུས་པ་བསིལ་བའི་སྨན་ཞིབ་ཏུ་དེའི་ཉིན་ཞག་ཉིད་ལ་བཏགས་ཤིང་སྦྱར་གྱི་ཞག་ལོན་པ་མ་ཡིན་པ་དང་། བུ་རམ་ཤིང་གི་ཁུ་བ་དང་འོ་མས་སྦྲུས་ཏེ་ལན་བརྒྱར་བསྐུས་པའི་མར་དང་བཅས་པར་བྱས་ ལ། སྨན་སྔར་བསྐུས་ཏེ་མ་སྐམ་པར་ཡང་དང་ཡང་དུ་རྗེས་སུ་མཐུན་པར་བསྐུ་བར་བྱ་ཞིང་། དེ་བཞིན་དུ་རིག་པ་དང་། ནུས་པ་བསིལ་སྨན་གྱི་འདག་གུས་བྱུག་ཅིང་དེའི་ཆུ་བླུགས་ན་ཡང་ཕན་ནོ། །ཨུ་དུམ་ཝཱ་ར་ནྱ་གྲོ་དང་། །བླག་ཤ་ལྕང་མ་ཨ་ཤྭཏྨའི། །ཤུན་པ་མར་དང་བཅས་བསྐུས་ན། ། སྐྲངས་པ་སེལ་བའི་མཆོག་ཡིན་ནོ། །ཞེས་བྱ་བ་ལ། ཨུ་དུམ་ཝཱ་ར་ལ་སོགས་པའི་ཤུན་པ་བཏགས་པའི་མར་དང་བསྲེས་པས་བསྐུས་ན་ཡང་སྐྲངས་པ་ཞི་བར་བྱེད་པའི་དམ་པ་ཡིན་ནོ། །རླུང་ཤས་ཆེ་ཞིང་མཁྲང་བ་དང་། །སྲ་ཞིང་ནད་ཚབས་ཆེ་བ་དང་། །ཁྲག་འཛག་པ་དང་རྨ་སྐྲང་བ། །འདི་ ལྟ་བུ་ཡི་རྨ་ལ་ནི། །རླན་ཅན་ཤ་བཏགས་ལ་དུགས་བྱ། །ཞེས་བྱ་བ་ལ། རླུང་གི་ཤས་ཆེ་བའི་རྨ་མཁྲང་ཞིང་མི་འགྱུར་བ་དང་། སྲ་བ་ལ་སོགས་པའི་རྨ་འདི་ལྟ་བུ་ལ་ནི་རླན་ཅན་གྱི་ཤ་བཏགས་ཤིང་བརྡུངས་པ་ལ་སོགས་པས་དུགས་བྱས་ན་ཕན་ནོ། །ཟར་མ་ཏིལ་ནི་བརྔོས་པ་དང་། །འོ་མས་ དབལ་ནི་བསད་པ་དག །དེ་བཏགས་བསྐུས་ན་ཚ་ན་སེལ། །ཞེས་བྱ་བ་ལ། ཟར་མ་དང་ཏིལ་ཆ་མཉམ་དུ་བརྔོས་པ་འོ་མས་དབལ་བསད་དེ། འོ་མ་དེ་ཉིད་དང་བཏགས་པའི་ལྡེ་གུས་བསྐུས་ན་ཚ་བ་དང་ན་བ་སེལ་བར་བྱེད་དོ། །རྨ་སྐྲངས་བརྟན་ཞིང་ནད་ཚབས་ཆུང་། །བད་ཀན་རླུང་འཇོམས་ 202-1-213b སྣུམ་བསྐུ་ཞིང་། །དེ་ཡི་རྗེས་ལ་འོད་མ་ཡི། །སྦུ་གུས་རིམ་གྱིས་དུགས་བྱའོ། །ཞུ་བར་བྱ་ཕྱིར་ལག་མཐིལ་ལམ། །མཐེ་བོ་ཡིས་ནི་མཉེ་བར་བྱ། །ཞེས་བྱ་བ་ལ། རྨ་སྐྲངས་པ་བརྟན་ཞིང་ནད་ཀྱི་ཤུགས་དལ་བ་ལ་ནི་བད་ཀན་དང་རླུང་འཇོམས་པར་བྱེད་པའི་སྣུམ་གྱིས་བསྐུ་ཞིང་། དེའི་འོག་ ཏུ་འོད་མའི་སྦུ་གུས་མཉེ་ཞིང་དུགས་བྱས་ལ། གཞན་ཡང་ཞུ་བར་བྱ་བའི་ཕྱིར་ལག་མཐིལ་ལམ་མཐེ་བོས་དལ་གྱིས་མཉེ་བར་བྱའོ། །ནས་དང་གྲོ་དང་མོན་སྲན་སྡེའུ། །བཙོས་ཏེ་བཏགས་པའི་ལྡེ་གུས་བསྐུ། །ཞེས་བྱ་བ་ལ། ཡང་ན་སྐྲངས་པ་སྲ་ཞིང་ནད་ཚབས་ཆུང་བ་ལ་ནས་ལ་སོགས་ པ་དང་པོར་བཙོ་བས་སམ་བརྔོ་བ་བྱས་ལ་དེ་བཏགས་པའི་ལྡེ་གུས་བསྐུ་བར་བྱའོ། །གལ་ཏེ་དེ་ཡིས་མ་ཞུམ་ན། །དེ་ནས་དེ་ནི་དཀྲི་བར་བྱ། །མ་སྨིན་པ་ནི་ཞི་འགྱུར་ལ། །སྨིན་ན་རྣགས་པ་ཉིད་དུ་འགྱུར། །ཞེས་བྱ་བ་ལ། དེ་ལྟར་བྱས་སུ་ཟིན་ཀྱང་སྐྲངས་པ་དེ་སྨིན་ཅིང་ཞུམ་པར་མ་གྱུར་ན། དེའི་ འོག་ཏུ་སྐྲངས་པ་དེ་དཀྲི་བའི་དུགས་ཀྱིས་དཀྲི་བར་བྱའོ། །དེ་ལྟར་བྱས་པས་མ་སྨིན་ཅིང་མ་རྣགས་པའི་སྐྲངས་པ་ནི་ཞི་བར་འགྱུར་ལ། སྨིན་ཅིང་རྣགས་པ་ནི་ལེགས་པར་སྨིན་པར་འགྱུར་རོ། །རྒྱ་ཤུག་ཏིལ་དང་ཟར་མ་དང་། །རྒྱམ་ཚ་ཕབས་དང་རུ་རྟའི་ཕྱེ། །ཞོ་སྐྱུར་ཟན་དྲོན་གྱིས་གླན་ཞིང་། །དུགས་ བྱས་ནས་ནི་དཀྲི་བར་བྱ། །ཞེས་བྱ་བ་ལ། རྒྱ་ཤུག་ལ་སོགས་པ་ལས་བྱས་པའི་ཟན་དྲོན་འཇམ་ཙམ་གླན་ཞིང་དཀྲི་བར་བྱའོ། །ལེགས་སྨིན་སྐྲངས་པ་ཕྱོགས་གཅིག་འདུས། །བཙིར་བས་ཉེ་བར་བཙིར་གྱུར་པ། །དྲལ་བར་འོས་ལ་དྲལ་བྱ་ཞིང་། །ཤིན་ཏུ་འཇམ་པོར་གྱུར་པའང་དྲལ། །ཞེས་བྱ་བ་ ལ། སྐྲངས་པ་དེ་སྨིན་ཅིང་རྣགས་པར་གྱུར་པ་དང་། ཕྱོགས་གཅིག་ཏུ་འདུས་ཤིང་བསྒོངས་པར་འགྱུར་ལ། བཙིར་བའི་སྨན་གྱིས་ཉེ་བར་བཙིར་ཞིང་། བསྡུས་པར་གྱུར་ནས་དྲལ་བར་འོས་པ་ནི་དྲལ་བར་བྱས་ལ། དེ་བཞིན་དུ་ཤིན་ཏུ་འཇམ་པོར་གྱུར་པ་ཡང་དྲལ་བར་བྱའོ། །གུ་གུལ་ཟར་མ་བ་ ལངས་སོ། །ཁྲོན་བུ་ཕུག་རོན་རྟུག་པ་དང་། །ཐལ་སྨན་འཕྲོད་དང་ཐལ་སྨན་དེ། །སྨིན་པའི་སྨན་གྱིས་བརྟོལ་བར་བྱ། །ཞེས་བྱ་བ་ལ། གུ་གུལ་ལ་སོགས་པའི་སྨན་དང་། ཐལ་སྨན་གྱི་འཕྲོད་ཀྱི་སྨན་དང་ཐལ་སྨན་ཉིད་དེ། དེ་ལྟར་སྨིན་པའི་སྨན་དག་གིས་ཀྱང་སྨིན་པའི་རྣག་དེ་བརྟོལ་བར་ 202-1-214a བྱའོ། །ནང་ན་རྣག་འབྱུང་སྒོ་ཕྲ་ཞིང་། །མཐོ་བར་གྱུར་དང་གནད་ལ་གནས། །སྣུམ་མེད་བཙིར་བའི་སྨན་གྱིས་ནི། །ཀུན་ནས་རབ་ཏུ་བཙིར་བར་བྱ། །ཞེས་བྱ་བ་ལ། ནང་ན་རྣག་ཡོད་པ་དང་། འབྱུང་བའི་སྒོ་ཕྲ་ཞིང་ཁ་ཆུང་བ་དང་། རྨའི་ཁ་མཐོ་བར་གྱུར་པ་དང་། གནད་ཀྱི་གནས་ན་གནས་པའི་རྨ་ལ་ནི་བཙིར་བའི་སྨན་གྱིས་ཐམས་ཅད་ནས་བཙིར་བར་བྱའོ། །བསྐུ་བ་སྐམས་ན་བཙིར་བ་ཡི། །ལས་ལ་བཏང་སྙོམས་ཉིད་དུ་བྱ། །ཞེས་བྱ་བ་ལ། ལྡེ་གུ་སྐམས་པར་གྱུར་ན་ནི་བཙིར་བའི་སྦྱོར་བ་དེ་བཏང་སྙོམས་ཉིད་དུ་བྱ་ཞིང་བཤོལ་བར་བྱའོ། །དེ་ཡི་རྨ་སྒོར་ མི་བསྐུ་སྟེ། །དེ་འདྲས་ནད་ནི་དབྱུང་མི་འགྱུར། །ཞེས་བྱ་བ་ལ། རྨ་འདིའི་རྨ་ཁའི་སྟེང་དུ་ནི་བསྐུ་བར་མི་བྱ་སྟེ། དེ་ལྟར་བྱས་ན་རྣག་ཅེས་བྱ་བའི་ནད་དེ་འབྱུང་བར་མི་འགྱུར་རོ། །སྲན་མ་ནས་དང་གྲོ་དང་ནི། །མ་ཤ་མུད་ག་བྲ་བོ་དང་། །སྨན་ནི་སྤྱི་བག་ཅན་དག་གིས། །པགས་པའི་རྩ་བར་རབ་ཏུ་ བསྡམས། །ཞེས་བྱ་བ་ལ། སྲན་མ་ལ་སོགས་པ་དང་། སྨན་སྤྱི་བག་ཅན་དེ་གུ་གུལ་དང་ཐང་ཆུ་ལ་སོགས་པ་པགས་པའི་རྩ་བར་རྨ་རབ་ཏུ་བསྡམས་པར་བྱའོ། །གཅིན་སྙི་མཛེ་ཡི་རྨ་དང་ནི། །ཤས་ཆེར་རེད་པའི་རྨ་དག་ལ། །དོང་ག་བྱེའུ་རུག་པ་སོགས་ཀྱིས། །ལན་ནི་བདུན་བདུན་བཀྲུ་ སོགས་བྱ། །ཞེས་བྱ་བ་ལ། གཅིན་སྙི་བ་ལ་སོགས་པའི་རྨ་ལ་བྱིའུ་རུག་པ་ལ་སོགས་པའི་སྡེ་ཚན་གྱིས་འོག་ནས་བཤད་པའི་ཚུལ་ལན་བདུན་བདུན་བཀྲུ་བ་ལ་སོགས་པ་བྱའོ། །མ་དག་ནིམ་པ་པ་ཏོ་ལའི། །ལོ་མ་བསྐོལ་བས་བཀྲུ་བར་བྱ། །ཞེས་བྱ་བ་ལ། རྨ་མ་དག་པ་ལ་ནི་ནིམ་པ་དང་ པ་ཏོ་ལའི་ལོ་མ་བསྐོལ་བའི་ཆུས་བཀྲུ་བར་བྱའོ། །རྨ་དག་པ་ལ་ནྱ་གྲོ་དྷ། །ལ་སོགས་ཤུན་ལྤགས་བསྐོལ་བས་བཀྲུ། །ཞེས་བྱ་བ་ལ། རྨ་དག་པར་གྱུར་པ་ལ་ནི། ནྱ་གྲོ་དྷ་ལ་སོགས་པའི་ཤུན་ལྤགས་བསྐོལ་བའི་ཁུ་བས་བཀྲུ་བར་བྱའོ། །ཤིང་མངར་ཏིལ་དང་པ་ཏོ་ལ། །དུར་བྱིད་དན་ད་ སེར་པོ་གཉིས། །ནིམ་པའི་ལོ་མ་རྒྱམ་ཚར་བཅས། །ལྡེ་གུས་བསྐུས་ན་རྨ་སྦྱོང་བྱེད། །ཅེས་བྱ་བ་ལ། ཤིང་མངར་ལ་སོགས་པའི་ལྡེ་གུས་བསྐུས་ན་ཡང་རྨ་སྦྱོང་བར་བྱེད་པ་ཡིན་ནོ། །རྨ་ནི་ཁ་ཕྲ་གནད་མཚམས་གནས། །དན་ད་རྒྱམ་ཚ་ལངྐ་ལི། །དུར་བྱིད་སྦྲང་རྩིར་སྦྱར་བ་ཡིས། ། 202-1-214b རེང་བུར་བྱས་པས་རྨ་སྦྱང་བྱ། །ཞེས་བྱ་བ་ལ། རྨ་བུ་ག་ཕྲ་ཞིང་ཁ་ཆུང་བ་དང་། གནད་དང་མཚམས་ན་འདུག་པ་ལ་ནི་དན་ད་ལ་སོགས་པའི་སྨན་རེང་བུར་བྱས་པས་སྦྱང་བར་བྱའོ། །རླུང་གིས་གནོད་ཅིང་ཁྲག་བཅས་ཤིང་། །མི་བཟད་ན་ལ་ནས་དང་གྲོ། །སྤྲ་ཚིལ་ཤྲི་བེཥྚ་ཀ་དང་། །ཐང་ཤིང་ མར་བཅས་དུད་པས་བདུག །ཅེས་བྱ་བ་ལ། རྨ་རླུང་གིས་ཤས་ཆེར་གནོད་པར་གྱུར་ཅིང་ཁྲག་དང་བཅས་པ་ལ་སོགས་པ་ལ་ནི་ནས་ལ་སོགས་པའི་དུད་པས་བདུག་པར་བྱའོ། །ཁྲག་མཁྲིས་དག་གི་ཤས་ཆེ་བའི། །ཤིན་ཏུ་བསིལ་བའི་སྨན་གྱིས་བསྐུ། །ཞེས་བྱ་བ་ལ། ཁྲག་ལ་སོགས་པའི་ ཤས་ཆེ་བའི་རྨ་ལ་ནི་ཤིན་ཏུ་བསིལ་བའི་སྨན་གྱིས་ཡང་ནས་ཡང་དུ་བསྐུ་བར་བྱའོ། །སྐམ་ཞིང་ཤ་ཉུང་གཏིང་རིང་རྨ། །ཤ་སྐྱེད་པ་ཡི་སྨན་བྱ་སྟེ། །ཤུག་པ་ནྱ་གྲོ་དྷ་སོགས་དང་། །བ་ལ་ཨ་ཤྭ་གན་དྷ་ཏིལ། །བསྐུས་ཏེ་ཤ་ནི་བསྐྱེད་པར་བྱ། །ཞེས་བྱ་བ་ལ། རྨ་སྐམ་ཞིང་ཤ་ཉུང་བ་དང་ཟབ་ཅིང་ གཏིང་རིང་བ་ལ་ཤུག་པ་ལ་སོགས་པའི་ལྡེ་གུ་བསྐུ་བས་ཤ་ཆེར་བསྐྱེད་པར་བྱའོ། །ཤ་ཟའི་ཤ་ནི་ཆོ་ག་བཞིན། །གཡོས་སུ་བྱས་ཏེ་སྦྱིན་པར་བྱ། །སེམས་དགའ་བ་དང་ཤ་ཟ་ཡི། །ཤ་ཟོས་ན་ནི་ཤ་འཕེལ་འགྱུར། །ཞེས་བྱ་བ་ལ། གཞན་ཡང་ཤ་ཟ་བའི་སྲོག་ཆགས་སེང་གེ་དང་སྟག་དང་བྱ་རྒོད་ ལ་སོགས་པའི་ཤ་ཆོ་ག་བཞིན་དུ་ལེགས་པར་གཡོས་སུ་བྱས་ཏེ། ཤ་སྐྱེད་པའི་ཕྱིར་སྦྱིན་པར་བྱ་སྟེ། གང་གི་ཕྱིར་ནད་པ་སེམས་དགའ་ཞིང་སྲེད་པ་དང་ལྡན་པས་ཤ་ཟ་བའི་སྲོག་ཆགས་ཀྱི་ཤ་ཟོས་ན་ནད་པའི་ཤ་འཕེལ་བར་འགྱུར་བ་ཡིན་ནོ། །ཤ་སྙི་འབུར་བར་གྱུར་པ་ལ། །ཛཱ་ཏིའི་མེ་ཏོག་ནག་ཚུར་ དང་། །ལྡོང་རོས་བ་བླ་གུ་གུལ་དང་། །ཙི་ཏྲ་ཀ་སོགས་ལྡེ་གུས་བསྐུ། །ཞེས་བྱ་བ་ལ། རྨའི་ཤ་སྙི་ཞིང་འབུར་བར་གྱུར་པ་ལ་ནི་ཛཱ་ཏིའི་མེ་ཏོག་ལ་སོགས་པ་དག་གིས་བསྐུ་ཞིང་ཤ་བསྐྱེད་པར་བྱའོ། །ཤ་འབུར་བར་ནི་སྲ་བ་དང་། །གཡའ་ཞིང་རིང་ནས་འཚོ་བ་དང་། །རྨ་ནི་ན་ཞིང་སྦྱང་དཀའ་ལ། །ཐལ་ སྨན་ལས་ཀྱིས་སྦྱང་བར་བྱ། །ཞེས་བྱ་བ་ལ། རྨ་ཤ་འབུར་བ་ལ་སོགས་པ་ལ་ནི་ཐལ་སྨན་གྱི་ལས་ཀྱིས་གསོ་བར་བྱའོ། །རྡེའུ་འབྱུང་རྨ་ནི་གཅིན་འཛག་དང་། །གང་གཞན་ཁྲག་ནི་འབྱུང་བ་དང་། །གང་ཞིག་བཅད་ནས་སྦྱར་བ་དག །ཇི་སྐད་བཤད་པའི་ཆོ་ག་ཡིས། །གསོ་བར་བྱེད་བཞིན་ 202-1-215a མི་འགྲུབ་ན། །དེ་ནི་མེ་ཡི་ལས་ཀྱིས་གསོ། །ཞེས་བྱ་བ་ལ། རྨ་གང་རྡེའུ་འབྱུང་བའི་ལམ་ནས་གཅིན་འཛག་པ་དང་། རྨ་གང་རྟག་ཏུ་ཁྲག་འབྱུང་བ་དང་། རྨ་གང་ཞིག་བཅད་ནས་སྦྱོར་བ་དང་། རྨ་གང་ཇི་སྐད་བཤད་པའི་ཆོ་ག་བྱས་ཀྱང་འཚོབ་པར་མ་གྱུར་ཅིང་རྨ་དེ་གསོ་བའི་ ལས་གྲུབ་པར་མ་གྱུར་པ་དེ་ལ་ནི་མེས་བསྲེག་པའི་ལས་ཀྱིས་གསོ་བར་བྱའོ། །སྐྱོན་མེད་རྨ་ལ་རྨ་འབྱོར་བའི། །སྨན་དང་ཤ་སྐྱེད་གང་ཡིན་སྦྱར། །ཞེས་བྱ་བ་ལ། རྨ་སྐྱོན་མེད་ཅིང་དག་པར་འགྱུར་བ་ལ་ནི་རྨ་འབྱོར་པ་དང་། ཤ་སྐྱེད་པའི་སྦྱོར་བ་བཤད་པ་གང་དག་ཡིན་པ་དག་བྱའོ། །ཨ་ཤྭ་ གན་དྷ་སེང་ཕྲོམ་དང་། །ཤིང་མངར་བཙོད་དང་ཀད་པ་ལ། །ད་ཏ་ཀ་ཡི་མེ་ཏོག་གི། །ཕྱེ་མས་རྨ་འཚོབ་བྱེད་པའི་མཆོག །ཅེས་བྱ་བ་ལ། ཨ་ཤྭ་གན་དྷ་ལ་སོགས་པའི་ཕྱེ་མས་བཏབ་པ་ནི་རྨ་འཚོབ་པར་བྱེད་པའི་དམ་པ་ཡིན་ནོ། །རྣག་དང་ཤ་ནི་མེད་པ་དང་། །ཤ་ཡི་གནས་སུ་མ་འདྲུབས་ པར། །ཏིལ་དང་ཤིང་མངར་བཅས་པ་ཡི། །ལྡེ་གུས་རྨ་ནི་འཚོབ་པར་བྱ། །ཞེས་བྱ་བ་ལ། རྨ་རྣག་དང་ཤ་མེད་པ་དང་། ཤའི་གནས་མ་སོབས་ཤིང་མ་འདྲུབས་པ་ལ་ནི། ཏིལ་དང་ཤིང་མངར་སྦྱར་བའི་ལྡེ་གུས་བསྐུས་ན་འཚོབ་པར་འགྱུར་རོ། །སྣུམ་དྲོ་མངར་དང་ཁ་བ་དང་། །བསྐ་བས་ ཐམས་ཅད་སེལ་བར་བྱེད། །ཅེས་བྱ་བ་ལ། སྣུམ་པ་ཉིད་དང་དྲོ་བ་དང་། མངར་བ་ལ་སོགས་པའི་ལྡེ་གུས་ནི་ནད་ཐམས་ཅད་ལས་བྱུང་བའི་རྨ་ཡང་སེལ་བར་བྱེད་དོ། །ནིམ་པའི་ལོ་མ་སྦྲང་རྩིར་བཅས། །བསྐུས་པས་རྨ་སྦྱོར་མཆོག་ཡིན་ནོ། །ཞེས་བྱ་བ་ལ། ནིམ་པའི་ལོ་མ་ལ་སོགས་ པའི་འདག་གུས་བསྐུས་ན་ཡང་རྨ་འཚོབ་པའི་མཆོག་ཡིན་ནོ། །སྔ་མ་གཉིས་དང་ཞུན་མར་སྦྱར། །མྱུར་དུ་རྨ་འཚོབ་བྱེད་པ་ཡིན། །ཞེས་བྱ་བ་ལ། སྔ་མ་ནིམ་པའི་ལོ་མ་དང་སྦྲང་རྩི་གཉིས་དང་། ཞུན་མར་དང་སྦྱར་བས་ཀྱང་རྨ་མྱུར་དུ་འཚོབ་པར་བྱེད་པ་ཡིན་ནོ། །ཏིལ་འདྲར་ནས་ཀྱི་ལྡེ་ གུ་ནི། །དེ་དང་འདྲ་བར་ལ་ལ་འདོད། །ཅེས་བྱ་བ་ལ། སློབ་དཔོན་ལ་ལ་ནི་ཐང་ལ་འབར་གྱིས་ནས་ཀྱི་ལྡེ་གུ་དང་ཏིལ་གྱི་ལྡེ་གུ་འདྲ་བར་འདོད་དོ། །ཏིལ་གྱི་ལྡེ་གུ་ཇི་ལྟར་སྦྱར་བ་དེ་བཞིན་དུ་ནས་ཀྱི་ལྡེ་གུ་ཡང་སྦྱར་བར་བྱའོ། །ཁྲག་མཁྲིས་དུག་དང་གློ་བུར་དང་། །གཏིང་རིང་ཚ་དང་བཅས་པའི་རྨ། །འོ་མ་ 202-1-215b རྨ་འབྱོར་སྨན་དང་ནི། །བསྐོལ་བའི་མར་གྱིས་རྨ་འཚོབ་བྱ། །ཞེས་བྱ་བ་ལ། རྨ་གང་ཁྲག་དང་མཁྲིས་པ་དང་བཅས་པ་ལ། འོ་མ་དང་རྨ་འབྱོར་བའི་སྨན་དང་བསྐོལ་བའི་མར་གྱིས་བསྐུས་ན་རྨ་འཚོབ་པར་འགྱུར་རོ། །བད་ཀན་རླུང་གྱུར་རྨ་འབྱོར་སྨན། །ཏིལ་མར་བཅས་པས་རྨ་འཚོབ་འགྱུར། ། ཞེས་བྱ་བ་ལ། བད་ཀན་དང་རླུང་ལས་གྱུར་པའི་རྨ་ལ་ནི་རྨ་འབྱོར་པར་བཤད་པའི་སྨན་དང་ཏིལ་མར་དང་བཅས་པས་རྨ་འཚོབ་པར་འགྱུར་རོ། །ནག་ཚུར་སེང་ཕྲོམ་ཨ་རུ་ར། །ལི་ཁྲི་དངུལ་རྡོ་སྲ་རྩི་པོག །སྤངས་མ་པོ་སོན་ཆའི་ཕྱེ་མ། །ཏིལ་མར་བཅས་པ་རྨ་འཚོབ་མཆོག ། ཅེས་བྱ་བ་ལ། ནག་ཚུར་ལ་སོགས་པའི་ཕྱེ་མ་ཏིལ་མར་དང་བཅས་པ་བསྐུས་ན་ཡང་རྨ་འཚོབ་པར་བྱེད་པའི་མཆོག་ཡིན་ནོ། །མཉམ་ཞིང་ཤ་ནི་བརྟན་པ་དང་། །པགས་པར་གནས་ལ་ཕྱེ་མ་ཕན། །ཞེས་བྱ་བ་ལ། རྨ་མཐོན་དམན་མེད་པར་མཉམ་དུ་གནས་ཤིང་ཤ་བརྟེན་པ་དང་། པགས་པ་ཙམ་ལ་ གནས་པ་ལ་རྨ་འཚོབ་པའི་སྨན་གྱི་ཕྱེ་མས་བསྐུས་ན་ཕན་ནོ། །ཨུ་དུམ་ཝཱ་ར་ཨ་ཤྭད་ཐ། །འཛམ་བུ་སེང་ཕྲོམ་ཀད་པ་ལ། །ཀ་ཀུ་སེང་ཕྲོམ་ཕྱེ་མས་བཏབ། །པགས་པ་མྱུར་དུ་སྐྱེད་པར་བྱེད། །ཅེས་བྱ་བ་ལ། ཨུ་དུམ་ཝཱ་ར་ནས་ཀ་ཀུ་བ་དང་སེང་ཕྲོམ་ཀྱི་བར་གྱི་ཕྱེ་མས་བཏབ་ན་པགས་པ་མྱུར་ དུ་སྐྱེད་པར་བྱེད་དོ། །རྒྱ་སྐྱེགས་ལྡོང་རོས་བཙོད་དང་ནི། །བ་ལ་དང་ནི་སེར་པོ་གཉིས། །སྦྲང་རྩི་མར་སྦྱར་ལྡེ་གུ་ཡིས། །བསྐུས་ན་པགས་པ་དག་བྱེད་མཆོག །ཅེས་བྱ་བ་ལ། རྒྱ་སྐྱེགས་ལ་སོགས་པའི་ལྡེ་གུས་བསྐུས་པ་ནི་པགས་པ་དག་པར་བྱེད་པའི་མཆོག་ཡིན་ནོ། །སྐྱེར་པ་ཨ་མྲའི་རུས་ པ་དང་། །ནཱ་ག་གེ་སར་པྲི་ཡང་ཀུ། །ཙནྡན་སེར་པོ་དངུལ་ཆུ་རྣམས། །ལྡེ་གུ་བ་ལང་ལྕི་ཁུ་དང་། །སྦྱར་བ་བསྐུས་པར་གྱུར་ན་ནི། །པགས་པ་མདོག་འདྲར་བྱེད་མཆོག་ཡིན། །ཞེས་བྱ་བ་ལ། སྐྱེར་པ་ལ་སོགས་པའི་ལྡེ་གུ་བ་ལང་གི་ལྕི་བའི་ཁུ་བ་དང་སྦྱར་ཏེ་བསྐུས་ན་ཡང་པགས་པའི་ མདོག་ཆ་འདྲ་བར་བྱེད་པའི་མཆོག་ཡིན་ནོ། །བ་སོ་དུད་པ་མ་ཤོར་བསྲེགས། །སྐྱེར་ཁཎྜ་དང་ཏིལ་མར་སྦྱར། །བསྐུས་ན་སྤུ་ནི་སྐྱེད་པར་བྱེད། །ཅེས་བྱ་བ་ལ། གླང་པོ་ཆེའི་སོ་དུ་བ་མ་ཤོར་བར་བསྲེགས་པ་དང་སྐྱེར་པའི་ཁཎྜ་དང་། ཏིལ་མར་སྦྱར་བའི་ལྡེ་གུས་བསྐུས་ན་རྨ་ལས་སྤུ་སྐྱེད་པར་བྱེད་ 202-1-216a པའི་མཆོག་ཡིན་ནོ། །དེ་བཞིན་རྐང་བཞིའི་སེན་མོ་སྤུ། །རུས་པ་པགས་པ་རྭ་རྨིག་བསྲེགས། །སྣག་ཚ་ཏིལ་མར་དང་སྦྱར་བས། །བསྐུས་ན་སྤུ་ནི་སྐྱེད་པར་བྱེད། །ཅེས་བྱ་བ་ལ། སྲོག་ཆགས་རྐང་བཞི་པའི་སེན་མོ་ལ་སོགས་པ་བསྲེགས་ཏེ། ཏིལ་མར་དང་སྦྱར་བ་བསྐུས་ན་ ཡང་རྨ་ལས་སྤུ་སྐྱེད་པར་བྱེད་དོ། །སྨིན་མ་ལ་ནི་ཆ་སྤྱད་ཀྱི། །ལས་བཤད་ཕན་དང་གནོད་པ་བསྟེན། །ཞེས་བྱ་བ་ལ། རྨ་ཡོད་པའི་སྨིན་མ་ལ་ནི་ཆ་སྤྱད་ཀྱི་ལེའུ་ལས་བཤད་པའི་རྨ་ལ་ཕན་པ་དང་གནོད་པའི་ཟས་དག་ཀྱང་བསྟེན་པར་བྱའོ། །རླུང་གྱུར་རྨ་ལ་རྩ་བ་ལྔ། །གཉིས་དང་རླུང་འཇོམས་ སྡེ་ཚན་ཕན། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་རྨ་ལ་ནི་རྩ་བ་བཅུ་པ་དང་བི་ད་རི་ལ་སོགས་པ་སྨན་གྱི་སྡེ་ཚན་ཕན་ནོ། །མཁྲིས་གྱུར་ཤུག་པ་ནྱ་གྲོ་དང་། །སྡེ་ཚན་གཉིས་དང་མཁྲིས་འཇོམས་གཏང་། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་རྨ་ལ་ནི་ཤུག་པ་ལ་སོགས་པའི་སྡེ་ཚན་དང་། ནྱ་གྲོ་དྷ་ལ་སོགས་པའི་སྡེ་ཚན་དང་། དེ་བཞིན་དུ་མཁྲིས་པ་སེལ་བའི་སྨན་རྣམས་ཕན་ནོ། །བད་ཀན་ལས་གྱུར་དོང་གའི་སྡེ། །བད་ཀན་འཇོམས་པར་བྱེད་པ་གཏང་། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་རྨ་ལ་ནི་དོང་ག་ལ་སོགས་པའི་སྡེ་ཚན་དང་། བད་ཀན་འཇོམས་པར་བྱེད་པའི་སྨན་གཞན་ དག་ཀྱང་བྱའོ། །འདྲེན་མ་ལས་གྱུར་འདྲེན་མར་བྱས། །ཞེས་བྱ་བ་ལ། ལྡན་པ་དང་འདུས་པ་ལས་གྱུར་པའི་རྨ་ལ་ནི་སྨན་གྱི་སྡེ་ཚན་འདྲེན་མ་ཕན་ཏེ། བྱེའུ་རུག་པ་ལ་སོགས་པ་དང་གླ་སྒང་དང་ཨརྐ་ལ་སོགས་པའི་སྡེ་ཚན་འདྲེན་མ་ཕན་ནོ། །འདི་དག་གིས་བཀྲུ་བྱུག་པ་དང་། །སྨན་མར་ཏིལ་ མར་སྨན་ཁུ་དང་། །ཕྱེ་མ་རིལ་བུ་བདུན་པོ་ནི། །རྨ་ལ་ཅི་རིགས་སྦྱར་བར་བྱ། །ཞེས་བྱ་བ་ལ། བཤད་མ་ཐག་པའི་རླུང་དང་མཁྲིས་པ་དང་བད་ཀན་ལ་ཕན་པར་བཤད་པའི་སྡེ་ཚན་དག་གིས་བཀྲུ་བ་དང་བྱུག་པ་ལ་སོགས་པའི་སྦྱོར་བ་བདུན་པོ་དེ་དག་ཇི་ལྟར་རིགས་པ་བཞིན་དུ་སྦྱར་བར་བྱའོ། །ཛཱ་ཏི་ནིམ་ པ་པ་ཏོ་ལའི་ལོ་མ། །སྐྱེར་པ་ཡུང་བ་ཐལ་ཏྲེས་པུ་ཙེ་ཤེལ། །སྤྲ་ཚིལ་སྤངས་མ་ཤིང་མངར་ཨ་རུ་ར། །ཀ་རཉྫ་ཡི་ས་བོན་བཙོད་དང་བཅོས། །མར་བསྐོལ་འདིས་ནི་རྨ་ཁ་ཆུང་བ་དང་། །གནད་ལ་བརྟེན་ཅིང་རྣག་ནི་འཛག་པ་དང་། །རྨ་ཡི་ཕུགས་རིང་ནད་བཅས་ཕུགས་རིང་བའི། །རྨ་ནི་དག་ཅིང་ 202-1-216b འཚོབ་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། ཛཱ་ཏི་ལ་སོགས་པའི་སྨན་གྱི་ལྡེ་གུ་དང་བསྐོལ་བའི་སྨན་མར་གྱིས་ནི་རྨ་ཁ་ཆུང་བ་ལ་སོགས་པའི་རྨ་དེ་དག་ཅིང་འཚོབ་པར་བྱེད་པ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་ ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་ཉི་ཤུ་རྩ་ལྔ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་འཕྲལ་དུ་བྱུང་བའི་རྨའི་གསོ་བ་བཤད་པར་བྱའོ། །རྨ་གང་སྣད་པས་འཕྲལ་དུ་ནི། །བྱུང་གྱུར་བློ་བུར་རྨ་ཞེས་བྱ། །དེ་ནི་མཐའ་ཡས་ཀྱང་ཡན་ལག །གནས་པ་རྣམ་པ་བརྒྱད་དུ་ བཤད། །ཅེས་བྱ་བ་ལ། རྨ་གང་ཞིག་སྣད་པ་ལས་འཕྲལ་དུ་བྱུང་བར་གྱུར་པ་དེ་ནི་གློ་བུར་བའི་རྨ་ཞེས་བྱའོ། །དེ་ནི་མཐའ་ཡས་པ་ཡིན་དུ་ཟིན་ཀྱང་ཡན་ལག་ལ་གནས་པའི་དབང་པོ་དག་གིས་རྣམ་པ་བརྒྱད་དུ་བཤད་དོ། །ཤུས་དང་བཅད་དང་རྣམ་པར་བཅད། །རབ་ཏུ་འཕྱང་དང་ལྟུང་བ་ དང་། །ཕུག་དང་གཤགས་དང་གྲུགས་པའོ། །ཞེས་བྱ་བ་ལ། བརྒྱད་པོ་དེ་དག་ཀྱང་ཤུས་པ་ལ་སོགས་པའི་དབྱེ་བས་བརྒྱད་དུ་བཤད་དོ། །དེ་ལ་ཤུས་པ་ཆུ་སེར་རམ། །ཁྲག་ནི་ཉུང་ཟད་འབྱུང་འགྱུར་ཞིང་། །པགས་པ་ཚོས་པས་ཚ་འགྱུར་ཡིན། །ཞེས་བྱ་བ་ལ། དེ་ལ་དེ་དག་གི་ནང་ནས་ ཤུས་པ་ནི་བདར་ཅིང་པགས་པ་ཤུས་པའི་དབང་གིས་ཆུ་སེར་རམ་ཁྲག་ཉུང་ཤས་ཞིག་འབྱུང་བར་འགྱུར་བ་དང་། པགས་པ་ཚོས་པས་ཚ་བར་འགྱུར་བ་ཡིན་ནོ། །དེ་ལ་ཚོས་གྱུར་བཅད་པ་ཡིན། །ཞེས་བྱ་བ་ལ། ཤུས་པ་དེ་ལས་ཀྱང་རྨ་ནང་དུ་ཞུགས་ཤིང་པགས་པ་ཤས་ཆེར་ཚོས་པར་གྱུར་པ་ ནི་བཅད་པ་ཞེས་བྱ་ལ། དེ་ལས་ཀྱང་ཟབ་པར་གྱུར་པ་ནི་རྣམ་པར་བཅད་པ་ཞེས་བྱའོ། །རབ་འཕྱང་རུས་པར་ལྷག་མ་ལུས། །ལྟུང་བ་ལུས་ལས་བོགས་པ་ཡིན། །ཞེས་བྱ་བ་ལ། རབ་ཏུ་འཕྱང་བ་ནི་རུས་པར་ལྷག་མ་ཙམ་ལུས་ཤིང་དེ་དང་འབྲེལ་པ་ལས་བྱ་ལ། ལྟུང་བ་ནི་གང་ཡང་ལུས་ ལས་ཉིང་ལག་ལ་སོགས་པའི་ཚོགས་བོགས་ཤིང་ས་ལ་ལྷགས་པ་ལ་ལྟུང་བ་ཞེས་བྱའོ། །ཟུག་རྔུ་ཕྲ་མོ་འབིགས་པས་ཕུག །ཁོང་པ་མ་གཏོགས་བསྣུན་པ་ཡིན། །ཞེས་བྱ་བ་ལ། མཚོན་རྩེ་མོས་ཕུག་པ་གང་ཡིན་པ་དེ་ནི་ཕུག་པ་ཞེས་བྱ་སྟེ། དེ་ཡང་ཁོང་པ་མ་གཏོགས་པ་གནས་གཞན་དུ་ 202-1-217a བསྣུན་པ་ལ་ཕན་ནོ། །སྔ་མ་ལས་གཞན་གཤགས་པ་ཡིན། །ཞེས་བྱ་བ་ལ། སྔར་བཤད་པ་ལས་གཞན་པ་སྟེ་མཚོན་ཁ་ཞེང་ཆེ་བས་བསྣུན་པ་དང་། ཁོང་པར་སོང་བ་ལ་ནི་གཤགས་པ་ཞེས་བྱའོ། །ཁྲག་དང་རྐང་ནི་འདྲེས་གྱུར་པར། །མཚོན་གྱིས་དྲག་ཏུ་བསྣུན་པ་ཡིས། ། རུས་བཅས་རྒྱ་ཆེར་སྣད་གྲུགས་པ། །ཞེས་བྱ་བ་ལ། གྲུགས་པ་ནི་མཚོན་གྱིས་ཕོག་པའི་རྒྱུ་གང་གིས་ཁྲག་དང་རྐང་འདྲེས་པར་གྱུར་ཅིང་། རུས་པ་དང་བཅས་པ་རྒྱ་ཆེར་སྣད་པར་གྱུར་པ་ནི་གྲུགས་པ་ཞེས་བྱའོ། །དེ་ནས་འཕྲལ་དུ་བྱུང་བའི་རྨ། །ཟུག་གཟེར་ཤིན་ཏུ་ཆེ་བ་ལ། །ཤིང་མངར་ མར་དང་བསྐོལ་བའམ། །བ་ལའི་ཏིལ་མར་དྲོ་འཇམ་བླུགས། །ཞེས་བྱ་བ་ལ། འཕྲལ་དུ་རྨ་བྱུང་བ་མི་བཟད་པར་ན་བ་ལ་ནི་ཤིང་མངར་བསྐོལ་བའི་མར་དྲོ་འཇམ་ཙམ་འཕྲལ་དུ་བླུགས་པར་བྱ་བའམ། ཡང་ན་བ་ལའི་ཏིལ་མར་དྲོ་འཇམ་ཙམ་གྱིས་བླུགས་པར་བྱའོ། །སྣད་པའི་ཚ་བ་ཞི་བྱའི་ཕྱིར། ། བསྐུ་བ་ལ་སོགས་སྣུམ་པ་དང་། །བསིལ་དང་མངར་བའི་སྨན་གྱིས་ནི། །དེ་ཡི་མོད་ལ་བླུགས་པར་བྱ། །ཞེས་བྱ་བ་ལ། སྣད་ཅིང་རྨ་འབྱུང་བ་ལས་གྱུར་པའི་ཚ་བ་ཞི་བར་བྱ་བའི་ཕྱིར་བསྐུ་བ་ལ་སོགས་པ་བསིལ་བ་དང་མངར་བའི་སྨན་དག་གིས་བྱའོ། །འཕྲལ་གྱི་རྨ་ནི་རྒྱ་ཆེ་ལ། །སྦྱར་བའི་ཕྱིར་ནི་སྦྲང་རྩི་དང་། ། མར་གྱིས་མཆོག་ཏུ་བསྐུ་བྱ་ཞིང་། །མཁྲིས་འཇོམས་བསིལ་བའི་གསོ་བ་བྱ། །ཞེས་བྱ་བ་ལ། འཕྲལ་དུ་བྱུང་བ་རྨ་རྒྱ་ཆེར་གྱུར་པ་སླར་སྦྱར་བའི་ཕྱིར་ནི་སྦྲང་རྩི་དང་མར་སྦྱར་བས་བསྐུས་ན་མཆོག་ཏུ་ཕན་ནོ། །དེ་བཞིན་དུ་མཁྲིས་པ་སེལ་བའི་གསོ་བ་བསིལ་བ་དག་གི་བྱ་བ་ཡང་ཕན་ ནོ། །ནད་ཀྱི་རྩོམ་པ་ཆེ་བ་ལ། །སྟེང་དང་འོག་ནས་སྦྱང་བར་བྱ། །ཞེས་བྱ་བ་ལ། རྨ་ནད་ཀྱི་རྩོམ་པ་ཆེ་ཞིང་ཤས་ཆེར་ཞུགས་པ་ལ་ནི། སྟེང་དང་འོག་ནས་སྐྱུག་སྨན་དང་བཀྲུ་སྨན་གྱིས་སྦྱང་བ་བྱའོ། །སྨྱུང་བ་བྱ་ཞིང་འབྲས་ཆན་སྦྱིན། །རྒྱུན་དུ་གཏར་ག་གདབ་པར་བྱ། །ཞེས་བྱ་བ་ལ། ཡང་ན་ནད་ཚབས་ཆེར་གཡོ་བའི་རྨ་ལ་ནི་སྨྱུང་བ་བྱ་ཞིང་ཟས་བཅད་པ་དང་། འབྲས་ཆན་ཉུང་ཞིང་སྦྱིན་པ་དང་། རྒྱུན་དུ་གཏར་ག་གདབ་ཅིང་ཁྲག་དབྱུང་བ་ཕན་ནོ། །ཤུས་དང་གྲུགས་པ་འདི་ཉིད་དེ། །ཆོ་ག་འདི་ནི་ལྷག་པར་སྦྱར། །དེ་གཉིས་ཁྲག་ནི་ཉུང་ཤས་འཛག ། སྨིན་པའང་མྱུར་ 202-1-217b བ་ཉིད་དུ་འགྱུར། །ཞེས་བྱ་བ་ལ། ཤུས་པ་དང་གྲུགས་པ་དག་ལ་ནི་བཤད་མ་ཐག་པའི་ཆོ་ག་འདི་དག་ལྷག་པར་སྦྱར་བར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཤུས་པ་དང་གྲུགས་པ་དེ་གཉིས་ནི་ཁྲག་ཉུང་ཤས་འཛག་པར་བྱེད་པས་ན་རྒྱུ་དེའི་ཕྱིར་དེ་གཉིས་ནི་མྱུར་དུ་སྨིན་པར་འགྱུར་བ་ཡིན་ནོ། །ཕལ་ ཆེར་རྨ་ནི་ཤས་ཆེར་འབྱུང་། །གཞན་ལས་ཁྲག་ནི་འབྱུང་གྱུར་ལ། །དེ་ཡིས་ཁྲག་ནི་ཟད་གྱུར་པས། །རླུང་འཁྲུགས་ནད་ནི་བསྐྱེད་པ་ལས། །རླུང་འཇོམས་སྨན་དང་བསྐོལ་བ་ཡི། །སྣུམ་བླུགས་པ་དང་སྨན་ཆུ་བླུགས། །དུགས་དང་བསྐུ་དང་དཀྲི་བ་དང་། །སྣུམ་གྱི་འཇམ་རྩི་རྣམས་ ཀྱང་བྱ། །ཞེས་བྱ་བ་ལ། ཕལ་ཆེར་རྨ་ཚབས་པོ་ཆེ་བྱུང་བ་ལ་རྨ་ལས་གཞན་པའི་ཕྱོགས་ནས་ཁྲག་འབྱུང་བར་གྱུར་ལ། རྒྱུ་དེས་ཁྲག་ཟད་པར་གྱུར་ཅིང་། དེས་རླུང་ཤིན་ཏུ་འཁྲུགས་ཏེ་ནད་མི་བཟད་པ་བསྐྱེད་པར་གྱུར་པ་ལ་ནི་རླུང་འཇོམས་པའི་སྨན་དང་བསྐོལ་བའི་སྣུམ་བླུགས་པ་ལ་སོགས་ པའི་སྦྱོར་བ་བྱའོ། །དེ་ལྟར་ཞག་བདུན་པར་བཤད་པའི། །འཕྲལ་གྱི་རྨ་བྱུང་ཆོ་ག་བཤད། །ཅེས་བྱ་བ་ལ། དེ་ལྟར་བཤད་མ་ཐག་པའི་ཚུལ་གྱིས་ཞག་བདུན་གྱི་བར་དུ་བྱ་བར་བཤད་པའི་འཕྲལ་དུ་བྱུང་བའི་རྨའི་ཆོ་ག་བཤད་པ་ཡིན་ནོ། །ཞག་བདུན་ནས་ནི་ཤུགས་ཟད་ནས། ། སྔར་བཤད་པ་ཡི་ཆོ་གས་སྤྱད། །ཅེས་བྱ་བ་ལ། རྨ་སར་བའི་ཤུགས་ཟད་པར་གྱུར་ཅིང་ཞག་བདུན་འདས་པའི་འོག་ཏུ་ནི་སྔར་བཤད་པའི་རྨ་གསོ་བའི་ཆོ་ག་ཇི་སྐད་སྨོས་པས་སྤྱད་པར་བྱའོ། །འདི་ནི་ཕལ་ཆེར་སྤྱིའི་ཆོ་ག །རེ་རེའི་གསོ་བ་བཤད་བྱ་སྟེ། །ཞེས་བྱ་བ་ལ། ཤུས་པ་ལ་སོགས་ པའི་རྨ་གསར་པ་ལ། འདི་དག་ནི་སྤྱིའི་ཆོ་ག་ཙམ་དུ་བཤད་པ་ཡིན་ཞིང་ཐུན་མོང་གི་གསོ་བར་བསྟན་པ་ཡིན་ལ། དེ་རྣམས་ཀྱི་རེ་རེའི་གསོ་བ་ནི་ད་གཟོད་བཤད་པར་བྱའོ། །ཤུས་ལ་ན་བ་མྱུར་བསལ་ཕྱིར། །རྨ་ལ་ཕན་པའི་ཕྱེ་མས་གདབ། །བཅད་པ་རྨ་སེལ་ལྡེ་གུས་བསྐུ། །ཞེས་བྱ་བ་ལ། ཤུས་ པའི་རྨ་ལ་ནི་ནད་དེ་མྱུར་དུ་བསལ་བའི་ཕྱིར། རྨ་ལ་ཕན་པའི་ཕྱེ་མ་གདབ་པར་བྱའོ། །བཅད་པའི་རྨ་ལ་ནི་རྨ་ལ་ཕན་པའི་སྨན་གྱི་ལྡེ་གུས་བསྐུ་བར་བྱའོ། །རྣམ་པར་བཅད་དང་རབ་འཕྱང་ལ། །ཆོ་ག་བཞིན་དུ་བཙེམ་པ་དང་། །བཅིང་བ་དང་ནི་བཙིར་བར་བྱ། །ཞེས་བྱ་བ་ལ། རྣམ་པར་ 202-1-218a བཅད་པ་དང་རབ་ཏུ་འཕྱང་བའི་རྨ་ལ་ནི་སྔར་ཇི་སྐད་བཤད་པ་བཞིན་དུ་བཙེམ་པར་བྱ་བའམ། དེ་བཞིན་དུ་བཅིང་བ་དང་། བཙིར་བའི་སྦྱོར་བ་དག་བྱའོ། །མིག་བཅར་ན་ནི་གསོར་མི་རུང་། །ཞེས་བྱ་བ་ལ། མིག་གི་འབྲས་བུ་བཅར་ཞིང་ཉམས་པར་གྱུར་པ་དེ་གསོར་མི་རུང་ ངོ་། །མ་ཞར་ཕྱིར་ནི་འཕྱང་བ་ལ། །རང་གི་གནས་སུ་ལེགས་བཞག་ཅིང་། །རྩ་མ་འཆོལ་བར་བྱས་ནས་ནི། །པདྨའི་འདབ་མས་གཡོགས་ནས་ནི། །ལག་པས་དལ་གྱིས་མནན་པར་བྱ། །ཞེས་བྱ་བ་ལ། མིག་གང་ཞར་བར་མ་གྱུར་ལ་གནས་ལས་འཕགས་ཏེ་ཕྱིར་འཕྱང་བར་གྱུར་པ་དེ་ནི་རང་ གི་གནས་སུ་ལེགས་པར་མ་འཆུག་པར་བཞག་སྟེ་རྩ་བ་མ་འཆོལ་བར་བྱས་ལ། སྨན་པས་སྣྲེལ་ཞིར་མ་གྱུར་པར་གཞག་ལ། དེའི་འོག་ཏུ་པདྨའི་འདབ་མས་གཡོགས་ལ། དེའི་སྟེང་ནས་སྨན་པའི་ལག་པས་དལ་གྱིས་མནན་པར་བྱའོ། །དེ་ནས་ཤིང་མངར་ཛི་བ་ཀ །ཟངས་རྩི་བ་ དང་ཨུཏྤ་ལ། །མར་དང་འོ་མ་བཅས་བསྐོལ་བའི། །སྨན་ཐིགས་བླུགས་དང་སྣ་སྨན་དང་། །བརྟ་བའི་ཆོ་ག་དག་ཀྱང་བྱ། །མིག་ནད་ཐམས་ཅད་སེལ་མཆོག་ཡིན། །ཞེས་བྱ་བ་ལ། དེའི་འོག་ཏུ་མིག་དེ་ལ་ཤིང་མངར་ལ་སོགས་པའི་ལྡེ་གུ་དང་མར་དང་འོ་མར་བཅས་པ་བསྐོལ་ བའི་སྣ་སྨན་ལ་སོགས་པ་བྱ་སྟེ། གང་གི་ཕྱིར་དེ་ནི་མིག་སྣད་པ་ཐམས་ཅད་སེལ་བར་བྱེད་པའི་མཆོག་ཡིན་པའི་ཕྱིར་རོ། །མིག་ཕུགས་ཞུགས་ལ་མགུལ་པ་བསྡམ། །སློན་དང་ལུད་པ་སྦྲིད་པ་འབྱུང་། །ཡང་ན་དབུགས་འབྱུང་དབུགས་བརྔུབ་བསྡམ། །རྨ་བྱུང་མིག་གི་གསོ་བ་བྱ། །ཞེས་ བྱ་བ་ལ། མིག་ཕུགས་སུ་ཞུགས་ཤིང་གཏིང་དུ་བྲོས་པ་ལ་ནི་མགུལ་པ་བསྡམ་པར་བྱ་བ་དང་། སློན་ཞིང་སྐྱུགས་པ་དང་ལུད་པ་དང་སྦྲིད་པ་འབྱུང་བར་བྱ་བ་དང་། ཡང་ན་དབུགས་འབྱུང་བ་དང་། བརྔུབ་པ་དང་བསྡམ་པར་བྱ་བ་དང་། དེ་བཞིན་དུ་རྨ་བྱུང་བའི་མིག་གི་གསོ་བ་ཇི་སྐད་བཤད་པ་དག་ བྱའོ། །རྣ་བ་བོགས་པ་བཙེམས་ནས་ནི། །བུ་ག་ཏིལ་མར་དག་གིས་དགང་། །ཞེས་བྱ་བ་ལ། རྣ་བ་གནས་ལས་བོགས་པ་ལ་ནི་དེ་ལ་ལེགས་པར་བཙེམས་ལ་རྣ་བའི་བུ་ག་ཏིལ་མར་གྱིས་དགང་བར་བྱའོ། །ལྟག་པའི་སུམ་མདོ་ཆོད་གྱུར་ཏེ། །རླུང་ནི་འབྱུང་བར་གྱུར་པ་ལའང་། །མཉམ་ 202-1-218b དུ་གཞག་སྟེ་བར་མཚམས་ནི། །མེད་པར་བཙེམས་ཏེ་བཅིང་བར་བྱ། །ཞེས་བྱ་བ་ལ། ལྟག་པའི་སུམ་མདོ་ཆོད་པར་གྱུར་ཏེ་རླུང་བྱུང་བར་གྱུར་ན་ཡང་ལྟག་པ་དེ་ལྟར་མཉམ་པོར་གཞག་སྟེ། ལེགས་པར་བཙེམས་ལ་དེའི་འོག་ཏུ་ཅི་རིགས་པའི་བཅིང་བས་བཅིང་བར་བྱའོ། །དེ་ལ་ར་ཡི་མར་ སར་གྱིས། །བླུགས་པ་དག་ནི་རབ་ཏུ་བསྔགས། །ཞེས་བྱ་བ་ལ། དེ་ལྟར་བཅིངས་པའི་ལྟག་པ་དེ་ལ་རའི་མར་སར་བླུགས་པ་དག་ཕན་ནོ། །གན་རྐྱལ་བཞག་སྟེ་ཁ་ཟས་སྦྱིན། །ལེགས་པར་སྤྱོད་ལམ་བསྡམས་ཏེ་ཉལ། །ཞེས་བྱ་བ་ལ། ལྟག་པ་ཆོད་དེ་བཅིངས་པ་དེ་ནི་ཁ་ཟས་ཀྱང་ གན་རྐྱལ་དུ་བཞག་སྟེ་ཟར་གཞུག་པ་དང་། དེ་བཞིན་དུ་ཉལ་བ་ན་ཡང་རྨ་ལ་མི་གནོད་པར་ཉལ་དུ་གཞུག་པར་བྱའོ། །ཡན་ལག་ཐད་ཀར་གནས་པ་ཡི། །རྨ་བྱུང་ཡན་ལག་ལེགས་གཞག་སྟེ། །བཙེམས་ལ་དཀྲི་ཞིང་བཅིང་བྱ་ཞིང་། །གོས་ནི་མཐུག་པོས་བཅིང་བར་བྱ། །ཞེས་བྱ་བ་ ལ། ལག་ངར་དང་བྱིན་པ་དག་ཏུ་ཐད་ཀར་གནས་པའི་རྨ་བྱུང་བ་ལ་ནི་ཡན་ལག་ལེགས་པར་གཞག་སྟེ། དམ་དུ་བཙེམས་ལ། དེའི་འོག་ཏུ་ཆིངས་མས་དཀྲི་ཞིང་གོས་མཐུག་པོས་བཅིང་བར་བྱའོ། །པགས་པའི་འུར་མཐིལ་བཅིང་བས་ནི། །ཕྲག་པའི་རྨ་ལ་བཅིང་བར་བྱ། །ཞེས་ བྱ་བ་ལ། ཕྲག་པ་རྨ་བྱུང་བ་ལ་ནི། པགས་པ་ལས་འུར་མཐིལ་ལྟ་བུས་བཅིང་བར་བྱའོ། །རླིག་པ་འཕྱང་ལ་རྐང་པར་ནི། །སྦུ་གུས་ཆུ་ནི་གཏོར་ནས་ཀྱང་། །རླིག་པ་བཅུག་སྟེ་རས་བལ་དང་། །བཅས་པའི་ཁབ་ཀྱིས་བཙེམ་པར་བྱ། །འུར་མཐིལ་བཅིང་བ་བྱས་པ་ལ། །རྐེད་པ་ ནས་ནི་སྲད་བུས་གདགས། །ཞེས་བྱ་བ་ལ། རླིག་པ་འཕྱང་བར་གྱུར་པ་ལ་ནི་རྐང་པ་ཆུའི་ནང་དུ་བཅུག་ཅིང་མིག་ཆུས་གཏོར་ལ། རླིག་པ་སླར་བཅུག་སྟེ་རས་བལ་གྱི་སྐུད་པ་དང་བཅས་པའི་ཁབ་ཀྱིས་བཙེམ་པར་བྱའོ། །དེ་ལྟར་བཙེམས་ནས། མདོའི་གནས་ལས་སྨོས་པའི་འུར་མཐིལ་ འདྲ་བའི་བཅིང་བས་བཅིངས་ལ་རྐེད་པ་ནས་ཆིངས་མའི་སྲད་བུས་བརྟོད་པར་བྱའོ། །དེར་ནི་རྨ་ནི་འདྲུལ་གྱུར་པས། །སྣུམ་དང་དུགས་ཀྱི་ལས་མི་བྱ། །ཞེས་བྱ་བ་ལ། རླིག་པ་འཕྱང་བའི་རྨ་དེ་ལ་ནི་སྣུམ་དང་དུགས་ཀྱི་ཆོ་ག་བྱར་མི་རུང་སྟེ། རྨ་འདྲུལ་བར་བྱེད་པའི་ཕྱིར་རོ། །པྲི་ཡང་ཀུ་དང་ཨ་ 202-1-219a ག་རུ། །སུག་སྨེལ་ཛཱ་ཏི་པར་པ་ཏ། །དན་ད་ལྡོང་རོས་སྐྱེར་པ་དང་། །སླེ་ཏྲེས་དང་ནི་སྤངས་མ་དང་། །ཏིལ་མར་བསྐོལ་བས་རྨ་འཚོབ་བྱེད། །ཅེས་བྱ་བ་ལ། པྲི་ཡང་ཀུ་ལ་སོགས་པ་དང་བསྐོལ་བའི་ཏིལ་མར་གྱིས་ནི་རླིག་པ་འབྱུང་བའི་རྨ་འཚོབ་པར་བྱེད་པའི་ཕྱིར་ རོ། །པྲི་ཡང་ཀུ་ནི་ཀ་ར་ནུ་པར་ཏེ། ལ་ལ་ནི་འདིར་པྲི་ཡང་ཀུ་མ་ཡིན་གྱི་ཐལ་ཏྲེས་ནག་པོ་ཀྲི་སྣ་ཤ་རི་བ་ཞེས་བྱ་བ་ཡིན་ཞེས་ཟེར་རོ། །ཡན་ལག་མ་ལུས་ཆད་པ་ལ། །ཏིལ་མར་བསྐོལ་བས་བསྲེགས་ནས་ནི། །སྒྱེའུ་བཅིང་བས་བཅིང་བར་བྱ། །དེ་ནས་རྨ་ལྟར་གསོ་བར་བྱ། །ཞེས་བྱ་བ་ ལ། ལག་ངར་རམ་བྱིན་པ་ལྷག་མ་མ་ལུས་པར་འུར་པོར་ཆད་པ་ལ་ནི་ཏིལ་མར་བསྐོལ་བའི་ནང་དུ་བསྲེགས་ལ་སྔར་བཤད་པའི་སྒྱེའུ་བཅིང་བའི་ནང་དུ་བཅིངས་ཏེ། དེའི་འོག་ཏུ་རྨ་གསོ་བའི་ཆོ་གས་གསོ་བར་བྱའོ། །ཕུག་པ་ཟུག་རྔུ་དབྱུང་བས་གསོ། །གྲུགས་དང་ཆག་གྲུགས་གསོ་ བར་བྱ། །ཞེས་བྱ་བ་ལ། ཕུག་པའི་རྨ་ནི་ཟུག་རྔུ་དབྱུང་བའི་གསོ་བ་ཇི་སྐད་སྔར་མདོའི་གནས་སུ་བཤད་པ་བཞིན་གསོ་བར་བྱའོ། །གྲུགས་པ་ནི་ཆག་གྲུགས་གསོ་བའི་ལེའུ་ལས་ཇི་སྐད་སྨོས་པ་ལྟར་གསོ་བར་བྱའོ། །མགོ་བོའི་ཟུག་རྔུ་དབྱུང་བ་ལ། །སྐྲ་ཡི་ཡེའུ་གཞུག་པར་བྱ། །གཞན་ དུ་གླད་རྒྱས་འཛག་པ་ཡིས། །རླུང་འཁྲུགས་དེ་ནི་གསོད་པར་འགྱུར། །ཞེས་བྱ་བ་ལ། མགོ་བོའི་ཟུག་རྔུ་དབྱུང་བ་ལ་ནི་སྐྲའི་ཡེའུ་གཞུག་པར་བྱའོ། །གཞན་དུ་དེ་ལྟར་མ་བྱས་ན། གླད་རྒྱས་ཞེས་བྱ་བ་འཛག་པར་འགྱུར་བ་ལས་རླུང་འཁྲུགས་ཏེ་ནད་པ་དེ་གསོད་པར་འགྱུར་རོ། །རྨ་ འཚོབས་ནས་ནི་རིམ་གྱིས་ནི། །སྐྲ་ནི་དལ་གྱིས་དབྱུང་བར་བྱ། །ཞེས་བྱ་བ་ལ། རྨ་དེ་འཚོབས་ནས་ནི་སྐྲ་དེ་རེ་རེ་ནས་རིམ་གྱིས་དལ་གྱིས་དབྱུང་བར་བྱའོ། །གླད་རྒྱས་འཛག་ལ་སྲོག་ཆགས་ནི། །གཞན་གྱི་གླད་པ་སྦྱིན་པར་བྱ། །ཞེས་བྱ་བ་ལ། གླད་རྒྱས་འཛག་པར་གྱུར་ན་སྲོག་ཆགས་ གཞན་དག་གི་གླད་པ་དང་། མགོ་བོར་བཅས་པ་སྦྱིན་པར་བྱའོ། །གཞན་ལས་ཟུག་རྔུ་ཕྱུང་ནས་ནི། །རྨ་དེར་རེང་བུ་སྣུམ་ཅན་གཞུག །ཅེས་བྱ་བ་ལ། ཡན་ལག་གཞན་དག་ལས་ཟུག་རྔུ་ཕྱུང་ནས་ནི་རྨ་དེ་ལ་རེང་བུ་ཡེའུ་སྣུམ་ཅན་གཞུག་པར་བྱའོ། །ཕུགས་རིང་ཁ་ནི་ཆུང་བ་དང་། །རྨ་ 202-1-219b གང་རྣག་དང་ཁྲག་འཛག་ལ། །འཁོར་ལོས་བཙིར་བའི་ཏིལ་མར་བླུགས། །དེ་ནི་སྦུ་གུ་ཆུང་ངུས་གཏང་། །ཞེས་བྱ་བ་ལ། རྨ་གང་ཕུགས་རིང་ཞིང་གཏིང་དུ་ཟབས་པ་དང་། རྨ་ཁ་ཆུང་ཞིང་ཕྲ་བ་དང་། རྣག་དང་ཁྲག་འཛག་པར་གྱུར་པ་ལ་འཁོར་ལོས་བཙིར་བའི་ཏིལ་མར་སར་པ་བླུགས་ཤིང་ དེ་སྦུ་གུ་ཆུང་ངུ་ལས་ནང་དུ་གཏང་བར་བྱའོ། །ཁོང་པ་བརྟོལ་ཏེ་ཁྲག་གིས་གང་། །བརྒྱལ་ཞིང་སྙིང་ག་རྩིབ་ལོགས་ན། །རིམས་འདེབས་ལུས་ཚ་ལྟོ་སྦོས་སྐོམ། །ཟས་ལ་མངོན་པར་མི་དགའ་ཞིང་། །བཤང་བ་གཅིན་དང་འཕྱེན་འགགས་ལ། །མིག་དམར་རྔུལ་འབྱུང་དབུགས་མི་བདེ། ། ཁ་ནང་ཁྲག་གི་དྲི་བྲོ་ཞིང་། །ལུས་ཀྱང་དྲི་མི་ཞིམ་པར་འགྱུར། །ཞེས་བྱ་བ་ལ། ཁོང་པའི་ནང་གྲོལ་བརྟོལ་ཏེ། ཁྲག་གིས་གང་ན་ནི་ཁྲག་སྐྱུགས་པ་ལ་སོགས་པར་འགྱུར་ཏེ། མི་ཞིམ་པའི་བར་དུ་འགྱུར་རོ། །མ་ཞུའི་གནས་ན་གནས་པའི་ཁྲག །ཁྲག་ཏུ་ཡང་ནི་སྐྱུག་པར་བྱེད། །ཤིན་ ཏུ་ཤས་ཆེར་ལྟོ་སྦོ་ཞིང་། །གཟེར་ནད་ཀྱིས་ཀྱང་གནོད་པར་བྱེད། །ཅེས་བྱ་བ་ལ། ཁྲག་དེ་མ་ཞུ་བའི་གནས་ན་འདུག་ན་ནི་ཁྲག་སྐྱུགས་པ་ལ་སོགས་པར་འགྱུར་རོ། །ཞུ་བའི་གནས་ན་གནས་པའི་ཁྲག །གཟེར་བཅས་ལུས་ནི་ལྕི་བར་བྱེད། །ལྟོ་བ་མན་ཆད་གྲང་བ་དང་། །བུ་ག་ ལས་ནི་ཁྲག་འབྱུང་འགྱུར། །ཞེས་བྱ་བ་ལ། ཁྲག་དེ་ཞུ་བའི་གནས་ན་འདུག་ན་ནི་གཟེར་བ་དང་བཅས་ཤིང་ལུས་ལྕི་བ་ལ་སོགས་པར་འགྱུར་རོ། །གནས་ནི་ཞིག་པར་མ་གྱུར་ཀྱང་། །ཁྲག་ནི་འཛག་པར་གྱུར་པ་ཡིས། །བུ་ག་ལས་ནི་འགེངས་བྱེད་དེ། །ལྒང་པའི་ངོས་ནས་འགེངས་ དང་འདྲ། །ཞེས་བྱ་བ་ལ། གནས་ཞེས་བྱ་བ་ཁོང་པའི་ནང་གྲོལ་ཞིག་པར་མ་གྱུར་ཀྱང་ཁྲག་འཛག་པར་གྱུར་པས་ངོས་ཀྱི་བུ་ག་ནས་ལྟོ་བའི་སྣོད་འགེངས་པར་བྱེད་དེ། དཔེར་ན་གཅིན་འཛག་པ་ཡང་ལྒང་པའི་ངོས་ཀྱི་བུ་ག་ནས་ཞུགས་པས་ནང་དུ་འགེངས་པར་བྱེད་པ་དང་འདྲའོ། །ཁྲག་ ནང་ཡོད་པ་དེ་ལ་ནི། །རྐང་ལག་ཁ་དང་དབུགས་གྲང་ཞིང་། །མིག་དམར་གདོང་ནི་སྐྱ་བ་དང་། །ལྟོ་སྦོ་བ་ནི་སྤང་བར་བྱ། །ཞེས་བྱ་བ་ལ། དེ་ལ་ནང་གྲོལ་རྡོལ་ཞིང་ནང་ན་ཁྲག་ཡོད་པ་དེ་ནི་རྐང་པ་དང་ལག་པ་དང་ཁ་དང་དབུགས་གྲང་བ་དང་། མིག་དམར་བ་ལ་སོགས་པ་ཡིན་ཏེ། དེ་ནི་ 202-1-220a གསོར་མི་རུང་བས་སྤང་བར་བྱའོ། །མ་ཞུར་གནས་ལ་སྐྱུག་སྨན་གཏང་། །ཞེས་བྱ་བ་ལ། མ་ཞུ་བའི་གནས་ན་ཁྲག་ཡོད་པའི་མི་ལ་ནི་སྐྱུག་སྨན་གཏང་བར་བྱའོ། །ཞུ་བའི་གནས་ལ་གནས་པ་ལ། །བཀྲུ་སྨན་དང་ནི་ནི་རུ་ཧ། །སྣུམ་མེད་དྲོ་བས་སྦྱང་བར་བྱ། །ཞེས་ བྱ་བ་ལ། ཞུ་བའི་གནས་ལ་ཁྲག་གནས་པ་ལ་ནི་བཀྲུ་སྨན་དང་ནི་རུ་ཧ་སྣུམ་མེད་པ་དང་དྲོ་བ་བཏང་ལ་སྦྱང་བར་བྱའོ། །ནས་དང་རྒྱ་ཤུག་རྒྱ་སྲན་གྱི། །ཁུ་བ་སྣུམ་ནི་མེད་པ་དང་། །ནས་ཐུག་ཁ་ཟས་ཟ་བ་དང་། །ལྕེ་མྱང་ཚ་དང་ལྡན་པ་སྦྱིན། །ཞེས་བྱ་བ་ལ། དེ་ལྟར་སྦྱངས་པ་བྱས་ནས། ནས་ལ་ སོགས་པའི་ཁ་ཟས་སྣུམ་མེད་པ་དང་། ནས་ཐུག་ལ་སོགས་པ་ལྕེ་མྱང་ཚ་དང་ལྡན་པ་སྦྱིན་པར་བྱའོ། །ཁྲག་ནི་མང་དུ་འཛག་པ་དང་། །ཁོང་པ་སྣད་ལ་ཁྲག་བླུད་བྱ། །ཞེས་བྱ་བ་ལ། ཁྲག་མང་དུ་འཛག་ཅིང་ཁོང་པ་སྣད་ཅིང་འཁྲུགས་པ་ལ་ནི་གཞན་དག་གི་ཁྲག་བླུད་པར་བྱའོ། །རྒྱུ་མ་ འབྱར་དང་ཆད་པར་ཉན། །ཁོང་པ་སྣད་པ་གཉིས་སུ་བཤད། །ཅེས་བྱ་བ་ལ། ཁོང་པ་སྣད་ཅིང་རྡོལ་བ་ནི་རྒྱུ་མ་འབྱར་བ་དང་། རྒྱུ་མ་ཆད་པའི་དབྱེ་བས་རྣམ་པ་གཉིས་སུ་བཤད་དོ། །དང་པོར་བརྒྱལ་སོགས་ཆུང་བ་ཡིན། །གཉིས་པ་ཤས་ཆེར་གནོད་པར་བྱེད། །ཅེས་བྱ་བ་ལ། དང་པོ་རྒྱུ་མ་འབྱར་བ་ནི་བརྒྱལ་བ་ལ་སོགས་པའི་གནོད་པ་ཆུང་བ་ཡིན་ལ། གཉིས་པ་རྒྱུ་མ་ཆད་པ་ནི་ཤིན་ཏུ་གནོད་པ་སྐྱེད་པ་ཡིན་ནོ། །རྒྱུ་མ་འབྱར་བ་ཐེ་ཚོམ་བཅས། །རྒྱུ་མ་ཆད་པ་འཚོ་མི་འགྱུར། །ཞེས་བྱ་བ་ལ། རྒྱུ་མ་རྡོལ་ཅིང་འབྱར་བ་ནི་འཚོ་འམ་མི་འཚོ་ཐེ་ཚོམ་དང་བཅས་པ་ ཡིན་ལ། རྒྱུ་མ་ཆད་པ་ནི་ངེས་པར་འཆི་བ་ཡིན་ནོ། །གང་གི་བཤང་དང་གཅི་དང་འཕྱེན། །རང་གི་ལམ་ནས་བྱུང་གྱུར་ལ། །བླ་བརྣན་མེད་པར་རྡོལ་གྱུར་ཀྱང་། །འཚོ་བར་འགྱུར་བར་ཐེ་ཚོམ་མེད། །ཅེས་བྱ་བ་ལ། གང་གི་ནང་གྲོལ་རྡོལ་ཡང་བཤང་བ་ལ་སོགས་པ་རང་གི་རྒྱུ་ལམ་ནས་ ལུགས་བཞིན་དུ་འབྱུང་བ་དང་། བླ་བརྣན་གྱི་ནད་མེད་པ་དག་ནི་རྡོལ་བ་ཡིན་དུ་ཟིན་ཀྱང་ངེས་པར་འཚོ་བར་འགྱུར་རོ། །མ་རྡོལ་རྒྱུ་མ་འབྱུང་བ་ནི། །གཞུག་པར་བྱ་ཞིང་གཞན་དུ་མིན། །ཞེས་བྱ་བ་ལ། རྒྱུ་མ་མ་རྡོལ་ཞིང་འཕྲལ་དུ་བྱུང་བ་ནི་སླར་བཅུག་ན་འཚོའི། དེ་ལས་གཞན་དུ་ཆད་པར་ 202-1-220b གྱུར་པ་ནི་སླར་བཅུག་ཀྱང་མི་འཚོའོ། །གྲོག་མའི་མགོ་བོ་བཅད་ནས་ནི། །དེ་ཡང་གཞུག་ཅེས་ལ་ལ་སྨྲ། །ཞེས་བྱ་བ་ལ། སློབ་དཔོན་ལ་ལ་དག་ནི་རྒྱུ་མ་རྡོལ་བ་ཡིན་དུ་ཟིན་ཀྱང་གྲོག་མའི་མགོ་བོས་ཁ་བཀབ་ལ་སླར་གཞུག་པར་བྱའོ་ཞེས་ཟེར་རོ། །རྡུལ་དང་ཁྲག་དང་རྩ་ཡིས་གོས། ། འོ་མས་ལེགས་པར་བཀྲུས་ནས་ནི། །སེན་མོ་བྲེགས་ཏེ་མར་གྱིས་བསྐུས། །རིམ་གྱིས་ལེགས་པར་གཞུག་པར་བྱ། །ཞེས་བྱ་བ་ལ། རྒྱུ་མ་གསར་དུ་ཕྱིར་བྱུང་བ་དེ་རྡུལ་དང་ཁྲག་ལ་སོགས་པས་གོས་པ་འོ་མས་བཀྲུ་ལ། མར་གྱིས་བསྐུས་ཏེ་སེན་མོ་བྲེགས་པའི་ལག་པས་རིམ་གྱིས་དལ་ བུས་གཞུག་ཞུག་པར་བྱའོ། །སྐམ་པོ་འོ་མས་སྦངས་ནས་ནི། །མར་སར་མང་པོ་བསྐུ་བར་བྱ། །ཞེས་བྱ་བ་ལ། རྒྱུ་མ་སྐམ་པོ་ནི་འོ་མས་སྦངས་ལ་བཀྲུས་ཏེ་མར་སར་པ་མང་པོས་བསྐུས་ལ་གཞུག་པར་བྱའོ། །སོར་མོས་མགུལ་པ་མཉེ་བ་དང་། །ཆུ་ཡིས་ཀྱང་ནི་གཏོར་བར་བྱ། །དེ་ལྟར་རྒྱུ་མ་ ནང་ཞུགས་ནས། །དེ་ཡི་ཚེ་ན་བཙིར་བར་བྱ། །ཞེས་བྱ་བ་ལ། རྒྱུ་མ་བྱུང་བར་གྱུར་པ་ལ་སོར་མོས་མགུལ་པ་མཉེས་པ་དང་། ཆུས་གཏོར་ནས་སྦངས་པར་བྱས་ཏེ། དེ་ལྟར་རྒྱུ་མ་དེ་ནང་དུ་གཞུག་པར་བྱས་ལ་དེ་ནས་དུས་གཞན་དུ་རྒྱུ་མ་དེ་བཙིར་བར་བྱའོ། །རྨ་ཁ་ཆུང་དང་སྦོམ་པ་ཡིས། ། རྒྱུ་མ་ཁོང་པར་མ་ཚུད་ན། །དེ་ཡི་ཚད་ཙམ་ལྟོ་བ་ནི། །དབྲལ་ཏེ་ནང་དུ་གཞུག་པར་བྱ། །ཞེས་བྱ་བ་ལ། རྨ་ཁ་ཤིན་ཏུ་ཆུང་བའམ། རྒྱུ་མ་སྦོམ་པའི་རྒྱུས་ནང་དུ་མ་ཚུད་ན། རྒྱུ་མའི་ཚད་ཙམ་ལྟོ་བ་དབྲལ་ཏེ་རྒྱུ་མ་ནང་དུ་གཞུག་པར་བྱའོ། །གནས་སུ་ལེགས་པར་འདུག་གྱུར་ནས། །དེ་རྗེས་ རྒྱུ་མའི་རྨ་བཙེམ་བྱ། །ཞེས་བྱ་བ་ལ། རྒྱུ་མ་གནས་སུ་མ་འཕྱུགས་པར་ཚུད་ན་ནི་དེའི་འོག་ཏུ་རྨ་ལེགས་པར་བཙེམ་པར་བྱའོ། །གནས་སུ་ལེགས་པར་མ་བཞག་ན། །དེ་ནི་འཁྲུགས་པས་འཆི་བར་འགྱུར། །ཞེས་བྱ་བ་ལ། རྒྱུ་མ་དེ་གནས་ལས་འཕྱུགས་ན་ནི་སྐྱེས་བུ་དེ་འཆི་བར་ འགྱུར་རོ། །དེ་རྗེས་རས་ཀྱིས་དཀྲིས་ནས་ནི། །མར་གྱིས་བསྐུ་ཞིང་བླུགས་པར་བྱ། །ཞེས་བྱ་བ་ལ། དེའི་འོག་ཏུ་རྨ་དེ་རས་ཀྱིས་དཀྲིས་ལ། མར་བསྐུ་ཞིང་བླུགས་པར་བྱའོ། །དེ་ནས་དན་ད་ཏིལ་མར་དང་། །སྦྱར་བའི་འོ་མ་དྲོ་འཇམ་བླུད། །དེས་ནི་བཤང་བ་སྙི་བ་དང་། །རླུང་ནི་བདེ་བར་ 202-1-221a འབྱུང་བར་འགྱུར། །ཞེས་བྱ་བ་ལ། དེའི་འོག་ཏུ་བཤང་བ་འཇམ་པར་བྱ་ཞིང་རླུང་བདེ་བར་འབྱུང་བར་བྱ་བའི་ཕྱིར་དན་ད་ཏིལ་མར་དང་སྦྱར་བའི་འོ་མ་དྲོ་འཇམ་ཙམ་བླུད་པར་བྱའོ། །ཇི་སྐད་བཤད་པའི་སྤྱོད་པ་བསྲུང་། །ལོ་གཅིག་བར་དུ་འབད་པར་བྱ། །ཞེས་བྱ་བ་ལ། དེ་ ལྟར་བྱས་ནས་ཆ་སྤྱད་ཀྱི་ལམ་ནས་བཤད་པའི་སྤྱོད་པ་ལོ་གཅིག་གི་བར་དུ་བསྲུང་བར་བྱའོ། །ལྟོ་ལས་ཚིལ་ནི་བྱུང་གྱུར་ན། །ཐལ་བའམ་ནི་ས་དག་གམ། །རོ་བསྐ་བ་ཡི་རྩ་བ་དག །ཞིབ་ཏུ་བཏགས་པས་བཏབ་ནས་ནི། །དེ་ནས་སྲད་བུས་དམ་དུ་བཅིང་། །སྨན་པ་མཁས་པས་གཅད་པར་བྱ། ། མཚོན་རྣོན་མེ་ལ་བསྲེགས་པ་ཡིས། །ལན་ཅིག་ཁོ་ནར་གཅད་པར་བྱ། །ཞེས་བྱ་བ་ལ། ཚིལ་གྱི་དུམ་བུ་ལྟོ་ལས་བྱུང་བར་གྱུར་ན། ཐལ་བའམ་སའམ་རོ་བསྐ་བའི་རྩ་བ་ཞིབ་ཏུ་བཏགས་པས་བཏབ་ལ། དེའི་འོག་ཏུ་སྲད་བུ་དམ་པོ་ཁོ་ནར་བཅིངས་ཏེ། སྨན་པ་མཁས་པས་གཅད་པར་བྱ་ལ། དེ་ཡང་མཚོན་རྣོན་པོ་མེས་བསྲེགས་པས་ལན་ཅིག་ཁོ་ནར་གཅད་པར་བྱའོ། །གཞན་དུ་བྱས་ནས་གཙོད་པའི་ཚེ། །ན་ཞིང་སྦོ་འམ་འཆི་བར་འགྱུར། །ཞེས་བྱ་བ་ལ། རྣམ་པ་གཞན་དུ་བྱས་ནས་གཙོད་པའི་ཚེ་ན་ཞིང་སྦོ་བ་ལ་སོགས་པ་འབྱུང་བར་འགྱུར་བའམ། ཡང་ན་འཆི་བར་འགྱུར་ རོ། །སྦྲང་རྩིར་བཅས་པས་རྨ་བཅིངས་ལ། །ཁ་ཟས་ཞུ་ནས་འོ་མ་མར། །དན་ཏི་རྒྱ་སྐྱེགས་གཟེ་མ་དང་། །ཤིང་མངར་ཁ་ར་བསྐོལ་བ་བླུད། །ཤིང་མངར་བཅས་པ་སྔར་གྱི་ནི། །ཆོ་གས་ན་དང་ཚ་བ་སེལ། །ཞེས་བྱ་བ་ལ། རྨ་དེ་སྦྲང་རྩི་དང་བཅས་པའི་ཆིངས་མས་བཅིངས་ ལ། ཁ་ཟས་ཞུ་བར་གྱུར་ནས། དན་ཏི་ལ་སོགས་པ་དང་། ཤིང་མངར་དང་མར་བསྐོལ་བའམ། ཤིང་མངར་དང་འོ་མ་བསྐོལ་བ་བླུད་པར་བྱ་སྟེ། དེ་གཉིས་ཀྱང་ན་བ་དང་ཚ་བ་སེལ་བར་བྱེད་དོ། །དེའི་འོག་ཏུ་ནི་སྔ་མའི་ཆོ་ག་བཤད་པར་བྱའོ། །ཚིལ་གྱི་རྨེན་བུར་བཤད་པ་ཡི། ། ཏིལ་མར་བསྐུས་ནའང་ཕན་པ་ཡིན། །ཞེས་བྱ་བ་ལ། དེ་ལ་ཚིལ་བྱུང་བའི་རྨ་ལ་ནི། ཚིལ་གྱི་རྨེན་བུའི་ནད་གསོ་བའི་སྐབས་སུ་བཤད་པའི་ཏིལ་མར་བསྐུས་ན་ཡང་ཕན་པ་ཡིན་ནོ། །བལ་བུའི་ལོ་མ་ཤུག་པ་དང་། །སྤང་སྤོས་ཧ་རེ་ཎུ་ཀ་དང་། །ཨ་ཀ་རུ་དང་ཙནྡན་དང་། །པདྨའི་ 202-1-221b ས་བོན་སེར་པོ་གཉིས། །ཨུ་ཤི་ར་དང་ཤིང་མངར་བཅས། །བསྐོལ་བ་འཕྲལ་གྱི་རྨ་ལ་ནི། །འཚོ་བར་བྱེད་པའི་དམ་པར་བཤད། །ཅེས་བྱ་བ་ལ། བལ་བུའི་ལོ་མ་ལ་སོགས་པ་དང་། ཏིལ་མར་བསྐོལ་བ་ཡང་འཕྲལ་དུ་རྨ་བྱུང་བ་འཚོ་བར་བྱེད་པ་ཡིན་ནོ། །མཚོན་གྱིས་བསྣུན་པས་མི་ མངོན་པ། །གཡང་ས་མཐོན་པོ་ནས་ལྟུང་བ། །རླུང་མཁྲིས་འཇོམས་སྨན་འགྲངས་པ་དང་། །མཉེ་དང་བསྐུ་དང་སྦྱང་བ་བྱ། །ཞེས་བྱ་བ་ལ། སྐྱེས་བུ་མཚོན་གྱིས་བསྣུན་པའི་རྨ་མི་མངོན་པར་གྱུར་པ་དང་། དེ་བཞིན་དུ་གཡངས་མཐོན་པོ་ནས་ལྟུང་བར་གྱུར་པ་ལ་ནི་རླུང་དང་མཁྲིས་པ་ འཇོམས་པའི་སྦྱོར་བ་དང་། འགྲངས་པ་ལ་སོགས་པ་སྦྱང་བ་བྱའོ། །ལུས་ཚིགས་བྱེ་དང་མཉེས་པ་དང་། །གནད་དུ་བསྣུན་པས་ཉེན་པ་ལ། །སྣོད་ཆེན་ཏིལ་མར་གྱིས་བཀང་བར། །གཞུག་ཅིང་ཤ་ཁུ་སྦྱིན་པར་བྱ། །ཞེས་བྱ་བ་ལ། མི་གང་ལུས་ཀྱི་ཚིགས་བྱེ་བར་གྱུར་པའམ། མཉེས་ཞིང་དཀྲུགས་པའམ། གནད་དུ་བསྣུན་པས་ཉེན་པ་ལ་ནི་གཞོང་པ་ལ་སོགས་པའི་སྣོད་ཆེན་པོ་ཏིལ་མར་གྱིས་བཀང་བའི་ནང་དུ་ལུས་སྤྱིང་ཞིང་ཤ་ཁུ་སྦྱིན་པར་བྱའོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་ པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་ཉི་ཤུ་རྩ་དྲུག་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་ཆག་གྲུགས་གསོ་བའི་ལེའུ་བཤད་པར་བྱའོ། །ལྷུང་དང་སྣད་སོགས་ཀྱིས་རུས་ཚིགས། །ཚིགས་དང་ཚིགས་མིན་ཆག་གྱུར་གཉིས། །ཞེས་བྱ་བ་ལ། རུས་པ་ཆག་པའི་ དབྱེ་བ་ནི་རྣམ་པ་གཉིས་ཏེ། ཡང་ན་ལྷུང་བ་ལ་སོགས་པའི་རྒྱུ་ལས་ཚིགས་བྱུང་ཞིང་ཆག་པ་དང་། ཚིགས་མ་ཡིན་པར་ཆགས་པའོ། །ཚིགས་བྱུང་གྱུར་ན་བརྐྱང་དང་བསྐུམ། །ནུས་པ་མེད་པ་ཉིད་དུ་འགྱུར། །ཞེས་བྱ་བ་ལ། གང་གི་ཚེ་ཚིགས་བྱུང་བར་གྱུར་པ་དེའི་ཚེ་ནི་ཚིགས་དེའི་ ཕྱོགས་སུ་བརྐྱང་བ་དང་བསྐུམ་པ་མི་ནུས་པར་འགྱུར་རོ། །གཞན་དག་ཤིན་ཏུ་སྐྲངས་པ་དང་། །གནས་སྐབས་ཀུན་ཏུ་རབ་ཏུ་ན། །བསྐྱོད་པ་ཆུང་ངུའང་མི་ནུས་ཤིང་། །བཙིར་ན་སྒྲ་དང་བཅས་པ་ཡིན། །ཞེས་བྱ་བ་ལ། ཚིགས་སུ་ཆག་པ་མ་ཡིན་པ་དག་ནི་ཤས་ཆེར་སྐྲངས་པ་ 202-1-222a གནས་སྐབས་ཐམས་ཅད་དུ་ཡང་མི་བཟད་པར་ན་བ་དང་། བསྒུལ་བསྐྱོད་ཀྱི་རྩོལ་བ་ཆུང་ངུ་ཡང་མི་ནུས་པ་དང་། བཙིར་ན་འཁོར་ཞིང་སྒྲ་དང་བཅས་པ་ཡིན་ནོ། །དེ་ལྟར་ཆག་གྲུགས་མདོར་བསྡུས་པའི། །མཚན་ཉིད་ཡིན་ཏེ། ཞེས་བྱ་བ་ལ། དེ་ལྟར་བཤད་མ་ཐག་པའི་ཚུལ་གྱིས་ན་ཆགས་གྲུགས་ཀྱི་མཚན་ཉིད་མདོར་བསྡུས་ནས་བཤད་པ་ཡིན་ནོ། །དེའི་དབྱེ་བ། ཆག་པའི་དབྱེ་བས་དུ་མར་འགྱུར། །ཞེས་བྱ་བ་ལ། དེའི་མཚན་ཉིད་ཀྱི་དབྱེ་བ་ནི་ཆག་པའི་ཚུལ་རྣམ་པ་དུ་མར་འགྱུར་བ་ཡིན་ནོ། །དེ་དག་ཀུན་གྱི་གསོ་བ་ནི། ། ཇི་ལྟར་འཚམ་པ་བཞིན་དུ་ནི། །དེ་བཞིན་དེ་ནི་ཉེ་བར་བསྟན། །ཞེས་བྱ་བ་ལ། ཆག་གྲུགས་དེ་ཐམས་ཅད་ཀྱི་གསོ་བ་གང་ལ་ཇི་ལྟར་འཚམ་པ་བཞིན་དུ་བསྟན་པ་ཡིན་ནོ། །མང་དུ་ཕྲ་མོར་ཆག་པ་དང་། །རེག་ན་སྒྲ་ནི་འཁྲོལ་བ་དང་། །གང་དུ་རུས་པ་ཆག་པ་ཡི། །བར་དུ་རུས་པ་ཕྲ་མོ་ ཞུགས། །ཡང་ན་སྣད་པས་ཆག་པ་ལས། །ཅུང་ཟད་ལུས་པར་གྱུར་པ་དང་། །གང་ཡང་བཏེག་པའི་ཚེ་ན་ནི། །རྨ་ལྟར་རྐང་དུ་ནུབ་པ་དང་། །ནུས་ཞན་སྦེག་པར་གྱུར་པ་དང་། །རླུང་ཅན་ཉུང་ཟད་སྤང་བར་བྱ། །ཞེས་བྱ་བ་ལ། གང་ཡང་རུས་པ་ཕྲ་མོར་མང་དུ་ཆག་ཅིང་གྲུགས་ པར་གྱུར་པ་དང་། རེག་ན་སྒྲ་འབྱུང་བ་དང་། གང་དུ་རུས་པ་གས་ཤིང་ཆག་པའི་ནང་ངམ། བར་དུ་རུས་པ་ཕྲ་མོ་ཞུགས་པར་གྱུར་པ་དང་། ཡང་གང་ཞིག་སྣད་ནས་ཆག་པ་ལས་མ་ཆག་པར་ཅུང་ཟད་ལུས་པར་གྱུར་པ་དང་། ཡང་ན་གང་ཞིག་གྱེན་དུ་བཏེག་ཅིང་དྲངས་པའི་ཚེ་རྨ་ ལྟར་རྐང་གི་ནང་དུ་རུས་པ་ནུབ་པར་གྱུར་པ་སྟེ། ལྔ་པོ་དེ་དག་ནི་གསོ་བར་དཀའ་བ་ཡིན་ནོ། །དེ་བཞིན་དུ་ནུས་པ་ཞན་པ་དང་། སྦེག་པར་གྱུར་པ་དང་། རླུང་ནད་ཀྱི་ཤས་ཆེ་བ་དང་། ཟས་ཉུང་ཤས་ཤིག་ཟ་བ་དག་གིས་རུས་པ་ཆག་གྲུགས་སུ་གྱུར་པ་གང་ཡིན་པ་དེ་ཡང་གསོ་བར་དཀའ་ བ་ཡིན་ནོ། །དཔྱི་ཡི་རུས་མིག་ཆག་པ་དང་། །གང་ཡང་ཚིགས་བྱེ་ལྟུང་བ་དང་། །རོ་སྨད་ཞིབ་ཏུ་གྲུགས་པའམ། །ཆག་པར་གྱུར་པ་གང་ཡིན་དང་། །ཐོད་པའི་མཚམས་ནི་མ་འབྱོར་པའམ། །དེ་བཞིན་དཔྲལ་བ་ཕྱེ་མར་གྱུར། །གང་ཡང་མུར་འགྲམ་ཆག་པ་དང་། ། 202-1-222b ལྟག་པ་ནུ་མའི་བར་ཆག་སྤང་། །ཞེས་བྱ་བ་ལ། དཔྱིའི་རུས་མིག་ཆག་པར་གྱུར་པ་དང་། གང་ཚིགས་ལས་བྱེ་ཞིང་འཕོས་ཏེ་ལྷུང་བར་གྱུར་པ་དང་། རོ་སྨད་ཤིན་ཏུ་ཕྱེ་མར་བཏགས་པ་ལྟར་གྲུགས་པའམ་ཆག་པ་གང་ཡིན་པ་དེ་སྤང་བར་བྱའོ། །དེ་བཞིན་དུ་ཐོད་པའི་མཚམས་ འབྱོར་བར་མ་གྱུར་པའམ། དེ་བཞིན་དུ་དེ་ཕྱེ་མར་གྱུར་པ་གང་ཡིན་པའང་སྤང་བར་བྱའོ། །ཡང་མུར་འགྲམ་ཆག་པར་གྱུར་པ་དང་། མགོ་བོའི་ལྟག་པ་དང་ནུ་མའི་བར་དུ་ཆག་ཅིང་གྲུགས་པ་གང་ཡིན་པ་དེ་ཡང་གསོར་མི་རུང་བས་སྤང་བར་བྱའོ། །རུས་པ་ལེགས་པར་ཆག་གྱུར་ཀྱང་། ། བཞག་ཉེས་བཅིང་ནི་ཉེས་པ་དང་། །གང་ཞིག་བསྐྱོད་པས་གནོད་གྱུར་པ། །དེ་ཡང་སྤང་བར་བྱ་བ་ཡིན། །གདོད་ནས་རུས་པའི་ཚིགས་དག་ནི། །ཉེས་པར་སྐྱེས་གྱུར་དེ་ཡང་སྤང་། །ཞེས་བྱ་བ་ལ། རུས་པ་ཆག་པ་གསོ་བླ་བ་ཡིན་ཡང་བཞག་ཉེས་པ་ལ་སོགས་པའི་རྒྱུས་གནོད་པར་གྱུར་ ཅིང་མ་རུངས་པར་གྱུར་པའི་ཆག་གྲུགས་དེ་ཡང་སྤང་བར་བྱའོ། །གཞན་ཡང་རུས་པ་གང་དང་པོ་ཉིད་ནས་སྐྱེ་མ་ལེགས་ཤིང་ཉེས་པར་སྐྱེས་པ་འམ། ཡང་ན་ཚིགས་གང་གདོད་མ་ནས་ཉེས་པར་སྐྱེས་པ་དེ་ཡང་སྤང་བར་བྱའོ། །རུས་པ་གཞོན་ནུ་གུག་པ་དང་། །སྦུབས་ཅན་ཆག་པར་གྱུར་པ་ དང་། །ཐོད་པ་གྱེས་པར་གྱུར་པ་དང་། །གཞན་ཡང་མང་དུ་གས་པ་རྣམས། །ཞེས་བྱ་བ་ལ། རུས་པ་གཞོན་ཞིང་སྙི་བ་གུག་ཅིང་ཡོན་པོར་གྱུར་པ་དང་། ཡང་སྦུབས་ཅན་ཁོང་སྟོང་གི་རུས་པ་ཆག་པར་གྱུར་པ་དང་། གང་ཡང་ཐོད་པ་ལྟ་བུས་རུས་པ་ཀོར་ཀོར་པོར་འདུག་པ་གྱེས་ཤིང་ དུམ་བུར་གྱུར་པ་དང་། གཞན་ཡང་རུས་པ་གཞན་དག་ཀྱང་མང་དུ་གས་ཤིང་ཞིགས་པར་གྱུར་པ་གསོ་བར་བྱའོ། །དེ་ནས་དམའ་བ་བསྟོད་པར་བྱ། །མཐོན་པོ་མནན་པར་བྱ་བ་ཡིན། །ནང་དུ་ནུབ་པ་དྲང་བར་བྱ། །འོག་ཏུ་སོང་བ་སྟེང་དུ་དྲང་། །ཞེས་བྱ་བ་ལ། དེ་ནས་རུས་པ་དམའ་ བར་གྱུར་པ་ལ་བསྟོད་ཅིང་འདེགས་པར་བྱའོ། །འོན་ཏེ་སྔ་མའི་སོ་ལས་མཐོན་པོར་གྱུར་པ་ནི་མནན་ཅིང་བཙིར་བར་བྱའོ། །ནང་དུ་ནུབ་པ་ནི་ཕྱིར་དྲང་བར་བྱའོ། །འོག་ཏུ་སོང་བའི་རུས་པ་ནི་སྟེང་དུ་དྲང་བར་བྱའོ། །འདེགས་དང་མནན་དང་སྨད་པ་དང་། །པགས་པ་བསྡུས་ཏེ་བཅིང་བ་ 202-1-223a དང་། །དེ་ལྟར་བཞག་པའི་ཐབས་ཀྱིས་ནི། །ལུས་སུ་གཏོགས་པའི་ཚིགས་ཐམས་ཅད། །གཡོ་བའམ་མི་གཡོ་གང་ཡང་རུང་། །ལེགས་པར་བཞག་སྟེ་མི་འགྱུར་བྱ། །རས་མ་མར་ནི་མང་བས་དཀྲི། །ཨུ་དུམ་ཝཱ་ར་ཀ་དམྤ། །ཨརྫུ་ན་དང་ཨ་ཤྭཏྠ། ། སརྫ་དང་ནི་པ་ལ་ཤ །འོད་མ་ལས་བྱུང་ཤུན་ཞེང་ཆེ། །འཇམ་པ་ལེགས་པར་འཇར་བ་དང་། །རྟེན་དང་བཅས་ཤིང་མི་འགྱུར་བའི། །ཤུན་པའམ་དུམ་བུ་དག་དང་ནི། །འཇག་མས་ལེགས་པར་དཀྲི་བྱ་ཞིང་། །རས་ཀྱིས་སྟེང་དུ་གླན་པར་བྱ། །ཞེས་བྱ་བ་ལ། འདེགས་པ་ལ་སོགས་ པ་རུས་པ་མཉམ་དུ་འཇོག་པའི་ཐབས་ཀྱིས་ལུས་སུ་གཏོགས་པའི་ཚིགས་གཡོ་བའམ་མི་གཡོ་བའི་ཚིགས་དང་། ཆག་གྲུགས་ཐམས་ཅད་ལེགས་པར་བཞག་སྟེ་མི་འགྱུར་བར་བྱས་ལ། དེའི་འོག་ཏུ་རས་མར་མང་པོ་དང་བཅས་པས་དཀྲིས་ལ། དེའི་འོག་ཏུ་ཨུ་དུམ་ཝཱ་ར་ལ་སོགས་པ་འམ། འོད་མ་ལས་བྱུང་བའི་ཤིང་ཤུན་ཞེང་ཆེ་ཞིང་འཇམ་པ་ལེགས་པར་འཇར་བ་རྟེན་དང་བཅས་པ་མི་འགྱུར་བ་དག་གིས་གླན་པ་དང་། འཇག་མ་རས་མས་དཀྲིས་པའི་སྟེང་དུ་དཀྲི་བར་བྱའོ། །བཅིང་བ་ལྷོད་པར་གྱུར་པ་ཡིས། །མཚམས་སྦྱོར་བརྟན་པོར་མི་འགྱུར་རོ། །དམ་པོས་ཤིན་ཏུ་ན་ཞིང་ཚ། ། རྣག་དང་སྐྲང་པ་འབྱུང་བར་འགྱུར། །ཞེས་བྱ་བ་ལ། གང་གི་ཕྱིར་བཅིང་བ་དེ་ལྷོད་པར་གྱུར་ན་ནི་རུས་པའི་མཚམས་འབྱོར་པ་བརྟན་པོར་མི་འགྱུར་ཏེ། ཤིག་ཤིག་པོར་འགྱུར་རོ། །གལ་ཏེ་བཅིང་བ་དམ་དྲགས་ན་ནི་ན་བ་དང་ཚ་བ་ལ་སོགས་པ་འབྱུང་བར་འགྱུར་རོ། །སོ་གའི་དུས་སུ་ཞག་ གསུམ་གསུམ། །དགུན་གྱི་དུས་སུ་བདུན་ནས་དགྲོལ། །ཐུན་མོང་དུས་སུ་ཞག་ལྔ་ནས། །ཡང་ན་ཆག་པའི་དབང་ལས་དགྲོལ། །ཞེས་བྱ་བ་ལ། ཆག་གྲུགས་བཅིངས་པ་ནི་སོ་ག་ཚ་བའི་དུས་སུ་ཞག་གསུམ་གསུམ་ནས་དགྲོལ་ཞིང་བཅོས་པར་བྱའོ། །དགུན་སྟོད་དང་དགུན་སྨད་གྲང་ བའི་དུས་སུ་ནི་ཞག་བདུན་བདུན་ནས་དགྲོལ་ཞིང་བཅོས་པར་བྱའོ། །ཐུན་མོང་གི་དུས་ཏེ་དྲོ་གྲང་གི་དུས་རན་པ་སྟོན་དང་དཔྱིད་ཀྱི་དུས་སུ་ཞག་ལྔ་ལྔ་ནས་བཅོས་པར་བྱའོ། །ཡང་ན་ཆག་གྲུགས་སམ་ནད་ཚབས་ཆེ་ཆུང་གི་དབང་དུ་བྱས་ནས་ཆིངས་མ་བཀྲོལ་ཞིང་བཅོས་པར་བྱའོ། །དེ་ནས་ནྱ་ 202-1-223b གྲོ་དྷ་སོགས་པའི། །ཁུ་བ་བསིལ་བའི་ཆུ་བླུགས་བྱ། །ཞེས་བྱ་བ་ལ། དེའི་འོག་ཏུ་ཚིགས་ཆག་པར་གྱུར་པ་དེ་ནྱ་གྲོ་དྷ་ལ་སོགས་པའི་ཁུ་བ་བསིལ་བའི་སྨན་ཆུ་བླུགས་པར་བྱའོ། །དེ་ནི་ནད་བཅས་རྩ་བ་ལྔ། །འོ་མ་བསྐོལ་བ་བླུགས་པར་བྱ། །ཞེས་བྱ་བ་ལ། ཆག་གྲུགས་བཅིངས་ པས་དེ་ནད་དང་བཅས་པར་གྱུར་ན་ནི་རྩ་བ་ལྔ་པ་དང་འོ་མ་བསྐོལ་བ་བླུགས་པར་བྱའོ། །མཁས་པས་ཏིལ་མར་འཁོར་ལོས་བཙིར། །རླུང་འཇོམས་སྨན་དང་བཅས་པ་ནི། །དྲོ་འཇམ་ཙམ་ནི་བསྐུ་བར་བྱ། །དུས་དང་ཡུལ་གྱི་དབྱེ་བས་བྱ། །ཞེས་བྱ་བ་ལ། འཁོར་ལོས་བཙིར་བའི་ ཏིལ་མར་དང་། རླུང་འཇོམས་པའི་སྨན་དང་བཅས་པ་བསྐོལ་བའི་ཏིལ་མར་དྲོ་འཇམ་ཙམ་དག་ཀྱང་དུས་ལ་སོགས་པའི་དབྱེ་བ་ལས་དཔགས་ཏེ་སྨན་པ་མ་ཁས་པས་གཏང་བར་བྱའོ། །ཁུ་བ་ཤིན་ཏུ་གྲང་མོ་ནི། །རྒྱུན་དུ་བླུགས་ཤིང་ལྡེ་གུས་བསྐུ། །ཞེས་བྱ་བ་ལ། གཞན་ཡང་ལྡེ་གུས་ བསྐུ་བ་དང་། སྨན་ཆུ་བླུགས་པ་དག་ཀྱང་རྒྱུན་དུ་བྱའོ། །བ་གསར་འོ་མ་མར་དང་བཅས། །མངར་བའི་སྨན་དང་བསྐོལ་བ་དག །རྒྱ་སྐྱེགས་ཁུ་བར་བཅས་པ་ནི། །ཆག་གྲུགས་ཅན་ལ་ནང་རེ་བླུད། །ཅེས་བྱ་བ་ལ། བ་གསར་པ་ནི་ལན་ཅིག་བེའུ་བཅས་པའི་བ་སྟེ། དེའི་འོ་མ་དང་། མར་དང་། མངར་བའི་སྨན་དང་བསྐོལ་བ་རྒྱ་སྐྱེགས་ཀྱི་ཁུ་བ་དང་བཅས་པ་གྲང་མོ་དག་ཆག་གྲུགས་ཅན་གྱི་ནད་པ་ལ་ནང་རེ་བླུད་པར་བྱའོ། །ཆག་གྲུགས་རྨ་དང་བཅས་པ་ནི། །རྨ་ལ་ཤིང་མངར་མར་ཤས་ཆེ། །ལྡེ་གུས་བསྐུ་བའམ་ཡང་ན་ནི། །ལྷག་མ་ཆག་གྲུགས་ལྟ་བུར་གསོ། །ཞེས་ བྱ་བ་ལ། ཆག་གྲུགས་རྨ་བྱུང་བ་དང་བཅས་པ་ལ་ནི། རྨ་སྨན་གྱི་ཁུ་བ་ཤིང་མངར་དང་མར་གྱི་ཤས་ཆེ་བའི་ལྡེ་གུས་བསྐུ་བར་བྱའོ། །གསོ་བ་གཞན་དག་ནི་ཆག་གྲུགས་གསོ་བ་དང་མཐུན་པར་བྱའོ། །རྨ་ཡི་ཤ་ནི་འཕྱང་བ་ལ། །སྦྲང་རྩི་མར་གྱིས་བསྐུས་ནས་ནི། །སྨན་པས་རྨ་ནི་ ཁ་སྦྱར་ནས། །བཅིང་བ་དག་ཀྱང་ལེགས་པར་བྱ། །ཞེས་བྱ་བ་ལ། རྨའི་ཤ་ཆད་དེ་འཕྱང་བ་ལ་ནི་སྦྲང་རྩི་དང་མར་སར་སྦྱར་བས་བསྐུས་ལ། དེའི་འོག་ཏུ་སྨན་པས་ཁ་ལེགས་པར་སྦྱར་ནས་བཅིང་བ་ལྟར་འཚམ་པ་དག་གིས་ཀྱང་ལེགས་པར་བཅིང་བར་བྱའོ། །དེ་ནི་མཉམ་ཞིང་ 202-1-224a ལེགས་བཞག་ནས། །པྲི་ཡང་ཀུ་དང་ཀད་ཕ་ལ། །སང་ཕྲོམ་བཙོད་དང་ད་ཏ་ཀིའི། །ཕྱེ་མས་ལེགས་པར་གདབ་བྱའམ། །ཞེས་བྱ་བ་ལ། རྨ་དེ་མཉམ་ཞིང་ལེགས་པར་གནས་པར་གྱུར་པར་ཤེས་ནས་གན་དྷ་པྲི་ཡང་ཀུ་ལ་སོགས་པའི་ཕྱེ་མས་ལེགས་པར་ གདབ་པར་བྱའོ། །སེང་ཕྲོམ་ད་ཏ་ཀིའི་ཕྱེ་མ། །བཏབ་ན་མྱུར་དུ་འཚོ་བར་འགྱུར། །ཞེས་བྱ་བ་ལ། ཡང་ན་ད་ཏ་ཀི་དང་སེང་ཕྲོམ་གཉིས་ཀྱི་ཕྱེ་མ་རྨ་ལ་གདབ་པར་བྱ་སྟེ། སྦྱར་བ་དེ་དག་གིས་ནི་རྨ་མྱུར་དུ་འཚོ་བར་འགྱུར་རོ། །དེ་ལྟར་ཆག་གྲུགས་གསོ་བ་ཡིན། །ཞེས་བྱ་བ་ལ། དེ་ ལྟར་བཤད་མ་ཐག་པའི་རྣམ་པས་ཆག་གྲུགས་གསོ་ཞིང་བཅོས་པར་བྱའོ། །ལུས་ཟུངས་བརྟན་ལ་དགུན་གྱི་ཚེ། །ཤ་ཆེན་ནད་གཞི་ཆུང་བའི་རྨ། །གསོ་སླ་གཞན་ནི་གསོ་བར་དཀའ། །ཞེས་བྱ་བ་ལ། སྐྱེས་བུ་ལུས་ཟུངས་བརྟན་པ་ལ་སོགས་པའི་རྒྱུས་ནི་རྨ་གསོ་བར་སླ་བ་ཡིན་ ལ། དེ་ལས་གོ་བཟློག་པ་སྟེ། ལུས་ཟུངས་མི་བརྟན་ཞིང་སྦེག་པ་དང་། སོ་ག་ཞལ་སོགས་པའི་ཚེ་དང་། ཤ་ཆུང་བ་དང་། ནད་གཞི་ཤས་ཆེ་བའི་རྨ་ནི་གསོ་བར་དཀའ་བ་ཡིན་ནོ། །ན་ཚོད་དང་པོ་བར་མ་མཐའ། །ཟླ་གཅིག་གཉིས་དང་གསུམ་རིམ་གྱིས། །ཆོ་ག་ཇི་སྐད་ བཤད་བསྟེན་ན། །རྨ་འབྱོར་བརྟན་པར་འགྱུར་བ་ཡིན། །ཞེས་བྱ་བ་ལ། ན་ཚོད་དང་པོ་དང་བར་མ་དང་ཐ་མ་སྟེ་བྱིས་པ་དང་ལང་ཚོལ་བབ་པ་དང་། རྒན་པོར་གྱུར་པ་ནི་གོ་རིམས་བཞིན་དུ་ཟླ་བ་གཅིག་དང་ཟླ་བ་གཉིས་དང་། ཟླ་བ་གསུམ་གྱིས་རྨ་འབྱོར་བ་བརྟན་པར་འགྱུར་ཏེ། དེས་ ན་བྱིས་པ་དག་ནི་ཟླ་བ་གཅིག་གིས་སོ། །དར་ལ་བབ་པ་དག་གིས་ནི་ཟླ་བ་གཉིས་སོ། །རྒན་པོ་དག་ནི་ཟླ་བ་གསུམ་གྱིས་རྨ་འབྱོར་བ་བརྟན་པར་འགྱུར་ཏེ། དེ་ཡང་ཇི་སྐད་བཤད་པའི་རྨ་གསོ་བའི་ཆོ་གའི་འབྱོར་བ་བསྟེན་ན། དེ་ལྟར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །རྐེད་པ་རྗེ་ངར་བརླ་ ཆག་ན། །སྤང་ལེབ་ལ་ནི་ཉལ་ན་ཕན། །དེ་བཞིན་བསྡོམ་ཕྱིར་ཕུར་བུ་ལྔ། །བྱས་ནས་ཉེ་བར་བརྟོད་བྱ་སྟེ། །རྗེ་ངར་ངོས་གཉིས་ལ་གཉིས་གཉིས། །རྐང་མཐིལ་དྲང་པོར་གཅིག་གཞག་བརྟོད། །ཅེས་བྱ་བ་ལ། རྐེད་པ་ལ་སོགས་པ་ཆག་པ་ལ་སྤང་ལེབ་ངོས་འཇམ་པའི་སྟེང་དུ་ཉལ་ 202-1-224b ན་ཕན་ལ། དེ་བཞིན་དུ་ལུས་མ་འཆོལ་བར་བསྡམ་པའི་ཕྱིར་ཕུར་པ་ལྔ་ལ་བརྟོད་པར་བྱ་སྟེ། དེ་ཡང་རྗེ་ངར་གྱི་ངོས་གཉིས་ལ་ཕུར་པ་གཉིས་དང་། རྐང་མཐིལ་གྱི་དྲང་པོར་ཕུར་པ་གཅིག་བཙུགས་ཏེ་བརྟོད་པར་བྱའོ། །སྟ་ཟུར་རམ་ནི་སྒལ་ཚིགས་སམ། །གདོང་དང་དེ་བཞིན་ཕྲག་པ་རུས། ། ཚིགས་བྱུང་ཆག་གྲུགས་བྱུང་གྱུར་ན། །ཆོ་ག་འདི་བཞིན་སྤྱད་པར་བྱ། །ཞེས་བྱ་བ་ལ། སྟ་ཟུར་ལ་སོགས་པའི་ཚིགས་བྱུང་ཞིང་ཆག་གྲུགས་སུ་གྱུར་པ་ལ་ཡང་བཤད་མ་ཐག་པའི་ཆོ་ག་འདི་བཞིན་དུ་སྦྱར་བར་བྱ་སྟེ། དེ་རྣམས་ལ་ཡང་སྤང་ལེབ་ལ་ཉལ་བ་ལ་སོགས་པ་བྱའོ། །ཚིགས་ ནི་བྱུང་ནས་ཡུན་རིང་ལ། །སྣུམ་བསྐུ་དུགས་ཀྱིས་མཉེན་བྱས་ཏེ། །འདི་བཤད་ཐབས་དང་རང་གི་བློས། །རང་གི་གནས་སུ་ལེགས་པར་གཞུག །ཅེས་བྱ་བ་ལ། ཚིགས་བྱུང་ནས་ཡུན་རིང་པོ་ལོན་པ་ལ་ནི་སྣུམ་དང་དུགས་ལ་སོགས་པའི་སྣུམ་གྱིས་ཞེན་ཅིང་མཉེན་པར་བྱས་ནས། བརྟན་ པར་གྱུར་ནས་འདེགས་པ་དང་མནན་པ་ལ་སོགས་པའི་ཆོ་ག་ཇི་སྐད་བཤད་པའི་ཐབས་དང་། རང་གི་བློས་ཀྱང་ཅི་རིགས་པར་རྗེས་སུ་དཔགས་ཏེ་རང་གི་གནས་སུ་ལེགས་པར་གཞུག་པར་བྱའོ། །ཚིགས་མིན་ཆག་སྟེ་འདྲུབས་པ་དང་། །བཅིང་ཉེས་པ་ཡིས་གསོས་པ་ལ། །བརྡུངས་ཏེ་ ཆག་གྲུགས་བསྲང་བར་བྱ། །དེ་ནས་ཆག་གྲུགས་བཞིན་དུ་གསོ། །ཞེས་བྱ་བ་ལ། ཚིགས་མ་ཡིན་པའི་ལུས་ཀྱི་ཕྱོགས་སུ་ཆག་སྟེ་རྨ་འདྲུབས་པར་གྱུར་པ་དང་། དེ་བཞིན་དུ་བཅིང་བ་མ་ལེགས་པར་གསོས་པར་གྱུར་ནས་སྦྱོར་བ་ནོངས་པ་ལ་ནི་བརྡུངས་ཏེ་ཆག་གྲུགས་དེ་བསྲང་ལ། དེའི་འོག་ཏུ་ཆག་གྲུགས་ཀྱི་གསོ་བ་བཞིན་དུ་གསོ་བར་བྱའོ། །ཆག་ནས་ཅི་ནས་མ་རྣགས་པ། །དེ་ལྟར་སྨན་པས་འབད་པར་བྱ། །ཤ་དང་རྩ་རྒྱུས་འདྲུལ་ན་ནི། །ཚིགས་ནི་འདྲུབས་པར་མི་འགྱུར་རོ། །ཞེས་བྱ་བ་ལ། ཆག་གྲུགས་སུ་གྱུར་པ་ལ་ནི་ཅི་ནས་ཆག་གྲུགས་དེ་རྣགས་པར་ མི་འགྱུར་བ་དེ་ལྟར་འབད་པར་བྱ་སྟེ། གང་གི་ཕྱིར་ཤ་ལ་སོགས་པ་རྣགས་པར་གྱུར་ན་ནི་འདྲུབས་པར་མི་འགྱུར་བའི་ཕྱིར་རོ། །ཆག་གྲུགས་ཅན་ལ་རླུང་ནད་ཀྱི། །སྐབས་བཤད་སྣུམ་ནི་སྦྱར་བར་བྱ། །སྟོབས་སྐྱེད་སྦྱོར་བ་བཞི་པོ་དང་། །འཇམ་རྩིའི་ལས་ཀྱང་བསྟེན་པར་བྱ། །ཞེས་བྱ་བ་ལ། 202-1-225a རླུང་ནད་ཀྱི་སྐབས་ནས་བཤད་པའི་སྣུམས་ཧ་ཙ་རའི་ཏིལ་མར་ལ་སོགས་པ་དང་། སྦྱོར་བ་བཞི་པོ་སྐྱེད་པར་བྱེད་པ་གཏང་བར་བྱའོ། །དེ་བཞིན་དུ་འཇམ་རྩིའི་ལས་དག་ཀྱང་བསྟེན་པར་བྱའོ། །སཱ་ལུའི་ཆན་དང་ཁ་ཤུ་མར། །འོ་མ་རྒྱས་བྱེད་བསིལ་བ་བསྟེན། །ཆག་ གྲུགས་ཅན་ལ་རུས་པའི་མཚམས། །འབྱོར་བྱེད་ཚད་ཙམ་སྦྱིན་པར་བྱ། །ཞེས་བྱ་བ་ལ། སཱ་ལུའི་འབྲས་ཆན་ལ་སོགས་པ་ལུས་རྒྱས་ཤིང་རུས་པ་འབྱོར་པར་བྱེད་པའི་ཡོན་ཏན་ལ་སོགས་པ་ཚད་ཙམ་སྦྱིན་པར་བྱའོ། །དེ་ནི་མཚམས་སྦྱོར་བྱེད་པས་ན། །རྨྱ་བར་བྱེད་པ་བསྔགས་མ་ ཡིན། །ཞེས་བྱ་བ་ལ། ཆག་གྲུགས་ཅན་དེ་ལ་ལུས་རྨྱ་ཞིང་ཞུམ་པར་བྱེད་པ་བསྔགས་པ་མ་ཡིན་ཏེ། རྒྱས་པར་བྱས་པས་ནི་ཤིན་ཏུ་མཚམས་སྦྱོར་བར་བྱེད་པ་ཡིན་ནོ། །ལན་ཚྭ་ཚ་དང་ཐལ་སྨན་དང་། །སྣུམ་དང་ཉལ་པོ་ཉི་ཚན་དང་། །རྩོལ་བ་བསྟེན་པར་མི་བྱ་ཞིང་། །ཆག་ གྲུགས་ཟས་རྩུབ་བསྟེན་མི་བྱ། །ཞེས་བྱ་བ་ལ། ཆག་གྲུགས་ཅན་གྱི་སྐྱེས་བུས་ལན་ཚྭ་ནས་ཁ་ཟས་རྩུབ་པའི་བར་དུ་བསྟེན་པར་མི་བྱའོ། །ཏིལ་ནག་ཕུབ་མ་མེད་པ་རས་སྲའི་ནང་དུ་གཏུམས། །ཆུ་ཡི་ནང་དུ་ཞག་བདུན་ཉེ་བར་སྦངས་གྱུར་ཅིང་། །འདི་ནི་བཏེག་སྟེ་ཉིན་རེ་ལེགས་པར་བསྐམས་ ནས་ནི། །དེ་བཞིན་འོ་མ་ཆུ་དང་ཤིང་མངར་ནང་དུ་བསྐོལ། །སླར་ཡང་འོ་མར་སྔ་མ་བཞིན་དུ་སྦངས་ཏེ་བསྐམ། །ཕུབ་མ་མེད་ཅིང་རྡུལ་མེད་ཞིབ་ཏུ་བཏགས་ནས་ནི། །སྤང་སྤོས་བ་ལ་ཀ་དང་བཙོད་དང་ཆུ་སྲིན་སེན། །ཤུ་ཏི་ཀུ་ཏན་ན་ཏ་རུ་རྟ་བ་ལ་གསུམ། །ཙནྡན་གུར་གུམ་དང་ནི་ཐལ་ ཏྲེས་ཨ་ག་རུ། །སྒྲོན་ཤིང་སྲ་རྩི་པོག་དང་ཐང་ཤིང་ཤུག་པའི་སྡེ། །དེ་ཡི་ཕྱེ་མ་དྲི་ཞིམ་འོ་མ་ལྷན་ཅིག་བཏགས། །དྲི་ཡི་སྨན་ནི་མ་ལུས་འོ་མར་བསྐོལ་བ་བཙིར། །རྡོ་དྲེག་ར་སྣ་ཨ་ཤུ་མ་ཏི་དང་། །ཀ་ཤེ་རུ་དང་གནྡྷ་པྲི་ཡང་ཀུ། །རྒྱ་སྤོས་གན་དྷ་བྷ་དྲ་སེང་ཕྲོམ་དང་། །པ་ཡ་སྱ་དང་ མུར་བ་འོ་མར་བཅས། །སྤང་སྤོས་སོགས་དང་ཏིལ་མར་དེ་བསྐོལ་བ། །དྲི་ཡི་ཏིལ་མར་མཆོག་འདིས་རུས་པ་དག །བརྟན་ཞིང་མྱུར་དུ་ཞི་བར་བྱེད་མཆོག་ཡིན། །རླུང་དང་མཁྲིས་པ་ལས་གྱུར་ནད་ཀྱིས་ཁྱབ། །སྦྱོར་བ་སྣ་ཚོགས་བསྟེན་པས་སེལ་བ་ཡིན། །ཞེས་བྱ་བ་ལ། 202-1-225b ཏིལ་ནག་པོ་ཕུབ་མ་མེད་པར་བྱས་ཤིང་བཀྲུས་པ་རས་གཙང་ཞིང་སྲ་བའི་ནང་དུ་གཏུམས་ལ་ཆུ་བོ་འབྲུབས་པའི་ཆུའི་ནང་དུ་ཞག་བདུན་གྱི་བར་དུ་སྦངས་ལ་ཉིན་རེ་ཞིང་ཆུ་ལས་བཏེག་སྟེ་བསྐམ་པར་བྱའོ། །དེ་བཞིན་དུ་འོ་མའི་ནང་དུ་ཞག་བདུན་གྱི་བར་དུ་མཚན་རེ་སྦངས་ཤིང་ཉིན་རེ་བསྐམ་ པར་བྱའོ། །དེ་བཞིན་དུ་ཆུ་དང་ཤིང་མངར་བསྐོལ་བའི་ནང་དུ་ཞག་བདུན་ཉིན་རེ་སྐམ་ཞིང་ནུབ་རེ་སྦངས་པར་བྱའོ། །ཡང་ན་ཏིལ་དེ་འོ་མར་སྔ་མ་བཞིན་དུ་སྦངས་ལ་སྐམས་ཏེ། ཕུབ་མ་དང་རྡུལ་མེད་པར་བྱས་ལ་བཏགས་ནས་སྤང་སྤོས་ལ་སོགས་པའི་སྨན་གྱི་ཕྱེ་མ་དང་སྦྱར་ཏེ། དེའི་འོག་ཏུ་འོ་ མ་དང་དྲིའི་ཕྱེ་མ་མ་ལུས་པ་དང་། ཏིལ་བཙོས་པ་ལ་བཙིར་བར་བྱའོ། །སྤང་སྤོས་ལ་སོགས་པ་དྲིའི་སྨན་མ་ལུས་པ་དེ་དག་ནི་ཏིལ་གྱི་ཕྱེ་མ་ལ་ལྟོས་པའི་བརྒྱད་ཆ་གཞུག་པར་བྱའོ་ཞེས་སྨན་པ་རྒད་པོ་དག་འཆད་དོ། །དྲིའི་སྨན་མ་ལུས་པ་ནི་བ་ལ་ལ་སོགས་པའི་སྡེ་ཚན་ལས་བཤད་པ་དང་། དེ་ བཞིན་དུ་ག་པུར་ལ་སོགས་པའོ། །དེ་ལྟར་བཙིར་བའི་ཏིལ་མར་དེ་རྡོ་དྲེག་ལ་སོགས་པའི་ལྡེ་གུ་དང་ཡང་བསྐོལ་བར་བྱ་སྟེ། ཏིལ་མར་གྱི་མཆོག་འདིས་ནི་རུས་པ་བརྟན་པར་བྱེད་པ་དང་། རླུང་དང་མཁྲིས་པ་ལ་སོགས་པའི་ནད་ཀྱིས་ཁྱབ་པར་གྱུར་པ་ལ་ཡང་བཏུང་བ་དང་སྣ་ནས་གཏང་ བ་ལ་སོགས་པའི་སྦྱོར་བ་སྣ་ཚོགས་དག་བྱས་པས་སེལ་ཅིང་འཇོམས་པར་བྱེད་པ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་ཉི་ཤུ་རྩ་བདུན་ པའི་རྣམ་པར་འགྲེལ་པའོ།། །།དེ་ནས་མཚན་བར་རྡོལ་གྱི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། འདི་བརྩམས་པའི་འགྲེལ་པ་ནི་འདི་ཡིན་ཏེ། མཚན་བར་རྡོལ་བ་ཁ་ནང་དུ་བལྟས་པས་ཞེས་སྔར་བཤད་པ་དེའི་རང་གི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར་ལེའུ་འདི་ བརྩམས་པ་ཡིན་ནོ། །གླང་པོ་རྟ་ལ་ཞོན་ཏེ་འགྲོ། །གནས་དང་མལ་གསར་ཙོག་པུར་འདུག །གཞང་འབྲུམ་ནད་ཀྱི་རྒྱུར་བཤད་དང་། །གཞན་ལའང་བརྟེན་པར་གྱུར་པ་དང་། །མི་དགེ་སྨིན་པར་གྱུར་པ་དང་། །འཕྲལ་དུ་དམ་པ་ལ་སྨད་པས། །ཕལ་ཆེར་འབྲུམ་ཕྲན་དང་ 202-1-226a པོར་འབྱུང་། །རྐུབ་ཀྱི་ཕྱིའམ་ནང་དུ་ནི། །རྨ་ནི་སོར་ཚད་གཉིས་སམ་གཅིག །ཤ་ཁྲག་གནོད་པར་གྱུར་ལས་འབྱུང་། །ཆུ་སོར་གཅིན་གྱི་གནས་ཉེ་བར། །བྱུང་བས་འཛག་པའི་རང་བཞིན་ཅན། །དེ་ནི་མཚན་བར་རྡོལ་ཞེས་བྱ། །ཞེས་བྱ་བ་ལ། མཚན་བར་རྡོལ་གྱི་རྒྱུ་ནི་གླང་པོ་དང་རྟ་ལ་སོགས་པ་ལ་ཞོན་ནས་འགྲོ་བ་ལ་སོགས་པ་དང་། གཞན་ཡང་འདི་སྐྱེ་བར་བྱེད་པའི་རྒྱུ་ལ་བརྟེན་ཅིང་གནས་པར་གྱུར་པ་དང་། དེ་བཞིན་དུ་སྡིག་པ་མི་དགེ་བའི་ལས་སྔོན་ཆད་བྱས་པའི་འབྲས་བུ་སྨིན་པར་གྱུར་པ་དང་། དེ་བཞིན་དུ་འཕྲལ་ དུ་ཚེ་འདི་ཉིད་ལ་མཆོད་པའི་གནས་དམ་པ་ལ་སྨོད་པས་ཕལ་ཆེར་འབྲུམ་ཕྲན་དང་པོར་བྱུང་ནས། རྐུབ་ཀྱི་ཕྱིའམ་ནང་དུ་རྨའི་ཚད་སོར་གཅིག་ཙམ་མམ་སོར་གཉིས་ཙམ་ཤ་དང་ཁྲག་གི་ནད་ལས་འབྱུང་བར་འགྱུར་ལ། ཆུ་སོ་དང་གཅིན་གྱི་གནས་ལྒང་པ་དང་ཉེ་བར་གྱུར་པས་འཛག་པའི་ རང་བཞིན་ཅན་ཡིན་ཏེ། དེའི་མིང་ནི་མཚན་བར་རྡོལ་ཞེས་བྱའོ། །ཀུན་ཀྱང་མ་གསོས་འདྲུལ་བྱེད་ཅིང་། །མོ་མཚན་ཆུ་སོ་གཞང་གི་བར། །ཤས་ཆེར་འཇིག་པར་བྱེད་པ་དང་། །བཤང་གཅི་འཕྱེན་དང་ཁུ་ཆུ་ནི། །བུ་གའི་ནང་ནས་རིམ་གྱིས་འབྱུང་། །ཞེས་བྱ་བ་ལ། མཚན་བར་ རྡོལ་གྱི་ནད་ཀུན་ཡང་གསོ་བ་མ་བྱས་ན་འདྲུལ་ཞིང་རྣག་པར་བྱེད་དོ། །མོ་མཚན་ལ་སོགས་པ་ཞིག་ཅིང་ཉམས་པར་བྱེད་དེ། དེ་དག་ཉམས་པས་བུ་གའི་ནང་ནས་བཤང་བ་ལ་སོགས་པ་རིམ་གྱིས་མང་དུ་འབྱུང་བར་འགྱུར་རོ། །ནད་གཞི་རེ་རེ་ལྡན་པ་འདུས། །གློ་བུར་བ་དང་ བརྒྱད་དུ་བཤད། །ཅེས་བྱ་བ་ལ། མཚན་བར་རྡོལ་གྱི་ནད་ནི་ནད་གཞི་རེ་རེ་ལས་གྱུར་པ་གསུམ་དང་། ལྡན་པ་ལས་གྱུར་པ་གསུམ་དང་། འདུས་པ་ལས་གྱུར་པ་གཅིག་དང་། གློ་བུར་བ་གཅིག་སྟེ་དེ་ལྟར་ན་བརྒྱད་ཡིན་ནོ། །མ་སྨིན་འབྲུམ་བུ་ཞེས་བྱར་བཤད། །སྨིན་པ་མཚན་ བར་རྡོལ་ཡིན་ནོ། །ཞེས་བྱ་བ་ལ། མཚན་བར་རྡོལ་བ་དེ་མ་སྨིན་པ་ལ་ནི་མིང་འབྲུམ་བུ་ཞེས་བྱ་བར་བཤད་ལ། སྨིན་ཅིང་རྣགས་ན་ནི་མཚན་བར་རྡོལ་བ་ཞེས་བྱའོ། །རྩ་བ་མི་མངོན་ནད་ཚབས་ཆེ། །ཤས་ཆེར་གཡོས་ཤིང་རྨ་འཁྱིམས་འཁྲུགས། །མཚན་བར་རྡོལ་འགྱུར་ཤེས་ 202-1-226b པར་བྱ། །དེ་ལས་གཞན་དུ་དེ་མི་བྱེད། །ཅེས་བྱ་བ་ལ། མཚན་བར་རྡོལ་གྱི་ནད་གང་རྩ་བ་མི་མངོན་པ་ལ་སོགས་པའི་མཚན་ཉིད་ཅན་དང་། རྨ་འདྲུབས་ནས་ཀྱང་སླར་ཡང་ནས་ཡང་དུ་རྨ་རེད་ཅིང་ཞིག་པར་འགྱུར་བ་ནི་མཚན་བར་རྡོལ་དུ་འགྱུར་གྱི། དེ་ལས་གཞན་པ་དག་ནི་མཚན་བར་ རྡོལ་དུ་མི་འགྱུར་རོ། །དེ་ལ་རླུང་གྱུར་འབྲུམ་བུ་ནི། །དམར་ཞིང་གནག་ལ་ན་བ་དང་། །ཟུག་ཅིང་འཕར་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། དེ་ལ་རླུང་ལས་གྱུར་པའི་འབྲུམ་བུ་མདོག་དམར་བའམ་གནག་པ་དང་། ན་བ་དང་ཟུག་པ་དང་། འཕར་བར་བྱེད་པ་ཡིན་ནོ། །མཁྲིས་གྱུར་རྔ་ མོའི་མགྲིན་ལྟར་རིང་། །དམར་ཞིང་སྲབ་ལ་ཤས་ཆེར་ཚ། །ཐལ་མདོག་དུད་པ་འཐུལ་བཅས་ཡིན། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་འབྲུམ་བུ་ནི་རྔ་རྨོའི་མགྲིན་པ་ལྟར་རིང་བ་དང་། དམར་བ་ནས་དྲོད་ཆེ་ཞིང་དུད་པ་འཐུལ་བ་ལྟ་བུའི་བར་ཡིན་ནོ། །བད་ཀན་ལས་གྱུར་ བརྟན་ཞིང་སྣུམ། །རྩ་བ་ཆེ་ཞིང་མདོག་སྐྱ་གཡའ། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་འབྲུམ་བུ་ནི་བརྟན་པ་ལ་སོགས་པའི་མཚན་ཉིད་ཅན་ཡིན་ནོ། །རླུང་མཁྲིས་ལས་གྱུར་མདོག་གནག་ཅིང་། །དམར་ཞིང་ཚ་ལ་མི་བཟོད་ན། །ཞེས་བྱ་བ་ལ། རླུང་དང་མཁྲིས་པའི་ལྡང་བ་ ལས་གྱུར་པའི་འབྲུམ་བུ་ནི་མདོག་གནག་པ་ལ་སོགས་པ་ཡིན་ནོ། །བད་རླུང་ལས་གྱུར་ཅུང་ཟད་གནག །སྨིན་པར་དཀའ་བའི་མཚན་ཉིད་ཅན། །ཞེས་བྱ་བ་ལ། བད་ཀན་དང་རླུང་ལས་གྱུར་པའི་འབྲུམ་བུ་ལ་ནི་ཁ་དོག་ཅུང་ཟད་གནག་པ་ལ་སོགས་པ་ཡིན་ནོ། །འདུས་གྱུར་རྐང་པའི་མཐེ་ བོ་འདྲ། །ནད་ནི་སྣ་ཚོགས་འབྱུང་འགྱུར་ཞིང་། །གཟེར་དང་སྐོམ་དད་ཡི་ག་འཆུས། །རིམས་དང་སློན་སོགས་ཀྱིས་གནོད་བྱེད། །ཅེས་བྱ་བ་ལ། ནད་གཞི་སུམ་ཆར་གྱུར་པའི་འབྲུམ་བུ་ནི་མཐེ་བོ་འདྲ་བ་ལ་སོགས་པའི་མཚན་ཉིད་ཅན་ཡིན་ནོ། །ཡལ་བར་བོར་ལ་སྨིན་པ་དང་། །རྨ་ ཉིད་དུ་ནི་འགྱུར་བ་ཡིན། །ཞེས་བྱ་བ་ལ། མཚན་བར་རྡོལ་དུ་འགྱུར་བའི་འབྲུམ་བུ་དེ་དག་བག་མེད་པས་ཡལ་བར་བོར་ཏེ་མ་གསོས་ན་སྨིན་ནས་འཕྲལ་དུ་རྨར་འགྱུར་རོ། །དེ་ལ་རླུང་གྱུར་འབྲུམ་བུ་ནི། །ཁ་ཕྲ་མང་པོས་ཁྱབ་བྱེད་དེ། །ཀོ་ཚགས་བཞིན་དུ་ཁ་མང་ཞིང་། །རིམ་འཕེལ་ 202-1-227a ཆུ་སེར་སླ་བ་དང་། །ལྦུ་བ་ཅན་ནི་རྒྱུན་དུ་འཛག །ཀོ་ཚགས་ཁ་བརྒྱ་པ་ཞེས་བྱ། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་འབྲུམ་བུ་ནི་ཁ་ཤིན་ཏུ་ཕྲ་ཞིང་མང་བས་ཁྱབ་པར་བྱེད་དེ། ཀོ་ཚགས་ཀྱི་བུ་ག་དང་འདྲ་བ་ཡིན་ལ། རིམ་གྱིས་འཕེལ་ཞིང་ཆུ་སེར་སླ་བ་ ལ་སོགས་པ་འཛག་པ་ཡིན་ཏེ། དེའི་མིང་ནི་ཀོ་ཚགས་ཁ་བརྒྱ་པ་ཞེས་བྱའོ། །མཁྲིས་པ་ལས་གྱུར་རྔ་མོའི་མགྲིན། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་མཚན་བར་རྡོལ་བ་ནི་མིང་རྔ་མོའི་མགྲིན་ཞེས་བྱའོ། །བད་ཀན་ལས་གྱུར་སྤྱི་བག་ནི། །མང་འཛག་ཡོངས་སུ་ འཛག་ཅེས་བྱ། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་མཚན་བར་རྡོལ་ནི་སྤྱི་བག་ཅན་གྱི་ཆུ་སེར་མང་དུ་འཛག་སྟེ། དེ་ནི་ཡོངས་སུ་འཛག་པ་ཞེས་བྱའོ། །རླུང་མཁྲིས་ལས་གྱུར་བཤང་སྒོར་ནི། །ཡོངས་སུ་མཆེད་པ་ཀུན་ཁྱབ་ཅིང་། །དེར་ནི་ར་བའི་འོབས་ཀྱིས་ནི། །བསྐོར་ བ་ལྟ་བུར་འབྱུང་བར་འགྱུར། །ཞེས་བྱ་བ་ལ། རླུང་དང་མཁྲིས་པ་ལས་གྱུར་པའི་གཞང་འབྲུམ་ནི་འོབས་ཞེས་བྱ་སྟེ། དེས་ནི་བཤང་སྒོའི་ཉེ་འཁོར་ཀུན་ཏུ་རབས་བསྐོར་བ་ལྟ་བུ་འབྱུང་སྟེ། ཇི་ལྟར་ར་བའི་ཕྱི་རོལ་འོབས་ཀྱིས་བསྐོར་བ་དང་འདྲའོ། །རླུང་དང་བད་ཀན་ལས་གྱུར་ དང་། །གཞན་དུ་དྲང་པོར་སོང་འགས་བྱེད། །ཅེས་བྱ་བ་ལ། རླུང་དང་བད་ཀན་ལས་གྱུར་པའི་མཚན་བར་རྡོལ་ནི་དྲང་པོ་ཞེས་བྱ་སྟེ། གཞང་གི་ནང་དྲང་པོར་སོང་ནས་འགས་ཤིང་འཇིག་པར་བྱེད་པ་ཡིན་ནོ། །བད་མཁྲིས་ལས་གྱུར་སྔར་བཤད་པའི། །གཞང་འབྲུམ་ ལ་བརྟེན་དེ་ལྡང་ཞིང་། །དེ་ལས་གཞང་འབྲུམ་རྩ་བར་གཡའ། །སྐྲང་དང་ཚ་བ་ལ་སོགས་སྐྱེད། །དེ་ནི་མྱུར་སྨིན་རྡོལ་གྱུར་ན། །གཞང་འབྲུམ་རྩ་བ་རྣག་ཅན་ཡིན། །རྒྱུན་མི་ཆད་པར་འཛག་བྱེད་དེ། །གཞང་འབྲུམ་འདི་ནི་མཚན་བར་རྡོལ། །ཞེས་བྱ་བ་ལ། གཞང་འབྲུམ་ སྔར་བྱུང་བ་ལ་བརྟེན་ནས་བད་ཀན་དང་མཁྲིས་པ་འཁྲུགས་པར་གྱུར་པ་དང་། གཞང་འབྲུམ་གྱི་རྩ་བ་གཡའ་བ་ལ་སོགས་པ་སྐྱེད་དེ་སྐྲངས་པ་དེས་གཞང་འབྲུམ་གྱི་རྩ་བ་རྣག་པར་བྱེད་དེ། རྣགས་ཤིང་བརྟོལ་ནས་ཁྲག་རྒྱུན་མི་འཆད་པར་འཛག་པར་བྱེད་དེ། འདི་ནི་གཞང་འབྲུམ་ 202-1-227b གྱི་མཚན་བར་རྡོལ་བ་ཞེས་བྱའོ་ཞེས་དྲང་སྲོང་རྣམས་ཀྱིས་བཤད་དོ། །འདུས་པ་ལས་གྱུར་དུང་འདྲ་བ། །དུང་ནི་འཁྱིལ་པའི་དབྱིབས་དང་འདྲ། །འདི་ཡིས་གཞང་ནི་ཞིག་བྱེད་ཅིང་། །མི་བཟད་ལམ་ནི་ཞིག་པར་བྱེད། །ཅེས་བྱ་བ་ལ། འདུས་པ་ལས་གྱུར་པའི་མཚན་བར་ རྡོལ་བའི་ནད་ནི་དུང་འདྲ་བ་ཞེས་བྱ་སྟེ། དེ་ནི་དབྱིབས་དུང་འདྲ་བ་ཡིན་ལ། མཚན་བར་རྡོལ་བ་འདིས་ནི་མི་བཟད་པར་ནད་ཀྱི་ཤུགས་ཀྱིས་དེའི་ལམ་ཞིག་ཅིང་འདྲུལ་བར་བྱེད་པ་ཡིན་ནོ། །གང་ཚེ་ཤ་ལ་བརྐམ་པ་ཡིས། །རུས་པའི་དུམ་བུ་ཟོས་གྱུར་པས། །ཐད་ཀར་སོང་བས་ལམ་ ལོག་གཞུགས། །རྡོལ་ཞིང་སྣད་པར་བྱེད་པ་ཡིན། །དེ་ཚ་གས་པས་རྣགས་པ་དང་། །ཤ་ནི་འདྲུལ་བར་བྱེད་པ་ཡིན། །དེར་ནི་སྲིན་བུ་སྐྱེ་འགྱུར་ཞིང་། །གཞང་ནི་ཀུན་ཏུ་ཟ་བར་བྱེད། །རིང་པོར་མི་ཐོགས་དེས་འཇིག་བྱེད། །དེ་ནི་ལམ་ལོག་རྨ་སྐྱེས་ཡིན། །ཞེས་བྱ་བ་ལ། ཤ་ལ་བརྐམ་ཞིང་ཆགས་པའི་དབང་གིས་གང་གི་ཚེ་རུས་པའི་དུམ་བུ་ཟོས་ཤིང་མིད་པར་གྱུར་པ་དེའི་ཚེ་རུས་པ་དེ་ལམ་ལོག་པར་ཞུགས་ཏེ་ཐད་ཀར་འཕྲེད་དུ་སོང་བས་རྡོལ་ཞིང་སྣད་པར་བྱེད་ལ། དེས་ན་ནང་དུ་གས་ཤིང་རྣགས་པར་གྱུར་པ་དང་། ཤ་རུལ་ཞིང་འདྲུལ་བར་འགྱུར་ལ། དེས་ན་གཞང་གི་ཕྱོགས་དེར་སྲིན་བུ་སྐྱེ་བར་འགྱུར་ཞིང་། སྲིན་བུ་དེས་ནད་པ་དེའི་གཞང་ཀུན་ཏུ་ཟ་བར་བྱེད་དེ། དེས་ནི་རིང་པོ་མི་ཐོགས་པར་གཞང་འཇིག་པར་བྱེད་དེ། མཚན་བར་རྡོལ་བ་དེ་ནི་ལམ་ལོག་པར་ཞུགས་པ་དང་། རྨ་ལས་སྐྱེས་པའི་མིང་གཉིས་ཀྱིས་བསྟན་པ་ ཡིན་ནོ། །དེ་ལས་ན་ཚ་གཡའ་ལ་སོགས། །རྨ་གསོ་བ་ལས་ཤེས་པར་བྱ། །ཞེས་བྱ་བ་ལ། མཚན་བར་རྡོལ་དེ་ཐམས་ཅད་ལས་ན་བ་དང་། ཚ་བ་ལ་སོགས་པའི་མཚན་མ་ནི་རྨ་གསོ་བའི་ལེའུ་ལས་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །དེ་ལས་དྲུག་པོ་གསོ་དཀའ་ཡིན། ། འདུས་གྱུར་རྨ་སྐྱེས་སྤང་བར་བྱ། །སེལ་བའི་གཉེར་མར་ཕྱིན་པ་དང་། །སྲུབས་མཚམས་ལ་ནི་བརྟེན་པ་སྤང་། །ཞེས་བྱ་བ་ལ། མཚན་བར་རྡོལ་དེ་རྣམས་ཀྱི་ནང་ནས་ནད་གཞི་རེ་རེ་ལས་གྱུར་པ་གསུམ་དང་ལྡན་པ་ལས་གྱུར་པ་གསུམ་སྟེ། དྲུག་ནི་གསོ་དཀའ་བ་ཡིན་ནོ། ། 202-1-228a འདུས་པ་ལས་གྱུར་པ་དང་། རྨ་ལས་སྐྱེས་པ་ནི་སྤང་བར་བྱའོ། །དེ་བཞིན་དུ་ཕྱིར་སེལ་བའི་གཉེར་མར་ཕྱིན་པ་ཡང་སྤང་བར་བྱ་ལ། དེ་བཞིན་དུ་མདོམས་ཀྱི་སྲུབས་མཚམས་ལ་བརྟེན་པ་ཡང་སྤང་བར་བྱའོ། །དེ་ནས་འབྲུམ་བུའི་ཚེ་ཉིད་ནི། །འདི་ནི་འབད་ དེ་གསོ་བར་བྱ། །སྦྱང་དང་གཏར་ག་ཆུ་བླུགས་སོགས། །ཅི་ནས་སྨིན་པར་མི་འགྱུར་བར། །འདི་ནི་འབད་དེ་གསོ་བར་བྱ། །ཞེས་བྱ་བ་ལ། དེ་ནས་མཚན་བར་རྡོལ་འདི་འབྲུམ་བུའི་ཚེ་ཉིད་ནི་སྦྱང་བ་ལ་སོགས་པས་གསོ་བར་བྱ་ཞིང་ཅི་ནས་ཀྱང་སྨིན་པར་མི་འགྱུར་བ་དེ་ལྟར་ གསོ་བར་བྱའོ། །སྨིན་ནས་སླར་ཡང་སྣུམ་ཆོས་དང་། །དུགས་བྱས་ནས་ནི་ལུས་སྤྱིང་བྱ། །གཞང་འབྲུམ་ལྟ་བུར་བསྡམས་ནས་ནི། །གཏིང་རིང་ལེགས་པར་བརྟག་བྱ་ཞིང་། །རྩ་བ་འམ་ནི་རྩེ་མོ་འམ། །ཕྱི་བལྟས་ནང་དུ་བལྟས་པ་བརྟག །ཅེས་བྱ་བ་ལ། ཡང་ནད་པ་ དེ་ལ་སྣུམ་ཆོས་ལ་སོགས་པ་བྱས་ལ། གཞང་འབྲུམ་ལྟ་བུར་ལེགས་པར་བསྡམས་ནས་སྟེང་དུ་སོང་བའམ་འོག་ཏུ་སོང་བའི་རྩ་བ་དང་རྩེ་མོ་དང་། དེ་བཞིན་དུ་ཁ་ཕྱི་རོལ་དུ་བལྟས་པ་དང་། ནང་དུ་བལྟས་པ་ལེགས་པར་བརྟག་ཅིང་ཤེས་པར་བྱའོ། །དེ་ལ་ནང་བལྟས་བཙལ་ནས་ ནི། །གཙགས་བུས་ལེགས་པར་གཅད་པར་བྱ། །ཕྱིར་བལྟས་མ་ལུས་པར་བཅད་ལ། །ཐལ་སྨན་དག་གིས་གསོ་བར་བྱ། །ཞེས་བྱ་བ་ལ། དེ་ལས་མཚན་བར་རྡོལ་བ་ནང་དུ་བལྟས་པ་ནི་ལེགས་པར་བཙལ་ཅིང་བརྟགས་ནས་གཙགས་བུས་གཅད་ཅིང་དྲལ་བར་ བྱའོ། །ཕྱི་རོལ་དུ་བལྟས་པ་ནི་མཚན་བར་རྡོལ་བ་མ་ལུས་པར་བཅད་ལ། དེའི་འོག་ཏུ་ཐལ་སྨན་གྱིས་གསོ་བར་བྱའོ། །དེ་ནས་ཐལ་སྨན་བཏབ་པའམ། །ཡང་ན་སྨན་པས་མེ་བཙའ་གདབ། །ཅེས་བྱ་བ་ལ། དེའི་འོག་ཏུ་མཚན་བར་རྡོལ་གཉི་ག་ཡང་སྨན་པས་ཐལ་ སྨན་གྱིས་གསོ་བའམ། མེ་བཙའ་གདབ་པར་བྱའོ། །རྔ་མོའི་མགྲིན་ལ་ཐལ་སྨན་བསྐུ། །ཞེས་བྱ་བ་ལ། ཇ་མོའི་མགྲིན་པ་ལྟ་བུ་ཞེས་བྱ་བའི་མཚན་བར་རྡོལ་ནི་ཐལ་སྨན་ཉིད་ཀྱིས་གསོ་བར་བྱའི། མེ་བཙས་ནི་མ་ཡིན་ནོ། །ཀོ་ཚགས་ཁ་བརྒྱ་སྦུབས་གཅིག་པ། ། 202-1-228b བཅུག་ནས་ལེགས་པར་གཅད་པར་བྱ། །ཞེས་བྱ་བ་ལ། མཚན་བར་རྡོལ་ཀོ་ཚགས་ཁ་བརྒྱ་པ་ནི། སྦུ་གུ་སྦུབས་གཅིག་པའི་ནང་ན་བར་མཚམས་གཅིག་པའི་ནང་དུ་བར་མཚམས་གཅིག་ཡོད་པ་བཅུག་ནས་གཅད་པར་བྱའོ། །དེ་འདྲུབས་ནས་ནི་ལྷག་མའང་བཅད། །གཞན་ དུ་གཞང་ནི་ཞིག་ནས་འཆི། །ཞེས་བྱ་བ་ལ། རྨ་དེ་འདྲུབས་པར་གྱུར་ན་ལྷག་མ་གཅད་པར་བྱ་སྟེ། གཞན་དུ་དུས་གཅིག་ཏུ་བཅད་ན་ནི་གཞང་ཞིག་ནས་འཆི་བར་འགྱུར་རོ། །འོབས་ལྟར་ཁྱབ་པའང་དེ་བཞིན་དུ། །ཐལ་སྨན་བ་གཅིན་སྦུ་གུས་གསོ། །ཞེས་བྱ་བ་ལ། དེ་ བཞིན་དུ་འོབས་ལྟ་བུས་ཁྱབ་པ་ཞེས་བྱ་བའི་མཚན་བར་རྡོལ་ལ་ཡང་ཐལ་སྨན་དང་བ་གཅིན་དང་། སྦུ་གུའི་སྦྱོར་བས་གསོ་བར་བྱའོ། །གཞང་འབྲུམ་མཚན་མར་རྡོལ་ལ་སྔར་། །གཞང་འབྲུམ་ལ་ནི་སྨན་ཕྱེ་གདབ། །རྨ་སྐྱེས་པ་ལ་རེ་ཐག་བཅད། །ཟུག་རྔུ་དབྱུང་བའི་ཆོ་ག་བཞིན། ། ཟུག་རྔུ་ཕྱུང་སྟེ་སྲིན་འཇོམས་པའི། །བཟའ་དང་བྱུག་པ་སྦྱར་བར་བྱ། །ཞེས་བྱ་བ་ལ། གཞང་འབྲུམ་ལས་གྱུར་པའི་མཚན་བར་རྡོལ་བ་ལ་ནི་དང་པོར་གཞང་འབྲུམ་ཉིད་གསོ་བར་བྱའོ། །རྨ་ལས་སྐྱེས་པའི་མཚན་བར་རྡོལ་ལ་ནི་དང་པོར་རེ་ཐག་བཅད་ལ། དེའི་འོག་ཏུ་ཟུག་རྔུ་ དབྱུང་བའི་ཆོ་ག་བཞིན་དུ་གསོ་བར་བྱ་སྟེ། དེའི་འོག་ཏུ་འབུ་འཇོམས་པའི་བཟའ་བཏུང་དང་བསྐུ་བྱུག་སྦྱར་བར་བྱའོ། །གླན་དུགས་སྦུ་གུ་ཅན་ལ་སོགས། །སྣུམ་ཆོས་ལེགས་སྦྱར་ནད་ལ་ཕན། །ཞེས་བྱ་བ་ལ། མཚན་བར་རྡོལ་གྱི་ནད་ན་བ་ལ་ནི་གླན་པའི་དུགས་ལ་ སོགས་པས་ཕན་ནོ། །ཀོ་ཚགས་འདྲ་དང་ཐམས་ཅད་ལ། །བ་ལང་ངོགས་དང་ཀུན་ཏུ་བཟང་། །གཤོལ་ཕྱེད་པ་དང་གཤོལ་གྱིས་བྱ། །བརྟགས་ཏེ་ཉེ་བར་སྦྱར་བར་བྱ། །ཞེས་བྱ་བ་ལ། ཀོ་ཚགས་འདྲ་བ་དང་མཚན་བར་རྡོལ་བ་ཐམས་ཅད་ལ་བ་ལང་གི་ངོགས་ཞེས་བྱ་བ་ ལ་སོགས་པ་སྤྱད་བཞི་པོ་ངེས་པར་བརྟགས་ཏེ་སྦྱར་བར་བྱའོ། །ངོས་སུ་འདེབས་པར་བྱེད་པའི་མཚོན། །བ་ལང་ངོགས་ཞེས་བྱ་བར་བཤད། །ཅེས་བྱ་བ་ལ། ངོས་སུ་མཚོན་གང་ངོས་སུ་འདེབས་ཤིང་གཙོད་པར་བྱེད་པ་དེ་ནི་མིང་བ་ལང་གི་ངོགས་ཞེས་བྱའོ། །ཀུན་ཏུ་ 202-1-229a གཏོང་བ་ཀུན་ཏུ་བཟང་། །ཞེས་བྱ་བ་ལ། ཐམས་ཅད་གཏོང་ཞིང་སྤྱོད་པའི་ཆ་སྤྱད་ནི་ཀུན་ཏུ་བཟང་པོ་ཞེས་བྱའོ། །ངོས་ལ་གཅོད་པ་གཤོལ་ཕྱེད་པ། །ངོས་གཉིས་སུ་ནི་གཤོལ་གྱིས་བཅད། །ཅེས་བྱ་བ་ལ། ངོས་ཕན་ཚུན་གཅིག་གཅོད་པར་ བྱེད་པའི་ཆ་སྤྱད་ནི་གཤོལ་ཕྱེད་པ་ཞེས་བྱའོ། །ངོས་གཉིས་ཀར་གཅོད་པར་བྱེད་པ་ནི་གཤོལ་ཞེས་དྲང་སྲོང་རྣམས་ཀྱིས་བཤད་དོ། །འཛག་པའི་ལམ་ནི་མ་ལུས་པ། །ཐམས་ཅད་མེ་ཡིས་བསྲེག་པར་བྱ། །སླར་ཡང་འདི་ལྟའི་གནོད་མི་སྐྱེད། །ཅེས་བྱ་བ་ལ། འཛག་པར་ བྱེད་པའི་ལམ་མ་ལུས་པ་ཐམས་ཅད་ལ་ཡང་མེས་བསྲེག་པར་བྱ་སྟེ། དེ་ལྟར་བྱས་ན་མཚན་བར་རྡོལ་གྱིས་སླར་གནོད་པར་མི་བྱེད་དོ། །སྨན་པས་དེ་ཡི་བར་བར་དུ། །དེ་ལྟོ་སྦྱང་ལ་འབད་པར་བྱ། །ཞེས་བྱ་བ་ལ། ཡང་མཚན་བར་རྡོལ་དང་ལྡན་པའི་ནད་པ་དེ་ལ་བར་བར་རམ། སྐབས་སྐབས་སུ་སྐྱུག་སྨན་ལ་སོགས་པས་སྦྱང་བར་བྱའོ། །བྱི་ལའི་རུས་པ་འབྲས་བུ་གསུམ། །ཁུ་བ་ལྡེ་གུར་བྱས་པས་བསྐུ། །ཞེས་བྱ་བ་ལ། མཚན་བར་རྡོལ་ལ་བྱི་ལའི་རུས་པ་ལ་སོགས་པའི་ལྡེ་གུས་བསྐུས་ན་ཡང་ཕན་ནོ། །ཛོ་ཏི་སྨ་ཏི་མ་ལ་ཡུ། །སླེ་སྨན་ཏ་ཀ་བི་ཤ་ལྱ། ། དུར་བྱིད་པ་ཏི་བ་ཏྲ་ཀ །ཀ་ར་བཱི་ར་སྲ་རྩི་པོག །ཤུ་དག་སུ་དྷཱ་ཀྵི་ར་དང་། །ཨརྐའི་ལོ་མ་ཏིལ་མར་བསྐོལ། །མཚན་བར་རྡོལ་ལ་བསྐུས་ན་ནི། །འདི་ནི་ཕན་བྱེད་མཆོག་ཏུ་བཤད། །ཅེས་བྱ་བ་ལ། ཛོ་ཏི་སྨ་ཏི་ལ་སོགས་པའི་ལྡེ་གུ་དང་ཏིལ་མར་བསྐོལ་ལ། ཏིལ་མར་ དེ་མཚན་བར་རྡོལ་བའི་ནད་དང་ལྡན་པ་ལ་བསྐུས་ན་ཡང་མཆོག་ཏུ་ཕན་པ་ཡིན་ནོ། །ཛོ་ཏི་སྨ་ཏི་ནི་ཀ་ཀ་ད་ནའོ། །མ་ལ་ཡུ་ནི་སོ་མ་ར་ཛ་འམ་ཕལ་གུའོ། །སླེ་སྨན་ཏ་ཀ་ནི་སེ་ལུའོ། །བི་ཤ་ལྱ་ནི་ལང་ག་ལིའོ། །དུར་བྱིད་ནི་ཏྲི་བྱིད་དོ། །ཤིང་མངར་སིང་ཕྲོམ་པི་པི་ལིང་། །སུག་ སྨེལ་ཧ་རེ་ཎུ་ཀ་དང་། །སེར་པོ་གཉིས་དང་པྲི་ཡང་ཀུ། །རྒྱམ་ཚ་ཐལ་ཏྲེས་ཤུག་པ་དང་། །པདྨའི་སྙིང་པོ་ད་ཏ་ཀི། །སྤྲ་ཚིལ་རུ་རྟ་སྲ་རྩི་པོག །ཁ་ལུང་འོ་མར་བཅས་པ་དང་། །ཏིལ་མར་ལྷན་ཅིག་བསྐོལ་བ་ཡིས། །བསྐུས་ན་འབྲུམ་བུ་མཛེ་དང་རྨ། །གཅིན་ནད་སྦྲང་རྩི་ 202-1-229b འདྲ་བ་འཇོམས། །ཞེས་བྱ་བ་ལ། ཤིང་མངར་ལ་སོགས་པའི་སྨན་ལྡེ་གུ་བྱས་པ་དང་། ཏིལ་མར་ལྷན་ཅིག་བསྐོལ་བས་བསྐུས་ན་འབྲུམ་བུ་ལ་སོགས་པའི་ནད་སེལ་བར་བྱེད་དོ། །བྱི་དང་ག་སྙིང་འབྲས་བུ་གསུམ། །པི་པི་ལིང་རྩ་པི་པི་ལིང་། །སྦྲང་རྩི་ཏིལ་མར་སྦྱར་བ་ཡི། ། ལྡེ་གུ་ཟོས་ན་སྲིན་བུའི་ནད། །མཚན་བར་རྡོལ་དང་མཛེ་ནད་དང་། །གཅིན་སྙི་བ་དང་སྨས་པ་དང་། །རྨ་འཁྱིམས་འཚོ་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། བྱི་དང་གའི་སྙིང་པོ་ལ་སོགས་པའི་ལྡེ་གུ་ཟོས་ན་སྲིན་བུའི་ནད་ལ་སོགས་པ་སེལ་བར་བྱེད་དོ། །སླེ་ཏྲེས་སུག་ སྨེལ་བྱི་དང་ག །དུག་མོ་ཉུང་དང་བ་རུ་ར། །སྐྱུ་རུ་ར་དང་ཨ་རུ་ར། །གུ་གུལ་རིམ་གྱིས་ཆ་རེས་བསྐྱེད། །སྦྲང་རྩིར་སྦྱར་བ་འདི་ཟོས་ན། །འབྲུམ་བུ་སྦོམ་དང་མཚན་བར་རྡོ་ལ། །ནད་ནི་སེལ་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། སླེ་ཏྲེས་ལ་སོགས་པའི་སྨན་ཆ་རེ་རེས་ བསྐྱེད་དེ་སྦྱར་བའི་ལྡེ་གུ་ཟོས་ན་འབྲུམ་བུ་སྔོན་པོ་ལ་སོགས་པའི་ནད་སེལ་བར་བྱེད་དོ། །པི་པི་ལིང་དང་ཙི་ཏྲ་ཀ །བྱི་དང་ག་དང་དུག་མོ་ཉུང་། །ཆ་སྙོམས་ཕྱེད་ཀྱི་འབྲས་བུ་གསུམ། །ཀུན་དང་ཆ་མཉམ་གུ་གུལ་དང་། །སྦྲང་རྩིར་སྦྱར་བའི་ལྡེ་གུ་ཡིས། །ནད་ནི་ཐམས་ ཅད་འཇོམས་པར་བྱེད། །ཅེས་བྱ་བ་ལ། པི་པི་ལིང་ལ་སོགས་པ་སྲང་རེ་དང་། འབྲས་བུ་གསུམ་སྲང་དྲུག་དང་། གུ་གུལ་སྨན་དེ་དག་ཀུན་དང་ཆ་མཉམ་པར་བྱས་པ་དང་། སྦྲང་རྩིར་སྦྱར་བའི་ལྡེ་གུ་ཚད་དང་ལྡན་པར་ཟོས་ན་ཡང་མཚན་བར་རྡོལ་བའི་ནད་ཐམས་ ཅད་འཇོམས་པ་ཡིན་ནོ། །གུ་གུལ་སྲང་ལྔ་པི་པི་ལིང་། །འབྲས་བུ་གསུམ་ནི་སྲང་རེ་དང་། །ཤིང་ཚ་སུག་སྨེལ་ཞོ་གཉིས་གཉིས། །སྦྲང་རྩིར་སྦྱར་བའི་ལྡེ་གུ་ནི། །ཟོས་ན་མཚན་བར་རྡོལ་བ་དང་། །མཛེ་དང་སྐྲན་ནད་འཇོམས་པར་བྱེད། །ཅེས་བྱ་བ་ལ། གུ་གུལ་སྲང་ ལྔ་དང་། པི་པི་ལིང་འབྲས་བུ་གསུམ་སྨན་སྣ་རེ་ཞིང་སྲང་རེ། ཤིང་ཚ་དང་། སུག་སྨེལ་སྣ་རེ་ཞིང་ཞོ་གཉིས་གཉིས་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་ཟོས་ན་ཡང་མཚན་བར་རྡོལ་བ་ལ་སོགས་པའི་ནད་སེལ་བར་བྱེད་དོ། །དེ་ཉིད་དང་ནི་བཅའ་སྒའི་ཕྱེ། །ལེགས་པར་བསྲེས་ 202-1-230a པར་གྱུར་པ་དང་། །རྩ་བ་བཅུ་ཡི་ཁུ་བར་བསྲེས། །མཆོག་ཏུ་རླུང་གི་ནད་སེལ་བྱེད། །ཅེས་བྱ་བ་ལ། བཤད་མ་ཐག་པའི་སྨན་དེ་དག་ཉིད་བཅའ་སྒའི་ཕྱེ་མ་ལ་སོགས་པ་དང་བསྲེས་པས་ཀྱང་མཆོག་ཏུ་རླུང་ལས་གྱུར་པའི་མཚན་བར་རྡོལ་བ་སེལ་ བར་བྱེད་དོ། །སེང་ལྡེང་སྙིང་པོ་འབྲས་བུ་གསུམ་གྱི་ཕྱེ། །ཨ་ས་ན་བསྐོལ་ཁུ་བ་དང་བསྲེས་དང་། །ཆ་མཉམ་གུ་གུལ་སྦྲང་རྩི་ལྡེ་གུར་བྱས། །མཛེ་འབྲུམ་གཅིན་སྙི་མཚན་བར་རྡོལ་ནད་སེལ། །ཞེས་བྱ་བ་ལ། སེང་ལྡེང་གི་སྙིང་པོ་ལ་སོགས་པ་དང་། གུ་གུལ་ཆ་ མཉམ་པར་ཨ་ས་ན་བསྐོལ་བའི་ཁུ་བ་དང་བསྲེས་ཏེ་ཟོས་ན་མཛེ་ལ་སོགས་པའི་ནད་སེལ་ཏོ། །འདི་ནི་མཚན་བར་རྡོལ་གསོའི་བྱེ་བྲག་བཤད། །སྨན་གྱི་མཚན་ཉིད་ལྷག་མ་གང་ཡིན་པ། །རྨ་ཡི་དབང་བྱས་ཡོངས་སུ་བསྟན་པ་དང་། །གསོ་ཐབས་དགོས་པ་ལེགས་པར་ བརྟགས་ཏེ་སྦྱར། །ཞེས་བྱ་བ་ལ། སྔར་བཤད་པའི་མཚན་བར་རྡོལ་གྱི་གསོ་བ་བྱེ་བྲག་གམ་ཁྱད་པར་ཙམ་སྨྲས་པ་ཡིན་གྱི། སྤྱིའི་བཤད་པ་ནི་མ་ཡིན་ཏེ། སྔོན་གྱི་མཚན་ཉིད་དེ་ལ་ཕན་པ་ལྷག་མ་གང་ཡིན་པ་ནི་རྨའི་དབང་དུ་བྱས་པ་ཡོངས་སུ་བརྟགས་ཏེ་བསྟན་པ་དང་། དེ་དང་འཚམ་པའི་གསོ་ཐབས་གང་ཡིན་པ་དག་གིས་གསོ་བར་བྱའོ། །རྟ་ཞོན་སྟོབས་འགྱེད་ཤུགས་ནི་འགེགས་པ་དང་། །ཆང་འཐུངས་ཉལ་པོ་མ་ཞུ་མ་གོམས་དང་། །དྲག་ཤུལ་ལས་ནི་སྣ་ཚོགས་རྨ་འདྲུབས་ནས། །ལོ་གཅིག་བར་རམ་དེ་ལས་ལྷག་པ་སྤང་། །ཞེས་ བྱ་བ་ལ། མཚན་བར་རྡོལ་གྱི་རྨ་འཚོབས་སུ་ཟིན་ཀྱང་། རྟ་ཞོན་པ་ལ་སོགས་པ་ལོ་གཅིག་གམ། དེ་ལས་ལྷག་པའི་བར་དུ་ཡོངས་སུ་སྤང་བར་བྱའོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་ བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་ཉི་ཤུ་རྩ་བརྒྱད་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་རྨེན་བུ་དང་ཐོར་བུ་དང་རྐང་བམ་དང་འབྲས་ཀྱི་ཕྲེང་བའི་ནད་དམིགས་ཤེས་པ་བཤད་པར་བྱའོ། །ཞེས་བྱ་བ་ལ། རྨ་དང་འབྲུམ་བུའི་སྐབས་ཀྱི་གོ་ 202-1-230b རིམས་ཀྱིས་ན་ལེའུ་འདི་ཉིད་བརྩམས་པ་ཡིན་ནོ། །ནད་ནི་བད་ཀན་ཤས་ཆེ་བ། །ཁྲག་དང་ཤ་དང་ཚིལ་ལ་བརྟེན། །ཟླུམ་ཞིང་མཐོ་བར་སྐྲངས་པ་དེ། །མདུད་པ་འདྲ་བས་རྨེན་བུར་བཤད། །ཅེས་བྱ་བ་ལ། རླུང་ལ་སོགས་པའི་ནད་བད་ཀན་གྱི་ཤས་ཆེ་བ་གང་ཡིན་པ་ ཤ་དང་ཁྲག་ལ་བརྟེན་ཅིང་གནས་པ་དེ་ལས་སྐྲངས་པ་གང་ཟླུམ་ཞིང་མཐོ་བར་གྱུར་པ་དེ་རྣག་འཛག་པའི་རྗེས་ལ་མདུད་པ་འདྲ་བའི་རྨེན་བུས་ཁྱབ་པར་འགྱུར་བས་དེ་ལ་མིང་རྨེན་བུ་ཞེས་བྱའོ། །དེ་ནི་ནད་གཞི་ཁྲག་ཤ་ཚིལ། །རུས་རྩ་རྨ་ལས་གྱུར་པ་དགུ། །ཞེས་བྱ་བ་ལ། རྨེན་ བུ་དེ་ནི་ནད་གཞི་སོ་སོ་ལས་གྱུར་པ་གསུམ་དང་། ཁྲག་ལས་གྱུར་པ་དང་། ཤ་དང་ཚིལ་དང་རུས་པ་དང་རྩ་དང་། རྨ་ལས་གྱུར་པ་དང་དགུའོ། །དེ་ལ་རླུང་གྱུར་རྒྱ་ཆེ་ཞིང་། །ཟུག་ཅིང་བྱེ་བ་སྙམ་སེམས་ན། །གནས་ནས་གནས་གཞན་དག་ཏུ་འཕོ། །རྒྱུ་མེད་པར་ ནི་འཕེལ་ཞིང་འབྲི། །འཇམ་ཞིང་ལྒང་པ་ལྟ་བུར་རྒྱས། །བརྟོལ་ན་ཁྲག་ནི་སླ་བར་འཛག །ཅེས་བྱ་བ་ལ། དེ་ལ་རྨེན་བུ་དེ་དག་གི་ནང་ནས་རླུང་ལས་གྱུར་པའི་རྨེན་བུ་ནི་རྒྱ་ཆེ་ཞིང་ལྷུན་མཐུག་པ་དང་། ཟུག་པ་ལ་སོགས་པ་ནས། ཁྲག་སླ་བ་འཛག་པའི་བར་དུ་ཡིན་ནོ། ། མཁྲིས་གྱུར་ཚ་ཞིང་མདོག་སེར་ལ། །དམར་ཞིང་མྱུར་དུ་སྨིན་པ་ཡིན། །བརྟོལ་ན་ཁྲག་ནི་དྲོན་མོ་འཛག །ཅེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་རྨེན་བུ་ནི་ཚ་བ་དང་བཅས་པ་དང་ཁ་དོག་སེར་པོ་ཡིན་ལ། དེ་བཞིན་དམར་བ་ལ་སོགས་པ་ཡིན་ནོ། །བད་ཀན་ ལས་གྱུར་ནད་མེད་སྲ། །རེག་ན་གྲང་ཞིང་དཀར་ལ་གཡའ། །སྨིན་ན་རྣག་ནི་སྐ་བ་འཛག །ཅེས་བྱ་བ་ལ། བད་ཀན་ལས་གྱུར་པའི་རྨེན་བུ་ནི་ནད་ཚབས་ཆུང་ཞིང་རེག་ན་གྲང་བ་ལ་སོགས་པ་ཡིན་ནོ། །ནད་འཁྲུགས་ཁྲག་ལས་གྱུར་རྨེན་བུ། །སྲིན་བུ་དང་ནི་བཅས་པར་འགྱུར། ། ཤ་དང་རྩ་ལ་གནས་པ་ཡི། །རྨེན་བུ་ཚོར་བ་ཆུང་བ་དང་། །མཁྲིས་པའི་མཚན་ཉིད་འདྲ་བ་ཡིན། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་འཁྲུགས་པའི་ཁྲག་ལས་རྨེན་བུར་གྱུར་པ་ནི་ཁྲག་དེ་སྲིན་བུ་སྐྱེ་བ་ལ་ཕྱོགས་པར་འགྱུར་བ་དང་བཅས་པ་དང་། ཤ་དང་རྩ་ལ་གནས་ 202-1-231a པ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །ཤ་ཆེའི་གནོད་གྱུར་ཤ་ལས་ནི། །ཤ་སྐྱེད་ཟས་ལ་རྨེན་བུ་འབྱུང་། །སྣུམ་ཞིང་ཆེ་ལ་སྲ་བ་དང་། །རྩ་ཡིས་ཁྱབ་ཅིང་བད་ཀན་འདྲ། །ཞེས་བྱ་བ་ལ། ཤ་སྐྱེད་པར་བྱེད་པའི་ཁ་ཟས་ཀྱིས་ཤ་ལ་ གནོད་པར་གྱུར་པ་ལས་བྱུང་བའི་རྨེན་བུ་ནི་སྣུམ་པ་ནས་བད་ཀན་དང་མཚན་ཉིད་འདྲ་བའི་བར་ཡིན་ནོ། །ཚིལ་སྐྱེད་པ་ཡིས་ཚིལ་འཕེལ་བ། །ཤ་འམ་པགས་པར་ཕྱིན་གྱུར་པ། །རླུང་གི་རྨེན་བུ་ཤིན་ཏུ་སྣུམ། །འཇམ་དང་བརྟན་པར་བྱེད་པ་ཡིན། །བད་ཀན་དང་ནི་ མཚན་ཉིད་མཚུངས། །ལུས་འཕེལ་འབྲི་བ་མཚུངས་པ་ཡིན། །དེ་བརྟོལ་ཚིལ་མཐུག་དམར་བ་དང་། །དཀར་དང་གནག་པ་འཛག་པར་འགྱུར། །ཞེས་བྱ་བ་ལ། ཚིལ་སྐྱེད་པར་བྱེད་པའི་ཁ་ཟས་ཀྱིས་ཚིལ་འཕེལ་བར་འགྱུར་བ་ཤའམ་པགས་པར་ཕྱིན་པར་གྱུར་པ་ལས་རླུང་གི་རྨེན་བུ་ ཤིན་ཏུ་སྣུམ་པ་ལ་སོགས་པའི་མཚན་ཉིད་ཅན་ལུས་འཕེལ་ཞིང་ཚོན་ནི་འཕེལ་བར་འགྱུར་ལ། སྦེག་ན་འགྲིབ་པར་འགྱུར་བར་འབྱུང་ལ། དེ་བརྟོལ་ན་ཚིལ་མཐུག་ཅིང་མདོག་དམར་བ་ལ་སོགས་པ་འཛག་པར་འགྱུར་རོ། །རུས་པ་ཆག་དང་སྣད་པ་ལས། །མཐོ་དང་དམའ་ བར་གྱུར་པ་དེ། །རུས་པའི་རྨེན་བུ་ཞེས་བྱའོ། །ཞེས་བྱ་བ་ལ། རུས་པ་ཆག་གྲུགས་སུ་གྱུར་པ་ལས་རུས་པ་གང་མཐོ་བའམ་དམའ་བར་གྱུར་པ་དེ་ནི་རུས་པའི་རྨེན་བུ་ཞེས་བྱའོ། །རྐང་གིས་སོང་བའམ་དྲག་ཤུལ་གྱིས། །དུབ་པར་གྱུར་ནས་ཆུ་བརྒལ་བས། །རླུང་གིས་ རྩ་གྲང་ཁྲག་བཅས་པ། །རླུང་གིས་བཙིར་ཏེ་འཁྲུགས་ནས་ནི། །ཡོན་པོར་བྱས་ཏེ་སྐམས་པ་དང་། །མི་འཕར་ནད་བྱུང་རྨེན་བུ་ཆགས། །དེ་ནི་རྩ་ཡི་རྨེན་བུར་བཤད། །ཅེས་བྱ་བ་ལ། རྐང་གིས་ལམ་དུ་ཞུགས་པ་ལས་འཕྲལ་དུ་ཆུ་བརྒལ་བར་གྱུར་པ་དང་། ཡང་ན་དེ་ བཞིན་དུ་དྲག་ཤུལ་གྱིས་དུབ་པར་གྱུར་པ་ལས་མོད་ལ་ཆུ་བརྒལ་བར་གྱུར་པས། རླུང་འཁྲུགས་པར་གྱུར་ཏེ། རླུང་དེས་རྩ་ལ་གནོད་པར་བྱས་ཤིང་བཙིར་ཏེ་འཁུམས་པར་བྱས་ཤིང་སྐམས་པ་ལས་མི་འཕར་བར་ནད་བྱུང་བའི་རྨེན་བུ་ཆགས་པར་འགྱུར་ཏེ་དེ་ནི་མིང་རྩའི་རྨེན་བུ་ 202-1-231b ཞེས་བྱའོ། །རྨ་ནི་མ་འདྲུབས་འདྲུབས་མ་ཐག །རོ་ནི་ཐམས་ཅད་ཟོས་གྱུར་པའམ། །རློན་པ་དཀྲིས་པ་མེད་པའམ། །ཡང་ན་ལུས་ནི་སྣད་གྱུར་པས། །རླུང་ནི་ནད་ཁྲག་མ་ཕྱུང་བ། །མ་སྦྱངས་རྨ་ནི་བསྲུབས་པ་ལས། །ཚ་ཞིང་གཡའ་དང་བཅས་གྱུར་པ། ། རྨ་ཡི་རྨེན་བུར་དེ་བཤད་དོ། །ཞེས་བྱ་བ་ལ། རྨ་ཤ་མ་འདྲུབས་པའམ། འདྲུབས་མ་ཐག་རོ་ཐམས་ཅད་དང་ཟས་འཆོལ་བར་ཟོས་པའམ། ཡང་ན་རྨ་རློན་པ་དཀྲིས་མ་མེད་པར་གཞག་པའམ། ཡང་ན་ལུས་སྣད་པར་གྱུར་པས་རླུང་འཁྲུགས་པར་གྱུར་ནས་ནད་ཁྲག་མ་ ཕྱུང་བའམ་མ་སྦྱངས་པར་གྱུར་པ་ལས་རྨ་བསྲུབས་ཤིང་འཚོབས་པ་ལས་ནི་ཚ་ཞིང་གཡའ་བ་དང་བཅས་པའི་རྨེན་བུར་འགྱུར་ཏེ། དེ་ནི་རྨའི་རྨེན་བུ་ཞེས་དྲང་སྲོང་དག་གིས་བཤད་དོ། །གསོར་རུང་ནད་གཞི་ཁྲག་ཚིལ་གྱུར། །ཞེས་བྱ་བ་ལ། རྨེན་བུ་དེ་དག་ལས་ གསོར་རུང་བ་ནི་རླུང་དང་མཁྲིས་པ་དང་བད་ཀན་དང་ཁྲག་དང་ཚིལ་ལས་གྱུར་པ་སྟེ། ལྔ་པོ་ཡིན་ནོ། །སྲ་ཞིང་འགྱུར་དང་སྦོམ་པ་དང་། །གནད་དང་མགུལ་པ་ལྟོར་གནས་ཡིན། །ཞེས་བྱ་བ་ལ། རྨེན་བུ་གང་སྲ་བར་འགྱུར་ཞིང་གཡའ་བ་དང་། སྦོམ་པ་ལ་སོགས་པ་ ནི་གསོར་མི་རུང་བ་ཡིན་ནོ། །མདུད་པ་ཆེར་ཆགས་ཐོར་བུ་སྟེ། །རྨེན་བུ་དེ་ཡི་མཚན་ཉིད་ཅན། །ནད་གཞི་ལ་སོགས་གྱུར་དྲུག་ཡིན། །ཕལ་ཆེར་བད་ཀན་ཚིལ་རྒྱས་ཡིན། །བརྟན་པས་སྨིན་པར་མི་འགྱུར་རོ། །ཞེས་བྱ་བ་ལ། སྔར་བཤད་པའི་རྨེན་བུ་ལས་ ཆེན་པོར་གྱུར་པ་གང་ཡིན་པ་དེ་ནི་ཐོར་བུ་ཞེས་བྱ་སྟེ། དེ་ཡང་རྨེན་བུའི་མཚན་ཉིད་དང་ལྡན་པ་ཡིན་ལ། དེ་ཡང་ནད་གཞི་ཐ་དད་པ་དང་། ཚིལ་ལས་གྱུར་པའི་བར་རྣམ་པ་དྲུག་ཡོད་ལ། དེ་ཡང་ཕལ་ཆེར་བད་ཀན་དང་ཚིལ་རྒྱས་པ་ཡིན་པའི་ཕྱིར་དང་། བརྟན་ཞིང་སྲ་ བས་སྨིན་པར་མི་འགྱུར་རོ། །རྩ་ལ་གནས་པའི་ཁྲག་ནད་ཀྱིས། །འཁུམས་པའི་རྗེས་ལ་གནོད་འགྱུར་ཞིང་། །སྨིན་པ་དེ་ཚེ་རྒྱས་པར་འགྱུར། །ཤ་ཡི་གོང་པོ་བཅས་པར་འགྱུར། །ཤ་ཡི་མྱུ་གུས་ཁྱབ་གྱུར་ཞིང་། །སྐྱེས་པ་དེ་ལས་ནད་ཁྲག་ནི། །རྒྱུན་མི་ཆད་ 202-1-232a པར་མང་དུ་འཛག །དེ་ནི་ཁྲག་གི་ཐོར་བུ་ཡིན། །ཞེས་བྱ་བ་ལ། རྩ་ལ་གནས་པའི་ཁྲག་ནི་ནད་ཁྲག་རླུང་ལ་སོགས་པའི་ནད་ཀྱིས་འཁུམས་པར་གྱུར་པ་ན་ཁྲག་དེ་རྒྱས་པར་འགྱུར་ལ། ཤའི་གོང་པོ་རིལ་པོ་དང་བཅས་པར་འགྱུར་བ་དང་། ཤའི་མྱུ་ གུས་ཁྱབ་ཅིང་དེ་འཕེལ་བར་གྱུར་པ་ལས་ཁྲག་གི་རྒྱུན་མང་པོ་རྒྱུན་དུ་འཛག་པ་ཡིན་ཏེ། དེ་ནི་ཁྲག་གི་ཐོར་བུ་ཞེས་བྱའོ། །དེ་ལས་ཤ་ཁྲག་ལས་གྱུར་སྤང་། །བཞི་པོ་གཞན་དག་གསོ་བར་བྱ། །ཞེས་བྱ་བ་ལ། ཐོར་བུ་དེ་དག་གི་ནང་ནས་ཁྲག་དང་ཤ་ལས་གྱུར་པའི་ཐོར་བུ་ གཉིས་པོ་ནི་སྤང་བར་བྱ་ལ། རླུང་ལས་གྱུར་པ་ལ་སོགས་པ་བཞི་པོ་ནི་གསོ་བར་བྱའོ། །དང་པོར་ཆུ་སོར་གནས་པའམ། །རོ་སྨད་ལ་བརྟེན་བད་ཀན་རྒྱས། །ཤ་ཁྲག་ནད་ཀྱིས་རྐང་པར་ནི། །དུས་སུ་སྐྲང་པར་བྱེད་འགྱུར་ཞིང་། །རིམ་གྱིས་སྟུག་པོ་ཉིད་དུ་འགྱུར། །དེ་ནི་ རྐང་བམ་ཞེས་བྱའོ། །ཞེས་བྱ་བ་ལ། བད་ཀན་གྱི་ཤས་ཆེ་བའི་ནད་དང་པོར་ཆུ་སོ་འམ་རོ་སྨད་གང་ཡང་རུང་བ་ལ་གནས་ནས་ཤ་དང་ཁྲག་ལ་བརྟེན་ཏེ། དེ་ལྟ་བུའི་ནད་དེ་རིམ་གྱིས་སྐྲང་ཞིང་རྐང་པའི་བར་དུ་འབྱེར་བའམ། རྐང་པ་འབའ་ཞིག་སྐྲང་པར་བྱེད་པ་དེ་ནི་རྐང་བམ་ཞེས་ བྱའོ། །རླུང་གྱུར་གས་ཤིང་གནག་པ་དང་། །རྒྱུ་མེད་ན་ཞིང་རྩུབ་ཅིང་ན། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་རྐང་བམ་ནི་རྐང་པ་གས་པར་བྱེད་པ་དང་། མདོག་གནག་པ་ལ་སོགས་པ་ཡིན་ནོ། །མཁྲིས་པ་ལས་གྱུར་སེར་བ་དང་། །ཚ་དང་རིམས་ཀྱིས་འདེབས་པ་ ཡིན། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་རྐང་བམ་ནི་ཚ་བ་མདོག་སེར་བ་ལ་སོགས་པ་ཡིན་ནོ། །བད་ཀན་སྣུམ་ལྕི་ནད་ཚབས་ཆུང་། །ཤ་ཡི་མཛེར་པ་ཆེན་པོས་ཁྱབ། །ཅེས་བྱ་བ་ལ། བད་ཀན་ལས་གྱུར་པའི་རྐང་བམ་ནི་སྣུམ་པ་དང་ལྕི་བ་ལ་སོགས་པ་ཡིན་ནོ། ། དེ་ནི་མང་དུ་འཛག་པ་དང་། །ལོ་གཅིག་འདས་པ་སྤང་བར་བྱ། །ཞེས་བྱ་བ་ལ། རྐང་བམ་གྱི་ནད་དེ་ནི་ཆུ་སེར་མང་དུ་འཛག་པ་དང་། ལོ་གཅིག་ལོན་པའི་རྙིང་པ་སྤང་བར་བྱའོ། །ཁ་ཅིག་ལག་པ་སྣ་དང་མཆུ། །རྣ་བ་རྐང་པ་ལྟར་འབྱུང་གཟེར། །རྐང་བམ་སྐྱེས་ 202-1-232b པར་གྱུར་པ་དེ། །རླན་ཅན་གནས་སུ་མི་བཟད་སྐྱེ། །ཞེས་བྱ་བ་ལ། དྲང་སྲོང་ལ་ལ་ནི་ལག་པ་གཉིས་དང་སྣ་དང་མཆུ་དང་རྣ་བ་དང་རྐང་པ་དང་འདྲ་བར་རྐང་བམ་འབྱུང་བར་འགྱུར་རོ་ཞེས་ཟེར་ལ། རྐང་བམ་གྱི་ནད་དེ་ནི་རླན་ཅན་གྱི་གནས་སུ་ཡང་དང་ཡང་དུ་ཤས་ཆེར་སྐྱེ་བར་འགྱུར་ རོ། །ནད་ནི་ཚིལ་མགྲིན་མཇིང་པ་མིག །མཆན་ཁུང་ཆུ་སོར་གནས་པ་དག །མདོག་འདྲ་སྲ་ཞིང་སྣུམ་པ་དང་། །བར་ཏ་སྐྱུ་རུ་ར་འདྲ་དང་། །གཏིང་ཟུག་འབྲས་ནི་ཆེར་འབྱུང་བ། །རིང་ཞིག་ལོན་ན་སྨིན་པར་བྱེད། །ཅེས་བྱ་བ་ལ། རླུང་ལ་སོགས་པའི་ནད་ཚིལ་ལ་ གནས་ཤིང་མགྲིན་པ་དང་མཇིང་པ་ལ་སོགས་པར་བརྟེན་པ་དག་ནི་མདོག་འདྲ་ཞིང་སྲ་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་བར་ཏ་ཀའམ། སྐྱུ་རུ་ར་འདྲ་བ་གཏིང་ཟུག་ཅིང་ནང་དུ་ཆུད་པའི་འབྲས་ཆེན་པོ་འབྱུང་ཞིང་དུས་ཡུན་རིང་ཞིག་ལོན་ན་སྨིན་པར་བྱེད་པ་ཡིན་ནོ། །དེ་ལས་ཁ་ ཅིག་ནད་མེད་སྨིན། །ཁ་ཅིག་འཛག་དང་གཡའ་བ་ཡིན། །ཁ་ཅིག་སྐམ་ཞིང་ཁ་ཅིག་སྐྱེ། །ཡུན་རིང་དུ་ནི་གནས་པར་བྱེད། །དཱུར་བ་བཞིན་དུ་འབྲི་ཞིང་འཕེལ། །འབྲུམ་ཆེན་འབྲས་ཕྲེང་ཞེས་བྱའོ། །ཞེས་བྱ་བ་ལ། འབྲས་ཀྱི་ནད་དེ་ཁ་ཅིག་ནི་ནད་ཆེན་པོ་མེད་པར་སྨིན་ པར་གྱུར་ལ། ཁ་ཅིག་ནི་གཡའ་བར་བྱེད་པ་ཡིན་ལ། ཁ་ཅིག་ནི་སྐམ་ཞིང་འཛག །ཁ་ཅིག་ནི་སྐྱེ་ཞིང་འབྱུང་བར་བྱེད་དེ། དེ་དག་ཀྱང་ཡུན་རིང་དུ་གནས་པར་བྱེད་པ་དང་། རྩ་དཱུར་བ་དང་འདྲ་བར་འཕེལ་ཞིང་རྒྱས་པར་བྱེད་དེ། ཇི་ལྟར་དཱུར་བ་ནི་འབྲི་བར་གྱུར་ནས་སླར་འཕེལ་ བར་འགྱུར་ཏེ། འབྲས་ཀྱི་ཕྲེང་བ་ཡང་དེ་དང་འདྲའོ། །དེ་ཡང་འབྲུམ་ཆེན་དང་འབྲས་ཀྱི་ཕྲེང་བ་ཞེས་བྱ་བ་སྟེ། མིང་གཉིས་ཐོབ་པར་འགྱུར་བ་ཡིན་ནོ། །དེ་ནི་རིམས་བཅས་སྐྱུགས་པ་དང་། །ཆམ་ལུད་རྩིབ་ལོགས་ཟུག་པ་སྤང་། །ཞེས་བྱ་བ་ལ། འབྲས་ཀྱི་ཕྲེང་བ་དེ་རིམས་ ལ་སོགས་པའི་བླ་བརྣན་དང་བཅས་པ་སྤང་བར་བྱའོ། །རྨ་ལ་མི་འཕྲོད་བསྟེན་པ་ཡིས། །སྐྲང་དང་སྨིན་པ་ཁྱད་པར་མེད། །ཤ་སོགས་ནང་དུ་རྣག་ཞུགས་འགྱུར། །རིང་དུ་འགྲོ་བར་བྱེད་པ་ཡིན། །དེ་ནི་རིང་དུ་འགྲོ་བས་འགྲོ། །སྦུབས་ལྟར་འཛག་པ་སྦུ་གུ་ཡིན། །ཞེས་བྱ་བ་ལ། 202-1-233a སྨིན་པ་དང་མ་སྨིན་པ་ཁྱད་པར་རྨ་ལ་མི་འཕྲོད་པ་བསྟེན་པར་གྱུར་པས་ཤ་ལ་སོགས་པའི་ནང་དུ་རྣག་ཞུགས་པར་གྱུར་ཅིང་རིང་དུ་ཕུག་ཅིང་འགྲོ་བར་བྱེད་པ་ཡིན་ལ། དེའི་རིང་དུ་འགྲོ་བས་ན་མིང་འགྲོ་བ་ཞེས་བྱ་ལ། དེ་བཞིན་དུ་སྦུ་གུ་ལྟར་འཛག་པས་ན་སྦུ་གུ་ ཞེས་བྱའོ། །དྲང་པོ་སྦུ་གུ་གཅིག་ཡིན་ཏེ། །དེ་ཉིད་སྣ་ཚོགས་འགྲོ་བས་འགྲོ། །ཞེས་བྱ་བ་ལ། སློབ་དཔོན་གཞན་དག་གི་གཞུང་གིས་ནི་དྲང་པོར་འདུག་པ་ལ་ནི་སྦུ་གུ་གཅིག་པ་ཞེས་བྱ་བ་ལ་དེ་ཉིད་སྣ་ཚོགས་སུ་འགྲོ་ཞེས་བྱའོ། །དེ་ནི་ནད་གཞི་རེ་རེ་འདུས། །ཟུག་རྔུའི་རྒྱུས་ འབྱུང་ལྔར་འགྱུར་རོ། །ཞེས་བྱ་བ་ལ། སྦུ་གུ་འདྲ་བ་དེ་ནི་ནད་གཞི་རེ་རེ་ལས་གྱུར་པ་དང་། འདུས་པ་ལས་གྱུར་པ་དང་། ཟུག་རྔུས་ཟུག་པར་གྱུར་པ་སྟེ། རྣམ་པ་ལྔར་འགྱུར་རོ། །རླུང་གྱུར་ནད་བཅས་རྨ་སྒོ་སྲ། །མདོག་མི་སྡུག་ཅིང་ལྦུ་བ་འཛག །ནུབ་མོ་ལྷག་པར་འཛག་ པ་ཡིན། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་སྦུ་གུ་ནི་ནད་དང་བཅས་པ་ལ་སོགས་པ་ཡིན་ནོ། །མཁྲིས་གྱུར་སྐོམ་ཚ་རིམས་ཀྱིས་འདེབས། །སེར་དྲོ་རྣག་ནི་དྲི་མནམ་འཛག །ཉིན་པར་ལྷག་པར་འཛག་པ་ཡིན། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པ་ནི་སྐོམ་དད་ཆེ་བ་ དང་། ཚ་བ་ལ་སོགས་པ་དང་ལྡན་པ་ཡིན་ནོ། །བད་ཀན་སྐ་ཞིང་སྤྱི་བག་འཛག །གཡའ་ཞིང་སྲ་བར་གྱུར་པ་དང་། །མཚན་མོ་ལྷག་པར་འཛག་པ་ཡིན། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པ་ནི་སྐ་ཞིང་སྤྱི་བག་འཛག་པ་ལ་སོགས་པའི་མཚན་ཉིད་ཅན་ཡིན་ནོ། །འདུས་ གྱུར་མཚན་མ་ཀུན་ལྡན་སྤང་། །ཞེས་བྱ་བ་ལ། འདུས་པ་ལས་གྱུར་པ་ནི་ནད་གཞི་སུམ་ཆར་གྱི་མཚན་ཉིད་དང་ལྡན་པ་ཡིན་ཏེ། དེ་ནི་གསོར་མི་རུང་བས་སྤང་བར་བྱ་བ་ཡིན་ནོ། །ནང་ན་གནས་པའི་ཟུག་རྔུ་མ་ཕྱུང་ཞིང་། །སྦུ་གུ་སྐྱེད་པར་བྱེད་པ་གང་ཡིན་དེ། །ལྦུ་བ་ ཅན་ལ་སླ་ཞིང་དྲོ་བ་དང་། །ཁྲག་བཅས་རྣག་ནི་ནད་བཅས་རྟག་ཏུ་འབྱུང་། །ཞེས་བྱ་བ་ལ། རྨའི་ནང་ན་གནས་པའི་ཟུག་རྔུ་མ་ཕྱུང་ན་རྨའི་སྦུ་གུ་སྐྱེད་པར་བྱེད་དེ། སྦུ་གུ་དེ་ནི་ནད་པ་དེ་ལ་ལྦུ་བ་ཅན་གྱི་རྣག་སླ་ཞིང་དྲོ་བ་དང་ཁྲག་དང་བཅས་པ་དང་། ནད་སྐྱེད་པར་བྱེད་པ་རྟག་ཏུ་འབྱུང་ 202-1-233b བ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་ཉི་ཤུ་རྩ་དགུ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་རྨེན་བུ་ལ་སོགས་པའི་ ནད་གསོ་བ་བཤད་པར་བྱའོ། །རྨེན་བུ་མ་སྨིན་པ་ལ་ནི། །རང་རང་སྐྲངས་པའི་ནད་ལྟར་གསོ། །ཞེས་བྱ་བ་ལ། རྨེན་བུ་མ་སྨིན་ཞིང་རྣགས་པར་མ་གྱུར་པ་ལ་ནི་སྐྲངས་པའི་ནད་ཇི་ལྟར་གསོ་བ་དེ་བཞིན་དུ་གསོ་བར་བྱའོ། །ཀཎྜ་ཀ་རི་བྲི་ཧ་ཏི། །ཙི་ཏྲ་ཀ་དང་པི་པི་ལིང་། ། བསྐོལ་བའི་མར་གྱིས་ལུས་སྦྱང་བར། །འདོད་པ་དག་གིས་སྣུམ་ཆོས་བྱ། །སྦྱང་བྱས་སྨན་རྣོན་ལྡེ་གུས་བསྐུ། །ཞེས་བྱ་བ་ལ། རྨེན་བུའི་ནད་སྦྱོང་བར་བྱེད་པར་འདོད་པས་ནི། ཀཎྜ་ཀ་རི་ལ་སོགས་པའི་སྨན་མར་གྱིས་སྣུམ་ཆོས་བྱས་ལ། བཀྲུ་སྨན་དང་སྐྱུག་སྨན་གྱིས་ སྦྱང་བར་བྱས་ཏེ། དེའི་འོག་ཏུ་སྨན་རྣོན་པོའི་ལྡེ་གུས་བསྐུ་བར་བྱའོ། །རྨེན་བུ་ལན་མང་དུགས་བྱས་ཏེ། །ཡང་དང་ཡང་དུ་མཉེ་བར་བྱ། །ཞེས་བྱ་བ་ལ། ཡང་རྨེན་བུ་ལ་དུགས་མང་དུ་བྱས་ཏེ་སོར་མོ་ལ་སོགས་པས་ཡང་དང་ཡང་དུ་མཉེ་བར་བྱའོ། །འདི་ནི་མཆོག་ཏུ་རླུང་ ལ་བྱ། །ཞེས་བྱ་བ་ལ། བཤད་མ་ཐག་པའི་ཆོ་ག་འདི་དག་ནི་མཆོག་ཏུ་ཡང་རླུང་ལས་གྱུར་པ་ལ་བྱའོ། །ཁྲག་དང་མཁྲིས་པ་ལས་གྱུར་པའང་། །གཏར་ག་བསིལ་བའི་སྦྱོར་ཀུན་བྱ། །ཞེས་བྱ་བ་ལ། ཁྲག་ལས་གྱུར་པ་དང་མཁྲིས་པ་ལས་གྱུར་པའི་རྨེན་བུ་ལ་ནི་གཏར་ གའི་སྦྱོར་བ་དང་། བསིལ་སྨན་གྱིས་བསྐུ་བ་དང་། སྨན་ཆུ་བླུགས་པ་ལ་སོགས་པའི་སྦྱོར་བ་བྱའོ། །བད་ཀན་ལས་གྱུར་རླུང་ལྟར་གསོ། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་རྨེན་བུ་ལ་ནི་རླུང་ལས་གྱུར་པའི་གསོ་བ་ཇི་སྐད་སྨོས་པ་བྱའོ། །འོན་ཀྱང་སྨིན་ན་དེ་བཅད་ དེ། །ཁྲག་ཡོད་པ་ནི་མེས་བསྲེག་བྱ། །ཞེས་བྱ་བ་ལ། དེ་ལྟར་གསོ་བ་བྱས་སུ་ཟིན་ཀྱང་། སྨིན་པར་གྱུར་ན་རྨེན་བུ་གཅད་ཅིང་གཤགས་ལ་ཁྲག་ཡོད་པའི་རྗེས་སུ་མེས་བསྲེག་པར་བྱའོ། །མ་ལུས་པར་བཅད་ལུས་གྱུར་ན། །སླར་ཡང་འཕེལ་བར་བྱེད་པར་འགྱུར། ། 202-1-234a ཞེས་བྱ་བ་ལ། དེ་བཅད་པ་ན་མ་ལུས་པར་གཅད་པར་བྱ་སྟེ། ལུས་ན་སླར་འཕེལ་བའི་སྐྱོན་ཡོད་པའི་ཕྱིར་རོ། །ཤ་ཡི་རྨ་ལས་གྱུར་རྨེན་བུ། །དེ་བཞིན་འཚོ་བ་ཙམ་དུ་བྱ། །ཞེས་བྱ་བ་ལ། ཤའི་རྨེན་བུ་ནི་གོང་དུ་བཤད་པ་བཞིན་དུ་གསོས་ ལ་རེ་ཞིག་འཚོ་བ་ཙམ་དུ་བྱའོ། །ཚིལ་ལས་གྱུར་པའང་འདི་ཉིད་དང་། །ཏིལ་དང་འོ་མའི་ལྡེ་གུས་བསྐུ། །རས་ནི་ཉིས་རིམ་དག་གིས་དཀྲི། །ཏོག་ལྕགས་ལ་སོགས་བསྲེགས་པས་བསྲོ། །ཞེས་བྱ་བ་ལ། ཚིལ་ལས་གྱུར་པའི་རྨེན་བུ་ལ་ནི་ཚིལ་ལས་གྱུར་པའི་ གསོ་བ་འདི་ཉིད་དང་། ཏིལ་དང་འོ་མའི་ལྡེ་གུས་བསྐུས་ལ་རས་ཉིས་རིམ་གྱིས་དཀྲིས་ཏེ་ཏོག་ལྕགས་ལ་སོགས་པ་བསྲེགས་པས་བསྲོ་བར་བྱའོ། །ཡང་ན་མཚོན་གྱིས་དབྲལ་ནས་ནི། །ཚིལ་ཕྱུང་ནས་ནི་ལེགས་པར་བསྲེག །ཅེས་བྱ་བ་ལ། ཡང་ན་ཚིལ་ལས་གྱུར་ པའི་རྨེན་བུ་གཙགས་བུས་དབྲལ་ལ། ཚིལ་ཕྱུང་སྟེ་བསྲེག་པར་བྱའོ། །རྩ་ཡི་ཐོར་བུ་སར་པ་ལ། །ས་ཧ་ར་ཛའི་ཏིལ་མར་བླུད། །རླུང་འཇོམས་སྨན་གྱིས་དཀྲི་དུགས་བྱ། །འཇམ་རྩི་དང་ནི་གཏར་ག་བྱ། །ཞེས་བྱ་བ་ལ། རྩའི་ཐོར་བུ་ལ་ནི་ས་ཧ་ར་ཛ་དང་ བསྐོལ་བའི་ཏིལ་མར་བླུད་པར་བྱའོ། །ཡང་ན་དེ་ལ་རླུང་སེལ་བའི་སྨན་གྱིས་དཀྲི་བའི་དུགས་ལ་སོགས་པ་བྱའོ། །ཐོར་བུ་རྨེན་བུ་ལྟ་བུར་ནི། །རང་གི་ཇི་བཞིན་བྱས་རབ་ཕན། །ཞེས་བྱ་བ་ལ། ཐོར་བུའི་ནད་ལ་ནི་རྨེན་བུ་རླུང་ལས་གྱུར་པ་ལ་སོགས་པ་ཇི་ལྟར་གསོ་ བ་བཞིན་དུ་ཐོར་བུ་ཡང་དེ་ལྟར་གསོ་བར་བྱའོ། །རྐང་བམ་རླུང་གྱུར་འཕེལ་བ་ལ། །སྣུམ་ཞིང་དུགས་བཅས་དཀྲི་བ་དང་། །ལོང་མོའི་སོར་གཉིས་གོང་དུ་ནི། །གཏར་ག་གདབ་པར་བྱ་བ་དང་། །ཨེ་རཎྜའི་མར་འོ་མ་དང་། །བ་གཅིན་སྦྱར་བ་ཟླ་གཅིག་བླུད། །ཅེས་བྱ་བ་ལ། རླུང་ལས་གྱུར་པའི་རྐང་བམ་ལ་ནི་སྣུམ་ཆོས་ལ་སོགས་པ་བྱས་ཏེ། ལོང་མོའི་གོང་དུ་སོར་གཉིས་གཞལ་བར་གཏར་ག་གདབ་པར་བྱ་ཞིང་། ཨེ་རཎྜའི་མར་ལ་སོགས་པ་སྦྱར་ལ་ཟླ་བ་གཅིག་གི་བར་དུ་བླུད་པར་བྱའོ། །ཞུ་ནས་འབྲུ་རྙིང་བཅའ་སྒ་དང་། །འོ་མ་དང་སྦྱར་ཁ་ཟས་ 202-1-234b སྦྱིན། །ཞེས་བྱ་བ་ལ། ཨེ་རཎྜའི་མར་དེ་ཞུ་ནས་འབྲས་རྙིང་པའི་ཆན་དང་བཅའ་སྒ་དང་འོ་མ་དང་སྦྱར་བ་སྦྱིན་པར་བྱའོ། །དེ་བཞིན་དུར་བྱིད་འོ་མ་བླུད། །ཅེས་བྱ་བ་ལ། ཡང་ན་རླུང་ལས་གྱུར་པའི་རྐང་བམ་ལ་ནི་དུར་བྱིད་དང་འོ་མ་བསྐོལ་བ་བླུད་པར་བྱའོ། །དེས་མ་ཞི་ན་མེས་ བསྲེག་བྱ། །ཞེས་བྱ་བ་ལ། དེ་ལྟར་བྱས་སུ་ཟིན་ཀྱང་སོས་པར་མ་གྱུར་ན་རྐང་བམ་དེ་མེས་བསྲེག་པར་བྱའོ། །མཁྲིས་གྱུར་ལོང་མོའི་འོག་ཏུ་ནི། །ཁྲག་དབྱུང་མཁྲིས་པ་སེལ་ཀུན་སྦྱར། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་རྐང་བ་མ་ལ་ནི་ལོང་མོའི་འོག་ཏུ་གཏར་ག་ བྱ་བ་དང་། དེ་བཞིན་དུ་མཁྲིས་པ་སེལ་བའི་ཟས་དང་སྨན་ལ་སོགས་པ་ཐམས་ཅད་སྦྱར་བར་བྱའོ། །བད་ཀན་ལས་གྱུར་མཐེ་བོ་ལས། །ཁྲག་གཏར་ནས་ཀྱི་ཁ་ཟས་ནི། །སྦྲང་རྩི་བཅས་པའི་སྨན་ཁུ་བླུད། །འཕེལ་བའི་ཚེ་ན་པི་པི་ལིང་། །ཨ་རུ་ར་ནི་བསྟེན་པར་བྱ། ། ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་རྐང་བམ་ལ་ནི་རྐང་པའི་མཐེ་བོ་ལས་ཁྲག་གཏར་བ་དང་། ཁ་ཟས་སྦྲང་རྩི་དང་བཟའ་ཞིང་སྨན་གྱི་ཁུ་བ་བླུད་པ་དང་། འཕེལ་བའི་ཚེ་ན་པི་པི་ལིང་ལ་སོགས་པ་བཟའ་བར་བྱའོ། །ཡུངས་ཀར་པྲི་ཧ་ཏི་གཉིས་ཀྱི། །རྩ་བའི་ལྡེ་གུས་ བྱུག་པར་བྱ། །ཞེས་བྱ་བ་ལ། ཡང་བད་ཀན་ལས་གྱུར་པའི་རྐང་བམ་ལ་ཡང་ཡུངས་ཀར་དང་། བྲི་ཧ་ཏིའི་རྩ་བའི་ལྡེ་གུས་བྱུག་པར་བྱའོ། །ཡང་ན་འུ་སུའི་ལྡེ་གུས་བྱུག །ཅེས་བྱ་བ་ལ། ཡང་ན་འུ་སུའི་འབྲས་བུའི་ལྡེ་གུས་བསྐུ་བར་བྱའོ། །འབྲས་ཀྱི་ཕྲེང་བ་སྟེང་ འོག་ནས། །སྦྱང་ཞིང་དན་ད་ཏྲ་བན་ཏི། །དུར་བྱིད་ཀོ་ཤ་ཏ་ཀི་དང་། །དེ་བ་ཏ་ལའི་མར་བསྐོལ་བླུད། །ཅེས་བྱ་བ་ལ། འབྲས་ཀྱི་ཕྲེང་བ་ཞེས་བྱ་བའི་ནད་ལ་ནི་བཀྲུ་སྨན་དང་སྐྱུགས་སྨན་གཏང་བ་དང་། དན་ད་ལ་སོགས་པ་དང་བསྐོལ་བའི་མར་བླུད་པར་བྱའོ། །བད་ཀན་ ཚིལ་ནི་འཇོམས་པ་ཡི། །དུད་པས་མཁུར་བཀང་སྣ་སྨན་གཏང་། །ཞེས་བྱ་བ་ལ། ཡང་ན་འབྲས་ཀྱི་ཕྲེང་བ་ལ་སྦྱོར་བ་འདི་དག་བྱས་ན་ཡང་ཕན་ནོ། །གཏར་གས་ཁྲག་ནི་དབྱུང་བ་དང་། །སྐྱེར་པའི་ཁཎྜ་གཅིན་ཡང་བླུད། །ཅེས་བྱ་བ་ལ། ཡང་ན་འབྲས་ཀྱི་ཕྲེང་བ་ 202-1-235a ལ་གཏར་ག་ལ་སོགས་པའི་སྦྱོར་བ་བྱའོ། །རྨེན་བུ་མ་སྨིན་པ་ལ་ནི། །རྒྱམ་ཚ་བཅའ་སྒ་ན་ཀུ་ལི། །བསྐུ་ཞིང་སྲ་བར་རྒྱམ་ཚ་ཡི། །ཐུམ་བུས་དུགས་བྱས་མཉེ་བར་བྱ། །ཞེས་བྱ་བ་ལ། རྨེན་བུ་མ་སྨིན་པ་ལ། རྒྱམ་ཚ་ལ་སོགས་པ་བསྐུ་བར་བྱའོ། ། སྲ་བ་ལ་ནི་རྒྱམ་ཚ་གཏུམས་པའི་ཐུམ་བུས་མཉེ་བར་བྱའོ། །ཤ་མི་ལ་ཕུག་ཤི་ཀྲུ་ཡི། །ས་བོན་ནས་དང་ཡུངས་ཀར་བཅས། །དར་བ་སྐྱུར་པོ་བཏགས་བསྐུས་ན། །རྨེན་བུའི་མདུད་པ་ཞི་བར་བྱེད། །ཅེས་བྱ་བ་ལ། ཡང་ཤ་མི་ལ་སོགས་པའི་ལྡེ་གུས་བསྐུས་ན་རྨེན་བུའི་མདུད་ པ་ཆགས་པ་ཞི་བར་འགྱུར་རོ། །སྨིན་པར་འཁྲིགས་ན་ཁྲག་འབྱུང་ཞིང་། །བད་ཀན་མཁྲིས་པ་སེལ་བས་གསོ། །ཞེས་བྱ་བ་ལ། རྨེན་བུ་སྨིན་པར་བསྐྱོད་པ་ལ་ནི་གཏར་ག་གདབ་པ་ལ་སོགས་པ་བྱའོ། །མ་སྨིན་པ་ནི་ཕྱུང་ནས་ཀྱང་། །ཐལ་སྨན་མེ་བཙས་གསོ་བར་བྱ། ། ཞེས་བྱ་བ་ལ། རྨེན་བུ་མ་སྨིན་པ་ནི་རྩ་ནས་ཕྱུང་སྟེ་ཐལ་སྨན་གདབ་པ་དང་། མེ་བཙའ་གདབ་པས་གསོ་བར་བྱའོ། །ཛོ་ཏི་ཤྨ་ཏི་ལངྒ་ཡི། །ཤུ་ཀ་ན་སའི་འབྲས་བུ་དང་། །ཀ་ཀ་ཏིག་ཏ་ཀརྐོ་ཊི། །དེ་བ་ཏ་ལའི་ས་བོན་དང་། །བི་ཤ་ལྱ་དང་ནི་རྒུན་ཐི། །ཀོ་ཤ་ཏ་ཀི་པ་ཐ་རྣམས། ། སྲང་ནི་ཕྱེད་ཕྱེད་དུག་ཞོ་གཉིས། །ཀ་རཉྫའི་མར་བྲེ་གང་དང་། །ནི་རྒུན་ཐི་ཡི་ཁུ་བ་ནི། །བྲེ་བཞི་བསྐོལ་བར་གྱུར་པ་འདིའི། །བཏུང་དང་བསྐུ་བྱུག་སྣར་བཏང་ན། །འབྲས་ཀྱི་ཕྲེང་བ་གསོར་མི་རུང་། །ཡུན་རིང་ལོན་ཞིང་རྣག་འཛག་སེལ། །ཞེས་བྱ་བ་ལ། ཛོ་ཏི་ཤྨ་ཏི་ནི་ཀ་ཏ་ནའོ། ། ལང་ག་ལི་ནི་བི་ཤ་ལྱའོ། །ཤུ་ཀ་ནས་ནི་ན་ཧི་ཀའོ། །ཀ་ཀ་ཏིག་ཏ་ནི་ཨུ་དུམ་དི་ཀའོ། །དེ་བ་ཏ་ལ་ནི་ཛི་མུ་དཀའོ། །ཀོ་ཤ་ཏ་ཀི་ནི་ཀྲི་ཏ་བེ་ད་ནེའོ། །སྨན་དེ་དག་སྲང་ཕྱེད་ཕྱེད་དང་དུག་ལས་ཞོ་གཉིས་དང་སྦྱར་ལ། ཀ་རཉྫའི་མར་བྲེ་གང་དང་ནི་རྒུན་ཐིའི་ཁུ་བ་བྲེ་བཞི་བསྐོལ་ བར་གྱུར་པའི་མར་འདི་བཏུང་བ་ལ་སོགས་པ་བཏང་ན་འབྲས་ཀྱི་ཕྲེང་བ་ལ་སོགས་པ་སེལ་བར་འགྱུར་རོ། །ལངྒ་ལི་ཡི་སྡོང་བུ་ཡི། །ལྡེ་གུ་ཏིལ་མར་དེ་བཞི་འགྱུར། །ནི་རྒུན་ཐི་ཡི་ཁུ་བར་བསྐོལ། །སྣ་སྨན་སོགས་བཏང་འབྲས་ཕྲེང་སེལ། །ཞེས་བྱ་བ་ལ། ལངྒ་ལིའི་སྡོང་ 202-1-235b བུའི་ལྡེ་གུ་ཏིལ་མར་གྱི་བཞི་ཆ་དང་། ནི་རྒུན་ཐིའི་ཁུ་བ་ཏིལ་མར་གྱི་བཞི་འགྱུར་དང་བསྐོལ་ཏེ་སྣ་སྨན་ལ་སོགས་པར་བཏང་ན་འབྲས་ཀྱི་ཕྲེང་བ་སེལ་བར་བྱེད་དོ། །ཙནྡན་ཐང་ཤིང་ན་ལེ་ཤམ། །དུར་བྱིད་གླ་སྒང་སེར་པོ་གཉིས། སྲང་རེ་དུག་ནི་སྲང་ཕྱེད་དང་། །བ་གཅིན་ སྦྱར་ཏེ་ཞིབ་ཏུ་བཏགས། །བྲམྷིའི་ཁུ་བ་ཨརྐ་ཡི། །ལོ་མ་བ་ལང་ལྕི་ཁུར་བཅས། །ཡུངས་མར་བྲེ་གང་བཅས་བསྐོལ་བ། །བཏུང་བ་ལ་སོགས་པར་བསྟེན་ན། །མཛེ་དང་རྨ་ནི་འཁྱིམས་པ་དང་། །འབྲས་ཀྱི་ཕྲེང་བ་མྱུར་དུ་སེལ། །ཞེས་བྱ་བ་ལ། ཙནྡན་དཀར་པོ་ ལ་སོགས་པ་ཇི་སྐད་སྨོས་པའི་སྦྱོར་བ་བསྐོལ་བ་བཏུང་བ་ལ་སོགས་པར་བསྟེན་ན་ཡང་མཛེ་ལ་སོགས་པ་སེལ་བར་བྱེད་དོ། །ཤུ་དག་རྒྱ་སྐྱེགས་ཨ་རུ་ར། །པུ་ཙེ་ཤེལ་དང་ཙནྡན་དང་། །ཏིལ་མར་བསྐོལ་བ་བླུད་ན་ནི། །འབྲས་ཕྲེང་རྩ་བར་བཅས་པ་སེལ། །ཞེས་བྱ་བ་ལ། ཤུ་དག་ལ་སོགས་པའི་ལྡེ་གུ་དང་བསྐོལ་བའི་ཏིལ་མར་གྱིས་ཀྱང་འབྲས་ཀྱི་ཕྲེང་བ་སེལ་བར་བྱེད་དོ། །ཤ་ར་པུང་ཀའི་རྩ་བ་ནི། །འབྲས་ཀྱི་ཆུ་དང་བཏགས་གྱུར་པ། །སྣ་སྨན་བསྐུ་བས་འབྲུམ་བུ་དང་། །དུག་སྲིན་འབྲས་ཀྱི་ཕྲེང་བ་འཇོམས། །ཞེས་བྱ་བ་ལ། ཤ་ར་པུང་ ཀའི་རྩ་བ་ལ་སོགས་པ་སྦྱོར་བ་ཇི་སྐད་སྨོས་པ་བཞིན་དུ་བཏང་ན་ཡང་དུག་ལ་སོགས་པ་སེལ་བར་བྱེད་དོ། །ཨུ་ཏ་ད་མ་ཀ་རིའི་རྩ་བ་དང་། །པི་ལུའི་ལོ་མ་སེང་ཕྲོམ་དང་། །ས་ཧ་ར་ཛ་ཨ་རུ་ར། །ཤིང་མངར་ཤུ་ཏི་ཙི་ཏྲ་ཀ །ཐང་ཤིང་ཏིལ་མར་འོ་མ་མཉམ། །སྣ་སྨན་བསྐུ་ བྱུག་བྱས་པའང་ཕན། །ཞེས་བྱ་བ་ལ། ཨུ་ཏ་ད་མ་ཀ་རིའི་རྩ་བ་ལ་སོགས་པའི་ལྡེ་གུ་དང་ཏིལ་མར་དང་འོ་མ་ཆ་མཉམ་དུ་བྱས་ཏེ། བསྐོལ་བའི་སྦྱོར་བ་ནི་འབྲས་ཀྱི་ཕྲེང་བ་ལ་ཕན་པ་ཡིན་ནོ། །བ་ལང་ར་ལུག་རྟ་རྨིག་བསྲེགས། །ཡུངས་མར་སྦྱར་ཏེ་བསྐུ་བའམ། །ཞེས་ བྱ་བ་ལ། བ་ལང་ལ་སོགས་པའི་རྨིག་པ་བསྲེགས་པའི་སྣག་ཚ་དང་། ཡུངས་མར་སྦྱར་ཏེ་བསྐུས་ན་ཕན་ནོ། །སྦྲུལ་ནག་བྱ་རོག་རང་ཉིད་ཤི། །ཨིང་གུ་དང་ནི་སྦྱར་བ་བསྐུ། །ཞེས་བྱ་བ་ལ། ཡང་སྦྲུལ་ནག་པོ་རང་ཉིད་ཀྱིས་ཤི་བའམ། བྱ་རོག་རང་ཉིད་ཤི་བ་གང་ 202-1-236a ཡང་རུང་བ་བསྲེགས་པ་ཨིང་གུ་དང་སྦྱར་ཏེ་བསྐུས་ན་ཡང་ཕན་ནོ། །དེ་ལྟར་མ་ཞི་ནད་ཀྱི་ནི། །ལོགས་གཞན་བྱིན་པ་ལ་གནས་པའི། །ཆུ་སོའི་སྟེང་ངམ་འོག་ནས་ནི། །ཚིལ་ཕྱུང་ནས་ནི་མེས་བསྲེག་བྱ། །ཞེས་བྱ་བ་ལ། སྦྱོར་བ་དེ་དག་གིས་མ་ཞི་ ན་ནད་ཀྱི་ལོགས་གཞན་པ་སྟེ། གཡོན་ལོགས་སུ་ནན་གཡས་ལོགས་སུ་གནས་པའི་དབང་པོའི་ཆུ་སོའི་སྟེང་ངམ་འོག་ནས་ཉའི་སྒོ་ངའི་ཚོགས་ལྟ་བུའི་ཚིལ་ཕྱུང་ནས་མེས་བསྲེག་པར་བྱའོ། །གྱེན་དུ་འགྲེང་བའི་རྐང་པ་གཞལ། །དེ་ཡི་ཚད་ཀྱིས་རྟིང་པ་རུ། །དེ་ལས་རྨེན་ བུ་དབྱུང་བྱ་ཞེས། །དྲང་སྲོང་མུ་ཁྱུད་ཀྱིས་བཤད་དོ། །ཞེས་བྱ་བ་ལ། སྐྱེས་བུ་གྱེན་དུ་འགྲེང་བའི་རྐང་པ་གཞལ་ལ་དེའི་ཚད་ཀྱིས་རྟིང་པ་ནས་བྱིན་པ་གཞལ་ལ་དེ་ནས་རྨེན་བུ་དབྱུང་བར་བྱའོ་ཞེས་དྲང་སྲོང་ཆེན་པོ་མུ་ཁྱུད་ཀྱིས་བཤད་དོ། །རྟིང་པ་ནས་བཟུང་སོར་ནི་བཅུ་ གཉིས་ན། །དབང་པོའི་ཆུ་སོ་ཡོད་སྤང་ནད་ཀྱི་ནི། །གཡོན་དུ་དབྲལ་ཏེ་ཉ་སྒོང་འདྲ་དབུས་ནས། །དྲ་བ་དྲང་ཞེས་ལེགས་ཐོས་ཀྱིས་བཤད་དོ། །ཞེས་བྱ་བ་ལ། རྟིང་པ་ནས་སོར་བཅུ་གཉིས་དོར་བ་དང་དེ་བཞིན་དུ་དབང་པོའི་ཆུ་སོ་ཞེས་བྱ་བ་བྱིན་སྙིང་ཡང་དོར་ལ། ནད་ཀྱི་ ལོགས་ཅིག་ཤོས་སུ་དབྲལ་ཏེ། ཉའི་སྒོ་ང་འདྲ་བ་རིས་སུ་འདུག་པ་དབུས་ནས་དྲང་བར་བྱའོ་ཞེས་དྲང་སྲོང་ལེགས་ཐོས་ཀྱིས་བཤད་དོ། །མི་ཡི་ལོང་མོ་རྣ་བའི་བར་དུ་གཞལ། །དེ་ཡིས་བརྒྱད་པ་རྟིང་པའི་ཆ་བགོས་ཏེ། །བྱིན་སྙིང་གནད་ཀྱི་དྲང་ཐད་མ་གཏོགས་དབྲལ། །ཚིལ་ ནི་དབྱུང་བར་བྱ་ཞེས་གཞན་དག་འཆད། །ཅེས་བྱ་བ་ལ། མིའི་ལོང་མོ་ནས་རྣ་བའི་རྩེ་མོའི་བར་གཞལ་ལ་དེའི་རྟིང་པ་ནས་བརྒྱད་ཆ་དོར་ཏེ་བྱིན་སྙིང་གི་གནད་ཀྱི་དྲང་ཐད་མ་གཏོགས་པ། དེའི་ཚད་གཉིས་ཙམ་གཙགས་བུས་དབྲལ་ལ་ཚིལ་དབྱུང་བར་བྱའོ་ཞེས་དྲང་སྲོང་གཞན་ དག་སྨྲའོ། །རླུང་གྱུར་སྦུ་གུར་དུགས་བྱས་ལ། །དབྲལ་ཏེ་ཨ་པ་མརྒ་ཡི། །སྦུ་གུའི་ཏིལ་དང་རྒྱམ་ཚར་བཅས། །བཏགས་པའི་ལྡེ་གུས་ལེགས་པར་བསྐུ། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་སྦུ་གུའི་རྨ་ལ་ནི་དུགས་བྱས་ལ་དབྲལ་ཏེ་ཨ་པ་མརྒ་ལ་སོགས་པའི་ལྡེ་གུས་ 202-1-236b བསྐུ་བར་བྱའོ། །མཁྲིས་པ་ལས་གྱུར་ཏིལ་དང་བཙོད། །ནཱ་ག་དནྟི་སེར་པོ་གཉིས། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་རྨ་སྦུབས་སུ་གྱུར་པ་ལ་ནི་ཏིལ་ལ་སོགས་པའི་ལྡེ་གུས་བསྐུ་བར་བྱའོ། །བད་ཀན་ལས་གྱུར་རྒྱམ་ཚ་ཏིལ། །དན་ད་ནིམ་པ་ལན་ཚྭས་བསྐུ། ། ཞེས་བྱ་བ་ལ། བད་ཀན་ལས་གྱུར་པ་ལ་ནི་རྒྱམ་ཚ་ལ་སོགས་པའི་སྨན་བཏགས་པའི་ལྡེ་གུས་བསྐུ་བར་བྱའོ། །ཟུག་རྔུ་ལས་བྱུང་དབྲལ་ཏེ་དབྱུང་། །ཏིལ་དང་མར་དང་སྦྲང་རྩིས་བསྐུ། །ཞེས་བྱ་བ་ལ། ཟུག་རྔུ་ལས་གྱུར་པའི་རྨ་འཁྱིམས་པ་ལ་ནི་དབྲལ་ཏེ་ཟུག་རྔུ་ཕྱུང་ལ་ཏིལ་ དང་མར་དང་སྦྲང་རྩིའི་ལྡེ་གུས་བསྐུ་བར་བྱའོ། །མཚོན་དབྲལ་མི་རུང་ཆུ་ཚོད་ཀྱིས། །ལེགས་པར་བཙལ་ཏེ་ནང་དུ་དབུག །ཐལ་སྨན་ལ་སྦངས་སྐུད་པ་ཡིས། །རྨ་ཚོལ་ཁ་ནི་ཤས་ཆེར་དྲལ། །ཞེས་བྱ་བ་ལ། མཚོན་གྱིས་དབྲལ་དུ་མི་རུང་བའི་རྨ་འཁྱིམས་པ་ལ་ནི་ཆུ་ ཚོད་ཀྱིས་རྨ་ལེགས་པར་བཙལ་ཏེ་ནང་ནས་ཕུག་ལ་ཐལ་སྨན་ལ་སྦངས་པའི་སྐུད་པས་རྨ་ཚོལ་གྱིས་བཙལ་བའི་ཁ་དེ་ཤས་ཆེར་བསྐྱེད་པར་བྱའོ། །རྨ་རེད་ཁ་ནི་དོག་པ་དང་། །ཕུགས་རིང་ལ་ཡང་སྦྱར་བར་བྱ། །རེང་བུ་གང་དང་ཏིལ་མར་གང་། །དེ་ནི་རྨ་འཁྱིམས་ལ་ཡང་ བསྔགས། །ཞེས་བྱ་བ་ལ། རྨ་རེད་ཅིང་ཁ་ཕྲ་བ་ལ་སོགས་པ་ལ་རྨ་ལ་ཕན་པར་བཤད་པའི་ཏིལ་མར་དང་རེང་བུ་གང་དག་ཡིན་པ་དེ་འཁྱིམས་ཤིང་སྦུ་གུར་ཆགས་པ་ལ་བསྔགས་པ་ཡིན་ནོ། །ཨེ་རཎྜའི་འབྲས་ལྡེ་གུས་བསྐུ། །སྦུ་གུའི་རྨ་སྦྱོར་བྱེད་མཆོག་ཡིན། །ཞེས་བྱ་ བ་ལ། ཨེ་རཎྜའི་འབྲས་བུ་ཆུ་ཐགས་སུ་བྱས་པའི་ལྡེ་གུས་བསྐུས་ན་ཡང་སྦུ་གུའི་རྨ་སྦྱོར་བར་བྱེད་པའི་མཆོག་ཡིན་ནོ། །རྒྱ་ཤུག་འབྲས་བུ་ཤུན་པ་དང་། །ལན་ཚྭ་རྒྱ་སྐྱེགས་བཅས་པ་དང་། །གླ་གོར་ཞོ་ཤའི་ལོ་མ་དང་། །པྲི་ཡང་ཀུ་དང་ནུ་ཞོ་དང་། །ཨརྐ་སྣུ་ཧའི་འོ་མར་ སྦྱར། །རེང་བུས་རྨ་འཁྱིམས་མྱུར་འཚོབ་བྱེད། །ཅེས་བྱ་བ་ལ། རྒྱ་ཤུག་གི་འབྲས་བུ་ལ་སོགས་པའི་སྨན་དང་བུད་མེད་ཀྱི་ནུ་ཞོ་དང་། ཨརྐ་དང་། ཤིང་སྣུ་ཧའི་འོ་མ་དང་སྦྱར་བའི་རེང་བུས་ཀྱང་རྨ་འཁྱིམས་ཤིང་སྦུ་གུར་ཆགས་པ་མྱུར་དུ་འཚོབ་པར་བྱེད་དོ། །རྒྱ་མཚོའི་ཚ་དང་ 202-1-237a རྩབས་རུ་ཚ། །ལྕེ་མྱང་ཚ་ནི་ལེགས་པར་བསྲེགས། །གླ་གོར་ཞོ་ཤ་ཁྱིམ་དུད་པ། །ཨ་མྲ་ད་ཀ་སེང་ལྡེང་གི། །ལོ་མ་ཛི་ན་སྐྱེར་པ་གཉིས། །ལྡེ་གུས་བསྐུ་བ་སོགས་བསྟེན་ན། །སྐྱབས་མེད་མི་བརྟན་སྐྱེས་བུ་ཡི། །འབྱོར་པ་བཞིན་དུ་འགྲིབ་པར་བྱེད། ། ཅེས་བྱ་བ་ལ། རྒྱ་མཚོའི་ལན་ཚྭ་དང་རྩབས་རུ་ཚ་ལ་སོགས་པ་ནས་སེར་པོ་རྣམ་གཉིས་ཀྱི་བར་ལྡེ་གུར་བྱས་ཏེ་བསྐུས་ན་ཡང་རྨ་འཁྱིམས་པའི་སྦུབས་སེལ་བར་བྱེད་དེ། དཔེར་ན་སྐྱེས་བུ་རང་བཞིན་མི་བརྟན་ཞིང་བག་མེད་པར་གྱུར་པ་དེའི་འབྱོར་པ་ཤིན་ཏུ་འགྲིབ་པར་བྱེད་པ་དང་ མཚུངས་སོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་སུམ་ཅུ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་ནད་ཕྲ་མོའི་དམིགས་ཤེས་པ་བཤད་ པར་བྱའོ། །བད་རླུང་ལས་གྱུར་འབྲུམ་ཕྲན་ནི། །སྣུམ་ཞིང་མདོག་འདྲ་དུད་པ་ཅན། །ནད་མེད་མུངྒ་འདྲ་བ་ནི། །བྱིས་པ་ལས་སྐྱེས་རའི་འགྲམ་པ། །ཞེས་བྱ་བ་ལ། བད་ཀན་དང་རླུང་ལས་གྱུར་པའི་འབྲུམ་ཕྲན་སྣུམ་པ་ལ་སོགས་པའི་མཚན་ཉིད་ཅན་བྱིས་པ་དག་ལས་གང་ ཞིག་འབྱུང་བ་དེ་ནི་མིང་རའི་འགྲམ་པ་ཞེས་བྱའོ། །དེ་གཉིས་ལས་བྱུང་ཤར་གནས་མཐུག །ནས་འདྲ་ནས་ཞེས་བྱ་བ་ཡིན། །ཞེས་བྱ་བ་ལ། བད་ཀན་དང་རླུང་དེ་གཉིས་ལས་བྱུང་བའི་འབྲུམ་ཕྲན་ལ་གནས་པ་མཐུག་པོ་ནས་འདྲ་བ་ནི་མིང་ཡང་ནས་འདྲ་བའི་འབྲུམ་ཕྲན་ ཞེས་བྱའོ། །འབྲས་བྱེར་ཟླུམ་པོ་རྩེ་མོ་མེད། །རྣག་ཉུང་རྟག་མཐོ་འབྲས་བྱེར་ཡིན། །ཞེས་བྱ་བ་ལ། འབྲུམ་ཕྲན་ཟླུམ་པོ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ནི་མིང་འབྲས་བྱེར་བ་ཞེས་བྱའོ། །རྨེན་བུ་ལྔའམ་དྲུག་འབྱུང་ཞིང་། །རུས་སྦལ་ལྟར་མཐོ་རུས་སྦལ་ ཡིན། །ཞེས་བྱ་བ་ལ། རྨེན་བུའི་འབྲུམ་ཕྲན་ལྔའམ་དྲུག་འབྱུང་ཞིང་། དབྱིབས་རུས་སྦལ་ལྟར་འདུག་པ་དེ་ནི་མིང་རུས་སྦལ་ཞེས་བྱའོ། །རྣ་བའི་སྟེང་ངམ་ཀུན་ཏུ་ནི། །འབྲུམ་ཕྲན་སྲ་ཞིང་མི་བཟད་ན། །ཨུཏྤལ་རྩ་འདྲ་པ་ནས། །ཞེས་བྱ་བ་ལ། འབྲུམ་ཕྲན་གང་རྣ་བའི་སྟེང་ངམ་རྣ་ 202-1-237b བའི་ཐོག་ཐག་ཏུ་སྲ་ཞིང་ཤས་ཆེ་རན་པ་དང་། ཨུཏྤ་ལའི་རྩ་བ་ལྟ་བུར་སྐྱེས་པ་དེ་མིང་པ་ནས་ཞེས་བྱའོ། །སྐྲང་ཞིང་ཅུང་ཟད་ན་ལ་བརྟན། །འགྲམ་པའི་མཚམས་སུ་དེ་གཉིས་ལས། །བྱུང་བ་རྡོ་ཡི་བོང་བུ་ཡིན། །ཞེས་བྱ་བ་ལ། ཡང་བད་ཀན་དང་རླུང་གཉིས་ལས་སྐྲང་ཞིང་ནད་ཚབས་ ཆུང་ལ་བརྟན་ཞིང་སྲ་བ་འགྲམ་པའི་མཚམས་སུ་བྱུང་བ་ནི་མིང་རྡོའི་བོང་བུ་ཞེས་བྱའོ། །ཤལ་མ་ལི་ཡི་ཚེར་མ་འདྲ། །འབྲུམ་ཕྲན་ནད་བཅས་མཐུག་པོ་ནི། །ནང་ན་ཚིལ་ཡོད་ལང་ཚོ་ལ། །བྱུང་བ་བཞིན་ནི་མ་རུངས་བྱེད། །ཅེས་བྱ་བ་ལ། ཡང་བད་ཀན་དང་རླུང་ལས་བྱུང་བའི་ འབྲུམ་ཕྲན་ཤིང་ཤལ་མ་ལིའི་ཚེར་མ་འདྲ་བ་ལ་སོགས་པའི་མཚན་མ་ཅན་ལང་ཚོ་དང་ལྡན་པ་ལ་བྱུང་བ་གང་ཡིན་པ་དེ་ནི་བཞིན་མ་རུངས་པར་བྱེད་པ་ཞེས་བྱའོ། །བད་ཀན་རླུང་གྱུར་པདྨ་ཡི། །ཚེར་མ་འདྲ་བས་ཁྱབ་གྱུར་ཅིང་། །དཀར་ཞིང་ནད་ནི་མེད་པ་དག །པདྨའི་ཚེར་མ་ ཅན་ཞེས་བྱ། །ཞེས་བྱ་བ་ལ། ཡང་བད་ཀན་དང་རླུང་ལས་གྱུར་པ་པདྨའི་ཚེར་མ་འདྲ་བས་ཁྱབ་པར་གྱུར་པ་དེ་ནི་མིང་པདྨའི་ཚེར་མ་ཞེས་བྱ་བ་སྟེ། ཇི་ལྟར་པདྨའི་ཚེར་མ་དཀར་པོ་ཕྲ་མོས་ཁྱབ་པ་ལྟ་བུའོ། །མཁྲིས་པ་ལས་གྱུར་འབྲུམ་ཕྲན་ཟླུམ། །ཨུ་དུམ་ལཱ་རའི་འབྲས་ སྨིན་འདྲ། །ཤས་ཆེར་ཚ་ཞིང་རིམས་འདེབས་བྱེད། །གས་པ་ཁ་བྱེ་ཞེས་བྱའོ། །ཞེས་བྱ་བ་ལ། འབྲུམ་ཕྲན་གང་མཁྲིས་པ་ལས་གྱུར་པ་ཨུ་དུམ་ཝཱ་རའི་འབྲས་བུ་སྨིན་པ་འདྲ་བ་ལ་སོགས་པའི་མཚན་ཉིད་ཅན་ནི་མིང་ཁ་བྱེ་བ་ཞེས་བྱའོ། །ལུས་ཀྱི་ནད་དང་གདོང་ལ་ནི། ། ཚ་ཞིང་ནད་དང་རིམས་སྐྱེད་ཅིང་། །སྲན་ཆུང་ཙམ་ལ་དེ་མདོག་ཅན། །འབྲུམ་ཕྲན་མཐུག་པོ་སྲན་ཆུང་ཡིན། །ཞེས་བྱ་བ་ལ། ལུས་ཀྱི་ཡན་ལག་རྣམས་དང་། གདོང་ལ་ཚ་བ་ལ་སོགས་པའི་མཚན་ཉིད་ཅན་གྱི་འབྲུམ་ཕྲན་བྱུང་བ་དེ་ནི་མིང་སྲན་ཆུང་ཞེས་བྱའོ། །དེ་བས་འབྲུམ་ བུ་ནད་ཚབས་ཆེ། །སྡུག་བསྔལ་བྱེད་པ་འབྲུམ་བུ་ཡིན། །ཞེས་བྱ་བ་ལ། སྲན་ཆུང་དེ་བས་ཀྱང་འབྲུམ་བུ་ནད་ཚབས་ཆེ་བ་ལ་སོགས་པའི་མཚན་ཉིད་ཅན་ནི་མིང་འབྲུམ་བུ་ཞེས་བྱ་བ་ཡིན་ནོ། །རླུང་མཁྲིས་ལས་གྱུར་འབྲུམ་བུའི་ནད། །པདྨའི་སྙིང་པོ་ལྟ་བུ་ཡི། །འབྲུམ་ 202-1-238a ཕྲན་གྱིས་ནི་ཕུག་པ་ཡིན། །ཞེས་བྱ་བ་ལ། རླུང་དང་མཁྲིས་པ་ལས་གྱུར་པའི་པདྨའི་སྙིང་པོའི་དབྱིབས་འདྲ་བའི་འབྲུམ་བུ་ཕྲ་མོས་ཁྱབ་པ་ནི་མིང་ཕུག་པ་ཞེས་བྱའོ། །དེ་དག་ཉིད་སྐྱེད་བོང་བུ་ཡིན། །ཟླུམ་ཞིང་རྒྱ་ཆེ་མཐོ་བ་དང་། །མདོག་དམར་འབྲུམ་ ཕྲན་དག་གིས་ཁྱབ། །ཅེས་བྱ་བ་ལ། རླུང་དང་མཁྲིས་པ་དེ་གཉིས་ལས་ཐོར་བུ་གང་ཟླུམ་ཞིང་ལྷུན་ཆེ་བ་ལ་སོགས་པ་འབྱུང་བ་གང་ཡིན་པ་དེ་ནི་མིང་བོང་བུ་ཞེས་བྱའོ། །ཕལ་ཆེར་རླུང་ལས་མཆན་ཁུང་དུ། །ཉེ་བར་སྐྱེས་པ་མཆན་ཁུང་འབྲུམ། །ཞེས་བྱ་བ་ལ། འབྲུམ་ཕྲན་གང་ ཕལ་ཆེར་རླུང་ལས་གྱུར་ཅིང་མཆན་ཁུང་གི་ཕྱོགས་སུ་བྱུང་བར་གྱུར་པ་དེ་ནི་མིང་མཆན་ཁུང་ཞེས་བྱའོ། །མཁྲིས་པ་ལས་གྱུར་འབྲུམ་ཕྲན་ནི། །ཕྲ་ཞིང་མཐུག་པ་འབྲས་ཡོས་འདྲ། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་འབྲུམ་ཕྲན་གང་ཕྲ་ཞིང་མཐུག་ལ་འབྲས་ཡོས་དང་ དབྱིབས་འདྲ་བ་ནི་མིང་འབྲས་ཡོས་ཞེས་བྱའོ། །དེ་འདྲའི་ཆེན་པོ་གཅིག་བྱུང་བ། །དྲི་ཅན་ཞེས་ནི་གྲགས་པ་ཡིན། །ཞེས་བྱ་བ་ལ། འབྲུམ་བུའི་ཐོར་བུ་གང་ཆེན་པོ་གཅིག་བྱུང་ཞིང་འབྲས་ཡོས་དང་དབྱིབས་འདྲ་བ་དེ་ནི་མིང་དྲི་ཅན་ཞེས་བྱའོ། །ཚ་བའི་རྡུལ་གྱིས་ལུས་གདུངས་ ལ། །འབྲུམ་ཕྲན་ནད་བཅས་སྟུག་པོ་ནི། །དབྱིབས་དང་ཚད་མདོག་སྐེ་ཚེ་འདྲ། །དེ་ནི་སྐེ་ཚེ་ཞེས་བྱའོ། །ཞེས་བྱ་བ་ལ། འབྲུམ་ཕྲན་གང་རྡུལ་དང་ཚ་བ་ལས་བྱུང་བ་ནད་དང་བཅས་པ་ལ་སོགས་པའི་མཚན་ཉིད་ཅན་ནི་མིང་སྐེ་ཚེ་ཞེས་བྱའོ། །མཁྲིས་པ་ཤས་ཆེའི་ནད་ཀྱིས་ནི། ། མེ་དབལ་ལྟ་བུར་དལ་གྱིས་མཆེད། །སྐྲང་ཞིང་སྣུམ་ལ་སྲབ་ཅིང་དམར། །རིམ་སྐྱེད་དྲ་བའི་བོང་བུ་ཡིན། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་མཁྲིས་པའི་ཤས་ཆེ་བ་ལས་མེ་དབལ་ལྟ་བུས་རིམ་གྱིས་དལ་བུའི་མཆེད་པ་ལ་སོགས་པའི་མཚན་ཉིད་ཅན་ནི་མིང་དྲ་བའི་བོང་བུ་ ཞེས་བྱའོ། །མཁྲིས་ཤས་ཆེ་བའི་འབྲུམ་བུ་ནི། །རིམ་སྐྱེད་ཤ་ལ་གནོད་བྱེད་པ། །མཆན་ཁུང་ཕྱོགས་བྱུང་མེའི་མདོག་ཅན། །འདྲ་བ་དེ་ནི་མེ་སྐྱེད་ཡིན། །ཞག་ལྔའམ་ནི་ཞག་བདུན་ནམ། །ཟླ་བ་ཕྱེད་ནས་སྲོག་འཕྲོག་བྱེད། །ཅེས་བྱ་བ་ལ། ནད་གཞི་གསུམ་ 202-1-238b མཁྲིས་པའི་ཤས་ཆེ་བ་ལ་མཆན་ཁུང་གི་ཕྱོགས་སུ་འབྲུམ་བུ་མེའི་མདོག་དང་འདྲ་བ་ལ་སོགས་པའི་མཚན་ཉིད་ཅན་སྐྱེད་པ་གང་ཡིན་པ་དེ་ནི་མེ་སྐྱེད་པ་ཞེས་བྱ་སྟེ། དེས་ནི་ཞག་ལྔ་ལ་སོགས་པ་ནས་སྲོག་འཕྲོག་པར་བྱེད་དོ། །ནད་གཞི་གསུམ་སྐྱེས་འབྲུམ་བུ་ཟླུམ། །ནམ་ཚོང་ཡན་ཆད་ སྐྱེས་ས་སྐོར། །ཞེས་བྱ་བ་ལ། ནད་གཞི་འདུས་པ་ལས་གྱུར་པའི་འབྲུམ་བུ་གང་ཟླུམ་པ་ལ་སོགས་པའི་མཚན་ཉིད་ཅན་དེ་ནི་མིང་ས་སྐོར་ཞེས་བྱའོ། །མཆན་ཁུང་ཆུ་སོར་བི་ད་རིའི། །རྩ་བ་ལྟར་སྲ་བི་ད་རི། །ཞེས་བྱ་བ་ལ། མཆན་ཁུང་དང་ཆུ་སོར་བི་ད་རིའི་རྩ་བ་ལྟར་འབྲུམ་ཕྲན་བྱུང་བ་དེའི་མིང་ནི་བི་ ད་རི་ཞེས་བྱའོ། །ཚིལ་དང་བད་རླུང་ལས་གྱུར་པའི། །རྨེན་བུ་རྩ་རྒྱུས་ཤ་ལ་གནས། །བརྟོལ་ན་མར་ཞག་སྦྲང་རྩི་འདྲ། །འཛག་གྱུར་དེ་ལ་རླུང་ཤས་ཆེ། །ཤ་སྐམ་རྨེན་བུར་བྱས་ནས་ནི། །གསེག་མ་ལྟ་བུར་སྐྱེད་པར་བྱེད། །ཁྲག་ནི་དྲི་མནམ་རྣགས་པ་དང་། །ཁ་དོག་སྣ་ཚོགས་འབྱུང་བ་ཡི། ། ནད་ཀྱིས་དེ་ལ་ཁྲག་འཛག་པ། །དེ་ནི་འབྲུམ་བུ་གསེག་མ་ཅན། །ཞེས་བྱ་བ་ལ། ཚིལ་ལ་སོགས་པ་ལས་གྱུར་པའི་རྨེན་བུ་གང་རྩ་ལ་སོགས་པ་ལ་གནས་པ་འབྱུང་ལ། དེ་བརྟོལ་ན་མར་དང་། ཞག་དང་སྦྲང་རྩི་འདྲ་བ་འཛག་པར་འགྱུར་ལ། དེ་དག་གི་ནང་ནས་གལ་ཏེ་རླུང་གི་ཤས་ཆེ་ན་ནི་ ཤ་སྐམ་པར་བྱེད་པ་ནས་ཤའི་རྨེན་བུ་གསེག་མ་ལྟ་བུ་སྐྱེད་པར་བྱེད་ཅིང་། དེར་དྲི་མ་ལ་སོགས་པས་ཁྲག་དྲི་མནམ་པ་ལ་སོགས་པའི་མཚན་ཉིད་ཅན་དེ་ལས་འཛག་པར་འགྱུར་བའི་ནད་དེ་ནི་འབྲུམ་བུ་གསེག་མ་ཅན་ཞེས་བྱའོ། །ལག་པ་རྐང་མཐིལ་ཚིགས་དང་ནི། །ནམ་ཚོང་ཡན་ཆད་ གྲོག་མོ་ཡི། །མགོ་ལྟར་རིམ་གྱིས་རྨེན་བུ་ནི། །ཕྲ་མོ་མང་པོས་ཁྱབ་བྱེད་ལ། །ན་ཞིང་ཚ་ལ་གཡའ་ཞིང་འདྲུལ། །ཀུན་དུ་སྐྱེས་ཏེ་གྲོག་མོའི་མགོ། ཞེས་བྱ་བ་ལ། ལག་པ་དང་རྐང་པའི་མཐིལ་ལ་སོགས་པར་འབྲུམ་ཕྲན་གྱིས་ཁྱབ་ནས་རིམ་གྱིས་རྨེན་བུར་འབྱུང་ཞིང་དེ་ལྟ་བུ་མང་པོས་ཁྱབ་པར་ འགྱུར་ལ་ན་བ་ལ་སོགས་པའི་མཚན་ཉིད་ཅན་སྐྱེས་པ་གང་ཡིན་པ་དེ་ནི་ནད་གཞི་གསུམ་ལས་བྱུང་བའི་ནད་གྲོག་མོའི་མགོ་བོ་ཞེས་བྱའོ། །རྐང་མཐིལ་གཤགས་མས་བྲུད་པའམ། །ཚེར་མ་སོགས་ཀྱིས་སྣད་པ་ཡི། །འབྲུམ་བུ་ཕུར་པ་ལྟར་མཐོ་བ། །སྐྱེས་ཏེ་མཛེར་པ་འདྲ་ཞེས་བྱ། །ཞེས་བྱ་བ་ལ། 202-1-239a ཚེར་མ་ལ་སོགས་པས་རྐང་པ་བྲུད་པའམ། སྣད་པས་ཕུར་པ་ལྟ་བུའི་ཐོར་བུ་སྐྱེས་པ་དེ་ནི་མཛེར་པ་འདྲ་བ་ཞེས་བྱའོ། །ཤུགས་བཀག་པ་ཡིས་རླུང་དག་ནི། །གཞང་དང་རྐང་པ་ལ་གནས་པ། །ཕྱི་དང་ནང་དུ་རྒྱུ་བྱེད་པ། །ལམ་རྒྱུ་དེ་ལས་བཤང་བ་ནི། །དཀའ་བས་འབྱུང་བར་ བྱེད་པའི་ནད། །གཞང་འགགས་པ་ཞེས་བྱ་བར་འདོད། །ཅེས་བྱ་བ་ལ། ཤུགས་བཀག་པའི་དབང་གིས་གཞང་གི་ཕྱི་དང་ནང་དུ་འཁྲུགས་པས། བཤང་བ་ཤིན་ཏུ་དཀའ་བས་འབྱུང་བར་བྱེད་པ་ནི་གཞང་འགགས་པ་ཞེས་བྱ་བར་སློབ་དཔོན་རྣམས་འདོད་དོ། །རླུང་མཁྲིས་ཀྱིས་ནི་སེན་མོ་ཡི། ། ནང་གི་ཤ་སྨིན་ནད་སྐྱེད་པ། །མ་སྣད་ནད་དང་ཚིམ་པ་དང་། །ཉེ་བའི་སེན་མོ་ཞེས་བྱའོ། །ཞེས་བྱ་བ་ལ། རླུང་དང་མཁྲིས་པ་འཁྲུགས་པ་ལས་སེན་མོའི་ནང་གི་ཤ་སྨིན་ཅིང་ནད་སྐྱེད་པ་ནི་མ་སྣད་པའི་ནད་དང་། ཚིམ་པ་དང་། ཉེ་བའི་སེན་མོ་ཞེས་བྱའོ། །སྣད་པས་གནག་ཅིང་རྩུབ་པ་དང་། །སྲ་ བ་སེན་མོ་ངན་ཞེས་བྱ། །ཞེས་བྱ་བ་ལ། སེན་མོ་གང་སྣད་པས་གནག་པ་ལ་སོགས་པར་གྱུར་པ་ནི་མིང་སེན་མོ་ངན་པ་ཞེས་བྱའོ། །འདམ་ནི་གནོད་བྱེད་ལ་རེག་ལས། །ནང་ན་གཡའ་ཞིང་རྣག་བཅས་པ། །སོར་མོའི་འབྲས་འབྱེར་ཞེས་བྱའོ། །ཞེས་བྱ་བ་ལ། སོར་མོའི་འདམ་གནོད་པར་བྱེད་པ་ལ་རེག་པས་ གཡའ་བ་ལ་སོགས་པའི་མཚན་ཉིད་ཅན་འབྱུང་བ་གང་ཡིན་པ་དེ་ནི་མིང་འབྲས་འབྱེར་བ་ཞེས་བྱའོ། །པགས་པ་ཏིལ་འདྲ་གནག་པ་ལ། །ནད་མེད་བྱུང་གྱུར་རྨེ་བ་སྟེ། །དེ་ཉིད་འབུར་བ་མཛེར་པ་ཡིན། །ཞེས་བྱ་བ་ལ། པགས་པ་ལ་གནས་ཤིང་ཏིལ་འདྲ་བ་ལ་སོགས་པའི་མཚན་ཉིད་ཅན་དེ་ནི་རྨེ་བ་ཞེས་བྱའོ། ། རྨེ་བ་དེ་ཉིད་ཆེར་འབུར་བར་གྱུར་པ་ནི་མཛེར་པ་ཞེས་བྱའོ། །མཛེར་པ་ལས་ཀྱང་ཆེན་པོར་གྱུར། །དཀར་ནག་པགས་པའི་མཛེར་པ་ཡིན། །ཞེས་བྱ་བ་ལ། མཛེར་པ་ལས་ཀྱང་ཤས་ཆེར་མཐོ་བར་གྱུར་ཅིང་མདོག་དཀར་ནག་ཏུ་གནས་པ་དེའི་མིང་པགས་པའི་མཛེར་པ་ཆེན་པོ་ཅན་ཞེས་བྱའོ། །དེ་འདྲའི་འབྲུམ་བུ་ སྐྱེས་པ་ནི། །དམར་པོ་རྒྱ་སྐྱེགས་ནོར་བུ་ཡིན། །ཞེས་བྱ་བ་ལ། ཡང་ཚུལ་མཛེར་པ་སྦོམ་པོ་འདྲ་བ་འབྲུམ་བུ་ཆེན་པོའི་མདོག་དམར་བ་སྐྱེས་པའི་མིང་ནི་རྒྱ་སྐྱེགས་ཀྱི་ནོར་བུ་ཞེས་བྱའོ། །དཀར་བའམ་གནག་པར་ལྷན་ཅིག་སྐྱེས། །ཟླུམ་པའམ་མཚན་མ་ཞེས་བྱའོ། །ཞེས་བྱ་བ་ལ། ཟླུམ་པོ་ལ་མདོག་དཀར་བའམ་ 202-1-239b གནག་པར་གནས་པར་སྐྱེས་པ་ནི་མིང་མཚན་མ་ཞེས་བྱའོ། །མྱ་ངན་ཁྲོ་དང་རླུང་མཁྲིས་སོགས། །འཁྲུགས་ཏེ་གདོང་ནི་སྲབ་གྱུར་ཅིང་། །ཐིག་ལེ་ནག་པོ་ངོ་ཤིག་ཅན། །ཞེས་བྱ་བ་ལ། མྱ་ངན་དང་ཁྲོ་བ་དང་རླུང་མཁྲིས་པ་ལ་སོགས་པ་ལས་གདོང་ལ་སྲབ་ཅིང་ཟླུམ་པ་བྱུང་བ་གང་ཡིན་པ་དེ་ནི་མིང་ངོ་ཤིག་ ཅན་ཞེས་བྱའོ། །གདོང་ལས་གཞན་བྱུང་ཁབས་ཞེས་བྱ། །ཞེས་བྱ་བ་ལ། ཐིག་ལེ་ཏལ་ཏིལ་ཏེ་གདོང་ལས་གཞན་དུ་བྱུང་བ་ནི་ཁབས་ཞེས་བྱའོ། །རླུང་གྱུར་ངོ་ཤིག་རྩུབ་པར་སྣང་། །རེག་ན་རྩུབ་ཅིང་གནག་པ་ཡིན། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་ངོ་ཤིག་ནི་རྩུབ་པར་སྣང་ཞིང་རེག་ན་ཡང་ རྩུབ་པ་དང་གནག་པ་ཡིན་ནོ། །མཁྲིས་གྱུར་མཐའ་མ་ཅུང་ཟད་སྔོ། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་ངོ་ཤིག་ནི་མཐའ་མ་དམར་ཞིང་ཅུང་ཟད་སྔོ་བ་ཡིན་ནོ། །བད་ཀན་ལས་གྱུར་མཐའ་དཀར་གཡའ། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་ངོ་ཤིག་ནི་མཐའ་མ་དཀར་ཞིང་གཡའ་བ་ཡིན་ནོ། ། ཁྲག་གྱུར་མཐའ་མ་ཟངས་མདོག་ཅན། །སྐམ་ཞིང་ཚ་བ་ཙག་ཙག་བྱེད། །ཅེས་བྱ་བ་ལ། ཁྲག་ལས་གྱུར་པའི་ངོ་ཤིག་ནི་མཐའ་མ་དམར་བ་ལ་སོགས་པའི་མཚན་ཉིད་ཅན་ཡིན་ཞིང་ཡུངས་ཀར་གྱི་ལྡེ་གུས་བསྐུས་པ་ལྟར་ཚ་བ་ཙག་ཙག་པོར་བྱེད་པ་ཡིན་ནོ། །རླུང་གིས་བད་ཀན་བསླངས་གྱུར་པ། །པགས་ པར་ཕྱིན་ཏེ་སྐམས་གྱུར་ནས། །དེ་ལས་པགས་པ་སྐྱ་འགྱུར་ཞིང་། །རིམ་གྱིས་ཚོར་བ་མེད་འགྱུར་ལ། །གཡའ་བ་ཆུང་ཞིང་འདྲུལ་བ་མེད། །བེམ་པོ་དེ་ནི་ཚོར་མེད་ཡིན། །ཞེས་བྱ་བ་ལ། རླུང་གིས་བད་ཀན་བསླངས་ཤིང་སྐྱེད་པར་གྱུར་པ་དང་། དེའི་འོག་ཏུ་པགས་པར་ཕྱིན་ནས་སྐམས་པར་གྱུར་པ་ དང་། པགས་པ་སྐྱ་བར་འགྱུར་ལ་རིམ་གྱིས་ཚོར་བ་མེད་པར་འགྱུར་ཞིང་། འདྲུལ་བ་མེད་པ་དེ་ནི་བེམ་པོ་ལྟ་བུར་འདུག་པའི་ཕྱིར་ཚོར་བ་མེད་པ་ཞེས་བྱའོ། །སྐྱུག་སྨན་ཉེས་དང་མ་ཞུ་དང་། །བད་མཁྲིས་ལུས་ལ་གནས་བསླངས་པས། །རབ་གཡའ་ཟླུམ་པོ་གོར་གོར་པོ། །དམར་པོ་མང་དུ་འབྱུང་འགྱུར་ ཞིང་། །རྗེས་འབྲེལ་ལྡན་པ་ཟླུམ་པོར་བཤད། །ཅེས་བྱ་བ་ལ། སྐྱུག་སྨན་གྱི་སྦྱོར་བ་ཉེས་པས་མ་ཞུ་བ་དང་། བད་ཀན་ལ་སོགས་པ་ལུས་ལ་གནས་པ་བསླངས་ཤིང་བསྐྱོད་པས་ལུས་རབ་ཏུ་གཡའ་ཞིང་ཟླུམ་པོ་གོར་གོར་པོ་མདོག་དམར་བ་མང་དུ་འབྱུང་བར་གྱུར་པ་དེ་ནི་རྗེས་སུ་འབྲེལ་བའི་ནད་ 202-1-240a ཟླུམ་པོ་ཞེས་བྱ་བར་དྲང་སྲོང་དག་གིས་བཤད་དོ། །དེ་ལྟར་ནད་ནི་ཕྲ་མོ་ཡི། །དབྱེ་བ་སུམ་ཅུ་དྲུག་ཏུ་བསྟན། །ཞེས་བྱ་བ་ལ། དེ་ལྟར་ན་ནད་ཕྲ་མོའི་དབྱེ་བ་ནི་སྤྱིར་སུམ་ཅུ་རྩ་དྲུག་ཡོད་དོ། །ཞེས་སློབ་དཔོན་གྱིས་བཤད་ཅིང་བསྟན་པ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་ པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་སུམ་ཅུ་རྩ་གཅིག་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་ནད་ཕྲ་མོའི་གསོ་བ་བཤད་པར་བྱའོ། །ར་ཡི་འགྲམ་པ་མ་སྨིན་པ། །སྲིན་བུ་པད་པས་ཁྲག་དབྱུང་ ངོ་། །ཞེས་བྱ་བ་ལ། ར་ཡི་འགྲམ་པ་ཞེས་བྱ་བའི་འབྲུམ་བུ་མ་སྨིན་པ་ལ་ནི། སྲིན་བུ་པད་པའི་གཏར་གས་ཁྲག་དབྱུང་བར་བྱའོ། །ནས་འདྲ་དུགས་ནི་བྱས་ནས་སུ། །ཐང་ཤིང་རུ་རྟ་ལྡོང་རོས་དང་། །བ་བླའི་ལྡེ་གུ་བསྐུས་ཏེ་བཞུ། །ཞེས་བྱ་བ་ལ། ནས་འདྲ་བ་ཞེས་བྱ་བ་ནི་དང་པོར་དུགས་བྱས་ནས་བཞུ་བར་ བྱ་བའི་ཕྱིར་ཐང་ཤིང་ལ་སོགས་པའི་ལྡེ་གུས་བསྐུ་བར་བྱའོ། །རྡོ་ཡི་བོང་བུའང་དེ་ལྟར་གསོ། །སྨིན་པ་ར་འགྲམ་རྨ་ལྟར་གསོ། །ཞེས་བྱ་བ་ལ། རྡོའི་བོང་བུ་ཞེས་བྱ་བ་ནི་བཤད་མ་ཐག་པའི་ཚུལ་དུ་གསོའོ། །རའི་འགྲམ་པ་ཞེས་བྱ་བ་སྨིན་པའི་རྨ་དང་འདྲ་བར་གསོ་བར་བྱའོ། །བཞིན་གནོད་སེང་ཕྲོམ་ འུ་སུ་དང་། །ཤུ་དག་བཏགས་པའི་ལྡེ་གུའམ། །ཞེས་བྱ་བ་ལ། བཞིན་ལ་གནོད་པའམ་མ་རུངས་པར་བྱེད་པ་ཞེས་བྱ་བའི་ནད་ནི་སེང་ཕྲོམ་ལ་སོགས་པའི་ལྡེ་གུས་བསྐུ་བར་བྱའོ། །ནྱ་གྲོ་དྷ་ཡི་ལོ་མའམ། །རྒྱ་སྟར་ལོ་མ་ཚ་སྦྱར་བསྐུ། །ཞེས་བྱ་བ་ལ། ཡང་ན་བཞིན་མ་རུངས་པར་བྱེད་པ་ལ་ནྱ་གྲོ་དྷ་ལ་སོགས་པའི་ལྡེ་ གུས་བསྐྲ་བར་བྱའོ། །དེས་མ་ཞི་ན་སྐྱུག་སྨན་དང་། །སྣ་སྨན་དཔྲལ་བར་གཏར་ག་གདབ། །ཅེས་བྱ་བ་ལ། སྦྱོར་བ་དེས་ཀྱང་མ་ཞི་ན་སྐྱུག་སྨན་ལ་སོགས་པའི་སྦྱོར་བ་བྱའོ། །པདྨའི་ཚེར་མ་ནིམ་པ་ཡི། །ཁུ་བའམ་ནིམ་པ་མར་བསྐོལ་བར། །སྦྲང་རྩི་དང་ནི་བཅས་པ་བླུད། །ནིམ་པ་དོང་གར་སྦྱར་བས་བྱུག །ཅེས་བྱ་བ་ལ། པདྨའི་ ཚེར་མ་ལྟ་བུ་ཞེས་བྱ་བ་ལ་ནི་ནིམ་པའི་ཁུ་བ་དང་། ནིམ་པ་དང་མར་བསྐོལ་བའི་ནང་དུ་སྦྲང་རྩི་དང་བཅས་པ་བླུད་པར་བྱ་བའམ། ནིམ་པ་དང་དོང་གར་སྦྱར་བའི་ལྡེ་གུས་བསྐུ་བར་བྱའོ། །ཁ་བྱེ་སོགས་ནས་དྲ་བོང་བར། །ས་སྐོར་བཅས་པ་མཁྲིས་པ་ཡི། །མེ་དབལ་ལྟ་བུར་གསོ་བར་བྱ། །མེ་སྐྱེད་པ་ནི་སྤང་བར་བྱ། །ཞེས་བྱ་ 202-1-240b བ་ལ། ཁ་བྱེ་བ་ནས་སྔོ་བའི་བོང་བུའི་བར་གྱི་འབྲུམ་ཕྲན་ས་སྐོར་དང་བཅས་པ་ནི་མཁྲིས་པ་ལས་གྱུར་པའི་མིང་མེ་དབལ་ལྟ་བུར་གསོ་བར་བྱ་ལ། མེ་སྐྱེད་པ་ཞེས་བྱ་བ་ནི་སྤང་བར་བྱའོ། །དྲ་བའི་བོང་བུ་སྨྱུང་བ་དང་། །གཏར་ག་གདབ་དང་རྩུབ་ཆོས་དང་། །ལུས་ཀྱི་སྦྱང་བ་སྐྱུ་རུ་རའི། །སྦྱོར་བའི་བསིལ་སྨན་བྱུག་པས་ གསོ། །བི་ད་རི་ལ་ཁྲག་གཏར་ཞིང་། །བད་ཀན་རྨེན་བུ་ལྟ་བུར་གསོ། །ཞེས་བྱ་བ་ལ། དྲ་བའི་བོང་བུ་ཞེས་བྱ་བ་ནི་རྟག་ཏུ་སྨྱུང་བ་བྱས་པ་དང་། གཏར་ག་གདབ་ཅིང་ཁྲག་དབྱུང་བ་དང་། ཟས་དང་སྨན་གྱིས་རྩུབ་ཆོས་བྱ་བ་དང་། སྐྱུག་སྨན་ལ་སོགས་པའི་ལུས་ཀྱི་སྦྱོང་བ་ལ་སོགས་པས་གསོ་བར་བྱའོ། །བི་ད་རི་ལ་ནི་རྔབས་རྭ་ལ་ སོགས་པས་ཁྲག་དབྱུང་ཞིང་བད་ཀན་གྱི་རྨེན་བུ་ལྟར་གསོ་བར་བྱའོ། །གསེག་མ་ལྟ་བུའི་འབྲུམ་ཕྲན་ལ། །ཚིལ་གྱི་རྨེན་བུ་ལྟ་བུར་གསོ། །ཞེས་བྱ་བ་ལ། གསེག་མ་ལྟ་བུའི་འབྲུམ་བུ་ལ་ནི་ཚིལ་གྱི་རྨེན་བུ་དང་འདྲ་བར་གསོ་བར་བྱའོ། །གྲོག་མའི་མགོ་འདྲ་བུ་ག་མང་། །ཆེར་སྐྱེས་སྐྲང་ཞིང་གནད་ལ་གནས། ། རྐང་པ་ལག་པར་བྱུང་བ་སྤང་། །ཞེས་བྱ་བ་ལ། གྲོག་མའི་མགོ་འདྲ་ཞིང་ཕུག་མང་བ་ལ་སོགས་པ་ནི་སྤང་བར་བྱའོ། །ཅིག་ཤོས་ལས་ནི་ཁྲག་དབྱུང་ལ། །རྒྱམ་ཚ་དོང་ག་སླེ་ཏྲེས་དང་། །ཅི་ཙེ་རྒྱ་སྲན་རྩ་བ་དང་། །དན་ད་ཏིལ་བཏགས་ནས་ཕྱེས་བསྐུ། །ཞེས་བྱ་བ་ལ། སྔ་མ་དང་མི་མཐུན་པར་གནས་པའི་ གྲོག་མ་ལྟ་བུའི་འབྲུམ་ཕྲན་ནི་གཏར་ག་བྱས་ལ་རྒྱམ་ཚ་ལ་སོགས་པས་བསྐུ་བར་བྱའོ། །སྨིན་པ་ལ་ནི་ནད་ཅན་ཤ །ཐམས་ཅད་ལེགས་པར་སྦྱང་བར་བྱ། །མཚོན་གྱིས་བཅད་ལ་དེ་རྗེས་ལ། །ཐལ་སྨན་ཡང་ན་མེ་ཡིས་བསྲེག །ཅེས་བྱ་བ་ལ། གྲོག་མ་འདྲ་བའི་སྨིན་པ་ལ་ནི་ཐམས་ཅད་ལེགས་ པར་སྦྱང་བ་ལ་སོགས་པ་བྱའོ། །མཛེར་པ་འདྲ་བ་གཙགས་བུ་ཡིས། །མ་ལུས་བཅད་ལ་སྣུམ་གྱིས་བསྲེག །ཅེས་བྱ་བ་ལ། མཛེར་པ་འདྲ་བའི་ནད་ལ་ནི་གཙགས་བུས་ཀུན་བཅད་ལ། དེའི་འོག་ཏུ་མར་བསྐོལ་བས་བསྲེག་པར་བྱའོ། །གཞང་འགགས་པ་ལ་ནོར་བུ་ནི། །འགགས་པ་ལྟ་བུར་ གསོ་བར་བྱ། །ཞེས་བྱ་བ་ལ། གཞང་འགགས་པའི་ནད་ལ་ནི་ནོར་བུ་འགགས་པ་ལྟར་གསོ་བར་བྱའོ། །ཉེ་བའི་སེན་མོ་སྦྱང་བ་ཡིས། །ཚ་བ་བསལ་ཏེ་མཚོན་གྱིས་གསོ། །ཞེས་བྱ་བ་ལ། ཉེ་བའི་སེན་མོ་ཞེས་བྱ་བའི་ནད་ནི་སྐྱུག་སྨན་ལ་སོགས་པས་སྦྱང་བ་བྱས་ལ། ཚ་བ་བསལ་ཏེ། མཚོན་གྱིས་བཅད་ 202-1-241a པའི་ལས་ཀྱིས་གསོ་བར་བྱའོ། །སེན་མོ་ངན་ལའང་དེ་བཞིན་བྱ། །ཞེས་བྱ་བ་ལ། །སེན་མོ་ངན་པ་ཞེས་བྱ་བའི་ནད་ལ་ཡང་བཤད་མ་ཐག་པའི་སྦྱོར་བས་གསོ་བར་བྱའོ། །རྐང་པའི་ཆུ་སེར་དག་ལ་ཡང་། །འབྲས་བུ་སྐྱུར་པོ་ནག་ཚུར་བཅས། །ཏིལ་དང་གིའུ་ཝང་ནིམ་པ་ཡི། ། ལོ་མའི་ལྡེ་གུས་བསྐུ་བར་བྱ། །ཞེས་བྱ་བ་ལ། རྐང་པའི་ཆུ་སེར་གྱི་ནད་ལ་ནི་འབྲས་བུ་སྐྱུར་པོ་ཀཉྫི་ཞེས་བྱ་བས་བཀྲུས་ལ་ནག་ཚུར་ལ་སོགས་པས་བསྐུ་བར་བྱའོ། །སྨེ་བ་མཛེར་པར་བཅས་པ་ནི། །མེ་ཤེལ་ཐལ་སྨན་དག་གིས་བསྲེག །ཡང་ན་མེ་བཙའ་གདབ་པར་བྱ། །ཞེས་བྱ་བ་ ལ། སྨེ་བ་དང་མཛེར་པ་དག་ནི་མེ་ཤེལ་ལམ། ཐལ་སྨན་ནམ་མེ་བཙས་བསྲེག་པར་བྱའོ། །དེ་བཞིན་ལྤགས་མཛེར་རྒྱ་སྐྱེགས་ནོར། །མཚོན་གྱིས་བཅད་དེ་དེ་བཞིན་གསོ། །ཞེས་བྱ་བ་ལ། དེ་བཞིན་དུ་མཛེར་པ་ཆེན་པོ་དང་རྒྱ་སྐྱེགས་ཀྱི་ནོར་བུ་ཞེས་བྱ་བ་ནི་གཙགས་བུས་བཅད་ དེ་མེ་ཤེལ་ལ་སོགས་པས་བསྲེག་པར་བྱའོ། །མཚན་མ་ཅན་སོགས་གསུམ་པོ་ལ། །ཉེ་བའི་ཕྱོགས་ལ་གཏར་ག་གདབ། །ཅེས་བྱ་བ་ལ། མཚན་མ་ཅན་དང་ཁྱེ་མ་ཡང་འདིར་བསྡུ། ངོ་ཤིག་དང་ཁབས་ཏེ་གསུམ་པོ་ནི་ནད་གང་ན་ཡོད་པ་དང་ཉེ་བའི་ཕྱོགས་ལ་གཏར་ག་གདབ་པར་ བྱའོ། །འོ་མ་ཅན་ཤིང་མྱུ་གུ་ཤུན། །འོ་མར་བཏགས་པས་བསྐུ་བར་བྱ། །ཞེས་བྱ་བ་ལ། མཚན་མ་ཅན་ལ་སོགས་པ་གསུམ་པོ་ལ་ནི་འོ་མ་ཅན་གྱི་ཤིང་གི་མྱུ་གུ་དང་ཤུན་པ་འོ་མ་དང་བཏགས་པས་བསྐུ་བར་བྱའོ། །ངོ་ཤིག་ཨརྫུ་ནའི་ཤུན་པའམ། །བཙོད་དང་སྦྲང་རྩི་སྦྱར་བ་ཡི། །ལྡེ་ གུའམ་རྟ་དཀར་རྨིག་པ་ནི། །བསྲེགས་པའི་སྣག་ཚ་མར་སྦྱར་བསྐུ། །ཞེས་བྱ་བ་ལ། ངོ་ཤིག་ལ་ནི་ཨརྫུ་ནའི་ཤུན་པའི་ལྡེ་གུ་ལ་སོགས་པས་བསྐུ་བར་བྱའོ། །ཙནྡན་དམར་པོ་བཙོད་དང་ནི། །རུ་རྟ་སེང་ཕྲོམ་པྲི་ཡང་ཀུ། །སྲན་ཆུང་ནྱ་གྲོ་དྷའི་མྱུ་གུ། །ལྡེ་གུས་ངོ་ཤིག་སེལ་བྱེད་ཅིང་། །བཞིན་ མདངས་གསལ་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། ཙནྡན་དམར་པོ་ལ་སོགས་པའི་ལྡེ་གུས་བསྐུས་ན་ངོ་ཤིག་ལ་སོགས་པ་སེལ་བར་བྱེད་དོ། །ཟི་ར་གཉིས་དང་ཏིལ་ནག་དང་། །ཡུངས་ཀར་འོ་མར་བཅས་པ་ནི། །བཏགས་པའི་ལྡེ་གུས་གདོང་བསྐུས་ན། །ངོ་ཤིག་སེལ་ཞིང་ཟླ་འདྲར་བྱེད། ། 202-1-241b ཅེས་བྱ་བ་ལ། ཟི་ར་གཉིས་ནི་ཟི་ར་ནག་པོ་དང་དཀར་པོའི་དབྱེ་བས་གཉིས་ཏེ། དེ་ལ་སོགས་པའི་ལྡེ་གུས་བསྐུས་ན་ངོ་ཤིག་དང་མཚན་མ་ཅན་གྱི་སྐྱོན་མེད་པར་བྱེད་དེ་ཟླ་བ་དང་འདྲ་བར་འགྱུར་རོ། །སྲན་ཆུང་ཕུབ་མ་མེད་བརྔོས་པ། །འོ་མ་སྦྲང་རྩི་མར་བཏགས་བསྐུ། །ཞེས་བྱ་བ་ལ། ཡང་ན་སྲན་ ཆུང་སྤུན་པ་མེད་པར་བྱས་ཏེ་བརྔོས་པ་འོ་མ་དང་བཏགས་ཏེ་སྦྲང་རྩི་དང་མར་དང་སྦྱར་བས་བསྐུས་ན་ཡང་གདོང་གི་ངོ་ཤིག་ལ་སོགས་པའི་སྐྱོན་སེལ་བར་བྱེད་དོ། །ཚེར་མ་ནོ་བའི་ཤལ་མ་ལིའི། །འོ་མར་བཏགས་པས་བསྐུས་ནའང་ཕན། །ཞེས་བྱ་བ་ལ། ཡང་ན་ཤལ་མ་ལིའི་ཚེར་མ་རྣོན་པོ་འོ་མ་དང་ བཏགས་ལ། གདོང་བསྐུས་ན་ཡང་ངོ་ཤིག་ལ་སོགས་པ་སེལ་ཞིང་བཞིན་ཟླ་བ་དང་འདྲ་བར་བྱེད་དོ། །རྒྱ་ཤུག་ཚི་གུ་བུ་རམ་བཅས། །སྦྲང་རྩི་རི་བོང་ཁྲག་སྦྱར་བསྐུ། །ཞེས་བྱ་བ་ལ། ཡང་ན་རྒྱ་ཤུག་གི་ཚི་གུ་ལ་སོགས་པའི་ལྡེ་གུས་བསྐུས་ན་ཡང་ཡོན་ཏན་སྔ་མ་དང་འདྲའོ། །རུ་རྟ་ཁ་ལུང་ ཁུ་བ་ཡི། །ནང་སྦངས་སྦྲང་རྩིར་བཅས་པའམ། །ཞེས་བྱ་བ་ལ། ཡང་ན་རུ་རྟ་ཁ་ལུང་གི་ཁུ་བའི་ནང་དུ་ཞག་བདུན་སྦངས་པའི་ལྡེ་གུ་དང་སྦྲང་རྩིར་སྦྱར་བ་བསྐུས་ན་ཡང་ཡོན་ཏན་དེ་དང་འདྲའོ། །རྐང་མར་རྩ་བ་རའི་འོ་མ། །སྦྲང་རྩིར་བཅས་པའི་ལྡེ་གུའང་ཕན། །ཞེས་བྱ་བ་ལ། ཡང་ན་རྐང་ མར་ལ་སོགས་པའི་ལྡེ་གུས་བསྐུས་ན་ཡང་ཕན་ནོ། །རྐང་མར་རྩ་བ་བ་ལང་རུས། །སྦྲང་ཙི་མར་དང་བཅས་པས་བསྐུ། །ཞེས་བྱ་བ་ལ། ཡང་ན་རྐང་མར་གྱི་རྩ་བ་དང་བ་ལང་གི་སོ་ལྡེ་གུར་བྱས་ལ། སྦྲང་རྩི་མར་དང་སྦྱར་བས་བསྐུས་ན་ཡང་ཕན་ནོ། །འཛམ་བུ་ཨ་མྲའི་ལོ་མ་དང་། །སེར་ པོ་རྣམ་གཉིས་ཞོ་ག་ཆུ། །བུ་རམ་སར་པ་སྦྱར་བའམ། །ཏིན་དུ་ཀ་ཡི་ལོ་མ་ཡི། །ཁུ་བར་བཏགས་པའང་མདོག་གསལ་བྱེད། །ཅེས་བྱ་བ་ལ། འཛམ་བུ་དང་ཨ་མྲའི་ལོ་མ་དང་སེར་པོ་རྣམ་གཉིས་ལ་སོགས་པ་སྦྱར་བའི་ལྡེ་གུའམ་ཡང་ན་ཏིན་དུ་ཀའི་ལོ་མའམ། ཤུན་པ་རང་གི་ ཁུ་བ་དང་བཅས་པའི་ལྡེ་གུས་བསྐུས་ན་ཡང་བཞིན་གྱི་མདོག་གསལ་བར་བྱེད་དོ། །ཨུཏྤལ་སྔོ་དང་རུ་རྟ་དང་། །ཙནྡན་སེར་པོ་པྲི་ཡང་ཀུ། །རྒྱ་ཤུག་ཚིག་གུའི་ལྡེ་གུ་ཡིས། །གདོང་ནི་བསྐུས་ཞིང་དྲིལ་གྱུར་ན། །པདྨའི་མདོག་དང་འདྲ་བར་བྱེད། །ཅེས་བྱ་བ་ལ། ཨུཏྤལ་སྔོན་པོ་ལ་ 202-1-242a སོགས་པའི་ལྡེ་གུས་གདོང་བསྐུས་ཤིང་དྲིལ་ན་ཡང་། གདོང་པདྨའི་མདོག་དང་འདབ་མ་འདྲ་བར་འགྱུར་རོ། །ཙནྡན་སེར་པོ་ནི་ཀ་ལི་ཡི་ཀ་སྟེ། ཙནྡན་གསུམ་པའོ། །སྨན་ནི་འདི་དག་བཏགས་པ་དང་། །ཤིང་མངར་དང་བཅས་བསྐོལ་སྣུམ་ནི། །ནད་གཞི་ཇི་བཞིན་མ་ལུས་ལ། ། བཏུང་དང་བསྐུ་བ་ལ་སོགས་བྱ། །ཞེས་བྱ་བ་ལ། ལྡེ་གུའི་དོན་སྨོས་པའི་སྨན་གོང་དུ་སྨོས་པ་འདི་དག་ཉིད་དང་། ཤིང་མངར་དང་བཅས་པར་བསྐོལ་བའི་སྣུམ་ནད་གཞི་དང་དུས་ལ་སོགས་པ་ཇི་ལྟ་བ་བཞིན་དུ་བཏུང་བ་དང་། བསྐུ་བ་ལ་སོགས་པའི་སྦྱོར་བ་བྱའོ། །ནས་དང་སེང་ཕྲོམ་སྲ་རྩི་པོག ། སྤྲ་ཚིལ་སྦྲང་རྩི་པུ་ཤེལ་ཙེ། །མར་དང་བུ་རམ་བ་གཅིན་ནི། །གཟར་བུར་ཆགས་ཀྱི་བར་དུ་བསྐོལ། །དེ་བསྐུས་པ་ཡིས་སྨེ་བ་དང་། །ངོ་ཤིག་མཛེར་པ་མྱུར་སེལ་བྱེད། །གདོང་ནི་པདྨ་འདྲར་བྱེད་ཅིང་། །རྐང་པ་པདྨའི་འདབ་འདྲར་བྱེད། །ཅེས་བྱ་བ་ལ། ནས་ལ་སོགས་པ་ནས་བ་གཅིན་གྱི་ བར་གཟར་བུ་ལ་ཆགས་ཀྱི་བར་གྱི་ལྡེ་གུས་བསྐུས་ན་ངོ་ཤིག་སེལ་བར་བྱེད་པ་ལ་སོགས་པའི་ཡོན་ཏན་སྐྱེད་པར་བྱེད་དོ། །གུར་གུམ་ཤིང་མངར་པུ་ཤེལ་ཙེ། །ཙནྡན་སེར་དང་རྒྱ་སྐྱེགས་དང་། །ཙནྡན་དཀར་དང་ནྱ་གྲོ་དྷའི། །རྐང་པ་གཞོན་ནུ་ཤུག་པ་དང་། །དེ་བཞིན་པདྨ་གེ་སར་དང་། །ཨུཏྤལ་ སྔོན་པོ་བཙོད་དང་བཅས། །སྲང་རེ་ཆུ་བྲེ་བཞི་ནང་དུ། །བསྐོལ་ཏེ་བཞི་ཆ་ལུས་པ་རུ། །རྒྱ་སྐྱེགས་བཙོད་དང་ལེ་བརྒན་རྩི། །ཤིང་མངར་གུར་གུམ་ཞོ་གཉིས་གཉིས། །ཕྱེ་མ་ཏིལ་མར་སྲང་བརྒྱད་དང་། །དེ་ཡི་ཉིས་འགྱུར་འོ་མ་བསྐོལ། །དེ་ནི་སྣ་སྨན་ཚུལ་བསྟེན་ན། །སྨེ་བ་ངོ་ཤིག་སྐྲ་དཀར་ དང་། །གཉེར་མ་གདོང་གི་དྲི་མ་སེལ། །གདོང་གི་ཤ་རྒྱས་མདོག་གསལ་བྱེད། །ཅེས་བྱ་བ་ལ། གུར་གུམ་ལ་སོགས་པ་སྲང་རེ་ཇི་སྐད་སྨོས་པ་བཞིན་དུ་བསྐོལ་ལ་ཏིལ་མར་དེ་སྣ་སྨན་དུ་བསྟེན་ན་སྨེ་བ་ལ་སོགས་པ་སེལ་བར་བྱེད་ཅིང་གདོང་གི་ཤ་རྒྱས་པ་དང་། མདོག་གསལ་བར་བྱེད་པ་ ཡིན་ནོ། །བཙོད་དང་སེང་ཕྲོམ་ཤ་བ་རི། །རྒྱ་སྐྱེགས་ལྡོང་རོས་དུ་པ་རི། །གུར་གུམ་རུ་རྟ་སེར་པོ་གཉིས། །གིའུ་ཝང་ཙནྡན་རྣམ་གཉིས་དང་། །ནྱ་གྲོ་དྷ་ཡི་ལོ་མ་དང་། །དངུལ་ཆུ་རྨ་ཤིང་ཙནྡན་སེར། །དྷ་དུ་ར་ཡི་ཤུན་པ་ཡི། །ས་བོན་པདྨ་གེ་སར་དང་། །སྤྲ་ཚིལ་སྤངས་མ་ཤུག་པ་ 202-1-242b སོགས། །ཞག་དང་འོ་མ་རྐང་དང་མར། །འོ་མ་ཅན་ཤིང་འོ་མ་ནི། །བསྐོལ་བའི་མར་ནི་བསྐུས་གྱུར་ན། །ངོ་ཤིག་གཉེར་མ་སོགས་འཇོམས་ཤིང་། །བཞིན་ནི་པདྨའི་མདངས་འདྲར་འགྱུར། །ཞེས་བྱ་བ་ལ། ཤ་བ་རི་ནི་བ་ཏི་ཀ་རི་འདྲའོ། །དུ་པ་རི་ནི་ཨ་ད་ཀའོ། །གཞན་ནི་གོ་བར་ཟད་དེ། བཙོད་ལ་སོགས་པའི་སྨན་མར་བསྐོལ་བའི་ཚུལ་དུ་བསྐོལ་བའི་སྨན་མར་དེ་བཏུང་བ་དང་། སྣ་སྨན་ལ་སོགས་པར་བསྟེན་ན་ངོ་ཤིག་དང་ཁབས་དང་གཉེར་མ་ལ་སོགས་པ་སེལ་བར་བྱེད་ཅིང་། བཞིན་རས་ཟླ་བའི་མདངས་དང་ལྡན་པར་བྱེད་དོ། །བྲིང་ག་ར་ཛའི་ཁུ་བར་ནི། །འོ་མ་ཆུ་བསྐོལ་སྣ་སྨན་ བསྔགས། །ཞེས་བྱ་བ་ལ། བྲིང་ག་ར་ཛའི་ཁུ་བ་ལ་སོགས་པའི་སྣ་སྨན་བཏང་ན་ཡང་ཕན་ནོ། །པགས་པ་ཚོར་མེད་ལ་རླུང་གི །གསོ་བ་དང་ནི་མེ་བཙའ་བྱ། །ཞེས་བྱ་བ་ལ། པགས་པ་ཚོར་བ་མེད་པའི་ནད་ལ་ནི་རླུང་ལས་གྱུར་པའི་མཛེ་ནད་ཀྱི་གསོ་བ་དང་། མེ་བཙའ་གདབ་པར་བྱས་ན་ཕན་ནོ། །ལྤགས་ ནད་ཟླུམ་པོར་བད་མཁྲིས་བཤད། །མཛེ་ནད་སེལ་བ་ཐམས་ཅད་ཕན། །ཞེས་བྱ་བ་ལ། ལྤགས་ནད་ཟླུམ་པོ་ཀོར་ཀོར་པོར་ན་བ་ལ་ནི། བད་ཀན་དང་མཁྲིས་པ་ལ་ཕན་པའི་སྨན་ཐམས་ཅད་དང་། དེ་བཞིན་དུ་མཛེ་ནད་ལ་ཕན་པའི་སྨན་དང་ཁ་ཟས་ལ་སོགས་པ་ཐམས་ཅད་ཕན་ནོ། །ཡན་ ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་སུམ་ཅུ་རྩ་གཉིས་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་གསང་བའི་གནས་ཀྱི་ནད་དམིགས་ཤེས་པ་བཤད་པར་བྱའོ། ། བུད་མེད་ཉལ་པོ་སྤངས་པ་ལས། །མོད་ལ་བསྟེན་པར་གྱུར་པའམ། །ནད་དང་བཅས་ཤིང་དོག་པ་ལས། །དྲི་མ་ཅན་དང་ཟླ་མཚན་ནམ། །སྐྱེ་གནས་གཞན་དང་མི་འདོད་དང་། །བགྲོད་མིན་གསར་དུ་བཙས་པ་དང་། །དགའ་བའི་མཐར་ནི་དུག་ཅན་སོགས། །ཆུས་རེག་པའམ་ མ་བཀྲུས་དང་། །བསྐྱེད་པའི་བསམ་པས་སྨན་རྣོན་པོའི། །ལྡེ་གུ་ལ་སོགས་བསྐུས་པ་དང་། །ཁུ་ཚུར་སོ་དང་སེན་མོ་དང་། །གྲ་མ་དུག་ཅན་གྱིས་རེག་དང་། །ཤུགས་དགག་པ་དང་ཡུན་རིང་དུ། །རེག་པ་རྩུབ་པས་བདར་བའམ། །ནད་གཞི་འཁྲུགས་པས་གསང་བར་ཞུགས། ། 202-1-243a སོས་འཛིན་ལྟ་བུ་ལ་སོགས་ནད། །ཉི་ཤུ་རྩ་གསུམ་འབྱུང་བར་འགྱུར། །ཞེས་བྱ་བ་ལ། སྐྱེས་པ་བུད་མེད་ལ་འཁྲིག་པ་སྤྱོད་པའི་ཉལ་པོ་སྤངས་པར་གྱུར་པ་ལས་མོད་ལ་འཕྲལ་དུ་བུད་མེད་བསྟེན་ཅིང་སྤྱོད་པར་གྱུར་པའམ། ཡང་བུད་མེད་ནད་དང་བཅས་ པའམ། མཚན་དོག་པའམ། དྲི་མ་ཅན་ཟླ་མཚན་འཛག་བཞིན་པའམ། ཡང་ན་སྐྱེ་གནས་མི་མཐུན་པར་གྱུར་པ་གཞན་དག་གམ། བུད་མེད་མི་འདོད་བཞིན་དུ་ནན་གྱིས་འཇུག་པའམ། ཡང་ན་བགྲོད་པར་བྱ་བ་མ་ཡིན་པ་སྟེ་སློབ་དཔོན་གྱི་ཆུང་མ་ལ་སོགས་པ་ལྟ་བུའམ། གསར་དུ་ བུ་བཙས་པར་གྱུར་པ་དང་། ཡང་ན་དགའ་བའི་མཐའ་སྟེ། འཁྲིག་པ་སྤྱད་པའི་རྗེས་ལ་དུག་ལ་སོགས་པ་དང་འདྲེས་པའི་ཆུས་བཀྲུས་ཤིང་རེག་པར་གྱུར་པའམ། ཆུས་བཀྲུས་པར་མ་གྱུར་པའམ། ཡང་ན་ཕོ་མཚན་བསྐྱེད་པར་བྱ་བའི་བསམ་པས་སྨན་རྣོན་པོའི་ལྡེ་གུས་ཕོ་མཚན་ལ་བསྐུས་ པ་དང་། དེ་བཞིན་དུ་ཁུ་ཚུར་རམ་སོ་འམ་སེན་མོ་དང་གྲ་མ་དུག་ཅན་གྱིས་རེག་པར་བྱས་པ་དང་། དེ་བཞིན་དུ་བཤང་བ་ལ་སོགས་པའི་ཤུགས་དགག་པ་དང་ཡང་ན་ཡུན་རིང་དུ་རེག་པ་ཤིན་ཏུ་རྩུབ་པས་བདར་བར་གྱུར་པ་འམ། རླུང་ལ་སོགས་པའི་གནད་གཞི་འཁྲུགས་པས་གསང་བ་ཞེས་ བྱ་བ་མཚན་གྱི་ནང་དུ་ཞུགས་པ་སྟེ། རྒྱུ་དེ་དག་གིས་སོས་འཛིན་པ་ལ་སོགས་པའི་ནད་ཉི་ཤུ་རྩ་གསུམ་སྐྱེད་པར་བྱེད་དོ། །སོས་འཛིན་ལྟ་བུ་འདིར་ལྔ་སྟེ། །ནད་གཞི་རེ་རེ་ཁྲག་ལས་གྱུར། །འདུས་པའི་ནད་ལས་གྱུར་པའོ། །ཞེས་བྱ་བ་ལ། འདིར་དེ་དག་གི་ནང་ནས་སོས་འཛིན་པའི་ ནད་རྣམ་པ་ལྔ་སྟེ། རླུང་ལ་སོགས་པ་ནད་གཞི་རེ་རེ་ལས་གྱུར་པ་གསུམ་དང་། ཁྲག་ལས་གྱུར་པ་དང་། འདུས་པ་ལས་གྱུར་པའོ། །དེ་ལ་རླུང་གྱུར་ཕོ་མཚན་སྐྲངས། །ནད་མང་རྟག་ལྡང་ལྤགས་གས་པའོ། །ཞེས་བྱ་བ་ལ། དེ་ལ་སོས་འཛིན་པ་ཞེས་བྱ་བ་རྣམ་པ་ལྔ་ལས་ རླུང་ལས་གྱུར་པའི་སོས་འཛིན་པ་ནི་སྐྲངས་པ་དང་། ནད་མང་པོ་སྣ་ཚོགས་ཀྱིས་འདེབས་པ་དང་། རྟག་ཏུ་ལྡང་བ་དང་། པགས་པ་གས་པར་འགྱུར་བ་ཡིན་ནོ། །མཁྲིས་པ་ལས་གྱུར་སྐྲངས་རིམས་འདེབས། །ཨུ་དུམྺཱ་རའི་འབྲས་སྨིན་འདྲ། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་ 202-1-243b པའི་སོས་འཛིན་པ་ནི་སྐྲངས་པ་དང་། རིམས་ཀྱིས་འདེབས་པ་དང་། སྐྲངས་པའི་མདོག་ཨུ་དུམ་རའི་འབྲས་བུ་སྨིན་པ་འདྲ་བ་ཡིན་ནོ། །བད་ཀན་གྱིས་མཁྲང་སྣུམ་པ་དང་། །གཡའ་ཞིང་སྐྲངས་ལ་ལྕི་བ་ཡིན། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་སོས་འཛིན་པ་ནི་ཕོ་མཚན་མཁྲང་པ་དང་ སྣུམ་པ་ལ་སོགས་པ་ཡིན་ནོ། །ཁྲག་གྱུར་འབྲུམ་བུ་ནག་པོ་འབྱུང་། །ཁྲག་འཛག་རིམས་ཀྱིས་འདེབས་པར་བྱེད། །ཅེས་བྱ་བ་ལ། ཁྲག་ལས་གྱུར་པའི་སོས་འཛིན་པ་ནི་འབྲུམ་བུ་ཕྲ་མོ་ནག་པོ་འབྱུང་བར་འགྱུར་བ་དང་། དེ་བཞིན་དུ་ཁྲག་འཛག་པ་ལ་སོགས་པ་ཡིན་ནོ། ། འདུས་གྱུར་མཚན་ཉིད་ཀུན་དང་ལྡན། །རླིག་འབྲས་གཉིས་ཀྱང་སྐྲངས་པར་བྱེད། །མི་བཟད་ན་ཞིང་ལྟུང་བ་དང་། །གས་ཤིང་སྲིན་བུ་སྐྱེ་བ་ཡིན། །ཞེས་བྱ་བ་ལ། ནད་གཞི་གསུམ་ཆར་འདུས་པ་ལས་གྱུར་པའི་སོས་འཛིན་པའི་མཚན་མ་ནི་ནད་གཞི་གསུམ་ཆར་གྱི་མཚན་ཉིད་དང་ ལྡན་པ་དང་། དེ་བཞིན་དུ་རླིག་པའི་འབྲས་བུ་གཉིས་སྐྲངས་པར་བྱེད་པ་དང་། དེ་བཞིན་བརྣག་པར་དཀའ་ཞིང་མི་བཟད་པར་ན་ལ་ལྟུང་བར་འགྱུར་བ་དང་། སྲིན་བུ་རྣམས་སྐྱེ་བར་འགྱུར་བ་ཡིན་ནོ། །དེ་ལས་ཁྲག་གྱུར་འཚོ་བ་ཙམ། །འདུས་པ་ལས་གྱུར་འཆི་བར་བྱེད། །ཅེས་བྱ་བ་ ལ། ལྔ་པ་དེ་དག་ལ་ཁྲག་ལས་གྱུར་པའི་སོས་འཛིན་པ་མི་ལ་བ་ཙམ་དུ་རེ་ཞིག་འཚོར་རུང་བ་ཡིན་ལ། འདུས་པ་ལས་གྱུར་པ་ནི་གསོར་མི་རུང་བ་ཡིན་ནོ། །ནད་འཁྲུགས་པ་ལས་ཕོ་མཚན་གནས། །ཤ་ཁྲག་ལས་ནི་ཕོ་མཚན་གྱི། །ཕྱི་འམ་ཡང་ན་ནང་དུ་ནི། །མཛེར་པ་གཡའ་ བར་བྱེད་པ་འབྱུང་། །ཁྲག་ནི་སྤྱི་བག་འཛག་པར་བྱེད། །ཅེས་བྱ་བ་ལ། རླུང་ལ་སོགས་པའི་ནད་འཁྲུགས་པ་ལས་ཕོ་མཚན་གྱི་གནས་སུ་ཤ་ཁྲག་ལ་བརྟེན་ཏེ། དེའི་ཕྱི་རོལ་ལམ་ནང་དུ་ཤའི་མཛེར་པ་གཡའ་བར་བྱེད་པ་ལ་སོགས་པ་འབྱུང་བར་བྱེད་པ་ཡིན་ནོ། །མོ་མཚན་དེ་ འདྲ་གདུགས་ལྟར་འདུག །དེ་ནི་འབྲུམ་ནད། ཅེས་བྱ་བ་ལ། དེ་བཞིན་དུ་མོ་མཚན་དུ་ཡང་ཤའི་མཛེར་པ་སྔ་མ་དེ་དང་འདྲ་བར་མཛེར་པ་དང་གཡའ་བར་བྱེད་པ་ལ་སོགས་པ་ལ་དབྱིབས་གདུགས་ལྟར་འདུག་པར་འགྱུར་ཏེ། མཛེར་པའི་ནད་དེ་ནི་འབྲུམ་ནད་ 202-1-244a ཅེས་བྱའོ། །མ་གསོས་ན། ཕོ་མོའི་ཁུ་ཁྲག་ཉམས་བྱེད་གསོད། །ཅེས་བྱ་བ་ལ། ནད་དེ་དག་གསོ་བར་མ་བྱས་ན་སྐྱེས་པའི་ཕོ་མཚན་ཉམས་ཤིང་ཁུ་བ་འབྱུང་བར་མི་བྱེད་པར་གསོད་པ་དང་། བུད་མེད་ཀྱི་ཁྲག་ཉམས་ཤིང་གསོད་པར་བྱེད་དོ། །ཕོ་མཚན་གྱི་ ནི་ཕྱི་འམ་ནང་། །བད་ཀན་ཁྲག་གྱུར་འབྲུམ་ཕྲན་ནི། །ཚད་དང་དབྱིབས་ནི་ཡུངས་ཀར་འདྲ། །སྟུག་པོའི་ཡུངས་ཀར་ཞེས་བྱར་བཤད། །ཅེས་བྱ་བ་ལ། ཕོ་མཚན་གྱི་ཕྱི་རོལ་ལམ་ནང་དུ་བད་ཀན་དང་། ཁྲག་ལས་གྱུར་པའི་འབྲུམ་ཕྲན་ཚད་དང་དབྱིབས་ཡུངས་ཀར་འདྲ་བ་སྟུག་པོར་བྱུང་བ་ དེ་ནི། ཡུངས་ཀར་ལྟ་བུའི་འབྲུམ་ཕྲན་ཞེས་བྱའོ་ཞེས་དྲང་སྲོང་རྣམས་ཀྱིས་བཤད་དོ། །བད་ཀན་ཁྲག་གྱུར་འབྲུམ་བུ་ནི། །རིང་ཞིང་མང་པོར་གྱུར་པ་ལ། །དབུས་ནས་གས་པ་གང་ཡིན་པ། །དེ་ནི་ངེས་པར་འཇོམས་ཞེས་བྱ། །ན་ཞིང་བ་སྤུ་བརྩེ་བར་བྱེད། །ཅེས་བྱ་བ་ལ། བད་ཀན་དང་ ཁྲག་འཁྲུགས་པར་གྱུར་པ་ལས། འབྲུམ་བུ་ཕྲ་མོ་དབྱིབས་རིང་ཞིང་མང་པོར་འབྱུང་བར་འགྱུར་ལ། དེས་མཚན་གྱི་དབུས་ནས་གས་པར་གྱུར་པ་གང་ཡིན་པ་དེ་ནི་མིང་ངེས་པར་འཇོམས་པ་ཞེས་བྱ་སྟེ། དེ་ནི་ན་བ་དང་བ་སྤུ་བརྩེ་བར་བྱེད་པ་ཡིན་ནོ། །ཁྲག་མཁྲིས་ལས་གྱུར་འཛམ་བུ་ཡི། ། རུས་པ་ལྟར་འདུག་ཁོང་སྟོང་ཅན། །ཞེས་བྱ་བ་ལ། ཕོ་མཚན་ཁྲག་དང་མཁྲིས་པ་ལས་གྱུར་པའི་འབྲུམ་བུ་འཛམ་བུའི་རུས་པའམ། ཚི་གུ་འདྲ་བ་མྱུར་དུ་སྨིན་པར་བྱེད་པ་འབྱུང་བ་གང་ཡིན་པ་དེ་ནི་མིང་ཁོང་སྟོང་ཅན་ཞེས་བྱའོ། །འབྲས་བྱེར་གཅིན་སྙི་འདྲར་ཤེས་བྱ། །ཞེས་བྱ་བ་ལ། འབྲས་བྱེར་བ་ཞེས་བྱ་ བའི་མཚན་ཉིད་ཀྱི་ནད་ནི་རང་བཞིན་གཅིན་སྙི་བ་དང་འདྲ་བར་ཤེས་པར་བྱའོ། །ཁྲག་མཁྲིས་ལས་གྱུར་འབྲུམ་ཕྲན་ནི། །མ་ཤ་མུངྒ་འདྲ་མཆོག་ཡིན། །ཞེས་བྱ་བ་ལ། ཁྲག་དང་མཁྲིས་པ་ལས་གྱུར་པའི་འབྲུམ་ཕྲན་མོན་སྲན་རྡེའུའི་དབྱིབས་འདྲ་བ་སྐྱེས་པ་གང་ཡིན་པ་དེ་ནི་མཆོག་ཅེས་བྱ་བ་ཡིན་པར་ཤེས་ པར་བྱའོ། །པདྨའི་སྟེང་དུ་གེ་སར་བཞིན། །འབྲུམ་བུ་འབྲུམ་ཕྲན་གྱིས་ཁྱབ་པ། །དེ་ནི་པདྨ་ཅན་ཞེས་བྱ། །ཞེས་བྱ་བ་ལ། འབྲུམ་བུ་གང་མཚན་གྱི་སྟེང་དུ་པདྨ་ལ་གེ་སར་བྱུང་བ་ལྟ་བུའི་འབྲུམ་ཕྲན་གྱིས་ཁྱབ་པ་གང་ཡིན་པ་དེ་ནི་པདྨ་ཅན་ཞེས་བྱའོ། །ལག་པ་གཉིས་ཀྱིས་རབ་མཉེས་པ། །དེ་ནི་མཉེས་ 202-1-244b པའི་འབྲུམ་བུར་འགྱུར། །ཞེས་བྱ་བ་ལ། མཚན་ལག་པ་གཉིས་ཀྱིས་ཤིན་ཏུ་མཉེས་པ་ལས་འབྲུམ་བུར་གྱུར་པ་ནི་མཉེས་པའི་འབྲུམ་བུ་ཞེས་བྱའོ། །མཚན་ནི་མཉེས་པར་གྱུར་པ་ལས། །རླུང་འཁྲུགས་གྱུར་པ་མཉེས་པ་ཡིན། །ཞེས་བྱ་བ་ལ། མཚན་མ་ལག་པས་ཡང་དང་ཡང་ དུ་མཉེས་པར་གྱུར་པ་ལས་རླུང་འཁྲུགས་པར་གྱུར་པའི་ནད་ནི་མིང་མཉེས་པ་ཞེས་བྱའོ། །མི་མཉམ་སྲ་ཞིང་ཡོན་པོར་ནི། །རླུང་འཁྲུགས་གྱུར་པ་གཏུན་ཤིང་ཡིན། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་མཚན་ནད་རང་བཞིན་མི་མཉམ་པ་དང་། སྲ་བ་དང་ཡོན་པོར་གྱུར་པ་ནི་དྲང་སྲོང་ རྣམས་ཀྱིས་གཏུན་ཤིང་ཞེས་བཤད་དོ། །རླུང་གིས་མཉེས་པ་ལ་སོགས་པའི། །ནད་འཁྲུགས་མཚན་གྱི་པགས་པ་ནི། །ལྡོག་ཅིང་ཚ་ལ་ནད་བཅས་ཤིང་། །ལ་ལར་ཤུ་བ་དག་ཏུ་འགྱུར། །འདུས་ཤིང་མདུད་པ་ཆགས་པ་ནི། །དེ་ཡི་ནོར་བུ་ཐུར་དུ་འཕྱང་། །པགས་པ་ལྡོག་པའི་ནད་ ཅེས་བྱ། །ཞེས་བྱ་བ་ལ། རླུང་ལས་མཉེས་པ་ལ་སོགས་པའི་ནད་འཁྲུགས་པར་འགྱུར་བ་དང་། ཕོ་མཚན་གྱི་པགས་པ་ཕྱིར་ལྡོག་ཅིང་ནད་དང་བཅས་པར་གྱུར་པ་དང་། ལ་ལར་པགས་པ་དེ་ཤུ་བ་བྱུང་བར་གྱུར་ལ། དེ་ཡང་ཕྱོགས་གཅིག་ཏུ་འདུས་ཤིང་མདུད་པའམ། རྨེན་བུ་ ཆགས་པས་མཚན་དེའི་མགོ་བོ་ནོར་བུ་ཞེས་བྱ་བ། ཐུར་དུ་འཕྱང་བར་གྱུར་པ་དེ་ནི་པགས་པ་ལྡོག་པའི་ནད་ཅེས་བྱའོ་ཞེས་དྲང་སྲོང་རྣམས་ཀྱིས་བཤད་དོ། །བད་ཀན་བཅས་ལས་གཡའ་ཞིང་སྲ། །རྨ་འཚོབ་དཀའ་ཞིང་པགས་པ་གས། །གས་པའི་ནད་ཅེས་བྱ་བར་བཤད། །ཅེས་བྱ་བ་ ལ། པགས་པ་དེ་བད་ཀན་དང་བཅས་པས་གཡའ་བ་དང་སྲ་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པའི་ནད་དེ་ནི་གས་པ་ཞེས་བྱའོ། །རླུང་གིས་པགས་པ་གནོད་འགྱུར་ཞིང་། །ནོར་བུ་འབྱར་ཞིང་གཅིན་འགག་འགྱུར། །དེ་ལས་རྒྱུན་ཕྲན་ནད་མེད་འབྱུང་། །ནོར་བུའི་ཁ་ནི་འགགས་གྱུར་ པས། །དེ་ནི་ནོར་བུའི་ནད་ཅེས་བྱ། །ཞེས་བྱ་བ་ལ། ཕོ་མཚན་གྱི་པགས་པ་ལ་རླུང་གིས་གནོད་ཅིང་མ་རུང་བར་གྱུར་པས། ནོར་བུའི་ཕྱོགས་སུ་འབྱར་ཅིང་གཅིན་གྱི་རྒྱུན་འགགས་པར་གྱུར་པ་དེ་ནས་གཅིན་གྱི་རྒྱུན་ཕྲ་ཞིང་ནད་མེད་པར་འབྱུང་བར་འགྱུར་ལ། ནོར་བུ་ཁ་འགགས་པར་ 202-1-245a གྱུར་པ་ནི་ཕོ་མཚན་གྱི་རྩེ་མོའི་ནོར་བུའི་ནད་ཅེས་བྱའོ། །བད་ཀན་ལས་གྱུར་མཚན་གྱི་ནང་། །གྲ་མས་གང་སྙམ་མདུད་པའི་ནད། །ཅེས་བྱ་བ་ལ། ཕོ་མཚན་གྱི་ནང་གྲ་མས་གང་བ་སྙམ་དུ་སེམས་པའི་ནད་དེ་ནི་བད་ཀན་ལས་གྱུར་པ་ཡིན་ཏེ། དེ་ནི་མདུད་པ་ཅན་གྱི་ནད་ ཅེས་བྱའོ། །གྲ་མས་གནོད་པའི་ཁྲག་གི་ནད། །ཚོར་བ་ཉམས་པ་དེ་མིང་ཅན། །ཞེས་བྱ་བ་ལ། གྲ་མས་གང་བ་ལྟ་བུའི་ནད་ཀྱིས་ཁྲག་ལ་གནོད་པར་གྱུར་ལ། དེས་ན་ཚོར་བ་ཉམས་པར་གྱུར་པ་དེ་ནི་དེའི་མིང་ཅན་ཏེ་ཚོར་བ་ཉམས་པ་ཞེས་བྱའོ། །རླུང་དང་ཁྲག་མཁྲིས་ལས་གྱུར་ པ། །བུ་གའི་རྩེ་མོ་ཕྲ་བ་ཡིས། །མཚན་གྱི་ནང་ནི་ཀུན་ཏུ་ཁྱབ། །དེ་ནི་ཁ་བརྒྱ་པ་ཞེས་བྱ། །ཞེས་བྱ་བ་ལ། མཚན་གྱི་ནང་ན་བུ་ག་ཕྲ་མོ་དང་ལྡན་པས་ཀུན་ཏུ་ཁྱབ་པར་གྱུར་པའི་ནད་རླུང་དང་ཁྲག་དང་མཁྲིས་པ་ལས་གྱུར་པ་དེའི་མིང་ནི་ཁ་བརྒྱ་པ་ཞེས་བྱའོ། །ཁྲག་ མཁྲིས་ལས་གྱུར་པགས་པ་རྣམས། །ཚ་ཞིང་རིམས་བཅས་པགས་པ་སྨིན། །ཞེས་བྱ་བ་ལ། ཕོ་མཚན་གྱི་པགས་པར་ཁྲག་དང་མཁྲིས་པ་ལས་གྱུར་པའི་ནད་རྣགས་པ་ལ་སོགས་པ་གང་ཡིན་པ་དེ་ནི་པགས་པ་སྨིན་པ་ཞེས་བྱའོ། །འདུས་པ་ལས་གྱུར་ཤ་རྣམས་ ནི། །ཐམས་ཅད་ངན་པས་སྨིན་པ་ཡིན། །ཞེས་བྱ་བ་ལ། ནད་གཞི་གསུམ་འདུས་པ་ལས་གྱུར་པའི་ནད་པགས་པ་རྣགས་ཤིང་ནད་སྣ་ཚོགས་པ་ཐམས་ཅད་དང་ལྡན་པ་ནི་མིང་ཤ་སྨིན་པ་ཞེས་བྱའོ། །འབྲུམ་བུ་གནག་ཅིང་དམར་བ་ཡི། །འབྲུམ་བུ་དག་གིས་གནོད་གྱུར་ཞིང་། །ཕོ་ མཚན་ཤིན་ཏུ་ན་བ་གང་། །དེ་ནི་ཁྲག་གི་འབྲུམ་བུ་ཡིན། །ཞེས་བྱ་བ་ལ། མཚན་གང་ལ་འབྲུམ་བུ་གནག་པ་ལ་སོགས་པ་དག་གིས་གནོད་པར་གྱུར་པ་གང་ཡིན་པ་དེ་ནི་མིང་ཁྲག་གི་འབྲུམ་བུ་ཞེས་བྱའོ། །ཤ་ཡི་མཛེར་པ་སྔར་བཤད་དོ། །ཞེས་བྱ་བ་ལ། མཚན་ལ་ཤ་ཡི་མཛེར་ པ་སྐྱེས་པ་གང་ཡིན་པ་དེ་ནི་སྔར་བཤད་པ་ཡིན་ནོ། །ཁོང་འབྲས་ནད་གཞི་གསུམ་ལས་སྐྱེས། །ཞེས་བྱ་བ་ལ། མཚན་ལ་ཁོང་འབྲས་ནད་གཞི་གསུམ་ལས་གྱུར་པ་འབྱུང་སྟེ། དེ་ཡང་སྔར་བཤད་པ་ཡིན་ནོ། །འདུས་པས་མཚན་ནི་རྣགས་གྱུར་ཞིང་། །ཤ་ནི་ 202-1-245b ནག་པོར་གྱུར་པ་དང་། །ཀུན་ནས་ཞིག་པར་བྱེད་པ་གང་། །དེ་ནི་ཏིལ་ནག་ཅེས་བརྗོད་བཤད། །ཅེས་བྱ་བ་ལ། འདུས་པའི་ནད་འཁྲུགས་པ་ལས་ཕོ་མཚན་རྣགས་པ་ལ་སོགས་པར་གྱུར་པ་གང་ཡིན་པ་དེ་ནི་ཏིལ་ནག་ཅེས་བྱའོ། །ཤ་ལས་གྱུར་པའི་འབྲུམ་བུ་ རྣགས། །ཁོང་འབྲས་ཏིལ་ནག་ཅེས་བྱའོ། །བཞི་པོ་འདི་དག་སྤང་བར་བྱ། །ལྷག་མ་རྣམས་ནི་མྱུར་དུ་གསོ། །ཞེས་བྱ་བ་ལ། མཚན་གྱི་ནད་དེ་རྣམས་ཀྱི་ནང་ནས་ཤའི་འབྲུམ་བུ་ལ་སོགས་པ་བཞི་པོ་དག་ནི་ཡོངས་སུ་སྤང་བར་བྱའོ། །ལྷག་མ་ནད་བཅུ་དྲུག་པོ་ནི་མྱུར་ དུ་གསོ་བར་བྱའོ། །ཁ་ཟས་གནོད་པ་ཟོས་པ་དང་། །མལ་སྟན་མི་བདེར་ཉལ་བ་དང་། །ཉལ་པོ་བསྟེན་ནི་དྲགས་པ་དང་། །ནང་ན་ནད་ཁྲག་སྨན་གནོད་དང་། །ས་བོན་ཉེས་པ་རྣམ་སྨིན་ལས། །མངལ་གྱི་ནད་ནི་ཉི་ཤུར་འགྱུར། །ཞེས་བྱ་བ་ལ། ཁ་ཟས་མི་འཕྲོད་པ་ལ་སོགས་པའི་རྒྱུས་མངལ་གྱི་ནད་ཉི་ཤུ་ འབྱུང་བར་འགྱུར་ཏེ། ཁ་ཟས་གནོད་པ་ཟོས་པ་དང་། མལ་སྟན་མི་བདེ་བ་ལ་གནོད་པ་དང་བཅས་པར་ཉལ་བ་དང་། འཁྲིག་པའི་ཉལ་པོ་ཧ་ཅང་བསྟེན་དྲགས་པ་དང་། དེ་བཞིན་དུ་ནད་ཁྲག་ཅན་གྱི་ཟླ་མཚན་འཛག་པ་དང་། གནོད་པར་བྱེད་པའི་སྨན་བསྟེན་པ་ དང་། ས་བོན་ཉེས་པ་དང་ལྡན་པ་དང་། སྔོན་གྱི་ལས་ནི་མི་དགེ་བ་བྱས་པའི་རྣམ་པར་སྨིན་པས་ནད་དུ་འགྱུར་རོ། །རླུང་གིས་མངལ་ལ་གནོད་གྱུར་པས། །ན་ཟུག་ཡངས་ཤིང་ཚོར་བ་མེད། །གྲོག་མས་ཁྱབ་པ་སྙམ་དུ་སེམས། །སྲ་ཞིང་རྩུབ་པ་ སྒྲ་དང་བཅས། །ཟླ་མཚན་སླ་ཞིང་ལྦུ་བ་ཅན། །ཉུང་ཞིང་གནག་པ་འཛག་པར་བྱེད། །ཆུ་སོ་རྩིབ་ལོགས་ལྷོད་པ་དང་། །ན་ཞིང་རིམ་གྱིས་སྐྲན་བསྐྱེད་ལ། །རང་ངན་ཉེས་པ་དེ་དང་དེ། །དེ་ནི་རླུང་ཅན་ཡིན་ཞེས་བཤད། །ཅེས་བྱ་བ་ལ། རླུང་ གིས་ནད་འཁྲུགས་པར་གྱུར་པ་ལས་མོ་མཚན་ནམ་མངལ་དུ་ན་ཞིང་ཟུག་པར་འགྱུར་བ་དང་། ཡངས་ཤིང་ཁ་འབྱེ་བ་དང་། ཚོར་བ་མེད་ཅིང་བེམ་བེམ་པོར་འདུག་པ་དང་། གྲོག་མས་ཁྱབ་ཅིང་རྒྱུ་བ་སྙམ་དུ་སེམས་པ་དང་། སྲ་ཞིང་རེངས་པ་དང་། རྩུབ་པ་ 202-1-246a དང་། སྒྲ་དང་བཅས་པར་བྱེད་པ་དང་། ཟླ་མཚན་སླ་བ་ལ་སོགས་པ་འཛག་པ་དང་། ཆུ་སོ་ལ་སོགས་པ་ལྷོད་པ་དང་། ལྷང་ལྷང་པོར་ན་བ་དང་། རིམ་གྱིས་གནས་དེར་སྐྲན་སྐྱེ་བར་འགྱུར་བ་དང་། དེ་བཞིན་དུ་རླུང་ལས་གྱུར་པའི་ནད་ ཀྱི་ཉེས་པ་འདིར་མ་སྨོས་པས་གཞན་ཡང་བྱེད་དེ། ནད་དེ་ནི་མིང་རླུང་ཅན་ཞེས་བྱའོ། །དེ་ཉིད་ཤས་ཆེར་སྤྱད་ན་སྐྲང་། །བཅས་པ་ཉལ་པོ་དྲགས་ཞེས་བྱ། །ཞེས་བྱ་ལ། རླུང་ཅན་གྱི་ནད་དེ་ཉིད་ལ་ཤས་ཆེར་ཉལ་པོ་སྤྱད་ཅིང་བསྟེན་དྲགས་ན་སྐྲང་པ་དང་བཅས་པར་ འགྱུར་ཏེ། དེ་ནི་ཉལ་པོ་དྲགས་པའི་ནད་ཅེས་བྱའོ། །ཤིན་ཏུ་གཞོན་ལ་འཁྲིག་པ་སྤྱད། །རྒྱབ་དང་ཆུ་སོ་བྱིན་པར་ནི། །ན་ཞིང་མངལ་ལ་གནོད་བྱེད་པ། །དེ་ནི་སྤྱད་སྔས་པ་ཞེས་བྱ། །ཞེས་བྱ་བ་ལ། བུད་མེད་ཤིན་ཏུ་གཞོན་པ་ལ་འཁྲིག་པ་སྤྱད་པས། རྒྱབ་དང་། ཆུ་སོ་དང་། བྱིན་པ་ན་ཞིང་། མངལ་ལམ་མོ་མཚན་ལ་གནོད་པར་བྱེད་པ་དེ་ནི་སྤྱད་སྔས་པའི་ནད་ཅེས་བྱའོ། །ཤུགས་འཁྱིལ་པ་ཡི་མངལ་དུ་ནི། །རླུང་གིས་གནོད་པར་གྱུར་པ་ལས། །ཟླ་མཚན་ལྦུ་བ་ཅན་འབྱུང་བ། །འཁྱིལ་བ་ལྟ་བུར་སྣང་གྱུར་པ། །ནད་འདི་འཁྱིལ་པ་ཅན་ཞེས་བྱ། །ཞེས་ བྱ་བ་ལ། གང་གི་ཚེ་ཤུགས་བཀག་པ་ལ་སོགས་པའི་རྒྱུས་མངལ་དུ་རླུང་གིས་གནོད་པ་སྐྱེད་པར་གྱུར་པས་ཟླ་མཚན་ལྦུ་བ་ཅན་འབྱུང་བར་འགྱུར་ཞིང་། དེ་ཡང་དབའ་འཁྱིལ་བ་ལྟར་སྣང་བ་འདི་ནི་འཁྱིལ་པ་ཅན་ཞེས་བྱའོ། །གང་ཚེ་རླུང་ནི་རྩུབ་པོས་བུ། །སྐྱེ་ཞིང་སྐྱེ་ཞིང་གསོད་ བྱེད་པ། །སྐྱེས་ནས་གསོད་པ་ཞེས་བྱར་བཤད། །ཅེས་བྱ་བ་ལ། གང་གི་ཚེ་རླུང་འཁྲུགས་པའི་རྩུབ་པའི་དབང་གིས་མངལ་གྱི་ནང་དུ་སྐྱེ་ཞིང་སྐྱེ་ཞིང་འཆི་བར་བྱེད་པ་དེ་ནི་སྐྱེས་ནས་གསོད་པ་ཞེས་བྱའོ། །འགྲངས་དྲགས་མི་མཉམ་གནས་པར་ནི། །འདོད་པ་སྤྱད་པས་ རླུང་འཁྲུགས་ཤིང་། །གཞན་གྱིས་གནོད་པར་གྱུར་པ་ལས། །མཚོན་གྱི་བུ་ག་ཤ་རུས་ལ། །གནོད་གྱུར་མངལ་ནི་ཡོན་པོར་འགྱུར། །ན་གྱུར་ནང་དུ་ཁ་བལྟས་ཡིན། །ཞེས་བྱ་བ་ལ། བུད་མེད་ཁ་ཟས་ཀྱིས་འགྲངས་དྲགས་པ་མི་མཉམ་པར་གནས་པ་ལ་འདོད་པ་སྤྱད་པས་ 202-1-246b རླུང་ནད་གཞན་གྱིས་བསྐྱོད་ཅིང་གནོད་པར་གྱུར་པ་ལས། མོ་མཚན་གྱི་བུ་ག་དང་ཤ་དང་རུས་པས་གནོད་པར་གྱུར་པས་ཡོན་པོར་འགྱུར་ཏེ། ནད་དེའི་མིང་ནི་ནང་དུ་ཁ་བལྟས་པ་ཞེས་བྱའོ། །ཁ་ཟས་རླུང་ཅན་བསྟེན་པ་ཡིས། །ཟླ་མཚན་རླུང་གིས་གནོད་གྱུར་ཞིང་། །བུད་ མེད་མོ་མཚན་ཞུམ་གྱུར་པར། །བྱེད་པ་དེ་ནི་ཁབས་མིག་ཡིན། །ཞེས་བྱ་བ་ལ། ཁ་ཟས་རླུང་ཅན་བསྟེན་པའི་དབང་གིས་རླུང་འཁྲུགས་པར་འགྱུར་ཞིང་། བུད་མེད་ཀྱི་མོ་མཚན་ཞུམ་པར་གྱུར་པ་དེ་ནི་མིང་ཁབས་མིག་ཅན་ཞེས་བྱའོ། །དུས་སུ་ཤུགས་བཀག་རླུང་འཕེལ་ བས། །བཤང་དང་གཅི་བ་འགག་བྱེད་ཅིང་། །མོ་མཚན་སྐམ་པར་བྱེད་པ་དང་། །ཤས་ཆེར་ན་བ་མངལ་སྐམས་ཡིན། །ཞེས་བྱ་བ་ལ། དགའ་བར་སྤྱོད་པའི་དུས་སུ་ཤུགས་བཀག་པས་རླུང་འཁྲུགས་ཏེ། བཤང་བ་དང་གཅི་བ་འགག་པར་བྱེད་པའི་ནད་དེ་ནི་མོ་མཚན་ སྐམ་ཞིང་ཤིན་ཏུ་ན་བར་བྱེད་པ་ཡིན་པས་ན་མངལ་སྐམས་པ་ཞེས་བྱའོ། །ཞག་དྲུག་གམ་ནི་ཞག་བདུན་ནས། །རླུང་གིས་མངལ་གནས་ཁུ་བ་འབྱིན། །ནད་བཅས་པའམ་ནད་མེད་པ། །དེ་ནི་ཁུ་བ་སློན་ཞེས་བྱ། །ཞེས་བྱ་བ་ལ། བུད་མེད་གང་འདོད་པ་སྤྱད་ནས་ཞག་དྲུག་ གམ་བདུན་རླུང་གིས་མངལ་གྱི་གནས་ནས་ཁུ་བ་ནད་མེད་པའམ་ནད་དང་བཅས་པ་འབྱིན་པར་བྱེད་པའི་ནད་དེ་ནི་ཁུ་བ་སློན་པ་ཞེས་བྱའོ། །བུད་མེད་མངལ་དང་ས་བོན་གྱི། །ཉེས་པ་རླུང་གིས་གནོད་གྱུར་ཞིང་། །འཁྲིག་པར་མི་དགའ་ནུ་མ་མེད། །མ་ནིང་ཡིན་ཏེ་གསོར་མི་རུང་། ། ཞེས་བྱ་བ་ལ། བུད་མེད་ཀྱི་མངལ་དུ་སྐྱེས་པའི་ས་བོན་གྱི་ཉེས་པར་རླུང་གིས་ནད་སྐྱེད་དེ་འཁྲིག་པ་ལ་མི་དགའ་ཞིང་སྐྱེས་པ་མི་འདོད་པར་གྱུར་པ་དང་། ནུ་མ་མེད་པར་གྱུར་པ་ནི་མིང་མ་ནིང་ཞེས་བྱ་སྟེ། དེ་ནི་གསོར་མི་རུང་བ་ཡིན་ནོ། །མངལ་གྱི་ནང་དུ་རླུང་གིས་ནི། །གནོད་གྱུར་མོ་མཚན་ ཁོང་ཁར་གནས། །བྱེ་བའམ་ལྷོད་པར་གྱུར་པ་དང་། །རླུང་ཅན་བཞིན་དུ་ན་གྱུར་པ། །ཤ་ནི་མཐོ་བར་གྱུར་པ་སྟེ། །མོ་མཚན་ཆེ་ནད་ཚབས་ཆེ་བྱ། །ཞེས་བྱ་བ་ལ། མངལ་གྱི་ནང་དུ་རླུང་གིས་གནོད་པ་བྱས་ནས། མངལ་གྱི་ཁ་དང་ཁོང་པར་གནས་ཏེ་མོ་མཚན་བྱེ་བའམ། ལྷོད་ 202-1-247a ལྷོད་པོར་གྱུར་ཅིང་རླུང་ཅན་གྱི་ནད་ལྟར་ན་བ་དང་། ཤ་མཐོ་ལ་མོ་མཚན་ཆེ་ཞིང་རྒྱས་པར་གྱུར་པ་ནི། མོ་མཚན་ཆེ་བ་དང་ནད་ཚབས་ཆེ་བ་ཞེས་བྱའོ། །མཁྲིས་པ་མངལ་ན་གནས་པ་ཡི། །ནང་གི་ནད་གཞིས་གནོད་གྱུར་པ། །ཚ་བའམ་རྣགས་པར་བྱེད་འགྱུར་ ཞིང་། །དྲི་མནམ་རིམས་ཀྱིས་འདེབས་པ་དང་། །ཤིན་ཏུ་ཚ་ཞིང་རོ་ལྟར་མནམ། །ཟླ་མཚན་སྔོ་ནག་སེར་པོར་འཛག །ནད་དེ་མཁྲིས་པ་ཅན་ཞེས་བྱ། །ཞེས་བྱ་བ་ལ། མཁྲིས་པ་རང་གི་གནོད་པའི་རྒྱུས་འཁྲུགས་པར་གྱུར་པ་མངལ་ན་གནས་པ་དེ་ཚ་བ་ལ་སོགས་ཟླ་མཚན་འཛག་པར་འགྱུར་ཏེ། ནད་དེ་ནི་མཁྲིས་པ་ཅན་ཞེས་བྱའོ། །ཟླ་མཚན་ཆེར་འཛག་ཁྲག་ཅན་ཡིན། །ཞེས་བྱ་བ་ལ། ཟླ་མཚན་ཤས་ཆེར་འཛག་པ་ནི་མིང་ཁྲག་ཅན་ཞེས་བྱའོ། །བད་ཀན་སྐྱེད་པར་བྱེད་པ་ཡིས། །མོ་མཚན་གནོད་གྱུར་ན་བ་མེད། །གྲང་ཞིང་གཡའ་ལ་དཀར་བ་དང་། །སྤྱི་བག་ཏུ་ནི་འཛག་པར་བྱེད། །ནད་དེ་བད་ཀན་ལས་ གྱུར་ཡིན། །ཞེས་བྱ་བ་ལ། བད་ཀན་སྐྱེད་པར་བྱེད་པའི་ཁ་ཟས་ལ་སོགས་པས་བད་ཀན་འཁྲུགས་ཏེ། དེའི་དབང་གིས་མོ་མཚན་ན་བ་མེད་ཅིང་གྲང་བ་ལ་སོགས་པའི་ནད་དང་ལྡན་པ་ནི་བད་ཀན་ཅན་གྱི་མངལ་ནད་ཅེས་བྱའོ། །རླུང་མཁྲིས་འཁྲུགས་པས་ཟླ་མཚན་ཟད། །ཚ་ཞིང་ལུས་སྐེམས་མདོག་ མི་སྡུག །དེ་ནི་ཁྲག་ཟད་པ་ཞེས་བྱ། །ཞེས་བྱ་བ་ལ། རླུང་དང་མཁྲིས་པ་འཁྲུགས་པས་ཟླ་མཚན་ཟད་པ་ལ་སོགས་པ་ཁྲག་ཟད་པའི་ནད་ཅེས་བྱའོ། །མཁྲིས་པ་ཤས་ཆེ་ཉལ་པོ་བསྟེན། །སྦྲིད་པ་སྒྲེགས་པ་བཀག་པ་ལས། །མཁྲིས་པར་བཅས་པའི་རླུང་གིས་ནི། །མངལ་དུ་གནོད་པ་སྐྱེད་ པར་འགྱུར། །སྐྲང་ཞིང་ཉམ་ཐག་རེག་མི་བཟོད། །ཟླ་མཚན་སྔོ་དང་སེར་པོ་འབྱུང་། །ཕོ་བའི་ལྟོ་ནི་ལྕི་བ་དང་། །འཁྲུ་ཞིང་ཡི་ག་འཆུས་པར་བྱེད། །ཆུ་སོ་བརླ་ནི་ན་ཞིང་ཟུག །རིམས་སྐྱད་ཡོངས་རྒྱས་ནད་ཅེས་བྱ། །ཞེས་བྱ་བ་ལ། བུད་མེད་མཁྲིས་པ་ཤས་ཆེ་བ་ལ་ཉལ་པོ་བསྟན་པར་འགྱུར་བ་ དང་། སྦྲིད་པ་སྒྲེགས་པ་བཀག་པར་གྱུར་པའི་རྒྱུ་ལས་མཁྲིས་པ་དང་རླུང་འཁྲུགས་པར་གྱུར་པས་མངལ་དུ་ནད་སྐྱེད་པར་བྱེད་དོ། །དེ་ནི་སྐྲངས་པ་ལ་སོགས་པའི་མཚན་ཉིད་ཅན་གང་ཡིན་པ་དེ་ནི་ཡོངས་སུ་རྒྱས་པའི་ནད་ཅེས་བྱའོ། །རླུང་དང་བད་ཀན་ནད་ཀྱིས་ཁྱབ། །མངལ་ 202-1-247b ནས་སྐྱ་ཞིང་སྤྱི་བག་འཛག །ཉེ་བར་འཛག་པ་ཞེས་བྱའོ། །ཞེས་བྱ་བ་ལ། མངལ་དུ་རླུང་དང་བད་ཀན་གྱི་ནད་ཀྱིས་ཁྱབ་པར་གྱུར་པ་ལས་སྐྱ་བ་ལ་སོགས་པ་འཛག་པའི་ནད་དེ་ནི་ཉེ་བར་འཛག་པ་ཞེས་བྱའོ། །སྲིན་བུ་སྐྱེས་ཞིང་གཡའ་བས་འདོད་པ་ ལ། །རབ་གདུངས་དེ་ནི་རྣམ་པར་གཡེང་ཞེས་བྱ། །ཞེས་བྱ་བ་ལ། མངལ་དུ་སྲིན་བུ་སྐྱེས་ཤིང་གཡའ་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་དེ་ནི་རྣམ་པར་གཡེང་བ་ཞེས་བྱའོ། །དུས་མིན་སྤྱོད་པར་གྱུར་པས་རླུང་། །བད་ཀན་ཁྲག་དང་འདྲེས་གྱུར་ཏེ། །ཟླ་ མཚན་ལམ་ནི་འགགས་བྱེད་དེ། །མངལ་དུ་ལྟེ་བ་སྐྱེད་པར་བྱེད། །དེ་ནི་པདྨའི་སྙིང་པོ་ཡིན། །ཞེས་བྱ་བ་ལ། དུས་མ་ཡིན་པར་སྤྱད་པའི་རྒྱུས་རླུང་འཁྲུགས་ཤིང་བད་ཀན་དང་ཁྲག་འདྲེས་པར་གྱུར་པ་ལས་མངལ་དུ་ཟླ་མཚན་འགགས་པར་བྱས་ ནས་ལྟེ་བ་ལྟ་བུར་སྐྱེད་པར་བྱེད་པ་དེ་ནི་པདྨའི་སྙིང་པོ་ཅན་ཞེས་བྱའོ། །ནད་གཞི་གསུམ་ནི་མོ་མཚན་གྱི། །མངལ་གནས་རང་རང་གནོད་པ་སྐྱེད། །འདུས་པ་ལས་གྱུར་ཉེས་པ་ཡིན། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་གཞི་གསུམ་པོ་མོ་མཚན་དང་མངལ་དུ་ གནས་པ་ལས་རང་རང་གི་གནོད་པ་སྐྱེད་ཅིང་ནད་འབྱིན་པ་ནི་འདུས་པ་ལས་གྱུར་པ་ཞེས་བྱའོ། །དེ་ལྟར་བུད་མེད་མངལ་ནད་ཀྱིས། །ཁུ་བ་འཛིན་པར་མི་བྱེད་དེ། །དེས་ན་མངལ་དུ་བུ་མི་ཆགས། །མི་བཟད་ནད་ཀྱང་སྐྱེ་འགྱུར་ཞིང་། །ཁྲག་འབྱུང་གཞང་འབྲུམ་སྐྲན་ལ་སོགས། །རླུང་སོགས་ ནད་ནི་ཀུན་སྐྱེད་བྱེད། །ཅེས་བྱ་བ་ལ། ཚུལ་དེ་ལྟར་ན་མངལ་གྱི་ནད་རྣམ་པ་ཉི་ཤུར་བཤད་པ་ཡིན་ལ། དེས་ན་བུད་མེད་ཀྱི་མངལ་དུ་ས་བོན་འཛིན་པར་མི་བྱེད་དེ། དེའི་ཕྱིར་བུ་མི་ཆགས་པ་དང་། མི་བཟད་པའི་ནད་ཁྲག་འབྱུང་བ་དང་། གཞང་འབྲུམ་ལ་སོགས་པའི་ནད་དང་རླུང་ལས་གྱུར་པའི་ ནད་ཐམས་ཅད་སྐྱེད་པར་བྱེད་དོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་སུམ་ཅུ་རྩ་གསུམ་པའི་རྣམ་པར་འགྲེལ་པའོ།། །། 202-1-248a དེ་ནས་གསང་བའི་གནས་ཀྱི་ནད་གསོ་བ་བཤད་པར་བྱའོ། །སོས་འཛིན་འདྲ་བ་གསར་བྱུང་ལ། །ཕོ་མཚན་དབུས་ནས་གཏར་ག་གདབ། །བསིལ་བའི་གསོ་བས་སྦྱང་བར་བྱ། །ཁྱད་པར་དུ་ནི་བཀྲུ་སྨན་གཏང་། །ཞེས་བྱ་བ་ལ། སོས་འཛིན་པའི་ནང་དུ་སྐྱེས་མ་ཐག་པ་ལ་ནི་ རྣགས་པར་མི་འགྱུར་བར་བྱ་བའི་ཕྱིར། ཕོ་མཚན་གྱི་དབུས་ནས་གཏར་ག་གདབ་པ་ལ་སོགས་པའི་གསོ་བ་བྱའོ། །སྨིན་ན་ཏིལ་གྱི་ལྡེ་གུ་ནི། །སྦྲང་རྩི་མར་དང་བཅས་པ་བསྐུ། །ཞེས་བྱ་བ་ལ། ནད་དེ་གལ་ཏེ་སྨིན་པར་གྱུར་ན་གཙགས་བུས་བརྟོལ་ནས་ཏིལ་གྱི་ལྡེ་གུ་དང་སྦྲང་རྩི་དང་མར་ སྦྱར་བས་བསྐུ་བར་བྱའོ། །འཛམ་བུ་ཨ་མྲ་ཀླུ་ཤིང་དང་། །ནིམ་པ་ཀམ་པོ་ཛའི་མྱུ་གུ། །རྒྱ་ཤུག་བིལ་བ་ས་ལི་ཀ །རྒྱ་སྐྱེགས་ཏི་ནི་ཤ་ཤིང་ཤུན། །འོ་མ་ཅན་གྱི་ཤིང་གི་ཤུན། །འབྲས་བུ་གསུམ་ནི་ཆུར་བསྐོལ་བའི། །ཁུ་བ་དེས་ནི་བཀྲུ་བ་དང་། །དེ་བསྐོལ་ཏིལ་མར་གྱིས་རྨ་འཚོབ། ། ཅེས་བྱ་བ་ལ། གཞན་ཡང་འཛམ་བུ་ལ་སོགས་པའི་མྱུ་གུ་དང་། རྒྱ་ཤུག་ལ་སོགས་པའི་ཤུན་པ་དང་། འོ་མ་ཅན་གྱི་ཤིང་གི་ཤུན་ལྤགས་དང་། འབྲས་བུ་གསུམ་སྨན་ཁུ་བ་བསྐོལ་བའི་སྦྱོར་བས་བསྐོལ་ལ། དེས་སོས་འཛིན་པའི་ནད་ལ་བཀྲུ་བར་བྱ་ཞིང་། དེ་དང་བསྐོལ་བའི་ཏིལ་མར་ གྱིས་བསྐུ་བར་བྱའོ། །སྤངས་མ་སེང་ཕྲོམ་བཙག་ཡུག་སྣམ། །སུག་སྨེལ་ལྡོང་རོས་བ་བླ་དང་། །ནག་ཚུར་རྒྱ་ཚ་སྐྱེར་ཁཎྜ། །རྒྱམ་ཚ་ཧ་རེ་ཎུ་ཀ་ཡི། །ཕྱེ་མ་སྦྲང་རྩི་སྦྱར་བས་བསྐུ། །སོས་འཛིན་ལྟ་བུའི་རྨ་འཚོབ་བྱེད། །ཅེས་བྱ་བ་ལ། སྤངས་མ་ལ་སོགས་པའི་སྨན་ཇི་སྐད་སྨོས་ པའི་སྦྱོར་བས་ལྡེ་གུ་བྱས་པས་བསྐུས་ན་ཡང་ནད་དེའི་རྨ་འཚོབ་པར་བྱེད་དོ། །ཁམ་ཕོར་སྦྱར་བར་འབྲས་བུ་གསུམ། །བསྲེགས་པ་མར་བཅས་རྨ་འཚོབ་བྱེད། །ཅེས་བྱ་བ་ལ། འབྲས་བུ་གསུམ་ཁམ་ཕོར་ཁ་སྦྱར་གྱི་ནང་དུ་བསྲེགས་པའི་ཕྱེ་མ་མར་དང་བཅས་ཏེ་བསྐུས་ན་ཡང་རྨ་འཚོབ་པར་བྱེད་ དོ། །འདི་ནི་སྤྱི་ཡི་གསོ་བ་ཡིན། །རེ་རེ་སྐྲང་པ་ལྟ་བུར་གསོ། །ཞེས་བྱ་བ་ལ། གསོ་བ་འདི་ནི་སོས་འཛིན་པ་ལྟ་བུའི་སྤྱིའི་ཡིན་གྱི། ནད་གཞི་ཐ་དད་པ་ལས་གྱུར་པ་ནི་སྐྲང་པའི་ནད་ལྟར་གསོ་བར་བྱའོ། །སྨན་པས་ཅི་ནས་རྣགས་པར་ནི། །མི་འགྱུར་དེ་ལྟར་འབད་པར་བྱ། །རྣགས་ 202-1-248b ན་རྒྱུས་པ་རྩ་དང་ཤ །ཞིག་པས་ཕོ་མཚན་མ་རུང་འགྱུར། །ཞེས་བྱ་བ་ལ། སྨན་པས་སྦྱོར་བ་ཐམས་ཅད་ཀྱིས་ནད་དེ་རྣམས་པར་མི་འགྱུར་བ་ལ་འབད་པར་བྱ་སྟེ། རྣགས་ན་ནི་ཐམས་ཅད་དུ་མ་རུངས་པར་འགྱུར་བའི་སྐྱོན་ཡོད་དོ། །འབྲུམ་པ་བཅད་དང་བསྲེགས་པ་ཡི། །གསོ་བ་སོས་ འཛིན་ལྟ་བུར་བྱ། །ཞེས་བྱ་བ་ལ། མཚོན་གྱིས་འབྲུམ་པ་བཅད་པ་དང་། བསྲེགས་པའི་རྨ་གསོ་བ་ཡང་སོས་འཛིན་པ་དང་འདྲ་བར་བྱའོ། །བྲུད་ནས་ཡུངས་ཀར་བྱེ་ཞིབ་དང་། །བསྐོལ་སྨན་ཕྱེ་མས་གདབ་པར་བྱ། །ཞེས་བྱ་བ་ལ། ཡང་ན་དེ་ལ་དང་པོར་བྲུད་ཅིང་བཞར་ལ། ཡུངས་ ཀར་གྱི་ཕྱེ་མ་ཞིབ་ཏུ་བཏགས་པ་བཏབ་པར་བྱ་བ་དང་། བསྐོལ་སྨན་སྔ་མའི་ཕྱེ་མས་གདབ་པར་བྱའོ། །ཏིལ་མར་དེ་ཉིད་ཀྱིས་བསྐུ་ཞིང་། །རྨ་འཚོབ་པ་ཡི་གསོ་བ་བྱ། །ཞེས་བྱ་བ་ལ། ཡང་སྨན་གྱི་ཕྱེ་མ་དེ་དང་བསྐོལ་བའི་ཏིལ་མར་གྱིས་བསྐུ་ཞིང་རྨ་གསོ་བར་བྱའོ། །མཉེ་གསོ་ བ་ནི་འདི་ཉིད་བྱ། །དེ་དག་གཉི་གར་གཏར་ག་གདབ། །ཅེས་བྱ་བ་ལ། ཡང་སྦྱོར་བ་འདི་ཉིད་ནི་མཉེ་བ་ཞེས་བྱ་བ་མཚན་གྱི་ནད་ལ་ཡང་བྱ་ལ། དེ་བཞིན་དུ་མཉེ་བ་ཡུངས་ཀར་ལྟ་བུ་ཞེས་བྱ་བ་གཉི་ག་ལ་གཏར་ག་གདབ་པར་བྱའོ། །ཁོང་སྟོང་ལ་ནི་གཏར་ག་བྱ། །རྣགས་ལ་རྨ་ནི་དག་ པར་བྱ། །ཏིན་དུ་ཀ་དང་འབྲས་བུ་གསུམ། །སེང་ཕྲོམ་ལྡེ་གུ་ཏིལ་མར་བསྐུ། །ཞེས་བྱ་བ་ལ། ཁོང་སྟོང་ཞེས་བྱ་བ་ལ་ནི་དང་པོར་གཏར་ག་གདབ་པར་བྱ་ལ། རྣགས་པ་ལ་ནི་བརྟོལ་ཏེ་རྨ་དག་པར་བྱས་ནས། ཏིན་དུ་ཀ་ལ་སོགས་པའི་ལྡེ་གུས་བསྐུ་བར་བྱ་བ་དང་། ཡང་ན་སྨན་དེ་ཉིད་དང་ བསྐོལ་བའི་ཏིལ་མར་གྱིས་བསྐུས་ན་རྨ་འཚོབ་པར་བྱེད་དོ། །འབྲས་བྱེར་ལ་ནི་གཏར་ག་གདབ། །གསོ་བའི་རིམ་པ་འདི་ཉིད་བྱ། །ཞེས་བྱ་བ་ལ། འབྲས་བྱེར་བ་ལ་ནི་གཏར་ག་གདབ་ཅིང་། བཤད་མ་ཐག་པའི་གསོ་བ་འདི་ཉིད་བྱའོ། །མཆོག་ཅེས་བྱ་བའི་འབྲུམ་བུ་ནི། །བརྟོལ་ཏེ་ལྕགས་ ཀྱུས་བླངས་ཏེ་གཅད། །ལྡེ་གུ་ཕྱེ་མ་སྨན་ཁུ་ནི། །སྦྲང་རྩིར་བཅས་པས་གསོ་བར་བྱ། །ཞེས་བྱ་བ་ལ། མཆོག་ལ་ནི་གཅད་པ་དང་། ལྡེ་གུས་གསོ་བར་བྱའོ། །མཉེ་དང་པདྨ་ཅན་ལ་ནི། །མཁྲིས་པའི་མེ་དབལ་གསོ་བར་བྱ། །ཞེས་བྱ་བ་ལ། མཉེ་བ་དང་པདྨ་ཅན་ཞེས་བྱ་བ་ལ་ནི། 202-1-249a མཁྲིས་པ་ལས་གྱུར་པའི་མེ་དབལ་གྱི་གསོ་བ་ཇི་སྐད་སྨོས་པ་བྱའོ། །པགས་སྨིན་ཚོར་བ་མེད་པ་ལའང་། །ཕོ་མོའི་གསོ་བ་འདི་ཉིད་བྱ། །ཞེས་བྱ་བ་ལ། པགས་པ་སྨིན་པ་དང་ཚོར་བ་མེད་པའི་ནད་སྐྱེས་པ་དང་། བུད་མེད་གཉི་ག་ལ་ཡང་མཁྲིས་པའི་མེ་དབལ་ གསོ་བ་ཇི་སྐད་སྨོས་པ་བྱའོ། །མཉེ་ལ་དུགས་ནི་བྱ་བ་དང་། །བ་ལའི་སྨན་མར་དྲོ་འཇམ་བླུགས། །མངར་བའི་སྨན་སྦྱར་དཀྲི་དུགས་བྱ། །ཞེས་བྱ་བ་ལ། མཉེ་བ་ཞེས་བྱ་བའི་མཚན་གྱི་ནད་ལ་ནི་དུགས་བྱ་བ་དང་། བ་ལའི་སྨན་མར་དྲོ་འཇམ་ཙམ་བླུགས་པ་དང་། མངར་བའི་སྨན་གྱི་སྡེ་ཚན་ སྦྱར་བའི་དཀྲི་བའི་དུགས་བྱའོ། །གཏུན་ཤིང་འདྲ་ལ་གཏར་ག་གདབ། །བད་ཀན་རྨེན་བུ་ལྟ་བུར་གསོ། །ཞེས་བྱ་བ་ལ། གཏུན་ཤིང་འདྲ་བ་ལ་ནི་རྔབས་རྭ་ལ་སོགས་པས་ཁྲག་དབྱུང་ལ། དེའི་འོག་ཏུ་བད་ཀན་ལས་གྱུར་པའི་རྨེན་བུ་དང་ཚུལ་མཐུན་པར་གསོ་བར་བྱའོ། ། པགས་པ་ལྡོག་ལ་ མར་གྱིས་བསྐུ། །ས་ལྦ་ལ་སོགས་སྣུམ་གྱུར་པས། །ཞག་གསུམ་མམ་ནི་ཞག་ལྔ་རུ། །དཀྲི་བའི་དུགས་ནི་སྤྱད་པར་བྱ། །ཞེས་བྱ་བ་ལ། པགས་པ་ལྡོག་པའི་མཚན་གྱི་ནད་ལ་ནི་མར་གྱིས་བསྐུས་ལ། དེའི་འོག་ཏུ་ས་ལྦ་ལ་སོགས་པ་དུགས་ཀྱི་ལེའུ་ལས་བཤད་པ་བཞིན་དུ་ སྣུམ་ལས་ཞག་ལྔའམ་ཞག་གསུམ་གྱི་བར་དུ་དཀྲི་བའི་དུགས་བྱའོ། །དུགས་བྱ་དེ་ཡི་འོག་ཏུ་ནི། །སྣུམ་གྱུར་པགས་པ་དྲང་བར་བྱ། །ནོར་བུ་རིམ་གྱིས་བཙིར་ནས་ནི། །ཆུད་ནས་ཉེ་བར་དཀྲི་བར་བྱ། །ནོར་བུ་ཡང་ཡང་སྣུམ་ཆོས་བྱ། །ཁ་ཟས་སྣུམ་ཅན་སྦྱིན་པའང་ཕན། །ཞེས་བྱ་བ་ ལ། དེའི་འོག་ཏུ་ཡང་དུགས་བྱས་ལ། མར་གྱི་སྣུམ་ཆོས་བྱས་ཏེ། པགས་པ་དྲངས་ལ་ནོར་བུ་ཆུད་པར་བྱའོ། །ཆུད་ནས་ཀྱང་ཡང་དཀྲི་བར་བྱའོ། །ཡང་ནད་འདི་ལ་ཁ་ཟས་སྣུམ་པ་དང་བཅས་པ་ཡང་སྦྱིན་པར་བྱའོ། །གས་པ་ལ་ཡང་ཆོ་ག་ཡི། །རིམ་པ་ཇི་བཞིན་བྱས་པའང་ཕན། །ཞེས་ བྱ་བ་ལ། བཤད་མ་ཐག་པའི་སྦྱོར་བ་འདི་ནི་གས་པ་ཞེས་བྱ་བའི་ནད་ལ་ཡང་སྦྱར་བར་བྱའོ། །འགགས་པ་སྦུ་གུ་ཁ་གཉིས་པ། །རྒྱ་སྐྱེགས་ཀྱིས་ནི་དཀྲིས་པ་ལ། །སྣུམ་བསྐུས་བུ་གར་བཅུག་ནས་ནི། །རླུང་འཇོམས་སྣུམ་ནི་བླུགས་པར་བྱ། །ཞེས་བྱ་བ་ལ། ནོར་བུ་འགགས་པར་གྱུར་ 202-1-249b པ་ལ་ནི། སྦུ་གུ་ཁ་གཉིས་པ་རྒྱ་སྐྱེགས་ཀྱིས་བསྒོས་པ་ལ་སྣུམ་བསྐུས་པ་བཅུག་ལ། རླུང་འཇོམས་པའི་སྨན་བླུགས་པར་བྱའོ། །སྦུ་གུ་ཞག་ནི་གསུམ་གསུམ་ནས། །ལེགས་པར་བསྐྱེད་དེ་སྤང་བར་བྱ། །ཞེས་བྱ་བ་ལ། དེའི་འོག་ཏུ་ཞག་གསུམ་གསུམ་ནས་སྦུ་གུ་དེ་བསྐྱེད་དེ་སྤང་བར་ བྱའོ། །སྦུ་གུའི་སྦྱོར་བས་མ་གྲུབ་ན། །མཁས་པས་མདོམས་ཀྱི་སྲུབས་ཅན་ནི། །བོར་ཏེ་མཚོན་གྱིས་དྲལ་ནས་ཀྱང་། །དེ་འོག་རྨ་གསར་ཆོ་ག་བྱ། །ཞེས་བྱ་བ་ལ། དེ་ལྟ་བུ་སྦུ་གུའི་སྦྱོར་བ་ནི་གསོ་བས་གྲུབ་ཅིང་། སོས་པར་མ་གྱུར་ན། སྨན་པ་མཁས་པས་སྲུབས་ཅན་མ་གཏོགས་པར་མཚོན་ གྱིས་དྲལ་ལ། དེའི་འོག་ཏུ་རྨ་གསར་པ་གསོ་བའི་ཆོ་ག་ལྟར་གསོ་བར་བྱའོ། །རྨེན་བུར་སྦུ་གུའི་དུགས་བྱས་ལ། །སྣུམ་ཞིང་དྲོ་བས་དཀྲི་བར་བྱ། །ཞེས་བྱ་བ་ལ། རྨེན་བུ་མདུད་པ་ཅན་གྱི་མཚན་གྱི་ནད་ལ་ནི་སྦུ་གུའི་དུགས་ཀྱིས་དུགས་བྱས་ལ། སྣུམ་པ་དྲོ་བའི་དུགས་ཀྱིས་དཀྲི་བར་བྱའོ། །ཁ་ བརྒྱ་པ་ནི་བཞར་ནས་ཀྱང་། །བསྐ་བ་སྦྲང་རྩིར་སྦྱར་བས་བསྐུ། །ཞེས་བྱ་བ་ལ། ཁ་བརྒྱ་པ་ཞེས་བྱ་བའི་མཚན་གྱི་ནད་ལ་ནི་གཙགས་བུས་བཞར་ལ་སྨན་རོ་བསྐ་བ་དང་སྦྲང་རྩིས་བསྐུ་བར་བྱའོ། །ཁྲག་གི་འབྲུམ་བུ་ཁྲག་གི་ནི། །ཁོང་འབྲས་བཞིན་དུ་གསོ་བར་བྱ། །ཞེས་བྱ་བ་ལ། ཁྲག་གི་ འབྲུམ་བུ་ཞེས་བྱ་བའི་ནད་ལ་ནི་ཁྲག་ལས་གྱུར་པའི་ཁོང་འབྲས་དང་འདྲ་བར་གསོའོ། །ཀུན་ལ་རྨ་ཡི་གསོ་བ་ནི། །གནས་སྐབས་ཇི་བཞིན་སྦྱར་བར་བྱ། །ཞེས་བྱ་བ་ལ། མཚན་གྱི་ནད་ཐམས་ཅད་ལ་ཡང་གནས་སྐབས་དང་སྦྱར་ཏེ། རྨ་གསོ་བའི་ཆོ་ག་སྦྱར་བ་དང་། ལྡེ་གུས་བསྐུ་བ་ལ་ སོགས་པའི་གསོ་བ་བྱའོ། །མངལ་གྱི་ནད་ལ་མང་དུ་ནི། །སྣུམ་ཆོས་དུགས་དང་མས་གཏོང་སོགས། །རླུང་འཇོམས་པ་ཡི་གསོ་བ་བསྔགས། །རླུང་ལས་གྱུར་ལ་མཆོག་ཏུ་སྦྱར། །ཞེས་བྱ་བ་ལ། མངལ་གྱི་ནད་ཐམས་ཅད་ལ་ནི་ཕལ་ཆེར་སྣུམ་ཆོས་དང་། དུགས་ལ་སོགས་པའི་རླུང་ གསོ་བའི་སྦྱོར་བ་བྱའོ། །དེ་ལས་ཀྱང་ཁྱད་པར་དུ་རླུང་ལས་གྱུར་པ་ལ་ནི་ལྷག་པར་བྱའོ། །བུད་མེད་ཀྱི་ནི་མངལ་གྱི་ནད། །རླུང་མ་གཏོགས་པར་འབྱུང་མི་འགྱུར། །དེ་བས་རླུང་ནི་བསལ་བྱས་ལ། །ནད་གཞན་གྱིས་ནི་གསོ་སྨན་བྱ། །ཞེས་བྱ་བ་ལ། གང་གི་ཕྱིར་ནད་དེ་ནི་རླུང་མ་ཡིན་པ་ 202-1-250a གཞན་ལས་ཤས་ཆེར་མི་འབྱུང་བས། དེའི་ཕྱིར་དང་པོར་དེ་བསལ་ལ། དེའི་འོག་ཏུ་གཞན་གསོ་བར་བྱའོ། །བ་ལའི་ཏིལ་མར་བླུད་བྱ་ཞིང་། །འདྲེན་མ་སྐྱེ་དེའི་འོ་མ་བླུད། །ཅེས་བྱ་བ་ལ། ཡང་བུད་མེད་དེ་ལ་བ་ལའི་ཏིལ་མར་ལ་སོགས་པ་བླུད་པར་བྱའོ། །སྣུམ་ཆོས་དུགས་ནི་ བྱས་ཏེ་མངལ། །ཉེས་པར་གནས་པ་མཉམ་དུ་གཞག །ཡོན་པོ་ལག་པས་དྲང་པོར་བསྲང་། །ཞུམ་པ་སླར་ནི་བསྐྱེད་པར་བྱ། །བྱུང་བ་སླར་ནི་གཞུག་བྱ་ཞིང་། །གྱེས་པ་ཡོངས་སུ་བཟློག་པར་བྱ། །མངལ་ནི་གནས་ནས་གཡོས་གྱུར་པ། །བུད་མེད་ཟུག་རྔུར་གྱུར་པར་འདོད། ། ཅེས་བྱ་བ་ལ། མངལ་ཉེས་པར་གནས་པ་ལ་སྣུམ་ཆོས་ལ་སོགས་པ་བྱ་སྟེ། དེའི་འོག་ཏུ་ལག་པས་མཉམ་དུ་ལེགས་པར་གཞག་པ་དང་། ཡོན་པོ་ནི་དྲང་པོར་བསྲང་བར་བྱ་བ་དང་། ཞུམ་པ་བསྐྱེད་པ་ལ་སོགས་པ་བྱ་སྟེ། གང་གི་ཕྱིར་བུད་མེད་ཀྱི་མངལ་རང་གི་གནས་ལས་ གཡོས་པར་གྱུར་པ་དེ་ནི་ཟུག་རྔུ་དང་འདྲ་བའི་ཕྱིར་རོ། །བུད་མེད་ལ་ནི་སློན་སྨན་སོགས། །འཇམ་པོས་ཡོངས་སུ་སྦྱར་བར་བྱ། །ཞེས་བྱ་བ་ལ། བུད་མེད་མངལ་གྱི་སྐྱོན་ཡོད་པ་ལ་ནི་སློན་སྨན་ལ་སོགས་པའི་ལས་རྣམ་པ་ལྔ་པོ་འཇམ་པོས་གསོ་བར་བྱའོ། །རྣམ་པ་ཀུན་ཏུ་དག་གྱུར་ ནས། །འཇམ་རྩི་བསྐུ་བྱུག་སྨན་ཁུ་བླུགས། །བྱུག་དང་ཡེའུ་གཞུག་ལ་སོགས། །གསོ་བའི་ལས་ནི་ལྷག་མ་སྤྱད། །ཅེས་བྱ་བ་ལ། བུད་མེད་ལ་རྣམ་པ་ཐམས་ཅད་དུ་སྦྱང་བ་བྱས་ནས། དེའི་འོག་ཏུ་འཇམ་རྩི་ལ་སོགས་པའི་གསོ་བ་ལྷག་མ་རྣམས་བྱའོ། །རྒུན་འབྲུམ་ ཏང་པ་ལ་འབྲས་བུ་གསུམ། །ཀ་ས་མར་དང་སེར་པོ་གཉིས། །སླེ་ཏྲེས་ཉེའུ་ཤིང་ཤེརྱ་ཀ །ཤུ་ཀ་ན་ཡ་བ་སྤྲུ་བ། །པ་རུ་ཤ་ཀ་ཞོ་གཉིས་གཉིས། །མར་ནི་བྲེ་གང་བཅས་པར་བསྐོལ། །དེ་བླུད་མངལ་གྱི་རླུང་ནད་དང་། །བུ་སྐྱེད་བྱེད་པའི་མཆོག་ཡིན་ནོ། །ཞེས་བྱ་བ་ལ། རྒུན་འབྲུམ་ལ་སོགས་པའི་སྨན་གྱི་སྦྱོར་བ་ཇི་སྐད་བཤད་པའི་སྨན་མར་བླུད་ན་ཡང་མངལ་གྱི་རླུང་ནད་སེལ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །ཟི་ར་གོ་སྙོད་པི་པི་ལིང་། །ཤུ་དག་རྒྱམ་ཚ་བ་ཤ་ཀ །ནས་ཚིག་འཁུས་ཐལ་ཏི་མུ་ས། །ཙི་ཏྲ་ཀ་དང་ཁ་རར་བཅས། །བཏགས་ཏེ་ 202-1-250b ཆང་གི་དྭངས་མར་སྦྱར། །མར་བརྔོས་དེ་ནི་བྱིན་གྱུར་ན། །མངལ་ནད་རྩིབ་ལོགས་སྙིང་ནད་དང་། །སྐྲང་དང་གཞང་འབྲུམ་སེལ་བར་བྱེད། །ཅེས་བྱ་བ་ལ། ཟི་ར་ལ་སོགས་པའི་སྨན་གྱི་སྦྱོར་བ་ཇི་སྐད་སྨོས་པ་བཏང་ན་ཡང་མངལ་ནད་ལ་སོགས་པ་སེལ་བར་བྱེད་དོ། །ཁ་ལུང་ཁུ་བ་ཤ་ཀའི་ རྩབ། །ཟི་ར་ནག་པོ་གོ་སྙོད་དང་། །སེན་རྩི་རྒྱམ་ཚའི་ཕྱེ་མ་ནི། །ཆང་དང་སྦྱར་ཏེ་བླུད་པར་བྱ། །ཞེས་བྱ་བ་ལ། ཁ་ལུང་ལ་སོགས་པའི་ཕྱེ་མ་ཆང་དང་སྦྱར་ཏེ་བླུད་ན་ཡང་ཕན་ནོ། །ར་སྣ་གཟེ་མ་བ་ཤ་ཀ །བསྐོལ་བ་གཟེར་འཇོམས་མཆོག་ཡིན་ནོ། །ཞེས་བྱ་བ་ལ། ཡང་ན་ར་སྣ་ལ་ སོགས་པའི་ཁུ་བ་བླུད་ན་ཡང་ཕན་ནོ། །སླེ་ཏྲེས་དན་ད་འབྲས་བུ་གསུམ། །བསྐོལ་བའི་ཁུ་བའང་བླུགས་པར་བྱ། །ཞེས་བྱ་བ་ལ། ཡང་སླེ་ཏྲེས་ལ་སོགས་པའི་སྨན་གྱི་ཁུ་བ་བསྐོལ་བའི་ཆུ་བླུགས་ན་ཡང་ཕན་ནོ། །རྒྱ་སྤོས་ཀཎྜ་ཀ་རི་དང་། །རུ་རྟ་རྒྱམ་ཚ་ཐང་ཤིང་རྣམས། །བསྐོལ་ བའི་ཁུ་བ་ཏིལ་མར་བསྐོལ། །སྦངས་པའི་ཡེའུས་མངལ་ནད་སེལ། །ཞེས་བྱ་བ་ལ། ཡང་རྒྱ་སྤོས་ལ་སོགས་པའི་སྨན་དང་། ཏིལ་མར་བསྐོལ་བའི་ཏིལ་མར་ལ་སྦངས་པའི་ཡེའུ་མངལ་གྱི་ནང་དུ་བཅུག་ན་ཡང་ཕན་ནོ། །མངལ་ནད་མཁྲིས་པ་ལས་གྱུར་ལས། །ཆུ་བླུགས་བསྐུ་ བྱུག་ཡེའུ་ཡི། །གསོ་བ་བསིལ་ཞིང་མཁྲིས་འཇོམས་པ། །སྣུམ་ཆོས་དོན་དུ་མར་གྱིས་བྱ། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་མངལ་གྱི་ནད་པ་ནི་བསིལ་ཞིང་མཁྲིས་པ་སེལ་བའི་སྨན་ཆུ་བླུགས་པ་ལ་སོགས་པ་བྱ་བ་དང་། དེ་བཞིན་དུ་སྣུམ་གྱི་ཆོ་ག་ཡང་ཞུན་མར་གྱིས་བྱའོ། ། ཉེའུ་ཤིང་རྩ་བ་སྲང་བཞི་བརྒྱ། །བརྡུངས་ཏེ་བཙིར་བའི་ཁུ་བ་དང་། །འོ་མ་དེ་མཉམ་མར་བྲེ་ནི། །བཞི་ཡི་ནང་དུ་བསྐོལ་བར་བྱ། །འཚོ་བྱེད་སྡེ་ཚན་ཉེའུ་ཤིང་དང་། །པ་རུ་ཥ་ཀ་རྒུན་འབྲུམ་དང་། །པི་ལ་ཡ་དང་བ་ལ་གཉིས། །ཤིང་མངར་ཞོ་ནི་གཉིས་གཉིས་ཕྱེ། །བསྐོལ་ཏེ་བསྒྲངས་པར་ སྦྲང་རྩི་དང་། །པི་པི་ལིང་ནི་སྲང་བརྒྱད་བརྒྱད། །ཁ་ར་དཀར་པོ་སྲང་བཅུ་གཞུག །དེ་ལས་སྲང་ནི་ཕྱེད་བྱེད་སྦྱིན། །མངལ་ཁྲག་ཁུ་བའི་ནད་སེལ་ཞིང་། །རོ་ཙ་བུ་སྐྱེད་བྱེད་མཆོག་ཡིན། །གློ་རྡོལ་ཟད་བྱེད་ཁྲག་མཁྲིས་དང་། །ལུད་པ་དབུགས་མི་བདེ་བ་དང་། །མིག་སེར་རླུང་དང་ཁྲག་དང་ 202-1-251a ནི། །མེ་དབལ་དང་ནི་སྙིང་ནད་དང་། །བརྗེད་བྱེད་ཀྱིས་ཉེན་ད་རྒན་དང་། །མྱོས་བྱེད་སྐེམ་བྱེད་འཇོམས་པར་བྱེད། །ཅེས་བྱ་བ་ལ། ཉེའུ་ཤིང་སྲང་བཞི་བརྒྱའི་ཁུ་བ་དང་། འོ་མ་དེ་དང་ཆ་མཉམ་པར་བྱ་བ་དང་། །འཚོ་བྱེད་ཀྱི་སྡེ་ཚན་དང་། ཉེའུ་ཤིང་ལ་སོགས་པ་ཞོ་ གཉིས་གཉིས་དང་། མར་བྲེ་བཞི་བསྐོལ་ལ་བསྒྲངས་པའི་ནང་དུ་སྦྲང་རྩི་སྲང་བརྒྱད་དང་། པི་པི་ལིང་སྲང་བརྒྱད་དང་། ཁ་ར་སྲང་བཅུ་བཅུག་སྟེ། དེ་ལས་སྲང་ཕྱེད་ཕྱེད་བྱིན་ན་མངལ་གྱི་ཁུ་བ་ཁྲག་གི་ནད་སེལ་བ་ལ་སོགས་པ་དང་། སྨྱོ་བྱེད་ཀྱི་བར་གྱི་ནད་ངེས་པར་འཇོམས་པར་བྱེད་པ་ ཡིན་ནོ། །དེ་བཞིན་འོ་མ་ཞུན་མར་དང་། །འཚོ་བྱེད་སྡེ་ཚན་བསྐོལ་བ་ནི། །བུ་སྐྱེད་མཁྲིས་ལས་གྱུར་པའམ། །མངལ་ནད་སེལ་བའི་དམ་པ་ཡིན། །ཞེས་བྱ་བ་ལ། དེ་བཞིན་དུ་འོ་མ་དང་ཞུན་མར་དང་། །འཚོ་བྱེད་ཀྱི་སྡེ་ཚན་དང་བསྐོལ་བའི་སྨན་མར་བྱིན་ན་ཡང་ཡོན་ཏན་དེ་དང་འདྲ་ཞིང་ བུ་སྐྱེད་པ་དང་མཁྲིས་པའི་མངལ་ནད་སེལ་བའི་མཆོག་ཡིན་ནོ། །བ་ལ་བྲེ་ནི་སུམ་ཅུ་གཉིས། །བསྐོལ་བའི་ཏིལ་མར་མར་བྲེ་བཞི། །འོ་མ་བཞི་འགྱུར་པི་པི་ལིང་། །ཀ་ཀ་ན་མི་ཀ་ར་དཀར། །ཛི་བན་ཏི་དང་རམ་ཉེ་བ། །སྠི་ར་ཉེའུ་ཤིང་ཟི་ར་གཉིས། །མོན་སྲན་གྲེའུ་པ་ཡ་སྱ། ། མ་ཤ་པརྞི་སྲ་བ་ནི། །པི་ལུའི་ལོ་མ་ལྷན་ཅིག་བསྐོལ། །བླུད་ན་རླུང་མཁྲིས་ལས་གྱུར་པའི། །མངལ་ནད་སེལ་ཞིང་བུ་སྐྱེད་བྱེད། །ཅེས་བྱ་བ་ལ། བ་ལ་བྲེ་སུམ་ཅུ་རྩ་གཉིས་ལ་སོགས་པ་ཇི་སྐད་བཤད་པ་བཞིན་དུ་བསྐོལ་བའི་མར་དང་ཏིལ་མར་དེ་བླུད་ན་རླུང་དང་མཁྲིས་པ་ལས་གྱུར་པའི་ མངལ་ནད་སེལ་བར་བྱེད་ཅིང་བུ་སྐྱེད་པར་བྱེད་པ་ཡིན་ནོ། །ཁྲག་གི་མངལ་ནད་ཁྲག་མདོག་ལས། །རྗེས་སུ་འབྲེལ་པ་བརྟགས་ནས་ཀྱང་། །ནད་གཞི་བསགས་པའི་ཚུལ་ལས་ནི། །ཁྲག་བཅད་པ་ཡི་སྨན་གཏང་བྱ། །ཞེས་བྱ་བ་ལ། ཁྲག་གི་མངལ་ནད་ལ་ནི་གཏར་གའི་ཆོ་ག་ལས་བཤད་ པའི་ཚུལ་གྱིས་ནད་གཞིའི་མཚན་ཉིད་ཤེས་པར་བྱས་ལ་ནད་གཞི་དང་རྗེས་སུ་མཐུན་པའི་ཁྲག་གཅོད་པའི་སྨན་གཏང་བར་བྱའོ། །ཤིང་མངར་སྦྲང་རྩི་ཆུ་ཤིང་རྩ། །ཏ་ལའི་ས་བོན་སྐྱེར་པའི་རྩ། །དྲི་ཡང་ཀུ་དང་འབྲས་དྲུས་ཆུ། །སྦྱར་བ་བླུད་ན་ཁྲག་འཛག་པ། །མདོག་སྐྱ་དམར་པོ་སེལ་བར་ 202-1-251b བྱེད། །ཅེས་བྱ་བ་ལ། ཤིང་མངར་ལ་སོགས་པ་སྦྱར་བའི་ཆུ་བླུད་ན་ཡང་ཁྲག་འཛག་པ་སེལ་བར་བྱེད་དོ། །པ་ཐ་འཛམ་བུ་ཨ་མྲ་ཡི། །ཚི་གུ་དང་ནི་བྲག་ཞུན་དང་། །སྐྱེར་པའི་ཁཎྜ་ཨམ་བཥྚ། །བཙོད་དང་ཤལ་མ་ལིའི་ཐང་ཆུ། །དུག་མོ་ཉུང་གི་ཤུན་ལྤགས་དང་། །གུར་གུམ་བིལ་བ་བོང་ ང་དཀར། །སེང་ཕྲོམ་གླ་སྒང་བཙག་ཡུག་སྣམ། །ཤིང་མངར་ཙནྡན་དམར་པོ་དང་། །ཀད་པ་ལ་དང་མཱ་ཙི་ཀ །ཀ་ཊངྐ་དང་དུག་མོ་ཉུང་། །བྱི་ཚེར་བ་དང་ད་ཏ་ཀི། །མ་དུ་ཀ་དང་སྟང་ཟིལ་ནི། །སྐར་མ་རྒྱལ་ལ་བབ་པ་ལ། །བཏུས་ཤིང་བཏགས་ཏེ་སྦྲང་རྩི་དང་། །འབྲས་ཀྱི་ཆུར་སྦྱར་བླུད་ ན་ནི། །གཞང་འབྲུམ་ཚད་པར་འཁྲུ་བ་དང་། །གང་ཡང་ཁྲག་ཏུ་འཁྲུ་བ་དང་། །གང་ཡང་སྲིན་བུའི་ནད་རྣམས་དང་། །བྱིས་པའི་ནད་གང་ཡིན་པ་འཇོམས། །མངལ་གྱི་ནད་དང་ཟླ་མཚན་ནད། །གནག་ཅིང་དཀར་དང་དམར་བ་སེལ། །ཕྱེ་མ་རྒྱལ་གྱི་རྗེས་འགྲོ་བ། །ཕན་ཞེས་རྒྱུན་ཤེས་ བུ་ཡིས་བཤད། །ཅེས་བྱ་བ་ལ། འཛམ་བུ་དང་ཨ་མྲའི་ཚི་གུ་ནི་ཤ་བོར་བའི་རུས་པའོ། །ཨ་མ་བཥྚ་ནི་མ་ཡོ་ར་ཤ་ཁའོ། །ཤལ་མ་ལིའི་ཐང་ཆུ་ནི་མོ་ཙར་སའོ། །ཀ་ཊངྐ་ནི་སོ་ན་ཀའོ། །གཞན་དག་ནི་གོ་བར་ཟད་དེ། པ་ཏ་ལ་སོགས་པའི་སྨན་དེ་དག་སྐར་མ་རྒྱལ་ལ་བབ་པའི་ཚེ་བཏུས་ལ་ བཏགས་ཏེ་སྦྲང་རྩི་དང་འབྲས་ཀྱི་ཆུར་སྦྱར་ཏེ་བླུད་ན་ནི་གཞང་འབྲུམ་ལ་སོགས་པའི་ནད་སེལ་བར་བྱེད་ཅིང་། མངལ་གྱི་ནད་ཟླ་མཚན་ནག་པོ་འཛག་པ་ལ་སོགས་པ་སེལ་བར་བྱེད་དོ། །ཕྱེ་མ་འདི་ནི་རྒྱལ་གྱི་རྗེས་སུ་འགྲོ་བ་ཞེས་བྱ་སྟེ། ནད་ཐམས་ཅད་ལ་ཕན་པ་ཡིན་ནོ། །བད་ཀན་ལས་གྱུར་མངལ་ ནད་ལ། །རྩུབ་དང་དྲོ་བའི་སྨན་ཀུན་སྦྱར། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་མངལ་ནད་ལ་ནི་ཟས་དང་སྐོམ་དང་སྨན་དང་སྤྱོད་ལམ་ལ་སོགས་པ་རྩུབ་པ་དང་། དྲོ་བའི་ཕྱོགས་སྦྱར་བར་བྱའོ། །སྐྱུ་རུའི་ལོ་མ་ད་ཏ་ཀི། །ཤིང་མངར་ཨུཏྤལ་ལིག་བུ་མིག །འཛམ་བུ་ཨ་མྲའི་ཚི་གུ་དང་། ། སེང་ཕྲོམ་ས་ནག་ཀད་པ་ལ། །སེའུ་འབྲུ་ཤིང་ཚ་ཏིནྡུ་ཀ །ཨུ་དུམ་ཝཱ་ར་བིལ་བ་གཞོན། །ཞོ་ནི་གཉིས་གཉིས་བཏགས་པའི་ཕྱེ། །ར་གཅིན་འོ་མ་ཉིས་འགྱུར་དང་། །ཏིལ་མར་བྲེ་གང་བསྐོལ་བར་བྱ། །དེ་བསྐུ་བ་དང་འཇམ་རྩི་དང་། །རས་བལ་ཡེའུ་གཞུག་པར་བྱ། །སྐྲང་ཞིང་ཕྱིར་ལོགས་མཐོ་ 202-1-252a ཞིང་སྲ། །དེ་བཞིན་སྤྱི་བག་འཛག་པ་དང་། །ཕྱིར་འབུར་ནང་དུ་ཞུམ་པ་དང་། །འབྲུམ་བུ་གཟེར་དང་བཅས་ལ་ཕན། །ཞེས་བྱ་བ་ལ། སྐྱུ་རུ་རའི་ལོ་མ་ལ་སོགས་པའི་སྦྱོར་བ་ཇི་སྐད་སྨོས་པའི་ཚུལ་དུ་བསྐོལ་བའི་ཏིལ་མར་བསྐུ་བ་ལ་སོགས་པའི་སྦྱོར་བ་བྱས་ན་མངལ་ སྐྲང་བ་ལ་སོགས་པའི་ནད་ལ་ཕན་ནོ། །ནས་ཟན་ཨ་རུ་་སྦྱར་ཆང་དང་། །བུ་རམ་ཆང་དང་ཏིལ་མར་བསྟེན། །པི་པི་ལིང་དང་ལྕགས་ཕྱེ་དང་། །ཨ་རུ་ར་སྦྱར་སྦྲང་རྩི་ཕན། །ཞེས་བྱ་བ་ལ། །ནས་ཟན་དང་ཨ་རུ་ར་སྦྱར་བའི་ཆང་བསྟེན་ཞིང་། བུ་རམ་ཆང་ལ་སོགས་པ་བསྟེན་པ་དང་། པི་པི་ ལིང་གི་སྦྱོར་བ་དང་། ལྕགས་ཕྱེའི་སྦྱོར་བ་དང་། ཨ་རུ་རའི་སྦྱོར་བ་སྦྲང་རྩི་དང་བཅས་པ་བཏང་ན་ཡང་ཕན་ནོ། །ནག་ཚུར་རྒྱམ་ཚ་འབྲས་བུ་གསུམ། །ཨ་མྲ་འཛམ་བུའི་ཚི་གུ་བཅས། །ད་ཏ་ཀིའི་ཕྱེ་སྦྲང་རྩིར་སྦྱར། །སྤྱི་བག་འཛག་པ་དག་པར་བྱེད། །ཅེས་བྱ་བ་ལ། ནག་ཚུར་ལ་སོགས་ པའི་ཕྱེ་མ་སྦྲང་རྩི་དང་སྦྱར་བ་བྱིན་ན་ཡང་མངལ་ནས་སྤྱི་བག་འཛག་པ་དག་པར་བྱེད་དོ། །རྒྱ་སྐྱེགས་འཛམ་བུ་ད་ཏ་ཀི། །མོ་ཙ་ར་ས་ལ་མང་གི། །སྲ་རྩི་པོག་གི་ཕྱེ་མ་ཡིས། །དྲི་མི་ཞིམ་དང་སྤྱི་བག་འཛག །རྣགས་ཤིང་སྲ་བ་སེལ་བར་བྱེད། །ཅེས་བྱ་བ་ལ། རྒྱ་སྐྱེགས་ལ་སོགས་པའི་ སྦྱོར་བས་ནི་དྲི་མི་ཞིམ་པ་ལ་སོགས་པའི་སྦྱོར་བ་སེལ་བར་བྱེད་དོ། །དོང་ག་ལ་སོགས་སྡེ་ཚན་ནི། །བསྐོལ་བའི་ཁུ་བ་བླུགས་པར་བྱ། །ཞེས་བྱ་བ་ལ། ཡང་དོང་ག་ལ་སོགས་པའི་སྡེ་ཚན་གྱི་ཁུ་བ་བླུགས་ན་དྲི་མི་ཞིམ་པ་ལ་སོགས་པ་སེལ་བར་བྱེད་དོ། །སྲ་ཞིང་རྩུབ་པར་གྱུར་པ་ལ། །མཉེན་པའི་ ཆོ་ག་བྱ་བ་དང་། །ཤ་བརྡུངས་པ་ཡིས་གླན་པ་དང་། །ཀྲི་ས་ར་དང་འོ་ཐུག་གཞུག །ཅེས་བྱ་བ་ལ། མངལ་སྲ་བ་ལ་སོགས་པ་ལ་ནི་ཤ་བརྡུངས་ཏེ་བཙོས་ཤིང་སྤོད་བཏབ་སྟེ་གླན་པ་དང་། དེ་བཞིན་དུ་ཏིལ་དང་འབྲས་ལ་སོགས་པའི་ཀྲི་སར་དང་། འོ་མ་དང་འབྲས་བཙོས་པའི་འོ་ཐུག་གཞུག་ ཅིང་གླན་པར་བྱའོ། །དྲི་ངར་ཏིལ་མར་དྲི་ཞིམ་པའམ། །ལྡེ་གུ་དྲི་ཞིམ་བསྐུ་བའམ། །དྲི་བཟངས་ཀུན་གྱི་ཕྱེ་མའམ། །རུལ་བའི་དྲི་ནི་སེལ་བྱེད་གཞུག །ཅེས་བྱ་བ་ལ། མངལ་དྲི་མི་ཞིམ་པར་གྱུར་པ་ལ་ནི་དྲི་ཞིམ་པའི་སྨན་ཐམས་ཅད་དང་སྦྱར་བའི་ཏིལ་མར་རམ་ལྡེ་གུའམ་ཕྱེ་མས་བསྐུས་ཤིང་བཏབ་ 202-1-252b པས་དྲི་ང་བ་སེལ་བར་བྱེད་དོ། །བད་ཀན་ཅན་ལ་ཕལ་ཆེར་སྨན། །ཚ་བ་བ་གཅིན་མས་གཏོང་ཕན། །ཞེས་བྱ་བ་ལ། མངལ་བད་ཀན་གྱི་ནད་ཤས་ཆེ་བ་ལ་ནི་སྨན་ཚ་བའི་ཤས་ཆེ་བ་བ་གཅིན་དང་བཅས་ཤིང་སྦྱར་བ་མས་གཏོང་བ་ཕན་ནོ། །མཁྲིས་པ་ཤིང་མངར་འོ་མར་བཅས། །རླུང་གྱུར་སྐྱུར་ བཅས་ཏིལ་མར་ཕན། །ཞེས་བྱ་བ་ལ། མཁྲིས་པ་ཤས་ཆེ་བའི་མངལ་གྱི་ནད་ལ་ནི་ཤིང་མངར་དང་འོ་མར་སྦྱར་བ་མས་གཏོང་བ་ཕན་ནོ། །རླུང་གི་ཤས་ཆེ་བའི་ནད་ལ་ནི་སྐྱུར་བའི་བག་དང་ལྷན་ཅིག་བསྐོལ་བའི་ཏིལ་མར་གྱི་མས་གཏོང་བ་ཕན་ནོ། །འདུས་པ་ལས་གྱུར་ནད་ལ་ནི། །ཐུན་མོང་གིས་ ནི་གསོ་བ་ཕན། །ཞེས་བྱ་བ་ལ། འདུས་པ་ལས་གྱུར་པའི་མངལ་ནད་ལ་ནི་གསོ་བའི་སྦྱོར་བ་ཐུན་མོང་བྱས་ན་ཕན་ནོ། །དེ་ལྟར་མངལ་ནད་དག་གྱུར་ན། །ས་བོན་སྐྱོན་མེད་ཐ་མལ་པར། །རྣམ་པར་ཤེས་པ་འཇུག་པས་ན། །བུད་མེད་ལ་ནི་བུ་ཆགས་འགྱུར། །ཞེས་བྱ་བ་ལ། །འདུས་པ་ལས་ གྱུར་པའི་མངལ་དག་པ་དང་ལྡན་པ་དང་། ས་བོན་ཟླ་མཚན་ཉེས་པའི་སྐྱོན་མེད་པ་ཐ་མལ་པ་དང་ལྡན་པ་ལ་ནི་སྲིད་པ་བར་མའི་རྣམ་པར་ཤེས་པ་འཇུག་པས་ན། བུད་མེད་གལ་ཏེ་ནད་དང་བཅས་པ་ཡིན་ན་དེ་ལྟ་བུ་ལ་བུ་ཆགས་པར་འགྱུར་རོ། །སྐྱེས་པ་ཡི་ནི་དབང་པོ་ཡང་། །ལས་རྣམ་ལྔ་ཡིས་ དག་བྱ་ཞིང་། །མདོག་ལས་ནད་གཞི་བརྟགས་ནས་ནི། །ནད་བཅས་དེ་འཇོམས་སྨན་གྱིས་གསོ། །ཞེས་བྱ་བ་ལ། སྐྱེས་པའི་དབང་པོ་ཡང་ལས་རྣམ་པ་ལྔས་སྦྱང་བར་བྱ་ཞིང་། ཁུ་བའི་མདོག་ལས་ནད་གཞི་བརྟགས་ལ། གལ་ཏེ་ནད་དང་བཅས་པ་ཡིན་ན་ནི། ནད་རང་རང་སེལ་ཞིང་འཇོམས་ པའི་སྨན་གྱིས་གསོ་བར་བྱའོ། །རུ་རྟ་རྒྱ་སྤོས་ཤུ་དག་བཙོད། །འབྲས་བུ་གསུམ་དང་ཁ་ར་དཀར། །ཤིང་མངར་མེ་ད་སེར་པོ་གཉིས། །ལ་ལ་ཕུད་དང་པུ་ཙེ་ཤེལ། །ཤིང་མངར་རམ་ཉེ་པ་ཡ་སྱ། །ཨ་ཤྭ་གནྡྷ་ཉེའུ་ཤིང་པ། །ཞོ་ནི་གཉིས་གཉིས་བཏགས་པའི་ཕྱེ། །མར་བྲེ་གང་དང་འོ་མ་ནི། །བཞི་ འགྱུར་དང་ནི་བཅས་པ་བསྐོལ། །བླུད་ན་མངལ་དང་ཁུ་བ་ཡི། །ཉེས་པ་ཐམས་ཅད་སེལ་བྱེད་ཅིང་། །ཚེ་རིང་ལུས་ནི་རྒྱས་བྱེད་ལ། །ཡིད་གཞུངས་པ་དང་བཀྲ་ཤིས་དང་། །བུ་སྐྱེད་པར་ནི་བྱེད་མཆོག་ཡིན། །འབྲས་བུའི་སྨན་མར་ཞེས་བྱར་བཤད། །ཟླ་མཚན་རྒྱུ་ཚེ་འཐུངས་གྱུར་ན། །བུ་ནི་ 202-1-253a འཆི་བར་བྱེད་པ་ཡང་། །འཚོ་ཞིང་སྦྲུམ་མ་རྣམས་ལ་བསྔགས། །འདི་ནི་མཆོག་ཏུ་བྱིས་པ་ཡི། །ལུས་རྒྱས་གདོན་འཇོམས་བྱེད་པ་ཡིན། །ཞེས་བྱ་བ་ལ། རུ་རྟ་དང་རྒྱ་སྤོས་ལ་སོགས་པའི་སྨན་སྣ་རེ་ཞོ་གཉིས་གཉིས་ཞིབ་ཏུ་བཏགས་པའི་ཕྱེ་མ་མར་བྲེ་གང་དང་འོ་མ་བྲེ་ བཞི་དང་བསྐོལ་ཏེ། མར་འབའ་ཞིག་ལུས་པ་བླུད་ན་མངལ་དང་ཁུ་བའི་ཉེས་པ་ཐམས་ཅད་སེལ་བར་བྱེད་ཅིང་ཚེ་རིང་བ་ནས་མངལ་དུ་བུ་ཆགས་པར་བྱེད་པའི་མཆོག་ཡིན་ཏེ། འདི་ནི་མིང་འབྲས་བུའི་སྨན་མར་ཞེས་བྱ་བར་བཤད་དོ། །འདི་ཟླ་མཚན་རྒྱུ་ཞིང་མངལ་ཆགས་པར་བྱེད་པའི་དུས་སུ་ བླུད་ན་བུ་འཆི་བར་བྱེད་ན་ཡང་འཚོ་ཞིང་མངལ་ཆགས་པར་འགྱུར་བའམ། སྦྲུམ་མ་རྣམས་ལ་ཡང་བསྔགས་ཤིང་ཕན་པ་དང་མར་འདི་ཁྱད་པར་དུ་བྱིས་པ་རྣམས་ཀྱི་ལུས་རྒྱས་ཤིང་བརྟས་པ་དང་། གདོན་འཇོམས་པར་བྱེད་པའི་མཆོག་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་ པའི་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་སུམ་ཅུ་རྩ་བཞི་པའི་རྣམ་པར་འགྲེལ་པའོ།། །།མཚོན་སྤྱད་ཀྱིས་གསོ་བའི་རྒྱུད་རྫོགས་སོ།། །།དེ་ནས་དུག་ནད་གསོ་བ་བཤད་པར་བྱའོ། །སྔོན་ནི་ལྷ་དང་ལྷ་མ་ ཡིན། །བདུད་རྩི་འདོད་པས་བསྲུབས་པ་ན། །བདུད་རྩི་འབྱུང་བའི་སྔོན་རོལ་དུ། །སྐྱེས་བུ་ཤིན་ཏུ་འཇིགས་པའི་གཟུགས། །མཆེ་བ་བཞི་པ་གཟི་བརྗིད་འབར། །སྐྲ་སེར་མིག་ནི་མེ་འབར་བ། །དེ་མཐོང་འགྲོ་བ་སྡུག་བསྔལ་གྱུར། །དེས་ན་འདི་ནི་དུག་ཅེས་བྱ། །ཞེས་བྱ་བ་ལ། སྔོན་ ཐོག་མར་ལྷ་དང་ལྷ་མ་ཡིན་བདུད་རྩི་འདོད་པའི་ཕྱིར་འོ་མ་ཅན་གྱི་རྒྱ་མཚོ་བསྲུབས་པ་ལས། བདུད་རྩི་འབྱུང་བའི་སྔོན་དུ་སྐྱེས་བུ་ཤིན་ཏུ་འཇིགས་པའི་གཟུགས་ཅན་མཆེ་བ་བཞི་པ་ལུས་ཀྱི་གཟི་བརྗིད་ཆེ་བ། སྐྲ་སེར་ཞིང་ཁམ་པ། མིག་མེ་ལྟར་འབར་བ་ཞིག་བྱུང་བར་གྱུར་ལ། དེ་མཐོང་བས་འགྲོ་ བ་རྣམས་སྡུག་བསྔལ་བར་གྱུར་ཏེ། དེས་ན་འདི་ལ་མིང་དུ་དུག་ཅེས་བྱ་བ་ཡིན་ལ། དེའི་ཕྱིར་དེའི་ཆ་ལས་བྱུང་བ་སྡུག་བསྔལ་སྐྱེད་པར་བྱེད་པ་ཐམས་ཅད་ལ་ཡང་དུག་ཅེས་བྱ་བ་ཡིན་ནོ། །ཚངས་པས་ཧཱུཾ་ཞེས་བརྗོད་པ་དང་། །བསླུ་བའི་བདག་ཉིད་ཅན་སྤོངས་ཏེ། །གཟུགས་དེ་རྒྱུ་དང་མི་རྒྱུ་བའི། ། 202-1-253b གཟུགས་ལ་དེ་ནི་ཞུགས་པར་གྱུར། །ཞེས་བྱ་བ་ལ། དེའི་འོག་ཏུ་ཚངས་པས་ཧཱུཾ་ཞེས་བརྗོད་དེ་ཚར་བཅད་པ་དང་། སྡུག་བསྔལ་བར་བྱེད་པའི་བསླུ་བའི་བདག་ཉིད་ཅན་དེ་རང་གཟུགས་སྤངས་ཏེ་གནོད་པར་བྱེད་པའི་གཟུགས་དེ་རྒྱུ་བ་དང་མི་རྒྱུ་བའི་གཟུགས་ལ་ཞུགས་པར་གྱུར་ཏོ། །བརྟན་དུག་ ནུས་པ་མི་བཟད་པར། །སྡོང་བུ་ལ་ནི་གནས་པ་གང་། །ཀ་ལ་ཀུ་ཏ་དབང་པོའི་བུ། །བཙན་དུག་ཧ་ལ་ཧ་ལ་སོགས། །ཞེས་བྱ་བ་ལ། དུག་དེ་སྡོང་བུ་ལ་སོགས་པ་ལ་གནས་པར་གྱུར་པ་གང་ཡིན་པ་དེ་ནི་ནུས་པ་མི་བཟད་ཅིང་རང་བཞིན་བརྟན་པར་གྱུར་པ་ཀ་ལ་ཀུ་ཏ་དང་། དབང་པོའི་བུ་ སྟེ་ཨིནྡྲ་བད་ཚ་དང་། བཙན་དུག་སྟེ་སྲིང་གི་དང་། ཧ་ལ་ཧ་ལ་ལ་སོགས་པའི་དུག་ཏུ་གྱུར་པ་ནི་སེམས་མེད་ཅིང་བརྟན་ལ་མི་གཡོ་བའི་གཟུགས་ལ་གནས་པས་ན། བརྟན་པའི་དུག་ཅེའམ་མི་རྒྱུ་བའི་དུག་ཅེས་བྱའོ། །རྒྱུ་བའི་དུག་ནི་མི་བཟད་གྱུར། །སྦྲུལ་དང་ཕག་དང་མཆེ་བ་ཅན། ། ཞེས་བྱ་བ་ལ། དུག་མི་བཟད་པ་གང་སྦྲུལ་དང་སྲོག་ཆགས་ཕག་དང་། མཆེ་བ་ཅན་ལ་སོགས་པ་ལ་གནས་པའི་དུག་དེ་ནི་སེམས་ཅན་ལ་བརྟེན་པ་ཡིན་པས་རྒྱུ་བའི་དུག་ཅེས་བྱའོ། །རྒྱུ་བ་དང་ནི་མི་རྒྱུ་བའི། །བཅོས་མ་མ་ཡིན་དུག་ཏུ་བཤད། །ཅེས་བྱ་བ་ལ། དེ་ལྟར་རྒྱུ་བ་དང་མི་རྒྱུ་བའི་དུག་ ནི་བཅོས་མ་མ་ཡིན་པའི་དུག་ཅེས་བྱ་སྟེ། རང་བཞིན་གྱི་དུག་ཡིན་པའི་ཕྱིར་རོ། །བཅོས་མ་སྣ་ཚོགས་སྨན་ལ་ནི། །སྦྱར་བ་སྦྱར་བའི་དུག་ཅེས་བྱ། །ཞེས་བྱ་བ་ལ། གང་དུག་ཏུ་གྱུར་པའི་སྨན་སྣ་ཚོགས་པ་ལ་སོགས་པ་སྦྱར་བ་ནི་བྱ་བའི་ལས་ཀྱིས་བསྒྲུབས་པ་ཡིན་པས་ན། སྦྱར་བའི་དུག་ ཅེས་བྱ་སྟེ། བཅོས་མའི་དུག་ཀྱང་དེ་ཉིད་ཡིན་ནོ། །དེ་ནི་སྦྱོར་བའི་དབང་ལས་ནི། །ཤིན་ཏུ་རིང་ནས་གསོད་པའམ། །སྐྲང་དང་སྐྱ་རྦབ་དམུ་རྫིང་དང་། །སྨྱོ་བྱེད་གཞང་འབྲུམ་ལ་སོགས་སྐྱེད། །ཅེས་བྱ་བ་ལ། སྦྱར་བའི་དུག་དེ་ནི་སྦྱོར་བའི་དབང་གིས་དུག་ཡུན་རིང་ཞིག་ན་གསོད་པར་བྱེད་པའམ། སྐྲང་བ་ལ་སོགས་པའི་ནད་སྐྱེད་པར་བྱེད་པ་ཡིན་ནོ། །རྣོ་དྲོ་རྩུབ་ཅིང་དང་བ་དང་། །ཁྱབ་ཅིང་མྱུར་གསོད་ཡང་བ་དང་། །འདར་ཞིང་ཕྲ་ལ་རོ་མི་གསལ། །འཇུ་བར་མི་བྱེད་པ་ཡིན་ནོ། །ཞེས་བྱ་བ་ལ། དུག་དེ་ནི་རྣོ་བ་ལ་སོགས་པའི་མཚན་ཉིད་བཅུ་པོ་དེ་དང་ལྡན་ཞིང་འཇུ་བར་མི་བྱེད་པ་ཡིན་ནོ། ། 202-1-254a རྣོ་སོགས་ཡོན་ཏན་དང་ལྡན་པས། །དེ་ནི་མདངས་ལས་གོ་བཟློག་ཡིན། །མི་ནི་རླུང་མཁྲིས་ཤས་ཆེ་བ། །སྲོག་ནི་འཕྲལ་དུ་འཕྲོག་པར་བྱེད། །ཅེས་བྱ་བ་ལ། དུག་དེ་ནི་རྣོ་བ་ལ་སོགས་པ་ཡོན་ཏན་བཅུ་དང་ལྡན་པས་མདངས་ཀྱི་ཡོན་ཏན་ལས་གོ་བཟློག་པར་ གྱུར་པ་ཡིན་ལ། དེ་བཞིན་དུ་མི་རླུང་དང་མཁྲིས་པ་ཤས་ཆེ་བ་དག་ནི་སྲོག་མོད་ལ་འཕྲོག་པར་བྱེད་པ་ཡིན་ནོ། །དུག་གིས་ལུས་སུ་ཕྱིན་པ་དང་། །དང་པོར་ཁྲག་ལ་གནོད་པར་བྱེད། །བད་ཀན་མཁྲིས་པ་རླུང་རྗེས་ལ། །ནད་གཞི་གྲོགས་དང་ལྷན་ཅིག་འབྱུང་། །ཞེས་བྱ་བ་ལ། གང་གི་ ཕྱིར་དུག་གིས་ལུས་ལ་ཕྱིན་ཅིང་སོང་བ་ན། དང་པོར་ཁྲག་ལ་གནོད་པར་བྱེད་ནས། དེའི་རྗེས་ལ་བད་ཀན་དང་མཁྲིས་པ་དང་རླུང་ལ་གནོད་པར་བྱེད་དེ། ནད་གཞི་གསུམ་ཆ་མཉམ་པ་ལ་ནི་བད་ཀན་ལ་སོགས་པ་ལ་གནོད་ཅིང་ལྷན་ཅིག་འབྱུང་བར་བྱེད་དོ། །དེ་ནས་སྙིང་ལ་གནས་ ནས་ནི། །ལུས་ལ་གནོད་པ་བྱེད་པར་འགྱུར། །ཞེས་བྱ་བ་ལ། དེ་ནས་དུག་དེ་སྙིང་ལ་གནས་ནས་ལུས་འཇོམས་ཤིང་གནོད་པར་བྱེད་པར་འགྱུར་རོ། །མི་རྒྱུའི་དུག་ནི་བཏང་གྱུར་ན། །ལྕེ་གནག་ལུས་ནི་རེངས་པ་དང་། །བརྒྱལ་དང་སློན་དང་སྡང་དང་ངལ། །གནས་སྐབས་དང་ པོར་འབྱུང་བར་འགྱུར། །ཞེས་བྱ་བ་ལ། དེ་ནས་དུག་དེ་སྙིང་ལ་གནས་ནས་ལུས་འཇོམས་ཤིང་གནོད་པར་བྱེད། འདུག་པར་གྱུར་ནས་དུག་གི་ཤུགས་དང་པོ་ལ་ལྕེ་གནག་ཅིང་ལུས་རེངས་པ་ལ་སོགས་པར་འགྱུར་རོ། །གཉིས་པར་འདར་ཞིང་རྔུལ་བ་དང་། །ཚ་ཞིང་ལྐོག་མ་ན་བ་ དང་། །དུག་གིས་མ་ཞུའི་གནས་ཕྱིན་ན། །སྙིང་ནི་ན་བར་བྱེད་པར་འགྱུར། །ཞེས་བྱ་བ་ལ། དུག་གི་ཤུགས་གཉིས་པ་ལ་ནི་ལུས་འདར་བ་དང་། རྔུལ་ལ་སོགས་པ་འབྱུང་ཞིང་ཤུགས་དེའི་ཚེ་དུག་གིས་མ་ཞུ་བའི་གནས་སུ་ཕྱིན་པས་ལྷག་པར་ཡང་སྙིང་ན་བར་བྱེད་དོ། །གསུམ་པར་རྐན་ ནི་སྐམས་པ་དང་། །མ་ཞུའི་གནས་སུ་ཤིན་ཏུ་གཟེར། །དེའི་མིག་ཉམ་ཆུང་སེར་བ་དང་། །སྐྲང་བ་ཉིད་དུ་འགྱུར་བ་དང་། །ཞུ་བའི་གནས་ཕྱིན་ཟུག་པ་དང་། །སྐྱིགས་བུ་ལུད་པ་རྒྱུ་མ་འཁྲུགས། །ཞེས་བྱ་བ་ལ། དུག་གི་ཤུགས་གསུམ་པར་ནི་རྐན་སྐམས་པ་ལ་སོགས་པ་དང་། ནད་ 202-1-254b པ་དེའི་མིག་ཉམ་ཆུང་ཞིང་སེར་བ་ལ་སོགས་པར་འགྱུར་བ་ཡིན་ནོ། །དུག་གི་ཤུགས་ནི་བཞི་པ་ལ། །མགོ་བོ་ལྷག་པར་ལྕི་བར་འགྱུར། །ཞེས་བྱ་བ་ལ། དུག་གི་ཤུགས་བཞི་པ་ལ་ནི་མགོ་བོ་ལྷག་པར་ལྕི་བར་འགྱུར་རོ། །ལྔ་པར་མཆིལ་སྣབས་འཛག་པ་དང་། །ལྷུ་ཚིགས་ན་བ་འབྱུང་ འགྱུར་ལ། །མདོག་མི་སྡུག་ཅིང་ནད་ཀུན་འཁྲུགས། །ཞུ་བའི་གནས་ཀྱི་འོག་ཏུ་ན། །ཞེས་བྱ་བ་ལ། དུག་གི་ཤུགས་ལྔ་པར་ནི་ལྷུ་ཚིགས་ན་བ་ལ་སོགས་པ་དང་། རླུང་ལ་སོགས་པའི་ནད་ཀུན་འཁྲུགས་པ་དང་། ཞུ་བའི་གནས་ཀྱི་འོག་ཏུ་ལྷག་པར་ན་བར་འགྱུར་རོ། །དྲུག་པར་ འདུ་ཤེས་ཉམས་པ་དང་། །ཤིན་ཏུ་འཁྲུལ་བར་བྱེད་པར་འགྱུར། །ཞེས་བྱ་བ་ལ། དྲུག་པར་ནི་འདུ་ཤེས་ཉམས་པ་ལ་སོགས་པར་འགྱུར་རོ། །བདུན་པར་ཕྲག་གོང་རྒལ་ཚིགས་དང་། །དཔྱི་ཚིགས་བྱེ་ན་འཆི་འགྱུར་ཡིན། །ཞེས་བྱ་བ་ལ། དུག་གི་ཤུགས་བདུན་པ་ལ་ནི་རྒལ་ ཚིགས་ན་བ་ལ་སོགས་པར་འགྱུར་རོ། །དུག་གི་ཤུགས་ནི་དང་པོ་ལ། །སློན་ཞིང་ཆུ་གྲང་དག་གིས་གཏོར། །མར་དང་སྦྲང་རྩིར་བཅས་པ་ཡི། །དུག་གི་སྨན་ནི་མྱུར་དུ་བླུད། །ཅེས་བྱ་བ་ལ། དུག་གི་ཤུགས་དང་པོ་ལ་ནི་སློན་སྨན་ལ་སོགས་པ་བྱའོ། །གཉིས་པར་སྐྱུག་སྨན་ བཀྲུ་སྨན་གཏང་། །སྔ་མ་བཞིན་དུ་དུག་སྨན་བླུད། །ཅེས་བྱ་བ་ལ། དུག་གི་ཤུགས་གཉིས་པ་ལ་ནི་བཀྲུ་སྨན་དང་སྐྱུག་སྨན་བཏང་ལ་སྔ་མ་བཞིན་དུ་དུག་གི་སྨན་ཞུན་མར་དང་། སྦྲང་རྩི་དང་སྦྱར་བ་སྦྱིན་པར་བྱའོ། །གསུམ་པར་དུག་གི་སྨན་བླུད་ཅིང་། །དེ་བཞིན་མིག་སྨན་སྣ་སྨན་གཏང་། ། ཞེས་བྱ་བ་ལ། དུག་གི་ཤུགས་གསུམ་པ་ལ་ནི་དུག་སྨན་བླུད་པ་ལ་སོགས་པ་བྱའོ། །བཞི་པར་སྣུམ་དང་བཅས་པ་ཡི། །དུག་གི་སྨན་ནི་བཏང་ན་ཕན། །ཞེས་བྱ་བ་ལ། བཞི་པ་ལ་ནི་དུག་གི་སྨན་ལ་སོགས་པ་སྦྱིན་པར་བྱའོ། །ལྔ་པར་ཤིང་མངར་ཁུ་བ་དང་། །སྦྲང་རྩིར་སྦྱར་བ་བླུད་ན་ ཕན། །ཞེས་བྱ་བ་ལ། དུག་གི་ཤུགས་ལྔ་པ་ལ་ནི་དུག་སྨན་ཤིང་མངར་ལ་སོགས་པ་བླུད་པར་བྱའོ། །དྲུག་པར་འཁྲུ་བ་ལྟ་བུར་གསོ། །ཞེས་བྱ་བ་ལ། དུག་གི་ཤུགས་དྲུག་པ་ལ་ནི་འཁྲུ་བའི་གསོ་བ་ཇི་སྐད་སྨོས་པ་ལྟར་བྱའོ། །བདུན་པར་སྣ་སྨན་དུད་པ་དང་། །སྤྱི་བོར་རྒྱ་གྲམ་བྱས་ 202-1-255a ནས་ནི། །ཤའམ་ཁྲག་ནི་གཞུག་པར་བྱ། །ཞེས་བྱ་བ་ལ། དུག་གི་ཤུགས་བདུན་པ་ལ་ནི་སྣ་སྨན་གྱི་དུད་པ་བདུག་པ་དང་། སྤྱི་བོར་རྒྱ་གྲམ་བྱས་ཏེ་བ་ཏྲ་ལ་ལ་ཤ་དང་ཁྲག་དེར་གཞུག་པར་བྱའོ། །ཀོ་ཤ་ཏ་ཀི་ལང་ག་ལི། །པ་ཐ་ལྕམ་པ་ཨ་རུ་ར། །སཱ་ལུ་སླེ་ཏྲེས་ ཤི་རི་ཤ །གི་རི་ཀར་ནི་ཡུང་བ་དང་། །ཨ་ཧཱ་སྦྲང་རྩི་བ་སྤྲུ་བ། །བྲི་ཧ་ཏི་གཉིས་ཚ་བ་གསུམ། །ཤ་རི་བ་དང་བ་ལ་སྟེ། །འདི་རྣམས་བསྐོལ་བའི་ཁུ་བ་དང་། །བསྐོལ་བའི་ནས་ཐུག་བསྒྲངས་པར་ནི། །སྦྲང་རྩི་མར་དང་བཅས་པ་གཞུག །གནས་སྐབས་གཞན་ལ་དུག་འཇོམས་པའི། །སྨན་ དང་གསོ་བ་ཐམས་ཅད་བྱ། །ཞེས་བྱ་བ་ལ། ཀོ་ཤ་ཏ་ཀི་ལ་སོགས་པ་བསྐོལ་བའི་ཁུ་བ་དང་། ནས་ཐུག་བྱས་པ་ལས་བསྒྲངས་ཏེ་སྦྲང་རྩི་ལ་སོགས་པ་བཅུག་ནས། སྐབས་གཞན་དུ་ཞེས་བྱ་བ་ནས་སྐབས་ཀྱི་བར་དུ་དུག་འཇོམས་པའི་སྨན་ནས་ཐུག་དེ་དང་། སྐྱུག་སྨན་ལ་ སོགས་པ་ཐམས་ཅད་བྱའོ། །ཤིང་མངར་ཙནྡན་མ་དུ་ཀ །པདྨ་གེ་སར་དེ་བཞིན་བྱ། །ཞེས་བྱ་བ་ལ། དེ་བཞིན་དུ་ཤིང་མངར་ལ་སོགས་པ་བསྐོལ་བའི་ཁུ་བ་དང་ནས་ཐུག་བྱས་ཏེ་བསྒྲངས་པར་སྦྲང་རྩི་དང་། །མར་བཅུག་པའི་དུག་སྨན་གནས་སྐབས་ཀྱི་བར་དུ་གཏང་བར་བྱའོ། ། དངུལ་རྡོ་རྒྱ་སྤོས་རུ་རྟ་དང་། །བ་བླ་ལྡོང་རོས་པྲི་ཡང་ཀུ། །ཚ་བ་གསུམ་དང་འབུ་སུ་ཧང་། །ནཱ་ག་པུཥྤ་གེ་སར་བཅས། །ཤིང་མངར་སྤང་སྤོས་ཧ་རེ་ཎུ། །གིའུ་ཝང་མོན་སྣེའུ་རྨེ་རུ་དང་། །ཤི་རི་བེཥྚ་སྲ་རྩི་པོག །ཤུ་ཏི་གུར་གུམ་བ་ལ་དང་། །བལ་བུ་ཏ་མ་ལིའི་ལོ་མ། །སྟག་པ་དང་ནི་མེ་ ཤེལ་ལྕི། །སེར་པོ་གཉིས་ནི་སྦྲང་རྩིར་སྦྱར། །བུ་མོ་ཁྲུས་དང་སྨྱུང་བ་བྱས། །གོས་དཀར་བགོས་པ་བྱས་ནས་ནི། །དགེ་སྦྱོང་བྲམ་ཟེ་མཆོད་བྱས་ཏེ། །དུག་སྨན་མཆོག་ནི་སྦྱར་བར་བྱ། །དེ་ཚེ་སྨན་པས་སྔགས་འདིས་ནི། །བདག་ཉིད་བསྔགས་ཏེ་བརྗོད་པར་བྱ། །སྐྱེས་བུ་སེང་གེར་ ཕྱག་འཚལ་ལོ། །སྲེད་མེད་བུ་ལ་ཕྱག་འཚལ་ལོ། །ཇི་ལྟར་ཁྱབ་འཇུག་གཡུལ་ངོར་ནི། །གཞན་གྱིས་ཕམ་པར་མ་མཐོང་སྟེ། །བདེན་པའི་ཚིག་ནི་འདི་ཡིས་ཀྱང་། །བདག་ལ་དུག་མེད་གྲུབ་པར་ཤོག །ན་མོ་བཻཌཱུརྱ་ཡ་མ་དེ། །ཧུ་ཊྱ་ཧུ་ཊྱ་རཀྵ་མཱཾ། །སརྦ་བི་ཤེ་བྷྱཿགཽ་རི། ། 202-1-255b གནྡྷ་རི་ཙཎྜ་ལི་མ་ཏང་གི་སྭཱ་ཧཱ། འཐག་པའི་སྔགས་གཉིས་པ་ནི། ཧ་རི་མཱ་ཡེ་སྭཱ་ཧཱ། ཞེས་བྱ་བ་ལ། དངུལ་རྡོ་ལ་སོགས་པ་སྨན་བུ་མོ་ཁྲུས་དང་གཙང་སྦྲར་བཅས་པ་སྨྱུང་བར་གནས་པ་གོས་དཀར་པོ་བགོས་པས་དང་པོ་དགེ་སྦྱོང་དང་བྲམ་ཟེ་ལ་མཆོད་པ་བྱས་ཏེ། སྐར་མ་རྒྱལ་ལ་བབ་ པ་ན། དུག་སྨན་གྱི་མཆོག་འདི་སྦྱར་བར་བྱ་ཞིང་སྦྲང་རྩི་དང་བསྲེ་བར་བྱའོ། །དེ་ནས་དེའི་སྨན་པས་སྔགས་དང་ཚིགས་སུ་བཅད་པ་འདི་དག་གིས་བསྔགས་ཏེ། སྐྱེས་བུ་སེང་གེ་ཞེས་བྱ་བ་ནས་སྭཱ་ཧཱའི་བར་དུ་བརྗོད་པར་བྱའོ། །དེ་བཞིན་དུ་འཐག་པའི་ཚེ་ཡང་སྔགས་གཉིས་པ་བ་ ཧ་མཱ་ཡེ་སྭཱ་ཧཱ། ཞེས་བྱ་བ་བརྗོད་པར་བྱའོ། །མ་ལུས་དུག་དང་རོ་ལངས་དང་། །གདོན་གྱི་ལས་དང་སྡིག་པ་དང་། །གསོད་བྱེད་ནད་དང་མུ་གེ་དང་། །འཐབ་པར་འདོད་དང་འཇིགས་པ་ལ། །སྨན་བཏུང་སྣ་སྨན་མིག་སྨན་བསྐུ། །གདུ་བུ་ལ་སོགས་ལ་སྦྱར་བྱ། །འདི་ནི་ཟླ་ཤར་ཞེས་ བྱ་སྟེ། །ཞི་དང་བདེ་ལེགས་བྱེད་མཆོག་ཡིན། །ཞེས་བྱ་བ་ལ། དུག་སྨན་འདི་ནི་མིང་ཟླ་བ་ཤར་བ་ཞེས་བྱ་སྟེ། མ་ལུས་པའི་དུག་དང་རོ་ལངས་ལ་སོགས་པ་ཞི་བར་བྱེད་པ་ནས། འཇིགས་པའི་བར་ལ་སྣ་སྨན་ལ་སོགས་པས་བཏང་ན། ཞི་བ་དང་བདེ་ལེགས་དམ་པའི་མཆོག་ ཡིན་ནོ། །དུག་རྙིང་དུག་སེལ་སྨན་གྱིས་ཟིལ་མནན་པ། །ནགས་མེ་རླུང་དང་ཉི་ཚན་གྱིས་སྐམས་པའམ། །རང་བཞིན་གྱིས་ནི་ཡོན་ཏན་མི་ལྡན་པས། །ཉམས་པའི་དུག་ཅེས་བྱ་བའི་དུག་ཏུ་འགྱུར། །ཞེས་བྱ་བ་ལ། དུག་གང་རྙིང་པར་གྱུར་པའམ། དུག་སེལ་བའི་སྨན་གྱི་ ཟིལ་གྱིས་མནན་པའམ། ཡང་ན་ནགས་ཀྱི་མེ་དང་རླུང་ལ་སོགས་པས་སྐམས་པའམ། ཡང་ན་རང་བཞིན་གྱིས་རྣོ་བ་ལ་སོགས་པའི་ཡོན་ཏན་དང་མི་ལྡན་པ་ནི་ཉམས་པའི་དུག་ཅེས་བྱ་བར་འགྱུར་བ་ཡིན་ནོ། །འདི་ནི་ནུས་པ་ཆུང་བས་མི་རྟོགས་ཏེ། །བད་ཀན་དང་འདྲེས་ལོ་ནི་མང་ པོར་གནས། །ཞེས་བྱ་བ་ལ། ཉམས་པའི་དུག་ཅེས་བྱ་བ་འདི་ནི་ནུས་པ་ཆུང་བའི་ཕྱིར་འདི་ནི་འཕྲལ་དུ་གསལ་བར་མི་རྟོགས་ཏེ། གལ་ཏེ་བད་ཀན་དང་འདྲེས་ན་ནི་ལོ་མང་པོའི་བར་དུ་ཡང་གནས་པར་འགྱུར་བ་ཡིན་ནོ། །དེས་ཉེན་གྱུར་པ་མདོག་ངན་འཁྲུ་བར་བྱེད། །ནད་ཁྲག་སྐོམ་དད་ 202-1-256a ཡི་ག་འཆུས་པས་ཉེན། །བརྒྱལ་ཞིང་སློན་ལ་རྣམ་རྨོངས་སྐད་འཛེར་དང་། །དུག་གི་དམུ་རྫིང་མཚན་མས་གནོད་པར་འགྱུར། །ཞེས་བྱ་བ་ལ། ཉམས་པའི་དུག་དེས་ཉེན་པར་གྱུར་པའི་སྐྱེས་བུ་ནི་མདོག་ངན་པ་དང་། བཤང་བ་འཁྲུ་བར་གྱུར་པ་དང་། ནད་ཁྲག་དང་བཅས་པ་དང་། སྐོམ་དད་དང་ཡི་ག་འཆུས་པའི་ནད་གཉིས་ཀྱིས་ཉེན་པ་དང་། བརྒྱལ་ཞིང་མྱོས་པ་དང་། སློན་ཞིང་སྐྱུགས་པ་དང་། སེམས་རྣམ་པར་རྨོངས་ཞིང་སྐད་ངར་ངར་པོར་འཛེར་བ་དང་། དུག་ལས་གྱུར་པའི་དམུ་རྫིང་གི་མཚན་མ་གང་དག་ཡིན་པ་དག་ དང་ལྡན་པར་འགྱུར་རོ། །མ་ཞུའི་གནས་བརྟེན་བད་ཀན་རླུང་ནད་སྐྱེད། །ཞུ་བའི་གནས་བརྟེན་མཁྲིས་དང་རླུང་ནད་སྐྱེད། །མི་ཡི་ཡན་ལག་ཞིག་ཅིང་སྐྲ་འབྱི་བས། །ཇི་ལྟར་བྱ་ནི་སྤུ་བཏོགས་ལྟ་བུར་བྱེད། །ཅེས་བྱ་བ་ལ། ཉམས་པའི་དུག་དེ་མ་ཞུ་བའི་གནས་ལ་བརྟེན་པ་ནི་ བད་ཀན་དང་རླུང་གི་ནད་སྐྱེད་པར་བྱེད་ལ། ཞུ་བའི་གནས་ལ་བརྟེན་ན་ནི་མཁྲིས་པ་དང་རླུང་གི་ནད་སྐྱེད་པར་བྱེད་པ་དང་། མིའི་ཡན་ལག་ཞིག་ཅིང་སྐྲ་འབྱི་བར་བྱེད་པས་ན། ཇི་ལྟར་བྱ་སྒྲོ་གཤོག་དང་སྤུ་བཏོགས་པ་ལྟ་བུར་བྱེད་པ་ཡིན་ནོ། །དྭངས་མའམ་ཁྲག་ལ་གནས་པར་ བྱེད་ན་ནི། །ལུས་ཟུངས་ལས་བྱུང་ནད་ནི་སྣ་ཚོགས་སྐྱེད། །ཅེས་བྱ་བ་ལ། ཡང་ན་གནོད་པའི་དུག་དེ་དྭངས་མ་ལ་སོགས་པ་ལ་གནས་ན་ནི་ལུས་ཟུངས་ལ་བརྟེན་པའི་ནད་རྣམ་པ་ཐ་དད་པ་སྐྱེད་པར་བྱེད་དོ། །མདུན་གྱི་རླུང་དང་མ་ཞུ་གྲང་། །ཡུལ་དམུས་གནོད་ཟས་ཉིན་པར་ ཉལ། །ལུས་ཟུངས་གནོད་པར་བྱས་པ་ནི། །དེ་བས་གནོད་པའི་དུག་ཅེས་བཤད། །ཅེས་བྱ་བ་ལ། མདུན་ནས་ལྡང་བའི་རླུང་དང་མ་ཞུ་བ་དང་། གྲང་བ་ལ་སོགས་པས་ལུས་ཟུངས་ལ་གནོད་པ་ན་དུག་དེ་ལྷག་པར་གནོད་པར་བྱེད་པས་ན། དེའི་ཕྱིར་ཉམས་པའི་དུག་ལ་གནོད་ པའི་དུག་ཅེས་ཀྱང་བྱའོ། །གནོད་པའི་དུག་ཉེན་དུགས་བྱས་ལ། །སྟེང་དང་འོག་ནས་སྦྱང་བར་བྱ། །གནོད་པའི་དུག་ནི་སེལ་བའི་སྨན། །སྦྲང་རྩི་སྦྱར་ཏེ་ལྡེ་གུ་སྦྱིན། །ཞེས་བྱ་བ་ལ། གནོད་པའི་དུག་གམ་ཉམས་པའི་དུག་གིས་ཉེན་པའི་མི་ནི་དང་པོར་ལེགས་པར་དུགས་བྱས་ 202-1-256b ལ། སྐྱུག་སྨན་དང་བཀྲུ་སྨན་གྱིས་སྟེང་འོག་སྦྱངས་ལ། གནོད་པའི་དུག་འཇོམས་པའི་སྨན་སྦྲང་རྩི་དང་སྦྱར་བ་སྦྱིན་པར་བྱའོ། །པི་པི་ལིང་དང་བྱ་མ་ཀ །སྤང་སྤོས་སེང་ཕྲོམ་སུག་སྨེལ་དང་། །ཀུ་ཏན་ན་ཏ་སརྫི་ཀ །རུ་རྟ་ཤིང་མངར་ཙནྡན་དང་། །ཡུག་སྣམ་བཙག་དང་ བཅས་པའི་སྨན། །གནོད་པའི་དུག་སེལ་ཞེས་བྱ་སྟེ། །གཞན་ཡང་ཟློག་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། པི་པི་ལིང་ལ་སོགས་པའི་དུག་སྨན་ནི་གནོད་པའི་དུག་སེལ་ཞེས་བྱ་སྟེ། དེས་ནི་དུག་གཞན་ཡང་སེལ་བར་བྱེད་པ་ཡིན་ནོ། །དུག་མདས་ཕོག་པར་གྱུར་པ་ དག །ཡང་དང་ཡང་དུ་མུན་ཐིབས་བྱེད། །མདོག་ནི་མི་སྡུག་གྱུར་པ་དང་། །མྱུར་དུ་ཡིད་འབྱུང་སྡུག་བསྔལ་འཐོབ། །འདིས་ནི་སྲིན་བུས་ཁྱབ་པ་ལྟར། །ལུས་ཚ་ཙག་ཙག་པོར་འགྱུར་རོ། །གདོང་མོ་རྒྱབ་དང་ཕྲག་པ་མགོ། །ལྷུ་ཚིགས་རྣམས་སུ་ན་བར་བྱེད། །ཁྲག་ནི་ ནད་ཅན་གནག་པ་འཛག །སྐོམ་དད་བརྒྱལ་ཚ་རིམས་ཀྱིས་འདེབས། །མིག་ནི་གནག་ཅིང་སློན་པ་དང་། །བཏུད་མར་ལུད་པ་དབུགས་མི་བདེ། །རྨ་དམར་མཐའ་མར་སེར་བ་དང་། །དབུས་ན་གནག་ཅིང་ཤིན་ཏུ་ན། །འཕྲལ་དུ་སྐྲངས་ཤིང་རྣགས་པ་དང་། །ཤ་ཡང་ ནག་པོར་གྱུར་ནས་ནི། །གནག་ཅིང་ཤིན་ཏུ་འདྲུལ་བར་བྱེད། །སྤྱི་བག་ཅན་དུ་འཛག་པར་བྱེད། །ཅེས་བྱ་བ་ལ། སྐྱེས་བུ་དུག་མདས་ཕོག་པ་ནི་ཡང་དང་ཡང་དུ་མུན་ཐིབས་ཞེས་བྱེད་ཅིང་མུན་པར་ཞུགས་པ་སྙམ་དུ་སེམས་པ་དང་། མདོག་མི་སྡུག་པ་ལ་སོགས་པར་འགྱུར་བ་དང་། རྨའི་མཐའ་ཤིན་ཏུ་སེར་ཅིང་དབུས་ན་དུག་གི་གནོད་པས་གནག་པ་དང་། འཕྲལ་དུ་སྐྲངས་ཤིང་རྣགས་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །གནད་དུ་ཕོག་པར་མ་གྱུར་པ། །མྱུར་དུ་སྙིང་ལ་ཕན་བྱེད་བྱ། །ཞེས་བྱ་བ་ལ། གནད་ཀྱི་སྟེང་དུ་མ་ཕོག་པ་ལ་ནི་མྱུར་དུ་སྙིང་ ལ་ཕན་པར་བྱེད་པའི་སྦྱོར་བ་མར་ལ་སོགས་པ་གང་དག་ཡིན་པ་བྱའོ། །ཟུག་རྔུ་ཕྱུང་ལ་ལྕགས་བསྲེགས་པས། །རྨ་ནི་ལེགས་པར་བསྲེག་པར་བྱ། །ཞེས་བྱ་བ་ལ། ལུས་ལ་ཟུག་རྔུ་ཕྱུང་ལ། དེའི་འོག་ཏུ་ལྕགས་བསྲེགས་པས་རྨ་བསྲེག་པར་བྱའོ། །ཡང་ན་མུ་ཀ་ཀ་དང་ནི། ། 202-1-257a གི་རི་ཀརྞི་དཀར་པོ་དང་། །ཀད་པ་ལ་ཡི་ཤུན་པ་དང་། །བཙོད་དང་ཤིར་ཤ་བྱ་རྒོད་སེན། །བསྲེགས་པའི་ཐལ་བས་བསྐུ་བར་བྱ། །ཞེས་བྱ་བ་ལ། ཡང་ན་རྨ་དེ་མུ་ཀ་ཀ་ལ་སོགས་པ་བསྲེགས་པའི་ཐལ་བས་བསྐུ་བར་བྱའོ། །ཤུ་ཀ་ན་ས་བོང་ང་དཀར། །ཀཎྜ་ ཀ་རིའི་རྩ་བས་བསྐུ། །ཞེས་བྱ་བ་ལ། ཡང་ན་རྨ་དེ་ཤུ་ཀ་ན་ས་ལ་སོགས་པའི་རྩ་བའི་ལྡེ་གུས་བསྐུ་བར་བྱའོ། །དུག་འཐུང་སོས་བཏབ་གསོ་བ་དག །ཅི་རིགས་པར་ནི་དེ་ལ་བྱ། །ཞེས་བྱ་བ་ལ། དུག་མདས་ཕོག་པ་དེ་ལ་དུག་འཐུངས་པའི་གསོ་བ་དང་སྦྲུལ་ལ་སོགས་པས་སོས་ བཏབ་པའི་གསོ་བ་དག་གིས་ཀྱང་ཅི་རིགས་པར་གསོ་བར་བྱའོ། །རྨ་ཡི་ཤ་ནི་རྣགས་པ་དེ། །མཁྲིས་པའི་མེ་དབལ་ལྟ་བུར་གསོ། །ཞེས་བྱ་བ་ལ། རྨའི་ཤ་རྣགས་པ་ལ་སོགས་པ་ལ་ནི་མཁྲིས་པའི་མེ་དབལ་དང་འདྲ་བར་གསོ་བར་བྱའོ། །བདེ་ཕྱིར་ཁྱོ་ལ་བུད་མེད་དང་། ། རྒྱལ་པོ་ལ་ནི་དགྲས་བསླབས་ཏེ། །ཟས་དང་སྦྱར་བའི་དུག་བསྲེས་པ། །ཉེ་འཁོར་སྐྱེ་བོར་སྟེར་བར་འགྱུར། །ཞེས་བྱ་བ་ལ། རང་གི་བདེ་བ་བསྐྱེད་པའི་ཕྱིར་དགྲ་བོས་བུད་མེད་ལ་བསླབས་ཏེ་དུག་སྟེར་དུ་འཇུག་པ་དང་། དེ་བཞིན་དུ་རྒྱལ་པོ་ལ་དེའི་དགྲ་བོས་ཉེ་འཁོར་གྱི་སྐྱེ་བོ་ལ་ བསླབས་ཏེ་ཁ་ཟས་དང་སྦྱར་བའི་དུག་བསྲེས་ཏེ་སྟེར་བར་བྱེད་པར་འགྱུར་རོ། །སྣ་ཚོགས་ལུས་ཀྱི་དྲི་མར་བཅས། །མི་མཐུན་སྨན་དང་ཐལ་བ་དང་། །ནུས་པ་ཆུང་བར་གྱུར་པའི་དུག །སྦྱར་བའི་དུག་ནི་སྦྱར་མ་ཡིན། །ཞེས་བྱ་བ་ལ། སྲོག་ཆགས་སྣ་ཚོགས་པའི་ལུས་ཀྱི་དྲི་མ་དང་མི་ མཐུན་ཞིང་མི་འཕྲོད་པའི་སྨན་དང་ཐལ་བ་དང་། ནུས་པ་ཆུང་བར་བྱེད་པའི་དུག་གཅིག་ཏུ་བསྲེས་ཏེ་སྦྱར་བ་ནི་དུག་སྦྱར་མ་ཞེས་བྱའོ། །དེས་ཉེན་མདོག་སྐྱ་རིད་པ་དང་། །མེ་དྲོད་ཉམས་ཤིང་ལུད་པ་དང་། །དབུགས་མི་བདེ་དང་རིམས་ཀྱིས་ཉེན། །རླུང་ནི་མི་མཐུན་རྒྱུ་བ་དང་། །གཉིད་ ཆེ་ཡིད་ནི་ཞུམ་པར་བྱེད། །གཅིན་སྙི་ལྟོ་བ་མཆིན་པ་དང་། །མཆེར་པ་ན་ཞིང་སྐད་གསང་དམའ། །ཉམ་ཆུང་སྒྱིད་ནི་ཞན་པ་དང་། །སྐྲངས་ཤིང་རྟག་ཏུ་སྦོ་བ་དང་། །རྐང་པ་ལག་པ་སྐམ་ཞིང་ཟད། །རྨི་ལམ་དུ་ནི་ཅེ་སྤྱང་དང་། །བྱི་ལ་སྦྲུལ་དང་ནེའུ་ལེ་དང་། །སྤྲེའུ་མཐོང་ཞིང་ 202-1-257b ཕལ་ཆེར་ནི། །ནགས་ཚལ་མཚོ་ནི་སྐམས་པར་མཐོང་། །བདག་ཉིད་ནག་པོར་མཐོང་འགྱུར་ཞིང་། །སེར་པོ་ནག་པོར་མཐོང་བར་བྱེད། །མིག་སྣ་རྣ་བ་མེད་པ་དང་། །དེ་ཡི་དབང་པོ་ཉམས་པར་མཐོང་། །འདི་དང་གཞན་ཡང་གནོད་པ་ཡི། །བླ་བརྣན་མི་བཟད་མང་པོས་གཙེས། ། ཞེས་བྱ་བ་ལ། སྦྱར་བའི་དུག་དེས་གཟིར་བར་གྱུར་པའི་མི་ནི་མདོག་སྐྱ་བོ་བསེང་བསེང་པོར་གྱུར་པ་དང་། ལུས་རིད་ཅིང་རྗུད་པ་ལ་སོགས་པ་དང་། སྒྱིད་ཞན་ཞིང་ལས་ལ་སྤྲོ་བ་ཆུང་བ་ལ་སོགས་པ་དང་། ཟད་བྱེད་ཀྱིས་བཏབ་པ་དང་། རྨི་ལམ་དུ་ཡང་ཕལ་ཆེར་ཅེ་སྤྱང་ལ་སོགས་ པ་མཐོང་བ་དང་། བདག་ཉིད་ནག་པོ་ལ་སོགས་པ་མཐོང་བར་འགྱུར་བ་དང་། རྣ་བ་དང་མིག་ལ་སོགས་པའི་དབང་པོ་ཉམས་པར་མཐོང་བ་དང་། འདི་དག་དང་གཞན་ཡང་གནོད་པའི་བླ་བརྣན་མི་བཟད་པ་རྣམ་པ་མང་པོས་གཙེས་པར་འགྱུར་བ་ཡིན་ནོ། །འགའ་ཞིག་འཕྲལ་དུ་མ་གསོས་ ན། །སྦྱར་དུག་གིས་ཉེན་འཆི་བར་འགྱུར། །ཞེས་བྱ་བ་ལ། སྦྱར་བའི་དུག་གིས་ཉེན་པ་ལས་འཕྲལ་དུ་གསོ་བ་མ་བྱས་ན་ངེས་པར་འཆི་བར་འགྱུར་རོ། །དབྱིག་དུག་སློན་བྱས་ཁ་ཟས་ནི། །དེ་ལ་ཕན་པའི་བཟའ་བཏུང་སྦྱིན། །སྦྱངས་ནས་གསེར་ནི་བསྟེན་བྱ་ཞིང་། །མདོ་ནས་བསྟན་ པ་བཞིན་དུ་བྱ། །ཞེས་བྱ་བ་ལ། དབྱིག་དུག་གིས་ཟིན་པ་ལ་ནི་དང་པོར་སྐྱུག་སྨན་བཏང་སྟེ། དེ་ལ་ཕན་པའི་ཁ་ཟས་བྱིན་ལ་ཁོང་པ་སྦྱངས་ནས་གསེར་ལ་སོགས་པའི་བསྟེན་པའི་ཆོ་ག་མདོའི་གནས་ལས་བསྟན་པ་བཞིན་དུ་བྱའོ། །གསེར་དང་ཟངས་ཀྱི་ཕྱེ་མ་ནི། །སྦྲང་རྩི་ཁ་ར་དཀར་པོར་ སྦྱར། །ལྡེ་གུས་དུག་ནི་མི་བཟད་དང་། །དབྱིག་དུག་ཐམས་ཅད་སེལ་བར་བྱེད། །ཅེས་བྱ་བ་ལ། གསེར་དང་ཟངས་མའི་ཕྱེ་མ་སྦྲང་རྩི་དང་ཁ་རར་སྦྱར་ཏེ། ལྡེ་གུ་བྱས་པ་ཟོས་ན་ཡང་མི་བཟོད་པའི་སྦྱར་བའི་དུག་སེལ་བར་བྱེད་དོ། །མུར་བ་སླེ་ཏྲེས་པི་པི་ལིང་། །རྒྱ་སྤོས་དབྱི་མོ་པ་ཏོ་ལ། ། གླ་སྒང་ཤུ་དག་ཙི་ཏྲ་ཀ །བྱི་དང་ཀ་ནི་དར་བ་དང་། །ཆུ་དྲོན་ཞོ་ག་ཆུར་སྦྱར་བ། །སྐྱུར་ཁུ་དང་སྦྱར་བླུད་ན་ནི། །དབྱིག་དུག་གིས་བཅོམ་མེ་དྲོད་སྦྱོང་། །ཞེས་བྱ་བ་ལ། དབྱིག་དུག་གིས་མེ་དྲོད་ཉམས་པར་གྱུར་པ་ལ་ནི་མུར་བ་ལ་སོགས་པའི་སྨན་ཆུ་དྲོན་ལ་སོགས་པ་གང་རུང་དང་སྦྱར་བ་ 202-1-258a བླུད་པར་བྱའོ། །ཟུར་པ་མ་ནུ་ཕུག་རོན་གྱི། །ཤ་བསྐོལ་ཁུ་བ་བསྒྲངས་པ་ནི། །དབྱིག་དུག་སྐོམ་དང་ལུད་པ་ན། །སྐྱིགས་བུ་དབུགས་མི་བདེ་རིམས་སེལ། །ཞེས་བྱ་བ་ལ། ཟུར་པ་དང་མ་ནུ་ཞེས་བྱ་བ་པུཥྐར་མཱུ་ལ་ཤ་ཁུ་དང་སྦྱར་ཏེ་བསྐོལ་བའི་ཁུ་བ་བསྒྲངས་པ་བླུད་ན་ཡང་ དབྱིག་དུག་ལས་གྱུར་པའི་སྐོམ་དད་ལ་སོགས་པ་སེལ་བར་བྱེད་དོ། །དུག་གི་རང་བཞིན་དུས་དང་ཟས། །ནད་གཞི་ལུས་ཟུངས་ཚོགས་འདུས་པ། །དུག་གི་ཉམ་ང་ཞེས་བཤད་དོ། །ཞེས་བྱ་བ་ལ། དུག་གི་རང་བཞིན་མི་བཟད་པ་དང་། དེ་མཐུན་རྐྱེན་དུ་བྱེད་པའི་དུས་དང་ཁ་ཟས་ལ་ སོགས་པ་འདུས་ཤིང་གཅིག་ཏུ་ཕྲད་པ་ནི་དུག་གི་ཉམ་ང་བ་ཞེས་བྱ་སྟེ། ཚོགས་པ་དེ་དང་ལྡན་པ་བརྒྱ་ལས་གཅིག་ཅིག་འཚོ་བར་གྱུར་པ་ཡིན་ནོ། །བཀྲེས་སྐོམ་ཉམ་ནི་ཆུང་བ་དང་། །ཁྲོ་དང་མྱ་ངན་འཇིགས་ངལ་དང་། །མ་ཞུ་བ་དང་འཁྲུ་བ་དང་། །མཁྲིས་པ་རླུང་ནི་འཕེལ་བ་དང་། །ཏིལ་ གྱི་མེ་ཏོག་འབྲས་བུ་སྣུམ། །ས་ཡི་རླངས་པ་འབྲུག་སྒྲ་དང་། །གླིང་བུ་པི་ཝང་རོལ་མོ་ཡི། །སྒྲ་དང་མདུན་གྱི་སེར་བུ་དང་། །ཨུཏྤལ་དྲི་དང་མྱོས་པ་ཡི། །དུག་གི་ཉམ་ང་འཕེལ་བར་བྱེད། །དབྱར་ནི་ཆར་གྱི་དུས་ཡིན་པས། །བུ་རམ་ལྟ་བུར་རླན་ཅན་འགྱུར། །ལུས་ལ་ཁྱབ་བྱེད་དབྱར་ འདས་ནས། །རི་བྱི་འཆར་བས་དེ་མེད་བྱེད། །དེ་བས་སྤྲིན་བྲལ་དུས་སུ་ནི། །ནུས་པ་ཆུང་བ་ཉིད་དུ་འགྱུར། །ཞེས་བྱ་བ་ལ། དུག་ནི་བཀྲེས་སྐོམ་ལ་སོགས་པ་འཕེལ་བར་བྱེད་ཅིང་སྤྲིན་ལས་བྱུང་བ་ཡིན་པའི་ཕྱིར་དབྱར་བུ་རམ་རླན་ཅན་ལྟ་བུར་ཞུ་ཞིང་ལུས་ལ་ཁྱབ་པར་བྱེད་ལ་དབྱར་ འདས་ནས་སྐར་མ་རི་བྱི་འཆར་བ་དེའི་ཚེ་ནི་ནུས་པ་དེ་འབྲི་ཞིང་མེད་པར་བྱེད་དོ། །དེ་བས་ན་སྤྲིན་དང་བྲལ་བའི་དུས་སྟོན་གྱི་ཚེ་ནི་དུག་གི་ནུས་པ་ཆུང་བར་འགྱུར་རོ། །དེ་ལྟར་རང་བཞིན་གོམས་པ་དང་། །གནས་དུས་ཤུགས་སྟོབས་ཆེ་ཆུང་བ། །བརྟགས་ཏེ་མཁས་པས་ཤེས་བྱས་ ལ། །དེ་རྗེས་གསོ་བའི་ལས་སྤྱད་བྱ། །ཞེས་བྱ་བ་ལ། དེ་ལྟར་ཚུལ་འདིས་ནི་རང་བཞིན་དང་གོམས་པ་དང་གནས་དང་དུས་དང་ཤུགས་དང་སྟོབས་ཆེ་བ་དང་། ཆུང་བ་བློས་བརྟགས་ཏེ་དེ་ལ་མཁས་པར་བྱས་ནས། དེའི་འོག་ཏུ་གསོ་བའི་ལས་ལ་འཇུག་པར་བྱའོ། །བད་ཀན་ཅན་ནི་ 202-1-258b སློན་དང་དྲོ། །རྩུབ་དང་རྣོ་བའི་སྨན་བསྐུ་ཞིང་། །བསྐ་དང་ཁ་དང་ཚ་བ་ཡི། །ཟས་ཀྱི་དུག་ནི་བསལ་བར་བྱ། །ཞེས་བྱ་བ་ལ། བད་ཀན་གྱི་དུག་ནི་སློན་པ་ལ་སོགས་པས་བསལ་བར་བྱའོ། །མཁྲིས་ཅན་བཀྲུ་སྨན་སྨན་ཆུ་བླུགས། །ཤིན་ཏུ་བསིལ་བའི་སྨན་བསྐུ་ཞིང་། །བསྐ་དང་ཁ་ དང་མངར་བ་དང་། །མར་བཅས་ཁ་ཟས་སྦྱིན་པས་གསོ། །ཞེས་བྱ་བ་ལ། མཁྲིས་པ་ཅན་གྱི་དུག་ནི་བཀྲུ་སྨན་དང་། །ཤིན་ཏུ་བསིལ་བའི་སྨན་གྱི་ཆུ་བླུགས་པ་ལ་སོགས་པས་བསལ་བར་བྱའོ། །རླུང་གི་བདག་ཉིད་ཅན་མངར་དང་། །སྐྱུར་དང་ལན་ཚྭ་མར་བཅས་པའི། །བཟའ་ བ་མར་བཅས་བསྐུ་བྱུག་དང་། །དེ་བཞིན་ཤ་ནི་བཟའ་བས་གསོ། །ཞེས་བྱ་བ་ལ། རླུང་གི་བདག་ཉིད་ཅན་གྱི་དུག་ནི་ཁ་ཟས་མངར་བ་ལ་སོགས་པ་མར་དང་བཅས་པ་དང་། དེ་བཞིན་དུ་བསྐུ་བྱུག་དང་བཅས་པས་གསོ་བར་བྱའོ། །བཀྲུ་སྨན་བསྐུ་བྱུག་ཁ་ཟས་སྨན། ། མར་མེད་བསྔགས་པ་མ་ཡིན་ནོ། །ཞེས་བྱ་བ་ལ། དུག་གི་ནད་ལ་བཀྲུ་སྨན་ལ་སོགས་པའི་སྦྱོར་བ་གང་ཡང་རུང་བ་ལ་མར་མེད་པ་ནི་བསྔགས་པ་མ་ཡིན་ཏེ། གཞན་དུ་ནི་དེ་ཐམས་ཅད་ལ་མར་དང་བཅས་པ་མཆོག་ཏུ་ཕན་པ་ཡིན་ནོ། །དུག་ཀུན་གནས་སྐབས་ཐམས་ཅད་དུ། །དུག་ འཇོམས་མར་དང་འདྲ་བ་ཡི། །སྨན་ནི་གཞན་དག་ཡོད་མིན་ཏེ། །མཆོག་ཏུ་རླུང་ཤས་ཆེ་ལ་ཕན། །ཞེས་བྱ་བ་ལ། དུག་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་དུག་འཇོམས་པར་བྱེད་པའི་ཁ་ཟས་ནི་མར་དང་འདྲ་བ་གཞན་མེད་ལ། ཁྱད་པར་དུ་ཡང་རླུང་གི་ཤས་ཆེ་བ་ལ་མཆོག་ཏུ་ ཕན་ནོ། །བད་ཀན་གནས་ཞུགས་གསོ་བར་སླ། །མཁྲིས་པའི་གནས་བརྟེན་འབད་པས་གསོ། །རླུང་གི་གནས་སུ་ཞུགས་པའི་དུག །ཤིན་ཏུ་གསོ་དཀའ་གསོར་མི་རུང་། །ཞེས་བྱ་བ་ལ། བད་ཀན་གྱི་གནས་སུ་ཞུགས་པའི་དུག་ནི་གསོ་བར་སླ་བ་ཡིན་པས་ན་འབད་པ་མེད་ པས་འཚོ་བར་འགྱུར་རོ། །མཁྲིས་པའི་གནས་ལ་བརྟེན་པའི་དུག་ནི་ཤིན་ཏུ་འབད་པས་གསོ་བར་བྱ་བ་ཡིན་ནོ། །རླུང་གི་གནས་སུ་ཞུགས་པའི་དུག་ནི་ཤིན་ཏུ་གསོ་དཀའ་བའམ་གསོར་མི་རུང་བ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ 202-1-259a ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་སུམ་ཅུ་རྩ་ལྔ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་སྦྲུལ་གྱིས་ཟིན་པ་གསོ་བ་བཤད་པར་བྱའོ། །མདོར་ན་ས་ཡི་སྟེང་ན་སྦྲུལ། །གསུམ་སྟེ་གདེངས་ཀ་ཅན་ ལུས་བསྐྱིལ། །ཁྲ་བོ་ཡིན་ཏེ། ཞེས་བྱ་བ་ལ། སའི་སྟེང་ན་སྦྲུལ་གྱི་ཚོགས་མདོར་བསྡུས་ན་རྣམ་པ་གསུམ་སྟེ། ལ་ལ་ནི་གདེངས་ཀ་ཅན་གཟར་བུའི་མགོ་ལྟ་བུ་ཡིན་ནོ། །ལ་ལ་ནི་ལུས་བསྐྱིལ་བ་ཡིན་ནོ། །ལ་ལ་ནི་ཁྲ་བོ་ཡིན་ནོ། །དེ་ཡི་ནི། དབྱེ་བ་མཐའ་ཡས་གྱུར་ པ་དག །སྐྱེ་གནས་དབྱེ་བས་རྒྱས་པར་ནི། །དགོས་པ་མེད་ཕྱིར་མ་བཤད་དོ། །ཞེས་བྱ་བ་ལ། གདེངས་ཀ་ཅན་ལ་སོགས་པའི་དབྱེ་བས་ཕྱེ་བའི་སྦྲུལ་དེ་དག་ནི་སྐྱེ་གནས་ཀྱི་དབྱེ་བས་རྒྱས་པར་ཕྱེ་ན་དབྱེ་བ་མཐའ་ཡས་མོད་ཀྱི། དེ་ནི་སྐབས་འདིར་དགོས་པ་མེད་པའི་ཕྱིར་བདག་གིས་ འདིར་མ་བཤད་དོ། །མཆོག་ཏུ་རྩུབ་དང་ཚ་བ་དང་། །སྐྱུར་དྲོ་མངར་བསིལ་དག་ལས་ནི། །གདེངས་ཀ་ཅན་ལ་སོགས་པའི་དུག །རིམ་གྱིས་རླུང་སོགས་འཁྲུག་པར་བྱེད། །ཅེས་བྱ་བ་ལ། གདེངས་ཀ་ཅན་གྱི་དུག་ནི་མཆོག་ཏུ་རྩུབ་པ་དང་ཚ་བ་ཡིན་པས་རླུང་ནད་སྐྱེད་པར་བྱེད་པ་ཡིན་ ནོ། །ལུས་བསྐྱིལ་བའི་དུག་ནི་སྐྱུར་བ་དང་དྲོ་བ་ཡིན་པས་མཁྲིས་པ་སྐྱེད་པར་བྱེད་པ་ཡིན་ནོ། །སྦྲུལ་ཁྲ་བོའི་དུག་ནི་ཁྱད་པར་དུ་མངར་བ་དང་བསིལ་བ་ཡིན་པས་བད་ཀན་སྐྱེད་པར་བྱེད་པ་ཡིན་ནོ། །གཞོན་དང་རྒན་པོ་བར་མ་དང་། །དབྱར་དང་དགུན་དང་སོས་ཀར་ནི། །འདི་དག་དུག་ ནི་འཕེལ་འགྱུར་ཞིང་། །གཞན་དག་དུས་ཚིགས་རྣམས་སུ་འགྱུར། །ཞེས་བྱ་བ་ལ། དེ་ལྟར་ན་གདེངས་ཀ་ཅན་དང་། ལུས་འཁྱིལ་པ་དང་། ཁྲ་བོ་ནི་རིམ་གྱིས་གཞོན་པ་དང་རྒན་པོ་དང་བར་མ་ན་ཚོད་ཀྱི་རིམ་པ་དང་། དབྱར་དང་དགུན་དང་སོས་ཀའི་དུས་དག་ཏུ་འཕེལ་ ཞི་ཤས་ཆེ་བ་ཡིན་ཏེ། དེ་ཡང་གདེངས་ཀ་ཅན་ནི་གཞོན་པ་དང་། དབྱར་གྱི་ཚེ་ནི་དུག་གི་ཤས་ཆེ་བ་ཡིན་ལ། ལུས་འཁྱིལ་པ་ནི་རྒན་པ་དང་། དགུན་སྟོད་དང་། དགུན་སྨད་ཀྱི་དུས་ཏེ། དགུན་སྨད་ཀྱི་ཚེ་དུག་བདོ་བ་ཡིན་ལ། ཁྲ་བོ་ནི་བར་མ་དང་ 202-1-259b སོས་ཀའི་ཚེ་དུག་བདོ་བ་ཡིན་ནོ། །སྦྲུལ་དེ་དག་ལས་གཞན་པ་ཐ་མལ་པ་ནི་དུས་ཚིགས་རྣམས་ལ་དུག་གི་ཤས་ཆེ་བ་ཡིན་ནོ། །འཁོར་ལོ་གཤོལ་དང་གཡུང་དྲུང་གདུགས། །ལྕགས་ཀྱུའི་མཚན་མར་ལྡན་པ་ཡིན། །གདེངས་ཀ་ཅན་ནི་མྱུར་འགྲོ་བ། །ཐམས་ཅད་གདེངས་ཀ་ཅན་ཞེས་ བྱ། །ཞེས་བྱ་བ་ལ། སྦྲུལ་གདེངས་ཀ་ཅན་ནི་འཁོར་ལོ་དང་གཤོལ་ལ་སོགས་པའི་མཚན་མ་དང་ལྡན་ཞིང་། མགོ་བོའི་གདེངས་ཀ་ཅན་ཡོད་པ་དང་མྱུར་དུ་འགྲོ་བར་བྱེད་པ་ཡིན་ནོ། །ལུས་འཁྱིལ་སྣ་ཚོགས་པ་ཡི་ནི། །ཟླུམ་པོར་འདུག་པ་ལུས་འཁྱིལ་ཞིང་། །རིང་ཞིང་འགྲོས་ ནི་བུལ་བ་ཡིན། །ཞེས་བྱ་བ་ལ། ལུས་འཁྱིལ་པ་ཞེས་བྱ་བའི་སྦྲུལ་ནི་རི་མོ་ཟླུམ་པོ་སྣ་ཚོགས་པས་ཁྱབ་པ་དང་། དེ་བཞིན་དུ་གཟུགས་རིང་ཞིང་འགྲོ་བའི་འགྲོས་བུལ་བ་ཡིན་ནོ། །རི་མོ་སྣ་ཚོགས་ལྡན་པ་དང་། །སྣུམ་ཞིང་ཁ་དོག་སྣ་ཚོགས་པས། །ཆུ་ཞེང་བྲིས་འགྱུར་ ཁྲ་བོ་ཡིན། །ཞེས་བྱ་བ་ལ། སྦྲུལ་ཁྲ་བོ་ནི་རི་མོ་སྣ་ཚོགས་དང་ལྡན་པ་ཁ་དོག་སྣ་ཚོགས་པས་འཕྲེད་དང་གྱེན་དུ་ཆུ་ཞེང་དུ་བྲིས་པ་ཡིན་ནོ། །གོ་དྷའི་བུ་ནི་གོ་དྷ་ཅན། །དུག་ནི་གདེངས་ཀ་ཅན་མཉམ་ལ། །རྐང་བཞི་པ་ཡི། ཞེས་བྱ་བ་ལ། གོ་དྷའི་བུ་མིང་གོ་དྷ་ཅན་ཞེས་བྱ་བའི་ སྦྲུལ་གྱི་བྱེ་བྲག་སྟེ། དེ་ནི་གདེངས་ཀ་ཅན་གྱི་དུག་དང་མཉམ་པར་ལྡན་པའམ། ཡང་ན་རྐང་བཞི་པ་ཡིན་ནོ། །སྦྲུལ་གཞན་ནི། འདི་དག་ཉིད་ནི་འདྲེས་པ་ལས། །འདྲེན་མའི་མཚན་ཉིད་ཅན་ཏེ་དེས། །འདུས་པའི་ནད་ནི་ལྡང་བར་བྱེད། །ཅེས་བྱ་བ་ལ། གདེངས་ཀ་ཅན་དང་། ལུས་བསྐྱིལ་བ་དང་། སྦྲུལ་ཁྲ་བོ་འདི་དག་གི་མཚན་ཉིད་འདྲེན་མ་ཡིན་པར་ཤེས་པར་བྱེད་པ་སྟེ། དེ་དག་གིས་ནི་འདུས་པའི་ནད་སྐྱེད་པར་བྱེད་པ་ཡིན་ནོ། །ཟས་ཀྱི་དོན་དང་འཇིགས་པ་དང་། །རྐང་པས་རེག་ལས་དུག་རབ་འཁྲུགས། །རྐང་གི་རྒྱུ་དང་འདྲེས་པ་དང་། །ལྷ་དང་ དྲང་སྲོང་གཤིན་རྗེས་བསྐུལ། །སྦྲུལ་གྱིས་ཟིན་པར་གང་བཤད་པ། །ཕྱི་མ་བཞིན་དུ་དུག་ཤས་ཆེ། །ཞེས་བྱ་བ་ལ། སྦྲུལ་གྱི་རིགས་ཐ་མལ་པ་དེ་དག་ནི་ཟས་ཀྱི་དོན་དང་རྣམ་པར་འཇིགས་པ་ལ་སོགས་པའི་རྒྱུས་སམ། ལྷ་དང་དྲང་སྲོང་དང་གཤིན་རྗེས་བསྐུལ་ཞིང་རྦད་པའི་ 202-1-260a དབང་གིས་སྦྲུལ་གྱིས་འཛིན་པར་བྱེད་ལ། དེ་ཡང་ཕྱི་མ་བཞིན་དུ་དུག་གི་ཤས་ཆེ་བ་ཡིན་ནོ། །དེས་ན་ཐམས་ཅད་པས་ཀྱང་གཤིན་རྗེའམ་འཆི་བདག་གིས་བསྐུལ་བས་འཛིན་པར་བྱེད་པ་དེའི་དུག་མི་བཟད་པ་ཡིན་ནོ། །འཇུག་པའི་རྒྱུ་ནི་ཤེས་བྱས་ནས། ། གསོ་བ་ཇི་བཞིན་བྱ་བ་ཡིན། །ཞེས་བྱ་བ་ལ། སྦྲུལ་རྣམས་ཀྱི་འཇུག་པའི་རྒྱུ་ཤེས་པར་བྱས་ནས། རང་གི་གསོ་བ་ཇི་ལྟ་བ་བཞིན་དུ་བྱའོ། །ཕལ་པ་སྡིག་ཅན་ངང་ཚུལ་བས། །ལམ་བཀག་ནས་ནི་གནས་པ་ཡིན། །གང་དུ་ཁ་ཆུ་གཤེར་བ་ཙམ། །ལུས་ལ་སྣང་བར་བྱེད་ འགྱུར་ཞིང་། །མཆེ་བའི་རྨ་ནི་མི་མངོན་གང་། །དེ་ནི་མཆུས་གནོད་བྱེད་ཅེས་བྱ། །ཞེས་བྱ་བ་ལ། སྦྲུལ་ཕལ་པ་ནི་རང་བཞིན་ངན་པ་ཅན་ཡིན་པས་ལམ་བཀག་ནས་འདུག་པ་ཡིན་ལ། ལུས་ཀྱི་ཕྱོགས་གང་དུ་ཁ་ཆུའམ་གཤེར་བ་ཙམ་སྣང་བར་འགྱུར་གྱི། མཆེ་བས་ཟིན་པའི་ རྨ་མི་མངོན་པར་གྱུར་པ་གང་ཡིན་པ་དེ་ནི་མཆུས་གནོད་པར་བྱེད་པ་ཞེས་བྱའོ། །མཆེ་བ་གཅིག་ལས་རྗེས་གཉིས་མངོན། །ཁྲག་མེད་གྱུར་པ་བལྡགས་ཞེས་བྱ། །ཞེས་བྱ་བ་ལ། སྦྲུལ་གང་གིས་ཟིན་པ་ན་ལུས་ལ་མཆེ་བ་གཅིག་གི་རྗེས་ལས་གཉིས་སུ་མངོན་ཞིང་དེ་ཡང་ཁྲག་མེད་ པར་གྱུར་པ་ནི་མིང་བལྡགས་པ་ཞེས་བྱའོ། །མཆེ་བའི་རྗེས་ནི་ཁྲག་བཅས་གཉིས། །རྣམ་པར་གཅད་པའོ། །ཞེས་བྱ་བ་ལ། ལུས་ལ་སྦྲུལ་གྱི་མཆེ་བའི་རྗེས་གཉིས་ཁྲག་དང་བཅས་པར་སྣང་བ་ནི་རྣམ་པར་གཅད་པ་ཞེས་བྱའོ། །དེ་གསུམ་ནི། ཤ་བཅད་ཤིན་ཏུ་ཕུག་པ་ དང་། །ཁྲག་དབྱུང་སོ་ཡིས་ཟིན་ཞེས་བྱ། །ཞེས་བྱ་བ་ལ། མཆེ་བས་ཟིན་པ་གསུམ་པོ་དེ་དག་ནི་ཤ་བཅད་པ་ལས་ཁྲག་རྒྱུན་དུ་འཛག་པ་ནི་སོས་འཛིན་པ་ཞེས་བྱའོ། །མཆེ་བའི་རྗེས་ནི་བཞི་སྣང་བ། །དེ་བཞིན་སོས་འཛིན་བཙིར་བར་བཤད། །ཅེས་བྱ་བ་ལ། མཆེ་བའི་ རྗེས་གང་ལ་ལུས་ལ་རྗེས་བཞི་སྣང་ཞིང་། དེ་བཞིན་དུ་ཁྲག་རྒྱུན་མི་ཆད་པར་སྣང་བ་དེ་ནི་སོས་འཛིན་པ་བཙིར་བ་ཞེས་བྱའོ། །དེ་ལ་དང་པོ་དུག་མེད་གཉིས། །ཕྱི་མ་གཉིས་པོ་གསོར་མི་རུང་། །ཞེས་བྱ་བ་ལ། སོས་བཏབ་པ་དེ་དག་གི་ནང་ནས་མཆུས་གནོད་པར་བྱེད་པ་དང་། 202-1-260b བལྡགས་པ་ཞེས་བྱ་བ་གཉིས་ནི་དུག་མེད་པ་ཡིན་ནོ། །ཕྱི་མ་སོས་འཛིན་པ་དང་། སོས་འཛིན་པ་བཙིར་བ་ཞེས་བྱ་བ་ནི་གསོར་མི་རུང་བ་ཡིན་ནོ། །སྦྲུལ་གྱི་དུག་ནི་ཁྲག་དག་ལ། །མ་བརྟན་ལུས་ལ་གནོད་མི་བྱེད། །ཅེས་བྱ་བ་ལ། སྦྲུལ་གྱི་དུག་ནི་ཁྲག་ལ་མ་བརྟེན་པར་ལུས་ལ་ གནོད་པར་མི་བྱེད། དེ་ལ་བརྟེན་ནས་གནོད་པར་བྱེད་པ་ཡིན་ནོ། །ཁྲག་ནི་ཆུང་ཟད་ལ་བརྟེན་ཡང་། །ཏིལ་མར་ཐིགས་པ་བཞིན་དུ་མཆེད། །ཅེས་བྱ་བ་ལ། དུག་ནི་ཁྲག་ཅུང་ཟད་ལ་བརྟེན་ཡང་ཏིལ་མར་གྱི་ཐིགས་པ་ཆུ་ལ་བླུགས་པ་བཞིན་དུ་མཆེད་པར་འགྱུར་རོ། ། སྡར་མ་སྦྲུལ་གྱིས་རེག་པ་ལས། །འཇིགས་པས་རླུང་ནི་འཁྲུག་པར་བྱེད། །ལན་འགའ་སྐྲང་བར་བྱེད་པ་དེ། །སྦྲུལ་གྱིས་ལུས་ནི་བཅོམ་ཞེས་བྱ། །ཞེས་བྱ་བ་ལ། སྐྱེས་བུ་སྡར་མ་སྦྲུལ་གྱིས་རེག་སྟེ་སྔངས་པ་ལས་རླུང་འཁྲུག་པར་འགྱུར་ཞིང་། ལན་འགའ་ སྐྲང་བར་བྱེད་པ་ཡང་ཡིན་ཏེ། དེ་ནི་སྦྲུལ་གྱིས་ལུས་བཅོམ་པ་ཞེས་བྱའོ། །བགྲོད་དཀའ་མུན་པར་ཟུག་གྱུར་པ། །ལ་ལ་རྟོག་པས་ཟིན་པ་དང་། །དུག་གི་ཤུགས་དང་སློན་དང་རིམས། །བརྒྱལ་བའམ་ཚ་བ་སྐྱེ་བའམ། །ན་ཞིང་རྨོངས་བག་འཁྲུ་བར་འགྱུར། །དེ་ནི་རྟོག་པའི་དུག་ ཅེས་བྱ། །ཞེས་བྱ་བ་ལ། སྐྱེས་བུ་ལ་ལ་ལམ་བགྲོད་དཀའ་བར་མུན་པའི་ནང་དུ་རྒྱུ་བ་ལས་ཚེར་མ་ལ་སོགས་པ་འགའ་ཞིག་གིས་ཟུག་པར་གྱུར་པ་དང་། དེ་སྦྲུལ་གྱིས་ཟིན་པའི་རྟོག་པ་སྐྱེས་ཏེ། དེའི་དབང་གིས་དུག་གི་ཤུགས་སློན་པ་ལ་སོགས་པ་འབྱུང་བར་འགྱུར་ཏེ། དེ་ལྟ་ བུ་དེ་ལ་ནི་རྟོག་པའི་དུག་ཅེས་བྱའོ། །དུག་བཅས་ནད་ཀྱིས་ཟུག་པ་དང་། །སྐྲང་དང་གཡའ་དང་རིམས་བཅས་པ། །ལ་ལ་ཚ་ཞིང་རྨེན་བུར་འགྱུར། །དེ་ལས་བཟློག་པ་དུག་མེད་ཡིན། །ཞེས་བྱ་བ་ལ། མཆེ་བའི་དུག་དང་བཅས་པ་ནི་ཤས་ཆེར་ཟུག་པ་དང་སྐྲངས་པ་ལ་སོགས་ པ་དང་ལྡན་པ་ཡིན་ནོ། །དུག་མེད་པ་ནི་ཟུག་པ་ལ་སོགས་པའི་མཚན་མ་མེད་པ་ཡིན་ནོ། །གདེངས་ཀ་ཅན་ཤུགས་དང་པོ་ལ། །ནད་ཁྲག་ནག་པོར་འཛག་པར་འགྱུར། །མིག་དང་གདོང་སོགས་གནག་པ་དང་། །སྲིན་བུ་རྒྱུ་བ་སྙམ་དུ་སེམས། །ཞེས་བྱ་བ་ལ། གདེངས་ཀ་ཅན་ 202-1-261a གྱི་ཤུགས་དང་པོ་ལ་ནི་ནད་ཁྲག་ནག་པོར་འཛག་པར་འགྱུར་བ་དང་། གདོང་གནག་པ་དང་། ལུས་ལ་སྲིན་བུ་རྒྱུ་བ་སྙམ་དུ་སེམས་པ་ཡིན་ནོ། །ཤུགས་གཉིས་པར་ནི་རྨེན་བུ་སྐྱེ། །གསུམ་པར་མགོ་ནི་ལྕི་བར་འགྱུར། །ཞེས་བྱ་བ་ལ། དུག་གི་ཤུགས་ གཉིས་པ་ལ་ནི་རྨེན་བུ་སྐྱེ་བར་འགྱུར་བ་དང་། ཤུགས་གསུམ་པར་མགོ་བོ་ལྕི་བར་འགྱུར་བ་ཡིན་ནོ། །བཞི་པར་མིག་འབྱེད་དཀའ་བ་དང་། །སོས་བཏབ་རྣགས་ཤིང་མཆིལ་མ་སློན། །ཞེས་བྱ་བ་ལ། གདེངས་ཀ་ཅན་གྱིས་ཟིན་པའི་ཤུགས་བཞི་པ་ལ་ནི་མིག་འབྱེད་པར་ དཀའ་བ་ལ་སོགས་པ་ཡིན་ནོ། །ལྔ་པར་ཚིགས་འབྱེ་སྙམ་སེམས་དང་། །རྒྱུད་གཞན་ཚིགས་ནི་འཇིག་པ་དང་། །ལུས་ཚ་སྐྱིགས་བུ་འབྱུང་བ་ཡིན། །ཞེས་བྱ་བ་ལ། དེའི་ཤུགས་ལྔ་པ་ལ་ནི་ལྷུ་ཚིགས་འབྱེ་བ་སྙམ་དུ་སེམས་པ་ལ་སོགས་པ་ཡིན་ནོ། །དྲུག་པར་སྙིང་ན་ལུས་ལྕི་ ཞིང་། །བརྒྱལ་ཞིང་འཁྲུ་ལ་ཟས་མི་འཇུ། །ཞེས་བྱ་བ་ལ། ཤུགས་དྲུག་པ་ལ་ནི་སྙིང་ན་བ་ལ་སོགས་པ་ཡིན་ནོ། །བདུན་པར་ཁུ་བའི་གནས་ཕྱིན་ནས། །ཕྲག་གོང་རྒྱབ་དང་རྒལ་ཚིགས་དང་། །རྐེད་པ་ཞིག་པ་སྙམ་སེམས་ཞིང་། །སྤྱོད་ལམ་ཐམས་ཅད་ལས་ ཉམས་འགྱུར། །ཞེས་བྱ་བ་ལ། གདེངས་ཀ་ཅན་གྱི་ཤུགས་བདུན་པ་ལ་ནི་ཁུ་བའི་གནས་སུ་དུག་དེ་ཕྱིན་པར་འགྱུར་ཏེ། ཕྲག་གོང་ན་བ་ལ་སོགས་པར་འགྱུར་རོ། །དེ་ནས་ལུས་བསྐྱིལ་བས་ཟིན་ན། །ནང་ཁྲག་སེར་པོར་འགྱུར་བ་དང་། །དེ་ཡིས་ལུས་སེར་ཚ་བ་ སྐྱེད། །ཅེས་བྱ་བ་ལ། སྦྲུལ་ལུས་འཁྱིལ་པ་ཞེས་བྱ་བས་ཟིན་པ་ནི་ཁྲག་སེར་པོར་གྱུར་པ་ལ་སོགས་པ་ཡིན་ནོ། །གཉིས་པར་སྐྲང་བར་འགྱུར་བ་ཡིན། །ཞེས་བྱ་བ་ལ། ལུས་བསྐྱིལ་བའི་ཤུགས་གཉིས་པ་ལ་ནི་ལུས་སྐྲང་བར་འགྱུར་རོ། །གསུམ་པར་སོས་བཏབ་རྣགས་ པ་དང་། །རྡུལ་དང་སྐོམ་དད་སྐྱེ་བར་འགྱུར། །ཞེས་བྱ་བ་ལ། ཤུགས་གསུམ་པ་ལ་ནི་སོས་བཏབ་པའི་རྗེས་རྣགས་པ་ལ་སོགས་པར་འགྱུར་རོ། །བཞི་པར་ཁོང་ཚ་རིམས་ཀྱིས་འདེབས། །ལྔ་པར་ལུས་ཀུན་ཁྱབ་པར་ཚ། །ཞེས་བྱ་བ་ལ། བཞི་པ་དང་ལྔ་པའི་དུག་གི་ཤུགས་ 202-1-261b ནི་ཁོང་ཚ་བ་ལ་སོགས་པར་འགྱུར་རོ། །སྦྲུལ་ནི་ཁྲ་བོས་ཟིན་གྱུར་ན། །ཁྲག་ནི་སྐྱ་བོར་འགྱུར་བ་དང་། །དེས་ནི་ལུས་མདོག་སྐྱ་བོར་འགྱུར། །ཞེས་བྱ་བ་ལ། སྦྲུལ་ཁྲ་བོས་ཟིན་པར་གྱུར་ན་ཁྲག་གི་ཚོགས་སྐྱ་བར་འགྱུར་ལ། རྒྱུ་དེས་ན་ལུས་ཀྱང་མདོག་སྐྱ་བོར་འགྱུར་རོ། །གཉིས་ པར་ལུས་ནི་ལྕི་བར་འགྱུར། །ཞེས་བྱ་བ་ལ། ཤུགས་གཉིས་པ་ལ་ནི་ལུས་ཤིན་ཏུ་ལྕི་བར་འགྱུར་རོ། །གསུམ་པར་སོས་བཏབ་རྣགས་པ་དང་། །མིག་དང་ཁ་སྣ་ལས་འཛག་འགྱུར། །ཞེས་བྱ་བ་ལ། ཤུགས་གསུམ་པ་ལ་ནི་རྣགས་པ་ལ་སོགས་པར་འགྱུར་རོ། །བཞི་ པར་མགོ་ལྕི་གཉེའུ་རེངས་འགྱུར། །ཞེས་བྱ་བ་ལ། དུག་གི་ཤུགས་བཞི་པ་ལ་ནི་མགོ་བོ་ལྕི་བ་ལ་སོགས་པར་འགྱུར་རོ། །ལྔ་པར་ལུས་ཚིགས་ན་བ་དང་། །གྲང་བའི་རིམས་ཀྱིས་འདེབས་པར་བྱེད། །ཅེས་བྱ་བ་ལ། ཤུགས་ལྔ་པ་ལ་ནི་ལུས་ཚིགས་ན་བ་ལ་སོགས་པར་ འགྱུར་རོ། །ལྷག་མ་གཉིས་པོ་སྔ་མར་མཚུངས། །ཞེས་བྱ་བ་ལ། ཤུགས་དྲུག་པ་དང་བདུན་པ་ལ་ནི་གདེངས་ཀ་ཅན་གྱི་མཚན་ཉིད་དང་ལྡན་པ་ཡིན་ནོ། །ཤུགས་ནི་ལྔ་པར་གསོ་བ་དག །བྱ་ཡིས་དེ་ལས་ཕན་ཆད་མིན། །ཞེས་བྱ་བ་ལ། དེ་དག་གི་ཤུགས་ལྔ་པའི་བར་ གྱིས་གསོ་བར་བྱའི། དྲུག་པ་དང་བདུན་པ་ལ་ནི་གསོ་བར་མི་བྱའོ། །ཆུ་ཡིས་གཡེངས་དང་ཆགས་པ་ཟད། །སྐྲག་དང་ནེའུ་ལེས་འཕེན་པ་དང་། །གྲང་ལྷགས་ཉི་ཚན་རླུང་དང་ནད། །བཀྲེས་སྐོམ་ངལ་བས་གཟིར་བ་དང་། །ཕྱོགས་གཞན་ནས་ནི་རིང་པར་འོང་། །དུག་ སྤངས་ལྤགས་པ་བརྗེས་པ་དང་། །འཇག་མ་སྨན་དང་ཚེར་མ་ཅན། །ནགས་ན་རྒྱུ་བ་གང་ཡིན་དང་། །རིག་པ་ལ་སོགས་བརྟེན་ཕྱོགས་གནས། །སྦྲུལ་དེ་དུག་ནི་ཆུང་བར་འདོད། །ཅེས་བྱ་བ་ལ། སྦྲུལ་གང་ཆུས་གཡེངས་པ་དང་། ཆགས་པ་སྤྱོད་པ་ཟད་པ་དང་། སྐྲག་ པ་ལ་སོགས་པ་དང་། ཡུལ་ཕྱོགས་གང་རིག་སྔགས་ལ་སོགས་པ་གང་རིགས་བརྟེན་ཞིང་གྲུབ་པའི་ཕྱོགས་ན་གནས་པ་སྟེ། སྦྲུལ་དེ་དག་ནི་དུག་ཆུང་བ་ཡིན་ནོ། །དུར་ཁྲོད་བསྟི་གནས་ཤིང་གཅིག་སོགས། །ཚེས་ལྔ་དང་ནི་དུས་ཚིགས་དང་། །ཚེས་བརྒྱད་ཚེས་དགུ་ཐུན་ 202-1-262a མཚམས་དང་། །ནམ་ཕྱེད་དང་ནི་ཉི་མའི་གུང་། །བྲ་ཉེ་སྨིན་དྲུག་མཆུ་དང་སྐག །ས་ག་ཆུ་སྟོད་ཁྲུམས་སྟོད་དང་། །སྣྲུབས་དང་བྲ་ཉེ་ཡུད་ཙམ་ལ། །གནད་དུ་བཟུང་བ་སྤང་བར་བྱ། །ཞེས་བྱ་བ་ལ། དུར་ཁྲོད་ལ་སོགས་པའི་གནས་སུ་སྦྲུལ་གྱིས་ཟིན་པ་དང་། ཚེས་ལྔ་ལ་སོགས་པའི་དུས་དང་། བྲ་ཉེ་ལ་སོགས་པའི་སྐར་མ་ལ་བབས་པ་དང་། དེ་བཞིན་དུ་ཡུད་ཙམ་ཞེས་བྱ་བའི་དུས་ལ་ཟིན་པ་དང་། གནད་དུ་བཟུང་བ་གང་ཡིན་པ་དེ་ནི་གསོར་མི་ནུས་པས་སྤང་བར་བྱའོ། །ཟིན་པའི་མོད་ལ་བཞིན་སྐྱ་ཞིང་། །སྐྲ་ནི་འབྱི་བར་བྱེད་པ་དང་། ། ལྕེ་འཁུམས་ཡང་དང་ཡང་དུ་བརྒྱལ། །དབུགས་གྲང་གང་ཡིན་དེ་མི་འཚོ། །ཞེས་བྱ་བ་ལ། སྐྱེས་བུ་གང་སྦྲུལ་གྱིས་ཟིན་མ་ཐག་བཞིན་སྐྱ་བོར་གྱུར་པ་དང་། སྐྲ་འབྱི་བར་བྱེད་པ་ལ་སོགས་པ་གང་ཡིན་པ་དེ་མི་འཚོའོ། །སྐྱིགས་བུ་དབུགས་མི་བདེ་ཞིང་སློན། །ལུས་ ཅན་ཟིན་པའི་མོད་ལ་ནི། །སྙིང་ནས་གཟེར་བར་འགྱུར་བ་དང་། །ཅིག་ཅར་འབྱུང་བ་དེ་མི་འཚོ། །ཞེས་བྱ་བ་ལ། ཡང་སྐྱིགས་བུ་ལ་སོགས་པས་ཟིན་པའི་མོད་ལ་དུས་གཅིག་ཏུ་འབྱུང་བ་དེ་ཡང་མི་འཚོའོ། །འདུ་ཤེས་སྟོར་ཅིང་ལྦུ་བར་སྐྱུགས། །རྐང་པ་ལག་པ་བཞིན་གནག་ ཅིང་། །སྣ་ཞོམ་ཡན་ལག་ཞིག་པ་དང་། །ཚིགས་ལྷོད་བཤང་བ་འཁྲུ་བ་ཡི། །དུག་འཐུངས་པ་དང་སྦྲུལ་གྱིས་ཟིན། །དུག་ཅན་མདའ་ཡིས་ཕོག་གྱུར་པ། །ཚུལ་ནི་འདི་དག་སྣང་གྱུར་ན། །སྲོག་ཟད་པར་ནི་འགྱུར་བ་ཡིན། །ཞེས་བྱ་བ་ལ། སྐྱེས་བུ་གང་སྦྲུལ་གྱིས་ ཟིན་པའམ། དུག་མདས་ཕོག་པ་འདུ་ཤེས་སྟོར་ཅིང་ལྦུ་བ་སློན་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་དེ་ནི་ཉེ་བར་འཆི་བར་འགྱུར་རོ། །སྣ་སྨན་རྣོན་པོ་མི་ཚོར་ཞིང་། །རྨ་ནས་ཁྲག་ནི་མི་འབྱུང་ལ། །དབྱིག་པས་བསྣུན་ན་རྗེས་མི་མངོན། །གཤིན་རྗེའི་ཐང་དུ་འགྲོ་བ་ཡིན། ། ཞེས་བྱ་བ་ལ། སྣ་སྨན་རྣོན་པོ་བཏང་ཡང་ཚོར་བ་མེད་པ་ལ་སོགས་པ་དེ་ཡང་མི་འཚོའོ། །དེ་ལས་གཞན་དུ་སྨན་པ་ཡིས། །འབར་བའི་ཁྱིམ་ནས་འབྱུང་བ་བཞིན། །ལྐོག་མར་ཕྱིན་པའི་སྲོག་བསྲུང་ཞིང་། །དུག་ནི་མྱུར་དུ་བསལ་བར་བྱ། །ཞེས་བྱ་བ་ལ། སྔར་བཤད་པའི་མཚན་ 202-1-262b ཉིད་དང་མི་ལྡན་པ་གཞན་དག་ནི་སྨན་པས་ངེས་པར་བསྲུང་བར་བྱ་སྟེ། ཇི་ལྟར་འབར་བའི་ཁྱིམ་ནས་འབྱུང་བ་བཞིན་དུ་ལྐོག་མར་ཕྱིན་ཞིང་འགགས་སུ་ཉེ་བའི་སྲོག་དེ་བསྲུང་བར་བྱའོ། །ལུས་ཅན་དུག་གིས་ཟིན་གྱུར་པ། །གྲངས་བརྒྱའི་བར་དུ་གནས་ནས་ནི། །ལུས་ཟུངས་ཁྲག་སོགས་ ལ་གནོད་ཅིང་། །ལུས་ལ་ཁྱབ་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། མི་སྦྲུལ་གྱི་དུག་གིས་ཟིན་པར་གྱུར་ན་རྨའི་སྒོར་གྲངས་བརྒྱ་བགྲངས་པའི་དུས་ཚིགས་ཙམ་དུ་གནས་ནས། དེའི་འོག་ཏུ་ཁྲག་ལ་སོགས་པའི་ལུས་ཟུངས་ལ་གནོད་པར་བྱེད་ཅིང་ལུས་ལ་ཁྱབ་པར་བྱེད་དོ། །དུས་འདིའི་ བར་དུ་གདུག་པ་ཡི། །མཆེ་བས་ཟིན་པ་བཅད་སོགས་ལས། །བྱ་ཞིང་ཅི་ནས་ལུས་ལ་ནི། །དུག་གི་ཡལ་ག་མ་འཕྲོས་བྱ། །ཞེས་བྱ་བ་ལ། གྲངས་བརྒྱ་རྫོགས་པའི་དུས་འདིའི་བར་དུ་དུག་གིས་ཟིན་པ་ལ། བསྲེགས་པ་ལ་སོགས་པ་བྱ་ཞིང་དུག་གི་ཡལ་གས་ལུས་ལ་ཁྱབ་པར་ མི་འགྱུར་བར་བྱའོ། །ཟིན་པའི་མོད་ལ་མྱུར་དུ་ནི། །སྦྲུལ་ནི་དེ་ཉིད་ཟ་བའམ། །ས་འམ་བོང་བ་གཅོད་བྱེད་ན། །རིངས་པ་ཁོ་ནར་སྨན་པ་ཡི། །མཆིལ་མས་བྱུག་པར་བྱ་བའམ། །རྣ་སྤབས་ཀྱིས་ནི་སོ་རྗེས་བསྐུ། །ཞེས་བྱ་བ་ལ། མི་སྦྲུལ་གྱིས་ཟིན་མ་ཐག་སྦྲུལ་དེ་ཉིད་མྱུར་དུ་ཟ་བར་ བྱེད་པའམ། སའམ་བོང་བ་སོས་འདེབས་པར་གྱུར་ན་སྨན་པས་རིངས་པ་ཁོ་ནར་མཆིལ་མས་བྱུག་པ་ལ་སོགས་པ་བྱའོ། །མཆེ་བས་བཏབ་པའི་གོང་དུ་ནི། །སོར་བཞིར་རས་མ་ལས་བྱས་པ། །གསོ་མའམ་འོད་མ་ལ་སོགས་བཅིང་། །སྔགས་ཤེས་པ་ཡིས་གྲུབ་སྔགས་བཟླ། ། ཞེས་བྱ་བ་ལ། སྨན་པས་སྦྲུལ་གྱི་མཆེ་བས་བཏབ་པའི་སོར་བཞིའི་ལྟག་ཏུ་རས་མ་ལས་བྱས་པའམ། གསོ་མ་ལ་སོགས་པ་ལས་བྱས་པའི་ཆིངས་མས་བཅིང་ཞིང་། སྔགས་ཞེས་བྱ་བའི་གསང་སྔགས་བཟླ་བར་བྱའོ། །ཆུ་ལོན་གྱིས་ནི་ཆུ་ལྟ་བུར། །བཅིངས་པས་དུག་ནི་འཕྲོས་ མི་འགྱུར། །དུག་གི་བཅིང་སོགས་ཉེན་པ་ཡི། །རྩ་ལས་རྒྱུ་བར་མི་འགྱུར་རོ། །ཞེས་བྱ་བ་ལ། དུག་བཅིངས་པ་གང་ཡིན་པ་དེས་བཀག་པར་གྱུར་ན་ཆུ་ལོན་གྱིས་ཆུ་བཟློག་པ་དང་འདྲ་བར་རྩའི་སྒོ་ལས་དུག་དེ་རྒྱུ་བར་མི་འགྱུར་རོ། །བཙིར་ནས་སོས་བཏབ་དབྱུང་བྱ་ཞིང་། །ཚིགས་དང་གནད་དུ་ 202-1-263a མ་ཆུད་དེ། །ས་བོན་ཉམས་པའི་མྱུ་གུ་བཞིན། །དུག་ཤུགས་དེ་ནི་འབྱུང་མི་འགྱུར། །ཞེས་བྱ་བ་ལ། སོས་བཏབ་པ་དེ་བཙིར་ཞིང་བསྡམས་ནས་ཚིགས་དང་གནད་དུ་མ་སོང་བར་དེ་དབྱུང་བར་བྱ་སྟེ། དེ་ལྟར་བྱས་ན་ས་བོན་ཉམས་པ་དང་འདྲ་བར་དུག་གི་ཤུགས་འབྱུང་བར་ མི་འགྱུར་རོ། །ལུས་འཁྱིལ་སོ་རྗེས་མཁྲིས་བསྐྱེད་པས། །དེ་མ་གཏོགས་པ་གཞན་དག་ནི། །ལྕགས་དང་གསེར་ལ་སོགས་པས་སམ། །མགལ་མེ་ཡིས་ནི་མྱུར་དུ་བསྲེག །མེ་ཡིས་ཐལ་བར་བྱེད་འགྱུར་ན། །ཅི་ཕྱིར་དེ་ནི་འབྱུང་བར་འགྱུར། །ཞེས་བྱ་བ་ལ། ལུས་འཁྱིལ་པ་ཞེས་བྱ་ བའི་སོ་རྗེས་ནི་མཁྲིས་པ་སྐྱེད་པར་བྱེད་པ་ཡིན་པས། དེ་མ་གཏོགས་པ་གདེངས་ཀ་ཅན་དང་ཁྲ་བོ་སྟེ་གཞན་དག་གི་དུག་ནི་ལྕགས་ལ་སོགས་པ་མེར་བསྲེགས་པའམ། མགལ་མེ་ཞེས་བྱ་བ་ཤིང་ཕྱེད་ཚིག་པའི་མེས་བསྲེག་པར་བྱ་སྟེ། དེ་ལྟ་བུས་ནི་མྱུར་བར་ཐལ་བ་ཉིད་དུ་བྱེད་པར་འགྱུར་ གྱི། མི་བྱེད་པ་མ་ཡིན་ནོ། །ས་དང་ལྕི་བ་སྨན་སོགས་ཀྱིས། །ཁ་བཀང་ནས་ནི་གཞིབ་པར་བྱ། །ཞེས་བྱ་བ་ལ། ཡང་ན་རྨ་དེ་ལ་ས་ལ་སོགས་པ་གང་ཡང་རུང་བས་ཁ་བཀང་བ་དང་གཞིབ་པར་བྱའོ། །ཆིངས་མའི་ནང་དུ་ཤ་ཆེའི་ཕྱོགས། །མཆོག་ཏུ་ཞལ་ཞལ་བྱ་བ་དང་། །ཡན་ ལག་མཆེ་བས་ཟིན་བཅས་པ། །དུག་སྨན་གྱིས་ནི་ཡང་ཡང་བསྐུ། །ཙནྡན་པུ་ཤེལ་ཙེ་ལྡན་པའི། །ཆུ་ཡིས་ཀྱང་ནི་བླུགས་པར་བྱ། །ཞེས་བྱ་བ་ལ། རྨའི་སོར་བཞིའི་གོང་དུ་བཅིངས་པའི་ནང་དུ་ཤ་ཆེ་བའི་ཕྱོགས་སུ་ཞལ་ཞལ་བྱས་ལ་དེ་དུག་སྨན་བསྐུ་ཞིང་ཙནྡན་ལ་སོགས་ པའི་སྨན་གྱི་ཆུ་བླུགས་པར་བྱའོ། །དུག་གིས་ཁྱབ་པར་གྱུར་པ་ལ། །གཏར་ག་གདབ་པ་གསོ་མཆོག་སྟེ། །ཁྲག་ནི་ཕྱུང་བར་གྱུར་པ་ན། །མ་ལུས་དུག་ནི་འབྱུང་བར་འགྱུར། །ཞེས་བྱ་བ་ལ། དུག་གིས་ལུས་ལ་ཁྱབ་པས་གཏར་གས་ཁྲག་གདོན་པ་ནི་གསོ་བའི་མཆོག་ཡིན་ཏེ། ཁྲག་ཕྱུང་བས་དུག་འབྱུང་བའི་ཕྱིར་རོ། །དུག་བཅས་ཁྲག་ནི་དྲི་མི་ཞིམ། །མེར་བསྲེགས་སྒྲ་ནི་ཙེག་ཙེག་ཟེར། །ཞེས་བྱ་བ་ལ། དུག་དང་བཅས་པའི་ཁྲག་ནི་དྲི་མི་ཞིམ་པར་འགྱུར་བ་དེ་བཞིན་དུ་མེར་བསྲེགས་ན་སྒྲ་འཚག་ཅིང་ཙེག་ཙེག་ཟེར་བ་འབྱུང་བར་འགྱུར་རོ། །ནད་གཞི་ཇི་བཞིན་དག་ 202-1-263b གྱུར་པ། །ཁྲག་ནི་སྔ་མ་བཞིན་ཤེས་བྱ། །ཞེས་བྱ་བ་ལ། སྐྱོན་མེད་པའི་ཁྲག་ཇི་ལྟ་བུ་ཡིན་པ་ཡང་སྔར་བཤད་པའི་ཚུལ་ལས་ཤེས་པར་བྱའོ། །རྩ་ནི་སྣང་བར་མ་གྱུར་ན། །རྔབས་རྭ་སྲིན་བུ་པད་པས་གཏར། །ཞེས་བྱ་བ་ལ། གལ་ཏེ་རྩ་མི་མངོན་ན་རྔབས་རྭ་ལ་སོགས་པས་ཁྲག་དབྱུང་ བར་བྱའོ། །ཁྲག་ཕྱུང་བ་ཡི་ལྷག་མ་ནི། །དུག་གི་དྲོད་ཀྱིས་ཞུ་གྱུར་པ། །ཤིན་ཏུ་བསིལ་བའི་སྨན་བསྐུ་དང་། །བླུགས་པ་ཡིས་ནི་བསལ་བར་བྱ། །ཞེས་བྱ་བ་ལ། གཏར་གས་ཁྲག་ཕྱུང་བའི་ལྷག་མ་དུག་གི་ཆོད་ཀྱིས་ལུས་ལ་ཞུ་ཞིང་ཁྱབ་པར་གྱུར་པ་ནི་བསིལ་སྨན་བསྐུ་བ་ལ་སོགས་ པས་བསལ་བར་བྱའོ། །དུག་གི་ཤུགས་ཀྱིས་མ་ཞུ་བས། །བརྒྱལ་དང་མྱོས་དང་སྙིང་འཛག་འབྱུང་། །དེ་ནི་བསིལ་སྨན་བླུགས་པ་དང་། །རླུང་ཡབ་སྤུ་ལྡང་བྱེད་པས་བསལ། །ཞེས་བྱ་བ་ལ། གང་གི་ཕྱིར་དུག་གི་ཤུགས་ཀྱིས་ཁྲག་མ་ཞུ་ཞིང་འཐས་པར་གྱུར་ན་བརྒྱལ་བ་ལ་ སོགས་པ་འབྱུང་བར་འགྱུར་ཏེ། དེ་ལས་དང་པོ་ནི་བསིལ་སྨན་ལ་སོགས་པས་བསལ་བར་བྱའོ། །ཁྲག་ནི་སླ་བར་གྱུར་ན་དུག །འཕྲལ་དུ་ཤུགས་ནི་ཞི་བར་འགྱུར། ཞེས་བྱ་བ་ལ། གལ་ཏེ་དུག་ནི་སླ་ཞིང་ཟག་པར་གྱུར་ན། མོད་ལ་ཤུགས་ཞི་བར་འགྱུར་རོ། །དུག་ནི་རྣོ་བས་སྙིང་འདར་བྱེད། ། དེ་བསྲུང་ཕྱིར་ནི་ཞུན་མར་དང་། །མར་དང་བཅས་པའི་སྦྲང་རྩིའམ། །དུག་སྨན་མར་དང་སྦྲུས་པ་བླུད། །ཅེས་བྱ་བ་ལ། དུག་ནི་ཤིན་ཏུ་རྣོ་བ་ཡིན་པའི་ཕྱིར་སྙིང་ལ་གནོད་ཅིང་འདར་བར་བྱེད་ལ། དེ་བས་ན་སྙིང་དེ་བསྲུང་བའི་ཕྱིར་ཞུན་མར་ལ་སོགས་པ་བླུད་པར་བྱའོ། །དེ་ཡི་སྙིང་ནི་འགག་ བྱེད་པས། །སྙིང་གར་བད་ཀན་སོགས་པར་བྱེད། །ཅེས་བྱ་བ་ལ། སྐྱེས་བུ་དེ་ལ་སྙིང་གི་གནས་སུ་ནད་ཀྱིས་འགག་པར་བྱེད་ཅིང་། བད་ཀན་སོགས་པར་བྱེད་པར་འགྱུར་རོ། །ལུས་ལྕི་ནད་ནི་བསླངས་པ་དང་། །སྙིང་འཕར་དེ་ནི་སློན་དུ་གཞུག །གཤེར་རྫས་སྐྱུར་རྩབས་རྒྱ་སྲན་དང་། །ཏིལ་ དང་ཆང་སོགས་མ་གཏོགས་པ། །དུག་སེལ་བ་ཡི་སློན་སྨན་གཏང་། །དེས་ནི་ལུས་ལ་ཁྱབ་མི་འགྱུར། །ཞེས་བྱ་བ་ལ། དེའི་འོག་ཏུ་ལུས་ལྕི་བ་ལ་སོགས་པ་འབྱུང་བར་འགྱུར་ལ། དེས་ན་སྐྱུར་རྩབས་ཀན་ཛི་ལ་སོགས་པ་མ་གཏོགས་པ་དུག་སེལ་བའི་སྨན་གྱི་སློན་སྨན་གཏང་བར་བྱ་སྟེ། 202-1-264a དེ་ལྟར་བྱས་ན་དུག་དེས་ལུས་ལ་ཁྱབ་པར་མི་འགྱུར་རོ། །སྦྲུལ་དང་ཉེས་པ་རང་བཞིན་དང་། །གནས་དང་ཤུགས་ཀྱི་ཁྱད་པར་ནི། །ཕྲ་མོ་ཡན་ཆད་ལེགས་བརྟགས་ལ། །གསོ་བ་ཁྱད་པར་ཅན་བྱའོ། །ཞེས་བྱ་བ་ལ། སྦྲུལ་གྱི་ཁྱད་པར་དང་། ཉེས་པ་ནས་ཤུགས་ཀྱི་ཁྱད་ པར་ཕྲ་མོ་ཡན་ཆད་ཀྱང་ལེགས་པར་བརྟགས་ལ། དེ་དང་འཚམ་པའི་གསོ་བ་ཁྱད་པར་ཅན་བྱའོ། །སྲིན་བུ་བ་རིའི་རྩ་བ་དང་། །གི་རི་ཀར་ཎི་དཀར་པོའི་ཆུ། །བཏུང་བ་གདེངས་ཀ་ཅན་བཞིན་སྦྱར། །སྣ་སྨན་རུ་རྟ་སྦྲང་རྩི་གཏང་། །ཞེས་བྱ་བ་ལ། སྲིན་བུ་བ་རིའི་རྩ་བ་ལ་སོགས་པའི་ སྨན་ནི་གདེངས་ཀ་ཅན་གྱིས་ཟིན་པ་ལ་བླུད་པར་བྱའོ། །དེ་བཞིན་དུ་རུ་རྟའི་སྣ་སྨན་ཡང་གཏང་བར་བྱའོ། །སྦྲུལ་ནག་གིས་ནི་ཟིན་པ་ལ། །ཁྲག་གཏར་ནས་ནི་བཅའ་བ་དང་། །ན་གོ་ལི་ནི་སྦྱར་བ་བསྐུ། །ཡང་ན་རྩ་རྣོན་དུག་གིས་བསྐུ། །ཞེས་བྱ་བ་ལ། མི་སྦྲུལ་ནག་པོས་ཟིན་པ་ལ་གཏར་ག་ གདབ་པ་དང་བཅའ་བ་ལ་སོགས་པའི་ལྡེ་གུ་དང་། རྩ་རྣོ་བའི་དུག་གིས་སོས་འཛིན་པ་གསོ་བར་བྱའོ། །བཏུང་བར་བཙོད་དང་སྦྲང་རྩི་དང་། །ཁང་པའི་དུད་པ་མར་སྦྱར་བླུད། །ཅེས་བྱ་བ་ལ། སྦྲུལ་ནག་པོས་ཟིན་པ་ལ་བཙོད་ལ་སོགས་པ་བླུད་ན་ཕན་ནོ། །གདེངས་ཀ་ཅན་དང་རི་མོ་ཅན། ། མི་བཟད་དུག་གིས་ཟིན་པ་ལ། །ཏནྡུ་ལི་ཡ་ཏང་པལ་དང་། །གི་རི་ཀར་ཎི་རྣམ་གཉིས་དང་། །ཁ་ལུང་ཁཎྜ་སེ་འབྲུ་ནི། །བཏུང་དང་སྣ་སྨན་མིག་སྨན་བྱ། ཞེས་བྱ་བ་ལ། གདེངས་ཀ་ཅན་དང་རི་མོ་ཅན་གྱི་དུག་མི་བཟད་པ་ལ་ཏནྡུ་ལི་ཡ་ལ་སོགས་པའི་དུག་སྨན་བཏུང་བ་ལ་སོགས་པ་བཏང་ན་ཕན་ནོ། ། ཨ་ཤྭ་གནྡྷ་རྒུན་འབྲུ་དང་། །གི་རི་གར་ཎི་ས་ནག་དང་། །ཧ་ཏི་པི་པི་ལིང་དང་ནི། །བྱེའུ་རུག་པའི་ལོ་མ་དང་། །བིལ་བ་སེའུ་འབྲུ་ཀ་པིདྠ། །ཆ་ནི་ཕྱེད་ཕྱེད་སྦྲང་རྩིར་སྦྱར། །དུག་སྨན་ཡིན་ཏེ་ཁྱད་པར་དུ། །ལུས་འཁྱིལ་སྦྲུལ་གྱི་དུག་ལ་ཕན། །ཞེས་བྱ་བ་ལ། ཨ་ཤྭ་གནྡྷ་ལ་སོགས་པའི་ཆ་ཕྱེད་ཕྱེད་དང་ སྦྲང་རྩི་དང་སྦྱར་བའི་དུག་སྨན་ནི་དུག་ཐམས་ཅད་སེལ་ཞིང་མཆོག་ཏུ་གདེངས་ཀ་ཅན་གྱི་དུག་ལ་ཕན་ནོ། །ལོ་མ་ལྔ་དང་འབྲས་བུ་གསུམ། །ཤིང་མངར་ནཱ་ག་པུཥྤ་དང་། །ཨེ་ལ་བ་ལུ་ཛི་བ་ཀ །ཟངས་རྩི་བ་དང་པུ་ཤེལ་ཙེ། །ཁ་ར་ཤུག་པ་ཨུཏྤ་ལ། །སྦྲང་རྩི་དང་སྦྱར་ཁ་བ་ཅན། །ཞེས་ 202-1-264b བྱ་ལུས་འཁྱིལ་དུག་འཇོམས་སོ། །བསྐུས་ན་སྐྲང་དང་ཤུ་བ་མཆེད། །འབྲུམ་བུ་རིམས་དང་ལུས་ལྕི་སེལ། །ཞེས་བྱ་བ་ལ། ལོ་མ་ལྔ་པ་ལ་སོགས་པའི་དུག་སྨན་དུ་སྦྱར་བ་ནི་མིང་ཁ་བ་ཅན་ཞེས་བྱ་སྟེ། དེས་ནི་ལུས་འཁྱིལ་པའི་དུག་སེལ་བ་དང་བསྐུས་ན་སྐྲང་པ་ལ་སོགས་པ་སེལ་བར་ བྱེད་དོ། །ཏང་པལ་ནྱ་གྲོ་དྷའི་མྱུ་གུ། །ཛི་བ་ཀ་དང་ཟངས་རྩི་བ། །ཀ་ར་དཀར་པོ་ཤིང་མངར་བཙོད། །ཁུ་བ་ལུས་འཁྱིལ་དུག་ལ་བླུད། །ཅེས་བྱ་བ་ལ། ལུས་འཁྱིལ་བའི་དུག་གིས་ཟིན་པ་ལ་ནི་ཏང་པལ་ལ་སོགས་པའི་སྨན་ཆུ་དང་སྦྱར་བ་བླུད་པར་བྱའོ། །འོད་མའི་ཤུན་པ་ས་བོན་དང་། ། བཅའ་སྒ་པ་ཏོ་ལའི་ས་བོན། །ཤིར་ཤའི་ས་བོན་པུ་ཙེ་ཤེལ། །འབྲས་ཀྱི་རྩ་བ་བོང་ང་དཀར། །ཤུ་དག་བ་གཅིན་བཅས་པར་བཏགས། །ཡན་ལག་བརྒྱད་པ་ཞེས་བྱ་སྟེ། །གོ་ན་ས་ཡི་དུག་འཇོམས་སོ། །ཞེས་བྱ་བ་ལ། འོད་མའི་ཤུན་པ་དང་ས་བོན་ལ་སོགས་པ་སྨན་གྱི་ཡན་ལག་ བརྒྱད་པོ་བ་གཅིན་དང་སྦྱར་བ་བཏགས་ཏེ་བྱིན་ན་གོ་ན་སའི་དུག་སེལ་བར་འགྱུར་རོ། །རུ་རྟ་བོང་ང་པུ་ཙེ་ཤེལ། །ཧ་རེ་ཎུ་ཀ་ཁྱིམ་དུད་པ། །རྒྱ་སྤོས་སྦྲང་རྩི་ཚ་བ་གསུམ། །སྦྱར་བས་རི་མོ་ཅན་དུག་སེལ། །ཞེས་བྱ་བ་ལ། རུ་རྟ་ལ་སོགས་པའི་དུག་སྨན་གྱིས་སྦྲུལ་རི་མོ་ཅན་གྱི་དུག་སེལ་བར་བྱེད་དོ། ། འདམ་བུ་ཁྲ་བོ་འདྲས་ཟིན་ན། །ས་བརྐོས་འོག་ཏུ་ཐུན་གཉིས་གཞུག །ཕྱུང་སྟེ་བཞར་ལ་མར་སར་དང་། །འབྲས་དང་ས་ཡི་ལྡེ་གུས་བྱུག །ཅེས་བྱ་བ་ལ། འདམ་བུ་ཁྲ་བོ་ཞེས་བྱ་བའི་དུག་གིས་ཟིན་པ་ལ་ནི་ས་བརྐོས་པའི་འོག་ཏུ་ཐུན་གཉིས་ཀྱི་བར་དུ་རྨ་དེ་བཅུག་ལ། དེའི་འོག་ཏུ་ཕྱུང་སྟེ། གཙགས་བུས་བཞར་ལ་མར་སར་དང་འབྲས་དང་སའི་ལྡེ་གུས་བསྐུ་བར་བྱའོ། །འབྲས་བུ་གསུམ་གྱི་ཕྱེ་བཏབ་པའི། །མར་ནི་རྙིང་པ་བླུད་པར་བྱ། །ཞེས་བྱ་བ་ལ། ཡང་ན་སྦྲུལ་གྱིས་ཟིན་པ་ལ་འབྲས་བུ་གསུམ་ལ་སོགས་པའི་མར་བླུད་པར་བྱའོ། །ཞུ་ཞིང་བཀྲུས་ནས་ནས་ཟན་ནི། །སྲན་ཚོད་ དང་ནི་བཅས་པ་སྦྱིན། །ཞེས་བྱ་བ་ལ། མར་དེ་ཞུ་ནས་བཀྲུ་སྨན་བྱ་སྟེ། ནས་ཟན་ལ་སོགས་པ་སྦྱིན་པར་བྱའོ། །ཀ་ར་བཱི་ར་ཨརྐ་ཡི། །མེ་ཏོག་ལངྒ་ལིའི་རྩ་བ། །པི་པི་ལིང་དང་ན་ལེ་ཤམ། །པ་ཐ་སྐྱུར་རྩབས་ལྡེ་གུར་བྱས། །འདི་ནི་སྦྲུལ་གཞན་གྱིས་ཟིན་པའི། །སྦྲུལ་གྱི་དུག་ཀུན་སེལ་ 202-1-265a བ་ཡིན། །ཞེས་བྱ་བ་ལ། ཀ་ར་བཱི་ར་ལ་སོགས་པ་སྐྱུར་རྩབས་དང་ལྡེ་གུར་བྱས་ཏེ་བསྐུས་པའི་སྨན་འདི་ནི་སྦྲུལ་གཞན་གྱིས་ཟིན་པ་ཐམས་ཅད་ཀྱི་དུག་སྨན་ཡིན་ནོ། །ཤྲི་ཤའི་མེ་ཏོག་ཁུ་བ་དང་། །ན་ལེ་ཤམ་དཀར་ཞག་བདུན་སྦངས། །བཏུང་དང་སྣ་སྨན་བྱས་གྱུར་ ན། །སྦྲུལ་གྱི་མཆེ་བས་ཟིན་པ་སེལ། །ཞེས་བྱ་བ་ལ། ན་ལེ་ཤམ་དཀར་པོ་ཞེས་བྱ་བ་ཤི་ཀྲུའི་ས་བོན་ཤི་རི་ཤའི་མེ་ཏོག་བསྐོལ་བའི་ཁུ་བའི་ནང་དུ་ཞག་བདུན་སྦངས་ཏེ་སྦྲུལ་གྱིས་ཟིན་པ་ལ་བཏུང་བ་ལ་སོགས་པ་བྱིན་པས་ཕན་ནོ། །རྒྱ་སྤོས་རུ་རྟ་སྲང་གཉིས་གཉིས། །མར་དང་སྦྲང་རྩི་སྲང་བཞི་ བཞི། །འདི་བླུད་འཇོག་པོས་ཟིན་པ་ཡང་། །བདེ་བ་སྐྱེད་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། ཡང་ན་རྒྱ་སྤོས་ལ་སོགས་པ་ཡང་ཇི་སྐད་སྨོས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །དེ་ནས་གདེངས་ཀ་ཅན་གྱི་ཤུགས། །དང་པོར་ཁྲག་ནི་དབྱུང་བར་བྱ། །དུག་སྨན་སྦྲང་རྩི་ཞུན་མར་དང་། །བཅས་པ་མྱུར་དུ་ བླུད་པར་བྱ། །ཞེས་བྱ་བ་ལ། གདེངས་ཀ་ཅན་གྱིས་ཟིན་པའི་ཤུགས་དང་པོ་ལ་ནི་ཁྲག་དབྱུང་བ་ལ་སོགས་པའི་སྦྱོར་བ་བྱའོ། །གཉིས་པར་སློན་སྨན་བཏང་ནས་ནི། །དེ་བཞིན་དུག་སྨན་བླུད་པར་བྱ། །ཞེས་བྱ་བ་ལ། ཤུགས་གཉིས་པ་ལ་ནི་སློན་སྨན་བཏང་བ་དང་། གཏར་ག་ལ་སོགས་པ་སྔ་ མ་བཞིན་དུ་བྱའོ། །གསུམ་པར་དུག་སྨན་སྦྱར་བྱ་ཞིང་། །མིག་སྨན་དང་ནི་སྣ་སྨན་གཏང་། །ཞེས་བྱ་བ་ལ། གསུམ་པར་ནི་དུག་སྨན་གྱི་མིག་སྨན་ལ་སོགས་པ་སྦྱར་བར་བྱའོ། །བཞི་པར་སྐྱུག་སྨན་བཏང་ནས་ནི། །སྔར་བཤད་པ་ཡི་ནས་ཐུག་བླུད། །ཅེས་བྱ་བ་ལ། ཤུགས་བཞི་པ་ལ་ནི་དང་པོར་ སྐྱུག་སྨན་བཏང་ནས་གོང་དུ་བཤད་པའི་ནས་ཐུག་བླུད་པར་བྱའོ། །ལྔ་པ་དྲུག་པར་བསིལ་སྨན་གྱིས། །བསྐུ་ཞིང་སྨན་ཆུ་ཡང་ཡང་བླུགས། །སློན་སྨན་རྣོན་པོ་གཏང་བྱ་ཞིང་། །དུག་སེལ་ནས་ཐུག་བླུད་པར་བྱ། །ཞེས་བྱ་བ་ལ། ཤུགས་ལྔ་པ་དང་དྲུག་པ་ལ་ནི་དེ་ལ་བསིལ་སྨན་བསྐུ་བ་ལ་སོགས་ པའི་སྦྱོར་བ་རྣམས་བྱའོ། །བདུན་པར་དུག་སྨན་རྣོན་པོ་ཡི། །མིག་སྨན་དང་ནི་སྣ་སྨན་གཏང་། །ཞེས་བྱ་བ་ལ། ཤུགས་བདུན་པར་ནི་དུག་སྨན་གྱི་སྦྱོར་བ་ལ་སོགས་པ་བྱའོ། །དེ་ནས་སྤྱི་བོར་རྒྱ་གྲམ་དུ། །ཟབ་མོའི་མཚོན་གྱིས་བཏྲལ་ནས་ནི། །དེར་ནི་ཤ་འམ་ཁྲག་གམ་ནི། །པགས་པ་དག་ནི་ 202-1-265b གཞུག་པར་བྱ། །ཞེས་བྱ་བ་ལ། དེའི་འོག་ཏུ་མི་དེའི་མགོ་བོར་རྒྱ་གྲམ་བྱ་རོག་རྗེས་འདྲ་བར་བཏྲལ་ལ་དེར་ཤའམ་ཁྲག་གམ་པགས་པ་གཞུག་པར་བྱའོ། །ལུས་བསྐྱིལ་ཤུགས་ནི་གསུམ་པ་ལ། །སློན་སྨན་བཏང་ལ་ནས་ཐུག་བླུད། །ཅེས་བྱ་བ་ལ། ལུས་བསྐྱིལ་བའི་དུག་གི་ཤུགས་ གསུམ་པ་ལ་སློན་སྨན་བཏང་བའི་རྗེས་ལ་ནས་ཐུག་བླུད་པར་བྱའོ། །དྲུག་པར་སྨན་ནི་རྟུལ་པོའམ། །ཤུག་པ་ལ་སོགས་སྡེ་ཚན་བླུད། །ཅེས་བྱ་བ་ལ། ལུས་བསྐྱིལ་བའི་ཤུགས་དྲུག་པར་སྨན་རྣོན་པོ་མ་ཡིན་པའམ། ཤུག་པ་ལ་སོགས་པའི་སྡེ་ཚན་བསྐོལ་བ་བླུད་པར་བྱའོ། །ཁྲ་བོའི་ཤུགས་ནི་དང་པོ་ ལ། །ཞལ་ཞལ་ཟབ་ཏུ་གདབ་བྱ་ཞིང་། །ཀུ་བས་ཁྲག་ནི་བཏོན་ནས་ནི། །སྔ་མ་བཞིན་དུ་དུག་སྨན་བླུད། །ཅེས་བྱ་བ་ལ། སྦྲུལ་ཁྲ་བོས་ཟིན་པའི་ཤུགས་དང་པོ་ལ་ནི་ཞལ་ཞལ་གཏིང་ཟབ་ཏུ་གདབ་ལ། དེའི་འོག་ཏུ་ཀུ་བ་བཏབ་པས་ཁྲག་དབྱུང་བའམ་སྔ་མ་བཞིན་དུ་དུག་སྨན་བླུད་པར་བྱའོ། །དྲུག་ པར་མིག་སྨན་རྣོན་པོ་དང་། །སྣ་སྨན་ཕྱེ་མ་བུད་པ་གཏང་། །ཞེས་བྱ་བ་ལ། ཁྲ་བོས་ཟིན་པའི་ཤུགས་དྲུག་པ་ལ་མིག་སྨན་ཤིན་ཏུ་རྣོན་པོ་ལ་སོགས་པ་བྱའོ། །མ་སྨོས་པ་ཡི་ཤུགས་ལས་ནི། །གདེངས་ཀ་ཅན་སྐབས་བཤད་ལྟར་གསོ། །ཞེས་བྱ་བ་ལ། མ་སྨོས་པའི་ཤུགས་དང་པོ་དང་ གཉིས་པ་དང་བཞི་པ་ལ་སོགས་པ་ལ་ནི་གདེངས་ཀ་ཅན་གྱི་སྐབས་སུ་བཤད་པ་ལྟར་བྱའོ། །སྦྲུམ་མ་བྱིས་པ་རྒན་པོ་ལ། །གཏར་ག་མི་གདབ་འཇམ་པོས་གསོ། །ཞེས་བྱ་བ་ལ། སྦྲུམ་མ་ལ་སོགས་པ་སྦྲུལ་གྱིས་ཟིན་པ་ལ་ནི་གཏར་ག་མི་གདབ་པར་གསོ་བ་འཇམ་པོས་བྱའོ། །ཤིང་ཚ་ ལྡོང་རོས་རྒྱ་སྤོས་ཡུང་། །ཀུ་ཤའི་ཁུ་བ་ཆུ་སྲིན་སེན། །ཏ་མ་ལ་ཡི་གེ་སར་དང་། །འབྲས་བུ་ཆུ་གྲང་སྦྱར་བ་བླུད། །འདི་ཡིས་དབང་པོའི་རྡོ་རྗེས་ནི། །ལྷ་མིན་ལྟ་བུར་དུག་འཇོམས་བྱེད། །ཅེས་བྱ་བ་ལ། ཤིང་ཚ་ལ་སོགས་པའི་སྨན་འདི་དག་འབྲས་བཀྲུས་པའི་ཆུ་དང་སྦྱར་ཏེ་བླུད་པ་ནི་མིང་རྡོ་ རྗེ་ཞེས་བྱ་སྟེ། ཇི་ལྟར་བརྒྱ་བྱིན་གྱི་རྡོ་རྗེས་ལྷ་མ་ཡིན་འཇོམས་པ་ལྟར་དུག་སེལ་བར་བྱེད་དོ། །བིལ་བའི་རྩ་བ་བྱེའུ་རུག་པའི་མེ་ཏོག །རྒྱ་སྤོས་ཐང་ཤིང་ཀ་རཉྫའི་འབྲས་བུ། །སེར་པོ་རྣམ་གཉིས་འབྲས་བུ་གསུམ་དང་ནི། །ཚ་བ་གསུམ་པོར་ར་གཅིན་ཞིབ་བཏགས་པ། །བཏུང་དང་སྣ་སྨན་མིག་སྨན་ 202-1-266a སྦྱར་བ་ཡིས། །སྦྲུལ་དང་ལུ་ད་བྱི་བ་སྡིག་པ་སོགས། །དུག་དང་དབྱིག་དུག་མ་ཞུ་གསུད་དང་རིམས། །མི་ནི་གདོན་གྱིས་ཟིན་པ་བདེ་བར་བྱེད། །ཅེས་བྱ་བ་ལ། བིལ་བའི་རྩ་བའི་སྨན་ར་གཅིན་དང་ཞིབ་ཏུ་བཏགས་ཏེ་བཏུང་བ་ལ་སོགས་པར་བཏང་ན་སྦྲུལ་ལ་སོགས་པས་ཟིན་པ་དང་། མ་ཞུ་ བ་དང་། གདོན་གྱིས་ཟིན་པ་ལ་སོགས་པ་རྣམས་བདེ་བར་བྱེད་དོ། །སོས་བཏབ་བསྐུ་བ་ལ་སོགས་ཀྱིས། །མ་ལུས་བཏོན་པར་གྱུར་ཀྱང་ནི། །ཉམས་པའི་དུག་ནི་ཇི་བཞིན་དང་། །སླར་ཡང་ཤུགས་ནི་སྐྱེ་བར་བྱེད། །ཅེས་བྱ་བ་ལ། མཆེ་བའི་དུག་གིས་ཟིན་པ་ལ་བསྐུ་བ་ལ་སོགས་པས་མ་ལུས་པར་བཏོན་ པར་གྱུར་ཀྱང་སླར་གནོད་པའི་ཤུགས་བསྐྱེད་པར་གྱུར་པ་ནི་ཉམས་པའི་དུག་གམ་དུག་ཐ་མལ་པ་ལ་སོགས་པ་དང་འདྲ་བར་བྱེད་པ་ཡིན་ནོ། །དུག་དང་བྲལ་ནས་རླུང་འཁྲུགས་ན། །སྣུམ་ལ་སོགས་པས་གསོ་བྱ་ཞིང་། །ཏིལ་མར་ཆང་དང་རྒྱ་སྲན་ཆུ། །མ་གཏོགས་རླུང་ནི་སེལ་བ་སྦྱིན། །ཞེས་བྱ་བ་ལ། དུག་གི་ཤུགས་དང་བྲལ་ནས་རླུང་གི་ནད་འཁྲུགས་པར་གྱུར་ན་སྣུམ་གྱི་མར་ལ་སོགས་པས་གསོ་བར་བྱའོ། །མཁྲིས་པར་མཁྲིས་པའི་རིམས་སེལ་བའི། །སྨན་ཁུ་སྨན་མར་འཇམ་རྩིས་གསོ། །ཞེས་བྱ་བ་ལ། གལ་ཏེ་མཁྲིས་པ་འཁྲུགས་ན་ནི་མཁྲིས་པ་སེལ་བར་བྱེད་པ་དང་། རིམས་སེལ་བར་བྱེད་པའི་ སྨན་གྱིས་སེལ་བར་བྱེད་དོ། །བད་ཀན་སྦྲང་རྩིར་བཅས་པ་ཡི། །དོང་ཀ་ལ་སོགས་སྡེ་ཡིས་གསོ། །ཞེས་བྱ་བ་ལ། དུག་དང་བྲལ་ནས་བད་ཀན་འཁྲུགས་པར་གྱུར་ན་དོང་ཀ་ལ་སོགས་པའི་སྡེ་ཚན་སྦྲང་རྩི་དང་སྦྱར་བ་བླུད་པར་བྱའོ། །སྦྲུལ་གྱི་རུས་པས་གནོད་གྱུར་དང་། །དེ་བཞིན་རྟོག་པའི་དུག་ གིས་ཉེན། །ཀ་ར་རྒུན་འབྲུམ་པ་ཡ་སྱ། །ཤིང་མངར་ཁ་ར་སྦྲང་རྩིར་སྦྱར། །སྔགས་ཀྱིས་བཏབ་པའི་ཆུ་དང་བཅས། །གཏོར་ཞིང་སྤྲོ་བསྲིང་དགའ་བར་བྱ། །ཞེས་བྱ་བ་ལ། སྦྲུལ་གྱི་རུས་པས་ཟུག་པ་ལ་སོགས་པ་ལ་ནི་ཀ་ར་དང་། རྒུན་འབྲུམ་ལ་སོགས་པའི་སྨན་ལ་སོགས་པས་གསོ་བར་བྱའོ། ། ཀེ་ཀེ་རུ་དང་མུ་ཏིག་མརྒད་དང་། །བཻ་ཌཱུརྱ་དང་རྡོ་རྗེ་མཐོན་ཀ་ཆེ། །རས་བལ་ས་བོན་དུག་གིས་གནོད་པའམ། །ཁ་བ་ཅན་གྱི་རི་ལས་སྐྱེས་པ་ཡི། །སོ་མ་ར་ཛ་དང་ནི་བ་སྤྲུ་བ། །དེ་བཞིན་དྲོ་ན་མ་ཧཱ་དྲོ་ན་དང་། སྦྲུལ་ལ་ཡོད་པའི་ནོར་བུ་མ་ན་སི། །ནུས་པ་དང་ནི་ལྡན་པར་གྱུར་པ་ཡི། །དུག་ནི་དུག་གཞོམ་བྱ་ 202-1-266b ཕྱིར་བཅང་བར་བྱ། །ཞེས་བྱ་བ་ལ། ཀེ་ཀེ་རུ་དང་མུ་ཏིག་ལ་སོགས་པའི་རིན་པོ་ཆེ་དང་། སྨན་སྦྲུལ་གྱི་དུག་སེལ་བའི་ནུས་པ་དང་ལྡན་པ་རྐང་པ་དང་ལག་པ་དང་། མགུལ་དང་མགོ་ལ་གདགས་པར་བྱའོ། །ནུབ་མོའི་དུས་སུ་རྒྱུ་ཚེ་ཁྱད་པར་དུ། །གདུགས་དང་ཁར་སིལ་སྒྲ་དང་བཅས་པ་བཅང་། །དེ་ཡི་གྲིབ་ མ་སྒྲ་ཡི་སྐད་ཕྱུང་ནས། །སྦྲུལ་གྱི་ཚོགས་ནི་འབྱེར་བར་བྱེད་པར་འགྱུར། །ཞེས་བྱ་བ་ལ། མི་ནུབ་མོའི་དུས་སུ་རྒྱུ་བའི་ཚེ་གདུགས་དང་ཁར་བ་སྒྲ་དང་བཅས་པ་བཅང་བར་བྱ་སྟེ། གདུགས་དེའི་གྲིབ་མ་དང་ཁར་སིལ་དེའི་སྒྲ་སྐད་ཀྱིས་སྦྲུལ་གྱི་ཚོགས་འབྱེར་ཞིང་མཐོང་བའི་ཡུལ་ལས་འདས་པར་འགྱུར་རོ། །ཡན་ ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་སུམ་ཅུ་རྩ་དྲུག་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་སྲིན་བུའི་དུག་གསོ་བ་བཤད་པར་བྱའོ། །སྦྲུལ་ཉིད་ཀྱི་ནི་བཤང་གཅི་དང་། །ཁ་ཆུ་ སྒོ་ང་ལུས་རུལ་སྐྱེས། །ནད་ནི་རེ་རེ་འདུས་པ་དང་། །ལྡན་པའི་སྲིན་བུའི་དུག་རྣམ་བཞི། །ཞེས་བྱ་བ་ལ། འབུ་གང་སྦྲུལ་ཉིད་ཀྱི་བཤང་གཅི་ལ་སོགས་པ་རུལ་པ་ལས་སྐྱེས་པར་གྱུར་ཅིང་། དེ་དག་ཀྱང་ནད་སྣ་རེ་རེ་དང་འདུས་པ་ལས་གྱུར་པའི་སྲིན་བུའི་དུག་རྣམ་པ་བཞི་ཡིན་ནོ། །རླུང་གི་སྲིན་བུས་ཟིན་ གྱུར་ན། །ཤས་ཆེར་ན་ཞིང་ཟུག་པར་བྱེད། །ཅེས་བྱ་བ་ལ། རླུང་གི་རང་བཞིན་ཅན་གྱི་སྲིན་བུས་ཟིན་པར་གྱུར་ན། ཚ་བ་ལ་སོགས་པས་མཚན་ལྷག་པར་ན་བ་དང་ཟུག་པར་བྱེད་པ་ཡིན་ནོ། །མེ་ཡི་སྲིན་བུས་འཛག་པ་ཆུང་། །ཚ་ཞིང་དམར་ལ་ཤུ་བ་མཆེད། །བ་ལུའི་འབྲས་བུ་སྨིན་པའམ། །འབྲ་ གོའི་འབྲས་བུ་སྨིན་པ་འདྲ། །ཞེས་བྱ་བ་ལ། མེའི་རང་བཞིན་ཅན་གྱི་སྲིན་བུས་ཟིན་པ་ན་མཆུའི་རྗེས་འཛག་པ་ཆུང་བ་དང་། ཚ་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །བད་ཀན་ཤས་ཆེས་ནད་ཚབས་ཆུང་། །ཨུ་དུམྺཱ་ར་སྨིན་པ་འདྲ། །ཤས་ཆེར་འཛག་པའོ། །ཞེས་བྱ་བ་ལ། བད་ཀན་གྱི་རང་བཞིན་ ཅན་གྱི་འབུས་ཟིན་པར་གྱུར་ན་མཆུས་བཏབ་པས་ནད་ཚབས་ཆུང་བ་ལ་སོགས་པ་ཡིན་ནོ། །འདུས་པ་ཡི། མཚན་ཉིད་ཐམས་ཅད་ལྡན་པ་དང་། །ཤུགས་ནི་སྦྲུལ་དང་འདྲ་བ་དང་། །སྐྲང་པ་འཕེལ་ཞིང་ཁྲག་དྲི་མནམ། །མགོ་དང་མིག་ལྕི་བརྒྱལ་མགོ་འཁོར། །དབུགས་མི་བདེ་ན་སྤང་བར་བྱ། ། 202-1-267a ཞེས་བྱ་བ་ལ། འདུས་པའི་རང་བཞིན་ཅན་གྱི་འབུས་ཟིན་པ་ནི་མཆུ་རྗེས་མཚན་ཉིད་ཐམས་ཅད་དང་ལྡན་པ་དང་། སྦྲུལ་གྱི་ཤུགས་བདུན་དང་ལྡན་པ་དང་། སྐྲང་པ་ལ་སོགས་པ་དང་ལྡན་པ་ཡིན་ཏེ། དེ་ནི་གསོར་མི་རུང་བས་སྤང་བར་བྱའོ། །ཀུན་ཏུ་སྐྲངས་པ་ལྟེ་བ་ཅན། ། ཚ་བ་གཡོ་ཞིང་ཡི་ག་འཆུས། །ཞེས་བྱ་བ་ལ། འབུ་ཐམས་ཅད་ཀྱིས་ཟིན་པ་ནི་དབུས་ལྟེ་བ་ཅན་དུ་མཐོ་བར་སྐྲངས་པ་དང་། ཚ་བ་ལ་སོགས་པ་དང་ལྡན་པ་ཡིན་ནོ། །སྡིག་པའི་དུག་ནི་རྣོ་བ་སྟེ། །དང་པོར་མེ་ལྟར་སྲེག་པར་བྱེད། །སྟེང་དུ་མྱུར་དུ་མཆེད་བྱེད་ཅིང་། །མཆེ་བ་འོག་ཏུ་འདུག་པ་ཡིན། ། ཞེས་བྱ་བ་ལ། སྡིག་པ་ཞེས་བྱ་བའི་འབུས་ཟིན་པའི་དུག་ནི་རང་བཞིན་རྣོ་བ་དང་། དང་པོར་མེ་ལྟར་སྲེག་པར་བྱེད་པ་དང་། སོས་བཏབ་པའི་སྟེང་དུ་མྱུར་དུ་མཆེད་ཅིང་འཕེལ་བ་དང་། མཆེ་བ་འོག་ཏུ་འདུག་པ་ཡིན་ནོ། །ཟིན་མ་ཐག་ནི་རབ་ཏུ་གནག །གས་པ་སྙམ་དུ་སེམས་ཤིང་ཟུག །ཅེས་ བྱ་བ་ལ། སྡིག་པའི་མཆེ་བས་ཟིན་པ་ནི་འཕྲལ་དུ་ཤས་ཆེར་ན་བར་འགྱུར་བ་དང་། དེ་བཞིན་དུ་རབ་ཏུ་ན་ཞིང་གནག་པ་དང་། གས་ཤིང་གྱེས་པ་སྙམ་དུ་སེམས་པ་ཡིན་ནོ། །དེ་ནི་ལྕི་བ་སོགས་རུལ་དང་། །དུག་གིས་ཕོག་སོགས་རུལ་བ་དང་། །སྦྲུལ་རུལ་བ་ལས་སྐྱེས་པ་ནི། །དུག་ཚབས་ ཆུང་དང་འབྲིང་དང་ཆེ། །ཞེས་བྱ་བ་ལ། སྡིག་པ་དེ་དག་གི་ལྕི་བ་ལ་སོགས་པ་རུལ་བ་ལས་བྱུང་བ་དེ་ནི་དུག་གི་ཚབས་ཆུང་བ་ཡིན་ནོ། །དུག་གིས་ཕོག་པའི་ཤ་རུལ་བ་ལ་སོགས་པ་ལས་འབྱུང་བ་ནི་འབྲིང་ཡིན་ནོ། །སྦྲུལ་གྱི་ཤ་རུལ་པ་ལས་སྐྱེས་པ་ནི་དུག་གི་ཚབས་ཆེ་བ་ཡིན་ནོ། །ཚབས་ ཆུང་སེར་ཞིང་དཀར་དང་གནག །རྩུབ་དང་ཁྲ་ཞིང་གཟིག་མདོག་ཅན། །སྤུ་དང་ཚིགས་ནི་དམར་བ་དང་། །དམར་ཞིང་ལྟོ་བ་དཀར་བ་ཡིན། །ཞེས་བྱ་བ་ལ། དུག་གི་ཚབས་ཆུང་བའི་སྡིག་པ་ནི་སེར་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །བར་མ་ལྟོ་རུ་ཚིགས་གསུམ་པ། །རྐེད་ པ་སེར་སྐྱ་དམར་བ་ཡིན། །ཞེས་བྱ་བ་ལ། སྡིག་པའི་དུག་བར་མའི་ལྟོ་བར་དུད་ཀ་ཅན་ལ་སོགས་པ་ཡིན་ནོ། །དུག་ཆེ་སེར་སྐྱ་ཁྲ་བ་དང་། །རི་མོ་ཅན་ལ་ཁྲག་འདྲ་ཞིང་། །མེ་འདྲ་ཚིགས་ནི་གཉིས་སམ་གཅིག །ལྟོ་བ་དཀར་ཞིང་དམར་རམ་གནག །ཅེས་བྱ་བ་ལ། སྡིག་པ་ཆེ་བ་ནི་སེར་སྐྱ་ 202-1-267b ལ་སོགས་པའི་མཚན་ཉིད་ཅན་ཡིན་ནོ། །དེས་ཟིན་ལྕེ་ནི་སྐྲངས་པ་དང་། །ལུས་རེངས་རིམས་ཀྱིས་ཉེན་པ་དང་། །བུ་ག་ལས་ནི་ཁྲག་རྣག་སློན། །དབང་པོའི་དོན་ནི་མི་ཤེས་ཤིང་། །རྔུལ་ཞིང་བརྒྱལ་ལ་ཁ་སྐོམ་དང་། །རྨོངས་ཞིང་ནད་ཀྱིས་ཉེན་པ་དང་། །ཤ་ནི་ཞིག་པར་བྱེད་པ་སྟེ། ། ཕལ་ཆེར་སྲོག་ནི་འདོར་བར་བྱེད། །ཅེས་བྱ་བ་ལ། སྡིག་པ་དེས་ཟིན་པའི་མཚན་མ་ནི་ལྕེ་སྐྲངས་པ་ལ་སོགས་པ་དང་། དེ་བཞིན་དུ་དབང་པོའི་དོན་གྱི་ཡུལ་མི་ཤེས་ཤིང་རྟོགས་པར་མི་འགྱུར་བ་དང་། ཤ་ཞིག་པའི་བར་ཡིན་ཏེ། དེ་ལྟ་བུའི་ནད་ཀྱིས་ཟིན་པའི་མི་ནི་ཕལ་ཆེར་སྲོག་དང་ བྲལ་བར་འགྱུར་རོ། །མཆུ་སྦོམ་པས་ནི་ཁ་ཡིས་ནི། །འདེབས་ཤིང་གསོར་རུང་སྡིག་པ་ལས། །ལྷག་པར་ན་བྱེད་ལུས་རེངས་ཤིང་། །མཚན་གྱི་སྦུབས་ནི་ལྡང་བ་དང་། །ལུས་ནི་རྔུལ་བར་བྱེད་འགྱུར་ཞིང་། །སོས་འདེབས་ཆུ་གྲང་སྙམ་དུ་སེམས། །ཞེས་བྱ་བ་ལ། མཆུ་སྦོམ་པ་ ཞེས་བྱ་བའི་འབུ་ནི་མཆུས་འདེབས་པར་བྱེད་ལ། དེ་ཡང་གསོར་རུང་བའི་སྡིག་པའི་ནད་ལས་ལྷག་པར་ན་བར་བྱེད་པ་དང་ལུས་རེངས་པ་ལ་སོགས་པར་བྱེད་པ་ཡིན་ནོ། །དེ་ཉིད་རྔ་མོའི་དུད་ཀ་དང་། །མཚན་མོ་རྒྱུ་བས་མཚན་མོ་ཅན། །ཞེས་བྱ་བ་ལ། དེ་ཉིད་ནི་རྔ་མོའི་དུད་ཀ་དང་། མཚན་ མོ་རྒྱུ་བ་དང་མཚན་མོ་ཅན་ཞེས་སློབ་དཔོན་གྱིས་མིང་དུ་བཏགས་པ་ཡིན་ནོ། །སྲིན་བུ་རླུང་མཁྲིས་ཤས་ཆེ་ཞིང་། །རྔ་མོ་བྱི་བ་བད་ཀན་ཅན། །རྔ་མོའི་དུད་པ་ཞེས་བྱ་བ། །ཕལ་ཆེར་རླུང་ཤས་ཆེ་བ་ཡིན། །ཞེས་བྱ་བ་ལ། འབུ་སྲིན་བུ་ཞེས་བྱ་བ་ནི་ཕལ་ཆེར་རླུང་དང་མཁྲིས་པའི་ཤས་ཆེ་བ་ཡིན་ལ། རྔ་མོ་དང་བྱི་བ་ཞེས་བྱ་བ་ནི་ཕལ་ཆེར་བད་ཀན་གྱི་ཤས་ཆེ་བ་ཡིན་ལ། རྔ་མོའི་དུད་པ་ཞེས་བྱ་བ་ནི་ཕལ་ཆེར་རླུང་གི་ཤས་ཆེ་བ་ཡིན་ནོ། །ནད་ནི་གང་དང་གང་གི་ནི། །མཚན་མ་ཤས་ཆེ་བ་ལས་བརྟག །དེ་དང་དེ་ལས་གསོ་བའི་སྨན། །ཡོན་ཏན་མི་མཐུན་པ་ཡིས་གསོ། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་གང་དང་གང་གི་ཤས་ཆེ་བ་ཤེས་པར་བྱས་ལ། ནད་དེ་དང་དེའི་ཡོན་ཏན་དང་མི་མཐུན་པའི་སྨན་གྱིས་གསོ་བར་བྱའོ། །སྙིང་གཟེར་སྟོད་རླུང་གིས་རེངས་ཤིང་། །རྩ་མི་སྣང་ཞིང་རུས་ཚིགས་ན། །མགོ་འཁོར་ལུས་བཅིངས་སྙམ་དུ་སེམས། །མདོག་གནག་རླུང་ལས་གྱུར་ 202-1-268a པའི་དུག །ཅེས་བྱ་བ་ལ། རླུང་གི་ཤས་ཆེ་བའི་དུག་ནི་སྙིང་གཟེར་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །དྲན་ཉམས་དབུགས་ནི་ཚ་བར་བྱེད། །སྙིང་ཚ་ཁ་ནི་ཁ་བྲོ་ལ། །ཤ་འགས་སྐྲང་བར་བྱེད་པ་དང་། །ཁྲག་སེར་བ་ནི་མཁྲིས་པ་ཅན། །ཞེས་བྱ་བ་ལ། མཁྲིས་ པ་ཅན་གྱི་དུག་གིས་ཟིན་པའི་མཚན་མ་ནི་དྲན་པ་ཉམས་པ་དང་། དབུགས་ཚ་བ་ལ་སོགས་པ་ཡིན་ནོ། །སློན་ཞིང་སྙིང་ན་ཡི་ག་འཆུས། །ཁ་ཆུ་འཛག་ཅིང་ཆམ་པས་འདེབས། །གྲང་བཅས་ཁ་ནི་མངར་བར་བྲོ། །བད་ཀན་ཤས་ཆེའི་དུག་ནད་ཡིན། །ཞེས་བྱ་བ་ལ། བད་ཀན་གྱི་བདག་ ཉིད་ཅན་གྱི་དུག་གིས་ཟིན་པ་ནི་སློན་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །འབའ་ཆས་རྨ་ནི་བསྐུ་བ་དང་། །རླུང་སེལ་ཏིལ་མར་གྱིས་བསྐུ་དང་། །སྦུ་གུ་མ་སྨིན་འབྲུ་དུགས་དང་། །བརྟ་བར་བྱ་བའི་ཆོ་གས་ཕན། །ཞེས་བྱ་བ་ལ། དེ་དག་གི་གསོ་བ་ནི་རླུང་གི་བདག་ཉིད་ཅན་གྱི་ དུག་ལ་ནི་ཏིལ་ལ་སོགས་པའི་འབའ་ཆས་བསྐུ་བ་དང་། ཏིལ་མར་གྱིས་བསྐུ་བ་ལ་སོགས་པ་བྱས་ན་ཕན་ནོ། །མཁྲིས་པ་ཅན་ལ་སྨན་ཆུ་བླུགས། །ཤིན་ཏུ་གྲང་བའི་ལྡེ་གུས་བསྐུ། །ཞེས་བྱ་བ་ལ། མཁྲིས་པ་ཅན་གྱི་དུག་ལ་ནི་ཤིན་ཏུ་བསིལ་བའི་སྨན་གྱི་ཆུ་བླུགས་པ་དང་ལྡེ་གུས་བསྐུ་ བས་ཕན་ནོ། །བད་ཀན་ཅན་ལ་བཞར་ཞིང་བཅད། །དུགས་དང་སྐྱུག་སྨན་བཏང་བས་གསོ། །ཞེས་བྱ་བ་ལ། བད་ཀན་ཅན་གྱི་དུགས་ནི་བཞར་བ་ལ་སོགས་པས་བསལ་བར་བྱའོ། །སྲིན་བུ་རྣམ་པ་གསུམ་པོ་ལ། །གསོ་བ་རྣམ་པ་གསུམ་པོས་ཕན། །ཞེས་བྱ་བ་ལ། འབུའི་ རིགས་གསུམ་པོ་ལ་ནི་གསོ་བ་རྣམ་པ་གསུམ་པོ་བྱས་ན་ཕན་ནོ། །དུགས་དང་བསྐུ་དང་སྨན་ཆུ་བླུགས། །ཕལ་ཆེར་དྲོ་འཇམ་གཏང་བར་བྱ། །གཞན་དུ་བརྒྱལ་དང་མཆེ་བ་ཡི། །རྣགས་དང་འདྲུལ་བར་བྱེད་མ་གཏོགས། །ཞེས་བྱ་བ་ལ། འབུའི་དུག་ཕལ་ཆེར་ལ་དུགས་ལ་སོགས་པ་དྲོ་ འཇམ་ཙམ་བྱ་བ་སྟེ། གཞན་དུ་ན་བརྒྱལ་བ་ལ་སོགས་པ་ལ་ནི་དེ་དག་བྱར་མི་རུང་ངོ་། །མི་སྐྲ་ཡུངས་ཀར་སེར་པོ་དང་། །བུ་རམ་རྙིང་པའི་དུད་པས་བདུག །དུག་དང་མཆེ་བའི་དུག་ཀུན་ལ། །མཆོག་ཏུ་ཕན་པར་འདྲོབ་སྐྱོང་འཆད། །ཅེས་བྱ་བ་ལ། དུག་གིས་ཟིན་པ་ཐམས་ཅད་ལ་མིའི་སྐྲ་ལ་ 202-1-268b སོགས་པའི་དུད་པས་བདུག་པ་ཕན་པར་དྲང་སྲོང་འདྲོབ་སྐྱོང་གིས་བཤད་དོ། །དུག་སེལ་སྨན་ནི་ཐམས་ཅད་དང་། །སྦྱང་བའི་ལས་ཀྱང་བྱ་བ་ཡིན། །ཞེས་བྱ་བ་ལ། མཆེ་བ་དུག་ཅན་གྱིས་ཟིན་པ་ཐམས་ཅད་ལ་སྦྱོར་བ་འདི་དག་བྱས་ན་ཡང་ཕན་ནོ། །སྲིན་བུ་སྡིག་པ་མི་བཟད་དུག །འབུས་ ཟིན་སྦྲུལ་གྱིས་ཟིན་ལྟར་གསོ། །ཞེས་བྱ་བ་ལ། སྲིན་བུ་རྣམས་ཀྱི་དུག་ལ་ནི་སྦྲུལ་གྱི་དུག་ལྟར་གསོས་ན་ཡང་ཕན་ནོ། །ཏན་དུ་ལི་ཡ་ཆ་མཉམ་པའི། །དུར་བྱིད་དང་ནི་ཞུན་མར་བླུད། །འབུ་ཡི་དུག་གིས་གངས་ཅན་ལྟར། །བསྐྱོད་པར་ནུས་པ་མ་ཡིན་ནོ། །ཞེས་བྱ་བ་ལ། སྐྱེས་བུས་ ཏན་དུ་ལི་ཡ་ལ་སོགས་པའི་སྨན་འཐུངས་ན་ཡང་སྲིན་བུའི་དུག་གིས་གངས་ཅན་བསྐྱོད་པར་མི་ནུས་པ་དང་འདྲ་བར་བསྐྱོད་མི་ནུས་པར་བྱེད་དོ། །འོ་མ་ཅན་ཤུན་ལྡེ་གུས་བསྐུ། །སྦྱངས་བྱས་སྲིན་བུའི་དུག་སེལ་བྱེད། །ཅེས་བྱ་བ་ལ། མི་སྦྱངས་པ་བྱས་ནས་འོ་མ་ཅན་གྱི་ཤིང་གི་ཤུན་པའི་ ལྡེ་གུས་བསྐུས་ན་ཡང་སྲིན་བུའི་དུག་སེལ་བར་བྱེད་དོ། །མུ་ཏིག་ལྡེ་གུས་བསྐུས་ན་ཡང་། །སྐྲང་དང་དུག་དང་ཚ་བ་སེལ། །ཞེས་བྱ་བ་ལ། མུ་ཏིག་བཏབ་པའི་ལྡེ་གུས་བསྐུས་ན་ཡང་སྐྲང་བ་དང་། ཟུག་པ་ལ་སོགས་པ་སེལ་བར་བྱེད་པའི་མཆོག་ཡིན་ནོ། །ཤུ་དག་ཤིང་ཀུན་བྱི་དང་ཀ ། རྒྱམ་ཚ་ཧ་ཏི་པི་པི་ལིང་། །པ་ཐ་བོང་ང་ཚ་བ་གསུམ། །འདྲོབ་སྐྱོང་གིས་ནི་བཤད་པ་ཡིན། །ཡན་ལག་བཅུ་པའི་དུག་སྨན་ནི། །འདྲོབ་སྐྱོང་གིས་ནི་བཤད་པ་དག །བླུད་ན་སྲིན་བུའི་དུག་ཀྱང་སེལ། །ཞེས་བྱ་བ་ལ། ཤུ་དག་ལ་སོགས་པའི་དུག་སྨན་ཡན་ལག་བཅུ་པ་ནི་འདྲོབ་སྐྱོང་ གིས་བཤད་པ་ཡིན་ཏེ། དེས་ཀྱང་སྲིན་བུའི་དུག་ཐམས་ཅད་སེལ་བར་བྱེད་དོ། །སྡིག་པའི་དུག་གིས་འཕྲལ་ཟིན་ལ། །འཁོར་ལོས་བཙིར་བའི་ཏིལ་མར་བསྐུ། །ས་ལ་པརྞི་བསྐོལ་བ་ཡི། །དྲོ་འཇམ་ཡང་ན་གཞན་དག་བླུགས། །ཞེས་བྱ་བ་ལ། སྡིག་པའི་མཆེ་བའི་དུག་གིས་ཟིན་པ་ལ། འཁོར་ལོས་བཙིར་བའི་ཏིལ་མར་སར་པ་དང་། ས་ལ་པར་ཎི་དྲོ་འཇམ་ཙམ་མམ། ཡང་ན་ཏིལ་གཞན་དག་ལས་བྱུང་བའི་ཏིལ་མར་བླུགས་པར་བྱའོ། །རྒྱམ་ཚ་དང་ནི་བཅས་པ་ཡི། །ཞུན་མར་ཡང་དང་ཡང་དུ་བླུགས། །ཞེས་བྱ་བ་ལ། ཡང་ན་མར་དང་རྒྱམ་ཚ་སྦྱར་བ་བླུགས་པར་བྱའོ། །ཡང་ 202-1-269a ན་སྐྱུར་རྩབས་དྲོ་འཇམ་མམ། །རྒྱམ་ཚའོ་མར་བཅས་པ་བླུགས། །ཞེས་བྱ་བ་ལ། གཞན་དུ་ན་སྦྱོར་བ་འདི་ཉིད་བྱས་ན་ཡང་ཕན་ནོ། །མར་དང་བརྔོས་པའི་གོ་སྙོད་དང་། །རྒྱམ་ཚར་བཅས་པས་དཀྲི་བར་བྱ། །ཞེས་བྱ་བ་ལ། ཡང་གོ་སྙོད་དང་རྒྱམ་ཚའི་ལྡེ་གུ་མར་ དང་བརྔོས་པས་དཀྲིས་ན་ཕན་ནོ། །མཆེ་བས་ཟིན་པ་དུགས་བྱས་ལ། །ཞལ་ཞལ་བཏབ་སྟེ་འབྲས་བུ་གསུམ། །སེར་པོ་གཉིས་དང་ཚ་བ་གསུམ། །ཤིར་ཤའི་མེ་ཏོག་བསྐུ་བར་བྱ། །ཞེས་བྱ་བ་ལ། མཆེ་བས་ཟིན་པ་ལ་ནི་དང་པོར་དུགས་བྱས་ལ། གཙགས་བུས་ཞལ་ཞལ་བྱས་ཏེ་ འབྲས་བུ་གསུམ་པོ་ལ་སོགས་པའི་ཕྱེ་མས་བཏབ་པའམ། ལྡེ་གུས་བསྐུ་བར་བྱའོ། །རྒྱམ་ཚ་ཁ་ལུང་བ་གཅིན་སྐྱུར། །བྱེའུ་རུག་པའི་རྩེ་མོ་བཏགས། །འབའ་ཆའམ་ལྕི་བ་དྲོ་འཇམ་ཙམ། །བསྐུས་ནའང་ཕན་པར་འགྱུར་བ་ཡིན། །ཞེས་བྱ་བ་ལ། ཡང་ན་རྒྱམ་ཚ་ལ་སོགས་པའི་ ལྡེ་གུའམ་འབའ་ཆའམ། བའི་ལྕི་བ་དྲོ་འཇམ་ཙམ་བསྐུས་ན་ཡང་ཕན་ནོ། །བཏུང་བ་ཞུན་མར་སྦྲང་རྩིར་བཅས། །ཡང་ན་འོ་མར་ཁ་ར་བཏབ། །ཅེས་བྱ་བ་ལ། ཡང་ན་ཞུན་མར་ལ་སོགས་པའི་བཏུང་བ་བྱིན་ན་ཡང་ཕན་ནོ། །ཕུག་རོན་རྟུག་པ་ཨ་རུ་ར། །རྒྱ་སྤོས་བཅའ་སྒ་ཁ་ལུང་གི ། ཁུ་བ་དང་སྦྱར་བླུད་པ་ནི། །སྡིག་པས་ཟིན་པའི་སྨན་མཆོག་ཡིན། །ཞེས་བྱ་བ་ལ། ཡང་ཕུག་རོན་གྱི་རྟུག་པ་ལ་སོགས་པ་ཡང་མཆོག་ཏུ་ཕན་པ་ཡིན་ནོ། །རྔ་མོའི་སོ་ནི་ཆུ་བལ་བཅས། །སྡིག་པའི་དུག་ནི་འཇོམས་པར་བྱེད། །ཅེས་བྱ་བ་ལ། ཡང་ན་རྔ་མོའི་སོ་ལ་སོགས་པ་ཡང་ཕན་ནོ། །ཤིང་ ཀུན་པ་ལ་ཁ་ལུང་གི། །ཁུ་བ་དང་སྦྱར་ལྡེ་གུ་དང་། །མིག་སྨན་རི་ལུར་བྱས་ན་ནི། །སྡིག་པའི་དུག་ནི་སེལ་མཆོག་ཡིན། །ཞེས་བྱ་བ་ལ། ཡང་ན་ཤིང་ཀུན་ལ་སོགས་པའི་སྨན་གྱི་སྦྱོར་བས་ཕན་ནོ། །ཀ་རཉྫ་དང་ཨརྫུ་ན། །གི་རི་ཀརྞི་སེ་ལུ་དང་། །ཤིར་ཤའི་མེ་ཏོག་དུག་མོ་ཡུངས། །ཞོ་ག་ ཆུ་དང་བཏགས་བསྐུས་ན། །སྡིག་པའི་དུག་ནི་སེལ་བར་བྱེད། །ཅེས་བྱ་བ་ལ། ཡང་ན་ཀ་རཉྫ་ལ་སོགས་པའི་སྦྱོར་བ་ཡང་ཕན་ནོ། །གང་ཞིག་རྨུགས་ཤིང་རྔམ་པ་འཐོན། །བླ་ཞིང་མི་བཟད་ན་གྱུར་པ། །དེ་ལ་ཡུང་དང་ཨ་རུ་ར། །བཙོད་དང་བོང་ང་པི་པི་ལིང་། །བིལ་བ་གཞོན་ནུ་ན་ལེ་ཤམ། ། 202-1-269b ཏ་ཀ་ཡི་ཁུ་བར་བཏགས། །ལྡེ་གུས་བྱུགས་ན་ཕན་པ་ཡིན། །ཞེས་བྱ་བ་ལ། མི་གང་སེམས་རྨུགས་པ་དང་། རྔམ་པ་འཐོན་པ་དང་། བླ་ཞིང་འབྲེལ་པ་དང་། འབྲེལ་པའི་ཚིག་མང་དུ་སྨྲ་བ་དང་། བརྣག་པར་དཀའ་བ་ན་བར་གྱུར་པ་གང་ཡིན་པ་དེ་ལ་ཡུང་བ་ལ་སོགས་པའི་ལྡེ་གུས་ བསྐུ་བར་བྱའོ། །སྦྲང་མ་གདུག་པའི་དུག་ཀུན་ལ། །ཞོ་དང་མར་ནི་བླུད་བྱ་ཞིང་། །གཏར་ག་གདབ་ཅིང་སྣ་སྨན་དང་། །མིག་སྨན་གྱི་ནི་ཆོ་ག་བྱ། །དྲོ་ཞིང་སྣུམ་དང་སྐྱུར་བ་དང་། །རླུང་འཇོམས་ཁ་ཟས་སྦྱིན་པར་བྱ། །ཞེས་བྱ་བ་ལ། སྦྲང་མ་གདུག་པའི་དུག་གིས་ཟིན་པ་ལ་ནི་ཞོ་དང་ མར་བླུད་པ་ལ་སོགས་པའི་སྦྱོར་བ་དང་། ཁ་ཟས་དྲོ་བ་ལ་སོགས་པ་རླུང་སེལ་བ་སྦྱིན་པར་བྱའོ། །དོང་གྲ་བྱི་བའི་རྟུག་པ་དང་། །ཁ་ལུང་ཁུ་བ་བ་བླ་དང་། །རྒྱམ་ཚ་པུ་ཤེལ་ཙེ་སྦྱར་བའི། །ལྡེ་གུས་སྦྲང་མའི་དུག་མྱུར་འཇོམས། །ཞེས་བྱ་བ་ལ། དོང་གྲ་ལ་སོགས་པའི་ལྡེ་གུས་བསྐུས་ ན་སྦྲང་མ་གདུག་པའི་རིགས་ཐམས་ཅད་ཀྱི་དུག་འཇོམས་པར་བྱེད་དོ། །སྡིག་པས་ཟིན་པའི་ཐ་མར་ནི། །དུག་ནི་ཤས་ཆེར་ལངས་གྱུར་པ། །ཟིན་པའི་རྨ་ལ་དུག་གིས་བསྐུ། །ཨུཙྪེ་ཊིཾ་ཀའི་གསོ་བའང་འདི། །ཞེས་བྱ་བ་ལ། སྡིག་པས་ཟིན་པའི་མི་ལ་གསོ་བ་ཐམས་ཅད་བྱས་པའི་ཐ་མར་ དུག་མི་བཟད་པ་ལངས་པར་གྱུར་ན་རྨ་དེ་ལ་དུག་གིས་བསྐུ་བར་བྱའོ། །ཨུཙྪེ་ཊིཾ་ཀ་ཞེས་བྱ་བའི་འབུས་ཟིན་པ་ཡང་ཆོ་ག་འདི་ཉིད་བྱའོ། །གླང་པོ་ཆེ་ཡི་རྟུག་པའི་སྟེང་། །རོ་ཧི་ཤའི་རྩ་སེའུའི་ཆུ། །ལྡེ་གུར་བྱས་བཏགས་བསྐུས་ན་ནི། །འདི་ནི་སྦྲང་མའི་དུག་འཇོམས་མཆོག ། ཅེས་བྱ་བ་ ལ། གླང་པོ་ཆེའི་རྟུག་པའི་སྟེང་དུ། རོ་ཧི་ཤའི་རྩ་བ་དང་། སེའུའི་ཆུ་ལྡེ་གུར་བྱས་ལ་བསྐུས་ན་སྦྲང་མའི་དུག་ཐམས་ཅད་འཇོམས་པའི་མཆོག་ཡིན་ནོ། །ཤིར་ཤའི་ས་བོན་ཨརྒ་ཡི། །འོ་མས་ལན་གསུམ་བསྒོས་པ་ནི། །པི་པི་ལིང་གི་ཕྱེ་མར་བསྲེས། །དུག་སྨན་འདིས་ནི་སྲིན་བུའི་ དུག །སྦྲུལ་དང་ལུ་ཏ་བྱི་བ་ཡི། །དུག་ནི་སེལ་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། ཤིར་ཤའི་ས་བོན་པི་པི་ལིང་གི་ཕྱེ་མ་དང་བསྲེས་ལ། ཨརྒའི་འོ་མས་ལན་གསུམ་བསྒོས་ཏེ་སྦྱར་བའི་སྨན་འདིས་ནི་སྲིན་བུའི་དུག་ཐམས་ཅད་སེལ་བར་བྱེད་དོ། །ཤིར་ཤ་ཀ་རཉྫ་ཡི་ས་བོན་དང་། །གུར་གུམ་ 202-1-270a རུ་རྟ་ལྡོང་རོས་བཅས་པ་ཡི། །དུག་སྨན་འདིས་ནི་མཚན་རྒྱུའི་སྡིག་པས་ཟིན། །སེལ་བར་བྱེད་པ་ཡིན་པར་རྒྱལ་བས་གསུངས། །ཞེས་བྱ་བ་ལ། ཤིར་ཤའི་ས་བོན་ལ་སོགས་པ་སྦྱར་བའི་དུག་སྨན་འདིས་ནི་མཚན་མོ་རྒྱུ་བའི་སྡིག་པས་ཟིན་པ་སེལ་བར་བྱེད་པའི་དམ་པ་ཡིན་པར་ རྒྱལ་བ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །སྲིན་བུ་ལས་ནི་རབ་གདུག་པ། །བ་ནི་བཅུ་དྲུག་ཡིན་པར་བཤད། །གཞན་དག་ཉི་ཤུ་རྩ་བརྒྱད་འདོད། །ཁ་ཅིག་དེ་བས་མང་བར་འདོད། །ཉི་མའི་འོད་ཀྱི་རྗེས་འབྲང་བ། །སྟོང་ཕྲག་ཡོད་ཅེས་གཞན་དག་འཆད། ། ཅེས་བྱ་བ་ལ། སྲིན་བུ་རྣམས་ལས་རབ་ཏུ་གདུག་ཅིང་གསོ་དཀའ་བ་ནི་སྲོག་ཆགས་བ་ཞེས་བྱ་བ་ཡིན་ལ། དེའི་དབྱེ་བ་ཡང་བཅུ་དྲུག་ཡོད་པར་སློབ་དཔོན་གྱིས་བཤད་དོ། །ཁ་ཅིག་ནི་དེ་ཉི་ཤུ་རྩ་བརྒྱད་ཡོད་པར་འདོད་དོ། །དྲང་སྲོང་གཞན་དག་ནི་དེ་བས་ཀྱང་མང་བར་འདོད་དོ། ། དྲང་སྲོང་ཁ་ཅིག་ནི་ཉི་མའི་འོད་ཀྱི་རྗེས་སུ་འབྲང་ཞིང་སྐྱེ་བ་སྟོང་ཕྲག་དུ་མ་ཡོད་པར་འཆད་དོ། །བླ་བརྣན་གཟུགས་ནི་མང་གྱུར་པ། །དུག་ཅན་པ་ནི་གཅིག་པུར་འདོད། །ཅེས་བྱ་བ་ལ། སྲོག་ཆགས་བ་ནི་བླ་བརྣན་མང་ཞིང་གཟུགས་མང་བའི་དུག་ཅན་ནི་གཅིག་པུ་ཁོ་ནར་འདོད་དོ། ། དེ་ཡི་གཟུགས་དང་མིང་དག་ནི། །ཤིན་ཏུ་འདྲེས་པས་ཤེས་པར་དཀའ། །གནས་ཀྱི་ངེས་པ་ཡོད་མིན་པས། །དེ་ཕྱིར་ནད་ལས་བཤད་པར་བྱ། །ཞེས་བྱ་བ་ལ། བ་དེའི་གཟུགས་ལ་སོགས་པ་ནི་ཤིན་ཏུ་ཤེས་པར་དཀའ་ཞིང་། གནས་ཀྱི་ངེས་པ་ཡང་ཡོད་པ་མ་ཡིན་པས་དེའི་རང་བཞིན་ནི་ནད་ཀྱི་ ཚུལ་ལས་བཤད་པར་བྱའོ། །ནད་གཞི་སོ་སོའི་གསོ་བ་དཀའ། །འདུས་པ་ལས་གྱུར་གསོར་མི་རུང་། །ཞེས་བྱ་བ་ལ། བ་དེ་ནི་ནད་གཞི་ཐ་དད་པ་ལས་གྱུར་པ་ནི་གསོ་དཀའ་བ་ཡིན་ལ། འདུས་པ་ལས་གྱུར་པ་ནི་གསོར་མི་རུང་བ་ཡིན་ནོ། །དེས་ཟིན་མཁྲིས་གྱུར་ཚ་བ་དང་། །སྐོམ་དད་ཆུ་བུར་ རིམས་ཀྱིས་འདེབས། །རྨོངས་བག་རབ་ཚ་དམར་སེར་མདོག །རྣགས་ཤིང་རྒུན་འབྲུའི་འབྲས་བུ་འདྲ། །ཞེས་བྱ་བ་ལ། བ་དེས་ཟིན་པའི་མཁྲིས་པ་ལས་གྱུར་པའི་མཚན་མ་ནི་ཚ་བ་ལ་སོགས་པ་ཡིན་ནོ། །བད་ཀན་ལས་གྱུར་སྲ་ཞིང་སྐྱེ། །པ་རུ་ཤ་ཀའི་འབྲས་བུ་འདྲ། །གཉིད་ཆེ་གྲང་རིམས་ 202-1-270b ལུད་པ་ལུ། །ཤིན་ཏུ་གཡའ་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། བས་ཟིན་པའི་བད་ཀན་ཅན་གྱི་མཚན་ཉིད་ནི་སྲ་ཞིང་མདོག་སྐྱ་བ་ལ་སོགས་པ་ཡིན་ནོ། །རླུང་གྱུར་རྩུབ་ཅིང་གནག་པ་དང་། །ཚིགས་ན་རིམས་ཀྱིས་འདེབས་པར་བྱེད། །ཅེས་བྱ་བ་ལ། དེ་ལ་རླུང་ལས་གྱུར་པ་ནི། རེག་ ན་རྩུབ་ཅིང་ཁ་དོག་གནག་པ་ལ་སོགས་པ་ཡིན་ནོ། །དེ་ཡི་དབྱེ་བ་ནད་ཀྱི་ནི། །རང་གི་མཚན་ཉིད་ལས་ཤེས་བྱ། །ཞེས་བྱ་བ་ལ། བདེའི་དབྱེ་བ་ནི་དེ་ལྟར་ནད་ཀྱི་རང་གི་མཚན་ཉིད་ལས་ཤེས་པར་བྱའོ། །གསོར་མི་རུང་བ་སྙིང་ཚ་ཞིང་། །ལུད་པ་སྐྱིགས་བུ་མགོ་ནད་དང་། །འབྲུམ་ཕྲན་ དཀར་དང་སེར་དང་གནག །དམར་དང་སྐྱ་བ་ལས་འབྱུང་འགྱུར། །འདར་ཞིང་སྐྲངས་ལ་ཚ་བ་དང་། །སྐོམ་དད་ལང་ཞིང་སྣ་འཆུས་ལ། །མཆུ་གནག་སོ་ནི་གཡོ་བ་དང་། །རྒྱབ་དང་མིད་པ་བཅོམ་སྙམ་སེམས། །འཛམ་བུའི་འབྲས་བུ་སྨིན་འདྲ་བའི། །ཁྲག་ནི་མཆུས་བལྡགས་རྨ་ ལས་འཛག །ཅེས་བྱ་བ་ལ། བས་བལྡགས་པ་གསོ་བར་མི་རུང་བ་ནི། སྙིང་ཚ་བ་ལ་སོགས་པ་དང་། འབྲུམ་ཕྲན་མདོག་དཀར་བ་ལ་སོགས་པ་འབྱུང་བར་འགྱུར་བ་དང་། འདར་བ་ལ་སོགས་པའི་མཚན་ཉིད་ཅན་ནས་མཆུས་བལྡགས་པ་ལས་འཛམ་བུ་སྨིན་པའི་འབྲས་བུ་འདྲ་བའི་ ཁྲག་འཛག་པར་འགྱུར་བའི་བར་ཡིན་ནོ། །འདུས་གྱུར་མཚན་ཉིད་ཀུན་ལྡན་ཞིང་། །མིང་ནི་མང་པོར་གྱུར་པ་ཡིན། །ཞེས་བྱ་བ་ལ། བ་ཐམས་ཅད་ཀྱང་འདུས་པ་ལས་གྱུར་པ་ཡིན་ཞིང་། ནད་སྐྱེད་པར་བྱེད་པ་ཡིན་ལ། དེའི་མིང་ཡང་དུ་མར་གྱུར་པ་ཡིན་ནོ། །དེའི་དུག་རྣོན་པོ་བར་མ་དང་། ། དམན་པའི་དབྱེ་བས་གསུམ་དུ་འགྱུར། །ཞེས་བྱ་བ་ལ། བ་དེ་ནི་དུག་རྣོན་པོ་ལ་སོགས་པའི་དབྱེ་བས་རྣམ་པ་གསུམ་དུ་འགྱུར་རོ། །མ་བཅོས་ཞག་བདུན་ཞག་བཅུ་དང་། །ཟླ་བ་ཕྱེད་ཀྱི་རིམས་ཀྱིས་གསོད། །ཅེས་བྱ་བ་ལ། བ་དེའི་དུག་ནི་མ་བཅོས་ཤིང་གསོ་བ་མ་བྱས་ན་དུག་རྣོན་ པོས་ནི་ཞག་བདུན་ནས་གསོད་དོ། །དུག་བར་མས་ནི་ཞག་བཅུ་ནས་གསོད་དོ། །དུག་དམན་པས་ནི་ཟླ་བ་ཕྱེད་ཀྱིས་གསོད་དོ། །བ་དང་མཆུ་རིངས་ཐམས་ཅད་ཀྱང་། །གླང་ཤུ་ཀོར་ཀོར་པོར་བྱེད་ཅིང་། །དཀར་དང་གནག་དང་དམར་དང་སེར། །གནག་པའམ་འཇམ་ཞིང་མཐོ་བ་ 202-1-271a དང་། །དབུས་སུ་གནག་པའམ་སྔོ་བ་ལ། །མཐའ་མ་དྲ་བ་ལྟ་བུས་ཁེབས། །མཆེད་ཅིང་སྐྲང་བར་བྱེད་པ་དང་། །ཚ་ཞིང་མང་དུ་ན་བ་དང་། །རིམས་འདེབས་མྱུར་དུ་རྣགས་ཤིང་འདྲུལ། །རུལ་ཞིང་གས་པར་བྱེད་པ་དང་། །རྣག་གིས་གང་དུ་རེག་གྱུར་པའི། ། ཕྱོགས་དེར་ཡང་ནི་རྨ་སྐྱེད་བྱེད། །ཅེས་བྱ་བ་ལ། བ་དང་སྦྲང་བུ་མཆུ་རིང་ལ་སོགས་པ་ཐམས་ཅད་ཀྱང་གླང་ཤུ་ཟླུམ་པོ་ཀོར་ཀོར་པོ་དང་འདྲ་བ་སྐྱེད་པར་བྱེད་ཅིང་། མདོག་ནི་དཀར་པོ་ལ་སོགས་པ་གང་ཡང་རུང་བར་གྱུར་ལ། དེ་བཞིན་དུ་འཇམ་པ་ལ་སོགས་པའི་མཚན་ཉིད་དང་ ལྡན་པ་དང་། ཤུ་བ་མཆེད་པ་ལ་སོགས་པ་དང་། རིམས་ལ་སོགས་པ་སྐྱེད་པར་བྱེད་པ་ཡིན་ནོ། །དབུགས་དང་མཆེ་བ་བཤང་གཅི་དང་། །ཁུ་ཆུ་ཁ་ཆུ་སེན་མོ་ཁྲག །བརྒྱད་པོ་གནོད་བྱེད་ཁྱད་པར་དུ། །དུག་ནི་ཁ་ལ་གནས་པ་ཡིན། །ཞེས་བྱ་བ་ལ། བ་ལ་སོགས་པའི་སྲིན་ བུ་གདུག་པ་འདི་དག་ནི། དབུགས་ལ་སོགས་པ་བརྒྱད་ལ་དུག་ཡོད་པས་གནོད་པར་བྱེད་ལ། ཁྱད་པར་དུ་ནི་དུག་དེ་ཁ་ལ་གནས་པ་ཡིན་ནོ། །བ་ནི་ལྟེ་བ་ཡན་ཆད་འཛིན། །སྲིན་བུ་སྟོད་སྨད་ཀུན་ཏུ་གནོད། །ཅེས་བྱ་བ་ལ། བ་ནི་ལྟེ་བ་ཡན་ཆད་དུ་གནོད་ཅིང་དུག་འདེབས་པར་བྱེད་ ལ། སྲིན་བུ་ནི་ལུས་ཀྱི་སྟོད་སྨད་ཀུན་ཏུ་གནོད་པར་བྱེད་དོ། །དེས་གནོད་བྱས་པའི་གོས་ལ་སོགས། །ལུས་ལ་རེག་ན་ནད་སྐྱེད་བྱེད། །ཅེས་བྱ་བ་ལ། བ་དང་སྲིན་བུ་གདུག་པ་དེས་གནོད་ཅིང་གོས་པར་བྱས་པའི་གོས་ལ་སོགས་པས་ལུས་ལ་རེག་ན་ཡང་དུག་གི་ནད་སྐྱེད་པར་བྱེད་ དོ། །བ་དང་སྲིན་བུ་ལས་གྱུར་དུག །ཉིན་ཕྱེད་བར་དུ་ཚོར་མི་འགྱུར། །ཞེས་བྱ་བ་ལ། བ་དང་སྦྲང་བུ་གདུག་པ་ལ་སོགས་པས་ཟིན་པའི་དུག་ནི་ཉི་མ་ཕྱེད་ཀྱི་བར་དུ་ཚོར་བར་མི་འགྱུར་རོ། །དེ་ནས་དང་པོའི་ཉིན་ཞག་ལ། །ཁབ་ཀྱིས་གཙགས་པ་སྙམ་དུ་སེམས། །མདོག་མི་གསལ་ ཞིང་གསོ་བ་དང་། །ཅུང་ཟད་གཡའ་ཞིང་ནད་དང་ལྡན། །ཞེས་བྱ་བ་ལ། དེའི་འོག་ཏུ་སྲིན་བུས་ཟིན་པ་དེ་དང་པོའི་ཉིན་ཞག་ལ་ཁབ་ཀྱིས་གཙགས་པ་སྙམ་དུ་སེམས་པ་ལ་སོགས་པར་འགྱུར་རོ། །གཉིས་པར་མཐའ་མ་ཤིན་ཏུ་མཐོ། །འབྲུམ་བུ་ཕྲ་མོས་ཁྱབ་པ་འདྲ། །མདོག་ 202-1-271b གསལ་གྱུར་ནས་དབུས་དམའ་ཞིང་། །གཡའ་ཞིང་རྨེན་བུ་ལྟ་བུར་སྣང་། །ཞེས་བྱ་བ་ལ། སྦྲང་བུ་གདུག་པས་ཟིན་ནས་ཞག་གཉིས་པའི་མཐའ་མ་ནི་ཤིན་ཏུ་མཐོ་བ་ལ་སོགས་པར་འགྱུར་རོ། །གསུམ་པར་རིམས་བཅས་སྤུ་ལྡང་ཞིང་། །འཁོར་ལིང་དམར་པོར་སྣང་བ་དང་། །ཁམ་ ཕོར་གཟུགས་འདྲ་ཕལ་ཆེར་ནི། །བ་སྤུའི་བུ་ག་འཛག་པར་འགྱུར། །ཞེས་བྱ་བ་ལ། ཞག་གསུམ་པར་ནི་རིམས་དང་བཅས་པ་ལ་སོགས་པར་འགྱུར་ཞིང་། བ་སྤུའི་བུ་ག་ནས་ཆུ་སེར་ལ་སོགས་པ་འཛག་པར་འགྱུར་རོ། །ཉིན་ཞག་བཞི་པར་རབ་སྐྲང་ཞིང་། །མགོ་འཁོར་ལུས་ཚ་ དབུགས་མི་བདེ། །ཞེས་བྱ་བ་ལ། དེའི་ཉིན་ཞག་བཞི་པ་ལ་ནི་དེ་ལས་གྱུར་པའི་ནད་སྐྲང་བ་ལ་སོགས་པར་འགྱུར་རོ། །ལྔ་པར་དུག་ལྡང་ལས་གྱུར་པའི། །ནད་ནི་དེ་དང་དེ་དག་སྐྱེད། །དྲུག་པར་གནད་དུ་ཁྱབ་པར་བྱེད། །བདུན་པར་སྲོག་ནི་འཇོམས་པར་བྱེད། །ཅེས་བྱ་བ་ལ། གདུག་པའི་ དུག་དེས་དྲུག་པ་ལ་ནི་གནད་རྣམས་ལ་ཁྱབ་པར་བྱེད་ལ། ཞག་བདུན་པ་ལ་ནི་གསོད་པར་བྱེད་དོ། །དེ་ལྟར་དུག་ནི་རྣོན་པོ་དང་། །བར་མ་དམན་པ་དབྱེ་བར་བྱ། །ཞེས་བྱ་བ་ལ། ཚུལ་དེ་ལྟར་ན་རྣོན་པོ་ལ་སོགས་པའི་དུག་གི་དབྱེ་བ་བསྟན་པ་ཡིན་ནོ། །དེ་ནས་ཉིན་ཞག་ཉི་ཤུ་ནི། །གཅིག་ན་ ཡོང་ཡེ་ཞི་བར་འགྱུར། །ཞེས་བྱ་བ་ལ། དེ་ནས་ཉིན་ཞག་ཉི་ཤུ་རྩ་གཅིག་འདས་ནས་ནི་རྣམ་པ་ཐམས་ཅད་དུ་ཞི་བར་འགྱུར་རོ། །དེ་ནས་བ་ཡིས་ཟིན་པ་ནི། །མཚོན་གྱིས་རྨ་ནི་གནོད་པར་བྱ། །འཛམ་བུའི་མཆུ་ལ་སོགས་པས་བསྲེག །མཁྲིས་པ་ལས་གྱུར་བསྲེག་མི་བྱ། །ཞེས་བྱ་བ་ལ། དེའི་འོག་ཏུ་བས་བལྡགས་པའི་རྨ་མཚོན་གྱིས་བཅད་དེ་གནོད་པ་དང་། འཛམ་བུའི་མཆུ་ལ་སོགས་པའི་ཆ་སྤྱད་ཀྱིས་བསྲེག་པར་བྱའོ། །མཁྲིས་པ་ལས་གྱུར་པའི་རྨ་ནི་བསྲེག་ཏུ་མི་རུང་སྟེ། མེས་ནི་མཁྲིས་པ་ལས་གྱུར་པའི་རྨའི་ནད་སྐྱེ་བའི་ཕྱིར་རོ། །རྩུབ་ཅིང་སྤུ་ནི་གྱེས་པ་དང་། །གནད་དང་ ཚིགས་ལ་སོགས་པ་ནས། །ཟིན་ནས་ཀུན་ཏུ་ཁྱབ་གྱུར་པ། །གཅད་པར་མི་བྱ་བསྲེག་མི་བྱ། །ཞེས་བྱ་བ་ལ། རྩུབ་པ་ལ་སོགས་པའི་མཚོན་གྱིས་གཅད་དུ་ཡང་མི་རུང་ལ་མེས་བསྲེག་ཏུ་ཡང་མི་རུང་ངོ་། །བསྲེག་པ་དུག་སྨན་རྒྱམ་ཚ་དང་། །སྦྲང་རྩིར་སྦྱར་བས་བསྐུ་བར་བྱ། །ཞེས་ 202-1-272a བྱ་བ་ལ། མཆེ་བས་ཟིན་པ་བསྲེག་པ་ལ་ནི་རྒྱམ་ཚ་དང་སྦྲང་རྩིར་སྦྱར་བའི་དུག་སྨན་བསྐུ་བར་བྱའོ། །དེ་རྗེས་འོ་མ་ཅན་ཤིང་བསྐོལ། །སྨན་ཁུ་ཤིན་ཏུ་བསིལ་མོ་བླུགས། །ཞེས་བྱ་བ་ལ། འབུས་ཟིན་པའི་རྨ་བསྲེགས་པ་དེའི་འོག་ཏུ་སྨན་གྱི་ཁུ་བ་ཡང་བླུགས་པར་བྱའོ། །རྔབས་རྭ་ སོགས་སམ་གཏར་ག་ཡིས། །ཐམས་ཅད་ལ་ནི་ཁྲག་དབྱུང་བྱ། །ཞེས་བྱ་བ་ལ། གདུག་པའི་སྲིན་བུས་ཟིན་པ་ཐམས་ཅད་ལ་རྔབས་རྭ་ལ་སོགས་པས་ཁྲག་དབྱུང་བར་བྱའོ། །དེ་ནས་བསིལ་སྨན་བསྐུ་བླུགས་བྱ། །ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་བསིལ་བའི་སྨན་གྱི་ལྡེ་གུས་བསྐུ་བ་ དང་། ཤིན་ཏུ་བསིལ་བའི་སྨན་གྱི་ཆུ་བླུགས་པར་བྱའོ། །སླེ་སྨན་ཏ་ཀ་ཨ་ཤྭད་ཐ། །བ་རུ་ར་དང་པྲི་ཡང་ཀུ། །ཤུག་པ་སེར་གཉིས་སྦྲང་རྩིར་སྦྱར། །བ་དང་སྲིན་བུ་ལ་སོགས་པའི། །དུག་འཇོམས་ལས་ནི་ཐམས་ཅད་བྱེད། །ཅེས་བྱ་བ་ལ། སླེ་སྨན་ཏ་ཀ་ལ་སོགས་པ་སྦྲང་རྩི་དང་སྦྱར་ བའི་ལྡེ་གུས་བས་བལྡགས་པ་དང་། སྲིན་བུ་གདུག་པས་ཟིན་པ་ལ་སོགས་པའི་དུག་སེལ་ཞིང་ལས་ཐམས་ཅད་བྱེད་པ་ཡིན་ནོ། །སེར་པོ་རྣམ་གཉིས་རྨ་ཤིང་བཙོད། །པདྨ་གེ་སེར་རྒྱ་སྤོས་ནི། །སྦྲང་རྩི་མར་སྦྱར་ཙམ་པ་ཀ །སྔ་མ་བས་ཀྱང་ཡོན་ཏན་ལྷག །ཅེས་བྱ་བ་ལ། སེར་པོ་རྣམ་ གཉིས་ལ་སོགས་པ་སྦྱར་བའི་དུག་སྨན་ནི་ཙམ་པ་ཀ་ཞེས་བྱ་སྟེ། སྔ་མ་བས་ཡོན་ཏན་ཆེ་བ་ཡིན་ནོ། །ལྕི་ཁུ་བཙིར་དང་ཀ་ར་དཀར། །ཨ་པ་མརྒ་ལྡོང་རོས་དང་། །བ་བླ་སྐྱེར་པ་བྱ་མ་ཀ །ཡུག་སྣམ་སྦྲང་རྩི་མར་དེ་བཞིན། །ཞེས་བྱ་བ་ལ། ལྕི་ཁུ་བཙིར་བ་ལ་སོགས་པའི་སྨན་ནི་དེ་བཞིན་ཏེ། བ་ལ་སོགས་པའི་དུག་འཇོམས་ཤིང་ལས་ཐམས་ཅད་བྱེད་པ་ཡིན་ནོ། །རྒྱ་སྤོས་ན་ལེ་ཤམ་སུག་སྨེལ། །རུ་རྟ་ཤིང་མངར་སྦྲང་རྩི་མར། །སྦྱར་བའི་སྨན་ནི་མན་ད་ར། །ཞེས་བྱ་བ་ལ། རྒྱ་སྤོས་ལ་སོགས་པ་སྦྱར་བའི་སྨན་ནི་མིང་མན་ད་ར་ཞེས་བྱ་སྟེ། དེའི་ཡོན་ཏན་ཡང་དེ་དང་འདྲའོ། །རྒྱ་ སྤོས་སེང་ཕྲོམ་པུ་ཙེ་ཤེལ། །ཤུ་དག་པ་ཐ་སུག་སྨེལ་དང་། །གུར་གུམ་སྤོས་ངད་ལྡང་དེ་བཞིན། །ཞེས་བྱ་བ་ལ། གཞན་ཡང་རྒྱ་སྤོས་ལ་སོགས་པ་སྦྱར་བའི་སྨན་ནི་སྤོས་ངད་ལྡང་བ་ཞེས་བྱ་སྟེ། ཡོན་ཏན་ཡང་སྔ་མ་དང་འདྲ་བ་ཡིན་ནོ། །ནད་གཞི་མང་ལ་དུག་འཇོམས་པའི། །སྦྱང་བ་བྱས་ 202-1-272b པས་གསོ་བར་བྱ། །ཞེས་བྱ་བ་ལ། སྐྱེས་བུ་ནད་གཞི་མང་བ་ལ་དུག་འཇོམས་པའི་སྨན་གྱིས་དང་པོར་སྦྱང་བར་བྱའོ། །ཤིང་མངར་དང་ནི་པོ་སོན་ཆ། །ཀོ་ཤ་ཏ་ཀི་ཨང་ཀོ་ལ། །སིན་དུ་བ་ར་འབྲས་ཆུར་སྦྱར། །འཐུངས་ན་བད་ཀན་ལས་གྱུར་དུག །མྱུར་དུ་སློན་པར་བྱེད་པ་ཡིན། །ཞེས་བྱ་བ་ ལ། བད་ཀན་གྱི་ཤས་ཆེ་བ་ལ་ནི་ཤིང་མངར་ལ་སོགས་པའི་སྨན་འབྲས་ཀྱི་ཆུ་དང་བླུད་ན། དུག་མྱུར་དུ་འབྱིན་པར་བྱེད་དོ། །ཤིར་ཤའི་ལོ་མ་མེ་ད་དང་། །རྩ་བ་འབྲས་བུ་ཨང་ཀོ་ལའི། །རྩ་བར་བཅས་པའང་དེ་བཞིན་ནོ། །ཞེས་བྱ་བ་ལ། ཤི་རི་ཤའི་ལོ་མ་དང་རྩ་བ་དང་འབྲས་བུ་དང་། ཨང་ ཀོ་ལའི་རྩ་བ་དང་བཅས་པ་འབྲས་ཀྱི་ཆུ་དང་སྦྱར་ཏེ་འཐུངས་ན་ཡང་བད་ཀན་ལས་གྱུར་པའི་སྲིན་བུའི་དུག་དེ་མྱུར་དུ་སློན་པར་བྱེད་དོ། །འབྲས་བུ་གསུམ་དང་ནི་ལི་ནི། །དུར་བྱིད་ལ་སོགས་བཀྲུ་སྨན་གཏང་། །ཞེས་བྱ་བ་ལ། གལ་ཏེ་བཀྲུ་སྨན་གྱིས་གསོ་བར་འོས་པ་ཡིན་ན་ནི། འབྲས་བུ་གསུམ་ལ་ སོགས་པའི་བཀྲུ་སྨན་གཏང་བར་བྱའོ། །སྐྲང་དང་ཚ་སོགས་ཞི་གྱུར་ན། །རྨ་ཡི་ལྟེ་བ་དཔོག་པར་བྱ། །ཞེས་བྱ་བ་ལ། གལ་ཏེ་སྐྲང་པ་ལ་སོགས་པ་ཞི་བར་གྱུར་ན་འོག་ནས་བཤད་པའི་སྨན་གྱིས་རྨའི་ལྟེ་བ་དཔོག་པར་བྱའོ། །བ་བླ་ལེ་བརྒན་རྩིའི་མེ་ཏོག །ཁྲོན་བུ་བྱི་བའི་རྟུག་པ་དང་། །དུར་བྱིད་དན་ ད་རྒྱམ་ཚར་སྦྱར། །ལྟེ་བ་འབྱིན་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། བ་བླ་ལ་སོགས་པའི་སྨན་སྦྱར་ཏེ་བསྐུས་ན་ཡང་ལྟེ་བ་འབྱིན་པར་བྱེད་དོ། །དེ་བཞིན་ཨུ་ཏ་མ་ཀ་རིའི། །རྩ་བ་སྨིན་པའི་ཤུན་བཅས་པའི། །ཞེས་བྱ་བ་ལ། དེ་བཞིན་དུ་ཨུ་ཏ་མ་ཀ་རིའི་རྩ་བ་དང་། སྨིན་པའི་ཤུན་པ་གཉིས་ཀྱིས་ཀྱང་ལྟེ་བ་ འབྱིན་པར་བྱེད་དོ། །རྒྱམ་ཚ་རུ་རྟ་པུ་ཙེ་ཤེལ། །དན་ད་པ་ཡ་སྱ་སྦྱར་བའམ། །རཱ་ཛ་ཀོ་ཤ་ཏ་ཀིའི་རྩར། །དར་བའི་ཚིགས་མ་སྦྱར་བར་བྱ། །ཞེས་བྱ་བ་ལ། ཡང་ལྟེ་བ་མཐོ་བ་དེ་དབྱུང་བའི་ཕྱིར་རྒྱམ་ཚ་ལ་སོགས་པའི་སྦྱོར་བའམ། རཱ་ཛ་ཀོ་ཤ་ཏ་ཀིའི་རྩ་བ་དང་། དར་བའི་ཚིགས་མ་སྐ་བ་དང་སྦྱར་བས་ཀྱང་བྱའོ། ། ལྟེ་བ་བཅད་པའི་དུས་སུ་ནི། །དུག་སེལ་བ་ཡིས་བརྟ་བར་བྱ། །ཞེས་བྱ་བ་ལ། ལྟེ་བ་བཅད་པའི་དུས་སུ་དུག་སེལ་བར་བྱེད་པའི་ཁ་ཟས་དང་། སྨན་གྱིས་བརྟ་བར་བྱའོ། །སྣུམ་ཆོས་མ་ལུས་བྱ་བ་ནི། །ཞུན་མར་ཉིད་ཀྱིས་བྱ་བ་ཡིན། །ཞེས་བྱ་བ་ལ། སྲིན་བུའི་དུག་གི་སྣུམ་ཆོས་ལ་ནི་ཀུན་ཀྱང་ཞུན་མར་ 202-1-273a གྱིས་བྱའོ། །ཏིལ་མར་གྱིས་ནི་རྩྭ་སོགས་ལ། །མེ་མཆེད་ལྟ་བུར་དུག་འཕེལ་བྱེད། །ཅེས་བྱ་བ་ལ། གལ་ཏེ་ཏིལ་མར་གྱིས་སྣུམ་ཆོས་བྱས་ན་ནི། རྩྭ་སྔོན་པོར་མེ་མཆེད་པ་ལྟར་དུག་དེ་འཕེལ་བར་འགྱུར་རོ། །བེ་ཀྃ་ཀ་ཏ་བ་ལི་ཀ །ཐལ་ ཏྲེས་གླ་སྒང་སྤྲི་ཀ་དང་། །ཙནྡན་ཉ་ལྕིབས་སོ་ན་ཀ །ཨུཏྤལ་རྒྱ་སྤོས་ཤིང་མངར་དང་། །ཤིང་ཚ་ཤུག་པ་ན་གུ་ལི། །པོ་སོན་ཆའི་རྐང་ལྷན་ཅིག་སྦྱར། །སྐྱེར་པ་གླ་སྒང་སར་པ་ཀྵི། །བཅའ་སྒ་པི་པི་ལིང་རྩ་བ། །པི་པི་ལིང་དང་ཙི་ཏྲ་ཀ །བ་རུ་ན་དང་ཨ་ག་རུ། ། བིལ་བ་ནིམ་པ་བ་ཏ་ལི། །རུ་རྟ་ནཱ་ག་གེ་སར་དང་། །སེའུ་ལུ་ལྷན་ཅིག་སྦྱར་བ་དང་། །བིལ་བ་ཙནྡན་ཨུཏྤ་ལ། །རྒྱ་སྤོས་བཅའ་སྒ་པི་པི་ལིང་། །ལྕང་མ་ནིམ་པ་རུ་རྟ་དང་། །ཆུ་སྲིན་སྡེར་མོ་ཛི་བན་ཏི། །ག་བྲའི་རྩ་བ་པ་ཏ་ལི། །ཛི་བན་ཏི་དང་པོ་སོན་ཆ། ། ཤིང་ཚ་སྦྱར་བ་དེ་དག་ནི། །མིག་སྨན་སྣར་བླུགས་བྱུག་པ་དང་། །སྨན་ཆུ་བླུགས་པའི་སྦྱོར་བ་ཡིས། །མཁྲིས་པ་བད་ཀན་རླུང་གྱུར་པའི། །ལུ་ཏའི་དུག་ནི་ཇི་སྙེད་པ། །ཚུལ་ཁྲིམས་ལ་གནས་ངན་འགྲོ་བཞིན། །འདི་ཡིས་དུག་ནད་ཀུན་འཇོམས་བྱེད། ། ཅེས་བྱ་བ་ལ། བེ་ཀང་ཀ་ཏ་ལ་སོགས་པའི་དུག་སྨན་གྱི་མཆོག་འདི་ནི་སྨན་གྱི་སྡེ་ཚན་གསུམ་པོས་མཁྲིས་པ་ལ་སོགས་པའི་སྲིན་བུའི་ནད་གསུམ་པོ་འཇོམས་པར་བྱེད་དོ། །ཇི་ལྟར་ཚུལ་ཁྲིམས་ལ་གནས་པའི་མིས་ངན་འགྲོའི་ཚོགས་ཟློག་པར་བྱེད་པ་དང་འདྲའོ། །སྤྲི་ ཀ་ནི་ཤ་རྩིའོ། །ཉ་ལྕིབས་ནི་ཆུ་བལ་ལོ། །ཀུ་ལི་ནི་གནྡྷ་ན་ཀུ་ལིའོ། །སེའུ་ལུ་ནི་སླེ་སྨན་ཏ་ཀའོ། །གཞན་ནི་གོ་བར་ཟད་དོ། །སྦྱོར་བ་ཚན་གསུམ་ནི་བེ་ཀྃ་ཀ་ཏ་ནས་པོ་སོན་ཆའི་རྐང་གི་བར་དུ་སྦྱོར་བ་གཅིག་གོ། །གཉིས་པ་ནི་སྐྱེར་པ་ནས་སེའུ་ལུའི་བར་ རོ། །གསུམ་པ་ནི་བིལ་བ་ནས་ཤིང་ཚའི་བར་རོ། །སེང་ཕྲོམ་ཤུག་པ་པདྨ་གེ་སར་དང་། །ཙནྡན་དམར་སེར་པྲི་ཡང་ཀུའི་མེ་ཏོག །པདྨ་པུ་ཤེལ་ཙེ་དང་པ་ཡ་སྱའི། །སྦྱོར་བ་ཀུན་གྱིས་བ་ཡི་དུག་རྣམས་འཇོམས། །ཞེས་བྱ་བ་ལ། སེང་ཕྲོམ་ལ་ 202-1-273b སོགས་པའི་སྨན་གྱི་སྦྱོར་བ་སྟེ། བཏུང་བ་དང་། སྣ་སྨན་དང་། མིག་སྨན་དང་། བསྐུ་བ་དང་། སྨན་ཆུ་བླུགས་པའི་སྦྱོར་བས་སྦྱར་ན་ནི་བའི་དུག་ཐམས་ཅད་འཇོམས་པར་བྱེད་དོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་སུམ་ཅུ་རྩ་བདུན་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་བྱི་བ་དང་ཨ་ལང་གའི་དུག་གསོ་བ་བཤད་པར་བྱའོ། །ཁ་ཆུ་ཅན་དང་མི་བརྟན་བུ། །རྒོད་དང་སྒྲ་ཅན་པགས་པ་དང་། །རྙིང་པའི་ སོ་དང་ཁུ་བྱུག་དང་། །སེར་སྐྱ་དང་ནི་ནག་པོ་དང་། །དམར་སེར་ཁྲ་བོ་དཀར་པོ་དང་། །ཐི་བ་སྐྲ་དཀར་བྱི་བ་དང་། །ཕུས་པ་དང་ནི་བྲ་བྱི་སྟེ། །བྱི་བའི་དབྱེ་བ་བཅོ་བརྒྱད་ཡིན། །ཞེས་བྱ་བ་ལ། བྱི་བའི་དབྱེ་བས་ནི། ཁ་ཆུ་ཅན་ལ་སོགས་པའི་དབྱེ་བས་ བསྟན་པ་གྲངས་བཅོ་བརྒྱད་ཡིན་ནོ། །གང་དུ་འདི་ཡི་ཁུ་ཆུས་ཕོག །ཁུ་བས་ཕོག་དང་རེག་པ་ནི། །ལུས་ཀྱིས་ལུས་ལ་རེག་པ་དེར། །ཁྲག་ལ་གནོད་ཅིང་མདོག་སྐྱ་ལ། །ཐོར་བུ་རྨེན་བུ་དྲི་མནམ་དང་། །ཤུ་བ་འཁོར་ལིང་ཡི་ག་འཆུས། །མགོ་འཁོར་ སྐྲང་རིམས་རབ་ཏུ་ན། །ཉམ་ཆུང་འདར་ཞིང་ལྷུ་ཚིགས་ན། །སྤུ་ལྡང་དྲན་ཉམས་ཁྲག་འཛག་དང་། །ཡུན་རིང་དུ་ནི་གནས་པར་བྱེད། །བད་ཀན་ཅན་གྱི་བྱི་བ་ཡི། །ཕྲུ་གུ་མང་རེག་སྐོམ་སློན་འགྱུར། །ཞེས་བྱ་བ་ལ། བྱི་བ་འདི་དག་གི་ཁུ་ཆུས་ ལུས་གང་ལ་ཕོག་པ་དང་། ཡང་ན་ཁུ་བས་ཕོག་པའི་ལུས་དང་རེག་པར་གྱུར་ན་དེར་མདོག་སྐྱ་བ་ལ་སོགས་པའི་ནད་དང་། ཡུན་རིང་དུ་འབྲེལ་ཞིང་གནས་པར་བྱེད་པའི་བར་དུ་འགྱུར་ལ། བད་ཀན་ཅན་གྱི་མི་བྱི་བའི་ཕྲུ་གུ་མང་པོས་རེག་ན་སྐོམ་དད་ཆེ་ བ་དང་། སློན་པར་འགྱུར་རོ། །བྱི་བ་འཁྲིག་སྤྱོད་དུག་གསོ་དཀའ། །ཡང་དང་ཡང་དུ་ལྡང་བར་བྱེད། །ཅེས་བྱ་བ་ལ། འཁྲིག་པ་སྤྱོད་པའི་དུག་གིས་རེག་པ་ནི་ཤིན་ཏུ་གསོ་དཀའ་ཞིང་། དེ་ཡང་དང་ཡང་དུ་ལྡང་ཞིང་འཁྲུག་པར་བྱེད་པ་ཡིན་ནོ། །ཡན་ 202-1-274a ལག་ཀུན་སྐྲངས་མདོག་མི་སྡུག །རྣགས་ཤིང་འོན་ལ་རིམས་ཀྱིས་འདེབས། །མགོ་ལྕི་ཁ་ཆུ་ཁྲག་འབྱུང་ཞིང་། །སློན་པ་གསོ་དཀའི་མཚན་ཉིད་ཡིན། །ཞེས་བྱ་བ་ལ། བྱི་བའི་དུག་གསོར་མི་རུང་བས་ཟིན་པའི་མཚན་མ་ནི་ ཡན་ལག་ཀུན་སྐྲངས་པ་ནས། སློན་པའི་བར་ཡིན་པར་ཤེས་པར་བྱའོ། །ཕུས་པས་ཟིན་པ་དེ་དྲི་བྲོ། །ལྒང་པ་སྐྲངས་ཤིང་ཆུ་མདོག་ཉམས། །སྦྲང་རྩི་འདྲ་བའི་རྨེན་བུས་ཁྱབ། །ཅེས་བྱ་བ་ལ། མི་ཕུས་པའི་དུག་གིས་ཟིན་པའི་མཚན་མ་ནི་དེའི་ དྲི་བྲོ་བ་ནས་རྨེན་བུས་ཁྱབ་པའི་བར་ཡིན་ཏེ། དེ་ནི་གསོར་མི་རུང་བས་སྤང་བར་བྱའོ། །ཁྱིའི་དུག་བད་ཀན་ཤས་ཆེར་འཁྲུགས། །འདུ་ཤེས་རྒྱུ་བའི་རྩ་མང་གནས། །གནོད་ཅིང་འཁྲུག་པར་བྱེད་པ་དང་། །ལུས་ཟུངས་ལ་ནི་མི་བཟད་གནོད། ། ཅེས་བྱ་བ་ལ། ཁྱིའི་མཆེ་བའི་དུག་གིས་ཟིན་པ་ནི། བད་ཀན་གྱི་ནད་ཤས་ཆེར་ལྡང་ཞིང་འཁྲུགས་པ་དང་། འདུ་ཤེས་རྒྱུ་བའི་རྩ་མང་པོ་ལ་གནས་ནས་འདུ་ཤེས་སྟོར་ཅིང་བརྒྱལ་བར་བྱེད་པ་དང་། ལུས་ཟུངས་རྣམས་ལ་ལྷག་པར་གནོད་པར་ བྱེད་པ་ཡིན་ནོ། །ཁ་ཆུ་འཛག་དང་ལོང་དང་འོན། །ཀུན་ཏུ་རྒྱུག་པར་བྱེད་པ་དང་། །མཇུག་མ་འགྲམ་པ་ཕྲག་གོང་ལྷོད། །མགོ་ན་གདོང་ནི་དུད་པ་ཡིན། །ཞེས་བྱ་བ་ལ། ཁྱི་ཁ་ཆུ་འཛག་ཅིང་ལོང་བ་དང་འོན་པ་དང་། ཕྱོགས་ཀུན་ཏུ་རྒྱུག་པར་ བྱེད་པ་དང་། མཇུག་མ་ལྷོད་ཅིང་རང་གི་གནས་ནས་བསྐྱོད་པ་དང་། འགྲམ་པ་དང་། ཕྲག་པ་ཡང་ལྷོད་པ་དང་། མགོ་ན་ཞིང་ཚ་བ་དང་། གདོང་དུད་པར་བྱེད་པ་ནི་ཁྱི་གདུག་པ་ཡིན་ནོ། །དེ་ཡི་སོ་ཡིས་ཟིན་ན་རྨ། །ཚོར་བ་ཆུང་ཞིང་ཁྲག་ནག་ འཛག །མགོ་སྙིང་ན་ཞིང་རིམས་འདེབས་རེངས། །དེ་རྗེས་སྐོམ་དང་བརྒྱལ་བར་འགྱུར། །ཞེས་བྱ་བ་ལ། དེ་ཁྱིའི་སོས་ཟིན་པར་གྱུར་པའི་མི་ནི་རྨའི་ཚོར་བ་ཆུང་བ་དང་། དེ་བཞིན་དུ་ཁྲག་ནག་པོ་འཛག་པ་ལ་སོགས་པ་ཡིན་ནོ། །འདི་ཡིས་ 202-1-274b གདུག་ཅིང་མཆེ་བ་ཅན། །ཅེ་སྤྱང་དོམ་དང་དྲེད་དང་གུང་། །སྟག་དང་སྤྱང་ཀི་ལ་སོགས་པ། །གཞན་དག་ཀྱང་ནི་ཤེས་པར་བྱ། །ཞེས་བྱ་བ་ལ། ཚུལ་འདིས་ནི་གཅན་གཟན་གདུག་ཅིང་མཆེ་བ་དང་ལྡན་པའི་མཆེ་བ་ཅན་ཅེ་སྤྱང་ལ་སོགས་པ་གཞན་དག་ ཀྱང་ཤེས་པར་བྱའོ། །གཡའ་ཞིང་ཟུག་ལ་མདོག་མི་སྡུག །ཚོར་བ་མེད་གནས་རིམས་མགོ་འཁོར། །ཚ་ཞིང་དམར་ལ་ན་ཞིང་རྣགས། །སྐྲང་ཞིང་རྨེན་བུ་སྐྱེ་ཟུག་འཁུམས། །རྨ་ནི་འགགས་ཤིང་འབྲུམ་བུ་འབྱུང་། །ལྟེ་བ་ཅན་དུ་ཟླུམ་པོར་ འགྱུར། །ཀུན་ཏུ་དུག་བཅས་མཚན་མ་འདི། །དུག་མེད་དེ་ལས་བཟློག་པ་ཡིན། །ཞེས་བྱ་བ་ལ། ཐམས་ཅད་དུ་དུག་དང་ལྡན་པ་ནི། གཡའ་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པར་ཤེས་པར་བྱ་ལ། དུག་མེད་པ་ནི་གཡའ་བ་ལ་སོགས་པའི་ མཚན་ཉིད་དེ་དག་མེད་ཅིང་སྔ་མ་ལས་གོ་བཟློག་པ་ཡིན་པར་ཤེས་པར་བྱའོ། །གང་གིས་བཟུང་བ་དེའི་སྤྱོད་ཚུལ། །སྒྲ་སྒྲོགས་རྒྱུ་མེད་པར་དེའི་གཟུགས། །ཆུ་དང་མེ་ལོང་སོགས་མཐོང་འཆི། །ཞེས་བྱ་བ་ལ། མི་ཅེ་སྤྱང་ལ་སོགས་པ་དག་གིས་ བཟུང་བར་གྱུར་པ་གང་ཡིན་པ་དེ་མོད་ལ་དེའི་སྤྱོད་ཚུལ་དེ་ཅེ་སྤྱང་ལ་སོགས་པའི་སྤྱོད་ཚུལ་བྱེད་ཅིང་། དེ་ལྟར་མཐོང་བའི་རྒྱུ་མེད་པར་ཆུ་ལ་སོགས་པར་དེའི་གཟུགས་མཐོང་ན་འཆི་བར་འགྱུར་བ་ཡིན་ནོ། །མ་བཟུང་བར་ཡང་སྒྲ་དང་ནི། །མཐོང་བས་ སྔངས་པར་བྱེད་པ་ནི། །ཆུ་ཡིས་སྐྲག་ཅེས་བྱ་བ་སྟེ། །ཟིན་པ་དེ་ཡང་སྤང་བར་བྱ། །ཞེས་བྱ་བ་ལ། མི་གང་སྲོག་ཆགས་དེ་དག་གིས་མ་བཟུང་དུ་ཟིན་ཀྱང་སྒྲ་ལ་སོགས་པས་སྔངས་ཤིང་ཆུས་སྐྲག་པར་བྱེད་པའི་མི་དེ་ནི་ཆུས་སྐྲག་པ་ཞེས་བྱ་བའི་ནད་ ཀྱིས་ཟིན་པ་ཡིན་ཏེ། དེ་ཡང་སྤང་བར་བྱའོ། །བྱི་བའི་དུག་གིས་ཟིན་མ་ཐག །རྨ་ནི་མདེའུ་བསྲེགས་པས་བསྲེག །ཡང་ན་མེ་ལོང་དག་གིས་བྱ། །གཞན་དུ་ལྟེ་བར་མི་བཟོད་ན། །ཞེས་བྱ་བ་ལ། བྱི་བས་ཟིན་མ་ཐག་པའི་མིའི་རྨ་ལ་ 202-1-275a མདེའུ་བསྲེགས་པའམ། ཡང་ན་མེ་ལོང་བསྲེགས་པས་དེ་བསྲེག་པར་བྱའོ། །གཞན་དུ་མ་བསྲེགས་ན་རྨའི་ལྟེ་བ་མི་བཟོད་པར་ན་བར་འགྱུར་རོ། །བསྲེགས་ནས་རྨ་ལས་ཁྲག་དབྱུང་ཞིང་། །ཞལ་ཞལ་བྱས་ལ་ཤིར་ཤ་དང་། །ཡུང་བ་རྒྱ་སྤོས་ གུར་གུམ་དང་། །སླེ་ཏྲེས་ཀྱི་ནི་ལྡེ་གུས་བསྐུ། །ཞེས་བྱ་བ་ལ། སོས་བཟུང་བ་བསྲེགས་པའི་རྨ་ལ་རྔབས་རྭ་ལ་སོགས་པས་ཁྲག་དབྱུང་བ་དང་། ཞལ་ཞལ་བྱས་ལ་ཤི་རི་ཤ་ལ་སོགས་པའི་ལྡེ་གུས་བསྐུ་བར་བྱའོ། །ཁྱིམ་གྱི་དུད་པ་སྐྱེར་པ་དང་། །རྒྱམ་ཚ་དང་ནི་ བཙོད་དག་གི། །ལྡེ་གུས་བྱི་བའི་དུག་སེལ་ཞིང་། །ལྟེ་བ་འབུར་བའང་འཇོམས་པར་བྱེད། །ཅེས་བྱ་བ་ལ། ཁྱིམ་གྱི་དུད་པ་ལ་སོགས་པའི་སྨན་གྱི་ལྡེ་གུས་བསྐུས་ན་བྱི་བའི་དུག་སེལ་བར་བྱེད་ཅིང་། དེ་ཉིད་ཀྱིས་རྨའི་ལྟེ་བ་འབུར་བ་ཡང་སེལ་བར་བྱེད་དོ། །དེ་ ནས་སྐྱུར་བས་བཀྲུས་ནས་ནི། །གི་རི་ཀར་ཎི་པ་ལིན་ཏི། །བིལ་བའི་རྩ་བ་སླེ་ཏྲེས་དང་། །ཆུ་དང་བཏགས་པའི་ལྡེ་གུས་བསྐྲ། །ཞེས་བྱ་བ་ལ། དེའི་འོག་ཏུ་ཀན་ཛ་དང་དར་བ་ལ་སོགས་པ་ཁུ་བ་སྐྱུར་བས་བཀྲུས་ལ། དེའི་རྗེས་ལ་གི་རི་ཀར་ཎི་ལ་སོགས་པ་ཆུ་ དང་བཏགས་པའི་ལྡེ་གུས་བསྐུ་བར་བྱའོ། །དུག་དང་སྐྲང་སེལ་སྨན་གཞན་དང་། །ཡང་ན་གཏར་ག་མྱུར་དུ་གདབ། །ཅེས་བྱ་བ་ལ། དེ་བཞིན་དུ་དེ་ལ་དུག་དང་སྐྲང་པ་སེལ་བའི་སྨན་གཞན་དག་གིས་ཀྱང་བསྐུ་བ་དང་། གཏར་ག་གདབ་པར་ཡང་བྱའོ། །ནི་ལི་ནི་ བསྐོལ་ཤི་རི་ཤ །ཨང་ཀོ་ལ་ཡི་ཁུ་བས་སློན། །ཞེས་བྱ་བ་ལ། བྱི་བའི་དུག་དེ་ལ་ནི་ལི་ནི་བསྐོལ་བའི་ཁུ་བ་བླུད་པའམ། ཤི་རི་ཤ་དང་ཨང་ཀོ་ལའི་ཁུ་བ་བླུད་དེ་སློན་པར་བྱའོ། །ཀོ་ཤ་ཏ་ཀི་ཤིར་ཤ་དང་། །ཛི་མུ་ཏ་ཀའི་འབྲས་བུ་དང་། །པོ་སོན་ཆ་ནི་ཕྱེ་མར་ བཏགས། །ཞོ་སྦྱོར་བླུད་ལ་དུག་སློན་གཞུག །ཅེས་བྱ་བ་ལ། ཡང་ན་ཀོ་ཤ་ཏ་ཀི་ལ་སོགས་པའི་སྨན་བཞིའི་ཕྱེ་མ་དང་ཞོར་སྦྱར་ཏེ་བླུད་ལ་བྱི་བའི་དུག་སློན་དུ་གཞུག་པར་བྱའོ། །ཤུ་དག་རུ་རྟ་པོ་སོན་ཆའམ། །ཛི་བན་ཏི་ནི་བ་གཅིན་བཏགས། །ཆོ་ག་སྔ་མ་བཞིན་བླུད་ 202-1-275b ན། །དུག་གི་ནད་ནི་ཐམས་ཅད་སེལ། །ཞེས་བྱ་བ་ལ། ཤུ་དག་ལ་སོགས་པའི་སྨན་བ་གཅིན་དང་བཏགས་པའི་ལྡེ་གུ་དང་སྔ་མ་བཞིན་དུ་ཞོ་དང་སྦྱར་ཏེ་བླུད་ན་ཡང་བྱི་བའི་དུག་གི་ནད་ཐམས་ཅད་སེལ་བར་བྱེད་དོ། །དུར་བྱིད་ནི་ལི་ནི་དང་ནི། །འབྲས་བུ་གསུམ་གྱི་བཀྲུ་སྨན་བསྔགས། །ཞེས་བྱ་བ་ལ། ཡང་ན་དུར་བྱིད་ལ་སོགས་པའི་བཀྲུ་སྨན་ཡང་བསྔགས་སོ། །ཤིར་ཤའི་སྙིང་པོའི་འབྲས་བུ་ཡིས། །མགོ་བོའི་བཀྲུ་སྨན་དག་ཀྱང་ཕན། །ཞེས་བྱ་བ་ལ། ཡང་ན་ཤིར་ཤའི་ནང་གི་སྙིང་པོ་དང་། དེ་ཉིད་ཀྱི་འབྲས་བུ་མགོ་བོའི་བཀྲུ་སྨན་བཏང་ན་ཡང་ཕན་ནོ། །བ་ལྕིའི་ཁུ་བ་ཚ་བ་གསུམ། །ཕྱེ་མ་ ཞིབ་བཏགས་ལྡེ་གུས་ཕན། །ཞེས་བྱ་བ་ལ། ཡང་ན་བའི་ལྕི་བ་ལ་སོགས་པའི་མིག་སྨན་ཡང་ཕན་ནོ། །བ་ལང་ལྕི་བ་ཀ་པིད་ཏའི། །ཕྱེ་མ་སྦྲང་རྩིའི་ལྡེ་གུ་བཟའ། །ཞེས་བྱ་བ་ལ། ཡང་ན་བ་ལང་གི་ལྕི་བ་ལ་སོགས་པའི་ལྡེ་གུ་ཟོས་ན་ཡང་ཕན་ནོ། །ཏཎྜུ་ལི་ཡི་རྩ་བ་དང་། །བསྐོལ་བའི་ མར་ནི་བླུད་ནའང་ཕན། །ཞེས་བྱ་བ་ལ། ཡང་ན་ཏཎྜུ་ལིའི་རྩ་བའི་སྨན་མར་ཡང་ཕན་ནོ། །གི་རི་ཀར་ཎི་སེར་པོ་གཉིས། །ཤིང་མངར་བཙོད་དང་སླེ་ཏྲེས་ཕན། །ཞེས་བྱ་བ་ལ། ཡང་ན་གི་རི་ཀརྞི་ལ་སོགས་པའི་སྨན་དང་བསྐོལ་བའི་མར་བླུད་ན་ཡང་ཕན་ནོ། །ཐལ་ཏྲེས་རྩ་བ་མར་བསྐོལ་བ། །ཀ་པིད་ཏ་ཡི་ རྣམ་ལྔའང་ཕན། །ཞེས་བྱ་བ་ལ། ཡང་ན་ཐལ་ཏྲེས་ཞེས་བྱ་བ་ཤ་རི་བ་དང་བསྐོལ་བའི་སྨན་མར་རམ། ཡང་ན་ཀ་པིད་ཏ་ལྔ་པ་ཞེས་བྱ་བ་ཀ་པིད་ཐའི་ཤུན་པ་དང་། ལོ་མ་དང་རྩ་བ་ལ་སོགས་པ་དང་བསྐོལ་བའི་མར་ཡང་ཕན་ནོ། །སིན་དུ་བ་ར་རྒྱ་སྤོས་དང་། །ཤི་ཀྲུ་བིལ་བའི་རྩ་བ་དང་། །ཤུ་དག་གཟེ་ མ་བ་སྤྲུ་བ། །ཛི་མུ་ཏ་དང་བཅས་པ་སྟེ། །དེ་རྣམས་ཁུ་བ་སྦྲང་རྩིར་བཅས། །བླུད་ནས་འབྲས་ཆན་སཱ་ལུ་ཞོ། །བྱིན་ན་བྱི་བའི་དུག་ནད་སེལ། །ཞེས་བྱ་བ་ལ། ཡང་བྱི་བའི་དུག་གིས་ཉེན་པ་ལ་ནི་སིན་དུ་བར་ལ་སོགས་པའི་ཁུ་བ་སྦྲང་རྩི་དང་བཅས་པ་བླུད་པ་ལ་སོགས་པའི་སྦྱོར་བ་བྱས་ན་ཡང་ཕན་ནོ། ། ཤ་ར་པུང་གའི་ཕྱེ་མ་ནི། །དར་བར་སྦྱར་བ་བླུད་པའང་ཕན། །ཞེས་བྱ་བ་ལ། ཡང་ན་ཤ་ར་པུང་གའི་ས་བོན་བཏགས་པའི་ཕྱེ་མ་དར་བ་དང་སྦྱར་ཏེ་བླུད་ན་ཡང་ཕན་ནོ། །ཨང་ཀོ་ལ་ཡི་རྩ་བ་ནི། །ར་ཐུག་གཅིན་སྦྱར་ལྡེ་གུས་ནི། །བཏུང་དང་བསྐུ་བ་ལ་སྦྱར་ན། །བྱི་བའི་དུག་ཀུན་སེལ་བར་བྱེད། །ཅེས་ 202-1-276a བྱ་བ་ལ། ཡང་ན་ཨང་ཀོ་ལའི་རྩ་བ་ཇི་སྐད་སྨོས་པ་བཞིན་དུ་བཏང་བ་ཡང་ཕན་ནོ། །ཀ་པིད་ཏ་ཡི་སྙིང་པོ་དང་། །ཏི་ལ་ཀ་དང་ཏིལ་དང་ནི། །ཨང་ཀོ་ལ་ཡི་རྩ་བ་ནི། །བ་ཡི་འོ་མའམ་གཅིན་སྦྱར་བླུད། །ཅེས་བྱ་བ་ལ། ཡང་ན་ཀ་པིད་ཏའི་སྙིང་པོ་ལ་སོགས་པ་གཅིན་དང་སྦྱར་བ་ བླུད་ན་ཡང་ཕན་ནོ། །ཏི་ལ་ཀའི་ལྡོང་ཡལ་ག་ནི། །བ་ཡི་འོ་མ་སྦྱར་བ་བླུད། །ཅེས་བྱ་བ་ལ། ཡང་ན་སྦྱོར་བ་འདི་བྱས་ན་ཡང་ཕན་ནོ། །ཡང་ན་ཤེརྱ་ཀའི་རྩ་བ། །སྦྲང་རྩི་འབྲས་བུ་སྦྱར་བ་བླུད། །ཅེས་བྱ་བ་ལ། ཡང་ན་ཤེརྱ་ཀ་ཞེས་བྱ་བ་ཧ་ཙ་རའི་རྩ་བ་དང་། སྦྲང་རྩི་དང་འབྲས་བཀྲུས་པའི་ཆུ་དང་སྦྱར་ཏེ་བླུད་ན་ཡང་ཕན་ ནོ། །ཀུ་བ་ཁ་བོ་ཞག་གཅིག་ནི། །ཆུ་ལ་སྦངས་པའང་བླུད་པར་བྱའོ། །ཞེས་བྱ་བ་ལ། ཡང་ན་ཀུ་བ་ཁ་བོ་ཞག་གཅིག་ཆུར་སྦངས་པའི་ཁུ་བ་བླུད་པར་བྱའོ། །སིན་དུ་བ་རའི་རྩ་བ་དང་། །བྱི་བའི་རུས་པ་བོང་ང་དཀར། །རྒྱ་སྤོས་ཆུར་བཏགས་སྣ་སྨན་སོགས། །སྦྱར་བས་བྱི་བའི་དུག་སེལ་བྱེད། །ཅེས་བྱ་བ་ ལ། ཡང་སིན་དུ་བ་རའི་རྩ་བ་ལ་སོགས་པའི་སྨན་སྣ་སྨན་ལ་སོགས་པ་བྱས་ན་ཡང་ཕན་ནོ། །བྱི་བའི་དུག་ནི་ལྷག་ལུས་པ། །སྤྲིན་མཐོང་བས་ནི་ལྡང་བྱེད་པའམ། །ནད་ནི་འཕེལ་བར་བྱེད་པའི་རྒྱུ། །ཇི་ལྟ་བར་ནི་འཕེལ་བར་བྱེད། །ཅེས་བྱ་བ་ལ། བྱི་བའི་དུག་ལུས་ལ་ལྷག་པར་ལུས་པ་གནས་ན་སྤྲིན་ མཐོང་ན་ལྡང་བར་བྱེད་པའམ། ཡང་ན་འཕེལ་བར་བྱེད་པའི་དུས་དབྱར་ལ་སོགས་པའི་ཚེ་འཕེལ་ཞིང་ལྡང་བར་བྱེད་པ་ཡིན་ནོ། །དེ་ལ་གནས་སྐབས་ཐམས་ཅད་དུ། །གསོ་བ་ཐམས་ཅད་སྦྱར་བྱ་ཞིང་། །རང་གི་གསོ་བར་གང་བཤད་དང་། །དེ་བཞིན་ཉམས་པའི་དུག་སེལ་སྦྱོར། །ཞེས་བྱ་བ་ ལ། དེ་ལ་རང་གི་འཕེལ་བར་བྱེད་པའི་གནས་སྐབས་སུ་ལྡང་བར་བྱེད་ན་གནས་སྐབས་ཐམས་ཅད་དུ་ཇི་སྐད་དུ་བསྟན་པའི་གསོ་བ་སྦྱར་བར་བྱ་ཞིང་། རང་གི་གསོ་བའི་སྨན་གང་དག་ཡིན་པ་དང་ཉམས་པའི་དུག་སེལ་བའི་སྦྱོར་བ་དག་བྱའོ། །ཨ་ལང་ཀ་ཡི་སོ་ཡིས་ཟིན། །མར་བསྐོལ་ བ་ཡིས་བསྲེག་པར་བྱ། །དུག་སྨན་དེ་དང་དེ་བསྐུ་ཞིང་། །མར་གྱི་སྙིང་པོ་བླུད་པར་བྱ། །ཞེས་བྱ་བ་ལ། ཨ་ལང་ཀའི་སོས་ཟིན་པའི་མི་ལ་ནི་མར་བསྐོལ་བས་སོས་བཏབ་པའི་རྗེས་བསྲེག་པར་བྱའོ། །འདི་ལ་ཨརྐའི་འོ་མར་བཅས། །བཀྲུ་སྨན་དག་ཀྱང་མྱུར་དུ་གཏང་། །ཞེས་ 202-1-276b བྱ་བ་ལ། ཨ་ལང་ཀའི་དུག་གིས་ཟིན་པ་འདི་ལ་ཨརྒའི་འོ་མ་དང་སྦྱར་བའི་སྨན་གཏང་བར་བྱའོ། །ཨང་ཀོ་ལའི་རྩ་བྱང་ཕྱོགས་ཆུ། །སྲང་གསུམ་མར་ནི་སྲང་གཅིག་བླུད། །ཅེས་བྱ་བ་ལ། ཨང་ཀོ་ལ་བྱང་ཕྱོགས་ན་གནས་པའི་རྩ་བ་བསྐོལ་བའི་ཆུ་སྲང་གསུམ་དང་མར་སྲང་ གཅིག་བསྲེས་ཏེ་བླུད་ན་ཡང་ཕན་ནོ། །དྷ་དུ་ར་ཡི་འབྲས་བུ་དང་། །གི་རི་ཀར་ཎི་བ་སྤྲུ་བ། །བསྐོལ་བའི་ཁུ་བ་བླུད་པར་བྱ། །ཞེས་བྱ་བ་ལ། དྷ་དུ་རའི་འབྲས་བུ་དང་གི་རི་ཀརྞི་དཀར་པོ་བསྐོལ་ཏེ་བླུད་པའམ། ཡང་ན་དྷ་དུ་རའི་འབྲས་བུ་དང་། བ་སྤྲུ་བ་དཀར་པོ་བསྐོལ་ཏེ་བླུད་པར་བྱའོ། ། ཏིལ་བཏགས་ལྡེ་གུ་ཨརྐ་ལྕགས། །འོ་མ་བུ་རམ་བསྲེས་བྱིན་ན། །སྤྲིན་ཚོགས་རླུང་གིས་གཏོར་བ་བཞིན། །ཨ་ལང་ཀ་ཡི་དུག་འཇོམས་བྱེད། །ཅེས་བྱ་བ་ལ། ཏིལ་བཏགས་པའི་ལྡེ་གུ་ལ་སོགས་པའི་སྨན་གཅིག་ཏུ་བསྲེས་ཏེ་བྱིན་ན་ཡང་ཇི་སྐད་སྨོས་པའི་ཡོན་ཏན་སྐྱེད་པར་བྱེད་ དོ། །སྔགས་བཅས་སྨན་དང་རིན་ཆེན་བཅས། །ཞི་བར་བྱེད་པ་དག་ཀྱང་སྦྱར། །ཞེས་བྱ་བ་ལ། ཨ་ལང་ཀས་ཟིན་པ་དེ་ལ་སྔགས་ལ་སོགས་པ་དེས་ཞི་བར་བྱེད་པའི་སྦྱོར་བ་དག་ཀྱང་བྱའོ། །རྐང་བཞི་པ་དང་རྐང་གཉིས་པའི། །སོ་འམ་སེན་མོས་སྣད་གྱུར་པ། །སྐྲང་ཞིང་ རྣགས་ལ་མདོག་དམར་ཞིང་། །ཚ་ན་ཆུ་སེར་འཛག་པ་ལ། །ཞེས་བྱ་བ་ལ། རྟ་དང་གླང་པོ་ཆེ་ལ་སོགས་པ་རྐང་བཞི་པ་དང་། རྐང་གཉིས་པ་སྟེ་མི་དང་། རྨ་བྱ་དང་ཁྱིམ་བྱ་ལ་སོགས་པའི་སོའམ་སེན་མོས་སྣད་པར་གྱུར་ནས་སྐྲངས་པ་དང་རྣགས་པ་ལ་སོགས་པའི་ནད་ལ་ནི་འོག་ནས་ བཤད་པའི་སྨན་གྱི་སྦྱོར་བ་བྱའོ། །ཨ་ཤྭ་ཀར་ཎ་ཀད་པ་ལ། །ཧན་ས་པ་ཏི་གོ་ཛི་ཧ། །ཡུག་སྣམ་སེར་པོ་གཉིས་ཀྱིས་བསྐུ། །སོ་དང་སེན་མོའི་དུག་འཇོམས་བྱེད། །ཅེས་བྱ་བ་ལ། ཨ་ཤྭ་ཀར་ཎ་ལ་སོགས་པའི་ལྡེ་གུས་བསྐུས་ན་སོ་ལ་སོགས་པས་སྣད་པའི་དུག་སེལ་བར་བྱེད་ དོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་སུམ་ཅུ་རྩ་བརྒྱད་པའི་རྣམ་པར་འགྲེལ་པའོ།། །།དུག་གསོ་བའི་རྒྱུད་རྫོགས་སོ།། །། 202-1-277a དེ་ནས་བཅུད་ཀྱིས་ལེན་གྱི་ལེའུ་བཤད་པར་བྱའོ། །དེ་ལྟར་རེ་ཞིག་ནད་ཀྱིས་ཉེན་པ་དག་གི་སྨན་གྱི་སྦྱོར་བ་བཤད་ན། བདེ་ཞིང་ནད་མེད་པར་གནས་པའི་ལུས་ཀྱི་སྟོབས་དང་གཟི་བྱིན་སྐྱེད་པ་སྟོན་པ་ཡིན་ལ་དེ་ཡང་བཅུད་ཀྱིས་ལེན་དང་རོ་ཙ་བར་བྱེད་པ་ཡིན་པ་ལས་ བཅུད་ཀྱིས་ལེན་ནི་དེ་དག་ལས་ཀྱང་མཆོག་ཏུ་གྱུར་པ་ཡིན་པས་དེ་སྔར་བཤད་པ་ཡིན་ནོ། །ཚེ་རིང་དྲན་དང་ཡིད་གཞུངས་དང་། །ནད་མེད་གཞོན་དང་ལང་ཚོ་དང་། །གཟུགས་བཟང་མདོག་དང་སྐད་གསལ་དང་། །ལུས་དང་དབང་པོའི་སྟོབས་སྐྱེད་ཅིང་། །ཚིག་འགྲུབ་རོ་ཙ་མདངས་ལྡན་པ། ། བཅུད་ཀྱིས་ལེན་གྱིས་འཐོབ་པར་འགྱུར། །ཞེས་བྱ་བ་ལ། བཅུད་ཀྱིས་ལེན་གྱི་ཆོ་ག་ཡང་དག་པར་གྱུར་པའི་སྐྱེས་བུས་ནི། ཚེ་རིང་བ་ལ་སོགས་པ་འཐོབ་པར་འགྱུར་བ་ཡིན་ནོ། །དྭངས་མ་ལ་སོགས་ཡོན་ཏན་ཅན། །ཐོབ་གནས་ཡིན་ཕྱིར་བཅུད་ཀྱིས་ལེན། །ཞེས་བྱ་བ་ལ། དྭངས་མ་དང་ཁྲག་དང་ཤ་ལ་སོགས་པ་ཡོན་ཏན་དང་ལྡན་པ་ཁྱད་པར་ཅན་ཐོབ་ཅིང་རྙེད་པར་འགྱུར་བའི་རྒྱུ་ཡིན་པས་ན་བཅུད་ཀྱིས་ལེན་ཅེས་བྱའོ། །ན་ཚོད་དང་པོའམ་བར་མའི་ཚེ། །དབང་པོ་ཐུལ་བས་དེ་སྦྱར་ཏེ། །སྣུམ་ཆོས་བྱ་ཞིང་གཏར་ག་གདབ། །རྣམ་པ་ཀུན་ཏུ་སྦྱང་བྱས་གཏང་། ། ཞེས་བྱ་བ་ལ། བཅུད་ཀྱིས་ལེན་དེ་ཡང་ན་ཚོད་དང་པོའི་ཚེའམ། ན་ཚོད་བར་མའི་ཚེ་གཏང་བར་བྱས་ལ། དེ་ཡང་སྐྱེས་བུ་དབང་པོ་ཐུལ་ཅིང་ཡུལ་གྱིས་སེམས་མ་ཕྲོགས་པས་དེ་བསྟེན་ཅིང་སྦྱར་བར་བྱ་ལ། དེ་ཡང་སྣུམ་ཆོས་བྱས་ཤིང་གཏར་ག་གདབ་པ་དང་། སློན་སྨན་དང་བཀྲུ་སྨན་ལ་ སོགས་པ་ལས་རྣམ་པ་ལྔས་ལུས་སྦྱངས་ནས་གཏང་བར་བྱའོ། །མ་སྦྱངས་པ་ཡི་ལུས་ལ་ནི། །བཅུད་ཀྱིས་ལེན་དང་རོ་ཙ་བའི། །སྦྱོར་བྱས་དྲི་མ་ཅན་གྱི་ནི། །གོས་ཀྱི་ཚོན་ལྟར་དོན་མེད་འགྱུར། །ཞེས་བྱ་བ་ལ། གང་གི་ཕྱིར་ལུས་མ་སྦྱངས་ཤིང་དག་པར་མ་བྱས་པ་ལ། བཅུད་ཀྱིས་ ལེན་གྱི་སྦྱོར་བའམ། རོ་ཙ་བ་བྱས་ན་དེ་དོན་མེད་པར་འགྱུར་ཏེ། དཔེར་ན་དྲི་མ་ཅན་གྱི་གོས་ལ་ཚོན་གྱིས་ཁ་བསྒྱུར་ན་དེ་ལེན་དུ་མི་བཏུབ་པ་དང་འདྲའོ། །བཅུད་ཀྱིས་ལེན་གྱི་སྦྱོར་བ་ནི། །རྣམ་པ་གཉིས་སུ་དྲང་སྲོང་འདོད། །སྤྱིལ་པོར་འདུག་པ་གཙོ་བོ་སྟེ། །རླུང་དང་ཐན་པས་ཉེན་ 202-1-277b ཅིག་ཤོས། །ཞེས་བྱ་བ་ལ། བཅུད་ཀྱིས་ལེན་གྱི་སྦྱོར་བ་ནི་དྲང་སྲོང་རྣམས་ཀྱིས་རྣམ་པ་གཉིས་སུ་བཤད་དེ། སྤྱིལ་པོའམ་ཁང་པར་ཞུགས་ཏེ་བསྒྲུབ་པ་ནི་གཙོ་བོ་ཡིན་ལ། རླུང་དང་ཐན་པས་ཉེན་པའི་སྦྱོར་བ་ནི་ཅིག་ཤོས་ཏེ་གཙོ་བོ་མ་ཡིན་པའོ། །ཁང་པ་རླུང་མེད་འཇིགས་པ་མེད། ། ཆོས་ལྡན་ཡོ་བྱད་འབྱོར་བའི་གྲོང་། །ས་ཕྱོགས་ཤིས་པའི་བྱང་ཕྱོགས་སུ། །ཁང་པ་སུམ་རིམ་དཀར་ཁུང་ཆུང་། །དུད་པ་ཉི་ཚན་སྦྲུལ་དང་རྡུལ། །བུད་མེད་གླེན་མས་མ་བགྲོད་པར། །ཡོ་བྱད་སྨན་པ་སྟ་གོན་བྱས། །ཁང་པ་ལེགས་པར་བྱི་དོར་བྱའོ། །ཞེས་བྱ་བ་ལ། སྨན་བསྟེན་པའི་ ཁང་པར་རླུང་མེད་པ་དང་། འཇིགས་ཤིང་བག་ཚ་བ་མེད་པ་དང་། ཆོས་དང་མི་འགལ་བའི་སྤྱོད་པ་དང་ལྡན་པ་དང་། སྨན་ལ་སོགས་པའི་ཡོ་བྱད་འབྱོར་པ་དང་གྲོང་གི་བྱང་ཤར་གྱི་མཚམས་ཀྱི་ས་ཕྱོགས་ཤིས་པར་ཁང་པ་སུམ་རིམ་དུ་བརྩིགས་པ་སྐར་ཁུང་ཆུང་ངུ་དང་ལྡན་པ་དང་། དུད་པ་ལ་སོགས་ པས་མ་ཉེན་པ། ཡོ་བྱད་དང་སྨན་པ་སྟ་གོན་བྱས་པ་ཁང་པ་སྐྱང་ནུལ་ལ་སོགས་པ་བྱི་དོར་བྱའོ། །དེ་ནས་ཚེས་གྲངས་བཟང་ཁྲུས་བྱས། །མཆོད་འོས་མཆོད་ནས་འཇུག་པར་བྱ། །ཞེས་བྱ་བ་ལ། དེའི་འོག་ཏུ་བཅུད་ཀྱིས་ལེན་བསྒྲུབ་པར་འདོད་པ་དེས་ཟླ་བ་ཡར་ངོའི་ཚེས་གྲངས་བཟང་པོར་ཁྲུས་ དང་གཙང་སྦྲ་བྱས་ཏེ། མཆོད་པར་འོས་པ་ལྷ་དང་བླ་མ་ལ་མཆོད་པ་བྱས་ཏེ་དེར་འཇུག་པར་བྱའོ། །དེར་ནི་སྦྱང་བྱས་དག་གྱུར་ནས། །བདེ་ཞིང་སྟོབས་ནི་སྐྱེད་པ་དང་། །ཚངས་པར་སྤྱོད་དང་བརྟན་པར་ལྡན། །དད་པར་ལྡན་ཞིང་དབང་པོ་ཐུལ། །སྦྱིན་དང་ཚུལ་ཁྲིམས་བདེ་བ་དང་། ། བརྟུལ་ཞུགས་ཆོས་ལ་མཆོག་ཏུ་གཞོལ། །ལྷ་ནི་རྗེས་སུ་དྲན་པར་ལྡན། །རིགས་པས་གཉིད་ལོག་གཉིད་མི་ལོག །སྨན་ལ་དགའ་ཞིང་ཚིག་འཇམ་པས། །བཅུད་ཀྱིས་ལེན་ནི་བརྩམ་པར་བྱ། །ཞེས་བྱ་བ་ལ། དེ་ནས་ཁང་པར་དེར་བཀྲུ་སྨན་དང་། སྐྱུག་སྨན་ལ་སོགས་པས་སྦྱང་བར་ བྱ་ཞིང་། དེ་བཞིན་དུ་ཉམས་བརྟ་བ་ལ་སོགས་པས་སྟོབས་ཐོབ་ཅིང་ནུས་པ་རྙེད་པའི་མི་ཚངས་པར་སྤྱོད་པ་དང་ལྡན་ཞིང་བུད་མེད་ལ་ཉལ་པོ་བྱ་བ་སྤང་བ་བརྟན་ཞིང་སྲན་ཐུབ་པ། དད་པ་དང་ལྡན་ཞིང་མོས་པ་ཆེ་བ། དབང་པོ་ཐུལ་ཞིང་ཡུལ་གྱིས་སེམས་མི་ཕྲོགས་པ་སྦྱིན་པ་དང་ཚུལ་ཁྲིམས་ལ་ 202-1-278a སོགས་པའི་ཡོན་ཏན་གྱི་ཚོགས་ལ་མཆོག་ཏུ་གཞོལ་བ། དེ་བཞིན་དུ་ལྷ་རྗེས་སུ་དྲན་ཞིང་ཡིད་ལ་བྱེད་པའི་གཏམ་དང་ལྡན་པ་དང་། དེ་བཞིན་དུ་རིགས་ཤིང་རན་པར་གཉིད་ལོག་པ་དང་། མ་ལོག་པ་དང་ལྡན་པ་དང་། དེ་བཞིན་དུ་སྨན་གྱི་སྦྱོར་བ་ལ་དགའ་ཞིང་མོས་པ་ དང་། ཚིག་འཇམ་ཞིང་དེས་པའི་ངང་ཚུལ་དང་ལྡན་པ་དེ་ལྟ་བུས་བཅུད་ཀྱིས་ལེན་གྱི་ཆོ་ག་བརྩམ་པར་བྱ་ཞིང་དེ་ལ་འཇུག་པར་བྱའོ། །དེ་ཉིད་སྣུམ་ཆོས་དུགས་བྱས་ནས། །ཨ་རུ་ར་དང་སྐྱུ་རུ་ར། །རྒྱམ་ཚ་བཅའ་སྒ་པི་པི་ལིང་། །ཤུ་དག་ཡུང་བ་བྱི་དང་ག །བུ་རམ་ཆུ་དྲོན་སྦྱར་བ་ནི། །བླུད་ན་ ལེགས་པར་འཁྲུ་བར་འགྱུར། །ཞེས་བྱ་བ་ལ། སྐྱེས་བུ་དེ་དང་པོ་སྣུམ་ཆོས་དང་དུགས་བྱས་ནས། ཨ་རུ་ར་དང་བུ་རམ་གྱི་བར་དུ་ཆུ་དྲོན་དང་སྦྱར་ཏེ་བླུད་ན། མི་དེ་ལེགས་ཤིང་བདེ་བར་འཁྲུ་བར་འགྱུར་རོ། །དེ་ནས་ལུས་ནི་དག་འགྱུར་ཞིང་། །ཐུག་སོགས་རིམ་པར་སྤྱད་ནས་ཀྱང་། །ཞག་གསུམ་ མམ་ནི་ཞག་ལྔའམ། །ཞག་བདུན་བར་དུ་ཞུན་མར་བཅས། །ནས་ཐུག་དག་པར་གྱུར་གྱི་བར། །སྦྱིན་ཞིང་བཤང་རྙིང་དག་པར་བྱ། །ཞེས་བྱ་བ་ལ། དེའི་འོག་ཏུ་ལུས་ཀྱི་སྦྱང་བ་བྱས་པའི་སྐྱེས་བུ་དེས་ཐུག་པ་ལ་སོགས་པའི་རིམ་པ་ཇི་སྐད་བཤད་པ་སྤྱད་ནས། ཞག་གསུམ་མམ། ཞག་ ལྔའམ། ཞག་བདུན་གྱི་བར་དུ་ཞུན་མར་དང་བཅས་པའི་ནས་ཐུག་སྦྱིན་པར་བྱ་བའམ། ཡང་ན་སྔར་གྱི་བཤང་བ་རྙིང་པ་དེ་དག་པར་གྱུར་གྱི་བར་དུ་ནས་ཐུག་སྦྱིན་པར་བྱའོ། །དེ་ལྟར་ལྟོ་ནི་སྦྱང་བྱས་ནས། །གོམས་པར་ཤེས་པས་གང་ཞིག་ལ། །གང་ཞིག་འཚམ་པ་དེ་ཀུན་བརྟགས། །བཅུད་ ཀྱིས་ལེན་ནི་སྦྱིན་པར་བྱ། །ཞེས་བྱ་བ་ལ། ཚུལ་དེ་ལྟར་ལྟོ་སྦྱང་བ་བྱས་པའི་སྐྱེས་བུ་གོམས་པའི་སྦྱོར་བ་ཤེས་པའི་སྨན་པས་ལུས་ཟུངས་ནད་གཞི་ལ་སོགས་པའི་ཚུལ་ཐམས་ཅད་བརྟགས་ཏེ། གང་ལ་ཇི་ལྟར་འཚམ་པའི་བཅུད་ཀྱིས་ལེན་དེ་སྦྱིན་པར་བྱའོ། །ཨ་རུ་ར་སྟོང་དེའི་སུམ་འགྱུར། ། སྐྱུ་རུ་ར་དང་བཅས་པ་དང་། །རྩ་བ་ལྔ་པོ་ལྔ་རྣམས་ནི། །སྲང་ནི་ཉིས་བརྒྱ་ལྔ་བཅུ་དག །ཆུ་ནི་བཅུ་འགྱུར་ནང་དུ་བསྐོལ། །ཁུ་བ་བཅུ་ཆ་ལུས་པ་རུ། །ཨ་རུ་རྣམ་རྒྱལ་སྐྱུ་རུ་ར། །བརྡུངས་ལ་རུས་པ་ཕྱུང་ནས་ནི། །ཁུ་བ་དེ་ཡི་ནང་དུ་ནི། །ཤིང་ཚ་སུག་སྨེལ་པི་པི་ལིང་། །ག་དུར་སྐྱེར་ 202-1-278b པ་ཨ་རུ་ར། །ཙནྡན་མ་དུ་ཀ་པར་ནི། །ཤང་ཀ་པུཥྤ་ཀ་ན་ཡ། །ཤུ་དག་གླ་བ་ཤིང་མངར་དང་། །བྱི་དང་ག་ནི་ཕུལ་རེའི་ཚད། །ཁ་ར་དཀར་སྲང་སྟོང་ཆིག་བརྒྱ། །ཞུན་མར་བྲེ་ནི་བཅུ་གཉིས་དང་། །ཏིལ་མར་བྲེ་ནི་བརྒྱད་བཅས་པ། །ལྡེ་གུར་གྱུར་གྱི་བར་དུ་བསྐོལ། །ཕབ་ལ་བསྒྲངས་པར་སྦྲང་ རྩི་ནི། །སྲང་ནི་སུམ་བརྒྱ་ཉི་ཤུ་གཞུག །དེ་ནས་གཟར་བུས་དཀྲུགས་ནས་ནི། །མར་གྱི་སྣོད་དུ་གཞུག་པར་བྱ། །གང་ཞིག་ཟས་གཅིག་ལ་མི་གནོད། །དེ་ནི་འདི་ཡི་ཚད་དུ་བཤད། །ཞུ་བའི་ཚེ་ན་དྲུག་ཅུ་པ། །འོ་མར་བཅས་པའི་ཁ་ཟས་སྦྱིན། །བཅུད་ཀྱིས་ལེན་འདི་ཚངས་པས་བཤད། ། དགེ་ཞིང་དཔལ་ཡོན་ཅན་ཡིན་ཞིང་། །མཁའ་ལ་གནས་དང་བྱིས་པ་རྩེ། །དེ་བཞིན་དཀའ་ཐུབ་པས་བསྟེན་བྱས། །ལུས་སྙོམ་ངལ་དང་སྐྲ་དཀར་དང་། །གཉེར་མའི་སྐྱོན་ནི་སྤང་འགྱུར་ཞིང་། །ཡིད་གཞུངས་དྲན་དང་སྟོབས་ལྡན་ཞིང་། །ཚེ་རིང་པར་ཡང་འགྱུར་བ་ཡིན། །ཞེས་བྱ་བ་ ལ། ཨ་རུ་ར་རྡོག་མ་སྟོང་དང་། དེའི་སུམ་འགྱུར་གྱི་སྐྱུ་རུ་ར་དང་བཅས་པ་སྟེ་སྐྱུ་རུ་ར་སུམ་སྟོང་དང་། སྨན་གྱི་སྡེ་ཚན་སྣ་ཚོགས་ནས་བཤད་པའི་རྩ་བ་ལྔ་པོ་ལྔ་སྤྱིར་སྲང་ཉིས་བརྒྱ་ལྔ་བཅུ་སྟེ། འདི་དག་ནི་སྨན་རེ་རེ་ཞིང་བཅུ་བཅུ་གཞུག་པར་བྱ་སྟེ། དེ་དག་ཐམས་ཅད་བསྡུས་པ་སྲང་གིས་བསྡུས་ ཏེ། དེའི་བཅུ་འགྱུར་གྱི་ཆུའི་ནང་དུ་བསྐོལ་ལ་དེའི་ཁུ་བ་བཅུ་ཆ་ལུས་པ་དང་། དེའི་འོག་ཏུ་ཨ་རུ་ར་རྣམ་པར་རྒྱལ་བ་དང་། སྐྱུ་རུ་ར་བརྡུངས་ལ་རུས་པ་ཕྱུང་སྟེ། ཁུ་བ་དེའི་ནང་དུ་ཤིང་ཚ་ནས་བྱི་དང་གའི་བར་དུ་སྨན་སྣ་རེ་ཞིང་ཕུལ་རེ་གཞུག་པར་བྱའོ། །དེ་བཞིན་དུ་ཁ་ར་དཀར་པོ་སྲང་སྟོང་ཆིག་ བརྒྱ་དང་། དེ་བཞིན་དུ་ཞུན་མར་བྲེ་བཅུ་གཉིས་དང་། དེ་བཞིན་དུ་ཏིལ་མར་བྲེ་བརྒྱད་དེ། དེ་དག་ཐམས་ཅད་གཅིག་ཏུ་བསྲེས་ལ། གཟར་བུ་ལ་ཆགས་ཤིང་ལྡེ་གུར་གྱུར་གྱི་བར་དུ་བསྐོལ་ལ་ཐབ་ལས་ཕབ་སྟེ་བསྒྲངས་པའི་ནང་དུ་སྦྲང་རྩི་སྲང་སུམ་བརྒྱ་ཉི་ཤུ་གཞུག་པར་བྱའོ། །དེ་ནས་ དེའི་འོག་ཏུ་གཟར་བུས་ལེགས་པར་དཀྲུགས་ལ་དེ་མར་གྱི་སྣོད་དུ་བཅུག་ཅིང་བཞག་པར་བྱ་ལ། དེ་ལས་ཚད་བཞིན་དུ་བཟའ་བར་བྱ་སྟེ། དེའི་ཚད་ནི་ཇི་ཙམ་ཞིག་ཟོས་པས་ནང་པར་གྱི་ཟས་བཟའ་བའི་དུས་ལ་མི་གནོད་ཅིང་བདེ་བར་འཇུ་ནུས་པ་དེ་ཙམ་དུ་བཟའ་བར་བྱའོ། །སྨན་དེ་ཞུ་བའི་ཚེ་ 202-1-279a ན་འབྲས་དྲུག་ཅུ་པའི་ཆན་འོ་མ་དང་བཅས་པའི་ཁ་ཟས་སྦྱིན་པར་བྱའོ། །བཅུད་ཀྱིས་ལེན་པ་འདི་ནི་ཚངས་པས་བཤད་པ་ཡིན་ཏེ། དགེ་ཞིང་དཔལ་སྐྱེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་ནོ། །དྲང་སྲོང་མཁའ་ལ་གནས་པ་དང་། བྱིས་པ་དང་རྩེ་བ་དང་། དེ་བཞིན་དུ་དཀའ་ ཐུབ་པ་གཞན་རྣམས་ཀྱིས་ཀྱང་བསྟེན་ཅིང་གོམས་པར་བྱས་པ་ཡིན་ལ། དེ་དག་ཀྱང་བཅུད་ཀྱིས་ལེན་འདི་ལུས་ཀྱི་སྙོམ་པ་དང་། ངལ་བ་ལ་སོགས་པ་སྤང་བར་འགྱུར་བ་དང་། ཡིད་གཞུངས་པ་དང་། དྲན་པ་ལ་སོགས་པ་དང་ལྡན་པ་ནས་ཚེ་ཤིན་ཏུ་རིང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པར་འགྱུར་ བ་ཡིན་ནོ། །སྐྱོན་མེད་ཨ་རུ་ར་དང་སྐྱུ་རུ་ར། །སྟོང་དང་པི་པི་ལིང་ནི་སྟོང་དང་བཅས། །རྒྱ་སྐྱེགས་ཤིང་གཞོན་ཐལ་བའི་ཆུ་སྦྱར་བ། །སྣོད་དུ་བཞག་སྟེ་ལེགས་པར་སྦངས་ནས་ནི། །སླར་ཕྱུང་གྲིབ་མར་སྐམས་ཏེ་ཕྱེ་མར་བྱས། །ཁ་ར་དཀར་པོ་བཞི་ཆ་མར་དང་ནི། །སྦྲང་རྩི་བཞི་འགྱུར་བཅས་པ་ མར་གྱི་ནི། །བུམ་པར་བཅུག་སྟེ་ས་བརྐོས་པར་བཞག་ལ། །ཟླ་བ་དྲུག་ལོན་ནས་ནི་སླར་ཕྱུང་སྟེ། །སྔ་དྲོའི་དུས་སུ་མེ་དྲོད་ཇི་བཞིན་བཟའ། །རྟག་ཏུ་མཐུན་པའི་ཟས་ནི་བཟའ་བར་བྱ། །དེ་ལྟར་མ་ལུས་ཟོས་ན་ལོ་བརྒྱ་འཚོ། །ནད་མེད་པ་དང་སྐྲ་དཀར་གཉེར་མ་མེད། །ལུས་ཀྱི་སྟོབས་འཕེལ་རྒྱས་ པར་འགྱུར་བ་དང་། །མཆོག་ཏུ་དྲན་གསལ་ཡིད་ནི་གཞུངས་པར་འགྱུར། །ཞེས་བྱ་བ་ལ། ཨ་རུ་ར་དང་སྐྱུ་རུ་ར་སྐྱོན་མེད་ཅིང་ཁུ་བ་དང་སྨན་གྱི་ནུས་པ་ལ་སོགས་པ་རྫོགས་པར་གྱུར་པ་དང་། དེ་བཞིན་དུ་པི་པི་ལིང་སྟོང་དང་བཅས་པ་དང་། དེ་བཞིན་དུ་རྒྱ་སྐྱེགས་ཤིང་པ་ལ་ཤ་ཞེས་བྱ་བ་ཐལ་ བར་བྱས་ཏེ་ཆུར་གཟགས་པ་དང་སྦྱར་ཏེ། སྣོད་དུ་བཞག་ལ་སྦངས་པར་གྱུར་ནས་སླར་ཕྱུང་སྟེ་གྲིབ་མའི་ནང་དུ་སྐམས་ནས་ཕྱེ་མར་བྱས་པ་དང་། ཁ་ར་དཀར་པོ་ཕྱེ་མའི་བཞི་ཆ་ལས། དེ་བཞིན་དུ་མར་དང་སྦྲང་རྩི་སྨན་གྱི་བཞི་འགྱུར་དང་བཅས་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡོམས་ཏེ་མར་གྱི་ བུམ་པར་བཅུག་ནས་ས་བརྐོས་པའི་ནང་དུ་བཞག་ལ། ཟླ་བ་དྲུག་ལོན་པ་དང་། དེའི་འོག་ཏུ་སླར་ཕྱུང་སྟེ་སྔ་དྲོའི་དུས་སུ་ཇི་ཙམ་དུ་རན་པར་ཟོས་ལ། དེ་ཞུ་བ་དང་རྗེས་སུ་མཐུན་པའི་ཁ་ཟས་སཱ་ལུའི་ཆན་ལ་སོགས་པ་བཟའ་བར་བྱའོ། །དེ་ལྟ་བུའི་སྦྱོར་བས་སྨན་ཐམས་ཅད་ཟོས་ན། ལོ་བརྒྱའི་ 202-1-279b བར་དུ་འཚོ་བར་འགྱུར་ཞིང་ནད་དང་སྐྲ་དཀར་དང་གཉེར་མ་མེད་པར་འགྱུར་བ་དང་། ལུས་ཀྱི་སྟོབས་འཕེལ་བ་ལ་སོགས་པར་འགྱུར་རོ། །སྐྱོན་མེད་རྒྱ་སྐྱེགས་ཤིང་རློན་པ། །ཐོར་ཏོ་བཅད་ལ་བཞོག་པ་ཡི། །སྡོང་བུ་ཁྲུ་གཉིས་བརྐོས་པའི་ནང་། །སྐྱུ་རུ་ར་ནི་སར་པས་དགང་། །རྩ་བའི་ བར་དུ་འཇག་མས་དཀྲི། །པདྨ་སྐྱེས་པའི་འདམ་གྱིས་བསྐུ། །དེ་ནས་རླུང་མེད་གནས་སུ་ནི། །ལྕི་བ་སར་པ་གཙང་མས་བཙོ། །ཚོས་ཤིང་སྐྱུ་རུ་ར་སྦངས་ནས། །སྦྲང་རྩི་མར་བཅས་མི་ཡིས་བཟའ། །དེ་རྗེས་འོ་མ་མར་བཅས་པ། །ཅི་འདོད་པར་ནི་བཏུང་བར་བྱ། །དེ་ཉིད་ཀྱིས་ནི་ཟླ་གཅིག་ པར། །བསྟེན་ཞིང་སྤང་བར་བྱ་བ་རྣམས། །དེ་ནི་འབད་དེ་སྤང་བར་བྱ། །ཆུ་ནི་གྲང་མོ་ལག་པ་ཡིས། །རེག་པ་ཙམ་ཡང་མི་བྱའོ། །དེ་ལྟར་ཞག་ནི་བཅུ་གཅིག་འདས། །སྐྲ་སོ་སེན་མོ་ལྷགས་པར་འགྱུར། །དེ་ནས་ཉིན་ཞག་ཉུང་ཟད་ནས། །གཟུགས་བཟང་བུད་མེད་ལ་ཕོད་ཅིང་། །སྟོབས་ ནི་གླང་པོ་དང་འདྲར་འགྱུར། །མཆོག་ཏུ་ཡིད་གཞུངས་སྙིང་སྟོབས་དང་། །བློ་ལྡན་ལོ་སྟོང་འཚོ་བར་འགྱུར། །ཞེས་བྱ་བ་ལ། པ་ལ་ཤ་རུལ་པ་ལ་སོགས་པའི་སྐྱོན་མེད་པ་རློན་པའི་ཐོར་ཏོ་བཅད་ལ་བཞོག་པའི་ནང་གི་སྡོང་བུ་ཁྲུ་གཉིས་པ་བརྐོས་ལ། དེའི་ནང་དུ་སྐྱུ་རུ་ར་སར་པས་བཀང་ལ། དེའི་འོག་ཏུ་འཇག་མས་རྩ་བའི་བར་དུ་དཀྲི་བར་བྱའོ། །དེ་ནས་པདྨ་སྐྱེས་པའི་འདམ་གྱིས་བསྐུ་བར་བྱའོ། །དེའི་འོག་ཏུ་རླུང་མེད་པའི་གནས་སུ་དགོན་པའི་ལྕི་བ་སར་པའི་མེས་བཙོས་ལ། དེ་ནས་སྐྱུ་རུ་ར་དེ་སྦྲང་རྩི་དང་མར་དང་བཅས་པར་བཟའ་བར་བྱའོ། །དེའི་འོག་ཏུ་སྐོམ་དུ་འོ་མ་ངོམས་པར་བླུད་ པར་བྱ་ཞིང་། འོ་མ་དེ་ཉིད་དང་ཟླ་བ་གཅིག་གི་བར་དུ་གནས་པར་བྱ་ཞིང་། ཟས་གཞན་མི་བཟའ་བར་བྱ་བ་དང་། དེའི་བཅུད་ཀྱིས་ལེན་གྱི་སྤང་བར་བྱ་བའི་སྤྱོད་ལམ་ནི། འབད་དེ་སྤང་བར་བྱ་བ་དང་། ཆུ་གྲང་མོ་ནི་ཐ་ན་ལག་པས་ཀྱང་མི་རེག་པར་བྱའོ། །དེ་ལྟ་བུའི་ཚུལ་གྱིས་ཞག་བཅུ་གཅིག་ འདས་པར་གྱུར་པ་དང་། སྐྲ་དང་སོ་ལ་སོགས་པ་ལྷགས་པར་འགྱུར་རོ། །དེ་ནས་ཉིན་ཞག་གི་དུས་ཉུང་ཟད་ཅིག་ན་གཟུགས་བཟང་པོ་འབྱུང་བར་འགྱུར་བ་དང་། བུད་མེད་ལ་ཕོད་པ་ལ་སོགས་པའི་ཡོན་ཏན་རྣམས་འབྱུང་བར་འགྱུར་རོ། །རྩ་བ་བཅུ་པ་བ་བླ་དང་། །གླ་སྒང་ཐལ་ཏྲེས་ཛི་བ་ཀ ། 202-1-280a ཨུཏྤ་ལ་དང་པརྞི་གཉིས། །ཀར་ཀ་ཏ་སྲིང་པི་པི་ལིང་། །མེ་ད་སུག་སྨེལ་ཏ་མ་ལ། །འཚོ་བྱེད་རྒུན་འབྲུམ་ཨ་ག་རུ། །མ་ནུ་ཟུར་པ་བ་སྤྲུ་བ། །རམ་ཉེ་བ་གཉིས་སླེ་ཏྲེས་དང་། །ཀ་ཀ་ན་ས་ཨ་རུ་ར། །བ་ཤ་ཀའི་རྩ་བི་ད་རི། །སྲང་རེ་གཅིག་ཏུ་བསྲེས་ནས་ ནི། །སྐྱུ་རུ་རའི་འབྲུ་ལྔ་བརྒྱ་ནི། །ཆུ་བྲེ་བཅུ་དྲུག་ནང་དུ་བསྐོལ། །དེ་ཡི་ཁུ་བ་བཞི་ཆ་ལུས། །སྐྱུ་རུ་ར་ཡི་རུས་པ་བསལ། །མར་དང་ཏིལ་མར་སྲང་བཅུ་གཉིས། །ནང་དུ་ལེགས་པར་བརྔོས་ནས་ནི། །ཁ་ར་དཀར་པོ་སྲང་ལྔ་བཅུ། །བཏགས་ཏེ་ལྡེ་གུའི་ཚུལ་དུ་བསྐོལ། །སྣུམ་ཕྱེད་ ཀྱི་ནི་སྦྲང་རྩི་གཞུག །སྨིག་རྐང་སྲང་ནི་བཞི་དག་དང་། །པི་པི་ལིང་ནི་སྲང་གཉིས་དང་། །དྲི་བཟངས་བཞི་ནི་སྲང་གཅིག་གཞུག །དེ་ལས་ཚད་ཙམ་བཟའ་བྱ་ཞིང་། །ཁང་པར་གནས་ཤིང་འཕྲོད་ཟས་བསྟེན། །འདི་ནི་དྲང་སྲོང་འཕོ་བས་བསྟེན། །དྲང་སྲོང་འཕོ་བས་གང་ཟོས་པས། ། རྒས་པས་ཉེན་པར་གྱུར་པ་ཡང་། །བུད་མེད་ཀྱི་ནི་མིག་ཏུ་སྡུག །ཆོ་ག་བཞིན་དུ་བསྟེན་གྱུར་ན། །ལུད་པ་དབུགས་མི་བདེ་རིམས་དང་། །སྐེམས་དང་སྙིང་ནད་དྲེག་ནད་དང་། །གཅིན་དང་ཁུ་ཆུ་ལ་གནས་དང་། །སྐད་འགགས་པ་ཡང་སེལ་བར་བྱེད། །བྱིས་པ་རྒན་དང་གློ་འགྲམ་གཙོད། ། རིད་པའི་ཉམས་སྟོབས་འཕེལ་བར་བྱེད། །ཡིད་གཞུངས་དྲན་དང་མདངས་ལྡན་དང་། །ནད་མེད་ཉིད་དང་ཚེ་འཕེལ་དང་། །རླུང་ནི་བདེ་བར་རྒྱུ་བྱེད་ཅིང་། །བུད་མེད་ལ་ཕོད་སྟོབས་དང་ནི། །དབང་པོ་གསལ་ཞིང་མེ་དྲོད་སྐྱེད། །ཅེས་བྱ་བ་ལ། རྩ་བ་བཅུ་དང་བ་བླ་ལ་སོགས་པའི་སྨན་སྣ་རེ་ཞིང་ སྲང་རེ་གཅིག་ཏུ་བསྲེས་པ་དང་། སྐྱུ་རུ་རའི་རྡོག་མ་ལྔ་བ་གྱ་ཆུ་བྲེ་བཅུ་དྲུག་གི་ནང་དུ་བསྐོལ་ལ། དེའི་ཁུ་བ་བཞི་ཆ་ལུས་པ་དང་། དེ་ལས་སྐྱུ་རུ་ར་བཏུས་ཏེ་རུས་པ་བསལ་ལ་མར་དང་ཏིལ་མར་སྲང་བཅུ་གཉིས་ཀྱི་ནང་དུ་བརྔོས་ལ། དེའི་འོག་ཏུ་ཁ་ར་དཀར་པོ་སྲང་ལྔ་བཅུ་དང་བཅས་པ་དེ་ལྡེ་གུའི་སྦྱོར་ བས་བསྐོལ་ལ་ཚོས་ནས་བསྒྲངས་ལ། སྦྲང་རྩི་སྣུམ་གྱི་ཕྱེད་དེ་སྲང་དྲུག་ལ་སོགས་པ་བཅུག་ལ། ལྡེ་གུ་དེ་ལས་ཚད་ཙམ་བཟའ་ཞིང་། ཁང་པར་གནས་ཏེ་ཁ་ཟས་འཕྲོད་པ་བསྟན་པར་བྱའོ། །འདི་ནི་དྲང་སྲོང་འཕོ་བས་བསྟེན་ཞིང་ཟོས་པ་ཞེས་བྱ་བའི་བཅུད་ཀྱིས་ལེན་ཡིན་ཏེ། བཅུད་ 202-1-280b ཀྱིས་ལེན་གང་ཞིག་ཟོས་པས་དེ་རྒས་འཁོགས་པར་གྱུར་པ་ཡང་གཟུགས་བཟང་ཞིང་བུད་མེད་ཀྱི་མིག་ཏུ་སྡུག་པར་འགྱུར་རོ། །འདི་ཆོ་ག་བཞིན་བསྟེན་པར་གྱུར་ན། ལུད་པ་དང་དབུགས་མི་བདེ་བ་ལ་སོགས་པ་ནས། དབང་པོ་གསལ་ཞིང་མེ་དྲོད་སྐྱེད་པར་བྱེད་པའི་བར་གྱི་ཡོན་ཏན་དང་ལྡན་པ་ ཡིན་ནོ། །ཤིང་མངར་སྨིག་རྐང་པི་པི་ལིང་། །ལྕེ་མྱང་ཚ་དང་བཅས་པ་དང་། །ལྕགས་ནི་སྣ་རེ་གསེར་དང་ནི། །ཤུ་དག་སྦྲང་རྩི་ཞུན་མར་རམ། །ཁ་ར་དཀར་པོ་འབྲས་བུ་གསུམ། །ལོ་གཅིག་བསྟེན་ན་བཅུད་ལེན་འགྱུར། །ནད་ཀུན་འཇོམས་ཤིང་དྲན་པ་དང་། །ཡིད་གཞུངས་ བློ་ནི་སྐྱེད་པར་བྱེད། །ཅེས་བྱ་བ་ལ། ཤིང་མངར་རམ། སྨིག་རྐང་ངམ། པི་པི་ལིང་ངམ། ལྕེ་མྱང་ཚའམ། ལྕགས་ལྔ་པོ་རེ་རེའམ། སོ་སོར་རམ། གསེར་རམ། ཤུ་དག་གམ། མར་དང་སྦྲང་རྩིའམ། ཁ་ར་དཀར་པོ་འབྲས་བུ་གསུམ་དང་བཅས་པ་ལོ་གཅིག་ཏུ་བསྟེན་ན། བཅུད་ཀྱིས་ལེན་དུ་འགྱུར་ཞིང་ནད་ཐམས་ཅད་འཇོམས་པར་བྱེད་པ་ཡིན་ནོ། །མ་དུ་ཀ་པརྞ་ཡི་ཁུ་བ་འམ། །ཤིང་མངར་ཕྱེ་མ་འོ་མར་བཅས་པ་ནི། །ལྷན་ཅིག་སྦྱར་བ་མེ་དྲོད་ཇི་བཞིན་སྦྱིན། །སླེ་ཏྲེས་ཤང་ཀ་པུཥྤའི་མེ་ཏོག་བཅས། །ལྡེ་གུར་སྦྱར་བ་མེ་དྲོད་ཇི་བཞིན་དུ། །བསྟེན་ན་ཚེ་ནི་ སྦྱིན་པར་བྱེད་པ་དང་། །ནད་འཇིག་སྟོབས་སྐྱེད་མདོག་ནི་གསལ་བྱེད་ཅིང་། །མེ་དྲོད་སྐད་གསལ་ཡིད་གཞུངས་སྐྱེད་པར་བྱེད། །བཅུད་ཀྱིས་ལེན་གྱི་སྦྱོར་བ་འདི་དག་ལས། །ཤང་ཀ་པུཥྤའི་སྦྱོར་འདི་ཡིད་གཞུངས་མཆོག །ཅེས་བྱ་བ་ལ། མ་དུ་ཀ་པརྞི་ཞེས་བྱ་བ་བསྐོལ་བའི་ཁུ་བ་ འམ། ཤིང་མངར་གྱི་ཕྱེ་མའམ། སླེ་ཏྲེས་ཀྱི་ཕྱེ་མའམ། ཤང་ཀ་པུཥྤའི་རྩ་བའི་ལྡེ་གུ་མེ་དྲོད་ཇི་ལྟ་བ་བཞིན་དུ་བསྟེན་ན་བཅུད་ཀྱིས་ལེན་དུ་འགྱུར་ཞིང་། ཚེ་སྦྱིན་པར་བྱེད་པ་ལ་སོགས་པ་ཡིན་ནོ། །བཅུད་ཀྱིས་ལེན་གྱི་སྦྱོར་བ་འདི་དག་ལས་ཤང་ཀ་པུཤྤའི་སྦྱོར་བ་ནི་མཆོག་ཏུ་ཡང་ཡིད་ གཞུངས་པར་བྱེད་པ་ཡིན་ནོ། །སྤངས་མ་པུ་ཙེ་ཤེལ་དང་པ་ཡ་སྱ། །ཤིང་མངར་ཐལ་ཏྲེས་ཙནྡན་འབྲས་བུ་གསུམ། །ཤུ་དག་ཚ་བ་གསུམ་དང་སེར་པོ་གཉིས། །པ་ཏོ་ལིའི་རྩ་རྒྱམ་ཚ་ཞིབ་ཏུ་བཏགས། །མར་དང་འོ་མ་བྲེ་ནི་བཅུ་དྲུག་དང་། །ཤང་ཀ་པུཥྤའི་ཁུ་བ་སུམ་འགྱུར་བསྐོལ། ། 202-1-281a བླུད་ན་གླེན་པའང་ཚིག་ལ་དབང་འགྱུར་ཞིང་། །ཐོས་འཛིན་སྤོབས་པ་ཆེ་ཞིང་ནད་མེད་འགྱུར། །ཞེས་བྱ་བ་ལ། སྤངས་མ་ལ་སོགས་པ་དེ་དག་ཞིབ་ཏུ་བཏགས་ལ་མར་དང་འོ་མ་བྲེ་བཅུ་དྲུག་དང་། ཤང་ཀ་པུཥྤའི་ཁུ་བ་མར་གྱི་སུམ་འགྱུར་དང་བསྐོལ་ཏེ་བླུད་ན་སྐྱེས་ བུ་བླུན་པོ་དག་ཀྱང་ཚིག་གསལ་ཞིང་ངག་ལ་དབང་བ་དང་། ཐོས་པ་འཛིན་པ་དང་། ནད་མེད་པ་ཉིད་དུ་འགྱུར་རོ། །པདྨའི་རྩ་བ་སྡོང་བུ་དང་། །གེ་སར་ནང་གི་ས་བོན་རྣམས། །གསེར་བཅས་མར་དང་འོ་མ་ནི། །བྲེ་ནི་བཅུ་དྲུག་ནང་དུ་བསྐོལ། །པདྨ་ལྔ་པའི་ཐིག་ལེ་ཞེས། །ས་སྟེང་དག་དུ་ གྲགས་པ་ཡིན། །ཚུལ་བཞིན་བསྟེན་ན་སྐྱེས་བུ་ནི། །ཉམས་སྟོབས་ཟད་པ་འཕེལ་བར་བྱེད། །ཅེས་བྱ་བ་ལ། པདྨའི་རྩ་བ་ལ་སོགས་པ་ཚུལ་བཞིན་དུ་བསྐོལ་བའི་བཅུད་ཀྱིས་ལེན་ནི་མིང་པདྨ་ལྔ་པ་ཞེས་གྲགས་པ་ཡིན་ཏེ། དེ་ཚུལ་བཞིན་དུ་བསྟེན་ན་མཆོག་ཏུ་སྐྱེས་བུའི་ཉམས་སྟོབས་སྐྱེད་ པར་བྱེད་པ་ཡིན་ནོ། །གང་ཞིག་ཨུཏྤལ་སྡོང་བུ་ལོ། །རྩ་བ་གེ་སར་ལྡན་བསྐོལ་བ། །ཨུཏྤལ་བཞི་པར་གྲགས་པ་ཡིན། །གསེར་དང་བཅས་པའི་བཅུད་ལེན་གྱི། །སྦྱོར་བ་བསྟེན་ན་བ་ལང་ཡང་། །ཡིད་གཞུངས་འགྱུར་ན་མིར་ཅི་སྨོས། །ཞེས་བྱ་བ་ལ། སྨན་མར་གང་ཨུཏྤ་ལའི་སྡོང་བུ་དང་ལོ་མ་ དང་རྩ་བ་དང་ལྡན་པར་བསྐོལ་ཞིང་གསེར་དང་བཅས་པ་སྦྱར་བའི་བཅུད་ཀྱིས་ལེན་ནི་ཨུཏྤ་ལ་བཞི་པ་ཡིན་ཏེ། དེ་བསྟེན་ན་བ་ལང་ཡང་ཡིད་གཞུངས་ཤིང་བློ་དང་ལྡན་པར་འགྱུར་བ་ཡིན་ན། མིར་སྐྱེས་ནས་ལྟ་སྨོས་ཀྱང་ཅི་དགོས། །པྲམྷི་ཤུ་དག་ཤང་ཀ་པུཥྤ་དང་། །རྒྱམ་ཚ་མང་ཚ་ཀྵ་ར་བི་ཤ་ལ། ། བྲམྷི་སོ་བར་ཙ་ལ་པི་པི་ལིང་། །རེ་རེ་ནས་ནི་གསུམ་གསུམ་ཙམ་གྱི་ཚད། །གསེར་ནི་ནས་གཉིས་དུག་ནི་ཏིལ་འབྲུ་ཙམ། །ཞུན་མར་སྲང་གཅིག་འདི་དག་ཞིབ་ཏུ་སྦྱར། །ལེགས་པར་བཏང་སྟེ་ཞུ་བར་གྱུར་ནས་ནི། །མར་བཅས་ཁ་ཟས་ལོ་གཅིག་བར་དུ་བསྟེན། །དྲན་དང་ཡིད་གཞུངས་བློ་ནི་ འཕེལ་འགྱུར་ཞིང་། །ན་དང་རྒས་པ་དག་ལས་འདས་པ་དང་། །སྙོམ་དང་ངལ་དུབ་སེལ་བྱེད་ལོ་བརྒྱར་འཚོ། །དཔལ་དང་གཟི་བརྗིད་མདངས་དང་ལྡན་པར་འགྱུར། །ཁྱད་པར་དུ་ནི་མཛེ་ནད་ཤ་བཀྲ་སྐྲན། །དུག་དང་དབྱིག་དུག་རིམས་དང་སྨྱོ་བྱེད་དང་། །སྲིད་སྲུང་རིག་བྱེད་སྔགས་བྱས་གཤེད་ 202-1-281b བྱེད་དང་། །རླུང་ནད་སྟོབས་ཆེན་འདིས་ནི་ཞི་བར་བྱེད། །ཅེས་བྱ་བ་ལ། བྲམྷི་ནས་པི་པི་ལིང་གི་སྨན་སྣ་རེ་རེ་ཞིང་ནས་གསུམ་གྱི་ཚད་དང་། གསེར་ནི་གཉིས་ཀྱི་ཚད་དང་། དུག་ཏིལ་འབྲུ་གཅིག་ཙམ་དང་། ཞུན་མར་སྲང་གཅིག་སྟེ། དེ་དག་ཐམས་ཅད་གཅིག་ཏུ་སྦྱར་ནས་ཟོས་ཏེ། དེ་ཞུ་བར་གྱུར་ པ་དང་། ཁ་ཟས་མར་དང་སྦྲང་རྩི་མང་པོ་ཟོས་ལ་ཚུལ་དེ་ལྟར་ལོ་གཅིག་གི་བར་དུ་བསྟེན་ན་དྲན་པ་དང་། ཡིད་གཞུངས་པ་རྣམ་པར་འཕེལ་བར་འགྱུར་ཞིང་། ནད་ལ་སོགས་པ་ལས་འདས་པ་དང་། ལོ་བརྒྱ་ཚང་བའི་བར་དུ་འཚོ་ཞིང་དཔལ་ལ་སོགས་པ་དང་ལྡན་པར་འགྱུར་བ་དང་། ཁྱད་པར་ དུ་ཡང་བཅུད་ཀྱིས་ལེན་འདིས་མཛེ་ལ་སོགས་པ་སེལ་བར་བྱེད་པ་དང་། དེ་བཞིན་དུ་སྲིད་སྲུང་གི་རིག་བྱེད་ལས་བཤད་པའི་ཆོ་གས་གཤེད་བྱེད་དང་། གནོད་པའི་ལས་ཀྱི་སྦྱོར་བ་བྱས་པ་དང་། རླུང་ནད་ཤིན་ཏུ་མི་བཟད་པ་དག་ཀྱང་ཞི་བར་བྱེད་པ་ཡིན་ནོ། །ན་ག་བ་ལ་སྟོན་གྱི་ཚེ། །སྐར་མ་རྒྱལ་ ལ་བབ་པར་བཏུ། །དེ་ཡི་རྩ་བ་ཞོ་གཉིས་ཙམ། །ཕྱེར་བཏགས་འོ་མ་སྦྱར་ཏེ་བཏུང་། །ཡང་ན་མར་དང་སྦྲང་རྩིར་སྦྱར། །བལྡག་ཅིང་ཟས་མེད་འོ་མས་འཚོ། །དེ་ལྟར་ལོ་གཅིག་ཟོས་གྱུར་ན། །ལོ་བརྒྱར་འཚོ་ཞིང་སྟོབས་ལྡན་འགྱུར། །ཞེས་བྱ་བ་ལ། ན་ག་བ་ལ་ཞེས་བྱ་བའི་སྨན་སྟོན་གྱི་དུས་ ལ་བབ་པ་དང་། སྐར་མ་རྒྱལ་དང་གཟའ་ཟླ་བ་ལ་བབས་པའི་དུས་སུ་བཏུས་ཏེ། དེའི་རྩ་བ་ཞོ་གཉིས་ཙམ་གྱི་ཕྱེ་མ་འོ་མ་དང་སྦྱར་ཏེ་བཏུང་བའམ། ཡང་ན་མར་དང་སྦྲང་རྩི་སྦྱར་ཏེ་བལྡག་ཅིང་འོ་མས་འཚོ་བར་བྱས་ཏེ། དེ་ལྟར་ལོ་གཅིག་གི་ནང་དུ་བསྟེན་ན་ལོ་བརྒྱའི་བར་དུ་འཚོ་བ་དང་། སྟོབས་ ཤིན་ཏུ་ཆེ་བར་འགྱུར་རོ། །གཟེ་མ་འབྲས་བུ་སྐྱེས་པ་རྩ་བར་བཅས། །གྲིབ་མར་སྐམས་ཏེ་ཞིབ་ཏུ་བཏགས་ནས་ནི། །རང་གི་ཁུ་བར་སྦངས་པ་དེ་ལས་ནི། །ཆེ་ཚད་ཁྱོར་གང་ཙམ་དུ་བྱས་གྱུར་གང་། །དེ་དང་འོ་མ་སྦྱར་ནས་བཟའ་བྱ་ཞིང་། །ཞུ་ནས་འོ་མ་སྲང་ནི་ཉིས་བརྒྱ་ཟོས། །གཟུགས་ བཟང་སྐལ་ལྡན་ལོ་བརྒྱ་ཐུབ་པ་དང་། །འདོད་སྤྱོད་ཁྱུ་མཆོག་བ་ལང་ཚོགས་གནས་འདྲ། །ཞེས་བྱ་བ་ལ། གཟེ་མ་འབྲས་བུ་སྐྱེས་པ་རྩ་བ་དང་བཅས་པ་གྲིབ་མར་སྐམས་ཏེ་ཞིབ་ཏུ་བཏགས་པའི་ཕྱེ་མ་རང་གི་ཁུ་བའི་ནང་དུ་སྦངས་ཏེ། གཟེ་མ་དེ་ལས་ཆེ་ཚད་རང་གི་ཁྱོར་གང་ཙམ་སྟེ་སྲང་ 202-1-282a གཉིས་ཀྱི་ཚད་ཙམ་ཡང་འོ་མ་དང་སྦྱར་ཏེ། བཟའ་ཞིང་ལོངས་སྤྱོད་ལ། སྨན་དེ་ཁུ་བར་གྱུར་ནས་འོ་མ་ཉིད་སྲང་ཉིས་བརྒྱ་དང་། འབྲས་ཆན་བསྲེས་པ་ཟོས་པར་གྱུར་ན་གཟུགས་བཟང་བ་ལ་སོགས་པ་འཐོབ་པར་འགྱུར་ཞིང་། ཇི་ལྟར་བ་ལང་གི་ཚོགས་ཀྱི་ ནང་ན་ཁྱུ་མཆོག་འདོད་པ་སྤྱོད་པ་དང་འདྲ་བར་འདོད་པ་སྤྱོད་ནུས་པར་འགྱུར་རོ། །བ་ར་ཧི་ཡི་སྡོང་བུ་རློན་པ་ནི། །འོ་མར་སྦྱར་བ་ཟོས་ཤིང་འོ་མ་བཏུང་། །ཟླ་གཅིག་བར་དུ་ཁ་ཟས་འོ་མས་འཚོ། །རྒས་པའི་ཚོགས་ལས་ངེས་པར་རྒྱལ་འགྱུར་རོ། །ཞེས་བྱ་བ་ལ། སྨན་བ་ར་ཧིའི་སྡོང་བུ་ལོན་པ་འོ་མ་དང་ སྦྱར་བ་བསྟེན་ཅིང་ཟླ་བ་གཉིས་པ་ལ་ཡང་སྡོང་བུ་དེ་ཟས་གཞན་མི་བཟའ་བར་འོ་མ་དང་བཅས་པར་བསྟེན་ན་སྐྱེས་བུ་དེ་སྦྱོར་བ་དེས་རྒས་པ་ལས་ངེས་པར་རྒྱལ་བར་འགྱུར་རོ། །ཡང་ན་དེ་ཡི་སྡོང་བུའི་ཕྱེ་ཞིབ་མོ། །རང་གི་ཁུ་བ་དང་ནི་ལེགས་སྦྱར་ཏེ། །མར་དང་སྦྲང་རྩིར་སྦྱར་བའི་ལྡེ་གུ་བཟའ། །ཡང་ ན་དེ་བསྐོལ་མར་ནི་བཏུང་བར་བྱ། །ཞེས་བྱ་བ་ལ། ཡང་ན་དེའི་སྡོང་བུ་ཕྱེ་མ་ཞིབ་མོར་བཏགས་ལ་རང་ཉིད་བསྐོལ་བའི་ཁུ་བ་དང་སྦྱར་ཏེ། ཇི་སྐད་སྨོས་པའི་ལྡེ་གུའམ། སྨན་མར་ཟོས་ན་ཡང་ཡོན་ཏན་སྔ་མ་དང་འདྲའོ། །དེ་བཞིན་ཨ་ཏི་བ་ལ་བི་ད་རི། །ཤིང་མངར་དང་ནི་མོན་སྣེའུ་དམེ་རུ་དང་། ། ཛི་བན་ཏི་དང་ར་སྣ་ཨ་རུ་ར། །ས་ལ་པརྞི་སླེ་ཏྲེས་སྐྱུ་རུ་ར། །ཤང་ཀ་པུཥྤ་མན་དུ་ཀ་པརྞི། །ཨ་ཤྭ་གནྡྷ་དང་ནི་ཉེའུ་ཤིང་རྣམས། །སྦྱར་བ་བཏང་ན་ཡིད་གཞུངས་བློ་དང་ནི། །རྒས་སྲ་ན་ཚོད་བརྟན་ཞིང་སྟོབས་སྐྱེད་བྱེད། །ཅེས་བྱ་བ་ལ། དེ་བཞིན་དུ་ཨ་ཏི་བ་ལ་ལ་སོགས་པ་ཡང་བ་ར་ཧིའི་སྦྱོར་བ་ དང་འདྲ་བར་སྨན་སྣ་གང་ཡང་རུང་བ་རེ་རེ་བཏང་བར་གྱུར་ན་ཡིད་གཞུངས་པ་ལ་སོགས་པར་འགྱུར་རོ། །སྠི་ར་ནི་ས་ལ་པརྞིའོ། །མན་དུ་ཀ་པརྞི་མན་དུ་ཀིའོ། །གཞན་ནི་གོ་བར་ཟད་དོ། །ཙི་ཏྲ་ཀ་ཡི་མེ་ཏོག་ནི། །སེར་པོ་དཀར་ནག་ལས་ཤེས་བྱ། །ཆོ་ག་བཞིན་དུ་བཅུད་ལེན་སྦྱར། །གོ་ རིམས་བཞིན་དུ་ཡོན་ཏན་ཆེ། །ཞེས་བྱ་བ་ལ། ཙི་ཏྲ་ཀའི་མེ་ཏོག་རྣམ་པ་གསུམ་པོ་སེར་པོ་དང་དཀར་པོ་དང་ནག་པོ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱས་ལ། དེ་བཅུད་ཀྱིས་ལེན་དུ་སྦྱར་ན་གོ་རིམས་ཇི་ལྟ་བ་བཞིན་དུ་ཡོན་ཏན་ཆེ་བ་ཡིན་ཏེ། མེ་ཏོག་སེར་པོ་ཅན་བས་ནི་དཀར་པོ་ཡོན་ཏན་དང་ལྡན་ལ་ 202-1-282b དཀར་པོ་བས་ནི་ནག་པོ་ཡོན་ཏན་ཆེ་བ་ཡིན་ནོ། །དེ་ཡི་རྩ་བ་གྲིབ་མར་སྐམ། །ཕྱེ་མར་བཅས་པ་སྦྲང་རྩི་མར། །འོ་མ་ཆུ་དང་ཟླ་གཅིག་བར། །བརྟུལ་ཞུགས་ཅན་གྱིས་བསྟེན་བྱས་ལ། །ཕན་པའི་ཟས་ནི་ཟ་བྱེད་ན། །ལོ་བརྒྱར་འཚོ་ཞིང་ནད་མེད་ལ། །ཡིད་གཞུངས་སྟོབས་དང་མདངས་ལྡན་ཞིང་། ། ལུས་རྒྱས་མེ་དྲོད་འབར་བར་འགྱུར། །ཞེས་བྱ་བ་ལ། ཙི་ཏྲ་ཀ་དེའི་རྩ་བའི་ཕྱེ་མ་མར་དང་སྦྲང་རྩི་གཉི་གའམ། འོ་མའམ། ཆུ་དང་བཅས་པར་ཟླ་བ་གཅིག་གི་བར་དུ་བསྟེན་ནས་འཕྲོད་པའི་ཟས་ཟོས་ན་ལོ་བརྒྱར་འཚོ་བ་ལ་སོགས་པའི་ཡོན་ཏན་སྐྱེད་པར་འགྱུར་རོ། །ཏིལ་མར་ལྡེ་གུ་ཟླ་གཅིག་བར། ། བསྟེན་ན་རླུང་ནད་གསོ་དཀའ་འཇོམས། །གཅིན་སྦྱར་ཤ་བཀྲ་མཛེ་ནད་འཇོམས། །དར་བར་སྦྱར་བས་གཞང་འབྲུམ་སེལ། །ཞེས་བྱ་བ་ལ། ཙི་ཏྲ་ཀ་དེ་ཏིལ་མར་དང་བཅས་པ་ཟླ་བ་གཅིག་གི་བར་དུ་བསྟེན་ན་རླུང་ནད་མི་བཟད་པ་དག་ཀྱང་སེལ་བར་བྱེད་ལ། དེ་གཅིན་དང་སྦྱར་ཏེ་ཟླ་བ་གཅིག་གི་བར་ དུ་བསྟེན་ན་ནི་མཛེ་དང་ཤ་བཀྲ་འཇོམས་པར་བྱེད་དོ། །ཙི་ཏྲ་ཀ་དང་སྦྱར་ཏེ་ཟླ་གཅིག་གི་བར་བསྟེན་ན་ནི་གཞང་འབྲུམ་སེལ་བར་བྱེད་དོ། །གོ་བྱེ་ལེགས་པར་སྨིན་པ་ནི། །འབྲས་ཀྱི་ཕུང་པོའི་ནང་དུ་གཞུག །སོ་གའི་ཚེ་བཏུས་དགུན་ཚེ་ཕྱུང་། །མངར་ཞིང་སྣུམ་དང་བསིལ་བ་ཡི། །སྨན་སྦྱར་དེ་ ཡི་རྡོག་མ་བརྒྱད། །བརྒྱད་འགྱུར་ཆུར་ནི་བསྐོལ་ནས་ནི། །ཁུ་བ་དེ་ཡི་བརྒྱད་ཆ་ལུས། །འོ་མ་སྦྱར་བ་གྲང་མོ་བཏུང་། །དེ་རྗེས་ཉི་མ་རེ་རེ་ཞིང་། །གོ་བྱེ་རྡོག་མ་རེ་རེས་བསྐྱེད། །ཉི་ཤུ་རྩ་གཅིག་བར་དུ་ནི། །གསུམ་གསུམ་གྱིས་བསྐྱེད་དེ་ཕན་ཆད། །བཞི་བཅུའི་བར་བསྐྱེད་དེ་འོག་ཏུ། ། བསྐྱེད་པ་བཞིན་དུ་དབྲི་བར་བྱ། །བདུན་ཕྲག་བདུན་གྱི་བར་དུ་ནི། །སྟོང་གི་བར་དུ་གཏང་བར་བྱ། །བདག་ཉིད་བསྡམས་ཤིང་འོ་མ་མར། །སཱ་ལུ་དྲུག་ཅུའི་འབྲས་ཆན་བཟའ། །དེ་བཞིན་དུས་ནི་སུམ་འགྱུར་བྱ། །སྦྱོར་བའི་མཐའ་ཡང་སྤྱད་པར་བྱ། །སྔོན་གྱི་ལེགས་སྨོན་ཐོབ་འགྱུར་ཞིང་། །ཁྱད་ པར་དུ་ནི་མེ་དྲོད་སྐྱེད། །གཅིན་སྙི་སྲིན་བུ་གཞང་འབྲུམ་མ་མཛེ། །ཚིལ་ལས་གྱུར་པའི་གཞང་འབྲུམ་འཇོམས། །ཞེས་བྱ་བ་ལ། གོ་བྱེ་ཞེས་བྱ་བ་བསེ་ཤིང་གི་འབྲས་བུ་སོ་གའི་དུས་སུ་ལེགས་པར་སྨིན་ཞིང་ཁུ་བཅུད་ཡོངས་སུ་རྫོགས་པར་གྱུར་པ་བཏུས་ལ་འབྲས་ཀྱི་ཕུང་པོའི་ནང་དུ་བཅུག་སྟེ། 202-1-283a དེ་དགུན་གྱི་དུས་སུ་ཕྱུང་ལ་རོ་མངར་བ་དང་རང་བཞིན་སྣུམ་ཞིང་བསིལ་བའི་སྨན་དང་ལེགས་པར་སྦྱར་ཏེ། དེའི་རྡོག་མ་བརྒྱད་ཆུ་བརྒྱད་འགྱུར་གྱི་ནང་དུ་བསྐོལ་ལ་ཁུ་བ་བརྒྱད་ཆ་ལུས་པར་བྱས་ཏེ། དེ་འོ་མ་དང་སྦྱར་བ་གྲང་མོ་བཏུང་ཞིང་གོ་བྱེ་རྡོག་མ་བརྒྱད་པོ་དེ་དག་ཞག་བདུན་གྱི་ བར་དུ་རྡོག་མ་རེ་རེས་བསྐྱེད་པར་བྱའོ། །དེའི་འོག་ཏུ་གོ་བྱེ་ལས་ཉི་མ་རེ་ཞིང་གསུམ་གསུམ་གྱིས་བསྐྱེད་ལ་བཞི་བཅུའི་བར་དུ་བསྐྱེད་པར་བྱའོ། །དེའི་འོག་ཏུ་གོ་བྱེ་དེ་སྔར་བསྐྱེད་པའི་ཚུལ་གྱི་གྲངས་དང་འདྲ་བར་གསུམ་གསུམ་གྱིས་དབྲི་ཞིང་བསྟེན་པར་བྱའོ། །དེའི་འོག་ཏུ་ནི་རེ་རེས་དབྲི་བར་བྱའོ། ། ཚུལ་དེ་ལྟར་ཞག་བདུན་ཕྲག་བདུན་གྱི་བར་དུ་གཏང་ཞིང་། རྡོག་མ་སྟོང་གི་བར་དུ་གཏང་བར་བྱའོ། །དེའི་ཚེ་བདག་ཉིད་བསྡམས་པ་ལ་སོགས་པའི་སྤྱོད་པ་དང་ལྡན་པར་བྱ་ཞིང་སྦྱོར་བའི་མཐའ་ཡང་སྤྱོད་ལམ་བསྡམས་པའི་དུས་སུམ་འགྱུར་དུ་བྱས་ལ་སྔོན་གྱི་ལེགས་པར་སྨོན་པ་ཙི་ཏྲ་ཀའི་སྐབས་སུ་ བཤད་པའི་ནད་མེད་པ་དང་། ཡུན་རིང་དུ་འཚོ་བ་ལ་སོགས་པ་འཐོབ་པར་འགྱུར་ལ། ཁྱད་པར་དུ་ནི་མེ་དྲོད་བསྐྱེད་པ་དང་། གཅིན་སྙི་བ་ལ་སོགས་པའི་ནད་འཇོམས་པ་ཡིན་ནོ། །གོ་བྱེའི་འབྲས་བུ་སྐྱོན་མེད་པ། །བརྡུངས་ཤིང་ཞིབ་ཏུ་བཏགས་པ་ནི། །བུམ་པར་བཅུག་སྟེ་ས་ནག་ བསྐུས། །ས་བརྐོས་པ་ཡི་ནང་དུ་གཞུག །ཀུན་ནས་བ་ཡི་ལྕི་བས་བསྐོར། །དེ་སྦྱར་མེ་ལ་བཙོས་ནས་ནི། །དེ་ལས་འཛག་པའི་ཁུ་བ་གང་། །བླངས་པ་ཉིན་ཞག་གཞན་ལ་ནི། །དེ་ཡི་བརྒྱད་འགྱུར་སྦྲང་རྩི་དང་། །ཉིས་འགྱུར་མར་དང་སྦྱར་བ་ནི། །ཆོ་ག་སྔ་མ་བཞིན་བསྡམས་ཏེ། །བསྟེན་ན་ཡོན་ ཏན་དེ་ཉིད་ཐོབ། །ཅེས་བྱ་བ་ལ། གོ་བྱེའི་འབྲས་བུ་སྐྱོན་མེད་པར་འགྱུར་བ་ལ་སོགས་པའི་སྦྱོར་བ་བྱས་ལ་དེ་ཚུལ་བཞིན་དུ་བཙོས་ལ། དེ་ལས་ཁུ་བ་གང་ཞིག་འཛག་པ་དེ་ཉི་མ་གཉིས་པ་ལ་བླངས་ལ། རང་གི་ཁུ་བ་དེའི་བརྒྱད་འགྱུར་གྱི་སྦྲང་རྩི་དང་ཉིས་འགྱུར་གྱི་མར་དང་སྦྱར་ཏེ། ཆོ་ག་སྔ་མ་བཞིན་ དུ་བསྡམས་པ་དང་བཅས་པས་བསྟེན་ན་ཡང་སྐྱེས་བུ་དེ་སྔར་བཤད་པའི་ཡོན་ཏན་དེ་ཉིད་འཐོབ་པར་འགྱུར་རོ། །གོ་བྱེའི་འབྲས་བུ་སྨིན་ཏེ་ལྷུང་གྱུར་པ། །བྲེ་བཞིའི་ཚད་ཙམ་དང་ནི་སོ་ཕག་དང་། །བདར་བའི་ཕྱེ་མ་དག་དང་ཆུ་དང་མཉེ། །བཀྲུས་ཏེ་རླུང་ལ་ལེགས་པར་བསྐམས་ནས་ནི། །བརྡུངས་ཏེ་ཆུ་ 202-1-283b བྲེ་བཅུ་དྲུག་ནང་དུ་བསྐོལ། །བཞི་ཆ་ལུས་པ་བཙགས་ཏེ་བསྒྲངས་པ་ཡི། །ཁུ་བ་དེ་དང་འོ་མ་བྲེ་བཅུ་དྲུག །བསྐོལ་ཏེ་བཞི་ཆ་ལུས་པར་གྱུར་པ་དང་། །དེ་དང་མཉམ་པའི་ཞུན་མར་བཅས་པར་བསྐོལ། །དེའི་ནང་ཁ་རའི་ཕྱེ་མ་ཅི་རན་གཞུག །དེ་ནི་གཟར་བུས་དཀྲུགས་པས་གཅིག་ཏུ་གྱུར། ། འབྲས་ཀྱི་ཕུང་པོར་ཞག་བདུན་ལེགས་པར་སྦ། །བདུད་རྩི་འདྲ་བ་དེ་བསྟེན་སྐྱེས་བུ་གང་། །ཆུ་འམ་འོ་མ་ཤ་ཁུ་འཐུང་གྱུར་ན། །དྲན་དང་ཡིད་གཞུངས་བློ་གྲོས་སྟོབས་དང་ལྡན། །སྙིང་སྟོབས་དང་ལྡན་གསེར་གྱི་མདོག་དང་འདྲ། །ཚེ་རིང་བ་ཡང་དེས་ནི་འཐོབ་པར་འགྱུར། །ཞེས་བྱ་བ་ལ། གོ་བྱེ་ སྨིན་པར་གྱུར་ནས། རང་ཉིད་ལྷུང་བར་གྱུར་པ་བྲེ་བཞི་ཙམ་སོ་ཕག་བདར་བའི་ཕྱེ་མ་དང་། ཆུ་དང་བཅས་པར་མཉེས་ལ། ཡང་སླར་ཆུར་བཀྲུས་ལ་རླུང་ལ་སྐམས་པ་གཏུན་གྱི་ནང་དུ་བརྡུངས་ཏེ། ཇི་སྐད་སྨོས་པ་བཞིན་དུ་བསྐོལ་ལ། དེའི་ནང་དུ་ཁ་རའི་ཕྱེ་མ་རང་ཉིད་ཇི་ཙམ་འདོད་པ་བཅུག་སྟེ། དེ་དཀྲུགས་ལ་ཞག་བདུན་གྱི་བར་དུ་འབྲས་ཀྱི་ཕུང་པོར་སྦས་ལ། སྐྱེས་བུ་གང་གིས་བདུད་རྩི་བཟའ་བ་ལྟ་བུའི་སྨན་མར་དེ་བསྟེན་ལ་དེའི་འོག་ཏུ་ཆུ་ལ་སོགས་པ་གང་ཡང་རུང་བ་འཐུངས་ན། དེ་དྲན་པ་ལ་སོགས་པ་འཐོབ་པར་འགྱུར་རོ། །ཆུ་བྲེ་བཅུ་དྲུག་ནང་དུ་གོ་བྱེ་ནི། །སུམ་བརྒྱ་བསྐོལ་ཏེ་བཞི་ ཆ་ལུས་པ་རུ། །ཏིལ་མར་སྲང་བཞི་དེར་ནི་བཅུག་ནས་ཀྱང་། །ཏིག་ཏ་བོང་ང་གཉིས་དང་འབྲས་བུ་གསུམ། །བྲག་ཞུན་སྐྱེར་ཤུན་ད་ལིས་ཕྱེ་མ་གདབ། །བསྐོལ་ན་མཛེ་ནད་མ་ལུས་འཇོམས་པར་བྱེད། །ཅེས་བྱ་བ་ལ། ཆུ་བྲེ་བཅུ་དྲུག་གི་ནང་དུ་བསེ་ཤིང་གི་འབྲས་བུ་སུམ་བརྒྱ་ཇི་སྐད་སྨོས་པ་བཞིན་ དུ་བསྐོལ་བའི་སྨན་མར་ནི་མཛེ་ནད་ཐམས་ཅད་འཇོམས་པར་བྱེད་པའི་མཆོག་ཡིན་ནོ། །གོ་བྱེ་སྐྱུ་རུ་ར་འམ་ཚའམ་ནི། །ཞོ་ཡི་སྦྲིས་མ་ཏིལ་མར་འོ་མའམ། །བུ་རམ་འོ་ཐུག་མར་རམ་སྦྲང་རྩིའམ། །ནས་ཟན་དག་གམ་ཏིལ་བཏགས་ལྡེ་གུར་བྱས། །སྲན་ཚོད་དག་དང་ལྷན་ཅིག་སྦྱར་བ་ནི། །ལུས་རྒྱས་ཡིད་ གཞུངས་ཚེ་རིང་བྱེད་མཆོག་ཡིན། །ཞེས་བྱ་བ་ལ། གོ་བྱེ་སྐྱུ་རུ་ར་དང་བཅས་པ་ཚ་ལ་སོགས་པ་གང་ཡང་རུང་བ་དང་། ལྡེ་གུར་བྱས་ལ། སྲན་མུངྒའི་ཚོད་མ་དང་བཅས་པ་ལྷན་ཅིག་སྦྱར་ཏེ་བསྟེན་པ་ཡང་ལུས་རྒྱས་པར་བྱེད་པ་ལ་སོགས་པའི་མཆོག་ཡིན་ནོ། །གོ་བྱེའི་འབྲས་བུ་རྣོན་པོ་ནི། ། 202-1-284a སྨིན་པ་མེ་དང་འདྲར་གྱུར་པ། །ཆོ་ག་བཞིན་དུ་སྦྱར་བ་ནི། །བདུད་རྩི་དང་ནི་འདྲ་བར་འགྱུར། །ཞེས་བྱ་བ་ལ། གོ་བྱེའི་འབྲས་བུ་རང་བཞིན་གྱིས་རྣོ་བ་དང་དེ་བཞིན་དུ་སྨིན་ཅིང་ཚོས་པ་མེ་དང་འདྲ་བ་ཆོ་ག་ཇི་སྐད་བཤད་པ་བཞིན་དུ་བསྟེན་ཅིང་སྤྱད་པར་གྱུར་ན་བདུད་རྩི་དང་འདྲ་བར་ ཡོན་ཏན་ཆེ་བ་ཡིན་ནོ། །བསེ་ཤིང་འབྲས་བུ་མ་བཅོས་པའི། །བད་ཀན་ནད་དང་ནད་རྙིང་ནི། །འབྲེལ་པ་གང་ཡིན་དེ་མེད་ཅིང་། །མེ་ཡི་དྲོད་ཀྱང་མྱུར་དུ་སྐྱེད། །ཅེས་བྱ་བ་ལ། གང་བསེ་ཤིང་གི་འབྲས་བུ་བསྟེན་ན་དེས་མ་བཅོས་པའི་བད་ཀན་གྱི་ནད་དམ་ནད་རྙིང་པ་དང་རྗེས་སུ་འབྲེལ་ཞིང་ཡུན་རིང་དུ་ ལོན་པའི་ནད་གང་ཡང་མེད་ཅིང་མེ་དྲོད་ཤིན་ཏུ་སྐྱེད་པ་ཡིན་ནོ། །རླུང་དང་ཚ་བར་འདུག་པ་ནི། །ཁྱད་པར་དུ་ནི་སྤང་བྱ་ཞིང་། །རྒྱ་སྲན་ཞོ་དང་ཚ་དང་ནི། །ཏིལ་མར་བསྐུ་དང་མེ་བསྟེན་སྤང་། །ཞེས་བྱ་བ་ལ། བསེ་ཤིང་གི་འབྲས་བུ་བསྟེན་པར་བྱེད་པ་ན་རླུང་དང་ཉི་ཚན་ལ་སོགས་པ་སྤང་བར་བྱ་ཞིང་ཁྱད་པར་དུ་ རྒྱ་སྲན་ལ་སོགས་པ་སྤང་བར་བྱའོ། །དུ་བ་ར་ཡི་ཤིང་ཞེས་བྱ། །ནུབ་ཕྱོགས་རྒྱ་མཚོའི་ངོས་ནས་སྐྱེ། །ཆུ་རླབས་གཡོ་བས་བསྐྱོད་པ་དང་། །རླུང་གིས་ལོ་མ་གཡེངས་པ་ཡིན། །ཞེས་བྱ་བ་ལ། ཤིང་དུ་བར་ཞེས་བྱ་བ་ནུབ་ཕྱོགས་ཀྱི་རྒྱ་མཚོའི་ངོགས་ན་སྐྱེ་བ་ཡོད་དེ། དེ་ནི་ཆུ་རླབས་གཡོ་བས་ བསྐྱོད་པ་ལ་སོགས་པའི་ཁྱད་པར་དང་ལྡན་པ་ཡིན་ནོ། །དེ་ཡི་འབྲས་བུ་དབྱར་གྱི་ཚེ། །ལེགས་པར་སྨིན་པ་བཏུ་བར་བྱ། །ཞེས་བྱ་བ་ལ། དུ་བ་ར་དེའི་འབྲས་བུ་ཤིན་ཏུ་ལེགས་པར་སྨིན་པ་དབྱར་གྱི་ཚེ་བཏུ་ཞིང་བླང་བར་བྱའོ། །འབྲས་བུ་དེ་ལས་རྐང་ཕྱུང་ནས། །བསྐམས་ཏེ་ཕྱེ་མར་བཏགས་ནས་ ནི། །ཏིལ་བཞིན་བཙིར་བར་བྱ་བའམ། །ལེ་བརྒན་མེ་ཏོག་བཞིན་དུ་བསྐོལ། །ཞེས་བྱ་བ་ལ། ཤིང་དེའི་འབྲས་བུ་ལས་རྐང་ཕྱུང་སྟེ་བསྐམས་ལ་བཏགས་ནས་གཏུན་ལ་ཏིལ་བཞིན་དུ་བཙིར་བར་བྱ་བའམ་ལེ་བརྒན་རྩི་བཞིན་དུ་བསྐོལ་ལ། མར་དབྱུང་བར་བྱའོ། །དེ་ཡི་མར་བསགས་གྱུར་པ་ ནི། །ཆུང་ཟད་པ་ཡི་བར་དུ་བསྐོལ། །ཕབ་སྟེ་བ་ཡི་ལྕི་བ་ཡི། །ནང་དུ་ཟླ་ཕྱེད་ཙམ་དུ་གཞུག །ཅེས་བྱ་བ་ལ། དེའི་མར་བསགས་པར་བྱ་བ་ནི་ཆུང་ངུའི་བར་དུ་བསྐོལ་བར་བྱའོ། །དེའི་འོག་ཏུ་ཕབ་ལ་བའི་ལྕི་བའི་ནང་དུ་ཟླ་བ་ཕྱེད་ཀྱི་བར་དུ་གཞག་པར་བྱའོ། །དེ་འོག་དེ་ལས་ཕྱུང་ནས་ནི། ། 202-1-284b སྣུམ་ཞིང་དུགས་བྱས་དྲི་མ་བསལ། །ཟས་ཀྱི་དུས་ནི་བཞི་ཆོད་པར། །ནང་པར་ཞོ་གཉིས་ཙམ་ཞིག་བཏུང་། །མར་དེ་ཉི་མ་ཤིས་པ་ལ། །སྔགས་འདི་ཡིས་ནི་དག་པར་བྱ། །རྐང་པ་གཉིས་པོ་བརྩོན་པ་ཆེ། །ལུས་ཟུངས་ཐམས་ཅད་སྐྱོང་བྱེད་པར། །འཁོར་ལོ་དབྱིག་པ་དུང་ཐོགས་ལ། །མི་ འཕོ་བས་ནི་ཁྱོད་ལ་བསྒོ། །དེ་གང་འདི་ཡི་ནད་སྟེང་དང་། །འོག་གི་ནད་ནི་དུ་མ་སེལ། །དགོངས་ཀ་སྣུམ་དང་ལན་ཚྭར་བཅས། །ནས་ཐུག་གྲང་མོ་བཏུང་བར་བྱ། །ཞེས་བྱ་བ་ལ། དེ་ལ་དེའི་འོག་ཏུ་ཕྱུང་ལ་དང་པོར་སྣུམ་དང་དུགས་བྱས་ལ་དྲི་མའི་ཚོགས་བསལ་ཏེ་ཟས་ཀྱི་དུས་བཞི་བཞིས་ཆོད་པའི་ དུས་སུ་ནང་པར་གྱི་དུས་སུ་ཞོ་གཉིས་གཉིས་ཀྱི་ཚད་ཙམ་བཏུང་ལ། བཏུང་བ་དེ་ཡང་ཉིན་ཞག་ཤིས་པ་ལ། རྐང་པ་གཉིས་པོ་བརྩོན་པ་ཆེ། །ཞེས་བྱ་བའི་སྔགས་ཀྱི་ཚིགས་བཅད་བཟླས་ལ་བཏུང་བར་བྱའོ། །མར་དེ་སྦྱར་བས་སྐྱེས་བུ་དེའི་ནད་སྟེང་དང་འོག་ཏུ་གཏོགས་པ་སེལ་བར་བྱེད་དོ། །དེ་ ལྟར་སྨན་འཐུངས་ནས་དགོངས་ཀའི་སྣུམ་དང་ལན་ཚར་བཅས་པའི་ནས་ཐུག་གྲང་མོ་བཏུང་བར་བྱའོ། །མར་དེ་ཞག་ལྔའི་བར་དུ་བཏུང་། །སྤང་བར་བྱ་བ་ཐམས་ཅད་སྤང་། །ཟླ་ཕྱེད་མུད་གའི་ཁུ་བ་བཏུང་། །མཛེ་ནད་ཀུན་ལས་ཐར་བར་འགྱུར། །ཞེས་བྱ་བ་ལ། ཚུལ་དེ་ལྟར་མར་དེ་ཞག་ལྔའི་བར་ དུ་བཏུང་བར་བྱ་ཞིང་ཟས་སྐོམ་དང་སྤྱོད་ལམ་ལ་སོགས་པ་སྤང་བར་བྱ་བ་གང་ཡིན་པ་སྤང་བར་བྱ་བ་དང་། ཟླ་བ་ཕྱེད་ཀྱི་བར་དུ་མོན་སྲན་སྡེའུའི་ཁུ་བ་འཐུངས་ན་མཛེའི་ནད་ཐམས་ཅད་ལས་ཐར་བར་འགྱུར་རོ། །དེ་ཉིད་སེང་ལྡེང་ཁུ་བ་ནི། །སུམ་འགྱུར་དང་ནི་ལེགས་པར་བསྐོལ། །སྔ་མ་བཞིན་དུ་ཟླ་ ཕྱེད་བཞག །ལེགས་པར་བསྡམས་ཏེ་ཟླ་གཅིག་བཏུང་། །དེ་ཡིས་ལུས་ནི་བསྐུ་བ་དང་། །ཇི་སྐད་བཤད་པའི་ཟས་ཟོས་པའི། །སྦྱོར་བ་འདི་ཡིས་མྱུར་དུ་ནི། །མཛེ་ཅན་མི་ནི་གསོ་བར་བྱ། །ཞེས་བྱ་བ་ལ། མར་དེ་ཉིད་སེང་ལྡེང་གི་ཁུ་བ་སུམ་འགྱུར་དང་ལེགས་པར་བསྐོལ་བ་ཇི་སྐད་སྨོས་ པ་བཞིན་དུ་བཞག་སྟེ། ཟླ་བ་གཅིག་གི་བར་དུ་འཐུངས་ན་ཡང་ཇི་སྐད་སྨོས་པའི་ཡོན་ཏན་ཐོབ་པར་འགྱུར་ཞིང་། ཁྱད་པར་དུ་སྦྱོར་བ་འདིས་མཛེས་བཏབ་པའི་ནད་པ་གསོ་བར་བྱའོ། །དེ་ཉིད་སེང་ལྡེང་མེད་པར་ནི། །ཞུན་མར་སྦྲང་རྩི་ལྡན་པར་བཏུང་། །ཟླ་ཕྱེད་བར་དུ་ཤ་ཁུ་བཏུང་། ། 202-1-285a ལོ་ནི་ཉིས་བརྒྱར་འཚོ་བར་འགྱུར། །ཞེས་བྱ་བ་ལ། དུ་བ་རའི་མར་དེ་ཉིད་སེང་ལྡེང་གི་ཁུ་བ་མེད་པར་ཞུན་མར་དང་བསྐོལ་ཏེ་སྦྲང་རྩི་བཏབ་པས་ཟླ་བ་ཕྱེད་ཀྱི་བར་དུ་བསྟེན་ཞིང་ཤ་ཁུ་འཐུངས་ན་དེ་ལོ་ཉིས་བརྒྱ་འཚོ་བར་འགྱུར་རོ། །དེ་ཉིད་ཞག་ནི་ལྔ་བཅུའི་བར། །སྣ་སྨན་དུ་ནི་བཏང་གྱུར་ ན། །ལུས་རྒྱས་ཐོས་པ་འཛིན་པ་དང་། །ལོ་ནི་སུམ་བརྒྱར་འཚོ་བར་འགྱུར། །ཞེས་བྱ་བ་ལ། སྨན་མར་དེ་ཉིད་ཞག་ལྔ་བཅུའི་བར་དུ་སྣ་སྨན་བཏང་ན་ལུས་རྒྱས་པ་ལ་སོགས་པར་འགྱུར་རོ། །པི་པི་ལིང་ནི་པ་ལ་ཤའི། །ཐལ་ཆུར་སྦངས་ཤིང་མར་དང་བརྔོས། །རྡོག་མ་གསུམ་གསུམ་སྔ་དྲོ་དང་། ། ཟས་ཀྱི་སྔོན་དུ་བཟའ་བར་བྱ། །བཅུད་ལེན་ཡོན་ཏན་འདོད་པ་ཡིས། །སྦྲང་རྩི་དང་ནི་སྦྱར་ཏེ་བཟའ། །ཞེས་བྱ་བ་ལ། པི་པི་ལིང་གི་རྡོག་མ་ལྔའམ་བརྒྱད་དམ་བདུན་ནམ་བཅུ་མར་དང་སྦྲང་རྩིར་སྦྱར་བ་བཅུད་ཀྱིས་ལེན་འདོད་པས་ཆོ་ག་བཞིན་དུ་ལོ་གཅིག་གི་བར་དུ་སྤྱད་པར་བྱའོ། །པི་པི་ལིང་དེ་ ཉིད་པ་ལ་ཤ་ཞེས་བྱ་བ་རྒྱ་སྐྱེགས་ཤིང་ཀིང་ཤུ་ཀའི་ཐལ་བ་བཙགས་པའི་ཆུར་སྦངས་ལ་མར་དང་བརྔོས་པ་རྡོག་མ་གསུམ་ནི་སྔ་དྲོ། གསུམ་ནི་ཟས་ཟོས་པའི་སྔོན་དུ་སྦྲང་རྩི་དང་བཅས་པར་བཟའ་བར་བྱ་སྟེ། དེ་ནི་བཅུད་ཀྱིས་ལེན་གྱི་ཡོན་ཏན་དུ་འགྱུར་རོ། །པི་པི་ལིང་བཅུ་ཉིན་རེ་བཞིན། །རིམ་གྱིས་ བསྐྱེད་པར་གྱུར་པ་དག །དེ་བཞིན་འོ་མར་སྦྱར་ཏེ་བཟའ། །དེ་བཞིན་དུ་ནི་དབྲི་བར་བྱ། །སྨན་ཞུ་ནས་ནི་དྲུག་ཅུ་པའི། །འབྲས་ཆན་འོ་མ་མར་བཅས་བཟའ། །པི་པི་ལིང་ནི་སྟོང་གི་བར། །བཏང་ན་འདི་ནི་བཅུད་ལེན་འགྱུར། །སྟོབས་དང་ལྡན་ལ་དེ་བཏགས་སྦྱིན། །སྟོབས་དབྲི་བ་ལ་ བསྐོལ་ཏེ་བླུད། །ཅེས་བྱ་བ་ལ། ཉིན་རེ་ཞིང་པི་པི་ལིང་བཅུ་བཅུས་རིམ་གྱིས་བསྐྱེད་དེ་ཞག་བཅུའི་བར་དུ་འོ་མ་དང་ལྷན་ཅིག་བཟའ་བར་བྱ་ལ། དེ་བཞིན་དུ་ཞག་བཅུའི་བར་དུ་བཅུ་བཅུས་དབྲི་ཞིང་འོ་མ་དང་བཅས་པར་བསྟེན་པར་བྱའོ། །དེས་ན་འདི་སྐད་སྟོན་ཏེ། དེ་ནས་ཞག་དང་པོ་ལ་ནི་པི་པི་ ལིང་བཅུ་འོ་མ་དང་སྦྱར་ཏེ་གཏང་བར་བྱའོ། །དེ་བཞིན་དུ་གཉིས་པ་ལ་ནི་ཉི་ཤུ། གསུམ་པ་ལ་ནི་སུམ་ཅུ། དེ་ནས་ཞག་བཅུ་པ་ལ་བརྒྱའི་བར་དུ་བསྐྱེད་ཅིང་འོ་མ་དང་བཅས་པར་བཟའ་ལ། དེ་ནས་ནི་རིམ་བཞིན་དུ་དབྲི་བར་བྱ་སྟེ། དེ་ནས་ཞག་བཅུ་གཅིག་པ་ལ་དགུ་བཅུ། ཞག་བཅུ་གཉིས་ 202-1-285b པ་ལ་བརྒྱད་ཅུ་ནས་ཞག་བཅུ་དགུ་པ་ལ་བཅུའི་བར་བཟའ་སྟེ། དེ་ལྟར་ན་སྟོང་ཚང་བར་འགྱུར་རོ། །སྦྱོར་བ་འདི་ལ་སྨན་ཞུ་ནས་འོ་མ་དང་ཞུན་མར་དང་དྲུག་ཅུ་པའི་འབྲས་ཆན་དང་བཅས་པར་བཟའ་སྟེ། འདི་ནི་པི་པི་ལིང་སྟོང་གི་བཅུད་ལེན་ཞེས་བྱའོ། །པི་པི་ལིང་དེ་མི་ཉམས་སྟོབས་ཆེན་པོ་ དང་ལྡན་པ་ལ་ནི་བཏགས་པའི་ཕྱེ་མ་སྦྱིན་པར་བྱ་ལ། སྟོབས་བར་མ་དག་ལ་ནི་བསྐོལ་ཏེ་བླུད་པར་བྱའོ། །དེ་བཞིན་ར་ཡི་འོ་མ་དང་། །ཉིས་སྟོང་གི་ནི་བར་དུ་གཏང་། །ཞེས་བྱ་བ་ལ། དེ་བཞིན་དུ་རའི་འོ་མ་དང་པི་པི་ལིང་དུ་བཅས་པར་བསྐྱེད་དབྲི་སྔ་མ་བཞིན་དུ་བྱས་ཏེ་ཉིས་སྟོང་གི་བར་དུ་ ཡང་གཏང་བར་བྱའོ། །པི་པི་ལིང་གི་སྦྱོར་བ་འདིས། །ལུད་པ་དབུགས་མི་བདེ་མགུལ་ནད། །གཅོང་ཆེན་གཞང་འབྲུམ་ཕོ་བའི་ནད། །གཅིན་སྙི་སྐྱ་རྦབ་མི་བཟད་རིམས། །འོར་ནད་སློན་དང་སྐྱིགས་བུ་དང་། །མཛེར་པ་དྲེག་ནད་འཇོམས་པར་བྱེད། །ཅེས་བྱ་བ་ལ། བཤད་མ་ ཐག་པའི་པི་པི་ལིང་གི་སྦྱོར་བ་འདིས་ནི་ལུད་པ་དྲེག་ནད་ཀྱི་བར་དུ་འཇོམས་པར་བྱེད་དོ། །པི་པི་ལིང་ནི་སྲང་ཕྱེད་ལྡེ་གུར་བྱས། །ལྕགས་ཀྱི་སྣོད་བསྐུས་ནས་ནི་ནུབ་གཅིག་བཞག །དེ་དང་ཆུ་ནི་སྙིམ་གང་ནང་པར་བཏུང་། །ལོ་གཅིག་བཟའ་བཏུང་སྤྱོད་པ་ཅི་འདོད་བསྟེན། །ཞེས་བྱ་བ་ལ། པི་པི་ ལིང་སྲང་ཕྱེད་ལྡེ་གུར་བྱས་པས་ལྕགས་ཀྱི་སྣོད་བསྐུས་ཏེ་མཚན་མོ་བཞག་ལ་དེ་ནང་པར་ཆུ་སྙིམ་པ་གང་དང་བཅས་པར་འཐུངས་ནས། ལོ་གཅིག་གི་བར་དུ་བསྟེན་ཞིང་བཟའ་བཏུང་ཇི་ལྟར་འདོད་པ་བཞིན་དུ་སྤྱད་པར་བྱའོ། །བཅའ་སྒ་སླེ་ཏྲེས་ཤིང་མངར་བྱི་དང་ག །བ་ལ་ཨ་ཏི་བ་ལ་འབྲས་བུ་ གསུམ། །གླ་སྒང་ཐང་ཤིང་ཡུང་བ་ཨ་ག་རུ། །མུ་ཟི་པདྨ་ཨུཏྤལ་ཀྲུ་ཏྲུག་ཏྲེས། །ད་ཏ་ཨ་ཤྭ་ཀརྞ་ཨ་ས་ན། །བ་ལའི་ལོ་མའམ་སྙིང་པོ་དེ་བཞིན་དུ། །པི་པི་ལིང་བཞིན་ལྕགས་སྣོད་བསྐུ་སོགས་བྱ། །ལོ་བརྒྱ་འཚོ་ཞིང་རྒས་དང་ནད་ལས་ཐར། །འོ་མ་སྙིམ་གང་གི་ནི་བཅུད་ལེན་སྨན། ། སྦྱར་བ་འདི་ཡིས་ལྕགས་སྣོད་བསྐུས་པས་ནི། །སྔར་བཤད་ཡོན་ཏན་བས་ཀྱང་ལྷག་བསྐྱེད་ཅིང་། །ཚེ་ཡང་དེ་ལས་ཉིས་འགྱུར་སྐྱེད་པར་བྱེད། །ཅེས་བྱ་བ་ལ། བཅའ་སྒ་ལ་སོགས་པ་པི་པི་ལིང་གི་ཆོ་ག་བཞིན་དུ་བསྟེན་པར་བྱས་པས་ཀྱང་ལོ་བརྒྱར་འཚོ་བ་ལ་སོགས་པ་དང་། ལྕགས་ཀྱི་སྣོད་ 202-1-286a ལ་པི་པི་ལིང་བསྐུས་པའི་སྦྱོར་བས་ཡོན་ཏན་ཆེ་ཞིང་ཚེ་ཡང་དེའི་ཉིས་འགྱུར་གྱིས་འཕེལ་བར་བྱེད་དོ། །ཨ་ས་ན་དང་སེང་ལྡེང་གི། །ཁུ་བར་སོ་མ་ར་ཛ་སྦངས། །སྦྲང་རྩི་རུ་རྟ་མར་དང་ནི། །ཨ་རུ་ར་དང་ལྕགས་ཕྱེར་བཅས། །ལྡེ་གུ་ལོ་གཅིག་བར་ཟོས་ན། །རྒས་ དང་མི་འཕྲོད་ཟོས་པ་ལས། །ནད་ནི་ཡོངས་སུ་འདོར་བར་བྱེད། །ཅེས་བྱ་བ་ལ། ཨ་སན་དང་སེང་ལྡེང་བསྐོལ་བའི་ཁུ་བར་སོ་མ་ར་ཛ་སྦངས་པ་སྦྲང་རྩི་དང་བཅས་པའི་ལྡེ་གུ་མི་ས་ལོ་གཅིག་གི་བར་དུ་བསྟེན་ན་རྒས་པ་དང་ཁ་ཟས་མི་འཕྲོད་པ་ཟོས་པ་ལས་ནད་དུ་གྱུར་པ་ཡོངས་སུ་འདོར་བར་ བྱེད་དོ། །མཛེ་ནད་མི་བཟད་པ་ཡིས་ནི། །ལུས་ཉེན་གྱུར་པ་གང་ཡིན་པས། །སོ་མ་ར་ཛ་ཏིལ་ནག་གཉིས། །ལོ་གཅིག་བར་དུ་བསྟེན་ན་ནི། །དེ་ནི་ཟླ་རྒྱས་ལྟ་བུར་འགྱུར། །ཞེས་བྱ་བ་ལ། མཛེ་ནད་མི་བཟད་པས་ཐེབས་པར་གྱུར་པ་གང་ཡིན་པ་དེས་སོ་མ་ར་ཛ་དང་ཏིལ་ནག་པོ་གཉིས་ ལོ་གཅིག་གི་བར་དུ་བསྟེན་ན་དེའི་ལུས་ཟླ་བ་ལྟ་བུར་འགྱུར་རོ། །གང་ཞིག་སོ་མ་ར་ཛ་སྦུན་པ་མེད། །བཏགས་པ་འོ་མ་ལྷན་ཅིག་ཞོར་མནན་པའི། །སྙིང་པོ་ཕྱུང་ལ་སྦྲང་རྩིའི་ལྡེ་གུ་བལྡགས། །དེ་རྗེས་དེ་ཉིད་ཀྱི་ནི་དར་བ་བཏུང་། །མཛེ་ཡི་ནད་ཀྱིས་ཡན་ལག་ཉམས་པ་དང་། །སྣ་ ཆད་སོར་མོ་འབྲུལ་བ་ལ་སོགས་པ། །ཤིང་བཅད་རྗེས་ལ་ལྗོན་ཤིང་སྐྱེ་བ་ལྟར། །དེ་ནི་ངེས་པར་སྐྱེ་བར་འགྱུར་བ་ཡིན། །ཞེས་བྱ་བ་ལ། མི་གང་ཞིག་སོ་མ་ར་ཛ་སྦུན་པ་མེད་པ་ལ་སོགས་པའི་སྦྱོར་བས་དེའི་སྙིང་པོ་མར་སར་ཕྱུང་ལ་སྦྲང་རྩི་དང་སྦྱར་བ་བལྡགས་པར་གྱུར་ནས། དེའི་རྗེས་ལ་དར་བ་དེ་ཉིད་འཐུངས་ན་མཛེ་ནད་ཀྱིས་སྣ་ཆད་ཅིང་སོར་མོ་འབྲུལ་བ་ལ་སོགས་པའི་གནོད་པ་དང་ལྡན་པར་གྱུར་པ་ཡང་སྣ་དང་སེན་མོ་ལ་སོགས་པ་མཛེས་པར་སྐྱེ་སྟེ། དཔེར་ན་ཤིང་བཅད་པ་ལས་ལྗོན་ཤིང་སྐྱེས་པ་དང་འདྲ་བར་འགྱུར་རོ། །སྒྲ་གཅན་བདུད་རྩི་བརྐུས་པ་ན། །སྐེ་བཅད་ པ་ལས་འཛག་གྱུར་པའི། །བདུད་རྩིའི་ཐིགས་པ་སར་ལྟུང་བ། །སྒོག་སྐྱ་ཉིད་དུ་གྱུར་པ་ཡིན། །ལྷ་མིན་ལུས་ལས་བྱུང་བས་ན། །དེ་ཕྱིར་བྲམ་ཟེས་དེ་མི་བཟའ། །ཞེས་བྱ་བ་ལ། སྒྲ་གཅན་འཛིན་གྱིས་བདུད་རྩི་བརྐུས་པར་གྱུར་ནས་ཁྱབ་འཇུག་གིས་སྐེ་བཅད་པར་གྱུར་པ་ན་བདུད་རྩིའི་ 202-1-286b ཐིགས་པ་དེ་ས་ལ་ལྷུང་བ་ན་སྒོག་སྐྱ་ཉིད་དུ་གྱུར་པ་ཡིན་ལ། དེ་བས་ན་སྒོག་སྐྱ་དེ་ནི་ལྷ་མ་ཡིན་གྱི་ལུས་ལས་བྱུང་བ་ཡིན་པའི་ཕྱིར་བྲམ་ཟེ་དག་མི་ཟའོ། །མངོན་དུ་བདུད་རྩི་ལས་བྱུང་བས། །དེ་ནི་བཅུད་ཀྱིས་ལེན་མཆོག་ཡིན། །ཞེས་བྱ་བ་ལ། སྒོག་སྐྱ་དེ་ནི་བདུད་རྩི་ལས་མངོན་སུམ་དུ་བྱུང་ བ་ཡིན་པའི་ཕྱིར་བཅུད་ཀྱིས་ལེན་ཐམས་ཅད་ཀྱི་ཡང་མཆོག་ཡིན་ནོ། །གྲང་བའི་དུས་ནའང་སྒོག་སྐྱ་བསྟེན། །དཔྱིད་དུས་བད་ཀན་ཤས་ཆེར་བཟའ། །སོས་ཀའི་དུས་སུའང་སྤྱད་བྱ་ཞིང་། །དབྱར་ནི་རླུང་གིས་གཟིར་ཚེ་བཟའ། །དགུན་ནི་སྣུམ་ཞིང་བསིལ་བ་དང་། །མངར་བས་ཉེ་བར་ བསྲེས་པ་དང་། །དེ་ནི་ཕྲེང་བ་རྒྱན་དག་དང་། །འཁོར་དང་ལྷན་ཅིག་བསྟེན་པར་བྱ། །ཞེས་བྱ་བ་ལ། མི་ལུས་སྣུམ་ཞིང་བསིལ་བ་དང་མངར་བར་བསྲེས་ལ་གྲང་བའི་དུས་དགུན་སྟོད་དང་། དགུན་སྨད་ན་ནི་སྒོག་སྐྱ་བསྟེན་པར་བྱ་ལ། དེ་བཞིན་དུ་དཔྱིད་ཀྱི་ཚེ་ལ་སོགས་པའི་ཚེ་ན་ཡང་ཕྲེང་ བ་ལ་སོགས་པའི་ལོངས་སྤྱོད་ཐམས་ཅད་དུ་བསྟེན་པར་བྱའོ། །དེ་ཡི་ལྡེ་གུ་དཔྱིད་ཀྱི་ཚེ། །ཁ་བ་ཅན་གྱི་ཡུལ་སྐྱེས་པ། །ཤུན་པ་བཤུས་ནས་མཚན་མོ་ནི། །ཆང་སོགས་ལ་ནི་སྦང་བར་བྱ། །དེ་ཡི་ཁུ་བ་ནང་པར་ནི། །རས་ནི་གཙང་མས་བཙགས་ནས་ཀྱང་། །ཆང་ནི་ལེགས་པར་ལངས་ གྱུར་པ། །ཆ་གསུམ་དང་ནི་སྦྱར་བའམ། །ཆང་གཞན་དག་གམ་ཏིལ་མར་རམ། །རང་སྐྱུར་རམ་ནི་ཞོ་ག་ཆུ། །དེ་ཚེ་ཉིད་སྦྱར་ནང་པར་ནི། །ཚད་དང་ལྡན་པར་སྦྱིན་བྱ་ཞིང་། །འོ་མ་ཞུན་མར་ཞག་དང་རྐང་། །སྐམ་སའི་ཤ་ཁུ་སོ་སོར་ནི། །བསྐོལ་བ་ནད་གཞི་ཇི་བཞིན་བླུད། ། ཡང་ན་སྨན་ཁུ་འབའ་ཞིག་བླུད། །དང་པོར་མཁུར་གང་ཙམ་འཐུངས་ན། །མིད་པའི་སྦུབས་ནི་དག་པར་བྱེད། །ཅེས་བྱ་བ་ལ། སྒོག་སྐྱ་དེའི་ལྡེ་གུ་དཔྱིད་ཀྱི་ཚེ་ནི་ཇི་སྐད་སྨོས་པ་བཞིན་དུ་བཙགས་པའི་ཁུ་བ་ཆང་ཆ་གསུམ་མམ། ཆང་གཞན་ནམ། ཏིལ་མར་ལ་སོགས་པ་གང་ཡང་ རུང་བའི་ཆ་གསུམ་དང་བཏུང་བ་དེ་ཉི་ཚེ་སྦྱར་ལ། ཚད་དང་ལྡན་པར་བྱས་ཏེ། འོ་མ་ལ་སོགས་པ་གང་ཡང་རུང་བ་དང་། ནད་གཞི་ཇི་ལྟ་བ་ལ་བླུད་པར་བྱ་བའམ། ཡང་སྒོག་སྐྱའི་ཁུ་བ་འབའ་ཞིག་བླུད་པ་ལ་སོགས་པས་ཀྱང་མིད་པའི་སྦུབས་དག་པར་བྱེད་དོ། །རྒྱུན་དུ་བླུགས་པའི་དུགས་ 202-1-287a བྱས་ན། །ན་ཞིང་ཟུག་པ་དག་ལ་ཕན། །ཞེས་བྱ་བ་ལ། སྒོག་སྐྱ་རང་གི་ཁུ་བ་རྒྱུན་དུ་བླུགས་པའི་དུགས་བྱས་ན་ན་ཞིང་ཟུག་པ་ལ་སོགས་པའི་ནད་སེལ་བར་བྱེད་དོ། །སྐྱུག་ཅིང་བརྒྱལ་བའི་ནད་ལ་ནི། །འཕྲལ་དུ་ཆུ་གྲང་དག་ཀྱང་བླུད། །ཅེས་བྱ་བ་ལ། སྐྱུག་པ་ལ་ སོགས་པ་ལ་ནི་འཕྲལ་དུ་ཆུ་གྲང་ལ་སོགས་པ་བླུད་པར་བྱའོ། །ངལ་བ་མེད་ཅིང་ལུས་ཀྱི་ནི། །གཟི་མདངས་བརྟན་པས་ལྷག་མ་སྦྱིན། །ཞེས་བྱ་བ་ལ། ངལ་བ་ལ་སོགས་པ་ལ་ནི་སྒོག་སྐྱ་བཙིར་བའི་ལྷག་མ་སྦྱིན་པར་བྱའོ། །ཚ་བ་བསལ་བར་བྱ་བའི་ཕྱིར། །ཤིན་ཏུ་བསིལ་བས་བསྐུ་བྱ་ ཞིང་། །མུ་ཏིག་ག་བུར་ཕྲེང་བ་ཅན། །ཆུ་ཐིགས་ཕྲེའུ་བསྟེན་པར་བྱ། །ཞེས་བྱ་བ་ལ། ལུས་ཚ་བ་བསལ་བའི་ཕྱིར་ནི་སྒོག་སྐྱའི་ཁུ་བ་བསིལ་སྨན་ལ་སོགས་པའི་ཆུ་དང་བཅས་པ་བླུད་པར་བྱའོ། །འདི་ཡི་ཚད་ཆེན་ཕུལ་གང་སྟེ། །ཉི་ཚེ་ལ་ནི་དེ་ཡི་ཕྱེད། །ཅེས་བྱ་བ་ལ། སྒོག་སྐྱ་འདིའི་ ཁུ་བའི་ཚད་ཆེན་པོ་ནི་ཕུལ་གང་སྟེ། སྲང་བརྒྱད་ཡིན་ལ། སྨན་གྱི་སྦྱོར་བ་གཞན་མེད་པ་ནི་སྲང་བཞི་སྟེ་བསྟེན་པར་བྱའོ། །སྒོག་སྐྱ་སྲང་གཅིག་བཏགས་པ་ནི། །ཟས་དང་བཅས་པའང་བསྟེན་པར་བྱ། །ཞེས་བྱ་བ་ལ། སྒོག་སྐྱ་བཏགས་པ་སྲང་གཅིག་ཟས་དང་བཅས་པ་བསྟེན་པར་བྱ་ལ། འང་ཞེས་བྱ་བའི་སྒྲས་ནི་ཟས་མེད་པར་ཡང་བསྟེན་པའི་དོན་ཏོ། །ཞུ་ནས་སཱ་ལུ་རྙིང་པའི་ཆན། །དུང་དང་ཀུན་ད་ལྟར་དཀར་བ། །ཡུ་ཤ་འོ་མ་སྐམ་ས་ཡི། །ཤ་ཁུ་དང་ནི་ལྷན་ཅིག་བཟའ། །ཞེས་བྱ་བ་ལ། སྨན་དེ་ཞུ་ནས་འབྲས་སཱ་ལུ་རྙིང་པའི་ཆན་ལ་སོགས་པ་བཟའ་བར་བྱའོ། །སྐོམ་ པར་གྱུར་ན་ཆང་དང་ནི། །ཆུར་སྦྱར་བ་ནི་བླུད་པར་བྱ། །ཆང་མི་བཏུང་ན་རང་སྐྱུར་རམ། །རྒུན་འབྲུའི་ཆུ་ནི་བླུད་པར་བྱ། །ཞེས་བྱ་བ་ལ། གལ་ཏེ་གནས་སྐབས་དེར་སྐོམ་པར་གྱུར་ན། ཆང་ཆུར་སྦྱར་བ་བཏུང་བར་བྱ་ལ། ཆང་སྦངས་པ་ཡིན་ན་ནི་རྒུན་འབྲུའི་ཆུའམ་རང་སྐྱུར་བླུད་ པར་བྱའོ། །དེ་ཡི་ལྡེ་གུ་མར་དང་བཅས། །མར་ནི་སྣོད་དུ་གཟར་བུས་དཀྲུགས། །ཞག་བཅུ་གཞག་གམ་དེ་བཞིན་དུ། །ཞག་དང་མཉམ་སྦྱར་སྤྱད་པར་བྱ། །ཞེས་བྱ་བ་ལ། སྒོག་སྐྱ་དེའི་ལྡེ་གུ་མར་དང་བཅས་པ་ཇི་སྐད་སྨོས་པའི་སྦྱོར་བས་སྤྱད་པར་བྱའོ། །སྒོག་སྐྱ་ཤུན་པ་བཤུས་ 202-1-287b པའི་སྙིང་པོ་ནི། །སྲེག་ཤ་དག་གམ་བཟའ་བ་སྣ་ཚོགས་སམ། །ཤ་གཏུབས་པའམ་མར་དང་ཚར་བཅས་བཟའ། །ཁ་ཟས་ཉུང་བ་ཅི་འདོད་སྤྱད་པར་བྱ། །ཞེས་བྱ་བ་ལ། ཡང་སྒོག་སྐྱ་ཤུན་པ་བཤུས་པ་དེ་སྲེག་ཤ་ལ་སོགས་པ་གང་ཡང་རུང་བ་དང་ལྷན་ཅིག་བཟའ་ཞིང་འདོད་པར་ ལོངས་སྤྱད་པར་བྱའོ། །ཁྲག་དང་མཁྲིས་པའི་ནད་ནི་མ་གཏོགས་པ། །ནད་གཞི་མ་ལུས་ལྡན་པར་འགྱུར་བའམ། །རླུང་ནད་ཉི་ཚེ་དང་ནི་ལྡན་གྱུར་ལ། །སྒོག་པ་ལས་ལྷག་སྨན་གཞན་ཡོད་མ་ཡིན། །ཞེས་བྱ་བ་ལ། ཁྲག་དང་མཁྲིས་པ་མེད་པའི་རླུང་ནད་དམ། ཡང་ན་རླུང་ ནད་འབའ་ཞིག་ལ་ནི་སྨན་གྱི་མཆོག་སྒོག་སྐྱ་འབའ་ཞིག་ཡིན་ནོ། །ཆུ་དང་བུ་རམ་འོ་མ་སྲེད། །ཤ་ཆང་སྐྱུར་ལ་མི་དགའ་ཞིང་། །མ་ཞུ་བ་ནི་སྤོང་མི་ནུས། །སྒོག་སྐྱ་ངེས་པར་གནོད་པ་སྐྱེད། །ཅེས་བྱ་བ་ལ། མི་ཆུ་དང་བུ་རམ་ལ་སྲེད་པར་གྱུར་ཅིང་ཤ་དང་ཆང་དང་སྐྱུར་ལ་ནི་སྲེད་པ་མེད་པར་གྱུར་པ་ དག་མ་ཞུ་བའི་ནད་སེལ་ཞིང་སྤོང་བར་མི་ནུས་པ་དག་ལ་ནི་སྒོག་སྐྱ་ངེས་པར་གནོད་པ་སྐྱེད་པར་འགྱུར་རོ། །མཁྲིས་པ་ལྡང་བའི་འཇིགས་པ་ཡི། །ཐ་མར་བཀྲུ་སྨན་འཇམ་པོ་གཏང་། །དེ་ལྟར་བཅུད་ལེན་ཡོན་ཏན་ནི། །ཡོངས་སུ་རྫོགས་པ་ཐོབ་པར་འགྱུར། །ཞེས་བྱ་བ་ལ། སྒོག་ སྐྱ་བསྟེན་པ་དག་གིས་མཁྲིས་པའི་ནད་ལྡང་བར་དོགས་ན། སྨན་བཏང་བའི་ཐ་མར་བཀྲུ་སྨན་གཏང་བར་བྱ་སྟེ། དེས་ནི་བཅུད་ཀྱིས་ལེན་གྱི་ཡོན་ཏན་རྫོགས་པ་ཁོ་ནར་འགྱུར་རོ། །སོ་གའི་ཚ་བས་གདུངས་དྲགས་ལས། །རྒྱ་སྐྱེགས་ཁུ་བ་ལྟར་འཛག་གང་། །གསེར་སོགས་འབྱུང་ ཁུངས་དྲུག་གི་བཅུད། །དེ་ནི་བྲག་ཞུན་ཞེས་བྱར་བཤད། །ཅེས་བྱ་བ་ལ། སོ་གའི་དུས་སུ་བྲག་ཉི་མ་ཚ་བས་གདུངས་པ་ལས་གསེར་ལ་སོགས་པ་འབྱུང་ཁུངས་ཀྱི་ཁམས་དྲུག་གི་བཅུད་རྒྱ་སྐྱེགས་ཀྱི་ཁུ་བ་ཞུ་བ་ལྟར་འཛག་པར་གྱུར་པ་གང་ཡིན་པ་དེ་ནི་མིང་བྲག་ཞུན་ཞེས་བྱའོ། །དེ་ནི་ ཀུན་ཀྱང་ཁ་ཞིང་ཚ། །ཤས་ཆེར་མེ་དྲོད་ཞུ་རྗེས་ཚ། །གཅོད་པར་བྱེད་དེ་དེ་ལ་ནི། །ལྕགས་ལས་བྱུང་བ་རབ་ཏུ་བསྔགས། །ཞེས་བྱ་བ་ལ། བྲག་ཞུན་དེ་ཐམས་ཅད་ཀྱང་རོ་ནི་ཁ་ལ་ནུས་པ་ནི་ཤིན་ཏུ་དྲོ་བ་མ་ཡིན་ལ་ཞུ་རྗེས་ནི་ཚ་བ་དང་གཅོད་པར་བྱེད་པ་ཡིན་ཏེ། དེ་དག་ལ་ལྕགས་ཀྱི་ 202-1-288a ཁམས་ལས་བྱུང་བ་ནི་ཤིན་ཏུ་ཡང་བསྔགས་པ་ཡིན་ནོ། །བ་གཅིན་དྲི་བྲོ་གནག་པ་དང་། །གུ་གུལ་འདྲ་ཞིང་གསེག་མ་མེད། །སྦྱིན་བག་སྣུམ་ཞིང་སྐྱུར་བ་དང་། །བསྐ་ཞིང་འཇམ་ལ་ལྕི་བ་ཡི། །བྲག་ཞུན་དེ་ནི་མཆོག་ཡིན་ནོ། །ཞེས་བྱ་བ་ལ། བྲག་ ཞུན་གང་དྲི་ནི་བ་གཅིན་དང་འདྲ་ལ། ཁ་དོག་ནི་གནག་པ་མཚན་ཉིད་གུ་གུལ་འདྲ་ཞིང་རྡོ་ཕྱེའི་གསེག་མ་མེད་པ་མཉེས་ན་སྦྱིན་བག་ཏུ་འདུག་ཅིང་སྣུམ་པ་རོ་སྐྱུར་ཞིང་བསྐ་བ་རང་བཞིན་འཇམ་ཞིང་ལྕི་བས་དེ་ནི་བྲག་ཞུན་གྱི་དམ་པ་ཡིན་ནོ། །ནད་དང་ནད་པ་རྗེས་མཐུན་པར། །སྨན་དང་བྲག་ ཞུན་ཆ་མཉམ་བྱས། །ལྕགས་ཀྱི་སྣོད་དུ་སྦྱར་བར་བྱ། །ཞེས་བྱ་བ་ལ། བྲག་ཞུན་དེ་ནད་པ་དང་ནད་པའི་གོམས་པའི་ཚུལ་གང་དག་ཡིན་པ་ཤེས་པར་བྱས་ལ་ལྕགས་ཀྱི་སྣོད་དུ་སྦྱར་བར་བྱའོ། །དང་པོར་ཆུ་ནི་ཉི་ཚེས་བཀྲུ། །དེ་འོག་བསྐམས་ལ་བསྐོལ་དང་བསྲེ། །ཞེས་བྱ་བ་ལ། བྲག་ཞུན་དེ་དང་པོར་ནི་ཆུ་འབའ་ཞིག་གིས་བཀྲུས་ལ། དེའི་འོག་ཏུ་བསྐམས་ཏེ་བསྐོལ་བ་དང་བསྲེ་བར་བྱའོ། །བྲག་ཞུན་སྨན་དང་མཉམ་བྱས་ལ། །བརྒྱད་ཆའི་ནང་དུ་བསྐོལ་བར་བྱ། །ཞེས་བྱ་བ་ལ། བསྲེས་པའི་བྲག་ཞུན་གྱི་འཕྲོད་ཀྱི་སྨན་དང་བྲག་ཞུན་ཆ་མཉམ་པར་བྱས་ལ་ཆུ་དེའི་ བརྒྱད་འགྱུར་གྱི་ནང་དུ་བསྐོལ་བར་བྱའོ། །དེ་ལ་གལ་ཏེ་བྲག་ཞུན་སྲང་གཅིག་དང་སྦྱར་ན་དེའི་འཕྲོད་ཀྱི་སྨན་ཡང་སྲང་གཅིག་ལ་སྦྱར་ལ་དེ་ཆུ་བརྒྱད་འགྱུར་དང་བསྐོལ་བར་བྱའོ། །ཁུ་བ་བརྒྱད་ཆ་ལུས་བཙགས་པ། །དྲོ་འཇམ་ནང་དུ་བྲག་ཞུན་གཞུག །ཅེས་བྱ་བ་ལ། ཁུ་བ་ བསྐོལ་བ་དེ་བརྒྱད་ཆ་ལུས་པ་དང་བཙགས་པ་དྲོ་འཇམ་ཙམ་གྱི་ནང་དུ་བྲག་ཞུན་གཞུག་པར་བྱའོ། །དེ་དང་འདྲེས་གྱུར་བསྐམས་ནས་ནི། །སྨན་ཆུའི་ནང་དུ་སླར་ཡང་གཞུག །ཅེས་བྱ་བ་ལ། བྲག་ཞུན་འདྲེས་པར་གྱུར་ཏེ་དེ་བསྐམས་ནས་སླར་ཡང་གཞུག་པར་བྱའོ། །དེ་ལྟར་རང་རང་ སྨན་འཕྲོད་ནི། །བསྐོལ་བའི་ཁུ་བར་ལན་བདུན་སྦངས། །ཞེས་བྱ་བ་ལ། ཚུལ་དེ་ལྟར་རང་གི་སྨན་འཕྲོད་པའི་ཁུ་བ་དང་ལན་བདུན་གྱི་བར་དུ་སྦངས་ཤིང་བསྲེ་བར་བྱའོ། །དེ་ནས་ཏིག་ཏའི་སྨན་མར་གྱིས། །སྣུམ་ཆོས་བྱས་ནས་སྦྱར་བྱས་ཏེ། །འབྲས་བུ་གསུམ་གྱི་ཁུ་བ་དང་། ། 202-1-288b ཤིང་མངར་པ་ཏོ་ལའི་ཁུ་བ། །བྲག་ཞུན་དག་ནི་རེ་རེ་ཡང་། །ཞག་གསུམ་བར་དུ་བླུད་པར་བྱ། །ཞེས་བྱ་བ་ལ། དེ་ནས་དེ་ལྟར་སྣུམ་ཆོས་བྱས་པའི་མི་དེ་ལ་ཏིག་ཏའི་སྨན་མར་ཞག་གསུམ་གྱི་བར་དུ་སྦྱིན་པར་བྱའོ། །དེ་བཞིན་དུ་བྲག་ཞུན་དང་། འབྲས་བུ་གསུམ་གྱི་ཁུ་བ་ དང་། ཤིང་མངར་གྱི་ཁུ་བ་དང་། པ་ཏོ་ལའི་ཁུ་བ་ཞག་གསུམ་གྱི་བར་དུ་བླུད་པར་བྱའོ། །དེ་ནས་དེ་ལ་སྦྱོར་བ་ནི། །དུས་དང་སྦྱར་ཏེ་བླུད་པར་བྱ། །ཞེས་བྱ་བ་ལ། དེ་ནས་མི་དེ་ལ་འཚམས་ཤིང་འོས་པའི་སྦྱོར་བ་དུས་དང་སྦྱར་ཏེ་སྨན་པས་བླུད་པར་བྱའོ། །དེ་ལྟར་བྲག་ཞུན་མི་རྣམས་ ལ། །ཤིན་ཏུ་ཕན་པར་བྱེད་པ་ཡིན། །ཡོན་ཏན་མ་ལུས་སྐྱེད་བྱེད་ཅིང་། །འཕྲལ་དུ་གནོད་པར་མི་བྱེད་དོ། །ཞེས་བྱ་བ་ལ། ཚུལ་དེ་ལྟར་བྲག་ཞུན་བསྟེན་ཞིང་གོམས་པར་བྱེད་པ་དག་ནི་ཤིན་ཏུ་ཕན་པར་བྱེད་པ་ཡིན་ལ། དེ་བཞིན་དུ་བཅུད་ཀྱིས་ལེན་གྱི་ཡོན་ཏན་མ་ལུས་པ་ཡང་སྐྱེད་ པར་བྱེད་ལ། འཕྲལ་དུ་དེའི་མོད་ལ་གནོད་པ་ཡང་སྐྱེད་པར་མི་བྱེད་པ་ཡིན་ནོ། །ཞག་བདུན་ཕྲག་གཅིག་ཕྲག་གསུམ་དང་། །ཕྲག་བདུན་ཞོ་གཉིས་སྲང་ཕྱེད་གཅིག །དམན་དང་བར་མ་ཆེན་པོ་ཡི། །བྲག་ཞུན་གོ་རིམས་བཞིན་དུ་སྦྱར། །ཞེས་བྱ་བ་ལ། བྲག་ཞུན་ཞག་བདུན་ ཕྲག་གཅིག་དང་། ཚད་ཞོ་གཉིས་ནི་དམན་པའི་ཚད་ཡིན་ནོ། །ཞག་བདུན་ཕྲག་བདུན་དང་སྲང་གཅིག་ནི་ཕྱེད་ཚད་ཡིན་ནོ། །ལུས་ནི་ཤིན་ཏུ་སྦྱངས་བྱས་ལ། །བྲག་ཞུན་སྦྱངས་པ་གཏང་བར་བྱ། །ཟངས་དང་ལྕགས་དང་དངུལ་དང་གསེར། །ཀུན་དང་ཡང་ན་རེ་རེར་སྦྱར། །འོ་མ་དང་ ནི་ལྷན་ཅིག་གཏང་། །བཅུད་ལེན་འབྲས་བུ་མྱུར་དུ་འགྲུབ། །ཅེས་བྱ་བ་ལ། བྲག་ཞུན་ནི་ལུས་ཤིན་ཏུ་སྦྱངས་པར་གྱུར་པ་ལ་བྲག་ཞུན་ལེགས་པར་སྦྱངས་ཤིང་བཏུལ་བ་གཏང་བར་བྱ་ལ། དེ་བཞིན་དུ་ཟངས་ལ་སོགས་པ་སྣ་རེའམ། ཀུན་དང་ཡང་སྦྱར་བར་བྱ་ཞིང་འོ་མ་དང་ལྷན་ཅིག་ བཏང་ན་བཅུད་ཀྱིས་ལེན་གྱི་འབྲས་བུ་གང་དག་ཡིན་པ་འགྲུབ་པར་འགྱུར་རོ། །རྒྱ་སྲན་མོན་སྣེའུ་དམེ་རུ་དང་། །ཕུག་རོན་ཤ་ནི་རྟག་ཏུ་སྤང་། །ཞེས་བྱ་བ་ལ། བྲག་ཞུན་གྱི་སྦྱོར་བ་བསྟེན་པའི་དུས་སུ་རྒྱ་སྲན་ལ་སོགས་པ་རྟག་ཏུ་སྤང་བར་བྱའོ། །གང་ཞིག་བྲག་ཞུན་གྱིས་ནི་མངོན་སུམ་དུ། ། 202-1-289a མ་བསལ་ནད་ནི་ས་སྟེང་ཡོད་མ་ཡིན། །དུས་སུ་ཆོ་ག་བཞིན་དུ་བསྟེན་གྱུར་ན། །ནད་མེད་ཉམས་སྟོབས་རྒྱ་ཆེན་སྐྱེད་པར་བྱེད། །ཅེས་བྱ་བ་ལ། མི་ཡུལ་ས་སྟེང་འདི་ན་བྲག་ཞུན་གྱི་སྨན་གྱིས་མངོན་དུ་མ་བཅོམ་པའི་ནད་ནི་ཡོད་པ་མ་ཡིན་ལ། དེ་བཞིན་ དུ་དེའི་ཆོ་ག་བཞིན་དུ་བསྟེན་ན་ནད་མེད་པ་ལ་སོགས་པའི་ཡོན་ཏན་སྐྱེད་པར་བྱེད་དོ། །ཁང་པར་གནས་པའི་ཁོམ་ལྡན་ཅན། །ཕུན་སུམ་ཚོགས་དང་ལྡན་ལ་ཕན། །དེ་ལས་གཞན་དུ་དེ་རྣམས་ལ། །ཉི་མ་རླུང་གི་ཚེ་ན་བསྟེན། །ཞེས་བྱ་བ་ལ། ཁང་པར་གནས་པ་ལ་སོགས་ པ་ཁོམ་ལྡན་ཡོད་ཅིང་འཁོར་དང་ཡོ་བྱད་ཕུན་སུམ་ཚོགས་པ་དང་ལྡན་པ་ལ་ནི་ཕན་པར་གྱུར་པ་ཡིན་ལ། དེ་ལས་གཞན་པ་སྟེ། ཁང་པར་གནས་པ་ལ་སོགས་པའི་ཁོམ་ལྡན་མེད་པ་ལ་ནི་ཉི་མ་དང་རླུང་ལ་གནས་པའི་ཚུལ་གྱིས་བསྟེན་ན་ཕན་པར་འགྱུར་རོ། །རླུང་དང་ཉི་ཚན་བཅས་ སྦྱོར་བ། །བདེ་བའི་ལོངས་སྤྱོད་མེད་ན་ཡང་། །གང་ཞིག་ལུས་ལ་མི་གནོད་པ། །མཆོག་ཏུ་དེ་ནི་བཤད་པར་བྱ། །ཞེས་བྱ་བ་ལ། ད་ནི་རླུང་དང་ཉི་ཚན་དང་བཅས་པར་ཡང་བསྟེན་དུ་རུང་བའི་སྦྱོར་བ་བདེ་བའི་ལོངས་སྤྱོད་ལས་ཉམས་སུ་ཟིན་ཀྱང་ལུས་ལ་གནོད་པར་མི་འགྱུར་བའི་ སྦྱོར་བའི་མཆོག་དེ་བཤད་པར་བྱའོ། །ཆུ་གྲང་འོ་མ་སྦྲང་རྩི་དང་། །མར་ནི་རེ་རེ་གཉིས་གཉིས་དང་། །གསུམ་མམ་ཡང་ན་ཐམས་ཅད་དང་། །ཟས་སྔར་འཐུངས་ན་རྒས་སྲ་བྱེད། །ཅེས་བྱ་བ་ལ། ཆུ་གྲང་ལ་སོགས་པ་རེ་རེ་འམ། གཉིས་གཉིས་སམ། གསུམ་མམ། བཞི་ཆར་ཀུན་ཟས་ཀྱི་སྔར་འཐུངས་ན་ཡང་རྒས་སྲ་བར་བྱེད་དོ། །བུ་རམ་སྦྲང་རྩི་བཅའ་སྒ་དང་། །པི་པི་ལིང་ངམ་རྒྱམ་ཚ་དང་། །ཨ་རུ་ར་ནི་གཉིས་གཉིས་དག །རྟག་ཟོས་བདེ་ཞིང་ལོ་བརྒྱར་འཚོ། །ཞེས་བྱ་བ་ལ། བུ་རམ་ལ་སོགས་པ་གང་ཡང་རུང་བ་དང་། ཨ་རུ་ར་གཉིས་ གཉིས་རྟག་ཏུ་ཟོས་ན་ཡང་མི་དེ་ལོ་བརྒྱའི་བར་དུ་འཚོ་བར་འགྱུར་རོ། །ཨ་རུ་ར་ནི་མར་ནང་བསྲོས། །བཟའ་ཞིང་མར་དེ་འཐུངས་ན་ནི། །རྒས་སྲ་ལུས་ནི་ཡུན་རིང་གནས། །སྟོབས་ནི་འཕེལ་བར་བྱེད་འགྱུར་ཏེ། །ཇི་ལྟར་དམ་པ་བྱས་གཟོ་བ། །ལན་ཅིག་ཕན་གདགས་ཇི་ལྟ་ 202-1-289b བཞིན། །ཞེས་བྱ་བ་ལ། ཨ་རུ་ར་མར་གྱི་ནང་དུ་བསྲོས་ཏེ་བཟའ་བ་དང་བསྲོས་པའི་མར་དེ་འཐུངས་པར་གྱུར་ན་ལུས་རྒས་སྲ་བ་ལ་སོགས་པར་འགྱུར་རོ། །ཇི་ལྟར་བྱས་པ་གཟོ་བའི་མི་ལ་ཕན་བཏགས་ན་དེའི་མི་བརྗེད་པར་སེམས་ལ་འཇོག་པ་དང་འདྲའོ། །སྐྱུ་རུ་རའི་ཁུ་སྦྲང་རྩི་དང་། ། ཁ་ར་མར་དང་ལྡེ་གུར་བྱས། །བསྟེན་ཞིང་འཕྲོད་པ་ཟ་བའི་མི། །རྒ་བའི་གནོད་པ་འཇིག་འགྱུར་ཏེ། །ཉེས་བསྲུང་བསྟན་བཅོས་རྒྱ་ཆེན་མཚུངས། །ཞེས་བྱ་བ་ལ། སྐྱུ་རུ་རའི་ཁུ་བ་དང་སྦྲང་རྩི་དང་མར་དང་ཁ་ར་ལྡེ་གུར་བྱས་པ་ཟོས་ཤིང་ཁ་ཟས་འཕྲོད་པ་ལ་བསྟེན་པའི་མི་རྒས་ པའི་གནོད་པ་གང་ཡིན་པ་དེ་འཇིག་པར་འགྱུར་ཏེ། ཇི་ལྟར་བསྟན་བཅོས་རྒྱ་ཆེན་པོ་ལེགས་པར་བཟུང་ནས་བརྗེད་དུ་མི་རུང་བར་འགྱུར་བ་དང་མཚུངས་སོ། །སྐྱུ་རུ་ར་དང་བྱི་དང་ག །ཨ་ས་ན་ཡི་སྙིང་པོ་ཕྱེ། །ལྕགས་ཕྱེ་ཏིལ་མར་སྦྲང་རྩི་ཡི། །མར་བཅས་ལྡེ་གུ་བསྟེན་ན་ནི། ། ན་ཚོད་མཛེས་པ་མ་ཉམས་འགྱུར། །ཞེས་བྱ་བ་ལ། སྐྱུ་རུ་ར་ལ་སོགས་པ་ཇི་སྐད་སྨོས་པ་བཞིན་བསྟེན་ན་ཡང་ན་ཚོད་མཛེས་པ་ལ་སོགས་པར་འགྱུར་རོ། །ལྕགས་ཕྱེ་བྱི་དང་ག་ཡི་བྱེ་མ་དང་། །མར་དང་སྦྲང་རྩིར་བཅས་པ་ལོ་གཅིག་ཙམ། །ཨ་ས་ན་ཡི་ཟ་མ་ཏོག་ནང་གཞུག ། བསྟེན་ན་སྟོབས་ལྡན་ཚེ་རིང་སྐྲ་གནག་འགྱུར། །ཞེས་བྱ་བ་ལ། ལྕགས་ནག་པོའི་ཕྱེ་མ་ལ་སོགས་པ་ཇི་སྐད་སྨོས་པ་བཞིན་དུ་བསྟེན་ན་ཡང་ཚེ་རིང་ཞིང་སྐྲ་གནག་པར་འགྱུར་རོ། །བྱི་དང་ག་དང་གོ་བྱེ་བཅའ་སྒ་རྣམས། །མར་དང་སྦྲང་རྩིར་བཅས་པ་གང་གིས་ཟོས། །རྒས་པའི་ཆུ་བོ་ ནད་ཀྱི་རྦ་རླབས་ཅན། །ན་ཚོད་ལྡན་པའི་སྐྱེས་བུ་དེ་རྒལ་འགྱུར། །ཞེས་བྱ་བ་ལ། མི་གང་བྱི་དང་ག་ལ་སོགས་པའི་ལྡེ་གུ་ཟོས་པ་དེ་ནི་ན་ཚོད་དར་ལ་བབ་པ་དང་ལྡན་པར་འགྱུར་ཞིང་། རྒས་པའི་ཆུ་བོའི་རྦ་རླབས་ལས་ངེས་པར་རྒལ་བར་འགྱུར་རོ། །སེང་ལྡེང་ཨ་ས་ན་ཡི་ཁུ་བ་དང་། ། འབྲས་བུ་གསུམ་དང་སྦྲང་རྩི་མར་སྦྱར་བ། །ཆོ་ག་བཞིན་དུ་བསྟེན་པའི་མི་རྣམས་ནི། །ཚེ་རིང་འགྱུར་བ་འདི་ལས་ངོ་མཚར་མེད། །ཅེས་བྱ་བ་ལ། སེང་ལྡེང་ལ་སོགས་པའི་ལྡེ་གུ་བསྟེན་ན་ཡང་ངེས་པར་ཚེ་རིང་བར་འགྱུར་བ་ཡིན་ནོ། །ཛི་བ་ཀ་ཡི་ཁུ་བ་སོར་མོར་ཆགས། །ཁ་ར་ 202-1-290a སྦྲང་རྩི་མར་དང་འབྲས་བུ་གསུམ། །སྐྱེས་བུ་དམ་པས་བསྟེན་པར་གྱུར་ན་ནི། །རྒས་དང་ནད་ནི་ངེས་པར་བཟློག་པར་འགྱུར། །ཞེས་བྱ་བ་ལ། ཛི་བ་ཀ་ཞེས་བྱ་བ་ཨ་ས་ནའི་ཁུ་བ་ལ་སོགས་པའི་ལྡེ་གུ་བསྟེན་ན་ཡང་རྒས་པ་ལ་སོགས་པའི་འཚེ་བ་མེད་ པར་འགྱུར་རོ། །བ་སྤྲུ་བ་ནི་སར་པ་སྲང་ཕྱེད་དང་། །འོ་མར་བཏགས་པ་ཟླ་ཕྱེད་ཟླ་བ་གཉིས། །ཟླ་དྲུག་ལོ་གཅིག་བར་དུ་འཐུངས་ན་ནི། །རྒས་ཤིང་རྙིང་པའང་སླར་ནི་གཞོན་པར་འགྱུར། །ཞེས་བྱ་བ་ལ་བ་སྤྲུ་བ་ཞེས་བྱ་བ་པུརྞ་བ་སྲང་ཕྱེད་བཏགས་པ་ཟླ་བ་ཕྱེད་དམ་གཉིས་སམ་དྲུག་གམ་ལོ་གཅིག་གི་བར་དུ་འོ་མ་དང་ སྦྱར་ཏེ་འཐུངས་ན་རྒས་ཤིང་འཁོགས་པ་དེ་སླར་གཞོན་པ་ཉིད་དུ་འགྱུར་རོ། །མུར་བ་ཨང་ཤུ་མ་ཏི་བྲི་ཧ་ཏི། །བ་ལ་པུ་ཤེལ་ཙེ་དང་པ་ཏ་དང་། །ཨ་ས་ན་དང་ཐལ་ཏྲེས་ཨ་ཀ་རུ། །པྲི་ཡང་ཀུ་དང་ཙནྡན་རེ་རེ་ཡི། །ཆོ་གའང་བ་སྤྲུ་བ་དང་མཚུངས་པ་ཡིན། །ཞེས་བྱ་བ་ལ། མུར་བ་ལ་ སོགས་པ་སྨན་སྣ་རེ་རེ་ཞིང་ཡང་བ་སྤྲུ་བའི་ཆོ་ག་བཞིན་བསྟེན་ན་ཡོན་ཏན་དེ་དང་མཚུངས་པ་ཡིན་ནོ། །ཉེའུ་ཤིང་ལྡེ་གུ་ཁུ་བར་བསྐོལ་བ་དང་། །ཞུན་མར་ཁ་རར་བཅས་པ་ཟ་བྱེད་པ། །དེ་ནི་འཚོ་བའི་ལམ་དུ་ཞུགས་གྱུར་ཚེ། །ནད་ཀྱི་རྐུན་པོས་ཆོམས་པར་མི་འགྱུར་རོ། །ཞེས་བྱ་བ་ལ། ཉེའུ་ཤིང་གི་ལྡེ་གུ་དང་ཁུ་བ་བསྐོལ་བའི་སྨན་མར་གྱི་ནང་དུ་ཁར་བཏབ་སྟེ་ཟོས་ན་མི་འཚོ་བའི་ལམ་དུ་ཞུགས་པར་གྱུར་པའི་ཚེ་སྲོག་འཕྲོག་པར་བྱེད་པའི་ནད་ཀྱི་རྐུན་པོས་ཆོམས་པར་མི་འགྱུར་རོ། །ཨ་ཤྭ་གནྡྷ་འོ་མར་བཅས་པ་ནི། །མར་རམ་ཏིལ་མར་ཆུ་དྲོན་སྦྱར་བ་དང་། །ཟླ་ཕྱེད་ བསྟེན་ན་ཉམ་ཆུང་ལུས་རྒྱས་ཤིང་། །ཇི་ལྟར་ལོ་ཏོག་གཞོན་ལ་ཆར་བབ་མཚུངས། །ཞེས་བྱ་བ་ལ། ཨ་ཤྭ་གནྡྷ་འོ་མའམ། མར་རམ། ཏིལ་མར་རམ། ཆུ་དྲོན་དང་སྦྱར་ཏེ་འཐུངས་ན་ནི་ལུས་ཤིན་ཏུ་ཉམ་ཆུང་བ་ཡང་རྒྱས་ཤིང་འཕེལ་བར་འགྱུར་རོ། །ཇི་ལྟར་ལོ་ཏོག་ ཤིན་ཏུ་གཞོན་པ་ལ་ཆར་བབ་པ་དང་མཚུངས་སོ། །ཉིན་རེ་ཏིལ་ནག་སྲང་ནི་རེ་རེ་དག །ཟོས་པའི་རྗེས་ལ་ཆུ་གྲང་འཐུངས་གྱུར་ན། །ལུས་ནི་ཤས་ཆེར་རྒྱས་པ་ཉིད་འགྱུར་ཞིང་། །འཆི་བའི་བར་དུ་སོ་ནི་བརྟན་པར་འགྱུར། །ཞེས་བྱ་བ་ལ། ཏིལ་ནག་པོ་ཉིན་རེ་སྲང་རེ་ཟོས་ལ་ 202-1-290b དེའི་འོག་ཏུ་ཆུ་གྲང་འཐུངས་པར་གྱུར་ན་མིའི་ལུས་ཤས་ཆེར་རྒྱས་པར་འགྱུར་ཞིང་རྟག་ཏུ་སོ་བརྟན་པར་འགྱུར་རོ། །གཟེ་མ་སླེ་ཏྲེས་སྐྱུ་རུ་རའི་ཕྱེ་མ། །མར་དང་སྦྲང་རྩི་ཆ་མཉམ་ལྡེ་གུ་ཟོས། །རོ་ཙ་ལུས་བརྟན་ནད་ཀྱི་སྡུག་བསྔལ་ཞི། །ལོ་བརྒྱར་འཚོ་ཞིང་སྐྲ་ནི་ནག་པོར་འགྱུར། །ཞེས་ བྱ་བ་ལ། གཟེ་མ་ལ་སོགས་པའི་ལྡེ་གུ་ཟོས་ན་ཡང་རོ་ཙ་བ་ལ་སོགས་པའི་ཡོན་ཏན་སྐྱེད་དོ། །ཏིལ་ནག་ཨ་རུ་ར་དང་སྐྱུ་རུ་ར། །བ་རུ་ར་དང་བཅས་པ་བརྡུངས་ནས་བསྟེན། །མི་དེ་རྨ་བྱ་ལྟ་བུར་མདངས་ལྡན་ཞིང་། །ཡིད་དུ་འོང་བའི་བདེ་བ་འཐོབ་པར་འགྱུར། །བྲག་ཞུན་མར་དང་སྦྲང་རྩི་ བྱི་དང་ག །ཨ་རུ་ར་དང་ལྕགས་ཕྱེ་དངུལ་ཆུ་དང་། །ཏ་བྱ་བསྟེན་ན་ལུས་ཟུངས་རྫོགས་འགྱུར་ཏེ། །ཡང་ངོ་ཟླ་ཕྱེད་རྫོགས་པའི་ཟླ་བ་འདྲ། །ཞེས་བྱ་བ་ལ། སྐྱེས་བུ་གང་ཏིལ་དང་ལྷན་ཅིག་ཏུ་སྐྱུ་རུ་ར་ལ་སོགས་པ་བརྡུངས་པ་བཅས་ཏེ་ཟོས་ན་ཡང་མི་དེ་ཇི་སྐད་སྨོས་པའི་མདངས་དང་ལྡན་པར་འགྱུར་ ལ། དེ་བཞིན་དུ་བྲག་ཞུན་ལ་སོགས་པ་ཟོས་ན་ཡང་ལུས་ཟུངས་ཟླ་བ་ཡར་གྱི་ངོ་ལྟར་རྒྱས་པར་འགྱུར་རོ། །གང་ཞིག་བྲིང་ག་ར་ཛའི་ཁུ་བ་ཟླ་བ་གཅིག །ཉིན་རེ་རྒྱུན་དུ་བསྟེན་པར་བྱེད་པ་དང་། །འོ་མ་འཐུངས་སྟེ་སྟོབས་དང་བརྩོན་འགྲུས་ལྡན། །ལོ་བརྒྱར་འཚོ་བ་དག་ཀྱང་ཐོབ་པར་འགྱུར། ། ཞེས་བྱ་བ་ལ། སྐྱེས་བུ་གང་བྲིང་ག་ར་ཛ་བསྐོལ་བའི་ཁུ་བ་ཉིན་རེ་ཞིང་ཟླ་བ་གཅིག་གི་བར་དུ་འཐུང་བར་བྱེད་པ་དང་འོ་མ་འཐུངས་པ་དེ་ནི་སྟོབས་ལ་སོགས་པ་འཐོབ་པར་འགྱུར་རོ། །ཤུ་དག་ཀྱང་ནི་ཟླ་བ་གཅིག་བསྟེན་ཞིང་། །འོ་མ་འམ་མར་རམ་ཏིལ་མར་བཅས་པ་བསྟེན། །གདོན་ གྱིས་མི་ཚུགས་པ་ཡི་ལུས་འགྱུར་ཞིང་། །ཡིད་གཞུངས་ཚིག་ནི་ཤིན་ཏུ་གསལ་བར་འགྱུར། །ཞེས་བྱ་བ་ལ། མི་གང་ཟླ་བ་གཅིག་གི་བར་དུ་ཤུ་དག་འོ་མའམ་མར་དང་ཏིལ་མར་དང་བཅས་པར་བསྟེན་ན་གདོན་གྱིས་མི་ཚུགས་པ་ལ་སོགས་པའི་ཡོན་ཏན་འཐོབ་པར་འགྱུར་རོ། །མན་ དུ་ཀ་པརྞི་ནི་མར་དང་བརྔོས། །ཟླ་གཅིག་བར་དུ་ཟས་མ་ཟོས་པར་བསྟེན། །གཟུགས་ནི་རྒྱ་ཆེར་འཚོ་ཞིང་སྤོབས་པ་ཆེ། །གཞོན་ཞིང་མདངས་ལྡན་ཡོན་ཏན་ལྡན་པར་འགྱུར། །ཞེས་བྱ་བ་ལ། མན་དུ་ཀ་པརྞི་ཞེས་བྱ་བ་སྨན་མར་དང་བརྔོས་པ་ཟླ་བ་གཅིག་གི་བར་དུ་ཟོས་ན་ཡང་ཡུན་རིང་ 202-1-291a དུ་འཚོ་ཞིང་སྤོབས་པ་ཆེ་བ་ལ་སོགས་པར་འགྱུར་རོ། །འབྲས་བུ་གསུམ་དང་ཙང་གི་རི་དང་ནི། །ལྕགས་ཕྱེ་སྲང་ནི་ལྔ་བཅུ་ལས་བྱས་ཤིང་། །ཀོ་ཤ་ད་ཀིའི་ཁུ་བའི་ནང་དུ་བཏགས། །རི་ལུ་སུམ་བརྒྱ་བྱས་ནས་རི་ལུ་དེ། །གྲིབ་མར་བསྐམས་ཏེ་རིམ་ གྱིས་མ་ལུས་པར། །བཀྲུ་སྨན་བྱ་ཞིང་ཐུག་སླའི་རིམ་པ་དང་། །ཐུག་སྐ་གར་པོ་ཤ་ཁུ་འབྲས་ཆེན་དང་། །མར་ལ་བསྟེན་ཞིང་ཟླ་གཅིག་ལུས་བསྡམས་ལ། །ཟླ་གཅིག་འདས་ནས་རང་དགའ་ཉིད་དུ་སྤྱད། །འབད་པས་དུས་ཀུན་དུ་ནི་མ་ཞུ་སྤང་། །ལོ་གཅིག་བར་དུ་སྦྱོར་བ་འདི་ བསྟེན་ན། །གང་ཞིག་གསོ་དཀའི་ནད་ཀྱིས་ཉེན་པ་ཡང་། །ཤིན་ཏུ་སྟོབས་ཆེ་སྐྱེས་བུའི་བྱ་བ་རྫོགས། །ལུས་རྒྱས་འཇམ་ཞིང་མིག་དང་རྣ་བ་གསལ། །གཞོན་པ་ཉིད་དང་ལོ་ནི་ལྔ་བརྒྱར་འཚོ། །ཞེས་བྱ་བ་ལ། འབྲས་བུ་གསུམ་དང་། ཙང་གི་རི་དང་། ལྕགས་ཀྱི་ཕྱེ་མ་ཚད་སྲང་ ལྔ་བཅུ་ཀོ་ཤ་ཏ་ཀའི་ཁུ་བའི་ནང་དུ་བཏགས་པ་ལས་རིལ་བུར་སྦྱར་ཏེ་གྲིབ་མར་བསྐམས་ནས་དེ་མ་ལུས་པར་ཟོས་ལ། བཀྲུ་སྨན་དང་ཐུག་པའི་རིམ་པ་ལྔ་ལ་སོགས་པའི་ཚུལ་གྱིས་ཟླ་བ་གཅིག་འདས་པར་བྱས་ནས་དེའི་འོག་ཏུ་སྤྱོད་པ་བསྡམས་པ་མེད་པས་གནས་པར་བྱ་སྟེ། འདིར་ནི་ རྣམ་པ་ཐམས་ཅད་དུ་མ་ཞུ་བའི་བག་སྤང་བར་བྱའོ། །ཚུལ་དེ་ལྟར་སྦྱོར་བ་འདིས་ལོ་གཅིག་གི་བར་དུ་བསྟེན་ན་གསོ་དཀའ་བའི་ནད་ཀྱང་སེལ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པར་འགྱུར་རོ། །སེང་ལྡེང་ཤིར་ཤ་བ་དང་ཨ་ས་ན། །རྨ་བྱ་ཨ་རུ་ར་དང་སྐྱུ་རུ་ར། །གོ་བྱེ་བྱི་དང་ག་བཏགས་ཆུ་ འགྱུར་ནི། །བཅོ་བརྒྱད་ནང་བསྐོལ་ལྕགས་ཀྱི་དུམ་བུ་བཅུག །ལྕགས་ཀྱི་སྣོད་དུ་ཞག་གསུམ་ཉི་མ་ཡི། །འོད་ཀྱིས་བསྲོས་ལ་དེ་རྗེས་མེ་ལ་ནི། །ལྕགས་ཀྱི་ཕྱེ་མ་ཞིབ་པར་བྱས་ཏེ་བསྐོལ། །དེ་བཙགས་ཁུ་བ་ཆ་གཅིག་འོ་མ་ནི། །ཆ་གཅིག་དེ་བཞིན་གསོ་མའི་ཁུ་བ་གཅིག ། ཉེའུ་ཤིང་བསྐོལ་བའི་ཁུ་བ་ཆ་གསུམ་དང་། །འདིར་ནི་མར་སར་ཆ་ནི་བཞི་དང་སྦྱར། །འདི་དག་གཅིག་ཏུ་ལྕགས་ནག་སྣོད་དུ་བསྐོལ། །ཁ་ར་རྡུལ་མེད་དེ་བཞིན་སྦྲང་རྩི་དང་། །དེ་བཞིན་མར་དང་བསྲེས་པར་གྱུར་པ་དང་། །འཕྲོད་པའི་ཟས་དང་སྐོམ་དང་སྤྱོད་ལམ་བཅས། །སྲང་རེ་ 202-1-291b རྟག་ཏུ་བསྟེན་པར་གྱུར་ན་ནི། །དཔལ་དང་ལྡན་ཞིང་ཉེས་པ་བསལ་བ་དང་། །ནགས་ཀྱི་ས་ཧེ་ལྟ་བུའི་སྟོབས་ལྡན་ཞིང་། །རྟ་ལྟར་མགྱོགས་ལ་ལུས་ནི་བརྟན་པ་དང་། །སྐྲ་ནི་བུང་བའི་མདོག་ལྟར་གནག་པ་དང་། །ཁ་ནི་དྲི་ཞིམ་བུད་མེད་མང་བསྟེན་ནུས། །ཚིག་གསལ་ཡིད་ གཞུངས་ཕུན་སུམ་ཚོགས་པ་དང་། །ཟླ་གཅིག་བསྟེན་ན་མེ་དྲོད་ཆེ་བ་ཡིན། །དེ་ནི་མི་ཡི་སེང་གེའམ་མེའམ་ནི། །བཙོ་མ་གསེར་གྱི་མདོག་འདྲའི་ལུས་འཛིན་གྱུར། །མི་ཡི་སེང་གེའི་སྦྱོར་བ་འདི། །ཟོས་ན་ནད་ཀྱིས་མི་ཉེན་ཏེ། །འཁོར་ལོ་འབར་བའི་ལག་པ་ཡིས། །ལྷ་མིན་ ཚོགས་ནི་འཇིགས་དང་འདྲ། །ཞེས་བྱ་བ་ལ། སེང་ལྡེང་ལ་སོགས་པ་ཆ་མཉམ་པར་བྱས་ཏེ་བཏགས་ལ། སྨན་གྱི་བཅོ་བརྒྱད་འགྱུར་ནང་དུ་བསྐོལ་ལ་ལྕགས་ཀྱི་དུམ་བུ་བཅུག་སྟེ། ལྕགས་ཀྱི་སྣོད་ཀྱི་ནང་དུ་བཞག་ལ་ཉི་མ་གསུམ་དུ་ཉི་མའི་འོད་ཀྱིས་བསྲོས་ལ། དེའི་ རྗེས་ལ་མེ་ཆུང་ངུ་ལ་དེ་བཞི་ཆ་ལུས་ཀྱི་བར་དུ་བསྐོལ་ལ། དེ་བཙགས་ནས་ཆ་གཅིག་ཏུ་བྱས་པ་དང་། འོ་མའི་ཆ་ཡང་དེ་དང་མཉམ་པ་དང་། དེ་བཞིན་དུ་གསོ་མའི་ཁུ་བའི་ཆ་དང་མཉམ་པ་དང་། དེ་བཞིན་དུ་ཉེའུ་ཤིང་གི་ཁུ་བ་ཆ་གསུམ་དང་། མར་སར་བཞི་ཆ་སྟེ་དེ་ཐམས་ཅད་གཅིག་ ཏུ་བསྡུས་ལ་ལྕགས་ཀྱི་སྣོད་ཆེན་པོའི་ནང་དུ་སྨན་མར་དེ་བསྐོལ་བར་བྱའོ། །དེར་ཡང་ཁ་ར་དཀར་པོ་ནག་ནོག་མེད་པ་དང་། སྦྲང་རྩི་ལ་སོགས་པ་བཅུག་ལ་དེ་ལས་སྲང་རེ་བསྟེན་ན་དཔལ་དང་ལྡན་པ་ལ་སོགས་པའི་ཡོན་ཏན་དང་ལྡན་ཞིང་ཡིད་གཞུངས་པ་ཕུན་སུམ་ཚོགས་པའི་བར་དུ་ འགྱུར་རོ། །སྦྱོར་བ་དེ་ཟླ་བ་གཅིག་གི་བར་དུ་བསྟེན་ན་མེ་དྲོད་ཆེ་བ་ལ་སོགས་པའི་ཡོན་ཏན་ཐོབ་པར་འགྱུར་ཏེ། འདི་ནི་མིའི་སེང་གེ་ཞེས་བྱ་བ་ཁྱབ་འཇུག་གིས་བཤད་པའི་སྦྱོར་བ་ཡིན་ཏེ། འདི་ཟོས་ན་ནད་ཀྱི་ཚོགས་ཀྱིས་ཉེན་པར་མི་འགྱུར་ཏེ། ཇི་ལྟར་ཁྱབ་འཇུག་འཁོར་ལོ་འབར་ བ་ལག་ན་ཐོགས་པས་ལྷ་མ་ཡིན་གྱི་ཚོགས་འཇིགས་ཤིང་འབྱེར་བར་བྱེད་པ་དང་འདྲའོ། །བྲིང་ག་ར་ཛ་མྱུ་གུའི་ཆོ་ག་འདིས། །བརྔོས་ཤིང་མར་བཅས་ཟོས་ལ་བསྡམས་དང་བཅས། །ལྟོ་སྦྱངས་པ་ལ་ཨ་ས་ནའི་ཁུ་བ། །འོ་མ་འཐུང་ཞིང་ཟས་ཀྱི་བྱ་བ་བྱེད། །ཟླ་གཅིག་བར་དུ་ 202-1-292a བསྟེན་པར་གྱུར་ན་ནི། །བདེ་ཞིང་ལོ་ནི་ཉིས་བརྒྱའི་བར་དུ་འཚོ། །ལན་ཅིག་སྨྲས་པའི་ཚིག་ཀྱང་ཟིན་གྱུར་ཞིང་། །དྲན་དང་དབང་པོ་ཉམས་པ་མེད་པར་འགྱུར། །ཞེས་བྱ་བ་ལ། བྲིང་ག་ར་ཛའི་མྱུ་གུ་མར་དང་བརྔོས་པ་ལ་སོགས་པའི་སྦྱོར་བས་ཟླ་བ་ གཅིག་གི་བར་དུ་བསྟེན་ན་བདེ་ཞིང་ལོ་ཉིས་བརྒྱའི་བར་དུ་འཚོ་བ་ལ་སོགས་པ་འཐོབ་པར་འགྱུར་རོ། །གང་ཞིག་སྦྱོར་བ་འདི་ཡིས་ནི། །ཏིལ་མར་བསྟེན་པར་བྱེད་པ་དག །དེ་ཡིས་ཡོན་ཏན་དེ་ཐོབ་ཅིང་། །ལུས་ནི་ནག་པོ་ཉིད་དུ་འགྱུར། །ཞེས་བྱ་བ་ལ། སྔར་བཤད་པའི་སྦྱོར་ བ་འདི་ཉིད་ཀྱིས་མར་ཇི་ལྟར་བསྐོལ་བ་དེ་བཞིན་དུ་ཏིལ་མར་བསྐོལ་ལ་བསྟེན་པར་བྱེད་པ་དེ་ཡང་ཡོན་ཏན་སྔར་ཇི་སྐད་སྨོས་པ་ཉིད་ཐོབ་པར་འགྱུར་རོ། །འོན་ཀྱང་ཁྱད་པར་ནི་ཏིལ་མར་གྱི་སྦྱོར་བས་ལུས་ནག་པོ་ཉིད་དུ་འགྱུར་རོ། །བཅུད་ཀྱིས་ལེན་ནི་དུས་དང་རྗེས་མཐུན་ཞིང་། །བསྟེན་ ནུས་འབྲས་བུར་བཅས་པ་བཤད་པ་ཡིན། །གཞན་དག་ཕན་ཡོན་བཅས་པ་ཡོད་མོད་ཀྱི། །རྙེད་པར་དཀའ་བས་བདག་གིས་མ་བཤད་དོ། །ཞེས་བྱ་བ་ལ། བཅུད་ཀྱིས་ལེན་ད་ལྟར་གྱི་དུས་དང་རྗེས་སུ་མཐུན་ཞིང་། བསྟེན་ཅིང་སྤྱད་པར་ནུས་པ་འབྲས་བུ་དང་བཅས་པ་གང་དག་ཡིན་པ་ དེ་བདག་གིས་བཤད་པ་ཡིན་གྱི། བཅུད་ཀྱིས་ལེན་གྱི་སྦྱོར་བ་གཞན་དག་ཕན་ཡོན་དང་བཅས་པ་མང་པོ་དྲང་སྲོང་རྣམས་ཀྱིས་བཤད་པ་ཡོད་མོད་ཀྱི། དེ་ནི་རྙེད་པ་དང་བསྒྲུབ་པར་དཀའ་བ་ཡིན་པས་བདག་གིས་འདིར་མ་བཤད་དོ། །བཅུད་ཀྱིས་ལེན་གྱི་ཆོ་ག་ལས། །ཉམས་པས་ གལ་ཏེ་ནད་སྐྱེ་ན། །བཅུད་ཀྱིས་ལེན་དེ་སྤངས་ནས་ནི། །དེ་ཡི་སྨན་ནི་ཇི་བཞིན་བྱ། །ཞེས་བྱ་བ་ལ། བཅུད་ཀྱིས་ལེན་གྱི་ཆོ་ག་བསྟན་པ་ལས་ལེགས་པར་མ་སྤྱད་པ་ཉམས་པར་གྱུར་ཏེ། གལ་ཏེ་ནད་སྐྱེས་ན་བཅུད་ཀྱིས་ལེན་གྱི་ཆོ་ག་དེ་སྤངས་ཤིང་དོར་ལ་ནད་ནི་དེའི་སྨན་ཇི་ལྟ་བ་ བཞིན་དུ་བྱའོ། །བདེན་པར་སྨྲ་ཞིང་ཁྲོ་བ་མེད། །དབང་པོ་བསྡམས་ཤིང་བདག་ཉིད་ཐུལ། །ཞི་ཞིང་དམ་པའི་སྤྱོད་ལ་དགའ། །རྟག་ཏུ་བཅུད་ལེན་ཡིན་ཞེས་བྱ། །ཞེས་བྱ་བ་ལ། མི་རྟག་པར་བདེན་པར་སྨྲ་བ་དང་། དེ་བཞིན་དུ་ཁྲོ་བ་མེད་པ་དང་། དབང་པོ་བསྡམས་ 202-1-292b ཤིང་ཡུལ་ལ་མི་གཡེང་བར་བདག་ཉིད་ཐུལ་བ་དང་། སྤྱོད་ལམ་ཞི་བ་དང་། དམ་པའི་སྤྱོད་ལམ་ལ་དགའ་བ་རྣམས་ནི་རྟག་ཏུ་བཅུད་ཀྱིས་ལེན་ཡིན་པར་ཤེས་པར་བྱའོ། །ཡོན་ཏན་འདི་དག་ལྡན་གྱུར་པས། །གང་ཞིག་བཅུད་ལེན་བསྟེན་གྱུར་པ། །དེ་ནི་དགའ་ཞིང་ཚེ་རིང་ལ། །འཇིག་ རྟེན་འདི་དང་གཞན་དུ་བདེ། །ཞེས་བྱ་བ་ལ། བདེན་པར་སྨྲ་བ་ལ་སོགས་པའི་ཡོན་ཏན་འདི་དག་དང་ལྡན་པས། མི་གང་ཞིག་བཅུད་ཀྱིས་ལེན་བསྟེན་ཞིང་སྤྱོད་པར་བྱེད་པ་དེ་དག་ནི་བདེ་ཞིང་དགའ་བ་དང་ཚེ་རིང་བ་དང་། འཇིག་རྟེན་འདི་དང་འཇིག་རྟེན་གཞན་དག་ཏུ་བདེ་བ་ ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར་རོ། །སྤྱོད་པ་བསྟན་བཅོས་རྗེས་འཇུག་ཅིང་། །གམ་ན་གནས་པའི་སེམས་དང་མཐུན། །དོན་ལ་བློ་ནི་མི་འཁྲུགས་ལ། །བཅུད་ཀྱིས་ལེན་ནི་རྫོགས་པ་ཡིན། །ཞེས་བྱ་བ་ལ། མི་གང་གི་སྤྱོད་པ་བསྟན་བཅོས་ལས་ཇི་སྐད་ སྟོན་པའི་རྗེས་སུ་འཇུག་པར་བྱེད་པ་དང་། གང་ན་ཉེ་འཁོར་དུ་གནས་པའི་གྲོགས་ཀྱི་སེམས་དང་རྗེས་སུ་མཐུན་པར་འཇུག་པ་དང་། དེ་བཞིན་དུ་གཟུགས་དང་སྒྲ་ལ་སོགས་པའི་དོན་ལ་བློ་མ་འཁྲུགས་པར་གྱུར་པ་གང་ཡིན་པ་དེ་ནི་བཅུད་ཀྱིས་ལེན་ཡོངས་སུ་རྫོགས་པ་ཡིན་ པར་ཤེས་པར་བྱའོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ཕྱི་མའི་གནས་ཀྱི་ལེའུ་སུམ་ཅུ་རྩ་དགུ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་རོ་ཙ་བར་བྱ་བའི་ལེའུ་བཤད་ པར་བྱའོ། །སྐྱེས་བུས་རྟག་ཏུ་ཡུལ་བསྟེན་པས། །རོ་ཙ་བར་ནི་འདོད་བྱ་སྟེ། །དགའ་དང་བརྟ་དང་བུ་རྒྱུད་ནི། །ཡོན་ཏན་ལྡན་པས་དེ་ལ་གནས། །ཞེས་བྱ་བ་ལ། སྐྱེས་བུ་རྟག་ཏུ་ཡུལ་བསྟེན་པར་བྱེད་པས་རོ་ཙ་བར་བྱ་བའི་སྨན་འདོད་པར་བྱ་ཞིང་དེ་བསྟན་པར་བྱ་སྟེ། གང་གི་ཕྱིར་རོ ཙ་བར་བྱ་བའི་ཆོ་ག་དེ་ལ་ནི་དགའ་བ་དང་ལུས་རྒྱས་ཤིང་བརྟ་བ་དང་། ཡོན་ཏན་དང་ལྡན་པའི་བུ་རྒྱུད་འཕེལ་བར་བྱ་བ་དག་དེ་ལ་གནས་པ་ཡིན་ནོ། །བུ་ཚའི་རྒྱུད་ནི་སྐྱེད་བྱེད་ཅིང་། །འཕྲལ་དུ་ཡང་དག་དགའ་བྱེད་གང་། །གང་གིས་རྟ་ལྟར་རབ་སྟོབས་ལྡན། །བུད་མེད་ལ་ནི་ཐོགས་ 202-1-293a མེད་འགྲོ། །བུད་མེད་ལ་རབ་ཆགས་འགྱུར་བ། །གང་དང་གང་གིས་འཕེལ་འགྱུར་བ། །དེ་ནི་རོ་ཙ་བྱེད་པ་སྟེ། །ལུས་ཀྱི་སྟོབས་ཀྱང་སྐྱེད་པའི་མཆོག །ཅེས་བྱ་བ་ལ། བཅུད་ཀྱིས་ལེན་གང་བུ་ཚའི་རྒྱུད་ནི་སྐྱེད་ཅིང་མི་རབས་གནས་པར་བྱེད་པ་དང་། གང་འཕྲལ་དུ་ཡང་དགའ་ཞིང་བདེ་བར་བྱེད་པ་དང་། དངོས་པོ་གང་ཞིག་བསྟེན་པས་བུད་མེད་ལ་འཇུག་པར་བྱེད་པའི་ནུས་པ་དང་ལྡན་ཏེ། ཇི་ལྟར་རྟ་འདོད་པ་སྤྱོད་པ་ལ་ནུས་པ་དང་ལྡན་པ་ལྟ་བུར་འགྱུར་ཞིང་། གང་ཞིག་ལ་གནས་ན་བུད་མེད་ལ་རབ་ཏུ་ཆགས་པར་འགྱུར་བ་དེ་འཕེལ་ ཞིང་རྒྱས་པར་འགྱུར་བ་གང་ཡིན་པ་དེ་ལ་ནི་རོ་ཙ་བར་བྱེད་པ་ཞེས་བྱ་སྟེ། དེ་ནི་ལུས་ཀྱི་སྟོབས་དང་གཟི་བརྗིད་སྐྱེད་པར་བྱེད་པའི་མཆོག་ཡིན་ནོ། །ཆོས་དང་གྲགས་དང་ཚེ་རིང་དང་། །འཇིག་རྟེན་གཉིས་ཀའི་བཅུད་ལེན་འགྱུར། །གཅིག་ཏུ་སྐྱོན་ནི་མེད་པ་ཡི། །ཚངས་པར་ སྤྱོད་ལ་བདག་ཡི་རང་། །ཞེས་བྱ་བ་ལ། གང་ཞིག་ཚངས་པར་སྤྱོད་པ་གཅིག་ཏུ་སྐྱོན་མེད་པ་ལ་གནས་པ་ནི་ཆོས་དང་གྲགས་པར་འགྱུར་བ་དང་། ཚེ་རིང་བར་བྱེད་པ་དང་། འཇིག་རྟེན་འདི་དང་ཕྱི་མར་བཅུད་ཀྱིས་ལེན་དུ་གྱུར་པའི་ཚངས་པར་སྤྱོད་པ་ལ་གནས་པ་ལ་བདག་ཤིན་ཏུ་ ཡི་རང་ངོ་། །སྙིང་སྟོབས་ཆུང་བ་ཉོན་མོངས་པས། །གནོད་པར་གྱུར་པའི་ནད་བུ་ཅན། །ལུས་མི་ཟད་པ་བསྲུང་བའི་ཕྱིར། །རོ་ཙའི་ཆོ་ག་བརྗོད་པ་ཡིན། །ཞེས་བྱ་བ་ལ། སེམས་ཅན་སྙིང་སྟོབས་ཆུང་བ་དང་། ཉོན་མོངས་པ་ཤས་ཆེ་བར་གྱུར་པ་དང་། ནད་བུ་ཅན་གྱི་ འདོད་པ་སྤྱད་པས་ལུས་ཟད་པར་འགྱུར་བ་བསྲུང་བའི་ཕྱིར་རོ་ཙ་བའི་ཆོ་ག་བཤད་པ་ཡིན་ནོ། །ནད་མེད་ལང་ཚོ་ལྡན་པ་དག །རོ་ཙ་བ་ནི་བསྟེན་བྱེད་པ། །དུས་ཚིགས་ཀུན་ལ་ཉིན་རེ་ཞིང་། །ཉལ་པོར་བྱ་བ་དགག་པ་མེད། །ཅེས་བྱ་བ་ལ། སྐྱེས་བུ་ནད་མེད་པ་དང་ལང་ཚོ་དང་ལྡན་ པ་དག་རོ་ཙ་བའི་ཆོ་ག་ལ་བསྟེན་པར་བྱེད་པ་ལ་ནི། དུས་ཚིགས་དྲུག་པོ་ཀུན་ལ་ཡང་ཉིན་རེ་ཞིང་ཉལ་པོ་བྱ་ཞིང་འཁྲིག་པ་སྤྱོད་པ་ལ་དགག་པ་མེད་དོ། །དེ་ནས་སྣུམ་འགྱུར་སྦྱང་བྱས་པ། །ནི་རུ་ཧ་དང་འཇམ་རྩིར་བཅས། །མར་དང་ཏིལ་མར་སྦྲང་རྩི་དང་། །ཤ་ཁུ་འོ་མ་ཁ་རར་ 202-1-293b བཅས། །འོ་མ་ཤ་དང་ཤ་ཁུ་བཟའ། །སྦྱོར་བ་ཤེས་པས་དང་པོར་གཏང་། །དེ་ནས་རོ་ཙ་བྱེད་སྦྱོར་བ། །ཁུ་བ་བུ་ཚ་འཕེལ་བྱེད་བྱ། །ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་མི་སྣུམ་གྱི་ཆོ་ག་བྱས་ཤིང་སྐྱུག་སྨན་ལ་སོགས་པའི་སྦྱང་བ་བྱས་པ་དང་། ནི་རུ་ཧ་ལ་སོགས་པ་ སྦྱོར་བ་ཤེས་པའི་སྨན་པས་དང་པོ་གཏང་བར་བྱའོ། །དེའི་འོག་ཏུ་རོ་ཙ་བའི་སྦྱོར་བ་ཇི་སྐད་བཤད་པ་དང་ཁུ་བ་དང་བུ་ཚ་འཕེལ་བར་བྱེད་པའི་སྦྱོར་བ་དག་བྱའོ། །མེ་ཏོག་དྲི་མནམ་གྲིབ་མ་མེད། །འབྲས་བུ་མེད་པར་གྱུར་པའི་ཤིང་། །ཡལ་ག་གཅིག་པའི་ཤིང་གཅིག་བཞིན། ། བུད་མེད་མེད་མི་དེ་དང་འདྲ། །ཞེས་བྱ་བ་ལ། ཇི་ལྟར་ཤིང་མེ་ཏོག་དྲི་མནམ་པ་ཡོད་ཅིང་གྲིབ་མ་དང་འབྲས་བུ་མེད་པའི་ཤིང་གཅིག་པུ་ཡོད་ཅིང་ཡལ་ག་གཅིག་ཡོད་ཀྱི་མང་པོ་མེད་པ་ཇི་ལྟ་བ་བཞིན་དུ་བུད་མེད་མེད་པའི་མི་ཡང་དེ་དང་འདྲ་བར་ཤེས་པར་བྱའོ། །གོམ་འགྲོས་འཁྱོར་ཞིང་ ཚིག་མི་གསལ། །རྡུལ་གྱིས་ཡོགས་པ་ལྟར་སྣང་ཞིང་། །བཞིན་རས་སྣབས་ཀྱིས་གོས་པ་ཡང་། །སྙིང་ནི་དགའ་བར་བྱེད་པ་ཡིན། །རེག་པ་དང་ནི་མཐོང་སོགས་ལ། །བུ་མཉམ་བདེ་བ་ཡོད་མིན་ན། །གང་ཞིག་ཆོས་དང་གྲགས་པར་ལྡན། །ང་རྒྱལ་རིགས་འཕེལ་སྨོས་ཅི་ དགོས། །ཞེས་བྱ་བ་ལ། བུ་གང་ཤིན་ཏུ་ངན་ཅིང་གོམ་འགྲོས་འཁྱོར་བ་དང་། ཚིག་མི་གསལ་བ་ལ་སོགས་པའི་རང་བཞིན་ཅན་དག་ཀྱང་སྙིང་དགའ་བར་བྱེད་པ་ཡིན་ཞིང་དེ་དང་རེག་པ་དང་མཐོང་བ་ལ་སོགས་པ་དེ་དང་མཉམ་པའི་བདེ་བ་ཡོད་པ་མ་ཡིན་ན། བུ་གང་ཞིག་ཆོས་ དང་གྲགས་པ་ལ་སོགས་པ་འཕེལ་བར་བྱེད་པ་དེ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལ་མཉམ་པའི་དཔེ་གང་ཞིག་གཞལ་བར་བྱ་སྟེ་དཔེ་མེད་པ་ཡིན་ནོ། །ལུས་སྦྱང་བྱས་ཏེ་ཅི་ནུས་པར། །རོ་ཙའི་སྦྱོར་བ་བརྩམ་པར་བྱ། །ཞེས་བྱ་བ་ལ། མིའི་ལུས་སྐྱུག་སྨན་ལ་སོགས་པས་སྦྱང་བ་བྱས་ ནས། དེའི་འོག་ཏུ་ནུས་པ་དང་ལྕོགས་པ་ཅི་ཡོད་པས་རོ་ཙ་བའི་སྦྱོར་བ་བརྩམ་པར་བྱའོ། །འདམ་བུ་གུང་ཤིང་འཇག་མ་སོགས། །པུ་ཤེལ་ཙེ་དང་བི་ད་རི། །ཀཎྜ་ཀ་རིའི་རྩ་བ་དང་། །བ་ལ་འཚོ་བྱེད་ཟངས་རྩི་བ། །རམ་ཉེ་བ་གཉིས་མེ་ད་གཉིས། །ཉེའུ་ཤིང་པརྞ་རྣམ་གཉིས་དང་། ། 202-1-294a ཨ་ཤྭ་གནྡྷ་ཁ་སྲལ་ཕྲེའུ། །ཨ་ཏི་བ་ལ་བ་སྤྲུ་བ། །བི་ད་རི་ཏི་པ་ཡ་སྱེ། །ར་སྣ་གཟེ་མ་ཛཱི་བན་ཏི། །ཤིང་མངར་ས་ལ་པརྞི་རྣམས། །རེ་རེའང་སྲང་ནི་གསུམ་གསུམ་ཆ། །མོན་སྲན་གྲེའུ་བྲེ་བཞི་དང་། །ཆུ་བྲེ་སུམ་ཅུ་གཉིས་ནང་བསྐོལ། །ཁུ་བ་བྲེ་ བཞི་ལུས་པ་རུ། །མར་བྲེ་བཞི་དང་པི་ད་རི། །སྐྱུ་རུ་ར་དང་བུ་རམ་ཤིང་། །བྲེ་ནི་བཞི་བཞི་གཞུག་པར་བྱ། །འོ་མ་མར་གྱི་བཞི་འགྱུར་དང་། །བི་ར་ཁ་སྲལ་ར་མཉེ་གཉིས། །ཤིང་མངར་ཕལ་གུ་པི་པི་ལིང་། །རྒུན་འབྲུམ་འབྲ་གོ་པི་ད་རི། །མ་དུ་ཀ་དང་ཉེའུ་ཤིང་པ། །འདི་ དག་བཏགས་ཏེ་བཅུག་ནས་ནི། །དེ་བསྐོལ་བཙགས་པའི་ནང་དུ་ནི། །ཁ་ར་དཀར་པོ་སྨིག་རྐང་ནི། །སྨན་ནི་བྲེ་རེ་གཞུག་པ་དང་། །པི་པི་ལིང་ནི་སྲང་བཞི་དང་། །ན་ལེ་ཤམ་ནི་སྲང་གཅིག་དང་། །ཤིང་ཚ་སུག་སྨེལ་གེ་སར་རྣམས། །རེ་རེ་སྲང་ནི་ཕྱེད་ཕྱེད་ཕྱེ། །སྦྲང་ རྩི་སྲང་ནི་བཅུ་དྲུག་སྦྱར། །དེ་ལས་ཉིན་རེ་སྲང་རེ་བཟའ། །འོ་མ་དང་ནི་ཤ་ཁུ་འཐུང་། །དེས་ནི་རྟ་ལྟར་སྤྱོད་འགྱུར་ཞིང་། །མཆིལ་པ་ལྟ་བུར་འདོད་པ་སྤྱོད། །ཅེས་བྱ་བ་ལ། འདམ་བུ་ནས་ཀཎྜ་ཀ་རིའི་བར་གྱི་རྩ་བ་དང་། དེ་བཞིན་དུ་བ་ལ་ལ་སོགས་པའི་སྨན་སྣ་རེ་ཞིང་སྲང་གསུམ་ གསུམ་བྱས་ལ། མོན་སྲན་གྲེའུ་ལ་སོགས་པའི་ནང་དུ་བསྐོལ་ཏེ། དེའི་ཁུ་བ་བཞི་ཆ་ལུས་པར་མར་ལ་སོགས་པའི་ཁུ་བ་བཞི་པོ་བྲེ་བཞི་བཞི་བཅུག་ལ་འོ་མ་བྲེ་བཅུ་དྲུག་བཅུག་སྟེ། བི་ར་ནས་ཉེའུ་ཤིང་གི་བར་དུ་བསྐོལ་བའི་ཆོ་ག་བཞིན་དུ་ལྡེ་གུར་བྱས་པ་བཅུག་ནས་མར་དེ་བསྐོལ་ ལ་བཙགས་པའི་ནང་དུ་ཁ་ར་དང་ཅུ་གང་བྲེ་རེ་བཅུག་ལ། དེ་བཞིན་དུ་པི་པི་ལིང་ལ་སོགས་པ་ཡང་ཇི་སྐད་སྨོས་པ་བཞིན་དུ་བཅུག་སྟེ་སྦྱར་ལ། དེ་ནས་ཉིན་རེ་སྲང་རེ་ཟོས་ཤིང་འོ་མ་དང་ཤ་ཁུ་འཐུངས་ན་རོ་ཙ་བའི་སྦྱོར་བ་དེས་རྒོད་མའི་ནང་གི་རྟ་ལྟ་བུའམ། བྱེའུ་མཆིལ་པ་དང་ འདྲ་བར་འདོད་པ་སྤྱོད་ནུས་སོ། །བི་ད་རི་དང་པི་པི་ལིང་། །ཤ་ལི་འབྲས་རྩ་པི་ཡ་ལི། །ཁ་སྲལ་ཕྱེ་མ་ཕུལ་རེ་དང་། །དེ་བཞིན་སྦྲང་རྩི་སྲང་བརྒྱད་དང་། །ཁ་རའི་ཕྱེ་མ་སྲང་ལྔ་བཅུ། །མར་སར་སྲང་ནི་བཅུ་དྲུག་སྦྱར། །དེ་ལས་ཞོ་ནི་གཉིས་གཉིས་བཟའ། །བུད་མེད་ 202-1-294b བརྒྱ་ལ་སྤྱོད་པར་ནུས། །ཞེས་བྱ་བ་ལ། བི་ད་རི་ལ་སོགས་པའི་ཕྱེ་མ་ཕུལ་རེ་དང་། སྦྲང་རྩི་ལ་སོགས་པ་ཇི་སྐད་སྨོས་པ་བཞིན་དུ་སྦྱར་བའི་རོ་ཙ་བའི་སྦྱོར་བ་འདི་བསྟེན་ན་བུད་མེད་བརྒྱ་ལ་ཡང་འདོད་པ་སྤྱོད་ནུས་པར་འགྱུར་རོ། །ཁ་སྲལ་ཕྲེའུ་ཞོ་འམ་ནི། །མ་ཤ་འོ་མར་བསྐོལ་ཏེ་བསྒྲངས། །མར་དང་སྦྲང་རྩིར་བཅས་པ་ དག །ཟོས་ལ་བ་སར་འོ་མ་བཏུང་། །མཚན་མོ་ཐོག་ཐག་གཉིད་མ་ལོག །དུབ་པ་མེད་པར་ཉལ་པོ་སྤྱོད། །ཅེས་བྱ་བ་ལ། ཁ་སྲལ་ཕྲེའུ་ལ་སོགས་པ་འོ་མར་བསྐོལ་བའམ། མ་ཤ་འོ་མ་དང་བསྐོལ་བ་བསྒྲངས་པའི་ནང་དུ་མར་ལ་སྦྲང་རྩི་བཏབ་སྟེ་སྐྱེས་བུས་ཟོས་ལ། དེའི་འོག་ཏུ་བ་སར་པ་བེའུ་ལན་ ཅིག་བཙས་པའི་འོ་མ་འཐུངས་ན་མཚན་རངས་བུད་མེད་ལ་ཉལ་པོ་སྤྱོད་ཀྱང་ངལ་བ་མེད་པར་འགྱུར་རོ། །ར་ཐུག་རླིག་པ་འོ་མར་བཙོས། །ཏིལ་དང་ལན་མང་བསྲེས་པ་དང་། །ཁ་རར་བཅས་ཟོས་གང་ཡིན་དེ། །བུད་མེད་བརྒྱ་ལའང་གསར་སྙམ་སེམས། །ཞེས་བྱ་བ་ལ། ར་ཐུག་གི་རླིག་པ་འོ་མའི་ནང་དུ་བཙོས་ལ་ ཏིལ་དང་ཡང་དང་ཡང་དུ་ལན་མང་པོར་བསྲེས་ལ་ཁ་ར་དང་བཅས་པ་ཟོས་ན་བུད་མེད་བརྒྱ་ལ་སྤྱོད་པ་ན་ཡང་སྔོན་ཆད་མ་སྤྱད་པའི་སར་པ་སྙམ་དུ་སེམས་པར་འགྱུར་རོ། །བི་ད་རི་ཡི་ཕྱེ་མ་ནི། །རང་གི་ཁུ་བར་ལན་མང་སྦངས། །ཞུན་མར་སྦྲང་རྩིར་བཅས་བལྡགས་ན། །བུད་མེད་བཅུ་ལ་སྤྱོད་པར་ནུས། །ཞེས་བྱ་བ་ལ། བི་ད་རིའི་ཕྱེ་མ་བི་ད་རི་རང་ཉིད་བསྐོལ་བའི་ཁུ་བའི་ནང་དུ་སྦངས་པ་ཞུན་མར་དང་སྦྲང་རྩི་དང་ལྡེ་གུར་བྱས་ཏེ་ཟོས་ན་ཡང་ཉིན་རེ་ཞིང་བུད་མེད་བཅུ་ལ་སྤྱོད་པར་ནུས་སོ། །པི་ལིང་སྐྱུ་རུ་ར་ཡི་ཕྱེ། །རང་གི་ཁུ་བར་ལེགས་སྦངས་ལ། །ཤ་ཁ་ར་མར་སྦྲང་རྩིར་སྦྱར། །ཟོས་རྗེས་འོ་མ་འཐུངས་པ་གང་། །མི་དེ་བརྒྱད་ཅུ་ལོན་ན་ཡང་། ། ལང་ཚོར་གནས་ཤིང་འདོད་སྤྱོད་ནུས། །ཞེས་བྱ་བ་ལ། པི་པི་ལིང་དང་སྐྱུ་རུ་རའི་ཕྱེ་མ་ཇི་སྐད་སྨོས་པ་བཞིན་དུ་བསྟེན་ན་ཡང་མི་དེ་ལོ་བརྒྱད་ཅུ་ལོན་ཡང་དར་ལ་བབ་པ་བཞིན་དུ་བུད་མེད་ལ་འདོད་པ་སྤྱོད་ནུས་པར་འགྱུར་རོ། །ཤིང་མངར་ཕྱེ་མ་ཞོ་གཉིས་དང་། །མར་དང་སྦྲང་རྩི་དེ་མཉམ་པ། །ཟོས་རྗེས་འོ་མ་འཐུངས་གྱུར་ན། ། མི་དེ་རྟག་ཏུ་འདོད་སྤྱོད་ནུས། །ཞེས་བྱ་བ་ལ། སྐྱེས་བུ་གང་ཤིང་མངར་བཏགས་པའི་ཕྱེ་མ་ཞོ་གཉིས་མར་དང་སྦྲང་རྩི་དེ་དང་མཉམ་པར་སྦྱར་བ་ཟོས་ལ་དེའི་འོག་ཏུ་འོ་མ་འཐུངས་ན་ཡང་རྟག་ཏུ་ཆགས་པ་སྤྱོད་ནུས་པར་འགྱུར་རོ། །ཀར་ཀ་ཏ་ཡི་སྲིང་གི་ཕྱེ། །འོ་མར་སྦྱར་ཏེ་འཐུངས་པ་དང་། །ཁ་ར་འོ་མ་མར་བཅས་པའི། ། 202-1-295a ཟས་ཟོས་བུད་མེད་ལ་ཕོད་འགྱུར། །ཞེས་བྱ་བ་ལ། ཡང་མི་གང་ཀར་ཀ་ཏ་སྲིང་གི་ཕྱེ་མ་ཇི་སྐད་སྨོས་པ་ལྟར་བསྟེན་ན་ཡང་བུད་མེད་ལ་འདོད་པ་སྤྱོད་པ་ཁྱུ་མཆོག་ལྟར་ནུས་པར་འགྱུར་རོ། །པ་ཡ་སྱ་དང་འོ་མ་བསྐོལ། །མར་དང་སྦྲང་རྩི་བཅས་ཟ་ཞིང་། །བ་ནི་ ཡར་མའི་འོ་མ་འཐུངས། །དེ་ཡི་ས་བོན་ཟད་མི་ཤེས། །ཞེས་བྱ་བ་ལ། ཡང་མི་གང་པ་ཡ་སྱ་དང་འོ་མ་བསྐོལ་བ་མར་དང་སྦྲང་རྩི་དང་ཟ་ཞིང་། དེ་བཞིན་དུ་བ་ཡར་མ་སྟེ་བེའུ་སྐྱེས་ནས་ལོ་གཅིག་ལོན་པའི་འོ་མ་འཐུངས་ན་དེ་བུད་མེད་ལ་སྤྱོད་ཀྱང་ས་བོན་ཟད་མི་ཤེས་པར་འགྱུར་རོ། ། ཁ་སྲལ་ཕྲེའུ་བུ་རམ་གྱི། །ས་བོན་ཕྱེ་མ་ཁ་རར་བཅས། །འོ་མ་བཞོས་མ་ཐག་འཐུངས་ན། །ལུང་བོང་ལྟ་བུར་སྤྱོད་པར་ནུས། །ཞེས་བྱ་བ་ལ། ཁ་སྲལ་ཕྲེའུ་དང་བཅས་པ་བུ་རམ་ཤིང་ཕྲ་མོ་ས་བོན་གྱི་ཕྱེ་མ་ཁ་ར་དང་བཅས་པར་ཟོས་ལ། འོ་མ་བཞོས་མ་ཐག་འཐུངས་ན་བུད་མེད་ རྣམས་ལ་ལུང་བོང་ལྟར་འདོད་ཆགས་སྤྱོད་ནུས་པར་འགྱུར་རོ། །ཨུཙྪ་ཊ་ཡི་ཕྱེ་མ་དང་། །ཉེའུ་ཤིང་སྦྱར་བའང་དེ་བཞིན་ནོ། །ཞེས་བྱ་བ་ལ། ཨུཙྪ་ཊའི་ཕྱེ་མ་ཁ་ར་དང་བཅས་པ་ཟོས་ལ་འོ་མ་བཞོས་མ་ཐག་འཐུངས་པའམ་ཉེའུ་ཤིང་གི་སྦྱོར་བ་གོང་མ་ལྟར་བྱས་ན་ཡང་ལུང་བོང་ལྟར་ སྤྱོད་པར་འགྱུར་རོ། །ཞོ་སྤྲིས་ཟླ་བ་ལྟར་དཀར་བ། །ཚགས་ཀྱིས་བཙགས་པ་ཟོས་ནས་ནི། །ཁ་ར་དྲུག་ཅུའི་འབྲས་ཆན་ཟོས། །རྒན་པོ་འང་གཞོན་ནུ་བཞིན་དུ་སྤྱོད། །ཅེས་བྱ་བ་ལ། ཞོའི་སྤྲིས་མ་ཟླ་བ་ལྟར་རབ་ཏུ་དཀར་བ་ཚགས་ཀྱིས་བཙགས་པ་དང་། འབྲས་དྲུག་ ཅུ་པའི་ཆན་དང་ཁ་རར་བཅས་པ་ཟོས་ན་ཡང་རྒན་པོ་ཞིག་ཡིན་ཡང་དར་ལ་བབ་པ་བཞིན་དུ་འདོད་པ་སྤྱོད་པར་ནུས་སོ། །གཟེ་མ་མ་ཤ་ཨ་རུ་ར། །ཁ་སྲལ་ས་བོན་ཉེའུ་ཤིང་པ། །འོ་མ་བཅས་འཐུངས་རྒན་པ་ཡང་། །བུད་མེད་བརྒྱ་ལ་སྤྱོད་པར་ནུས། །ཞེས་བྱ་བ་ལ། གང་ ཞིག་གཟེ་མ་ལ་སོགས་པ་འོ་མ་དང་བསྐོལ་བ་འཐུངས་ན་མི་དེ་རྒས་པ་ཡིན་ཡང་བུད་མེད་བརྒྱ་ལ་སྤྱོད་པར་འགྱུར་རོ། །གང་ཡང་སྣུམ་ཞིང་མངར་བ་དང་། །སྟོབས་འཕེལ་ཉམས་ནི་རྟས་བྱེད་དང་། །ཡིད་ནི་དགའ་བར་བྱེད་པ་གང་། །དེ་དག་ཐམས་ཅད་རོ་ཙར་བཤད། ། 202-1-295b དེ་བས་རྫས་ནི་འདི་ལྟ་བུས། །བརྟས་བྱས་བུད་མེད་ལ་འཇུག་བྱ། །རང་གི་ཤུགས་ཀྱིས་སྤྱོད་པ་དང་། །བུད་མེད་ཡོན་ཏན་གྱིས་དགའ་སྤྱད། །ཅེས་བྱ་བ་ལ། གང་ཡང་རོ་མངར་བ་དང་སྣུམ་པ་དང་། ཉམས་འཕེལ་ཞིང་རྒྱས་པར་བྱེད་པ་དང་། ཡིད་དགའ་བར་བྱེད་དེ། དེ་ ཐམས་ཅད་ཀྱང་རོ་ཙ་ཞིང་ཁུ་བ་འཕེལ་བར་བྱེད་པར་བཤད་དོ། །དེ་བས་ན་མངར་བ་ལ་སོགས་པའི་རྫས་འདི་ལྟ་བུས་མི་བརྟས་པར་བྱས་ནས་བུད་མེད་ལ་འཇུག་པ་དང་། དེ་བཞིན་དུ་རང་གི་དགའ་བའི་ཤུགས་བདོ་བས་བསྐྱོད་པ་དང་། བུད་མེད་ཀྱི་ཡོན་ཏན་གྱིས་དགའ་བར་བྱེད་པའི་ སེམས་དང་། བུད་མེད་ལ་འཇུག་ཅིང་དགའ་བར་འདོད་པ་སྤྱོད་པར་བྱའོ། །ཆོས་ཀྱི་དཔག་བསམ་ཤིང་མྱུ་གུ། །དབང་པོའི་བདེ་བ་ཀུན་བསྟེན་བྱ། །ཡུལ་ནི་ཡིད་དུ་འོང་བ་ལྔ། །འདོད་པའི་ལྷ་ཡི་མདའ་ཡིན་ནོ། །ཞེས་བྱ་བ་ལ། འདོད་པའི་ཆོས་ཀྱི་ལྷའི་དཔག་བསམ་གྱི་མྱུ་གུ་ ལྟ་བུ་ཡིན་ཞིང་འདོད་པའི་ལྷའི་སྡེར་གྱུར་པ་གཟུགས་ལ་སོགས་པའི་ཡུལ་ལྔ་པོ་གང་དག་ཡིན་པ་དབང་པོའི་བདེ་བ་སྐྱེད་པར་བྱེད་པ་དེ་བསྟེན་པར་བྱའོ། །ཡིད་འོང་ཡུལ་ནི་རེ་རེས་ཀྱང་། །ཚིམ་ཞིང་དགའ་བྱེད་མཆོག་ཡིན་ནོ། །བུད་མེད་ལུས་ལ་འདུས་ནས་གང་། །གནས་པ་དེ་ནི་སྨོས་ ཅི་དགོས། །ཞེས་བྱ་བ་ལ། ཡིད་དུ་འོང་བའི་ཡུལ་སྒྲ་ལ་སོགས་པ་ཡུལ་རེ་རེས་ཀྱང་ཚིམ་པ་དང་དགའ་བར་བྱེད་པའི་མཆོག་ཡིན་ན་ཡུལ་ཐམས་ཅད་འདུས་པར་གྱུར་པའི་བུད་མེད་ལྟ་སྨོས་ཀྱང་ཅི་དགོས། གང་གི་མིང་ཐོས་ན་ཡང་སྙིང་དགའ་ཞིང་། །མཐོང་ན་ངོམས་པར་འགྱུར་བ་ མེད་པ་དང་། །དབང་པོ་ཀུན་འདྲེན་ལྕགས་ཀྱུར་འགྱུར་བ་ཡིན། །བུད་མེད་ཁྱོ་ཡི་རྗེས་འཇུག་འཕྱོན་མ་མིན། །སྒྱུ་རྩལ་འཇོ་སྒེག་ན་ཚོད་ལུས་ཀྱིས་བརྒྱན། །དགའ་བའི་ཕྱིར་ནི་ངོ་ཚ་དབེན་པར་སྤྱོད། །ཚིག་སྙན་སྨྲ་ཞིང་མཚུངས་པར་མངོན་དགའ་བཅས། །བུད་མེད་དེ་ནི་རོ་ཙའི་དོན་མཆོག་བྱེད། ། ཅེས་བྱ་བ་ལ། བུད་མེད་གང་གི་མིང་ཙམ་ཐོས་ན་ཡང་སྙིང་དགའ་ཞིང་རོ་ཙ་བར་བྱེད་པ་དང་། བུད་མེད་གང་མཐོང་ན་ཡིད་ངོམས་པར་འགྱུར་བ་མེད་པ་དང་། གང་དབང་པོ་ཐམས་ཅད་འགུགས་ཤིང་འདྲེན་པའི་ལྕགས་ཀྱུར་གྱུར་པ་དང་། བུད་མེད་ཁྱོའི་རྗེས་སུ་འཇུག་ཅིང་གཞན་ལ་མི་འཕོ་ 202-1-296a བའི་ཁྱིམ་ཐབ་ཀྱི་བརྟུལ་ཞུགས་ཅན་དུ་གྱུར་པ་དང་། དེ་བཞིན་དུ་སྒྱུ་རྩལ་དང་ལུས་ཀྱི་འཇོ་སྒེག་དང་། ན་ཚོད་གཞོན་པས་བརྒྱན་པར་གྱུར་པ་དང་། དེ་བཞིན་དུ་ཕྱི་རོལ་མང་པོ་འདུས་པའི་ནང་དུ་ངོ་ཚ་དང་བཅས་པ་དང་། དབེན་པར་གཅིག་པུ་གནས་པ་དང་། སྤྱོད་པའི་བག་ཡངས་ལ་མཁས་པ་དང་། ཚིག་འཇམ་ཞིང་སྙན་པར་སྨྲ་བ་དང་། འདོད་པ་ལ་མཚུངས་པར་དགའ་བར་གྱུར་པའི་བུད་མེད་དེ་ནི་རོ་ཙ་བའི་དོན་གྱི་མཆོག་གྲུབ་པར་བྱེད་པ་ཡིན་ནོ། །འདོད་པའི་བསྟན་བཅོས་ལས་བཤད་སྐྱོན་མེད་པའི། །ཡུལ་དང་དུས་དང་ཉམས་ སྟོབས་རྗེས་མཐུན་ཞིང་། །སྨན་དཔྱད་བསྟན་བཅོས་སྦྱོར་དང་མི་འགལ་བ། །འདོད་པའི་སྤྱོད་པ་མ་ལུས་སྤྱད་པར་བྱ། །ཞེས་བྱ་བ་ལ། འདོད་པའི་བསྟན་བཅོས་བྷ་ཙ་ཡ་ན་ལ་སོགས་པ་ལས་བཤད་པའི་ཉེས་པའི་སྐྱོན་མེད་པ་དང་། ཡུལ་དང་དུས་དང་ཉམས་སྟོབས་ཀྱི་རྗེས་སུ་ མཐུན་པར་སྤྱོད་པ་དང་། སྨན་དཔྱད་དེ་བསྟན་བཅོས་ལས་བཤད་པའི་སྦྱོར་བ་དང་མི་འགལ་བའི་འདོད་པ་སྤྱོད་པ་དེ་ལྟ་བུ་དག་གིས་འདོད་པ་སྤྱོད་པར་བྱའོ། །བསྐུ་བྱུག་ལུས་དྲིལ་སྨན་ཆུ་བླུགས་དང་དྲིལ། །མེ་ཏོག་ཕྲེང་བ་སྣ་ཚོགས་རྒྱན་དང་ལྡན། །གླུ་དང་སྙན་ངག་ལ་སོགས་གཏམ་ ལ་མཁས། །རང་བཞིན་ན་ཚོད་མཚུངས་ཤིང་དབང་གྱུར་གྲོགས། །ཞེས་བྱ་བ་ལ། གྲོགས་པོ་མཛའ་བཤེས་ཀྱང་བསྐུ་བྱུག་ལ་སོགས་པ་དང་ལྡན་ཞིང་གླུ་ལ་སོགས་པ་ལ་མཁས་པ། རང་བཞིན་དང་ན་ཚོད་མཉམ་པ་དང་རང་གི་དབང་དུ་གྱུར་པ་ཡང་ཡིད་དང་མཐུན་ཞིང་མགུ་བར་ བྱེད་པ་ཡིན་པས་རོ་ཙ་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནས་བཤད་པ་དང་སྦྱར་རོ། །རང་གི་ཁང་པའི་ཉེ་འཁོར་ཁྲུས་རྫིང་བུ། །པདྨའི་གེ་སར་སྦྲང་རྩིས་མྱོས་པ་ཡི། །སྦྲང་མ་བྱ་དང་བཅས་པར་གྱུར་པ་ནི། །སྔོ་ཞིང་གཞི་མཉམ་རི་ཡི་འདབ་ན་ནི། །ནགས་ཚལ་ཁྱིམ་དང་ཉེ་བར་འགྱུར་བ་དང་། ། ཞེས་བྱ་བ་ལ། རང་གི་ཁང་པའི་ཉེ་འཁོར་ན་ཁྲུས་ཀྱི་རྫིང་བུ་ཡིད་དུ་འོང་བ་པདྨའི་གེ་སར་གྱི་རྡུལ་ལས་བྱུང་བའི་སྦྲང་རྩིས་མྱོས་པར་གྱུར་པའི་སྦྲང་མའི་ཚོགས་དང་བཅས་པ་ཡང་ཡིད་དུ་འོང་བ་ཡིན་པས་ན་རོ་ཙ་བར་བྱེད་པ་ཡིན་ལ། དེ་བཞིན་དུ་བྱ་སྣ་ཚོགས་དང་བཅས་པའི་ནགས་ཚལ་ 202-1-296b གཞི་མཉམ་ཞིང་ཡིད་དུ་འོང་བ་ཡང་ཁྱིམ་གྱི་འདབ་ཉེ་བར་འདུག་པ་དེ་ཡང་ཉམས་དགའ་བར་བྱེད་པ་ཡིན་པས་ན་རོ་ཙ་བར་བྱེད་པ་ཡིན་ནོ། །མཐོང་ན་དགའ་བའི་ཤིང་ནི་སྣ་ཚོགས་སྐྱེས། །མཉན་ན་བདེ་བའི་ཁུ་བྱུག་སྒྲ་སྙན་སྒྲོགས། །ལུས་བདེ་བུད་མེད་རྒྱན་ལྡན་དུས་དབང་འགྱུར། ། སེམས་བདེ་མ་ལུས་འཁོར་གྱིས་བསྐོར་བ་དང་། །ཞེས་བྱ་བ་ལ། སྐྱེད་མོས་ཚལ་མཐོང་ན་ཉམས་དགའ་ཞིང་བདེ་བ་སྐྱེད་པ་སྣ་ཚོགས་པ་མཐོང་བས་དགའ་བ་སྐྱེད་པ་དེ་ཡང་རོ་ཙ་བར་བྱེད་པ་ཡིན་ལ། དེ་བཞིན་དུ་མཉན་ན་བདེ་བའི་སྒྲ་ཁུ་བྱུག་ལ་སོགས་པ་དག་གི་སྒྲ་ཡིད་དུ་འོང་བ་ཐོས་པ་ཡང་ རོ་ཙ་བར་བྱེད་པ་ཡིན་ནོ། །བུད་མེད་རྒྱན་གྱིས་བརྒྱན་ཞིང་དུས་ཀྱི་བདེ་བའི་དབང་དུ་གྱུར་པ་སྐྱེད་པར་བྱེད་པ་ཡང་རོ་ཙ་བ་བསྐྱེད་པ་ཡིན་ལ། དེ་བཞིན་དུ་སེམས་བདེ་བར་བྱེད་པའི་འཁོར་གྱི་ཚོགས་ཀྱིས་བསྐོར་ཏེ། གནས་པ་ཡང་རོ་ཙ་བར་བྱེད་པའི་རྒྱུ་ཡིན་ནོ། །སོ་རྩི་དང་ནི་ཆང་དང་ ཆུང་མ་ནི། །ཡིད་འོང་མཚན་མོ་ཟླ་ཟེར་བཅས་པར་འདུག །ཡིད་ནི་དགའ་བར་བྱེད་པ་གང་དང་གང་། །དེ་དང་དེ་ནི་རོ་ཙར་བྱེད་པ་ཡིན། །ཞེས་བྱ་བ་ལ། སོ་རྩི་ཏ་མཱུ་ལ་ཞེས་བྱ་བ་བསྟེན་ཞིང་བཟའ་བ་དང་ཆང་དྭངས་མ་འཐུང་བ་དང་། ཆུང་མ་ཡིད་དུ་འོང་བ་དང་འགྲོགས་ཤིང་ མཚན་མོ་ཟླ་ཟེར་དང་བཅས་པ་ལ་འདུག་པ་ཡང་རོ་ཙ་བར་བྱེད་པའི་རྒྱུ་ཡིན་ཏེ། མདོར་ན་ཡིད་དགའ་བར་བྱེད་པ་གང་དང་གང་ཡིན་པ་དེ་དག་ཐམས་ཅད་རོ་ཙ་བར་བྱེད་པ་ཡིན་ནོ། །ཆུང་མའི་ཁ་ནི་ཨུཏྤལ་ལྟར་དྲི་ཞིམ། །པི་ཝང་སྙན་པའི་སྒྲ་ནི་ཉན་བྱེད་དང་། །མལ་སྟན་ཡིད་འོང་ མེ་ཏོག་གཅལ་བཀྲམ་པ། །ལྕུག་མ་མེ་ཏོག་མྱུ་གུས་བརྒྱན་པ་འདྲ། །ཞེས་བྱ་བ་ལ། ཆུང་མའི་ཁ་ཨུཏྤལ་ལྟར་ཤིན་དུ་དྲི་ཞིམ་པར་བྱེད་པ་དང་། པི་ཝང་སྙན་པའི་སྒྲ་ཉན་པར་བྱེད་པ་དང་། དེ་བཞིན་དུ་མལ་སྟན་ཡིད་དུ་འོང་ཞིང་མེ་ཏོག་དྲི་ཞིམ་པའི་གཅལ་བཀྲམ་ པ་ལྕུག་མ་རྩེ་མོ་མེ་ཏོག་དང་མྱུ་གུས་བརྒྱན་པ་ལྟར་ཡིད་དུ་འོང་བ་ཡང་འདོད་པའི་དོན་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །ཡུལ་དང་དུས་ལ་གནོད་པ་གང་ཡང་མེད། །ཡུལ་གྱི་ཡིད་ལ་གནོད་པ་ཆུང་ངུའང་མེད། །རོ་ཙའི་སྦྱོར་བ་ཉེ་བར་ལྡན་གྱུར་པ། །འདོད་པའི་འདོད་ 202-1-297a པ་ཡོངས་སུ་རྫོགས་པར་བྱེད། །ཅེས་བྱ་བ་ལ། གང་ན་གནས་པའི་ཡུལ་ན་གནོད་པའི་འཚེ་བ་གང་ཡང་མེད་པ་དང་། དེ་བཞིན་དུ་ལུས་ལ་གནོད་པའི་འཚེ་བ་གང་ཡང་མེད་པ་དང་། དེ་བཞིན་དུ་གཟུགས་ལ་སོགས་པའི་ཡུལ་གྱི་ཡིད་ལ་གནོད་པ་ཆུང་ ཟད་ཙམ་ཡང་མེད་པར་གྱུར་པ་དང་། དེ་བཞིན་དུ་རོ་ཙ་བའི་སྦྱོར་བ་ཇི་སྐད་སྨོས་པ་དང་ཉེ་བར་ལྡན་པ་སྟེ། དེ་དག་ཐམས་ཅད་ནི་འདོད་པའི་འདོད་ཆགས་ཀྱི་འདོད་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །གླ་སྒང་པར་པ་ཏ་ནི་རིམས་ལ་ཕན། །སྐོམ་དད་ཆེ་ལ་བོང་པ་བསྲེགས་པ་ནི། །ཆུ་ཡི་ནང་དུ་ གསུར་བའི་དྭངས་མ་ཕན། །སློན་ལ་འབྲས་ཡོས་ཆུ་སོའི་ནད་བྲག་ཞུན། །གཅིན་སྙི་སྐྱུ་རུ་ར་དང་སེར་པོ་གཉིས། །སྐྱ་རྦབ་ནད་ལ་ལྕགས་ཀྱི་ཕྱེ་མ་མཆོག །རླུང་དང་བད་ཀན་ལ་ནི་ཨ་རུ་ར། །མཆེར་པའི་ནད་ལ་པི་པི་ལིང་མཆོག་ཡིན། །གློ་རྡོལ་བ་ལ་རྒྱ་སྐྱེགས་ཁུ་བ་བསྔགས། ། དུག་གི་ནད་ལ་ཤིར་ཤ་རབ་བསྔགས་ཏེ། །ཚིལ་དང་རླུང་ནད་ལ་ནི་གུ་གུལ་ཕན། །ཁྲག་དང་མཁྲིས་པར་བ་ཤ་ཀ་རབ་བསྔགས། །འཁྲུ་བའི་ནད་ལ་དུག་མོ་ཉུང་ཕན་ཞིང་། །གཞང་འབྲུམ་གོ་བྱེ་དབྱིག་དུག་ལ་གསེར་ཕན། །ཚོ་ཆེས་པ་ལ་སྐྱེར་ཁཎྜ་བསྔགས་ཤིང་། །སྲིན་བུའི་ ནད་ནི་བྱི་དང་ག་ཡིས་འཇོམས། །གཅོང་ཆེན་ལ་ཆང་ར་ཤའམ་འོ་མ་ཕན། །མིག་གི་ནད་ལ་འབྲས་བུ་གསུམ་རབ་ཕན། །དྲེག་ནད་ལ་ནི་སླེ་ཏྲེས་རབ་བསྔགས་ཤིང་། །ཕོ་བའི་ནད་ལ་དར་བ་གསར་པ་མཆོག །མཛེ་ལ་སེང་ལྡེང་སྙིང་པོ་བསྟེན་པས་མཆོག །ནད་ཀུན་ལ་ནི་བྲག་ ཞུན་རབ་ཏུ་བསྔགས། །སྨྱོ་བྱེད་ནད་ལ་མར་ནི་རྙིང་པ་ཕན། །བརྗེད་བྱེད་ནད་ལ་བྲམྷི་ཕན་པ་ཡིན། །མྱ་ངན་ལ་ནི་ཆང་ནི་བླུད་པ་ཕན། །གཉིད་མེད་པ་ཡི་ནད་ནི་འོ་མས་སེལ། །ཆམ་པ་ཞོ་ནི་སྦྱར་མ་ཐག་གིས་སེལ། །རིད་པའི་ནད་ལ་ཤ་ནི་སྦྱིན་པར་བྱ། །རླུང་གི་ནད་ལ་སྒོག་སྐྱ་རབ་ཏུ་བསྔགས། ། ཡན་ལག་རེངས་པའི་ནད་ནི་དུགས་ཀྱིས་སེལ། །ཕྲག་པ་ཕྲག་གོང་ལག་ངར་ན་བ་ལ། །ཐང་ཆུ་ཁ་པོ་ར་ཡི་སྣ་སྨན་གཏང་། །ཀླད་པའི་ནད་ལ་མར་སར་ཧྭགས་ཀྱིས་སེལ། །དམུ་རྫིང་རྔ་མོའི་གཅིན་དང་འོ་མས་སེལ། །མགོ་བོའི་ནད་ཀུན་ལ་ནི་སྣ་སྨན་བསྔགས། །ཁོང་འབྲས་གསར་དུ་བྱུང་ 202-1-297b ལ་གཏར་ག་གདབ། །ཁ་ཡི་ནད་རྣམས་ལ་ནི་མཁུར་བཀང་ཕན། །མིག་ནད་སྣ་སྨན་མིག་སྨན་བརྟ་བས་སེལ། །རྒས་པ་ལ་ནི་འོ་མ་ཞུན་མར་ཕན། །བརྒྱལ་ལ་ཆུ་གྲང་བླུགས་དང་གྲིབ་མ་ཕན། །དྲོད་ཆུང་ངལ་དང་སྒེའུ་གཤེར་ཚ་རན་ཕན། །དུབ་ལ་ཆང་འཐུངས་ལུས་ནི་ཁྲུས་བྱས་ཕན། །སྡུག་བསྔལ་ བཟོད་དང་བརྟན་ལ་རྩོལ་བ་ཕན། །གཅིན་སྲི་བ་ལ་གཟེ་མ་ཕན་པ་ཡིན། །ལུད་པ་ལུ་ལ་ཀཎྜ་ཀ་རི་ཕན། །རྩིབ་ལོགས་གཟེར་ལ་པུཥྐར་མཱུ་ལ་ཕན། །རྒས་སྲ་བ་ལ་སྐྱུ་རུ་ར་ཕན་ཞིང་། །རྨ་ལ་འབྲས་བུ་གསུམ་དང་གུ་གུལ་ཕན། །དེ་ལྟར་ནད་རྣམས་ཀྱི་ནི་སྨན་གྱི་མཆོག །བཤད་པས་ནད་ རྣམས་ཞི་བར་ནུས་པ་ཡིན། །དེ་ནི་ཡུལ་དང་དུས་ཀྱི་སྟོབས་ལས་ནི། །ཅི་རིགས་པར་ནི་བརྟགས་ཏེ་སྦྱར་བར་བྱ། །ཞེས་བྱ་བ་ལ། རིམས་ཀྱི་ནད་ལ་ནི་གླ་སྒང་དང་པར་པ་ཏ་མཆོག་ཡིན་ནོ། །སྐོམ་དད་ཆེ་བ་ལ་ནི་སོ་ཕག་བསྲེགས་པ་ཆུའི་ནང་དུ་གསུར་ཏེ་བགྲུངས་པའི་ཆུ་བླུད་ན་མཆོག་ཡིན་ནོ། །སློན་པའི་ནད་ ལ་ནི་འབྲས་ཡོས་མཆོག་ཡིན་ནོ། །ཆུ་སོའི་ནད་ལ་ནི་བྲག་ཞུན་གཏང་བ་མཆོག་ཡིན་ནོ། །གཅིན་སྙི་བའི་ནད་ལ་ནི་སྐྱུ་རུ་ར་དང་ཡུང་བ་དང་སྐྱེར་པ་མཆོག་ཡིན་ནོ། །སྐྱ་རྦབ་ཀྱི་ནད་ལ་ནི་ལྕགས་ཀྱི་ཕྱེ་མ་མཆོག་ཡིན་ནོ། །རླུང་དང་བད་ཀན་ལྡན་པའི་ནད་ལ་ནི་ཨ་རུ་ར་མཆོག་ཡིན་ནོ། །མཆེར་ པའི་ནད་ལ་ནི་པི་པི་ལིང་མཆོག་ཏུ་ཕན་ནོ། །གློ་རྡོལ་བའི་ནད་ལ་ནི་རྒྱ་སྐྱེགས་ཀྱི་ཁུ་བ་བླུད་པ་མཆོག་ཡིན་ནོ། །དུག་གི་ནད་ལ་ནི་ཤྲི་ཤ་ཞེས་བྱ་བ་ཤུ་ཀ་ཏ་རུ་མཆོག་ཡིན་ནོ། །ཚིལ་དང་རླུང་ལས་གྱུར་པའི་ནད་ལ་ནི་གུ་གུལ་མཆོག་ཡིན་ནོ། །ཁྲག་དང་མཁྲིས་པའི་ནད་ལ་ནི་བ་ཤ་ཀ་མཆོག་ཡིན་ ནོ། །ཚད་པ་རྙིང་པ་ལ་སོགས་པ་འཁྲུ་བའི་ནད་ལ་ནི་དུག་མོ་ཉུང་མཆོག་ཡིན་ནོ། །གཞང་འབྲུམ་ལ་ནི་གོ་བྱེ་ཞེས་བྱ་བ་བསེ་ཤིང་གི་འབྲས་བུ་མཆོག་ཡིན་ནོ། །དབྱིག་དུག་ལ་གསེར་བདར་བ་མཆོག་ཡིན་ནོ། །ཚོ་ཆེས་པ་ལ་སྐྱེར་པའི་ཁཎྜ་བསྔགས་པ་ཡིན་ནོ། །སྲིན་བུ་ལས་གྱུར་པའི་ནད་ལ་ནི་བྱི་དང་ག་ མཆོག་ཡིན་ནོ། །གཅོང་ཆེན་པོའི་ནད་ལ་ནི་ཆང་དང་ར་ཤའམ་འོ་མ་བྱིན་པ་མཆོག་ཡིན་ནོ། །མིག་གི་ནད་ཐམས་ཅད་ལ་ནི་འབྲས་བུ་གསུམ་མཆོག་ཡིན་ནོ། །དྲེག་ནད་ལ་ནི་སླེ་ཏྲེས་ཀྱི་ཁུ་བ་མཆོག་ཡིན་ནོ། །ཕོ་བའི་ནད་ལ་ནི་དར་བ་གསར་པ་མཆོག་ཡིན་ནོ། །མཛེའི་ནད་ཐམས་ཅད་ལ་ནི་སེང་ལྡེང་གི་སྙིང་ 202-1-298a པོ་བསྟེན་པ་མཆོག་ཡིན་ནོ། །ནད་ཐམས་ཅད་ལ་ནི་བྲག་ཞུན་བསྟེན་པ་མཆོག་ཡིན་ནོ། །སྨྱོ་བྱེད་ཀྱི་ནད་ལ་ནི་མར་རྙིང་པ་ལོ་མང་པོ་ལོན་པ་མཆོག་ཡིན་ནོ། །བརྗེད་བྱེད་ཀྱི་ནད་ལ་ནི་བྲམྷི་ཞེས་བྱ་བ་མཆོག་ཡིན་ནོ། །མྱ་ངན་ལ་ནི་ཆང་བླུད་པ་མཆོག་ཡིན་ནོ། །གཉིད་མེད་པ་སེལ་བའི་མཆོག་ ནི་འོ་མ་ཡིན་ནོ། །ཆམ་པ་ལ་ནི་ཞོ་སྦྱར་བ་ཞེས་བྱ་བ་ཞོ་དཀྲུགས་པའི་ནང་དུ་དྲི་བཟང་བཞི་དང་པི་པི་ལིང་དང་ཁ་ར་བཏབ་པ་མཆོག་ཡིན་ནོ། །སྐྱེས་བུ་རིད་ཅིང་ཉམ་ཆུང་བ་ལ་ནི་ཤ་སྦྱིན་པ་མཆོག་ཡིན་ནོ། །རླུང་གི་ནད་ལ་ནི་སྒོག་སྐྱ་མཆོག་ཡིན་ནོ། །ཡན་ལག་རེངས་པའི་ནད་སེལ་བའི་མཆོག་ནི་དུགས་ཡིན་ནོ། ། ཕྲག་པ་དང་ལག་ངར་དང་བཅས་པ་ན་བ་ལ་ནི། ཐང་ཆུ་ཁ་པོ་ར་ཞེས་བྱ་བ་ཛི་ཛི་ན་ནའི་སྨན་གཏང་བ་མཆོག་ཡིན་ནོ། །རླུང་གིས་ཀླད་པའི་གཞོགས་ཕྱེད་ན་བ་ལ་ནི་མར་སར་ཧྭགས་སྦྱར་བ་མཆོག་ཡིན་ནོ། །དམུ་རྫིང་གི་ནད་ལ་ནི་རྔ་མོའི་གཅིན་དང་འོ་མ་མཆོག་ཡིན་ནོ། །ནམ་ཚོང་ཡན་ཆད་ཀྱི་མགོ་བོའི་ནད་ཀུན་ ལ་ནི་སྣ་སྨན་གཏང་བ་མཆོག་ཡིན་ནོ། །ཁོང་འབྲས་དང་པོ་བྱུང་བ་ལ་ནི་གཏར་ག་གདབ་ཅིང་ཁྲག་དབྱུང་བ་མཆོག་ཡིན་ནོ། །ཁའི་ནད་ཐམས་ཅད་ལ་ནི་སྨན་ཁུས་མཁུར་བ་བཀང་ཞིང་དབོ་བ་མཆོག་ཡིན་ནོ། །མིག་ནད་ལ་ནི་སྣ་སྨན་དང་མིག་སྨན་དང་མིག་བརྟབ་བྱ་བ་མཆོག་ཡིན་ནོ། །རྒས་པ་ལ་ནི་འོ་མ་དང་ ཞུན་མར་བསྟེན་པ་མཆོག་ཡིན་ནོ། །བརྒྱལ་བ་སེལ་བའི་མཆོག་ནི་ཆུ་གྲང་དང་གྲིབ་མ་ཡིན་ནོ། །ཁོང་པའི་མེ་དྲོད་ཆུང་བ་སེལ་བའི་མཆོག་ནི་ངལ་བ་དང་སྒེའུ་གཤེར་དང་། ཚ་རན་པ་བསྟེན་པ་མཆོག་ཡིན་ནོ། །ལུས་དུབ་པ་ལ་ནི་ཆང་འཐུངས་པ་དང་། ལུས་ཁྲུས་བྱས་པ་ཕན་ནོ། །སྡུག་བསྔལ་བཟོད་ཅིང་ དཀའ་བ་བསྟེན་ནུས་པ་དང་། ལུས་བརྟན་པར་གྱུར་པ་ལ་ནི་རྩོལ་བ་དང་དྲག་ཤུལ་བྱས་པ་ཕན་པའི་མཆོག་ཡིན་ནོ། །གཅིན་སྲི་བ་སེལ་བའི་མཆོག་ནི་གཟེ་མ་ཡིན་ནོ། །ལུད་པ་ལུ་བ་ལ་ནི་ཀཎྜ་ཀ་རི་མཆོག་ཡིན་ནོ། །རྩིབ་ལོགས་སུ་གཟེར་བ་ལ་ནི་པུཥྐར་མཱུ་ལ་ཞེས་བྱ་བ་མ་ནུ་མཆོག་ཡིན་ནོ། །རྒས་ སྲ་བར་བྱ་བ་ལ་ནི་སྐྱུ་རུ་ར་མཆོག་ཡིན་ནོ། །རྨ་སེལ་བའི་མཆོག་ནི་འབྲས་བུ་གསུམ་དང་གུ་གུལ་ཡིན་ཏེ། དེ་ལྟར་བཤད་མ་ཐག་པའི་ཚུལ་གྱིས་ནད་རྣམས་སེལ་བའི་སྨན་གྱི་མཆོག་བཤད་ཅིང་བསྟན་པ་དེ་དག་གིས་ནི་ནད་ཞི་ཞིང་སེལ་བར་ནུས་པ་ཡིན་ལ། དེ་ལ་ཡུལ་དང་དུས་ཀྱི་སྟོབས་ལས་སྨན་གྱི་སྦྱོར་ 202-1-298b བ་ཅི་རིགས་པར་སྦྱར་བར་བྱའོ། །དེ་ལྟར་རྒྱུན་ཤེས་བུ་ལས་གཞུང་གི་མདོ། །ལེགས་པར་བཤད་པ་དེས་ནི་མ་ངོམས་པས། །མེ་བཞིན་འཇུག་སོགས་བློ་མཐུན་དད་པས་འདུད། །ཐེ་ཚོམ་འདི་ནི་མེ་བཞིན་འཇུག་གིས་དྲིས། །ཞེས་བྱ་བ་ལ། རྣམ་པ་དེ་ལྟ་བུའི་ཚུལ་གྱིས་དྲང་སྲོང་རྒྱུན་ཤེས་ཀྱི་བུ་ ལས་གཞུང་གི་དོན་གྱི་མདོ་ཐོས་པ་དང་ལེགས་པར་བཤད་ཅིང་ཚད་མས་བརྟགས་པའི་རང་གི་དོན་བརྟན་པ་རྟོགས་སླ་ཞིང་དོན་ཆེ་བ་དེས་མེ་བཞིན་འཇུག་ལ་སོགས་པའི་སློབ་མ་རྣམས་ངོམས་ཤིང་ཚིམ་པར་མ་གྱུར་པས། དེ་དག་བློ་མཐུན་པར་དད་པས་མགོ་བོས་བཏུད་ནས་དྲང་སྲོང་ལུག་ཅེས་བྱ་བ་ལ་སོགས་ པ་སློབ་མ་རྣམས་ཀྱི་ནང་ན་བསྔགས་ལ། མེ་བཞིན་འཇུག་ཅེས་བྱ་བས་བློ་ལ་ངེས་པ་མ་རྙེད་པའི་ཐེ་ཚོམ་འདི་རྒྱུན་ཤེས་ཀྱི་བུ་ལ་དྲིས་པར་གྱུར་ཏོ། །སྐལ་ལྡན་ཁ་ཅིག་བདག་ཉིད་མཁས། །སྨན་དང་ནད་གཡོག་ཕུན་སུམ་ཚོགས། །སྨན་པ་རྒན་པོའི་ལུང་གིས་ནི། །རྗེས་སུ་འཇུག་ཀྱང་ནད་བཅས་ཤིང་། ། ནད་ཀྱི་སྲོག་ནི་ཟད་པར་སྣང་། །གཞན་དག་དེ་ལས་གོ་བཟློག་སྣང་། །དེ་ཕྱིར་ཕན་དང་གནོད་པ་ཡི། །འབྲས་བུ་ངེས་པ་མ་མཆིས་ན། །འདིར་ནི་བསྟན་བཅོས་ཀྱིས་ཅི་བསྟན། །ཞེས་བྱ་བ་ལ། འདི་དག་ནི་དྲི་བའི་ཚིག་སྟེ། ཀྱེ་སྐལ་ལྡན་རྒྱུན་ཤེས་ཀྱི་བུ་ཁ་ཅིག་བདག་ཉིད་མཁས་ཤིང་རིག་པ་ཡིན་ཞིང་། སྨན་དང་ཡོ་བྱད་ཕུན་སུམ་ཚོགས་པ་དང་། ནད་གཡོག་ཕུན་སུམ་ཚོགས་པའི་བདག་པོ་དང་ཡང་ལྡན་ལ། སྨན་པ་རྒན་ཞིང་མཁས་པའི་གདམས་ངག་གིས་རྗེས་སུ་འཇུག་པར་བྱེད་དུ་ཟིན་ཀྱང་ནད་ཀྱི་སྲོག་ཟད་པར་བྱེད་པ་དག་སྣང་ལ། ནད་པ་གཞན་ཁ་ཅིག་ནི་དེ་ལས་གོ་བཟློག་པ་སྟེ། བདག་ཉིད་ མི་མཁས་པ་དང་། སྨན་པ་ཡོ་བྱད་མེད་པ་དང་། ནད་གཡོག་མེད་པ་དང་། སྨན་པ་མི་མཁས་པ་དག་གིས་བཅོས་སུ་ཟིན་ཀྱང་སྲོག་ཟད་པར་མ་གྱུར་པར་སྣང་ངོ་། །དེའི་ཕྱིར་ཕན་པར་འགྱུར་བ་དང་། གནོད་པར་འགྱུར་བའི་འབྲས་བུ་ལ་ནི་ངེས་པ་ཡོད་པ་མ་ཡིན་ཏེ། ཕན་པའི་སྦྱོར་བ་བྱས་ཀྱང་འབྲས་ བུ་དེ་ཉིད་དུ་ཟད་པས་དེ་བས་ན་སྲོག་བསྲུང་བའི་གསོ་བའི་མཚན་ཉིད་འདི་ནི་གཅིག་ཏུ་ཆད་པ་མེད་ཅིང་ངེས་པ་མེད་པ་ཡིན་ནོ། །དེ་ལྟར་བྱ་བ་ལ་ངེས་པ་མེད་པའི་ཕྱིར་གསོ་བའི་བསྟན་བཅོས་ཀྱིས་འདིར་དོན་གྱི་དངོས་པོ་ཅི་ཞིག་བསྟན་ཅིང་དགོས་པ་ཅི་ཞིག་བྱ་སྟེ། ཡུལ་དེ་ལ་ནི་འབྲས་བུ་ངེས་པ་ 202-1-299a མེད་པའི་ཕྱིར་བསྟན་པ་ཅི་ཡང་མེད་དེ། དེས་ན་སྨན་བསྟེན་པ་དང་། མ་བསྟེན་པ་དག་ཚུལ་མཉམ་པའི་ཕྱིར་བསྟན་བཅོས་འདི་ནི་བརྩམ་པར་མི་བྱ་བའི་རིགས་སོ། །དེ་ལྟར་མེ་བཞིན་འཇུག་སོགས་སློབ་མའི་ཚོགས། །རྟོག་པ་སྐྱེས་ལ་རྒྱུན་ཤེས་བུ་ཡིས་ནི། །དེ་ཉིད་མ་ལུས་ རྣམ་པར་བཤད་གྱུར་པ། །གསོ་བྱས་མ་བྱས་མཉམ་པོར་བྱ་མི་རིགས། །ཞེས་བྱ་བ་ལ། ཚུལ་དེ་ལྟར་མེ་བཞིན་འཇུག་ལ་སོགས་པའི་སློབ་མའི་ཚོགས་ཐེ་ཚོམ་སྐྱེས་ཤིང་རྟོག་པར་གྱུར་པ་དེ་ལས་དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུས་དོན་གྱི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པ་མ་ལུས་པ་ཐམས་ཅད་རྣམ་པར་བཤད་ པར་གྱུར་པ་ནི། ཀྱེ་མེ་བཞིན་འཇུག་གསོ་བ་ཡན་ལག་བཞི་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཡོན་ཏན་བཅུ་དྲུག་གིས་ཉེ་བར་བརྒྱན་པར་གྱུར་པ་དང་། གསོ་བ་མ་བྱས་པ་སྟེ། ཡན་ལག་བཞི་དང་ཡན་ལག་བཅུ་དྲུག་གི་ཚོགས་པ་དང་མི་ལྡན་པར་གྱུར་པ་དེ་མཉམ་ཞིང་ཆ་མཚུངས་པར་བརྟགས་པ་ནི་ རིགས་ཤིང་འོས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཡན་ལག་བཅུ་དྲུག་ལྡན་པ་ཡི། །གསོ་བྱེད་བདེ་འགྱུར་ཡོད་མོད་ཀྱི། །ནད་ཀྱི་འདམ་དུ་བྱིང་བ་ལ། །ལག་ནས་འདྲེན་ཐབས་སྨན་ཡིན་ནོ། །ཞེས་བྱ་བ་ལ། གང་གི་ཕྱིར་ནད་པ་གང་ཡང་ཡན་ལག་བཅུ་དྲུག་དང་ལྡན་པའི་འབྱོར་པ་ཚད་དུ་ཟིན་ཀྱང་ནད་མེད་ཅིང་ བདེ་བར་འགྱུར་བ་ཡོད་མོད་ཀྱི། འོན་ཀྱང་ནད་ཀྱི་འདམ་དུ་བྱིང་བ་ལ་ནི་ལག་ནས་འདྲེན་ཞིང་བསླང་བའི་ཐབས་སྨན་ཁོ་ན་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཙ་ར་ཀ་ལས་ནད་པ་གང་སྨན་མེད་པར་ནད་ལས་ཐར་ཞིང་ལྡང་བ་ཡོད་ཀྱང་། དེ་ནི་སྨན་གྱི་ཡན་ལག་ཕུན་སུམ་ཚོགས་པས་གསོས་པ་ལྟར་ ནད་མེད་པ་ཡིན་ཏེ། དཔེར་ན་སྐྱེས་བུ་ལྟུང་ཞིང་འགྱེལ་བར་གྱུར་པ་ལ་ལ་ཞིག་ལྡང་བར་ནུས་པ་ཅུང་ཟད་ཡོད་དུ་ཟིན་པ་ལ་ཡང་། སྐྱེས་བུ་གཞན་ཞིག་གིས་ལག་ནས་དྲངས་ན་དེ་ཤིན་ཏུ་མྱུར་བར་ཉམ་ང་བ་མེད་པས་ལྡང་བར་འགྱུར་རོ། །ནད་པ་གསོ་བའི་སྨན་གྱི་སྦྱོར་བ་ཡོངས་སུ་རྫོགས་པ་ཡང་དེ་དང་འདྲའོ། ། ཞེས་བྱ་བ་བཤད་པ་ལྟ་བུའོ། །འཚོ་དང་འཆི་བར་འགྱུར་བ་ལ། །ཀུན་ལ་སྨན་ཡོད་མ་ཡིན་ཞིང་། །ཐབས་ལ་ལྟོས་པ་མ་ཡིན་ལ། །གཞན་དུ་ཐབས་ལ་ལྟོས་པའི་ནད། །ཐབས་ཀྱིས་བསྒྲུབས་ན་འགྲུབ་འགྱུར་བས། །རྒྱུ་མེད་པར་ནི་གཏན་ཚིགས་མིན། །ཞེས་བྱ་བ་ལ། ནད་པ་འཆི་བར་ 202-1-299b འགྱུར་བ་ཐམས་ཅད་ནི་སྨན་གྱིས་འཚོ་བར་འགྱུར་བ་མ་ཡིན་ཏེ། གང་གི་ཕྱིར་ནད་ཐམས་ཅད་གསོ་བའི་ཐབས་ལ་རག་ལས་ཤིང་ལྟོས་པ་མ་ཡིན་གྱི། གཞན་ཐབས་ལ་ལྟོས་དགོས་པའི་ནད་ནི་གསོ་བའི་ཐབས་མེད་པར་འགྱུར་བ་མ་ཡིན་ནོ། །དེ་བས་ན་ཁྱེད་ཀྱིས་བཤད་པའི་རྒྱུ་མེད་པར་བཤད་པ་དེ་ནི་ གཏན་ཚིགས་སུ་རུང་བ་མ་ཡིན་ནོ། །འདི་ཡང་ཙ་ར་ཀ་ལས་ནད་པ་གང་སྨན་མེད་པ་འགའ་ཞིག་གིས་འཆི་བར་འགྱུར་བ་དེ་ནི་སྨན་གྱི་སྦྱོར་བ་ཕུན་སུམ་ཚོགས་པ་རྫོགས་པས་སོས་པར་འགྱུར་བ་ཡིན་ཏེ། གང་གི་ཕྱིར་ནད་ཐམས་ཅད་ཀྱང་གསོ་བའི་ཐབས་ལ་ལྟོས་དགོས་པ་དག་ཀྱང་གསོ་བ་མེད་པར་ འགྱུར་བ་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །གང་ཡང་ཁྱེད་ཀྱིས་ཕུན་ཚོགས་ནི། །ཀུན་དང་ལྡན་པས་གསོས་ན་ཡང་། །འཆི་འགྱུར་ཞེས་སྨྲ་དེ་མ་ཡིན། །ཐབས་ནི་ཐབས་མིན་འགྱུར་ཡོད་མིན། །ཞེས་བྱ་བ་ལ། གང་ཡང་ཁྱོད་ཀྱིས་ཡན་ལག་བཅུ་དྲུག་གི་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པས་ གསོས་སུ་ཟིན་ཀྱང་འཆི་བར་འགྱུར་བ་དག་སྣང་ངོ་ཞེས་སྨྲ་བ་མ་ཡིན་ཏེ། དེ་ནི་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། སྨན་གྱིས་གསོར་མི་རུང་བའི་ནད་པ་ཡང་སྨན་དེ་དག་གསོ་བའི་ཐབས་སུ་འགྱུར་བ་མ་ཡིན་ནོ། །སྨན་པ་ཤིན་ཏུ་མཁས་པ་དག་ཀྱང་ནད་པ་ལ་ཡོངས་སུ་རྟོག་ཅིང་གསོ་བའི་སྦྱོར་བ་འཇུག་ ཏུ་ཟིན་ཡང་གསོར་མི་རུང་བ་ལ་འཚོ་བ་ཡོད་པ་མ་ཡིན་ནོ། །ཞེས་བཤད་པ་ཡིན་ནོ། །གལ་ཏེ་དེ་ལྟའི་ཐབས་ལྡན་ཞིང་། །བློ་ལྡན་གསོ་བ་བྱས་གྱུར་ཀྱང་། །སྔོན་ལས་ཉེས་པ་མ་གྲུབ་པ། །ཡན་ལག་བཅུ་དྲུག་ལྡན་མེད་ཡིན། །ཞེས་བྱ་བ་ལ། གལ་ཏེ་ནད་པ་གསོ་བའི་ཐབས་ཡན་ལག་བཅུ་དྲུག་ཕུན་སུམ་ ཚོགས་པ་དང་ལྡན་ཞིང་ནད་པ་བློ་དང་ལྡན་པ་ལ་གསོ་བའི་དཔྱད་བྱས་སུ་ཟིན་ཀྱང་། གསོ་བ་མ་གྲུབ་པར་གྱུར་པ་འདི་ནི་སྔོན་གྱི་ལས་ཀྱི་ཉེས་པས་ཚེ་ཟད་པ་ལ་སོགས་པའི་དབང་གིས་མ་གྲུབ་པ་ཡོད་ན་ཡང་ཡན་ལག་བཅུ་དྲུག་དང་ལྡན་པའི་གསོ་བ་ནི་མེད་པ་མ་ཡིན་ནོ། །མེ་དང་ཆུ་སོགས་དུགས་དང་ནི། །རངས་སོགས་ མི་འགྲུབ་སུ་ཞིག་ཟེར། །ཞེས་བྱ་བ་ལ། མེ་དང་ཆུ་ལ་སོགས་པས་དུགས་དང་རེངས་པ་ལ་སོགས་པའི་ལས་མི་བྱེད་དོ། །ཞེས་སུ་ཞིག་ཟེར་ཏེ། དུགས་ཀྱི་ལས་ནི་མེས་བྱེད་པ་ཡིན་ལ། རེངས་པ་ནི་ཆུས་བྱེད་པ་ཡིན་ཏེ། སོགས་པའི་སྒྲས་ནི་རླུང་གིས་ནི་དྲན་པ་རྙེད་པའི་ལུས་བྱེད་པ་ཡིན་པར་ནི་ཀུན་ 202-1-300a ལ་གྲགས་པ་དེ་ལྟར་སུ་ཞིག་མི་འདོད། །བརྟ་དང་ཉམས་སྨད་འོ་མ་དང་། །འབྲས་ངན་མི་བྱེད་སུ་ཞིག་འདོད། །ཅེས་བྱ་བ་ལ། སྐྱེས་བུ་སུ་ཞིག་འོ་མས་ལུས་བརྟ་བ་དང་། འབྲས་ངན་པ་ག་བེ་དུ་ཞེས་བྱ་བས་ཉམས་སྨད་པར་མི་འགྱུར་བར་སུ་ཞིག་མི་འདོད་དེ། དེ་ཡང་ ཀུན་ལ་གྲགས་པ་ཡིན་ནོ། །མ་ཤ་ཁ་སྲལ་ལ་སོགས་ལ། །རོ་ཙ་མི་ནུས་སུ་ཞིག་ཟེར། །ཞེས་བྱ་བ་ལ། གཞན་ཡང་མོན་སྲན་སྡེའུ་མ་ཤ་དང་། ཁ་སྲལ་ཕྲེའུ་ཨད་མ་ཀུ་བ་ཏ་ཞེས་བྱ་བ་ལ་སོགས་པས་རོ་ཙ་བར་མི་འགྱུར་རོ་ཞེས་སུ་ཞིག་ཟེར་ཏེ་ཀུན་ལ་ཡང་འདི་གྲགས་པ་ཡིན་ནོ་ཞེས་བྱ་བའི་བར་དུའོ། ། བཤང་གཅི་སྐྱེད་དང་མང་བར་ནི། །ནད་ལ་ཐེ་ཚོམ་སུ་ཞིག་ཟ། །ཞེས་བྱ་བ་ལ། བཤང་བ་སྐྱེད་པར་བྱེད་པ་དང་གཅི་བ་མང་བར་གྱུར་པ་ནི་ནད་ཡིན་པར་སུ་ཞིག་ཐེ་ཚོམ་ཟ་སྟེ། ཐེ་ཚོམ་མེད་པ་ཡིན་ནོ། །སྔགས་དང་རྒྱུད་ནི་མེད་པ་རུ། །གང་གིས་དུག་ནི་འཇུག་པར་འགྱུར། །ཞེས་བྱ་བ་ལ། ཡང་སྲོག་ ཆགས་སུ་ཞིག་ལ་དུག་སྔགས་ཀྱིས་མ་བཏབ་ཅིང་། གསོ་བའི་རྒྱུད་ཀྱི་ཆོ་ག་ལས་བཤད་པའི་དུག་བསལ་བའི་ཐབས་ཟས་དང་སྐོམ་སྨན་སྣ་ཚོགས་པ་མེད་པར་དུག་དེ་སུས་འཇུ་བར་འགྱུར་ཏེ། གང་གིས་ཀྱང་འཇུ་བར་མི་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །གག་པ་ལ་སོགས་གསོ་བ་ནི། །མེད་པར་གང་ ཞིག་བདེ་བར་འགྱུར། །ཞེས་བྱ་བ་ལ། སྐྱེས་བུ་གང་ཞིག་གག་པ་དང་གཉེའུ་རེང་དང་མུར་འགྲམ་གྱི་ནད་ལ་གསོ་བའི་སྦྱོར་བ་མ་བྱས་པར། གང་ཞིག་བདེ་བར་འགྱུར་ཏེ་སུ་ཡང་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འོན་ཀྱང་དུས་མིན་འཆི་ལ་སོགས། །གྲུབ་མཐའ་ཀུན་དུ་ངེས་པར་གྲགས། །འབད་པ་ཆེན་པོ་ དག་གིས་ནི། །ཇི་ལྟར་གཞན་གྱིས་བཟློག་པར་ནུས། །ཞེས་བྱ་བ་ལ། འོན་ཀྱང་དུས་མ་ཡིན་པར་འཆི་བ་ལ་སོགས་པའི་བསྟན་བཅོས་ཀྱི་གྲུབ་པའི་མཐའ་ཐམས་ཅད་ལ་གྲགས་པ་ཡིན་པས་ན་དེ་སྦྱིན་པ་དང་། སྦྱིན་སྲེག་དང་། དཀའ་ཐུབ་དང་སྡོམ་པ་ལ་སོགས་པ་འབད་པ་ཆེན་པོ་ཡིན་ཡང་གསོ་བའི་བསྟན་ བཅོས་ལྟར་མ་བྱས་ན་ཇི་ལྟར་བཟློག་པར་འགྱུར་ཏེ་གང་གིས་ཀྱང་བཟློག་པར་མི་ནུས་སོ། །ཙནྡན་ལ་སོགས་ཚ་སོགས་པ། །ལུང་ལས་གྲགས་པ་བཞིན་དུ་སེལ། །ཞེས་བྱ་བ་ལ། ཙནྡན་དང་ཨ་རུ་ར་ལ་སོགས་པའི་སྨན་ཚ་བ་དང་གྲང་བ་ལ་སོགས་པ་སེལ་བ་ཡིན་པར་ནི་བསྟན་བཅོས་ཀྱི་ལུང་ལས་ 202-1-300b གྲགས་པ་ཡིན་ན་དེ་ཡང་དེ་བཞིན་དུ་འགྱུར་བ་ཡིན་ནོ། །རིམས་ལ་སྨྱུང་དང་བརྟ་བ་དག །བསྟན་བཅོས་ཉིད་ལས་གྲགས་པ་ཡིན། །ཞེས་བྱ་བ་ལ། རིམས་ལ་དང་པོར་སྨྱུང་བ་དང་། ཕྱིས་བརྟ་བ་བྱས་པས་ཕན་པ་ནི་གསོ་བའི་བསྟན་བཅོས་ལས་འཇིག་རྟེན་དུ་གྲགས་པ་ཡིན་ནོ། །ཡན་ལག་ བཞི་པའི་ཡོན་ཏན་འབྱོར། །ལེགས་པར་བརྟགས་ནས་སྦྱར་བྱ་ཞིང་། །གཞན་དུ་ནད་ཀྱི་ཚོགས་འཇོམས་པ། །གསོ་བ་ཐེ་ཚོམ་བཅས་མི་བྱ། །ཞེས་བྱ་བ་ལ། མེ་བཞིན་འཇུག་ནད་སེལ་བའི་གསོ་བ་ནི་ཡན་ལག་བཞི་པོ་སྨན་པ་དང་ནད་པ་དང་། ནད་གཡོག་དང་། ནད་པའི་ཡོན་ཏན་བཞི་པོ་ལས་ ཡོན་ཏན་བཞི་བཞིར་འཕྲོས་པ་མཁས་ཤིང་ཞེས་བྱ་བ་ལ་སོགས་པ་བསྟན་པ་དེ་དག་འབྱོར་ཞིང་ཕུན་སུམ་ཚོགས་པ་དང་། དེ་བཞིན་དུ་གནོད་པ་དང་། གནོད་བྱ་ལ་སོགས་པ་བཅུ་གཉིས་ལེགས་པར་བརྟགས་ནས་ཉེ་བར་སྦྱར་བར་བྱ་ཞིང་གཞན་དུ་ན་ནད་ཀྱི་ཚོགས་འཇོམས་པར་བྱེད་པ་མིན་པར་གསོ་ བ་ཞེས་བྱ་བ་དེ་ལ་ཐེ་ཚོམ་དང་བཅས་པར་མི་བྱའོ། །འདི་ནི་དུས་མིན་འཆི་ཞགས་པ། །བརྟན་པོ་བཅོམ་པར་བྱེད་པ་ཡིན། །ནད་ཀྱིས་སྐྲག་ཅིང་འཇིགས་པ་ལ། །སྔགས་མེད་པ་ཡི་སྲུང་སྐུད་ཡིན། །ཞེས་བྱ་བ་ལ། བསྟན་བཅོས་འདི་ནི་དུས་མ་ཡིན་པར་འཆི་བའི་ ཞགས་པ་བརྟན་པོ་འཇོམས་པར་བྱེད་པ་ཡིན་ཏེ། ཇི་ལྟར་ཞགས་པ་འདི་མཚོན་རྣོན་པོས་གཅོད་པར་བྱེད་མི་ནུས་ཏེ། གསོ་བའི་ཐབས་ཀྱིས་གཅོད་པ་ཡིན་ནོ། །དེ་བཞིན་དུ་ནད་ཀྱིས་སྐྲག་ཅིང་འཇིགས་པའི་སྐྱེས་བུ་ལ་བསྟན་བཅོས་འདི་སྔགས་མེད་ཅིང་སྔགས་ཀྱིས་མ་བཏབ་པའི་སྲུང་སྐུད་ཀྱང་ཡིན་ནོ། ། འདི་ནི་འགྲོ་བའི་སྡུག་བསྔལ་རྣམས། །སེལ་བྱེད་བདུད་རྩི་མངོན་སུམ་ཡིན། །སྣོད་ངན་གནས་ན་འཕྲལ་དུ་ནི། །ཧ་ལ་ཧ་ལར་འགྱུར་བ་ཡིན། །ཞེས་བྱ་བ་ལ། སྨན་དཔྱད་ཀྱི་གསོ་བའི་རྒྱུད་འདི་ནི་འགྲོ་བའི་སྡུག་བསྔལ་རྣམས་སེལ་བར་བྱེད་ཅིང་རྒས་པ་དང་། ན་བ་དང་། འཆི་བའི་སྡུག་བསྔལ་ འཇོམས་པར་བྱེད་པ་ཡིན་པས་རྩི་དང་འདྲ་བ་ཡིན་ཏེ། གང་གི་ཕྱིར་བདུད་རྩི་དོན་དུ་གཉེར་བའི་ཕྱིར་ལྷ་དང་ལྷ་མ་ཡིན་གྱིས་སྡུག་བསྔལ་གྱི་འབད་པ་ཆེན་པོ་བྱས་ནས། འཐོབ་པར་གྱུར་པ་ཡིན་ཏེ། འདི་ལ་ནི་སྡུག་བསྔལ་འགའ་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་ཡང་སྣོད་ངན་པ་བསྟན་བཅོས་ལ་ 202-1-301a ཐོས་པ་མེད་པའི་སྨན་པའི་རྒྱུད་ལ་གནས་པར་གྱུར་ན། འཕྲལ་དུ་དེའི་མོད་ལ་ཧ་ལ་ཧ་ལ་ཞེས་བྱ་བའི་དུག་ཆེན་པོར་འགྱུར་བ་ཡིན་ནོ། །བསྟན་བཅོས་ངེས་པ་མི་ཤེས་ཤིང་། །ཚིག་ཙམ་ལ་ནི་རྗེས་གཞོལ་བའི། །གཤིན་རྗེའི་ཞགས་པ་ཐོགས་པ་བཞིན། །སྨན་པ་ངན་པ་རིང་ དུ་སྤང་། །ཞེས་བྱ་བ་ལ། སྨན་པ་གང་གསོ་བའི་བསྟན་བཅོས་ཀྱི་ངེས་པའི་དེ་ཁོ་ན་ཉིད་ལེགས་པར་མི་ཤེས་ཤིང་ཁོང་དུ་ཆུད་པར་མ་གྱུར་ལ། ཚིག་ཙམ་གྱི་རྗེས་སུ་འབྲང་ཞིང་གཞོལ་བར་བྱེད་པའི་སྨན་པ་ངན་ཅིང་སྨད་པར་བྱ་བ་དེ་ནི་རིང་དུ་སྤང་བར་བྱ་སྟེ། ཇི་ལྟར་གཤིན་རྗེའི་ཞགས་པ་དག་ཀྱང་རིང་དུ་སྤང་ བར་བྱ་བ་ཡིན་པ་དང་འདྲའོ། །སྨན་པ་གཞུང་ལ་ལེགས་མཁས་ཤིང་། །ལུང་ལ་མཁས་པའི་བཟང་པོ་དང་། །ལས་ལ་གོམས་ཞིང་དགེ་བ་ནི། །བཟང་པོར་འདོད་པ་དམ་པ་ཡིན། །ཞེས་བྱ་བ་ལ། སྨན་པ་སྨན་དཔྱད་ཀྱི་ལུང་གི་གཞུང་ལུགས་ལ་ཤིན་ཏུ་མཁས་ཤིང་བྱང་བ་དང་། དེ་བཞིན་དུ་ལས་ལ་གོམས་ ཤིང་རང་བཞིན་དགེ་བའི་བྱ་བ་ལ་སོགས་པ་དག་དང་། དེ་བཞིན་དུ་བཟང་པོར་འདོད་ཅིང་བདེ་བ་དང་དགེ་བ་ལ་དགའ་བ་དག་ནི་དམ་པར་འགྱུར་བ་ཡིན་ནོ། །དེ་ལྟར་རྒྱུད་ཀྱི་ཡོན་ཏན་ལྡན། །རྒྱུད་ཀྱི་སྐྱོན་ནི་སྤང་གྱུར་པ། །གསོ་བའི་བསྟན་བཅོས་མ་ལུས་པ། །ཁྱབ་སྟེ་ཡོངས་སུ་གནས་པ་ཡིན། །དྲང་སྲོང་ཆེན་པོའི་གཞུང་ རྗེས་འཇུག །རྒྱ་ཆེའི་དྲི་མ་མེད་པའི་གནས། །རྒྱ་མཚོ་ཆེན་པོ་ལྟར་ཟབ་ཅིང་། །བསྡུས་དོན་ཉེ་བར་མཚོན་བྱེད་ཡིན། །ཞེས་བྱ་བ་ལ། དེ་ལྟར་ཞེས་བྱ་བའི་དོན་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏེ། གང་གི་ཕྱིར་བསྟན་བཅོས་འདི་ནི་དོན་ཆེན་པོ་དང་ལྡན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ན་དེ་ལྟར་ཞེས་བྱ་ བའི་སྒྲ་ནི་རྫོགས་པའི་དོན་ཏེ། རྒྱུད་ནི་ཚུལ་འདི་ལྟར་རྫོགས་པར་བྱས་ལ། དེ་ལྟར་རྫོགས་པར་བྱས་པའི་རྒྱུད་ཀྱི་ཡོན་ཏན་ཐམས་ཅད་ནི་ལྡན་ལ། རྒྱུད་ཀྱི་སྐྱོན་ཐམས་ཅད་ནི་སྤངས་པ་ཡིན་ནོ། །དེ་ཡང་འདིས་ལུས་འཛིན་ཅིང་སྡུད་པའི་དོན་གྱིས་ན་རྒྱུད་དེ། རྒྱུད་དེའི་ཡོན་ཏན་ནི་དྲང་སྲོང་ཙ་ར་ཀས་བཤད་ དེ། དེ་འདིར་བརྗོད་པར་བྱའོ། །གྲགས་པ་ཆེན་པོ་དང་ལྡན་པའི་སྐྱེས་བུ་དམ་པས་ཀུན་དུ་བརྟེན་པ། དོན་ཤིན་ཏུ་མང་བ་ཉམས་དང་ལྡན་པའི་སྐྱེ་བོ་རྣམས་ཀྱིས་བསྔགས་པ། སློབ་མ་དམ་པ་གསུམ་གྱི་བློ་ལ་ཕན་པ། ཚིག་ཟློས་པའི་ཉེས་པ་དང་བྲལ་བ། ལུང་དུ་གྱུར་པ། མདོ་དང་བཤད་པ་དང་། བསྡུ་བའི་རིམ་པ་ལེགས་ 202-1-301b པར་བཤད་པ། གཞི་བཟང་བ། ཚིག་ཟུར་ཆག་པ་མེད་པ། མི་གོ་བར་བྱ་བའི་སྒྲ་མེད་པ། མིང་ཡོངས་སུ་རྫོགས་པ། བརྒྱུད་པའི་རིམ་པས་རྟོགས་པའི་དོན་དང་ལྡན་པ། དོན་གྱི་དེ་ཁོ་ན་ཉིད་ངེས་པ། གཙོ་བོར་གྱུར་པ། དོན་མཐུན་པ་དང་ལྡན་པ། དོན་ཚོལ་ཞིང་འདྲེས་པ་མེད་པ། རབ་ཏུ་བྱེད་པ་མ་འདྲེས་ པ། མྱུར་དུ་འཇུག་ཅིང་རྟོགས་པར་བྱེད་པ། མཚན་ཉིད་དང་ལྡན་ཞིང་དཔེ་དང་བཅས་པ་སྟེ། བསྟན་བཅོས་འདི་ནི་དེ་ལྟ་བུ་ཡིན་པར་ཤེས་པར་བྱའོ། །དེ་ཡང་ཇི་ལྟར་ཉི་མའི་དཀྱིལ་འཁོར་དྲི་མ་མེད་པས་མུན་པའི་ཚོགས་ཐམས་ཅད་བསལ་ཏེ། དངོས་པོ་ཐམས་ཅད་སྣང་བ་དང་འདྲ་བར་བྱས་པ་ཡིན་ནོ། ། དེ་ལ་རྒྱུད་ཀྱི་སྐྱོན་ནི་ཐེ་ཚོམ་དང་བཅས་པ་དང་། དོན་མེད་པ་དང་། ཚིག་ཟློས་པ་དང་། གོ་རིམས་འཆོལ་བ་དང་། ཆོ་ག་དང་མི་ལྡན་པ་དང་། ཤིན་ཏུ་མངས་པ་དང་། འགལ་བ་ལ་སོགས་པའོ། །རྒྱུད་དེ་ཡང་གསོ་བའི་བསྟན་བཅོས་མ་ལུས་པ་ལ་ཀུན་ནས་ཁྱབ་སྟེ་གནས་པ་ཡངས་པ་རྒྱ་ཆེ་བ། དྲི་མ་ མེད་ཅིང་སྐྱོན་མེད་པ་སྟེ། གང་འདི་དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུ་ལ་སོགས་པའི་གཞུང་རྒྱ་ཆེ་ཞིང་དྲི་མ་མེད་པའི་རྗེས་སུ་འགྲོ་བའི་རྒྱུད་དེ་ནི་རྒྱ་མཚོ་ཆེན་པོ་ལྟར་ཟབ་ཅིང་འཇུག་པར་བྱེད་ཅིང་། རྒྱུད་དེ་ནི་ཚངས་པས་བཤད་པའི་བསྡུས་པ་ཞེས་བྱ་བའི་གཞུང་ཆེན་པོ་འདི་དེའི་དོན་ཡང་མཚོན་པར་བྱེད་པ་ ཡིན་ཏེ། རྒྱུད་འདིས་བསྡུས་པའི་དོན་དེ་ཡང་མཚོན་ཞིང་སྟོན་པར་བྱེད་པ་ཡིན་ནོ། །སྨན་དཔྱད་ཡན་ལག་བརྒྱད་པའི་རྒྱ་མཚོ་བསྲུབས་པ་ལས། །ཡན་ལག་བརྒྱད་བསྡུས་བདུད་རྩིའི་ཚོགས་ཐོབ་གང་། །དེ་ལས་དོན་ཆེན་རྩོལ་བ་ཞེན་པ་རྣམས། །དགའ་བར་བྱ་ཕྱིར་རྒྱུད་འདི་ལོགས་ཤིག་ བྱས། །ཞེས་བྱ་བ་ལ། སྨན་དཔྱད་གང་ལ་ཡན་ལག་བརྒྱད་ཡོད་པ་དེ་ནི་སྨན་དཔྱད་ཡན་ལག་བརྒྱད་པ་སྟེ། དེ་ཉིད་དུ་ནི་རྒྱ་མཚོ་ལྟ་བུ་སྟེ་བདུད་རྩི་འབྱུང་བ་ཆོས་དང་མཐུན་པ་དང་། དོན་ཟབ་པར་མཐུན་པའི་ཕྱིར་རྒྱ་མཚོ་ཞེས་བྱ་སྟེ། དེ་བསྲུབས་ཤིང་རྣམ་པར་གློངས་པའི་ཚུལ་གྱིས་འབད་པར་ བྱ་བའི་རྒྱུ་དེ་ལས་ཡན་ལག་བརྒྱད་པ་བསྡུས་པའི་བདུད་རྩིའི་ཕུང་པོ་ཆེན་པོ་ཐོབ་པར་འགྱུར་བ་ཡིན་ལ། ཡན་ལག་བརྒྱད་པ་བསྡུས་པའི་བདུད་རྩིའི་ཚོགས་ཐོབ་པ་དེ་ལས་དོན་ཆེ་ཞིང་དགོས་པ་ཆེན་པོ་དང་ལྡན་པ་འདི་སྨན་པ་རྩོལ་བ་ཞན་ཞིང་འབད་པ་ཆུང་ངུ་དང་ལྡན་པ་རྣམས་ཀྱི་དགའ་བ་ 202-1-302a བསྐྱེད་པར་བྱ་བའི་ཕྱིར་ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བའི་རྒྱུད་འདི་ལོགས་ཤིག་ཏུ་གུད་དུ་བྱས་པ་ཡིན་ནོ། །འདི་ནི་ལུང་ཆེན་ལས་གྲགས་ཤིང་། །འབྲས་བུ་མངོན་དུ་སྟོན་བྱེད་པས། །སྔགས་དང་འདྲ་བར་ལེགས་སྦྱར་གྱི། །ལོག་དཔྱོད་ནམ་ཡང་མི་བྱའོ། །ཞེས་བྱ་བ་ ལ། རྒྱུད་འདི་ནི་སྨན་དཔྱད་ཀྱི་ལུང་ཆེན་པོ་ལས་གྲགས་ཤིང་། ལུང་གི་ཚད་མ་དང་ལྡན་པ་དང་། འབྲས་བུ་འཕྲལ་དུ་མངོན་སུམ་དུ་སྟོན་པར་བྱེད་པའི་ཕྱིར་སྔགས་དང་འདྲ་བར་ཡང་དག་པར་སྦྱར་བར་བྱ་སྟེ། ཇི་ལྟར་སྔགས་ཀྱི་འབྲས་བུ་ནི་རྒྱུ་གང་གིས་གནོད་པ་སེལ་བར་དཔྱད་པར་མི་བྱ་བའི་ཡིད་ཆེས་ པ་ཉིད་ཀྱིས་བསྒྲུབ་པར་བྱ་བ་ཡིན་པ་དང་འདྲ་བར། འདིའི་སྦྱོར་བ་ལ་ཡང་ཡིད་ཆེས་པ་ཉིད་ཀྱིས་བསྒྲུབ་ཀྱི། ལོག་པར་རྟོག་པའི་དཔྱོད་པ་དག་ནི་ཡང་མི་བྱའོ། །འདི་བཀླགས་རྟོགས་དང་ཉམས་བླངས་པས། །ཚེ་རིང་བ་དང་ནད་མེད་དང་། །ཆོས་དང་ནོར་དང་བདེ་དང་གྲགས། །ངེས་པར་འཐོབ་ པར་འགྱུར་བ་ཡིན། །ཞེས་བྱ་བ་ལ། ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བའི་སྨན་དཔྱད་ཀྱི་རྒྱུད་འདི་བཀླགས་པ་དང་། རྟོགས་ཤིང་ཁོང་དུ་ཆུད་པ་དང་། སྦྱོར་བ་ཇི་སྐད་སྨོས་པ་དང་ཉམས་སུ་བླངས་པ་ལས་ཚེ་རིང་བ་དང་། ནད་མེད་པ་དང་། ཆོས་དང་ནོར་དང་བདེ་བར་འགྱུར་བ་དང་། གྲགས་པར་འགྱུར་བ་ ངེས་པར་གདོན་མི་ཟ་བར་འཐོབ་པར་འགྱུར་རོ། །འདི་ནི་བལྟས་ན་བསྡུས་དོན་རྟོགས་ནུས་པས། །རང་གི་གོམས་ལས་སྨན་པས་བསྐྱོད་མི་ནུས། །རྒྱ་ཆེན་རྒྱུད་གཞན་དག་ལས་གོམས་གྱུར་པས། །མི་བསྐྱོད་གྱུར་གང་དེ་ནི་ངོ་མཚར་མེད། །ཅེས་བྱ་བ་ལ། ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བའི་ གཞུང་འདི་བཀླགས་ཤིང་བལྟས་ན་བསྡུས་པ་ཞེས་བྱ་བའི་སྨན་དཔྱད་ཀྱི་བསྟན་བཅོས་ཀྱི་དོན་རྟོགས་ཤིང་ཤེས་པར་ནུས་པ་དང་། དེ་བཞིན་དུ་རང་གི་གོམས་པའི་ལས་དེ་ཡང་དང་ཡང་དུ་བསྟན་ཞིང་ཉམས་སུ་བླངས་པར་གྱུར་པའི་ལས་ལ་སྨན་པ་འདི་ལ་མ་བརྟེན་པ་གཞན་དག་གིས་བསྐྱོད་པར་མི་ནུས་ཤིང་། ཐེ་ཚོམ་གྱིས་སུན་འབྱིན་ཞིང་རྒོལ་བས་ཚར་བཅད་པར་མི་ནུས་སོ་ཞེས་བྱ་བའི་དོན་ཡིན་ལ། གལ་ཏེ་སྨན་དཔྱད་ཀྱི་རྒྱུད་རྒྱ་ཆེན་པོ་གཞན་དག་ལས་དཀའ་བ་ཆེན་པོས་བསླབས་ཏེ་བྱང་བར་གྱུར་ནས། ལས་ལ་གླགས་མི་ཐོད་ཅིང་མི་བསྐྱོད་པར་གྱུར་པ་ཡོད་མོད་ཀྱི། དེ་ལྟ་བུ་གང་ཡིན་པ་དེ་ནི་ 202-1-302b འབད་པ་ཆེན་པོ་ལས་བྱུང་བ་ཡིན་པའི་འབྲས་བུ་ཡིན་པས་ངོ་མཚར་མི་ཆེའི། འདི་ནི་ཚེགས་ཆུང་ངུས་གོམས་པ་ཆེན་པོ་ཐོབ་པ་ཡིན་པས་ངོ་མཚར་ཆེའོ། །གལ་ཏེ་ཙ་ར་ཀས་ནི་བསླབས་གྱུར་དེས་ནི་ལེགས་ཐོས་སོགས། །ལས་བཤད་ནད་ཀྱི་མིང་ཙམ་ཡང་ནི་ཤེས་པར་འགྱུར་མ་ཡིན། །ཙ་ར་ཀ་ ལ་མ་བསླབས་གསོ་བ་དག་ནི་མ་གོམས་པའི། །ཉོན་མོངས་དེས་ནི་ནད་པ་རྣམས་ཀྱི་གསོ་བ་ཇི་ལྟར་བྱ། །ཞེས་བྱ་བ་ལ། གལ་ཏེ་སྨན་པ་ཙ་ར་ཀ་འབའ་ཞིག་བསླབས་ཤིང་བྱང་བར་བྱས་པར་གྱུར་པ་དེས་ནི་དྲང་སྲོང་ལེགས་ཐོས་ཀྱིས་བྱས་པ་ལ་སོགས་པའི་གཞུང་ལས་བཤད་པའི་ནད་ཀྱི་ཚོགས་ནད་ ཕྲན་ཚེགས་དང་། མགོ་བོའི་ནད་དང་། མིག་གི་འབྲས་བུ་དཀར་ནག་དང་། རབ་རིབ་ཀྱི་ནད་དང་། རྣ་བ་དང་། སྣའི་ནད་རྣམས་ཀྱི་མིང་གི་ཐ་སྙད་ཙམ་ཡང་ཤེས་པར་འགྱུར་བ་མ་ཡིན་ཞིང་། དེ་ཡང་ཕྱི་རོལ་དུ་གྱུར་པ་མ་ཡིན་ནོ། །ཡང་ཞེས་བྱ་བའི་སྒྲས་ནི་དེའི་ནད་གཞི་དང་མཚན་ཉིད་དང་གསོ་བ་དག་མི་ ཤེས་པ་དག་སྨོས་ཀྱང་ཅི་དགོས་སོ་ཞེས་སྟོན་པ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ལ་ནི་ཕྱོགས་གཉིས་པ་སྟོན་པའི་ཕྱིར་སྨོས་པ་ཡིན་ཏེ། གལ་ཏེ་ཙ་ར་ཀ་ཞེས་བྱ་བས་གཞུང་ལ་མ་བསླབས་ཤིང་ཤེས་པར་མ་གྱུར་གྱི། ལེགས་ཐོས་ཀྱིས་བཤད་པ་ལ་སོགས་པའི་གཞུང་འབའ་ཞིག་ཙམ་བསླབས་ པར་གྱུར་ན་ནི། ནད་གཞི་དང་ལུས་ཟུངས་ལ་སོགས་པ་གནོད་པར་བྱ་བ་དང་། ཡུལ་དང་། དུས་དང་། ལུས་དང་། ཁ་ཟས་དང་། སྙིང་སྟོབས་དང་། རང་བཞིན་ལ་སོགས་པ་དང་འབྲེལ་པའི་གསོ་བའི་བྱ་བ་ལ་མ་གོམས་ཤིང་མི་ཤེས་པ་ཡིན་པས། དེའི་ཕྱིར་ཉོན་མོངས་པའི་ཤེས་པ་དང་མི་ ལྡན་པའི་སྨན་པ་ངན་པ་དེས་ནད་ཀྱིས་གཟིར་བའི་ནད་རྣམས་ལ་གསོ་བ་ཇི་ལྟར་བྱ་སྟེ། དེ་ལྟ་བུས་ཀྱང་ནད་བསལ་བའི་བྱ་བ་ཅི་ཡང་བྱ་བར་མི་ནུས་ཏེ། གསོ་བའི་བྱ་བ་ལ་མ་བསླབས་པའི་ཕྱིར་རོ། །ཡན་ལག་བརྒྱད་པའི་སྙིང་པོའི་སྙིང་པོ་འདིར་ནི་དེ་གཉིས་ཀའི་དོན་སྟོན་པ་ཡིན་པས་འདི་ལ་ བསླབས་པས་ནི་ངེས་པར་ནད་གསོ་བར་ནུས་པ་ཡིན་ནོ། །མངོན་པར་ཞེན་པའི་དབང་གིས་ལེགས་པར་བཤད་པར་གྱུར་པ་འང་། །ཤིན་ཏུ་རྨོངས་པས་མངོན་པར་སྤྱད་པར་མི་བྱེད་གང་ཡིན་དེ། །དེ་ནི་དང་པོར་སྨན་དཔྱད་བསྟན་བཅོས་སྐྱོན་མེད་བཀླགས་གྱུར་ཞིང་། །སྐྱེས་བུའི་ཚེ་ཡིས་ཇི་སྲིད་ཐུབ་ཀྱི་ 202-1-303a བར་དུ་བསླབ་པར་བྱེད། །ཅེས་བྱ་བ་ལ། རང་གི་བློའི་སྟོབས་ལ་སོགས་པའི་ཚུལ་གྱིས་བསྒྲུབ་པར་མི་ནུས་པའི་དངོས་པོ་རང་གི་ཡུལ་མ་ཡིན་པ་དག་ལ་ཕྱོགས་འཛིན་པར་བྱེད་པ་ནི་མངོན་པར་ཞེན་པ་ཞེས་བྱ་སྟེ། དེའི་དབང་ནི་ནུས་པ་སྟེ། མངོན་པར་ཞེན་པ་དེ་ལྟ་བུའི་ དབང་དེ་ལས་ལེགས་པར་བཤད་ཅིང་བསྟན་པའི་སྨན་དཔྱད་ཀྱི་རྒྱུད་ལས་ཤིན་ཏུ་རྨོངས་ཤིང་ཡོན་ཏན་དང་། སྐྱོན་གྱི་བྱེ་བྲག་མི་ཤེས་པས་མངོན་པར་མི་བརྩོན་ཞིང་ཀློག་པ་དང་རྟོགས་པར་བྱ་བའི་ཕྱིར་བརྩོན་པར་མི་བྱེད་པ་དེ་དག་ནི་ངེས་པར་རྨོངས་པར་གྱུར་པས་དང་པོ་སྨན་དཔྱད་ཀྱི་བསྟན་བཅོས་ ཚངས་པས་བཤད་ལ། ཤོླ་ཀ་འབུམ་ཡོད་པའི་གཞུང་ལ་སྐྱོ་བ་མེད་པར་བསླབ་ཅིང་སྐྱེས་བུའི་ཚེ་ཇི་སྲིད་ཐུབ་པའི་ཚད་ལོ་བརྒྱའི་བར་དུ་བཀླགས་ཤིང་སློབ་པས་མངོན་པར་ཞེན་པ་མི་འདོར་བ་དེ་ཡང་རྨོངས་པ་ཞེས་བྱའོ། །རླུང་དང་མཁྲིས་པ་བད་ཀན་ཞི་བྱའི་ཕྱིར། །ཏིལ་མར་མར་སར་སྦྲང་ རྩི་རིམ་བཞིན་བསྟེན། །དེ་ལྟར་ཚངས་པའམ་ཚངས་པའི་བུ་ཡིས་བཤད། །ཚིག་གི་དབྱེ་བས་བཤད་ཀྱང་ཁྱད་འཕགས་མེད། །སྟོན་པ་པོ་ཡི་དབང་གིས་ནི། །སྨན་གྱི་ནུས་པ་ཁྱད་འཕགས་ཡིན། །དེ་བས་ཕྲག་དོག་སྤངས་ནས་ནི། །བར་མ་ཉིད་ལ་བསྟེན་པར་བྱ། །ཞེས་བྱ་བ་ལ། གལ་ཏེ་གཞན་དག་འདི་སྐད་ཅེས་སྨྲ་བ་པོའི་ཁྱད་པར་ལས་རྫས་ཀྱི་ནུས་པ་ཡང་ཕུལ་དུ་བྱུང་བར་འགྱུར་རོ། །ཞེས་རྒོལ་ན། དེ་ནི་དེ་ལྟར་མ་ཡིན་ཏེ། གང་གི་ཕྱིར་རླུང་གི་ནད་ལ་ནི་ཏིལ་མར་ཕན་ལ། མཁྲིས་པའི་ནད་ལ་ནི་མར་སར་ཕན་ཞིང་། བད་ཀན་གྱི་ནད་ལ་ནི་སྦྲང་རྩི་ཕན་ལ། དེ་ལྟར་ རིམ་བཞིན་ཕན་པར་འགྱུར་རོ་ཞེས་བྱ་བ་དེ་ལྟར་ཚངས་པས་བཤད་པའམ། ཚངས་པའི་བུ་ས་མ་ཀུ་མཱ་རས་བཤད་པའམ། འམ་ཞེས་པའི་སྒྲས་ནི་ཁོ་བོ་ཅག་ལ་སོགས་པས་བཤད་དུ་ཟིན་ཀྱང་། དེ་ནི་དེ་དག་ཉིད་ལ་གཅིག་ནས་གཅིག་ཏུ་ལུང་བརྒྱུད་པ་ཡིན་གྱི། སྔགས་མེད་པར་ཚིག་གི་ སྒྲས་བསྟན་པའི་ཁྱད་པར་ནུས་པའི་ཁྱད་པར་དུ་གྱུར་པ་ཡང་མ་ཡིན་ཏེ། སྨྲ་བ་པོའི་ཁྱད་པར་ལས་སྨན་གྱི་ཁྱད་པར་དུ་འཕགས་པ་མ་ཡིན་པས། དེའི་ཕྱིར་གནས་པ་མ་ཡིན་པ་ལ་ཕྲག་དོག་བྱེད་པ་དེ་སྤངས་ཤིང་བོར་ནས་ཕྱོགས་སུ་མ་ལྷུང་བའི་ལམ་བར་མ་ཉིད་ལ་བློས་བསྟེན་ཞིང་གནས་པར་བྱ་ཞིང་། 202-1-303b རང་ཉིད་དུས་དང་བློ་དང་འཚམ་པའི་བསྟན་བཅོས་གང་ཡིན་པ་ཡང་ཤེས་པར་བྱ་ཞིང་། འདི་ནི་དགོས་པ་མེད་པ་ཡིན་ནོ་ཞེས་བརྟགས་ཤིང་ཤེས་པར་བྱའི། གནས་མ་ཡིན་པ་ལ་མངོན་པར་ཞེན་པར་མི་བྱའོ། །དྲང་སྲོང་གིས་བཤད་ཕྱིར་དགའ་ན། །ལེགས་ཐོས་ཙ་ར་ཀར་མ་ཟད། །ལུག་ སོགས་ཀྱིས་བྱས་ཅིས་མི་སློབ། །དེ་བས་ལེགས་བཤད་གཟུང་བར་བྱ། །ཞེས་བྱ་བ་ལ། གལ་ཏེ་ཁྱོད་འདི་སྐད་དུ་ཁོ་བོ་ནི་དྲང་སྲོང་གིས་བཤད་པའི་སྨན་དཔྱད་ཀྱི་རྒྱུད་ལ་དགའ་ཞིང་དང་བས་དེ་ཉིད་ལ་སློབ་པར་བྱེད། ཁྱོད་ཀྱི་རྒྱུད་འདི་ལ་སློབ་པར་མི་བྱེད་དོ་ཞེས་ཟེར་ན། དེ་ལྟར་ནི་ཙ་ར་ཀ་ དང་ལེགས་ཐོས་ཞེས་བྱ་བའི་གཞུང་དེ་དག་འབའ་ཞིག་ཏུ་མ་ཟད་ཀྱི། དྲང་སྲོང་ལུག་ལ་སོགས་པས་བཤད་པའི་ལུང་གི་གཙུག་ལག་རྣམས་ལ་ཁྱོད་ཀྱིས་ཅིའི་ཕྱིར་སློབ་པར་མི་བྱེད། དྲང་སྲོང་གིས་བྱས་པ་ཀུན་ལ་སློབ་པར་རིགས་ན་ལེགས་པར་བཤད་པ་ལ་དགའ་བའི་ཕྱིར་སྨན་པ་ཐམས་ཅད་ ཀྱང་ཙ་ར་ཀ་དང་ལེགས་ཐོས་ལ་མང་དུ་སློབ་པར་བྱེད་ཀྱི། དྲང་སྲོང་ལུག་ལ་སོགས་པས་བཤད་པའི་ལུང་གཙུག་ལག་ཡོད་དུ་ཟིན་ཀྱང་སློབ་པར་མི་བྱེད་དོ། །དེ་བས་ལེགས་པར་བཤད་པའི་ཚིག་གི་སྡེབ་སྦྱོར་དང་ལྡན་པ་ལ་དགའ་ན་ཡང་ཁོ་བོས་བཤད་པ་འདི་ཉིད་གཟུང་ཞིང་བསླབ་པར་བྱའོ། ། ཞེས་བྱ་བའི་དོན་ཏོ། །འདི་ནི་ཚེ་ཡི་རིག་བྱེད་རྒྱ་མཚོ་ཡི། །སྙིང་པོ་ལས་ནི་སྙིང་པོ་བླངས་ནས་སུ། །རྣམ་པར་སྦྱར་ལས་དགེ་བ་གང་ཐོབ་པ། །དེ་ཡིས་འགྲོ་བས་དེ་ཉིད་མཐོང་བར་ཤོག །ཅེས་བྱ་བ་ལ། ཚིག་འདིས་ནི་གཞུང་རྩོམ་པར་བྱེད་པས་དེ་ཡན་ཆད་གསོ་བའི་བསྟན་བཅོས་རྫོགས་པར་བྱས་ནས། དགེ་བའི་རྩ་བ་བསྔོ་བར་བྱ་བའི་ཕྱིར་སྨོས་པ་ཡིན་ཏེ། ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བའི་རྒྱུད་འདི་ནི་སྙིང་པོ་དང་འདྲ་བ་ཡིན་ལ། གཞུང་གི་དོན་ཚིག་ཏུ་རྣམ་པར་སྦྱར་བའོ། །གང་གིས་ཤེ་ན། ཚེའི་རིག་བྱེད་ཀྱི་ཚིག་གི་ཚོགས་རྒྱ་མཚོ་ལྟར་ཟབ་ཅིང་རྒྱ་ཆེ་བའི་སྙིང་པོར་གྱུར་པ་ཡིན་ཏེ། དེ་ཡང་སྙིང་ པོ་ཞེས་བྱ་བ་ནི་ཇི་ལྟར་འགྲོ་བ་རྣམས་ཀྱི་སྙིང་ནི་ལུས་ཀྱི་ཕྱོགས་གཅིག་ན་གནས་སུ་ཟིན་ཀྱང་ལུས་ཀྱི་ཚོགས་ཐམས་ཅད་ལ་ཁྱབ་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ཡན་ལག་བརྒྱད་པ་འདིས་ཡན་ལག་བརྒྱད་དང་ལྡན་པའི་ཚེའི་རིག་བྱེད་ཐམས་ཅད་ཁྱབ་པར་བྱེད་དེ། གནས་པས་སྙིང་པོ་དང་ཆོས་མཐུན་ 202-1-304a པའི་ཕྱིར་སྙིང་པོ་ཞེས་བྱ་ལ། དེ་ལྟ་བུའི་སྙིང་པོ་ཞེས་བྱ་བའི་དོན་གྱི་མདོ་བླངས་ཤིང་བཏུས་ནས། གཞུང་གི་དོན་ཚིག་ཏུ་རྣམ་པར་སྦྱར་ཞིང་བསྡེབས་པ་དེ་ལས་དགེ་བའི་རྩ་བ་དེ་དམ་པའི་རྒྱུར་གྱུར་པ་གང་ཞིག་ཐོབ་ཅིང་རྙེད་པར་གྱུར་པའི་དགེ་བའི་རྩ་བ་དམ་པ་དེས་འགྲོ་བ་ལྔ་པོས་ བསྡུས་པའི་འཇིག་རྟེན་འདི་དག་ཐམས་ཅད་བདེ་བ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་དེ་ཁོ་ན་ཉིད་ཀྱི་དོན་མཐོང་བ་ཞེས་བྱ་བའི་བདེ་བའི་དམ་པ་དང་ལྡན་པར་གྱུར་ཅིག་ཅེས་བྱ་བ་རྗེས་སུ་བསྔོས་པ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས་ཕྱི་མའི་གནས་ཀྱི་ལེའུ་བཞི་བཅུ་པའི་རྣམ་པར་འགྲེལ་པའོ།། །།དཔལ་ལྡན་ཕ་ཁོལ་སྨན་པའི་མཆོག །ཚེ་ཡི་རིག་བྱེད་ཕ་རོལ་ཕྱིན། །དྲི་མེད་ཤེས་པ་ལྡན་གྱུར་པ། །དེ་ཡི་གཞུང་བཤད་བདག་གིས་བྱས། །འགྲེལ་པ་དོན་མཐུན་མིང་བཏགས་ པ། །གསལ་ཞིང་མདོར་ནི་བསྡུས་པ་ཡི། །ཚིག་དོན་ཟླ་ཟེར་ཞེས་བྱ་དེ། །སློབ་མ་རྟག་ཏུ་དགའ་ཕྱིར་དང་། །གང་འདིར་ཅུང་ཟད་མ་སྨྲས་པའམ། །ལེགས་བཤད་གང་ཡིན་དེ་དག་ཀུན། །བདག་གིས་རྟོགས་ཉེས་ལས་གྱུར་གྱི། །བདག་གི་བླ་མས་ཉེས་མ་ཡིན། ། བདག་གི་མེས་པོར་གྱུར་པ་ནི། །དཔལ་ཆེན་དགའ་བ་ཞེས་གྲགས་ཡིན། །དེང་སང་ན་ཡང་མཁས་པ་རྣམས། །གྲགས་པའི་དྲི་མེད་སྒྲོགས་པར་བྱེད། །དེ་ཡི་བུར་གྱུར་ཆགས་ལ་དགའ། །དེ་བུ་ཟླ་བ་ལ་དགའ་དག །སློབ་དཔོན་བློ་གྲོས་ཆེན་པོ་ནི། །རྒྱུན་ཤེས་དོན་ ལྡན་མིང་བཏགས་པ། །དོན་དམ་ཞེས་བྱ་སྨན་པའི་མཆོག །ཁ་ཆེའི་ཡུལ་དུ་སྐྱེས་པ་ཡིན། །རྒྱལ་པོ་དཔལ་ལྡན་ཐ་ག་ན། །དཔའ་བ་ལ་སོགས་ཡོན་ཏན་ལྡན། །ས་སྟེང་དགྲ་ལས་རྒྱལ་བ་ཡི། །ས་བདག་ཀུན་ཏུ་རྒྱལ་གྱུར་ཅིག །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། ཆགས་པ་ལ་དགའ་བའི་བུ་སློབ་དཔོན་ཟླ་བ་ལ་དགའ་བ་ཞེས་བྱ་བ་ཚེའི་རིག་བྱེད་ཀྱི་བསྟན་བཅོས་མཐའ་དག་ལ་མཁས་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛ་རན་དྷ་ར་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། 202-1-304b 203-1-1a