26-1-1a 26-1-1b ༄༅༅། །རྒྱ་གར་སྐད་དུ། ཤྲཱི་བཛྲཱ་མྲྀ་ཏ་པཉྩི་ཀཱ། བོད་སྐད་དུ། དཔལ་རྡོ་རྗེ་བདུད་རྩིའི་དཀའ་འགྲེལ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གང་གི་དངོས་པོ་མཐའ་ དག་རྣམ་བཅོམ་དྲི་མེད་ཡེ་ཤེས་དར་བ་འཁྲུག་མེད་པ། ཐབས་དང་ཤེས་རབ་ཐུགས་རྗེ་ཆེན་པོ་རོ་མཉམ་ཕྱིར་གཅིག་གཉིས་སུ་གསལ་བ་དེ། །མཱ་མ་ཀཱི་ལ་སོགས་པའི་སྤྱན་ཟུར་རྐང་དྲུག་ཚོགས་ཀྱིས་ བལྟས་ན་ཆུ་སྐྱེས་ཞལ། །དེ་ལ་བཏུད་ནས་མཆོག་ཏུ་བདེ་བ་རྒྱལ་བའི་རང་བཞིན་རྡོ་རྗེ་བདུད་རྩི་བྲི། །རང་ཉིད་ལ་སྣང་རྒྱུད་ཀྱི་དོན། །ངེས་པར་གསང་བ་གསང་སེམས་པའི། །བདག་གཞན་རྣམས་ཀྱིས་ དྲན་པའི་ཕྱིར། །རྣམ་པར་འགྲེལ་པ་གསལ་བར་བྱ། །རྒྱུད་འདི་ལ་བཅོམ་ལྡན་འདས་མི་བསྐྱོད་པ་མཱ་མ་ཀཱི་ལ་སོགས་པའི་འཁོར་གྱིས་ཡོངས་སུ་བསྐོར་བ་ནི་བརྗོད་པར་བྱ་བའོ། །རྒྱུད་ཀྱང་རྗོད་པར་ བྱེད་པའོ། །དགོས་པ་ཡང་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་བྱེད་པས་སྐྱེ་བོ་རྣམས་ཀྱི་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ཉེས་པ་ངེས་པར་འཇོམས་པར་བྱེད་པ་ཞེས་བྱའོ། །དེ་ལ་ཡང་ 26-1-2a བདེ་བ་ཆེན་པོའི་ཏིང་ངེ་འཛིན་ཐོབ་པ་ལས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་བསམ་སྟེ་ཚེགས་མེད་པར་སྐྱེ་བོ་མ་རྒྱལ་བ་ལས་རྒྱལ་བར་འགྱུར་ཏེ་རྫོགས་པའི་སངས་རྒྱས་རྒྱུན་དུ་སེམས་ཅན་གྱི་དོན་བྱེད་དོ་ཞེས་པ་ དགོས་པའི་ཡང་དགོས་པའོ། །དེ་དག་ཀྱང་གདོན་མི་ཟ་བར་བརྗོད་པར་བྱ་བ་སྟེ། ཆོས་གྱི་རྗེས་སུ་འབྲང་བའི་གང་ཟག་སྒྲུབ་པར་བྱེད་པ་ལ་ཕན་པར་བྱེད་པའི་ཕྱིར་རོ། །འོ་ན་སེམས་ཅན་རྣམས་ཀྱིས་རྫོགས་པའི་བྱང་ཆུབ་ཐོབ་པའི་དོན་དུ་ ཅིའི་ཕྱིར་འདི་ལས་ཐབས་གཞན་པའི་ཏིང་ངེ་འཛིན་བཅོམ་ལྡན་འདས་ཀྱིས་རབ་ཏུ་བསྟན་པ་མ་ཡིན་ནམ། འདིར་འཇིག་རྟེན་ལས་འགལ་བ་བསྟན་ཞེ་ན། གང་གི་ཕྱིར་འཇིག་རྟེན་ཐོག་མ་མེད་པའི་དུས་སུ་གོམས་པ་འདོད་ཆགས་ལ་ སོགས་པའི་ཉོན་མོངས་པ་མཐའ་དག་གི་དྲ་བས་འཁྲུགས་པ་ཡིད་ཆགས་པ་ལ་སོགས་པ་དང་བྲལ་བས་ན་ཅུང་ཟད་ཀྱང་གནས་པར་མི་ནུས་སོ། །དེའི་ཕྱིར་དེ་ཁོ་ན་རྫོགས་པའི་བྱང་ཆུབ་ཐོབ་པའི་ཆེད་དུ་རྒྱུ་ཉིད་དུ་ཉེ་བར་བླང་བར་བྱ་སྟེ་ཡིད་ སྔགས་དང་ཕྱག་རྒྱ་དང་ཡེ་ཤེས་སེམས་དཔའ་དགུག་པ་དང་ལྷན་ཅིག་པས་བྱང་ཆུབ་ཐོབ་པར་བྱ་བ་ལས་ནུས་པ་ཤིན་ཏུ་སྐྱེ་བར་འགྱུར་རོ། །གཞན་ཡང་འདོད་ཆགས་དང་འདོད་ཆགས་ཅན་འཆིང་བ་དང་བཅིང་བྱ་དག་དོན་དམ་པར་ཡོངས་ 26-1-2b སུ་གྲུབ་པ་མེད་དེ། རིགས་པས་རྣམ་པར་དཔྱོད་བཞིན་པ་ན་བརྫུན་པ་ཉིད་དོ། །དེ་བཞིན་དུ་ཡང་གསུངས་པ། གང་ཞིག་ཆགས་པ་དང་གང་ལ་ཆགས་པའམ་གང་གིས་ཆགས་པ་དེ་དང་དེའི་ཆོས་སུ་ཉེ་བར་དམིགས་པར་མི་བྱ་སྟེ། ཉེ་བར་དམིགས་པའི་ཡིད་ལ་འདོད་ཆགས་ཀྱི་སྐྱོན་མེད་དོ་ཞེས་པ་ལ སོགས་པའོ། །བསྐྱེད་པར་བྱ་བ་དང་ཉམས་པར་བྱ་བ་མེད་དེ། འདོད་ཆགས་མེད་པ་ཁོ་ནའི་སེམས་ལ་ཀུན་ནས་ཉོན་མོངས་པར་བྱ་བ་ནས་ཡང་སྐྱེ་བ་མེད་དོ། །གང་ཡང་བདག་ཏུ་ཉེ་བར་དམིགས་པ་ཞེན་པའི་ལྟ་བ་པོ། །དེ་རྣམས་ཆགས་པས་ངན་སོང་དུ་ནི་ལྟུང་བར་འགྱུར། །གང་རྣམས་འདོད་ཆགས་ ཆོས་ཀྱང་སངས་རྒྱས་ཆོས་རྣམས་ཏེ། །དེ་རྣམས་ཀྱིས་ནི་ཁྱད་པར་ཅི་ཡང་ཡོད་པ་མིན། །ཡི་གེ་གཅིག་པ་ཚུལ་གཅིག་མཚན་ཉིད་མེད་པ་སྟེ། །དེ་བཞིན་སྐྱེ་དགུ་མེད་ཅིང་བདེ་གཤེགས་ཉིད་མཆོད་མེད། །ཚུལ་ཁྲིམས་འཆལ་དང་ཚུལ་ཁྲིམས་རྣམ་པར་བརྟགས་ནས་ནི། །གང་ཞིག་ཚུལ་ ཁྲིམས་རློམ་པས་མྱོས་པས་བསམ་པ་སྟེ། །དེ་ཡི་བྱང་ཆུབ་མེད་ཅིང་སངས་རྒྱས་ཆོས་ཀྱང་མེད། །གང་ཕྱིར་དེ་ཡི་དམིགས་པའི་ལྟ་བར་རབ་གནས་ཕྱིར། །ཞེས་སོ། །སླར་ཡང་གསུངས་པ། འདོད་ཆགས་མེད་ཅིང་ཆགས་བྲལ་མེད། །དབུ་མ་ཉེ་བར་མི་དམིགས་སོ། །ཞེས་པ་ལ་ སོགས་པའོ། །འདིར་བཅོམ་ལྡན་འདས་མི་བསྐྱོད་པ་ནི་སྟོན་པ་པོའོ། །མཱ་མ་ཀཱི་ནི་ཞུ་བ་པོ་སྟེ་རྒྱུད་ཀྱི་སྡུད་པར་བྱེད་པ་པོ་དེ་ཉིད་དོ། །ཞི་བ་མ་ལ་སོགས་པའི་ལྷ་མོ་སྒོ་སྐྱོང་གི་མཐར་ཐུག་པ་ནི་འཁོར་ལོ། །འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་རྒྱུད་ཀྱི་སྐབས་འབྱེད་དོ། །འདི་སྐད་ ནི་འཆད་པར་འགྱུར་བ་ཅན་རྡོ་རྗེ་བདུད་རྩིའི་རྒྱུད་དོ། །བདག་གིས་ཐོས་པ་ཉིད་དེ་ཤེས་སོ་ཞེས་པའི་དོན་ཏོ། །དུས་གཅིག་ན་ནི་དུས་གཅིག་གི་ཚེ་ན་སྟེ། གང་གི་ཚེ་བཅོམ་ལྡན་འདས་མི་བསྐྱོད་པ་གསང་བའི་པདྨ་རྣམས་སུ་བཞུགས་པ་དེའི་ཚེ་ཐོས་སོ། །བཅོམ་ལྡན་ཞེས་པ་བདུད་བཞི་བཅོམ་ པ་དང་ལྡན་པས་བཅོམ་ལྡན་ནོ། །ཡང་ན་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །གསང་བའི་པདྨ་རྣམས་སུ་རྟག་ཏུ་གནས་དང་ལྡན་ནོ་ཞེས་པའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་རྣམས་ཀྱི་སྐུ་དང་གསུང་དང་ 26-1-3a ཐུགས་རྣམས་དེ་རྣམས་ཁོ་ན་རྡོ་རྗེའི་སྙིང་པོའོ། །རྡོ་རྗེ་བདུད་རྩིའི་གསང་བའི་ནི་མཱ་མ་ཀཱི་ལ་སོགས་པའི་ལྷ་མོའོ། །དེ་རྣམས་ཀྱི་པདྨ་ནི་བྷ་གའི་དབུས་སུ་ལྷག་པའི་གནས་རྣམས་སུ་བཞུགས་པ་ནི་ཡང་དག་པར་གནས་པ་དང་ལྡན་ནོ་ཞེས་པའི་དོན་ཏོ། །དོན་ནི་འདི་ཡིན་ཏེ་ མཱ་མ་ཀཱི་ལ་སོགས་པའི་ལྷ་མོ་དེ་རྣམས་ཀྱི་བྷ་གའི་དབུས་རྣམས་སུ་བཅོམ་ལྡན་འདས་འཁོར་དང་མཆོག་ཏུ་བདེ་བའི་དགའ་བ་དམ་པ་པོར་མཉམ་པའི་ངོ་བོ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་བདུད་རྩིའི་གཟུགས་ཀྱིས་ཡང་དག་པར་གནས་སོ། །དེ་བཞིན་དུ་ལྷའི་རྣལ་འབྱོར་མངོན་དུ་བྱེད་པར་འདོད་པའི་རྣལ་ འབྱོར་གྱིས་ཀྱང་གོས་པར་བྱའོ་ཞེས་པའོ། །རོལ་ཞེས་པ་ལ་སོགས་པ་ནི་མཱ་མ་ཀཱི་དང་ལྷན་ཅིག་ཏུ་སྙོམས་པར་ཞུགས་པ་དང་ལྡན་པ་འགྱུར་ནས་ཞི་བ་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་ལྷན་ཅིག་རོལ་པར་བྱེད་དོ། །ཁང་པ་ཞེས་པ་དཀྱིལ་འཁོར་དུ་སྟེ། འདི་དག་གསུངས་པར་འགྱུར་བ། མཱ་ མ་ཀཱི་ལ་སོགས་པའི་ཆོས་འབྱུང་དུ་གྲྭ་བཞི་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་དཀྱིལ་འཁོར་དུའོ། །དེའི་སྟེང་དུ་ཡོངས་སུ་བརྟགས་པའི་པདྨ་འདབ་མ་བརྒྱད་པ་ལ་འདབ་མ་སོ་སོ་ལ་ཡང་དག་པར་གནས་པའི་ལྷ་མོ་བརྒྱད་ནི་ཞི་བ་མ་ལ་སོགས་པའི་མིང་ཅན་རྣམས་སོ། །སྒོ་རུ་ཁྲོ་ གཉེར་མ་ལ་སོགས་པའི་སྒོ་སྐྱོང་མ་རྣམས་སོ། །གྲྭ་རྣམས་སུ་མེ་ཏོག་མ་ལ་སོགས་པའི་ལྷ་མོ་རྣམས་སོ། །སྣམ་བུ་ལ་གླིང་བུ་མ་ལ་སོགས་པའི་ལྷ་མོ་རྣམས་ཏེ། ཐམས་ཅད་རང་གི་མཚན་མ་འཛིན་པ་ཡང་དག་པར་གཞག་པར་བྱའོ། །བཅོམ་ལྡན་འདས་མི་བསྐྱོད་པ་ཡང་མཱ་མ་ཀཱི་ལ་ སྙོམས་པར་ཞུགས་པ་དང་ལྡན་པས་པདྨའི་སྙིང་པོ་ལ་བཞུགས་སོ་ཞེས་པའོ། །ད་ནི་བཅོམ་ལྡན་འདས་བཙུན་མོའི་འཁོར་གྱི་དབུས་སུ་ལྷག་པའི་གདན་ལ་ཤིན་ཏུ་དགའ་བའི་རོས་ཡང་དག་པར་མཉེས་ནས་མཱ་མ་ཀཱིས་འདོད་ཆགས་ལ་སོགས་པ་ལ་ཀུན་ནས་ཞེན་པའི་སེམས་ཅན་གྱི་ཁམས་ཡོངས་ སུ་མགུ་བར་བྱེད་པའི་དོན་དུ་གསོལ་བ་བཏབ་པོ། །ལྷ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་བདུད་རྩིའི་རྒྱུད་ཅེས་པ་ནི་རྒྱུད་བླ་མ་སྟོང་ཕྲག་བཅུ་གཉིས་པ་ནི་རྒྱས་པ་ལ་དགའ་བའི་སེམས་ཅན་གྱི་དོན་བྱེད་པའི་ཐབས་སོ། །ད་ནི་བསྡུས་པ་ལ་དགའ་བ་ལ་སོ་སོར་བཀའ་སྩལ་ཏོ། །བདུད་ 26-1-3b རྩི་ཞེས་པ་བྱང་ཆུབ་ཀྱི་སེམས་ཏེ། འཆི་བའི་ཆོས་དེ་འབྲལ་བའི་བདག་ཉིད་བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་བྱེད་པས་རྒྱུའི་གཙོ་བོ་དེ་ཁོ་ནའོ། །གང་གི་ཕྱིར་སེམས་ཙམ་གྱི་བདག་ཉིད་དུ་སྣང་བའོ། །ཕུང་པོར་གྱུར་པ་ཁམས་གསུམ་པ་ཅན་ལ་གཉིས་སུ་མེད་པར་གྱུར་པ། ཕྱི་དང་ནང་གི་རྣམ་པར་ རྟོག་པའི་དྲི་མའི་དྲ་བ་མ་ལུས་པ་ངེས་པར་བསལ་བར་བལྟས་ནས། དེའི་མཐར་བདེ་བ་ཆེན་པོའི་ཡེ་ཤེས་རོ་མཉམ་པ་ཅན་དུ་གྱུར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞི་ནས་བཅུ་གསུམ་པ་ཆོས་འབྱུང་ལ། ནམ་མཁའ་ལྔའི་པདྨ་འདབ་མ་བརྒྱད་པའི་དབུས་སུ་ཡེ་ཤེས་བདུད་རྩིའི་རྒྱུན་རྒྱས་ པར་འཕྲོ་བར་བྱེད་པའི་བུམ་པ་དང་ལྡན་པ་ནམ་མཁའི་མཐིལ་ཁྱབ་པར་གྱུར་པ་ལ། བྷྲཱུཾ་གྱི་ཡི་གེ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཁང་པ་བརྩེགས་པ་གྲུ་བཞི་པ་ལ་སོགས་པའི་དཀྱིལ་འཁོར་བརྒྱན་པར་ཟླ་བའི་དཀྱིལ་འཁོར་དང་རྡོ་རྗེ་ལས་ཡེ་ཤེས་སེམས་དཔའ་བསྒོམ་ པར་བྱས་ནས་འཆད་པར་འགྱུར་བའི་བསྟོད་པ་དང་མཆོད་པས་ཡང་དག་པར་བསྟོད་དེ་ཡང་དག་པར་མཆོད་ནས་བཟོད་པར་གསོལ་ཏེ། དེ་ཁ་ནས་བཅུག་སྟེ་རྡོ་རྗེའི་ལམ་ནས་ངེས་པར་བྱུང་སྟེ་ཟླ་བ་ཞུ་བའི་བདག་ཉིད་དུ་བལྟས་ནས་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མ་ལྷན་ཅིག་བལྟའོ། ། ཕྱི་ནས་རྗེས་སུ་རྣལ་འབྱོར་ནི། དཀྱིལ་འཁོར་གྱི་འཁོར་ལོ་བྱུང་ནས་ལྷག་པའི་བདག་པོའི་བསྙེམས་པ་བྱའོ། །རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་རྡོ་རྗེ་བདུད་རྩི་མཆོག་ཏུ་ཉེ་བར་འབྱུང་བར་ཡང་དག་པར་གོ་བར་བྱེད་དོ། །དེ་གསུངས་པ། སེམས་དང་སེམས་དཔའ་ཏིང་ འཛིན་དང་། །བྱང་ཆུབ་སྤྱོད་པ་ཞེས་པ་ལ་སོགས་པའོ། །སླར་ཡང་གསུངས་པ། དབང་པོ་གཉིས་པོ་སྙོམས་ཞུགས་ནས། །མཁས་པས་རང་གི་ཁུ་བ་ནི། །ཕྱུང་ནས་རྟག་པར་རྣལ་འབྱོར་པས། །དཀྱིལ་འཁོར་དཀྱིལ་འཁོར་རྣམ་པ་རྣམས། །ཞེས་སོ། །འདིའི་ཕྱིར་ཡང་དོན་འདི་རྟོགས་ པར་བྱའོ། །འདི་ཉིད་ཀྱང་རྣལ་འབྱོར་གྱི་རྒྱུད་ལ་སྒྲུབ་པའི་ཐབས་ཀྱི་གཙོ་བོ་ཡིན་གྱིས་གང་ཡང་རུང་བ་ནི་མ་ཡིན་ནོ་ཞེས་པའོ། །གང་གི་ཕྱིར་འདི་ཉིད་དུ་གསུང་བར་འགྱུར་བ། བདུད་རྩི་ཁུ་བ་ཞེས་བརྗོད་དོ། །འགྲོ་བ་གསུམ་པོ་དེ་ལས་སྐྱེས། །སྐུ་གསུང་ཐུགས་ནི་གྲུབ་དོན་དུ། །སྒྲུབ་པོ་རྣམས་ 26-1-4a ཀྱི་བདེ་བ་སྤྱོད། །ཅེས་པ་འདིས་ཀྱང་རྟོགས་པར་བྱའོ། །བསམ་མེད་ཅེས་པ་འདིས་རྡོ་རྗེ་བདུད་རྩིའི་རྒྱུད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ཁྱད་པར་ཡིན་ནོ། །དངོས་པོ་དང་དངོས་པོ་མེད་པའི་དང་གཉིས་ཀར་རྟོག་པའི་དྲི་མའི་དྲ་བ་དང་བྲལ་བ་ནི་བསམ་མེད་དོ། །ཟད་མེད་དང་ཞེས་པ་ རང་གི་རིགས་དང་མཐུན་པའི་བདེ་བའི་ངོ་བོ་བརྒྱུད་པ་སྐྱེད་པ་པོ་ཉིད་ཀྱི་ཕྱིར་དང་རྒྱུད་ཀྱི་རྒྱུན་མ་ཞིག་པ་ཉིད་ཀྱི་ཕྱིར་རོ། །ཕྲ་མོ་ནི་ངག་ཏུ་དཔེར་བརྗོད་པའི་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དོན་ཡོད་དང་ནི་བསྐལ་པ་ཆེན་པོ་གྲངས་མེད་པས་ཐོབ་པར་བྱ་བའི་མངོན་པར་རྫོགས་པར་བྱང་ཆུབ་པ་དེ་ སྐད་ཅིག་ལ་ཡང་དག་པར་རྟོགས་པ་པོ་ཉིད་ཀྱི་ཕྱིར་རོ། །དབང་པོ་ལས་འདས་ནི་མིག་ལ་སོགས་པའི་སྐྱེ་མཆེད་ལས་ཤིན་ཏུ་འདས་པ་ཉིད་ཀྱི་ཕྱིར་རོ། །དམ་པ་ནི་མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔའི་གཙོ་བོ་ཉིད་ཀྱི་ཕྱིར་རོ། །ཞི་བ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཀྱིས་མགོས་པ་ཉིད་ཀྱི་ ཕྱིར་རོ། །ཤིན་ཏུ་རྣམ་དག་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་དག་པའོ། །དབྱེ་བྱ་མིན་པ་འབྱེད་པ་པོ་ཉིད་ཀྱི་ཕྱིར་རྡོ་རྗེའོ། །ཐ་མལ་པའི་ཕུང་པོ་ཡོངས་སུ་སྒྱུར་བར་བྱེད་པའི་རྒྱུ་བཅུད་ཀྱིས་ལེན་གྱི་ངོ་བོ་ཉིད་ཀྱི་ཕྱིར་བདུད་རྩིའོ། །དེ་བཞིན་དུ་འབྱུང་བ་དང་མཆོག་ཏུ་འབྱུང་བའི་ཡོན་ཏན་གྱི་ ཚོགས་ཀྱི་ཁྱད་པར་ལས་དང་བྱང་ཆུབ་ཀྱི་སེམས་ལས་འགྲོ་བ་གསུམ་པོ་ཡང་རབ་ཏུ་སྐྱེས་པ་ནི་ཡང་དག་འབྱུང་ཞེས་པའི་དོན་ཏོ། །འདིས་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཉིད་བཅོམ་ལྡན་འདས་སུ་གསུངས་སོ། །སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་ལ་སོགས་པ་སྟེ། འདིས་རྡོ་རྗེ་བདུད་རྩིས་སྐུ་དང་གསུང་དང་ཐུགས་རྣམས་ནི་བསྒྲུབ་པར་བྱ་བ་སྟེ་བདེ་བ་ཆེན་པོའི་ངོ་བོས་ངེས་པར་བསྐྱེད་པའི་མཐར་ཐུག་པའོ་ཞེས་པའི་དོན་ཏོ། །རྡོ་རྗེ་པདྨ་ཞེས་པ་སྒྲུབ་པར་བྱེད་པ་རང་ཧཱུཾ་ཡིག་ཡོངས་སུ་བརྟགས་པས་རྡོ་རྗེའི་རྣམ་པའོ། །ཏྲྃ་ཡིག་ལས་ཡོངས་སུ་སྐྱེས་པའི་ནོར་བུ་སྣ་ ཚོགས་རྡོ་རྗེའི་སྐ་རགས་ཀྱིས་བརྒྱན་པའོ། །གཏུམ་མོ་ལ་སོགས་པའི་བུ་མོ་མཱ་མ་ཀཱིའི་རྣམ་པར་ཡོངས་སུ་བསྐྱེད་བཞིན་པའི་བྷ་གའི་དབུས་སུ་ཧྲཱིཿཡིག་ཡོངས་སུ་གྱུར་པའི་པདྨ་ལ་བྷྲཱུཾ་ཡིག་བཀོད་དེ། ཁང་པ་བརྩེགས་པ་བསམས་ནས་མཉམ་པར་ཀུན་དུ་སྦྱོར་བ་བྱེད་པ་ཡིན་གྱི། གཞན་དུ་ལྟུང་བ་ 26-1-4b དང་བཅས་པར་འགྱུར་རོ། །ད་ནི་འདིའི་ལྷའི་རྣལ་འབྱོར་མངོན་དུ་བྱེད་པའི་རྒྱུ་མཆོད་པ་དང་དཀྱིལ་འཁོར་ཅི་ལྟ་བུ་ཞེས་སླར་ཡང་ཞུ་བར་བྱེད་པ། གྲུ་གསུམ་ཞེས་པ་ལ་སོགས་པ་སྟེ། གྲུ་གསུམ་ནི་ཆོས་འབྱུང་གི་རྣམ་པ་རྡོ་རྗེ་འཛིན་པའི་སའི་རང་བཞིན་ནོ། །དཀྱིལ་ནི་སྙིང་པོ་སྟེ་བདེ་བ་ཆེན་པོའི་ ཡེ་ཤེས་སོ། །དེ་ལེན་པར་བྱེད་དོ་ཞེས་པ་དཀྱིལ་འཁོར་རོ། །གསང་བ་པདྨ་ཞེས་པ་གསང་བའི་དབུས་སུ་པདྨ་འདིའི་ཞེས་འབྲུ་མང་པོའོ། །གསང་བའི་སྤྱོད་ཡུལ་ཞེས་པ་གསང་བ་སྤྱོད་ཡུལ་ནི་ཡུལ་ཏེ་ཟླ་བའི་དཀྱིལ་འཁོར་དགོད་པས་སོ། །ཕྱི་རོལ་ཞེས་པ་གྲུ་གསུམ་དེའི་དབུས་སུ་པདྨ་འདབ་ མ་བརྒྱད་པ་བཀོད་པའི་ཕྱི་རོལ་དུའོ། །ལོགས་དང་སྒོ་བཞི་ཞེས་པ་ནི་ཉེ་བར་མཚོན་བྱེད་དེ། གཞན་གྲུ་བཞི་དང་རྟ་བབས་བཞི་དང་སྒོ་དང་སྒོ་ཁྱུད་ལ་སོགས་པ་རྟོགས་ནས་རིགས་པ་དང་ལྡན་པར་བླའོ། །ཤར་ལ་སོགས་པའི་སྒོ་རུ་ཁྲོ་གཉེར་ཅན་ལ་སོགས་པའི་སྒོ་སྐྱོང་མ་རྣམས་སོ། །གྲྭ་ རྣམས་སུ་མེ་ཏོག་མ་ལ་སོགས་པ་རྣམས་སོ། །སྣམ་བུ་ལ་གླིང་བུ་མ་ལ་སོགས་པ་རྣམས་སོ། །དེ་ལྟ་བུར་གྱུར་པའི་དཀྱིལ་འཁོར་ཡང་དག་པར་བྲིས་ཏེ། ནམ་མཁའི་མཐིལ་དུ་ཡོངས་སུ་བརྟགས་པའི་སེམས་ཀྱིས་དཀྱིལ་འཁོར་དེ་ལ་བཀུག་ནས་གཉིས་སུ་མེད་པར་བྱས་ཏེ་ཡང་དག་ པར་མཆོད་པ་དེས་དམ་ཚིག་ཕུལ་ནས་དངོས་གྲུབ་ཀྱི་ཕྱིར་གསོལ་བ་བཏབ་སྟེ། སློབ་དཔོན་དང་གཉིས་སུ་མེད་པ་ཅན་དུ་གྱུར་པ་ལྷའི་ང་རྒྱལ་གྱིས་རབ་ཏུ་ཞུགས་ཏེ་གསང་བའི་འཁོར་ལོ་བསྒྲུབ་པར་བྱའོ་ཞེས་པ་འདི་ནི་དཀྱིལ་འཁོར་འདྲི་བར་བྱེད་པའི་རིམ་པའོ། །གསང་བ་ནི་གསུང་ བར་འགྱུར་བར་ཞི་བ་མ་ལ་སོགས་པའི་ལྷ་མོ་རྣམས་སུ་དེ་དང་དེ་སྒྲུབ་པར་བྱེད་པའོ། །མེ་དང་ཆུང་མ་ལ་སོགས་རྣམས་དེའི་གཟུགས་དང་མཚན་མ་སྒོམ་པར་བྱེད་པའི་སྒོ་ནས་དེ་ལ་ལྔ་རྣམས་ནི་གཙོ་བོ་མཱ་མ་ཀཱི་ལ་སོགས་པའི་ལྷ་མོ་རྣམས་ཀྱི་སྦྱོར་བས་མ་ལ་སོགས་པ་ལྔ་བསྒྲུབ་པར་བྱའོ། །མཱ་ མ་ཀཱིའི་རྣལ་འབྱོར་གྱིས་མའོ། །ཞི་བ་མའི་རྣལ་འབྱོར་གྱིས་རང་གི་ཆུང་མའོ། །ཞི་ཞལ་མའི་རྣལ་འབྱོར་གྱིས་བུ་མོའོ། །ཟླ་ལྡན་མའི་རྣལ་འབྱོར་གྱིས་སྲིང་མོའོ། །རི་བོང་ཅན་མའི་རྣལ་འབྱོར་གྱིས་གཉེན་མོའོ། །ད་ནི་མ་དང་སྲིང་མོ་ལ་སོགས་པ་རྣམས་ཀྱི་དེ་མ་ཐག་ཏུ་འདོད་པ་བསྐྱེད་ 26-1-5a པའི་རྒྱུ་གསུངས་པ། བུང་བ་རྩེ་བའི་ཚུལ་གྱིས་ནི། །ཞེས་བྱ་བ་ལ་སོགས་པ་སྟེ། བུང་བ་བཞིན་དུ་ཤིན་ཏུ་དགའ་བ་རྩོམ་པ་ལ་འཁྱུད་པ་དང་རྩེ་བ་སྔོན་མ་ཅན་གྱིས་ཚིག་སྙན་པས་རྗེས་སུ་ཆགས་པ་བསྐྱེད་ནས། ཕྱི་ནས་བུད་མེད་ཐམས་ཅད་བཅིང་བ་དང་སོ་སོར་བཅིང་ བས་འདོད་པའི་དེ་མ་ཐག་བདེ་བ་ཆེན་པོ་ཤིན་ཏུ་དགའ་བའི་རོ་མྱང་བ་ཐོབ་པ་རྣལ་འབྱོར་མ་རྣམས་ལས་སྐྱེ་བར་འགྱུར་རོ། །ད་ནི་ལུས་མཉེ་བ་བྱེད་པའི་དོན་དུ་སོ་སོ་རེ་རེ་བ་ཐམས་ཅད་བསྡུས་པའི་གཙོ་མོ་མཱ་མ་ཀཱི་ལ་སོགས་པའི་རྣལ་འབྱོར་མ་རྣམས་ཀྱི་བཅིང་བ་ལྔ་རྣམས་གསུངས་པ། ཁྱོགས་ དང་གྲུ་མོ་ཞེས་བྱ་བ་ལ་སོགས་པ་སྟེ། ཁྱོགས་ཞེས་པ་སྡོམ་པ་ཞེས་བྱ་བའི་བཅིང་བའོ། །འདེགས་པ་དང་ནི་ཞེས་པ་འཕུལ་བར་བརྗོད་པར་བྱའོ། །གྲུ་མོ་དང་བརྐྱང་བ་དང་ཤིན་ཏུ་རབ་ཏུ་བརྐྱང་བ་ནི་ཇི་ལྟར་ངེས་པར་བསྟན་པའི་མིང་གི་བརྗོད་བྱར་བལྟ་བར་བྱའོ། །དེ་ལ་སྡོམ་པ་བཤད་པར་བྱ་སྟེ། བཙུན་མོའི་མགྲིན་པ་བརྟན་འཁྱུད་དེ། །མི་ཡི་དཔུང་པ་ཟུང་གི་ནི། གྲུ་མོ་གཉིས་པོ་བུད་མེད་ཀྱི། །རྗེ་ངར་བཀོད་པ་སྡོམ་པར་དྲན། །གྲུ་མོའི་མཚན་ཉིད་ནི། བུད་མེད་པུས་མོ་བཀུག་པ་ལ། །མི་ཡི་གྲུ་མོ་བཀོད་པ་ནི། །པུས་མོ་གྲུ་མོ་སྟེང་དུ་འདོད། །ཞེས་པ་དག་པའི་ཆོ་གར་དྲན། །བརྐྱང་བ་བརྗོད་ པར་བྱ་སྟེ། འདུག་པའི་སྐྱེས་བུའི་བརླ་ལ་ནི། །བུད་མེད་རྐང་པའི་མཐིལ་བརྟག་པ། །བརླ་ནི་གཤགས་ནས་གཉི་གའི་ཡང་། །རྐང་པ་རབ་བརྐྱང་ཕྱིར་བརྐྱང་བ། །འཕུལ་བ་བརྗོད་པར་བྱ་བ་སྟེ། །མི་ཡི་ལྟེ་བའི་རྩ་བ་རུ། །མི་མོའི་རྐང་མཐིལ་འགོད་བྱེད་པ། །ཕག་པའི་མཐར་ཡང་ཡར་བཏེག་ པ། །སྐྱེས་པ་འཕུལ་བར་རབ་ཏུ་གྲགས། །ཤིན་ཏུ་རབ་ཏུ་བརྐྱང་བར་འགྱུར། །གཉིས་ཀ་དག་ལས་རྐང་པ་དག །བརྐྱང་བ་ལས་ནི་རབ་བརྐྱང་བའོ། །བུད་མེད་མི་ཡི་རེ་རེ་ལ། །འོག་ཏུ་བལྟས་པའི་ལུས་སུ་གནས། །བྱེད་པ་ཞེས་བྱ་བ་ལ་སོགས་པ་ནི། བྱེད་པ་ནི་ཤིན་ཏུ་དགའ་བ་ལ་ཕན་ པར་བྱེད་པ། རྣམ་པར་སེལ་བ་ལ་སོགས་པའོ། །བཅིང་བ་ཡིས་ནི་བཤད་མ་ཐག་པ་རྣམས་ཀྱིས་སོ། །ཡང་དག་སྦྱོར་ནི་གང་རྣམས་ཀྱིས། །ཞེས་འབྲུ་མང་པོའོ། །ད་ནི་ཚོགས་གྱི་འཁོར་ལོ་སྒྲུབ་པའི་དམ་ཚིག་གསུངས་པ། ཤ་ཆེན་ཞེས་བྱ་བ་ལ་སོགས་པ་སྟེ། ཁྲག་ཆེན་པོ་ནི་རྡུལ་ཏེ་ 26-1-5b རང་བྱུང་གི་ཁྲག་གོ། །ལྷག་མ་གོ་བླའོ། །བསྒྲུབ་པར་བྱ་ཞེས་པ་ཨ་ཡིག་ཡོངས་སུ་བརྟགས་པའི་པདྨ་བནྡུའི་སྟེང་དུ་ཧཱུཾ་ཡིག་དང་ཨོཾ་ཡིག་གིས་སྦྱོང་བ་དང་རྟོག་པར་བྱེད་པ་དང་བདུད་རྩིར་བསྒོམས་ནས་བསྒྲུབས་པ་ཟོས་པ་ཙམ་གྱིས་རབ་ཏུ་གྲགས་པའི་དངོས་གྲུབ་སྟེར་བར་འགྱུར་རོ། ། གལ་ཏེ་དངོས་གྲུབ་བདག་འདོད་ན། །ཞེས་པ་ནི། འདིས་ཤ་ཆེན་པོ་ལ་སོགས་པའི་དམ་ཚིག་རྗེས་སུ་བསྒྲུབ་པའི་མཐུ་ཆེན་པོ་རབ་ཏུ་གསལ་བར་བྱེད་པ་བཅོམ་ལྡན་འདས་ཀྱིས་མ་ནོར་བ་དེ་བཞིན་དུ་གསུངས་ཤིང་མངོན་པར་འདོན་ནོ། །འདི་ཉིད་རྣལ་འབྱོར་པ་རྣམས་ཀྱིས་བྱའོ་ཞེས་པའི་ དོན་ཏོ། །ལེའུ་དང་པོའི་འགྲེལ་པའོ།། །།བྱང་ཆུབ་ཀྱི་སེམས་ཆོས་སྐུའི་རང་བཞིན་དང་བྲལ་བས་དངོས་གྲུབ་རྣམས་བསྒྲུབ་པར་བྱ་བ་མ་ཡིན་ནོ་ཞེས་དེ་ཁོ་ན་ཉིད་ཡེ་ཤེས་ཀྱི་ལེའུ་གསུངས་པ། འོ་བྱ་ཞེས་པ་ལ་སོགས་པ་སྟེ། འོ་བྱེད་པས་མིག་ལ་སོགས་པའི་རྩ་དགུ་དང་ འབྲེལ་པའི་སྤྱི་བོར་གནས་པའི་བྱང་ཆུབ་ཀྱི་སེམས་འཇུག་པར་འགྱུར་རོ། །རྡོ་རྗེ་བཅིངས་ཏེ་ནུ་མ་འཛིན། །ཞེས་པ་ནི་རྡོ་རྗེ་བཅིང་བས་མགྲིན་པ་ལ་ཀུན་ནས་བཅིངས་ནས་ལག་པ་གཡས་པས་ནུ་མ་གཟུང་བར་བྱའོ། །དེ་ལྟར་དེ་མ་ཐག་ཏུ་ཚེགས་མེད་པས་རྡོ་རྗེ་པདྨའི་ཏིང་ངེ་འཛིན་ དམ་པའི་བདེ་བ་ཅན་འགྱུར་བ་མེད་པར་བྱེད་པའི་ཆོས་ཅན་མ་རྣམས་རྣལ་འབྱོར་མ་རྣམས་ལས་སྐྱེ་བར་འགྱུར་རོ། །སེན་མོའི་རི་མོ་ཞེས་པ་ལ་སོགས་པ་ནི། མཁུར་བ་དང་འདྲེན་བྱེད་ཟུང་དང་དཔྲལ་བ་དང་ནུ་མའི་འགྲམ་དང་མཆན་ཁུང་དང་བྷ་གའི་དཀྱིལ་གྱི་ཕྱོགས་དང་། ལྟེ་བ་དང་པདྨ་ ལ་སོགས་པ་རྣམས་སུ་སེན་མོའི་རི་མོས་འོ་བྱེད་པར་སྐུལ་བར་ཡང་བྱེད་དོ་ཞེས་སོ། །འོག་དང་སྟེང་དུ་ངེས་བལྟ་བྱ། །ཞེས་བྱ་བ་ནི་པདྨའི་གནས་སོ། །སྟོད་ནི་ཞལ་གྱི་པདྨའོ། །གང་གི་ཕྱིར་བལྟས་པས་རྗེས་སུ་མཐར་ཆགས་པ་ནི་དེའི་ཆགས་པ་ཟིན་ནས་ཡུད་ཙམ་བདེ་བ་ཐོབ་པར་བྱེད་ དོ། །ད་ནི་མཱ་མ་ཀཱིས་བཅོམ་ལྡན་འདས་ལ་ཤིན་ཏུ་རྗེས་སུ་ཆགས་པའི་ཡིད་དང་ལྡན་པས་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཉན་པར་བྱེད་པ་ལ་སླར་གསོལ་བ་བཏབ་བོ། །བཅོམ་ལྡན་བདག་གི་དེ་ཉིད་གསུངས། ཞེས་བྱ་བ་ནི་གང་གི་ཕྱིར། རྣམ་པར་རྟོག་པའི་དྲི་མ་མཐའ་དག་ངེས་པར་བསལ་བ། 26-1-6a གཉིས་མེད་སྟོང་པ་ཉིད་ཀྱི་རང་བཞིན་ནི་བྱང་ཆུབ་སེམས་ཏེ། དེ་ལྟ་བུར་གྱུར་པ་ལ་ཅི་ལྟར་རྩེ་བར་བྱ། དབང་པོ་གཉིས་སྙོམས་པར་འཇུག་པས་བདེ་བ་ཉམས་སུ་མྱོང་བར་འགྱུར། ཉིད་ཀྱིས་གསུངས་ཞེས་ཞུས་པའོ། །ཉོན་ཅིག་དེ་ཉིད་ཀྱིས་ཞེས་པ་ལ་སོགས་པ་ སྟེ། ཤེས་རབ་དང་ཐབས་དག་གི་སྦྱོར་བས་ཆོས་ཐམས་ཅད་གཉིས་སུ་མེད་པ་ཅན་དུ་བས་རབ་ཏུ་གསལ་བར་ཁོང་དུ་ཆུད་པར་བྱའོ་ཞེས་སྦྱོར་བ་འབིགས་པར་བྱེད་པར་བརྗོད་པར་བྱའོ། །གང་དེའི་རྣམ་པ་དང་བཅས་པའི་བློ་གྲོས་དབང་པོ་ལས་འདས་པ་བདེ་བ་ཆེན་པོ་བླ་ན་མེད་པ་ཉམས་ སུ་མྱོང་བ་སོ་སོ་བདག་ཉིད་ཀྱིས་རིག་པར་བྱ་བ་མི་སྣང་བ་ཞེས་པ་དེ་ལྟ་བུ་དེ་ཕྲ་མོ་སྟེ་འདི་དེ་ཡིན་ཞེས་ཡོངས་སུ་བརྟགས་པའི་ངོ་བོས། བརྗོད་པར་བྱར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གསང་བ་ཆེན་པོ་སྟེ་ཐུན་མོང་བའི་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཤེས་བྱའི་ངོ་བོ་ཉིད་ཅེས་པ་སྟེ། ཤེས་བྱ་ཞེས་པ་ནི། ས་གསུམ་གྱི་ནང་དུ་གནས་པ་དེ་རྣམས་སོ། །ངོ་བོ་ཉིད་ནི་རང་བཞིན་ཏེ་འདིའི་ཞེས་པ་ཤེས་བྱའི་ངོ་བོ་ཉིད་དུའོ། །གང་གི་ཕྱིར་ཡེ་ཤེས་ཁོ་ན་དངོས་པོ་མཐའ་དག་རྒྱས་པའི་ཚུལ་གྱི་རྣམ་པ་དང་བཅས་པ་བཞིན་དུ་ཕྱི་རོལ་གྱི་གཟུགས་ཀྱིས་སོ་སོར་སྣང་བ་ཐོབ་པར་ བྱེད་དོ། །དེ་ཉིད་ལ་ཡང་ཐམས་ཅད་དུ་འཇིག་རྟེན་གྱི་བདེན་པའི་ངོ་བོ་སོ་སོར་བསྟན་པར་བྱ་བའི་ཡིད་ཀྱིས་མ་རིག་པ་གང་འཁོར་བར་འཁྱམ་པར་འགྱུར་རོ། །དེ་ཡང་སོ་སོར་སྣང་བ་ལ་ངེས་པར་དཔྱོད་བཞིན་པ་དང་བརྫུན་པའི་རྣམ་པའོ་ཞེས་སོ། །གཟུང་བྱ་ཅུང་ཟད་ཡོད་པ་དང་འཛིན་པས་ སོ་ཞེས་བྱ་བ་ཅུང་ཟད་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་ཡང་གསུངས་པ། རང་སེམས་སེམས་ཀྱི་བསམ་པ་ཡིན། །ཆོས་རྣམས་ཐམས་ཅད་སོ་སོར་གནས། །ཆོས་འདི་ནམ་མཁའི་རྡོ་རྗེར་གནས། །ཆོས་རྣམས་མེད་ཅིང་ཆོས་ཉིད་མེད། །ཅེས་སོ། །སྲིད་པའི་རྩ་བ་རྣམ་ཤེས་ཏེ། ། ཡུལ་ནི་དེ་ཡི་སྤྱོད་ཡུལ་ཡིན། །ཞེས་སོ། །ཐོག་མ་མེད་པའི་དུས་ནས་བརྒྱུད་པའི་རིགས་མཐུན་པའི་སྐད་ཅིག་སྐྱེད་པར་བྱེད་པའི་ཕྱིར་ཟད་པའི་བྱ་བ་མ་ཡིན་པའི་ཕྱིར་མི་ཟད་པའོ། །བསྐྱེད་བྱ་དང་སྐྱེད་བྱེད་ཡང་དག་པར་འབྱུང་བས་ཟད་པར་འགྲོ་བ་མ་ཡིན་ནོ་ཞེས་པས་མི་ཟད་པའོ། ། 26-1-6b རྟག་པ་ཡང་ཞེས་པ་དུས་གསུམ་ཀར་ཡང་རྣམ་པ་གཅིག་པ་ཉིད་ཀྱི་ཕྱིར་རོ། །ཐོག་མ་མེད་ཅིང་ཞེས་པ་ནི་དེའི་ཕྱིར་དང་པོ་དབང་ཕྱུག་ལ་སོགས་པར་ཡོངས་སུ་བརྟག་པའི་རྒྱུ་ཚོགས་པའི་དངོས་པོ་མེད་པའི་ཕྱིར་རོ། །ཐོག་མ་སྤངས་དང་ཞེས་པ། ཐོག་མས་ཨ་ཡིག་འགྱུར་བ་མེད་པས་སྐྱེ་བ་མེད་ པ་རི་མོའི་གཟུགས་ཀྱིས་སྤངས་པ་ཉིད་ཀྱི་ཕྱིར་རོ། །ཡོད་ཉིད་དུ་འགྱུར་ཞེས་པ་ནི་བདེ་བའི་ངོ་བོས་སོ་སོའི་བདག་ཉིད་རིག་པར་བྱ་བས་མངོན་སུམ་དུ་ཉམས་སུ་མྱོང་བའི་ཡུལ་ཡིན་པ་ཉིད་ཀྱི་ཕྱིར་རོ། །མེད་ཉིད་དུ་ཡང་འགྱུར་ནི་ཡོངས་སུ་དག་པའི་ཤེས་རབ་ཀྱིས་རྣམ་པར་དཔྱོད་བཞིན་པས་བློའི་ ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དབང་པོ་ཅན་ཡང་འགྱུར་ནི་མིག་ལ་སོགས་པའི་དབང་པོ་ལྷག་པར་གནས་པ་ཉིད་ཀྱི་ཕྱིར་རོ། །དབང་པོ་མེད་པར་ཡང་འགྱུར་ནི་དབང་པོ་དེ་རྣམས་ཀྱིས་མཐོང་བ་མེད་པ་ཉིད་ཀྱི་ཕྱིར་རོ། །འབྱུང་རྣམས་ཐམས་ཅད་བལྟ་བྱ་མིན། །ཞེས་པ་ནིས་ལ་སོགས་ པའི་འབྱུང་བ་རྣམས་ཐམས་ཅད་ངེས་པར་དཔྱོད་བཞིན་པ་ན་ཉེ་བར་དམིགས་བྱར་མེད་པའོ། །དེའི་ཕྱིར་འབྱུང་བ་རྣམས་ཐམས་ཅད་བལྟ་བྱ་མིན་པར་འགྱུར་རོ། །དེ་ལྟ་མོད་ཀྱི་ལམ་ཅི་ལྟར་བསྐྱེད་པར་བྱ་ཞེ་ན། སྦྱོར་བའི་ལམ་གྱིས་ཞེས་བྱ་བ་ལ་སོགས་པ་སྟེ་སྦྱོར་བ་ནི། ནང་གི་ཤེས་རབ་མ་དང་འདྲེས་ པར་གྱུར་པ་ལས། བདེ་བ་ཆེན་པོའི་གནས་སྐབས་དང་གཉིས་མེད་དུ་གྱུར་པ་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་རྣམ་པར་རྟོག་པའི་དྲི་མས་མ་གོས་པ་ལ་འདིར་མངོན་པར་རབ་ཏུ་འདོད་དོ། །དེ་ཉིད་ཀྱང་ལམ་ཉེ་བ་མ་ཡིན་ཏེ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་ལྷག་པར་རྟོགས་པའི་ཕྱིར་རོ། །ཕྱི་རོལ་དུ་ འབྱུང་བ་དང་འབྱུང་བ་ལས་གྱུར་པ་སྔོན་པོ་ལ་སོགས་པ་སྟེ། དེའི་ཕྱིར་ཤིན་ཏུ་རྨད་དུ་བྱུང་བ་མ་ནོར་བ་དེ་བཞིན་ཏེ། དེ་བཞིན་ཉིད་གཉིས་སུ་མེད་པའི་ཡེ་ཤེས་སོ། །རྣམ་པ་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་པ་ཡིས་ཏེ། ཤེས་རབ་དང་ཐབས་གཉིས་སུ་མེད་པར་གྱུར་པ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་ ཀུན་དུ་སྒྲིབ་པར་བྱེད་དོ། །གནས་སོ་ཞེས་པའི་བྱ་བ་ཞེས་པས་རྣམ་པ་ཀུན་རྫོབ་སྟེ། གང་གི་ཕྱིར་ཕུང་པོ་ལྔ་པོ་མུན་པའི་རྣམ་པ་དང་མ་བྲལ་བ་དེས་གཟུགས་སྣང་བར་མི་འགྱུར་རོ་ཞེས་པའི་དོན་ཏོ། །འདི་རྣམས་གསུང་བར་འགྱུར་བ། ལུས་འབྱུང་བ་ལྔའི་བདག་ཉིད་ཅན་ཕུང་པོ་ལྔའི་ལུས་དང་ལྡན་ 26-1-7a པའི་ལྷའི་རྣམ་པའི་གཟུགས་ཀྱིས་ཡོངས་སུ་བརྟགས་པའོ། །དེ་ཉིད་ཀྱང་བྷ་གའི་པདྨའི་དབུས་སུ་བསྒོམ་པར་བྱ་བཞིན་པའི་ཡེ་ཤེས་སེམས་དཔའ་ཡིན་གྱི་ཕྱི་རོལ་དུ་ནི་མི་འགྱུར་རོ་ཞེས་པ་ཇི་སྲིད་པའོ། །འདི་ཉིད་ནང་དུ་སོ་སོའི་བདག་ཉིད་རིག་པར་བྱ་བ་ཡང་དག་ པར་རིག་པ་དང་ལྡན་པ་ཡང་དག་པར་རིག་པའི་ངོ་བོས་མངོན་སུམ་གྱིས་ཉམས་སུ་མྱོང་བཞིན་པའི་ཁམས་གསུམ་པ་ཡིད་ཀྱིས་ཁྱབ་པ་ཅན་ཕུང་པོ་ལྔའི་རྣམ་པས་ཡང་དག་པར་རིག་བཞིན་པ་ཡང་བླུན་པོའི་བློ་ཅན་གྱིས་རྟོགས་པར་བྱ་བ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། བླུན་སེམས་མི་ཡི་ཆོས་མ་ ཡིན། །ཞེས་གསུངས་སོ། །ད་ནི་བདེ་བ་ཆེན་པོའི་གནས་སྐབས་གཉིས་སུ་མེད་པའི་ཡེ་ཤེས་དེའི་འགྲོ་བའི་འཆི་བ་དང་སྐྱེ་བ་བྱེད་པ་ངེས་པར་ཉམས་པར་བྱེད་པའི་ནུས་པ་སྟོན་པར་བྱེད་པ་གསུངས་པ། སེམས་དང་སེམས་བྱུང་ཞེས་པ་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་ནི་གང་ཞིག་ཕྱི་དང་ནང་ ཀུན་དུ་རྟོག་པའི་དྲ་བའི་དྲི་མ་དང་བྲལ་བ་སེམས་ཙམ་གཉིས་སུ་མེད་པར་འབྱུང་བར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་ཡང་སེམས་བྱུང་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོགས་པར་བྱེད་དོ། །ཕུང་པོར་བྱེད་དོ་ཞེས་པའོ། །ཡིད་ཀྱི་རྣམ་ཤེས་ནི་བསམ་པར་བྱ་བསྐྱེད་པར་བྱ་བས་སོ། །ཡེ་ཤེས་ ཞེས་པ་ནི་གང་གི་ཚེ་ཁམས་གསུམ་པར། ཕྱིའི་གཟུགས་ཀྱིས་ཡོངས་སུ་བསྐྱེད་པར་བྱ་བ་འཛིན་པའི་རྣམ་པར་གྱུར་ནས། རྣམ་པར་ཤེས་པར་བྱེད་པ་དེའི་ཚེ་རྣམ་པར་ཤེས་པའོ། །གཟུང་བྱའི་ངོ་བོ་ཁམས་གསུམ་པ་ནི་ཤེས་བྱའོ། །དེ་བཞིན་དུ་ཡང་གསུངས་པ། ལས་ནི་སེམས་ཀྱིས་སོགས་ པར་བྱེད། །ཡིད་ནི་ཀུན་དུ་རྣམ་བསམ་བྱེད། །རྣམ་པར་ཤེས་པས་རྣམ་ཤེས་བྱེད། །ལྔ་རྣམས་ཀྱིས་ནི་བལྟ་བྱར་རྟོག །ཅེས་སོ། །གང་ཚེ་ཞེས་བྱ་བ་ལ་སོགས་པ་ལ་འབྲས་བུ་དང་རྒྱུའི་དངོས་པོ་ནི། གང་གི་ཚེ་སོ་སོའི་སྐྱེ་བོའི་དོན་དམ་པ་མ་མཐོང་བ་རྣམས་ཀྱིས་དེ་ལྟར་དེ་ཁོ་ནའི་དོན་དུ་ འཁྲུལ་པས་ས་བོན་དང་མྱུ་གུ་ལ་སོགས་པའི་ངོ་བོར་གདོན་མི་ཟ་བར་ཡོངས་སུ་རྟོག་པར་བྱེད་དོ། །འདི་ལས་འདི་དང་འདི་འོག་ཏུ་ཡང་འདི་ཞེས་པའོ། །འདིར་གསལ་བའི་དཔེ་གསུངས་པ། ཀླུང་ཞེས་པ་ལ་སོགས་པ་སྟེ། ཇི་ལྟར་ཡོངས་སུ་གང་བའི་རྒྱུན་འབབ་པའི་ཀླུང་རྣམས་ཀྱི་ཤིན་ཏུ་ 26-1-7b མང་བའི་རླབས་དང་ཆུ་གཉེར་བ་ཚོགས་པའི་ངོ་བོའི་རྒྱུན་ཀུན་དུ་འབྱུང་ཞིང་ཁྱད་པར་དུ་སྒྲུབ་པར་བྱེད་དོ། །དེ་གཞན་ཡང་མ་ཡིན་ལ་གཞན་མ་ཡིན་པ་ཡང་མ་ཡིན་ནོ་ཞེས་སོ། །དེ་ཁོ་ན་བཞིན་དུ་སེམས་ཙམ་ཡིད་ཀྱི་རྣམ་པར་ཤེས་པ་དང་། རྣམ་པར་ཤེས་བྱ་འབྲས་བུ་དང་རྒྱུར་ཡོངས་སུ་རྟོག་པ་སྐྱེ་བར་ འགྱུར་རོ། །ཁ་ཅིག་ནི་གཞན་དུ་ཀློག་སྟེ། ཀླུང་གི་རྒྱུན་བཞིན་རྒྱ་མཚོ་ལ། །ཞེས་པ་སྟེ་དེའི་ཚེ་ཐར་པ་ལ་ལྟོས་ནས་དངོས་པོ་དེ་འདྲ་བར་རྟོགས་ཏེ། ཇི་ལྟར་ཆུ་ཀླུང་རྣམས་ཀྱི་ཆུ་དེ་རྣམ་པ་སྣ་ཚོགས་པ་འབབ་པ་རྣམས་རྒྱ་མཚོར་ཞུགས་པ་རྣམས་ཀྱི་རོ་གཅིག་ཉིད་དེ། འདི་ལྟ་སྟེ་ལན་ཚྭའི་རོ་ ཉིད་དོ། །ཐར་པ་ནི་སྒོ་རྣམ་པ་མང་པོར་ཅི་ཞེ་ན། མང་པོ་ཉིད་ནི་གཅིག་ཁོ་ནའི་མཐར་ཐུག་སྟེ་རྣམ་པ་རབ་ཏུ་མང་པོ་ཉིད་རིགས་པས་རྟོགས་པར་བྱ་བ་མ་ཡིན་ཏེ། དེ་རྣམས་ཀྱི་ཕྱི་རོལ་གྱི་ཚིག་གི་དོན་གྱི་རྣམ་པ་རྣམས་བརྫུན་པའི་རྣམ་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་དོན་དམ་པར་མི་སླུ་བ་ཅན་ནི་བདེན་པ་ ཞེས་བྱ་བའི་དོན་ཏོ། །རྣམ་པ་དེ་ལྟ་བུའི་བཅོམ་ལྡན་འདས་ཀྱི་བདེ་བ་ཆེན་པོ་དེའི་གནས་གསུངས་པ། བྷ་གའི་པདྨ་ཞེས་བྱ་བ་ལ་སོགས་པ་ནི་མཱ་མ་ཀཱི་ལ་སོགས་པའི་ལྷ་མོ་རྣམས་ཀྱི་བྷ་གའི་དབུས་སུ། གང་ཞིག་པདྨ་འདབ་མ་བརྒྱད་པའི་པདྨ་ལ་གེ་སར་གསལ་བ་ཡོད་པ་དེ་ལས་ལ་སོགས་ པའི་རང་བཞིན་ལ་ནམ་མཁའ་གང་ནི་ཁོང་སྟོང་ངོ་། །ནམ་མཁའ་ལྔ་ནི་དབང་ཆེན་དང་མེ་དང་རླུང་དང་ནམ་མཁའི་ཁམས་ཀྱི་ངོ་བོ་དཀྱིལ་འཁོར་ལ་ལྔ་ནི་ཉི་མའི་དཀྱིལ་འཁོར་བཞིན་དུ་གནས་སོ། །དེའི་དབུས་སུ་གནས་པའི་རྡོ་རྗེ་ཅན་ནི་བྱང་ཆུབ་སེམས་ཀྱི་བདག་ཉིད་ཅན་ནོ། །བདུད་རྩི་ཡིས་ ནི་མཱ་མ་ཀཱི་ལ་སོགས་པའི་བྱང་ཆུབ་སེམས་ཀྱིས་ལྡན་པ་སྟེ། དེ་དང་འདུས་ཤིང་གཅིག་ཏུ་འདྲེས་པར་གྱུར་ཏེ་གཉིས་སུ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཆ་དང་ཆ་མིན་ཞེས་བྱ་བ་ལ་སོགས་པ་ལ། ཆ་རྣམས་ནི་ཨའི་ཡི་གེ་ལ་སོགས་པ་བཅུ་དྲུག་གོ། །ཆ་མིན་རྣམས་ནི་ཀའི་ཡི་གེ་ལ་ སོགས་པ་རྣམས་སོ། །དེ་རྣམས་ཟླ་བ་ཆ་བཅུ་དྲུག་གི་བདག་ཉིད་ཅན་ནོ། །ཀ་ལ་སོགས་པ་རྣམས་ནི་སྐར་མའི་གཟུགས་ཏེ་དེ་རྣམས་ཀྱིས་རྣམ་པར་གྲོལ་བའོ། །ཁ་ཅིག་ཐིག་ལེ་ཙམ་ཞི་བའི་དེ་ཉིད་ལྟ་བུར་འགྱུར་རོ་ཞེ་ན། དེ་ཡིས་རྣམ་པར་སྤངས་ཞེས་སོ། །དེ་ལྟ་བུའི་ཁྱད་པར་འདོད་ 26-1-8a པའི་ལྷའི་གཟུགས་ནི་དེར་གནས་ཏེ་བྷ་གའི་པདྨའི་དབུས་སུ་ལྷག་པར་གནས་སོ། །བདུད་རྩི་ནི་འཆི་བ་དང་བྲལ་བའོ། །འཛག་པ་ནི་འགྱུར་བར་བྱེད་པའོ། །གཞི་ཞེས་བྱ་བ་ལ་སོགས་པ་ནི་ཁམས་རྣམས་ཀུན་ནི་གཟུགས་ལ་སོགས་པའི་ཁམས་གསུམ་པོ་དེ་རྣམས་སུ་ཁྱབ་ པའོ། །ཁམས་རྣམས་ཀུན་ནི་མིག་དང་མིག་གི་རྣམ་པར་ཤེས་པ་དང་གཟུགས་ལ་སོགས་པའི་ཁམས་བཅོ་བརྒྱད་རྣམས་སོ། །དེ་རྣམས་སུ་རྣམ་པར་ཁྱབ་པ་ནི་གསུམ་པོ་དེས་ལྷག་པར་གནས་པས་ཁྱབ་པའོ། །རྒྱུན་དུ་མིག་ལ་སོགས་པ་རྣམས་ཡུལ་གཟུགས་ལ་སོགས་པ་ལ་ལྷག་ པར་དམིགས་པར་བྱེད་དོ། །མཐོང་བ་ཞེས་བྱ་བ་ལ་སོགས་པས་དོན་འདི་ཉིད་གསལ་བར་གསུངས་པ། གཟུགས་ལ་བལྟའོ། །སྒྲ་ལ་མཉན་པར་བྱེད་དོ། །དབུགས་དབྱུང་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་དེ་ཉིད་དབུགས་འབྱུང་བ་དང་དབུགས་རྔུབ་པའོ། །ཉལ་དང་གཉིད་ལོག་ མངོན་པར་ལྡང་ནི་ཉལ་བ་ཡང་དེ་ཡིན་ལ། གཉིད་མཐུག་པོ་ལོག་པས་བླུན་པའང་རང་ཉིད་དོ། །སོ་སོར་སད་པར་བྱེད་དོ། །རྨི་ལམ་ནི་རྣམ་པ་སྣ་ཚོགས་པའི་གྲོང་དང་ཀུན་དགའ་ར་བ་དང་། དགོན་པ་དང་། འབྲུ་དང་གཞོན་ནུ་མ་ལ་སོགས་པ་ངེས་པར་མཐོང་བའོ། །དེ་ཉིད་འདོད་ཆགས་ཞེས་བྱ་བ་ལ་སོགས་ པ་ལ། འདོད་ཆགས་ནི་ཡུལ་ལ་ཡིད་མངོན་པར་ཞེན་པའི་མཚན་ཉིད་དེ། གཟུགས་ལ་སོགས་པ་རྣམས་ལ་དགའ་བར་བྱེད་པ་དང་བྲལ་བར་བྱེད་པའི་ཆོས་ནི་འདོད་ཆགས་དང་བྲལ་བའོ། །གཏི་མུག་རྣམ་པར་བླུན་པ་ཉིད་དོ། །བཅོམ་ལྡན་འདས་དེ་འདོད་ཆགས་ལ་སོགས་པའི་ ཉོན་མོངས་པའི་བདག་ཉིད་ཅན་ལྟ་བུར་འགྲོ་བ་རྣམས་ལ་སོ་སོར་སྣང་བར་ཐོབ་པར་བྱེད་དོ། །གཟུགས་མང་པོ་ཞེས་པ་ནི་རྣམ་པ་སྣ་ཚོགས་པའི་གཟུགས་རྣམ་པ་མང་པོ་འདུལ་བར་བྱེད་ནུས་པ་གང་ཡིན་པ་དེ་ཉིད་སྣ་ཚོགས་གཟུགས་ཏེ་མ་ལུས་པའི་སྣོད་ཀྱི་སྐྱ་བོའི་མངོན་པར་འདོད་པའི་དོན་བྱ་བ་ བྱེད་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ནོར་བུ་སྣ་ཚོགས་གཟུགས་བཞིན་ནོ། །དེ་བཞིན་དུ་ཡང་གསུངས་པ། རྫས་རྣམས་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་ཡང་དག་སྦྱོར། །དེས་དེའི་རང་བཞིན་ཉིད་འགྱུར་ཏེ། །ནོར་བུ་སྣ་ཚོགས་གཟུགས་ཇི་བཞིན། །ཞེས་སོ། །འདིའི་དེ་ 26-1-8b ཁོ་ན་ཉིད་ཀྱི་ནི་དོན་དམ་པ་ཡང་དག་པའི་སྒྲུབ་ཐབས་སོ། །བཟླས་པ་སྟེ་སྔགས་ཀྱི་བདག་ཉིད་ཅན་མེད་དོ། །འཛིན་པར་བྱེད་པ་ཏིང་ངེ་འཛིན་ནི་དབང་པོ་རྣམས་འགྱུར་བ་མེད་པའོ། །འོ་ན་འདིའི་སྒྲུབ་ཐབས་ཅི་ལྟར་འགྱུར་བ་ཞེ་ན། གསུངས་པ། བྷ་གའི་པདྨར་མཆོད་བྱ་སྟེ། ཞེས་བྱ་བ་ལ་སོགས་པའོ། །ད་ ནི་རྣལ་འབྱོར་པ་དང་རྣལ་འབྱོར་མའི་བདེ་བ་ཆེན་པོ་ཐོབ་པའི་རྒྱུར་རྩའི་དབྱེ་བ་གསུངས་པ། གང་དེ་ཞེས་བྱ་བ་ལ་སོགས་པ་སྟེ། གང་བྷ་གའི་དབུས་སུ་རྣམ་པར་གནས་པའི་རྩ་དགུ་པོ་དེ་དང་དེའི་དབུས་སུ་མཁའ་འགྲོ་གདོང་ཞེས་བྱ་བ་གང་ཡིན་པའི་རྩ་དེ་ནི་བདུད་རྩི་འབབ་པ་སྟེ་ཁུ་བ་འཛག་པར་བྱེད་པ་ཅན་ ནི་ཆེས་གཙོ་བོའི་ཡུམ་ཉིད་དུ་འགྱུར་རོ། །ཡང་ན་བདུད་རྩི་འབབ་པའི་རྩ་ནི་གང་བྷ་གའི་དབུས་སུ་གནས་པ་དེ་ནི་རྣམ་པ་དགུ་སྟེ་མིག་ལ་སོགས་པའི་སྒོམ་བསྟན་པའི་དགུ་པོ་དེ་རྣམས་སོ། །གཞན་རྩ་སུམ་ཅུ་རྩ་གཉིས་ནི་ཕྱིའི་མགོ་དང་ལུས་དང་ལག་པ་ལ་སོགས་པ་ལ་ཁྱབ་པའོ། །དེ་རྣམས་ཉིད་ གཙོ་བོར་གྱུར་པ་མ་ཡིན་ཏེ་ཕྱིའི་ལུས་ལ་ཀུན་དུ་གནས་པ་ཉིད་ཀྱི་ཕྱིར་རོ་ཞེས་སོ། །དེ་ཉིད་ཀྱི་ཕྱིར་ཡང་། རྩ་དགུ་པོ་དེ་ཉིད་མཱ་མ་ཀཱི་ལ་སོགས་པའི་ལྷ་དགུའི་བདག་ཉིད་བྷ་གའི་དབུས་སུ་བསམས་པས་དངོས་གྲུབ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་ཡང་གསུངས་པ། གང་ཡང་རྐང་པ་དག་ལས་བྱུང་། ། ལྟེ་བ་ལས་བྱུང་དེ་རྣམས་ཀྱང་། །ཐམས་ཅད་མཁའ་འགྲོ་གདོང་དུ་སླར། །དེ་ནི་དངོས་པོ་གཅིག་པར་སོང་། །ཞེས་སོ། །ལྷ་མོ་མྱོས་མ་འབབ་པའི་རྩ། །འདི་རྣམས་ཁ་དོག་སྣ་ཚོགས་འགྱུར། །གཅི་བ་འཛག་པའི་རྩ་དེ་ནི། །ལྟོ་བའི་མཐའ་ཡིས་ཀུན་དུ་འགྲོ། །ཞེས་སོ། །ལེའུ་གཉིས་ པའི་འགྲེལ་པའོ།། །།ད་ནི་སྔགས་བཏུ་བ་ཡོངས་སུ་ཤེས་པའི་དོན་དུ་བཅོམ་ལྡན་འདས་ལ་གསོལ་བ་འདེབས་པའི་དབྱངས་ཀྱིས་ཀུན་དུ་མཉེས་པར་བྱས་ནས་མཱ་མ་ཀཱི་ཞུ་བར་བྱེད་དོ། །ཐེ་ཚོམ་བཅད་པ་ཞེས་བྱ་བ་ལ་སོགས་པ་ལ། གང་གིས་ཐེ་ཚོམ་རྣམས་བཅད་ཅེ་ན། ཐེ་ཚོམ་ བཅད་པ་གསུངས་པ། དེ་ཁོ་ན་ཉིད་ཀྱིས་ནི་དོན་དམ་པའོ། །གསང་བ་ལ་སྟེ་བྷ་གའི་དཀྱིལ་འཁོར་བཤད་པ་ལའོ། །ཡེ་ཤེས་ཀྱིས་ཞེས་བྱ་བ་ནི་ཐབས་ཤེས་རབ་ཀྱི་ཕ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་སོ། །ཐེ་ཚོམ་བཅད་པ་ཞེས་བྱ་བ་ནི་སེམས་ཅན་ཡོངས་སུ་སྨིན་པ་དང་གྲོལ་བར་ཡོངས་སུ་ 26-1-9a བྱེད་པའི་མཚན་ཉིད་དེ་དེ་བྱེད་དོ་ཞེས་པ་བྱ་བ་བྱེད་པའོ། །ཆགས་པ་བྲལ་བས་ཞེས་བྱ་བས་ནི་ཆགས་པའི་ཀུན་དུ་རྟོག་པ་ལས་ཤིན་ཏུ་འདས་པའོ། །འདིའི་ཞེས་པ་སྟེ་བདེ་བ་མ་ཡིན་པའི་ངོ་བོས་སོ། །བདག་གིས་ཀྱང་རྡོ་རྗེ་ཐེག་པའི་ཡང་དག་པར་འབྱུང་བ་རབ་ཏུ་གསལ་བར་ བྱེད་དོ་ཞེས་པ་འདིས་བཅོམ་ལྡན་འདས་ལྷན་ཅིག་ཡེ་ཤེས་མཉམ་པ་ཉིད་དུ་གསུངས་སོ། །རྣལ་འབྱོར་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་ནི་ཆོས་ཐམས་ཅད་གཉིས་སུ་མེད་པར་ཡོངས་སུ་ཤེས་པའི་མཚན་ཉིད་དོ། །དེ་ཉིད་ཕྱག་རྒྱ་སྟེ་ཐ་མལ་པའི་ལུས་གསལ་བས་ཀུན་དུ་རྒྱས་ འདེབས་པར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ཡང་གསུངས་པ། ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་ནི་མངོན་བརྗོད་བྱ། །ཞེས་སོ། །ཇི་ལྟར་ཡང་དག་པར་ཤེས་པ་ལ་མཚན་མའི་ཕྱག་རྒྱ་ལ་སོགས་པ་རྣམས་ཕྱི་རོལ་ཉིད་ཀྱི་ཕྱིར་གཟུང་བར་བྱ་བ་མ་ཡིན་ནོ། །དེ་ལྟར་ཡང་ དག་པར་མཆོག་ཏུ་གྱུར་པའི་ཡེ་ཤེས་མ་ཤེས་པ་ཅི་ལྟར་ཤེས་པར་འགྱུར་ཞེ་ན། དེ་རྟོགས་ཤིང་མངོན་དུ་བྱེད་པའི་ཐབས་གསུངས་པ། ཕྱག་རྒྱ་མངོན་སུམ་གཟིགས་ཡིན་ཏེ། །ལྷ་ནི་ལྷ་མོ་བུད་མེད་དོ། །ཞེས་སོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ལ། དཔག་བསམ་གྱི་ཤིང་ཆེན་པོ་རྩ་བ་དང་ལོ་མ་ སྟོང་ཕྲག་ལ་སོགས་པས་བརྒྱན་པའི་སྐྱེད་པའི་རྒྱུ་ས་བོན་ཚད་ཆུང་ངུ་ཡང་དེའི་གཟུགས་སྐྱེད་པར་བྱེད་པར་ནུས་པ་ཇི་ལྟ་བ་དེ་བཞིན་དུ་བྷ་གའི་པདྨར་ཀུན་དུ་གནས་པའི་བདུད་རྩི་འབབ་པའི་རྩ་རྣམས་མཱ་མ་ཀཱི་ལ་སོགས་པའི་ལྷ་མོའི་གཟུགས་དང་སྔགས་དང་ཕྱག་རྒྱ་རྣམས་ཡུམ་གྱི་རྒྱུ་མཚན་ཡང་དག་ པར་འགྱུར་རོ་ཞེས་རྟོགས་པར་བྱའོ། །དང་པོ་རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་རྣམས་སྔགས་བཏུ་བར་སྟོན་པར་བྱེད་པ་གསུངས་པ། པདྨ་འདབ་མ་བརྒྱད་པ་བྲིས་ནས་འདབ་མ་སོ་སོ་ལ་ཨ་ཡིག་ལ་སོགས་པའི་སྡེ་པ་བརྒྱད་བཀོད་ལ། རིམ་པ་འདིས་སྔགས་བཏུ་བར་བྱའོ། །དང་ པོར་རྣམ་པར་སྣང་མཛད་ཅེས་པ་ཨོཾ་ཡིག་དང་པོར་སྦྱར་ནས་སླར་ཡང་བཛྲཱ་མྲྀ་ཏ་མ་ཧཱ་སུ་ཁའི་སྒྲར་སྦྱར་བར་བྱའོ། །ཨོཾ་ཡིག་ཀྱང་རྣམ་པར་སྣང་མཛད་ཉིད་དེ། དེ་བཞིན་དུ་ཡང་གསུངས་པ། གང་དུ་དང་པོ་རྣམ་པར་སྣང་མཛད་ནི། །དག་ཅིང་དྲི་མེད་བློ་ནི་ཨོཾ་དུ་སྤྲུལ། །ཞེས་པའི་ཚིག་ལས་ 26-1-9b རྟོགས་པར་བྱའོ། །ས་བོན་བཞི་ནི་ཛཿཧཱུྃ་བྃ་ཧོཿཞེས་པའོ། །དེ་རྣམས་ཀྱིས་མཉམ་པར་ལྡན་པའོ། །སྭཱ་ཧཱའི་ཡི་གེ་མཐར་སྦྱར་རོ། །ཞེས་རྗེས་སུ་ཀློག་སྟེ་འདིའི་ཞེས་ཡང་དག་པར་སྦྲེལ་ལོ། །སྔགས་ནི་ཨོཾ་བཛྲཱ་མྲྀ་ཏ་མ་ཧཱ་སུ་ཁ་ཛཿཧཱུྃ་བྃ་ཧོཿསྭཱ་ཧཱ། བཅོམ་ལྡན་འདས་མི་བསྐྱོད་པའིའོ། །སྔར་ཡང་རྣམ་པར་ སྣང་མཛད་ཅེས་བྱ་བ་མཱ་མ་ཀཱིའི་སྔགས་གསུངས་པ། ཨོཾ་ཡིག་བྱིན་ནས། གཉིས་པ་ཞེས་པ་ཨཱ་ཡིག་བྱིན་པར་བྱའོ། །བཞི་པ་ཞེས་པ་ཨཱི་ཡིག་གོ། །བཞི་པས་ཞེས་པ་ཀ་སྡེ་དང་མཉམ་ལྡན་པ་སྟེ། གྷ་ཡིག་གིས་ཡང་དག་པར་སྦྱར་མ་ཐག་པ་མཱ་མ་ཀཱིའི་སྙིང་པོ་སྟེ། ཨོཾ་ཨཱ་གྷཱི་སྭཱ་ཧཱ། ད་ནི་ཞི་བ་ མ་ལ་སོགས་པ་རིག་མ་བརྒྱད་པོ་རྣམས་ཀྱི་སོ་སོ་རེ་རེའི་སྔགས་གསུངས་པ། བརྒྱད་པོ་རྣམས་ཀྱི་ཞེས་པ་ཨ་ཡིག་ལ་སོགས་པ་ཟུང་བརྒྱད་པོ་རྣམས་ཀྱི་སྟེ་ཀ་སྡེ་སྤངས་པའིའོ། །དབུས་མ་གང་ནི་ཡི་གེ་རིང་པོའོ། །བརྒྱད་ཅེས་པ་རྗེས་སུ་ང་རོའི་མིང་སྟེ་བརྒྱད་རྣམས་ཀྱི་བརྒྱད་པ། རྗེས་སུ་ང་ རོས་རྣམ་པར་བརྒྱན། །ཞེས་པ་རྒྱན་དུ་བྱས་པའོ། །ཨ་ཡིག་ལ་སོགས་པ་ཡི་གེ་རིང་པོ་པདྨ་འདབ་མ་བརྒྱད་པ་རྣམས་སུ་ཇི་ལྟར་རིགས་པར་བཀོད་ནས། ཞི་བ་མ་ལ་སོགས་པ་རྣམས་ཀྱི་སྔགས་བཏུ་བ་མངོན་པར་བརྟག་པར་བྱའོ། །དེ་ལ་དང་པོར་རྣམ་པར་སྣང་མཛད་དང་སྭཱ་ཧཱའི་ཡི་གེ་ མཐར་སྦྱར་བར་བྱའོ་ཞེས་པ་སྔར་གྱི་རང་བཞིན་གྱིས་ཀྱང་རྗེས་སུ་འབྲེལ་པ་གདོན་མི་ཟ་བར་བྱའོ། །དེ་བཞིན་དུ་ཡང་གསུངས་པ། སྔགས་རྣམས་ཐམས་ཅད་ཕལ་ཆེ་ཡིས། །ཕྱག་འཚལ་སྭཱ་ཧཱར་ལྡན་བྱ་ཉིད། །ཅེས་སོ། །དེ་ལ་ཤར་གྱི་འདབ་མའི་ཞི་བ་མའི་སྔགས། །ཨོཾ་ཨཱྃ་སྭཱ་ཧཱ། ལྷོའི་འདབ་མའི་ཞི་ ཞལ་མའི་སྔགས། ཨོཾ་ཨཱི་སྭཱ་ཧཱ། ནུབ་ཀྱི་འདབ་མ་ལ་ཟླ་བ་ཅན་མའི་སྔགས། ཨོཾ་ཨཱུ་སྭཱ་ཧཱ། བྱང་གི་འདབ་མ་ལ་རི་བོང་ཅན་མའི་སྔགས། ཨོཾ་རཱྀཾ་སྭཱ་ཧཱ། དབང་ལྡན་གྱི་འདབ་མ་ལ་རི་བོང་ཅན་གྱི་དཀྱིལ་འཁོར་མའི་སྔགས། ཨོཾ་ལཱྀཾ་སྭཱ་ཧཱ། མེའི་འདབ་མ་ལ་རི་བོང་ཅན་གྱི་རི་མོ་མའི་སྔགས། ཨོཾ་ཨཻཾ སྭཱ་ཧཱ། བདེན་བྲལ་གྱི་འདབ་མ་ལ་ཡིད་འོང་བའི་སྔགས། ཨོཾ་ཨཽཾ་སྭཱ་ཧཱ། རླུང་གི་འདབ་མ་ལ་ཡིད་ཚིམ་པར་བྱེད་པའི་སྔགས། ཨོཾ་ཨཾ་སྭཱ་ཧཱ། བློ་བླུན་པ་གཞན་མ་རྟོགས་པར་གཞན་དུ་སྔགས་རྗོད་པར་བྱེད་དོ། །དེ་ནི་མི་རིགས་པའི་ཕྱིར་སླར་ཡང་འདིར་བྲི་བར་བྱ་བ་མ་ཡིན་ནོ། །སྔགས་ 26-1-10a བཏུ་བ་འདི་ཉིད་ཀྱང་དཀྱིལ་འཁོར་ལ་དགོད་པའམ། གཞན་དུ་སྒོམ་པར་བྱེད་པ་ལ་སོགས་པ་ལ་རབ་ཏུ་སྦྱར་བར་བྱའོ། །སྡེ་པའི་ཐ་མ་ཞེས་བྱ་བ་ལ་སོགས་པས་སྒོ་སྐྱོང་གི་སྔགས་བསྟན་པར་འདོད་ནས་གསུངས་པ། སྡེ་པའི་མཐའ་མ་ལ་སྟེ་ཨ་ཡིག་ལ་སོགས་པ་ རྣམས་སྡེ་པ་གཅིག་གོ། །གཞན་ཀ་ཡིག་ལ་སོགས་པ་བདུན་ཏེ། དེ་རྣམས་ཀྱི་མཐའ་མ་ཨཿཡིག་དང་ང་ཉ་ཎ་ན་མ་ཝ་ཧཱ་སྟེ་ས་བོན་བརྒྱད་པོ་འདི་རྣམས་ཀྱང་སྔགས་རྣམས་སུ་འགྱུར་རོ། །སྟོང་པའི་ལྷ་ཡིས་ཞེས་བྱ་བ་ནི་ཐིག་ལེས་ཡང་དག་པར་མནན་པའོ། །རྣམ་པར་སྣང་མཛད་དང་ལྡན་ པ་ནི་ཨོཾ་ཡིག་ཡང་དག་པར་ལྡན་པའོ། །སྭཱ་ཧཱའི་ཡི་གེ་མཉམ་ལྡན་པ་ནི་སྔགས་བཞི་པོ་རྣམས་སྒོ་སྐྱོང་བཞི་པོ་རྣམས་ཀྱིར་འགྱུར་རོ། །ཨོཾ་ༀ་སྭཱ་ཧཱ། ཤར་སྒོ་སྐྱོང་བའིའོ། །ཨོཾ་ངཾ་སྭཱ་ཧཱ། ལྷོ་སྒོ་ལའོ། །ཨོཾ་ཉཾ་སྭཱ་ཧཱ། ནུབ་སྒོ་ལའོ། །ཨོཾ་ཎྃ་སྭཱ་ཧཱ། བྱང་སྒོ་ལའོ། །གཞན་སྔགས་བཞི་པོ་ རྣམས་ནི་མེ་ཏོག་མ་ལ་སོགས་པ་བཞི་པོ་རྣམས་དང་སྦྱར་བར་བྱ་སྟེ། ཨོཾ་ནྃ་སྭཱ་ཧཱ། མེ་ཏོག་མའིའོ། །ཨོཾ་མཾ་སྭཱ་ཧཱ། བདུག་པ་མའིའོ། །ཨོཾ་ཝྃ་སྭཱ་ཧཱ། མར་མེ་མའིའོ། །ཨོཾ་ཧཾ་སྭཱ་ཧཱ། དྲི་མའིའོ། །ཡང་ན་སྒོ་སྐྱོང་མ་ལ་སོགས་པ་རྣམས་ཀྱི་མིང་གཟུང་བས་སྔགས་ཀྱི་ཡི་གེ་རྣམས་སུ་སྦྱར་བར་བྱའོ་ཞེས་གཞན་ དུའོ། །ཨོཾ་ཨྃ་བཛྲཱ་ཀུ་ཤེ་སྭཱ་ཧཱ། ཨོཾ་ངཾ་བཛྲ་པཱ་ཤེ་སྭཱ་ཧཱ། ཨོཾ་ཉཾ་བཛྲ་སྥོ་ཊ་སྭཱ་ཧཱ། ཨོཾ་ཎྃ་བཛྲཱ་བེ་ཤེ་སྭཱ་ཧཱ། དེ་བཞིན་དུ་མེ་ཏོག་མ་ལ་སོགས་པ་རྣམས་ཀྱི་ཡང་། ཨོཾ་ནཾ་བཛྲ་པུཥྤེ་སྭཱ་ཧཱ། ཨོཾ་མཾ་བཛྲ་དྷཱུ་པེ་སྭཱ་ཧཱ། ཨོཾ་ཝཾ་བཛྲཱ་ལོ་ཀེ་སྭཱ་ཧཱ། ཨོཾ་ཧཾ་བཛྲ་གནྡྷེ་སྭཱ་ཧཱ་ཞེས་སོ། །མ་ནིང་བཞི་པོ་ས་ཞེས་བྱ་བ་ལ་ སོགས་པ་རྣམས་ཀྱིས་གླིང་བུ་མ་དང་པི་ཝང་མ་དང་མུ་ཀུནྡཱ་མ་དང་རྫ་རྔ་མ་རྣམས་ཀྱི་སྔགས་བཏུ་བ་གསུངས་པ། མ་ནིང་ལ་སོགས་ནི་རྀ་རཱྀ་ལྀ་ལཱྀ་བཞི་པོ་འདི་རྣམས་ལ་སྭཱ་ཧཱ་དང་རྣམ་པར་སྣང་མཛད་སྔར་བཤད་པ་ཉིད་དོ། །སྔགས་དེ་འདི་ཡིན་ཏེ། ཨོཾ་རྀཾ་བཛྲ་བྃ་ཤེ་སྭཱ་ཧཱ། ཨོཾ་རཱྀཾ་བཛྲ་བཱི་ཎེ་སྭཱ་ཧཱ། ཨོཾ་ལྀཾ་བཛྲ་ མུ་ཀུནྡཱ་སྭཱ་ཧཱ། ཨོཾ་ལཱྀཾ་བཛྲ་མུ་ར་ཛེ་སྭཱ་ཧཱ། ལེའུ་གསུམ་པའི་འགྲེལ་པའོ།། །།སྦྱིན་སྲེག་དང་བྲལ་བས་ལྷ་ལ་འབུལ་བའི་ཆོ་གར་མི་འགྱུར་རོ་ཞེས་པས་སྦྱིན་སྲེག་གི་ལས་ཀྱི་ཆོ་ག་གསུངས་པ། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་སེམས་དཔའ་ཡི་ནི་རྡོ་རྗེ་ 26-1-10b ཧཱུཾ་མཛད་ཀྱིའོ། །འགྱིང་བྱེད་པ་ནི་རྣལ་འབྱོར་པས་ལྷའི་རྣལ་འབྱོར་གྱིས་ཞེས་བསྡུས་པའོ། །དཀུ་གཉིས་སུ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་དག་འཛིན་པ་དེས་ལྷན་ཅིག་ཀུན་དུ་གནས་པའོ། །དེ་ནི་སློབ་དཔོན་ནོ། །འཇིག་རྟེན་གསུམ་རྒྱལ་གྱུར་ནས་ནི། །ཞེས་སྦྲེལ་བར་བྱའོ། །གཡས་བརྐྱང་དང་ གཡོན་བརྐྱང་དང་མཉམ་པའི་རྐང་པ་དང་ས་ག་རྣམས་ནི་ཤར་ལ་སོགས་པའི་ཕྱོགས་བཞི་རྣམས་སུ་སྦྱར་བར་བྱའོ། །དེ་ལ་གཡས་བརྐྱང་ནི་རྐང་པ་གཡོན་པ་བསྐུམ་པར་བྱས་ནས་གཡས་བརྐྱང་བའོ། །གཡས་བརྐྱང་དུ་གནས་པ་ཅན་ལས་བཟློག་པ་ནི་གཡོན་བརྐྱང་ངོ་ཞེས་པའོ། །རྐང་པ་དག་ ཕན་ཚུན་གཤིབས་ཏེ་སོར་མོ་མ་ལུས་པ་གཤིབས་པ་འདི་ནི་མཉམ་པའི་རྐང་པའོ། །ཁ་ཅིག་ནི་བར་མ་ཐོ་གཅིག་ཏུ་རིག་པར་བྱེད་དོ། །རྐང་པའི་སོར་མོ་ཕྱི་རོལ་གནས། །པུས་མོའི་མཐིལ་ནི་བསྲང་བ་ལ། །སོར་མོ་ཉི་ཤུ་དྲུག་ཏུ་གནས། །དེ་ཡང་ས་གར་བརྗོད་པར་བྱ། །འདི་རྣམས་གསུངས་པར་འགྱུར་ བ། རྡོ་རྗེ་ཧཱུཾ་མཛད་ཀྱི་ང་རྒྱལ་བྱེད་པའི་རྣལ་འབྱོར་གྱི་དབང་ཕྱུག་གཡོན་པ་དང་། ཅིག་ཤོས་ཀྱི་མིག་དག་ལ་མ་དང་ཊའི་ཡི་གེ་དག་ཉི་མ་དང་ཟླ་བའི་དཀྱིལ་འཁོར་དུ་དམིགས་ཏེ། དེའི་སྟེང་དུ་ཧཱུཾ་ཡིག་ལས་ཡོངས་སུ་རྫོགས་པའི་རྡོ་རྗེ། འོད་ཟེར་འབར་བའི་ཚོགས་ཀྱིས་བགེགས་མཐའ་དག་བཅོམ་ཞིང་ བསལ་ནས་རྐང་པའི་མཐིལ་ལ་ཡང་ཡི་གེ་ཨཿཡོངས་སུ་བརྟགས་ལ་སྣ་ཚོགས་རྡོ་རྗེ་འོད་ཟེར་རྣམ་པར་འཕྲོ་བར་བྱེད་པས། སའི་གཞི་ལ་ཀུན་ནས་གནས་པའི་བགེགས་ཀྱི་ཚོགས་རྣམ་པར་བཅོམ་སྟེ། ལཾ་ཡིག་ཡོངས་སུ་གྱུར་པའི་དབང་ཆེན་གྱི་དཀྱིལ་འཁོར་གྲུ་བཞི་པའི་དབུས་སུ་གནས་ པའི་སའི་ལྷ་མོ་ཕྱག་གཉིས་ཀྱིས་གསེར་གྱི་བུམ་པ་འཛིན་པ་བྱོན་ནས་རང་ཉིད་ལ་མཆོག་སྦྱིན་པར་བྱེད་པ་སྔགས་འདིས་སྤྱན་དྲང་བར་བྱའོ། །དེ་ལྟར་སྤྱན་དྲངས་ལ་ཡང་དག་པར་མཆོད་ནས་གསོལ་བ་བཏབ་སྟེ། དེར་ཐབ་ཁུང་བརྐོ་བ་བརྩམ་པར་བྱའོ། །ཧྲཱིཿཡིག་ཅེས་བྱ་བ་ལ་སོགས་ པ་ནི་གཏུམ་མོ་ལ་སོགས་པའི་བུ་མོ་རྣམས་ཀྱི་བསོད་ནམས་ཡན་ལག་ལ་ནི་བྷ་ག་ལའོ། །དེ་ལ་ཡི་གེ་ཧྲཱིཿའོ། །ཁ་ཅིག་ན་རེ་ཡན་ལག་ལྔ་པོ་རྣམས་སུའོ་ཞེས་ཀློག་གོ། །དེ་ཉིད་ཀྱི་ཕྱིར་ཡན་ལག་ལྔ་པོ་དེའི་དབུས་སུ་བྷཱུཾ་ཡིག་བསྒོམས་ཏེ་སྤྱན་མ་ལ་སོགས་པའི་གཟུགས་ཀྱིས་སོ། །ཉིད་ 26-1-11a ཅེས་པ་ངེས་པར་བྱས་ནས་སོ། །སློབ་དཔོན་གྱིས་བྷ་གའི་དབུས་སུ་མེ་ཏོག་གཏོར་བར་བྱའོ། །གཏོར་མ་ཞེས་བྱ་བ་ནི་ཧེ་རུ་ཀའི་ཕྱག་རྒྱ་རྡོ་རྗེ་ཐལ་མོ་གྱེན་དུ་ཕྱེ་སྟེ་མཛུབ་མོ་དང་མཐེ་བོང་དག་མཆེ་བ་གཙིགས་པའི་རྣམ་པའི་ཕྱག་རྒྱ་འདི་དང་ཡི་གེ་བྷྱོཿགདོན་པར་བྱེད་ཅིང་ཧེ་རུ་ཀའི་ང་ རྒྱལ་དུ་བྱས་པའི་གཟུགས་ཀྱིས་ཕྱོགས་རྣམས་དང་ཕྱོགས་བྲལ་རྣམས་སུ་གཏོར་མ་སྦྱིན་པར་བྱའོ་ཞེས་པའི་དོན་ཏོ། །ལྷག་མ་གོ་སླ་བའི་ཕྱིར་བཤད་པར་མི་བྱའོ། །སྔགས་ཀྱི་དངོས་གྲུབ་རབ་སྦྱིན་འགྱུར། །ཞེས་བྱ་བ་ནི་སྔགས་ཨོཾ་ཡིག་ལ་སོགས་པ་སྭཱ་ཧཱའི་མཐར་ཐུག་པས་དངོས་གྲུབ་རབ་ཏུ་སྦྱིན་པ་ གཅིག་པ་ཅན་ཁོ་ནའོ། །ལེའུ་བཞི་པའི་འགྲེལ་པའོ།། །།ད་ནི་མིག་སྨན་ལ་སོགས་སྒྲུབ་པར་བྱེད་པའི་ཆེད་དུ་ལེའུ་ལྔ་པ་གསུངས་པ། ཚིལ་ཆེན་ཞེས་བྱ་བ་ནི་མིའི་ཞག་གོ། །སྙིང་པོ་ཞེས་བྱ་བ་ནི་ཨརྒ་དཀར་པོ་དང་པདྨོ་དཀར་པོའི་སྐུད་པ་བསྲེས་པའི་སྙིང་པོ་བྱས་ནས་མཚོན་གྱིས་བསད་ པའི་སྐྱེས་བུའི་ཐོད་པ་ལ་དུད་པ་ཕབ་ནས། འུག་པའི་མགོ་བོ་བསྲེགས་པ་དང་རྡུལ་ཏེ་ཟླ་མཚན་གྱི་ཁྲག་བསྲེས་པས་བཏགས་ཏེ་བྱ་རྒོད་ཀྱི་པགས་པས་དཀྲིས་ཏེ་དེའི་རྗེ་ངར་དུ་བཅུག་ལ་གཏུམ་མོ་ལ་སོགས་པའི་བྷ་གའི་དབུས་སུ་བཞག་ནས། མཱ་མ་ཀཱིའི་སྔགས་ཀྱིས་མངོན་པར་བསྔགས་ཏེ། མཱ་ མ་ཀཱི་ལ་སོགས་པ་དང་སྦྱོར་བའི་བཅོམ་ལྡན་འདས་མི་བསྐྱོད་པ་བསྒོམས་ནས་ནག་པོ་དང་དཀར་པོ་དང་དམར་པོའི་ཞལ་མཱ་མ་ཀཱི་ལྟ་བུ་ཉིད་རྣམ་པར་བསམས་ཏེ་སྙོམས་པར་འཇུག་པ་བྱས་ནས་མིག་སྨན་བསྒྲུབ་པར་བྱས་ན་ལས་རྣམ་པ་སྣ་ཚོགས་པ་བྱེད་པར་འགྱུར་རོ། །གུར་གུམ་ཞེས་བྱ་བ་ལ་ སོགས་པས་བསྐལ་པ་བཟང་པོ་ཅན་དུ་བྱེད་པ་གསུངས་པ། བྷ་གར་མིག་བཅུག་ནས་སྔགས་གདོན་པར་བྱའོ་ཞེས་པའོ། །དང་པོར་ཨོཾ་ཡིག་གོ། །ཕྱི་ནས་དབྱངས་ཀྱིས་ཕྱེ་བ་ཅན་ནི་བཛྲཱ་མྲྀ་ཏའི་ཚིག་གོ། །སྤྲིན་གྱི་སྒྲ་ཞེས་པ་ཧཱུཾ་ཡིག་དང་ཕཊ་ཡིག་དང་ལྷན་ཅིག་པར་བྱའོ། །སྔགས་ནི་འདིའོ། ། ཨོཾ་བཛྲཱ་མྲྀ་ཏ་ཧཱུཾ་ཕཊ་སྭཱ་ཧཱ། །ལེའུ་ལྔ་པའི་འགྲེལ་པའོ།། །།རྡོ་རྗེ་ཧཱུཾ་མཛད་ཀྱི་སྒྲུབ་ཐབས་ལེའུ་དྲུག་པ་གསུངས་པ། རིག་མ་བཞི་ནི་རྡོ་རྗེ་སྒེག་མོ་དང་། རྡོ་རྗེ་ཕྲེང་བ་མ་དང་། རྡོ་རྗེ་གླུ་མ་དང་། རྡོ་རྗེ་གར་མ་རྣམས་སོ། །སྒོ་སྐྱོང་ཞེས་བྱ་བ་ནི་རྡོ་རྗེ་ལྕགས་ཀྱུ་དང་། རྡོ་རྗེ་ཞགས་པ་ 26-1-11b པ་དང་། རྡོ་རྗེ་ལྕགས་སྒྲོག་དང་། རྡོ་རྗེ་དྲིལ་བུ་རྣམས་སོ། །བསྐལ་པ་བཟང་པོ་པ་ཞེས་པ་བྱམས་པ་ལ་སོགས་པ་བཅུ་དྲུག་རྣམས་སོ། །བྱམས་པ་དང་། མཐོང་བ་དོན་ཡོད་དང་། ངན་སོང་ཀུན་འདྲེན་དང་། མྱ་ངན་གྱི་མུན་པ་ངེས་པར་འཇོམས་པ་ཞེས་བྱ་བ་དང་། སྤོས་ཀྱི་གླང་པོ་དང་། དཔའ་བར་ འགྲོ་བ་དང་། ནམ་མཁའ་མཛོད་དང་། ཡེ་ཤེས་ཏོག་དང་། འོད་དཔག་མེད་དང་། ཟླ་འོད་དང་། བཟང་སྐྱོང་དང་། དྲ་བ་ཅན་གྱི་འོད་དང་། རྡོ་རྗེ་སྙིང་པོ་དང་། བློ་གྲོས་མི་ཟད་པ་དང་། སྤོབས་པ་བརྩེགས་དང་། ཀུན་དུ་བཟང་པོ་ཞེས་བྱ་བ་སྟེ་འདི་རྣམས་ཐམས་ཅད་ཞལ་གཅིག་པ་ཕྱག་གཉིས་པར་ ཤེས་པར་བྱའོ། །ཕྱུགས་ཞེས་བྱ་བ་ནི་བླ་མ་ལ་འཁུ་ཞིང་གནོད་པར་བྱེད་པའམ། དཀོན་མཆོག་གསུམ་ལ་གནོད་པར་བྱེད་པའོ། །དེ་སྔགས་ཀྱིས་བཀུག་ནས་དཀྱིལ་འཁོར་དུ་བཅུག་སྟེ་ལྟུང་བར་བྱས་ནས་ཅཱ་རུ་བྱའོ། །ཅཱ་རུ་དེས་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ལ་མཆོད་ནས་དེའི་ལྷག་མ་ བཟའ་བར་བྱའོ། །སྒྲུབ་པ་པོ་སྟེ་མཆོག་སྒྲུབ་པ་པོས་དང་པོ་ཉིད་དུ་སློབ་དཔོན་ལ་ཡང་དག་པར་མཆོད་པར་བྱའོ། །རྡོ་རྗེ་སེ་གོལ་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་ཁུ་ཚུར་བཅིངས་ནས་ཕན་ཚུན་རྒྱབ་སྦྱར་ཏེ་སེ་གོལ་ལན་གསུམ་གཏོགས་ནས་རྡོ་རྗེ་བསྡུ་བ་བྱས་ནས། སྔགས་ལན་གསུམ་བརྗོད་པར་བྱས་ ནས་ལྷའི་རྡོ་རྗེ་དགུག་པར་བྱའོ། །ཡང་ན་རྗེས་སུ་རྣལ་འབྱོར་ཉིད་ཀྱི་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་ལས་སྐྱེས་པའི་སྒྲའི་ཁྱད་པར་ནི་རྡོ་རྗེ་སེ་གོལ་ཏེ་དེས་དཀྱིལ་འཁོར་པ་གང་རྡོ་རྗེ་བདུད་རྩི་སྟེ་ཐིག་ལེ་རྒྱུ་མཐུན་པ་བསྐྱེད་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྐྱེད་པར་འགྱུར་རོ། །ཕྱུང་བའི་ལྷག་མ་ནི་ ཁས་བླངས་ནས་བཟའ་བར་བྱའོ། །ལེའུ་དྲུག་པའི་འགྲེལ་པའོ།། །།མཆོད་པ་སྔོན་དུ་འགྲོ་བས་བསམ་གཏན་ངེས་པ་ཤེས་པར་འདོད་པའི་བསམ་པས་བཅོམ་ལྡན་འདས་ལ་དབྱངས་རྣམས་ཀྱིས་ཡང་དག་པར་བསྟོད་ནས་བཅོམ་ལྡན་འདས་མ་ཡོངས་སུ་ཞུ་བར་བྱེད་དོ། །ཕྱག་རྒྱའི་ ཚོགས་ཞེས་བྱ་བ་ནི་ཞི་བ་མ་ལ་སོགས་པའི་རིག་མའི་ལྷ་མོ་རྣམ་པ་བརྒྱད་ཀྱིས་ཡོངས་སུ་ཕྱེ་བའི་ཚོགས་དེས་མཉམ་པར་ལྡན་པའི་བཅོམ་ལྡན་འདས་ལ་ཕྱག་འཚལ་བར་བགྱིའི་ཞེས་སྦྱར་བར་བྱའོ། །རིག་མ་ཆེན་པོ་ཉི་ཤུ་བཞི། །ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་ངེས་པར་བསྟན་པའི་ 26-1-12a རིག་མ་ཆེན་མོ་ཞི་བ་མ་ལ་སོགས་པའི་མིང་ཅན་ལ་རྗེས་སུ་ཆགས་པ་ཅན་གང་གིས་ཞེས་འབྲུ་མང་པོའོ། །ཡིད་ལ་རྟོགས་པ་ཁོ་ན་ལས་སུ་གྱུར་པ་ནི་རྗེས་སུ་ཆགས་པར་འགྱུར་རོ་ཞེས་པའོ། །འདབ་མ་སྔོན་པོ་ཞེས་བྱ་བ་ལ་སོགས་པ་ནི་ཨུཏྤལ་སྔོན་པོའི་འདབ་མ་ལྟར་གང་གི་ཕྱག་ལྗང་ཁུ་དེ་ཉིད་ ཨུཏྤལ་སྔོན་པོ་འདབ་མཚུངས་ཕྱག་གོ། །ཁྱོད་ཉིད་སངས་རྒྱས་ཏེ་སོ་སོར་རྟོགས་ཏེ་གཏི་མུག་གི་གཉིད་སངས་རྒྱས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཡང་སྟེ་ཤེས་བྱའི་ཕུང་པོ་ཐམས་ཅད་ཡོངས་སུ་ཤེས་པར་བྱེད་པའི་ཕྱིར་རོ། །རྡོ་རྗེ་ཡང་སྟེ་མི་ཕྱེད་པ་འབྱེད་པ་པོ་ཉིད་ཀྱི་ཕྱིར་རོ། །བདག་ ལ་རྗེས་སུ་ཆགས་པ་ཁྱོད་ཀྱིས་ཤིན་ཏུ་དགའ་བའི་བདེ་བས་ཏེ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་སོ། །གང་ཕྱིར་དེ་ཡིས་ཁྱོད་ནི་ས་གསུམ་དུ་ནི་བྱ་བ་སྒྲུབ་མཛད་དོ་ནི་གདུལ་བར་བྱ་བ་རྣམ་པ་སྣ་ཚོགས་པའི་དོན་སྒྲུབ་པར་བྱེད་པར་འགྱུར་རོ། །སྟོང་པ་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ཁྱོད་ནི་ མཆོག་གི་གོ་འཕང་སྟེ་མྱ་ངན་ལས་འདས་པའི་མིང་དུ་གསུངས་པ་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །གང་གི་ཕྱིར་ན་དངོས་པོ་ཐམས་ཅད་སྣང་བ་ཙམ་ཡིན་པ་དེའི་ཕྱིར་སྣང་བ་ཙམ་ལ་དེ་ཁོ་ན་ཉིད་མ་མཐོང་བ་རྣམས་ཀྱིས་བརྫུན་བཞིན་དུ་ཡང་གཟུང་བར་བྱ་བ་དང་འཛིན་པར་བྱེད་པ་ཉིད་ཀྱི་རྣམ་པ་ལ་སྒྲོ་བཏགས་ ནས་དོན་དམ་པ་མཆོག་གོ་ཞེས་མ་འཁྲུལ་བར་ངེས་པར་བྱེད་དོ། །ཆོས་ཐམས་ཅད་སོ་སོར་འབྱེད་པའི་ཤེས་རབ་ཀྱིས་རྣམ་པར་དཔྱད། གཞལ་ན་རང་དང་གཞན་དང་གཉིས་ཏེ་འདི་རྣམས་ཐམས་ཅད་ཀྱི་སྐྱེ་བ་དང་ལྡན་པར་མི་རིགས་པའི་ཕྱིར་རོ་ཞེས་པའོ། །ཆོས་ཐམས་ཅད་སྟོང་པ་ནི་དོན་ དམ་པ་ཉིད་དོ། །བཅོམ་ལྡན་འདས་ཀྱང་བདེ་བ་ཆེན་པོ་ལ་གནས་པ་སོ་སོ་རང་གིས་རིག་པར་བྱ་བ་རྟོག་པའི་དྲ་བ་མ་ལུས་པ་ངེས་པར་བསལ་བ་གཉིས་སུ་མེད་པའི་རང་བཞིན་སྟོང་པ་ཁོ་ནའོ། །དེ་ཉིད་ཀྱི་ཕྱིར་མིག་སྨན་མེད་པ་ནི་མིག་སྨན་ཞེས་བྱ་བ་ཕྱི་རོལ་གྱི་གཟུང་བའི་རྣམ་པས་ འཛིན་པའི་རྣམ་པར་ཤེས་པ་དེའི་གཟུགས་ཉེ་བར་ལེན་པ་ཡིན་ཏེ་ནོར་བུ་ཤེལ་བཞིན་དུ་སྔོན་པོ་ལ་སོགས་པ་ཉེ་བར་གློ་བུར་བའི་རྣམ་པར་སྒྲོ་འདོགས་པས་དེའི་རྣམ་པར་སོ་སོར་སྣང་བའི་མིང་ཡིན་ནོ། །འདི་དག་ཀྱང་བཅོམ་ལྡན་འདས་དེའི་ཡང་དག་པར་རིག་པར་མི་བྱེད་པ་མ་ཡིན་ཏེ་འདི་ 26-1-12b དག་གཉིས་ཀ་ཡང་བརྫུན་པ་ཉིད་ཀྱི་ཕྱིར་རོ་ཞེས་པའོ། དེ་ཉིད་ཀྱི་ཕྱིར། ཁྱོད་ནི་འགྱུར་མེད་དེ་འཁོར་བ་དང་མྱ་ངན་ལས་འདས་པ་དག་ཏུ་མི་གཡོ་བའི་ཕྱིར་རོ། །ཐོག་མ་མེད་པའང་འགྱུར་མཛད་དོ་ནི་ཕུང་པོ་ཉེ་བར་ལེན་པའི་རྒྱུ་ཁྱོད་ལས་གཞན་ཡང་དག་པར་རིག་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་ འབྱུང་བ་དང་མཆོག་ཏུ་འབྱུང་བའི་རང་བཞིན་བཅོམ་ལྡན་འདས་ཁྱོད་གང་གིས་རིག་པ་དེ་ཇི་ལྟར་དེ་འཁོར་བར་ག་ལ་འགྲོ་སྟེ་ཅུང་ཟད་ཀྱང་འགྲོ་བ་མ་ཡིན་ནོ་ཞེས་པའི་དོན་ཏོ། །རྒྱས་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་ནི་རྐང་པ་ལ་བརྟེན་པའི་གར་ནི་རྒྱས་པར་བྱེད་པའོ། །རྐང་པ་ལས་སྐྱེས་པ་ ནི། སཱ་ཏཱི་ཀཱིའོ། །དཔུང་པ་དང་ལག་པ་རྣམས་ཀྱིས་ཉེ་བར་བསྐྱེད་པ་ནི་ཨཱ་ར་བྷ་ཊཱིའོ། །མགོ་དང་སྨིན་མ་དང་མིག་རྣམས་ཀྱིས་བསྐྱེད་པ་ནི་ཀོ་ཤཱི་ཀཱིའོ། །རྣམ་པ་བཞི་པོ་འདི་རྣམས་ཀྱིས་ཡན་ལག་འགྱུར་བ་རྣམས་ཀྱིས་གར་བྱས་ནས་བཅོམ་ལྡན་འདས་མཆོད་པས་ཡང་དག་པར་ མཆོད་ནས་དེ་ཁོ་ན་ཉིད་ཞུ་བར་བྱེད་དོ། །དེ་ལ་མཆོད་པ་ཞེས་བྱ་བ་ལ་སོགས་པ་ནི། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་ཆེན་པོ་རྣམ་པར་གཞག་པས་བདེ་བ་ཆེན་པོའི་གནས་པས་བསྐྱེད་པར་བྱ་སྟེ་དེའི་ཚེ་བཅོམ་ལྡན་འདས་མ་གཡོ་བ་མེད་པ་སྐྱེ་བར་འགྱུར་རོ། །དེ་ཁོ་ན་ཡང་བཅོམ་ལྡན་ འདས་བདུད་རྩི་བདེ་བ་ཆེན་པོའི་རྣམ་པ་ནང་གི་བདག་ཉིད་ཀྱི་ངོ་བོ་ལུས་ལ་ལེགས་པར་ཁྱབ་པ་ཅན་དམ་པའི་དེ་ཁོ་ན་ཉིད་དུ་བསམ་པར་བྱའོ། །བདུད་རྩི་ཐིག་ལེའི་གཟུགས་ཞེས་བྱ་བ་འདིས། བཅོམ་ལྡན་འདས་དོན་དམ་པར་གནས་སྐབས་དེ་བྷ་གའི་པདྨར་ཡོངས་སུ་བསྒྱུར་བའི་གཟུགས་ལ་ ཐིག་ལེའི་མིང་དུ་གསུངས་སོ། །འདི་ཁོ་ན་ཡང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སུ་བརྗོད་པར་བྱའོ། །མཁའ་ཡི་དབུས་སུ་ཞི་བ་ལ་སོགས་པས་ཡེ་ཤེས་སེམས་དཔའ་བསྐྱེད་པ་སྔོན་དུ་འགྲོ་བས་བདག་གི་དེ་ཁོ་ན་ཉིད་དུ་གནས་པར་གསུངས་པ། མཁའ་རུ་བརྗོད་པར་བྱ་བ་ཆོས་ཀྱི་འབྱུང་གནས་སུ་བཤད་ པ་པདྨའི་འདབ་མ་བརྒྱད་པས་དབུས་བརྒྱན་པའོ། །དེའི་དབུས་སུ་རི་བོང་ཅན་ཡོངས་སུ་ཞུགས་པ་ནམ་མཁའ་དང་མཚུངས་པའི་སྟོང་པ་དེ་ཁོ་ན་ཉིད་བྱང་ཆུབ་ཀྱི་སེམས་དེས་འཛག་པའི་བདུད་རྩི་བརྒྱ་ཕྲག་འཛིན་པ་ནི་མི་ཟད་པའོ། །དེ་ཁོ་ན་ནི་ཕྲ་མོའོ། །རྡོ་རྗེ་སེམས་དཔའ་ནི་ 26-1-13a གཞོམ་དུ་མེད་པ་ཧཱུཾ་གི་ཡི་གེར་འགྱུར་རོ། །གང་དུ་ཞེས་པ་ཟེ་འབྲུ་གསང་བའི་སྤྱོད་ཡུལ་ལའོ། །དེ་ནས་དེར་གནས་ནས་བྷ་ག་དང་ལིངྒ་དག་གི་མ་དྷྱ་སྟེ་དབུས་སུ་ཁུ་བའི་གཟུགས་ཀྱིས་འགྲོ་བ་ཚིམ་པར་བྱེད་པ་འཛག་པར་བྱེད། ངེས་པར་འབྱིན་པར་བྱེད་དོ། །དེ་ཉིད་སྲོག་ཆགས་ རྣམས་ཀྱི་སྲོག །ཅེས་བྱ་བ་དབུགས་ཆེན་པོའོ། །རྣམ་པར་ཤེས་པའི་ཕུང་པོ་ལ་བརྟེན་ནས་རྣམ་པ་སྣ་ཚོགས་པའི་རྣམ་པར་འགྱུར་རོ། །འདིས་ཀྱང་རྣམ་པ་ལྔས་མངོན་པར་བྱང་ཆུབ་པ་གསུངས་པར་འགྱུར་རོ། །སངས་རྒྱས་ཞེས་བྱ་བ་ནི་སངས་རྒྱས་རྣམ་པར་སྣང་མཛད་དོ། །རྡོ་རྗེ་འཆང་ནི་རྡོ་རྗེ་ཧཱུཾ་མཛད་ དོ། །གདུལ་བྱའི་དབང་ལས་དེ་ཉིད་རིགས་ལྔའི་ཚོགས་དཀྱིལ་འཁོར་འབྱིན་པར་བྱེད་པའི་རིམ་པས་མངོན་སུམ་དུ་བསྒོམས་པའི་སྒྲུབ་པ་པོ་དེ་རྣམས་ཀྱི་སོ་སོར་སྣང་བ་ཐོབ་པར་འགྱུར་རོ། །དེའི་ཕྱིར་སེམས་ཙམ་གཉིས་སུ་མེད་པར་གྱུར་པ་ཆོས་ཐམས་ཅད་ཀྱི་བདག་ཉིད་སྣང་བའི་ཕུང་པོ་ལྟ་བུར་ འབར་བཞིན་པའི་ཁམས་གསུམ་པོ་སྣང་བར་བྱེད་བཞིན་པར་མཐོང་ནས་ཁང་པ་བརྩེགས་པར་བཞུགས་ནས་ལྷ་མོ་དང་འཁྲིག་པའི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱི་རོ་མྱང་སྟེ་དེ་ཁ་ནས་ཞུགས་ཏེ་རྡོ་རྗེའི་ལམ་ནས་ངེས་པར་ཕྱུང་བའི་ཐིག་ལེ་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་བདུད་རྩིར་གསུངས་སོ། །ཨཱ་ལི་ཀཱ་ ལིའི་དཀྱིལ་འཁོར་གཉིས་དང་རྡོ་རྗེ་ལས་བྱུང་བ་མཱ་མ་ཀཱི་ལ་འཁྱུད་པས་ཡང་དག་པར་བསྐྱེད་པའི་བདེ་བ་ཆེན་པོའི་ངོ་བོ་བཅོམ་ལྡན་འདས་རྡོ་རྗེ་བདུད་རྩི་སྐྱེའོ། །དེ་ཉིད་ཀྱི་ཕྱིར་གཟུགས་སུངས་པ་དེ་ལས། ད་ནི་ཁྱོད་དང་ལྷན་ཅིག་སྐྱེས། །ཞེས་བྱ་བ་སྟེ་འདི་ཁོ་ན་ཕྱག་རྒྱ་ཆེན་པོའི་སྒྲུབ་ཐབས་ཀྱི་རིམ་པ་ཕྱིན་ ཅི་མ་ལོག་པ་སྟེ། བཅོམ་ལྡན་འདས་ཀྱིས་གསང་བའི་འདུས་པ་ལ་སོགས་པར་ཡང་དག་པར་སྦས་ཏེ་བསྟན་པའོ། །ཚངས་པ་ཞེས་བྱ་བ་ལ་སོགས་པས་ནི་ཚངས་པ་དང་ཚངས་པ་མ་ཡིན་པ་ལ་སོགས་པ་དེ་དག་ཀྱང་དེ་ཉིད་ཁོ་ན་ཡང་དག་པ་ཇི་ལྟ་བ་བཞིན་མ་རྟོགས་པར་བདག་ཉིད་གཞན་དུ་སེམས་ པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་བྱམས་པ་ལ་སོགས་པ་རྣམས་སོ། །དེ་བཞིན་གཤེགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་སོ། །དེ་ཉིད་ཀྱི་ཕྱིར་བདེ་བ་ཆེན་པོའི་བདག་ཉིད་ཀྱི་ཏིང་ངེ་འཛིན་དེ་ཁོ་ན་ལ། །དེ་རྣམས་སྐྱེ་བར་འགྱུར་རོ་འཆི་བར་འགྱུར་རོ་ཐིམ་པར་འགྱུར་རོ། ། 26-1-13b དེ་བཞིན་གཤེགས་པ་རྣམས་ནི་བདེ་བ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་དངོས་པོ་ཐམས་ཅད་སེལ་བར་བྱེད་པས་སོ་སོ་རང་གིས་རིག་པར་བྱ་བ་ཡང་དག་པར་རིག་པར་བྱེད་པའི་བདག་ཉིད་ཅན་དེ་ཁོ་ན་ལ། བཟུང་བ་དང་འཛིན་པ་དང་བྲལ་བའི་ཡེ་ཤེས་ལ་ཤེས་བྱའི་ཕུང་པོ་ མཐར་ཐུག་པར་རབ་ཏུ་ཞུགས་པས་གཉིས་སུ་མེད་པ་ལ། དངོས་པོ་འདི་དག་ཀུན་ནུབ་པ་དང་འཆར་བ་ལ་སེམས་པར་བྱེད་གོམས་པར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཤེས་དང་ཤེས་བྱའི་བདག་ཉིད་ཅན། །ཞེས་སོ། །སྐྱེ་བར་འགྱུར་ཞེས་བྱ་བ་ལ་སོགས་པ་ནི། དེ་ཉིད་ཀྱི་ཕྱིར་ དངོས་པོ་ཐམས་ཅད་ཀྱི་སྐྱེ་བ་དང་འཆི་བ་དང་། ཐིམ་པར་བྱེད་པ་ལ་སོགས་པའི་ཆོས་རྣམས་ཀྱང་བདེ་བ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་ལས་ཉེ་བར་སྐྱེ་བར་འགྱུར་རོ། །འབྱིན་པར་བྱེད་པ་ནི་འགྲོ་བ་སྐྱེད་པར་ནུས་པའོ། །རང་ཉིད་འགྱུར་བ་ནི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཡིན་པས་ སོ། །ལྷན་ཅིག་པ་ནི་གཙོ་བོ་བྱེད་པའི་ལྷ་གཉིས་པ་མེད་པའི་ཕྱིར་རོ། །བརྗོད་པར་བྱ་ཞེས་བྱ་བའི་ཚིག་འདིས་ཡང་དག་པར་སྦྲེལ་བར་བྱའོ། །ཐམས་ཅད་མཁྱེན་པ་ཞེས་བྱ་བ་ནི་རང་གི་སྤྲུལ་པའི་རྟེན་དང་བརྟེན་པ་ཁམས་གསུམ་པའི་དངོས་པོ་ཐམས་ཅད་དོན་ཇི་ལྟ་བ་བཞིན་དུ་ཤེས་པར་ བྱེད་དོ་ཞེས་པས་ཐམས་ཅད་མཁྱེན་པའོ། །ཀུན་ནས་ཀུན་ཞེས་བྱ་བ་ནི་སྐྱེ་བ་དང་གནས་པ་དང་འཇིག་པའི་དབང་གིས་གནས་པ་ཉིད་ཀྱི་ཕྱིར་རོ། །དགེ་བ་གསུམ་འདྲེན་པར་བྱེད་པ་ཉིད་ཀྱི་ཕྱིར་ཞི་བ་སྟེ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་གློ་བུར་བའི་དྲི་མ་ཞི་བ་དེ་ལ། ལྷ་ཐམས་ ཅད་ཡང་དག་པར་རིག་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཁང་པར་བྱས་ནས་ཞེས་བྱ་བ་ལ་སོགས་པ་ལ་ཁང་པ་ནི་དཀྱིལ་འཁོར། དཀྱིལ་འཁོར་དེར་ཕྱུང་བའི་ལྷ་མོའི་གཟུགས་ཀྱི་འཁོར་ལོས་གང་བར་བྱས་ནས་འཕྲོ་བར་བྱེད་དོ། །གང་གི་ཕྱིར་དེས་སྐྱེས་བུར་བརྗོད་པར་བྱའོ། །ཡང་ ན་ཁང་པ་ནི་མཱ་མ་ཀཱི་ལ་སོགས་པའི་སྐུ་སྟེ་ཕྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱིས་མངལ་འཛིན་པའི་ཚོགས་པས། དེ་གང་བར་བྱས་སོ། །དེའི་ཕྱིར་ཡང་བཅོམ་ལྡན་འདས་སྐྱེས་བུའོ། །དེ་ཉིད་ཀྱི་ཕྱིར་ལུས་ལ་གནས་ཕྱིར་ལྷ་ཞེས་པའོ། །གཉིད་མཐུག་པོ་ལོག་སྟེ་ཉལ་བ་ཡང་རང་ཉིད་སོ་སོར་ 26-1-14a སད་པར་བྱ་སྟེ་དེས་ན་སད་པ་པོའོ། །རོལ་པར་བྱེད་དོ་ཞེས་པས་ལྷའོ། །གཞན་གྱི་ལུས་ལ་རབ་ཏུ་འཇུག་པའི་ཕྱིར་ཁྱབ་འཇུག་གོ། །ལྷག་མ་གོ་སླའོ། །ལེའུ་བདུན་པའི་འགྲེལ་པའོ།། །།འདིར་སླར་ཡང་ཧེ་རུ་ཀ་ཁྲོ་བོ་བསྐྱེད་པའི་ཤེས་པར་འདོད་པས་བཅོམ་ལྡན་འདས་ལ་ཞུ་བར་བྱེད་དོ། །ཞི་བ་མའི་རང་བཞིན་ བཅོམ་ལྡན་འདས་བདེ་བ་ཆེན་པོ་སྟེ། སླར་ཡང་ཧེ་རུ་ཀ་ཁྲོ་བོའི་གཟུགས་སུ་དེ་རྒྱུ་གང་གིས་སྐྱེ་ཞེས་བདག་ནི་ལྟད་མོ་མཆོག་ཅེས་བྱ་བ་སྟེ། གང་གི་ཕྱིར་འདིར་དབང་པོ་དང་བཅས་པ་ལ་སོགས་པའི་ལྷ་གདུག་པ་དྲག་པོ་དང་། རིམས་དང་། དུག་དང་། རོ་ལངས་ལ་སོགས་པ་འཇིགས་པའི་གཟུགས་ཅན་ རྣམས་བདེ་བ་ཆེན་པོ་བདག་གི་དྲུང་དུ་སྐྱབས་སུ་འོང་བ་དེ་རྣམས་ལ་རྗེས་སུ་བརྩེ་བས་བདག་ཉིད་ཁྲོ་བོ་ཧེ་རུ་ཀར་གྱུར་ནས་འགྲོ་བ་ཡོངས་སུ་སྐྱོང་བར་བྱེད་དོ། །གཞན་དུ་རྣམ་པར་སྣང་མཛད་ལ་སོགས་པ་ཞི་བའི་གཟུགས་ཀྱིས་གདུག་པ་ཆེས་དྲག་པོ་རྣམས་གདུལ་བར་བྱ་མི་ནུས་པའི་ཕྱིར་ཞེས་པའོ། ། རྡོ་རྗེ་པདྨ་མཉམ་སྦྱོར་བས། །ཞེས་བྱ་བ་འདིས་མཱ་མ་ཀཱི་ལ་སོགས་པ་རྣམས་ཀྱི་མཉམ་པར་སྦྱོར་བ་སྔོན་དུ་འགྲོ་བས་འབར་བའི་ཕྲེང་བ་འཁྲུགས་ཤིང་འཁྲུགས་པར་སྣང་བའི་བཅོམ་ལྡན་འདས་རིག་མ་བརྒྱད་དང་གཉིས་མེད་དུ་གྱུར་པ། ཕྱག་བརྒྱད་པ་ཞལ་བཞི་པ་ཕྱུང་ངོ་ཞེས་འབྲེལ་ཏོ། །དེ་ཉིད་ རྡོ་རྗེ་ཧེ་རུ་ཀ་མཆོད་ཕྱིར་ཐོགས་ཀྱི་ཚུལ་གྱིས་རྡོ་རྗེ་ཁ་ཊྭཱཾ་ག་འཛིན་བཞིན་པའི་ཕྱག་གཡོན་ཐོད་པ་འཛིན་པ་དང་། ཕྱག་གཡས་བ་དན་གསུམ་པའི་ཚུལ་དང་ལྡན་པའོ། །སླར་ཡང་གཉིས་པའི་ཕྱག་དག་གིས་མངོན་པར་དབང་བསྐུར་བའི་ཕྱག་རྒྱ་དཔྲལ་བའི་མཛོད་སྤུར་འཛིན་པ་དང་། གཞན་གཉིས་ པོ་དག་གིས་མངོན་པར་གསར་དུ་ཡོངས་སུ་བཤུས་པའི་མིའི་པགས་པ་ལོན་པའོ། །གཞན་གཉིས་པོ་དག་གིས་དུར་ཁྲོད་དུ་འཇུག་པའི་ཕྱག་རྒྱའི་ཕྱག་གོ། །པདྨའི་ལྟེ་བ་ལ་བཞུགས་པར་བསམ་པར་བྱའོ། །འདབ་མ་བརྒྱད་རྣམས་སུ་རིམ་པ་ཇི་ལྟ་བར་ལྷ་མོ་གཙིགས་བཅས་མ་ལ་སོགས་ པ་རྣམས་ཀྱིས་ཡིད་བཅོམ་ལྡན་འདས་ལ་གསལ་བར་བྱེད་པ་བསྒོམ་པར་བྱ་བའམ་བྲི་བར་བྱའོ། །བཟླས་པའི་སྔགས་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་སྔགས་བཏུ་བ་གསུངས་པ། སློབ་དཔོན་གྱིས་དང་པོར་པདྨ་འདབ་མ་བརྒྱད་པ་བྲིས་ལ་ཨ་ཡིག་ལ་སོགས་པ་ཀྵ་ཡིག་གི་མཐར་ཐུག་ 26-1-14b པའི་སྡེ་པ་བརྒྱད་འདབ་མ་སོ་སོ་ལ་བཀོད་ནས་རིམ་པ་འདིས་ལྷ་རྣམས་ཀྱི་སྔགས་བཏུ་བར་བྱའོ། །དེ་ལ་གསུམ་པ་ཞེས་པ་ཙ་སྡེ་ལས་གསུམ་པ་ཛ་ཡིག་བཏུས་ཏེ་བདུན་པ་ཞེས་པ་ཡ་ར་ལ་ཝའི་བཞི་པ་ཝ་ཡིག་གོ། །གཉིས་དག་སྟེ་ཛ་ཡིག་དང་ཝ་ཡིག་དག །ཧ་དང་ལ་དག་སྦྱར་བར་བྱ། །ཞེས་ པ་དང་འབྲེལ་པའོ། །སླར་ཡང་བདུན་པ་ཞེས་པ་དེ་ཉིད་ལས་ཡ་ར་ལ་ཝའི་གསུམ་པ་ལ་ཡིག་བཟུང་ནས་ཛྭ་ལ་ཞེས་སོ། །སྒྲ་ནི་ལན་གཉིས་བྱས་ནས་སུ། །ཚིག་ལ་སྦྱར་བྱ་ནི་འབྲེལ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཡང་དག་ལྡན་ཞེས་བྱ། །དེ་ཉིད་ཧཱུཾ་ཡིག་དེ་དེས་ཡང་དག་པར་ལྡན་ པའི་ཚིག་གོ། །ཕཊ་ཀྱི་ཡི་གེས་རྣམ་པར་བརྒྱན། །ཞེས་བྱ་བ་ནི་སྔགས་ཀྱི་ཚིག་གི་ཁྱད་པར་རོ། །དྲུག་པ་ལས་ཞེས་པ་ནི་པ་སྡེའི་བཞི་པ་བྷ་ཡིག་བཏུས་ནས་བདུན་པའི་དང་པོས་ཞེས་བྱ་བ་ཡ་ར་ལ་ཝའི་སྡེ་པའི་དང་པོས། འདིའི་ཞེས་པ་བྷ་ཡིག་གི་གདན་དུའོ་ཞེས་བཀླག་པར་བྱའོ། །བཅུ་གསུམ་པ་ ཡིས་ཡང་དག་མནན། །ཞེས་བྱ་བ་ནི། ཨ་ཡིག་དང་པོར་འབྲེལ་པ་ཅན་གྱི་བཅུ་གསུམ་པ་ཨོའི་ཡི་གེ་སྟེ་དེས་ཡང་དག་པར་མནན་པ་ནི་ཀུན་དུ་བཞག་པ་སྟེ་ཡི་གེ་རྣམས་བསྡུས་པ་བྷྱོ་ཡིག་ཏུ་འགྱུར་རོ། །དང་པོར་རྣམ་པར་སྣང་མཛད་དང་མཐར་སྭཱ་ཧཱ་སྦྱིན་པར་བྱའོ། །དེ་ལྟ་བུ་ཡང་བཅོམ་ ལྡན་འདས་ཀྱི་སྔགས་སུ་འགྱུར་རོ། །ཨོཾ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ་བྷྱོ་སྭཱ་ཧཱ། འདི་ཉིད་གཙིགས་བཅས་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིའོ། །ལེའུ་བརྒྱད་པའི་འགྲེལ་པའོ།། །།ད་ནི་ལས་ཀྱི་རིགས་དང་འབྲེལ་པའི་ལས་སྣ་ཚོགས་ཀྱི་སྒྲུབ་ཐབས་བཅོམ་ལྡན་འདས་བདུད་རྩི་འཁྱིལ་པ་ཉེ་བར་བསྟན་པ་ གསུངས་པ། རིག་མ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། རིག་མ་ཆེན་མོ་ནི་བདུད་རྩི་མ་ལ་སོགས་པའི་ལྷ་མོ་བརྒྱད་དོ། །དེ་དག་ཀྱང་སྣ་ཚོགས་གཟུགས་ཏེ་ཁ་དོག་ལྗང་གུའོ། །ཆོས་ཀྱི་འབྱུང་གནས་ཀྱི་དབུས་སུ་སྙིང་པོའི་པདྨ་འདབ་མ་བརྒྱད་པའི་འདབ་མ་སོ་སོ་ལ་གནས་པའོ། །ལྟེ་བའི་དབུས་སུ་ གནས་པའི་བཅོམ་ལྡན་འདས་ཀྱང་ཞལ་གསུམ་པ་ཕྱག་དྲུག་པ་དྲག་ཤུལ་ལ་སོགས་པའི་རོའི་ཚུལ་གྱིས་རྣམ་པ་སྣ་ཚོགས་རྣམ་པར་བསྒྱུར་བའི་ཞལ་གསུམ་པ་ཅན་ཕྱག་དང་པོས་ཀ་ཐོ་ར་དང་སྟ་རེའི་མཚོན་ཆ་འཛིན་པ་ཕྱག་གཞན་གྱིས་ཇི་ལྟར་རིགས་པར་གཏུན་ཤིང་ལ་སོགས་པའི་མཚོན་ཆ་ 26-1-15a འཛིན་པ་ཅན་ནོ། །སྒོ་སྐྱོང་ཡང་དག་ལྡན་ཞེས་བྱ་བ་ནི་སྒོ་སྐྱོང་བ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པར་རྣམ་པར་ཤེས་པར་བྱའོ། །སླར་ཡང་རྣམ་པར་སྣང་མཛད་ཞེས་བྱ་བ་ནི་འདིའི་སྔགས་སུ་འགྱུར་རོ། །རྣམ་པར་སྣང་མཛད་ཨོཾ་ཡིག་དང་པོར་བྱིན་ནས་སོ། །ཚིག་རྫོགས་པར་བྱ་ཞེས་པ་ནི་ སྔགས་བདུན་པོ་ཡོངས་སུ་རྫོགས་པར་བྱའོ། །དང་པོ་ལས་ཞེས་བྱ་བ་ཨ་ཡིག་ལས་གཉིས་པ་ཨཱ་ཡིག་སྟེ་སྦྱར་བར་བྱའོ་ཞེས་ཡང་དག་འབྲེལ་ཏོ། །སྟོང་པ་ནི་ཧ་ཡིག་གི་མིང་ཅན་ནོ། །དེའི་གདན་ནི་ཨུ་ཡིག་སྟེ་དེས་ཡང་དག་ལྡན་ནི་སྦྱོར་བའོ། །སླར་ཡང་སྟོང་པ་ཞེས་བྱ་བ་ནི་ཐིག་ལེར་བརྗོད་པར་ བྱའོ། །དེ་ཡང་སྟོང་པ་སྟེ་ནཱ་དས་མནན་པའོ། །སྭཱ་ཧཱ་སྦྱར་བས་ཀྱང་སྔགས་སུ་འགྱུར་རོ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། སྔགས་འདི་ཉིད་ཀྱང་ལྷ་མོ་ཐམས་ཅད་བསྡུས་པའི་སྔགས་སུ་ཤེས་པར་བྱའོ། །ཤིན་ཏུ་བདེ་དགའི་རྣལ་འབྱོར་གྱིས། །ཞེས་བྱ་བ་འདིས་ཤེས་རབ་དང་ཐབས་གཉིས་མེད་དུ་གྱུར་པ་ བདེ་བ་ཆེན་པོའི་ཡེ་ཤེས་ལས་བདུད་རྩི་བཞིན་ཏེ་བྱང་ཆུབ་ཀྱི་སེམས་བདུད་རྩི་ལྟ་བུས་སྐྱེ་བོ་མ་ལུས་པའི་རྒ་བ་དང་འཆི་བ་འཕྲོག་པར་བྱེད་པའོ། །དེ་སྐྱེད་པས་བདུད་རྩི་འཁྱིལ་པའོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་བསྒྲུབ་པར་བྱ་སྟེ། སྒྲུབ་པ་པོ་རྣམས་ཀྱིས་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་ དང་རྣལ་འབྱོར་ཆེན་པོ་དུ་མའི་ཚུལ་གྱིས་ཐབས་དང་ཤེས་རབ་ཀྱི་བདེ་བའི་ཡེ་ཤེས་དར་བས་བསྒྲུབ་པར་བྱ་སྟེ་གཞན་དུ་ནི་མ་ཡིན་ནོ་ཞེས་སོ། །ལེའུ་དགུ་པའི་འགྲེལ་པའོ།། །།ད་ནི་རོ་ལངས་ཆེན་པོའི་སྒྲུབ་པའི་ཐབས་ཧེ་རུ་ཀའི་རྣལ་འབྱོར་མངོན་པར་ལྡན་པའི་སྔོན་དུ་བསྙེན་པ་བྱ་བ་ ངེས་པར་བསྟན་པ་གསུངས་པ། བགེགས་ནས་ཤི་བའི་ཞེས་བྱ་བ་ལ་སོགས་པ་ལ། རང་ཉིད་འཕྱངས་ནས་ཤི་བའོ། །སྨེ་ཤ་ཅན་དང་གཏུམ་མོའོ། །དེ་མེད་ན་ཁྱི་འཚེད་མ་སྟེ་གཡུང་མོའོ། །མཚན་རྣམས་ཐམས་ཅད་ཡང་དག་རྫོགས་ནི་དམ་པ་ངེས་པར་འབྱུང་བ་ཞེས་སོ། །ཡན་ ལག་མ་ཉམས་མ་གལ་ཏེ་རྙེད་ན་དེའི་ཚེ་སྒྲུབ་པ་བརྩམ་པར་བྱའོ། །སུམ་ཅུ་རྩ་གཉིས་ལོ་ཞེས་བྱ་བ་ནི། ལོ་སུམ་ཅུ་རྩ་གཉིས་ལོན་པའི་མཛེས་མ་བསྔགས་སོ། །ཡང་ན་ལོ་ཉི་ཤུ་རྩ་ལྔ་ལོན་པ་མཆོག་གོ། །དེ་དག་མེད་ན་མའམ་དང་པོའི་མ་མ་ཡིན་པ་བགེགས་ནས་ཤི་བ་དེ་ཡང་སྒྲུབ་ 26-1-15b པར་བྱེད་ནུས་སོ། །ཁྲུས་བྱས་ཏེ་ཞེས་བྱ་བ་ནི་ཧེ་རུ་ཀའི་རྩ་བའི་སྔགས་ཀྱིས་ཆུ་ལ་མངོན་པར་བསྔགས་ནས། ས་ཧ་དེ་བ་དང་བྲྀ་ཧ་ཏི་དང་ཀཎྜ་ཀཱ་རི་ཀཱ་དང་གི་རི་ཀརྟི་ཀཱ་དཀར་པོ་དང་། ཨ་ནཱ་ཀཱནྟ་རྣམས་ཞེས་བྱ་བའི་སྨན་ལྔ་དང་ལྷན་ཅིག་བཅུག་ནས། རྡོ་ལེབ་ལ་སྟེ་རྡོའི་སྣམ་བུ་ལ་བཞག་ནས། ། སྔགས་ཀྱིས་དག་པའི་ཆུ་དེས་སོ་ཞེས་བྱ་བའི་དོན་ཏོ། །སློབ་དཔོན་རང་ཉིད་ཧེ་རུ་ཀའི་ལྷའི་རྣལ་འབྱོར་བྱས་ཏེ་རྩ་བའི་སྔགས་ལ་འཇུག་པ་ལྷུར་བླང་ངོ་། །ཙནྡན་དཀར་པོ་དང་ག་བུར་རྣམས་ཀྱིས་ལུས་ལ་བྱུགས་ལ། མེ་ཏོག་དང་བདུག་པའི་མཆོད་པ་དེ་རྣམས་གནས་ཤིག་ཏུ་བཞག་ནས་ དཀྱིལ་འཁོར་བྲི་བར་བྱ་སྟེ་ཟླ་བ་ཕྱེད་པའི་རྣམ་པ་ལ་ཐོད་པར་བཤད་ཅེས་པའོ། །ཡང་ན་ཐོད་པའི་མིང་ཅན་གཞུའི་རྣམ་པར་ཡོངས་སུ་བརྟགས་པ་དབུས་ཀྱི་རེ་མིག་དང་རེ་མིག་བརྒྱད་པ་རྣམས་ལའོ། །ཕྱི་རོལ་དུ་ཡང་ལོགས་བཞི་དང་གྲྭ་བཞི་དང་སྒོ་བཞི་དང་དྲིལ་བུ་དང་དར་དཔྱངས་དང་བ་ དན་ལ་སོགས་པ་དང་རྔ་ཡབ་དང་དོ་ཤལ་དང་དོ་ཤལ་ཕྱེད་པ་དང་ཟླ་བ་ཕྱེད་པས་ཉེ་བར་བརྒྱན་པ་དགོད་པར་བྱའོ། །ཕྱི་ནས་བཅོམ་ལྡན་འདས་ཕྱག་བརྒྱད་པ་རིག་པའི་ལྷ་མོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བ་རེ་མིག་སོ་སོ་ལ་འཇིགས་པ་ཅན་མ་ཞེས་བྱ་བ་ལ་སོགས་པའི་ལྷ་མོ་རྣམས་ཀྱི་ལྷན་ཅིག་པའོ། ། ཕྲག་པར་ཁ་ཊྭཱཾ་ག་བཀལ་ནས་ཕྱག་གཡོན་པས་ཐོད་པ་འཛིན་པ། ཕྱག་གཡས་པས་བ་དན་གསུམ་པའི་ཚུལ་དང་ལྡན་པ་རྩ་བའི་སྔགས་ཀྱིས་གཞག་པར་བྱའོ། །ཡང་ན་ཧཱུཾ་ཡིག་གིས་སོ། །སྔགས་འདིས་ལྷ་མོ་ཞལ་གསུམ་མ་ཕྱག་དྲུག་མ་རལ་གྲི་དང་ཁ་ཊྭཱཾ་ག་དང་ཐོད་པ་དང་ཞགས་པ་ ཅན་རྣམས་ཀྱང་དགོད་པར་བྱའོ། །སྒོ་རུ་ཡང་སྒོ་སྐྱོང་བ་ལང་རྣ་ཞེས་བྱ་བ་ལ་སོགས་པ་བཞི་པོ་རྣམས་ཞལ་གཅིག་པ་ཕྱག་གཉིས་པ། ལྕགས་ཀྱུ་དང་ཞགས་པ་དང་ལྕགས་སྒྲོག་དང་དྲིལ་བུ་ཕྱག་གིས་འཛིན་པ་དགོད་པར་བྱའོ། །མེ་ཏོག་དང་བདུག་པ་དང་མར་མེ་དང་དྲི་ཞེས་བྱ་བའི་ལྷ་མོ་རྣམས་ ཀྱང་མེ་ཏོག་ལ་སོགས་འཛིན་པ་ཅན་བྲིའོ། །དེ་ལྟར་གྱུར་པའི་བཅོམ་ལྡན་འདས་བཙུན་མོའི་འཁོར་དང་། ལྷན་ཅིག་པ་དཀྱིལ་འཁོར་གྱི་དབུས་སུ་བསྐྱེད་ལ་སྤྱན་དྲངས་ཏེ་མཆོད་ནས་བཟོད་པར་གསོལ་ནས། བྷྱོ་ཡིག་གི་གད་རྒྱངས་དགོད་པས་ཁྲག་ཆེན་པོ་ཕྱོགས་བཞིར་གཏོར་བར་ 26-1-16a བྱའོ། །སྔགས་ཟློས་ཤིང་མར་ཁུ་ཆེན་པོས་བསྐུས་པའི་ཡུངས་ཀར་དཀར་པོས་རོ་ལངས་མ་དེའི་ལུས་ཀྱི་གདོང་ལ་བརྡེག་པར་བྱའོ། །དེ་ནས་དེ་ལངས་ཏེ་སྒྲོགས་པར་བྱེད་དོ། །སྲིད་པ་གསུམ་བདག་ཉིད་ཀྱི་སྒྲས་འགེངས་པར་བྱེད་དོ། །མཐོང་ནས་འཇིགས་པར་མི་བྱ་བར་ལྷའི་རྣལ་ འབྱོར་མངོན་དུ་བྱའོ། །དེའི་ང་རྒྱལ་གྱིས་གནས་པར་བྱའོ། །གཞན་དུ་འདའ་བར་བྱེད་ན་སྒྲུབ་པ་པོ་སློབ་མ་དང་བཅས་པ་འཆི་བར་འགྱུར་རོ། །དེ་ནས་དེ་གྲུབ་ཅི་བགྱི་ཞེས་བཀའ་ནོད་པར་བྱེད་དོ། །སྒྲུབ་པའི་ཡིད་ལ་མངོན་པར་འདོད་པའི་རལ་གྲི་ལ་སོགས་པའི་དངོས་གྲུབ་སྦྱིན་པར་བྱེད་དོ། །རང་ ཉིད་ཀྱང་སྒྲུབ་པར་བྱེད་དེ། གཏུམ་མོ་དང་གཡུང་མོ་དག་གང་ཡང་རུང་བའི་གཟུགས་ཀྱིས་སྨེ་ཤ་ཅན་མ་དང་ཁྱི་འཚེད་མ་དག་སྒྲུབ་པའི་ཐབས་ཀྱི་རིམ་པ་འདིས་བསྐྱེད་དེ། ཕྱི་ནས་བཅོམ་ལྡན་འདས་རྡོ་རྗེ་ཧེ་རུ་ཀ་བདག་ཉིད་དེ། དེ་ཕྱི་མའི་སྒྲུབ་པ་པོས་དེ་དག་གིས་ལྷན་ཅིག་ཏུ་འགྲུབ་པར་བྱེད་ པར་ཐེ་ཚོམ་མེད་དོ། །རོ་ལངས་མའི་སྒྲུབ་པའི་ཐབས་སོ། །ལེའུ་བཅུ་པའི་འགྲེལ་པའོ།། །།དེ་ལྟ་བུའི་རིམ་པ་འདིས་འདོད་ཆགས་ལ་སོགས་པས་གདུལ་བར་བྱ་བའི་སྐྱེ་བོ་རྣམས་ཀྱི་དོན་བྱས་ནས། བཅོམ་ལྡན་འདས་ཅི་ཡང་མི་གསུང་བའི་ངོ་བོར་གྱུར་ནས་རྣམ་པར་རྟོག་པ་དང་བྲལ་བ་བདེ་བ་ ཆེན་པོའི་རོས་སྐུ་དང་གསུང་དང་ཐུགས་མཐའ་དག་སོ་སོར་ཕུག་ནས་ལོངས་སྤྱོད་རྫོགས་པའི་སྐུས་ཡང་དག་པར་གནས་པ་ཅན་དུ་གྱུར་ཏོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དབུགས་མེད་ཅེས་བྱ་བ་ལ་སོགས་པ་སྟེ། སྲོག་གི་རྩོལ་བའི་མཚན་ཉིད་ཀྱི་རླུང་གི་ཏིང་ངེ་འཛིན་གྱི་གནས་སྐབས་ འགོག་པ་ལས་དབུགས་མེད་ཅེས་བྱ་བ་ངེས་པར་རྟོག་པ་མེད་པར་ཏིང་ངེ་འཛིན་མཆོག་ལ་སྙོམས་པར་ཞུགས་ཏེ་བདེ་བ་ཆེན་པོ་ཡེ་ཤེས་གཉིས་སུ་མེད་པ་ཅན་ཡང་དག་པར་གྱུར་ཏོ་ཞེས་པའི་དོན་ཏོ། །ད་ནི་དེ་ལྟར་གྱུར་པའི་བཅོམ་ལྡན་འདས་ལ་སླར་ཡང་ཞུ་བར་བྱེད་དོ། །རྡོ་རྗེ་ཕྲ་མོ་ཞེས་བྱ་ བ་ལ་སོགས་པ་ལ་རྡོ་རྗེ་ཕྲ་མོ་ནི་བདེ་བ་ཆེན་པོའི་ཡེ་ཤེས་སོ། །དེ་ཇི་ལྟར་གནས་ན་སེམས་ཅན་ཀུན་གྱི་ཡིད་ལ་ཞེས་སོ། །འདི་གསུང་བར་འགྱུར་བ་རྣམ་པ་ལྔས་མངོན་པར་བྱང་ཆུབ་པ་ཇི་ལྟ་བ་བཞིན་གྱི་རིམ་པས་ཆོས་འབྱུང་གི་དབུས་སུ་གནས་པའི་ཡེ་ཤེས་སེམས་དཔའ་ཁ་ནས་ཞུགས་ཏེ་ཟླ་ 26-1-16b བ་ཞུ་བ་ཅན་དུ་གྱུར་པའི་ཟླ་བའི་དཀྱིལ་འཁོར་དང་ཧཱུཾ་ཡིག་ལ་སོགས་པས་སྐྱེད་པས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་སུ་བདག་ཉིད་བསྐྱེད་པར་བྱ་སྟེ།ཕྱི་ནས་རྗེས་སུ་རྣལ་འབྱོར་གྱི་རིམ་པས་ལྷའི་འཁོར་ལོ་སྤྲོ་སྟེ་དེ་དཀྱིལ་འཁོར་གྱི་དབུས་སུ་གནས་པའི་བདག་ཉིད་བདག་པོའི་སྙེམས་པ་འཛིན་ པས་དེའི་རྗེས་སུ་རང་གི་སྙིང་གར་རྡོ་རྗེ་ཕྲ་མོ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནི་ཡེ་ཤེས་སེམས་དཔའ་རྣམ་པར་བསམ་པར་བྱའོ། །དེའི་ཡང་སྙིང་གར་ཧཱུཾ་ཡིག་ཕྲ་མོ་ལ་སོགས་པ་བཀོད་ལ་ལྷ་ཡང་དག་པར་བསྙེན་པའི་དངོས་གྲུབ་མངོན་དུ་ཕྱོགས་པ་ཅན་དུ་འགྱུར་རོ་ཞེས་བྱ་བ་ནི་མན་ངག་གོ། །ཡང་ན་རྡོ་རྗེ་ཕྲ་ མོ་ནི་བྱང་ཆུབ་ཀྱི་སེམས་ཏེ་ཆོས་ཐམས་ཅད་གསལ་བར་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཉེ་བར་བསྐྱེད་པ་ནི་སེམས་ཅན་ཀུན་གྱི་སྙིང་ལ་གནས་པར་འགྱུར་རོ། །དེ་བཞིན་དུ་ཡང་གསུངས་པ། སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཉིད་ཀྱང་། ། དམ་ཚིག་མཆོག་ལྡན་འདོད་པ་མཆོག །ཅེས་སོ། །སྔར་བཞིན་གསུངས་པ་ཞེས་བྱ་བ་ལ་སོགས་པས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གསལ་བར་བྱེད་པས་ལན་གསུངས་པའོ། །འདི་ཟོས་པས་དངོས་གྲུབ་ཀྱི་འབྲས་བུ་བསྟན་པ་གསུངས་པ། མྱང་བར་བྱའོ་ཞེས་བྱ་བ་ལ་སོགས་པ་ནི་བདེ་ བླག་ཏུ་རྟོགས་སོ། །བདག་ཉིད་ཅེས་བྱ་བ་ལ་སོགས་པ་ནི། རང་གིས་ཟོས་ནས་སྔགས་དང་རྒྱུད་ཤེས་པ་རང་རིག་པས་བཟའ་བྱར་བྱས་ནས་སོ། །སྦྱོང་བར་བྱེད་པ་དང་རྟོགས་པར་བྱེད་པའི་རིམ་པ་ནི་མ་གསུངས་ཏེ། ལྷའི་རྣལ་འབྱོར་ཁོ་ནས་བྱང་ཆུབ་ཀྱི་སེམས་ལ་སོགས་པ་རྣམས་རྣམ་ པར་དག་པ་ཉིད་ཀྱི་ཕྱིར་རོ། །འདི་ནི་ཞེས་བྱ་བ་ལ་སོགས་པས་རྒྱུད་འདིའི་ཆེ་བ་སྟོན་ཅིང་སྡོམ་པ་མཆོག་ཏུ་གྱུར་པ་ཡང་དག་པར་བསྡུ་བ་གསུངས་པ། དོན་མང་ཞེས་བྱ་བ་ནི། དེ་ལ་མང་པོ་རྣམས་ཀྱི་དོན་ཕྱག་རྒྱ་ཆེན་པོ་ལ་སོགས་པ་སྒྲུབ་པའི་ཐབས་ཀྱི་མཐར་ཐུག་པ་རྣམས་སོ་ཞེས་འབྲུ་ མང་པོ་པའོ། །གསང་བ་རིམ་པ་ཞེས་བྱ་བ་ནི་གསང་བའི་རྩལ་ནི་འདིའི་ཉམས་སུ་མྱོང་བའི་མཚན་ཉིད་དེ་ལྟ་བུ་བྱས་ནས། གང་གི་ཕྱིར་ཐེག་པ་ཆེན་པོ་ཡང་ཆེན་པོ་འདི་ལས་ངེས་པར་བྱུང་བ་དེའི་ཕྱིར་གསང་བའི་རྩལ་ལོ། །གསང་ཆེན་ཞེས་བྱ་བ་ལ་སོགས་པ་ནི། གསང་བའི་དབང་པོ་ 26-1-17a གཉིས་སྙོམས་པར་འཇུག་པའི་བདག་ཉིད་ཅན་མི་འབྱུང་བ་ནི་གསང་ཆེན་ཏེ་བདེ་བ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་ཞེས་བྱའོ། །དེ་ཡང་ཐམས་ཅད་བདག་ཉིད་དེ་བུད་མེད་ཀྱི་གཟུགས་ལ་སོགས་པ་ལུས་ལ་རྟག་ཏུ་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་ཉིད་ཀྱི་ཕྱིར་ མཆོག་གོ། །བདེ་བ་ཆེན་པོ་སོ་སོ་རང་གིས་རིག་པ་ཉིད་ཀྱི་ཕྱིར་དགའ་བའོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས་པ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཉེ་བར་བསྟན་ཡང་དེ་མ་ཐོབ་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། གཟུགས་མེད་དེ་མིག་གི་རྣམ་པར་ཤེས་པའི་ ཡུལ་མ་ཡིན་ནོ། །ཅིར་འགྱུར། སྟོང་པ་སྟེ་དེ་བཞིན་ཉིད་ཀྱི་རང་བཞིན་ཕྱི་རོལ་དང་ནང་གི་རྟོག་པའི་དྲ་བ་བསལ་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །མི་འགྱུར་བ་དང་སྟེ་གཡོ་བ་དང་བྲལ་བའོ་ཞེས་པའི་དོན་ཏོ། །འདི་དག་དེ་ཉིད་དེ་ཡང་དག་པ་ཇི་ལྟ་བའོ། །དེ་བཞིན་དུ་ཡང་སངས་རྒྱས་མཉམ་སྦྱོར་ དང་རྡོ་རྗེ་མཁའ་འགྲོ་ལ་སོགས་དུ་མ་ལས་གསུངས་པ། གསང་ཆེན་མཆོག་གིས་དགོས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །སངས་རྒྱས་ཀུན་དངོས་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །ཅེས་སོ། །རྡོ་རྗེ་གཙུག་གི་ནོར་བུ་ནི་གསང་བའི་ཟླ་བ་ནོར་བུ་ཐིག་ལེའི་རྒྱན་ གྱི་གཟུགས་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར། ཤིན་ཏུ་གསང་ལ་གཟུང་བར་བྱ། །ཞེས་སོ། །གཏམ་པ་ཞེས་བྱ་བ་ལ་སོགས་པ་ནི། རྒྱུད་འདིར་གཏམ་པ་བཞིན་དུ་ཁྱོད་ལ་བདག་གིས་ཀྱང་བཤད་པ་ཡང་གཟུང་བར་བྱ་སྟེ་ཤིན་ཏུ་དཀོན་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་གསུངས་ནས། བཅོམ་ལྡན་འདས་ དཀྱིལ་འཁོར་གྱི་འཁོར་ལོ་དང་ལྷན་ཅིག་ཕྲ་མོའི་གཟུགས་སུ་གྱུར་ནས། བདེ་བ་ཆེན་པོའི་རྣམ་པས་བྷ་གའི་རྣམ་པ་རུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་ཀྱི་རང་བཞིན། ས་བཅུ་གསུམ་པའི་བདག་ཉིད་དངོས་པོ་ཐམས་ཅད་གཉིས་སུ་མེད་པའི་མཚན་ཉིད་ཆོས་ཀྱི་འབྱུང་གནས་ཨེའི་ཡི་ གེའི་རྣམ་པ་ལ། ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུ་དག་གིས་ཁམས་གསུམ་པ་ལ་ཁྱབ་ནས་འཁོར་བར་ཡང་དག་པར་གནས་སོ་ཞེས་བྱ་བའོ། །དེ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་ལྷའི་རྣལ་འབྱོར་ལ་གོམས་པར་བྱས་པའི་ཕྱི་ནས་ཉེ་བར་བསྡུ་བ་བྱའོ་ཞེས་པའོ། །གསང་ 26-1-17b བའི་དེ་ཉིད་དོན་དང་གསང་སྔགས་ཚིག་ནི་རྟོགས་པར་དཀའ་བ་རྡོ་རྗེ་བདུད་རྩི་ཞེས་བྱའི་རྒྱུད། །བློ་གྲོས་བླུན་པོ་དྲི་མ་མེད་པ་གང་གིས་དོན་བཞིན་བཤད་པར་ཅི་ཞིག་ནུས་ཏེ་བདག་དང་པོར། །ཅུང་ཟད་ཤེས་ནས་འདི་ལས་དགེ་བ་དྲི་མ་མེད་པ་གང་ཞིག་བདག་གིས་ཐོབ་པ་གང་ཡིན་པ། །དེ་ཡིས་ འཇིག་རྟེན་མ་ལུས་དེ་དག་ཀུན་རྟོག་དྲ་བ་བཅོམ་ནས་མཆོག་གི་བདེ་བ་མཉམ་པར་ཤོག །མཆོག་གི་བདེ་བ་གཉིས་མེད་བློ་ཡི་དངོས་གྲུབ་རྒྱུར། །མཐའ་ཡས་རྒྱུད་ཀྱི་སྙིང་པོ་འདི་ནི་འདྲི་བྱེད་པ། །གང་ཞིག་འདོད་པའི་དགའ་བ་མཐར་གྲུབ་གྱུར་པ་དེ། །ཡོན་ཏན་རྣམས་ལ་དྲི་མ་མེད་པའི་ བཟང་པོ་ཞེས་བྱའོ། །རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་ནི། །བཤད་སྦྱར་ཚིགས་བཅད་དུ་ཞིག་ལྡན། །འདི་ཡང་སྡེབ་སྦྱོར་ཅེས་བསྔགས་པ། །བརྒྱ་ཕྲག་བཞི་ཡི་ཚོགས་དང་ལྡན། །དཔལ་རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་དཀའ་འགྲེལ་རྫོགས་སོ།། །།སློབ་དཔོན་དྲི་མེད་བཟང་པོའི་ ཞབས་ཀྱིས་མཛད་པའོ། །འདི་ནི་སྔར་གྱི་འགྱུར་རྙིང་པའི་ལེའུ་གཉིས་པ་མན་ཆད་མ་ཚང་ཞིང་དེ་ཡན་ཆད་ཀྱང་ཤིན་ཏུ་འཁྲུགས་ཤིང་འགྲེལ་པ་གཞན་དང་འདྲེས་པ་ལས། ཤཱཀྱའི་དགེ་སློང་རིན་ཆེན་གྲུབ་ཀྱིས་རྒྱ་དཔེ་ལས་བསྒྱུར་ཞིང་སྨྲྀ་ཏིའི་སྤེལ་མར་བཤད་པ་དང་ཡང་བསྟུན་ནས་ཞུས་ཤིང་གཏན་ ལ་ཕབ་པའོ།། །།པཎྜི་ཏ་ལ་མ་མཉན་ཞིང་། །རྒྱ་དཔེའི་དཔེ་དཔང་མ་རྙེད་ལ། །སྃ་སྐྲྀ་ཏ་ལ་མ་བྱང་བས། །ནོར་ན་མཁས་པས་བཅོས་པར་ཞུའོ།། །།འདིས་འཁོར་བའི་རྒྱ་མཚོ་ཆེན་པོ་མྱུར་དུ་སྐེམས་པར་གྱུར་ཅིག །གངས་ཅན་ཆོས་ཀྱི་སྒྲོན་མ་ཐམས་ཅད་མཁྱེན། །དཔལ་ མགོན་བྱམས་པ་གླིང་པའི་ཕྱག་དཔེ་བཞིན། །དག་པར་བྱས་གང་བསོད་ནམས་འདི་ཡིས་བདག །རྡོ་རྗེ་འཆང་གི་ཕུན་ཚོགས་ཐོབ་པར་ཤོག།༄༅༅། །རྒྱ་གར་སྐད་དུ། བཛྲ་ཨ་མྲྀ་ཏ་ཏནྟྲ་ཊཱི་ཀཱ། བོད་སྐད་དུ། རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་བཤད་པ། དཔལ་རྡོ་ རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གང་གིས་དངོས་གྲུབ་གསལ་བ་དྲི་མ་མེད་ཅིང་ཡེ་ཤེས་དར་ལ་འཁྲུལ་མེད་པ། །ཐབས་དང་ཤེས་རབ་ཐུགས་རྗེ་ཆེན་པོའི་རོ་མཉམ་གཅིག་པ་ཡིན་ཡང་གཉིས་སྣང་བ། །མཱ་མ་ཀཱི་ལ་སོགས་པའི་སྤྱན་ཟུར་བུང་བ་མཆོག་གིས་འཇིབས་པའི་པདྨའི་ཞལ། ། 26-1-18a རྒྱལ་བའི་ངོ་བོ་དམ་པའི་བདེ་བ་དེ་ལ་བཏུད་ནས་རྡོ་རྗེ་བདུད་རྩི་བྲི། །གསང་བའི་གསང་བ་སེམས་ཀྱིས་ནི། །བདག་གིས་རྒྱུད་དོན་ཀུན་བསྟན་ནས། །བདག་གཞན་ཕན་པའི་དོན་དུ་ནི། །རྣམ་བཤད་གསལ་བར་བྱས་པའོ། །བསྡུས་ནས་འབྲེལཔའི་རྗེས་འབྲང་ སྟེ། །དད་པས་བོད་དཔེ་རྒྱས་པར་བྱས། །རྒྱུད་འདི་ལ་མཱ་མ་ཀཱི་ལ་སོགས་པས་ཡོངས་སུ་བསྐོར་བའི་བཅོམ་ལྡན་འདས་མི་བསྐྱོད་པ་ནི་དོན་ཏོ། །རྒྱུད་ནི་ཚིག་གོ། །དགོས་པ་ནི་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོ་ཡེ་ཤེས་མངོན་དུ་བྱས་པའོ། །སྐྱེ་བོ་རྣམས་འདོད་ཆགས་ལ་སོགས་པའི་ཉོན་ མོངས་སྤྱད་པ་ཉིད་ན་སྐྱོན་གྱིས་མི་གོས་ཏེ། རྣམ་པར་གྲོལ་བའི་ལམ་དུ་གྱུར་པའོ། །དེ་ལྟར་ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པར་རོལ་པའི་འོད་ཟེར་གྱིས་སྐྱོ་བས་སེམས་ཅན་གསང་བའི་གནས་སུ་བཀུག་ནས་དབང་བསྐུར་བའི་མཐུས་འདོད་ཆགས་ལ་སོགས་པའི་ཉོན་ མོངས་པ་གནས་སུ་དག་པ། ཡེ་ཤེས་ལྔའི་རྟགས་ཀྱི་ཕྱག་རྒྱ་རིགས་ལྔའི་སྐུར་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པར་སེམས་ཅན་གྱི་དོན་བྱེད་པ་ནི་དགོས་པའི་ཡང་དགོས་པའོ། །ཆོས་ཀྱི་རྗེས་སུ་འབྲང་བའི་གང་ཟག་དད་པ་བསྐྱེད་པར་བྱ་བ་ལ་ཕན་པར་བྱེད་པའི་ཕྱིར་དེ་དག་ཀྱང་གདོན་མི་ཟ་ བར་བརྗོད་པར་བྱའོ། །འོ་ན་ཅིའི་ཕྱིར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་དོན་དུ་སེམས་ཅན་རྣམས་ཀྱི་ཐབས་འདི་ལས་གཞན་ཏིང་ངེ་འཛིན་ནི་བཅོམ་ལྡན་འདས་ཀྱིས་མ་བསྟན་ནས། འཇིག་རྟེན་ལས་འགལ་བས་དེ་བསྟན་ཞེ་ན། ཅིའི་ཕྱིར་འཇིག་རྟེན་གདོད་མ་མེད་པའི་དང་པོ་ ནས་གོམས་པའི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཀུན་གྱི་དྲ་བས་འཁྲུགས་པའི་ཡིད་ཡིན་པས། ཡིད་ལ་ཆགས་པ་ལ་སོགས་པ་མེད་པར་གནས་མི་ནུས་པ་དེའི་ཕྱིར། དེ་ཉིད་རྫོགས་པ་ལ་བྱང་ཆུབ་ཐོབ་པའི་རྒྱུ་ཉིད་དུ་དང་དུ་བླངས་ཏེ། སྔགས་དང་ཕྱག་རྒྱ་དང་། ཡེ་ཤེས་ སེམས་དཔའ་འགུགས་པ་དང་ལྡན་པར་བྱས་ནས། བྱང་ཆུབ་གྲུབ་པར་བྱ་བ་ལ་ཤིན་ཏུ་ནུས་པ་སྐྱེ་བའི་ཕྱིར་རོ། །གཏན་དུ་འདོད་ཆགས་དང་། འདོད་ཆགས་ཅན་བཅིང་བ་དང་བཅིངས་པར་གྱུར་པ་དེ་གཉིས་དོན་དམ་པར་རང་གི་ངོ་བོར་མ་གྲུབ་པ་ཡིན་ཏེ། རིགས་པས་དཔྱད་ན་དོན་མེད་པའི་ཕྱིར་ཏེ། གང་ 26-1-18b དུ་ཆགས་པའམ། གང་ལ་ཆགས་པའམ། གང་གིས་ཆགས་པ་དེ་དང་དེའི་ཆོས་ནི་དམིགས་པར་མི་བྱ་སྟེ། མི་དམིགས་པའི་ཆགས་པ་ནི་སྐྱོན་མེད་ཅེ་ན། མི་སྐྱེ་སྟེ་ཆགས་པར་བྱ་བ་མ་ཡིན་ནོ། །འདོད་ཆགས་མེད་པའི་སེམས་འདི་རྣམས་ཀྱང་ཉོན་མོངས་པ་མ་ཡིན་ནོ། །གང་དག་དམིགས་ པའི་བདག་ལ་བཞུགས་པའི་ལྟ་བ་པ། །དེ་དག་ཆགས་པས་ངན་སོང་དུ་ནི་ལྟུང་བར་བྱེད། །འདོད་ཆགས་ཆོས་གང་དེ་ཉིད་སངས་རྒྱས་ཆོས་ཡིན་ཏེ། །དེ་གཉིས་ལ་ནི་ཁྱད་པར་འགའ་ཡང་ཡོད་པ་མིན། །ཡི་གེ་གཅིག་ཚུལ་གཅིག་གི་མཚན་ཉིད་མེད་པ་སྟེ། །སྐྱེ་བོ་རྣམས་དང་བདེ་བར་ གཤེགས་པ་ཉིད་ཀྱང་ཁྱད་པར་མིན། །ཚུལ་ཁྲིམས་འཆལ་དང་ཚུལ་ཁྲིམས་སྤྱོད་རྟོགས་ནས། །ཚུལ་ཁྲིམས་དྲེགས་པས་མྱོས་པ་གང་གིས་བསམ། །དེ་ལ་བྱང་ཆུབ་སངས་རྒྱས་ཆོས་ཀྱང་མེད། །དེ་ཕྱིར་དམིགས་པའི་ལྟ་བར་བཞུགས་ཕྱིར་རོ། །ཡང་གསུངས་པ། ཆགས་མིན་ ཆགས་དང་བྲལ་བ་ན། །དབུ་མར་ཡང་ནི་མི་དམིགས་སོ། །ཞེས་པ་ལ་སོགས་པའོ། །རྒྱུད་འདིའི་སྟོན་པ་ནི་བཅོམ་ལྡན་འདས་མི་བསྐྱོད་པའོ། །རྒྱུད་འདི་ཞུ་མཁན་སྡུད་པ་པོ་ནི་མཱ་མ་ཀཱིའོ། །འཁོར་ནི་ལྷ་མོ་མཛེས་མས་དང་པོར་བཟུང་ནས་སྒོ་སྲུང་མའི་མཐར་ཐུག་པའོ། །འདི་སྐད་ཅེས་ པ་ལ་སོགས་པ་ནི། རྒྱུད་ཀྱི་མགོ་བརྩམས་པའོ། །འདི་སྐད་ཅེས་པ་ནི། ཕྱི་ནས་བརྗོད་པའི་རྡོ་རྗེ་བདུད་རྩིའི་རྒྱུད་དོ། །གཉིས་སུ་ན་འདི་སྐད་ནི་རྒྱ་གར་གྱི་ཚིག་ལ་ཨེ་བཾ་སྟེ། ཨེ་གྲུ་གསུམ་ནི་པདྨའོ། །བཾ་ནི་བཛྲ་སྟེ་རྡོ་རྗེའོ། །རྒྱུད་འདི་མགོ་མཇུག་རྡོ་རྗེ་དང་པདྨ་སྦྱོར་བས་འགྲུབ་པའི་དོན་ཡིན་ པས། འདི་ནི་པདྨ། སྐད་ནི་རྡོ་རྗེ་ཞེས་སྦྱར་བར་བྱའོ། དེ་ལ་བདག་གིས་ཞེས་པ་ནི། སྡུད་པ་པོ་མཱ་མ་ཀཱིའི་ཚིག་སྟེ། བཅོམ་ལྡན་འདས་ཀྱི་ཞལ་ནས་བདག་གིས་མངོན་སུམ་དུ་ཐོས་པར་བསྟན་ཏེ། གཞན་ལས་གཞན་དུ་ཐོས་པ་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་ཡང་གཅིག་པུས་ཐོས་ པ་ནི་མ་ཡིན་ཏེ། ཕྱི་ན་འཁོར་གྱི་ཕུན་སུམ་ཚོགས་པ་དང་འགལ་བའི་ཕྱིར་རོ། །ཐོས་པ་ཞེས་པ་ནི་ཤེས་པའི་དོན་ཏེ། ཡིད་ཀྱི་རྣམ་པར་ཤེས་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །རྣ་བའི་དབང་པོའི་སྤྱོད་ཡུལ་སྒྲ་ལ་ཡིད་ཀྱི་རྣམ་པར་ཤེས་པའི་སྤྱོད་ཡུལ་ཡིན་ནམ་ཞེ་ན་ཡིན་ཏེ། སྤྱོད་ཡུལ་ 26-1-19a ཐམས་ཅད་འཇུག་པ་དང་རྟོག་པའི་རྣམ་པར་ཤེས་པ་གཉིས་ཀྱི་ཐུན་མོང་གི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །དེ་བས་ན་ཐོས་པའི་དོན་ལ་ཤེས་པ་ཞེས་བྱ་བ་མི་འགལ་ལོ། །དུས་གཅིག་ན་ཞེས་བྱ་བ་ནི། དུས་གཅིག་གི་ཚེ་ན་སྟེ། གང་གི་ཚེ་བཅོམ་ལྡན་འདས་མི་བསྐྱོད་པ་གསང་ བའི་པདྨ་ལ་ཞུགས་པའི་ཚེ་ཐོས་པའི་དོན་ཏོ། །ཡང་ན་རྒྱུད་འདི་མགོ་མཇུག་ནི་ལོ་གྲངས་དང་ཚེས་གྲངས་སུ་ཐོས་པ་མ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཞེས་པ་ནི། བདུད་བཞི་བཅོམ་པའི་ཕྱིར་རམ། དབང་ཕྱུག་ལ་སོགས་པ་ལེགས་པའི་ཡོན་ཏན་དྲུག་དང་ལྡན་པས། བཅོམ་ལྡན་ འདས་ཞེས་ཏེ། གསང་བའི་བྷ་གའི་པདྨ་ལ་རྟག་པར་གནས་པ་དང་ལྡན་པའི་དོན་ཏོ། །ཅིའི་ཕྱིར་བྷ་ག་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཤེས་རབ་ཡིན་པས། དེ་བས་བདུད་བཞི་གསང་བའི་བྷ་གར་གཞོམ་པའོ། །དེ་ལྟར་ཡང་གསུངས་པ། ཉོན་མོངས་ཤེས་རབ་ཀྱིས་ཐུབ་སྟེ། །དེ་ཕྱིར་ཤེས་ རབ་བྷ་གར་གསུངས། །ཞེས་པའོ། །དབང་ཕྱུག་ལ་སོགས་པའི་རྒྱུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་བཅོམ་ལྡན་འདས་གསང་བའི་བྷ་གར་བཞུགས་པ་ལ་ལྡན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་པ་ནི། རྣམ་པར་སྣང་མཛད་པ་ལ་སོགས་པའོ། །དེ་དག་གི་སྐུ་དང་གསུང་ དང་ཐུགས་ནི། སྐུ་དང་གསུང་དང་ཐུགས་ཞེས་པ་སྟེ། ལོངས་སྤྱོད་རྫོགས་པའི་སྐུ་དང་། བདག་མེད་པའི་ཆོས་མཆོག་དང་། དག་པ་འཇིག་རྟེན་པའི་ཡེ་ཤེས་སོ། །དེ་དག་ཁོ་ན་སྙིང་པོ་ཞེས་ཏེ། ལྷ་མོ་མཱ་མ་ཀཱི་ལ་སོགས་པ་སྟེ། འཇིགས་པ་མེད་ཅིང་འཚེ་བ་མེད་པའི་བདེན་པའི་རང་ བཞིན་ཏེ། འདོད་པའི་འབྲས་བུ་སྦྱིན་པའི་ཕྱིར་རོ། །དེ་ཉིད་རྡོ་རྗེ་བདུད་རྩི་སྟེ་རྡོ་རྗེའོ། །བདུད་རྩི་གསང་བའི་ཞེས་པ་ནི། མཱ་མ་ཀཱི་ལ་སོགས་པའི་སྟེ།ཤིན་ཏུ་གསང་བའི་ཕྱིར་རོ། །དེ་ལྟར་ཡང་གསུངས་ཏེ། མུ་སྟེགས་རྣམས་ལ་ཕན་འདོགས་ཕྱིར། །སངས་རྒྱས་བཙུན་མོ་ཤིན་ཏུ་ ཤེས། །ཞེས་སོ། །དེ་དག་གི་བྷ་ག་ནི་པདྨ་ལ་ཞེས་པ་སྟེ། བྷ་གའི་དབུས་ལྷག་པའི་གནས་ལ་ནི། གསང་བའི་བྷ་གའི་ནང་ན་ཡི་གེ་བྷྲཱུཾ་ལས་སྐྱེད་པའི་པདྨ་དང་ལྡན་པའི་ཕྱིར་རོ། །དེ་འདྲ་བའི་བྷ་ག་ལ་བཞུགས་སོ་ཞེས་པ་སྟེ། ལེགས་པར་གནས་སོ་ཞེས་བྱ་བའི་དོན་ཏོ། །དོན་ནི་འདི་ལྟ་སྟེ་ 26-1-19b ལྷ་མོ་མཱ་མ་ཀཱི་ལ་སོགས་པ་དེ་དག་གི་པདྨའི་བྷ་ག་ལ། བྱང་ཆུབ་སེམས་རྡོ་རྗེ་བདུད་རྩིའི་གཟུགས་ཀྱིས། ཇི་སྲིད་སྲིད་པ་གནས་ཀྱི་བར། །ཤིན་ཏུ་དགའ་བ་དམ་པ་དང་། །རོ་མཉམ་པའི་ངོ་བོས་བཅོམ་ལྡན་འདས་གནས་པ་སྟེ། སྤྱོད་ལམ་རྣམ་པ་བཞི་ནི་མ་ཡིན་ནོ། །དེ་བས་ན་རྣལ་འབྱོར་ བདག་གིས་ཀྱང་ལྷ་དང་སྦྱོར་བ་མངོན་དུ་བྱེད་འདོད་པས་བསླབ་པར་བྱའོ་ཞེས་པའོ། །གཞལ་ཡས་ཁང་བརྩེགས་པ་ཞེས་པ་ལ་སོགས་པ་ནི། མཱ་མ་ཀཱི་དང་ཐབས་ཅིག་ཏུ་སྙོམས་པར་ཞུགས་ཏེ། ལྷ་མོ་མཛེས་མ་ལ་སོགས་པ་དག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་རོལ་ཏེ་ཞེས་བྱའོ། ། ཁང་པ་ན་ཞེས་པ་ནི་དཀྱིལ་འཁོར་ལའོ། །མཱ་མ་ཀཱི་ཞེས་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡུམ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཞེས་པ་ནི་བཤད་ཟིན་ཏོ། །རྡོ་རྗེ་ཅན་ཞེས་པ་ནི་ཡེ་ཤེས་ལྔ་དང་རིགས་ལྔ་དང་རྒྱུ་འབྲས་ནི་རྡོ་རྗེའོ། །དེ་དང་ལྡན་པའི་ཕྱིར་རོ། །དེ་བས་ན་ཕྱག་མཚན་ཡང་ སྟེང་འོག་རྩེ་ལྔ་པའི་རྡོ་རྗེ་རྣམས་སོ། །དེ་ལྟར་ཡང་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་ཀྱང་གསུངས་པ། རྒྱུད་ལྔ་དག་པའི་འབྲས་དག་ནི། །རྡོ་རྗེ་ཞེས་ནི་བསྟན་པ་ཡིན། །ཞེས་སོ། །དོན་ནི་འདི་ལྟར་གསུངས་པར་གྱུར་ཏེ། མཱ་མ་ཀཱི་ལ་སོགས་པའི་ཆོས་ཀྱི་འབྱུང་གནས་ནི་གྲུ་བཞི་ལ་ སོགས་པའི་ཡོན་ཏན་དང་ལྡན་པའི་དཀྱིལ་འཁོར་དུ་དེའི་ཕྱེད་ཀྱི་ཚད་བརྟགས་པའི་པདྨ་འདབ་མ་བརྒྱད་ཀྱི་འདབ་མ་རེ་རེ་ལ། ལྷ་མོ་མཛེས་མ་ཞེས་བྱ་བ་ལ་སོགས་པ་བརྒྱད་གནས་པ། སྒོ་རྣམས་ལ་སྒོ་སྲུང་ཁྲོ་གཉེར་མ་ལ་སོགས་པ་དང་། གྲྭ་རྣམས་ལ་ལྷ་མོ་མེ་ཏོག་མ་ལ་སོགས་པ་དང་། སྣམ་བུ་ལ་ལྷ་མོ་པི་ཝང་མ་ལ་སོགས་པ་ཐམས་ཅད་རང་རང་གི་ཕྱག་མཚན་འཛིན་པར་གནས་པར་བྱ་བ་དང་། བཅོམ་ལྡན་འདས་མི་བསྐྱོད་པ་ཡང་མཱ་མ་ཀཱི་དང་སྙོམས་པར་ཞུགས་པ་དང་ལྡན་པས་པདྨའི་སྙིང་པོ་ལ་བཞུགས་སོ་ཞེས་པའོ། །འདི་ལྟ་སྟེ་བཅོམ་ལྡན་འདས་དབུས་ཀྱི་གཙོ་བོ་མི་བསྐྱོད་ པ་ཞལ་གསུམ་ཕྱག་དྲུག་ལ། དབུས་ཀྱི་ཞལ་དང་སྐུ་མདོག་སྔོ། གཡས་དཀར་གཡོན་དམར་བ། ཕྱག་དང་པོ་གཉིས་ཀྱིས་ནུ་མ་འཛིན་པ། གཡས་པ་གཉིས་ཀྱིས་རྡོ་རྗེ་དང་རལ་གྲི། གཡོན་པ་གཉིས་ཀྱིས་ཞགས་པ་དང་དྲིལ་བུ་འཛིན་པའོ། །བཅོམ་ལྡན་འདས་མཱ་མ་ཀཱི་ཞལ་གསུམ་ཕྱག་ 26-1-20a དྲུག་ལ། ཞལ་ནི་གཙོ་བོ་དང་མཐུན། ཕྱག་གཡས་ཀྱི་དང་པོ་ན་རྡོ་རྗེ་བསྣམས་ནས། གཙོ་བོའི་བརླར་བརྟེན་པ། འོག་མ་གཉིས་ཀྱིས་འཁོར་ལོ་དང་རལ་གྲི་བསྣམས་པ། གཡོན་པ་གསུམ་གྱིས་ཞགས་པ་དང་ལྕགས་ཀྱུ་དང་དྲིལ་བུ་བསྣམས་པའོ། །ཤར་གྱི་འདབ་མ་ལ་ མཛེས་པ་མོ་ཞལ་གསུམ་ཕྱག་དྲུག་ལ། དབུས་ཀྱི་ཞལ་དང་སྐུ་མདོག་དཀར། གཡས་གནག་གཡོན་དཀར། ཕྱག་དང་པོ་གཉིས་ཀྱིས་འཁྱུད་པའི་ཚུལ་ལོ། །གཡས་གཉིས་ཀྱིས་བགྲང་ཕྲེང་དང་མདའ་འཛིན་པ། གཡོན་གཉིས་ཀྱིས་འཁོར་ལོ་དང་གཞུའོ། །ཞལ་གསུམ་ཕྱག་དྲུག་ ཀུན་ལ་ཤེས་པར་བྱའོ། །ལྷོའི་འདབ་མ་ལ་ཞི་བའི་ཞལ་གྱི་དབུས་ཀྱི་ཞལ་དང་སྐྲ་མདོག་སེར་པོ། གཡས་གནག་གཡོན་དཀར། ཕྱག་དང་པོས་འཁྱུད་པའི་ཚུལ། གཡས་གཉིས་ཀྱིས་རྡོ་རྗེ་དང་རལ་གྲི། གཡོན་གཉིས་ཀྱིས་རིན་པོ་ཆེ་དང་ཞགས་པའོ། །ནུབ་ན་ཟླ་བ་མོའི་དབུས་ཀྱི་ཞལ་དང་ སྐུ་མདོག་དམར་པོ། གཡས་གནག་གཡོན་དཀར། ཕྱག་གཉིས་ཀྱིས་འཁྱུད་པའི་ཚུལ། གཡས་གཉིས་བགྲང་ཕྲེང་དང་རྡོ་རྗེ། གཡོན་གཉིས་པདྨ་དང་གུནྡྷེ། བྱང་དུ་དུང་ཅན་མའི་དབུས་ཀྱི་ཞལ་དང་། སྐུ་མདོག་ལྗང་གུ། གཡས་གནག་གཡོན་དཀར། ཕྱག་དང་པོ་གཉིས་འཁྱུད་ པའི་ཚུལ། གཡས་གཉིས་ཀྱིས་རལ་གྲི་དང་རྒྱ་གྲམ། གཡོན་གཉིས་ཀྱིས་ལྕགས་ཀྱུ་དང་ཞགས་པའོ། །དབང་ལྡན་གྱི་འདབ་མ་ལ་རི་བོང་འཛིན་མའི་དབུས་ཀྱི་ཞལ་དང་། སྐུ་མདོག་དཀར། གཡས་གནག་གཡོན་དམར། ཕྱག་གཡས་གསུམ་མཆོད་སྦྱིན་དང་རྡོ་རྗེ་དང་མདའོ། །གཡོན་ གསུམ་གཞུ་དང་རིན་པོ་ཆེའི་སྙེ་མ་དང་སྡིགས་མཛུབ་བོ། །མེ་མཚམས་ལ་རི་མོ་ཅན་གྱི་དབུས་ཀྱི་ཞལ་དང་སྐུ་མདོག་ནི་གནག །གཡས་དཀར་གཡོན་དམར། ཕྱག་གཡས་གསུམ་ན་སྐྱབས་སྦྱིན་དང་རྡོ་རྗེ་དང་མདའོ། །གཡོན་གསུམ་ན་གཞུ་དང་སྡིགས་མཛུབ་དང་ཞགས་པའོ། །བདེན་ བྲལ་མཚམས་ལ་ཡིད་དགའ་མའི་དབུས་ཀྱི་ཞལ་དང་། སྐུ་མདོག་ནི་དམར་བ་གཡས་གནག་གཡོན་དཀར་བ། གཡས་གསུམ་མི་འཇིགས་པ་དང་རྡོ་རྗེ་དང་མདའ། གཡོན་གསུམ་གཞུ་དང་པདྨ་དང་བགྲང་ཕྲེང་ངོ་། །རླུང་མཚམས་ལ་ཡིད་ལ་བདེ་བར་བྱེད་པ་མའི་དབུས་ཀྱི་ཞལ་དང་ 26-1-20b སྐུ་མདོག་ལྗང་གུ། གཡས་གནག་གཡོན་དཀར། ཕྱག་གཡས་མི་འཇིགས་པ་དང་རྡོ་རྗེ་དང་མདའ། གཡོན་གཞུ་དང་ཨུཏྤལ་དང་སྡིགས་མཛུབ། ཡང་ན་གོང་གི་རིག་མ་བརྒྱད་ཀྱི་ཕྱག་མཚན་ཀུན་གཙོ་བོ་དང་མཐུན་པར་བྲིས་ཀྱང་མི་འགལ་ཏེ། རྒྱུད་ཉིད་ལས་གཞན་གྱི་ཕྱག་མཚན་མ་གསུངས་ པའི་ཕྱིར་རོ། །མེ་ཏོག་མ་དབུས་ཀྱི་ཞལ་དང་སྐུ་མདོག་དཀར། གཡས་གནག་གཡོན་དམར། ཕྱག་དང་པོ་གཉིས་ཀྱིས་མེ་ཏོག་གི་གཞོང་པ་བསྣམས་པ། ཕྱི་མ་ཀུན་གཙོ་མོ་མཱ་མ་ཀཱི་དང་མཐུན་ཏེ། འོག་མ་ཀུན་ལའང་ཤེས་པར་བྱའོ། །སྤོས་མེ་མའི་ཞལ་དབུས་སེར། གཡས་ གནག་གཡོན་དཀར། ཕྱག་དང་པོ་གཉིས་སྤོས་མེ་འཛིན་པའོ། །མེ་མར་མའི་དབུས་དམར། གཡས་གནག་གཡོན་དཀར། ཕྱག་དང་པོ་གཉིས་མེ་མར་འཛིན་པའོ། །དྲི་ཆབ་མའི་ཞལ་དབུས་ལྗང་། གཡས་གནག་གཡོན་དཀར། ཕྱག་དང་པོ་གཉིས་ཀྱིས་དྲིའི་དུང་བསྣམས་སོ། ། གླིང་བུ་མ་ཞལ་དབུས་དཀར། གཡས་གནག་གཡོན་དམར། ཕྱག་དང་པོ་གཉིས་ཀྱིས་གླིང་བུ་བསྣམས་སོ། །པི་ཝང་མའི་ཞལ་དབུས་སེར། གཡས་གནག་གཡོན་དཀར། ཕྱག་དང་པོ་གཉིས་ཀྱིས་པི་ཝང་འཛིན་པའོ། །རྔ་ཆེན་མ་ཞལ་དབུས་དམར། གཡས་གནག་གཡོན་ དཀར། ཕྱག་དང་པོ་གཉིས་ཀྱིས་རྔ་ཆེན་འཛིན་པ། རྫ་རྔ་མའི་ཞལ་དབུས་ལྗང་གུ། །གཡས་དཀར་གཡོན་དམར། ཕྱག་གཉིས་ཀྱིས་རྫ་རྔ་འཛིན་པའོ། །ཁྲོ་གཉེར་མའི་ཞལ་དབུས་དཀར། གཡས་གནག་གཡོན་དམར། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་ལྕགས་ཀྱུ་འཛིན་པའོ། །འཇིགས་པར་ བྱེད་མ་ཞལ་དབུས་སེར། གཡས་གནག་གཡོན་དཀར། ཕྱག་དང་པོ་གཉིས་ཀྱིས་ཞགས་པ་འཛིན་པའོ། །རྟའི་གཟུགས་མ་ཞལ་གསུམ་ཕྱག་དྲུག་ལ། དབུས་ཀྱི་ཞལ་དང་སྐུ་མདོག་ནི་དམར། གཡས་གནག་གཡོན་དཀར། ཕྱག་གཉིས་ཀྱིས་རྡོ་རྗེ་ལྕགས་སྒྲོག་འཛིན་པའོ། །ཚོགས་ ཀྱི་འདྲེན་མ་མོ་ཞལ་གསུམ་ཕྱག་དྲུག་ལ། དབུས་ཀྱི་ཞལ་དང་སྐུ་མདོག་ནི་ལྗང་གུ། གཡས་གནག་གཡོན་དཀར། ཕྱག་དང་པོ་གཉིས་ཀྱིས་དྲིལ་བུ་འཛིན་པའོ། །དེ་ལྟར་ཞལ་མདོག་གི་རིམ་པ་གསང་བ་འདུས་པའི་ཀ་རི་ཀ་ལས་གསུངས་པ། ཐམས་ཅད་གཡོན་ནི་ནག་པ་མིན། །གཡས་ 26-1-21a ཀྱི་ཞལ་ནི་དམར་བ་མིན། །ཡེ་ཤེས་ཞབས་ཀྱི་རྗེས་འབྲང་བས། །གསང་འདུས་འདི་ལྟར་ཤེས་པར་བྱའོ། །ཞེས་འབྱུང་། ད་ནི་བཅོམ་ལྡན་འདས་ཁང་པའི་དབུས་ན་གནས་བདེ་ལ་ཤིན་ཏུ་དགའ་བའི་རོ་མཉམ་པར་བྱ་སྟེ། ལྷ་མོ་མཱ་མ་ཀཱི་དེས་འདོད་ཆགས་ལ་སོགས་པ་ལ་ ཆགས་པའི་སེམས་ཅན་གྱི་ཁམས་རྣམ་པར་སྦྱང་བའི་དོན་དུ་ཞུས་པ། དེ་ལ་ལྷ་མོ་དེས་ཞུས་པ་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཞེས་པ་ནི་མཛེས་པ་མོ་ལ་སོགས་པའི་ལྷ་མོས་བསྐོར་ཞིང་མཱ་མ་ཀཱི་དང་ཐབས་ཅིག་ཏུ་བཅོམ་ལྡན་འདས་བཞུགས་པའི་ཁང་པ་ནའོ། །ལྷ་མོ་དེ་ཞེས་ནི་སྡུད་པ་པོ་མཱ་མ་ཀཱི་སྟེ། ལྷའི་རིས་སུ་སྐྱེ་བར་མཛད་པའི་ཕྱིར་རམ། རང་གི་འོད་ཀྱིས་གསལ་བར་བྱེད་པའི་ཕྱིར་རོ། །ཞུས་པ་ཞེས་པ་ནི་ཐབས་དང་ཤེས་རབ་རོལ་པར་སྦྱར་ནས་ཞུས་པ་ཡིན་ཏེ། པུས་མོའི་ལྷ་ང་ས་ལ་བཙུགས་ནས་ཞུས་པ་ལ་སོགས་པའི་ཚུལ་ནི་མ་ཡིན་ནོ། །གསང་ཆེན་ཞེས་བྱ་བ་ཞེས་པ་ནི། བདེ་བ་ ཆེན་པོ་གཉིས་སུ་མེད་པའི་སོ་སོ་རང་རིག་པའི་ཡེ་ཤེས་སོ། །དེ་ལ་ཆེར་གནས་པ་ཞེས་ཏེ་བདེ་བ་མྱོང་བའི་བདག་ཉིད་ཅེས་པའོ། །རྡོ་རྗེ་བདུད་རྩི་རྒྱུད་ཅེས་པ་ནི། རྒྱས་པ་དང་དགའ་བའི་སེམས་ཅན་གྱི་དོན་བྱེད་པའི་ཐབས་བླ་མའི་རྒྱུད་ཁྲི་ཉིས་སྟོང་པའོ། །དེ་རྣམས་སྟོན་ཅེ་ན། སྔོན་དུ་ཞེས་ནི་ བསྐལ་པ་དང་པོ་ན་ཀྱེ་ལྷ་མོ་ཁྱོད་ཀྱིས་ཐུགས་རྗེས་སྟོན་པར་འགྱུར་ཏེ། ད་ལྟར་ནི་སྡུད་པ་ལ་དགའ་བའི་སེམས་ཅན་གྱི་དོན་དུ་བཀའ་སྩལ་འཚལ་ལོ་ཞེས་པའི་དོན་དང་འབྲེལ་ཏོ། །བདུད་རྩི་ཞེས་པ་ནི། ལྷག་པའི་བྱང་ཆུབ་ཀྱི་སེམས་དེ་ཤི་བའི་ཆོས་དང་བྲལ་བར་བྱེད་ནས། བདེ་བ་ཆེན་པོའི་ ཡེ་ཤེས་མངོན་དུ་བྱེད་པ་ལ་རྐྱེན་གྱིས་གཙོ་བོར་གྱུར་པའོ། །ཅིའི་ཕྱིར། དེ་ཉིད་སེམས་ཙམ་དུ་བདག་ཀུན་དུ་བལྟས་ནས། ཕུང་པོར་གྱུར་པའི་ཁམས་གསུམ་དུ། གཉིས་སུ་མེད་པར་གྱུར་པ་མེད་པའི་ཕྱི་ནང་གི་རྣམ་པར་རྟོག་པའི་དྲི་མའི་དྲ་བ་དེས་པར་བསལ་བར་མཐོང་སྟེ། དེའི་འོག་ ཏུ་བདེ་བ་ཆེན་པོའི་ཡེ་ཤེས་དང་རོ་མཉམ་པར་གྱུར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན། ས་བཅུ་གསུམ་པའི་ཆོས་ཀྱི་འབྱུང་གནས་ན། ནམ་མཁའ་དང་འབྱུང་བ་བཞིའི་དཀྱིལ་འཁོར་ལྷའི་པདྨ་འདབ་བརྒྱད་ཀྱི་དབུས་སུ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་འཕྲོ་བ་འབར་བ་བུམ་པར་གྱུར་ 26-1-21b པ་ནམ་མཁའི་གཞིར་ཁྱབ་པ། ཡི་གེ་བྷྲཱུཾ་ལས་ཡོངས་སུ་སྤྲུལ་པ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་གཞལ་ཡས་ཁང་བརྩེགས་པ་གྲུ་བཞི་ལ་སོགས་པས་བརྒྱན་པའི་དཀྱིལ་འཁོར་བྱས་པ་ལ་ཟླ་བའི་དཀྱིལ་འཁོར་དང་རྡོ་རྗེས་ཡེ་ཤེས་སེམས་དཔའ་བསྒོམ་པར་བྱ་སྟེ། འོག་ནས་འབྱུང་བའི་བསྟོད་ པ་དང་མཆོད་ནས་བཟོད་པར་གསོལ་ཏེ། ཡེ་ཤེས་སེམས་དཔའི་ཁ་ནས་བཅུག་ནས། རྡོ་རྗེའི་ལམ་གྱིས་ཕྱུང་སྟེ་ཟླ་བར་ཞུ་བ་མཐོང་ནས་བཅོམ་ལྡན་འདས་མཱ་མ་ཀཱི་དང་ཐབས་ཅིག་པ་བཅོམ་ལྡན་འདས་མངོན་སུམ་དུ་བྱའོ། །དེའི་འོག་ཏུ་རྗེས་སུ་སྦྱོར་བའི་དཀྱིལ་འཁོར་གྱི་འཁོར་ལོ་ བསྐྱེད་ནས། གཙོ་བོ་དབུས་སུ་བྱའོ། །རྡོ་རྗེ་བདུད་རྩི་འབྱུང་བ་དེ་ནི་མངོན་པར་བྱང་ཆུབ་པ་ལྔ་མདོར་བསྡུས་པར་ཟད་དོ། །དེ་ལྟར་ཡང་གསུངས་པ། སེམས་དང་སེམས་དཔའི་ཏིང་འཛིན་ཡང་། །བྱང་ཆུབ་སྤྱོད་པ་བསྒོམ་པར་བྱའོ། །ཞེས་པ་ལ་སོགས་པའོ། །ཡང་གསུངས་པ། དབང་ པོ་གཉིས་ནི་སྙོམས་ཞུགས་ནས། །མཁས་པས་རང་གི་ཁུ་བ་ནི། །ཕྱུང་ནས་རྟག་པར་རྣལ་འབྱོར་པས། །དཀྱིལ་འཁོར་དཀྱིལ་འཁོར་རྒྱན་དུ་བྱས། །ཞེས་སོ། །དེ་བས་ན་དོན་དེ་ཁོ་ནར་ངེས་པར་བྱའོ། །ཁྱད་པར་དུ་སྦྱོར་བའི་རྒྱུད་འདི་ལ་ཡང་དེ་ཁོ་ན་གཙོར་སྒྲུབ་པའི་ཐབས་ཡིན་ན། གཞན་ནི་མ་ ཡིན་ནོ། །ཅིའི་ཕྱིར་འདི་ཁོ་ནར་གསུངས་པ། བདུད་རྩིའི་ཁུ་བ་ཞེས་གསུངས་ཏེ། །འགྲོ་བ་གསུམ་ནི་ངེས་བསྐྱེད་དོ། །ཞེས་པ་དང་། སྐུ་གསུང་ཐུགས་ནི་བསྒྲུབ་དོན་དུ། །སྒྲུབ་པ་པོས་ནི་བདེ་བར་འདྲེན། །ཞེས་གསུངས་པའི་ཕྱིར། བདེ་བ་ཆེན་པོ་ཞེས་པ་ནི། མི་བསྐྱོད་པའི་མཚན་ཏེ། ཐབས་ དང་ཤེས་རབ་རོལ་པའི་བདེ་བའི་བདག་ཉིད་དང་ལྡན་པའི་ཕྱིར་རོ། །བཀའ་སྩལ་འཚལ་ཏེ་ཞེས་པ་ནི་བདུད་རྩི་སྒྲུབ་པའི་ཐབས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་ལན་བཏབ་པས་གསུངས་པ། འདི་སྐད་ཅེས་པ་ལ་སོགས་པ་སྟེ། དེ་ལ་འདི་སྐད་ཅེས་པ་ནི་བསམ་མེད་ཅེས་པ་ལ་ སོགས་པའི་འོག་ནས་འབྱུང་བའི་ཚིག་གོ། །བཅོམ་ལྡན་འདས་ལ་སོགས་པ་ནི་བཤད་ཟིན་ཏོ། །དེ་ལ་ཡང་རེ་ཞིག་བདུད་རྩིའི་རང་བཞིན་གྱི་སྒོ་ནས་སྟོན་པ། བསམ་མེད་ཅེས་པ་ལ་སོགས་པ་སྟེ། རྡོ་རྗེ་བདུད་རྩིའི་རྐྱེན་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ཁྱད་པར་དུ་གསུངས་པའོ། །དེ་ལ་བསམ་མེད་ 26-1-22a ཅེས་པ་ནི། དངོས་པོ་དང་དངོས་པོ་མེད་པ་གཉིས་སུ་རྟོག་པའི་དྲི་མའི་དྲ་བ་བསལ་བའི་ཕྱིར་རོ། །ཟད་མེད་ཅེས་པ་ནི་རང་གི་རིགས་ཀྱི་བདེ་བ་ངོ་བོ་ལ་གྲངས་གཞན་སྐྱེ་བ་ཉིད་ཀྱི་ཕྱིར་དང་། རྒྱུད་ཀྱི་འབྲེལ་པ་མ་ལྷུང་བའི་ཕྱིར་རོ། །ཕྲ་མོས་ཏེ་ཞེས་པ་ནི་ཚིག་ཏུ་བརྗོད་ པའི་སྤྱོད་ཡུལ་ཉིད་མ་ཡིན་པའི་ཕྱིར་རོ། །དོན་ཡོད་ཅེས་པ་ནི་གྲངས་མེད་པའི་བསྐལ་པ་མང་པོས་ཐོབ་པའི་མངོན་པར་རྟོགས་པའི་བྱང་ཆུབ་ཉིད་དུ་གྱུར་པར་བྱེད་པའི་ཕྱིར་རོ། །དབང་པོ་ལས་འདས་ཞེས་པ་ནི། མིག་ལ་སོགས་པའི་སྐྱེ་མཆེད་ལས་ཤིན་ཏུ་འདས་པའི་ཕྱིར་རོ། །དམ་པ་ ཞེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤིས་ལ་སོགས་པ་ལྔའི་གཙོ་བོར་གྱུར་པའི་ཕྱིར་རོ། །ཞི་བ་ཞེས་པ་ནི། འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་དྲི་མས་མ་གོས་པ་ཉིད་ཀྱི་ཕྱིར་རོ། །རྣམ་དག་པ་ཞེས་པ་ནི། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཉིད་ཀྱི་ ཕྱིར་རོ། །རྡོ་རྗེ་ཞེས་པ་ནི་མི་འཇིག་པ་འཇིག་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །བདུད་རྩི་ཞེས་པ་ནི། ཕྱིན་ཅི་ལོག་པའི་ལུས་ཡོངས་སུ་འགྱུར་བའི་རྒྱུན་བདུད་རྩིས་སློང་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ད་ནི་རྡོ་རྗེ་བདུད་རྩིའི་ངོ་བོ་བསྟན་པ་གསུངས་པ། དེ་ནས་བཅོམ་ལྡན་རྡོ་རྗེ་ཡིས་ཞེས་པ་ལ་སོགས་ པ་སྟེ། དེ་ལ་དེ་ནས་ཞེས་པ་ནི་བདུད་རྩིའི་རང་བཞིན་སྟོན་པའི་དེ་མ་ཐག་ཏུ་བདུད་རྩི་ཁོ་ནའི་དངོས་པོ་སྟོན་པའི་མགོ་མཇུག་འབྲེལ་པའི་ཚིག་གོ། །གང་གིས་སྟོན་ཅེ་ན། བཅོམ་ལྡན་འདས་རྡོ་རྗེ་ཡིས་ཞེས་པ་སྟེ་བཤད་ཟིན་ཏོ། །ཇི་ལྟར་སྟོན་ཅེ་ན། མཱ་མ་ཀཱི་དང་ཆགས་ལྡན་ནས། ། ཞེས་པ་སྟེ། མཱ་མ་ཀཱི་དང་སྦྱོར་བ་བྱས་པའི་བདེ་བ་དང་ལྡན་པའོ། །དེ་ཉིད་རྡོ་རྗེ་བདུད་རྩིའི་ཏིང་འཛིན་གྱིས། །ཞེས་པ་སྟེ། དེ་ལ་གསང་བའི་རྡོ་རྗེ་ལས་བྱུང་བའི་ལྷག་པའི་བྱང་ཆུབ་སེམས་ནི་རྡོ་རྗེ་བདུད་རྩི་སྟེ། ཡེ་ཤེས་སེམས་དཔའ་ཁ་ནས་ཐིམ་ནས་ཟླ་བར་ཞུ་བ་གསང་བའི་ལམ་ནས་བྱུང་ བ་བསྒོམ་པའི་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་ཞུགས་ནས། གསང་ཆེན་མངོན་དུ་མཛད་ཅེས་པ་སྟེ། དེ་ལ་གསང་ཆེན་ཞེས་པ་ནི། བདེ་བ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ལྷག་པའི་བྱང་ཆུབ་སེམས་ཏེ། རྒྱུད་གཞན་ལས་གསང་བའི་ཕྱིར་རོ། །མངོན་སུམ་དུ་མཛད་ 26-1-22b ཅེས་པ་ནི་ལྷག་པའི་བྱང་ཆུབ་སེམས་རྫས་སུ་གསལ་བའི་འོག་ནས་འབྱུང་བའི་བདུད་རྩི་ཁུ་བ་ཞེས་བྱ་སྟེ་ཞེས་པའི་ཚིག་གིས་མཱ་མ་ཀཱི་ལ་སྟོན་པར་དགོངས་པའོ། །དེའི་ཕྱིར་གསུངས་པ། རྒྱུད་ཐམས་ཅད་ལ་ཞེས་པ་ལ་སོགས་པ་སྟེ། དེ་ལ་རྒྱུད་ཐམས་ཅད་ནི་བྱ་བའི་རྒྱུད་དང་། སྦྱོར་བའི་རྒྱུད་དང་ གསང་བའི་རྒྱུད་དང་ཁ་ཅིག་གོ། །གསང་ཆེན་ཞེས་པ་ནི་རྫས་སུ་མི་སྟོན་པའོ། །ཡེ་ཤེས་ཞེས་པ་ནི་བདེ་བ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ཉིད་རྡོ་རྗེ་བདུད་རྩི་ཞེས་ཏེ་བཤད་ཟིན་ཏོ། །དེ་ཡང་མཆོག་ཅེས་ཏེ། མྱ་ངན་ལས་འདས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དོན་འདི་ནི་འདི་ལྟ་ སྟེ། ཀྱེ་མཱ་མ་ཀཱི་རྒྱུད་ཀུན་ལས་གསང་བའི་རྡོ་རྗེ་བདུད་རྩི་ཡེ་ཤེས་གང་ཡིན་པ་དེ་བདག་གིས་བཤད་པར་བྱ་ཞེས་པའོ། །དེ་ལ་རེ་ཞིག་བདུད་རྩིའི་རྫས་ཉིད་སྒྲུབ་པའི་ཐབས་སྟོན་པ། བརྟན་པོར་འཁྱུད་དང་ཞེས་པ་ལ་སོགས་པ་སྟེ། དེ་ལ་བརྟན་པོར་འཁྱུད་པ་ནི་མི་ཤེས་པའི་འདམ་ལ་བྱིང་བའི་ སེམས་ཅན་རྣམས་བླ་ན་མེད་པའི་འབྲས་བུ་ཐོབ་པར་བྱ་བའི་དོན་དུ་འཇིག་རྟེན་ལས་འདས་པའི་སྙིང་རྗེ་ཆེན་པོ་དང་དུ་བླངས་ཏེ་བསྒོམས་ནས་འཁྱུད་པའོ། །འོ་བྱེད་དང་ཞེས་པ་ནི་ནུ་མ་དང་ལག་རྩེ་དང་མགྲིན་པ་དང་མ་མཆུ་དང་མིག་དང་རྣ་བ་དང་སྣ་དང་སྤྱི་བོ་དང་གསང་བའི་ས་དང་དགུ་ལ་བྱའོ། །དགའ་ བའི་རོལ་པ་ཞེས་པ་ནི། འོག་ནས་འབྱུང་བའི་པདྨར་འོ་བྱ་བ་དང་། ཚིག་འཇམ་པོ་སྨྲ་བ་དང་། སེན་མོ་གདབ་པ་དང་། བྱེད་པ་བསྡམ་པ་ལྔ་ལ་སོགས་པའོ། །མཉམ་སྦྱོར་ཞེས་པ་ནི། རོལ་པ་ཟིན་མ་ཐག་ཏུ་འོག་ནས་ཏིང་ངེ་འཛིན་དང་ལྡན་པར་གསང་བའི་རྡོ་རྗེ་དང་པདྨ་སྦྱོར་བའོ། །དབྱངས་ ཞེས་པ་ནི། ཕྱུང་མཛད་ཕྱུང་མཛད་ཅེས་པ་ལ་སོགས་པའོ། །སིལ་སྙན་ཞེས་པ་ནི། པི་ཝང་ལ་སོགས་པའོ། །གར་བྱེད་པ་ནི། རྐེད་པའི་གར་ལ་སོགས་པའོ། །རྡོ་རྗེ་བདུད་རྩི་ཞེས་པ་ལ་སོགས་པ་ནི། དེ་ལྟར་འཁྱུད་པ་ལ་སོགས་པ་བྱས་ནས། རྒྱུད་ཀྱི་མཆོག་འདི་ལ་འབད་པ་ དྲག་པོ་མི་དགོས་པས་མྱུར་བར་རྡོ་རྗེ་བདུད་རྩི་སྐྱེ་བ་འགྲུབ་པར་འགྱུར་ཞེས་པའོ། །དེས་འགྲུབ་པའི་བདུད་རྩི་བསྟན་པ། བདུད་རྩི་ཁུ་བ་ཞེས་པ་ལ་སོགས་པ་སྟེ། དེ་ལ་འགྲོ་བ་གསུམ་ཞེས་པ་ནི། འདོད་ཁམས་དང་གཟུགས་ཁམས་གཟུགས་མེད་པའི་ཁམས་གསུམ་སྟེ། འགྲོ་བ་རིགས་ 26-1-23a གསུམ་དང་སྟེ། འགྲོ་བ་རིགས་ལྔ་ཀུན་ལ་འོང་ཞིང་འགྲོ་བའི་ཕྱིར་རོ། །དེས་བསྐྱེད་དོ་ཞེས་པ་ནི། བདུད་རྩི་དེས་འགྲོ་བ་རིགས་གསུམ་བསྐྱེད་དོ་ཞེས་པའི་དོན་ཏོ། །དེ་ལྟར་བདུད་རྩིའི་རང་བཞིན་དངོས་པོ་བསྟན་ནས། དེས་སྒྲུབ་པ་བསྟན་པ། ཁྱོད་ལ་དགའ་མ་ ཞེས་པ་ལ་སོགས་པ་སྟེ། དེ་ལ་ཁྱོད་ལ་ཞེས་པ་ནི་མཱ་མ་ཀཱིའོ། །དེའི་ཁྱད་པར་གསུངས་པ། དགའ་མ་ཞེས་པ་ནི་དགའ་བ་སྐྱེད་པའི་ཕྱིར་རོ། །ཞལ་བཟངས་མ་ཞེས་པ་ནི། བུད་མེད་ཀྱི་སྒྱུ་མ་དང་ལྡན་པའི་མཛེས་པའི་ཞལ་ལོ། །རོལ་མོ་དང་བཅས་པའི་སྟེག་པའི་ཚུལ་གྱིས་ལྟ་བའི་སྤྱན་དང་ ལྡན་པའི་ཕྱིར་རོ། །དེ་ལྟར་ཡང་མཉམ་སྦྱོར་བདེ་མཆོག་ལས་གསུངས་པ། བུད་མེད་མཁས་པ་སྒྱུ་མ་ཆེ། །མཛེས་པའི་བཞིན་ནི་རྣམ་པར་སྒྱུར། །རོལ་མོར་བཅས་ཤིང་སྟེག་པའི་མཆོག །མཛེས་པར་ལྡན་པའི་གར་བྱས་པས། །ཞེས་པའོ། །དེ་ཡིས་ཞེས་པ་ནི་བདུད་རྩིའོ། །དེ་ ཡིས་སྒྲུབ་པ་ཞེས་པ་ནི་མི་བསྐྱོད་པ་དང་ཁམས་གསུམ་དང་སྐུ་གསུང་ཐུགས་སོ། །དེ་བདག་གིས་བཤད་ཅེས་སྟོན་པས་དམ་བཅས་པའོ། །ཇི་ལྟར་བཤད་ཅེ་ན། ཉོན་ཅིག་ཅེས་པ་ལ་སོགས་པ་སྟེ། དེ་ལ་ཉོན་ཅིག་ཅེས་པ་ནི་མཱ་མ་ཀཱི་ལ་བོད་པའོ། །དེའི་སེམས་ཀྱི་ཚིག་ཁྱོད་ཀྱིས་གང་ལས་ བརྩམས་ནས་དྲིས་པའི་ལན་གྱི་ཚིག་གོ། །མདོར་བསྡུས་ནས་ནི་ཞེས་པ་ནི་ཁྲི་ཉིས་སྟོང་པ་ལས་མདོར་བསྡུས་ནས་བཤད་པར་བྱའོ་ཞེས་པའི་ཐ་ཚིག་གོ། །ལྷ་མོའམ་སེམས་ཅན་ཐམས་ཅད་དད་པ་བསྐྱེད་པར་བྱ་བའི་དོན་དུ། སྒྲུབ་པའི་ཡོན་ཏན་གྱི་སྒོ་ནས་སྟོན་ཏེ། སེམས་ཅན་ཐམས་ཅད་ ཅེས་པ་ལ་སོགས་པ་སྟེ། དེ་ལ་སེམས་ཅན་ཞེས་པ་ནི་འདི་ལས་གཞན་དུ་ཕྱིན་པའི་རང་བཞིན་ནི། སེམས་དེ་དང་ལྡན་པ་ལ་སེམས་ཅན་ཞེས་སོ། །སེམས་ཅན་ཡང་དེ་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་སེམས་ཅན་དེ་གྲངས་མེད་པའི་ཕྱོགས་བཅུའི་སེམས་ཅན་ནོ། །དེ་དག་ལ་ཕན་ དོན་དུ་ཞེས་པ་ནི་སྡུག་བསྔལ་དང་བྲལ་ཞིང་བདེ་བ་དང་ཕྲད་ནས་སངས་རྒྱས་པའོ། །རྣལ་འབྱོར་ཞེས་པ་ནི་སྒྲུབ་པ་པོ་སྟེ། ཐབས་དང་ཤེས་རབ་སྦྱོར་བ་དང་། བདེ་བ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་དང་ལྡན་པའི་ཕྱིར་རོ། །འཁོར་བའི་ཞེས་པ་ནི་བར་མ་དོའི་སྲིད་པ་དང་། སྐྱེ་བའི་སྲིད་ 26-1-23b པ་དང་། སྔོན་དུས་ཀྱི་སྲིད་པ་དང་། ཤི་བའི་སྲིད་པ་དག་ལ་རྟེན་ཅིང་འབྲེལ་པ་བཅུ་གཉིས་ཀྱི་སྒོ་ནས་འཁོར་བའི་ཕྱིར་རོ། །དེའི་བཅིངས་ལས་ཞེས་པ་ནི། འདོད་ཆགས་ཀྱིས་བཅིངས་པ་དང་། ཞེ་སྡང་གིས་བཅིངས་པ་དང་། གཏི་མུག་གིས་བཅིངས་པ་དང་གསུམ་མོ། །མྱུར་བ་ཞེས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་བསྐལ་པ་གྲངས་མེད་པ་གསུམ་གྱིས་སངས་རྒྱས་སོ་ཞེས་འབྱུང་བ་དང་། མདོ་སྡེ་ཁ་ཅིག་ནས་གྲངས་མེད་པའི་ཡང་གྲངས་མེད་པས་སངས་རྒྱས་སོ་ཞེས་འབྱུང་བ་དང་། ཉན་ཐོས་ཀྱི་ཐེག་པ་ལ་མྱུར་བར་སངས་རྒྱས་པའི་ཚེ་གསུམ་གྱི་ཐར་ཐོབ་པོ་ཞེས་ འབྱུང་བ་དེ་དག་ལས་མྱུར་དུ་འགྲུབ་པ་ཡིན་ཏེ་རྡོ་རྗེ་ཐོག་པ་ཚེ་གཅིག་ལ་སངས་རྒྱས་སོ་ཞེས་བྱ་བའི་དོན་ཏོ། །དོན་ནི་འདི་ལྟ་སྟེ། རྣལ་འབྱོར་པ་གང་གིས་སེམས་ཅན་གྱི་དོན་དུ་དམིགས་ནས་ཐབས་དང་ཤེས་རབ་སྦྱོར་ནས་རྡོ་རྗེ་བདུད་རྩི་ཤེས་པ་རྟོགས་པ་དེ་ནི་བཅིངས་པ་ལས་མྱུར་དུ་གྲོལ་བ་ཡིན་ཏེ། འདོད་སྲེད་ཀྱི་དབང་གིས་ནི་གྲོལ་བ་མ་ཡིན་ནོ་ཞེས་པའོ། ད་ནི་བསྒྲུབ་པའི་དངོས་བསྟན་པ། སྟོན་དུ་མེད་ཅིང་ཞེས་པ་ལ་སོགས་པ་སྟེ། དེ་ལ་སྟོན་དུ་མེད་ཅིང་ཞེས་པ་ནི། ཡོངས་སུ་གྲུབ་པའི་རང་བཞིན་བརྗོད་དུ་མི་ལང་བའི་ཕྱིར་རོ། །དེ་ལྟར་ཡང་སེམས་ཙམ་གྱི་ལྟ་བ་ལས་གསུངས་པ། དེ་ ཡི་བློ་ཡིས་གཞན་མ་རྟོགས། །དེ་ཡང་གཞན་གྱིས་རྟོགས་པ་མིན། །གཟུང་འཛིན་རྣམ་པ་མེད་པའི་ཕྱིར། །བདག་རང་དེ་ཉིད་གསལ་བ་ཡིན། །ཞེས་སོ། །དེ་གང་ཞེ་ན། ཡེ་ཤེས་ཆེན་པོ་ཞེས་ཏེ། མི་བསྐྱོད་པའི་རང་བཞིན་བདེ་བ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་མི་བསྐྱོད་པའི་རང་བཞིན་ ནོ། །དེ་ལྟར་ཡང་གསང་བ་འདུས་པ་ལས་གསུངས་པ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཆོག་ཆེན་པོ། །ཞེས་སོ། །དེ་འདྲ་བའི་དངོས་གྲུབ་བདུད་རྩི་བསྒྲུབ་པའོ་ཞེས་པའི་དོན་ཏོ། །དངོས་གྲུབ་ཀྱི་ཡང་ཁྱད་པར་སྟོན་པ། འཇིག་རྟེན་གསུམ་འགྲུབ་ཅེས་པ་སྟེ། མཐོང་ བསྒོམས་ཀྱིས་སྤངས་པའི་ཁམས་གསུམ་གྱི་ཉོན་མོངས་པ་ཡང་བདེ་བ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་བསལ་ནས། ཕྱིན་ཅི་ལོག་པའི་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །སྐུ་གསུང་ཐུགས་ཀྱི་བསྒྲུབ་དོན་དུ། །ཞེས་པ་ལ་སོགས་པ་དེས་ནི་རྡོ་རྗེ་བདུད་རྩིས་སྐུ་དང་གསུང་ 26-1-24a དང་ཐུགས་རྣམས་བསྒྲུབ་པ་སྟོན་ཏེ། བདེ་བ་ཆེན་པོའི་ངོ་བོར་བསྐྱེད་པར་འགྱུར་རོ་ཞེས་པའི་དོན་ཏོ། །སྒྲུབ་པ་དེའི་ཐབས་གསུངས་པ། རྡོ་རྗེ་པདྨ་ཞེས་པ་ལ་སོགས་པ་སྟེ། དེ་ལ་རྡོ་རྗེ་པདྨ་ཞེས་པ་ནི་རང་གི་བསྒྲུབ་པ་སྟེ། ཡི་གེ་ཧཱུཾ་གིས་ཡོངས་སུ་བརྟགས་པའི་རྡོ་རྗེའི་ཚུལ་ ཡི་གེ་བྷྲཱུཾ་གྱིས་བསྐྱེད་པའི་ནོར་བུ་རྡོ་རྗེ་རྒྱ་གྲམ་གྱིས་མཐའ་བསྐོར་ནས་བརྒྱན་པའོ། །ལྷ་མོ་མཱ་མ་ཀཱི་གཟུགས་བསྐྱེད་པ་ལ་གདོལ་པ་ལ་སོགས་པའི་བུ་མོའི་བྷ་ག་ལ་ཡི་གེ་ཧྲི་ལས་ཡོངས་སུ་བསྐྱེད་པའི་པདྨའི་དབུས་སུ་ཡི་གེ་བྷྲཱུཾ་བཀོད་ནས། དེས་གཞལ་ཡས་ཁང་བརྩེགས་མ་བསམས་ནས་ སྦྱོར་བ་བྱེད་པ་མ་ཡིན་གྱི། གཞན་དུ་ན་ཉེས་པ་དང་བཅས་པར་འགྱུར་བ་ཡིན་ནོ། །དེ་ལྟར་རྡོ་རྗེ་དང་པདྨ་བསྒོམས་ནས། རྡོ་རྗེ་བདུད་རྩི་ཞེས་ཏེ་ལྷག་པའི་བྱང་ཆུབ་སེམས་ཕྱུང་བ་དེ་ནི་སྒྲུབ་ཐབས་སོ། །དེ་ལྟར་བདུད་རྩི་ཕྱུང་མ་ཐག་ཏུ་རྡོ་རྗེ་དང་པདྨ་ལའོ། །བཏབ་ནས་ལྷག་པའི་བྱང་ ཆུབ་སེམས་བླང་བར་བྱའོ་ཞེས་གསུངས་པ། བྷ་གའི་པདྨར་འོ་བཏབ་སྟེ། །རྡོ་རྗེ་མཱ་མ་ཀཱི་འོ་བཏབ། །ཅེས་པའོ། །དེ་བས་ན་མི་བསྐྱོད་པ་བསྒོམ་པའི་རྣལ་འབྱོར་པ་དང་། མཱ་མ་ཀཱི་ལ་སོགས་པ་བསྒོམ་པའི་རྣལ་འབྱོར་མ་གཉིས་ཀྱིས་ཀྱང་བླ་ན་མེད་པའི་འབྲས་བུ་འདོད་ན་དེ་ བཞིན་དུ་བསྒྲུབ་པར་བྱ་བ་ཡིན་ནོ། །རྡོ་རྗེ་བདུད་རྩི་ཞེས་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །དེ་གསུངས་སོ་ཞེས་པ་ནི། ཇི་སྐད་གསུངས་པའི་ཚིག་དོན་དེ་ནི་བཅོམ་ལྡན་འདས་ཁོ་ནས་གསུངས་པ་ཡིན་ཏེ། འདོད་ཀ་ཅན་གཞན་གྱིས་གསུངས་པ་མ་ཡིན་པའི་ཁུངས་བསྟན་པའོ། ། ད་ནི་ལྷའི་སྦྱོར་བ་དེ་མངོན་དུ་བྱེད་པའི་རྐྱེན་མཆོད་པ་དང་། དཀྱིལ་འཁོར་དེ་ཇི་ལྟར་ཡིན་ཞེས་ཡང་ཞུས་པ། བྷ་གའི་པདྨར་འོ་བཏབ་པ། །ཞེས་པ་ལ་སོགས་པ་སྟེ། དེ་ལ་དགའ་བའི་ལྷ་མོ་ཞེས་པ་ནི། པདྨ་ལ་བཅོམ་ལྡན་འདས་ཀྱིས་འོ་བཏབ་ནས་བྱང་ཆུབ་ཀྱི་སེམས་བྱིན་གྱིས་རློབ་པ་མཐོང་ བས་དགའ་བའི་ཕྱིར་རོ། །རྡོ་རྗེ་བདུད་རྩི་ལས་བྱུང་བ་ནི་རྒྱུད་འདིའི་རིམ་པ་ལས་བྱུང་བའི་ཞེས་པའོ། །ཉམས་དགའ་བ་ཞེས་པ་ནི། ཡིད་བཞིན་གྱི་ནོར་བུ་བཞིན་དུ་སེམས་ཅན་འདོད་པ་སྐོང་བའི་ཕྱིར་ན་དཀྱིལ་འཁོར་ཉམས་དགའ་ཞེས་པའོ། །ཡང་ན་འདོད་ཆགས་ལ་ཞེན་པའི་སེམས་ཅན་ཀུན་ 26-1-24b བྷ་གའི་དཀྱིལ་འཁོར་བརྟེན་ནས་དགའ་བ་སྟེ། མངོན་པར་རྟོགས་པ་མངོན་དུ་བྱ་བའི་ཕྱིར་རོ། །གསང་བ་ཞེས་པ་ནི། མཛེས་མ་ལ་སོགས་པའི་ལྷ་མོའོ། །དེ་དག་གི་དཀྱིལ་འཁོར་ནི་གསང་བའི་དཀྱིལ་འཁོར་ཞེས་པ་སྟེ། དཀྱིལ་འཁོར་གྱི་གཙོ་བོ་བཅོམ་ལྡན་འདས་མི་བསྐྱོད་པ་ལ་ལྷ་མོ་ མཛེས་མ་ལ་སོགས་པས་གཡས་སུ་བསྐོར་བའི་ཕྱིར་རོ། །དོན་ནི་འདི་ལྟ་སྟེ། བཅོམ་ལྡན་འདས་ལ་མཱ་མ་ཀཱིས་རྡོ་རྗེ་བདུད་རྩི་སྒྱུ་མའི་དཀྱིལ་འཁོར་ཞུས་སོ་ཞེས་པའི་དོན་ཏོ། །ཞུས་པའི་ཚིག་གསུངས་པ། ཆོ་གའི་རིམ་པ་ཞེས་པ་ལ་སོགས་པ་སྟེ། དེ་ལ་འདི་ནི་ཞེས་པ་ནི། རྡོ་རྗེ་ བདུད་རྩིའི་རྒྱུད་ཀྱི་རིམ་པའོ། །དགའ་བ་ཆེན་པོ་ཞེས་པ་ནི། གཉིས་སུ་མེད་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རང་བཞིན་གྱི་བྱང་ཆུབ་བོ། །དེ་ཉིད་ཐོབ་དཀའ་བ་ཞེས་ཏེ། བསྐལ་པ་གྲངས་མེད་པས་ཀྱང་ཐེག་པ་འོག་མ་པ་ལ་ཞུགས་པ་རྣམས་ཀྱིས་མི་ཐོབ་པའི་ཕྱིར་རོ། །རབ་ཏུ་དགྱེས་ ནས་ཞེས་པ་ནི་ཐུགས་དང་བའི་སྒོ་ནས་སོ། །དེའི་ལན་གསུངས་པ། བཅོམ་ལྡན་རྡོ་རྗེ་ཞེས་པ་ལ་སོགས་པ་སྟེ། དེ་ལ་འོ་བཏབ་པས་ནི་དགའ་བར་འགྱུར་ཞེས་པ་ནི། མཱ་མ་ཀཱིས་གསང་བའི་རྡོ་རྗེ་ལ་འོ་བཏབ་པས་དགྱེས་པའོ་ཞེས་པ་ནི་བཏབ་པས་དགྱེས་པའོ། །བཞེད་ནས་ཞེས་པ་ནི། ཐུགས་རྗེ་ཆེན་པོའི་ཕྱིར་རོ། །འདི་སྐད་ཅེས་པ་ནི། འོག་ནས་འབྱུང་བའི་ལན་གྱི་ཚིག་གོ། །གང་བཀའ་སྩལ་པ་ཡིན་ཞེ་ན་སྐུ་གསུང་ཐུགས་ཀྱི་ཞེས་པ་ལ་སོགས་པ་སྟེ། དེ་ལ་འཁོར་བའི་རྒྱ་མཚོ་ཞེས་པ་ནི། རྒྱ་མཚོ་དང་ཆོས་མཐུན་པའི་ཕྱིར་ན་རྒྱ་མཚོ་སྟེ། ཇི་ལྟར་རྒྱ་མཚོ་ཆུས་ གཤེར་བ་དང་། ཆུ་སྲིན་ལ་སོགས་པས་གང་སྟེ། གཏིང་ཟབ་ཅིང་རྒལ་དཀའ་བ་དེ་ལྟར་ཟབ་པའི་ཆོས་ཉིད་ཀྱིས་གཤེར་ལ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ཆུ་སྲིན་གྱིས་གང་ནས་ཟབ་ཅིང་མཐའ་ཡས་པའི་ཕྱིར་རོ། །དེ་བསྒྲལ་བའི་ཕྱིར་ཞེས་ཏེ། འཁོར་བ་སྤངས་ཏེ་མྱ་ངན་ ལས་འདའ་བར་བྱ་བའི་ཕྱིར་ཞེས་པའོ། །མཱ་མ་ཀཱིས་འདིར་དྲིས་པ་ཞེས་པ་ནི། མཱ་མ་ཀཱིས་སྐབས་འདིར་གང་དྲིས་པ་དེ་ཁོ་ན་བཀའ་སྩལ་ཏོ་ཞེས་པའི་དོན་དང་འབྲེལ་ཏོ། །དེ་ལ་རེ་ཞིག་དཀྱིལ་འཁོར་ཞུས་པའི་དོན་སྟོན་པས་གསུངས་པ་སྙམ་པའི་རྗེས་སུ་ཆགས་པ་བསྐྱེད་པར་བྱ་སྟེ། ཕྱི་ 26-1-25a ན་བུད་མེད་ཐམས་ཅད་བསྡམས་པར་རབ་ཏུ་བཅིངས་ཏེ། འདོད་པ་ཟིན་མ་ཐག་ཏུ་ནི་རྣལ་འབྱོར་མས་བདེ་བ་ཆེན་པོ་ཤིན་ཏུ་དགའ་བའི་རོ་མྱོང་བ་ཐོབ་པ་བསྐྱེད་པར་འགྱུར་རོ། །ད་ནི་ལུས་མཉེ་བའི་དོན་དུ་གཙོ་མོ་མཱ་མ་ཀཱི་ལ་སོགས་པའི་རྣལ་འབྱོར་མ་དེ་དག་ཐམས་ཅད་ཀྱིས་སོ་སོ་ རེ་རེའི་བསྡམ་པའི་ཕྱག་རྒྱ་གསུངས་པ། འདུས་དང་གྲུ་མོ་ཞེས་པ་ལ་སོགས་པ་སྟེ། དེ་ལ་འདུས་ཞེས་པ་ནི་འདུས་པ་ཞེས་བྱ་བའི་བསྡམ་པའོ། །ཡར་བཏེག་དང་ཞེས་པ་ནི་ཕུལ་བའི་ཞེས་བྱ་བའི་བསྡམ་པའོ། །གྲུ་མོ་བརྐྱང་བ་དང་ཤིན་ཏུ་བརྐྱང་བ་ནི། ཇི་ལྟར་སྟོན་པ་མིང་གིས་བསྡམ་པའི་མིང་ ཤེས་པར་བྱའོ། །དེ་ལ་ཡང་འདུས་པ་དང་ཞེས་བྱ་བའི་མཚན་ཉིད་བཤད་པ། བུད་མེད་མགུལ་པ་དམ་འཁྱུད་དེ། །ཕོ་ཡི་དཔུང་པ་གཉིས་ཀ་ཡིས། །གྲུ་མོ་གཉིས་ལ་གཞག་པ་ཡང་། །བུད་མེད་རྗེ་ངར་འདུས་པར་བཤད། །ཅེས་པའོ། །གྲུ་མོའི་མཚན་ཉིད་བཤད་པ། བུད་མེད་པུས་ མོ་བཀུག་པ་ནི། །ཕོ་ཡི་གྲུ་མོར་གཞག་བྱ་བ། །པུས་མོ་གྲུ་མོར་བཤད་བྱ་སྟེ། །དེ་ལྟར་དག་པའི་རིམ་པར་འདོད། །ཅེས་པའོ། །བརྐྱང་བ་ཞེས་བྱ་བའི་མཚན་ཉིད་བཤད་པ། འདུག་པ་ཕོ་ཡི་བརླ་སྟེང་དུ། །བུད་མེད་རྐང་མཐིལ་གཞག་པ་རྟག །གཉིས་ཀ་ཡིས་ཀྱང་མཐོང་ཀར་ རྒྱབ། །རྐང་པ་རྐྱང་ཕྱིར་བརྐྱང་བ་ཡིན། །ཞེས་པའོ། །ཡར་བཏེག་པ་དང་ཞེས་པའི་མཚན་ཉིད་བཤད་པ། ཕོ་ཡི་ལྟེ་བའི་རྩ་རུ་ནི། །བུད་མེད་རྐང་མཐིལ་གཞག་བྱ་སྟེ། །ཕབ་པའི་མཐའ་ནི་ཕོ་ནི་ཡར། །ཕུལ་བ་བཏེག་པར་རབ་ཏུ་གྲགས། །ཞེས་པའོ། །ཤིན་ཏུ་བརྐྱང་ཞེས་པའི་ མཚན་ཉིད་བཤད་པ། གཉི་གས་རྐང་གཉིས་བརྐྱང་བས་ན། །ཤིན་ཏུ་བརྐྱང་བར་འདོད་པ་སྟེ། །བུད་མེད་ཕོ་ཡི་ཡ་རེས་ནི། །འོག་ཏུ་བལྟས་པའི་ལུས་སུ་གནས། །ཞེས་སོ། །བྱེད་པའི་སྦྱོར་བ་ཡིས་ཞེས་པ་ནི་ཤིན་ཏུ་དགའ་བ་ལ་ཕན་པར་བྱེད་པའི་རྣམ་པར་རོལ་པ་ལ་སོགས་པའོ། །བསྡམ་ པའི་སྦྱོར་བ་ཡིས་ཞེས་པ་ནི། གོང་དུ་གསུངས་པའི་བསྡམ་པ་དང་སྦྱོར་བ་གང་དང་ལྡན་པ་དེ་དེ་ལྟར་རོ། །ས་གསུམ་དག་ནི་བསྒྲུབ་པར་བྱ། །ཞེས་པ་ནི། ས་འོག་ས་སྟེང་ས་བླ་འགྲུབ་པའོ། །ད་ནི་ཚོགས་ཀྱི་འཁོར་ལོའི་སྒྲུབ་པ་གསུངས་པ། ཤ་ཆེན་དང་ནི་ཁྲག་ཆེན་དང་། །ཞེས་པ་ལ་ 26-1-25b སོགས་པ་སྟེ། དེ་ལ་ཁྲག་ཆེན་ནི་པདྨའི་མཚལ་ལོ། །ཕྱི་མ་ནི་གོ་སླའོ། །བསྒྲུབ་པར་བྱ་ཞེས་པ་ནི། ཡི་གེ་ཨ་ལས་ཡོངས་སུ་བརྟགས་པའི་པདྨ་བནྡྷའི་སྟེང་དུ་ཡི་གེ་ཧཱུཾ་གིས་ཡོངས་སུ་དག་པར་བྱ་བ་དང་། རྒྱས་པར་བྱས་ནས་བདུད་རྩི་བསྒོམ་པ་ནི་བསྒྲུབ་པར་བྱའོ། །དེ་ཟོས་པ་ཙམ་ གྱིས་རབ་ཏུ་གྲགས་པའི་དངོས་གྲུབ་སྦྱིན་པར་འགྱུར་རོ། །རྡོ་རྗེ་བདུད་རྩི་བདེ་བ་ཆེ། །གལ་ཏེ་དངོས་གྲུབ་བདག་འདོད་ན། །ཞེས་པ་ལ་སོགས་པ་སྟེ། དེ་ལ་དོན་རྣམས་ཐམས་ཅད་ནི་ཞེས་པ་དང་། བདག་དོན་སངས་རྒྱས་པ་དང་། གཞན་གྱི་དོན་ཞི་བ་ལ་སོགས་པའི་ལས་སོ། །དེ་གསལ་ བར་བྱེད་པ་གསུངས་པ། སྒྲུབ་པ་པོས་ནི་མཆོག་ནི་འགྲུབ། །ཅེས་པ་ནི། བདུད་རྩི་དེས་སྒྲུབ་པ་པོ་མཆོག་གི་དངོས་གྲུབ་མྱ་ངན་ལས་འདས་པ་འགྲུབ་བོ་ཞེས་པའི་དོན་ཏོ། །དབང་དང་དགུག་དང་ཞེས་པ་ལ་སོགས་པ་ནི། གཞན་ལ་བྱ་བ་གསུངས་པའོ། །སོགས་པའི་སྒྲ་ནི་ཞི་བ་དང་རྒྱས་པ་ལ་ ཤེས་པར་བྱའོ། །དེས་ནི་འདི་ལྟར་བཤད་པར་འགྱུར་ཏེ། ཤ་ཆེན་པོ་ལ་སོགས་པའི་དམ་ཚིག་བརྩམས་པའི་རྣལ་འབྱོར་པའི་མཐུ་ཆེན་པོ་བདེ་བར་གསུངས་པའི་བཅོམ་ལྡན་འདས་ཀྱིས་བསྟན་ཅིང་བཤད་པའོ། །དེ་བས་ན་རྣལ་འབྱོར་རྣམས་ཀྱིས་ཀྱང་གདོན་མི་ཟ་བ་དེ་ལྟར་བྱའོ་ཞེས་པའི་དོན་ ཏོ། །རྡོ་རྗེ་བདུད་རྩི་ལ་སོགས་པ་ནི་བཤད་ཟིན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་པ་ནི་འཇིག་རྟེན་གྱི་རྡུལ་ཕྲ་རབ་དང་མཉམ་པའི་རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་དག་གི་སྐུ་དང་གསུང་དང་ཐུགས་ཀྱི་ཞེས་ཏེ། དེ་བཞིན་གཤེགས་པའི་སྐུ་དང་། ཆོས་ཐམས་ཅད་བདག་མེད་ པ་དང་། དག་པ་འཇིག་རྟེན་པའི་ཡེ་ཤེས་སོ། །དེ་ཉིད་རྡོ་རྗེ་ཞེས་ཏེ། རྡོ་རྗེ་སེམས་དཔའི་རང་བཞིན་ནམ། གཉིས་སུ་མེད་པའི་བདེ་བ་ཆེན་པོའི་རང་བཞིན་གྱི་ཕྱིར་རོ། །དེ་དང་ལྡན་པ་ནི་ཅན་ཞེས་སོ། །དེ་གང་ཞེ་ན་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོ་ཞེས་པའོ། དེའི་རྡོ་རྗེ་བདུད་རྩི་རྒྱུད་ཀྱི་རྒྱལ་པོ་ ལས་ཞེས་པ་ནི། རྡོ་རྗེ་བདུད་རྩི་ཁོ་ནའི་རང་བཞིན་གྱིས་ཀུན་ནས་ཀུན་དུ་སྣང་བའི་ཕྱིར་རོ། །རྒྱུད་དེ་ལས་གསང་བའི་དཀྱིལ་འཁོར་དང་བྱེད་པའི་ཚུལ་བསྟན་པའི་ལེའུ་ཞེས་པ་ནི། གསང་བའི་དཀྱིལ་འཁོར་གྱི་དོན་དང་། བྱ་བ་བསྡམ་པའི་དོན་ཤས་ཆེ་བར་བཤད་པའི་ཚིག་སྡེར་ལོངས་པའོ། ། 26-1-26a དང་པོ་ཞེས་པ་ནི་གཉིས་པ་ལས་གོང་མར་རྟོགས་སོ། །རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་རྣམ་པར་བཤད་པ་ལས། ལེའུ་དང་པོའི་རྣམ་པར་བཤད་པའོ།། །།ད་ནི་ཆོས་ཀྱི་སྐུའི་རང་བཞིན་བྱང་ཆུབ་སེམས་མེད་པར་བསྒྲུབ་པ་རྣམས་འགྲུབ་པ་མ་ཡིན་པས་ན། དེ་བཞིན་ ཉིད་ཀྱི་ཡེ་ཤེས་ཀྱི་ལེའུ་གསུངས་པ། དེ་ནས་མགུ་བའི་ལྷ་མོ་དེ་ཞེས་པ་ལ་སོགས་པ་སྟེ། དེ་ལ་དེ་ནས་ཞེས་པ་ནི་ལེའུ་དང་པོ་དང་གཉིས་པ་མགོ་མཇུག་འབྲེལ་པའི་ཚིག་གོ། །མགུ་བའི་ཞེས་པ་ནི། ལེའུ་དང་པོ་ལྷག་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་དང་། གསང་བའི་དཀྱིལ་འཁོར་ དང་།གསང་བའི་མཆོད་པ་དང་། ཚོགས་ཀྱི་དཀྱིལ་འཁོར་ཐོས་པས་མཱ་མ་ཀཱི་དགའོ་ཞེས་པའི་དོན་ཏོ། །ལྷ་མོ་དེ་ཞེས་པ་ནི་སྡུད་པ་པོ་ཞེས་པའི་དོན་ཏོ། །པདྨ་རྒྱས་པའི་ཞེས་པ་ནི། གསང་བའི་པདྨའི་ཡོན་ཏན་ཏེ། རུས་སྦལ་གྱི་རྒྱབ་དང་འདྲ་བ་ལ་སོགས་པའོ། །མཱ་མ་ཀཱི་ཞེས་ པ་ནི་མཚན་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཡུམ་ཡིན་པའི་ཕྱིར་རོ། །བརྟན་པོར་འཁྱུད་པ་བྱས་ནས་སུ། །ཞེས་པ་ནི་གོ་བླའོ། །དབང་པོ་ཐམས་ཅད་འོ་བཏབ་པ། །ཞེས་པ་ནི་རྩ་དགུའི་གནས་མིག་ལ་སོགས་པ་ལ་འོ་བཏབ་པས། སྤྱི་བོར་གནས་པའི་བྱང་ཆུབ་ཀྱི་སེམས་འཇུག་པར་ འགྱུར་བའོ། །སིད་སྒྲ་སྔགས་ནི་བརྗོད་པར་བྱ། །ཞེས་པ་ནི། སིད་སྒྲ་དང་ལྷན་ཅིག་པའི་ཡི་གེ་ཧཱུཾ་བཟླ་བའོ། །རྡོ་རྗེ་བཅིངས་ཏེ་སྐྲ་ཡང་འཛིན། །ཞེས་པ་ནི། རྡོ་རྗེ་བཅིང་བས་མགུལ་པ་ལ་འཁྱུད་དེ་ལག་པ་གཡས་པས་སྐྲ་ལ་འཛིན་པའོ། །དེ་ལྟར་ཟིན་མ་ཐག་ཏུ་ནི་འབད་རྩོལ་མེད་པར་ རྡོ་རྗེ་པདྨར་མཉམ་པར་བཅུག་པ་ཙམ་གྱིས་བདེ་བ་མྱོང་བའི་ཆོས་ཅན་རྣལ་འབྱོར་མ་རྣམས་སྐྱེ་བར་འགྱུར་རོ། །རྡོ་རྗེ་ཅན་གྱིས་གསང་བྱས་ཏེ། །ཞེས་པ་ནི། ཐེག་པ་འོག་མ་པ་རྣམས་དང་། གཞན་མུ་སྟེགས་ལ་སོགས་པ་ལ་གསང་བའི་ཕྱིར་རོ། །ཆགས་ནས་དགའ་སྟེ་འདོད་པ་བྱ། ། ཞེས་པ་ནི། དེ་བཞིན་གཤེགས་པ་ལ་མཆོད་པ་དང་། སེམས་ཅན་གྱི་དོན་ལ་ཆགས་ནས་གོང་དུ་གསུངས་པ་བཞིན་དུ་རྡོ་རྗེ་དང་པདྨ་བསྒོམ་པ་ལ་དགའ་སྟེ་ཐབས་དང་ཤེས་རབ་ཀྱི་འདོད་པ་བྱ་བའོ། །སིད་སྒྲ་སྙན་པ་སྒྲ་རྣམས་དང་། །ཞེས་པ་ནི་ཐབས་དང་ཤེས་རབ་རོལ་པ་ལ་སྔགས་སྙན་པར་ 26-1-26b བཟླ་བ་ལ་བྱའོ། །ཀོ་ཀི་ལ་སེམས་ཅན་གྱི་ཁྱད་པར་ལ་བྱ་སྟེ། དེ་དང་འདྲ་བའི་སྐད་རྣལ་འབྱོར་མས་གསུངས་པའོ། །སོགས་ཞེས་པའི་སྒྲས་ནི་པི་ཝང་དང་དབྱངས་ལ་སོགས་པའོ། །ལྷ་མོ་མཱ་མ་ཀཱི་ཞེས་པ་ལ་སོགས་པ་ནི་གོ་བླའོ། །སེན་མོའི་རི་མོས་གདབ་པར་བྱ། །ཞེས་པ་ནི་ལག་ མཐིལ་དང་། མིག་གཉིས་དང་། དཔྲལ་བ་དང་། ནུ་མ་དང་། མཆན་ཁུང་དང་། བྷ་གའི་དཀྱིལ་དང་། ལྟེ་བའི་པདྨ་ལ་སོགས་པ་ལ་སེན་མོས་རེག་ནས་བསྐུལ་བ་ཡིན་ཏེ། ལག་པ་ལ་སོགས་པ་ལ་སེན་མོས་རེག་ན་སྤྱི་བོར་གནས་པའི་ལྷག་པའི་བྱང་ཆུབ་ཀྱི་སེམས་བཞུ་སྟེ། འབབ་པའི་ཕྱིར་རོ། །དེ་ ཡི་གོས་ནི་ཕུད་བྱས་ཏེ། །ཞེས་པ་ནི་མཱ་མ་ཀཱིའོ། །སྟེང་འོག་ལ་ཡང་བལྟ་བར་བྱ། །ཞེས་པ་སྟེ། སྟེང་ནི་ཞལ་གྱི་པདྨའོ། །འོག་ནི་གསང་བའི་པདྨའོ། །ཅིའི་ཕྱིར་རྗེས་སུ་ཆགས་པས་དེ་གཉིས་སུ་བལྟ་བའི་ཕྱིར་འདོད་ཆགས་པ་ཟིན་ནས་ཤིན་ཏུ་མྱུར་བར་བདེ་བ་མྱོང་བར་འགྱུར་རོ། །རྒྱས་པའི་པདྨར་འོ་བཏབ་ནས། ། ཞེས་པ་ནི་བཤད་ཟིན་ཏོ། །དགའ་བའི་ཚིག་ཀྱང་བརྗོད་པར་བྱ། །ཞེས་པ་ནི། བཅོམ་ལྡན་འདས་ཀྱིས་ལྷ་མོ་མཱ་མ་ཀཱི་དགྱེས་པའི་ཚིག་ཀྱང་བརྗོད་པའོ། །ཚིག་གང་ཞེ་ན་གསུངས་པ། རྒྱས་མའི་པདྨ་མཱ་མ་ཀཱི། །ཞེས་པ་ལ་སོགས་པ་སྟེ། ལེགས་སོ་ལེགས་སོ་ཞེས་པ་ནི། སེམས་ཅན་གྱི་ དོན་དུ་རྡོ་རྗེ་བདུད་རྩི་ལེགས་པར་ཞུས་པ་དང་། བདག་ལ་གསང་བའི་མཆོད་པས་མཆོད་པ་ནི་ལེགས་སོ་ཞེས་པའི་དོན་ཏོ། །གང་ཞིག་འདོད་པ་ཁྱོད་ཀྱིས་ཞུས། །ཞེས་པ་ནི་སེམས་ཅན་གྱི་དོན་དུ་རྡོ་རྗེ་བདུད་རྩི་བདག་ལ་ཞུས་པ་དང་། མཱ་མ་ཀཱི་ཁྱོད་ཀྱིས་གང་བྱང་ཆུབ་ཀྱི་སེམས་ཀྱི་དོན་ལ་སོགས་ པ། ཉན་འདོད་པ་དྲིས་ཤིག་དང་གནང་བའི་ཚིག་གོ། །མཆོག་ཀྱང་སྦྱིན་ཞེས་པ་ནི། སྨོན་ལམ་གྱི་སྒོ་ནས་ནམ་མཁའ་ལ་འགྲོ་བ་ལ་སོགས་པའི་རྫུ་འཕྲུལ་ལམ་མངོན་ཤེས་སམ་མཐུ་སྟོབས་དང་ལྡན་པར་བྱིན་གྱིས་བརླབས་པ་ནི་མཆོག་ཀྱང་སྦྱིན་ཞེས་བྱའོ། །ད་ནི་ལྷ་མོ་མཱ་མ་ཀཱིས་ གཏན་དུ་རྗེས་སུ་ཆགས་པ་བཅོམ་ལྡན་འདས་ལ་དགོངས་ནས། དེ་བཞིན་ཉིད་ཀྱི་ཡེ་ཤེས་ཉན་འདོད་པས་ཞུས་པ། དེ་ནས་ལྷ་མོ་མཱ་མ་ཀཱིས་ཞེས་པ་ལ་སོགས་པ་སྟེ། དེ་ལ་བཅོམ་ལྡན་འདས་ཉིད་ཀྱི་དེ་བཞིན་ཉིད་ཅེས་པ་ལ་སོགས་པ་ནི། ཀྱེ་བཅོམ་ལྡན་འདས་རང་ཉིད་ཀྱི་དེ་བཞིན་ཉིད་ 26-1-27a གསུངས་ཤིག་ཅེས་པ་ལ་སོགས་སྟེ། ཅིའི་ཕྱིར་ཞེ་ན། རྣམ་པར་རྟོག་པའི་དྲ་བ་གཉིས་སུ་མེད་པའི་ཡེ་ཤེས་སྟོང་པ་ཉིད་ཀྱི་རང་བཞིན་ཡིན། རྡུལ་ཕྲ་རབ་ལས་ཤིན་ཏུ་ཕྲ་བ་གཟུགས་མེད་པའི་བྱང་ཆུབ་སེམས་དཔའ་ཁོ་ནར་ཐོས་ན་ཇི་ལྟར་རོལ་པ་དམ་པོ་གཉིས་སྙོམས་པར་ འཇུག་པའི་བདེ་བ་མྱོང་བར་འགྱུར་བ་ཀྱེ་བཅོམ་ལྡན་འདས་ཇི་ལྟར་ལགས་ཞེས་གསོལ་པའི་ཐ་ཚིག་གོ། །ཐེ་ཚོམ་ནི་བྱང་ཆུབ་ཟབ་པ་དང་སྤྲུལ་པ་ཐེ་ཚོམ་དུ་གྱུར་པའོ། །ངོ་མཚར་ཞེས་པ་ནི། སྔོན་དུ་ཐོས་པ་དང་མཐོང་བ་མ་ཡིན་པར་འབྱུང་བའོ། །ལན་གསུངས་པ། རྡོ་རྗེ་བདུད་རྩི་བདེ་བ་ ཆེན་པོ་ཞེས་པ་ལ་སོགས་པ་སྟེ། དེ་ལ་དེ་ཉིད་ཅེས་ན་ནི། རང་བཞིན་མི་འགྱུར་བའོ། །དེ་ཉིད་ཅི་འདྲ་བ་ཡིན་ཞེ་ན། ཡེ་ཤེས་སྦྱོར་བ་འབིགས་བྱེད་པ། །ཞེས་པ་ནི། ཐབས་དང་ཤེས་རབ་སྦྱོར་བ་གཉིས་དང་ཆོས་ཐམས་ཅད་གཉིས་སུ་མེད་པར་འབྱེད་པས་འབིགས་པ་སྟོན་པ་ནི། ཡེ་ཤེས་སྦྱོར་ བ་འབིགས་བྱེད་པ། །ཞེས་གསུངས་སོ། །གང་དེ་སིམ་པའི་རྣམ་པ་དབང་པོ་ལས་འདས་པ་བདེ་བ་ཆེན་པོའི་ངོ་བོ་གོང་ནས་གསུངས་པའི་སོ་སོ་རང་རིག་པ་མི་འགྱུར་བ་ནི་ཤིན་ཏུ་ཕྲ་བ་ཞེས་པ་སྟེ། འདི་དེ་ཡིན་ཞེས་ཡོངས་སུ་བརྟགས་པའི་ངོ་བོར་བརྗོད་དུ་ནུས་པ་ཉིད་མ་ཡིན་པའི་ཕྱིར་རོ། །དེ་ཁོ་ ན་ཉིད་ཀྱི་ཕྱིར་གསང་ཆེན་ཞེས་ཏེ། །ཐུན་མོང་མ་ཡིན་པའི་སྤྱོད་ཡུལ་ཉིད་དོ། །ཡེ་ཤེས་ཤེས་བྱ་ངོ་བོ་ཉིད། །ཅེས་པ་ནི། དེ་ལ་ཤེས་བྱ་ནི་ས་གསུམ་གྱི་ནང་དུ་གནས་པའི་རང་བཞིན་གྱི་ངོ་བོ་དང་གང་ལྡན་པ་དེ་ནི་ཤེས་བྱའི་ངོ་བོ་ཉིད་ཅེས་པ་སྟེ། ཡེ་ཤེས་ཁོ་ན་དངོས་པོ་ཐམས་ཅད་རྒྱས་པའི་ ཚུལ་གྱིས་རྣམ་པ་དང་བཅས་པ་བཞིན་དུ་ཕྱི་རོལ་གཟུགས་སུ་སྣང་བར་འགྲོ་བ་ཡིན་ནོ། །འོ་ན་ཡེ་ཤེས་གཅིག་ཏུ་གྱུར་ན། འཁོར་བ་དང་མྱ་ངན་ལས་འདས་པ་ཉིད་ཇི་ལྟར་ཡིན་ཞེ་ན། དེ་ཁོ་ན་ཡང་ཐམས་ཅད་དུ་འཇིག་རྟེན་གྱི་བདེ་བ་ངོ་བོས་གྲུབ་པ་འགྲུབ་པར་འགྱུར་བ་ལ་མ་རིག་པས་འཁོར་བ་ལ་ནི་འཁོར་ བའོ། །དེ་ཡང་སྣང་བ་དེ་ཤེས་རབ་ཀྱིས་དཔྱད་ན་རྣམ་པའི་དོན་མེད་འགའ་ཞིག་ཀྱང་ཕྱི་རོལ་མེད། འགའ་ཡང་བཟུང་བ་མེད་པའོ། །དེ་ལྟར་ཡང་གསུངས་པ། རང་གི་སེམས་ཀྱིས་གྲུབ་པའི་ཆོས། །ཐམས་ཅད་དུ་ནི་གནས་པ་སྟེ། །ཆོས་དེ་ནམ་མཁའི་རྡོ་རྗེར་གནས། །ཆོས་མེད་ཆོས་ཉིད་ 26-1-27b ཡང་མེད་དོ། །ཡང་གསུངས་པ། སྲིད་པའི་རྩ་བ་རྣམ་ཤེས་ཏེ། །ཡུལ་ནི་དེ་ཡི་སྤྱོད་ཡུལ་ཡིས། །ཞེས་སོ། །སངས་རྒྱས་བྱང་ཆུབ་ཅེས་པ་ནི། དེ་བཞིན་གཤེགས་པའི་དམ་ཚིག་ཆེན་པོ་རྡོ་རྗེ་དེ་ཁོ་ན་ཉིད་མངོན་པར་རྫོགས་པའི་བྱང་ཆུབ་བོ། །གདོད་མ་མེད་པའི་དུས་གཞན་གྲངས་གཞན་གྱི་རིམ་ པར་རིགས་མཐུན་པའི་མཚན་ཉིད་སྐྱེད་པར་བྱེད་པས་མི་ཟད་པའི་ཕྱིར་མི་འཇིག་ཅེས་པའོ། །སྐྱེད་པ་པོའི་བསྐྱེད་བྱ་ལྟར་ཟད་པར་མི་འགྲོ་བས་ཟད་མེད་ཅེས་པའོ། །རྟག་པ་ནི་ཞེས་པ་ནི་དུས་གསུམ་ལ་ཡང་ཚུལ་གཅིག་ཉིད་ཀྱི་ཕྱིར་རོ། །གདོད་མ་མེད་ཅིང་ཞེས་པ་ནི། དང་པོ་དབང་ཕྱུག་ལ་ སོགས་པས་བྱས་པར་བརྟགས་པའི་རྐྱེན་གྱི་བྱེད་པ་པོ་དེ་མེད་པའི་ཕྱིར་རོ། །དང་པོ་སྤངས་ཞེས་པ་ནི། དང་པོ་ཡི་གེ་ཨ་མི་སྐྱེ་བ་རི་མོ་མེད་པའི་གཟུགས་སྤངས་པའི་ཕྱིར་རོ། །ཡོད་ཉིད་དང་ནི་ཞེས་པ་ནི། བདེ་བའི་ངོ་བོས་སོ་སོ་རང་རིག་པ་སྟེ། བདེ་བའི་ངོ་བོ་མ་ཡིན་པ་སྤངསཔའི་ཕྱིར་རོ། ། ཡང་ན་བདེ་བའི་ངོ་བོ་ཉིད་སོ་སོ་ཡང་དག་པར་རིག་པས་མངོན་སུམ་དུ་མྱོང་བ་ཉིད་སྤྱོད་ཡུལ་ཉིད་ཡིན་པའི་ཕྱིར་ཡོད་ཉིད་དང་ནི་ཞེས་པའོ། །མེད་ཉིད་ཡང་ཞེས་པ་ནི། འཁོར་གསུམ་ཡོངས་སུ་དག་པའི་ཤེས་རབ་ཀྱིས་དཔྱད་པ་ལ་བློའི་སྤྱོད་ཡུལ་ཉིད་མ་ཡིན་པའི་ཕྱིར་རོ། །དབང་པོ་དང་བཅས་ཞེས་པ་ནི། མིག་ལ་སོགས་པའི་དབང་པོ་ལ་བྱིན་གྱིས་རླབས་པ་ཉིད་ཀྱི་ཕྱིར་རོ། །དབང་པོ་མེད་ཅེས་པ་ནི། མ་མཐོང་བའི་ཕྱིར་རོ། །འབྱུང་བ་ཀུན་དུ་མཐོང་བ་ཞེས་པ་ནི། མིག་ལ་སོགས་པའི་འབྱུང་བ་ཐམས་ཅད་ལ་བལྟས་ན་མི་རྙེད་པའོ། །དེས་ན་འབྱུང་བ་ཀུན་ལ་མ་མཐོང་བར་འགྱུར་བའོ། །འོ་ན་དེའི་དངོས་ གྲུབ་ཇི་ལྟར་ཐོབ་པར་བྱ་ཞེ་ན། གསུངས་པ། སྦྱོར་བའི་ལམ་གྱིས་མཐོང་བའོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་སྦྱོར་བ་ཞེས་པ་ནི་རང་གི་ཤེས་རབ་མ་དང་གཅིག་ཏུ་གྱུར་པ་ལས། བདེ་བ་ཆེན་པོ་གནས་པ་གཉིས་སུ་མེད་པའི་སྙིང་རྗེ་ཆེན་པོ་བདག་ཉིད་རྣམ་པར་ཤེས་ཏེ། རྣམ་པར་རྟོག་པའི་དྲ་ བས་མ་གོས་པ་འདིས་འདོད་དོ། །དེ་ཉིད་ཡང་ལམ་གྱིས་ཤེས་པ་སྟེ། བདེ་བ་ཆེན་པོའི་ཏིང་ངེ་འཛིན་ལ་རྣམ་པར་རོལ་པ་གང་དག་ཕྱི་རོལ་གྱི་འབྱུང་བ་དང་འབྱུང་བ་ལས་གྱུར་ལ། སྔོན་པོ་ལ་སོགས་པ་དེ་ལས་གཞན་དུ་གྱུར་པ་བདེན་པ་དེ་བཞིན་གཉིས་སུ་མེད་པའི་ཡེ་ཤེས་སོ། །སྦྱོར་བ་རྣམས་ཞེས་ 26-1-28a པ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་ནང་གི་སྦྱོར་བ་བསྟན་ནས། ད་ནི་ཕྱིའི་སྦྱོར་བ་བསྟན་པ། ཕྱིའི་གཟུགས་ཀྱི་ཞེས་པ་ལ་སོགས་པ་སྟེ། དེ་ལ་རྣམ་པ་ཀུན་རྫོབ་སྟེ་ཞེས་པ་ནི། རྣམ་པ་ཐབས་དང་ཤེས་རབ་གཉིས་སུ་མེད་པར་གྱུར་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་ཀུན་དུ་ འཇུག་པར་བྱེད་པས་ན། རྣམ་པ་ཀུན་རྫོབ་ཞེས་པ་སྟེ། ཅིའི་ཕྱིར་ཕུང་པོ་ལྔ་ནི་ཡེ་ཤེས་དེ་མེད་པར་མུན་པ་བསལ་བར་མི་འགྱུར་བའི་དོན་ཏོ། །དོན་ནི་འདི་ལྟར་གསུངས་པར་འགྱུར་ཏེ་ཅིའི་ཕྱིར་ལུས་སུ་འབྱུང་བ་ཆེན་པོ་ལྔའི་བདག་ཉིད་ཕུང་པོ་ལྔའི་ངོ་བོ་ཉིད་ལྷའི་གཟུགས་སུ་བརྟགས་པ་དེ་ཉིད་བྷ་གའི་ པདྨའི་དབུས་སུ་བསྒོམ་པར་བྱས་པའི་ཡེ་ཤེས་སེམས་དཔའ་ཁོ་ན་ཕྱི་རོལ་དུ་གྱུར་པའི་ཡིན་པ་ཇི་སྙེད་པའོ། །དེ་གཅིག་པུས་ནི་ཞེས་པ་ནི། ཕྱིའི་སྦྱོར་བ་ཀུན་རྫོབ་དེ་ཡང་ནང་གི་སྦྱོར་བ་ཡེ་ཤེས་གཅིག་པུ་ཁོ་ན་ལས་འབྱུང་བའོ་ཞེས་པའི་དོན་ཏོ། །དེའི་དོན་གསལ་བར་བྱེད་པས་གསུངས་པ། ཐམས་ཅད་རྣམ་ཤེས་ཁོ་ནའོ། །ཞེས་པའོ། །ཡང་བཅོམ་ལྡན་འདས་ཀྱིས་དེའི་མཚན་ཉིད་ཁོ་ན་སྟོན་པས་གསུངས་པ། ཅིའི་ཕྱིར་སེམས་ཅན་བདག་མེད་རྣམས། །རྣམ་ཤེས་ཕུང་པོར་རྟེན་པ་ཡིན། །ཞེས་པ་སྟེ། བདག་མེད་པའི་ཚིག་ཆོས་ལ་སེམས་ཅན་རྣམས་ཀྱི་གཟུགས་ལ་སོགས་པའི་ཕུང་པོ་བཞི་བར་མ་ དོའི་སྲིད་པ་ནི། རྣམ་པར་ཤེས་པའི་ཕུང་པོ་ལ་བརྟེན་ན་དེའི་ཕྱིར་ན་བདེ་བ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་ནང་གི་སྦྱོར་བ་ལ་ཕྱིའི་སྦྱོར་བ་བརྟེན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ནང་གི་སྦྱོར་བ་དེ་ཡང་སོ་སོ་རང་རིག་པར་སྣང་བ། དེ་རིག་པའི་ངོ་བོ་མངོན་སུམ་དུ་རྗེས་སུ་གྱུར་པ། ཁམས་གསུམ་ཡིད་ ཀྱིས་ཁྱབ་པ་ཕུང་པོ་ལྔའི་མུན་པ་བསལ་བ་ཡིན་པས་བླུན་པོའི་བློ་ཅན་རྣམས་ཀྱིས་ནི་མ་ཤེས་པའོ། །དེ་ཁོ་ནའི་ཕྱིར་གསུངས་པ། བླུན་སེམས་སྙིགས་མའི་མི་རྣམས་ཀྱིས། །འགའ་ཡང་ཤེས་པ་མ་ཡིན་ནོ། །ཞེས་པའོ། །དེ་ནི་བདེ་བ་ཆེན་པོར་གནས་པ་གཉིས་སུ་མེད་པའི་ཡེ་ཤེས་ཏེ་རྒས་ པའི་བདག་ཉིད་དང་། སྐྱེ་བ་དང་འཇིག་པ་ལ་སོགས་པའི་མཐུ་དང་ཡང་ལྡན་སྟོན་པས་གསུངས་པ། སེམས་ལས་བསམ་བྱུང་སེམས་ཀྱི་དངོས། །ཞེས་པ་ལ་སོགས་པ་སྟེ། དེ་ལ་སེམས་ཞེས་པ་ནི་གང་ནང་གི་བདག་ཉིད་ཀུན་བརྟགས་ཀྱི་དྲ་བ་མེད་པའི་སེམས་ཙམ་གཉིས་སུ་མེད་པར་ལྟ་ 26-1-28b བའོ། །དེ་ཉིད་ལས་བསམ་འབྱུང་ཞེས་པ་སྟེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོགས་པར་བྱེད་པ་ནའོ། །སེམས་ཀྱི་དངོས་ཞེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་སྟེ། བསམ་བྱ་སྐྱེད་པར་བྱེད་པའོ། །ཡེ་ཤེས་ཞེས་པ་ནི་གང་ཁམས་གསུམ་ཕྱི་རོལ་དངོས་པོ་གཟུགས་སུ་བསྐྱེད་ནས། བདག་གཞན་ གྱི་རྣམ་པ་གཞན་ལ་རྣམ་པར་ཤེས་པས་རྣམ་པར་ཤེས་པ་ལ་བྱའོ། །ཕྱིའི་གཟུགས་ཁམས་གསུམ་ནི་ཤེས་བྱ་ཞེས་པའོ། །གསུངས་པ་ལས་ནི་སེམས་ཀྱི་འདུས་བྱས་ཏེ། ཡིད་ཀྱི་རྣམ་པར་རྟོག་བརྟགས་པ། །རྣམ་པར་ཤེས་པས་ཤེས་གྱུར་ཏེ། །ལྔས་ནི་མཐོང་བར་བརྟགས་པ་ཡིན། ། ངོ་བོ་ཉིད་ཅེས་པ་ནི་བསམ་པ་དང་སེམས་ཀྱི་དངོས་དང་། ཡེ་ཤེས་དང་ཤེས་བྱ་རྣམས་ཀྱི་ངོ་བོ་ཉིད་ནི་སེམས་ཙམ་ཡིན་ཏེ། དེ་གཅིག་པུ་ལས་བྱུང་བའི་ཕྱིར་རོ། །དེ་གསལ་བར་བྱེད་པ་གསུངས་པ། ཐམས་ཅད་རྣམ་ཤེས་ཤེས་པ་སྟེ། །དེ་ལ་རྣམ་ཤེས་ནི་སེམས་ཙམ་དུ་ཡོད་པའོ། །ཡང་ ཉི་ཤུ་པ་ལས་གསུངས་པ། སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་རྣམ་པར་རིག་པ་ནི་རྣམ་གྲངས་སུ་རྟོག་པའོ། །གང་ཚེ་ལུས་ལ་རྐྱེན་ཉིད་འགྱུར། །ཞེས་པ་ནི། གང་གི་ཚེ་དོན་དང་རྐྱེན་དུ་ཇི་ལྟར་སོ་སོའི་སྐྱེ་བོ་རྣམས་ཀྱིས་དོན་དམ་པ་མ་མཐོང་བས་དེ་དག་གི་དོན་འཁྲུལ་པ་ས་བོན་དང་མྱུ་གུའི་ གཟུགས་ཀྱིས་ཤེས་ནས་ཡོངས་སུ་བརྟགས་པ་དེའི་ཚེ་ནའོ། །གང་ཚེ་དེ་ལས་ཡིན་པ་གང་ལས་ཀྱང་དེ་ལས་ཡིན་པའོ། །དེའི་དོན་ཁོ་ན་ཡང་གསུངས་པ། ཆོས་རྣམས་དང་ནི་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཆོས་རྣམས་དང་ཞེས་པ་ནི་ཕུང་པོ་དང་སྐྱེ་མཆེད་ལ་སོགས་པའོ། །དེ་དག་རང་གི་ མཚན་ཉིད་ཀྱི་ངོ་བོ་གཅིག་ཏུ་གྱུར་པ་ནི་ཆོས་གཅིག་ཅེས་པའོ། །དེ་བས་ན། དངོས་པོ་དག་ནི་དེ་ཚེ་འགྱུར། །ཞེས་ཏེ་གང་གི་ཚེ་སེམས་ཉིད་ཕྱིའི་སྦྱོར་བ་ཕུང་པོ་ལ་སོགས་པ་ཕྱིའི་དངོས་པོར་གྱུར་པ་དེའི་ཚེ་དངོས་པོ་དེ་འདྲའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་གསལ་བར་བྱེད་པའི་གཏན་ཚིགས་དང་དཔེ་བསྟན་པ། ཅི་ཡི་ཕྱིར་ན་ཆོས་ཅན་གྱི། །མང་པོ་ཉིད་དུ་ཆོས་རྣམས་ཀྱང་། །ཆུ་རྒྱུན་བཞིན་དུ་རྒྱ་མཚོ་ལ། །ཞེས་པ་ལ་སོགས་པ་སྟེ། ཇི་ལྟར་ཆུ་ཡིས་ཡོངས་སུ་གང་བའི་གཙང་པོ་ལ་ཤིན་ཏུ་མང་བའི་རླབས་དང་། བྱེད་པོ་འདུས་པའི་གཟུགས་ཀྱིས་ཀླུང་གང་བར་འགྱུར་བ་དེ་ལས་གཞན་མ་ཡིན་པ་དེ་ཁོ་ན་བཞིན་ 26-1-29a དུ། སེམས་ཙམ་ལས་ཀྱང་ཡིད་དང་ཤེས་བྱ་དོན་དང་རྐྱེན་དུ་ཡོངས་སུ་བརྟགས་པར་སྐྱེ་བར་འགྱུར་རོ། །ཆོས་དེ་ཁ་ཅིག་ན་རེ། ཆུ་རྒྱུན་བཞིན་དུ་རྒྱ་མཚོ་ལ། །ཞེས་པ་ནི་དོན་གཞན་དུ་བཤད་དེ། ཇི་ལྟར་རྣམ་པ་སྣ་ཚོགས་ཀྱི་རོའི་ཆུ་རྒྱུན་འབབ་པ་རྒྱ་མཚོ་ལ་ཞུགས་མ་ཐག་ཏུ་ རོ་གཅིག་པར་གྱུར་པ་ཇི་ལྟར་ལན་ཚྭའི་རོར་གྱུར་པ་དེ་ལྟར་ཐར་པ་རྟོགས་པའི་དངོས་པོ་དང་། དངོས་པོ་མེད་པར་རྟོགས་པ་ཡང་འདྲའོ། །དེ་བས་ན་ཐར་པ་ནི་སྒོ་རྣམ་པ་མང་པོ་ཉིད་དུ་མ་ཡིན་པར་གསུངས་པ། ཐར་པ་ནི་ཚིག་ཁོ་ན་སྟེ་ཞེས་པ་ལ་སོགས་པ་སྟེ། དེ་ཁོ་ནའི་མཐའ་ལ་མང་པོ་ཉིད་དུ་ཞེས་ པ་རྣམ་པ་སྣ་ཚོགས་ཀྱི་དོན་རིག་པས་མི་རྙེད་དོ་ཞེས་པ་སྟེ། ཕྱིའི་ཚིག་དོན་རྣམ་པ་དེ་དག་གི་དོན་མེད་པའི་ཕྱིར་རོ། །དེ་ཁོ་ན་ཡང་དོན་དམ་པས་གཏན་ལ་དབབ་ན་བདེན་པ་ཞེས་པས་བསྟན་ཏོ། །དེ་འདྲ་བའི་ཟབ་མོ་ཇི་ལྟར་རྟོགས་པར་བྱ་ཞེ་ན། ཇི་ལྟར་ནང་དུ་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །ད་ནི་དེ་ འདྲ་བའི་བཅོམ་ལྡན་འདས་བདེ་བ་ཆེན་པོས་གསུངས་པ། བྷ་གའི་པདྨ་ཞེས་པ་ལ་སོགས་པ་སྟེ། དེ་ལ་བྷ་གའི་པདྨའི་ཞེས་པ་ནི་ལྷ་མོ་རྣམས་ཀྱི་བྷ་གའི་དབུས་སུ་པདྨ་འདབ་བརྒྱད་ཀྱི་སྙིང་པོ་དང་གེ་སར་གྱིས་བརྒྱན་པ་འོད་འབར་བ་ཡོད་པ་སྟེ། དེ་ལ་སོགས་པའི་རང་བཞིན་གང་སྣང་བར་སྟོན་པ་ནི་ ནམ་མཁའ་ཞེས་པའོ། །ནམ་མཁའ་ལྔ་ཡིས་བརྒྱན་པ་ནི། །ཞེས་པས་དབང་ཆེན་དང་མེ་དང་རླུང་དང་ཆུ་དང་། ནམ་མཁའི་ངོས་ནི་དཀྱིལ་འཁོར་ལྔས་བརྒྱན་པའོ། །སྙིང་དང་སྙིང་པོ་ལ་སོགས་པ་ནི་པདྨའི་ཡན་ལག་སྟེ་གོང་དུ་འགྲེལ་ཟིན་ཏོ། །དེའི་དབུས་སུ་རྡོ་རྗེ་ཅན་བཞུགས་ཏེ། བྱང་ ཆུབ་སེམས་ཞེས་པ་ནི། ཉི་མའི་དཀྱིལ་འཁོར་ལ་ཆེར་གནས་པའི་རྡོ་རྗེ་ཅན་ལྷག་པའི་བྱང་ཆུབ་སེམས་ཀྱི་བདག་ཉིད་དོ། །བདུད་རྩི་དང་ཞེས་པ་ནི་མཱ་མ་ཀཱི་ལ་སོགས་པའི་ལྷག་པའི་བྱང་ཆུབ་སེམས་དང་ལྡན་པ་ཞེས་པ་སྟེ། དེ་དང་གཅིག་ཏུ་གྱུར་ཅིང་། གཉིས་སུ་མེད་པ་ཞེས་པའི་དོན་ཏོ། །བྱང་ ཆུབ་སེམས་ནི་ཅི་འདྲ་ཞེ་ན། ཆ་ཤས་ཆ་མིན་རྣམ་གྲོལ་བ། །ཞེས་ཏེ། དེ་ལ་ཆ་ཤས་ནི་ཡི་གེ་ཨ་ལ་སོགས་པ་བཅུ་དྲུག་གོ། །ཆ་མིན་ཞེས་པ་ནི་ཡི་གེ་ཀ་ལ་སོགས་པའོ། །དེ་དག་ནི་ཟླ་བ་དང་འདྲ་བ་ཆ་ཤས་བཅུ་དྲུག་ནི་བདག་ཉིད་དང་། ཀ་ལ་སོགས་པ་སྐར་མའི་གཟུགས་དང་འདྲ་བ་དེ་དག་གིས་ 26-1-29b རྣམ་གྲོལ་བ་ཞེས་སོ། །འོ་ན་ཐིག་ལེ་ཙམ་ཞི་བ་དེ་ཁོ་ན་ཉིད་འདྲ་བ་ཡིན་ནམ་ཞེ་ན་མ་ཡིན་ཏེ། ཐིག་ལེ་དེ་ནི་རྣམ་པར་སྤངས། །ཞེས་པའོ། །དེ་འདྲ་བའི་ཁྱད་པར་ཅན་ཡི་དམ་ལྷའི་གཟུགས་ནི། དེར་གནས་ཞེས་པ་སྟེ། བྷ་གའི་པདྨའི་དབུས་སུ་བཞུགས་པའོ། །བདུད་རྩི་ཞེས་པ་ནི་ཤི་བའི་མཚན་ ཉིད་མེད་པ་སྟེ། དེ་ནི་རྟག་ཏུ་ཟག་པ་ཞེས་ཏེ་འབྱུང་བའི་དོན་ཏོ། །དེའི་ཕྱི་རོལ་དུ་སྣང་བའི་ཁྱད་པར་གསུངས་པ། ཁམས་གསུམ་ཐམས་ཅད་ཀྱི་གཞི་ཡིན་པའི་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཁམས་ཐམས་ཅད་ནི་གཟུགས་ལ་སོགས་པའི་ཁམས་གསུམ་རྣམས་སོ། །དེ་དག་རྣམས་ལ་རྣམ་ པར་ཁྱབ། །ཅེས་སོ། །ཡང་ན་ཁམས་ཐམས་ཅད་ཀྱི་ཞེས་པ་ནི་མིག་དང་གཟུགས་དང་རྣམ་པར་ཤེས་པ་ལ་སོགས་པའི་ཁམས་རྣམས་སོ། །དེ་དག་ལ་རྣམ་པར་ཁྱབ་ཅེས་པ་ནི་གསུམ་ཉིད་དུ་བྱིན་གྱིས་རློབ་ཅིང་ཁྱབ་པའོ། །དེ་ཡང་མིག་ལ་སོགས་པའི་སྤྱོད་ཡུལ་ལ་དམིགས་པར་བྱེད་པའོ་ཞེས་ སོ། །དེས་ནི་མཐོང་བ་ཞེས་པ་ལ་སོགས་པས་ནི། དོན་དེ་གསལ་བར་བྱེད་པ་གསུངས་ཏེ། གཟུགས་ནི་མཐོང་བ་ཞེས་སོ། །སྒྲ་ནི་ཐོས་པ་ཞེས་པའོ། །གཞན་ནི་ཉལ་བ་དང་ཞེས་པ་ལ་སོགས་པ་ནི། བཅོམ་ལྡན་འདས་ཀྱི་རང་བཞིན་དེ་ཁོ་ན་ཉལ་བ་དང་ཞེས་ཏེ་གཉིད་ལོག་པའོ། །སད་ པ་དང་ནི་ལོག་པ་དང་། །ཞེས་པ་ནི། བག་ཆགས་ཀྱི་གཉིད་མཐུག་པར་ལོག་སྟེ། ལོག་པར་རྨོངས་པར་གྱུར་ན་ཡང་རང་སད་པའོ། །བཞད་དང་དེ་བཞིན་ཆོ་ངེ་དང་། ཞེས་པ་ལ་སོགས་པ་ནི་གོ་སླའོ། །སྨྱོ་བ་དང་ཞེས་པ་ནི། ཁམས་འཁྲུགས་པ་དང་། མྱ་ངན་དང་འདྲ་བའི་དབང་གིས་ སྨྱོ་བ་ལ་བྱའོ། །སྨྱོས་པ་ཞེས་པ་ནི། ཆང་དང་འདོད་ཆགས་ལ་སོགས་པར་གྱུར་བའི་གཟུགས་ཞེས་སོ། །དེ་ཉིད་ཡང་འདོད་ཆགས་ཞེས་པ་ལ་སོགས་པ་སྟེ། དེ་ལ་གཏི་མུག་ཅས་པ་ནི་བཅོམ་ལྡན་འདས་དེ་ཉིད་བླུན་པ་ཅན་འདོད་ཆགས་ལ་སོགས་པས་གྱུར་པའི་ཉོན་མོངས་པའི་བདག་ཉིད་ དེ། དེ་ལྟར་འགྲོ་བ་དག་སྣང་བར་གྲུབ་པའོ། །འདོད་ཆགས་ཞེས་པ་ནི། སྤྱོད་ཡུལ་ལ་ཡིད་ཞེན་པའི་མཚན་ཉིད་དེ། གཟུགས་ལ་སོགས་པ་ལ་རོལ་པ་དང་བྲལ་བའི་ཆོས་ནི་ཆགས་པ་དང་བྲལ་བ་མ་ཡིན་པའི་ཆོས་སོ། །གཟུགས་མེད་ཅེས་པ་ནི་མིང་བཞིའི་ཕུང་པོ་དང་འདུས་མ་བྱས་ཀྱི་ 26-1-30a ཆོས་ཀྱི་རང་བཞིན་གྱི་ཕྱིར་རོ། །མང་པོའི་སེམས་ཅན་ནི་ཞེས་པ་ནི། རྣམ་པ་སྣ་ཚོགས་མང་བ་ཐ་དད་པ་འདུལ་བའི་སེམས་ཅན་འདུལ་བ་མ་ལུས་གང་དང་ལྡན་པ་དེ་ལྟར་རོ། །དེ་ཉིད་ཀྱི་ཕྱིར་ན་དུ་མའི་གཟུགས་ཅན་ཞེས་པ་སྟེ། མ་ལུས་པའི་སྣོད་ཀྱི་འཇིག་རྟེན་གྱི་སྐྱེ་བོ་ རྣམས་ཀྱིས་འདོད་པའི་དོན་བྱེད་པའི་སྤྱོད་པ་ཉིད་ཀྱི་ཕྱིར་རོ། །དེ་ཁོ་ནའི་ཕྱིར་ན་ཡང་། སྣ་ཚོགས་གཟུགས་ནི་ནོར་བུ་ཡིན། །ཞེས་པའོ། །དེ་ལྟར་ཡང་གསུངས་པ། གང་དང་གང་གི་རྫས་ཀྱིས་ནི། །མི་རྣམས་ཡིད་ནི་འབྱོར་འགྱུར་བ། །དེ་དང་དེ་ཡིས་དེ་དངོས་འགྲོ། །སྣ་ཚོགས་གཟུགས་ ཀྱི་ནོར་བུ་ལྟར། །ཞེས་པའོ། ཁྱབ་པའི་དངོས་ཀྱིས་ཞེས་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །དེ་ཉིད་དམ་པ་ཆེར་གནས་སོ། །ཞེས་པ་ནི། སེམས་ཙམ་གྱི་རང་བཞིན་བདེ་བ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེ་གོང་དུ་སྨོས་པའི་དངོས་སུ་སྣང་ཞིང་ཀྱེ་མཱ་མ་ཀཱིའི་གནས་སོ་ཞེས་བྱ་བའི་ ཐ་ཚིག་གོ། །དེ་བཞིན་ཉིད་དེ་ཞེས་པ་ནི། དོན་དམ་པར་མི་འགྱུར་བའི་གྲུབ་པའོ། །ཕྱིའི་རང་བཞིན་དེ་ཡིན་པར་དེ་མངོན་དུ་གྱུར་པའི་རྣལ་འབྱོར་པའི་ཕྱིའི་ཚུལ་ནི་མི་དགོས་སོ་ཞེས་གསུངས་པ། བཟླས་མེད་ཅེས་པ་ལ་སོགས་པ་སྟེ། དེ་ལ་བཟླས་ཞེས་པ་ནི། སྔགས་ཀྱི་བདག་ཉིད་འཛིན་པ་ ཡང་། །ཞེས་པ་ནི་ཏིང་ངེ་འཛིན་ལ་དབང་པོ་རྣམས་བསྡམས་པའོ། །དེ་ཉིད་ནི་དེ་ཁོ་ན་ཉིད་ལ་མེད་དེ་ཞེས་པའི་ཐ་ཚིག་གོ། །བགྲང་ཕྲེང་ཞེས་པ་ལ་སོགས་པ་ནི་གོ་བླའོ། །འོ་ན་གང་ཞེས་བྱ་བ་དེའི་འགྲུབ་པ་ཡིན་ཞེ་ན་གསུངས་པ། བྷ་གའི་པདྨར་མཆོད་བྱས་ཏེ། །ཞེས་པ་ལ་སོགས་པ་གོ་ བླའོ། །ད་ནི་རྣལ་འབྱོར་པ་དང་རྣལ་འབྱོར་མའི་བདེ་བ་ཆེན་པོ་ཐོབ་པའི་རྐྱེན་དུ་རྩ་ལ་སོགས་པ་བསྟན་པ་གསུངས་པ། གང་དེ་བདུད་རྩི་འབབ་པའི་རྩ། །ཞེས་པ་ནི་ཁུ་བ་འཛག་པའོ། །དེ་ནི་ཤིན་ཏུ་མཆོག་ཅེས་ཏེ། དེ་ཉིད་ཅེས་པའི་དོན་ཏོ། །ཡང་ན་བདུད་རྩི་འབབ་བའི་རྩ། །བྷ་གའི་དབུས་སུ་ གནས་པ་ཞེས་པ་དེ་ནི་རྩ་དགུ་ཁོ་ན་སྟེ་མིག་ལ་སོགས་པ་སྒོ་དགུ་ལ་བརྟེན་པའོ། །དེ་དག་དགུ་ལས་རྩ་གཞན་ནི་སུམ་ཅུ་རྩ་གཉིས་ཞེས་པ་ལ་སོགས་པ་སྟེ། སྨིན་མ་དང་མགོ་དང་། ལུས་དང་ལག་པ་ལ་སོགས་པའི་ལུས་ལ་ཇི་སྲིད་པའོ། །དེ་དག་ལས་གཙོ་བོ་སྟེ་ཞེས་པ་སྟེ་རྩ་དགུའི་གཙོ་ 26-1-30b བོར་གྱུར་པ་ཡིན་ཏེ། གཞན་ཕྱིའི་ལུས་ལ་གནས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ན་རྩ་དགུའི་ལྷ་མོ་མཱ་མ་ཀཱི་ལ་སོགས་པ་དགུའི་བདག་ཉིད་བྷ་གའི་དབུས་སུ་བསམས་ནས་འགྲུབ་པ་སྐྱེ་བར་འགྱུར་རོ། །དེ་ལྟར་ཡང་གསུངས་པ། གང་དེ་རྐང་པ་ལས་བྱུང་བ། །གང་དེ་ལུས་ལས་བྱུང་བ་དག །དེ་དག་ ཐམས་ཅད་བྱ་མཆུར་ཡང་། །གཅིག་ཏུ་འདུས་པའི་གྱུར་པའོ། །ཞེས་པ་དང་། དགུ་པོ་འཁྲིལ་བར་འགྱུར་བའི་རྩ། །དེ་ནི་ལྷ་མོ་འབབ་ཆེན་ཏེ། །བཤང་གཅི་འབབ་པ་རྩ་གང་ཡང་། །དེ་ནི་གསུངས་པའི་མཐའ་དང་འབྲེལ། །ཞེས་པའོ། །དེ་དག་ལས་གཞན་ཤིན་ཏུ་མཆོག །རྩ་དགུ་ ལ་ནི་རྣམ་པར་གནས། །ཞེས་པ་ནི་བཤད་ཟིན་ཏོ། །ད་ནི་བཅོམ་ལྡན་འདས་ཀྱིས་མཱ་མ་ཀཱི་དེ་ལ་དེའི་བསྒོམ་པའི་དོན་བསྟན་པ་གསུངས་པ། སྒོ་དགུ་ལ་གནས་ཞེས་པ་ལ་སོགས་པ་སྟེ་དེ་ལ། སྒོ་དགུ་ལ་གནས་རིག་མ་དག །ཅེས་པ་ནི། མིག་ལ་སོགས་པ་སྒོ་དགུའི་རང་བཞིན་བྷ་གའི་པདྨར་གནས་པའི་ རིག་མའི་ལྷ་མོ་རྣམས་བསྒོམས་ཏེ། འདོད་པ་རྣམ་པ་ལྔ་དང་གསང་བའི་མཆོད་པས་སྒྲུབ་པ་པོས་ནི་མཆོད་པར་བྱ་ཞེས་སོ། །འདོད་པ་ལྔར་ཇི་ལྟར་བསམས་ནས་མཆོད་པར་བྱ་བ་ཡིན་ཞེ་ན་གསུངས་པ། རྟག་ཏུ་རྡོ་རྗེ་ཅན་མཉམ་བལྟ། །ཞེས་པ་སྟེ་ཀྱེ་ལྷ་མོ་མཱ་མ་ཀཱི་འདོད་པའི་ཡོན་ཏན་རྣམ་པ་ལྔ་ནི་རྡོ་རྗེ་སེམས་དཔའི་ རང་བཞིན་སྟོང་པ་ཉིད་དང་མཉམ་པར་རྟག་ཏུ་བལྟའོ་ཞེས་བསྒོམ་པར་བྱ་བའི་དོན་ཏོ། །དེ་བས་ཞེས་ཏེ་དེ་ལྟར་ཡིན་པའི་ཕྱིར་དེ་དག་རབ་བྱེད་ན། ཆགས་བྲལ་ཞེས་གསུངས་ཀུན་རིག་པས། །ཞེས་ཏེ་སྟོན་པ་ཐམས་ཅད་མཁྱེན་པས་འདོད་པ་རྣམས་དེ་དག་རྡོ་རྗེ་སེམས་དཔའ་དང་རང་བཞིན་མཉམ་པར་བྱས་ ཏེ། སྤྱད་ན་འདོད་ཆགས་དང་བྲལ་ལོ་ཞེས་གསུངས་པ་ཡིན་ནོ་ཞེས་པའི་ཐ་ཚིག་གོ། །ཡང་སྟོན་པ་བཅོམ་ལྡན་འདས་ཀྱིས་དེ་བཞིན་ཉིད་ཀྱི་སྦྱོར་བ་ཡེ་ཤེས་ཀྱི་ཆེ་བ་སྟོན་པ། དེ་དག་གསང་ཆེན་ཞེས་པ་ལ་སོགས་ཏེ། དེ་ལ་གསང་ཆེན་ཞེས་པ་ནི་བདེ་བ་ཆེན་པོ་གཉིས་སུ་མེད་པའི་ཡེ་ ཤེས་སོ། །མཆོག་རབ་ནི་ཞེས་པ་ནི། ཡེ་ཤེས་རྣམ་པ་ལྔའི་བར་ཉིད་ཀྱི་ཕྱིར་རོ། །ཞལ་བཟངས་མ་ཀྱེ་ཞེས་པ་མཱ་མ་ཀཱི་ལ་བོད་པའི་ཚིག་སྟེ། འཛུམ་པ་ལ་སོགས་པའི་ཞལ་འགྱུར་བའི་བཞིན་གྱི་ཕྱག་རྒྱ་དང་ལྡན་པའི་དོན་ཏོ། །སྦྱོར་བ་ཞེས་པ་ནི་ཆོས་ཐམས་ཅད་ཐབས་དང་ཤེས་རབ་ 26-1-31a གཉིས་སུ་མེད་པར་སྦྱོར་བའོ། །དེའི་དོན་མཱ་མ་ཀཱི་ཁྱོད་ལ་བདག་གིས་བཤད་ཟིན་ཏོ་ཞེས་པའི་དོན་ཏོ། །སྣ་ཚོགས་རྣམ་སྣང་མཛད་ལ་སོགས། །ཞེས་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་སྐུ་མདོག་དང་རིགས་དང་ཡེ་ཤེས་དང་། ཕུང་པོ་ དང་རང་བཞིན་དང་། ཕྲིན་ལས་ཐ་དད་ཅིང་སྣ་ཚོགས་པའི་ཕྱིར་རོ། །དེ་བཞིན་གཤེགས་པས་ཞེས་པ་ནི་བཤད་ཟིན་ཏོ། །མི་ཤེས་ཏེ་ཞེས་པ་ནི། བྱ་བའི་རྒྱུད་དང་སྦྱོར་བའི་རྒྱུད་ཀྱིས་སངས་རྒྱས་པའི་རྣམ་པར་སྣང་མཛད་ལ་སོགས་པས་མ་ཤེས་པའི་ཕྱིར་རོ། །བདག་གིས་ཁྱོད་ལ་ནི་ ཅིའི་ཕྱིར་བསྟན་པ་ཡིན་ཞེ་ན་གསུངས་པ། གཏན་དུ་དགའ་བའི་ཡིད་བདེ་བས། །ཞེས་པ་ལ་སོགས་པ་སྟེ། དེ་ལ་གཏན་དུ་དགའ་བའི་ཡིད་བདེ་བས་ཞེས་པ་ནི་མཱ་མ་ཀཱི་ལ་སྙོམས་པར་ཞུགས་པ་བདེ་བ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་ཡིད་བདེ་བའོ། །སྦྱོར་བ་དམ་པ་ཞེས་པ་ནི། ཞི་ གནས་དང་ལྷག་མཐོང་གི་སྦྱོར་བའམ། ཡན་ལག་དྲུག་གི་སྦྱོར་བ་ལས་ཐབས་དང་ཤེས་རབ་ཏུ་གྱུར་བའི་ཕྱིར་རོ། །དོན་ནི་འདི་ལྟར་གསུངས་པར་གྱུར་ཏེ། མཱ་མ་ཀཱི་གསང་བའི་བལྟམ་པ་ལ་སོགས་པའི་རོལ་པས་དགའ་ཞིང་བདེ་བ་ན། དེ་བཞིན་ཉིད་ཀྱི་སྦྱོར་བ་སྟོན་ཏོ་ཞེས་པའི་ཐ་ཚིག་གོ། ། དེའི་དོན་གསལ་བར་བྱེད་པས་གསུངས་པ། གསང་བའི་པདྨ་མཐོང་བས་ན། །ཞེས་པ་ལ་སོགས་པ་སྟེ་བཤད་ཟིན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ནི། རྡུལ་ཕྲ་རབ་དང་མཉམ་པའི་རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་དག་གི་སྐུ་དང་གསུང་དང་ཐུགས་ཞེས་ཏེ། དེ་ལ་སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཕྱག་རྒྱ་ཆེན་པོའོ། །གསུང་ནི་བདག་མེད་པའི་ཆོས་སོ། །ཐུགས་ནི་དག་པ་འཇིག་རྟེན་པའི་ཡེ་ཤེས་སོ། །དེ་ཉིད་རྡོ་རྗེ་ཅན་ཞེས་ཏེ། སྐུ་གསུང་ཐུགས་རྡོ་རྗེ་སེམས་དཔའི་རང་བཞིན་དང་ཐ་མི་དད་པའི་ཕྱིར་རོ། །རྡོ་རྗེ་བདུད་རྩི་བདེ་ཆེན་པོ། །ཞེས་ པ་ནི་བཤད་ཟིན་ཏོ། །རྡོ་རྗེ་བདུད་རྩི་རྒྱུད་ཆེན་པོ། །ཞེས་པ་ནི། རྡོ་རྗེ་བདུད་རྩིའི་དཀྱིལ་འཁོར་དང་། སྔགས་དང་ཕྱག་རྒྱ་དང་། དེ་བཞིན་ཉིད་དང་། ཕྲིན་ལས་དང་། བསྒོམ་པ་དང་། རང་བཞིན་རྣམས་ཀྱི་ཆུ་རྒྱུན་ཆགས་པའི་ཕྱིར་རོ། །དེ་བཞིན་ཉིད་སྦྱོར་བ་ཡེ་ཤེས་ཞེས་པ་ནི་ཐབས་དང་ 26-1-31b ཤེས་རབ་ཀྱི་བྱང་ཆུབ་ཀྱི་སེམས་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་སྟོན་པའི་ཚིག་སྡེར་ལོངས་པའམ། རིམ་པར་ཕྱེ་བ་ནི་ལེའུ་ཞེས་པའོ། །གཉིས་པ་ཞེས་པ་ནི་དང་པོའི་འོག་མ་ཡིན་པའི་ཕྱིར་རོ། །རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་ལེའུ་གཉིས་པའི་རྣམ་པར་བཤད་པའོ།། །།ད་ནི་ སྔགས་འབྱུང་བ་ཡོངས་སུ་ཤེས་པར་བྱ་བའི་དོན་དུ་བཅོམ་ལྡན་འདས་ལ་ཞུ་འདོད་པ་མཱ་མ་ཀཱིས་དབྱངས་ཀྱིས་མཉན་པར་བྱས་ནས་ཞུས་པ། དེ་ནས་མགུ་བའི་ལྷ་མོ་དེས། །ཞེས་པ་ལ་སོགས་པ་སྟེ། དེ་ལ་མགུ་བ་ཞེས་པ་ནི་མཱ་མ་ཀཱིས་དེ་བཞིན་ཉིད་ཀྱི་སྦྱོར་བ་ཐོས་པས་མཉེས་པའོ། ། ཧ་ར་ཞེས་པ་ནི། མུ་ཏིག་གི་ཧ་རའི་དཀྱིལ་ན་རིན་པོ་ཆེ་བཏགས་པ་ལ་སོགས་པའི་མགུལ་དོ་བྱས་པའོ། །བུ་བུར་གྱིས་ཞེས་པ་ནི། རྐང་པའི་གདུ་བུ་སིལ་སྒྲ་དང་ལྡན་པའོ། །རྒྱན་ཞེས་པ་ནི། མཱ་མ་ཀཱི་ཧ་ར་ལ་སོགས་པ་མོའི་ཆ་ལུགས་དང་ལྡན་པའོ། །འདི་དག་དབྱངས་ཞེས་པ་ནི། འོག་ནས་འབྱུང་བའི་ཕྱུང་མཛད་ལ་སོགས་པའི་དབྱངས་ཚིག་གོ། །བླངས་ནས་སུ་ཞེས་པ་ནི་ས་འཛིན་ལ་སོགས་པའི་སྐད་ཀྱིས་བླངས་པའོ། །སེམས་དཔའ་ཆེན་པོ་ཞེས་པ་ནི་མི་བསྐྱོད་པ་སྟེ། སེམས་དཔའ་ཆེན་པོ་རྡོ་རྗེ་སེམས་དཔའི་འབྲས་བུར་གྱུར་པའི་ཕྱིར་རོ། །དེ་ལྟར་ཡང་རྡོ་རྗེ་ སེམས་དཔའི་མཚན་བརྒྱ་རྩ་བརྒྱད་པ་ལས་འབྱུང་བ། །སེམས་དཔའ་ཆེན་པོ་དང་པོའི་མཆོག །དགའ་བ་ཆེན་པོ་དགའ་བ་ཆེ། །ཞེས་པ་ལ་སོགས་པའོ། །དགྱེས་པར་བྱེད་ཅེས་པ་ནི་དབྱངས་ཀྱིས་མཆོད་པས་བཅོམ་ལྡན་འདས་ཐུགས་དགྱེས་པར་མཛད་པའོ། །དབྱངས་ཀྱི་ཚིག་ གསུངས་པ། ཕྱུང་མཛད་ཅེས་པ་ལ་སོགས་པ་སྟེ། དེ་ལ། ཕྱུང་མཛད་ཕྱུང་མཛད་ཆེན་པོ་རྡོ་རྗེ་ལས། །ཞེས་པ་ནི། གསང་བའི་རྡོ་རྗེ་ལས་བདེ་བ་ཆེན་པོ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ངོ་བོ་འཕྲོས་ཤིག་ཅེས་པའི་དོན་ཏོ། ཅིའི་ཕྱིར་འཕྲོས་པ་ཡིན་ཞེ་ན། བདག་གིས་མཆོག་གི་ཡིག་འབྲུ་ འཚལ་བར་བགྱི། ཞེས་པ་སྟེ་དེ་ལ་མཆོག་གི་ཡིག་འབྲུ་ནི་གཉིས་སུ་མེད་པའི་མྱ་ངན་ལས་འདས་པའི་རང་བཞིན་བདེ་བ་ཆེན་པོའི་ཡེ་ཤེས་དེ་ཟད་པ་མེད་པའི་ཕྱིར་རོ། །དེ་བདག་གིས་འཚལ་བར་བགྱི་ཞེས་མངོན་པར་བྱ་ཞེས་པ་ནི་ཐ་ཚིག་གོ། །གང་དུ་འཕྲོས་པ་ཡིན་ཞེ་ན། བྷ་གའི་པདྨར་ཞེས་པ་སྟེ་བདག་ 26-1-32a གི་བྷ་གའི་པདྨར་འཕྲོས་ཤིག་ཅེས་གསོལ་བ་བཏབ་པའོ། །ཅིའི་ཕྱིར་བདེ་བ་ཆེན་པོ་སྟེ་ཞེས་པ་སྟེ། པདྨ་ནི་གཉིས་སུ་མེད་པའི་སོ་སོ་རང་རིག་པའི་གནས་ཀྱི་ཕྱིར་རོ། །རྡོ་རྗེ་ནི་མི་འཇིག་པའི་རང་བཞིན་ནོ། །ཡང་ན་གསང་བའི་རྡོ་རྗེའོ། །དེའི་དོན་ནི་བདེ་བ་ཆེན་པོ་ལས་ཞེས་པ་སྟེ། ། གཉིས་སུ་མེད་པའི་སོ་སོ་རང་གིས་རིག་པའི་ཡེ་ཤེས་བདེ་བ་ཆེན་པོ་དེ་མངོན་དུ་གྱུར་པའོ། །དབྱངས་ཀྱི་སྐད་གསུངས་པ། ས་འཛིན་པ་དང་ཞེས་པ་ལ་སོགས་པ་སྟེ། དེ་ལ་སོགས་པའི་སྒྲས་ནི་དྲང་སྲོང་ལྔ་པ་དང་། བམ་མ་དང་། སྟོབས་ལྔ་དང་། འཁོར་ཉན་རྣམས་སོ། །འཁོར་བའི་ཚུལ་ཞེས་ པ་ནི། དེ་ལས་གཞན་བདེ་འབྱོར་གྱི་སྐད་ལས་ཤེས་པར་བྱའོ། །སྣ་ཚོགས་ཐུན་མོང་རྣམ་དག་གིས། །ཞེས་པ་ནི། དབྱངས་ཀྱི་ཚིགས་བཅད་གཅིག་གིས་ཡིན་ཡང་སྐད་ནི་དེ་དག་དང་ཐུན་མོང་དུ་བྱས་ནས་བླང་བའོ། །ཇི་ལྟར་ཞེ་ན། སྙན་པའི་སྒྲ་ཡིས་བླང་བར་བྱ། །ཞེས་པ་སྟེ། དུང་དང་ གླིང་བུ་དང་། པི་ཝང་ལ་སོགས་པ་དང་མཐུན་པར་བླང་བའོ། །དབྱངས་དེས་ཅི་འགྲུབ་པར་བྱ་ཞེ་ན་དེ་རྣམས་དབྱངས་ངག་ཅེས་པ་ལ་སོགས་པ་སྟེ། དེ་ལ། དགའ་བའི་ཡིད་བདེ་རྣམ་སྤྲུལ་གྱིས། །ཞེས་པ་ནི། ཡིད་དགའ་བ་དང་བདེ་བའི་རྒྱུར་གྱུར་པའི་རྣམ་པར་སྤྲུལ་པ་ནི་གར་ཞེས་བྱའོ། ། དེ་ལྟར་ཡང་སརྦ་བྷཱུཏ་ལས་གསུངས་པ། གར་ནི་ཤིན་ཏུ་རྣམ་པར་སྤྲོས་པའོ། །རྡོ་རྗེ་བདུད་རྩི་བདེ་བ་ཆེ། །ཞེས་པ་ནི་བཤད་ཟིན་ཏོ། །དེ་ཉིད་སངས་རྒྱས་བྱང་ཆུབ་ཅེས་ཏེ་མི་གནས་པའི་མྱ་ངན་ལས་འདས་པའི་དམ་ཚིག་ཆེན་པོ་རྡོ་རྗེ་དེ་ཁོ་ན་ཉིད་མངོན་པར་རྫོགས་པར་བྱང་ཆུབ་བོ། །དེ་ བསྒྲུབ་པར་བྱ་ཞེས་པ་ནི། གར་དང་དབྱངས་ཀྱིས་ཀྱང་མྱ་ངན་ལས་འདས་པ་ལ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །དེ་ལྟར་མཱ་མ་ཀཱིས་དབྱངས་དང་གར་གྱིས་མཆོད་པ་བྱས་ནས་དོན་ཞུས་པ། གསང་བའི་དཀྱིལ་འཁོར་བཀའ་སྩལ་པས། དེ་བཞིན་ཉིད་ཀྱི་ཐེ་ཚོམ་གཅོད། །ཅེས་པ་ནི། དེ་ལ་ཐེ་ཚོམ་ གཅོད་པ་དང་གང་ལྡན་པ་ནི་ཐེ་ཚོམ་གཅོད་པ་ཞེས་པའོ། །དོན་ནི་འདི་ལྟ་སྟེ། དེ་བཞིན་ཉིད་དོན་དམ་པས་གསང་བའི་བྷ་གའི་དཀྱིལ་འཁོར་བཤད་པས་བདག་གི་ཐེ་ཚོམ་བསལ་ལོ་ཞེས་པའི་དོན་ཏོ། །ཐེ་ཚོམ་གང་གིས་གཅོད་པ་ཡིན་ཞེ་ན། རྡོ་རྗེ་ཅན་ཁྱོད་བཀའ་དྲིན་གྱིས། །ཞེས་པའོ། །ཡེ་ 26-1-32b ཤེས་ཞེས་པ་ནི། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བདེ་བ་དང་ལྡན་པའོ། །བྱ་བ་དེས་སེམས་ཅན་སྨིན་པ་དང་གྲོལ་བར་བྱེད་པའི་མཚན་ཉིད་དེ་བྱས་པ་ནི་བྱ་བ་བགྱི་ཞེས་པའོ། །བཅོམ་ལྡན་འདས་ནི་བོད་པའི་ཚིག་གོ། །ཆགས་པ་དང་བྲལ་བ་ནི་ ཆགས་པ་རྟོགས་པ་ལས་ཤིན་ཏུ་འདས་པའི་རྒྱུ་གང་ཡིན་པ་དེ་ནི་ཆགས་པ་དང་བྲལ་བའོ། །རྡོ་རྗེ་བདུད་རྩི་འབྱུང་བ་འདི། །ཞེས་པ་སྟེ། རྒྱུད་འདིར་འདོད་པའི་ཡོན་ཏན་ལྡ་རྡོ་རྗེ་སེམས་དཔའི་རང་བཞིན་དུ་སྟོན་པའི་ཕྱིར་རོ། །དེ་བས་ན་བདག་གིས་ མི་དམིགས་པའི་བདེ་བའི་ངོ་བོའི་སྒོ་ནས། རྡོ་རྗེ་ཐེག་པའི་འབྱུང་བའི་སྦྱོར་བ་སེམས་ཅན་རྣམས་ལ་བསྟན་པར་བགྱི་ཞེས་པའོ། །དེའི་དོན་ཁོ་ན་ཡང་བཤད་པ། རྡོ་རྗེ་ཐེག་པ་དེས་ནི། བཅོམ་ལྡན་འདས་མཱ་མ་ཀཱིས་ཡེ་ཤེས་མཉམ་པ་ཉིད་དུ་གྱུར་ པའོ། །དེ་ལྟར་མཱ་མ་ཀཱིས་དེ་བཞིན་ཉིད་ཀྱི་སྦྱོར་བའི་ཡེ་ཤེས་ཁོང་དུ་ཆུད་ནས་སོམ་ཉི་རུ་གྱུར་པའི་ཐེ་ཚོམ་གཞན་ཞུས་པ། ད་དུང་བདག་ལ་ཐེ་ཚོམ་མཆིས། །ཞེས་པ་ལ་སོགས་པ་སྟེ། དེ་ལ། ཕྱག་རྒྱ་གཉིས་ཀྱིས་རྣམ་སྤྲུལ་པ། །ཞེས་ པ་ནི། །རྒྱུད་གཞན་ལ་ནང་གི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་དང་། ཕྱིའི་ལག་པའི་ཕྱག་རྒྱ་གཉིས་སུ་འབྱུང་བ་འདིར་གང་ལ་ཤེས་པར་བགྱི་ཞེས་ཞུས་པའོ། །ཇི་ལྟར་ཕྱག་རྒྱ་ཡང་དག་འབྱུང་། །ཞེས་པ་ནི། ཕྱི་ནང་གི་ཕྱག་རྒྱའི་ནང་ན་ ཡང་དག་པའི་ཕྱག་རྒྱ་གང་ཡིན་པ་དེ་ཞུས་པའོ། །དེ་དག་གི་སྔགས་ཇི་ལྟར་ལགས་ཞེས་པ་ནི། གསང་བའི་དཀྱིལ་འཁོར་ལ་བཀོད་པའི་ལྷ་མོ་དེ་དག་གི་བཟླས་པའི་སྔགས་ནི་ཇི་ལྟར་ལགས་ཞེས་ཞུས་པའོ། །སྔགས་རྣམས་གང་ལས་སྐྱེས་པ་ ལགས། །ཞེས་པ་ནི། ལྷ་མོ་རྣམས་དེ་དག་ཡང་ས་བོན་གང་ལས་བསྐྱེད་པའི་ཞེས་ཞུས་པའོ། །ཁྱད་པར་དུ་ནི་ལྷ་རྣམས་ཀྱང་། །ཞེས་པ་ནི། གསང་བའི་དཀྱིལ་འཁོར་ལ་ཕོ་དང་མོའི་ལ་ཡང་ཁོ་ན་ལགས་ཞེས་ཞུས་པའོ། །བཅོམ་ 26-1-33a ལྡན་འདས་ཀྱིས་ལན་གསུངས་པ། བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །ཞེས་པ་ལ་སོགས་པ་སྟེ། དེ་ལ། ཕྱག་རྒྱ་གཉིས་ཀྱིས་རྣམ་སྤྲུལ་པ། །ཞེས་ཞུས་པའི་ལན་ནོ། །ཕྱག་རྒྱ་རྣམ་པ་གསུམ་གསུངས་ཏེ། ། ཞེས་པའོ། །དེ་དག་གང་ཞེ་ན། སྐུ་དང་གསུང་དང་ཐུགས་ལས་བྱུང་། །ཞེས་པའོ། །དེ་ཡང་བཅོམ་ལྡན་འདས་ཉིད་ཀྱིས་འགྲེལ་པ་སྐུ་ནི་ཕྱག་རྒྱ་མཆོག་འགྱུར་ཞེས་པ་སྟེ། དེ་བཞིན་གཤེགས་པའི་སྐུའི་ཕྱག་རྒྱ་ཆེན་པོ་དང་། སྐུའི་རྡོ་ རྗེ་བསྒོམ་པ་ནི་སྐུའི་ཕྱག་རྒྱ་སྟེ་ལས་ཀྱི་ཕྱག་རྒྱ་ཡིན་པའི་ཕྱིར་རོ། །གསུང་གི་ཕྱག་རྒྱ་སྔགས་པའི་ལས། །ཞེས་པ་ནི། གཟུང་འཛིན་གྱི་མཚན་མ་མེད་པའི་ཞི་བ་ལ་སོགས་པའི་སྔགས་ཀྱི་ལས་ཀྱི་ངོ་བོ་གསུང་གི་རྡོ་རྗེ་ནི་གསུང་གི་ཕྱག་རྒྱ་སྟེ། ཆོས་ ཀྱི་ཕྱག་རྒྱ་ཡིན་པའི་ཕྱིར་རོ། །ཐུགས་ཀྱི་མཚན་མའི་ཕྱག་རྒྱ་ནི། །བསམ་གཏན་རི་མོ་གཉིས་མེད་གནས། །ཞེས་པ་ནི། དབྱིབས་དང་ཁ་དོག་རི་མོ་གཉིས་སུ་མེད་པར་གནས་པའི་བསམ་གཏན་རི་མོ་ཐུགས་ཀྱི་རྡོ་རྗེ་ནི་ མཚན་མའི་ཕྱག་རྒྱ་ལ་བྱ་སྟེ། ཕྱག་རྒྱ་ཆེན་པོའི་ཕྱིར་རོ། །དེ་ལྟར་ཡང་གསང་བ་འདུས་པའི་སྒྲུབ་ཐབས་ལས་གསུངས་པ། ཆོས་དང་ལོངས་སྤྱོད་སྤྲུལ་པ་དང་། །རིམ་པར་ཐུགས་སོགས་རྡོ་རྗེ་སྟེ། །དི་དག་ཡེ་ཤེས་སེམས་དཔའ་ནི། ། ཕྱག་རྒྱ་བཞིར་ནི་འདོད་པ་ཡིན། །ཞེས་སོ། །ཇི་ལྟར་ཕྱག་རྒྱ་ཡང་དག་འབྱུང་། །ཞེས་ཞུས་པའི་ལན་ནི། རྡོ་རྗེ་བདུད་རྩི་རྒྱུད་ཆེན་ལ། །ཞེས་པ་ལ་སོགས་པ་སྟེ། དེ་ལ་སྦྱོར་བ་ཞེས་པ་ནི། ཆོས་ཐམས་ཅད་གཉིས་སུ་མེད་པ་ཡོངས་སུ་ ཤེས་པའི་མཚན་ཉིད་དོ། །དེ་ཉིད་ཕྱག་རྒྱ་ཞེས་པ་ནི། ཕྱིན་ཅི་ལོག་པའི་ལུས་གསལ་བ་ཀུན་དུ་རྒྱས་བཏབ་པའི་ཕྱིར་རོ། །ཐབས་དང་ཤེས་རབ་སྦྱོར་བ་ནི་སྦྱོར་བའི་ཕྱག་རྒྱ་ཞེས་པ་སྟེ། དེ་ལྟར་ཡང་གསང་བ་འདུས་པ་ལས་གསུངས་པ། 26-1-33b ཐབས་དང་ཤེས་རབ་སྙོམས་འཇུག་པ། །སྦྱོར་བ་ཞེས་ནི་བཤད་པ་ཡིན། །ཞེས་སོ། །དེ་བས་ན། མཚན་མའི་ཕྱག་རྒྱ་མི་བྲིའོ། །ཞེས་པ་སྟེ། ཡང་དག་པའི་ཡེ་ཤེས་ལ་ལག་པའི་ཕྱག་རྒྱ་ལ་སོགས་པ་ནི་ཕྱི་རོལ་ཉིད་དུ་ཡིན་པར་གཟུང་བར་བྱའོ། ། དེ་འདྲ་བར་གྱུར་པའི་ཡང་དག་པའི་ཡེ་ཤེས་འདོད་ན་ཇི་ལྟར་ཤེས་པར་བྱ་ཞེ་ན། དེ་གྲུབ་ཅིང་མངོན་དུ་བྱེད་པའི་ཐབས་གསུངས་པ། ཕྱག་རྒྱ་མངོན་སུམ་གཟུགས་ཡིན་ཏེ། །ཞེས་ཏེ། སྐུ་གསུང་ཐུགས་སམ་གསང་བའི་པདྨ་འམ། རྡོ་རྗེ་བསྒོམ་པའི་མངོན་དུ་གྱུར་པའི་ཡེ་ཤེས་ནི་ཕྱག་རྒྱ་ཡིན་ཏེ། དེས་ཡང་དག་པའི་ཡེ་ཤེས་གྲུབ་པར་བྱའོ། །ཁྱད་པར་དུ་ནི་ལྷ་རྣམས་ཀྱང་། །ཞེས་ཞུས་པའི་ལན་གསུངས་པ། ལྷ་ནི་ལྷ་མོ་བུད་མེད་དོ། །ཞེས་པ་སྟེ། ལྷ་མོ་ ཡང་མཱ་མ་ཀཱི་ལ་སོགས་པ་ལྷ་དང་སྦྱོར་བའི་བུད་མེད་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེ་བས་ན་གསང་བའི་མཆོད་པ་ནི་སྤྱོར་བས་ཀུན་བྱའོ་ཞེས་གསུངས་པ། དབང་པོ་ཐམས་ཅད་ཅེས་པ་ལ་སོགས་པའོ། །བྷ་གའི་པདྨོར་ལྷ་མོ་ བསྒོམ་པ་གཅིག་པུ་ལས་བྱང་ཆུབ་གྲུབ་པའི་དཔེ་དང་དོན་བསྟན་པ། ཇི་ལྟར་དཔག་བསམ་ཤིང་ཞེས་པ་ལ་སོགས་པ་སྟེ། རྩ་བ་དང་ལྡུམ་བུ་དང་ལོ་མས་བརྒྱན་པའི་དཔག་བསམ་གྱི་ཤིང་ཆེན་པོ་སྐྱེ་བའི་རྐྱེན་ས་བོན་ཕྲ་མོའི་ཚད་ཡིན་ ཡང་། དེ་འདྲ་བའི་གཟུགས་བསྐྱེད་པར་ནུས་པ་ཇི་ལྟ་བ་བཞིན་དུ། དེ་ལྟར་བྷ་གའི་པདྨའི་རྩར་གནས་པའི་བདུད་རྩི་འབབ་པའི་རྩ་དགུ་ལ་ལྷ་མོ་མཱ་མ་ཀཱི་ལ་སོགས་པའི་གཟུགས་ཀྱི་ཕྱག་རྒྱ་བསྒོམ་པ་ནི་བླ་ན་མེད་པའི་རྐྱེན་དུ་གྱུར་མ་ཡིན་ནོ་ཞེས་ཡིད་ཆེས་པར་བྱའོ། ། སྔགས་དེ་རྣམས་ཀྱང་ཞེས་པ་ལ་སོགས་པ་ཞུས་པའི་ལན་ནི། དེ་ནས་བཅོམ་ལྡན་ཞེས་པ་ལ་སོགས་པ་སྟེ། དེ་ལ་རྡོ་རྗེ་བཅུག་ནས་ནི། གསང་བའི་རྡོ་རྗེ་དང་པདྨར་སྦྱོར་ཏེ་སྔགས་འབྱུང་བ་ཞེས་པའི་ཐ་ཚིག་གོ། །དང་པོ་རྣམ་སྣང་མཛད་ཅེས་པ་ལ་སོགས་པ་ནི། སྔགས་འབྱུང་བ་སྟོན་ 26-1-34a པས་གསུངས་པ་འདི་ལྟ་སྟེ། པདྨ་འདབ་བརྒྱད་བྲིས་ནས་འདབ་མ་རེ་རེ་ལ་ཡི་གེ་ཨ་ལ་སོགས་པ་སྡེ་བརྒྱད་བཀོད་དེ། རིམ་པ་དེ་ནི་སྔགས་དབྱུང་བར་བྱའོ། །དང་པོ་རྣམ་པར་སྣང་མཛད་སྦྱོར་ཏེ་ཞེས་པ་ནི། ཡི་གེ་ཨོཾ་དང་པོར་སྦྱོར་བྱ་སྟེ། ཡང་བཛྲ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་ཞེས་སྦྱོར་བའོ། །རྣམ་པར་ སྣང་མཛད་ནི་ཡི་གེ་ཨོཾ་ཁོ་ན་ཡིན་ནོ། །དེ་ལྟར་ཡང་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲ་བ་ལས་གསུངས་པ། གང་དུ་དང་པོ་རྣམ་པར་སྣང་མཛད་ནི། །དག་ཅིང་དྲི་མེད་བློ་ནི་ཨོཾ་དུ་སྤྲུལ། །ཞེས་སོ། །ས་བོན་བཞི་དང་ཞེས་པ་ནི་ཛཿཧཱུྃ་བཾ་ཧོཿརྣམས་སོ། །དེ་དང་མཉམ་ལྡན་ལ་ཞེས་སོ། །སྭཱ་ཧཱའི་ཡི་གེ་ཡང་སྦྱོར་རོ་ནི། ཡི་གེ་སྭཱ་ཧཱ་ མཐའ་མ་ན་སྦྱོར་བ་དང་ལྡན་ཞེས་པ་དང་འབྲེལ་ཏོ། །སྔགས་ནི་འདི་ལྟ་སྟེ། ཨོཾ་བཛྲ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་ཛཿཧཱུྃ་བཾ་ཧོཿསྭཱ་ཧཱ། དེ་ནི་བཅོམ་ལྡན་འདས་མི་བསྐྱོད་པའོ། །རྣམ་པར་སྣང་མཛད་ཡང་དབུལ་ཏེ་ཞེས་པ་ནི། མཱ་མ་ཀཱིའི་སྔགས་གསུངས་ཏེ། གོང་དུ་ཡི་གེ་ཨོཾ་བཞག་པའོ། །ཡི་གེ་གཉིས་པ་ནི་ཡི་གེ་ཨ་ འབྱིན་པའོ། །བཞི་པ་སྟེ་ནི་ཡི་གེ་ཨིའོ། །བཞི་པ་སྟེ་ནི་མཉམ་ལྡན་ཏེ་ཞེས་པ་ཊཱིཀའི་སྡེ་ཚན་དང་འབྲེལ་པའི་ཡི་གེ་ནི་ག་སྟེ། དེ་དང་ལྡན་མ་ཐག་ཏུ་ལྷ་མོ་མཱ་མ་ཀཱིའི་སྙིང་པོ་སྟེ། ཨོཾ་གྲྀ་སྭཱ་ཧཱའོ། །ད་ནི་མཛེས་མ་ལ་སོགས་པ་རིག་མ་བརྒྱད་ཀྱི་སོ་སོ་རེ་རེའི་སྔགས་གསུངས་པ། བརྒྱད་དག་ཁོ་ནའི་ཞེས་པ་སྟེ། ཡི་གེ་ ཀའི་སྡེ་ཚན་མ་ཡིན་པ་ཡི་གེ་ཨ་ལ་སོགས་པ་ཟུང་བརྒྱད་རྣམས་སོ། །དབུས་པ་གང་ཞེས་པ་ནི་ཡི་གེ་རིང་བ་རྣམས་སོ། །བརྒྱད་ཀྱིས་རྣམ་པར་བརྒྱན་ཞེས་པ་ནི། བརྒྱད་ཀྱི་ཐིག་ལེའི་མིང་སྟེ་ཡི་གེ་བརྒྱད་ཀྱིས་བརྒྱན་པར་བྱའོ། །དེ་ནས་རིང་པོའི་ཡི་གེ་ཨ་ལ་སོགས་པ། འདབ་མ་བརྒྱད་ལ་སྦྱོར་བ་ཇི་ལྟ་ བ་བཞིན་དུ་བཀོད་ནས། ཞལ་མཛེས་མ་ལ་སོགས་པ་ལྷ་མོ་རྣམས་ཀྱི་སྔགས་ཕྱུང་ངོ་། །དེ་དག་ལ་ཡང་རྣམ་པར་སྣང་མཛད་དང་མཐའ་ན་ཡི་གེ་སྭཱ་ཧཱ་ཡང་སྦྱོར་བ་ནི་གོང་དུ་སྨོས་པས་འདིར་ཡང་འབྲེལ་བ་གདོན་མི་ཟ་བར་བྱའོ། །དེ་ལྟར་རྒྱུད་ཀུན་ལས་བཏུས་ནས་གསུངས་པ། ཕུལ་དུ་སྔགས་རྣམས་ ཐམས་ཅད་ནི། །ཕྱག་འཚལ་སྭཱ་ཧཱ་སྤྱོར་བའོ། །ཞེས་སོ། །ལྷོའི་འདབ་མ་ལ་ཞི་བའི་ཞལ་གྱི་སྔགས་ཨོཾ་ཨཾ་སྭཱ་ཧཱ། ཤར་གྱི་འདབ་མ་ལ་མཛད་པའི་ལྷ་མོའི་སྔགས་ནི་ཨོཾ་ཨཾ་སྭཱ་ཧཱ། ནུབ་ཀྱི་འདབ་མ་ལ་ཟླ་བ་མོའི་སྔགས་ནི་ཨོཾ་ཨུཾ་སྭཱ་ཧཱ། བྱང་གི་འདབ་མ་ལ་དུང་ཅན་མའི་སྔགས་ནི་ཨོཾ་རཾ་སྭཱ་ཧཱ། 26-1-34b དབང་ལྡན་གྱི་འདབ་མའི་རི་བོང་འཛིན་དཀྱིལ་འཁོར་མའི་སྔགས་ནི་ཨོཾ་ལཾ་སྭཱ་ཧཱ། མེ་མཚམས་ཀྱི་འདབ་མ་ལ་རི་བོང་མའི་སྔགས་ནི་ཨོཾ་ཨྃ་སྭཱ་ཧཱ། བདེན་བྲལ་གྱི་འདབ་མ་ལ་ཡིད་དགའ་མའི་སྔགས་ནི་ཨོཾ་ཧཱུཾ་སྭཱ་ཧཱ། །རླུང་མཚམས་ཀྱི་འདབ་མ་ལ་ཡིད་ལ་བདེ་བར་བྱེད་མའི་སྔགས་ནི་ཨོཾ་ཨྃ་སྭཱ་ཧཱ། བློ་བླུན་པོ་ གཞན་དག་གིས་ནི་མི་ཤེས་ནས་རིག་པ་གཞན་དུ་སྔགས་ཕྱུང་བར་བྱེད་དོ། །དེ་ནི་མི་རིགས་ཏེ་དེ་བས་ན་འདིར་ཡང་མ་བྲིས་སོ། །སྔགས་དབྱུང་བ་འདི་ཁོ་ན་ནི་དཀྱིལ་འཁོར་ལ་བཀོད་པའམ། གཞན་དུ་སྒོ་བ་ལ་སོགས་པ་ལ་སྦྱོར་བར་བྱའོ། །སྒོ་སྲུང་དག་གིས་ཞེས་པ་ལ་སོགས་པ་ནི། སྒོ་སྲུང་མའི་སྔགས་ བཤད་འདོད་པས་གསུངས་པ། དེ་ལ་སྐལ་བཟངས་ཞེས་པ་ནི། ན་སོ་དང་། བྱད་དང་། མདངས་དང་། ཁམས་གསུམ་གྱིས་མཆོད་འོས་ཀྱི་ཕྱིར་དང་། སེམས་ཅན་གྱི་དོན་བྱེད་པའི་སྐལ་བ་དང་ལྡན་པའི་ཕྱིར་ན་མཱ་མ་ཀཱི་སྐལ་བཟངས་ཞེས་སོ། །སྡེའི་མཐའ་མ་ཞེས་པ་ནི། ཡི་གེ་ཨ་ལ་སོགས་པ་སྡེ་གཅིག་ པ་དང་། གཞན་ཀ་ལ་སོགས་པའི་སྡེ་བདུན་ནོ། །དེ་དག་ནི་ཨ་ང་ཉ་ཎ་ན་མ་སྭཱ་ཧཱ་རྣམས་སོ། །དེ་དག་ས་བོན་བརྒྱད་ནི་སྔགས་ཞེས་པའོ། །སྤྲོ་བའི་ལྷ་ཡིས་ཞེས་པ་ནི་ཐིག་ལེས་མཉམ་པར་གནོན་པ་ཞེས་སོ། །རྣམ་པར་སྣང་མཛད་དང་ལྡན་པ་ཞེས་པ་ནི་མགོར་ཡི་གེ་ཨོཾ་དང་ལྡན་པའོ། །སྭཱ་ཧཱའི་ཡི་གེ་ རྣམ་པར་ལྡན། །ཞེས་པ་ནི། །མཐའ་མ་ནི་ཡི་གེ་སྭཱ་ཧཱ་དང་ལྡན་པའོ། །བཞི་ནི་སྒོ་སྲུང་གི་ཡིན་ཏེ་ཞེས་པ། །སྔགས་བཞི་ནི་སྒོ་སྲུང་མ་བཞིའི་ཡིན་ཏེ། ཨོཾ་ཨཾ་སྭཱ་ཧཱ། ཤར་གྱི་སྒོ་སྲུང་མའིའོ། །ཨོཾ་ངྃ་སྭཱ་ཧཱ། ལྷོའི་སྒོ་སྲུང་མའིའོ། །ཨོཾ་ཉྃ་སྭཱ་ཧཱ། ནུབ་ཀྱི་སྒོ་སྲུངམའིའོ། །ཨོཾ་ནྃ་སྭཱ་ཧཱ་ བྱང་གི་སྒོ་སྲུང་མའིའོ། །བཞི་ནི་མེ་ཏོག་སྤོས་མེ་ལ་སོགས་ཞེས་པ་ནི། གཞན་སྔགས་བཞི་ནི་མེ་ཏོག་མ་ལ་སོགས་པ་བཞི་དང་སྦྱོར་ཏེ། ཨོཾ་ནྃ་སྭཱ་ཧཱ། མེ་ཏོག་མའིའོ། །ཨོཾ་མྃ་སྭཱ་ཧཱ་སྤོས་མེ་མའིའོ། །ཨོཾ་ཝྃ་སྭཱ་ཧཱ། མར་མེ་མའིའོ། །ཨོཾ་ཧཱུྃ་སྭཱ་ཧཱ་དྲི་ཆབ་མའིའོ། །ཡང་ན་གཞན་དག་ན་རེ། སྒོ་སྲུང་ མ་ལ་སོགས་པའི་སྔགས་ནི་མིང་བཟུང་ནས་སྔགས་ཀྱི་ཡི་གེར་སྦྱོར་བར་བྱ་སྟེ། ཨོཾ་བཛྲ་ཨྃ་གུ་ཤ་སྭཱ་ཧཱ། ཨོཾ་བཛྲ་པཱ་ཤ་སྭཱ་ཧཱ། ཨོཾ་བཛྲ་སྥོ་ཊ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་བེ་ཤ་སྭཱ་ཧཱ། དེ་ལྟར་མེ་ཏོག་མ་ལ་སོགས་པ་ཡང་སྦྱོར་བར་བྱ་སྟེ། ཨོཾ་ནྃ་བཛྲ་པུཥྤེ་སྭཱ་ཧཱ། ཨོཾ་མྃ་བཛྲ་དྷཱུ་པེ་སྭཱ་ཧཱ། ཨོཾ་ཝྃ་བཛྲ་ཨཱ་ལོ་ཀེ་སྭཱ་ཧཱ། 26-1-35a ཨོཾ་ཧྃ་བཛྲ་གནྡྷེ་སྭཱ་ཧཱ། ད་ནི་གླིང་བུ་མ་དང་། པི་ཝང་མ་དང་། རྔ་ཆེན་མ་དང་། རྫ་རྔ་མ་རྣམས་ཀྱི་སྔགས་དབྱུང་འདོད་པས་གསུངས་པ། མ་ནིང་ཡི་གེ་ཞེས་ཏེ་རེ་རེ་ལེ་ལེའོ། །དེ་དག་བཞི་ལ་ཡང་སྭཱ་ཧཱ། རྣམ་པར་སྣང་མཛད་ཡང་ཞེས་པ་ནི་བཤད་ཟིན་ཏོ། །སྔགས་ ནི་འདི་ལྟ་སྟེ། ཨོཾ་རྃ་བཛྲ་པཱ་ཤེ་སྭཱ་ཧཱ། ཨོཾ་རྃ་བཛྲ་བི་ནི་སྭཱ་ཧཱ། ཨོཾ་ལྃ་བཛྲ་མུ་ཀུནྡེ་སྭཱ་ཧཱ། ཨོཾ་ལྃ་བཛྲ་མུ་ར་ཛེ་སྭཱ་ཧཱ། ལྷ་མོ་གསང་བ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །དེ་བཞིན་གཤེགས་པ་ལ་སོགས་པ་ཡང་བཤད་ཟིན་ཏོ། །སྔགས་ཕྱུང་བ་བསྟན་པ་ཞེས་པ་ནི། །སྔགས་སོགས་གཙོ་བོར་བྱས་ནས་ བསྟན་པའི་ཕྱིར་རོ། །གསུམ་པ་ནི་གཉིས་ཀྱི་འོག་མའོ། །རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་ལེའུ་གསུམ་པའི་རྣམ་པར་བཤད་པའོ།། །།ད་ནི་སྦྱིན་སྲེག་མེད་པར་ལྷས་བྱིན་ཆགས་པར་མི་འགྱུར་བས། སྦྱིན་སྲེག་གི་ལས་ཀྱི་ཆོ་ག་ལེའུ་བཞི་པ་གསུངས་པ། དེ་ ནས་སྦྱིན་སྲེག་ལས་དག་ནི། ཞེས་པ་ལ་སོགས་པ་སྟེ། །དེ་ལ་ཆོ་གའི་རིམ་པ་ནི། །འོག་ནས་འབྱུང་བའི་ལས་ཀྱི་རིམ་པས་ས་གཟུང་བ་དང་། ཧོམ་གྱི་དབྱིབས་དང་། ཁ་དོག་བསྒྱུར་བ་དང་ཕྱོགས་དང་དུས་དང་སྲེག་རྫས་ལ་སོགས་པ་བདག་གིས་བཤད་པར་བྱ་ཞེས་པའོ། །རྒྱུད་གང་གི་རིམ་པས་བཤད་པར་བྱ་ བ་ཡིན་ཞེ་ན། སྦྱོར་བའི་རྒྱུད་ཀྱི་ཞེས་པ་སྟེ། ཐབས་དང་ཤེས་རབ་སྦྱོར་བས་ན། །གསང་བའི་རྒྱུད་ཀྱང་སྦྱོར་བའི་རྒྱུད་ཡིན་ཏེ། །དེ་ཉིད་འདུས་པ་ལ་སོགས་པའི་རྒྱུད་ནི་མ་ཡིན་ནོ། །དེའི་ཆོ་ག་ཡིས་ཞེས་པ་སྟེ། གསང་བའི་པདྨ་ལ་བསྒོམ་ཞིང་གསང་བའི་པདྨ་དང་རྡོ་རྗེ་བསྐྱེད་ནས་ཐབས་དང་ཤེས་རབ་སྦྱོར་བ་ལ་ སོགས་པའི་རིམ་པའོ། །དིས་གྲུབ་པའི་དོན་གསུངས་པ། སྐུ་གསུང་ཐུགས་ནི་འགྲུབ་པ་ཡིན། །ཞེས་པ་སྟེ། ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་སྤྲུལ་པའི་སྐུ་གསུམ་འགྲུབ་པའི་ཕྱིར་རོ། །དེ་ལྟ་བུའི་ནང་གི་བསྒོམ་པའི་ཆོ་ག་དང་ལྡན་པས་ནི་ཕྱིའི་ལས་བྱ་བ་གསུངས་པ། ཞི་བ་དང་ནི་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཞི་བ་ནི་གནོད་པ་དང་ནད་ལ་སོགས་པ་ཞི་བར་བྱེད་པའི་ཕྱིར་རོ། །རྒྱས་པའི་ལས་ནི་ཚེ་དང་སྲིད་དང་ལོངས་སྤྱོད་ལ་སོགས་པ་རྒྱས་ཤིང་འཕེལ་བར་བྱེད་པའོ། དེ་བཞིན་དབང་དང་ནི་ཕ་རོལ་གྱི་སེམས་དབང་དུ་འགྱུར་ཞིང་བདག་གི་ཅི་འདོད་པ་བྱེད་པའོ། །མངོན་སྤྱོད་དང་ཞེས་པ་ནི། གཞན་ལ་གནོད་ 26-1-35b ཅིང་ཕུང་བར་བྱེད་པའི་ལས་སོ། །འཐབ་པ་ནི་དཀོན་མཆོག་གི་དགྲ་བོ་དང་གཉིས་འཐབ་པར་བྱའོ། །བསྐྲད་པ་ནི་ཡུལ་གཞན་དུ་སྤྱུགས་པའོ། །སྔགས་དང་ནི་ཞི་བ་ལ་སོགས་པའི་སྔགས་སོ། །ཕྱག་རྒྱ་ནི་ཞེས་པ་ནི། ཞི་བ་ལ་སོགས་པའི་ལས་བྱ་བའི་སྐུ་མདོག་གི་ཁྱད་པར་ཅན་སྐུ་ཕྱག་རྒྱའོ། །དེ་ རྣམས་འགྲུབ་པའི་རིམ་པ་རྣམས་ཏེ། དེ་ཀུན་བདག་གིས་བཤད་པར་བྱ། །ཞེས་པའོ། །རྒྱུད་གང་གི་རིམ་པས་བཤད་པར་བྱ་བ་ཡིན་ཞེ་ན། རྡོ་རྗེ་བདུད་རྩི་འབྱུང་བའོ། །ཞེས་པ་སྟེ། རྡོ་རྗེ་བདུད་རྩི་དེའི་རྒྱུད་ཀྱི་རིམ་པས་བཤད་པར་བྱ་བ་གཞན་དུ་ནི་མ་ཡིན་ནོ། །རྡོ་རྗེ་སེམས་དཔའ་འགྱིང་བྱེད་པ། །ཞེས་ པ་ནི། རྡོ་རྗེ་སེམས་དཔའ་བསྒོམ་པའི་རྣལ་འབྱོར་པས་རྡོ་རྗེ་ཧཱུྃ་མཛད་ཀྱི་འགྱིང་བག་དང་ལྡན་པའི་ལྷ་དང་སྦྱོར་བར་བྱའོ་ཞེས་མདོར་བསྡུས་པའོ། །སྐུ་རྟེན་བཅས་པར་གཉིས་ནི་རྡོ་རྗེ་དང་དྲིལ་བུ་གཉིས་འཛིན་པ་དང་ལྡན་པར་གནས་པ་ཞེས་ཏེ་འདུག་པའོ། ། སློབ་དཔོན་དཀྱིལ་འཁོར་འཇུག་པར་བྱ། །ཞེས་པ་ནི། གོང་དུ་ གསུངས་པའི་ཏིང་ངེ་འཛིན་དང་ཆ་ལུགས་དང་ལྡན་པའི་སློབ་དཔོན་སྦྱིན་སྲེག་གི་སའི་དཀྱིལ་འཁོར་ལ་འཇུག་པ་ཡིན་ཏེ། དེ་བཞིན་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ཡང་འཇུག་པར་བྱའོ། །ཁམས་གསུམ་རྣམ་པར་རྒྱལ་གྱུར་ནས། །ཞེས་པ་ནི། གཡས་བརྐྱང་བ་ལ་སོགས་པས་སྦྱོང་བའི་མདུན་དུ་ཁམས་ གསུམ་རྣམ་པར་རྒྱལ་བའི་ཏིང་ངེ་འཛིན་དང་འབྲེལ་པར་བྱའོ་ཞེས་པའི་དོན་ཏོ། །རྐང་གཉིས་ཞེས་པ་ལ་སོགས་པ་ནི། གཡས་བརྐྱང་བ་དང་གཡོན་བརྐྱང་བ་དང་མཉམ་པོ་དང་ས་ག་རྣམས་ཀྱིས་ཤར་ལ་སོགས་པའི་ཕྱོགས་བཞི་ལ་སྦྱོར་བར་བྱའོ། །དེ་ལ་གཡས་བརྐྱང་ནི་གཡོན་པ་བསྐུམ་ནས་གཡས་པའི་རྐང་པ་ བརྐྱང་བར་གནས་པར་བྱའོ། །དེ་ལས་བཟློག་པ་ནི་གཡོན་བརྐྱང་བའོ། །རྐང་པ་ཕན་ཚུན་གཤིབས་ནས་སོར་མོ་གཤིབས་པ་དེ་ནི་མཉམ་པོའི་སྟབས་སོ། །ཁ་ཅིག་ན་རེ་བར་གཅིག་ཏག་ཏ་ཤེས་པར་བྱའོ་ཞེས་ཟེར་རོ། །ཕྱིར་འགྱུར་སོར་མོ་རྐང་གཉིས་གནས། །པུས་མོ་གཉིས་ནི་ཡར་བསྒྲེངས་ཏེ། །བར་ ཐག་སོར་ནི་ཉི་ཤུ་དྲུག། །གནས་པས་གར་བཤད་པའོ། །ཞེས་སོ། །དོན་ནི་འདི་ལྟར་གསུངས་པར་འགྱུར་ཏེ། རྡོ་རྗེ་ཧཱུྃ་མཛད་ཀྱི་ང་རྒྱལ་བྱེད་པའི་རྣལ་འབྱོར་པས་མིག་གཡས་གཡོན་ལ་ཡི་གེ་མྃ་གཉིས་ཀྱིས་ཉི་མ་དང་ཟླ་བའི་དཀྱིལ་འཁོར་དམིགས་ཏེ། དེའི་སྟེང་དུ་ཧཱུྃ་ལས་བསྐྱེད་པའི་རྡོ་རྗེ་འོད་ཟེར་ 26-1-36a འབར་བའི་སྡེ་ཡིས་བགེགས་ཀྱི་ཚོགས་ཀུན་བསྐྲད་པར་བྱ་སྟེ། རྐང་མཐིལ་ལ་ཡང་ཡི་གེ་ཨས་ཡོངས་སུ་བསྐྱེད་པའི་རྡོ་རྗེ་རྒྱ་གྲམ་གྱི་འོད་ཟེར་གྱིས་ས་གཞིར་གནས་པའི་བགེགས་ཀྱི་ཚོགས་བསལ་བར་བྱ་སྟེ། ཡི་གེ་ལཾ་ལས་བསྐྱེད་པར་བསྒོམཔའི་དབང་ཆེན་གྱི་དཀྱིལ་འཁོར་གྲུ་བཞི་པའི་ དབུས་སུ་གནས་པའི་སའི་ལྷ་མོ་གསེར་གཉིས་ཀྱིས་གཟུང་བ་ལ་མཆོག་སྦྱིན་གྱི་དོན་དུ་རང་འོང་བ་བསྒོམ་སྟེ་སྔགས་འདིས་དགུག་པར་བྱའོ། །དེ་ལྟར་བཀུག་ནས་མཆོད་པར་བྱ་སྟེ། བཟོད་པར་གསོལ་ནས་ཧོམ་ཁུང་བརྐོ་བར་བརྩམ་པར་བྱའོ་ཞེས་པའི་དོན་ཏོ། །དེའི་དོན་སྟོན་པས་གསུངས་པ། ས་ནི་སྤྱོད་པ་བྱས་མ་ ཐག ། ཅེས་པ་ནས། སྦྱིན་སྲེག་ལས་ནི་གྲུབ་པར་མཛད། །ཧྲི་ཧི་ཧི་ཧི་སྭཱ་ཧཱ་ཞེས་པའི་བར་དུའོ། །ཧོམ་ཁུང་བརྩམས་པའི་སྔོན་དུ་སྔགས་བཟླ་ཞིང་དྲི་ཆུས་གཏོར་བ་དང་སྤོས་བཏུལ་ནས་བྱིན་གྱིས་བརླབ་པར་བྱ་བའི་དོན་གསུངས་པ། བཤང་གཅི་ཁྲག་དང་ཁུ་བ་ཡིས། །ཞེས་པ་ནས། ཤ་ཆེན་གྱིས་ནི་དབུལ་བར་བྱ། ། ཞེས་པའི་བར་དུའོ། །ད་ནི་ཞི་བ་ལ་སོགས་པའི་ལས་བྱེད་ན། རྣལ་འབྱོར་མའི་ཤེས་རབ་མ་དཀྱིལ་འཁོར་དུ་གཞུག་པའི་རིམ་པ་གསུངས་པ། དེ་ནས་རིག་མ་འཇུག་པར་བྱ། །ཞེས་པ་ལ་སོགས་པ་སྟེ། དེ་ལ་ཡན་ལག་ལྔ་ལ་ཡི་གེ་ཧྲི་ཞེས་པ་ནི། གདོལ་པ་མོ་ལ་སོགས་པའི་ལྷ་མོའི་བྷ་ག་ནི་ཡན་ལག་ལྔ་ཞེས་ ཏེ་དེ་ལ་ཡི་གེ་ཧྲི་བཀོད་པའོ། །ཁ་ཅིག་ནི་ཡན་ལག་རྣམས་ཁོ་ན་ལ་བཀོད་པ་བརྗོད་པའོ་ཞེས་ཟེར་རོ། །ཡང་ན་ཡན་ལག་ལྔ་དེ་ཁོ་ནའི་དབུས་སུ་ཡི་གེ་བྷྲཱུཾ་བསྒོམས་ཏེ། སྤྱན་མ་ཞེས་པ་ལ་སོགས་པས་ནི། གཟུགས་ཉིད་དུ་གོ་རིམས་སུ་གདོལ་པ་མོ་ལ་སོགས་པ་བསྒོམ་པར་བྱའོ། །དེ་ལ་ཡིད་དགའ་མ་ཞེས་པ་ནི། དབུས་ཀྱི་གཙོ་མོ་མཱ་མ་ཀཱི་དང་སྐུ་མདོག་དང་ཕྱག་མཚན་མཐུན་པ་དབང་ལྡན་གྱི་མཚམས་ན་བཀོད་པའི་ལྷ་མོའོ། །དེ་ལྟར་བསྒོམ་པ་གཏན་ལ་ཕབ་ནས་བྷ་གའི་དབུས་སུ་སློབ་དཔོན་གྱིས་མེ་ཏོག་གཏོར་བར་བྱའོ། །དེ་ནས་ཞེས་པ་ནི་ཤེས་རབ་མ་བྱིན་གྱིས་བརླབས་པའི་དེ་མ་ཐག་ཏུ་ནི་སྔགས་པས་ཞེས་པའོ། །ཚད་ མར་ཞེས་པ་ནི། འོག་ནས་འབྱུང་བའི་ཞི་བ་ལ་སོགས་པ་དང་མཐུན་པའི་ཧོམ་ཁུང་གི་དབྱིབས་སོ། །བྲི་བྱས་ཏེ་ཞེས་པ་ནི། དཔག་ཚད་བྲིས་ཏེ་ཕྱི་ནས་བརྐོའོ་ཞེས་པའི་དོན་ཏོ། །ཚད་དང་དབྱིབས་དང་མདོག་གསུངས་པ། ཞི་བ་ཟླུམ་པོར་བྱ་ཞེས་པ་ལ་སོགས་པ་རྣམས་ནི་གོ་སླའོ། །དེ་ལ་དགུག་པ་དང་དབང་ 26-1-36b གི་ཚད་ནི་དྲག་པོ་དང་མཐུན་ནོ། །དེ་ལྟར་ཞི་བ་ལ་སོགས་པའི་ལས་བྱ་བའི་ཧོམ་ཁུང་གི་དབྱིབས་བསྟན་ནས། ཡང་ཞི་བ་ལ་སོགས་པའི་ལས་བྱ་བའི་ཕྱོགས་བསྟན་པས་གསུངས་པ། ཧོམ་ཁུང་སྟོན་ནས་སུ་ཞེས་པ་ལ་སོགས་པའོ། །གོང་དུ་གསུངས་པའི་མངོན་སྤྱོད་ཀྱི་ཧོམ་ཁུང་གི་མདོག་དང་དབང་ལ་སོགས་ པའི་ཧོམ་ཁུང་གི་མདོག་བསྟན་པ། མངོན་སྤྱོད་ཁ་དོག་ནག་པོ་སྟེ། །དབང་ལ་སོགས་པ་ཚོན་ལྔས་བྲི། །ཞེས་པ་སྟེ། དེ་ལ་སོགས་པའི་སྒྲས་དགུག་པ་དང་། བསྐྲད་པ་ཡང་ཚོན་ལྔས་བྱའོ། །ད་ནི་ཞི་བ་ལ་སོགས་པའི་སྲེག་རྫས་སྟོན་པས་གསུངས་པ།འབྲས་དང་ཏིལ་དང་ཞེས་པ་ལ་སོགས་པ་སྟེ། དེ་ལ། བདུད་རྩི་ལྔ་དང་ལྡན་པ་ཡིས། ཞེས་པ་ནི་གསང་བའི་རྒྱུད་ཀྱི་རིམ་པ་ཡིན་པས་བདུད་རྩི་དང་ལྡན་པ། སྲེག་རྫས་ཀུན་ལ་བསྲེག་པར་བྱ། །ཞེས་པའི་དོན་ཏོ། །དེ་ལ་ཡང་སྲེག་རྫས་འབུལ་བའི་རིམ་པ་ནི་འདི་ལྟ་སྟེ། དང་པོ་ཡམ་ཤིང་མར་ཁུ་དང་། །སྦྲང་རྩི་འབྲས་དང་ཏིལ་འོ་མ། །སྣ་ཚོགས་ཟས་སམ་གཏོར་མ་ ཡང་། །ཞེས་པ་ལ་སོགས་པ་ནི། ཁྲག་འཐུང་གི་ཕྱག་རྒྱ་རྡོ་རྗེ་ཐལ་མོ་ལས་ཕྱེད་ཕྱེད་དེ། མཛུབ་མོ་གཉིས་དང་མཐེ་བོང་གཉིས་མཆེ་བའི་ཚུལ་དུ་བྱས་ཏེ། ཕྱག་རྒྱ་དེ་ཡིས་ཡི་གེ་བྷྱོ་བརྗོད་དེ་ཁྲག་འཐུང་གི་ང་རྒྱལ་དང་ལྡན་པར་བྱས་ནས། ཕྱོགས་དང་མཚམས་ལ་གཏོར་མ་སྦྱིན་པར་བྱའོ་ཞེས་པའི་དོན་ཏོ། །ལས་གཞན་ནི་ སླ་བས་མ་བཤད་དོ། །ད་ནི་ཞི་བའི་ལས་བྱ་བའི་དུས་བསྟན་པ། དབྱར་གྱི་དུས་ན་ཞི་བ་སྟེ། །ཞེས་པ་ལ་སོགས་པའོ། །དབང་གི་དུས་ལ་སོགས་པ་ནི་དཀྱུས་ན་མེད་དེ་སྟོན་གྱི་དུས་གང་དང་ལྡན་པ་ལ་ཤེས་པར་བྱའོ། །ཡང་ཉིན་གཅིག་གི་དུས་བསྟན་པ། སྔ་དྲོ་ཞི་བར་རབ་ཏུ་གསུངས། །ཞེས་པ་ལ་སོགས་པའོ། །ད་ནི་དེ་ ལྟར་ཧོམ་ཁུང་བརྩིགས་ནས་མེ་འབར་བར་བྱས་ཏེ། དེའི་དཀྱིལ་དུ་བསྒོམ་པའི་ལྷ་བསྐྱེད་ནས་སྦྱིན་སྲེག་དབུལ་བར་གསུངས་པ། ཡི་གེ་ཧཱུཾ་གིས་ཞེས་པ་ལ་སོགས་པ་སྟེ། དེ་ལ། ཡི་གེ་ཧཱུཾ་གིས་བསྐྱེད་ནས་སུ། །ཞེས་པ་ནི། ཡི་གེ་ཧཱུཾ་གིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བསྐྱེད་པར་བྱ་སྟེ། དེ་འོད་དུ་ཞུ་བ་ ལས་གྱུར་པའི་རང་གི་ཡི་དམ་གྱི་ལྷ་བསྒོམ་པའོ། །ཡང་ན་ཡི་གེ་ཧཱུཾ་གིས་མི་བསྐྱོད་པ་བསྒོམ་པའི་ཐ་ཚིག་གོ། །ཡི་དམ་ལྷ་རྡོ་རྗེ་སེམས་དཔའ་བསྐྱེད་པར་བྱ་སྟེ་ཞེས་པ་ནི། སློབ་དཔོན་ལ་དམ་བཅས་པའི་ལྷའོ། ཞལ་ནི་གདངས་པར་བསམ་བྱས་ཏེ། །ཞེས་པ་ནི་ཡི་དམ་གྱི་ལྷ་གང་བསྒོམ་པའི་ཞལ་ནི་གདངས་ 26-1-37a པར་བསྒོམ་པའོ། །སྦྱིན་སྲེག་དེ་ལ་དབུལ་བར་བྱ། །ཞེས་པ་ནི། གོང་དུ་བཤད་པའི་སྲེག་རྫས་བླུགས་གཟར་དང་དགང་གཟར་གྱིས་ཞལ་གདངས་པ་དེ་ལ་བླུགས་ནས་མཆོད་པར་བྱའོ། །དང་པོ་མེ་ནི་དགུག་བྱ་བ། །ཞེས་པ་ལ་སོགས་པ་ནི། ཧོམ་ཁུང་དུ་ཡི་དམ་གྱི་ལྷ་ལ་ མཆོད་པའི་སྔོན་དུ་འཇིག་རྟེན་གྱི་ལྷ་ཐམས་ཅད་ཀྱི་མཆོད་གནས་མེའི་འོད་ཟེར་འབར་བ་དྲག་པོའི་ཚུལ་དང་ལྡན་པ་བགྲང་ཕྲེང་དང་གུནྡྷེ་བསྣམས་པ་བུ་རམ་གྱི་མདོག་སྐྲ་སེར་པོ་སངས་རྒྱས་བྱང་ཆུབ་བསྒྲུབ་པའི་མེ་ལྷ་མེའི་མཚམས་ནས་དགུག་པའི་མཆོད་པ་བྱའོ། །དེ་དགུག་པའི་སྔགས་དང་ ཚིགས་བཅད་ནི། ཨོཾ་ཨེ་ཧྱེ་ཧི། ཚུར་སྤྱོན་ཚུར་སྤྱོན་མེ་ཡི་ལྷ། ཞེས་པ་ནས། ཨོཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ་ཞེས་པའི་བར་དུའོ། །མེ་ལྷ་དང་ཡི་དམ་གྱི་ལྷ་ལ་མཆོད་པ་དབུལ་བའི་རིམ་པ་དང་སྔགས་དང་དབྱངས་གསུངས་པ། དང་པོ་ལ་ནི་ཞེས་པ་ལ་སོགས་པ་ནས་དྲིའི་སྔགས་སོ་ཞེས་པའི་བར་དུའོ། །ཞབས་ གཡོན་ཞེས་པ་ནི། བྱོན་མ་ཐག་ཏུ་ཞབས་ལ་དབུལ་བའོ། །རྡོ་རྗེ་ཅན་ཞེས་པ་ནི། རྡོ་རྗེ་སེམས་དཔས་ཀྱང་མཆོད་གནས་སུ་གྱུར་པ་ཁྱོད་ཅེས་པའི་ཐ་ཚིག་གོ། །ཡང་ན་བདག་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་དུ་བསྒོམས་པས་འབུལ་ལོ་ཞེས་པའི་དོན་ཏོ། །གོང་མའི་དོན་དེ་གསལ་བར་བྱེད་པ་བཅོམ་ལྡན་འདས་ ཉིད་ཀྱིས་གསུངས་པ། དང་པོར་མཆོད་པའི་ཞེས་པ་ལ་སོགས་པ་སྟེ། དང་པོར་མེ་ལྷའི་ཞལ་དུ་སྲེག་རྫས་ཐམས་ཅད་ལ་གཟར་བུ་གསུམ་གསུམ་ཕུལ་ནས་ཡོན་དང་དབྱངས་དང་གར་ལ་སོགས་པས་ཀྱང་མཆོད་དེ་འབར་བའི་མེ་ལ་ཐིམ་ནས་འོད་དུ་གྱུར་པར་སྒོམས་ཏེ། ཕྱི་ནས་རང་གི་ཡི་དམ་གྱི་ལྷའི་སྔགས་ བརྗོད་ནས་བསྒོམས་ཏེ་མཆོད་པར་བྱའོ་ཞེས་པའི་ཐ་ཚིག་གོ། །བརྗོད་པའི་སྔགས་ནི་ཨོཾ་བཛྲ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་ཛཿཧཱུྃ་བཾ་ཧོཿསྭཱ་ཧཱ་ཞེས་པའོ། །དེ་བཞིན་དུ་རང་གི་ཡི་དམ་གྱི་ལྷའི་སྔགས་བར་ན་བཅུག་ནས་སྦྱིན་སྲེག་གི་སྔགས་ཤེས་པར་བྱའོ། །དེ་ལྟར་སྦྱིན་སྲེག་ཟིན་མ་ཐག་ཏུ་རྣལ་འབྱོར་པ་དང་རྣལ་འབྱོར་མ་ རྣམས་ཀྱིས་མཆོད་པས་མཆོད་པ་གསུངས་པ། དབྱངས་དང་གར་དང་ཞེས་པ་ལ་སོགས་པ་ནས། ཚོགས་ལ་མཆོད་པས་མཉེས་པར་བྱ། །ཞེས་པའི་བར་དུའོ། །དེའི་ཡོན་ཏན་བསྟན་པ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ནི། །བདག་ལ་མྱུར་དུ་གྲུབ་པའོ། །ཞེས་སོ། །ད་ནི་རྫོགས་པར་བྱ་བའི་ཆོ་ག་ 26-1-37b གསུངས་པ། མེ་ལྷ་བླ་མ་རྡོ་རྗེ་འཛིན། །ཞེས་པ་ལ་སོགས་པའི་སྟེ། དེ་ལ་བླ་མ་རྡོ་རྗེ་འཛིན་ཞེས་པ་ནི་དེ་བཞིན་གཤེགས་པའི་ཡི་དམ་ལྷ་སྟེ། དེ་ལ་མཆོད་ནས་ཏིང་ངེ་འཛིན་གྱིས་སླར་གཏོང་བའོ། །དེ་ནས་མེ་ལྷའི་ཡང་གཟུགས་སུ་བསམས་ཏེ། ལྷག་མ་སྲེག་རྫས་ཕུལ་ནས་མཆོད་དེ་གསོལ་བ་བཏབ་པ་དང་། མེ་ལྷ་ལ་གསོལ་བ་གདབ་པའི་ཚིག་ནི། ཨོཾ་མེ་ལྷ་ལས་ནི་གྲུབ་པར་མཛོད། །ཅེས་པ་ནས་ཧཱུཾ་སྭཱ་ཧཱ་དང་ལྡན་པའི་བར་དུ་སྟེ། དེ་ལས་རྒྱུ་དང་ཞེས་ཏེ་ནམ་མཁའ་ལ་འཕུར་བ་རྣམས་སོ། །མི་རྒྱུ་བ་ཞེས་ཏེ་ས་ལ་གནས་པ་རྣམས་སོ། །སྒྲུབ་པ་པོ་དང་ཞེས་པ་ནི་མི་སྣང་བ་སྒྲུབ་པ་རྣམས་སོ། །བསོད་ནམས་ཞེས་པ་ནི་ གཙང་བར་བྱེད་པའོ། སྔགས་ཀྱི་དངོས་གྲུབ་རབ་སྦྱིན་ཅིང་། །ཞེས་པ་སྔགས་ཞི་བའི་རང་བཞིན་ཡི་གེ་ཨོཾ་ལ་སོགས་པ་སྭཱ་ཧཱའི་མཐར་ཐུག་པའི་དངོས་གྲུབ་སྩོལ་ཅིག་ཅེས་པའོ། །ཨ་ཨ་ཞེས་པ་ལ་སོགས་པ་ནི། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་སྦྱིན་སྲེག་ཟིན་ནས་བརྗོད་པའོ། །དེ་བཞིན་གཤེགས་པ་ལ་ སོགས་པ་བཤད་ཟིན་ཏོ། །སྦྱིན་སྲེག་གི་ཆོ་ག་བསྟན་པ་ཞེས་བྱ་བའི་ལེའུ་ཞེས་བྱ་བ་ནི། སྦྱིན་སྲེག་གི་ཆེ་བ་སྟོན་པའི་ཚིག་གི་ཚོགས་སྡེར་ལོངས་པའི་ཕྱིར་རོ། །རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་ལེའུ་བཞི་པའི་རྣམ་པར་བཤད་པའོ།། །།ད་ནི་མིག་སྨན་ལ་སོགས་པ་བསྒྲུབ་པའི་དོན་དུ་ལེའུ་ལྔ་པ་གསུངས་པ། ། སྦྱིན་སྲེག་ཆོ་ག་བཤད་ཟིན་ནས། །ཞེས་པ་ལ་སོགས་པ་སྟེ། དེ་ལ་ཁྱོད་ལ་ནི་མཱ་མ་ཀཱི་ལ་བོད་པའོ། །མིག་སྨན་ནི་འོག་ནས་འབྱུང་བའི་རྫས་ནི་སྣང་བ་མཐོང་བར་བྱེད་པ་དང་། ཞི་བ་ལ་སོགས་པའི་ལས་གྲུབ་པར་བྱེད་པའོ། །ཚིལ་ཆེན་ནི་མིའི་ཚིལ་ལོ། །སྙིང་པོ་ཞེས་པ་ནི་པདྨ་དཀར་པོས་བྱས་པའི་སྐུད་ པའོ། །བ་དན་ལ་ནི་དུད་པ་བླང་། ཞེས་པ་མཚོན་གྱིས་བརྒྱབ་ནས་ཤི་བའི་སྐྱེས་བུའི་ཐོད་པ་དུད་པ་བླང་བར་བྱའོ། །འུག་པའི་མགོ་ནི་བསྲེགས་ནས་སུ། །ཞེས་པ་ལ་སོགས་པ་ནི། འུག་པའི་མགོ་བསྲེགས་པ་དང་བུད་མེད་ཀྱི་ཁྲག་གཉིས་བསྲེགས་ནས་བཏགས་ཏེ། བྱ་རྒོད་ཀྱི་པགས་པས་དཀྲིས་ ཏེ། བྱ་རྒོད་ཀྱི་རྗེ་ངར་གྱིས་ནང་བཀང་ནས་གཞག་པའོ། །མི་ཡི་རུས་པའི་ཐུར་མ་ཡིས། །ཞེས་པ་ལ་སོགས་པ་ནི་མིའི་རུས་པ་ལས་བྱས་པའི་ཐུར་མས་བྱ་རྒོད་ཀྱི་རྗེ་ངར་ལ་གཞག་པའི་མིག་སྨན་བླངས་ཏེ། རང་གི་མིག་ལ་བསྐུས་ན་ལྷ་དང་ཀླུ་དང་གནོད་སྦྱིན་དང་། སྒྲུབ་པ་པོ་དང་། མཁའ་འགྲོ་མ་ལ་ 26-1-38a སོགས་པ་འཇིག་རྟེན་གྱི་ནང་ན་ཇི་སྙེད་སྣ་ཚོགས་ཀྱི་གཟུགས་ཀུན་ནི། རྟག་ཏུ་རྣལ་འབྱོར་པ་ཡིས་མཐོང་བར་བྱེད། །ཅེས་པའི་དོན་ཏོ། །མིག་སྨན་དེ་ཚེ་གང་དུ་བསྒྲུབ་པར་བྱ། །ཞེས། རྡོ་རྗེ་བདུད་རྩི་ལས་བྱུང་བ། །ཞེས་པ་ལ་སོགས་པ་སྟེ། དེ་ལ་ནག་པོ་ཞེས་པ་ནི་ཟླ་བ་མར་གྱི་ངོའོ། །དེའི་ ཚེས་བརྒྱད་ཅེས་པ་ནི་ཟླ་བ་མར་གྱི་ངོའི་ཚེས་ཉི་ཤུ་གསུམ་མོ། །བཅུ་བཞི་ལ་ཞེས་པ་ནི་ཉི་ཤུ་དགུའོ། །བྷ་གའི་དབུས་སུ་བསྒྲུབ་པར་བྱ། །ཞེས་པ་ལ་སོགས་པས་ནི། རྣལ་འབྱོར་མའི་བྷ་གའི་དབུས་སུ་མིག་སྨན་བཞག་ནས་མཱ་མ་ཀཱིའི་སྔགས་བཏབ་སྟེ། མཱ་མ་ཀཱི་ལ་སོགས་པ་དང་ལྡན་པའི་བཅོམ་ལྡན་ འདས་མི་བསྐྱོད་པ་བསྒོམ་པ་ནས། ནག་པོ་དང་། དཀར་པོ་དང་། དམར་པོའི་ཞལ་མཱ་མ་ཀཱི་བཞིན་དུ་གདོལ་པ་མོ་ལ་སོགས་པའི་རྣལ་འབྱོར་མ་དེ་བསམས་ཏེ། ཕྱི་ནས་སྦྱོར་བ་བྱས་ཏེ་མིག་སྨན་བསྒྲུབས་ནས་སྣ་ཚོགས་ཆོ་གའི་ལས་བསྒྲུབ་པ་སྣ་ཚོགས་ལས་དེ་ཁོ་ན་བསྟན་པ། ཞི་བ་དང་ནི་རྒྱས་པ་དང་། །ཞེས་པ་ ནས། དེ་བཞིན་བགེགས་ཀྱང་དགག་པར་བྱེད། ཅེས་པའི་བར་དུའོ། །དོན་ནི་འདི་ལྟ་སྟེ། གྲུབ་པའི་མིག་སྨན་དུ་ཞེས་པ་རྣལ་འབྱོར་པའི་མིག་ལ་བསྐུས་ནས་ཞི་བ་ལ་སོགས་པའི་ལས་བྱས་ན་གང་བྱས་པ་འགྲུབ་པར་བྱའོ་ཞེས་པའི་ཐ་ཚིག་གོ། །ལྷ་མོ་མཱ་མ་ཀཱིའི་སྔགས་བསྟན་པ། ཨོཾ་འདོད་པའི་ གཟུགས་ཅན་མིག་ཡངས་མ། །ཞེས་པ་ནས་ཧཾ་ཧཾ་སྭཱ་ཧཱ་ཞེས་པའི་བར་དུའོ། །མཱ་མ་ཀཱི་བསྒོམ་པའི་ཞལ་གྱི་མདོག་དང་ཕྱག་མཚན་གྱི་ཁྱད་པར་གསུངས་པ། དང་པོའི་ནག་པོ་སྟེ་ཞེས་པ་ནས། དེ་བཞིན་རྡོ་རྗེ་དྲིལ་བུ་ཡང་། །ཞེས་པའི་བར་དུའོ། །བྷ་གའི་དབུས་སུ་བསྒོམ་པར་བྱ། །ཞེས་པ་ནི། མིག་སྨན་ རྣལ་འབྱོར་མའི་བྷ་གའི་དབུས་སུ་བཞག་ནས་མཱ་མ་ཀཱི་བསྒོམ་སྟེ་ཚེས་ཉི་ཤུ་རྩ་གསུམ་མམ་རྩ་དགུ་དེ་ལ་མིག་སྨན་བསྒྲུབ་པར་བྱ་ཞེས་སོ། །བྷ་ག་གུར་གུམ་གྱིས་བཀང་ནས། །ཞེས་པ་ལ་སོགས་པ་ནི། རྣལ་འབྱོར་དང་རྣལ་འབྱོར་མའི་སྐལ་བ་དང་ལྡན་པར་བྱ་བའི་སྨན་གསུངས་པ། དེ་ལ་བཀང་ནས་ཞེས་ པ་ནི། རྣལ་འབྱོར་མའི་བྷ་གའི་དབུས་སུ་གུར་གུམ་གཞག་པའོ། །ཕྱི་ནས་ལིངྒ་གཞག་པའོ། །ཞེས་པ་ནི། རྣལ་འབྱོར་མཱ་མ་ཀཱི་དང་ལྡན་པར་བསྒོམ་པ་དང་། བདག་མི་བསྐྱོད་པར་བསྒོམ་པའི་ཕྱིར་ན་ཐབས་དང་ཤེས་རབ་ཀྱིས་སྦྱར་ནས་སྔགས་བཟླ་བར་བྱའོ། །བཟླས་པའི་སྔགས་གསུངས་པ། དེ་ 26-1-38b ལ་བརྗོད་པར་བྱ་བ་སྔགས་ནི་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཨོཾ་ཡིག་ཅེས་པ་ནི། དང་པོའི་ཡི་གེ་ཨོཾ་གཞག་པ་ཡིན་ཏེ། ཕྱི་ནས་སྒྲ་ཡིག་དང་ཚིག་འབྲུ་ལ་སོགས་པ་ཕྱི་ནས་བྱའོ་ཞེས་པའི་དོན་ཏོ། །སྒྲ་ཡིག་དང་ཡིག་འབྲུ་དེ་ཁོ་ན་གསུངས་པ། བཛྲ་ཨ་མྲྀ་ཏེ་ཞེས་བྱ། སྒྲ་སྒྲོགས་སྤྲིན་དང་ཕཊ་ ཡིག་གོ། །ཞེས་པ་སྟེ། དེ་ལ་སྒྲ་སྒྲོགས་སྤྲིན་ཞེས་པ་ནི་ཡི་གེ་ཧཱུྃ་ངོ་། །དོན་ནི་འདི་ལྟ་སྟེ། བཛྲ་ཨ་མྲྀ་ཏ་ཞེས་བྱ་བའི་སྔགས་ལ་ཡི་གེ་ཧཱུཾ་དང་ཕཊ་ལྡན་པར་བྱའོ། །སྔགས་ནི་འདི་ལྟར་འགྱུར་ཏེ། ཨོཾ་བཛྲ་ཨ་མྲྀ་ཏ་ཕཊ་སྭཱ་ཧཱ་ཞེས་སོ། །སྭཱ་ཧཱའི་སྒྲ་ནི་ཡིག་སྦས་ལ་མེད་ན་ཡང་དོན་གྱིས་ཤེས་པར་བྱ་སྟེ། ཕལ་ ཆེར་སྔགས་རྣམས་ཐམས་ཅད་ནི། །ཕྱག་འཚལ་སྭཱ་ཧཱ་དང་ལྡན་ནོ། །ཞེས་གསུངས་པའི་ཕྱིར་རོ། །བདུད་རྩི་དང་ནི་མཉམ་ལྡན་པ། །ཞེས་པ་ནི། བདུད་རྩི་རྣམ་པ་ལྔ་དང་ལྡན་པར་བྱས་ནས། བྷ་གའི་དབུས་སུ་འབྱུང་བར་བྱ། །ཞེས་པ་བླང་བར་བྱའོ། །དེ་ལ་སྔགས་འབུམ་བཟླས་ནས་སུ། །ཞེས་པ་ནི། རྣལ་འབྱོར་མའི་བྷ་ག་ནས་བླངས་ནས་ཕྱི་རོལ་དུ་ཡང་གོང་མའི་སྔགས་འབུམ་ཕྲག་བཏབ་པའོ་ཞེས་པའི་དོན་ཏོ། །དེ་ཡིས་ཐིག་ལེ་ཁོ་ན་བྱ། །ཞེས་པ་ནི། གུར་གུམ་དི་ཡིས་རྣལ་འབྱོར་པའམ། །རྣལ་འབྱོར་མའི་དཔྲལ་བར་ཐིག་ལེ་བྱའོ་ཞེས་པའི་ཐ་ཚིག་གོ། །ཐིག་ལེའི་ཡོན་ཏན་གསུངས་པ། བུད་མེད་ ཀྱིས་ཁྱོ་འཁོལ་འགྱུར་ཏེ། །ཞེས་པ་ལ་སོགས་པ་སྟེ། དེ་ལ། བུད་མེད་ཀྱིས་ཁྱོ་འཁོལ་འགྱུར་ཏེ། །ཞེས་པ་རྣལ་འབྱོར་མ། བུད་མེད་གང་གིས་གུར་གུམ་འདིས་ཐིག་ལེ་བྱས་ནས་རང་གི་ཁྱོ་ཡང་འཁོལ་ན་གཞན་སྨོས་ཅི་དགོས་ཞེས་སོ། །མདུན་ན་འདོན་བཅས་རྒྱལ་པོ་ཡང་། །ཞེས་པ་ནི། རང་གི་ཁྱོ་ གཅིག་པུ་ཁོ་ནར་མ་ཟད་དེ། རྒྱལ་པོའི་མདུན་དུ་བསྟོད་སྒྲ་བྱེད་པའི་འཁོར་ལ་སོགས་པ་རྒྱལ་པོ་ཡང་གུར་གུམ་གྱིས་ཐིག་ལེ་བྱེད་པའི་རྣལ་འབྱོར་མས་འདུལ་ལོ་ཞེས་པའི་ཐ་ཚིག་གོ། །སྐྱེས་པ་གང་གིས་དེ་བྱས་ན། །ཞེས་པ་ནི། རྣལ་འབྱོར་པ་སྐྱེས་པས་གུར་གུམ་གྱིས་ཐིག་ལེ་བྱས་ན། བུད་མེད་གང་ ལ་སྐལ་ཅན་འགྱུར། །ཞེས་བྱའོ། །རྒྱལ་པོའི་ཁབ་ཅན་ནི་རྒྱལ་པོ་བཙུན་མོ་རྣམས་ཏེ། དེ་དག་གིས་ཀྱང་གུར་གུམ་གྱིས་ཐིག་ལེ་བྱེད་པའི་རྣལ་འབྱོར་པ་ལ་ཆེན་པོར་མཆོད་ཅེས་པའོ། །དགྲ་བོ་རྣམས་ནི་ཟད་བྱེད་དོ། །ཞེས་པ་ནི། གུར་གུམ་གྱིས་ཐིག་ལེ་བྱས་ནས་མངོན་སྤྱོད་བྱས་ན་དགྲ་བོ་ 26-1-39a རྣམས་དབང་དུ་འགྱུར་ཞིང་གསོད་པར་འགྱུར་ཞེས་པའི་དོན་ཏོ། །ད་ནི་མིག་སྨན་བསྒྲུབ་པས་དཀོན་མཆོག་གི་དགྲ་བོ་གསོད་པ་གསུངས་པ། ད་དུར་ཨར་ཀའི་འབྲས་བླངས་ཏེ། །ཞེས་པ་ལ་སོགས་པ་སྟེ། དེ་ལ་ད་དུར་ཞེས་པ་ནི་སྨྱོ་བར་བྱེད་པའི་ཤིང་མེ་ཏོག་ཆེ་ལ་འབྲས་བུ་ཚེར་མ་ཅན་ ནོ། །ཨར་ཀ་ཏ་ཞེས་པ་ནི་མེ་ཏོག་དཀར་པོ་འོ་མ་འབྱུང་བའི་ཤིང་ངོ་། །དེ་གཉིས་ཀྱི་འབྲས་བུ་བླངས་ཏེ་བདུད་རྩི་དང་བསྲེ་ཞེས་སོ། །ཞལ་གསུམ་དྲག་པོ་གཟུགས་དང་ནི། །ཞེས་པ་ནི། རྣལ་འབྱོར་པས་གཤིན་རྗེ་གཤེད་ཀྱི་གཟུགས་ཞལ་གསུམ་ཕྱག་དྲུག་ལ་གཡས་གཡོན་གྱི་ཞལ་ནི་དཀར་བ་ དང་དམར་བ། དབུས་ཀྱི་ཞལ་དང་སྐུ་མདོག་གནག་པ། རལ་གྲི་དང་ཐོ་བ། རིན་ཆེན་དང་པདྨ། རྡོ་རྗེ་དང་དྲིལ་བུ་བསྣམས་པ། སྦྲུལ་གྱི་རྒྱན་གྱིས་བརྒྱན་པ། ཐལ་བས་ལུས་བསྐུས་པ། དགྲ་རྐང་པས་ཆེར་གནོན་པ་བསྒོམ་པར་བྱའོ། །གཤིན་རྗེ་གཤེད་ཁྲོས་བཟླས་ནས་ནི། །ཞེས་པ་ནི། འོག་ནས་ འབྱུང་བའི་གཤིན་རྗེ་གཤེད་ཀྱི་སྔགས་སོ། །ཤ་ཆེན་དང་ནི་ཞེས་པ་ལ་སོགས་པ་ནི་གོ་སླའོ། །གཤིན་རྗེ་གཤེད་ཀྱི་བཟླས་པའི་སྔགས་སྟོན་པ། ཨོཾ་ཧྲཱིཿཥྚྲྀཿཞེས་པ་ལ་སོགས་པའོ། །ཡང་བུད་མེད་རྣལ་འབྱོར་མས་སྐྱེས་པ་དང་། བུད་མེད་དབང་དུ་བྱ་བའི་ལས་གསུངས་པ། སྔགས་པས་གི་ཝང་ ཞེས་པ་ལ་སོགས་པ་སྟེ། དེ་ལ། བྷ་ག་ལ་ནི་ཡིག་འབྲུ་བྲི། །ཞེས་པ་ནི། རྣལ་འབྱོར་མའམ་བུད་མེད་གཉིས་ཀྱི་བྷ་ག་ལ་གི་ཝང་གི་ཡིག་འབྲུ་བྲི་བར་བྱའོ། །ཙནྡན་གྱིས་ནི་ཞེས་པ་ལ་སོགས་པ་གོ་སླའོ། །ཡང་ན་བསྟན་པ་ལ་གནོད་པ་བྱེད་པ་དམ་ཚིག་མི་བསྲུང་བའི་སེམས་ཅན་ལ་མངོན་སྤྱོད་བྱ་ བའི་དོན་བསྟན་པ། བཤང་གཅི་གཟུགས་བརྙན་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །ཡང་ན་དཀོན་མཆོག་གི་སྐུ་དགྲ་ཧོམ་གྱིས་མངོན་སྤྱོད་བྱ་བ་གསུངས་པ། བཤང་གཅི་ཁྲག་དང་བསྲེས་པ་ཡིས། །ཞེས་པ་ལ་སོགས་པ་སྟེ། དེ་ལ། ཁྲོ་ཆེན་གཤིན་རྗེ་གཤེད་པོའི་སྐུ། །ཞེས་པ་ལ་སོགས་པ་ནི། ཞལ་གསུམ་ཕྱག་དྲུག་ལ་སོགས་པར་བསྒོམ་པ་ནི་གོང་མ་དང་མཐུན་པར་བྱའོ། །སྔགས་ཀྱང་གོང་མ་ཁོ་ནར་ཤེས་པར་བྱའོ། །འདི་ལྟ་སྟེ། གཤིན་རྗེ་གཤེད་བསྒོམས་པས་བཤང་གཅི་ལ་སོགས་པས་གཟུགས་བརྙན་བྱས་ཏེ། དེ་ལ་གཡོན་བརྐྱང་བ་གཡས་བསྐུམ་པས་མནན་ནས་བསྒྲུབ་ 26-1-39b བྱ་བཀུག་ནས་དེ་ལ་ཐིམ་སྟེ་གོང་མའི་སྔགས་བཟླ་ཞིང་མཚོན་རྣོན་པོས་བཅད་ཅིང་དུར་ཁྲོད་ཀྱི་མེ་འབར་བ་ལ་སྲིན་པོ་ཁ་གདངས་པའི་ཁ་ལ་དབུལ་བར་བྱའོ། །རྡོ་རྗེ་བདུད་རྩིའི་རྒྱུད་བདེ་བ་ཆེན་པོ་ལས་ཞེས་པ་ལ་སོགས་པ་བཤད་ཟིན་ཏོ། །ལས་ཆེན་པོ་བསྟན་པའི་ལེའུ་ཞེས་པ་ནི། སྨན་བསྒྲུབས་ པ་ལས་ཞི་བ་ལ་སོགས་པའི་ལས་བྱ་བ་གཙོར་སྟོན་པའི་ཚིག་གི་ཚོགས་སོ། །རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་ལེའུ་ལྔ་པའི་རྣམ་པར་བཤད་པའོ།། །།ད་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་བསྒྲུབ་པར་བྱ་བ་ལེའུ་དྲུག་པ་གསུངས་པ། རྡོ་རྗེ་བདུད་རྩི་རྒྱུད་ཆེན་ལས། །ཞེས་པ་ལ་སོགས་པའོ། །དེ་ལ་ དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཞེས་པ་ནི། ཧཱུཾ་མཛད་ཀྱི་མཚན་ཉིད་དེ་ཡི་གེ་ཧཱུཾ་བརྗོད་པ་ཙམ་གྱིས་དྲག་པོ་ལ་སོགས་པའི་འཇིག་རྟེན་གྱི་ལྷ་རྣམས་འདུལ་བའི་ཕྱིར་རོ། །དེའི་དཀྱིལ་འཁོར་གྱི་བསྒྲུབ་པ་མདོར་བསྡུས་ནས་བཤད་པར་བྱའོ། །དེའི་དཀྱིལ་འཁོར་ཞེས་བྱ་བ་ཞེས་པ་ནི། དབུས་ཀྱི་གཙོ་བོ་ཧཱུཾ་མཛད་ ཀྱིས་བྱས་པའི་ཕྱིར་རོ། །དེ་ལྟར་ཡང་གསང་བ་འདུས་པའི་སྒྲུབ་ཐབས་ཟླ་བ་ལས་གསུངས་པ། གང་ཞིག་གང་དུ་བཞུགས་འགྱུར་བ། །དེ་ཡི་དཀྱིལ་འཁོར་དེ་ན་བྱ། །ཞེས་སོ། །ཅི་འདྲ་བ་ཡིན་ཞེ་ན། གསུངས་པ། །ཁམས་གསུམ་རྣམ་པར་རྒྱལ་བ་ཡིན། །ཞེས་པ་སྟེ། དཀྱིལ་འཁོར་གྱི་ལྷ་ དང་། རིགས་དང་སྐུ་མདོག་དང་ཕྱག་མཚན་དང་རང་བཞིན་གཅིག་པའི་ཕྱིར་རོ། །གྲྭ་བཞི་པ་ལ་ཐིག་བཏབ་སྟེ། །ཞེས་པ་ནི། དཀྱིལ་འཁོར་གྱི་གྲྭ་བཞི་དང་སྒོ་བཞི་དང་སྣམ་བུ་དང་། རྡུལ་ཚོན་ལྔའི་ས་དང་། པ་ཏྲ་དང་། ཧ་ར་དང་། མུ་ཏིག་ཕྲེང་བ་དང་། མུ་ཏིག་ཧ་ར་ལ་སོགས་པ་གྲྭ་བཞི་པའོ། །དཀྱིལ་ འཁོར་གྱི་ཚད་གསུངས་པ། ཁྲུ་གང་ངམ་ཁྲུ་དོ་འམ་ཞེས་པའོ། །ནང་གི་དཀྱིལ་འཁོར་གྱི་དབྱིབས་གསུངས་པ། ཟླ་བའི་དཀྱིལ་འཁོར་དང་འདྲ་བ། །ཞེས་པ་སྟེ། གྲུ་བཞི་པའི་ནང་དུ་དཀྱིལ་འཁོར་ཟླུམ་པོ་རྡོ་རྗེ་ཕྲེང་བས་བསྐོར་བར་བྲིའོ། །འོད་ཟེར་འབར་བ་འཁྲུག་པ་ལ། །ཞེས་པ་ནི། དཀྱིལ་ འཁོར་ལས་སེམས་ཅན་གྱི་དོན་དུ་འོད་ཟེར་ཕར་འཕྲོ་བ་དང་ཕྱིར་འདུབའི་འཁྲུག་པའོ། །དཔལ་ལྡན་རྡོ་རྗེ་ཧཱུཾ་མཛད་གཞག །ཅེས་པ་ནི། དཀྱིལ་འཁོར་གྱི་དབུས་སུ་ཡབ་ཡུམ་གཞག་པའོ། །ཞལ་གསུམ་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་རྣམ་པར་ཐར་པ་གསུམ་གྱི་ 26-1-40a རང་བཞིན་གྱི་ཕྱིར་རོ། །དེ་བཞིན་ཕྱག་དྲུག་སྟེ་ཞེས་པ་ནི། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རང་བཞིན་གྱི་ཕྱིར་རོ། །རྒྱན་རྣམས་ཀྱིས་ནི་ཡོངས་རྫོགས་པར། །ཞེས་པ་ནི། དེ་བཞིན་གཤེགས་པའི་ཆེ་བའི་ཡོན་ཏན་ཐམས་ཅད་དང་ལྡན་པའི་ཕྱིར་རོ། །ཕྱག་རྒྱ་ཡིས་ནི་ ཕྱག་བརྒྱན་པ། །ཞེས་པ་ནི། ཕྱག་དང་པོ་གཉིས་རང་གི་ཕྱག་རྒྱ་དང་ལྡན་པའོ། །ཕྱག་རྒྱ་ནི་འདི་ལྟ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །རྒྱབ་དང་རྒྱབ་ནི་སྦྱར་བར་བྱ། །མཐེའུ་ཆུང་སྦྲེལ་ནས་མཛུབ་གཉིས་ནི། །བསྒྲེང་ནས་སྙིང་གར་གཞག་པའོ། །རིག་མ་བཞི་དང་མཉམ་ལྡན་པ། །ཞེས་ པ་ནི། སེམས་མའི་རྡོ་རྗེ་མ་དང་། རིན་པོ་ཆེའི་རྡོ་རྗེ་མ་དང་། ཆོས་ཀྱི་རྡོ་རྗེ་མ་དང་། ལས་ཀྱི་རྡོ་རྗེ་མ་བཞི་ཡིན་པའོ། སྐུ་མདོག་དང་ཕྱག་མཚན་ནི་འདི་ལྟ་སྟེ། སེམས་མ་རྡོ་རྗེ་མ་ཞལ་གསུམ་ཕྱག་དྲུག་པ། དབུས་ཀྱི་ཞལ་དང་སྐུ་མདོག་ནི་སྔོ། གཡས་དཀར་གཡོན་དམར། ཕྱག་དང་པོ་གཉིས་ཀྱིས་ནི་ སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་བཅའ་བའོ། །རྡོ་རྗེ་བཅིང་བ་ལས་གུང་མོ་གཉིས་ཡར་འགྲེང་ནས་ཁ་སྤྲད་དེ་མདུན་ན་གཞག་པའོ། །སྐུ་རིན་ཆེན་རྡོ་རྗེ་མའི་ཞལ་གསུམ་ཕྱག་དྲུག་པ། དབུས་ཀྱི་ཞལ་དང་སྐུ་མདོག་ནི་སེར། གཡས་གནག་གཡོན་དཀར་བ། ཕྱག་དང་པོ་གཉིས་ཀྱིས་རིན་ཆེན་རྡོ་རྗེ་ མའི་ཕྱག་རྒྱ་བཅིངས་ཏེ། གོང་གི་ཕྱག་རྒྱ་དེ་ཁོ་ན་ལས་ཚིགས་གསུམ་བཀུག་ནས་རིན་ཆེན་གྱི་ཚུལ་དུ་བྱས་པའོ། །ཆོས་ཀྱི་རྡོ་རྗེ་མ་ཞལ་གསུམ་ཕྱག་དྲུག་ལ། དབུས་ཀྱི་ཞལ་དང་སྐུ་མདོག་དམར་བ། གཡས་གནག་གཡོན་དཀར་བ། ཕྱག་དང་པོ་གཉིས་ཀྱིས་ནི་ཆོས་ཀྱི་རྡོ་རྗེ་མའི་ཕྱག་ རྒྱ་བཅིངས་ཏེ། གོང་གི་ཕྱག་རྒྱ་དེ་ཁོ་ན་ལས་གུང་མོ་པདྨའི་ཚུལ་དུ་བྱས་པའོ། །ལས་ཀྱི་རྡོ་རྗེ་མའི་ཞལ་གསུམ་ཕྱག་དྲུག་ལ། དབུས་ཀྱི་ཞལ་དང་སྐུ་མདོག་ནི་ལྗང་གུ། །གཡས་གནག་གཡོན་དཀར། ཕྱག་དང་པོ་གཉིས་ཀྱིས་ལས་ཀྱི་རྡོ་རྗེ་མའི་ཕྱག་རྒྱ། ཕྱག་དང་པོའི་ཕྱག་རྒྱ་ལས་མཛུབ་མོ་ གཉིས་ཀྱི་རྩེ་མོ་བཀུག་ནས་གུང་མོ་རྒྱབ་ཏུ་སྦྱར་བའོ། །ཀུན་གྱི་ཕྱག་མཚན་ལྷག་མ་ནི་གཙོ་མོ་དང་མཐུན་པའོ། །ཨུ་མའི་ནུ་མའི་བར་དུ་བཞུགས། །ཞེས་པ་ནི། ཨུ་མའི་ནུ་མའི་སྟེང་དུ་གཡས་བརྐྱང་གིས་བཞུགས་པའོ། །ལྷ་ཆེན་པོའི་རྣ་བར་ཞབས་གཡས་པས་མནན་པ་ཡང་ 26-1-40b དོན་གྱིས་ཤེས་པར་བྱའོ། །ཅུང་ཟད་མཆེ་བ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །འདི་ལྟ་སྟེ། དབུས་ཀྱི་ཞལ་མཆེ་བ་གཙིགས་པ་དང་། གཡས་ཁྲོ་བ་དང་གཡོན་བཞད་པ་སྟེ། སྡང་བ་ཐམས་ཅད་འདུལ་བའི་ཕྱིར་རོ། །ཕྱག་བཞི་པར་ནི་བྲི་བ་ལ། །ཞེས་པ་ནི། རང་གི་ལྷ་མོའི་ནུ་མ་གཉིས་ བཟུང་བ་མ་གཏོགས་པ་གོང་མ་བཞི་ལ་བྱའོ། །ཕྱག་གཉིས་པས་ནི་ནུ་མ་བསྣམས། །ཞེས་པ་ནི། ཞལ་ལ་སོགས་པའི་རང་རང་དང་འདྲ་བའི་རིག་མ་ལ་ཕྱག་གཡོན་པས་རྒྱབ་ནས་འཁྱུད་ནས་ནུ་མ་གཡོན་པ་འཛིན་པ་གཡས་པས་མདུན་ནས་ནུ་མ་གཡས་པ་འཛིན་པའོ། །རིག་མ་ཐམས་ ཅད་ཞལ་གསུམ་སྟེ། །ཞེས་པ་ནི། ལྷ་མོ་མཛེས་མ་ལ་སོགས་པ་བརྒྱད་ཞལ་གསུམ་དང་། དོན་གྱིས་ཕྱག་དྲུག་དང་། རང་རང་གི་ཕྱག་མཚན་དང་། སྐུ་མདོག་ལ་སོགས་པ་ལེའུ་དང་པོ་ལས་བཤད་པ་ལྟར་ལྡན་པར་བྱའོ། །དེ་བཞིན་སྒོ་སྲུང་ལྕགས་ཀྱུ་དང་། །ཞེས་པ་ནི། རྡོ་རྗེ་ལྕགས་ ཀྱུ་མ་དང་། རྡོ་རྗེ་ཞགས་པ་མ་དང་། རྡོ་རྗེ་ལྕགས་སྒྲོག་མ་དང་། རྡོ་རྗེ་དྲིལ་བུ་མ་རྣམས་སོ། །དེ་བཞིན་མེ་ཏོག་མ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །སྒེག་མོ་ཞེས་པ་ལ་སོགས་པ་ནི་མཆོད་པའི་ལྷ་མོ་བཞི་སྟེ། དེ་བཞིའི་སྐུ་མདོག་དང་ཕྱག་མཚན་ནི་འདི་ལྟ་སྟེ། སྒེག་མོ་ནི་སྐུ་མདོག་དཀར་བ་ཕྱག་དང་ པོ་གཉིས་དཀུ་ལ་བརྟེན་པའོ། །ཕྲེང་བ་མའི་སྐུ་མདོག་སེར་བ་ཕྱག་དང་པོ་གཉིས་ཀྱིས་རིན་པོ་ཆེའི་ཕྲེང་བའམ་མེ་ཏོག་གི་ཕྲེང་བ་འཛིན་པའོ། །དབྱངས་མ་ནི་མདོག་དམར་བ་ཕྱག་གཉིས་ཀྱིས་པི་ཝང་རྡེབས་པའོ། །གར་མཁན་མ་ནི་ལྗང་གུ་སྟེ་ཕྱག་དང་པོ་གཉིས་ཀྱིས་གར་བྱེད་པའོ། །ཕྱག་ མཚན་གཞན་དང་ཞལ་གཞན་ནི་གོང་དུ་བཤད་པ་དང་མཐུན་ཏེ། གདན་ཟླ་བའི་དཀྱིལ་འཁོར་རོ། །དེ་དག་གི་གྲྭའི་རེའུ་མིག་ལ་དགོད་པའོ། །ཕྱག་དྲུག་ཉིད་ཅེས་པ་ནི། ལྕགས་ཀྱུ་མ་ལ་སོགས་པ་ལྷ་མོ་ཐམས་ཅད་ཀྱི་ཕྱག་དྲུག་དྲུག་སྟེ། དོན་གྱིས་ཞལ་གསུམ་གསུམ་དང་། སྐུ་མདོག་དང་ ཕྱག་མཚན་ཡང་ཤེས་པར་བྱ་སྟེ། ལྕགས་ཀྱུ་མ་ལ་སོགས་པ་ལེའུ་དང་པོ་ལས་ཤེས་པར་བྱའོ། །བསྐལ་པ་བཟང་པོ་ཡང་གཞན་ཏེ། །ཕྱག་གཉིས་པ་དང་ཞལ་གཅིག་པ། །ཞེས་པ་ནི་བསྐལ་པ་བཟང་པོ་འདི་ལ་འཚང་རྒྱ་བའི་བྱང་ཆུབ་སེམས་དབའ་བྱམས་པ་ལ་སོགས་པ་བཅུ་དྲུག་ནི་ 26-1-41a ཞལ་གཅིག་ཕྱག་གཉིས་པར་རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་ལ་བྲི་བར་བྱའོ། །འདི་ལྟ་སྟེ་བྱམས་པ་སྐུ་མདོག་དཀར་པོ་གུནྡྷེ་བསྣམས་པ་དང་། འཇམ་དཔལ་སྐུ་མདོག་སེར་པོ་ཨུཏྤ་ལ་བསྣམས་པ་དང་། ངན་སོང་ཀུན་འཇོམས་སྐུ་མདོག་དཀར་པོ་གསུང་རབ་བསྣམས་པ་ དང་། མྱ་ངན་དང་མུན་པ་ཀུན་འཇོམས་བློ་གྲོས་སྐུ་མདོག་དཀར་པོ་དབྱུག་པ་འཛིན་པ་དང་། སྤོས་ཀྱི་གླང་པོ་ཆེ་དཀར་པོ་གུནྡྷེའཛིན་པ་དང་། དཔའ་བར་འགྲོ་བ་དཀར་པོ་རལ་གྲི་འཛིན་པ་དང་། ནམ་མཁའ་མཛོད་ལྗང་གུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འཛིན་པ་དང་། ཡེ་ཤེས་ཏོག་སྐུ་ མདོག་ནག་པོ་རྒྱལ་མཚན་འཛིན་པ་དང་། འོད་དཔག་མེད་སྐུ་མདོག་ལྗང་གུ་བུམ་པ་འཛིན་པ་དང་། ཟླ་བའི་འོད་ལྗང་གུ་ཟླ་བའི་དཀྱིལ་འཁོར་འཛིན་པ་དང་། བཟང་སྐྱོང་ནག་པོ་བུམ་པ་འཛིན་པ་དང་། དྲ་བའི་འོད་དཀར་པོ་ཉི་མའི་དཀྱིལ་འཁོར་འཛིན་པ་དང་། རྡོ་རྗེ་སྙིང་པོ་སེར་པོ་རྡོ་རྗེ་འཛིན་པ་དང་། བློ་གྲོས་མི་ཟད་པ་སེར་པོ་རིན་པོ་ཆེ་འཛིན་པ་དང་། སྤོབས་པ་བརྩེགས་པ་དམར་པོ་ཆུ་སྲིན་གྱི་རྒྱལ་མཚན་འཛིན་པ་དང་། ཀུན་དུ་བཟང་པོ་རྡོ་རྗེ་འཛིན་པ་སྟེ། གཡས་ཐམས་ཅད་ནི་མཆོག་སྦྱིན་གྱི་ཕྱག་རྒྱའོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་དང་དྲིལ་བུ་དང་བགྲང་ ཕྲེང་འཛིན་པའི་སྒྲུབ་པ་པོ་ཡང་འཕགས་པའི་མདུན་དུ་བྲི་བའོ། །གཏོར་མ་ནི་དམ་ཚིག་གི་གཏོར་མ་སྟེ། བདུད་རྩི་ལྔ་དང་ལྕགས་ཀྱུ་ལྔའོ། །བདུད་རྩི་ལྔ་དང་ལྕགས་ཀྱུ་ལྔ་དེས་ནི་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ལ་མཆོད་ནས་དེའི་ལྷག་མ་བཟའ་བར་བྱའོ། །གཏོར་མ་ཞེས་པ་ལ་སོགས་ པ་ནི་གོ་སླའོ། །ནག་པོའི་བརྒྱད་དང་བཅུ་བཞི་ལ། །ཞེས་པ་ནི་ཚེས་གྲངས་གོང་དུ་བཤད་ཟིན་ཏོ། །དབུས་སུ་གྲུ་བཞི་ཞེས་པ་ནི། དཀྱིལ་འཁོར་རྡོ་རྗེ་ཕྲེང་བའི་དབུས་སུ་རེའུ་མིག་དགུ་བྱས་པའི་དབུས་ཀྱི་གྲུ་བཞིའི་དཀྱིལ་འཁོར་བྲི་བའོ། །སྔགས་ཡིག་གཅིག་པོ་གཙོ་བོ་ནི། །ཞེས་པ་ནི་ ཡི་གེ་ཧཱུཾ་བཟླའོ། །དེ་ལྟར་དཀྱིལ་འཁོར་བྱ་བ་སྒྲུབ་པ་པོ་ཕྱི་མ་རྣམས་ཀྱིས་རང་གི་སློབ་དཔོན་ལ་མཆོད་པ་ཕུལ་ནས། བསྒྲུབ་པ་རྫོགས་མ་ཐག་ཏུ་ཡོན་དབུལ་བར་བྱའོ་ཞེས་གསུངས་པ། ཕྱི་ནས་སློབ་དཔོན་ལ་མཆོད་པ་ཞེས་པ་ལ་སོགས་པའོ། །སྐུ་གསུང་ཐུགས་ཀྱི་ཞེས་པ་ལ་སོགས་པ་ནི། 26-1-41b སྒྲུབ་པ་པོ་གང་གིས་སྐུ་གསུང་ཐུགས་ཀྱི་ངོ་བོ་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་སྐུ་གསུང་ཐུགས་འགྲུབ་འདོད་ན་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་འདི་བསྒོམ་པར་བྱའོ་ཞེས་པའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ནི། །རྡོ་རྗེ་བདུད་རྩི་ལས་ བྱུང་ངོ་། །ཞེས་པ་སྟེ། རྡོ་རྗེ་བདུད་རྩིའི་རྒྱུད་ལས་བྱུང་བའི་དཀྱིལ་འཁོར་ནི་རྡོ་རྗེ་སེམས་དཔའ་མི་བསྐྱོད་པའི་དཀྱིལ་འཁོར་ཡིན་པས། ཁམས་གསུམ་རྣམ་པར་རྒྱལ་བའི་བསྒོམས་ན་ཡང་མི་བསྐྱོད་པ་དང་ཐ་མི་དད་པས་སྐུ་གསུང་ཐུགས་འགྲུབ་པར་འགྱུར་རོ་ཞེས་པའི་དོན་ཏོ། །སྒྲུབ་པའི་ཐབས་ གསུངས་པ། ཟུར་གསུམ་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཟུར་གསུམ་ཞེས་པ་ནི་ཆོས་ཀྱི་འབྱུང་གནས་ཀྱི་དབྱིབས་རྡོ་རྗེ་འཛིན་མའི་སའི་རང་བཞིན་ནོ། །དཀྱིལ་ཞེས་པ་ནི་སྙིང་པོ་སྟེ་བདེ་བ་ཆེན་པོའི་རང་བཞིན་ཡེ་ཤེས་སོ། །འཁོར་ཞེས་པ་ནི། དེ་སྦྱིན་པའམ་དེ་ལ་འཁོར་བས་ན་དཀྱིལ་འཁོར་ ཞེས་པའོ། །གསང་བའི་པདྨ་ཞེས་པ་ནི་གསང་བའི་དབུས་སུ་པདྨ་དང་ལྡན་པའི་ཕྱིར་རོ། །ནང་དུ་སྙིང་པོ་དང་ཞེས་པ་ནི། ནང་དུ་སྙིང་པོ་སྤྱོད་ཡུལ་ཟླ་བའི་དཀྱིལ་འཁོར་དང་ལྡན་པའི་ཕྱིར་རོ། དེའི་དབུས་ནི་པདྨ་འདབ་བརྒྱད་ཀྱི་དཀྱིལ་འཁོར་གྱི་དབུས་སུའོ། །གསང་ཆེན་ཞེས་པ་ནི་མཱ་མ་ཀཱི་ སྟེ། གསང་བའི་ལྷ་མོ་མཛེས་པ་མོ་ལ་སོགས་པའི་གཙོ་མོར་གྱུར་པའི་ཕྱིར་རོ། །ཡང་ན་གསང་ཆེན་རྡོ་རྗེ་སེམས་དཔའ་སྟེ། དེའི་རིགས་ལས་བྱུང་བའི་ཕྱིར་རོ། །རིག་མ་དང་ཞེས་པ་ནི། མ་རིག་པའི་ཉིན་པོར་གྱུར་བའི་ཡེ་ཤེས་ལྷ་མོའི་གཟུགས་བཞུགས་པའི་མིང་ངོ་། །གཙོ་བོ་ཞེས་པ་ནི་ མི་བསྐྱོད་པ་སྟེ།གཡོ་བ་དང་མི་གཡོ་བ་ལ་ཁྱབ་པའི་བདག་ཉིད་ཆེན་པོ་ཡིན་པའི་ཕྱིར་རོ། །ཞལ་གསུམ་ཞེས་པ་ནི། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་སྟེ། རྣམ་པར་ཐར་པ་གསུམ་གྱི་རང་བཞིན་གྱི་ཕྱིར་རོ། །ཕྱག་དྲུག་ལ་ཞེས་པ་ནི། སྦྱིན་པ་ལ་སོགས་པ་ཕ་རོལ་ ཏུ་ཕྱིན་པ་དྲུག་གི་རང་བཞིན་གྱི་ཕྱིར་རོ། །དང་པོའི་ཞལ་ནི་ནག་པོ་སྟེ། །ཞེས་པ་ནི། དབུས་ཀྱི་ཞལ་དང་སྐུ་མདོག་ནག་པོ་སྟེ། ཐུགས་ཀྱི་རྡོ་རྗེ་དང་ལྡན་པའི་མཚན་མའོ། །གཡས་ཀྱི་ཞལ་ནི་དཀར་པོར་འདོད། །ཅེས་པ་ནི། གཡས་ཀྱི་ཞལ་དཀར་བ་སྟེ། སྐུའི་རྡོ་རྗེ་དང་ལྡན་པ་སྟེ་ཉིད་ 26-1-42a དོ། །གཡོན་དམར་པོ་ཞེས་པ་ནི། གསུང་གི་རྡོ་རྗེ་དང་ལྡན་པའི་མཚན་མ་གཡོན་གྱི་ཞལ་དམར་བའོ། །ལྷ་ཡི་རྒྱན་གྱིས་བརྒྱན་བྱེད་པ། །ཞེས་པ་ནི། དབུ་རྒྱན་དང་། སྙན་ཆ་དང་། དཔུང་རྒྱན་ལ་སོགས་པའི་ལྷའི་ཡུལ་གྱི་ཆ་ལུགས་ཀྱིས་བརྒྱན་པའོ། །ལྷའི་ན་ བཟའ་ཞེས་པ་ནི། ལྷའི་རས་ཀྱི་ན་བཟའ་སྣ་ཚོགས་པའོ། །མེ་ཏོག་ཕྲེང་ཞེས་པ་ནི། ཡོངས་འདུས་བརྟོལ་དང་མནྡ་ར་བའི་ཕྲེང་བའོ། །ལྷའི་དངོས་གྲུབ་བྱེད་ཅེས་པ་ནི། མིག་སྨན་ལ་སོགས་པའི་དངོས་གྲུབ་ཆེན་པོ་བརྒྱད་སྦྱིན་པའི་ཕྲིན་ལས་མཛད་དོ། །ཞི་བ་ནི། ཞི་བའི་ཚུལ་གྱི་ ཞལ་དང་ལྡན་པའི་ཕྱིར་རོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ཞེས་པ་ནི། དབུ་དང་མགྲིན་པ་དང་། ཐུགས་ཀ་ན་སྐུ་དང་གསུང་དང་ཐུགས་དང་ལྡན་པའོ། །དོན་ནི་འདི་ལྟ་སྟེ། དེ་འདྲ་བའི་ཡབ་ཡུམ་རྣལ་འབྱོར་པ་ཡིས་ཀྱང་བསྒོམ་པར་བྱའོ་ཞེས་པའི་ཐ་ཚིག་གོ། །ཕྱི་རོལ་དུ་ནི་ཞེས་པ་ནི། ཟུར་ གསུམ་པའི་ནང་དུ་པདྨ་འདབ་བརྒྱད་ཀྱི་ཕྱི་རོལ་ཏེ་བར་ནའོ། སྒོ་བཞི་པ་ཞེས་པ་ནི་ཉེ་བར་བརྟགས་པར་ཟད་དོ། །གཞན་ཡང་གྲུ་བཞི་དང་། ཏྭ་ར་ན་བཞི་དང་། སྒོའི་ཁྱམས་ལ་སོགས་པ་བརྟགས་ནས་ཚུལ་བཞིན་དུ་བྲི་བའོ། །ཤར་ཞེས་པ་ནི་ཤར་གྱི་སྒོའོ། །ཁྲོ་གཉེར་མ་གཞག་སྟེ་ཞེས་པ་ ནི།ཤར་གྱི་སྒོ་ན་སྒོ་སྲུང་ཁྲོ་གཉེར་མ་བཀོད་པའོ། །ལྷོ་ན་འཇིགས་པར་འཇིགས་བྱེད་མ། ཞེས་པ་ནི་གོ་སླའོ། །གྲྭ་རྣམས་ལ་མེ་ཏོག་མ་ལ་སོགས་པ་དང་། སྣམ་བུ་ལ་པི་ཝང་མ་ལ་སོགས་པ་བཀོད་པའོ། །དེ་འདྲ་བའི་དཀྱིལ་འཁོར་བྲིས་ནས་ནམ་མཁའི་གཞིར་ཡོངས་སུ་བརྟགས་པའི་ སེམས་ཀྱིས་དཀྱིལ་འཁོར་དེ་ལ་བཀུག་ནས་གཉིས་སུ་མེད་པར་བྱ་སྟེ། བསྟོད་ཅིང་མཆོད་ནས་དམ་ཚིག་དབུལ་ཏེ་བཟོད་པར་གསོལ་ནས། བསྒྲུབ་པའི་དོན་ལ་གསོལ་བ་བཏབ་སྟེ། ལྷའི་ང་རྒྱལ་དང་གཉིས་སུ་མེད་པར་གྱུར་པའི་སློབ་དཔོན་གྱིས་ཞུས་ནས་གསང་བའི་དཀྱིལ་འཁོར་བསྒྲུབ་པར་ བྱའོ་ཞེས་སོ། །དེ་ནི་དཀྱིལ་འཁོར་བྲི་བའི་རིམ་པའོ། །དེ་ལྟར་བྲིསཔའི་དཀྱིལ་འཁོར་གྱི་ནང་དུ་བཀོད་པའི་ལྷ་མོ་གསུངས་པ། མཁས་པས་པདྨ་འདབ་བརྒྱད་ལ། །ཞེས་པ་ལ་སོགས་པ་སྟེ། དེ་ལ་རི་བོང་འཛིན་པ་ཞེས་པ་ནི་ཟླ་བ་སྟེ་དཀྱིལ་ན་རི་བོང་གི་པགས་པ་དང་ལྡན་པའི་ཕྱིར་རོ། །དེའི་ 26-1-42b གཏན་ཚིགས་ནི་སྐྱེས་རབས་ཀྱི་ནང་ན་གསལ་ལོ། །ཟླ་བའི་དཀྱིལ་འཁོར་ལྟར་མཛེས་པའི་ཞལ་དང་ལྡན་པའི་རི་བོང་འཛིན་གྱི་དཀྱིལ་འཁོར་ཞེས་སོ། །རིག་མ་བརྒྱད་དང་ཞེས་པ་ནི། བཅོམ་ལྡན་འདས་ཀྱིས་མ་རིག་པ་ཀུན་གཞི་ལ་སོགས་པའི་གཉེན་པོར་གྱུར་པ་ཡང་རིག་པའི་ཡེ་ཤེས་བུད་མེད་ཀྱི་ གཟུགས་སུ་གྱུར་པ་ནི་རིག་མ་བརྒྱད་ཅེས་ཏེ། ཡེ་ཤེས་ཀྱི་ཕུན་སུམ་ཚོགས་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །ཡང་ན་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་བཞི་དང་། ཚད་མེད་པ་བཞིའི་ཡེ་ཤེས་ལྷ་མོའི་གཟུགས་སུ་གྱུར་པ་ནི་རིག་མ་བརྒྱད་ཅེས་བྱའོ། །དགེ་མ་བརྒྱད་ཅེས་པ་ནི། པི་ཝང་ མ་ལ་སོགས་པའི་མཆོད་པའི་ལྷ་མོ་བརྒྱད་དེ། བཅོམ་ལྡན་འདས་ཀྱི་བསོད་ནམས་འབྲས་བུ་སྨིན་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲ་བ་ལས་གསུངས་པ། མཉེས་པར་བྱེད་པའི་དགེ་མའི་ཞེས་པའོ། །སྣ་ཚོགས་ཞེས་པ་ནི་སྐུ་མདོག་སྟེ་བཀྲལ་ཟིན་ཏོ། །དགེ་ མ་བརྒྱད་ཀྱི་དངོས་པོ་བསྟན་པ། མཆོད་པའི་གླིང་བུ་ཞེས་པ་ལ་སོགས་པ་སྟེ། དེ་ལ་སོགས་པའི་སྒྲས་ནི་པི་ཝང་མ་དང་རྫ་རྔ་མ་དང་། མར་མེ་མ་དང་། དྲི་ཆབ་མའོ། །གསང་བ་ཞེས་པ་ནི། མཛེས་མ་ལ་སོགས་པའི་ལྷ་མོ་རྣམས་ལ་གསུངས་པའོ། །དེ་དག་བསྒྲུབ་པར་བྱ་ཞེས་པའོ། ། འདིར་ནི་མཆོད་པ་ཇི་ལྟར་ལགས། །ཞེས་པ་དེའི་ལན་གསུངས་པ། མ་དང་བྱན་མོ་ཞེས་པ་ལ་སོགས་པ་ནི། མཱ་མ་ཀཱི་ལ་སོགས་པའི་གཟུགས་དང་ཕྱག་མཚན་གྱི་སྒོ་ནས་བསྒོམ་པ་སྟེ། དེ་ལ་ཡང་གཙོ་མོ་མཱ་མ་ཀཱི་ལ་སོགས་པའི་ལྷ་མོ་ལྔ་དང་སྦྱར་ནས་མ་ལ་སོགས་པ་ལྔ་བསྒྲུབ་པར་བྱ་སྟེ། མ་ནི་མཱ་མ་ཀཱི་དང་སྦྱོར། བྱན་མ་ནི་མཛེས་མ་མོ་དང་སྦྱར། བུ་མོ་ནི་ཞི་བའི་ཞལ་དང་སྦྱར། སྲིང་མོ་ནི་ཟླ་བ་མོ་དང་སྦྱར། གཉེན་མོ་ནི་རི་བོང་འཛིན་མ་དང་སྦྱར། གསང་བའི་དཀྱིལ་འཁོར་བསྒྲུབ་པའི་ཡོན་ཏན་བདུད་རྩི་བླང་བའི་དོན་བཤད་པ། མ་ལས་བདུད་རྩི་བླངས་ནས་སུ། །ཞེས་པ་ལ་ སོགས་པ་སྟེ། དེ་ལ། རྡོ་རྗེ་བདུད་རྩི་དང་མཉམ་འགྱུར། །ཞེས་པ་ནི། རྣལ་འབྱོར་པ་མི་བསྐྱོད་པ་དང་དབྱིབས་དང་། མཐུ་མཉམ་པར་འགྱུར་རོ། །དོན་ཡོད་གྲུབ་ཅེས་པ་ནི། བདུད་རྩི་འདི་ལ་བརྟེན་ན་བསྐལ་པ་གྲངས་མེད་པར་ཐོབ་དཀའ་བའི་བྱང་ཆུབ་ཐོབ་པའི་ཕྱིར་རོ། །གཞན་ནི་ 26-1-43a གོ་སླའོ། །ད་ནི་གོང་དུ་གསུངས་པའི་མ་དང་སྲིང་མོ་ལ་འདོད་པ་བསྐྱེད་པར་བྱ་བའི་རྒྱུད་གསུངས་པ། བུང་བ་རྩེ་བའི་ཚུལ་གྱིས་ནི། །ཞེས་པ་སྟེ། བུང་བ་བཞིན་དུ་བདེ་བའི་མགོ་བརྩམ་པ་ལ་འཁྱུད་པ་དང་རྩེ་བ་སྔོན་དུ་བྱས་ནས། ཚིག་བདུད་རྩི་ལྔ་པ་ཞེས་པ་ལ་སོགས་པ་ སྟེ་གོ་སླའོ། །རྡོ་རྗེ་སེ་གོལ་མཉམ་སྦྱོར་གྱིས། །ཞེས་པ་ནི། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་ཕན་ཚུན་བསྣོལ་ཏེ། སེ་གོལ་ལན་གསུམ་གཏོགས་ནས་རྡོ་རྗེ་བསྡུ་བའི་ཏིང་ངེ་འཛིན་བསྒོམས་ཏེ། སྔགས་ལན་གསུམ་བརྗོད་ནས་ལྷའི་དཀྱིལ་འཁོར་དགུག་པར་བྱའོ། །ཡང་ན་རྗེས་སུ་ སྦྱོར་བའི་རྡོ་རྗེ་དང་པདྨོའི་སྦྱོར་བས་རྡོ་རྗེ་སེ་གོལ་ཞེས་ཏེ། དེས་དཀྱིལ་འཁོར་གྱི་ལྷ་བདུད་རྩིའི་ཐིག་ལེ་དང་། རྒྱུད་མཐུན་པར་བསྐྱེད་ནས་བདེ་བ་ཆེན་པོའི་དངོས་གྲུབ་བསྐྱེད་པར་བྱའོ། །ད་ནི་རྗེས་སུ་སྦྱོར་བའི་རིམ་པས་དཀྱིལ་འཁོར་གསང་བའི་མཆོད་པས་མཆོད་དེ་བདུད་རྩི་བསྒྲུབ་པ་གསུངས་པ། རྣལ་འབྱོར་པ་དང་རྣལ་འབྱོར་མའི། །ཞེས་པ་ལ་སོགས་པའོ། །བདུད་རྩི་ལོག་པར་བླངས་པའི་སྐྱོན་བསྟན་པ། ལག་པ་ཡིས་ནི་ཞེས་པ་ལ་སོགས་པའོ། །རྣལ་འབྱོར་མས་ཀྱང་སྤྱོད་པའི་ཚུལ་བསྟན་པ། རིག་མ་ཆེན་པོ་ཡང་བྱུང་ནས། །རྡོ་རྗེ་ལ་ཡང་འོ་བཏབ་བོ། །ཞེས་པའོ། །དེའི་ཡོན་ཏན་ གསུངས་པ། དེ་ནི་སངས་རྒྱས་ཉིད་འགྲུབ་པ། །ཞེས་ཏེ། དེ་ལྟར་ཐབས་དང་ཤེས་རབ་ཀྱི་རོལ་པས་འགྲུབ་པའི་རྣལ་འབྱོར་པའམ་རྣལ་འབྱོར་མ་ནི་གཏི་མུག་གི་གཉིད་བསལ་ནས་ཚིག་གི་དོན་ཐམས་ཅད་རྟོགས་ནས་སངས་རྒྱས་པའོ། །སངས་རྒྱས་པ་དེ་ཅི་འདྲ་བ་ཡིན་ཞེ་ན། ཁུ་བའི་ གཟུགས་ཅན་བདུད་རྩིའོ། །ཞེས་པ་སྟེ། བདེ་བ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་སོ་སོ་རང་རིག་པའི་རྟོགས་པའོ། །རྡོ་རྗེ་བདུད་རྩི་ཞེས་པ་ལ་སོགས་པ་ནི་འབྲེལ་ཟིན་ཏོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་བསྒྲུབ་པ་བསྟན་པ་ཞེས་བྱ་བའི་ལེའུ་ཞེས་པ་ནི། བཅོམ་ལྡན་འདས་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་ བསྒྲུབ་པའི་ཚིག་དོན་སྡེར་ལོངས་པའོ། །རྡོ་རྗེ་བདུད་རྩི་རྒྱུད་ཀྱི་ལེའུ་དྲུག་པའི་རྣམ་པར་བཤད་པའོ།། །།ད་ནི་མཆོད་པ་སྔོན་དུ་བྱས་ནས་བསམ་གཏན་ལ་ཕབ་ཅིང་ཞེས་འདོད་པའི་བཅོམ་ལྡན་འདས་ལ་དབྱངས་ཀྱིས་བསྟོད་ནས་ཞུས་པ། དེ་ནས་ལྷ་མོ་མཱ་མ་ཀཱིས། །ཞེས་པ་ལ་སོགས་ 26-1-43b པ་སྟེ། དེ་ལ། དགའ་བའི་རོལ་པ་ཆེར་ཞུས་པ། །ཞེས་པ་ནི། ཐབས་དང་ཤེས་རབ་ཀྱི་རོལ་པ་ལ་གནས་པས་ཐལ་མོ་སྦྱར་ཏེ། དབྱངས་འདི་དག་ནི་ཆེད་དུ་བླངས། །ཞེས་པའོ། །དབྱངས་ཀྱི་ཚིགས་གསུངས་པ། དེ་ལ་རེ་ཞིག་སྐུའི་རྡོ་རྗེའི་སྒོ་ནས་བསྟོད་པ། དཔའ་བོ་ཆུ་སྐྱེས་སྔོན་ པོའི་སྐུ། །ཞེས་པ་ལ་སོགས་པ་སྟེ། དེ་ལ་དཔའ་བོ་ཞེས་པ་ནི། རྟོག་པ་དང་བཅས་པའི་ཕྱིན་ཅི་ལོག་པའི་འདོད་ཆགས་ལ་སོགས་པའི་གཡུལ་ལས་རྒྱལ་བའི་ཕྱིར་རོ། །དེ་ནི་རང་བཞིན་གྱི་སྒོ་ནས་བསྟོད་པའོ། །ཆུ་སྐྱེས་ཞེས་པ་ནི། མེ་ཏོག་ཨུཏྤ་ལ་ལ་སོགས། དེ་དང་འདྲ་བ་སྔོན་ པོའི་སྐུ། །ཞེས་པ་སྟེ། གཉིས་སུ་རྟོག་པ་ལ་ཞེ་སྡང་བའི་ཕྱིར་རོ། །དེ་ནི་སྐུ་མདོག་གི་སྒོ་ནས་བསྟོད་པའོ། །དཔའ་བོ་གཞན་གྱིས་ཡོངས་བསྐོར་ཞིང་། །ཞེས་པ་ནི་དཀྱིལ་འཁོར་གྱི་ལྷ་མོའོ། །དེ་ཁོ་ན་གསུངས་པ། ཕྱག་རྒྱ་མོའི་ཚོགས་ཞེས་པ་ནི། མཛེས་མ་མོ་ལ་སོགས་པའི་ རིག་མ་རྣམ་པ་བརྒྱད་ལ་སོགས་པས་ཡོངས་སུ་བསྐོར་བར་བྱ་བའི་ཚོགས་སོ། །དེ་དག་དང་མཉམ་ལྡན་པ་ཡི། །ཞེས་པའོ། །དེ་ནི་འཁོར་གྱི་སྒོ་ནས་བསྟོད་པའོ། །དེ་འདྲ་བའི་བཅོམ་ལྡན་འདས་ལ་བདག་ཕྱག་འཚལ་ཞེས་པ་དང་སྦྱོར་རོ། །གསུང་གི་སྒོ་ནས་བསྟོད་པ། སྟོན་ཀའི་ནམ་ མཁའ་དང་འདྲ་བ། །ཞེས་པ་ནི། མཚན་མ་མེད་ཅིང་དྲི་མས་མ་གོས་པའོ། །ང་རོ་ནི་ཡི་གེ་ཧཱུཾ་བཟླ་བའོ། །ཇི་ལྟར་བཟླ་བར་བྱ་ཞེ་ན། བུང་བ་ལྟར་ཞེས་པ་དང་པདྨའི་སྟེང་ན་བུང་བ་སྒྲ་སྒྲོགས་པ་དང་ལྡན་པར་རྩི་འཇིབ་པ་ལྟར་ལྷ་མོའི་གསང་བའི་པདྨ་ལ་ཡི་གེ་ཧཱུཾ་བཟླ་ཞིང་འཇིབ་པའི་ཕྱིར་ རོ། །དགའ་བར་བཞུགས་པའི་ཞེས་པ་ནི། གསང་བའི་པདྨ་དང་རྡོ་རྗེ་སྦྱར་ནས་བཞུགས་སོ། །སྐལ་བཟང་བ་ཞེས་པ་ནི་སེམས་ཅན་གྱི་དོན་མཛད་པའི་ཕྱིར་རོ། །དེ་ལྟར་ཡང་སངས་རྒྱས་མཉམ་སྦྱོར་ལས་གསུངས་པ། སྲིད་པ་ཤིན་ཏུ་བསྒྲུབ་པས་ན། །སྐལ་བཟང་སངས་ རྒྱས་བཅོམ་ལྡན་འདས། །སྐལ་ངན་ཉན་ཐོས་འཇིག་རྟེན་ན། །ཤིན་ཏུ་མྱ་ངན་འདས་ཕྱིར་རོ། །ཞེས་པའོ། །དེ་འདྲ་བ་ལ་བདག་ཕྱག་འཚལ། །ཞེས་པ་དང་འབྲེལ་ཏོ། །ཐུགས་ཀྱི་སྒོ་ནས་བསྟོད་པ། ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། དི་ལ་ཐམས་ཅད་ནི་ཕྱོགས་བཅུའི་ 26-1-44a ཕྱོགས་ཀུན་ནའོ། །ཐམས་ཅད་ནི་རྣམ་པ་ཐམས་ཅད་དོ། །དེ་འདྲ་བའི་གཟུགས་མེད་པ་ནི་རྣམས་ཏེ་ནམ་མཁའ་དང་འདྲ་བའི་ཕྱིར་རོ། །ཐམས་ཅད་མཁྱེན་པ་ཞེས་པ་ནི། ཤེས་བྱའི་སྒྲིབ་པ་སྤངས་པས་སྤངས་པ་དང་། བླང་བའི་མཚན་ཉིད་མཁྱེན་པའོ། །ཐམས་ ཅད་མཛེས་ཞེས་པ་ནི། སེམས་ཅན་ཐམས་ཅད་ཀྱི་སེམས་ལ་གནས་པའི་ཕྱིར་རོ། །ཡང་ན་རྡོ་རྗེ་སེམས་དཔའ་ནི་མྱ་ངན་ལས་འདས་པ་ཀུན་གྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་འདྲ་བའི་བཅོམ་ལྡན་འདས་ལ་ཡང་དག་དབང་པོ་ཞེས་པ་ནི་དད་པའི་དབང་པོ་སྟེ་དེའི་ལམ་གྱིས་ན་ཞེས་པ་སྟེ། དད་ པའི་སྒོ་ནས་བདག་ཕྱག་འཚལ། །ཞེས་པ་དང་འབྲེལ་ཏོ། །ཡང་ན་ཡང་དག་དབང་པོའི་ནི་གསང་བའི་པདྨ་སྟེ། ཡང་དག་པའི་བདེ་བ་ཆེན་པོ་ལ་དབང་བྱེད་པའི་ཕྱིར་རོ། །གསང་བའི་པདྨ་དེའི་ལམ་གྱིས་མཆོད་པར་བྱ་སྟེ། བདག་ཕྱག་འཚལ་ཞེས་པའོ། །ད་ནི་ཁམས་གསུམ་རྣམ་པར་ རྒྱལ་བའི་དཀྱིལ་འཁོར་གྱི་སྒོ་ནས་བསྟོད་པ། མ་ལུས་པའི་ཞེས་པ་ལ་སོགས་པ་སྟེ། དེ་ལ་མ་ལུས་པའི་ཁམས་གསུམ་ཞེས་པ་ནི། ཕྱོགས་བཅུའི་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་སོ། །དེ་དག་ལ། རྡོ་རྗེ་བདུད་རྩི་དཔེ་མེད་པ། །ཞེས་ པ་སྟེ། དེ་དག་ལ་རྡོ་རྗེ་བདུད་རྩི་སོ་སོ་རང་གིས་རིག་པའི་དཔེ་ནི། གང་གིས་ཀྱང་བརྗོད་དུ་མི་ལོང་བའི་ཕྱིར་རོ། །ཉི་ཤུ་རྩ་བཞི་རིན་ཆེན་མོ། །ཞེས་པ་ནི། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལ་སྟོན་པའི་ལྷ་མོ་མཛེས་མའི་ཞེས་བྱ་བ་ལ་སོགས་པ་ནི་རིན་ཆེན་མོ་ཞེས་ཏེ། དེ་ལ་ཁམས་གསུམ་ རྣམ་པར་རྒྱལ་བའི་དཀྱིལ་འཁོར་ལས་གསུངས་པའི་མཛེས་མ་ལ་སོགས་པ་བརྒྱད་དང་། སེམས་མ་རྡོ་རྗེ་མ་ལ་སོགས་པ་བཞི་སྟེ་རིག་མ་བཅུ་གཉིས་དང་། ལཱ་སྱེ་ལ་སོགས་པ་བཞི་དང་། མེ་ཏོག་མ་ལ་སོགས་པ་བཞི་དང་། གླིང་བུ་མ་ལ་སོགས་པ་དང་། དེ་ལྟར་དགེ་བའི་ལྷ་མོ་བཅུ་གཉིས་ཏེ་ལྷ་ མོ་ཉི་ཤུ་རྩ་བཞིའོ། །བསྒྲུབ་པའི་ལྷ་མོ་ལྕགས་ཀྱུ་མ་ལ་སོགས་པ་བཞི་ནི་ཉི་ཤུ་རྩ་བཞིའི་རྩིས་ལ་མི་གཏོགས་ལ་དཀྱིལ་འཁོར་ལ་ནི་བྲིའོ། །ལྷ་མོ་དེ་ལ་ཤིན་ཏུ་ཆགས་པས་དགའ་བྱེད་པ་གང་ཡིན་པ་དེ་དེ་ལྟར་ཏེ། ཡིད་ལ་རྟོགས་པ་ཁོ་ནའི་ལས་སུ་གྱུར་པ་ནི་ཤིན་ཏུ་ཆགས་པས་དགའ་ 26-1-44b བར་ཞེས་པའོ། །སེན་མོ་རྗེས་དང་ཆགས་པའི་སྐུ། །ཞེས་པ་ནི་བདེ་བ་ཆེན་པོ་བསྐྱེད་པར་བྱ་བའི་དོན་དུ་ལྷ་མོ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་སྐུ་ལ་སེན་མོས་བཏབ་པའོ། །དེ་དང་འདྲ་བའི་རྡོ་རྗེ་བདུད་རྩི་ལ་ཕྱག་འཚལ། །ཞེས་པའོ། །སཾ་སྐྲྀ་ཏའི་སྐད་ཀྱི་དབྱངས་ཀྱིས་བསྟོད་ནས། ད་ནི་པྲ་ཀྲྀ་ཏའི་སྐད་ཀྱིས་བསྟོད་པ། ཨུཏྤལ་སྔོན་པོ་ཞེས་ པ་ལ་སོགས་པ་སྟེ་ཨུཏྤལ་སྔོན་པོ་དང་འདྲ་བའི་ཕྱག་སྔོན་པོ་དང་གང་ལྡན་པའི་བཅོམ་ལྡན་འདས་དེ་ནི་ཨུཏྤལ་སྔོན་པོའི་འདབ་མ་ལྟ་བུར་ཕྱག་སྡོ་བ་ཞེས་བྱའོ། །དེ་ནི་སྐུ་མདོག་གི་སྒོ་ནས་བསྟོད་པའོ། །ཁྱོད་ཁོ་ན་སངས་རྒྱས་ཞེས་ཏེ་སངས་ཤིན་ཏུ་རྒྱས་ནས་གཏི་མུག་གི་གཉིད་བསལ་བའི་ཕྱིར་རོ། །དེ་ནི་ཡེ་ཤེས་ཀྱི་སྒོ་ ནས་བསྟོད་པའོ། །དེ་བཞིན་གཤེགས་པ་ཞེས་པས་ནི་ཁྱོད་ནི་དེ་བཞིན་གཤེགས་པ་ཡང་ཡིན་ཏེ་ཤེས་བྱ་ཐམས་ཅད་ཀྱི་རྒྱ་མཚོ་ཡོངས་སུ་མཁྱེན་པའི་ཕྱིར་རོ། །དེ་ནི་མཁྱེན་པའི་སྒོ་ནས་བསྟོད་པའོ། །རྡོ་རྗེ་ནི་མི་འཇིགས་པ་སྟེ་རྡོ་རྗེ་ཐེག་པའི་མངོན་དུ་གྱུར་པའི་ཕྱིར་རོ། །དེ་ནི་ཐེག་པའི་སྒོ་ནས་བསྟོད་པའོ། །ཁྱོད་ ཀྱིས་ནི་བདག་ལ་ཤིན་ཏུ་དགའ་བའི་རྗེས་སུ་ཆགས་པ་སྟེ་ཞེས་པ་སྟེ། ཁྱོད་ཀྱིས་ཆོས་ཀྱི་སྐུར་བཞུགས་པ་ལས་བཞེངས་ཏེ་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་བདག་ལ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་ལོངས་སྤྱོད་ཅིག་ཅེས་པའོ། །ཅིའི་ཕྱིར་ན་ཁྱོད་ཁམས་གསུམ་ལ་བསྒྲུབ་པར་བྱ་བའི་ཞེས་པ་སྟེ། སྣ་ཚོགས་ཀྱིས་སྐུ་འདུ་བ་རྣམས་ཀྱི་དོན་ཕྱིར་བསྐྱོད་པར་མཛོད་ཅེས་པའི་དོན་ཏོ། །དེ་ནི་སེམས་ཅན་གྱི་དོན་དུ་གསོལ་བ་བཏབ་པའོ། །ད་ནི་མངོན་པར་བྱང་ཆུབ་པ་ལྔའི་སྒོ་ནས་བསྟོད་པ། ཁྱོད་ནི་ཞེས་པ་ལ་སོགས་པ་སྟེ་དེ་ལ་ཁྱོད་ནི་ཞེས་པ་ཀྱེ་བཅོམ་ལྡན་འདས་ཞེས་བོད་པའི་ཚིག་གོ། །སྐྱོན་མེད་པ་ཞེས་པ་ནི་ཕྱིའི་ གཟུང་བའི་རྣམ་པས་འཛིན་པའི་རྣམ་པར་ཤེས་པ་དེའི་གཟུགས་ཉེ་བར་ལེན་པ་ཡིན་ཏེ་ཤེལ་གྱི་ནོར་བུ་བཞིན་དུ་སྔོན་པོ་ལ་སོགས་པ་ཉེ་བར་གྱུར་ནས། གློ་བུར་གྱི་རྣམ་པར་སྒྲོ་འདོགས་པས་དེའི་རྣམ་པར་སྣང་མཛད་བྱ་བ་ནི་སྐྱོན་ཏེ། དེ་ཡང་བཅོམ་ལྡན་འདས་དེ་ལ་མེད་དོ་ཞེས་པ་སྟེ་དེ་གཉིས་ཀྱང་དོན་མེད་པའི་ ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ན་དམ་པའི་ཞེས་པ་སྟེ། མྱ་ངན་ལས་འདས་པ་ཞེས་བྱ་བའི་གོ་འཕང་ངོ་། །དེ་བས་ན་སྟོང་པ་ལ་ཞེས་བྱ་བ་སྟེ་དེ་ཉིད་སྟོང་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཏེ། ཅིའི་ཕྱིར་ཞེ་ན། དངོས་པོ་ཐམས་ཅད་སྣང་བ་ཙམ་ཉིད་དུ་སྣང་བ་ལ། དེ་ཁོ་ན་ཉིད་མ་མཐོང་བ་རྣམས་ཀྱིས་དོན་མེད་པ་གཟུང་བ་དང་འཛིན་པ་ངང་གིས་རྟོགས་ 26-1-45a ལ། དེ་ཉིད་ཀྱང་དོན་དམ་པར་ནི་འཁྲུལ་པར་གཏན་ལ་ཕབ་སྟེ། ཆོས་ཐམས་ཅད་འབིགས་པའི་ཤེས་རབ་ཀྱིས་རྣམ་པར་དཔྱད་པ། གཞན་ལས་གཞན་སྐྱེ་བ་མེད་པའི་ཕྱིར་འདི་དག་ཐམས་ཅད་རིགས་པས་མི་སྦྱོར་རོ། །འོ་ན་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པས་དོན་དམ་པར་བཅོམ་ལྡན་འདས་ཀྱང་བདེ་བ་ཆེན་ པོ་ལ་གནས་པ་སོ་སོ་རང་རིག་པ་ལྟ་བ་གསལ་བ་གཉིས་སུ་མེད་པའི་རང་བཞིན་སྟོང་པ་ཉིད་ཁོ་ནའོ། །སྟོང་པ་ཉིད་ལས་བྱུང་བ་ཁྱོད་ནི་ཡང་ཡིག་འབྲུ་ཞེས་པ་སྟེ་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གཡོ་སྟེ་གཟོད་མ་མེད་པ་ནས་ཀྱང་སྲིད་པའི་ཉེ་བར་ལེན་པའི་ཕུང་པོའི་རྐྱེན་དེ་ལས་གཞན་མེད་པ་ཉིད་གྱི་ཕྱིར་རོ། །རྡོ་རྗེ་ གྱུར་པ་ནི་ཡིག་འབྲུས་རྡོ་རྗེ་བསྐྱེད་ནས་རྡོ་རྗེའི་བུམ་པར་ཡང་ཡིག་འབྲུ་དང་ལྡན་པར་བསྐྱེད་པར་ཞེས་པའི་དོན་ཏོ། མགོན་པོ་ཁྱོད་ཅེས་པ་ནི་རྡོ་རྗེ་དེ་ལས་ལོངས་སྤྱོད་རྫོགས་པའི་སྐུ་ཕྱག་རྒྱ་ཆེན་པོར་བྱུང་བ་ནི་མགོན་པོ་སྟེ་གཡོ་བ་དང་མི་གཡོ་བ་ལ་ཁྱབ་པའི་བདག་ཉིད་ཀྱི་ཕྱིར། །དེ་ནི་མངོན་པར་བྱང་ཆུབ་པ་ལྔའི་སྒོ་ནས་བསྟོད་ པའོ། །དེ་འདྲ་བའི་བཅོམ་ལྡན་འདས་ཁྱོད་ནི་བར་སྣང་ལ་རྒྱུ་བ་དང་ས་སྟེང་ན་གནས་པ་མི་རྒྱུ་བ་གང་གིས་ཁྱོད་མཐོང་ན། དེ་དག་འཁོར་བ་རུ་ནི་ག་ལ་འགྲོ། །ཞེས་པ་སྟེ་འགྲོ་བ་མ་ཡིན་ནོ་ཞེས་པ་སྟེ། དེ་ལྟར་དབྱངས་ཀྱི་ཚིག་བསྟན་ནས་རྡོ་རྗེ་གར་བསྟན་པ། རྡོ་རྗེ་གར་ནི་རྣམ་པར་བྱེད། །ཅེས་པ་ལ་སོགས་པ་སྟེ་དེ་ལ་རྡོ་རྗེ་གར་ནི་བཅིངས་ པ་དང་རྡོ་རྗེ་ཁུ་ཚུར་ལས་བྱུང་བའི་གར་རོ། །རྣམ་པར་བྱེད་ནི་འོག་ནས་འབྱུང་བའི་རྐེད་པའི་གར་ལ་སོགས་པ་རྣམས་སོ། །གར་ནི་རྣམ་པར་བྱེད་ཅེས་པ་གང་ཞེ་ན། རྐེད་པ་དང་ནི་ཞེས་ཏེ་དཀུ་གཡས་གཡོན་དུ་མཉམ་པར་བསྐྱོད་པའི་གར་རོ། །དཔུང་པ་ཡིས་ནི་ཞེས་པ་ནི་དཔུང་པ་དང་ལག་པ་ལས་བྱུང་བའི་གར་རོ། །མགོའི་གར་ཞེས་ པ་ནི་མགོ་བསྐྱོད་པ་དང་མིག་བཟུར་བ་དང་སྨིན་མ་བཏེག་པ་ལས་བྱུང་བའི་གར་རོ། །གར་གྱི་གཞུང་འདི་ཞེས་པ་ནི་དྲང་སྲོང་བ་ཏྭར་ཞེས་བསྟན་པའི་གར་གྱི་གཞུང་འདིའོ། །མཚན་ཉིད་དོ་ཞེས་པ་ནི་གོང་དུ་ཐལ་བའི་རྐེད་པའི་གར་ལ་སོགས་པའི་མཚན་ཉིད་བཞི་དག་གོ། །དེ་ཁོ་ན་གསལ་བར་བྱེད་པ་བཅོམ་ལྡན་འདས་ཉིད་ཀྱིས་སྟོན་པ་དེ་ལ་ རེ་ཞིག་རྐང་པའི་གར་བཤད་པ་རྗེས་ཐབས་ནི་རྐང་པའི་གར་གྱི་གོམ་པ་སྟེ། མཐེ་བོང་གི་རྩེ་ལ་བཙུགས་པ་དང་རྟིང་པ་དབབ་པའོ། །རྗེས་སུ་རིམ་དང་ཞེས་པ་ནི་རྐང་པ་གཡས་གཡོན་གྱི་རིམ་པའོ། །ཡང་མཐེབ་མོའི་རྩེ་མོ་དང་རྟིང་པའི་རིམ་པའོ། །བསྟོད་པ་དང་ནི་ཞེས་པ་ཡར་བཏེག་པའོ། །ད་ནི་རྐེད་པའི་གར་འགྲེལ་པ། འགྱིང་བ་སྟེ་ཞེས་པ་ནི་ 26-1-45b འཇོ་བའི་ཚུལ་དང་ལྡན་པའོ། །མགོའི་གར་འགྲེལ་པ། རྒྱས་པ་དང་ཞེས་པ་ནི་བཞད་པའི་ཚུལ་དང་། འདུད་པ་དང་ཞེས་པ་ནི་མགོ་གཡས་གཡོན་དུ་བྱོལ་ནས་གར་བྱེད་པའོ། །གསལ་པོར་བྱེད་པ་ནི་དེ་དག་ཀུན་མ་འདྲེས་པར་བྱེད་པའོ། །རྒྱས་པ་དང་ནི་ཞེས་པ་ནི། ལྷ་མོ་མཱ་མ་ཀཱི་འཁོར་དང་བཅས་པས་རྒྱས་པའི་ཚུལ་དང་ལྡན་ པའི་ཕྱིར་རོ། །སྨིན་བསྐྱོད་པར་ཞེས་པ་ནི། གར་དང་མཐུན་པར་སྨིན་མ་བསྐྱོད་པའོ། །དཔུང་པའི་གར་འགྲེལ་པ། ལག་པའི་ཕྱག་རྒྱ་སྦྱོར་བ་ཡིན། །ཞེས་ཏེ་མེ་ཏོག་མ་ལ་སོགས་པ་བཞི་དང་། རྔ་ཆེན་མ་ལ་སོགས་པ་བཞིས་མཆོད་པའི་གར་རོ། །སྟབས་བརྒྱད་ཚུལ་གྱིས་གར་བྱེད་དེ། །ཞེས་ པ་ནི། གང་གི་རྫས་ཐབས་ལ་སོགས་པ་ནས་སྨིན་བསྐྱོད་ཀྱི་བར་གྱི་གར་བརྒྱད་ཀྱིས་གར་བྱེད་ཅེས་སོ། །དེ་ལྟར་གར་གྱི་མཆོད་པ་བྱེད་པ་ལ་མཱ་མ་ཀཱིས་གསང་བའི་མཆོད་པ་བྱའོ་ཞེས་གསུངས་པ། རྒྱས་པའི་པདྨ་ཞེས་པ་ལ་སོགས་པ་སྟེ། དེ་ལ། རྡོ་རྗེ་བཅིངས་ཀྱིས་རྡོ་རྗེ་ནི། །ཞེས་པ། རྡོ་རྗེ་བཅིངས་ པའི་ཕྱག་རྒྱས་གསང་བའི་རྡོ་རྗེ་བཟུང་ནས། རྡོ་རྗེ་བེ་ཅོན་འོ་བཏབ་བྱ། །ཞེས་པའོ། །དོན་ནི་འདི་ལྟ་སྟེ། དེ་དག་རྣམ་པ་བཞིའི་ལུས་ཀྱིས་གར་ཕུལ་ཏེ་བཅོམ་ལྡན་འདས་ལ་ཡང་དག་པར་གསང་བའི་མཆོད་པས་མཆོད་ནས་ཞུས་སོ་ཞེས་པའི་ཐ་ཚིག་གོ། །ལན་བཏབ་པ་གསུངས་པ། དེ་ནས་བཅོམ་ ལྡན་འདས་ཞེས་པ་ལ་སོགས་པ་སྟེ། དེ་ལ་བཞུགས་ཤིག་མི་གཡོ་བར། །ཞེས་པ་ནི། གང་གི་ཚེ་སྦྱོར་བ་ཆེན་པོར་བཞུགས་ནས་བཅོམ་ལྡན་འདས་ཀྱིས་བདེ་བ་ཆེན་པོ་བསྐྱོད་པར་བྱེད་པ་དེའི་ཚེ་བཅོམ་ལྡན་འདས་མ་དེ་ནི་མི་གཡོ་བར་སྐྱེ་བའོ། །བཅོམ་ལྡན་འདས་དེ་ཁོ་ན་བདུད་རྩི་ཞེས་པ་སྟེ། བདེ་བ་ཆེན་ པོའི་རྣམ་པ་ནང་གི་ངོ་བོའོ། །དེ་བཞིན་ཉིད་མཆོག་ཅེས་པ་ནི་ལྷག་པའི་བྱང་ཆུབ་སེམས་དེ་རང་གི་ལུས་ལ་ཁྱབ་པར་བསམ་པ་ཞེས་པའོ། །དེ་ནི། བདུད་རྩི་ཐིག་ལེའི་གཟུགས་ཅན་དེ། །ཞེས་པ་དེས་ནི་བདེ་བ་དམ་པར་བཞུགས་པའི་བཅོམ་ལྡན་འདས་དེ་གནས་བསྒྱུར་ནས་བྷ་གའི་པདྨར་ཐིག་ལེར་གནས་པའི་མིང་ གསུངས་ཏེ། དེ་ཁོ་ནའི་ཡང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སུ་གསུངས་པའོ། །མཁའི་དབུས་སུ་ཞེས་པ་ལ་སོགས་པ་སྟེ། ཡེ་ཤེས་སེམས་དཔའ་བསྐྱོད་པའི་བམ་མདུན་དུ་བྱས་ནས་བདག་ལ་བསྟིང་བ་སྟོན་པ་གསུངས་ཏེ། དེ་ལ་ཁའི་ཞེས་པ་ནི་ཆོས་ཀྱི་འབྱུང་གནས་ཞེས་བྱ་བ་པདྨར་ 26-1-46a དམིགས་པའོ། །དེའི་དབུས་སུ། ཟླ་བ་ཞེས་པ་དབྱིབས་སུ་འདྲ། །ཞེས་ཏེ་མཉམ་པའོ། །སྟོང་པ་དེ་ཉིད་ཅེས་པ་ནི་བྱང་ཆུབ་ཀྱི་སེམས་སོ། །བདུད་རྩི་རྒྱུན་རྒྱ་མཚོ་ལྟར་འབབ་པས་ན་འཇིགས་མེད་ཅེས་སོ། །ཟད་མེད་ནི་བཤད་ཟིན་ཏོ། །ཕྲོ་མོ་ནི་ཞེས་པ་དེ་ཁོ་ནའོ། ། རྡོ་རྗེ་སེམས་དཔའ་འཇིགས་མེད་ཅེས་པ་ནི་ལྷག་པའི་བྱང་ཆུབ་ཡི་གེ་ཧཱུཾ་དུ་གྱུར་པ་སྟེ། འཇིགས་པ་མེད་པའི་ཕྱིར་རོ། །གང་དུ་གནས་པ་ཡིན་ཞེ་ན། ལྟེ་བའི་དབུས་སུ་གནས་ལྷ་མོ། །སྙིང་པོ་ལྷ་མོའི་སྤྱོད་ཡུལ་ལ། །ཞེས་པའོ། །བྱང་ཆུབ་སེམས་དེ་ཐོག་མ་དེ་ལ་གནས་ནས་ཁུ་བའི་གཟུགས་ཀྱིས་ འགྲོ་བ་དགའ་བའི་དོན་དུ་གཟིགས་ནས། བྷ་ག་ལིངྒའི་དཀྱིལ་བར་དུ་གནས་ནས་ཞེས་འབྱུང་བ་ཡིན་ནོ། །དེའི་ཆེ་བའི་ཡོན་ཏན་གྱི་སྒོ་ནས་སྟོན་པ། འདི་ནི་སྲོག་ཅན་རྣམས་སྲོག་ཅེས་པ་ནི། དབུགས་ཆེན་པོ་ཞེས་བྱ་བའོ། དེ་འདྲ་བ་སྒོམས་ཤིག་ཅེས་པའོ། །རྣམ་པར་ཤེས་པའི་ཕུང་པོ་བརྟེན། ། ཞེས་པ་ནི། ལྷག་པའི་བྱང་ཆུབ་ཀྱི་སེམས་དེ་གཟུགས་མེད་པའི་ཕུང་པོ་ལ་བརྟེན་ནས་རྣམ་པ་སྣ་ཚོགས་པར་འགྱུར་བའོ། །དེ་དག་གིས་ནི་མངོན་པར་བྱང་ཆུབ་པ་ལྔ་གསུངས་པ་ཡིན་ནོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་དོ། །དེ་བཞིན་རྡོ་རྗེ་འཛིན་ཞེས་པ་ནི། རྡོ་རྗེ་ཧཱུཾ་མཛད་དོ། །དེ་ལྟར་ཁོ་ན་ འདུལ་བའི་དབང་གིས་རིགས་ལྔར་གཏོགས་པའི་དཀྱིལ་འཁོར་གྱི་ལྷ་ཕྱུང་བའི་རིམ་པ་མངོན་སུམ་དུ་གོམས་པའི་སྒྲུབ་པ་སོ་སོར་སྣང་བར་གསལ་བའོ། །དེ་བས་ན་སེམས་ཙམ་གཉིས་སུ་མེད་པའི་ཆོས་ཐམས་ཅད་བདག་གིས་སྣང་བའི་དཔུང་བཞིན་དུ། རྡོ་རྗེ་འབར་བ་ཁམས་གསུམ་གསལ་བར་ བྱེད་པ་མཐོང་ནས། གཞལ་ཡས་ཁང་བརྩེགས་པ་ལ་འདུ་གནས། ཐབས་དང་ཤེས་རབ་དེ་དག་འཁྲིལ་བའི་བདེ་བ་ཆེན་པོ་ཏིང་ངེ་འཛིན་མཉམ་པར་མྱོང་བས་ཡེ་ཤེས་སེམས་དཔའ་དེ་དག་ཁ་ནས་ཐིམ་ནས་རྡོ་རྗེ་ལམ་གྱི་རྡོ་རྗེ་བདུད་རྩི་ཟླ་བའི་དཀྱིལ་འཁོར་དང་འདྲ་བའི་ཐིག་ལེར་གྱུར་པ་ཡིན་ནོ་ཞེས་གསུངས་ པའོ། །དེ་བས་ན་ཚངས་པ་ཁྱབ་འཇུག་ཅེས་བྱ་བ་ལ་སོགས་པ་ཡང་བྱང་ཆུབ་སེམས་དེ་ནི་ཡིན་པར་བརྟག་གིས་རྟག་ཏུ་བསམ་ཞེས་པའོ། །དེ་ལ་ཡང་ཨཱ་ལི་ཀཱ་ལིའི་དཀྱིལ་འཁོར་གཉིས་དང་། དགེ་བ་གཉིས་ཀྱི་ཁུ་བ་ལས་མཱ་མ་ཀཱི་འཁྱུད་པ་ལས་བསྐྱེད་པའི་བདེ་བ་ཆེན་པོ་གཟུགས་བཅོམ་ 26-1-46b ལྡན་འདས་རྡོ་རྗེ་བདུད་རྩིའི་སྐྱེ་བའོ། །དེ་ཁོ་ན་གསུངས་པ། དེ་ལས་བསྐྱེད་དེ་བདག་དང་ཁྱོད། །ཅེས་པའོ། །བདེ་བ་ཆེན་པོ་འདི་ཁོ་ན་བསྒྲུབ་པའི་རིམ་པ་འདི་ཕྱིན་ཅི་མ་ལོག་པ་སྟེ། གསང་བ་འདུས་པ་ལ་སོགས་པ་ལ་ཤིན་ཏུ་གསུངས་ནས་བཅོམ་ལྡན་འདས་ཀྱིས་བསྟེན་པ་ཡིན་ནོ། །དེ་བས་ན་ཚངས་པ་ལ་སོགས་པས་ཀྱང་དེ་བཞིན་ཉིད་དེ་ཁོ་ ན་ཡང་དག་པའི་དོན་མ་རྟོགས་ནས་གནས་ཀྱི་བདག་ཉིད་དུ་བསམ་མོ་ཞེས་གསུངས་པ། ཚངས་པ་ཞེས་པ་ལ་སོགས་པ་སྟེ་དེ་ལ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་ཁོ་ན་ལས་སྐྱེ་བ་དང་བདེ་བ་ཆེན་པོ་བདག་ཉིད་ཏིང་ངེ་འཛིན་དེ་ཁོ་ན་ལ་འཆི་བ་ཐིམ་པ་སྟེ། དེ་བཞིན་གཤེགས་པ་རྣམས་ནི་བདེ་བ་ཆེན་པོ་གཉིས་སུ་མེད་པའི་ ཡེ་ཤེས་ཀྱི་བདག་ཉིད་དངོས་པོ་ཐམས་ཅད་གསལ་བའི་སྒྲོ་འདོགས་པའི་གཟུང་འཛིན་མེད་པ་སོ་སོ་རང་རིག་པ་དེ་ཁོ་ན་ཡེ་ཤེས་ལ་ཤེས་བྱའི་དབང་དུ་གྱུར་ཏེ། འཇུག་ནས་གཉིས་སུ་མེད་པར་དངོས་པོ་ཀུན་སྣང་བ་གསལ་ནས་བསམས་ཏེ་གོམས་པར་བྱེད་པའོ། །དེ་ཁོ་ནའི་ཕྱིར་གསུངས་པ། ཤེས་བྱ་ཤེས་པའི་བདག་ཉིད་ གཙོ། །དེ་ཉིད་དམ་པ་བསམ་པའོ། །ཞེས་པའོ། །སྐྱེ་བ་དང་ནི་ཞེས་པ་ལ་སོགས་པ་ནི་དངོས་པོ་ཐམས་ཅད་ཀྱི་སྐྱེ་བ་དང་ཤི་བ་དང་གནས་པ་ལ་སོགས་པའི་ཆོས་རྣམས་ཀྱང་བདེ་བ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་དེ་ཁོ་ན་ལ་ཆེན་པོའི་ཡེ་ཤེས་སོ། །ཉེ་བར་བསྐྱེད་དེ་དེ་ལ་འདུས་ནས་ཤི་བའོ། །སྐྱེད་པ་བྱེད་པ་ནི་འགྲོ་བ་བསྐྱེད་པ་དང་ འཇིག་པར་བྱེད་པའི་ནུས་པ་དང་ལྡན་པའི་ཕྱིར་རོ། །དེ་དག་ནི་ལྷག་པའི་བྱང་ཆུབ་སེམས་གཅིག་པུ་ཞེས་པའོ། །རང་བདག་འགྱུར་བ་ཞེས་པ་ནི། དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཉིད་དུ་གྱུར་པའི་ཕྱིར་རོ། །ལྷ་གཅིག་པ་ཞེས་པ་ནི་བསམ་པའི་རྐྱེན་ཀྱིས་གཙོ་བོ་འདི་ལས་ལྷ་གཉིས་པ་གཞན་མེད་པའི་ཕྱིར་རོ། །ཚིག་དེས་ནི་ཐམས་ཅད་ ལ་ཕན་པའི་བྱེད་པ་གསུངས་སོ། །ཐམས་ཅད་མཁྱེན་པ་ཞེས་པ་ནི་རང་གི་སྤྲུལ་པའི་དངོས་པོ་ཐམས་ཅད་ཁམས་གསུམ་ན་ཚིག་དང་བློས་ཇི་ལྟ་བ་བཞིན་དུ་ཤེས་པས་ན་ཐམས་ཅད་མཁྱེན་པའོ། །ཀུན་ནས་ཀུན་ཞེས་པ་ནི་སྐྱེ་བ་དང་གནས་པ་དང་འཇིག་པ་རྣམས་ཀྱི་དབང་གིས་གནས་པ་ཉིད་ཀྱི་ཕྱིར་རོ། །དགེ་གསུམ་འདྲེན་པར་བྱེད་པ་ ཉིད་ཀྱི་ཕྱིར་ན་ཁྱབ་པའོ་ཞེས་པ་ནི་བཤད་ཟིན་ཏོ། །ཇི་ལྟར་ཁང་པ་བཀང་ནས་ཞེས་པ་ནི་དེ་ལ་ཁང་ཞེས་པ་ནི་དཀྱིལ་འཁོར་ཏེ། དཀྱིལ་འཁོར་དེ་ཕྱུང་བའི་ངོ་བོས་ལྷ་མོའི་འཁོར་ལོ་བཀང་ནས་བྱེད་པ། དེ་བས་སྐྱེས་བུར་བཤད་པ་ཡིན། །ཞེས་པའོ། །ཡང་ན་ཁང་པའི་ཚིག་ནི་མཱ་མ་ཀཱི་ལ་སོགས་པའི་སྐུ། །དེ་ལ་བྱང་ཆུབ་ཀྱི་སེམས་ཕྱུང་བས་བཀང་ 26-1-47a བསྟེ་མངལ་བལྟམ་པར་བྱེད་པའི་ཕྱིར་ན། བཅོམ་ལྡན་འདས་ལ་སྐྱེས་བུ་ཞེས་བྱའོ། །དེ་ཉིད། ལུས་ལ་གནས་ཕྱིར་ལུས་ཅན་དེ། །ཞེས་པའོ། །ཤེས་བྱེད་ཕྱིར་ན་ཤེས་པར་འདོད། །ཅེས་པ་ནི། ཚིག་དོན་ཐམས་ཅད་འབིགས་པའི་ཕྱིར་རོ། །བདག་ལ་བདག་གིས་རིག་པའི་ལྷ། །ཞེས་བྱ་བ་ ནི། གཉིད་ཆེར་ལོག་ན་ཡང་རང་ལ་རང་གིས་སད་པ་དེས་ནི་རིག་པ་ཞེས་པ་སྣང་བའི་ཕྱིར་ལྷ་ཞེས་པ་འོད་གཞན་གྱི་ལུས་འཇུག་པས་ཁྱབ་འཇུག་ཅེས་གསུངས་ཏེ། ངག་གིས་རྡོ་རྗེ་འཛིན་དུ་འགྱུར། །ཞེས་པ་ནི། ངག་གིས་རྡོ་རྗེ་འཛིན་ཞེས་བརྗོད་པ་ཙམ་གྱིས་དོན་དམ་པ་གཉིས་སུ་ མེད་པའི་དོན་ཡིན་པས་གཟུགས་མེད་པའི་ཕྱིར་རོ། །ཡང་ན་འཇིགས་པ་མེད་དོ་ཞེས་པ་ནི་ངག་གི་བརྗོད་དུ་མེད་པའི་ཕྱིར་ན་ཡང་རྡོ་རྗེ་འཛིན་ཞེས་གསུངས་སོ། །སྟོན་དུ་མེད་པ་ཞེས་པ་ནི་དབང་པོའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །གསང་བ་འདི་ཞེས་པ་ནི། བདེ་བ་ཆེན་པོ་ གཉིས་སུ་མེད་པའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །ནན་ཏན་དུ་ནི་གསང་བར་བྱ། །ཞེས་པ་ནི། དེ་འདྲ་བའི་བྱང་ཆུབ་སེམས་བདེ་བ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་ནི་དུས་གསུམ་དུ་ལུས་ངག་ཡིད་ཀྱི་སྒོ་ནས་ཀྱང་གཞན་ལ་སྟོན་པར་མི་བྱའོ་ཞེས་པའི་དོན་ཏོ། །འོ་ན་གང་ལ་སྟོན་ པར་བྱ་བ་ཡིན་ཞེ་ན། སྐྱོན་ཅན་མིན་པ་ཞེས་པ་ལ་སོགས་པ་སྟེ། དེ་ལ་སྐྱོན་ཅན་མིན་པ་ནི་རང་གི་སྐྱོན་མ་སྤངས་པའོ། །གཡོ་ཅན་མིན་ཞེས་པ་ནི། གཞན་གྱི་སྐྱོན་ཕྱུང་སྟེ། ཕུང་བར་བྱེད་པའོ། །དམ་ཚིག་ལ་ནི་མི་འདའ་བ། །ཞེས་པ་ནི། སློབ་དཔོན་གྱི་སྤྱན་སྔར་དམ་བཅས་ པའི་ཚིག་ནི་དམ་ཚིག་སྟེ། སྲོག་གཅོད་པ་ལ་སོགས་པ་སྤོང་བའོ། །དེ་ལས་མི་འདའ་བ་ནི་མི་འདའ་བ་ཞེས་པའོ། །ཆད་པར་ལྟ་བ་མེད་པ་ལ། །ཞེས་པ་ནི། དགེ་བ་དང་མི་དགེ་བ་མེད་པར་རྟོག་པ་ཆད་པར་ལྟ་བ་སྟེ། དེ་མེད་པར་ཡང་དག་པའི་ལྟ་བ་ཅན་དགེ་བ་ཡོད་པར་ཡིད་ཆེས་པའོ། ། དེ་མེད་པར་ཡང་དག་པའི་ལྟ་བ་ཅན་དགེ་བ་དང་མི་དགེ་བ་ཡོད་པར་ཡིད་ཆེས་པའོ། །བླ་མ་ལ་ཆགས་ཞེས་པ་ནི། དབང་བསྐུར་བ་དང་། དམ་ཚིག་སྦྱིན་པ་དང་། གསང་སྔགས་ཉན་པའི་སློབ་དཔོན་ནི་བླ་མ་སྟེ་དེ་ལ་ཆགས་པ་ནི་གུས་པ་དད་པའོ། །དུལ་བ་དང་ཞེས་པ་ནི། སྲོག་གཅོད་པ་ལ་སོགས་ 26-1-47b པ་ལུས་ངག་གིས་ལས་སྤོང་བའི་མཚན་ཉིད་བདུན་སྤོང་བའོ། །ཕྲག་དོག་ཆགས་པ་སྤོང་བྱེད་པ། །ཞེས་པ་ནི། དེ་ལ་ཕྲག་དོག་ནི་གཞན་གྱི་ཕུན་སུམ་ཚོགས་པ་ལ་སྡང་བའོ། །ཆགས་པ་ནི་གཟུགས་ལ་སོགས་པའི་སྤྱོད་ཡུལ་ལ་ཞེན་པའི་མཚན་ཉིད་དོ། །དེ་གཉི་ག་མེད་པ་ནི་སྤོང་ བ་ཞེས་པའོ། །དཀྱིལ་འཁོར་དེ་ནི་འཇུག་པ་དང་། །ཞེས་པ་ནི། དེ་ལ། གསང་བའི་དཀྱིལ་འཁོར་མཐོང་བ་ནི། །རྡོ་རྗེ་བསྟན་པའི་སློབ་མ་དག །ཅེས་པ་ནི། རྡོ་རྗེ་ཐེག་པ་བསྟན་པའི་སློབ་མ་ནི་ཡིན་པ། ཕྱི་རོལ་གྱི་ཉན་ཐོས་དང་། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐེག་པ་ བསྟན་པའི་སློབ་མ་ནི་མ་ཡིན་པ་ཞེས་པའོ། །དེ་ལ་རྒྱས་པའི་བསྟན་པ་འདི། །དེ་བཞིན་ཉིད་མཆོག་བཤད་པར་བྱ། །ཞེས་པ་ནི། གོང་དུ་བསྟན་པའི་སྐྱོན་དེ་ཀུན་མེད་པའི་ཡོན་ཏན་དང་ལྡན་པའི་སློབ་མ་དེ་དག་ལ་བསོད་ནམས་ཀྱིས་རྒྱས་འདེབས་པས་ནི་སྙན་པ་བདེ་བ་ཆེན་པོ་བྱང་ཆུབ་ སེམས་འདི་ཀུན་དུ་ཁྱབ་པས། དེ་བཞིན་ཉིད་མཆོག་བཤད་པར་བྱ། །ཞེས་སྟོན་པར་བྱའོ་ཞེས་བྱའོ། །སློབ་དཔོན་གྱིས་ཇི་ལྟར་བསྟན་པར་བྱ་ཞེ་ན་གསུངས་པ། སློབ་དཔོན་རིག་མ་དང་ལྡན་པས། །དེ་ལ་དབང་སྦྱིན་པར་བྱ་ཞེས་པ་སྟེ། མི་བསྐྱོད་པའི་ང་རྒྱལ་དང་ལྡན་པའི་སློབ་དཔོན་ ལྷ་མོ་མཱ་མ་ཀཱི་བསྒོམ་པའི་རིག་མ་དང་སྦྱོར་ནས་སློབ་མ་དེ་དག་ལ་དམ་ཚིག་བྱིན་ནས་བྱང་ཆུབ་སེམས་ཀྱིས་དབང་བསྐུར་བར་བྱའོ་ཞེས་པའི་ཐ་ཚིག་གོ། །རྡོ་རྗེ་བདུད་རྩི་ལ་སོགས་པ་ནི་བཤད་ཟིན་ཏོ། །དེ་བཞིན་ཉིད་ཆེར་དམིགས་པ་བསྟན་པ་ཞེས་བྱ་བའི་ལེའུ་ཞེས་པ་ནི། བདེ་ བ་ཆེན་པོ་རང་བཞིན་ལྷག་པའི་བྱང་ཆུབ་སེམས་དེ་བཞིན་ཉིད་ཀྱི་དོན་ཤས་ཆེ་བར་བསྟན་པའི་ཚིག་སྡེར་ལོངས་པའོ། །བདུན་པ་ནི་གོ་སླའོ། །རྡོ་རྗེ་བདུད་རྩི་རྒྱུད་ཀྱི་ལེའུ་བདུན་པའི་རྣམ་པར་བཤད་པའོ།། །།ད་ནི་གཞན་ཡང་ཁྲོ་བོ་ཁྲག་འཐུང་བསྐྱེད་པའམ་ཤེས་པར་ འདོད་པས། མཱ་མ་ཀཱིས་བཅོམ་ལྡན་འདས་ལ་ཞུ་བ། དེ་ནས་ལྷ་མོ་ཡང་ལངས་ནས། །ཞེས་པ་ལ་སོགས་པ་སྟེ། དེ་ལ་ཡང་ལངས་ཞེས་པ་ན་ཐབས་དང་ཤེས་རབ་སྦྱོར་བ་ལས་ལངས་པའོ། །དེ་ལ། དམ་པའི་ངོ་མཚར་བདག་བསྐྱེད་དེ། །ཞེས་པ་ལ་སོགས་པ་ནི། ཞི་བའི་རང་བཞིན་ 26-1-48a ཞི་བ་ཆེན་པོ་བཅོམ་ལྡན་འདས་ཡང་རྒྱུད་གང་ལས་ཁྲོ་བོ་ཁྲག་འཐུང་གི་གཟུགས་སུ་བསྐྱེད་པ་ཡིན་ཞེ་ན། ཞུས་པའི་ལན་བཏབ་པ། ཅིའི་ཕྱིར་དབང་དང་བཅས་པ་ལ་སོགས་པའི་ལྷ་རྣམས་སྡང་བ་དང་དྲག་པོ་དང་། རིམས་དང་དབྱིག་དུག་དང་། རོ་ལངས་ལ་སོགས་པས་ གཙེ་བ་ནས། བདག་བདེ་བ་ཆེན་པོའི་དྲུང་དུ་སྐྱབས་སུ་འོང་བ་དེ་དག་ལ་རྗེས་སུ་བརྩེ་བའི་ཕྱིར་བདག་ཉིད་ཁྲོ་བོ་ཧེ་རུ་ཀར་གྱུར་ཏེ། འགྲོ་བ་ཡོངས་སུ་སྐྱོབ་པར་བྱེད་དེ། རྣམ་གཞན་ཞི་བའི་གཟུགས་རྣམ་པར་སྣང་མཛད་ལ་སོགས་པས་སྡང་བ་དང་དྲག་པོ་ཉིད་དང་ལྡན་པའི་སེམས་ཅན་འདུལ་བར་མི་ ནུས་པའི་ཕྱིར་རོ། །དེའི་དོན་སྟོན་པ། དེ་ནས་བཅོམ་ལྡན་རྡོ་རྗེ་ཅན། །ཞེས་པ་ནི། དེ་ལ། རྡོ་རྗེ་པདྨོ་མཉམ་སྦྱོར་ཏེ། །ཞེས་པ་ལ་སོགས་པ་དེས་ནི་འདི་གསུངས་ཏེ། མཱ་མ་ཀཱི་དང་མཉམ་པར་སྦྱོར་བ་སྔོན་དུ་བྱས་ནས། འབར་བའི་ཕྲེང་འཁྲུགས་དྲག་པོ་ཅན། །འཇིགས་པར་བྱེད་པ་བཅོམ་ ལྡན་འདས་རིག་མ་བརྒྱད་དང་གཉིས་སུ་མེད་པའི་རྣམ་པར་ཐར་པ་བརྒྱད་ཀྱི་རང་བཞིན་གྱིས་ཕྱག་བརྒྱད་དང་། རྣམ་པར་ཐར་པ་བཞི་ཐབས་ལ་མཁས་པའི་རང་བཞིན་གྱིས་ཞལ་བཞི་པ་དཔལ་ཁྲག་འཐུང་གི་གཟུགས་ནི་ཕྱུང་ངོ་ཞེས་པ་དང་འབྲེལ་ཏོ། །རྡོ་རྗེ་ཁྲག་འཐུང་དེ་ཡང་སེ་རལ་ཁའི་ཚུལ་གྱིས་ རྡོ་རྗེ་ཁ་ཊྭཱཾ་ལག་པ་གཡོན་གྱིས་བརྟེན་ཅིང་མགོ་བསྣམས་ཏེ། ལག་པ་གཡས་པས་འཕན་གསུམ་གྱི་ཕྱག་རྒྱ་འབར་བ་རྡོ་རྗེ་བསྣམས་ཏེ། འདི་ལྟ་སྟེ། རྡོ་རྗེ་ཁུ་ཚུར་ཕྱེ་ནས་སུ། །གུང་མོ་བཅས་པར་སྲིན་ལག་ནི། །ལག་མཐིལ་གཉིས་ནི་སྦྱོར་བྱས་ཏེ། །ལྷག་མ་བསྒྲེང་བ་ཕན་གསུམ་མོ། །ཡང་ ཕྱག་གཉིས་ཀྱིས་ནི་ཁྲག་འཐུང་བཀང་བའི་ཐོད་པ་དང་། རྒྱུ་མའི་ཕྲེང་བ་འཁྲུག་པ་བསྣམས་སོ། །ཡང་ཕྱག་གཉིས་ཀྱིས་ནི་དབང་བསྐུར་བའི་ཕྱག་རྒྱ་དབུའི་སྟེང་དུ་བཅིང་བའོ། །འདི་ལྟ་སྟེ། ལག་པ་ཤིན་ཏུ་བརྐྱང་བ་ཡི། །མཛུབ་མོ་གཉིས་ནི་མདུད་པ་བཅིང་། །གུང་མོ་མཐེ་བོང་རྩེ་མོ་ ཅན། །རྡོ་རྗེ་ཕྱག་རྒྱ་ཡོངས་སུ་བསྒྱུར། །ཡོངས་སུ་བསྒྱུར་ཏེ་བཏེག་ནས་ཀྱང་། །ཁྲོ་གཉེར་དུ་ནི་ལེགས་བཞག་ན། །ཞེས་པའོ། །ཡང་གཉིས་ཀྱིས་ནི་དུར་ཁྲོད་ལ་འཇུག་པའི་ཕྱག་རྒྱ་བཅིང་བའོ། །དེ་ནི་གོང་ན་བཤད་ཟིན་ཏོ། །དེ་འདྲ་བའི་ཁྲག་འཐུང་པདྨའི་སྟེང་དུ་བཞུགས་པར་བསམ་མོ། ། 26-1-48b རིག་མ་བརྒྱད་ཀྱིས་ཡོངས་སུ་བསྐོར། །ཞེས་པ་ནི། པདྨ་འདབ་མ་བརྒྱད་ལས་ཡང་གོ་རིམས་བཞིན་དུ་ལྷ་མོ་འཇིགས་ཅན་མ་ལ་སོགས་པས་བཅོམ་ལྡན་འདས་ཀྱི་ཐུགས་མཉེས་པར་བྱེད་པ་བསྒོམ་པའམ་བྲི་བར་བྱའོ། །ཁྲག་འཐུང་ཆེན་པོ་ལ་སོགས་པ་ནི་གོ་སླའོ། །རིག་མ་བརྒྱད་གང་ཞེ་ན་ གསུངས་པ། དང་པོར་རིག་མ་འཇིགས་ཅན་མ། ཞེས་པ་ལ་སོགས་པ་ནི། མཛེས་མ་ལ་སོགས་པའི་གཟུགས་སུ་གྱུར་ནས། འཇིགས་ཅན་མ་ལ་སོགས་པའི་ཁྲོ་མོར་གྱུར་པ་སྟེ། ཕྱག་དང་པོ་གཉིས་ཀྱིས་ཁ་ཊྭཱཾ་དང་བ་དན་བསྣམས་པ། སྐུ་མདོག་དང་ཕྱག་མཚན་གཞན་ནི་རྡོ་རྗེ་སེམས་དཔའི་ དཀྱིལ་འཁོར་དང་མཐུན་ནོ། །སྒོ་སྲུང་ནི་གླང་སྣ་མ་ལ་སོགས་པའོ། །མཆོད་པ་ནི་གོང་མ་དང་མཐུན་ནོ། །ཁྲག་འཐུང་དེ་ལྟར་བསྒོམ་པའི་རྣལ་འབྱོར་པས་སྔགས་བཟླ་བ་དང་། དབྱངས་དང་གར་གྱིས་བསྟོད་ཅིང་མཆོད་པ་གསུངས་པ།སྔགས་འདི་དག་ནི་ཞེས་པ་ལ་སོགས་པ་སྟེ། དེ་ལ། སྔགས་ ནི་འདི་དག་བཟླས་བྱས་ཏེ། །ཞེས་པ་ནི་ཧེ་རུ་ཀ་འཁོར་དང་བཅས་པ་བསྒོམས་ཟིན་མ་ཐག་ཏུ་བསྒོམ་པ་ལས་མི་གཡེལ་བར་འོག་ནས་འབྱུང་བའི་སྔགས་བཟླ་བར་བྱའོ་ཞེས་པའི་དོན་ཏོ། །གར་ཡང་བྱེད་ནས་དབྱངས་བླང་ངོ་། །ཞེས་པ་ནི། མཆོད་པའི་ཕྱག་རྒྱའི་གར་དང་འོག་ནས་འབྱུང་བའི་དབྱངས་ བླངས་ནས་ཀྱང་མཆོད་པར་བྱེད་ཅེས་པའོ། །དབྱངས་ཀྱི་ཚིག་གསུངས་པ། འཇིགས་བྱེད་ཆེན་པོ་ཞེས་པ་ལ་སོགས་པ་སྟེ། དེ་ལ་འཇིགས་བྱེད་ཆེན་པོ་ནི་རྡོ་རྗེ་བདུད་རྩི་ལ་གསུངས་ཏེ། དེའི་རང་བཞིན་ནི་དེ་ཡིན་པས་འཇིགས་བྱེད་ཅེས་ཏེ། བདུད་རྩི་རང་བཞིན་གྱིས་སེམས་ཅན་ཐམས་ཅད་བཀང་ བར་བྱེད་ཅིང་དུས་ཐམས་ཅད་དུ་རོལ་པར་བྱེད་པའོ། །དེ་ལྟར་ཡང་གསུངས་པ། ཐམས་ཅད་དུ་ནི་བཀང་བྱེད་པ། །དུས་ཐམས་ཅད་ནི་རོལ་བྱེད་ཅིང་། ཐམས་ཅད་ལ་ནི་གནས་བྱེད་པ། །དེ་ཕྱིར་འཇིགས་བྱེད་ཅེས་སུ་བཤད། །ཅེས་སོ། །རྣམ་པ་གཅིག་ཏུ་ན་སེམས་ཅན་གནོད་པར་བྱེད་པའི་སྡང་བ་དང་ དྲག་པོ་དང་གདོན་ལ་སོགས་པ་སྐྲག་པར་བྱེད་པས་ན། འཇིགས་བྱེད་ཆེན་པོ་ཞེས་བྱའོ། །མཆེ་བ་གཙིགས་ཞེས་པ་ནི། ཞེ་སྡང་དང་རྡོ་རྗེ་རིགས་ཀྱི་རང་བཞིན་གྱི་ཕྱིར་རམ། འཇིག་རྟེན་གྱི་ལྷ་རྣམས་ལས་རྒྱལ་བའི་ཕྱིར་རོ། །དེ་ལྟར་ཡང་མཉམ་སྦྱོར་བདེ་མཆོག་ལས་གསུངས་པ། མཆེ་བ་ 26-1-49a ཅུང་ཟད་གཙིགས་པའི་ཁ། །ཁྲོ་ཞིང་འཛུམ་དང་བཅས་པའི་ཞལ། །ཁྲོ་ལས་གྱུར་པར་བཅས་ཞིང་འཛུམ། །གསལ་བར་བཅས་ཞིང་ལེགས་པར་གནས། །དྲག་པོ་དབང་པོ་ཉེ་དབང་བཅས། །ཉི་ཟླ་གཤིན་རྗེ་ཚངས་བཅས་པ། །རྒྱལ་པོ་རྒྱུ་མས་རྣམ་བརྒྱན་ནས། །ཁམས་ གསུམ་དག་ནི་སྐྲག་པར་བྱེད། །ཅེས་སོ། །རྒྱུ་མའི་ཕྲེང་གི་རྒྱན་ཀུན་ཅན། །ཞེས་པ་ནི། དུར་ཁྲོད་ཀྱི་འདྲེ་དང་སྡང་བ་ཐམས་ཅད་འདུལ་བའི་ཕྱིར་རོ། །ཤ་ཆེན་དག་ནི་ཞེས་པ་ནི། རྡོ་རྗེ་སེམས་དཔའ་མེའི་སྐུ་ཚེ་བླངས་པ་ཤ་སྟག་སྟེ། དེ་གསོལ་བ་ཞེས་པ་ནི། རྡོ་རྗེ་སེམས་དཔའི་སྐུ་དང་ དབྱེར་མེད་པའི་ཕྱིར་རོ། །དཔལ་ལྡན་ཁྲག་འཐུང་ཞེས་པ་ནི། ལྷ་མོ་མཱ་མ་ཀཱི་ཁྲོ་མོ་དང་ལྡན་པའི་བཅོམ་ལྡན་འདས་ཁྲག་འཐུང་སྟེ། དེ་ལ་ལུས་ངག་ཡིད་ཀྱིས་ཕྱག་འཚལ་ཞེས་པའོ། །ད་ནི། སྒྲུབ་པ་པོ་རྣམས་ཕན་བྱེད་ཕྱིར། །ཞེས་པ་ལ་སོགས་པ་ནི། དེའི་དབྱུང་བ་གསུངས་པ། དང་པོར་ སློབ་དཔོན་གྱིས་པདྨ་འདབ་བརྒྱད་བྲི་སྟེ། ཡི་གེ་ཨ་ལ་སོགས་པ་ཀྵའི་མཐར་ཐུག་པ་སྟེ། བརྒྱད་འདབ་མ་རེ་རེ་ལ་བཀོད་ནས་རིམ་པ་དེས་ལྷ་རྣམས་ཀྱི་སྔགས་དབྱུང་བར་བྱའོ། །དེ་ལ། གསུམ་པ་ཡི་ནི་གསུམ་པ་ལ། །ཞེས་པ་ནི། གསུམ་པ་ཙའི་སྡེ་ཚན་གྱི་གསུམ་པ་ཛ་ཕྱུང་ངོ་། ། བདུན་པ་ལ་ནི་ཞེས་པ་ནི། ཡ་ཝ་ར་ལའི་སྡེ་ཚན་ཏེ། དེའི་བཞི་པ་ཡི་གེ་ཝའོ། །ཡི་གེ་ཛ་དང་ཝ་གཉིས་སྦྱོར། །ཞེས་པ་དང་འབྲེལ་ཏོ། །བདུན་པ་མ་ཡི་ཡང་གསུམ་པ་སྟེ་ཞེས་པ་ནི། ཡ་ར་ལ་ཝའི་དེ་ཁོ་ན་ལས་གསུམ་པ་ཡི་གེ་ཛ་ལ་གཟུང་སྟེ་ཛྭ་ལ་ཛྭ་ལ་ཞེས་པའི་སྒྲའི་ཚིག་ནི་ལན་གཉིས་སུ་བཟླས་ སྦྱོར་བྱ་ཞེས་པ་དང་འབྲེལ་ཏོ། །ཀུན་གྱི་དེ་བཞིན་ཉིད་ལྡན་ཏེ། །ཞེས་པ་ནི་དེ་བཞིན་ཉིད་ཀྱི་ཡི་གེ་ཧཱུཾ་སྟེ་དེ་དང་ལྡན་པའོ། །ཡི་གེ་ཕྱེད་ཀྱིས་རྣམ་པར་བརྒྱན། །ཞེས་པ་ནི། ཡི་གེ་ཕཊ་ཀྱིས་སྔགས་ཀྱི་ཚིག་ཁྱད་པར་བྱའོ། །དྲུག་པའི་ཞེས་པ་ནི་པའི་སྡེའོ། །དེའི་བཞི་པ་ཡི་གེ་བ་ཕྱུང་བྱས་ཏེ་ཞེས་ པའོ། །བདུན་པའི་ཞེས་པ་ནི་ཡ་ར་ལ་ཝའི་སྡེའོ། །དེའི་དང་པོ་ནི་ཡི་གེ་ཡའོ། །དེས་ཡི་གེ་བ་ལ་གདན་དུ་བྱས་ཞེས་པ་ནི་ཡ་བཏགས་པའོ། །བཅུ་གསུམ་པ་ཡིས་སྟེང་གནོན་བྱ། །ཞེས་པ་ནི། ཡི་གེ་ཨ་དང་པོར་བཟུང་ནས་བརྩིས་པའི་བཅུ་གསུམ་པ་བར་དུ་འབྲེལ་པ་ནི་ཡི་གེ་ཨའོ། ། 26-1-49b དེ་ཡིས་སྟེང་གནོན་པ་རུ་གཞག་པའོ། །ཡི་གེ་དེ་རྣམས་བསྡུས་པས་ནི་བྱོལ་བར་གྱུར་པའོ། །སྭཱ་ཧཱའི་ཐ་མ་སྔགས་སྦས་དབྱུང་། །ཞེས་པ་ནི། སྔགས་ཀུན་གྱི་མཐར་སྭཱ་ཧཱ་གཞག་པའོ། །དང་པོ་རྣམ་པར་སྣང་མཛད་དབུལ། །ཞེས་པ་ནི། སྔགས་ཀྱི་མགོ་ན་ཡི་གེ་ཨོཾ་གཞག་པའོ། །བཅོམ་ལྡན་ འདས་ཀྱི་སྔགས་ནི་འདི་ལྟར་གྱུར་ཏེ། ཨོཾ་ཛཱ་ལ་ཛཱ་ལ་ཧཱུཾ་ཕཊ་བྷྱོ་སྭཱ་ཧཱ། སྔགས་དེ་ཁོ་ན་ནི་ལྷ་མོ་འཇིགས་ཅན་མ་ལ་སོགས་པ་རྣམས་ཀྱི་ཡང་ཡིན་ནོ། །ད་ནི་སྔགས་ཀྱི་ཆེ་བའི་ཡོན་ཏན་བརྗོད་པས་སྟོན་པ། སྔགས་ཀྱི་རྒྱལ་པོ་ཞེས་པ་ལ་སོགས་པ་སྟེ། དེ་ལ་སྔགས་ཀྱི་རྒྱལ་པོ་ཞེས་པ་ནི་རྩ་བའི་སྔགས་ཡིན་པའི་ ཕྱིར་རོ། །འཇིག་རྟེན་གསུམ་ནི་ཞེས་པ། འཇིག་རྟེན་གསུམ་གྱི་གཙོ་བོ་རྒྱལ་བར་བྱེད་པ་དང་། སྦྲང་རྩིར་བྱེད་པ་དང་། དོན་གྲུབ་པར་བྱེད་པ་སྤུན་གསུམ་མོ། །ཡང་ན་ཚངས་པ་དང་དྲག་པོ་དང་ཁྱབ་འཇུག་གོ། །ཁམས་གསུམ་ཞེས་པ་ནི་འདོད་པ་དང་། གཟུགས་དང་གཟུགས་མེད་པའི་ཁམས་ སོ། །ཟོས་པར་བྱེད་པ་ཐེ་ཚོམ་མེད། །ཅེས་པ་ནི། སྔགས་བཟླས་ཤིང་འབར་བའི་རྡོ་རྗེ་གསོར་ན་ཁམས་གསུམ་སྣོད་དང་བཅུད་དུ་བཅས་པ་འཇིག་ནས་རྒྱལ་བར་བྱེད་པ་ཡིན་གྱི་སེམས་ཅན་གྱི་ཤ་ཁྲག་ཟོས་པར་བྱེད་པ་ནི་མ་ཡིན་ནོ། །དེའི་ཕྱིར་གསུངས་པ། འདི་ཡིས་འདོད་པ་ཐམས་ཅད་ སྦྱིན། །ཞེས་ཏེ། སྔགས་འདི་ཡིས་ནི་གལ་ཏེ་ཁམས་གསུམ་ཐལ་བར་བྱེད་ན་ཡང་འགྲུབ་སྟེ། འཚོ་བར་བྱེད་པ་ཡང་ནུས་སོ། །དེ་ལྟར་ཡང་སངས་རྒྱས་མཉམ་སྦྱོར་ལས་གསུངས་པ། ཐལ་བར་གྱུར་པ་ཡང་འཚོ་བར་བྱེད། །ཅེས་པའོ། །དཔལ་ལྡན་ཁྲག་འཐུང་བསྐྱེད་པ་བསྟན་པ་ཞེས་བྱ་བའི་ ལེའུ་ཞེས་བྱ་བ་ནི། འཕགས་པ་ཁྲག་འཐུང་བསྒོམ་པའི་རིམ་པའི་དོན་སྟོན་པའི་ཚིག་སྡེར་ལོངས་པའོ། །རྡོ་རྗེ་བདུད་རྩི་རྒྱུད་ཀྱི་ལེའུ་བརྒྱད་པའི་རྣམ་པར་བཤད་པའོ།། །།ད་ནི་ལས་ཀྱི་རིགས་ལ་ཡོངས་སུ་གཏོགས་པའི་ལས་སྣ་ཚོགས་གྲུབ་པར་བྱེད་པ་རྣམས་ལ་ བཅོམ་ལྡན་འདས་བདུད་རྩི་འཁྱིལ་པ་འབྱུང་བ་གསུངས་པ། དེ་ནས་བདུད་རྩི་འཁྱིལ་པ་ཡི། །ཞེས་པ་ལ་སོགས་པ་སྟེ། དེ་ལ་ཞལ་གསུམ་ཞེས་པ་ལ་སོགས་པ་ནི། ཆོས་ཀྱི་འབྱུང་གནས་ཀྱི་དབུས་སུ་གནས་པའི་པདྨ་འདབ་བརྒྱད་ཀྱི་སྙིང་པོའོ། །ལྷ་མོ་མཱ་མ་ཀཱི་ཁྲོ་མོར་བསྒྱུར་བ་དང་ 26-1-50a བཅོམ་ལྡན་འདས་ཞལ་གསུམ་ཕྱག་དྲུག་པ་བཞུགས་པ་དྲག་པོ་ལ་སོགས་པའི་ཚུལ་དང་ལྡན་པ་རྣམ་པ་སྣ་ཚོགས་མི་སྡུག་པའི་ཞལ་གསུམ་དང་ཚོགས་བདག་གི་བགེགས་པོ་གནོན་པ། ཕྱག་དང་པོ་དགྲ་སྟ་དང་མཚོན་ཆ་འཛིན་པ། ཕྱག་གཞན་གྱིས་ནི་གོ་རིམས་བཞིན་དུ་གཏུན་ ཤིང་དང་། རྡོ་རྗེ་དང་། ཞགས་པ་དང་། སྡིགས་མཛུབ་དང་། རལ་གྲི་བསྣམས་པ་བསྒོམ་པར་བྱ་ཞེས་བྱའོ། །རིག་མ་བརྒྱད་དང་མཉམ་ལྡན་ཞིང་། །ཞེས་པ་ནི། བདུད་རྩི་མ་ལ་སོགས་པའི་རིག་མ་བརྒྱད་པདྨའི་འདབ་མ་རེ་རེ་ལ་བཀོད་པར་བྱ་ཞེས་པའི་ཐ་ཚིག་གོ། །སྒོ་སྲུང་མ་དང་ཡང་ དག་ལྡན། །ཞེས་པ་ནི། རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པའི་སྒོ་སྲུང་ལ་ཤེས་པར་བྱའོ། །གསང་བའི་པདྨར་བསྒོམ་བྱ་སྟེ། །ཞེས་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །ཞལ་གསུམ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །ཕྱག་གིས་པདྨ་བསྣམས་པར་བརྩོན། །ཞེས་པ་ནི། ལྷ་མོ་རྣམས་ཀྱིས་ ཡང་ཕྱག་གཡོན་པའི་དང་པོས་པདྨ་བསྣམས་པའོ། །སྣ་ཚོགས་གཟུགས་རྣམས་ཞེས་པ་ནི་སྐུ་མདོག་ལྗང་བའོ། །མཆོད་སྦྱིན་མ་ཞེས་པ་ནི། ཕྱག་གཡས་པའི་དང་པོས་མཆོད་སྦྱིན་གྱི་ཕྱག་རྒྱ་བཅའ་བའོ། །འདོད་ཆགས་ཅན་ནི་གཙོ་མོ་དང་མཐུན་པའོ། །མཆོད་པའི་ལྷ་མོ་རྣམས་ཀྱང་དོན་ གྱིས་ཤེས་པར་བྱའོ། །བཞད་ཅིང་རོལ་པར་བཞད་བྱེད་དོ། །ཞེས་པ་ནི། བཅོམ་ལྡན་འདས་བདེ་བ་ཆེན་པོ་བསྐྱེད་པར་བྱ་བའི་དོན་དུ་བཤད་པའི་ལྷ་མོ་དེ་དག་དང་རོལ་པའི་བཅོམ་ལྡན་འདས་བསྒོམ་པར་བྱའོ་ཞེས་སོ། །དེ་ལྟར་ཡང་སངས་རྒྱས་མཉམ་སྦྱོར་ལས་གསུངས་པ། འདོད་ ཆགས་བདེ་བས་གཡེན་སྤྱོ་བ། །སྟེག་པའི་མ་མཆུ་སོས་མནན་པའི། །མཛུབ་མོ་ཕྱག་རྒྱ་མཆོག་འདི་ཡིས། །ཁམས་གསུམ་དག་ཀྱང་རོལ་པར་བྱེད། །ཅེས་སོ། །མཆོད་པའི་ལྷ་མོ་དང་ལྕགས་ཀྱུ་མ་ལ་སོགས་པ་དོན་གྱིས་ཤེས་པར་བྱའོ། །ད་ནི། སྔགས་ཀྱི་རྒྱལ་པོ་དབྱུང་བར་བྱ། །ཞེས་ པ་ལ་སོགས་པས། དེའི་སྔགས་སོགས་ཕྱུང་བའོ། །དེ་ལ། རྣམ་པར་སྣང་མཛད་ཡང་དབུལ་ནས། །ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་ཡི་གེ་ཨོཾ་དང་པོ་སྨོས་པའོ། །ཚིག་འདི་ཡིས་ནི་ཡོངས་སུ་བཀང་། །ཞེས་པ་ནི། སྔགས་ཐམས་ཅད་ཡོངས་སུ་བཀང་བར་བྱེད་པའོ། །དང་པོའི་ནི་ཞེས་པ་ 26-1-50b ཡི་གེ་ཨའི་སྡེའོ། །དེའི་གཉིས་པ་སྟེ་ཞེས་པ་ནི་ཡི་གེ་ཨེ་སྦྱོར་བར་བྱའོ་ཞེས་པ་འབྲེལ་ཏོ། །སྟོང་པ་ཉིད་ནི་ཞེས་པ་ཡི་གེ་ཧའོ། །དེའི་གདན་ནི་ཡི་གེ་ཨུ་སྟེ་དེ་དང་ལྡན་པར་བྱ་ཞེས་པ་དང་སྦྲེལ་བར་བྱའོ། །ཡང་ན་སྟོང་པ་ཞེས་པ་ནི་ཐིག་ལེར་གསུངས་ཏེ། སྟོང་པས་སྟོང་ལ་གནོན་པའི་སྔགས། །ཞེས་པའོ། ། ཐམས་ཅད་སྭཱ་ཧཱ་སྦྱོར་བྱེད་དོ། །ཞེས་པ་ནི་སྭཱ་ཧཱ་སྦྱོར་བའོ། །སྔགས་ནི་འདི་ལྟ་སྟེ། ཨོཾ་ཨྃ་ཧཱུཾ་སྭཱ་ཧཱ་ཞེས་སོ། །སྔགས་དེ་ནི་ལྷ་མོ་ཐམས་ཅད་ཀྱིས་ཀྱང་ཤེས་པར་བྱའོ། །སྔགས་དེས་བསྒྲུབ་པར་བྱ་བ་གསུངས་པ། གཏན་དུ་ཤིན་ཏུ་དགའ་སྦྱོར་ནས། །ཞེས་པ་ལ་སོགས་པ་སྟེ། ཐབས་དང་ཤེས་རབ་ གཉིས་སུ་མེད་པར་སྦྱོར་བས་ཤི་བའི་མཚན་ཉིད་མེད་པར་བྱེད་པ་བདུད་རྩི་དང་འདྲ་བ་བདུད་རྩི་ལྷག་པའི་བྱང་ཆུབ་སེམས་དབྱུང་བར་བྱ་ཞེས་པའོ། །དེ་ནས་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་ཡེ་ཤེས་བདུད་རྩི་དང་འདྲ་བའི་བྱང་ཆུབ་སེམས་བདུད་རྩི་བཞིན་དུ་འགྲོ་བ་མ་ལུས་པར་རྒས་པ་དང་ཤི་བ་གཞོམ་པར་ བྱེད་པའོ། །དེ་སྐྱེ་བར་བྱེད་པའི་འཕགས་པ་ནི། བདུད་རྩི་འཁྱིལ་པ་ཞེས་བྱ་བའི་དོན་ཏོ། །དེ་ནི་བསྒྲུབ་པར་བྱ་ཞེས་པ་སྟེ། ཐམས་ཅད་སྒྲུབ་པར་བྱེད་པའི་སྒྲུབ་པ་པོ་རྣམས་ཀྱིས་སྦྱོར་བ་དུ་མ་དང་། རྗེས་སུ་སྦྱོར་བ་ཆེན་པོའི་ཐབས་དང་ཤེས་རབ་ཀྱི་བདེ་བ་ཆེན་པོའི་ཡེ་ཤིས་དབྱུང་བའི་བསྒྲུབ་པར་བྱ་སྟེ་ གཞན་དུ་ནི་མ་ཡིན་ནོ་ཞེས་པའོ། །དེ་འགྲུབ་པར་བྱེད་པའི་ཡོན་ཏན་གསུངས་པ། དོན་ཀུན་དངོས་གྲུབ་ཐམས་ཅད་ཀྱང་། །ཞེས་པ་ནི། མཆོག་གི་དངོས་གྲུབ་དང་ཐུན་མོང་གི་དངོས་གྲུབ་སྟེ། དེ་ལ་དོན་ཀུན་ཞེས་པ་ནི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །དེ་ཡང་ཡེ་ཤེས་ཀྱི་ཚོགས་ནི་ བདག་གི་དོན་ཏོ། །བསོད་ནམས་ཀྱི་ཚོགས་ནི་གཞན་གྱི་དོན་ཏོ། །དངོས་གྲུབ་ཐམས་ཅད་ཀྱང་ཞེས་པ་ནི་མཆོག་གི་དངོས་གྲུབ་དང་ཐུན་མོང་གི་དངོས་གྲུབ་སྟེ། དེ་ལ་མཆོག་གི་དངོས་གྲུབ་ནི་བདེ་བ་ཆེན་པོ་རྡོ་རྗེ་བདུད་རྩི་མངོན་དུ་གྱུར་པའོ། །ཐུན་མོང་གི་དངོས་གྲུབ་ནི་མིག་རྣོན་དང་རྐང་ མགྱོགས་དང་། རལ་གྲི་དང་། རི་ལུ་དང་། མི་སྣང་བ་དང་། རོ་ལངས་དང་། ས་འོག་བསྒྲུབ་པ་དང་། ནམ་མཁའ་ལ་འཕུར་བ་བསྒྲུབ་པ་དང་བརྒྱད་དོ། །དེ་ཡང་ཕྱག་མཐིལ་ལ་ཀུན་གནས། །ཞེས་པ་ནི། གང་བདུད་རྩི་འཁྱིལ་པར་བསྒོམས་པའི་རྣལ་འབྱོར་པའམ། རྣལ་འབྱོར་མ་དེའི་ 26-1-51a ལག་མཐིལ་དུ་དངོས་གྲུབ་ཐམས་ཅད་ཀུན་གནས་སོ་ཞེས་པའི་ཐ་ཚིག་གོ། །དེ་བས་ན་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོ་དུས་རྟག་པར་བསམ་པར་བྱ་ཞེས་པའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །དཔལ་རྡོ་རྗེ་བདུད་རྩི་འཁྱིལ་བ་འབྱུང་བ་ ཞེས་བྱ་བའི་ལེའུ་ཞེས་བྱ་བ་ནི་བཅོམ་ལྡན་འདས་བདུད་རྩི་འཁྱིལ་པའི་བསྒོམ་པ་བསྟན་པའི་ཚིག་སྡེར་ལོངས་པའོ། །རྡོ་རྗེ་བདུད་རྩི་རྒྱུད་ཀྱི་ལེའུ་དགུ་པའི་རྣམ་པར་བཤད་པའོ།། །།ད་ནི་ཁྲག་འཐུང་གི་སྦྱོར་བ་དང་ལྡན་པས་སྔོན་དུ་བསྙེན་པ་བྱ་སྟེ། རོ་ལངས་མཆེན་མོ་བསྒྲུབ་ པར་བྱ་ཞེས་གསུངས་པ། དེ་ནས་རོ་ལངས་མ་ཆེན་མོའི་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་བསྒྲུབ་པར་བྱ་བའི་ཚེས་གྲངས་བསྟན་པ། ནག་པོ་ཚེས་བརྒྱད་བཅུ་བཞི་ལ། །ཞེས་པའོ། །གནས་བསྟན་པ་ལིངྒ་གཅིག་དང་ཞེས་པ་ལ་སོགས་པ་སྟེ། དེ་ལ་ལིངྒ་ནི་མ་ཧཱ་དེ་བ་ལ་སོགས་ པའི་ལྷ་རྟེན་ནོ། །དེ་ཉིད་གཅིག་དང་ཞེས་པ་སྟེ་རྒྱང་གྲགས་ཚུན་ཆད་གཞན་མེད་པའོ། །གཞན་ནི་གོ་སླའོ། །ལས་ནི་ཐམས་ཅད་བསྒྲུབ་བྱ་སྟེ། །ཞེས་པ་ནི། གཞན་ཡང་མངོན་སྤྱོད་ལ་སོགས་པ་བསྒྲུབ་པའི་ལས་ཐམས་ཅད་དོ། །ཅི་འདྲ་བ་སློང་བ་ཡིན་ཞེ་ན། འགེགས་ནས་ཤི་བའི་ རོ་རྣམས་ནི། །ཞེས་པ་རང་འཕྱངས་ནས་ཤི་བའོ། །གང་ཡིན་ཞེ་ན། གདོལ་པ་མོ་དང་སྨེ་ཤ་ཅན། །ཞེས་པའོ། །དེ་གཉིས་མེད་ན། ཁྱི་བཙོས་མ་རྣམས་དེ་དག་ན། །ཞེས་པ་སྟེ། དེ་ལ་རྣམས་ཀྱི་སྒྲས་མཁའ་འགྲོ་མ་རྣམས་ལ་ཤེས་པར་བྱའོ། །མཚན་ནི་ཐམས་ཅད་ཡོངས་ སུ་རྫོགས་པ་ཞེས་པ་ནི། ཡན་ལག་ཚང་བ་དང་། མདུན་སོ་ལ་སོ་ལྷག་ཡོད་པའོ། །ཡང་ན་རིག་བྱེད་དང་ནི་སོར་ལྡན་པའོ། །མཛེས་མ་ནི་བྱད་དང་ལྡན་པའོ། །བཟང་བ་ནི་མདངས་དང་ལྡན་པའོ། །རྨ་མེད་པ་ནི་ལུས་ལ་མཚོན་གྱིས་མ་ཕོག་པའོ། །དེ་འདྲ་བ་གལ་ཏེ་རྙེད་པར་གྱུར་ན། དེའི་ ཚེ་ན་བསྒྲུབ་པ་བརྩམ་པར་བྱ་བ་ཡིན་ནོ། །སུམ་ཅུ་རྩ་གཉིས་བསྔགས་པ་སྟེ། །ཞེས་པ་འདི་བསྒྲུབ་པ་ལ་ནི་ལོ་སུམ་ཅུ་རྩ་གཉིས་ལོན་པ་བསྔགས་སོ། །ཡང་ན། ལོ་ནི་ཉི་ཤུ་རྩ་ལྔ་བསྐྱེད། །ཅེས་པའོ། །དེ་གཉིས་མ་རྙེད་ན་ན་ཆུང་མ་ཕ་མ་ལས་དང་ལ་སྐྱེས་པ་འགགས་ནས་ཤི་བས་ཀྱང་བསྒྲུབ་པར་ 26-1-51b ནུས་སོ། །རོ་དེ་དང་ལ་ཆུས་བཀྲུ་བར་བྱའོ་ཞེས་གསུངས་པ། བུད་མེད་རོ་ཡི་སྐྲ་གཟུང་སྟེ། །ཞེས་པ་ལ་སོགས་པ་སྟེ། ཁྲག་འཐུང་གི་རྩ་བའི་སྔགས་ཀྱིས་གཙང་མའི་ཆུ་ལ་སྔགས་བཏབ་ནས། ས་ཧ་དེ་བ་དང་། བྲྀ་ཧ་ཏི་དང་། ཝེ་ཏ་དང་། གི་རི་ཀརྞི་ཀ་དང་། ནཱ་ག་གནྡྷཱ་དང་། སྨན་ལྔ་ཡང་བཅུག་ པར་བྱའོ། །རྡོ་ལེབ་ལ་ཞེས་པ་ནི། ཕ་འོང་ལེབ་ལེབ་པོའི་སྟེང་དུ་རོ་གཞག་སྟེ། སྔགས་བཏབ་པའི་ཆུ་དེས་བཀྲུ་བར་བྱའོ་ཞེས་པའི་དོན་ཏོ། །སློབ་དཔོན་རང་གིས་ཁྲག་འཐུང་གི་ལྷའི་སྦྱོར་བ་བྱས་ནས། རྩ་བའི་སྔགས་བཟླ་བ་ལ་བརྩོན་པར་བྱའོ། །ག་པུར་ཙནྡན་དཀར་པོ་ཡིས། །ཞེས་པ་ ལ་སོགས་པས། ཙནྡན་དཀར་པོ་དང་ག་བུར་རྣམས་ཀྱིས་ལུས་ལ་བྱུག་པར་བྱ་སྟེ། མེ་ཏོག་དང་སྤོས་མེ་དང་ཞེས་པས་མཆོད་ནས་ས་གཅིག་ཏུ་གཞག་སྟེ། ཟླ་གམ་གྱི་ཚུལ་གྱི་དཀྱིལ་འཁོར་བྲིའོ། །ཐོད་པ་ཞེས་བྱ་བ་ནི་ཐོད་པའི་མིང་ངོ་། །ཡང་ན་གཞུའི་ཚུལ་དུ་ཡོངས་སུ་བརྟགས་པ་དེ་ དབུས་སུ་རེའུ་མིག་ལ་འདོད་པའོ། །ཕྱི་རོལ་ཡང་གྲུ་བཞི་དང་། གྲྭ་བཞི་དང་། སྒོ་བཞི་དང་། དྲིལ་བུ་དང་། འཕན་དང་། རྔ་ཡབ་དང་། དྲ་བ་དྲ་ཕྱེད་དང་། ཟླ་བས་བརྒྱན་པ་བཀོད་པར་བྱའོ། །དེའི་འོག་ཏུ་བཅོམ་ལྡན་འདས་རིགས་བརྒྱད་ཀྱི་ལྷ་མོས་ཡོངས་སུ་བསྐོར་བ་རེའུ་མིག་རེ་རེ་ལ་འཇིགས་ ཅན་མ་ལ་སོགས་པའི་སྔགས་ཀྱིས་ལྷ་མོ་ལྡན་པར་ཕྲག་པར་ཁ་ཊྭཱཾ་བཀལ་ནས་ཕྱག་གཡོན་པས་ཐོད་པ་འཛིན་པ། ཕྱག་གཡས་པས་འཕན་གསུམ་གྱི་ཕྱག་རྒྱ་དང་ལྡན་པ་རྩ་བའི་སྔགས་སམ། ཡི་གེ་ཧཱུཾ་གིས་དཀྱིལ་འཁོར་གྱི་དབུས་སུ་བསྐྱེད་ནས་གཞག་པར་བྱའོ། །སྔགས་དེ་ཁོ་ན་ལྷ་མོ་ ཐམས་ཅད་ཞལ་གསུམ་ཕྱག་དྲུག་པ་ཕྱག་དང་པོ་གཉིས་ཀྱིས་ཁ་ཊྭཱཾ་དང་ཐོད་པ་འཛིན་པ་གཞག་པར་བྱའོ། །སྒོ་ལ་ཡང་སྒོ་སྲུང་གླང་སྣ་ཞེས་པ་ལ་སོགས་པ་བཞི་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུས་ཕྱག་བྲེལ་བར་ཞལ་གཅིག་ཕྱག་གཉིས་པ་བཀོད་པའོ། ། ལྷ་མོ་མེ་ཏོག་མ་དང་། སྤོས་མེ་མ་དང་། མར་མེ་མ་དང་། དྲི་ཆབ་མ་དང་ཞེས་བྱ་བ་རྣམས་ཀྱང་མེ་ཏོག་མ་ལ་སོགས་པ་འཛིན་པ་བྲི་བར་བྱའོ། །དེ་འདྲ་བའི་བཅོམ་ལྡན་འདས་འཁོར་ལྷ་མོ་དང་འདྲ་བའི་དཀྱིལ་འཁོར་གྱི་དབུས་སུ་བསྐྱེད་ནས་དགུག་སྟེ། མཆོད་ཅིང་གསོལ་ནས་ཁྲག་ཆེན་ 26-1-52a གྱིས་ཕྱོགས་བཞི་ལ་གཏོར་བར་བྱའོ། །ཡི་གེ་བྷྱོ་གད་སྒྲོགས་བཤད་པས་སྔགས་བཟླ་བར་བྱ་སྟེ། མར་ཁུ་ཆེན་པོས་བསྐུས་པའི་ཡུངས་ཀར་དཀར་པོས་རོ་ལངས་མ་དེའི་ངོ་ལ་བརྡེག་པར་བྱའོ། །དེ་ནས་མོ་ཨག་ཙར་ཆེ་ཞིང་ས་གསུམ་རང་གི་སྒྲས་གང་བར་བྱེད་ པ་ཡང་ལགས་སོ། །དེ་མཐོང་ནས་འཇིགས་པར་མི་བྱ་སྟེ། ལྷའི་སྦྱོར་བ་མངོན་དུ་བྱེད་ཅིང་ང་རྒྱལ་དང་བཅས་ནས་གནས་པར་བྱའོ། །གཞན་དུ་འདའ་བར་གྱུར་ན་སློབ་མ་དང་བཅས་པར་སྒྲུབ་པ་པོ་ཤི་བའོ། །དེ་ནས་དེ་གྲུབ་མ་ཐག་ཏུ་བདག་གིས་ཅི་བགྱི་ཞེས་བཀའ་ནོད་པར་འགྱུར་རོ། ། སྒྲུབ་པ་པོས་ཡིད་ཀྱིས་འདོད་པའི་རལ་གྲི་ལ་སོགས་པའི་དངོས་གྲུབ་ཀྱང་སྦྱིན་ནོ། །གདོལ་པ་མོ་དང་། སྨེ་ཤ་ཅན་དེ་གཉིས་བདག་གྲུབ་པར་མ་གྱུར་ན། གཞན་གྱི་གཟུགས་ཀྱིས་བཅོམ་མ་དང་བཟོད་བྱེད་དང་། བསྒྲུབ་པའི་རིམ་པ་འདིས་བྱ་སྟེ། ཕྱི་ནས་བཅོམ་ལྡན་འདས་རྡོ་རྗེ་ཁྲག་འཐུང་ བདག་དང་སྒྲུབ་པ་པོ་གཅིག་དང་ལྷན་ཅིག་བསྒྲུབས་ན་འགྲུབ་པ་ཐེ་ཚོམ་མེད་པའོ། །རོ་ལངས་མ་བསྒྲུབ་པ་བསྟན་པའི་ལེའུ་བཅུ་པའི་རྣམ་པར་བཤད་པའོ།། །།དེ་ལྟར་དེའི་རིམ་པས་འདོད་ཆགས་ལ་སོགས་པས་འདུལ་བའི་སྐྱེ་བོ་རྣམས་ཀྱི་དོན་བྱས་ཏེ། བཅོམ་ལྡན་ འདས་ཅི་ཡང་མི་གསུང་བའི་ངོ་བོས་རྟོགས་ནས་ནི་རྣམ་པར་མི་རྟོག་པའི་བདེ་བ་ཆེན་པོའི་རོས་སྐུ་གསུང་ཐུགས་ཀུན་ལ་འབིགས་ཏེ་ལོངས་སྤྱོད་རྫོགས་པའི་སྐུར་བཞུགས་པར་གྱུར་ཏོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དེ་ནས་བཅོམ་ལྡན་རྡོ་རྗེ་ཅན། །ཞེས་པ་ལ་སོགས་པ་སྟེ། འབྱུང་འཇུག་ གི་མཚན་ཉིད་ཀྱི་དབུགས་ཀྱི་ཏིང་ངེ་འཛིན་ལ་གནས་པས་དབུགས་འགོག་པའི་ཕྱིར་མི་གཡོ་མི་གཟིགས་པར་ཏིང་ངེ་འཛིན་མཆོག་ལ་ཞུགས་པ་བདེ་བ་ཆེན་པོའི་ཡེ་ཤེས་གཉིས་སུ་མེད་པར་གྱུར་ཏོ་ཞེས་པའི་དོན་ཏོ། །ད་ནི་དེ་འདྲ་བའི་བཅོམ་ལྡན་འདས་ལ་ཡང་ཞུས་ཏེ། བཅོམ་ལྡན་རྡོ་རྗེ་ཕྲ་མོ་ནི། །ཞེས་ པ་ལ་སོགས་པ་སྟེ། དེ་ལ་རྡོ་རྗེ་ཕྲ་མོ་ཞེས་པ་ནི་བདེ་བ་ཆེན་པོའི་ཡེ་ཤེས་སོ། །དེ་ཇི་ལྟར་གནས་ཤེ་ན། སེམས་ཅན་ཀུན་གྱི་ཡིད་ལ་གནས། །ཞེས་པའོ། །དོན་ནི་འདི་ལྟར་གསུངས་པར་འགྱུར་ཏེ། མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་ཇི་ལྟ་བའི་རིམ་པར་ཆོས་ཀྱིས་བྱུང་གནས་ཀྱི་དབུས་སུ་གནས་པའི་ 26-1-52b ཡེ་ཤེས་སེམས་དཔའ་ཁ་ནས་ཐིམ་པས། ཟླ་བར་ཞུ་མ་ཐག་པའི་ཟླ་བའི་དཀྱིལ་འཁོར་དང་ཡི་གེ་ཧཱུཾ་ལ་སོགས་པས་བསྐྱེད་པའི་རྡོ་རྗེ་ལ་སོགས་པ་དང་རྡོ་རྗེ་དེས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་སུ་བདག་བསྐྱེད་པར་བྱ་སྟེ། ཕྱི་ནས་རྗེས་སུ་སྦྱོར་བའི་རིམ་པས་ལྷའི་འཁོར་ལོ་སྤྲུལ་ཏེ། དཀྱིལ་འཁོར་དེའི་དབུས་སུ་འདུག་པ་བདག་ཉིད་གཙོ་བོའི་ང་རྒྱལ་དང་ལྡན་པར་བྱའོ། །དེ་ནས་དེའི་འོག་ཏུ་ནི་རང་གི་སྙིང་གར་རྡོ་རྗེ་ཕྲ་མོ་བྱང་ཆུབ་སེམས་རྡོ་རྗེ་ཡེ་ཤེས་ཅན་བསམ་པར་བྱའོ། །དེའི་སྙིང་གར་ཡང་ཕྲ་མོའི་ཡི་གེ་ཧཱུཾ་ལ་སོགས་པ་དང་། རང་གི་ཡི་དམ་ལྷ་ཡང་བཀོད་ནས་ལྷའི་བྱིན་ བསྒྲུབ་པ་མངོན་དུ་གྱུར་པའོ་ཞེས་བླ་མའི་མན་ངག་གོ། །ཡང་ན་རྡོ་རྗེ་ཕྲ་མོ་ཞེས་པ་ནི་བྱང་ཆུབ་སེམས་ཏེ་ཆོས་ཐམས་ཅད་གསལ་བས་སྟོང་པ་ཉིད་ཀྱི་རང་བཞིན་དུ་བསྐྱེད་པ་ནི། སེམས་ཅན་ཀུན་གྱི་ཡིད་ལ་གནས། །ཞེས་པའོ། །དེ་ལྟར་ཡང་གསུངས་པ། སེམས་ཅན་ཀུན་གྱི་ཡིད་ལ་གནས། །དེ་ བཞིན་གཤེགས་པ་ཀུན་གྱི་ཕ། །འདོད་ཆགས་དམ་ཚིག་མཆོག་རྣམས་ཀྱི། །ཞེས་པའོ། །དེ་ཉིད་སྔོན་བཞིན་བཤད་ཅེས་པ་ལ་སོགས་པ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྟོན་པས་ལན་གསུངས་པའོ། །དེ་ཟོས་པའི་དངོས་གྲུབ་ཀྱི་འབྲས་བུ་སྟོན་འདོད་པས་གསུངས་པ། རྟག་པར་རྒྱུན་དུ་མྱང་བར་ བྱ། །ཞེས་པ་ལ་སོགས་པ་སྟེ། རང་གིས་ཟོས་པར་བྱས་ནས་སྔགས་རྒྱུད་མཁས་པས་རང་གིས་རིག་ནས་བཟའ་བར་བྱའོ། །དག་པར་བྱ་བ་དང་སྦྱང་བའི་རིམ་པས་ནི་མ་གསུངས་ཏེ། ལྷའི་སྦྱོར་བ་ཁོ་ནས་བྱང་ཆུབ་སེམས་ལ་སོགས་པ་དག་པ་ཉིད་ཀྱི་ཕྱིར་རོ། །རྡོ་རྗེ་བདུད་རྩིའི་རྒྱུད་འདི་ནི། ། ཞེས་པ་ལ་སོགས་པས་ནི་རྒྱུད་འདིའི་ཆེ་བ་སྟོན་ཅིང་འདུས་པ་གསུངས་ཏེ། དེ་ལ་དོན་མང་ཡང་ཞེས་པ་ནི། ཕྱག་རྒྱ་ལ་སོགས་པ་བསྒྲུབ་པ་མཐར་ཐུག་པའི་དོན་མང་བའོ། །གང་དུ་ཞེས་པ་ནི་ལྡན་པ་མདོར་བསྡུས་པའོ། །གསང་བའི་རིམ་པ་ཞེས་པ་ནི། གསང་བའི་རྗེས་སུ་མྱོང་བའི་ མཚན་ཉིད་དང་ལྡན་པར་བྱས་ཏེ། མ་ལུས་པའི་རྡོ་རྗེ་ཐེག་པ་ཆེན་པོ་ཡིན་པ་དེའི་ཕྱིར་དེ་ལས་བྱུང་བས་ན་གསང་བའི་རིམ་པ་ཅན་ནོ། །འདི་ནི་གསང་བ་ཆེན་པོ་ཞེས་པ་ལ་སོགས་པ་ནི། གསང་བའི་དབང་པོ་གཉིས་གཅིག་སྙོམས་པར་ཞུགས་པ་ནི་གསང་ཆེན་ཏེ། བདེ་བ་ཆེན་པོ་གཉིས་སུ་མེད་ 26-1-53a པའི་ཡེ་ཤེས་ཞེས་བྱའོ། །མྱ་ངན་ལས་འདས་པའི་ངོ་བོ་ཉིད་ཀྱི་ཕྱིར་ན་དམ་པ་ཞེས་བྱ་སྟེ། བདེ་བ་ཆེན་པོ་སོ་སོ་རང་གིས་རིག་པའི་ཕྱིར་ཡིད་དགའོ། །ཀུན་གྱི་བདག་ལ་ཕོ་དང་མོའི་གཟུགས་དེ་ལ་རྟག་པར་གནས་སོ། །དེ་ཉིད་ཀྱི་ཕྱིར་ན། བྱང་ཆུབ་སེམས་དཔས་མ་ ཤེས་ཏེ། །ཞེས་ཏེ། བཅོམ་ལྡན་འདས་ཀྱིས་སྟོན་ན་ཡང་དེས་མི་ཐོབ་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ན་གཟུགས་མེད་ཅེས་ཏེ། མིག་གི་རྣམ་པར་ཤེས་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །འོ་ན་ཅི་འདྲ་ཞེ་ན་སྟོང་པ་ཞེས་ཏེ། དེ་བཞིན་ཉིད་ཀྱི་རང་བཞིན་ཕྱི་ནང་རྟོག་པའི་དྲ་བ་བསལ་བ་ཉིད་ཀྱི་ཕྱིར་རོ། །མི་ འགྱུར་བ་ཞེས་པ་ནི། གཡོ་བ་མེད་པ་ཞེས་པའི་དོན་ཏོ། །དེ་ནི་དེ་ཉིད་ཅེས་ཏེ་བདེན་པའོ། །དེ་ལྟར་ཡང་གསུངས་པ། སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་ པའོ། །རྡོ་རྗེ་སྤྱི་གཙུག་ནོར་བུ་ཞེས་པ་ནི། ཐིག་ལེའི་རྒྱན་གྱི་རྣམ་པའི་གཟུགས་ཉིད་ཀྱི་ཕྱིར་རོ། །དེ་བས་ན་ཤིན་ཏུ་གསང་ནས་གཟུངས་ལྷ་མོ་ཞེས་པའོ། །འདོར་བ་ཞེས་པ་ལ་སོགས་པ་ནི། རྒྱུད་འདིའི་འདོར་བ་བཞིན་དུ་གཞག་པ་ལ། དགའ་མ་ཁྱོད་ལ་ཡང་བདག་གིས་བསྟན་པས་ན་ཟུང་ ཤིག ། ཤིན་ཏུ་དཀོན་པའི་ཕྱིར་རོ། །དེ་ལྟར་གསུངས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་དང་བཅས་པར་ཕྲ་མོའི་གཟུགས་སུ་གྱུར་ཏེ། བདེ་བ་ཆེན་པོའི་ངོ་བོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་ཀྱི་རང་བཞིན་ས་གསུམ་གྱི་བདག་ཉིད། དངོས་པོ་ཐམས་ཅད་གཉིས་སུ་མེད་ པའི་མཚན་ཉིད་ཆོས་ཀྱི་འབྱུང་གནས་ཡི་གེ་ཨེ་གྲུ་གསུམ་གྱི་དབྱིངས་བྷ་གའི་ཕྱོགས་ལ་ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུས་ཁྱབ་ནས་གསུམ་དུ་ཁྱབ་པར་བཞུགས་སོ་ཞེས་པའོ། །དེ་བས་ན་རྣལ་འབྱོར་པ་ཡིས་ཀྱང་ལྷའི་སྦྱོར་བ་གོམས་པར་བྱས་ཏེ་ཕྱི་ན་འཁོར་བ་འདུས་པའི་སྐུ་ལ་གནས་ པར་བྱའོ་ཞེས་སོ། །གསང་སྔགས་ཤིན་ཏུ་དཀའ་བའི་ཚིག་དང་གསང་བ་དེ་ཉིད་དོན་ལྡན་རྡོ་རྗེ་བདུད་རྩི་ཞེས་བྱའི་རྒྱུད། །གང་གིས་ཇི་ལྟར་དོན་བཞིན་བཤད་པར་འདོད་པའི་བླུན་པོ་དྲི་མ་མེད་པ་འདི་ལས་གྱུར། །བདག་གིས་འགའ་ཞིག་ཤེས་ནས་འགྲེལ་པ་འདི་ལས་ཐོབ་པ་དྲི་མ་མེད་ 26-1-53b པའི་དགེ་བ་གང་། །དེས་ཀྱང་མ་ལུས་འཇིག་རྟེན་འདི་དག་རྟོག་པའི་དྲ་བ་བསལ་ནས་བདེ་བ་དམ་པ་དང་མཉམ་ཤོག །དམ་པའི་བདེ་བ་གཉིས་མེད་བློ་ཡི་དངོས་གྲུབ་རྒྱུ་ཡི་ཕྱིར། །མཐའ་ཡས་རྒྱུད་ཀྱི་སྙིང་པོ་འདི་ཡི་འགྲེལ་མཁན་ནི། །གང་ཞིག་འདོད་པ་དགའ་བ་སྔགས་ཀྱི་མཐར་གྲུབ་གྱུར་ པ་ཡིས། །ཡོན་ཏན་རྣམས་ལ་དྲི་མ་མེད་པའི་བཟང་པོ་ཞེས་བྱའོ།། །།རྒྱ་གར་གྱི་མཁན་པོ་སྨྲྀ་ཏི་ཛྙཱ་ན་ཉིད་ཀྱིས་བསྒྱུར་ཅིང་བཤད་ནས་གཏན་ལ་ཕབ་པའི་རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་རྣམ་པར་བཤད་པ་རྫོགས་སོ། །༄༅༅། །རྒྱ་གར་སྐད་དུ། ཤྲཱི་བཛྲ་ཨ་ མྲྀ་ཏ་མ་ཧཱ་ཏནྟྲ་རཱ་ཛྙཱཥྚཱི་ཀཱ་ནཱ་མ། བོད་སྐད་དུ། དཔལ་རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ། མཁའ་འགྲོ་མ་རྣམས་ལ་ཕྱག་འཚལ་ལོ། །ཚངས་པ་གཟི་བརྗིད་ཐིག་ལེ་མཆོག །འདོད་ཆགས་ཚོགས་རྣམས་རྣམ་དག་པ། །བླ་མ་ཟླ་བ་ལྟ་བུ་དང་། །རྡོ་རྗེ་བདུད་རྩིའི་ཞབས་ བཏུད་ནས། །རྡོ་རྗེ་བདུད་རྩིའི་རྒྱ་ཆེར་འགྲེལ་བཤད་བྱ། །རྒྱུད་འདིའི་བརྗོད་པར་བྱ་བ་ནི་གསང་བའི་དཀྱིལ་འཁོར་གྱི་བདག་ཉིད་ཀྱི་བཅོམ་ལྡན་འདས་རྡོ་རྗེ་བདུད་རྩིའོ། །དེ་རྗོད་པར་བྱེད་པ་ཉིད་ཀྱིས་རྒྱུད་འདི་ཡང་དེའི་མངོན་པར་བརྗོད་པར་བཞེད་དོ། །བརྗོད་བྱ་དང་རྗོད་བྱེད་ནི་སྨྲ་བྱ་དང་སྨྲ་བྱེད་ ཉིད་དུ་འབྲེལ་པའོ། །འདིས་གདུལ་བྱའི་སྐྱེ་བོ་གཞུག་ཅིང་རྟོགས་པ་ནི་དགོས་པའོ། །མྱ་ངན་ལས་འདས་པའི་བདུད་རྩི་ལ་སོགས་པའི་འབྲས་བུ་ཐོབ་པ་ནི་དགོས་པའི་དགོས་པའོ། །འདིར་རྗོད་པར་བྱེད་པ་དང་བརྗོད་པར་བྱ་བ་དང་འབྲེལ་བ་དང་དགོས་པའི་དགོས་པ་རྣམས་རྟོགས་པར་བྱ་བ་ནི། ལེའུ་བཅུ་གཅིག་གི་རྒྱུད་འདིར་ངེས་པར་བསྟན་པའོ། །དང་པོར་གསང་བའི་དཀྱིལ་འཁོར་བྱེད་པའི་གསང་བའི་ལེའུ་ངེས་པར་བསྟན་པའི་རང་བཞིན་གྱི་བཅོམ་ལྡན་འདས་མ་སྡུད་པར་བྱེད་པའི་ནི་མཱ་མ་ཀཱིའི་གནས་ལ་སོགས་པ་ཕུན་སུམ་ཚོགས་པ་བརྗོད་པ་སྔོན་དུ་འགྲོ་བ་ནས་བརྩམས་ཏེ་གསུངས་པ། འདི་སྐད་བདག་གིས་ཞེས་པ་ལ་སོགས་པའོ། འདི་སྐད་ཅེས་པ་ནི་རྒྱུད་ཡོངས་སུ་རྫོགས་པའི་མཐར་ཐུག་པའི་དོན་རྣམས་འདིར་བསྡུས་པའོ། །བདག་གིས་ཞེས་པ་ནི་གཞན་དུ་བརྒྱུད་པ་ལས་འོངས་པ་མ་ཡིན་གྱི། མཱ་མ་ཀཱིའི་བདག་ཉིད་ཀྱིས་མངོན་སུམ་དུ་ཡིན་ནོ། །ཐོས་པ་ཞེས་པ་ནི་ཆོས་ཀྱི་རྣམ་ 26-1-54a གྲངས་བདག་ཉིད་ཀྱིས་ཉམས་སུ་མྱོང་བ་དི། འདི་སྐད་ཀྱི་སྒྲས་བསྡུས་པར་རྟོགས་སོ། །རྣམ་ཐོས་ཞེས་པ་ལ་གསུངས་ཤིག་ཅེས་པ་ལ་སོགས་པའོ། །གཅིག་གི་སྒྲས་ནི་མཉམ་པར་མ་བཞག་པའི་དུས་བཀར་བའོ། །དེ་གསུངས་པར་གྱུར་པ། གང་ཞིག་ཉོན་མོངས་ མཐའ་བྲལ་བའི། །བཅོམ་ལྡན་ཡིད་བཞིན་ནོར་ལྟ་བུ། །བསམ་གྱིས་མི་ཁྱབ་གཉིས་མེད་པ། །ཏིང་འཛིན་སྐྱེ་བའི་ཆོས་སྟོན་པ། །བདུད་རྩིའི་ཆར་ནི་འགྲོ་ལ་འབབ། །དེ་རུ་རྒྱུན་མི་ཆད་པ་རུ། །ཆོས་རྣམས་སྟོན་པ་མཉམ་གཞག་དུས། །ཞེས་པའོ། །གང་ལས་ཐོས་ཞེས་པ་ལ་ གསུངས་པ། བཅོམ་ལྡན་འདས་དེ་བཞུགས་ཞེས་པ་འདིར་འབྲེལ་ཏོ། །བཅོམ་ལྡན་འདས་ཉིད་ནི་སྟོན་པ་པོ་ཡིན་པ་ཉིད་ཀྱིས་བཅོམ་ལྡན་འདས་ལས་དངོས་སུ་ཞེས་པ་ལ་སོགས་པ་ཤུགས་ཀྱིས་གོ་བའོ། །བདུད་རྩིའི་རྣལ་འབྱོར་གྱི་དབང་ཕྱུག་ཉིད་ཀྱིས་བཅོམ་ལྡན་འདས་སམ། སྒྲིབ་པ་ཐམས་ ཅད་ཀྱི་གཉེན་པོར་གྱུར་པ་བླ་ན་མེད་པའི་ཤེས་རབ་ནི་བྷ་ག་ཞེས་པ་སྟེ་བཅོམ་ལྡན་འདས་སོ། །གང་དུ་བཞུགས་ནས་བཅོམ་ལྡན་འདས་ཀྱིས་འདི་གསུངས་ཞེས་པ་ལ་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ལ་སོགས་པའོ། །དེ་ཐམས་ཅད་ཀྱང་ཡིན་ལ་དེ་བཞིན་གཤེགས་པ་ཡང་ ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ནི་སྐུ་རྡོ་རྗེ་ལ་སོགས་པ་སྟེ། ཇི་ལྟ་བ་བཞིན་དུ་གསུངས་པའི་བདུད་རྩིའི་ཐབས་ཀྱིས་བདུད་རྩིར་གཤེགས་པ་ནི། དེ་བཞིན་གཤེགས་པ་རྣམས་སོ། །སྐུ་རྡོ་རྗེ་ནི་རྣམ་པར་སྣང་མཛད་དོ། །གསུང་རྡོ་རྗེ་ནི་སྣང་བ་མཐའ་ཡས་སོ། །ཐུགས་ རྡོ་རྗེ་ནི་མི་བསྐྱོད་པའོ། །དེ་རྣམས་ཀྱི་སྙིང་པོ་ནི་མཆོག་ཏུ་དགའ་བ་ལས་སྐྱེས་པ་གཞིག་ཏུ་མེད་པའོ། རྒྱུ་ལས་འབྲས་བུ་ཉེ་བར་བཏགས་པས་ན་འདི་ཉིད་ནི་རྡོ་རྗེ་བདུད་རྩིའོ། །དེ་ལ་གསང་བའི་པདྨ་གང་ཞིག་ལ་གནས་པ་ནི་གསང་བའི་པདྨར་དགོངས་སོ། །གསང་བའི་པདྨ་ཞེས་པ་ནི་ སྤྱན་མ་དང་སྒྲོལ་མ་དང་གོས་དཀར་མོ་རྣམས་ཀྱི་ཆོས་ཀྱི་འབྱུང་གནས་སོ། །ལྷ་མོ་གསུམ་གྱི་གདན་ནི་རྣལ་འབྱོར་གྱི་གནས་སུ་གྱུར་པ་དེ་རྣམས་སུ། གདུལ་བྱའི་སྐྱེ་བོ་རྣམས་རྗེས་སུ་གཟུང་བའི་དོན་དུ་རྫུ་འཕྲུལ་གྱིས་བཞུགས་སོ། །ཡང་ན་རིགས་གསུམ་དབྱེར་མེད་པ་གཉིས་སུ་མེད་ 26-1-54b པར་རྫོགས་པ་བཅོམ་ལྡན་འདས་རྡོ་རྗེ་བདུད་རྩི་དེའི་གཞི་ཆོས་ཀྱི་འབྱུང་གནས། །གཞལ་ཡས་ཁང་གི་དབུས་སུ་གྲུ་གསུམ་རྣལ་འབྱོར་གྱི་གནས་ཀྱི་སྟེང་དུ། གསང་བའི་པདྨ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་བཞུགས་སོ། །བཞུགས་ཞེས་པ་ནི་རྣམ་པ་སྣ་ཚོགས་པ་རྡོ་རྗེ་བདུད་རྩིས་ བསྟན་པས་མཱ་མ་ཀཱིའི་ཡིད་འཕྲོག་ཅེས་པའི་དོན་ཏོ། །ཅི་བཅོམ་ལྡན་འདས་གཅིག་པོ་དེར་བཞུགས་སམ་ཞེས་པ་ལ། གསུངས་པ། རོལ་རྩེད་བཅོམ་ལྡན་རྡོ་རྗེ་ཅན། །ཞེས་པ་ལ་སོགས་པའོ། །རོལ་རྩེད་ཅེས་པ་ནི་ལྷ་མོ་དང་བཅས་པར་རོལ་པས་བླ་ན་མེད་པའི་རོལ་རྩེད་ལ་ལོངས་སྤྱོད་པ་ སྟེ། རྡོ་རྗེ་བདུད་རྩིའི་མཱ་མ་ཀཱི་ཐག་ཉེ་བ་ན་གནས་པ་ལ་གཟིགས་ནས་ཚིགས་སུ་བཅད་པ་གསུམ་པའི་དགོངས་པས་རྡོ་རྗེ་བདུད་རྩིའི་དེ་ཁོ་ན་ཉིད་ལ་རྣམ་པར་གནས་ནས་འདི་ཉིད་གྲུབ་ཅེས་ཉེ་བར་འདུས་ཏེ་སྟོན་པར་བཞེད་པས། རོལ་རྩེད་ལ་ལོངས་སྤྱོད་པ་ནི། མཱ་མ་ཀཱི་དང་བཅས་པར་ལོངས་སྤྱོད་ ཅེས་པའི་དོན་ཏོ། །དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པས་བཅོམ་ལྡན་འདས་སོ། །རྩེ་ལྔ་པ་ནི་ཡེ་ཤེས་ཀྱི་རྡོ་རྗེ་ཞེས་པ་འདིས་ནི་རྡོ་རྗེ་ཅན་ནི་རྡོ་རྗེ་བདུད་རྩིའོ། །མཱ་མ་ཀཱི་ཞེས་པ་ནི་རྡོ་རྗེ་རིགས་ཀྱི་བདག་པོའི་ལྷར་རབ་ཏུ་གནས་པ་སྟེ། རང་གི་ཞབས་ཀྱི་རྩ་བར་འཁོར་བའི་ཕོ་ཉ་མོ་དེ་རྣམས་དང་ བཅས་པར་མན་ངག་བརྒྱད་པོ་འདིས་བདེན་པར་བསྒོམས་པའོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ལ་སོགས་པའི་འཁོར་མ་གསུངས་ཞེས་པའི་དོགས་པ་བསལ་བའི་ཕྱིར། མཱ་མ་ཀཱི་ལ་སོགས་པའི་ཕྱག་རྒྱ་དང་ཡང་དག་པར་སྦྱོར་བར་བསྒོམས་པས་ཇི་ལྟ་བར་འགྱུར་བའོ། །དེ་ཁོ་ན་ཉིད་ཀྱི་མན་ངག་ ཉམས་སུ་མྱོང་བ་བསྒྲུབ་པར་འདོད་པས་དངོས་སུ་བྱེད་དེ། རྡོ་རྗེ་འཁོར་གྱི་ཚུལ་དུ་མཱ་མ་ཀཱི་ཡང་ཉེ་བར་བསྟན་གྱི། བྱང་ཆུབ་སེམས་དཔའི་འཁོར་ནི་མ་ཡིན་ཞེས་བརྗོད་པའོ། །དེ་བཞིན་དུ་ཡང་གསང་བའི་མཛོད་ལས་གསུངས་པ། ཕྱག་ན་རྡོ་རྗེ་གསང་བདག་ལ། །རྡོ་རྗེ་དྲི་མ་རྙེད་ནས་ ནི། །སེམས་ཅན་གྱི་ནི་དོན་གྱིས་ཤིག །ཕྱག་ན་རྡོ་རྗེས་ཀྱང་དེ་བལྟ། །ངོ་མཚར་ཁྲོ་མོ་ཞེས་པ་འདིས། །སེམས་ཅན་གྱི་ནི་དོན་བྱའོ། །ཞེས་པ་ལ་སོགས་པའོ། །གྲོང་མཆོག་ཅེས་པ་ནི་དེ་མ་ཐག་ཏུ་གསུངས་པའི་གཞལ་ཡས་ཁང་ངོ་། །དེ་ལྟར་གནས་ལ་སོགས་པའི་གླེང་ 26-1-55a གཞི་ཕུན་སུམ་ཚོགས་པ་བསྟན་ནས། ད་ནི་བདུད་རྩི་འདོད་པའི་རྒྱུད་ཉན་པར་འདོད་པ་ལ་བཅོམ་ལྡན་འདས་ཀྱིས་ཆོས་སྟོན་པར་བརྩོན་ཏེ། འདིར་གསོལ་བ་འདེབས་པ་གསུངས་པ། དེ་རུ་ལྷ་མོ་དེས་ཞུས་པ། །ཞེས་པ་ལ་སོགས་པའོ། །ཞུས་པ་ཞེས་པ་ནི་ འཆད་པར་འགྱུར་བའི་མན་ངག་གོ། །དེར་ཞེས་པ་ནི་གཞལ་ཡས་ཁང་དུའོ། །དེས་ཞེས་པ་ནི་མཱ་མ་ཀཱིས་སོ། །དམ་པའི་ཆོས་ཀྱི་རོལ་རྩེད་ལ་དགའ་བས་ལྷ་མོའོ། །གསང་བ་ཞེས་པ་ནི་གཞན་བྱང་ཆུབ་སེམས་དཔའ་ལ་སོགས་པའི་ལྷ་རྣམས་མེད་པར་གནས་པས་སོ། །ཏུའི་སྒྲ་ནི་བདེན་པའི་ དོན་ཏོ། །བག་ཆགས་ཀྱི་ཉེས་པ་མཐའ་དག་བསལ་བ་དང་། བླ་ན་མེད་པའི་བདུད་རྩི་ཐོབ་པར་བྱ་བའི་ཕྱིར་དེ་རྟོགས་པའི་ཐབས་སྟོན་པར་བཤད་པའི་རྡོ་རྗེ་ཅན་རྟོགས་པ་དྲིས་ཞེས་པར་དགོས་སོ། །ཅི་ཞིག་དྲིས་ཞེས་པ་ལ་གསུངས་པ། ལྷ་ཁྱོད་ཉིད་ཀྱིས་སྔོན་དུ་གསུངས་ཞེས་པའོ། ། གསུངས་ཞེས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་བསྡུས་པའོ། །ལྷའི་དངོས་ནི་ལྷའོ། །གཞན་ཡང་འདི་ལྟར་རྗེ་བོའི་བྱེ་བྲག་ལ་བུད་མེད་རྣམས་ལྷའི་སྒྲས་ཆགས་པ་དང་བཅས་པའི་གཏམ་བྱེད་ཅེས་པའོ། །ཁྱོད་ཅེས་པ་ནི་རྡོ་རྗེ་བདུད་རྩིས་སོ། །སྔོན་དུ་ཞེས་པ་ནི་ཐོག་མར་ཏེ། འདིར་མཱ་མ་ཀཱི་ཐག་ཉེ་བ་ལ་གཟིགས་ནས་ཞེས་པའི་དོན་ཏེ། རྡོ་རྗེ་བདུད་རྩིས་ཐོག་མའི་འཁོར་རྣམས་ལ་མཱ་མ་ཀཱི་ཐག་ཉེ་བ་ལ་གཟིགས་པ་ནི་རྒྱུད་ཀྱི་དོན་ཉེ་བར་བསྡུས་པའི་ཚིགས་སུ་བཅད་པ་གསུམ་པའི་དགོངས་པས་རྟོགས་པར་བྱའོ། །དེ་བཞིན་དུ་ཡང་གསུངས་པ། སྡུག་པའི་པདྨ་བལྟས་ནས་ ནི། །ང་ཡིས་དེ་ཉིད་རབ་གསལ་བྱ། །ཞེས་པའོ། །ཡང་ན་རྡོ་རྗེ་བདུད་རྩིའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་སྔོན་གསུངས་པ་དེ་ལས་ཡང་འདིར་བསྡུས་ཏེ་བརྗོད་པར་བྱ་ཞེས་པ་སྟེ། དེའི་དུས་ལ་ལྟོས་ནས་སྔོན་གྱི་སྒྲ་བལྟ་བར་བྱ་བ་ནི་གཞན་ནོ། །ཅི་ཞིག་གསུངས་ཞེས་པ་ལ་གསུངས་པ། རྡོ་རྗེ་བདུད་ རྩི་རྒྱུད་ཀྱི་མཆོག །ཅེས་པ་ལ་སོགས་པའོ། །རྡོ་རྗེ་བདུད་རྩིའི་སྙིང་པོའི་དཀྱིལ་འཁོར་དང་བསྒོམ་པ་ལ་སོགས་པ་བསྡུས་པས་སམ་སྐྱོབ་པས་ན་རྒྱུད་དོ། །མིང་ཅི་ཞིག་སྙམ་པ་ལ་གསུངས་པ་རྡོ་རྗེ་ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་བདུད་རྩི་མིང་ཅན་ནོ། །རྒྱུད་ཐམས་ཅད་ལས་ཕུལ་ 26-1-55b དུ་བྱུང་བས་ན་མཆོག་གོ། །བདུད་རྩི་ནི་མྱ་ངན་ལས་འདས་པའོ། །དེའི་སྒྲུབ་ཐབས་ནི་དངོས་སུ་བྱེད་པའི་དོན་ཏེ། ཐབས་ཀྱི་རྒྱུའོ། །དེ་ནི་རང་གིས་གསུངས་ཞེས་པ་ནི་རབ་ཏུ་གསལ་བར་མཛོད་ཅིག་པའོ། །དེ་ལྟར་བཅོམ་ལྡན་འདས་ལ་གསོལ་བ་བཏབ་ནས། སྔོན་དུ་ཉེ་བར་ བསྡུས་པའི་རྒྱུད་ཀྱི་དོན་ཉེ་བར་རྟོགས་པར་བྱ་བའི་ཕྱིར་བསྟན་པ་གསུངས་པ། བཅོམ་ལྡན་རྡོ་རྗེ་བཀའ་སྩལ་ཞེས་པ་ལ་སོགས་པའོ། །ཞེས་པའི་སྒྲ་ནི་གསོལ་བ་བཏབ་པའི་དེ་མ་ཐག་ཏུའོ། །བཀའ་སྩལ་ཞེས་པ་ནི་གསུངས་པའོ། །ཅི་ཞིག་གསུངས་ཞེས་པ་ལ་གསུངས་པ། བསམ་གྱིས་མི་ཁྱབ་ཅེས་པ་ལ་སོགས་པ་སྟེ་གསུངས་ཞེས་པ་འདིར་འབྲེལ་ཏོ། །བསམ་གྱིས་མི་ཁྱབ་ཅེས་པ་ནི་བསམ་དུ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་རྒྱུ་བྱེད་པའི་ཕྱིར་བསམ་པ་དང་བྲལ་བའོ། །ཟད་པ་ནི་བརླག་པ་ལ་སོགས་པའོ། །ཟད་པ་མེད་པ་ནི་བརླག་པ་མེད་པ་སྟེ། མ་སྐྱེས་ པ་དང་མི་འགག་པ་དང་། ཆོས་ཉིད་དང་རྒྱུ་མེད་པ་ཞེས་པའི་དོན་ཏོ། །གཟུགས་ལ་སོགས་པའི་ཡུལ་རྣམས་ལས་ལྡོག་པར་བྱེད་པ་ཉིད་ཀྱིས་ཕྲ་བའོ། །ལ་ལ་ན་རེ་ཕྲ་བའི་སྒྲས་ནི་བདག་ལ་སོགས་པར་བརྗོད་དོ། །དེ་རྣམས་ཀུན་དུ་བསྡུས་པ་ཉིད་ཀྱིས་ཕྲ་བར་བརྗོད་དོ། །དོན་མེད་ པ་ནི་འབྲས་བུ་མེད་པ་སྟེ། དོན་མེད་པ་མ་ཡིན་པ་ནི་དོན་ཅན་ཏེ་འབྲས་བུ་དང་བཅས་ཞེས་པའི་དོན་ཏོ། །དབང་པོ་ལས་འདས་ཞེས་པ་ནི་སྐུ་དང་གསུང་མིག་ལ་སོགས་པའི་དབང་པོ་རྣམས་ཀྱི་ཡུལ་མ་ཡིན་ཞིང་། ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་རྒྱུར་གྱུར་པ་ཉིད་ཀྱིས་དབང་པོ་ལས་འདས་པའོ། །དབང་ པོའི་སྒྲས་ནི་བྱེད་པར་བརྗོད་དོ། །མིག་ལ་སོགས་པའི་དབང་པོའི་བྱེད་པ་དང་བྲལ་བས་དེ་ཁོ་ན་ཉིད་ཉེ་བར་བསྡུས་པས་དབང་པོ་ལས་འདས་ཞེས་པའོ། །གཞན་ཡང་མཆོག་ནི་ཡང་དག་པར་ཁྱད་པར་དུ་འཕགས་པའོ། །འདོད་ཆགས་ལ་སོགས་པའི་ཆོས་རྣམས་ཉེ་བར་ཞི་བར་བྱེད་པའི་ཕྱིར། རྒྱུ་ཉིད་ཀྱིས་ཞི་བའོ། །སྒྲིབ་པ་ཐམས་ཅད་སྤང་བའི་ཕྱིར་རྣམ་པར་དག་པའོ། །རྡོ་རྗེ་བདུད་རྩི་ཞེས་པ་ལ་དབྱེར་མི་བྱེད་པའི་ཡེ་ཤེས་སོ། །བདུད་རྩི་ནི་མྱ་ངན་ལས་འདས་པ་སྟེ་དེ་བཞིན་དུ་དེའི་རྒྱུ་ཡིན་པ་ཉིད་ཀྱིས་རྡོ་རྗེ་བདུད་རྩིའི་རྒྱུད་ཀྱང་དེ་ལྟར་གྱུར་པའི་རང་བཞིན་ནོ། །གསུངས་པ་ 26-1-56a ནི་མངོན་དུ་བསྡུས་པ་ཡིན་ནོ། །འདིས་ནི་རང་གི་ཉེ་བར་རྟོགས་པ་བཅོམ་ལྡན་འདས་ཀྱིས་བདག་ལ་སྟོན་ཞེས་པ་སྟེ། དེ་ལྟར་སྔོན་དུ་བསྡུས་པའི་རྒྱུད་མཱ་མ་ཀཱིས་རྗེས་སུ་དྲན་ནས། ད་ནི་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་བདུད་རྩིའི་ཏིང་ངེ་འཛིན་གྱིས་དེ་ཁོ་ན་ཉིད་གང་ཞིག་ མངོན་སུམ་དུ་མཛད་པ་གང་ཞིག་རྒྱུད་གཞན་རྣམས་སུ་སྦས་པ་དེ་བཅོམ་ལྡན་འདས་ཀྱིས་བདག་ལ་གཞན་མ་ཡིན་པར་གསུངས་ཞེས་པའོ། །ཉེ་བར་བསྟན་པའི་ཕྱིར་གསུངས་པ། དེ་ནས་བཅོམ་ལྡན་རྡོ་རྗེ་ཅན། །ཞེས་པ་ལ་སོགས་པ་སྟེ། བཅོམ་ལྡན་འདས་རྡོ་རྗེ་ཅན་བཀའ་ སྩལ་ཞེས། །རྡོ་རྗེ་བདུད་རྩིའི་བདེ་བ་ཆེ། །ཞེས་པ་འདིར་འབྲེལ་ཏོ། །དེ་ནས་ཞེས་པ་ནི་ཞུས་པའི་དེ་མ་ཐག་ཏུ་བཅོམ་ལྡན་འདས་ཀྱིས་ཞེས་པའི་ཚིག་གི་དོན་ཏོ། །ཅི་ཞིག་གསུངས་ཞེས་པ་ལ་རྡོ་རྗེ་བདུད་རྩིའི་ཏིང་ངེ་འཛིན་གྱིས་ཞེས་པ་ལ་སོགས་པའོ། །རྡོ་རྗེ་བདུད་རྩིའི་ཏིང་ངེ་ འཛིན་གྱིས་ཞེས་པ་ནི། རྩིའི་འོ་མའི་རང་བཞིན་གཞིག་ཏུ་མེད་པའི་རྫོགས་པའི་དཀྱིལ་འཁོར་གྱི་རྣལ་འབྱོར་གྱིས་རྡོ་རྗེ་བདུད་རྩི་ཡང་དག་པར་སྦྱོར་བ་བསྒོམས་པའི་ཁྱད་པར་ནི་རྡོ་རྗེ་བདུད་རྩིའི་ཏིང་ངེ་འཛིན་ཏོ། །དེ་ཉིད་བྱེ་བྲག་ཏུ་བྱ་བའི་ཕྱིར་གསུངས་པ། མཱ་མ་ཀཱི་ཞེས་པ་ནི་མཱ་མ་ཀཱི་དང་ བཅས་པར་ཡང་དག་པར་སྦྱོར་བའི་བསྒོམས་པ་འདི་ནི་ཆགས་པའི་སྦྱོར་བ་སྟེ། ཏིང་ངེ་འཛིན་ཤིན་ཏུ་ཞེསཔའོ། །མཱ་མ་ཀཱི་ལ་ཆགས་པ་དང་ལྡན་པ་དེས་རྡོ་རྗེ་བདུད་རྩིའི་ཏིང་ངེ་འཛིན་གྱི་བྱེད་པ་པོར་གྱུར་པའམ་རྒྱུར་གྱུར་པའོ། །གསང་བའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བར་མཛད་པ་ནི་ ང་ཡིས་མངོན་སུམ་དུ་བྱས་པའམ་མངོན་སུམ་དུ་གྱུར་པ་སྟེ། ཏིང་ངེ་འཛིན་འདི་ང་ཡིས་སྤྱད། །ཅེས་བསྡུས་པར་གྱུར་ཏོ། །དེ་བཞིན་དུ་ཡང་གསང་བའི་མཛོད་ལས་ཕྱག་ན་རྡོ་རྗེ་ལ་གསུངས་པ། གསང་བ་ཞེས་བྱ་ཀུན་དུ་སྤྱད་པར་བྱ། །ཞེས་པའོ། །འདིར་ཅི་ཞིག་གསུངས་རྡོ་རྗེ་ བདུད་རྩིའི་ཏིང་ངེ་འཛིན་འདི་གཞན་དུ་ཡང་གསུངས་པ་མ་ཡིན་ནམ། གང་གིས་དེ་རབ་ཏུ་གསལ་བར་མཛད་ཅེས་པ་ལ། གསུངས་པ། སྦས་པ་ཞེས་པ་སྟེ་མ་གསུངས་པའོ། །གང་གི་ཕྱིར་འདི་བསྟན་པ་ནི་བུད་མེད་རྣམས་ཉིད་ཡིན་གྱི་གཞན་རྣམས་སུ་གཞུང་འདི་སྦོས་ཞེས་པར་དགོངས་སོ། །ཡང་ 26-1-56b གསང་བའི་མཛོད་ལས་ཕྱག་ན་རྡོ་རྗེ་ལ་གསུངས་པ། བུད་མེད་སློབ་མར་བྱས་ནས་ནི། །ཐམས་ཅད་དེ་ཉིད་བསྟན་པར་བྱ། །ཞེས་པའོ། །གང་དུ་སྦས་ཞེས་པ་ལ་གསུངས་པ། རྒྱུད་རྣམས་ཀུན་དུ་ཞེས་པ་ལ་སོགས་པའོ། །རྒྱུད་རྣམས་ཀུན་དུ་ཞེས་པ་ནི་དམ་པ་དང་པོ་དང་གསང་བ་འདུས་པ་ལ་སོགས་ པའི་རྩ་བ་དང་རྒྱུད་ཕྱི་མ་རྣམས་སུའོ། །ཅི་ཞིག་སྦས་ཞེས་པ་ལ་ཡེ་ཤེས་ཞེས་པ་ལ་སོགས་པའོ། །ཡེ་ཤེས་ཞེས་པ་ནི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་ཤར་བའོ། །རྡོ་རྗེ་ལྟར་མི་ཕྱེད་པས་ན་བདུད་རྩིའི་མིང་ཅན་ནོ། །མཆོག་ནི་བླ་ན་མེད་པ་ཉིད་ཀྱིས་སོ། །དེ་བཤད་པ་ནི་བཅོམ་ལྡན་འདས་ཀྱིས་ཏིང་ངེ་ འཛིན་འདི་ཉིད་དུ་གསུངས་ཞེས་པའོ། །དེ་ནི་ཞེས་པ་ནི་གང་ཞིག་ང་ཡིས་རྟོགས་པ་རྒྱུད་གཞན་དུ་སྦས་པ་དེ་འདིར་བཤད་པར་བྱ་བ་སྟེ། དེ་ནི་བཤད་ཀྱིས་ཉོན་ཞེས་པ་འདིར་འབྲེལ་ཏོ། །དེ་ཁོ་ན་ཉིད་ཀྱང་རང་རིག་པ་ཉིད་ཀྱིས་འདི་ཞེས་ཚིག་གིས་བརྗོད་པར་མི་ནུས་པས། བརྡའི་ཚིག་གིས་རབ་ཏུ་ གསལ་བའམ་སྙོམས་པར་ཞུགས་པའི་རྣལ་འབྱོར་གྱིས་ཤེས་པར་འགྱུར་ཏེ། སྙོམས་པར་འཇུག་པ་ཡང་འཁྱུད་པ་ལ་སོགས་པ་སྔོན་དུ་འགྲོ་བ་ཞེས་པས་འདིར་དེ་རྟོགས་པར་བྱའོ། །དོན་དུ་འཁྱུད་པ་ལ་སོགས་པའི་བྱེད་པའི་བརྡས་ཉེ་བར་ལོངས་སྤྱོད་པའི་སྒྲུབ་ཐབས་ཀྱང་རིམ་པར་བརྗོད་ པའི་ཕྱིར་གསུངས་པ། དམ་དུ་འཁྱུད་ཅིང་འོ་བྱས་ཏེ། །ཞེས་པ་ལ་སོགས་པའོ། །དམ་དུ་ནི་ཤིན་ཏུའོ། །འཁྱུད་ཅེས་པ་ནི་ལག་པ་གཉིས་ཀྱིས་མགྲིན་པ་ལ་འཁྱུད་པའོ། །འོ་བྱས་ཏེ་ཞེས་པ་ནི་འོ་བྱ་བའི་གནས་རྣམས་སུ་ཁས་ཡང་དག་པར་རེག་པས་འདར་བ་ལ་སོགས་པའི་ མཚན་ཉིད་དོ། །ཆགས་པའི་རོལ་པས་ཞེས་པ་ལ་ཆགས་པ་ལ་ནི་འོ་ལ་སོགས་པ་མཛའ་ཞིང་སྡུག་པ་སྟེ། དེས་རོལ་བ་ནི་ཁའི་ལོངས་སྤྱོད་དོ། །དེས་མཉམ་པར་སྦྱོང་ཞིང་ཉེ་བར་ལོངས་སྤྱོད་པ་དེས་ན་འགྲུབ་ཅེས་པར་འབྲེལ་ཏོ། །གླུ་ཞེས་པ་ནི་དབྱངས་ཀྱི་ཚིག་ཏུ་གྱུར་པའོ། །རོལ་ མོ་ཞེས་པ་ནི་གླིང་བུ་དང་པི་ཝང་དང་རྫ་རྔ་ལ་སོགས་པའོ། །འགྲུབ་ཅེས་པ་ནི་བདེ་བའི་བྱེད་པས་རྫོགས་ཤིང་སོ་སོར་གསལ་བའི་སྤྱོད་ཡུལ་དུ་འགྱུར་ཞེས་པའི་དོན་ཏོ། །དུས་མི་རིང་བས་ཞེས་པ་ནི། འོ་ལ་སོགས་པའི་དེ་མ་ཐག་ཏུའོ། །ལྷ་མོ་ཞེས་པ་ནི་བོད་པའོ། །ཅི་ཞིག་འགྲུབ་ཅེས་པ་ 26-1-57a ལ་གསུངས་པ། རྒྱུད་ཅེས་པ་ལ་སོགས་པའོ། །རྒྱུད་ཅེས་པ་ནི་རྒྱུ་ལ་འབྲས་བུའི་མིང་བཏགས་ནས་སྒྲའི་ཚོགས་ལ་སོགས་པའི་རྒྱུ་རྡོ་རྗེ་བདུད་རྩིའི་སྙིང་པོའི་ཡི་གེ་དེར་རྫོགས་ནས། དེར་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་བདུད་རྩི་རྗོད་པར་བྱེད་པ། རྡོ་རྗེ་བདུད་རྩིའི་ རྒྱུ་དེ་ཉིད་ལ་གཞུག་ཅེས་པར་དགོངས་སོ། །མཆོག་ནི་ཁྱད་པར་དུ་འཕགས་པའོ། །འདིས་ནི་འདི་ལྟར་གསུངས་པར་འགྱུར་ཏེ། འོ་ལ་སོགས་པའི་བྱེད་པས་མངོན་པའི་ང་རྒྱལ་ཅན་གྱི་བདེ་བ་སྐྱེ་སྟེ། དེ་ནས་དབང་པོ་གཉིས་ཀྱིས་སྙོམས་པར་འཇུག་པས་སྙོམས་པར་འཇུག་པའི་བདེ་ བའོ། །དེ་ལས་རྡོ་རྗེ་བདུད་རྩིའི་དེ་ཁོ་ན་ཉིད་སྐྱེ་ཞིང་སོ་སོར་གསལ་བའི་སྤྱོད་ཡུལ་དུ་འགྱུར་ཏེ། དེས་ནི་སྒྲའི་ཚོགས་ཀྱིས་བདག་ཉིད་ཀྱི་རྒྱུད་ཉིད་ཀྱིས་འགྲུབ་ཅེས་པའོ། །དེ་ལྟར་འཁྱུད་པ་ལ་སོགས་པའི་བྱེད་པ་ནི་རྒྱས་པར་བསྟན་པས་རྡོ་རྗེ་བདུད་རྩི་ཉིད་ཡང་དག་པར་རྟོགས་པའོ། །དེ་ཉིད་ བརྡས་རྒྱས་པར་བསྟན་པ་གསུངས་པ་བདུད་རྩི་ཞེས་པ་ལ་སོགས་པའོ། །བདུད་རྩིའི་སྒྲས་ཁུ་བའོ། །ཁུ་བ་ཞེས་པ་ནི་ཁུ་བའི་ཐིག་ལེ་ལྟར་བསྐྱེད་པའི་རྒྱུ་ཉིད་ཀྱིས་འཆད་པར་འགྱུར་བའི་སྙིང་པོའི་ཡི་གེ་ཡིན་ནོ། །ལ་ལར་རབ་ཏུ་བྱེད་པའི་དབང་གིས་སྒྲ་ཇི་བཞིན་པར་བྱང་ཆུབ་ཀྱིས་སེམས་ཉིད་ ལ་བརྗོད་དོ། །དེ་ཡིས་ཞེས་པ་ནི་དེའི་ཕྱིར་ཏེ་དེ་ལྟ་བུས་རྣམ་པར་བདུད་རྩིའི་ཡི་གེས་སོ། །རབ་ཏུ་བསྡུས་ཞེས་པ་ནི་འགྲོ་བའོ། །འགྲོ་བ་གསུམ་གྱི་རི་མོ་དང་ལྡན་པའི་དཀྱིལ་འཁོར་ཞེས་པའི་དོན་ཏོ། །བརྡས་དེ་ཁོ་ན་ཉིད་རྒྱས་པར་བསྟན་ནས། དེའི་སྒྲུབ་ཐབས་གསུངས་པ། དེའི་སྒྲུབ་ ཐབས་ཞེས་པ་ལ་སོགས་པའོ། །དེའི་ཞེས་པ་ནི་འགྲོ་བ་སྐྱེད་བྱེད་ཀྱི་དེ་ཉིད་དོ། །སྒྲུབ་ཐབས་ནི་གང་བསྒྲུབ་པར་བྱ་བའོ། །དེ་ནས་ཞེས་པ་ནི་འགྲོ་བ་སྐྱེད་བྱེད་ནས་སོ། །བཤད་ཅེས་པ་ནི་ནམ་བཤད་པར་བྱ་ཞེས་པའོ། །ཁྱོད་འདོད་དོན་དུ་ཞེས་པ་ནི་ཁྱོད་འདོད་པའི་ཆེད་དུའོ། །གང་ ཞལ་ཟླ་བ་ལྟ་བུ་དེ་ནི་དེ་བཞིན་ནོ། །དེ་ཅི་རྒྱས་པར་བཤད་དམ་ཞེས་པ་ལ་གསུངས་པ། བརྗོད་ཅེས་པ་ལ་སོགས་པའོ། །མདོར་བསྡུས་པ་ནི་ཤིན་ཏུ་བསྡུས་ནས་སོ། །དེ་ནམ་ཞེས་པ་ནི་དེ་ཁོ་ན་ཉིད་དོ། །ང་ཡིས་ནི་རང་གིས་སོ། །བརྗོད་པ་ནི་གཞུང་ངོ་། །ཉོན་ཞེས་པ་ནི་རྣ་བ་ 26-1-57b བླགས་ཏེ་ཞེས་པའི་དོན་ཏོ། །ཁྱོད་གཅིག་པུ་འདོད་པའི་ཆེད་དུ་བཤད་པ་ནི་མ་ཡིན་ཏེ། འོན་ཀྱང་སེམས་ཅན་མཐའ་དག་གི་དོན་དུ་སྟེ། དེ་ཉིད་གསུངས་པ། སེམས་ཅན་ཀུན་ལ་ཞེས་པ་ལ་སོགས་པའོ། །རྣལ་འབྱོར་ཞེས་པ་ནི་ལྷ་རྣམས་ཀྱི་རྣལ་འབྱོར་རོ། །དེར་ཡང་ལྷ་རྣམས་ ཀྱི་རྣལ་འབྱོར་སྒོམ་པའོ། །དེའི་དོན་དུ་བདུད་རྩིའི་སྙིང་པོའོ། །མཆོག་ནི་གཙོ་བོའོ། །གང་ཞིག་ཅེས་པ་ནི་དེ་ཁོ་ན་ཉིད་དོ། །ཤེས་པས་ཞེས་པ་ནི་མངོན་པར་རྟོགས་པའོ། །མྱུར་དུ་ཞེས་པ་ནི་སྐྱེ་བ་འདི་ཉིད་དོ། །རྣལ་འབྱོར་པ་ཞེས་པ་ནི་སྒྲུབ་པ་པོའོ། །འཁོར་བའི་འཆིང་བ་ལས་ཞེས་ པ་ནི་སྲིད་པར་བྱིང་བ་ལས་སོ། །གྲོལ་ཞེས་པ་ནི་ཐར་པ་ཐོབ་པའོ། །སླར་ཡང་དེའི་བྱེ་བྲག་ཏུ་བསྟན་པའི་ཕྱིར་གསུངས་པ། གསལ་མི་བྱ་ཞེས་པ་ལ་སོགས་པ་སྟེ། དམ་ཚིག་མེད་པ་རྣམས་ལ་ནི་བསྟན་པ་ཉིད་ཀྱིས་ན་ཤིན་ཏུ་གསང་ནས་དམ་ཚིག་ཅན་རྣམས་ལ་བསྟན་པར་བྱ་ཞེས་ དགོངས་སོ། །ཡེ་ཤེས་ཆེན་པོ་ནི་བྱང་ཆུབ་ཀྱི་སེམས་ཏེ་དེའི་རང་བཞིན་ཞེས་པའི་དོན་ཏོ། །འགྲུབ་ཅེས་པ་ནི་འཇིག་རྟེན་གསུམ་གྱི་དངོས་གྲུབ་ཀྱི་རང་བཞིན་ནོ། །འཇིག་རྟེན་གསུམ་ཞེས་པ་ནི་སྲིད་པ་གསུམ་གྱི་དབང་ཕྱུག་གོ། །དེའི་སྒྲུབ་ཐབས་ནི་རྒྱུའོ། །སྐུ་གསུང་ཐུགས་ ཞེས་པ་ནི་རྡོ་རྗེ་བདུད་རྩིའི་སྐུ་གསུང་ཐུགས་སོ། །འགྲུབ་དོན་ནི་རྫོགས་པར་བྱ་བའི་ཆེད་དུའོ། །སྒྲུབ་པ་པོ་རྣམས་ཞེས་པ་ནི་རྡོ་རྗེ་སྒྲུབ་ཅིང་བསྟེན་པའི་སྔགས་རྣམས་སོ། །བདེ་ཐོབ་ཅེས་པ་ནི་དེ་རྣམས་ཀྱིས་བླ་ན་མེད་པའི་བདེ་བ་བདེ་བའི་ཡིད་ཀྱིས་ཐོབ་པའོ། །དེ་ལྟ་བུའི་སྒྲུབ་ཐབས་ ཀྱི་བྱེ་བྲག་ཉིད་གསུངས་པ། རྡོ་རྗེ་པདྨ་ཞེས་པ་ལ་སོགས་པའོ། །རྡོ་རྗེའི་ཚིག་འདིས་དོན་གསུམ་པ་བསྟན་ཏེ། རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་ལས་རེག་པའི་བདེ་བས་རྡོ་རྗེ་དང་པདྨའོ། །འོ་བྱས་པས་ཀྱང་རྡོ་རྗེ་བདུད་རྩིའི་སྙིང་པོའི་ཡི་གེའི་བདག་ཉིད་ཀྱི་དེ་ཁོ་ན་ཉིད་ཤེས་པའི་བདེ་བ་རང་ རིག་པའི་སྤྱོད་ཡུལ་དུ་གྱུར་པའམ། བཅོམ་ལྡན་འདས་མའི་རང་བཞིན་ཉིད་དུ་ཡང་དག་པར་སྦྱོར་བ་བྱས་ནས་ང་ཡིས་དེ་ཉིད་རབ་ཏུ་གསལ་པོར་བྱ་ཞེས་སོ། །དོན་གསུམ་པོ་འདི་དག་གི་དགོངས་པ་བདེ་བླག་ཏུ་བསྡུ་བའི་ཕྱིར། སྡུད་པར་བྱེད་པ་པོས་རྡོ་རྗེ་ཚིག་ནི་འདི་ལྟ་བུར་ཉེ་བར་བསྡུས་སོ། ། 26-1-58a རྡོ་རྗེ་ཞེས་པ་ནི་སྐྱེས་པའི་དབང་པོའོ། །པདྨ་ཞེས་པ་ནི་བུད་མེད་ཀྱི་དབང་པོས་ཏེ། དེ་དག་ཡང་དག་པར་སྦྱོར་བ་ལས། རེག་པ་ཉེ་བར་ལོངས་སྤྱོད་པའི་བྱེ་བྲག་དེས་རྡོ་རྗེ་བདུད་རྩི་ཡང་དག་པར་འབྱུང་ཞེས་པར་འབྲེལ་ཏོ། །བྱང་ཆུབ་སེམས་ཀྱི་ཐིག་ལེ་ཉིད་ནི་མི་ འགྱུར་བའི་ཡི་གེ་སྟེ། རྡོ་རྗེ་བདུད་རྩི་ཞེས་བརྗོད་དོ། །དེ་བཞིན་དུ་བརྡས་དེ་ཁོ་ན་ཉིད་དོ། །དེ་ལས་ཡང་དག་པར་བྱུང་བ་ནི་སྐྱེས་པ་སྟེ་ཡེ་ཤེས་ཀྱི་རང་རིག་པའི་ཚུལ་གྱིས་སོ་སོར་གསལ་བའོ། །གང་དུ་བྷ་གའི་པདྨ་དེར་དེ་བཞིན་དུ་གསུངས་པ་སྟེ། དེ་ལ་རྣལ་འབྱོར་པས་འོ་བྱ་བ་ནི་ཕྱི་ནང་ གི་ལྕེས་རེག་པར་བྱ་ཞེས་པའི་དོན་ཏོ། །རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བས་ནི་སྐྱེས་པ་ནི་གང་ཞིག་རྡོ་རྗེ་བསྒྲུབ་པའོ། །དེ་ལ་ཕྱག་རྒྱས་འོ་བྱ་བ་ནི། དེས་ན་མཉམ་པར་ཡང་དག་པར་འོ་བྱ་ཞིང་གཞིབ་པར་བྱ་ཞེས་པའི་དོན་ཏོ། །རྡོ་རྗེ་བདུད་རྩི་ཡང་དག་འབྱུང་། །བྷ་གའི་པདྨར་འོ་བྱའོ། །ཞེས་ པ་འདིས་ནི་མཉམ་པར་ཆགས་ཞེས་པར་དགོངས་སོ། །དེ་ལྟར་གྱུར་པ་འདིས་ཆོས་ཀྱི་དེ་ཁོ་ན་ཉིད་འདི་ལྟར་ཆོས་བསྟན་པའི་རིམ་པ་བཞིན་གསལ་བར་མཛོད་ཅིག་པའོ། །འདིར་ཞེས་པ་ནི་བསྟན་པར་འགྱུར་བའོ། །དེ་བཞིན་དུ་ཡང་གསང་བ་འདུས་པ་ལས། དེ་བཞིན་གཤེགས་པ་ ཐམས་ཅད་ཀྱང་འདོད་པ་ལ་ཅི་ཡང་མི་གསུང་བར་གྱུར་ཞེས་པའོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་ཉེ་བར་གསུངས་ནས། དེ་ཁོ་ན་ཉིད་རྟོགས་པར་བྱ་བ་ལ་དཀྱིལ་འཁོར་དེ་ཉིད་བསྒོམ་པའི་དོན་དུ་དཀྱིལ་འཁོར་ཞུས་པ་གསུངས་པ། དེ་ནས་དགྱེས་ཞེས་པ་ལ་སོགས་པའོ། །དེ་ ནས་ཞེས་པ་ནི་དེ་ཁོ་ན་ཉིད་ཐོས་པའི་དེ་མ་ཐག་ཏུའོ། །དགྱེས་ཞེས་པ་ནི་རངས་པའོ། །དེ་ཞེས་པ་ནི་མཱ་མ་ཀཱིའོ། །དགྱེས་པའི་རྒྱུ་གསུངས་པ་བྷ་ག་ཞེས་པ་ལ་སོགས་པའོ། །བྷ་གའི་པདྨར་འོ་དང་རབ་ཏུ་སྦྱོར་བས་དེ་ཁོ་ན་ཉིད་རྟོགས་པར་འགྱུར་ཞེས་པས་ན་རྒྱུའོ། །དགྱེས་ནས་ཅི་ཞིག་བྱེད་ ཅེས་པ་ལ་གསུངས་པ། ཞུས་ཞེས་པ་ལ་སོགས་པའོ། །ཅི་ཞིག་ཞུས་ཞེས་པ་ལ་དཀྱིལ་འཁོར་ཞེས་པ་ལ་སོགས་པའོ། །དཀྱིལ་འཁོར་ནི་རྡོ་རྗེ་བདུད་རྩིས་སོ་མ་ལ་སོགས་པའི་ལྷ་རྣམས་ཀྱི་བཀོད་པའོ། །ཉེས་པ་མཐའ་དག་དང་བྲལ་བས་ཡིད་དུ་འོང་བའོ། །ཉན་ཐོས་ལ་སོགས་པ་རྣམས་དང་ 26-1-58b ཐུན་མོང་མ་ཡིན་པ་ཉིད་ཀྱིས་གསང་བའོ། །རྡོ་རྗེ་བདུད་རྩི་འབྱུང་ཞེས་པ་ནི་རྡོ་རྗེ་བདུད་རྩིའི་སྙིང་པོ་འབྱུང་བའམ། དེར་རྡོ་རྗེ་བདུད་རྩིས་རབ་ཏུ་བཅིངས་པའོ། །ཞུས་པ་ཉིད་གསུངས་པ། ཆོ་ག་དག་ནི་གང་ཞིག་གིས། །ཞེས་པ་ལ་སོགས་པའོ། །གང་ཞེས་པ་ནི་ཐིག་གདབ་པ་ལ་སོགས་པའོ། །ཆོ་ ག་ནི་ཆུ་དང་ཞེང་དུའོ། །མཆོད་པའི་དཀྱིལ་འཁོར་ཞེས་པ་ནི་མཆོད་པ་ལ་འཇུག་པའི་རྒྱུར་རམ། མཆོད་པ་བྱེད་པ་ཉིད་དོ། །དཀྱིལ་འཁོར་ནི་མཆོད་པའི་དཀྱིལ་འཁོར་ཏེ། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི་སྙིང་པོ་སྐྱེ་བའི་གཞིའོ། །བརྩམ་ཞེས་པ་ནི་ཇི་ལྟར་དེ་ཉིད་ཀྱི་རྣམ་པ་རྫོགས་ པར་རབ་ཏུ་བརྩམ་པར་བྱའོ། །མཆོད་པ་ཞེས་པ་ནི་མཆོད་པའི་བྱེ་བྲག་གིས་མཆོད་པར་བྱའོ། །ཇི་ལྟ་བུ་ཞེས་པ་ནི་ཇི་ལྟ་བུའི་ཚུལ་གྱིས་སོ། །དེར་ཞེས་པ་ནི་དཀྱིལ་འཁོར་དུའོ། །སྒྲུབ་པ་ཞེས་པ་ནི་དཀྱིལ་འཁོར་པའི་ལྷ་རྣམས་སོ། །ཐབས་ནི་དཀྱིལ་འཁོར་བྱིན་གྱིས་བརླབ་ པའོ། །ཅི་རྣམ་པ་གང་གིས་དྲི་བ་གསུམ་པ་འདི་རྣམས་ཇི་ལྟར་བརྗོད་སྙམ་པ་ལ། རང་གི་བཀའ་དྲིན་གྱིས་ཞེས་པ་སྟེ་འཇིག་རྟེན་ན་རབ་ཏུ་གྲགས་པའོ། །ཤིན་ཏུ་ཆགས་ཆེན་ནི་རྡོ་རྗེ་བདུད་རྩི་སྟེ། དེ་དག་ཉིད་ཡིན་པ་ཉིད་ཀྱིས་ཤིན་ཏུ་ཆགས་ཆེན་ནོ། །རྙེད་དཀའ་བ་ཞེས་པ་ནི་སངས་རྒྱས་ འབྱུང་བ་དུས་རིང་པོས་ཀྱང་མི་ཐོབ་པ་དང་། ཤིན་ཏུ་ཆགས་ཆེན་ཡང་དེ་ལས་རྙེད་པར་དཀའ་ཞེས་བསྡུ་བའོ། །ད་ནི་ལྷ་རྣམས་ཀྱི་རིམ་པ་དྲིས་པའི་ལན་བསྟན་པའི་ཕྱིར་གསུངས་པ། དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པའོ། །དེ་ནས་ཞེས་པ་ནི་ཞུས་པའི་དེ་མ་ཐག་ཏུའོ། ། ཏུའི་སྒྲ་ནི་ཚིག་ཁ་བསྐང་བའི་ཕྱིར་རོ། །བཅོམ་ལྡན་ཞེས་པ་ནི་ཚིག་གི་དོན་ཏོ། །དེ་ཞེས་པ་ནི་དེ་ཁོ་ན་ཉིད་གསལ་བར་བྱ་བའི་ཕྱིར་གང་ཞིག་གསུངས་པའི་རྡོ་རྗེ་ལ་བྱས་པར་གྱུར་པས་དགྱེས་པའོ། །དགྱེས་པར་གྱུར་པ་ནི་རངས་པས་ཅུང་ཟད་བཞད་པའོ། །འདི་ཞེས་པ་ནི་ཤུགས་ལ་ གནས་པའམ་འཆད་པར་འགྱུར་བ་རྣམས་སོ། །གསུངས་ཞེས་པ་ནི་གསུང་བར་འགྱུར་བའོ། །ཅི་ཞིག་གསུངས་ཞེས་པ་ལ་གསུངས་པ། སྐུ་གསུང་ཐུགས་ནི་འགྲུབ་དོན་དུ། །ཞེས་པ་ལ་སོགས་པའོ། །སྐུ་གསུང་ཐུགས་ཞེས་པ་ནི་རྡོ་རྗེ་བདུད་རྩིའི་སྐུ་གསུང་ཐུགས་ཏེ་རྫོགས་ 26-1-59a པར་བྱ་བའི་ཆེད་དུའོ། །འཁོར་བ་ཞེས་པ་ནི་བརྒལ་བར་དཀའ་བ་ཉིད་ཀྱི་འཁོར་བ་ཉིད་ནི་རྒྱ་མཚོ་སྟེ། རྒྱ་མཚོ་དེར་བྱིང་བའི་སེམས་ཅན་རྣམས་སྒྲོལ་བ་ནི་འགྲོལ་བ་སྟེ། ཕ་རོལ་གྱི་འགྲམ་ཐོབ་པར་བྱེད་པའོ། །ཤིན་ཏུ་ཆགས་ཆེན་ཞེས་པ་ནི་རྡོ་རྗེ་བདུད་རྩིའོ། ། ཡང་དག་སྦྱོར་བ་ནི་གང་དུ་བསྒོམས་པ་དེ་ནི་དེ་བཞིན་ནོ། །དཀྱིལ་འཁོར་ཞེས་པ་ནི་གང་ཞིག་འདིར་སྙིང་པོ་ཡེ་ཤེས་སྐྱེ་བ་དེས་ན་དེ་ཁོ་ན་ཉིད་ལ་ཡང་དག་པར་གནས་ཞེས་དགོངས་པའི་དོན་ཏོ། །དེ་ཉིད་རྒྱས་པར་བྱ་བའི་ཕྱིར་གསུངས་པ། གྲུ་གསུམ་ཞེས་པ་ནི་ཟུར་གསུམ་མོ། །བྲི་ཞེས་པ་ནི་ རྡུལ་ཚོན་སྣ་ལྔའི་ཕྱེ་མས་བྲི་བའམ། བྲིས་པ་དང་འདྲ་བས་བསྒོམ་པར་བྱའོ། །བྲི་བར་བྱ་ཞེས་པ་ནི་འདིས་བྲི་བའི་ཚིག་གཞན་ཡང་བསྡུ་བར་བྱ་ཞེས་པའོ། །ཇི་ལྟ་བུའི་རྣམ་པ་ཞེས་པ་ལ་གསུངས་པ། གསང་བ་ཞེས་པ་ལ་སོགས་པའོ། །གསང་བའི་པདྨ་ཞེས་པ་ནི་ཆོས་འབྱུང་གི་ རྣམ་པའོ། །བདག་མེད་ཅེས་པ་ནི་ཡང་དག་པར་བོད་པའོ། །ཅི་ཞིག་བྲི་བར་བྱ་ཞེས་པ་ལ་པདྨ་ཞེས་པ་ལ་སོགས་པའོ། །བྱ་ཞེས་པ་ནི་ཐོག་མར་པདྨ་འདབ་མ་བརྒྱད་པ་ཡང་དག་པར་བྲི་བའོ། །ཁྱད་པར་ཇི་ལྟ་བུ་ཞེས་པ་ལ་གེ་སར་ཞེས་པ་ལ་སོགས་པའོ། །གེ་སར་ཞེས་པ་ ལོགས་ཀྱི་འདབ་མ་རྣམས་སོ། །གྲུ་གསུམ་གྱིས་སྦས་པས་གསང་བ་ནི་མི་མངོན་པའོ། །གང་ཞིག་ལོགས་ཀྱི་གེ་སར་དེས་བཀག་པས་ན་མི་མཐོང་བའི་སྤྱོད་ཡུལ་ལོ། །གེ་སར་ནི་ལྟེ་བའི་སྤྱོད་ཡུལ་ལོ། །དབུས་སུ་ཞེས་པ་ནི་འདི་ལྟ་བུའི་འཕར་མ་གཅིག་པ་བྲི་བར་བྱའོ། །དེའི་དབུས་སུ་རྡོ་རྗེ་བདུད་རྩི་གཞག་ པར་བྱ་ཞེས་བསྟན་པའི་ཕྱིར་གསུངས་པ། དེའི་ཞེས་པ་ལ་སོགས་པའོ། །དེའི་ཞེས་པ་ནི་དཀྱིལ་འཁོར་དབུས་སོ། །ང་ཞེས་པ་ནི་རྡོ་རྗེ་བདུད་རྩིའོ། །རིག་ཅེས་པ་ནི་ཤེས་པར་བྱ་ཞིང་རྣམ་པར་བརྟག་པར་བྱ་ཞེས་པའི་དོན་ཏོ། །ཅི་ལྟ་བུར་གྱུར་པ་ཞེས་པ་ལ་གསུངས་པ། ཞལ་གསུམ་ཞེས་པ་ལ་སོགས་པའོ། །པྲི་ཡང་ ཀུ་ལྟ་བུ་དང་དཀར་པོ་དང་དམར་པོའོ། །ཁ་དོག་སྟེ་གང་གི་ཞལ་གསུམ་པོ་དེ་ནི་དེ་བཞིན་དུ་གསུངས་སོ། །རྡོ་རྗེ་དང་འཁོར་ལོ་དང་རལ་གྲི་དང་དྲིལ་བུ་དང་། ལྕགས་ཀྱུ་དང་ཞགས་པ་སྟེ་མཚོན་ཆ་རྣམས་ཀྱིས་བརྒྱན་པའོ། །གང་གི་ཕྱག་གདུབ་ཡིན་པ་དེ་ནི་དེ་བཞིན་དུ་གསུངས་སོ། །གཙོ་བོ་ཞེས་ 26-1-59b པ་ནི་དཀྱིལ་འཁོར་གྱི་བདག་པོའོ། །ཞལ་རྣམས་རྒྱས་པར་བསྟན་པའི་ཕྱིར་གསུངས་པ། དཀར་མིན་ཞེས་པ་ལ་སོགས་པའོ། །དང་པོའི་ཞལ་ནི་དཀར་མིན་ཞེས་པ་ནི་བྲི་ཡང་ཀུ་ལྟ་བུའི་མདོག་གོ། །གཡས་དང་གཡོན་གྱི་ཞལ་ནི་དཀར་པོ་དམར་པོའོ། །ལྷའི་རྒྱན་གྱིས་ཀུན་དུ་བརྒྱན། །ཞེས་པ་ ནི། རྡོ་རྗེའི་གཙུག་ཏོར་དང་། ནོར་བུའི་ཅོད་པན་དང་། སྐ་རགས་དང་། དཔུང་རྒྱན་དང་། རྐང་རྒྱན་ལ་སོགས་པའི་རྒྱན་གྱིས་ཀུན་དུ་བརྒྱན་པའོ། །ལྷའི་ཕྲེང་བ་ཞེས་པ་ནི་ཨ་མྲྀ་ཏ་ཀའི་མེ་ཏོག་གི་ཕྲེང་བ་འཛིན་པའོ། །གོས་ཞེས་པ་ནི་སྣ་ཚོགས་བཀྲ་བའི་གོས་འཛིན་པའོ། །ལྷའི་དྲི་ཞེས་པ་ནི་རྡོ་རྗེའི་ཚིག་ འདིས་གུར་གུམ་སྟེ། ལྷའི་དྲིའི་གུར་གུམ་དེས་བྱུགས་པའི་དོན་ཏོ། །འདིས་ནི་གཞན་དུ་མདོག་སེར་པོར་བསྟན་ཏོ། །སྔོན་དུ་ཁ་དོག་ནག་པོ་བརྗོད་པ་ནི་ལྷའི་དྲི་བརྗོད་པའི་དོན་ཏེ་བྲི་ཡང་ཀུ་ལྟ་བུའི་ཁ་དོག་ཅེས་གསུངས་པའོ། །ལྷག་མའི་ལྷ་རྣམས་རིགས་གསུམ་གྱི་རྣམ་པའི་དོན་དུ་སྔོན་དུ་ཞལ་ནག་པོ་ ཞེས་གསུངས་སོ། །ལྷའི་དྲི་ཞེས་པ་འདིས་ནི་གཞན་སེར་པོ་དང་ལྗང་ཁུའི་ཁ་དོག་གཉིས་བསྡུས་ཏེ། དེ་བསྡུས་པ་ལས་དཀྱིལ་འཁོར་ལ་སོགས་པའི་ཆོ་གར་རྡུལ་ཚོན་ལྔ་ངེས་པར་མཛད་དོ། །གང་ཞིག་ལེའུ་ལྔ་པར་མཱ་མ་ཀཱིའི་ཕྱག་ཏུ་གནས་པའི་རྡོ་རྗེ་ལ་སོགས་པའི་མཚན་མའི་ཕྱག་རྒྱ་དེ་ཉིད་རྡོ་རྗེ་ བདུད་རྩི་དང་ཟླ་བ་མ་ལ་སོགས་པའི་ལྷ་རྣམས་སྦྱིན་པར་བྱ་ཞེས་དོན་གྱིས་ཤེས་པར་བྱའོ། །ལྷའི་དངོས་གྲུབ་བྱེད་པ་ཞེས་པ་ལ་ལྷའི་དངོས་གྲུབ་ནི་ལྷ་ལ་རྣལ་འབྱོར་གྱི་དངོས་གྲུབ་བོ། །དེ་རྣམས་བྱེད་པ་ནི་སྟེར་བར་བྱེད་པ་སྟེ་ལྷའི་དངོས་གྲུབ་བྱེད་པ་ནི་དངོས་གྲུབ་ཀྱི་གཙོ་བོར་དགོངས་སོ། །ཞི་ཞེས་པ་ ནི་ཞི་ཞིང་ལྡན་ན་ཕྱག་མཚན་བསྟན། ཅིའི་ཕྱིར་མ་བསྟན་སྙམ་པའི་དོགས་པ་བསལ་སྒེག་པའི་རོའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ཞེས་པ་ནི། རིགས་གསུམ་དབྱེར་མེད་པའི་བདག་ཉིད་ཅེས་པའི་དོན་ཏོ། །ཅུང་ཟད་དམར་བ་ལྟ་བུའི་འོད་ཀྱི་དཀྱིལ་འཁོར་ཅན་བདུད་རྩིའི་དཀྱིལ་འཁོར་གྱི་སྟེང་ དུ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །དཀྱིལ་འཁོར་གྱི་བདག་པོ་དགོད་པ་བསྟན་ནས་ཕྱིའི་འཕར་མ་བསྟན་པའི་ཕྱིར་གསུངས་པ། ཕྱིའི་ཞེས་པ་ལ་སོགས་པའོ། །དེའི་ཞེས་པ་ནི་དཀྱིལ་འཁོར་གྲུ་གསུམ་གྱིའོ། །ཕྱི་ནི་ཕྱི་རོལ་ཏེ་གྲུ་བཞི་སྒོ་བཞི་པར་བརྟག་པའོ། །སྒོ་རྣམས་སུ་ 26-1-60a སྒོ་སྐྱོང་དགོད་པ་གསུངས་པ། ཤར་དུ་ཁྲོ་གཉེར་ཅན་ཞེས་པ་ལ་སོགས་པ་སྟེ། ཐམས་ཅད་ཞལ་གསུམ་ཕྱག་དྲུག་པ་ཞེས་པའི་ཚིག་ལས། ཤར་སྒོར་ཁྲོ་གཉེར་བསྡུས་པ་ཅན་ཁྲོ་བོའི་རྒྱལ་པོ་ནམ་མཁའ་དང་མཉམ་པའི་ཁ་དོག་ཞལ་གསུམ་ནི་ནམ་མཁའ་དང་། དཀར་ པོ་དང་། དམར་པོའོ། །ལྕགས་ཀྱུ་དང་། རྡོ་རྗེ་དང་། རལ་གྲི་དང་། འཁོར་ལོ་དང་། ཞགས་པ་དང་། དྲིལ་བུས་བྲེལ་བའི་ཕྱག་དྲུག་གོ། །སྣ་ཚོགས་པའི་རྒྱན་དང་རྡོ་རྗེ་བདུད་རྩིའི་པུསྟིས་ཅོད་པན་མཚན་པ། དམར་པོའི་འོད་དང་ལྡན་པ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་འགྱིང་བག་གི་ཞབས་ ཀྱིས་གནས་པའོ། །ལྷོའི་སྒོར་མི་བཟད་འཇིགས་པ་ཁ་དོག་དཀར་པོ་སྟེ། ཞལ་གསུམ་ནི་དཀར་པོ་དང་། ནག་པོ་དང་། དམར་པོའོ། ཕྱག་དྲུག་གིས་ཞགས་པ་དང་། རྡོ་རྗེ་དང་། རལ་གྲི་དང་། འཁོར་ལོ་དང་། དྲིལ་བུ་དང་། ལྕགས་ཀྱུས་བྲེལ་བའོ། །རྡོ་རྗེ་བདུད་རྩིའི་པུསྟིས་ཅོད་པན་ མཚན་ཞིང་རྒྱན་དང་ལྡན་པ་ཟླ་བའི་སྟེང་དུ་འགྱིང་བག་གི་ཞབས་ཀྱིས་བཞུགས་པའོ། །ནུབ་ཀྱི་སྒོར་རྟའི་མཚུལ་ཅན་ཁ་དོག་དམར་བའོ། །ཞལ་གསུམ་ནི་དམར་པོ་དང་། དཀར་པོ་དང་། ནག་པོའོ། །ཕྱག་དྲུག་ཏུ་ལྕགས་སྒྲོག་དང་། རྡོ་རྗེ་དང་། རལ་གྲི་དང་། འཁོར་ལོ་དང་། དྲིལ་བུ་དང་། ལྕགས་ ཀྱུས་བྲེལ་བ་ཉི་མའི་འོད་ཅན་རྡོ་རྗེ་བདུད་རྩིའི་པུསྟིས་ཅོད་པན་མཚན་པ། སྣ་ཚོགས་པའི་རྒྱན་དང་ལྡན་པ་ཉི་མའི་འོད་ཅན་ཟླ་བའི་སྟེང་དུ་འགྱིང་བག་གི་ཞབས་ཀྱིས་གནས་པར་རབ་ཏུ་བརྟག་གོ། །བྱང་སྒོར་ཚོགས་ཀྱི་གཙོ་བོ་དཱུརྦ་སེར་པོའི་མདོག་ཅན་ཞལ་གསུམ་ནི། སེར་པོ་དང་། དཀར་པོ་དང་ ཉི་མ་ལྟ་བུའོ། །ཕྱག་དྲུག་ནི་དྲིལ་བུ་དང་རྡོ་རྗེ་དང་རལ་གྲི་དང་འཁོར་ལོ་དང་། ལྕགས་ཀྱུ་དང་ཞགས་པས་བྲེལ་བའོ། །དམར་པོ་རྡོ་རྗེ་བདུད་རྩིའི་ཅོད་པན་སྣ་ཚོགས་པའི་རྒྱན་ཅན་ཟླ་བའི་སྟེང་དུ་འགྱིང་བག་གི་ཞབས་ཀྱིས་གནས་པའོ། །པདྨའི་འདབ་མ་རྣམས་ལ་ལྷ་མོ་རྣམས་དགོད་པར་བྱ་ བའི་ཕྱིར་གསུངས་པ། རིག་མ་ཞེས་པ་ལ་སོགས་པའོ། །མ་རིག་པའི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་རམ་རིག་པར་འགྱུར་བ་ཉིད་ཀྱིས་རིག་མ་ནི་ལྷ་མོའོ། །བྲི་ཞེས་པ་ནི་འདིར་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཏེ་བྲིས་པ་དང་འདྲ་བ་བསྒོམ་པར་བྱའོ། །ཡང་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ 26-1-60b དཀྱིལ་འཁོར་པ་འདི་རྣམས་ཀུན་ཆོས་འབྱུང་གི་ཕྱག་རྒྱ་བྲི་བར་བྱ་ཞེས་བྱའོ། །གང་རྣམས་ཞེས་པ་ལ་གསུངས་པ། ཞི་མ་དང་ནི་ཞི་ཞལ་མ། །ཞེས་པ་ལ་སོགས་པའོ། །ཞི་མ་ཤར་གྱི་འདབ་མར་ཁ་དོག་དཀར་པོའོ། །ཞལ་གསུམ་ནི་དཀར་པོ་དང་། ནག་པོ་དང་། དམར་པོའོ། །ཕྱག་དྲུག་ནི་ཟླ་བ་དང་། རྡོ་རྗེ་དང་། རལ་གྲི་དང་། དྲིལ་བུ་དང་། ལྕགས་ཀྱུ་དང་། ཞགས་པས་བྲེལ་བའོ། །ཅོད་པན་དུ་རྡོ་རྗེ་བདུད་རྩིའི་མཚན་པ་སྣ་ཚོགས་པའི་གོས་ལ་སོགས་པའི་རྒྱན་དང་ལྡན་པ། ཉི་མའི་འོད་ཅན་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སེམས་དཔའི་སྐྱིལ་ཀྲུང་གིས་གནས་པའོ། །ཞི་ཞལ་ནི་ལྷོའི་འདབ་ མར་ཁ་དོག་སེར་མོ། །ཞལ་གསུམ་ནི། སེར་པོ་དང་། དཀར་པོ་དང་། ཉི་མ་ལྟ་བུའོ། །ཕྱག་དྲུག་ནི་ཟླ་བ་དང་། རལ་གྲི་དང་། རྡོ་རྗེ་དང་། ཞགས་པ་དང་། ལྕགས་ཀྱུ་དང་། དྲིལ་བུས་བྲེལ་བའོ། །ཅོད་པན་རྡོ་རྗེ་བདུད་རྩིའི་པུསྟིས་མཚན་པ་ཉི་མའི་འོད་ཅན་གོང་དང་མཐུན་པར་ལྷོའི་འདབ་མར་ གནས་སོ། །ནུབ་ཀྱི་འདབ་མར་ཟླ་ནོར་དམར་པོ། ཞལ་གསུམ་ནི་དམར་པོ་དང་། དཀར་པོ་དང་། ནག་པོའོ། ཕྱག་དྲུག་ནི་ཟླ་བ་དང་། རལ་གྲི་དང་། རྡོ་རྗེ་དང་། དྲིལ་བུ་དང་། ཞགས་པ་དང་ལྕགས་ཀྱུས་བྲེལ་བའོ། །རྡོ་རྗེ་བདུད་རྩིའི་ཅོད་པ་ན་ཞེས་པ་ནས། སྐྱིལ་ཀྲུང་ཞེས་པ་མཐུན་པའོ། །བྱང་གི་ འདབ་མར་ས་སི་ནི་ཁ་དོག་སེར་བའོ། །ཞལ་གསུམ་ནི་སེར་པོ་དང་། དཀར་པོ་དང་ཉི་མ་ལྟ་བུའོ། །ཕྱག་དྲུག་ནི་ཟླ་བ་དང་། ལྕགས་ཀྱུ་དང་། རལ་གྲི་དང་། ཞགས་པ་དང་། རྡོ་རྗེ་དང་། དྲིལ་བུའི་མཚན་མས་བྲེལ་བའོ། །ཅོད་པན་ནི་ཞེས་པ་མཐུན་ནོ། །རི་བོང་ཅན་གྱི་དཀྱིལ་འཁོར་གྱི་ཁ་དོག་ ནག་མོ་ཞལ་གསུམ་ལ་ནག་པོ་དང་། དཀར་པོ་དང་། དམར་པོའོ། །ཕྱག་དྲུག་ཏུ་ཟླ་བ་དང་། རྡོ་རྗེ་དང་། རལ་གྲི་དང་། ཞགས་པ་དང་། ལྕགས་ཀྱུ་དང་། དྲིལ་བུ་བསྣམས་པ། རྡོ་རྗེ་བདུད་རྩིས་ཅོད་པན་ལ་སོགས་པ་དང་། མེའི་འདབ་མར་གནས་སོ། །རི་བོང་ཅན་གྱི་རི་མོ་ནི་པྲི་ཡང་ཀུ་ལྟ་བུའི་ ཁ་དོག་སྟེ། ཞལ་གསུམ་ནི་པྲི་ཡང་ཀུ་དང་དཀར་པོ་དང་། ཉི་མ་ལྟ་བུའོ། །ཕྱག་དྲུག་ནི་ཟླ་བའི་ཆ་དང་། རྡོ་རྗེ་དང་། རལ་གྲི་དང་། ཞགས་པ་དང་། ལྕགས་ཀྱུ་དང་། དྲིལ་བུ་འཛིན་པའོ། །བདུད་རྩི་ཞེས་པ་མཐུན་པར་བདེན་བྲལ་གྱི་འདབ་མ་ལའོ། །ཡིད་ཤེས་མ་ཨུཏྤལ་སྔོན་པོ་ལྟ་བུའི་ཁ་དོག་ 26-1-61a ཞལ་གསུམ་ནི་སྔོན་པོ་དང་། དཀར་པོ་དང་། དམར་པོའོ། །ཕྱག་དྲུག་ཏུ་ཟླ་བ་དང་། རལ་གྲི་དང་། རྡོ་རྗེ་དང་། ལྕགས་ཀྱུ་དང་། ཞགས་པ་དང་། དྲིལ་བུ་འཛིན་པའོ། རྡོ་རྗེ་བདུད་རྩིའི་པུསྟིས་ཞེས་པ་ནས་རླུང་གི་འདབ་མར་བྲི་བར་བྱའོ། །མ་ནི་ཨ་ལ་ད་ནི་ཀ་རི་ནི་ གསེར་གྱི་ཁ་དོག་སྟེ་ཞལ་གསུམ་ནི། གསེར་ལྟ་བུ་དང་དཀར་པོ་དང་། དམར་པོའོ། །ཕྱག་དྲུག་ཏུ་ཟླ་བ་དང་། རལ་གྲི་དང་། རྡོ་རྗེ་དང་། ཞགས་པ་དང་། ལྕགས་ཀྱུ་དང་། དྲིལ་བུའོ། །མཚོན་ཆའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་རྡོ་རྗེ་བདུད་རྩིའི་པུསྟིས་ཅོད་པན་མཚན་པ་ཉི་མའི་འོད་ཅན་ཟླ་བའི་དཀྱིལ་འཁོར་ གྱི་སྟེང་ན་སེམས་དཔའི་སྐྱིལ་མོ་ཀྲུང་གིས་གནས་པ་དབང་ལྡན་གྱི་འདབ་མར་ཤེས་པར་བྱའོ། །འདི་ཉིད་གསུངས་པ། ཐམས་ཅད་ཞལ་གསུམ་ཕྱག་དྲུག་མ། །ཕྱོགས་དང་ཕྱོགས་བྲལ་རྣམས་སུའོ། །ཞེས་པའོ། །ལྷ་མོ་འདི་རྣམས་ཟླ་བའི་ཕྱག་རྒྱ་བྱང་ཆུབ་སེམས་ཀྱི་ཕྱག་རྒྱ་ཞེས་པ་མན་ ངག་གོ། །དཀྱིལ་འཁོར་འདི་ཉིད་དཀྱིལ་འཁོར་པ་མེ་ཏོག་ལ་སོགས་པ་ཡང་བརྟག་པར་བྱའོ། །མེ་ཏོག་ཁ་དོག་དཀར་པོ། ཞལ་གསུམ་ནི་དཀར་པོ་དང་། ནག་པོ་དང་། དམར་པོའོ། །ཕྱག་དྲུག་ཏུ་མེ་ཏོག་གི་ཟ་མ་ཏོག་དང་། རལ་གྲི་དང་། རྡོ་རྗེ་དང་། ལྕགས་ཀྱུ་དང་། ཞགས་པ་དང་། དྲིལ་བུ་སྟེ་དབང་ལྡན་དུའོ། །བདུག་སྤོས་ནི་དུ་བའི་དོག་ཞལ་གསུམ་ནི་དུ་བ་དང་། དཀར་པོ་དང་། དམར་པོའོ། །ཕྱག་དྲུག་ཏུ་སྤོས་དང་། རལ་གྲི་དང་། རྡོ་རྗེ་དང་། ཞགས་པ་དང་། ལྕགས་ཀྱུ་དང་དྲིལ་བུ་འཛིན་པ་མེར་དགོད་དོ། །མར་མེ་མ་གསེར་ལྟ་བུའི་ཁ་དོག །ཞལ་གསུམ་ནི་གསེར་ལྟ་ བུ་དང་། དཀར་པོ་དང་དམར་པོའོ། །ཕྱག་དྲུག་ཏུ་མར་མེ་དང་། རྡོ་རྗེ་དང་། ཞགས་པ་དང་། ལྕགས་ཀྱུ་དང་། དྲིལ་བུ་འཛིན་པ་བདེན་བྲལ་དུའོ། །དྲི་མ་ནི་ཁ་དོག་དམར་མོ་སྟེ་ཞལ་གསུམ་ནི་དམར་པོ་དང་། དཀར་པོ་དང་། ནག་པོའོ། །ཕྱག་དྲུག་ནི་དྲིའི་དུང་ཕོར་དང་། རལ་གྲི་དང་། རྡོ་རྗེ་དང་། ཞགས་པ་དང་། ལྕགས་ཀྱུ་དང་། དྲིལ་བུ་འཛིན་པ་རླུང་དུའོ། །དེ་རྣམས་ཀྱང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་གནས་པ་དམར་བའི་འོད་ཅན་རྡོ་རྗེ་བདུད་རྩིའི་པུསྟིས་མཚན་པའོ། །གང་ཞིག་དཀྱིལ་འཁོར་དུ་ཡང་མེ་ཏོག་ལ་སོགས་པ་ 26-1-61b བཤད་པ་ནི་མ་གསུངས་ཏེ་དེ་ལྟ་མོད་ཀྱི་བྲི་བར་བྱ་སྟེ། སྔགས་བསྐྱེད་པ་གསུངས་པ་ལས་སྔགས་སུ་འཁོར་ལོ་འདུས་པས་འདི་རྣམས་གསུངས་པ་ཉིད་དོ། །འདིར་པི་ཝང་ལ་སོགས་པ་དགོད་པ་མ་ཡིན་ཏེ། དེ་རྣམས་ཀྱིས་སྔགས་མ་གསུངས་པས་མི་དགོད་དོ། །གང་དུ་དེ་མ་ཐག་ཏུ་གསུངས་པ། པི་ཝང་མ་ སོགས་མཆོད་པ་ཡིས། །ཞེས་པ་དེས་ནི་ཕྱི་རོལ་དུ་པི་ཝང་མ་ལ་སོགས་པའི་མཆོད་པས་དཀྱིལ་འཁོར་གྲུབ་པ་གསུངས་ཀྱི་པི་ཝང་མ་ལ་སོགས་པའི་ལྷ་མོ་དགོད་པའི་ཚིག་ནི་མ་ཡིན་ནོ། །ད་ནི་དཀྱིལ་འཁོར་གྱི་སྒྲུབ་ཐབས་གསུངས་པ། པི་ཝང་རོལ་མོ་སྔགས་མཆོད་པས། །ཞེས་པ་ལ་སོགས་ པའོ། །པི་ཝང་ཞེས་པ་ནི་ཁོང་སྟོང་ངོ་། །རོལ་མོ་ཞེས་པ་ནི་གླིང་བུ་དང་རྔ་དང་མུ་ཀུན་ད་ལ་སོགས་པའི་སྒྲ་དང་། སུ་ནི་ཧར་དང་། ར་དང་བ་ལང་གི་ཁའི་རྣམ་པ་ལ་སོགས་པ་གཟུང་ངོ་། །མཆོད་པས་ཞེས་པ་ནི་རྣལ་འབྱོར་གྱི་རྒྱུད་ལས་འབྱུང་བ་རྣམས་ཀྱིས་སོ། །མེ་ཏོག་ཅེས་པ་ནི་ཛཱ་ཏི་ལ་སོགས་པའི་ མེ་ཏོག་གོ། །བདུག་སྤོས་ཞེས་པ་ནི་ཙནྡན་དང་། ཨ་ག་རུ་དང་། ག་པུར་ལ་སོགས་པ་ལྷན་ཅིག་སྐྱེས་པའམ་ཡང་དག་པར་སྦྱོར་བའོ། །སོགས་པའི་སྒྲས་མར་མེ་དང་ལྷན་ཅིག་སྐྱེས་པའམ་ཡང་དག་པར་སྦྱར་བའི་དྲིའི་བྱེ་བྲག་རྣམས་སོ། །གླུ་ཞེས་པ་ནི་རྒྱུད་ཀྱི་གླུའི་རབ་ཏུ་སྦྱོར་བའོ། །གར་ཞེས་པ་ནི་ རང་གི་ལྷའི་རྣམ་པར་རྗེས་སུ་བྱེད་པའོ། །པི་ཝང་མ་ལ་སོགས་པ་ཉིད་ཉེ་བར་ལོངས་སྤྱོད་པ་ནི་མཆོད་པའི་བྱེ་བྲག་གོ། །ཅི་ལྟ་བུའི་བྱེ་བྲག་ཅེས་པ་ལ་གསུངས་པ། ཆགས་པའི་རོལ་པ་ཞེས་པ་ལ་སོགས་པའོ། །ཆགས་པ་ནི་བདེ་བའོ། །དེས་རོལ་པ་ནི་ལོངས་སྤྱོད་པའོ། །གང་ཞིག་དེར་ཉེ་བར་སྦྱོར་ བདེ་ནི་དེ་བཞིན་ཏེ། ལྷ་རྣམས་ཆགས་པའི་བདེ་བའི་རྗེས་སུ་མཐུན་ཞེས་པའི་དོན་ཏོ། །གསང་བའི་དཀྱིལ་འཁོར་དུ་ལྷ་མོ་དེ་རྣམས་ཀྱིས་འཁོར་ལོ་བསྒྲུབ་པར་བྱ་བ་ནི་བྱིན་གྱིས་བརླབ་པར་བྱ་བ་ཞེས་པར་དགོངས་སོ། །པི་ཝང་མ་ལ་སོགས་པའི་མཆོད་པ་ལ་འཇུག་པ་སྔོན་དུ་སོང་ནས། སྒོ་སྐྱོང་རྣམས་ ཀྱིས་རྡོ་རྗེ་སེ་གོལ་གཏོགས་པའི་མཉམ་པར་སྦྱོར་བས་ལྷ་རྣམས་དགུག་ཅིང་གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་སྟེ་དཀྱིལ་འཁོར་བསྒྲུབ་པར་བྱ་ཞེས་གསུངས་པའོ། །གང་གིས་བསྒྲུབ་པར་བྱ་ཞེས་པ་ལ་གསུངས་པ་རྡོ་རྗེ་བདུད་རྩི་ཞེས་པ་ལ་སོགས་པའོ། །རྡོ་རྗེ་བདུད་རྩི་བདེ་བ་ཆེ། །ཞེས་པ་ 26-1-62a ནི་སློབ་དཔོན་གྱིས་སོ། །གོང་དུ་གསུངས་པའི་མཆོད་པ་རྣམས་ཇི་ལྟ་བུ་ཞེས་པ་ལ་དེའི་ལན་གདབ་པའི་ཕྱིར་གསུངས་པ། མ་ཞེས་པ་ལ་སོགས་པའོ། །མ་ནི་སྐྱེད་བྱེད་མའོ། །ཆུང་མ་ནི་རང་གི་ཆོས་ཀྱི་ཆུང་མའོ། །བུ་མོ་ནི་རང་ལས་སྐྱེས་པའོ། །སྲིང་མོ་ནི་སྐྱེ་གནས་གཅིག་ པའོ། །ཚ་མོ་ནི་མ་དང་ཕའི་ཕྱོགས་ཀྱིས་འབྲེལ་པའོ། །འདི་ཞེས་པ་ནི་ཟབ་མོའི་རྣལ་འབྱོར་གྱིས་རོ་མཉམ་པ་ལ་ལྷག་པར་མོས་ནས་མ་ལ་སོགས་པས་སོ། །རྡོ་རྗེ་བདུད་རྩི་ཞེས་པ་ནི་ཁུ་བའི་ཐིག་ལེའོ། །དེས་ན་དབང་པོ་གཉིས་སྙོམས་པར་འཇུག་པ་ལས་སྐྱེས་པའི་ཆང་དེས་ལྷ་རྣམས་ལ་མཆོད་ ཅིང་དབུལ་བར་བྱ་སྟེ། དེ་ལྟར་དཀྱིལ་འཁོར་ལ་མཆོད་པར་འགྱུར་རོ། །མ་ལ་སོགས་པའི་བདུད་རྩི་བླང་བའི་འབྲས་བུ་གསུངས་པ། མ་ཡིས་རྡོ་རྗེ་བདུད་རྩི་ཞེས་པ་ལ་སོགས་པའོ། །རྡོ་རྗེ་བདུད་རྩི་ཞེས་པ་ནི་རྡོ་རྗེ་སེམས་དཔའོ། །ནད་མེད་ལང་ཚོ་ན་རྣམ་པར་སྣང་མཛད་དོ། །འདོད་ཀུན་སྟེར་ནི་སྣང་བ་ མཐའ་ཡས་སོ། །འགྱུར་ཞེས་པ་ནི་སོ་སོར་མངོན་པར་འབྲེལ་ཏོ། །དེ་བཞིན་དུ་ཡང་ཞེས་པ་ནི་ཇི་ལྟར་མ་ལ་སོགས་པའི་འབྲས་བུ་དེ་ལྟར་བུ་མོ་སྟེ། རྡོ་རྗེ་བདུད་རྩིས་ཀྱང་དོན་ཡོད་གྲུབ་པའོ། །དེ་བཞིན་གཤེགས་པ་འདོད་པར་བྱ་བའི་ཚ་མོས་ཀྱང་དཀྱིལ་འཁོར་རིན་ཆེན་འབྱུང་གནས་ཏེ་སྐྱེད་བྱེད་མ་ལ་ སོགས་པ་ཞེས་འདིར་ཡང་སྦྱར་བར་བྱའོ། །རྡོ་རྗེ་སེམས་དཔའ་དང་ལང་ཚོ་ནད་མེད་པ་དང་འདོད་པ་གྲུབ་པ་དང་དཀྱིལ་འཁོར་རྣམས་སུ་སྦྱར་ཞིང་འགྱུར་ཞེས་པའི་དོན་ཏོ། །མཆོད་པ་པོས་དེའི་བདུད་རྩི་ཇི་ལྟར་བླང་ཞེས་པ་ལ་གསུངས་པ། ཁ་ཡིས་ཞེས་པ་ལ་སོགས་པ་སྟེ་མ་ལ་སོགས་པའི་གསང་བའི་ པདྨར་གང་ཞིག་བདུད་རྩི་ཁུ་བ་སྙོམས་པར་འཇུག་པ་བསྲུབ་བྱ་དང་། བསྲུབས་པ་དེ་ལ་ཁས་ནི་རང་གི་ཁ་སོ་ལྕེ་ཡིས་དགུག་པ་ནི་བླང་བར་བྱ་བའོ། །དེས་ཅིར་འགྱུར་ཞེས་པ་ལ། དེ་ཞེས་པ་ལ་སོགས་པའོ། །དེ་ནས་ཞེས་པ་ནི་སྙོམས་པར་འཇུག་པའི་མཆོད་པའི་དེ་མ་ཐག་ཏུའོ། །འགྲུབ་ཅེས་པ་ནི་སྔོན་ དུ་གསུངས་པའི་འབྲས་བུ་ཐོབ་པའོ། །ཅི་སྐྱེ་བ་གཞན་དུ་འགྲུབ་བམ་ཞེས་པ་ལ་མྱུར་དུ་ཞེས་པ་ལ་སོགས་པའོ། །མྱུར་བ་ནི་སྐྱེ་བ་འདི་ཉིད་དུའོ། །གང་གིས་འགྲུབ་ཅེས་པ་ལ་གསུངས་པ་རྡོ་རྗེ་བདུད་རྩི་ཞེས་པ་ལ་སོགས་པའོ། །རྡོ་རྗེ་བདུད་རྩི་བདེ་བ་ཆེ། །ཞེས་པ་ནི་མཆོད་པའོ། །དཀྱིལ་ 26-1-62b འཁོར་གྱི་སྒྲུབ་ཐབས་ཇི་ལྟ་བ་བཞིན་དུ་གསུངས་ནས། ད་ནི་དཀྱིལ་འཁོར་བསྒོམ་པ་བསྟན་པར་བྱ་སྟེ། བསྒོམ་པ་དེ་ཡང་སྙོམས་པར་འཇུག་པའི་སྦྱོར་བས་བྱ་བ་ཡིན་ཏེ། དེའི་དོན་དུ་བྱེད་པ་གསུངས་པ། འདོད་པར་བྱ་ཞེས་པ་ལ་སོགས་པའོ། །གང་ལ་འདོད་པར་བྱ་ཞེས་པ་མི་མོ་ཀུན་ཞེས་པ་ལ་ སོགས་པའོ། །མི་མོ་ཀུན་ཞེས་པ་ནི་ཞི་བ་མ་ལ་སོགས་པའི་ལྷ་མོ་དང་རྣམས་སོ། །ཅི་གྲོལ་བ་ལ་སོགས་པའི་བྱེད་པས་འདིར་འདོད་པ་བྱའམ་ཞེས་པ་ལ། བུང་བའི་སྒྲ་ལྟར་ཞེས་པ་ལ་སོགས་པའོ། །བུང་བ་ཉིད་ཀྱི་སྒྲ་ནི་གང་ཞིག་བུང་བ་ལྟར་འཁོར་ཞིང་སྒྲ་བརྗོད་པ་དེ་ནི་བུང་བའི་བྱེད་པ་སྟེ། ཧ་ཡིག་ གི་སྒྲ་དང་སྲིད་ཅེས་པའི་སྒྲ་འབྱིན་ཅིང་སྒྲ་འཛིན་པ་དང་སེན་མོ་འདེབས་པའོ། །སོ་ལ་སོགས་པ་འདེབས་པའོ། །འདི་སྐད་བརྗོད་པར་འགྱུར་ཏེ་ཇི་ལྟར་བུང་བས་སེན་མོ་དང་སོས་མེ་ཏོག་གི་འདབ་མ་ལ་གཅོད་ཅིང་རྨ་འབྱིན་པར་བྱེད་དེ་འགུ་འགུ་ཞེས་པའི་སྒྲ་འབྱིན་ཅིང་མཆུས་མེ་ཏོག་གི་ཆང་འཐུང་ བར་བྱེད་དོ། །དེ་བཞིན་དུ་སེན་མོ་དང་སོ་དང་འོ་བྱ་བ་དང་མཆུ་བཟུང་བ་སྔོན་དུ་སོང་བའི་སྔགས་པས་ཧ་ཞེས་པའི་སྒྲ་འབྱིན་ཅིང་ཇི་ལྟར་གསུངས་པའི་དཀྱིལ་འཁོར་གྱི་དབུས་སུ་ཁྱོགས་ལ་སོགས་པའི་བྱེད་པས་ལྷ་མོའི་ཚོགས་བསྟེན་པར་འགྱུར་ཏེ། རྡོ་རྗེ་བདུད་རྩི་བདག་ཉིད་བསྒོམ་པར་བྱ། །ཞེས་པའོ། །བཤད་ ལུགས་གཞན་ཡང་བུང་བའི་སྒྲ་ནི་སྟེང་གི་བྱེད་པའི་འཁྲུལ་འཁོར་ཏེ། ཇི་ལྟར་ཡོས་དང་སྲན་མ་ལ་སོགས་པ་འཐག་པ་ལྟེ་བའི་འཁྲུལ་འཁོར་གྱིས་ཏེ། བུང་བ་བཞིན་འཁོར་ཞིང་སྒྲ་འབྱིན་པ་སྟེ་དེ་དང་འདྲ་བ་ཉིད་ཀྱིས་བུང་བའི་སྒྲ་ཞེས་བརྗོད་དོ། །འདིར་བུད་མེད་ནི་བྱེད་པ་པོ་སྟེ་བྱེད་པ་པོ་འདི་ཡང་གོ་བཟློག་ པའི་ཆགས་པའི་སྦྱོར་བས་གནས་ཏེ། རྐེད་པ་དང་རང་འཐག་གི་འཁྲུལ་འཁོར་བཞིན་འཁོར་བར་འགྱུར་བའོ། །བྱེད་པ་འདིའི་མཚན་ཉིད་ཀྱི་ཚིགས་སུ་བཅད་པ་ནི། རྟགས་ཀྱི་སྟེང་དུ་མཉམ་པར་མནན། །རྐེད་པ་འཁོར་ལོ་བཞིན་དུ་བསྐོར། །འཁོར་བའི་བྱེད་པ་འདི་དག་ནི། །བུང་བའི་སྒྲ་ཡིས་བྱེད་པར་ བཞེད། །བྱེད་པ་དེས་འདོད་པ་བྱ་ཞིང་འཛག་པའི་རྣལ་འབྱོར་བསྒོམ་པར་བྱ་ཞེས་པའི་དོན་ཏོ། །ཁྱོགས་ཞེས་པ་ནི་ཁྱོགས་དང་འདྲ་བས་ན་ཁྱོགས་སོ། །འདི་ཡང་སྟེང་གི་བྱེད་པ་སྟེ་འདིར་ཡང་བུད་མེད་ནི་བྱེད་པ་པོ་སྟེ་སྐྱེས་བུའི་བྱ་བའི་སྦྱོར་བས་རབ་ཏུ་བསྒྲུབ་པ་དེའི་དབུས་སུ་བུད་མེད་མཉམ་པར་ 26-1-63a གནས་ཏེ། རང་གི་རྐེད་པའི་མདུན་གྱིས་སམ། རྒྱབ་ཀྱིས་གཡོམ་ཞིང་བསྐྱོད་པ་ནི་ཁྱོགས་ཞེས་པའོ། །འདིའི་མཚན་ཉིད་ཀྱི་ཚིགས་བཅད་ཀྱང་། བུད་མེད་མདུན་ནས་རྒྱབ་ཀྱིས་ནི། །རྐེད་པ་རིམ་པར་གཡོམ་ཞིང་བསྐྱོད། །རྟགས་ཀྱི་སྟེང་དུ་མཉམ་གནས་ན། །དེ་ནི་ ཁྱོགས་དང་འདྲ་བར་གྲགས། །ཞེས་པའོ། །འདིས་ངལ་བར་གྱུར་ན་སྟེང་དུ་གནས་ཏེ་འདོད་པ་བྱ་ཞེས་པ་ནི་སྟེང་གི་བྱེད་པ་སྟེ། དེ་གསུངས་པ། གྲུ་མོ་ཞེས་པ་ལ་སོགས་པའོ། །གྲུ་མོ་ཡང་དག་པར་སྦྱོར་བ་ལས་བྱེད་པ་འདི་བསྟན་ཞེས་པས་གྲུ་མོའི་བྱེད་པ་བརྗོད་དོ། །འདིར་ཡང་གཡོམ་ཞིང་ བསྐྱོད་དེ་སྐྱེས་བུ་ནི་བྱེད་པ་པོ་སྟེ་གཉིས་ཀ་ལངས་པ་ཕན་ཚུན་ཁ་བལྟས་ཏེ་གནས་པ་གཉིས་ཀའི་མགྲིན་པ་ཡང་རེག་སྟེ། རབ་ཏུ་མྱོས་པའི་རྐང་པ་གཡས་པའི་སྒྱིད་ཁུང་བར་གྱི་གྲུ་ཁུགས་གཡོན་པར་བཞག་ནས་གཡས་པས་དེའི་རྒྱབ་ནས་བཟུང་བ་ནི་གྲུ་མོ་བྱེད་པར་འགྱུར་བའོ། །དེའི་ཚིགས་བཅད་ ནི། བུད་མེད་རྐང་གཡས་སྒྱིད་ཁུང་གི། །ལག་པ་གཡོན་པའི་གྲུ་མོར་གཞག །ལངས་པའི་བྱེད་པར་གནས་ནས་ནི། །གཉིས་ཀ་ཕན་ཚུན་ཁ་བལྟས་པའོ། །གཞན་ཡང་གྲོང་པའི་གན་རྐྱལ་དུ་ནི་འདོད་པ་བྱ་ཞེས་པས་གན་རྐྱལ་གྱི་བྱེད་པ་གསུངས་པ། ཁབ་ལྟར་ཞེས་པ་ལ་སོགས་པའོ། ། མྱུར་བར་འབིགས་པས་ཁབ་ལྟ་བུ་ནི་བྱེད་པའོ། །འདིར་ཡང་སྐྱེས་བུ་ནི་བྱེད་པ་པོ་སྟེ་བུད་མེད་གན་རྐྱལ་དུ་ཉལ་ཏེ་རྐང་པ་གཅིག་ནི་འོག་ཏུའོ། །གཞན་ནི་སྟེང་དུ་སྟེ་དབྱུག་པ་ལྟར་བསྒྲེང་བ་ནི་ཁབ་ལྟ་བུའི་བྱེད་པར་འགྱུར་རོ། །འདིའི་ཚིགས་བཅད་ནི། བུད་མེད་གན་རྐྱལ་སྟེང་འོག་ཏུ། །གང་ ཞིག་དབྱུག་པ་ལྟར་གནས་པ། །སྐྱེས་པ་རང་གི་རྐང་པ་འཛིན། །ཅུང་ཟད་ཁབ་ཀྱི་བྱེད་པར་བརྗོད། །གཞན་ཡང་གན་རྐྱལ་གྱི་འདོད་པ་གསུངས་པ། སློང་བ་ཞེས་པ་ལ་སོགས་པའོ། །འདིར་ཡང་སྐྱེས་བུ་བྱེད་པ་པོ་སྟེ། སློང་བ་གཙོར་བྱེད་པ་ཉིད་ཀྱིས་སློང་བ་སྟེ། མིང་ཕྲེང་ཁ་དར་བརྗོད་དོ། ། བུད་མེད་གན་རྐྱལ་དུ་ཉལ་ཏེ། དེའི་རྐང་པའི་མཐིལ་གྱིས་རང་གི་ལྟེ་བའི་རྩ་བར་བཀོད་ཅིང་ལག་པ་གཉིས་ཀྱིས་མགྲིན་པ་ལས་འཁྱུད་པར་བྱའོ། །དེ་ཡང་རྐང་པའི་མཐའ་རྐང་པ་སློང་བ་ནི་སློང་བའི་བྱེད་པར་འགྱུར་རོ། །འདིའི་ཚིགས་བཅད་ཀྱང་། བུད་མེད་རྐང་པའི་མཐིལ་དག་ནི། །སྐྱེས་བུའི་ 26-1-63b ལྟེ་བའི་རྩ་བར་དགོད། །སྐྱེས་པས་རྐང་པ་ཡང་དག་བསླང་། །ཕྲེང་ཁ་ཞེས་ནི་རབ་ཏུ་གྲགས། །གཞན་གན་རྐྱལ་གྱི་འདོད་པ་གསུངས་པ། ཤིན་ཏུ་བརྐྱང་ཞེས་པ་ལ་སོགས་པའོ། །འདིར་ཡང་སྐྱེས་བུ་ནི་བྱེད་པ་པོ་སྟེ། རབ་ཏུ་བརྐྱང་བའི་བྱེ་བྲག་གི་ཁྱད་པར་དུ་བྱས་པ་ཉིད་ཀྱིས་ཤིན་ཏུ་བརྐྱང་བའི་ བྱེད་པ་སྟེ། དེ་ཡང་བུད་མེད་གན་རྐྱལ་དུ་ཉལ་ཏེ། གཡས་དང་གཡོན་པའི་རྐང་མཐིལ་ལ་རང་གི་རྐང་པའི་མཐིལ་གྱིས་སྦྱར་ཏེ་ངང་པའི་གཤོག་པ་ལྟར་ལག་པའི་མཐར་ཐུག་པ་རབ་ཏུ་བརྐྱང་ཞིང་རྫོགས་པར་བྱའོ། །དེའི་མཚན་ཉིད་ཀྱི་ཚིགས་བཅད་ཀྱང་། ལག་པ་ངང་པའི་གཤོག་པ་ལྟར། །འདི་ ནི་གན་རྐྱལ་རབ་ཏུ་གནས། །གཉིས་ཀ་ཤིན་ཏུ་བརྐྱང་ནས་ནི། །དེ་ཡི་རྐང་གཉིས་ཤིན་ཏུ་བརྐྱང་། །ཞེས་པའོ། །བྱེད་པའི་ཞེས་པ་ནི། བུང་བའི་སྒྲ་ལ་སོགས་པའོ། །བཅིང་བའི་སྦྱོར་བ་ནི་བཅིང་བའི་མཚན་ཉིད་དེ། གང་གིས་དེ་མ་ཐག་ཏུ་གསུངས་པ་དེ་རྣམས་ནི་དེ་བཞིན་དུ་གསུངས་པའོ། ། དེ་ཡིས་ལྷ་མོ་རྣམས་བསྒྲུབ་པར་བྱ་བ་ནི་བཅིང་བའི་ཡང་དག་པར་སྦྱོར་བ་སྟེ། སྲིད་པ་གསུམ་གྱི་དཀྱིལ་འཁོར་བསྒོམ་པའི་ཕྱིར་མངོན་སུམ་དུ་བྱ་ཞེས་པའི་དོན་ཏོ། །གང་ཞེས་པ་ནི་རང་གི་ལྷར་རྫོགས་པར་གང་ཞིག་འདོད་པའོ། རྡོ་རྗེ་བདུད་རྩི་བདེ་བ་ཆེ་ནི་རྡོ་རྗེ་བདུད་རྩིར་དབང་བསྐུར་བའི་སྒྲུབ་པ་ པོའོ། །དེས་ན་འདི་རྣམས་ཐམས་ཅད་ཉམས་སུ་མྱོང་ནས་དཀྱིལ་འཁོར་གྱི་དམ་ཚིག་ལ་འཇུག་པར་བྱ་ཞེས་གསུངས་པ། ཤ་ཆེན་ཞེས་པ་ལ་སོགས་པའོ། །རྫས་ལྔ་པོ་འདི་རྣམས་ཀྱི་རང་བཞིན་ཧཱུཾ་ཡིག་ལས་བྱུང་བའི་རྡོ་རྗེ་རྡུལ་ཕྲ་རབ་ཀྱི་རང་བཞིན་གྱི་བདུད་རྩི་ཆུར་བ་སྒྲུབ་པར་བྱ་སྟེ། འདི་དག་རྫོགས་ པར་བྱ་ཞིང་རྫོགས་ནས་ཀྱང་། སློབ་མ་དག་ལ་སྦྱིན་པར་བྱ་ཞིང་རང་ཉིད་ཀྱིས་ཀྱང་ཉམས་སུ་མྱོང་བར་བྱའོ། །ཉིན་རེ་བཞིན་དུ་ཞེས་པ་ནི་ཇི་སྲིད་དུ་དཀྱིལ་འཁོར་ལ་སོགས་པའི་བྱ་བ་མ་བསྡུས་ཀྱི་བར་དེ་སྲིད་དུ། ཉི་མ་སོ་སོ་ལ་བསྒྲུབ་པར་བྱ་ཞེས་པར་དགོངས་སོ། །དེ་ལྟར་དམ་ཚིག་རྗེས་སུ་མྱོང་བ་ སྔོན་དུ་སོང་ནས་དཀྱིལ་འཁོར་བསྒོམ་པར་མོས་པའི་སྔགས་པས་བསྒྲུབ་པར་བྱ་ཞེས་གསུངས་པ། འདིས་ནི་ཞེས་པ་ལ་སོགས་པའོ། །འདིས་ནི་ཞེས་པ་དེ་མ་ཐག་ཏུ་གསུངས་པའི་དམ་ཚིག་རྗེས་སུ་མྱང་བ་འདིས་སོ། །བསྒྲུབ་པར་བྱ་ཞེས་པ་ནི་རྫོགས་པར་བྱ་བའོ། །ཅི་ཞིག་བསྒྲུབ་པར་ 26-1-64a བྱ་ཞེས་པ་ལ། དབང་ཞེས་པ་ལ་སོགས་པའོ། །དབང་ནི་བུད་མེད་དམ་སྐྱེས་པ་དག་བྲན་ཁོལ་དུ་དབང་བྱེད་པའོ། །དགུག་པ་ནི་རིང་པོ་ནས་ཀྱང་འགུགས་པའོ། །སྡང་བ་ནི་བུད་མེད་དང་སྐྱེས་པ་དག་ཕན་ཚུན་མི་མཐུན་པར་བྱེད་པའོ། །བསད་པ་ནི་གསོད་པའི་བྱ་བ་རྣམས་ལེན་ པའོ། །སྐྲོད་པ་ནི་རང་གི་ཡུལ་ན་གནས་པ་གཞན་གྱི་ཡུལ་དུ་སྐྲོད་པའོ། །སོགས་པའི་སྒྲས་གནོད་པ་ཐམས་ཅད་ལོག་པའི་མཚན་ཉིད་ནི་ཞི་བའོ། །རྫས་ཐམས་ཅད་ཕུན་སུམ་ཚོགས་ཤིང་འཕེལ་བ་ནི་རྒྱས་པའོ། །ཅི་ཉེས་པ་ཅན་དུ་བསྒྲུབ་པར་བྱ་བའམ་ཞེས་པ་ལ་གསུངས་པ། བྱེད་ཅེས་པ་ལ་ སོགས་པ་སྟེ། གཟུགས་ལ་སོགས་པའི་ཡུལ་ལས་ལོག་ཅིང་། ཐམས་ཅད་དངོས་པོ་མེད་པར་བྱས་པས་དབང་ལ་སོགས་པ་ཐམས་ཅད་སྒྲུབ་པ་པོས་བྱེད་པའོ། །མཱ་མ་ཀཱིས་རང་དགར་བརྩམས་པ་ནི་མ་ཡིན་པར་བསྟན་པའི་ཕྱིར་གསུངས་པ། བཅོམ་ལྡན་འདས་ཀྱིས་གསུངས་པ་ཞེས་ པ་ལ་སོགས་པའོ། །རང་གི་སྙིང་གར་ཁྱད་པར་འཕགས་པའི་སྦྱོར་བས་ཀྱིས། རྡོ་རྗེ་འཛིན་པའི་དབང་ཕྱུག་ཉིད་ཀྱིས་བཅོམ་ལྡན་འདས་སོ། །འདི་ཉིད་གསུངས་པ། རྡོ་རྗེ་ཞེས་པ་སྟེ་རྡོ་རྗེ་འཛིན་པའོ། །དབང་ཕྱུག་གི་བདེ་བས་བདེ་བ་ཉིད་ཀྱི་རྡོ་རྗེ་བདུད་རྩི་བདེ་བ་ཆེའོ། །ཚིག་རིང་པོར་བརྗོད་པ་ འདིས་ནི་རྡོ་རྗེའི་མཚན་མ་ཕྱག་རྒྱའི་སྦྱོར་བས་ཁྱད་པར་དུ་བྱས་པའོ། །རིགས་གསུམ་གྱི་རང་བཞིན་བྱེ་བྲག་ཏུ་བྱ་བའི་ཕྱིར་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་སྟེ། རྣམ་པར་སྣང་མཛད་དང་མི་བསྐྱོད་པ་དང་སྣང་བ་མཐའ་ཡས་ཀྱི་རང་བཞིན་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཅན་གང་ ཡིན་པ་དེ་ནི་དེ་བཞིན་དུ་གསུངས་པ་རིགས་གསུམ་གྱི་རང་བཞིན་ཡིན་པས་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་ཉིད་ཀྱིས་རྡོ་རྗེ་བདུད་རྩི་བདེ་བ་ཆེའོ། །འདིས་ཀྱང་རིགས་གསུམ་གྱི་རང་བཞིན་གསང་བའི་པདྨ་འདིར་གནས་སོ། །བཅོམ་ལྡན་འདས་ཀྱིས་ནི་གཟུགས་ཀྱི་སྐུ་བསྟན་ཞེས་ པའོ། །གཞན་རྣམས་སུ་ཡང་དོན་འདི་འདི་ཉིད་དུ་ངེས་སོ། །རྒྱས་པར་བསྟན་པ་ཉེ་བར་བསྡུ་བའི་ཕྱིར་གསུངས་པ། རྡོ་རྗེ་བདུད་རྩི་ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་བདུད་རྩིའི་རྒྱུད་ཆེན་པོའི་སྒྲས་རྡོ་རྗེ་གཙུག་ཏོར་རིན་ཆེན་གྱི་མིང་དུ་འབྲེལ་བར་བྱའོ། །རྡོ་རྗེ་བདུད་རྩི་རྒྱུད་ཀྱི་བདག་པོ་ཇི་ལྟ་བུ་ཞེས་པ་ལ་ 26-1-64b གསུངས་པ། གསང་བའི་ཞེས་པ་ལ་སོགས་པའོ། །གསང་བའི་དཀྱིལ་འཁོར་ཆེན་པོ་འདི་ནི་ལྷ་མོའི་འཁོར་ལོའོ། །དེར་བུང་བའི་སྒྲ་ལ་སོགས་པའི་བྱེད་པས་མངོན་པར་སྟོན་པ་ནི་སྒྲུབ་པ་པོ་རྣམས་ཀྱིས་མངོན་སུམ་དུ་བྱེད་པའོ། །གསང་བའི་དཀྱིལ་འཁོར་བྱེད་པ་གཞུང་གང་གིས་དེ་ གསལ་བ་དེ་རྒྱས་པར་བསྟན་པ་ནི་དེ་བཞིན་དུ་གསུངས་སོ། །ལེའུ་དང་པོའི་རྒྱ་ཆེར་འགྲེལ་པའོ།། །།དེ་ལྟར་གསང་བའི་དཀྱིལ་འཁོར་གྱི་བདག་ཉིད་ཀྱི་རྡོ་རྗེ་བདུད་རྩི་བརྗོད་ནས། འདི་མེད་པར་སྙིང་པོའི་སྔགས་རྫོགས་པར་མི་འགྱུར་ཞེས་པས་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་གྱི་ཡེ་ཤེས་ རྒྱས་པར་བསྟན་པའི་ཕྱིར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། དེ་ནས་ཞེས་པ་ནི་ལེའུ་དང་པོ་བསྟན་པའི་དེ་མ་ཐག་ཏུའོ། །དེ་ལ་དང་པོར་ཐོག་མར་བསྟན་པའི་མན་ངག་རྗེས་སུ་བཙལ་བ་ལ་སྙོམས་པར་འཇུག་པའི་ཟེར་གྱིས་དེ་ཁོ་ན་ཉིད་རྟོགས་ཞེས་གོ་བར་བྱ་སྟེ། འཁྱུད་པ་ལ་སོགས་པ་ བྱེད་པས་རྗེས་སུ་ཆགས་པར་བྱ་ཞེས་པ་དགྱེས་ཞེས་པ་ལ་སོགས་པའོ། །དགྱེས་ཞེས་པ་ནི་གསང་བའི་དཀྱིལ་འཁོར་ཐོས་པ་ཉིད་ཀྱིས་དགྱེས་པར་གྱུར་པའོ། །ཏུའི་སྒྲས་བདེན་པའི་དོན་ཏོ། །སྡུག་པ་ནི་གླང་པོ་ཆེའི་གཉའ་བ་ལྟ་བུའོ། །པདྨ་དང་འདྲ་བས་བྷ་ག་དེ་ནི་དེ་བཞིན་དུ་བརྗོད་དོ། །འདིས་ བྷ་ག་བཟང་བ་ཉིད་དུ་འདིར་བསྟན་པའོ། །དེ་བཞིན་དུ་ཡང་གསུངས་པ། རུས་སྦལ་རྒྱབ་འདྲ་གླང་ཆེན་མགྲིན། །པདྨའི་མཆུ་ནི་བཟང་ཟླུམ་པ། །སྤུ་མེད་བདེ་བ་རྣམ་པར་རྒྱས། །གྲུ་གསུམ་བྷ་ག་བྷ་ག་ཡིན། །ཞེས་པའོ། །གཞན་ཡང་ཏུའི་སྒྲས་བསྡུས་པ་ནི་དམ་པོར་ནི་ཤིན་ཏུའོ། །འཁྱུད་ ཅེས་པ་ནི་འཁྱུད་པར་འབྲེལ་ཏོ། །དབང་པོ་ཀུན་དུ་ཞེས་པ་ནི་དེའི་རྟགས་ལ་སོགས་པའོ། །བྱ་བའི་གནས་རྣམས་སུ་དེས་འོ་བྱ་ཞེས་པར་འབྲེལ་ཏོ། །དེ་མ་ཐག་ཏུ་དེས་ཅི་ཞིག་བྱ་ཞེས་པ་ལ་གསུངས་པ། སོ་ཡིས་ཞེས་པ་ལ་སོགས་པའོ། །སོ་ཞེས་པ་ནི་སོ་ཉིད་དོ། །འོག་ཅེས་པ་ནི་འོག་གི་ མཆུའོ། །བཟུང་བ་ནི་ཅུང་ཟད་བཙིར་བའོ། །སིད་ཡིག་ནི་ཧ་ཡི་སྒྲ་བརྗོད་པར་བྱའོ། །འོ་ལ་སོགས་པའི་རབ་ཏུ་སྦྱོར་བ་ལ་རྗེས་སུ་ཆགས་པས་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་གསལ་བར་བྱེད་པ་མཱ་མ་ཀཱིའི་དགོངས་པ་དེ་བཞིན་དུ་ཆོས་ཀྱི་དེ་ཁོ་ན་ཉིད་ཉེ་བར་བསྟན་པར་འགྱུར་ཏེ། འདི་ཉིད་ 26-1-65a གསོལ་བ་འདེབས་པའི་རིམ་པ་འདིར་གནས་ཞེས་པའོ། །འོ་ལ་སོགས་པའི་ཆགས་པ་བསྟན་ནས། དེ་ཁོ་ན་ཉིད་གསལ་བར་བྱ་བའི་ཕྱིར། འདོད་པ་བྱ་བའམ་ཞེས་པ་ལ་གསུངས་པ། བཤད་པ་མཛད་དེ་ཞེས་པ་ལ་སོགས་པའོ། །བཤད་ཅེས་པ་ནི་ཅུང་ཟད་བཤད་པ་ ཞེས་པ་སྟེ། རྗེས་སུ་ཆགས་པའི་དེ་མ་ཐག་ཏུ་རྡོ་རྗེ་ཅན་མཱ་མ་ཀཱི་ལ་འདོད་པ་བྱ་ཞེས་པ་འདིར་འབྲེལ་ཏོ། །ཇི་ལྟར་འདོད་པ་བྱ་ཞེས་པ་ལ་གསུངས་པ། རྡོ་རྗེ་བཅིངས་ཞེས་པ་ལ་སོགས་པའོ། །རྡོ་རྗེ་བཅིངས་ཤིང་སྐུ་གཟུང་བས་ཞེས་པ་ནི་རྡོ་རྗེའི་བཅིང་བས་ལྐོག་མའི་གནས་དང་མགྲིན་པའི་ཕྱོགས་སུ་གང་ གིས་བཟུང་བ་དེ་ནི་རྡོ་རྗེའི་བཅིང་བའོ། །སྐུ་གཟུང་བ་ནི་གཽ་རའི་གྲོང་པ་རྣམས་ཀྱི་སྟེ་གན་རྐྱལ་དུ་ཉལ་བའི་བྱེད་པའོ། །རྡོ་རྗེ་བཅིང་བས་མགྲིན་པ་བཟུང་བ་ཉིད་དམ་གཅིག་ཏུ་སྐུ་བཟུང་བས་བསྟན་པར་བརྗོད་དེ། རྡོ་རྗེ་བཅིང་བ་དང་སྐུ་བཟུང་བས་དེ་མཉམ་པར་སྐྱེ་བ་ཉིད་ཀྱིས་ན་འདོད་པར་བྱ་བའོ། །ཆགས་པའི་ ཞེན་པས་ཞེས་པ་ནི་སྔོན་དུ་འོ་ལ་སོགས་པས་ཡིད་འདོད་པས་རྗེས་སུ་བཟུང་ཞིང་བསྒོམ་པས་ལུས་དང་ངག་དང་སེམས་ཤིན་ཏུ་སྦྱངས་པ་ཐོབ་པའོ། །ཏུའི་སྒྲ་ནི་བསྡུས་པས་འདོད་པ་ཉིད་ཀྱི་བར་སྟོན་ཏེ། པདྨར་རྡོ་རྗེ་ཞེས་པ་ལ་སོགས་པའོ། །དེ་ལྟར་གསང་བའི་བསྒོམ་པ་བསྟན་པའི་ལྷ་མོས་འགྲུབ་ པར་འགྱུར་ཞེས་པར་དགོངས་སོ། །གསང་བའི་མཛོད་ལས་ཡང་གསུངས་པ། ཕྱག་ན་རྡོ་རྗེ་ཇི་ལྟར་བསྒོམ་པའི་དབང་པོས་བསྣུན་ན། འདིར་བུད་མེད་ནི་སྐྱེས་པ་གཞན་འདོད་པར་མི་འགྱུར་རོ། །དེ་བཞིན་དུ་རྣལ་འབྱོར་བསྒོམ་པའི་ཕྱིར་བསྣུན་ན་ལྷ་མོས་སྔགས་པ་གཞན་དག་འདོད་པར་མི་འགྱུར་ ཞེས་པའོ། །དེ་ལ་ཡང་འདོད་པ་རྣམས་ཀྱི་སིད་ཀྱི་སྒྲ་སྔོན་དུ་སོང་ནས་སམ་ཞེས་པ་ལ་གསུངས་པ། སིད་ཅེས་པ་ལ་སོགས་པའོ། །སྲིད་ཡིག་ནི་ཧ་ཡིག་གི་སྒྲ་སྟེ། ཧ་ཞེས་བརྗོད་པའམ་ཕུས་ཞེས་བརྗོད་པའོ། །སྙན་པའི་སྒྲ་ཞེས་པ་ནི་འཇམ་ཞིང་ཡིད་དུ་འོང་བ་སྟེ། ཀ་པོ་ཏ་དང་ཕུག་རོན་གྱི་སྒྲ་ལྟ་ བུར་སྒྲ་བརྗོད་པ། །གཞན་ཡང་ཀོ་ཀི་ལ་ཡང་བྲེང་ཁ་དང་བུང་བའི་སྒྲ་ལྟ་བུར་སྒྲ་རྣམས་བརྗོད་པའོ། སྒྲ་ནི་སྒྲ་ཉིད་དེ་དེ་རྗེས་སུ་བྱེད་པ་ནི་རྐན་གྱི་སྒྲས་ཞེས་པའི་དོན་ཏོ། །ལ་ལ་གླིང་བུའི་སྒྲས་ཞེས་པའི་ཚིག་ཡོད་པ་དེར་གླིང་བུ་ཉིད་ཀྱི་སྒྲ་ནི་རྐུན་མོའི་ཚིག་ལྟ་བུ་ལ་སོགས་པས་སྲིད ཀྱི་སྒྲ་བྱེད་ 26-1-65b པའོ། །དུས་ནི་ཤིན་ཏུ་ཆགས་པའི་དུས་སོ། །འདོད་ཆགས་བྱ་ཞེས་པ་ནི་ཆགས་པ་བསྐྱེད་པར་བྱའོ། །གང་ལ་ཆགས་པ་བྱ་ཞེས་པ་ལ་བདག་ལ་བྱ་ཞེས་པ་ལ་སོགས་པའོ། །གང་གིས་ཆགས་པ་བྱ་ཞེས་པ་ལ། རྡོ་རྗེ་བདུད་རྩི་བདེ་བ་ཆེ། །ཞེས་པ་ལ་སོགས་པའོ། །ནུ་མ་ཉེད་པས་ཀྱང་ཆགས་ པ་སྐྱེ་བར་བཞེད་དེ། དེ་བས་ན་ནུ་མ་མཉེ་བར་བྱ་བའི་ཕྱིར་གསུངས་པ། ཉེད་མཛད་ཅེས་པ་ལ་སོགས་པའོ། །ལག་པ་གཉིས་ཀྱིས་ནུ་མ་གཉིས་དུས་སུ་མཉེ་བར་བྱའོ། །སེན་མོ་བཏབ་པས་ཀྱང་ཆགས་པ་སྐྱེ་བས་འདིར་སེན་མོ་བཏབ་པར་བྱ་ཞེས་པ་སྟེ། དེ་ཉིད་གསུངས་པ། སེན་མོས་ཞེས་ པ་ལ་སོགས་པའོ། །སེན་མོ་ནི་འབྲས་ཕུབ་ཀྱི་ཕྱེད་ཚད་དོ། །མ་ཞེས་པ་ནི་རི་མོའི་རྣམ་གྲངས་སོ། །སེན་མོའི་རྨ་དེ་ཡང་རྣམ་པ་བཞི་སྟེ། ཟབ་པ་དང་། མི་ཟབ་པ་དང་། ཆུ་རི་དང་། ལྕགས་ཀྱུ་ལ་སོགས་པའི་རྣམ་པའོ། །ཟབ་པ་ནི་རྐེད་པ་དང་། མཆན་ཁུང་དང་། རྒྱབ་ཏུའོ། །མི་ཟབ་པ་ནི་བྷ་ ག་དང་སྤྱི་བོ་ལ་སོགས་པར་རོ། །སོར་མོ་ཐམས་ཅད་ཀྱིས་རེག་ཅིང་སྤྲུག་པ་ནི་ཚུ་རི་སྟེ་ནུ་མ་དང་འགྲམ་པ་ལ་སོགས་པར་རོ། །འབྲས་ཕུབ་ཀྱི་ཕྱེད་ནི་ཟླ་བ་ཕྱེད་པའི་རྣམ་པ་ལྟ་བུའི་སེན་མོ་ནི་རྨ་སྟེ། ཇི་ལྟ་བའི་སྦྱོར་བས་གདབ་ཅིང་སྦྱིན་པར་བྱའོ། །སེན་མོ་འདེབས་པར་བྱེད་པ་གཅིག་པུ་ནི་མ་ཡིན་ ཏེ། འོ་ལ་སོགས་པས་ཀྱང་བྱེད་ཅེས་པ་སྟེ། དེ་ཉིད་གསུངས་པ་གོས་དང་ཕྲལ་ཞེས་པ་ལ་སོགས་པའོ། །གོས་དང་ཕྲལ་ཞེས་པ་ནི་གཅེར་བུའོ། །དེ་ནི་ཞེས་པ་ནི་མཱ་མ་ཀཱིའོ། །འོག་ཅེས་པ་དེ་ནི་དེའི་སྣག་པོ་ཆེ་སྟེ། སྟེང་ཞེས་པ་ནི་ནུ་མ་གཉིས་དང་། གདོང་དང་པདྨའོ། །བལྟ་བར་བྱ་ ཞེས་པ་ནི་མིག་གདངས་ཏེ་བལྟ་བར་བྱ་བའོ། །བལྟས་ནས་ཅི་ཞིག་བྱེད་ཅེས་པའོ། །འོ་བྱ་ཞེས་པ་ལ་སོགས་པའོ། །པདྨར་འོ་བྱ་བ་ནི་ཉེ་བར་མཚོན་པའི་དོན་ཏེ་འགྲམ་པ་ལ་སོགས་པའོ། །སྡུག་པ་ནི་རུས་སྦལ་གྱི་རྒྱབ་འདྲ་བའོ། །འདིས་ནི་འདི་ལྟར་གསུངས་ཏེ། ཐོག་མར་སྔགས་པ་ རྣམས་ཀྱིས་སྣག་པོ་ཆེ་ལ་སོགས་པ་ལྟ་བ་དང་འཁྱུད་པ་དང་འོ་བྱ་བ་དང་། སེན་མོ་གདབ་པ་དང་། ནུ་མ་དང་། བྷ་ག་ཉེད་པ་སྔོན་དུ་སོང་བས་སྙོམས་པར་འཇུག་པའི་བསྒོམ་པ་བྱ་ཞེས་པའོ། །དེ་ལྟར་ཕྱི་དང་ནང་དུ་དེས་དེ་ཁོ་ན་ཉིད་དེ། ཡང་དག་པར་རིག་པར་བྱས་ནས་ལེགས་སོ་ཞེས་པ་སྦྱིན་ཞེས་ 26-1-66a པས་ན་གསུངས་པ། དགྱེས་ནས་ཞེས་པ་ལ་སོགས་པའོ། །དགྱེས་ནས་ཞེས་པ་ནི་དེ་མ་ཐག་ཏུ་གསུངས་པའི་ཤིན་ཏུ་ཆགས་པ་ལ་དགའ་བའོ། །ཚིག་ཉིད་གསུངས་པ་ལ་ལེགས་སོ་ཞེས་པ་ལ་སོགས་པའོ། །གང་དུ་ཁྱོད་དང་ལྷན་ཅིག་སྙོམས་པར་ཞུགས་པའི་བསྒོམ་པ་ ཕྱིར་བསྒྲུབ་པ་དང་དེ་ཁོ་ན་ཉིད་གསལ་བར་བྱ་བའི་ཕྱིར་བུད་མེད་ཀྱི་བྱ་བ་བྱས་པ་དེ་ནི་ལེགས་ཏེ་མཛེས་པའོ། །འདོད་པའི་ཆགས་པ་ནི་གཟུགས་ལ་སོགས་པའི་འདོད་པ་ལ་ཉེ་བར་ལོང་ས་སྤྱོད་པའི་ཐབས་ཀྱིས་སྔགས་བསྒྲུབ་པར་ནུས་པའོ། །དེས་ནང་དགའ་བ་ནི་དགའ་བ་དང་ཡིད་བདེ་བར་བྱས་པས་ སོ། །གང་འདོད་པ་ཞེས་པ་ནི་གང་ལ་འདོད་པ་དེ་ནི་འདོད་པའམ་འདོད་པ་ཞེས་པའི་དོན་ཏོ། །དེ་དང་དེ་ནི་སྟེར་ཞེས་པར་དགོངས་སོ། །མཆོག་ཅེས་པ་ལ་ནི་མངོན་པར་འདོད་པའི་དངོས་པོ་སྟེ། གསོལ་བ་བཏབ་པའི་དེ་མ་ཐག་ཏུ་ཚིག་དང་ལྡན་པའི་དེ་རབ་ཏུ་སྟེར་བའོ། །ཅི་ཞིག་ཅེས་པ་ནི་གང་ཞིག་ གོ། །འམ་གྱི་སྒྲ་ནི་དེ་ཁོ་ན་ཉིད་བརྗོད་པས་བླ་ལྷག་པའི་དོན་རབ་ཏུ་གསལ་བའོ། །གང་དུ་ཁྱོད་ཅི་འདོད་པའི་དོན་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་ནས་ཞེས་པ་ནི་མཆོག་རབ་ཏུ་བྱེད་པའོ། །དེ་མ་ཐག་ཏུའོ། །འདི་ཞེས་པ་ནི་ཐུགས་ལ་གནས་པ་རྣམས་སོ། །བརྗོད་པར་འགྱུར་ བ་རྣམས་ནི་ཚིག་གོ། །དེ་ཉིད་གསུངས་པ། བཅོམ་ལྡན་འདས་བདག་གི་དེ་ཁོ་ན་ཉིད་ཅེས་པ་ལ་སོགས་པའོ། །བདག་གི་དེ་ཁོ་ན་ཉིད་ཅེས་པ་ནི་ཁྱོད་ཀྱི་དེ་ཁོ་ན་ཉིད་དེ་སྙིང་པོའི་ཡེ་ཤེས་ཞེས་པའི་བར་དུའོ། །དེ་ཁྱད་པར་ཇི་ལྟ་བུ་ཞེས་པ་ལ་གསུངས་པ། བྱང་ཆུབ་སེམས་ཞེས་པ་ལ་སོགས་པའོ། །བྱང་ཆུབ་ ཀྱི་སེམས་ནི་སྟོང་པ་ཉིད་དོ། །དེའི་རྣམ་པར་འཕྲུལ་བ་ནི་བྱང་ཆུབ་ཀྱི་སྤྱོད་པས་དེ་གང་ཡིན་པ་དེ་ནི་དེ་སྐད་དུ་གསུངས་སོ། །ཕྲ་ཞེས་པ་ནི་ཕྲ་མོའི་རྣལ་འབྱོར་རོ། །ཆེས་ཕྲ་ནི་ཤིན་ཏུ་ཡང་ཡུལ་རྣམས་ལས་ལོག་པའོ། །སེམས་རྩེ་གཅིག་ཏུ་བྱེད་པའི་ཏིང་ངེ་འཛིན་ནི་ཡེ་ཤེས་སོ། །ཡང་གཞིག་ པའི་དུས་ཀྱི་རྡུལ་ཕྲ་རབ་རྣམས་ནི་མུ་སྟེགས་པས་དེ་ཁོ་ན་ཉིད་དུ་བརྗོད་དེ་དེའི་ཕྱིར་ཕྲ་བའི་རྡུལ་ལས་ཀྱང་ཆེས་ཕྲ་བ་ནི་ཆོས་ཀྱི་སྐུ་སྟེ་ཤིན་ཏུ་ཡང་ཕྲ་བར་གནས་པ་ཉིད་ཀྱིས་སམ། རྩའི་ཁོང་སྟོང་གི་རྡུལ་ཉིད་ཀྱང་ཕྲ་བའོ། །འདྲ་བ་ལས་འདྲ་བའི་འབྲས་བུ་འདྲ་སྟེ་རྒྱུན་མི་འཆད་པས་ན་མི་ཟད་པས་སོ། །གཟུང་ 26-1-66b བ་དང་འཛིན་པ་དང་བྲལ་བས་སྟོང་པས་སོ། །ཅུང་ཟད་ཀྱང་བསལ་བའམ་གཞག་པ་མེད་པ་ཉིད་ཀྱིས་འབྲི་བ་མེད་པའོ། །གང་ཞིག་དེ་ལྟ་བུར་གྱུར་པའི་འགྲོ་བའི་གྲོང་དུ་ཇི་ལྟར་གནས་ཞེས་པ་གསུངས་པ་ལ། ཇི་ལྟར་རོ་ཞེས་པ་ལ་སོགས་པ་སྟེ། རྡོ་རྗེའི་ཚིག་འདིས་དེ་ཁོ་ན་ཉིད་དང་བཅིངས་པ་དང་ ཐར་པ་དང་གནས་པའི་རང་བཞིན་དང་། འགགས་པ་དང་། སྐྱེ་བ་དང་། དགེ་བ་དང་མི་དགེ་བའི་རྣམ་པར་སྨིན་པ་རྣམ་པ་སྣ་ཚོགས་པ་ལ་སོགས་པ་དོན་དུ་མར་འདོད་དོ། །ཇི་ལྟར་ཞེས་པ་ནི་གང་གི་ཚུལ་གྱིས་སོ། །འདི་ཞེས་པ་ནི་དེ་མ་ཐག་ཏུ་ངས་བསྔགས་ཤིང་བསྟོད་པའི་དེ་ཁོ་ན་ཉིད་དོ། །དེ་ ཞེས་པ་ནི་སྲིད་པ་གསུམ་གྱི་ནང་ན་གནས་པ་རྣམས་སོ། །ལུས་ནི་ལུས་ལའོ། །རོལ་པ་ནི་ཁྱད་པར་གནས་པ་སྟེ། དགེ་བ་དང་མི་དགེ་བ་ཉེ་བར་ལོངས་སྤྱོད་པས་འཇིག་རྟེན་འདི་དང་། འཇིག་རྟེན་གཞན་དུ་སྣ་ཚོགས་པའི་འགྲོ་བར་འཕོ་ཞིང་ལུས་གཏོང་བ་དང་། ལུས་ཡོངས་སུ་འཛིན་པ་ ལ་སོགས་པ་ལ་རོལ་པས་ལོངས་སྤྱོད་ཅེས་པའི་དོན་ཏོ། །དབང་པོ་གཉིས་ཞེས་པ་ནི་བུད་མེད་དང་སྐྱེས་པའི་དབང་པོ་སྟེ་དེ་དག་གི་བྱིན་གྱི་རླབས་ཀྱིས་མིག་ལ་སོགས་པའི་དབང་པོ་སྣ་ཚོགས་པའི་རྟེན་ཏེ། དེའི་བདག་ཉིད་ཀྱིས་སོ། །ཡུལ་མཐའ་དག་ལ་ཇི་ལྟར་ཉེ་བར་ལོངས་སྤྱོད་སྙམ་པ་ ལ། སྤྱོད་ཅེས་པ་སྟེ་ཡུལ་དང་ཡུལ་ཅན་ཉེ་བར་བརྟགས་ནས་ལོངས་སྤྱོད་དེ་དབང་པོ་གཉིས་ཀྱི་ལོངས་སྤྱོད་ཅེས་གསུངས་སོ། །འདི་ལ་ཞེས་པ་ནི་དེ་ཁོ་ན་ཉིད་དང་འགྲོ་བ་མཐའ་དག་གི་སྐྱེ་བ་དང་འཇིག་པ་ལ་སོགས་པའི་རབ་ཏུ་བྱ་བ་རྣམས་སོ། །ཐེ་ཚོམ་ནི་རྣམ་པར་རྟོག་པའོ། །དེ་ཐོབ་པ་ནི་ཐོབ་ པར་གྱུར་པའོ། །ཧིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏེ། གང་གི་ཕྱིར་ང་ཡིས་ཐེ་ཚོམ་ཐོབ་པར་འགྱུར་བ་དེའི་ཕྱིར་ཐེ་ཚོམ་དང་བྲལ་བར་བྱ་བའི་དོན་དུ་དེ་ཁོ་ན་ཉིད་བསྐྱེད་པ་ལ་སོགས་པའི་ཁྱད་པར་བྱ་བ་ཤེས་པར་མཛོད་ཅིག་པའོ། །མཆོག་ནི་ཤིན་ཏུའོ། །བདག་ནི་ངོ་མཚར་བས་འདོད་ཅེས་པ་ལྷག་ པའོ། །ཞུས་པའི་ལན་གདབ་པའི་ཕྱིར་གསུངས་པ། བཀའ་སྩལ་ཞེས་པ་ལ་སོགས་པའོ་ཞེས་པའི་སྒྲ་ནི་དྲིས་པ་རྫོགས་ནས་སོ། །བཀའ་སྩལ་ཞེས་པ་ནི་ཚིག་གིས་སོ། །གང་གི་ཚིག་གིས་ཞེས་པ་ལ་བཅོམ་ལྡན་འདས་ཞེས་པ་ལ་སོགས་པས་སོ། །བཅོམ་ལྡན་འདས་ཞེས་པ་ནི་ 26-1-67a ཤེས་རབ་དང་ལྡན་པའོ། །ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པ་ཞེས་པ་འདིས་ནི་རྡོ་རྗེ་ཅན་ནོ། །རྡོ་རྗེ་ལྟར་མི་ཕྱེད་པས་སོ། །བདུད་རྩི་ནི་མྱ་ངན་ལས་འདས་པའོ། །བདེ་བ་ནི་ཡིད་བདེ་བ་ཉིད་ཀྱིས་རྡོ་རྗེ་བདུད་རྩི་བདེ་བ་ཆེའོ། །ཅི་ཞིག་གསུངས་ཞེས་པ་ལ་གསུངས་པ། དེ་ཁོ་ན་ཉིད་བདག་མ་ནི་ ལྷ་རྣམས་ཀྱི་རྣལ་འབྱོར་ཏེ། དེའི་རྣམ་པར་རྟག་པ་སྐྱེད་པའོ། །ཡང་ན་རྣལ་འབྱོར་ནི་དེ་ཁོ་ན་ཉིད་ཀྱི་ཁྱད་པར་ཏེ་དེ་རྣམ་པར་རྟོགས་པར་བྱ་བའི་དོན་དུ་གསལ་བར་བྱེད་པའོ། །ཤིན་ཏུ་ཕྲ་ཞེས་པ་ནི་རྩ་བའི་ནང་ཁོང་སྟོང་སྟེ། དགའ་བ་ལ་སོགས་པའི་ཚུལ་ཉིད་ཀྱིས་དེ་མཚོན་པར་དཀའ་བ་ཉིད་དེ་ནི་ཕྲ་ བ་ཉིད་དུ་གསུངས་སོ། །གསང་བ་ཞེས་པ་ནི་གསང་བར་མ་བྱས་པའོ། །ཤེས་དང་ཞེས་པ་ནི་རྣལ་འབྱོར་པའི་ཤེས་པའི་རང་བཞིན་ནོ། །ཤེས་བྱ་ཞེས་པ་ནི་ཤེས་པ་དེ་ཉིད་ཀྱི་ཡུལ་གྱི་རང་བཞིན་ནོ། །འཇིག་པ་མེད་པས་ན་ཟད་མེད་དོ། །ཅུང་ཟད་ཀྱང་བསལ་བར་བྱ་བ་དང་གཞག་པར་ བྱ་བ་མེད་པས་ན་འབྲི་བ་མེད་དོ། །རྟག་པའི་རྫས་མེད་པར་གསུངས་པ་ཉིད་ཀྱིས་ནི་རྟག་མེད་དོ། །ཐོག་མིན་ཞེས་པ་ནི་མ་སྐྱེས་པའོ། །ཐོག་མ་ཞེས་པ་ནི་སྐྱེས་པ་སྟེ། དེ་གཉིས་སྤངས་པ་ནི་བྲལ་བའོ། །ཡོད་པ་ཉིད་ནི་གཟུང་བ་དང་འཛིན་པ་ལ་མངོན་པར་ཞེན་པ་ཉིད་ཀྱིས། ཡང་དག་པ་ མ་ཡིན་པ་ལ་ཀུན་བརྟགས་པའི་གནས་སྐབས་སོ། །མེད་པ་ཉིད་ནི་དེ་གཉིས་མེད་པ་ཉིད་ཀྱིས་ཡོངས་སུ་གྲུབ་པའི་གནས་སྐབས་སོ། །མིག་ལ་སོགས་པ་གཟུགས་ལ་འཇུག་པ་ནི་དབང་པོར་བཅས་ཞེས་པ་སྟེ། དབང་པོར་བཅས་པ་ནི་རྒྱ་ཆེ་བའི་གཟུགས་སོ། །མིག་ལ་སོགས་པ་འཇུག་ པ་ནི་རྣམ་པར་ཤེས་པ་ལོག་པའི་དབང་པོ་མེད་པ་སྟེ། སྦྲུལ་གཉིད་ལོག་པའི་སྒྲ་ལྟ་བུ་ཀུན་གཞི་རྣམ་པར་ཤེས་པའི་རྣམ་པའོ། །འདིས་ནི་འདི་སྐད་བརྗོད་དེ། གང་ཞིག་ཁྱོད་ཀྱིས་ང་ལ་སྲིད་པ་དེ་ལྟ་བུར་འགྱུར་བ་མ་མཐོང་ཞེས་པ་སྟེ། འདི་ཉིད་གསུངས་པ་མ་མཐོང་ཞེས་པ་ལ་སོགས་པའོ། ། གང་རྣམས་ཀྱིས་མ་མཐོང་ཞེས་པ་ལ་གསུངས་པ། འབྱུང་པོ་ཀུན་གྱིས་ཞེས་པ་ལ་སོགས་པའོ། །འབྱུང་པོ་ནི་སེམས་ཅན་ཏེ་དེ་རྣམས་ཀྱིས་མ་མཐོང་བ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པས་ཀྱང་ཡང་དག་པར་མ་རིག་པ་སྟེ། ཕྲ་བ་ལ་སོགས་པའི་ཡོན་ཏན་གྱི་བདག་ཉིད་ཀྱིས་ཏེ། དྲུག་ 26-1-67b པའི་དོན་གྱི་བདུན་པའོ། །དེ་ཁོ་ན་དེའི་རྣམ་པར་དབྱེ་བ་བརྗོད་བྱ་མང་དུ་ཡོད་ཀྱང་གཞུང་ཉུང་ངུས་རྒྱས་པར་བསྟན་པར་མི་ནུས་ཏེ། རྒྱུད་འདི་གཞུང་ཉུང་ལ་དོན་རྒྱས་པར་དགོངས་ཞེས་བསམས་པའོ། །གལ་ཏེ་ཡང་དེ་ལ་དགའ་བས་བསྟན་པར་མི་ནུས་ཏེ། འོན་ཀྱང་མན་ངག་ཙམ་གྱིས་བསྟན་ པ་ཉིད་དེ། དེ་ལ་གཞུང་མང་བས་འཇིགས་པས་མདོར་བསྡུས་ནས་བསྟན་པ་གསུངས་པ། རྣལ་འབྱོར་ལམ་གྱིས་ཞེས་པ་ལ་སོགས་པའོ། །རྣལ་འབྱོར་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་བསྒོམས་པ་ལ་སོགས་པའི་རྩིའི་འོ་མ་ཡོངས་སུ་གྲུབ་པའི་སྐུ་དང་གསུང་དང་ཐུགས་ ཡེ་ཤེས་དབྱེར་མེད་པའི་བདག་ཉིད་ཀྱི་ལྷའི་རྣམ་པའོ། །དེ་བཞིན་དུ་ཡང་འཁོར་ལོ་སྡོམ་པ་ལས་གསུངས་པ། ཡེ་ཤེས་ཕྱག་རྒྱ་སྙོམས་འཇུག་རྣལ་འབྱོར་གྱི། །ཞེས་བརྗོད་པའོ། །ལམ་དེ་བསྒོམ་ནུས་པ་དེས་མཐོང་བར་འགྱུར་ཞིང་སོ་སོར་སྣང་བ་དང་ཤེས་ཤིང་མངོན་སུམ་དུ་འགྱུར་ཞེས་པའི་ བར་དུའོ། །མང་དུ་བརྗོད་པས་ཅི་ཞིག་དགོས་ཏེ། ཁྱོད་དེ་ཁོ་ན་གང་ལ་དགའ་བ་ཤེས་པར་གྱིས་པར་དགོངས་ཏེ། རྣལ་འབྱོར་གྱི་ལམ་གྱིས་མཐོང་བར་འགྱུར་ཞེས་གསུངས་པར་འགྱུར་རོ། །རྣལ་འབྱོར་དེ་རྣམ་པ་དུ་ཞིག་ཅེས་པ་ལ་གསུངས་པ། རྣམ་པ་གཉིས་ཞེས་པ་ལ་སོགས་པའོ། །ལྷའི་ རྣམ་པར་བསྒོམ་པའི་རྣལ་འབྱོར་རྣམ་པ་གཉིས་དངོས་གྲུབ་ཀྱི་རྣམ་པའོ། གང་གི་དབྱེ་བས་རྣམ་གཉིས་ཞེས་པ་ལ་གསུངས་པ། ཕྱི་དང་ཞེས་པ་ལ་སོགས་པའོ། །ཕྱི་ནི་བུམ་པ་དང་གོས་དང་རྩིག་པ་ལ་སོགས་པའོ། །ནང་ནི་ཕུང་པོ་ལྔའི་བདག་ཉིད་དོ། །འདིས་ནི་ལྷ་རྣམས་ དམིགས་པའི་ཡུལ་དུ་གསུངས་སོ། །དེ་བཞིན་དུ་ཡང་བདེ་མཆོག་ལས་གསུངས་པ། དེ་ཉིད་མེད་པའི་རྣལ་འབྱོར་སེམས། །ལྷ་རུ་དམིགས་པར་རྟོགས་པ་སྟེ། །གཟུགས་བརྙན་རང་བཞིན་རྣལ་འབྱོར་དག །དབང་བསྐུར་ལ་སོགས་སྐྱེ་བ་སྟེ། །ཤིན་ཏུ་དེ་ཉིད་སེམས་རྣལ་ འབྱོར། །ནང་གི་རྣལ་འབྱོར་ཞེས་བརྗོད་དོ། །ཞེས་པའོ། །དེ་ལ་ཕྱིའི་རྣལ་འབྱོར་ཉེ་བར་བསྟན་པའི་ཕྱིར་གསུངས་པ། ཕྱི་ཞེས་པ་ལ་སོགས་པའོ། །ནང་ལ་ལྟོས་ནསཕྱིའོ། །གཟུགས་ནི་ཁ་དོག་དབྱིབས་ཀྱི་བདག་ཉིད་དོ། །དབྱིབས་ནི་གྲུ་བཞི་ལ་སོགས་པ་སྟེ་ཐམས་ཅད་གཅིག་ཏུ་ 26-1-68a འདུས་པའི་གཟུགས་ཀྱི་ཕུང་པོ་ཞེས་རྣམ་པར་གཞག་པ་བསྟན་ཏོ། །སོགས་པའི་སྒྲས་ནི་དྲི་ལ་སོགས་པ་ཡང་གཟུང་བར་བྱའོ། དེ་ཡང་འབྱུང་བའི་རྣམ་པ་སྟེ། འབྱུང་བ་ཡངས་ལ་སོགས་པའོ། །དེ་རྣམས་ནི་ཁམས་ཀྱི་རྩ་སྲ་བ་ལ་སོགས་པའི་ཆ་ཤས་སོ། །ཅི་འདི་ དག་ཙམ་ཉིད་དམ་གཞན་ཡང་ཞེས་པ་གསུངས་པ། འདུས་བྱས་ཞེས་པ་ལ་སོགས་པའོ། །འདུས་བྱས་ནི་ཤིང་བཟོ་མཁན་ལ་སོགས་པས་ནན་ཏན་དུ་བཅོས་ལེགས་ཀྱི་ལས་ཀྱི་རིམ་པས་ལྷའི་གཟུགས་བརྙན་བྱས་པའོ། །དེ་རུ་གཟུགས་འབྱུང་སྟེ་རིམ་པར་བསྒོམས་ཤིང་ལེགས་པར་ བྱས་པ་ནི་འདུས་བྱས་རྫོགས་པ་སྟེ། ལྷ་ལ་དམིགས་པའི་རྣམ་པ་ནི་ཕྱིའི་རྣལ་འབྱོར་རོ། །ནང་གི་རྣལ་འབྱོར་ནི་རང་གི་ལུས་ལ་རྩའི་རབ་ཏུ་སྦྱོར་བས་སྐྱེ་ཞིང་རིམ་པར་འདུས་བྱས་པས་རྫོགས་པ་ནི་ལྷའི་གཟུགས་སུ་མ་གསུངས་ཀྱང་གོ་བར་བྱའོ། །ཅི་གཟུགས་ལ་སོགས་པའི་ཕུང་པོ་གང་གིས་ འདིར་རྣལ་འབྱོར་གྱི་དམིགས་པའི་རྟེན་བྱེད་པ་ཉིད་ཀྱིས་བསྒོམ་པའི་ཡན་ལག་ཏུ་བརྗོད་དམ་ཞེས་པ་ལ་གསུངས་པ། བརྟེན་པ་ལ་སོགས་པ་སྟེ་འདིས་ནི་ཐམས་ཅད་བསྒོམ་པའི་བདག་ཉིད་ནི་རྣལ་འབྱོར་པ་ཞེས་བསྡུ་བར་འགྱུར་རོ། །དེ་བཞིན་དུ་ཡང་བདེ་མཆོག་ལས་གསུངས་པ། འདི་ནི་ ཐམས་ཅད་བསྒོམས་པས་འགྱུར། །ཞེས་པའོ། །སྣོད་ནི་རི་ལ་སོགས་པའོ། །གཡོ་བ་ནི་མིག་ལ་སོགས་པའོ། །སྣ་ཚོགས་ཞེས་པ་ནི་འགྲོ་བ་མཐའ་དག་གོ། །ཁམས་གསུམ་ཞེས་པ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་སོ། །མ་ལུས་ཞེས་པ་ནི་གང་གི་ཕྱིར་ གྱི་དོན་ཏེ་ལྔ་པའོ། །གང་གི་ཕྱིར་སྣོད་བཅུད་ལ་སོགས་པ་མ་ལུས་པ་ལ་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་ཁྱབ་པའོ། །གང་གིས་ཁྱབ་ཅེས་པ་ལ་གསུངས་པ། དེ་ཉིད་ཅེས་པ་ལ་སོགས་པའོ། །དེ་ཞེས་པ་ནི་དེ་ཁོ་ན་ཉིད་ཀྱིས་སོ། །གཅིག་པུས་ཞེས་པ་ནི་ཕྱིའི་དོན་མེད་པས་གཉིས་ པ་མེད་པའོ། །ཐམས་ཅད་རྣམ་པར་ཤེས་པ་ཉིད་ཅེས་པ་ནི། ཁམས་གསུམ་ཐམས་ཅད་ཀྱང་རྣམ་པར་ཤེས་པ་ཙམ་ཉིད་དོ། །དེ་ནས་དངོས་པོ་ཐམས་ཅད་ཀྱི་སེམས་ཉིད་ཀྱིས་བསྒོམ་བྱའི་དངོས་པོ་ཐམས་ཅད་ཀྱང་ཡོངས་སུ་འགྱུར་ཞེས་པ་སྟེ། སྣོད་ལ་སོགས་པ་བསྒོམ་བྱར་དམིགས་ 26-1-68b པ་ཉིད་ཀྱིས་གསུངས་པ། དེ་གསུངས་པར་གྱུར་པ་གང་གི་ཕྱིར་སྣོད་བཅུད་ལ་སོགས་པ་ལ་དེས་ཁྱབ་པས་ན་ཁམས་གསུམ་ཡང་རྣམ་པར་ཤེས་པ་ཙམ་སྟེ། དེའི་ཕྱིར་བསྟན་པ་ལ་སོགས་པ་ལྷ་རྣམས་སུ་སྦྱར་བ་རིགས་ཞེས་པའོ། །གལ་ཏེ་ཐམས་ཅད་དེའི་རང་བཞིན་ཡིན་ན་ཐམས་ཅད་དེའི་ རྣམ་པར་འཇིག་རྟེན་པ་རྣམས་ཀྱིས་ཅི་སྟེ་མ་ཤེས་ཞེས་པ་ལ་གསུངས་པ། གང་ཕྱིར་ཞེས་པ་ལ་སོགས་པའི་རྒྱུས་ཏེ། ཀུན་གྱི་བདག་ཉིད་ནི་དངོས་པོ་ཐམས་ཅད་ཀྱིའོ། །བདག་ཉིད་ཅེས་པ་ནི་རང་གི་རྣམ་པར་ཤེས་པའི་ཕུང་པོ་སྟེ། རྣམ་པར་ཤེས་པ་དྲུག་གི་ཚོགས་ལ་བརྟེན་པས་རང་རིག་པའི་ ཚུལ་གྱིས་སོ། །དེའི་ཕྱིར་མི་ཤེས་པ་ནི་གཏི་མུག་གི་སྐྱེས་བུ་སྟེ་རིགས་པ་ཐམས་ཅད་ལ་སྤྱན་ལ་སོགས་པ་རྣམས་ཀྱིས་མ་རྟོགས་པ་ནི་གཏི་མུག་དང་བཅས་པས་མི་ཤེས་པའོ། །གལ་ཏེ་མི་ཤེས་ན་སེམས་ཀྱིས་དེ་ཁོ་ན་ཉིད་ཇི་ལྟར་རྟོགས་པར་འགྱུར་ཞེས་པ་ལ་གསུངས་པ། སེམས་ཞེས་པ་ ལ་སོགས་པའོ། །སེམས་རང་སེམས་ཀྱི་ཚུལ་གྱིས་བདག་ཉིད་ཀྱིས་ཞེས་པ་ནི་སེམས་པའོ། །སེམས་ཀྱི་ཚུལ་ཞེས་པ་ནི་ཐམས་ཅད་དུ་དགའ་བ་དང་མི་དགའ་བ་དང་། ཕུང་པོ་ལ་སོགས་པ་རིག་པའི་བདག་ཉིད་ཀྱི་སྲོག་གོ། །ཤེས་དང་ཞེས་པ་ནི་ཐམས་ཅད་དུ་སོང་བས་ཁྱབ་འཇུག་ སྟེ། ཤེས་པའི་རང་བཞིན་གྱི་སྐྱེས་བུའོ། །ཤེས་བྱའི་རང་བཞིན་ཞེས་པ་ནི། ཤེད་བུ་དང་ཤེད་ལས་སྐྱེས་རང་རིག་པ་པོ་དང་བྱེད་པ་པོ་ལ་སོགས་པའི་རྫས་ཀྱི་གཟུགས་སོ། །རྒྱུད་ཉིད་ཅེས་པ་ནི་དབང་ཕྱུག་ཉིད་དེ་དེ་དབང་ཕྱུག་ཏུ་སྨྲ་བ་རྣམས་ཆོས་རྣམས་ཀྱི་རྒྱུ་ནི་དབང་ཕྱུག་ཉིད་ཅེས་ སྨྲའོ། །ཆོས་ཀྱི་དངོས་བདག་ཅེས་པ་ནི་ཞི་བའི་གྲུབ་མཐའ་སྟེ། བསོད་ནམས་ལ་སོགས་པའི་ཆོས་རབ་ཏུ་འཕེལ་བ་ནི། ཆོས་ཀྱི་གཟུགས་ཀྱི་དབང་ཕྱུག་ཆེན་པོ་སྟེ་ཞེས་དབང་ཕྱུག་ཆེན་པོར་བལྟའོ། །དེ་ཁོ་ན་ཉིད་རབ་ཏུ་བསྟན་པའི་དོན་དུ་འདིས་རྫས་སུ་མཐུན་པ་དང་ལྡོག་པ་ གསུངས་པ་སྟེ། གཅིག་ཉིད་དང་དུ་མ་ཉིད་ཀྱིས་བསྒྲུབ་པར་བྱ་བའི་ཆོས་དང་། གཏན་ཚིགས་དང་དཔེ་རྣམས་གསུངས་པའི་ཆོས་རྣམས་ཞེས་པ་ལ་སོགས་པའོ། །དུ་མ་ཉིད་ཀྱིས་ཞེས་པའི་ཚིག་གིས་གཅིག་ཉིད་བསྒྲུབ་བྱ་མ་ཡིན་པའི་གཏན་ཚིགས་གསུངས་སོ། །དུ་མ་ཉིད་དུ་མི་ 26-1-69a འབྱུང་ཞེས་པ་འདིས་དུ་མ་ཉིད་བསྒྲུབ་བྱའི་ཆོས་སུ་མི་འགྱུར་བའི་གཏན་ཚིགས་གསུངས་སོ། །ཆུ་བོའི་རྒྱ་མཚོའི་དཔེ་ཉིད་ཀྱང་གཉིས་ཀའི་དཔེར་བཞེད་དེ། འདིས་ནི་དུ་མ་ཉིད་དང་གཅིག་ཉིད་བསྒྲུབ་བྱའི་དཔེར་བརྗོད་པར་བྱ་སྟེ། དེ་ལ་སྣ་ཚོགས་ཉིད་མ་གྲུབ་པས་གང་ ཞིག་དེ་མ་ཐག་ཏུ་གསུངས་པའི་སེམས་ལ་སོགས་པའི་ཆོས་དུ་མ་རྣམས་ཇི་ལྟར་འགྲུབ། དུ་མའི་དངོས་པོ་ནི་གཅིག་ལས་ལོག་པ་སྣ་ཚོགས་པའི་རྣམ་པར་ཡོད་པ་སྟེ། དེས་ན་ཆོས་དུ་མ་ཉིད་ཀྱི་རྒྱུས་མུ་སྟེགས་སེམས་པ་ལ་སོགས་བ་དུ་མའི་རྣམ་པར་སྣང་ངོ་། །འདི་ལྟ་བུར་ཉེ་བར་ དམིགས་པ་ཅི་འདྲ་ཞེས་པ་ལ་གསུངས་པ། ཆུ་བོའི་རྒྱུན་ཞེས་བྱ་བ་ལ་སོགས་པའོ། །རྒྱུན་གྱི་སྒྲ་འདི་ནི་སྡུད་པ་པོ། རྒྱ་མཚོར་ཇི་ལྟར་ཆུ་བོ་རྣམས་འབབ་པ་ནི་སི་ཏ་དང་། སིནྡྷུ་དང་། གང་གཱ་ལ་སོགས་པའོ། །རྒྱུན་ནི་ཆུ་བོའི་རབ་ཏུ་འབབ་པ་སྟེ། འབབ་པས་འདི་ནི་ཆུ་བོ་སིནྡྷུ་དང་། འདི་ནི་སི་ཏའོ། །འདི་ནི་གང་གཱའོ་ཞེས་སྣ་ཚོགས་སུ་དམིགས་པར་མི་འགྱུར་ཏེ། དེ་བཞིན་དུ་ཟབ་ཅིང་གཏིང་དཔག་པར་དཀའ་བའི་ཆོས་ཀྱི་དབྱིངས་ལས་ཕྱི་རོལ་དུ་གྱུར་པའི་མུ་སྟེགས་པ་རྣམས་འདི་ནི་བདག་གི་སྲོག་དང་། སྐྱེས་བུ་དང་། གང་ཟག་དང་ཞེས་སྣ་ཚོགས་པར་སོ་སོར་སྣང་སྟེ། ཅི་ དེ་ཁོ་ན་ཉིད་ལ་འདིར་དུ་མའི་རྣམ་པ་ཡོད་པ་ཉིད་དམ་ཞེས་པ་ལ་མེད་པར་བསྟན་པའི་ཕྱིར་གསུངས་པ། གཅིག་ཅེས་པ་སྟེ་འདིར་གང་ཞིག་མངོན་པར་འདོད་པའི་དེ་ཁོ་ན་ཉིད་དེ་ནི་གཅིག་གི་ཚུལ་དུ་བཟུང་བ་ཉིད་དོ། །གཅིག་པ་ཉིད་ཅིའི་ཕྱིར་ཞེས་པ་ལ་གསུངས་པ། དུ་མ་ཉིད་དུ་ཞེས་པ་ལ་སོགས་པའོ། ། དུ་མ་ཉིད་ཅེས་པ་ནི་སེམས་པ་ལ་སོགས་པ་དེ་རྣམས་སོ། །གང་ཞིག་དུ་མ་ཉིད་སྣ་ཚོགས་ཀྱི་རྣམ་པར་ཡོད་པ་ནི་མི་སྐྱེ་སྟེ། རེག་པས་མི་རྟོགས་པའི་ཕྱིར་རོ། །གང་གི་ཕྱིར་དུ་མར་འགྱུར་བ་ནི་གཅིག་ལས་འགྲུབ་བོ། །ཇི་ལྟར་ཆུ་བོ་རྣམས་སུ་དུ་མར་འགྲུབ་པ་ནི་རྒྱ་མཚོ་ལས་འགྲུབ་བོ། །གལ་ ཏེ་དུ་མའི་རྒྱུས་སྣ་ཚོགས་ཀྱི་རྣམ་པར་རྟོགས་ན་དེ་ལྟ་ན་རྒྱ་མཚོར་ཞུགས་པའི་ཆུ་བོ་རྣམས་སྣ་ཚོགས་སུ་སོ་སོར་སྣང་བར་རིགས་སོ། །དེའི་ཕྱིར་དུ་མ་ཉིད་དུ་མི་འབྱུང་ཞེས་པའི་རིགས་པ་གསུངས་པའོ། །དེ་ལ་རང་བཞིན་གྱིས་ཡོད་པའི་ཆུ་བོ་རྣམས་འདིར་དངོས་པོ་དང་དངོས་པོ་མེད་པ་ལ་ 26-1-69b སོགས་པའི་གཅིག་པ་ཉིད་དུ་བརྗོད་པར་མི་ནུས་ཏེ། ཇི་སྐད་དུ་གསུངས་པ། ཇི་སྲིད་ཆུ་རུ་ཆུ་ཞུགས་པ། །དེ་ཉིད་རོ་མཉམ་གྱུར་པ་ཡིན། །སེམས་ལ་སྐྱོན་ཡོན་རྣམ་པ་དག །རྨོངས་པ་གཉེན་པོའི་ཕྱོགས་འཆད་མེད། །ཅེས་པའོ། །འདི་རྣམས་གསུངས་པར་གྱུར་པ། སེམས་པ་དང་བདག་ ལ་སོགས་པ་ཡོད་པར་རིགས་པས་མི་རྟོགས་སོ། །གལ་ཏེ་རིགས་པ་ཡོད་པར་གྱུར་ཀྱང་། གང་ཞིག་སེམས་པ་ལ་སོགས་པའི་ཆོས་ཐམས་ཅད་བདག་མེད་པར་ཞུགས་པར་འགྱུར་རོ། །དེ་ལྟ་བས་ན་དེ་རྣམས་སྣ་ཚོགས་སུ་སོ་སོར་སྣང་བར་མི་འགྱུར་ཏེ། ཇི་ལྟར་རྒྱ་མཚོར་ཞུགས་པའི་ཆུ་ བོ་རྣམས་སྣ་ཚོགས་ཀྱི་གཟུགས་སུ་སོ་སོར་སྣང་བ་མེད་པ་བཞིན་དུ། སྣ་ཚོགས་མ་གྲུབ་པས་དེ་ཁོ་ན་ཉིད་གཅིག་པའི་རྣམ་པ་ཉིད་དུ་གོ་བར་བྱ་ཞེས་པའོ། །དེ་ཁོ་ན་ཉིད་གཅིག་པ་དེ་ལྟར་དེ་ཁོ་ན་ཉིད་གསུམ་གང་ལས་ཐོབ་པར་བྱ་ཞེས་པ་ལ་གསུངས་པ། བླ་མའི་ཞལ་ལས་ཤེས་ཞེས་པ་ལ་ སོགས་པའོ། །རྒྱུད་དང་སྔགས་རྣམས་སྟོན་པ་ནི་བླ་མའོ། །དེའི་ཞལ་ནི་ཉེ་བར་བསྟན་པས་སོ། །ཐོབ་པ་ནི་ཤེས་པའོ། །དེ་ལ་མན་ངག་བསྟན་པ་གསུངས་པ། ནང་དུ་ཞེས་པ་ལ་སོགས་པའོ། །རྩ་རྣམས་ལུས་ལ་ཇི་ལྟ་བའི་གཟུགས་ཀྱིས་གནས་པའོ། །གང་དུ་གནས་ཞེས་པ་ ལ་གསུངས་པ། བྷ་གའི་དབུས་སུ་ནམ་མཁའ་གང་། །ཞེས་པ་ལ་སོགས་པའོ། །ནམ་མཁའ་ཞེས་པ་ནི་པདྨའི་ལྟེ་བར་རྩའི་ཁོང་སྟོང་གི་གནས་སོ། །དེའི་ཁྱད་པར་ཇི་ལྟ་བུ་དང་ལྡན་ཞེས་པ་ལ་གསུངས་པ། ནམ་མཁའ་ལྔ་ཞེས་པ་ལ་སོགས་པའོ། །ནམ་མཁའ་ལྔ་ཞེས་པ་ནི་ ཁྲག་དང་། དྲི་ཆུ་དང་། དྲི་ཆེན་དང་། ཁུ་བ་འཛག་པའི་བཟུར་བས་རྩ་ལྔའི་ཁོང་སྟོང་ནི་ནམ་མཁའི་ཕྱོགས་སོ། །བཤད་ལུགས་གཞན་ཡང་ཆུ་དང་མེ་དང་ས་དང་རླུང་སྟེ། གྲང་བ་དང་། དྲོ་བ་དང་། གཉིས་ཀ་དང་། དྲིའི་མཚན་གྱིས་ནམ་མཁའི་དཀྱིལ་འཁོར་གྱི་ནང་དུ་འདུས་པས་ནམ་ མཁའ་ལྔ་ཡིས་བརྒྱན་པའོ། །ནམ་མཁའ་གཅིག་པུས་ནི་མ་ཡིན་ཏེ་པདྨས་ཀྱང་བརྒྱན་ཞེས་པ་ལ་གསུངས་པ། ལྟེ་བ་ཞེས་པ་ལ་སོགས་པ་སྟེ། ལྟེ་བའི་དབུས་སུ་ཟེ་འབྲུའི་གེ་སར་ནི་དེའི་འགྲམ་ནས་སྐྱེས་པ་སྟེ་དེ་ཡིས་ལྡན་པའོ། །འདབ་མ་བརྒྱད་ནི་འདབ་མ་བརྒྱད་པའི་པདྨ་ 26-1-70a སྟེ་དེས་བརྒྱན་པའོ། །དེའི་ཞེས་པ་ནི་པདྨའི་ནམ་མཁར་རོ། །གང་ཞིག་རྡོ་རྗེའི་ནོར་བུ་དང་པདྨའི་ལྟེ་བ་དག་སྦྱར་ཞིང་གཟིར་བ་དེའི་དབུས་སུའོ། །རྡོ་རྗེ་ཅན་ཞེས་པ་ནི་འདོད་ཆགས་ཆེན་པོའི་བདག་ཉིད་ཀྱི་རྡོ་རྗེ་བདུད་རྩིའི་སྙིང་པོའོ། །དེ་ཇི་ལྟ་བུའི་རྣམ་ པར་གནས་ཞེས་པ་ལ་ཁུ་བ་ཞེས་པ་ལ་སོགས་པའོ། །ཁུ་བས་ཕྱེ་བ་ཉིད་ཀྱིས་ཁུ་བ་སྟེ་བདུད་རྩི་གཞོམ་དུ་མེད་པར་ཡང་དག་པར་རིག་པའི་ཚུལ་འདིས་ན་བདུད་རྩིས་གཟུགས་སོ། །གཞན་ཡང་དེའི་བྱེ་བྲག་ཏུ་བྱ་བའི་ཕྱིར་གསུངས་པ། ཆ་དང་ཞེས་པ་ལ་སོགས་པའོ། །ཆ་ཞེས་པ་ནི་ ཨ་ཡིག་ལ་སོགས་པ་མ་མོ་རྣམས་སོ། །ཆ་མིན་ནི་ཀ་ཡིག་ལ་སོགས་པའི་གསལ་བྱེད་དེ། དེ་གཉིས་ལས་རྣམ་པར་གྲོལ་བ་ནི་བྲལ་བའོ། །ཐིག་ལེ་ཞེས་པ་ནི་ཨཾ་ཡིག་གོ། །ཐིག་ལེ་ཉིད་རིང་པོར་བརྗོད་པ་ནི་ནཱ་དའོ། །དེ་གཉི་ག་སྤངས་པ་ནི་དབྱངས་མེད་པ་ཞེས་པའི་དོན་ཏོ། །གནས་ དེར་ཅི་ཞིག་བྱེད་ཅེས་པ་ལ་གསུངས་པ། འཛག་ཅེས་པ་ལ་སོགས་པའོ། །ཅི་ཞིག་འཛག་ཅེས་པ་ལ་བདུད་རྩི་ཞེས་པ་ལ་སོགས་པའོ། །བདུད་རྩི་ཁུ་བའི་གཟུགས་ནི་ཞུ་བའི་ཚུལ་ཞེས་པའི་དོན་ཏོ། །འདོད་ཆགས་ཆེན་པོའི་ཚུལ་ཉིད་ཀྱིས་སོ། །དེའི་མན་ངག་ནི་འདི་ཡིན་ཏེ་ པདྨའི་ནོར་བུའི་དབུས་སུ་མཆོག་ཏུ་བདེ་བའི་དགའ་བ་རང་རིག་པའི་རང་བཞིན་དབྱངས་དང་བྲལ་བའི་ཧ་ཡིག་ནི་རྡོ་རྗེ་བདུད་རྩིའོ། །སྙིང་པོ་དེ་ཁོ་ན་ཉིད་ཅེས་དགོངས་སོ། །འཁྲིག་པའི་ཆོས་ཀྱི་ཡང་དག་པར་སྦྱོར་བས་དེ་དང་འདྲ་བར་འདོད་ཆགས་ཆེན་པོའི་ཚུལ་འཁྲིག་པའི་ཆོས་ཀྱི་གནས་ སྐབས་སོ། །དེའི་ཚུལ་ཇི་ལྟ་བུ་ཞེས་པ་ལ་ལུས་ཀྱི་རབ་ཏུ་སྦྱོར་བས་རྒྱས་པར་བྱ་བའི་ཕྱིར་གསུངས་པ། གཞི་ཞེས་པ་ལ་སོགས་པའོ། །གཞི་ཞེས་པ་ནི་སྲོག་ཆགས་ཀྱི་ལུས་ལ་གནས་པ་རྣམས་ཀྱི་གཞིའོ། །གང་རྣམས་ཀྱི་གཞི་ཞེས་པ་ལ་ཀུན་གྱི་ཞེས་པ་ལ་སོགས་པའོ། །ཁུ་བ་ དང་། རུས་པ་དང་། རྐང་དང་། ཤ་དང་། ཁྲག་ལ་སོགས་པའི་རོ་བཅུད་རྣམས་སོ། །ཐམས་ཅད་དུ་རླུང་གི་རྣམ་པ་གཞོམ་དུ་མེད་པའི་རྣམ་པར་ཤེས་པ་སྟེ་སྙིང་གར་གནས་ཞེས་གསུངས་པར་གྱུར་པའོ། །དེ་ལྟར་གྱུར་པ་དེའི་འགྲོ་བའི་སྤྱོད་པ་གསུངས་པ། འོག་དང་ཞེས་པ་ལ་སོགས་ 26-1-70b པའོ། །འོག་ཅེས་པ་ནི་སྙིང་གའི་འོག་སྟེ་ལྟེ་བ་དང་བྷ་གའོ། སྟེང་ཞེས་པ་ནི་སྣའི་རྩེ་མོ་ནས་ཇི་སྲིད་ནམ་མཁའི་བར་དུ་སྟེ། འདི་རྣམས་ཀྱི་མཐར་ཐུག་པར་རླུང་གི་རྣམ་པས་ཁྱབ་པར་བྱེད་ཅེས་པས་སོ། །ཡང་ན་འོག་ཅེས་པ་ནི་རྐང་པའི་མཐིལ་ལོ། །སྟེང་ཞེས་པ་ནི་སྤྱི་གཙུག་གི་མཚམས་ ཀྱི་མཐར་ཐུག་པའི་ལུས་མཐའ་དག་ལ་མྱོས་བྱེད་ཀྱི་རྣམ་པས་ཁྱབ་ཅིང་གནས་ཞེས་པ་ནི་ཁྱབ་པར་བྱེད་པས་སོ། །གང་དུ་གསུངས་པའི་ལུས་འདི་དག་ལ་ཇི་ལྟ་བ་བཞིན་རོལ་ཏེ་དེའི་ཕྱིར། འདིས་ནི་རོལ་པ་རྒྱས་པར་བཤད་པ་ཉེ་བར་བསྟན་ཞེས་པ་ལྷག་མའོ། །འདིའི་རྣམ་པ་གཅིག་པུས་ ཁྱབ་པ་ནི་མ་ཡིན་ཏེ། བྱ་བ་གང་གིས་ཁྱབ་བྱེད་ཅེས་པ་ལ་གསུངས་པ། བལྟ་དང་ཞེས་པ་ལ་སོགས་པའོ། །བལྟ་བ་ལ་སོགས་པའི་བྱ་བ་རྣམས་ནི་ཁྱབ་བྱ་སྟེ། གཞན་ནི་དེ་ཉིད་རྣམ་པར་གནས་ཞེས་པ་འདིར་འབྲེལ་ཏོ། །བལྟ་དང་ཞེས་པ་ནི་མིག་གི་རྣམ་པར་ཤེས་པ་ལ་བརྟེན་ནས་ལྷའི་ སྤྱོད་ཡུལ་བསྒྲིབས་པ་ལ་སོགས་པའི་དངོས་པོའི་བྱེ་བྲག་རྣམས་ཀྱང་ཡང་དག་པར་ཤེས་པའོ། དེ་ལྟར་རྣ་བའི་རྣམ་པར་ཤེས་པ་ལ་བརྟེན་ནས་ལྷའི་སྤྱོད་ཡུལ་བསྒྲིབས་པ་ལ་སོགས་པའི་དངོས་པོ་ཡོངས་སུ་གཅོད་པས་སྒྲ་ཉན་པར་བྱེད་དོ། །སྣོམ་པ་ནི་སྣའི་རྣམ་པར་ཤེས་པ་ལ་ བརྟེན་ནས་དྲི་བཟང་པོ་ལ་སོགས་པའི་དྲི་རྣམས་སྣོམ་པར་བྱེད་དོ། །ལྕེའི་རྣམ་པར་ཤེས་པ་ལ་བརྟེན་ནས་རོ་ཞིམ་པ་ལ་སོགས་པའི་རྫས་རྣམས་མྱོང་བར་བྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་ལ་བརྟེན་ནས་བདེ་བའི་རེག་པ་དང་ཕྲེང་བ་ལ་སོགས་པའི་རྒྱན་རྣམས་ལ་རེག་པའི་བག་ཆགས་ཀྱིས་རེག་ པར་བྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ལ་བརྟེན་ནས་ཚིག་རབ་ཏུ་རྒྱས་པ་སྟེ་ལེགས་པར་སྦྱར་བ་ལ་སོགས་པའི་མཛེས་པ་རྣམས་སོ། །རི་མོ་ཞེས་པ་ནི་རི་མོ་མཁན་ལ་བརྟེན་ནས་རི་མོའི་ལས་ཤེས་པའོ། །དྲི་ཟ་ལ་བརྟེན་ནས་དྲི་ཟའི་ཆོ་ག་ཤེས་པའོ། །ཨ་ནི་ཀུན་གྱི་དོན་ཏེ། སྟེར་བ་ ནི་ཀུན་དུ་སྟེར་བར་བྱེད་ཅིང་ཡང་ནས་ཡང་དུ་སྟེར་བའོ། །འཛིན་པ་ཞེས་པ་ནི་སོ་སོར་འཛིན་ཅིང་ཞེན་པའི་སྲེད་པའི་རྣམ་པར་ཤེས་པ་ལ་བརྟེན་ནས་ལེན་པར་བྱེད་དོ། །རོལ་རྩེད་ཅེས་པ་ནི་ནོར་ལ་སོགས་པ་ལ་བརྟེན་ནས་ཆོ་ལོའི་གཏམ་ལ་སོགས་པས་ལོངས་སྤྱོད་པའོ། །རྒྱུག་པ་ཞེས་ 26-1-71a པ་ནི་འགྲོ་བ་ལ་བརྟེན་ནས་མགྱོགས་པར་རྒྱུག་པའོ། །ངལ་ཞིང་ཆད་པས་དབུགས་འབྱིན་པ་འབྱུང་བར་འགྱུར་རོ། །གཉིད་ཀྱི་རང་བཞིན་གྱིས་ནོན་པས་ཉལ་བར་བྱེད་དོ། །གཉིད་དང་བྲལ་བས་རབ་ཏུ་སད་པར་འགྱུར་རོ། །དེ་ཉིད་ཅེས་པ་ནི་དེ་ཁོ་ན་ཉིད་ཀྱི་རྒྱལ་ པོའོ། །གཉིད་མཐུག་པ་ནི་དངོས་པོ་མཐའ་དག་གི་བག་ཆགས་ལས་རྨི་ལམ་དུ་ཡང་གླང་པོ་དང་། ཤིང་རྟ་དང་། རྟ་ལ་སོགས་པ་མངོན་སུམ་ལྟ་བུར་མཐོང་བའོ། །དགོད་པའི་དངོས་པོ་ལ་བརྟེན་ནས་དགོད་པར་བྱེད་དོ། །མྱ་ངན་གྱི་རང་བཞིན་ལ་བརྟེན་ནས་ངུ་བར་བྱེད་དོ། །སྤྲོ་བའི་རང་ བཞིན་གྱིས་གར་བྱེད་དོ། །གར་མཁན་ལ་བརྟེན་ནས་སོ། །ལྟད་མོ་ལ་བརྟེན་ནས་རྫ་རྔ་དང་རྔ་རིངས་དང་། རྔ་བོ་ཆེ་ལ་སོགས་པའི་རོལ་མོ་བྱེད་དོ། །ཡུལ་གྱི་མི་ལ་སོགས་པའི་མི་ལ་བརྟེན་ནས་ཀརྞ་ཏ་ལ་སོགས་པའི་སྣ་ཚོགས་པའི་གཏམ་སྨྲ་བར་བྱེད་དོ། །སྨན་གྱི་སྦྱོར་བས་རླུང་ ཅན་དུ་བྱེད་པ་དང་། ཆང་གིས་མྱོས་པ་ནི་སྨྱོན་པ་སྟེ། ཐ་མལ་པ་ལས་གཞན་དུ་སྨྲ་བའོ། །ཆང་ལ་སོགས་པའི་བཏུང་བས་བཟི་ཞིང་མྱོས་པ་ནི་བྱ་བ་དང་བྱ་བ་མ་ཡིན་པ་མི་དཔྱོད་པ་སྟེ། ཆང་གིས་འདི་ཐམས་ཅད་ཉིད་ཅེས་དགོངས་སོ། །གཏི་མུག་ནི་གཏི་མུག་གི་བདག་ཉིད་ཅན་ནོ། ། འདོད་ཆགས་ཞེས་པ་ནི་ཆགས་པའི་འདོད་ཆགས་དང་ཁྲོ་བའི་འདོད་ཆགས་སོ། །ཆགས་པའི་རང་བཞིན་ནི་སྤྲོ་བ་ལས་འདོད་ཆགས་ཏེ་སྒེག་པའི་བདག་ཉིད་དོ། །ཁྲོ་བོའི་རང་བཞིན་གྱི་སྦྱོར་བ་ལས་ནི་རང་གི་དངོས་པོའོ། །ཙམ་གྱི་གཟུགས་ཞེས་པ་ནི་དུ་མའི་གཟུགས་ཀྱི་རང་བཞིན་ཞེས་ པའི་དོན་ཏོ། །གཟུགས་ཡང་དག་པར་བརྗེ་བའི་ཐོབ་པ་ལས་བུད་མེད་ཀྱི་དངོས་པོ་དང་ལྡན་ན་བུད་མེད་དུ་འགྱུར་རོ། །སྐྱེས་པའི་དབང་པོ་ཐོབ་ན་སྐྱེས་པར་འགྱུར་རོ། །གཉིས་ཀའི་མཚན་མ་མེད་ན་མ་ནིང་ངོ་། །སྣ་ཚོགས་གཟུགས་ཞེས་པ་ནི་ལྷ་དང་ལྷ་མ་ཡིན་ལ་སོགས་པའི་བག་ཆགས་ ཀྱི་མཚམས་སྦྱོར་བ་ལ་མཉམ་པར་བརྟེན་པའི་སྦྱོར་བ་ལས་སོ། །ལྷ་ལ་སོགས་པའི་རྐང་གཉིས་པ་དང་། རྐང་བཞི་པ་དང་། རྐང་མངས་དང་། རྐང་མེད་ལ་སོགས་པ་རྣམ་པ་སྣ་ཚོགས་པའི་རྣམ་པའོ། །སྣ་ཚོགས་བདག་ཉིད་ཅེས་པ་ནི་སྣ་ཚོགས་པའི་དངོས་པོའི་རང་བཞིན་གྱིས་སོ། ། 26-1-71b སྣ་ཚོགས་གཟུགས་ཀྱི་ནོར་བུ་འདིས་དཔེ་སོ་སོར་རྟོགས་པར་བྱ་སྟེ། ཇི་ལྟར་ནོར་བུ་གཅིག་ཉིད་ལ་འབྲུ་དང་མེ་ཏོག་ལ་སོགས་པ་ལ་ཉེ་བར་བརྟེན་ནས་ཁ་དོག་སྣ་ཚོགས་པ་འབྱུང་བར་འགྱུར་རོ། །དེ་བཞིན་དུ་དེ་ཁོ་ན་ཉིད་ཀྱང་འགྲོ་བ་མཐའ་དག་གི་བག་ཆགས་ལ་ཉེ་བར་བརྟེན་ནས་སྣ་ཚོགས་ པའི་གཟུགས་སུ་འགྱུར་རོ། །ཁྱབ་བྱ་ཁྱབ་བྱེད་དངོས་པོ་ཡིས། །ཞེས་པ་འདིས་ནི་ལུས་ལ་སོགས་པའི་དངོས་པོ་ནི་ཁྱབ་བྱའོ། །ལྟ་བར་བྱེད་པ་དང་ཉོན་མོངས་པའི་བྱ་བ་རྣམས་ནི་ཁྱབ་པར་བྱེད་པ་སྟེ། དེ་དག་གི་དངོས་པོ་ནི་རང་བཞིན་ཏེ་ཁྱབ་བྱ་དང་ཁྱབ་བྱེད་ཀྱི་དངོས་པོའོ། །དེ་ནས་ མཆོག་ནི་དེ་ཉིད་དོ། །རྣམ་པར་ཤེས་པ་གཞོམ་དུ་མེད་པའི་རྣམ་པ་སྟེ་དེ་ལྟ་བུར་འགྱུར་བའི་འགྲོ་བའི་གྲོང་དུ་རྣམ་པར་གནས་པའོ། །གང་དུ་བརྗོད་པའི། །ཇི་ལྟར་དབང་པོ་གཉིས་ནི་སྦྱོང་། །ཅེས་པ་དང་། དེ་ནི་འདི་ཡིས་མཐོང་བར་འགྱུར། །ཞེས་པ་ནས་བརྩམས་ཏེ། རྣམ་པར་གནས་ཞེས་པའི་མཐར་ ཐུག་པའི་གཞུང་གིས་དབང་པོ་གཉིས་ཀྱི་ཉེ་བར་ལོངས་སྤྱོད་པ་བསྟན་ཏོ། །ཇི་སྲིད་དེ་ཁོ་ན་ཉིད་ལ་སྤྱོད་པ་ཡོད་དམ་ཞེས་པ་ལ། མེད་པར་བསྟན་པའི་ཕྱིར་གསུངས་པ། འདི་ལ་ཞེས་པ་ལ་སོགས་པའོ། །འདི་ཞེས་པ་ནི་དེ་མ་ཐག་ཏུ་གསུངས་པའོ། །དེ་ཉིད་ཅེས་པ་ནི་སྲོག་གི་བདག་ཉིད་ཀྱི་ཧ་ ཡིག་གོ། །བདག་མ་ཞེས་པ་ནི་བོད་པའོ། བཟླས་པ་མེད་ཅེས་པ་ནི་སྟོང་ཕྲག་ལ་སོགས་པའི་གྲངས་སུ་བཅད་པའི་སྔོན་གྱི་བསྙེན་པའོ། །འཛིན་པ་ཞེས་པ་ནི་སྲོག་དང་རྩོལ་བ་ལ་སོགས་པའི་བསྒོམ་པའོ། ཕྲེང་བའི་གྲངས་གཟུང་བའི་ཕྱིར་འཛིན་པའོ། །བྱ་བ་ནི་ནས་དང་ལོ་མ་དང་ སོ་བ་ལ་སོགས་པ་ཟ་བས་སྣུམ་བག་མེད་པའི་ཟས་ཟ་བའོ། །སྨྱུང་བ་ནི་ཟས་མི་ཟ་བའིའོ། །འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་པ་ཉིད་ཀྱིས་སའོ། །འཛིན་པ་ལ་སོགས་པའི་ཉེ་བར་ལོངས་སྤྱོད་པ་ཐམས་ཅད་ནི་མེད་ཅིང་འདོད་པ་ཐམས་ཅད་ལ་ཉེ་བར་ལོངས་སྤྱོད་པ་ལ་འཇུག་པ་ནི་ཡོད་ པར་དགོངས་སོ། །དེ་ནས་ཐམས་ཅད་ལ་ཉེ་བར་ལོངས་སྤྱོད་པ་ཉིད་ཀྱིས་འགྲུབ་ཅེས་བསྟན་པའི་ཕྱིར་གསུངས་པ། མཆོད་པར་བྱ་ཞེས་པ་ལ་སོགས་པའོ། །ཉོན་མོངས་པ་རྣམས་འཇོམས་པས་ནི་བྷ་གའོ། །འདོད་པར་བྱ་བ་ཉིད་ཀྱིས་པདྨའོ། །དེ་ཡང་དག་པར་རིག་པ་ནི་མཆོད་ 26-1-72a པའམ་མེ་ཏོག་ལ་སོགས་པའི་མཆོད་པའི་མཆོད་པ་སྟེ་མཆོད་ཅིང་དབུལ་བར་བྱའོ། །དེའི་དེ་མ་ཐག་ཏུ་བདུད་རྩི་བཟའ་བར་བྱའོ། །དེས་ཅིར་འགྱུར་ཞེས་པ་ལ་གསུངས་པ། འདིས་ནི་ཞེས་པ་ལ་སོགས་པའོ། །འདིས་ནི་ཞེས་པ་ནི་མཆོད་པའི་རྣམ་པ་འདིས་ མཆོད་པས་སོ། །འགྲུབ་པ་ནི་འབྲས་བུ་ཐོབ་པར་འགྱུར་རོ། །དེ་ཉིད་ཅེས་པ་ནི་སྙིང་པོ་མཆོག་ཏུ་ཁྱད་པར་དུ་འཕགས་པའོ། །རྡོ་རྗེ་བདུད་རྩི་བདེ་བ་ཆེ། །ཞེས་པ་ནི་བདེ་བ་ཆེན་པོའི་རང་བཞིན་ནོ། །པདྨ་གཅིག་པུ་ཁོ་ན་མཆོད་པར་བྱ་བ་མ་ཡིན་ཏེ། དེར་གནས་པའི་རྩ་ཡང་མཆོད་ པར་བྱ་ཞེས་བསྟན་པའི་ཕྱིར་གསུངས་པ། གང་གིས་ཞེས་པ་ལ་སོགས་པའོ། །གང་གིས་ཞེས་པ་ནི་སྔོན་དུ་སྙོམས་པར་འཇུག་པ་བསྟན་པ་རྣམས་ཀྱིས་སོ། །བརྟག་པ་གཉིས་པ་ལས་ཀྱང་རྒྱས་པར་གསུངས་པ། རྩ་ནི་པདྨའི་ལྟེ་བར་གནས། །ཆར་འབབ་པར་ནི་བཤད་པ་སྟེ། །རེག་ པའི་མཆོད་པས་མཆོད་པར་བྱ། །ཞེས་པར་འབྲེལ་ཏོ། །ཁྱད་པར་ཇི་ལྟ་བུའི་བདག་ཉིད་ཅེས་པ་ལ་སུམ་ཅུ་རྩ་གཉིས་ཞེས་པ་ལ་སོགས་པའོ། །རྒྱུན་མ་དང་རྟག་མ་དང་། ཡུལ་མ་དང་། ཕྲེང་མ་དང་། ལྕུག་མ་དང་། དཀྱིལ་འཁོར་མ་དང་། ལྔ་པ་མ་དང་། ལྟེ་བའི་རབ་མ་དང་། ཀ་བ་མ་དང་། རྣམ་རྐང་མ་དང་། འཇིག་མ་དང་། གཡོན་མ་དང་། མེའི་སྣ་མ་དང་། གྲུབ་མ་དང་། ནོར་བུའི་ཁ་དོག་དང་། མགྲིན་པའི་སྐུད་པ་དང་། ཤིང་རྟའི་གསོ་མ་དང་། སྦྲུལ་གྱི་ལྕེ་མ་དང་། གདོང་ན་མོ་དང་། གདོང་དུག་མ་དང་། ཕྱོགས་མ་དང་། མི་འཕྲོགས་མ་དང་། ལངས་ མ་དང་། བདེ་ལངས་མ་དང་། བཟང་མོ་དང་། མིག་བཟངས་མ་དང་། འདུས་མ་དང་། འབྱུང་ན་མ་དང་། ཁྲག་འབབ་མ་དང་། དྲི་ཆུ་འཛག་མ་དང་། ཁུ་བ་འབབ་མ་དང་། གཙང་མ་ཞེས་པ་སྟེ་སུམ་ཅུ་རྩ་གཉིས་སོ། །འདི་རྣམས་ཀྱི་ནང་ན་གཙོ་བོར་མྱོས་བྱེད་འབབ་པ་སྟེ། རྩ་ཐམས་ཅད་ལ་ འདི་ཉིད་ནི་སྒོར་གྱུར་པ་ཉིད་ཀྱིས་སོ། །ཇི་ལྟར་ཆུ་བོ་རྣམས་ལ་རྒྱ་མཚོ་སྒོར་གྱུར་པ་དེ་བཞིན་དུ་རྩ་རྣམས་ལ་མྱོས་བྱེད་འབབ་པ་སྒོ་ཉིད་དོ། །སུམ་ཅུ་རྩ་གཉིས་ཀྱི་ནང་གཅིག་པུ་ལས་གཙོ་བོ་ཡོད་པ་ནི་མ་ཡིན་ཏེ། དེ་ལས་གཞན་རྩ་དགུ་ཡང་གནས་པས་སོ། །དེ་རྣམས་ཀྱི་ནང་གི་གཙོ་བོ་དེ་ 26-1-72b ཡང་མཆོད་པར་བྱ་ཞེས་བསྟན་པའི་ཕྱིར་གསུངས་པ། དེ་རྣམས་ལས་ཀྱང་ཞེས་པ་ལ་སོགས་པའོ། །དེ་རྣམས་ལས་ཞེས་པ་ནི་སུམ་ཅུ་རྩ་གཉིས་པོ་རྣམས་ལས་སོ། །གཞན་ཞེས་པ་ནི་གཞན་རྣམས་ཏེ། སྒྲོལ་མ་དང་། རྣམ་སྒྲོལ་དང་། མཁུར་ཚོས་དང་། ཉེ་བའི་མཁུར་ཚོས་དང་། སྣ་མ་དང་། ཉེ་བའི་སྣ་མ་དང་། འགྲམ་པའི་ཕྲེང་མ་དང་། བཤད་ལམ་གནས་མ་དང་། བྱ་གདོང་མ་ཞེས་པའོ། །རྩ་དགུའི་རིམ་པ་ནི་མིག་ལ་སོགས་པའི་སྒོ་དགུ་པོར་གནས་པ་རྣམས་སོ། །ཇི་ལྟ་བའི་སྦྱོར་བས་མཆོད་པར་བྱ་བ་ནི། རྟོགས་པར་བྱས་ལ་དེའི་གནས་རྣམས་སུ་ངེས་པར་བསྟན་པར་ བྱའོ། །འདིའི་ཐུན་མོང་མ་ཡིན་པར་བསྟན་པའི་ཕྱིར་གསུངས་པ། འདི་དག་ཅེས་པ་ལ་སོགས་པའོ། །འདི་དག་ཅེས་པ་ནི་དེ་མ་ཐག་ཏུ་གསུངས་པ་ཉིད་དོ། །གསང་བ་ཞེས་པ་ནི་ཐུན་མོང་མ་ཡིན་པ་ཉིད་ཀྱིས་གསང་བའོ། །མཆོག་ཅེས་པ་ནི་རབ་མཆོག་གོ། །རྣལ་འབྱོར་ཞེས་པ་ ནི་གཉིས་སུ་མེད་པའི་ཏིང་ངེ་འཛིན་གྱི་རྣལ་འབྱོར་རོ། །བཤད་པ་ཞེས་པ་ནི་རྩའི་རབ་ཏུ་དབྱེ་བ་ལ་སོགས་པ་བསྟན་པའོ། །དེ་བཞིན་གཤེགས་པ་རྣམས་མི་ཤེས་ཏེ། རྡོ་རྗེ་བདུད་རྩི་བསྟན་པའི་དོན་དུ་དྲན་པའི་ལམ་དུ་ཉེ་བར་སོང་བ་མེད་པའོ། །གང་དང་གང་གིས་རྣམ་པར་ཤེས་ཞེས་པ་ལ་ གསུངས་པ། སྣ་ཚོགས་ཞེས་པ་ལ་སོགས་པ་སྟེ། སྣ་ཚོགས་ནི་དོན་ཡོད་གྲུབ་པའོ། །རྣམ་པར་སྣང་མཛད་ནི་རབ་ཏུ་གནས་པར་ཟད་དོ། །སོགས་པའི་སྒྲས་ནི་སྣང་བ་མཐའ་ཡས་དང་རིན་ཆེན་འབྱུང་ལྡན་ལ་སོགས་པའོ། །དེ་རྣམས་ཀྱིས་རྣམ་པར་མི་ཤེས་པའི་དོན་ནི་ཤེས་ཀྱང་གཞན་དག་ལ་ མ་བསྟན་ཞེས་པའི་དོན་ཏོ། །དེ་ལྟ་བུའི་ཆོ་གས་གསོལ་བ་འདེབས་པར་བྱེད་པ་མེད་པས་ནའོ། །དེ་ལྟ་བུའི་ཆོ་གས་དེ་བཞིན་གཤེགས་པ་ལ་སོགས་པ་ལ་གསོལ་བ་གདབ་པས་གསོལ་བ་འདེབས་པར་བྱེད་པ་ཡོད་ན། བསྟན་པའི་བྱེ་བྲག་རྣམས་བསྟན་པར་འགྱུར་རོ། །དེ་བཞིན་དུ་ ཡང་གསང་བ་འདུས་པ་ལས། ཇི་སྲིད་མར་མེ་མཛད་སོགས་ཀྱིས། །རྒྱུད་རྣམས་བསྟན་པར་མ་གྱུར་ཏོ། །ཞེས་པའོ། །དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པར་རྡོ་རྗེའི་རིགས་ཅན་རྣམས་རང་གི་ཡིད་ལ་རྗོད་པར་བྱེད་དེ། བཅོམ་ལྡན་འདས་ཀྱིས་བསྟན་པ་དེ་གསུངས་སོ། །གལ་ཏེ་ཚུལ་ཇི་ལྟ་ 26-1-73a བ་བཞིན་མ་རྟོགས་ན་དེ་བཞིན་གཤེགས་པ་རྣམས་ཀྱིས་མ་མཁྱེན་པ་དང་མ་གཟིགས་པ་ཅུང་ཟད་ཀྱང་མེད་དོ་ཞེས་པ་དང་འགལ་བར་འགྱུར་རོ། །གང་ཞིག་འདིར་གསུངས་པ། བྱང་ཆུབ་སེམས་དཔའ་རྣམས་དང་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་དེ་སྒོམ་པར་ བྱེད་དོ་ཞེས་པ་དང་ཡང་འགལ་བར་འགྱུར་རོ། །ཁྱོད་ཀྱིས་ཀྱང་ཇི་ལྟར་བསྟན་པ་ཞེས་པ་ལ། རང་གིས་བསྟན་པའི་རྒྱུ་གསུངས་པ། ཤིན་ཏུ་ཆགས་པ་ཞེས་པ་ལ་སོགས་པ་སྟེ། ང་ཡིས་བཤད་ཅེས་པ་འདིར་འབྲེལ་ཏོ། །ཆགས་པའི་བདེ་བས་ཞེས་པ་ནི་འདོད་པ་ཐམས་ཅད་ལ་ བདེ་བར་ལོངས་སྤྱོད་པ། བདུད་རྩིའི་རྣལ་འབྱོར་གྱི་སྣོད་ཅན་གྱི་འཇིག་རྟེན་པ་ལ་ཞེས་པ་སྟེ། གཏན་ཚིགས་ཀྱི་གསུམ་པའོ། །མཆོག་གི་རྣལ་འབྱོར་རབ་གསལ་བྱས་པ་ནི། །གོང་དུ་དེ་མ་ཐག་གི་བརྗོད་པ་ཉིད་དོ། །གསང་བའི་པདྨ་ནི་ཁྱོད་ཀྱི་ཆོས་འབྱུང་ངོ་། །ལྟ་བ་ཡང་དེ་ལའོ། །ཤིན་ཏུ་ སྟུག་པའི་ཤ་དང་ལྡན་པ་སྟེ་པདྨའི་འདབ་མ་སྦོམ་པའོ། །ཡང་དག་པར་སྦྱོར་བའི་རྣལ་འབྱོར་སྒོམ་པའི་ལྟ་བའི་རྒྱུས་དེ་ཁོ་ན་ཉིད་དོ། །རྡོ་རྗེ་བདུད་རྩི་བདེ་བ་ཆེ་བའི་རྒྱུད་ངས་བཤད་ཅིང་རབ་ཏུ་གསལ་བར་བྱས་པའོ། །དེ་གསུངས་པར་འགྱུར་བ་རྡོ་རྗེ་བདུད་རྩིའི་ཆོས་ཀྱི་སྣོད་དང་ལྡན་པའི་ སེམས་ཅན་མཐོང་ནས། ཁྱོད་ཀྱི་པདྨ་ལྟ་བུའི་གསོལ་བ་འདེབས་པར་བྱེད་པ་དེས་ན་ངས་ཀྱང་བཤད་ཅེས་པའོ། །མཱ་མ་ཀཱིས་རང་དགར་བརྩམས་པ་ནི་མ་ཡིན་པར་བསྟན་པའི་ཕྱིར་གསུངས་པ། རྡོ་རྗེ་ཅན་གྱིས་གསུངས་ཞེས་པ་ལ་སོགས་པའོ། །རྒྱས་པར་བསྟན་པའི་དབང་དུ་བྱས་ཏེ་ གསུངས་པ། རྡོ་རྗེ་བདུད་རྩི་ཞེས་པ་ལ་སོགས་པའོ། །རྒྱས་པར་བསྟན་པའི་མིང་གསུངས་པ། དེ་ཁོ་ན་ཉིད་ཅེས་པ་ལ་སོགས་པའོ། །དེ་ཁོ་ན་ཉིད་ཅེས་པ་ནི་དབྱངས་དང་བྲལ་བའི་ཧ་ཡིག་སྙིང་གར་རོ། །དེས་ན་རྣལ་འབྱོར་ནི་དཀྱིལ་འཁོར་བསྒོམ་པའོ། །དེའི་ཡེ་ཤེས་ནི་ དེའི་རྣམ་པ་སྟེ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་གྱི་ཡེ་ཤེས་སོ། །གཞུང་གང་གིས་དེ་རྒྱས་པར་བསྟན་པ་དེ་ཉིད་ནི་དེ་བཞིན་དུ་བརྗོད་ཅེས་པའོ། །ལེའུ་གཉིས་པའི་རྒྱ་ཆེར་འགྲེལ་པའོ།། །།ད་ནི་དཀྱིལ་འཁོར་པ་རྣམས་ཀྱི་རྩ་བའི་སྔགས་རྣམས་ཤེས་པར་འདོད་པས།མཱ་མ་ 26-1-73b ཀཱིའི་གླུ་ཡིས་གསོལ་བ་འདེབས་པར་བྱེད་ཅེས་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་ནས་ཞེས་པ་ནི་གཉིས་པ་བསྟན་པའི་དེ་མ་ཐག་ཏུའོ། །དགྱེས་ཞེས་པ་ནི་དེ་ཁོ་ན་ཉིད་རྟོགས་པས་དེ་ཡང་དག་པར་དགྱེས་པའོ། །ལྷ་མོ་དེ་ཞེས་པ་མཱ་མ་ཀཱིའོ། །དཔུང་རྒྱན་ལ་སོགས་ པའི་རྒྱན་གྱིས་བརྒྱན་ནས་སོ། །དགྱེས་པར་བྱེད་ཅེས་པ་ནི་དགྱེས་པ་སྐྱེད་པར་རོ། །གང་ཞིག་དགྱེས་པར་བྱ་ཞེས་པ་ལ་གསུངས་པ། དེ་ཞེས་པ་ལ་སོགས་པའོ། །དེ་ཞེས་པ་ནི་རྡོ་རྗེ་བདུད་རྩིའི་རྒྱུད་སྟོན་པ་པོའོ། །སེམས་དཔའ་ཆེན་པོ་ནི་བྱང་ཆུབ་ཀྱི་བདུད་རྩིའི་བདག་ཉིད་དོ། ། སེམས་དཔའི་སེམས་གང་ཡིན་པ་དེ་ནི་དེ་བཞིན་དུ་གསུངས་སོ། །གང་གིས་དགྱེས་པར་བྱེད་ཅེས་པ་ལ། གླུ་བླངས་ཞེས་པ་ལ་སོགས་པའོ། །གླུ་ཞེས་པ་ནི་ལྷ་རྣམས་ལ་ཡང་དག་པར་མངའ་བའི་ཡོན་ཏན་གྱི་སྒོ་ནས་བསྟོད་པའོ། །འདི་ཡིས་ཞེས་པ་ནི་འཆད་པར་འགྱུར་བའོ། ། གང་གིས་ཅི་ཞིག་བྱས་ནས་དགྱེས་པར་བྱ་ཞེས་པ་ལ་གླུ་བླངས་ཞེས་པ་ནི། དབྱངས་སྣ་ཚོགས་སྙོམས་པར་འཇུག་པ་གླུ་མཁན་གྱི་བྱེ་བྲག་སྟེ། ཕུན་སུམ་ཚོགས་པར་བྱེད་དོ། །དེ་ལ་གླུ་གསུངས་གྲོལ་ཞིང་གྲོལ་བ་ཞེས་པ་ལ་སོགས་པའོ། །ཤིན་ཏུ་ཆགས་པ་ལ་སྙོམས་པར་ཞུགས་ པས་དེའི་འདོད་ཆགས་ཆེན་པོའི་བདག་ཉིད་སོ་སོར་སྣང་བ་རྫོགས་པ་དང་། དེ་ཡོངས་སུ་ཤེས་པའི་ངེས་པ་ལ་སོགས་འདིར་གསུངས་སོ། །གྲོལ་ཞིང་གྲོལ་ཞེས་པ་ནི་ཤིན་ཏུ་ཆགས་པའི་བྱ་བ་ཡོངས་སུ་བཏང་ཞེས་པའི་དོན་ཏོ། །བདུད་རྩི་གྲོལ་བ་འདིས་ནི་རྡོ་རྗེའོ། །བདེ་ཆེན་ ཞེས་པ་ནི་བོད་པའོ། །ལ་ལར་ཉོན་ཅིག་ཉོན་ཞེས་པའི་ཚིག་ཡོད་དོ། །ཤིན་ཏུ་ཆགས་པའི་བྱ་བ་ཡོངས་སུ་གཏོང་བའི་རྒྱུ་གསུངས་པ། ཤེས་ཞེས་པ་ལ་སོགས་པའོ། །ཤེས་ཞེས་པ་ནི་ཡང་དག་པར་ཤེས་པས་སོ། །ང་ཡིས་ཞེས་པ་ནི་ང་ཡིས་སོ། །ཅི་ཞིག་ཤེས་ཞེས་པ་ལ་དོན་ དམ་ཞེས་པ་ལ་སོགས་པའོ། །དོན་དམ་ཞེས་པ་ནི་དེ་ཁོ་ན་ཉིད་ཀྱི་མན་ངག་མི་སླུ་བ་ཉིད་དོ། །དེ་བསྟན་པའི་ཕྱིར་གསུངས་པ། གནས་ཞེས་པ་ལ་སོགས་པའོ། །གནས་ཞེས་པ་ནི་བདེ་བ་ཞེས་པ་འདིར་འབྲེལ་ཏོ། །གང་དུ་གནས་ཞེས་པ་ལ་གསུངས་པ། བྷ་ག་ཞེས་པ་ལ་སོགས་ 26-1-74a པའོ། །དྲི་མ་མེད་པར་འདོད་པ་ཉིད་ཀྱིས་པདྨ་སྟེ་དེར་གནས་པའོ། །དབྱེར་མེད་ཅེས་པ་ནི་བདུད་རྩི་དབྱེར་མེད་བའི་ཚུལ་གྱིས་བདུད་རྩི་ཞུ་བར་གཅིག་ཏུ་གྱུར་པ་ཞེས་པའི་དོན་ཏོ། །བདེ་བ་ཞེས་པ་ནི་བླ་ན་མེད་པའི་བདེ་བའི་རྒྱུ་ཅན་ཏེ། རྡོ་རྗེ་བདུད་རྩིའི་སྙིང་པོའོ། ། དེ་ཉིད་འདི་གང་གི་ཞེས་པ་ལ་རྡོ་རྗེ་ཞེས་པ་ལ་སོགས་པའོ། །རྡོ་རྗེ་བདུད་རྩིའིའོ། །འདི་ཞེས་པ་ནི་དེ་ཁོ་ན་ཉིད་འདིའོ། །མཛེས་ཞེས་པ་ནི་དོན་ཏེ། མཛེས་ཞེས་པའི་བར་དུ་སྟེ། བདུད་རྩི་ཞུ་བ་དབྱེར་མེད་པའི་ཚུལ་ནི་རྡོ་རྗེ་བདུད་རྩིའི་སྙིང་པོའོ། །བྷ་གའི་པདྨར་གནས་པ་ཡེ་ཤེས་ཀྱི་རང་ བཞིན་ཞེས་གསུངས་པར་འགྱུར་ཏེ། སྟོང་པ་ཉིད་ཀྱི་རང་བཞིན་ལས་བཞེངས་པའི་གླུ་འདིས་ཞེས་བསྡུས་པའོ། །གླུ་འདིའི་རབ་ཏུ་སྦྱོར་བ་གསུངས་པ། གླུ་ཞེས་པ་ལ་སོགས་པའོ། །གླུ་ཞེས་པ་ནི་དེ་མ་ཐག་ཏུ་གསུངས་པ་སྟེ། གླུའི་རབ་ཏུ་སྦྱོར་བས་གླུ་བླང་བར་བྱ་བ་ནི། ཕུན་སུམ་ ཚོགས་པར་བྱ་ཞེས་པའི་དོན་ཏོ། །དེ་ལ་རབ་ཏུ་སྦྱོར་བ་རྣམས་གསུངས་པ། འཇམ་པའི་ཞེས་པ་ལ་སོགས་པའོ། །འཇམ་པའི་ཞེས་པ་ནི་འཇམ་ཞིང་སྙན་པའི་བྱེ་བྲག་དང་ལྡན་པའོ། །སྒྲ་ནི་སྒྲ་དབྱངས་ཀྱིས་ཏེ་སྙན་པ་ཉིད་ཀྱིས་མགྲིན་པའི་ཡོན་ཏན་གསུངས་སོ། །མ་ར་ན་ཏྲ་ཏར་ཞེས་པ་ འདིས་ནི་དབྱངས་ཀྱི་གནས་རྣམས་གསུངས་ཏེ། སྙིང་གར་ཆུད་པའི་རབ་ཏུ་སྦྱོར་བས་ནི་མནྟྲའོ། །མགོ་བོར་གནས་པའི་སྦྱོར་བས་ཏ་རའོ། །ཀ་ཀ་ལ་ཞེས་པ་ནི་གཉིས་སུ་ཐོས་པས་བརྗོད་པ་སྟེ། འདོད་པ་རྫོགས་པ་ནི་དབྱངས་ཏེ། དབྱངས་ཀྱི་དཀྱིལ་འཁོར་དུ་དབྱངས་རྣམས་ མཆོག་ཏུ་བསྔགས་པའོ། །གཅིག་རྫོགས་པར་རབ་ཏུ་སྟོན་པ་ནི་དྲུག་ལྡན་དུ་ཡང་གསུངས་སོ། །གཉིས་སུ་ཐོས་པ་མཆོག་ཡིན་ཏེ། །རྫོགས་པ་ཀ་ཀ་ལ་ཡིན་ནོ། །ཞེས་སོ། །དེ་ཡང་པི་ཝང་གི་རྒྱུད་ལ་སོར་མོའི་རྩེ་མོས་དལ་བུས་བརྡབས་ནས་ཤིན་ཏུ་གསལ་བ་མ་ཡིན་པ་ནི་ཏ་ རའི་དབྱངས་སུ་མཚོན་པར་བྱའོ། །འཇམ་པའི་སྒྲས་མནྟྲ་དང་། ཏ་ར་དང་། ཀ་ཀ་ལ་རྣམས་བརྗོད་པའི་གནས་ཀྱིས་བླང་བར་བྱའོ། །དྲུག་ལྡན་ལ་སོགས་པ་གྲོང་པའི་ཆགས་པས་གླུ་བླང་བར་བྱ་ཞེས་གསུངས་པ། དྲུག་ལྡན་ལ་སོགས་ཞེས་པ་ལ་སོགས་པ་སྟེ། དྲུག་ལྡན་ནི་གཅིག་ 26-1-74b གོ། །སོགས་པའི་སྒྲས་ཀ་ཀུ་བྷ་དང་། པན་ཙི་པི་དང་། ཀེ་སི་ཀ་དང་། ཊ་ཀ་ར་ལ་སོགས་པའོ། །ཏུའི་སྒྲས་ནི་འམ་གྱི་དོན་ཏོ། །ཐུན་མོང་གིས་ཀྱང་གླུ་བླང་བར་བྱ་ཞེས་གསུངས་པ། སྣ་ཚོགས་ཞེས་པ་ལ་སོགས་པའོ། །སྣ་ཚོགས་ནི་ཤིན་ཏུ་ཡང་འཇམ་ཞིང་སྙན་པའོ། །ཐུན་མོང་ ཞེས་པ་ནི་དྲུག་ལྡན་ལ་སོགས་པའི་དབྱངས་ཀྱི་བྱེ་བྲག་གཞན་ནི་སྒྲའི་ཁྱད་པར་ཏེ་ཞེས་གླུ་བླང་བར་བྱ་སྟེ། དེ་ནི་ཐུན་མོང་གི་མིང་དེ་ཡང་མེ་ཏོག་ཐུན་མོང་གི་དུས་སུ་འདོད་ཆགས་ཀྱི་བདག་ཉིད་དོ། །དེ་བཞིན་དུ་ཡང་གསུངས་པ། དགུན་གྱི་གནས་ནི་བྱུང་བ་དང་། །དཔྱིད་ཀྱི་དུས་དག་འོང་བ་རུ། ། གྲང་ཞིང་དྲོ་དུས་ཆགས་པ་ཡི། །བདག་ཉིད་ཐུན་མོང་བ་ནི་ཞེས་པའོ། །ཡང་ན་སྣ་ཚོགས་འདི་རྡོ་རྗེ་བདུད་རྩིའོ། །དེའི་ཐུན་མོང་བ་ནི་མེ་ཏོག་ཡོད་པའི་ནགས་ཏེ། རྟག་པར་དཔྱིད་ནི་འདོད་ཆགས་ལ་སོགས་པའི་ཚོགས་སོ། །དེ་གསུངས་པར་གྱུར་པ། གཞན་གྱི་རབ་ཏུ་སྦྱོར་བ་ ཡིས། །གླུ་དག་བླང་བར་བྱས་པ་ཡིན། །ཞེས་པའོ། །དེ་ལ་གླུ་འདིའི་འབྲས་བུ་གསུངས་པ། འདིས་ནི་ཞེས་པ་ལ་སོགས་པའོ། །འདིས་ཞེས་པ་ལ་སོགས་པ་ནི་གླུས་སོ། །བླངས་ཞེས་པ་ནི་བསྟོད་པ་སྟེ་སངས་རྒྱས་བྱང་ཆུབ་འགྲུབ་ཅེས་པ་གནས་འདིར་འབྲེལ་ཏོ། །འདོད་ ཆགས་ནི་ཤིན་ཏུ་ཆགས་པར་གྱུར་པའོ། །མཆོག་ཏུ་གྱུར་པའི་གནས་སྐབས་ཀྱི་བདེ་བའོ། །དེ་དག་གི་རྣམ་འཕྲུལ་གྱི་དོན་ནི་གང་གིས་བྱིན་གྱིས་བརླབས་པ་དེ་ནི་དེ་བཞིན་དུ་གསུངས་སོ། །རྡོ་རྗེ་བདུད་རྩི་བདེ་བ་ཆེ་བའི་རང་བཞིན་ཉིད་ཀྱིས་དེ་ནི་རྡོ་རྗེ་བདུད་རྩི་བདེ་བ་ཆེ་བའོ། །གླུས་ བསྟོད་པར་བྱས་ན་གསོལ་བ་གདབ་པར་བྱ་ཞེས་གསུངས་པ་ལ་མཆོད་ཅེས་པ་ལ་སོགས་པའོ། །མཆོད་ཅེས་པ་ནི་གསོལ་ཅིག་པའོ། །ཐེ་ཚོམ་ནི་རྣམ་རྟོག་གོ། །གང་གིས་ཐེ་ཚོམ་བསལ་ཞེས་པ་ལ་གསུངས་པ། དེ་ཁོ་ན་ཉིད་ཀྱིས་ཞེས་པ་ལ་སོགས་པའོ། །དེ་ཉིད་གསུངས་ པ། གསང་བ་ཞེས་པ་ལ་སོགས་པའོ། །གསང་བའི་དཀྱིལ་འཁོར་ཞེས་པ་ནི་ལེའུ་དང་པོར་གསུངས་པའི་ལྷ་མོའི་འཁོར་ལོའོ། །དེ་བརྗོད་པ་ནི་ཁྱོད་ཀྱིས་བཤད་པར་གྱུར་པས་སོ། །ཁྱོད་ཀྱི་དྲིན་ཞེས་པ་ནི་ཁྱོད་ཀྱི་ཉམས་སུ་མྱོང་བ་ལས་སོ། །ང་ཞེས་པ་ནི་བདག་མོའོ། །རྡོ་རྗེ་ཅན་ 26-1-75a ཞེས་པ་ནི་བོད་པའོ། །ཡེ་ཤེས་ཀྱིས་ཞེས་པ་ནི་ལེའུ་གཉིས་པར་གསུངས་པའི་དེ་ཁོ་ན་ཉིད་ཀྱིས་སོ། །བྱས་པ་དག་ཅེས་པ་ནི་བྱས་པར་གྱུར་པ་རྣམས་ཏེ་དེ་ཁོ་ན་ཉིད་གཅིག་པུས་ནི་མ་ཡིན་ཏེ། བྱས་པར་གྱུར་པ་རྣམས་སོ། །ངས་ཀྱང་ཡང་དག་པར་སྦྱོར་བའི་སྒོམ་ པ་ལ་ཉེ་བའི་རྣལ་འབྱོར་པའི་ཕྱག་རྒྱའི་རྣམ་པར་བཤད་པའི་དབྱེ་བ་བསྟན་པའི་ཕྱིར་གསུངས་པ། ཤིན་ཏུ་ཆགས་པས་ཞེས་པ་ལ་སོགས་པའོ། །ཤིན་ཏུ་ཆགས་པས་ཞེས་པ་ནི་དོན་དམ་ལ་ཤིན་ཏུ་ཆགས་པའི་བྱ་བས་སོ། །བཅོམ་ལྡན་འདས་ཞེས་པ་ནི་བོད་པའོ། །རྡོ་རྗེ་བདུད་རྩི་ཡང་ དག་འབྱུང་། །ཞེས་པ་ནི་རྡོ་རྗེ་དང་པདྨ་ལས་བདུད་རྩི་དེ་རྣམས་ཡང་དག་པར་འབྱུང་བའོ། །རྡོ་རྗེ་བདུད་རྩི་འབྱུང་བ་ནི་རྡོ་རྗེ་ལས་བྱུང་བ་དང་། པདྨ་རྒྱས་པས་ཁུ་བ་སྟེང་དུ་གཡོ་བའོ། །དེའི་སྟེང་དུ་སྦྱོར་བ་འོ་དང་འཁྱུད་པ་ལ་སོགས་པའི་འདོད་པ་ཉམས་སུ་མྱོང་བ་དེ་ལ་ངས་ཀྱང་བརྗོད་ཅིང་རབ་ཏུ་བསྟན་པ་ ཞེས་པའི་དོན་ཏོ། །རྡོ་རྗེ་ཐེག་པ་ཡང་དག་འབྱུང་ནི་སྔགས་ཀྱི་ཐེག་པར་བསྡུས་པའོ། །དེ་ཁོ་ན་ཉིད་རྟོགས་པ་སྙོམས་པར་འཇུག་པ་དེའི་དོན་དུ་ཕྱག་རྒྱ་གང་ཞིག་བྱ་བའོ། །དེ་ལ་ངས་ཀྱང་རབ་ཏུ་བསྟན་པ་འདིས་བདག་ནི་ཐེ་ཚོམ་དང་བྲལ་ཞེས་དགོངས་སོ། །འོན་ཀྱང་ད་རུང་དུ་བདག་ ལ་ཐེ་ཚོམ་ཡོད་ཅེས་པ་སྟེ། དེ་ཉིད་གསུངས་པ། ད་རུང་ཀྱང་ཞེས་པ་ལ་སོགས་པའོ། །ཐེ་ཚོམ་ཞེས་པ་ནི་ཡིད་གཉིས་སོ། །གང་ལ་ཐེ་ཚོམ་ཡོད་ཅེས་པ་ལ་གསུངས་པ། ཕྱག་རྒྱ་ཞེས་པ་ལ་སོགས་པའོ། །ཕྱག་རྒྱ་ཞེས་པ་ནི་དམ་ཚིག་གི་ཕྱག་རྒྱ་ལ་སོགས་པའི་ཕྱག་ རྒྱ་རྣམས་སོ། །སྔགས་ནི་དཀྱིལ་འཁོར་པ་རྣམས་སོ། །དེ་དག་གི་རྣམ་འཕྲུལ་ནི་རང་རང་གི་ཡུལ་རྣམས་ལ་རྣམ་པར་སྦྱོར་བ་སྟེ། དེ་ལ་སྤྱིའི་རིགས་གསུམ་གྱི་དམ་ཚིག་གི་ཕྱག་རྒྱ་ལ་སོགས་པའི་ཕྱག་རྒྱ་རྣམས་སུ་བརྗོད་པ་ཞེས་དགོངས་སོ། །དེ་བརྗོད་པ་ཞེས་གསུངས་པ་ཇི་ལྟར་ ཞེས་པ་ལ་སོགས་པའོ། །ཇི་ལྟར་ཞེས་པ་ལ་རྩ་བའི་རྒྱུད་ཀྱི་རིམ་པས་སམ། ཡང་ན་ཐིག་ལེ་ལ་སོགས་པའི་རིམ་པས་རྫོགས་པ་རྡོ་རྗེ་བདུད་རྩི་ལ་སོགས་པའི་ལྷ་རྣམས་སྔོན་དུ་བསྟན་པ་དེ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་ལ་སོགས་པ་ཕྱག་རྒྱ་རྣམ་པ་ཇི་ལྟ་བུ་སྔགས་བྲིས་པ་ཡང་ཡི་གེའི་ 26-1-75b གཟུགས་ནི་ཇི་ལྟ་བུར་ཞེས་དགོངས་སོ། །སྔགས་རྣམས་ཞེས་པ་ནི་ཡི་གེ་སྟེ་ལྷ་རྣམས་ཀྱི་རྒྱུ་སྔགས་ཡོངས་སུ་གྱུར་པ་ལས་དེ་རྣམས་ཀྱང་གང་དུ་བསྐྱེད། ཅིའི་ཕྱིར་ལུགས་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་ཡེ་ཤེས་སམ། གསང་བའི་ཐེག་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཡེ་ཤེས་དགོངས་སོ། །འདི་རྣམས་ ཞེས་པ་ནི་ལྷ་རྣམས་ཀྱི་རྣལ་འབྱོར་ལ་སོགས་པའི་རྫོགས་པའི་བྱེ་བྲག་འདི་རྣམས་ལ་བདག་ཐེ་ཚོམ་ཡོད་ཀྱི་གཞན་ལ་ནི་མ་ཡིན་ནོ། །དེས་ན་མདོར་བསྡུས་ནས་སྔགས་དང་ལྷ་རྣམས་ཀྱི་བསྐྱེད་པ་ཡང་བདག་ལ་གསུངས་ཞེས་གསོལ་བ་འདེབས་པར་བྱེད་དོ། །གསོལ་བ་བཏབ་པའི་དེ་མ་ཐག་ཏུ་བཅོམ་ ལྡན་འདས་ཀྱིས་ལྷ་རྣམས་བསྐྱེད་པ་གསུང་བར་བཞེད་ནས་ཞེས་པ་སྟེ། དེ་ཉིད་གསུངས་པ། བཅོམ་ལྡན་འདས་ཞེས་པ་ལ་སོགས་པའོ་ཞེས་པ་ནི་དེ་མ་ཐག་ཏུའོ། །བཀའ་སྩལ་པ་ཞེས་པ་ནི་གསུངས་པའོ། །ཅི་ཞིག་བཀའ་སྩལ་ཞེས་པ་ལ་བཤད་ཀྱིས་ཉོན་ཞེས་པ་ལ་སོགས་པའོ། ། སྔགས་དང་ཕྱག་རྒྱ་ཞེས་པ་ནི་བསྒོམ་པའི་དཀྱིལ་འཁོར་ལ་སོགས་པ་ལ་ཉེ་བར་སྦྱར་བ་ནི་ཕྱག་རྒྱ་སྟེ་ལག་པའི་ཕྱག་རྒྱ་དང་མཚན་མའི་ཕྱག་རྒྱའོ། །སྔགས་ནི་ཨོཾ་ཡིག་ལ་སོགས་པའི་གཟུགས་ཏེ། དེ་དག་ལས་བྱུང་བ་ནི་བསྐྱེད་པའི་ངེས་པའོ། །དེ་ལ་ཐོག་མར་ཕྱག་རྒྱའི་རབ་ཏུ་དབྱེ་བ་བསྟན་ པས་ཕྱག་རྒྱའི་ངེས་པར་བྱ་བ་གསུངས་པ། ཕྱག་རྒྱ་ཞེས་པ་ལ་སོགས་པའོ། །རྣམ་གསུམ་ཞེས་པ་ནི་སྐུ་དང་གསུང་དང་ཐུགས་ཀྱི་དབྱེ་བ་རྣམ་གསུམ་མོ། །སྐུ་དང་གསུང་དང་ཐུགས་ལས་ཡང་དག་པར་བྱུང་ཞེས་པ་ནི། སྐུ་དང་གསུང་དང་ཐུགས་ལ་སོགས་པའམ། སྐུ་དང་གསུང་དང་ ཐུགས་ལས་བྱུང་བའོ། །དེ་རྣམས་ཉིད་རྒྱས་པར་བསྟན་པའི་ཕྱིར་གསུངས་པ། སྐུ་གསུང་ཞེས་པ་ལ་སོགས་པའོ། །སྐུ་ཞེས་པ་ནི་སྐུ་རྡོ་རྗེ་ལག་པའི་ཕྱག་རྒྱའོ། །གསུང་ཞེས་པ་ནི་གསུང་རྡོ་རྗེ་སྔགས་ཀྱི་ལས་རྣམས་དང་སྔགས་དགོད་པ་ལ་སོགས་པའི་བྱ་བ་གང་ཡིན་པ་ནི་གསུང་གི་ཕྱག་ རྒྱའོ། །ཐུགས་ཞེས་པ་ནི་ཐུགས་རྡོ་རྗེའི་མཚན་མའི་ཕྱག་རྒྱ་སྟེ། རྡོ་རྗེ་དང་དྲིལ་བུ་ལ་སོགས་པའོ། །མཚན་མའི་ཕྱག་རྒྱ་དེ་ཡང་བསམ་གཏན་ནི་བྱང་ཆུབ་གྱི་སེམས་བསྒོམ་པ་ལ་སོགས་པའོ། བྲི་བ་ནི་སྔོན་པོ་ལ་སོགས་པའི་ཁ་དོག་གིས་ཏེ། དཀྱིལ་འཁོར་ལ་སོགས་པ་རྣམ་ 26-1-76a པ་གཉིས་སོ། །འདི་རྣམས་ཀྱི་ནང་ནས་འདིར་དགོས་པ་དེ་རྣམས་བསྟན་པའི་ཕྱིར་གསུངས་པ། རྡོ་རྗེ་བདུད་རྩི་ཞེས་པ་ལ་སོགས་པའོ། །ལག་པའི་ཕྱག་རྒྱ་རྣམ་པར་ཤེས་པ་ནི་དེའི་མཚན་ཉིད་མ་གསུངས་པ་སྟེ། སྐུའི་རང་བཞིན་གྱིས་གནས་པར་བྱས་ནས་ཞེས་ པའོ། །རྣལ་འབྱོར་ཕྱག་རྒྱ་ཞེས་པ་ནི་རྟགས་དང་ལྡན་པའི་ཆོས་འབྱུང་གི་ཕྱག་རྒྱའོ། །གསུང་གི་ཕྱག་རྒྱ་ཡང་སྔགས་ཀྱི་གཟུགས་ཀྱིས་བྱ་བ་ཐམས་ཅད་ལ་ཤེས་པར་བྱའོ། །མཚན་མའི་ཕྱག་རྒྱ་ཞེས་པ་ནི་རྡོ་རྗེ་དང་འཁོར་ལོ་ལ་སོགས་པའི་ཕྱག་རྒྱའོ། །དེ་རྣམས་དཀྱིལ་འཁོར་ལ་ སོགས་པ་ལ་བྲི་བར་མི་བྱའོ། །གསུང་གི་ཕྱག་རྒྱ་དང་ཆོས་འབྱུང་ཡང་དཀྱིལ་འཁོར་ལ་སོགས་པའི་བྱ་བ་ཐམས་ཅད་ལ་སྦྱར་བར་བྱ་ཞེས་དགོངས་སོ། །ཕྱག་རྒྱ་དང་མཚན་མ་མེད་པར་དཀྱིལ་འཁོར་ལ་སོགས་པར་ཇི་ལྟར་འགྱུར་ཞེས་པ་ལ་གསུངས་པ། ཕྱག་རྒྱ་མངོན་སུམ་གཟུགས་ ལ་ནི། །ཞེས་པ་ལ་སོགས་པའོ། །མངོན་སུམ་ཞེས་པ་ནི་མིའི་ཕྱག་རྒྱ་མི་རྣམས་སོ། །གང་ཞིག་གི་རྣམ་པའི་བྷ་གའི་པདྨ་ནི་དེའི་གཟུགས་སོ། །ལྷ་རྣམས་ལྷའི་བཙུན་མོ་ནི་ཞི་བ་མ་ལ་སོགས་པའི་ལྷ་མོ་རྣམས་སོ། །བྷ་གའི་པདྨ་ནི་སྣ་ཚོགས་སུ་བྱས་པ་ཁམས་ཀུན་གྱི་རང་བཞིན་དུ་ གནས་པའོ། །དབང་པོ་ཐམས་ཅད་བདེ་འགྱུར་བ། །ཞེས་པ་ནི་དབང་པོ་ཐམས་ཅད་བདེ་བ་ལས་སྐྱེས་པའི་རྡོ་རྗེ་དེས་ལྡན་ཞེས་པའི་དོན་ཏོ། །དེ་རྣམས་འདི་ལྟ་བུའི་ཆོ་གས་དཀྱིལ་འཁོར་ལ་སོགས་པའི་ལྷ་རྣམས་ཀྱི་གནས་སུ་ཀུན་དུ་བཞག་ནས་མཆོད་པར་བྱ་ཞེས་གསུངས་པར་འགྱུར་ཏེ། འདི་ཉིད་གསུངས་པ། རྡོ་རྗེ་པདྨ་མཉམ་སྦྱོར་བས། །བྱ་བ་ཐམས་ཅད་བསྒྲུབ་པར་བྱ། །ཞེས་པའོ། །བྱ་བ་ཐམས་ཅད་ཅེས་པ་ནི་དཀྱིལ་འཁོར་དང་སྦྱིན་སྲེག་དང་ལྷ་རྣམས་ཀྱི་རྣལ་འབྱོར་བསྒོམ་པ་ལ་སོགས་པའི་བྱ་བ་རྣམས་རྫོགས་པར་བྱ་བའོ། །དེ་ལྟར་དཀྱིལ་འཁོར་ལ་སོགས་པའི་ཆོ་ གས་ཕྱག་རྒྱའི་ངེས་པའོ། །ད་ནི་ལྷ་རྣམས་དང་རྩ་བའི་སྔགས་མྱོས་བྱེད་འབབ་པའི་རྩམ་སྐྱེད་བྱེད་དོ། །ངེས་པར་བྱ་བར་འདོད་པས་དང་པོའི་འདི་ཉིད་ཀྱི་དཔེ་གསུངས་པ། ཇི་ལྟར་དཔག་བསམ་གྱི་ཤིང་ཆེན་ནི་ཞེས་པ་ལ་སོགས་པའོ། །དཔག་བསམ་གྱི་ཤིང་ཞེས་པ་ནི་འདོད་པའི་ 26-1-76b འབྲས་བུའི་ཤིང་ངོ་། །བརྒྱ་ལྷག་པའི་ལོ་མ་སྟོང་ཕྲག་གཅིག་གང་ལ་ཡོད་པ་དེ་ནི་དེ་བཞིན་དུ་གསུངས་སོ། །དེའི་རང་བཞིན་གསུངས་པ། རྩ་བ་ཞེས་པ་ལ་སོགས་པ་སྟེ། ལྡན་པ་ཞེས་པ་འདིར་འབྲེལ་ཏོ། །ཏུའི་སྒྲ་ནི་དཔག་བསམ་གྱི་ཤིང་དེ་ཉིད་རྩ་བ་དང་འདོད་པའི་འབྲས་བུ་རྣམས་ སྐྱེ་བོ་རྣམས་ལ་མཁོ་བ་སྟེ། རྩ་བ་གཅིག་པུའི་འབྲས་བུའི་ཁམས་འཚོ་བའི་ཚུལ་མ་ཡིན་ནོ། །དེ་ལ་ཞེན་པ་ནི་དེ་ན་འདོར་བའི་ཤིང་ལ་འདོད་པས་འཇུག་པ་ལྷག་མའོ། །དེས་ན་བླང་ཞེས་པ་ནི་དེའི་ཕྱིར་བླང་བར་བྱ་སྟེ། འདོད་པའི་འབྲས་བུ་ཡང་དག་པར་འབྱུང་ཞེས་དགོངས་སོ། །དེ་ ལྟར་རྩ་བ་ཉིད་ཀྱིས་ཀྱང་འབྲས་བུ་སྣ་ཚོགས་པ་ཉིད་སྐྱེ་བའི་དབྱེ་བའི་རྒྱུ་རུ་རུང་བ་སྟེ། སེམས་གང་གིས་བརྟགས་པས་ཀྱང་འབྲས་བུ་འབྱུང་བ་ཞེས་པས་ན། དཔག་བསམ་གྱི་ཤིང་སྟེ། ཇི་ལྟར་དཔག་བསམ་གྱི་ཤིང་གི་རྩ་བའི་རང་བཞིན་གྱིས་འདོད་པའི་བག་ཆགས་སྣ་ཚོགས་སྐྱེད་པར་ བྱེད་པ་པོའོ། །དེ་བཞིན་དུ་གང་རྣམས་ཀྱི་ལུས་ཀྱི་བདག་ཉིད་ཀྱི་རྩ་སྔགས་ལ་སོགས་པ་སྐྱེད་པ་ཅན་ཞེས་མཚོན་པར་བྱ་བ་གསུངས་པ། དེ་ལྟར་ཞེས་པ་ལ་སོགས་པའོ། དེ་ལྟར་ཞེས་པ་ནི་དེ་བཞིན་དུ་མྱོས་བྱེད་འབབ་པའི་རྩ་མ་ཞེས་པར་འབྲེལ་ཏོ། །གང་རྣམས་ཀྱི་མ་ཞེས་པ་ལ་ གསུངས་པ། སྔགས་དང་ཞེས་པ་ལ་སོགས་པའོ། །སྔགས་ནི་ཧ་ཡིག་ལ་སོགས་པའི་སྙིང་པོའོ། །ཕྱག་རྒྱ་ནི་ཆོས་འབྱུང་གི་མཚན་མའོ། །གང་རྣམས་ཀྱི་མ་སྐྱེད་བྱེད་མང་ཡང་སྐྱེ་གནས་ལས་སྐྱེ་བའོ། །སྔགས་ཀུན་ནི་འཆང་བར་འགྱུར་བའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ རྣམས་སོ། །དེ་གསུངས་པར་གྱུར་པ་ཇི་ལྟར་རྩ་བའི་བདག་ཉིད་ཀྱི་དཔག་བསམ་གྱི་ཤིང་དག་ལས་འདོད་པའི་དབང་ལས་ས་བོན་ལ་སོགས་པས་འབྲས་བུ་བསྐྱེད་པ་དེ་བཞིན་དུ་མྱོས་བྱེད་འབབ་པའི་རྩས་ཤ་དང་རྩའི་བདག་ཉིད་དང་། བདེ་བ་ཆེན་པོའི་རང་བཞིན་གྱི་ལྷ་རྣམས་རང་བྱང་ཆུབ་ ཀྱི་སེམས་ཀྱི་རང་བཞིན་གྱི་སྔགས་རྣམས་སྐྱེད་པར་བྱེད་པའོ་ཞེས་པའོ། །འདིས་ནི་རྩ་བའི་སྔགས་འོ་མའི་རྣམ་པ་རྡོ་རྗེ་བདུད་རྩིའི་དཀྱིལ་འཁོར་གྱི་སྟེང་དུ་ཆོས་ཀྱི་འབྱུང་གནས་ཀྱི་ཕྱག་རྒྱ་ཡོངས་སུ་གྱུར་པ་ལས་ལྷ་རྣམས་ཀྱི་རྣལ་འབྱོར་ཉེ་བར་བསྡུས་པའོ། །དེ་ལྟར་སྔགས་ལ་ 26-1-77a སོགས་པ་སྐྱེད་པ་རབ་ཏུ་གསལ་བར་བྱས་ནས། ད་ནི་སྔགས་བཏུ་བ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །རྡོ་རྗེ་དེར་གནས་ཞེས་པ་ནི་སྐྱེས་བུའི་བྱ་བའི་སྦྱོར་བས་གནས་ནས་སོ། །མཱ་མ་ཀཱི་ཞེས་པ་ནི་བོད་པའོ། །གང་གིས་མཚན་མར་བྱ་ཞིང་ཤེས་པར་བྱ་ བདེ་ནི་སྔགས་ཀྱི་བཏུ་བ་ཞེས་པའི་དོན་ཏོ། །དེ་གསུངས་པ་དང་པོ་ཞེས་པ་ལ་སོགས་པའོ། །དང་པོར་ཞེས་པ་ནི་ཐོག་མར་རོ། །རྣམ་པར་སྣང་མཛད་ཅེས་པ་ནི་ཨོཾ་ཡིག་གོ། །སྦྱར་ཞེས་པ་ནི་ཡང་དག་པར་བྲི་བའོ། །དེའི་དེ་མ་ཐག་ཏུ་རྡོ་རྗེ་བདེ་བ་ཆེན་པོ་ནི་དབྱངས་དང་ལྡན་པའི་ཧ་ཡིག་ དབྱངས་དང་ལྡན་པར་བྱ་སྟེ་བྲི་བར་བྱ་ཞེས་དགོངས་སོ། །ས་བོན་བཞི་དང་མཉམ་པར་ལྡན། །ཞེས་པ་ལ་བཛྲ་ཨ་མྲྀ་ཏ་ཞེས་པའི་མིང་གི་ཡི་གེ་བཞི་སྟེ་དེ་དང་ལྡན་པའོ། །མཐར་ནི་མཇུག་ཏུ་སྟེ་སྭཱ་ཧཱའི་ཡི་གེ་སྦྱར་བས་འདི་བཞིན་དུ་འགྱུར་ཏེ། ཨོཾ་ཧ་བཛྲ་ཨ་མྲྀ་ཏ་སྭཱ་ཧཱ། འདིར་བླ་མ་གཞན་གྱིས་ བཤད་པ་ཨོཾ་ཡིག་གི་དེ་མ་ཐག་ཏུ་བཛྲ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་ཞེས་པའི་ཚིག་རྐང་འདི་སྦྱར་ཏེ་ས་བོན་བཞི་རྣམ་པར་དབྱེ་བ་བཞི་པ་དང་མཉམ་པར་ལྡན་པའོ། །མཐར་ནི་སྭཱ་ཧཱའོ། །ཨོཾ་བཛྲ་ཨ་མྲྀ་ཏ་མ་ཧཱ་སུ་ཁཱ་ཡ་སྭཱ་ཧཱ། ཞེས་པ་ནི་ཡི་གེ་བཅུ་གཉིས་ཀྱི་སྔགས་འདིར་བཤད་པ་ནི་རྡོ་རྗེ་བདུད་རྩིའོ། ། མཱ་མ་ཀཱིའི་སྔགས་གསུངས་པ་ཡང་ནི་ཞེས་པ་ལ་སོགས་པའོ། །ཡང་ནི་ཞེས་པ་ནི་དེ་མ་ཐག་ཏུའོ། །རྣམ་པར་སྣང་མཛད་ནི་ཨོཾ་ཡིག་གོ། །སྦྱིན་ཞེས་པ་ནི་ཐོག་མར་རོ། །གཉིས་པའི་ཞེས་པ་ནི་གཉིས་པའི་སྡེ་ཚན་ཏེ་ཀ་སྔེའོ། །དེའི་བཞི་པ་ནི་གྷ་ཡིག་གོ། །སྦྱིན་པར་བྱའོ། །བཞི་པས་ མཉམ་པར་ལྡན་པ་ཡིན། །ཞེས་པ་ནི་དེ་ཨི་ཡིག་གིས་ལྡན་པར་བྱས་པའོ། །མཐའ་རུ་སྭཱ་ཧཱ་སྦྱར་བར་བྱ། །ཞེས་པ་རྗེས་སུ་མཐུན་ནོ། །ཨོཾ་གྷི་སྭཱ་ཧཱ་མཱ་མ་ཀཱིའི་སྙིང་པོའོ། །ཞི་བ་མ་ལ་སོགས་པའི་སྔགས་བཏུ་བ་གསུངས་པ། ཞི་བ་མ་ལ་སོགས་པའི་ལྷ་མོ་བརྒྱད་པོ་རྣམས་འོག་གི་ ལྟེ་བའི་དབུས་སུ་གང་ཞིག་གནས་པ་རྡོ་རྗེ་བདུད་རྩིའི་སྙིང་པོ་དེ་ཇི་ལྟ་བུའི་ཁྱད་པར་ལྡན་ཞེས་པ་ལ་གསུངས་པ། བརྒྱད་པ་བརྒྱད་ཅེས་པ་ལ་སོགས་པའོ། །བརྒྱད་ནི་བརྒྱད་དང་བརྒྱད་དེ་མཐའི་དབྱངས་སོ། །དེས་བརྒྱན་པ་ནི་ལྡན་པར་བྱས་པའོ། །དེ་གསུངས་པར་གྱུར་པ། ཚེག་དྲག་ 26-1-77b དང་བཅས་ཧ་ཡིག་ནི། །བདག་པོའི་སྙིང་པོ་དང་ལྡན་པ། །ལྷ་མོ་རྣམས་ཀྱི་སྔགས་ནི་བཏུ། །ཞེས་པའོ། །ལྷ་མོ་གང་རྣམས་ཀྱི་སྔགས་ཞེས་པ་ལ་གསུངས་པ། འདབ་མ་བརྒྱད་དུ་ཞེས་པ་ལ་སོགས་པའོ། །དཀྱིལ་འཁོར་གྱི་པདྨའི་འདབ་མ་ལ་གནས་པའི་མཆོད་པ་རྣམས་ཀྱིས་ མཆོད་པར་བྱེད་ཅེས་པའི་དོན་ཏོ། །དེའི་སྔགས་གསུངས་པ། སྡེ་ཚན་གྱི་མཚན་མཐའ་ས་བོན་ཞེས་པ་ལ་སོགས་པའོ། །སྡེ་ཚན་ནི་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྟེ་དེ་རྣམས་ཀྱི་མཐའ་གང་ཞིག་ས་བོན་ནི། ཨོཾ་ད་ཉ་ཎ་ན་མ་ཝ་ས་ཞེས་པའི་ཡི་གེ་དེ་རྣམས་བཏུ་བ་ནི་སོ་སོར་ཡང་དག་པར་བླངས་ནས་སྔགས་ སུ་བྱའོ། །ཅི་ཞིག་སྔགས་སུ་བྱ་ཞེས་པ་ལ་གསུངས་པ། སྔགས་བརྒྱད་ཅེས་པ་ལ་སོགས་པའོ། །ཏུའི་སྒྲས་ནི་དབྱེ་བ་སྟོན་པར་བྱེད་དོ། །བརྒྱད་ཅེས་པ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་ཡི་གེ་རེ་རེས་སྔགས་བརྒྱད་རྣམས་སུ་བྱ་བའི་སྔགས་རིག་ཅེས་པ་ནི་སློབ་དཔོན་གྱིས་སོ། །ས་བོན་དེ་ རྣམས་དབྱངས་དང་བཅས། །ཞེས་པ་གསུངས་པ། མནན་ཞེས་པ་ལ་སོགས་པའོ། །སྟོང་པའི་ལྷ་མོ་ཞེས་པ་ནི་ཐིག་ལེ་སྟེ་དེས་སྤྱི་བོར་བརྒྱད་པོ་རྣམས་སོ། །ཨོཾ་ཡིག་དང་སྭཱ་ཧཱའི་ཡི་གེས་དང་པོ་དང་མཐར་ལྡན་པར་བྱས་པའོ། །དེ་གསུངས་པར་གྱུར་པ། ཧ་ཡིག་དང་ལྡན་དེ་བཞིན་ མཐའ། །ཡི་གེ་རེ་རེ་ཐིག་ལེར་བཅས། །ཨོཾ་ཡིག་སྭཱ་ཧཱ་རི་བོང་བཅས་ལྡན་པ་སྟེ། རིམ་པར་ཞི་མ་ལ་སོགས་ཞེས་པའོ། །ཨོཾ་ཨ་ཧ་སྭཱ་ཧཱ་ཞི་མའིའོ། །ཨོཾ་ད་ཧ་སྭཱ་ཧཱ་ཞི་བར་སྨྲ་མའིའོ། །ཨོཾ་ཉ་ཏ་སྭཱ་ཧཱ་ནི་གཏུམ་མོའིའོ། །ཨོཾ་ཎ་ཧ་སྭཱ་ཧཱ་རི་བོང་ཅན་མའིའོ། །ཨོཾ་ན་ཧ་ན་སྭཱ་ཧཱ་རི་བོང་ཅན་ གྱི་དཀྱིལ་འཁོར་གྱིའོ། །ཨོཾ་མི་ཧ་སྭཱ་ཧཱ་རི་བོང་ཅན་གྱི་རི་མེའིའོ། །ཨོཾ་བཾ་ཧ་སྭཱ་ཧཱ་ཡིད་ཤེས་མའིའོ། །ཨོཾ་སཾ་ཧ་སྭཱ་ཧཱ་ཡིད་འདོད་མའིའོ། །སྒོ་སྐྱོང་རྣམས་ཀྱི་སྔགས་གསུངས་པ། སྒོ་སྐྱོང་རྣམས་ཞེས་པ་ལ་སོགས་པའོ། །སྒོ་སྐྱོང་རྣམས་ནི་དཀྱིལ་འཁོར་དུ་གསུངས་པ་ རྣམས་ཏེ་དྲུག་པའི་གནས་སུ་བདུན་པའོ། །དེ་གསུངས་པ་བཞི་ཞེས་པ་ལ་སོགས་པའོ། །དཀྱིལ་འཁོར་དུ་གསུངས་པ་དང་མཉམ་པར་ལྡན་པ་རྣམས་ཏེ་དང་པོའི་མང་པོའི་ཚིག་གིས་དྲུག་པ་ཕྱིས་ནས་བདུན་པའི་གནས་བཞིས་ཉེ་བར་ལྡན་པ་སྟེ། རྡོ་རྗེའི་ཚིག་འདིར་བཞི་ཞེས་པའོ། །གང་ཞིག་ 26-1-78a དཀྱིལ་འཁོར་དུ་གསུངས་པའི་སྒོ་སྐྱོང་བཞི་པོ་རྣམས་ནི་ཁྲོ་གཉེར་ཅན་ལ་སོགས་པའོ། །བཞི་པོ་འདི་རྣམས་ཀྱི་རིམ་པར་མ་ནིང་གི་ཡི་གེ་བཞི་རྣམས་ཏེ། རྀ་རཱྀ། ལྀ་ལཱྀ། ཞེས་པའི་ཡི་གེ་རེ་རེ་ཨོཾ་ཡིག་དང་སྭཱ་ཧཱར་ལྡན་པས་སྔགས་སོ་སོར་བརྗོད་པར་བྱའོ། །ཨོཾ་རྀ་སྭཱ་ཧཱ། ཁྲོ་ གཉེར་ཅན་གྱིའོ། །ཨོཾ་རཱྀ་སྭཱ་ཧཱ། མི་བཟད་འཇིགས་པའིའོ། །ཨོཾ་ལྀ་སྭཱ་ཧཱ། རྟའི་མཚུལ་ཅན་གྱིའོ། །ཨོཾ་ལཱྀ་སྭཱ་ཧཱ། ཚོགས་ཀྱི་བདག་པོའིའོ། །མ་ནིང་གི་ཡི་གེ་བཞི་པོ་འདི་ཉིད་ནི་མེ་ཏོག་མ་ལ་སོགས་པའི་ཡང་སྔགས་ཉིད་ཅེས་གསུངས་པ་བཞི་ཞེས་པ་ལ་སོགས་པ་སྟེ། དཀྱིལ་ འཁོར་དུ་དངོས་སུ་མ་བཀོད་པའི་སྔགས་བསྐྱེད་པ་འདིར་གསུངས་ཞེས་མངོན་པར་ཐེ་ཚོམ་དུ་གྱུར་པ་ལ་དང་པོའི་མང་པོའི་ཚིག་ཅན་གྱིས་དྲུག་པའི་གཉིས་པའི་གཉིས་ཚིག་ཕྱིས་ནས། གནས་བཞི་ཉེ་བར་བཀོད་པར་བྱ་སྟེ་འདིར་ཡང་ཚིག་གི་མཐའ་བཞི་ཞེས་པའོ། །དཀྱིལ་འཁོར་དུ་དངོས་ སུ་མ་གསུངས་པ་འདི་ཉིད་དུ་ཉེ་བར་དགོད་པ་ནི་མེ་ཏོག་ལ་སོགས་པའི་ལྷ་མོའོ། །བཞི་པོ་དེ་རྣམས་ཀྱི་ནང་ནས་མེ་ཏོག་མ་དང་བདུག་སྤོས་མའི་ལྷ་མོ་དག་རིམ་པར་མ་ནིང་བཞི་པ་དང་མཉམ་པར་ལྡན་པ་ནི་ཡི་གེ་གཉིས་གཉིས་ཀྱིས་སྭཱ་ཧཱ་དང་རྣམ་པར་སྣང་མཛད་ཀྱི་སྔགས་སུ་རིག་པར་བྱའོ། །ཏུའི་ སྒྲས་ནི་བྱེ་བྲག་ཏུ་དབྱེ་བ་ཉེ་བར་བསྟན་པའོ། །ཨོཾ་རྀ་རཱྀ་སྭཱ་ཧཱ། མེ་ཏོག་མའིའོ། །ཨོཾ་ལྀ་ལཱྀ་སྭཱ་ཧཱ། བདུག་སྤོས་མའིའོ། །གང་དུ་དེ་ལྟར་མེ་ཏོག་མ་དང་བདུག་སྤོས་མའི་སྔགས་བཏུས་ནས། མར་མེ་མ་དང་དྲི་མའི་ཡང་ཇི་ལྟར་བརྗོད་པར་བྱ་སྙམ་པ་ལ། རྣམ་པར་དབྱེ་བ་དྲུག་པ་མཐོང་བས་ ཏུའི་སྒྲའི་ནུས་པས་འདིར་ཡང་རྡོ་རྗེའི་ཚིག་ནི་ཐུན་མོང་མ་ཡིན་པ་ཉིད་ཀྱིས་ཨོཾ་ཡིག་དང་སྭཱ་ཧཱའི་ཡི་གེས་རིམ་པ་ཇི་ལྟ་བ་བཞིན་དུ་མར་མེ་དང་དྲི་མའི་སྔགས་དག་ནི་མན་ངག་གིས་ཞེས་པ་སྟེ། ཨོཾ་དཱི་པཱ་ཡ་སྭཱ་ཧཱ། མར་མེ་མའོ། །ཨོཾ་གནྡྷ་ཡ་སྭཱ་ཧཱ། དྲི་མའོ། །ཕྱག་རྒྱ་དང་སྔགས་རྣམ་པར་བཀོད་ ནས་སྔགས་དང་དཀྱིལ་འཁོར་ལ་མཆོད་པ་བྱ་ཞེས་པ་གསུངས་པ། མཆོད་པར་བྱ་ཞེས་པ་ནི་མཆོད་ཅིང་དབུལ་བར་བྱ་བ་སྟེ། མཆོད་པ་ཐམས་ཅད་ལ་མངོན་པར་ཆགས་པས། ཕྱི་དང་གསང་བའི་མཆོད་པས་སོ། །གསང་བའི་དཀྱིལ་འཁོར་ནི་པདྨའི་འཁོར་ལོའོ། །མཱ་མ་ཀཱི་ཞེས་པ་ནི་བོད་ 26-1-78b པའོ། །འདིས་ནི་ལེའུ་གཉིས་པར་གསང་བ་ཆོས་ཀྱི་འབྱུང་གནས་ཀྱི་དཀྱིལ་འཁོར་བསྡུས་པའོ། །སྡུད་པར་བྱེད་པས་རང་དགར་བརྩམས་པ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གསུངས་པ། བཅོམ་ལྡན་རྡོ་རྗེ་ཅན་གསུངས་པ། །ཞེས་པ་ལ་སོགས་བའོ། །སྔགས་ཀུན་འབྱུང་བའི་དབང་དུ་ བྱེད་པ་གསུངས་པ། རྡོ་རྗེ་བདུད་རྩི་ཞེས་པ་ལ་སོགས་པའོ། །ལེའུའི་མིང་གསུངས་པ། སྔགས་འབྱུང་བ་ཞེས་པ་སྟེ། སྔགས་ནི་དེ་མ་ཐག་ཏུ་གསུངས་པ་རྣམས་སོ། །འབྱུང་བ་ནི་བཏུས་པ་སྟེ་ལེའུ་གང་གིས་དེ་བརྗོད་ཅིང་སྟོན་པ་དེ་ནི་ལེའུའི་མིང་ངོ་། །གྲངས་གསུངས་པ་གསུམ་ཞེས་པ་ སྟེ། ལེའུ་གསུམ་པའི་རྒྱ་ཆེར་འགྲེལ་པའོ།། །།དེ་ལྟར་བཟླས་པ་དང་བསྒོམ་པ་དང་སངས་རྒྱས་རྗེས་སུ་དྲན་པའི་རྒྱུ་རུ་སྔགས་བཏུ་བ་ཡང་དག་པར་བསྟན་ནས། ད་ནི་སྦྱིན་སྲེག་མེད་པར་སྔགས་དང་འཁོར་ལོའི་ནུས་པ་རྣམས་མི་འབྱུང་ཞེས་པས་སྦྱིན་སྲེག་གི་ཆོ་ག་ བསྟན་པའི་ཕྱིར་གསུངས་པ། དེ་ནས་དེས་ན་ཡང་དག་བཤད། །ཅེས་པ་ལ་སོགས་པའོ། །དེ་ནས་ཞེས་པ་ནི་སྔགས་བསྟན་པའི་དེ་མ་ཐག་ཏུའོ། །དེས་ན་ཞེས་པ་ནི་སྔགས་རྣམས་ཀྱི་འབྲས་བུ་མྱུར་བའི་རྒྱུས་སོ། །སྦྱིན་སྲེག་ལས་ནི་དོན་ཏོ། །ཆོ་ག་ནི་བྱ་བའི་རིམ་པ་སྟེ། ཐབ་ཁུང་དང་ ཧོམ་ཤིང་ལ་སོགས་པའི་རིམ་པ་རྣམས་སོ། །དེ་ཇི་ལྟ་བུར་གྱུར་པ་ཞེས་པ་ལ་གསུངས་པ། རྣལ་འབྱོར་ཞེས་པ་ལ་སོགས་པ་སྟེ། འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་པའི་བསྒོམ་པས་གང་བྱང་ཆུབ་པ་དེ་ནི་རྣལ་འབྱོར་གྱི་རྒྱུད་དེ། དེའི་ཆོ་གས་ནི་རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་ཆོ་གས་ཞེས་པའི་དོན་ ཏོ། །རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་གྱི་སྐུ་དང་གསུང་དང་ཐུགས་རྣམས་སོ། བསྒྲུབ་པར་བྱ་བ་ནི་རྫོགས་པར་བྱ་ཞེས་པ་སྟེ། སྐུ་གསུང་ཐུགས་ཀྱི་སྒྲུབ་པའི་ཐབས་སོ། །སྐྱོན་ཐམས་ཅད་དང་བྲལ་བས་ཞི་བའོ། །ནོར་ལ་སོགས་པ་ཡང་དག་པར་འཕེལ་བས་ རྒྱས་པའོ། །རང་གི་དབང་དུ་བྱེད་པ་ནི་དབང་ངོ་། །གསོད་པ་ནི་མངོན་སྤྱོད་དོ། །ཕན་ཚུན་འགལ་བར་བྱེད་པ་ནི་རྣམ་པར་སྡང་བའོ། །རང་གི་གནས་ནས་དབྱུང་བ་ནི་སྐྲོད་པའོ། །སྔགས་ཞེས་པ་ནི་སྔོན་དུ་གསུངས་པའི་སྙིང་པོ་རྣམས་སོ། །ཕྱག་རྒྱ་ནི་རྡོ་རྗེ་བདུད་རྩི་ལ་སོགས་ 26-1-79a བའི་ཕྱག་རྒྱ་ཆེན་པོའོ། །དེའི་སྒྲུབ་ཐབས་ནི་རྫོགས་པ་རྣམས་སོ། །དེ་ཞེས་པ་ནི་དེ་མ་ཐག་ཏུ་གསུངས་པ་སྟེ་ཐམས་ཅད་བསྟན་པར་བྱ་བ་ནི་རྡོ་རྗེ་བདུད་རྩི་ཡང་དག་པར་འབྱུང་ངོ་། །སྦྱིན་སྲེག་དག་གིས་བསྡུས་ཞེས་པ་ལ་གསུངས་པ། རྡོ་རྗེ་བདུད་རྩི་ཞེས་པ་ལ་ སོགས་པ་སྟེ། བདུད་རྩི་ནི་མྱ་ངན་ལས་འདས་པ་ལ་སོགས་པའི་འབྲས་བུའོ། །དེའི་ཡང་དག་འབྱུང་ནི་གང་དུ་རྡོ་རྗེ་བདུད་རྩི་ཡང་དག་འབྱུང་བའི་རྒྱུད་དང་ཞེས་དགོངས་སོ། །དེ་ལ་དང་པོར་སྦྱིན་སྲེག་གི་ས་གཞི་ཡང་དག་པར་སྦྱངས་པ་བསྟན་པའི་ཕྱིར་གསུངས་པ། རྡོ་རྗེ་སེམས་དཔར་བསྙེམས་ བྱས་ནས། །ཞེས་པ་ལ་སོགས་པ་སྟེ། ས་གཞི་རྣམ་པར་སྦྱང་བར་བྱ། །ཞེས་པ་འདིར་འབྲེལ་ཏོ། །རྡོ་རྗེ་སེམས་དཔར་བསྙེམས་བྱས་ནས། །ཞེས་པ་ནི་རྡོ་རྗེ་བདུད་རྩིའི་རྣལ་འབྱོར་གྱི་ང་རྒྱལ་ལྟ་བུས་སོ། །དྲིལ་བཅས་གཉིས་མེད་ཅེས་པ་ནི། གཡས་པས་སྙིང་གར་རྡོ་རྗེ་ འཛིན་པ་དང་། གཡོན་པས་དྲིལ་བུ་རྐེད་པའི་གནས་སུ་འཛིན་པའོ། །འཇུག་པར་བྱ་ཞེས་པ་ནི་སྦྱིན་སྲེག་གི་ཁང་པར་རོ། །དཀྱིལ་འཁོར་སློབ་དཔོན་ཞེས་པ་ནི་སྦྱིན་སྲེག་གི་སློབ་དཔོན་ནོ། །དཀྱིལ་འཁོར་གྱི་ས་གཞི་ཡང་དག་པར་སྦྱང་ཞེས་པ་ནི་དཀྱིལ་འཁོར་སློབ་དཔོན་ཞེས་པ་འདིས་ བསྡུས་པའོ། །ཞུགས་ནས་དེས་ཅི་ཞིག་བྱ་ཞེས་པ་ལ་གསུངས་པ། ཁམས་གསུམ་རྣམ་རྒྱལ་ཞེས་པ་ལ་སོགས་པ་སྟེ། ཁམས་གསུམ་རྣམ་པར་རྒྱལ་བ་ཁྲོ་བོའི་རྒྱལ་པོའི་ལྷའི་རྣལ་འབྱོར་བྱས་ནས། གཡས་བརྐྱང་བ་ལ་སོགས་པའི་བྱེད་པས་ས་གཞི་ཡང་དག་ པར་སྦྱང་བར་བྱ་ཞེས་དགོངས་སོ། །དེ་ཉིད་གསུངས་པ། གཡས་བརྐྱང་ཞེས་པ་ལ་སོགས་པའོ། །རྐང་སྟབས་ཞེས་པ་ནི་རྐང་པ་གཉིས་ཀྱིས་སོ། །གཡས་བརྐྱང་བྱས་པ་ནི་གང་གིས་དེ་བྱས་པའི་གཡས་བརྐྱང་བའོ། །གཡས་ནི་རྐང་པ་གཡས་པ་སྟེ་རྐང་མཐིལ་ལྔའི་ཚད་དུ་ བགྲད་བའོ། །གཡས་བརྐྱང་བའི་བྱེད་པ་འདི་ནི་ཐོང་གཤོལ་བཞིན་དུ་གཡོན་པ་བཀུག་ཅིང་བསྐུམ་པའོ། །གཡོན་བརྐྱང་ནི་རྐང་པ་དེ་གཉིས་ཀྱིས་སོ། །སླར་ཡང་དེ་མ་ཐག་ཏུའོ། །སྦྱིན་ཞེས་པ་ནི་བྱ་བའོ། །གཡས་པ་བསྐུམ་པར་བྱས་ནས་ནི། །རྐང་པ་གཡོན་པ་བགྲད་པར་བྱ། ། 26-1-79b གཡས་བརྐྱང་ཡོངས་སུ་བཟློག་པ་ནི། །གཡོན་བརྐྱང་ཡིན་པར་ཤེས་པར་བྱ། །མཉམ་པའི་རྐང་སྟབས་ཞེས་པ་ནི་རྐང་པ་དྲང་པོའོ། །མཉམ་པའི་རྐང་པ་ནི་རྐང་པ་གཉིས་མཉམ་པ་སྟེ་རྐང་མཐིལ་ཙམ་གྱི་བར་ལག་གིས་གནས་པ་ཐ་མལ་གྱི་རང་བཞིན་དུ་གནས་པ་དེ་ནི་མཉམ་པའི་རྐང་ སྟབས་ཞེས་པའི་མིང་དུ་གྱུར་པའོ། །མི་མཉམ་སྟབས་ནི་མི་མཉམ་པའི་སྟབས་ཉིད་དེ། རྐང་མཐིལ་ཕྱེད་དང་བཞིའི་ཚད་ཀྱིས་རྐང་པ་གཉིས་ཀྱི་བར་ལག་ཏུ་གྱུར་པ་སྟེ། རྐང་པ་གཉིས་ཀྱིས་གྲུ་གསུམ་དུ་གནས་ཤིང་བརླ་གཉིས་བར་མེད་པར་གཤིབས་པ་ནི་མི་མཉམ་པའི་རྐང་སྟབས་ ཞེས་བརྗོད་པ་སྟེ། རྐང་སྐབས་འདི་རྣམས་ཀྱིས་ཡོངས་སུ་བསྐོར་ཞིང་ས་གཞི་སྦྱང་བར་བྱ་བ་ནི། ཤིང་བུ་དང་། རྡོ་བ་དང་། གྱོ་མོ་ལ་སོགས་པའི་ཟུག་རྔུ་རྣམས་བསལ་བར་བྱ་ཞེས་པའི་དོན་ཏོ། །ཇི་ལྟར་རེག་ན་འཇམ་པར་འགྱུར་བ་དེ་བཞིན་སྦྱང་ཞིང་དག་པར་བྱའོ། །དེས་ན་ བགེགས་རྣམས་བསྐྲད་པར་བྱ། །ཞེས་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །བགེགས་ཞེས་པ་ནི་ནེ་ལེ་དང་། ཅེ་སྦྱང་ལ་སོགས་པ་དང་། གཞན་ཡང་གང་ཞིག་ཡི་དྭགས་ཀྱི་མི་ལ་སོགས་པ་ནི་བགེགས་ཏེ་དེ་རྣམས་སོ། །དེ་ལྟར་སའི་གཞི་རྣམས་རྣམ་པར་སྦྱངས་ནས་མཆོག་ གི་རྣལ་འབྱོར་པས་སའི་ལྷ་མོ་སྔགས་འདིས་སྤྱན་དྲངས་ཏེ་བྱིན་གྱིས་བརླབ་པ་དང་། ལྷག་པར་གནས་པ་ལ་སོགས་པ་བྱ་ཞེས་པ་སྟེ། དེ་ཉིད་གསུངས་པ། བླ་མ་ལ་ཕྱག་འཚལ་བ་ལ་སོགས་པའོ། །བླ་མ་ཞེས་པ་ནི་སྔགས་ཀྱི་མཁན་པོ་སྟེ། འདི་ལ་ཕྱག་བྱས་ནས་ཕྱི་ནས་སའི་ལྷ་མོ་ གསེར་གྱི་ཁ་དོག་ཅན་ཕྱག་ན་བུམ་པ་བསྣམས་པ་བཀུག་ཅིང་གཞུག་པ་དང་བཅིང་བ་དང་། དབང་དུ་བྱ་སྟེ་དྲི་ཞིམ་པོ་ལ་སོགས་པ་དང་མཆོད་པ་རྣམ་པ་ལྔས་ཡང་དག་པར་མཆོད་ནས། ལྷག་པར་གནས་པ་ཉེ་བར་བྱའོ། །དེ་ལ་སྤྱན་དྲངས་པའི་སྔགས་གསུངས་པ། ཨོཾ་ཨེ་ཧྱེ་ཧི་མ་ཧཱ་ དེ་བཱི་ཞེས་པ་ལ་སོགས་པའོ། །འདིས་ལྷག་པར་གནས་པ་ལ་སོགས་པ་བྱས་ནས། ས་གཞི་མཉམ་པར་བྱུག་པར་བྱ། །ཞེས་པས་དེ་ཉིད་གསུངས་པ། དྲི་ཆེན་དྲི་ཆུ་ཞེས་པ་ལ་སོགས་པའོ། །བྱུག་པར་བྱ་ཞེས་པ་ནི་བྱུག་པ་ཉིད་དོ། །དེ་ནས་ཤ་ཆེན་གྱི་བདུག་སྤོས་ཀྱིས་ 26-1-80a བདུག་པར་བྱའོ། །ཡང་དག་པར་བདུགས་ནས་ཀྱང་དེའི་དབུས་སུ་ཕྱག་རྒྱ་བཞག་ནས་མཆོད་པ་བྱ་ཞེས་གསུངས་པ་ལ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་ནས་ཞེས་པ་ནི་བདུག་སྤོས་བྱིན་པའི་དེ་མ་ཐག་ཏུའོ། །རིག་མ་གཞུག་པར་བྱ་ཞེས་པ་སྟེ། དེ་ ཉིད་གསུངས་པ། རིག་མ་ཞེས་པ་ལ་སོགས་པའོ། །རིག་མ་ནི་ལྷ་མོའོ། །ཅི་རྫས་ལ་སོགས་པ་ལ་བརྡུངས་ཤིང་ལུགས་སུ་བླུགས་པ་དེ་ཉིད་གཞུག་གམ་ཞེས་པ་ལ་མ་ཡིན་པར་གསུངས་པ། གཏུམ་མོ་ཞེས་པ་ནི་གཏུམ་མོ་ལ་སོགས་པའི་མིའི་བུ་མོ་ཞེས་པའི་དོན་ཏོ། །གཏུམ་ མོ་ནི་གཏུམ་མོ་ཉིད་དོ། །རིག་མ་ནི་གླུ་ལེན་པའི་རིགས་སུ་སྐྱེས་པ་ནི་གཡུང་མོའོ། །རིགས་ངན་གར་བྱེད་པ་ནི་བུ་མོ་གར་མཁན་མའོ། །བྲམ་ཟེ་མོ་ནི་གཉིས་སྐྱེས་ཀྱི་རིགས་སུ་སྐྱེས་པའོ། །དམངས་རིགས་ནི་དམངས་རིགས་མ་ཉིད་དོ། །རྒྱལ་རིགས་མཚན་ལ་སོགས་པའི་རིགས་སུ་སྐྱེས་ པ་ནི་རྒྱལ་རིགས་སོ། །འདི་རྣམས་ནི་ཞི་བ་ལ་སོགས་པའི་ལས་ཀྱི་དབྱེ་བས་གསུངས་ཏེ། གོ་རིམས་མ་འཆོལ་བར་ཤེས་པར་བྱའོ། །གཞན་ཐུན་མོང་བ་རྣམས་ཀྱང་ཡན་ལག་ལ་སྔགས་རྣམས་དགོད་ཅེས་པ་སྟེ། དེ་ཉིད་གསུངས་པ། ཧྲི་ཡིག་ཅེས་པ་ལ་སོགས་པའོ། །ཡན་ལག་ལ་ ཞེས་པ་ནི་སྙིང་དང་། སྨིན་ཕྲག་དང་། མགྲིན་པ་དང་། སྤྱི་བོ་རྣམས་སུ་དྷཱི་ཡིག་དགོད་པར་བྱའོ། །བྷ་གའི་དབུས་སུ་ཞེས་པ་ནི་བྷ་གའི་སྒྲས་དེའི་ལྟེ་བར་བརྗོད་པར་བྱ་སྟེ། བྷ་ག་ཡང་ཡིན་ལ་དབུས་ཀྱང་ཡིན་པས་བྷ་གའི་དབུས་སུ་ནི། དེར་བྷཱུཾ་ཡིག་དགོད་པར་བྱའོ། །དེ་ལྟར་ཡི་གེ་རྣམ་པར་ བཀོད་ནས་སྤྱན་ལ་སོགས་པའི་གཟུགས་བསྒོམ་པར་བྱ་ཞེས་པ་དེ་གསུངས་པ། སྤྱན་མ་སྒྲོལ་མ་ཞེས་པ་ལ་སོགས་པའོ། །དེ་ལ་བྲམ་ཟེ་མོ་ནི་དམངས་རིགས་མོ་སྟེ་ཞི་མ་སྤྱན་མའི་རྣམ་པ་སྟེ། ཁ་དོག་དཀར་མོ་ཞལ་གསུམ་ནི་དཀར་པོ་དང་ནག་པོ་དང་། ཉི་མའི་མདོག་གོ། །ཕྱག་དྲུག་ནི་འཁོར་ ལོ་དང་། རྡོ་རྗེ་དང་། དྲིལ་བུ་དང་། རལ་གྲི་དང་། ལྕགས་ཀྱུ་དང་། ཞགས་པ་འཛིན་པའོ། །རྡོ་རྗེ་བདུད་རྩི་ཅོད་པན་དུ་བརྒྱན་པར་བསྒོམ་པར་བྱའོ། །དབང་དུ་བྱ་བ་གཏུམ་མོ་ནི་སྒྲོལ་མ་སྟེ། ཁ་དོག་དམར་མོའོ། །ཞལ་གསུམ་ནི་དམར་པོ་དང་། དཀར་པོ་དང་། ནག་པོའོ། །ཕྱག་དྲུག་ནི་ 26-1-80b ལྕགས་ཀྱུ་དང་། རྡོ་རྗེ་དང་། རལ་གྲི་དང་། དྲིལ་བུ་དང་། འཁོར་ལོ་དང་། ཞགས་པ་བསྣམས་པ། རྡོ་རྗེ་བདུད་རྩི་ཅོད་པན་དུ་བྱས་པའོ། །མངོན་སྤྱོད་ལ་སྒྲོལ་མ་ཉིད་རབ་ཏུ་བརྟག་པར་བྱ་སྟེ། རྣམ་པར་འགྱུར་ཞིང་ཁ་དོག་ནག་པོའོ། །ཞལ་གསུམ་ནི་ནག་པོ་དང་། དཀར་པོ་དང་། ཉི་མ་ལྟ་བུའོ། ། ཕྱག་དྲུག་ནི་རལ་གྲི་དང་། འཁོར་ལོ་དང་། དྲིལ་བུ་དང་། ཞགས་པ་དང་། ལྕགས་ཀྱུ་དང་། རྡོ་རྗེ་འཛིན་པ། རྡོ་རྗེ་བདུད་རྩིའི་ཅོད་པན་ནོ། །རྒྱས་པ་ལ་གར་མཁན་མའམ། རྒྱལ་རིགས་མ་ནི་གོས་དཀར་མོའི་གཟུགས་ཏེ་ཁ་དོག་སེར་པོའོ། །ཞལ་གསུམ་ལ་སེར་པོ་དང་། དཀར་པོ་དང་། ཉི་ མའི་མདོག་གོ། །ཕྱག་དྲུག་ན་རྡོ་རྗེ་དང་། འཁོར་ལོ་དང་། རལ་གྲི་དང་། དྲིལ་བུ་དང་། ཞགས་པ་དང་། ལྕགས་ཀྱུ་རྣམས་འཛིན་པའོ། །རྡོ་རྗེ་བདུད་རྩི་པུསྟིས་བརྒྱན་ཅིང་མཚན་པར་ཤེས་པར་བྱའོ། །དེ་ལྟར་ལས་ཀྱི་དབྱེ་བས་གཞན་ཡང་བསྒོམ་པར་བྱའོ། །མཆོད་པ་རྣམ་པ་ལྔས་ མངོན་པར་མཆོད་ནས་སྙིམ་པས་མེ་ཏོག་འཕངས་ཞེས་པ་སྟེ། དེ་ཉིད་གསུངས་པ། མེ་ཏོག་འཕངས་ཞེས་པ་ལ་སོགས་པའོ། །དེ་ལ་བྷ་གའི་དབུས་སུ་མེ་ཏོག་ནི་ཁུ་བ་སྟེ་གཞུག་པར་བྱའོ། །དེ་ལྟར་སྦྱིན་སྲེག་གི་ས་གཞི་ལེགས་པར་བྱས་པར་འགྱུར་རོ། །དཀྱིལ་འཁོར་གྱི་ཆོ་ག་ ཡང་ཐུན་མོང་བ་སྟེ་བུ་མོ་གཞན་ཡང་ཤེས་པར་བྱའོ། དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པའི་སྦྱིན་སྲེག་གི་ཆོ་ག་དེ་བསྟན་པའི་ཆེད་དུ་གསང་བའི་ཆོས་ཀྱི་དཀྱིལ་འཁོར་ཡང་བསྡུས་པ་སྟེ། འདིས་ནི་འདིའོ། །དཀྱིལ་འཁོར་ནི་རྣམ་པ་གཉིས་ཏེ་ཕྱི་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་རོ། །གསང་ བའི་ཆོས་ཀྱི་དཀྱིལ་འཁོར་གྱི་ངེས་པའོ། །དེ་ལྟར་རྣལ་འབྱོར་གྱི་གནས་ཀྱི་སར་གྱུར་ནས། ས་ཕྱོགས་དག་ཏུ་ཐབ་ཁུང་བྱ། །ཞེས་པ་སྟེ། དེ་ཉིད་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ཀུན་དུ་བྲི་ཞེས་པ་ནི་རྣམ་པར་དགོད་པའོ། །དེ་ཡང་ཚད་དང་ཚད་ཀྱི་རྣམ་པ་སྟེ་ཆུ་དང་ཞེང་གི་ མཚན་ཉིད་དག་གོ། །དེ་ལ་ཚད་དང་རྣམ་པ་གསུངས་པ། ཞི་བའི་ཞེས་པའོ། །ཞི་བའི་ཐབ་ཁུང་ནི་ཟླུམ་པོའི་རྣམ་པ་ཁྲུ་གང་གི་ཚད་དུ་ཐིག་གདབ་པར་བྱའོ། །ཐིག་གདབ་ནས་ཟབས་སུ་བརྐོ་བ་ནི་ཁྲུ་ཕྱེད་ས་ལ་ཞེས་པ་ནི་འོག་གི་ཟབས་སུ་བརྐོ་བའོ། །ཁ་དོག་དཀར་པོས་བྱུག་པར་བྱ། ། 26-1-81a ཞེས་པ་ནི་ཙནྡན་དཀར་པོས་སོ། །ལོགས་ཞེས་པ་ནི་ཚངས་ཐིག་གི་ལོགས་གཉིས་ལ་ལྟོས་ནས་བདུན་པའི་གཉིས་པའི་ཚིག་ཅན་བསྟན་ཏོ། །འཁོར་བའི་རྣམ་པ་ཞེས་པ་ནི་ཟླུམ་པོ་སོར་བཞིའི་ཁ་ཁྱེར་ཞེས་པར་དགོངས་སོ། །རྒྱས་པའི་ཐབ་ཁུང་གསུངས་པ། རྒྱས་པ་ ཞེས་པ་ལ་སོགས་པའོ། །རྒྱས་པའི་ཐབ་ཁུང་ནི་རྒྱར་ཁྲུ་གཉིས་ཀྱི་ཚད་དོ། །ཁྲུ་གང་འོག་ཏུ་བརྐོ་བའོ། །སོར་བརྒྱད་ཀྱི་ཁ་ཁྱེར་ཀུན་ནས་གྲུ་བཞིར་རོ། །བཙག་དང་སིནྡྷུ་ར་དང་། བཙག་གི་མིང་གིས་མེ་ཏོག་སེར་པོའི་རིགས་ཀྱི་བྱེ་བྲག་གོ། །བཙག་སེར་པོ་ཞེས་པས་གཞན་དུ་དེའི་ཁ་དོག་ གིས་བྲི་ཞིང་སྦྱིན་སྲེག་བྱ་ཞེས་སོ། །མངོན་སྤྱོད་ཀྱི་ཐབ་ཁུང་གསུངས་པ། མངོན་སྤྱོད་ཅེས་པ་ལ་སོགས་པའོ། །མངོན་སྤྱོད་ཀྱི་ཐབ་ཁུང་ནི་ཁྲུ་གསུམ་རྒྱར་སོར་མོ་ཉི་ཤུ། ཟབས་སུ་སོར་མོ་བཅུའོ། །སོར་མོ་གསུམ་གྱིས་ཁ་ཁྱེར་གྱི་ཕྲེང་བའོ། །དུར་ཁྲོད་ཀྱི་སོལ་བས་བྲི་བར་བྱ་ཞེས་ པའོ། །དབང་དང་དགུག་པ་དག་ཐུན་མོང་སྟེ། ཐབ་ཁུང་གི་མཚན་ཉིད་དག་གཅིག་པུ་གསུངས་ཏེ། ཟླ་ཕྱེད་ཅེས་པ་ལ་སོགས་པའོ། །ཟླ་བ་ཕྱེད་པའི་རྣམ་པ་ལྟ་བུ་རྒྱས་པའི་ཧོམ་ཁུང་གི་ཚད་དང་མཉམ་པ་ཐབ་ཁུང་གི་ཕྱེད་ཀྱི་ཚད་ཀྱི་ཟབས་སུའོ། །ཚད་དང་རྗེས་སུ་མཐུན་ ནས་ཁ་སྦྱར་བྲིས་ནས་ཁ་དོག་དམར་པོས་བྱུག་པར་བྱའོ། །ཐབ་ཁུང་ཐམས་ཅད་ཀྱི་དབུས་སུ་རིམ་པ་ཇི་ལྟ་བ་བཞིན་དུ་ཆུ་དང་། ས་དང་། མེ་དང་། རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་རྟགས་དང་བཅས་པའི་ཆོས་འབྱུང་གི་ཕྱག་རྒྱ་ཡང་ཇི་ལྟ་བའི་སྦྱོར་བས་གཞག་པར་བྱའོ། །ལས་ རྣམས་ཀྱི་དོན་དུ་ཕྱོགས་ཀྱི་ཆ་བསྟན་པ་གསུངས་པ། ཕྱོགས་ཀྱི་ཆ་རྣམས་ཞེས་པ་ལ་སོགས་པའོ། །ཕྱོགས་ཀྱི་ཆ་ནི་རབ་ཏུ་གྲགས་པའོ། །མེ་ལྷའི་ཁ་དོག་གི་ངེས་པ་གསུངས་པ། མངོན་སྤྱོད་ཅེས་པ་ལ་སོགས་པའོ། །མངོན་སྤྱོད་ནི་མངོན་སྤྱོད་ཀྱི་ལས་རྣམས་ཏེ། མེ་ལྷ་ལ་སོགས་ པའི་ཁ་དོག་ནག་པོར་བསྒོམ་པར་བྱའོ། །དབང་ལ་སོགས་པའི་ཁ་དོག་བསྟན་པར་འདོད་ནས་ཁ་དོག་ལྔས་ཞེས་པ་ལ་སོགས་པ་སྟེ། ཁ་དོག་ལྔ་ཡིས་དབང་དུ་བྱ། །ཞེས་པའི་རྡོ་རྗེ་ཚིག་འདིས་ཡི་གེ་སོ་སོར་ཕྲལ་བའི་ནུས་པས་ཁ་དོག་ལྔ་ནི་སེར་པོ་དང་དམར་པོ་དང་དཀར་པོའི་ཁ་དོག་ 26-1-81b ཅེས་པའི་དོན་ཏོ། །ལས་རྣམས་ལ་དམར་པོ་ལ་སོགས་པའི་ཁ་དོག་རྣམས་གང་ཞེ་ན་ཞེས་པ་ལ། ན་བས་ཡིག་ཅེས་པ་ལ་སོགས་པ་སྟེ། ན་ཡིག་དང་བ་ཡིག་དང་། ས་ཡིག་གིས་དབང་དང་། རྒྱས་པ་དང་། ཞི་བ་བརྗོད་པས་དེའི་རང་བཞིན་དུ་སྦྱོར་རོ། །ན་དང་བ་དང་སའི་ལས་ ཞེས་པའི་དོན་ཏོ། །དེ་བཞིན་དུ་ཡང་གསུངས་པ། ཀབ་བྱ་ཆེན་པོ་ཟླ་བའི་འོད། །ཡི་གེ་སོ་སོར་ཕྲལ་བས་ནི། །པ་ཡིག་པདྨ་རཱ་ག་སྟེ། །དེ་བཞིན་ན་ཡིག་གསེར་ཡིན་ནོ། །ཙ་ཡིག་ཟླ་བ་ཆུ་ཤེལ་ཡིན། །ཁ་དོག་ཁ་དོག་ཉེ་བར་བསྟན། །ན་ཡིག་དབང་གི་མིང་ཅན་ཏེ། །བྷ་ཡིག་ རྒྱས་པར་བརྗོད་པ་ཡིན། །ས་ཡིག་ཞི་བར་ཤེས་པར་བྱ། །ཁ་དོག་དང་ནི་ལས་རྣམས་བརྗོད། །ལས་ཀྱི་དབྱེ་བས་སྲེག་རྫས་རྣམས་བསྟན་པར་འདོད་ནས་གསུངས་པ། ཏིལ་དང་འབྲས་ཞེས་པ་ལ་སོགས་པའོ། །ཏིལ་ཞེས་པ་ནི་མ་གྲུགས་པའི་ཏིལ་ལོ། །འབྲས་ནི་སཱ་ལུའོ། །འོ་ མ་དང་མར་ནི་བའིའོ། །སྦྲང་ནི་སྦྲང་རྩིའོ། །བདུད་རྩི་ལྔ་ཞེས་པ་ནི་དྲི་ཆེན་དང་དྲི་ཆུ་དང་ཁུ་བ་དང་ཁྲག་དང་ཤ་ཆེན་ནོ། །སྲེག་རྫས་འདི་རྣམས་ཀྱིས་རྒྱས་པ་དང་། ཞི་བ་ལ་སྲེག་བླུགས་བྱའོ། །མངོན་རྫོགས་ཀྱི་རྫས་གསུངས་པ། སྲེག་རྫས་དག་ནི་ཐམས་ཅད་ཀྱིས། །ཞེས་པ་ལ་སོགས་ པ་སྟེ། ཡམ་ཤིང་རྣམས་ཀྱང་ཚེར་མ་དང་མར་ཁུ་ཚ་བ་དང་། ཁ་བ་ལ་སོགས་པའི་ཤིང་ཀུན་ལས་སྐྱེས་པ་སོར་མོ་བཅུའི་ཚད་ཀྱིས་སོ། །དབང་གི་རྫས་རྣམས་ཀྱི་ཡམ་ཤིང་གསུངས་པ། འོ་མ་ཅན་གྱི་ཤིང་ཞེས་འོ་མ་དང་བཅས་པའི་ཤིང་པ་ཊ་དང་། བིམ་བ་ལི་དང་། ཨུ་དུམ་བཱ་ར་ལ་སོགས་ པའི་ཤིང་ལ་སོར་བརྒྱད་དོ། །དྲི་ཞིམ་ཞེས་པ་ནི་ས་ལ་ལ་ཀི་དང་། གུ་གུ་ལ་ཤིང་དང་། ཁ་དི་རའི་ཤིང་དང་ངོ་། །སྦྱིན་སྲེག་གི་ཆོ་གའི་གཏོར་ཆོག་བྱ་ཞེས་གསུངས་པ། ཁ་ཟས་ཞེས་པའོ། །རྣམ་པ་སྣ་ཚོགས་ཞེས་པ་ནི་ལས་ཀྱི་དབྱེ་བས་ཞི་བ་ལ་ཞོ་དང་། འོ་མ་དང་། འབྲས་ཟན་ལ་ སོགས་པའི་བཟའ་བ་མཛེས་པའོ། །རྒྱས་པ་ལ་མར་དང་འོ་མ་དང་སྦྲང་རྩི་དང་ཤ་དང་རོ་ཞིམ་པ་ལ་སོགས་པའོ། །ཁྲོ་བ་ལ་ནི་ཚ་བ་དང་། ལ་ཕུག་དང་། ཚྭ་ལ་སོགས་པ་ལེགས་པར་སྦྱར་ཏེ་བཟའ་བར་བྱའོ། །དབང་ལ་མར་དང་ཤ་ཆང་དང་། འབྲས་བུ་དང་། ཤ་ཁ་ར་ལ་སོགས་པའོ། ། 26-1-82a གཏོར་མ་ཞེས་པ་ནི་ལྷ་བཤོས་སོ། །སྦྱིན་སྲེག་གི་ལྷག་པའི་ལྷ་རྣམས་དང་། འབྱུང་པོའི་གཏོར་མ་དང་། འབྱུང་པོ་རྣམས་གསུངས་པ། ཀུན་ཞེས་པ་ལ་སོགས་པའོ། །འབྱུང་པོ་ཀུན་ཞེས་པ་ནི་འབྲས་དང་། སྲན་མ་དང་། ཚྭ་ལ་སོགས་པ་མར་ཁུས་བསྲེས་ནས་བརྒྱ་ བྱིན་དང་། མེ་ལྷ་དང་། གཤིན་རྗེ་དང་། སྲིན་པོ་དང་། ཆུ་བདག་དང་། རླུང་ལྷ་དང་། གནོད་སྦྱིན་དང་། དབང་ལྡན་ལ་སོགས་པ་ལ་སྦྱིན་པར་བྱའོ། །གཏོར་མ་དེ་ཡང་ཧེ་རུ་ཀའི་ཕྱག་རྒྱས་སྦྱིན་པར་བྱ་ཞེས་གསུངས་པ། ཧེ་རུ་ཀ་ཞེས་པ་ལ་སོགས་པའོ། །ཧེ་རུ་ཀའི་རྣལ་འབྱོར་གྱི་སྔགས་ གང་ཞིག་ཧེ་རུ་ཀའི་ཕྱག་རྒྱར་བརྗོད་པ་ནི་ཧེ་རུ་ཀའི་སྔགས་ཀྱིས་ཞེས་པའི་དོན་ཏོ། །གང་ཅུང་ཟད་ཅེས་པ་ནི་རྟག་པར་གཏོར་མ་གུས་པས་ཆུ་དང་བསྲེས་ནས་སྦྱིན་པར་བྱའོ། །སྒྲུབ་པ་པོས་ནི་དེ་ཡང་ཧེ་རུ་ཀའི་ཕྱག་རྒྱ་ཉིད་དོ། །དེས་ཅིར་འགྱུར་ཞེས་པ་ལ་གསུངས་པ་འགྲུབ་ཅེས་པའོ། །དེ་ལྟར་རྣལ་འབྱོར་པ་རྣམས་ ཀྱིས་སོ། །ཡིད་ལ་ཅི་འདོད་པ་ནི་ཕུན་སུམ་ཚོགས་པར་འགྱུར་རོ། །ཞི་བ་ལ་སོགས་པའི་ལས་རྣམས་ཀྱི་དུས་བསྟན་པ་ནི་ཞི་བ་ལ་སོགས་པའོ། །སྟོན་གྱི་དུས་ནི་སྟོན་ཟླ་འབྲིང་པོའི་ཐ་ཆུངས་སོ། །དགུན་ནི་དགུན་ཟླ་ར་བ་དང་འབྲིང་པོའོ། །དཔྱིད་ནི་དཔྱིད་ཟླ་ར་བ་དང་འབྲིང་པོའོ། །ཅི་དུས་འདི་ཐམས་ཅད་ དུ་རྟག་པར་སྦྱིན་སྲེག་བྱ་བའམ་ཞེ་ན། མ་ཡིན་པར་གསུངས་པ། སྔ་དྲོ་ཐུན་གཅིག་ཅེས་པ་ལ་སོགས་པའོ། །སྔ་བར་ཞེས་པ་ནི་ཉི་མ་གཞན་ནི་ཐུན་མཚམས་ལྷག་མ་རྣམས་ནི་གོ་སླའོ། །སྦྱིན་སྲེག་ལ་སོགས་པའི་ལྷ་རྣམས་རྫོགས་ནས་སྔགས་བསྟན་པ་གསུངས་པ། ཧཱུཾ་ཡིག་གིས་ ཞེས་པ་ལ་སོགས་པའོ། །ཧཱུཾ་ཡིག་ནི་འདིར་རང་གི་ལུས་ལ་བསྐུལ་བའི་དབྱེ་བ་ལས་ཐམས་ཅད་པར་བཞེད་དོ། །དེས་ལྟ་གཞན་རྣམས་རྫོགས་པར་བྱས་ནས་སྲེག་བླུགས་སྦྱིན་པར་བྱ་ཞེས་པར་འབྲེལ་ཏོ། །གང་དུ་རྫོགས་པར་བྱ་ཞེས་པ་ལ་འབྲེལ་པ་གསུངས་པ། ཐབ་ཁུང་དབུས་སུ་ཞེས་པ་ ལ་སོགས་པའོ། །ཐབ་ཁུང་དབུས་ནི་སྔོན་དུ་གསུངས་པའི་ཞི་བ་ལ་སོགས་པའི་ཐབ་ཁུང་སྟེ། ཤིང་སྐམ་པོ་ལས་མེ་འབར་བའི་དབུས་སུའོ། །རང་གི་ལྷ་ཞེས་པ་ནི་འདོད་པའི་ལྷ་རྣམས་སོ། །ལས་རྣམ་པ་གསུམ་ལ་ནི་རྡོ་རྗེ་བདུད་རྩིས་སོ། །མངོན་སྤྱོད་ནི་རྗེ་བཙུན་གཤིན་རྗེས་སོ། །དེ་ལ་ཞི་བ་ལ་ཁ་དོག་དཀར་པོའོ། །ཞལ་གསུམ་ 26-1-82b ནི་དཀར་པོ་དང་། ནག་པོ་དང་། ཉི་མ་ལྟ་བུའོ། །ཕྱག་དྲུག་ནི་འཁོར་ལོ་དང་། རྡོ་རྗེ་དང་། རལ་གྲི་དང་། ལྕགས་ཀྱུ་དང་། ཞགས་པ་དང་། དྲིལ་བུ་འཛིན་པའོ། །རྡོ་རྗེ་བདུད་རྩིས་ཅོད་པན་བརྒྱན་པའི་རྡོ་རྗེ་བདུད་རྩི་རྫོགས་པར་བྱའོ། །རྒྱས་པ་ལ་ཁ་དོག་སེར་པོ་དང་། ཞལ་གསུམ་ནི་སེར་པོ་དང་ དཀར་པོ་དང་། ཉི་མ་ལྟ་བུའོ། །ཕྱག་དྲུག་ནི་རྡོ་རྗེ་དང་། འཁོར་ལོ་དང་། རལ་གྲི་དང་། ལྕགས་ཀྱུ་དང་། ཞགས་པ་དང་། དྲིལ་བུ་སྟེ་མཚོན་ཆ་འཛིན་པའོ། །རྡོ་རྗེ་བདུད་རྩི་ཅོད་པན་གྱི་བདུད་རྩི་བསྒོམ་པར་བྱའོ། །དབང་ལ་རྡོ་རྗེ་བདུད་རྩི་ཁ་དོག་དམར་པོ་ཞལ་གསུམ་ནི་དམར་པོ་དང་། དཀར་ པོ་དང་། ནག་པོའོ། །ཕྱག་དྲུག་ནི་ལྕགས་ཀྱུ་དང་། རྡོ་རྗེ་དང་། རལ་གྲི་དང་། འཁོར་ལོ་དང་། ཞགས་པ་དང་། དྲིལ་བུ་རྣམས་ཀྱིས་བྲེལ་བའོ། །རྡོ་རྗེ་བདུད་རྩི་ཅོད་པན་ལ་སོགས་པ་རྫོགས་པར་བྱའོ། །མངོན་སྤྱོད་ལ་ནི་གཤིན་རྗེ་ཁ་དོག་ནག་པོ། ཞལ་གསུམ་ནི་ནག་པོ་དང་། དཀར་པོ་དང་ ཉི་མ་ལྟ་བུའོ། །ཕྱག་དྲུག་ནི་རལ་གྲི་དང་རྡོ་རྗེ་དང་། འཁོར་ལོ་དང་། ལྕགས་ཀྱུ་དང་། ཞགས་པ་དང་། དྲིལ་བུ་རྣམས་ཀྱིས་བྲེལ་བའོ། །རྡོ་རྗེ་བདུད་རྩི་ཅོད་པན་དུ་བསྟེན་པར་བྱའོ། །དགང་བླུགས་ཞེས་པ་ནི་གང་བའི་ཡན་ལག་དང་གཉི་ག་བསྲེས་པའོ། །དགང་གཟར་གྱི་ཡུ་བ་ནི་ཁྲུ་གང་ གི་ཚད་དོ། །མགོ་བོ་སོར་བཞི་པའི་ཚད་ཀྱིས་ཁྲུ་བཞིའོ། །སོར་གཉིས་ཀྱིས་ཟབས་སུའོ། །སོར་གཅིག་ཚད་ཀྱིས་མཆུའོ། །སོར་བཞི་པའི་དགང་གཟར་ལ་ཆོས་འབྱུང་གི་ཕྱག་རྒྱས་དབུས་སུ་མཚན་པའི་དགང་གཟར་རོ། །དེ་བཞིན་དུ་སྟེང་སོར་གཉིས་པའི་མཐེ་བོའི་ཚད་ཀྱིས་ཟབས་ སུའོ། །དབུས་སུ་ཆོས་འབྱུང་གི་ཕྱག་རྒྱས་མཚན་པ་པདྨའི་འདབ་མའི་རྣམ་པ་ལྟ་བུའི་བླུགས་གཟར་བཀང་སྟེ་དེ་རུ་སྦྱིན་པར་བྱའོ། །སྦྱིན་སྲེག་འབུམ་ཕྲག་གཅིག་གིས་རབ་ཏུ་འགྲུབ་ཅེས་གསུངས་པ། འབུམ་ཞེས་པ་ལ་སོགས་པའོ། །ཅི་དང་པོར་ལྷ་རྣམས་ལ་སྲེག་བླུགས་གཙོ་བོ་ཡིན་ ནམ་ཞེ་ན། མ་ཡིན་པར་གསུངས་པ། ཐོག་མར་ཞེས་པ་ལ་སོགས་པའོ། །ཐོག་མར་ནི་དང་པོར་ཏེ་གཡས་སུ་སྲེག་རྫས་དང་གཡོན་དུ་མཆོད་པ་རྣམས་བཞག་ནས་ཇི་ལྟ་བ་བཞིན་དུ་བཤད་པའི་མེ་འབར་བའི་དབུས་སུ་ལས་ཐམས་ཅད་པའི་རང་བཞིན་གྱིས་ཨོཾ་ཡིག་གིས་སམ་གཞན་གྱིས་མེ་ 26-1-83a ལྷ་བསྐྱེད་ལ་དགུག་པར་བྱའོ། །སྔགས་ཀྱིས་སྤྱན་དྲངས་ཞེས་གསུངས་པ་ལ། མེ་ཞེས་པ་ལ་སོགས་པའོ། །མེ་ཞེས་པ་ནི་རང་གི་ལས་དང་རྗེས་སུ་མཐུན་པའི་ཡེ་ཤེས་ཀྱི་མེར་དགོངས་སོ། །དེ་ལ་ཞི་བའི་མེ་ལྷ་ནི་ཁ་དོག་དཀར་པོ་ཞལ་གསུམ་ནི་དཀར་པོ་དང་། ནག་པོ་ དང་། ཉི་མ་ལྟ་བུའོ། །ཕྱག་དྲུག་ནི་འཁོར་ལོ་དང་། བགྲང་ཕྲེང་དང་། རྡོ་རྗེ་དང་། ཞགས་པ་དང་། རིལ་བ་སྤྱི་བླུགས་དང་། དྲིལ་བུ་རྣམས་འཛིན་པའོ། །རྒྱས་པའི་མེ་ལྷ་ནི་ཁ་དོག་སེར་པོ། ཞལ་གསུམ་ནི་སེར་པོ་དང་། དཀར་པོ་དང་། ཉི་མ་ལྟ་བུའོ། །ཕྱག་དྲུག་ནི་རྡོ་རྗེ་དང་། མཆོག་ སྦྱིན་དང་། འཁོར་ལོ་དང་། ཞགས་པ་དང་། དྲིལ་བུ་དང་། རིལ་བ་སྤྱི་བླུགས་རྣམས་བསྣམས་པའོ། །དབང་གི་མེ་ལྷ་ནི་ཁ་དོག་དམར་པོ་སྟེ། ཞལ་གསུམ་ནི་དམར་པོ་དང་། དཀར་པོ་དང་། ནག་པོའོ། །ཕྱག་དྲུག་ནི་ལྕགས་ཀྱུ་དང་། རྡོ་རྗེ་དང་། འཁོར་ལོ་དང་། དྲིལ་བུ་དང་། རིལ་བ་སྤྱི་ བླུགས་དང་། ཞགས་པ་རྣམས་ཀྱིས་བྲེལ་བའོ། །མངོན་སྤྱོད་ཀྱི་མེ་ལྷ་ནི་ཁ་དོག་ནག་པོ་སྟེ། ཞལ་གསུམ་ནི་ནག་པོ་དང་། དཀར་པོ་དང་། ཉི་མ་ལྟ་བུའོ། །ཕྱག་དྲུག་ནི་རལ་གྲི་དང་། རྡོ་རྗེ་དང་། འཁོར་ལོ་དང་། ཞགས་པ་དང་།དྲིལ་བུ་དང་། རིལ་བ་རྣམས་ཀྱིས་བྲེལ་བའོ། །ཐམས་ཅད་བསྡུས་པ་ རྡོ་རྗེ་བདུད་རྩིས་བརྒྱན་པ། ཇི་ལྟར་རྣལ་འབྱོར་གྱི་གདན་གྱི་འོད་དུ་ཤེས་པར་བྱའོ། །མེ་ལྷ་འདི་རྣམས་ཐམས་ཅད་ཀྱི་རྣམ་པ་དང་རྒྱན་རྣམས་བརྗོད་པར་འདོད་ནས་གསུངས་པ། ལྷའི་ཞེས་པ་ལ་སོགས་པའོ། །ལྷའི་ཕྲེང་བ་ཞེས་པ་ནི། སྤྱི་བོར་མེ་ཏོག་གི་ཕྲེང་བ་འཛིན་པའོ། །དྲག་པོའི་ཞེས་པ་ནི་དྲག་ པོའི་དངོས་པོ་ནི་དྲག་པོ་སྟེ་སྤྱན་གསུམ་དྲག་པོ་ལྟ་བུར་སྣང་བས་དྲག་པོ་སྟེ་སྤྱན་གསུམ་ཞེས་པའི་དོན་ཏོ། །དེ་གསུངས་པ། ཐོག་མར་མངོན་པར་འདོད་པའི་མེ། །སྤྱན་དྲངས་ཡོན་ཆབ་ཞབས་བསིལ་དང་། །གདན་དང་ཞལ་བསིལ་བསང་གཏོར་དང་། །མཆོད་པ་རྣམ་ལྔས་ཡང་དག་མཆོད། །གང་བའི་ སྲེག་བླུགས་ལ་སོགས་གསུམ། །ཕུལ་ནས་ཡིད་ཀྱིས་མཆོད་པར་བྱ། །བསྟོད་ཅིང་བདུད་རྩི་མྱང་བའི་མཐར། །ནང་དུ་ཞུགས་ཤིང་ཞུ་བར་བསྒོམ། །ཕྱི་ནས་རང་གི་ལྷ་རྣམས་ནི། །སྔོན་བཞིན་ཧཱུཾ་ཡིག་ལས་བྱུང་བ། །དགོད་ཅིང་སྦྱིན་སྲེག་ལ་འཇུག་བྱ། །ཞེས་པའོ། །མེ་ལྷ་ 26-1-83b རྣམས་ཐུན་མོང་དུ་སྤྱན་དྲངས་པའི་སྔགས་གསུངས་པ། ཨེ་ཧྱེ་ཧི་ཞེས་པ་ལ་སོགས་པའོ། །སྔགས་འདིས་མདུན་དུ་སྤྱན་དྲངས་ནས། དེ་ལ་ཡོན་ཆབ་དབུལ་བར་བྱ། །ཨརྒྷཾ་པྲ་ཏཱིཙྪ་ཞེས་པའོ། །དེ་ནས་སྤྱི་བོར་མེ་ཏོག་ཅེས་པ་ནི། མེ་ཏོག་གི་སྔགས་གསུངས་པའོ། །ཨོཾ་དཱི་བྱ་པུཥྤཾ་ ཞེས་པ་ལ་སོགས་པའོ། །མིག་གཉིས་ལ་ནི་མར་མེ་ཞེས་པ་མར་མེའི་སྔགས་གསུངས་པ། ཨོཾ་དཱི་པ་ནི་ཛྭ་ལ་ནི་ཞེས་པ་ལ་སོགས་པའོ། །སྣ་ལ་བདུག་སྤོས་ཞེས་པའི་སྔགས་གསུངས་པ། ཨོཾ་ཙནྡ་ཞེས་པ་ལ་སོགས་པའོ། །ལུས་ཀུན་ལ་ནི་དྲི་ཡིན་ཞེས་པས། དྲིའི་སྔགས་གསུངས་ པ། ཨོཾ་ནཱ་ན་གནྡྷེ་ཞེས་པ་ལ་སོགས་པའོ། །བསྐུལ་ཚིག་དང་བཅས་པ་རྣམས་ནི་ལས་ཐམས་ཅད་པའི་མེ་ལྷའི་ཐུན་མོང་གི་སྔགས་རྣམས་དང་རྡོ་རྗེ་བདུད་རྩིའི་སྦྱིན་སྲེག་གི་ལྷག་པའི་ལྷ་རྣམས་དང་དཀྱིལ་འཁོར་དུ་གསུངས་པའི་མེ་ཏོག་ལ་སོགས་པའི་མཆོད་པའི་སྔགས་རྣམས་སུ་རྟོགས་ པར་བྱའོ། །སྦྱིན་སྲེག་གི་རིམ་པ་བསྟན་པ་གསུངས་པ། དང་པོར་ཞེས་པ་ལ་སོགས་པའོ། །ངེས་པ་བྱས་ཞེས་པ་ནི་སྦྱིན་སྲེག་གི་ངེས་པ་བྱས་པ་སྟེ། སློབ་དཔོན་གྱིས་དང་པོར་མེ་ལྷ་མཆོད་པའི་ཆོ་ག་བྱས་ནས། རང་གི་ལྷ་རྣམས་ཡང་དག་པར་མཆོད་པ་བྱས་ཏེ་སྦྱིན་སྲེག་ལ་འཇུག་པར་བྱའོ། ། སྦྱིན་སྲེག་གི་ལས་རྣམས་རྫོགས་ནས་ཀྱང་གླུ་དང་གར་ལ་སོགས་པའི་རྣལ་འབྱོར་གྱིས་རོལ་རྩེད་ཀྱི་ཚོགས་ཀྱིས་དཀྱིལ་འཁོར་དགྱེས་པར་བྱ་ཞིང་བཟོད་པར་གསོལ་ནས། བླ་མ་རྡོ་རྗེ་འཛིན་པ་གཤེགས་སུ་གསོལ་བར་བྱའོ། །ཕྱི་ནས་མེ་ལྷ་གཤེགས་སུ་གསོལ་བར་བྱའོ། །ལས་ཐམས་ ཅད་དུ་ཐུན་མོང་དུ་གཤེགས་སུ་གསོལ་བར་སྔགས་གསུངས་པ། ཨོཾ་ཨགྣ་ཡེ་སཱ་དྷི་ད། ཀརྨ་སརྦ་སྟྭ་སུ་ཁཱ་བ་ཧཾ་ཞེས་པ་ལ་སོགས་པའོ། །མཱ་མ་ཀཱིས་རང་དགར་བརྩམས་པ་མ་ཡིན་པར་བསྟན་པའི་ཕྱིར་གསུངས་པ། བཅོམ་ལྡན་རྡོ་རྗེ་ཅན་གསུངས་པ། ཞེས་པ་ལ་སོགས་པའོ། ། སྔོན་བཞིན་དུ་རྒྱས་པར་བཤད་པ་ཉེ་བར་བསྡུ་བའི་ཕྱིར་གསུངས་པ། རྡོ་རྗེ་བདུད་རྩི་ཞེས་པ་ལ་གོགས་པའོ། །སྦྱིན་སྲེག་གི་ལེའུ་ཞེས་པ་སྟེ་བཞི་པའི་རྒྱ་ཆེར་འགྲེལ་པའོ།། །།ད་ནི་ལས་ཀྱི་ཚོགས་རྣམས་བསྟན་པ་གསུངས་པ། སྦྱིན་སྲེག་ཆོ་ག་གསུངས་ནས་ནི། ། 26-1-84a ཞེས་པ་ལ་སོགས་པའོ། །སྦྱིན་སྲེག་གི་ཆོ་ག་རྣམས་དེ་སྲིད་དུ་གསུངས་ནས། དེ་མ་ཐག་ཏུ་མིག་སྨན་གྱི་རབ་ཏུ་སྦྱོར་བ་བསྟན་པའི་ཕྱིར་གསུངས་པ། མར་ཁུ་ཆེ་ཞེས་པ་ལ་སོགས་པའོ། །མར་ཁུ་ཆེན་པོ་ཞེས་པ་ནི་མར་ཁུ་བ་ཆེན་པོ་དང་བཅས་པས་དུར་ཁྲོད་ཀྱི་རས་ ལ་བྱས་པའི་སྡོང་བུ་སྟེ་གང་དུ་ཐོད་པ་མིའི་མགོ་བོ་ཡིན་པ་དེ་ནི་དེ་བཞིན་ཏེ། ནག་པོའི་ཚེས་བརྒྱད་དང་བཅུ་བཞིའི་ནུབ་མོ་དུར་ཁྲོད་དུ་ཐོད་པ་གསུམ་གྱི་སྟེང་དུ་མར་ཁུ་ཆེན་པོའི་མར་མེའི་སྣོད་ཀྱི་ཐོད་པ་བཞག་སྟེ། དེའི་སྟེང་དུ་བུད་མེད་ཀྱི་ཐོད་པས་ཁ་བཀབ་ནས་མིག་སྨན་བླང་བར་བྱ་སྟེ། དེ་ ལ་འུག་པའི་མགོ་བོ་བསྲེགས་ནས་ཁྲག་ཆེན་པོས་ལན་མང་དུ་བསྣོས་ཏེ། དེ་ཉིད་ཀྱི་ནུབ་མོ་རྡོའི་གདན་ལ་ཡང་དག་པར་བཏགས་ནས་ཕྱེ་མ་འཇམ་ཞིང་ཞིབ་པར་བྱའོ། །མིག་སྨན་དང་བཅས་པར་གཅིག་ཏུ་བསྡུས་ནས་བྱ་རྒོད་ཀྱི་རྐང་པའི་པགས་པར་གཏུམ་པའམ། བྱ་རྒོད་ཀྱི་རྐང་ པའི་རུས་པའི་སྦུ་གུ་གང་ཞིང་བསྒྲུབ་པར་བྱ་ཞེས་པར་འབྲེལ་ཏོ། །གང་དང་གང་གི་སྙིང་པོ་དང་བཅས་པ་དེ་དང་དེས་ནི་འགྲུབ་སྟེ། མིག་སྨན་གྱིས་བདག་ཉིད་ལའམ་གཞན་གྱི་མིག་ལ་བྱུག་པར་བྱ་སྟེ། མི་རུས་ཀྱི་ཐུར་མས་སོ། །དེ་དང་དེའི་གཟུགས་ཀུན་བྱེད་དོ། །དེ་ལ། མིག་སྨན་ཇི་ ལྟར་བསྒྲུབ་པར་བྱ། །ཞེས་པ་ལ་གསུངས་པ། མིག་སྨན་ཞེས་པ་ལ་སོགས་པའོ། །མིག་སྨན་ནི་སྔོན་དུ་གསུངས་པའོ། །གང་ཞིག་སྔགས་དང་སྨན་གྱི་སྦྱོར་བས་ལེགས་པར་སྦྱོར་བ་ནི་སྦྱོར་བས་འགྲུབ་ཅེས་བརྗོད་པའོ། །རྡོ་རྗེ་བདུད་རྩི་ལས་བྱུང་བ་ཞེས་པ་ནི། རྡོ་རྗེ་བདུད་རྩི་རྒྱུད་ ཀྱི་རིམ་པའི་གཞུང་གི་བྷ་གའི་དབུས་སུ་བསྒྲུབ་པར་བྱ་ཞེས་བརྗོད་པར་བྱ་སྟེ། ཐོག་མར་ཕྱག་རྒྱ་བྱིན་གྱིས་བརླབས་ཤིང་། ཕྱི་ནས་མིག་སྨན་གྱི་སྒྲུབ་ཐབས་དང་ཡང་དག་པར་སྦྱོར་བས་གཞུག་ཅིང་བསྒོམ་པར་བྱའོ། །ཇི་སྲིད་དངོས་གྲུབ་ཀྱི་མཚན་མ་འབྱུང་བར་ཞེས་པའོ། །སྙིང་པོ་དང་ བྲལ་བའི་སྨན་འདི་གཅིག་པུས་ཞི་བ་ལ་སོགས་པ་ལ་ཡང་བྱེད་ཅེས་གསུངས་པ། ཞི་བ་ཞེས་པ་ལ་སོགས་པའོ། །མིག་སྨན་གྱིས་མིག་ལ་བྱུགས་ཏེ་ཞི་བ་ལ་སོགས་པའི་ལྟ་སྟངས་ཀྱིས་བལྟས་ན་ཞི་བ་ལ་སོགས་པར་འགྱུར་རོ། །གཟའ་ལ་སོགས་པས་བཟུང་བ་རྣམས་ལ་ 26-1-84b མིག་སྨན་གྱིས་བྱུགས་ན་གཟའ་ལ་སོགས་པ་འཇོམས་པར་འགྱུར་རོ། །མིག་ལ་མིག་སྨན་གྱིས་བྱུགས་ཏེ་རྒྱལ་པོ་ལ་བལྟས་ན་རྒྱལ་པོའི་མཆོད་པ་ཐོབ་པར་འགྱུར་རོ། །མིག་ལ་མིག་སྨན་གྱིས་བྱུགས་ཏེ་ཁྲོ་བའི་ལྟ་བས་དགྲ་རྣམས་ལ་བལྟས་ན་དགྲ་རྣམས་བརླག་པར་འགྱུར་རོ། །དེ་ བཞིན་དུ་བགེགས་རྣམས་ལ་བལྟས་ན་བགེགས་ཐམས་ཅད་སྐྲོད་པར་འགྱུར་རོ། །འཆད་པར་འགྱུར་བའི་སྔགས་ཀྱིས་རྣམ་པར་བསྔགས་ཤིང་བཟླས་པར་བྱ་ཞེས་གསུངས་པ། ཁྲི་རུ་བཟླས་ཞེས་པ་ལ་སོགས་པའོ། །ཁྲི་ནི་སྟོང་ཕྲག་བཅུ་མངོན་པར་བསྔགས་ནས་མིག་སྨན་གྱིས་ མིག་ལ་བྱུག་པར་བྱ་ཞེས་པའི་དོན་ཏོ། །དིའི་སྔགས་གསུངས་པ། ཨོཾ་ཀཱ་མ་རཱུ་བི་ནི་ཞེས་པ་ལ་སོགས་པའོ། །བདག་མའི་རྣལ་འབྱོར་གྱིས་མངོན་པར་བསྔགས་པ་དང་བསྒྲུབ་པར་བྱ་ཞེས་གསུངས་པ། དང་པོའི་ཞལ་ནི་ནག་པོ་ཞེས་པ་ལ་སོགས་པའོ། །བདག་མའི་ཁ་དོག་ དང་མཚན་མ་རྣམས་སྦའོ། །བྷ་གའི་དབུས་སུ་ཞེས་པ་ནི་བྷ་ག་ཉིད་ནི་ཕྱག་རྒྱའི་དཀྱིལ་འཁོར་རོ། །བསྒྲུབ་པར་བྱ་ཞེས་པ་ནི། རྨི་ལམ་གྱི་མཚན་མའི་བར་དུའོ་ཞེས་པའོ། །ཐིག་ལེའི་རྣལ་འབྱོར་གྱི་སྒྲུབ་ཐབས་སུ་གསུངས་པ། གུར་གུམ་ཞེས་པ་ལ་སོགས་པའོ། །བྷ་གའི་རྣམ་ པ་ཞེས་པ་ནི་བུད་མེད་ཀྱི་སྐྱེ་གནས་སུ་གུར་གུམ་བཅུག་སྟེ། ཕྱི་ནས་སྒྲུབ་ཐབས་འདི་ལ་ཞུགས་ཏེ་ཁ་སྦྱོར་གྱི་རྣལ་འབྱོར་གྱིས་སྔགས་བཟླས་ཤིང་བསྒྲུབ་པར་བྱ་ཞེས་པ་ལྷག་མའོ། །དེ་ལ་སྔགས་བསྟན་པའི་ཕྱིར་གསུངས་པ། ཨོཾ་ཡིག་དབྱངས་ཀྱིས་ཕྱེ་བ་ཞེས་པ་ལ་སོགས་པའོ། ། དབྱངས་ཀྱིས་ཕྱེ་ཞེས་པ་ནི་དབྱངས་རྣམས་ནི་ཨ་ཡིག་ལ་སོགས་པ་རྣམས་སོ། །ཕྱེ་བ་ནི་ཆར་ཏེ་གཉིས་པ་དབྱངས་རིང་པོའི་བདག་ཉིད་ཅེས་པའི་དོན་ཏོ། །ཨོཾ་ཡིག་དང་དབྱངས་ཀྱི་དབྱེ་བ་ནི་ཨོཾ་ཡིག་དབྱངས་ཀྱིས་ཕྱེ་བ་སྟེ། དེ་ཉིད་ནི་དངོས་པོར་ཡོད་པ་གང་ཡིན་པ་དེ་ནི་ཨོཾ་ཡིག་ དབྱངས་ཀྱིས་ཕྱེ་བའོ། །ཨོཾ་ཨ་མྲྀ་ཏ་ཞེས་བརྗོད་པར་བྱ་ཞེས་པ་ནི་འདི་རྣམས་ཀྱི་དེ་མ་ཐག་ཏུ་ཨ་མྲྀ་ཏ་ཞེས་པའི་ཡི་གེ་གསུམ་པོ་བྲི་བར་བྱ་ཞེས་པའི་དོན་ཏོ། །དེ་ནས་ཕཊ་ཡིག་གོ། །ཕཊ་ཡིག་གི་དེ་མ་ཐག་ཏུ་སྤྲིན་གྱི་སྒྲ་སྒྲོགས་པ་ནི་ཧཱུཾ་ཡིག་གོ། །ཨ་མྲྀ་ཏ་ཡིས་མཉམ་པར་ལྡན། །ཞེས་ 26-1-85a པ་ནི་ཨ་མྲྀ་ཏ་ནི་ཧཾ་ཡིག་གོ། །དེས་ལྡན་ཞིང་མཐར་སྭཱ་ཧཱ་ཡང་ངོ་། །ཨོཾ་ཨཱ་ཨཱི་ཨཱུ་རཱྀ་ལཱྀ། ཨཻ་ཨཽ་ཨཿཨ་མྲྀ་ཏ་ཕཊ་ཧཱུཾ་ཧ་སྭཱ་ཧཱ་རྣམས་གང་དུ་བཏུ་ཞེས་པ་ལ་གསུངས་པ། བྷ་གའི་དབུས་སུ་ཞེས་པ་ལ་སོགས་པའོ། །ཙནྡན་གྱིས་བྷ་ག་རྣམ་པར་བྱུགས་ནས་དེར་བཏུ་ཞེས་པ་ནི་ བྲི་བར་བྱ་ཞེས་དགོངས་སོ། །བཏུས་ནས་ཅི་ཞིག་བྱ་ཞེས་པ་ལ་གསུངས་པ། བཟླས་པ་ཞེས་པ་ལ་སོགས་པ་སྟེ་སྔོན་དུ་བསྙེན་པ་འབུམ་ཕྲག་གཅིག་བཟླས་ནས་ཕྱིས་མིག་སྨན་སྒྲུབ་པ་བཞིན་དུ་གུར་གུམ་ཡང་ཞེས་གསུངས་པར་གྱུར་པས་སོ། །དེས་དཔྲལ་བར་ཐིག་ལེ་བྱ་ཞེས་གསུངས་ པ། ཐིག་ལེ་ཞེས་པ་ལ་སོགས་པའོ། །ཐིག་ལེ་ནི་འབྲས་བུ་སྟེ་གོ་སླའོ། །སྨྱོ་བར་བྱེད་པ་གསུངས་པ། དྷ་དུ་ར་ལ་ཞེས་པ་ལ་སོགས་པ་སྟེ་གསེར་ཤིང་གི་ས་བོན་ནོ། །ཁུ་བས་ལན་མང་དུ་བསྣོས་ཏེ་ཤ་ཆེན་དང་མཉམ་པར་ལྡན་པ་ལ་གཤིན་རྗེའི་སྔགས་བརྒྱད་བརྒྱ་བཟླས་པ་བྱས་ནས་ཆང་དང་ བཅས་པར་གང་ལ་བྱིན་པ་དེ་ནི་སྨྱོན་པར་འགྱུར་རོ། །ཕྱིས་སྐམས་ནས་འཆིའོ། །དེ་ལ་གཤིན་རྗེ་མཐར་བྱེད་ཀྱི་སྔགས་གསུངས་པ། ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཞེས་པ་ལ་སོགས་པའོ། །བུད་མེད་རྣམས་རྗེས་སུ་ཆགས་པར་བྱེད་པ་གསུངས་པ། གོ་རོ་ཙ་ན་ཞེས་པ་ལ་སོགས་པའོ། །དེ་གསུངས་ པར་གྱུར་པ་ཙནྡན་གྱིས་ཉེ་བར་བྱུགས་པའི་བྷ་གའི་སྟེང་དུ་གོ་རོ་ཙ་ནས་བྷྲཱུཾ་ཡིག་ཡང་དག་པར་བྲི་བ་ནི་རྗེ་བོ་དང་བཅས་པར་སྦྱར་བར་བྱའོ། །ཇི་སྲིད་མྱོས་བྱེད་འགྲོ་བ་དེ་བཞིན་དུ་རྗེ་བོ་བྲན་བཞིན་དུ་འགྱུར་རོ། །བསད་པའི་རབ་ཏུ་སྦྱོར་བ་གསུངས་པ། དྲི་ཆེན་དྲི་ཆུ་ཞེས་པ་ལ་སོགས་པའོ། ། དྲི་ཆེན་དང་དྲི་ཆུ་ལ་དགྲ་བོའི་གཟུགས་བརྙན་བྱས་ལ་མི་རུས་ཀྱི་ཕྱེ་མ་དང་མིའི་སྐྲས་དཀྲི་བར་བྱ་ཞིང་ཤ་ཆེན་གྱིས་བདུག་པར་བྱས་ནས་གཤིན་རྗེའི་སྔགས་བརྒྱད་བརྒྱ་བཟླས་སོ། །དེ་ནས་དགྲ་བོའི་ཁྱིམ་གྱི་སྒོ་དེར་གཟུགས་བརྙན་བརྐོས་ནས་གཞུག་པར་བྱའོ། །ཉི་མ་བདུན་གྱི་ ནང་དུ་དགྲ་བོ་དེ་འཆི་བར་འགྱུར་རོ། །ཡང་ན་སྦྱིན་སྲེག་གིས་གསད་པར་བྱ་ཞེས་གསུངས་པ་ལ། དྲི་ཆེན་དྲི་ཆུ་ཁྲག་དག་ཅེས་པ་ལ་སོགས་པ་སྟེ། འདིའི་བསྡུས་པའི་དོན་ཏོ། །ཤིང་གཅིག་གམ་བཞི་མདོའི་གནས་སུ་ཉི་མ་ཕྱེད་དམ་ནམ་ཕྱེད་ན་གཤིན་རྗེའི་རྣལ་འབྱོར་གྱིས་དགྲ་བོ་ 26-1-85b མནན་ཏེ། ཤ་ཆེན་གྱིས་སྟོང་ཕྲག་གསུམ་དུ་ཐབ་ཁུང་གྲུ་གསུམ་དུ་དུར་ཁྲོད་ཀྱི་མེས་སྦྱིན་སྲེག་བྱས་ན་དགྲ་བོ་འཆི་བར་འགྱུར་རོ། །རྡོ་རྗེ་བདུད་རྩིའི་བྱེད་པ་པོ་གསུངས་པ། བཅོམ་ལྡན་རྡོ་རྗེ་ཅན་ཞེས་གསུངས་པ་ལ་སོགས་པའོ། །རྡོ་རྗེ་བདུད་རྩི་ཞེས་པ་ནི་དབང་དུ་བྱེད་པའི་ལེའུ་རྫོགས་པའོ། །ལས་ཆོ་ གས་ཞེས་པ་ནི་མིང་ངོ་། །ལྔ་པོ་ཞེས་པ་ནི་གྲངས་ཏེ་ལེའུ་ལྔའི་ཊཱི་ཀཱའོ།། །།དེ་ལྟར་དཀྱིལ་འཁོར་ལ་སོགས་པའི་སྒྲུབ་ཐབས་དེ་སྲིད་དུ་བསྟན་ནས། ད་ནི་འདིར་རྡོ་རྗེ་ཧཱུཾ་མཛད་ཀྱི་སྒོ་ནས་ཐང་ཀའི་སྒྲུབ་ཐབས་བསྟན་པའི་ཕྱིར་གསུངས་པ། རྡོ་རྗེ་བདུད་རྩི་རྒྱུད་ཆེན་ལས། ། རྡོ་རྗེ་ཧཱུཾ་མཛད་སྒྲུབ་ཐབས་ནི། །ཞེས་པ་ལ་སོགས་པའོ། །རྡོ་རྗེ་བདུད་རྩི་ཞེས་པ་ནི་རྒྱུད་འདི་ཉིད་དོ། །རྡོ་རྗེ་ཧཱུཾ་མཛད་ཅེས་པ་ནི་རྡོ་རྗེ་བདུད་རྩིའི་བདེ་བ་ཆེན་པོའི་ཧཱུཾ་ཡིག་གི་སྙིང་པོ་ཡོངས་སུ་གྱུར་པ་ལས་རྡོ་རྗེའོ། །དེ་ལས་རྡོ་རྗེ་ཧཱུཾ་མཛད་ཁྲོ་བའོ། །དེའི་སྒྲུབ་ཐབས་ནི་གང་ཡང་ཐང་ཀའི་ ཆོ་ག་བསྒྲུབ་པར་བྱ་ཞིང་དངོས་སུ་བྱའོ། །དེའི་སྒྲུབ་ཐབས་མདོར་བསྡུས་ནས་བཤད་པར་བྱའོ། །དེའི་སྒྲུབ་ཐབས་ཇི་ལྟ་བུ་ཞེས་པ་ལ་གསུངས་པ། དཀྱིལ་འཁོར་རྣམས་ཞེས་པ་ལ་སོགས་པའོ། །དཀྱིལ་འཁོར་རྣམས་ཞེས་པ་ནི་སྔོན་དུ་གསུངས་པའི་འཆད་པར་འགྱུར་བའི་རྡོ་རྗེ་ བདུད་རྩི་དང་ཧེ་རུ་ཀ་ལ་སོགས་པའི་དཀྱིལ་འཁོར་རྣམས་སོ། །གང་ཞིག་ཆོ་གའི་རིམ་པ་ནི་ཐང་ཀ་ཐིག་གདབ་པ་དང་། ལྷ་རྣམས་དགོད་པ་ལ་སོགས་པའི་རིམ་པ་རྣམས་སོ། །དཀྱིལ་འཁོར་དེ་དང་འདྲ་བར་ཐང་ཀ་སྒྲུབ་ཐབས་ཀྱང་ཞེས་པར་དགོངས་ཏེ་བསྟན་པ་འདིས་ཐང་ཀའི་སྒྲུབ་ ཐབས་ཉིད་བརྗོད་པར་བྱ་སྟེ། བགྲང་ཕྲེང་དང་རྡོ་རྗེ་དང་དྲིལ་བུ་འཛིན་པའི་སྒྲུབ་པ་པོའི་མདུན་དུ་ཐང་ཀ་བྲི་བར་བྱ། ཚིག་གིས་དཀྱིལ་འཁོར་གྱི་ཆོ་ག་གང་དུ་ཡང་སྒྲུབ་པ་པོ་བྲི་བའི་ཆོ་ག་ནི་གར་ཡང་གསུངས་པ་མེད་དོ། །དེའི་ཕྱིར་ཐང་ཀའི་སྒྲུབ་ཐབས་འདི་ཉིད་ཡིན་ནོ། །དེ་ལ་དཀྱིལ་ འཁོར་གསུངས་པ། དཀྱིལ་འཁོར་ཞེས་པ་ལ་སོགས་པའོ། །དཀྱིལ་འཁོར་ཞེས་པ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་ཏེ། ཐང་ཀ་ཡང་དེ་བཞིན་དུ་གྲུ་བཞི་པར་ཐིག་གདབ་པར་བྱ་སྟེ། ཇི་ལྟར་འཇིག་རྟེན་གསུམ་སྒྲོལ་བས་དཀྱིལ་འཁོར་མི་ཐོབ་པས། འཇིག་རྟེན་གསུམ་ནི་ 26-1-86a ལྷ་ཆེན་པོ་ལ་སོགས་པའོ། །དེ་རྣམས་སྒྲོལ་བ་ནི་གསུམ་ལ་སྐྱབས་སུ་འགྲོ་བའི་འདུལ་བས་སོ། །གང་ཞིག་རྡོ་རྗེ་ཧཱུཾ་མཛད་དེས་ནི་འཇིག་རྟེན་གསུམ་སྒྲོལ་བས་དེའི་དཀྱིལ་འཁོར་ཡང་འཇིག་རྟེན་གསུམ་སྒྲོལ་བའི་དཀྱིལ་འཁོར་རོ། །ལྷ་མོ་ཨུ་མ་བླ་མ་ལ་ཡོན་ དུ་ཕུལ་ཏེ་ལྷ་ཆེན་པོ་ཉིད་ནི་ཕྱིར་ཕྱུང་ནས་སྒྲོན་མ་ལ་སོགས་པས་ཡོངས་སུ་གང་བའི་དཀྱིལ་འཁོར་ཞེས་པའི་དོན་ཏོ། །དཀྱིལ་འཁོར་གྱི་ཐིག་འདིས་ཇི་ལྟར་གདབ་པར་བྱ་ཞེས་པ་ལ་གསུངས་པ། ཁྲུ་གང་ཞེས་པའོ། །ཁྲུ་གང་དང་ཁྲུ་གཉིས་དག་ཏུ་དཀྱིལ་འཁོར་གྱི་ཚད་གང་ཡིན་པ་ དེས་ཐིག་གདབ་པར་བྱ་སྟེ། ནང་དུ་ནི་ཁྲུ་གཅིག་གོ། །བར་མ་ཡང་ཁྲུ་གཅིག་གོ། །ཕྱི་རོལ་དུ་ཡང་ཁྲུ་གཅིག་ཉིད་དོ། །འཕར་མ་གསུམ་ལ་ཁྲུ་གསུམ་ཞེས་པར་དགོངས་སོ། །ཟླ་བའི་དཀྱིལ་འཁོར་འདྲ་བར་ནི། །ཞེས་པ་ནི་སྙིང་པོའི་དཀྱིལ་འཁོར་ཟླུམ་པོའོ། །དེའི་དབུས་སུ་ ཁྲོ་བོ་གཞག་པར་བྱ་ཞེས་པ་ལ་སོགས་པའོ། །གཞག་པར་བྱ་ཞེས་པ་ནི་གསང་བའི་པདྨའི་བདུད་རྩིའི་དཀྱིལ་འཁོར་གྱི་སྟེང་དུ་འགྱིང་བག་གི་ཞབས་ཀྱིས་གནས་པ་ཁ་དོག་ནག་པོ་ཞལ་ནི་ནག་པོ་དང་། དཀར་པོ་དང་། ཉི་མ་ལྟ་བུའོ། །ཉི་མའི་འོད་ཅན་རྡོ་རྗེ་བདུད་རྩི་ཅོད་པན་ལ་སོགས་པས་ བརྒྱན་པས་སོ། །ཕྱག་རྒྱ་ཞེས་པ་ནི། ལག་གཉིས་ཕན་ཚུན་རྒྱབ་སྦྱར་ཏེ་མཐེའུ་ཆུང་མདུད་ནས་སྡིགས་མཛུབ་ཏུ་བཀུག་པ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱའོ། །རིག་མ་བཞི་དང་མཉམ་པར་ལྡན། །ཞེས་པ་ནི་ཀཱི་ལི་ཀཱི་ལ་དང་། རྡོ་རྗེ་མཚོན་ཆ་དང་། རྡོ་རྗེ་སྙིང་པོ་དང་། རེག་རྡོ་རྗེ་ལྷ་མོ་རྣམས་ཏེ་ དེ་རྣམས་ཀྱིས་བསྐོར་བའོ། །ཞལ་གསུམ་ཕྱག་དྲུག་ཅེས་པ་ནི་ཚིག་གིས་ཀཱི་ལི་ཀཱི་ལའི་ཁ་དོག་དམར་པོ་ཞལ་གསུམ་ནི་དམར་པོ་དང་། དཀར་པོ་དང་། ནག་པོའོ། །ཕྱག་དྲུག་ནི་ཨ་མྲའི་ཤིང་དང་། མདའ་དང་། རྡོ་རྗེ་དང་། འཁོར་ལོ་དང་། གཞུ་དང་། ཞགས་པ་རྣམས་ཏེ་གཡོན་དུའོ། །རྡོ་ རྗེ་མཚོན་ཆ་ནི་གསེར་གྱི་ཁ་དོག་ཞལ་གསུམ་ནི་སེར་པོ་དང་། དཀར་པོ་དང་། ཉི་མ་ལྟ་བུའོ། །ཕྱག་དྲུག་ནི་གཞུ་དང་མདའ་དང་གཉིས་ཀྱིས་ཆུ་སྲིན་གྱི་རྒྱལ་མཚན་དང་། རྡོ་རྗེ་དང་། ཞགས་པ་དང་། འཁོར་ལོ་རྣམས་ཏེ་གཡས་སུའོ། །རྡོ་རྗེ་སྙིང་པོ་མ་ནི་ནག་པོ་དང་། དཀར་པོ་དང་། ཉི་མ་ལྟ་བུའོ། ། 26-1-86b ཕྱག་དྲུག་ནི་རྡོ་རྗེ་དང་། བདུག་སྤོས་དང་། གཞུ་དང་། མདའ་དང་། འཁོར་ལོ་དང་། ཞགས་པ་སྟེ་མདུན་དུའོ། །རེག་རྡོ་རྗེ་མ་ནི་པྲི་ཡང་ཀུ་ལྟར་ལྗང་གུའི་ཁ་དོག་གོ། །ཞལ་གསུམ་ནི་ལྗང་གུ་དང་། དཀར་པོ་དང་། ཉི་མ་ལྟ་བུའོ། །ཕྱག་དྲུག་ལ་གཉིས་ཀྱིས་སྙིང་གར་རྡོ་རྗེ་དང་དྲིལ་བུའོ། །གཞུ་ དང་། མདའ་དང་། རྡོ་རྗེ་དང་། འཁོར་ལོ་སྟེ་རྒྱབ་ཏུའོ། །ཨུ་མ་ཞེས་པ་ནི་ལག་པ་གཡོན་ན་རྩེ་གསུམ་འཛིན་པ་ཁ་དོག་དཀར་པོ་སྟེ། དཀར་མོའི་སྙིང་གར་ཞབས་གཡོན་པས་གནས་པའོ། །ཅུང་ཟད་ཅེས་པ་ནི་ཞལ་དང་པོ་ཅུང་ཟད་མཆེ་བ་གཙིགས་པའོ། །ཕྱག་ལྷག་མ་རྣམས་ཀྱི་མཚོན་ ཆ་གཞན་གསུངས་པ། གཡས་ན་ཞེས་པ་ལ་སོགས་པའི་རིག་མ་རྣམས་དང་། འཆད་པར་འགྱུར་བའི་མེ་ཏོག་མ་ལ་སོགས་པ་རྣམས་ནས་རྫ་རྔ་མའི་མཐར་ཐུག་པ་དང་སྒོ་སྐྱོང་རྣམས་ཀྱང་ཞལ་གསུམ་པ། ཕྱག་དྲུག་པར་བྱ་ཞེས་གསུངས་པ། རིག་མ་ཡང་ཞེས་པ་ལ་སོགས་པའོ། ། ལྕགས་ཀྱུ་མ་ནི་ཁ་དོག་དམར་པོ། ཞལ་གསུམ་ནི་དམར་པོ་དང་། དཀར་པོ་དང་། ནག་པོའོ། །ཕྱག་དྲུག་ནི་ལྕགས་ཀྱུ་དང་། རལ་གྲི་དང་། མདའ་དང་། གཞུ་དང་། སྡིགས་མཛུབ་དང་། འཁོར་ལོ་འཛིན་པ་འགྱིང་བག་དང་བཅས་པའི་ཞབས་ཏེ་ཤར་སྒོར་རོ། །རྡོ་རྗེ་ཞགས་པ་ནི་ཁ་དོག་ དཀར་པོ་སྟེ། ཞལ་གསུམ་ནི་དཀར་པོ་དང་། ནག་པོ་དང་། ཉི་མའི་མདོག་གོ། །ཕྱག་དྲུག་ནི་ཞགས་པ་དང་། རལ་གྲི་དང་། མདའ་དང་། གཞུ་དང་། སྡིགས་མཛུབ་དང་། རྡོ་རྗེ་རྣམས་འཛིན་པ། ལྷོ་སྒོའི་གདན་ལ་འགྱིང་བག་གིས་བཞུགས་པའོ། །རྡོ་རྗེ་ལྕགས་སྒྲོག་ནི་ཁ་དོག་ སེར་པོ་སྟེ། ཞལ་གསུམ་ནི་སེར་པོ་དང་། དཀར་པོ་དང་། ཉི་མ་ལྟ་བུའོ། །ཕྱག་དྲུག་ནི་ལྕགས་སྒྲོག་དང་། གཞུ་དང་། མདའ་དང་། རལ་གྲི་དང་། འཁོར་ལོ་དང་། སྡིགས་མཛུབ་རྣམས་ཏེ། ནུབ་སྒོར་འགྱིང་བག་གིས་གནས་སོ། །རྡོ་རྗེ་དྲིལ་བུ་ནི་ཁ་དོག་ལྗང་གུ་དང་། ཞལ་གསུམ་ ལ་ལྗང་གུ་དང་། དཀར་པོ་དང་། ཉི་མ་ལྟ་བུའོ། །ཕྱག་དྲུག་ནི་དྲིལ་བུ་དང་། རལ་གྲི་དང་། མདའ་དང་། གཞུ་དང་། སྡིགས་མཛུབ་དང་། རྡོ་རྗེ་རྣམས་འཛིན་པ། །བྱང་སྒོར་འགྱིང་བག་གིས་བཞུགས་སོ། །སྒོ་སྐྱོང་རྣམས་ནི་ངེས་པར་ཁྲོ་བོའི་གཟུགས་སུ་བྱའོ། །མེ་ཏོག་མ་ནི་ཁ་དོག་ 26-1-87a དཀར་པོ་ཞལ་གསུམ་ལ། དཀར་པོ་དང་། ནག་པོ་དང་། ཉི་མ་ལྟ་བུའོ། །ཕྱག་དྲུག་ནི་སྤྱི་བོར་ཐལ་མོ་སྦྱར་བ་དང་། མེ་ཏོག་གི་སྣོད་དང་། གཞུ་དང་།མདའ་དང་། འཁོར་ལོ་རྣམས་འཛིན་པ་རིམ་པ་གསུམ་པའི་མེའི་མཚམས་སུའོ། །བདུག་སྤོས་མ་ནི་དུ་བའི་ཁ་དོག་ སྟེ། ཞལ་གསུམ་ནི་དུ་བའི་དང་། དཀར་པོ་དང་། ཉི་མ་ལྟ་བུའོ། །ཕྱག་དྲུག་ན་བདུག་སྤོས་ཀྱི་སྣོད་དང་། སྤྱི་བོར་ཐལ་མོ་སྦྱར་བ་དང་། གཞུ་དང་། མདའ་དང་། འཁོར་ལོ་རྣམས་འཛིན་པ་དབང་ལྡན་གྱི་མཚམས་སུའོ། །མར་མེ་མ་ནི་ཁ་དོག་སེར་པོ། ཞལ་གསུམ་ལ་སེར་པོ་དང་། དཀར་པོ་དང་། ཉི་མ་ལྟ་བུའོ། །ཕྱག་དྲུག་ན་མར་མེ་དང་། སྤྱི་བོར་ཐལ་མོ་སྦྱར་བ་དང་། མདའ་དང་། གཞུ་དང་། རྡོ་རྗེ་རྣམས་འཛིན་པ་བདེན་བྲལ་ནའོ། །དྲི་མ་ནི་ཁ་དོག་དམར་པོ་སྟེ། ཞལ་གསུམ་ལ་དམར་པོ་དང་། དཀར་པོ་དང་། ནག་པོའོ། །ཕྱག་དྲུག་ལ་གཉིས་ཀྱིས་དྲིའི་དུང་ཕོར་དང་། སྤྱི་བོར་ཐལ་མོ་སྦྱར་བ་དང་། གཞུ་དང་། མདའ་རྣམས་འཛིན་པ་རླུང་ནའོ། །རིམ་པ་གཉིས་པའི་དབང་ལྡན་གྱི་མཚམས་ན་སྒེག་མོ་ཁ་དོག་དམར་པོ་སྟེ། ཞལ་གསུམ་ལ་དམར་པོ་དང་། དཀར་པོ་དང་། ནག་པོའོ། །ཕྱག་དྲུག་ན་གཞུ་དང་། མདའ་དང་། སྤྱི་བོར་ཐལ་མོ་སྦྱར་བ་དང་། རྡོ་རྗེ་དང་། འཁོར་ལོ་རྣམས་འཛིན་པའོ། །མེ་མཚམས་ན་ཕྲེང་བ་མ་ཁ་དོག་སེར་པོ་སྟེ། ཞལ་གསུམ་ལ་སེར་པོ་དང་། དཀར་པོ་དང་། ནག་པོའོ། །ཕྱག་དྲུག་ལ་གཉིས་ཀྱིས་མེ་ཏོག་གི་ཕྲེང་བ་དང་། སྤྱི་བོར་ཐལ་མོ་སྦྱར་བ་དང་། གཞུ་དང་། མདའ་འཛིན་པའོ། །བདེན་བྲལ་དུ་གླུ་ མ་ནི་ཁ་དོག་ཨུཏྤལ་སྔོན་པོ་ལྟ་བུ་སྟེ་ཞལ་གསུམ་ནི་སྔོན་པོ་དང་། དཀར་པོ་དང་། ཉི་མ་ལྟ་བུའོ། །ཕྱག་དྲུག་ན་ཁར་རྔ་དང་། པི་ཝང་དང་། གཞུ་དང་། མདའ་དང་། སྤྱི་བོར་ཐལ་མོ་སྦྱར་བའོ། །རླུང་མཚམས་ན་གར་མ་ནི་ཁ་དོག་སེར་པོ་ཞལ་གསུམ་ལ་སེར་པོ་དང་། དཀར་པོ་དང་། ཉི་ མ་ལྟ་བུའོ། །ཕྱག་དྲུག་ལ་གར་གྱི་རྣམ་པ་དང་། གཞུ་དང་། མདའ་དང་།སྤྱི་བོར་ཐལ་མོ་སྦྱར་བའོ། །པི་ཝང་མ་ནི་ཁ་དོག་དམར་པོ་ཞལ་གསུམ་ལ་དམར་པོ་དང་། དཀར་པོ་དང་། ནག་པོའོ། །ཕྱག་དྲུག་ལ་པི་ཝང་དང་། གླིང་བུ་དང་། སྤྱི་བོར་ཐལ་མོ་སྦྱར་བ་དང་། གཞུ་དང་། མདའ་འཛིན་པ་ 26-1-87b ཤར་དུའོ། །གླིང་བུ་མ་ཁ་དོག་སེར་པོ་སྟེ་ཞལ་གསུམ་ནི་སེར་པོ་དང་། དཀར་པོ་དང་། ཉི་མ་ལྟ་བུའོ། །ཕྱག་དྲུག་ལ་གླིང་བུ་དང་། སྤྱི་བོར་ཐལ་མོ་སྦྱར་བ་དང་། གཞུ་དང་མདའ་རྣམས་འཛིན་པ་ལྷོ་རུའོ། །རྔ་མ་ནི་ཁ་དོག་དཀར་པོ་སྟེ་ཞལ་གསུམ་ལ་དཀར་པོ་དང་། ནག་པོ་དང་། ཉི་མ་ལྟ་བུའོ། །ཕྱག་ དྲུག་ན་རྔ་དང་། གླིང་བུ་དང་། སྤྱི་བོར་ཐལ་མོ་སྦྱར་བ་དང་། གཞུ་དང་། མདའ་རྣམས་འཛིན་པ་ནུབ་ཏུའོ། །རྫ་རྔ་མ་ནི་དུ་བའི་ཁ་དོག་སྟེ། ཞལ་གསུམ་ནི་དུ་བ་དང་། དཀར་པོ་དང་། ཉི་མ་ལྟ་བུའོ། །ཕྱག་དྲུག་ན་རྫ་རྔ་དང་། གླིང་བུ་དང་། སྤྱི་བོར་ཐལ་མོ་སྦྱར་བ་དང་། གཞུ་དང་། མདའ་རྣམས་ འཛིན་པ་བྱང་དུའོ། །རིམ་པ་གསུམ་པའི་ཕྱོགས་བཞིར་བྱང་ཆུབ་སེམས་དཔའ་རྣམས་བྲི་ཞེས་གསུངས་པ། འཇིག་རྟེན་གསུམ་ཞེས་པ་ལ་སོགས་པའོ། །བསྐལ་པ་བཟང་པོ་ཞེས་པ་ནི། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་སུ་དགོངས་སོ། །བྱམས་པ་ཁ་དོག་སེར་ པོ་སྟེ་མཆོད་སྦྱིན་གྱི་ཕྱག་རྒྱ་དང་ནཱ་ག་གེ་སར་ཕྱག་ན་འཛིན་པའོ། །འཇམ་དཔལ་ནི་གསེར་གྱི་ཁ་དོག་སྟེ་མཆོག་སྦྱིན་དང་པུ་སྟི་ཕྱག་ན་བསྣམས་པ་སྟེ་ཤར་དུའོ། །ནམ་མཁའི་སྙིང་པོ་ནི་ཨུཏྤལ་སྔོན་པོའི་ཁ་དོག་སྟེ། རལ་གྲི་དང་། ཆོས་འབྱུང་གི་ཕྱག་གོ། །རིན་ཆེན་ཕྱག་ནི་ཁ་དོག་དམར་པོ་ སྟེ་ཕྱག་ན་རིན་ཆེན་དང་པདྨ་སྟེ་ལྷོར་རོ། །ཀུན་དུ་བཟང་པོ་ནི་ཁ་དོག་གསེར་ལྟ་བུ་སྟེ། མེ་ཏོག་དང་པདྨ་ཕྱག་ནའོ། །འཇིག་རྟེན་དབང་ཕྱུག་ནི་ཤེལ་ལྟ་བུའི་ཁ་དོག་གོ། །མཆོད་སྦྱིན་དང་པདྨ་ཕྱག་ནའོ། །ནུབ་ཏུའོ། །སྒྲིབ་པ་རྣམ་སེལ་ཁ་དོག་གསེར་ལྟ་བུ་སྟེ་སྒྲིབ་པ་སེལ་བའི་ཕྱག་ རྒྱའོ། །སའི་སྙིང་པོ་ནི་ཁ་དོག་ལྗང་གུ་སྙིང་གའི་གཡས་སུ་ཐལ་མོ་སྦྱར་བ་སྟེ་བྱང་ཕྱོགས་སུའོ། །ཀཱི་ལི་ཀཱི་ལ་ལ་སོགས་པ་ནས་སའི་སྙིང་པོའི་མཐར་ཐུག་པར་རྡོ་རྗེ་བདུད་རྩིའི་པུསྟིས་ཅོད་པན་དུ་མཚན་པ་སྣ་ཚོགས་པའི་རིན་པོ་ཆེ་ལ་སོགས་པས་བརྒྱན་པ། ཟླ་བའི་དཀྱིལ་འཁོར་ གྱི་སྟེང་དུ་འགྱིང་བག་གིས་གནས་པ་རང་རང་གི་ཁ་དོག་དང་རྗེས་སུ་མཐུན་པའི་འོད་ཀྱི་དཀྱིལ་འཁོར་བྲི་བའོ། །བཅོམ་ལྡན་འདས་ཀྱི་འོག་ཕྱོགས་སུ་སྒྲུབ་པ་པོ་གཡས་སུ་བགྲང་ཕྲེང་། གཡོན་དུ་རྡོ་རྗེ་དྲིལ་བུ་བཞག་པ་བྲི་བར་བྱ་ཞེས་གསུངས་པ། མདུན་དུ་ཞེས་པ་ལ་སོགས་པའོ། ། 26-1-88a མདུན་དུ་ནི་འོག་ཏུའོ། །གསུངས་པའི་དཀྱིལ་འཁོར་འདི་ཉིད་དང་། ཐང་ཀའི་སྒྲུབ་ཐབས་ཀྱི་ཉེ་བར་མཆོད་པ་གསུངས་པ། གཏོར་མ་ནི་གཏོར་བྱའི་མཆོད་པ་ཞེས་པ་ལ་སོགས་པའོ། །གཏོར་མ་ཞེས་པ་ནི་སྣ་ཚོགས་པའི་ལྷ་བཤོས་སོ། །གཏོར་བྱ་ནི་ འབྱུང་པོའི་གཏོར་མའོ། །མཆོད་པ་ནི་རྣམ་པ་ལྔའོ། །ཆང་ནི་འདོད་པའི་ཆང་ངོ་། །ཤ་ནི་ར་ལ་སོགས་པའོ། །ཁུ་བ་ནི་སྣ་ཚོགས་པའི་རྣམ་པ་སྟེ་ཁུ་བའི་བཏུང་བ་རྣམས་ལ་ཆགས་པའོ། །མཆོད་པའི་བྱེ་བྲག་འདི་རྣམས་ཀྱིས་ཤིན་ཏུ་ཡང་དག་པས་དཀྱིལ་འཁོར་དང་ཐང་ཀ་ཡང་དག་ པར་མཆོད་ནས་ནག་པོའི་བརྒྱད་དམ་བཅུ་བཞི་ལ་ཐང་ཀའི་མདུན་དུ་ཧཱུཾ་ཡིག་གིས་ཕྱུགས་ཀྱི་གཟུགས་ཟན་བཙོས་པའི་རང་བཞིན་ལས་རའམ་མ་ཧེའམ་སྐྱེས་བུ་ལྟུང་བར་བྱ་ཞིང་མནན་ཏེ་ཚོད་མ་བཙོ་བར་བྱའོ། །དེ་བཞིན་དུ་ཡང་བདེ་མཆོག་ལས་གསུངས་པ། ཕྱུགས་ནི་ཟན་བཙོས་རང་ བཞིན་ལས། །ཞེས་པའོ། །འདིས་ནི་སྔགས་ཀྱི་སྤྱོད་པ་བྱ། །ཞེས་པ་ནི། གཙོ་བོའི་སྔགས་ཀྱིས་རྣམ་པར་བྱའོ། །ཆོ་ག་འདི་ཡིས་བསྒྲུབ་པར་བྱ། །ཞེས་གསུངས་པ་ནི་བསྒྲུབ་པར་བྱ་ཞེས་པ་ལ་སོགས་པའོ། །ཡི་གེ་གཅིག་པའི་སྔགས་ཞེས་པ་ནི་ཧཱུཾ་ཡིག་བཟླས་པར་བྱ་ཞིང་ཕྱི་ ནས་སློབ་དཔོན་མཆོད་པར་བྱའོ། །ཇི་ལྟར་མཆོད་པར་བྱ་ཞེས་པ་ལ། བདག་ཉིད་ཅེས་པ་ལ་སོགས་པའོ། །བདག་ཉིད་ཅེས་པ་ནི་རང་གི་ལུས་ཏེ་གཙོ་བོར་འདིས་བསྲུང་བའམ་ས་གཞི་བསྲུང་བའོ། །འདིས་མཆོད་པ་ཉིད་གཅིག་པུ་ནི་མ་ཡིན་ཏེ། མ་ལ་སོགས་པའི་བུད་མེད་ཀྱང་ དབུལ་བར་བྱ་ཞེས་གསུངས་པ་མ་དབུལ་ཞེས་པ་ལ་སོགས་པའོ། །བདག་ཉིད་ཅེས་པ་ནི་རང་གི་ལྷ་རྣམས་ཀྱི་གཟུགས་རྫོགས་པའོ། །སྐུ་གསུང་ཞེས་པ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་སྒྲུབ་ཐབས་སོ། །སློབ་དཔོན་ཀྱང་ཡང་དག་པར་མཆོད་ནས་དེ་ཉིད་དུ་འཇིག་རྟེན་སྒྲོལ་བའི་སློབ་མ་དང་དམ་ ཚིག་དང་སྡོམ་པ་རྣམས་གཟུང་བར་བྱ་ཞེས་གསུངས་པ་ངེས་པ་ཞེས་པ་ལ་སོགས་པའོ། །ངེས་པ་ཞེས་པ་ནི་བསླབ་པ་དང་དམ་ཚིག་དང་སྡོམ་པ་རྣམས་སོ། །དཀྱིལ་འཁོར་དང་དམ་ཚིག་ལ་འཇུག་པར་བྱ་ཞེས་གསུངས་པ། དཀྱིལ་འཁོར་ཆེན་པོ་ཞེས་པ་ལ་སོགས་པའོ། །རྡོ་རྗེ་སེམས་ 26-1-88b དཔའི་ཞེས་པ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱིས་ཏེ། གང་གི་ཕྱིར་རྡོ་རྗེ་བདུད་རྩི་ལས་རྣམ་པར་བྱུང་བ་རྡོ་རྗེ་བདུད་རྩི་དེའི་ཕྱོགས་པ་སྟེ། དེའི་ཕྱིར་བདུད་རྩི་ལྔ་དང་ལྡན་པར་བྱའོ། །འདིས་ནི་ཐོག་མར་བསྒྲུབ་པ་ལ་རྩོམ་པའི་སྒྲུབ་ཐབས་ཀྱི་ཆོ་ག་གསུངས་སོ། །དེས་གསུངས་པར་གྱུར་པ་འདི་དག་ཐམས་ཅད་དམ་ ཚིག་བྱིན་གྱིས་བརླབས་པ་སྔོན་དུ་འགྲོ་བས་གཙོ་བོ་ལ་སོགས་པའི་ཆོ་ག་རྣམས་ཕུན་སུམ་ཚོགས་པས་བླ་མ་དགྱེས་པར་བྱ་སྟེ། ཆང་ལ་སོགས་པའི་མཆོད་པས་ཡང་དག་པར་མཆོད་ནས། ལྷ་རྣམས་ཐང་ཀའི་མདུན་དུ་ཕྱག་རྒྱ་དང་ཡང་དག་པར་སྦྱོར་བས་བསྒོམ་ཞིང་བསྒྲུབ་པར་བྱ་ཞེས་པའོ། །དེ་ལ་ བསྒོམ་པའི་རྣལ་འབྱོར་གསུངས་པ། རྡོ་རྗེ་སེ་གོལ་ཞེས་པ་ལ་སོགས་པའོ། །ལག་པ་གཉིས་རྡོ་རྗེར་བཅིངས་ཏེ། སེ་གོལ་གཏོགས་པ་ནི་རྡོ་རྗེ་སེ་གོལ་ཏེ་དེ་ཡིས་མཉམ་པ་དང་མི་མཉམ་པའི་སྦྱོར་བའོ། །མཉམ་པར་དགག་པའི་སྦྱོར་བ་དེས་རྡོ་རྗེ་ཧཱུཾ་མཛད་ཀྱི་སྒྲུབ་ཐབས་བརྗོད་ཅིང་བསྟན་ ནས། གང་རྣམས་སུ་སླར་རྒྱས་པར་བརྗོད་པ་ཞེས་གསུངས་པ། རྣལ་འབྱོར་པ་ཞེས་པ་ལ་སོགས་པ་སྟེ། དྲོ་བ་དང་བཅས་པའི་རྩའི་འོ་མ་ལས་བསྐྱེད་པའི་རིམ་པས་རྫོགས་པའི་ཁྲོ་བོའི་ལྷའི་རྣལ་འབྱོར་པ་སྟེ། དེ་གང་རྣམས་ཀྱིས་རིག་པ་དེ་རྣལ་འབྱོར་པ་དང་རྣལ་འབྱོར་མའོ། །བྱང་ཆུབ་ སེམས་ཞེས་པ་ནི་སྟོང་པ་ཉིད་དེའི་རྣམ་འཕྲུལ་སེམས་སོ་སོར་རིག་པ་ལ་སོགས་པ་བྱང་ཆུབ་ཀྱི་སྤྱོད་པ་དེ་གང་གིས་རིག་པ་དེ་ནི་དེ་བཞིན་དུ་གསུངས་སོ། །རྡོ་རྗེ་སེ་གོལ་བསྡུས་པས་ཡེ་ཤེས་སེམས་དཔའ་བྱིན་གྱིས་བརླབ་པ་ལ་སོགས་པ་སྔོན་དུ་སོང་བས་སོ། །ལྷ་རྣམས་ཀྱི་རྣལ་འབྱོར་བསྟན་ པ་བསྒོམ་པར་བྱ་ཞིང་བསྒྲུབ་པར་བྱ་ཞེས་གསུངས་པར་གྱུར་པའོ། །རྣལ་འབྱོར་དེ་རྣམས་ཀྱི་བསྒོམ་པ་གསུངས་པ། རྣམ་འཕྲུལ་ཞེས་པ་ལ་སོགས་པའོ། །རོལ་ཞེས་པ་ནི་ཤིན་ཏུ་ཆགས་པའི་རོལ་རྩེད་དོ། །རིག་མ་ནི་སྔོན་དུ་གསུངས་པའི་གདོལ་པ་ལ་སོགས་པའི་བུ་མོ་སྟེ་ལྷ་མོའི་ གཟུགས་སོ། །དེ་རྣམས་དང་བཅས་པའོ། །སྣ་ཚོགས་ནོར་ནི་རྣམ་པ་སྣ་ཚོགས་པ་སྟེ་ཤིན་ཏུ་ཆགས་པའི་རོལ་རྩེད་ཕུན་སུམ་ཚོགས་པར་བྱ་ཞིང་བསྒྲུབ་པར་བྱ་ཞེས་པར་དགོངས་སོ། །རོལ་རྩེད་དེ་ཉིད་གསུངས་པ། བྷ་གའི་དབུས་སུ་ཞེས་པ་ལ་སོགས་པའོ། །དཔའ་བོ་ནི་ཧ་ཡིག་གི་ 26-1-89a བདག་ཉིད་ཀྱི་རྡོ་རྗེ་བདུད་རྩི་སྟེ། དེའི་གནས་སོ། །ཁས་ནི་ལྕེ་རེག་པ་སྟེ་ཆགས་པ་མྱོང་བ་ལ་སོགས་པ་བྱས་ནས་སོ། །དེ་ཉིད་གནས་ཞེས་པ་སྟེ། དེ་ཉིད་རྡོ་རྗེ་བདུད་རྩི་གཞོམ་དུ་མེད་པའོ། །དེའི་གནས་ནི་པདྨའི་ལྟེ་བའོ། །དེ་ལ་སོགས་པའི་གཡོན་པའི་གུང་མོ་ དང་མཛུབ་མོ་དག་གིས་བླང་བར་བྱ་བ་ནི་ཅུང་ཟད་ཁ་ཁ་མུ་ཁ་བླངས་ནས་སོ། །བླངས་ནས་ནམ་ཡང་སྐུ་དྲིན་གྱིས་མི་སྐྱོ་བ་ཅེས་གསུངས་པ། བླངས་པས་ཞེས་པ་ལ་སོགས་པའོ། །བླངས་ཞེས་པ་ནི་བླངས་པར་གྱུར་པས་སོ། །བརྩོན་འགྲུས་ནི་ཤིན་ཏུ་ཆགས་པའི་སྒོམ་པ་ལ་སྤྲོ་བའོ། །སྟོབས་ ནི་ཤིན་ཏུ་ཆགས་པའི་བྱ་བ་ལ་ནུས་པའོ། །ཉམས་པ་ཉིད་ནི་ཕྱག་རྒྱའི་བདེ་བ་སྐྱེད་པ་དང་སྒྲུབ་པ་པོ་ཡང་ནད་མེད་ཅིང་ཉམས་སྟོབས་དང་ལྡན་པར་དགོངས་སོ། །ཡང་དག་པར་བླངས་ནས་ཅི་ཞིག་བྱ་ཞེས་པ་ལ་གསུངས་པ། བླངས་ནས་ཞེས་པ་ལ་སོགས་པའོ། །རིག་མ་ཆེན་མོ་ཞེས་པ་ནི་ཡང་ དག་པར་བོད་པའོ། །འོ་བྱ་ཞེས་པ་ནི་ལྕེས་རེག་པར་བྱ་ཞེས་པའི་དོན་ཏོ། །དེས་ཅིར་འགྱུར་ཞེས་པ་ལ་གསུངས་པ། གླུ་ཞེས་པ་ལ་སོགས་པའོ། །སངས་རྒྱས་ཉིད་ནི་རྡོ་རྗེ་བདུད་རྩི་ཉིད་དོ། །བདུད་རྩི་ནི་མི་གནས་པའི་མྱ་ངན་ལས་འདས་པའོ། །ཁུ་བའི་གཟུགས་ནི་ཆོས་ཉིད་མི་ འགྱུར་བའི་ཚུལ་ཏེ་འདིས་ནི་ཁུ་བའི་ཚུལ་ནི་ཆོས་ཀྱི་སྐུ་ཞེས་པའི་དོན་ཏོ། །བདག་མས་རང་དགར་བརྩམས་པ་མ་ཡིན་པར་བསྟན་པའི་ཕྱིར་གསུངས་པ། བཅོམ་ལྡན་རྡོ་རྗེ་ཅན་ཞེས་གསུངས་པས་ཞེས་པ་ལ་སོགས་པའོ། །རྡོ་རྗེ་འཛིན་པ་དབང་ཕྱུག་དང་ལྡན་པས་རྡོ་རྗེ་ཅན་ནོ། །རིགས་ གསུམ་གྱི་བདག་ཉིད་ཀྱིས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ནོ། །རྡོ་རྗེ་བདུད་རྩི་རྒྱུད་ཅེས་པ་ནི་གཞིའོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་སྒྲུབ་ཐབས་གང་གིས་བསྟན་པ་དེ་ནི་དེ་བཞིན་ཏེ་ལེའུ་དྲུག་པའི་ཊཱི་ཀཱའོ།། །།དེ་ལྟར་དཀྱིལ་འཁོར་དང་བཟླས་པ་དང་། སྦྱིན་སྲེག་དང་ཐང་ཀ་དང་བསྒོམ་ པའི་ཆོ་ག་རྒྱས་པས་རྡོ་རྗེ་བདུད་རྩིའི་སྒྲུབ་ཐབས་ཡང་དག་པར་བསྟན་ནས། ད་ནི་དབང་བསྐུར་བ་མེད་པ་ལ་མངོན་པར་འདོད་པའི་སྔགས་ཀྱི་དངོས་གྲུབ་ཀྱི་འབྲས་བུར་མི་འགྱུར་ཞེས་འདིས་ནི་སྔོན་དུ་གསུངས་པའི་དེ་ཁོ་ན་ཉིད་གསལ་བར་བྱས་པའི་ཕྱིར་དབང་བསྐུར་བའི་རིམ་པ་ཉེ་བར་བསྟན་པ་ 26-1-89b གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་ནས་ཞེས་པ་དེ་མ་ཐག་ཏུའོ། །ཆགས་པའི་ཞེས་པ་ནི་འཁྱུད་པ་ལ་སོགས་པའི་བདེ་བའོ། །དེས་རོལ་པ་ནི་རྣལ་འབྱོར་གྱི་ལོངས་སྤྱོད་དེ་དེར་གནས་པར་གྱུར་པའོ། །ཐལ་མོ་སྦྱར་ཏེ་ཕྱག་འཚལ་བ་ནི་གླུའི་ཚུལ་ཅན་གྱིས་སོ། །འདིས་ ཞེས་པ་ནི་འཆད་པར་འགྱུར་བ་རྣམས་སོ། །བླང་བར་བྱ་ཞེས་པ་ནི་གླུ་བླང་བའོ། །དེ་ལ་གླུ་གསུངས་པ་དཀར་མན་ཆུ་སྐྱེས་ལུས་ཞེས་པ་ལ་སོགས་པ་སྟེ། ཕྱག་འཚལ་ཞེས་པ་འདིར་འབྲེལ་ཏོ། །དཀར་མིན་ནི་པདྨ་ལྗང་གུ་ལྟ་བུའོ། །ལུས་ནི་ལུས་ཉིད་དེ་གང་ཞིག་དཔའ་བོ་རྡོ་རྗེ་བདུད་རྩི་དེ་ནི་ དེ་བཞིན་དུ་གསུངས་སོ། །དཔའ་བོ་ཞེས་པ་ནི་ཁྲོ་གཉེར་ཅན་དང་མི་བཟད་འཇིགས་པ་ལ་སོགས་པ་སྒོ་སྐྱོང་རྣམས་ཀྱིས་དཀྱིལ་འཁོར་ཡོངས་སུ་བསྐོར་བ་ནི་དཔའ་བོའི་དབུས་སུ་ཡོངས་སུ་བསྐོར་བའོ། །ཕྱག་རྒྱའི་ཚོགས་ཞེས་པ་ནི་ཞི་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱི་ཚོགས་ཏེ་དེ་རྣམས་དང་ ལྷན་ཅིག་ཅེས་པའི་དོན་ཏོ། །གསང་བའི་དཀྱིལ་འཁོར་གྱི་བདག་པོ་སྐུ་རྡོ་རྗེའི་རང་བཞིན་གྱིས་ཡང་དག་པར་བསྟོད་ནས་ཕྱག་རྒྱ་ཡང་དག་པར་སྦྱོར་བས་ཆགས་པའི་རྡོ་རྗེའི་རང་བཞིན་གྱིས་བསྟོད་པ་གསུངས་པ། སྟོན་ཀའི་དུས་ཀྱི་ནམ་མཁའ་ལྟ་བུའི་དྲི་མ་མེད་པའི་རྡོ་རྗེ་བདུད་རྩིའི་ཏིང་ངེ་འཛིན་ གསལ་བར་བྱ་བ་སྟོན་པའི་དུས་སུ། ཀོ་ཀི་ལ་དང་ཕྲེང་བ་ལྟ་བུའི་སྙན་ཅིང་འཇམ་པས་མཆོག་ཏུ་དགའ་བའི་བདུད་རྩིའི་རྣལ་འབྱོར་སྟོན་པའི་ངང་ཚུལ་ཉིད་ཀྱིས་ཀོ་བྱ་ཀི་ལ་དང་། བྷྲེ་ད་བྱ་བའི་སྒྲའོ། །རྡོ་རྗེ་བདུད་རྩིའི་ཏིང་ངེ་འཛིན་གྱི་བདག་ཉིད་དང་བཅས་པའི་སྒྲུབ་ཐབས་ཀྱིས་བསྐལ་བཟང་ངོ་། ། ཤིན་ཏུ་ཆགས་པས་མནན་ཞེས་པ་ནི། ལྷ་མོ་དང་ཡང་དག་པར་སྦྱར་བས་གནས་པའམ་ཁ་སྦྱོར་གྱི་རྣལ་འབྱོར་གྱིས་སེམས་ཅན་ཐམས་ཅད་ཀྱི་དོན་ལ་འཇུག་པའོ། །ཐུགས་ཀྱི་རྡོ་རྗེའི་རང་བཞིན་གྱིས་ཕྱག་འཚལ་བ་གསུངས་པ། དངོས་པོ་ཀུན་གྱི་བདག་ཉིད་དེ། །ཞེས་པ་ལ་སོགས་ པའོ། །དབང་པོའི་ལམ་གྱིས་ཕྱག་བྱ་བ་ནི་ཞེས་བྱ་བའོ། །དངོས་པོ་ཀུན་གྱི་བདག་ཉིད་གུས་པ་རྒྱ་ཆེ་བའི་དད་པའི་བསྙེན་བཀུར་བྱའོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་རང་བཞིན་གྱིས་ཐམས་ཅད་དོ། །རྡོ་རྗེ་ཧཱུཾ་མཛད་དང་ཧེ་རུ་ཀ་ལ་སོགས་པའི་ཡང་དག་པའི་ལམ་ཉེ་བར་བསྟན་པ་ཉིད་ཀྱིས་ཀུན་ 26-1-90a ཤེས་སོ། །དེས་ན་འདི་ཉིད་སེམས་ཅན་ཐམས་ཅད་ཀྱང་མཛའ་ཞིང་མཐུན་པའོ། །ཡང་དག་དབང་པོ་ནི་གསུམ་སྟེ། སྐུ་དང་གསུང་དང་ཐུགས་ཀྱི་མཚན་ཉིད་རྣམས་ཏེ། དེ་རྣམས་ཀྱི་ལམ་ནི་རྣམ་པ་གསུམ་གྱི་ཕྱག་འཚལ་བའི་རིམ་པ་དེས་སོ། །ཡང་ན་དབང་པོ་ནི་གསང་བ་ སྟེ་དེའི་ལམ་གྱིས་དེ་གསལ་བར་བརྡས་ཕྱག་བྱ་བའི་རིམ་པས་དེ་བཞིན་དུ་གསུངས་པའི་གསང་བ་བསྟན་པར་བྱའོ། །གང་ཞིག་ཕྱག་འཚལ་ཞེས་པ་ནི་རྒྱས་པར་བསྟན་པ་ཞེས་པ་སྟེ། །གསང་བའི་དབང་པོ་ཉིད་ཀྱི་ལམ་གྱི་བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ནི་དེ་བཞིན་དུ་གསུངས་པ་སྟེ། བྱང་ཆུབ་སེམས་ དེས་ཕྱག་འཚལ་ཞེས་པ་ནི་བཤད་པ་གསུམ་པའོ། །གསང་བའི་ཆོས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་གྱིས་ཕྱག་འཚལ་བ་གསུངས་པ། ཁམས་གསུམ་པ་ཞེས་པ་ལ་སོགས་པ་སྟེ། བདུན་པའི་དོན་གྱི་དྲུག་པ་སྟེ་ཁམས་གསུམ་མ་ལུས་པ་ལའོ། །འདྲ་བས་དཔེ་སྟེ་མི་འདྲ་བ་མེད་པས་སོ། །ཉི་ཤུ་བཞི་ ཞེས་པ་ནི་ཉི་ཤུ་བཞི་ཉིད་དོ། །རིག་མ་ཆེན་མོ་ནི་རྩ་རྣམས་ཏེ། སྔོན་དུ་གསུངས་པའི་རྩ་བཞི་བཅུ་རྩ་གཅིག་གི་ནང་ནས་སྒྲོལ་མ་དང་། རྣམ་གྲོལ་དང་གཎྜོ་དང་ཉེ་བའི་གཎྜོ་དང་སྣ་མ་དང་ཉེ་བའི་སྣ་མ་དང་རྐང་མ་དང་། རྣམ་རྐང་མ་དང་། །ལྟེ་བའི་དྲང་མ་དང་། འཇིགས་མ་དང་། རྣམ་འཇིགས་མ་དང་། གཡོན་མ་དང་། ལྔ་མ་དང་། དཀྱིལ་འཁོར་མ་དང་། བཤང་གནས་དང་། དྲི་ཆུ་འབབ་པ་དང་། ཁྲག་འབབ་སྟེ་རྩ་བཅུ་བདུན་གསུངས་ནས། ལྷག་མ་ཉི་ཤུ་རྩ་བཞི་མྱོས་བྱེད་འབབ་པ་ལ་སོགས་པ་ནི་རིག་མའོ། །སྔགས་དང་འཁོར་ལ་རྫོགས་པར་བྱེད་པ་ཤིན་ཏུ་ཆགས་པས་གང་ཞིག་ཆགས་པར་བྱ་བ་དེ་ ནི་ཕྱག་འཚལ་བའོ། །གང་ཞིག་ཤིན་ཏུ་ཆགས་པས་ངལ་བའམ་ཤིན་ཏུ་འཇིགས་ཤིང་བ་སྤུ་ལངས་པ་སྟེ། ཚེར་མ་ལྟ་བུ་ལུས་ལ་མཚན་ཞེས་པར་འབྲེལ་ཏོ། །ལ་ལར་ལུས་ལ་མཉམ་པར་བ་སྤུ་ལངས་ཞེས་པའི་ཚིག་ཡོད་དོ། །དེ་ལྟར་རྡོ་རྗེ་བདུད་རྩིའི་གླུ་དག་བརྗོད་ནས། ད་ནི་བདག་ཉིད་ལ་ བརྟེན་ནས་གླུའི་ཕྱག་འཚལ་བ་གསུངས་པ། ཨུཏྤལ་སྔོན་པོ་ཞེས་པ་ལ་སོགས་པའོ། །ཨུཏྤལ་སྔོན་པོའི་འདབ་མ་ལྗང་གུ་ཆེན་པོའོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་དོ། །དེ་བཞིན་གཤེགས་པ་ཞེས་པ་ནི་སྣང་བ་མཐའ་ཡས་སོ། །རྡོ་རྗེ་ཞེས་པ་ནི་རྡོ་རྗེ་འཛིན་པ་སྟེ། དེའི་ཕྱིར་བདག་ 26-1-90b ཉིད་ཀྱིས་ཡིད་ཀྱིས་རྗེས་སུ་ཆགས་པར མཛོད་ཅིག་པའོ། །ཤིན་ཏུ་ཆགས་བདེ་ཞེས་པ་ནི་བོད་པའོ། །གང་ཞེས་པ་ནི་བདག་གི་རྗེས་སུ་ཆགས་པ་གང་གི་རྒྱུས་ས་གསུམ་གྱི་སེམས་ཅན་མཐའ་དག་དོན་བྱ་ཞིང་བསྒྲུབ་པར་བྱ་སྟེ། རྫོགས་པར་བྱ་ཞེས་པ་ནི་གླུའི་དོན་ཏོ། །གཟུགས་ཀྱི་སྐུའི་རང་ བཞིན་གྱིས་ཡང་དག་པར་བསྟོད་ནས། ཆོས་ཀྱི་སྐུའི་རང་བཞིན་གྱི་གླུ་གསུངས་པ། སྟོང་པ་རྡུལ་བྲལ་ཞེས་པ་ལ་སོགས་པའོ། །སྟོང་པ་ཞེས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་གྱིས་སོ། །རྡུལ་མེད་ནི་ཉོན་མོངས་པ་དང་བྲལ་བ་གང་ཡིན་པ་དེ་ནི་རྡུལ་མེད་དེ་མི་གནས་པའི་མྱ་ངན་ ལས་འདས་པའི་རང་བཞིན་ལ་བརྟེན་པ་ཉིད་ཀྱིས་སོ། །མཆོག་གི་གོ་འཕང་ཆེན་པོ་སྟེ། འགྱུར་བ་མེད་པའི་རྡོ་རྗེ་ཡིན། །ཞེས་པ་ལ། གཞིག་ཏུ་མེད་པའི་ཆོས་ཉིད་མི་འགྱུར་བའི་བདག་ཉིད་སྐྱེ་བ་དང་འགག་པ་དག་མི་དམིགས་པ་ཐོག་མ་དང་ཐ་མ་མེད་པ་སྟེ་གླུ་ཚིག་ཕྱེད་སྔ་མས་ནི་ཆོས་ཀྱི་སྐུའི་ཡོན་ ཏན་བརྗོད་དོ། །ཕྱེད་ཕྱི་མས་ནི་གླུའི་འབྲས་བུ་གསུངས་སོ། །གང་གིས་གཡོ་བཅས་མི་གཡོ་བ། །ཞེས་པ་ལ་སོགས་པའོ། །གང་གིས་གཡོ་བཅས་མི་གཡོ་བ་ནི་ལྷ་དང་མི་རྣམས་ཀྱིས་འཇིག་རྟེན་ལ་ཁྱོད་དེ་ལྟ་བུར་གྱུར་པ་བསྒོམ་པར་བྱའོ། །ཇི་ལྟར་འཁོར་བར་སྐྱེ་ཞེས་པ་སྟེ། སྲིད་པ་ གསུམ་དུ་མི་སྐྱེ་བར་དགོངས་སོ། །དེ་གསུངས་པར་གྱུར་པ་གང་ཁྱོད་སྟོང་པ་རྡུལ་མེད་པ་མཆོག་གི་གོ་འཕང་མི་འགྱུར་བ་ཐོག་མ་དང་ཐ་མ་མེད་པའི་རྡོ་རྗེ་བསྒོམས་པར་གྱུར་པ་དེ་འཁོར་བར་མི་སྐྱེ་ཞེས་པ་དག་གོ། །གང་སྔོན་དུ་འགྲོ་བས་དབང་བསྐུར་ནས་དེ་ཁོ་ན་སྦྱིན་ཞེས་པས་དེ་རྟོགས་པར་བྱ་ བའི་ཕྱིར་གླུ་གར་བྱ་ཞེས་གསུངས་པ། གླུ་འདི་དག་ནི་བླངས་གྱུར་པས། །ཞེས་པ་ལ་སོགས་པ་འདིས་ཞེས་པ་ནི། དེ་མ་ཐག་ཏུ་གསུངས་པའོ། །རྡོ་རྗེ་བདུད་རྩིའི་གར་ལ་སོགས་པའི་རྣམ་འཕྲུལ་ཞེས་པ་ནི། རྡོ་རྗེ་གར་ཞེས་པའི་རྣམ་འཕྲུལ་ཏེ་རྡོ་རྗེ་བདུད་རྩིའི་མདུན་དེར་དབང་བསྐུར་གྱི་མན་ངག་རྟོགས་ པར་བྱ་བའི་དོན་དུ་རྐང་སྟབས་བརྒྱད་ཀྱིས་གར་བྱ་ཞེས་པར་འབྲེལ་ཏོ། །བྷ་ར་ཏ་ལ་སོགས་པས་རྗོད་བྱེད་པ་ནི་གར་ཉེ་བར་བསྡུས་ཏེ། བྷ་ར་ཏ་ནི་རྗོད་བྱེད་གར། །སད་ཏི་ཀ་ནི་སད་ཏི་ཀའོ། །ཨ་ར་བྷ་ཊ་ཡན་ལག་ཅན། །ཀེ་སི་ཀ་ནི་བྷར་མི་གཏུབ། །བྷ་ར་ཏའི་སྒྲས་ནི། གར་གྱི་མཚན་ཉིད་ཡོངས་སུ་དཔྱད་ 26-1-91a པའི་དོན་ཏོ། །རྐང་སྟབས་རིམ་པར་ཞེས་པ་ལ་སོགས་པས་རྐང་སྟབས་ཀྱིས་བསྐྱོད་པ་གསུངས་སོ། །པྲ་སྟ་ཞེས་པ་ལ་སོགས་པས་བསྐྱོད་པའི་གནས་རྣམས་བསྟན་པར་བྱེད་དོ། །དེ་བཞིན་དུ་ཡང་གསུངས་པ། འགྲོ་བའི་བསྐྱོད་པ་པྲ་སྟ་སྟེ། བི་ལས་སར་གནས་རྣམས་སྟོན་ ཞེས་པའོ། །མི་བསྐྱོད་ཅེས་པ་ལ་སོགས་པས་མི་ཉིད་ལག་རྣམས་ཀྱི་ལས་སོ། །ལག་པ་བསྐྱོད་པ་ནི་ལུས་ཀྱིས་བསྐྱོད་པ་མ་ཡིན་པར་བསྡུས་ཞེས་པ་ནི་མན་ངག་གོ། །བྷ་ར་ཏ་ལ་སོགས་པ་ནི་བྷ་ར་ཏ་ར་དྲན་ཞེས་པའི་ཚིག་ལས་ཏེ། འདི་རྣམས་ཐམས་ཅད་ནི་བྷ་ར་ཏ་ར་བཀོད་པའི་མཚན་ཉིད་དུ་ མངོན་པར་བརྗོད་དོ། །དེ་ལ་བྷ་ར་ཏ་ར་གསུངས་པའི་མཚན་ཉིད་ཀྱིས་ཁོངས་ཤེས་པས་བྷ་ར་ཏའི་གང་ཞིང་གཙོར་ངག་གིས་དཔའ་བོའི་ངོ་མཚར་རྨད་དུ་གྱུར་པའོ། །གཙོ་བོར་དེ་ནི་བྷ་ར་ཏིའོ། །གང་དུ་གར་གྱི་བཞད་གད་དང་། གར་མཁན་མ་དང་འགྲམ་ན་གནས་པ་རྣམས་དང་། མདོ་རྩ་འཛིན་པ་ དང་བཅས་པར་ཕན་ཚུན་ཀུན་དུ་སྨྲ་བར་བྱེད་དེ་དེ་ན་བྷ་ར་ཏའི་མཚན་ཅན་ཏེ་ཆེ་གེ་མོ་ཞེས་པའི་གར་དག་བྱ་བའོ། །རྒྱུ་ཅིའི་ཕྱིར་ཞེས་པ་ལ་སོགས་པའི་ཚིག་གིས་འདིར་དཔེ་བརྗོད་པ་གླུ་དག་པར་བལྟ་བར་བྱའོ། །སྙིང་སྟོབས་ཀྱི་དངོས་པོ་ནི་སད་ཏི་སྟེ་ངག་དང་ལུས་སྟོན་པ་ཅན་ཏེ། སྙིང་སྟོབས་ཤས་ ཆེ་ཞིང་སྙིང་རྗེ་ཤས་ཆུང་བའི་རོ་དག་ནི་སད་ཏྭི་ཀའི་རིམ་པའོ། །གང་ཅུང་ཟད་དངོས་པོ་ཡོངས་སུ་བསྒྱུར་ཞིང་བརྗེས་པ་དེར་གང་ཞིག་དགོད་པར་བྱེད་པ་དེ་ནི་སད་ཏྭི་ཀའི་ཚུལ་ཏེ་འདིའི་དཔེ་བརྗོད་པ་དཔྱིད་ཀྱི་སྡེ་མ་སྦྲུལ་གྱིས་སོ་བཏབ་པས་སྲོག་ཆད་པའི་དུས་ཀྱིས་སྐྱེས་བུས་ཐུབ་པའི་ལུས་ལ་དེའི་ སྲོག་བཅུག་པས། དེའི་ལུས་ཀྱིས་སྔར་གྱི་དཔྱིད་ཀྱི་སྡེ་མའི་བྱ་བ་ཀུན་བྱེད་པས་སློབ་མ་རྣམས་སྨན་པ་དང་གཡོ་ཅན་རྣམས་རྣ་སྐད་ཆེར་དགོད་པར་གྱུར་པ་དི་ནི་བྷ་ག་བར་ཛྲ་ཀར་ཞེས་པར་བྱའོ། །ཨ་ར་བྷ་ཏའི་གནས་སྐབས་སུ་སྐྱེས་པ་ནི་ཨ་ར་བྷ་ཏའི་སྟེ་མིག་འཕྲུལ་གྱིས་ཉལ་བ་ལས་ལངས་ནས་མྱ་ ངན་དང་འགྱེལ་བ་དང་དྲག་པོ་དང་། འཇིགས་པར་བྱེད་པའི་རོ་རྣམས་དང་ལྡན་པ་ནི་ཨ་ར་བྷ་ཏའི་མཚན་ཉིད་དོ། །གང་དུ་དངོས་པོ་ཁྱད་པར་དུ་འཕགས་པའི་རབ་ཏུ་སྦྱོར་བས་ཀྱང་ཤིན་ཏུ་རྣམ་པར་བཀྲ་བའི་གཟུགས་ལ་སོགས་པས་གསལ་བར་བྱེད་དེ། དེ་ནི་ཨ་ར་བྷ་ཏའི་ཚུལ་ཅན་གྱིས་རྨི་ལམ་གྱི་གར་མཁན་ 26-1-91b ལ་བློན་པོས་ཆགས་པ་སྨྲ་ན་ཡང་དག་པར་སྨྲས་ནས་ཡང་རི་མོའི་རྣམ་པར་བཀྲ་བ་བ་ཚའི་རྒྱལ་པོ་ལ་ཉེ་བར་བསྟན་ཞེས་པ་ནི་དཔེ་བརྗོད་པར་བལྟ་ཞིང་ཤེས་པར་བྱའོ། །གླུ་དུ་མ་དང་རོལ་མོའི་ཆ་བྱད་ཀྱིས་ཡུལ་ལ་སོགས་པ་སྒེག་ཆོས་མངོན་པར་སྟོན་པ་སྣ་ཚོགས་པའི་རྒྱན་དང་། ཕྲེང་བའི་རྒྱན་རྣམས་དང་ལྡན་ པར་སྨད་འཚོང་མ་བཟང་མོ་དང་སྙན་དངགས་ཀྱི་ཚིག་ཤིན་ཏུ་ལེགས་པ་སྣ་ཚོགས་པ་བརྗོད་པས་བརྒྱན་པ། དགོད་པ་དང་ངུ་བ་དང་ཁྲོ་བ་རྣམས་དང་ལྡན་པའི་སྒེག་ཆོས་ནི་ཀེ་སི་ཀེའི་རིམ་པའོ། །གང་ལ་ཡང་ཡིད་གཅུགས་པས་ཁྲོ་བ་ལ་གང་གིས་མཐུན་འཇུག་དང་། ཞ་ལང་བྱེད་པ་ནི་སི་ཀའི་ཚུལ་ལོ། ། རིན་ཆེན་འཁོར་ལོའི་གར་ལས་ཆགས་པ་སྨྲ་བ་དགའ་ཞིང་ཡིད་གཅུགས་པས་ཁྲོས་ཏེ། རྐང་པའི་དྲུང་དུ་འགྱེལ་བས་བ་ཚའི་རྒྱལ་པོས་ཞལ་ལོན་བྱས་ཤིང་མགུ་བར་བྱས་ཞེས་པ་སྟེ། དེ་ལྟར་དཔེ་བརྗོད་པར་ཤེས་པར་བྱའོ། །བྷ་ར་ཏི་ཞེས་པ་ནི་དྲང་སྲོང་བྷ་ར་ཏི་ས་གང་ཞིག་རབ་ཏུ་བརྗོད་པའི་གར་གྱི་ མཚན་ཉིད་དེ་ནི་བྷ་ར་ཏའི་གར་གྱི་མཚན་ཉིད་ཀྱི་བསྟན་བཅོས་དེར་མཚན་ཉིད་འདིར་བྷ་ར་ཏ་ལ་སོགས་པར་བརྗོད་དོ། །མཚོན་བྱ་དང་མཚན་ཉིད་དུ་ལྡན་པའི་གར་དག་མཱ་མ་ཀཱིས་བརྗོད་ཅེས་པ་ནི་བསྟན་པ་སྟེ་གང་ཞིག་འཇིག་རྟེན་ལས་རབ་ཏུ་གྲགས་པའི་བྷ་ར་ཏའི་བསྟན་བཅོས་ཉེ་བར་བསྟན་པས་འགྱུར་ ཞེས་དགོངས་སོ། །གར་འདི་ཉིད་ཀྱི་བསྐྱེད་པའི་ལུགས་གསུངས་པ། མཐུན་པའི་རྐང་སྟབས་ཤེས་ཞེས་པ་ལ་སོགས་པ་སྟེ། རྐང་པ་གཡོན་པའི་གཡོན་ལོགས་སུ་རྐང་པ་གཡས་པ་རབ་ཏུ་སྦྱར་བ་ནི་མཐུན་པའི་རྐང་སྟབས་ཞེས་བྱའོ། །རྐང་པ་གཡས་པའི་གཡས་ལོགས་སུ་རྐང་པ་གཡོན་ པ་རབ་ཏུ་སྦྱོར་བ་ནི་གཡོན་པའི་རིམ་པའི་རྐང་སྟབས་ཞེས་བྱའོ། །དེ་གཉིས་ཀྱིས་བསྐྱོད་པ་ནི་འགྱིང་བའི་རིམ་པ་རྐང་པ་གང་དུ་གར་བྱེད་པ་དེ་ནི་མཐུན་པའི་རྐང་སྟབས་དང་རིམ་པའི་སྟབས་བྱེད་པའོ། །ལ་ལར་མཐུན་པའི་རྐང་སྟབས་རིམ་པར་བྱེད་ཅེས་པའི་ཚིག་ཡོད་དོ། །དེའི་དོན་ནི་འདི་ཡིན་ ཏེ་ཇི་ལྟར་བཀོད་པའི་རིམ་པས་རྐང་པ་གཡས་པ་དང་གཡོན་པ་དག་གཡས་པ་དང་གཡོན་པས་ལོགས་སུ་བསྒྱིང་བས་གཞག་པ་ནི་མཐུན་པའི་རྐང་སྟབས་རིམ་པར་བྱེད་ཅེས་འགྱིང་བག་གིས་ལག་པ་དང་རྐང་པའི་བསྐྱོད་པ་ནི་ལ་ལི་ཏའོ། །རྣམ་པར་རྒྱས་པས་ལག་པ་དང་རྐང་པ་དག་གིས་བསྐྱོད་ 26-1-92a པ་དེ་ནི་རྣམ་པར་རྒྱས་པའོ། །ལ་ལར་རྣམ་པར་རབ་འཕྱང་ཞེས་པའི་ཚིག་ཡོད་དེ་དར་རྣམ་པར་རབ་ཏུ་འཕྱང་བར་གྱུར་པའི་སྒེག་ཆོས་གང་ཡིན་པ་དེ་ནི་དེ་ལྟར་ཞེས་པའི་དོན་ཏོ། །གང་གིས་པྲ་སྟ་ལ་སོགས་པའི་དངོས་པོ་སྟོན་པར་བྱེད་པ་སྟེ། དེ་ནི་གནས་ནས་འཇུག་ཅེས་ གསུངས་པ། པྲ་སྟ་ནི་ཞེས་པ་ལ་སོགས་པའོ། །པྲ་སྟ་ནི་རེག་པའོ། །བྷི་ལ་སར་བཅས་ནི་སྒེག་པ་དང་བཅས་པའོ། །སྟོན་པས་སྟོན་པའི་གནས་པ་ཉེ་བར་བསྡུས་པའོ། །བྷ་ར་ཏ་ཀ་བོད་པའི་མཚན་ཉིད་བརྗོད་དེ། ཅུང་ཟད་ལོགས་དང་ཅུང་ཟད་ཙམ་མདུན་དུ་དང་ཅུང་ཟད་བརྐྱང་བ་དང་གཉིས་པར་ཉེ་ བར་བསྙེན་པ་དང་། རང་གི་གནས་ནས་རྐང་མཐིལ་གྱི་ཚད་ཀྱིས་བཅག་པ་དང་། གང་ཞིག་ཚང་ར་བསྟོད་ནས་གར་བྱེད་པ་དེ་ནི་འགྱིང་བག་ཅན་ཏེ་ལག་པ་ནི་ངེས་པ་མེད་དོ། །གདོང་པ་ཞི་བར་ལྟ་ཞིང་ཟུར་མིག་གིས་ལྟ་བར་བྱེད་པ་ནི་གནས་བསྟན་ཞེས་པའི་གནས་སོ། །སྨིན་བསྐྱོད་ཅེས་པ་ནི་སྨིན་མ་ བསྒུལ་ཞིང་ཟུར་མིག་དང་བསྟོད་པ་དང་བསྡུས་པ་དང་རྒྱས་པ་སྟོན་པར་གྱུར་པས་གང་ཞིག་གར་བྱེད་པའོ། །ལག་པ་བསྐྱོད་པ་ཞེས་པ་ནི་ལག་པ་གཉིས་བསྐོར་ཞིང་བསྐྱོད་པ་སྟེ་འགྱིང་བག་གིས་ལག་པ་ལོགས་རྣམས་སུ་རབ་ཏུ་བརྐྱང་བའོ། །ལག་པའི་ལྕུག་མ་ནི་གཡོན་པའི་སོ་སོར་མི་སྤྲོ་བར་ དགོད་པ་དང་། རྒྱབ་ལ་སོགས་པར་ལག་པ་བསྟན་པའོ། །ལག་པ་བསྐྱོད་པའི་སྦྱོར་བ་དེས་བཅས་པས་སོ། །གར་བྱ་ཞེས་པ་ནི་བཞི་པའི་དོན་གྱིས་གསུངས་པའོ། །བརྒྱད་ཅེས་པ་ནི་འདི་རྣམས་དེ་མ་ཐག་ཏུ་གསུངས་པའི་བྷ་ར་ཏ་ལ་སོགས་པའོ། །ལག་པ་བསྐྱོད་པར་བྱ་བ་སྟེ། བརྒྱད་ ནི་གར་གྱི་རྣམ་པ་རྐང་སྟབས་སོ། །རྐང་སྟབས་ལྔ་ནི་བརྒྱད་དུ་འགྱུར་ཞེས་པའི་དོན་ཏོ། །བྷ་ར་ཏར་རྐང་སྟབས་ལྔ་ཞེས་བརྗོད། དེའི་གར་གྱིས་གར་བྱ་ཞེས་དགོངས་སོ། །རྐང་སྟབས་ལྔ་པོ་འདི་ཉིད་བརྒྱད་ཀྱི་དོན་གྱི་མཚན་ཉིད་དུ་བརྗོད་དོ། །སྔོན་དུ་བརྗོད་པའི་གནས་པ་བྱས་ནས་ལག་པ་གཡོན་པ་ཁ་འོག་ ཏུ་བསྟན་ཏེ་ལྟེ་བའི་གནས་སུ་བཟུང་བའོ། །ལག་པ་གཡོན་པ་ཐལ་ལྕག་གི་ཚུལ་དུ་གྱེན་དུ་བྱས་ནས་འགྱིང་བག་དང་བཅས་པས་རྐང་པ་རྐང་མཐིལ་ཙམ་གྱིས་གྱེན་དུ་བཏེག་ཅིང་གཡས་དང་གཡོན་པའི་རྐང་པའི་ཕྱི་ལོགས་སུ་སྦྱར་བར་བྱ་སྟེ། དེ་ཉིད་ཀྱིས་དུས་མཉམ་པར་ལྕུག་མ་ཞེས་བྱ་བ་སྟེ། ལག་ 26-1-92b པ་གཡོན་པ་གྱེན་དུ་བསྒྲེང་བ་དང་དེ་ནས་ལྟེ་བའི་གཡོན་ལོགས་སུ་དགོད་པའོ། །ཚང་ར་གཡས་ཕྱོགས་སུ་བྱས་ནས་ལག་པ་བསྐོར་ཞིང་དེ་ནས་གཡོན་ཕྱོགས་སུ། རྐང་པ་གཡོན་པ་བཏང་བ་དང་། ལྕུག་མའི་ལག་པས་གཡས་སུ་འགྱིང་བག་ཏུ་བྱ་བ་དང་། མགོ་བོ་ཅུང་ཟད་བསྟོད་ནས་ལུས་ཅུང་ཟད་ སྨད་དེ་འགྲོ་བའི་ཀང་སྟབས་ལྔ་ཞེས་པའོ། །ཅི་ཐབས་གཞན་གྱིས་དབང་བསྐུར་བ་ལ་སོགས་པ་མེད་དམ་གང་གིས་འདི་ལྟ་བུ་འདིར་བསྟན་ཞེས་དོགས་པ་བསལ་བའི་ཕྱིར། གར་གྱིས་ཀྱང་རང་འདོད་པའི་ལྷ་རྣམས་དགྱེས་པར་འགྱུར་ཏེ། དེའི་དོན་དུ་གསུངས་པས་ངེས་པ་མེད་དོ། །དེ་བཞིན་དུ་ཡང་ གསུངས་པ། དྲི་དང་ཕྲེང་བ་ལ་སོགས་པས། །ལྷ་རྣམས་དེ་བཞིན་དུ་དགྱེས་ཤིང་། །མཆོད་པར་གྱུར་པ་མ་ཡིན་ནོ། །ཇི་ལྟར་གླུ་སོགས་གར་གནས་ཀྱིས། །བསྟོད་པས་དགྱེས་ཤིང་བཀྲ་ཤིས་འགྱུར། །ཞེས་སོ། །དེ་གསུངས་པར་གྱུར་པ། གར་དང་གར་གྱིས་དབང་བསྐུར་སྦྱིན། །ཞེས་ པའོ། །ཡང་གསུངས་པ། གར་དང་གར་གྱིས་སྦྱིན་སྲེག་བྱ། །ཞེས་སོ། །སྙོམས་པར་འཇུག་པའི་རྣལ་འབྱོར་གྱིས་དེ་ཉིད་གསལ་བར་བྱ་བར་འདོད་པས་གསུངས་པ། གར་ཞེས་པ་ལ་སོགས་པའོ། །རྡོ་རྗེ་དབྱུག་པ་ཞེས་པ་ལ་བསྒྲུབ་བྱ་དེ་ཡང་རྡོ་རྗེ་བཅིང་བས་བླངས་ནས་དེ་ལ་འོ་བྱའོ། །དེས་ ཀྱང་དེའི་པདྨ་ལ་འོ་བྱའོ། །དེ་ལྟར་ལྷ་མོའི་པདྨ་ལ་འོ་བྱ་ཞིང་པདྨ་བསྟན་པར་བྱའོ། །མཆོད་པ་ཞེས་པ་ནི་རེག་པའི་མཆོད་པའོ། །གསང་བ་བསིལ་བར་ཤེས་ནས་མི་གཡོ་བར་རབ་ཏུ་གནས་ཞེས་གསུངས་པ། དེ་བཞིན་དུ་ནོར་བུ་གསང་བའི་ཐིག་ལེ་ལས་གསུངས་པ། གང་ཞིག་བསིལ་བར་བྱེད་པ་དེར། ། མི་གཡོ་བ་ནི་གཞག་པར་བྱ། །ཞེས་སོ། །དེ་ནས་བཅོམ་ལྡན་འདས་བདུད་རྩི་སྒོམ་པར་བྱེད་པར་འདོད་པས་དོན་འདི་གསུངས་པ། བདུད་རྩི་བསམ་གཏན་ཞེས་པ་ལ་སོགས་པའོ། །བདུད་རྩིའི་བསམ་གཏན་ནི་རྩ་ཐམས་ཅད་གཅིག་ཏུ་བྱས་ཏེ། མྱོས་བྱེད་འབབ་པ་འོ་མའི་རྒྱུན་འཛག་པར་གྱུར་པར་ བསྒོམ་པར་བྱ་ཞེས་པའི་དོན་ཏོ། །དེ་ནས་རྩའི་འོ་མའི་ཐིག་ལེ་གཞོམ་དུ་མེད་པར་བསྒོམ་པར་བྱ་ཞེས་གསུངས་པ། བསྒོམ་པས་ཞེས་པ་ལ་སོགས་པའོ། །བསྒོམས་པས་ཞེས་པ་ནི་རྩའི་འོ་མ་ལས་སྐྱེས་པ་གཞོམ་དུ་མེད་པར་དེ་མངོན་དུ་བྱེད་པར་འགྱུར་རོ། །དེ་ཉིད་འདི་ལྟར་བསྟན་ཏེ་མཆོག་ 26-1-93a ཅེས་པ་ལ་སོགས་པའོ། །མཆོག་ཅེས་པ་ནི་བླ་ན་མེད་པའོ། །དེ་ཉིད་ཅེས་པ་ནི་རང་རིག་པ་ཕྱིན་ཅི་མ་ལོག་པའོ། །བདུད་རྩི་ཞུ་བ་ལྟ་བུའི་ཐིག་ལེ་ཡི་གེའི་རྣམ་པའི་ཚུལ་ཞེས་པ་འདིར་བདུད་རྩི་ཐིག་ལེའི་གཟུགས་ནི་ཧ་ཡིག་ཅེས་པའི་དོན་ཏོ། །དེ་ཁོ་ན་ཉིད་རྟོགས་པར་བྱེད་པ་མཱ་མ་ ཀཱིས་གསལ་བར་བྱེད་ཅེས་གསུངས་པ་ནམ་མཁའི་དབུས་ཞེས་པ་ལ་སོགས་པའོ། །ནམ་མཁའི་དབུས་ཞེས་པ་ནི་བྱ་གདོང་མའི་ནང་དུ་སྟེ། པདྨའི་ལྟེ་བ་ནོར་བུས་འབིགས་པའི་ས་ཕྱོགས་སོ། །ཟླ་བ་བཞིན་ནི་ཟླ་བ་འཛག་པ་ལྟ་བུའོ། །ནོར་བུ་གསང་བའི་ཐིག་ལེ་ལས་གསུངས་པ། པདྨའི་དབུས་སུ་ ནོར་བུའི་ཚད། །ནོར་བུ་ཤེལ་བཞིན་རིག་པ་སྟེ། །ཞེས་གསུངས་པའི་འབྲས་བུ་དང་འདྲའོ་ཞེས་གསུངས། ཆ་དང་ཆ་མིན་ལས་གྲོལ་བའི་ཐིག་ལེའི་ཚུལ་ཉིད་ཀྱིས་སྟོང་པ་མཆོག་ཏུ་དགའ་བ་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་དོ། །དེ་ནས་བརྗོད་ཅེས་པ་ནི་ལེའུ་གཉིས་པར་གསལ་བར་བྱས་ པའོ། །དེ་ཉིད་རྒྱུན་མི་འཆད་པས་མི་ཟད་པའོ། །བསྟན་པའི་ཚུལ་ཉིད་ཀྱིས་འགྲིབ་པ་མེད་དོ། །རྩའི་སྦུབས་ལ་གནས་པ་ཉིད་ཀྱིས་ཕྲ་བའོ། །རྡོ་རྗེ་བདུད་རྩི་རྫོགས་པའི་རྒྱུད་ཉིད་ཀྱིས་རྡོ་རྗེ་སེམས་དཔའོ། །རྐན་དང་མཆུ་ལ་སོགས་པའི་རྩོལ་བས་གཞིག་ཏུ་མེད་པ་སྟེ། བརྗོད་དུ་མེད་ཅེས་ གཞོམ་དུ་མེད་པ་ནི་ཧ་ཡིག་ཅེས་པའི་དོན་ཏོ། །ཅི་འདི་རྣམས་ཐམས་ཅད་དུ་གནས་སམ་ཞེས་པ་ལ་མ་ཡིན་པར་གསུངས་པ། ལྟེ་བའི་ཞེས་པ་ལ་སོགས་པའོ། །ལྟེ་བ་ནི་པདྨའི་ལྟེ་བ་སྟེ་ཤིན་ཏུ་ཆགས་པ་ལ་བགྲོད་པའི་དུས་སུ་གང་དུ་གནས་པར་བྱ་བ་དེ་ནི་དབུས་སོ། །གང་གི་ལྟེ་བའི་ཞེས་པ་ལ་ གསུངས་པ་གེ་སར་ཞེས་པ་ལ་སོགས་པའོ། །གེ་སར་གསང་བའི་སྤྱོད་ཡུལ་ནིཔདྨའི་ལྟེ་བ་དྲུག་པའི་གནས་སུ་བདུན་པའོ། །དེར་གནས་ཞེས་པ་ནི་ཇི་ལྟར་ཤེས་པར་བྱ་ཞེས་པ་ལ་གསུངས་པ། འཛག་ཅེས་པ་ལ་སོགས་པའོ། །བྷ་ག་དང་ལིངྒ་ཡང་དག་པར་སྦྱོར་བའི་དབུས་སུ་མཉམ་ པར་གཞག་པའོ། །མཉམ་པར་ཆགས་པའི་དབུས་སུ་འཛག་པར་གྱུར་པ་ཁུ་བའི་གཟུགས་ཀྱིས་བདེ་བ་འཛག་པར་འགྱུར་ཏེ། ཆགས་པའི་དུས་སུ་རང་གི་རིག་མའི་མངོན་སུམ་ཉིད་ཀྱིས་ཉེ་བར་དམིགས་ཞེས་པའི་མན་ངག་འདིས་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་མེད་ན་དེ་དག་ཇི་ལྟར་ 26-1-93b རྟོགས་པར་འགྱུར་ཞེས་པའོ། །ཡོན་ཏན་མཐའ་དག་གི་འབྱུང་གནས་སུ་གྱུར་པ་ཉིད་ཀྱིས་འཇིག་རྟེན་པའི་ཡོན་ཏན་དེ་དག་ཀྱང་བསྟན་པའི་ཕྱིར་གསུངས་པ། དེ་ཉིད་ཅེས་པ་ལ་སོགས་པའོ། །དེ་ཉིད་ཅེས་པ་ནི་དེ་ཁོ་ན་ཉིད་ཀྱིས་རྒྱལ་པོའོ། །གང་ཞིག་ཕུང་པོ་ལྔ་དང་ལས་རྣམས་ཀྱི་གནས་ལ་ བརྟེན་པ་དེ་ནི་སྲོག་ཆགས་ཏེ་སེམས་ཅན་ནོ། །སྲོག་ནི་འཚོ་བ་ཞེས་པ་སྟེ་དབང་ཕྱུག་ཏུ་སྨྲ་བ་རྣམས་སོ། །རྣམ་པར་ཤེས་པ་ཕུང་པོའི་སྒྲས་ཕུང་པོ་ལྔ་པོ་རྣམས་སྤྱིར་སྨྲས་པའོ། །གྲངས་ཅན་གྱི་ལྟ་བའི་དབང་དུ་བྱས་ཏེ་གསུངས་པ། སངས་རྒྱས་ཞེས་པ་ལ་སོགས་པའོ། །གང་ཞིག་སྐྱེས་ བུའི་རང་བཞིན་ནང་དུ་ཤེས་པ་དེ་དབྱེ་ཞིང་རྟོགས་པས་སངས་རྒྱས་སོ། །གང་ཞིག་ལས་མཐའ་དག་དང་ལྡན་ཞིང་མཐོ་རིས་ཀྱི་ཆོས་ཀྱི་རྒྱལ་པོ་བྱེད་པ་དེ་ནི་རྡོ་རྗེ་འཛིན་པའོ། །བརྒྱ་བྱིན་ནི་གྲགས་པར་ཟད་དོ། །ཚངས་པ་ཞེས་པ་ནི་ཚངས་པར་སྨྲ་བ་རྣམས་ཀྱིས་ཐམས་ཅད་ཚངས་པའི་ གཟུགས་སུ་སྨྲ་བའོ། །པ་ར་ཧ་མ་སར་སྨྲ་བ་ཁྱབ་འཇུག་སྟེ། བ་ར་ཧ་མ་ས་ཞེས་སྨྲས་པའོ། །དབང་ཕྱུག་ཆེན་པོར་སྨྲ་བ་རྣམས་ཀྱིས་དབང་ཕྱུག་ཏུ་སྨྲའོ། །བཤད་ལུགས་གཞན་ནི་ཚངས་པ་དང་། ཁྱབ་འཇུག་དང་དབང་ཕྱུག་ཆེན་པོ་སྟེ་ལྷ་གསུམ་ནི་གཟུགས་གཅིག་ཅེས་དངོས་ པོ་གཅིག་ཏུ་སྨྲ་བ་རྣམས་སེམས་སོ། །འཇིག་རྟེན་པའི་རང་དབང་གི་དབང་དུ་བྱས་ཏེ་གསུངས་པ་ཞེས་པ་ལ་སོགས་པའོ། །སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བ་ཉིད་ཀྱིས་སམ། རྣམ་རྟོག་མེད་པར་དེས་ཕན་པ་དང་གནོད་པ་བྱེད་པ་ཉིད་ཀྱིས་སོ་ཞེས་བྱའོ། །དངོས་པོ་ཐམས་ཅད་མཉམ་ ཞིང་སྙོམས་པར་བྱེད་པས་ཆུ་ནི་ཆུ་ཉིད་དོ། །དངོས་པོ་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པའི་རྒྱུ་ཉིད་ཀྱིས་མེ་ཉིད་དོ། །དངོས་པོ་ཐམས་ཅད་རབ་ཏུ་བསྒྱུར་བ་ཉིད་ཀྱིས་རླུང་ངོ་། །རང་བཞིན་གྱིས་འོད་གསལ་བ་ཉིད་ཀྱིས་དང་། གོ་སྐབས་འབྱེད་པས་ནམ་མཁའོ། །ཤིང་ལ་སོགས་ པའི་ལྷ་རྣམས་ཀྱི་རང་བཞིན་ཉིད་ཀྱིས་བརྟན་པའོ། །གཡོ་བས་བྱིན་གྱིས་བརླབས་པ་འགྲོ་བ་རྣམས་ཏེ་རྐང་པས་རྒྱུ་བའོ། །སྣ་ཚོགས་ནི་ཚངས་པ་དང་མེ་ལྷ་རྣམས་ཀྱི་བྱེ་བྲག་གོ། །འདོད་པ་དང་གཟུགས་དང་གཟུགས་མེད་པའི་རང་བཞིན་གྱིས་ཁམས་གསུམ་པའོ། །མ་ལུས་ཞེས་པ་ 26-1-94a ནི་མ་ལུས་པ་ཐོབ་པར་བྱ་བའོ། །མང་དུ་བརྗོད་པས་ཅི་དགོས་ཏེ། དེ་ལྟར་གྱུར་པའི་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་རྒྱུ་དང་འབྲས་བུའི་རང་བཞིན་གྱི་དེ་ཁོ་ན་ཉིད་དོ། །བདག་ནི་རྡོ་རྗེ་བདུད་རྩིའོ། །བསམ་གཏན་བྱ་བ་ནི་གསལ་བར་བྱ་བའི་ཕྱིར་ཆོ་གས་མངོན་ དུ་བྱ་ཞེས་པའི་དོན་ཏོ། །དེའི་ཞེས་པ་ནི་ལས་ཀྱི་དྲུག་པའོ། །བསམ་གཏན་གཅིག་པུ་ནི་མ་ཡིན་ཏེ་དེའི་ཕྱིར། བདག་ཉིད་བསྐྱེད་པ་ཞེས་གསུངས་པ། དེ་ལས་བྱུང་ཞེས་པ་ལ་སོགས་པ་སྟེ། དེ་ལས་བྱུང་བ་ནི་རྡོ་རྗེ་བདུད་རྩིའི་དེ་ཁོ་ན་ཉིད་ཀྱིས་བསྐྱེད་པས་བདག་གོ། །ཁྱོད་དང་ཡང་དག་པར་ སྦྱོར་བའི་ཕྱིར་རྩའི་འོ་མའི་ཐིག་ལེ་དང་བཅས་པར་ཤེས་པར་དགོངས་སོ། །བདག་ཉིད་གཅིག་པུ་བསམ་གཏན་བྱ་བ་ནི་མ་ཡིན་ཏེ། ཚངས་པ་ལ་སོགས་པ་ཡང་ཚངས་པ་ཆེན་པོ་ལ་སོགས་པར་རྫོགས་ནས་རྡོ་རྗེ་བདུད་རྩིའི་གོ་འཕང་དུ་རྫོགས་པར་བསམ་གཏན་བྱ་ཞེས་གསུངས་པ། ཚངས་པ་ཁྱབ་ འཇུག་ཅེས་པ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་ཞེས་པ་ནི་རྒྱལ་ཚབ་ཏུ་དབང་བསྐུར་བ་བྱམས་པ་ལ་སོགས་པ་དེ་རྣམས་ཀྱང་རྡོ་རྗེ་བདུད་རྩིའི་གོ་འཕང་ཐོབ་པར་བྱ་བའི་ཕྱིར། རྡོ་རྗེ་བདུད་རྩི་རྒྱུད་ཀྱི་ཆོ་གས་འགྲུབ་པར་རིགས་སོ། །རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་ གཤེགས་པ་རྣམས་ཀྱང་རྡོ་རྗེ་བདུད་རྩི་བསྟན་པས་དེ་མངོན་དུ་བྱེད་པའོ། །ཤེས་བྱ་ཞེས་པ་ནིས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའོ། །ཤེས་པ་ནི་རྣམ་རྟོག་མེད་པ་གཉིས་སུ་མེད་པའི་རྣམ་པའི་བདག་ཉིད་དོ། །གཙོ་བོ་ནི་བདག་པོ་སྟེ་བྱང་ཆུབ་སེམས་དཔའ་བསམ་གཏན་བྱ་ཞེས་སྦྱར་རོ། ། ཚངས་པ་ལ་སོགས་པ་དེ་གཅིག་པུའི་བསྒོམ་པ་ནི་མ་ཡིན་ཏེ། དེའི་བསྟན་པ་རྟོགས་པས་ཀྱང་ལྷ་དེ་སྒོམ་པར་བྱེད་ཅེས་གསུངས་པ། སྐྱེ་དང་ཞེས་པ་ལ་སོགས་པ་སྟེ། སྤྲོ་བའི་དུས་སུ་ཐོག་མར་དབང་ཕྱུག་སྐྱེའོ། །རང་ཉིད་སྐྱེ་ཞེས་པ་ནི་ཇི་ལྟ་བུའི་ཚུལ་གྱིས་ཏེ་དེ་ལ་གུས་པ་རྣམས་ཀྱི་གཞུང་ངོ་། ། འཆི་བ་ཞེས་པ་ནི་དུས་སུ་སྨྲ་བ་རྣམས་འཆི་བའི་དུས་ཀྱི་ཚུལ་གྱིས་ནུབ་ཅེས་པ་སྟེ། སྡུད་པའི་དུས་སུ་གང་ཞིག་ནུབ་པ་མ་གོས་པ་ནམ་མཁའ་དང་མཉམ་པ་དེར་དབང་ཕྱུག་ནུབ་པར་འགྱུར་བ་ཞེས་པ་སྟེ། ལྷ་འདི་རྣམས་ཀྱི་རྣམ་པས་དབང་ཕྱུག་ཆེན་པོར་སྨྲའོ། །དེ་ཁོ་ན་ཉིད་ཀྱི་རྒྱལ་པོ་རྣམ་པ་ཐམས་ 26-1-94b ཅད་སྦྱོར་བ་ཐམས་ཅད་དང་ལྡན་པ་འགྲོ་བ་མཐའ་དག་སོ་སོར་སྤྲོ་བའི་བྱེད་པ་པོ་རང་དབང་ཞེས་པ་སྟེ་རིག་བྱེད་གསུམ་པོས་སྤྲོ་བའི་བྱེད་པ་པོའི་གཟུགས་སྒོམ་པར་བྱེད་དོ། །རང་བྱུང་ཞེས་པ་ནི་ལྷ་ཆེན་པོར་བརྗོད་དེ་སྡུད་པའི་དུས་སུ་ནུབ་ཅིང་མངོན་པར་གནས་ཤིང་སྦྲོ་བའི་དུས་སུ་རང་ཉིད་གསལ་བར་ འགྱུར་ཞེས་པའོ། །རང་བྱུང་དེའི་གཟུགས་ནི་དབང་ཕྱུག་ཆེན་པོའོ། །གཅིག་པུ་ཉིད་ཅེས་པ་ནི། ལ་ལ་དག་དེའི་ཕྱེད་ནི་མི་མོ་དང་། ཕྱེད་ནི་དབང་ཕྱུག་གི་གཟུགས་སོ། །ཐམས་ཅད་ཅེས་པས་ཐམས་ཅད་མཁྱེན་པ་སྟེ་རིག་བྱེད་གསུམ་བསྒོམ་པར་བྱ་ཞེས་པའོ། །ཀུན་དུ་ཞེས་པ་ནི་བརྟུལ་ ཞུགས་དྲུག་ཅུ་རྩ་བཞིའི་རྟགས་ཐོབ་ནས་ཐམས་ཅད་ལྷ་ཆེན་པོ་དེའི་རྣམ་པའི་བརྟུལ་ཞུགས་སོ། །ཞི་བ་ཞེས་པ་ནི་གནས་སྐབས་ཐམས་ཅད་ནི་དབང་ཕྱུག་ཆེན་པོ་དང་ཨུ་མ་ཞེས་སོ། །ཁ་ཅིག་ན་རེ་དབང་ཕྱུག་ཆེན་པོའོ། །ཞི་བར་ཞེས་པ་ནི་ཆ་དང་བྲལ་བར་རིག་བྱེད་གསུམ་བྷ་ག་དང་རྟགས་ཀྱི་ཚུལ་གྱིས་ ཐམས་ཅད་དུ་ཁྱབ་སྟེ་ཁྱབ་པ་ནི་དིས་ཏེ་ཞི་བ་ཉིད་ཀྱིས་སོ། །སྐྱེས་བུར་སྨྲ་བ་རྣམས་ཀྱི་དབང་དུ་བྱས་ཏེ་གསུངས་པ། དགང་བར་བྱ་ཞེས་པ་ལ་སོགས་པའོ། །དགང་བ་ཞེས་པ་ནི་ཚངས་པའི་སྒོ་ངའི་མཐར་ཐུག་པར་སྤྲོ་བར་ཀུན་དུ་དགང་བར་བྱ་ཞེས་པས་སྐྱེས་བུ་སྟེ། སྐྱེས་བུར་སྨྲ་བའི་མུ་ སྟེགས་པ་རྣམས་དེ་ལྟར་སྨྲ་སྟེ། དང་པོར་སྐྱེས་བུ་ཡོད་དེ་གང་ཞིག་འགྲོ་བ་རྣམས་སྐྱེད་ཅིང་སྡུད་པར་བྱེད་པས་སྐྱེས་བུ་སྟེ། དེས་ན་སྐྱེས་བུ་དེ་སྒོམ་པར་བྱེད་དོ། །གྲངས་ཅན་པས་ཡོངས་སུ་བརྟགས་པའི་སྐྱེས་བུའམ། སྐྱེས་བུ་ནི་ལུས་ཏེ་དགེ་བ་དང་མི་དགེ་བ་དང་ལས་རྣམས་ཀྱིས་ཀུན་དུ་འགེངས་ པས་ན། སྐྱེས་བུ་དེ་ཁྱབ་འཇུག་པ་རྣམས་ཀྱིའོ། །དབང་པོ་ནི་སྐྱེས་བུ་དང་རྣམ་པར་ཤེས་པ་སྐྱེས་བུར་འདོད་པ་ནི་སངས་རྒྱས་པའི་ཕྱོགས་གཅིག་ལ་བརྟེན་ཏེ་བཤད་པ་གསུངས་པའོ། །ལུས་ལ་གནས་པས་ལུས་ཅན་ཏེ། དེ་ཉིད་ནི་གནས་སྐབས་ཐམས་ཅད་དེ་ཞི་བ་པའི་ཕྱོགས་གཅིག་གོ། ། ལུས་ལ་གནས་ནས་དབང་པོ་ལ་སོགས་པའི་བྱེད་པས་སྔོན་པོ་ལ་སོགས་པ་རྟོགས་ཤིང་ཤེས་ཞེས་པ་སྟེ་བདག་རྟོགས་པ་པོ་སྒྲོན་མ་བཞིན་དོན་གསལ་བར་བྱེད་ཅེས་པ་སྟེ། ཞི་བ་གཉིས་སུ་མེད་པར་སྨྲ་བ་རྣམས་ཀྱི་སའོ། །ཁྱབ་འཇུག་གི་རྒྱུད་ཀྱི་དབང་དུ་བྱས་ཏེ་གསུངས་པ། རང་ཞེས་པ་ལ་ 26-1-95a སོགས་པའོ། །ཁྱབ་འཇུག་དབྱར་གྱི་དུས་སུ་ཆུའི་ནང་དུ་ཉལ་ཞིང་། སྟོན་ཟླ་ཐ་ཆུངས་ཀྱི་ཟླ་བ་ཉ་ལ་རང་ཉིད་རབ་ཏུ་སད་ཅིང་རྣམ་པར་རྟོག་པ་དེས་ན་ལྷ་སྟེ། དེའི་ཕྱིར་ཁྱབ་འཇུག་པ་རྣམས་དེ་སྒོམ་པར་བྱེད་དོ། །སྣ་ཚོགས་པའི་སྒྱུ་མས་ཐམས་ཅད་དུ་རྣམ་པར་ཁྱབ་པ་ འཇུག་སྟེ། སྒྱུ་མའི་གཟུགས་འདིས་ཁྱབ་འཇུག་གི་རྒྱུད་ཀྱི་རྣལ་འབྱོར་པ་རྣམས་སོ། །ངག་ཕུར་བུར་ཤེས་པ་དེའི་གཟུགས་ཀྱིས་ཚོགས་པའོ། །རྡོ་རྗེ་འཛིན་པ་ནི་བརྒྱ་བྱིན་དུ་གྱུར་པ་སྟེ་བརྒྱ་བྱིན་གྱི་ཚུལ་གྱིས་བསྒོམ་པར་འགྱུར་ཞེས་པས་ཐམས་ཅད་དུ་བལྟ་བར་བྱའོ། །ད་གསུངས་ པར་གྱུར་པ། རྡོ་རྗེ་པདྨ་སྦྱོར་གྱུར་པས། །འཇིག་རྟེན་པ་ཡི་ཡོན་ཏན་ཡང་། །ཡོན་ཏན་ཀུན་གྱི་རང་བཞིན་རྣམས། །དེ་རུ་རྟོགས་པར་བྱ་བ་ཡིན། །ཞེས་སོ། །གང་ཞིག་འཇིག་རྟེན་པའམ་འཇིག་རྟེན་ལས་འདས་པའི་ཡོན་ཏན་གྱི་བདག་ཉིད་དེ་དག་རབ་ཏུ་གསལ་བར་མི་བྱ་ཞེས་གསུངས་ པ། གསལ་མི་བྱ་ཞེས་པ་ལ་སོགས་པའོ། །དེ་མ་ཐག་ཏུ་ཉེ་བར་བསྟན་པ་དེ་རྣམས་གང་དག་ལ་གསང་བར་བྱ་ཞེས་པ་ལ་གསུངས་པ། གཡོན་ཅན་ཞེས་པ་ལ་སོགས་པའོ། །དམ་པའི་བྱ་བ་རྣམས་ཤེས་ནས་མི་བྱེད་ཅིང་མི་སྟེན་པ་ནི་གཡོ་ཅན་ནོ། །དགོས་པ་མེད་པ་ཉེ་བར་སྤྱོད་ཅིང་དགེ་བ་ ལ་ཟོལ་བྱེད་པ་ནི་ཟོལ་པོའོ། །བསླུས་པ་ནི་རྒྱུན་མའོ། །ཆད་ལྟ་ནི་ལོག་པར་ལྟ་བའོ། །སྔགས་དང་རྒྱུད་དང་སུན་འབྱིན་པས་ནི་དམ་ཚིག་ལ་སྡང་བའོ། །འདི་རྣམས་ལ་གསལ་བར་མི་བྱ་བར་ཤེས་ན་གང་རྣམས་ལ་གསལ་བར་བྱ་ཞེས་པ་ལ་གསུངས་པ། བླ་མ་དག་ལ་གུས་ཞེས་པ་ ལ་སོགས་པ་སྟེ། བདག་ཉིད་ཐམས་ཅད་ཀྱིས་དགེ་བ་ལ་བསྐྲུན་པ་ནི་བླ་མ་ལ་གུས་པའོ། །ཚུལ་ཁྲིམས་དང་དམ་ཚིག་ཕུན་སུམ་ཚོགས་པ་ནི་དུལ་བའོ། །གསང་བའི་དཀྱིལ་འཁོར་དུ་ཞུགས་པ་དང་དབང་བསྐུར་བས་སོ། །རྡོ་རྗེའི་སྒྲུབ་ཐབས་ཀྱི་རྒྱུད་འདིར་དངོས་གྲུབ་ཀྱི་སྒྲུབ་ཐབས་ ལ་འཇུག་པ་སྟེ་དྲུག་པའི་གནས་སུ་བདུན་པའོ། །འདི་རྣམས་བསྟན་ཞེས་པ་ནི་བརྗོད་པར་བྱ་ཞེས་པར་ངེས་པ་སྟེ། གང་ཞིག་ཐོས་པ་རྒྱ་ཆེ་བ་དེ་ནི་དེ་བཞིན་ནོ། །ཡང་དག་པར་བོས་ནས་དབང་བསྐུར་བའི་རིམ་པ་གསུངས་པ། རིག་མར་ལྡན་ཞེས་པ་ལ་སོགས་པའོ། །རིག་མ་ནི་སྔོན་ 26-1-95b དུ་གསུངས་པའི་གདོལ་པ་ལ་སོགས་པའི་ཕྱག་རྒྱ་དང་ཡང་དག་པར་སྦྱོར་བས་གང་ཞིག་དབང་བསྐུར་བ་དེ་ནི་རིག་མ་དང་ལྡན་པས་དབང་བསྐུར་བའོ། །རིག་མ་ཞེས་པ་ནི་སློབ་མ་དེ་ལ་དབང་བསྐུར་བ་སྦྱིན་པར་བྱའོ། །ཕྱིས་ནི་དེ་ཉིད་ཅེས་པ་ནི་ལྷ་རྣམས་ཀྱི་རྣལ་འབྱོར་སྔགས་དང་བཅས་པ་གསལ་བར་ བྱའོ། །དེ་ལ་དབང་བསྐུར་གསལ་བར་བྱ་བའི་ཕྱིར་གསུངས་པ། སློབ་དཔོན་ཞེས་པ་ལ་སོགས་པའོ། །སློབ་དཔོན་གྱིས་དབང་བསྐུར་བས་དེའི་རྡོ་རྗེ་ལ་སློབ་མ་དང་ཕྱག་རྒྱས་འོ་བྱའོ། །སློབ་དཔོན་གྱིས་ཀྱང་ཕྱག་རྒྱའི་པདྨ་ལ་འོ་བྱའོ། །བདུད་རྩི་མྱོང་བ་ཡང་བྱ་སྟེ་དེ་ལྟར་འདིར་དབང་ བསྐུར་བར་གྱུར་པས་སོ། །དེ་གསུངས་པར་གྱུར་པ་ཇི་ལྟ་བ་བཞིན་དུ་གསང་བའི་དཀྱིལ་འཁོར་རྣམ་པར་བྲིས་ཏེ། སློབ་དཔོན་རབ་ཏུ་ཞུགས་ནས་འདུས་པའི་མཆོད་པའི་དབང་བསྐུར་ནས་བསྟོད་པ་དང་། ཆོ་ག་ཕུན་སུམ་ཚོགས་པ་ཇི་ལྟར་གསུངས་པའི་ཆོ་གས་སློབ་མ་གཞུག་པར་བྱ་བ་དང་། ཕྱག་བཙལ་བ་དང་། མཆོད་ནས་དབང་བསྐུར་བ་ལ་སོགས་པའི་ལས་རྣམས་གར་སྔོན་དུ་སོང་བས་ཐམས་ཅད་ཕུན་སུམ་ཚོགས་པར་བྱ་ཞེས་པའོ། །མཱ་མ་ཀཱིས་རང་དགར་བསྟན་པ་མ་ཡིན་པ་བསྟན་པར་བྱ་བའི་ཕྱིར་གསུངས་པ། བཅོམ་ལྡན་རྡོ་རྗེ་ཅན་ཞེས་གསུངས་པ་ལ་སོགས་པའོ། ། སྔོན་བཞིན་དུ་ལེའུའི་མིང་དང་གྲངས་སུ་བཅས་པའི་ལེའུའི་ཉེ་བར་བསྡུ་བ་གསུངས་པ། རྡོ་རྗེ་བདུད་རྩི་ཞེས་པ་ལ་སོགས་པའོ། །གླུ་དང་གར་དག་སྔོན་དུ་གསུངས་པ་ནས། དེ་སྔོན་དུ་སོང་བའི་དབང་བསྐུར་བ་ནི་གླུ་དང་གར་གྱིས་དབང་བསྐུར་བ་དེས་དེ་ཁོ་ན་ཉིད་ཡོངས་སུ་རྟོགས་པ་ནི་དེ་ཁོ་ན་ཉིད་ ཤེས་པར་གྱུར་པ་སྟེ། གླུ་དང་གར་གྱིས་དབང་བསྐུར་ནས་དེ་ཁོ་ན་ཉིད་རྟོགས་པ་གང་གིས་སྟོན་པ་དེ་བཞིན་དུ་གསུངས་ཏེ། ལེའུ་བདུན་པའི་རྒྱ་ཆེར་བཤད་པའོ།། །།ད་ནི་མུ་སྟེགས་པ་རྣམས་གདུལ་བའི་ཕྱིར་དང་། ཁྲོ་བོ་ལ་མོས་པའི་རྣལ་འབྱོར་པ་རྣམས་རྗེས་སུ་ གཟུང་བའི་ཕྱིར་རྡོ་རྗེ་བདུད་རྩི་ཁྲོ་བོ་དེ་དང་བཅས་པར་ཤེས་པའི་དོན་དུ་དེ་ལ་དྲིས་པ་གསུངས་པ། ཡང་ནི་བཞེངས་ཞེས་པ་ལ་སོགས་པའོ། །ཡང་ཞེས་པ་དེ་མ་ཐག་ཏུ་བཞད་ཅིང་དྲིས་པ་དེ་མ་ཐག་ཏུ་བསྡུས་པའོ། །འདི་ཞེས་པ་ནི་མཆོད་པར་གྱུར་པའི་ཐུགས་ལ་གནས་པའི་དོན་ 26-1-96a རྣམས་གསལ་བར་བྱེད་པའི་ཚིག་གོ། །ཅི་ཞིག་གསུངས་ཞེས་པ་ལ་གསུངས་པ། བཅོམ་ལྡན་འདས་ཞེས་པ་ལ་སོགས་པའོ། །བཅོམ་ལྡན་ཞེས་པ་ནི་ཡང་དག་པར་བོད་པའོ། །ཐེ་ཚོམ་ནི་རྣམ་པར་རྟོག་པའོ། །གང་དུ་ཐེ་ཚོམ་འཁྲུངས་སྙམ་པ་ལ་འདིར་ ཞེས་པ་སྟེ། དེ་མ་ཐག་པའི་ཁྲོ་བོའི་ཏིང་ངེ་འཛིན་གྱི་ཡུལ་དེ་ཤེས་པས་བདག་ནི་ངོ་མཚར་བར་གྱུར་ཞེས་པ་ནི་ཚིག་ལྷག་མའོ། །ངོ་མཚར་གྱི་ཡུལ་ཉིད་གསུངས་པ། ཞི་བའི་གཟུགས་ཞེས་པ་ལ་སོགས་པའོ། །ཞི་བ་ཞེས་པ་ནི་ཁྱོད་འགྱིང་བཞད་དང་སྒེག་པའི་གཟུགས་སོ། །རྡོ་ རྗེ་ཅན་ནི་ཁྲོ་བོ་རྣམས་སོ། །འདི་ལྟར་ནི་ཅིའི་དོན་གྱིས་སོ། །ཇི་ལྟར་འགྱུར་ཞེས་པ་ནི་དེ་ལྟར་གསོལ་བ་བཏབ་པ་ཅན་ནོ། །བདག་ཉིད་ཁྲོ་བོའི་གཟུགས་སུ་བསྟན་པའི་ཕྱིར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་ནས་དྲིས་པའི་དེ་མ་ཐག་ཏུའོ། །ཁྲོ་བོའི་དབང་ཕྱུག་གི་རྣལ་ འབྱོར་གྱིས་བཅོམ་ལྡན་འདས་སོ། །རྡོ་རྗེ་ཅན་ནི་རྩེ་ལྔ་པའི་རྡོ་རྗེ་འདིས་ནི་རྡོ་རྗེ་ཅན་ཏེ། ཁྲོ་བོའི་གཟུགས་ནི་རྣམ་པར་ཕྱུང་། །ཞེས་འབྲེལ་ཏོ། །རྡོ་རྗེ་པདྨ་མཉམ་སྦྱོར་བ་ནི་བསྲུབ་བྱ་དང་སྲུབ་བྱེད་ཀྱིས་སྙོམས་པར་ཞུགས་པའི་དྲོད་ཀྱིས་རྩའི་འོ་མའི་བདུད་རྩིའི་ཐིག་ལེ་དེས་བདག་ཉིད་ཁྲོ་བོའི་ གཟུགས་སུ་རྣམ་པར་དབྱུང་ཞིང་སྤྲོ་ཞེས་པའི་དོན་ཏོ། །དེའི་རྣམ་པར་གསུངས་པ། འབར་ཞེས་པ་ལ་སོགས་པའོ། །འབར་བའི་ཕྲེང་བ་ཞེས་པའི་འོད་ཟེར་དམར་པོའི་དཀྱིལ་འཁོར་རོ། །དྲག་ཅེས་པ་ནི་རྣམ་པར་འགྱུར་ཞིང་མཆེ་བ་གཙིགས་པ་སྟེ་ཁ་དོག་སྔོན་པོ། ཕྱག་བརྒྱད་པ་ཞལ་བཞི་ནི་ སྔོན་པོ་དང་དུ་བ་ལྟ་བུ་དང་། སེར་པོ་དང་། དཀར་པོའོ། །ཐོད་པའི་ཕྲེང་བ་དང་བཅས་པའི་རྡོ་རྗེ་བདུད་རྩིའི་པུ་སྟིས་ཅོད་པན་དུ་བྱས་པ། རྒྱན་སྣ་ཚོགས་དང་རྒྱུ་མས་བརྒྱུས་པའི་མེ་ཏོག་གི་ཆུན་འཕྱང་ཅན་ཏེ་དཀྱིལ་འཁོར་ལ་འགྱིང་བག་གིས་གནས་སོ། །ཕྱག་མཚན་རྣམས་གསུངས་པ། ཁ་ཊྭཱཾ་ག་ ཞེས་པ་ལ་སོགས་པའོ། །མགོ་བོ་ཞེས་པ་ནི་མིའི་མགོ་བོའོ། །ཐོད་པ་ཞེས་པ་ནི་ཁྲག་གིས་བཀང་བའི་ཐོད་པའོ། །ཁྲག་ལ་དགྱེས་ཞེས་པ་ནི་སྲིན་པོའིའོ། །རྒྱུ་མ་ཞེས་པ་ནི་མིའི་རྒྱུ་མའི་ཕྲེང་བའོ། །ཕྲེང་བ་ཞེས་པ་ནི་རུས་པའི་ཕྲེང་བའོ། །རྡོ་རྗེ་ཞེས་པ་ནི་རྡོ་རྗེ་ཉིད་དོ། །འཆང་ 26-1-96b ཞེས་པ་ནི་རྩེ་གསུམ་མོ། །གཡས་པར་རྡོ་རྗེ་དང་། རྒྱུ་མ་དང་། མགོ་བོ་དང་། རྩེ་གསུམ་མོ། །གཡོན་པར་ཁ་ཊྭཱཾ་ག་དང་། ཐོད་པ་དང་། སྲིན་པོའི་མགྲིན་པ་དམར་པོ་བཙིར་བ་དང་། རུས་པའི་ཕྲེང་བའོ། །གཉིས་ཀྱིས་ནི་དྲ་བའི་ཕྱག་རྒྱའོ། །རིག་མ་བརྒྱད་ནི་སོ་ཨུད་ཀ་ཏ་ལ་སོགས་པའོ། ། དུར་ཁྲོད་ཆེན་པོ་ནི་ཚངས་པ་དང་དབང་ཕྱུག་ལ་སོགས་པའི་མགོ་བོའི་རུས་པ་དང་བྲང་རུས་རྐེད་རུས་ལ་སོགས་པ་མ་མོའི་རིགས་དང་བཅས་པའོ། །དུར་ཁྲོད་ན་གནས་པ་གང་ཞིག་འབྱུང་པོ་དང་རོ་ལངས་ལ་སོགས་པ་དེ་རྣམས་ཕྱེད་ཀྱི་སྒྲ་འབྱིན་ཅིང་འཇིགས་པ་མི་བཟད་པས་གང་བའི་དུར་ཁྲོད་ན་ གནས་པ་འབྱུང་པོ་དང་རོ་ལངས་ནི་སྐྲ་རིངས་ལ་སོགས་པའོ། །དེ་ལྟ་བུར་གྱུར་པའི་དུར་ཁྲོད་ཆེན་པོ་ན་ཚངས་པ་ལ་སོགས་པའི་ལྷ་རྣམས་ཟ་བར་དགོངས་སོ། །ཧེ་རུ་ཀ་ཞེས་པའི་ཁྲོ་བོ་ནི་གཟུགས་སུ་བདག་ཉིད་འཛིན་པའི་བརྟུལ་ཞུགས་ཅན་ནོ། །རིག་མ་བརྒྱད་བསྟན་པའི་ཕྱིར་གསུངས་པ། གཙིགས་བཅས་ཞེས་པ་ལ་སོགས་པའོ། །གཙིགས་བཅས་ནི་ཁ་དོག་སེར་པོ་ཞལ་གསུམ་ནི་སེར་པོ་དང་དཀར་པོ་དང་། ཉི་མའི་མདོག་གོ། །ཕྱག་དྲུག་ནི་རལ་གྲི་དང་། རྡོ་རྗེ་དང་། མགོ་བོ་དང་། ཁ་ཊྭཱཾ་ག་དང་། ཐོད་པ་དང་། རུས་པའི་ཕྲེང་བ་རྣམས་གཡས་པ་དང་གཡོན་པའི་ཕྱག་གིས་འཛིན་པ་ སྟེ་ཤར་ན་གནས་པའོ། །རྣམ་གཙིགས་མ་ནི་ཁ་དོག་སྔོན་པོ་ཞལ་གསུམ་ལ་སྔོན་པོ་དང་། དཀར་པོ་དང་། ཉི་མ་ལྟ་བུའོ། །ཕྱག་དྲུག་ན་རལ་གྲི་དང་། རྡོ་རྗེ་དང་། མགོ་བོ་དང་། རྒྱུ་མའི་ཕྲེང་བ་དང་། ཁ་ཊྭཱཾ་ག་དང་། ཐོད་པ་འཛིན་པ་སྟེ་ནུབ་ཏུའོ། །གཡུང་མོ་ནི་ཁ་དོག་དུ་བའི་མདོག་ལྟ་བུ་སྟེ། ཞལ་ གསུམ་ནི་དུ་བ་དང་། དཀར་པོ་ཉི་མ་ལྟ་བུའོ། །ཕྱག་དྲུག་ནི་རལ་གྲི་དང་། རུས་པའི་ཕྲེང་བ་དང་། རྡོ་རྗེ་དང་། ཁ་ཊྭཱཾ་ག་དང་། མགོ་བོ་དང་། ཐོད་པ་རྣམས་འཛིན་པ་བྱང་དུའོ། །སེར་སྐྱ་མ་ནི་ཁ་དོག་དམར་པོ་སྟེ་ཞལ་གསུམ་ནི་དམར་པོ་དང་། དཀར་པོ་དང་། ནག་པོའོ། །ཕྱག་དྲུག་ནི་རལ་གྲི་ དང་། རྒྱུ་མའི་ཕྲེང་བ་དང་། རྡོ་རྗེ་དང་། ཁ་ཊྭཱཾ་ག་དང་། ཐོད་པ་དང་། སྲིན་པོའི་མགྲིན་པ་འཛིན་པ་སྟེ་མེ་རུའོ། །ཀུ་ལི་ནི་ཁ་དོག་ནག་པོ་སྟེ། ཞལ་གསུམ་ནི་ནག་པོ་དང་། དཀར་པོ་དང་། ཉི་མ་ལྟ་བུའོ། །ཕྱག་དྲུག་ནི་རལ་གྲི་དང་། མགོ་བོ་དང་། རྩེ་གསུམ་པ་དང་། ཁ་ཊྭཱཾ་ག་དང་། ཐོད་པ་དང་། རྒྱུ་ 26-1-97a མའི་ཕྲེང་བ་རྣམས་བསྣམས་པ་བདེན་བྲལ་དུའོ། །ཨག་གུ་ནི་ཁ་དོག་སེར་པོ་སྟེ། ཞལ་གསུམ་ནི་སེར་པོ་དང་། དཀར་པོ་དང་། ཉི་མའི་མདོག་གོ། །ཕྱག་དྲུག་ནི་རལ་གྲི་དང་། རྡོ་རྗེ་དང་། རུས་པའི་ཕྲེང་བ་དང་། ཁ་ཊྭཱཾ་ག་དང་། ཐོད་པ་དང་། སྲིན་པོ་འཛིན་པ་རླུང་དུའོ། །ད་རུ་ནི་ ཁ་དོག་ནག་པོ་སྟེ། ཞལ་གསུམ་ནི་སེར་པོ་དང་། དཀར་པོ་དང་། ཉི་མ་ལྟ་བུའོ། །ཕྱག་དྲུག་ནི་རལ་གྲི་དང་། རྒྱུ་མའི་ཕྲེང་བ་དང་། རྡོ་རྗེ་དང་། ཁ་ཊྭཱཾ་ག་དང་། ཐོད་པ་དང་། མི་མགོ་རྣམས་དགོད་དོ། །ལྷ་མོས་ཡོངས་སུ་བསྐོར་ཞེས་པའི་ཚིག་གིས་འདིར་དཀྱིལ་འཁོར་ཉེ་བར་བསྡུས་ཏེ་རོ་ལངས་ བསྒྲུབ་པའི་ལེའུ་གསུངས་པའོ། །བ་ལང་རྣ་ལ་སོགས་པའི་སྒོ་སྐྱོང་རྣམས་དང་མེ་ཏོག་མ་དང་པི་ཝང་མའི་མཐར་ཐུག་པའི་ལྷ་རྣམས་ཀྱང་བལྟ་བར་བྱའོ། །དཀྱིལ་འཁོར་པ་ཐམས་ཅད་ནི་དྲག་པོ་རྒྱན་ཐམས་ཅད་དང་ལྡན་པ་རྡོ་རྗེ་གཙུག་ཏོར་ནོར་བུའི་ཅོད་པན་ཅན། འོད་དམར་པོའི་དཀྱིལ་འཁོར་ལ་གླུ་ བླང་བའི་དགོངས་པ་དང་གར་བྱེད་པས་ཐོད་པའི་གནས་ལ་གནས་པར་བྱའོ། །གང་ཞིག་གླུ་ལེན་པས་རྣམ་པར་གནས་པར་གྱུར་པ་དེ་ནི་གླུ་ལེན་པར་བསྟན་ཏེ། མཆེ་བ་གཙིགས་ཤིང་འཇིགས་པ་ཆེན་པོ་ལ་སོགས་པས་སོ། །ཧེ་རུ་ཀའི་བཟླས་པའི་སྔགས་གསུངས་པ། བཟླས་པའི་ སྔགས་ཞེས་པ་ལ་སོགས་པའོ། གསུམ་པའི་ཞེས་པ་ནི་ཙའི་སྡེའོ། །གསུམ་པ་ནི་ཛའོ། །བདུན་པའི་ཞེས་པ་ནི་ཡའི་སྡེའོ། །བཞི་པ་ནི་ཝ་ཡིག་སྟེ་དེ་ཉིད་གང་གི་གདན་ཡིན་པ་དེ་ནི་དེ་བཞིན་ནོ། །བདུན་པའི་ཞེས་པ་ནི་ཡའི་སྡེའོ། །གསུམ་པ་ནི་ལའོ། །སྔོན་གྱི་ཡི་གེའི་དེ་ མ་ཐག་ཏུ་བྲི་བའོ། །གཉིས་གཉིས་ཞེས་པ་དེ་ནི་དེ་མ་ཐག་ཏུ་བཏུས་པའི་ཡི་གེ་གཉིས་པ་ལན་གཉིས་སུ་བྱའོ། །དེ་ཉིད་མཐའ་དག་ཡང་དག་པར་ལྡན་ཞེས་པ་ནི་ཟླ་ཕྱེད་དང་ཐིག་ལེར་ལྡན་པ་སྟེ་ཨུ་ཡིག་གི་ཧ་དེ་དང་བཅས་པར་ཡོད་ཅེས་པའོ། །དེ་ནི་ཧཱུཾ་ཡིག་སྟེ་དེ་དང་ཡང་དག་པར་ལྡན་ པ་ནི་དེ་ཉིད་ནི་མཐའ་དག་ཡང་དག་པར་ལྡན་ནོ། །ཧཱུཾ་ཡིག་གི་དེ་མ་ཐག་ཏུ་ཕཊ་ཡིག་བྲི་བར་བྱའོ། །དྲུག་པའི་ཞེས་པ་ནི་པའི་སྡེའོ། །བཞི་པ་ནི་བྷ་ཡིག་སྟེ་དེའི་བཏུ་བའི་བདུན་པའི་དང་པོས་གདན་དུ་བྱས་ཞེས་པ་ནི་བདུན་པའི་སྡེའོ། །དེའི་དང་པོ་ནི་ཡ་ཡིག་སྟེ་དེ་ཉིད་ཀྱིས་གདན་དུ་བྱས་ 26-1-97b པ་གང་ཡིན་པ་དེ་ནི་བདུན་པའི་དང་པོས་གདན་དུ་བྱས་པའོ། །བྷ་ཡིག་དེ་ཉིད་བཅུ་གསུམ་པ་ཨོཾ་ཡིག་དེས་སྤྱི་བོར་མཉམ་པར་མནན་པའོ། །དེ་དང་ལྡན་པར་སྭཱ་ཧཱའི་ཡི་གེའོ། །ཨོཾ་བཛྲ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ་བྷྱོ་སྭཱ་ཧཱ། དཔལ་ཧེ་རུ་ཀ་འཁོར་དང་བཅས་པའི་རྩ་བའི་སྔགས་སོ། །སྔགས་འདིའི་ཆེ་བའི་ཡོན་ཏན་གསུངས་ པ། འདི་ཉིད་ཅེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་བདུད་རྩིའི་མཛད་པ་པོ་ཉིད་གསུངས་པ། བཅོམ་ལྡན་ཞེས་པ་ལ་སོགས་པའོ། །སྔོན་བཞིན་ལེའུའི་ཉེ་བར་བསྡུ་བ་གསུངས་པ། རྡོ་རྗེ་བདུད་རྩི་ཞེས་པ་ལ་སོགས་པའོ། །ལེའུ་གང་དུ་དཔལ་ཧེ་རུ་ཀ་བསྐྱེད་པ་བསྟན་པ་དེ་ནི་དེ་བཞིན་ནོ། །ལེའུ་བརྒྱད་པའི་རྒྱ་ ཆེར་བཤད་པའོ།། །།དེ་ལ་རེ་ཞིག་ཧེ་རུ་ཀ་ཞེས་བྱ་བའི་གཙོ་བོའི་རིགས་ཀྱི་ཁྲོ་བོ་དེས་བསྟན་ནས་གཞན་ཡང་རིགས་མི་མཐུན་པའི་ཁྲོ་བོ་ཡོད་དེ་དེ་ཡང་བསྟན་པའི་ཕྱིར་གསུངས་པ། དེ་ནས་གཞན་ཡང་ཞེས་པ་ལ་སོགས་པའོ། །དེ་ནས་དེ་མ་ཐག་ཏུའོ། །གཞན་ ཞེས་པ་ནི་འགྱིང་བག་དང་། སྙིང་རྗེ་ཅན་གྱི་ཁྲོ་བོ་ལས་གཞན་ཏེ་ཤིན་ཏུ་ཡང་ཁྲོ་བོའི་རིགས་གཅིག་ཏུའོ། །བཟོད་པར་དཀའ་བའི་ཁྲོ་བོའི་གཟུགས་སོ། །མིང་ཅི་ཞིག་ཅེས་བྱ་བ་ལ། བདུད་རྩི་འཁྱིལ་པ་ཞེས་པའོ། །ཐོག་མར་མིང་བསྟན་ནས། དེའི་རྣམ་པ་གསུངས་པ། ཞལ་གསུམ་ཞེས་ པ་ལ་སོགས་པ་སྟེ། ནག་པོ་དང་། དཀར་པོ་དང་། ཉི་མ་ལྟ་བུའི་ཞལ་གསུམ་མོ། །ཕྱག་དྲུག་དྲག་པོ་ཞེས་པ་ནི་མཆེ་བ་གཙིགས་པའོ། །མིག་སྨན་ནག་པོ་ཞེས་པ་ནི་ཤིན་ཏུ་ཡང་མཉེས་པའི་མིག་སྨན་གྱི་ཁ་དོག་གོ། །འབར་བ་ཞེས་པ་ནི་འོད་དམར་པོའི་འབར་བའི་དཀྱིལ་འཁོར་རོ། ། གཏུམ་པོ་ཞེས་པ་ནི་རབ་ཏུ་ཡང་གཏུམ་པོའི་མིག་གོ། །སེར་པོ་ཞེས་པ་ནི་མིག་སེར་ཞིང་སྨིན་མ་སེར་བ་དང་། སྤུ་གྱེན་དུ་འབར་བའི་སྤྱི་བོར་རྡོ་རྗེ་བདུད་རྩིའི་པུསྟིས་མཚན་པ་གསུས་པ་འཕྱང་བ་བོང་ཐུང་བ་ཆོས་འབྱུང་གི་སྟེང་དུ་པདྨ་འདབ་བརྒྱད་ལ་གནས་པ། འགྱིང་བག་ཏུ་བྱ་སྟེ་རྐང་པ་ གཡོན་པས་བགེགས་ཀྱི་རྒྱལ་པོ་མཉམ་པར་མནན་པའོ། །ཕྱག་མཚན་རྣམས་གསུངས་པ། སྟ་རེ་ཞེས་པ་ལ་སོགས་པ། སྟ་རེ་དང་། རལ་གྲི་དང་། རྡོ་རྗེ་གཡས་ནའོ། །གཡོན་ན་སྡིགས་མཛུབ་དང་། གཏུན་ཤིང་དང་། ཞགས་པའོ། །རིག་མ་བརྒྱད་ནི་འཆད་པར་འགྱུར་བ་རྣམས་སོ། ། 26-1-98a སྒོ་སྐྱོང་རྣམས་ནི་ལྕགས་ཀྱུ་མ་ལ་སོགས་པ་སྔོན་དུ་གསུངས་པའོ། །ཤར་དུ་རྡོ་རྗེ་ལྕགས་ཀྱུ་མ་ནི་ཁ་དོག་དམར་མོ་སྟེ། ཞལ་གསུམ་ནི་དམར་པོ་དང་། དཀར་པོ་དང་། ནག་པོའོ། །ཕྱག་དྲུག་ན་ལྕགས་ཀྱུ་དང་། རལ་གྲི་དང་། རྡོ་རྗེ་དང་། གཏུན་ཤིང་དང་། སྟ་རེ་ དང་། སྡིགས་མཛུབ་བོ། །ལྷོར་རྡོ་རྗེ་ཞགས་པ་མ་ནི་ཁ་དོག་སེར་པོ་སྟེ། ཞལ་གསུམ་ནི་སེར་པོ་དང་། དཀར་པོ་དང་། ཉི་མ་ལྟ་བུའོ། །ཕྱག་དྲུག་ནི་ཞགས་པ་དང་།རལ་གྲི་དང་། རྡོ་རྗེ་དང་། གཏུན་ཤིང་དང་། སྟ་རེ་དང་། སྡིགས་མཛུབ་བོ། །ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་མ་ནི་ཁ་དོག་དཀར་པོ་ ཞལ་གསུམ་ནི་དཀར་པོ་དང་། ནག་པོ་དང་། ཉི་མ་ལྟ་བུའོ། །ཕྱག་དྲུག་ནི་ལྕགས་སྒྲོག་དང་། རལ་གྲི་དང་། སྟ་རེ་དང་། གཏུན་ཤིང་དང་། རྡོ་རྗེ་དང་། སྡིགས་མཛུབ། །བྱང་དུ་རྡོ་རྗེ་དྲིལ་བུ་མ་ནི་ཁ་དོག་ལྗང་གུ་སྟེ། ཞལ་གསུམ་ནི་ལྗང་གུ་དང་། དཀར་པོ་དང་། ནག་པོའོ། །ཕྱག་དྲུག་ན་ དྲིལ་བུ་དང་། རྡོ་རྗེ་དང་། རལ་གྲི་དང་། སྟ་རེ་དང་། གཏུན་ཤིང་དང་། སྡིགས་མཛུབ་བོ། །སྒོ་སྐྱོང་རྣམས་ནི་རྣམ་པར་འགྱུར་ཞིང་མཆེ་བ་གཙིགས་པ། སྐྲ་སེར་པོ་གྱེན་དུ་འགྲེང་བ། སྤྱི་བོར་རྡོ་རྗེ་བདུད་རྩིའི་པུསྟིས་མཚན་པ། རྒྱན་སྣ་ཚོགས་དང་ལྡན་པ་ཉི་མའི་འོད་ཅན་པདྨའི་གདན་ལ་འགྱིང་ བག་ཏུ་བསྒོམ་པར་བྱའོ། །ཁྲོ་བོའི་གདན་པདྨ་ལ་རིག་མ་རྣམས་དགོད་པར་གསུངས་པ། བདུད་རྩི་ཞེས་པ་ལ་སོགས་པའོ། །བདུད་རྩི་མ་ནི་ཁ་དོག་སྔོན་པོ་ཞལ་གསུམ་ནི་ནག་པོ་དང་། དཀར་པོ་དང་། ཉི་མ་ལྟ་བུའོ། །ཕྱག་དྲུག་ནི་པདྨ་དང་། བདུད་རྩིའི་སྣོད་དང་། རྡོ་རྗེ་དང་། སྟ་རེ་དང་། ཞགས་ པ་དང་། སྡིགས་མཛུབ་ཅན་ཏེ་ཤར་ན་གནས་པའོ། །བདུད་རྩི་ཞལ་མ་ནི་པྲི་ཡང་ཀུ་ལྗང་གུ་སྟེ། ཞལ་གསུམ་ནི་པྲི་ཡང་ཀུ་དང་། ཉི་མ་ལྟ་བུའོ། །ཕྱག་དྲུག་ནི་པདྨ་དང་། མེ་ལོང་དང་། སྟ་རེ་དང་། ཞགས་པ་དང་། གཏུན་ཤིང་དང་། སྡིགས་མཛུབ་བྱེད་པ་ལྷོར་རོ། །བདུད་རྩི་ལུས་ཅན་མ་ནི་ ཨུཏྤལ་སྔོན་པོའི་ཁ་དོག་སྟེ། ཞལ་གསུམ་ནི་སྔོན་པོ་དང་། དཀར་པོ་དང་། ཉི་མ་ལྟ་བུའོ། །ཕྱག་དྲུག་ནི་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སངས་རྒྱས་ཀྱི་གཟུགས་དང་། རལ་གྲི་དང་། སྟ་རེ་དང་། ཞགས་པ་དང་། སྡིགས་མཛུབ་ཅན་ནུབ་ཏུའོ། །བདུད་རྩི་སྤྱན་མ་ནི་ཁ་དོག་ 26-1-98b དཀར་པོ་སྟེ། ཞལ་གསུམ་ནི་དཀར་པོ་དང་། ནག་པོ་དང་། དམར་པོའོ། །ཕྱག་དྲུག་ནི་པདྨས་མཚན་པའི་སྤྱན་དང་། ཟླ་བ་དང་། རལ་གྲི་དང་། སྟ་རེ་དང་། ཞགས་པ་དང་། སྡིགས་མཛུབ་ཅན་ཏེ་བྱང་དུའོ། །འདི་རྣམས་ནི་རིམ་པ་བཞིན་ནོ། །ཨ་མི་ཡ་ནི་ནམ་མཁའ་ལྗང་གུ་སྟེ། ཞལ་ གསུམ་ནི་ལྗང་གུ་དང་། དཀར་པོ་དང་། ཉི་མ་ལྟ་བུའོ། །ཕྱག་དྲུག་ནི་པདྨ་དང་། རལ་གྲི་དང་། གཏུན་ཤིང་དང་། ཞགས་པ་དང་། སྟ་རེ་དང་། སྡིགས་མཛུབ་བྱེད་པ་སྟེ་མེ་རུའོ། །གཟུགས་བཟང་མ་ནི་གསེར་གྱི་ཁ་དོག་སྟེ། ཞལ་གསུམ་ནི་གསེར་གྱི་མདོག་དང་། དཀར་པོ་དང་། ཉི་མ་ ལྟ་བུའོ། །ཕྱག་དྲུག་ནི་པདྨ་དང་། རྡོ་རྗེ་དང་། རལ་གྲི་དང་། སྟ་རེ་དང་། ཞགས་པ་དང་། སྡིགས་མཛུབ་ཅན་ཏེ་བདེན་བྲལ་དུའོ། །སྣང་བཟང་མ་ནི་ཁ་དོག་སེར་སྐྱ་སྟེ་ཞལ་གསུམ་ནི་སེར་སྐྱ་དང་། དཀར་པོ་དང་། ཉི་མ་ལྟ་བུའོ། །ཕྱག་དྲུག་ནི་པདྨ་དང་། རྡོ་རྗེ་དང་། རལ་གྲི་དང་། ཞགས་པ་ དང་། སྟ་རེ་དང་། སྡིགས་མཛུབ་ཅན་ཏེ་རླུང་དུའོ། །བདེ་སྒྲུབ་མ་ནི་ཁ་དོག་དམར་པོ་སྟེ། ཞལ་གསུམ་ནི་དམར་པོ་དང་། དཀར་པོ་དང་། ནག་པོའོ། །ཕྱག་དྲུག་ནི་པདྨ་དང་། རལ་གྲི་དང་། སྟ་རེ་དང་། ཞགས་པ་དང་། གཏུན་ཤིང་དང་། སྡིགས་མཛུབ་ཅན་ཏེ་དབང་ལྡན་དུའོ། །ཐམས་ཅད་ཁྲོ་བོའི་ གཟུགས་ཅན་རྒྱན་སྣ་ཚོགས་དང་ལྡན་པ་ནོར་བུ་འཛིན་པ་འོད་དམར་པོ་དང་ལྡན་ཞིང་འགྱིང་བག་གི་ཞབས་ཀྱིས་གནས་པའོ། །ཕྱོགས་ཀྱི་ལྷ་མོ་རྣམས་གར་བྱེད་པར་སྟོན་པ་ནི། བཞད་ཅེས་པ་ནི་ཅུང་ཟད་བཞད་པའོ། །མཚམས་ཀྱི་ལྷ་མོ་རྣམས་ཀྱང་ཀུ་ཅོའི་སྒྲ་བྱེད་ཅིང་ཤིན་ཏུ་ཡང་བཞད་པས་ཅ་ཅོའི་ སྒྲ་བྱེད་པར་ཤེས་པར་བྱའོ། །བདུད་རྩི་འཁྱིལ་བའི་སྔགས་བསྟན་པ་གསུངས་པ། སྔགས་ཀྱི་རྒྱལ་པོ་ཞེས་བྱ་བ་ལ་སོགས་པའོ། །རྗེས་སུ་དྲན་པ་ཞེས་བྱ་བ་ནི་སྔགས་བཏུ་བས་སྔགས་ཤེས་པར་བྱ་ཞེས་པའི་དོན་ཏོ། །སྔགས་བཏུ་བ་གསུངས་པ། ཡང་ན་ཞེས་པ་ལ་སོགས་པའོ། ། ཡང་ནི་ཞེས་པ་ནི་དེ་མ་ཐག་ཏུའོ། །ཐོག་མར་ནི་དང་པོར་རོ། །རྣམ་སྣང་ནི་ཨོཾ་ཡིག་གོ། །སྦྱིན་ཞེས་པ་ནི་བྲི་ཞེས་པའི་དོན་ཏོ། །དིའི་ནི་ཡི་གེའི་མིང་ཅན་ནོ། །རྐང་པ་ནི་དེའི་རྐང་པའོ། །དེས་གང་བ་ནི་ཨོཾ་ལ་སྟེ་དེའི་དེ་མ་ཐག་ཏུ་བྲི་བར་བྱ་ཞེས་པའི་དོན་ཏོ། །དང་པོའི་ཞེས་པ་ནི་ 26-1-99a ཨའི་སྡེ་ཚན་ནོ། །དེའི་གཉིས་པ་ནི་ཨ་ཡིག་གོ། །སྟོང་པ་ཞེས་པ་ནི་དབྱངས་མེད་པའི་མ་ཡིག་གོ། །དེ་ཉིད་ཀྱི་གདན་ནི་དེས་འོག་ཏུ་ལྡན་པ་ནི་མ་ཡིག་སྟེ་སྟོང་པའི་གདན་དུ་མཾ་དག་པར་ལྡན་པ་ནི་མ་ཡིག་སྟེ། སྟོང་པའི་གདན་ལ་ཡང་དག་པར་ལྡན་པའོ། །སྟོང་པ་ ཞེས་པ་ནི་ཨ་ཡིག་གོ། །སྟོང་པ་ཞེས་པ་ནི་ཐིག་ལེའི་རྒྱུས་ཏེ་དབྱངས་མེད་པའི་ཨ་ཡིག་སྟེ། དེའི་སྤྱི་བོར་བརྒྱན་ཅིང་མཐར་སྭཱ་ཧཱའི་ཡི་གེ་ཨོཾ་ཨ་མྲྀ་ཏེ་ཀུཎྜ་ལི་ཨ་ཨཾ་སྭཱ་ཧཱ། བདུད་རྩི་འཁྱིལ་པ་འཁོར་དང་བཅས་པའི་རྩ་བའི་སྔགས་སོ། །འདིའི་སྒྲུབ་ཐབས་བསྟན་པའི་ཕྱིར་ གསུངས་པ། ཤིན་ཏུ་ཞེས་པ་ལ་སོགས་པའོ། །ཤིན་ཏུ་ཆགས་པའི་ལོངས་སྤྱོད་ནི་ཁྲོ་བོའི་དབང་པོ་གཉིས་སྙོམས་པར་འཇུག་པའི་རྣལ་འབྱོར་དེས་བདུད་རྩི་དྲོ་བ་མྱོས་བྱེད་འབབ་པའི་རྩའི་འོ་མ་བདུད་རྩི་ལྟ་བུ་ཉི་མ་ཞུ་བའི་རྣམ་པའི་བདུད་རྩིས་མྱོས་ཤིང་བརྒྱལ་བའི་དོན་ཏོ། །གང་ གི་ཕྱིར་དྲོ་བའི་བདུད་རྩི་ལས་བྱུང་བའི་སྔགས་ཀྱི་རྒྱལ་པོ་འདི་ཡིན་པ་དེའི་ཕྱིར་བདུད་རྩིའི་རྣལ་འབྱོར་གྱིས་རྫོགས་པར་བྱ་ཞིང་བསྒྲུབ་པར་བྱ་ཞེས་གསུངས་པ། བདུད་རྩི་ཞེས་པ་ལ་སོགས་པའོ། །བདུད་རྩི་ཤིན་ཏུ་དྲོ་བར་ཆར་འབབ་པའི་རྩའི་འོ་མ་དེས་ཉི་མའི་སྟེང་དུ་མཚན་མ་དང་སྔགས་ཏེ་མཚན་མ་ ཡོངས་སུ་གྱུར་པ་ལས་ཁྲོ་བོ་བསྒོམ་པའི་སྦྱོར་བ་བདུད་རྩི་དང་བདུད་རྩིའི་སྦྱོར་བ་དེས་བདུད་རྩི་འཁྱིལ་པ་བསྒྲུབ་པར་བྱ་ཞིང་མངོན་དུ་བྱ་ཞེས་པའི་དོན་ཏོ། །དེ་བཞིན་དུ་ཡང་གསང་བའི་མཛོད་ལས་གསུངས་པ། གང་ཞིག་དྲོད་ཀྱི་རྩ་དེ་ནི། །ཁྲོ་བའི་གཟུགས་སུ་བསྒོམ་པར་བྱ། ། ཞེས་པའོ། །འདིས་ནི་ལྷ་རྣམས་ཀྱི་རྣལ་འབྱོར་བསྡུས་སོ། །སྒྲུབ་ཐབས་ཀྱི་འབྲས་བུ་གསུངས་པ། དངོས་གྲུབ་ཅེས་པ་ལ་སོགས་པ་སྟེ། གང་གིས་དེ་ལྟར་བསྒྲུབ་པར་བྱ། །ཞེས་པའོ། །དེའི་དོན་ཀུན་ནི་རི་ལུ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་དང་། རང་གི་ལྷ་རྣམས་ རྫོགས་ནས་གྲུབ་མཐའ་ནི་སྔོན་དུ་གྱུར་པའོ། །གལ་ཏེ་སྐྱེས་པའམ་བུད་མེད་བདུད་རྩི་འཁྱིལ་པ་དེ་དྲན་ཞིང་བཟླས་པ་དེས་ཐམས་ཅད་དབང་དུ་འགྱུར་རོ། །གང་གིས་ཡང་རྒྱུན་དུ་བསམ་གཏན་བྱེད་པ་དེས་ནི་སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཉིད་དུ་འགྱུར་ཏེ་ཐེ་ཚོམ་མེད་དོ། །མཱ་མ་ཀཱིས་རང་ 26-1-99b དགར་བཅས་པ་མ་ཡིན་པར་བསྟན་པའི་ཕྱིར་གསུངས་པ། བཅོམ་ལྡན་འདས་རྡོ་རྗེ་ཅན་ཞེས་པ་ལ་སོགས་པའོ། །སྔོན་བཞིན་ལེའུའི་ཉེ་བར་བསྡུ་བ་གསུངས་པ། རྡོ་རྗེ་བདུད་རྩི་ཞེས་པ་ལ་སོགས་པ་སྟེ། བདུད་རྩི་རྫོགས་པ་མྱ་ངན་ལས་འདས་པའི་རྒྱུའོ། །འཁྱིལ་པ་ནི་བདུད་རྩི་འཁྱིལ་པ་སྟེ། དེ་བསྐྱེད་པའི་ལེའུ་གང་གིས་སྟོན་པ་དེ་ནི་དེ་བཞིན་ཏེ་དེའི་ལེའུའོ། །ལེའུ་དགུ་པའི་རྒྱ་ཆེར་བཤད་པའོ།། །།མིག་སྨན་ལ་སོགས་པའི་དངོས་གྲུབ་ལས་མཆོག་ཏུ་གྱུར་པ་རོ་ལངས་ཀྱི་སྒྲུབ་ཐབས་བསྟན་པ་གསུངས་པ། དེ་ནས་གཞན་ཡང་ཞེས་པ་ལ་སོགས་པའོ། ། དེ་ནས་གཞན་ཞེས་པ་ནི་ཁྲོ་བོའི་སྒྲུབ་ཐབས་ལས་གཞན་པ་རོ་ལངས་ཀྱི་སྒྲུབ་ཐབས་སོ། །དུས་ནམ་ཞིག་དེ་བཞིན་དུ་བསྒྲུབ་པར་བྱ་ཞེས་པ་ལ་གསུངས་པ། ནག་པོའི་བརྒྱད་ཅེས་པ་ལ་སོགས་པ་བསྟན་པའོ། །སྒྲུབ་པའི་གནས་བསྟན་པའི་ཕྱིར་གསུངས་པ། རྟགས་གཅིག་ཅེས་པ་ལ་ སོགས་པའོ། །ཤིང་གཞན་གྱི་གྲིབ་མས་རེག་པར་མི་གནས་པ་ནི་ཤིང་གཅིག་གོ། །རོ་ཇི་ལྟ་བུ་བླང་ཞེས་པ་ལ་གསུངས་པ། མཚན་ཉིད་ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། འདིར་གསུངས་པ་རོ་ལངས་ཀྱི་སྒྲུབ་ཐབས་སུ་བུ་མོའི་རོ་ཉེ་བར་བསྟན་པས་ཕྱག་རྒྱ་ཆེན་པོ་ལ་ཕན་ཞིང་ དགོས་པས་རོ་ལངས་ཀྱི་སྒྲུབ་ཐབས་ཀྱང་བསྟན་པ་ཡིན་ནོ། །དེའི་མཚན་ཉིད་བཞིན་དུ་དེ་ཡང་མཚན་ཉིད་རྟོགས་པར་བྱའོ། །མཚན་ཉིད་ཐམས་ཅད་ཅེས་པ་ནི་རིང་བ་མ་ཡིན་ཞིང་ཐུང་བ་མ་ཡིན་པ་དང་། དཀར་བ་མ་ཡིན་ཞིང་གནག་པ་མ་ཡིན་པ་དང་། སྦོམ་པ་མ་ཡིན་ཞིང་ཕྲ་ བ་མ་ཡིན་པ་དང་། ལག་པ་ལ་རི་མོར་ལྡན་པའོ། །སྟེང་ན་དཔྱངས་པའི་རོ་དང་། མ་མོ་ནི་གཏུམ་མོའོ། །རང་འཚོད་ནི་རང་གིས་བཙོས་ནས་ཟ་བའི་བྲམ་ཟེ་མོའོ། །རྨ་མེད་ནི་རྨ་བུག་མེད་པའོ། །ཡང་ན་བུ་སྐྱེས་པའི་དུས་སུ་ཤི་བའོ། །བུད་མེད་གཞན་ཡང་བླངས་ནས་བསྒྲུབ་ པར་བྱ་ཞེས་པའོ། །ཇི་ལྟར་བསྒྲུབ་པར་བྱ་ཞེས་པ་ལ་གསུངས་པ། ཆོ་གས་ཁྱད་པར་དུ་བྱས་པའི་ཆུ་ལ་སྔགས་ཀྱིས་མངོན་པར་བསྔགས་པའོ། །སྨན་ནི་པ་ཏ་དང་བི་མ་བ་ལི་དང་ཨུ་དུམ་བཱ་ར་དང་། འདག་ཆལ་ལྔ་དང་། དྲི་ཞིམ་པོར་བསྲེས་པས་བཀྲུས་ཏེ་ཕྱི་ནས་དྲི་ཞིམ་པོའི་ཆུས་ 26-1-100a བཀྲུ་བར་བྱའོ། །ག་པུར་དང་བཅས་པའི་ཙནྡན་གྱིས་ཡང་དག་པར་བྱུག་ཅིང་ཛཱ་ཏིའི་མེ་ཏོག་དང་། ཨ་ག་རུའི་བདུག་སྤོས་དང་། ཆང་དང་ཤ་ལ་སོགས་པའི་གཏོར་མས་ཡང་དག་པར་མཆོད་དེ། དཀྱིལ་འཁོར་གྱི་དབུས་སུ་སྔགས་བརྗོད་ནས་མར་ཁུ་ཆེན་པོས་ ཡང་དག་པར་བྱུགས་ནས་ཉུངས་ཀར་གྱིས་ཁ་ལ་བསྣུན་པར་བྱའོ། །དེ་ལ་དཀྱིལ་འཁོར་གསུངས་པ། དཀྱིལ་འཁོར་ཞེས་པ་ལ་སོགས་པའོ། །ཧེ་རུ་ཀར་བརྗོད་དཀྱིལ་འཁོར་ཞེས་པ་ནི་ཧེ་རུ་ཀའི་དཀྱིལ་འཁོར་རོ། །དེ་ཇི་ལྟ་བུ་ཞེས་པ་ལ། ཟླ་ཕྱེད་ཅེས་པ་ལ་སོགས་པ་སྟེ། ནང་ཟླ་བ་ ཕྱེད་པའི་རྣམ་པ་ལྟ་བུ་ཕྱི་གྲུ་བཞི་པའོ། །རིག་མ་བརྒྱད་ནི་སྔོན་དུ་གསུངས་སོ། །གཙིགས་བཅས་པ་ལ་སོགས་པའོ། །མཚམས་དང་ལོགས་རྣམས་སུ་ཐོད་པས་ཉེ་བར་མཛེས་པར་བྱའོ། །ལྷ་མོ་རྣམས་ལ་ཐོད་པའི་གདན་རྣམས་སྦྱིན་པར་བྱའོ། །ཐམས་ཅད་དྲག་པོ་ཁ་ཊྭཱཾ་ག་ དང་རལ་གྲི་འཛིན་པའོ། །སྒོ་རྣམས་སུ་སྒོ་སྐྱོང་རྣམས་དགོད་པ་གསུངས་པ། ཕྱི་རོལ་ཞེས་པ་ལ་སོགས་པའོ། །བ་ལང་རྣ་ནི་ཁ་དོག་དཀར་པོའོ། །གླང་ཆེན་སྣ་ནི་ཁ་དོག་དམར་པོའོ། །འདི་དག་ནི་རིམ་པ་ཇི་ལྟ་བ་བཞིན་ནོ། །གདོང་བཟངས་མ་ནི་གསེར་གྱི་མདོག་གོ། །གདོང་ ངན་མ་ནི་དུ་བའི་མདོག་གོ། །སྒོ་སྐྱོང་ཐམས་ཅད་ནི་རིམ་པར་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུ་འཛིན་པ་ཕྱག་གཉིས་མ་ཞལ་གཅིག་མ། རྡོ་རྗེ་གཙུག་ཕུད་དང་ནོར་བུས་ཅོད་པན་བརྒྱན་པ་འོད་དམར་པོར་བྱས་པའོ། །མེ་ཏོག་མ་ལ་སོགས་པའི་ལྷ་མོ་རྣམས་ རིམ་པོར་དཀར་པོ་དང་། དམར་པོ་དང་། སེར་པོ་དང་། དམར་པོའི་ཁ་དོག་གོ། །ཞལ་གཅིག་ཕྱག་གཉིས་མའོ། །ཕྱག་ན་མེ་ཏོག་དང་། བདུག་སྤོས་དང་། མར་མེ་དང་། དྲིའི་སྣོད་རྣམས་སོ། །རྡོ་རྗེ་དང་། ཁ་ཊྭཱཾ་ག་འཛིན་པ་སྟེ་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་རྣམ་པར་ གནས་པའོ། །པི་ཝང་མ་ལ་སོགས་པ་ཡང་དམར་པོ་དང་། སེར་པོ་དང་། དཀར་པོ་དང་། དུ་བའི་ཁ་དོག་སྟེ། དག་བྱེད་མཆོད་ཕྱིར་ཐོགས་དང་། རྡོ་རྗེ་དང་། ཁ་ཊྭཱཾ་ག་དང་། གླིང་བུ་དང་། པི་ཝང་དང་། རྔ་དང་། རྫ་རྔའི་ཕྱག་རྒྱ་སྟོན་ཅིང་འཆིང་བ་སྟེ། མཚམས་རྣམས་སུ་ཐམ་ས་ཅད་ 26-1-100b འོད་དམར་པོ་དང་ལྡན་པ་ཅོད་པན་དུ་རྡོ་རྗེ་གཙུག་ཕུད་དང་ནོར་བུ་བྱ་བའོ། །འདི་ལྟ་བུའི་དཀྱིལ་འཁོར་གྱི་དབུས་སུ་བུ་མོའི་རོ་བཞག་ནས་སྒྲུབ་པ་པོ་འཇུག་པར་བྱ་ཞེས་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དཔའ་བོ་ཞེས་པ་ནི་འཇིགས་པ་མེད་པའོ། །ཧེ་རུ་ཀ་ནི་དེའི་རྣལ་འབྱོར་ དང་ལྡན་པའོ། །དུང་ཆེན་ཞེས་པ་ནི་མིའི་རུས་པ་ལས་བྱས་པའི་རྒྱན་གྱིས་རྣམ་པར་བརྒྱན་པའོ། །སྔགས་ཀྱི་ཆོ་ག་ཞེས་པ་སྔགས་ཀྱི་ཆོ་གས་གོ་གྱོན་པའི་ལུས་སོ། །ཌ་མ་རུའི་སྒྲ་བྱ་ཞིང་གར་སྟབས་ཀྱི་རྐང་པས་རྐང་པ་གཡོན་པ་སྔོན་དུ་བཏང་སྟེ། དཀྱིལ་འཁོར་དུ་འཇུག་པར་བྱའོ། ། དེར་ཞུགས་ནས་ཕྱོགས་བཞིར་ཕེེཾ་གྱི་སྒྲ་བརྗོད་པར་བྱའོ། །དེ་ནས་ཁྲག་ཆེན་པོས་བསང་གཏོར་དང་། ཁ་བཤལ་ལ་སོགས་པ་བྱས་ཏེ། ཉུངས་ཀར་གྱིས་བསྣུན་པར་བྱ་ཞིང་ཆོ་ག་བྱའོ། །བཟླས་པར་གྱུར་པས་ཞེས་པ་ནི་ཉུངས་ཀར་གྱིས་བསྣུན་པར་གྱུར་པས་རོ་དག་སྒྲ་འབྱིན་པར་བྱེད་དོ། ། སྒྲུབ་པ་པོས་འཇིགས་པར་མི་བྱ་སྟེ་ཡང་ནས་ཡང་དུ་ཧེ་རུ་ཀའི་སྔགས་དྲན་པར་བྱའོ། །དེ་ནས་རོ་ལངས་ནས་བཀའ་ནོད་པར་འགྱུར་ཏེ། བཀའ་ལུང་ནོད་པའི་བྱེ་བྲག་རྣམས་གསུངས་པ། རང་གི་ཞེས་པ་ལ་སོགས་པའོ། །རལ་གྲི་ཞེས་པ་ནི་རིག་པ་འཛིན་པའི་རྒྱལ་པོའོ། །མིག་སྨན་ ནི་མི་སྣང་བའི་དངོས་གྲུབ་བོ། །རྐང་འོག་ནི་ཟླ་བའི་བདག་པོ་ཉིད་ཀྱིས་སོ། །མཁའ་སྤྱོད་ནི་ནམ་མཁར་འགྲོ་བའོ། །མངོན་སྤྱོད་ནི་གསོད་པའོ། །དེ་ནས་བཀའ་ཞེས་པ་ནི་སྒྲུབ་པ་པོའི་ཡིད་ལ་འདོད་པ་རྣམས་བསླང་བར་བྱའོ། །དེ་ཐམས་ཅད་རོ་ལངས་ཀྱིས་ཀྱང་སྟེར་བར་བྱེད་དོ། ། བདག་མ་ནི་བོད་པའོ། །སྒྲུབ་ཐབས་ཀྱི་མཆོག་དེ་ཉིད་གསུངས་པ། རོ་ལངས་ཞེས་པ་ལ་སོགས་པའོ། །གང་ཞིག་རྡོ་རྗེ་བདུད་རྩིའི་རྒྱུད་ལས་རྣམ་པར་བྱུང་བའི་རིམ་པ་དེ་ནི་རིམ་པར་བསྟན་པའི་རོ་ལངས་ཀྱི་སྒྲུབ་ཐབས་ཏེ་དེ་ཉིད་གཙོ་བོའོ། །གང་ཞིག་རབ་ཏུ་སྒྲུབ་ཅེས་པ་ལ་གསུངས་པ། སྐུ་གསུང་ ཞེས་པ་ལ་སོགས་པ་སྟེ། ལྷ་རྣམས་ཀྱི་སྐུ་གསུང་ཐུགས་བསྒྲུབ་པའི་དོན་དུ་སྟེ། མཚོན་པར་བྱས་པས་མཚོན་པར་བརྗོད་དོ། །མཱ་མ་ཀཱིས་རང་དགར་བརྩམས་པ་མ་ཡིན་པར་བསྟན་པ་བཅོམ་ལྡན་ཞེས་པ་ལ་སོགས་པའོ། །སྔོན་བཞིན་ལེའུའི་ཉེ་བར་བསྡུ་བ་གསུངས་པ། རྡོ་རྗེ་བདུད་རྩི་ཞེས་པ་ 26-1-101a ལ་སོགས་པའོ། །གང་དུ་རོ་ལངས་ཀྱི་སྒྲུབ་ཐབས་སྟོན་པའི་ལེའུ་དེ་ནི་དེ་བཞིན་ཏེ། རོ་ལངས་ཀྱི་སྒྲུབ་ཐབས་ཀྱི་ལེའུ་སྟེ་བཅུ་པའི་རྒྱ་ཆེར་བཤད་པའོ།། །།ད་ནི་སྔོན་དུ་གསུངས་པའི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་དངོས་གྲུབ་དང་། པདྨ་གནས་པའི་ཕྲ་བའི་ རྡོ་རྗེ་བདུད་རྩིའི་དམ་ཚིག་དང་། སྡོམ་པ་མེད་པར་མི་འགྲུབ་ཅེས་པས་བདུད་རྩི་ལྔའི་སྒྲུབ་ཐབས་ཀྱི་ལེའུ་བསྟན་པའི་ཕྱིར་གསུངས་པ། དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པའོ། །དེ་ནས་ཞེས་པ་ནི་དེ་མ་ཐག་ཏུའོ། །བདུད་རྩིའི་རྣལ་འབྱོར་གྱི་དབང་ཕྱུག་གིས་བཅོམ་ལྡན་འདས་སོ། ། རྩེ་ལྔ་པའི་ཡེ་ཤེས་ཀྱི་རྡོ་རྗེ་འདིས་རྡོ་རྗེ་ཅན་ནོ། །བདུད་རྩི་ནི་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། དེ་དང་བདག་ཉིད་གཅིག་པ་ཉིད་ཀྱིས་རྡོ་རྗེ་བདུད་རྩིའོ། །མཆོག་ཏུ་དགའ་བའི་རང་བཞིན་ཉིད་ཀྱིས་བདེ་བ་ཆེན་པོ་སྟེ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་འབྲེལ་ཏོ། །རྡོ་རྗེ་པདྨ་ཡང་དག་ སྦྱོར་ནི་ཕྱག་རྒྱ་དང་ཡང་དག་པར་སྦྱོར་བས་དབང་པོ་ཐམས་ཅད་ཀྱི་སེམས་དང་སེམས་ལས་བྱུང་བ་རྣམས་འགོག་པའོ། དེས་ཅང་མི་གསུང་བར་གྱུར་པ་ནི་སྟོང་པའི་ཏིང་ངེ་འཛིན་མ་དམིགས་ནས་གནས་པའོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་གསུངས་པ། དབུགས་མེད་ཅེས་བྱ་བ་ལ་སོགས་ པའོ། །དབུགས་ནི་སྲོག་གི་བདག་ཉིད་ཀྱི་རླུང་སྟེ། དེ་འགོག་པའི་ཡེ་ཤེས་དེ་སྤྲོས་པས་འགོག་པ་ཉིད་ཀྱིས་དབུགས་མེད་དེ་གང་རྣམས་སུ་འོངས་པ་ཉིད་ཀྱིས་སོ། །གཡོ་བ་མེད་པ་ནི་གཡོ་འགུལ་མེད་པའོ། །ལྟ་བ་མེད་པ་ནི་སྣ་རྩེར་ལྟ་བ་ནུབ་པ་ཉིད་ཀྱིས་ལྟ་བ་མེད་པའོ། །ལྕེ་ཡ་ རྐན་ལ་སྦྱོར་བ་ཉིད་ཀྱིས་བརྗོད་པ་མེད་པའོ། །ཐུན་མོང་མ་ཡིན་པ་ཉིད་ཀྱིས་མཆོག་གོ། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནི་ཡུལ་དུ་བྱས་པ་ཅན་འདིས་འདོད་ཆགས་ལ་སོགས་པའི་དངོས་པོ་རྣམས་རིམ་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཏེ། དམ་ཚིག་དང་སྡོམ་པ་ཡང་ བསྡུ་བའོ། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དེ་མཱ་མ་ཀཱིས་མཐོང་ནས་དམ་ཚིག་ལ་སོགས་པ་དྲིས་ཞེས་པ་ལ་གསུངས་པ། ཡང་ནི་མཱ་མ་ཀཱིས་ཞེས་པ་ལ་སོགས་པའོ། །བཅོམ་ལྡན་ཞེས་པ་ལ་སོགས་པའོ། །བཅོམ་ལྡན་ནི་བོད་པོའོ། །ཕྲ་བའི་རྡོ་རྗེ་ཞེས་པ་ནི་རྡོ་རྗེ་བདུད་རྩི་ 26-1-101b གཞོམ་དུ་མེད་པའི་སྙིང་པོའི་ཕྱག་རྒྱ་ལ་ཡང་དག་པར་སྦྱོར་བ་མེད་ནའོ། །སེམས་ཅན་ཐམས་ཅད་ཀྱི་སྙིང་ལ་སྲོག་གི་རྣམ་པར་གང་ཞིག་གནས་པ་དེའོ། །གང་གི་རྣམ་པ་ཡིས་ནི་དམ་ཚིག་ཉམས་སུ་མྱོང་བའི་རྣམ་པས་སོ། །དེ་ཉིད་དམིགས་པར་བྱ་བ་ནི་གྲུབ་པར་བྱ་བ་སྟེ། དེའི་དམ་ཚིག་ བྱིན་གྱིས་བརླབས་པས་གང་ཡང་གྲུབ་པའི་དོན་དུ་བཟླས་པ་དང་སྒོམ་པ་ལ་སོགས་པ་གསུངས་པ། དེ་ལྟ་མོད་ཀྱི་དམ་ཚིག་དང་སྡོམ་པ་དང་བྲལ་བ་དེས་དངོས་གྲུབ་མངོན་དུ་བྱེད་པར་མི་འགྱུར་ཞེས་པར་དགོངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲིས་པ་དང་རྗེས་སུ་འཚམ་པར་བསྟན་ པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །འདི་ཞེས་པ་ནི་ཐུགས་ལ་གནས་པའོ། །སྤྱན་དག་གདངས་ཏེ་ཞེས་པ་ནི་ཏིང་ངེ་འཛིན་ལས་བཞེངས་པའོ། །དེ་ལྟར་གསུངས་པ། སྔོན་དུ་གསུངས་ཞེས་པ་ལ་སོགས་པའོ། །སྔོན་ཞེས་པ་ནི་ལེའུ་དང་པོར་དེ་ཁྱོད་དང་ངས་བརྗོད་པའོ། ། ཅི་ཞིག་བརྗོད་ཅེས་པ་ལ་གསུངས་པ། བདུད་རྩི་ཞེས་པ་ལ་སོགས་པའོ། །བདུད་རྩི་ནི་དབང་པོ་གཉིས་སྙོམས་པར་ཞུགས་པ་ལས་བྱུང་བའི་ཁུ་བ་སྟེ་དྲི་ཆེན་དང་དྲི་ཆུ་དང་ཁྲག་དང་ཤར་ལྡན་པས་ནི་ཉི་མ་སོ་སོ་ལ་བཟའ་བར་བྱ་སྟེ། དེས་འགྲུབ་པར་འགྱུར་ཞེས་དགོངས་སོ། །བདུད་རྩི་ལྔའི་ དམ་ཚིག་འདི་ཐུགས་ཀྱི་རྡོ་རྗེའི་རང་བཞིན་གྱིས་བསྡུས་སོ། །རྫས་འདི་རྣམས་ཀྱི་འབྲས་བུ་སོ་སོར་གསུངས་པ། རེ་རེ་ཡིས་ཞེས་པ་ལ་སོགས་པའོ། །ཐོག་མར་བདུད་རྩི་བཟའ་བར་བྱ། །ཞེས་པ་འདིས་དམ་ཚིག་མྱང་བའི་རིམ་པ་བསྟན་པའོ། །ཡེ་ཤེས་ནི་ཐམས་ཅད་མཁྱེན་ པའི་ཡེ་ཤེས་སོ། །ཤེས་བྱ་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པར་ཤེས་པར་བྱའོ། །གསུང་གི་རྡོ་རྗེའི་རང་བཞིན་གྱི་དམ་ཚིག་གསུངས་པ། ཁྲག་ཆེན་ཞེས་པ་ལ་སོགས་པའོ། །ཁྲག་ཆེན་ནི་མིའི་ཁྲག་གོ། །དེས་སྐུ་དང་གསུང་དང་ཐུགས་ཀྱི་དངོས་གྲུབ་ཀྱི་དོན་དུ་བསྒྲུབ་པར་ བྱ་ཞིང་རྫོགས་པར་བྱ་བ་དང་། ཀུན་དུ་མྱང་བར་བྱའོ། །ཁྲག་གི་བྱེ་བྲག་གསུངས་པ། བུ་མོ་ཞེས་པ་ལ་སོགས་པ་སྟེ། བུ་མོ་ནི་ལོ་བཅུ་གསུམ་མ་སྟེ། དེའི་ཁྲག་གོ། །གང་ཡང་རུང་བའི་ཞེས་པ་ནི་བྲམ་ཟེ་མོ་དང་རྒྱལ་རིགས་མོ་ལ་སོགས་པའི་རབ་ཏུ་མྱོང་མ་མཆོག་དེའི་ཁྲག་ཀུན་དུ་མྱངས་ནས་ 26-1-102a བྱ་བ་ཐམས་ཅད་བསྒྲུབ་པར་བྱའོ། །སྐུ་རྡོ་རྗེའི་རང་བཞིན་ཉིད་ཀྱི་དམ་ཚིག་གི་རྫས་གསུངས་པ། སྟོབས་ཀྱིས་བསད་པ་ཞེས་པ་ལ་སོགས་པ་སྟེ། སྟོབས་ནི་དྲག་ཤུལ་གྱིས་བསད་པར་གྱུར་པའོ། །ནགས་ནི་དུར་ཁྲོད་དོ། །དེ་ནས་ཐོབ་ནས་ཤ་ ཆེན་པོ་ནི་བཟའ་ཞིང་བླང་བར་བྱའོ། །གསལ་ཤིང་གིས་ཟུག་པ་དང་། སྟེང་དུ་བཅིངས་ནས་དཔྱངས་པ་དང་། རྨ་བསྣུན་པ་རྣམས་ནི་གྲགས་པའོ། །ཐམས་ཅད་བླངས་ནས་སོ་སོར་དུས་གསུམ་དུ་བཟའ་བར་བྱའོ། །བརྟན་ཅིང་ཟབ་པའི་རྣལ་འབྱོར་པ་ནི་འཇིགས་པ་ མེད་པས་བརྟེན་པའོ། །རྣམ་པར་རྟོག་པ་མེད་པས་ཟབ་པའོ། །དམ་ཚིག་གི་རྫས་འདི་རྣམས་ཀྱི་འབྲས་བུའི་རིམ་པ་གསུངས་པ། ཚེ་རིང་ནད་མེད་འགྱུར་བ་ཡིན། །ཞེས་པ་ལ་སོགས་པ་སྟེ། ནགས་སུ་སྟོབས་ཀྱིས་བསད་པའི་ཤས་ཚེ་རིང་བ་དང་ནད་མེད་པར་ བྱེད་པའོ། །གསལ་ཤིང་གི་ཤས་འདོད་པ་སྟེར་བ་དང་བདེ་བ་སྟེར་བའོ། །སྟེང་ནས་བཅིངས་པས་སངས་རྒྱས་དང་བྱང་ཆུབ་སྒྲུབ་པའོ། །རྨ་བསྣུན་པས་རྡོ་རྗེ་བདུད་རྩིའི་ཚེ་དང་སྟོབས་དང་དངོས་གྲུབ་ཀྱི་འབྲས་བུ་རབ་ཏུ་སྟེར་བའོ། །གཞན་ཡང་གསུང་གི་རྡོ་ རྗེ་དང་འབྲེལ་པའི་དམ་ཚིག་གི་རྫས་རྣམས་བསྟན་པའི་ཕྱིར་གསུངས་པ། རྡོ་རྗེ་ཆུ་ཞེས་པ་ལ་སོགས་པའོ། །དེ་གང་གི་རིག་མ་ཞེས་པ་ལ་སོགས་པའོ། །བདག་གི་རིག་མ་ཞེས་པ་ནི་རང་གི་ཆོས་ཀྱི་ཆུང་མའམ། སྒྲུབ་ཐབས་ལ་གནས་པའི་ཞབས་ཐོག་པའིའོ། ། བསྡུ་བའི་དོན་ནི་འདི་ཡིན་ཏེ། རང་གི་རིག་མའི་རྡོ་རྗེ་ཆུ་དང་རྣམ་པར་སྣང་མཛད་ཆ་མཉམ་པར་ཕྱེ་མར་ཞིབ་མོར་བྱས་ནས་ཁྲག་ཆེན་པོས་ཡོངས་སུ་སྦྲུས་ཏེ་ཙ་ན་ཀའི་ཚད་ཙམ་རིལ་བུ་བྱས་ནས་དུས་གསུམ་དུ་བཟའ་བར་བྱའོ། །དེ་ནས་རྡོ་རྗེ་ཆུ་ལག་པ་ཡ་གཅིག་གིས་སྐྱོར་ཆུ་ བཅུ་ཞིང་བཏུང་བར་བྱ་ཞེས་པའོ། །ཟླ་ཕྱེད་ཚེས་བཅུ་བཞིའི་དུས་གསུམ་དུ་ཤེས་པརབྱའོ། །ཐམས་ཅད་དུ་ནི་མ་ཡིན་ཞེས་པ་མན་ངག་གོ། །དམ་ཚིག་འདིའི་འབྲས་བུ་གསུངས་པ། ཉི་མ་རེ་རེ་ཞེས་པ་ནི། ལས་ཀྱི་དུས་སུ་དགོངས་པའི་ཚིག་ཡིན་གྱི་ཐམས་ 26-1-102b ཅད་དུ་ནི་མ་ཡིན་པར་ཤེས་པར་བྱའོ། །གང་ཞིག་བསྒྲུབ་པར་བྱ་ཞེས་པ་ནི། རྫོགས་ནས་བཟའ་བར་བྱ་བའོ། །དེ་ནས་དེའི་ཡོན་ཏན་རྣམས་གསུངས་པའོ། །གང་ཞིག་དེ་ལྟ་བུའི་མི་དེ་རྣམས་ནི་རྣལ་འབྱོར་དང་བཅས་ཤིང་ལྡན་པའོ། །དེ་ཡང་ཐམས་ཅད་མཁྱེན་ཞེས་པ་ནི་ བདག་ཉིད་ལ་ཕན་པ་དང་མི་ཕན་པ་ཤེས་པའོ། །འདོད་ཆགས་ལ་སོགས་པའི་སྐྱོན་དང་བྲལ་བ་དང་། སྒྲུབ་ཐབས་ལ་གང་ཞིག་ཞུགས་པ་དེས་རྡོ་རྗེ་བདུད་རྩི་འགྲུབ་པར་འགྱུར་ཞིང་མངོན་སུམ་དུ་འགྱུར་རོ། །རྡོ་རྗེ་བདུད་རྩིའི་རྒྱུད་འདིའི་ཚད་བསྟན་པ་གསུངས་པ། རྡོ་ རྗེ་བདུད་རྩིའི་རྒྱུད་འདི་ཞེས་པ་ལ་སོགས་པའོ། །མ་ཞེས་པ་ནི་སངས་རྒྱས་ཀྱི་ཆོས་དུ་མ་འབྲས་བུའི་ཚུལ་གྱིས་འདིར་གསུངས་ཞེས་པས་དོན་མང་བའམ་བདེ་བའི་གནས་ཀྱིས་དོན་མང་བའོ། །སྦས་པའི་རིམ་བཟློག་ཅེས་པ་ནི་གཞུང་ཉུང་བར་གྱུར་པས་སོ། །སྔགས་ཀྱི་ཐེག་ པ་རྣམས་ནི་རྡོ་རྗེ་བདུད་རྩིའི་རྒྱུད་སྔོན་དུ་སོང་བ་ཅན་ཞེས་སྟོན་པའི་ཕྱིར་གསུངས་པ། མ་ལུས་ཤེས་པ་རྩ་བ་དང་ཕྱི་མའི་ཐིག་ལེ་ལ་སོགས་པ་མ་ལུས་ཤིང་ལུས་པ་མེད་པ་རྣམས་སོ། །རྡོ་རྗེ་ཐེག་པ་ནི་སྔགས་ཀྱི་ཐེག་པ་རྣམས་སོ། །དེ་ལས་བྱུང་བ་ནི་ཐོག་མར་མངོན་ པར་རྫོགས་པར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདི་བསྟན་ཏོ། །དེ་ནས་སྔགས་གཞན་ཐམས་ཅད་སྟོན་པ་ལ་འཇུག་སྟེ། དོན་དེས་ན་འདི་ལས་བྱུང་ཞེས་གསུངས་སོ། །གང་ཞིག་འདིར་ཕྱི་དང་ནང་དང་གསང་བའི་རྣམ་པ་གང་རབ་ཏུ་གསུངས་པ་དེ་ཡང་རྒྱུད་ གཞན་དུ་ཕྱོགས་གཅིག་ཙམ་སྟོན་པས་དེའི་ཕྱིར། འདི་ལས་བྱུང་བ་རྡོ་རྗེའི་ཐོག་པ་རྣམས་ཞེས་གསུངས་པ་སྟེ་བཤད་པ་གཉིས་པའོ། །གང་གི་ཕྱིར་ཐོག་མར་གཞུང་ཉུང་བ་ལ་གོམས་པར་བྱས་ན། ཕྱིས་གཞུང་རྒྱ་ཆེ་བ་རྣམས་རྟོགས་པ་སྟེ། དེའི་ཕྱིར་འདི་ལས་ བྱུང་ཞེས་པ་ནི་གཞན་ནོ། །ཇི་ལྟར་ཤེས་ཤིང་མཛའ་བ་རྣམས་ལ་ཡང་འདི་བསྟན་པར་མི་བྱ་ཞེས་གསུངས་པ། བརྗོད་ཅེས་པ་ལ་སོགས་པའོ། །དེ་ཁོ་ན་ཉིད་ཀྱིས་བདེན་པའི་རྣལ་འབྱོར་དེ་ཡིད་ཤེས་པས་ཇི་ལྟ་བུ་ཞེས་པ་ལ། དེ་གསུངས་པ། ཤིན་ཏུ་ཆགས་པས་ཞེས་ 26-1-103a པ་ལ་སོགས་པ་སྟེ། ཡང་དག་པར་སྤྱོར་བའི་སྒོམ་པས་འདི་ལ་ཤིན་ཏུ་མངོན་པར་ཞེན་ཅིང་འདོད་པ་དེས་ཆགས་པ་ནི་རྣལ་འབྱོར་དང་རྗེས་སུ་མཐུན་པར་བྱས་པའོ། །འདི་ཉིད་གསུངས་པ། ང་ཡིས་སུ་ལ་ཡང་མ་བསྟན་པ་ཞེས་པ་སྟེ། སྐལ་བ་དང་ ལྡན་པ་ལས་གཞན་དུའོ། །སོ་སོའི་སྐྱེ་བོ་བདེ་འགྲོ་རྣམས་ཀྱིས་མི་ཤེས་པ་དང་། ས་ལ་བཞུགས་པ་རྣམས་ཀྱིས་ཀྱང་མི་ཤེས་ཞེས་གསུངས་པ། གསང་བ་འདི་ཞེས་པ་ལ་སོགས་པའོ། །འདི་ཞེས་པ་ནི་དེ་མ་ཐག་པའི་སྣ་ཚོགས་པ་རྣམས་སོ། །དེ་ལ་གསང་ བ་ཞེས་པ་ནི་གཉིས་སུ་མེད་པའོ། །མཆོག་ནི་ཐམས་ཅད་ལས་ཕུལ་དུ་གྱུར་པའོ། །དགྱེས་པ་ཞེས་པ་ནི་རྣལ་འབྱོར་གྱིས་བསྒོམ་པའི་བྱིན་གྱི་རླབས་རྣམས་སོ། །ཐམས་ཅད་བདག་ཉིད་ནི་ལུས་ཐམས་ཅད་དོ། །ནམ་མཁའི་དཀྱིལ་དུ་བདེ་བའི་རང་བཞིན་ གྱིས་གང་ཞིག་གནས་པའོ། །བྱང་ཆུབ་ཀྱི་སེམས་ཞུ་བ་ཉིད་ཀྱིས་གཟུགས་མེད་པ་ཉིད་དོ། །ཆ་དང་ཆ་མིན་ལས་རྣམ་པར་གྲོལ་བ་ཉིད་ཀྱིས་སྟོང་པའོ། །མི་འགྱུར་བ་ནི་མི་ཕྱེད་པའི་ཁུ་བ་གཞོམ་དུ་མེད་པ་ཉིད་དོ། །དེ་ནི་བྱང་ཆུབ་སེམས་དཔའ་ས་ལ་རབ་ཏུ་བཞུགས་པ་ སྔགས་ལ་དབང་བྱེད་པས་ཀྱང་རྣམ་པར་མི་ཤེས་པའོ། །ཡང་དག་པར་གྱུར་པའི་ཡིད་ཆེས་པ་མེད་པས་སེམས་ཅན་ཆོས་ལ་རབ་ཏུ་ཞུགས་པ་རྣམས་ཆོས་ལ་བཟོད་པ་བཀས་གནང་ནས་སྟོན་པར་འགྱུར་ཞེས་དགོངས་སོ། །རྒྱུད་འདི་ཉིད་ཀྱི་རྣམ་གྲངས་གསུངས་པ་རྒྱུད་འདི་ཞེས་པ་ ལ་སོགས་པའོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་སྟེ། དེ་རྣམས་ཀྱི་གཙུག་ཏོར་གྱི་ནོར་བུ་རིན་པོ་ཆེར་གྱུར་པ་ཉིད་རྡོ་རྗེ་གཙུག་ཏོར་ནོར་བུར་བརྗོད་དོ། །གཉིས་ཀྱི་ཕྱོགས་ལ་དོན་གཉིས་ཏེ། རྟོགས་པར་བྱེད་པ་ལྷ་ཐམས་ཅད་ལ་དབང་བསྐུར་བས་ཅོད་པན་ནོར་བུ་རིན་ཆེན་ དུ་གྱུར་པ་སྒོམ་པ་དང་། ཐིག་ལེར་གྱུར་པ་སྟེ། རྒྱུད་འདིར་ཤེས་པར་བྱའི། རྒྱུད་ཕྱི་མ་དང་རྩ་བའི་རྒྱུད་དུ་ནི་མ་ཡིན་ནོ་ཞེས་པའོ། །ནོར་བུའི་སྒྲས་ནི་ཐིག་ལེར་བརྗོད་པ་དང་། ཅོད་པན་ཡང་ངོ་། །མཱ་མ་ཀཱི་ལ་རྒྱུད་གཟུང་བ་དང་། བཀླག་པ་བརྗོད་དུ་གནང་བ་སྟེ་ཞེས་ 26-1-103b གསུངས་པ། ཤིན་ཏུ་གསང་ལ་ཟུང་ཞེས་པ་ལ་སོགས་པའོ། །གང་གི་ཕྱིར་རྡོ་རྗེ་གཙུག་ཏོར་ནོར་བུ་ཞེས་བྱ་བ་དེའི་ཕྱིར་ཤིན་ཏུ་གསང་ལ་བཅང་བར་བྱ་ཞིང་གཞུང་གི་དོན་ཡང་ཡིད་ལ་བྱའོ། །ཤིན་ཏུ་གསང་བ་ཉིད་གསུངས་པ། ཕ་དང་ཞེས་པ་ལ་སོགས་པ་སྟེ། དམ་ ཚིག་ལ་ཞུགས་པའི་ཕ་དང་བུ་དག་ལ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་ལ་ཡང་ཡིད་མི་བརྟན་ཏེ་དེ་ལ་མན་ངག་དེ་ལྟ་བུ་དག་ལྟ་ཞོག་གི། པུསྟི་ཙམ་ཡང་མི་བསྟན་པ་དང་། སྒྲ་ཆེ་བར་བཀླག་པར་ཡང་མི་བྱ་ཞེས་དགོངས་པའོ། །ཡང་གང་དག་ལ་ཡིད་བརྟན་ པར་བྱ་ཞེས་པ་ལ་གསུངས་པ། ཤིན་ཏུ་གསང་ནས་ཞེས་པ་ལ་སོགས་པ་སྟེ། གསང་བའི་གསང་སྔགས་གསང་བ་ཅན་ནོ། །མི་བརྟན་པ་མིན་པ་ནི་བརླིང་བ་འཇིགས་པ་མེད་པ་དཔའ་བོའོ། །དམ་ཚིག་མ་ཉམས་ཤིང་ཉམས་སུ་ལེན་པ་ནི་བརྟུལ་ཞུགས་བརྟན་པའོ། ། གཡོ་སྒྱུ་མེད་པའི་སྲི་ཞུའི་དགའ་བས་བླ་མ་ལ་གུས་པའོ། །ལྷ་མོ་སྒྲུབ་ཐབས་རྗེས་སུ་གནང་བ་སྟེར། །ཞེས་གསུངས་པ། འདི་ཞེས་པ་ལ་སོགས་པའོ། །བདེ་བ་བསྒྲུབ་ཅེས་པ་ནི་དཀའ་སྤྱོད་ཀྱི་བརྟུལ་ཞུགས་མེད་པས་བདེ་བ་བསྒྲུབ་སྟེ། འདོད་པའི་ཡོན་ཏན་ལྔ་ལ་ཉེ་ བར་ལོངས་སྤྱོད་པས་བསྒྲུབ་པར་བྱ་ཞེས་པའི་དོན་ཏོ། །ཞི་ཞེས་པ་ནི་བགེགས་མེད་པའོ། །གཟུགས་ལ་སོགས་པའི་ཡུལ་རྣམས་སྦྱངས་ཤིང་བཀུག་ནས་སྙིང་པོར་བྱས་ཏེ། སངས་རྒྱས་ཀྱི་ཡོན་ཏན་རབ་ཏུ་སྐྱེད་པ་ཉིད་ཀྱིས་སྙིང་པོའོ། །རྣལ་འབྱོར་སྤྱོད་པ་ཡེ་ཤེས་ཡང་ དག་པར་སྡུད་པར་བྱེད་པ་འདིས་ནི་ཡེ་ཤེས་བསྡུས་པའོ། །རྒྱུད་ཀྱི་ཆེ་བའི་ཡོན་ཏན་གསུངས་པ། རྡོ་རྗེ་བདུད་རྩིའི་རྒྱུད་ཆེན་དུ། །སྒྲུབ་པོ་གང་ཞིག་དབང་བསྐུར་བ། །ཞེས་པ་ལ་སོགས་པ་སྟེ། གང་ཞིག་རྡོ་རྗེ་བདུད་རྩིའི་རྒྱུད་དུ་དབང་བསྐུར་བའི་ཆོ་གས། དབང་བསྐུར་བའི་ སློབ་དཔོན་ལ་ཐམས་ཅད་དེར་འོངས་ནས། ཕྱོགས་བཅུ་ན་རྣམ་པར་གནས་པའི་དེ་བཞིན་གཤེགས་པ་དང་བཅས་པ་འོངས་ནས། ཀུན་དུ་ཕྱག་འཚལ་བར་བྱེད་དེ། ཕྱག་འཚལ་ནས་འདི་སྐད་ཅེས་སྨྲ་བར་འགྱུར་ཏེ། ཁྱོད་ཉིད་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་སྒྲོལ་བ་གཙོ་ 26-1-104a བོ་ཡིན་ཞེས་སོ། །རྡོ་རྗེ་བདུད་རྩིའི་རྒྱུད་དམ། དེའི་མན་ངག་མཱ་མ་ཀཱི་ལ་བསྟན་པར་བྱ་ཞེས་གསུངས་པ། རྡོ་རྗེ་བདུད་རྩི་ཞེས་པ་ལ་སོགས་པའོ། །གཏེར་ཞེས་པ་ནི་གཏེར་ཆེན་པོ་ལྟ་བུར་གཞག་པའོ། །རྒྱུད་གཅིག་པུ་གཏད་པ་མ་ཡིན་ཏེ། སྙིང་པོའི་མན་ངག་ཀྱང་གཏད་ ཅེས་གསུངས་པ། ཕྲ་བ་ལ་ཞེས་པ་ལ་སོགས་པ་སྟེ། རྩའི་ཁང་སྟོང་གི་ཚད་མེད་པ་ཉིད་ཀྱིས་ཕྲ་བའི་རྡོ་རྗེ་ཅན་ཞེས་པ་ནི། རྡོ་རྗེ་བདུད་རྩིའི་སྙིང་པོའོ། །བྷ་ག་ནི་ནམ་མཁའ་སྟེ། གང་ཞིག་རྣམ་པར་གནས་པ་དེ་ནི་སྙིང་གར་ཡང་དག་པར་གནས་ཞེས་དགོངས་སོ། །དང་པོར་ཇི་ལྟར་བསླང་བ་དེ་ བཞིན་དུ་ཉེ་བར་སྡུད་པར་སྟོན་ཞེས་པ་འདིས་ལེའུ་ཐམས་ཅད་ཀྱི་ཉེ་བར་བསྡུ་བ་གསུངས་པ། འདི་སྐད་ཅེས་པ་ལ་སོགས་པ་སྟེ། འདི་ཞེས་པ་ནི་ལེའུ་བཅུ་གཅིག་གི་མཐར་ཐུག་པ་རྣམས་སོ། །བདུད་རྩིའི་རྣལ་འབྱོར་གྱི་དབང་ཕྱུག་གི་བཅོམ་ལྡན་འདས་སོ། །དེ་བཞིན་གཤེགས་པ་ཐམས་ ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ཅན་གང་ཡིན་པ་དེ་ནི་དེ་བཞིན་དུ་གསུངས་སོ། །འདིས་ནི་རིགས་གསུམ་གྱི་བདག་ཉིད་བསྟན་ཏོ། །བདུད་རྩི་ལྔའི་སྒྲུབ་ཐབས་ཀྱི་ལེའུ་ཞེས་པ་ནི་ལེའུའི་མིང་ངོ་། །ལེའུ་བཅུ་གཅིག་ཅེས་པ་ནི་ གྲངས་ཏེ། ལེའུ་བཅུ་གཅིག་པའི་རྒྱ་ཆེར་བཤད་པའོ།། །།རྒྱུད་ཉེ་བར་བསྡུ་བ་གསུངས་པ། སངས་རྒྱས་བྱང་ཆུབ་རབ་རྟོགས་པ། །རྡོ་རྗེ་བདུད་རྩི་རྒྱུད་ཆེན་རྫོགས། །ཞེས་པ་སྟེ་རྒྱུད་ཀྱི་མིང་ངོ་། །རྒྱས་བཤད་འགྲེལ་པ་འདི་བྱས་པས། །བདག་གིས་དགེ་བ་གང་ ཐོབ་པ། །དེས་ནི་སེམས་ཅན་མ་ལུས་པ། །རྡོ་རྗེ་བདུད་རྩིའི་གནས་ཐོབ་ཤོག །རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་རྒྱལ་པོ་རྒྱ་ཆེར་འགྲེལ་པ་བདུད་རྩི་འཛག་པ་ཞེས་བྱ་བ་དངོས་གྲུབ་ཐོབ་པའི་སློབ་དཔོན་ཆེན་པོ་བྷ་གོས་མཛད་པ་རྫོགས་སོ།། །།གཞུང་གི་ཚད་ནི་ཚིགས་སུ་བཅད་པ་ སྟོང་སུམ་བརྒྱ་ཡོད་དོ།། །།རྒྱ་གར་གྱི་མཁན་པོ་ཏཱ་ར་པཱ་ལ་དང་། བོད་ཀྱི་ལོ་ཙཱ་བ་ལ་ཆིངས་ཡོན་ཏན་འབར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ཕྱིས་པཎྜི་ཏ་ཤཱི་ལ་ཀུ་ཛྷ་བཛྲ་དང་། ཀློག་སྐྱ་ཤེས་རབ་བརྩེགས་ཀྱིས་བལ་ཡུལ་དུ་གཏུགས་ཏེ་གཏན་ལ་ཕབ་པ།། །། 26-1-104b ༄༅༅། །རྒྱ་གར་སྐད་དུ། ཤྲཱི་བུདྡྷ་ཀ་པཱ་ལི་ཏནྟྲ་སྱ་པཉྩི་ཀཱ་ཛྙཱ་ན་བ་ཏི་ནཱ་མ། བོད་སྐད་དུ། དཔལ་སངས་རྒྱས་ཐོད་པའི་རྒྱུད་ཀྱི་དཀའ་འགྲེལ་ཡེ་ཤེས་ལྡན་པ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བསྒྲུབ་བྱ་ཕྲ་གཟུགས་མཆོག་ཏུ་བདེ་འབྱུང་དགའ་ བ་བཅུ་དྲུག་སྟེར་བྱེད་མ། །མདུན་ནང་ཐིག་ལེའི་སྟེང་སྒྲ་ཡོངས་ཤེས་སེམས་དངོས་རང་བཞིན་ཏེ། །རང་གི་དགའ་བའི་རྟེན་གཟུགས་ཡོན་ཏན་སྡུད་པ་བྱང་ཆུབ་ཚོགས་སྙིང་པོ། །དངོས་དང་དངོས་མེད་རང་བཞིན་སྲིད་པའི་འཇིགས་སེལ་སྣ་ཚོགས་སྡེ་ཕྱག་འཚལ། །སྣ་ཚོགས་སྡེ་ མས་བཤད་པ་ཡི། །སངས་རྒྱས་ཐོད་པ་ཡི་ནི་རྒྱུད། །ཇི་ལྟར་བླ་མས་བཤད་པ་དང་། །ཇི་ལྟར་རྒྱུད་གཞན་དག་མཐོང་བ། །དེ་ལྟར་ཅུང་ཟད་བདག་གིས་བཤད། །དེ་ལ་རེ་ཞིག་རྗོད་པ་དང་། བརྗོད་པར་བྱ་བ་དང་། དགོས་པ་དང་། དགོས་པའི་ཡང་དགོས་པ་སྟོན་ཏེ། རྗོད་ པར་བྱེད་པ་ནི་རྒྱུད་དོ། །བརྗོད་པར་བྱ་བ་ནི་རྒྱུད་ཀྱི་དོན་ཏོ། །དགོས་པ་ནི་ལྷའི་རྣལ་འབྱོར་མངོན་དུ་བྱེད་པའོ། །དགོས་པའི་ཡང་དགོས་པ་ནི་སེམས་ཅན་གྱི་དོན་གྱིས་བྱ་བ་བྱེད་པའོ། །གལ་ཏེ་ཡང་བཅོམ་ལྡན་འདས་ཉིད་སྟོན་པ་པོ་ལ་སོགས་པའི་གཟུགས་སུ་བཞུགས་མོད་ཀྱི། འོན་ཀྱང་བདག་ཉིད་བཅོམ་ལྡན་འདས་མའི་གཟུགས་སུ་ལོགས་སུ་བསྟན་ཏོ། །དི་ནས་བཅོམ་ལྡན་འདས་མ་ལས་ཕྱག་ན་རྡོ་རྗེས་ཐོས་སོ། །རྒྱུད་སྡུད་པར་བཞེད་ནས་དེར་འདི་སྐད་ཅེས་བྱ་བ་གསུངས་པ་ནི། སྡུད་པར་བྱེད་པའི་ཚིག་གོ། །ཐོས་པ་ཞེས་བྱ་བ་ནི་རྣམ་པ་འདི་ལྟར་བཅོམ་ ལྡན་འདས་མ་ལས་བདག་གིས་ཐོས་ཞེས་སྦྱར་རོ། །འདི་སྐད་བདག་གིས་ཞེས་པ་ལ། ཨེ་ནི་སར་གསུངས་ཏེ། དེ་ནི་སྤྱན་མའི་རང་བཞིན་ནོ། །ཝཾ་ནི་ཆུར་གསུངས་ཏེ། དེ་ནི་མཱ་མ་ཀཱིའི་རང་བཞིན་ནོ། །མ་ནི་མེར་གསུངས་ཏེ། དེ་ནི་གོས་དཀར་མོའི་རང་བཞིན་ནོ། །ཡཱ་ནི་རླུང་ དུ་གསུངས་ཏེ། དེ་ནི་སྒྲོལ་མའི་རང་བཞིན་ནོ། །ཡི་གེ་བཞི་ནི་ཕྱག་རྒྱ་བཞིར་ཡང་དག་པར་བཤད་དོ། །སྟོང་པ་ཉིད་ཀྱི་རང་བཞིན་གྱིས་འགྲོ་བ་རྒྱས་འདེབས་པས་ན་ཕྱག་རྒྱའོ། །བདག་གིས་ཐོས་ཞེས་བྱ་བ་ལ། རྣ་བའི་རྣམ་པར་ཤེས་པས་ཐོས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ 26-1-105a ན། དུས་གཅིག་གི་ཚེ་ནའོ། །དུས་གཅིག་ན་ཞེས་པ་ལ། དུས་ནི་རྣམ་པ་གསུམ་སྟེ། བདེ་བའི་དུས་དང་། སྡུག་བསྔལ་གྱི་དུས་དང་། བསམ་གྱིས་མི་ཁྱབ་པའི་དུས་ཉིད་དོ། །འཇུག་པའི་རླུང་ནི་བདེ་བའི་དུས་སོ། །འབྱུང་བའི་རླུང་ནི་སྡུག་བསྔལ་ གྱི་དུས་སོ། །འདི་དག་གཉིས་མེད་པར་སོན་པའི་རང་བཞིན་ནི་བསམ་གྱིས་མི་ཁྱབ་པར་སོན་པའི་དུས་སོ། །བཅོམ་ལྡན་འདས་ཞེས་པ་ལ་སྐལ་བ་ཕུན་སུམ་ཚོགས་པའི་ཕྱིར་ན་བཅོམ་ལྡན་ནོ། །བདུད་བཞི་བཅོམ་པའི་ཕྱིར་ཡང་བཅོམ་ལྡན་ནོ། །འདི་ལ་བཅོམ་པ་ ཡོད་པས་ན་བཅོམ་ལྡན་འདས་ཞེས་གསུངས་སོ། །དི་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཞེས་བྱ་བ་ལ་ཐམས་ཅད་ཀྱང་ཡིན་ལ་དེ་བཞིན་གཤེགས་པ་ཡང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེ་རྣམས་ཀྱི་སྐུ་དང་གསུང་ དང་ཐུགས་ཉིད་རྡོ་རྗེ་སྟེ་མི་ཤེས་པའི་རི་གཅོད་པས་རྡོ་རྗེའོ། །མི་ཤེས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་མི་ཤེས་པ་སྟེ། ཤེས་བྱའི་སྒྲིབ་པ་ཞེས་བྱ་བའི་ཐ་ཚིག་གོ། །རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ་ཤེས་རབ་ཀྱི་གཟུགས་ཞེས་བྱ་བའི་ཐ་ཚིག་གོ། །དཀྱིལ་ འཁོར་ཆེན་པོ་རྒྱན་དང་ལྡན་པའི་དབུས་སུ་ཞེས་བྱ་བ་ལ། དཀྱིལ་འཁོར་ཆེན་པོ་ཡང་ཡིན་ལ། རྒྱན་དང་ལྡན་པ་ཡང་ཡིན་པས་ན་དཀྱིལ་འཁོར་ཆེན་པོ་རྒྱན་དང་ལྡན་པ་སྟེ། དེ་ཉིད་དཀྱིལ་འཁོར་རོ། །དཀྱིལ་ནི་སྙིང་པོའོ། །འཁོར་ནི་དེ་ལེན་པ་སྟེ་སྙིང་པོ་ལེན་ཞེས་པའོ། །དེའི་ དབུས་སུ་དང་པོ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ཞེས་འཆད་པར་འགྱུར་བ་དང་སྦྱར་རོ། །ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལྔའི་རང་བཞིན་རྣམ་པར་སྣང་མཛད་ལ་སོགས་པའི་སངས་རྒྱས་ལྔའོ། ། རྣལ་འབྱོར་མ་ཞེས་བྱ་བ་ནི། གཤིན་རྗེ་མཆེ་བ་མ་ལ་སོགས་པ་རྣམས་སོ། །བཞུགས་ཞེས་བྱ་བ་ནི་དེ་རྣམས་ཀྱིས་བརྒྱན་ཞེས་བྱ་བའི་ཐ་ཚིག་གོ། །གནས་དེར་འཁོར་གསུངས་པ། འཕགས་པ་ཀུན་དགའ་བོ་ལ་སོགས་པ་འདོད་ཆགས་དང་བྲལ་བའི་དགེ་འདུན་རྣམས་ 26-1-105b ཀྱིས་བཅོམ་ལྡན་འདས་ཡོངས་སུ་བསྐོར་ཞེས་པའོ། །འདོད་ཆགས་དང་བྲལ་བ་འབའ་ཞིག་ཏུ་མ་ཟད་དོ་ཞེས་པ་དེ་གསུངས་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པ་ཞེས་པ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པའི་བྱང་ཆུབ་སེམས་ དཔའ་ཆེན་པོ་རྣམས་ཀྱིས་ཡོངས་སུ་བསྐོར་ཞེས་བྱ་བའི་ཐ་ཚིག་གོ། །བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱད་ཅུ་དང་ཡང་ཐབས་ཅིག་ཏུ་བཞུགས་སོ་ཞེས་བྱ་བ་ནི། བྱེ་བ་ཕྲག་བརྒྱད་ཅུའི་གྲངས་སུ་བགྲངས་པ་དང་ཞེས་བྱ་བའི་ཐ་ཚིག་གོ། །བྱང་ཆུབ་སེམས་དཔའི་ བརྩོན་འགྲུས་དང་ལྡན་པ་གང་དག་ཡིན་པ་དེ་དག་ནི་བྱང་ཆུབ་སེམས་དཔའོ། །ཐབས་ཅིག་ཏུ་བཞུགས་ཞེས་པ་ནི། དཀྱིལ་འཁོར་དེའི་དབུས་སུ་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་ཏུ་བཞུགས་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པ་གང་གིས་བཅོམ་ལྡན་འདས་ ཡོངས་སུ་མྱ་ངན་ལས་འདས་པ་དེ་ཉིད་གསུངས་པ། དེ་ནས་ཞེས་པ་ནི། དེའི་རྗེས་ཐོགས་སུ་ཞེས་པའོ། །ཨ་ནི་ཐིག་ལེའི་གཟུགས་སོ། །ཐ་ནི་བཅོམ་ལྡན་འདས་གང་གི་ཐུགས་ཐིག་ལེར་གནས་པའོ། །དེ་ཉིད་ཀྱི་ཁྱད་པར་ཇི་ལྟ་བུ་ཡིན་སྙམ་པ་ལ་རྡོ་རྗེའི་ཚིག་གིས་ཞེས་བྱ་བ་ གསུངས་ཏེ། རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཤེས་རབ་ཀྱི་ངོ་བོ་སྟེ་སྤྲུལ་པའི་འཁོར་ལོ་ལ་གནས་པའོ། །དེའི་ཚིག་ནི་ཆོས་ཀྱི་འཁོར་ལོ་ལ་གནས་པའི་ཐབས་ཀྱི་རང་བཞིན་ནོ། །འདི་དག་གཉིས་སུ་མེད་པར་གྱུར་པའི་རང་བཞིན་ནི་བཅོམ་ལྡན་འདས་སོ། །རྡོ་རྗེ་ ཆེན་པོའི་གནས་སུ་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་གི་གནས་ཏེ། དེས་ན་ཆོས་ཀྱི་འཁོར་ལོ་དང་སྤྲུལ་པའི་འཁོར་ལོ་དང་ལྷན་ཅིག་ཏུ་གྱུར་པའོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། རྒྱུད་ཐམས་ཅད་དང་སྔགས་ཡང་དག་པར་བཤད་ཅེས་བྱ་བ་གསུངས་ཏེ། རྒྱུད་ ཐམས་ཅད་ཀྱི་སྒྲས་ནི་འདུས་པ་ལ་སོགས་པ་གཟུང་ངོ་། །སྔགས་ནི་ཨ་དང་ཧཱུཾ་ལ་སོགས་པའོ། །དེ་དག་གི་གནས་སུ་ཡང་དག་པར་བཤད་པ་ནི་བདེ་བ་ཆེན་པོ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ན་ཁྱད་པར་ཇི་ལྟ་བུ་དང་ལྡན་པའི་བཅོམ་ལྡན་འདས་ཞུ་བར་གྱུར་སྙམ་པ་ལ། 26-1-106a དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཞེས་སྨོས་ཏེ། རྡོ་རྗེ་འཆང་ངོ་། །དེ་ལྟར་ཡང་། དཔལ་ལྡན་སངས་རྒྱས་ཀུན་གྱི་བདག །རྡོ་རྗེ་འཆང་ཆེན་གོ་འཕང་སྟེ། །སངས་རྒྱས་ཀུན་གྱི་ཐབས་བྱུང་བ། །དེ་ཉིད་ཆོས་རྣམས་ཆོས་ཉིད་དོ། །ཞེས་ གསུངས་ཏེ། སངས་རྒྱས་ཐམས་ཅད་སྐྱེད་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ །།རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བས་ཞེས་བྱ་བ་ནི། རྡོ་རྗེ་པདྨར་བསྣུན་པ་དེའི་སྦྱོར་བས་ཡང་དག་པར་བདེ་བའོ། །བཙུན་མོའི་བྷ་གར་ཞེས་བྱ་བ་ནི། སྤྱན་མ་ལ་སོགས་པའི་བཙུན་མོའི་བྷ་གར་ རོ། །ཡོངས་སུ་མྱ་ངན་ལས་འདས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་གཟུགས་སུ་ཞུ་བར་གྱུར་ཞེས་བྱ་བའི་ཐ་ཚིག་གོ། །ཡོངས་སུ་ནི་ཀུན་དུའོ། །མྱ་ངན་ལས་འདས་པ་ནི་རྣམ་པར་རྟོག་པ་ལས་ངེས་པར་བྱུང་བ་སྟེ། དེ་ནི་ཆོས་ཀྱི་སྐུའི་རང་བཞིན་ཞེས་བྱ་བའི་ཐ་ཚིག་གོ། ། དེ་ཡོངས་སུ་མྱ་ངན་ལས་འདའ་བ་མཐོང་ནས་ཞེས་བྱ་བ་ནི། ཆོས་ཀྱི་སྐུ་དེ་གཟིགས་ནས་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཅེས་པ་ནི། བྱང་ཆུབ་སེམས་དཔའ་འང་ཡིན་ལ། ཐམས་ཅད་ཀྱང་ཡིན་པས་ན་བྱང་ཆུབ་སེམས་དཔའ་ཐམས་ཅད་དེ་མིག་ ལ་སོགས་པའི་དབང་པོ་དྲུག་གོ། །རྣལ་འབྱོར་མ་ཐམས་ཅད་ཅེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་སྦྱོར་བ་རང་བཞིན་མེད་པའི་ཤེས་རབ་གང་ཡིན་པ་དང་། ཐབས་ཀྱི་དངོས་པོའི་མཚན་ཉིད་ཅེས་བྱ་བའི་ཐ་ཚིག་སྟེ། གང་དག་ལ་དེ་དག་ཡོད་པ་དེ་ནི་རྣལ་ འབྱོར་མ་སྟེ། རྩ་ཐམས་ཅད་ཀྱི་རང་བཞིན་ནོ། །རྨད་དུ་གྱུར་ཏེ་ཞེས་པ་ནི། ངོ་མཚར་དུ་གྱུར་ཞེས་པའི་ཐ་ཚིག་གོ། །གཅིག་ལ་གཅིག་ལྟ་ཞིང་ཞེས་པ་ནི། བྱང་ཆུབ་སེམས་དཔའ་དང་རྣལ་འབྱོར་མ་རྣམས་ཕན་ཚུན་དུ་ལྟ་ཞེས་བྱ་བའི་དོན་ཏོ། །ཅི་ཞིག་ སྨྲ་ཞེ་ན། ཨེ་མའོ་ཞེས་གསུངས་ཏེ། ཨེ་ནི་ཤེས་རབ་ཡིན་ལ། མ་ནི་ཐབས་སུ་གསུངས་ཏེ། འོ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་སྦྱོར་བའི་ཏིང་ངེ་འཛིན་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་ 26-1-106b གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་རྡོ་རྗེ་འཆང་ངོ་། །དཀྱིལ་འཁོར་ཆེན་པོ་རྒྱན་དང་ལྡན་པའི་དབུས་སུ་ཞེས་བྱ་བ་ལ། འདོད་ཆགས་དང་བྲལ་བའི་དགེ་འདུན་དང་། བྱང་ཆུབ་སེམས་དཔའ་དུ་མ་དང་། དེ་བཞིན་ གཤེགས་པ་ཐམས་ཅད་དང་། རྣལ་འབྱོར་མའི་ཚོགས་ཀྱིས་བརྒྱན་པ་གང་ཡིན་པའི་དཀྱིལ་འཁོར་དེ་ནི་དཀྱིལ་འཁོར་ཆེན་པོ་རྒྱན་དང་ལྡན་པའི་དཀྱིལ་འཁོར་ཏེ། དེའི་དབུས་ཀྱི་གནས་སུའོ། །ཇི་ལྟར་ཡོངས་སུ་མྱ་ངན་ལས་འདས་ཞེས་བྱ་བ་ནི། ཇི་ལྟར་ཆོས་སྐུར་གྱུར་ ཞེས་བྱ་བའི་ཐ་ཚིག་གོ། །སྣ་ཚོགས་སྡེ་མ་ལ་སོམ་ཉི་འདི་ཞུས་ཏེ། དེ་ནས་ཞེས་པ་ནི་དེ་མ་ཐག་ཏུ་ཞེས་པའི་ཐ་ཚིག་གོ། །རྣལ་འབྱོར་མ་སྣ་ཚོགས་སྡེ་མ་ཞེས་བྱ་བ་ནི་གསང་བར་གནས་པའི་རྩ་སྟེ། དེའི་སྣ་ཚོགས་ནི་ངོ་མཚར་བྱེད་པའོ། །སྡེ་ནི་བདེ་བ་ཆེན་པོའི་ཡེ་ཤེས་ ཏེ། དེ་ཉིད་ཐེག་པ་ཆེན་པོའོ། །གཉི་གའི་སྦྱོར་བ་དང་ལྡན་པ་ནི། རྣལ་འབྱོར་མར་བརྗོད་དེ་དེ་ཉིད་ལྷ་མོའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ལ། རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེའི་ཕྱག་གང་ ལ་ཡོད་པ་དེ་ནི་ཕྱག་ན་རྡོ་རྗེའོ། །བྱང་ཆུབ་སེམས་དཔའི་བརྩོན་འགྲུས་གང་ལ་ཡོད་པ་དེ་ནི་བྱང་ཆུབ་སེམས་དཔའོ། །སེམས་དཔའ་ཡང་ཡིན་པས་ན་སེམས་དཔའ་ཆེན་པོའོ། །སེམས་དཔའི་ནི་རྣམ་པ་གཉིས་སུ་གསུངས་ཏེ། སྐལ་བ་བཟང་པོ་དང་སྐལ་བ་ངན་ པའོ། །འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནི། འདི་སྐད་དུ་ཞུས་ཏེ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་ཞིག་སྨྲས་སྙམ་པ་ལ་གསུངས་པ་ལྷ་མོ་ཞེས་པ་ནི་བོད་པའོ། །བསོད་ནམས་དམན་པ་ཞེས་པ་ནི་ཡིད་འདུལ་བ་མེད་པས་ན་བསོད་ནམས་དམན་པ་སྟེ། བསོད་ནམས་དམན་ པ་དང་ལྡན་པའི་སེམས་ཅན་རྣམས་སོ། །ནུས་པ་ལ་ཞོན་པར་འགྱུར་བ་ཞེས་པ་ལ། ནུས་པ་ནི་རྣམ་པ་མང་པོའོ། །དེ་ལ་ཞོན་པ་ནི་སེམས་ཀྱིས་བཙུགས་པ་ཡིན་པར་བཞེད་དོ། །ཐབས་ཅུང་ཟད་མཆིས་སམ་ཞེས་པ་ནི་ཐབས་ཅུང་ཟད་མཆིས་སམ་ཞེས་པའི་འདོད་པ་ 26-1-107a སྟེ། ལྷ་མོ་ལ་ཞུས་པའོ། །གསུངས་པ་རྣལ་འབྱོར་གྱི་རྒྱུད་ལ་ནི་བྱེ་བ་ཕྲག་དྲུག་ཉིད་དོ། །བྱེ་བ་ནི་རྣལ་འབྱོར་གྱི་རྒྱུད་རྣམ་པ་དྲུག་ལའོ། །རྣལ་འབྱོར་མའི་རྒྱུད་ལ་ནི་བྱེ་བ་ཕྲག་བཅུ་དྲུག་ཉིད་དོ་ཞེས་པ་ནི་རྣལ་འབྱོར་མའི་རྒྱུད་རྣམ་པ་བཅུ་དྲུག་ ལའོ། །མདོ་སྡེ་སོ་སོ་ལ་ནི་བྱེ་བ་ཕྲག་བརྒྱད་ཅུའོ་ཞེས་པ་ལ། མདོ་སྡེ་སོ་སོ་ལ་རྣམ་པ་བརྒྱད་ཅུའོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་ནི་བྱེ་བ་བསྒོས་པའི་འབུམ་ཕྲག་ལྔའོ་ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་རྣམ་པ་ལྔའོ། །གཞུང་རྒྱས་པའི་འཇིགས་པས་རྒྱས་ པར་མ་བྲིས་སོ། །འདི་དག་ཐམས་ཅད་ཅེས་པ་ནི་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་དང་། མདོ་སྡེ་དང་། ཕ་རོལ་ཏུ་ཕྱིན་པའི་ཐོག་པ་རྣམས་སོ། །ཐུབ་པའི་དབང་པོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་བདག་པོའོ། །གསུངས་ཞེས་པ་ནི་བཤད་ཅེས་པའོ། །སྔགས་ ཞེས་པ་ནི་ཡིད་སྐྱོབ་པར་གྱུར་པས་ན་སྔགས་སོ། །དང་ཞེས་པ་ནི་གང་གི་ཕྱིར་ཞེས་པའི་དོན་ཏོ། །བྲལ་ན་ཞེས་པ་ནི་མ་རྟོགས་པར་ཞེས་པའི་དོན་ཏོ། །རྒྱུད་ཀྱི་ནུས་པ་མི་སྣང་སྟེ་ཞེས་པ་ལ། རྒྱུད་བ་ཀླགས་པ་ཙམ་ལ་ནི་ནུས་པ་དང་སྟོབས་མེད་ཅེས་བྱ་བའི་ཐ་ཚིག་གོ། ། དེ་ལྟར་ཡང་གསུངས་པ། ལུས་ཀྱིས་བཀླགས་པར་མི་འགྱུར་ཞིང་། །ངག་གིས་བཀླགས་པར་ཅིར་འགྱུར་གྱིས། །གསོ་དཔྱད་བཀླགས་པ་ཙམ་གྱིས་ནི། །ནད་པ་རྣམས་ནི་ཇི་ལྟར་འགྱུར། །ཞེས་གསུངས་སོ། །ད་ནི་རྣལ་འབྱོར་པ་ཐ་མ་དང་འབྲིང་དང་མཆོག་རྣམས་ཀྱི་ བཟླས་པ་བསྟན་པར་བྱ་སྟེ། རྒྱུད་ལ་ལར་ཞེས་པ་ནི་རྒྱུད་ཁ་ཅིག་ཏུའོ། །ཅི་ནས་ཞེས་པ་ནི་རྣམ་པ་ཀུན་ནས་སོ། །སྔགས་བྱེ་བ་བཟླས་ཞེས་པ་ལ་རྣལ་འབྱོར་པ་ཐ་མས་ནི། སྔགས་བྱེ་བ་བཟླས་པར་གསུངས་ཞེས་པའི་ཐ་ཚིག་གོ། །བསོད་ནམས་འབྲིང་པོ་རྣམས་ ཀྱིས་ནི་སྔགས་འབུམ་བཟླས་ཞེས་པ་ནི་བསོད་ནམས་འབྲིང་པོའི་རྣལ་འབྱོར་པ་དང་བར་མས་འབུམ་བཟླས་པར་གསུངས་ཏེ་མྱུར་བར་ཞེས་པ་ནི་མགྱོགས་པར་ཞེས་པའི་དོན་ཏོ། །གང་གསུངས་ཞེས་པ་ནི་གང་བཤད་པའོ། །བསོད་ནམས་ཆེ་བས་ཞེས་བྱ་བ་ལ་བསོད་ 26-1-107b ནམས་ཆེ་བའི་རྣལ་འབྱོར་མཆོག་གིས་ནི་ཁྲི་བཟླས་པར་བཤད་དོ། །དེ་ལྟར་ཡང་བཤད་པ། རྫོགས་ལྡན་དུས་སུ་ཡི་གེ་འབུམ་བཟླས་ཏེ། །གཉིས་ལྡན་དུས་སུ་སྔགས་པས་འབུམ་ཕྲག་གཉིས། །གསུམ་ལྡན་དུས་སུ་འབུམ་ཕྲག་གསུམ་དུ་འགྱུར། །བྱེ་བ་ཕྲག་གསུམ་ འབུམ་བཞི་རྩོད་དུས་སྦྱར། །ཞེས་གསུངས་སོ། །རྡོ་རྗེ་ཅན་ཆེན་པོ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །རྣམ་པ་དེ་ལྟ་བུར་བཅོམ་ལྡན་འདས་ཀྱིས་སྔགས་ཀྱི་བཟླས་པ་གསུངས་སོ། །འཁོར་གྱི་ནང་དུ་ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་དང་། གཤིན་རྗེ་ མཆེ་བ་མ་ལ་སོགས་པའི་རྣལ་འབྱོར་མ་རྣམས་ཕན་ཚུན་གླེང་བར་བྱེད་དོ། །བསོད་ནམས་ཆུང་བའི་སེམས་ཅན་རྣམས་ཞེས་པ་ནི་བསོད་ནམས་དམན་པ་རྣམས་སོ། །བྱེ་བ་བཟླས་པར་གསུངས་ཞེས་པ་ནི། བྱེ་བ་བཟླས་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །སེམས་ ཅན་རྩོལ་བ་ཆུང་བ་རྣམས་ཀྱིས་ཞེས་བྱ་བ་ལ། ཉུང་ངུས་མགུ་བའི་སེམས་ཅན་རྣམས་ཀྱི་བཟླས་པ་ནི་འབུམ་དུ་འགྱུར་རོ། །བསྒོམ་པ་ལ་ཞོན་པའི་སེམས་ཅན་རྣམས་ཀྱིས་ནི་ཞེས་པ་ལ། དེ་ཁོ་ན་ཉིད་ཀྱི་བསྒོམ་པ་ལ་ཞོན་པར་ནུས་པ་དེ་ཁོ་ན་ཉིད་ཀྱིས་སེམས་བརླན་པ་དེ་ རྣམས་ཀྱི་བཟླས་པ་ཁྲིར་འགྱུར་རོ། །འདོད་ཆགས་ལ་ཞུགས་པའི་སེམས་ཅན་རྣམས་ཞེས་པ་ནི་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་དང་མཚུངས་པར་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །སྔགས་ཀྱི་བཟླས་པ་ཇི་ལྟར་ལགས་ཞེས་བྱ་བ་ལ། དེ་དག་གི་སྔགས་ཀྱི་ བཟླས་པའི་གྲངས་མེད་ཅེས་པའོ། །བླུན་པ་དང་ལྐུགས་པའི་རིགས་ཅན་རྣམས་ཀྱི་ཞེས་པ་ནི་རྨོངས་པ་དང་དག་པའི་རིགས་ཅན་ཞེས་པའི་ཐ་ཚིག་གོ། །གྲངས་ཇི་ལྟར་ལགས་ཞེས་པ་ལ། སེམས་ཅན་དེ་རྣམས་ཀྱི་སྔགས་ཀྱི་བཟླས་པ་ལ་གྲངས་མེད་ཅེས་པའི་ཐ་ ཚིག་གོ། །ཤིན་ཏུ་དམིགས་པའི་སྔགས་ཀྱི་བཟླས་པ་ཞེས་བྱ་བ་ནི་བསྒོམ་པ་ལ་གཅིག་ཏུ་བརྩོན་པ་ནི་སྔགས་ཀྱི་བཟླས་པ་དགོས་པ་མེད་དེ། སྔགས་ཀྱི་བཟླས་པ་བས་བསམ་གཏན་བསོད་ནམས་ཆེས་འཕེལ་བར་འགྱུར་རོ། །འདི་ལྟར་ཕན་ཚུན་སྨྲ་བས་ཞེས་པ་ལ་སོགས་ 26-1-108a པ་ནི་གོ་སླའོ། །དམན་པའི་སེམས་ཀྱིས་ཞེས་པ་ནི་སྔགས་འདིས་དངོས་གྲུབ་འཐོབ་བམ་མི་ཐོབ་ཅེས་རྣམ་པ་དེ་ལྟ་བུར་གལ་ཏེ་བྱེད་ནའོ། །བསྐལ་པ་སྐར་མ་ལྟ་བུ་བྱེ་བར་ཡང་ཞེས་པ་ནི། ཇི་ལྟར་ཇི་སྲིད་དུ་ནམ་མཁའ་ལ་སྐར་མ་གནས་པ་དེ་སྲིད་ཀྱི་ བསྐལ་པའི་གྲངས་སུ་ཡང་དངོས་གྲུབ་མེད་ཅེས་བྱ་བའི་ཐ་ཆིག་གོ། །དེ་ལྟར་ཡང་། ཐམས་ཅད་དུ་ནི་སྤྲུལ་པའི་སྐུ། །ཉན་ཐོས་ལ་སོགས་པ་ཡིས་མཐོང་། །བྱང་ཆུབ་སེམས་དཔའ་རྫོགས་ལོངས་སྤྱོད། །དེ་བཞིན་ཆོས་སྐུ་སངས་རྒྱས་ཀྱིས། །ཞེས་གསུངས་སོ། ། དེ་ལྟ་བས་ན་བཅོམ་ལྡན་འདས་དེ་ཉིད་ན་བཞུགས་པ་དེ་བཞིན་གཤེགས་པ་དང་རྣལ་འབྱོར་མ་འབའ་ཞིག་གིས་མཐོང་ངོ་། །དེ་ལྟར་ཐོས་ནས་ཞེས་པ་ལ། །ཨེ་ཡི་ཆ་བྱད་བཟང་པོ་གང་། །དབུས་སུ་ཝཾ་གྱིས་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གཞི། །སངས་ རྒྱས་རིན་ཆེན་ཟ་མ་ཏོག །ཅེས་སོ། །དེའི་དབུས་སུ་འཛག་པ་ནི། འདིར་སྲུ་ཤྲ་བ་ཎའི་སྐད་ཀྱི་དབྱིངས་ཀྱི་སྦྱོར་བ་ལས་སོ། །དེས་ཅིར་འགྱུར་ཞེ་ན། གང་གི་ཚེ་ན་བྱང་ཆུབ་ཀྱི་སེམས་འཛག་པ་དེའི་ཚེ་ཐམས་ཅད་མཁྱེན་པར་འགྱུར་ཞེས་སྦྱར་རོ། །རྣལ་འབྱོར་མ་སྣ་ཚོགས་ སྡེ་མ་ཞེས་པ་ནི་གསང་བ་ན་གནས་པའི་རྩའོ། །དེའི་སྣ་ཚོགས་ནི་ངོ་མཚར་བྱེད་པ་སྟེ། རྩ་ཐམས་ཅད་ཀྱི་ཚོགས་འདུས་པ་ཞེས་པའི་ཐ་ཚིག་གོ། །དེའི་བདེ་བ་ཆེན་པོ་ཉམས་སུ་མྱོང་པ་ནི་རྣལ་འབྱོར་མའོ་ཞེས་བརྗོད་པར་བྱའོ། །ཐབས་དང་བྲལ་བའི་རྣལ་འབྱོར་མ་ནི་མེད་ དེ། དེ་ལྟར་ཡང་། མ་མོ་མི་ཡི་གཟུགས་ཀྱིས་ཏེ། །མཁའ་འགྲོ་མ་ནི་འགྲོ་དང་ཚུལ། །རྣལ་འབྱོར་མ་ནི་ཐབས་དང་ལྡན། །དཀྱིལ་འཁོར་ལས་ནི་རྟག་ཏུ་སྤྲོ། །ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་སྣ་ཚོགས་སྡེ་མ་ལ་བཅོམ་ལྡན་འདས་འཁྱུད་དེ་བཞུགས་ སོ། །བཅོམ་ལྡན་འདས་ཀྱི་ཞལ་ལ་ཞེས་བྱ་བ་ནི། ཞལ་དབུ་མ་བདེ་བ་ཆེན་པོའི་རང་བཞིན་ནོ། །ལྟ་བར་བྱེད་ཅེས་བྱ་བ་ནི། ཉམས་སུ་མྱོང་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ཟུར་མིག་དང་བཅས་པ་ལ་སོགས་པ་ནི་གོ་སླའོ། །བདུད་ཀྱི་དཔུང་རབ་ཏུ་བཅོམ་མོ་ཞེས་ 26-1-108b པ་ལ། བདུད་ནི་དབང་པོ་ལ་སོགས་པ་སྟེ། དེ་རྣམས་ཀྱི་རྣམ་པར་རྟོག་པའི་ཚོགས་བཅོམ་མོ་ཞེས་བྱ་བའི་ཐ་ཚིག་གོ། །སླར་ཡང་ཁྱད་པར་ཇི་ལྟ་བུ་ཞིག་དང་ལྡན་ཞེ་ན། གསུངས་པ་དེ་ལྟར་བཞུགས་པའི་ལྷ་མོ་ཞེས་པ་ལ། དེ་ལྟར་གསང་བ་ཆེན་པོའི་གནས་སྤྲུལ་པའི་འཁོར་ལོ་དང་། ཆོས་ ཀྱི་འཁོར་ལོར་རོལ་པ་ནི་ལྷ་མོའོ། །དེས་ཅིར་འགྱུར་ཞེ་ན། ཐབས་དང་ཤེས་རབ་དག་ཡང་དག་པར་འདུས་པས་བདེ་བ་མྱོང་བར་འགྱུར་རོ། །རྒྱུད་ཐམས་ཅད་ཀྱི་བདག་པོ་ཞེས་པ་ལ། རྒྱུད་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་རྒྱུད་ཐམས་ཅད་དེ་འདུས་པ་ལ་སོགས་པའོ། །དེ་རྣམས་ ཀྱི་བདག་པོ་དབང་ཕྱུག་ནི་སྣ་ཚོགས་སྡེ་མའོ། །ཡང་ན་རྒྱུད་ཐམས་ཅད་ཀྱི་སྒྲས་ནི་ཨ་ལ་སོགས་པའི་དབྱངས་ཡིག་བཅུ་དྲུག་ལོངས་སྤྱོད་ན་གནས་པ་གཟུང་སྟེ། དེས་ན་རྒྱུད་ཐམས་ཅད་ཀྱི་སྒྲས་ལོངས་སྤྱོད་ཀྱི་འཁོར་ལོ་ཡང་དག་པར་བཤད་དོ། །རྒྱུད་ཐམས་ཅད་ཀྱི་བདག་པོ་ནི་བདེ་བ་ ཆེན་པོའི་འཁོར་ལོའོ། །དེའི་དབང་ཕྱུག་ནི་གཏུམ་མོར་ཡང་དག་པར་བཤད་དོ། །འདི་དག་གིས་ནི་སྔགས་ཀྱི་དེ་ཉིད་རབ་ཏུ་བཤད་པ་ཡིན་ནོ། །གཟིགས་པ་ཙམ་གྱིས་ཞེས་པ་ནི་གཏུམ་མོ་བསྒོམས་པས་སྔགས་འགྲུབ་པར་འགྱུར་རོ་ཞེས་གསུངས་སོ། །བཅོམ་ལྡན་འདས་ཀྱི་ དབུ་ལས་སྔགས་བྱུང་ངོ་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་ནོ། །ལུས་སྐྱོང་བས་ན་ཐོད་པའོ། །ཀཾ་སྟེ་ཡུལ་སྐྱོང་བས་ན་ཐོད་པའོ། །ཀཾ་ནི་བདེ་བ་སྐྱོང་བ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་མི་ཤིགས་པ་ཧཾ་ངོ་། །དེའི་གནས་ནས་སྔགས་བྱུང་བར་འདོད་དོ། །ལས་ རྣམས་བཞིར་ནི་རྣམ་གཞག་པས། །མི་ཤིགས་པ་ཡི་གཟུགས་རྣམས་བཞི། །ལུས་འདི་ཁ་དོག་རྣམ་བཞི་ཡིས། །ལས་རྣམ་བཞི་ནི་རབ་ཏུ་སྒྲུབ། །ཅེས་སོ། །སླར་ཡང་། ཨཱ་ལི་ཀཱ་ལི་རབ་སྦྱོར་བས། །དེ་ཡི་ས་བོན་ཡང་དག་བཏུ། །སྨིན་དབུས་གནས་ཀྱི་ ཐིག་ལེ་ཡི། །ས་བོན་ཡེ་ཤེས་ཅན་གྱིས་བསྒོམ། །ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་སྔགས་ཐམས་ཅད་ཀྱི་གནས་མི་ཤིགས་པའི་ཡུམ་མོ། །གནས་དེར་སེམས་བཏགས་པའི་སྔགས་སྤྲོས་པས། དངོས་གྲུབ་ཐོབ་པོ་ཞེས་སྦྱར་རོ། །སྔགས་གང་ཡིན་ཞེ་ན་དེ་ཉིད་ 26-1-109a གསུངས་པ། ཨོཾ་བུདྡྷ་ཞེས་བྱ་བ་ལ་སོགས་པའི་སྔགས་རྐང་པ་བརྒྱད་པའོ། །བྱུང་ཞེས་པ་ནི་སོང་བའོ། །གང་དུ་སོང་ཞེ་ན་དེ་ཉིད་གསུངས་པས་རིམ་པ་བདུན་གྱི་འོག་ཏུ་ཆུད་པ་ཞེས་བྱ་བ་ནི། རི་མོ་བདུན་པོ་དེ་ལ་ཐིམ་པར་གྱུར་པ་སྟེ། དེ་ནི་ཀ་ལ་སོགས་པའི་རང་ བཞིན་ནོ། །དེ་ཉིད་ལས་སྔགས་འཕྲོ་ཞིང་དེ་ཉིད་དུ་ཐིམ་མོ། །ཀླུ་རྣམས་བཅོམ་པར་བྱས་ཞེས་བྱ་བ་ལ། ཀླུ་རྣམས་ཞེས་བྱ་བ་ལ་སོགས་པ་ནི་སྒྲ་ཇི་བཞིན་ནོ། །ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་བཅོམ་ཞིང་བརླག་པར་བྱས་ཞེས་པའི་ཐ་ཚིག་གོ། །སླར་འོངས་ཏེ་ཞེས་པ་ ནི་སླར་རི་མོ་དེ་ལ་འོངས་པ་སྟེ་ཞུགས་ཞེས་བྱ་བའི་ཐ་ཚིག་གོ། །སྣ་ཚོགས་སྡེ་མ་ཞེས་པ་ནི་ཨ་ཝ་དྷཱུ་ཏཱིའི་ནང་དུ་ཆུད་པའོ། །ཞལ་ཞེས་པ་ནི་རང་བཞིན་གྱིས་ཕྲ་བའི་གནས་སུ་རླུང་གི་རབ་ཏུ་དབྱེ་བས་སྔགས་ཞུགས་པར་བསམ་པར་བྱའོ། །པདྨའི་ནང་ནས་བྱུང་ནས་ཞེས་པ་ནི། པདྨའི་ ནང་དུ་ཆུད་པའི་ཐིག་ལེ་ལས་བྱུང་ཞིང་འཐོན་ཏོ་ཞེས་པའི་ཐ་ཚིག་གོ། །སླར་ཐོད་པར་ཞུགས་ཞེས་པ་ལ་ཐོད་པ་སྟེ། མི་ཤིགས་པའི་རྩར་ཕྲ་བའི་དངོས་པོ་ཞུགས་པར་བསམ་པར་བྱའོ། །ཡང་ན་སྣ་ཚོགས་སྡེ་མ་ལ་སོགས་པ་ནི་སྒྲ་ཇི་བཞིན་དུ་ཤེས་པར་བྱའོ། །རྡུལ་བྱུང་ཞེས་པ་ ནི། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལས་བྱང་ཆུབ་ཀྱི་སེམས་འཕྲོ་བར་འགྱུར་བའོ། །ནོར་རྒྱས་ལ་སོགས་པའི་ཀླུ་ཞེས་པ་ནི་གོ་བར་སླའོ། །དེ་ལྟར་ཡང་། བདེ་ཆེན་འཁོར་ལོ་ལས་ནི་བརྒྱད། །ལོངས་སྤྱོད་འཁོར་ལོ་ལས་དེ་བཞིན། །ཆོས་ཀྱི་འཁོར་ལོ་ལས་ནི་བཞི། ། དེ་བཞིན་སྤྲུལ་པ་ལས་བཅུ་གཉིས། །ཞེས་གསུངས་སོ། །དེ་ལྟར་རྩ་སུམ་ཅུ་རྩ་གཉིས་ལས་བྱང་ཆུབ་ཀྱི་སེམས་ཐམས་ཅད་འབབ་བོ། །དེ་ལྟར་ཡང་། གང་ཚེ་བྱང་ཆུབ་སེམས་ཀྱིས་ནི། །རྩ་འདི་དག་ནི་གང་གྱུར་པས། །དེ་ཡི་རྗེས་སུ་སངས་རྒྱས་དང་། །རྡོ་རྗེ་འཆང་བ་ ཉིད་ཐོབ་འགྱུར། །ཞེས་གསུངས་སོ། །རྣལ་འབྱོར་མ་སྣ་ཚོགས་སྡེ་མ་ལ་ཁ་ཕྱོགས་ཏེ་ཞེས་པ་ནི་རྣལ་འབྱོར་མ་ཆེན་པོའི་མདུན་དུ་ཁ་བལྟས་པའོ། །ཀླུ་ཐམས་ཅད་ཅེས་བྱ་བ་ནི། ནོར་རྒྱས་ལ་སོགས་པའོ། ཞུས་པ་ཞེས་པ་ནི་ཡང་དག་པར་གསོལ་བའོ། །སྙིང་ན་གནས་པའི་རྩ་ 26-1-109b བརྒྱད་པོ་དེ་རྣམས་ནི་ཀླུ་བརྒྱད་ཀྱི་རང་བཞིན་ནོ། །དབུས་ཀྱི་ཐིག་ལེའི་གཟུགས་ནི་སྣ་ཚོགས་སྡེ་མ་དང་ལྡན་པའི་བཅོམ་ལྡན་འདས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ལྷ་མོ་བཀའ་ཅི་ཞིག་སྩོལ་ཞེས་ཏེ། ལྷ་མོ་སྣ་ཚོགས་སྡེ་མ་བཀའ་སྩོལ་ཅིག་ཅེས་པའོ། །སངས་རྒྱས་ཉམས་སུ་ མྱོང་བ་ཞེས་པ་ལ་སངས་རྒྱས་ནི་ཕུང་པོ་ལྔ་སྟེ། དེ་རྣམས་ཀྱི་རྗེས་སུ་ནི་ཕྱིས་འབྱུང་བའོ། །དེས་ན་གང་ཉམས་སུ་མྱོང་བར་འགྱུར་བ་དེ་གྱིས་ཤིག་པའོ། །དེ་ལྟར་ཐོས་པ་ཙམ་ཞེས་པ་ནི། ཨེ་ཝཾ་ཡང་དག་པར་སྦྱོར་བ་སྟེ། བྱང་ཆུབ་ཀྱི་སེམས་སྤྲོས་པ་ཙམ་གྱིས་སོ། །གནས་ གང་དུ་ཞེ་ན། དཀྱིལ་འཁོར་ཆེན་པོའི་རྒྱན་དང་ལྡན་པའི་དབུས་སུ་སྟེ་འཁོར་ལོ་བཞིའི་དབུས་སུའོ། །གང་ལས་ཞེ་ན། བཅོམ་ལྡན་འདས་ལས་ཏེ། བཅོམ་ལྡན་འདས་ཐིག་ལེའི་གཟུགས་སུ་སྣང་བ་ལས་ཞེས་པའི་དོན་ཏོ། །ཐོད་པ་ཁ་ཕྱེ་སྟེ་ཞེས་པ་ལ་ཐོད་པ་ནི་ བཤད་ཟིན་ཏོ། །ཨཱ་ལི་ཀཱ་ལིའི་རང་བཞིན་གྱི་ཐོད་པ་ཁ་ཕྱེ་ཞིང་གསང་ཞེས་པའི་ཐ་ཚིག་གོ། །གླེགས་བམ་ཞེས་པ་ནི་ཆོས་ཐམས་ཅད་གཅིག་ཏུ་བསྡུས་པའོ། །ཡང་ན་གླེགས་བམ་ནི་བྱང་ཆུབ་སེམས་ཏེ། པཱུ་ནྀ་པཱུ་ལི་རའི་གནས་ཏེ་སྤྱི་བོའོ། །ཀཾ་ནི་བདེ་བའོ། ། ཏ་ནི་དེ་རྒྱས་པར་བྱེད་པ་སྟེ། དེས་ནི་ཐིག་ལེའི་གཟུགས་མི་ཤིགས་པའི་ཡིད་ལྟ་བུ་ནི་གླེགས་བམ་མོ། །བྱུང་པོ་ཞེས་པ་ནི་སྤྲོས་པའི་ཐ་ཚིག་གོ། །ནམ་མཁའ་ལས་སྒྲ་བྱུང་ངོ་ཞེས་པ་ལ། ནམ་མཁའ་ནི་ཆོས་ཀྱི་འབྱུང་གནས་སོ། །སྒྲ་ནི་སྒྲ་ཙམ་སྟེ། རྡོ་རྗེ་དང་པདྨ་ ཡང་དག་པར་སྦྱོར་བ་ལས་བྱུང་བ་རྡོ་རྗེ་ཞེས་པའི་བར་དུའོ། །གླེགས་བམ་བྱུང་བའི་དུས་སུ་ནམ་མཁའ་ལ་ལྷ་རྣམས་ཀྱིས་རོལ་མོའི་སྒྲ་སྣ་ཚོགས་སྒྲོགས་པར་བྱེད་དོ། །ལྷ་མོ་སྣ་ཚོགས་སྡེ་མ་ཟུང་། །ཞེས་པ་ལ་ལྷ་མོ་ནི་བོད་པ་སྟེ། ཀྱེ་ལྷ་མོ་གླེགས་བམ་ཟུང་ཞེས་པའི་དོན་ ཏོ། །སེམས་ཅན་ཀུན་ལ་ཕན་འདོགས་མ། །ཞེས་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་པར་མཛད་མ་ཞེས་པའི་དོན་ཏོ། །རྒྱུད་འདི་རྒྱལ་པོ་ཆེན་པོ་སྟེ། །ཞེས་པ་ནི་འདུས་པ་ལ་སོགས་པའི་རྒྱུད་རྣམས་ཀྱི་ནང་ན་རྒྱལ་པོ་སྟེ་གཙོ་བོའོ་ཞེས་པའི་ཐ་ཚིག་གོ། །རྒྱུད་ཀྱི་ཁྱད་ 26-1-110a པར་ཇི་ལྟ་བུ་ཞེ་ན། དེ་ཉིད་གསུངས་པ། རྣལ་འབྱོར་མ་ཡི་གོང་ན་མེད། །ཅེས་པ་ནི། སྤྱན་མ་ལ་སོགས་པའི་ངག་གི་ལམ་ལས་འདས་པའི་རང་བཞིན་ནོ། །རྒྱུད་ཀྱི་མཚན་ཅི་ཞེ་ན། སངས་རྒྱས་ཐོད་པའོ། །སངས་རྒྱས་ནི་རྡོ་རྗེར་གསུངས་ལ། ཐོད་པ་ནི་པདྨར་ བཤད་དེ། ཆོས་ཀྱི་འབྱུང་གནས་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ཐབས་དང་ཤེས་རབ་ཀྱི་རྒྱུད་ཅེས་པའི་ཐ་ཚིག་གོ། །དེ་ལྟར་ཐོས་ནས་ཞེས་པ་ནི་ཤེས་རབ་དང་ཐབས་ཀྱི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་སྤྲོས་པའོ། །སྣ་ཚོགས་སྡེ་མ་ཞེས་བྱ་བ་ལ་སྣ་ཚོགས་ནི་ངོ་མཚར་རོ། །སྡེ་ནི་བདེ་ བ་ཆེན་པོ་ཞེས་པའི་ཐ་ཚིག་གོ། །དེས་ཅིར་འགྱུར་ཞེ་ན་གླེགས་བམ་ཡང་དག་པར་བཟུང་སྟེ་ཞེས་པ་ལ། པཱུ་ནི་པཱུ་ལི་རའོ། །ཀཾ་ནི་སུ་ཀ་སྟེ་མི་ཤིགས་པའོ། །ཏ་ནི་རྒྱས་པར་བྱེད་པ་སྟེ། བྱང་ཆུབ་སེམས་ཀྱི་གླེགས་བམ་ཡང་དག་པར་བཟུང་སྟེ། འགྲོ་བ་གང་ཡིན་པ་དེ་ནི་སྣ་ཚོགས་ སྡེ་མ་ཞེས་པའི་ཐ་ཚིག་གོ། །ཕྱག་ན་རྡོ་རྗེ་ལ་ཉེ་བར་གཏོང་ཞེས་པ་ལ་རྡོ་རྗེ་ནི་མི་ཕྱེད་པའོ། །དེའི་ཕྱག་གང་ལ་ཡོད་པ་དེ་ནི་ཕྱག་ན་རྡོ་རྗེའོ། །དེའི་དྲུང་དུ་སོང་སྟེ། ཉེ་བར་གཏོང་ཞེས་པའི་ཐ་ཚིག་གོ། །ཅིའི་ཕྱིར་འགྲོ་ཞེ་ན་ཕྱག་ན་རྡོ་རྗེ་ལ་གསང་བའི་དབང་སྦྱིན་པའི་དོན་དུ་ཞེས་བྱ་བའི་ཐ་ ཚིག་གོ། །སེམས་ཅན་ཀུན་ལ་བདེ་འབབ་པ། །ཞེས་པ་ནི་སེམས་ཅན་ཐམས་ཅད་ལ་བདེ་བ་འབབ་པར་བྱེད་པས་ན། སེམས་ཅན་ཀུན་ལ་བདེ་འབབ་པ། །ཞེས་པའི་དོན་ཏོ། །དངོས་གྲུབ་ཀུན་ཞེས་པ་ནི་དངོས་གྲུབ་ཐམས་ཅད་སྟེར་ཞེས་པའི་དོན་ཏོ། །གང་དག་གི་ཞེ་ན་རྣལ་ འབྱོར་མ་རྣམས་ཀྱི་ཞེས་སྨོས་ཏེ། རྣལ་འབྱོར་པ་རྣམས་ལ་ཞེས་བྱ་བར་སྦྱར་བར་བྱའོ། །འབྲས་བུ་མྱུར་དུ་སྟེ་ཞེས་པ་ལ་བྱང་ཆུབ་ཀྱི་སེམས་དེ་ཉིད་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་བར་འགྱུར་བའོ། །མནན་དང་སྤར་དང་ཡེ་ཤེས་ཆེ། །ཞེས་པ་ལ་མནན་པའི་སྒྲ་ནི་ཤེས་ རབ་ཀྱི་པདྨའོ། །སྤར་བའི་སྒྲ་ནི་རྡོ་རྗེ་ཞེས་པའི་དོན་ཏོ། །རྡོ་རྗེ་དང་པདྨ་དག་ལ་སྐྱེས་པའི་ཡེ་ཤེས་གང་ཡིན་པ་དེ་ནི་ཡེ་ཤེས་ཆེན་པོ་སྟེ། ལྷན་ཅིག་སྐྱེས་པའི་རང་བཞིན་ཞེས་པའི་ཐ་ཚིག་གོ། །ཡེ་ཤེས་དེའི་ཁྱད་པར་ཇི་ལྟ་བུ་ཞེ་ན། གོང་ན་མེད་པ་ཞེས་པ་སྟེ། ངག་གི་ལམ་ 26-1-110b གྱི་སྤྱོད་ཡུལ་ལས་འདས་པའོ། །རྙེད་པར་དཀའ་ཞེས་པ་ནི་རྩ་བསྐྱོད་པ་ལས་ཤེས་པར་བྱའོ། །འདི་དག་གིས་ནི་རང་རིག་པ་ཙམ་བསྟན་ཏོ། །དེ་ལྟར་ཡང་། རྟག་ཏུ་འདོད་པ་བསྟན་བྱ་ཞིང་། །ཆུ་ཡི་མཆོག་ཀྱང་བཏུང་བར་བྱ། །ཆོས་བསྟེན་ཆོས་མིན་སྤང་བར་བྱ། ། འདི་ནི་ཕོ་མོའི་བརྟུལ་ཞུགས་སོ། །ཞེས་གསུངས་སོ། །ཉན་ཐོས་ལ་སོགས་པས་དཀའ་བ་སྤྱད་ཀྱང་མིང་ཙམ་ཡང་མི་རྙེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གསང་བ་ཞེས་པ་ལ་གསང་བའི་སྒྲས་ནི་ཆོས་ཀྱི་དབྱིངས་ཀྱི་ཚུལ་གྱིས་ཁྱབ་པར་བྱེད་ཅིང་དེ་བཞིན་གཤེགས་པ་ཐམས་ཅད་ དེ་ལས་བྱུང་བས་ན་གསང་བ་སྟེ། ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པས་ན་གསང་བའོ། །མཆོག་ཅེས་བྱ་བ་ནི་ཕུལ་དུ་བྱུང་བའི་ཡེ་ཤེས་དམ་པའི་ཕུལ་ལོ། །ཉམས་དགའ་ཞེས་བྱ་བ་ནི་དགའ་བ་ལ་སྦྱོར་བས་ཉམས་དགའོ། །ལུས་ཀུན་ལ་ནི་རྣམ་པར་གནས། །ཞེས་ པ་ནི་ལུས་ཅན་ཐམས་ཅད་ཀྱི་སྙིང་གི་དབུས་ན་བདེ་བ་ཆེན་པོའི་གཟུགས་ཀྱི་རྣམ་པར་གནས་པར་འགྱུར་བའོ། །དེའི་ལས་གང་ཡིན་ཞེ་ན། དེ་ཉིད་གསུངས་པ་ནམ་མཁའ་ལྡིང་ལ་སོགས་པའི་ལས་བཅུ་གཉིས་སུ་འགྱུར་རོ། །སྣ་ཚོགས་སྔགས་རིམ་ཇི་བཞིན་དང་། །ཞེས་པ་ནི་རྣམ་ པ་སྣ་ཚོགས་པའི་བག་ཆགས་ལས་ཡིད་སྐྱོ་བར་བྱེད་པས་སྣ་ཚོགས་སྔགས་ཞེས་པའི་དོན་ཏོ། །རིམ་ཇི་བཞིན་ཞེས་པ་ནི་སྔགས་ཀྱི་གོ་རིམས་ཇི་ལྟ་བ་བཞིན་འབྱུང་ཞེས་པའི་ཐ་ཚིག་གོ། །ཇི་བཞིན་རྣལ་འབྱོར་མ་སྐྱེས་དང་། །ཞེས་པ་ལ། རྣལ་འབྱོར་མ་ནི་གཤིན་རྗེ་མཆེ་བ་མ་ལ་ སོགས་པའོ། །དེ་རྣམས་ཀྱི་ཇི་ལྟར་འབྱུང་བ་ནི་གོ་རིམས་ཇི་ལྟ་བ་བཞིན་དུ་ཕྱོགས་དང་མཚམས་སུ་བསྐྱེད་ཅེས་པའི་ཐ་ཚིག་གོ། །དཔལ་ཆེན་ཧེ་རུ་ཀའི་ཞེས་པ་ལ། ཧེ་ནི་རྒྱུ་སོགས་སྤངས་པའོ། །རུ་ནི་གཟུགས་བཅོམ་པའི་དོན་ཏོ། ཀ་ནི་གང་དུའང་མི་གནས་པ་སྟེ། ཨཱ་ ལི་ཀཱ་ལི་མཉམ་པར་སྦྱོར་བའི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་རང་བཞིན་ནི་དཔའ་བོ་ཆེན་པོ་དཔལ་ཧེ་རུ་ཀ་ཞེས་པའི་དོན་ཏོ། །དང་ནི་སྡུད་པའོ། །བསྐྱེད་པ་དང་ནི་གནས་རྒྱུ་དང་། །ཞེས་པ་ནི་མངོན་པར་བྱང་ཆུབ་པ་ལྔས་ཧེ་རུ་ཀ་བསྐྱེད་ཅིང་བཞེངས་པ་ཞེས་པའི་དོན་ཏོ། །དེའི་ 26-1-111a གནས་པའི་རང་བཞིན་དེ་ཉིད་རྒྱུ་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་དང་འབྲས་བུ་ཞེས་པའི་ཐ་ཚིག་གོ། །དངོས་དང་དངོས་མེད་ཅེས་པ་ལ། བཅོམ་ལྡན་འདས་ནི་དངོས་པོའི་ངོ་བོ་སྟེ། དངོས་པོ་མེད་པའི་ངོ་བོ་ཡང་དེའོ། །རྣམ་པ་ ཀུན་གྱི་མཆོག་དང་ལྡན་པ་སྟོང་པ་ཉིད་ཀྱི་མཚན་ཉིད་ཅེས་པའི་ཐ་ཚིག་གོ། །དེ་ལྟར་ཡང་དཔལ་གསང་བ་འདུས་པ་ལས། དངོས་པོ་ཐམས་ཅད་དང་བྲལ་ཞིང་། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པ་མཉམ་ཉིད་པ། ། རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་གསུངས་སོ། །ལང་ཀར་གཤེགས་པ་ལས་ཀྱང་། ཇི་ལྟར་བྱིས་པས་རྣམ་བརྟགས་པའི། །ཕྱི་ཡི་དོན་ནི་ཡོད་པ་མིན། །འདོད་ཆགས་ཀྱིས་ནི་སྦགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་སྐྱེ། ཞེས་ གསུངས་སོ། །དེ་ལྟར་ན་དངོས་པོ་མེད་པའི་རང་བཞིན་བཅོམ་ལྡན་འདས་ཞེས་པའི་ཐ་ཚིག་གོ། །སྤྲོས་མེད་ཅེས་པ་ནི་སྤྲོས་པ་དང་བྲལ་བའི་ཕྱིར་ན་སྤྲོས་པ་མེད་པའོ། །སྲིད་པར་སྤྱོད་ཅིང་གོས་པ་མེད། །ཅེས་པ་ནི། སྲིད་པའི་འཁོར་བར་སྤྱོད་པར་བྱེད་པས་ན་སྲིད་པར་སྤྱོད་པའོ། ། དགོངས་པས་བཤད་པ་ཞེས་པ་ནས་རལ་གྲི་ཞེས་པའི་མཐར་ཐུག་པའི་ལས་བཅོ་བརྒྱད་པོར་འགྱུར་བ་དེ་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན་གསུངས་པ། སངས་རྒྱས་ཐོད་པའི་སྦྱོར་བ་ཡིས། །ཞེས་པ་ལ། སངས་རྒྱས་ནི་རྡོ་རྗེར་གསུངས་ལ་ཐོད་པ་ནི་པདྨ་ཉིད་དོ། །དེ་དག་གི་སྦྱོར་བའི་ བསམ་གཏན་གྱིས་འགྲུབ་པར་འདོད་པའོ། །མི་སྣང་བ་ཞེས་པ་ནི་ལྷ་དང་མི་རྣམས་ཀྱིས་མི་མཐོང་བའི་དོན་ཏོ། །སྣ་ཚོགས་རྫུ་འཕྲུལ་རྣམ་འཕྲུལ་དང་། །ཞེས་པ་ལ། སྣ་ཚོགས་རྫུ་འཕྲུལ་ནི་སྣ་ཚོགས་པའི་ཆོ་འཕྲུལ་ཏེ་རྣམ་པ་སྣ་ཚོགས་པ་བྱེད་པར་འགྱུར་བའོ། །རང་ གི་གཟུགས་སུ་བསྒྱུར་བ་དང་། །ཞེས་པ་ལ་རང་གི་གཟུགས་ཀྱི་རང་བཞིན་བསྒྱུར་ཞིང་གཞན་གྱི་གཟུགས་སུ་བྱེད་པ་སྟེ། གཟུགས་སྣ་ཚོགས་པར་སྤྲུལ་པར་བྱེད་པའོ། །གཞན་གྱི་ལུས་ལ་གཞུག་སོགས་དང་། །ཞེས་པ་ལ། གཞན་གྱི་ལུས་ནི་གཞན་གྱི་ཁོག་པ་སྟེ་དེར་ 26-1-111b འཇུག་པར་བྱེད་པའོ། །སོགས་པའི་སྒྲས་ནི་གོང་དུ་འཕོ་བ་ཞེས་པའི་ཐ་ཚིག་གོ། །ལས་ཀྱི་ཚོགས་ནི་གཞུང་རྒྱས་པའི་འཇིགས་པས་མ་བྲིས་ཏེ། གདན་བཞི་པ་དང་རྡོ་རྗེ་མཁའ་འགྲོའི་རྒྱུད་དག་ལས་བླ་མའི་མན་ངག་གིས་ཤེས་པར་བྱའོ། །སངས་རྒྱས་བྱེ་བས་རབ་གསུངས་པ། ། ཞེས་པ་ལ་སངས་རྒྱས་བྱེ་བ་ནི་རྡོ་རྗེ་འཆང་ལ་སོགས་པའོ། །རབ་གསུངས་པ་ནི་ལྷན་ཅིག་སྐྱེས་པའི་གཟུགས་ཅན་གཏུམ་མོ་བསྒོམ་པའོ། །སངས་རྒྱས་བུ་མོ་ཞེས་པ་ནི་སངས་རྒྱས་དང་རྡོ་རྗེ་འཆང་བུ་མོ་ལྷན་ཅིག་སྐྱེས་པའི་གཟུགས་ཅན་མ་སྟེ། བུ་མོ་དེ་ཡང་མཆོག་ཆེན་མོའོ། །ཁྲོས་ པ་ཙམ་གྱིས་འགུགས་བྱེད་ན། །ཞེས་པ་ནི། ཆགས་པའི་སྦྱོར་བས་གཏུམ་མོ་སྦར་ཏེ། བྱང་ཆུབ་ཀྱི་སེམས་འཛག་པ་ནི་འགུགས་པ་ཡིན་ནོ། །སངས་རྒྱས་བུ་མོ་ཞེས་པ་ནི་སྤྲུལ་པའི་འཁོར་ལོའི་ཨ་བསྒོམ་པའོ། །སངས་རྒྱས་བྱེ་བས་ཞེས་པ་ལ་ཀོ་ཊི་ནི་རྩེ་མོ་སྟེ་ཆོས་ཀྱི་འཁོར་ལོའི་ ཐིག་ལེའི་གཟུགས་ཕྲ་མོའོ། །སངས་རྒྱས་ཞེས་པ་ནི་དེ་བཞིན་གཤེགས་པའི་ས་བོན་རྣམས་སོ། །རབ་སྲུང་ཞེས་པ་ནི་ཡོངས་སུ་བསྐོར་ཞེས་པའི་ཐ་ཚིག་གོ། །ཆོས་དང་སྤྲུལ་པ་དག་བསྒོམ་པས་གོང་དུ་འཕོ་བ་དང་། གཞན་གྱི་ལུས་ལ་འཇུག་པར་བྱེད་ཅེས་སྦྱར་རོ། །གཞན་ དག་སྨོས་ལྟ་ཅི་ཞིག་དགོས། །ཞེས་པ་ལ། གཞན་ནི་སྤྲུལ་པ་དང་ཆོས་དག་ལས་གཞན་པའི་ལོངས་སྤྱོད་ཀྱི་འཁོར་ལོ་ཆ་བཅུ་དྲུག་དང་ལྡན་པར་བཤད་དོ། །སྨོས་ལྟ་ཅི་ཞིག་དགོས་ཞེས་པ་ནི་མཆོག་རབ་ཀྱི་ཧཾ་ངོ་། །འཁོར་ལོ་གང་ལ་ཡོད་པའི་འཁོར་ལོ་དེ་ནི་བདེ་བ་ཆེན་པོར་ གསུངས་སོ། །འཁོར་ལོ་བཞི་བསྒོམས་པས་སེམས་བརྟན་པར་གྱུར་ན་སངས་རྒྱས་ཐོད་པར་གང་གསུངས་པ་དེ་ཐམས་ཅད་འགྲུབ་ཅེས་བྱ་བའི་དོན་ཏོ། །དེ་ལྟར་ཡང་། ས་གཉིས་དག་ལ་སེམས་བྱེད་པ། །འདི་ནི་གྲོལ་བར་རབ་ཏུ་གྲགས། །ཞེས་གསུངས་སོ། ། མིག་འཕྲུལ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདོད་པ་ལྔ་ནི་བསྟེན་བཞིན་པས། །ཞེས་པ་ལ། འདོད་པ་ལྔ་དབང་པོ་ལྔས་བསྟེན་པར་བྱ་ཞིང་ཉམས་སུ་མྱོང་བར་བྱའོ། །དེ་གང་ཡིན་ཞེ་ན། གཟུགས་དང་སྒྲ་ལ་སོགས་པའོ། །དེ་རྣམས་འདོད་པར་བྱ་བས་ན་ 26-1-112a འདོད་པ་སྟེ། དེས་རྣལ་འབྱོར་བ་འགྲུབ་པ་ཡིན་ནོ། །འཇིགས་ཤིང་འཇོམས་པའི་རྩོད་ཆེན་པོ། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འཛག་བྱེད་ཅིང་ཞེས་བྱ་བ་ནི། བུད་མེད་རྣམས་ལས་འཛག་པར་གསུངས་སོ། །དེ་ལྟར་ཡང་། ཁྲོ་བོའི་མཛུབ་མོའི་རྩེ་མོ་ ལ། །བདུད་རྩིའི་ཡི་གེ་བསམས་པ་དང་། །ལྟེ་བ་བྱ་གདོང་མཛུབ་རྩེ་ལ། །སྦྱོར་བ་གསུམ་པོ་བསམས་ནས་ནི། །མཛུབ་མོ་དེ་ཡིས་བསྒུལ་བྱ་ཞིང་། ཡང་དག་མན་ངག་བསྒོམ་པར་བྱ། །ཞེས་གསུངས་སོ། །སངས་རྒྱས་ཐོད་པ་ཞེས་པ་ལ་སངས་རྒྱས་ཐོད་པའི་རྒྱུད་འབའ་ ཞིག་ཏུ་གསུངས་ཀྱི་རྒྱུད་གཞན་དུ་ནི་མ་གསུངས་སོ། །རྡོ་རྗེ་མགོན་པོ་ཞེས་པ་ལ་རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ་ཤེས་རབ་ཀྱི་རང་བཞིན་ནོ། །མགོན་པོ་ནི་ཐབས་སོ། །དེ་གཉིས་ཀྱིས་ན་ཐབས་དང་ཤེས་རབ་བོ། །བསམ་གཏན་འདི་ཉིད་ཀྱིས་ཁམས་བཅོ་བརྒྱད་རྣམ་པར་དག་པའི་ སྦྱོར་བ་བཅོ་བརྒྱད་འགྲུབ་སྟེ། སྦྱོར་བ་བཅོ་བརྒྱད་པོ་དེ་ཉིད་གསུངས་པ། ཤ་ལི་ཀའི་སྦྱོར་བས་ཞེས་པ་ལ། ཀླུ་དགུག་པའི་དོན་དུ་རི་སྐེགས་མངག་འདབ་ཅེས་པའི་ཐ་ཚིག་གོ། །རིག་པ་འཛིན་པ་ནི་དུག་བསལ་བའི་དོན་དུ་རིག་པ་འཛིན་པའི་སྐྱེས་བུའི་གཟུགས་སུ་སྤྲུལ་ཞེས་པའི་ ཐ་ཚིག་གོ། །རྒྱན་པོ་ཞེས་བྱ་བ་ནི་ཆོ་ལོ་རྩེ་བས་དུག་སེལ་བའོ། །རྔ་བརྡུང་ཞེས་པ་ནི་རྔ་བརྡུང་བཞིན་པས་དུག་སེལ་བའོ། །བུད་མེད་འབྲོག་ཅེས་པ་ནི་དུག་གིས་ཟིན་པའི་སྐྱེས་བུའི་ཆུང་མ་ཕྲོགས་པས་དུག་གིས་ཟིན་པའི་སྐྱེས་བུ་ལངས་པར་འགྱུར་བའོ། །ཤིང་བསྣུན་པ་ཞེས་པ་ནི་ ཀ་ར་བཱི་རའི་ལྕུག་མ་ལ་མངོན་པར་བསྔགས་ཏེ། དེས་མགོ་བོ་དང་རྐང་པའི་མཐར་ཐུག་པར་རེག་པར་བྱ་བའོ། །དང་ནི་སྡུད་པའོ། །ཞགས་པས་འཆིང་བ་ཞེས་པ་ནི། ཐག་པ་ཞགས་པའི་རྣམ་པ་ལྟ་བུས་མགྲིན་པར་བཅིངས་ཏེ་དགུག་པར་བྱའོ། །ཁུ་བྱུག་ཅེས་པ་ནི། ཁུ་ བྱུག་གི་སྒྲ་བཏོན་པས་དུག་གིས་ཟིན་པ་སངས་པར་འགྱུར་བའོ། །པདྨ་འབྱེད་པ་ཞེས་པ་ནི་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་གཉིས་མནན་པས་དུག་སེལ་བའོ། །སྟག་བྱེད་ཅེས་པ་ནི་སྟག་གི་རྣམ་པའི་ཚམ་རྔམ་བྱ་བའོ། །ཆུ་ཞེས་པ་ནི་ཆུས་དུག་སེལ་བའོ། །དུང་ཞེས་པ་ནི་དུང་ཆུས་ 26-1-112b བཀང་སྟེ་དུག་གིས་ཟིན་པའི་སྤྱི་བོར་བླུགས་པའོ། །ཐོད་ལོ་ཀོར་འཕྲོག་ཅེས་པ་ནི་ཐོད་ལོ་ཀོར་གྱིས་དུག་གིས་ཟིན་པའི་མིང་བྲིས་ན་དུག་སེལ་བར་བྱེད་ཅེས་སྦྱར་རོ། །སྐྱུག་པ་ཞེས་པ་ནི་དུག་སློན་པའི་ཚུལ་དུ་བྱེད་པའོ། །རས་གཡོགས་ཞེས་པ་ནི་རས་ཡུག་ཆེན་གྱིས་དུག་གིས་ཟིན་ པ་གཡོགས་ན་དུག་སེལ་ཏོ། །ཐལ་ལྕག་བརྡབ་ཅེས་པ་ནི་དུག་གིས་ཟིན་པ་ལ་ཐལ་ལྕག་དྲག་ཏུ་བརྡབ་པའོ། །ཡིག་གསུམ་ཞེས་པ་ནི། ཧ་ཧོཿཧྲཱིཿསྟེ་ཡི་གེ་འབྲུ་གསུམ་མོ། །འདིས་དུག་སེལ་བར་བྱེད་དོ། །བསམ་གཏན་གྱི་ནི་གཏམ་ཞེས་པ་ནི་དཀར་པོའི་བསྒོམ་པའི་གཏམ་གྱིས་ དུག་ཉམས་པར་བྱེད་པའོ། །འདི་རྣམས་ཀྱིས་ནི་དགུག་པར་བྱ། །ཞེས་པ་ནི། སྦྱོར་བ་བཅོ་བརྒྱད་པོ་འདི་རྣམས་ཀྱིས་དུག་སེལ་བར་བྱེད་དོ། །རྡོ་རྗེ་མགོན་པོ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ནོ། །དེ་ནས་ཞེས་པ་ནི་རྒྱུ་དེས་ན་ནང་གི་རྣལ་ འབྱོར་གསུངས་པའོ། །རབ་བཤད་ཅེས་པ་ནི་གང་གི་ཚིག་ཡིན་ཞེ་ན། སྣ་ཚོགས་སྡེ་མའོ། །དེ་ནི་སྣ་ཚོགས་སྡེ་མས་གསུངས་སོ། །ཅི་ཞིག་གསུངས་ཤེ་ན། མཆོག་གི་ཡེ་ཤེས་པ་སྟེ། ཡེ་ཤེས་ཀྱི་རོལ་ཞིང་རྩེ་བས་ན་མཆོག་གི་ཡེ་ཤེས་སོ། །དེས་ན་རབ་བཤད་ཅེས་པ་ དང་སྦྱར་རོ། །བྷ་གའི་དབུས་སུ་རྣམ་པར་བཞུགས། །ཞེས་པ་ནི། ཨེའི་ཆ་བྱད་ཀྱི་སྤྲུལ་པའི་འཁོར་ལོར་ཨ་ཐུང་ངུའི་རྣམ་པར་གནས་པ་སྟེ། ཀ་ལ་སོགས་པ་སྡེ་བདུན་གྱི་རི་མོའི་རྣམ་པས་ཡོངས་སུ་བསྐོར་བའོ། །བདེ་བ་ཆེན་པོ་སྟེར་བྱེད་པ། །ཞེས་བྱ་བ་ནི། གནས་དེར་ བསྒོམས་པ་ཙམ་གྱིས་བདེ་བ་ཆེན་པོ་སྟེར་བྱེད་པར་འགྱུར་བའོ། །འདི་ཉིད་དུ་ནི་ཀུན་གནས་ཀྱང་། །ཞེས་པ་ནི་ནམ་མཁའ་ལྡིང་དང་། དངུལ་ཆུ་དང་། བཅུད་ཀྱིས་ལེན་ལ་སོགས་པ་དེར་བསྒོམས་པ་ཙམ་གྱིས་གྲུབ་ཀྱི་གཞན་དུ་ནི་མ་ཡིན་ནོ། །དཀྱིལ་འཁོར་བཟང་པོ་ཞེས་པ་ལ་ དཀྱིལ་ནི་སྙིང་པོའོ། །འཁོར་ནི་ལེན་པ་སྟེ་དཀྱིལ་འཁོར་རོ། །མཛེས་པར་བྱེད་པས་ན་བཟང་པོ་སྟེ་མཆོག་ཅེས་པའི་ཐ་ཚིག་གོ། །སློབ་མ་དབང་བསྐུར་ཞེས་པ་ལ་གནས་དེ་ཉིད་དུ་སློབ་མ་དབང་བསྐུར་བ་སྦྱིན་པར་བྱ་སྟེ། བླ་མའི་མན་ངག་ལས་ཁོང་དུ་ཆུད་པར་བྱ་ཞེས་ 26-1-113a པའི་ཐ་ཚིག་གོ། །ཧེ་རུ་ཀ་དཔའ་བོ་ཞེས་པ་ནི་དབང་བསྐུར་བའི་རྗེས་ཐོགས་སུ་བླ་མས་བསྟན་པ་སྟེ། གནས་དེ་ཉིད་དུ་ཧེ་རུ་ཀ་བསྒོམ་པར་བྱ་ཞེས་སྦྱར་རོ། །ཁྱད་པར་ཇི་ལྟ་བུའི་ཧེ་རུ་ཀ་བསྒོམ་ཞེ་ན། གསུངས་པ། ཉི་ཤུ་རྩ་བཞིའི་དབང་གཙོ་བོ། །ཞེས་ པ་ནི་ཉི་ཤུ་རྩ་བཞིའི་རང་བཞིན་གྱི་ལྷ་མོ་རྣམས་ཀྱིས་བསྐོར་བའི་བཅོམ་ལྡན་འདས་བསྒོམ་པར་བྱ་ཞེས་སྦྱར་རོ། །དེར་ནི་ནམ་མཁའ་ལྡིང་འཇིགས་པ། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཕྱག་རྒྱ་ཆེན་པོ་གྲགས་ཆེན་པོ། །ཞེས་པ་ནི། ཨ་ཐུང་ངུའི་རང་བཞིན་ཕྱག་རྒྱ་ཆེན་ པོའི་དོན་དུ་གྲགས་པ་དང་ལྡན་པར་འགྱུར་བའོ། །དངོས་གྲུབ་ཀུན་གྱི་འདོད་བྱེད་མ། །ཞེས་པ་ནི་འདོད་པ་དང་ལྡན་པ་ལ་སངས་རྒྱས་ཉིད་འགྲུབ་པར་འགྱུར་བའོ། །དབང་བསྐུར་བའི་དོན་དུ་ཕྱག་རྒྱའི་ཚོགས་གསུངས་པ་ལ། མ་ཞེས་པ་ནི། དང་པོ་ཤེས་རབ་མ་མཐོང་བ་ ལས་དགའ་བ་ཙམ་སྐྱེ་བས་ན་མའོ། །ཚ་མོ་ཞེས་པ་ནི་རྡོ་རྗེ་དང་པདྨའི་འཇུག་པས་མཆོག་ཏུ་དགའ་བའི་རྣམ་པར་དབྱེ་བ་སྟོན་པས་ན་ཚ་མོའོ། །སྲིང་མོ་ཞེས་པ་ནི་ཐབས་རྣམ་པ་སྣ་ཚོགས་པས་པདྨར་རྟེན་པར་བྱེད་པས་ན་སྲིང་མོའོ། །བུ་མོ་ཞེས་པ་ནི། གནས་བཅོ་བརྒྱད་ནས་ལྷན་ ཅིག་སྐྱེས་པ་འཚོ་བས་ན་བུ་མོའོ། །བུད་མེད་རབ་བརྟན་མ་ཞེས་པ་ནི། མཆོག་ཏུ་དགའ་བའི་དུས་སུ་ངོ་མཚར་ཆུང་བའི་དུས་མེད་དེ་ཡང་དག་པའི་བདེ་བ་སྒྲུབ་པའི་དོན་གྱིས་ན། མཆོག་ཏུ་གྱུར་པ་སྟེ། རིག་མ་བཞི་དང་མཉམ་པར་སྦྱོར་བས་བདེ་བ་ཉིད་བསྒྲུབ་པར་བྱ་ཞེས་ པའི་ཐ་ཚིག་གོ། །འགྲོ་བ་དྲུག་ཅེས་པ་ནི། འགྲོ་བ་དྲུག་ཏུ་འཇུག་པ་རྣམས་ཀྱིས་བདེ་བ་ཉིད་སྒྲུབ་མོད་ཀྱི། འོན་ཀྱང་བྱིས་པ་རྣམས་ཀྱི་ནི་ཟག་པ་དང་བཅས་པའོ། །འཕགས་པ་རྣམས་ཀྱི་ནི་ཟག་པ་མེད་པའོ། །འོན་ཀྱང་བདེ་བ་འབའ་ཞིག་སྒྲུབ་ཀྱི་གཞན་ནི་མེད་དོ། ། དེ་བས་ན་སྒྲུབ་ཐབས་དུ་མའི་རྗེས་སུ་འབྲངས་ཏེ། བདེ་བའི་དོན་ཉིད་བསྒྲུབ་པར་བྱའོ། །འོན་ཀྱང་བྱིས་པ་རྣམས་ཀྱི་ནི་ཇི་སྲིད་དུ་བདེ་བ་དེ་སྲིད་དུ་རང་བཞིན་གྱིས་རྣམ་པར་དག་པ་ཉིད་ཡིན་ནོ། །དེ་ལྟར་ཡང་། བདེ་བ་ཡིས་ནི་བདེ་བ་བསྒྲུབ། །རྒྱུ་བདེ་བས་ནི་འབྲས་བུ་བདེ། ། 26-1-113b ཞེས་གསུངས་སོ། །འཁོར་བ་མྱ་ངན་འདས་པ་ཉིད། །ཅེས་པ་ནི། འཁོར་བ་དང་མྱ་ངན་ལས་འདས་པ་རྣལ་འབྱོར་པས་དབྱེར་མེད་པར་ཉེ་བར་སྤྱད་པར་བལྟ་བར་བྱའོ། །གལ་ཏེ་ཐ་དད་པར་བྱས་ན་ཉེས་པ་ཅི་ཡོད་ཅེ་ན། བདེ་བ་མེད་པ་དངོས་གྲུབ་མེད་པར་འགྱུར་བའོ། ། འཆར་དང་ནུབ་པ་ཞེས་པ་ནི། བྱང་ཆུབ་ཀྱི་སེམས་འཆར་བའི་ཚེ་དབང་པོ་ཐམས་ཅད་ནུབ་པར་འགྱུར་བའོ། །སེམས་ཅན་ཀུན་ལ་བདེ་བ་འབབ། །ཅེས་པ་ནི། སེམས་ཅན་ཐམས་ཅད་ལ་བདེ་བ་སྟེར་བའི་སྣ་ཚོགས་སྡེ་མ་དེ་ནི་རྩ་ཡིན་ནོ། །སྣ་ཚོགས་སྡེ་མ་བཏང་སྟེ། གང་དེ་ཁོ་ན་ཉིད་ལ་རེ་ བ་ནི་ཅི་ཡང་འགྲུབ་པ་མེད་དོ། །དེ་ལྟར་ཡང་། བློ་དམན་བྱིས་པས་རང་གི་ལུས་བཏང་ན། །དེ་ནི་འདོད་པས་གཟུགས་བརྙན་ཚོལ་བར་འགྱུར། །ལྗོན་ཤིང་འབྲས་བུ་སྨིན་པ་བོར་ནས་ནི། །དེ་ནི་ས་བོན་རྒྱུད་ཁྲིད་དུས་ལ་སྡོད། །ཅེས་གསུངས་སོ། །གླེགས་བམ་ཞེས་ བྱ་བ་ལ་སོགས་པ་ནི་གོ་སླའོ། །སངས་རྒྱས་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། རྡོ་རྗེ་དང་པདྨའི་སྦྱོར་བས་མཚོན་པར་བྱའོ། །སངས་རྒྱས་རྡོ་རྗེ་ཞེས་པ་ལ། རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །སངས་རྒྱས་ནི་ཐབས་ཀྱི་རང་བཞིན་ཏེ་གཉིས་སུ་མེད་པའི་ཡེ་ ཤེས་ཀྱི་རང་བཞིན་བསྒོམ་པར་བྱ་ཞེས་པའི་དོན་ཏོ། །ཐོད་པ་གྲུ་གསུམ་ཡང་དག་བྱུང་། །ཞེས་པ་ལ། ལུས་སྐྱོང་བས་ཐོད་པའོ། །གྲོང་སྐྱོང་བས་ན་ཡང་ཐོད་པའོ། །བདེ་བ་ཆེན་པོའི་འཁོར་ལོ་གྲུ་གསུམ་པ་ལས་ཡང་དག་པར་བྱུང་བས་ན་གྲུ་གསུམ་ཡང་དག་བྱུང་ངོ་། །སྦྱོར་ བ་ཞེས་པ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་སྦྱོར་བ་བསྒོམ་པར་བྱ་ཞེས་པའི་ཐ་ཚིག་གོ། །གནས་གང་དུ་བསྒོམ་པར་བྱ་ཞེ་ན། དེ་ཉིད་གསང་བར་གནས་པའི་རྩ། །ཞེས་གསུངས་ཏེ། གསང་བའི་སྤྲུལ་པའི་འཁོར་ལོར་གནས་པའི་རྩའོ། །དེའི་ཁྱད་པར་ཇི་ལྟ་ བུ་ཞེ་ན། དབྱངས་ཡིག་ལྔ་པ་ཀླུ་དབང་ལྟ་བུའོ། །དེ་ནི་སྒྲ་ཙམ་གྱི་རང་བཞིན་ནོ་ཞེས་པའི་ཐ་ཚིག་གོ། །དེའི་སྣ་ཚོགས་ཞེས་པ་ནི་མཚོན་པར་བྱ་བའི་གནས་དེར་རྣམ་པར་རྟོག་པ་ལས་སེམས་སྐྱོབ་པས་ན་སྣ་ཚོགས་སོ། །ངོ་མཚར་བྱེད་ཅེས་པ་ནི་དངོས་གྲུབ་སྣ་ཚོགས་པ་ 26-1-114a སྒྲུབ་པར་བྱེད་པའི་ཐབས་ཀྱིས་འཇིག་རྟེན་པ་ངོ་མཚར་བྱེད་ཅེས་པའི་ཐ་ཚིག་གོ། །སྡེ་ནི་བདེ་ཆེན་ཡེ་ཤེས་སོ། །ཞེས་པ་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་སྡེའི་ཚོགས་ལས་བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་བ་ཞེས་པའི་ཐ་ཚིག་གོ། །འདི་ཉིད་ཐེག་པ་ ཆེན་པོ་སྟེ། །ཞེས་པ་ནི་ཐེག་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ཐོག་པ་ཆེན་པོ་སྟེ། རྣམ་པ་བདུན་ཞེས་པའི་ཐ་ཚིག་གོ། །རྣམ་པ་བདུན་ནི་དོན་རྣམ་པ་བདུན་ཏེ། བརྒྱད་པའི་མཚན་ཉིད་ནི་བརྗོད་པར་མི་ནུས་པའོ། །རྣལ་འབྱོར་མ་ཡི་རྩ་ལས་བྱུང་། །ཞེས་པ་ནི། རྩ་ཡི་ རང་བཞིན་རྣལ་འབྱོར་མ། །ཞེས་པའི་ཐ་ཚིག་གོ། །དེ་ནི་རྨད་བྱུང་ཆེན་པོ་སྟེ། །ཞེས་པ་ནི་གནས་དེར་བྱུང་བའི་བྱང་ཆུབ་ཀྱི་སེམས་ནི་ཆེ་བའི་མཆོག་ཅེས་པའི་དོན་ཏོ། །སངས་རྒྱས་ཞེས་པ་ལ་སོགས་པ་ནི་གོ་སླའོ། །དེ་ཉིད་ཧེ་རུ་ཀ་དཔའ་བོ། །ཞེས་པ་ལ་ཧེ་རུ་ཀའི་སྒྲས་ ཡི་གེ་གསུམ་གྱི་བདག་ཉིད་སྐུ་གསུང་ཐུགས་སོ། །དཔའ་བོ་ནི་འདོད་ཆགས་ལ་སོགས་པ་དང་བྲལ་བ་ཞེས་པའི་དོན་ཏོ། །འཁོར་བའི་འཇིགས་ལས་སྒྲོལ་བྱེད་པ། །ཞེས་པ་ནི་འཁོར་བའི་འཇིགས་པ་ལས་སྒྲོལ་བར་བྱེད་པ་བཅོམ་ལྡན་འདས་ཧེ་རུ་ཀའོ་ཞེས་པའི་ཐ་ཚིག་ གོ། །སངས་རྒྱས་ཐོད་པའི་སྦྱོར་བ་ཞེས་པ་ནི། རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བས་ཧེ་རུ་ཀའི་རང་བཞིན་ལྷན་ཅིག་སྐྱེས་པ་བསྒོམ་པར་བྱ་ཞེས་པའི་ཐ་ཚིག་གོ། །སངས་རྒྱས་ཀུན་གྱི་བདེ་འབབ་པ། །ཞེས་པ་ལ། སངས་རྒྱས་ཀྱི་སྒྲ་ནི་མིག་ལ་སོགས་པ་སྟེ། དེ་དག་ཐམས་ཅད་ སངས་རྒྱས་ཀྱི་རང་བཞིན་རྟག་ཏུ་བདེ་བ་འབབ་པའོ། །རྣལ་འབྱོར་ཆེན་མོ་སྣ་ཚོགས་སྡེ། །ཞེས་པ་ལ། རྣལ་འབྱོར་མ་སྣ་ཚོགས་སྡེ་ནི་ཨའི་རང་བཞིན་ནོ། །ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཞིག་ཅེ་ན། ཏ་དང་པ་སྦྱར་བའི་ཡི་གེ་ནི་མ་ཡིན་གྱི། ཏ་དང་ར་སྦྱར་བའི་ཡི་གེ་ཨ་ཞེས་པའི་ཐ་ ཚིག་གོ། །ཏའི་སྒྲ་ནི་བྱང་ཆུབ་ཀྱི་སེམས་སོ། །ར་ནི་ཆགས་པའི་རང་བཞིན་ཏེ། དེ་ཉིད་ཀྱིས་ན་ཁྲག་དང་ཁུ་བའི་རང་བཞིན་ནོ་ཞེས་པའི་ཐ་ཚིག་གོ། །དེ་ནི་ཐོད་པའི་དཀྱིལ་འཁོར་ལ། །ཞེས་པ་ལ། ཐོད་པ་ནི་སྤྲུལ་པའི་འཁོར་ལོའོ། །དེ་ཉིད་དཀྱིལ་འཁོར་དེ་དཀྱིལ་ནི་སྙིང་ 26-1-114b པོའོ། །འཁོར་ནི་ལེན་པ་སྟེ་དཀྱིལ་འཁོར་རོ། །སྔགས་དང་རྒྱུད་ནི་རྣམ་པར་གནས། །ཞེས་པ་ནི་ཡིད་སྐྱོབ་པར་གྱུར་པའི་ཕྱིར་ན་སྔགས་སོ། །དེས་སེམས་རྣམ་པར་རྟོག་པ་ལས་སྐྱོབ་པར་བྱེད་པས་ན་རྒྱུད་དོ། །སྔགས་དང་རྒྱུད་མཐའ་དག་གི་དོན་རྣམ་པར་གནས་པ་སྟེ། རྣམ་ པ་སྣ་ཚོགས་པ་གནས་ཞེས་པའི་ཐ་ཚིག་གོ། །དེ་ཡེ་ཤེས་བཟང་པོ་ཞེས་པ་ནི་ཤེས་པས་ཡེ་ཤེས་སོ། །མཛེས་པས་ན་བཟང་པོའོ། །དེ་ཉིད་ཀྱིས་ནི་ཡེ་ཤེས་བཟང་པོ་མཆོག་ཅེས་པའི་ཐ་ཚིག་གོ། །ལྷན་ཅིག་སྐྱེས་པ་དག་ལས་བྱུང་། །ཞེས་པ་ནི་རྡོ་རྗེ་དང་པདྨ་ཡང་ དག་པར་སྦྱར་བ་ལས་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེས་པའོ། །དག་པ་ལས་བྱུང་བས་ན་དག་བྱུང་ངོ་། །དེར་ནི་རིག་པའི་དབང་ལྔ་དང་། །ཞེས་པ་ནི། སྤྲུལ་པའི་མདུད་པར་ཐིག་ལེ་ལ་འོད་ཟེར་ལྔ་ཡོད་པ་དེ་ནི་དབང་ལྔའི་རང་བཞིན་ནོ། །སངས་རྒྱས་བདུན་གྱི་མཚན་ཅན་ཏེ། ། ཞེས་པ་ནི་གནས་དེར་སངས་རྒྱས་བདུན་གྱི་རང་བཞིན་གྱི་རི་མོ་བདུན་གྱིས་བསྐོར་བའོ། །རི་མོ་བདུན་པོ་ཕྲ་བའི་རང་བཞིན་འབར་བའི་བསྒོམ་པ་གསུངས་པ། གང་གི་ཚེ་རླུང་འབྱུང་བ་དེའི་ཚེ་རི་མོ་བདུན་འབྱུང་བར་བསམ་པར་བྱའོ། །གང་གི་ཚེ་འཇུག་པ་དེའི་ཚེ་ཐིག་ལེ་ཕྲ་མོ་ལ་ རང་གི་སེམས་འཇུག་པར་བསྒོམ་པར་བྱའོ། །དེ་ཉིད་དབང་བསྐུར་ཞེས་པའི་ཐ་ཚིག་གོ། །བསྒོམ་བཞིན་པས་ན་བསྐྱེད་པའི་ཡེ་ཤེས་གང་ཡིན་པ་དེ་ནི་ལྷན་ཅིག་སྐྱེས་པར་གསུངས་ཏེ། དབང་བསྐུར་བ་བདུན་ཞེས་པའི་ཐ་ཚིག་གོ། །ཡང་སངས་རྒྱས་བདུན་གྱི་མཚན་ ཅན་ཞེས་པ་ནི། སངས་རྒྱས་བདུན་ནི་རྣམ་པར་གཟིགས་དང་། གཙུག་ཏོར་ཅན་ལ་སོགས་པ་སྟེ་བསམ་གཏན་འདིས་སངས་རྒྱས་བདུན་འགྲུབ་ཅེས་པའི་ཐ་ཚིག་གོ། །སྣ་ཚོགས་སྦྱོར་དང་ཞེས་པ་ནི། དངོས་གྲུབ་ཀྱི་སྒྲུབ་ཐབས་ལ་སོགས་པའི་སྦྱོར་བ་སྣ་ཚོགས་པ་ འགྲུབ་པའི་ཐ་ཚིག་གོ། །ཚེ་འཕེལ་ཞེས་པ་ནི་ཚེ་འཕེལ་བའི་སྦྱོར་བ་གསུངས་པ། གང་གི་ཚེ་རླུང་འཇུག་པ་དེའི་ཚེ་ཨའོ། །གང་གི་ཚེ་རླུང་འབྱུང་བ་དེའི་ཚེ་ཧཱུཾ་བསམ་པར་བྱའོ། །འདི་ནི་ཐབས་དང་ཤེས་རབ་ཀྱི་བཟླས་པ་སྟེ། དེས་ཚེ་འཕེལ་གྱི་གཞན་དུ་ནི་མ་ཡིན་ནོ། ། 26-1-115a སངས་རྒྱས་ཐོད་པའི་སྦྱོར་བ་ཡིས། །ཞེས་པ་ནི་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བས་ཐམས་ཅད་སྒྲུབ་སྟེ། གཞན་དུ་ནི་མ་ཡིན་ནོ། །མན་ངག་ལམ་ལས་གང་ཤེས་པ། །ཞེས་པ་ལ།འདིས་ལུང་འབོགས་པར་བྱེད་པས་ན་མན་ངག་གོ། །ཚོལ་བས་ན་ལམ་མོ། ། གང་ཤེས་པ་ཞེས་པ་ནི། ཁྱོད་ཀྱིས་གང་གསུངས་པ་དེ་ཐམས་ཅད་ཤེས་པར་བྱ་ཞེས་པའོ། །དེ་ཉིད་གསུངས་པ། བླ་མའི་དྲིན་ལས་ཞེས་པ་ལ། བླ་མ་ནི་རྒྱུད་དང་སྔགས་སྟོན་པར་བྱེད་པས་ན་སྟོན་པའོ། །དེའི་དྲིན་གྱིས་དེ་ཁོ་ན་ཉིད་ཤེས་པར་བྱ་ཞེས་པའི་ཐ་ཚིག་གོ། །སངས་རྒྱས་ ཐོད་པའི་རྒྱུད་ཆེན་པོ། །ཞེས་པ་ལ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་ནི་སངས་རྒྱས་ཐོད་པ་ཞེས་བརྗོད་དོ། །རྒྱུད་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་རྒྱུད་ཆེན་པོའོ། །རྣལ་འབྱོར་མའི་གོང་ན་མེད་པ་ཞེས་པ་ནི་རྣལ་འབྱོར་མ་རྩའི་རང་བཞིན་རྣམས་ཀྱི་གོང་ན་ མེད་པ་སྟེ། ངག་གི་ལམ་གྱི་སྤྱོད་ཡུལ་ལས་འདས་པ་ཞེས་པའི་ཐ་ཚིག་གོ། །གསང་བ་ཞེས་པ་ནི་ཐབས་ཀྱི་རང་བཞིན་ནོ། །ཤིན་ཏུ་གསང་བ་ཞེས་པ་ནི་ཤེས་རབ་ཀྱི་རང་བཞིན་ནོ། །དངོས་གྲུབ་ཐམས་ཅད་ཅེས་པ་ནི། སངས་རྒྱས་ཐོད་པའི་སྦྱོར་བས་དངོས་གྲུབ་ཐམས་ ཅད་སྟེར་གྱི་གཞན་དུ་ནི་མ་ཡིན་ནོ། །ཡེ་ཤེས་གཏན་ལ་དབབ་པ་ཞེས་པ་ལ་ཤེས་པས་ན་ཡེ་ཤེས་སོ། །ལེའུ་གང་ལ་ཡེ་ཤེས་གཏན་ལ་དབབ་པ་ཡོད་པའི་ལེའུ་དེ་ནི་ཡེ་ཤེས་གཏན་ལ་དབབ་པའི་ལེའུའོ། །ཐོད་པ་ཁ་བྱེ་བ་ལས་ཞེས་པ་ལ། ཐོད་པ་ནི་བདེ་བ་ཆེན་པོའི་འཁོར་ ལོའོ། །ཁ་ཕྱེ་བ་ཞེས་པ་ནི་གསང་བ་ཞེས་པའི་ཐ་ཚིག་གོ། །གླེགས་བམ་བྱུང་ཞེས་པ་ནི། ཡང་དག་པར་བྱུང་ཞེས་པའི་ཐ་ཚིག་གོ། །ལེའུ་ཞེས་པ་ལ་སྒྲིབ་གཡོགས་གཅོད་པས་ན་ལེའུའོ། །སློབ་དཔོན་ཆེན་པོ་ས་ར་ཧ་པས་མཛད་པའི་དཀའ་འགྲེལ་ཡེ་ཤེས་ལྡན་པ་ ལས་ལེའུ་དང་པོའི་བཤད་པའོ།། །།དེ་ནས་ཞེས་པ་ནི་དངོས་གྲུབ་ཐམས་ཅད་གཏན་ལ་དབབ་པའི་རྗེས་ཐོགས་སུ་ཐལ་བའི་སྦྱོར་བ་དང་། ལས་སྣ་ཚོགས་གཏན་ལ་འབེབས་པའི་སྔགས་ཀྱི་ལེའུ་གསུངས་སོ། །ཇི་བཞིན་གསུངས་པ་ཞེས་པ་ནི་སངས་ 26-1-115b རྒྱས་ཐོད་པའི་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པོ་ལས་ཇི་ལྟ་བ་བཞིན་བཏུས་པའི་སྔགས་རྣམ་པ་ཉི་ཤུ་པོ་དེ་སྔགས་ཀྱི་ལེའུ་ལས་འཆད་པར་འགྱུར་རོ། །མཁའ་འགྲོ་མ་མོ་འབྱུང་པོ་རྣམས། །ཞེས་པ་ལ། མཁའ་འགྲོ་ནི་མཁའ་འགྲོ་མ་ལ་སོགས་པའི་རྣལ་འབྱོར་མ་ བཞི་འགྲུབ་པའོ། །མ་མོ་ཞེས་པ་ནི་ཐབས་དང་འབྲེལ་པའི་མ་མོ་ཞེས་བསྟན་ཏོ། །འབྱུང་པོ་ཞེས་པ་ནི་ཞི་བྱེད་ལ་སོགས་པ་འགྲུབ་པའོ། །དད་པ་བརྟན་པས་ཞེས་པ་ནི་རྒྱུད་འདི་ལ་དད་པ་བརྟན་པ་གང་ཡིན་པ་དེ་ནི་དད་པ་བརྟན་པའོ། །རྒྱུ་དེས་ན་སྔགས་ཀྱི་ལེའུ་ཉོན་ཅིག་ ཅེས་སྦྱར་བར་བྱའོ། །ཨོཾ་བུདྡྷ་ཀ་པཱ་ལི་ནི་ཞེས་པ་ལ་སོགས་པ་ནི་གོ་སླའོ། །ཨོཾ་ཧཾ་ཞེས་པ་ལ་སོགས་པ་ནི་གནས་བདུན་གྱི་གོ་ཆའི་སྔགས་སོ། །དེའི་གནས་གསུངས་པ་སྙིང་ག་དང་། དཔྲལ་བ་དང་། སྤྱི་གཙུག་དང་། དཔུང་པ་གཉིས་དང་། མིག་གཉིས་དང་། གསང་བ་དང་། ཡན་ལག་ཐམས་ཅད་ཀྱི་གནས་སུ་རྣལ་འབྱོར་པ་བདག་ཉིད་ཀྱིས་སྔགས་འདིས་གོ་ཆ་བྱའོ། །གོ་ཆའི་སྔགས་ཀྱི་རྗེས་ཐོགས་སུ་དཀྱིལ་འཁོར་སྤྱན་དྲང་ངོ་། །དེའི་རྗེས་ཐོགས་སུ་གཤེགས་སུ་གསོལ་ལོ། །དེའི་རྗེས་ཐོགས་སུ་གཏོར་མ་གཏོང་ངོ་། ། གཏོར་མ་གང་ཞེ་ན། འབྱུང་པོ་ཐམས་ཅད་ལའོ། །ད་ནི་མི་སྣང་བར་བྱེད་པ་གསུངས་པ། འབྲས་སཱ་ལུ་བླངས་ཏེ་ཞེས་པ་ནི། འབྲས་དམར་པོ་ཆུས་ལུགས་སོ། །འོ་མས་ཞེས་པ་ནི་བ་དཀར་མོའི་འོ་མས་བཀྲུས་ཞེས་པའི་དོན་ཏོ། །གཞོན་ནུ་མ་ཞེས་པ་ནི་ནུ་མ་མ་མཉེས་ཤིང་ པདྨ་མ་ཉམས་པ་གང་ཡིན་པ་དེ་ནི། གཞོན་ནུ་མ་སྟེ་དེས་འབྲས་བཏགས་པར་བྱའོ། །ཇི་ལྟར་བྱ་ཞེ་ན། དེ་ཉིད་གསུངས་པ་ཤིན་ཏུ་ཞིབ་པར་བཏགས་ཞེས་པ་ནི་འབྲས་ཕྱེ་མར་བྱས་ལ་རས་བལ་གྱིས་བཙག་པར་བྱ་སྟེ། དེས་ནི་ཕྱེ་མ་ཞིབ་མོར་འགྱུར་རོ། །བཏགས་པ་འདི་ ལས་ཕྱག་བཞི་པའི་ཁྲག་འཐུང་བྱས་ཏེ། གཡས་ན་རལ་གྲི་དང་ཐོད་པའོ། །གཡོན་ན་ཅང་ཏེའུ་དང་ཁ་ཊྭཱཾ་གའོ། །རྣམ་པ་ཧེ་རུ་ཀ་བྱའོ། །རོ་བསྲེགས་པའི་སོལ་བའི་ཕྱེ་མས་ཞེས་པ་ནི་དུར་ཁྲོད་ཀྱི་སོལ་བའི་ཕྱེ་མའོ། །རྡོ་རྗེ་གཙུག་ཅེས་པ་ནི། དང་པོ་ཁྲག་དང་ལྡན་པ་དང་ 26-1-116a སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ནི་རྡོ་རྗེ་གཙུག་ཅེས་བྱའོ། །རྡོ་རྗེ་གཙུག་དེ་དང་དུར་ཁྲོད་ཀྱི་སོལ་བའི་ཕྱེ་མ་མཉེ་བར་བྱའོ། །སངས་རྒྱས་ཐོད་པའི་རྣལ་འབྱོར་པ་ཞེས་པ་ནི་ཧེ་རུ་ཀའི་རྣལ་འབྱོར་བྱས་ཏེ། རྡོ་རྗེ་དང་པདྨོའི་ཡང་ དག་པའི་སྦྱོར་བ་ལས། ཨོཾ་མ་ཧཱ་བཛྲ་ཧེ་རུ་ཀ་ཟེར་བ་ལ་ཞེས་པ་ལ་སོགས་པའི་སྔགས་བཟླས་པར་བྱའོ། །ཆུ་ཞེས་པ་ནི་ནང་གི་ཆུ་སྟེ་ལན་བདུན་མངོན་པར་བསྔགས་ལ་ཧེ་རུ་ཀའི་གཟུགས་བརྙན་བཀྲུ་བར་བྱའོ། །བླ་མ་དང་སངས་རྒྱས་མཆོད་པར་བྱས་ཏེ་གདོང་བཀྲུས་ན་ཇི་སྐད་ གསུངས་པ་བཞིན་དུ་འགྱུར་རོ། །དེའི་རྗེས་ཐོགས་སུ་ཐལ་བའི་རབ་ཏུ་སྦྱོར་བ་གསུངས་པ། གཟུགས་བརྙན་དེ་ཉིད་ལ་ཤིང་འབའ་བོ་ལས་སོ་ཕུག་ཅིང་ཤིང་འབའ་བོ་ལ་ཤུན་ཕྲགས་བཤུས་པ་སྐམ་པོ་དང་། ཚངས་པ་རྡོ་རྗེ་ཞེས་པའི་དྲི་ཆེན་སྐམ་པོ་དང་ལྷན་ཅིག་བསྲེག་སྟེ་དུར་ཁྲོད་ཀྱི་མེ་རབ་ཏུ་སྦར་བ་ ལ་གཟུགས་བརྙན་དེ་ཐལ་བར་བྱའོ། །དེ་ནས་ཐལ་བ་དེ་ཁམ་ཕོར་སོ་མ་བཏང་བ་ལ་ཉི་མ་བཞི་གཞག་པར་བྱའོ། །དེ་ནས་པདྨའི་སྣོད་དུ་ཉི་མ་ལྔར་གཞག་གོ། །དེ་ནས་ཞག་དགུར་སྔགས་ཀྱི་བཟླས་པ་བྱའོ། སྔགས་གསུངས་པ། ཨོཾ་བུདྡྷ་ཀ་པཱ་ལི་ནི་ཞེས་པ་ལ་སོགས་སྔགས་ རྐང་པ་ལྔ་པའོ། །ཁམ་ཕོར་སོ་མ་བཏང་བ་དང་། པདྨ་དག་གི་མན་ངག་གསུངས་པ། གཉིས་ཀ་ལ་ཡང་པདྨ་འདབ་མ་བཞི་པ་བྲིས་ཏེ། དབུས་སུ་ནི་སྣ་ཚོགས་སྡེ་མའི་སྔགས་བྲིའོ། །འདབ་མ་རྣམས་ལ་ནི་གཞན་གྱི་སྔགས་བྲིའོ། །དེ་ལྟར་བྱས་ནས་ཐལ་བ་གཞག་པར་བྱའོ། ། དེ་ནས་སྔགས་བཟླས་པར་བྱའོ། །རྡོ་རྗེ་གཙུག་གིས་ཞེས་པ་ནི། རང་འབྱུང་དང་བསྲེས་པའི་བྱང་ཆུབ་ཀྱི་སེམས་དང་ཐལ་བར་བསྲེས་ཏེ། ལུས་བྱུག་པར་བྱའོ། །དེའི་ལུས་ལ་མཚོན་ཆ་ཕོག་ན་ཡང་མི་ཚུགས་ཤིང་དགྲ་ཐམས་ཅད་ཀྱི་མགོ་ཆད་པར་འགྱུར་རོ། །སྐྱེས་བུ་དེ་ལ་ འགལ་བར་སྤྱོད་པ་ཙམ་གྱིས་ལོངས་སྤྱོད་པ་ལ་སོགས་པར་འགྱུར་རོ་ཞེས་སྦྱར་རོ། །མར་ཁུ་བཟང་པོས་ཞེས་པ་ནི། འཕྱང་བའི་སྐྱེས་བུའི་མར་ཁུ་དང་། ཐལ་བ་ལྷན་ཅིག་སྦྱར་བས་མིག་ལ་བྱུགས་ན་ཇི་སྐད་གསུངས་པ་བཞིན་དུ་འགྱུར་རོ། །གང་ཅི་ཡང་རུང་བ་ཞེས་པ་ལ་ 26-1-116b སོགས་པ་ནི་གོ་སླའོ། །རྫས་སུ་བྱ་བར་གསུངས་པ་ཐལ་བ་དང་ཞ་ཉེའི་ཕྱེ་མ་དང་། རྡོ་རྗེའི་གཙུག་ལྷན་ཅིག་ཏུ་ཆ་མཉམ་པར་བྱས་ལ། དེ་ནས་ཁབ་ལེན་གྱི་ལྕགས་ཀྱི་ཕྱེ་མ་དང་། གསེར་གྱི་ཕྱེ་མ་ཆ་མཉམ་པ་ཡང་བསྲེའོ། །རྡོ་རྗེ་མཆུའི་ཁུ་བ་ཞེས་པ་ནི་ཤིན་ཏུ་གནག་པའི་ཕག་ གི་ཁྲག་གོ། །ཟངས་མའི་སྣོད་ཅེས་པ་ནི་སྣོད་དེར་ཉི་མ་བདུན་དུ་གཞག་པར་བྱའོ། །མཁྲིས་པ་ཆེན་པོས་ཞེས་པ་ནི་མིའི་མཁྲིས་པས་མཉེ་བར་བྱ་ཞེས་བྱ་བའི་ཐ་ཚིག་གོ། །རྟའི་ཁྲག་དང་ཞེས་པ་ནི་སྣོད་དེ་ཉིད་དུ་ཉི་མ་གསུམ་དུ་མཉེ་བར་བྱའོ། །ལྕགས་ཀྱི་སྣོད་དུ་ཞེས་པ་ ནི། ཁབ་ལེན་གྱི་ལྕགས་ཀྱི་སྣོད་དུ་གཞག་པར་བྱ་བའོ། །མེའི་ནང་དུ་བཅུག་ན་གསེར་དངུལ་དུ་འགྱུར་རོ་ཞེས་པ་ནི། ཟངས་མ་ནི་གསེར་དུ་འགྱུར་རོ། །ལྕགས་ནི་དངུལ་དུ་འགྱུར་རོ་ཞེས་སྦྱར་རོ། །སྲང་གཅིག་ཀྱང་སྲང་སྟོང་གི་ཞེས་པ་ལ་སོགས་པ་ནི་གོ་སླའོ། །གསང་ བ་འདུས་པ་ལ་སོགས་པའི་རྣལ་འབྱོར་གྱི་རྒྱུད་དུ་གང་གསུངས་པའི་སྦྱོར་བ་དེས་ནི་འགྲུབ་པར་མི་འགྱུར་རོ། །རྣལ་འབྱོར་མའི་རྒྱུད་དུ་ནི་གདོན་མི་ཟ་བ་ཁོ་ནར་འགྲུབ་པར་འགྱུར་ཏེ་གཞན་དུ་མ་ཡིན་ནོ། །གླེགས་བམ་ལ་མ་བྲིས་ཞེས་པ་ནི། གླེགས་བམ་བཀླགས་པས་ཤེས་པར་ མི་འགྱུར་གྱི་བླ་མའི་དྲིན་ལས་ཤེས་པར་བྱ་ཞེས་པའི་དོན་ཏེ། བླ་མའི་དྲིན་ལས་ཤེས་པར་བྱ། །ཞེས་པ་ལ། དང་པོ་དགའ་བ་ནི་བླ་མའོ། །བླ་མས་དངོས་གྲུབ་ཅེས་པ་ནི་མཆོག་ཏུ་དགའ་བ་སྟེ་མཆོག་ཏུ་གྲུབ་པའི་གནས་སྐབས་ཞེས་པའོ། །བླ་མས་ཐར་ཞེས་པ་ནི་དགའ་བྲལ་ཏེ་ རྣམ་པ་སྣ་ཚོགས་པས་ཐར་ཞེས་པའི་བར་དུའོ། །བླ་མ་སྟོན་པ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་དེ་ཉིད་སྟོན་པའོ། །ལྟས་བལྟ་བའི་དོན་དུ་བུ་མོ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །བདུག་སྤོས་ལྔས་ཞེས་པ་ནི་གོ་ཀུ་ད་ཧ་ན་སྟེ་ཤ་ལྔའི་སྤོས་ཀྱིས་བདུག་པར་ བྱའོ། །བུ་མོ་ལ་འབབ་ཅེས་པ་ལ་སོགས་པ་ནི་གོ་སླའོ། །རལ་གྲིའི་དངོས་གྲུབ་གསུངས་པ་གྲུབ་དོན་གྱི་འབྲས་བུ་ཞེས་པ་ནི་ཡུངས་ཀར་དཀར་པོ་སྟེ། བུ་མོའི་ཐོད་པར་བསྐྱེད་དེ་སྨིན་པའི་ཡུངས་ཀར་འདི་དང་། ཨོཾ་བུདྡྷ་ཀ་པཱ་ལི་ནི་ཞེས་པ་ལ་སོགས་པའི་སྔགས་ 26-1-117a བསྙེན་པ་འབུམ་བྱས་ལ། ཡུངས་ཀར་དང་ལྷན་ཅིག་བུ་མོའི་གདོང་ལ་སྔགས་དེས་བསྣུན་པར་བྱའོ། །བསྣུན་མ་ཐག་ཏུ་སྔགས་ཀྱི་མཐུས་རལ་གྲིའི་དངོས་གྲུབ་ཇི་ལྟར་གསུངས་པ་འགྲུབ་པར་འགྱུར་རོ། །སངས་རྒྱས་ཐོད་པའི་རྣལ་འབྱོར་པས་ཞེས་བྱ་བ་ལ་ སོགས་པ་ནི་གོ་སླའོ། །རི་ལུའི་སྒྲུབ་པ་གསུངས་པ། དེའི་ཐལ་བ་ཞེས་པ་ནི་དེའི་ཐལ་བ་ཡང་དག་པར་བླངས་པའོ། །ལྕགས་གསུམ་ཞེས་པ་ནི་ཉི་མ་དང་ཟླ་བ་དང་བྱིན་ཟ་སྟེ། ཟངས་མ་དང་དངུལ་དང་གསེར་རྣམས་རིམ་པ་བཞིན་དུ་དཀྲི་བར་བྱའོ། །དེའི་ཚད་གསང་བའི་མཛོད་ ལས། གསེར་དང་ཟླ་བ་ཟངས་མ་རྣམས། །རིག་བྱེད་གསུམ་བཞི་མ་ཤའི་ཚད། །ར་ཏི་བདུན་གསུམ་ལྔ་ལྷག་པས། །རིམ་པ་བཞིན་དུ་རི་ལུ་བཅིངས། །ཞེས་གསུངས་སོ། །རིམ་པ་འདིས་དཀྲིས་ན་རི་ལུའི་དངོས་གྲུབ་འགྲུབ་པར་འགྱུར་ཏེ། གཞན་དུ་ནི་མ་ཡིན་ནོ། །སུམ་ ཅུ་པ་ཡང་འཁོར་ཞེས་པ་ལ་སོགས་པས་ཆེ་བའི་བདག་ཉིད་གསུངས་པ་ཡིན་ནོ། །ཐལ་བའི་སྦྱོར་བ་འདི་དག་ནི། །སངས་རྒྱས་ཀྱིས་ཀྱང་རྙེད་པར་དཀའ། །ཞེས་པ་ནི་གང་གི་ཕྱིར་སངས་རྒྱས་རྣམས་ཀྱིས་ཀྱང་རྙེད་པར་དཀའ་ན། གཞན་དག་གིས་ལྟ་སྨོས་ཀྱང་ཅི་ཡོད་ཅེས་ པའི་དོན་ཏོ། །ཨོཾ་བུདྡྷ་ཀ་པཱ་ལི་ཛཿཞེས་པ་ལ་སོགས་པ་འདི་ནི་དབང་དུ་བྱེད་པའི་སྔགས་སོ། །སྣ་ཚོགས་སྡེ་མ་མདོག་དམར་པོ་བསྒོམ་པར་བྱའོ། །ཨོཾ་མ་ཧཱ་ཀ་པཱ་ལི་བཛྲ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་སྐྲོད་པར་བྱེད་དོ། །ལས་དང་རྗེས་སུ་མཐུན་པའི་སྣ་ཚོགས་སྡེ་མ་བསྒོམ་ པར་བྱའོ་ཞེས་པའི་ཐ་ཚིག་གོ། །སངས་རྒྱས་ཐོད་པ་ཞེས་པ་ལ། སངས་རྒྱས་ནི་རྡོ་རྗེའོ། །ཐོད་པ་ནི་པདྨ་སྟེ། འདི་དག་ནི་རྒྱུད་དོ། །རྒྱུད་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་རྒྱུད་ཆེན་པོའོ། །རྣལ་འབྱོར་མ་རྣམས་ཞེས་པ་ནི་གཤིན་རྗེ་མཆེ་བ་མ་ལ་སོགས་པའོ། །གོང་ ན་མེད་པ་ཞེས་པ་ནི་ངག་གི་ལམ་གྱི་ཡུལ་ལས་འདས་པའོ། །གསང་བའི་ཡང་ཤིན་ཏུ་གསང་བ་ཞེས་པ་ལ་གསང་བ་ནི་འདུས་པ་ལ་སོགས་པའོ། །དེ་བས་ཀྱང་གསང་བ་ནི་སངས་རྒྱས་ཐོད་པའི་རྒྱུད་དོ། །ཐལ་བའི་སྦྱོར་བ་ཞེས་པ་ནི་ཐལ་བའི་སྦྱོར་བ་བཤད་པའོ། ། 26-1-117b ལམ་སྣ་ཚོགས་གཏན་ལ་དབབ་པ་ཞེས་པ་ནི་རྣམ་པ་སྣ་ཚོགས་པའི་ལས་ཀྱི་ཚོགས་སོ། །ལེའུ་གང་ལ་སྔགས་ཡོད་པ་དེ་ནི་སྔགས་ཀྱི་ལེའུའོ། །གཅིག་ལ་ལྟོས་པས་ན་གཉིས་པའོ།། །།ལས་ཀྱི་ཚོགས་དུ་མའི་རྗེས་སུ་ལྷའི་ལེའུ་བཤད་པར་བྱའོ། །དེ་ནས་ཞེས་པ་ནི་དེ་ མ་ཐག་ཏུའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་རྣལ་འབྱོར་མ་སྣ་ཚོགས་སྡེ་མ་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པའི་དོན་ཏོ། །སངས་རྒྱས་ཀུན་གྱི་རབ་སྦས་པ། །ཞེས་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ལྷ་རྣམས་ཀྱིས་སྐལ་བ་མེད་པའི་སེམས་ ཅན་ལ་མ་གསུངས་པའོ། །དེ་ནི་འབད་དེ་ཞེས་པ་ནི་ཀྱེ་མ་ལྷ་མོ་ནང་གི་དོན་ཡང་དག་པའི་སྦྱོར་བས་གསལ་བར་མཛོད་ཅེས་པའི་དོན་ཏོ། །ཅི་ཞིག་གསལ་བར་མཛད་ཅེ་ན། དེ་ཉིད་གསུངས་པ་ལྷའི་ལེའུ་ཞེས་པ་སྟེ། ཧེ་རུ་ཀ་ལ་སོགས་པའི་ལྷ་རྣམས་བསྐྱེད་པའི་ལེའུའོ། ། ཇི་ལྟ་བུ་ཞེས་པ་ནི་ཇི་ལྟ་བུར་འགྱུར་ཞེས་པའོ། །གང་དུ་ཞེ་ན། སངས་རྒྱས་ཐོད་པ་ཞེས་པ་སྟེ། སངས་རྒྱས་ཀྱི་སྒྲ་ནི་ཧེ་རུ་ཀའོ། །ཐོད་པ་ནི་ལྷ་མོའོ། །རྣལ་འབྱོར་མ་ཞེས་པ་ནི་ཐབས་དང་ཤེས་རབ་དག་ཇི་ལྟར་བསྒོམ་པར་འགྱུར་ཞེས་པའོ། །རྒྱུད་དུ་ལྷ་རྣམས་དུ་ཞིག་ གསུངས། །ཞེས་པ་ནི་རྒྱུད་འདིར་ལྷའི་གྲངས་དུ་ཞིག་གསུངས་ཞེས་པའི་ཐ་ཚིག་གོ། །གཟུགས་ཇི་ལྟ་བུ་ཞེས་པ་ནི། ལྷ་དེ་རྣམས་ཀྱི་མདོག་དང་ཕྱག་ལ་སོགས་པ་ཇི་ལྟ་བུ་ལགས་ཞེས་པའི་དོན་ཏོ། །གུས་པས་ཞེས་པ་ནི་ཞེ་ས་དང་བཅས་ཤིང་གུས་པ་དང་བཅས་པས་ཉན་པར་ འཚལ་ཞེས་སྦྱར་རོ། །གསུངས་པ་ཞེས་པ་ལ་ཨ་ནི་ལྷ་མོའོ། །ཧ་ཞེས་པ་ནི་ཧེ་རུ་ཀའོ། །འདི་དག་གི་སྦྱོར་བ་དེ་ཉིད་སྦྱོར་བ་ཡིན་ནོ། །ད་ནི་སྣ་ཚོགས་སྡེ་མའི་དཀྱིལ་འཁོར་གསུངས་པ། རཾ་ལས་ཉི་མ་ཞེས་པ་ནི་བདག་དང་འགྲོ་བ་ཐམས་ཅད་སྟོང་པ་ཉིད་དུ་བསྒོམས་ནས་བྱང་ཆུབ་ཀྱི་ ཚོགས་ཀྱི་དོན་དུ་སེམས་ཙམ་དུ་གནས་ཏེ། དེའི་སྣང་བའི་རཾ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ཧཱུཾ་ངོ་། །དེ་ཉིད་ཕུང་པོ་ལྔའི་བདག་ཉིད་རྣལ་འབྱོར་མའི་སེམས་སོ། །དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ལྟེ་བར་ཧཱུཾ་ངོ་། །ནག་པོ་བསྲེག་པའི་བདག་ཅེས་པ་ལ། 26-1-118a རྡོ་རྗེ་དེ་ལས་བྱུང་བའི་འོད་ཟེར་མེ་དང་འོད་མཉམ་པར་འབར་བའོ། །འོད་ཟེར་དེ་ཉིད་ལས་སྲུང་བའི་འཁོར་ལོ་བསྒོམ་པར་བྱའོ། །མཚམས་བཅིངས་ཞེས་པ་ནི་ཕྱོགས་བཅུར་བཅིང་བར་བྱའོ། །ར་བ་ཞེས་པ་ནི་རྡོ་རྗེའི་ར་བར་བསམ་པའོ། །དྲ་བ་ཞེས་པ་ནི་ནམ་ མཁའ་གུར་གྱི་རྣམ་པར་བཀབ་པ་བདག་ཉིད་ཀྱིས་བསམ་པར་བྱའོ། །མཚམས་བཅིང་བ་ནི་ཐུགས་སོ། ར་བ་ནི་གསུང་ངོ་། །དྲ་བ་ནི་སྐུ་སྟེ་སྐུ་གསུང་ཐུགས་ཀྱི་རང་བཞིན་གྱི་སྲུང་བའི་འཁོར་ལོའོ། །རྡོ་རྗེ་ནག་པོ་ཞེས་པ་ནི་ཧཱུཾ་དང་ལྡན་པའི་རྡོ་རྗེ་ལས་རྡོ་རྗེའི་ས་གཞི་བསྒོམ་ཞེས་ པའི་ཐ་ཚིག་གོ། །རྡོ་རྗེ་ས་གཞིའི་དབུས་ཆུད་པ། །ཞེས་པ་ལ། ལྷན་ཅིག་སྐྱེས་པའི་རྡོ་རྗེ་ས་གཞི་ནི་སྤྲུལ་པའི་འཁོར་ལོ་སྟེ། གནས་དེར་གནས་པས་ན། དེའི་ས་གཞི་ཞེས་པའི་དོན་ཏོ། །ཨེ་ཡི་རྣམ་པའི་བདག་ཉིད་ཆེ། །ཞེས་པ་ལ། ཨེའི་ཆ་བྱད་ཆེ་བའི་བདག་ཉིད་ ནི་ཨེའི་གནས་ཏེ། སེམས་ཅན་ཐམས་ཅད་ཀྱི་ཆེ་བའི་བདག་ཉིད་ནི་བདག་ཉིད་ཆེ་སྟེ་དེ་ཉིད་འཚོ་བའི་རང་བཞིན་ཞེས་པའི་ཐ་ཚིག་གོ། །གྲུ་གསུམ་ཞེས་པ་ནི་ཆོས་ཀྱི་འབྱུང་གནས་གྲུ་གསུམ་ཞེས་པའི་དོན་ཏེ། ཆོས་ཀྱི་འབྱུང་གནས་དེ་ཉིད་ཁམས་གསུམ་པའི་རང་བཞིན་ཞེས་པའི་ ཐ་ཚིག་གོ། །ཡི་གེ་ལཾ་གྱུར་པ་ཡིས་ནི། །དཀྱིལ་འཁོར་གྲུ་བཞི་རབ་སེར་བ། །ཞེས་པ་ནི་ཡི་གེ་ལཾ་ཡོངས་སུ་གྱུར་པ་ལས་སའི་དཀྱིལ་འཁོར་གྲུ་བཞི་ལ་རྡོ་རྗེས་མཚན་པ་སྟེ། དེ་ཉིད་ཆོས་ཀྱི་འཁོར་ལོའི་རང་བཞིན་ནོ་ཞེས་པའི་དོན་ཏོ། །དེའི་དབུས་གནས་ཞེས་པ་ནི་ཆོས་ཀྱི་འཁོར་ ལོའི་དབུས་ཀྱི་སྟེང་དུ་ལོངས་སྤྱོད་ཀྱི་འཁོར་ལོ་བཅུད་ཀྱི་རྟེན་གྱི་རང་བཞིན་ཆུའི་དཀྱིལ་འཁོར་རོ་ཞེས་པའི་ཐ་ཚིག་གོ། །ཨོཾ་ལས་བྱུང་བའི་འཁོར་ལོ་ནི་ཨོཾ་ཡོངས་སུ་གྱུར་པ་ལས་ལོངས་སྤྱོད་ཀྱི་འཁོར་ལོའོ། །འཁོར་ལོའི་དབུས་སུ་ཡི་གེ་ཨོཾ་བསམ་མོ། །རྩ་རྣམས་ཀུན་གྱི་རང་ བཞིན་ཅན། །ཞེས་པ་ནི་འཁོར་ལོ་བཞིའི་རྩ་རྣམས་ལ་གནས་པ་ལྷན་ཅིག་སྐྱེས་པའི་རང་བཞིན་ཞེས་པའི་དོན་ཏོ། །རྣལ་འབྱོར་མ་ནི་རྣམ་པར་བཞུགས། །ཞེས་པ་ནི་རྩ་སུམ་ཅུ་རྩ་གཉིས་ལས་བྱང་ཆུབ་ཀྱི་སེམས་འབབ་པ་དེ་རྣམས་ནི། བདེ་བ་ཆེན་པོའི་རང་བཞིན་ཏེ། །དེར་ 26-1-118b གནས་ཞེས་པའི་ཐ་ཚིག་གོ། །དེ་ལྟར་ཡང་། རབ་ཏུ་དགའ་བའི་ནམ་མཁའ་ལས། བདེ་ཆེན་འཁོར་ལོ་ལས་ནི་བརྒྱད། །དེ་བཞིན་ལོངས་སྤྱོད་འཁོར་ལོའི་བརྒྱད། །ཆོས་ཀྱི་འཁོར་ལོ་ལས་ནི་བཞི། །སྤྲུལ་པའི་འཁོར་ལོ་ལས་བཅུ་གཉིས། །རྩ་འདི་དག་ནི་བདེ་ ཆེན་དངོས། །རྟག་ཏུ་བྱང་ཆུབ་སེམས་འབབ་འགྱུར། །ཞེས་གསུངས་སོ། །རྩ་ནི་བཅུ་དྲུག་ལ་བརྒྱན་པ། །ཞེས་པ་ནི་ལོངས་སྤྱོད་ཀྱི་འཁོར་ལོ་ལ་ཨོཾ་བཅུད་ཀྱི་རྟེན་གྱི་རང་བཞིན་དུ་འདུག་པ་དང་། ཨ་ལ་སོགས་པའི་རང་བཞིན་བཅུ་དྲུག་པོ་དེ་རྣམས་ཀྱིས་བརྒྱན་ཞེས་པའི་ཐ་ ཚིག་གོ། །དེ་ཉིད་འཕོ་བ་བཅུ་དྲུག་གི་རང་བཞིན་ནོ། །བདེ་བ་ཆེན་པོ་འཁོར་ལོའི་རྩ་སུམ་ཅུ་རྩ་གཉིས་ནི་ཆུ་ཚོད་སུམ་ཅུ་རྩ་གཉིས་ཀྱི་རང་བཞིན་ནོ། །སྤྲུལ་པའི་འཁོར་ལོ་ལ་ནི་དབྱུག་ཚོད་དྲུག་ཅུ་རྩ་བཞིའི་རང་བཞིན་ནོ། །ཆོས་ཀྱི་འཁོར་ལོ་ལ་ནི་ཐུན་བརྒྱད་ཀྱི་རང་བཞིན་ནོ། །དེས་ན་རྩ་བརྒྱ་ ཉི་ཤུའོ་ཞེས་པ་ནི་འཁོར་ལོ་བཞིའི་རྩ་རྣམས་ནི་བརྒྱ་དང་ཉི་ཤུའོ། །དེ་ནས་ལུས་དང་ངག་དང་སེམས་ཀྱིས་བསྒྲེས་ན་སུམ་བརྒྱ་དྲུག་ཅུར་འགྱུར་རོ། །དེས་ནི་ལོ་གཅིག་གི་ཞག་གི་གྲངས་ཀྱང་གཟུང་ངོ་། །སྤྲུལ་པ་དྲུག་ཅུ་རྩ་བཞིའི་འདབ། །ཅེས་པ་ནི་རླུང་གི་འཕོ་བ་ཕྲ་བའི་རང་བཞིན་ གྱིས་དབྱུག་ཚོད་བཞི་བརྩིར་མེད་པ་དོར་བས་དྲུག་ཅུའོ། །སུམ་བརྒྱ་དྲུག་ཅུ་བསྒྲེས་པའི་དྲུག་ཅུ་ལ་ནི་སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་དྲུག་བརྒྱར་འགྱུར་རོ། །འདིས་ལོ་གཅིག་གི་དབྱུག་ཚོད་དང་ཞག་གཅིག་གི་དབུགས་ཀྱང་ཤེས་པར་བྱའོ། །རྡོ་རྗེ་སྐུ་ཡི་བདག་ཉིད་ཆེ། །ཞེས་པ་ ལ་རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེའི་བདག་ཉིད་ཀྱི་སྐུའོ། །སྐུ་དེ་ལ་རྩ་འདི་དག་གནས་པ་ཡིན་ཞེས་པའི་དོན་ཏོ། །དེ་ཡི་དབུས་གནས་ས་བོན་ནི། །ཞེས་པ་ནི། དེར་འཁོར་ལོ་བཞིའི་ངོ་བོ་འབྱུང་བ་ཆེན་པོ་བཞིའི་ས་བོན་གནས་ཞེས་པའོ། །ཅི་ཞེ་ན། །བཾ་དཀར་ཡི་གེ་ལས་ བྱུང་བ། །ཞེས་པ་ནི་བཾ་ཡོངས་སུ་གྱུར་པ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་བུམ་པས་མཚན་པ་ཞེས་པའི་ཐ་ཚིག་གོ། །བཾ་དེ་ཉིད་ཆོས་ཀྱི་འཁོར་ལོ་དང་འདྲ་བའོ། །སའི་དཀྱིལ་འཁོར་ནི་སྔོན་དུ་གསུངས་སོ། །རྩ་རྣམས་ཐམས་ཅད་ཆུ་ཡི་ནི། །དཀྱིལ་འཁོར་ལ་ནི་ཐིམ་པར་ 26-1-119a འགྱུར། །ཞེས་པ་ནི་བླ་མའི་མན་ངག་ལས་རླུང་གི་བསྒོམ་པའི་རྩ་ཐམས་ཅད་ཀྱི་རང་བཞིན་ཆོས་ཀྱི་འཁོར་ལོ་ལ་ཐིམ་པར་འགྱུར་རོ། །དེ་ལྟ་མོད་ཀྱི་དེར་སེམས་སྤྲེའུ་ལྟ་བུ་བླ་མའི་མན་ངག་གིས་བཅིང་བར་བྱའོ། །སླར་ཡང་བསམ་པར་བྱ་བ་ནི་སྤྲུལ་པའི་ འཁོར་ལོའི་འོག་གི་ཆར་མེའི་དཀྱིལ་འཁོར་བསམ་པར་བྱའོ། །རཾ་དམར་ལས་བྱུང་མེའི་དཀྱིལ་འཁོར། །ཞེས་པ་ནི་རཾ་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་མདོག་དམར་པོ་འབར་བ་བདུན་གྱིས་མཚན་པ་བསམ་པར་བྱ་ཞེས་པའི་ཐ་ཚིག་གོ། །རབ་ཏུ་འབར་བཞིན་པ་ཡི་ ནི། །རྩ་ཡི་འཁོར་ལོ་ཡང་དག་བལྟ། །ཞེས་པ་ནི། རྩའི་འཁོར་ལོའི་མདུད་པའི་གནས་ན་སྡེ་བརྒྱད་ཀྱིས་བརྒྱན་པའི་ཨ་མེ་ལྟར་འབར་བཞིན་པ་དེ་བལྟ་ཞིང་བསྒོམ་ཞེས་པའི་ཐ་ཚིག་གོ། །ཡཾ་གྱུར་རླུང་གི་དཀྱིལ་འཁོར་ནི། །ཞེས་པ་ནི། མེའི་འོག་ཏུ་ཡཾ་ཡོངས་སུ་གྱུར་པའི་རླུང་གི་ དཀྱིལ་འཁོར་བ་དན་གཉིས་ཀྱིས་མཚན་པའོ། །རྩ་རྣམས་རབ་ཏུ་གཡོ་བའི་གཟུགས། ཞེས་པ་ནི། རྩའི་འཁོར་ལོ་ཐམས་ཅད་ནས་བྱང་ཆུབ་ཀྱི་སེམས་རླུང་གིས་བསྐྱོད་པས་དེ་དང་མཐུན་པའི་རང་བཞིན་ལྷན་ཅིག་སྐྱེས་པ་བསྐྱེད་པའོ། །དེར་བྱང་ཆུབ་ཀྱི་སེམས་གཡོས་ནས་རླུང་ ལ་ཐིམ་པར་གྱུར་ཏེ། འཁོར་ལོའི་བསྒོམ་པས་རང་རིག་པར་འགྱུར་ཞེས་པའི་ཐ་ཚིག་གོ། །དེ་དག་ཐམས་ཅད་ཐིམ་འགྱུར་བ། །ཞེས་པ་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཐམས་ཅད་དེར་ཐིམ་པར་འགྱུར་བའོ། །དེ་ཡི་དབུས་གནས་རྣལ་འབྱོར་པ། །ཞེས་པ་ནི་དེ་ལ་རྣལ་འབྱོར་པ་རང་གིས་ སེམས་བརྟགས་ཤིང་དེར་གནས་ཞེས་པའི་ཐ་ཚིག་གོ། །དེ་ལྟར་ཡང་གདན་བཞི་པ་ལས། ས་གཉིས་དག་ནི་བསམ་པ་ཡིས། །གྲོལ་བར་འགྱུར་གྱི་གཞན་དུ་མིན། །ཆོས་དང་སྤྲུལ་པ་བསྒོམ་པ་ཡིས། །རྣལ་འབྱོར་པ་ནི་གྲོལ་བར་འགྱུར། །ཞེས་གསུངས་སོ། །དེ་ལྟར་ཡང་། ཟླ་བ་ཉི་མས་བརྒྱན་པ་ཡི། །ཐབས་དང་ཤེས་རབ་འདི་དག་བསྒོམ། །ཞེས་གསུངས་པ་སྟེ། ཆོས་ཀྱི་འཁོར་ལོའི་ཧཱུཾ་ཁ་ཐུར་དུ་ཕྱོགས་པ་དེ་ལ་གནས་པ་ཟླ་བ་ཕྱེདཔའི་འོད་ཟེར་གྱིས་ཨ་ལ་གནས་པའི་ཐིག་ལེའི་རི་མོ་གྱེན་དུ་ཕྱོགས་པ་ལ་རིག་པར་བྱ་སྟེ། རླུང་གིས་འགྲོ་བ་དང་འོང་བ་དག་ 26-1-119b གིས་འཕྱང་བཞིན་པ་བསམ་པར་བྱའོ། །ཕྱིས་ནི་དེར་ཕྲ་བའི་ངོ་བོས་ཐིམ་པར་འགྱུར་རོ། །རླུང་གི་བསྒོམ་པས་ནི་འདིའི་རང་བཞིན་ཁོང་དུ་ཆུད་པར་བྱའོ། །དེ་ནས་ཟླ་བ་བསམ་པར་བྱ། །ཞེས་པ་ནི། ཨ་ལ་སོགས་པའི་དབྱངས་ཡིག་བཅུ་གཉིས་ཉིས་སྐོར་དུ་བྱས་པ་ལས་ཟླ་བའི་དཀྱིལ་ འཁོར་དུ་བསྒོམ་ཏེ། དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ནོ། །ཟླ་བའི་སྟེང་དུ་ཉི་མ་ཞེས་པ་ནི། ཀ་ལ་སོགས་པའི་ཡི་གེ་སུམ་ཅུ་རྩ་བཞི་ལ་ཡ་ར་ལ་ཝ་ཌ་ཌྷ་བསྣན་པས་བཞི་བཅུར་འགྱུར་ལ། དེ་ཉིས་སྐོར་དུ་བྱས་པའི་བརྒྱད་ཅུ་ནི་ཉི་མའི་དཀྱིལ་འཁོར་དུ་འགྱུར་ཏེ། དེ་ནི་མཉམ་པ་ ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེ་ཡིས་དབུས་ཆུད་ས་བོན་ནི། །ཞེས་པ་ནི་དེ་དག་གི་དབུས་སུ་ཨ་དང་ཧཱུཾ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་གནས་པ་སྟེ། དེ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །ཡི་གེ་ཀ་ཡིས་ཧ་བརྒྱན་ཏེ། །ཞེས་པ་ནི་ཡི་གེ་ཀ་ཉི་མའི་དཀྱིལ་འཁོར་གྱི་རང་ བཞིན་དེ་ལ་ཧ་ཐིམ་པར་གྱུར་པའོ། །ཡང་ན་ཀ་ཡིས་རྣམ་བརྒྱན་པ། །ཞེས་པ་ནི། ཀཾ་བདེ་བ་ཆེན་པོས་མི་ཤིགས་པའི་ཧ་མགོ་བོ་སྟོང་པས་བརྒྱན་ཞེས་པའི་ཐ་ཚིག་གོ། །ཀ་ནི་ཧ་ལ་ཐིམ་པར་འགྱུར། །ཞེས་པ་ནི། ཀ་ཤེས་རབ་ཀྱི་རང་བཞིན་དང་། ཨ་ཐབས་ཀྱི་རང་བཞིན་ཐིམ་པར་ འགྱུར་བའོ། །དེས་ཅིར་འགྱུར་ཞེ་ན། ཨ་ཧཱུཾ་དབྱེར་མེད་པར་འགྱུར་བའོ། །གུག་སྐྱེད་དང་བྲལ་བའི་ཧ་ནི་ཤེས་རབ་ཀྱི་རང་བཞིན་ནོ། །ཧཱུཾ་ནི་ཐབས་ཀྱི་རང་བཞིན་ནོ། །དེས་ནི་ཐབས་དང་ཤེས་རབ་གཅིག་ཏུ་འགྱུར་རོ། །མི་ཕྱེད་པའི་ཧ་ཞེས་པ་ནི། གུག་སྐྱེད་དང་བྲལ་བའི་སྒྲའི་ རང་བཞིན་དང་། དབྱངས་ཡིག་དྲུག་པ་གཅིག་ཏུ་གྱུར་པ་འབའ་ཞིག་ཏུ་འགྱུར་ཏེ། ཧཱུཾ་དེ་ཡང་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དོ། །ཧཱུཾ་ལས་བྱུང་བའི་འོད་ཟེར་རྣམས། །ཞེས་པ་ནི་ཧཱུཾ་དེ་ལས་བྱུང་བའི་འོད་ཟེར་ཏེ། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་རླུང་ལྔའི་རང་བཞིན་དེ་ རྣམས་ཀྱིས་བདེ་བ་ཆེན་པོའི་འཁོར་ལོ་བསྐུལ་བས་བདུད་རྩི་འཛག་པའོ། །བ་མོ་ལྟ་བུའི་རི་བོང་ཅན། །ཞེས་པ་ལ་རི་བོང་ཅན་ནི་ཟླ་བ་སྟེ། དེ་ནི་འཇུག་པའི་རླུང་ངོ་། །བ་མོ་ཞེས་པ་ནི་ཉི་མ་སྟེ། དེ་ནི་འབྱུང་བའི་རླུང་ངོ་། །དེ་དག་གཅིག་ཏུ་གྱུར་པའི་རྣལ་འབྱོར་དེ་ནི་བསམ་ 26-1-120a གཏན་དུ་བརྗོད་དོ། །ཉི་མར་ལྷན་ཅིག་ཞུ་གྱུར་ཅིང་། །ཞེས་པ་ལ། ཉི་མ་ནི་ཆགས་པ་དང་། ཆགས་པ་དང་བྲལ་བ་དག་གཅིག་ཏུ་གྱུར་པའི་ཆགས་པ་ཙམ་འབའ་ཞིག་ཉི་མ་ཉིད་དུ་བལྟ་སྟེ། ཁྲག་དང་ཁུ་བའི་མདོག་ཏུ་སྣང་བའོ། །དེ་ཉིད་ནི་ཉི་མ་སྟེ། ཡེ་ཤེས་ཀྱི་རང་ བཞིན་གྱིས་ང་རྒྱལ་ལ་སོགས་པའི་སྡིག་པ་བསྲེགས་པའོ། །ཡང་ནི་ཧཱུཾ་བྱུང་འོད་ཟེར་ཞེས་པ་ནི་ཁྲག་དང་ཁུ་བའི་རང་བཞིན་གྱི་ཐིག་ལེ་ཧཱུཾ་དུ་བསྒོམ་སྟེ། དེའི་འོད་ཟེར་རྣམས་འགྲོ་བ་དང་འོང་བ་སེམས་ཀྱིས་བསམ་པར་བྱའོ། །རྩ་ཡི་འཁོར་ལོ་ཐམས་ཅད་ལ། །ཞེས་པ་ནི་ཁམས་བཅོ་ བརྒྱད་གནས་པའི་རྩ་ལས་འཛག་པའོ། །འཛག་པ་དེས་ཐིག་ལེའི་ནང་དུ་ཆུད་པའི་ཧཱུཾ་བཀྲུ་བར་བྱའོ། །བཀྲུས་པས་ཅིར་འགྱུར་ཞེ་ན། བདེ་བ་ཆེན་པོའི་ཡེ་ཤེས་སྐྱེ་སྟེ། དེ་ཉིད་མཚན་སུམ་ཅུ་རྩ་གཉིས་ཀྱི་ཡོན་ཏན་དང་ལྡན་ཞིང་དཔེ་བྱད་བརྒྱད་ཅུས་བརྒྱན་པའི་ཧེ་རུ་ཀ་སྣ་ཚོགས་སུ་སྣང་ བ་སྣ་ཚོགས་སྡེ་མས་འཁྱུད་པར་འགྱུར་རོ། །དེ་ནི་བསྐྱེད་པའི་རིམ་པ་གསུངས་པ། ཟླ་བ་དང་ཉི་མའི་དབུས་སུ་ཧཱུཾ་བསམ། ཧཱུཾ་གྱུར་པ་ལས་རྡོ་རྗེ་དེའི་ལྟེ་བ་ལ་ཡང་ཧཱུཾ་ངོ་། །ས་བོན་རྡོ་རྗེ་ལས་བྱུང་བ། །ཞེས་པ་ནི། ས་བོན་ཧཱུཾ་དང་རྡོ་རྗེ་དག་གཅིག་ཏུ་གྱུར་པ་ལས་བྱུང་ཞིང་བསྐྱེད་པའོ། །གང་གི་ཞེ་ ན་དཔའ་བོ་སྟེ་བཅོམ་ལྡན་འདས་དཔའ་བོ་དེའིའོ། །འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་བྲལ་བས་ན་དཔའ་བོའོ། །ཧེ་རུ་ཀ་མདོག་སྔོན་པོ་ཞེས་པ་ལ། ཧེ་ནི་ཆོས་ཐམས་ཅད་ཀྱི་རྒྱུ་དང་བྲལ་བའོ། །རུ་ནི་གཟུགས་ཀྱི་བཀོད་པ་དང་བྲལ་བའོ། །ཀ་ནི་ཆོས་ཐམས་ཅད་གང་ན་ཡང་ མི་གནས་པའོ། །ཧ་ནི་ཐབས་སོ། །ཨེ་ནི་ཤེས་རབ་སྟེ། དེའི་བདག་ཉིད་ལ་ཧེའི་སྒྲར་གསུངས་སོ། །ར་ནི་ཁུ་བའོ། །ཨུ་ནི་ཁྲག་གི་རང་བཞིན་ནོ། །ར་ནི་ཁུ་བའོ། །ཨུ་ནི་བདེ་བའོ། །འདི་དག་ནི་ཁུ་བ་དང་བདེ་བ་སྟེ། ཐབས་དང་ཤེས་རབ་ཀྱི་བདག་ཉིད་དོ། །ཧེ་ནི་དམ་ཚིག་ སེམས་དཔའོ། །རུ་ནི་ཡེ་ཤེས་སེམས་དཔའོ། །ཀ་ནི་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེད་པའོ། །ཨེ་ནི་ལས་ཀྱི་ཕྱག་རྒྱའོ། །ཧ་ནི་ཆོས་ཀྱི་ཕྱག་རྒྱའོ། །ར་ནི་དམ་ཚིག་གི་ཕྱག་རྒྱའོ། །ཨུ་ནི་སྒྲའི་རང་བཞིན་ཕྱག་རྒྱ་ཆེན་པོའོ། །ཀ་ནི་ཕྱག་རྒྱ་འདི་རྣམས་ལ་བཅོམ་ལྡན་ 26-1-120b འདས་བདེ་བའི་གཟུགས་སུ་བཞུགས་པའོ། །བཅོམ་ལྡན་འདས་དེ་ནི་བླ་མའི་མན་ངག་ལས་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཞལ་གཅིག་པ་ལ་ཕྱག་བཞི་པ། །ཞེས་པ་ནི་བཅོམ་ལྡན་འདས་ཀྱི་གཟུགས་ཅན་དང་། བཅོམ་ལྡན་འདས་མ་སྟེ། ཐབས་དང་ཤེས་རབ་ དབྱེར་མེད་པའི་གཟུགས་སོ། །རྡོ་རྗེ་སེམས་དཔའ་ཇི་ལྟ་བ་དེ་ལྟར་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའོ། །གཙོ་བོ་ཧཱུཾ་ཞེས་འདོན་པ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །དཔའ་བོ་འཁོར་བ་སྒྲོལ་བྱེད་པ། །ཞེས་པ་ནི་དེ་ལྟར་རྣལ་འབྱོར་པས་དཔའ་བོ་བསྒོམས་ནས་འཁོར་བ་ལས་སྒྲོལ་བར་ འགྱུར་རོ། །ཇི་ལྟར་འཁོར་བ་ལས་སྒྲོལ་བར་བྱེད་ཅེ་ན། དེ་ཉིད་གསུངས་པ། བྱང་ཆུབ་ས་བོན་རང་བཞིན་ཞེས་པ་སྟེ། ཕྲ་བའི་ཧཱུཾ་བསྒོམས་པས་བདེ་བ་ཆེན་པོ་སྐྱེ་བའོ། །ལྷག་མ་ནི་གོ་སླའོ། །ཁ་དོག་དམར་མོ་ཞེས་པ་ལ་སྣ་ཚོགས་སྡེ་མ་ནི་དམར་མོའོ། །ཧེ་རུ་ཀ་ནི་ནག་པོ་སྟེ་གཉི་ ག་སྙོམས་པར་ཞུགས་པའོ། །ཇི་ལྟར་པདྨ་དམར་པོ་ལ་བུང་བ་གནས་པ་དེ་ལྟར་བཅོམ་ལྡན་འདས་བལྟ་བར་བྱའོ། །ཞལ་ནི་ཤིན་ཏུ་རྣམ་འགྱུར་བ། །ཞེས་པ་ནི་ཞལ་ནས་ཁྲག་འཛག་པའོ། །སྣ་ཚོགས་སྡེ་མ་ཡང་ཕྱག་བཞི་པ་སྟེ་གཡས་ན་ཅང་ཏེའུ་དང་གྲི་གུག །གཡོན་ན་ཁ་ཊྭཱཾ་ག་ དང་ཐོད་པའོ། །ཕྱག་གཉིས་པའི་ཕྱོགས་ལ་སྣ་ཚོགས་སྡེ་མ་གྲི་གུག་དང་ཐོད་པ་བསྣམས་པ་བསྒོམ་པར་བྱའོ། །རང་གི་ལུས་སྐྱེས་འོད་ཟེར་གྱིས། །ཞེས་པ་ནི་ལུས་དང་ལྷན་ཅིག་པར་ཡོད་པ་ལུས་བཅས་ཏེ་ཨ་དང་ཧཱུཾ་ངོ་། །དེ་དག་གི་འོད་ཟེར་གྱིས་འགྲོ་བ་དང་འོང་བར་བྱེད་དོ། ། རྩ་ཡི་འཁོར་ལོ་བསྐུལ་བར་བྱ། །ཞེས་པ་ནི་སྤྲུལ་པའི་འཁོར་ལོ་ལ་གནས་པའི་ཨའི་འོད་ཟེར་གྱིས་ཆོས་དང་ལོངས་སྤྱོད་དང་བདེ་བ་ཆེན་པོ་ཡང་དག་པར་བསྐུལ་པས་བདུད་རྩི་འཛག་པའོ། །བདུད་རྩི་དེས་ཆོས་ཀྱི་འཁོར་ལོའི་ས་བོན་བཀྲུས་པ་ཙམ་གྱིས་ཆོས་ཀྱི་འཁོར་ལོ་ལ་ གནས་པའི་རྩ་བརྒྱད་པོ་རང་བཞིན་གྱིས་རྣལ་འབྱོར་མ་བརྒྱད་བསྐྱེད་ནས། ཕྱི་རོལ་དུ་ཕྱུང་སྟེ་ཧེ་རུ་ཀ་མཆོད་པར་བྱེད་དོ། །བརྒྱད་པོ་བུ་མོ་རྣམས་ཀྱི་མཆོག །ཅེས་པ་ནི་ཆོས་ཀྱི་འཁོར་ལོའི་རང་བཞིན་གྱི་བུ་མོ་མཆོག་རབ་ཅེས་པའི་དོན་ཏོ། །མཆོད་པ་སྣ་ཚོགས་འཛིན་པ་ 26-1-121a ཡིས། །ཞེས་པ་ནི། རི་དགས་ཀྱིས་མཚན་མ་ལ་སོགས་པ་མཆོད་པ་རྣམ་པ་བརྒྱད་འཛིན་པར་བྱེད་པས་ན་མཆོད་པ་བརྒྱད་དོ། །རྣལ་འབྱོར་མ་དེ་རྣམས་གང་ཞེ་ན། རྡོ་རྗེ་མཆེ་བ་མ་ལ་སོགས་པའོ། །རྡོ་རྗེ་མགོན་པོའི་ཤར་གནས་པ། །ཞེས་པ་ནི། ཧེ་རུ་ཀའི་ ཤར་ཕྱོགས་ན་གནས་པའོ། །རྡོ་རྗེ་མཆེ་བ་མི་ནི་ཁྲག་གིས་བཀང་བའི་ཐོད་པ་བསྣམས་པའོ། །གཟི་བརྗིད་ཆེན་མོ་གསོལ་བར་མཛད། །ཅེས་པ་ལ། གཟི་བརྗིད་ནི་ཁྲག་གི་རང་བཞིན་ཏེ། ཕྱག་གཉིས་ཀྱིས་ཁྲག་གིས་གང་བའི་ཐོད་པ་བསྣམས་ཏེ་གསོལ་བ་ནི་ཚིམ་པ་ཞེས་ པའི་དོན་ཏོ། །རྡོ་རྗེ་ཕོ་ཉ་ཅང་ཏེའུ་བརྡུང་། །ཞེས་པ་ནི་རྡོ་རྗེ་ཕོ་ཉ་མ་དབང་ལྡན་གྱི་ཕྱོགས་སུ་གནས་ཤིང་། ཕྱག་གཡས་དང་གཡོན་པས་ཅང་ཏེའུ་བརྡུང་བའོ། །རྡོ་རྗེ་གདོང་མ་དྲི་སྣོད་དང་། །ཞེས་པ་ནི། རྡོ་རྗེ་གདོང་མ་མེའི་ཕྱོགས་སུ་གནས་ཤིང་ཕྱག་གཉིས་ན་དྲིའི་སྣོད་བསྣམས་ པ་སྟེ། དྲི་ཆེན་གྱི་སྣོད་བསྣམས་པའོ། །རྡོ་རྗེ་ཅན་མ་མཆོད་ཡོན་སྣོད། །ཅེས་པ་ནི། རྡོ་རྗེ་ཅན་མ་བདེན་བྲལ་གྱི་ཕྱོགས་སུ་གནས་ཤིང་མཆོད་ཡོན་གྱི་སྣོད་བདུད་རྩིས་བཀང་བ་ཕྱག་གཉིས་ཀྱིས་འཛིན་པའོ། །རྡོ་རྗེ་གཙིགས་མ་ཞེས་པ་ནི་ལྷོ་ཕྱོགས་སུ་གནས་ཤིང་ཕྱག་ གཉིས་ཀྱིས་རྔ་བརྡུང་བའོ། །རླུང་དུ་རྡོ་རྗེ་ལྟེ་བ་མ། །ཞེས་པ་ལ་རྡོ་རྗེ་ལྟེ་བ་མ་ནི། རླུང་གི་ཕྱོགས་སུ་གནས་ཤིང་རི་བོང་ཅན་གྱི་སྣོད་དེ་བྱང་ཆུབ་ཀྱི་སེམས་ཀྱི་སྣོད་བསྣམས་པའོ། །ནུབ་ཏུ་རྡོ་རྗེ་འཇིགས་མའོ། །ཞེས་པ་ནི་རྡོ་རྗེ་འཇིགས་མ་ནུབ་ཀྱི་ཕྱོགས་སུ་གནས་ཤིང་ཅེ་སྤྱང་གི་ཤ་ འཛིན་པའོ། །བྱང་དུ་རྡོ་རྗེ་འདོད་ཆགས་མ། །ཞེས་པ་ནི་བྱང་གི་ཕྱོགས་སུ་གནས་ནས་ཆགས་པ་ཆེན་པོ་ལ་རྗེས་སུ་ཆགས་པས་ཧེ་རུ་ཀ་མཆོད་པའོ། །རྣལ་འབྱོར་མ་འདི་དག་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་བ་ལ་གནས་པར་དགོངས་སོ། །དྲི་ཞིམ་ལྔ་དང་མེ་ཏོག་སྤོས། །ཞེས་པ་ ལ། དྲི་ཞིམ་ནི་བདུད་རྩི་ལྔའོ། །མེ་ཏོག་ནི་བུད་མེད་ཀྱི་རྡུལ་གྱི་མེ་ཏོག་གོ། །སྤོས་ནི་གཏུམ་མོའི་འོད་ཟེར་གྱི་སྤོས་སོ། །འདི་དག་གིས་ནི་བཅོམ་ལྡན་འདས་བདེ་བ་ཆེན་པོ་མི་ཤིགས་པའི་རང་བཞིན་མཆོད་དོ། །དཔའ་བོ་རྫོགས་པར་མཐོང་ནས་ནི། །ཞེས་པ་ནི་དཀྱིལ་ 26-1-121b འཁོར་རྫོགས་ནས་ནང་གི་རྩའི་འཁོར་ལོ་བསྒོམ་པར་བྱའོ། །ཅིའི་ཕྱིར་ཞེ་ན་དབང་བསྐུར་བའི་ཕྱིར་རོ། །འཁོར་ལོ་དེའི་རྩ་སྟོང་པའི་གནས་སུ་སྤྲུལ་ཞེས་པའི་ཐ་ཚིག་སྟེ། དེར་གནས་པའི་མདུད་པའི་ནང་དུ་འོད་ཟེར་གྱི་གཟུགས་འཁྱིལ་པར་གྱུར་པར་བསམ་པར་བྱའོ། །འོད་ཟེར་དེས་བྱང་ཆུབ་ ཀྱི་སེམས་འཛག་པར་འགྱུར་ཏེ་འཛག་པ་དེས་རྣལ་འབྱོར་མ་རྣམ་པ་མང་པོ་རྫོགས་པར་བྱ་ཞེས་པའི་ཐ་ཚིག་གོ། །རྣལ་འབྱོར་མ་དེ་རྣམས་རྒྱན་སྣ་ཚོགས་པས་བརྒྱན་ཅིང་། ལང་ཆོའི་གཟུགས་དང་ལྡན་པ། ལོ་བཅུ་གཉིས་ལོན་པ་དབྱངས་ཀྱི་ཡི་གེ་བཅུ་གཉིས་ལས་རྫོགས་པ་དེ་ རྣམས་ནི་སྣ་ཚོགས་སྡེ་མའི་སྤྲུལ་པའི་རང་བཞིན་ཏེ། རྒྱུད་འདིར་ལོ་བཅུ་གཉིས་ལོན་པའི་ཤེས་རབ་མར་གསུངས་སོ། །བྱང་ཆུབ་སེམས་གང་བུམ་པ་བསྣམས། །ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཀྱིས་ཡོངས་སུ་བཀང་བའི་བུམ་པ་སྟེ་པདྨ་བསྣམས་ཤིང་བྲེལ་བའོ། །ཨ་མྲའི་ ལྕུག་བབས་ཞེས་པ་ནི་རྡུལ་དང་ལྡན་པ་སྟེ། ཁྲག་དང་ཁུ་བ་འདྲེས་པ་དེས་གསང་བའི་དབང་སྦྱིན་པར་བྱའོ། །ལོ་བཅུ་གཉིས་མའི་རྣལ་འབྱོར་མ་རྣམས་ལ་དབང་གི་དོན་དུ་གསོལ་བ་གདབ་བོ། །དབང་མེད་པའི་ཉེས་པ་བསྟན་པའི་ཕྱིར། །དབང་དང་བྲལ་ན་དངོས་གྲུབ་མེད། །ཅེས་ གསུངས་ཏེ། དཔེར་ན་བུ་ཚ་མེད་པའི་ཁྱིམ། །ཞེས་པ་ལ། བུ་ནི་མིག་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སྟེ། དེ་ལྟར་དེ་རྣམས་ཀྱིས་བྱིན་གྱིས་མ་བརླབས་པའི་ལུས་ནི་ཁྱིམ་སྟེ། དེ་སྟོང་པར་ཁོང་དུ་ཆུད་པར་བྱའོ། །ཤི་མ་ཐག་ཏུ་སྟོང་པ་ཉིད། །ཅེས་པ་ནི། བྱང་ཆུབ་ སེམས་དཔའ་དེ་རྣམས་ཀྱིས་བྱིན་གྱིས་བརླབས་པ་ནི། ཤི་ནས་རྣལ་འབྱོར་པ་ཁྱད་པར་ཅན་དུ་འགྲོ་བར་མི་འགྱུར་རོ། །དེ་བཞིན་དབང་དང་བྲལ་ན་ནི། །ཞེས་པ་ནི་དབང་མེད་ནའོ། །ཡེ་ཤེས་ཀུན་གྱིས་སྟོང་པ་ཉིད། །ཅེས་པ་ལ། ཡེ་ཤེས་ཀུན་མེ་ལོང་ལྟ་བུའི་ཡེ་ ཤེས་ལ་སོགས་པའོ། །དེ་རྣམས་ཀྱིས་བྱིན་གྱིས་མ་བརླབས་པ་ནི་ཐེག་པ་ཆེན་པོ་ཡོངས་སུ་ཤེས་པས་སྟོང་པའོ། །འདིས་ཅི་ཞིག་སྟོན་ཅེ་ན། མིག་ལ་སོགས་པ་བྱིན་གྱིས་བརླབས་པ་བྱས་ནས་ཡེ་ཤེས་ལྔའི་བདག་ཉིད་བྱང་ཆུབ་ཀྱི་སེམས་སློབ་མ་ལ་སྦྱིན་པར་བྱའོ། །དེ་ལྟར་ 26-1-122a ཡང་། ཁ་ལ་མཐེ་བོ་སྲིན་ལག་གིས། །རྣལ་འབྱོར་རིག་པས་རྟག་ཏུ་མྱང་། །ཞི་བའི་བཏུང་བ་བཞིན་མྱངས་ན། །དངོས་གྲུབ་རྟག་པ་ཐོབ་པར་འགྱུར། །ཞེས་གསུངས་སོ། །ཚིགས་བཅད་འདིས་ནི་གསང་བའི་དབང་བསྐུར་བ་བསྟན་ཏོ། །ད་ནི་ཤེས་རབ་ཡེ་ ཤེས་དཔེའི་སྒོ་ནས་སྟོན་ཏེ། དེ་ལྟར་ཡང་། དཔེར་ན་པི་ཝང་སྦྱོར་ཀུན་ཚོགས། །ཞེས་བྱ་བ་ལ་སོགས་པ་གསུངས་ལ། པི་ཝང་གི་སྒྲ་ནི་ཨ་ཝ་དྡྷཱུ་ཏཱིའོ། །དེའི་སྦྱོར་བ་ཀུན་ཚོགས་པ་ནི། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཐམས་ཅད་ཀྱི་སྦྱོར་བ་འདུས་པ་ནི་བདེ་བ་ཆེན་པོའི་བསམ་ གཏན་དུ་འགྱུར་རོ། །རྒྱུད་དང་བྲལ་ན་བརྡུང་མི་རུང་། །ཞེས་པ་ནི་རྒྱུད་དང་ལྡན་པའི་ཕྱིར་ན་རྒྱུད་ཅན་ནོ། །བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་བ་དང་བྲལ་ན་བདེ་བ་ཆེན་པོ་མྱོང་བར་མི་རུང་བ་ནི་བརྡུང་དུ་མི་རུང་བའོ། །དེ་བཞིན་དབང་དང་བྲལ་ན་ནི། །ཞེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་དང་བྲལ་ན་ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མེད་པའོ། །སྔགས་དང་བསམ་གཏན་འགྲུབ་མི་འགྱུར། །ཞེས་པ་ནི་ཡིད་སྐྱོབ་པས་ན་སྔགས་སོ། །སྔགས་ཀྱིས་ནི་ལས་ཀྱི་ཚོགས་འགྲུབ་ལ། བསམ་གཏན་གྱིས་ནི་ཕྱག་རྒྱ་ཆེན་པོ་འགྲུབ་སྟེ། བདེ་བ་ཆེན་པོའི་བསམ་གཏན་མེད་པར་ནི་དངོས་ གྲུབ་མེད་དོ་སྙམ་དུ་བསམས་སོ། །རྨོངས་པ་གང་ཞིག་དབང་མེད་པར། །ཞེས་པ་ནི་སངས་རྒྱས་ཀྱི་དེ་ཁོ་ན་ཉིད་མི་ཤེས་པའི་རྨོངས་པ་དབང་མེད་པར་སློབ་མ་རྣམས་སྡུད་པར་བྱེད་པའི་སེམས་ཅན་དེ་རྣམས་དམྱལ་བར་འགྲོ་བར་འགྱུར་རོ། །བདག་ནི་དབང་བསྐུར་ཞེས་པ་ནི། བདག་ལ་དབང་ཡོད་ཅེས་བརྫུན་དུ་སྨྲ་ཞིང་ཕྱིས་སློབ་མ་ལ་དབང་བསྐུར་བའོ། །སློབ་མར་བཅས་ཏེ་དམྱལ་བར་འགྲོ། །ཞེས་པ་ནི་སློབ་དཔོན་སློབ་མ་དང་ལྷན་ཅིག་ཏུ་མནར་མེད་པའི་དམྱལ་བར་འགྲོ་བའི། །དུས་ཇི་ཙམ་གྱི་བར་དུ་ཞེ་ན། དེ་ཉིད་གསུངས་པ། ཇི་སྲིད་སངས་རྒྱས་ བཞུགས་ཀྱི་བར། །ཞེས་པ་ནི། ཇི་སྲིད་དུ་སངས་རྒྱས་ཀྱི་བསྟན་པ་གནས་པའི་དུས་དེ་སྲིད་དུ་དམྱལ་བར་གནས་པར་འགྱུར་རོ། །དེ་ལྟར་ཤེས་བྱས་རྣལ་འབྱོར་མས། །ཞེས་པ་ནི་རྣམ་པ་དེ་ལྟ་བུའི་ཉེས་པ་མཁྱེན་པར་མཛོད་ལ། ཀྱེ་ལྷ་མོ་སྣ་ཚོགས་སྡེ་མའི་རང་བཞིན་བདག་ 26-1-122b ལ་དབང་བསྐུར་ཅིག་ཅེས་པའི་དོན་ཏོ། །དབང་བསྐུར་ཞེས་པ་ལ་སོགས་པ་ནི་གོ་སླའོ། །ཕྱི་ནང་གསང་བར་བཅས་པ་ཡི། །དབང་བསྐུར་ཙམ་གྱིས་ཤེས་པ་ནི། །ཕྱིའི་དབང་ནི་ཐུན་མོང་གི་དབང་ངོ་། །གསང་བའི་དབང་ནི་བྱང་ཆུབ་སེམས་ཀྱི་དབང་ངོ་། །དབང་བསྐུར་ཙམ་ གྱིས་ཞེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་རྫོགས་པའི་བར་དུའོ། །ནམ་མཁའ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །དེ་ནས་རྣལ་འབྱོར་མ་དེ་རྣམས། །རྩ་ཡི་འཁོར་ལོ་ལ་ཐིམ་པ། །ཞེས་པ་ལ། དེ་ནས་ཀྱི་སྒྲ་ནི་དབང་བསྐུར་བའི་རྗེས་ཐོགས་སུའོ། །རྩའི་འཁོར་ལོའི་མདུད་པ་ཁོང་ སྟོང་གི་གནས་ཀྱི་ཐིག་ལེ་ལ་ལོ་བཅུ་གཉིས་མའི་རྣལ་འབྱོར་མ་ལྷ་མོ་དེ་དག་ཐམས་ཅད་ཐིམ་པར་གྱུར་པའོ། །སངས་རྒྱས་ཐོད་པའི་རྒྱུད་རྣལ་འབྱོར་མའི་གོང་ན་མེད་པར་ཞེས་པ་ལ། སངས་རྒྱས་ནི་དེ་བཞིན་གཤེགས་པ་ལྔའི་དབང་ངོ་། །ཐོད་པ་ཞེས་པ་ནི་པདྨ་དེར་གསང་བའི་དབང་བསྐུར་བའོ། ། རྒྱུད་ནི་ལུས་ལ་སྐྱོབ་པས་ན་རྒྱུད་དོ། །རྣལ་འབྱོར་མ་ཞེས་པ་ནི་ཤེས་རབ་དང་ཐབས་ཀྱི་སྦྱོར་བའི་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་མའོ། །གོང་ན་མེད་པ་ཞེས་པ་ནི་ངག་གི་ལམ་ལས་འདས་པའི་ཡེ་ཤེས་རང་རིག་པ་དེར་བསྐྱེད་པ་ཞེས་པའི་དོན་ཏོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། དེ་ ཉིད་གསུངས་པ། གསང་བའི་ཡང་ཤིན་ཏུ་གསང་བ་ཞེས་པ་ལ། གསང་བ་ཞེས་པ་ནི་པདྨའོ། །ཤིན་ཏུ་གསང་བ་ཞེས་པ་ནི་རྡོ་རྗེའོ། །ཤིན་ཏུ་དེ་དག་གི་སྦྱོར་བས་བདེ་བ་བསྐྱེད་པའོ། །ལྷ་བསྐྱེད་པ་ཞེས་པ་ནི། ལེའུ་དེར་ལྷ་བསྐྱེད་དེ་རྫོགས་པར་བྱས་པའོ། །དབང་བསྐུར་བ་ཞེས་ པ་ནི་ལྷ་རྣམས་ཀྱིས་དབང་བསྐུར་བའི་ཆོ་གའོ། །ལེའུ་དེར་དེ་དག་ཐམས་ཅད་བཤད་པ་དེ་ནི་ལེའུ་གསུམ་པའོ། །འོ་ནི་རྫོགས་པའི་དོན་ཏོ།། །།ད་ནི་རི་སྐེགས་ཀྱི་སྦྱོར་བ་དང་ཆུའི་སྦྱོར་བའི་དཀྱིལ་འཁོར་ལ་སོགས་པ་བཤད་པར་བྱ་སྟེ། དེ་ནས་ཞེས་པ་ནི་ལྷ་ བསྐྱེད་པ་དང་། དབང་བསྐུར་བ་བསྟན་པའི་རྗེས་ཐོགས་སུའོ། །ནོར་རྒྱས་ལ་སོགས་པ་ཞེས་པ་ནི་སྣ་ཚོགས་སྡེ་མའི་འོད་ཟེར་གྱིས་བཀུག་པའི་ཀླུ་ཐམས་ཅད་དོ། །ཕྱག་ན་རྡོ་རྗེ་ལ་ཕྱག་བྱས་ནས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནི། ཀླུ་དེ་རྣམས་རྣམ་པ་འདི་ལྟར་སྨྲ་བའོ། །ཅིའི་ 26-1-123a ཕྱིར་ན་བདག་ཅག་རྣམས་འོད་ཟེར་གྱིས་ནི་ཞེས་པ་ལ་སོགས་པ་ནི། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་བདག་ཅག་ལ་ཤོད་ཅིག་ཅེས་སྦྱར་བར་བྱའོ། །དེ་ནས་ཕྱག་ན་རྡོ་རྗེ་གནོད་སྦྱིན་གྱི་བདག་པོ་ཞེས་པ་ནི། གནོད་སྦྱིན་ཐམས་ཅད་ཀྱི་བདག་པོ་དང་གཙོ་བོ་ཕྱག་ན་རྡོ་རྗེ་དེས་ ཞེས་པའི་ཐ་ཚིག་གོ། །རྣལ་འབྱོར་མ་སྣ་ཚོགས་སྡེ་མ་ཞེས་པ་ལ་སོགས་པ་ནི། རྒྱུ་ཅིའི་ཕྱིར་ནོར་རྒྱས་ལ་སོགས་པའི་ཀླུ་རྣམས་འཚལ་ཏེ་མཆིས་པ་ལགས་ཞེས་པའི་ཐ་ཚིག་གོ། །དེ་ནས་སྣ་ཚོགས་སྡེ་མའི་སྙིང་གའི་འོད་ཟེར་གྱིས་ཞེས་པ་ལ་སོགས་པ་ནི་ཀླུ་རྣམས་ཀྱི་ ལུས་ཀྱི་ནང་ཚིམ་པར་བྱས་ནས་སླར་སྣ་ཚོགས་སྡེ་མའི་ཐུགས་ཀར་ཞུགས་པས་ཀླུ་ཐམས་ཅད་འཇིགས་པ་མེད་པར་གྱུར་པའོ། །ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནི། ལྷ་མོ་ལ་ཕྱག་འཚལ་ཏེ་སྨྲས་པའོ། །ལྷ་མོ་བཀའ་ནི་ཅི་ཞིག་སྩོལ། །ཞེས་པ་ནི། ལྷ་ མོ་སྣ་ཚོགས་སྡེ་མས་བདག་ཅག་ལ་བཀའ་ཅི་སྩལ་པ་དེ་ཐམས་ཅད་བགྱིའོ་ཞེས་སྦྱར་རོ། །གསུངས་པ་ཞེས་པ་ནི་རྣལ་འབྱོར་མ་སྣ་ཚོགས་སྡེ་མས་གསུངས་པའོ། །གང་ཞིག་གསུངས་ཤེ་ན། དེ་ཉིད་གསུངས་པ། མུ་སྟེགས་ལ་སོགས་མཁའ་ལྡིང་སྔགས། །ཞེས་པ་ལ། མུ་སྟེགས་ཞེས་པ་ནི་ཚངས་པ་ལ་སོགས་པའི་ལྷ་རྣམས་ཀྱིའོ། །མཁའ་ལྡིང་སྔགས་ཞེས་པ་ནི། མཁའ་ལྡིང་གི་རང་བཞིན་གྱི་སྔགས་སོ། །ཡེ་ཤེས་ལས་བྱུང་ཞེས་པ་ནི་ལྷ་དེ་རྣམས་ཀྱི་ཡེ་ཤེས་ཡང་དག་པ་ཇི་ལྟ་བུ་ཡིན་ཞེས་པའོ། །ཇི་ལྟ་བུ་ཞེས་པ་ནི་ཇི་ལྟ་བུའི་བདག་ ཉིད་ཡིན་ཞེས་པའོ། །དུས་སུ་ཟིན་པ་ཇི་ལྟར་ཡིན། །ཞེས་པ་ནི་དུས་སུ་ཟིན་པའི་རྒྱུ་སྦྲུལ་གྱིས་ཟིན་པ་འཆིའམ་ཞེས་སྦྱར་བར་བྱའོ། །ཇི་ལྟར་དུག་ནི་སྐྱེ་བར་འགྱུར། །ཞེས་པ་ནི་གནས་གང་ནས་དུག་སྐྱེ་བར་འགྱུར་ཞེས་པའི་ཐ་ཚིག་གོ། །སླར་ཡང་སེམས་ཅན་འཆི་འགྱུར་ ཅི། །ཞེས་པ་ནི་སྦྲུལ་གྱིས་ཟིན་པའི་སེམས་ཅན་རྣམས་འཆི་བའི་ལམ་དུ་ཅི་འགྲོ་བར་འགྱུར་རམ་ཞེས་པའོ། །ཞུས་པ་ཞེས་པ་ནི་ཀླུ་རྣམས་ཀྱིས་སྨྲས་པའོ། །ཁྱབ་འཇུག་དབང་ཕྱུག་ལ་སོགས་ལྷ་གང་ཞེས་པ་ལ་སོགས་པ་ལ། ཁྱབ་འཇུག་ནི་ནོར་ལྷའོ། །དབང་ཕྱུག་ནི་ 26-1-123b ཞི་བྱེད་དོ། །སོགས་པའི་སྒྲས་ནི་ཚངས་པ་དང་བརྒྱ་བྱིན་ལ་སོགས་པའོ། །ལྷ་གང་ཞེས་པ་ནི་གང་དག་ཚངས་རིས་ལ་སོགས་པའི་ལྷ་ཚངས་པ་དང་། ཚངས་པའི་མདུན་ན་འདོན་ལ་སོགས་པ་རྣམས་ལ་རྣམ་པར་རྟོག་པའི་དུག་ཡོད་ཅིང་། དུག་གིས་ཁྱབ་པས་འཆི་བར་འགྱུར་རོ། །དེ་ རྣམས་ལ་ནི་འཆི་འཕོ་མཆིས། །ཞེས་པ་ནི་འཆི་ཞིང་འགོག་པའི་དུས་ཀྱི་མཐར་ཐུག་པས་དུག་གི་ཉེས་པས་གནོད་དོ་ཞེས་སྦྱར་རོ། །དེ་ལྟར་དུས་སུ་ཟིན་ཞེས་སྨྲ། །སྦྲུལ་གྱི་དུག་ནི་སེལ་བ་མེད། །ཅེས་པ་ནི་སྦྲུལ་ལ་དུག་ཡོད་དམ་མེད་ཅེས་པ་དང་། སྦྲུལ་གྱིས་ཟིན་པ་ འཚོའམ་མི་འཚོ་བ་དབང་ཕྱུག་ལ་སོགས་པ་སྨྲའོ་ཞེས་པའི་ཐ་ཚིག་གོ། །སྟོན་པ་སྟོང་ཉིད་དེས་གསུངས་པ། །ཞེས་པ་ལ་སྟོན་པ་ནི་ཁྱབ་འཇུག་དང་དབང་ཕྱུག་ལ་སོགས་པ་ཐམས་ཅད་འདུལ་བར་བྱེད་པས་ན་སྟོན་པའོ། །སྟོང་ཉིད་གསུངས་པ་ཞེས་པ་ནི་ཆོས་ཐམས་ཅད་སྟོང་པ་ ཉིད་དུ་གསུངས་པས་ན་སྟོང་པ་ཉིད་དུ་གསུངས་པའོ། །ངེས་པ་ཞེས་པ་ནི་ཆོས་ཐམས་ཅད་ཀྱི་ངེས་པའི་དོན་ངེས་པར་བྱེད་པས་ན། ངེས་པ་ཞེས་པའི་ཐ་ཚིག་གོ། །བཅོམ་ལྡན་འདས་རྡོ་རྗེ་འཆང་བས་གསུངས་ཞེས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་འཆང་བས་ན་བཅོམ་ལྡན་ འདས་རྡོ་རྗེ་འཆང་བའོ། །ཆོས་རྣམས་ཐམས་ཅད་སྟོང་པ་ལ། །ཞེས་པ་ལ་ཐམས་ཅད་ནི་ཕུང་པོ་ལྔ་ལ་སོགས་པའི་ཆོས་རྣམས་ཀྱི་རྣམ་པར་རྟོག་པ་དང་བུམ་པ་དང་རས་དང་ཤིང་རྟ་ལ་སོགས་པས་སྟོང་པ་དེའི་ཕྱིར། སྦྲུལ་གྱི་དུག་ནི་ཇི་ལྟར་ཡོད། །ཅེས་པའི་དོན་ཏོ། །གང་གིས་འཛིན་ ཅིང་གང་ཞིག་འཛིན། །ཞེས་པ་ནི་རྣམ་པ་གང་གིས་འཛིན་ཅིང་ཅི་ཞིག་གཟུང་སྟེ། གཟུང་བ་དང་འཛིན་པ་དང་འཛིན་པ་པོ་མི་དམིགས་པའི་ཕྱིར་དུག་གི་རྣམ་པར་རྟོག་པ་མེད་དོ། །ཇི་ལྟར་སྤྱོད་ཅེས་པ་ལ་སོགས་པ་ནི་གོ་སླའོ། །འདོད་ཆགས་གཏི་མུག་སྟོང་པ་ཉིད། །ཅེས་པ་ནི། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྟོང་པའོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གསུམ་པོ་དེ་རྣམས་དུག་ཉིད་དུ་གྱུར་པ་དེ་རྣམས་ཀྱང་སྟོང་ན་དུག་ཇི་ལྟར་སྐྱེ་བར་འགྱུར་ཞེས་པའི་ཐ་ཚིག་གོ། །གྲངས་ཆེན་ཞེས་པ་ནི་སྣ་ཚོགས་སྡེ་མ་ལ་བོད་པའོ། །ཡུལ་ནི་ 26-1-124a སྟོང་པ་ཉིད་ཅེས་པ་ལ་ཡུལ་ནི་ཕུང་པོ་ལྔའི་ལུས་དེ་ཉིད་སྟོང་པའོ། །ཡུལ་གྱིས་ཉེས་པ་ཞེས་པ་ནི། ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་སྟོང་པ་ཡིན་ན་དུག་གི་ཉེས་པ་ཇི་ལྟར་ཡོད། དུག་ཅེས་པ་ནི་སེམས་ཀྱི་རྣམ་པར་རྟོག་པ་ཉིད་དུག་སྟེ། གལ་ཏེ་སེམས་ཀྱི་རྣམ་ པར་རྟོག་པ་ཡོད་ན། དེའི་ཚེ་དུག་ཡོད་ལ་སེམས་ཀྱི་རྣམ་པར་རྟོག་པ་དང་བྲལ་ན་དུག་མེད་ཅེས་པའི་ཐ་ཚིག་གོ། །ལྷ་རྣམས་ཡུལ་རྣམས་ཀྱིས་ནི་བསྒྲིབས། །ཞེས་པ་ལ་ལྷ་གང་དག་གི་རྣམ་པར་རྟོག་པའི་དྲ་བས་དཀྲིས་པ་དེ་རྣམས་ཀྱི་དུག་ནི་ཡུལ་གྱི་ཉེས་པའི་དུག་ཅེས་པའི་ཐ་ཚིག་གོ། ། ཡུལ་གྱི་ཉེས་པ་སྦྱངས་པ་ཉིད། །ཅེས་པ་ནི་གང་དག་གིས་ཡུལ་གྱི་ཉེས་པ་ལྷའི་རྣམ་པས་ཡང་དག་པར་སྦྱོར་བ་དེ་ལ་ཡུལ་གྱི་ཉེས་པས་གོས་པར་མི་འགྱུར་རོ། །སྟོན་པ་ལོངས་སྤྱོད་གོས་མི་འགྱུར། །ཞེས་པ་ལ་སྟོན་པ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་བའོ། །ལོངས་སྤྱོད་གོས་མི་ འགྱུར་ཞེས་པ་ནི། གཟུགས་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་ལོངས་སྤྱོད་ཀྱང་མི་གོས་ཤིང་གོས་པར་མི་འགྱུར་རོ། །རི་སྐེགས་སྦྱོར་བ་ཞེས་པ་ནི། རི་སྐེགས་ཀྱི་སྦྱོར་བས་དུག་ཉམས་པར་བྱེད་པ་འོག་ནས་འཆད་པར་འགྱུར་རོ། །ཀླུ་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ ནི་གོ་སླའོ། །དུས་ཟིན་ཐེ་ཚོམ་མེད་པར་ནི། །ཞེས་པ་ནི་ཁྱབ་འཇུག་དང་དབང་ཕྱུག་ལ་སོགས་པའོ། །ལྷ་རྣམས་དུས་སུ་ཟིན་པ་ལ་ཐེ་ཚོམ་མེད་ཅིང་གདོན་མི་ཟ་ཞེས་པའི་དོན་ཏོ། །འདི་ལྟར་སྨྲས་ཏེ་ཞེས་པ་ནི་ཀླུ་ཐམས་ཅད་ཀྱིས་འདི་ལྟ་བུར་སྨྲས་ཏེ། རང་རང་གི་གནས་སུ་སོང་ཞེས་ པའི་ཐ་ཚིག་གོ། །དེ་ནས་བཅོམ་ལྡན་འདས་མས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་པ་ནི་ཀླུའི་ཚིག་གི་རྗེས་ཐོགས་སུ་བཅོམ་ལྡན་འདས་མ་སྣ་ཚོགས་སྡེ་མས་སོ། །ཡུལ་གྱི་ཉེས་པ་ཞེས་པ་ནི་ཡུལ་ལ་སོགས་པའི་ཉེས་པ་སྤངས་པའི་དོན་དུ་སྔགས་གསུངས་པ་ཞེས་སྦྱར་རོ། ། སྔགས་གང་ཡིན་ཞེ་ན། དེ་ཉིད་གསུངས་པ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། འདིས་ཡུལ་ཐམས་ཅད་ཀྱི་ཉེས་པ་སྤོང་བར་བྱེད་དོ། །སྔགས་འདི་བཤད་པ་གསུངས་པ། སྟོང་དང་སྟོང་མིན་ཞེས་པ་ནི་སྟོང་པ་ཉིད་ལ་སྟོང་པ་མ་ཡིན་པའང་ཡོད་དེ། དེ་ཉིད་སྙིང་རྗེའི་རང་བཞིན་ནོ། ། 26-1-124b མཐའ་དག་ཅེས་པ་ནི་འབྲས་བུ་མཐའ་དག་གོ། །བཅས་ཞེས་པ་ནི་དངོས་པོ་མཐའ་དག་དང་ཐབས་ཅིག་པའོ། །སྒྱུ་མ་རྨི་ལམ་ལྟ་བུར་གཅིག །ཅེས་པ་ནི་སྒྱུ་མ་ལྟ་བུའི་སྟོང་པ་ཉིད་དང་རྨི་ལམ་ལྟ་བུའི་སྟོང་པ་ཉིད་དེ་སྒྱུ་མ་དང་རྨི་ལམ་དག་དང་སྟོང་པ་ཉིད་གཅིག་ཏུ་བསྒོམ་པར་བྱའོ། །འཇིག་ རྟེན་མཐའ་དག་བརྫུན་གྱིས་བཅིངས། །ཞེས་པ་ནི་ལོག་པའི་ཤེས་པས་འཇིག་རྟེན་མཐའ་དག་བཅིངས་པའོ། །ཀྱེ་ལགས་བཤེས་མོ་འདི་ལྟར་ལྟོས། །ཞེས་པ་ལ། ཀྱེ་ལགས་ཞེས་པ་ནི་བོད་པའོ། །བཤེས་མོ་ཞེས་པ་ནི་གྲོགས་མོ་ཞེས་པའོ། །འདི་ལྟར་ལྟོས་ཞེས་པ་ནི་འདི་ལྟར་ བུར་ལྟོས་ཤིག་པའོ། །རྣལ་འབྱོར་མ་གྲོགས་མོ་ཐམས་ཅད་འདི་ལྟ་བུའི་སྟོང་པ་ལ་ལྟོས་ཤིག་པའོ། །དེ་ནས་ཞེས་པ་ནི་ཡུལ་གྱི་ཉེས་པ་སྤོང་བ་བསྟན་པའི་རྗེས་ཐོགས་སུའོ། །ད་ནི་རི་སྐེགས་བསྒྲུབ་པའི་དོན་དུ་མཁའ་ལྡིང་གི་དབང་བསྐུར་བའི་དཀྱིལ་འཁོར་བསྟན་པའི་ཕྱིར། ཕྱག་ན་ རྡོ་རྗེས་བཅོམ་ལྡན་འདས་མའི་ཞབས་ལ་སྤྱི་བོས་གཏུགས་ཏེ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནི་བཅོམ་ལྡན་འདས་མ་སྣ་ཚོགས་སྡེ་མའི་ཞབས་ཀྱི་པདྨའི་རྡུལ་ལ་ཕྱག་ན་རྡོ་རྗེས་ཕྱག་འཚལ་ཏེ་འདི་སྐད་ཅེས་སྨྲས་ཞེས་པའི་དོན་ཏོ། །རི་སྐེགས་སྦྱོར་བ་རབ་རྙེད་དཀའ། །ལྷ་མོ་ཡིས་ནི་ བཤད་དུ་གསོལ། །ཞེས་པ་ནི་ཀྱེ་ལྷ་མོ་སྣ་ཚོགས་སྡེ་མ་རི་སྐེགས་ཀྱི་སྦྱོར་བས་དུག་ཉམས་པར་བྱེད་པ་བདག་ལ་བཤད་དུ་གསོལ། །གསུངས་པ་ཞེས་པ་ནི་སྣ་ཚོགས་སྡེ་མས་གསུངས་པའོ། །དཀྱིལ་འཁོར་མེད་པར་སྦྱིན་མི་བྱ། །ཞེས་པ་ནི་དཀྱིལ་འཁོར་མེད་པར་རི་སྐེགས་ ཀྱི་སྦྱོར་བ་རྗེས་སུ་སྦྱིན་པར་མི་བྱ་ཞེས་པའི་དོན་ཏོ། །སློབ་མ་བསྡུ་བར་མི་བྱའོ། །ཞེས་པ་ནི་དཀྱིལ་འཁོར་མེད་པར་སློབ་མ་བསྡུ་བར་མི་བྱའོ། །སློབ་མ་བསྡུ་བའི་དོན་དུ་ལྷ་མོའི་དཀྱིལ་འཁོར་གསུངས་པ། གཙོ་བོས་ཇི་སྐད་གསུངས་པ་ཡི། །ཞེས་པ་ནི་སྔོན་གྱི་དེ་བཞིན་ གཤེགས་པས་ཇི་ལྟར་གསུངས་པའི་དཀྱིལ་འཁོར་བཤད་པར་བྱ་ཡིས་དཀྱིལ་འཁོར་དེ་ཉོན་ཞེས་པའི་ཐ་ཚིག་གོ། །མཐོ་ལྔ་པ་ཡི་ས་གཟུང་སྟེ། ཞེས་པ་ནི་ཡུལ་ལྔ་རྣམ་པར་དག་པའི་དོན་དུ་མཐོ་ལྔ་པའི་ས་ཙམ་བཟུང་སྟེ། དུག་གི་དཀྱིལ་འཁོར་གྱི་དོན་དུ་མཐོ་ལྔ་པའི་ས་ 26-1-125a གཟུང་བར་བྱའོ། །ཁོར་ཡུག་ཏུ་ནི་གྲུ་བཞིའོ། །ཞེས་པ་ནི་ཀུན་ནས་གྲུ་བཞི་པར་བྱ་ཞེས་པའི་ཐ་ཚིག་གོ། །དེ་ཡི་ཕྱེད་ཀྱི་ཟླུམ་པོ་ལ། །ཞེས་པ་ནི་གྲུ་བཞི་ལྷམ་པའི་ཕྱེད་ལས་ཟླུམ་པོར་བྱའོ། །བརྒྱད་ལས་འདམ་སྐྱེས་འདབ་མ་བརྒྱད། །ཅེས་པ་ནི་ཟླུམ་པོའི་ ཕྱོགས་བརྒྱད་དང་དེའི་དབུས་སུ་པདྨ་འདབ་མ་བརྒྱད་པ་བྲི་བར་བྱ་ཞེས་པའི་ཐ་ཚིག་གོ། །ཨོཾ་ཧཱུཾ་ཞེས་པ་ནས་ཨ་དྷིཥྛ་ཡེ་ཏ་ཞེས་པའི་བར་གྱི་སྔགས་ནི་ས་སྦྱང་བའི་སྔགས་སོ། །ཨོཾ་ཧེ་རུ་ཀ་བཛྲ་ཞེས་པ་ལ་སོགས་པ་ནི་གཏོར་མའི་སྔགས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཞེས་པ་ལ་སོགས་ པའི་སྔགས་ཀྱི་མཐར་ཐ་ཐ་གཉིས་ནི་ཕཊ་ཕཊ་གཉིས་སུ་འགྱུར་རོ། །སྔགས་འདིས་ལན་བདུན་དུ་ཐིག་སྐུད་ལ་མངོན་པར་བསྔགས་པར་བྱའོ། །ཐིག་སྐུད་ཀྱི་སྔགས་སོ། །གྲུ་བཞི་པ་ཞེས་པ་ལ་སོགས་པ་ལ་སྒོ་བཞི་དང་རྟ་བབས་བཞི་དང་ལྡན་པའི་དཀྱིལ་འཁོར་ཐིག་གདབ་ པར་བྱའོ། །ཁ་ཁྱེར་སྣམ་བུ་སྤངས་པ་ལ། །ཞེས་པ་ནི་ཁ་ཁྱེར་གྲུ་བཞི་པའི་ནང་དུ་སྣམ་བུ་སྟེ་གཟུགས་ཀྱི་སྣམ་བུ་སྤངས་པའི་དཀྱིལ་འཁོར་རོ་ཞེས་པའི་དོན་ཏོ། །སངས་རྒྱས་ཐོད་པའི་སྦྱོར་བ་ཡིས། །ཞེས་པ་ནི་ཧེ་རུ་ཀ་དང་སྣ་ཚོགས་སྡེ་མའི་རྣལ་འབྱོར་བྱ་ཞེས་པའི་ དོན་ཏོ། །རྡུལ་ཚོན་གཞན་དང་འདྲེས་མེད་པའི། །ཞེས་པ་ནི་རྡུལ་ཚོན་གཞན་དང་འདྲེས་པར་མི་བྱའོ། །རྡུལ་ཚོན་དམར་པོས་རྫོགས་པར་བྱ། །ཞེས་པ་ནི་དཀྱིལ་འཁོར་མ་ལུས་པ་ཁ་དོག་དམར་པོའི་རྡུལ་ཚོན་གྱིས་བྲི་བར་བྱ་ཞེས་པའི་ཐ་ཚིག་གོ། །དེར་ནི་བུམ་པ་བཞི་པོ་རྣམས། ། ཞེས་པ་ནི་ལྷ་མོ་བཞི་རྣམ་པར་དག་པའི་བུམ་པ་བཞི་པོ་རྣམས་བྱའོ། །བུམ་པར་མཚན་མ་བྲི་བྱ་བ། །ཞེས་པ་ནི་དང་པོའི་བུམ་པ་ལ་ཐོད་པ། གཉིས་པ་ལ་ཁ་ཊྭཱཾ་ག །གསུམ་པ་ལ་གྲི་གུག །བཞི་པ་ལ་ཅང་ཏེའུ། ལས་ཐམས་ཅད་པའི་བུམ་པ་ལ་ཅང་ཏེའུ། སྟེང་དུ་རྡོ་རྗེའོ། །དེ་ལྟར་ བུམ་པ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །འབྲུ་ལྔ་ཞེས་པ་ནི་སྲན་མ་མ་ཤ་དང་ནས་དང་གྲོ་དང་སྲན་སྔོན་དང་ཏིལ་ཏེ་བུམ་པ་རྣམས་སུ་གཞུག་པར་བྱའོ། །དེ་ནས་འོ་མའི་སྣོད་ཅེས་པ་ནི་བུམ་པའི་སྟེང་དུ་འོ་མའི་སྣོད་སྤྱད་གཞག་པར་བྱའོ། །དང་པོ་སྟོང་པ་ཉིད་དུ་བསྒོམས་ལ་པཾ་ཡོངས་སུ་ 26-1-125b གྱུར་པ་ལས་པདྨའོ། །དེར་ཧཱུཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེའོ། །ཡང་རྡོ་རྗེའི་ལྟེ་བར་ཧཱུཾ་ངོ་། །རྡོ་རྗེ་དང་ཧཱུཾ་གྱུར་པ་ལས་ཧེ་རུ་ཀ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་བཞི་པ་གཡས་ན་གྲི་གུག་དང་ཐོད་པའོ། །གཡོན་ན་ཁ་ཊྭཱཾ་ག་དང་རྡོ་རྗེའོ། །སྐུ་ལ་མིའི་རུས་པས་བརྒྱན་པ། སྐྱིལ་ ཀྲུང་ཕྱེད་པའི་གར་གྱིས་གནས་པ། གཅེར་བུའི་རང་བཞིན་ཅན། ཞལ་གྱི་མཆེ་བ་ཅུང་ཟད་གཙིགས་པ། སྐྲ་སེར་པོ་གྱེན་དུ་འབར་བ། དབུ་ལ་ཐོད་པས་བརྒྱན་པ། སྣ་ཚོགས་སྡེ་མས་འཁྱུད་པའི་དཔའ་བོ་དེ་ལྟར་བསམ་པར་བྱ་ཞིང་། རྣལ་འབྱོར་འདི་དག་སློབ་དཔོན་གྱིས་བྱ་ ཞེས་པའི་ཐ་ཚིག་གོ། །ས་འོག་བདུན་ནི་འཁྲུག་པར་བྱེད། །ཅེས་པ་ནི་ས་རིམ་པ་བདུན་ན་གནས་པའི་ཀླུ་རྣམས་འཁྲུག་པར་བྱེད་པས་ན་ས་འོག་བདུན་འཁྲུག་པར་བྱེད་པ་སྟེ། བཅོམ་ལྡན་འདས་ཧེ་རུ་ཀ་དཔའ་བོའོ། །ཨོཾ་ཧཱུཾ་ཁཾ་སྭ་ཞེས་པ་ནི་ཤར་གྱི་འདབ་མ་ལ་ཨོཾ་གྱུར་པ་ ལས་སྣ་ཚོགས་སྡེ་མའོ། །ལྷོར་ཧཱུཾ་གྱུར་པ་ལས་འདོད་ཅན་མའོ། །ནུབ་ཏུ་ཁཾ་གྱུར་པ་ལས་ས་འོག་གནས་མའོ། །བྱང་དུ་སྭ་གྱུར་པ་ལས་རབ་ཏུ་བཟང་མོའོ། །རྣལ་འབྱོར་མ་འདི་རྣམས་ནི་ཞལ་གཅིག་ཕྱག་བཞི་མ་སྟེ། རྣལ་འབྱོར་མ་འདི་དག་གི་གཡས་ན་གྲི་གུག་དང་ ཐོད་པའོ། །གཡོན་ན་ཁ་ཊྭཱཾ་ག་དང་ཅང་ཏེའུའོ། །རུས་རྒྱན་ཞེས་པ་ལ་སོགས་པ་ནི་གོ་སླའོ། །བློ་ལྡན་མཚམས་ཀྱི་འདབ་བསམ་པ། །ཞེས་པ་ལ་མཚམས་ཀྱི་འདབ་མ་ལ་གནས་པའི་རྣལ་འབྱོར་མ་ཐམས་ཅད་ནི་ཆང་འཚོང་མ་དང་། འབྱུང་པོ་མ་དང་། བཞིན་ བཟངས་མ་དང་། ནམ་མཁའ་འགྲོ་མ་སྟེ་རྣལ་འབྱོར་མ་འདི་དག་ཐམས་ཅད་ཧཱུཾ་གྱུར་པ་ལས་བཞེངས་པའོ། །ཤར་གྱི་འདབ་མ་ལ་སོགས་པ་ན་གནས་པའི་ལྷ་མོ་ཐམས་ཅད་ནི་མདོག་སྔོན་མོའོ། །མཚམས་ཀྱི་འདབ་མའི་ལྷ་མོ་ཐམས་ཅད་ནི་མདོག་སེར་མོའོ། །ལྷ་མོ་ མདོག་སྔོན་མོ་རྣམས་ནི་གོས་སྔོན་མོ་མནབས་སོ། །ལྷ་མོ་མདོག་སེར་མོ་རྣམས་ནི་གོས་སེར་མོ་མནབས་སོ། །རྣལ་འབྱོར་མ་ཐམས་ཅད་ནི་གཡས་བརྐྱང་བའི་ཞབས་ཀྱིས་བཞུགས་པའོ། །ཕྱོགས་ཀྱི་འདབ་མ་ལ་གནས་པའི་མཚན་མ་ཇི་ལྟ་བ་བཞིན་དུ་ 26-1-126a མཚམས་ཀྱི་འདབ་མ་ལ་གནས་པའི་མཚན་མ་ཡང་དེ་བཞིན་དུ་བྱའོ། །ཀླུ་བརྒྱད་བརྒྱན་བྱས་ལྷ་མོ་འདི། །ཞེས་པ་ནི་ནོར་རྒྱས་ལ་སོགས་པའི་ཀླུ་བརྒྱད་ཀྱིས་རྣལ་འབྱོར་མ་བརྒྱད་བརྒྱན་པར་བྱས་པའོ། །གཡས་ན་གྲི་གུག་ཅེས་པ་ལ་སོགས་པ་ ནི་གོ་སླའོ། །དེ་ནས་རང་གི་སྙིང་གའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་ཏེ་དཀྱིལ་འཁོར་ལ་གཞུག་པར་བྱ། ཕྱིས་ནི་གཏོར་མ་གཏང་བར་བྱ། །ཞེས་པ་ནི་དེ་ནས་སློབ་དཔོན་གྱིས་ཀླུ་ལ་འོ་མའི་གཏོར་མ་སྦྱིན་པར་བྱ་ཞིང་བདག་ཉིད་ཆང་བཏུང་བར་བྱ་ཞེས་ སྦྱར་བར་བྱའོ། །སངས་རྒྱས་ཐོད་པའི་སྦྱོར་ལྡན་པ། །ཞེས་པ་ནི་བཤད་ཟིན་ཏོ། །མར་མེ་བཞི་ནི་དབུལ་བར་བྱ། །ཞེས་པ་ནི་སྦྲང་རྩིའི་མར་མེ་དང་། ཞུན་མར་གྱི་མར་མེ་དང་། ཉའི་ཞག་གི་མར་མེ་དང་། དྲི་ཞིམ་པོའི་མར་ཁུའི་མར་མེ་སྟེ། དེ་ལྟར་མར་མེ་བཞི་དབུལ་བར་ བྱ་ཞེས་པའི་ཐ་ཚིག་གོ། །འབྲས་བུ་བཞི་ཡང་དབུལ་བར་བྱ། །ཞེས་པ་ནི་ཨ་མྲའི་འབྲས་བུ་དང་། ན་རི་ཀེའི་འབྲས་བུ་དང་། ཆུ་ཤིང་གི་འབྲ་ས་བུ་དང་། ཀ་པི་ཐའི་འབྲས་བུ་སྟེ། འབྲས་བུ་བཞི་པོ་འདི་དག་དབུལ་བར་བྱའོ། །དེ་ནས་སློབ་མ་ཞེས་པ་ལ་སོགས་པ་ནི་ གོ་སླའོ། །གདན་བཞུགས་ཏེ་ཞེས་པ་ནི་སློབ་དཔོན་གདན་ལ་བཞུགས་པ་ལ། སློབ་མས་རི་སྐེགས་ཀྱི་སྦྱོར་བ་བསྒྲུབ་པའི་དོན་དུ་གསོལ་བ་གདབ་པར་བྱའོ། །སྟོན་པ་བཅོམ་ལྡན་འདས་ཞེས་པ་ནས་བླ་མ་ཆེ་ཞེས་པའི་མཐར་ཐུག་པ་ནི་གསོལ་བ་འདེབས་པའི་ཚིགས་བཅད་ དོ། །དེ་ནས་སློབ་དཔོན་བརྩེ་བ་ཡིས། །ཞེས་བྱ་བ་ལ་སོགས་པ་ལ། སློབ་མ་ལྷག་པར་གནས་པའི་དུས་སུ་སོ་ཤིང་སྦྱིན་པར་བྱ་བའོ། །ཁྲག་འཐུང་གོ་འཕང་གནས་པ་ཡི། །ཞེས་པ་ནི་སློབ་མ་ཧེ་རུ་ཀའི་གཟུགས་སུ་གནས་པར་བསམ་པར་བྱ་ཞེས་སྦྱར་རོ། །སོ་ཤིང་གི་ སྔགས་གསུངས་པ། ཨོཾ་ཧཱུཾ་ཧེ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་སོ་ཤིང་སྦྱིན་པར་བྱའོ། །ལྷག་མ་ནི་གོ་སླའོ། །མགྲིན་པ་ལག་པར་ཟླ་བ་བསམ། །ཞེས་པ་ནི་མགྲིན་པ་དང་ལག་པ་དག་ཏུ་ཨ་ལ་སོགས་པ་གྱུར་པ་ལས། །ཟླ་བའི་དཀྱིལ་འཁོར་བསམ་པར་བྱ། །ཞེས་པའི་ཐ་ 26-1-126b ཚིག་གོ། ། མགྲིན་པར་སྲུང་སྐུད་བཅིང་བར་བྱ་ཞིང་ལག་པར་མེ་ཏོག་བཅིང་བར་བྱའོ། །ཟླ་བའི་ཟེར་ཞེས་པ་ལ་སོགས་པ་ནི་གོ་སླའོ། །སློབ་མའི་མགོར་ནི་ལག་བཞག་སྟེ། །ཞེས་པ་ནི་སློབ་མའི་མགོ་ལ་ལག་པ་བཞག་སྟེ་འཆད་པར་འགྱུར་བའི་སྔགས་ལན་བདུན་དུ་ གདོན་པར་བྱའོ། །དེས་ནི་སློབ་མ་ལྷག་པར་གནས་པར་འགྱུར་རོ། །སྔགས་གསུངས་པ། ཨོཾ་སརྦ་བུདྡྷ་ཞེས་པ་ལ་སོགས་པ་ནས་ཧ་ཧ་ཞེས་པའི་མཐར་ཐུག་པའི་སྔགས་གདོན་པར་བྱའོ། །སྔགས་འདིས་སངས་རྒྱས་ཐམས་ཅད་སློབ་མའི་ལུས་ལ་བྱིན་གྱིས་བརླབ་ པ་ཡིན་ནོ། །ལྷག་པར་གནས་པ་ཙམ་གྱིས་ནི། །ཞེས་པ་ལ་སོགས་པ་ནི་གོ་སླའོ། །བདག་ཉིད་ཆེན་པོ་གྲགས་ཆེན་པོ། །བུམ་པར་ཞུགས་པ་ཙམ་གྱིས་ནི། །ཞེས་པ་ནི་རྣལ་འབྱོར་མ་བརྒྱད་དང་ལྡན་པའི་ཧེ་རུ་ཀ་བུམ་པའི་ནང་དུ་ཞུ་བར་གྱུར་པར་བསམ་པར་བྱ་ཞེས་པའི་ ཐ་ཚིག་གོ། །དུང་ཕོར་ཆུས་བཀང་སྟེ་ཞེས་པ་ནི། དུང་ཕོར་གྱི་ཆུ་ལ་ཧེ་རུ་ཀ་བདག་ཉིད་ཞུ་བས། དུང་ཕོར་བྱིན་གྱིས་བརླབ་པར་བྱ་ཞེས་པའི་དོན་ཏོ། །མན་གཞི་ཞེས་པ་ནི་གོ་སླའོ། །ཆུས་གཏོར་ཏེ་ཞེས་པ་ནི་དཀྱིལ་འཁོར་གྱི་སྒོར་སློབ་མ་ལ་ཆུས་གཏོར་བར་བྱ་སྟེ། ཨོཾ་ ཨ་བྷི་ཥིཉྩ་ཏུ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་ཅོད་པན་ལ་གཏོར་རོ་ཞེས་སྦྱར་རོ། །མིག་རས་བསལ་ཏེ་ཞེས་པ་ནི་མིག་གི་རས་ཕྱེ་སྟེ། དཀྱིལ་འཁོར་མཆོད་པར་བྱ་བའོ། །ཨོཾ་ཧེ་རུ་ཀ་བཛྲ་པུཥྤ་པྲ་ཏཱི་ཙྪ་ཧཱུཾ་ཞེས་པ་ནི་ཧེ་རུ་ཀ་ལ་མེ་ཏོག་འབུལ་བའོ། །རིམ་པ་འདིས་སྣ་ཚོགས་སྡེ་མ་ ནས་བརྩམས་ཏེ། ཇི་སྲིད་ནམ་མཁར་གནས་པའི་མཐར་ཐུག་པ་ལ་མེ་ཏོག་དབུལ་བའོ། །སློབ་མ་ལ་བསྟན་པར་བྱ་ཞེས་པ་ནི། སློབ་མ་ལ་དཀྱིལ་འཁོར་དང་ལྷའི་མིང་དང་མཚན་མ་ཐམས་ཅད་བསྟན་པར་བྱ་བའོ། །དུང་ཕོར་བླངས་ཏེ་ཆུ་བཏུང་བྱ། །ཞེས་པ་ནི་དུང་ཕོར་ཆུ་ དང་བཅས་པ་ལག་པ་གཉིས་ཀྱིས་ཡང་དག་པར་བླངས་ཏེ། དཀྱིལ་འཁོར་པའི་སྔགས་བཏོན་ཅིང་། ཧེ་རུ་ཀའི་སྔགས་ཀྱིས་དུང་ཕོར་གྱི་ཆུ་སློབ་མའི་ཁ་ལ་སྦྱིན་པར་བྱའོ། །དེའི་ཡོན་ཏན་གསུངས་པ། བརྟན་པ་དང་གཡོ་བ་ལ་སོགས་པའི་དུག་ཐམས་ཅད་ 26-1-127a དེའི་ལུས་ལ་འབྱུང་བར་མི་འགྱུར་རོ་ཞེས་པའི་ཐ་ཚིག་གོ། །བརྟན་པ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །ཇི་སྲིད་མཁའ་ལྡིང་རིག་ཡོད་པར། །ཞེས་པ་ནི་ནམ་མཁའ་ལྡིང་གི་རིག་པ་ཇི་སྲིད་གྲུབ་པར་བྱ་བ་མེད་པའི་དུས་དེ་སྲིད་དུ་ནམ་མཁའ་ལྡིང་གི་སྦྱོར་བ་མི་ བྱའོ། །སངས་རྒྱས་ཐོད་པའི་རྣལ་འབྱོར་པས། །ཞེས་པ་ནི་ཇི་སྲིད་དུ་ནམ་མཁའ་ལྡིང་གི་རིག་པ་གྲུབ་པའི་དུས་དེ་སྲིད་དུ་ནི་སངས་རྒྱས་ཐོད་པའི་སྦྱོར་བས་བྱ་བའོ། །འབད་རྩོལ་བྱ་བ་མིན་ཞེས་པ་ནི་ཇི་སྲིད་དུ་མ་གྲུབ་པ་དེ་སྲིད་དུས་སུ་ཟིན་པ་པོའི་དྲུང་དུ་འགྲོ་བའི་རྩོལ་བ་མི་ བྱའོ། །དུས་ཟིན་འཆི་བ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །ངོ་མཚར་བསྟན་ཞེས་པ་ནི་གྲུབ་ནས་ངོ་མཚར་བསྟན་པར་བྱ་བ་སྟེ། རི་སྐེགས་ཀྱི་སྦྱོར་བའི་ངོ་མཚར་བསྟན་པའོ། །ས་ལ་མ་ལྷུང་བའི་ལྕི་བ་བླངས་ཏེ་ཞེས་པ་ནི། བ་སེར་སྐྱའི་ལྕི་བ་ས་ལ་ལྟུང་བར་མ་གྱུར་པ་ བར་སྣང་ནས་བླང་བར་བྱ་བའོ། །རི་སྐེགས་གཉིས་བྱ་ཞིང་ཞེས་པ་ནི་ལྕི་བ་དེ་ལས་རི་སྐེགས་གཉིས་བྱའོ། །སྣོད་དཀར་པོ་བྱས་ཏེ་ཞེས་པ་ནི་འབྲས་བཏགས་པའི་སྣོད་དཀར་པོ་བྱས་ཏེ། དེར་ནི་རི་སྐེགས་གཉིས་གཞག་པར་བྱའོ། །རོ་བསྲེགས་པའི་སོལ་བ་ལ་གཞག་པར་བྱ་ ཞེས་པ་ནི། སྣོད་དེར་རི་སྐེགས་དང་བཅས་པའི་རོ་བསྲེགས་པའི་སོལ་བ་ལ་གཞག་པར་བྱའོ། །རོ་བསྲེགས་པའི་སོལ་བ་ལས་སྣག་ཚ་བྱས་ཏེ། དབེན་པར་སྔགས་བྲི་ཞེས་པ་ནི་ཀ་ར་བཱི་ར་དཀར་པོའི་སྨྱུ་གུས་གྲོ་གའི་འདབ་མ་ལ་རོ་བསྲེགས་པའི་ཐལ་བ་དང་། འཆད་པར་ འགྱུར་བའི་སྔགས་བྲི་བར་བྱ་ཞེས་སྦྱར་རོ། །སྔགས་གསུངས་པ། ཨོཾ་བུདྡྷ་ཀ་པཱ་ལི་ཞེས་པ་ལ་སོགས་པ་སཾ་སྐྲྀ་ཏ་དང་། ཕལ་པ་བསྲེས་པའི་སྔགས་མུ་ར་དྷཱ་པྲ་ན་ཛ་ཨིའི་མཐར་ཐུག་པར་བྲི་བར་བྱའོ། །རི་སྐེགས་ཀྱི་སྙིང་པོའི་སྔགས་ཞེས་པ་ནི་རི་སྐེགས་བྱས་པའི་ སྙིང་གར་སྔགས་འདི་བྲིས་ཏེ་གཞུག་པར་བྱའོ། །ཡོངས་རྫོགས་ཤ་ལི་ཀ་བྱས་པས། །ཞེས་པ་ནི་སྔགས་ཡོངས་སུ་རྫོགས་པའི་རི་སྐེགས་བྱ་ཞེས་པའི་ཐ་ཚིག་གོ། །ཕོ་དང་མོར་ནི་བརྟག་པར་བྱ། །ཞེས་པ་ནི་འདི་ནི་ཕོའོ་འདི་ནི་མོའོ་ཞེས་ཡོངས་སུ་བརྟག་པར་བྱ་ཞེས་པའི་ཐ་ 26-1-127b ཚིག་གོ། །སྣག་ཚ་ཡིས་ནི་བྲི་བར་བྱ། །ཞེས་པ་ནི་སྣག་ཚས་རི་སྐེགས་ཀྱི་གཟུགས་བརྙན་ལ་རི་མོ་བྲི་ཞེས་པའི་ཐ་ཚིག་གོ། །མིག་གི་མངོན་དུ་མི་གཞག་ཅིང་། །ཞེས་པ་ནི་རི་སྐེགས་ཀྱི་གཟུགས་མདུན་དུ་གཞག་པར་མི་བྱའོ། །གང་དུ་གཞག་པར་བྱ་ཞེ་ན། རྒྱབ་ཏུ་ གཞག་པར་བྱ་ཞེས་པའི་ཐ་ཚིག་གོ། །དེ་ནས་ལྕུག་མ་སྔགས་ཀྱིས་མངག །ཅེས་པ་ནི་ཀ་ར་བཱི་ར་དཀར་པོའི་ལྕུག་མས་མངག་ཅིང་རྦད་པར་བྱ་ཞེས་པའི་ཐ་ཚིག་གོ། །མངག་པའི་སྔགས་གསུངས་པ། ཨོཾ་ཧཾ་ཧ་ཞེས་པ་ནི་ཁྱབ་འཇུག་གི་ས་བོན་ཞེས་པའི་དོན་ཏོ། །ཨོཾ་བཾ་ཞེས་པ་ནི་ ཚངས་པའི་ས་བོན་ཞེས་པའི་དོན་ཏོ། །ཨོཾ་སཾ་ཞེས་པ་ནི་ཞི་བྱེད་ཀྱི་ས་བོན་ཞེས་པའི་དོན་ཏོ། །སྔགས་འདི་ནི་སྐུ་དང་གསུང་དང་ཐུགས་ཀྱི་རང་བཞིན་ནོ། །དེ་ལྟར་ཡང་གསང་བའི་མཛོད་ལས། ཁྱབ་འཇུག་སེམས་སུ་གསུངས་པ་སྟེ། །དབང་ཕྱུག་འདོད་པ་རུ་ནི་གྲགས། །ཚངས་ པ་ཐར་པར་གསུངས་པ་སྟེ། །འདི་དག་འཇིག་རྟེན་གསུམ་དུ་བཤད། །ཅེས་གསུངས་སོ། །ཨོཾ་ཧ་ཧ་ཧེ་ཧེ་ཧོ་ཧོ་ཧཾ་སཾ་སྭཱ་ཧཱ། འདི་ལྟ་བུ་ཡི་སྔགས་ཀྱི་མཆོག། །ཅེས་པ་སྔགས་འདི་ལྟ་བུ་ནི་མཆོག་ཡིན་པའོ། །སྟོང་གསུམ་ན་ཡང་རྙེད་པར་དཀའ། །ཞེས་པ་ནི་སྟོང་གསུམ་ གྱི་སྟོང་ཆེན་པོ་རྣམས་སུ་ཡང་རྙེད་པར་དཀའ་བ་སྟེ། སྡུག་བསྔལ་གྱི་རྙེད་པར་དགོངས་སོ། །ལན་བདུན་མངག་པ་ཙམ་གྱིས་ནི། །ཞེས་པ་ནི་ལན་བདུན་དུ་སྔགས་བཏོན་པ་ཙམ་གྱིས་དེ་འགུགས་པར་འགྱུར་རོ། །འགྲོ་བ་འདིར་ནི་ཐེ་ཚོམ་མེད། །ཅེས་པ་ནི་རི་སྐེགས་འདི་ དག་ཀླུའི་གནས་སུ་འགྲོ་ཞེས་སྦྱར་རོ། །མཁའ་ལྡིང་བྱེ་བའི་སྟོབས་དང་ལྡན། །ཞེས་པ་ནི་དེ་དག་མཐོང་ནས་ཀླུ་ཐམས་ཅད་ཀུན་དུ་སྐྲག་པར་འགྱུར་རོ། །མི་འཛིན་པའི་སྦྲུལ་གང་གིས་རི་སྐེགས་མཐོང་བ་ཙམ་གྱིས་ལོང་བར་འགྱུར་རོ། །རི་སྐེགས་ཀྱི་སྦྲུལ་ལོང་བ་ བཟུང་ནས་འོང་པར་འགྱུར་རོ། །སྦྲུལ་ལོང་བ་དེ་སློབ་དཔོན་གྱིས་མཐོང་ནས་ཅི་ཞིག་བྱེད་ཅེ་ན། སྦྲུལ་ལོང་བ་ལ་བསྣུན་ཞེས་པ་ནི་སྦྲུལ་ལོང་བ་དེ་ལས་དང་མངག་པའི་སྔགས་ཀྱིས་བསྣུན་པར་བྱའོ། །བསྣུན་པ་ཙམ་གྱིས་མིག་དང་ལྡན་པར་འགྱུར་རོ། །སྦྲུལ་གྱིས་ཟིན་ 26-1-128a པ་ཤི་བར་མཐོང་ནས་དེའི་ལུས་ལ་ལན་གསུམ་དུ་འགྲོ་ཞིང་འོང་བར་བྱེད་དེ། ཟིན་པ་དུག་མེད་པར་འགྱུར་རོ། །དུག་འཕྲོག་པའི་སྟོང་པ་ཉིད་ཀྱི་ཚིགས་བཅད་གསུངས་པ། སྟོང་པ་དྲི་མེད་ཅེས་པ་ནི་གང་ཞིག་དྲི་མ་དང་བྲལ་བ་དེ་ནི་སྟོང་པ་ཉིད་དྲི་མ་མེད་ པ་སྟེ་དེ་ཉིད་སྟོང་པ་དྲི་མ་མེད་པའོ། །ཀུན་རང་བཞིན་ཞེས་པ་ནི་མཐའ་དག་གི་རང་བཞིན་སྟོང་པ་ཉིད་ཅེས་པའི་ཐ་ཚིག་གོ། །ཆོས་རྣམས་སྟོང་པའི་རང་བཞིན་ཀྱེ། །ཞེས་པ་ནི་ཆོས་ཐམས་ཅད་སྟོང་པའི་རང་བཞིན་ནོ་ཞེས་པའི་དོན་ཏོ། །གང་གིས་འཛིན་ཅིང་ཞེས་པ་ནི་འདིར་ ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ན་སུ་འཛིན་ཏེ་སུ་ཡང་མི་འཛིན་ཞེས་པའི་དོན་ཏོ། །གང་ཞིག་འཛིན་ཏེ་ཞེས་པ་ནི་གང་ཡང་མི་འཛིན་ཞེས་པའི་དོན་ཏོ། །མཐའ་དག་སྒྱུ་མའི་རང་བཞིན་ཞེས་པ་ནི་དངོས་པོ་མཐའ་དག་སྒྱུ་མའི་རང་བཞིན་ཞེས་པའི་ཐ་ཚིག་གོ། །དངོས་པོ་ མཐའ་དག་སྟོང་པ་ཞེས་པ་ནི་ཁམས་གསུམ་པ་མཐའ་དག་སྟོང་པ་དང་། དངོས་པོ་མཐའ་དག་སྟོང་པ་ཉིད་ལས་ཆོས་ཐམས་ཅད་སྟོང་པ་ཉིད་ལ་དུག་གི་སྐབས་ག་ལ་ཡོད་ཅེས་པའི་ཐ་ཚིག་གོ། །སངས་རྒྱས་ཐོད་པའི་རྒྱུད་ཅེས་བཤད་ཟིན་ཏོ།། །།ཉི་ཤུ་རྩ་གཅིག་ ཅེས་པ་ལ་སོགས་པ་ནི་གོ་སླའོ། །སློབ་དཔོན་གྱིས་ཡང་དག་པར་བརྩོན་པར་བྱའོ་ཞེས་པ་ནི་སློབ་དཔོན་གྱིས་དུག་གིས་ཟིན་པ་མཐོང་ནས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཡང་དག་པར་བརྩམས་ཏེ་བསྒོམ་ཞེས་པའི་ཐ་ཚིག་གོ། །དེ་ལྟར་ཞེས་པ་ནི་སློབ་མ་དབང་བསྐུར་བའི་འོག་ ཏུ་རྗེས་སུ་གནང་བ་ལ་སོགས་པ་སྦྱིན་པར་བྱ་བའི་དོན་ཏོ། །ཨོཾ་བུདྡྷ་ཀ་པཱ་ལི་ཞེས་པ་ལ་སོགས་པ་ནི་དུག་བཟའ་བར་བྱ་ཞེས་པའི་ཐ་ཚིག་གོ། །དེ་ནས་ཞེས་པ་ལ་སོགས་པ་ནི་གོ་སླའོ། །ཨོཾ་བུདྡྷ་ཀ་པཱ་ལི་ཞེས་པ་ལ་སོགས་པ་ནི། དཀྱིལ་འཁོར་གཤེགས་སུ་གསོལ་བའི་ སྔགས་ཏེ། ལག་པ་ས་ལ་བཞག་ནས་སྔགས་འདིས་དུག་གི་དཀྱིལ་འཁོར་གཤེགས་སུ་གསོལ་ལོ། །དེ་ནས་ཡང་དག་རབ་བཤད་བྱ། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །གནས་དགུ་རྣམས་སུ་མཆོད་པར་བྱ། །ཞེས་པ་ནི་ཧེ་རུ་ཀའི་དཀྱིལ་འཁོར་གྱི་ས་གཞི་ 26-1-128b དགུའི་བདག་ཉིད་དུ་གསུངས་པ། རྡུལ་ཚོན་གྱིས་བྲིས་ལ་མཆོད་པར་བྱ་ཞེས་པའི་ཐ་ཚིག་གོ། །དུང་ཕོར་ཆུ་ཡིས་ཞེས་པ་ལ་སོགས་པ་ནི་གོ་སླའོ། །རང་གི་ལག་པ་གཡོན་པ་ལ། །ཟླ་བ་ཡིས་ནི་ཁྱབ་པར་བསམ། །ཞེས་པ་ནི་རང་གི་ལག་པ་གཡོན་པ་ལ་ཟླ་བའི་དཀྱིལ་འཁོར་ བསྒོམ་ཞེས་པའི་ཐ་ཚིག་གོ། །བཅུ་དྲུག་ཆ་ལ་ཡོངས་རྫོགས་པའི། །ཞེས་པ་ནི་ཆ་དྲུག་སྟེ། དབྱངས་ཡིག་བཅུ་དྲུག་ཁྱབ་པར་ཡོངས་སུ་རྫོགས་པ་ལས་ཟླ་བའི་དཀྱིལ་འཁོར་བསྒོམ་ཞེས་པའི་ཐ་ཚིག་གོ། །དྲི་མེད་དགེ་བའི་ལུས་ཅན་ཏེ། །ཞེས་པ་ནི་དྲི་མ་མེད་ཅིང་ དཀར་བའི་ཟླ་བའི་དཀྱིལ་འཁོར་གྱི་ལུས་ཏེ་གཟུགས་བསྒོམ་ཞེས་སྦྱར་རོ། །དིའི་དབུས་སུ་མི་ཤིགས་དགེ། ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་དེའི་དབུས་སུ་མི་ཤིགས་པའི་ཧཾ་མགོ་དང་བྲལ་བ་དགེ་བའི་མཆོག་བསམ་ཞེས་པའི་ཐ་ཚིག་གོ། །ཁ་དོག་དཀར་པོའི་ལུས་ ཅན་ཞེས་པ་ནི་མི་ཤིགས་པ་ཁ་དོག་དཀར་པོ་ལུས་ལག་པ་གཡོན་པ་ལ་བསྒོམ་ཞེས་པའི་ཐ་ཚིག་གོ། །ལག་པ་དེས་སྣོད་ཀྱི་ཁ་མནན་ཏེ་ཞེས་པ་ནི་ཆུ་སྣོད་ཀྱི་བར་ནས་ཆུ་བླངས་ཏེ། ལག་པ་ལ་ཟླ་བའི་དཀྱིལ་འཁོར་བསྒོམས་ནས། དེའི་ཁ་མནན་ཏེ། ཨོཾ་སརྦ་བ་ཤ་ཧ་རེ་ ཞེས་པ་ལ་སོགས་པའི་སྔགས་བཟླ་ཞེས་པའི་དོན་ཏོ། །མི་ཤིགས་པ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །སངས་རྒྱས་ཐོད་པ་ཞེས་པ་ལ་སོགས་པ་ནི་བཤད་ཟིན་ཏོ།། །།འོའི་སྒྲ་ནི་ལེའུ་རྫོགས་པའི་ཚིག་གོ། །གང་ཞེ་ན་སངས་རྒྱས་ཐོད་པ་ལ་སོགས་པའོ། །རི་སྐེགས་ ཀྱི་སྦྱོར་བ་དང་ཆུའི་སྦྱོར་བའི་ལེའུ་སྟེ་བཞི་པའོ།། །།ད་ནི་བཅུད་ཀྱིས་ལེན་གྱི་ལེའུ་རབ་ཏུ་བཤད་པར་བྱ་སྟེ། དེ་ནས་ཞེས་པ་ནི་དུག་གི་དབང་བསྐུར་བ་ལ་སོགས་པའི་ལེའུ་བཤད་པའི་རྗེས་ཐོགས་སུ་བཅུད་ཀྱིས་ལེན་གྱི་ལེའུ་རབ་ཏུ་བཤད་པར་བྱ་ཞེས་ སྦྱར་རོ། །དེ་བཞིན་གཤེགས་པའི་སྙིང་པོ་མཆོག །ཅེས་པ་ནི་དེ་བཞིན་གཤེགས་པ་ལྔ་དང་ཕུང་པོ་ལྔའི་ངོ་བོ་མཆོག་ཏུ་ཕུལ་དུ་བྱུང་བ་སྙིང་པོར་གྱུར་པའི་བདུད་རྩི་ལྔ་ཞེས་པའི་ཐ་ཚིག་གོ། །རྣལ་འབྱོར་མ་ཡི་གོང་ན་མེད། ཅེས་པ་ནི་རྣལ་འབྱོར་མ་རྩ་ལྔའི་རང་ 26-1-129a བཞིན་ཏེ། དེ་རྣམས་ཀྱི་གོང་ན་མེད་པའི་སྙིང་པོ་ཞེས་པའི་ཐ་ཚིག་གོ། །གཞོན་ནུ་མ་ཞེས་པ་ནི་ལོ་བརྒྱད་མའི་མིག་ལས་བྱུང་བ་ལ་གཞོན་ནུ་མ་ཞེས་ཡང་དག་པར་བཤད་དོ། །ཤ་རི་ཀ་ཞེས་པ་ནི་ལོ་བཅུ་གཉིས་མའི་རྩ་ཁོང་སྟོང་ལས་ཡང་དག་པར་བྱུང་ བའི་རྫས་ལ་ཤ་རི་ཀ་ཞེས་ཡང་དག་པར་བཤད་དོ། །གྲུབ་མ་ཞེས་པ་ནི་ལོ་བཅུ་དྲུག་མ་མེ་ཏོག་དང་ལྡན་པ་དང་། ཁ་དོག་སྦྱར་བའི་སྦྱོར་བ་བྱས་པ་ལས་གང་བྱུང་བའི་རྫས་ཏེ། དེ་ནི་གྲུབ་མར་ཡང་དག་པར་བཤད་དོ། །བྱིས་ཅན་མ་ཞེས་པ་ནི་ལོ་ཉི་ཤུ་མ་དང་པོ་རྡུལ་དང་ལྡན་ པ་དང་ཁ་སྦྱར་བའི་སྦྱོར་བ་ལས་གང་བྱུང་བའི་རྫས་དེ་ནི་བྱིས་ཅན་མར་ཡང་དག་པར་བཤད་དོ། །ཐོད་བཟངས་ཅན་མ་ཞེས་པ་ནི་ལོ་ཉི་ཤུ་རྩ་ལྔ་མའི་ཤེས་རབ་ཀྱི་ཁུ་བ་དང་། ཐབས་ཀྱི་ཁུ་བ་དང་། ཤེས་རབ་ཀྱི་སྣུམ་བསྲེགས་པའི་རྫས་གང་ཡིན་པ་དེ་ནི་ཐོད་ཅན་མར་ཡང་དག་ པར་བཤད་དོ། །དེ་དག་ནི་ཤེས་རབ་མ་ལྔའི་རྩ་ལྔ་ལས་བདུད་རྩི་ལྔ་ཡང་དག་པར་འབབ་པར་བཤད་དོ། །སངས་རྒྱས་ལྔས་ཀྱང་རྙེད་པར་དཀའ། །ཞེས་པ་ལ་སངས་རྒྱས་ལྔ་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། དི་རྣམས་ཀྱིས་ཀྱང་རྙེད་པར་དཀའ་ཞིང་དཀའ་ཆེས་ པ་ཞེས་པའི་ཐ་ཚིག་གོ། །འདིས་ནི་སྨན་ལྔ་པོ་རྣམས་ཀྱི་ཆེ་བའི་བདག་ཉིད་གསུངས་པ་ཡིན་ནོ། །གཞོན་ནུ་མ་ནི་ཟླ་དྲུག་ཏུ། །ཞེས་པ་ནི་ལོ་བརྒྱད་པའི་མིག་ལས་བྱུང་བ་སྟེ། མིག་གི་ཆུ་དངུལ་ཆུ་ར་ཏི་གཅིག་པ་བསྲེས་ཏེ་ཟླ་བ་དྲུག་ཏུ་ཟོས་ན་ཇི་སྐད་གསུངས་པ་བཞིན་ དུ་འགྱུར་རོ། །དེ་བཞིན་ཤ་རི་ཀ་ཟླ་གསུམ། །ཞེས་པ་ནི་ལོ་བཅུ་གཉིས་མའི་ཤེས་རབ་མའི་དང་པོའི་རྡུལ་དང་དངུལ་ཆུ་ར་ཏི་གཅིག་དང་ལྷན་ཅིག་ཏུ་ཟླ་བ་གསུམ་དུ་ཟོས་ན་ཇི་སྐད་གསུངས་པ་བཞིན་དུ་འགྱུར་རོ། །གྲུབ་མ་ཟླ་བ་གཅིག་ཏུའོ། །ཞེས་པ་ནི་ལོ་བཅུ་དྲུག་མ་མདོག་ ནག་མོ་དང་ལྷན་ཅིག་ཏུ་ཡང་དག་པའི་སྦྱོར་བ་ལས་བྱུང་བའི་རྫས་བླངས་ཏེ། དངུལ་ཆུ་ར་ཏི་གཅིག་དང་ལྷན་ཅིག་ཏུ་ཟླ་བ་གཅིག་ཏུ་བཟའ་བར་བྱའོ། །བྱིས་ཅན་མ་ནི་ཟླ་ཕྱེད་གཉིས། །ཞེས་པ་ནི་ལོ་ཉི་ཤུ་མའི་བུ་མོ་གང་མ་ཉམས་ཤིང་སྐྱེས་པ་གཞན་གྱིས་མ་སྤྱད་པ་དེའི་ཉི་ 26-1-129b མ་དང་པོ་ལས་བྱུང་བའི་རྡུལ་དང་དེ་དང་ཡང་དག་པར་སྦྱོར་བ་ལས་བྱུང་བའི་རྫས་དང་དངུལ་ཆུ་ར་ཏི་གཅིག་དང་བསྲེས་པ་ཟླ་བ་ཕྱེད་གཉིས་ཟོས་ན་ཇི་སྐད་གསུངས་པ་བཞིན་དུ་འགྱུར་རོ། །ཐོད་ཅན་མ་ཡང་ཟླ་བར་ཏེ། །ཞེས་པ་ནི་ལོ་ཉི་ཤུ་རྩ་ལྔ་མའི་ཡང་དག་པར་སྦྱོར་བ་མེད་པར་པདྨར་ འོངས་པའི་བཅུད་བླངས་ལ། དངུལ་ཆུ་ར་ཏི་གཅིག་དང་བསྲེས་ཏེ་ཟླ་བར་ཟོས་ན་ཇི་སྐད་གསུངས་པ་བཞིན་དུ་འགྱུར་རོ། །འདི་དག་ཐམས་ཅད་ཟོས་པར་གྱུར་ན་ཇི་སྐད་གསུངས་པའི་ཚེར་འགྱུར་རོ། །བྱ་རོག་མ་ནི་བྱ་རོག་གཟུགས། །ཞེས་པ་ནི་བྱ་རོག་ཅན་མའི་ཤེས་རབ་མ་བྱ་རོག་ གི་གཟུགས་ལྟར་མདོག་གནག་པ་སྟེ། དེའི་རྡུལ་ནི་ཟླ་བ་མར་གྱི་ངོ་ལ་འབྱུང་བར་འགྱུར་རོ། །གླང་པོ་མ་ནི་ངང་པའི་གཟུགས། །ཞེས་པ་ནི་གླང་པོ་མའི་ཤེས་རབ་མ་གང་ཡིན་པ་ནི་གླང་པོ་ཆེའམ་ཆང་གི་དྲི་བྲོ་བའོ། །ངང་པའི་གཟུགས་ཞེས་པ་ནི་མདོག་དཀར་པོ་སྟེ་དེའི་རྡུལ་ནི་ ཟླ་བ་ཡར་ངོ་ལ་འབྱུང་བར་འགྱུར་རོ། །དྲོད་མ་དྲོད་ཀྱི་གཟུགས་ཅན་ཏེ། །ཞེས་པ་ནི་དྲོད་ཅན་མའི་ཤེས་རབ་ནི་སྔོ་བསངས་ཏེ། དྲོད་ཀྱི་གཟུགས་ཞེས་པ་ནི་ཐམས་ཅད་དུ་ལུས་དྲོ་བ་སྟེ། དེའི་རྡུལ་ནི་ཟླ་བ་ངོ་གཉི་ག་ལ་འབྱུང་བར་འགྱུར་རོ། །སྔོ་བསངས་དཀར་མོ་སྔོན་མོའི་ མིག །ཅེས་པ་ནི་སྔོ་བསངས་དང་། དཀར་མོ་དང་སྔོན་མོ་རྣམས་ཀྱི་མིག་གི་དྲི་མ་འདི་དང་དངུལ་ཆུ་བསྲེས་ཏེ་བཟའོ། །ཁ་སྦྱར་སྦྱོར་བའི་དུས་སུ་ནི། །ཞེས་པ་ནི་འདི་རྣམས་དང་སྦྱོར་བའི་དུས་ཀྱི་ཚེ་ཁ་སྦྱར་སྦྱོར་ཞིང་དབང་པོ་གཉིས་སྙོམས་པར་འཇུག་པར་བྱས་ནས་བྱང་ ཆུབ་ཀྱི་སེམས་བླངས་ཏེ་རྡུལ་དང་བསྲི་བར་བྱའོ། །མིག་ལས་བྱུང་བའི་རྫས་གང་ཡིན། །ཞེས་པ་ནི་འདི་རྣམས་ཀྱི་མིག་གི་དྲི་མའི་སྨན་དེའི་མིང་ནི་གཞོན་ནུ་མ་ཞེས་པ་སྟེ། སྨན་དེའི་མིང་ནི་གཞོན་ནུ་མའི་མིང་ཅན་ནོ། །འདི་ནི་བསྟན་པར་སོམ་ཉི་མེད། །ཅེས་པ་ ནི་སྨན་དེས་ལུས་བརླན་པར་བྱ་ཞིང་ཚིམ་པར་བྱ་ཞེས་པའི་ཐ་ཚིག་གོ། །དེ་ཡི་པདྨ་ལས་བྱུང་རྫས། །ཞེས་པ་ནི་བུད་མེད་རྣམས་ཀྱི་རྡུལ་དེ་ཁྲག་ཅེས་པའི་དོན་ཏོ། །རྩ་ཡི་ནང་ན་རྣམ་པར་གནས། །ཞེས་པ་ནི་རྩ་ཁོང་སྟོང་ན་གནས་པའི་བདུད་རྩིའོ། །གེ་སར་སྦས་པའི་ 26-1-130a སྤྱོད་ཡུལ་ཏེ། །ཞེས་པ་ནི་པདྨའི་གེ་སར་གྱི་དབུས་ན་གནས་པ་ཞེས་པའི་ཐ་ཚིག་གོ། །སྨན་དེ་ཤ་རི་ཀ་ར་གསུངས་སོ། །ཞེས་པ་ནི་སྨན་དེ་ཤ་རི་ཀ་ར་ཡང་དག་པར་བཤད་དོ། །མེ་ཏོག་ལྡན་པའི་བུད་མེད་གང་། །ཞེས་པ་ནི་གང་རྡུལ་དང་ལྡན་པའི་ཤེས་རབ་ མའོ། །ཁ་དོག་ནག་མོ་རབ་མཛེས་མ། །ཞེས་པ་ནི་ཁ་དོག་ནག་མོས་རབ་ཏུ་མཛེས་མའོ། །དེ་ཡི་ཁ་སྦྱར་སྦྱོར་ལས་བྱུང་། །ཞེས་པ་ནི་དེ་དང་ལྷན་ཅིག་ཏུ་ཁ་སྦྱར་སྦྱོར་བ་སྟེ་དབང་པོ་གཉིས་སྦྱོར་བ་ལས་བྱུང་བའི་རྫས་ཏེ་སྨན་དེའི་མིང་ནི་གྲུབ་མ་ཞེས་པའི་ཐ་ཚིག་གོ། །སངས་རྒྱས་ ཐོད་པའི་སྦྱོར་བ་ཡིས། །ཞེས་པ་ནི་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བར་བཤད་པའོ། །མི་ཕྱེད་ཉེ་བར་སྤྱད་པ་ཡིས། །ཞེས་པ་ནི་རང་གི་སྲོག་དང་འདྲ་བའི་ཤེས་རབ་མ་གང་ཡིན་པའོ། །ཁྱད་པར་ཇི་ལྟ་བུ་ཞེ་ན་གསུངས་པ། རབ་མཛེས་མ་ཉམས་དང་ཞེས་པ་ནི་སྐྱེས་པ་ གཞན་དང་སྦྱར་བར་མ་གྱུར་པ་དེ་ནི་རབ་ཏུ་མཛེས་ཤིང་བཟང་ཞེས་པའི་ཐ་ཚིག་གོ། །དེ་ལས་དང་པོར་བྱུང་བའི་རྫས། །ཞེས་པ་ནི་ཉི་མ་དང་པོ་ལས་བྱུང་བའི་རྫས་ཏེ། ཁྲག་དང་དེ་དང་ཡང་དག་པར་སྦྱོར་བ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་དང་བསྲེས་པའི་སྨན་དེ་ནི་བྱིས་པ་ཅན་ དུ་ཡང་དག་པར་བཤད་དོ། །ལྷན་ཅིག་སྐྱེས་དགའ་བྱུང་བའི་རྫས། ཞེས་པ་ནི་རྡོ་རྗེ་དང་པདྨ་ཡང་དག་པར་ཤེས་པའི་སྦྱོར་བ་མེད་པར་ཆོས་ཀྱི་འབྱུང་གནས་སུ་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེས་པའི་རྫས་ནི་པདྨའི་བཅུད་ཅེས་པའི་ཐ་ཚིག་གོ། །མར་ཁུ་དག་ནི་བསྲེ་ཞེས་པ་ནི་རྩའི་ བཅུད་དང་པདྨའི་བཅུད་བསྲེ་བ་ཡིན་ཏེ། སྨན་དེ་ནི་ཐོད་ཅན་མ་ཞེས་ཡང་དག་པར་བཤད་དོ། །སྨན་ལྔ་པོ་འདི་དག་ནི་སངས་རྒྱས་ཐོད་པའི་རྒྱུད་ལས་གསུངས་སོ། །ཟླ་བ་ཉི་མའི་སྦྱོར་བ་ཡིས། །ཞེས་པ་ནི་དཀར་མོའི་རྡུལ་སྣ་ཁུང་གཡས་པའི་རླུང་རྒྱུ་བ་ན་སྣར་གཞུག་ པར་བྱ་ཞིང་ནག་མོའི་རྡུལ་སྣ་ཁུང་གཡོན་པའི་རླུང་རྒྱུ་བ་ན་སྣར་གཞུག་པར་བྱའོ། །སྦྱོར་བས་འདི་དག་བྱས་ན་ཇི་ལྟར་གསུངས་པ་བཞིན་དུ་འདིར་ཐེ་ཚོམ་མེད་པར་འགྱུར་རོ། །ཟླ་བས་ཟླ་བར་ཞེས་པ་ལ། ཟླ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ། སྣ་གཡོན་པའི་སྣ་ཁུང་དུ་སྦྱིན་པར་བྱའོ། ། 26-1-130b ཉི་མས་ཉིར་ཞེས་པ་ནི། ཤེས་རབ་མའི་སྣ་ཁུང་གཡས་པར་བླུགས་པར་བྱའོ། །དེ་ལུས་སྐྲ་དཀར་གཉེར་མ་ཞི། །ཞེས་པ་ནི་ལུས་ཀྱི་སྟེ་མགོའི་སྐྲ་དཀར་ཞི་ཞིང་སྤངས་ཞེས་པའི་ཐ་ཚིག་གོ། །གཉེར་མ་ཞི་ཞེས་པ་ནི་གཉེར་མ་དང་བྲལ་བ་ཞེས་པའི་ཐ་ཚིག་གོ། ། ཇི་སྲིད་སངས་རྒྱས་བཞུགས་ཀྱི་བར། །ཞེས་པ་ནི་ཇི་སྲིད་སངས་རྒྱས་བཞུགས་པ་དེ་སྲིད་ཀྱི་བར་དུ་ཚེ་རིང་བར་འགྱུར་ཞེས་པའི་ཐ་ཚིག་གོ། །དེ་ཡི་ཚེ་ནི་རྒྱས་པར་འགྱུར། །ཞེས་པ་ནི་དུས་རིང་པོར་ཚེ་འཕེལ་ཞིང་རྒྱས་པར་འགྱུར་ཞེས་པའི་ཐ་ཚིག་གོ། །དངོས་པོ་གང་དང་ གང་ཡང་རུང་། །ཞེས་པ་ལ་དངོས་པོ་གང་དང་གང་སྟེ། ལྕགས་དང་ཟངས་མ་ལ་ཡང་རུང་། །རྡུལ་བྱུགས་པས་དངུལ་དང་གསེར་དུ་འགྱུར་རོ། །ད་ནི་དགོངས་པས་བཤད་པ་ཡང་དག་པར་བཤད་པར་བྱ་སྟེ། དགོངས་བཤད་ཤིན་ཏུ་རྙེད་དཀའ་བ། །ཞེས་པ་ལ་དགོངས་ པས་བཤད་པ་ནི་བརྡའི་ཚིག་སྟེ་རབ་ཏུ་དཀའ་ཆེས་པར་འགྱུར་ཞེས་སྦྱར་རོ། །དྲི་ཆུ་ཡེ་ཤེས་རྡོ་རྗེ་སྟེ། །ཞེས་པ་ལ་ཡེ་ཤེས་རྡོ་རྗེ་ཞེས་པ་ནི་མི་བསྐྱོད་པའི་རང་བཞིན་གྱི་དྲི་ཆུའོ། །དྲི་ཆེན་རྡོ་རྗེ་བཟང་པོ་ཉིད། །ཅེས་པ་ལ་རྡོ་རྗེ་བཟང་པོ་ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན་ དྲི་ཆེན་ནོ། །ཁྲག་ནི་མར་མེ་རྡོ་རྗེ་ཡིན། །ཞེས་པ་ལ་མར་མེ་རྡོ་རྗེ་ནི་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་ཁྲག་ཏུ་འགྱུར་རོ། །ཁུ་བ་རྡོ་རྗེ་ཐབས་བྱུང་ཉིད། །ཅེས་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ཐབས་ལས་བྱུང་བ་བྱང་ཆུབ་ཀྱི་སེམས་ཁུ་བའི་རང་བཞིན་གཙོ་བོ་ཞེས་པའི་ཐ་ ཚིག་གོ། །ཤ་ནི་ཆོས་ཀྱི་རྡོ་རྗེ་ཡིན། །ཞེས་པ་ལ་ཆོས་ཀྱི་རྡོ་རྗེ་ནི་དོན་ཡོད་པར་གྲུབ་པའི་རང་བཞིན་གྱི་ཤ་ཡིན་ནོ། །དེ་ལྔ་རྣལ་འབྱོར་མ་ཡི་མཆོག །ཅེས་པ་ནི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ནི་རྣལ་འབྱོར་མ་ལྔའི་བདུད་རྩི་ལྔའི་རང་བཞིན་མཆོག་ཏུ་ཕུལ་དུ་བྱུང་བ་ ཞེས་པའི་ཐ་ཚིག་གོ། །ངག་གི་དམ་ཚིག་རྙེད་དཀའ་བ། །ཞེས་པ་ལ་ངག་གི་དམ་ཚིག་ནི་ཚིག་གི་བརྡ་རྙེད་པར་དཀའ་བ་སྟེ། ཉན་ཐོས་ལ་སོགས་པའི་དཀའ་བས་ཀྱང་རྙེད་པར་མི་འགྱུར་བའོ། །བ་ལང་ཤ་ནི་འབར་བ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །དེ་ལྔ་རྣལ་ 26-1-131a འབྱོར་མཆོག་ཏུ་གསུངས། །ཞེས་པ་ནི་གོ་ཀུ་ད་ཧ་ན་ལ་སོགས་པ་དམ་ཚིག་ལྔ་ཡང་དག་པར་སྦྱོར་བའི་ཕུལ་ནི་སྦྱོར་བའི་མཆོག་ཏུ་གསུངས་སོ། །རྣལ་འབྱོར་རྣལ་འབྱོར་མ་ལྡན་པར། །ཞེས་པ་ལ་རྣལ་འབྱོར་ཞེས་པ་ནི་བདུད་རྩི་ལྔའོ། །རྣལ་འབྱོར་མ་ ཞེས་པ་ནི་ཤ་ལྔའོ། །ལྡན་ཞེས་པ་ནི་བདུད་རྩི་ལྔ་དང་ཤ་ལྔ་པོ་དག་གཅིག་ཏུ་བྱས་ཏེ་གང་བཟའ་བའོ། །དེའི་ཡོན་ཏན་གསུངས་པ། དེ་ཚེ་རྣམ་རྟོག་དེ་ཐམས་ཅད་འཇིག་འགྱུར་ཞེས་པ་ནི་སེམས་ཀྱི་རྣམ་པར་རྟོག་པ་ཐམས་ཅད་འཇིག་ཅིང་ཟད་པར་འགྱུར་ཞེས་པའི་ཐ་ཚིག་གོ། ། ཟན་ལ་བསོད་ནམས་ཞེས་བྱ་སྟེ། །ཞེས་པ་ལ་ཟན་གྱི་མིང་ནི་བསོད་ནམས་ཞེས་བྱའོ། །ཚོད་མ་ལ་ནི་སྡིག་པ་ཉིད། །ཅེས་པ་ནི་ཤའི་ཚོད་མ་སྲོག་གཅོད་པ་ལ་སོགས་པ་མེད་པར་ཚོད་མ་མེད་དེ་དེས་ན་ཚོད་མའི་མིང་ནི་སྡིག་པ་ཞེས་བྱའོ། །བྱིས་པ་ལ་ནི་འགལ་བ་ཉིད། ། ཅེས་པ་ནི་བྱིས་པ་ཤི་བ་ལ་ནི་འགལ་བ་ཞེས་བྱའོ། །སྐྱེས་པ་ལ་ནི་རྡོ་རྗེར་གསུངས། །ཞེས་པ་ནི་སྐྱེས་པའི་རྡོ་རྗེ་ལ་ནི་རྡོ་རྗེ་ཞེས་བྱའོ། །བུད་མེད་ལ་ནི་སྣོད་བཟངས་ཉིད། །ཅེས་པ་ནི་ཤེས་རབ་མའི་པདྨའི་མིང་ནི་སྣོད་བཟངས་ཞེས་བྱའོ། །རབ་ཆགས་ཤིན་ཏུ་མཐོང་བ་ཉིད། ། ཅེས་པ་ནི་རབ་ཏུ་ཆགས་པས་ན་རབ་ཆགས་ཏེ་བཟང་པོ་མཐོང་བས་སོ། །ཅི་ཞེ་ན་པདྨ་མཐོང་བས་རབ་ཏུ་ཆགས་པ་བཟང་པོར་འགྱུར་རོ། །འཁྱུད་པ་ལ་ནི་ཆོས་ཞེས་བརྗོད། །ཅེས་པ་ནི་ཆོས་འབྱུང་གི་རྡོ་རྗེ་འཁྱུད་པ་གང་ཡིན་པ་དེ་ནི་འཁྱུད་པ་སྟེ་ཆོས་སུ་བརྗོད་དོ། །འདྲི་བ་ ལ་ནི་མར་མེའོ། །ཞེས་པ་ལ་གསལ་བས་མར་མེ་སྟེ། འདོད་ཆགས་ཀྱིས་གསལ་བར་བྱེད་པས་ན་མར་མེའོ། །འདྲི་བ་ནི་རྡོ་རྗེ་ཆོས་འབྱུང་འདྲི་བས་ན་འདྲི་བ་ལ་མར་མེ་ཞེས་བྱའོ། །ཤིན་ཏུ་འདྲི་ལ་མེ་ཞེས་བྱ། །ཞེས་པ་ནི་འདོད་ཆགས་ཆེན་པོའི་མེའི་རྡོ་རྗེས་པདྨ་ ལ་རབ་ཏུ་འདྲི་བས་ན་ཤིན་ཏུ་འདྲི་ཞེས་བྱའོ། །འགྲོ་བ་ལ་ནི་ཕྲེང་ཅན་མ། །ཞེས་པ་ལ་རྡོ་རྗེ་པདྨར་འགྲོ་ཞིང་སོང་བ་དེ་ནི་ཕྲེང་ཅན་མ་ཞེས་བྱའོ། །འོང་ལ་ཤིན་ཏུ་ཕྲེང་ཅན་མ། །ཞེས་པ་ནི་རྡོ་རྗེ་ལས་བྱང་ཆུབ་ཀྱི་སེམས་འཕྲོ་བའི་རྣམ་པ་འོང་བ་དེ་ལ་ནི་ཤིན་ཏུ་ཕྲེང་ཅན་མ་ཞེས་ 26-1-131b བྱའོ། །མྱུར་བ་ལ་ནི་བྱུག་ཅེས་བྱ། །ཞེས་པ་ནི་རྡོ་རྗེས་པདྨ་ལ་མྱུར་བར་བྱུག་ཅིང་རེག་པ་ལ་སོགས་པར་འགྱུར་བ་ལ་བྱུག་པ་ཞེས་བྱའོ། །བལྡག་ལ་ལྕེ་འོག་ཅེས་བྱ་སྟེ། །ཞེས་པ་ནི་པདྨའི་འོག་གི་ཆ་ལ་ལྕེས་བལྡགས་པ་དེ་ལ་ལྕེ་འོག་ཅེས་བྱའོ། །སོ་ལ་བཟའ་བ་ ཞེས་པ་ལ་སོགས་པ་ནི་གོ་སླའོ། འདི་དག་བཤད་དོ་ལག་ཆེན་པོ། །ཞེས་པ་ལ་འདི་དག་ནི་དགོངས་པས་བཤད་པའོ། །ལག་ཆེན་པོ་ཞེས་པ་ནི་ལག་ན་རྡོ་རྗེ་ལ་བོད་པའོ། །ཤིན་ཏུ་ཕྲེང་ཅན་མ་ཞེས་པ་ལ་སོགས་པ་ནས་གྲགས་མཐོང་མ་ཞེས་པའི་མཐར་ཐུག་ པའི་རྣལ་འབྱོར་མ་ཉི་ཤུ་རྩ་བཞི་དང་། ཧེ་རུ་ཀ་དང་བཅས་པའི་དཀྱིལ་འཁོར་ཉི་ཤུ་རྩ་ལྔའི་རྣམ་པར་དག་པ་ནི་དགོངས་པས་བཤད་པའི་བརྡའི་ཚིག་ཅེས་པའི་ཐ་ཚིག་གོ། །འཇིག་རྟེན་གསུམ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །ས་བཅུའི་ནང་གི་སྦྱོར་བ་བཤད་པར་ བྱ་སྟེ། ཉེར་བདུན་གྲོང་མཐའ་ལྷན་ཅིག་ཅེས་པ་ནི་ལུས་དང་ཉེ་བའི་འདུན་པ་ནི་འདོད་པའི་འདུན་པ་ཞེས་པའི་དོན་ཏོ། །དེ་གང་ཞེ་ན་ཧཾ་ངོ་། །ལྷན་ཅིག་ཅེས་པ་ནི། བདུད་རྩི་ལྔའི་རང་བཞིན་གྱི་ཟླ་ཚེས་དང་། ཐིག་ལེ་དང་ཧར་ལྡན་པ་ནི་ཧཾ་ཞེས་པའི་ཐ་ཚིག་གོ། །འདུས་པའི་ ཕྱི་རོལ་ཞེས་སུ་གསུངས། །ཞེས་པ་ནི་ཕྱི་རོལ་གྱི་དབང་པོ་རྣམས་དཀྱིལ་འཁོར་གྱི་གཟུགས་ཀྱིས་གང་དུ་འདུས་པ་ཞེས་བརྗོད་པར་འགྱུར་རོ། །ཉེ་བའི་འདུས་པ་ཞེས་པ་ནི་སྤྲུལ་པའི་འཁོར་ལོར་གང་ཕུང་པོ་ལ་སོགས་པ་ཐམས་ཅད་འདུས་པ་དེ་ནི་ཉེ་བའི་འདུས་པ་ཞེས་བྱའོ། ། ནང་དེ་བཞིན་ཞེས་པ་ནི་དེ་བཞིན་ཉིད་ཀྱི་ཆོས་འབྱུང་དུ་ཨའི་ཐིག་ལེའི་ནང་གི་དབུས་སུ་སེམས་དགོད་པ་ནི་ནང་དེ་བཞིན་ཞེས་བྱའོ། །གནས་ལ་འབྲས་བུ་ཞེས་སུ་གསུངས། །ཞེས་པ་ནི་སྤྲུལ་པ་དང་། ཆོས་དང་། ལོངས་སྤྱོད་དང་། བདེ་བ་ཆེན་པོ་རྣམས་ལ་གནས་སུ་གསུངས་ སོ། །ཉེ་བའི་གནས་ལ་ཤིང་ཉིད་དོ། །ཞེས་པ་ནི་འཁོར་ལོའི་དབུས་སུ་ཨ་ཝ་དྷཱུ་ཏཱི་ཤིང་གི་གཟུགས་སུ་གནས་པ་ནི་ཉེ་བའི་གནས་སུ་དགོངས་སོ། །གྲོང་མཐའ་ལ་ནི་ས་བོན་གསུངས། །ཞེས་པ་ན་ཨ་དང་ཧཱུཾ་དང་ཨོཾ་དང་ཧཾ་རྣམས་ས་བོན་གྱི་གཟུགས་ལ་འཁོར་ལོའི་ 26-1-132a དབུས་སུ་གནས་པ་ལ་གྲོང་མཐའ་ལ་ནི་ས་བོན་གསུངས་ཞེས་བྱའོ། ཉེ་བའི་གྲོང་མཐའ་མྱུ་གུའོ། །ཞེས་པ་ནི་བྱ་གདོང་གི་ཁོང་སྟོང་གི་མྱུ་གུ་ནི་གྲོང་མཐའ་སྟེ། དེས་ན་མྱུ་གུ་སྟེ་བྱ་གདོང་ལ་གྲོང་མཐའ་ཞེས་བྱའོ། །ཚོགས་པ་ལ་ནི་སྡོང་བུར་གསུངས། །ཞེས་པ་ ལ་སྡོང་བུ་ནི་ཨ་ཝ་དྷཱུ་ཏཱི་སྟེ། གནས་དེར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་ཚོགས་འགྲོ་བ་སྟེ། དེས་ན་ཚོགས་པ་ལ་ནི་སྡོང་བུ་ཞེས་བྱའོ། །གཅིག་པུ་ལ་ནི་འདབ་མར་གསུངས། །ཞེས་པ་ནི་བདེ་བ་ཆེན་པོ་གཅིག་པུ་ཉིད་ཀྱིས་སྡིག་པ་དང་དམྱལ་བ་ལས་སྐྱོབ་པས་ན་འདབ་ མ་སྟེ། དེས་ན་གཅིག་པུ་ལ་འདབ་མ་ཞེས་བྱའོ། །སྟོང་པ་ལ་ནི་རྩ་བའོ། །ཞེས་པ་ལ་སྟོང་པ་ཞེས་པ་ནི་ཤེས་རབ་ཀྱི་རང་བཞིན་ནོ། །རྩ་བ་ཞེས་པ་ནི་མདུད་པ་གསུམ་གྱི་རྩ་བ་སྟེ་གཞི་ཞེས་པའི་དོན་ཏོ། །དེས་ན་སྟོང་པ་ལ་རྩ་བ་ཞེས་བྱའོ། །དེ་ལྟར་ས་བཅུ་པ་ལ་སོགས་ པས་བཤད་པར་རིག་པར་བྱའོ། །དེ་ལྟར་དགོངས་པས་བཤད་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཀྱེ་ལགས་ཞེས་པ་ནི་བོད་པའོ། །གྲོགས་མོ་ཞེས་པ་ནི་བཤེས་མོ་ཞེས་པའོ། །འགྲོ་ཀུན་གང་ཞེས་པ་ནི་གང་གིས་བདེ་བ་དང་བྲལ་ན་འགྲོ་བ་མཐའ་དག་ལ་ཐབས་མེད་ཅེས་པའོ། ། མཐའ་དག་དྲི་མ་མེད་པ་ཞེས་པ་ནི་སྟོང་པ་ཉིད་མ་གཏོགས་པར་བདེན་བརྫུན་མཐའ་དག་ཅི་ཡང་མ་ཡིན་ནོ་ཞེས་པའི་དོན་ཏོ། །བལྟ་དང་བྲལ་བ་སྐྱེ་བོ་ལྟོས། །ཞེས་པ་ནི་བལྟ་བར་བྱ་བ་དང་བྲལ་བ་ལ་སྐྱེ་བོ་ལྟོས་ཤིག་པ་སྟེ། འགྲོ་བ་མཐའ་དག་གིས་སྟོང་པ་ཉིད་དུ་ལྟོས་ཤིག་ཅེས་ པའི་དོན་ཏོ། །གསོག་གསོབ་རང་བཞིན་བརྫུན་སླུ་བ། །ཞེས་པ་ནི་གསོག་གསོབ་ཀྱི་སྔགས་ཀྱི་སྒྲ་དང་བྲལ་ན་སླུ་ཞིང་བརྫུན་པར་འགྱུར་ཞེས་པའི་དོན་ཏོ། །པད་རྩའི་གྲིབ་མ་ལྟ་བུར་ལྟོས། །ཞེས་པ་ནི་པདྨའི་རྩ་བའི་གྲིབ་མ་ལ་ངང་པ་ལྟ་བ་དེ་བཞིན་དུ་ལྷའི་རྣལ་འབྱོར་པ་རྩའི་གྲིབ་ མ་ལྟ་བུ་དང་། སྒྱུ་མ་ལྟ་བུར་བསྒོམ་པར་བྱའོ། །བལྟ་བར་བྱ་བ་གང་ཞེ་ན། དེ་ཉིད་གསུངས་པ། དབང་པོ་ལྔ་ནི་སྒྱུ་འདྲ་ཞིང་། །ཞེས་པ་ལ་དབང་པོ་ལྔ་ནི་སྒྱུ་མ་ལྟ་བུ་དང་རྨི་ལམ་ལྟ་བུར་བསྒོམ་པར་བྱའོ། །ལྔ་ཕུང་དག་པའི་རང་བཞིན་ཞེས་པ་ནི། ཕུང་པོ་ལྔ་མངོན་པར་རྫོགས་ 26-1-132b པར་སངས་རྒྱས་ཀྱི་གཞན་ནི་སངས་རྒྱས་པར་འགྱུར་བ་མ་ཡིན་ནོ་ཞེས་བྱའོ། །རྣལ་འབྱོར་འདི་ནི་བསྒོམས་པས་འགྲུབ། །ཅེས་པ་ནི་ཕུང་པོ་ལྔ་པོ་འདི་ནི་རྣལ་འབྱོར་བསྒོམས་པས་བསམ་གཏན་གྱི་རང་བཞིན་འགྲུབ་པར་འགྱུར་རོ་ཞེས་པའི་དོན་ཏོ། །འོའི་སྒྲ་ནི་ལེའུ་རྫོགས་ པའི་དོན་ཏོ། །སངས་རྒྱས་ཐོད་པའི་རྒྱུད་ལས་སྨན་བཟང་པོ་དང་དགོངས་པས་བཤད་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཞེས་པ་དེ་ནི་སྨན་བཟང་པོ་དང་དགོངས་པས་བཤད་པའི་རྗེས་ཐོགས་སུའོ། །རབ་བཤད་པ་ཞེས་པ་ནི་བསྟན་པའོ། །ཅི་ཞེ་ན་དཀྱིལ་འཁོར་ འཇིགས་པའོ། །དཀྱིལ་འཁོར་ཞེས་པ་ལ་དཀྱིལ་ནི་སྙིང་པོའོ། །འཁོར་ནི་ལེན་པ་སྟེ། དཀྱིལ་འཁོར་རོ། །མཆོག་བཟང་ཞེས་པ་ལ་མཆོག་ནི་སྙིང་པོའོ། །བཟང་པོ་ནི་ཕུལ་དུ་བྱུང་བ་སྟེ་བཤད་ཅེས་སྦྱར་རོ། །ཤེས་རབ་ཐབས་ཀྱི་སྒྲུབ་པ་ཡིས། །ཞེས་པ་ནི་རྡོ་རྗེ་དང་པདྨ་དག་གི་ སྦྱོར་བས་དེ་ཁོ་ན་ཉིད་བཤད་པའོ། །གང་གིས་སློབ་མ་དབང་བསྐུར་བར། །ཞེས་པ་ནི་གང་གིས་སློབ་མ་བཀྲུས་ཤིང་དབང་བསྐུར་ཞེས་པའི་ཐ་ཚིག་གོ། །ཤེས་རབ་པདྨའི་ནང་དབུས་སུ། །ཞེས་པ་ནི་ཤེས་རབ་ཀྱི་ཆོས་འབྱུང་གི་ནང་དུ་ཆུད་པའི་དཀྱིལ་འཁོར་དེའི་དབུས་སུ་སློབ་མ་ དབང་བསྐུར་ཞེས་པའི་དོན་ཏོ། །དཔག་ཚད་བྱེ་བའི་དཀྱིལ་འཁོར་ལ། །ཞེས་པ་ལ། ཀོ་ཊི་ཞེས་པ་ནི་མཐའ་སྟེ་མདུད་པའི་གནས་སོ། །ཡོ་ཛ་ན་ནི་ཞེས་པ་ནི་དེར་སེམས་སྦྱོར་བར་བྱེད་པས་ན་ཡོ་ཛ་ན་ནི་སྟེ་དཔག་ཚད་དོ། །དཀྱིལ་འཁོར་ཞེས་པ་ལ་དཀྱིལ་ནི་སྙིང་པོའོ། །འཁོར་ནི་ལེན་པ་ ཞེས་པའི་དོན་ཏོ། །སུམ་བརྩེགས་དག་པའི་བདག་ཉིད་ལུས། །ཞེས་པ་ནི་ཆོས་འབྱུང་ཁོང་སྟོང་དང་ཟེའུ་འབྲུར་བཅས་པ་ནི་སུམ་བརྩེགས་ཏེ། རྣམ་པར་དག་པའི་ལྷ་དང་ལྡན། །ཞེས་པའི་ཐ་ཚིག་གོ། །འཁོར་བའི་འཇིགས་པ་ལས་སྐྱོབ་པ། །ཞེས་པ་ལ་འཇིགས་པ་ནི་འཇིགས་པར་ བྱེད་པ་སྟེ། འཁོར་བ་ལས་སྒྲོལ་བར་བྱེད་པས་ན་སྐྱོབ་པའོ། །དཀྱིལ་འཁོར་དེ་ཡི་དབུས་གནས་པར། །ཞེས་པ་ནི་དེའི་དཀྱིལ་འཁོར་དེའི་སར་གནས་ཏེ། ལྷའི་དེ་ཁོ་ན་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྟོན་པའོ། །མཁས་པས་སློབ་མ་བཟང་དབང་བསྐུར། །ཞེས་པ་ནི་བླ་མ་ལ་ 26-1-133a གུས་པའི་སློབ་མ་ལ་དེར་དབང་བསྐུར་ཞེས་པའི་ཐ་ཚིག་གོ། །ཕྱིའི་དཀྱིལ་འཁོར་བྱ་བ་མིན། །ཞེས་པ་ལ་ཕྱིའི་དཀྱིལ་འཁོར་བྱས་པ་ནི་བྱང་ཆུབ་ལས་རིང་བར་འགྱུར་ཞེས་པའི་དོན་ཏོ། །ཇི་ལྟར་ཞེ་ན་དཀྱིལ་འཁོར་རྡུལ་ཚོན་གྱིས་བྲི་བར་བྱས་ནས་སླར་འཇིག་པར་བྱས་པས་སོ། ། ལྷ་རྣམས་བཤིག་པ་ཙམ་གྱིས་ནི། །སྡིག་པ་ཆེན་པོ་སྐྱེ་བར་འགྱུར། །ཞེས་གསུངས་པ་དེའི་ཕྱིར། ཕྱིའི་དཀྱིལ་འཁོར་མི་བྱ་ཞིང་ནང་གི་དཀྱིལ་འཁོར་དུ་དབང་བསྐུར་བར་བྱ་ཞེས་པའི་ཐ་ཚིག་གོ། །དེ་ལྟར་ཡང་། ལུས་ཀྱི་དེ་ཉིད་མི་ཤེས་པའི། །རྣལ་འབྱོར་ཕྱི་ཡི་སྦྱོར་དགའ་བ། །ཆོས་ཀྱི་ ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་ལ་ནི་འབྲས་བུ་མེད། །ཅེས་གསུངས་སོ། །དེ་ཉིད་ཀྱིས་ན་ནང་གི་རྣལ་འབྱོར་ནི་མཆོག་ཏུ་འགྱུར་རོ། །གང་གིས་སྤྱན་དྲངས་ཤིང་ཞེས་པ་ནི་གང་གིས་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་དེ་ཉིད་ལུས་ལ་གནས་པ་ཡིན་ནོ། །གང་གིས་ གཤེགས་སུ་གསོལ་ཞེས་པ་ནི་ཡང་དེ་ཉིད་ནང་ན་གནས་པ་ཡིན་ནོ། །གང་ནའང་བཞུགས་པ་མ་ཡིན་ནོ། །ཞེས་པ་ནི་གནས་གང་ནའང་མི་གནས་ཏེ་རང་གི་སེམས་ཉིད་ལ་གནས་ཞེས་པའི་ཐ་ཚིག་གོ། །ལོ་བཅུ་གཉིས་པའི་བུ་མོ་ཞེས་པ་ནི་དབྱངས་ཡིག་བཅུ་གཉིས་ཀྱི་རང་བཞིན་གྱི་ ཤེས་རབ་མ་ལོ་བཅུ་གཉིས་མའོ། །ཀ་ནི་བདེ་བའོ། །ནྱ་ནི་འདྲེན་པ་སྟེ་དགའ་བ་ལ་སོགས་པ་རིམ་བཞིན་དུ་སྐྱེད་པར་བྱེད་པས་ན་ཀ་ནྱ་སྟེ་བུ་མོའོ། །ཚུལ་ཁྲིམས་མ་ཉམས་པ་ཞེས་པ་ནས་དུལ་ཞེས་པའི་བར་གྱི་ཡོན་ཏན་བཅུ་གཉིས་དང་ལྡན་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ བསྟོད་ཅེས་པའི་ཐ་ཚིག་གོ། །དེ་ནས་ཞེས་པ་ནི་གོ་སླའོ། །དེ་རྣམས་ལ་ནི་དེ་ཉིད་བཤད། །ཅེས་པ་ནི་སློབ་མ་གུས་པ་དེ་རྣམས་ལ་དེ་ཁོ་ན་ཉིད་བཤད་ཅིང་བསྟན་ཞེས་པའི་ཐ་ཚིག་གོ། །གསང་བ་ཕྱི་ཡི་ལྔ་དང་ནི། །ཞེས་པ་ལ་གསང་བ་ནི་གསང་བའི་དབང་ངོ་། །ལྔ་ནི་ ཕྱིའི་དབང་ཞེས་པའི་ཐ་ཚིག་གོ། །བདུན་དང་བཅུ་བཞི་བཤད་པ་དང་། །ཞེས་པ་ལ་བདུན་ནི་དབང་བདུན་ཏེ་སློབ་དཔོན་གྱི་དབང་ཞེས་པའི་དོན་ཏོ། །བཅུ་བཞི་ཞེས་པ་ནི་དེ་ཁོ་ན་ཉིད་བཅུ་བཞི་རྣམ་པར་དག་པའི་དབང་མཐའ་དག་གོ། །གཉི་ག་གཅིག་ཏུ་འདུས་པ་ཞེས་པ་ལ་ 26-1-133b གཉི་ག་ནི་ཤེས་རབ་དང་ཡེ་ཤེས་སོ། །འདུས་པ་ཞེས་པ་ནི་བསྲེས་ན་བཅུ་བཞིར་འགྱུར་ཞེས་པའི་དོན་ཏོ། །གང་དུ་དེ་ཁོ་ན་ཉིད་བཤད་སྙམ་པ་ལ་དེ་ཉིད་གསུངས་པ། གསང་བའི་དེ་ཉིད་བཤད་པར་བྱ། །ཞེས་པ་ལ་གསང་བ་ནི་བདེ་བ་ཆེན་པོའི་གནས་སོ། །དེར་དེ་ཁོ་ན་ཉིད་ བཤད་ཅིང་བསྟན་ཞེས་པའོ། །སུ་ལ་ཞེ་ན། སློབ་མ་ལ་ཞེས་པའི་དོན་ཏོ། །ཁ་ཅིག་གི་གསུང་གིས་ནི་གསང་བའི་སྤྲུལ་པའི་འཁོར་ལོའི་མདུད་པ་མཚོན་པར་བྱ་བར་བཤད་དོ། །དེ་ཡང་། བཞི་མདོ་མཚན་གཅིག་ཆུ་བོའི་འགྲམ། །དེར་ནི་རི་ཁྲོད་གནས་བྱས་པ། །གདོང་ ལྔ་པ་ནི་གཟུང་མི་ནུས། །གླང་ཆེན་མཆོག་ཀྱང་རིང་བར་བསམ། །ཞེས་གསུངས་པ་དང་། ཡང་། གང་དུ་ཡིད་རླུང་རྒྱུ་མེད་པས། །ཉི་མའི་འོད་ཟེར་འཇུག་པ་མེད། །བླ་མས་བཤད་པའི་མན་ངག་གིས། །དེར་ནི་སྒྲུབ་པོའི་སེམས་ངལ་བསོས། །ཞེས་གསུངས་ སོ། །སློབ་མ་ལེགས་དང་ལྡན་ཞེས་པ་ལ་སོགས་པ་ནི་གོ་སླའོ། །སློབ་མས་གསོལ་བ་གདབ་པའི་ཚིགས་བཅད་གསུངས་པ། འཁོར་བ་ཞེས་བྱ་བ་ལ་སོགས་པ་ནས་མགོན་པོ་ཞེས་པའི་མཐར་ཐུག་པ་ནི་གསོལ་བ་འདེབས་པའི་ཚིགས་བཅད་དོ། །དེ་ལྟར་ཞེས་བྱ་བ་ལ་སོགས་ པ་ནི་གོ་སླའོ། །མན་ངག་འདི་ཡི་ཆ་དག་ནི། །གླེགས་བམ་རྣམས་ལས་སྤྱོད་ཡུལ་མིན། །ཞེས་པ་ལ་དེ་ཁོ་ན་ཉིད་འདི་ནི་གླེགས་བམ་ལ་མི་བྲིའོ། །འོ་ན་གང་ལས་ཤེ་ན། བླ་མའི་ཁ་ལས་ཤེས་པར་བྱ། །ཞེས་པའི་ཐ་ཚིག་གོ། །དཀྱིལ་འཁོར་གང་ལ་གང་གིས་བརྒྱན། །ཞེས་ པ་ནི་དཀྱིལ་འཁོར་གང་ལ་ལྷ་གང་གིས་བརྒྱན་ཏེ། བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་རང་བཞིན་གྱིས་བརྒྱན་ཞེས་པའི་ཐ་ཚིག་གོ། །དེ་ཉིད་ཀྱིས་ན་ཕྱིའི་དཀྱིལ་འཁོར་བྲི་བར་མི་བྱའོ། །མཚན་མའི་དོན་གཞན་གར་བཀོད་ཀྱེ། །ཞེས་པ་ལ་མཚན་མ་ནི་རྡོ་རྗེ་ལ་སོགས་པའོ། ། དོན་གཞན་ཞེས་པ་ནི་དོན་གཞན་དུ་འགྱུར་བའོ། །གར་བཀོད་ཅེས་པ་ནི་གནས་གང་དུ་བཀོད་ཅེས་པའི་ཐ་ཚིག་གོ། །ཀྱེ་ཞེས་པ་ནི་བོད་པའོ། །སུ་ཡིས་སངས་རྒྱས་སྤྱན་དྲངས་ཀྱི། །ཞེས་པ་ལ་སུ་ཡིས་ཞེས་པ་ནི་གང་གིས་ཞེས་པའི་དོན་ཏོ། །སངས་རྒྱས་སྤྱན་དྲངས་ 26-1-134a ཞེས་པ་ནི་སངས་རྒྱས་ཀྱི་སྐུ་སྟེ། སངས་རྒྱས་ཀྱི་ལུས་སྤྱན་དྲངས་པའོ། །གང་གིས་སྤྱན་དྲངས་ཞེ་ན། སེམས་ཀྱིས་ཞེས་པའི་ཐ་ཚིག་གོ། །འགྲོ་བ་བརྫུན་དྲའི་སོམ་ཉིར་ལྷུང་། །ཞེས་པ་ནི་བརྫུན་གྱི་དྲ་བ་སྟེ། མིག་འཕྲུལ་ལྟ་བུ་ལ་འགྲོ་བ་རྣམས་ཐེ་ཚོམ་ སྐྱེས་པའོ། །དེ་ཉིད་ཀྱིས་ན་སེམས་ཅན་བརྫུན་ཞིང་མིག་འཕྲུལ་ལྟ་བུའོ། །དེ་ལྟ་བུ་མཐོང་ནས་འགྲོ་བ་རྣམས་ཐེ་ཚོམ་སྐྱེས་ཞེས་པའི་དོན་ཏོ། །མཐའ་དག་སྟོང་པ་གོས་མེད་ཀྱེ། །ཞེས་པ་ནི་མཐའ་དག་སྟོང་པ་ལ་དྲི་མས་སྦགས་པ་དང་བྲལ་བས་ན་གོས་པ་མེད་པའོ། །ཀྱེ་ ཞེས་པ་ནི་བོད་པའོ། །དེས་ན་ཐམས་ཅད་སྟོང་པ་ཉིད་དྲི་མ་མེད་པའི་རང་བཞིན་ཞེས་པའི་ཐ་ཚིག་གོ། །ཆུ་ནང་ཟླ་བ་ཅི་འདྲ་བ། །ཞེས་པ་ནི་ཆུའི་ནང་གི་ཟླ་བ་ཅི་འདྲ་བ་དེ་ལྟར་དཀྱིལ་འཁོར་གྱི་འཁོར་ལོ་ཞེས་པའི་དོན་ཏོ། །དེ་འདྲའི་དཀྱིལ་འཁོར་པད་དབུས་ཞེས་པ་ནི་དེ་དང་འདྲ་བ་ པདྨའི་དཀྱིལ་འཁོར་ལ་གནས་པ་སྟེ། ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་ཆུད་པའི་ཆུའི་ཟླ་བ་ལྟ་བུ་སྟེ། ཧེ་རུ་ཀའི་དཀྱིལ་འཁོར་ཞེས་པའི་དོན་ཏོ། །ཀྱེ་ལགས་རྣལ་འབྱོར་མ་ཚོགས་ལྟོས། །ཞེས་པ་ནི་པདྨའི་ནང་དེར་རྩའི་གཟུགས་ཀྱི་རྣལ་འབྱོར་མའི་ཚོགས་ལྟོས་ཞེས་པའི་དོན་ཏོ། ། དེ་ནི་ཧེ་རུ་ཀ་གཅིག་དང་ཞེས་པ་ནི་དེ་ཧེ་རུ་ཀ་གཅིག་པུས་བལྟ་བ་སྟེ་གནས་དེར་ཧེ་རུ་ཀ་གཅིག་པུ་འབའ་ཞིག་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དུ་བལྟ་ཞེས་པའི་ཐ་ཚིག་གོ། །ཐམས་ཅད་སྐྱེད་པར་བྱེད་ཅེས་པ་ནི། ཐམས་ཅད་སྐྱེད་པའི་གནས་ཞེས་པའི་ཐ་ཚིག་གོ། །འགྲོ་ཀུན་རྨི་ལམ་སླུ་བ་ཞེས་པ་ནི་ཇི་ལྟར་རྨི་ལམ་ དུ་བུད་མེད་བཟང་མོ་དང་སྦྱོར་བ་མཐོང་བ་དེ་ལྟར་ཐམས་ཅད་བལྟ་བར་བྱ་སྟེ། འགྲོ་བ་མཐའ་དག་རྨི་ལམ་གྱིས་སླུ་ཞེས་པའི་དོན་ཏོ། །གཏི་མུག་ལས་ནི་བ་སྐྱེད་པ་ལྟོས། །ཞེས་པ་ནི་གཏི་མུག་ལས་སྐྱེས་པ་ལྟོས་ཤིག་པ་སྟེ། གཏི་མུག་ལས་རྣམ་པར་རྟོག་པ་ཐམས་ ཅད་བསྐྱེད་ཅེས་པའི་ཐ་ཚིག་གོ། །ལྟོས་ཞེས་པ་ནི་ཕྱག་ན་རྡོ་རྗེ་ལ་སྣ་ཚོགས་སྡེ་མས་བོད་པའོ། །སངས་རྒྱས་ཐོད་པ་ཞེས་པ་ནི་བཤད་ཟིན་ཏོ། །དཀྱིལ་འཁོར་འཇིགས་པ་ཞེས་པ་ནི་རྣམ་པར་རྟོག་པ་འཇིགས་པར་བྱེད་པའི་དཀྱིལ་འཁོར་འདིར་དབང་བསྐུར་བར་བྱ་བ་སྟེ། 26-1-134b དེའི་ལེའུ་ནི་དྲུག་པའོ།། །།ད་ནི་ཕྱིའི་དཀྱིལ་འཁོར་བྲི་བར་བྱ་སྟེ། དེ་ནས་ཞེས་པ་ནི་དབང་བསྐུར་བའི་དཀྱིལ་འཁོར་བསྟན་པའི་རྗེས་ཐོགས་སུའོ། །ལྷ་བསྐྱེད་པའི་དཀྱིལ་འཁོར་བསྟན་པར་བྱ་ཞེས་སྦྱར་རོ། །རིའི་ཕུག་དང་ཚང་ཚིང་ངམ། །ཞེས་པ་ལ་བདེ་བ་ཆེན་པོ་ མི་གཡོ་བའི་བདག་ཉིད་ཀྱིས་ན་རིའོ། །དམན་པའི་སེམས་ཅན་རྣམས་ཀྱིས་གཏིང་དཔག་པར་མི་ནུས་པས་ན་ཕུག་གོ། །བདུད་རྩིའི་ཁུང་བུར་གྱུར་པས་ན་ཚང་ཚིང་ངོ་། ཡང་ན་དུར་ཁྲོད་དང་ནི་ཞེས་པ་ནི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་མཉམ་པ་ཉིད་དུ་ལྷག་པར་གནས་ཞེས་པའི་ དོན་ཏོ། །གདོད་ནས་གྲུབ་པ་ཞེས་པ་ནི་རྟག་ཏུ་གྲུབ་པའི་ཡོངས་སུ་རྫོགས་པ་འཆར་བ་དང་ནུབ་པ་དང་བྲལ་བ་རྟག་ཏུ་ནམ་མཁའ་དང་མཉམ་པ་བདེ་བ་ཆེན་པོའི་རྣམ་པ་གང་དུ་ཉམས་སུ་མྱོང་བ་དེའི་རང་བཞིན་དུ་བྱ་ཞེས་སྦྱར་རོ། །རྒྱ་མཚོའི་འགྲམ་ཞེས་པ་ནི་དེ་དང་ཡང་དག་པར་ སྦྱོར་བའི་ཤེས་རབ་མའི་ཆུ་སྐྱེས་ནི་རྒྱ་མཚོའི་འགྲམ་མོ། །ཤེས་རབ་མ་གཅིག་གི་ཆོས་འབྱུང་ལ་ཡང་ཡོན་ཏན་ལྔ་དང་ལྡན་པར་གསུངས་སོ། །ཡང་ན་ཤེས་རབ་མ་ཡང་ལྔར་གསུངས་ཏེ། དེ་གང་ཞེ་ན། དེ་ཉིད་བཤད་པ། རི་ཕུག་ཅེས་པ་ནི་ལོ་བཅུ་གཅིག་མའོ། །ཚང་ ཚིང་ཞེས་པ་ནི་ལོ་བཅུ་གཉིས་མའོ། །དུར་ཁྲོད་ཅེས་པ་ནི་ལོ་བཅུ་དྲུག་མའོ། །གདོད་ནས་གྲུབ་པ་ཞེས་པ་ནི་ལོ་ཉི་ཤུ་མའོ། །རྒྱ་མཚོའི་འགྲམ་ཞེས་པ་ནི་ལོ་ཉི་ཤུ་རྩ་ལྔ་མའོ། །ལོ་བཅུ་གཅིག་མ་ནི་བཅུད་ཀྱིས་ལེན་པ་སྒྲུབ་པ་ལའོ། །ལོ་བཅུ་གཉིས་མ་ནི་ཤིན་ཏུ་ ཆགས་པའི་དམ་ཚིག་གི་དོན་དུ་བསྟན་ཏོ། །ལོ་བཅུ་དྲུག་མ་དང་སྔགས་ལ་གོམས་པར་བྱའོ། །ལོ་ཉི་ཤུ་མ་དང་ནམ་མཁའ་ལ་འགྲོ་བ་སྒྲུབ་བོ། །ལོ་ཉི་ཤུ་རྩ་ལྔ་མ་ནི་དབང་བསྐུར་བའི་དོན་དུའོ་ཞེས་པ་འདི་དག་ཐམས་ཅད་བཤད་དོ། །ཕྱིའི་དཀྱིལ་འཁོར་ཞེས་པ་ལ་ སོགས་པ་ནི་གོ་སླའོ། །ཕོ་བྲང་རིམ་གསུམ་ཟླུམ་པོ་ལ། །ཞེས་པ་ནི་གཞལ་ཡས་ཁང་གི་ནང་དུ་རིམ་པ་གསུམ་པ་རྡོ་རྗེའི་ཕྲེང་བས་ཟླུམ་པོར་བསྐོར་བའི་འཁོར་ལོ་བྲི་ཞེས་པའི་ཐ་ཚིག་གོ། །རྡོ་རྗེ་གསུམ་གྱིས་ཡོངས་སུ་བསྐོར། །ཞེས་པ་ནི་རྩེ་གསུམ་པའི་རྡོ་རྗེ་ནག་པོས་བསྐོར་ཞེས་ 26-1-135a པའི་ཐ་ཚིག་གོ། །ཕྱི་རོལ་གྲུ་བཞི་ལྷམ་པ་ཞེས་པ་ནི་རྡོ་རྗེ་ཕྲེང་བའི་ཕྱི་རོལ་དུ་གྲུ་བཞི་ལྷམ་པ་ཞེས་པའི་དོན་ཏོ། །སྒོ་བཞི་ཞེས་པ་ལ་སོགས་པ་ནི་གོ་སླའོ། །པདྨ་ཉི་མ་ཉི་ཤུ་ལྔའི་ཞེས་པ་ནི་འཁོར་ལོའི་དབུས་སུ་ཉི་མའི་གདན་ལྔའོ། །དེའི་ཕྱི་རོལ་དུ་ཡང་ཉི་མའི་ གདན་བརྒྱད་དོ། །སྒོ་བཞིར་ཉི་མའི་གདན་བཞི་དགོད་དོ། །དེའི་དབུས་ཆུད་ས་བོན་ནི། །ཞེས་པ་ནི་འཁོར་ལོའི་དབུས་ཀྱི་ཉི་མའི་སྟེང་དུ་ཧཱུཾ་བསམ་པ་སྟེ། བཅོམ་ལྡན་འདས་ཧེ་རུ་ཀའི་ས་བོན་ཧཱུཾ་དང་ཕྲེང་བཟངས་མ་ལ་སོགས་པའི་ལྷ་མོ་རྣམས་སྒོ་ང་ལས་སྐྱེ་བའི་རིམ་པས་ཀ་ ལ་སོགས་པའི་ཉི་ཤུ་རྩ་བཞི་ས་བོན་དུ་འགྱུར་ཞེས་པའི་ཐ་ཚིག་གོ། །སྐད་ཅིག་ཙམ་གྱིས་ཞེས་པ་ལ་སྐད་ཅིག་སྟེ། མྱུར་བར་རྫུས་ཏེ་སྐྱེ་བའི་རིམ་པས་བཅོམ་ལྡན་འདས་བསྐྱེད་པའི་ཚེ་ལྷ་ཐམས་ཅད་བསྐྱེད་པར་འགྱུར་ཞེས་པའི་དོན་ཏོ། །བཅོམ་ལྡན་འདས་ཀྱི་ཕྱག་མཚན་ གསུངས་པ། གཡས་ན་ཅང་ཏེའུ་དང་གྲི་གུག་གོ། །གཡོན་ན་ཁ་ཊྭཱཾ་ག་དང་ཐོད་པ་སྟེ། ཞལ་གཅིག་ཕྱག་བཞིར་འགྱུར་ཞེས་པའི་ཐ་ཚིག་གོ། །སྐྱིལ་ཀྲུང་ཕྱེད་པ་ཞེས་པ་ལ་སོགས་པའི་ཡོན་ཏན་ཉི་ཤུ་རྩ་བཞི་དང་ལྡན་པའི་བཅོམ་ལྡན་འདས་བསྒོམ་ཞེས་པའི་དོན་ཏོ། ། རྣལ་འབྱོར་མ་ཉི་ཤུ་རྩ་བཞི་ནི་སྐུ་མདོག་སྔོན་མོ་ཤིན་ཏུ་འཇིགས་པའི་གཟུགས་ཅན་ཐམས་ཅད་ཞལ་གཅིག་ཕྱག་གཉིས་མའོ། །ཐོད་པ་འཆང་ཞེས་པ་ནི་རྣལ་འབྱོར་མ་འདི་རྣམས་ཀྱི་གཡོན་ན་ཐོད་པ་གཡས་ན་གྲི་གུག་མན་ངག་ལས་ཤེས་པར་བྱའོ། །ད་ནི་རྣལ་འབྱོར་མ་ རྣམས་ཀྱི་མིང་རབ་ཏུ་བཤད་དེ་ཕྲེང་བཟངས་མ་དང་། འདོད་ཅན་མ་དང་། འཇིགས་པ་མ་དང་། ཐུབ་དཀའ་མ་རྣམས་ནི་བཅོམ་ལྡན་འདས་ཀྱི་ཕྱོགས་བཞིར་གནས་པའི་རྣལ་འབྱོར་མ་བཞིའོ། །དགེ་བའི་སྐ་རགས་ཅན་མ་དང་། གཟུགས་ཅན་མ་དང་། རྣམ་རྒྱལ་མ་དང་། འབྱུང་གནས་མ་དང་། ཐོད་པ་ཅན་མ་དང་། མཚོ་ཆེན་མ་དང་། བྱེད་པ་མ་དང་། བསོད་ནམས་སྟེ། རྣལ་འབྱོར་མ་འདི་རྣམས་ནི་རིམ་པ་གཉིས་པའི་ཕྱོགས་དང་མཚམས་སུ་གནས་པའོ། །སྒྲོལ་བྱེད་མ་དང་། འཇིགས་མ་དང་། མཐོང་མ་དང་། མི་ཕམ་མ་དང་། 26-1-135b དགེ་མ་དང་། འགྱུར་མེད་མ་དང་། དུས་མཚན་མ་དང་། གྲགས་ཆེན་མ་རྣམས་ནི་རིམ་པ་གསུམ་པར་ཕྱོགས་དང་མཚམས་སུ་གནས་པའོ། །མཛེས་སྡུག་མ་དང་། ནོར་འཛིན་མ་དང་། སྐལ་བཟང་མ་དང་། གྲགས་མཐོང་མ་རྣམས་ནི་སྒོ་ན་གནས་པའི་རྣལ་འབྱོར་མའོ། །དེ་ཡི་ དབུས་གནས་རྣལ་འབྱོར་མ། །ཧེ་རུ་ཀ་ལ་བདེ་སྟེར་མ། །ཞེས་པ་ལ་སྣ་ཚོགས་སྡེ་མ་དེ་ནི་གཡོན་ན་ཐོད་པ་འཛིན་ཅིང་གཡས་ན་གྲི་གུག་འཆང་བ་སྟེ་ཧེ་རུ་ཀ་དང་འདྲ་བའོ། །ལྷག་མ་ནི་གོ་སླའོ། །ཞལ་ནས་ཁྲག་ནི་འཐོར་བྱེད་མ། །ཞེས་པ་ནི་བཅོམ་ལྡན་འདས་ཀྱི་གཟུགས་ཅན་ བཅོམ་ལྡན་འདས་མ་ཞེས་པའི་དོན་ཏོ། །དཀར་མོ་ཞེས་པ་ནི་དབུས་ཀྱི་འདབ་མ་ལ་གནས་པའི་རྣལ་འབྱོར་མ་བཞི་ནི་དཀར་མོ་ཞེས་པའི་ཐ་ཚིག་གོ། །རིམ་པ་གཉིས་པ་ན་གནས་པ་ཐམས་ཅད་ནི་མདོག་སྔོན་པོ་ཞེས་པའི་དོན་ཏོ། །ལྗང་གུ་ཞེས་པ་ནི་སྒོ་ན་གནས་པའི་རྣལ་འབྱོར་མ་བཞི་ ནི་མདོག་ལྗང་གུའོ་ཞེས་པའི་ཐ་ཚིག་གོ། །ཐམས་ཅད་ཁུ་བར་ལྡན་གྱུར་མ། །ཞེས་པ་ལ་རྣལ་འབྱོར་མ་དེ་རྣམས་ཤིན་ཏུ་ཆགས་པས་ཁུ་བ་དང་ལྡན་པར་འགྱུར་ཞེས་པའི་ཐ་ཚིག་གོ། །ལྷའི་དཀྱིལ་འཁོར་བསྐྱེད་པ་ནི། །ཞེས་པ་ལ་སོགས་པ་ནི་གོ་སླའོ། །གཙོ་བོ་ལས་ གཞན་ཐ་དད་གཟུགས། །ཞེས་པ་ནི་ཧེ་རུ་ཀ་དང་ཉེ་བ་ན་གནས་པའི་རྣལ་འབྱོར་མ་རྣམས་ནི་མདོག་དཀར་མོ་ཞེས་པའི་ཐ་ཚིག་གོ། །རྣལ་འབྱོར་མ་ཀུན་དེ་དང་འདྲ། །ཞེས་པ་ནི་རིམ་པ་གཉིས་པ་ན་གནས་པའི་རྣལ་འབྱོར་མ་རྣམས་མདོག་ནག་མོ་སྟེ་གཙོ་བོའི་མདོག་དང་འདྲ་ཞེས་ པའི་ཐ་ཚིག་གོ། །དེ་ལྟར་ཧེ་རུ་ཀ་མགོན་པོས། །ནལ་འབྱོར་མ་ཀུན་སྤྱད་པར་བྱ། །ཞེས་པ་ནི་ཕྲེང་བཟངས་མ་ལ་སོགས་པ་ཐམས་ཅད་སྤྱད་ཅིང་དགའ་བར་བྱས་པས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཞུ་བའི་གཟུགས་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་གཟུགས་སུ་གནས་ ཞེས་པའི་ཐ་ཚིག་གོ། །འདིས་ནི་མངལ་ནས་སྐྱེ་བའི་རིམ་པ་གསུངས་སོ། །སྒོ་ང་ལས་སྐྱེ་བ་དང་མངལ་ནས་སྐྱེ་བ་དག་ལ་ནི་གླུས་བསྐུལ་བ་ཡོད་ལ། རྫུས་སྐྱེས་ལ་ནི་གླུས་བསྐུལ་བ་མེད་ཅེས་པའི་ཐ་ཚིག་གོ། །དེ་ནི་ཞུ་བར་མཐོང་ནས་ནི། །སྒོ་ཡི་རྣལ་འབོར་མ་ 26-1-136a ཡིས་བསྐུལ། །ཞེས་པ་ལ་སྒོའི་རྣལ་འབྱོར་མ་ཞེས་པ་ནི་སྒོ་བཞི་ན་གནས་པའི་རྣལ་འབྱོར་མ་རྣམས་སོ། །དེ་ལ་ཤར་གྱི་སྒོ་ན་གནས་པའི་རྣལ་འབྱོར་མ་མཛེས་སྡུག་མས་བསྐུལ་བའི་གླུ་གསུངས་པ། ཇི་སྟེ་འཇིག་རྟེན་སྙན་མནན་ན། །ཞེས་པ་ནི་ཅིའི་ཕྱིར་འཇིག་རྟེན་ པ་རྣམས་ཀྱི་དོན་དུ་སྙན་གསན་ཕབ་ན་ཞེས་པའི་དོན་ཏོ། །ཅིའི་ཕྱིར་ཁྱོད་ནི་མི་དགྱེས་གྱུར། །ཞེས་པ་ནི་ཅིའི་ཕྱིར་མི་དགྱེས་པར་གྱུར་ཞེས་པའི་ཐ་ཚིག་གོ། །གལ་ཏེ་ཁྱོད་བདག་ཚིག་གསན་ན། །ཞེས་པ་ནི་གལ་ཏེ་ཁྱོད་བདག་གི་ཚིག་གསན་པར་བཞེད་ན་ཞེས་པའི་དོན་ཏོ། །མི་ དགྱེས་གྱུར་པ་མཐའ་དག་ཐོང་། །ཞེས་པ་ནི་མི་དགྱེས་པར་གྱུར་པ་མཐའ་དག་ཐོང་ཞེས་པའི་དོན་ཏོ། །འདི་ནི་ཤར་ན་གནས་པའི་མཛེས་སྡུག་མའི་གླུའོ། །སྲིད་འཇིགས་སྐྱེ་བོ་ཀུན་ལྷུང་བས། །ཞེས་པ་ནི་སྲིད་པའི་འཇིགས་པར་སྐྱེ་བོ་མཐའ་དག་ལྷུང་ཞེས་པའི་ཐ་ཚིག་གོ། ། སྟོང་པའི་ཐུགས་ནི་མ་མཛད་པར། །ཞེས་པ་ནི་སྟོང་པ་ཉིད་ཀྱི་ཐུགས་མ་མཛད་ཅེས་པའི་དོན་ཏོ། །ཉིད་ཀྱི་དགོངས་པ་ཀུན་བསྒྲུབ་ཀྱི། །ཞེས་པ་ནི་ཁྱེད་ཉིད་ཀྱིས་བྱ་བ་ཐམས་ཅད་སྒྲུབས་ཤིག་གྲོགས་པོ་ཀྱེ་ཞེས་པའི་དོན་ཏོ། །རྣལ་འབྱོར་མ་ཡི་གྲོགས་པོ་བཞེངས། །ཞེས་ པ་ནི་རྣལ་འབྱོར་མ་རྣམས་ཀྱི་བཤེས་གཉེན་བཞེངས་ཤིག་ཅེས་པའི་དོན་ཏོ། །ལྷོ་སྒོ་ན་གནས་པའི་ནོར་འཛིན་མའི་གླུའོ། །གལ་ཏེ་སྔོན་གཙོ་ཚིག་གསན་ན། །ཞེས་པ་ནི་གལ་ཏེ་སྔོན་གྱི་བདག་པོ་བདག་གི་ཚིག་གསན་ན་ཞེས་པའི་དོན་ཏོ། །འབྲས་བུ་ཡལ་བར་མ་དོར་ཅིག ། ཅེས་པ་ནི་འབྲས་བུ་ལ་ལྷོད་པར་མ་མཛད་ཅིག་ཅེས་པའི་དོན་ཏོ། །ཁྱོད་མི་སྣང་ན་འགྲོ་བ་ཡི། །ཞེས་པ་ནི་ཁྱོད་མི་སྣང་ཞིང་ནུབ་པར་གྱུར་ན་འགྲོ་བ་མཐའ་དག་ནུབ་པར་འགྱུར་ཞེས་པའི་དོན་ཏོ། །སྐྱེ་བོ་མཐའ་དག་གདུང་བས་ནོན། །ཞེས་པ་ནི་འགྲོ་བ་མཐའ་དག་མི་དགའ་ བའི་གདུང་བས་ནོན་ཞེས་པའི་དོན་ཏོ། །ནུབ་སྒོ་ན་གནས་པའི་སྐལ་བཟང་མའི་གླུའོ། །ལོག་པའི་ང་རྒྱལ་མ་མཛད་པར། །ཞེས་པ་ནི་ལོག་པའི་ང་རྒྱལ་མ་མཛད་ཀྱེ་གྲོགས་པོ་ཞེས་པའི་དོན་ཏོ། །སྟོང་པའི་རང་བཞིན་སྤངས་ནས་ནི། །ཞེས་པ་ནི་སྟོང་པ་ཉིད་ཀྱི་རང་ 26-1-136b བཞིན་མཐོང་ཞེས་པའི་དོན་ཏོ། །ཁྱོད་ཀྱིས་དངོས་མེད་ཀུན་ཐོང་ལ། །ཞེས་པ་ནི་ཁྱོད་ཀྱིས་དངོས་པོ་མེད་པ་ཀུན་ཐོང་ལ་དངོས་པོའི་རང་བཞིན་ལོང་ཞེས་པའི་དོན་ཏོ། །རྣལ་འབྱོར་མ་ཡི་ཚོགས་ལ་སྤྱོད། །ཅེས་པ་ནི་རྣལ་འབྱོར་མའི་ཁྱུ་ཐམས་ཅད་ལ་སྤྱོད་ཅེས་པའི་དོན་ཏོ། །བྱང་ སྒོ་ན་གནས་པའི་གྲགས་མཐོང་མའི་གླུའོ། །བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཀྱི་རང་བཞིན་རྣལ་འབྱོར་མ་དེ་རྣམས་ཀྱིས་ཡང་དག་པར་བསྐུལ་མ་ཐག་ཏུ་ཁུ་བའི་གཟུགས་ལས་བཞེངས་ཞེས་པའི་དོན་ཏོ། །འཇིགས་པའི་འཁོར་བ་སྒྲོལ་བྱེད་པ། །ཞེས་པ་ལ་ འཇིགས་པ་ནི་འཇིགས་པར་བྱེད་པ་སྟེ་འཁོར་བ་ལས་སེམས་ཅན་རྣམས་སྒྲོལ་བར་བྱེད་པས་ན། འཁོར་བའི་འཇིགས་ལས་སྒྲོལ་བྱེད་པ། །ཞེས་བྱ་བའི་ཐ་ཚིག་གོ། །དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པའི་ལེའུ་སྟེ་བདུན་པའོ།། །།ད་ནི་སྦྱིན་སྲེག་གི་དཀྱིལ་འཁོར་བཤད་ པར་བྱ་སྟེ། དེ་ནས་ཞེས་པ་ནི་བསྒོམ་པའི་དཀྱིལ་འཁོར་བཤད་པའི་རྗེས་ཐོགས་སུ་སྦྱིན་སྲེག་བཤད་ཅེས་སྦྱར་རོ། །ཞི་བ་དང་ནི་རྒྱས་པ་དང་། །དེ་བཞིན་དབང་དང་མངོན་སྤྱོད་དོ། །ཞེས་པ་ནི་ཞི་བ་ལ་ནི་ལྷ་དཀར་པོ་སྦྱར་རོ། །རྒྱས་པ་ལ་ནི་ལྷ་སེར་པོ་སྦྱར་རོ། །དབང་ལ་ནི་ལྷ་དམར་ པོའོ། །མངོན་སྤྱོད་ལ་ནི་ལྷ་ནག་པོ་སྟེ། ལས་དང་རྗེས་སུ་མཐུན་པའི་ཁ་དོག་བྱ་ཞེས་པའི་དོན་ཏོ། །སྦྱིན་སྲེག་རྣམ་པ་བཞིར་གསུངས་སོ། །ཞེས་པ་ལ་ནི་ཞི་བ་ལ་སོགས་པའི་སྦྱིན་སྲེག་བཞི་ནི་སངས་རྒྱས་ཐོད་པའི་རྒྱུད་དུ་གསུངས་སོ། །ཤིང་གི་སྦྱིན་སྲེག་མི་བྱ་ཞིང་། །ཞེས་ པ་ནི་རྒྱུད་གཞན་ལས་གསུངས་པའི་ཨུ་དུམ་བཱ་ར་དང་པ་ལ་ཤ་ལ་སོགས་པས་སྦྱིན་སྲེག་མི་བྱ་ཞེས་པའི་ཐ་ཚིག་གོ། །འབྲུ་ལ་སོགས་པས་ཀྱང་མི་བྱ། །ཞེས་སྦྱར་རོ། །མེ་ཏོག་གིས་ནི་སྦྱིན་སྲེག་བྱ། །ཞེས་པ་ནི་བུད་མེད་ཀྱི་རྡུལ་གྱི་མེ་ཏོག་གིས་ལུས་ལ་སྦྱིན་སྲེག་བྱ་ཞེས་ པའི་དོན་ཏོ། །མེ་ཏོག་ལྔ་པོ་མཆོག་ཆེན་དང་། །ཞེས་པ་ནི་བྲམ་ཟེ་ལ་སོགས་པའི་རིགས་ཀྱི་ཤེས་རབ་མ་ལྔའི་རྡུལ་བླངས་ལ་སྦྱིན་སྲེག་བྱའོ། །དེ་ཉིད་མཆོག་སྟེ་བཟང་པོར་འགྱུར་རོ། །འོ་མས་ཡང་དག་ལྡན་པར་བྱ། །ཞེས་པ་ནི་རྡུལ་དང་ལྡན་པའི་ཤེས་རབ་མ་དང་ 26-1-137a སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འོ་མ་དང་བསྲེས་པས་ལུས་ཀྱི་ཐབ་ཁུང་དུ་བསྲེག་ཅེས་པའི་ཐ་ཚིག་གོ། །ད་ནི་ཞི་བ་ལ་སོགས་པའི་སྦྱིན་སྲེག་བསྟན་པར་བྱ་སྟེ། ཞི་བའི་ཐབ་ཁུང་གྲུ་བཞི་པ། །ཞེས་པ་ལ་སོགས་པ་ནི་གོ་སླའོ། །ཨེ་ཝཾ་མ་ཡཱ་ མཆོག་ཆེན་གྱི། །ཞེས་པ་ནི་ཨེ་ནི་སྤྱན་མའོ། །ཝཾ་ནི་མཱ་མ་ཀཱིའོ། །མ་ནི་གོས་དཀར་མོའོ། །ཡཱ་ནི་སྒྲོལ་མའོ། །སྤྱན་མ་ནི་བྲམ་ཟེའི་བུ་མོའོ། །མཱ་མ་ཀཱི་ནི་གཡུང་མོའོ། །གོས་དཀར་མོ་ནི་གར་མཁན་མའོ། །སྒྲོལ་མ་ནི་ཁྲུས་མཁན་མ་སྟེ། འདི་རྣམས་ ཀྱི་ཆོས་འབྱུང་གི་གནས་ཀྱི་ཟེའུ་འབྲུའི་དབུས་སུ་ཕུང་པོ་ལ་སོགས་པ་བསྲེག་པར་བྱའོ། །མཆོག་ཆེན་ནི་མཆོག་ཏུ་བཟང་བའི་སྦྱིན་སྲེག་ཡིན་ཞེས་པའི་དོན་ཏོ། །གསུངས་ཞེས་པ་ནི་རྡོ་རྗེ་འཆང་གིས་གསུངས་ཞེས་པའི་ཐ་ཚིག་གོ། །རྩ་གསུམ་འཇིགས་པའི་རྡོ་རྗེ་ཞེས་པ་ལ་ སོགས་པ་ནི་གོ་སླའོ། །མེའི་ལྷ་ཞེས་པ་ལ་ཨོཾ་སརྦ་དེ་བ་ཞེས་པ་ལ་སོགས་པའི་སྔགས་ལན་བདུན་བརྗོད་པས་མེ་ལྷ་སྤྱན་དྲང་ངོ་། །མེ་ལྷ་སྤྱན་དྲང་བའི་སྔགས་སོ། །སངས་རྒྱས་ཐོད་པའི་སྦྱོར་བ་ཡིས། །ཞེས་པ་ནི་སངས་རྒྱས་ཐོད་པའི་སྦྱོར་བས་མེ་ལྷ་སྤྱན་དྲང་ཞེས་ པའི་དོན་ཏོ། །སངས་རྒྱས་ཀུན་གྱིས་བྱིན་བརླབས་ཤིང་། །ཞེས་པ་ལ་སོགས་པ་ནི་གོ་སླའོ། །དེ་ནས་བློ་ལྡན་སྦྱིན་སྲེག་བྱ། །ཞེས་པ་ནི་ཤེས་རབ་ཅན་གྱི་རྣལ་འབྱོར་པས་སྦྱིན་སྲེག་བྱ་ཞེས་པའི་ཐ་ཚིག་གོ། །དེར་ནི་སོལ་བ་གཞུག་བྱ་བ། །ཨ་ཤྭདྠ་དང་ནྱ་གྲོ་དང་། ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །པདྨ་ནི་པདྨའོ། །ཨུཏྤ་ལ་ནི་ཨུཏྤ་ལའོ། །ཀུ་མུ་ད་དམར་པོ་ཞེས་པ་ནི་ཨུཏྤ་ལ་དམར་པོའོ། །དྲི་ཞིམ་ཞེས་པ་ནི་དྲི་ཞིམ་པའི་མེ་ཏོག་དམར་པོ་སྟེ་ཕྱིའི་མེ་ཏོག་ལྔ་པོ་འདི་དག་བསྲེག་ཅེས་པའི་དོན་ཏོ། །ཀ་ར་བཱི་ར་གཞན་ཉིས་ འགྱུར། །ཞེས་པ་ནི་ཀ་ར་བཱི་རའི་མེ་ཏོག་ཉིས་འགྱུར་ཁ་སྦྱར་བར་བྱས་ཏེ་བསྲེག་ཅེས་སྦྱར་རོ། །ཡང་ན་པདྨ་ལ་སོགས་པའི་ཚད་གང་ཡིན་པ་དེའི་ཉིས་འགྱུར་གྱི་ཀ་ར་བཱི་ར་བསྲེག་ཅེས་པའི་དོན་ཏོ། །ཞི་བར་གསུངས་ཞེས་པ་ནི་དེ་བཞིན་གཤེགས་པའི་སྦྱིན་སྲེག་འདིས་ཞི་བར་ 26-1-137b གསུངས་པའོ། །ཨོཾ་པདྨ་རཱ་ཛ་ཞེས་བྱ་བ་ལ་སོགས་པ་ནི་པདྨ་བསྲེག་པའི་སྔགས་སོ། །ཨུཏྤལ་འོ་མས་སྦྱིན་སྲེག་བྱ། །ཞེས་པ་ནི་ཨུཏྤ་ལ་དང་འོ་མ་བསྲེས་ལ་སྦྱིན་སྲེག་བྱ་ཞེས་པའི་དོན་ཏོ། །ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་ཞེས་བྱ་བ་ལ་སོགས་པ་ནི་མེ་ཏོག་ཀུ་མུ་ཏ་ལ་སོགས་པ་བསྲེག་ པའི་སྔགས་སོ། །དྲི་ཞིམ་པའི་ཙནྡན་བསྲེག་པའི་སྔགས་གསུངས་པ། ཨོཾ་དྷརྨེ་དྷརྨ་རཱ་ཛ་ཞེས་པ་ལ་སོགས་པའོ། །ཀ་ར་བཱི་ར་དྲི་ཞིམ་དམར། །ཞེས་པ་ནི་སྔགས་འདིས་མེ་ཏོག་ཀ་ར་བཱི་ར་དང་དྲི་ཞིམ་པའི་མར་ཁུ་བསྲེས་ཞེས་པའི་དོན་ཏོ། །འདིའི་སྔགས་གསུངས་པ། ཨོཾ་ཀ་ལི་སུ་ཀ་ ལི་ཞེས་པ་ལ་སོགས་པའོ། །མེ་ཏོག་རེ་རེ་རེ་རེ་ལ། །ཞེས་པ་ནི་སྔགས་ལན་རེ་བཟླས་པའི་མེ་ཏོག་རེ་རེ་བསྲེག་ཅེས་པའི་དོན་ཏོ། །མེ་ནི་འོ་མས་ཞི་བར་བྱ། །ཞེས་པ་ནི་སྦྱིན་སྲེག་རྫོགས་ནས་མེ་འོ་མས་གསད་པར་བྱ་ཞེས་པའི་ཐ་ཚིག་གོ། །དེ་ནས་ཞེས་པ་ལ་སོགས་པ་ནི་གོ་སླའོ། ། ཁ་དོག་སེར་པོ་རྣམ་པར་བསམ། །ཞེས་པ་ནི་རྡུལ་ཚོན་སེར་པོས་ཐབ་ཁུང་ཟླུམ་པོ་མདོག་བསྒྱུར་ཞེས་པའི་དོན་ཏོ། །བདག་ཉིད་ཧེ་རུ་ཀ་རྣམ་པ། །ཞེས་པ་ནི་བདག་ཉིད་ཧེ་རུ་ཀ་སེར་པོའི་གཟུགས་སུ་བསྒོམ་ཞེས་སྦྱར་རོ། །རྒྱས་པའི་དོན་དུ་ཤིང་ལྔའི་ཡམ་ཤིང་བསྲེག་ཅེས་ གསུངས་ཏེ། གང་ཞེ་ན། ཨ་མྲ་ལ་སོགས་པའི་ཤིང་ལྔའོ། །སོར་བཅུ་གཉིས་ཀྱི་ཚད་ཙམ་དུ་ཞེས་པ་ནི་སློབ་དཔོན་ཉིད་ཀྱི་སོར་བཅུ་གཉིས་ཀྱི་ཚད་ཀྱི་ཡམ་ཤིང་གཟུང་བར་བྱའོ། །མ་གས་ཞེས་པ་ནི་རྨ་མེད་པའོ། །མ་སྐམས་ཞེས་པ་ནི་རླན་དང་བཅས་པའོ། །མ་བཅད་ ཅེས་པ་ནི་རྩེ་མོ་མ་ཉམས་པའོ། །བུ་ག་ཅན་ཞེས་པ་ནི་སྲོག་ཆགས་ཀྱིས་ཟོས་པའི་བུ་ག་ཅན་ཏེ་དེ་རྣམས་སྤང་བར་བྱ་ཞེས་པའི་དོན་ཏོ། །དེའི་དབུས་སུ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །རྒྱས་པའི་སྔགས་གསུངས་པ། ཨོཾ་ག་ག་ཞེས་པ་ལ་སོགས་པའོ། །སྔགས་འདིས་ རྒྱས་པའི་སྦྱིན་སྲེག་བྱ་ཞེས་པའི་ཐ་ཚིག་གོ། །ཕྱི་ནས་སེར་པོ་ཆུས་ཞི་བྱ། །ཞེས་པ་ནི་སྦྱིན་སྲེག་ཟིན་ནས་ཆུ་སེར་པོས་མེ་གསད་པར་བྱ་ཞེས་པའི་དོན་ཏོ། །རྒྱས་པའི་སྦྱིན་སྲེག་གོ། །དབང་དུ་བྱ་བའི་སྦྱིན་སྲེག་མཆོག །ཅེས་པ་ནི་དབང་དུ་བྱེད་པའི་སྦྱིན་སྲེག་མཆོག་ 26-1-138a ཏུ་གཅེས་པ་རབ་ཏུ་བཤད་ཅེས་སྦྱར་རོ། །ཐབ་ཁུང་གྲུ་གསུམ་དམར་པོ་ལ། །ཞེས་པ་ནི་ཐབ་ཁུང་གྲུ་གསུམ་པ་ལ་རྡུལ་ཚོན་དམར་པོས་མཐའ་དག་གཡོགས་ཞེས་པའི་དོན་ཏོ། །ཟབས་དང་རྒྱར་ནི་སོར་མོ་བརྒྱད། །ཅེས་པ་ནི་འོག་གི་ཟབས་སུ་སོར་བརྒྱད་ བརྐོ་བའོ། །སྟེང་གི་ཆ་སྟེ་རྒྱར་སོར་བརྒྱད་ཀྱི་ཚད་དུ་བྱ་བའི་དོན་ཏོ། །དེ་དབུས་པདྨ་འདབ་བརྒྱད་དམར། །ཞེས་པ་ནི་ཐབ་ཁུང་དེའི་དབུས་སུ་པདྨ་འདབ་མ་བརྒྱད་པ་མདོག་དམར་བ་བྲི་ཞེས་པའི་ཐ་ཚིག་གོ། །ཟླ་བ་དམར་ལ་སོགས་པས་བརྒྱན། །ཞེས་པ་ནི་ཟླ་བ་དམར་ པོའི་འོད་ཟེར་གྱིས་བརྒྱན་པའོ། །སོགས་པའི་སྒྲས་ནི་ཐབ་ཁུང་མཐའ་དག་བརྒྱན་ཞེས་སྦྱར་རོ། །གྲྭ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །བདག་ཉིད་ཧེ་རུ་ཀ་ཞེས་པ་ལ་སོགས་པ་ལ། ཧེ་རུ་ཀ་སྐུ་མདོག་དམར་པོ་ཕྱག་གཉིས་པ། གཡས་ན་རྡོ་རྗེ་དམར་པོ་གཡོན་ན་ཁྲག་ གིས་བཀང་བའི་ཐོད་པ་བསྣམས་པ་བསམ་པར་བྱའོ། །ཨ་ཤོ་ཀ་ཡི་ཡམ་ཤིང་དང་། །ཞེས་པ་ནི་ཨ་ཤོ་ཀའི་ཡམ་ཤིང་སོར་བརྒྱད་པ་གོ་རོ་ཙ་ན་དང་བཅས་པས་དབང་གི་སྦྱིན་སྲེག་བྱ་ཞེས་པའི་དོན་ཏོ། །དབང་གི་སྦྱིན་སྲེག་གི་སྔགས་གསུངས་པ། ཨོཾ་ཨ་ཤོ་ཀ་ནི་ཞེས་པ་ ལ་སོགས་པའོ། །ཉིན་བདུན་སྦྱིན་སྲེག་བྱས་ཙམ་གྱིས། །ཞེས་པ་ནི་ཉི་མ་བདུན་དུ་སྦྱིན་སྲེག་བྱས་པས་ཇི་སྐད་གསུངས་པ་བཞིན་དུ་འགྱུར་རོ། །ཆུ་དམར་པོ་ཡིས་མེ་ཞི་བྱ། །ཞེས་པ་ནི་ཙནྡན་དམར་པོ་བསྲེས་པའི་ཆུས་གསད་པར་བྱ་ཞེས་པའི་ཐ་ཚིག་གོ། །མངོན་ སྤྱོད་དང་ནི་བསད་པ་མཆོག །ཅེས་པ་ལ་མངོན་སྤྱོད་ནི་ནད་ལ་སོགས་པའི་ཉེ་བར་འཚེ་བའོ། །བསད་པ་ནི་གདོན་མི་ཟ་བར་གསོད་པ་ཇི་ལྟ་བ་དེ་རབ་ཏུ་བཤད་པར་བྱ་ཞེས་སྦྱར་རོ། །ཟབས་དང་རྒྱར་ནི་ཁྲུ་གང་ཚད། །ཅེས་པ་ལ་འོག་གི་ཆར་ནི་ཁྲུ་གང་གི་ཚད་ཙམ་ བརྐོ་བའོ། །སྟེང་གི་རྒྱར་ཡང་ཁྲུ་གང་གི་ཚད་ཙམ་གཞག་པར་བྱའོ། །མདོག་ལྗང་གུ་ཞེས་བྱ་བ་ནི་རྡུལ་ཚོན་ལྗང་གུས་ཐབ་ཁུང་བརྒྱན་པར་བྱའོ། །གྲྭ་གྲྭ་རུ་ནི་རྡོ་རྗེ་བྲི། །ཞེས་པ་ནི་ཐབ་ཁུང་གི་གྲྭ་དང་གྲྭ་རུ་རྡོ་རྗེ་བྲི་བར་བྱ་ཞེས་པའི་དོན་ཏོ། །དབུས་ཀྱི་ས་གཞི་སྟོང་ 26-1-138b པར་བྱའོ་ཞེས་པ་ནི་དབུས་ཀྱི་སྟོང་པ་ལ་ཅི་ཡང་མི་བྲི་ཞེས་པའི་དོན་ཏོ། །ཤ་ལྔས་སྦྱིན་སྲེག་བྱ་ཞེས་པ་ལ་ཤ་ལྔ་ནི་གོ་ཀུ་ད་ཧ་ན་སྟེ་དེ་རྣམས་ཀྱིས་མངོན་སྤྱོད་དང་བསད་པ་དག་ལ་སྦྱིན་སྲེག་བྱའོ། །སྦྱིན་སྲེག་གི་སྔགས་གསུངས་པ། ཨོཾ་མཱ་ར་ཡ་མཱ་ར་ཡ་ཞེས་པ་ལ་སོགས་པའོ། །བདག་ ཉིད་ཧེ་རུ་ཀ་ཞེས་པ་ནི། བདག་ཉིད་སྐུ་མདོག་ནག་པོའི་ཧེ་རུ་ཀར་བསྒོམ་པར་བྱ་ཞེས་པའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །ཕཊ་མཛད་འཇིགས་ཤིང་འཇིགས་པར་མཛད། །ཅེས་པ་ནི་ཕཊ་ཀྱི་སྒྲ་འཇིགས་པར་བྱེད་པ་སྦྱིན་སྲེག་གི་དུས་སུ་བྱ་ཞེས་པའི་དོན་ཏོ། །ཧ་ཧ་ཞེས་ཀྱང་སྦྱར་ རོ། །ལྗང་གུའི་ཆུ་ཡིས་མེ་ཞི་བྱ། །ཞེས་པ་ནི་ཆུ་ལྗང་གུས་མེ་གསད་པར་བྱ་ཞེས་པའི་ཐ་ཚིག་གོ། །གང་གིས་བསྲེག་ཅེས་པ་ནི་སུ་ཡིས་བསྲེག་ཅེས་པའི་དོན་ཏོ། །གང་ཞིག་བསྲེག་ཅེས་པ་ནི་ཅི་ཞིག་བསྲེག་ཅེས་པའི་དོན་ཏོ། །གང་གི་ཞི་བ་ཞེས་པ་ནི་སུའི་ཞི་བ་ཞེས་པའི་དོན་ཏོ། ། གང་ཞི་བ་ཞེས་པ་ནི་ཅི་ཞིག་ཞི་ཞེས་པའི་དོན་ཏོ། །གང་གིས་རྣམ་རྟོག་ཀུན་བཅོམ་པ། །ཞེས་པ་ནི་གང་གིས་རྣམ་པར་རྟོག་པ་ཀུན་བཅོམ་པ་དེ་ལ་སྦྱིན་སྲེག་གིས་ཅི་ཞིག་བྱ་ཞེས་པའི་དོན་ཏོ། །དེའི་དམ་ཚིག་ཙམ་གྱིས་ཐམས་ཅད་འགྲུབ་སྙམ་དུ་དགོངས་སོ། །དེ་ཡིས་སེམས་ནི་ མགུ་བར་བྱེད། །ཅེས་པ་ནི་ཕྱིའི་སྦྱིན་སྲེག་བརྫུན་པས་སེམས་མགུ་བར་མི་འགྱུར་ཏེ། ནང་གི་སྦྱིན་སྲེག་ཉིད་གཙོ་བོ་ཞེས་པའི་དོན་ཏོ། །སངས་རྒྱས་ཐོད་པ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །སྦྱིན་སྲེག་གི་ཆོ་ག་ཞེས་པ་ནི་སྦྱིན་སྲེག་གི་ཆོ་གའི་སྒྲུབ་པའོ། །དེ་ རྗོད་པར་བྱེད་པའི་ལེའུ་སྟེ་བརྒྱད་པའོ།། །།ད་ནི་སྤྱོད་པའི་ལེའུ་རབ་ཏུ་བཤད་པར་བྱ་སྟེ། དེ་ནས་ཞེས་པ་ནི་སྦྱིན་སྲེག་གི་ཆོ་གའི་ལེའུ་བཤད་པའི་རྗེས་ཐོགས་སུའོ། །རྣལ་འབྱོར་གང་གིས་སྤྱོད་ཀུན་བྱེད། །ཅེས་པ་ནི་རྣལ་འབྱོར་པ་གང་གིས་སྤྱོད་པས་ འཁོར་བའི་ཕ་རོལ་དུ་འགྲོ་བར་བྱེད་པ་ཞེས་པའི་དོན་ཏོ། །བུད་མེད་ཤིན་ཏུ་མཆོག་གྱུར་དང་། །ཞེས་པ་ལ་སྤྱོད་པའི་ཁྱད་པར་ཇི་ལྟ་བུ་ཞེ་ན་བུད་མེད་དེ། བུ་མོ་མཆོག་ཏུ་ཕུལ་དུ་བྱུང་བ་དང་ཞེས་པའི་དོན་ཏོ། །དངོས་གྲུབ་བརྒྱད་དང་ཡང་དག་ལྡན། །ཞེས་པ་ནི་གང་གི་ཚེ་རྣལ་ 26-1-139a འབྱོར་པ་ཡོན་ཏན་གྱི་དབང་ཕྱུག་བརྒྱད་དང་ལྡན་པ་དེའི་ཚེ། །སྤྱོད་པ་ཡང་དག་པར་བརྩམ་པར་བྱ་ཞེས་པའི་ཐ་ཚིག་གོ། །སེམས་ཅན་དངོས་གྲུབ་གང་འདོད་པ། །དེ་དེ་དངོས་གྲུབ་རྟག་ཏུ་སྟེར། །ཞེས་པ་ནི་སེམས་ཅན་གང་དག་གིས་དངོས་གྲུབ་གང་དང་གང་བླངས་ པ་དེ་དང་དེ་རྣལ་འབྱོར་པ་དེས་སྟེར་བར་འགྱུར་རོ། །ལག་པས་ཐོད་པ་ཞེས་པ་ལ་སོགས་པ་ནི། ལག་པས་ཐོད་པ་འཛིན་པ་གཅེར་བུ་སྐྲ་གྲོལ་བ་འཁྱམ་པར་བྱའོ། །རྒྱན་རྣམས་ཀུན་ལས་རྣམ་གྲོལ་ཞིང་། །ཞེས་པ་ནི་རྣམ་པར་རྟོག་པ་ཐམས་ཅད་སྤངས་པའོ། །ནམ་མཁའ་དང་ནི་ མཚུངས་གྱུར་པ། །ཞེས་པ་ནི་གང་ནམ་མཁའ་དང་འདྲ་ཞིང་མཚུངས་པར་འགྲོ་བ་དེ་ནི་ནམ་མཁའ་དང་མཚུངས་པར་གྱུར་པ་སྟེ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཞེས་པའི་དོན་ཏོ། །ཤེས་རབ་ཅན་གྱི་ཁྱིམ་དུ་སློང་མོ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །བསྡུས་པའི་དོན་གསུངས་པ། གང་དུ་དེར་ཞེས་པ་ནི་གནས་གང་ཡིན་པ་དེར་རྣལ་འབྱོར་པ་སྤྱོད་པས་གནས་པར་བྱའོ། །ཇི་ལྟར་དེ་ལྟར་ཞེས་པ་ནི་ཇི་ལྟ་བ་དེ་ལྟ་བུའི་རྣམ་པས་གདོན་མི་ཟ་བར་འཁོར་བའི་ཕ་རོལ་དུ་འགྲོ་ཞེས་པའི་དོན་ཏོ། །གང་གིས་དེ་ཡིས་སངས་རྒྱས་ཏེ། །ཞེས་པ་ནི་རྣམ་པ་གང་གིས་ཏེ་དེ་ཡིས་སངས་ རྒྱས་སུ་འགྱུར་ཞེས་པའི་དོན་ཏོ། །རང་གི་རྣམ་རྟོག་དག་གིས་ཉམས། །ཞེས་པ་ནི་རང་གི་རྣམ་པར་རྟོག་པ་སེམས་ཉམས་པ་དེས་ན་སྐྱེ་བ་འདི་ལ་སངས་རྒྱས་སུ་མི་འགྱུར་ཞེས་པའི་དོན་ཏོ། །མཐའ་དག་རང་བཞིན་རྣམ་པར་དག །ཅེས་པ་ནི་ཐམས་ཅད་ཀྱི་རང་བཞིན་རྣམ་པར་ དག་པའོ། །དེ་གང་ཞེ་ན་ཕུང་པོ་ལ་སོགས་པའོ། །དེའི་ཚེ་སྐྱེ་བ་འདི་ལ་སངས་རྒྱས་སུ་འགྱུར་ཞེས་པའི་ཐ་ཚིག་གོ། །སངས་རྒྱས་ཐོད་པ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །སྤྱོད་པ་རྗོད་པར་བྱེད་པའི་ལེའུ་སྟེ་དགུ་པའོ།། །།ད་ནི་སྨན་བཟང་པོ་དང་མོ་ གཤམ་བུ་དང་ལྡན་པའི་ལེའུ་རབ་ཏུ་བཤད་པར་བྱ་སྟེ། དེ་ནས་ཞེས་པ་ནི་སྤྱོད་པའི་ལེའུ་བཤད་པའི་རྗེས་ཐོགས་སུའོ། །གསེར་དུ་ངེས་པར་བྱེད་པའི་ལེའུ་ཞེས་པ་ནི་གསེར་གྱི་ལས་ཀྱིས་ལེའུར་ངེས་ཤིང་གདོན་མི་ཟ་བར་འགྱུར་ཞེས་པའི་ཐ་ཚིག་གོ། །སློབ་དཔོན་ལས་ནི་རབ་ 26-1-139b དང་བས། །ཞེས་པ་ལ་སོགས་པ་ནི་གོ་སླའོ། །འདི་ནི་ཕྱི་ཡི་སྨན་ཡིན་ཏེ། །ཞེས་པ་ནི་འདི་ནི་ཕྱིའི་སྨན་རྣམས་ནི་མ་ཡིན་གྱི་འོན་ཀྱང་ནང་གི་སྨན་ཡིན་ནོ་ཞེས་པའི་དོན་ཏོ། །ཤུན་ལྤགས་ལོ་མ་མ་ཡིན་ཞིང་། །ཞེས་པ་ནི་ཤུན་ལྤགས་དང་ལོ་མའི་སྨན་རྣམས་ཀྱི་ལས་མ་ཡིན་ཞེས་ པའི་དོན་ཏོ། །དངུལ་ཆུ་བཅུད་ལེན་མ་ཡིན་ཏེ། །ཞེས་པ་ནི་དངུལ་ཆུ་དང་བཅུད་ཀྱིས་ལེན་གྱི་ལས་མ་ཡིན་ཞེས་པའི་དོན་ཏོ། །མུ་ཟི་ལྷང་ཚེར་མ་ཡིན་ཞིང་། །ཞེས་པ་ནི་ཇི་ལྟར་མུ་ཟི་དང་ལྷང་ཚེར་བ་དག་གིས་འཇུ་བའི་ལས་མ་ཡིན་ཞེས་པའི་དོན་ཏོ། །ལྕགས་དང་ཞ་ཉེ་ ཟངས་མ་མིན། །ཞེས་པ་ནི་རྡོ་ཁབ་ལེན་གྱི་ལྕགས་དང་ཞ་ཉེ་དང་ཟངས་མ་རྣམས་ཀྱི་ལས་མ་ཡིན་ཞེས་པའི་དོན་ཏོ། །འདི་ལྟ་བུའི་ཚིག་ཐོས་ནས་ཞེས་བྱ་བ་ལ་སོགས་པ་ལ་ཕྱག་ན་རྡོ་རྗེས་སྣ་ཚོགས་སྡེ་མའི་ཞབས་ལ་ཕྱག་འཚལ་ནས་ཅི་ཞིག་སྨྲས་ཤེ་ན། དེ་ཉིད་གསུངས་པ། ལྷ་མོ་ ལེགས་སོ་ཞེས་ནི་སྨྲ། །ཞེས་པ་ནི་ཀྱེ་ལྷ་མོ་ལེགས་སོ་ལེགས་སོ་ཞེས་བརྗོད་པའི་དོན་ཏོ། །སྨན་གྱི་མཆོག་ནི་གང་ཡིན་ཞེས་པ་ནི་སྨན་དེ་དག་གང་ཡིན་ཞེས་པའི་དོན་ཏོ། །དངོས་གྲུབ་ཀྱང་ནི་ཇི་ལྟ་བུ། །ཞེས་པའི་དངོས་གྲུབ་ཀྱང་ཇི་ལྟ་བུ་ཡིན་ཞེས་པའི་དོན་ཏོ། །ལྷ་མོ་ ཆེན་མོ་ཁྱོད་ཀྱིས་གསུངས། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཕྱག་ན་རྡོ་རྗེས་དྲིས་པའི་རྗེས་ཐོགས་སུ་བཀའ་སྩལ་པ་ཞེས་པ་ནི་བཅོམ་ལྡན་འདས་སྣ་ཚོགས་སྡེ་མས་གསུངས་ཏེ་བཀའ་སྩལ་པ་ཞེས་པའི་དོན་ཏོ། །ཁྱིམ་འདི་ཉིད་དུ་གནས་པ་ཡི། །ཞེས་པ་ནི་ ལུས་འདི་ལ་གནས་པའི་སྨན་ནོ། །སྨན་ཆེན་པོ་ཡིས་འགྲུབ་ཅེས་པ་ནི་འདི་ཉིད་དུ་གནས་པའི་སྨན་ཆེན་པོས་འགྲུབ་པར་འགྱུར་ཞེས་པའི་དོན་ཏོ། །དེ་ཡང་སྣོད་བཟང་མཆོག་ཅེས་པ་ནི་རབ་ཏུ་བཟང་བའི་སྣོད་མཆོག་སྟེ། སྙིང་པོ་ལ་སྨན་གནས་ཞེས་པའི་དོན་ཏོ། །བྱིས་པ་ རྨོངས་པས་མི་ཤེས་སོ། །ཞེས་པ་ལ་བྱིས་པ་ནི་སོ་སོའི་སྐྱེ་བོའོ། །མི་ཤེས་པ་ནི་རྨོངས་པས་ཤེས་པ་མ་ཡིན་ཞེས་པའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །སྣོད་བཟང་ལ་ནི་གནས་པའི་བཅུད། །ཅེས་པ་ནི་ཁྱད་པར་ཅན་གྱི་སྣོད་པདྨ་ལ་གནས་པའི་བཅུད་དེ་མི་ཤེས་ 26-1-140a ཞེས་པའི་དོན་ཏོ། །གནས་གང་ན་གནས་ཤེ་ན། དེའི་གནས་གསུངས་པ། ཟེའུ་འབྲུ་གསང་བའི་སྤྱོད་ཡུལ་ཏེ། །ཞེས་པ་ལ་པདྨའི་ཟེའུ་འབྲུ་གབ་པ་ནི་དེའི་ཡུལ་ཏེ་གནས་དེར་འདུག་ཅེས་པའི་དོན་ཏོ། །རོ་བཅུད་རྩ་ཡི་ནང་གནས་པ། །ཞེས་པ་ནི་ཆོས་ཀྱི་ འབྱུང་གནས་ཀྱི་ནང་གི་གཡས་ལོགས་ན་འདུག་པའི་རྩ་ནི་རོ་བཅུད་མ་སྟེ། དེའི་ནང་གི་བཅུད་ལ་ཡང་རོ་བཅུད་ཅེས་བྱ་སྟེ་དེ་ནི་སྨན་གྱི་མཆོག་གོ། །སྨན་དེས་ལྕགས་གསེར་དུ་འགྱུར་རོ། །གཅིག་གིས་ཞེས་པ་ལ་སོགས་པ་ནི་གོ་སླའོ། །རབ་འབྱོར་ཞེས་པ་ནི་ཡང་དག་པའི་སྦྱོར་ བ་གང་གིས་ལྕགས་གསེར་དུ་འགྱུར་བ་དེ་བཤད་ཅེས་སྦྱར་རོ། །མེ་ཏོག་ལྡན་པའི་བུད་མེད་གང་། །ཞེས་པ་ནི་གང་གི་ཚེ་བུ་མོ་དེ་ཁྲག་དང་ལྡན་པ་དེའི་ཚེ་སྨན་དུ་འགྱུར་རོ། །བུད་མེད་དེ་གང་ཞེ་ན། དེ་ཉིད་གསུངས་པ། གཞོན་ནུ་ཁ་དོག་ནག་མོ་སྟེ། །ཞེས་པ་ནི་གཞོན་ནུ་མ་ གང་ཁ་དོག་ནག་མོ་ལོ་བཅུ་དྲུག་མའི་ཁྲག་གི་རྡུལ་དེ་ནི་སྨན་གྱི་མཆོག་ཏུ་བསྟན་ཞེས་པའི་ཐ་ཚིག་གོ། །རྒྱུད་འདི་ཐོས་དང་ལྡན་ཞེས་པ་ནས་བཙོག་མེད་མ་ཞེས་པའི་མཐར་ཐུག་པའི་ཡོན་ཏན་བདུན་དང་ལྡན་པ་བཀའ་ལ་སོགས་པའི་ཤེས་རབ་ཀྱི་རང་བཞིན་ཞེས་པའི་ཐ་ཚིག་ གོ། །འདི་ལྟ་བུའི་བུད་མེད་ཅེས་པ་ལ་སོགས་པ་ནི་གོ་སླའོ། །སྐྱེས་བུ་ཤིན་ཏུ་ཆགས་ཆེ་ཞིང་། །མྱུར་དུ་བྱང་ཆུབ་སེམས་འབབ་པ། །ཞེས་པ་ནི་སྐྱེས་པ་གང་གཅིག་ཏུ་ཆགས་པ་དང་ལྡན་པ་པདྨ་ལ་རེག་པ་ཙམ་གྱིས་བྱང་ཆུབ་ཀྱི་སེམས་འཆོར་བར་འགྱུར་བའི་སྐྱེས་པ་ནི་ ཕྱག་རྒྱའི་དངོས་གྲུབ་ཀྱི་སྣོད་དུ་མི་འགྱུར་རོ་ཞེས་པའི་ཐ་ཚིག་གོ། །དེར་ནི་མེ་ཏོག་ལྡན་བུད་མེད། །གསེར་གྱི་སྦྱོར་བ་ཞེས་པ་ནི་གང་གི་ཚེ་མདོག་ནག་མོའི་བུ་མོའི་མེ་ཏོག་སྟེ་ཁྲག་དང་ལྡན་པ་དེའི་ཚེ་གསེར་དུ་བྱེད་པ་ཡང་དག་པར་བརྩམ་པར་བྱ་ཞེས་པའི་དོན་ཏོ། །གསེར་གྱི་ ལས་གསུངས་པ། གྲུབ་པའི་བཅུད་ཀྱིས་བྱུགས་པ་ཡིས། །ཞེས་པ་ལ་གྲུབ་པའི་བཅུད་དེ་ཁྲག་གིས་བྱུགས་པའི་དཀར་དམར་འདྲེས་པའི་ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེར་ནི་ས་བོན་ཡི་གེ་དྷཱི། །ཞེས་པ་ནི་ཟླ་བ་དེ་ལ་ཡི་གེ་དྷཱིའོ། །ཁྱད་པར་ཇི་ལྟ་བུ་ 26-1-140b ཞེ་ན། སྔོན་དུ་རི་ཡི་རྒྱལ་པོས་བརྒྱན། །ཞེས་པ་ནི་དང་པོ་ཟླ་བའི་དབུས་སུ་ཡི་གེ་སུཾ། །སུཾ་གྱི་དབུས་སུ་ཡི་གེ་ཧྲཱིཿབསམ་པར་བྱའོ། །དེ་ནས་མེ་ཏོག་དང་ལྡན་པའི་ཤེས་རབ་མ་དང་སྙོམས་པར་འཇུག་པར་བྱའོ། །ཟངས་མའི་དངོས་གྲུབ་སྲང་གཅིག་བཅས། །ཞེས་པ་ནི་ཟངས་མ་ སྲང་གཅིག་ཟླུམ་པོར་བྱས་ལ་བུ་མོའི་གཡས་ལོགས་སུ་གཞག་པར་བྱའོ། །དེ་ནས་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱར་བར་བྱའོ། །ལྷག་མ་ནི་གོ་སླའོ། །རི་རབ་ཟླ་བ་ས་བོན་རྒྱལ། །ཞུ་གྱུར་ཐེ་ཚོམ་མེད་པ་ཡིན། །ཞེས་པ་ནི་སྙིང་གའི་ཟླ་བ་དང་སུཾ་གྱི་ས་བོན་དང་དྷཱིའི་ས་བོན་གསུམ་ གཅིག་ཏུ་བྱང་ཆུབ་ཀྱི་སེམས་ཀྱི་གཟུགས་སུ་ཞུ་བ་ཆོས་འབྱུང་དུ་འཛག་ཅིང་འབབ་པའི་དོན་ཏོ། །དེ་ནས་ཟངས་མའི་རི་ལུ་དེ་ཡང་དག་པར་བླངས་ཏེ་མེའི་ནང་དུ་བཅུག་ན་གསེར་དུ་འགྱུར་བར་སོམ་ཉི་མེད་དོ། །སྣོད་བཟང་དེར་ནི་ངལ་བསོས་པ། །ཞེས་པ་ལ་སོགས་པ་ནི་གོ་སླའོ། ། དེའི་ཡོན་ཏན་གསུངས་པ། དེ་ཡི་མ་ཤ་གཅིག་གིས་ནི། །སྲང་བརྒྱ་རུ་ནི་འགྱུར་བ་ཡིན། །ཞེས་པ་ལ་སོགས་པ་སྟེ་འདི་ལ་དད་པར་བྱའོ། །བློ་གྲོས་ཆེན་པོ་ཐོས་ལྡན་པ། །ཞེས་པ་ནི་རྣལ་འབྱོར་པ་བློ་གྲོས་ཆེན་པོ་ཐོས་པ་དང་ལྡན་པ་གལ་ཏེ་མ་དད་པར་བྱེད་ན་དེའི་ཚེ་དམྱལ་ བར་འགྲོ་བར་འགྱུར་ཏེ་དུས་ཇི་སྲིད་ཀྱི་བར་དུ་དམྱལ་བར་གནས་ཤེ་ན། ཇི་སྲིད་སངས་རྒྱས་བཞུགས་ཀྱི་བར། །ཞེས་སྦྱར་རོ། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཞེས་པ་ལ་སོགས་པ་ནི་གོ་སླའོ། །ཇི་སྲིད་སངས་རྒྱས་ཡེ་ཤེས་ཡོད། །ཅེས་པ་ནི་ཇི་སྲིད་སངས་རྒྱས་ཀྱི་ཡེ་ཤེས་ ཡོད་པ་དེ་སྲིད་ཀྱི་དུས་སུ་འཚོའོ་ཞེས་པའི་དོན་ཏོ། །མི་ནི་བསྐལ་པ་བྱེ་བར་འཚོ། །ཞེས་པ་ནི་དེའི་རྡུལ་དང་དངུལ་ཆུ་འོ་མ་སེ་གཅིག་དང་ལྷན་ཅིག་བྱང་ཆུབ་སེམས་དང་བསྲེས་པ་ཟླ་བ་དྲུག་གི་བར་དུ་གལ་ཏེ་ཟོས་ན་ཞེས་པའི་དོན་ཏོ། །ད་ནི་མོ་གཤམ་གྱི་བུ་བྱེད་པ་ གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་ལ། ཡང་དག་སྦྱོར་བས་བཀྲུས་ཙམ་གྱིས། །ཞེས་པ་ནི་རྡོ་རྗེ་དང་པདྨའི་སྦྱོར་བ་དང་སྤྱན་མ་ལ་སོགས་པས་བཀྲུས་པར་བསྒོམས་ན་སྐད་ཅིག་དེ་ལ་བུ་དང་ལྡན་པར་འགྱུར་ཞེས་པའི་ཐ་ཚིག་གོ། །སྔོན་གྱི་གཙོ་བོས་ཇི་ལྟར་གསུངས། ། 26-1-141a ཞེས་པ་ནི་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཇི་ལྟར་ཁྲུས་ཀྱི་ཆོ་ག་གསུངས་པ། དེ་ལྟར་བདག་གིས་ཁྲུས་ཀྱི་ཆོ་ག་རབ་ཏུ་བཤད་ཅེས་པའི་དོན་ཏོ། །ཁ་དོག་ལྔའི་རྡུལ་ཚོན་ཞེས་པ་ལ་སོགས་པ་ནི་གོ་སླའོ། །དཀྱིལ་འཁོར་འཇིགས་པ་བྲི་ཞེས་པ་ནི་ཧེ་རུ་ཀའི་ དཀྱིལ་འཁོར་ལྷ་དགུའི་བདག་ཉིད་བྲི་བར་བྱ་ཞེས་པའི་དོན་ཏོ། །དེར་ནི་བུམ་པ་ལྟོ་ཆེ་བ། །ཟླུམ་པོ་བཞི་ནི་བྲི་བར་བྱ། །ཞེས་པ་ནི་མཚན་ཉིད་ཐམས་ཅད་རྫོགས་པའི་བུམ་པ་བཞི་བཟུང་སྟེ། བུམ་པ་ཆུས་བཀང་ཞིང་རས་ཀྱིས་དཀྲི་བའི་དོན་ཏོ། །རང་གི་ཁྲག་ཅེས་པ་ནི་སྲིན་ ལག་གི་ཁྲག་གིས་བྲི་ཞེས་པའི་དོན་ཏོ། །མཚན་བྲི་ཞེས་པ་ནི་བུམ་པ་བཞི་ལ་སྔོན་དུ་གསུངས་པའི་མཚན་མ་བྲི་ཞེས་པའི་དོན་ཏོ། །བུད་མེད་མོ་གཤམ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །ནག་པོའི་དམར་པོ་འཇིགས་ཆེན་པོ། །ཞེས་པ་ལ་ནག་པོ་ནི་བཅོམ་ལྡན་འདས་སོ། ། དམར་པོ་ནི་བཅོམ་ལྡན་འདས་མའོ། །འཇིགས་ཆེན་པོ་ཞེས་པ་ནི་རུས་པའི་རྒྱན་དང་ལྡན་པར་བསྒོམ་ཞེས་པའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །ཞལ་གཅིག་པ་ལ་ཕྱག་བཞི་པ། །ཞེས་པ་ནི་སྔོན་དུ་གསུངས་པའི་དྲུག་གི་དཀྱིལ་འཁོར་གྱི་མཚན་མ་དང་ལྡན་པ་བསྒོམ་པ་སྟེ། བུམ་པའི་ནང་དུ་རྣལ་འབྱོར་མ་བཞི་དང་ལྡན་པ་བུམ་པའི་ཆུ་ལ་ཞུ་བར་བསམ་པའི་དོན་ཏོ། །དེ་ནས་རལ་གྲི་འཛིན་པའི་སྐྱེས་པ་བཞི་ཞེས་པ་ནི་མོ་གཤམ་གྱི་ཁྲུས་ཀྱི་དུས་སུ་རལ་གྲི་འཛིན་པའི་སྐྱེས་བུ་བཞི་གཞག་པར་བྱ་ཞེས་པའི་དོན་ཏོ། །རལ་གྲིས་ནམ་མཁར་བསྣུན་ཅིང་མོ་གཤམ་ ཁྲུས་ཀྱི་དུས་སུ་སྐྱེས་བུ་དེ་རྣམས་ཀྱིས་ནམ་མཁའ་སྟེ་སྟེང་དུ་རལ་གྲིས་གཅོད་པར་བྱེད་པ་སྟེ། བུམ་པ་རེ་རེས་འཁྲུད་པའི་དུས་སུ་སྐྱེས་པ་རེ་རེས་རལ་གྲིས་ནམ་མཁའ་གཅོད་པར་བྱེད་ཅེས་པའི་དོན་ཏོ། །སངས་རྒྱས་ཐོད་པའི་སྦྱོར་བ་ཡི། །ཞེས་པ་ནི་སངས་རྒྱས་ཐོད་པའི་བསམ་ གཏན་གྱི་བུད་མེད་མོ་གཤམ་གདོན་མི་ཟ་བར་བུ་དང་ལྡན་པར་འགྱུར་ཞེས་པའི་དོན་ཏོ། །སངས་རྒྱས་ཐོད་པའི་ཞེས་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །སྨན་བཟང་པོ་དང་མོ་གཤམ་གྱི་ཁྲུས་ཀྱི་ཆོ་ག་རྗོད་པར་བྱེད་པའི་ལེའུ་སྟེ་བཅུ་པའོ།། །།ད་ནི་མཁའ་ལྡིང་དང་རིག་ 26-1-141b པ་འཛིན་པའི་ལེའུ་རབ་ཏུ་བཤད་པར་བྱ་སྟེ། དེ་ནས་ཞེས་པ་ནི་སྨན་བཟང་པོ་ལ་སོགས་པ་བཤད་པའི་རྗེས་ཐོགས་སུའོ། །སྔོན་དུ་གསུངས་པའི་ཆོ་ག་ཡིས། །ཞེས་པ་ནི་ལེའུ་བཞི་པར་གསུངས་པའི་ཆོ་གས་ལྷ་དགུའི་བདག་ཉིད་ཀྱི་དཀྱིལ་འཁོར་བྲི་ཞེས་པའི་ཐ་ཚིག་གོ། ། བློ་ལྡན་ཧེ་རུ་ཀ་དང་ནི། །ཀུན་ནས་རྣལ་འབྱོར་མ་བརྒྱད་བསྐྱེད། །ཅེས་པ་ནི་གཤིན་རྗེ་མཆེ་བ་མ་ལ་སོགས་པའི་རྣལ་འབྱོར་མ་བརྒྱད་དང་ལྡན་པ་བསྐྱེད་པར་བྱའོ། །ཕྱོགས་ཀྱི་རྣལ་འབྱོར་མ་དཀར་ཞིང་། །ཞེས་པ་ནི་ཕྱོགས་ན་གནས་པའི་རྣལ་འབྱོར་མ་རྣམས་ནི་མདོག་དཀར་མོའོ། ། མཚམས་ཀྱི་དམར་མོ་ཉིད་ཡིན་ནོ། །ཞེས་པ་ལ་མཚམས་ན་གནས་པའི་རྣལ་འབྱོར་མ་རྣམས་ནི་མདོག་དམར་མོར་བསྒོམ་ཞེས་པའི་ཐ་ཚིག་གོ། །སྔོན་དུ་གསུངས་པའི་ཆོ་ག་ཡིས། །ཞེས་པ་ནི་ལེའུ་བཞི་པར་གསུངས་པའི་ཆོ་གའི་བྱ་བ་ཐམས་ཅད་བྱ་བའོ། །བུམ་པ་རྣམ་པ་བཞི་པོ་ ལ། །ཞེས་པ་ལ་སོགས་པ་ནི་གོ་སླའོ། །འབྲས་བཏགས་རང་བཞིན་ཞེས་པ་ནི་འབྲས་སུ་ཆུ་བླུགས་འཇམ་ཞིང་ཞིབ་པར་བཏགས་པར་བྱས་ལ། བཏགས་པ་དེ་ལས་རིག་པ་འཛིན་པ་གཉིས་བྱ་བའི་དོན་ཏོ། །དེ་ཡི་ལག་པར་རལ་གྲི་སྦྱིན། །ཞེས་པ་ནི་དེའི་ལག་པར་འབྲས་བཏགས་ པའི་རང་བཞིན་ལས་བྱས་པའི་རལ་གྲི་སྦྱིན་པར་བྱའོ། །དེའི་སྙིང་གར་སྔགས་བྲིས་པ་གཞུག་ཅེས་པའི་ཐ་ཚིག་གོ། །མར་ཁུ་ཆེན་པོའི་སྣག་ཚ་དང་། །ཞེས་པ་ནི་མིའི་མར་ཁུ་ལས་བྱས་པའི་སྣག་ཚས་གྲོ་གའི་འདབ་མ་ལ་སྔགས་བྲིས་ཏེ་རིག་པ་འཛིན་པའི་སྙིང་གར་གཞུག་ཅེས་པའི་ ཐ་ཚིག་གོ། །སྔགས་གསུངས་པ། ཨོཾ་བུདྡྷ་ཀ་པཱ་ལི་ཞེས་པ་ལ་སོགས་པའོ། །ལན་བདུན་བར་དུ་སྤྱན་དྲང་ངོ་། །ཞེས་པ་ནི་འཆད་བཞིན་པའི་སྔགས་དང་། ཀ་ར་བཱི་ར་དཀར་པོའི་ལྕུག་མས་སྤྱན་དྲང་ཞིང་དགུག་ཅེས་པའི་དོན་ཏོ། །སྤྱན་དྲང་བའི་སྔགས་གསུངས་པ། ཨོཾ་ བུདྡྷ་ཀ་པཱ་ལི་ནི་གྷ་ཊ་གྷ་ཊ་ཞེས་པ་ལ་སོགས་པའོ། །ལན་བདུན་སྔགས་པ་ཙམ་གྱིས་ནི། །ཞེས་པ་ནི་སྔགས་འདིས་བསྐུལ་མ་ཐག་ཏུ་རིག་པ་འཛིན་པ་གཉིས་བར་སྣང་དུ་འགྲོ་བར་དགོངས་སོ། །གཅིག་ནི་དུམ་བུ་དུམ་བུར་ནི། །ས་ལ་ལྷུང་བར་འགྱུར་བ་ཡིན། །ཞེས་པ་ནི་ 26-1-142a རིག་པ་འཛིན་པ་གཉིས་བར་སྣང་ལ་འཐབས་པས་རིག་པ་འཛིན་པ་གཅིག་དུམ་བུ་དུམ་བུར་གྱུར་ནས་དུས་སུ་ཟིན་པའི་སྟེང་དུ་ལྷུང་ངོ་། །ལྷུང་མ་ཐག་ཏུ་དུས་སུ་ཟིན་པ་ལྡང་བར་འདིར་སོམ་ཉི་མི་བྱའོ། །པད་བཏེག་ལ་སོགས་བཅོ་ལྔ་པོ། །གླེགས་བམ་ལ་ནི་བྲི་མ་ བྱས། །ཞེས་པ་ནི་ལོངས་སྤྱོད་ཀྱི་པདྨ་མནན་པ་ལ་སོགས་པ་སྦྱོར་བ་བཅོ་ལྔ་པོ་རྣམས་གླེགས་བམ་སྟེ་སངས་རྒྱས་ཐོད་པའི་རྒྱུད་དུ་མ་བྲིས་ཏེ། འོན་ཀྱང་བླ་མའི་མན་ངག་ལས་ཤེས་པར་བྱ་ཞེས་པའི་དོན་ཏོ། །སངས་རྒྱས་ཐོད་པ་ཞེས་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །རིག་པ་ འཛིན་པའི་སྦྱོར་བའི་མན་ངག་རྗོད་པར་བྱེད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།ད་ནི་སྔགས་སྣ་ཚོགས་ཀྱི་རབ་ཏུ་སྦྱོར་བའི་ལེའུ་བཤད་པར་བྱ་སྟེ། དེ་ནས་ཞེས་པ་ནི་རིག་པ་འཛིན་པའི་སྦྱོར་བའི་མན་ངག་བཤད་པའི་རྗེས་ཐོགས་སུའོ། །དེ་ནས་ཕྱག་ན་རྡོ་རྗེས་རྣལ་ འབྱོར་མ་སྣ་ཚོགས་སྡེ་མ་ལ་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནི། ཕྱག་ན་རྡོ་རྗེས་སྣ་ཚོགས་སྡེ་མ་ལ་ཕྱག་བྱས་ཏེ་འདི་སྐད་ཅེས་སྨྲས་ཞེས་པའི་དོན་ཏོ། །ཅི་ཞིག་སྨྲས་ཤེ་ན། དེ་ཉིད་གསུངས་པ། རྣལ་བྱོར་མ་ཡི་གཙོར་གྱུར་པ། །ཞེས་པ་ལ་སོགས་པ་ནི་གོ་སླའོ། ། རྒྱུད་འདིར་ཁྱོད་ཀྱིས་གང་གསུངས་པ། །ཞེས་པ་ནི་སངས་རྒྱས་ཐོད་པའི་རྒྱུད་འདིར་སྣ་ཚོགས་སྡེ་མ་ཁྱོད་ཀྱིས་གང་གསུངས་པའི་རབ་ཏུ་སྦྱོར་བ་ཞེས་པའི་དོན་ཏོ། །སངས་རྒྱས་ཀུན་གྱིས་མ་བཤད་དོ། །ཞེས་པ་ལ་སངས་རྒྱས་ཀུན་ཏེ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིས་ མ་གསུངས་ཤིང་མ་བཤད་ཅེས་པའི་དོན་ཏོ། །ཨེ་མའོ་སེམས་ཅན་དོན་ལ་བརྩོན། །ཞེས་པ་ལ་ཨེ་མའོ་ཞེས་པ་ནི་ངོ་མཚར་བའོ། །སེམས་ཅན་རྣམས་ཀྱི་དོན་ཆེད་ཆེ་བས་ན་བརྩོན་ཞེས་སྦྱར་རོ། །ཨེ་མའོ་སངས་རྒྱས་ཀུན་བསྐྱེད་མ། ཞེས་པ་ལ་ཨེ་མའོ་ཞེས་པ་ནི་བཤད་ཟིན་ཏོ། ། དེ་བཞིན་གཤེགས་པ་ཐམས་ཅད་སྐྱེད་པར་བྱེད་པས་ན་སངས་རྒྱས་ཀུན་སྐྱེད་མ་ཞེས་པའི་དོན་ཏོ། །ཨེ་མའོ་ཕྱག་རྒྱ་ཆེ་ལ་བརྩོན། །ཞེས་པ་ནི་ཕྱག་རྒྱ་ཆེན་པོ་ལ་ནན་ཏན་ཆེ་ཞིང་དད་པ་དང་ལྡན་པ་རྣམས་ལ་དངོས་གྲུབ་སྟེར་བའི་དོན་ཏོ། །ལྷ་མོ་གསུམ་ཞེས་པ་ནི་ཀྱེ་ལྷ་མོ་ 26-1-142b སྔགས་ཀྱི་རབ་ཏུ་སྦྱོར་བ་གསུངས་ཞེས་པའི་ཐ་ཚིག་གོ། །དང་པོའི་ལེའུར་གང་གང་གསུངས། །ཞེས་པ་ནི་དང་པོའི་ལེའུར་རྣམ་འཕྲུལ་སྣ་ཚོགས་གསུངས་པ་དེ་ཐམས་ཅད་ཀྱི་ལྷ་མོས་གསུངས་ཞེས་པའི་ཐ་ཚིག་གོ། །འདི་ལྟ་བུ་ཡི་ཚིག་གསན་ནས། །ཞེས་པ་ལ་སོགས་པ་ནི་གོ་ སླའོ། །གསུངས་པ་ཞེས་པ་ནི་སྣ་ཚོགས་སྡེ་མས་གསུངས་པའོ། །རྒྱལ་མཚན་འཆང་བ་བླང་བྱས་ལ། །དེ་ཡི་ཤ་ཡང་བླང་བྱ་ཞིང་། །ཞེས་པ་ནི་བར་སྣང་ན་འཕྱང་བའི་ཤ་དང་རུས་པ་བླང་བར་བྱའོ། །རོའི་ཕྱོགས་གང་གི་ཤ་དང་རུས་པ་བླང་ཞེ་ན། དེ་ཉིད་གསུངས་པ། རྐེད་ཆའི་ཞེས་པ་སྟེ་རྐེད་པའི་སུམ་མདོའི་ཕྱོགས་ཀྱི་ཤ་དང་རུས་པ་བླངས་པའི་དོན་ཏོ། །རྐེད་པའི་རུས་པ་བླངས་ནས་ཅི་ཞིག་བྱ་ཞེ་ན། དེ་ཉིད་གསུངས་པ། ཐབ་ཁུང་དུ་ནི་བྱ་ཞེས་པ་ནི་རུས་པ་དེས་ཐབ་ཁུང་གི་གཟུགས་སུ་བྱ་ཞེས་པའི་དོན་ཏོ། །དེ་ཡི་ཐོད་པའི་རྗེས་བཟུང་སྟེ། །ཞེས་ པ་ནི་རོའི་ཐོད་པ་བླངས་ཏེ་ཐོད་པ་དེར་སྡོང་བུ་གཟུགས་པར་བྱའོ། །དེ་ཡི་མར་ཁུས་བཀང་བྱ་ཞིང་། །ཞེས་པ་ནི་རྐེད་པའི་ཆའི་ཤ་བླངས་པ་བཙོས་ཏེ་མར་ཁུ་བྱའོ། །མར་ཁུ་འདིས་ལྡོང་བུ་བཙུགས་པའི་ཐོད་པ་དག་དགང་ཞེས་པའི་དོན་ཏོ། །ཐབ་ཁུང་གྲུ་གསུམ་སྟེང་དུ་ གཞག །ཅེས་པ་ནི་རྐེད་པའི་ཆའི་རུས་པ་ལས་བྱས་པའི་ཐབ་ཁུང་གྲུ་གསུམ་གྱི་དབུས་སུ་ཐོད་པ་གཞག་པར་བྱ་ཞེས་པའི་དོན་ཏོ། །གཞན་ཡང་དུ་བ་འབེབས་པ་ཞེས་པ་ནི་དེའི་སྟེང་དུ་ཐོད་པ་བཞག་ལ་དུ་བ་དབབ་ཅེས་སྦྱར་རོ། །སངས་རྒྱས་ཐོད་པའི་རྣལ་འབྱོར་པས། །ཞེས་ པ་ནི་སངས་རྒྱས་ཐོད་པའི་སྦྱོར་བ་འཛིན་པའི་རྣལ་འབྱོར་པས་ཕྱིས་སྔགས་བཟླ་བར་བྱའོ། །སྔགས་གསུངས་པ། ཨོཾ་བུདྡྷ་ཀ་པཱ་ལི་ནི་ཧ་ར་ཧ་ར། ཞེས་པ་ལ་སོགས་པའོ། །འདི་ལྟའི་སྔགས་ཞེས་པ་ལ་སོགས་པ་ནི་གོ་སླའོ། །རོལ་རྩེད་ཕྲེང་བ་བཏུང་བར་བྱ། །ཞེས་པ་ནི་ཆོས་ཀྱི་ འབྱུང་གནས་སུ་བབས་པའི་བྱང་ཆུབ་ཀྱི་སེམས་པདྨ་ལས་བཏུང་ཞེས་པའི་དོན་ཏོ། །གང་གི་པདྨ་ལས་ཤེ་ན། དེ་ཉིད་གསུངས་པ། བུ་མོ་ལོ་ནི་བཅུ་དྲུག་མ། །ཞེས་པ་ནི་ལོ་བཅུ་དྲུག་ལོན་པའི་ཚད་ཀྱི་བུ་མོའོ། །ལང་ཚོའི་གཟུགས་ལ་བརྩེ་བ་ཅན། །ཞེས་པ་ནི་གཞོན་ནུ་ལང་ཚོ་ 26-1-143a ལ་བབ་པ་མཛེས་ཤིང་སྙིང་རྗེ་དང་ལྡན་པའོ། །དེ་ནི་རྣལ་འབྱོར་པ་ཡིས་སྤྱད། །ཅེས་པ་ནི་བུ་མོ་གཅེར་བུར་བྱས་ལ་གཉིས་ཀྱིས་གཉིས་སྦྱོར་འདོད་པ་སྤྱད་ཅིང་ཧི་ཧིའི་སྔགས་གདོན་པར་བྱའོ། །རོལ་རྩེད་ཕྲེང་བ་བཏུང་བར་བྱའོ། །ཞེས་པ་ནི་དེའི་པདྨ་ ལ་ལྕེས་ཡང་དང་ཡང་དུ་བླངས་ཞེས་པའི་དོན་ཏོ། །སྙོམས་པར་འཇུག་པའི་དུས་སུ་དུ་བ་ལག་པ་གཡོན་པར་གཞག་སྟེ། དེ་ནས་ཡང་དག་པར་སྦྱོར་བར་བྱའོ། །པདྨ་ལས་བྱུང་རྫས་གང་ཞིག །ཅེས་པ་ནི་པདྨ་དེ་ལས་བྱུང་བའི་རྫས་ཞེས་པའི་ཐ་ཚིག་སྟེ། ཆོས་ཀྱི་འབྱུང་གནས་ཀྱི་ནང་ ནས་བྱུང་བའི་ཞེས་སྦྱར་རོ། །དེ་ཉིད་ཀྱིས་ནི་དུ་བ་མཉེ། །ཞེས་པ་ནི་པདྨ་ལས་བྱུང་བ་དེས་དུ་བ་མཉེ་ཞེས་པའི་དོན་ཏོ། །མིང་མེད་མཐེ་བོས་མེ་ཏོག་སྦྱིན། །ཞེས་པ་ལ་མིང་མེད་པ་ནི་པདྨའོ། །མཐེ་བོ་ནི་རྡོ་རྗེ་སྟེ་དེ་དག་གིས་མེ་ཏོག་གི་རྡུལ་དང་བྱང་ཆུབ་ཀྱི་སེམས་བསྲེགས་པའི་ མིག་སྨན་གྱི་ནང་དུ་བླུགས་པར་བྱ་ཞེས་པའི་དོན་ཏོ། །རི་ལུ་བརྒྱ་རྩ་བརྒྱད་བྱ་ཞེས་པ་ནི་འདི་ལས་རི་ལུ་བརྒྱ་རྩ་བརྒྱད་བྱས་ཏེ། རི་ལུ་རེ་རེ་ལ་སྔགས་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ཞེས་སྦྱར་རོ། །སྔགས་གསུངས་པ། ཨོཾ་བུདྡྷ་ཀ་པཱ་ལི་ནི་ཏྲཾ་ཧྲི་ཧཱུཾ་ཕཊ། སྔགས་འདིས་ མངོན་པར་བསྔགས་སོ། །འཇིག་རྟེན་གསུམ་ན་རྙེད་དཀའ་ཞིང་། །ཞེས་པ་ལ་སོགས་པ་ནི་གོ་སླའོ། །སྲིན་ལག་གི་ནི་སོར་མོ་ཡིས། །ཞེས་པ་ནི་སྲིན་ལག་ཀྱང་ཡིན་ལ་སོར་མོ་ཡང་ཡིན་པས་ན་སྲིན་ལག་གི་སོར་མོ་སྟེ་དེས་སོ། །མིག་ལ་དུ་བ་བྱུགས་ཙམ་གྱིས། །ཞེས་ པ་ནི་མིག་ལ་དུ་བ་བྱུགས་པ་ཙམ་གྱིས་འཆད་པར་འགྱུར་བའི་ཡོན་ཏན་དང་ལྡན་པར་འགྱུར་ཞེས་པའི་དོན་ཏོ། །ལག་པ་གཡོན་པས་ཞེས་པ་ལ་སོགས་པ་ནི་གོ་སླའོ། །མཛུབ་མོ་བྱུགས་པ་ཙམ་གྱིས་ཞེས་པ་ནི་དེའི་ཡོན་ཏན་འཆད་བཞིན་པ་དང་ལྡན་པར་འགྱུར་ཞེས་བྱ་བའི་ཐ་ ཚིག་གོ། །གུང་མོ་བྱུགས་པ་ཙམ་གྱིས་ནི། །ཞེས་པ་ནི་གུང་མོ་དབུ་མས་མིག་ལ་བྱུགས་པ་འོག་ནས་འབྱུང་བའི་ངོ་མཚར་བྱེད་དོ། །མཐེ་བོང་གི་ནི་དུད་པ་ཡིས། །བདག་ཉིད་ཆེན་པོ་བྱུགས་ཙམ་གྱིས། །ཞེས་པ་ནི་མཐེ་བོས་མིག་ལ་བྱུགས་པ་ཙམ་གྱིས་ཁང་བཟངས་ 26-1-143b ལ་སོགས་པ་ཕྱེ་མར་བྱེད་པའི་དོན་ཏོ། །མཐེ་ཆུང་གིས་ནི་མིག་བྱུགས་ན། །ཞེས་པ་ནི་མཐེ་ཆུང་གི་སོར་མོས་བྱུགས་པ་ཙམ་གྱིས་འཆད་པར་འགྱུར་བའི་མི་སྣང་བ་ལ་སོགས་པའི་ཡོན་ཏན་དུ་འགྱུར་རོ། །བྱ་རོག་ཅེས་པ་ལ་སོགས་པ་ནི་གོ་སླའོ། །སྦྱོར་བ་གླེགས་བམ་ལ་མ་བྲིས། ། ཞེས་པ་ནི་ཡང་དག་པའི་སྦྱོར་བ་གླེགས་བམ་ལས་ཤེས་པ་མ་ཡིན་ནོ། །འོ་ན་གང་ལས་ཤེས་ཤེ་ན། དེ་ཉིད་གསུངས་པ། བླ་མའི་ཞལ་ལས་ཤེས་པར་བྱ། །ཞེས་པ་ནི་བླ་མའི་ཞལ་གྱི་མན་ངག་གིས་ཤེས་པར་བྱ་ཞེས་པའི་དོན་ཏོ། །དེ་ནས་ཞེས་པ་ནི་མིག་སྨན་བཤད་པའི་རྗེས་ ཐོགས་སུའོ། །སྔགས་དང་རུས་པའི་སྦྱོར་བ་རབ་ཏུ་བཤད་པར་བྱ་སྟེ། སྔགས་དང་རུས་པའི་སྦྱོར་བ་ཡིས། །རྟག་ཏུ་སྣ་ཚོགས་ལས་བྱེད་དོ། །ཞེས་པ་ནི་སྔགས་དང་ལྡན་པའི་རུས་པས་རབ་འབྱམ་སྣ་ཚོགས་པ་རྟག་ཏུ་སྟེ། དུས་ཐམས་ཅད་དུ་བྱེད་ཅེས་པའི་ཐ་ཚིག་གོ། །དེ་ལྟར་ གླང་པོ་ཆེའི་རུས་པ་དང་། ཨོཾ་བུདྡྷ་ཀ་པཱ་ལི་ནི་ཧྲི་ཧཱུཾ་ཞེས་པས་གསད་པར་བྱའོ། །རྟའི་རུས་པ་དང་། ཨོཾ་བུདྡྷ་ཀ་པཱ་ལི་ནི་ཁཾ་ཧྲི་ཧཱུཾ་ཕཊ། ཅེས་པས་བསྐྲད་པར་བྱའོ། །དེ་ལྟར་གླང་པོ་ཆེའི་རུས་པས་ཞེས་པ་ནས་ཧཱུཾ་ཕཊ། ཅེས་པའི་བར་དུ་རུས་པ་བཅུ་བཞི་དང་། སྔགས་བཅུ་ བཞིས་ལས་བཅུ་བཞི་བྱེད་ཅེས་པའི་དོན་ཏོ། །ལེ་འུས་བསྡུས་པའི་དོན་གསུངས་པ། སེམས་གཅིག་དྲི་མེད་མེ་ལོང་བཞིན། །ཞེས་པ་ནི་སེམས་གཅིག་ཉིད་དྲི་མ་མེད་པའི་མེ་ལོང་བཞིན་དུ་བལྟ་བ་སྟེ། དེ་བས་ན་སེམས་ཉིད་ལ་སོགས་པ་འདི་རྣམས་ཀྱི་རྒྱུར་གྱུར་ཞེས་ པའི་ཐ་ཚིག་གོ། །གང་བསམས་དེ་ཡང་གཟུགས་བརྙན་དང་། །ཞེས་པ་ནི་གང་བསམས་པ་དེ་ཡང་གཟུགས་བརྙན་ལྟ་བུ་སྟེ། གང་གཟུགས་བརྙན་གྱི་རྣམ་པ་དེ་ལྟ་བུའི་ལྷའི་སྦྱོར་བས་གང་བསམས་པ་དེ་ཐམས་ཅད་འགྲུབ་པར་འགྱུར་ཞེས་པའི་དོན་ཏོ། །རྨི་ལམ་ལྟ་བུ་ ཤེས་མོད་ཀྱི། །ཞེས་པ་ནི་འགྲོ་བ་མཐའ་དག་རྨི་ལམ་དང་སྒྱུ་མ་ལྟ་བུ་ཞེས་པའི་དོན་ཏོ། །འོན་ཀྱང་རྣམ་པར་རྟོག་པས་བཟུང་། །ཞེས་པ་ནི་འོན་ཀྱང་རྣམ་པར་རྟོག་པས་འཇིག་རྟེན་པ་བཟུང་ཞེས་པའི་ཐ་ཚིག་གོ། །སངས་རྒྱས་ཐོད་པ་ཞེས་པ་ལ་སོགས་པ་ནི་བཤད་ཟིན་ཏོ། ། 26-1-144a སྔགས་ཀྱི་རབ་ཏུ་སྦྱོར་བ་ཞེས་པ་ནི་མིག་སྨན་གྱི་ལས་ཀྱི་ཚོགས་ལ་སོགས་པ་བསྡུས་པའོ། །གང་དུ་དེ་རྗོད་པར་བྱེད་པའི་ལེའུ་ནི་བཅུ་གཉིས་པའོ།། །།ད་ནི་རྣམ་པར་དག་པའི་ལེའུ་རབ་ཏུ་བཤད་པར་བྱ་སྟེ། དེ་ནས་ཞེས་པ་ནི་མིག་སྨན་དང་། སྔགས་གྱི་ལས་ཀྱི་ཚོགས་བསྟན་པའི་རྗེས་ཐོགས་སུའོ། །རྣམ་དག་ལེའུ་རབ་རྙེད་དཀའ། །ཞེས་པ་ནི་དེ་བཞིན་ཉིད་དུ་རྣམ་པར་དག་པའི་ལེའུ་དེ་རབ་ཏུ་རྙེད་པར་དཀའ་བ་སྟེ། ཉན་ཐོས་ལ་སོགས་པས་དཀའ་བ་སྟེ་ཀྱང་མི་རྙེད་པ་ཞེས་པའི་དོན་ཏོ། །ནེ་ནེ་མོ་དང་ཚ་མོ་དང་། །མ་ དང་བུ་མོ་ཆུང་མ་ཉིད། །ཅེས་པ་ནི་ཤེས་རབ་མ་འདི་དག་ལྔ་སྟེ། རྣལ་འབྱོར་མ་མཆོག་ལྔ་ལུས་ལས་འབྱུང་ཞེས་པའི་དོན་ཏོ། །ཤེས་རབ་ཅན་གྱིས་འདི་ལྟར་སྤྱད། །ཅེས་པ་ནི་རྣལ་འབྱོར་མ་འདི་རྣམས་རྡོ་རྗེ་དང་པདྨའི་ཡང་དག་པའི་སྦྱོར་བས་སྤྱད་ཅིང་བསྟེན་པར་བྱའོ། །དེས་ ཅིར་འགྱུར་ཞེ་ན། དེ་ཉིད་གསུངས་པ། གལ་ཏེ་ཕྱག་རྒྱ་ཆེ་འདོད་ན། །ཞེས་པ་ནི་གལ་ཏེ་རྣལ་འབྱོར་པ་ཕྱག་རྒྱ་ཆེན་པོའི་འདོད་པ་དང་ལྡན་པ་དེའི་ཚེ་ཤེས་རབ་མ་ལྔ་པོ་འདི་དག་འདོད་པར་བྱ་ཞིང་ཉེ་བར་ལོངས་སྤྱོད་པར་དགོངས་སོ། །གཡུང་མོ་དང་ནི་གར་མཁན་མ། །ཁྲུས་མཁན་ མ་དང་གཏུམ་མོ་ཡིས། །བུ་མོ་ཀོ་བ་བྱེད་མར་གསུངས། །ཞེས་པ་ནི་རྣལ་འབྱོར་མ་ལྔ་པོ་འདི་རྣམས་ཕྱག་རྒྱ་ཆེན་པོ་འདོད་པས་སྤྱད་པར་བྱ་ཞེས་པའི་དོན་ཏོ། །བློ་དང་ལྡན་པས་འདི་དག་སྤྱད། །ཅེས་པ་ནི་བློ་དང་ལྡན་པའི་རྣལ་འབྱོར་པས་འདོད་པ་སྤྱད་ཅིང་བསྟེན་ཞེས་ བྱ་བའི་དོན་ཏོ། །དེ་ལྔ་རྣལ་འབྱོར་མ་ཡི་མཆོག །ཅེས་པ་ནི་རྣལ་འབྱོར་ལྔ་པོ་འདི་དག་ནི་མཆོག་སྟེ་ཕུལ་དུ་བྱུང་ཞིང་ཕྱག་རྒྱ་ཆེན་པོ་སྒྲུབ་པ་ལ་གོང་དུ་གྱུར་ཞེས་པའི་དོན་ཏོ། །མ་དག་པ་ཡི་སེམས་སྦྱང་ཕྱིར། །ཞེས་པ་ནི་མ་དག་པའི་སེམས་ཏེ། རྣལ་འབྱོར་པའི་སེམས་སྦྱང་ བའི་དོན་དུ་བསྟན་པའོ། །མིག་ནི་སྲིང་མོར་འགྱུར་བ་སྟེ། །ཞེས་པ་ནི་མིག་གི་རང་བཞིན་སྲིང་མོར་འགྱུར་བའོ། །རྣ་བ་ཚ་མོ་ཉིད་ཡིན་ནོ། །ཞེས་པ་ནི་རྣ་བའི་རང་བཞིན་ཚ་མོར་འགྱུར་བའོ། །སྣ་ནི་མ་རུ་འགྱུར་བ་སྟེ། །ཞེས་པ་ལ་སྣའི་རང་བཞིན་ནི་མར་འགྱུར་བའོ། །ལྕེ་ནི་ 26-1-144b བུ་མོ་ཉིད་ཡིན་ནོ། །ཞེས་པ་ལ་ལྕེའི་རང་བཞིན་ནི་བུ་མོར་འགྱུར་བའོ། །ཡིད་ནི་ཆུང་མར་འགྱུར་བ་སྟེ། །ཞེས་པ་ལ་ཡིད་ཀྱི་རང་བཞིན་ནི་ཆུང་མར་འགྱུར་བའོ། །ལྷ་མོ་ལྔ་པོ་དེ་རྣམས་མཆོག །ཅེས་པ་ནི་རྣལ་འབྱོར་མ་ལྔ་པོ་རྣམས་ནི་འདོད་པའི་ཡོན་ཏན་ལྔའི་རང་བཞིན་ཏེ། གོང་ མ་ཞེས་པའི་དོན་ཏོ། །ཕྱག་རྒྱ་ཆེན་པོ་རབ་སྟེར་མ། །ཞེས་པ་ནི་རྣལ་འབྱོར་མས་ཕྱག་རྒྱ་ཆེན་པོ་རབ་ཏུ་སྟེར་ཞེས་པའི་དོན་ཏོ། །གཏི་མུག་གར་མཁན་ཉིད་དུ་འགྱུར། །ཞེས་པ་ནི་གཏི་མུག་གི་རང་བཞིན་གར་མཁན་མར་འགྱུར་བའོ། །ཞེ་སྡང་གཡུང་མོ་ཉིད་ཡིན་ནོ། །ཞེས་ པ་ནི་ཞེ་སྡང་གི་རང་བཞིན་གཡུང་མོར་འགྱུར་བའོ། །འདོད་ཆགས་ཁྲུས་མཁན་མ་ཡིན་ཏེ། །ཞེས་པ་ནི་འདོད་ཆགས་ཀྱི་རང་བཞིན་ཁྲུས་མཁན་མར་འགྱུར་བའོ། །ང་རྒྱལ་གཏུམ་མོ་ཉིད་ཡིན་ནོ། ཞེས་པ་ནི་ང་རྒྱལ་གྱི་རང་བཞིན་གཏུམ་མོར་འགྱུར་བའོ། །ཕྲག་དོག་ཀོ་བ་ བྱེད་པའོ། །ཞེས་པ་ནི་ཕྲག་དོག་གི་རང་བཞིན་ཀོ་བ་བྱེད་མར་འགྱུར་བའོ། །གཟུགས་ལས་གཏི་མུག་སྐྱེ་བ་སྟེ། །ཞེས་པ་ལ་མིག་ནི་གཏི་མུག་རྣམ་པར་དག་པར་འགྱུར་བའོ། །སྒྲ་ལས་ཞེ་སྡང་སྐྱེ་བ་ཡིན། །ཞེས་པ་ནི་སྒྲ་ལས་ཞེ་སྡང་སྐྱེ་བར་འགྱུར་བའོ། །དྲི་ལས་ལོངས་སྤྱོད་ པས་འདོད་ཆགས་ཞེས་པ་ལ་སོགས་པ་ནི་གོ་སླའོ། །ཤིན་ཏུ་སྦྱོར་བའི་སེམས་ཀྱིས་ནི། །ཞེས་པ་ནི་ཤིན་ཏུ་གཅིག་ཏུ་བསམ་གཏན་ལ་སེམས་པའི་རྣལ་འབྱོར་པའོ། །སྐྱེ་འདིར་དངོས་གྲུབ་མ་ཐོབ་ཀྱང་། །ཞེས་པ་ནི་གལ་ཏེ་མིའི་སྐྱེ་བ་འདིར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མ་ཐོབ་ཀྱང་ངོ་། ། དེའི་ཚེ་ཅིར་འགྱུར་ཞེ་ན། དེ་ཉིད་གསུངས་པ། སྐྱེ་གཞན་སྲིད་པར་དངོས་གྲུབ་འགྱུར། །ཞེས་སྨོས་ཏེ། འདི་ལས་གཞན་པའི་སྐྱེ་བ་ལ་གདོན་མི་ཟ་བར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འཐོབ་ཅེས་པའི་དོན་ཏོ། །དེ་ལྟར་ཡང་གསང་བའི་མཛོད་ལས། དབང་བསྐུར་ཡང་དག་ སྦྱིན་ལྡན་ན། །སྐྱེ་དང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡི་སྐྱེ་བ་བདུན་ལ་ནི། །མ་བསྒོམས་པར་ནི་དངོས་གྲུབ་ཐོབ། །གང་ཡང་བསྒོམ་པ་དང་ལྡན་ཞིང་། །གལ་ཏེ་དམ་ཚིག་སྡོམ་ལ་གནས། །སྐྱེ་འདིར་ལས་དབང་གིས་མ་གྲུབ། །སྐྱེ་བ་གཞན་དུ་དངོས་གྲུབ་འཐོབ། །རེ་ 26-1-145a ཞིག་དམ་ཚིག་སྡོམ་མི་གནས། །དངོས་གྲུབ་ཐོབ་པ་ལྟ་ཞོག་གི། །མི་ཡི་སྐྱེ་བའང་རྙེད་པར་དཀའ། །གང་ཡང་བླ་མ་བརྒྱུད་པ་ཡི། །རིམ་འོངས་དེ་ཉིད་རིག་པ་ཡི། །སྒྲུབ་པོ་དེ་ཡིས་བསྒྲུབ་སྙམ་དགོངས། །ཞེས་གསུངས་སོ། །དག་པའི་སེམས་ཀྱིས་ བལྟ་མི་བྱ། །ཞེས་པ་ནི་གང་གིས་སེམས་དག་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་དཀར་པོ་དང་། ལྗང་གུ་དང་། ནག་པོའི་མདོག་ཏུ་མི་བལྟ་ཞིང་མི་བརྟག་པའི་དོན་ཏོ། །འོ་ན་ཇི་ལྟར་བལྟ་ཞེ་ན། ལྷན་ཅིག་སྐྱེས་པའི་བདེ་བའི་རྣམ་པ་ཐམས་ཅད་བལྟ་ཞེས་པའི་དོན་ཏོ། ། དེ་ལྟར་ཡང་། རབ་ཏུ་དགའ་བའི་ནམ་མཁའ་ལས། །ཙནྡན་མེ་ཏོག་བུད་མེད་བཟང་། །མཐོང་བས་གང་ཚེ་འཛག་འགྱུར་བ། །དེ་ཚེ་དགའ་བར་ཡང་དག་བཤད། །སེམས་ཅན་ཀུན་ལ་རྣམ་པར་གནས། །སེམས་ཅན་དེ་དག་ཀུན་གྱི་སེམས། །དཔག་དཀའ་སྐད་ཅིག་ཉིད་ལས་ ཤེས། །ཞེས་གསུངས་སོ། །ལྷག་མ་ནི་གོ་སླའོ། །ཡིད་ཀྱིས་གཉི་ག་སྤྱད་པས་བདེ། །ཞེས་པ་ནི་དངོས་པོ་དང་དངོས་པོ་མེད་པ་གཉིས་ཀ་སྤྱད་པས་བདེ་བའི་རང་བཞིན་ཐོབ་ཅེས་པའི་དོན་ཏོ། །དེར་ནི་དཔྱད་པ་ཡོད་པ་ཡིན། །ཞེས་པ་ནི་བདེ་བ་ཆེན་པོ་ཡང་དག་པར་ བྱུང་བ་ལ་དཔྱད་པ་ཡོད་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །དངོས་པོ་ལ་ནི་དངོས་མེད་ཡོད། །ཅེས་པ་ནི་ཆོས་ཐམས་ཅད་ཀྱི་དངོས་པོ་ལ་དངོས་པོ་མེད་པ་སྟོང་པ་ཉིད་ཡོད་ཅེས་པའི་དོན་ཏོ། །དངོས་མེད་ལ་ཡོད་དངོས་པོ་ཉིད། །ཅེས་པ་ནི་དངོས་པོ་མེད་པ་སྟོང་པ་ཉིད་ལ་ དངོས་པོ་ཡོད་ཅེས་པའི་དོན་ཏོ། །དངོས་དང་དངོས་མེད་གཉི་ག་སྟོང་། །ཞེས་པ་ནི་དངོས་པོ་ཡང་སྟོང་ལ་དངོས་པོ་མེད་པ་ཡང་སྟོང་པ་ཉིད་དེ། གཉི་ག་སྟོང་པ་ཉིད་དུ་བསྒོམ། །ཞེས་པའི་དོན་ཏོ། །འདི་དག་སེམས་ཀྱི་དག་པ་ཉིད། །ཅེས་པ་ནི་འདི་དག་ཐམས་ ཅད་སེམས་ཀྱི་དག་པར་དགོངས་སོ། །དེ་ནས་གཞན་ཡང་རབ་བཤད་པ། །ཕྱི་ཡི་ལུས་ནི་སྦྱང་ཕྱིར་རོ། །ཞེས་པ་ནི་རྒྱུ་དེས་ཕྱིའི་ལུས་ཀྱི་མཆོག་སྦྱང་བ་ལ་རབ་ཏུ་བཤད་ཅེས་སྦྱར་རོ། །ལྷ་དང་ལྡན་པའི་སྙིང་རྗེ་སྟེ། །ཞེས་པ་ནི་ཤེས་རབ་མ་མཐོང་བ་ཙམ་གྱིས་སྙིང་རྗེར་ 26-1-145b འགྱུར་རོ། །འཁྱུད་པ་བྱམས་པར་འགྱུར་བའོ། །ཞེས་པ་ནི་ཤེས་རབ་མ་ལ་འཁྱུད་པ་གང་ཡིན་པ་དེ་ནི་བྱམས་པར་བསྟན་ཞེས་པའི་དོན་ཏོ། །དྲུད་པའི་སྦྱོར་བའི་བདག་ཉིད་ནི། །ཞེས་པ་ནི་རྡོ་རྗེ་དང་པདྨ་ཡང་དག་པར་དྲུད་པ་ལས་དགའ་བར་འགྱུར་ཞེས་པའི་དོན་ཏོ། །གཉིས་ ཀ་འདུས་ལས་གང་འཛག་པ། །ཞེས་པ་ནི་ཤེས་རབ་དང་ཐབས་གཉིས་ཀ་ལས་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་འཛག་པ་དེ་ནི་བཏང་སྙོམས་སུ་གསུངས་སོ། །དེ་ལྟར་དངོས་པོའི་སྦྱོར་ལྡན་པ། །ཇི་ལྟར་འདོད་ཆགས་ཀྱིས་འཆིང་འགྱུར། །ཞེས་པའི་དོན་ཏོ། །མཐོང་བ་ལས་ ནི་སྡུག་བསྔལ་སྐྱེ། །ཞེས་པ་ནི་ཤེས་རབ་མ་མཐོང་བ་ལས་འདོད་ཆགས་ཀྱི་སྡུག་བསྔལ་སྐྱེ་ཞེས་པའི་དོན་ཏོ། །འཁྱུད་ལས་འབྲས་བུ་ཅུང་ཟད་ཙམ། །ཞེས་པ་ནི་འཁྱུད་པ་ལས་ཅུང་ཟད་དགའ་བའི་འབྲས་བུ་འབྱུང་ཞེས་པའི་དོན་ཏོ། །དྲུད་པ་ལས་ནི་དགའ་བ་སྐྱེ། ཞེས་པ་ནི་ རྡོ་རྗེ་དང་། པདྨ་ཡང་དག་པར་དྲུད་པ་ལས་མཆོག་ཏུ་དགའ་བ་སྐྱེ་ཞེས་པའི་དོན་ཏོ། །ཀུན་གྱི་མཐའ་མར་དགའ་བྲལ་བ། །ཞེས་པ་ནི་ཐམས་ཅད་ཀྱི་ཐ་མར་དགའ་བ་ཤོར་ཞིང་དགའ་བྲལ་སྐྱེ་ཞེས་པའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །དེ་ཀུན་བཤང་དང་གཅི་སོགས་སུ། །ཞེས་པ་ ནི་གང་བཟའ་བ་དང་བཏུང་བ་དེ་ཐམས་ཅད་བཤང་བ་དང་གཅི་བ་ལ་སོགས་པར་རྣལ་འབྱོར་རིག་པས་རྟག་ཏུ་སྟེ། དུས་ཐམས་ཅད་དུ་བརྟག་ཅེས་པའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །ཉེད་དང་འཚིར་བ་ཉིད་ཀྱིས་ནི། །ཞེས་པ་ནི་ནུ་མ་ཉེད་ཅིང་སུབ་པ་སྟེ་དེ་ལ་སོགས་པའི་བྱ་ བས་ཕྱག་རྒྱ་ཆེན་པོར་ཡང་དག་པར་བསྐྱེད་ཅེས་པའི་དོན་ཏོ། །རྣལ་འབྱོར་མ་ལྔ་ཞེས་པ་ནི་རྣལ་འབྱོར་མ་ལྔའི་རྩ་ལྔའོ། །སངས་རྒྱས་ཀྱི་དཔལ་ཞེས་པ་ནི་ཕྱག་རྒྱ་ཆེན་པོ་ཞེས་པའི་དོན་ཏོ། །ཕྱག་རྒྱ་ཆེ་སྟེར་བྱེད་པ་ནི། །ཞེས་པ་ནི་ཁྱད་པར་དུ་སྟེར་བར་བྱེད་པ་ཞེས་པའི་དོན་ཏོ། ། རྣལ་འབྱོར་པ་ཡིས་དེ་མཆོད་ན། །ཞེས་པ་ནི་རྣལ་འབྱོར་པ་ཡིས་ཤེས་རབ་མ་ལྔ་པོ་དེ་རྣམས་བསྟན་ན་ཞེས་པའི་དོན་ཏོ། །འདོད་པ་རྣམས་ཀྱིས་གོས་མི་འགྱུར། །ཞེས་པ་ནི་སྤྱོད་བཞིན་པའམ་བསྟེན་བཞིན་པ་ན་སྲིད་པའི་ཉེས་པས་གོས་པར་མི་འགྱུར་ཞེས་པའི་དོན་ཏོ། །ཕྲག་ 26-1-146a དོག་ལ་སོགས་དྲི་མས་ཀྱང་། །ཞེས་པ་ནི་ཕྲག་དོག་ལ་སོགས་པའི་ཉོན་མོངས་པ་སྐྱེས་ཀྱང་བསམ་གཏན་དང་ལྡན་པ་ལ་ཉེས་པས་གོས་པར་མི་འགྱུར་རོ། །ཇི་ལྟར་ཡང་འགྲོ་བ་མཐའ་དག་བརྫུན་དང་སྒྱུ་མ་ལྟ་བུ་ཡིན་ན་ཇི་ལྟར་ཉེས་པ་རྣམས་ཀྱིས་གོས་ཞེས་ པའི་ཐ་ཚིག་གོ། །རྣལ་འབྱོར་པ་ཡི་མཆོག་དེ་ཉིད། །ཅེས་བྱ་བ་ནི་རྣལ་འབྱོར་པ་བསྒོམ་པ་པོ་ཉིད་མཆོག་ཏུ་ཕུལ་དུ་བྱུང་བའི་དེ་ཁོ་ན་ཉིད་ཤེས་པའོ་ཞེས་པའི་དོན་ཏོ། །སྲིད་པའི་ཉེས་པས་གོས་མི་འགྱུར། །ཞེས་པ་ལ་སྲིད་པ་སྟེ་འཁོར་བ་ཐོག་མ་མེད་པའི་རྣམ་པར་ རྟོག་པའི་ཉེས་པ་རྣམས་ཀྱིས་མི་གོས་ཤིང་མི་རེག་ཅེས་པའི་དོན་ཏོ། །ལེའུའི་བསྡུས་པའི་དོན་གྱི་ཚིགས་སུ་བཅད་པ་གསུངས་པ། ཇི་སྲིད་ཁ་མ་བྱེད་མི་གསོར། །ཞེས་པ་ནི་ཇི་སྲིད་དུ་པདྨ་ཁ་མ་བྱེ་བ་དེ་སྲིད་དུ་རྡོ་རྗེ་གསོར་བར་མི་བྱའོ་ཞེས་པའི་དོན་ཏོ། །སངས་རྒྱས་ སྐུ་སྲིད་སྡིག་དང་བྲལ། །ཞེས་པ་ནི་སངས་རྒྱས་ཀྱི་སྐུ་ཇི་སྲིད་པ་སྟེ། འཁོར་བའི་སྡིག་པའི་དྲི་མ་དང་བྲལ་ཞེས་པའི་དོན་ཏོ། །བྱང་ཆུབ་སེམས་ནི་འཛག་མེད་པ། །ཞེས་པ་ནི་བྱང་ཆུབ་ཀྱི་སེམས་འཛག་པར་མི་འགྱུར་བའོ། །དེས་ཅིར་འགྱུར་ཞེ་ན། དེ་ཉིད་གསུངས་ པ། གང་དེ་ཕུན་སུམ་ཚོགས་པའི་ཤིང་། །ཞེས་པ་ནི་བྱང་ཆུབ་ཀྱི་སེམས་གང་མི་འཛག་པའི་ཕུན་སུམ་ཚོགས་པའི་ཤིང་ནི་རྡོ་རྗེ་མཁྲང་ཞེས་པའི་བར་དུའོ། །སངས་རྒྱས་ཐོད་པ་ཞེས་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །ལེའུ་གང་དུ་སེམས་རྣམ་པར་དག་པ་རྗོད་ པར་བྱེད་པའི་ལེའུ་ནི་སེམས་རྣམ་པར་དག་པའི་ལེའུ་ཞེས་བྱ་བ་སྟེ་བཅུ་གསུམ་པའོ།། །།ད་ནི་སྣ་ཚོགས་སྡེ་མའི་ལེའུ་རབ་ཏུ་བཤད་པར་བྱ་སྟེ། དེ་ནས་ཞེས་པ་ནི་སེམས་རྣམ་པར་དག་པ་བཤད་པའི་རྗེས་ཐོགས་སུའོ། །སངས་རྒྱས་ཐོད་པའི་རྒྱུད་ཀྱི་ གླེང་གཞིའི་ལེའུ་རབ་ཏུ་བཤད་ཅེས་སྦྱར་རོ། །དེ་ལྟར་ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཞེས་པ་ནི་ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་ཞེས་པའི་དོན་ཏོ། །རི་རབ་ཀྱི་རྡུལ་ཕྲ་རབ་སྙེད་དང་མཚུངས་པའི་རྣལ་འབྱོར་མ་ 26-1-146b རྣམས་ཞེས་པ་ནི་རི་རབ་ལྷུན་པོའི་རྡུལ་ཕྲ་རབ་དང་མཚུངས་པ་སྟེ། དེ་ཉིད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་དང་མཚུངས་པའི་སྦྱོར་བ་རྣམས་ཞེས་པའི་དོན་ཏོ། །སྤྱན་གདངས་ཤིང་མགུ་བའི་སེམས་ཀྱིས་ཞེས་པའི་མིག་ཕྱེ་ཞིང་སེམས་དགའ་བའི་རྣལ་འབྱོར་མ་རྣམས་ཞེས་པའི་དོན་ཏོ། །སྣ་ ཚོགས་སྡེ་མ་ལ་བཏུད་དེ། །བསྟོད་པ་ཞེས་པ་ནི། རྣལ་འབྱོར་མ་དེ་རྣམས་བཅོམ་ལྡན་འདས་སྣ་ཚོགས་སྡེ་མ་ལ་བསྟོད་པར་བྱེད་ཅེས་པའི་དོན་ཏོ། །ཨེ་མའོ་བཅོམ་ལྡན་འདས་ལྷ་མོ། །ཞེས་པ་ལ་ཨེ་མའོ་ཞེས་པ་ནི་ངོ་མཚར་བའོ། །བཅོམ་ལྡན་འདས་ལྷ་ མོ་ཞེས་པ་ནི་བཅོམ་པ་དང་ལྡན་པའི་ལྷ་མོ་ཞེས་པའི་དོན་ཏོ། །སངས་རྒྱས་ཐམས་ཅད་སྐྱེད་བྱེད་མ། །ཞེས་པ་ནི་སངས་རྒྱས་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། དེ་རྣམས་སྐྱེད་པར་བྱེད་པས་ན་སྐྱེད་བྱེད་མའོ། །དཔལ་དང་གྲགས་པ་ཆེ་ཞིང་ འཇིགས། །ཞེས་པ་ནི་ཕྱག་རྒྱ་ཆེན་པོའི་དཔལ་གྱིས་བྱིས་པའི་རིགས་ཅན་རྣམས་འཇིགས་པར་བྱེད་པས་ན་གྲགས་པ་ཆེན་པོ་དང་ལྡན་པའོ། །སེམས་ཅན་ཀུན་ལ་ཕན་བྱེད་མ། །ཞེས་པ་ནི་སེམས་ཅན་གྱི་དོན་ཐམས་ཅད་ལ་ཕན་པར་བྱེད་ཅེས་པའི་དོན་ཏོ། །ལྷ་ མོ་སྙིང་རྗེ་ཆེར་ལྡན་མ། །ཞེས་པ་ནི་ལྷ་མོ་སྙིང་རྗེ་ཆེན་པོ་དང་ཡང་དག་པར་ལྡན་པ་ཞེས་པའི་དོན་ཏོ། །ཕྱག་རྒྱ་ཆེན་པོ་བློ་ཆེན་མ། །ཞེས་པ་ནི་སྟོང་པ་ཉིད་ཆེན་པོའི་རང་བཞིན་གྱིས་དེ་བཞིན་གཤེགས་པ་རྣམས་རྒྱས་འདེབས་པས་ཕྱག་རྒྱ་ཆེན་པོའོ། །དོན་ ཆེན་འབྲས་བུ་སྟོན་མཛད་མ། །ཞེས་པ་ལ་དོན་ཆེན་པོ་དངོས་གྲུབ་ཆེན་པོའོ། །དེའི་འབྲས་བུ་བདེ་བ་ཆེན་པོའི་ཡེ་ཤེས་སྟོན་པར་མཛད་པས་ན། སྟོན་མཛད་མའོ། །སངས་རྒྱས་ཐོད་པ་ཡི་ནི་རྒྱུད། །ཅེས་པ་ནི་ཤེས་རབ་དང་ཐབས་ཀྱི་རྒྱུད་དོ། །རྡོ་རྗེ་འཆང་ གིས་སྦས་པ་དང་། །ཞེས་པ་ནི་རྡོ་རྗེ་འཆང་བས་མ་གསུངས་པའོ་ཞེས་པའི་དོན་ཏོ། །སངས་རྒྱས་རྣམ་པར་སྣང་མཛད་ལ་སོགས་པས་སེམས་ཅན་དེ་གང་རྣམས་ལ་དངོས་གྲུབ་མ་གསུངས་པ་དེ་བཅོམ་ལྡན་འདས་མས་གསུངས་ཞེས་པའི་དོན་ཏོ། །གསུངས་ 26-1-147a གཅིག་གིས་ནི་གསལ་མཛད་དེ། །ཞེས་པ་ནི་གསོལ་བ་འདེབས་པའི་ཚིག་གཅིག་གིས་སྐད་ཅིག་ལ་གསལ་བར་མཛད་ཅེས་པའི་དོན་ཏོ། །ཨེ་མའོ་སྣོད་ཆེན་ལྷ་མོ་ཁྱོད། །ཅེས་པ་ལ་ཨེ་མའོ་ཞེས་པ་ནི་ངོ་མཚར་བའོ། །སྣོད་ཆེན་ལྷ་མོ་ཞེས་པ་ནི་གནས་ཆེན་པོའི་ ངོ་བོའི་ལྷ་མོ་ཞེས་པའི་དོན་ཏོ། །རྣལ་འབྱོར་མ་ཀུན་འདུས་མཛད་མ། །ཞེས་པ་ནི་རྣལ་འབྱོར་མ་ཐམས་ཅད་དེ་རྩ་ཐམས་ཅད་བསྡུས་ཤིང་བཟླུམ་པ་ཞེས་པའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །གསུངས་པ་ཞེས་པ་ནི་སྣ་ཚོགས་སྡེ་མས་གསུངས་པའོ། །རྣལ་འབྱོར་ མ་ནི་ཐམས་ཅད་ཉོན། །ཞེས་པ་ནི་འདོད་ཆེན་མ་ལ་སོགས་པའི་རྣལ་འབྱོར་མ་ཐམས་ཅད་ཉོན་ཞེས་སྦྱར་རོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། །འདོད་ཆགས་བྲལ་དང་བདག་ཆེན་ཉོན། །ཞེས་པ་ལ་བྱང་ཆུབ་སེམས་དཔའ་ཞེས་པ་ནི་ཕྱག་ན་རྡོ་རྗེ་ལ་སོགས་ པའོ། །འདོད་ཆགས་དང་བྲལ་ཞེས་པ་ནི་ཉན་ཐོས་ལ་སོགས་པའོ། །བདག་ཉིད་ཆེ་ཞེས་པ་ནི་ཚངས་རིས་ལ་སོགས་པའི་ལྷ་རྣམས་ཏེ་དེ་རྣམས་ཐམས་ཅད་ཉོན་ཅིག་ཅེས་སྦྱར་རོ། །སངས་རྒྱས་དེ་བཞིན་གཤེགས་པ་ཉོན། །ཞེས་པ་ལ་སངས་རྒྱས་ཞེས་པ་ ནི་ས་བཅུ་གཅིག་བརྙེས་པའི་སངས་རྒྱས་སོ། །དེ་བཞིན་གཤེགས་པ་ཞེས་པ་ནི་ས་བཅུ་གསུམ་པ་བརྙེས་པ་སྟེ་དེ་རྣམས་ཐམས་ཅད་ཉོན་ཞེས་པའི་དོན་ཏོ། །ལྷ་དང་ཀླུ་དང་མི་ནི་ཉོན། །ཞེས་པ་ལ་ལྷ་ནི་ཚངས་པ་ལ་སོགས་པའོ། །ཀླུ་ནི་ནོར་རྒྱས་ལ་སོགས་པའོ། ། མི་ནི་མི་ཉིད་དོ། །དེ་རྣམས་ཐམས་ཅད་ཉོན་ཅིག་ཅེས་སྦྱར་རོ། །ཅི་ཞིག་ཉན་ཞེ་ན། དེ་ཉིད་གསུངས་པ། རྒྱུད་རྒྱལ་འདི་ནི་བཀླགས་ཙམ་གྱིས། །ཞེས་པ་ནི་རྒྱུད་རྒྱལ་འདི་ལྟ་སྟེ་སངས་རྒྱས་ཐོད་པའི་རྒྱུད་ཀྱི་རྒྱལ་པོ་འདི་མཉན་པ་དང་བཀླགས་པ་ཙམ་གྱིས་བསོད་ ནམས་ཆེན་པོར་འགྱུར་ཞེས་སྦྱར་ཏེ། བྲིས་པ་དང་སྟོན་པའི་བསོད་ནམས་ལ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ལྷ་དང་ཀླུ་དང་མི་རྣམས་རྗེས་སུ་ཡི་རང་ངོ་ཞེས་པའི་དོན་ཏོ། །ཕྱག་རྒྱ་ཆེན་པོའི་དོན་དུ་ནི། །སངས་རྒྱས་ཡོན་ཏན་རྣམ་པ་དབུལ། །ཞེས་པ་ནི་སངས་ 26-1-147b རྒྱས་ཀྱི་ཡོན་ཏན་གྱི་རྣམ་པའི་བསོད་ནམས་འདི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་དབུལ་ཞིང་བསྔོ་ཞེས་པའི་དོན་ཏོ། །སྔགས་དོན་ཟབ་མོ་རྣམས་དང་ནི། །ཞེས་པ་ལ་སོགས་པ་ལ། གང་ཞིག་གསལ་བྱས་བཟོད་པ་མཛོད། །ཅེས་པ་ནི་བདག་གིས་རྒྱུད་ཀྱི་རྒྱལ་པོ་གསལ་ བར་བྱས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བདག་ལ་བཟོད་པ་མཛོད་ཅིག་ཅེས་སྦྱར་རོ། །དེ་ནས་ཞེས་པ་ནི་རྒྱུད་ཀྱི་གླེང་གཞི་བསྟན་པའི་རྗེས་ཐོགས་སུ། སྔགས་ཀྱི་བཟླས་པ་རབ་ཏུ་བཤད། །ཅེས་སྦྱར་རོ། །སྔགས་ཀྱི་བཟླས་པ་སྟོབས་པོ་ཆེ། །ཞེས་བྱ་བ་ནི་སྔགས་ བཟླས་པས་སྟོབས་ཆེན་པོར་འགྱུར་བའི་དོན་ཏོ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །ཞེས་པ་ནི་གལ་ཏེ་རྣལ་འབྱོར་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མཆོག་ཏུ་ཕུལ་དུ་བྱུང་བ་འདོད་ཅིང་དོན་དུ་གཉེར་བར་བྱེད་ན་ཞེས་པའི་དོན་ཏོ། །སངས་རྒྱས་ཐོད་སྦྱོར་བཟང་པོ་བཟླ། ། ཞེས་པའི་ཤེས་རབ་དང་ཐབས་ཀྱི་བསམ་གཏན་གྱིས་སོ། །བཟང་པོ་བཟླ་ཞེས་པ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་བཟང་པོ་དང་ལྡན་པའི་སྔགས་བཟླ་ཞེས་པའི་དོན་ཏོ། །སྔགས་གསུངས་པ། ཨོཾ་ཧྲཱིཿབུདྡྷ་ཧཱུཾ་ཀ་པཱ་ལི་ནི་ཨཱཿ། འཇུག་པ་དང་ལྡང་བ་དང་གནས་པའི་རླུང་ལ་ཡི་གེ་ བཅུ་གསུམ་པའོ། །འཇུག་པ་ལ་ཨོཾ། །འབྱུང་བ་ལ་ཧྲཱིཿགནས་པ་ལ་བུདྡྷ། བདེ་བ་ལ་ཧཱུཾ་ནུབ་པ་ལ་ཀ་པཱ་ལི་ནི། ལྡང་བ་ལ་ཨཱཿའོ། །དེ་ལྟར་བཟླས་པ་རབ་རྙེད་དཀའ། །ཞེས་པ་ནི་རྣམ་པ་དེ་ལྟ་བུའི་སྔགས་ཀྱི་བཟླས་པའི་མན་ངག་ཉན་ཐོས་ལ་སོགས་པས་དཀའ་བས་ཀྱང་ མི་རྙེད་ཅེས་པའི་དོན་ཏོ། །སངས་རྒྱས་ཐོད་པའི་སྦྱོར་ཆུད་བཟླ། །ཞེས་པ་ནི་སངས་རྒྱས་ཐོད་པའི་སྦྱོར་བ་དེར་སེམས་ཆུད་པས་སྔགས་བཟླས་ཞེས་པའི་དོན་ཏོ། །དེ་ལྟར་ཡིད་ཀྱི་བཟླས་ལྡན་པས། །ཞེས་པ་ནི་དེ་ལྟ་བུའི་བཟླས་པ་དང་ལྡན་པའི་རྣལ་འབྱོར་པས་དངོས་ གྲུབ་ཐོབ་པར་ཐེ་ཚོམ་མེད་དེ། རྣལ་འབྱོར་པ་དེའི་དངོས་གྲུབ་ཏུ་འགྱུར་གྱིས་གཞན་དུ་ནི་མ་ཡིན་ནོ། །སྙིང་པོའི་སྔགས་གསུངས་པ། ཨོཾ་བུདྡྷ་ཀ་པཱ་ལི་ནི་ཨ་ཧྲཱི་ཧེ་ཧཱུཾ་ཕཊ། ཉེ་བའི་སྙིང་པོའི་སྔགས་གསུངས་པ། ཨོཾ་ཀ་པཱ་ལི་བཛྲི་ཎི་ཧོ་ཧཱུཾ་ཨ་དུར་ལཀྵེ་ཧཱུཾ་ཕཊ། དེ་དག་ 26-1-148a སྙིང་པོ་དང་ཉེ་བའི་སྙིང་པོར་ཡང་དག་པར་བཤད་དོ། །དེ་ནས་ཞེས་པ་ནི་སྔགས་ཀྱི་དེ་ཉིད་བཤད་པའི་རྗེས་ཐོགས་སུ་དབང་བསྐུར་བ་རབ་ཏུ་བཤད་ཅེས་སྦྱར་རོ། །སློབ་མ་དང་བརྟན་གང་ཞིག་གིས། །ཞེས་པ་ནི་དད་པ་དང་ལྡན་པའི་ སློབ་མ་སྟེ་མི་ཕྱེད་པའི་དད་པ་དང་ལྡན་པའི་སློབ་མས་སོ། །ཤེས་རབ་མ་ལ་གསོལ་བ་གདབ། །ཅེས་པ་ནི་བླ་མ་ཤེས་རབ་མའི་དྲུང་དུ་གསོལ་བ་གདབ་པར་བྱའོ། །ཇི་ལྟར་གསོལ་བ་གདབ་ཅེ་ན། དེ་ཉིད་གསུངས་པ། མཎྜལ་རྣམ་པ་ལྔ་བྱས་ཏེ། །ཞེས་པ་ ནི་རྣལ་འབྱོར་མ་ལྔ་རྣམ་པར་དག་པའི་དཀྱིལ་འཁོར་ལྔ་བྱས་ལ་གསོལ་བ་གདབ་ཅེས་པའི་དོན་ཏོ། །ཇི་ལྟ་བུའི་མཎྜལ་བྱ་ཞེ་ན། དྲི་ཞིམ་པའི་དངོས་པོ་ཡིས། ཞེས་གསུངས་ཏེ། དྲི་ཞིམ་པའི་ཆུས་དཀྱིལ་འཁོར་བྱ་བའི་དོན་ཏོ། །སངས་རྒྱས་ཀུན་གྱིས་ བརྒྱན་བྱས་པ། །ཞེས་པ་ནི་སངས་རྒྱས་ལྔ་རྣམ་པར་དག་པའི་ལྷ་མོའི་དབང་ལྔ་སྩོལ་ཅིག་པ་སྟེ། རྣམ་པར་སྣང་མཛད་ལ་སོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་བརྒྱན་པའི་དབང་ལྔ་སྩོལ་ཅིག་ཅེས་པའི་དོན་ཏོ། །ལྷ་མོ་ཆེ་ལ་གསོལ་བ་གདབ། །ཅེས་ པ་ནི་དབང་གི་དོན་དུ་ལྷ་མོ་སྣ་ཚོགས་སྡེ་མ་ལ་གསོལ་བ་གདབ་ཅེས་པའི་དོན་ཏོ། །ཞལ་དུ་བཟའ་བའི་རྫས་མཆོག་བསྟབ། །ཅེས་པ་ནི་ཟས་ཀྱི་མཆོག་བྱང་ཆུབ་ཀྱི་སེམས་ཀྱི་བཟའ་བ་དང་། ཁྲག་འདྲེས་པ་པདྨའི་ཁ་ནས་སྦྱིན་པར་བྱ་ཞེས་པའི་དོན་ཏོ། ། འདིས་ནི་ལྷ་མོའི་བྷ་གའི་དབང་བསྟན་ཏོ། །གསོལ་བ་དང་ཞེས་པ་ནི་དུང་ཕོར་གྱི་དྲིའི་ཆུ་བཏུང་བའམ། ཡང་ན་བྱང་ཆུབ་ཀྱི་སེམས་བཏུང་བའོ། །འདིས་ནི་གསང་བའི་དབང་བསྟན་པའོ། །ཡིད་ནི་ཚིམ་ཞིང་ཐུགས་དགྱེས་སོ། །ཞེས་པ་ནི་སློབ་ མའི་སེམས་དགའ་བས་བྱང་ཆུབ་ཀྱི་སེམས་བཏུང་ཞིང་ཚིམ་པར་བྱ་བའི་དོན་ཏོ། །ད་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གསུངས་པ། ལྷ་མོ་དགྱེས་པར་མཐོང་ནས་ནི། །ཚིག་འདི་དག་ནི་སྨྲ་བར་བྱེད། །ཅེས་པའི་ལྷ་མོ་སྣ་ཚོགས་སྡེ་མའི་ཞལ་གྱི་པདྨ་བྱེ་ཞིང་། 26-1-148b དགྱེས་པར་མཐོང་ནས་དེ་ནས་སློབ་མས་ཚིག་འདི་དག་སྨྲས་ཞེས་པའི་དོན་ཏོ། །རྣམ་པར་རྟོག་པ་མང་པོ་ཡིས། །ཞེས་པ་ནས་ཞི་བར་མཛོད་ཅེས་པའི་བར་གྱི་ཚིགས་བཅད་ཀྱིས་སྣ་ཚོགས་སྡེ་མ་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་སློབ་མས་ཅི་ ཞིག་བྱ་ཞེ་ན། དེ་ཉིད་གསུངས་པ། དེར་ནི་རྒྱན་རྣམས་ཐམས་ཅད་དང་། །ལྷབ་ལྷུབ་རྒྱན་རྣམས་དབུལ་བར་བྱ། །ཞེས་པ་ནི་གསེར་དང་། དངུལ་དང་། ནོར་བུས་སྤྲས་པའི་རྒྱན་རྣམས་ལྷ་མོ་ལ་དབུལ་ཞིང་བསྟབ་པར་བྱ་ཞེས་པའི་དོན་ཏོ། །དད་པ་བརྟན་ པའི་སེམས་ཀྱིས་ནི། །ཞེས་པ་ནི་མི་ཕྱེད་པའི་དད་པས་དབུལ་བར་བྱ་ཞེས་སྦྱར་རོ། །དེ་ནས་བདག་ཉིད་དབུལ་བར་བྱ། །ཞེས་པ་ནི་དེའི་རྗེས་ཐོགས་སུ་བདག་ཉིད་དངོས་པོ་ཐམས་ཅད་དབུལ་བར་བྱ་ཞེས་པའི་དོན་ཏོ། །སྣ་ཚོགས་ཟས་ཞེས་ པ་ནི་ཟན་དང་། ཤ་དང་ཚོད་མ་སྣ་ཚོགས་པ་སྐྱུར་བ་དང་མངར་བ་ལ་སོགས་པའོ། །སྣ་ཚོགས་བཏུང་ཞེས་པ་ནི་ཆང་སྣ་ཚོགས་ཏེ་བུ་རམ་གྱི་ཆང་དང་དགུན་ཆང་དང་སྦྲང་ཆང་ལ་སོགས་པའོ། །དེ་ཡི་མདུན་དུ་དབུལ་བར་བྱ། །ཞེས་པ་ནི་དེའི་སྟེ། སྣ་ ཚོགས་སྡེ་མའི་མདུན་དུ་དབུལ། །ཞེས་པའི་དོན་ཏོ། །ད་ནི་སྣ་ཚོགས་སྡེ་མ་ཤེས་རབ་མ་གཏད་པ་གསུངས་པ། གང་གིས་ཤེས་རབ་མཉེས་པ་ཞེས་པ་ནི། གང་གིས་རྡོ་རྗེས་ཤེས་རབ་མའི་པདྨ་མཉེས་པ་དེ་ཡིས་དངོས་གྲུབ་ཐོབ་པར་འགྱུར་ བའོ། །སངས་རྒྱས་ཐམས་ཅད་ཀྱིས་ནི་མཆོད། །ཅེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་སངས་རྒྱས་ཐམས་ཅད་དེ་རྣམ་པར་སྣང་མཛད་ལ་སོགས་པས་མཆོད་ཅིང་མཉེས་པར་བྱ་ཞེས་པའི་དོན་ཏོ། །འདི་དང་ཡང་དག་པར་ལྡན་པ་ནི། རྣམ་པར་ སྣང་མཛད་ལ་སོགས་པའི་རྫོགས་པའི་སངས་རྒྱས་སོ་ཞེས་པའི་དོན་ཏོ། །འདི་ཉིད་ལ་ནི་སངས་རྒྱས་བཞུགས། །ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་སངས་རྒྱས་བཞུགས་ཞེས་པའི་དོན་ཏོ། །གཞན་ཡང་དངོས་གྲུབ་གཙོ་བོ་དང་། །ཞེས་པ་ནི་འདིའི་ 26-1-149a ཆོས་ཀྱི་འབྱུང་གནས་ལ་དངོས་གྲུབ་གཞན་ཡང་སྟེ། རལ་གྲི་ལ་སོགས་པ་ཐམས་ཅད་འདི་ཉིད་ལ་གནས་ཞེས་པའི་དོན་ཏོ། །སྙིང་རྗེ་ལྡན་པ་གཞན་གང་ཞིག །ཅེས་པ་ནི་གོ་སླའོ། །མཁའ་འགྲོ་མ་ཀུན་འདི་ལ་བཞུགས། །ཞེས་པ་ནི་ཕྲེང་བཟངས་མ་ལ་ སོགས་པའི་མཁའ་འགྲོ་མ་རྣམས་ཤེས་རབ་མའི་པདྨའི་ནང་ན་གནས་པའི་དོན་ཏོ། །མཚོན་པའི་གནས་གསུངས་པ། གང་དུ་དབང་པོ་འགགས་གྱུར་པ། །ཞེས་པ་ནི་གང་དུ་དབང་པོ་རྣམས་འགགས་ཤིང་ནུབ་པར་གྱུར་པ་དེ་ཉིད་མཚོན་པའི་གནས་སོ། །བདག་ རྟོགས་རང་བཞིན་ཉམས་པ་སྟེ། ཞེས་པ་ནི་གང་དུ་བདག་གི་རང་བཞིན་ཉམས་པ་སྟེ། གང་བདག་གི་རང་བཞིན་ཉམས་པ་དེ་ཉིད་གནས་སུ་གསུངས་པའོ། །ཀྱེ་དེ་ལྷན་ཅིག་སྐྱེས་དགར་གྱུར། །ཞེས་པ་ལ་ཀྱེ་ཞེས་པ་ནི་ཕྱག་ན་རྡོ་རྗེ་ལ་བོད་པའོ། །དེ་ལྷན་ ཅིག་སྐྱེས་དགར་གྱུར་ཞེས་པ་ནི་དེ་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་དུ་གྱུར་པའོ་ཞེས་པའི་ཐ་ཚིག་གོ། །ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ཇི་ལྟར་ཤེས་པར་བྱ་ཞེ་ན། དེ་ཉིད་གསུངས་པ། བླ་མའི་སྤྱན་སྔར་གསལ་བར་ཞུས། ཞེས་པ་ནི་བླ་མའི་ ཞལ་སྔར་དོན་གསལ་བར་ཞུས་ཤིག་པ་སྟེ། བླ་མའི་ཞལ་སྔའི་དྲིན་གྱིས་གསལ་བར་བྱེད་ཅིང་མི་མངོན་པ་མེད་པར་བྱེད་ཅེས་པའི་དོན་ཏོ། །དེ་ནས་སློབ་མས་ཤེས་རབ་ཀྱི་ཡེ་ཤེས་བདེ་བ་ཆེན་པོའི་རྣམ་པ་ཉམས་སུ་མྱོང་བ་དེ་ལ་ཕྱག་འཚལ་བ་གསུངས་པ། དེ་ལ་ཕྱག་ འཚལ་ཞེས་པ་ནི་བདེ་བ་ཆེན་པོ་དེ་ལ་ཕྱག་འཚལ་བ་སྟེ། ཕྱག་བགྱི་ཞེས་པའི་དོན་ཏོ། །གང་ཞིག་འཆར་དུས་ཚེ་ན་དབང་པོ་དང་། །ཞེས་པ་ལ་གང་ཞིག་སྟེ། གང་འཆར་བའི་དུས་ཀྱི་ཚེའི་སྐད་ཅིག་གཅིག་ལ་ཇི་ལྟར་གྱུར་པ་དེ་ཉིད་གསུངས་པ། དབང་ པོ་དང་ཡུལ་མཉམ་པར་ནུབ་པ་སྟེ་བདེ་བ་ཆེན་པོའི་ཡེ་ཤེས་འཆར་བས་དབང་པོ་དང་ཡུལ་ལ་སོགས་པ་ནུབ་ཅིང་ཉམས་པ་ཞེས་པའི་དོན་ཏོ། །མཁས་པ་རྣམས་ཀྱིས་སྙིང་སྦས་སུ་སད་པ། །ཞེས་པ་ལ། སུ་སད་ཅེས་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་སྐུ་དེ་ཉིད་སད་ཀྱི་གཞན་ 26-1-149b སུའང་མ་སད་པའི་དོན་ཏོ། །སྦས་པ་ཤེས་པ་ནི་རབ་ཏུ་སྦས་པའོ། །སད་ཅེས་པ་ནི་ཉམས་སུ་མྱོང་བའོ། །གནས་གང་དུ་ཞེ་ན་མཁས་པའི་སྙིང་གར་ཏེ་མཁས་པ་དེ་ཁོ་ན་ཉིད་ཅེས་པ་རྣམས་ཀྱི་སྙིང་གར་དུས་ཐམས་ཅད་དུ་དགའ་བའི་གཟུགས་ཀྱིས་སད་ཅེས་སྦྱར་རོ། །ཕྱིས་ནི་ མངོན་དགའ་ཞེས་པ་ནི། ཡེ་ཤེས་དེ་ཉིད་མངོན་པར་དགའ་བ་ཞེས་པའི་དོན་ཏོ། །སུ་ཞིག་མངོན་པར་དགའ་ཞེ་ན། རྒྱལ་བའི་མཛེས་སྐུ་གཅིག་ཅེས་བྱ་བ་སྨོས་ཏེ། རྒྱལ་བ་སྟེ་སངས་རྒྱས་ཀྱི་མཛེས་པའི་སྐུའི་གཟུགས་གཅིག་ནི་བྱང་ཆུབ་ཀྱི་སེམས་ཞེས་པའི་དོན་ཏོ། ། སངས་རྒྱས་ཐོད་པ་ཞེས་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །སྔགས་ཀྱི་བཟླས་པ་ཞེས་པ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་དོ། །ཤེས་རབ་མ་ལ་གསོལ་བ་གདབ་པ་དང་ཞེས་པ་ནི་གོ་སླའོ། །རྒྱུད་ཐམས་ཅད་ཀྱི་གླེང་གཞིའི་ལེའུ་ཞེས་པ་ནི་ལེའུ་གང་རྒྱུད་ཐམས་ཅད་ཀྱི་གླེང་ གཞི་རྗོད་པར་བྱེད་པའི་ལེའུ་དེ་ནི་བཅུ་བཞི་པའོ།། །།འདི་གསུངས་ནས་སྣ་ཚོགས་སྡེ་མ་ལ་སོགས་པའི་རྣལ་འབྱོར་མ་ཐམས་ཅད་དང་ཞེས་པ་ལ། རྒྱུད་ཀྱི་རྒྱལ་པོ་འདི་གསུངས་ནས་ཞེས་པ་ནི་སྣ་ཚོགས་སྡེ་མ་དང་། གཤིན་རྗེ་མཆེ་བ་མ་དང་། ཕྲེང་ བཟངས་མ་ལ་སོགས་པ་དང་། ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་རང་རང་གི་གནས་ན་ཅིའང་མི་གསུང་བར་བཞུགས་པར་གྱུར་པའོ། །རྒྱུད་ཅེས་པ་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དོ། །རྣལ་འབྱོར་མ་ཆེན་མོས་གསུངས་ཞེས་པ་ ནི་རྣལ་འབྱོར་མ་ཆེན་མོ་སྣ་ཚོགས་སྡེ་མས་གསུངས་པའོ། །ཅི་གསུངས་ཤེ་ན། མཆོག་ཏུ་གསང་བའི་རྒྱུད་དེས་སོ། །ཞེས་པ་ནི་རྒྱུད་རྫོགས་པར་རྗོད་པར་བྱེད་པའོ། །སྣ་ཚོགས་སྡེ་མས་གསུངས་པ་ཡི། །རྒྱུད་རྒྱལ་སངས་རྒྱས་ཐོད་པ་འདི། ། བདག་རྟོགས་དོན་དུ་དཀའ་འགྲེལ་ནི། །རྒྱས་པ་བདག་གིས་བྱས་པ་ཡིན། །བསོད་ནམས་འདི་ཡིས་འཇིག་རྟེན་རྣམས། །དགའ་བའི་བདེ་བ་ཀུན་རྙེད་ནས། །ཡེ་ཤེས་ལྡན་པའི་ས་གནས་སུ། །ཐམས་ཅད་དུ་ནི་འགྲོ་བར་ཤོག ། སངས་ 26-1-150a རྒྱས་ཐོད་པའི་རྒྱུད་ཀྱི་དཀའ་འགྲེལ་ཡེ་ཤེས་ལྡན་པ་ཞེས་བྱ་བ་དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་ས་ར་ཧའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་གཱ་ཡ་དྷ་ར་དང་། བོད་ཀྱི་ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་ གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།བླ་མའི་ཞབས་ལ་གུས་བཏུད་གསོལ་བཏབ་སྟེ། །མན་ངག་འགྲེལ་པའི་དཀའ་འགྲེལ་ཡེ་ཤེས་ལྡན། །སྒྲ་དོན་སྡེབ་སྤྱོར་འབད་དེ་བསྒྱུར་བྱས་པས། །འགྲོ་ཀུན་གཉིས་མེད་ཡེ་ཤེས་ལྷུན་གྲུབ་ཤོག། །། ༄༅༅། །རྒྱ་གར་སྐད་དུ། བུདྡྷ་ཀ་པཱ་ལ་ཏནྟྲ་ཏཏ་ཏྭ་པཉྩི་ཀཱ་ཙནྡྲི་ཀ་ནཱ་མ། བོད་སྐད་དུ། སངས་རྒྱས་ཐོད་པའི་རྒྱུད་ཀྱི་དཀའ་འགྲེལ་དེ་ཁོ་ན་ཉིད་ཀྱི་ཟླ་བ་ཞེས་བྱ་བ། སངས་རྒྱས་ལ་ཕྱག་འཚལ་ལོ། །དངོས་པོ་ཀུན་གྱི་རང་བཞིན་ཏེ། །ལྷན་ཅིག་སྐྱེས་པའི་ རང་བཞིན་དང་། །ཚིག་དང་བྲལ་བ་སྒྲ་བརྙན་འདྲ། །རྡོ་རྗེ་སེམས་དཔའ་དེ་ལ་འདུད། །ཤིན་ཏུ་ཟབ་པའི་རང་བཞིན་ཅན། །སངས་རྒྱས་ཐོད་པའི་རྒྱུད་ཀྱིས་ནི། །ཀུན་ནས་བསྡུས་པའི་ཚིག་རྣམས་ཀྱིས། །ཇི་ལྟར་དྲན་པ་རྣམ་པར་བཤད། །འདི་སྐད་བདག་ གིས་ཞེས་བྱ་བ་ལ་སོགས་པ་ལ། བདག་གིས་ཐོས་པ་ནི་བདག་གིས་འདི་སྐད་ཐོས་པ་སྟེ། དཀྱིལ་འཁོར་ཆེན་པོ་འདུས་པའི་དུས་སུ་བཅོམ་ལྡན་འདས་ཀྱིས་བཤད་པ་ཕྱག་ན་རྡོ་རྗེས་ཐོས་པ་ལ་བྱའོ། །དུས་ཇི་ཙམ་ཞེ་ན། དུས་གཅིག་ཏུ་སྟེ། དུས་ཞེས་བྱ་བ་ནི་བསམ་ གྱིས་མི་ཁྱབ་པའི་དུས་ཏེ། །གང་གི་དུས་ན་བདག་གིས་ཡིད་བསམ་པ་གཞན་དུ་ཡེངས་པར་མ་གྱུར་པས་སོ་ཞེས་བྱ་བའི་དོན་ཏོ། །དུས་ཞེས་བྱ་བ་ནི་འཁོར་བ་ན་རྣམ་པ་གསུམ་ཡིན་ཏེ་བདེ་བའི་དུས་དང་། སྡུག་བསྔལ་གྱི་དུས་དང་། བསམ་དུ་མེད་པའི་དུས་སོ། ། དེ་ལུས་རབ་ཏུ་སྡུག་བསྔལ་བར་མངོན་དུ་གྱུར་པའི་གནས་སྐབས་ན་གང་ཅུང་ཞིག་ཐོས་ཤིང་གོ་བ་དེ་ཕྱིས་ཇི་བཞིན་པ་དེ་དྲན་པར་འགྱུར་ན་མ་ཡིན་པ་དེ་ཁོ་ན་སྟེ་ཡིད་སྡུག་བསྔལ་བར་མངོན་དུ་གྱུར་པའི་ཕྱིར་ནའོ། །ཡིད་ཤིན་ཏུ་བདེ་བར་ཚོགས་པ་མངོན་དུ་གྱུར་པའི་གནས་ 26-1-150b སྐབས་དེའི་ཚེ་ཡང་ཞེས་པ་གཞན་དག་ཇི་ལྟར་དྲན་པར་གྱུར་པ་ཡིན་ཏེ་མ་ཡིན་ནོ། །དེའི་ཕྱིར་ན་དེ་དག་གཉིས་པོའི་གནས་སྐབས་དང་། གང་རྣམ་པར་བྲལ་བའི་སྐད་ཅིག་མ་དེ་མ་ཐག་པའི་གཞན་པ་དེ་ཉིད་ལ་ཇི་ལྟ་བའི་རྟོགས་པའི་དྲན་པ་སྐྱེའོ། །དེ་ཉིད་དུས་གཅིག་ཅེས་པ་ལ་ བསམ་པ་གཉིས་པོ་དག་མེད་པའི་དུས་ཏེ། དོན་གྱི་དངོས་པོ་ཐམས་ཅད་དུ་འགྲོ་བའི་སེམས་དང་། རྣམ་པར་བྲལ་བའི་སྡུད་པ་པོ་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པ་གང་ཡིན་པ་དེའི་རང་བཞིན་འདི་སྐད་དུ་བདག་སྨྲའོ་ཞེས་སྡུད་པར་བྱེད་པའི་དགོངས་པའོ། །འོ་ན་སེམས་ བསམ་པ་ཐམས་ཅད་དང་རྣམ་པར་བྲལ་བའི་དུས་གང་ཞིག་ཅེ་ན། ཐོས་པ་ལ་སོགས་པའི་མཚན་ཉིད་ཡང་དག་པར་རིག་པར་གྱུར་པ་དེ་མ་འོངས་པའི་དུས་ན་དྲན་པ་སྐྱེ་བའི་གནས་སྐབས་སུ་ཇི་ལྟར་འགྱུར། ཇི་སྲིད་དུ་དྲན་པ་ཞེས་བྱ་བ་ནི་བསམ་པའི་ཆོས་ཡིན་པས་བསམ་པ་མེད་ པའི་དྲན་པ་སྐྱེ་བར་སྲིད་པ་མ་ཡིན་ནོ། །དེའི་ཕྱིར་ན་དུས་གཅིག་ན་ཞེས་པ་བསམ་གྱིས་མི་ཁྱབ་པའི་དུས་སུ་ཇི་ལྟར་འཐད་ཅེ་ན། འདི་ལ་བརྗོད་པར་བྱ་སྟེ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི་འཇིག་རྟེན་པའི་ལས་གཟུང་བར་བྱ་བས་དུས་གང་ཞིག་ཏུ་ངེས་པར་རབ་ཏུ་གནས་པའི་ དངོས་པོ་ལ་ཡིད་འདུ་བྱེད་པ་ལས་མ་གཏོགས་པའི་གཞན་ཚིག་དང་དོན་རྣམས་ལ་བསམ་པ་མེད་པ་ཡིན་ནོ། །དེ་ལྟར་དངོས་པོའི་དོན་རྣམས་ངེས་པ་གང་ཡིན་པ་ལ་ཡིད་ནན་ཏན་དུ་གྱུར་པ་གང་ན། དངོས་པོའི་དོན་མང་པོ་རྣམས་སུ་གནས་གང་གི་ཚེ་ཡིད་དེར་གནས་པར་གྱུར་ པ་དེའི་ཚེ་དངོས་པོ་གཅིག་པུར་ཇི་ལྟར་གྱུར་པའི་ཡང་དག་པར་རིག་ཅིང་དྲན་པ་སྐྱེ་བ་མ་ཡིན་ནོ། །དེའི་ཕྱིར་ན་བསམ་གྱིས་མི་ཁྱབ་པའི་དུས་ནི་ངེས་པའི་དངོས་པོར་ངེས་པར་ཡོངས་སུ་འཛིན་པའི་དུས་ཀྱི་ཡིད་ལ་གཟུང་གི་བསམ་གྱིས་མི་ཁྱབ་པ་དོན་དམ་པ་ལ་དགོངས་པ་ནི་ མ་ཡིན་ཏེ། གང་དེའི་དུས་ན་ནི་གཟུང་བ་དང་འཛིན་པ་ལ་སོགས་པར་རིག་པ་ཐམས་ཅད་རབ་ཏུ་ཞིག་པ་དང་། དེ་ལ་རང་དང་གཞན་དུ་ཡང་དག་པར་རིག་པ་དང་རབ་ཏུ་བྲལ་བའི་ཕྱིར་ན་དྲན་པ་ལ་སོགས་པ་ཡང་དག་པར་འབྱུང་བར་གྱུར་པ་ཇི་ལྟ་བུ་ཞིག་དེ་བཞིན་གཤེགས་པ་ 26-1-151a ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་ཐུགས་ཀྱི་རང་བཞིན་གྱི་ཡི་གེ་ལཾ་གྱི་དཀྱིལ་འཁོར་ཆེན་པོའི་དབུས་སུ་ཞེས་པ་འབྱུང་བ་ཆེན་པོའི་དཀྱིལ་འཁོར་གྱི་དབུས་སུ་བཅོམ་ལྡན་འདས་བཞུགས་ཏེ། འདི་དག་ བཤད་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་དེ་དག་དང་ལྷན་ཅིག་སྡུད་པ་པོ་བདག་གིས་མངོན་སུམ་དུ་ཐོས་པ་དེ་བརྗོད་པར་བྱས་ན། དེ་དག་དང་ལྷན་ཅིག་པའི་དུས་སུ་ཅི་ཡང་རུང་བ་འགའ་ཞིག་བརྗོད་པ་ན་འཇིག་རྟེན་པ་རྣམས་བདེན་པ་དང་ ཡིད་ཆེས་པ་ཡིན་ནོ། །དེས་ན་དེའི་འཁོར་ན་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་པ་དང་དེ་བཞིན་དུ་མཱ་མ་ཀཱི་ལ་སོགས་པའི་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱང་བཞུགས་ཤིང་དེ་བཞིན་དུ་འཕགས་པ་ཀུན་དགའ་བོ་ལ་སོགས་པ་དེ་དག་དཀྱིལ་འཁོར་ན་བཞུགས་པ་ཡིན་ནོ། ། དེ་ལ་འཕགས་པ་ཞེས་བྱ་བ་སྡིག་པ་ལས་འཕགས་པས་ན་འཕགས་པ་སྟེ། སྡིག་པ་མི་དགེ་བ་རྣམས་ཚར་བཅད་དོ་ཞེས་པ་ཇི་སྲིད་པའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་འཇིག་རྟེན་དབང་ཕྱུག་ལ་སོགས་པ་བྱང་ཆུབ་སེམས་དཔའི་འཁོར་བྱེ་བ་ཕྲག་བརྒྱད་ཅུ་དང་ཐབས་ ཅིག་ཏུ་བཞུགས་པ་ན། དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་དེ་ཁོ་ན་ཉིད་ཅེས་བྱ་བ་འདི་སྐད་དུ་བཤད་པ་དེ་བདག་གི་སེམས་རྩེ་གཅིག་པས་རྟོགས་པར་བྱས་པ་དེ་དག་ཉིད་བདག་གིས་བརྗོད་པར་བྱའོ་ཞེས་པའོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་བྱང་ ཆུབ་ལ་གང་གི་སེམས་སེམས་དཔའ་དེ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའོ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གཞན་ཡང་ཆོས་ཀྱི་དེ་ཁོ་ན་ཉིད་དུས་ཇི་ཙམ་ཞིག་ཏུ་བཀའ་སྩལ་པ་དེ་བརྗོད་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ ནི་དེ་མ་ཐག་པར་རོ། །བཅོམ་ལྡན་འདས་ནི་འབྲས་བུའི་རྡོ་རྗེ་འཛིན་པ་ཆེན་པོའོ། །རྡོ་རྗེའི་གོ་འཕང་ཆེན་པོས་ཤེས་པར་བྱ་བ་ནི་རོལ་རྩེད་མཛད་པའོ། །བཤད་པས་ཞེས་བྱ་བ་ནི་དེ་ལྟ་བུར་རོ། །གང་ལྟ་བུར་ཞེ་ན། བཙུན་མོའི་བྷ་གར་ཡོངས་སུ་ཞུ་བར་གྱུར་ཏོ་ཞེས་བྱ་བའི་ 26-1-151b དོན་འདིའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་བཙུན་མོའི་བྷ་གར་མཆོག་ཏུ་བདེ་བའི་གོ་འཕང་ལ་གནས་པས་ན་བཅོམ་ལྡན་འདས་དེར་བཞུགས་པ་ཞེས་བྱའོ། །བྷ་ག་ལ་ཞེས་བྱ་བ་ནི་ཉོན་མོངས་པའི་བག་ཆགས་ཐམས་ཅད་ཡོངས་སུ་ འཇོམས་པའི་གནས་ཡིན་པས་ནའོ། །མཆོག་ཏུ་དགའ་བའི་རོ་ཁོང་དུ་ཆུད་པར་བྱེད་པའི་ཕྱིར་ན་དེ་བཞིན་གཤེགས་པ་རྣམས་ཉིད་བཙུན་མོའི་རང་བཞིན་དུ་གནས་པ་ཡིན་ནོ། །ཡུལ་གྱི་བག་ཆགས་ཀྱིས་སེམས་ཅན་རྣམས་ཀྱི་སེམས་ཡོངས་སུ་ཉོན་མོངས་པར་གནས་པ་དག་རྗེས་སུ་གཟུང་ བའི་དོན་དུ། གསང་སྔགས་ཀྱི་ཚུལ་འདི་དག་བཅོམ་ལྡན་འདས་ཀྱིས་ཁྱད་པར་དུ་ཡང་བསྟན་པ་ཡིན་ནོ། །དེའི་ཕྱིར་ན་བཙུན་མོའི་བྷ་གའི་ངོ་བོར་རྣམ་པར་འཕྲུལ་པར་མཛད་པ་ནི། འདོད་ཆགས་ཆེན་པོའི་རྗེས་སུ་ཞུགས་པ་ཉིད་ཀྱིས། ཡུལ་ལ་ཆགས་པས་བསྲེག་ པའི་སེམས་ཅན་དེ་རྣམས་ཡང་དག་པར་གདོན་པར་བྱ་བའི་ཕྱིར་འདི་ཉིད་མཆོག་ཏུ་བསྟན་ཏོ་ཞེས་བྱའོ། །དེའི་ཕྱིར་ན་ཡུལ་དེ་རྣམས་ཀྱིས་མཆོག་གི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་བསྐྱེད་པ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འཇིགས་པར་མི་བྱ་སྟེ། དེ་རྣམས་ལ་མོས་པ་ དང་བྲལ་བ་ནི། དགེ་བ་མ་ཡིན་པའི་ཕྱིར་དང་། དེ་རྣམས་དེ་བཞིན་གཤེགས་པའི་རང་བཞིན་མཆོག་ཏུ་རྣམ་པར་དག་པ་ཉིད་ཀྱི་ཕྱིར་ནའོ། །དེའི་ཕྱིར་ན་གང་གི་ཡུལ་རྣམས་རང་བཞིན་ཉིད་ཀྱིས་རྗེས་སུ་འབྲེལ་པའི་སེམས་ཅན་རྣམས་ལ་དེ་ཉིད་ཀྱི་ཆོས་སྟོན་པར། བཅོམ་ ལྡན་འདས་ཀྱང་ཐུགས་རྗེ་ཆེན་པོ་རབ་ཏུ་འཇུག་གོ། །ཡང་ན་ཡུལ་རྣམས་ཉིད་ནི་འཁོར་བའི་རྒྱུ་ཉིད་ཡིན་ནོ། །དེའི་ཕྱིར་ན། འདི་རྣམས་ཀྱི་དེ་ཁོ་ན་ཉིད་རང་བཞིན་གྱི་རོ་ཡོངས་སུ་ཤེས་ན་ཡང་དེ་ཡོད་པའི་ཤེས་པའི་ཕྱིར་ན། དེ་མྱ་ངན་ལས་འདས་པའི་ཡང་རྒྱུ་ ཡིན་ནོ། །དེའི་ཕྱིར་ན་ཡང་། དེ་རྣམས་རང་བཞིན་ཇི་ལྟ་བར་ཉམས་སུ་མྱོང་བར་བྱས་ན་ཞེས་སོ། །དེ་སྐད་དུ་ཡང་། སྲིད་པ་ཉིད་ནི་ཡོངས་ཤེས་ན། །མྱ་ངན་ལས་འདས་ཞེས་བྱར་བརྗོད། །ཅེས་སོ། །གང་དང་གང་ཉིད་བཅིངས་པར་བྱུང་བ། དེ་དང་དེ་ཡང་བདེ་ 26-1-152a བ་ཆེན་པོར་འབྱུང་བ་སྟེ། དཔེར་ན་མེ་ཡིས་ཚིག་པ་ལ་མེ་ལ་བསྲོས་པ་ཉིད་སྨན་གྱི་མཆོག་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེ་བཞིན་དུ་ཡུལ་རྣམས་ལ་བརྟེན་པས་ཚིག་པའི་སེམས་ཅན་འདི་རྣམས་ཀྱང་ཡུལ་རྣམས་ལ། རོ་མྱོང་བ་བོར་ནས་བྱང་ཆུབ་ཆེན་པོ་ ལ་རབ་ཏུ་གནས་པར་ནུས་པ་མ་ཡིན་ནོ། །དེ་ཉིད་ཀྱིས་ན་བཙུན་མོའི་བྷ་ག་ལ་མཆོག་ཏུ་མྱ་ངན་ལས་འདས་པར་གྱུར། བཅོམ་ལྡན་འདས་ཆོས་སྟོན་པར་མཛད་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙོ་བོ་ལ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ པས་བཅོམ་ལྡན་འདས་ལ་བལྟ་བ་སྟེ། གང་ཞིག་བདུན་པ་ཡིན་པ་དེ་བཞིན་ན་ཡང་དྲུག་པ་ཉིད་དུ་བལྟ་བ་ཡིན་ཏེ། དྲུག་པ་དང་བདུན་པ་དག་པ་ནི་གནས་སྐབས་འགར་དབྱེར་མེད་པ་ཡིན་པས་སོ། །ཡོངས་སུ་ཞུ་བའི་རྒྱུ་གསུངས་པ། རྡོ་རྗེ་དང་པདྨ་ཞེས་བྱ་བ་ལ་ སོགས་པ་སྟེ། རྡོ་རྗེ་དང་པདྨ་མཉམ་པར་སྦྱར་བས་བཙུན་མོའི་བྷ་ག་དིར་བཅོམ་ལྡན་འདས་ཞུ་ནས་བཞུགས་པ་ཡིན་ནོ། །ཞུ་བ་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་གནས་སྐབས་སུ་གནས་པ་ཙམ་མོ། །དེ་ལྟ་བུར་བཅོམ་ལྡན་འདས་བདེ་བ་ཆེན་པོའི་ངོ་བོར་སྙོམས་ པར་ཞུགས་པར་ཡོངས་སུ་སྣང་བ་ན་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ངོ་མཚར་རྨད་དུ་གྱུར་པ་ཡིན་པར་བལྟའོ། །ང་མྱ་ངན་ལས་འདས་པ་མཐོང་སྟེ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་དམ་པ་སྐྱེས་པར་གྱུར་ན་ནི་དེ་ཁོ་ན་ཉིད་ ཀྱི་མཆོག་རབ་ཏུ་གསལ་བར་རབ་ཏུ་འབྱེད་པར་མཛད་པས་སོ། །གཅིག་ལ་གཅིག་བགྲོས་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་འདི་མཆོག་གི་ཆོས་ཅི་འདྲ་བ་ཞིག་སྟོན་ཞིག་གུ་ཞེས་པའོ། །དེ་ནས་དེ་ལྟར་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ངོ་མཚར་གྱི་རྣམ་པར་ གྱུར་པར་སྣང་བ་ན་ཕྱག་ན་རྡོ་རྗེ་ཆོས་ཉིད་རབ་ཏུ་གསལ་བར་བྱ་བའི་དོན་དུ་བཅོམ་ལྡན་འདས་ཡུལ་རྣལ་འབྱོར་མ་རི་མོ་ཅན་གྱི་སྡེ་ལ་ཞུས་པའི་ཚིག་ལྷ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །སེམས་ཅན་རྣམས་བསྒྲལ་བར་བྱ་བའི་ཕྱིར། ཤིན་ཏུ་མཆོག་ཏུ་གྱུར་པའི་ཐབས་ 26-1-152b གཞན་འགའ་ཞིག་ཡོད་དེ། དེ་བས་ན་བཅོམ་ལྡན་འདས་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གནས་སོ། །ཐབས་གཞན་པ་གང་གིས་སེམས་ཅན་བསོད་ནམས་དམན་པ་རྣམས་ཀྱང་མཐུ་དང་དངོས་གྲུབ་ཐོབ་པར་འགྱུར་ཏེ། དེའི་དོན་དུ་དེ་ལྟ་བུ་འདི་བཅོམ་ ལྡན་འདས་ཀྱི་ཁྱད་པར་ཅན་གྱི་རྒྱུད་གཞན་དག་དང་། གཞན་ནའང་འཆད་པར་མཛད་པ་ཡིན་ནོ། །འོ་ན་རྣལ་འབྱོར་པའི་རྒྱུད་རྣམས་དང་། རྣལ་འབྱོར་མའི་རྒྱུད་རྣམས་དང་། ཕ་རོལ་ཏུ་ཕྱིན་པའི་ཚུལ་རྣམས་ཅི་བཅོམ་ལྡན་འདས་ཀྱིས་མ་བསྟན་ནམ། འདི་དག་གི་དེ་ཁོ་ན་ཉིད་ ཡོངས་སུ་ཤེས་པ་ལས་སེམས་ཅན་རྣམས་དངོས་གྲུབ་དང་། རྫུ་འཕྲུལ་ཐོབ་པར་མི་འགྱུར་ཞིང་། གང་ཡང་གཞན་ལས་ཁྱད་པར་དུ་འདི་སེམས་ཅན་རྣམས་ཀྱི་དངོས་གྲུབ་ཆེན་པོར་འགྱུར་བར་སྟོན་ཅིང་འཆད་ཅེ་ན། འདི་ལ་གསུངས་པ་རྣལ་འབྱོར་མའི་རྒྱུད་ཉིད་བྱེ་བ་ཕྲག་དྲུག་ དང་ཞེས་བྱ་བ་ལ་སོགས་པ་སྟེ། འདིའི་དོན་ནི་གང་ཡང་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་ཕའི་རྒྱུད་ལ་སོགས་པ་མང་པོ་གཞན་དག་བསྟན་པ་དེར་ཡང་དངོས་གྲུབ་དང་རྫུ་འཕྲུལ་རྣམས་བསྟན་ཅིང་བརྗོད་པ་ཉིད་དོ། །གཞན་ཡང་གང་དེ་རྣམས་ཀྱི་སྔགས་རྣམས་གསུངས་ པ་གང་ཡིན་པ་དག་ཀྱང་དངོས་གྲུབ་རྣམས་སྩོལ་བ་ཡིན་ནོ། །དེ་ལྟར་བཤད་མོད་ཀྱི་ཡང་བཤད་པའི་དེ་ཁོ་ན་ཉིད་ལས་ཁྱད་པར་ཉིད་ནི་དེ་རྣམས་སུ་ཇི་སྲིད་པའི་སྔགས་རྣམས་གསུངས་པ་ལས། དེ་རྣམས་ཁ་ཅིག་ཏུ་ནི་འབུམ་བཟླས་པས་སོ། །ཁ་ཅིག་ཏུ་ནི་བྱེ་བ་ བཟླས་པས་སོ། །ལ་ལར་ནི་འབུམ་ཕྲག་ལྔ་དང་བཅུ་བཟླས་པས་དངོས་གྲུབ་ཀྱི་ཆར་འགྱུར་རོ་ཞེས་པ་སྟེ། དེས་རྒྱུད་གཞན་པ་དེ་རྣམས་སུ་སེམས་ཅན་རྣམས་ཉོན་མོངས་པར་འགྱུར་བ་ཡིན་ལ། ཡང་འདིར་ནི་དེ་ཁོ་ན་ཉིད་རབ་ཏུ་གསལ་བ་འདི་བཀླགས་པ་ཙམ་གྱིས་ དངོས་གྲུབ་ཏུ་འགྱུར་བ་ཡིན་ན་ནི། གང་གིས་འདིར་སྔགས་རྣམས་ཐམས་ཅད་བཀླགས་པས་འགྲུབ་པར་འགྱུར་རོ་ཞེས་པ་དེའི་དགོངས་པ་ནི་འདི་ལྟ་སྟེ། རྒྱུད་ཀྱི་ཡང་དང་པོར་ནི་སྔགས་རྣམས་གཙོ་བོ་ཡིན་ཏེ་དངོས་གྲུབ་དང་ནུས་མཐུ་རྣམས་སུ་བྱེད་པ་ནི། སྔགས་རྣམས་ 26-1-153a ཀྱི་ཡིན་པའི་ཕྱིར་ནའོ། །དེའི་ཕྱིར་སྔགས་རྣམས་དངོས་གྲུབ་མྱུར་དུ་སྟེར་བ་ཡིན་པའི་ཕྱིར་ན། རྒྱུད་གཞན་པ་དེ་རྣམས་ཀྱང་མཆོག་ཏུ་བླང་བར་བྱ་བ་ཡིན་ནོ། །དེ་ཉིད་ཀྱང་རྒྱུད་ཁ་ཅིག་ལས་ནི་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །དེ་ཉིད་ནི་བྱེ་བར་ བཟླས་པ་ཞེས་བྱ་བ་ལ་སོགས་པ་རྒྱུ་ཡིན་པས་སྟོན་པར་གསུངས་སོ། །སེམས་ཅན་བསོད་ནམས་དམན་པ་ཞེས་བྱ་བ་ལ་སོགས་པ་ལ་བསོད་ནམས་དམན་པས་ནི་བྱེ་བར་བཟླས་སོ་ཞེས་བྱ་བར་ཉེ་བར་གནས་སོ། །བརྩོན་འགྲུས་ཆུང་བ་རྣམས་ལ་ནི་འབུམ་དུ་བཟླས་སོ། ། བསོད་ནམས་ཀྱི་སྣོད་ཅན་བསྒོམ་པ་ལ་འབད་པ་ལ་ནི་ཁྲི་ཕྲག་གཅིག་གིས་སོ། །ད་ནི་འདི་རྒྱུད་གཞན་རྣམས་ལས་ཇི་ལྟ་བ་བཞིན་དུ་ཁྱད་པར་དུ་གྱུར་པ་དེ་ཉིད་རབ་ཏུ་གསལ་བར་བྱ་བའི་ཕྱིར། སེམས་ཅན་འདོད་ཆགས་ཀྱིས་བཅིངས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་འདོད་ཆགས་ཀྱིས་བཅིངས་པ་རྣམས་ཀྱི་སེམས་ནི་སྔགས་ཟློས་པར་བྱེད་པར་ནུས་པ་མ་ཡིན་ཏེ། ཤིན་ཏུ་འདོད་ཆགས་ལ་མངོན་དུ་ཕྱོགས་པའི་ཕྱིར་རོ། །དེ་བཞིན་དུ་སེམས་ཅན་འོན་པ་དང་། ལྐུགས་པའི་རིགས་རྣམས་ཀྱི་བཟླས་པ་བྱེད་པའི་ནུས་པ་མེད་ པ་ཉིད་དེ། དེ་རྣམས་ལ་ཡི་གེ་གསལ་པོར་བརྗོད་པ་དང་། གྲངས་ངེས་པར་གཞག་པ་མེད་པའི་ཕྱིར་ནའོ། །སྔགས་བརྗོད་ལུགས་ནི་ཤིན་ཏུ་མྱུར་བ་མ་ཡིན། ཤིན་ཏུ་དལ་བ་མ་ཡིན། ཤིན་ཏུ་ཐུང་བ་མ་ཡིན། ཤིན་ཏུ་རིང་བ་ཡང་མ་ཡིན་པར་སྔགས་བཟླས་པ་ཅུང་ཞིག་ཐོས་ ཙམ་དུ་བརྗོད་པར་གསུངས་སོ། །དེ་བཞིན་དུ་ཤིན་ཏུ་ཡང་སེམས་ཐིམ་པར་གྱུར་ན། ཡིད་ཀྱིས་ཀྱང་སྔགས་ཀྱི་བཟླས་པ་བྱ་བ་མ་ཡིན་ནོ། །དེ་ལྟར་ན་ཡང་ཇི་ལྟར་ཕན་ཚུན་འདུས་ཤིང་ཚོགས་པ་ནི་ཟློས་པ་དང་། དེ་བཞིན་དུ་ཡང་སེམས་སྐྱོ་ཞིང་ཞུམ་པས་དེར་ བཟླས་པས་ནི་བསྐལ་པ་བྱེ་བ་བརྒྱར་བཟླས་པ་བྱེ་བ་ཕྲག་བརྒྱ་བྱས་ཀྱང་འགྲུབ་པར་འགྱུར་བ་མ་ཡིན་ཏེ། གུས་པའི་སེམས་དང་། རྩེ་གཅིག་པའི་སེམས་མེད་པའི་ཕྱིར་ནའོ། །དེའི་ཕྱིར་ན་རྒྱུད་གང་རྣམས་སུ་བྱེ་བར་བཟླས་པ་ལ་སོགས་པས་འགྲུབ་པར་གསུངས་པ་ 26-1-153b དེ་རྣམས་སུ་དེ་རྣམས་འགྲུབ་པར་ཇི་ལྟར་འགྱུར། འོན་པ་ལ་སོགས་པ་རྒྱུད་འདིར་ནི་སྔགས་ལན་ཅིག་བཟླས་པ་ཙམ་གྱིས་ཀྱང་དངོས་གྲུབ་ཏུ་འགྱུར་བའོ། །དེས་ན་གང་ཡང་འདོད་ཆགས་ཀྱིས་ཤིན་ཏུ་བཅིངས་པ་དག་སྔགས་མང་དུ་བཟླས་པ་ལ་མངོན་པར་སྤྲོ་བ་མེད་པ་རྣམས་ཀྱང་ འགྲུབ་པར་འགྱུར་བ་ཡང་དེ་བཞིན་དུ་སྔགས་གསལ་པོར་བརྗོད་པ་ལ་སོགས་པ་འདིར་ནི་རྒྱུ་ཡིན་པ་ལས་འདིས་ནི་ལྐུགས་པ་ལ་སོགས་པ་ཡང་དངོས་གྲུབ་ཀྱི་སྣོད་དུ་འགྱུར་བ་དང་། སྔགས་རྣམས་མེད་ཀྱང་སྒོམ་པ་དང་རབ་ཏུ་སྦྱོར་བ་ཙམ་ལས་ཀྱང་འདིར་དངོས་གྲུབ་ཀྱི་སྣོད་དུ་ཕུན་སུམ་ཚོགས་ པར་འགྱུར་བ་དང་། ནུས་པ་མེད་པ་དང་། འདོད་པ་མེད་པ་དེ་རྣམས་ཀྱིས་ཀྱང་སྔགས་བཟླས་ན་ཐམས་ཅད་འགྲུབ་བོ། །གཞན་ཡང་དམན་པའི་སེམས་དང་ལྡན་པ་ལ་སོགས་པ་ཡང་འདིར་དངོས་གྲུབ་ཀྱི་རྒྱུའི་དངོས་པོ་ཡིན་ནོ། །དེས་ན་སེམས་ཅན་གྱི་ཕུང་པོ་ཐམས་ཅད་ ཡང་དག་པར་བསྡུ་བའི་ཕྱིར། རྒྱུད་གཞན་རྣམས་ལས་སངས་རྒྱས་ཐོད་པའི་རྒྱུད་འདི་ཕུལ་དུ་བྱུང་བ་ཡིན་ནོ། །འོ་ན་ནི་བཅོམ་ལྡན་འདས་ཀྱིས་རྒྱུད་གཞན་དང་གཞན་རྣམས་ཡང་དག་པར་གསུངས་པ་མ་ཡིན་ཏེ། ཇི་སྲིད་དུ་རྒྱུད་འདིར་སེམས་ཅན་ཐམས་ཅད་མཆོག་ཏུ་ ཡང་དག་པར་བསྡུས་ནས་དངོས་གྲུབ་མྱུར་བར་འགྲུབ་པར་བརྗོད་པ་དེའི་ཕྱིར་ན། རྒྱུད་གཞན་པ་རྣམས་ཡང་དག་པ་མ་ཡིན་པར་རབ་ཏུ་གསལ་བར་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། རྒྱུད་དེ་རྣམས་ཡང་དག་པ་མ་ཡིན་པར་གནས་པ་ནི་མ་ཡིན་ཏེ། དེ་འདྲ་བའི་དེ་ཁོ་ན་ཉིད་ རྣམས་བསྟན་པ་ནི་སྣོད་དུ་གྱུར་པའི་སེམས་ཅན་རྣམས་ལ་རྒྱུད་དེ་རྣམས་བསྟན་པའི་ཕྱིར་རོ། །གང་ཞིག་སངས་རྒྱས་ཐོད་པའི་རྒྱུད་ཀྱི་མཚན་ཉིད་བསྟན་པའི་སྣོད་ཀྱི་སེམས་ཅན་དེ་རྣམས་ལ་ཡང་འདི་ཉིད་བསྟན་པའི་ཕྱིར་ཏེ། སེམས་ཅན་དེ་དག་ཐམས་ཅད་ནི་བསྟན་ པ་ཐམས་ཅད་ཀྱི་སྣོད་དུ་སྐྱེ་བ་མ་ཡིན་པས་དམན་པ་དང་། འབྲིང་དང་མཆོག་གི་རིམ་པས་སེམས་བྱེ་བྲག་ལས་ལྷག་པའི་བསོད་ནམས་དང་བསོད་ནམས་མེད་པའི་ཁྱད་པར་ལས་སོ། །ཕྱག་ན་རྡོ་རྗེའི་ཚིག་དེ་དག་ཉིད་ཐོས་ནས་རྣལ་འབྱོར་མ་རི་མོ་ཅན་གྱི་དེ་བདག་ཉིད་སྔགས་ 26-1-154a ཀྱི་དོན་དེ་ཉིད་ཉམས་སུ་མྱོང་བར་འདོད་ནས་བཅོམ་ལྡན་འདས་ཀྱི་ཞལ་དུ་རེག་པ་དང་བཅས་པས་ལྟ་ཞིང་བཞུགས་པ་དེ་ཉིད་སྟོན་པ་དེ་སྐད་དུ་ཐོས་ནས་རྣལ་འབྱོར་མ་རི་མོ་ཅན་གྱི་སྡེས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། ཆགས་པའི་ལྟ་བ་ནི་བཅོམ་ལྡན་འདས་ ལ་རྗེས་སུ་ཆགས་པས་མཆོད་པ་མཛད་པ་ཡིན་ནོ། །མཆོད་པ་དེ་བྱས་ནས་ཇི་ལྟར་རེ་བའི་དོན་འགྲུབ་པར་འདོད་པའོ། །འཇིགས་མ་ཤིན་ཏུ་གཤེ་བས་ཞེས་བྱ་བ་ནི་དེ་ལྟ་བུའི་ཆོས་མཆོག་གི་དངོས་གྲུབ་སྩོལ་བའི་སྔགས་ལ་སོགས་པའི་དེ་ཁོ་ན་ཉིད་དེ་བཅོམ་ལྡན་འདས་ཀྱིས་ གསལ་པོར་མ་མཛད་པ་ལ་གཤེ་བ་སྟེ། བཅོམ་ལྡན་འདས་ཡུམ་དེ་སེམས་ཅན་གྱི་དོན་ཉིད་ལ་གཤེ་བ་ཕུན་སུམ་ཚོགས་པའོ། །དེ་ཡང་འཁོར་བའི་སྡུག་བསྔལ་ལས་ཡོངས་སུ་བསྒྲལ་བའི་ཕྱིར་མཆོག་གི་སྔགས་ལ་སོགས་པའི་དེ་ཁོ་ན་ཉིད་བསྟན་པས་སེམས་ཅན་འདི་ དག་མྱུར་དུ་དངོས་གྲུབ་ཐོབ་པར་ནུས་པར་འགྱུར་བར་བྱ་བ་ལའོ། །འོ་ན་ནི་བཅོམ་ལྡན་འདས་ཡུམ་དེ་ཉིད་རང་གིས་ཅི་དེ་ལྟ་བུའི་དེ་ཁོ་ན་ཉིད་མི་མཁྱེན་ནམ། གང་གིས་ནི་བཅོམ་ལྡན་འདས་ལ་ཞུ་བ་མཛད་པ་ཡིན་ཞེ་ན། དེ་ལ་བརྗོད་པར་བྱ་སྟེ། གང་གི་ཡང་དམ་པའི་དོན་ ནི་མཁྱེན་པ་མ་ཡིན་པ་དེ་ལྟ་མོད་ཀྱང་སེམས་ཅན་རྣམས་རྗེས་སུ་གཟུང་བར་བྱ་བའི་རྒྱུས་དེ་ལྟ་བུའི་དེ་ཁོ་ན་ཉིད་བསྟན་པའི་དོན་གྱི་སྤྱོད་པ་མཛད་པ་ཡིན་ནོ། །དེ་ལྟ་བུའི་དམ་ཚིག་གི་དམ་པ་རྣམས་ཀྱིས་རང་བཞིན་དང་ལྷན་ཅིག་ཏུ་སྟོན་པར་འགྱུར་བ་ནི་ཤིན་ཏུའང་ཚད་མ་ཡིན་པར་ འགྲོའོ། །དེ་ལྟ་བུའི་དམ་ཚིག་ཉིད་ནི་བཅོམ་ལྡན་འདས་ཀྱིས་རྟོགས་པའི་དགོངས་པར་དབུའི་ཐོད་པ་ལས་སྔགས་འབྱུང་བ་ཡིན་ནོ། །དེས་དེ་ལས་གཟིགས་པ་ཙམ་གྱིས་ཞེས་བྱ་བ་ལ་སོགས་པས་སྔགས་བསྟན་ཏེ། ཨོཾ་བུདྡྷེ། སིདྡྷེ་ཞེས་བྱ་བ་ལ་སོགས་པ་ སྟེ། སྔགས་དེ་ཉིད་ཀྱི་ནུས་མཐུ་སྐད་ཅིག་ཙམ་གྱིས་གསལ་བར་བྱེད་པའོ། །དེ་ལྟ་བུའི་སྔགས་ཀྱི་མཆོག་སོང་བ་ས་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟ་བུར་བྱུང་བ་ཙམ་གྱིས་སྔགས་ཀྱི་མཆོག་དེ་ཉིད་ཀྱིས་སའི་འོག་རིམ་པ་བདུན་ན་གནས་པའི་ཀླུ་ཐམས་ཅད་ཕྱེ་མར་བྱས་ནས་སླར་འོངས་ 26-1-154b ཏེ། བཅོམ་ལྡན་འདས་རི་མོ་ཅན་གྱི་སྡེའི་ཞལ་ནས་ཞུགས་ནས་པདྨའི་ནང་ནས་བྱུང་སྟེ། སླར་ཡང་བཅོམ་ལྡན་འདས་ཉིད་ཀྱི་དབུའི་ཐོད་པར་ཞུགས་སོ། །དེ་ལྟ་བུའི་རིམ་པ་འདི་ནི་རྣལ་འབྱོར་པས་ཀྱང་སྔགས་འདོན་པའི་དུས་སུ་ཡང་བྱ་བ་ཡིན་པར་བལྟ་བར་བྱ་སྟེ། རང་གི་ཁོ་ནས་ ཞུགས་ནས་རྡོ་རྗེའི་ལམ་ནས་འབྱུང་བར་འགྱུར་བའི་སྔགས་བཟླས་པའོ། འོ་ན་ཡང་འདི་ལྟ་བུ་ཞིག་ཡིན། གང་ཡང་སྔགས་འདི་རི་མོ་ཅན་གྱི་སྡེའི་ཞལ་ནས་ཞུགས་ནས་པདྨར་བྱུང་སྟེ་ཞེས་བྱ་བ་ཇི་སྲིད་པ་འདི་ལྟ་བུར་སུས་ཡང་དག་པར་རིག་པར་ཇི་ལྟར་འགྱུར་བ་དང་། གང་ཞིག་ ཞལ་དུ་ཞུགས་ནས་རྣ་བའི་ནང་དུ་ངེས་པར་འགྲོ་བ་ཞེས་བྱ་བ་ནི་གང་གི་ཕྱིར་སྔགས་དེ་སྲིད་པ་ནི་སྒྲའི་བདག་ཉིད་ཡིན་ལ། སྒྲ་དེ་སྲིད་པ་ནི་རྣ་བས་མཉན་པར་བྱ་བ་ཡིན་པ་གང་གི་ཚེ། རྣ་བའི་སྤྱོད་ཡུལ་དུ་སྒྲ་དེ་དག་མ་སྐྱེས་ཏེ། འདི་ལྟར་ཐམས་ཅད་ཀྱི་བདག་ཉིད་ཁར་རབ་ཏུ་ ཞུགས་པའི་ཕྱིར་རོ། །དེའི་ཚེ་ཇི་ལྟར་ན་བདག་གི་ཁར་རབ་ཏུ་ཞུགས་པ་དེ་རྣ་བ་གསལ་ན་ནི་དབང་པོ་གཞན་གྱིས་འཛིན་པས་དབང་པོའི་གཟུང་བའི་དབྱེ་བ་མེད་པར་འགྱུར་ཏེ། གང་གིས་ན་རྣ་བས་གཟུང་བར་བྱ་བའི་སྔགས་རོ་ལྡན་གྱི་དབང་པོས་གཟུང་བར་བྱ་བར་འགྱུར་ ལ། དེ་ལྟ་ན་ནི་སྔོན་པོ་ལ་སོགས་པ་ཡང་རྣ་བས་གཟུང་བར་བྱ་བར་གནས་སོ། །དེ་ལྟ་ན་ནི་དབང་པོའི་དབྱེ་བའི་ཚོགས་དོན་མེད་པར་འགྱུར་བ་ཡིན་ཏེ། དབང་པོ་གཅིག་གིས་སྣ་ཚོགས་པ་ཀུན་རྟོགས་པའི་ཕྱིར་རོ། །འདི་མི་རྟོགས་པ་དེ་ལྟ་ན་ནི་དེ་བཞིན་དུ་རྟོགས་པ་ མིན་ནོ་ཞེས་བྱ་བར་རིགས་ཀྱི་ཐམས་ཅད་རྣ་བར་རྟོགས་ན་ནི་ཧ་ཅང་ཐལ་བར་འགྱུར་རོ། །དེས་ན་རྣ་བས་རྟོགས་པར་བྱས་ཏེ་ཕྱིས་ཁར་ཞུགས་ནས་པདྨའི་ནང་དུ་བྱུང་ངོ་ཞེས་བྱ་བ་ལ་ནི་སུན་དབྱུང་བར་བྱ་བ་མེད་དོ་ཞེས་པ་དེ་དག་ཀྱང་བཟང་པོ་མ་ཡིན་ལ། གང་གི་ཚེ་དེ་སྲིད་པའི་ སྔགས་ཀྱི་བདག་ཉིད་རྣ་བའི་སྤྱོད་ཡུལ་དུ་གྱུར་པ་དེའི་ཚེ་སྔགས་དེ་ཉིད་མཆོག་ཏུ་རྟོགས་པར་རིགས་ན་ཇི་ལྟར་ན་ཁྱད་པར་དུ་ཞུགས་ཏེ་ཞེས་བྱ་བ་ལ་སོགས་པར་རྟོགས་པ་དེའི་ཚེ་མི་རིགས་ཏེ་རྣ་བ་ཙམ་ལ་མངོན་དུ་གནས་པའི་ཕྱིར་རོ། །གང་གི་ཚེ་ཁ་ལ་སོགས་པར་ཞུགས་པ་ 26-1-155a ཡིན་པ་དེའི་ཚེ་རྣ་བས་གཟུང་བར་བྱ་བ་མ་ཡིན་པའི་ཕྱིར་དེ་ཇི་ལྟར་དེ་བཞིན་པར་རྟོགས། དེ་ནས་ཡང་རྣ་བས་གཟུང་བར་བྱ་བ་མ་ཡིན་ནའང་ཡིད་ཀྱིས་སྔགས་ཀྱི་བདག་ཉིད་རང་རིག་པ་ཡིན་པར་གྱུར་པ་ཡིན་ཏེ། ཡིད་ཀྱི་སྤྱོད་ཡུལ་དུ་མ་གྱུར་པ་འགའ་ཡང་མ་ ཡིན་པའི་ཕྱིར་རོ་ཞེས་ཟེར་ན་འདི་ཡང་མ་གྲུབ་སྟེ། བདེ་བ་དང་སྡུག་བསྔལ་ལ་སོགས་པའི་རང་བཞིན་ཉིད་ནི་ཡིད་ཀྱིས་ཡང་དག་པར་རིག་པར་བྱེད་པའི་ཕྱིར་རོ། །སྔགས་འདི་དག་ནི་རྣ་བའི་དབང་པོས་གཟུང་བར་བྱ་བ་ཡིན་ན་ཡིད་ཀྱིས་ཇི་ལྟར་རྟོགས་པར་བྱེད་པ་ཡིན་ཏེ། དེ་ རྟོགས་ན་ནི་སྔོན་པོ་ལ་སོགས་པ་ཡང་དབང་པོ་གཞན་གྱིས་གཟུང་བར་བྱ་བ་ཡིན་པར་འགྱུར་བས་དེ་རྣ་བའི་གཟུང་བར་བྱ་བར་ཡང་འགྱུར་རོ། །དེ་ལྟར་གྱུར་པ་ཡིན་ན་འོན་པ་ལ་སོགས་པས་ཀྱང་སྒྲ་ལ་སོགས་པ་རྣམས་འཛིན་པར་ཐལ་བར་འགྱུར་ཏེ། དེ་དག་ལ་ཡང་ཡིད་ཡོད་ པའི་ཕྱིར་རོ། །དེ་ལྟར་ཡིན་ན་ནི་འོན་པ་དང་ལོང་བ་ལ་སོགས་པ་མི་སྲིད་པར་གནས་པར་འགྱུར་རོ། །དེ་ལྟ་ན་ནི་འགའ་ཞིག་ཏུ་ཡང་སྔགས་རྣམས་རྣ་བས་རབ་ཏུ་རྟོགས་ཤིང་ཁོང་དུ་ཆུད་པ་མ་ཡིན་ཏེ། ཡིད་ཀྱིས་གཟུང་བའི་ཕྱིར་ནའོ། །ཡང་ན་ཡུལ་གྱི་དངོས་པོ་ གཅིག་ལ་དབང་པོ་གཉིས་ཀྱིས་འཛིན་པར་འགྱུར་བ་མི་སྲིད་དེ། སྔོན་པོ་ལ་སོགས་པ་ཡང་རྣ་བའི་གཟུང་བར་བྱ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ཡིན་ན་ཡང་སྐྱོན་དུ་མི་འགྱུར་ཏེ། དབང་པོ་གཉིས་ཀྱིས་ཡུལ་གྱི་དངོས་པོ་གཅིག་ལ་འཛིན་པར་ཡང་འགའ་ཞིག་ཏུ་མི་ འགལ་ཏེ། ཇི་ལྟར་མེའི་དངོས་པོ་ལ་མིག་གི་དབང་པོས་འཛིན་པ་དང་། ལུས་ཀྱི་རེག་པར་བྱེད་པ་ཉིད་དོ། །དེ་ལྟ་བུ་ཡང་ཡིད་དགའ་བར་བྱེད་པ་མ་ཡིན་ཏེ། དེ་ལ་འདིར་མེའི་སྲེག་པར་བྱེད་པའི་རྡུལ་ཕྲ་རབ་ཀྱང་གཞན་ཡིན་ལ་བལྟ་བར་བྱ་བའི་རྡུལ་ཕྲ་རབ་ཀྱང་གཞན་ ཡིན་པ་དི་ལྟར་གནས་སོ། །དེ་ལྟ་བུའི་མེའི་དངོས་པོ་ལ་འདིར་བལྟ་བར་བྱ་བ་དང་། རེག་པར་བྱ་བ་དག་གཅིག་པར་སྤྱོད་ཅིང་དངོས་པོའི་དོན་གཅིག་ཏུ་བསྡུས་པར་བལྟ་བ་ནི་འཁྲུལ་པ་ཁོ་ནའོ་ཞེ་ན། དེ་ལ་འདིར་བརྗོད་པར་བྱ་སྟེ་ཡིད་ཀྱི་ཤེས་པ་འདི་ཉིད་ཀྱིས་སྔགས་ 26-1-155b རྣམས་རྟོགས་པ་ཡིན་པ་ལ་ནི་འདིར་སྐྱོན་འགའ་ཞིག་ཀྱང་ཡིན་ན་མ་ཡིན་ཏེ། འཁོར་བ་པའི་སེམས་ཅན་ཐུན་མོང་པའི་ཡིད་ལ་སྐྱོན་ཡོད་པ་དེ་ལྟ་བཅོམ་ལྡན་འདས་ཡུལ་གྱི་ཐུགས་གང་ཡིན་པས་སྙན་གྱི་དངོས་པོས་གཟུང་བར་བྱ་བའི་སྔགས་དེ་འཛིན་པར་མི་ནུས་པ་མ་ཡིན་གྱི་ཐུན་ མོང་བ་རྣམས་ཀྱི་ཡིད་གང་ཡིན་པ་དེ་ནི་དབང་པོའི་དབྱེ་བ་སོ་སོ་བ་རྣམ་པར་རྟོགས་པ་མ་ཡིན་པ་ལྟར། ཁྱད་པར་ཅན་རྣམས་ཀྱི་ཡང་དེ་ལྟར་འགྱུར་བ་མ་ཡིན་ཏེ། དེའི་སྤྱོད་ཡུལ་ཐམས་ཅད་ཡིན་པའི་ཕྱིར་ནའོ། །ཡང་བརྒལ་བ་འདི་ལྟར་སེམས་ཏེ་རང་ཡང་དག་པར་རིག་པའི་ མཚན་ཉིད་ལས་མ་རྟོགས་པའི་ཡིད་གཞན་པའི་རང་བཞིན་ནི་འགའ་ཡང་མ་མཐོང་སྟེ། དེ་འདི་ལྟར་སོ་སོ་ཡང་དག་པར་རིག་པའི་བདག་ཉིད་ཙམ་གྱི་རང་བཞིན་ཡིན་པའི་ཕྱིར་ན་ཡིད་ཀྱི་ཁྱད་པར་འགའ་ཞིག་ཀྱང་མ་མཐོང་ངོ་ཞེ་ན། དེ་ནི་མ་ཡིན་ཏེ་འདིར་སྐྱེས་བུ་ཙམ་དུ་གཅིག་ཀྱང་ ཐམས་ཅད་ཁ་དོག་སེར་པོ་ཞེས་རྟོགས་པ་མ་ཡིན་ཏེ། དེ་ལྟ་ཡིན་པར་གྱུར་ན་ནི་སྐྱེས་བུ་ཙམ་གྱིས་ཐམས་ཅད་ཁ་དོག་སེར་པོར་གྲུབ་པར་ཐལ་བར་འགྱུར་རོ། །འདིར་ཡང་སྐྱེས་བུ་ཙམ་དུ་གཅིག་པར་ཁྱད་པར་འགའ་ཡང་མི་དམིགས་ན། དེ་ལྟར་ཇི་ལྟར་གཟུགས་ཀྱི་ཁྱད་ པར་འགྲུབ་པ་འདི་ལྟར་མཐོང་སྟེ། ཁ་དོག་གི་ཡིད་ནི་བསྟན་བཅོས་ཐམས་ཅད་ཕྱིན་ཅི་མ་འོག་པར་ཤེས་པ་ཅན་ཡིན་ལ། ཁ་ཅིག་གི་ནི་དེ་ལྟ་མ་ཡིན་པ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་ཐུགས་ནི་ཇི་ལྟར་དེ་ཁོ་ན་ཉིད་ཐམས་ཅད་མཁྱེན་པའི་རང་བཞིན་ཡིན་པ་དེ་ཇི་ལྟར་ན་ཐ་མལ་ པའི་གནས་སྐབས་སུ་ཇི་ལྟར་གནས་པ་ཡིན་ཏེ། དེ་ལ་ཡང་དེའི་ཡིད་ཅེས་བྱ་བའི་སྒྲ་ནི་ཚིག་མཐུན་པ་ཙམ་མོ། །གཞན་ཡང་དབང་པོ་སོ་སོའི་དབྱེ་བས་ཡུལ་རྣམས་ལ་ཡང་སྟེ། སྲོག་ཆགས་ཀྱི་དབྱེ་བས་དབང་པོའི་དབྱེ་བ་གཞན་གྱིས་གཟུང་བར་བྱ་བ་གཞན་པ་ལས བལྟ་བ་ཉིད་དེ་ཇི་ལྟར་གདེངས་ཀ་ཅན་རྣམས་མིག་གིས་ཉན་པ་བཞིན་ནོ། །དེའི་ཕྱིར་ན་ཐམས་ཅད་དུ་མཐུན་པ་ཙམ་གྱིས་ཐུན་མོང་བར་དམིགས་པར་མི་བལྟ་སྟེ། ཡུལ་དང་དུས་དང་རྐྱེན་གྱི་བྱེ་བྲག་གིས་ཐམས་ཅད་ལ་ཁྱད་པར་ཡོད་པའི་ཕྱིར་རོ། །འོ་ན་ཡིད་འདིའི་ཁྱད་ 26-1-156a པར་ཅི་ལྟ་བུ་ཞིག་ན་ཅི་ལྷ་རྣམས་ཀྱི་ཁྱད་པར་གྱིས་དེ་བཞིན་དུ་འདིའི་རང་བཞིན་ཉིད་དམ། འོན་ཏེ་གཞན་རྒྱུ་ལས་བྱུང་བ་ཞིག་གམ་ཅི་ཞིག་ཡིན། གལ་ཏེ་གང་གི་ཚེ་འདི་རང་བཞིན་ཉིད་ཡིན་པ་དེ་སྲིད་ནི་ཡིད་ཀྱི་རང་བཞིན་གྱིས་གཟུགས་ཡིན་པ་དེའི་ཚེ་ནི་ཐམས་ ཅད་ཀྱི་ཡང་དེ་བཞིན་དུ་རང་བཞིན་གྱིས་ཁྱད་པར་གྱི་མངོན་དུ་གནས་པའི་ཕྱིར་ནི། ཡིད་ཀྱི་རང་བཞིན་ཡིན་པ་དེས་ན་དེ་བཞིན་དུ་ཁྱད་པར་འགའ་ཡང་མེད་པ་ཡིན་ཏེ། སྲོག་ཆགས་ཐམས་ཅད་ཀྱི་ཡང་དེར་མཚུངས་པ་ཉིད་ཀྱི་ཕྱིར་རོ། །དེ་ནས་ཡང་རྒྱུ་ལས་བྱུང་བའི་ཁྱད་པར་ ཡོད་པ་དེ་ལྟ་ན་ཡང་ཁྱད་པར་འགའ་ཡང་མེད་པ་ཡིན་ཏེ། གཞན་ལ་ཡང་རྒྱུ་དང་རྐྱེན་གྱི་བྱེད་པ་དང་ལྡན་པའི་ཕྱིར་རོ། །དེ་ལ་རྒྱུ་ཡོད་ན་ཡང་རྒྱུའི་ཁྱད་པར་གྱི་རང་བཞིན་ནི་སྲོག་ཆགས་ཐམས་ཅད་ཀྱིས་མ་རྟོགས་པ་དེས་ན་སྲོག་ཆགས་ཐམས་ཅད་ཀྱི་ཡིད་ཁྱད་ པར་ཅན་དུ་གྲུབ་པ་མ་ཡིན་ནོ། །འོ་ན་རྒྱུ་དེ་ཀུན་ལ་ཡོད་པ་ལ་རང་གི་ཡེ་ཤེས་སྐྱེ་བའི་སྦྱོར་བ་མ་རྟོགས་པ་གང་ལ་ཡང་མེད་པར་འགྱུར་ལ། དེ་ལྟར་གྱུར་པ་ཡིན་ན་ནི་ཅི་ཡོད། དེའི་ཁྱད་པར་དུ་བྱེད་པའི་རྒྱུ་ཅི་ཡིས་རྟོགས་པར་བྱེད། གང་གིས་ལྟ་བའི་ཁྱད་པར་དེ་རབ་ ཏུ་རྟོགས་པ་ནི་ཡིད་ཁྱད་པར་ཅན་དུ་གྲུབ་པོ་ཞེས་བྱ་བ་ཡང་ཇི་ལྟ་བུ་རང་གིས་རང་རྟོགས་སོ་ཞེས་བྱ་བ་དེ་ལྟ་བུ་ཡང་མེད་དེ། ཡོད་ན་ནི་དེ་བཞིན་དུ་གཞན་རྣམས་ཀྱང་དེ་ལྟར་རབ་ཏུ་རྟོགས་པར་འགྱུར་བའི་ཕྱིར་རོ། །གཞན་མན་ངག་བརྒྱུད་ཅིང་བརྒྱུད་པ་གཞན་ལས་ཀྱང་མ་ཡིན་ཏེ། དེ་ཡང་ཇི་ལྟ་བ་ཞེ་ན། རང་གིས་རང་རབ་ཏུ་རྟོགས་པ་ནི་མེད་དེ་ཡོད་ན་ནི་སྐྱོན་བརྗོད་ཟིན་ཏོ། དེ་ལ་བརྒྱུད་ཅིང་བརྒྱུད་པ་ལས་རྟོགས་པར་འགྱུར་ན་ཡང་ཐུག་པ་མེད་པའི་སྐྱོན་དུ་འགྱུར་རོ། །དེའི་ཕྱིར་ན་བཅོམ་ལྡན་འདས་ཀྱིས་ཡིད་ཁྱད་པར་འཕགས་པར་གྲུབ་པ་ཇི་ལྟར་ ཡིན་པ་དང་། རྒྱུ་གཞན་གྱིས་བྱེད་པ་ཡིད་ཁྱད་པར་ཅན་དུ་བྱས་པ་ཡིན་ན། ཡིད་བཞིན་དུ་དེ་ཐམས་ཅད་དུ་བརྟན་པ་མ་ཡིན་པར་འགྱུར་ཏེ། རྒྱུ་ལས་བྱུང་བའི་བུམ་པ་ལ་སོགས་པ་བཞིན་དུ་བརྟན་པའི་རང་བཞིན་མ་ཡིན་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ན་ཡིད་ 26-1-156b ཁྱད་པར་ཅན་དུ་བརྟན་པ་མ་ཡིན་ཏེ་རེས་འགའ་བ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ན་ཡིད་ཁྱད་པར་ཅན་དུ་རབ་ཏུ་གྲུབ་པའི་དགོས་པ་དེ་ནི་འགའ་ཞིག་ཏུ་ཡང་གྲུབ་པ་མ་ཡིན་ནོ་ཞེ་ན། དེ་ལ་བརྗོད་པར་བྱ་སྟེ་ཡིད་ཁྱད་པར་ཅན་འདི་ཉིད་ནི་རང་བཞིན་ཡང་ཡིན་ལ། དེ་བཞིན་དུ་གཞན་འདི་རྒྱུ་ ཡང་ཡིན་པ་འདི་ལ་གནོད་པ་འགའ་ཡང་མེད་དེ། རྒྱུ་ནི་མངོན་པར་གསལ་བར་བྱེད་པའི་རྐྱེན་ཙམ་ཡིན་པའི་ཕྱིར་དང་། དེ་བཞིན་དུ་དངོས་པོའི་རང་བཞིན་ཉིད་ཀུན་དུ་སྣང་བར་གནས་པའི་ཡིད་ཉིད་ཡིན་ཏེ། འོན་ཀྱང་རང་རང་གི་བག་ཆགས་ཀྱི་དྲི་མས་གཡོགས་པས་ དེ་བཞིན་པར་སྣང་བ་ཡིན་པས་དེས་ན་ཐམས་ཅད་ཀྱི་ཡིད་དོན་གྱི་དངོས་པོ་ཐམས་ཅད་རབ་ཏུ་གསལ་བར་འགྱུར་བ་མ་ཡིན་ཏེ། དཔེར་ན་ལིང་ཏོག་གི་སྐྱོན་དང་ལྡན་པའི་སྐྱེ་བ་ཅན་ལ་མེ་ལོང་ཤིན་ཏུ་གསལ་བ་ཡིན་ཡང་གཡོགས་པ་ལྟར་འགྱུར་བ་ཡིན་ནོ། །དེས་ན་རྒྱུ་ཡང་ དེ་ལྟ་བུའི་དངོས་པོའི་ཕྱིར་ན། དེ་ལ་སྒྲིབ་པའི་སྐྱོན་རྣམས་སེལ་བར་བྱེད་པ་ཉིད་མ་ཡིན་པས་ན། དེ་ཁྱད་པར་ཅན་གྱི་རང་བཞིན་དུ་སྐྱེ་བ་མ་ཡིན་ལ། རྒྱུ་དེའི་ཁྱད་པར་ཅན་ནི་གློ་བུར་བའི་དྲི་མའི་སྐྱོན་རྣམས་སེལ་བར་བྱེད་པའི་མཚན་ཉིད་ ཙམ་ཡིན་ལ། དེ་ཡང་ཀུན་གྱིས་ཁོང་དུ་ཆུད་པ་ནི་མ་ཡིན་ཏེ། དཔེར་ན་ཡོད་པ་ཡིན་ཡང་མི་མཐོང་བ་ཉིད་ནི་ཁྲོན་པ་ཟབ་མོའི་ནང་ན་ཡོད་པའི་རྫས་ཀུན་གྱིས་མཐོང་ཞིང་རྟོགས་པ་མ་ཡིན་པ་བཞིན་ནོ། །དེ་ལྟ་བུའི་རྒྱུ་དེ་ཡང་བླ་མ་བརྒྱུད་ཅིང་བརྒྱུད་པར་ཁོང་དུ་ ཆུད་པར་བྱེད་པ་ལ་ཐུག་པ་མེད་པའི་སྐྱོན་ཡང་འབྱུང་བ་མ་ཡིན་ཏེ། ཐུག་པ་མེད་པའི་དངོས་པོ་དེ་ལྟ་བུའི་སྐྱོན་གྱིས་གནོད་པ་མེད་དེ་འཁོར་བ་ལ་ཐོག་མ་མེད་པ་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་ཕྱིར་ན་ཅི་ཡང་དེ་ལྟར་མིན་ན་ཀུན་ཀྱང་མི་འགྲུབ་སྟེ་ཇི་སྲིད་དུ་འབྲས་དཀར་པོའི་མྱུ་གུ་ འདི་ཡང་ཇི་ལྟར་སྐྱེ་བར་འགྱུར་ཞིག་ན་རང་གི་ས་བོན་ལས་སོ་ཞེ་ན། དེའི་ས་བོན་ཡང་ཅི་ཞིག་ཅེ་ན། རང་གི་ས་བོན་ལས་སོ་ཞེས་བྱ་བ་ཡིན་ནོ། །འོ་ན་ཐམས་ཅད་ཐུག་པ་མེད་པར་འགྱུར་བ་ཇི་ལྟར་མིན་ཏེ་ཡིན་ནོ། །འོ་ན་བག་ཆགས་དེ་ཡང་གང་ལས་སྐྱེ་བ་ཞིག་ཡིན། གང་ཇི་ 26-1-157a སྲིད་པའི་སེམས་འདི་ཐམས་ཅད་དུ་གསལ་བའི་རང་བཞིན་ཡིན་ན་ཡང་ཀུན་ནས་སྒྲིབས་པ་གང་གིས་ན་ཐ་མལ་པའི་སེམས་ཅན་དུ་གནས་པའི་ཡིད་འདི་ལྷའི་དངོས་པོ་ཇི་བཞིན་པ་མ་ཡིན་ན་དེ་ལ་གང་གི་ཚེ་ཇི་སྲིད་དུ་སེམས་ལས་མ་གཏོགས་པའི་ལོགས་ཤིག་པའི་ རྒྱུ་ལས་དེ་སྐྱེ་བ་ཡིན་ན། དེའི་ཚེ་དེ་སེམས་ལས་མ་གཏོགས་པའི་རྒྱུ་གཞན་ཞིག་ལས་ཀྱང་རྒྱུ་གཞན་ཞིག་ཡོད་དགོས་པ་དེས་ན་ཆོས་ཉིད་གཉིས་སུ་མེད་པར་མི་འགྲུབ་ལ། དེས་ན་ཡང་བག་ཆགས་དེ་ཉིད་སེམས་ཉིད་ལས་སྐྱེ་བ་ཡིན་ན་ཡང་དེའི་ཚེ་བག་ཆགས་རྣམས་ འགའ་ཞིག་ཏུ་ཡང་གསལ་བར་མི་ཕྲེལ་བར་འགྱུར་ཏེ། སེམས་དེ་དུས་ཐམས་ཅད་དུ་ཡོད་པའི་ཕྱིར་ནའོ། །དེ་ཡང་ཅི་སྟེ་ཞེ་ན། མི་སྐྱེ་མི་སྲིད་པ་སྟེ་བྱེད་པ་ནུས་པ་ཅན་རྣམས་ཡོད་བཞིན་དུ་ཡང་བྱ་བ་རྣམས་སྐྱེ་བར་འགྱུར་བ་མེད་ན་ནི་ཐམས་ཅད་དུ་བྱ་བ་དང་འབྲས་བུ་ཀུན་སྐྱེ་བ་ མེད་པར་ཐལ་བར་འགྱུར་རོ། །དེའི་ཕྱིར་ན་བག་ཆགས་རྣམས་དུས་ཐམས་ཅད་དུ་སྐྱེ་བར་འགྱུར་བ་ཉིད་དམ་ཡང་ན་དུས་ཐམས་ཅད་དུ་གདོད་ནས་མི་སྐྱེ་བར་གནས་པར་འགྱུར་རོ་ཞེ་ན། དེ་ལ་བག་ཆགས་སྐྱེ་བ་གཏན་དུ་མེད་ན་ནི་དེ་དུས་ཐམས་ཅད་དུ་སྐྱེ་བ་མེད་པ་ཡིན་པས་ འགའ་ཞིག་ཏུ་ཡང་སེམས་ལ་དྲི་མས་ཇི་ལྟར་བསྒོས་ཏེ་རྒོད་པའི་རྒྱུ་མེད་པ་དེས་ན་ཡིད་ཁྱད་པར་ཅན་ཞེས་བྱ་བ་དང་། ཁྱད་པར་ཅན་མ་ཡིན་པ་ཞེས་བྱ་བ་འགའ་ཡང་མེད་པར་འགྱུར་བ་གང་གིས་ན་མྱ་ངན་ལས་འདས་པ་དང་། འཁོར་བ་ཞེས་བྱ་བ་དང་། གྲོལ་བ་དང་མི་གྲོལ་བའི་ སེམས་ཀྱི་གནས་སྐབས་ཀུན་ལ་འཇུག་པར་ཇི་ལྟར་འཐད། དེ་ནས་ཡང་བག་ཆགས་དུས་ཐམས་ཅད་དུ་རྒྱུ་བ་ཅན་ཡིན་ན་ཡང་དེའི་ཚེ་ཐ་མལ་པའི་སེམས་ཅན་དང་འདི་ལས་གཞན་པའི་ཁྱད་པར་དུ་མི་འགྲུབ་པ་གང་གིས་ན་བཅིངས་པ་དང་གྲོལ་བའི་གནས་སྐབས་དང་གཞག་ པ་མེད་པར་འགྱུར་རོ་ཞེ་ན། གང་ཡང་ཡེ་ཤེས་ཉིད་ལས་བག་ཆགས་རྣམས་སྐྱེ་བ་ཡང་འོན་ཀྱང་འཁོར་བ་ལ་འཆེལ་ཏེ་ཞེན་པར་གནས་པས་དེ་ལས་བྱུང་བ་ཙམ་གྱིས་དུས་ཐམས་ཅད་དུ་ཡོད་པར་འགྱུར་བའམ། མེད་པར་འགྱུར་བ་ཞེས་བྱ་བའི་སྐྱོན་མེད་དེ། དེ་ཇི་སྲིད་དུ་འཁོར་ 26-1-157b བའི་རྗེས་སུ་འཇུག་པར་གནས་པའི་སེམས་དེ་སྲིད་ཉིད་དུ་ནི་དེའི་རྒྱུན་དུ་འབྱུང་བའི་ཕྱིར་རོ། །དེ་ལྟ་བུའི་སེམས་དེ་ནི་འཁོར་བའི་ངོ་བོར་རྟོགས་པར་བྱ་བར་གནས་ཏེ་ཕྱིན་ཅི་ལོག་གི་ངོ་བོར་རབ་ཏུ་གསལ་བའི་ཕྱིར་ན་དེ་ལྟ་བུའི་བག་ཆགས་ཀྱི་བདག་ཉིད་ཡིན་ནོ། །དེས་ན་ཐམས་ཅད་ ནས་ཐམས་ཅད་དུ་ཡིད་ཐུན་མོང་བའི་སྐྱོན་མེད་དོ། །ཐམས་ཅད་ཀྱི་ཡིད་འཁོར་བ་ལས་འཆེལ་པས་དུས་ཐམས་ཅད་དུ་གནས་པ་མ་ཡིན་པ་དེ་སྲིད་དུ་འཁོར་བ་དང་མྱ་ངན་ལས་འདས་པའི་ལུགས་དག་ཡོད་པ་ལས་ཀྱང་མེད། དེ་མི་འདོད་ཀྱང་ཁས་བླང་བར་བྱའོ། །གཞན་དུ་ན་ནི་ དུས་ཐམས་ཅད་ནས་མྱ་ངན་ལས་འདས་པ་འབའ་ཞིག་ཏུ་གནས་པའམ། ཡང་ན་སྲིད་པ་ཉིད་འབའ་ཞིག་ཏུ་གནས་པར་འགྱུར་རོ། །དེའི་ཕྱིར་ན་འཁོར་བ་དེ་སྲིད་པར་དུ་ཐམས་ཅད་དུ་ཡོད་པ་ཉིད་དི་དེ་ཡང་བག་ཆགས་ཀྱི་བདག་ཉིད་ཅན་གྱི་སེམས་ཀྱི་རང་བཞིན་ཉིད་དོ། །དེའི་ ཕྱིར་ན་བག་ཆགས་ཀྱི་བདག་ཉིད་ཅན་གྱི་ཡིད་འཁོར་བའི་རྗེས་སུ་མཐུན་པའི་རང་བཞིན་བྱེད་པ་སྟེ། དེ་ནི་ཡིད་དེ་ཉིད་ཀྱི་རྣམ་པའི་དངོས་པོར་རྟོགས་པར་བྱ་བ་ལ། འཁོར་བ་དེ་ཡང་ཐོག་མ་མེད་པའི་ཕྱིར་ན་སྔོན་དུ་བསགས་པའི་ལུས་ཀྱི་བག་ཆགས་ཀྱི་སྟོབས་ལས་མིག་ འཕྲུལ་མཁན་གྱིས་སྤྲུལ་པའི་དངོས་པོའི་རྣམ་པ་བཞིན་དུ་བག་ཆགས་དང་ཡོངས་སུ་ལྡན་པའི་ཡིད་གང་གིས་འཛིན་པ་ནི་འཁོར་བར་འགྱུར་བ་ཡིན་ལ། མིག་འཕྲུལ་མཁན་གྱིས་སྤྲུལ་པ་དང་འདྲ་བར་བྱུང་བའི་འཁོར་བ་ཡང་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །དེས་ན་ འཁོར་བར་ཀུན་དུ་འཇུག་ཅིང་ཆགས་པས་འཁོར་བ་ཡིན་པར་ཁས་བླང་བ་ལྟ་ལོས་ཀྱང་མོད་དེ། བག་ཆགས་ཀྱི་རང་བཞིན་ཅན་གྱི་ཡིད་ཀུན་དུ་སྐྱེ་བ་གང་ཡིན་པ་དེ་ཉིད་ནི་འཁོར་བ་ཞེས་བྱའོ། །དེའི་ཕྱིར་ན་སྔོན་གྱི་ལས་ཀྱིས་བསྐྱེད་པའི་སྟོབས་ཀྱིས་བཅིངས་པའི་ཡིད་ ཀྱིས་བག་ཆགས་ཀྱི་རང་བཞིན་དུ་འབྱུང་བ་ནི་འཁོར་བའི་མཚན་ཉིད་དུ་འབྱུང་བ་ཡིན་ནོ། །གང་གི་ཚེ་འཁོར་བའི་གནས་སྐབས་ལ་མཆོག་ཏུ་མི་བྱེད་ན་དེའི་ཚེ་བག་ཆགས་ཀྱི་རང་བཞིན་འགར་ཡང་གནས་པ་མ་ཡིན་པས་ཡིད་འོད་གསལ་བར་ཞེས་བྱ་བ་དང་། འོད་གསལ་མ་ 26-1-158a ཡིན་ཞེས་བྱ་བ་ཡང་མེད་པས་ཁྱད་པར་མེད་པར་འགྱུར་རོ། །དེའི་ཕྱིར་ན་མིག་འཕྲུལ་མཁན་གྱིས་སྤྲུལ་པ་བཞིན་དུ་འཁོར་བ་ལུགས་སུ་འབྱུང་བར་ཁས་བླང་བར་བྱའོ། །གཞན་ཡང་མིག་འཕྲུལ་མཁན་གྱིས་སྤྲུལ་པ་མཐོང་བ་ཡིན་ཞེ་ན། ཇི་སྲིད་དུ་དྲི་མ་ མེད་པའི་དབང་པོ་བདེན་པའི་དངོས་པོ་དེ་སྲིད་པ་དེ་ལྟ་བུའི་ཤེས་པས་ནི་དེ་བྱེད་པ་མ་ཡིན་ཏེ། དེ་བྱེད་ན་ནི་དུས་ཐམས་ཅད་དུ་བདེན་པར་གྱུར་པ་ཡང་དག་པར་ཤེས་པ་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར་ནི་དེ་དག་ཀྱང་བརྫུན་ཙམ་དུ་འབྱུང་བར་ཅི་ལས་སྐྱེ་བར་འགྱུར་སྙམ་དུ་སེམས་སོ་ ཞེ་ན། དེ་ནི་སྔགས་དང་སྨན་གྱི་ནུས་མཐུས་དབང་པོའི་ཡོན་ཏན་དང་བྲལ་བར་བྱས་པ་ལས་སོ་ཞེའོ། །འོ་ན་དུས་ཐམས་ཅད་དུ་དེ་ལྟ་མིན་པ་ཅི་སྟེ་ཞེ་ན། དེ་བཞིན་དུ་ཡང་རབ་ཏུ་སྦྱོར་བ་དེ་ཉིད་ཀྱང་དུས་ཐམས་ཅད་དུ་མེད་པ་ཅི་སྟེ་ཞེ་ན། དེ་ནི་དེའི་ཚེ་ལས་ཀྱི་རྣམ་པར་སྨིན་པ་མེད་པར་གྱུར་པས་དེ་བཞིན་ནོ་ཞེའོ། ། ལས་ཀྱི་རྣམ་པར་སྨིན་པ་མི་མཐུན་པ་དེ་ཉིད་ཀྱང་གང་ཞིག་ལས་སྐྱེ་བར་འགྱུར་ཞེ་ན། འཁོར་བས་བསྒོས་པའི་ཡིད་དེ་བཞིན་པའི་ནུས་མཐུས་སྤྲུལ་པ་ཡིན་ནོ་ཞེ་ན། ཡིད་དེ་ཉིད་དེ་ལྟ་བུའི་མཐུ་ཅན་དུ་མི་འདྲ་བར་གང་གི་ཕྱིར་སྐྱེ་ཞེ་ན་སྲིད་པའི་ངོ་བོ་ཉིད་དུ་གནས་པའི་སེམས་ནི་ནུས་མཐུ་ རྣམ་པ་སྣ་ཚོགས་པ་དང་ལྡན་པ་ཡིན་པར་རྗེས་སུ་རྟོགས་སོ་ཞེས་སྨྲའོ། །འདིས་ན་དེ་ཉིད་སྲིད་པའི་རྗེས་སུ་འཇུག་པའི་ཡིད་དང་ལྡན་པས་ཡིད་ཐོགས་པ་མེད་པ་ནས་ལས་ཀྱི་སྲིད་པར་རབ་ཏུ་འཇུག་པའི་ཕྱིར་ལས་མི་འདྲ་བ་རྣམས་ཀྱིས་སྤྲུལ་པའི་དངོས་པོར་གནས་ པ་ནི་བསམ་གྱིས་མི་ཁྱབ་པར་སྐྱེ་བ་འདི་ལ་གནོད་པ་འགའ་ཡང་མེད་དོ། །དེས་ན་སེམས་དེ་ཉིད་བག་ཆགས་ཀྱི་སྤྲུལ་པར་སྐྱེ་བ་ལ་འགའ་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟ་བུའི་སྔགས་ཀྱིས་མཐུ་ཞེས་བྱ་བ་ལ་སོགས་པས་ནི་དེ་ལྟ་བུའི་སྔགས་དེ་ཇི་སྐད་དུ་བརྗོད་ པ་དེའི་མཐུ་ལས་ནོར་རྒྱས་ལ་སོགས་པའི་ཀླུ་ཆེན་པོ་རྣམས་འོངས་ནས་རི་མོ་ཅན་གྱི་སྡེ་ལ་བཀའ་ནོད་ཅིང་ལྷ་མོ་ཇི་ལྟར་བགྱི་ཞེས་སོ། །དེ་ནས་རི་མོ་ཅན་གྱི་སྡེས་དེ་དག་ལ་བཀའ་བསྒོ་བ་སངས་རྒྱས་དང་རྗེས་སུ་མཐུན་པར་བྱོས་ཤིག་ཅེས་སོ། །དེ་ལྟར་སྔགས་ཀྱི་མཐུ་གསུངས་ 26-1-158b ནས་རྒྱུད་ཀྱི་དོན་ཇི་ལྟར་ཡིན་པའི་གླེགས་བམ་ཕྱུང་བ་གསུངས་པ། དེ་སྐད་ཐོས་པ་ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་སྟེ། རྣལ་འབྱོར་མའི་བླ་ན་མེད་པ་ཞེས་བྱ་བ་ནི་རྣལ་འབྱོར་མའི་རྒྱུད་བླ་ན་མེད་པ་སྟེ། གང་གི་ཕྱིར་འདི་ལས་མཆོག་མེད་པ་དེ་བས་ན་རྒྱུད་འདི་དང་མཚུངས་པ་ མེད་དེ། རྒྱུད་འདི་ནི་སངས་རྒྱས་ཐོད་པ་ཞེས་བྱ་བར་བརྗོད་དེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་དབུའི་ཐོད་པ་ལས་སྔགས་ལ་སོགས་པ་རྣམས་བཏོན་པས་ན་དེའི་བདག་ཉིད་ཀྱི་རྒྱུད་ལ་ཡང་དེ་སྐད་ཅེས་བྱ་སྟེ། སངས་རྒྱས་དབུའི་ཐོད་པ་ལས་བྱུང་བའི་རྒྱུད་ནི་བྱ་བ་ དང་། བྱེད་པར་ཉེ་བར་སྤྱོད་དོ། །བྱ་བ་དང་བྱེད་པ་དེ་ལྟ་བུ་ནི་སངས་རྒྱས་ཐོད་པ་ཞེས་བྱ་བར་བརྗོད་དོ། །ཡང་ན་སངས་རྒྱས་ཞེས་བྱ་བའི་སྒྲ་ནི་རྡོ་རྗེའི་རྣམ་གྲངས་སོ། །ཐོད་པ་ཞེས་བྱ་བ་ཡང་གྲུ་གསུམ་གྱི་ངོ་བོ་ལ་བྱ་བས་ན། ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་ནི་ སངས་རྒྱས་ཐོད་པ་ཞེས་བྱ་བར་བརྗོད་དོ། །དེ་ཉིད་ཀྱིས་ནི་གླེགས་བམ་ལ་སོགས་པ་རྣམས་སེམས་ཅན་རྣམས་རྗེས་སུ་གཟུང་བར་བྱ་བའི་ཕྱིར་རི་མོ་ཅན་གྱི་སྡེས་ཕྱག་ན་རྡོ་རྗེ་ལ་གཏད་པ་ཡིན་ནོ། །གསང་བ་མཆོག་དང་ཞེས་བྱ་བ་ནི་རྒྱུད་ལས་གསུངས་པའི་དེ་ཁོ་ན་ཉིད་གང་ཡིན་ པ་སྟེ་དེ་ནི་མཆོག་ཏུ་གསང་བའི་ཡང་མཆོག་ཏུ་གསང་བ་འདི་ཉིད་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་བཞུགས་པ་ཡིན་ནོ། །འོ་ན་དེ་ཁོ་ན་ཉིད་ཀྱི་མཆོག་དེ་ཉིད་སེམས་ཅན་ཐམས་ཅད་ཀྱི་ཡང་ལུས་ལ་གནས་པ་ཡིན་ན་སེམས་ཅན་ཐམས་ཅད་ཀྱི་བདེ་བ་དང་སྡུག་བསྔལ་ལ་སོགས་པ་ རྣམས་ཀྱང་གཅིག་གི་དངོས་པོར་རིག་པར་འགྱུར་ཏེ། དེའི་དེ་ཁོ་ན་ཉིད་དེ་ནི་དོན་དམ་པའི་རང་བཞིན་གཅིག་པ་ཉིད་ཀྱི་ཕྱིར་དང་། ཡང་སེམས་ཅན་ཐམས་ཅད་འཁོར་བར་བཅིངས་པ་མེད་པར་ཡང་འགྱུར་ཏེ། ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་རང་བཞིན་ནི་གཅིག་པ་ ཉིད་ཙམ་གྱི་ཕྱིར་དང་། ཡང་འཁོར་བ་ཞེས་བྱ་བ་དང་མྱ་ངན་ལས་འདས་པ་ཞེས་བྱ་བར་གཞག་པའི་ལུགས་ཀྱང་མེད་པར་འགྱུར་ན། བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ཇི་ལྟར་འབྲེལ་ཞེ་ན། འདི་ལ་བརྗོད་པར་བྱ་སྟེ་གང་ཐམས་ཅད་ཀྱི་དོན་དམ་པ་དེ་ཁོ་ 26-1-159a ན་ཉིད་ནི་རང་བཞིན་གཅིག་པ་ཁོ་ན་སྟེ། དེ་ལྟར་ན་ཡང་འཁོར་བའི་བག་ཆགས་ཀྱིས་ཡོངས་སུ་གཟུང་བའི་ཕྱིར་དང་། ཐོག་མ་མེད་པའི་དུས་ན་སེམས་ཅན་རྣམས་ཀྱི་བློ་རང་དང་གཞན་དུ་དམིགས་པས་གཟུང་བའི་ཕྱིར་ན་དེ་ལྟ་བུ་དི་གསལ་བར་མ་གྱུར་ཏོ། ། འདིས་ན་ཇི་སྲིད་དུ་འཁོར་བའི་གནས་སྐབས་དག་ཏུ་ལྟ་བ་ཡོད་པ་དེ་སྲིད་དེ་བཞིན་པར་གྱུར་པའི་དེ་ཁོ་ན་ཉིད་ཇི་ལྟར་རྟོགས། འདིས་ནི་འདི་མི་ཤེས་པའི་རྒྱུ་འདིའི་ཕྱིར་ན་བདག་དང་གཞན་དུ་ཡང་དག་པར་རིག་པའི་ཡིད་ནི་འཁོར་བའི་བཅིངས་པ་ཡིན་པས་བདེ་བ་དང་སྡུག་ བསྔལ་ལ་སོགས་པ་གཅིག་གི་དངོས་པོར་ཡིན་པར་མང་པོའི་སོ་སོར་རིག་པར་འགྱུར་བ་ཡིན་ཏེ། ཐོག་མ་མེད་པའི་བག་ཆགས་ལས་ཡོངས་སུ་གྱུར་པའི་ཕྱིར་རོ། །དེ་ཡང་དཔེར་ན་ཟླ་བ་ནི་གཅིག་ཉིད་ཡིན་ཡང་སོ་སོའི་མིག་གི་སྐྱོན་གྱིས་ཁ་ཅིག་ལ་རྣམ་པ་སྣ་ཚོགས་པར་ འགྱུར་བ་བཞིན་དུ། དེ་རྣམས་ཀྱི་ཡང་དག་པར་རིག་པ་ཡང་དངོས་པོ་སྣ་ཚོགས་སུ་སྐྱེ་བ་དང་། ཆུ་སྟེང་དང་བ་མང་ན་ནི་ཟླ་བ་གཅིག་པོའི་གཟུགས་བརྙན་ཡང་མང་པོར་དམིགས་པར་འགྱུར་བ་དེ་བཞིན་དུ་མི་ཤེས་པ་ཡང་ཀུན་དུ་སྣང་བར་གནས་པ་ཉིད་ཀྱི་ཕྱིར་ན་རྣམ་པར་ བཅིངས་པ་ཡང་བརྫུན་ཙམ་གྱིས་ཀྱང་སྡུག་བསྔལ་གྲུབ་པ་ཡིན་ཏེ། དཔེར་ན་མཁའི་འོ་ཟིལ་ལ་ཐག་པ་ལ་སྦྲུལ་གྱི་དངོས་པོར་གཟུང་བ་དེས་འཇིགས་པ་ལས་ཤིན་ཏུ་སྡུག་བསྔལ་བ་མངོན་དུ་ཉམས་སུ་མྱོང་བ་ཡིན་ཡང་དེ་ཡང་དག་པར་ནི་སྡུག་བསྔལ་དེ་སྦྲུལ་ཉིད་ཀྱིས་ བསྐྱེད་པ་མ་ཡིན་ནོ། །དེའི་ཕྱིར་ན་བརྫུན་ཙམ་གྱིས་ཀྱང་སྡུག་བསྔལ་འབྱུང་བར་འགྱུར་ཏེ། གང་གི་ཚེ་ཡང་དེ་འདྲ་བའི་བག་ཆགས་ལས་སྐྱེ་བའི་འཁོར་བ་བཅོམ་ན་ནི་དེའི་ཚེ་འགའ་ཞིག་ཏུ་ཡང་འཁོར་བར་བཅིངས་པའི་སྡུག་བསྔལ་འབྱུང་བར་མི་འགྱུར་བས་བདེ་བ་དང་ སྡུག་བསྔལ་ལ་སོགས་པ་ཡང་མེད་པར་འགྱུར་ཏེ། བདག་དང་གཞན་དུ་སོ་སོར་རིག་པ་དག་དེའི་ཚེ་ནུབ་པར་གྱུར་པའི་ཕྱིར་ནའོ། །ནམ་མཁའ་ལྡིང་དང་ཆར་འབབ་པ་དང་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པས་ནི་དངོས་གྲུབ་གང་ཡང་རུང་བ་དེ་ཐམས་ཅད་བསྐྱེད་པའོ། ། 26-1-159b དེ་བཞིན་དུ་ཧེ་རུ་ཀའི་དེ་ཁོ་ན་ཉིད་ཆེན་པོ་དེ་ཉིད་འདིར་བསྒྲུབ་པར་བྱ་བར་གསུངས་སོ། །དཔའ་བོ་ཆེན་པོ་ཧེ་རུ་ཀ། །ཞེས་བྱ་བ་ལ་སོགས་པ་ལ། སྐྱེད་དང་གནས་པའི་རྒྱུ་དང་ནི། །ཞེས་བྱ་བ་ནི་བཅོམ་ལྡན་འདས་དེ་ཉིད་གཅིག་པུ་སྟེ། དཔེར་ན་སྦྲུལ་གཅིག་ཁོ་ན་རེས་འགའ་ནི་ ཀྱག་ཀྱོག་ཏུ་འདུག། རེས་འགའ་ནི་དྲང་པོར་འདུག་ཀྱང་འདིའི་ངོ་བོ་ཉིད་ནི་སོ་སོར་དབྱེ་བས་གནས་པ་མ་ཡིན་ནོ། །དེ་བཞིན་དུ་བཅོམ་ལྡན་འདས་འདི་ཡང་གཅིག་ཉིད་ཡིན་ན་ཡང་འཁོར་བའི་གཟུགས་སྣ་ཚོགས་སུ་སྣང་བར་བལྟའོ། །དེ་བཞིན་དུ་བཅོམ་ལྡན་འདས་དེ་ཉིད་དངོས་པོ་དང་ དངོས་པོ་མེད་པའི་རང་བཞིན་དུ་རྟོགས་པར་བྱའོ། །འོ་ན་གང་གི་ཚེ་བཅོམ་ལྡན་འདས་དེ་ཉིད་དངོས་པོ་དངོས་པོ་མེད་པ་གཉི་གའི་རང་བཞིན་ཡིན་ན་འདི་ཀོ་ཇི་ལྟར་ན་དེ་གཉིས་སུ་མེད་པའི་དངོས་པོར་འབྱུང་ཞིག་གུ་སྟེ། དངོས་པོ་ཀུན་གྱི་རང་བཞིན་ཡིན་པ་ཉིད་ཀྱིས་ན་གཟུང་བ་ དང་འཛིན་པ་དག་གིས་སྐྱོན་གྱི་དངོས་པོ་དེ་ལྟར་དེ་ལ་གནས་སོ་ཞེ་ན། འདི་ལ་གསུངས་པ་སྤྲོས་མེད་དང་གོས་མེད་ཅེས་བྱ་བ་སྟེ། དོན་དམ་པར་ནི་བཅོམ་ལྡན་འདས་འདི་ལ་སྤྲོས་པ་མེད་པས་དངོས་པོ་མེད་པའི་སྤྲོས་པས་མི་རིག་གོ། །ཅི་སྟེ་ཞེ་ན། གོས་པ་མེད་པའི་ཕྱིར་ ཏེ་དངོས་པོ་མེད་པའི་རང་བཞིན་ནི་གོས་པའོ། །འདིས་ནི་གོས་པས་འདི་ལ་གཟུང་བ་མེད་དེ་གཉིས་པོ་རྣམས་ནི་སྐྱོན་དང་བཅས་པ་ཡིན་པའི་ཕྱིར་ནའོ། །ཅི་སྟེ་དེ་དངོས་པོ་དང་། དངོས་པོ་མེད་པའི་རང་བཞིན་ཉིད་དོ་ཞེས་བརྗོད་པ་དེ་ཇི་ལྟར་ཡིན་ཞེ་ན། འདི་ལ་སྲིད་པར་སྤྱོད་པ་དང་། ཞེས་བྱ་བ་གསུངས་ཏེ། བཅོམ་ལྡན་འདས་དེའི་འཁོར་བར་ཀུན་དུ་སྤྱོད་པའི་དངོས་པོ་དང་། དངོས་པོ་མེད་པའི་རང་བཞིན་གྱི་སྒོ་ནས་དེ་སྐད་ཅེས་བྱ་བ་བརྗོད་དེ། སེམས་ཅན་འཁོར་བ་ལ་སྤྱོད་པར་བརྩོན་པ་དེ་དག་རྣམས་ལ་སྟོན་པ་མཛད་པའི་དངོས་པོ་ཡིན་ནོ་བར་དགོངས་སོ། ། འོ་ན་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་དེ་གཅིག་པུ་འཁོར་བའི་རྗེས་སུ་གནས་པའི་ཕྱིར་ན་དངོས་པོ་དངོས་པོ་མེད་པའི་རང་བཞིན་དོན་དམ་པ་དེ་གཉིས་ཀྱི་རང་བཞིན་དང་བྲལ་བ་ཡིན་ན་འདི་ཇི་ལྟར་རིགས་པ་ཡིན། ཇི་སྲིད་དུ་བཅོམ་ལྡན་འདས་དེའི་རང་བཞིན་སྲིད་པའི་རྗེས་སུ་ 26-1-160a འཇུག་པར་རབ་ཏུ་ཤེས་སམ། འོན་ཏེ་མེད་ན་གང་གི་ཚེ་མི་ཤེས་ན་ནི་མི་ཤེས་པ་དེ་ཇི་སྲིད་དུ་དེའི་ཚེ་དེའི་རང་བཞིན་གྱི་སྲིད་པ་དངོས་པོ་དང་དངོས་པོ་མེད་པའི་འགྲོ་བ་ཀུན་གྱི་རང་བཞིན་དུ་རྣམ་པར་གནས་པ་དི་ཡང་ཇི་ལྟ་བུ་ཞིག་སྟེ། གང་ཡང་ཤེས་པ་དེ་ སྔོན་པོའི་དངོས་གཞི་ཙམ་དུ་མ་སྐྱེས་ན་ནི་སེར་པོའི་རང་བཞིན་དུ་ཤེས་པ་སྐྱེ་བའི་རིག་པ་མེད་པ་དང་། ཟླ་བ་གཅིག་པུ་མེད་ན་གཉིས་ཀྱི་གཟུགས་སུ་དེས་ཇི་ལྟར་རིག་པར་འགྱུར། དེ་ནས་ཡང་བཅོམ་ལྡན་འདས་འདི་ཤེས་ནས་སྲིད་པར་འཇུག་ན་ནི་དེའི་ཚེ་དེ་རང་རིག་པའི་རང་ བཞིན་གྱིས་འཇུག། །དེ་ལ་གལ་ཏེ་རང་གི་རང་བཞིན་ཉིད་ཀྱིས་རིག་པས་འཇུག་ན་ནི་སྲིད་པ་འདི་ཡང་དེ་ལྟར་རིག་པས་ན་སྲིད་པ་འདི་ཡང་དངོས་པོ་དང་། དངོས་པོ་མེད་པའི་རང་བཞིན་ཀུན་དུ་སོ་སོར་གསལ་བར་ཇི་ལྟར་འགྱུར་ཏེ། དེའི་རང་བཞིན་ལ་འདི་དག་ལྟ་བུའི་རང་བཞིན་ དང་བྲལ་བའི་ཕྱིར་ན། སྔོན་པོའི་རང་བཞིན་ཉིད་དུ་གསལ་བ་ན་སེར་པོའི་དངོས་པོར་བློ་སྐྱེ་སྲིད་པ་མེད་པ་ཉིད་དོ། །དེའི་ཕྱིར་ན་སྣ་ཚོགས་པའི་སྲིད་པ་འདི་ཡང་ཇི་ལྟ་བའི་རང་བཞིན་གྱིས་རབ་ཏུ་གསལ་བས་ན་བཅོམ་ལྡན་འདས་འདི་ཡང་དངོས་པོ་དང་། དངོས་པོ་མེད་པའི་འགྲོ་བ་ཀུན་ གྱི་རང་བཞིན་དེས་རབ་ཏུ་གསལ་བར་མི་འགྱུར་ཏེ་དེའི་རང་བཞིན་གཉིས་པོ་རྣམས་དང་རྣམ་པར་བྲལ་བ་དེའི་ཕྱིར་ནའོ། །དེ་ནས་ཡང་དེ་གཞན་གྱི་རང་བཞིན་དུ་རིག་པར་འཇུག་གོ་ཞེས་སྨྲ་ན། དེའི་ཚེ་སྲིད་པ་རྣམས་འདིར་རིག་པར་མི་འགྱུར་ཏེ། འགའ་ཞིག་ཏུ་ཡང་གཞན་ཉིད་ དུ་རིག་པར་སྐྱེས་པ་མིན་ཏེ་གཞན་གྱི་རང་བཞིན་དུ་རིག་པར་ནི་དེ་དེའི་ངོ་བོ་མ་ཡིན་ཏེ། ཇི་ལྟར་བུམ་པའི་ཤེས་པ་ནི་སྣམ་བུའི་ཤེས་པར་གྱུར་པ་རིགས་པ་མ་ཡིན་ནོ་ཞེས་པ་འདི་དག་ནི་བརྒལ་བའོ། །དེ་ཁོ་ན་ཉིད་དེའི་རང་བཞིན་ཤེས་པ་ཡིན་པས་འདི་ལྟར་སྲིད་པ་སྟེ། འདིར་ཤེས་ པའི་ངོ་བོ་ཡིན་ན་ཡང་འོན་ཀྱང་རང་གི་ངོ་བོ་དེས་དེ་བཞིན་དུ་རང་མ་ཤེས་པའི་རྒྱུ་ཡིས་གཡོགས་པས་གཞན་དག་ཏུ་གསལ་བར་ཤེས་པ་ཡིན་ནོ། །དེ་ཉིད་ཀྱི་ན་ཀུན་རྫོབ་ཅེས་བྱ་སྟེ་འཁོར་བ་ལ་བྱར་བརྗོད་ལ་དེ་ཡང་འདིས་དེ་ཁོ་ན་ཉིད་ལ་ཀུན་ནས་བཀབ་ཅིང་བསྒྲིབས་པས་ན་ཀུན་ 26-1-160b རྫོབ་ཅེས་བྱའོ། །གང་གི་ཚེ་ཡང་དེ་ཁོ་ན་ཉིད་འདིས་ངེས་པར་རིག་པར་གྱུར་ན་ནི་རང་གི་རང་བཞིན་ཉིད་དུ་གྱུར་པས་ན་དེའི་ཚེ་ཇི་ལྟར་འཁོར་བར་ཀུན་དུ་འཇུག། །དེའི་ཕྱིར་ན་གང་ཡང་གཞན་གྱི་རང་བཞིན་དུ་དེ་རིག་པ་འདི་ནི་ལོག་པའི་ལྟ་བའི་སྐྱོན་གྱི་འཁོར་བའོ། །དེ་ཡང་དཔེར་ ན་རབ་རིབ་ཅན་གྱི་མིག་གིས་ནམ་མཁའ་དྲི་མ་མེད་པ་ལ་ཡང་སྐྲ་ཤད་འཛིངས་པ་ལ་སོགས་པ་དང་ལྡན་པར་སྣང་བ་བཞིན་ནོ། །དེ་ལ་གཞན་པའི་དེས་དེ་རབ་ཏུ་ཤེས་ན་དེ་ཇི་ལྟར་ཤེས་པ་ཡིན་ཏེ་གང་གིས་ནི་དེ་ཉིད་དུ་ཤེས་པ་ཞེས་བྱ་བ་འདི་དོན་ཇི་ལྟ་བ་བཞིན་མ་ཡིན་པས་སྔོན་དུ་ བརྗོད་པ་དེ་དག་སུན་དབྱུང་བར་བྱ་བར་གནས་པ་མ་ཡིན་ནོ་ཞེ་ན། མིན་ཏེ་གཞན་དུ་རབ་ཏུ་ཤེས་པ་ཞེས་བྱ་བའི་དེ་ཁོ་ན་ཉིད་འདི་ནི་རང་བཞིན་གྱིས་ཐམས་ཅད་དུ་དེ་ལྟར་རབ་ཏུ་ཤེས་པས་ཁས་བླངས་སམ་ཅི་གང་གིས་གཞན་རབ་ཏུ་ཤེས་ན་ཇི་ལྟར་དེའི་རང་བཞིན་རབ་ཏུ་ཤེས་པ་ཅི་ཞེས་བྱ་ བའི་སྐྱོན་དུ་འགྱུར་རོ། །གལ་ཏེ་དེ་བཞིན་དུ་གྱུར་ན་ནི་དེ་སྲིད་པར་ཡང་ཇི་ལྟར་འགྱུར། དེའི་ཕྱིར་ན་དེ་ཇི་ལྟ་བའི་རང་བཞིན་དུ་མི་ཤེས་པས་འདི་སྲིད་པའི་ངོ་བོར་འགྱུར་ཏེ། སྲིད་པ་ལུགས་སུ་འབྱུང་བ་འདི་དག་ཀུན་ཀྱང་བག་ཆགས་ཀྱི་ལིང་ཏོག་གིས་ལག་པས་བྱས་པ་བཞིན་ དུ་བརྫུན་གྱི་རྣམ་པར་ཀུན་དུ་འབྱུང་ངོ་། །དེ་ལྟ་བུ་དེ་དག་དང་ཅི་ཞིག་ལས་ཤེ་ན། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པའི་སྟོབས་ལས་སྐྱེ་སྟེ། དེ་ལྟར་ཁས་ལེན་པ་ལོས་ཀྱང་མོད་དེ་ཇི་སྲིད་དུ་འཁོར་བའི་རྗེས་སུ་འཇུག་པས་ཡིད་རྗེས་སུ་འཇུག་གོ། །དེའི་ཕྱིར་ན་སྨིག་རྒྱུ་བའི་ དངོས་པོ་ལ་ཆུའི་རྣམ་པར་ཤེས་པ་ལྟར་འདིར་དེ་ཁོ་ན་ཉིད་རང་བཞིན་སྲིད་པའི་དངོས་པོར་སྣང་བ་ལ་འགལ་བ་འགའ་ཡང་ཡོད་པ་མ་ཡིན་ནོ། །དེས་ན་དེ་འཁོར་བ་ཡིན་པར་གྱུར་པས་ན་དེས་ཇི་ལྟ་བའི་སྨིག་རྒྱུ་ལ་སོགས་པའི་རང་བཞིན་མ་ཤེས་པས་བརྫུན་གྱི་ངོ་བོར་རྟོགས་ པ་འགའ་ཞིག་ཏུ་སྐྱེ་བར་འགྱུར་བ་བཞིན་དེ་ཁོ་ན་ཉིད་ལ་དེ་ཇི་ལྟར་རིག་པ་ཡིན་པ་ཞིག་ན་སྟེ། དེ་ཇི་སྲིད་དུ་དེ་ཁོ་ན་ཉིད་རབ་ཏུ་གསལ་བ་ན་མྱ་ངན་ལས་འདས་པ་ཞེས་བྱ་བ་ཡིན་པར་ཁས་ལེན་པ་ལྟ་ལོས་ཀྱང་མོད་ཀྱི། གཞན་བདག་གིས་ཀྱང་ནི་འགའ་ཞིག་ཏུ་མྱ་ངན་ལས་ 26-1-161a འདས་པར་འགྱུར་རོ། །དེས་ན་ཇི་ལྟ་བའི་རང་བཞིན་རབ་ཏུ་མ་ཤེས་པས་ཀྱང་དེ་རང་རིག་པ་ཙམ་ཉིད་ལས་ཇི་བཞིན་པས་རང་རང་གི་མྱ་ངན་ལས་འདས་པའི་གོ་འཕང་ཐམས་ཅད་ཐོབ་པར་འགྱུར་ཏེ། ཇི་ལྟར་ཡུལ་ན་རི་ཀེ་ལའི་གླིང་ནས་འོངས་མ་ཐག་པའི་མིས་ མེ་འདིའི་རང་བཞིན་ནི་སྲེག་པར་བྱེད་པ་ཡིན་ནོ་ཞེས་བྱ་བར་མི་ཤེས་ཀྱང་དེ་ཡང་དག་པར་རིག་ཅིང་མྱང་བ་ན་གྲང་བ་སེལ་བར་མི་འགྱུར་རམ། དེའི་སྟེང་དུ་ཡང་དག་པར་རེག་ན་སྲེག་པར་ཡང་མི་འགྱུར་རམ་ཅི་དེ་བཞིན་དུ་བཅའ་སྒ་འདྲ་བར་རིག་ནས་དུག་ཏུ་མ་ཤེས་པས་ཟོས་ན་ཁ་ཆུ་འཛག་ ཅིང་བརྒྱལ་བ་ལ་སོགས་པའི་བྱ་བ་རྣམས་བྱེད་པར་མི་འགྱུར་རམ་ཅི། དེའི་ཕྱིར་ན་དེ་ཁོ་ན་ཉིད་ཀྱིས་རང་བཞིན་དེ་ཇི་ལྟ་བའི་རང་བཞིན་དུ་དེས་མི་ཤེས་པས་འཁོར་བ་ཡིན་ལ་གཞན་ནི་རང་བཞིན་ཁོང་དུ་ཆུད་པས་སོ་ཞེས་པ་འདི་རིགས་པ་མ་ཡིན་ནོ་ཞེ་ན། དེ་ནི་མིན་ཏེ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་དེ་ཇི་ལྟ་བ་ བཞིན་དུ་རབ་ཏུ་ཤེས་ན་ཡང་རང་རང་གི་དགོས་པས་འབྱུང་བར་འགྱུར་བ་ཉིད་དེ། ཅི་མིང་གི་ཚིག་དེ་གང་ཞིག་གཞན་རབ་ཏུ་གསལ་བ་ན་གཞན་པོ་དེ་རང་རབ་ཏུ་གསལ་བ་དེ་དེའི་དགོས་པར་འབྱུང་བ་མིན་ནམ་ཅི་འོ་ན་དེའི་ཚེ་ཐམས་ཅད་ལ་ཁོ་ན་ཉིད་རིག་པ་ཡོད་པས་སྲིད་པ་རྣམ་པར་བཅད་མི་ དགོས་པར་འགྱུར་རོ་ཞེ་ན། མིན་ཏེ་དེ་ཁོ་ན་ཉིད་ཉམས་སུ་མྱོང་བ་ཙམ་གྱིས་སྲིད་པའི་དངོས་པོ་མེད་པའི་མཚན་ཉིད་མྱ་ངན་ལས་འདས་པར་འགྱུར་བར་བརྗོད་པ་ནི་མིན་ཏེ། གང་དེ་ཙམ་གྱིས་ནི་མྱ་ངན་ལས་འདས་པར་སྦྱོར་བར་བྱེད་པ་མ་ཡིན་ནོ། །དེ་ཁོ་ན་ཉིད་ཤེས་པས་མྱ་ངན་ལས་ འདས་པར་མི་འགྱུར། མི་འགྱུར་བ་གང་གི་ཚེ་གང་ཞིག་གང་གིས་འགྱུར་བ་ཡིན་ཞེ་ན། དེ་ཁོ་ན་ཉིད་དུ་རིག་པ་དེ་ཉིད་ལས་སོ། །ཅི་ཞིག་ན་དེའི་ཚེ་ཡང་ཐམས་ཅད་དུ་སྲིད་པ་མེད་པར་འགྱུར་རོ་ཞེ་ན། མིན་ཏེ་ཇི་བཞིན་པའི་རང་བཞིན་དུ་དེ་ངེས་པར་རིག་པར་མ་བྱས་པས་ཏེ། ཇི་ལྟ་བའི་ རང་བཞིན་དུ་རྟོགས་པ་གང་གི་ཚེ་དེ་དེ་ཁོ་ན་ཉིད་དུ་རྟོགས་པ་དེའི་ཚེ་མྱ་ངན་ལས་འདས་པ་ཞེས་བྱ་བར་གཞག་པར་བརྗོད་ཀྱི་སྲིད་པའི་རྒྱ་མཚོར་ཞུགས་པའི་སེམས་ཅན་རྣམས་ཀྱིས་ནི་དེའི་རང་བཞིན་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་ཡོད་པ་མིན་པ་གང་གིས་ན་ཐམས་ཅད་མྱ་ 26-1-161b ངན་ལས་འདས་པར་མ་གྱུར་པ་ཡིན་ཏེ། གཉིས་སུ་མེད་པའི་དངོས་པོ་ཉིད་ལ་གཉིས་ཀྱི་རྗེས་སུ་ཞུགས་པའི་ཕྱིར་ན་དེ་བརྫུན་པའི་བློར་གནས་པ་ཅི་སྟེ་མིན། དེས་ན་ཇི་ལྟར་དེ་ཁོ་ན་ཉིད་ཀྱི་རང་བཞིན་ཡོངས་སུ་མ་རིག་པའི་སེམས་ཅན་རྣམས་ལ་ཇི་ལྟར་ཡོད་པར་བརྗོད། འོ་ན་མྱ་ངན་ལས་འདས་ པ་ལས་མ་རྟོགས་པའི་དེ་ཁོ་ན་ཉིད་ཀྱི་དགོས་པར་བྱ་བ་ཇི་ལྟ་བུ་ཞིག་འཐོབ། གང་ཡང་དེ་ཤེས་པ་ལ་མྱ་ངན་ལས་འདས་པ་མི་འབྱུང་ན་གཞན་ཞིག་ལས་དགོས་པ་དེ་འབྱུང་བར་གཞག་གམ་ཞེ་ན། མིན་ཏེ་དེ་ལས་གཞན་པ་དེ་ཡང་ཡོད་པ་ཡིན་ལ་ཐུན་མོང་བའི་དགོས་པའི་མཚན་ཉིད་རང་རིག་ པའི་རང་བཞིན་ཞེས་བྱ་བ་ཐམས་ཅད་པ་ཉིད་ཀྱི་ཡེ་ཤེས་རང་རིག་པ་ཞེས་བྱ་བ་ཐུན་མོང་བའི་དགོས་པ་ཉིད་སྔོན་པོ་དང་། སེར་པོ་ལ་སོགས་པའི་རྣམ་པ་བྱེ་བྲག་ཏུ་རྟོགས་པའི་ཁྱད་པར་ཉིད་དོ། །དེས་ན་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་རང་རིག་པ་ནི་དངོས་པོ་དང་དངོས་པོ་མེད་པ་སྣ་ ཚོགས་པའི་གཟུགས་ཀྱིས་ཡོད་པ་ཉིད་དོ། །དེའི་དགོས་པ་ཁྱད་པར་ཅན་ནི། མྱ་ངན་ལས་འདས་པའི་མཚན་དེ་དོན་གྱི་རང་བཞིན་པ་ཁྱད་པར་དུ་རྟོགས་པ་ཡིན་པ་འདི་ལ་ཐེ་ཚོམ་མེད་དོ། །འོ་ན་ཅི་མྱ་ངན་ལས་འདས་པའི་རང་བཞིན་རང་རིག་པའི་མིན་པ་གང་གིས་ན་ རང་རིག་པའི་མཚན་ཉིད་ཀྱི་དགོས་པ་ལས་འདི་ཁྱད་པར་དུ་སོ་སོར་བརྗོད་པ་དེ་བཞིན་དུ་ཡིན་ན་ནི་བརྒྱ་ལ་ལན་འགའ་ཞིག་ནའང་མྱ་ངན་ལས་འདས་པ་ནི་རྟོགས་པའི་བདག་ཉིད་དུ་མི་འགྱུར་ཏེ་རང་རིག་པའི་རང་བཞིན་མེད་པའི་ཕྱིར་ཏེ། རང་རིག་པའི་ལས་གཞན་པ་གང་ཞིག་ ཏུ་ཡང་དེ་ཇི་ལྟར་རིག་པར་བྱེད་པ་འདི་ཅི་རིགས་དེས་ན་བུམ་པ་ལ་སོགས་པ་ཡང་རང་བཞིན་གྱིས་རིག་པ་མེད་དེ་བེམས་པོ་ཙམ་གྱིས་གསལ་བར་སྐྱེ་བ་མེད་པ་ཉིད་དམ་ཅི་མྱ་ངན་ལས་འདས་པ་འདི་ཡང་དེ་བཞིན་ཡིན་ནོ་ཞེ་ན། མིན་ཏེ་མིག་དང་རྣ་བ་དང་ཡིད་ལ་བྱེད་པ་དང་ཡུལ་རྣམས་ ཀྱི་རྐྱེན་གྱིས་བུམ་པའི་རྣམ་པའི་ཤེས་པ་ཡང་དག་པར་སྐྱེས་ནས་རིག་པ་ལས་བུམ་པར་རིག་གོ་ཤེས་སོ་ཞེས་ཟེར་ཡང་དེ་ཉིད་བེམས་པོ་ཡིན་པའི་ཕྱིར་ན། གཞན་དག་བྱེད་པའི་དངོས་པོའི་གསལ་བ་མེད་པ་དེ་བཞིན་དུ་མྱ་ངན་ལས་འདས་པ་ཡང་ཡིན་ནོ་ཞེ་ན། མིན་ཏེ་དེ་ནི་ཡེ་ཤེས་ཀྱི་ 26-1-162a རང་བཞིན་ཉིད་ཀྱི་ཕྱིར་ཡེ་ཤེས་ཀྱི་བདག་ཉིད་ལ་ཡང་ཡེ་ཤེས་གཞན་ཞིག་གིས་ཤེས་པར་བྱེད་པ་ནི་རིགས་པ་མ་ཡིན་ཏེ། དེ་ལ་ཡང་གཞན་པའི་ཡེ་ཤེས་ཞིག་དགོས་ལ། དེ་ལ་ཡང་གཞན་པ་ཞིག་དགོས་པས་ཐུག་པ་མེད་པའི་སྐྱོན་དུ་གནས་སོ། །དེ་ ནས་ཡང་གལ་ཏེ་མྱ་ངན་ལས་འདས་པ་ཡང་ཡེ་ཤེས་ཀྱི་རང་བཞིན་ནོ་ཞེས་ཟེར་ན། ཅི་དེ་ནི་མྱ་ངན་ལས་འདས་པ་ཡང་བེམས་པོའི་བདག་ཉིད་དུ་སྨྲའམ་དེ་ལྟ་བུ་བདག་ཉིད་ཡིན་པར་སྨྲའོ་ཞེ་ན། འོ་ན་བུམ་པ་ལ་སོགས་པའི་བདག་ཉིད་ཐམས་ཅད་ཀྱང་མྱ་ངན་ལས་ འདས་པ་ཡིན་པར་འགྱུར་རོ། །དེ་ལྟར་གྱུར་ན་ནི་འགྲོ་བ་ཐམས་ཅད་འབད་པ་མི་དགོས་པར་ཡོངས་སུ་གྲོལ་བར་འགྱུར་ཏེ། བུམ་པ་ལ་སོགས་པ་ཐམས་ཅད་ཀྱང་དེ་ལྟ་བུ་ཉིད་ཀྱི་རང་བཞིན་དུ་གནས་པ་དང་། བེམས་པོའི་རང་བཞིན་ཉིད་ཀྱིས་ན། བུམ་པ་ལ་སོགས་པ་དང་། མྱ་ངན་ལས་འདས་པ་ནི་ཁྱད་པར་འགའ་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་ནས་ཡང་མྱ་ངན་ལས་འདས་པ་ཡེ་ཤེས་ཀྱི་རང་བཞིན་ཡིན་ན་ཡང་སྲིད་པའི་དངོས་པོ་དུས་ཐམས་ཅད་དུ་ཡེ་མེད་པའི་སྐྱོན་དུ་གནས་པ་ཉིད་དེ་སྔོན་པོ་ལ་སོགས་པའི་ཤེས་པ་རྣམས་དེ་བཞིན་པར་དུས་ཐམས་ ཅད་དུ་ཡོད་པ་སྟེ། ཡེ་ཤེས་ཉིད་ཡིན་པ་ནི་སྔོན་པོ་ལ་སོགས་པའི་ཤེས་པ་དང་། མྱ་ངན་ལས་འདས་པའི་ཤེས་པ་དག་ལ་འགའ་ཞིག་དང་ཁྱད་པར་དུ་འཇུག་པ་མེད་པས་ནའོ་ཞེ་ནའོ། །མིན་ཏེ་མྱ་ངན་ལས་འདས་པའི་ཡེ་ཤེས་ནི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ལས་སྐྱེ་བར་འགྱུར་གྱི་ཡེ་ ཤེས་མིན་པ་སྐྱེ་མི་སྲིད་པ་དང་། ཤེས་པའི་བྱ་བ་ཤེས་པ་མ་ཡིན་པ་ནི་ཤིན་ཏུ་མི་རིགས་ཏེ་རྒྱུའི་བྱེ་བྲག་གིས་བྱེ་བྲག་ཏུ་བྱས་ན་འབྲས་བུ་བྱེ་བྲག་ཏུ་དབྱེ་བ་ཡིན་ཏེ། ཇི་ལྟར་སྐུད་པ་ནག་པོ་བཏགས་པ་ལས་སྣམ་བུ་དཀར་པོར་གྱུར་སྲིད་པ་ནི་མེད་པ་དང་། འཇི་བ་ལས་སྣོད་དུ་བྱས་ན་ ཟངས་ཀྱི་སྣོད་དུ་འགྱུར་བ་མེད་པ་དེས་ན་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱི་དགོས་པ་རང་རིག་པའི་མཚན་ཉིད་དང་། དེ་ལས་གཞན་ཡང་ཁྱད་པར་ཅན་གྱི་མྱ་ངན་ལས་འདས་པའི་མཚན་ཉིད་ཇི་ལྟ་བའི་རང་བཞིན་ཁོང་དུ་ཆུད་པའོ་ཞེས་གཞག་པར་བྱ་བ་འདི་དག་ཇི་ལྟར་ཡིན་ཞེ་ན། འདི་ལ་སྨྲས་ 26-1-162b པ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱི་དགོས་པ་རང་རིག་པ་ལས་མྱ་ངན་ལས་འདས་པའི་མཚན་ཉིད་ཀྱི་དགོས་པ་འདི་རང་རིག་པ་མ་ཡིན་པའི་རང་བཞིན་གཞན་དུ་འགྱུར་བར་སྐྱེ་བ་མེད་པ་ཉིད་དོ། །ཅི་རང་རིག་པ་ལས་གཞན་པ་ན་རང་རིག་པ་མ་ཡིན་པར་འགྱུར་བ་ཡིན་པས་འགལ་ལོ་ཞེ་ ན། མིན་ཏེ་མྱ་ངན་ལས་འདས་པའི་མཚན་ཉིད་ཀྱི་དགོས་པ་དེ་ཉིད་ཀྱི་རང་རིག་པ་ཡིན་པ་ཁོ་ནའོ། །འདི་ཇི་ལྟ་བུ་ཞིག་ན། རང་རིག་པའི་དགོས་པ་དང་ཞེས་དབྱེ་བར་ཡོད་པ་དེ་དང་། གཞན་པའི་དགོས་པ་འདི་ཡང་རང་རིག་པ་ཡིན་པར་ཁས་བླངས་པ་འདིས་ནི་གཉིས་སུ་དབྱེ་བ་ འགལ་ལོ་ཞེ་ན། མིན་ཏེ་རང་རིག་པ་ཞེས་བྱ་བ་ཙམ་གྱིས་ཐམས་ཅད་རང་རིག་པ་ཞེས་བྱ་བའི་དངོས་པོ་གཅིག་ཏུ་འགྱུར་བ་མ་ཡིན་ཏེ། རང་རང་གི་དབྱེ་བས་སོ་སོར་ཕྱེད་པའི་ཕྱིར་ན་སྔོན་པོ་དང་སེར་པོ་ལ་སོགས་པའི་རང་རིག་པའི་ཤེས་པ་ཙམ་གྱིས་རང་རང་གི་ངོ་བོ་དེ་གཅིག་ཏུ་འགྱུར་བ་མ་ ཡིན་ནོ། །དེའི་ཕྱིར་ན་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱི་དགོས་པ་མྱ་ངན་ལས་འདས་པའི་མཚན་ཉིད་ནི་རང་རིག་པ་ཙམ་ཐུན་མོང་བ་དེ་ལས་དབྱེ་བར་གནས་པ་ཉིད་དོ། །དེས་རང་རིག་པ་ཙམ་གྱིས་སྲིད་པའི་དངོས་པོ་ཡང་ཐམས་ཅད་དུ་རབ་ཏུ་དབྱེ་བར་གནས་པ་ཉིད་དོ། །དེས་ན་མྱ་ངན་ལས་ འདས་པ་ཁོང་དུ་ཆུད་པ་ཡང་རང་རིག་པའི་རང་བཞིན་གྱི་ཕྱིར་ན་ཡོད་པ་ཉིད་དོ། །དེ་ཁོ་ན་ཉིད་ཀྱི་རང་བཞིན་ཇི་ལྟ་བ་བཞིན་དུ་རྟོགས་པ་ལས་མྱ་ངན་ལས་འདས་པར་འགྱུར་བ་ཡིན་ནོ་ཞེས་སྨྲ་ན། ཅི་འདོད་པ་ཙམ་གྱིས་རབ་ཏུ་སྨྲ་བར་བྱེད་པ་འདིར་འགྱུར་ཏེ། དེ་ཁོ་ན་ཉིད་ཅེས་པ་ དང་། མྱ་ངན་ལས་འདས་པ་ཞེས་བྱ་བ་དང་། གྲོལ་བ་ཞེས་བྱ་བ་ལ་སོགས་པ་ཇི་སྲིད་པ་དེ་དག་ནི་མིང་གི་རྣམ་གྲངས་ཙམ་ཡིན་ན་བྱ་བ་དང་བྱེད་པ་གཉིས་སུ་གཞག་པ་དེ་དག་གིས་རབ་ཏུ་སྨྲས་པ་དེ་ཇི་ལྟར་ལེགས་པ་ཡིན་ཞེ་ན། གང་ཡང་དོན་དམ་པ་ལ་ནི་ཁྱད་པར་མེད་པ་དེ་ བཞིན་ན་ཡང་ཀུན་རྫོབ་ལ་བརྟེན་ནས་ཀུན་རྫོབ་ཙམ་དུ་གཞག་པའི་རྟོག་པ་ཉིད་བྱ་བ་དང་བྱེད་པ་ལ་སོགས་པར་དབྱེ་བ་ཐམས་ཅད་ཀུན་རྫོབ་ཙམ་དུ་གནས་ཀྱི་དོན་དམ་པ་ལ་ནི་བྱ་བ་དང་བྱེད་པ་ཞེས་བྱ་བ་ལ་སོགས་པ་གཉིས་སུ་དབྱེ་བ་རྣམས་འགའ་ཡང་མེད་དེ། བཀའ་ལས་བློ་ 26-1-163a གྲོས་ཆེན་པོ་ཆོས་ཐམས་ཅད་ནི་སྐྱེ་བ་མེད་པ་སྟེ་བདེན་པ་དང་བདེན་པ་མིན་པ་གཉིས་ཀར་མ་སྐྱེས་པའོ་ཞེས་གསུངས་སོ། །དེའི་ཕྱིར་ན་བག་ཆགས་དང་རྣམ་པར་བྲལ་བ་ལས་ཇི་ལྟ་བ་བཞིན་གྱི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ལ་ཡང་དག་པར་རིག་པའི་དེ་མ་ཐག་པར་མྱ་ངན་ལས་ འདས་པ་ལོས་ཀྱང་མོས་ཏེ་ས་བོན་དེས་དེ་བཞིན་དུ་ཀུན་རྫོབ་ཙམ་དུ་བྱས་པ་ལ་བྱའོ། །དེ་ཡང་ཇི་ལྟར་རབ་ཏུ་དགའ་བ་ལས་འདྲངས་པར་འགྱུར་རོ་ཞེས་པའི་ཀུན་རྫོབ་ཏུ་གྲུབ་པ་དེའི་རབ་ཏུ་དགའ་བ་དང་འདྲངས་པ་དག་ནི་མྱ་ངན་ལས་འདས་པ་གཞན་ན་འགའ་ཡང་མེད་ཀྱང་དེ་ལྟར་གྲུབ་ པ་ཡིན་ནོ། །འོ་ན་མྱ་ངན་ལས་འདས་པའི་སྔོན་དུ་རྟོགས་པ་ཉིད་ཇི་ལྟར་སྐྱེ་ཞེ་ན། དེ་ལ་སྨྲས་པ། རང་རིག་པའི་རང་བཞིན་ནོ་ཞེ་ན། མིན་ཏེ་རང་རིག་པ་འདི་གང་གིས་དགོས་པས་ཡེ་ཤེས་ཀྱི་རང་བཞིན་གང་དེ་སྲིད་པ་འདིར་འདིའི་རང་བཞིན་སྟོན་ཅིག། །རིག་པའི་རང་བཞིན་དེ་མི་ ཤེས་པར་འགྱུར་ཏེ། ཇི་ལྟར་བུམ་པའི་མགྲིན་པ་ལ་སོགས་པ་རྣམས་མི་ཤེས་པར་བུམ་པ་ཤེས་སོ་ཞེས་བྱ་བར་མི་འགྱུར་བས་འདིའི་རང་བཞིན་དངོས་པོ་ཅན་ཞིག་ཏུ་དམིགས་པར་འགྱུར་བའམ། འོན་ཏེ་དངོས་པོ་མེད་པ་ཅན་ཞིག་ཏུ་དམིགས་པར་འགྱུར་བ་སྟོན་ཅིག །དེ་ལ་དངོས་པོའི་ ཕྱོགས་སུ་གནས་ན་ནི་གཅིག་དང་དུ་མའི་རང་བཞིན་དང་རྣམ་པར་བྲལ་བའི་སྦྱོར་བས་དེ་ཁོ་ན་ཉིད་ཀྱང་རབ་ཏུ་མི་གནས་པ་ཁོ་ནར་འགྱུར་རོ། །དངོས་པོ་མེད་པར་རྗེས་སུ་གནས་ན་ཡང་དངོས་པོ་མེད་པ་ནི་དངོས་པོ་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་ན། དངོས་པོ་ཉིད་དེ་ལྟར་མེད་པས་ དངོས་པོ་མེད་པའི་རང་བཞིན་ཇི་ལྟར་ཡོད་པར་སྟོན། དེ་ནས་གཉིས་ཀའི་རང་བཞིན་རྣམ་པར་བྲལ་བ་ཞེས་བྱ་བ་དེ་དེ་ཁོ་ན་ཉིད་ཡིན་པར་སྟོན་ནོ་ཞེ་ན། དེ་ལྟར་ན་ཡང་རིག་པ་དང་ལྡན་པའི་དངོས་པོ་དེས་ན་ཡེ་ཤེས་དེ་སྐྱེ་བ་དང་ལྡན་པའི་ཕྱིར་ན་དམིགས་པ་དང་བཅས་པའི་རང་བཞིན་ གྱིས་ན་དངོས་པོ་ཉིད་དུ་གྱུར་པས་ཐམས་ཅད་དུ་བྱ་བ་དང་བྱེད་པའི་དངོས་པོ་ཅན་གྱི་མཚན་ཉིད་ཡིན་ནོ། །དེ་ནས་ཡང་ཡེ་ཤེས་འདི་ལ་སྐྱེ་བ་མེད་དེ་དེ་ཉིད་རང་རིག་པའི་རང་བཞིན་གྱི་ཕྱིར་རོ་ཞེ་ན། དེ་ལྟར་ན་དེ་ནི་ཡེ་ཤེས་འདི་བྱ་བ་རྣམས་ཅི་ཡང་མི་བསྐྱེད་ན་ནི་དེ་ཇི་ལྟར་ཡོད་པ་མ་ 26-1-163b ཡིན་ཏེ། ནུས་པ་ཐམས་ཅད་དང་བྲལ་བའི་ཕྱིར་མོ་གཤམ་གྱི་བུ་བཞིན་ན་རིག་པ་ཡིན་པར་ཇི་ལྟར་འགྱུར་ཏེ། དེས་ན་མྱ་ངན་ལས་འདས་པ་དེ་ནུས་པ་ཐམས་ཅད་དང་རྣམ་པར་བྲལ་བ་ཁོ་ནའི་སྟོང་པ་ཉིད་ཀྱི་རང་བཞིན་དུ་འགྱུར་རོ། །དེ་ལྟ་བུ་ཡིན་བཞིན་དུ་ཡང་དེ་ལ་རང་རིག་ དེ་ངེས་པར་ཡོད་པ་ཡིན་ན་ནི་ཡེ་ཤེས་དེ་བྱ་བ་དང་བྱེད་པ་ལ་སོགས་པ་ཅན་དུ་ཁས་བླངས་དགོས་སོ། །དེ་དག་དེ་ལྟར་གྱུར་ན་སྔར་གྱི་བཞིན་དུ་དངོས་པོར་དམིགས་པའི་སྐྱོན་དུ་འགྱུར་ཏེ་དངོས་པོ་ནི་བྱ་བ་དང་བྱེད་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་ནས་དེ་བཞིན་དུ་གཉིས་ཀྱི་རྣམ་པ་ དང་རྣམ་པར་བྲལ་བའི་རང་བཞིན་གྱི་ཕྱིར་ན། དེ་ཁོ་ན་ཉིད་དེ་ལ་དེ་བཞིན་པའི་རང་བཞིན་དུ་རིག་པ་ཡང་མེད་པ་དེས་ན་ཡེ་ཤེས་བྱ་བ་དང་བྱེད་པ་ལ་སོགས་པ་ཅན་གྱི་དངོས་པོར་དམིགས་པའི་སྐྱོན་དུ་གནས་པ་ཇི་ཙམ་ཡོད་ཅེ་ན། དེ་ལྟར་ན་ཡང་དེ་བཞིན་པའི་རིག་པའི་དངོས་པོ་ མེད་པའི་ཕྱིར་ན། དེ་དེའི་མྱ་ངན་ལས་འདས་པ་ཇི་ལྟ་བུ་ཞིག་ཡོད་དེ། མྱ་ངན་ལས་འདས་པར་ཡང་སོ་སོར་རིག་པ་མེད་པའི་སྐྱོན་དུ་འགྱུར་རོ་ཞེ་ན། མིན་ཏེ་ཅི་སྟོན་ཅིང་བརྗོད་པ་མེད་ཅེས་ཏེ། དེ་མེད་པས་རང་རིག་པའི་རང་བཞིན་ཡང་ཞིག་སྟེ་མེད་དམ། ཇི་ལྟར་ ལྐུགས་པ་ལ་སོགས་པས་རོ་མཆོག་མྱངས་པ་ན་སྟོན་པར་མི་ནུས་པའི་དངོས་པོ་ལས་རོ་མྱོང་བ་མེད་དམ་ཅི། ནུས་པ་རྣམ་པ་མང་གསུངས་པ། །ཞེས་བྱ་བ་ལ་སོགས་པ་ནི་རྒྱུད་གཞན་དག་ལས་རྒྱུད་འདི་ཉིད་ཁྱད་པར་དུ་འཕགས་པར་གསུངས་པ་ཡིན་ཏེ། རྒྱུད་འདིར་ གང་གསུངས་པའི་སྔགས་ལ་སོགས་པའི་དེ་ཁོ་ན་ཉིད་ནི་ཐོས་པ་ཙམ་གྱིས་འགྲུབ་པར་བརྗོད་དེ། ལན་ཅིག་བརྗོད་པ་དེ་ཉིད་ཀྱིས་དངོས་གྲུབ་སྩོལ་བར་མཛད་པ་དང་། འདིར་སྔོན་དུ་བསྙེན་པ་ཡང་མི་དགོས་ཤིང་དེ་བཞིན་དུ་བཟླས་པ་འབུམ་ལ་སོགས་པ་མེད་པར་ཡང་ འགྲུབ་བོ། །སྐུ་གཟུགས་དག་ནི་དགས་པ་དང་། །ཞེས་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་པས་ནུས་མཐུ་རྣམ་པ་སྣ་ཚོགས་པའི་རང་བཞིན་བརྗོད་པས་སེམས་ཅན་རྣམས་གཞུག་པར་བྱ་བར་བརྗོད་དོ། །དེའི་ཕྱིར་ན་སྐུ་གཟུགས་དགས་པ་ལ་སོགས་པ་ནི་དེ་ལས་གཞན་པ་ 26-1-164a ཐུན་མོང་མ་ཡིན་པ་མཐོང་བས་གདུལ་དཀའ་བའི་སེམས་ཅན་རྣམས་འདུལ་བར་འགྱུར་ལ། དེས་ཆོས་བསྟན་པའི་སྣོད་དུ་འགྱུར་རོ། །རང་གི་གཟུགས་ནི་བསྒྱུར་བ་ཉིད། །ཅེས་བྱ་བ་ནི་སོ་སོའི་མིང་གཟུགས་བོར་ནས་སེང་གེ་དང་སྟག་མོ་ལ་སོགས་པའི་ གཟུགས་སུ་བྱེད་པའོ། །གཞན་གྱི་གྲོང་དུ་འཇུག་ཅེས་བྱ་བ་ནི་རང་གི་ལུས་ཡོངས་སུ་བོར་ནས་གཞན་གྱི་ལུས་ཀྱི་ནང་དུ་རང་གི་རྣམ་པར་ཤེས་པ་འཇུག་པར་བྱེད་པ་སྟེ། དེ་དག་ལ་སོགས་པའི་ནུས་པ་ཐམས་ཅད་བྱེད་པར་ནུས་པ་ནི་སངས་རྒྱས་ཐོད་པའི་རྣལ་འབྱོར་པ་ཡིན་ནོ། །དེ་ནས་ གཞན་ཡང་བཤད་བྱ་ཞེས་བྱ་བ་ལ་སོགས་པ་ནི་དུག་བསལ་བ་དང་། ནུས་མཐུ་འཕྲལ་དུ་དབྱུང་བ་འདིར་བརྗོད་ཅིང་སྟོན་ཏོ། །དེ་ནས་སྦྱོར་བ་བཅོ་བརྒྱད་གསུངས་ཞེས་བྱ་བ་ནི་ཟོས་ཏེ་མྱོས་པར་བསླད་པར་བྱ་བ་གསུངས་པ། ས་ལི་ཀ་ཡི་སྦྱོར་བ་དང་། །ཞེས་བྱ་བ་ལ་སོགས་པ་སྟེ་གང་གི་ཚེ་ དུས་ཟོས་ཏེ་མྱོས་པར་གྱུར་པ་དེའི་ཚེ་ཇི་སྐད་དུ་གསུངས་པའི་ས་ལི་ཀ་ལ་སོགས་པའི་སྦྱོར་བ་རྣམས་སྔགས་པས་བྱ་བ་ཡིན་ནོ། །དེ་ནས་རབ་ཏུ་སྦྱོར་བ་བྱས་མ་ཐག་ཏུ་ཟོས་པ་རྣམས་འཚོའོ། །རིག་པ་འཛིན་པ་ནི་འབྲས་བཏགས་པ་ལས་རིག་པ་འཛིན་པ་གཉིས་བྱ་བ་ཡིན་ནོ། །རྒྱན་པོ་ འགྱེད་དང་ཞེས་བྱ་བ་ནི་གང་དུ་ཟོས་པ་འདི་ཡོད་པ་དེ་ལ་བསམ་གཏན་དང་ལྡན་པའི་སྔགས་པས་རྒྱན་པོ་རྩེ་བར་བྱས་པ་ལས་དེ་ནས་ཟོས་པ་འདི་འཚོ་བར་འགྱུར་རོ། །དེ་ནས་རྔ་བརྡུངས་པའི་སྦྱོར་བ་ཡིས་ཏེ་དེ་དག་ལ་སོགས་པའི་རབ་ཏུ་སྦྱོར་བ་བཅོ་བརྒྱད་པོ་སྔགས་པས་བྱའོ། ། མཆོག་གི་ཡེ་ཤེས་ཧེ་རུ་ཀའི་དངོས་པོ་དེ་རབ་ཏུ་གསལ་བར་གསུངས་པ། དེ་ནས་གཞན་ཡང་རབ་བཤད་པ། །ཅི་བཞིན་དེ་ཉིད་ཡེ་ཤེས་མཆོག །ཅེས་བྱ་བ་ལ་སོགས་པ་སྟེ། ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་གྱི་ཡེ་ཤེས་གང་ཡིན་པ་དེ་ཤེས་རབ་ཀྱི་པདྨའི་རྩའི་ནང་ན་ ཁུ་བའི་གཟུགས་ཀྱིས་རྒྱུ་བའི་གནས་པ་དེ་ཡིན་མོད་ཀྱང་སེམས་ཅན་འདི་དག་ཐམས་ཅད་ནི་མ་རིག་པའི་མུན་པས་གཡོགས་པས་དམིགས་པ་དང་བཅས་པར་གྱུར་པའི་རང་བཞིན་དེས་དེ་ལྟ་བུར་བཟུང་བས་འཁོར་བར་བཅིངས་པར་གྱུར་པ་ཡིན་ནོ། །དེ་ཉིད་ཤེས་རབ་ཀྱི་ 26-1-164b པདྨར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་བཞིན་པའི་ཆོ་གས་ཡང་དག་པར་རིག་པ་ལས་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་རྣམས་ཚོགས་པར་ཉམས་སུ་མྱོང་བར་བྱ་བ་སྟེ། དེ་ཉིད་དུ་དེ་བཞིན་པར་དམིགས་པ་མེད་པའི་ཡེ་ཤེས་ཀྱི་མཆོག་ཡང་དག་པར་རིག་པ་ལས་བཅུད་ཀྱིས་ལེན་ ལ་སོགས་པ་ཐམས་ཅད་དུ་འགྱུར་ཏེ། དངོས་གྲུབ་ཐམས་ཅད་ཀྱི་གཙོ་བོ་ནི་ཡེ་ཤེས་དེ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བུ་གྲུབ་པའི་ཡེ་ཤེས་ཀྱིས་གང་བྱིན་གྱིས་བརླབས་པ་དེ་ཉིད་ནི་དངོས་གྲུབ་ཀྱི་གནས་སུ་གྱུར་པ་ཡིན་གྱི་དེ་ལས་གཞན་པའི་སྔགས་དང་སྨན་ལ་སོགས་པའི་སྦྱོར་བ་ དེ་ལ་མི་ལྟོས་ཏེ་དེ་ཐམས་ཅད་དེའི་བདག་ཉིད་ཡིན་པའི་ཕྱིར་རོ་ཞེས་དགོངས་སོ། །སྦྱོར་བ་གསང་བར་གནས་པའི་རྩ། །ཞེས་བྱ་བ་ལ་སོགས་པ་ནི་རི་མོ་ཅན་གྱི་སྡེའི་དེ་ཁོ་ན་ཉིད་ཇི་ལྟ་བུ་ཡིན་པ་དྲིས་པ་ལས་རི་མོ་ཅན་གྱི་སྡེའི་རང་བཞིན་ཇི་ལྟར་ཡིན་པ་བརྗོད་པ་སྟེ། གསང་བར་ གནས་པའི་རྩ་ཞེས་བྱ་བ་ནི་རྩ་དེ་དག་ནི་བདེ་བ་མཆོག་གི་རྒྱུ་དེས་རི་མོ་ཅན་ནས་མཛེས་མ་ཞེས་བྱ་བ་སྟེ་ངོ་མཚར་བའོ། །བདེ་བའི་རང་བཞིན་གྱི་ཡེ་ཤེས་ནི་སྡེ་མ་ཞེས་བྱ་བར་བརྗོད་དོ། །དེ་ལྟ་བུའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་དངོས་པོ་རྩའི་རྒྱུ་ལས་ཡང་དག་པར་བྱུང་བ་དེ་ ནི་རི་མོ་ཅན་གྱི་སྡེ་ཞེས་བྱ་བར་བརྗོད་དོ། །དེ་ཉིད་ཀྱང་ཐེག་པ་ཆེན་པོ་ཡིན་པ་གསལ་བར་མཛད་པ་གསུངས་པ། འདི་དེ་ཉིད་ནི་ཐེག་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྟེ། འབྱུང་གནས་རྩ་ནི་རྣལ་འབྱོར་མ། །ཞེས་བྱ་བ་ནི་འབྱུང་གནས་ཀྱི་རྩ་གང་དག་དགའ་བ་ཆེན་ པོའི་ཡེ་ཤེས་སུ་གནས་པ་ནི་རི་མོ་ཅན་གྱི་རང་བཞིན་ཏེ་དེ་ཉིད་ནི་ཐེག་པ་ཆེན་པོ་ཞེས་བྱ་བ་ཡིན་པར་བརྗོད་དོ། །དེའི་ཕྱིར་ན་དེ་ཉིད་ནི་མཆོག་གི་ཡེ་ཤེས་ཏེ་དངོས་གྲུབ་ཀུན་གྱི་སྒྲུབ་ཐབས་ཡིན་ནོ་ཞེས་གསལ་བར་མཛད་དོ། །འདི་དག་ནི་རྣལ་འབྱོར་མའི་རྒྱུད་བླ་ན་མེད་པ་ སངས་རྒྱས་ཐོད་པ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོའི་ལེའུ་དང་པོའི་འགྲེལ་པ་སློབ་དཔོན་མཁས་པ་ཆེན་པོ་པདྨ་རྡོ་རྗེ་ཞེས་བྱ་བ་དངོས་གྲུབ་ཆེན་པོ་བརྙེས་པས་མཛད་པའོ།། །།ད་ནི་སྔགས་ཀྱི་དངོས་གྲུབ་གསུངས་པ། དེ་ནས་ཡང་དག་རབ་བཤད་པ། །ཞེས་བྱ་བ་ 26-1-165a ལ་སོགས་པ་སྟེ། རྣལ་འབྱོར་མ་རྣམས་གྲུབ་པར་བྱེད་པའི་སྤོས་ལ་སོགས་པ་སྦྱིན་པའི་སྔགས་དེ་སྲིད་པ་གསུངས་པ། ཨོཾ་བུདྡྷ་ཀ་པཱ་ལི་ནི་ཞེས་བྱ་བ་ལ་སོགས་པའོ། །ཨོཾ་ཧཱཾ་ཧཻཾ་ཞེས་བྱ་བ་ལ་སོགས་པ་ནི་གོ་ཆའི་སྔགས་ཏེ། སྙིང་ག་དང་། མཚོག་ མ་དང་། སྤྱི་གཙུག་དང་། ཕྲག་པ་དང་། མིག་དག་དང་། ཡན་ལག་ཐམས་ཅད་ལ་རིམ་པ་ཇི་ལྟ་བ་བཞིན་དུ་འདི་རྣམས་ཀྱིས་གོ་ཆ་བྱའོ། །ཨོཾ་བུདྡྷ་ཀ་པཱ་ལི་ནི་ཨཱ་ཁཾ་ཞེས་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་མ་རི་མོ་ཅན་གྱི་སྡེ་སྤྱན་དྲངས་པའི་སྟེ། ཡང་དག་པར་བྱོན་ནི་བྱིན་གྱིས་རློབ་ པའི་ཕྱིར་རོ། །དེ་ནས་གཏོར་མ་དང་མཆོད་པ་ལ་སོགས་པ་བྱས་ཟིན་ནས་སླར་ཡང་གཤེགས་སུ་གསོལ་བའི་སྔགས་གཞན་དག་གསུངས་པ། ཨོཾ་མ་ཧཱ་ཀ་པཱ་ལ་བཛྲི་ཎི་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟ་བུ་དག་གིས་ནི་རྣལ་འབྱོར་མ་དངོས་གྲུབ་ཐམས་ཅད་སྩོལ་ བར་འགྱུར་རོ། །དེ་ནི་མི་སྣང་བར་བྱེད་པའི་རབ་ཏུ་སྦྱོར་བ་གསུངས་ཏེ། སྦྱོར་བ་གང་གིས་རྣལ་འབྱོར་པ་ལྷ་དང་ལྷ་མ་ཡིན་དང་མི་རྣམས་ཀྱིས་ཀྱང་མི་མཐོང་བའི་རབ་ཏུ་སྦྱོར་བ་དེ་ཉིད་གསུངས་པ། འབྲས་དཀར་པོ་བླངས་ཏེ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་འབྲས་ དཀར་པོ་བུ་མོ་གཞོན་ནུ་མས་ཞིབ་མོར་བཏགས་པ་བྱས་པ་ལས་གཟུགས་བརྙན་ནི་གཞོན་ནུ་མས་བཏགས་མ་ཐག་ཏུ་རང་ཉིད་ཀྱིས་གཟུགས་བརྙན་བྱའོ། །གཟུགས་བརྙན་དེ་ཡང་གདོང་པ་གཅིག་པ་ལག་པ་བཞི་པ་བྱའོ། །དེའི་ལག་པའི་མཚོན་ཆ་གསུངས་པ། ཁ་ཊྭཱཾ་ག་དང་ ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་ལས་བྱུང་བ་ཞེས་བྱ་བ་མི་བསྐྱོད་པའོ། །ཇི་སྐད་དུ་གསུངས་པ་དེ་དག་ཉིད་ཆོ་ག་བཞིན་དུ་བླངས་ཏེ་རྣལ་འབྱོར་པས་བརྒྱ་རྩ་བརྒྱད་དུ་སྔགས་ཀྱི་བཟླས་པ་བྱའོ། །བཟླས་པར་བྱ་བའི་སྔགས་ཀྱང་གསུངས་པ། ཨོཾ་མ་ཧཱ་བཛྲེ་ཞེས་ བྱ་བ་ལ་སོགས་པའོ། །དེ་ནས་ཆུ་ལ་ལན་བདུན་ཡོངས་སུ་བཟླས་ནས་གཟུགས་བརྙན་ལ་བསྐུའོ། །དེའི་ལྷག་མས་རང་གི་ཁ་བཀྲུས་ན་མི་མཐོང་བར་འགྱུར་ཏེ། དེ་ནས་དེ་ལྟ་བུས་རྣལ་འབྱོར་པ་སྣ་ཚོགས་སུ་རོལ་པ་དྲུང་ཉིད་ན་བྱེད་ཀྱང་གང་གིས་ཀྱང་མི་མཐོང་ངོ་། །དེ་ 26-1-165b ནས་འོ་མས་རང་གི་ཁ་གདོང་བཀྲུས་ན་སླར་མཐོང་བར་ཡང་འགྱུར་རོ། །མཚོན་ཆ་རེངས་པར་བྱ་བའི་རབ་ཏུ་སྦྱོར་བ་གསུངས་པ། གཟུགས་བརྙན་དེའི་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་སྐད་དུ་གསུངས་པའི་གཟུགས་བརྙན་དེའི་སྙིང་གར་ཇི་སྐད་བསྟན་པའི་རབ་ཏུ་སྦྱོར་བ་དེ་དག་གྱང་ མ་ཡིན་ཏེ། དུར་ཁྲོད་ཀྱི་མེས་ཤིང་བང་ག་གཙོར་སྙིང་གར་བཅེར་ཏེ་རབ་ཏུ་སྦྱར་བར་ཚངས་པའི་རྡོ་རྗེ་སྟེ། རྣམ་པར་སྣང་མཛད་ཀྱི་གཟུགས་བརྙན་ཡོག་པར་བསྐུས་ནས་བསྲེགས་པའི་ཐལ་བ་བླངས་པ་དང་། རྡོ་རྗེ་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་གསལ་ལོ། །དེ་ལྟ་ བུའི་ཐལ་བའི་སྦྱོར་བ་འདིས་གདུག་པ་ཅན་རྣམས་རྣམ་པར་འཇིག་པར་འགྱུར་བ་ཡང་བལྟའོ། །གདུག་པ་ཅན་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། རབ་ཏུ་སྤྱོར་བས་བསྒྲུབ་པའི་ཐལ་བ་དེས་རྣལ་འབྱོར་པའི་ལུས་ལ་བྱུགས་ནས་ཁྲོས་ཏེ་བལྟས་པ་ཙམ་གྱིས་དྲག་ པོ་སྟོང་ཡང་མགོ་འཆད་པར་འགྱུར་རོ། །དེ་བཞིན་དུ་སེམས་ཀྱིས་བྱས་པ་ཙམ་གྱིས་སྨྱོ་བར་བྱེད་དོ། །དེ་བཞིན་དུ་རབ་ཏུ་གྲུབ་པའི་ཐལ་བ་འདི་ཉིད་ཏིལ་མར་བཟང་པོ་དང་བསྲེས་ནས་མིག་ལ་བྱུགས་ན་དཔག་ཚད་སྟོང་ན་གནས་པའི་དངོས་པོ་རྣམས་ཀྱང་མཐོང་བར་ འགྱུར་རོ། །དེ་དངོས་པོ་དེ་རྣམས་མཐོང་བར་གྱུར་ན་རྣལ་འབྱོར་པ་དེས་སྦོམ་པོ་དང་ཐ་ལྟག་གིས་བརྡེགས་པ་ཙམ་གྱིས་དེ་དག་རང་ཉིད་འོངས་ནས་གམ་དུ་ཉེ་བར་གནས་པར་འགྱུར་། དེ་བཞིན་དུ་ཐལ་བ་དེ་ཉིད་ཀྱི་རབ་ཏུ་སྦྱོར་བ་གཞན་ཡང་གསུངས་པ། ཐལ་བ་དེ་གི་ཝང་ གིས་ཞེས་བྱ་བ་ལ་སོགས་པ་སྟེ། རྣལ་འབྱོར་པས་རབ་ཏུ་སྦྱོར་བ་འདི་བྱས་ན་འདིས་ནི་དམག་གི་ཚོགས་སྟོང་ངམ་འབུམ་ཡང་ཁས་བུབ་ཏུ་འགྱེལ་བར་འགྱུར་རོ། །བཀྲུས་པ་ཙམ་གྱིས་ཞེས་བྱ་བ་ནི་རྣལ་འབྱོར་པའི་མཐེ་བོ་དེ་འོ་མས་བཀྲུ་བར་བྱས་ན་དགྲ་བོ་རྣམས་སླར་ ཡང་འཚོ་བར་འགྱུར་རོ། །གཞན་ཡང་ཐལ་བའི་སྦྱོར་བ་དེ་ཉིད་ཀྱིས་གཞན་དུ་སྦྱར་བ་ལས་གསེར་དུ་འགྱུར་བར་བལྟ་བ་ཡང་ཐལ་བ་དེ་ཉིད་ཅེས་བྱ་བ་ལ་སོགས་པའོ། །ཤིང་བང་གའི་ཁུ་བཞེས་ནི་ཤིང་བང་གའི་བཅུད་དོ། །དེ་ནས་རྡོ་རྗེ་ལས་བྱུང་བར་གཞུག་གོ། ། 26-1-166a ལྕགས་ཀན་ཏེ་ཞེས་བྱ་བ་ཕྱེ་མར་བྱས་པ་ཡང་དེར་བླུགས་སོ། །རྡོ་རྗེ་དབྱུག་པའི་བཅུད་ནི་མི་བསྐྱོད་པའོ། །མཁྲིས་ཆེན་གྱིས་བསྣོས་ནས་ཞེས་བྱ་བ་ནི་མིའི་མཁྲིས་པས་བསྣོ་བའོ། །དེ་ནས་གཞན་ཡང་གཞོན་ནུ་མའི་རྡོ་རྗེའི་རྩིས་ཀྱི་དོན་གྱི་རབ་ཏུ་སྦྱོར་ བ་གཞན་དག་གསུངས་པ། ཡང་ཐལ་བ་དེ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྟེ། ཐལ་བ་དེ་སྤྱི་བོར་བྱིན་ཏེ་རྡོ་རྗེ་ལས་བྱུང་བས་ཀྱང་གཞོན་ནུ་མའི་དེར་རབ་ཏུ་བརླན་པར་བྱའོ། །གཞན་ཡང་ཐལ་བ་དེ་ཉིད་ཀྱིས་དེ་ལ་ཐིག་ལེ་ཡང་བྱའོ། །དེ་ལ་བདུག་པ་ལྔས་བདུགས་ན་ ཞེས་བྱ་བ་ནི་གཞོན་ནུ་མ་དེ་ལ་བདུད་རྩི་ལྔའི་བདུག་པས་བདུགས་ནའོ། །རབ་ཏུ་སྦྱོར་བ་དེ་ལྟ་བུ་ལས་གཞོན་ནུ་མ་ཐམས་ཅད་སྨྲ་བར་འགྱུར་རོ། །གཞོན་ནུ་མ་དེ་ལྟ་བུའི་དེའི་རབ་ཏུ་སྦྱོར་བ་འདི་བྱས་ནས། གཞན་ཡང་གྲུབ་པའི་རལ་གྲི་བདུན་པོ་ཁ་ནས་འཐོན་པར་འགྱུར་བའི་སྦྱོར་ བ་གཞན་དག་སྦྱར་བར་བརྗོད་པ། དོན་འགྲུབ་པའི་འབྲས་བུ་ལ་ཞེས་བྱ་བ་ལ་སོགས་པ་སྟེ། དོན་འགྲུབ་པའི་འབྲས་བུ་ནི་ཡུངས་ཀར་གྱི་འབྲས་བུའོ། །རབ་ཏུ་སྦྱོར་བ་འདིས་རིག་པ་འཛིན་པའི་དངོས་གྲུབ་སྐྱེད་པར་བྱེད་དོ། །གཞན་ཡང་ཐལ་བ་དེ་ཉིད་ཀྱིས་རི་ལུའི་ དངོས་གྲུབ་བསྒྲུབ་པ་གསུངས་པ། ཐལ་བ་དེ་ཞེས་བྱ་བ་ལ་སོགས་པ་སྟེ། ལྕགས་གསུམ་གྱིས་དཀྲིས་ནས་རི་ལུར་བྱས་ཏེ་ཞེས་བྱ་བ་ནི་ཟངས་མ་དང་། དངུལ་དང་། གསེར་གྱི་ཐལ་བ་དི་ཕུར་ཏེ་རྣལ་འབྱོར་པས་རི་ལུའི་དངོས་གྲུབ་གྲུབ་པར་བྱ་བའི་དོན་དུ་རི་ལུར་བྱ་བ་ཡིན་ནོ། ། དེ་བཞིན་དུ་གཞན་ཡང་གྲུབ་པའི་སྔགས་བསྟན་པ་དེ་ཡང་ཇི་ལྟ་བ་བཞིན་ཡིན་པས་ཁོང་དུ་ཆུད་པ་སླའོ། །འདི་དག་ནི་རྣལ་འབྱོར་མའི་རྒྱུད་བླ་ན་མེད་པ་སངས་རྒྱས་ཐོད་པ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོའི་ལེའུ་གཉིས་པའི་འགྲེལ་པ། སློབ་དཔོན་མཁས་པ་ཆེན་པོ་པདྨ་རྡོ་རྗེ་ ཞེས་བྱ་བ་དངོས་གྲུབ་ཆེན་པོ་བརྙེས་པས་མཛད་པའོ།། །།སངས་རྒྱས་ཐོད་པའི་རྒྱུད་ཀྱི་དཀའ་འགྲེལ་དེ་ཁོ་ན་ཉིད་ཀྱི་ཟླ་བ་ཞེས་བྱ་བ་སློབ་དཔོན་མཁས་པ་ཆེན་པོ་པདྨ་རྡོ་རྗེས་མཛད་པ་རྫོགས་སོ།། །། 26-1-166b ༄༅༅། །རྒྱ་གར་སྐད་དུ། ཤྲཱི་བུདྡྷ་ཀ་པཱ་ལ་མ་ཧཱ་ཏནྟྲ་རཱ་ཛ་ཊཱི་ཀཱ་ཨ་བྷ་ཡ་པ་དྭ་ཏི་ནཱ་མ། བོད་སྐད་དུ། དཔལ་སངས་རྒྱས་ཐོད་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་རྒྱ་ཆེར་འགྲེལ་པ་འཇིགས་པ་མེད་པའི་གཞུང་འགྲེལ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་ དཔའ་ལ་ཕྱག་འཚལ་ལོ། །བསྐལ་པའི་མཐར་ཐུག་མཆོག་ཏུ་དུལ་བ་ཆེན་པོར་འཕྲོ་བ་དཔག་མེད་འགྲོ་བའི་ཡུམ་དང་རོལ་པ་ཅན། །སྣ་ཚོགས་སྡེ་མ་དང་འདུས་ཤིན་ཏུ་ཆེ་བའི་མཆོག་ཏུ་དགའ་བའི་སྐུ་ཅན་སྲིད་པའི་འགྲོ་བ་ནི། །རྫོགས་པའི་བྱང་ཆུབ་ཕུན་ཚོགས་ལྷན་ཅིག་སྐྱེས་ པའི་བདེ་བའི་རོ་ལ་རོལ་པ་སྙིང་ལ་འཇུག་པ་ཡིས། །སྤྱོད་པ་དམ་པས་བསྒོམ་བྱ་དེ་ཕྱིར་འཇིགས་པ་མེད་པ་འདི་ཡི་ལྟར་གསང་མེད་འདི་བསྟན་པར་བྱེད། །རྡོ་རྗེ་ལྷ་མོས་གནང་བ་རྣམས། །རྨི་ལམ་དུ་ནི་ཐོས་པ་ལའང་། །དེས་བྱིན་བརླབས་ལས་འཇིགས་མེད་ནི། ། སངས་རྒྱས་ཐོད་འདིར་འགྲེལ་པ་བྱེད། །ངེས་པར་བདག་ནི་རྡོ་རྗེ་ཅན། །དང་པོའི་མགོན་པོ་དེས་བྱིན་བརླབས། །གང་ཕྱིར་དེས་གསུངས་ཚིག་རྣམས་ནི། །རང་དོན་རྣ་བར་སྨྲ་བ་བཞིན། །དགའ་བ་བསྟེན་པའི་སྐྱེ་བོ་དམ་པ་ལེགས་པ་རྣམས་ནི་གཙང་དང་དགའ་བ་སྟེ། ། དེ་ཡོད་ཚུ་རོལ་མཐོང་བ་ངན་པར་འགྲོ་ཞིང་དོན་རིང་སྲིད་པར་འཇུག་པ་རྣམ་ས། །འཇིགས་པ་མེད་པའི་གཞུང་འགྲེལ་ལས་ནི་ཆོས་ཀྱི་གནས་མཆོག་ཅི་ཡང་འཆར་བྱེད་ཅིང་། །བཟོད་པར་བྱེད་ཅིང་དབུ་མར་གནས་ལས་མཉམ་མེད་ཕུན་ཚོགས་རེག་པར་བྱེད། །སངས་ རྒྱས་ཐོད་པའི་རྒྱུད་ལེའུ་བཅུ་བཞིའི་བདག་ཉིད་ཅན་འདིའི་སྟོན་པ་པོ་དང་བརྗོད་བྱ་ནི་བཅོམ་ལྡན་འདས་སངས་རྒྱས་ཐོད་པའོ། །དེ་ལྟ་ན་ཡང་བསྟན་པར་བྱ་བ་དང་སྟོན་པ་པོའི་འབྲེལ་པ་དང་། རྗོད་པར་བྱེད་པ་དང་བརྗོད་པར་བྱ་བའི་འབྲེལ་པ་བརྗོད་དོ། །གདུལ་བྱ་རྣམས་ཀྱིས་ སངས་རྒྱས་ཐོད་པའི་དོན་རྟོགས་པ་ནི་དགོས་པའོ། །རྡོ་རྗེ་ལྟ་བུ་བདེ་བ་ཆེན་པོ་དང་རོ་གཅིག་པ་འགྲོ་བ་མཐའ་དག་ལ་ཕན་པར་བྱེད་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི་དགོས་པའི་དགོས་པའོ། །དེ་ལ་འདི་སྐད་བདག་གིས་ཞེས་པ་ལ་སོགས་པ་ནས་གྱུར་ཏོ་ཞེས་པའི་ 26-1-167a མཐར་ཐུག་པའི་དང་པོར་གླེང་གཞི་སྟེ། འདི་ཡོད་པ་ན་སྟོང་པ་འཇུག་པའི་ཕྱིར་རོ། །དུས་དང་ཡུལ་དང་སྟོན་པ་པོ་དང་འཁོར་རྣམས་ཚོགས་པ་ནི་སྟོན་པའི་གླེང་གཞི་སྟེ། འདི་མེད་ན་སྟོན་པ་མི་འཐད་པའི་ཕྱིར་རོ། །དེ་ལ་འདི་སྐད་བདག་གིས་ཞེས་པས་དེའི་ ཆོས་བསྡུ་བར་བྱ་ཞིང་། དེ་བཞིན་དུ་གོ་རིམས་སུ་རྟོགས་པར་བྱས་ནས་ཞེས་བཅོམ་ལྡན་འདས་ཀྱིས་ཆོས་ཡང་དག་པར་སྡུད་པའི་མདོར་གསུངས་ཏེ། དེའི་ཕྱིར་སྡུད་པ་པོས་དེ་ཁོ་ན་བཞིན་དུ་བསྡུས་སོ། །འདིར་སྡུད་པ་པོ་སུ་ཡིན། མིང་ངས་པར་འདི་ཅི་ཞེ་ན། བཅོམ་ ལྡན་འདས་ཀྱིས་བཀའ་གནང་བ་ཁོ་ན་དེས་བརྗོད་པའི་ཕྱིར་འདིར་བཅོམ་ལྡན་འདས་ཁོ་ནའི་གསུང་ཡིན་ནོ། །ཡང་འདི་ལ་རྒྱུད་གཏད་པ་ཉིད་ཀྱི་ཕྱིར་ཕྱག་ན་རྡོ་རྗེའོ་ཞེས་གསུངས་སོ། །དེ་ལ་བསྡུ་བར་བྱ་བ་ཕྱིན་ཅི་མ་ལོག་པ་རྒྱུད་ཀྱི་དོན་མཐའ་དག་འདི་སྐད་ཅེས་པའི་ཚིག་ ཕྲད་འདིས་གསལ་བར་བྱེད་དོ། །དེ་ནས་འདི་སྐད་ཀྱི་ཡི་གེ་འདི་ནི་རྒྱུད་ཀྱི་དོན་མཐའ་དག་གི་དོན་དང་ལྡན་པ་རྟོགས་པར་བྱའོ། །རྒྱུད་ཀྱི་དོན་ཡང་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཉིད་ཀྱིས་ཡི་གེ་གཉིས་ཀྱི་ཡན་ལག་གི་ངོ་བོ་གནས་སོ་ཞེས་འདེམས་སོ། །བདག་ གིས་ཞེས་པ་སྡུད་པ་པོ་བདག་གིས་སོ། །ཐོས་པ་ཞེས་པ་ནི་རྣ་བའི་རྣམ་ཤེས་ཀྱི་ཚིག་འབྲུ་དང་། ཡིད་ཀྱི་རྣམ་ཤེས་ཀྱི་དོན་རྟོགས་ཀྱི། འདི་བདག་གིས་མངོན་སུམ་དུ་བྱས་པ་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ཁོ་ནས་ཆོས་འདི་ལ་ཐམས་ཅད་རྟོགས་པའི་ཕྱིར་རོ་ཞེས་ ཆོས་ལ་གུས་པར་སྟོན་ཏོ། །དེ་ལྟར་སྤྱིར་བསྟན་ནས་ཁྱད་པར་དུ་གླེང་གཞི་དེ་རིམ་གྱིས་སྟོན་པ། དུས་གཅིག་ན་ཞེས་པ་ལ་སོགས་པ་སྟེ། གཅིག་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དུ་མས་བསྐྲུན་པ་ཚེས་དང་རྒྱུ་སྐར་ལ་སོགས་པས་གཅད་དུ་མེད་པ་བསམ་གྱིས་ མི་ཁྱབ་པའི་དུས་ཀྱི་ཁྱད་པར་འགའ་ཞིག་གོ། །དེ་ཡང་འདིར་སྐད་ཅིག་བཞི་པའི་ངོ་བོ་དུས་ཞེས་བཤད་དོ། །དུས་གཅིག་པོ་དེ་ནི་བཅོམ་ལྡན་འདས་བཞུགས་པ་རྣམས་སུ་གྱུར་ཏོ་ཞེས་པའི་ཚིག་བསྒྱུར་བས་བཞུགས་པར་གྱུར་ཏོ་ཞེས་འབྲེལ་ཏོ། །འདི་ལ་བྷ་ག་ཡོད་དེ་ 26-1-167b ཞེས་པ་བཅོམ་ལྡན་འདས་ཏེ། དེ་ཡང་དབང་ཕྱུག་ལ་སོགས་པའི་ཡོན་ཏན་རྣམས་སོ། །དེ་གསུངས་པ། དབང་ཕྱུག་གཟུགས་དང་གྲགས་པ་དང་། །དཔལ་དང་ཡེ་ཤེས་བརྩོན་འགྲུས་རྣམས། །ཕུན་སུམ་ཚོགས་པ་དྲུག་རྣམས་ནི། །སྐལ་པ་ཞེས་ནི་བཤད་པ་ཡིན། ། ཞེས་བྱའོ། །ཡང་ན་བདུད་བཞི་རྣམས་བཅོམ་པས་ན་བཅོམ་ལྡན་ནོ། །ཡང་ན་ཆོས་ཐམས་ཅད་ངེས་པར་རྟོག་པ་ཉོན་མོངས་པའི་བདུད་ལ་སོགས་པ་ངེས་པར་སེལ་བའི་ཤེས་རབ་ནི་བཅོམ་པ་སྟེ། དེ་འདི་ལ་དེའི་བདག་ཉིད་དུ་ཡོད་དོ་ཞེས་པས་བཅོམ་ལྡན་ནོ། ། དེ་རྡོ་རྗེ་རྩེ་མོའི་རྒྱུད་དུ་གསུངས་པ། ཤེས་རབ་གཞོམ་བྱ་ཉོན་མོངས་ཏེ། །དེ་ཕྱིར་ཤེས་རབ་བཅོམ་པར་བརྗོད། །ཅེས་སོ། །དེ་བཞིན་གཤེགས་པ་ཡང་དེ་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དེ། མི་བསྐྱོད་པ་ལ་སོགས་པ་ རྣམས་ཏེ། དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྣམས་སོ། །རྡོ་རྗེ་ནི་སྟོང་པ་ཉིད་དོ། །དེའི་ངོ་བོ་ཆེན་པོ་སྟེ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དག་ཨ་ལཾ་སྟེ། ཤིན་ཏུ་བླ་ན་མེད་པར་བྱེད་པ་སྟེ་བྱ་བ་དང་བྱ་ལས་གང་གི་ཡིན་པ་དེ་རྒྱན་ཆེན་པོ་སྟེ། རྡོ་རྗེ་སྙེམས་མ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་དོ། །དེའི་དཀྱིལ་སྙིང་པོ་བྱང་ཆུབ་ཀྱི་སེམས་ལེན་ཅིང་འཛིན་པས་ན་དཀྱིལ་འཁོར་ནི་ཆོས་འབྱུང་ངོ་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྣམས་ཀྱང་དེ་ཡིན་ལ། རྡོ་རྗེ་རྒྱན་ཆེན་པོའི་དཀྱིལ་འཁོར་ཡང་ ཡིན་པའོ། །འདིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོ་ཉིད་ཀྱང་དེ་དང་རོ་གཅིག་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཡང་གྲུ་གསུམ་སྟེ་དེའི་དབུས་སུའོ། །འདིར་གཞལ་ཡས་ཁང་མ་གསུངས་པ་ཉིད་ན་ཡང་ཆོས་འབྱུང་གི་དབུས་ན་ གནས་པའི་གཞལ་ཡས་ཁང་དུ་ཞེས་དོན་གྱིས་རྟོགས་པར་བྱ་སྟེ། དཔེར་ན་གྲོང་ཁྱེར་ན་ཕྱུག་པོ་གནས་སོ་ཞེས་པ་གྲོང་ཁྱེར་ན་གནས་པའི་ཁང་བཟང་ན་ཞེས་དོན་གྱིས་འགྱུར་བ་བཞིན་ནོ། །དེ་ལྟར་མ་གསུངས་པ་ནི་བདེ་བ་ཆེན་པོའི་ས་གཞི་གཙོ་བོར་ཉེ་བར་བསྟན་པའི་དོན་དུ་ 26-1-168a སྟེ། གཞལ་ཡས་ཁང་ཡང་དེ་དང་རོ་གཅིག་པ་ཁོ་ནས་སོ། །ཡང་ན་རྡོ་རྗེ་ནི་སྟོང་པ་ཉིད་ཆོས་འབྱུང་སྟེ། དེར་རྒྱན་ཆེན་པོའི་དཀྱིལ་འཁོར་ནི་གཞལ་ཡས་ཁང་དེའི་དབུས་སུའོ། །དེ་ལྟར་གྱུར་པའི་གནས་སུ་བཅོམ་ལྡན་འདས་བཞུགས་པར་ཉེ་བར་བསྟན་ པས་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ལྷན་ཅིག་སྐྱེས་པའི་སྐུ་གསལ་བར་རིག་པར་བྱས་ལ། སྐུ་དེ་ཁོ་ནས་རྒྱུད་སྟོན་པ་ཡང་དེ་དང་རོ་གཅིག་པར་བསྟན་ཏོ། །དེ་ལྟར་དུས་དང་ཡུལ་དང་སྟོན་པ་པོ་ཕུན་སུམ་ཚོགས་པ་བརྗོད་ནས། འཁོར་ཕུན་སུམ་ཚོགས་པ་གསུངས་ པ། ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་དང་། སྣ་ཚོགས་སྡེ་མ་ལ་སོགས་པ་རྣལ་འབྱོར་མ་རྣམས་དང་འཕགས་པ་ཀུན་དགའ་བོ་ལ་སོགས་པ་རྣམས་དང་ཡང་བཞུགས་སོ། །འདོད་ཆགས་དང་བྲལ་བ་ བཟུང་བ་ནི་ཉན་ཐོས་ཀྱི་ཐེག་པ་ཅན་ཉེ་བར་མཚོན་པ་ཉིད་ཀྱི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ཐོག་པ་བ་རྣམས་ཀྱང་རྡོ་རྗེ་ཐེག་པ་ཁོ་ནས་བདེ་བ་ཆེན་པོའི་རང་བཞིན་རྫོགས་པའི་བྱང་ཆུབ་འགྲུབ་པོ་ཞེས་ཤེས་པའི་དོན་དུའོ། །འཇིག་རྟེན་དབང་ཕྱུག་ལ་སོགས་པ་རྣམས་ཀྱང་དེར་ འདུས་པར་གྱུར་ཏོ། །གླེང་གཞིའི་ངག་འདི་ཡང་ཇི་ལྟར་སྲིད་པ་ལྟར་ཁོ་བོས་རྒྱས་པ་དང་བཅས་པར་དཔལ་ཡང་དག་པར་སྦྱོར་བའི་རྒྱ་ཆེར་འགྲེལ་དུ་བཤད་ཟིན་པས་བློ་བཟང་རྣམས་ཀྱིས་ངེས་པར་བྱའོ། །གླེང་གཞི་དང་རྗེས་སུ་མཐུན་པར་བཅོམ་ལྡན་འདས་ཀྱིས་བསྟན་ པ་སྡུད་པ་པོས་དེ་ནས་ཞེས་པ་ལ་སོགས་པས་སྐབས་བྱེད་དོ། །རྡོ་རྗེ་སྟོང་པ་ཉིད་ཀྱི་རང་གི་ངོ་བོའི་ཡེ་ཤེས་ལྔ་རྣམས་འཛིན་ནོ་ཞེས་པས་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ལྷན་ཅིག་སྐྱེས་པ་བདེ་བ་ཆེན་པོའི་རང་བཞིན་རྡོ་རྗེ་འཛིན་པའོ། །ཕྱག་རྒྱ་ཆེན་པོ་བདེ་བ་ཆེན་པོ་ དང་རོ་གཅིག་པ་འགྲོ་བ་ལ་ཕན་པ་བྱེད་པ་སྟོང་པ་ཉིད་དེ་ཁོ་ན་རྡོ་རྗེ་སྟེ། སྒྲིབ་པ་ཐམས་ཅད་འབྱེད་པའི་ཕྱིར་རོ། །གནས་ཀྱང་སྟེ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་གཞིའོ། །དེ་ཁོ་ན་སྔགས་དང་རྒྱུད་རྣམས་ཀྱི་ཚད་མས་འཐད་པ་ཉིད་ཀྱི་ཕྱིར་མཆོག་ཏུ་ཉེ་ 26-1-168b བར་བསྟན་པ་ཉིད་ཀྱིས་ནི་ལེགས་པར་བསྟན་ཏོ། །དེས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟེ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱི་བདག་པོས་ཞེས་པ་བདག་པོ་སྟེ། བདག་པོ་ཉིད་ཀྱིས་ནི་འདི་སྟོན་པ་པོ་བླ་ན་མེད་པའོ་ཞེས་གསལ་བར་བྱེད་དོ། །རྡོ་རྗེ་ནི་བདག་ཉིད་ ཀྱི་སྟེ་པདྨ་ནི་སྣ་ཚོགས་སྡེ་མའིའོ། །དེ་དག་ཡང་དག་པར་སྦྱོར་བས་སོ། །བཙུན་མོ་ནི་སྣ་ཚོགས་སྡེ་མ་སྟེ། དེའི་བྷ་ག་ནི་ཆོས་འབྱུང་ངོ་། །ནང་དུ་ནི་རྡོ་རྗེ་བྱང་ཆུབ་ཀྱི་སེམས་དང་། པདྨ་སྤྱི་བོ་ལ་སོགས་པ་རྣམས་ཏེ། དེ་རྣམས་ཁོ་ན་བཙུན་མོའི་སྟེ། ཨ་བ་དྷཱུ་ཏཱིའི་བྷ་ག་ རྣམས་སོ། །ཡོངས་སུ་མྱ་ངན་ལས་འདས་པ་སྟེ་བྱང་ཆུབ་སེམས་ཀྱི་ངོ་བོ་ཞུ་བར་གྱུར་ཞེས་པའི་དོན་ཏོ། །དོན་དམ་པར་ནི་བཙུན་མོ་ནི་ཤེས་རབ་སྟེ། སྣ་ཚོགས་སྡེ་མ་མིང་གཞན་ཀུན་དུ་བཟང་མོའོ། །དེའི་བྷ་ག་ནི་སྟོང་པ་ཉིད་དོ། །མང་པོའི་ཚིག་ནི་སྣ་ཚོགས་སྡེ་མ་ནི་ བཙུན་མོ་ཐམས་ཅད་བསྡུས་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེར་བཅོམ་ལྡན་འདས་ཕྱག་རྒྱ་ཆེན་པོ་རྡོ་རྗེའི་གནས་ཀྱི་ཤེས་རབ་ཀྱིས་སྲིད་པ་ལ་མི་གནས་ཤིང་སྙིང་རྗེས་ཞི་བ་ལ་མི་གནས་པའོ་ཞེས་པ་མི་གནས་པའི་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་འདས་ཏེ། དེའི་ བདག་ཉིད་དུ་གྱུར་ནས་རོ་གཅིག་པའི་རང་བཞིན་གྱིས་ཐ་དད་མཐའ་དག་གིས་མ་རེག་པ་ལས་འཁོར་བའི་བར་དུ་དཔག་ཏུ་མེད་པའི་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དང་། རྣལ་འབྱོར་མ་དང་། འདོད་ཆགས་དང་བྲལ་བ་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་དང་། སྔགས་བྱེ་བ་ཕྲག་བརྒྱད་ཅུ་པོ་རྣམས་དང་ལྷན་ཅིག་རྣམ་པར་རྟོག་པ་མེད་པར་གྱུར་ཀྱང་སྔོན་གྱི་འཕེན་པའི་དབང་ལས་སེམས་ཅན་ཐམས་ཅད་ལ་ཅི་བྱ་བའི་ཚུལ་གྱིས་བཞུགས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་ཡང་མཆོག་ཏུ་ཟབ་པའི་ཆོས་འདི་བདག་གིས་རྟོགས་ཀྱི། སེམས་ ཅན་རྣམས་ཀྱང་ཕལ་ཆེར་བསོད་ནམས་ཞན་པ། ཤེས་རབ་ངན་པ་ཐེག་པ་དམན་པ་ལ་མོས་པ་རྣམས་ཏེ། དེས་ན་སུ་ཞིག་འདི་ལ་མོས་པར་འགྱུར་ཞེས་གདུལ་བྱ་རྣོན་པོ་རྣམས་གུས་པས་རིངས་པའི་དོན་དུ་མྱ་ངན་ལས་འདས་ཏེ། ཁོང་དུ་ཆུད་པའི་ཆོས་སྟོན་པ་ལ་བྱ་བ་མེད་ཅིང་མི་ 26-1-169a སྤྲོ་བའི་ཞེས་པའི་དོན་སྟོན་ཏོ། །དེ་ཞེས་པ་སྲིད་པ་དང་ཞི་བ་ལ་མི་གནས་པ་དང་མི་སྤྲོ་བའོ། །མཆོག་ཏུ་བརྩེ་བ་དང་ཤེས་རབ་དང་ལྡན་པས་ཅི་བྱ་བའི་ཚུལ་གྱིས་བཞུགས་པ་ཇི་ལྟར་མི་སྤྲོ་ཞེས་རྨད་དུ་གྱུར་པ་ཐོབ་པའོ། །སྣ་ཚོགས་སྡེ་མ་ལ་ཞེས་པ། སྣ་ཚོགས་ཏེ་རྣམ་པ་སྣ་ཚོགས་པ་དང་རྨད་དུ་བྱུང་བའི་སྡེ་སྟེ་བདེ་བ་ཆེན་པོ་གང་གི་ཡིན་པ་དེ་ལའོ། །རྣལ་འབྱོར་མ་ཞེས་པ། ཤེས་རབ་ཐབས་དང་སྙོམས་འཇུག་པ། །རྣལ་འབྱོར་ཞེས་པར་མངོན་པར་བརྗོད། །དེ་འདི་ལ་ཤིན་ཏུ་ཡོད་པའོ། །དེ་ཉིད་ཀྱི་ཕྱིར་དྲིས་ པ་ལན་གདབ་པ་ལ་ནུས་པའོ་ཞེས་འདྲིའོ། །གང་གིས་སེམས་ཅན་རྣམས་ནུས་པ་རང་དང་གཞན་ལ་ཕན་པ་རྫོགས་པར་བྱེད་ཕོད་པ་འཐོབ་པའི་ཐབས་འགའ་ཞིག་ཡོད་དམ། རྒྱུད་ལ་སོགས་པ་རྣམས་སུ་སྔགས་ཀྱི་ཐབས་བསྟན་པ་ལ་དགོས་པ་འདི་ག་ལས་ཤེ་ན་ གསུངས་པ་སྟེ། འདིར་བསྡུས་པའི་དོན་ནི། གང་རྒྱུད་ལ་སོགས་པ་ཐུབ་པའི་དབང་པོ་རྣམས་ཀྱིས་གསུངས་པ་དེ་རྣམས་ལ། སྔགས་མེད་ན་ནུས་པ་མ་མཐོང་ཞིང་། སྔགས་ལ་ནི་དགོས་པ་མང་པོ་རྣམས་སྐྱེ་སྟེ། དེ་ལྟར་ནི་ཆུང་ངུ་དང་འབྲིང་དང་ཆེ་བའི་བསོད་ནམས་ཅན་ གྱི་སེམས་ཅན་རྣམས་ཀྱི་རིམ་པ་ཇི་ལྟ་བར་བྱེ་བ་དང་། འབུམ་དང་། ཁྲི་བཟླས་པ་རྣམས་ཀྱིས་འགྲུབ་པར་རྡོ་རྗེ་ཅན་ཆེན་པོས་གསུངས་ན། ང་ཡང་ཅི་ཆུང་ངུ་ལ་སོགས་པའི་ནང་དུ་རྟོགས་སམ་མ་ཡིན་ཞེས་ཐེ་ཚོམ་དང་ལྡན་པ་ནི་སེམས་ཞེན་པས་ཇི་ལྟར་སྔགས་ཟློས། འདོད་ཆགས་ལ་སོགས་པས་ཉེ་བར་བཅོམ་པ་ལོག་པའི་ཤེས་པ་ཅན་རྣམས་ཇི་ལྟར་འདོད་ཆགས་ལ་ཞུགས་པ་དེ་ལས་སྔགས་ཟློས། འདོད་ཆགས་ལ་ཞུགས་པའི་སེམས་ཅན་རྣམས་ཞེས་ཀློག་པ་ལ་ནི་དེ་རྣམས་ཀྱི་ཞེས་བརྟག་པར་བྱའོ། །མི་ཤེས་པ་རྣམས་ཀྱི་རྒྱུད་ དང་སྔགས་ཟློས་པ་ལ་རྩིས་བགྲང་བ་སྲིད་ཀྱང་ཇི་ལྟར་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་ཡིན། ཡང་དག་པའི་ཤེས་པ་ཅན་གྱི་ཡང་ཤིན་ཏུ་སྟེ། དངོས་པོ་དངོས་པོ་མེད་པའི་མཐར་སེམས་དམིགས་པ་ནི་གང་གིས་ངེས་པར་བརྟགས་པ་སྟེ། ནིཥྛའི་མཐའ་ཅན་ 26-1-169b ནི་འགའ་ཞིག་ཏུ་ཕ་རོལ་ཚིག་ཕྲད་དོ། །དེའི་སྔགས་ནི་ཇི་ལྟར་སྔགས་ཏེ་སྔགས་སུ་བྱ་བ་བཟླས་བྱ་ཡིན་ཏེ། སེམས་རྟོགས་པ་དེ་ལས་ཡིད་ཀྱི་ངོ་བོ་ཡིད་དང་། སྐྱོབ་པའི་ངོ་བོ་སྐྱོབ་པ་སྟེ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་དོན་དམ་པའི་སྔགས་ཡིན་ཅིང་དེ་ཁོ་ན་ལས་རང་དང་གཞན་ ཀྱི་དོན་ནུས་པའི་དངོས་གྲུབ་ཡིན་ན་སྔགས་བཟླས་པས་ཅི་ཞིག་ཅེས་པ་དགོངས་པའོ། །ཐམས་ཅད་དུ་ཇི་ལྟར་ཞེས་པ་དྲི་བ་ལའོ། །དེ་ལྟར་ཞེས་པ་བརྗོད་པའི་རིམ་པས་རྟོག་དཔྱོད་དང་ལྡན་པས་མི་བཟླས་ཏེ། དེ་ལ་ཡང་ཟློས་པ་ཡོད་ན་ཡང་དངོས་གྲུབ་གཞན་དུ་དངོས་གྲུབ་མ་ ཡིན་པའོ། །བསྐལ་པ་སྐར་མ་ལྟ་བུ་བྱེ་བ་ཞེས་པ་གསུམ་པའི་དོན་ལ་དང་པོའོ། །ནམ་མཁའ་ལ་སྐར་མ་དཔག་ཏུ་མེད་པ་བཞིན་དུ་དཔག་ཏུ་མེད་པའི་བསྐལ་པ་བྱེ་བས་སོ། །དེ་ལྟར་ཞེས་པ་ཇི་ལྟར་དགོས་པ་ལ་བཟླས་པ་མི་སྲིད་པ་དི་ལྟར་དོན་ལ་ཐེ་ཚོམ་ཟ་བ་ལ་སོགས་ པས་རེས་འགའ་བཟླས་པ་ཡོད་པ་ཡང་དངོས་གྲུབ་ཀྱང་ངོ་། །བཅོམ་ལྡན་འདས་ཞེས་པ་བཅོམ་ལྡན་འདས་ཀྱིའོ། །ལྷ་མོ་ཆེན་མོ་ནི་བཙུན་མོ་མཆོག་གོ། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་བཞིན་དུ་རྒྱུད་ཐམས་ཅད་ཀྱི་བདག་མོ་སྟེ། རྒྱུད་ཐམས་ཅད་སྟོན་པར་རུང་བ་ཉིད་ ཀྱིས་སོ། །དེ་ལྟར་ནི་འདིས་རྡོ་རྗེ་ཕག་མོའི་གཟུགས་ཀྱིས་འབུམ་པ་མངོན་པར་བརྗོད་པ་དང་། རྡོ་རྗེ་མཁའ་འགྲོའི་རྒྱུད་དག་བསྟན། །ཞེས་གསུངས་པ་སྟེ། བཅོམ་ལྡན་འདས་ཁོ་ན་འདིའོ་ཞེས་པ་ནི་དགོས་པའོ། །དབང་ཕྱུག་མ་ནི་ཐམས་ཅད་དུ་ཐོགས་པ་མེད་ཅིང་བསམ་གྱིས་ མི་ཁྱབ་པའི་ནུས་པ་དང་ལྡན་པའི་ཕྱིར་རོ། །གཟིགས་པ་ཙམ་གྱིས་བཅོམ་ལྡན་འདས། །ཞེས་པ་བཅོམ་ལྡན་འདས་ཀྱིའོ། །ཐོད་པར་ཞེས་པ་ཐོད་པ་ལས་ཏེ། ཀམ་བདེ་བ་སྐྱོང་བར་བྱེད་ཅེས་པ་ཀ་པཱ་ལ་བྱང་ཆུབ་ཀྱི་ས་བོན་གཞོམ་དུ་མེད་པའོ། །དེ་ལས་སྔགས་ ཕྱུང་ངོ་། །འདི་ནི་འདིར་དགོངས་པ་སྟེ་སྨིན་མའི་དབུས་སུ་ཡེ་ཤེས་ཀྱི་ས་བོན་ཐིག་ལེའི་རྣམ་པར་བསྒོམ་པར་བྱའོ་ཞེས་གསུངས་པའི་ཕྱིར། སྨིན་མའི་དབུས་སུ་ཐིག་ལེའི་རྣམ་པར་སེམས་སྒོམ་པས་བརྟན་པར་བྱས་ནས་སྔགས་སྤྲོ་བར་བྱའོ་ཞེས་པའོ། །ཡང་ན་ 26-1-170a བཅོམ་ལྡན་འདས་དང་འབྲེལ་པའི་ཐོད་པ་ལས་ཏེ་སྣ་ཚོགས་སྡེ་མའི་ཆོས་འབྱུང་ལས་སོ། །གང་གསུངས་པར་འགྱུར་བ། དེའི་ཐོད་པར་དཀྱིལ་འཁོར་དང་སྔགས་དང་རྒྱུད་ལེགས་པར་རྣམ་པར་གནས་སོ་ཞེས་འདི་ནི་འདིར་མན་ངག་སྟེ། བཅོམ་ ལྡན་འདས་ཀྱི་བདེ་བ་ཆེན་པོའི་འཁོར་ལོའི་གནས་གཞོམ་དུ་མེད་པ་ལས་འོངས་ཏེ། འོག་གི་ལམ་ནས་བྱུང་ནས་བཅོམ་ལྡན་འདས་མའི་ཆོས་འབྱུང་དུ་ཞུགས་ཏེ། ཨ་ཝ་དྷཱུ་ཏཱིའི་སྒོ་སྨིན་མཚམས་ཀྱི་དཀྱིལ་ནས་སྔགས་བྱུང་བ་ནི་ལུགས་འབྱུང་ཡིན་ཞིང་ལུགས་ མི་མཐུན་གྱིས་འཇུག་པའོ། །དོན་འདི་ཉིད་ནི་འདི་ལྟར་ཞེས་པ་ལ་སོགས་པ་ནས་ཐོད་པར་ཞུགས་སོ་ཞེས་པའི་མཐར་ཐུག་པ་གསལ་བར་མཛད་དོ། །བཅོམ་ཞེས་པ་བཅོམ་ནས་སོ། །སྣ་ཚོགས་སྡེ་མ་ནི་འདིར་བཅོམ་ལྡན་འདས་མ་སྣ་ཚོགས་སྡེ་མའི་རྩ་ཨ་ ཝ་དྷཱུ་ཏཱིའི་སྟེ། དེའི་སྒོ་སྨིན་མཚམས་ཀྱི་དབུས་སུ་ཞུགས་ཤིང་བྱང་ཆུབ་ཀྱི་སེམས་དང་ལྷན་ཅིག་ཞུ་བར་གྱུར་ནས་འོག་གི་ཐོད་པ་ཆོས་འབྱུང་གི་ནང་དུ་ཞུགས་སོ། །དེ་ནས་བྱུང་ནས་བཅོམ་ལྡན་འདས་ཀྱི་རྡོ་རྗེའི་ལམ་གྱི་སྟེང་ན་ཨ་ནཱ་ཧ་ལ་རིམ་པ་ལས་བཟློག་པས་ཞུགས་ པའོ། །འདིའི་ཞེས་པ་འདིའོ། །ཀླུའི་རྣམས་ཞེས་པ་ཀླུ་རྣམས་སོ། །ཀླུ་ཐམས་ཅད་ནི་རྫུ་འཕྲུལ་ཆེན་པོ་ཞེས་པ་དང་འབྲེལ་ཏོ། །ནོར་རྒྱས་དང་སྟོབས་རྒྱུ་ལ་སོགས་པ་དང་། གཞན་ཡང་གང་སུ་ཡང་རུང་བ་དུག་འབྱུང་བ་རྣམས་ཏེ། མཐོང་བ་དང་། མཆེ་བ་དང་། ཁ་ཆུ་དང་། རེག་པ་དང་། འོད་ཟེར་དང་། ཟ་འཕྲོའི་དུག་རྣམས་ལས་འབྱུང་བའོ། །བཀའ་བསྒོ་བ་ནི་ཀྱེ་ལྷ་མོ་བདག་ཅག་ལའོ། །སྨྲ་བ་ནི་སྨྲ་བ་རྣམས་སོ། །གསུངས་པ་ནི་སྣ་ཚོགས་སྡེ་མས་སོ། །དེ་ལྟར་ཞེས་པ་སངས་རྒྱས་ཞེས་པ་ལ་སོགས་པ་ཐོས་ པའི་དེ་མ་ཐག་ཁོ་ནར་རོ། །བཅོམ་ལྡན་འདས་ཀྱིས་ཐོད་པ་ནི་བཤད་ཟིན་ཏོ། །ཁ་ཕྱེ་ནས་ཏེ་རྣམ་པར་གསལ་བར་གྱུར་ནས་སོ། །སྨིན་མཚམས་ན་གནས་པའི་ཐིག་ལེ་ལས་ཨཱ་ལི་ཀཱ་ལིའི་རང་བཞིན་ཉིད་ཀྱི་ཕྱིར། གླེགས་བམ་ཆོས་ཐམས་ཅད་བསྡུས་པའི་རང་ 26-1-170b བཞིན་བྲིས་པའི་འདབ་མའི་བདག་ཉིད་སྔགས་བཞིན་དུ་བྱུང་ངོ་། །ཡང་ན་པུ་ཞེས་པུལླཱི་ར་མཱ་ལ་ཡར་ལྟ་ཞེས་པ་རྒྱས་པར་བྱེད་དེ་ཀཾ་བདེ་བའོ་ཞེས་པ་པུསྟ་ཀ་བྱང་ཆུབ་ཀྱི་སེམས་སོ། །དེ་ཁོ་ན་བྲིས་པའི་འདབ་མའི་བདག་ཉིད་དུ་གླེགས་བམ་དུ་འགྱུར་རོ་ཞེས་པའི་དོན་ཏོ། ། ནམ་མཁའ་ལས་ཞེས་པ་བཟླས་ནས་བཤད་པ་ལས་སོ། །ནམ་མཁའ་ལས་ཏེ་ཆོས་འབྱུང་དུ་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱར་བའི་དུས་ན་གང་གི་ཚེ་སྒྲ་ཙམ་བྱུང་བ་དེའི་ཚེ་གླེགས་བམ་བྱུང་བའོ། །དེའི་ཚེ་ཁོ་ན་ལྷ་རྣམས་ཀྱིས་ནམ་མཁའ་ལས་སྒྲ་བྱེད་བཞིན་པ་ བྱུང་བའོ། །རྒྱུད་ཅེས་པ་ལ་རྒྱུད་ནི་རྒྱུན་ཏེ། དེ་ཡང་རྣམ་པ་གསུམ་སྟེ། རྒྱུ་དང་། འབྲས་བུ་དང་། ཐབས་ཀྱི་བྱེད་པ་ལས་སོ། །དེ་ལ་ཐོག་མ་དང་ཐ་མ་མེད་པའི་ཧེ་རུ་ཀའི་བདག་ཉིད་ནི་རྒྱུའི་རྒྱུད་དེ། དེ་ཁོ་ན་རྒྱུར་བྱས་ནས་འབྲས་བུའི་ཧེ་རུ་ཀ་འབྱུང་བའི་ཕྱིར་རོ། །གློ་བུར་གྱི་དྲི་མ་དང་ བྲལ་བ་ལས་འགྲོ་བ་མ་ལུས་པའི་དོན་བྱེད་པའི་ངང་ཅན་འབྲས་བུའི་ཧེ་རུ་ཀ་ནི་འབྲས་བུའི་རྒྱུད་དེ། དེ་ཁོ་ནའི་རྣམ་པར་དག་པའི་ཐབས་ནི་ཐབས་ཀྱི་རྒྱུད་དེ་མཁའ་ལྡིང་གི་སྦྱོར་བ་ལ་སོགས་པ་རྣམས་ནི་ཐབས་ཀྱི་ཡན་ལག་ཉིད་ཀྱི་ཐབས་རྣམས་སོ། །དངོས་སུ་བའི་ཐབས་ནི་ཕྱག་རྒྱ་ ཆེན་པོའི་དངོས་གྲུབ་ཀྱི་དུས་སུ་ཕྱག་རྒྱའི་རྣལ་འབྱོར་ལས་ཇི་སྐད་བཤད་པར་སྒྲུབ་པ་དང་དེའི་ཡང་དངོས་སུ་བའི་ཐབས་ནི་རྫོགས་པའི་རིམ་པ་སྟེ་དེའི་བསྐྱེད་པའི་རིམ་པའོ། །རྒྱལ་པོ་ཆེན་པོ་ཞེས་པ་ཆེན་པོ་སྟེ། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྒྲུབ་པས་སེམས་ཅན་ཁ་ སྒྱུར་བའི་ཕྱིར་རོ། །འདིའི་རྒྱས་པར་བཤད་པ་ནི། སེམས་ཅན་ཀུན་ལ་ཕན་བྱེད་པ། །ཞེས་པའོ། །རབ་ཏུ་རྒྱས་པར་བཤད་པ་ནི། །སེམས་ཅན་ཀུན་ལ་བདེ་འབབ་པ། །ཞེས་པའོ། །དངོས་གྲུབ་ཐམས་ཅད་ཅེས་པ་གང་གི་ཕྱིར་འདི་ལས་དངོས་གྲུབ་ཐམས་ཅད་ཡིན་པའོ། ། རྣལ་འབྱོར་མའི་ཐེག་པ་ཞེས་པ་རྣལ་འབྱོར་མའི་རྒྱུད་དེ། དེར་འགྲོ་བ་དང་འདིས་འགྲོ་བ་ཞེས་པ་འབྲས་བུ་དང་། རྒྱུད་དང་། ཐབས་ཀྱི་རང་བཞིན་ནོ། །གོང་ན་མེད་ཅེས་པའི་རྒྱས་པར་བཤད་པ། མྱུར་དུ་འབྲས་བུ་སྟེར་བྱེད་པའོ། །ཞེས་པའོ། །དེ་ལ་དངོས་སུ་བའི་ཐབས་ཉིད་ཀྱིས་ 26-1-171a ན་རྫོགས་པའི་རིམ་པ་རེ་ཞིག་མདོར་སྟོན་ཏེ། སྤར་བ་ཞེས་པ་ལ་སོགས་པའོ། །སྤར་བ་ནི་གཟེངས་བསྟོད་པ་སྟེ་རྡོ་རྗེའོ། །ནང་དུ་ནི་བྱང་ཆུབ་ཀྱི་སེམས་སོ། །མནན་པ་ནི་རྟེན་ཉིད་ཀྱི་ཕྱིར་པདྨའོ། །དེ་ལས་སྐྱེས་པ་ནི་ཆོས་ཐམས་ཅད་ཀྱི་རྩ་བ་ཉིད་ཀྱིས་ན་ཡེ་ ཤེས་ཆེན་པོའོ། །སྒྲིབ་པ་མེད་པའི་བདེ་བ་ཆེན་པོ་ཉིད་ཀྱིས་ན་བླ་ན་མེད་པའོ། །གནས་ཞེས་པ་གོ་འཕང་སྟེ། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་གཞིའོ། །ཡང་ན་གནས་ནི་རྩ་རྣམས་སུ་རྒྱུ་བ་སྤངས་པའོ། །རྙེད་དཀའ་བ་ནི་ལེ་ལོ་ལ་སོགས་པས་ཉེ་བར་བཅོམ་པ་ རྣམས་ལའོ། །གསང་བ་ནི་ཉན་ཐོས་ལ་སོགས་པ་རྣམས་ལ་གསལ་བྱ་མིན་པའོ། །དེ་ཉིད་ཀྱི་ཕྱིར་མཆོག་ཕུལ་དུ་བྱུང་བ་སྟེ། ཤེས་རབ་རྣོ་ཞིང་བསོད་ནམས་བསགས་པ་རྣམས་ཁོ་ནའི་ཡུལ་འདི་ཉིད་ཀྱི་ཕྱིར་རོ། །ཉམས་དགའ་བ་ནི་དགའ་བ་ལ་སོགས་པ་དང་ལྡན་པའོ། །ལུས་ ཀུན་ལ་ནི་རྣམ་པར་གནས། །ཞེས་པ་ཐམས་ཅད་དུ་རྒྱུན་མ་ཆད་པར་ཉམས་སུ་མྱོང་བའི་ཕྱིར་བདེ་བ་ཆེན་པོ་ཡོངས་སུ་རྒྱས་པ་ཉིད་དུ་གསུངས་སོ། །ལུས་ཁོ་ན་དང་། དེ་རོ་གཅིག་པར་འབྱུང་བའི་ཕྱིར་རླབས་དང་ཆུ་བཞིན་ནོ། །དེ་ལྟར་དངོས་པོ་ཐམས་ཅད་ལ་ཁྱབ་པར་བྱེད་པ་ཉིད་དུ་ དཀྱིལ་འཁོར་བ་དང་བཅས་པའི་རིག་པ་ནི་དཀྱིལ་འཁོར་གྱི་དབང་པོ་བསྟན་ཏོ། །ཐབས་ཀྱི་ཡན་ལག་མདོར་བསྟན་ཏེ། །མཁའ་ལྡིང་སྦྱོར་དང་ཞེས་པ་ལ་སོགས་པ་གསོད་པའི་བར་ལས་བཅུ་གཉིས་རྣམས་སོ། །བསྐྱེད་པའི་རིམ་པ་མདོར་སྟོན་པ། །སྔགས་སྣ་ཚོགས་ཞེས་པ་ ཧཱུཾ་ཡིག་ལ་སོགས་པ་བསྐྱེདཔའི་ས་བོན་ནོ། །ཇི་ལྟར་རིགས་པ་ནི་འཆད་པར་འགྱུར་བའི་ལེའུར་བཤད་པའི་ཆོ་ག་ཡིས་སོ། །རྣལ་འབྱོར་མ་རྣམས་ནི་སྣ་ཚོགས་སྡེ་མ་ལ་སོགས་ཀྱིའོ། །ཇི་བཞིན་འབྱུང་བ་ནི་ཇི་ལྟར་རིགས་པར་བསྐྱེད་པའོ། །ཧེ་རུ་ཀ་ཞེས་པ་དཔའ་བོ་ཆེན་པོ་ཧེ་རུ་ ཀའིའོ། །བསྐྱེད་པའི་རྒྱུ་ནི་ཟླ་བ་ལ་སོགས་པའོ། །གནས་པའི་རྒྱུ་ནི་ཆོས་འབྱུང་ལ་སོགས་པའོ། །བསྐྱེད་པའི་རིམ་པ་འདི་དང་པོར་བསྒོམ་པར་བྱའོ། །ཐེག་པ་ཆེན་པོའི་གསང་སྔགས་འདིར་ལས་དང་པོའི་སེམས་ཅན་རྣམས་དང་པོར་གཞུག་པའི་ཆེད་དུ་ལྷའི་སྐུ་བསྒོམ་པ་ཁོ་ན་ 26-1-171b གསུངས་ཏེ། གང་གསུངས་པ། དང་པོའི་ལས་ཅན་སེམས་ཅན་ལ། །ལྷ་ཉིད་ཀྱི་ནི་སྐུ་བསྒོམ་པ། །ཐོག་མར་རྒྱུད་དུ་ལས་ཐམས་ཅད། །འགྲུབ་པའི་ཆེད་དུ་ངེས་པར་བསྟན། །ཞེས་སོ། །བསྐྱེད་པའི་རིམ་པའི་དངོས་སུ་བའི་ཐབས་ལས་བྱུང་བ་རྫོགས་པའི་རིམ་པའོ་ཞེས་ པ་གང་འདྲ་བའི་བསྐྱེད་པའི་རིམ་པ་ཐབས་ཡིན་ཞེས་པ་རྟོགས་པའི་དོན་དུ་བསྐྱེད་པའི་རིམ་པ་མདོར་བསྟན་པའི་དེ་མ་ཐག་ཏུ་རིམ་པ་གཉིས་ཀྱི་ཁྱད་པར་གསུངས་པ། དངོས་པོ་ཞེས་པ་ལ་སོགས་པའོ། །དངོས་པོ་དང་དངོས་པོ་མེད་པ་དག་ཏུ་སྒྲོ་བཏགས་པ་གནོད་པ་མཐའ་དག་གིས་ ཁྱབ་པར་བྱེད་པ་དག་མེད་པའི་ཕྱིར། དངོས་དང་དངོས་མེད་སྤྲོས་མེད་པའོ། །སྒྲིབ་པ་གཉིས་ཀྱི་ཆ་མེད་པའི་ཕྱིར་གོས་པ་མེད་པའོ། །འོ་ན་གཞན་གྱི་དོན་བྱ་བ་མ་ཡིན་ཏེ། ཉན་ཐོས་ཀྱི་མྱ་ངན་ལས་འདས་པ་བཞིན་ནོ་ཞེ་ན་གསུངས་པ། སྲིད་པར་སྤྱོད་བྱེད་ཅེས་པ་སྟེ། སྒྲིབ་པ་མེད་ ཀྱང་གཞན་གྱི་དོན་དུ་སྙིང་རྗེ་ཆེན་པོས་མུ་མཐའ་མེད་པའི་དུས་སུ་འཁོར་བར་འབྱུང་བའི་ཕྱིར་རོ། །དེ་མཆོག་གི་དང་པོའི་རྒྱུད་དུ་གསུངས་པ། དཔའ་བོ་མཆོག་རྣམས་ཇི་སྲིད་དུ། །འཁོར་བའི་གནས་སུ་གནས་གྱུར་པ། །དེ་སྲིད་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་ བྱ་བར་ནུས། །ཞེས་སོ། །སླར་ཡང་ཐབས་ཀྱི་ཡན་ལག་གསུངས་པ། དགོངས་པའི་སྐད་ཅེས་པ་ལ་སོགས་པའོ། །གཟུགས་བརྙན་དག་པ་ལ་སོགས་པ་རལ་གྲིའི་མཐར་ཐུག་པ་ནི་ལས་བཅུ་གཉིས་རྣམས་སྔར་དང་ཕྱི་མའི་ལས་བཤད་པས་སོ། །བསྐྱེད་པའི་རིམ་པ་ ལ་གནས་པ་དང་རྫོགས་པའི་རིམ་པ་ལ་གནས་པའི་སངས་རྒྱས་ཐོད་པའི་སྦྱོར་བ་ཡིས་ལས་ཐམས་ཅད་འགྲུབ་པར་འགྱུར་རོ་ཞེས་གསལ་བར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་གསོད་པ་དང་རོ་དག་ལ་ཉེ་བར་མཚོན་པ་ཉིད་ཀྱིས་གཉིས་ཀ་ལ་ཉེ་བར་ལེན་པའོ། །མི་སྣང་བ་ཞེས་པ་བདག་ཉིད་དོ། ། མཆོག་མིན་ཞེས་པ་ཕུལ་བྱུང་མ་ཡིན་པའོ། །དཀའ་ཐུབ་ངེས་པ་དྲག་རྣམས་ཀྱིས། །ལུས་ནི་སྐེམས་ཤིང་སྡུག་བསྔལ་ཉིད། །སྡུག་བསྔལ་བ་ལས་སེམས་གཡེངས་ཏེ། །གཡེང་བ་ལས་དངོས་གྲུབ་གཞན་དུའོ། །ཞེས་གསུངས་པ། འདོད་པ་ལྔ་ནི་བསྟེན་བཞིན་པས། །ཞེས་ 26-1-172a སོ། །སྒྱུ་མ་རྣམས་ནི་ཐམས་ཅད་ལ། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་འདི། །འདི་ཁོ་ན་ལ་གསལ་བར་མཚོན། །ཞེས་པའི་རིགས་པས་འདོད་པའི་ཡོན་ཏན་ལྔ་རྣམས་ལ་ཉེ་བར་སྤྱོད་པ་ནི་གཙོ་བོ་བུད་མེད་བསྟེན་པ་སྟེ་ཐབས་ ལ་མཁས་པ་ཉིད་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་རྒྱུ་ཉིད་ཀྱི་ཕྱིར་རོ། །དེ་ནས་དེའི་དོན་དུ་རོ་ཙ་བར་བྱེད་པ་མདོར་བསྟན་པའི་དོན་དུ་གསུངས་པ། འཇིགས་པ་འཇོམས་བྱེད་ཅེས་པ་ལ་སོགས་པ་སྟེ། འཇིགས་པ་རྣམ་པར་རྟོག་པ་རྣམས་ལྷན་ཅིག་སྐྱེས་པ་འཆར་བའི་དུས་སུ་ནུབ་ པར་འགྲོ་བའི་ཕྱིར་འཇོམས་པར་རུང་བའོ། །གཡུལ་ཆེན་པོ་ནི་དགའ་རྩེད་སྣ་ཚོགས་པའོ། །བྱེད་བཞིན་པ་ནི་སྐྱེས་པ་གཅིག་གིས་བུད་མེད་འབུམ་ལས་རྒྱལ་བར་བྱེད་དེ་རོ་ཙ་བའི་བྱེད་པས་སོ། །ཅི་འདི་ལྟར་མཐོང་ངམ་ཞེ་ན་གསུངས་པ་སྐྱེས་པ་གཅིག་གིས་ཞེས་ཏེ། སྐྱེས་པ་ གཅིག་འདོད་པ་ཆེན་པོ་ཅན་དུ་མཐོང་སྟེ་འཕགས་པ་ཆོས་འཕགས་ལ་སོགས་པས་བུད་མེད་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་རྣམས་ཏེ། ཉེ་བར་མཚོན་པ་ཉིད་ཀྱི་ཕྱིར་བུད་མེད་འབུམ་ཕྲག་ཟིལ་གྱིས་གནོན་ཞེས་པ་ལྷག་མའོ། །དེའི་ཕྱིར་འདོད་པ་སྤྱོད་དེ། གཅིག་གིས་ཞེས་པ་གཅིག་པུས་ ཐམས་ཅད་ཅེས་ཐམས་ཅད་མ་རྣམས་ལའོ། །འདིར་ཡང་ཐབས་ནི་རོ་ཙ་བར་བྱེད་པ་ཞེས་པ་བྱང་ཆུབ་ཀྱི་སེམས་འཇུ་བར་བྱེད་པ་དང་འཛིན་པ་དང་། འཕེལ་བ་སྟེ། གསུམ་པོ་འདི་ཇི་ལྟར་འགྱུར་བ་དེ་འཆད་པར་འགྱུར་རོ། །དེ་ནས་ཞེས་བྱ་ལ་སོགས་པས་མཁའ་ལྡིང་སྦྱོར་བ་མདོར་ སྟོན་ཏེ། མིང་ཇི་བཞིན་ཞེས་པ་ཇི་ལྟར་རབ་ཏུ་གྲགས་པར་འགྱུར་བ་དེ་ལྟར་བཤད་པར་བྱའོ། །ཤཱ་ལི་ཀཱའི་བྱེད་པ་དང་རིག་པ་འཛིན་པའི་བྱེད་པ་ནི་རབ་ཏུ་རྒྱས་པར་སྟོན་པར་འགྱུར་རོ། །རྒྱན་པོ་ནི་ཆོ་ལོ་སྟེ། དེ་རྩེ་བས་དུག་གཞིག་པར་བྱེད་དོ། །རྔ་བརྡུང་པའོ། །ཟིན་པ་བུད་མེད་ ཀྱིས་འཕྲོག་པའོ། །ཀ་ར་བཱི་རའི་ཤིང་གིས་མགོ་བོ་ནས་བཟུང་ནས་རྐང་པའི་མཐིལ་ཇི་སྲིད་པར་བསྣུན་པའོ། །ཞགས་པ་ཞེས་པ་ཞགས་པའི་རྣམ་པའི་ཐག་པས་མགྲིན་པར་བཅིངས་ནས་འགུགས་པའོ། །ཁུ་བྱུག་གི་སྒྲ་བྱེད་པའོ། །པདྨ་འབྱེད་པ་ཞེས་པ་ནང་གི་པདྨ་རྣམས་ 26-1-172b སུ་རྩ་བའི་འདོན་པའི་བསམ་པས་མན་ངག་ཇི་ལྟ་བར་རླུང་འགོག་པའོ། །གཞན་ནི་ལོངས་སྤྱོད་རྫོགས་པའི་འཁོར་ལོའི་རྩེ་གཉིས་འཁྲུལ་འཁོར་དུ་བྱེད་པར་སྨྲའོ། །སྟག་བྱེད་ནི་སྟག་བཞིན་དུ་བགྲོད་པའི་ཚུལ་གྱིས་འཆག་པའོ། །ཆུ་ནི་རབ་ཏུ་རྒྱས་པར་སྟོན་པར་འགྱུར་རོ། །དུང་ཞེས་པ་ ནི་དུང་གི་སྒྲའོ། །ཐོད་ལོ་ཀོར་འཕྲོག་ཅེས་པ་ནི་ཐོད་ལོ་ཀོར་གྱིས་བཟུང་བའི་མིང་བྲིས་པ་ལས་དུག་འཕྲོག་པའོ། །སྐྱུག་པ་ཞེས་པ་སྐྱུག་པར་བྱེད་པའོ། །རས་ཀྱི་གོས་ཀྱིས་གཡོགས་པའོ། །ཐལ་ལྕག་ཅེས་པ་ཐལ་ལྕག་གིས་བསྣུན་པའོ། །ཡིག་གསུམ་ཞེས་པ་ཌྷ་ཀ་ཀ་ར་ ཡིས་བརྡེག་པའོ། །ཧ་ཧོ་ཧྲཱིཿཞེས་པའི་ཡི་གེ་གསུམ་གྱིས་དུག་འཇིག་པའོ་ཞེས་ཁ་ཅིག་གོ། །བསམ་གཏན་ལྟ་བས་གཏམ་ཞེས་པ་དཀར་པོའི་ཨ་ཡིག་ལ་སོགས་པ་བསྒོམ་པའི་ལྟ་བས་གཏམ་བྱ་བའོ་ཞེས་པ་སྦྱོར་བ་བཅོ་བརྒྱད་པོ་འདི་རྣམས་ཀྱིས་དུག་དགུག་པར་འགྱུར་རོ། །རྫོགས་ པའི་རིམ་པ་མདོར་བསྟན་པ་རྒྱས་པར་སྟོན་ཏེ། དེ་ནས་ཞེས་པ་ལ་སོགས་པའོ། །རོལ་པ་བདེ་བ་ཅན་པདྨར་ཡོད་པ་ནི་བཟང་པོ་སྟེ། ཡེ་ཤེས་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་དགའ་བའོ། །ཇི་བཞིན་པ་ནི་གཅིག་དང་དུ་མའི་རང་བཞིན་དང་བྲལ་བ་ཉིད་ཀྱིས་རང་བཞིན་མེད་པ་ཉིད་ ཀྱིས་ན་དེ་ལྟར་ཀུན་རྫོབ་ཀྱི་བདེན་པའོ། །བྷ་ག་ནི་པདྨ་སྟེ་དེའི་དབུས་ཀྱི་གཞི་ལ་རྣམ་པར་བཞུགས་ཏེ། རྣམ་པར་རྟོག་པ་རྣམས་བསལ་ནས་བཞུགས་ཏེ། སྲིད་པ་དང་མྱ་ངན་ལས་འདས་པ་ལ་མི་གནས་པ་ཉིད་ཀྱིས་སོ། །དེ་ཀྱེའི་རྡོ་རྗེར་གསུངས་པ། རྡོ་རྗེ་རྩེ་མོའི་བྷ་ག་བཟང་། ། བདེ་བ་ཅན་དུ་ང་བཞུགས་ཏེ། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཨེ་ཡིག་ཆ་བྱད་ངོ་བོར་རོ། །དེ་བཞིན་དུ། བཙུན་མོའི་བྷ་ག་བདེ་ཆེན་དུ། །ཁུ་བའི་མིང་གིས་རྣམ་པར་གནས། །དེ་མེད་པར་ནི་བདེ་མི་འགྱུར། །བདེ་བ་བོར་ནས་དེ་མི་འགྱུར། །ཞེས་སོ། །དེ་བཞིན་ དུ། ལྷན་ཅིག་སྐྱེས་དགའི་རང་བཞིན་པ། །མཆོག་མཐའ་ཁྱད་དགའ་དང་པོ་ཅན། །ཞེས་སོ། །འདིར་ཁུ་བའི་མིང་གིས་ཞེས་པ་བྱང་ཆུབ་སེམས་ཀྱི་རྣམ་པ་ཁོ་ནའི་སེམས་དེ་ལྟར་གསལ་བའི་ཕྱིར་རོ། །མཆོག་མཐའ་ཁྱད་དགའ་དང་པོ་ཅན། །ཞེས་མཆོག་ 26-1-173a གི་མཐའ་ཁྱད་པར་དགའ་བ་ནི་གང་གི་དང་པོ་ཡིན་པ་སྟེ། མཆོག་གི་དེ་མ་ཐག་ཏུ་ཁྱད་པར་དགའ་བ་དང་། དེའི་དེ་མ་ཐག་ཏུ་ལྷན་ཅིག་སྐྱེས་པ་ཞེས་པའི་དོན་ཏོ། །ལུགས་གཞན་ལ་ནི་ཁྱད་པར་དགའ་བའི་དང་པོ་སྟེ། མཆོག་དང་ཁྱད་པར་དགའ་བ་དག་གི་དབུས་སུའོ་ཞེས་པའི་དོན་ཏོ། །འདོད་པ་འདི་ཡང་ མི་འཐད་དེ། །ཁྱད་དགའ་དང་པོར་མཚོན་པར་བྱ། །དེ་ཡང་དགའ་བ་གསུམ་པོ་སྤངས། །ཞེས་གསུངས་པའི་ཕྱིར་རོ། །འདིས་ནི་ཁྱད་དགའ་ཡང་འདི་ཡིན་ལ་དང་པོར་ཡང་ངོ་ཞེས་པས་ཁྱད་དགའི་དུས་ཁོ་ནར་ཉེ་བར་འཆར་བའི་ལྷན་ཅིག་སྐྱེས་པ་དང་པོ་ཁོ་ནར་མཚོན་པར་བྱའོ་ཞེས་རྟོགས་པར་བྱས་ཏེ་ལྷན་ཅིག་ སྐྱེས་པ་ཤར་ན་ནི་རྣམ་པར་རྟོག་པ་ཐམས་ཅད་ནུབ་པའི་རང་བཞིན་ཉིད་ཀྱི་ཕྱིར་གཟུགས་ལ་མཚོན། །དེ་ཉིད་ཀྱི་ཕྱིར་འཕགས་པའི་ཞབས་ཀྱིས་གསུངས་པ། ཡེ་ཤེས་གསུམ་གྱི་དབྱེ་བ་འདི། །འདི་ཁོ་ན་ལ་གསལ་བར་མཚོན། །ཞེས་པ་འདིས་དགའ་བ་གསུམ་པོ་མཚོན་པ་དང་ བཞི་པ་མི་མཚོན་པར་གསུངས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་། མཚན་ཉིད་བྲལ་བ་གསུམ་ལས་གཞན། །ཞེས་པ་འདིས་སོ། །དེའི་ཕྱིར་ཇི་ལྟར་ལྷན་ཅིག་སྐྱེས་པའི་རྗེས་ཐོགས་སུ་ཁྱད་དགའ་སྐྱེ་སྟེ། མཚོན་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །ཁྱད་དགའི་དེ་མ་ཐག་ པའི་དྲན་པ་ཁོ་ནས་མཚོན་པ་ཉིད་ཀྱིས་ན་ཉམས་སུ་མྱོང་བའི་ཆོས་མ་བསྟན་པར་འགྱུར་རོ། །ལྷན་ཅིག་སྐྱེས་པ་འཆར་བའི་གནས་ལ་ནི་ལོག་པར་རྟོགས་པ་མེད་པ་ཁོ་ནའོ། །འོ་ན་དང་པོར་ཡང་ཅིའི་ཕྱིར་མཚོན་ཏེ། ཉམས་སུ་མ་མྱོང་བ་ཉིད་ཁོ་ནའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། ཐོ་རངས་ཀྱི་དུས་མཚམས་བཞིན་ནོ། །འོ་ན་དེ་ལྟ་ན་ཡང་དེའི་ངོ་བོ་ཉེ་བར་མཚོན་པ་ཁོ་ནའོ་ཞེ་ན་བདེན་ཏེ། ཉམས་སུ་མྱོང་བའི་ཐབས་ནི་འདི་ལྟར་ཉེ་བར་བསྟེན་པར་བྱའོ། །འོ་ན་དེ་ལྟ་བུ་ནི་ཐབས་སུ་ཡང་འགྱུར་བར་འོས་པ་མ་ཡིན་ཏེ། དེ་ནས་བཟུང་ནས་དེ་ཉེ་བར་མཚོན་ པར་མངོན་པར་ཞེན་པ་འདི་ལ་དེ་མི་སྲིད་པའི་ཕྱིར་རོ་ཞེ་ན། བདེན་ཏེ། གལ་ཏེ་དེ་ལྟར་གྱུར་ནའོ། །དེར་ནི་དེ་ལྟར་འབྱུང་བཞིན་པ་ན་ཇི་ལྟར་བྱ་བ་དེ་ལྟར་བླ་མ་རྣམས་གསུངས་པར་འགྱུར་རོ། །དེ་ལྟར་འདོད་པ་གཉིས་ཀ་ལ་ཡང་ཉེ་བར་མཚོན་པའི་རིམ་པ་གསལ་བར་བྱས་སོ། ། 26-1-173b ཁྱད་དགའ་ལྷན་ཅིག་སྐྱེས་པའི་དེ་མ་ཐག་པ་ཉིད་ན་རྒྱུད་གཞན་རྣམས་དང་། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཛིན་པ་ཕྱག་རྒྱའི་དངོས་གྲུབ་ཀྱང་མི་འཐད་ཅིང་། ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་བའི་ཐབས་ཀྱང་མི་སྲིད་ཀྱི། ལྷན་ཅིག་སྐྱེས་པའི་རར་གི་ངོ་བོ་ཁོ་ན་འབའ་ཞིག་པ་ནི་ མི་འཐད་པ་མེད་དོ་ཞེས་པས་ལུགས་སྔ་མ་ཁོ་ན་མན་ངག་རིག་པ་རྣམས་གསུང་ངོ་ཞེས་པ་ཤིན་ཏུ་ཞར་ལ་བྱུང་བས་ཆོག་གོ། །ཡེ་ཤེས་བཟང་པོ་དེ་དཔེ་ཉིད་ཀྱིས་འཇིག་རྟེན་པའི་ལྷན་ཅིག་སྐྱེས་པའི་བདེ་བ་བསྒྲུབ་པར་བྱ་བའི་སྒྲུབ་པར་བྱེད་པར་བལྟ་བར་བྱའོ་ཞེས་གསུངས་ པ། ། བདེ་བ་ཆེན་པོ་སྟེར་བྱེད་པ། །ཞེས་པ་དེའི་ཐབས་སུ་གྱུར་པའི་ལྷན་ཅིག་སྐྱེས་པ་མན་ངག་ཇི་ལྟ་བ་བཞིན་གོམས་པར་བྱས་པས་ནི་མི་འགྱུར་བ་བདེ་བ་ཆེན་པོ་སྒྲིབ་པ་ཕུལ་དུ་དབྱུང་དུ་མེད་པ་ཐབས་ལས་བྱུང་བ་ཉེ་བར་བསྐྱེད་པར་བྱའོ། །ཐབས་དང་ཐབས་ལས་བྱུང་བའི་ བདེ་བ་འདི་དག་གི་དེ་ཁོ་ན་ཉིད་ནི་རང་བཞིན་མེད་པའི་མཚན་ཉིད་ཅན་སྟོང་པ་ཉིད་ཁོ་ནའོ། །གང་རྣམས་བདེ་བ་ཁོ་ན་དེ་ཁོ་ན་ཉིད་དུ་ཡིད་ཆེས་ནས་གནས་པ་དེ་རྣམས་ཀྱི་འཁྲུལ་པ་བསལ་བའི་དོན་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། གང་ཕྱིར་འབྱུང་བ་ཆེ་བདེ་བ། །དེ་ཕྱིར་ བདེ་བ་དེ་ཉིད་མིན། །ཞེས་སོ། །ལྷན་ཅིག་སྐྱེས་པ་ཡང་ཐམས་ཅད་ཀྱི་ཚེ་ཐམས་ཅད་དུ་མི་འབྱུང་སྟེ། དེ་ལྟར་ན་ལྷན་ཅིག་སྐྱེས་པ་དངོས་པོའི་རང་གི་ངོ་བོ་སྟེ། དེའི་དོན་དམ་པ་སྟོང་པ་ཉིད་ཁོ་ན་དང་ཀུན་རྫོབ་པ་རྟོགས་པའོ། །བདེ་བ་ནི་རྟོགས་པ་ཡིན་མོད་ཀྱི། དེ་ལྟ་ན་ཡང་ ཐམས་ཅད་ཀྱི་ཚེ་ཐམས་ཅད་དུ་ལྷན་ཅིག་སྐྱེས་པ་ཡིན་ཏེ། སྡུག་བསྔལ་དང་བཏང་སྙོམས་སུ་མྱོང་བའི་དུས་སུ་དང་། བསམ་གཏན་བཞི་པ་ལ་དང་། གཟུགས་མེད་པའི་ཁམས་སུ་རྟོགས་པ་བཞིན་དུ་ཉམས་སུ་མ་མྱོང་བ་ཉིད་ཀྱི་ཕྱིར་རོ། །གང་མཚན་ཡང་དག་པར་བརྗོད་པར་ གསུངས་པ། བསམ་གཏན་བཞི་པའི་རྩེ་མོ་འཆང་། །ཞེས་པ་དེར་བསམ་གཏན་བཞི་པ་ལྷན་ཅིག་སྐྱེས་པའི་དགའ་བའི་རྩེ་མོར་ཏེ་རྣམ་པར་རྟོག་པའི་དྲི་མ་ཐམས་ཅད་དང་བྲལ་བ་རབ་ཏུ་གྱུར་པ་མཐར་ཐུག་པ་ལ་དེའི་བདག་ཉིད་ཀྱིས་གནས་པ་དེའི་ཕྱིར་དེའི་རང་གི་ངོ་བོ་འཛིན་ 26-1-174a པ་ཞེས་པའི་དོན་ཏོ། །བདེ་བ་ཆེན་པོའི་རང་བཞིན་དུ་མུ་མཐའ་མེད་པའི་ཁམས་གསུམ་པ་སྣང་བར་གྱུར་པ་ན་བསམ་གཏན་ལ་སོགས་པ་ཡང་བདེ་བ་ཆེན་པོའི་རང་བཞིན་ནི་བཅོམ་ལྡན་འདས་ཁོ་ན་སྟེ་གཞན་གྱི་ནི་མ་ཡིན་ནོ་ཞེས་པ་བཟླས་ཏེ་བཤད་པའི་དོན་ཏོ། ། འོ་ན་ཇི་ལྟར་བདེ་བ་ལྷན་ཅིག་སྐྱེས་པར་བརྗོད་ཅེ་ན། ཇི་ལྟར་དམིགས་པའི་སྙིང་རྗེ་ཆེན་པོ་དེ་ཁོ་ན་ཉིད་མ་མཐོང་བའི་ཡོད་པ་མ་ཡིན་པ་ལྷག་པར་མོས་པས་བསྒོམ་བཞིན་པ་ནི་དེ་ཁོ་ན་ཉིད་རྟོགས་པ་ན་རྟོགས་པའི་བདག་ཉིད་ཀྱི་ཕྱིར་ཀུན་རྫོབ་པའི་ལྷན་ཅིག་སྐྱེས་པར་བརྗོད་པ་དེ་བཞིན་དུ་ བདེ་བ་རེས་འགའ་ཉམས་སུ་མྱོང་བའི་གནས་སྐབས་སུ་དང་། ཉམས་སུ་མ་མྱོང་བའི་གནས་སྐབས་སུ་དེ་ཁོ་ན་ཉིད་མ་མཐོང་བས་ལྷག་པར་མོས་པས་སྙིང་རྗེ་ཆེན་པོ་དང་དབྱེར་མེད་པའི་རང་བཞིན་སྟོང་པ་ཉིད་ཀྱི་བདག་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པས། སྒོམ་པ་ནི་ དེ་ཁོ་ན་ཉིད་རྟོགས་པའི་གནས་སྐབས་སུ་འཇིག་རྟེན་ལས་འདས་པའི་ཀུན་རྫོབ་པའི་ལྷན་ཅིག་སྐྱེས་པར་བརྗོད་དོ། །དེ་ཁོ་ན་ཉིད་མ་རྟོགས་པའི་གནས་སྐབས་སུ་ཉམས་སུ་མྱོང་བ་ནི་འཇིག་རྟེན་པའི་ཀུན་རྫོབ་པའི་ལྷན་ཅིག་སྐྱེས་པ་སྟེ། ལྷན་ཅིག་སྐྱེས་པའི་གྲིབ་མའི་རྗེས་སུ་ བྱེད་པ་ཉིད་ཀྱི་ཕྱིར་རོ། །དེ་སྐད་དུ་ཡང་གསུངས་པ། ལྷན་སྐྱེས་དག་ལས་གང་སྐྱེས་པ། །དེ་ནི་ལྷན་ཅིག་སྐྱེས་པར་བཤད། །རང་བཞིན་ལྷན་ཅིག་སྐྱེས་པར་བཤད། །རྣམ་པ་ཐམས་ཅད་སྡོམ་པ་གཅིག །སྙིང་རྗེ་ཐམས་ཅད་རྣལ་འབྱོར་འགྱུར། །ཕྱག་རྒྱ་རྒྱུ་དང་བྲལ་བ་ ལས། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་བཤད་པའོ། །ཞེས་སོ། །འདིར་འདི་ལ་སྡོམ་པར་བྱ་བའོ་ཞེས་པ་སྡོམ་པའོ། །རྣམ་པ་ཐམས་ཅད་ཀྱི་སྟེ་སྔོན་པོ་དང་སེར་པོ་ལ་སོགས་ཀྱི་གཅིག་སྟེ་གཉིས་པ་མེད་པའི་སྡོམ་པ་སྟེ་ལྷན་ཅིག་སྐྱེས་པ་ཁོ་ན་ དེ་ལྟར་སྣང་བའི་ཕྱིར་རོ། །ལྷན་ཅིག་སྐྱེས་པ་དག་ཡང་གང་དག་ལས་སྐྱེས་པ་ལྷན་ཅིག་སྐྱེས་པར་བརྗོད་པར་བྱ་བ་དེ་དག་ནི་སྙིང་རྗེ་དང་ཕྱག་རྒྱ་དག་གོ། །དེའི་ཕྱིར་སྙིང་རྗེ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་རང་བཞིན་དེ་གང་གི་ཐབས་ཡིན་པ་འདི་ལྟར་གྱུར་པ་དེ་ནི་རྣལ་ 26-1-174b འབྱོར་པར་འགྱུར་རོ། །འདི་སྐད་བཤད་དེ། ཐབས་ཀྱི་དེ་ཁོ་ན་ཉིད་བདེ་བ་འདི་ཡིན་གྱི། ཤེས་རབ་ཀྱི་དེ་ཁོ་ན་ཉིད་ནི་མ་ཡིན་ནོ། །ཕྱག་རྒྱ་ནི་སྟོང་པ་ཉིད་དང་དེ་ཁོ་ན་ཆོས་ཐམས་ཅད་སྐྱེ་བ་མེད་པའི་མཚན་ཉིད་ཅན་ཤེས་རབ་དམ་པ་སྟེ་རྒྱུ་དང་བྲལ་བ་ལས་ནི་རྒྱུ་མེད་པ་ལས་ཏེ། ཆོས་ རྣམས་ཐམས་ཅད་གདོད་མ་ནས་མ་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །རང་བཞིན་འདི་དག་ཀྱང་ལྷན་ཅིག་སྐྱེས་པ་དག་ཁོ་ན་སྟེ། རང་ཉིད་ལས་གྲུབ་པ་ཉིད་ཀྱི་ཕྱིར་རོ། །འདི་དག་ལས་སྐྱེས་པའི་དེ་ཁོ་ན་ཉིད་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའོ། །དེ་ཅི་འདི་ཤེས་རབ་ ཀྱི་ཡེ་ཤེས་ལས་གཞན་པ་ཁོ་ནའམ་ཞེ་ན། གཞན་མ་ཡིན་ཏེ། །དེ་ཁོ་ན་མི་མཐུན་ཕྱོགས་བསལ་བ་དེ་ནི་རྣམ་པ་འདི་ལྟ་བུའོ་ཞེས་རང་གི་ངོ་བོ་རབ་ཏུ་གསལ་བའོ། །ལྷན་ཅིག་སྐྱེས་པ་ཤེས་རབ་ཡེ་ཤེས་ཀྱི་རང་གི་ངོ་བོ་དག་ལ་གོམས་པ་ལས་སྐྱེས་པའི་བྱང་ཆུབ་ཀྱི་སེམས་འདི་ཁོ་ ན་ནི་བཞི་པ་ཕྱག་རྒྱ་ཆེན་པོའི་དབང་བསྐུར་ཏེ། རྣམ་པར་རྟོག་པའི་དྲི་མ་རྣམས་ཐམས་ཅད་དངོས་སུ་འདིས་འཁྲུད་པའི་ཕྱིར་རོ། །དེ་གསུངས་པ། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་སོ། །ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད་ཁོ་ན་སྣ་ཚོགས་པར་སྟོན་པ་གསུངས་པ་དེ་ཁོ་ནར་ནི་ ཞེས་པ་ལ་སོགས་པའོ། །བཟང་པོའི་ཡེ་ཤེས་དེ་ཁོ་ནར་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པར་སྒྲོ་བཏགས་པ་མཐའ་དག་སྟོང་པ་ཉིད་དང་རོ་གཅིག་པར་དེའི་བདག་ཉིད་ཀྱི་ཐམས་ཅད་གནས་སོ། །བྱིས་པ་ཞེས་པ་བྱིས་པ་རྣམས་ཏེ་སོ་སོའི་སྐྱེ་བོའོ། འོ་ན་ཇི་ལྟར་ བདག་ཉིད་ཀྱི་རང་གི་ངོ་བོ་ཡང་མི་ཤེས་ཤེ་ན། གང་ཕྱིར་རྨོངས་པ་རྣམས་ཏེ། དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པར་འཛིན་པའི་ཕྱིན་ཅི་ལོག་མི་ཤེས་པའི་རྨོངས་པ་འདི་རྣམས་ལས་སྐྱེས་པའོ། །ཡེ་ཤེས་དེ་ཁོ་ན་ཉིད་བཅུད་དེ་བདེ་བ་ཆེན་པོ་དང་བཅུད་ལེན་ཏེ། སྟོབས་ དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་རྒྱས་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །འདི་ནི་ཁྱད་པར་ལ་སྟེ། ཕྱི་རོལ་གྱི་བཅུ་པ་ལ་སོགས་པ་རྣམས་ལས་ཁྱད་པར་དུ་འཕགས་པའོ་ཞེས་པའི་དོན་ཏོ། །དེ་ལྟ་ཁོ་ནར་གོམས་བཞིན་པའི་ནི་བདེ་བ་ཆེན་པོ་སྟེར་བར་བྱེད་པ་པོ་ནི་ཇི་ལྟར་སྣ་ 26-1-175a ཚོགས་པའི་རྣམ་པ་ཅན་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པ་དང་བྲལ་བའི་དངོས་པོ་ཡང་དག་པ་ཇི་ལྟ་བ་རྟོགས་པ་ལས་སངས་རྒྱས་རྣམས་ཏེ། དྲི་མ་མེད་པ་ཉིད་ཡོངས་སུ་དག་པས་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཡེ་ཤེས་ཀྱི་རང་བཞིན་རྣམས་ངེས་ པར་གནས་སོ། །འདིས་ནི་སེམས་ཀྱི་རྡོ་རྗེའི་རང་གི་ངོ་བོ་ཆོས་ཀྱི་སྐུ་གསུངས་སོ། །དཀྱིལ་འཁོར་ཞེས་པ་སྔོན་པོ་དང་སེར་པོ་ལ་སོགས་པ་སྣ་ཚོགས་པའི་རྣམ་པ་ཅན་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པར་སྙོམས་པར་ཞུགས་པའི་ལྷའི་ངོ་བོ་དགའ་བ་ལ་སོགས་པའི་དབྱེ་བས་ཐ་དད་ པ་སྐྱེ་བ་དང་འཆི་བ་དང་འགོག་པའི་ངོ་བོ་སྤྲོ་བ་དང་སྡུད་པའི་བྱེད་པ་པོ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་འཁོར་ལོ་བདེ་བ་ཆེན་པོའི་རང་བཞིན་ཁོ་ནའོ། །བཟང་པོ་ནི་རྫོགས་པའི་ངོ་བོའོ། །བཞི་པའི་དོན་ཁོ་ན་བསྒོམ་བཞིན་པ་གྲུབ་པར་གྱུར་པ་ནི་དབང་བཞི་པར་འགྱུར་རོ་ཞེས་ གསུངས་པ། དེར་ནི་སློབ་མ་བཟང་དབང་བསྐུར། །ཞེས་ཏེ། གང་བྷ་གའི་དབུས་སུ་བསྐྱེད་པའི་རིམ་པས་དབང་བསྐུར་བ་དེ་ནི་འཆད་པར་འགྱུར་རོ། །ཧེ་རུ་ཀ་ཞེས་པ་ཧེ་རུ་ཀ་བཅོམ་ལྡན་འདས་ཏེ། ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་དོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་ ལས་ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་དཔའ་རྣམས་ལ་ཟབ་ཅིང་རྒྱ་ཆེ་བའི་ཆོས་སྟོན་པས་ཆོས་ལ་ལོངས་སྤྱོད་རྫོགས་པའི་ཡན་ལག་ཉིད་ཀྱིས་ན་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུའི་བདག་ཉིད་ཀྱི་སྐུ་ཁོ་ན་ལོངས་སྤྱོད་རྫོགས་པའི་སྐུའོ། །འདིར་ ནི་འདི་ཆོས་ཀྱི་སྐུའི་དབང་གི་གདུལ་བྱའི་ངོར་ཧེ་རུ་ཀ་ལ་སོགས་པའི་གཟུགས་ཀྱིས་དེ་ལྟ་དེ་ལྟར་སྤྲུལ་པའི་སྐུར་བརྗོད་དོ། །གང་སྤྲུལ་པའི་སངས་རྒྱས་སྤྲུལ་པའི་སྐུར་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་གསུངས་པ། དེ་འདིར་ཡང་དེ་འདྲ་བ་ཁོ་ན་དང་སྤྲུལ་པ་དང་འདྲ་བ་ཡང་ངོ་། ཆོས་ཀྱི་སྐུའི་སྤྲུལ་པ་ཉིད་ཡིན་ན་ཡང་ལོངས་སྤྱོད་རྫོགས་པའི་སྐུ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ལོག་པ་ཉིད་དེ། ཆོས་ལ་ལོངས་སྤྱོད་རྫོགས་པའི་ཕྱིར་རོ། །འདིར་ནི་ངག་གི་ངོ་བོ་ཉིད་ཀྱིས་ཀྱང་སྟེ། ལོངས་སྤྱོད་རྫོགས་པ་ཉིད་ཀྱང་རོ་ལ་རྫོགས་པའི་ལོངས་སྤྱོད་པ་ཉིད་ཀྱིས་ཀྱང་ 26-1-175b ངོ་། །མི་མཐུན་པའི་ཕྱོགས་དག་རྩ་བ་མེད་པར་བྱས་པ་ཉིད་ཀྱི་ཕྱིར་དཔའ་བོའོ། །ནང་དུ་དང་དཀྱིལ་འཁོར་དུ་ཡང་འཆད་པར་འགྱུར་བའི་ལྷ་མོ་ཉི་ཤུ་རྩ་བཞིའི་བདེ་བ་ཆེན་པོའི་རོ་འཐུང་བའི་ཕྱིར་དང་ཆོས་ཀྱི་གསུང་གིས་སྐྱོང་བའི་ཕྱིར་བདག་པོའོ། །མུ་མཐའ་མེད་པར་རྣམ་པ་སྣ་ ཚོགས་པའི་སྐུ་སྤྲོས་པས་གཞན་གྱི་དོན་གྱི་ངོར་རབ་ཏུ་འབྱུང་བའི་ངང་ཚུལ་ཅན་ཉིད་ཀྱི་ཕྱིར་གཙོ་བོའོ། །མཁའ་ལྡིང་སྦྱོར་བ་ནི་དུག་གཞིལ་བའི་ཐབས་ཏེ། མཆོག་ཏུ་སྟོང་པ་ཉིད་ཁོ་ནའོ། །གང་གསུང་པར་འགྱུར་བ། ཆོས་རྣམས་ཐམས་ཅད་སྟོང་པ་ལ། །སྦྲུལ་དྲུག་དེ་ལས་ཇི་ ལྟར་ཡིན། །ཞེས་སོ། །སྟོང་པ་ཉིད་ལ་ལྷག་པར་མི་མོས་པ་རྣམས་ཀྱི་འཇིགས་པའི་རྒྱུ་ཉིད་ཀྱི་ཕྱིར་འཇིགས་པའོ། །ལྷ་མིན་སྒྲུབ་པ་ཞེས་པ་གང་དེ་ལྟར་ཤེས་པའི་རྣལ་འབྱོར་བའི་དབང་དུ་འགྱུར་བ་མ་ཡིན་པ་དེ་ཡོད་པ་མ་ཡིན་པའི་ཕྱིར་རོ། །དུར་ཁྲོད་ཅེས་པ་བསྐྱེད་པའི་ རིམ་པ་ལ་དབུགས་རྒྱུའོ་ཞེས་པ་དང་རོ་རྣམས་གནས་སོ་ཞེས་བྱ་བའི་ངེས་པའི་ཚིག་གི་ཚུལ་གྱིས་བདག་མེད་པ་ཉིད་ཀྱི་མཚན་ཉིད་ཅན་ཆོས་ཀྱི་དབྱིངས་གསལ་བར་བྱེད་པའི་རོ་རྣམས་ཀུན་ནས་གནས་པ་ནི་དུར་ཁྲོད་དེ། བརྒྱད་ཀྱི་གྲངས་སུ་བཅད་པ་ནི་འཆད་པར་འགྱུར་རོ། འདིར་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོའི་ལུས་ཁོ་ན་ཡན་ལག་བརྒྱད་པའི་དུར་ཁྲོད་དོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་བསྐལ་པ་གྲངས་མེད་པ་གསུམ་རྣམས་ཀྱིས་སངས་རྒྱས་ཉིད་སྐྱེད་པར་གསུངས་པ་ལ། འདི་ནི་ངེས་པ་མེད་པའི་དུས་ཀྱིས་སོ་ཞེས་གསུངས་པ། ཡུད་ཅེས་ པ་ཡིས་བསྐྱེད་པའི་རྒྱུ། །ཞེས་སོ། །སྟོང་གསུམ་དུ་ནི་རྫུ་འཕྲུལ་ཆེ། །ཞེས་པ་སྟོང་གསུམ་པ་ལ་སོགས་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་དཔག་ཏུ་མེད་ཅིང་སྣ་ཚོགས་པའི་སྤྲུལ་པའི་ངོ་བོའི་རྫུ་འཕྲུལ་ཆེན་པོ་གང་རྣམས་ཀྱི་ཡིན་པ་དེ་རྣམས་དེ་སྐད་དོ། །འདིས་ནི་སྤྲུལ་པའི་ སྐུ་ནི་རྡོ་རྗེར་གསུངས་སོ། །སྣོད་ཀྱི་འཇིག་རྟེན་ཡང་དེའི་རང་བཞིན་ནོ་ཞེས་གསུངས་པ། འཇིག་རྟེན་གྱི་ཁམས་ཞེས་པ་སྟེ། འཇིག་རྟེན་གྱི་ཁམས་རྣམས་སོ། །དེ་ཉིད་ཅེས་པ་ཕྱག་རྒྱ་ཆེན་པོའོ། །མཆོག་ཏུ་དགའ་རྩེའི་གནས་ཉིད་ཀྱི་ཕྱིར་ལྷ་མོའོ། །སངས་རྒྱས་ 26-1-176a རྣམས་ཐམས་ཅད་བསྐྱེད་པ་སྟེ་རྒྱུའི་གནས་སྐབས་ཀྱི་རང་བཞིན་ནོ། །བྱང་ཆུབ་སེམས་དཔའི་དཔལ་ཆེན་པོ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རང་བཞིན་ནོ། །འབྲས་བུའི་གནས་སྐབས་སུ་ནི། ཤེས་རབ་ཕ་རོལ་ཕྱིན་དཔུང་གཉེན། །ཞེས་པས་ ཤེས་རབ་ཕ་རོལ་ཏུ་སྟེ་རབ་ཀྱི་མཐར་ཕྱིན་པར་མཆོག་ཏུ་བགྲོད་ཅིང་མཐའ་དག་པར་ཕྱིན་པ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པའི་དོན་ཏོ། །དམྱལ་བའི་སྒོ་ཞེས་པ་དེ་སྤོང་བ་རྣམས་ཀྱིའོ། །ཇི་སྐད་དུ་རྒྱལ་པོ་རིན་པོ་ཆེའི་ཕྲེང་བར་གསུངས་པ། གཞན་ཡང་འདི་ཞེས་ངན་ པའི་ཕྱིར། །རྨོངས་པ་མཁས་པའི་ང་རྒྱལ་ཅན། །འདི་སྤོང་བདག་ཉིད་ཕུང་བྱས་པ། །འོག་ཏུ་ཁ་ཕྱོགས་མནར་མེད་འགྲོ། །ཞེས་སོ། །དེ་ཁོ་ན་ནི་ད་ཁོ་ནའོ། །སྒྲིབ་པ་ཐམས་ཅད་དང་བྲལ་བ་ནི་ཐར་པའོ། །སྟོང་པ་ཉིད་དང་རོ་གཅིག་པའི་དམིགས་པ་མེད་པའི་སྙིང་རྗེ་ཆེན་ པོའི་རང་བཞིན་བདེ་བ་ཆན་པོའི་རང་བཞིན་ལས་བྱུང་བ་འགྲོ་བ་མ་ལུས་པའི་དོན་གྱི་སྐུ་ནི་ཕྱག་རྒྱ་ཆེན་པོའོ། །གང་དུ་གང་གི་གཞན་ལས་ཡིན་པ་ནི་འདིའི་རང་བཞིན་ཉིད་ཀྱི་ཕྱིར་གྲགས་ཆེན་ནོ། །དེ་ཉིད་ཀྱི་ཕྱིར་སེམས་ཅན་ཀུན་ལ་ཕན་འདོད་མ་སྟེ། སྙིང་རྗེ་ཆེན་པོའི་རང་ བཞིན་ཉིད་ཀྱི་ཕྱིར་རོ། །བདེ་བ་ཆེན་པོའི་རྣམ་པས་སྣ་ཚོགས་པ་བསྐྱེདཔའི་ཕྱིར་མའོ། །ཀུན་རྫོབ་དང་དོན་དམ་པའི་བདེན་པའི་རྣམ་པར་དབྱེ་བ་བསྒོམ་པས་སྐྱེས་པ་ཉིད་ཀྱི་ཕྱིར་སྲིང་མོའི་བུ་མོའོ། །ཀུན་རྫོབ་དང་དོན་དམ་པའི་བདེན་པ་དག་གི་རྣམ་པར་དབྱེ་བ་འཆད་པའི་ཕྱིར་སྲིང་ མོའོ། །སྟོབས་དང་མི་འཇིགས་པ་ལ་སོགས་པ་བླ་ན་མེད་པའི་ཡོན་ཏན་ནམ་མཁའི་བ་བཞོན་ལས་འཇོ་བའི་ཕྱིར་ཏེ་བསྐྱེད་པའི་ཕྱིར་ན་བུ་མོའོ། །བླ་ན་མེད་པའི་བདེ་བས་རྗེས་སུ་ཆགས་པའི་ཕྱིར་བུད་མེད་ཀྱི་ཤེས་པ་བུད་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རབ་ཏུ་གསལ་ བས་བག་ལ་ཉལ་རྣམ་པར་མཁྱེན་ནས་ཇི་ལྟར་རིགས་པར་འཛུད་ཅིང་དགོད་པའི་ཕྱིར་སེམས་ཅན་ཐམས་ཅད་རྗེས་སུ་ཆགས་པ་ཉིད་དུ་འགྱུར་རོ་ཞེས་པས་ཤེས་རབ་ཁོ་ན་བུད་མེད་ཅེས་བརྗོད་དོ། །སྐྱེས་བུར་ལེགས་གཡོ་ཞེས་པ་ལེགས་པར་སྐྱེས་བུ་རྣམས་ལ་གཡོ་བ་སྟེ། 26-1-176b སྙིང་རྗེ་མཆོག་གི་ཟག་པ་མེད་པར་མེད་པ་མུར་ཐུག་པ་མེད་པའི་བདེ་བ་ཆེན་པོའི་དོན་སེམས་ཅན་སོ་སོ་ལ་བདག་ཉིད་ཀྱི་ཕོང་དུ་གཏོད་པར་བྱེད་པའི་ཕྱིར་རམ། ལས་དང་པོ་པའི་སེམས་ཅན་རྣམས་ཀྱིས་བརྟན་པར་བྱ་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །ཤེས་རབ་ནི་སྤྲོ་བ་མེད་པ་རྟོགས་པ་ སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཕྱག་རྒྱ་ཆེན་པོ་ཞེས་པའི་བར་རོ། །བླ་ན་མེད་པའི་ཕྱག་རྒྱ་འདི་རྣམས་དང་གཞན་རྣམས་ཀྱང་བཅུ་གསུམ་པར་འཆད་པར་འགྱུར་རོ། །བསོད་ནམས་ཉེ་བར་མ་བསགས་པ་དེའི་རང་གི་ངོ་བོ་མ་རིག་པ་ཉན་ཐོས་ལ་སོགས་པའི་རིགས་ཅན་ རྣམས་འཇིགས་པའི་རྒྱུ་ཉིད་ཀྱི་ཕྱིར་ན་འཇིགས་བྱེད་མའོ། །དེ་འཕགས་པ་སྒྲ་གཅན་འཛིན་བཟང་པོས་གསུངས་པ། བྱིས་པ་རྣམས་ལ་འཇིགས་སྟོན་མ། །ཞེས་སོ། །ཕྱིན་ཅི་ལོག་པ་སྟེ་ཆད་པ་དང་སྒྲོ་འདོགས་པས་ལྟ་བའིའོ། །མཐོ་རིས་དང་བྱང་གྲོལ་ལས་ ཕྱིར་ཕྱོགས་པའི་དམྱལ་བའི་རྒྱུ་ཉིད་ཀྱི་ཕྱིར་འཇིགས་རུང་ངོ་། །དེ་གསུངས་པ། ཁྱོད་ཀྱིས་མ་མཐོང་བས་འཆིང་འགྱུར། །ཞེས་སོ། །འགྲོ་བ་དྲུག་འཇིགས་རུང་ཞེས་ཁ་ཅིག་ཏུ་ཀློག་པ་དེའི་ཚེ་འཇིགས་རུང་འཁོར་བ་པའོ། །དེའི་ཕྱིར་ཤེས་རབ་གཅིག་པུ་ཁོ་ན་འདི་རྣམས་ཀྱི་ དང་གཞན་རྣམས་ཀྱིའང་མྱ་ངན་ལས་འདས་པའོ། །དེ་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་གསུངས་པ། འཁོར་བ་ཡོངས་སུ་ཤེས་ཁོ་ན། །མྱ་ངན་འདས་པ་ཞེས་པར་བཤད། །ཅེས་སོ། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་དུ་ཡང་གསུངས་པ། ཀུན་རྟོག་ཆུང་ མིན་མུན་པས་ཟིལ་མནན་པ། །རབ་ཏུ་བཅོམ་ཕྱིར་མྱོས་པའི་གློག་འགྱུར་དང་། །ཆགས་སོགས་བཟློག་དཀའི་དྲི་མས་གོས་པ་ཡིས། །སེམས་ནི་འཁོར་བར་རྡོ་རྗེ་ཅན་གྱིས་གསུངས། །རབ་ཏུ་འོད་གསལ་རྙོགས་པས་རྣམ་གྲོལ་བ། །ཆགས་སོགས་དྲི་མས་ གོས་པ་རབ་སྤངས་ཤིང་། །གཟུང་དང་འཛིན་པ་མེད་པ་དེ་ཉིད་ནི། །སེམས་ཅན་མཆོག་གིས་མྱང་འདས་མཆོག་ཏུ་གསུངས། །དེ་ཕྱིར་སྡུག་བསྔལ་ཕུང་པོ་མང་པོ་ཡི། །རྒྱུ་མཚན་གྱུར་པ་དེ་ལས་གཞན་ཅིའང་མེད། །མཐའ་ཡས་བདེ་བ་འཆར་བའི་རྒྱུར་གྱུར་པའང་། ། 26-1-177a དེ་ལས་གཞན་པ་ཡོད་མིན་ཐར་འདོད་རྣམས། །ཞེས་སོ། །མཐའ་ཡས་པའི་བདེ་བ་ཡང་དག་པར་འབྱོར་བས་རྫུ་འཕྲུལ་ཆེན་པོ་ཅན་ནོ། །འཁོར་བ་རྒྱས་པར་སྟོན་ཏེ། རྣམ་རྟོག་ཅེས་པ་ལ་སོགས་པ་གྲངས་ཀྱི་མཐར་ཐུག་པའོ། །ཡོད་པ་དང་མེད་པ་དང་ རྟག་པ་དང་ཆད་པ་དང་། གཟུང་བ་དང་། འཛིན་པ་ལ་སོགས་པ་རྣམ་པ་སྣ་ཚོགས་པར་རྟོག་པ་ནི་རྣམ་རྟོག་སྟེ། དེ་ཁོ་ན་རྒྱུན་དུ་འཇུག་པ་ནི་ཀུན་རྟོག་པའོ། །འཆར་བ་དང་ནུབ་པ་ནི་སྐྱེ་བ་འགོག་པ་དག་གོ། །དེ་རྟོག་པའི་ཐབས་སྟོན་པ། རྣམ་པར་མི་རྟོག་ཅེས་པ་ལ་ སོགས་པའོ། །རྣམ་པར་མི་རྟོག་པ་ཅི་ཞིག་རྣམས་ཤེ་ན་གསུངས་པ། དམན་པ་དང་ཞེས་པ་ལ་སོགས་པའོ། །དམན་པ་ནི་ཕྲ་བའི་དངོས་པོ་སེམས་དང་སེམས་ལས་བྱུང་བའི་ངོ་བོའོ། །མཆོག་ནི་བྱིས་པའི་བར་ལ་དངོས་པོའི་ཐ་སྙད་ཅན་ཉིད་ཀྱི་ཕྱིར་ན་རགས་པའི་ངོ་བོའི་དངོས་ པོའི་ལུས་ཁོ་ནའོ། །བར་མ་ནི་གཉིས་དག་ལས་གཞན་ཨཱ་ལི་དང་ཀཱ་ལི་དག་གོ། །དེ་ལྟར་ལུས་དང་། ངག་དང་། སེམས་རྣམས་ཇི་ལྟར་རིགས་པར་དམན་པ་དང་བར་མ་དང་མཆོག་གི་ཚིག་རྣམས་ཀྱིས་གསུངས་སོ། །གཞན་རྣམས་ནི་དབང་པོ་དྲུག་རྣམས་སོ། །གང་རྣམས་ དེ་རྣམས་ཞེས་པ་འདིས་བརྟན་པས་གཞི་ལ་སོགས་པའི་རྣམས་དང་གཡོ་བ་གཞན་སྲོག་ཆགས་བརྗོད་དོ། །དེ་ཀྱེའི་རྡོ་རྗེའི་རྒྱུད་དུ་གསུངས་པ། དམན་པ་ཕྲ་བའི་ཚིག་དོན་ཏེ། །མཆོག་ནི་དངོས་པོར་བརྗོད་པར་བྱ། །བར་མ་གཉིས་ཀ་སྤངས་པའོ། །གཞན་རྣམས་ཞེས་པ་ དབང་པོ་དྲུག །གང་རྣམས་དེ་རྣམས་བརྟན་དང་གཡོ། །ཞེས་སོ། །དམན་པ་ལ་སོགས་པ་རྣམ་པར་མི་རྟོག་པ་རྟོགས་པ་མེད་པའི་ལྷན་ཅིག་སྐྱེས་པའི་རང་བཞིན་འདི་རྣམས་བསྒོམ་བཞིན་པ་རྣམས་ནི་གསལ་པོར་འགྱུར་ཞེས་རྐང་པ་བརྒྱད་པས་ནི་མ་ཡིན་ཞེས་རྣམ་པར་མི་ རྟོག་པའི་སྒྲས་བསྒོམ་པ་གསལ་བར་བྱས་སོ། །འོ་ན་རྣམ་པར་མི་རྟོག་པ་བསྒོམ་པ་ཞེས་པ་དོན་ཅི་ཞེ་ན། བདེ་བ་ཆེན་པོའི་ཐབས་ཀྱིས་ཆོས་ཐམས་ཅད་མི་བསམ་པ་ཁོ་ན་ནི་བསྒོམ་པའོ་ཞེས་པའི་དོན་ཏོ། །དེ་ཅི་བདེ་བ་ཆེན་པོ་ཡིད་ལ་བྱེད་པ་སྐྱོན་ཅན་མ་ཡིན་ནོ་ཞེ་ན། སྐྱོན་ཅན་ 26-1-177b ཡིན་པ་ཡིན་ཏེ།དེ་ཡང་འགྲོ་བ་ཐམས་ཅད་དང་ཐ་མི་དད་པ་ཉིད་ཀྱིས་ཏེ། འགྲོ་བ་སྟོང་པ་ཉིད་ཀྱི་ཕྱིར་ལ་སྟོང་པ་ཉིད་བསམ་པར་ནུས་པ་ཡང་མ་ཡིན་ཞེས་པས་དེ་ཡང་ཡིད་ལ་བྱེད་པ་སྐྱོན་པའོ། །སེམས་པ་མེད་པའི་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་ནི་ཉེ་བར་བསྟན་པའོ། ཇི་སྐད་དུ་ གསུངས་པ། འཁྲུལ་པ་རྣམས་ཀྱིས་ཉེར་མཁོའི་ཆད། །འཁྲུལ་པ་གཞན་ནི་སེལ་བའི་ཕྱིར། །ཞེས་སོ། །དེའི་ཕྱིར་རྣམ་པར་མི་རྟོག་པར་ཆོས་ཐམས་ཅད་ཡོངས་སུ་ཤེས་པ་ཁོ་ན་རྒྱུན་གྱིས་འཇུག་པ་ན་དོན་དམ་པའི་སྒོམ་པ་ཞེས་པ་གདགས་པར་བྱའོ། །སེམས་པ་ མེད་པའི་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་བརྟན་པ་ཉིད་དུ་གྱུར་པ་དེའི་ཚེ་ཁོ་ན་མཉམ་པར་གཞག་པའི་རྣལ་འབྱོར་ཏེ། གཞན་གྱི་ཚེ་ནི་མཉམ་པར་གཞག་པའི་རྣལ་འབྱོར་ཁོ་ནའོ། །དེ་ཉིད་ཀྱི་ཕྱིར་རྫོགས་པའི་རིམ་པ་ལ་ཕྱག་རྒྱའི་རྣལ་འབྱོར་མེད་པར་ཡང་མཉམ་པར་གཞག་ པའི་རྣལ་འབྱོར་ཉེ་བར་སྟོན་ཏེ། བདེ་བ་ཆེན་པོའི་ཐབས་ཀྱིས་ཆོས་ཐམས་ཅད་རྣམ་པར་མི་རྟོག་པས་གནས་པའི་ཕྱིར་རོ། །དངོས་གྲུབ་ནི་ཕྱག་རྒྱའི་རྣལ་འབྱོར་ཁོ་ན་ལས་སོ། །དེ་ལྟར་འདི་གཅིག་པུ་རང་གི་དོན་ཕུན་སུམ་ཚོགས་པས་སྐལ་བ་ཆེན་པོ་དང་། གཞན་གྱི་ དོན་ཕུན་སུམ་ཚོགས་པས་སེམས་ཅན་ཀུན་ལ་བདེ་བ་འབབ་པ་ཞེས་པ་མཇུག་བསྡུ་བའོ། །དེ་ལྟར་ཞེས་པ་རིམ་པ་གཉིས་སོ། །དགའ་བ་ནི་བསྐྱེད་པའི་རིམ་པ་ཐོས་པ་ལས་སོ། །སྤྱན་གདངས་པ་ནི་རྫོགས་པའི་རིམ་པར་ཐོས་པ་ལས་ཤིན་ཏུ་དགའ་བ་ལས་སོ། །སེམས་ བཅས་ཞེས་པ་སེམས་དང་ལྡན་པ་རྣམས་ཏེ་རིམ་པ་གཉིས་ལ་མཁས་པར་སྦྱངས་པའི་བློ་ཅན་རྣམས་སོ། །བཏུད་ཅེས་པ་ཕྱག་འཚལ་ནས་སོ། །དོན་གང་ཞེས་པ་དོན་བརྗོད་བྱ་གང་ཞིག་གོ། །ཡང་དག་པར་བླངས་སོ་ཞེས་པ་ཡང་དག་པར་བཟུང་བའོ། །དེ་ནས་ ཞེས་པ་ལ་སོགས་པ་ལ་འདིར་བསྡུས་པའི་དོན་ནི། གང་བཅོམ་ལྡན་འདས་ཀྱི་ཐོད་པ་ནས་སྣ་ཚོགས་སྡེ་མའི་སྙིང་གར་ངལ་བསོས་ནས་ཕྱུང་བར་གང་སྔར་གསུངས་པའི་གླེགས་བམ་དེ་སོ་སོར་སྣང་བ་ཙམ་ཉིད་ཀྱི་ཕྱིར། ད་ལྟར་ཕྱག་ན་རྡོ་རྗེའི་ལག་པ་ནས་སྨིན་མཚམས་ནས་ 26-1-178a གཞུག་སྟེ་གཞུང་དང་དོན་དང་བཅས་པ་སྙིང་གར་ཞུ་བར་གྱུར་ཏོ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་ཕྱིས་སྡུད་པ་པོར་འཐད་དོ། །བཟླས་པ་ཞེས་པ་སྔོན་དུ་བསྙེན་པ་ནའོ། །སྣ་ཚོགས་ཞེས་པ་ཡུལ་དང་དུས་ལ་སོགས་པ་རྣམས་ཀྱིས་སོ། །སྤར་དང་རེངས་པ་ལ་ སོགས་པ་གང་གསུངས་པའོ། །དེར་རྗེས་སུ་ནན་ཏན་དུ་བྱ་བ་རྣམས་ལ་ངེས་པའོ། །ཇི་ལྟར་འགྱུར་ཞེས་པ་དྲིས་པ་གསལ་བར་བྱེད་དེ་ཅི་རྣམས་ཞེས་པ་ལ་སོགས་པའོ། །ཀཾ་པ་བདེ་བ་སྐྱོང་བར་བྱེད་པ་ཀ་པཱ་ལ་ཁོ་ན་ཐོད་པ་སྟེ་པདྨའོ། །གྲུ་གསུམ་རྣམས་ཀྱི་འབྱུང་ངོ་ཞེས་པ་གྲུ་ གསུམ་ཡང་དག་འབྱུང་ངོ་། །བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མའི་རྡོ་རྗེ་དང་པདྨ་དེ་དག་གི་སྦྱོར་བའོ། །ནང་དུ་ནི་རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་བཅོམ་ལྡན་འདས་ཏེ། གསང་བའི་འཁོར་ལོ་ལས་ཡང་དག་པར་འབྱུང་བའོ། །ཁུ་བའི་རྣམ་པ་བཅོམ་ལྡན་འདས་ཞེས་ གསུངས་པའི་ཕྱིར་རོ། །ཐོད་པའི་རྡུལ་ཏེ་ཐོད་པ་ལ་ཡོད་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། གྲུ་གསུམ་ལས་ཏེ་གསང་བའི་འཁོར་ལོ་ལས་ཡང་དག་འབྱུང་བའོ། །དེ་དག་མན་ངག་ཇི་ལྟ་བ་བཞིན་རིན་ཆེན་འདུས་སར་ལས་ཀྱི་གཏུམ་མོ་ལ་སོགས་པས་སྦྱོར་ བའོ། །དོན་དམ་པར་ནི་སངས་རྒྱས་དང་ཐོད་པ་དག་གི་སྟེ་སྟོང་པ་ཉིད་དང་སྙིང་རྗེ་དག་གི་སྦྱོར་བའོ། །དེའི་སྟེ་སྦྱོར་བ་རྣམ་པ་གསུམ་གྱི་གསང་བར་ཏེ་ནང་དུ་གནས་པའི་རྩ་ཨ་བ་དྷཱུ་ཏཱིའི་ནི་དངོས་སུ་ན་སྣ་ཚོགས་སྡེ་མའོ། །དེས་སྤྲོས་པའི་ཕྱིར་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་ གཉིས་ཀྱང་སྣ་ཚོགས་སྡེ་མའོ། །ཡན་ལག་གི་དོན་གསུམ་པ་སྣ་ཚོགས་ཞེས་པ་སྟེ། ངོ་མཚར་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་སྒྲིབ་པ་མེད་པར་བྱེད་པ་སྟེ། རྣམ་པ་ཐམས་ཅད་མཆོག་དང་ལྡན་པའི་སྟོང་པ་ཉིད་དོ། །དེ་ཁོ་ན་སྣ་ཚོགས་པ་སྟེ། བརྟན་པ་དང་གཡོ་བའི་བདག་ཉིད་ཁམས་གསུམ་པ་ནི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །འདིས་ནི་ཇི་ལྟར་བཅོམ་ལྡན་འདས་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ཉིད་ཀྱིས་ན་སངས་རྒྱས་ཐོད་པར་བརྗོད་པ་དེ་ལྟར་བཅོམ་ལྡན་འདས་མ་སྣ་ཚོགས་སྡེ་མ་ཡང་ 26-1-178b ངོ་ཞེས་གསལ་བར་བྱས་སོ། །དེ་ལྟར་ན་ཆེན་པོ་རྣམས་ཀྱི་གང་གིས་སམ་གང་དུ་འགྲོ་བ་ཞེས་པ་ཐེག་པ་སྟེ་རྒྱུ་དང་འབྲས་བུའི་བདག་ཉིད་ཐེག་པ་ཆེན་པོའོ། །འདི་སྟེ་འཁོར་ལོ་སྐྱེ་བོ་ཞེས་པའོ། །རྣལ་འབྱོར་མ་ཞེས་པ་རྣལ་འབྱོར་པ་གསུམ་ཕུལ་དུ་བྱུང་བ་དང་ལྡན་པ་ཉིད་ཀྱི་ ཕྱིར་རྣལ་འབྱོར་མ་རྣམས་ཏེ། རྣལ་འབྱོར་མའི་རང་བཞིན་རྩ་ནི་ཨ་བ་དྷཱུ་ཏཱི་སྟེ། དེ་ལས་ཡང་དག་འབྱུང་བའོ། །བཤད་པའི་སྦྱོར་བས་སོ། །དེ་ཉིད་དེ་ཡེ་ཤེས་བཟང་པོ་གང་སྔར་གསུངས་པ་དེ་རྨད་བྱུང་སྟེ། སྒོམ་པས་དྲོད་ལ་སོགས་པའི་རིམ་པས་ཆེ་མཆོག་སྟེ། འབྲས་ བུ་རྡོ་རྗེ་འཛིན་པའི་ཡེ་ཤེས་སོ། །སེམས་ཅན་ཀུན་ལ་བདེ་བ་འབབ། །ཅེས་པ་གོ་སླའོ། །ཁ་ཅིག་ཏུ། སངས་རྒྱས་ཀུན་གྱི་བདེ་བ་འབབ། །ཅེས་ཀློག་པ་དེའི་ཚེ། སངས་རྒྱས་ཀྱི་རང་བཞིན་གྱི་ཕུང་པོ་ལ་སོགས་པ་རྣམས་ཀུན་གྱི་བདེ་བ་འབབ་པའོ། །ཇི་ལྟར་འདི་བཞིན་དུ་ ཡིན་ཞེ་ན་གསུངས་པ། སྣ་ཚོགས་ཞེས་པ་ལ་སོགས་པ་སྟེ་བཟང་ཆེན་ཁོ་ནའོ། །ཐོད་པར་ཏེ་ཆོས་འབྱུང་དུའོ། །གསང་སྔགས་རྒྱུད་དང་རྣམ་པར་གནས། །ཞེས་པ། ཨོཾ་བུདྡྷ་ཞེས་པ་ལ་སོགས་པ་སྔགས་སོ། །རྒྱུད་ནི་སྔར་བརྗོད་ཟིན་ཏོ། །དེ་དག་དང་ལྷན་ཅིག་དྲི་ མ་དང་བྲལ་བར་གནས་པའོ། །ཡང་ན་སྔགས་ནི་སྟོང་པ་ཉིད་དང་རོ་གཅིག་པའི་བདེ་བ་ཆེན་པོ་སྟེ། དེ་རྒྱུད་དེ་རྒྱུན་དུ་རྣམ་པར་རྟོག་པ་རྣམས་བསལ་ནས་གང་དུ་གནས་པ་དེ་དེ་སྐད་དོ། །དེའི་ནི་ཐོད་པ་ཁོ་ནའིའོ། །གྲུ་གསུམ་ཞེས་པ་གྲུ་གསུམ་གྱི་འབྲས་བུ་ཉིད་ཀྱི་ ཕྱིར་དང་ཐབས་གཞན་མེད་པར་ཤེས་པའི་དོན་དུ་ཉེ་བར་བརྟགས་པའོ། །དེར་ནི་ཞེས་པ་གང་དུ་ཡེ་ཤེས་བཟང་པོ་ཤེས་རབ་ཡེ་ཤེས་ཀྱི་ངོ་བོ་དེ་སྐྱེས་པ་དེ་ལ་བརྟེན་པས་དང་དེ་ཁོ་ན་གོམས་པ་ལས་དབང་བཞི་པར་འགྱུར་བའི་གནས་དེར་བདུན་དང་ལྔ་ཞེས་པ་དང་དབང་བཅུ་བཞི་ རྣམས་སོ། །སངས་རྒྱས་མངོན་རྗོད་བྱེད་ཅེས་པ་ནི་མི་བསྐྱོད་པ་ལ་སོགས་པ་རྣམ་པར་དག་པ་རྣམས་ཏེ་དེ་རྣམས་འཆད་པར་འགྱུར་རོ། །སྦྱོར་བ་སྣ་ཚོགས་རྣམས་ནི་ཞི་བ་ལ་སོགས་པ་འཆད་པར་འགྱུར་བ་རྣམས་སོ། །ཚེ་འཕེལ་ཞེས་པ་ཚེ་ལ་དབང་བ་ཉིད་ 26-1-179a ཀྱིས་ན་ཡེ་ཤེས་དེ་ཁོ་ནའོ། །ཡང་ན་སྤྲུལ་པའི་འཁོར་ལོའི་འདུད་པར་འོད་ཟེར་ལྔ་དང་ལྡན་པའི་ཐིག་ལེ་ཕྲ་མོ་དཀར་པོ་ནི་དབང་བསྐུར་ལྔའི་རང་བཞིན་ནོ། །སངས་རྒྱས་བདུན་ནི་རྗོད་བྱེད་པ། །ཞེས་པའི་ཐིག་ལེ་དེ་རེ་ཁཱ་བདུན་གྱིས་བསྐོར་བར་བྱ་ ཞིང་ཕྲ་བར་འབར་བ་དེ་རྣམས་ཀྱང་རླུང་འབྱུང་བ་ན་འབྱུང་ཞིང་འཇུག་པ་ན་སེམས་དང་ལྷན་ཅིག་ཐིག་ལེ་ལ་འཇུག་སྟེ། འདི་ལྟར་སྒོམ་པས་སྐྱེས་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི་དབང་བདུན་རྣམས་སོ་ཞེས་པའི་དོན་ཏོ། །ཚེ་འཕེལ་ཞེས་པ་འཇུག་པ་དང་འབྱུང་བ་ དག་ཤེས་རབ་དང་ཐབས་ཀྱི་རང་བཞིན་གྱིས་བཟླས་པས་འགོག་པའི་ཕྱིར་རོ་ཞེས་པ་མན་ངག་གོ། །འདི་ཐམས་ཅད་བླ་མའི་མན་ངག་མེད་ན་རྟོགས་པར་དཀའོ་ཞེས་གསུངས་པ། མན་ངག་ལམ་ཞེས་པ་སྟེ་མན་ངག་གང་གི་ལམ་དེ་རྟོགས་པའི་ཐབས་ཡིན་པ་དེ་དེ་སྐད་ དོ། །མན་ངག་ཀྱང་ཁོ་བོས་རྣམ་པར་ཕྱེ་ཟིན་ཅིང་འབྱེད་པར་ཡང་འགྱུར་རོ། །མཁས་པ་འཇིགས་པ་མེད་པའི་འབྱུང་གནས་ཀྱི་སྦས་པས་མཛད་པའི་འཇིགས་པ་མེད་པའི་གཞུང་འགྲེལ་དཔལ་སངས་རྒྱས་ཐོད་པའི་རྒྱུད་ཆེན་པོའི་འགྲེལ་པ་ལེའུ་དང་པོའོ།། །། བསྐྱེད་པའི་རིམ་པ་རྒྱས་པར་སྟོན་པའི་ཆེད་དུ་སྔགས་ཀྱི་ལེའུ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། བསྐྱེད་པའི་རིམ་པ་ནི་སྔགས་དང་སྔགས་ཀྱི་སྐུའི་རང་བཞིན་ཉིད་ཀྱི་ཕྱིར་དང་བསྐྱེད་པའི་རིམ་པའི་ཡན་ལག་ལས་རབ་འབྱམ་ཡང་སྔགས་ཀྱིས་བསྒྲུབ་པར་བྱ་བ་ཉིད་ཀྱི་ཕྱིར་ རོ། །སྔགས་ཀྱི་ངོ་བོ་ནི་སྔགས་ཏེ། བོད་པར་བྱེད་པ་དེ་ཁོ་ན་ཉིད་སྐུལ་བར་བྱེད་པའི་སྨྲ་བའོ། །དེ་གསལ་བར་བྱེད་པའི་ལེའུ་ཡང་དག་པར་བཤད་པར་བྱ་སྟེ། ཇི་ལྟར་འདོད་པ་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཐོད་པའི་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པར་རོ། །རྡོ་ རྗེ་ཞེས་པ་ནི་དམ་ཚིག་གི་རྫས་ཏེ། དེ་དབུལ་བའི་སྔགས་སོ། །དངོས་གྲུབ་ཐམས་ཅད་གཏོར་མ་སྔོན་དུ་འགྲོ་བ་ཉིད་ཀྱི་ཕྱིར་གསུངས་པ། ཨོཾ་མ་ཧཱ་ཀ་པཱ་ལ་བཛྲ་ཞེས་པ་ལ་སོགས་པའོ། །དབང་པོ་ལ་སོགས་པ་རྣམས་འཁོར་དང་བཅས་པ་རྣམས་ནི་འབྱུང་པོ་ཐམས་ཅད་དེ་དེ་ 26-1-179b རྣམས་འདིའི་ལྷའོ་ཞེས་པ་འབྱུང་པོ་ཐམས་ཅད་པ་སྟེ། གཏོར་མ་ནི་ཉེ་བར་སྤྱོད་པའི་ཁྱད་པར་རོ། །དེའི་བྱིན་གྱིས་བརླབས་པའི་སྔགས་ནི། །འབྱུང་པོ་ཐམས་ཅད་པའི་གཏོར་མའི་སྔགས་སོ། །འདིར་ཕྱོགས་བཅུ་རྣམས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ རྣམས་དང་དབང་པོ་ལ་སོགས་པ་འཁོར་དང་བཅས་པ་རྣམས་དང་སྲོག་ཆགས་དཔག་ཏུ་མེད་པ་རྣམས་ཤེས་རབ་དང་བཅས་པ་རྣམས་ཤེས་རབ་མཆོག་གི་དབང་དུ་བྱས་པས་ཡུད་ཀྱིས་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མ་ཡང་དག་པར་སྦྱར་བའི་གཟུགས་སུ་བལྟ་ཞིང་གཏོར་ མ་ཡང་འཆད་པར་འགྱུར་བའི་སྒོམ་པས་སམ་ཡུད་ཀྱིས་དངུལ་ཆུ་འདྲ་བ་བདུད་རྩིའི་རང་བཞིན་བདུག་སྤོས་ལ་སོགས་པ་དང་བཅས་པ་དེ་རྣམས་ལ་སྦྱིན་པར་བྱའོ་ཞེས་པ་མན་ངག་གོ། །འབྲས་སཱ་ལུ་ཞེས་པ་འབྲས་སཱ་ལུ་དམར་པོ་མ་ཆག་པ། བ་དཀར་མོའི་འོ་མས་བཀྲུ་ བར་བྱའོ། །གཞོན་ནུ་མ་ནི་ཡན་ལག་མ་ཚང་བ་མེད་ཅིང་མ་ཉམས་པའོ། །ཤིན་ཏུ་ཞིབ་པའི་ཞེས་པ་ནི་ཤིན་ཏུ་ཞིབ་པར་རོ། །དེ་ལྟར་བཏགས་པའི་འབྲས་དེས་གཟུགས་ཏེ་ཧེ་རུ་ཀའི་གཟུགས་བརྙན་བྱ་སྟེ་རང་ཉིད་ཀྱིས་བྱ་བའོ། །ཤེས་རབ་ཅན་ཞེས་པ་མ་ཉམས་ པའི་ཤེས་རབ་དང་ལྡན་པའོ། །རྡོ་རྗེ་གཙུག་ཅེས་པ་རྡོ་རྗེ་གཙུག་ནི་གཞོན་ནུ་མ་མ་ཉམས་པའི་མེ་ཏོག་དང་པོའི་དུས་སུ་རྡོ་རྗེ་དང་པདྨ་སྦྱོར་བ་ལས་སྐྱེས་པའི་གཉི་གའི་བྱང་ཆུབ་ཀྱི་སེམས་ཏེ། དེ་དང་རང་བྱུང་གི་མེ་ཏོག་བསྲེས་ལ་དེ་དང་ལྷན་ཅིག་མཉེས་ཤིང་དེ་དང་ཆ་ མཉམ་པའི་དུར་ཁྲོད་ཀྱི་སོལ་བའི་ཕྱེ་མས་གཟུགས་བརྙན་དེ་བྱུག་པར་བྱའོ། །སངས་རྒྱས་ཐོད་པའི་རྣལ་འབྱོར་པ། །ཞེས་པ་སྦྱོར་བ་ཐམས་ཅད་ལ་རང་ཉིད་ཧེ་རུ་ཀའི་བདག་ཉིད་དོ། །ཧེ་རུ་ཀའི་རྣམ་པའི་རབ་ཏུ་སྦྱོར་བས་ཞེས་པས་གཟུགས་བརྙན་དམ་ཚིག་སེམས་ དཔའ་ཡེ་ཤེས་སེམས་དཔའ་དང་ལྷན་ཅིག་དབྱེར་མེད་པའི་ཧེ་རུ་ཀ་དངོས་སུ་བསྒོམ་པར་བྱ་སྟེ། དེ་ལྟར་ན་གཟུགས་བརྙན་ཧེ་རུ་ཀའི་རྣམ་པའི་སྦྱོར་བས་སོ། །གཟུགས་བརྙན་དེ་ལ་ལག་པས་རེག་ནས་ཨོཾ་མ་ཧཱ་བཛྲ་ཞེས་པ་ལ་སོགས་པའི་སྔགས་བརྒྱད་ལྷག་པའི་བརྒྱ་ 26-1-180a བཟླས་སོ། །ཆུ་ཞེས་པ་རྡོ་རྗེའི་ཆུའོ། །དེའི་རྗེས་སུ་བཀྲུས་པའི་གཟུགས་བརྙན་མཆོད་དེ་མངོན་པར་འདོད་པའི་བསམ་པས་ཁྲུས་ཀྱི་ཆུ་དེས་བདག་ཉིད་ཀྱི་གདོང་བཀྲུས་པ་ལས་སྒྲུབ་པ་པོ་མི་སྣང་བར་འགྱུར་རོ། །ཐལ་བའི་སྦྱོར་བ་འཆད་པའི་ཆེད་དུ་གསུངས་ པ་དེའི་ཞེས་པ་ལ་སོགས་པའོ། །བབ་པོ་ལའི་ཤིང་གིས་ཕུག་ནས་ཞེས་པ་ལྷག་མའོ། །མེས་ཞེས་པ་ནི་དུར་ཁྲོད་ཀྱི་མེས་སོ། །དེའི་ཞེས་པ་གཟུགས་བརྙན་གྱིའོ། །ཚངས་པའི་རྡོ་རྗེ་ཞེས་པ་ལ། ཚངས་པའི་རྡོ་རྗེ་ནི་རྣམ་པར་སྣང་མཛད་དོ། །དེའི་ཞེས་པ་ནི་གཟུགས་ བརྙན་གྱིའོ། །ཐལ་བ་ཞེས་པ་ཐལ་བའོ། །འདིས་ཞེས་པ་ཨོཾ་བུདྡྷ་ཞེས་པ་ལ་སོགས་པས་སོ། །ཨོཾ་བུདྡྷ་ཞེས་པ་ལ་སོགས་པ་ཨ་དྷིཥྛ་ཡ་ཧྲཱིཿཧཱུཾ་ཞེས་པའི་མཐར་ཐུག་པ་སྔགས་གཅིག་སྟེ་རྐང་པ་ལྔ་པའོ། །སྔགས་ཀྱི་ཞེས་པ་སྔགས་སོ། །འདི་ནི་འདིར་མན་ངག་དང་ བཅས་པའི་བསྡུས་པའི་དོན་ཏེ། དུར་ཁྲོད་དུ་ཤིང་བབ་པོ་ལའི་ཤུན་པ་སྐམ་པོ་དང་རྣམ་པར་སྣང་མཛད་སྐམ་པོ་གཅིག་ཏུ་དུར་ཁྲོད་ཀྱི་མེས་སྦར་ལ་མེ་དེ་ལ་སྙིང་གར་ཤིང་བབ་པོ་ལ་གཞག་པའི་གཟུགས་བརྙན་དེ་བཞག་ནས་གཟུགས་བརྙན་དེའི་སྙིང་གར་ཚངས་པའི་རྡོ་རྗེ་ཨོཾ་ བུདྡྷ་ཞེས་པ་ལ་སོགས་པ་རྐང་པ་ལྔ་པའི་སྔགས་ཀྱིས་བརྒྱད་ལྷག་པའི་བརྒྱར་སྦྱིན་སྲེག་བྱ་ཞིང་གཟུགས་བརྙན་དེ་ཡང་བསྲེགས་ནས་ཐལ་བར་བྱའོ། །དེའི་རྗེས་སུ་ཁམ་ཕོར་སོ་མ་བཏང་བ་དང་པདྨའི་སྣོད་དབུས་སུ་པདྨ་འདབ་མ་བཞི་པ་བྲི་ཞིང་དེའི་ལྟེ་བར་རྐང་པ་ལྔ་པའི་ སྔགས་ཀྱི་ཙི་ཏྲ་སེ་ནཱའི་རྐང་པའོ། །འདབ་མ་རྣམས་ལ་རྐང་པ་གཞན་རྣམས་སོ། །སྔགས་རྣམས་ཐམས་ཅད་ཀྱང་། ལྷ་ཉིད་སྔགས་ཀྱི་གཟུགས་ཀྱིས་ནི། །དངོས་གྲུབ་མཐའ་དག་སྒྲུབ་པར་མཛད། །ཅེས་དཔའ་བོ་གྲུབ་པའི་རྒྱུད་དུ་གསུངས་པའི་ཕྱིར། སྔགས་ དང་ལྷ་དག་ཐ་མི་དད་ཅིང་རང་གི་ལྷའི་རང་བཞིན་དུ་བསྒོམ་མོ། །དེ་ནས་ཐལ་བ་དེ་སོ་མ་བཏང་བའི་ཁམ་ཕོར་དུ་བཞག་སྟེ། ཉི་མ་ཉི་ཤུ་རྩ་གཅིག་ཏུ་ཉི་མ་སོ་སོར་དུས་གསུམ་དུ་ཨོཾ་བུདྡྷ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་དུ་མངོན་པར་བསྔགས་པར་བྱའོ། ། 26-1-180b དེའི་རྗེས་སུ་ཐོད་པར་ཡང་དེ་ལྟར་འགྱུར་རོ་ཞེས་པས་ཐལ་བ་སྒྲུབ་པར་འགྱུར་རོ། །དེས་ཞེས་པ་ནི་དེ་ལྟར་བསྒྲུབས་པའི་རྡོ་རྗེ་གཙུག་གནུར་བས་སོ། །དེ་ཁོ་ན་ཞེས་པ་དགྲ་བོའོ། །སྦྱོར་བ་གཉིས་པ་གསུངས་པ། དེ་ཁོ་ན་ཞེས་པ་བསྒྲུབ་པས་སོ། །མར་ཁུ་བཟང་པོ་ནི་སྐྱེས་བུ་སྦྱངས་ པའི་མར་ཁུ་སྟེ་དེས་སོ། །དེ་རྣམས་ཞེས་པ་གཏེར་རྣམས་ཏེ། བསྡིགས་སོ་ཞེས་པ་ལྷག་མའོ། །ཐམས་ཅད་ནི་གཏེར་རྣམས་སོ། །སྦྱོར་བ་གསུམ་པ་གསུངས་པ། ཐལ་བ་དེས་ཞེས་པ་ལ་སོགས་པ་སྟེ། བསྒྲུབས་པས་བྱུགས་ཏེ། སྡིགས་མཛུབ་ཀྱིས་བསྡིགས་ ཤིང་མཐེ་བོས་བསྐོར་ནས་ཁ་སྦུབ་ཏུ་ལྟུང་བར་བྱེད་དོ། །སྦྱོར་བ་བཞི་པ་གསུངས་ཏེ། དེས་ཞེས་པ་བསྒྲུབས་པས་སོ། །ཐལ་བ་དེ་དང་བདར་ཞིང་སྦྱངས་པའི་ཞ་ཉེའི་ཕྱི་མ་དང་རྡོ་རྗེ་གཙུག་ཆ་མཉམ་པའོ། །ཅུང་ཟད་ཅེས་པ་ཞ་ཉེའི་ཕྱེ་ལས་དམན་པའི་ཚད་དོ། །འདི་ཐམས་ ཅད་བསྲེས་པར་བྱས་ནས་རྡོ་རྗེ་མཆུ་ཞེས་པ་ཕག་ནག་པོ་སྟེ། དེའི་ཁུ་བ་ནི་ཁྲག་གོ། །རྡོ་རྗེ་དབྱུག་པ་ཞེས་ཀློག་པ་ལ་ནི་རྡོ་རྗེ་དབྱུག་པའི་ཁུ་བ་ནི་མིའི་ཆུའོ། །དེས་ཏེ་ཁྲག་གམ་ཆུས་བསྒོས་ནས། ཕྱི་ནས་སྲང་གང་གི་ཚད་ཀྱི་ཚེར་མས་དབུག་ཏུ་རུང་བའི་ཟངས་མའི་སྣོད་དུ་ བཞག་སྟེ། རྡོ་རྗེ་མཆུའི་ཁུ་བས་སམ་མིའི་གཅི་བས་བཀང་ནས་ཞག་བདུན་དུ་བསྒོམ་པར་བྱའོ། །དེའི་རྗེས་སུ་མཁྲིས་པ་ཆེན་པོས་ཏེ་མིའི་མཁྲིས་པ་དང་ལྷན་ཅིག་ཞག་བདུན་དུ་སྣོད་དེ་ཁོ་ནར་མཉེ་བར་བྱའོ། །དེ་ནས་ཞེས་སྣོད་ནས་སོ། །ལྕགས་ཀྱི་སྣོད་དུ་སྟེ། ཁབ་ལེན་གྱི་ ལྕགས་ཀྱི་སྣོད་སྲང་གི་ཚད་ཁབ་ཀྱིས་དབུག་ཏུ་རུང་བར་རྡོ་རྗེ་མཆུ་ལ་སོགས་པས་བསྒོམ་པ་ལ་སོགས་པ་བྱས་ནས་གཞག་པར་བྱའོ་ཞེས་པའི་དོན་ཏོ། །དེ་ཞེས་པ་དེའི་ཟངས་ཀྱི་སྣོད་དམ་ལྕགས་ཀྱི་སྣོད་དོ། །མེ་ལ་གཞག་སྟེ་གཞག་པར་བྱའོ། །ཁ་ཅིག་སྨྲ་བ་ནི་བར་ཆད་ མེད་པར་འབར་བའི་ས་གཞི་ལ་བཞག་སྟེ་ཐོབ་ནས་ཞག་བདུན་དུ་གཞག་པར་བྱའོ། །གཞན་སྨྲ་བ་ནི་གཞག་སྟེ་བསྐོལ་བར་བྱའོ་ཟེར་རོ། །དེ་ནས་ཟངས་ཀྱི་སྣོད་དེ་གསེར་དུ་འགྱུར་ཞིང་ལྕགས་ཀྱི་སྣོད་ནི་དངུལ་དུ་འགྱུར་རོ། །གཞན་རྣམས་སྨྲ་བ་ནི་སྣོད་གང་ཅི་ཡང་རུང་ 26-1-181a བར་དང་པོར་རྡོ་རྗེ་མཆུའི་ཁུ་བས་བསྒོས་ནས། དེ་ནས་ཕྱུང་ནས་ཟངས་ཀྱི་སྣོད་དང་ལྕགས་ཀྱི་སྣོད་དུ་བསྒོ་བ་དང་མཉེ་བ་དང་གཞག་པ་རྣམས་བྱས་ནས་ཟངས་ཀྱི་སྣོད་དམ་ལྕགས་ཀྱི་སྣོད་དེ་དང་ལྷན་ཅིག་མེའི་དབུས་སུ་སྟེ་གཞག་གོ་ཞེས་པ་སྔ་མ་བཞིན་ནོ། ། འོན་ཀྱང་བསྐོལ་བའི་ཕྱོགས་ལ་གཤའ་ཚེའི་ཕྱེ་མ་དང་ཁབ་ལེན་གྱི་ཕྱེ་མ་ཟད་པར་བྱའོ། །སྟོང་ཕྲག་ཅེས་པ་ལ་སོགས་པ་གོ་སླའོ། །སྦྱོར་བ་ལྔ་པ་གསུངས་པ། དེ་ཉིད་ཀྱིས་ཞེས་པ་གྲུབ་པས་སོ། །ཉི་མ་བཟང་པོ་ལ་ཐོ་རངས་ཐལ་བ་དེ་གཞོན་ནུ་མའི་མགོར་ གཞག་སྟེ་རྡོ་རྗེ་གཙུག་ཕུད་ཀྱིས་བཀྲུའོ། །སྤོས་ལྔ་ནི་སྒྲོན་མ་ལྔའི་བདུག་པས་རྐང་པ་ལྔའི་སྔགས་ཀློག་ཅིང་བདུག་པར་བྱའོ། །སྦྱོར་བ་དྲུག་པ་གསུངས་པ། ཡུངས་ཀར་དཀར་པོ་གཞོན་ནུ་མའི་ཐོད་པར་བསྐྲུན་ནས་དེ་ལས་སྐྱེས་པའི་འབྲས་བུའི་སྔགས་འདིས་སྔོན་དུ་བསྙེན་ པ་འབུམ་བཟླས་པས་ལན་བདུན་དུ་མངོན་པར་བསྔགས་པའོ། །སྐར་རྩིས་ཀྱི་ཆོ་ག་འདིས་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་གཞོན་ནུ་མའི་འམ། སྒྲུབ་པ་པོ་བརྟན་པ་ཉིད་ལས་གཞན་གྱིའང་གདོང་པ་ལ་སྔགས་བཟློག་ཅིང་བརྡེག་པར་བྱའོ། །དེ་ ནས་གཞོན་ནུ་མ་དེ་དགོད་དོ། །གཅིག་ཅེས་པ་གཞོན་ནུ་མའི་ཁ་ནས་བྱུང་བའི་རལ་གྲི་རྣམས་ཀྱི་རལ་གྲི་གཅིག་ཡུད་ཀྱིས་བཟུང་ནས་རལ་གྲིའི་གྲུབ་པར་འགྱུར་རོ། །བཟང་པོ་ཞེས་པ་བཟང་མོ་སྟེ་རང་བཞིན་དུ་གནས་པའོ། །སྦྱོར་བ་བདུན་པ་གསུངས་པ། དེའི་ཞེས་པ་ལ་སོགས་པའོ། ། ཐལ་བའི་རི་ལུ་རིམ་གྱིས་གསེར་དང་དངུལ་དང་ཟངས་རྣམས་ཀྱིས་དཀྲིས་ནས་དེ་མ་ཐག་ཏུ་བརྗོད་པའི་སྔགས་འབུམ་བཟླས་པ་བྱས་པས་ལན་བདུན་དུ་མངོན་པར་བསྔགས་པས་དྲོ་བ་དང་དུ་བ་དང་འབར་བའི་རྗེས་ཐོགས་སུ་ཁར་གཞུག་པར་བྱའོ། །འདིར་གསེར་གྱི་ཚད་ནི་ར་ཏི་ ཕྱེད་དང་བཅས་པ་བདུན་ལྷག་པའི་དྲུག་ནམ་གསུམ་མོ། །དངུལ་གྱི་ནི་ཕྱེད་དང་བཅས་པའི་ར་ཏི་གཉིས་ལྷག་པའི་དྲུག་ནམ་བཞིའོ། །ཟངས་མའི་ནི་ར་ཏི་ལྔ་ལྷག་པའི་དྲུག་ནམ་ལྔའོ། །དེ་གསུངས་པ། ཕྱེད་དང་བརྒྱད་དང་མཱ་ས་གསུམ། ཕྱེད་དང་གསུམ་དང་དེ་ 26-1-181b བཞིན་བཞི། །ར་ཏི་ལྔ་དང་མཱ་ས་གསུམ། །རི་ལུ་བཅིང་ལ་ཡང་དག་ངེས། །ཞེས་སོ། །འཇིག་རྟེན་གསུམ་བསྒྲུབ་པའི་སྔགས་ཞེས་པ་གྲོང་ཁྱེར་དཀྲུག་པའི་སྔགས་སོ། །ལས་ཀྱི་རྗེས་སུ་འབྲང་བས་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མ་དག་གི་སྐུ་མདོག་གི་དབྱེ་བ་ བརྒྱད་པར་འཆད་པར་འགྱུར་རོ་ཞེས་པ་མཁས་པ་ཨ་བྷ་ཡ་ཨཱ་ཀ་ར་གུཔྟས་མཛད་པའི་འཇིགས་པ་མེད་པའི་གཞུང་འགྲེལ་དུ་ལེའུ་གཉིས་པའོ།། །།སྔགས་བཤད་ནས་སྔགས་ཀྱི་རང་བཞིན་གྱི་སྐུ་དང་རྫོགས་པའི་ངོ་བོ་ཡང་བཤད་པའི་ཆེད་དུ་གསུངས་པ། དེ་ ནས་ཞེས་པ་ལ་སོགས་པའོ། །ལྷའི་ལེའུ་ཞེས་པ་སྔགས་ལས་སྐྱེས་པ་རྣམས་ཀྱི་དང་། རྫོགས་པའི་ངོ་བོའི་ལྷ་རྣམས་ཀྱི་ལེའུའོ། །རཾ་ཡིག་ཅེས་པ་ལ་སོགས་པ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ནི་གསལ་བར་ཕྱོགས་གཅིག་ཏུ་འཆད་པར་འགྱུར་རོ། །ནང་གི་ནི་རྡོ་རྗེ་ ས་གཞི་ཞེས་པ་ལ་སོགས་པ་ལ་རྡོ་རྗེ་ས་གཞི་ནི་ལྟེ་བ་སྟེ་དེའི་དབུས་སུའོ། །རྫོགས་པའི་རིམ་པ་ལ་ནི་ཨེ་ཡིག་བདག་ཉིད་ཆེན་པོ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །ཨེ་ཡིག་ཡོངས་སུ་གྱུར་པའི་གྲུ་གསུམ་ནི་ཆོས་འབྱུང་སྤྲུལ་པའི་འཁོར་ལོ་སྟེ། ཁམས་གསུམ་བདག་ཉིད་ བསམ་པར་བྱའོ། །གྲུ་གསུམ་དེའི་དབུས་སུ་ཨེ་ཡིག་གམ་ལཾ་ཡིག་ས་བོན་ཏེ། དེ་ཡོངས་སུ་གྱུར་པའི་སའི་དཀྱིལ་འཁོར་རོ། །སྙིང་གར་བཾ་ཡིག་གམ་ཨོཾ་ཡིག་ནི་ཆོས་ཏེ་སེམས་ཡིན་ཞིང་དེའི་བདག་ཉིད་ནི་དེ་ལས་བྱུང་བ་སྟེ། འཁོར་ལོ་ཆོས་ཀྱི་འཁོར་ལོའོ། །རྩ་རྣམས་ ཀུན་གྱི་ངོ་བོ་ཅན། །ཞེས་པ་རྩ་བརྒྱད་ཀྱི་རང་བཞིན་ཏེ། འཁོར་ལོ་བཞིའི་རྩ་རྣམས་ཀྱང་བདེ་བ་ཆེན་པོའི་སེམས་ལས་ཐ་མི་དད་པའི་ཕྱིར་དེའི་རང་བཞིན་ནོ། །མགོ་བོ་ལ། རྣལ་འབྱོར་མ་ནི་རྣམ་པར་གནས། །ཞེས་པ་རྣལ་འབྱོར་མ་སུམ་ཅུ་རྩ་གཉིས་རྣམས་ཏེ། ཁྱད་པར་ དུ་བདེ་བ་ཆེན་པོའི་གནས་ནས་འཛག་པ་བྱང་ཆུབ་ཀྱི་སེམས་འབབ་པ་རྣམས་གང་དུ་གནས་པའོ། །བཟང་བ་ནི་བདེ་བ་ཆེན་པོའི་འཁོར་ལོ་དེའི་རང་བཞིན་ནོ། །རྩ་ཐམས་ཅད་ཀྱི་རང་བཞིན་རྩ་སུམ་ཅུ་རྩ་གཉིས་པོ་འདི་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་འབབ་པ་སྤྱིའི་ 26-1-182a ལས་དང་ཁྱད་པར་གྱི་ལས་དང་མིང་ཡང་རྒྱུད་གཞན་གྱི་རྗེས་སུ་འབྲང་བས་བཤད་པར་བྱའོ། །དེ་ལ་ཨ་བ་དྷཱུ་ཏཱི་ནི་བྱང་ཆུབ་ཀྱི་སེམས་ཁོ་ན་འབེབས་སོ། །རྐྱང་མ་ལྟེ་བའི་རྩ་བར་འཕྱང་བཞིན་པ་ནི་ཟོས་པ་དང་འཐུངས་པ་རྣམས་ལྟོ་བའི་མེས་སྨིན་པ་རྣམས་ ལས་ཞུ་བ་འབེབས་སོ། །དེ་ལས་ཞུ་བ་འདི་རྩ་གཞན་དང་གཞན་དུ་རྒྱུ་བས་ལུས་མངོན་པར་ཁྱབ་པར་བྱེད་དོ། །ར་ས་ནཱ་ནི་ཞུ་བ་ལས་ཁྲག་འབབ་བོ། །དེའི་ཕྱིར་དེ་ཡང་དེ་ལྟ་ཁོ་ནར་ལུས་ལ་ཁྱབ་པར་བྱེད་དོ། །ཀུན་གྱི་ཡང་བསྡུ་བ་འདི་ཡིན་ཏེ། མི་ཕྱེད་སོ་དང་སེན་མོ་འབབ། ། ཕྲ་མོ་སྐྲ་དང་བ་སྤུ་འབྱིན། །རྩེན་མོ་པགས་པ་དྲི་མ་འབབ། །གཡོན་པ་མ་ནི་ཤ་འབབ་ཅིང་། །མིའུ་ཐུང་མ་ཞག་འབབ་འགྱུར། །རུས་སྦལ་སྐྱེས་པ་རུས་སྦལ་འདོད། །སྦོམ་པ་མོ་འགྱུར་མཁལ་མ་འབབ། །དབང་བསྐུར་མ་ནི་སྙིང་འབབ་འགྱུར། །སྐྱོན་མ་མིག་ནི་ འབབ་པར་འདོད། །མཇུག་མ་མཁྲིས་པ་འབབ་པར་བཤད། །མ་མོ་མ་ནི་གློ་བ་འབབ། །མཚན་མོ་མ་ནི་རྒྱུ་མ་འབབ། །བསིལ་བ་མ་ནི་ལྟ་ཟུར་དག །དྲོད་མ་ལྟོ་བ་འབབ་པར་འགྱུར། །མི་བསྐྱོད་འབབ་པ་རྐྱང་མའོ། །ཨ་བ་དྷཱུ་ཏཱི་ཟླ་བ་འབབ། །རོ་མ་ཁྲག་ འབབ་བྱེད་པར་བཤད། །བཤང་བ་ལ་ནི་གཞོལ་མར་འདོད། །དགའ་གདོང་མ་ནི་སྐྲ་མཚམས་ལའོ། །སྤྱི་མ་རྣག་ནི་འབབ་པར་བྱེད། །བད་ཀན་རྒྱུ་སྦྱིན་མ་རུ་བཤད། །རྡུལ་འབབ་མ་ནི་བྲལ་བ་མ། །ཚིལ་ལ་དགའ་བ་མ་ཞེས་བརྗོད། །གྲུབ་མ་མྱ་ངན་མཆི་མ་ འབབ། །འཆེད་མ་མཆིལ་མ་ལ་འདོད་དོ། །ཡིད་བཟངས་མ་ནི་སྣབས་འབབ་པ། །གསུམ་སྐོར་མ་ནི་གཟུགས་ལ་འདོད། །འདོད་པ་མ་ནི་སྒྲ་ལ་བཤད། །ཁྱིམ་མ་དྲི་འབབ་པར་འགྱུར་རོ། །རོ་འབྱིན་བྱེད་མ་གཏུམ་མོའོ། །རེག་ལ་རྣལ་འབྱོར་མར་ཤེས་བྱ། །ཆོས་ ལ་བདུད་འདྲལ་མ་རུ་འགྱུར། །ཞེས་སོ། །འདིར་ལ་ལ་ནཱ་དང་རོ་མ་དང་ཀུན་འདར་མ་ནི་སྣ་ཚོགས་སྡེ་མའོ། །དེ་ལས་གཞན་གཉིས་གཉིས་ནི་རིམ་པ་བཞིན་ཕྲིང་བཟངས་མ་དང་ཐོད་པ་ཅན་མ་དང་། འཇིགས་མ་དང་ཐུབ་དཀའ་མའོ། །དེ་ལས་གཞན་རྣམས་ནི་དགེ་ 26-1-182b བའི་སྐ་རགས་མ་ལ་སོགས་པ་རྣལ་འབྱོར་མ་ཉི་ཤུའི་ངོ་བོར་ཤེས་པར་བྱའོ། །བདུད་འདྲལ་མ་ནི་ཨ་བ་དྷཱུ་ཏཱི་དང་འདྲེས་པ་ཁོ་ན་སྟེ། ལྕེའི་རྩེ་མོ་ཇི་སྲིད་པར་ལྟེ་བ་ནས་ལངས་པ་དུས་ཀྱི་རྩ་སྟེ། འགོག་པའི་མཚན་ཉིད་ཅན་གྱི་ཆོས་རྣལ་འབྱོར་མ་རྣམས་འབབ་པའོ། །ད་ནི་རྣལ་འབྱོར་མ་ བསྡུས་པས་རབ་ཏུ་འཇུག་སྟེ། དེ་ནི་མ་རིག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །འོ་ན་བརྟག་པ་གཉིས་པར་བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་འབབ་པ་རྣམས་སོ་ཞེས་གསུངས་པ་ཇི་ལྟར་ཞེ་ན། དུས་ཀྱི་རྩ་ནི་འགོག་པ་ཉིད་དུ་འབབ་པར་བྱེད་པའི་ཕྱིར་སྐྱོན་མེད་དོ། །རྣལ་ འབྱོར་མ་ངོ་བོར་རྩ་སྟོན་པའི་སྐབས་སུ་ནི་དེ་སྟོན་པ་ཡོངས་སུ་སྤངས་པའི་དོན་ཏོ། །དེའི་དབང་ལས་འཇིག་རྟེན་འདི་བདེ་བ་ཆེན་པོའི་རང་བཞིན་དུ་སྐྱེས་ཀྱང་དེའི་དཀྱིལ་འཁོར་མི་མཐོང་ངོ་། །དེའི་བདེ་བ་ཡང་ངོ་། །དེ་ཉིད་ཀྱི་ཕྱིར་གསུངས་པ། འབད་པས་ཀུན་གྱི་ལྷག་མ་སྤང་། ། ཞེས་སོ། །བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནི་ཀུན་གྱི་ཐབས་སོ། །འདི་ཡང་དོན་དམ་པར་ས་བོན་ལས་སྐྱེ་བ་མེད་པ་ཁོ་ནར་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་རྫོགས་པའི་དཀྱིལ་འཁོར་གསུངས་པ། བཅུ་དྲུག་ཆ་ཡིས་བརྒྱན་གྱུར་ པ། །ཞེས་པ་མགྲིན་པར་ཏེ། ཆ་ནི་འདིར་རྩ་རྣམས་ཏེ། རྩ་བཅུ་དྲུག་དང་ལྡན་པ་ལོངས་སྤྱོད་ཀྱི་འཁོར་ལོའོ། །སྤྲུལ་པ་ནི་སྤྲུལ་པའི་པདྨ་དེ་གང་དུ་དྲུག་ཅུ་རྩ་བཞིའི་འདབ་མ་རྣམས་ཏེ་རྩ་རྣམས་ཡིན་པ་དེའོ། །དེ་ལྟར་ཞེས་པ་འཁོར་ལོ་བཞི་རྣམས་སུ་རྩ་བརྒྱ་ཉི་ཤུ་ སྟེ། རྩ་རྣམས་ཉི་ཤུ་ལྷག་པའི་བརྒྱར་འགྱུར་རོ། །དེ་ལྟར་བསམ་པར་བྱ་ཞེས་པ་དེ་ལྟར་རྫོགས་པའི་དཀྱིལ་འཁོར་བསམ་པར་བྱ་སྟེ་བསྒོམ་པར་བྱ་ཞིང་བཟླས་པར་བྱའོ། །དེ་ལ་རྐྱང་མ་དང་རོ་མར་སྲོག་གི་རླུང་ཐུན་ཕྱེད་ཕྱེད་དུ་བདག་པོ་ཉིད་ཀྱི་ཕྱིར་ཉིན་མཚན་དུ་འཕོ་བ་བཅུ་ དྲུག་རྣམས་མགྲིན་པར་རོ། །དེ་ཁོ་ན་ལ་དཀྱིལ་འཁོར་བཞིའི་དབྱེ་བས་དབྱུ་གུ་བཞིའི་བདག་པོ་ཉིད་ལས་སྤྲུལ་པའི་འཁོར་ལོར་དབྱུ་གུ་དྲུག་ཅུ་རྩ་བཞི་རྣམས་སུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ཡང་དག་པར་སྦྱོར་བ་ལ་སོགས་པའི་རྒྱུད་རྣམས་སུ་དང་། འཕགས་ 26-1-183a པ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང་ཇི་སྐད་དུ་གསུངས་པ། མེ་ཉིད་དང་ནི་རླུང་དང་ནི། །དབང་ཆེན་དང་ནི་དེ་བཞིན་ཆུའི། །དཀྱིལ་འཁོར་དུ་ནི་དེ་རྒྱུ་བ། །སྟེང་ལོགས་ཐད་ཀ་འོག་ཏུ་འགྲོའོ། །ཞེས་སོ། །དེ་ཁོ་ན་ལ་སོ་སོར་ཤེས་རབ་དང་། ཐབས་ཀྱི་ངོ་བོའི་ དཀྱིལ་འཁོར་གཉིས་ལོངས་སྤྱོད་པ་ལས་རྩ་བའི་འཁོར་ལོར་ཡང་དག་པར་རྒྱུ་བའི་ཕྱིར་བདེ་བ་ཆེན་པོའི་འཁོར་ལོར་རྩ་སུམ་ཅུ་རྩ་གཉིས་རྣམས་སོ། །ཉིན་མོ་དང་མཚན་མོའི་རྣམ་པར་དབྱེ་བས་ཤེས་རབ་དང་ཐབས་ཀྱིས་དབྱེ་བ་ལས་ཐུན་བརྒྱད་རྣམས་ཏེ་སྙིང་གར་རོ། །རྒྱུད་ གཞན་རྣམས་སུ་ཉིན་ཞག་དབྱུ་གུ་དྲུག་ཅུའི་བདག་ཉིད་དུ་གང་གསུངས་པ་དེ་ནི་དབུགས་དྲུག་ཅུ་ལྷག་པའི་སུམ་བརྒྱ་རྣམས་དབྱུ་གུར་རྣམ་པར་གཞག་པས་སོ། །འདིར་ནི་དཀྱིལ་འཁོར་བཞིར་རྣམ་པར་གཞག་པས་དབུགས་ཕྱེད་དང་བཅས་པ་སུམ་ཅུ་རྩ་བདུན་ ལྷག་པའི་སུམ་བརྒྱ་རྣམས་དབྱུ་གུར་རྣམ་པར་གཞག་པའོ། །གཉིས་ཀ་ལ་ཡང་ཉིན་མཚན་ལ་དབུགས་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་ཏུ་འགྱུར་རོ་ཞེས་པ་ཁྱད་པར་མེད་དོ། །དེ་ལྟར་རྫོགས་པའི་རིམ་པ་ལ་ལྟོས་པས་བཟླས་པ་ཡང་རྫོགས་པར་ གསལ་བར་བྱས་སོ། །དེ་གསུངས་པ། རྣལ་འབྱོར་དབང་པོ་ཉིན་མཚན་གྱིས། །ཉི་ཁྲི་དང་ནི་སྟོང་ཕྲག་དང་། །དེ་བཞིན་བརྒྱ་ཕྲག་དྲུག་ཏུ་ནི། །བཟླས་པ་ཡིས་ནི་གྲངས་བྱེད་དོ། །ཞེས་སོ། །རིག་པ་བཟླས་པས་སེམས་བརྟན་པ་ན་བདེ་བ་ཆེན་པོའི་རང་བཞིན་རྫོགས་ པའི་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པར་འགྱུར་རོ། །ཤེས་རབ་ཅན་ཞེས་པ་ཤེས་རབ་ཆེན་པོ་ཅན་རྫོགས་པའི་རིམ་པའི་དཀྱིལ་འཁོར་བསྒོམ་པ་ལ་མཁས་པའོ། །རྡོ་རྗེ་སྐུ་ལ་ནི་སྟོང་པ་ཉིད་དང་རོ་གཅིག་པ་བདེ་བ་ཆེན་པོའི་རང་བཞིན་གྱི་སྐུ་ལའོ། །དེ་ཉིད་ཀྱི་ ཕྱིར་རང་དང་གཞན་དག་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་རུང་བ་ཉིད་ཀྱི་ཕྱིར་བདག་ཉིད་ཆེན་པོའོ། །དེར་ཞེས་པ་ཆོས་ཀྱི་འཁོར་ལོར་རོ། །བསྐྱེད་པའི་རིམ་པ་ལ་ནི་བཾ་ལས་སྐྱེས་པའི་ཆུའི་དཀྱིལ་འཁོར་རོ། །རྩ་རྣམས་ཀུན་གྱི་དཀྱིལ་འཁོར་ནི། །ཆུ་ཡི་དཀྱིལ་ 26-1-183b འཁོར་ལ་ཐིམ་འགྱུར། །ཞེས་པ་རྩའི་དཀྱིལ་འཁོར་གཞན་ནི་སྙིང་གའི་རྩ་བརྒྱད་པོ་རྣམས་ཁོ་ན་འཕོ་བ་སྟེ། དེའི་ཕྱིར་རྩའི་དཀྱིལ་འཁོར་ཐམས་ཅད་ཆུའི་དཀྱིལ་འཁོར་ལ་འབྱོར་པར་བྱེད་དོ། །སླར་ཡང་ཞེས་པ་ལ་སོགས་པ་ལ་སྤྲུལ་པའི་འཁོར་ལོའི་འོག་ཏུ་མ་ཡིག་ དམར་པོ་ལས་སྐྱེས་པའམ། རཾ་ལས་སྐྱེས་པའི་མེའི་དཀྱིལ་འཁོར་གྲུ་གསུམ་པ་འབར་བ་སྤྲུལ་པའི་རྩའི་འཁོར་ལོ་ལ་འབྱར་བཞིན་པའོ། །མེ་ལས་འོག་ཏུ་ཡཱ་ཡིག་ལས་སྐྱེས་པའམ། ཡཾ་ཡིག་ལས་སྐྱེས་པའི་རླུང་གི་དཀྱིལ་འཁོར་རོ། །རྩ་རྣམས་ཐམས་ཅད་གཡོ་ བྱེད་གཟུགས། །ཞེས་རླུང་གི་དཀྱིལ་འཁོར་དེས་མེ་འབར་བར་བྱེད་ཅིང་རྩ་ཐམས་ཅད་ལ་གནས་པའི་བྱང་ཆུབ་ཀྱི་སེམས་གཡོར་འཇུག་གོ། །ཐིམ་བཞིན་པ་ནི་འཁོར་ལོ་རིག །ཅེས་པ་འཁོར་ལོ་ལ་ཐིམ་བཞིན་པ་ནི་རིག་པ་སྟེ་རིག་པར་བྱེད་པ་དེས་གཡོས་པའི་བྱང་ ཆུབ་ཀྱི་སེམས་རླུང་གི་འཁོར་ལོར་ཐིམ་པ་དེའི་ཚེ་ལྷན་ཅིག་སྐྱེས་པའི་བདེ་བ་རིག་པར་འགྱུར་རོ། །དེ་རྣམས་ཐམས་ཅད་ཐིམ་པ་ཡིས། །རྣལ་འབྱོར་པ་དེ་དབུས་སུ་གནས། །ཞེས་པ་དེར་ཏེ་ལྷན་ཅིག་སྐྱེས་པའི་བདེ་བ་རིག་པ་ལ། ཐམས་ཅད་དེ་ཕུང་པོ་ལ་སོགས་པ་ རྣམས་ཐིག་ལེ་བཞིན་པ་རྣམས་དང་རྣལ་འབྱོར་པ་ནི་སེམས་ཏེ་དེ་ཡང་དེར་དེའི་བདག་ཉིད་ཀྱིས་གནས་སོ། །ཟླ་བ་ཞེས་པ་བྱང་ཆུབ་ཀྱི་སེམས་ཏེ་བདེ་བ་ཆེན་པོའི་འཁོར་ལོར་སྤྱི་གཙུག་ཇི་སྲིད་པར་རོ། །ཉི་མ་ནི་རྡུལ་ཏེ་སྤྲུལ་པའི་འོག་ཏུའོ། །ཧཱུཾ་ཨཱཿཞེས་པ་ལ་ཁ་ ཅིག་ཏུ་ཧཱུཾ་ཨཾ་ཞེས་ཀློག་སྟེ། ཧཱུཾ་ཡིག་སྔོན་པོ་ནི་ཆོས་ཀྱི་འཁོར་ལོ་ལའོ། །ཨཱཿཡིག་གམ་ཨཾ་ཡིག་དམར་པོ་ནི་སྤྲུལ་པའི་འཁོར་ལོར་རོ། །ལོངས་སྤྱོད་ཀྱི་འཁོར་ལོར་ཨོཾ་ཡིག་དམར་པོ་སྟེ་རྒྱུད་གཞན་དུ་གསུངས་པའི་ཕྱིར་རོ། །ཀ་ཡིག་ཧ་ཡིག་བརྒྱན་གྱུར་ པ། །ཞེས་པ་ཀ་ཡིག་ཀྱང་འདི་ཡིན་ལ་ཧ་ཡིག་ཀྱང་ཡིན་ཞིང་བརྒྱན་པའང་ངོ་། །ཀཾ་བདེ་བ་ཆེན་པོ་སྟེ་དེའི་རང་བཞིན་ནི་བདེ་བ་ཆེན་པོའི་འཁོར་ལོར་ཧ་ཡིག་དཔྲལ་བར་སྟོང་པ་གཞོམ་དུ་མེད་པ་ཟླ་བ་ཕྱེད་པ་དང་ཐིག་ལེས་བརྒྱན་པ་དཀར་པོ་བསམ་པར་བྱའོ། །ཀ་ཡིག་ 26-1-184a ཧ་ཡིག་ལ་ཐིམ་པ། །ཞེས་པ་བདེ་བ་ཆེན་པོ་གཞོམ་དུ་མེད་པ་ལ་འདྲེས་པར་གྱུར་པ་སྟེ་དབྱེར་མེད་པ་ཞེས་པའི་བར་རོ། །ཧ་ཧཱུཾ་དབྱེར་མེད་པ་ཞེས་པ་གཞོམ་དུ་མེད་པའི་རང་བཞིན་ཇི་ལྟ་བ་དེ་ལྟ་བུ་ནི་ཧཱུཾ་ཡིག་སྟེ། གཉི་ག་ཡང་གཉིས་ཀའི་རང་བཞིན་ནོ་ཞེས་ བྱ་བའི་དོན་ཏོ། །ཇི་ལྟར། དེ་ཡི་བདེ་བ་འདོད་པར་བཤད། །ཅེས་པའི་གསུངས་ལས། ཀཾ་ཤེས་རབ་དང་ཧ་ཐབས་ཏེ་དེ་དག་དབྱེར་མེད་པ་དེ་ལྟར་བདེ་བའི་བདག་ཉིད་ཀྱི་ཧ་ཡིག་ནི་ཤེས་རབ་ཨཱུཾ་ཡིག་དང་ལྡན་པ་ལས་ཧ་ཧཱུཾ་ཞེས་པའི་ཡི་གེ་གཉིས་འདྲེས་པ་ནི་ཧཱུཾ་ཡིག་ སེམས་ཐབས་སོ་ཞེས་པ་ཤེས་རབ་དང་ཐབས་དབྱེར་མེད་པའོ། །ཧཱུཾ་ཡིག་གི་ནི་འོད་ཟེར་རྣམས། །ཞེས་པ་རླུང་གིས་མེ་གཏུམ་མོའི་འོད་ཟེར་བསྐུལ་བ་བདེ་བ་ཆེན་པོའི་འཁོར་ལོར་སོན་པ་སྟེ། དེར་རི་བོང་ཅན་བསྐུལ་ཞིང་རི་བོང་ཅན་གྱིས་རྣམ་པར་རྟོག་པའི་གདུང་བཞི་བ་ལས་ ཁ་བ་ལྟ་བུའི་ཀ་ཡིག་བདེ་བ་ཆེན་པོ་དང་ཉི་མ་རྡུལ་དང་ཧ་དང་ཨོཾ་དག་ལྷན་ཅིག་ཞུ་བར་གྱུར་ནས་ཧཱུཾ་ཡིག་ལ་ངལ་བསོའོ། །དེ་ནས་ཧཱུཾ་ཡིག་ཀྱང་ཞུ་བར་གྱུར་ནས་སྤྲུལ་པའི་ས་བོན་ལ་ངལ་བསོའོ། །དེ་དང་ཉི་མ་དང་ཟླ་བའི་དཀྱིལ་འཁོར་གཉིས་ཀྱང་འདྲེས་པར་གྱུར་ནས་ ཉི་མ་ཞེས་པ་རྡུལ་གྱི་དཀྱིལ་འཁོར་ཁོ་ན་ལྷག་པའི་ཐིག་ལེའི་གཟུགས་སུ་བལྟ་བར་བྱ། ཁུ་བ་ནི་ལྷག་མ་མིན་པའོ། །ཡང་ནི་ཧཱུཾ་ཡིག་འོད་ཟེར་རྣམས། །ཞེས་པ་ཧཱུཾ་ཡིག་ཞུ་བའི་ཐིག་ལེའི་འོད་ཟེར་གྱི་རི་མོ་རྩའི་འཁོར་ལོ་ཐམས་ཅད་ལ་རེག་པའོ། །ས་བོན་ཞེས་པ་བདེ་བ་ ཆེན་པོ་བསྐྱེད་པ་ཐིག་ལེའི་གཟུགས་སོ། །དེ་ལྟར་ཐིག་ལེའི་རྣལ་འབྱོར་གསུངས་སོ། །རྫོགས་པའི་དཀྱིལ་འཁོར་བསྒོམ་པ་ལ་ནི་ས་བོན་ལ་སོགས་པ་བསྐྱེད་པ་མེད་པར་རྡུལ་གྱི་ངོ་བོའི་གཏུམ་མོ་ངེས་པར་འབྱུང་བ་ཡང་ཤིན་ཏུ་འབར་རོ། །དེས་མཆོག་ཏུ་སྦར་ བའི་རི་བོང་ཅན་ཡང་ཤིན་ཏུ་ཆེས་འཛེག་གོ། །དེས་བརྟས་པར་བྱས་པའི་གཏུམ་མོའོ། །ཤིན་ཏུ་ཆེས་འབར་རོ། །རི་བོང་ཅན་དེས་མཆོག་ཏུ་གདུངས་པ་ཡང་ཆེས་འཛེག་གོ། །དེ་ལྟར་ནང་གི་ཟླ་བ་དང་ཉི་མ་མཉམ་པར་འདུ་བ་བར་མ་ཆད་པ་བདེ་བ་ཆེན་པོའི་རང་ 26-1-184b བཞིན་ཕུང་པོ་དང་ཁམས་ལ་སོགས་པ་སྒྲོ་བཏགས་པ་ཟིལ་གྱིས་གནོན་པ་རབ་ཏུ་སྐྱེའོ། །གང་རྣམས་དེ་ལྟར་མི་མོས་པ་དེ་རྣམས་ནི་ཇི་སྐད་བཤད་པའི་བཟླས་པས་སྲོག་སྡོམ་པ་ལ་དབང་ཉིད་ཐོབ་པས་ཐུར་སེལ་གྱི་རླུང་བསྡུས་ལྟེ་བའི་དཀྱིལ་འཁོར་དུ་ཕྱག་རྒྱ་ཆེན་པོ་དམིགས་ཏེ། རླུང་བཀག་པས་གཏུམ་མོ་འབར་དུ་འཇུག་གོ། །དེ་ནས་དེ་ལྟ་ཁོ་ནར་བདེ་བ་ཆེན་པོ་གསལ་བར་འགྱུར་རོ། །དེ་ལྟར་མི་ནུས་པས་ནི་དེ་ལྟ་ཁོ་ནར་ལྟེ་བའི་དཀྱིལ་འཁོར་དུ་རླུང་བཀག་པར་མོས་ནས་གནས་པས་དབུགས་འབྱུང་བ་ནི་རི་མོ་དྲང་པོ་གཏུམ་མོའི་ངོ་བོས་བཅོམ་ལྡན་འདས་ མ་འབར་བ་མོས་ཏེ། བདེ་བ་ཆེན་པོའི་གནས་རྗེས་སུ་ཐོབ་པ་ལས་དབུགས་འཇུག་པ་ན་ཧཾ་ཡིག་ཟླ་བ་འཛག་པའི་ཐིག་ལེའི་གཟུགས་ཀྱིས་དེ་ལྟ་དམིགས་བཞིན་པ་བདེ་བ་ཆེན་པོའི་རང་བཞིན་ལྟེ་བའི་དཀྱིལ་འཁོར་དུ་འོངས་ནས་དམིགས་པ་མེད་པར་འགྱུར་རོ། །དེ་ལྟར་ཇི་སྲིད་དུ་སྲོག་ འགོག་པའི་བར་དུ་གནས་པར་བྱ་སྟེ། དེ་ཁོ་ནར་དབུགས་འབྱུང་བ་དང་། འཇུག་པ་དག་ཡང་དང་ཡང་དུ་བསྒྲུབ་པར་བྱའོ། །གང་ཡང་སྲོག་འབྱུང་བ་དང་། འཇུག་པ་བརྟག་པར་མི་ནུས་པ་དེ་ལྷག་པར་མོས་པ་ཙམ་ཁོ་ན་སྒྲུབ་པར་བྱེད་དོ། །བསྐྱེད་པའི་རིམ་པ་སྒོམ་པ་ པོས་ནི་དེ་སྔོན་མ་ཅན་ཁོ་ནར་འདི་མཐའ་དག་སྟོབས་ཇི་ལྟ་བར་དམིགས་པར་བྱའོ། །རྒྱས་པ་ལ་དགའ་བས་ནི་རྣལ་འབྱོར་མའི་འཁོར་ལོ་མཐའ་དག་གི་ངོ་བོ་ཕྱག་རྒྱ་ཆེན་པོའི་བདག་ཉིད་བཅོམ་ལྡན་འདས་མ་སྣ་ཚོགས་སྡེ་མ་གཏུམ་མོའི་ངོ་བོ་འབར་བཞིན་པས་ཕྱོགས་ བཅུར་འཕྲོས་པས་འདོད་ཆགས་ཆེན་པོའི་མེའི་འོད་ཀྱིས་བསྐུལ་བའི་དེ་བཞིན་གཤེགས་པ་འདོད་ཆགས་ཆེན་པོ་རྗེས་སུ་ཆགས་པ་རྣམ་པ་ཐམས་ཅད་བདེ་བ་ཆེན་པོའི་འཁོར་ལོར་ཞུགས་པར་བལྟས་ནས་དེ་ཁོ་ན་བཞིན་དུ་ཐམས་ཅད་བསྒྲུབ་པར་བྱའོ། །དེ་ལྟར་འདི་ལ་ སངས་རྒྱས་ཀྱི་བྱིན་རླབས་ཀྱང་འབྱུང་ངོ་ཞེས་པ་གཏུམ་མོའི་གདམས་པའི་དབྱེ་བའོ། །འདི་ཐམས་ཅད་ཀྱང་བླ་མ་དམ་པས་གདམས་པར་བྱས་པ་བསྙད་པའོ། །དེ་ཁོ་ནས་ཞེས་པ་མིའི་རྒྱུས་པ་རློན་པས་ཞེས་པ་ལྷག་མའོ། །དེ་ལྟར་ཕ་རོལ་ཕྱིན་མ་ཞེས་པ་ཤེས་ 26-1-185a རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནོ། །བཅོམ་ལྡན་འདས་ནི་སྙིང་རྗེ་ཆེན་པོའི་རང་བཞིན་ནོ། །དེ་ཡི་ལུས་སྐྱེས་འོད་ཟེར་རྣམས། །ཞེས་པ་བཅོམ་ལྡན་འདས་དེའི་སྐུ་ལས་སྐྱེས་པའི་གཏུམ་མོའི་འོད་ཟེར་རྣམས་སོ། །འཛག་པ་དེས་ཞེས་པ་ཆོས་ ཀྱི་འཁོར་ལོའི་ས་བོན་བཀྲུ་བའི་དུས་སུ་ཆོས་ཀྱི་འཁོར་ལོའི་རྩ་བརྒྱད་པོའི་རང་བཞིན་རྣལ་འབྱོར་མ་རྣམས་ཕྱི་རོལ་དུ་སྤྲོས་ནས་ཞེས་པའི་དོན་ཏོ། །དྲི་བཟང་ལྔ་ཞེས་པ་བདུད་རྩི་ལྔ་རྣམས་སོ། །མེ་ཏོག་ནི་བུད་མེད་ཀྱི་རྡུལ་ལོ། །བདུག་སྤོས་ནི་འདོད་ཆགས་རྡོ་ རྗེ་མའི་ཆགས་པས་འབར་བའི་གཏུམ་མོའི་མར་མེའིའོ། །དཔའ་བོ་རྫོགས་པ་ཞེས་པ་དཔའ་བོ་གྲུབ་པར་མཐོང་ནས་སྔར་བཞིན་འཛག་གོ། །ཨ་མྲའི་ལོ་མ་ནི་ས་ཧ་ཀཱ་རའི་འདབ་མའོ། །གསོལ་བ་གདབ་ཅེས་པ་དོན་དུ་གཉེར་བར་བྱའོ། །དབང་བསྐུར་བ་ཡིས་ ཞེས་པ་ལ། དབང་བསྐུར་ནི་དྲི་མ་མེད་པར་བྱེད་པའོ། །ཁས་པ་ནི་རིག་པ་དང་ལྡན་པ་སྟེ། སྒྲོལ་བའི་ཐབས་རིག་པ་རྣམས་སོ། །བུ་ཚེ་མེད་ཅེས་པ་ལ་སོགས་པ་ལ་ཇི་ལྟར་བུ་ཤི་བའི་ཁྱིམ་དུ་བུས་སྟོང་པ་སྟེ་དེ་ལྟར་དབང་བསྐུར་དང་བྲལ་བའི་སྐྱེས་བུ་ལ་ཐམས་ ཅད་མཁྱེན་པའི་ཡེ་ཤེས་དང་བྲལ་བའོ། །ཇི་ལྟར་ཐམས་ཅད་སྦྱར་བ་ན་ཡང་། པི་ཝང་རྒྱུད་མེད་བརྡུང་མི་རུང་། །དེ་ལས་སྒྲ་འགྲུབ་མ་ཡིན་ནོ། །ཇི་སྲིད་སངས་རྒྱས་ཀྱིས་མི་སྤོང་སྟེ། དམྱལ་བ་མི་འདོར་གྱི་བར་དུའོ། །འདིས་ནི་དབང་བསྐུར་ཐམས་ཅད་གདོན་མི་ཟ་བར་གཟུང་ བར་གསུངས་སོ། །ཧེ་རུ་ཀར་གྱུར་པ་ན་ཞེས་པ། ཧེ་རུ་ཀའི་གཟུགས་སུ་བསྒོམ་པ་རྫོགས་པས། དགོས་པ་ཅི་སྟེ་དབང་བསྐུར་མེད་ན་སངས་རྒྱས་ཉིད་མེད་པའི་ཕྱིར་རོ། །བསོད་ནམས་ཙམ་དུ་ནི་འགྱུར་རོ་ཞེས་པའི་དོན་ཏོ། །དེ་ཞེས་པ་དེ་ལའོ། །ཕྱི་དང་གསང་བ་ཞེས་ ཉེ་བར་མཚོན་པ་ལས་ཤེས་རབ་དང་བཞི་པའི་དབང་བསྐུར་དག་ཀྱང་ཤེས་པར་བྱའོ། །དཔལ་སངས་རྒྱས་ཐོད་པའི་རྒྱུད་ཆེན་པོའི་འགྲེལ་པ་འཇིགས་པ་མེད་པའི་གཞུང་འགྲེལ་དུ་ལེའུ་གསུམ་པའོ།། །།མཁའ་ལྡིང་སྦྱོར་བ་བཤད་པའི་ཆེད་དུ་གསུངས་པ། དེ་ 26-1-185b ནས་ཞེས་པ་ལ་སོགས་པའོ། །བདག་ཅག་གི་ནི་བདག་ཅག་རྣམས་སོ། །འོད་ཟེར་གྱིས་ནི་ལེའུ་དང་པོར་སྤྲོས་པའི་སྔགས་ཀྱི་འོད་ཟེར་གྱིས་སོ། །སྙིང་གའི་འོད་ཟེར་རྣམས་ཞེས་པ་སྣ་ཚོགས་སྡེ་མའི་སྙིང་གའི་འོད་ཟེར་རྣམས་ཀྱིས་ཀླུ་རྣམས་གཏད་པར་བྱས་ནས་འོངས་ཏེ་སྣ་ ཚོགས་སྡེ་མའི་སྙིང་གར་ཞུགས་པ་རྣམས་སོ། །བཀའ་བསྒོས་པ་ཞེས་པ་བདག་ཅག་རྣམས་སོ། །ལྷ་མོ་ཞེས་པ་ཀྱེ་ལྷ་མོའོ། །གསུངས་པ་ཞེས་པ་སྣ་ཚོགས་སྡེ་མས་སོ། །ཀླུ་རྣམས་ལ་བྱིན་གྱིས་བརླབས་ནས་དེའི་ཁས་དུག་གི་དེ་ཁོ་ན་ཉིད་རྒྱས་པར་བསྟན་པའི་ཆེད་དུ་དྲི་ མ་ལྔ་རྣམས་ཏེ། མུ་སྟེགས་ལ་སོགས་མཁའ་ལྡིང་སྦྱོར། །ཞེས་པ་ལ་སོགས་པའོ། །ཁྱབ་འཇུག་དང་དབང་ཕྱུག་ལ་སོགས་པ་རྣམས་ཀྱི་དང་། བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་མཁའ་ལྡིང་སྦྱོར་བ་སྔགས་དང་སྨན་དང་ཏིང་ངེ་འཛིན་གྱི་ཁྱད་པར་རོ། །ཇི་ལྟ་བུར་འདོད་དེ་ ཡེ་ཤེས་ཀྱང་དེ་ཡིན་ལ་ཡང་དག་པར་འབྱུང་ངོ་ཞེས་པས་འབྱུང་བ་ཡང་སྟེ། ཡེ་ཤེས་འབྱུང་བ་ཇི་ལྟ་བུ་མ་ནིང་ཉིད་ནི་ཁྱད་པར་ལྷུར་བྱེད་པའམ་གཙུག་ལག་ཉིད་ཀྱི་ཕྱིར་རོ། །དུག་གི་ཞེས་པ་དུག་གོ། །ཇི་ལྟར་ཞེས་པ་རབ་ཏུ་དབྱེ་བ་དྲིས་པའོ། །ཞུས་པ་ཞེས་པ་ཀླུ་རྣམས་ཀྱིས་སོ། ། ཁྱབ་འཇུག་ཅེས་པ་ལ་སོགས་པ་མུ་སྟེགས་པའི་ཕྱོགས་ལ་དྲི་བ་ལྔ་པ་ལན་འདོན་པའོ། །ཁྱབ་འཇུག་དང་དབང་ཕྱུག་ལ་སོགས་པ་བློ་ཕྱིན་ཅི་ལོག་པ་དངོས་པོའི་དེ་ཁོ་ན་ཉིད་མངོན་པར་མི་ཤེས་པ་རྣམས་ཏེ། དེ་རྣམས་ཀྱི་ལུགས་ལ་མཆེ་བས་གཟུང་བའི་དུག་དང་མཆེ་བ་ཡང་ དོན་དམ་པ་ཡོད་དོ། །དེའི་ཕྱིར་དེ་ཁོ་ན་ཉིད་མི་ཤེས་པ་ལས་དུག་གི་སྐྱོན་རྣམས་ཀྱིས་གནོད་འགྱུར་ཏེ། འཆི་བར་འགྱུར་ཞིང་མཁའ་ལྡིང་སྦྱོར་བས་ཀྱང་འཚོ་བར་ནུས་པ་མ་ཡིན་ཏེ། དེ་ལྟར་དུས་སུ་གཟུང་བར་སྨྲ་ཞེས་པ། མདའ་དང་ཕྱོགས་དུས་མེ་དང་རྟ། །ཟུང་དང་ཟླ་བ་སོགས་ ཀྱི་ཉིན། །དྲུག་དང་རིག་བྱེད་ལག་བདུན་མདའ། །ཡོན་ཏན་ཕུན་ཚོགས་རི་མཚན་མོ། །ཞེས་པ་ལ་སོགས་པའི་ལན་རྣམས་ལ་རིམ་པ་ཇི་ལྟ་བར་ཐུན་ཕྱེད་རྣམས་ནི་དུས་ཏེ། དེ་ལ་བཟུང་བ་ནི་བཅོས་སུ་མི་རུང་བར་སྨྲའོ་ཞེས་པ་དྲི་བ་གསུམ་པའི་ལན་ནོ། །དྲི་བ་ 26-1-186a དང་པོའི་ལན་འདེབས་པ། སྦྲུལ་གྱི་ཞེས་པ་ལ་སོགས་པ་སྟེ། དུས་སུ་ཟིན་པ་ཉིད་མེད་ན་འཕྲོག་གོ་ཞེས་པ་འཕྲོག་བྱེད་དོ། །ཁྱབ་འཇུག་དང་དབང་ཕྱུག་ལ་སོགས་པས་བྱས་པའི་སྦྲུལ་གྱི་དུག་ཟིལ་གྱི་ས་གནོན་པའི་ཐབས་ཡོད་དོ། །དེ་ལྟར་གྱུར་ན་ བཟུང་བ་ལ་སྦྲུལ་གྱི་དུག་མེད་དོ། །དུས་སུ་ཟིན་པ་ཉིད་ལ་མཁའ་ལྡིང་གི་སྦྱོར་བ་མེད་ན། སྦྲུལ་གྱིས་ཞེས་པ་ལ་སོགས་པ་ཉེ་བར་བསྡུ་བའོ། །རྫུ་འཕྲུལ་ཆེ་བ་ནི་མཁའ་ལྡིང་སྦྱོར་བ་བྱེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱི་ཕྱོགས་ལ་དྲི་བ་གཉིས་པའི་ལན་ལྡོན་ཏེ། བཅོམ་ལྡན་ འདས་ཞེས་པ་ལ་སོགས་པའོ། །དོར་བྱ་དང་བླང་བྱ་སྟོན་པའི་ཕྱིར་སྟོན་པའོ། །ཁྱབ་འཇུག་དང་དབང་ཕྱུག་ལ་སོགས་པ་ཡང་། དེ་ལ་གུས་པ་རྣམས་ཀྱི་སྟོན་པར་བརྗོད་དོ་ཞེས་པས་གསུངས་པ། སྟོང་ཉིད་ངེས་གསུངས་པ་ཞེས་ཏེ། ཐབས་བྱུང་སྟེ་རྒྱུ་ལྐོག་གྱུར་པས། དེ་འཆད་པ་ནི་ དཀའ་བ་ཡིན། །ཞེས་པའི་རིག་པ་ལས་དངོས་པོ་མཐའ་དག་གི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པ་བརྩེ་བའི་གཞན་དབང་ཉིད་ལས་གདུལ་བྱ་རྣམས་ལ་སྟོང་པ་ཉིད་ཀྱི་བདག་ཉིད་ཀྱི་དེ་ཁོ་ན་ཉིད་གསུངས་པའོ། །ངེས་པ་ནི་ཟིན་པ་ཉིད་དེ་བྱ་བའི་ཁྱད་པར་རོ། །བདེ་བྱེད་ལ་སོགས་པ་རྣམས་ནི་ རང་ཉིད་ཀྱིས་དེ་ཁོ་ན་ཉིད་མ་ངེས་ཤིང་གཞན་རྣམས་ལ་ཡང་ངེས་པར་མི་སྨྲའོ་ཞེས་པ་དགོངས་པའོ། །དེས་བསྟན་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཁོ་ན་དུག་བྱེད་པ་བླ་ན་མེད་པའོ་ཞེས་དྲི་བ་དང་པོ་ལན་འདེབས་པར་བྱེད་པ། སྟོང་པ་ལ་ཞེས་པ་གཅིག་དང་དུ་མའི་རང་བཞིན་དང་བྲལ་ བའི་རང་བཞིན་མེད་པ་རྣམས་ལའོ། །རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ། །སྟོང་ཉིད་དེ་ཉིད་ཁྱོད་དགོངས་པ། །ཞེས་པ་ཆོས་རྣམས་ཐམས་ཅད་ལ་སྟེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལའོ། །སྦྲུལ་དང་གཟུང་བ་དང་དུག་ཀྱང་ཇི་ལྟར་ཏེ་མེད་པ་ཁོ་ནའོ། །འདི་ལྟར་སྟོང་པ་ཉིད་ ལས་དུག་གི་དེ་ཁོ་ན་ཉིད་ངེས་པས་དུག་གདོན་མི་ཟ་བར་འཇིག་པར་འགྱུར་རོ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་དྲི་བ་གསུམ་པའི་ལན་ཇི་ལྟར་ཞེས་པ་ལ་སོགས་པ་སྟེ། ཐམས་ཅད་དུ་ཅི་ནི་སྤོང་བ་ལའོ། །དྲི་བ་ལྔ་པ་ལ་ལན་ཟིན་པས་ཞེས་པ་ལ་སོགས་པ་སྟེ། སྟོང་པ་ཉིད་ནི་མ་ 26-1-186b ངེས་པ་ལས་ནི་འཆི་སྟེ། དེའི་ཕྱིར་དེ་རྣམས་སྟོང་པ་ཉིད་སྨྲ་བས་བསྟན་པས་བཅོམ་ལྡན་འདས་ཀྱིས་ངེས་པ་གསུངས་སོ། །ད་ནི་གང་རྣམས་ལ་ནང་གི་དུག་མེད་པ་དེ་རྣམས་ལ་སྦྲུལ་ལ་སོགས་པའི་དུག་ཀྱང་ངོ་ཞེས་བཤད་པའི་ཆེད་དུ་གསུངས་པ། འདོད་ཆགས་ཞེས་པ་ལ་སོགས་པའོ། ། འདོད་ཆགས་ནི་ཟག་པ་དང་བཅས་པའི་དངོས་པོ་ལ་ཆགས་པའོ། །གཏི་མུག་ནི་མ་རིག་པ་སྟེ་དངོས་པོ་དང་དངོས་མེད་ལ་སོགས་པར་ཞེན་པའོ། །གྲགས་ཆེན་མ་ཞེས་པ་སྣ་ཚོགས་སྡེ་མ་བོད་པའོ། །ཐ་མལ་པའི་ཡུལ་ཞེས་པ་ལ་ཐ་མལ་ནི་འདིར་མ་རིག་པ་སྟེ། དེས་སྒྲོ་བཏགས་པ་རྣམས་ ནི་ཐ་མལ་པའོ། །རང་བཞིན་ཡུལ་ནི་དྲི་མ་མེད། །ཅེས་པ་ལ། རང་བཞིན་ནི་འདིར་སྟོང་པ་ཉིད་དེ་དེས་གཟུགས་ལ་སོགས་པའི་ཡུལ་ལྔ་སེམས་ཀྱིས་རྣམ་པར་བསྒྲུབས་པ་ལྔ་རྣམས་དྲི་མ་འདོད་ཆགས་པ་བག་ཆགས་དང་བཅས་པ་རྣམས་ལེགས་པར་རྩད་ནས་བཏོན་ཅིང་སྟོང་པ་ཉིད་ཀྱི་རང་ བཞིན་གང་རྣམས་ལ་ཡོད་པ་དེ་རྣམས་ནི་དེ་སྐད་དོ། །མང་པོ་ཉིད་ལ་གཅིག་གི་ཚིག་ནི་གཙུག་ལག་ཉིད་ཀྱི་ཕྱིར་རོ། །འདི་རྣམས་ཀྱི་དྲི་མ་མེད་པ་ཉིད་ཀྱང་སེམས་དྲི་མ་མེད་པ་ཉིད་ལས་སོ། །སེམས་ཀྱང་རང་བཞིན་གྱིས་དྲི་མ་མེད་པ་སྟེ། དེ་ཚད་མ་རྣམ་འགྲེལ་དུ་གསུངས་པ། སེམས་ནི་ རང་བཞིན་འོད་གསལ་བ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་སོ། །དཀྱུས་མ་ལ་སྦྱོར་བ་ནི་དྲི་མ་ཞེས་པ་ལ་སོགས་པའོ། །དོན་འདི་ཡིན་ཏེ། འདོད་ཆགས་ལ་སོགས་པ་ཁོ་ན་ནང་གི་དུག་སྟེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་སྲོག་འཇོམས་པའི་ཕྱིར་རོ། །དེའི་སེམས་ ཀྱི་དབང་ལས་ཡུལ་གྱི་རང་གི་ངོ་བོ་ཡང་དུག་གོ། །གང་གི་ཚེ་སེམས་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་རང་བཞིན་དྲི་མ་མེད་པ་ཉིད་ལས་དུག་མེད་པར་ངེས་པ་དེའི་ཚེ་ཡུལ་གྱི་རང་གི་ངོ་བོ་ཡང་དྲི་མ་དང་བྲལ་བ་སྟེ་ཇི་ལྟར་ཏེ་དུག་མ་ཡིན་པ་ཁོ་ནའོ། །འདི་ལྟ་བུའི་ཚུལ་གྱིས་བརྟེན་ པའི་དུག་ལ་སོགས་པ་ཟ་བ་ལ་སོགས་པ་ན་དེ་ཁོ་ན་ཉིད་ལ་མོས་པ་ལས་མི་གནོད་དོ་ཞེས་གསལ་བར་བྱས་སོ། །དེ་ཀྱེའི་རྡོ་རྗེའི་རྒྱུད་དུ་དཔེ་ཉིད་ཀྱིས་གསུངས་པ། གང་ཞིག་སེམས་མེད་འཇིག་རྟེན་མི། །དུག་ཟོས་པ་ཡིས་བརྒྱལ་བ་ཡིན། །རྨོངས་སྤོངས་དེ་ཁོ་ན་ཉིད་ཤེས། ། 26-1-187a དེ་ཚེ་ཉིད་ན་མྱ་ངན་སྤོང་། །ཞེས་སོ། །འདིར་རྨོངས་སྤངས་ནི་དུག་གི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པའི་ཕྱིར་རོ། །དེ་ཁོ་ན་ཉིད་ཤེས་པ་ནི་དུག་གི་དེ་ཁོ་ན་ཉིད་ལ་མོས་བཞིན་པའོ། །མྱ་ངན་ནི་མྱ་ངན་ནོ། །ནང་གི་དུག་འཇིགས་པ་ཡང་དེས་དཔེས་བསྟན་པ་ཉིད་དུ་གསུངས་ པ། དེ་བཞིན་མྱང་འདས་ཐབས་ཤེས་ཤིང་། །ཀྱེ་ཡི་རྡོ་རྗེར་ངལ་བ་བྱས། །མ་རིག་སོགས་ཀྱིས་མི་འཆིང་སྟེ། །གཏི་མུག་ལ་སོགས་འཆིང་བས་མིན། །ཞེས་པ་སྟེ། འདིར་ཀྱེའི་རྡོ་རྗེར་ཞེས་པ་སྟོང་པ་ཉིད་དང་བདེ་བ་ཆེན་པོ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་དབྱེར་མེད་པའི་ཡེ་ཤེས་ ལའོ། །མ་རིག་ལ་སོགས་རྣམས་ཀྱིས་ཏེ། །ཡན་ལག་བཅུ་གཉིས་རྣམས་ཀྱིས་སོ། །གཏི་མུག་ལ་སོགས་རྣམས་ཀྱིས་ཏེ། ཉོན་མོངས་པ་རྣམས་ཀྱིས་སོ། །དེ་ལྟར་ནང་གི་དུག་དང་བྲལ་བ་ལ་ཕྱི་རོལ་གྱི་དུག་གིས་ཀྱང་མི་གནོད་པར་གསུངས་ལ། སྦྲུལ་གྱིས་ཀྱང་ཞེས་པ་ལ་སོགས་ པ་སྟེ། དྲི་བ་བཞི་པའི་ལན་འདེབས་པར་བྱེད་དོ། །ཐ་མལ་དུག་དང་སྦྲུལ་གྱི་དུག ། ཉེས་པ་ཁོ་ན་ཞེས་པ་ལ་ཐ་མལ་ནི་མ་རིག་པ་སྟེ། དེས་སྒྲོ་བཏགས་པ་ལས་བྱུང་བ་ནི་ཐ་མལ་པའི་དུག་སྟེ། སྦྲུལ་གྱི་འདི་ཡིན་པ་ནི་སྦྲུལ་གྱི་སྟེ། ཨ་ཎ་འཕེལ་བ་མེད་པའི་ཕྱིར་རོ། །དེ་དང་ཡུལ་གྱི་དུག་ ཅེས་པ་གཉིས་ཀ་ཡང་ཅི་ཞིག་བྱེད་ཅེས་འབྲེལ་ཏེ། །མུ་སྟེགས་པའི་ཕྱོགས་ལ་དྲི་བ་གཉིས་པའི་ལན་འདེབས་པ་ལྷ་རྣམས་ཡུལ་གྱིས་བསྒྲིབ་པ་ཞེས་ཏེ། བདེ་བྱེད་ལ་སོགས་པ་རྣམས་ཡུལ་རྣམས་ལ་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་རྣམས་ཀྱིས་དེ་ཁོ་ན་ཉིད་ཀྱི་ཤེས་པ་བསྒྲིབ་ པར་བྱས་པ་རྣམས་ཏེ། དེའི་ཕྱིར་དེ་རྣམས་ལ་ནང་གི་དང་ཕྱིའི་དུག་ཡོད་དོ། །འོན་ཀྱང་རྫུ་འཕྲུལ་ཆེ་བ་ཉིད་ཀྱིས་ན་དུག་ཞི་བའི་ཐབས་བྱེད་ཅིང་། དུས་སུ་ཟིན་པ་གསོར་མི་རུང་བར་སྨྲའོ། །དེ་ཉིད་ཀྱེ་ཕྱིར་གསུངས་པར་འགྱུར་བ། རྫུ་འཕྲུལ་ཆེ་ལ་བློ་མེད་པ། །ཞེས་སོ། །བག་ཆགས་དང་ བཅས་པའི་སྒྲིབ་པ་ཐམས་ཅད་རྩད་ནས་ཕྱུང་བའི་བཅོམ་ལྡན་འདས་སངས་རྒྱས་ཐོད་པ་ནི་འདོད་པ་ལ་སྤྱོད་ཀྱང་མི་འཆིང་ངོ་ཞེས་སྟོན་པ་ཡུལ་ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་སྤྱོད་བཞིན་པ་ནི་སངས་རྒྱས་ཐོད་པའི་རྣལ་འབྱོར་པ་རྣམས་ཀྱང་ལོངས་སྤྱོད་ཀྱང་མི་དགོས་ཏེ་སངས་རྒྱས་ 26-1-187b ཐོད་པའི་རྣལ་འབྱོར་ལས་སོ་ཞེས་གསུངས་པ། སངས་རྒྱས་ཞེས་པ་ལ་སོགས་པའོ། །ཐམས་ཅད་ཉེ་བར་མཚོན་པ་ཉིད་ཀྱིས་མཇུག་སྡུད་པ། དེ་ལས་དུས་ཟིན་མེད་ཅེས་པ་སངས་རྒྱས་ཐོད་པའི་སྦྱོར་བ་ལས་སོ། །དེ་ལྟར་དོན་དམ་པའི་དུག་ཞི་ཐབས་བརྗོད་ནས་ཀུན་རྫོབ་པ་གསུངས་པ། ཤཱ་ གི་ལི་ཞེས་པ་ལ་སོགས་པའོ། །བསྡམས་ཏེ་ཡང་དག་པར་བསྡམས་པར་ཤཱ་ལི་ཀའི་བྱེད་པ་འདིར་འགྱུར་བའོ། །མུ་སྟེགས་པ་རྣམས་དུས་སུ་བཟུང་བ་གསོར་མི་རུང་བར་སྨྲ་ལ་བཅོམ་ལྡན་འདས་ནི་མ་ཡིན་ནོ་ཞེས་དགོངས་པའོ། །དེ་སྐད་བརྗོད་ནས་ཀླུ་རྣམས་ཀྱིས། །སྣ་ཚོགས་སྡེ་མར་ ཕྱག་འཚལ་ནས། །རང་རང་གནས་རྣམས་སུ་ནི་སོང་། །ཞེས་པ་སྡུད་པ་པོས་གསུངས་པ། འདི་འདྲ་ཞེས་པ་ལ་སོགས་པའོ། །རབ་ཏུ་རྟོགས་པ་ཞེས་པ་རང་གི་ངོ་བོ་ངེས་པར་སེམས་པའོ། །ཨོཾ་ཞེས་པ་སྐུ་གསུང་ཐུགས་སོ། །ཤཱུནྱ་ཏཱ་རང་བཞིན་མེད་པ་ཉིད་དོ། །ཛྙཱ་ན་ནི་ཐུགས་རྗེ་ཆེན་པོའོ། །དེ་གསུམ་ དབྱེར་མེད་པ་ཉིད་ཀྱི་ཕྱིར་རྡོ་རྗེའི་རང་བཞིན་གང་གི་བདག་ཉིད་དེ་རང་གི་ངོ་བོ་ཡིན་པ་དེ་ངའོ། །ཇི་ལྟར་དེ་ལྟ་བུ་ང་ཡིན་པ་དེ་ལྟར་མཐའ་དག་གོ་ཞེས་གསུངས་པ། སྟོང་དང་སྟོང་མིན་ཞེས་པ་ལ་སོགས་པ་སྟེ། སྟོང་པ་སྟེ་རང་གི་ངོ་བོ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །སྟོང་མིན་ཏེ་དེ་ལྟར་ཡང་བརྗོད་དུ་མེད་པ་ཉིད་ ཀྱི་ཕྱིར་དང་། གཉིས་དང་བྲལ་བའི་ངོ་བོར་གནས་པའི་ཕྱིར་རོ། །མཐོ་ལྔ་ཞེས་པ་སོར་དྲུག་ཅུ་པ་རྩ་བའི་ཐིག་གི་ནང་དུ་སྟེ། གྲུ་བཞི་པའི་དཀྱིལ་འཁོར་རོ། །ཟླུམ་པོ་ནི་སོར་སུམ་ཅུ་པ་སྟེ། དེ་ཉིད་དུ་རྡོ་རྗེ་སྔོན་པོའི་ཕྲེང་བས་བསྐོར་བ་པདྨ་འདབ་མ་བརྒྱད་པ་སོར་བཅུ་པའོ། །རྒྱུད་གཞན་ དུ་ས་རྐོ་བ་ལ་སོགས་པས་ཟུག་རྔུ་དབྱུང་བ་ལ་སོགས་པ་སྦྱང་བ་གསུངས་སོ། །འདིར་ནི་མཆོག་གི་རྒྱུད་ཡིན་པ་ཉིད་ཀྱི་ཕྱིར་ན་ལག་པས་རེག་ནས་སྔགས་བརྒྱ་རྩ་བརྒྱད་བཟླས་པས་དཀྱིལ་འཁོར་གྱིས་གཞི་འཆད་པར་འགྱུར་བའི་སྦྱིན་སྲེག་གི་ཐབ་ཀྱི་ས་གཞི་ཡང་སྦྱང་བར་བྱའོ་ཞེས་ གསུངས་པ། ས་ཞེས་པ་ལ་སོགས་པའོ། །འདིར་དུག་གི་ཐབ་ཀྱི་དབང་དུ་བྱས་པའི་དཀྱིལ་འཁོར་ལ་ལྷའི་སྟེགས་བུ་དང་སྣམ་བུ་མི་བྱའོ་ཞེས་གསུངས་པ། སྟེགས་བུ་ཞེས་པ་ལ་སོགས་པའོ། །རྡུལ་ཚོན་དམར་པོས་ཞེས་པ་ཕྱོགས་བཞི་རྣམས་སུ་དཀྱིལ་འཁོར་གྱི་གནས་ 26-1-188a ཀུན་རྡུལ་ཚོན་དམར་པོ་ཁོ་ནས་དགང་བར་བྱའོ། །ཇི་ལྟར་འདུས་པ་ལ་སོགས་པར་རྣམ་པར་སྣང་མཛད་ལ་སོགས་པའི་ཕྱོགས་ཀྱི་དབྱེ་བས་སའི་ཁ་དོག་ཐ་དད་པ་དེ་ལྟར་མ་ཡིན་ནོ་ཞེས་གསུངས་པ། གཞན་ཞེས་པ་ལ་སོགས་པའོ། །རེ་ཁཱ་ལྔ་ལ་སོགས་པ་གཞན་ ནི་ཁ་དོག་ལྔའི་ཚོན་རྣམས་ཀྱིས་ཇི་ལྟར་རིགས་པར་བྱའོ། །གཏོར་མ་སྦྱིན་པ་དང་ས་གཞི་སྦྱང་བ་དང་། ཐིག་བསྔགས་པ་དང་། ཐིག་གདབ་པ་དང་། རྡུལ་ཚོན་གདབ་པ་ལ་སོགས་པ་ནི་ཧེ་རུ་ཀའི་རྣལ་འབྱོར་དང་ལྡན་པའི་བླ་མས་བྱའོ། །བུམ་པ་རྣམས་ཞེས་པ་རྩ་བ་མི་ནག་པ་ལྟོ་བ་ དང་མཆུ་འཕྱང་བ་དང་། མགྲིན་པ་རིང་བ་རྣམས་ཏེ། དབང་ལྡན་དང་མེ་ལ་སོགས་པའི་མཚམས་སུའོ། །བུམ་པ་བཞི་རྣམས་སུ་གྲངས་ཇི་ལྟ་བར་མཚན་མ་བཞི་རྣམས་སོ། །རྣམ་པར་རྒྱལ་བའི་བུམ་པ་ནི་ལྔ་པ་གཙོ་བོའི་སྟེ། འདིར་མ་བརྗོད་ཀྱང་རྒྱུད་གཞན་གྱི་རིགས་པས་ཤར་སྒོ་ ལས་ཅུང་ཟད་ལྷོར་གཏོགས་པས་བྱའོ། །དེ་ཁོ་ན་འདིར་ལས་ཐམས་ཅད་པ་སྟེ། འདིར་མཚན་མ་ནི་ཆོས་འབྱུང་དབུས་སུ་ཅང་ཏེའུ་སྟེ། ཅང་ཏེའུའི་སྟེང་དུ་རྡོ་རྗེ་དང་པདྨའོ། །སློབ་དཔོན་སངས་རྒྱས་ཐོད་པའི་རྣལ་འབྱོར་དང་ལྡན་པར་འགྱུར་རོ་བྱའོ། །ཇི་ལྟར་ཞེ་ན་གསུངས་པ། པདྨ་ཞེས་པ་ ལ་སོགས་པ་སྟེ། སྣ་ཚོགས་པདྨའི་ལྟེ་བར་རོ། །ཕྱིས་ནི་ཞེས་པ་ལ་སོགས་པ་ལ། སློབ་དཔོན་རང་ཉིད་ལྷ་མོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་ཧེ་རུ་ཀའི་བདག་ཉིད་ཀྱིས་ཡེ་ཤེས་སེམས་དཔའ་བསྟིམས་པའི་རྗེས་ཐོགས་སུ་བདག་ཉིད་ལ་དབང་བསྐུར་བར་བྱའོ། །ཧེ་རུ་ཀའི་སྐུ་ ལས་སྐྱེས་པའི་འོད་ཟེར་ཞེས་པ་སྙིང་གའི་རྩ་བརྒྱད་རྣམས་ལས་སྤྲོས་པའི་འོད་ཟེར་དང་བཅས་པའི་ལྷ་མོ་བརྒྱད་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་རེག་ཏུ་གཞུག་པར་བྱ་སྟེ་སློབ་དཔོན་གྱིས་སོ། །ལྷ་མོ་དེ་རྣམས་དང་བྱོན་པའི་དེ་བཞིན་གཤེགས་པའི་འོད་ཟེར་གྱིས་སྤྲོས་ པའི་ལྷ་མོ་རྣམས་ཀྱིས་ཧེ་རུ་ཀ་དང་ལྷ་མོ་བརྒྱད་རྣམས་ཁྲུས་བྱེད་དུ་འཇུག་གོ། །ཅོད་པན་ཅན་དུ་ཞེས་པ་ཧེ་རུ་ཀ་ཅོད་པན་ཅན་དང་། རྣལ་འབྱོར་མ་རྣམས་དང་ལྷན་ཅིག་སྟེ། དེ་རྣམས་ཀྱང་ཅོད་པན་ཅན་ཞེས་པའི་དོན་ཏོ། །དཀྱིལ་འཁོར་རྫོགས་པ་ཞེས་པ་དེ་ལྟར་རང་ཉིད་ཧེ་རུ་ཀའི་ 26-1-188b བདག་ཉིད་དུ་རྫོགས་པ་ན་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ཡུད་ཀྱིས་དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་དང་དབང་བསྐུར་བ་དང་རྒྱས་གདབ་པ་རྣམ་པར་བསྒོམས་ནས་དཀྱིལ་འཁོར་སྒྲུབ་པའི་ཕྱིར་རོ། །གཏོར་མ་ཞེས་པ་ཀླུ་རྣམས་ལའོ། །མར་མེ་ཞེས་པ་སྦྲང་རྩི་དང་མར་ དང་ཉའི་ཚིལ་བུ་དང་། དྲི་ཞིམ་པའི་འབྲུ་མར་ཏེ་མར་མེ་བཞི་རྣམས་དཀྱིལ་འཁོར་དང་ཉེ་བར་སྦྱིན་པར་བྱའོ། །ཨ་མྲ་དང་ན་རི་ཀེ་ལ་དང་ཆུ་ཤིང་དང་། ཀ་པིཏྠའི་འབྲས་བུ་བཞི་རྣམས་སོ། །རས་ཟུང་གསུམ་ནི་སྨད་གཡོགས་དང་སྟོད་གཡོགས་དང་ཐོད་པའོ། །རྣལ་འབྱོར་མ་ ནི་རང་ཉིད་ཀྱིས་ཕུལ་བའི་བླ་མའི་ཤེས་རབ་མ་དང་དཔའ་བོ་ནི་བླ་མའོ། །འཁོར་ལོ་ནི་ཚོགས་འདུ་བའོ། །དམ་ཚིག་སྙིང་པོར་གཅིག་སེམས་ཀྱིས། །ཞེས་པ་ལ། དམ་ཚིག་སྙིང་པོ་ནི་བཅོམ་ལྡན་འདས་སོ། །བདག་ཉིད་དོགས་པ་ཟློག་བྱེད་པ། །ཞེས་པ་དགོངས་པས་དུག་བྱུང་གི་ དོགས་པ་མེད་པ་ལ་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །བརྟན་པ་ནི་བོང་ངའི་དུག་ལ་སོགས་པའོ། །གཡོ་བ་ནི་སྦྲུལ་ལ་སོགས་པ་རྣམས་ཀྱིའོ། །ལུས་སྐྱེས་ནི་ལྷོག་པ་ལ་སོགས་པའོ། །བཅོས་མ་ནི་མར་དང་སྦྲང་རྩི་ལ་མཉམ་པར་སྦྱོར་བ་ལ་སོགས་པའོ། །རྣམ་པ་བཞིའི་དང་ དུག་ནི་དུག་མེད་པར་བགྱི་ཞིང་ངོ་། །ཤིང་བུ་ནི་སོ་ཤིང་ངོ་། །སློབ་མ་ནི་ཧེ་རུ་ཀའི་གཟུགས་སུ་བསྒོམ་པར་བྱའོ། །མགྲིན་པར་ཞེས་པ་སློབ་དཔོན་གྱི་དང་། སློབ་མའིའོ། །ལག་པར་ཡང་སྟེ་གཡོན་པར་རོ། །ཟླ་བར་ཞེས་པ་མགྲིན་པར་གནས་པ་དང་ལག་པར་གནས་པ་ལའོ། ། བསྒོམ་པའི་ནུས་པས་ཞེས་པ་ཧེ་རུ་ཀའི་སྐུ་དང་། ཟླ་བ་ལ་སོགས་པ་སྒོམ་པར་བྱེད་ཅིང་། དེ་ལྟར་བསྒོམས་པའི་ལག་པ་སློབ་མའི་མགོར་བཞག་ནས་སྔགས་བཟླས་སོ། །བུམ་པ་ཞེས་པ་བུམ་པའི་ཚད་དོ། །བཟོད་དཀའ་ཞེས་པ་སྡུག་བསྔལ་བའོ། །ནམ་མཁའ་ལྡིང་ སྦྱོར་ཞེས་པ་ལ་སོགས་པ་ནི་གང་གི་ཚེ་སེམས་ཅན་འདིས་མཁའ་ལྡིང་གི་སྦྱོར་བ་རྟོགས་པར་འགྱུར་བ་དེའི་ཚེ་བདག་ཅག་རྣམས་ལ་འགའ་ཞིག་ཏུ་ཡང་ཡོངས་སུ་བསྐྱབ་པའི་ཆེད་དུ་བརྟན་པར་བྱ་བ་ཉིད་ཀྱིས་རྟེན་དུ་འགྱུར་བ་མ་ཡིན་ནོ། །དེ་མ་ཐག་པ་ཞེས་པ་ལྷག་པར་གནས་པའི་ 26-1-189a དེ་མ་ཐག་ཏུའོ། །རྗེས་སུ་སྦྱིན་པ་ཞེས་པ་བྱེད་པ་པོ་ལ་འཇུག་བཞིན་པ་ལ་ཀ་ཏ་སྟེ། གཙུག་ལག་ཉིད་ཀྱི་ཕྱིར་རོ། །རིམ་པས་དབུལ་བར་བྱའོ་ཞེས་པའི་དོན་ཏོ། །དུང་ཆོས་ཞེས་པ་ལ་སོགས་པ་མན་ཇི་གཅིག་ལ་ནི་དུང་ངོ་། །གཉིས་པ་ལ་ནི་ཟངས་ཀྱི་སྣོད་དོ། ། བུམ་པ་ནི་རྣམ་པར་རྒྱལ་བའི་བུམ་པ་དང་། བུམ་པ་གཞན་བཞི་རྣམས་སོ། །རྣལ་འབྱོར་མ་བརྒྱད་ཞུ་བར་གྱུར་ནས་ཞེས་པ་ལ་བཅོམ་ལྡན་འདས་དང་དཀྱིལ་འཁོར་ན་གནས་པའི་ལྷ་མོ་རྣམས་དང་ལྷན་ཅིག་དེའི་བདག་ཉིད་དུ་གནས་པ་རྣམས་སོ། །དམ་ཚིག་དང་ཡེ་ཤེས་ སེམས་དཔའ་དག་རོ་གཅིག་པར་གྱུར་པ་ཁོ་ན་ནི་དཀྱིལ་འཁོར་གྱི་རབ་གནས་སོ། །བུམ་པར་ཏེ་རྣམ་པར་རྒྱལ་བའི་བུམ་པར་བཅོམ་ལྡན་འདས་དང་ལྷ་མོ་བརྒྱད་ཞུ་བ་བཞུགས་ཤིང་བུམ་པ་གཞན་རྣམས་སུ་ཇི་ལྟར་རིགས་པར་ལྷ་མོ་རྣམས་བསམ་མོ། །ཆུ་ཞེས་པ་རྣམ་པར་རྒྱལ་ བའི་བུམ་པ་ལ་སོགས་པའི་ཆུ་བག་ཙམ་ཟངས་སྣོད་དང་དུང་ཆོས་སུ་གཞག་པར་བྱའོ། །ཆུ་ཞེས་པ་ཟངས་ཀྱི་ཆུས་ཏེ་དེའི་རྗེས་སུ་དུང་ཕོར་གྱི་ཆུ་ཅུང་ཟད་ཀྱིས་སོ། །བརྗོད་དུ་གཞུག་ཀློག་ཏུ་གཞུག་ཅིང་སློབ་དཔོན་གྱི་སློབ་མའོ། །མཆོད་དུ་གཞུག་སྟེ་བླ་མས་སློབ་མའོ། །སློབ་ མ་ཞེས་པ་གདོང་གཡོགས་དཀྲོལ་བ་ལའོ། །ཡང་ཞེས་པ་ཁྲུས་ཀྱི་དོན་དུ་གཟུང་བ་ལ་ལྟོས་ནས་སོ། །རྡོ་རྗེ་དང་བཅས་པའི་ལག་པ་གཉིས་ཀྱིས་འཐུང་དུ་གཞུག་སྟེ། ཧེ་རུ་ཀའི་སྔགས་ཟློས་ཤིང་ལན་གསུམ་དུ་ཟངས་སྣོད་ཀྱི་ཆུ་བསྲེས་པའི་དུང་གི་ཆུའོ། །ཆུ་འཐུངས་པའི་ ཕན་ཡོན་འཆད་པར་འགྱུར་རོ། །འདིར་རིམ་པ་ནི་འདི་ཡིན་ཏེ། སློབ་དཔོན་ཇི་ལྟ་བ་བཞིན་དུ་དབང་བསྐུར་ཞིང་སློབ་མས་རྗེས་སུ་གནས་པའི་ཏིང་ངེ་འཛིན་གསུམ་ལ་མཁས་པ་ཧེ་རུ་ཀའི་བདག་ཉིད་སྔགས་བཟླས་པར་གྱུར་པས། ཡུན་རིང་པོར་བར་མ་ཆད་པར་ལེགས་པར་ བརྟགས་པའི་དོན་དུ་གཉེར་བའི་སློབ་མ་ལ་དབང་བསྐུར་བར་འདོད་པས། ཐོག་མར་རྒྱལ་པོ་དང་རྐུན་པོ་ལ་སོགས་པའི་ཉེ་བར་འཚེ་བ་ཐམས་ཅད་དང་བྲལ་བའི་དཀྱིལ་འཁོར་གྱི་ཁང་པ་ལ་སོགས་པར་ཆོ་ག་ཇི་ལྟ་བར་བཞེངས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་རམ་རས་བྲིས་ལ་སོགས་ 26-1-189b པའི་དཀྱིལ་འཁོར་དུ་ཇི་སྐད་བཤད་པའི་མར་མེ་དང་འབྲས་བུ་ལ་སོགས་པ་ཉེ་བར་མཆོད་པ་ལྔས་མཆོད་པས་ཀླུའི་དོན་དུ་འོ་མ་ཕུལ་བ་ན། བུམ་པ་རྣམས་ལྷག་པར་གནས་པར་བྱའོ། །དེ་ལ་རྣམ་པར་རྒྱལ་བའི་བུམ་པ་ཆོས་འབྱུང་གི་དབུས་སུ་གནས་པའི་ཅང་ཏེའུ་དང་རྡོ་རྗེ་པདྨས་ མཚན་པ་དྲིའི་ཆུས་གང་བ་གསེར་དངུལ་དང་མུ་མན་དང་མུ་ཏིག་དང་བྱི་རུ་སྟེ་རིན་པོ་ཆེ་ལྔ་རྣམས་དང་། ནས་དང་། གྲོ་དང་། ཏིལ་དང་། སྲན་མ་དང་འབྲས་སོ་བ་སྟེ། འབྲུ་སྣ་ལྔ་རྣམས་དང་། བྲི་ཧ་ཏཱི་དང་། ཀཎྜ་ཀ་རི་དང་། ཨ་པ་ར་ཛི་ཏ་དཀར་པོ་དང་། ད་ཎ་ཌོཏྤ་ལ་དང་། ཧ་ས་ དེ་ཝ་སྟེ་སྨན་སྣ་ལྔ་རྣམས་ནང་དུ་ལྡན་པ། ཨ་མྲའི་ལོ་མས་ཁ་བརྒྱན་པ་མགྲིན་པ་གོས་དམར་པོས་དཀྲིས་པ་མེ་ཏོག་གི་ཕྲེང་བ་དང་ལྡན་པ། མེ་ཏོག་ཕྲེང་བ་བཅིངས་པའི་རྡོ་རྗེ་སྟེང་ན་ཡོད་པ། འོ་མས་བཀང་བའི་སྣོད་སྟེང་ན་གནས་པ། ནང་དུ་ཡུད་ཀྱིས་བསྐྱེད་པའི་དམ་ཚིག་ སེམས་དཔའ་དང་ལྡན་པར་བྱས་ནས། ཉི་མ་དང་རྡོ་རྗེའི་ལྟེ་བ་ལ་གནས་པའི་ཧཱུཾ་གི་ས་བོན་གྱི་འོད་ཟེར་རྣམས་ཀྱིས། འོག་མིན་ནས་བཅོམ་ལྡན་འདས་རྣལ་འབྱོར་མ་བརྒྱད་ཀྱིས་ཡོངས་སུ་བསྐོར་བ་སྤྱན་དྲངས་ཏེ་སྙིང་པོའི་སྔགས་ཀྱིས་མཆོད་ཡོན་ལ་ལན་བདུན་བཟླས་ཏེ། ཨོཾ ཧེ་རུ་ཀ་བཛྲ་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་ཞེས་པ་འདིས་ཕུལ་ནས་དེའི་དབུས་སུ་བཅུག་པ་སྟེ། དམ་ཚིག་སེམས་དཔའ་དང་ལྷན་ཅིག་གཅིག་ཏུ་གྱུར་པའི་བདེ་བ་ཆེན་པོའི་རང་བཞིན་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་ཆུ་དེ་བསམས་ལ། ཁུ་ཚུར་གཡོན་པས་རྡོ་རྗེ་ལ་བཅིངས་པའི་མེ་ཏོག་གི་ཕྲེང་བ་ བཟུང་ནས། སྙིང་པོའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་དུ་བསྔགས་སོ། །དཀྱིལ་འཁོར་བ་གཞན་གྱི་བུམ་པའི་དྲིའི་ཆུས་ཡོངས་སུ་གང་བ་ཨ་མྲའི་ཡན་ལག་དང་ལྡན་པ་གོས་དམར་པོས་མགྲིན་པ་དཀྲིས་པ་མེ་ཏོག་གི་ཕྲེང་བ་ཅན་གྲངས་ཇི་ལྟ་བར་ཐོད་པ་དང་ཁ་ཊྭཱཾ་ག་དང་གྲི་གུག་དང་ཅང་ ཏེའུའི་མཚན་མས་མཚན་པ། ནང་དུ་དམ་ཚིག་གི་ལྷ་མོས་ཡེ་ཤེས་ཀྱི་ལྷ་མོ་དང་དབྱེར་མེད་པ་ཞུ་བའི་ཆུ་དང་ལྡན་པ་རྣམས་ལ་སོ་སོར་ལྷ་མོའི་ས་བོན་གྱི་སྔགས་ཀྱིས་བརྒྱད་ལྷག་པའི་བརྒྱར་མངོན་པར་བསྔགས་པར་བྱའོ། །དེ་ལ་ཐོད་པས་མཚན་པར་ཆང་འཚོང་མ་དང་སྣ་ 26-1-190a ཚོགས་སྡེ་མའོ། །ཁ་ཊྭཱཾ་ག་ཡིས་མཚན་པར་འབྱུང་མོ་དང་ལེགས་བཟང་མའོ། །གྲི་གུག་གིས་མཚན་མར་ཕྱག་བཞི་མ་དང་ས་འོག་གནས་མའོ། །ཅང་ཏེའུས་མཚན་པར་ནམ་མཁའ་གནས་མ་དང་འདོད་མའོ། །ཧཱུཾ་ཨོཾ་ཧཱུཾ་སྭཱཿཧཱུཾ་ཁཾ་ཧཱུཾ་ཧཱུཾ་རིམ་པ་བཞིན་དུ་འདི་ རྣམས་ཀྱི་ས་བོན་ནོ། །དེའི་རྗེས་སུ་ཚོགས་པར་མེ་ཏོག་དང་བདུག་པ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ་གཏོར་མ་ཕུལ་ཏེ། རྡོ་རྗེ་པདྨ་ཞེས་པ་ལ་སོགས་པས་བསྟོད་པ་སྔོན་དུ་འགྲོ་བས་དྲིལ་བུ་དཀྲོལ་ཕྱག་བྱའོ་ཞེས་བུམ་པ་ལྷག་པར་གནས་པའི་ཆོ་གའི་རྗེས་ཐོགས་ སུ་སློབ་དཔོན་སློབ་མས་ཕུལ་བའི་རས་གསུམ་ལ་སོགས་པས་བརྒྱན་པ་ཤེས་རབ་དང་བཅས་པ་རོལ་རྩེད་བྱས་པས་དཀྱིལ་འཁོར་གྱི་གནས་ལས་ཕྱི་རོལ་གྱི་སྟན་ལ་འདུག་པས་སློབ་མ་མཎྜལ་གསུམ་བྱས་པ། མེ་ཏོག་གི་ཕྲེང་བ་བཟུང་བ། པུས་མོ་ས་ལ་བཙུགས་པ། ཐལ་མོ་ སྦྱར་བ། དུག་ཞི་ཐབས་ལ་སོགས་པའི་སྐལ་བ་ཅན། བློས་རང་གི་ལུས་ལ་བཅུག་ནས་རྡོ་རྗེ་ནས་ཕྱུང་བ་ཤེས་རབ་ཀྱི་པདྨར་གནས་པ་ལ་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པ་ཨ་བ་དྷཱུ་ཏཱི་ནས་ཞུགས་པའི་དེ་བཞིན་གཤེགས་པ་ཞུ་བ་རྣམས་ཀྱིས་དབང་བསྐུར་བ་ཧེ་རུ་ ཀའི་གཟུགས་ཅན་དཀྱིལ་འཁོར་གྱི་ཤར་སྒོར་བཞག་ནས། སེམས་ཅན་དོན་ལ་གཅིག་ཏུ་བརྩོན། །བཅོམ་ལྡན་བླ་མ་སྟོན་པ་ཀྱེ། དག་ཞིའི་ཐབས་ནི་བཟང་པོ་འཚལ། །ཤཱ་ལི་ཀ་བྱེད་སྦྱོར་བ་སྐྱེས། །སེམས་ཅན་དོན་ནི་བཟང་པོ་བགྱིད། །དུས་སུ་བཟུང་བ་ཟློག་ བྱེད་པ། །དེ་ནི་སྟོན་ཆེན་བདག་ལ་གསུངས། །སངས་རྒྱས་ཐོད་པའི་སྦྱོར་ལྡན་པས། །ཞེས་པ་འདིས་འཇུག་པ་ཞུར་བཅུག་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ ཆུབ་ཡིད་ལ་གཟུང་། །ཞེས་ལན་གསུམ་བརྗོད་དུ་གཞུག་སྟེ། སྙིང་པོའི་སྔགས་ཀྱིས་བསྲུངས་ལ། དེའི་སྙིང་གར་རྡོ་རྗེ་ནག་པོའི་ལྟེ་བ་ལ་ཧཱུཾ། མགྲིན་པར་པདྨ་དམར་པོ་ལ་ཨཱཿ། མགོ་བོ་ལ་འཁོར་ལོ་དཀར་པོ་ལ་ཨོཾ་ཞེས་པའི་ཡི་གེ་རྣམས་ནག་པོ་དང་། དམར་པོ་དང་། 26-1-190b དཀར་པོ་རྣམས་བསམ་པར་བྱའོ། །དེ་ནས་ལངས་ཏེ་དྲིའི་ཆུ་དང་། རྡོ་རྗེ་དང་ལྡན་པའི་ལག་པ་གཡས་པས་ཧཱུཾ་ཨཱཿཨོཾ་ཞེས་བརྗོད་ཅིང་། སྙིང་ག་དང་། མགྲིན་པ་དང་། མགོ་བོ་རྣམས་ལ་རེག་ནས་མགོ་བོ་ལ་མེ་ཏོག་དང་། མདུན་དུ་སྤོས་དང་། མར་མེ་དང་། སྙིང་གར་དྲི་སྦྱིན་ནོ། ། དེའི་རྗེས་སུ་ཨ་ཤྭཏྠ་ལ་སོགས་པའི་ས་ཤིང་རྩེ་མོ་མ་གས་པ། འཁྱོག་པོ་ལ་སོགས་པ་མ་ཡིན་པ། སོར་བཅུ་གཉིས་པའི་ཚད་ཙམ་པ། མེ་ཏོག་གི་ཕྲེང་བ་རྩེ་མོ་ལ་དཀྲིས་པ། དྲི་ཞིམ་པོའི་ཆུས་བཀྲུས་པ། ས་ཤིང་གི་སྔགས་ཀྱིས་ལན་བདུན་མངོན་པར་བསྔགས་པ་ཤར་དུ་ ཕྱོགས་པས་སྦྱིན་པར་བྱའོ། །སློབ་མས་ཀྱང་ཤར་རམ་བྱང་དུ་ཕྱོགས་པས་རྩེ་མོ་འཆོས་ནས་གྱེན་དུ་ལྟོས་པ་མེད་པར་ས་གཞི་བ་ལང་གི་ཀོ་བ་ཙམ་བྱུགས་པར་དོར་རོ། །དེ་ནས་ཁ་བཤལ་བའི་དོན་དུ་དྲིའི་ཆུ་ཁྱོར་བ་གསུམ་གྱི་བཏུང་བ། ཨོཾ་ཧྲཱིཿབི་ཤུདྡྷ་སརྦ་དྷརྨཱ་སརྦ་པཱ་ པ་ནི་ཙ་ཨ་སྱེ་བི་ཤོ་དྷ་ཡ་སརྦ་བི་ཀལྤན་ཨ་པ་ན་ཡ་ཧཱུཾ་ཞེས་པའི་སྔགས་འདིས་བྱེད་དུ་གཞུག་གོ། །དེའི་རྗེས་སུ་སློབ་དཔོན་གྱིས་རང་གི་ལག་པ་གཡོན་པ་དང་། མགྲིན་པ་དྲིས་བྱུགས་ཤིང་མེ་ཏོག་གིས་དཀྲིས་པར་ཟླ་བའི་དཀྱིལ་འཁོར་བལྟས་ལ། དེའི་འོད་ཟེར་རྣམས་ཀྱིས་ ཕྱོགས་བཅུའི་སངས་རྒྱས་རྣམས་སྤྱན་དྲངས་པ་འདོད་ཆགས་ཆེན་པོས་ཞུ་བར་གྱུར་ནས་ཟླ་བ་གཉིས་ལ་ཐིམ་པར་བསམ་པར་བྱའོ། །དེ་ནས་ལག་པ་དེ་སློབ་མའི་མགོར་བཞག་ནས་ལྷག་གནས་ཀྱི་སྔགས་ལན་བདུན་དུ་བཟླས་སོ། །དེ་ནས་མགྲིན་པར་གནས་པ་དང་། ལག་ པར་གནས་པའི་སངས་རྒྱས་དེ་རྣམས་ཟླ་བ་དང་བཅས་པ་སློབ་མའི་ལུས་ལ་ཞུགས་ནས། བྱིན་རླབས་མཛད་པར་བསམས་ཏེ། སློབ་མ་བསྲུང་བར་བྱའོ། །དེ་ནས་དེ་ལ་སྙིང་པོའི་སྔགས་བཟླས་པའི་ཀུ་ཤ་རྣམས་བཏིང་སྟེ། །སྔས་དང་སྟན་གྱི་དོན་དུ་སྦྱིན་ནོ། །སློབ་དཔོན་ དཀྱིལ་འཁོར་གྱི་ཁང་པར་ཞུགས་ཏེ། བསྒོམ་པ་དང་བཟླས་པ་བྱའོ་ཞེས་པ་སློབ་མ་ལྷག་པར་གནས་པ་བྱས་ནས། ཐོ་རངས་གཏོར་མ་བྱིན་ཏེ་དཀྱིལ་འཁོར་གྱི་ཁང་པ་ནས་བྱུང་ལ་སློབ་མ་ལ་རྨི་ལམ་དྲིས་ཏེ། སྙིང་པོའི་སྔགས་ཀྱིས་བསྲུང་བར་བྱ་ཞིང་དཀྱིལ་འཁོར་གྱི་ 26-1-191a ཁང་པར་འབྱོར་པ་ཇི་ལྟ་བར་མཆོད་ནས་ལྷའི་འཁོར་ལོ་དངོས་སུ་དེར་གནས་པར་མོས་ལ། རང་གི་བློས་གཙོ་བོ་བླ་མར་བྱས་ཏེ་འཆད་པར་འགྱུར་བའི་སློབ་མ་གཞུག་པའི་ཚོགས་རང་ཉིད་དང་པོར་དཀྱིལ་འཁོར་དུ་ཞུགས་ལ། རིགས་ཀྱི་བདག་པོས་བདག་ཉིད་ལ་དབང་ བསྐུར་གྱི་མཐར་ཐུག་པ་བསྒྲུབས་ནས། དེ་ཉིད་ལས་སློབ་དཔོན་གྱིས་ལས་ཀུན་ལ་གནང་བ་ཐོབ་སྟེ། བདེན་པའི་བྱིན་རླབས་བྱའོ། །བདེན་པ་གང་གིས་ཡེ་ཤེས་མཆོག །ཤེས་རབ་ཐབས་བདག་དཀྱིལ་འཁོར་ཡིན། །བདེན་པ་དེ་ཡིས་མགོན་པོ་ཁྱོད། ། བདག་གི་འདོད་པ་ཡོངས་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་དང་མཉམ་པ། །དངས་ཤིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལ་ཡང་དག་བྱུང་། །དེ་ཉིད་དེ་བཞིན་ཉིད་ལས་སྐྱེས། །དེ་ལྟའི་བདེན་པས་དཀྱིལ་འཁོར་ནི། ། གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་སྡིག་མེད་མཐོང་བར་ཤོག །ཅེས་པས་སོ། །དེའི་རྗེས་སུ་སློབ་མ་ཁྲུས་བྱེད་དུ་བཅུག་ལ། དྲི་བཟང་པོ་ལ་སོགས་པས་གཙང་སྦྲ་ཅན་དུ་འགྱུར་བ། གོས་དམར་པོའི་སྨད་གཡོགས་དང་སྟོད་གཡོགས་ཅན། གདོང་ གཡོགས་དམར་པོ་བཅིངས་པ། དཔལ་ཧེ་རུ་ཀའི་གཟུགས་སུ་དམིགས་པ་ལ། ཨཱ་ཁཾ་བཱི་ར་ཧཱུཾ་ཞེས་པའི་སྔགས་ཀྱིས་མེ་ཏོག་གཟུང་བས་ཡོལ་བའི་ཕྱི་ངོས་སུ་ཡོན་ཕུལ་བ་ལས་ཐམས་ཅད་པའི་བུམ་ཆུས་གཏོར་བ། ཧཱུཾ་ཡིག་གིས་དཀྱིལ་འཁོར་གྱི་ཤར་སྒོར་བཞག་པ་ལ། དཀྱིལ་འཁོར་དུ་གཞུག་པའི་དོན་དྲི་བར་བྱ་སྟེ། ཀྱེ་ཁྱོད་སུ་ཡིན་ཞེས་པའོ། །དེས་བདག་ནི་རྒྱལ་བའི་སྲས་ཞེས་བརྗོད་པར་བྱའོ། །དེ་ནས་འདི་ལ། །ཨོཾ་སརྦ་ཡོ་ག་ཙིཏྟཾ་ཨུཏྤཱ་ད་ཡཱ་མི་ཞེས་པ་འདིས་བྱང་ཆུབ་ཀྱི་སེམས་བསྐྱེད་ནས། མེ་ཏོག་དང་བཅས་པའི་རྡོ་རྗེ་སྙིང་གར་ཧཱུཾ་སུ་ ར་ཏེ་ས་མ་ཡ་སྟྭཾ་ཧོཿ། སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ་ཞེས་བརྗོད་ཅིང་གཞག་པར་བྱའོ། །དེ་ནས་སྤྱི་བོར་རྡོ་རྗེ་བཞག་ནས་བརྗོད་པར་བྱ་སྟེ། འདི་ནི་ཁྱོད་ཀྱི་དམ་ཚིག་རྡོ་རྗེ་སྟེ། གལ་ཏེ་ཁྱོད་ཀྱིས་འདི་འགའ་ཞིག་ལ་སྨྲས་ན་སྤྱི་བོ་འགེམས་པར་བྱེད་དོ། །དེ་ནས་སྙིང་གར་རྡོ་རྗེ་བཞག་ནས་ 26-1-191b འདི་སྐད་བརྗོད་དེ། ཨོཾ་ད་ནི་རྡོ་རྗེ་སེམས་དཔའ་རང་། །ཁྱོད་ཀྱིས་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། ཞེས་པ་འདིས་མནའ་བྱེད་དུ་བཅུག་སྟེ། པདྨའི་སྣོད་དུ་འདུག་པ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པའི་ བདུད་རྩི་ལྔ་བསྲེས་པའི་བུམ་པའི་སྟེང་ན་གནས་པའི་འོ་མ། ཨོཾ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཋཿཧཱུཾ་ཞེས་པ་འདིས་ལན་བདུན་དུ་བཟླས་པ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ལས་དངོས་གྲུབ་སྟེ། །རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག ། ཅེས་བརྗོད་ཅིང་འཐུང་དུ་གཞུག་གོ། །ཁྱོད་ཀྱིས་ང་ལ་བརྙས་པར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་ནས་དམྱལ་བར་སོང་བར་གྱུར་ཏ་རེ་ཞེས་བརྗོད་ནས། བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་བས། དཀྱིལ་འཁོར་དུ་ནི་སློབ་མ་དག །བདག་གིས་ཡང་དག་བཅུག་པ་འདི། །ལྷ་རྣམས་ རིགས་ཀྱི་རིམ་པ་ནི། །བསོད་ནམས་ཇི་ལྟ་དེ་ལྟར་ཤོག །འདི་ཡིས་དངོས་གྲུབ་ཅི་འདྲར་འགྱུར། །རིགས་གང་ལ་ནི་སྣོད་ཡིན་དང་། །བསོད་ནམས་མཐུ་ཡང་གང་འདྲ་བ། །དེ་འདྲ་དཀྱིལ་འཁོར་དུ་གྱུར་ཅིག །ཅེས་པ་བདེན་པའི་བྱིན་རླབས་བྱས་ཏེ། ཡི་གེ་ལྔས་སྔར་ བཟུང་བའི་མེ་ཏོག་ཏྲཾ་ཡིག་གིས་བྱིན་གྱིས་བརླབས་པ་ཧཱུཾ་ཡིག་གིས་དཀྱིལ་འཁོར་གྱི་དབུས་སུ་འཕང་ཞིང་། ཨོཾ་བཛྲ་ཧེ་རུ་ཀ་བཛྲ་པུཥྤཾ་པྲ་ཏཱིཙྪ་ཧཱུཾ་ཞེས་འདོན་དུ་གཞུག་གོ། །འཕངས་པའི་མེ་ཏོག་དེ་སློབ་མའི་མགོ་ལ་འཆིང་ཞིང་། ཀྱེ་སྟོབས་པོ་ཆེ་ཁྱོད་ཀྱིས་འདི་སླར་ཟུང་ཤིག་ཅེས་ བརྗོད་དོ། །དེའི་རྗེས་སུ་སློབ་མའི་སྙིང་གར་ཟླ་བ་ལ་བདག་པོ་དང་། དཔྲལ་བར་ར་ཡིག་དང་མིག་གཉིས་ལ་ཨོཾ་ཡིག་གཉིས་བསྒོམས་ནས། ཨོཾ་རྡོ་རྗེ་སེམས་དཔའ་རང་ཉིད་དེང་། །ཁྱོད་ཀྱི་མིག་ནི་འབྱེད་པར་བརྩོན། །ཐམས་ཅད་མིག་ནི་འབྱེད་མཛད་དེ། །རྡོ་ རྗེའི་མིག་ནི་བླ་ན་མེད། །ཅེས་འདོན་ཅིང་གདོང་གཡོགས་བསལ་ནས། དགུ་ཡི་བདག་ཉིད་དཀྱིལ་འཁོར་དུ། །ཨོཾ་ཧེ་རུ་ཀ་བཛྲ་པུཥྤཾ་པྲ་ཏཱིཙྪ་ཧཱུཾ་ཞེས་པ་ལ་སོགས་པའི་སྔགས་རྣམས་ཀྱིས་བདུག་པ་ལ་སོགས་པའི་སྔགས་རྣམས་ཀྱིས་ཀྱང་མཆོད་དེ། ཀྱེ་རྡོ་རྗེ་ལྟོས་ཤིག་ 26-1-192a ཅེས་བརྗོད་པས། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་མཚན་བརྗོད་པ་སྔོན་དུ་འགྲོ་བར་བསྟན་པར་བྱའོ་ཞེས་པ་དཀྱིལ་འཁོར་དུ་འཇུག་པའི་རྗེས་ཐོགས་སུ་སློབ་མས་ཡན་ལག་ལྔས་ཕྱག་བྱས་པས་པུས་མོ་གཡས་པ་ས་ལ་བཙུགས་པ་ཐལ་མོ་སྦྱར་བས། བདག་ནི་ འཁོར་བའི་འདམ་དུ་བྱིང་། །དཔུང་གཉེན་སྐྱོབ་པ་པོ་མཛོད་ཅིག །བདག་ནི་སྐལ་དམན་སྤྲོ་བ་ཆུང་། །སངས་རྒྱས་ཆོས་དང་རྣམ་བྲལ་ལས། །ཀྱེ་ཀྱེ་མགོན་སྟོན་བླ་མ་ཆེ། །མགོན་པོ་ཁྱོད་ཀྱིས་ཐུགས་རྗེ་མཛོད། །ཅེས་བརྗོད་པས་གསོལ་བ་གདབ་བོ། །དེ་ལ་སློབ་དཔོན་གྱིས་ རང་གི་ལྟེ་བར་གཏུམ་མོ་འབར་བས་བཞུ་བའི་བདུད་རྩིས་སྙིང་གའི་ས་བོན་བཀྲུས་པའི་དུས་སུ། སྙིང་གའི་རྩ་བརྒྱད་ཀྱི་རང་བཞིན་གྱི་ལྷ་མོ་སྤྲོས་པ་རྣམས་དང་། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང་། རིག་པའི་ལྷ་མོ་རྣམས་ དང་བཅས་པ་རྣམས་ལ། སྙིང་རྗེ་ཅན་རྣམས་འདི་ལ་དབང་བསྐུར་སྩལ་དུ་གསོལ། །ཡང་ཡང་ཕྱག་འཚལ་ཐལ་སྦྱར་གསོལ་འདེབས་བགྱིད། །ཅེས་གསོལ་བ་གདབ་ཅིང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། གོས་དང་། རོལ་མོ་ལ་སོགས་པ་དང་ལྡན་པ། ཡེ་ཤེས་ཀྱི་ ཆུས་གང་བའི་བུམ་པ་དཀར་པོའི་ཕྱག་ཅན་བཀྲ་ཤིས་ཀྱི་གླུ་ལེན་པ་རྣམས་ཀྱིས། གང་གི་ཚེ་སློབ་མ་ཧེ་རུ་ཀའི་གཟུགས་ཅན་ལ་དབང་བསྐུར་བར་མཛད་པ་དེའི་ཚེ་མན་ཇི་གཉིས་ལ་གནས་པའི་ཟངས་སྣོད་དང་། དུང་ཆོས་རྣམ་པར་རྒྱལ་བའི་བུམ་པ་ལ་སོགས་པའི་ཆུས་བཀང་ནས། དང་པོར་རྡོ་རྗེ་དང་བཅས་པའི་ལག་པ་གཉིས་ཀྱིས་བཟུང་བའི་ཟངས་སྣོད་ཀྱི་ཆུ་ཉུང་ངུ་ཡིས་དང་དེའི་རྗེས་སུ་དུང་གིས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་ ཧེ་རུ་ཀ་པཱི་ར་སྟྭཾ་ཨ་བྷི་ཥིཉྩ་མི་ཞེས་བརྗོད་ཅིང་ཁྲུས་བྱེད་པའི་སློབ་མ་ལ་ཅོད་པན་གྱིས་བྱིན་གྱིས་བརླབ་པར་བྱའོ། །དེ་ལྟར་ཆུ་དང་ཅོད་པན་གྱི་དབང་བསྐུར་བདག་གིས་དབང་བསྐུར་བའི་སློབ་མ་ལ་དེ་ལྟར་བཟུང་བའི་དུང་གི་ཟངས་སྣོད་ན་གནས་པའི་ཆུ་ལྷག་མ་བསྲེས་པའི་ 26-1-192b ཆུ་ལྷག་མ། ལེའུ་དང་པོར་བརྗོད་པའི་སྔགས། ཨོཾ་བུདྡྷ་ཞེས་པ་ལ་སོགས་པ་བརྗོད་ཅིང་། ལན་གསུམ་བླུད་དོ་ཞེས་པའོ། །སྦྱར་བ་རྣམས་ཞེས་པ་བྱས་པ་རྣམས་སོ། །གཞན་རྣམས་ནི་ལྷོག་པ་ལ་སོགས་པའི་ལུས་ལ་སྐྱེས་པའི་དུག་རྣམས་སོ། །ཉེ་བའི་དུག་ནི་ལམ་ལ་སོགས་ པའོ། །མདའ་དུག་གི་ཆུ་ཞེས་པའི་དོན་ཏོ། །བྱུག་པ་ཞེས་པ་བཟའ་བའི་དོན་དུ་བཟའ་བྱ་ལ་སོགས་པ་ལ་བྱུག་པ་རྣམས་བྱས་ནས་སོ། །གང་རྣམས་ཞེས་པ་དུག་རྣམས་སོ། །དེ་རྣམས་ཞེས་པ་དེ་ཐམས་ཅད་དོ། །དེ་ཉིད་དུ་ཞེས་པ་གང་གིས་གཟུང་བའམ་སྦྱིན་པ་དེ་རྣམས་ཁོ་ནར་རོ། ། ཤཱ་ལི་ཀཱ་བྱེད་པས་ཞེས་པ་ཤཱ་ལི་ཀཱའི་བྱེད་པ་ཙམ་གལ་ཏེ་ཤེས་པར་འདོད་ན་དེ་ཁོ་ནས་ཤེས་པར་གྱིས་ཤིག །ཡང་ན་དུག་ཞི་ཐབས་ཏེ་འཇིག་རྟེན་པ་དང་དོན་དམ་པ་ཐམས་ཅད་ཅེས་པའི་དོན་ཏོ། །སྟོང་ཕྲག་ཅེས་པ་ལ་སོགས་པ་ལ་སྟོང་ཕྲག་བརྒྱའི་ནང་ན་གང་བསམ་པ་རྣམ་པར་ དག་པ་ལ་གདམས་པ་དང་། འཆད་པར་འགྱུར་བའི་སྔགས་སྦྱིན་ནོ། །སྦྲུལ་ཞེས་པ་ལ་སོགས་པ་ལ་སྦྲུལ་གྱིས་ཟིན་པ་ལའོ། །དེ་བཞིན་ཞེས་པ་མི་བརྩོན་པའོ། །དོན་འདི་ཡིན་ཏེ། གཟུང་བ་ལ་ཇི་སྲིད་དུ་དུག་གསོ་ཐབས་གཞན་སྔགས་དང་སྦྱོར་བ་ལ་སོགས་པའི་ལས་ བྱེད་པའམ། བྱེད་པར་འགྱུར་བ་དེ་སྲིད་སངས་རྒྱས་ཐོད་པའི་རྣལ་འབྱོར་པས་སྤྲོ་བར་མི་བྱའི་འདི་ནི་དུས་སུ་བཟུང་བ་སྟེ་ཤི་བའོ་ཞེས་དུག་གསོད་པ་གཞན་རྣམས་ཀྱིས་དོར་བ་ན་བཟུང་བ་ལ་ལས་བརྩམ་པར་བྱའོ། །འོད་ཟེར་རྣམས་ཞེས་པ་ལ་སོགས་པ་ལ། བདག་ཉིད་ཧེ་ རུ་ཀའི་གཟུགས་ཅན་གྱི་སྙིང་གའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་ནོར་རྒྱས་ལ་སོགས་པའི་ཀླུའི་གནས་སུ་བསྐུལ་བས་ཀླུའི་སྙིང་སྐམས་པ་ཅི་བགྱི་ཞེས་ཟེར་བའི་ཀླུ་རྣམས་ལ་གསུངས་པའོ། །སྔོན་ཞེས་པ་ལེའུ་དང་པོར་དེ། འདིར་ཡང་སངས་རྒྱས་ཐོད་པ་གསུངས་པ་ཞེས་དྲན་ དུ་འཇུག་སྟེ། ཁྱེད་རྣམས་སྔགས་ཀྱི་འོད་ཟེར་གྱིས་ཟིལ་གྱིས་མནན་པ་བཅོམ་ལྡན་འདས་མ་ལ་ཞུས་ནས། དེའི་བཀའ་ཁས་བླངས་པ་ཞེས་པ་དགོངས་པའོ། །དེ་ནས་འགྱུར་ཞེས་པ་འདི་ལྟར་རིག་པ་སྒྲུབ་པ་མ་ཡིན་ཞེས་པ་ཀླུ་རྣམས་ཀྱིས་གསོལ་བའོ། །ཀྱེ་འོད་ཟེར་ 26-1-193a བཞུད་ཅིག །གང་གི་ཕྱིར་དུས་སུ་ཟིན་པ་མེད་ཅིང་། གཟུང་བ་དང་འཛིན་པ་མེད་དེ། འཛིན་པར་བྱེད་པ་དུས་སུ་ཟིན་པ་ལས་གཞན་མེད་དོ། །དོགས་པ་སྟེ་དོགས་པ་ཅན་དུག་གིས་འཆི་བ་ལ་དོགས་པ་དང་བྲལ་བའི་ཕྱིར་རོ། །འོད་ཟེར་ལ་ནི་འོད་ཟེར་རོ། །བ་ལང་ གི་ལྕི་བ་ས་ལ་མ་ལྷུང་བ་ནི་བ་སེར་སྐྱའིའོ། །དེས་འདབ་ཆགས་རི་སྐེགས་དང་རི་སྐེགས་མོ་ཡང་བྱའོ། །སྣོད་དཀར་པོ་ནི་འབྲས་དཀར་པོ་བཏགས་པ་ལས་བྱས་པ་སྟེ། དེར་འདབ་ཆགས་གཉིས་པོ་དེ་གཞག་པར་བྱའོ། །དེར་དུང་ལ་སོགས་པའི་སྣོད་དཀར་པོར་རོ་བསྲེགས་ པའི་སོལ་བ་མཉེས་པའི་སྣག་ཚ་བཞག་ཅིང་དེས་ཀ་ར་བཱི་ར་དཀར་པོའི་འདྲི་སྨྱུག་གིས་རི་སྐེགས་ཀྱི་སྔགས་བྲི་བར་བྱའོ། །ཕོ་དང་མོ་རུ་ཞེས་པ་མོ་ནི་རི་སྐེགས་མོ་སྟེ། དེའི་ཕོ་ནི་རི་སྐེགས་སོ། །འདི་ནི་ཁྱད་པར་ལ་སྟེ་དེའི་ཕྱིར་དེས་བྲིས་པའི་སྔགས་ཀྱི་གྲོག་ལ་སོགས་པའི་འདབ་མ་ གཉིས་རི་སྐེགས་ཀྱི་སྙིང་གར་དང་རི་སྐེགས་མོའི་སྙིང་གར་བཞག་གོ་ཞེས་བསྟན་ཏོ། །སྣག་ཚ་སྦྱིན་པར་བྱ་ཞེས་པ་ལ་སོགས་པ་ལ། སྣག་ཚ་དེས་རི་སྐེགས་གཉིས་ལ་བྱུག་ཅིང་བྲིས་ལ། བདག་ཉིད་ཀྱི་མིག་ལ་ཕྱོགས་པར་བཞག་སྟེ། བདེན་པའི་རི་སྐེགས་གཉིས་བཞིན་དུ་ བལྟ་ཞིང་ཀ་ར་བཱི་ར་དཀར་པོའི་ལོ་མས་སྔགས་ལན་བདུན་བདུན་བརྗོད་ཅིང་བཀུག་པའི་ལྷའི་རི་སྐེགས་གཉིས་དང་དབྱེར་མེད་པར་བསྒོམ་མོ། །ཨོཾ་ཞེས་པ་ལ་སོགས་པ་སྭཱ་ཧཱའི་མཐར་ཐུག་པ་ནི་སྔགས་གཅིག་གོ། །ཞུགས་ཞེས་པ་རི་སྐེགས་དེ་གཉིས་སོང་ནས་ཀླུའི་ གནས་སུ་ཞུགས་པའོ། །གང་གིས་ཞེས་པ་ལ་སོགས་པ་འཛིན་པ་པོའི་ཀླུའོ། །རི་སྐེགས་མཐུ་ཆེན་པོ་ཅན་མཐོང་ནས་མ་ཤི་ན་ཡང་ལོང་བར་ནི་མི་འགྱུར་རོ། །ཤཱ་ལི་ཀཱ་རྣམས་ལ་ནི་ཤཱ་ལི་ཀཱ་དག་ལའོ། །གསོལ་བ་ནི་གསོལ་བ་རྣམས་སོ། །ཚིག་ནི་སྣ་ཚོགས་སྡེ་མ་ ལ་ཁས་བླངས་པའི་ཚིག་སྟེ། རྣམ་པ་གཞན་དུ་མི་བགྱིད་པའོ། །ཁ་ཅིག་ཏུ་མ་མཛད་ཅེས་ཀློག་པ་དེའི་ཚེ་སྤྲིན་ལ་ཞོན་གྱི། ཀླུ་ཉེ་བར་མི་འཚེ་བའི་དོན་དུ་བྱེད་དུ་བཅུག་པའི་ཚིག་གིས་བྱ་ཁྱུང་གི་རྒྱལ་པོས་འདབ་ཆགས་སྟོབས་པོ་ཆེ་ཐམས་ཅད་ལ་ངག་བྱ་སྟེ། དེའི་ཕྱིར་ཚིག་དེ་ 26-1-193b རྣམ་པ་གཞན་དུ་མ་མཛད་ཅིག་ཅེས་པའི་དོན་ཏོ། །དེ་ལྟར་ཞེས་པ་ལ་སོགས་པ་རི་སྐེགས་དང་ཤཱ་ལི་ཀཱ་མོ་དག་གིས་མགོ་དང་མཇུག་མ་དག་གཟུང་ནས་ཟིན་པའི་མདུན་དུ་ཁྱེར་འོང་བའི་སྦྲུལ་ལོང་བ་ལ་འགུགས་པའི་སྔགས་ཀྱིས་མངོན་པར་བསྔགས་པའི་སྦྲུལ་གྱི་ཁུང་བུའི་ས་ཡིས་ འགུགས་པའི་སྔགས་བརྗོད་པ་སྔོན་དུ་འགྲོ་བར་བྲབས་པ་ལ། མིག་བྱུང་བ་ཟིན་པ་མཐོང་བ་ལ་རྐང་པ་ནས་མགོ་བོའི་མཐར་ཐུག་པ་དང་། མགོ་བོ་ནས་རྐང་པའི་མཐར་ལན་གསུམ་དུ་འགྲོའོ། །དེ་ནས་བཟུང་བ་ལངས་པ་ན་ཤཱ་ལི་ཀཱ་གཉིས་ཀྱིས་སྦྲུལ་རང་གི་གནས་སུ་ཁྱེར་ནས་ སོང་བ་ནི། རང་གི་གནས་སུ་རྟག་ཏུ་གནས་སུ་གཞུག་གོ་ཞེས་སྤྱིའི་དོན་ཏོ། །ཡན་ལག་གི་དོན་ནི་བཟུང་བའི་ཞེས་པ་བཟུང་བའོ། །སྦྲུལ་གྱིས་ནི་སྦྲུལ་ལོ། །ཤི་བ་འགྱེལ་བའི་ཞེས་པ་ཤི་ཞིང་འགྱེལ་བའོ། །འགྲོ་བ་ནི་མགོ་བོའི་མཐར་ཐུག་པར་རོ། །འོང་བ་ནི་རྐང་པའི་བར་ དུའོ། །ཀུན་རྫོབ་པའི་དུག་གསོ་ཐབས་རི་སྐེགས་ཀྱི་བྱེད་པ་གསུངས་ནས་དོན་དམ་པ་གསུངས་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཞེས་པའོ། །དེ་ཉིད་རྒྱས་པར་སྟོན་ཏེ། སྟོང་པ་ཞེས་པ་ལ་སོགས་པའོ། །སྟོང་པ་ནི་རང་བཞིན་མེད་པ་རྣམ་པར་རྟོག་པའི་གོས་པ་ཐམས་ཅད་དང་བྲལ་ བའོ། །མཐའ་དག་སྟེ་ཕྱི་དང་ནང་གི་བདག་ཉིད་ཀྱི་དངོས་པོའོ་ཞེས་པའོ། །ཡོད་པར་སྒྲོ་འདོགས་པ་བསལ་ནས་མེད་པར་སྒྲོ་འདོགས་པ་སྤོང་སྟེ། ཆོས་ནི་དངོས་པོ་རྣམས་ཀྱི་ཆོས་ཉིད་སྟོང་པ་ཉིད་མེད་དེ་དེ་ནི་སྤྲོས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་སྲིད་དུ་ཞེས་པ་ལ་སོགས་པ་ ཉིན་ཞག་ཉི་ཤུ་རྩ་གཅིག་རྣམས་ཇི་སྲིད་པའོ། །མང་པོས་ཅི་སྟེ་ཇི་སྲིད་དུ་ཟིན་པའི་གདོང་པ་ལ་སོགས་པ་མི་དབྱེ་བ་སྟེ། གདངས་ནས་མི་གནས་པ་དེ་སྲིད་དུ་འཁྲུལ་འཁོར་གྱི་ལས་བྱའོ། །མཇུག་བསྡུ་བ་ནི། དེ་ལྟར་ཞེས་པ་ལ་སོགས་པ་སྟེ། དེ་ལྟར་དུག་གི་ཆུ་བླུད་པའི་ མཐར་ཐུག་པས་རྗེས་སུ་བཟུང་ནས་དུག་ཞི་ཐབས་རི་སྐེགས་ཀྱི་བྱེད་པ་དང་། དོན་དམ་པ་ལུང་བསྟན་པར་བྱའོ། །སངས་རྒྱས་ཐོད་པའི་རྣལ་འབྱོར་གྱིས་ཨོཾ་བུདྡྷ་ཀ་པཱ་ལི་ནཱི་ཨཱཿཧཱུཾ་ཞེས་པ་འདིས་ལན་ཉི་ཤུ་རྩ་གཅིག་ཏུ་མངོན་པར་བསྔགས་པའི་དུག་བཟའ་བར་བྱའོ། །ཕྱི་ 26-1-194a རོལ་གྱི་སར་ཞེས་པ་དཀྱིལ་འཁོར་གྱི་གནས་ལ་སྟེ། དཀྱིལ་འཁོར་གཤེགས་སུ་གསོལ་ནས་སོ། །འདིས་ཞེས་པ་བརྗོད་ཟིན་པས་ཏེ། རྡུལ་ཚོན་གྱི་དཀྱིལ་འཁོར་དགུའི་བདག་ཉིད་མཆོད་པར་བྱའོ་ཞེས་པ་སྔར་བཞིན་ནོ། །ཡང་ན་སྒྲུབ་པ་པོ་སེམས་ བརྟན་པ་ཧེ་རུ་ཀའི་བདག་ཉིད་ཀྱིས་བརྗོད་ཟིན་པའི་མཆོད་པའི་སྔགས་འདིས་རིམ་པ་ཇི་ལྟ་བར་མཆོད་པར་བྱའོ་ཞེས་འབྲེལ་ལོ། །དཀྱིལ་འཁོར་ནི་ཙནྡན་ལ་སོགས་པས་ཞེས་པའི་དོན་ཏོ། །དཀར་པོའི་ལུས་ཅན་ཞེས་པ་དཀར་པོའི་ཡོན་ཏན་གྱི་ཚོགས་དང་ལྡན་པའོ། །མེ་ཤིགས་ པ་ནི་མགོ་བོ་མེད་པ་སྟེ། བདེ་བའི་གནས་ཀྱི་ནང་དུའོ་ཞེས་པ་མན་ངག་གོ། །སྣོད་ཀྱི་ཁ་ནི་བུམ་པའི་ཁའོ། །ཟླ་བ་ཞེས་པ་ཟླ་བ་ཞུ་བར་གྱུར་པའོ། །ལངས་པར་ཞེས་པ་ལྡང་བར་བྱེད་དོ་ཞེས་པའོ། །སངས་རྒྱས་ཐོད་པའི་རྒྱུད་ཆེན་པོའི་འགྲེལ་པ་མཁས་པ་མི་འཇིགས་པའི་ འབྱུང་གནས་ཀྱི་སྦས་པས་མཛད་པ་མི་འཇིགས་པའི་གཞུང་འགྲེལ་དུ་ལེའུ་བཞི་པའོ།། །།བཅུད་ལེན་རྒྱས་པར་སྟོན་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ཟླ་བ་དྲུག་ཏུ་ཞེས་པ་སྣར་བླུགས་བྱའོ། །ཞེས་པ་ལྷག་མའོ། །ཤེས་རབ་བྱ་རོག་མ་ནི་གང་ གི་གཟུགས་དང་ཁ་དོག་བྱ་རོག་གི་ལྟ་བུ་སྟེ་ལུས་ནག་པོའོ། །ངང་པ་མོ་ནི་ཤེས་རབ་མ་སྟེ་གང་གི་གཟུགས་ངང་པའི་བྱེ་བྲག་གི་བཞིན་དུ་དཀར་བའོ། །དྲོད་མ་ནི་ཤེས་རབ་སྟེ། གང་གི་དྲོད་གཟུགས་ཏེ་སྔོན་པོ་དང་དཀར་པོ་བསྲེས་པའོ། །ཁ་ཅིག་ནི་ཁ་དོག་སྔོན་པོ་སྟེ་དྲོད་ གཟུགས་ཞེས་པ་ནི་རྟག་ཏུ་འདིའི་ལུས་དྲོ་བའོ་ཞེས་ཟེར་རོ་ཞེས་པ་ཤེས་རབ་རྣམ་པ་གསུམ་མོ། །དེ་ལ་བྱ་རོག་མའི་རྡུལ་ནི་ནག་པོའི་ཕྱོགས་ལ་བྱུང་བ་གཟུང་བར་བྱའོ། །ངང་པ་མའི་དཀར་པོའི་ཕྱོགས་ལ་བྱུང་བའོ། །དྲོད་མའི་ཕྱོགས་གཉིས་ཀ་ལ་བྱུང་བའོ། །གཞོན་ནུ་ མ་ལ་སོགས་པ་རྣམས་ཀྱི་མཚན་ཉིད་གསུངས་པ། སྔོ་སངས་ནི་བྱ་རོག་མ་སྟེ་མིག་སྔོ་བས་ཁྱད་པར་དུ་བྱས་པའོ། །དེའི་ལོ་བཅོ་བརྒྱད་མ་ནི་རྫས་མིག་རྣག་དང་ཁ་སྦྱར་སྦྱོར་བ་ཞེས་ཐབས་དང་ཡང་དག་པར་སྦྱར་བའི་སྦྱོར་བ་ལས་སྐྱེས་པའི་གཉི་གའི་བྱང་ཆུབ་ཀྱི་སེམས་ 26-1-194b དང་དེའི་རྡུལ་ཞེས་པ་གསུམ་གཞོན་ནུ་མ་ཅན་དུ་བརྗོད་དོ། །ཤེས་རབ་མ་གསུམ་པོ་དེ་རྣམས་སུ་བྱུང་བས་ན་དེར་བྱུང་ངོ་། །དེ་རྣམས་སུ་ཡང་དེ་ཅིའི་ཡིན་ཞེ་ན་གསུངས་པ། རྩ་རྣམས་ཀྱི་སྟེ་ཨ་བ་དྷཱུ་ཏཱི་ལ་སོགས་པ་རྣམས་ཀྱིའོ། །པདྨ་སྐྱེས་ནི་ཆོས་འབྱུང་དུ་སྐྱེས་པའི་རྫས་བྱང་ ཆུབ་སེམས་སོ། །དེའི་ཡང་ཅི་ཞིག་ཏུ་གནས་ཤེ་ན་གསུངས་པ། གེ་སར་དུ་སྟེ་རྩ་ཚོགས་པར་རོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། སྦས་པའི་སྤྱོད་ཡུལ་དུ་སྟེ། སྦས་པའི་སྤྱོད་ཡུལ་ནི་གང་གིས་རྫས་གནས་པའི་ཡུལ་ཏེ། ལྟེ་བ་ནས་བྱུང་ནས་གེ་སར་དུ་གནས་པ་ཞེས་པའི་དོན་ཏོ། །འདིའི་ དོན་ནི་འདི་ཡིན་ཏེ། ཤེས་རབ་མ་གསུམ་པོ་རྣམས་ལས་གང་ཡང་རུང་བ་ལོ་བཅུ་གཉིས་ལོན་པ་དང་སྦྱོར་བ་ལས་སྐྱེས་པའི་གཉི་གའི་བྱང་ཆུབ་ཀྱི་སེམས་དང་དེའི་རྡུལ་དང་པོ་གཉིས་ཤཱ་ལི་ཀཱའོ། །མེ་ཏོག་ལྡན་པ་ཞེས་པ་ལ་སོགས་པ་ལ། བྱ་རོག་མ་ལོ་བཅུ་དྲུག་ལོན་ པ་རྡུལ་དང་ལྡན་པ་དང་སྦྱར་བ་ལས་བྱུང་བའི་གཉི་གའི་བྱང་ཆུབ་ཀྱི་སེམས་ནི་གྲུབ་མའོ། །ཉེར་སྤྱོད་ཐ་མི་དད་པ་ཞེས་པ་ནི་སྤྱོད་པ་མཚུངས་པའོ། །མི་མོ་ནི་ཤེས་རབ་མ་གསུམ་ལས་གང་ཡང་རུང་བའོ། །མ་ཉམས་མ་ནི་སྐྱེས་པ་གཞན་གྱིས་མ་བགྲོད་པ་སྟེ། སྐྱེ་ གནས་མ་ཉམས་པ་ཞེས་པའི་དོན་ཏེ། དེ་ལས་དང་པོར་བྱུང་བ་ཞེས་པ་དེ་ལོ་ཉི་ཤུ་མ་ཟླ་མཚན་དང་ལྡན་པའི་ཉི་མ་དང་པོ་ལས་བྱུང་བའི་རྡུལ་དང་། དེའི་ཚེ་ཁོ་ན་དེ་དང་སྦྱར་བ་ལས་སྐྱེས་པའི་བྱང་ཆུབ་ཀྱི་སེམས་ཞེས་པ་གཉིས་ནི་བྱིས་པ་ཅན་མའོ། །ལྷན་ཅིག་སྐྱེས་པ་ཞེས་པ་ལ་ སོགས་པ་ཤེས་རབ་གསུམ་པོ་གང་ཡང་རུང་བ་ལོ་ཉི་ཤུ་རྩ་ལྔ་མ་དང་སྦྱར་བའི་གཉི་གའི་ཁུ་བ་དང་། བུད་མེད་ཤི་བའི་ཐོད་པའི་རྩ་ལས་བྱུང་བའི་འབྲུ་མར་ཞེས་པ་གཉིས་ནི་ཐོད་པ་ཅན་མའོ། །སྨན་ལྔ་པོ་འདི་རྣམས་དངུལ་ཆུ་དང་སྦྱངས་པ་ར་ཏི་རེ་དང་ལྷན་ཅིག་རིམ་པ་ཇི་བཞིན་དུ་ ཟླ་བ་དྲུག་དང་གསུམ་དང་གཅིག་དང་ཕྱེད་དང་གཉིས་དང་གཅིག་རྣམས་སུ་འཆད་པར་སྔ་དྲོ་སྦྱར་བར་བྱའོ། །དེ་ལ་སྨན་བྱ་རོག་མ་སྣ་བུག་གཡོན་པར་རླུང་རྒྱུ་བའི་དུས་སུ་སྣར་བླུགས་པར་བྱའོ། །སྨན་ངང་པ་མ་ནི་གཡས་ཀྱིས་སོ། །དྲོད་མ་ནི་གཉི་ག་ནས་སོ་ཞེས་གསུངས་ 26-1-195a པ། ཟླ་བ་ཞེས་པ་ལ་སོགས་པའོ། །ཟླ་བ་ནི་འདིར་རྐྱང་མའི་རླུང་ངོ་། །ཉི་མ་ནི་རོ་མའི་རླུང་ངོ་། །ཟླ་བ་ནི་ཁུ་བའོ། །ཉི་མ་ཞེས་པ་རྡུལ་ལོ། །གལ་ཏེ་སྨན་དེ་ལ་ཁུ་བ་ཤས་ཆེ་ན་དེའི་ཚེ་སྣ་བུག་གཡོན་པར་རོ། །ཅི་སྟེ་རྡུལ་ཤས་ཆེ་ན་དེའི་ཚེ་གཡས་ནས་ སོ། །དེ་ནས་འདི་ལས་ཞེས་པ་ལ་སོགས་པ་གོ་སླའོ། །རྣལ་འབྱོར་མའི་མཆོག་ཅེས་པ་བདུད་རྩི་ལྔ་རྣམས་ནི་རྣལ་འབྱོར་མ་རྣམས་སོ། །རྣལ་འབྱོར་མཆོག་རྣམས་ནི་ཐབས་སྒྲོན་མ་ལྔ་རྣམས་སོ། །ནུས་ཏེ་བཟའ་བར་ཞེས་པ་ལྷག་མའོ། །རྣམ་རྟོག་ནི་རྣམ་རྟོག་རྣམས་ སོ། །དེ་བཞིན་གཤེགས་པས་མི་རྟོགས་སོ་ཞེས་པ་ལ་སོགས་པའི་ཕུལ་དུ་བྱུང་བས་བརྗོད་པ་ནི། གུས་པ་བསྐྱེད་པའི་དོན་དུའོ། །འོ་ན་སུ་རྣམས་ཀྱིས་རྟོགས་ཤེ་ན་གསུངས་པ། བླ་མ་ལ་གུས་ཞེས་པ་ལ་སོགས་པ་སྟེ། རྟག་པ་ལ་སོགས་པའི་མཐའ་ལས་འདས་པའི་སྟོང་པ་ ཉིད་བསྒོམས་པས་འདོད་ཆགས་ལ་སོགས་པ་དང་བྲལ་བ་རྣམས་སོ། །དེ་ཉིད་ཀྱི་ཕྱིར་ཉོན་མོངས་ཐམས་ཅད་རྣམ་སྤངས་པ། འདི་རྣམས་ཀྱིས་ཟིལ་གྱིས་མནན་པའོ། །བཟའ་བ་ལ་སོགས་པ་ལ་མ་ཞེན་པའོ། །ཤེས་རབ་ཐབས་སོགས་ཀྱིས་ཞེས་པ་རེག་བྱ་ལ་སོགས་པ་འདོད་ པའི་ཡོན་ཏན་ལྔ་རྣམས་ཀྱིས་སོ། །ཕྱོགས་གཅིག་གིས་ཞེས་པ་ཕྱོགས་གཅིག་གིས་ཏེ། བླ་ན་མེད་པའི་ཤེས་རབ་དང་ཐབས་དག་གཅིག་གི་ངོ་བོས་དེ་ཁོ་ན་ཉིད་མཉམ་པར་གཞག་པ་དང་མ་བཞག་པའི་གནས་སྐབས་དག་ཏུ་སྒོམ་པར་བྱེད་པས་འགྲུབ་པོ་ཞེས་པའི་ དོན་ཏོ། །དེ་ཁོ་ན་ཉིད་སྒོམ་པ་ཁོ་ན་ལ་ལྷུར་ལེན་པ་ཉིད་ཀྱི་དོན་དུ་ཡུལ་ལ་ཞེན་པ་སྤངས་པ་གསུངས་པ། ཀྱེ་ལགས་ཞེས་པ་ལ་སོགས་པའོ། །ཅལ་ཅོལ་ནི་འགལ་བའོ། །ཅི་ཞེ་ན་གང་དབང་པོ་རྣམས་ཀྱིས་གནོད་ཅིང་ཡུལ་རྣམས་ལ་ཀུན་ནས་ཞེན་པའོ། །སེམས་ཅན་ འདི་སྟེ་མངོན་པར་ཞེན་པའི་སྐྱེ་བོ་རྣམས་སོ། །ཧཱ་ཧཱ་ཞེས་པ་མྱ་ངན་ནོ། །ཅལ་ཅོལ་ནི་དེ་ཁོ་ན་ཉིད་སྒོམ་པ་ལས་གཞན་བཟའ་བ་དང་། བཏུང་བ་ལ་སོགས་པ་ལ་སེམས་གཡེང་བའོ། །གྲིབ་མ་ནི་གཟུགས་བརྙན་ནོ། །གཉུག་མའི་བདག་པོ་ཞེས་པ་གཉུག་མའི་བདག་པོ་ 26-1-195b རྣམས་ཏེ་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་རང་བཞིན་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔ་རྣམས་འགྲུབ་པར་འགྱུར་ཏེ། རྣལ་འབྱོར་པ་དེའི་རང་བཞིན་དུ་འགྱུར་རོ་ཞེས་པའི་དོན་ཏོ། །མི་འཇིགས་པའི་གཞུང་འགྲེལ་དུ་ལེའུ་ལྔ་པའོ།། །།དབང་ བསྐུར་ནས་དེ་ཁོ་ན་ཉིད་གསལ་བར་བྱ་ཞིང་། དབང་བསྐུར་ནས་དཀྱིལ་འཁོར་སྔོན་མ་ཅན་ཏེ། དེ་ནས་སློབ་མ་དབང་པོ་མཆོག་ཡིད་ཀྱིས་རང་བཞིན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བར་བྱའོ་ཞེས་རྟོགས་པར་བྱ་བའི་དོན་དུ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ཕྱི་རོལ་གྱི་ དཀྱིལ་འཁོར་ལ་མངོན་པར་ཞེན་པ་རྣམས་འཇིགས་པར་བྱེད་པ་ཉིད་ཀྱི་ཕྱིར་འཇིགས་པའོ། །དབང་པོ་རྣོན་པོ་དགའ་བའི་གནས་ཉིད་ཀྱི་ཕྱིར་བཟང་བ་སྟེ་ཡིད་ཀྱི་རང་བཞིན་ནོ། །མཆོག་ནི་འཇིགས་པར་བྱེད་པའི་འབྲས་བུ་འབྱིན་པ་ཉིད་ཀྱི་ཕྱིར་རོ། །གང་གིས་ཞེས་པ་དཀྱིལ་ འཁོར་གྱིས་སོ། །ཤེས་རབ་ཐབས་ཀྱི་སྒྲུབ་པ་ནི། །ཞེས་པ་ཤེས་རབ་དང་ཐབས་དག་གི་སྒྲུབ་པ་སྟེ། དེས་རྗེས་སུ་བསྒྲུབ་པའོ། །མཐའ་ནི་བྱ་གདོང་གི་རྩེ་མོ་སྟེ་དེ་དང་སྦྱོར་ཞིང་འབྲེལ་བའོ་ཞེས་པ་མཐའ་ལ་སྦྱོར་བའོ། །ཕྱིའི་དཀྱིལ་འཁོར་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་རོ། ། ལྷ་ཉིད་གཞིག་པ་ཙམ་གྱིས་ཞེས་པ་བག་མེད་པ་ལས་ལྷ་གཤེགས་སུ་མ་གསོལ་བའི་རྡུལ་ཚོན་བཤིག་པས་ཞེས་རྟོགས་པར་བྱ་སྟེ། གཞན་དུ་ན་སྔ་ཕྱི་དང་རྒྱུད་གཞན་རྣམས་དང་འགལ་བའོ། །དེ་ཉིད་ཀྱི་ཕྱིར་ལྷ་བཤིག་པ་སྲིད་པ་ཉིད་ཀྱི་ཕྱིར་རྡུལ་ཚོན་གྱི་ལྷ་ལ་གཟུང་འཛིན་དུ་ འཛིན་པས་དག་པ་སྟེ། གཉིས་མེད་ཡེ་ཤེས་ཀྱི་བདག་ཉིད་མེད་ཅིང་ཡིད་རང་བཞིན་གྱི་དཀྱིལ་འཁོར་ལ་ནི་ཡོད་དོ་ཞེས་མངོན་པར་དགོངས་སོ། །ལྷ་བཤིག་པ་བཞིན་དུ་དེའི་མཚན་མ་བཤིག་ན་ཡང་སྡིག་པའོ་ཞེས་གསུངས་པ། རྡོ་རྗེ་ཞེས་པ་ལ་སོགས་པ་མི་བསྐྱོད་པ་ལ་ སོགས་པའི་རིགས་ཀྱི་བདག་པོ་རྣམས་ཀྱི་མཚན་མ་སྟེ། ཡང་ཡིད་ལས་ས་བོན་རྣམས་དང་། ལྷ་གཞན་རྣམས་ཀྱི་ཡང་ངོ་ཞེས་རིག་པར་བྱའོ། །སོང་ནས་ཞེས་པ་འགྲོ་བའོ། །དོན་དམ་པར་ནི་ཡང་སངས་རྒྱས་ཞེས་པ་ལ་སོགས་པ་སྟེ་ཅི་ཡིས་ཏེ་ཅི་ཞིག་གིས་ཀྱང་མ་ཡིན་ནོ། །སྤྱན་ 26-1-196a དྲང་བ་ལ་སོགས་པ་ནི་སེམས་ཅན་དམན་པའི་བསམ་པའི་དབང་གིས་གསུངས་པའོ། །འགར་ཡང་ཞེས་པ་དོན་དམ་པར་འགའ་ཞིག་ཏུ་ཡང་མ་ཡིན་ནོ། །དེ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གསུངས་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ རྣམས་ནི་གང་ལས་ཀྱང་བྱོན་པའམ་བཞུད་པ་མེད་དོ། །དེ་བཞིན་ཉིད་ནི་མི་གཡོ་བ་སྟེ་དེ་ནི་དེ་བཞིན་གཤེགས་པའོ་ཞེས་སོ། །དྲི་མ་མེད་ཅེས་པ་དྲི་མ་མེད་པ་རྣམས་ཏེ་འདོད་ཆགས་ལ་སོགས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །ཤེས་བྱའི་སྒྲིབ་པ་དང་བྲལ་བ་ཉིད་ཀྱི་ཕྱིར་དག་པ་ཆོས་ སྐུ་རྣམས་སོ། །གཞན་རྣམས་ཞེས་པ་གང་རྣམས་དོན་དམ་པར་སྤྱན་དྲང་བ་ལ་སོགས་པ་སྲིད་པ་ན་རྡུལ་ཚོན་གྱི་དཀྱིལ་འཁོར་རིགས་པ་བཞུད་པ་ལ་སོགས་པའི་སྤྲོས་པ་ལ་གྲོལ་བ་སྒྲིབ་པ་མེད་པའི་དེ་བཞིན་གཤེགས་པ་རྣམས་ལས་གཞན་པའི་དེ་བཞིན་གཤེགས་ པ་རྣམས་ཡོད་དོ་ཞེས་འདོད་པར་མི་བྱའོ། །འདི་ལ་ཚད་མ་ཅི་ཞེ་ན་གསུངས་པ་འདིར་ཞེས་པ་ལ་སོགས་པའོ། །གང་གི་པདྨར་དཀྱིལ་འཁོར་དུ་འགྱུར་བ་ཤེས་རབ་མ་ཇི་ལྟ་བུར་ཞེ་ན་གསུངས་པ། ལོ་བཅུ་གཉིས་མ་ཞེས་པ་ལ་སོགས་པའོ། །ཟླ་བ་བསྟན་པ་ནི་བྱང་ཆུབ་ ཀྱི་སེམས་བསགས་པའོ། །མི་གཡོ་བ་ཞེས་པ་མི་གཡོ་བ་སྟེ་སྐྱེས་པ་གཞན་ལ་མི་འགྲོ་བ་ཞེས་པའི་བར་རོ། །འདི་ལྟ་བུའི་ཤེས་རབ་མ་ལ་དབུལ་བའི་སློབ་མ་དེ་རྣམས་ནི། འདི་རྣམས་ཁོ་ན་ཞེས་པ་འཆད་པར་འགྱུར་བའི་ཡོན་ཏན་དང་ལྡན་པ་རྣམས་སོ། །དེ་ཉིད་ནི་ བཞི་པའོ། །ལྔ་ཞེས་པ་ཆུ་དང་། ཅོད་པན་དང་། རྡོ་རྗེ་དང་། བདག་པོ་དང་། མིང་རྣམས་སོ། །སྔགས་དང་། རྡོ་རྗེ་བརྟུལ་ཞུགས་དང་། སྤྱོད་པའི་བརྟུལ་ཞུགས་དང་། ལུང་བསྟན་པ་དང་། ཕྱིར་མི་ལྡོག་པ་དང་། གསང་བ་རྣམས་རིག་མའི་བརྟུལ་ཞུགས་དང་བཅས་པ་ བདུན་ནོ། །གཉིས་ནི་ཤེས་རབ་ཡེ་ཤེས་དང་བཞི་པའོ། །གཅིག་ཏུ་བསྡུས་པ་ཞེས་པ་འདི་རྣམས་གཅིག་ཏུ་འདུས་ན་དབང་བསྐུར་བཅུ་བཞི་རྣམས་སུ་འགྱུར་རོ། །དེ་ལ་ཆུ་ལ་སོགས་པ་ཕྱིར་མི་ལྡོག་པའི་མཐར་ཐུག་པ་ནི་སློབ་དཔོན་གྱི་དབང་དུ་བརྗོད་པར་བྱའོ། །དེ་ཁོ་ན་ཉིད་ 26-1-196b རིག་མའི་བརྟུལ་ཞུགས་དང་བཅས་པ་ནི་ཕྱིའོ། །གསང་བ་ནི་གསང་བའི་དབང་བསྐུར་རོ། །གསང་བའི་དེ་ཉིད་ནི་ཤེས་རབ་ཀྱི་དབང་བསྐུར་རོ། །དེ་ཁོ་ན་ཉིད་ནི་དབང་བསྐུར་བཞི་པའོ། །དེ་ལྟར་ཡང་རིག་མའི་བརྟུལ་ཞུགས་སློབ་དཔོན་གྱི་དབང་ངམ། ཤེས་རབ་ཀྱི་དབང་བསྐུར་དུ་དེ་དང་དེའི་ ཡན་ལག་ཉིད་ཀྱིས་ནང་དུ་བསྡུས་ནས་གསུངས་པ། སློབ་དཔོན་གསང་བ་ཤེས་རབ་དང་། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་སོ། །དབུལ་བྱ་ཞེས་པ་ནི་བླ་མ་ལ་སློབ་མས་གསེར་ལ་སོགས་པའོ། །བླ་མར་ཞེས་པ་བླ་མའོ། །མི་གསུང་བ་ནི་ཏིང་ངེ་འཛིན་ལ་ཕྱོགས་པའོ། །འདི་ ཐམས་ཅད་མཚོན་པ་ཁོ་ན་སྟེ། གསལ་བར་རྫོགས་པ་ནི་མ་ཡིན་ནོ་ཞེས་སྡུད་པ་པོས་གསུངས་པ་འདི་ཞེས་པ་ལ་སོགས་པའོ། །འདིར་གདམས་ངག་ནི་འདི་ཡིན་ཏེ། འདིར་སློབ་དཔོན་ལྷ་མོ་ཉི་ཤུ་རྩ་བཞིས་ཡོངས་སུ་བསྐོར་བའི་དཔལ་ཧེ་རུ་ཀའི་བདག་ཉིད་དུ་དང་། སློབ་མ་ཡང་ དེ་ལྟར་དཔལ་ཧེ་རུ་ཀའི་བདག་ཉིད་དུ་བསྒོམས་ནས་འཁྱུད་པའི་ལས་ཀྱི་ཕྱག་རྒྱ་སྣ་ཚོགས་སྡེ་མའི་གཟུགས་ཅན་ཆོ་ག་ཇི་ལྟ་བར་སྦྱངས་པའི་པདྨའི་སའི་དབུས་སུ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱི་ཚོགས་ཀྱིས་སྤྱན་དྲངས་པའི་ཉི་ཤུ་རྩ་ལྔའི་བདག་ཉིད་ཀྱི་བཅོམ་ལྡན་འདས་ཨ་བ་ དྷཱུ་ཏཱིའི་སྟེང་གི་སྒོ་ནས་བཅུག་སྟེ་ཞུ་བར་གྱུར་པའི་བྱང་ཆུབ་ཀྱི་སེམས་ཀྱི་རྡུལ་རྡོ་རྗེའི་ལམ་ནས་དབབ་བོ། །དེས་ཡུད་ཀྱིས་ཁང་པ་བརྩེགས་པ་དང་བཅས་པའི་ལྷ་ཉི་ཤུ་རྩ་ལྔའི་བདག་ཉིད་ཡིད་ཀྱི་རང་བཞིན་རིམ་པ་གསུམ་པའི་དཀྱིལ་འཁོར་བསྒྲུབས་ནས་སློབ་མས་མཎྜལ་ལྔ་བྱས་པས། ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཞེས་ལན་གསུམ་དུ་གསོལ་བ་བཏབ་པ། རང་གི་ལུས་ལ་བློས་བཅུག་ནས་རྡོ་རྗེའི་ལམ་ནས་ཕྱུང་བ་དཀྱིལ་འཁོར་གྱི་ཤར་གྱི་སྒོར་འདུག་པ་ལ། རང་བཞིན་དག་པ་སངས་རྒྱས་བདག །ལུས་རང་བཞིན་ གྱི་དྲི་མ་མེད། །དཔའ་བོ་དཔའ་མོའི་དབང་མོའི་གྲོང་། །དཀྱིལ་འཁོར་ལ་ནི་བུ་ཁྱོད་ལྟོས། །ཞེས་བརྗོད་ཅིང་དཀྱིལ་འཁོར་བསྟན་ནོ། །དེ་ནས་འཁོར་བའི་འདམ་དུ་བྱིང་བ་བདག་ཅེས་པ་ལ་སོགས་པས་གསོལ་བ་བཏབ་པ་ལ་གཏུམ་མོས་ཞུ་བའི་བྱང་ཆུབ་ཀྱི་སེམས་ 26-1-197a ཀྱི་བདུད་རྩིས་འཁྲུད་བཞིན་པ་དང་། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་དེ་བཞིན་གཤེགས་པ་དང་རིག་པའི་ལྷ་མོ་རྣམས་སྟེང་གི་སྒོ་ནས་ཞུགས་ཏེ་ཞུ་བར་གྱུར་པའི་རྡོ་རྗེའི་ལམ་ནས་ཕྱུང་བ་རྣམས་ཀྱིས་མི་བསྐྱོད་པའི་རང་བཞིན་བྱང་ཆུབ་ཀྱི་སེམས་ཀྱི་ཆུས། སངས་རྒྱས་ ཐམས་ཅད་ཀྱི་ནི་དབང་། །གསང་བ་གསུམ་གྱི་གནས་ལས་བྱུང་། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །རྡོ་རྗེ་ཆེན་པོ་སྦྱིན་པར་བྱ། །ཞེས་བརྗོད་ཅིང་། ཨོཾ་ཤྲཱི་ཙཀྲ་ཝཱི་ར་སྟྭཱཾ་ཨ་བྷི་ཥིཉྩ་མི། ཞེས་པའི་སྔགས་ཀྱིས་དབང་བསྐུར་བར་བྱའོ་ཞེས་ཆུའི་དབང་བསྐུར་རོ། །དེ་ནས་ཆུ་དེ་རིན་ ཆེན་འབྱུང་ལྡན་གྱི་བདག་ཉིད་ཀྱི་ཅོད་པན་དུ་བསྒོམ་ཞིང་། ཨ་བྷི་ཥིཉྩ་ཏུ་མཾ། སརྦ་ཡོ་གི་ནྱོ་མུ་ཀུ་ཊེ་ཨ་ཏྲ་ཨ་དྷི་ཏིཥྛནྟུ། ཨཱ་གཙྪནྟུ་ཧཱུཾ་སྭཱ་ཧཱ། ཞེས་བརྗོད་པར་བྱའོ་ཞེས་པ་ཅོད་པན་ནོ། །འོད་དཔག་མེད་ཀྱི་བདག་ཉིད་ཀྱི་རྡོ་རྗེ་ལག་པ་གཡས་པས་སྙིང་གར། ཧེ་རུ་ཀ་དཔལ་སོགས་ དཔའ་བོས། །དེ་རིང་ཁྱོད་ནི་དབང་བསྐུར་རོ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་རབ་ཏུ་གྲུབ་ཆེད་ཟུང་། །ཞེས་བརྗོད་ཅིང་འཛིན་དུ་གཞུག་གོ་ཞེས་པ་རྡོ་རྗེའོ། །དོན་ཡོད་གྲུབ་པའི་རང་བཞིན་གྱི་དྲིལ་བུ་ལག་པ་གཡོན་པས་སྙིང་གར་འཛིན་དུ་གཞུག་ཅིང་། འདི་དེ་སངས་ རྒྱས་ཐམས་ཅད་ཀྱིས། །དབྱངས་ཀྱི་རྗེས་འགྲོ་དྲིལ་བུར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཟུང་། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཅེས་བརྗོད་ཅིང་འཁྱུད་པའི་ཚུལ་བྱེད་དུ་གཞུག་གོ་ཞེས་པ་བདག་པོའོ། །དེ་ནས་སློབ་མའི་མགོ་བོར་རྡོ་རྗེ་དང་དྲིལ་བུ་མཉམ་པར་ འཛིན་དུ་གཞུག་ཅིང་། ཨོཾ་ཤྲཱི་ཙཀྲ་ཨ་དྷི་པ་ཏི་ཤྲཱི་ཧེ་རུ་ཀ་ཝཱི་ར་སྟྭཱཾ་ཨ་བྷི་ཥིཉྩ་མི་ཆེ་གེ་མོ་རྡོ་རྗེ་ཁྱོད་དོ་ཞེས་བརྗོད་དོ་ཞེས་པ་མིང་ངོ་། །ཨོཾ་བུདྡྷ་ཀ་པཱ་ལི་ནཱི་ཨཱཿཧཱི་ཧཻ་ཧཱུཾ་ཕཊ་ཅེས་པ་བདག་པོའི་སྙིང་པོ་འདོན་དུ་གཞུག་གོ་ཞེས་པའི་སྔགས་སོ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །ཧེ་རུ་ ཀ་དཔལ་གོ་འཕང་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་གཟུང་། །ཧེ་རུ་ཀ་དཔལ་བརྟུལ་ཞུགས་བརྟན། །ཞེས་བརྗོད་ཅིང་རྡོ་རྗེ་སྦྱིན་ནོ། །དེས་ཀྱང་ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷཱ་ར་ཡཱ་མི། ཨོཾ་ཧ་ཧ་ཧ་ཧ་ཧཱིཿཞེས་བརྗོད་ཅིང་གཟུང་བར་བྱའོ་ཞེས་པ་རྡོ་རྗེའི་བརྟུལ་ 26-1-197b ཞུགས་སོ། །ཧེ་རུ་ཀ་དཔལ་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །དེ་ནས་ཁ་ཊྭཱཾ་ཅང་ཏེའུ་སྣོད། །བྱིན་པ་དཔའ་བོས་གཟུང་བར་གྱིས། །ཞེས་བརྗོད་ཅིང་ཁ་ཊྭཱཾ་ག་དང་། ཅང་ཏེའུ་དང་ཐོད་པ་རྣམས་སྦྱིན་པར་བྱའོ་ཞེས་པ་སྤྱོད་པའི་བརྟུལ་ཞུགས་སོ། །ལག་པ་གཡོན་པས་ཆོས་གོས་ ཀྱི་རྣ་བ་བཟུང་ནས། ལག་པ་གཡས་པ་མི་འཇིགས་པ་སྦྱིན་པས། རང་ཉིད་སངས་རྒྱས་ཀུན་རང་བཞིན། །འཁོར་ལོ་གསུམ་གྱི་དབང་ཕྱུག་ངས། །ཧེ་རུ་ཀ་དཔལ་ཞེས་བྱ་ཡི། །དེ་བཞིན་གཤེགས་པར་ཁྱོད་ལུང་བསྟན། །དཔལ་ཧེ་རུ་ཀ་ཞེས་པའི་མིང་ཅན་གྱི་དེ་བཞིན་གཤེགས་པའི་དངོས་ གྲུབ་ས་མ་ཡ་སྟྭཾ་བྷུར་བྷུ་ཝ་སྭཿཞེས་བརྗོད་དེ་ལུང་བསྟན་པའོ། །དེ་ནས། གང་གིས་བདག་ནི་ད་ལྟར་ཉིད། །རྒྱུ་མེད་འགྲོ་བའི་དོན་བྱེད་པ། །ཕྱིར་མི་ལྡོག་པའི་དབང་བསྐུར་ཆེ། །དཔའ་བོ་ཆེན་པོ་བདག་ལ་སྩོལ། །ཞེས་གསོལ་བ་བཏབ་པའི་རྗེས་ཐོགས་སུ་སྙིང་གའི་ས་བོན་གྱི་ འོད་ཟེར་གྱིས་སྤྱན་དྲངས་པའི་མཐའ་ཡས་པའི་ཕྱོགས་ན་བཞུགས་པའི་དཔའ་བོ་དང་ལྷ་མོ་རྣམས་སྔར་བཞིན་བཅུག་སྟེ་རྡོ་རྗེ་ནས་ཕྱུང་ནས་ཡེ་ཤེས་ཀྱི་ཆུས་གང་བའི་བུམ་པའི་ཕྱག་རྒྱ་ཅན་རྣམས་ཀྱིས་བཀྲ་ཤིས་དང་། གླུ་དང་། མཆོད་པ་དང་། བཀུར་སྟི་རྒྱ་ཆེན་པོས་དབང་བསྐུར་ཞིང་། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་པོ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲཱི་ཧཱུཾ་ཞེས་བརྗོད་དོ། །དེ་ནས་མི་བསྐྱོད་པས་དབུ་བརྒྱན་པར་བསམས་ ལ། དཔའ་བོ་དང་ལྷ་མོ་གཞན་དེ་ཉིད་དུ་ཡེ་ཤེས་སེམས་དཔའི་ངོ་བོར་བཅུག་ལ། ཨོཾ་སུ་པྲ་ཏིཥྛ་བཛྲ་སྭཱ་ཧཱ། ཞེས་པ་ལ་སོགས་པའི་སྔགས་བརྗོད་དོ། །དེའི་རྗེས་སུ་བཀའ་བསྒོ་བར་བྱ་སྟེ། དེ་ཉིད་རིག་པའི་རྣལ་འབྱོར་པས། །མི་བྱ་ཅུང་ཟད་མེད་དེའི་ཕྱིར། །དཔའ་ བོས་དེ་ཉིད་ཤེས་ནས་ནི། །ཁྱོད་ཀྱིས་འདོད་པ་ལྔ་སྤྱོད་ཅིག །སེམས་ཅན་གཟུགས་བརྙན་རང་བཞིན་ཏེ། །རྟེན་ཅིང་འབྲེལ་པར་འབྱུང་ཆོས་ཅན། །དེ་རྣམས་ཁམས་གསུམ་པས་ཤེས་ནས། །ཁྱོད་ཀྱིས་སེམས་ཅན་དོན་ནུས་ཀྱིས། །ཞེས་པ་ཕྱིར་མི་ལྡོག་པའོ། ། 26-1-198a དེའི་རྗེས་སུ། འཁོར་བའི་འདམ་དུ་བྱིང་བ་བདག །ཅེས་པ་ལ་སོགས་པས་བླ་མ་ལ་དང་། བདག་ནི་འཁོར་བའི་འདམ་དུ་བྱིང་། །རྣམ་རྟོག་མིང་དང་བདག་ལྡན་པས། །བག་ཆགས་ཡང་དག་བཅད་པ་ཡིས། །མཛེས་མ་ཁྱོད་ཀྱིས་བསྐྱབ་པར་མཛོད། །གྲགས་པ་ ཆེན་མོ་ཐུགས་རྗེར་ལྡན། །དེ་ནི་ཉེ་བར་ཞི་བར་མཛོད། །ཅེས་པས་ཤེས་རབ་མ་ལ་གསོལ་བ་བཏབ་པར་བྱས་པ་ལ། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་ཕྱོགས་བཅུར་བཞུགས་པའི་དཔའ་བོ་དང་ལྷ་མོ་རྣམས་སྔར་བཞིན་བཅུག་སྟེ་ཞུ་བར་གྱུར་ནས་ཕྱུང་བའི་བྱང་ སེམས་སྙིང་པོའི་སྔགས་བརྗོད་ཅིང་དཀྱིལ་འཁོར་དུ་གནསཔའི་བློས་ཕྱི་རོལ་དུ་གནས་པའི་སློབ་མ་མཐེ་བོང་དང་མིང་མེད་པ་དག་གིས་བཅིང་ལ་རྡོ་རྗེ་པདྨ་ལས་ཕྱུང་སྟེ་དངོས་སུ་འཐུང་དུ་གཞུག་གོ། །སློབ་མས་ནི་ཨ་ཧོ་སུ་ཁ་ཞེས་སྨྲ་ཞིང་བཏུང་ངོ་། །ཤེས་རབ་མས་ཀྱང་ལངས་ལ། རང་གི་ཆུ་སྐྱེས་ཀྱི་ནང་གི་བྱང་ཆུབ་སེམས་ཀྱི་ལྷག་མ་མེ་ཏོག་གི་བཅུད་ཀྱི་ཐིག་ལེ་དེའི་ཁའི་ནང་དུ་གོས་མེད་པ་ཁོ་ནས་འཇུག་པར་བྱའོ་ཞེས་པ་ཤེས་རབ་དང་ཐབས་དག་གི་གསང་བས་དབང་བསྐུར་བའོ་ཞེས་པ་གསང་བའོ། །དེ་ནས་སྔར་བཞིན་དུ་བླ་མ་དང་ཤེས་རབ་མ་ལ་ གསོལ་བ་བཏབ་པ་ལ། ཤེས་རབ་མ་དེའམ་གཞན་ཡང་རུང་བས་བཀའ་བསྒོ་བ། དཔའ་བོ་བྱང་ཆུབ་སེམས་བཟའ་བར། །ཁྱོད་ནི་སྤྲོ་བར་གྱུར་ཏམ་ཅི། །རིགས་ལྔ་ལས་བྱུང་རིག་མ་ནི། །གུས་པས་ཡང་དག་མཆོད་བྱེད་དམ། །བཤང་གཅི་སྟོབས་དང་ཁྲག་ལ་ སོགས། །གཞན་ཡང་དམ་ཚིག་བཟང་པོ་ནི། །དེ་རིང་རབ་ཏུ་ཟ་བྱེད་དམ། །བུ་ཁྱོད་ཇི་ལྟར་འདོད་པ་སྨྲོས། །ཞེས་པའོ། །དེས་ཀྱང་། ཇི་སྐད་བརྗོད་པའི་དམ་ཚིག་སོགས། །ལྷ་མོ་བདག་ནི་ཅིས་མི་སྤྲོ། །བུད་མེད་པདྨ་མཆོད་པ་དང་། །རྟག་ཏུ་གུས་པ་ཅིས་མི་བགྱི། །ཞེས་ ཁས་བླང་ངོ་། །དེ་ནས་དེས་པདྨ་གསལ་བར་བྱས་ཏེ། ཐར་པ་བསྟན་ཅིག་ཧོཿཞེས་བརྗོད་དོ། །དེས་ཀྱང་བླ་མའི་མན་ངག་ལས་དགའ་བ་ལ་སོགས་པའི་དབྱེ་བ་ཁོང་དུ་ཆུད་པས་རོལ་པར་བྱའོ། །པདྨའི་ནམ་མཁའ་དང་ནོར་བུའི་ལྟེ་བ་བདག་བཙིར་བའི་གནས་སུ། རྡོ་རྗེ་སྐྱིལ་ 26-1-198b ཀྲུང་ལས་སེམས་ནི། །ནོར་བུའི་ནང་དུ་གནས་བལྟ་ཞིང་། །དེ་ལས་སྐྱེས་པའི་ཡེ་ཤེས་གང་། །དེ་གཟུགས་ཞེས་པ་བརྗོད་མི་ནུས། །འདོད་ཆགས་མ་ཡིན་ཆགས་བྲལ་མིན། །བར་མར་དམིགས་པ་མ་ཡིན་ཏེ། །གསུམ་པོ་སྤངས་པ་ཁོ་ན་ལས། །ལྷན་སྐྱེས་བྱང་ཆུབ་ བརྗོད་པར་བྱ། །གང་དུ་དབང་པོ་ཉམས་པར་འགྱུར། །བདག་གི་རང་བཞིན་རྣམ་པར་ཉམས། །ལྷན་ཅིག་སྐྱེས་དགའ་རྟོགས་དེ་ཡིན། །བླ་མའི་ཞལ་ལ་གསལ་འདྲི་ནའོ། །ཞེས་རྟོགས་པས། རྣལ་འབྱོར་པ་ཡིས་བྱང་ཆུབ་སེམས། །ཇི་སྲིད་གཏོང་བར་མི་བྱེད་པ། །དེ་ སྲིད་བར་མ་ཆད་པར་ནི། །དགའ་སྐྱེས་བདེ་བ་ཅི་ཡང་འཐོབ། །དངོས་གྲུབ་ཐམས་ཅད་ཀྱི་ནི་གཏེར། །བྱང་ཆུབ་སེམས་ནི་ལྷུང་བ་ན། །ཕུང་པོ་རྣམ་ཤེས་བརྒྱལ་བ་ལ། །དངོས་གྲུབ་མ་སྨད་ག་ལ་ཡོད། །ཅེས་པས་ཇི་ལྟར་ནུས་པར་བཟུང་སྟེ། དལ་བུས་བཏང་ ནས་དེ་ཁོ་ན་ཉིད་ལ་ལྟ་བས་བྱང་ཆུབ་ཀྱི་སེམས་དམ་ཚིག་གི་ངོ་བོ་ཆུ་སྐྱེས་ནས་ལྕེས་བླང་བར་བྱའོ། །དེའི་རྗེས་སུ་དེས་མགོ་བོར་རྐང་པ་གཡོན་པ་བཞག་ནས་བཀའ་བསྒོ་སྟེ། བུ་ཁྱོད་དེ་རིང་ནས་བརྩམས་ཏེ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །རྨི་འདྲར་སེམས་ ཅན་ཐམས་ཅད་ཀྱི། །དོན་ནི་བདག་ཉིད་ཀུན་གྱིས་བྱོས། །ཞེས་པས་ཏེ་ཤེས་རབ་ཡེ་ཤེས་སོ། །དེ་ནས་བླ་མས། རིག་མ་འདི་ནི་སྤངས་ནས་ཐབས། །གཞན་གྱིས་སངས་རྒྱས་ཉིད་མིན་ཕྱིར། །བརྟུལ་ཞུགས་གོང་མའི་གོང་མ་སྟེ། །མཉེས་གཤིན་རིག་མའི་བརྟུལ་ ཞུགས་སྤྱོད། །ཅེས་བརྗོད་དེ་རིག་མའི་བརྟུལ་ཞུགས་སོ། །དེའི་རྗེས་སུ་ཤེས་རབ་ཡེ་ཤེས་བླངས་པ་ཁོ་ནའི་སློབ་མ་ལ་ཤེས་རབ་ཡེ་ཤེས་ཁོ་ན་གོམས་པ་ལས་རྡོ་རྗེ་འཛིན་པའི་ངོ་བོ་བཞི་པའོ་ཞེས་ཚིག་ཁོ་ནས་དབང་བསྐུར་བཞི་པ་བླ་མའི་མན་ངག་ལས་རྟོགས་པར་བྱ་བའི་ཁྱད་ པར་སྦྱིན་ནོ། །དཔལ་སཾ་པུ་ཊར་གསུངས་པ། ཇི་སྐད་བརྗོད་པའི་ཆོ་གས་དབང་བྱིན་ནས། །སློབ་མའི་མོས་པ་ཡིད་ཀྱིས་བལྟ་བྱ་སྟེ། །ཟབ་ཅིང་རྒྱ་ཆེའི་ཚུལ་ལ་མོས་པ་ལ། །དབང་བསྐུར་རིན་ཆེན་ཚིག་ཉིད་ཀྱིས་སྦྱིན་བྱ། །ཞེས་སོ། །དབང་བཞི་པའོ་ཞེས་པའོ། ། 26-1-199a གང་སློབ་མ་དབང་པོ་འབྲིང་པོ་དེ་ལ། ཕྱི་རོལ་དུ་བསྒོམས་པའི་ཤེས་རབ་ཡེ་ཤེས་ཀྱི་རང་བཞིན་ལ་ཆོས་འབྱུང་གི་པདྨའི་ནང་དུ་དཔག་ཚད་བྱེ་བའི་ཚད་ཅན་ཡིད་ཀྱི་རང་བཞིན་རིམ་པ་གསུམ་པའི་དཀྱིལ་འཁོར་བསྒོམས་ནས་ཇི་ལྟར་རིགས་པར་བརྗོད་པའི་ ཆོ་གས་དབང་བསྐུར་བར་བྱའོ། །གང་བསོད་ནམས་བསགས་པའི་དཀྱིལ་འཁོར་གཉིས་པོ་འདི་བསྐྱེད་པར་ནུས་པའི་བླ་མས་སྤྲུལ་པ་གསལ་བར་མཐོང་བ་དེ་ནི་དབང་པོ་མཆོག་གི་མཆོག་ཡིན་ཏེ། དེ་ལ་ཡང་འདི་ལྟར་དབང་བསྐུར་བར་བྱའོ། །དབང་པོ་རྟུལ་པོ་ནི་ རྡུལ་ཚོན་གྱི་དཀྱིལ་འཁོར་རམ་རས་བྲིས་ཀྱི་དཀྱིལ་འཁོར་དུའོ། །དེ་ལྟར་གདམས་པ་ཕྱེ་ནས་བྱ་སྟེ། གདམས་པ་ཉམས་པས་འཇིགས་པའི་ཕྱིར་རོ། །བསྐྱེད་པའི་རིམ་པའི་ཕྱོགས་ལ་དཀྱིལ་འཁོར་གསུངས་ནས་རྫོགས་པའི་དཀྱིལ་འཁོར་བརྗོད་པའི་ཆེད་དུ་གསུངས་པ། ཅི་རུ་ཞེས་པ་ལ་སོགས་པ་སྟེ། ཅི་རུ་ཞེས་པ་དོན་དམ་པར་རྟེན་འགོག་པའོ། །ཅི་ཞིག་ཅེས་པ་ལྷའི་ངོ་བོའི་བརྟེན་པ་འགོག་པའོ། །དཀྱིལ་འཁོར་བཞེངས་པ་ལ་སོགས་པ་བསོད་ནམས་སྒྲུབ་པར་བྱེད་པ་ཉིད་ཀྱི་ཕྱིར་བྱང་ཆུབ་ཆེན་པོའི་ལམ་ཡིན་མོད་ཀྱི། དེ་ལྟར་ཡང་རིང་བ་ དང་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་རྣམས་ཀྱིས སྟོང་པའོ་ཞེས་གསུངས་པ། ལྷུང་ཞེས་པ་ལ་སོགས་པ་སྟེ། བརྫུན་ལ་ཞེས་པ་རྣམ་པར་རྟོག་པས་སྒྲོ་བཏགས་པ་བརྫུན་པའི་ངོ་བོ་ལའོ། །ཅལ་ཅོལ་ཞེས་པ་གཡེང་བ་རྣམ་པ་སྣ་ཚོགས་སུ་མྱུར་དུ་རྫོགས་པའི་ བྱང་ཆུབ་འགྲུབ་པའི་ལམ་ལས་གྲོལ་བའི་འགྲོ་བ་ལྷུང་ངོ་ཞེས་ཐུགས་བརྩེ་བར་མཛད་དོ། །འོ་ན་སྒྲོ་མ་བཏགས་པ་ཅི་ཞེ་ན་གསུངས་པ། སྟོང་པ་ཞེས་པ་ལ་སོགས་པའོ། །མཐའ་དག་ཅེས་པ་ཕུང་པོ་དང་ཁམས་ལ་སོགས་པའོ། །དེ་འདྲའི་དཀྱིལ་འཁོར་ནི་རྫོགས་པའོ། ། ཇི་ལྟར་ཞེ་ན་གསུངས་པ། པདྨ་ཞེས་པ་ལ་སོགས་པ་སྟེ། བདེ་བ་ཆེན་པོ་ལ་སོགས་པའི་པདྨའི་དབུས་སུ་གནས་པའོ། །རྣལ་འབྱོར་མ་ཚོགས་ནི་རྩའི་རང་བཞིན་ནོ། །ཧེ་རུ་ཀ་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ཁོ་ན་ཉིད་སྟེ་བདེ་བ་ཆེན་པོའི་བདག་ཉིད་སྟོང་པ་ཉིད་དང་རོ་གཅིག་པ་ 26-1-199b རྨི་ལམ་དང་གཟུགས་བརྙན་དང་། སྒྱུ་མ་ལ་སོགས་པའི་རང་བཞིན་ནི་ཕུང་པོ་ལ་སོགས་པའི་ངོ་བོར་སྐྱེའོ་ཞེས་གསུངས་པ། མཐའ་དག་སྐྱེད་བྱེད་ཅེས་པའོ། །དེའི་ཕྱིར་རྫོགས་པའི་དཀྱིལ་འཁོར་བླང་བར་བྱ་བ་འདི་བསྒོམས་ལ་མཐོང་བར་གྱིས་ཤིག་པའོ། །དེ་དྲིལ་བུ་ ཞབས་ཀྱིས་གསུངས་པ། སེམས་གནས་ལས་ཀྱི་ཐིག་དང་ནི། །རྡུལ་ཚོན་དགྱེ་བའི་རིམ་ལས་བྱུང་། །འགྲོ་འདི་དཀྱིལ་འཁོར་ཁོ་ན་སྟེ། །རང་བཞིན་གྱིས་གྲུབ་གཉིས་མེད་པའོ། །བཅོས་མ་གཉིས་ཀྱི་ངོ་བོ་གང་། །དེ་ནི་གདུལ་བྱའི་དབང་ལས་འདོད། །དེ་ནི་ཐར་ འདོད་བསྒྲུབ་བྱ་མིན། །ཐར་པ་ཡང་དག་དོན་མཐོང་ལས། །ཞེས་སོ། །གལ་ཏེ་རྣམ་པ་དེ་ལྟར་རྫོགས་པ་ཡིན་ན། འོ་ན་དེ་ནི་ཐམས་ཅད་ཀྱི་ཚེ་ཡོད་པ་ཁོ་ན་སྟེ། སྒོམ་པས་ཀྱང་ཅི་བྱ་ཞེ་ན་གསུངས་པ། གནོད་པས་ཏེ་གནོད་པ་ནི་ཕྱིན་ཅི་ལོག་པ་སྟེ། རྨི་ལམ་གྱི་རང་བཞིན་གྱི་ཕུང་པོ་ལ་ སོགས་པ་ལ་རྨོངས་པས་སོ། །དེའི་ཕྱིར་ལྟོས་ཏེ་བླང་བྱ་དང་དོར་བྱ་ལ་རྨོངས་པ་ལ་ངེས་པར་དཔྱོད་ཅིག །སྐྱེན་པར་ནི་མྱུར་བར་ཏེ་ཇི་སྲིད་དུ་དལ་འབྱོར་ཕུན་སུམ་ཚོགས་པ་ཡིད་བརྟན་དུ་མེད་པ་འདི་ཡོད་ཀྱི་བར་དུའོ་ཞེས་སྒོམ་པ་ལ་སྦྱོར་བའོ། །འཇིགས་པ་མེད་པའི་གཞུང་ འགྲེལ་དུ་ལེའུ་དྲུག་པའོ།། །།ད་ནི་འབྲས་བུའི་རྒྱུད་བཅོམ་ལྡན་འདས་ཀྱི་སྒོམ་པ་བརྗོད་པའི་ཆེད་དུ་གདུལ་བྱའི་སྐྱེ་བོའི་ངོར་རེ་ཞིག་ཕྱིའི་དཀྱིལ་འཁོར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །རི་བོ་ཞེས་པ་ལ་སོགས་པ་ནི་སྒྲ་ཇི་བཞིན་པའོ། །ཟླུམ་པོ་ ཞེས་པ་ལ་སོགས་པ་ལ། དེ་ལ་རིམ་པ་འདི་ཡིན་ཏེ། དཀྱིལ་འཁོར་གྱིས་གཞིའི་ཆོ་ག་ཇི་ལྟ་བར་ཡོངས་སུ་སྦྱངས་པའམ། ལག་པས་རེག་ནས་ས་སྦྱོང་བའི་སྔགས་བརྒྱད་ལྷག་པའི་བརྒྱ་བཟླས་པས་སྦྱངས་པར་ཁོ་བོས་བྱས་པའི་དུས་འཁོར་ལ་འཇུག་པར་བརྗོད་པའི་ རིགས་པས་ཐར་མའི་གྲིབ་མ་དང་ཉ་དག་གིས་ཕྱོགས་དང་ཕྱོགས་བྲལ་ངེས་པར་བྱས་ནས་ལྷའི་སྐུ་ཅན་གཏོར་མ་བྱིན་ལ་སློབ་དཔོན་གྱིས། དང་པོར་ཤར་དུ་ཁ་བལྟས་པར་གྱུར་ནས། སོ་སོར་ཡེ་ཤེས་ལྔའི་བདག་ཉིད་ཀྱི་དེ་བཞིན་གཤེགས་པ་ལྔར་བསྒོམས་པའི་སྐུད་པ་ཉི་ཤུ་ 26-1-200a རྩ་ལྔ་བསྒྲིལ་བ་སློབ་དཔོན་གྱིས་ནས་ཙམ་དུ་སྦོམ་པ་གསར་པ་རིང་བར་དཀྱིལ་འཁོར་གྱི་ཉིས་འགྱུར་མཐོ་གང་ལྷག་པའི་ཐིག་སྐུད། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ལྟེ་བར་བཟུང་བས། སློབ་མ་ལྷའི་སྐུ་ཅན་དང་། ལྷན་ཅིག་ཏུ་ཡེ་ཤེས་ཀྱི་ཐིག་ཅེས་བྱ་བ་ཚངས་པའི་ཐིག་ གཉིས་ནམ་མཁའ་ལ་བཏབ་ནས། འོག་ཏུ་ས་གཞི་ལ་ཚངས་པའི་ཐིག་དེ་ལྟར་དྲང་པོར་གདབ་བོ། །དེ་ནས་དཀྱིལ་འཁོར་གྲུ་བཞི་པར་འགྲུབ་པའི་ཆེད་དུ་ཉའི་ཁ་དང་། མཇུག་མ་དག་གི་སྟེང་དུ་ཚངས་ཐིག་གཉིས་པ་བྱང་དུ་ཁ་ཕྱོགས་པས་གདབ་བོ། །དེ་ནས་ཟུར་ཐིག་གཉིས་པ་ ཆོ་ག་ཇི་ལྟ་བར་གདབ་བོ། །དེ་ནས་ཁྲུ་གང་པ་ལ་སོགས་པའི་ཚད་ཅན་གྱི་དཀྱིལ་འཁོར་གྱི་རྩ་བའི་ཐིག་བཞིའོ། །དེ་ནས་ཚངས་ཐིག་གཉིས་ཀྱི་ཕྱི་རོལ་དུ་ཤར་ལ་སོགས་པའི་ཕྱོགས་སུ་འགྲོ་ཞིང་། རྡུལ་ཚོན་གྱི་སའི་ཚད་ཀྱིས་ཐིག་གཅིག་དོར་ནས་ཐིག་བཞིའོ། །སླར་ཡང་ ཐིག་གཅིག་གོ། །དེའི་རྗེས་སུ་ཐིག་གཉིས་དོར་ནས་ལྷའི་སྣམ་བུའི་ཐིག་གཅིག་གོ། །དེ་ལྟར་ཚངས་ཐིག་ནས་བཟུང་ནས་རྩ་བའི་ཐིག་དང་བཅས་པ་ཐིག་བཅུ་རྣམས་ལོགས་གཅིག་ཏུ་སྟེ། ལོགས་གཞན་དུ་ཡང་རིམ་པ་འདི་ལྟར་རོ། །དེ་ནས་རྩ་བའི་ཐིག་ལས་ཕྱི་རོལ་ དུ་འཁོར་ལོའི་བརྒྱད་ཆའི་སྒོའི་བཞི་ཆའི་ཚད་དུ་རྡུལ་ཚོན་གྱི་སའི་ཐིག་གཅིག་གོ། །དེ་ནས་སྒོའི་ཕྱེད་ཀྱི་ཚད་དུ་ལྷའི་སྟེགས་བུའི་ཐིག་གཅིག་གོ། །དེ་ནས་ཚོན་གྱི་སའི་ཚད་ཀྱིས་རིན་ཆེན་སྣམ་བུའི་ཐིག་གཅིག་གོ། །དེ་ནས་སྣམ་བུའི་ཚད་དུ་དྲ་བ་དང་དྲ་བ་ཕྱེད་པའི་སྣམ་བུའི་ ཐིག་གཅིག་གོ། །དེ་ནས་ཚོན་གྱི་སའི་ཚད་ཀྱིས་བ་ཀུ་ལཱིའི་སྣམ་བུའི་འམ། ཁ་ཅིག་གི་ལུགས་ལ་སླར་ཡང་རིན་ཆེན་སྣམ་བུའི་ཐིག་གཅིག་གོ། །དེ་ནས་མུན་པའི་སྣམ་བུའི་ཐིག་ཐུང་བ་གཅིག་སྟེ། དེ་ཁོ་ན་ལ་མདའ་ཡབ་རྣམས་སོ། །དེ་ནས་དབྱི་བའི་ངལ་བས་འཇིགས་ པས་ཐིག་ཐུང་གིས་སམ་རིང་པོས་ཀྱང་རུང་སྟེ། སྒོ་ལས་སུམ་འགྱུར་རྟ་བབས་ཀྱི་ཐིག་བཞིའོ། །དེ་ནས་ཐིག་གཉིས་དོར་ནས་རྟ་བབས་དང་འབྲེལ་བའི་ཐིག་གཅིག་གོ། །དེ་ནས་ཐིག་གསུམ་དོར་ནས་དྲིལ་བུ་དང་བཅས་པ་རླུང་གིས་བསྐྱོད་པའི་བ་དན་དང་། རྒྱལ་ 26-1-200b མཚན་དང་། གདུགས་དང་། དཔག་བསམ་གྱི་ཤིང་ལ་སོགས་པའི་གནས་ཀྱི་ཐིག་གཅིག་གོ། །སླར་ཡང་ཐིག་གཅིག་དོར་ནས་ཐིག་གཅིག་གོ། །དེ་ནས་པདྨའི་འདབ་མའི་ཕྲེང་བའི་ཐིག་གཅིག་གོ། །དེ་ཉིད་ཀྱི་ཕྱིར་པདྨའི་ལྟེ་བའི་ནང་དུ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བ་ ལ་ཁང་པ་བརྩེགས་པ་གནས་པའོ། །ལྟེ་བ་དེའི་ཕྱི་རོལ་པདྨའི་ལྟེ་བ་ལ་ནི་སྣ་ཚོགས་རྡོ་རྗེའི་ར་དང་རྟ་བཅས་ལ་སོགས་པ་བྲིའོ། །དེ་ནས་རྡོ་རྗེའི་ཕྲེང་བའི་ཐིག་གཅིག་གོ། དེ་ནས་ཐིག་གཉིས་དོར་ནས་འོད་ཟེར་གྱི་ཕྲེང་བའི་ཐིག་གཅིག་གོ། །པདྨའི་འདབ་མའི་ཕྲེང་བ་མེད་དོ་ཞེས་ ཁ་ཅིག་གོ། །ཀོང་ཀ་ཎ་ནི་རྡོ་རྗེ་དང་། པདྨ་དང་། འཁོར་ལོ་དང་། འོད་ཟེར་གྱི་ཕྲེང་བའི་ཐིག་བཞི་རྣམས་སོ་ཞེས་སྨྲའོ། །དེ་ལྟར་ཚོན་གྱི་སའི་ཐིག་ནས་བརྩམས་ཏེ་ཐིག་བཅུ་དྲུག་རྣམས་ངོས་གཅིག་ཏུའོ། །དེ་ལྟར་ངོས་གཞན་དུ་ཡང་ངོ་ཞེས་པ་ཐིག་ཉི་ཤུ་རྩ་དྲུག་རིམ་པ་ གཉིས་པའི་དཀྱིལ་འཁོར་དུ་གདབ་པའི་ཆོ་གའོ། །ཕྱོགས་འདི་ཁོ་ནས་རིམ་པ་གསུམ་པ་ལ་སོགས་པའི་དཀྱིལ་འཁོར་དུ་ཐིག་གདབ་པར་བྱའོ། །དེ་ལྟར་གཅིག་གི་ཚེ་ཐིག་བཏབ་པས། དགུ་དང་། བཅུ་གསུམ་དང་། བཅོ་ལྔ་དང་། བཅུ་དགུ་དང་། སུམ་ཅུ་རྩ་གཉིས་དང་། སུམ་ཅུ་རྩ་བདུན་དང་། ཇི་སྲིད་དུ་འབུམ་ལ་སོགས་པ་བསྡུས་པའི་དཀྱིལ་འཁོར་གྱི་རྣམ་པར་ཤེས་པར་བྱའོ། །འདིར་རྟ་བབས་ལ་སོགས་པ་རྣམས་སུ་ནང་གི་ཐིག་གི་ཁྱད་པར་དང་། ས་སྦྱང་བ་ལ་སོགས་པ་དང་། དབྱི་བ་དང་། ཚོན་དགྱེ་བ་ལ་སོགས་པ་རྒྱས་པར་ཁོ་བོ་ཅག་གིས་ དཀྱིལ་འཁོར་གྱི་ཆོ་གར་བཤད་དོ། །རྡོ་རྗེ་གསུམ་གྱིས་ཡོངས་སུ་བསྐོར། །ཞེས་པ་སྔོན་པོ་དང་། དམར་པོ་དང་། དཀར་པོའི་རྡོ་རྗེའི་ཕྲེང་བ་གསུམ་རྣམས་ཀྱིས་བསྐོར་བའོ། །ཡུད་ཀྱིས་ཞེས་པ་ཧཱུཾ་ཡིག་གཅིག་ཁོ་ན་ལས་རྣལ་འབྱོར་མ་རྣམས་དང་། བཅོམ་ལྡན་འདས་ ཏེ་ཉི་ཤུ་རྩ་ལྔ་བསྐྱེད་པའི་ཕྱིར་རོ། །དེ་རུ་ཕྱུང་བ་ཞེས་པ་བཅོམ་ལྡན་འདས་བསྐྱེད་པའི་དུས་སུ་ཧཱུཾ་ཡིག་ལས་སོ། །ཁ་དོག་ལྔའི་རྣམ་བརྒྱན་པ་ནི་རྟེན་གྱི་དཀྱིལ་འཁོར་རོ། །ཧཱུཾ་ཡིག་བདག་ཉིད་ནི་ཧཱུཾ་ཡིག་ལས་སྐྱེས་པའི་བདག་ཉིད་གང་ལ་ཡོད་པ་དེ་ལ་དེ་སྐད་དོ། །ནག་ 26-1-201a དང་དཀར་མོ་ལྗང་གུ་རྣམས། །ཞེས་པ། དབུས་མ་དང་། གཉིས་པ་དང་། གསུམ་པར་གནས་པ་རྣམས་གོ་རིམས་བཞིན་ནོ། །སྒོ་སྐྱོང་མ་རྣམས་ནི་ནག་མོ་སྟེ་རིམ་པ་དབུས་མར་གནས་པ་ལྟར་རོ། །མི་བསྐྱོད་པ་ཡི་ཅོད་པན་ཅན། །ཞེས་པ་དབུས་ན་གནས་པའི་མི་བསྐྱོད་ པ་གཙོ་བོ་ཉིད་ཀྱིས་གསུངས་པ་སྟེ་གསུངས་པ་ཡང་སངས་རྒྱས་ལྔའི་ཅོད་པན་ཅན་གྱིས་བརྒྱན་པ་ཞེས་སོ། །རྣལ་འབྱོར་མ་ཀུན་ཞེས་པ་ཉི་ཤུ་རྩ་ལྔའོ། །དེའི་གཟུགས་ཞེས་པ་ཇི་ལྟར་བཅོམ་ལྡན་འདས་དབུ་ལ་རྒྱན་བཏགས་པ་དེ་ལྟར་དེ་རྣམས་ཀྱང་རྒྱས་བཏབ་པ་སྟེ། འོན་ཀྱང་དེ་ རྣམས་ཀྱི་སྤྱི་བོར་གནས་པའི་དེ་བཞིན་གཤེགས་པ་གཙོ་བོ་སོ་སོ་ཡིན་ནོ་ཞེས་གསུངས་པ་གཙོ་བོ་ཞེས་པ་ལ་སོགས་པའོ། །འདོད་པར་བྱ་སྟེ་འདོད་དུ་འཇུག་པའོ། །རྣལ་འབྱོར་མ་རྣམས་ནི་ཕྲེང་བཟངས་མ་ལ་སོགས་པ་བཞི་རྣམས་སོ། །བླ་མ་ཁ་ཅིག་སྒོ་སྐྱོང་མ་རྣམས་སོ་ཞེས་སོ། ། སྒྱིད་ལུག་གྱུར་པ་ནི་གཞན་གྱི་ངོར་སྒྱིད་ལུག་པར་གྱུར་པ་སྟེ། སྟོང་པ་ཉིད་གཅིག་པུའི་མཐར་ཐུག་པ་ཉིད་ཀྱི་ཕྱིར་རོ། །མིག་ཅེས་པ་འགྲོ་བ་འདོན་པར་དམ་བཅས་པའོ། །དྲན་བྱེད་ནི་དྲན་པར་བྱེད་པའོ། །བདག་པོ་ཀྱེ་ནི་མཐའ་དག་གི་བདག་པོའོ། བྱ་བ་ཞེས་པ་རང་གི་དོན་ཙམ་བྱས་ ནས་སོ། །བདག་པོ་སྔོན་ཞེས་པ་ལ་སོགས་པ་བདག་པོས་སྔོན་ཇི་ལྟར་དམ་བཅས་པ་དྲན་པར་གྱིས་ཤིག་པའོ། །སྒྱིད་ལུག་ནི་སྒྱིད་ལུག་པ་སྟེ་འཁོར་བའི་སྡུག་བསྔལ་གྱིས་ཉེ་བར་གཙེས་པ་ཉིད་ཀྱི་ཕྱིར་རོ། །ལོག་པ་ནི་ལོག་པར་ཡོངས་སུ་བརྟགས་པ་ལ་སྟེ་དངོས་པོའི་མཐའ་དང་ དངོས་པོ་མེད་པའི་མཐར་རོ། །ང་རྒྱལ་ཞེས་པ་མངོན་པའི་ང་རྒྱལ་ལོ། །དགེས་པ་ཞེས་པ་འཛིན་པའོ། །དེ་ལྟར་དངོས་པོར་འཛིན་པར་འགྱུར་རོ་ཞེས་གསུངས་པ། མཐོང་ཞེས་པ་ལ་སོགས་པ་སྟེ། རྣལ་འབྱོར་མའི་ཚོགས་ལ་འདོད་པ་ཡིས་སྟོང་པ་ཉིད་དང་རོ་གཅིག་པའི་བདེ་བ་ཆེན་པོ་ འབྱུང་བ་ལས་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པར་མཆོག་ཏུ་འཛིན་པ་ཟད་པར་འགྱུར་རོ་ཞེས་པའི་དོན་ཏོ། །སྔོན་བཞིན་ཞལ་དང་ཕྱག་མཚན་སོགས། །ཞེས་པ་རྒྱུ་རྡོ་རྗེ་འཆང་བཞིན་ནོ། །སྐུ་མདོག་ནི་འབྲས་བུ་རྡོ་རྗེ་འཆང་གི་ནག་པོ་རྒྱུ་རྡོ་རྗེ་འཆང་གི་དཀར་པོའོ་ཞེས་རྒྱུད་གཞན་དུའོ། ། 26-1-201b འདིར་ནི་སྔོན་པོ་ཁོ་ནའོ། །ཁ་ཅིག་ཏུ་སྔོན་བཞིན་སྐུ་མདོག་ཕྱག་མཚན་སོགས་ཞེས་ཀློག་སྟེ། དེའི་ཚེ་རྒྱུ་རྡོ་རྗེ་འཛིན་པ་ཡང་སྔོན་པོའོ་ཞེས་གསལ་ལོ། །བཞེངས་སོ་ཞེས་པ་ནི་སྣ་ཚོགས་སྡེ་མ་དང་བཅས་པའོ། །འོ་ན་མེ་ལོང་ཡེ་ཤེས་ལ་སོགས་པའི་རང་བཞིན་ཟླ་བ་དང་ཉི་མ་ལ་ སོགས་པར་ཡོངས་སུ་གྱུར་པ་ནི་རྒྱུ་རྡོ་རྗེ་འཛིན་པར་གདམས་པ་དེ་ལྟར་འདི་ཡང་ཇི་ལྟར་མིན་ཞེ་ན་མ་ཡིན་ཏེ། ཞུ་བ་ལས་བྱུང་བའི་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་དང་བཅས་པའི་ཧཱུཾ་ཡིག་ལས་སྐྱེས་པའི་ཕྱིར་རོ། །དེའི་འབྲས་བུ་རྡོ་རྗེ་འཛིན་པའི་ཡེ་ཤེས་ལྔའི་རང་བཞིན་ནམ་ཞེ་ན། དེ་ལྟར་ མ་ཡིན་ཏེ་ཤིན་ཏུ་རྣམ་པར་དག་པ་རྣམས་དེའི་ངོ་བོར་སྐྱེ་བའི་ཕྱིར་རོ། །དེ་ལྟར་ན་གང་དུ་འགྲོ་བ་ཐམས་ཅད་མེ་ལོང་ལ་བཞིན་གྱི་གཟུགས་བརྙན་དུ་གྱུར་པ་སོ་སོར་སྣང་བ་དེ་མེ་ལོང་ཡེ་ཤེས་སོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་གང་གིས་དེ་ལྟར་གཟུགས་བརྙན་དུ་གྱུར་པའི་འགྲོ་བ་མཉམ་པ་ཉིད་ དུ་རྟོགས་པའོ། །སོ་སོར་རྟོག་པའི་ཡེ་ཤེས་ནི་གང་གིས་དེ་ལྟར་མཉམ་པར་གཞག་པ་ཁོ་ནས་སེམས་ཅན་རྣམས་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རྣམས་སོ་སོར་རྟོག་པའོ། །བྱ་བ་གྲུབ་པའི་ཡེ་ཤེས་ནི་གང་གིས་དེ་ལྟར་སོ་སོར་བརྟགས་པའི་འགྲོ་བའི་བྱ་བའི་རྗེས་སུ་སྒྲུབ་པའོ། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ནི་གང་བག་ཆགས་དང་བཅས་པའི་སྒྲིབ་པ་གཉིས་ལས་གྲོལ་བ་བདེ་བ་ཆེན་པོའི་རང་བཞིན་སྙིང་རྗེ་དང་ཤེས་རབ་གཉིས་སུ་མེད་པ་ཆོས་ཀྱི་དབྱིངས་རྟོགས་པ་རྫོགས་པའོ། །དེ་ནས་འབྲས་བུ་རྡོ་རྗེ་འཛིན་པ་ཡང་ཡེ་ཤེས་ལྔའི་རང་བཞིན་ནོ། ། ཡེ་ཤེས་འདི་རྣམས་ནི་ལས་དང་པོ་པས་ལྷག་པར་མོས་པས་སྒོམ་པར་བྱེད་དེ། འགྲོ་བ་ཐམས་ཅད་ཀྱི་ཡིད་ཤིན་ཏུ་དང་བ་ཟླ་བའི་ཚུལ་ཅན་ཁོ་ན་ནི་མེ་ལོང་དང་ཟླ་བ་དང་ཉི་མ་འདུས་པ་ན་བདེ་བ་ཆེན་པོའི་རང་བཞིན་གྱི་ཡིད་ཀྱིས་ཆོས་རྣམས་ཐམས་ཅད་གཟུགས་བརྙན་ལྟ་བུ་ཉིད་དུ་ཡང་ ཐ་དད་པ་མི་མཐོང་བའི་ཕྱིར་དང་། འགྲོ་བའི་དོན་ལ་ངེས་པར་རྟོག་པ་ལྷུར་ལེན་པ་དང་། སྤྲུལ་པ་དཔག་ཏུ་མེད་པ་རྣམས་ཀྱིས་དེའི་དོན་བྱེད་པ་དེ་ལྟར་གསལ་བར་གྱུར་པའོ་ཞེས་པ་བསམ་པ་འདི་རྣམས་ཀྱིས་སོ། །རྫོགས་པ་ནི་དེའི་དོན་ངེས་པར་སེམས་པས་གོམས་པར་ 26-1-202a བྱེད་དོ་ཞེས་པ་མང་པོས་ཆོག་གོ། །འདི་ནི་འདིར་གདམས་ངག་ཇི་ལྟ་བར་བསྒོམ་པའི་རིམ་པ་སྟེ། འདིར་བསྒོམ་པའི་དབང་དུ་བྱས་པའི་སྔགས་པ་ལྷ་མོ་བཞིའི་གླུས་བསྐུལ་བས་སད་པ་སྔ་བར་ལངས་ཏེ། ཧཱུཾ་ཕཊ་ཅེས་པའམ། ཨོཾ་ཨཱཿཧཱུཾ་ཞེས་པ་གནས་དང་བདག་ དང་རྣལ་འབྱོར་བསྲུང་བ་བྱས་ནས། དུར་ཁྲོད་ལ་སོགས་པ་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་སྟན་བདེ་བ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་འདུག་པ་ཤེས་རབ་དང་བཅས་པའམ། ཤེས་རབ་མེད་པ་གཅེར་བུ་སྐྲ་གྲོལ་བ་ལས་ཐམས་ཅད་པ་ལ་ཁ་ལྷོར་ཕྱོགས་བཞི་པ་ལ་སོགས་པའི་ དབྱེ་བས་ནི་རང་ཉིད་ཇི་ལྟ་བའི་ཕྱོགས་སུ་གདོང་ཕྱོགས་པས། དམ་ཚིག་གི་རྫས་བསྟེན་པ་སྔོན་མ་ཅན་གྱིས་འཆད་པར་འགྱུར་བའི་རིམ་པས་བདུད་རྩི་བསྒྲུབས་ཏེ། གཏོར་མ་བྱིན་ནས་རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་ཡིག་གི་འོད་ཟེར་གྱི་ཚོགས་ཀྱིས་ འོག་མིན་ན་བཞུགས་པའི་བཅོམ་ལྡན་འདས་ཧེ་རུ་ཀ་གཉུག་མའི་སྣ་ཚོགས་སྡེ་མས་འཁྱུད་པ། ཕྲེང་བཟངས་མ་ལ་སོགས་པ་རྡོ་རྗེ་རོལ་པ་མོ་ཉི་ཤུ་རྩ་བཞིས་ཡོངས་སུ་བསྐོར་བ། བདག་ཉིད་ལ་ཞལ་ཕྱོགས་པ་འཆད་པར་འགྱུར་བའི་སྐུ་མདོག་ལ་སོགས་པ་ཅན་མདུན་གྱི་ནམ་ མཁར་སྤྱན་དྲངས་ལ། ཧཱུཾ་ཡིག་ལ་འོད་ཟེར་དེ་ཞུགས་པའི་རྗེས་ཐོགས་སུ་ཧཱུཾ་ཡིག་ལས་ཅིག་ཅར་འབྱུང་བའི་རྡོ་རྗེ་ལྷ་མོ་རྣམས་ཀྱིས་མཆོད་པར་བྱའོ། །དེ་ལ་བཅོམ་ལྡན་འདས་ཀྱི་ཤར་ཕྱོགས་རྡོ་རྗེ་བརྟན་མ་དང་པདྨའི་ཚུལ་གྱིས་ཕྱག་གཉིས་ཀྱིས་བཟུང་བའི་ཐོད་པས་གཙོ་བོ་ལ་ རྡུལ་འབུལ་བའོ། །དབང་ལྡན་ཕྱོགས་སུ་རྡོ་རྗེ་ཕོ་ཉ་མོ་ཕྱག་གཉིས་ཀྱིས་ཅང་ཏེའུ་སྒྲོགས་པར་བྱེད་དོ། །མེ་མཚམས་སུ་རྡོ་རྗེ་ཕག་མོ་པདྨའི་ཚུལ་གྱིས་བཟུང་བའི་ཐོད་པས་རྣམ་པར་སྣང་མཛད་གསོལ་དུ་འཇུག་པའོ། །སྲིན་པོའི་མཚམས་སུ་རྡོ་རྗེ་མ་དེ་ལྟར་བཟུང་ བའི་མཆོད་ཡོན་གྱི་སྣོད་རྡོ་རྗེར་ཆུས་བཀང་བ་འབུལ་བའོ། །ལྷོར་རྡོ་རྗེ་གཙིགས་མ་ལག་པ་དག་གིས་རྔ་བོ་ཆེ་བརྡུང་བའོ། །རླུང་མཚམས་སུ་རྡོ་རྗེ་ལྟེ་བ་མ་དེ་ལྟར་བཟུང་བའི་ཐོད་པས་རི་དགས་མཚན་ཅན་མ་འབུལ་བའོ། །ཆུའི་ཕྱོགས་སུ་རྡོ་རྗེ་འཇིགས་མ་དེ་ལྟར་བཟུང་བའི་ 26-1-202b ཐོད་པས་གཅོད་བྱེད་ཅེས་རབ་ཏུ་གྲགས་པ་ཅེ་སྤྱང་གི་ཤ་གསོལ་དུ་འཇུག་པའོ། །བྱང་དུ་འདོད་ཆགས་སྡེ་མ་དང་ལྷན་ཅིག་དེའི་བདག་ཉིད་དུ་གྱུར་ནས་ཡང་དག་པར་འཁྱུད་དེ། ཆགས་པ་ཆེན་པོས་རྗེས་སུ་ཆགས་པར་བྱེད་པའོ། །གར་དང་གླུ་ལ་སོགས་པ་རྣམས་ཀྱིས་ཀྱང་ཡང་དག་ པར་མཆོད་ནས་ཕྱག་འཚལ་ཏེ། སྡིག་པ་བཤགས་པ་ལ་སོགས་པ་འདི་ལྟར་བྱའོ། །བདག་གིས་བདག་ཉིད་ཀྱི་སྡིག་པ་ཐམས་ཅད་སོ་སོར་བཤགས་ཤིང་སླར་ཡང་མི་བགྱིད་དོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་འཕགས་པ་དང་སོ་སོ་སྐྱེ་བོ་ཐམས་ཅད་ཀྱི་ བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །བདག་ཉིད་ཀྱི་བདེ་བ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །དཀོན་མཆོག་གསུམ་པོ་འདི་ལྟ་སྟེ། སངས་རྒྱས་དཀོན་མཆོག་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ དཀོན་མཆོག་དང་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་འཕགས་པའི་དགེ་འདུན་དཀོན་མཆོག་ལ་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་མཆིའོ། །ཀྱེ་མ་མ་ལ་བདག་ཉིད་སེམས་ཅན་ཀུན་གྱི་དོན་དང་། ཕན་པ་དང་། བདེ་བ་དང་། ཇི་སྲིད་དུ་དེ་རྣམས་ཤིན་ཏུ་མཐར་ཐུག་པའི་མྱ་ངན་ ལས་འདས་པ་བླ་ན་མེད་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་དགོད་པའི་ཆེད་དུ་དེའི་ལམ་སྒྲུབ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་བྱང་ཆུབ་པར་བགྱིའོ། །དེའི་རྗེས་སུ་འོག་གི་རླུང་གིས་བསྐུལ་བས་འབར་བའི་གཏུམ་མོས་འཁྱུད་པའི་སྙིང་གའི་ཧཱུཾ་ ཡིག་གི་འོད་ཟེར་རྣམས་ཀྱིས། ཁམས་མ་ལུས་པ་ཟ་ཞིང་། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པ་འདི་ནང་གི་བརྗོད་པ་སྔོན་མ་ཅན་གྱི་དོན་མངོན་དུ་བྱེད་ཅིང་ཆོས་ཐམས་ཅད་སྟོང་པ་ཉིད་ལ་གཞུག་གོ། །དེའི་རྗེས་སུ་སྔོན་གྱི་སྨོན་ལམ་གྱི་ཤུགས་ལས་རཾ་གྱི་ས་བོན་ ལས་སྐྱེས་པའི་ཉི་མར་ཧཱུཾ་ཡིག་ཡོངས་སུ་གྱུར་པའི་སྣ་ཚོགས་རྡོ་རྗེའི་མཐིལ་ལ་གནས་པའི་ཧཱུཾ་ཡིག་དག་གིས་བསྐུལ་བའི་འོད་ཟེར་གྱི་ཡལ་ག་རྣམས་ཀྱིས་རྡོ་རྗེ་ར་བ་དང་གུར་དང་མདའི་དྲ་བ་དང་བླ་རེ་དང་མཚམས་བཅིང་བ་རྣམས་བྱས་ནས། འོག་རྡོ་རྗེའི་ས་གཞི་དང་། དེ་སྣ་ཚོགས་རྡོ་རྗེ་ 26-1-203a སྤྲུལ་པའི་སྟེང་དུ་ཨ་ཡིག་ལས་སྐྱེས་པའི་ཆོས་འབྱུང་དཀར་པོ་གྲུ་གསུམ་གྱི་ནང་དུ་ཆུ་སྐྱེས་ཀྱི་ལྟེ་བར་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཡཾ་ལས་སྐྱེས་པ་བ་དན་གཉིས་པ་ཅན་གཞུ་ལྟ་བུའི་རླུང་གི་དཀྱིལ་འཁོར་སྔོན་པོའི་སྟེང་དུ་རཾ་ཡིག་ཡོངས་སུ་གྱུར་པ་ལས་དམར་པོ་གྲུ་གསུམ་པ་ འབར་བ་བདུན་འཕྲོ་བའི་མེའི་དཀྱིལ་འཁོར་རོ། །དེར་གནས་པ་བཾ་ལས་བྱུང་བ་བུམ་པས་མཚན་པ་དཀར་ཞིང་ཟླུམ་པའི་ཆུའི་དཀྱིལ་འཁོར་ལ་གནས་པ་ལཾ་ཡིག་ཡོངས་སུ་གྱུར་པའི་དཀྱིལ་འཁོར་རྡོ་རྗེས་མཚན་པ་གྲུ་བཞི་པ་གསེར་གྱི་ངོ་བོ་ཡིད་དུ་འོང་བའོ། །དེ་ལྟར་རང་རང་གི་ས་བོན་གྱིས་བྱིན་ གྱིས་བརླབས་པའི་འབྱུང་བ་བཞི་པོ་འདྲེས་པའི་ཁང་པ་བརྩེགས་པ་ན་ཟླུམ་པོའི་རིམ་པ་གསུམ་པ་ཕྱི་གྲུ་བཞི་པ་སྒོ་བཞི་པ་རྟ་བབས་བཞིས་བརྒྱན་པ་དོ་ཤལ་ལ་སོགས་པ་རྣམས་དང་ལྷ་མོ་རྣམས་ཀྱི་འོད་དང་ལྡན་པའི་སྟེགས་བུ་བཞི་པ་ཅན་རིན་པོ་ཆེ་ཐམས་ཅད་ཀྱི་རང་བཞིན་ཀ་བ་དང་དྲིལ་ཆུང་རྣམས་ ཀྱིས་བརྒྱན་པའོ། །དེའི་དབུས་སུ་འཁོར་ལོ་ནག་པོ་རྩིབས་བརྒྱད་པ་ལ་གནས་པའི་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་ལ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་རོའོ། །དེའི་སྟེང་དུ་སྙིང་གར་ཉི་མ་ལ་ཨཱ་ལི་ཉིས་འགྱུར་ཡོངས་སུ་གྱུར་པ་མཚན་སུམ་ཅུ་རྩ་གཉིས་ཀྱི་རྒྱུ་ཟླ་བའི་གཟུགས་མེ་ལོང་ཡེ་ཤེས་ ཀྱི་རང་བཞིན་ནོ། །ཡ་ར་ལ་ཝ་ཌ་ཌྷ་དང་བཅས་པའི་གསལ་བྱེད་ཉིས་འགྱུར་ཡོངས་སུ་གྱུར་པ་དཔེ་བྱད་བརྒྱད་ཅུའི་རྒྱུ་མཚན་ཉི་མ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་དེ་དག་གི་དབུས་སུ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་ལྔ་པའི་སྙིང་པོར་གནས་པའི་ཧཱུཾ་ཡིག་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེ་ཁོ་ན་འོད་ཟེར་རྣམ་པ་ལྔ་བྱུང་བས་སྤྲོས་པའི་ལྷ་རྣམས་ཀྱིས་ཀུན་ནས་འགྲོ་བའི་དོན་བྱེད་པ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །ཟླ་བ་ལ་སོགས་པ་འདི་ཡོངས་སུ་གྱུར་པ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་ བཅོམ་ལྡན་འདས་སངས་རྒྱས་ཐོད་པའི་རྒྱུ་རྡོ་རྗེ་འཆང་ཆུ་ཤིང་གི་མེ་ཏོག་མངོན་པར་གསར་པ་ཁ་འབུས་པ་ལྟ་བུའམ་རྒྱུད་གཞན་གྱི་རིགས་པས་ཀུན་ད་ལྟར་དཀར་བའི་འོད་ཅན་གྱི་སྐུ། འཆང་བར་འགྱུར་བའི་འབྲས་བུ་རྡོ་རྗེ་འཛིན་པ་ལྟ་བུའི་ཕྱག་ལ་སོགས་པ་ཅན་སྣ་ཚོགས་སྡེ་མ་ 26-1-203b དམར་པོས་འཁྱུད་པ། ཧཱུཾ་ཡིག་ལས་བཅོམ་ལྡན་འདས་འགྲུབ་པའི་དུས་ཁོ་ནར་གྲུབ་པའི་ཕྲེང་བ་བཟང་མོ་ལ་སོགས་པའི་ལྷ་མོ་ཉི་ཤུ་རྩ་བཞི་རྣམས་ཀྱིས་ཡོངས་སུ་བསྐོར་བ་བསྒོམ་པར་བྱའོ། །བདག་གི་བླ་མ་ཁ་ཅིག་ནི་སྐབས་འདིར་ཡང་བཅོམ་ལྡན་འདས་ལྷ་མོ་ཉི་ཤུ་རྩ་བཞིས་ཕུལ་བ་ཐོད་པ་ ན་གནས་པའི་བདུད་རྩི་ལྔ་གསོལ་བའོ་ཞེས་གསུངས་སོ། །དེའི་རྗེས་སུ་སྣ་ཚོགས་སྡེ་མའི་དབུ་དང་མགྲིན་པ་དང་ཐུགས་ཀ་དང་གསང་བ་དང་བརླ་དག་ལ་རིམ་པ་ཇི་ལྟ་བུར་ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་པ་འདི་རྣམས་བསྒོམ་སྟེ། ཕན་ཚུན་གྱི་བར་དུ་སྤྲོས་པ་དེ་རྣམས་ཀྱིས་འདིའི་སྐུ་ཁྱབ་པར་བྱས་ པས་ཧྲཱིཿཡིག་ལས་བྱུང་བའི་པདྨ་དམར་པོའི་ལྟེ་བར་ཨཱཿཡིག་དམར་པོ་དང་། བཅོམ་ལྡན་འདས་ཀྱི་རྡོ་རྗེ་ཧཱུཾ་ཡིག་ནག་པོ་ལས་སྐྱེས་ཤིང་རྩེ་མོ་ཨོཾ་ཡིག་དཀར་པོས་བྱིན་གྱིས་བརླབས་པར་བསྒོམས་ཏེ། ལྷ་མོ་ཉི་ཤུ་རྩ་བཞི་སྣ་ཚོགས་སྡེ་མ་དང་ལྷན་ཅིག་དབྱེར་མེད་པ་རྣམས་ཀྱིས་རྣམ་ པ་དེ་ལྟ་བུའི་རྡོ་རྗེ་དང་པདྨ་སྦྱོར་བས་བཅོམ་ལྡན་འདས་ལ་འདོད་པ་མཛད་དེ་བཅོམ་ལྡན་འདས་ཀྱང་ངོ་། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པའི་སྔགས་ཀྱིས་དགའ་བ་རྩོམ་བཞིན་པ་ནི་འདོད་ཆགས་ཆེན་པོས་བཅོམ་ལྡན་འདས་མ་དང་ལྷན་ཅིག་ ཉི་མའི་སྟེང་དུ་ཞུ་བར་འགྱུར་རོ་ཞེས་པ་དང་པོའི་སྦྱོར་བ་ཞེས་བྱ་བ་ཏིང་ངེ་འཛིན་དང་པོའོ། །དེ་ནས་སྔོན་གྱི་སྨོན་ལམ་ལ་ལྟོས་པ་ལ་ཞུ་བ་ལས་སྤྲོས་པའི་ལྷ་མོ་བཞི་རྣམས་ཀྱིས་མངའ་བདག་མ་མཐོང་བས་གདུང་བ་དང་བཅས་པར་གླུ་རྣམས་ཀྱིས་མགོན་པོ་སློང་བར་བྱེད་དེ། དེ་ལ་ བྱམས་པ་ཆེན་པོའི་རང་བཞིན་ཕྲེང་བ་བཟང་མོས་ཅི་ཡིས་ཁྱོད་ནི་སྒྱིད་ལུག་གྱུར། འཇིག་རྟེན་མགོན་པོས་ཅི་ཞིག་ཡིན། །གལ་ཏེ་ཁྱོད་ཚིག་དྲན་བྱེད་ན། །ཀུན་གྱི་བདག་པོ་བཞེངས་མཛོད་ཅིག །ཅེས་པའི་གླུ་འདིས་སོ། །ཐོད་པ་ཅན་མ་སྙིང་རྗེ་ཆེན་པོའི་བདག་ཉིད་ཀྱིས། བདག་ ཉིད་བྱ་བ་བྱས་ནས་ནི། །སྟོང་པ་ཉིད་ལ་སེམས་མ་མཛད། །སྐྱེ་ཀུན་སྲིད་པ་འཇིགས་པར་ལྷུང་། །རྣལ་འབྱོར་མ་ཡི་གྲོགས་པོ་བཞེངས། །ཞེས་པ་འདིས་སོ། །འཇིགས་མ་དགའ་བ་ཆེན་མོའི་རང་བཞིན་གྱིས། །བདག་པོ་སྔོན་གསུངས་དྲན་པར་མཛོད། །བྱ་བར་སྒྱིད་ལུག་ 26-1-204a མ་མཛད་ཅིག །ཁྱོད་ནུབ་ན་ནི་སྐྱེ་བོ་ཀུན། །ལྷུང་ཞིང་འགྲོ་བ་སྒྱིད་ལུག་འགྱུར། །ཞེས་པ་འདིས་སོ། །དེ་ལྟར་བསྐུལ་བའི་རྗེས་ཐོགས་སུ། ཞུ་བ་དེ་ལས་བྱུང་བའི་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་དང་བཅས་པའི་ཧཱུཾ་ཡོངས་སུ་གྱུར་པའི་བཅོམ་ལྡན་འདས་ཧེ་རུ་ཀ་མདོག་ སྔོན་པོ་ཞལ་གཅིག་པ་ཕྱག་བཞི་པ་ཕྱག་གཡས་པ་གཉིས་ཀྱིས་ཅང་ཏེའུ་དང་གྲི་གུག་དག་དང་། གཡོན་པས་ཁ་ཊྭཱཾ་ག་དང་ཐོད་པ་དག་བསྣམས་པ། སྣ་ཚོགས་པདྨར་ཉལ་བའི་རོའི་བྲང་ལ་གནས་པའི་ཉི་མའི་དཀྱིལ་འཁོར་ལ་གནས་པ། སྐྱིལ་ཀྲུང་ཕྱེད་པ་བཅིངས་པས་སྒེག་པ་ ལ་སོགས་པ་གར་གྱི་ཉམས་དགུས་གར་མཛད་པ། མགྲིན་པར་མི་མགོ་རློན་པ་ལྔ་བཅུའི་ཕྲེང་བ་འཕྱང་པ་མིའི་རྒྱུ་མ་རློན་པའི་ཚངས་སྐུད་ཅན། རྒྱབ་ཀྱི་ཆར་སྟག་གི་པགས་པ་འཛིན་ཅིང་མདུན་གྱི་ཆར་གཅེར་བུ་འཁོར་ལོ་ཅན་དང་། རྣ་རྒྱན་དང་མགུལ་རྒྱན་དང་དཔུང་རྒྱན་དང་གདུ་ བུ་དང་སྐེ་རགས་གྲོལ་བ་དང་། ཞབས་གདུབ་དང་། གཡེར་ཁའི་སྒྲས་བརྒྱན་པ། སངས་རྒྱས་ལྔའི་ཅོད་པན་ཅན་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་མཚན་པའི་རལ་པའི་ཐོར་ཚུགས་ཅན། དཔྲལ་བའི་མཐར་ཐོད་པ་ལྔའི་ཕྲེང་བ་བཅིངས་པ། རོ་བསྲེགས་པའི་ཐལ་བས་བརྒྱན་པ། བཅོས་མའི་ཁྲོ་བས་དྲག་པོ་ཆེན་པོའི་སྐུ་ཅན། ཉི་མ་ཤར་ཀའི་དཀྱིལ་འཁོར་ལྟ་བུ་སྤྱན་གསུམ་པ། ཧཱུཾ་ཡིག་སྒྲོགས་པས་བདུད་ཀྱི་སྡེ་དྲེགས་པ་ཅན་གྱི་རྒོལ་བ་བསྡིགས་ཤིང་ཕྱེ་མར་མཛད་པ། མཆོག་ཏུ་བྱམས་པ་དང་། ཐུགས་རྗེ་ཆེན་པོ་འཁོར་བའི་རྒྱ་མཚོའི་དོང་དུ་བྱིང་བའི་ལུས་ ཅན་གྱི་ལུས་འཛིན་པ་རྣམས་འདོན་པར་མཛད་པ། རྣལ་འབྱོར་པས་དབུགས་ནང་དུ་བསྡམས་པས་བསྒོམ་པར་བྱའོ། །གཙོ་བོ་འདིའི་མཛའ་མོ་སྣ་ཚོགས་སྡེ་མ་བཅོམ་ལྡན་འདས་དང་ལྷན་ཅིག་ཁོ་ནར་ཧཱུཾ་ཡིག་ལས་སྐྱེས་པ་གོས་མེད་པ་རུས་པའི་རྒྱན་ཅན། མི་མགོའི་ཕྲེང་བ་དོར་ བ་དབུ་སྐྲའི་ཚོགས་གྲོལ་ཞིང་དམར་སེར་གྱེན་དུ་འབར་བ་བནྡུ་ཀའི་མེ་ཏོག་གི་ཐོད་ཅན། སྒེག་ཅིང་གཡོ་བས་རྩེན་པའི་སྐུ་ཅན། མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་པའི་ཞལ་གཅིག་མ་སྤྱན་གསུམ་པ། སྒེག་པ་དང་བཅས་པའི་གཙོ་བོའི་མགུལ་པ་ལ་འཁྱུད་པའི་ཕྱག་གཡོན་གྱིས་ 26-1-204b ཐོད་པར་བླུགས་པའི་གཉུག་མའི་ཆུ་སྐྱེས་ཀྱི་བུ་ག་ལས་བྱུང་བའི་མེ་ཏོག་གི་རྒྱུན་གཙོ་བོ་ལ་ལྟོས་པ། སྲིད་པ་གསུམ་ན་གནས་པ། ལེགས་པའི་ལམ་ལས་གྲོལ་བའི་ཚོགས་ལ་བརྡེག་པའི་ཚུལ་གྱིས་གྲི་གུག་དང་བཅས་པའི་ཕྱག་གཡས་པའི་སྙེ་མ་སྟེང་དུ་དྲང་པོ་ཅན་ཤཱི་ཏ་སྒྲ་དང་ བཅས་པར་མ་མཆུ་བདུད་རྩི་སྟེར་བ་ལ་སོགས་པ་རྣམས་དང་། ཤིན་ཏུ་སྒྱུ་རྩལ་རྩེད་མོ་རྣམས་ལ་མཁས་པས་ཁུ་བ་འཛག་ཅིང་། གཙོ་བོའི་ཡིད་ཤིན་ཏུ་འཇམ་ཞིང་ཆགས་པར་མཛད་པའོ། །ཡབ་ཡུམ་འདི་དག་འགྲུབ་པའི་དུས་སུ་ཕྲེང་བཟངས་མ་ལ་སོགས་པ་རྡོ་རྗེ་རོལ་པ་མོ་ རྣམས་གྲུབ་བོ། །དེ་ལ་བཅོམ་ལྡན་འདས་ཀྱི་གདན་ལས་ཤར་གྱི་འདབ་མ་ལ་ལེགས་ཕྲེང་མའོ། །བྱང་དུ་ཐོད་པ་ཅན་མའོ། །ནུབ་ཏུ་འཇིགས་མའོ། །ལྷོར་ཐུབ་དཀའ་མའོ། །དབང་ལྡན་ལ་སོགས་པ་ཕྱོགས་བྲལ་གྱི་འདབ་མ་རྣམས་ལ་གཡས་སྐོར་དུ་ཁུ་བ་དང་རྡུལ་དང་ བདུད་རྩི་ལྔ་དང་སྒྲོན་མ་ལྔས་གང་བའི་ཐོད་པ་རྣམས་སོ། །འདི་ནི་རིམ་པ་དང་པོ་སྟེ་པདྨ་འདབ་མ་བརྒྱད་པ་རྡོ་རྗེ་སྔོན་པོའི་ཕྲེང་བས་བསྐོར་བའོ། །དེ་ནས་རིམ་པ་གཉིས་པ་རྩིབས་བརྒྱད་དམར་པོ་ལ་གནས་པའི་པདྨ་བརྒྱད་དེ། ཕྱི་རོལ་དུ་མངོན་པར་གསལ་བའི་སྐྱ་རིང་ལྟར་དམར་ པོའི་རྡོ་རྗེ་ཕྲེང་བས་བསྐོར་བའོ། །དེའི་ཤར་དུ་རྩིབས་ལ་དགེ་བའི་སྐེ་རགས་མའོ། །བྱང་དུ་གཟུགས་ཅན་མའོ། །ནུབ་ཏུ་རྣམ་པར་རྒྱལ་མའོ། །ལྷོར་བྱེད་མའོ། །དབང་ལྡན་དུ་དུས་ཅན་མའོ། །མེར་མཚོ་ཆེན་མའོ། །བདེན་བྲལ་དུ་བྱེད་མའོ། །རླུང་དུ་གསོད་བྱེད་མའོ། །དེ་ནས་ རིམ་པ་གསུམ་པ་རྩིབས་བརྒྱད་དཀར་པོ་ལ་གནས་པའི་པདྨ་བརྒྱད་དེ་རྡོ་རྗེ་ཕྲེང་བ་དཀར་པོས་བསྐོར་བའོ། །དེའི་ཤར་དུ་རྩིབས་ལ་རྡོ་རྗེ་སྒྲོལ་མ་ཅན་མའོ། །བྱང་དུ་འཇིགས་བྱེད་མཐོང་མའོ། །ནུབ་ཏུ་ལེགས་མཐོང་མའོ། །ལྷོར་མི་ཐུབ་མའོ། །དབང་ལྡན་དུ་དགེ་བ་མའོ། ། མེར་གྲིབ་གནོན་མའོ། །བདེན་བྲལ་དུ་དུས་མཚན་མའོ། །རླུང་དུ་གྲགས་ཆེན་མའོ། །དེ་ནས་ཤར་གྱི་སྒོར་པདྨ་ལ་མཛེས་མའོ། །བྱང་དུ་པདྨ་ལ་ནོར་འཛིན་མའོ། །ནུབ་ཏུ་པདྨ་ལ་སྐལ་བ་བཟང་མོའོ། །ལྷོར་པདྨ་ལ་དགའ་མཐོང་མའོ། །འདི་རྣམས་ཐམས་ཅད་གཡས་པ་དང་ 26-1-205a ཅིག་ཤོས་ཀྱི་ཕྱག་གི་ཡལ་གས་གྲི་གུག་དང་ཐོད་པ་འཛིན་པ། བདག་པོ་ལ་སེམས་པས་མཆུ་གཡོ་བ་སོ་ཅུང་ཟད་སྟོན་པ། ཞལ་གཅིག་པ་ཕྱོགས་ཀྱི་གོས་ཅན་རུས་པའི་རྒྱན་ཅན་མགོ་བོའི་ཕྲེང་བ་དང་བྲལ་བ། སྐྲའི་ཚོགས་གྲོལ་ཞིང་དམར་སེར་གྱེན་དུ་འབར་བ་ ཤིན་ཏུ་ཆགས་པ་ལས་ཁུ་བ་འཛག་པ། མེ་ཏོག་མནྡཱ་ར་བ་ཁ་གསར་དུ་བྱེ་བ་ལྟ་བུའི་ཉི་མའི་གཟུགས་རྣམས་ལ་སྐྱིལ་ཀྲུང་ཕྱེད་པས་གར་མཛད་པ་རྣམས་སོ། །སྒོ་སྐྱོང་མ་རྣམས་ནི་གཡས་བརྐྱང་གི་ཟླ་བའི་ཞབས་སྟབས་ཀྱིས་སོ། །ཐམས་ཅད་ཀྱང་སྟག་གི་པགས་པའི་ཤམ་ ཐབས་ཅན་ཐམས་ཅད་འོད་ཟེར་འབར་བ། ཞལ་ནས་ཁྲག་གི་རྒྱུན་འཛག་པ། སྤྱན་གསུམ་པ། སྒེག་པ་ལ་སོགས་པའི་ཚོགས་ཀྱི་ཉམས་ཅན་མངོན་པར་གསར་བའི་ཨིནྡྲ་ནཱི་ལའི་རྡོ་བ་བཅག་པའི་ཁ་དོག་གི་སྐུ་དང་ལྡན་པའོ། །ཡང་ན་ལེགས་པར་ཕྲེང་མ་ལ་སོགས་པ་བཞི་རྣམས་ ནག་མོའོ། །རིམ་པ་གཉིས་པ་མ་རྣམས་དཀར་སེར་རོ། །རིམ་པ་གསུམ་པར་བཞུགས་པ་མ་རྣམས་ལྗང་ཁུ་རྣམས་སོ། །སྒོ་སྐྱོང་མའི་ལྷ་མོ་རྣམས་ནག་མོའོ། །བདག་གི་བླ་མ་གཞན་རྣམས་ནི་ལེགས་ཕྲེང་མ་ནི་དཀར་མོའོ། །ཐོད་པ་ཅན་མ་ནི་སེར་མོའོ། །འཇིགས་མ་དཀར་ མོའོ། །ཐུབ་དཀའ་མ་ནག་མོའོ། །རིམ་པ་གཉིས་པ་མ་རྣམས་དམར་མོའོ། རིམ་པ་གསུམ་པར་གནས་པ་རྣམས་དཀར་མོའོ། །མཛེས་མ་དཀར་མོའོ། །ནོར་འཛིན་མ་སེར་མོ། །སྐལ་བ་བཟང་མོ་དམར་མོ། །དགའ་མཐོང་མ་ནག་མོ་སྟེ། རྒྱུད་རྒྱས་པར་གསུངས་ པའི་ཕྱིར་རོ་ཞེས་གསུངས་སོ། །ཇི་ལྟར་མོས་པ་བསྒོམ་པར་བྱ་སྟེ། ཕྱོགས་གཉིས་པ་ཡང་ཉུང་ངུའི་རྒྱུད་དུ་གསུངས་པ་ཉིད་ཀྱི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཨོཾ་དཔྲལ་བར་ཧཱུཾ། མགྲིན་པར་ཧེཾ་སྤྱི་བོར་ཧཻཾ་ཕྲག་པ་གཉིས་ལ་ཧོཾ་མིག་གཉིས་ལ་ཧཽཾ་གསང་བ་ལ་ ཧཾ་ལུས་ཐམས་ཅད་ལ་ཧཿཞེས་པ་གོ་ཆའོ། །དེའི་རྗེས་སུ་ཐུགས་ཀར་ཧཱུཾ་ནག་པོ་ལས་སྐྱེས་པའི་རྡོ་རྗེའི་ལྟེ་བར་ཧཱུཾ་མགྲིན་པར་ཨཱཿདམར་པོ་ཡོངས་སུ་གྱུར་པའི་པདྨ་ལ་ཨཱཿབདེ་བ་ཆེན་པོའི་འཁོར་ལོ་ལ་ཨོཾ་ཡིག་དཀར་པོ་ལས་སྐྱེས་པའི་འཁོར་ལོ་ལ་ཨོཾ་ཞེས་པ་ཐུགས་དང་། གསུང་ 26-1-205b དང་། སྐུ་བྱིན་གྱིས་བརླབས་ནས། སྙིང་གའི་ཉི་མའི་རྡོ་རྗེ་ལ་གནས་པའི་ཧཱུཾ་ཡིག་གི་འོད་ཟེར་རྣམས་ཀྱིས་ཡེ་ཤེས་ཀྱི་འཁོར་ལོ་བཀུག་ནས། ཧཱུཾ་ཡིག་གིས་བགེགས་རྣམས་བསྐྲད་དེ། མཆོད་ཡོན་ཕུལ་ནས་སྒོ་སྐྱོང་མ་བཞི་པོ་རྣམས་ཀྱིས་རིམ་པ་ཇི་ལྟ་བར་ཛཿཧཱུཾ་བཾ་ཧོཿཞེས་པས་ དགུག་པ་དང་གཞུག་པ་དང་། བཅིངས་ཤིང་དབང་དུ་བྱས་ནས། ཨོཾ་བུདྡྷ་ཀ་པཱ་ལི་ནཱི་ཨཱཿཁཾ་ཀྲོཾ་དྲུཾ་སྲུཾ་ཨཾ་ཨཾ་ཨཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་བསྒྱིངས་པ་དང་བཅས་པ་བརྗོད་ཅིང་དེ་དང་ལྷན་ཅིག་དམ་ཚིག་གི་དཀྱིལ་འཁོར་གཅིག་ཏུ་གྱུར་པར་བལྟའོ། །དེ་ནས་ལྟེ་བར་གཏུམ་མོ་འབར་བས་ རིམ་གྱིས་ཞུ་བའི་བདེ་བ་ཆེན་པོའི་འཁོར་ལོར་གནས་པའི་བདུད་རྩིས་ཆོས་ཀྱི་འཁོར་ལོའི་ས་བོན་འཁྲུད་པའི་དུས་སུ་ཆོས་ཀྱི་འཁོར་ལོའི་རྩ་བརྒྱད་ཀྱི་རང་བཞིན་བདེ་བ་ཆེན་པོའི་ངོ་བོའི་མཁའ་འགྲོ་མ་བརྒྱད་པོ་མཆོད་པའི་དུས་སུ་བརྗོད་པ་རྣམ་པ་སྣ་ཚོགས་པའི་གོས་ལ་སོགས་ པའི་རྒྱན་ཅན་ཕུལ་དུ་དབྱུང་དུ་མེད་པའི་གཟུགས་དང་སྒེག་པ་དང་ངལ་སོའི་ས་གཞིར། ལོ་བཅུ་གཉིས་ལོན་པ་ཤིང་ཨ་མྲའི་སྙེ་མ་དང་བཅས་པ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་བུམ་པ་བསྣམས་པའི་ཕྱག་གི་ཡལ་ག་ཅན། ཞི་ཞིང་འཛུམ་པའི་འོད་ཟེར་དང་བཅས་པ་རྣམས་སྤྲོས་ ནས། ཕྱི་རོལ་དུ་གཤེགས་ཤིང་། དེའི་ཚེ་ཁོ་ན་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང་། ལྷ་མོ་རྣམས་དང་བཅས་པ་དེ་རྣམས་ལ། །ཡང་ནས་ཡང་དུ་ཕྱག་འཚལ་ཏེ། །ཐལ་མོ་སྦྱར་བས་གསོལ་འདེབས་ན། །ཐུགས་རྗེ་ དང་ནི་ལྡན་པ་རྣམས། །བདག་ལ་དབང་ནི་བསྐུར་དུ་གསོལ། །ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཡོ་གི་ནྱོ་མ་ཀུ་ཊེ་ཨ་ཏྲ་ཨ་དྷིཥྛནྟུ་ཨཱ་གཙྪནྟུ་ཧཱུཾ་སྭཱ་ཧཱ། ཞེས་པ་འདིས་གསོལ་བ་བཏབ་པ། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། གོས་དང་རོལ་མོ་ལ་སོགས་པའི་ཉེ་བར་མཁོ་ བ་ཐམས་ཅད་དང་ལྡན་པ། ཡེ་ཤེས་ཀྱི་ཆུས་བཀང་བའི་བུམ་པ་དཀར་པོའི་ཕྱག་ཅན་རྣམས་གྱིས་རྒྱལ་བར་གྱུར་ཅིག །རྒྱལ་བར་གྱིས་ལ་སོགས་པས་ཕྱི་དང་ནང་དང་གསང་བ་དང་ཤེས་རབ་དང་བཞི་པའི་དབང་བསྐུར་བ་རྣམས་ཀྱིས་དབང་བསྐུར་བར་མཛད་དོ། །དབང་ 26-1-206a བསྐུར་བའི་དུས་སུའང་། ཛྱོ་ཛྱོད་བྱེད་པ་དང་། བཀྲ་ཤིས་དང་། རྡ་བོ་ཆེའི་སྒྲ་དང་ཙནྡན་དང་གུར་གུམ་དང་མེ་ཏོག་ལ་སོགས་པའི་ཆར་པ་ནམ་མཁའི་མཐིལ་ལས་འབྱུང་བའོ། །དེའི་རྗེས་སུ་དེ་རྣམས་རྩ་དེ་རྣམས་ལ་ཐིམ་པར་བྱའོ། །དེ་ནས་བཅོམ་ལྡན་ འདས་དང་ལྷ་མོ་རྣམས་རང་རང་གི་རིགས་ཀྱི་འདྲེན་པས་རྒྱས་གདབ་པར་བྱ་སྟེ། དེ་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་སངས་རྒྱས་ལྔ་ཡིས་ཅོད་པན་བརྒྱན་ཞེས་གསུངས་པའི་ཕྱིར་རོ། །མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ལྔ་རྣམས་ཀྱིས་སོ། །སྣ་ཚོགས་སྡེ་མ་ ལ་ནི་རྣམ་པར་སྣང་མཛད་ཆེན་པོ་མིང་གཞན་རྡོ་རྗེ་སེམས་དཔས་སོ། །ལེགས་ཕྲེང་མ་ལ་སོགས་པ་བཞི་རྣམས་རིན་ཆེན་འབྱུང་བས་སོ། །རིམ་པ་གཉིས་པར་གནས་པ་རྣམས་འོད་དཔག་མེད་ཀྱིས་སོ། །རིམ་པ་གསུམ་པར་གནས་པ་རྣམས་རྣམ་པར་སྣང་མཛད་ཀྱིས་སོ། ། སྒོ་སྐྱོང་མ་རྣམས་དོན་ཡོད་གྲུབ་པས་རྒྱས་གདབ་བོ། །དེ་ནས་རྩ་བརྒྱད་པོ་དེ་ལས་བྱུང་བའི་རྣལ་འབྱོར་མ་བརྒྱད་རྣམས་ཀྱིས་སྔར་བཞིན་དུ་གཙོ་བོ་ལ་མཆོད་ནས། རྡོ་རྗེ་དང་ནི་པདྨ་འདུས་ཤིང་བདུད་རྩིའི་བདེ་རྒྱས་ཤིང་། །རིམ་གྱིས་ཡོངས་གྱུར་སྐུ་ཅན་སེམས་ཅན་དོན་དུ་གར་ བྱེད་པ། །རྡོ་རྗེ་ལྷ་མོའི་རྩེད་མོའི་རོལ་པ་རྩེན་མཛད་འགྲོ་རྨོངས་ལ། །འགྲོ་ལ་མི་དམན་ཀུན་དགའ་སྟེར་བ་ཁྱོད་ལ་བདག་འདུད་དོ། །ཞེས་པས་བསྟོད་དེ། འདི་ལྟར་བདུད་རྩི་མྱང་བར་བྱའོ། །བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མའི་དགའ་བའི་སྒྲས་ བསྐུལ་བའི་དེ་བཞིན་གཤེགས་པ་ལྔ་རྣམས་བྱོན་ཏེ་རྣམ་པར་སྣང་མཛད་ཀྱི་སྒོ་ནས་ཞུགས་པ་ཞུ་སྟེ་པདྨའི་ནང་དུ་བབས་སོ། །དེའི་ཚེ་ནང་གི་བདག་ཉིད་ཀྱི་ཡེ་ཤེས་ལྔའི་བདུད་རྩི་ལྕེའི་རྩེ་མོའི་རོལ་པས་རང་ཉིད་ཀྱིས་བླངས་ཤིང་། དཀྱིལ་འཁོར་བའི་ལྷ་ཚིམ་པར་བྱའོ། །ཕྱི་ རོལ་དུ་ནི་ཡཾ་ཡིག་ལས་སྐྱེས་ཤིང་ཡཾ་གི་སྙིང་པོ་ཅན་བ་དན་གཡོ་བ་གཉིས་ཀྱིས་མཚན་པའི་རླུང་གི་དཀྱིལ་འཁོར་སྔོན་པོ་ལ་རི་ལས་བྱུང་ཞིང་རཾ་དང་ལྡན་པ་འབར་བ་བདུན་པའི་མེའི་དཀྱིལ་འཁོར་དམར་པོ་ལ། དེའི་སྟེང་དུ་ཡི་གེ་གསུམ་ལས་སྐྱེས་པའི་མགོ་བོ་གསུམ་ལ་ 26-1-206b གནས་པ་ཨཱཿཡིག་ལས་སྐྱེས་པའི་པདྨའི་སྣོད་དོ། །དེའི་དབུས་སུ་ཟླ་བ་ཕྱེད་པ་དང་། ཐིག་ལེ་དང་བཅས་པའི་བི་ར་ཤུ་མ་མུ། གོ་ཀུ་ད་ཧ་ན་ཡོངས་སུ་གྱུར་པའི་བདུད་རྩི་ལྔ་དང་ཤ་ལྔ་ཨོཾ་ཧཱུཾ་ཁཾ་སྭ་ཧཱུཾ་དང་བཅས་པ་རྣམས་ཏེ། དེ་ནས་རླུང་གིས་བསྐུལ་བའི་མེས་གདུངས་པས་ཐོད་པ་ན་གནས་ པའི་རྫས་བཅུ་བསྲོས་པའི་རླངས་པས་མཐོ་གང་གི་བར་ཅན་གྱི་སྟེང་གི་བར་སྣང་ལ་ཧཱུཾ་ལས་སྐྱེས་ཤིང་ཧཱུཾ་གིས་མཚན་པའི་རྡོ་རྗེ་སྔོན་པོ་ལ་རེག་པས་ཞུ་ནས་ཞུགས་པ་ལས་ཐམས་ཅད་རོ་གཅིག་པར་སྨིན་པའི་སྟེང་དུ་མཐོ་གང་གི་བར་ན་ཨོཾ་ལས་སྐྱེས་ཤིང་ཨོཾ་ཡིག་གིས་བྱིན་གྱིས་བརླབས་ པའི་བདུད་རྩིའི་འོད་ཅན་གྱི་དཀྱིལ་འཁོར་གྱི་ཨོཾ་ཡིག་གི་འོད་ཟེར་གྱིས་བཀུག་པ་ཕྱོགས་བཅུ་ན་གནས་པའི་དེ་བཞིན་གཤེགས་པ་ལ་སོགས་པའི་བྱང་ཆུབ་སེམས་ཀྱི་བདུད་རྩི་རྣམས་དང་། ནོར་བུ་དང་སྔགས་དང་། སྨན་གྱི་ནུས་པའི་བྱེ་བྲག་རྣམས་དང་ལྷན་ཅིག་ཞུགས་ པ་ན། དེ་ཐམས་ཅད་དངུལ་ཆུའི་མདོག་ཅན་བ་མོའི་ཕུང་པོ་བཞིན་དུ་བསིལ་བའི་བདུད་རྩི་དེ་ཉིད་གསུམ་གྱིས་ལན་གསུམ་བྱིན་གྱིས་བརླབས་ཏེ། དེས་ལྕེ་ཧཱུཾ་དཀར་པོ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་འོད་ཟེར་དང་བཅས་པའི་སྦུ་གུ་ནས་བདག་ཉིད་དང་དཀྱིལ་འཁོར་གྱི་ལྷ་རྣམས་ ཚིམ་པར་བྱའོ་ཞེས་པ་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསྐུལ་བའི་མཁའ་འགྲོ་མ་ཐམས་ཅད་དང་། བཅོམ་ལྡན་འདས་ཀྱི་སྐུའི་སྤྲིན་སྤྲོས་པ་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་དོན་མཛད་ དེ། རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བསྐྱེད་ནས་རང་གི་སྐུའི་སྤྲིན་རྣམས་རྩ་བའི་སྐུ་ལ་བསྡུའོ་ཞེས་པ་ལས་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པའོ། །དེའི་རྗེས་སུ་ནང་དུ་རྫོགས་པའི་དཀྱིལ་འཁོར་མངོན་དུ་བྱ་སྟེ། དེ་ལ་མགོ་བོ་པུལླཱི་ར་མཱ་ལ་ཡ་རུ་ཕྲེང་ བཟངས་མའོ། །སྤྱི་བོ་ཛཱ་ལནྡྷ་ར་ལ་ཐོད་པ་ཅན་མའོ། །རྣ་བ་གཡས་པ་ཨོ་ཌི་ཡ་ན་རུ་འཇིགས་མའོ། །མགོ་བོའི་རྒྱབ་ཏུ་ཨརྦུ་ད་རུ་རྒྱལ་དཀར་མའོ། །གནས་ཏེ་ས་རབ་ཏུ་དགའ་བའོ། །རྣ་བ་གཡོན་པ་གོ་དཱ་ཝ་རཱི་རུ་མཛེས་མའོ། །སྨིན་མའི་དབུས་རཱ་མེ་ཤྭ་ར་ལ་ནོར་ 26-1-207a འཛིན་མའོ། །མིག་གཉིས་དེ་ཝཱི་ཀོ་ཊ་རུ་སྐལ་བཟང་མའོ། །ཕྲག་པ་གཉིས་མཱ་ལ་ཝ་རུ་དགའ་མཐོང་མའོ། །ཉེ་བའི་གནས་ཏེ་ས་དྲི་མ་མེད་པའོ། །བརྒྱད་པོ་འདི་རྣམས་ནི་ཐུགས་ཀྱི་འཁོར་ལོར་མཁའ་ལ་སྤྱོད་པ་རྣམས་སོ། །མཆན་ཁུང་དག་ཀཱ་མ་ རཱུ་པར་དགེ་བའི་སྐེ་རགས་མའོ། །ཨོ་ཏྲེ་ནུ་མ་གཉིས་སུ་གཟུགས་ཅན་མའོ། །ཞིང་སྟེ་ས་འོད་བྱེད་པའོ། །ཏྲི་ཤ་ཀུ་ནེ་ལྟེ་བར་རྣམ་རྒྱལ་མའོ། །ཀོ་ས་ལ་སྣའི་རྩེ་མོར་བྱེད་མའོ། །ཉེ་བའི་ཞིང་སྟེ་ས་འཕྲོ་མའོ། །ཀ་ལིངྒ་ཁ་རུ་དུས་ཅན་མའོ། །ལམྦཱ་ཀ་མགྲིན་པར་ མཚོན་ཆེན་མའོ། །ཚནྡོ་ཧ་སྟེ་ས་སྦྱང་དཀའ་བའོ། །ཀཱཉྩི་སྙིང་གར་བྱེད་པ་ཅན་མའོ། །ཧི་མཱ་ལཱ་ཡ་རླིག་པ་ལ་གསོད་བྱེད་མའོ། །ཉེ་བའི་ཚནྡོ་ཧ་སྟེ་ས་མངོན་དུ་གྱུར་པའོ། །གསུང་གི་འཁོར་ལོར་ས་ལ་སྤྱོད་པ་རྣམས་སོ། །པྲེ་ཏ་པུ་རི་རྟགས་ལ་སྒྲོལ་བ་ ཅན་མའོ། །གྲྀ་ཧ་དེ་བ་ཏ་བཤང་ལམ་དུ་འཇིགས་མཐོང་མའོ། །འདུ་བ་སྟེ་ས་རིང་དུ་སོང་བའོ། །སཽ་རཱཥྚ་བརླ་གཉིས་ལ་ལེགས་མཐོང་མའོ། །གསེར་གླིང་བྱིན་པ་ལ་མི་ཐུབ་མའོ། །ཉེ་བའི་འདུ་བ་སྟེ་ས་མི་གཡོ་བའོ། །ན་ག་ར་སོར་མོ་རྣམས་ལ་དགེ་བ་མའོ། ། སིནྡྷུ་བོལ་གོང་དག་ལ་གྲིབ་གནོན་མའོ། །དུར་ཁྲོད་དེ་ས་ལེགས་པའི་བློ་གྲོས་སོ། །མ་རུ་མཐེ་བོང་དག་ལ་དུས་མཚན་མའོ། །ཀུ་ལུ་ཏཱ་པུས་མོ་དག་ལ་གྲགས་ཆེན་མའོ། །ཉེ་བའི་དུར་ཁྲོད་དེ་ས་ཆོས་ཀྱི་སྤྲིན་ནོ། །སྐུའི་འཁོར་ལོར་ས་འོག་ན་གནས་པ་རྣམས་སོ། །བྱང་ཆུབ་ ཀྱི་སེམས་ལ་སོགས་པ་བཞི་ནི་བདེ་བ་ཆེན་པོ་ལ་སོགས་པའི་འཁོར་ལོ་བཞི་ལའོ། །བཅོམ་ལྡན་འདས་དང་སྣ་ཚོགས་སྡེ་མ་དག་གི་གནས་ནི་པདྨའི་ལྟེ་བ་གཉིས་སོ། །བཅོམ་ལྡན་འདས་ནི་ཀུན་རྫོབ་པའི་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་དེ། སྣ་ཚོགས་སྡེ་མའི་རྡུལ་གྱི་རང་ བཞིན་ནོ། །བྱང་ཆུབ་ཀྱི་སེམས་ལ་སོགས་པ་བཞི་དང་གཞན་ཡང་ཐམས་ཅད་འདི་དག་ཐམས་ཅད་ལ་འཕྲོས་པའོ། །རང་རང་གི་གནས་ནས་གནས་པའི་རྩའི་རང་བཞིན་ལྷ་མོ་ཉི་ཤུ་རྩ་བཞི་རྣམས་བཅོམ་ལྡན་འདས་ཁོ་ནས་འཕྲོས་པས་ཡང་དག་པར་འཁྱུད་པའོ། །གདམས་ངག་ 26-1-207b ཇི་ལྟ་བ་དང་དེ་ཁོ་ན་ཉིད་ཇི་ལྟ་བ་དང་མོས་པ་ཇི་ལྟ་བར་གཏུམ་མོའི་རབ་ཏུ་དབྱེ་བ་བསྒོམ་པས་འདི་ཐམས་ཅད་དང་འགྲོ་བ་ཡང་དོན་དམ་པ་སྟོང་པ་ཉིད་དང་། བདེ་བ་ཆེན་པོའི་རང་བཞིན་སྙིང་རྗེ་དབྱེར་མེད་པའི་ངོ་བོ་སྣ་ཚོགས་སྡེ་མ་དང་སངས་རྒྱས་ཐོད་པའི་རང་བཞིན་ཁོ་ནར་བསྒོམ་ པར་བྱའོ་ཞེས་པའོ། །གལ་ཏེ་རྣལ་འབྱོར་པ་དངོས་གྲུབ་རྣམས་ཐམས་ཅད་མྱུར་དུ་འགྲུབ་པའི་ཆེད་དུ་སེམས་བརྟན་པར་བྱེད་འདོད་ན་དེའི་ཚེ་ཏིང་ངེ་འཛིན་གསུམ་མདོར་བསྡུས་ནས་བསྒོམས་ཏེ། སྤྲུལ་པའི་འཁོར་ལོའི་པདྨ་འདབ་མ་དྲུག་ཅུ་རྩ་བཞི་པའི་ཁ་སྟེང་དུ་ཕྱོགས་པའི་ བུ་གར་ཨོཾ་སྔོན་པོའོ། །ཆོས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་འོག་ཏུ་ཕྱོགས་པར་ཧཱུཾ་སྔོན་པོའོ། །སྟེང་དུ་ཁ་ཕྱོགས་པའི་ལོངས་སྤྱོད་རྫོགས་པའི་འཁོར་ལོ་རྩིབས་བཅུ་དྲུག་པར་ཨོཾ་དམར་པོའོ། །བདེ་བ་ཆེན་པོའི་འཁོར་ལོ་རྩིབས་སུམ་ཅུ་རྩ་གཉིས་པ་འོག་ཏུ་ཁ་ཕྱོགས་པའི་ཧཾ་དཀར་ པོའོ། །གསང་བའི་འཁོར་ལོར་གནས་པའི་རླུང་གི་མེ་བསྐུལ་བའི་གཏུམ་མོའི་རང་བཞིན་ཨཾ་ཡིག་འབར་བའི་འོད་ཟེར་གྱིས་བཞུ་བའི་ཧཱུཾ་ཡིག་ལ་སོགས་པ་ཡི་གེ་གསུམ་དང་ལྷན་ཅིག་དབྱེར་མེད་པའི་ཨཾ་ཡིག་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་གྱི་ཐིག་ལེར་གྱུར་པའི་ དཔའ་བོ་བསྒོམ་ཞིང་བསྒོམ་པ་ཡོངས་སུ་སྨིན་པར་མོས་ནས། དེ་ཉིད་ལས་འོད་ཟེར་གྱི་རེ་ཁཱ་ཕྲ་མོ་འབར་བ་གཅིག་ལྟར་གནས་པར་བལྟ་བར་བྱའོ། །དེའི་མཐུས་བདུད་རྩི་འཛག་པས་གང་བས་དཔའ་བོ་བཀྲུས་པ། འོད་ཟེར་གྱི་རེ་ཁཱ་དེ་ཡང་བསིལ་བར་གྱུར་ཏེ། དེ་ ནས་དཔའ་བོ་ལ་སེམས་ངེས་པས་ཇི་སྲིད་དུ་སེམས་བརྟན་པ་ཐོབ་པར་མཚན་མ་རྣམས་ཀྱིས་ཉེ་བར་དམིགས་པ་དེ་སྲིད་དུ་བལྟ་བར་བྱའོ། །བརྟན་པ་ཉེ་བར་མཚོན་པ་ན། འོད་ཟེར་གྱི་རེ་ཁཱ་དེའི་སྣང་བས་སྣ་ཚོགས་པ་གསལ་བར་བྱེད་པར་བསམས་ཏེ། ཐམས་ཅད་ ལག་མཐིལ་གྱི་སྐྱུ་རུ་ར་ལྟར་བལྟའོ། །ཏིང་ངེ་འཛིན་ཐམས་ཅད་ཀྱང་མྱུར་དུ་རྫོགས་པར་བྱའོ་ཞེས་པ་ཐིག་ལེའི་རྣལ་འབྱོར་རོ། །མན་ངག་ཇི་ལྟ་བ་དང་། ཇི་ལྟར་མོས་པ་གཏུམ་མོའི་དབྱེ་བ་ཡང་བསྒོམ་པར་བྱའོ། །རིག་པ་བཟླས་པ་ལ་དངོས་གྲུབ་ཡིན་པས་བཟླས་པ་བརྗོད་པར་ 26-1-208a བྱའོ། །དེ་ལ་བསྒོམས་པས་སྐྱོ་བ་ལས་རྩ་བའི་སྔགས་འདི་བཟླས་པར་བྱ་སྟེ། ཨོཾ་ཧྲཱིཿབུདྡྷ་ཧཱུཾ་ཀ་པཱ་ལི་ནཱི་ཨཱཿའདིའི་བཟླས་པའི་རིམ་པ་ནི་སྣ་བུག་གི་རླུང་ལྟེ་བར་གནས་པའི་དེ་མ་ཐག་ཏུ་བཤད་པའི་ཐིག་ལེ་ལ་འཇུག་པ་ན་ཨོཾ་སྣ་བུག་ནས་འབྱུང་བ་ལ་ཧྲཱིཿའོ། །ཐིག་ལེ་ལ་ གནས་པ་ལ་བུདྡྷའོ། །བདེ་བ་ལ་ཧཱུཾ་ངོ་། འགག་པ་ལ་ཀ་པཱ་ལི་ནིའོ། །ཐིག་ལེ་ལས་ལྡང་བ་ལ་ཨཿའོ་ཞེས་པ་ཡན་ལག་གི་བཟླས་པ་ལ་རྡོ་རྗེ་བཟླས་པའོ། །ཕྲ་མོའི་རྣལ་འབྱོར་ཡང་འདི་ལྟ་བུར་རྟོགས་པར་བྱའོ། །ཨོཾ་བུདྡྷ་ཀ་པཱ་ལི་ནཱི་ཨཱཿ་ཧི་ཧཻ་ཧཱུཾ་ཕཊ་སྙིང་པོའོ། །ཨོཾ་བུདྡྷ་ཀ་ པཱ་ལི་ནཱི་བཛྲེ་ཎཱཾ་ཧཽ་དུར་ཛ་ཡ་དུར་ལ་ཀྵེ་ཧཱུཾ་ཕཊ་ཉེ་བའི་སྙིང་པོའོ། །འདི་རྣམས་ལས་གང་ཡང་རུང་བའི་སྔགས་ཇི་ལྟར་འདོད་པ་བཟླས་ནས་ལྡང་བའི་དུས་སུ་འབྱུང་པོ་ཐམས་ཅད་པའི་གཏོར་མ། ཨོཾ་བུདྡྷ་ཀ་པཱ་ལ་བཛྲེ་ཙི་ཏྲེ་སུ་ཙ་ཏྲེ་ཨ་ལྃ་བ་ལེ་པྲཱི་ཎ་ཡ་སརྦ་བྷཱུ་ཏཱ་ན། མཱ་ར་ཡ་སརྦ་མཱ་ རཱ་ན། ཀཱི་ལ་ཡ་སརྦ་དུཥྚཱན། ཨུ་ཙ་ཅཱ་ཡ་སརྦ་བི་གྷྣཱན། བི་ཏྲཱ་པ་ཡ་བྷོ་བྷ་ག་ཝ་ཏི་ཡཀྵ་རཀྵ་ས་པི་ཤཱ་ཅཱ་ན། ཤོ་ཥ་ཡ་ཏཱ་ཌ་ཡ་སཔྟ་པཱ་ཏཱ་ལ་ག་ཏཱ་ན། ས་ར་ས་ར། པྲ་ས་ར་པྲ་ས་ར་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་ཅེས་པའི་སྔགས་ཀྱིས་བྱིན་ཏེ། དགེ་བ་འདི་ཐམས་ཅད་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཀྱི་ཆེད་དུ་དང་། མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཆེད་དུ་ཡོངས་སུ་བསྔོས་ནས་སྔར་བཞིན་མཆོད་པ་བྱས་ཏེ། དཀྱིལ་འཁོར་པ་ཉི་ཤུ་རྩ་བཞི་རྣམས་ནང་དུ་གནས་པ་ལ་སོགས་པ་ཉི་ཤུ་རྩ་བཞིའི་གནས་ན་གནས་པའི་རྩ་རྣམས་ལ་མན་ངག་ཇི་ལྟ་བར་ནང་དུ་འདུས་ པར་བྱའོ། །བྱང་ཆུབ་སེམས་ཀྱི་ཐོད་པ་ནི་བདེ་བ་ཆེན་པོའི་འཁོར་ལོར་རོ། །རྡུལ་གྱི་ཐོད་པ་ནི་སྤྲུལ་པའི་འཁོར་ལོར་རོ། །བདུད་རྩི་ལྔའི་ཐོད་པ་ནི་སྙིང་གར་རོ། །སྒྲོན་མ་ལྔའི་ཐོད་པ་ནི་མགྲིན་པར་རོ། །དེ་ལྟར་ནང་དུ་བསྡུས་ནས་བཅོམ་ལྡན་འདས་མས་འཁྱུད་པའི་ བཅོམ་ལྡན་འདས་ཀྱི་སྐུ་སྟོང་པ་ཉིད་དང་རོ་གཅིག་པའི་བདེ་བ་ཆེན་པོ་རང་བཞིན་སྒྱུ་མའི་ངོ་བོར་བདག་དང་ཁམས་གསུམ་པ་མཐའ་མེད་པ་མོས་པས་ཇི་ལྟར་འདོད་པར་གནས་པར་བྱའོ། །ཉི་མའི་གུང་དང་དགོངས་ཀ་དང་མཚན་ཕྱེད་ཀྱི་ཐུན་མཚམས་རྣམས་སུ་ལྷ་མོའི་འཁོར་ལོ་ 26-1-208b ཐམས་ཅད་ཡུད་ཀྱིས་སྤྲོས་པས་གོ་ཆ་ལ་སོགས་པ་མ་ལུས་པ་བསྒྲུབ་པར་བྱའོ། །ཉལ་བའི་དུས་སུ་སྔར་བཞིན་དུ་ཞུ་བར་གྱུར་པ་སྟོང་པ་ཉིད་ཀྱི་ངོ་བོ་ལྷན་ཅིག་སྐྱེས་པའི་རང་བཞིན་དུ་བདག་ཉིད་ཀྱང་དེའི་རང་བཞིན་དུ་མོས་ཏེ་ཉལ་བར་བྱའོ། །ལྡང་བར་འདོད་ན་སྔར་བཞིན་དུ་ ལྷ་མོ་བཞིས་བསྐུལ་བ་ཡུད་ཀྱིས་ལངས་ཏེ་དེ་ཁོ་ན་བཞིན་དུ་མཐའ་དག་མ་ཚང་བ་མེད་པར་བྱའོ། །དེ་ལྟར་ཇི་སྲིད་དངོས་གྲུབ་ཀྱི་མཚན་མ་རྣམས་ཐོབ་ཀྱི་བར་དུ་ཉི་མ་སོ་སོར་དབང་གི་ཆོ་གས་ཁྲུས་བྱའོ། །བཟའ་བ་ཐམས་ཅད་ནི་བདུད་རྩི་མྱང་བའི་ཆོ་གས་སོ། །གང་གི་ཚེ་ བཅོམ་ལྡན་འདས་འདི་ཁོ་ན་ཤེས་རབ་མ་མེད་པར་བསྒོམ་པར་བྱ་བ་དེའི་ཚེ་རྒྱུ་རྡོ་རྗེ་འཆང་ཞེས་པ་ལ་སོགས་པ་བཅོམ་ལྡན་འདས་ཧེ་རུ་ཀ་ཞེས་པའི་བར་གྱི་གཞུང་དང་། བཙོ་བོ་འདིའི་མཛའ་མོ་ཞེས་པ་ལ་སོགས་པ་ཉུང་ངུའི་རྒྱུད་དུ་གསུངས་པ་ཉིད་ཀྱི་ཕྱིར་རོ་ཞེས་པའི་མཐར་ཐུག་དང་། སྒོ་སྐྱོང་བཞི་ཞེས་པ་ལ་སོགས་པ་དབང་དུ་བྱས་ནས་ཞེས་པའི་བར་དང་། དེ་ལ་ཞེས་པ་ལ་སོགས་པ་རྒྱས་གདབ་པོ་ཞེས་པའི་བར་དང་། བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མ་ཞེས་པ་ལ་སོགས་པ་ཚིམ་པར་བྱའོ་ཞེས་པའི་བར་དང་། དེའི་རྗེས་སུ་ནང་ཞེས་པ་ལ་སོགས་པ་ རབ་ཏུ་དབྱེ་བ་བསྒོམ་པས་ཞེས་པའི་བར་དང་། སྣ་ཚོགས་སྡེ་མ་དང་ཞེས་པ་དང་། ཉི་ཤུ་རྩ་བཞི་ཞེས་པ་ལ་སོགས་པ་འཁྱུད་པས་ཤེས་པའི་བར་དང་། སྔར་བཞིན་དུ་ཞུ་བས་ཞེས་པ་དང་། སྔར་བཞིན་དུ་ལྷ་མོ་བཞིས་བསྐུལ་བ་ལས་ཞེས་པ་སྤངས་ཏེ། གཞན་བརྗོད་པ་ ཐམས་ཅད་ཤེས་པར་བྱའོ། །ཁྱད་པར་ནི་བཅོམ་ལྡན་འདས་འདིའི་ཤར་དང་བྱང་དང་ནུབ་དང་། ལྷོའི་པདྨའི་འདབ་མ་རྣམས་ལ་རིམ་པ་ཇི་ལྟ་བར་ཨོཾ་ཧཱུཾ་ཁཾ་སྭ་ཞེས་པའི་ས་བོན་ལས་བྱུང་བའི་སྣ་ཚོགས་སྡེ་མ་དང་འདོད་མ་དང་ས་འོག་གནས་མ་དང་རབ་བཟང་མོ་རྣམས་སྐུ་ མདོག་སྔོ་བ་གཡས་བརྐྱང་གི་ཟླ་བོའི་རྐང་སྟབས་ཅན། སྟག་གི་པགས་པའི་ཤམ་ཐབས་ཅན། ཕྱག་གཡས་གཉིས་ཀྱིས་གྲི་གུག་དང་ཐོད་པ་དག་དང་། ཕྱག་གཡོན་གཉིས་ཀྱིས་ཁ་ཊྭཱཾ་ག་དང་ཌཱ་མ་རུ་དག་འཛིན་པའོ། །དབང་ལྡན་དང་མེ་དང་བདེན་བྲལ་དང་རླུང་གི་ 26-1-209a འདབ་མ་རྣམས་སུ་རིམ་པ་ཇི་ལྟ་བར་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཡོངས་སུ་གྱུར་པའི་ཆང་འཚོང་མ་དང་། འབྱུང་པོ་མོ་དང་། ཕྱག་བཞི་མ་དང་། ནམ་མཁའ་ལ་གནས་མ་ཁ་དོག་སེར་བ། ན་བཟའ་སེར་པོ་ཅན། འོད་ཟེར་སེར་པོ་འཕྲོ་བའི་སྐུ་ཅན་གཡས་བརྐྱང་གི་ཞབས་སྟབས་ ཅན། སྦྲུལ་བརྒྱད་ཀྱིས་བརྒྱན་པ། ཕྱག་གི་ཡལ་ག་གཡས་པ་དག་གིས་གྲི་གུག་དང་། ཅང་ཏེའུ་དག་དང་། ཕྱག་གཡོན་པའི་ཡལ་ག་དག་གིས་ཁ་ཊྭཱཾ་ག་དང་པདྨའི་སྣོད་འཛིན་པ་རྣམས་སོ། །བརྒྱད་པོ་འདི་རྣམས་ཀྱང་ཕུལ་དུ་དབྱུང་དུ་མེད་པའི་སྒེག་པ་ལ་སོགས་པའི་ཉམས་ ཤས་ཆེ་བའི་སྙིང་པོ་ཅན། མངོན་པར་གསར་པའི་ཉི་མའི་དཀྱིལ་འཁོར་ལ་གར་ཐབས་ཅན། ཞལ་གྱི་པདྨ་མཆེ་བ་ཅུང་ཟད་གཙིགས་པ། དབུ་སྐྲ་ཁམ་པ་གྱེན་དུ་འགྲེང་བ། ཐོད་པ་ལྔའི་ཕྲེང་བ་ཅན། མི་རུས་ལས་བྱུང་བའི་འཁོར་ལོ་ཅན་དང་རྣ་རྒྱན་དང་མགུལ་རྒྱན་དང་། ལག་གདུབ་དང་། སྐ་རགས་དང་། དྲིལ་བུ་གཡེར་ཁ་དང་། དཔུང་རྒྱན་དང་། ཞབས་གདུབ་ཀྱི་རྒྱན་ཅན། མི་མགོ་རློན་པ་ལྔ་བཅུའི་ཕྲེང་བ་སྐེ་ལ་འཕྱང་བ། བསྐལ་པའི་མཐའི་མེ་འབར་བ་ལྟ་བུར་རོལ་པའི་འོད་ཟེར་གྱིས་བདུད་ཀྱི་དཀྱིལ་འཁོར་བསྲེག་པ། གད་མོ་དགོད་པས་ཆེར་འཇིགས་པ། ཞལ་གཅིག་པ། ཞལ་ནས་ཁྲག་འཛག་པ། སྤྱན་གསུམ་པ། ཕྱག་བཞི་པ། ཀླུ་རྣམས་ཤིན་ཏུ་ཆེས་སྐྲག་པར་མཛད་པ། གཙོ་བོ་ལ་མངོན་དུ་ཕྱོགས་ནས་གཟིགས་པ་རྣམས་བསྒོམ་མོ། །འདིར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ནི། །སངས་རྒྱས་ལྔ་ཡི་ཅོད་པན་བརྒྱན། ། ཞེས་པའི་གསུངས་ལས། མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ལྔ་རྣམས་ཀྱིས་རྒྱས་གདབ་བོ། །སྣ་ཚོགས་སྡེ་མ་ལ་སོགས་པ་རྣམས་ཇི་ལྟ་བའི་རིམ་པས་མི་བསྐྱོད་པ་དང་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང་འོད་དཔག་མེད་རྣམས་ཀྱིས་སོ། །ཆང་འཚོང་མ་ལ་ སོགས་པ་རྣམས་ཀྱང་དེ་བཞིན་ནོ། །ནང་གི་བདག་ཉིད་ཀྱི་བདུད་རྩིས་ཚིམ་པ་ཡང་གཏུམ་མོའི་རབ་ཏུ་དབྱེ་བ་བསྒོམ་པ་ཁོ་ནས་སོ། །དེ་ལྟར་རྡོ་རྗེ་རྣམས་སྒེག་མ་བརྒྱད་ཀྱིས་བསྐོར་བའི་བཅོམ་ལྡན་འདས་ཧེ་རུ་ཀ་འདི་ཁོ་ན་ཨ་དྲྀ་ཤྱཱ་དང་ཐིགས་པ་དང་སོལ་བའི་སྦྱོར་བ་རྣམས་ལ་ 26-1-209b དང་དུག་ཞི་བའི་སྦྱོར་བ་རྣམས་བསྒོམ་པར་བྱའོ། །མོ་གཤམ་ཁྲུས་བྱེད་པའི་སྦྱོར་བ་ལ་ནི་ཤེས་རབ་དང་བཅས་པའོ། །རིག་པ་འཛིན་པའི་བྱེད་པ་ལ་ནི་བཅོམ་ལྡན་འདས་དང་ཕྱོགས་ཀྱི་ལྷ་མོ་རྣམས་དཀར་བ། ཕྱོགས་བྲལ་གྱི་ལྷ་མོ་རྣམས་དམར་བ་རྣམས་སོ། །མོ་གཤམ་དང་བུད་མེད་ བུ་ཤི་བའི་ཁྲུས་ཀྱི་ཆོ་ག་ལ་ནི་བཅོམ་ལྡན་འདས་འདི་ཤེས་རབ་དང་བཅས་པའོ། །དེའི་ཚེ་ཤེས་རབ་མ་མེད་པ་ཉིད་ལ་སྤངས་པའི་གཞུང་ཇི་ལྟར་རིགས་པ་ཉེ་བར་བླང་བར་བྱའོ། །གཞལ་ཡས་ཁང་འདི་ཐམས་ཅད་ཀྱང་དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར་བ་རྣམ་པར་བསམ་པར་ བྱའོ། །དེའི་ཤར་ཕྱོགས་སུ་གཏུམ་དྲག་ཅེས་བྱ་བའི་དུར་ཁྲོད་དེ། སྒྲུབ་པ་པོ་རྗེས་སུ་འཛིན་པ་ཞེས་པ་མིང་གཞན་ནོ། །ཤིང་ཤཱི་རི་ཤ་སྟེ་ཡང་ན་པ་ཏ་ལིའོ། །རྫུ་འཕྲུལ་ཆེན་པོ་པ་གླང་པོ་ཆེའི་གདོང་པ་ཅན་ནམ། མ་ཧེའི་གདོང་ཅན་ནོ། །ཕྱོགས་སྐྱོང་བ་དབང་པོ་ཉེ་དབང་ངོ་། །ཀླུ་ནོར་ རྒྱས་དཀར་པོའོ། །སྤྲིན་སྒྲོགས་པ་ཞེས་བྱའོ། །མེར་དྲག་ཏུ་རྒོད་པའམ་མིང་གཞན་རབ་འཇིགས་ཆེན་པོ་ཞེས་བྱ་བའི་དུར་ཁྲོད་དེ། ཤིང་ཀ་རཉྫ་འམ། ཨུ་དུམྺཱ་རའོ། །རྫུ་འཕྲུལ་ཆེན་པོ་པ་རའི་གདོང་པ་ཅན་ནམ་ཁྱིའི་གདོང་པ་ཅན་ནོ། །མེ་ལྷ་དང་། པདྨ་ཆེན་པོ་དཀར་པོ་དང་། སྤྲིན་སྟུག་པོ་ཞེས་བྱ་བའོ། །ལྷོར་ཀེང་རུས་འཇིགས་པའམ་མིང་གཞན་འཇིགས་རུང་མུན་ཞེས་པའི་དུར་ཁྲོད་དེ། ཤིང་ཨ་མྲ་འམ། ཤཱི་རི་ཤ་དང་རྫུ་འཕྲུལ་ཆེན་པོ་པ་མ་ཧེའི་གདོང་པ་ཅན་ནམ་སྟག་གདོང་ཅན་དང་། གཤིན་རྗེ་དང་པདྨ་དཀར་པོ་དང་སྤྲིན་འཁོར་བྱེད་དོ། །བདེན་ བྲལ་དུ་ཀུ་ཅོ་ཅ་ཅོར་སྒྲོགས་པ་ཞེས་པའམ། མིང་གཞན་རྣལ་འབྱོར་མང་དུ་འདུས་པ་ཆེན་པོ་ཞེས་པ་སྟེ། ཤིང་པརྐ་ཊཱི་མ་ཝ་ཏ་དང་། རྫུ་འཕྲུལ་ཆེན་པོ་པ་རོའི་གདོང་པ་ཅན་ནམ་བྱ་རྒོད་གདོང་དང་། སྲིན་པོ་དང་། མཐའ་ཡས་སྔོན་པོ་དང་། སྤྲིན་འགེངས་བྱེད་དོ། །ནུབ་ཏུ་ འབར་བ་འཁྲུགས་པའམ་མིང་གཞན་ཁྲོ་བོའི་མེ་ཞེས་པའི་དུར་ཁྲོད་དེ། ཤིང་ཀཾ་ཀེལླི་འམ་ཙཱུ་ཏ་དང་། རྫུ་འཕྲུལ་ཆེན་པོ་པ་ཆུ་སྲིན་གྱི་གདོང་པ་ཅན་ནམ། འུག་པའི་གདོང་པ་ཅན་དང་། ཆུ་ལྷ་དང་སྟོབས་ཀྱི་རྒྱུ་ལྗང་གུ་དང་། སྦྲིན་འཇིགས་རུང་ངོ་། །རླུང་དུ་འཇིགས་རུང་ 26-1-210a མུན་པ་ཅན་ནམ་སེང་གེའི་སྒྲ་ཕེ་ཏ་ཡིག་ཆེན་པོའི་སྒྲ་སྒྲོགས་པ་ཞེས་པའི་དུར་ཁྲོད་དེ། ཨརྫུ་ནའམ། ཨ་ཤྭཏྠ་དང་། རྫུ་འཕྲུལ་ཆེན་པོ་པ་རི་དགས་ཀྱི་གདོང་པ་ཅན་ནམ། ཕག་གི་གདོང་པ་ཅན་དང་། རླུང་ལྷ་དང་། རིགས་ལྡན་ཁྲ་བོ་དང་། སྲིན་ཆར་འབེབས་སོ། །བྱང་ དུ་ཀངྐ་རིའི་དུར་ཁྲོད་དམ་མིང་གཞན་གཉིས་མེད་བྱེད་ཅེས་པའོ། །ཤིང་ཨ་ཤྭཏྠའམ། ཀཾ་ཀེལླི་དང་། རྫུ་འཕྲུལ་ཆེན་པོ་པ་མིའི་གདོང་པ་ཅན་ནམ། བྱི་ལའི་གདོང་པ་ཅན་དང་། ལུས་ངན་དང་། ལོག་འདྲེན་དག་དང་། འཇོག་པོ་དམར་པོ་དང་སྤྲིན་འུར་འུར་སྒྲོགས་སོ། ། དབང་ལྡན་དུ་ཕུན་ཚོགས་ནགས་སམ་མིང་གཞན་མཚོ་སྐྱེས་དཔའ་བོ་ཞེས་པའི་དུར་ཁྲོད་དེ། པ་ཊའམ་ནཱ་ག་གེ་སར་དང་། རྫུ་འཕྲུལ་ཆེན་པོ་བ་གླང་གི་གདོང་པ་ཅན་ནམ། ཤ་ཟའི་གདོང་པ་ཅན་དང་། དབང་ལྡན་དང་། དུང་སྐྱོང་སེར་པོ་དང་། སྤྲིན་གཏུམ་བྱེད་དོ། །ཐམས་ཅད་དུ་ མཆོད་རྟེན་ལྟ་བུར་བྱའོ། །དེ་ལ། ས་སྲུང་དཀར་པོ་ལ་ཞོན་པ། །རྡོ་རྗེ་ཅན་སེར་མིག་སྟོང་པའོ། །ནག་མོ་འཁོར་ལོ་དབྱུག་ཏོ་དུང་། །ཀཽ་སྟུ་བྷ་འཛིན་མཁའ་ལྡིང་གནས། །མེ་ལྷ་དམར་པོ་སྨིན་མ་དང་། །རལ་གཅུག་སྨ་ར་འབར་ཞིང་འཁྲུག །ཚོན་པོ་རབ་གནས་མི་ འཇིགས་དང་། །བགྲང་ཕྲེང་རིལ་པ་དབྱུ་གུ་འཛིན། །གཡོན་བརྐྱང་བ་ཡི་རྐང་པ་ཅན། །དུས་ནག་མ་ཧེ་ལ་གནས་པ། །སྐྲ་ནི་གྱེན་དུ་འབར་ཞིང་ཁྲོས། །དབྱུག་པ་སྡིགས་མཛུབ་འཛིན་པའི་ལག ། དེ་འདྲའི་བདེན་བྲལ་རོ་ལ་གནས། །གཅེར་བུ་མི་རུས་ཀྱིས་བརྒྱན་པ། །ཞལ་ ནི་མཆེ་བ་གཙིགས་པ་ནས། །གྲི་གུག་ཐོད་པ་དག་འཛིན་པའོ། །ཆུ་སྲིན་ལ་ནི་ཆུ་ལྷ་དཀར། །གདེངས་ཀ་བདུན་པ་སྦྲུལ་ཞགས་འཛིན། །ཨེ་ན་ཡ་སེར་ལ་གནས་པའི། །རླུང་ལྷ་ལྗང་ཁུ་རླུང་རས་ཅན། །མེ་ལ་གནོད་སྦྱིན་ཆེན་པོ་སེར། །ན་ཀུལ་བི་ཛ་པུ་ར་འཛིན། །བྱི་བར་ གླང་ཆེན་གདོང་ཅན་དཀར། །ལ་ཕུག་དབྱུག་ཏོ་ལ་དུ་ཕྲེང་། །དབང་ལྡན་ཁྱུ་མཆོག་ལ་ཞོན་དཀར། །རལ་པའི་ཐོར་ཚུགས་རུས་རྒྱན་ཅན། །རྩེ་གསུམ་པས་མཚན་ཁ་ཊྭཱཾ་ག །ཅང་ཏེའུ་འཛིན་པའི་ཕྱག་ཅན་ནོ། །གདེངས་ཅན་བརྒྱད་རྣམས་མིའི་གདོང་ཅན། །རྒྱན་བཟང་ 26-1-210b ཅན་གང་བྱེ་བྲག་མེད། །བརྒྱ་བྱིན་ལ་སོགས་འདི་བཅུ་དྲུག །གཡོན་པས་ཡིད་འོང་མ་ལ་འཁྱུད། །ཅིག་ཤོས་ཕྱག་ནི་སྒེག་བཅས་རྣམས། །ཤིང་དང་ཉེ་བར་ཤེས་པར་བྱ། །ཉི་མར་སྲིན་པོ་གཤིན་རྗེ་མ། །གཞན་རྣམས་ཟླ་བར་ཟླ་འོད་ཅན། །དབང་ལྡན་གཤིན་རྗེ་སྲིན་པོ་ རྣམས། །མ་གཏོགས་རིན་ཆེན་ཅོད་པན་འབར། །དབང་ལྡན་རིན་ཆེན་ཅོད་པན་ཅན། །ཞེས་ཀྱང་རྫུ་འཕྲུལ་ཆེན་པོ་བརྒྱད། །ལུས་སྟོད་ཕྱེད་མཐོང་ཕྱག་རྣམས་ཀྱིས། །ཐོད་པ་འཛིན་པར་བྱེད་པ་སྟེ། །གཞན་གྱིས་བྱིན་པའི་གཏོར་མ་ལ། །གཡས་པས་འཛིན་པའི་ཚུལ་ གྱིས་འབྲེལ། །སྤྲིན་རྣམས་ཁ་དོག་སྣ་ཚོགས་པའོ། །བརྒྱད་པོ་འདི་རྣམས་རྣམ་པ་སྣ་ཚོགས་པའི་ཤིང་མཆོག་གཞན་རྣམས་ཀྱིས་ཀྱང་མཛེས་པར་བྱས་པས་བྱ་རོག་དང་། འུག་པ་དང་། བྱ་རྒོད་དང་། ཁྱི་དང་། ཅེ་སྤྱང་དང་། སེང་གེ་དང་། ཕག་དང་། སྟག་ལ་སོགས་པ་རྣམས་ ཀྱིས་འཇིགས་སུ་རུང་བ། གཽ་ནཱ་ས་ལ་སོགས་པའི་སྦྲུལ་རྣམས་ཀྱིས་ཤིན་ཏུ་བྲེད་འཇུག་པ་ཅན། ཀེང་རུས་དང་། གསལ་ཤིང་གིས་ཕུག་པ་དང་། འཕྱང་བ་དང་། ཕྱེད་ཚིག་པ་དང་། མགོ་བོ་དང་། ཐོད་པ་དང་། པུས་མོ་དང་། རོ་མགོ་མེད་པ་དང་། རུས་པ་དང་མགོ་བོའི་དུམ་བུ་ལ་ སོགས་པ་རྣམས་ཀྱིས་འཇིགས་སུ་རུང་བ་སྣ་ཚོགས་པའི་གྲུབ་པ་དང་རིག་པ་འཛིན་པ་རྣམས་དང་། དམ་ཚིག་སྤྱོད་པའི་རྣལ་འབྱོར་པ་དང་། རྣལ་འབྱོར་མའི་ཚོགས་ཀྱིས་དང་། ཅ་ཅོ་སྒྲོགས་པའི་གནོད་སྦྱིན་དང་། རོ་ལངས་དང་། སྲིན་པོ་ལ་སོགས་པ་རྣམས་ཀྱིས་དང་། འདི་དང་དེ་ནས་རྒྱུག་པ་དང་། གཡོ་བ་དང་། འགྲེང་བ་དང་། སྡོད་པ་དང་། ཉལ་བ་དང་། ལྡང་བ་རྣམས་ཀྱིས་ཤིན་ཏུ་ངོ་མཚར་བར་བྱེད་པ་དུར་ཁྲོད་ཆེན་པོ་རྣམས་སོ་ཞེས་པ་པཎྜི་ཏ་ཨ་བྷ་ཡ་ཀ་ར་གུཔྟས་མཛད་པ་འཇིགས་པ་མེད་པའི་གཞུང་འགྲེལ་སངས་རྒྱས་ཐོད་ པའི་རྒྱུད་ཆེན་པོའི་འགྲེལ་པ་ལེའུ་བདུན་པའོ།། །།ཐབས་ཀྱི་ཡན་ལག་རྒྱས་པར་སྟོན་པ་དེ་ནས་ཞེས་པ་ལ་སོགས་པའོ། །ཤིང་གིས་ཞེས་པ་རྒྱུད་གཞན་ནས་བཤད་པས་སོ། །མེ་ཏོག་གིས་ཞེས་མདོར་བསྟན་པ་རྒྱས་པར་སྟོན་ཏེ། མེ་ཏོག་ལྔ་ཞེས་པ་འཆད་ 26-1-211a པར་འགྱུར་བའི་པདྨ་ལ་སོགས་པ་མེ་ཏོག་ལྔ་རྣམས་སོ། །འོ་མས་ཞེས་པ་ཉེ་བར་མཚོན་པ་ཉིད་ཀྱི་ཕྱིར་མར་ལ་སོགས་པ་རྣམས་ཀྱིས་སོ། །ནང་གི་སྦྱིན་སྲེག་ལ་ནི་ཤེས་རབ་མ་ལྔ་རྣམས་ཀྱི་རྡུལ་རྣམས་མེ་ཏོག་ལྔ་དང་། འོ་མ་ནི་སྐྱེས་པའི་བྱང་ཆུབ་ཀྱི་སེམས་ཏེ། སྙོམས་པར་ཞུགས་པ་ན་དེའི་རྡུལ་དང་བསྲེས་པར་ཤེས་པར་བྱའོ་ཞེས་གཞན་དུ་གསུངས་ཏེ། འདིར་སྐབས་མ་ཡིན་ནོ། །ཞི་བ་ཞེས་པ་ལ་སོགས་པ་ལ་འདིར་ཐབ་གྲུ་བཞི་པ། རྒྱ་དང་ཟབས་སུ་སོར་བཅུ་གཉིས་པའོ། །དེའི་ཁའི་སྟེང་དུ་སོར་བཞིའི་བར་དོར་རོ། །དེར་ ཕྱོགས་བཞི་རྣམས་སུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཁ་གྱེས་པའོ། །དེའི་ཕྱི་རོལ་དུ་རྒྱ་དང་དཔངས་སུ་སོར་བཞི་པ་ཐབ་ཁུང་གི་དབྱིབས་ཅན་ཅུང་ཟད་ཁ་དམར་བ་ཀུན་ནས་ཁ་ཁྱེར་ཏེ། མཚམས་རྣམས་སུ་རྡོ་རྗེ་རྩེ་གསུམ་པས་མཚན་པ། ཕྱི་ངོས་སུ་རྡོ་རྗེ་རྩེ་གསུམ་པ་སྔོན་པོའི་ ཕྲེང་བས་བསྐོར་བའོ། །ཐབ་ཀྱི་དབུས་སུ་ཆོས་འབྱུང་གི་དབུས་སུ་གནས་པའི་ཁང་པ་བརྩེགས་པར་པདྨ་སོར་བརྒྱད་པ་རྡོ་རྗེ་ཕྲེང་བ་སྔོན་པོ་དང་དམར་པོ་དང་དཀར་པོ་གསུམ་གྱིས་བསྐོར་བའོ། །པདྨའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་མགོ་ཤར་དུ་བསྟན་པ་སོར་བཞིའི་ཚད་ཙམ་པ་དཔངས་ སུ་སོར་གཅིག་པའོ། །དེའི་སྟེང་དུ་པདྨ་འོ། །དེའི་དབུས་སུ་ཉི་མའོ། །དེའི་སྟེང་དུ་ཧྲཱིཿའོ། །ཁང་པ་བརྩེགས་པའི་གྲྭ་རྣམས་སུ་རྡོ་རྗེ་རྩེ་དགུ་པ་སེར་པོ་རྣམས་སོ། །རྡོ་རྗེ་ཁ་གྱེས་པ་ལ་སོགས་པ་འདི་ཐམས་ཅད་རྡུལ་ཚོན་གྱིས་བྲིས་པ་ཡང་ངོ་ཞེས་པ་བསྡུས་པའི་དོན་ཏོ། ཡན་ལག་གི་དོན་བརྗོད་པར་བྱ་སྟེ། ཧཱུཾ་ཡིག་བདག་ཉིད་བསྐྱེད་པ་ནི་ཧཱུཾ་ལས་སྐྱེས་པའི་རང་བཞིན་དུ་མོས་པའམ་ཧཱུཾ་གི་སྙིང་པོ་ཅན་ནོ། །འཁོར་ལོ་ནི་གཞལ་ཡས་ཁང་ངོ་། །གྲུ་གསུམ་ནི་ཆོས་འབྱུང་ངོ་། །ཨེ་ཝཾ་མཱ་ཡ་ཞེས་པ་ཡི་གེ་བཞི་ལས་སྐྱེས་པའི་ས་ལ་སོགས་པ་འབྱུང་ བ་བཞི་ཡོངས་སུ་གྱུར་པར་འཁོར་ལོ་མོས་པར་བྱའོ། །ལྟེ་བས་ཏེ་ལྟེ་བས་མཚོན་པའི་པདྨས་ཁྱད་པར་དུ་བྱས་པའོ། །ཉིས་འགྱུར་ནི་བཅུ་དྲུག་ལྷག་པའི་ཉིས་བརྒྱའོ། །ཁ་ལཱུ་ཀ་ཡིས་ཞེས་པ་གུར་གུམ་གྱི་བྱེ་བྲག་གིས་སོ། །འོག་ཏུ་པདྨ་ཞེས་པ་རྡོ་རྗེའི་འོག་ཏུ་པདྨ་ 26-1-211b འདབ་མ་བརྒྱད་པའོ། །སོར་བཅུ་གཉིས་ནི་སློབ་དཔོན་གྱི་སོར་མོས་སོ། །དེར་ཞེས་པ་ཐབ་ཏུའོ། །རེ་རེའི་ཞེས་པ་ཨཱ་མ་ལ་སོགས་པའོ། །དམར་བའི་རྡོ་རྗེ་ཐོད་པ་འཛིན། །ཞེས་པ་དམར་བའི་རྡོ་རྗེ་དང་ཐོད་པའོ་ཞེས་ཕྱག་མཚན་ནོ། །ཁྲག་གིས་གང་བའོ། །སྟོང་ པ་ཉིད་ཅེས་པ་ཐབ་ཀྱི་དབུས་སུ་ཅི་ཡང་མི་བྲི་བའོ། །ཤ་ལྔ་ནི་གོ་ཀུ་ད་ཧ་ནའི་ཤས་སོ། །མེ་ནི་མེ་སྔར་བཤད་པའོ། །ཞི་བ་ལ་སོགས་པ་འདི་རྣམས་ཀྱི་ཁྱད་པར་གཞན་རྣམས་ནི་ཁོ་བོས་བྱས་པའི་སྦྱིན་སྲེག་གི་ཆོ་ག་འོད་ཀྱི་སྙེ་མར་ཏེ། འདིར་བཤད་པའི་ཁྱད་པར་དང་མི་མཐུན་པ་ སྤངས་ནས་གཟུང་བར་བྱའོ། །འདི་ཐམས་ཅད་ནི་ཀུན་རྫོབ་ཏུའོ། །དོན་དམ་པར་ནི་ཅི་ཡིས་བསྲེག །ཅེས་པ་ལ་སོགས་པའོ། །འཇིགས་པ་མེད་པའི་གཞུང་འགྲེལ་དུ་ལེའུ་བརྒྱད་པའོ།། །།རིམ་པ་གཉིས་པོ་མངོན་དུ་གྱུར་པ་ན་ཡང་སྤྱོད་པ་དང་བྲལ་ན་ཕྱག་རྒྱ་ཆེན་པོའི་ དངོས་གྲུབ་མེད་དོ་ཞེས་པས་སྤྱོད་པ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །ལུས་དང་ངག་དང་ཡིད་རྣམས་ཀྱི་བྱ་བ་ཁྱད་པར་ཅན་ནི་སྤྱོད་པའོ། །རྟག་པ་དང་ཆད་པ་ལ་སོགས་པའི་མཐའ་ལས་འདས་པ་ཉིད་ཀྱིས་ན་སྤྱོད་པ་གཞན་ལས་ཁྱད་པར་དུ་འཕགས་པ་ཉིད་ཀྱི་ ཕྱིར་ཤིན་ཏུ་མཆོག་གོ། །འཇིག་རྟེན་ལས་འདས་པ་ཉིད་ཀྱིས་ན་སོན་པའོ། །ཁ་ཅིག་ཏུ་བུད་མེད་ཤིན་ཏུ་མཆོག་གྱུར་ཞེས་ཀློག་པ་དེའི་ཚེ་དེ་བཟུང་ནས་ཞེས་པ་ལྷག་མའོ། །འདི་ནི་རྒོད་ཅིང་གཡེངས་པ་ལས་བབ་ཅོལ་དུ་མི་བྱའོ་ཞེས་གསུངས་པ་དངོས་གྲུབ་བརྒྱད་ཅེས་པ་ལ་ སོགས་པའོ། །ས་འོག་དང་མིག་སྨན་དང་རྐང་པ་ཕྱུག་པ་དང་རི་ལུ་དང་མི་སྣང་བ་དང་རལ་གྲི་དང་རོ་དང་བཅུད་ལེན་གྱི་དངོས་གྲུབ་རྣམས་སམ། དབང་ཕྱུག་གི་ཡོན་ཏན་བརྒྱད་རྣམས་སོ། །འདིས་ནི་ནུས་པ་ཐོབ་པ་ལ་འདོད་པར་གྱུར་ན། སྤྱོད་པ་རྗེས་སུ་གནང་སྟེ། གང་ལས་ རྣལ་འབྱོར་ལ་དགའ་བ་འདི་བག་མེད་པར་མི་འགྱུར་ཞིང་། གླགས་ཚོལ་བ་རྣམས་ཀྱིས་ཀྱང་འདི་ལ་མི་ཚུགས་ལ། འདི་རྣམས་ཚར་གཅོད་པ་དང་རྗེས་སུ་འཛིན་ནུས་པར་འགྱུར་ཞིང་། གྲང་བ་དང་ཚ་བ་ལ་སོགས་པ་རྣམས་ཀྱིས་ཀྱང་ཟིལ་གྱིས་མི་ནོན་པ་སྟེ། འཇིག་རྟེན་ 26-1-212a གྱི་ཆོས་བརྒྱད་ལ་སོགས་པས་མི་གནོད་པ་ཉིད་ཀྱི་ཕྱིར་སྒྲིབ་པ་ཀུན་ལས་གྲོལ་བའོ། །གང་གི་ཕྱིར་ནམ་མཁའ་མཉམ་པ་ཉིད་དུ་གྱུར་པ་སྟེ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རོ་གཅིག་པའོ། །སྟོང་ཉིད་ལ་དགའ་ཞེས་པ་སློངས་མོ་སློང་བའི་དུས་སུ་སྟེར་བ་པོ་ རྣམས་ཀྱིས་མེད་ཅེས་དགག་པ་བྱས་པ་ན་ཆོས་ཐམས་ཅད་ཀྱི་དོན་དམ་པ་སྟོང་པ་ཉིད་བསྒོམ་པར་བྱའོ། །སྒོམ་པ་ཞེས་པ་ཐབས་སྒོམ་པའོ། །བླ་ན་མེད་པ་ནི་ཤེས་རབ་དང་ཐབས་དབྱེར་མེད་པའོ། །ཆོས་ལ་མཆོག་ཏུ་གཞོལ་བ་ནི་གཉིས་སུ་མེད་པའི་ཆོས་དེ་ལ་རྒྱུན་མི་འཆད་པར་ མངོན་པར་སྦྱོར་བའོ། །རྫས་ཞེས་པ་ལ་སོགས་པ་ཇི་ལྟར་ཚོགས་པ་ཟས་ཀྱིས་ཚིམ་པས་ཇི་ལྟར་འདོད་པའི་ཡུལ་དང་། དུས་དང་སྐབས་ཀྱི་ཁྱད་པར་རྣམས་སུ་གོམས་པའི་ཁྱད་པར་ལས་རྣལ་འབྱོར་རྒྱུན་མི་འཆད་པར་འགྱུར་བས། མར་མེའི་ལྡོང་བུའི་ཡུན་རིང་པོར་བསགས་པའི་ ཕུག་གི་མུན་པ་བཞིན་དུ་ཡུན་རིང་པོར་བསགས་པ་ཡང་རྣམ་པར་རྟོག་པའི་སྐྱོན་གྱི་ཚོགས་ཆེན་པོ་བསལ་ནས་ཕྱག་རྒྱ་ཆེན་པོ་མངོན་དུ་བྱའོ་ཞེས་པ་སྤྱིའི་དོན་ཏོ། །སྤྱོད་པའི་རྣལ་འབྱོར་དང་ལྡན་པའི་ཞེས་པ་དང་པོའི་དོན་ལ་དྲུག་པའོ། །རྒྱུད་དུ་ནི་སངས་རྒྱས་ཐོད་པའི་རྒྱུད་ སྟོང་ཕྲག་བཅུ་གཉིས་པར་རོ། །རང་བཞིན་གྱིས་དག་ཅེས་པ་ལ་གལ་ཏེ་རང་བཞིན་གྱིས་འགྲོ་བ་དག་ན་དེའི་ཚེ་ཐམས་ཅད་ཀྱི་ཚེ་ཁོ་ན་འབད་པ་མེད་པར་ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར་ཞིང་། རྣལ་འབྱོར་གོམས་པས་ཅི་བྱ་ཞེ་ན། ཅི་རྣམ་པར་རྟོག་པས་ཉམས་ཞེས་བརྗོད་པ་མ་ ཡིན་ནམ། དེ་ཉིད་ཀྱི་ཕྱིར་ཡེ་ཤེས་ཞབས་ཀྱིས་གསུངས་པ། ཐ་མལ་རྣམ་རྟོག་འཇུག་ལས་གཞན། །སྲིད་པའི་སྡུག་བསྔལ་ཅི་ཡང་མེད། །དེ་དང་འགལ་འདི་སེམས་འདི་ཡིས། །སྔོན་དུ་འདིར་ནི་བྱེད་པར་འགྱུར། །ཞེས་སོ། མི་འཇིགས་པའི་གཞུང་འགྲེལ་ དུ་ལེའུ་དགུ་པའོ།། །།གཞན་རྗེས་སུ་འཛིན་པ་ལྷུར་བྱེད་པ་ལ། དེའི་ཐབས་བཤད་པའི་ཆེད་དུ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །སེམས་ཅན་དོན་གཅིག་རབ་ངེས་པ། །ཞེས་པ་གང་དུ་སེམས་ཅན་གྱི་དོན་གཅིག་པུ་ལེགས་པར་ངེས་པར་བྱ་ 26-1-212b བའོ། །། གསེར་བྱེད་ཅིང་རབ་ཏུ་གསལ་བར་བྱེད་དོ་ཞེས་པ་གསེར་བྱེད་དོ། །བྱུ་རུའི་ནི་བྱུ་རུའོ། །གང་གིས་ཞེས་པ་གསེར་གྱིས་སོ། །མུ་ཏིག་ལ་སོགས་པའི་ནོར་རྣམས་ཀྱིས་ནོར་ལྡན་དུ་འགྲོ་སྟེ་འགྱུར་བའོ། །འདིའི་སྟེང་གསེར་དེའི་ཕྱི་རོལ་གྱི་སྨན་རྒྱུད་གཞན་དུ་བཤད་པ་རྣམས་ མེད་ཅེས་མདོར་སྟོན་པ་རྒྱས་པར་སྟོན་ཏེ། ཤུན་ལྤགས་ཞེས་པ་ལ་སོགས་པའོ། །ལྕགས་གཞན་གྱི་ཞེས་པ་ལྕགས་གཞན་ནོ། །འོན་ཀྱང་གྲུབ་པའི་སྨན་གཞན་ནོ། །དངུལ་གྱི་ནི་དངུལ་ལོ། །དེ་རྣམས་ཅི་ཞེས་པ་ནི་སྨན་ཆེན་པོའི་མཆོག་དེ་ཅི་ཡིན་པའོ། །བཀླགས་པས་ གྲུབ་པ་ཞེས་པ་གང་ལ་བཀླགས་པ་སྟེ་ནང་གི་བརྗོད་པས་གྲུབ་པའི་སྔགས་ཡོད་པ་དེ་ནི་དེ་སྐད་དོ། །དེ་ཡང་ཞེས་པ་དེ་ཡང་འགྲུབ་བོ། །སྣོད་དུ་སྟེ་ཤེས་རབ་ཀྱི་པདྨར་རོ། །བཟའ་བ་ནི་སྨན་ནོ། །བཅུད་ཅེས་བྱ་བ་བྱང་ཆུབ་ཀྱི་སེམས་སོ། །དབུས་སུ་ནི་པདྨའིའོ། །རོ་སྟེང་གི་གནས་ ནས་འོག་ཏུ་འདྲེན་ནོ་ཞེས་པས་རོ་བཅུད་མ་ནི་ཨ་ཝ་དྷཱུ་ཏཱི་སྟེ། དེར་གནས་པའོ། །གཞོན་ནུ་མ་ནི་དར་མ་སྟེ་ལོ་བཅུ་དྲུག་མའོ། །དེ་ཡང་ཞེས་པ་མོ་དེ་ཡང་ངོ་། །དེ་བཞིན་གཤེགས་པ་ནི་སངས་རྒྱས་ཐོད་པའི་རྣལ་འབྱོར་མ་རྣམས་སོ། །སྐྱུག་བྲོ་མེད་པའི་ཞེས་པ་ལ་སོགས་པ་མེད་པའོ། ། སྐྱུག་བྲོ་སྲིད་པ་ནི་རྡུལ་དང་ལྡན་པ་ལས་སོ། །མི་འགྲུབ་ཅེས་པ་ཤེས་རབ་དང་། ཐབས་ཀྱི་ཁུ་བ་དག་མཉམ་པའི་དུས་སུ་འཕྲོས་པ་ནི་དངོས་གྲུབ་ཀྱི་རྒྱུའོ་ཞེས་དགོངས་པའོ། །སངས་རྒྱས་རྣམས་ཀྱི་འདྲེན་པའི་གནས། །ཞེས་འབྲེལ་ལོ། །དུས་ཅུང་ཟད་བཟུང་བས་མཉམ་པར་ འཕོས་པས་ཀྱང་སྨན་ཆེན་པོ་སྟེ་གསེར་སྒྲུབ་པར་བྱེད་ཅིང་། བར་མེད་པར་བཟུང་བས་ནི་བདེ་བ་ཆེན་པོའི་རང་བཞིན་སངས་རྒྱས་ཉིད་དོ་ཞེས་པ་སྙིང་པོའི་དོན་ཏོ། །བརྟན་པས་བསྐུལ་བར་བྱ་སྟེ། སྨན་ཆེན་པོ་དེ་བྱ་བའོ། །ཟླ་བ་ནི་ཁུ་བའོ། །བྱུགས་པ་ནི་ཁྲག་གིས་ཀྱང་ངོ་། ། དེར་ནི་སྟེ་ཟླ་བ་ལའོ། །རི་རབ་ནི་སུཾ་ཡིག་གོ། །བྱ་བ་ནི་སྙོམས་འཇུག་གོ། །གཞུག་བྱ་ནི་འཕང་བར་བྱ་བའོ། །དངོས་པོ་ནི་བྱང་ཆུབ་ཀྱི་སེམས་སོ། །གཡོན་དང་གཡས་ནི་རྩ་གཉིས་སོ། །བསྐུམ་པ་ནི་བྱ་བའི་ཁྱད་པར་རོ། །བསྐུམ་པ་ཡང་མྱུར་དུ་འཕོ་བ་འཛིན་པའི་ཐབས་ 26-1-213a གསུངས་སོ། །འོན་ཀྱང་གདམས་ངག་ལས་གསལ་བར་ཤེས་པར་བྱའོ། །དེ་ལྟར་ནི་སྲོག་དང་ཐུར་སེལ་དག་ལྟེ་བར་བསྐུམ་ནས་མན་ངག་ཇི་ལྟ་བར་སེམས་བརྟན་པ་ལས་སེམས་ཀྱི་འཇུག་པ་དབང་དུ་བྱས་པའི་བྱང་ཆུབ་ཀྱི་སེམས་རང་གི་གནས་ནས་དབབ་ པ་དང་ཕྱིར་འགྲོ་བ་སྲུང་བ་ཉིད་དང་འཕེལ་བ་རྣམས་རིམ་པས་འགྱུར་རོ། །དེ་ཁོ་ན་འདི་རོ་ཙ་བར་བྱེད་པའོ། །གསེར་ལ་སོགས་པ་འདོད་པས་ནི་གཏོང་ངོ་། །དེ་ཉིད་ཀྱི་ཕྱིར་གསུངས་པ། ལྷན་ཅིག་སྐྱེས་པ་ཅིག་ཅར་ཤེས་རབ་ཀྱིས་དང་ཐབས་ཀྱིས་ཀྱང་འཕང་ངོ་། །ཟངས་སྲང་གཅིག་གི་ དངོས་པོར་བཅས་ཞེས་ཁ་ཅིག་གོ། །ལོགས་སུ་ནི་ཤེས་རབ་མའི་གཡོན་པའི་གཞོགས་སུའོ། །པདྨའི་ནང་ངོ་ཞེས་ཁ་ཅིག་གོ། །རྒྱས་པར་སྟོན་པ་ཉིད་དེ་ནས་ལས་ཞེས་པ་སྙོམས་འཇུག་གོ། །རི་རབ་ཅེས་པ་ལ་སོགས་པ་དང་པོའི་དོན་ལ་དྲུག་པའོ། །ས་བོན་རྒྱལ་པོ་ནི་ཧྲིཿ ཡིག་གོ། །དྲིལ་བུ་ནི་ཟངས་ཀྱི་རྡོག་མའོ། །ཤེས་རབ་ཅན་ཏེ་ལྷའི་སྦྱོར་བ་དང་ལྡན་པས་སྙིང་པོ་ལ་སོགས་པའི་སྔགས་རྣམས་ཀྱིས་བསྲུང་བ་བྱའོ། །དོན་ནི་འདི་ཡིན་ཏེ། རང་ཉིད་བཅོམ་ལྡན་འདས་ཀྱི་གཟུགས་ཀྱིས་བཅོམ་ལྡན་འདས་མའི་གཟུགས་ཀྱི་གཞོན་ནུ་མ་ལ་འཁྱུད་ པས། རང་གི་སྙིང་གར་བྱང་ཆུབ་ཀྱི་སེམས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་གྲུབ་པའི་བཅུད་མ་ལུས་པ་ཁྲག་དང་འདྲེས་པ་སྟེ། དེའི་སྟེང་དུ་ས་བོན་སུཾ་དང་། དེའི་སྟེང་དུ་ཧྲཱིཿ་ཡིག་བསམས་ནས་གསུམ་པོ་འདི་འདོད་ཆགས་ཆེན་པོས་ཞུ་བ་མཉམ་པར་དགའ་བ་ལས་བྱུང་བའི་ བྱང་ཆུབ་ཀྱི་སེམས་དང་ལྷན་ཅིག་ཞུ་ཞིང་འདྲེས་པར་གྱུར་ནས་པདྨར་ལྷུང་བ་ཤེས་རབ་མའི་བྱང་ཆུབ་ཀྱི་སེམས་དང་རྡུལ་དག་དང་འདྲེས་པ་སྟེ། དེ་དྲོན་མོས་ཟངས་མའམ་ལྕགས་ལ་མྱུར་དུ་བྱུགས་ཏེ་མེ་ལ་འཕང་བར་བྱའོ་ཞེས་སོ། །སངས་རྒྱས་ཚད་མ་མིན་པ་ཡང་མ་ཡིན་ནོ། ། དེའི་ཕྱིར་འདི་ཞེས་པ་ལ་སོགས་པ་སྟེ། དངོས་པོ་གང་དང་གང་ཞེས་པ་བཤད་ཟིན་པ་དང་། འཆད་པར་འགྱུར་བའོ། །ཚད་མིན་ནི་ཚད་མ་མ་ཡིན་པར་སྒྲོ་བཏགས་པའོ། །དམྱལ་བ་ལས་མི་ཉམས་ཏེ་མི་འདོར་བའོ། །ཆོས་ཞེས་པ་ལ་སོགས་པ་ཆོས་ཀྱི་ཕུང་པོ་སྟོང་ཕྲག་ 26-1-213b བརྒྱད་ཅུ་རྩ་བཞི་རྣམས་ཀྱི་གསང་ཆེན་བླ་ན་མེད་པ་ནི་རྣལ་འབྱོར་མའི་རྒྱུད་འདིའོ། །གསེར་དང་དངུལ་དུའང་ཞེས་པ་ཟངས་ནི་གསེར་དུ་དང་ཁབ་ལེན་གྱི་ལྕགས་ནི་དངུལ་དུ་འགྱུར་རོ། །འདི་ཁོ་ན་དྲོན་མོ་དངུལ་ཆུ་སྦྱངས་པ་ར་ཏི་གཅིག་དང་ལྷན་ཅིག་ཟླ་བ་དྲུག་ཏུ་ཉི་མ་སོ་སོར་སྣར་ བླུགས་པར་བྱ་སྟེ། འདིའི་ཕན་ཡོན་ནི་འཚོའོ་ཞེས་པ་ལ་སོགས་པའོ། ཡང་དག་སྦྱོར་བ་ནི་རྡོ་རྗེ་དང་པདྨ་དག་གོ། །བཞི་ཞེས་པ་རྣམ་པར་རྒྱལ་བའི་བུམ་པ་གཙོ་བོ་ཉིད་ཀྱིས་ནམ་བརྗོད་ཀྱང་གྲུབ་པ་ཉིད་ཀྱི་ཕྱིར་རོ། །འདིར་བུམ་པ་ལྷག་པར་གནས་པ་ནི་ལེའུ་བཞི་པར་ཇི་སྐད་ བཤད་པ་བཞིན་ནོ། །ཁྱད་པར་གསུངས་པ། བདག་ཉིད་ཀྱི་ཞེས་པ་ལ་སོགས་པ་སྟེ། བདག་ཉིད་ཀྱི་མིང་མེད་ཀྱི་ཁྲག་མོ་གཤམ་གྱི་ཁམས་ཀྱི་གཙོ་བོ་དང་བསྲེས་པས་སོ། །ནག་པོ་དམར་པོ་འཇིགས་ཆེན་པོ། །ཞེས་པ་ཁ་དོག་ནག་པོ་དང་། དམར་པོ་དེ་དག་གིས་ འཇིགས་ཆེན་ནོ། །ནག་པོ་བཅོམ་ལྡན་འདས་དམར་བའི་སྣ་ཚོགས་སྡེ་མས་འཁྱུད་པ་སྟེ། འདིར་ལྷ་མོ་བརྒྱད་ཀྱིས་བསྐོར་བ་ཞེས་པའི་དོན་ཏོ། །བླ་མ་ཁ་ཅིག་ནི་ནག་པོ་ཡང་ཡིན་ལ་ཅུང་ཟད་དམར་བ་ཡང་ངོ་ཞེས་པ་ཤེས་རབ་མེད་པ་ཁོ་ནའོ་ཞེས་གསུང་ངོ་། །དོན་འདི་ཡིན་ཏེ་ འདིར་སློབ་དཔོན་འཁོར་དང་བཅས་པའི་ཧེ་རུ་ཀའི་བདག་ཉིད་ཀྱིས་ཆོ་ག་ཇི་ལྟར་བཞེངས་པའི་དཀྱིལ་འཁོར་རམ་རས་བྲིས་ཀྱི་དཀྱིལ་འཁོར་ཉེ་བར་སྤྱོད་པ་ལྔས་མཆོད་པའི་ཤར་གྱི་སྒོར་ཕྱོགས་བཅུའི་གཏོར་མ་བྱིན་པས་ཁྲག་དང་ཁམས་ཀྱི་གཙོ་བོས་ཁའི་ནང་དུ་བྱུགས་པའི་བུམ་པ་ལྔ་ལྷག་པར་ གནས་པ་བྱས་ནས་མོ་གཤམ་དཀྱིལ་འཁོར་ལ་ཕྱོགས་པ་ལ་རྡུལ་གྱི་རྗེས་ཐོགས་སུ་ཁྲུས་བྱེད་པའི་དུས་སུ་རང་ཉིད་ལངས་ནས་དང་པོར་རྣམ་རྒྱལ་བུམ་པས་སྙིང་པོའི་སྔགས་དང་ཧཱུཾ་ཡིག་བསྒྱིངས་པ་དང་བཅས་པར་བརྗོད་ཅིང་ཁྲུས་བྱའོ། །དེའི་ཚེ་ཁོ་ན་སྙིང་གའི་ས་བོན་གྱི་འོད་ཟེར་ གྱིས་སྤྱན་དྲངས་པའི་དཔའ་བོ་དང་དཔའ་མོ་དཔག་ཏུ་མེད་པ་རྣམས་ཀྱིས་བྱང་ཆུབ་སེམས་ཀྱིས་གང་བའི་བུམ་པ་ལག་པའི་ཡལ་གས་བཟུང་བ་རྣམས་ཀྱིས་ཁྲུས་བྱེད་དུ་འཇུག་པར་མཛད་དོ། །དེའི་ཆོ་ཁོ་ན་སྐྱེས་བུ་གཏུམ་མོ་ཤེས་རབ་མ་མེད་པའི་གཅིག་པུའི་བདག་ཉིད་ཀྱི་ཧེ་རུ་ཀའི་གཟུགས་ 26-1-214a ཅན་རལ་གྲི་འཛིན་པ་བཞི་རྣམས་ཀྱིས་ཅིག་ཅར་རལ་གྲིས་ནམ་མཁའ་ལ་གདོན་ལ་སོགས་པའི་བདུད་རྣམས་གསོད་པའི་བསམ་པས་བརྡེག་པར་བྱའོ། །འདི་ལྟ་བུའི་རིམ་པས་བུམ་པ་གཞན་རྣམས་ཀྱིས་རིམ་གྱིས་བཀྲུའོ། །དེའི་རྗེས་སུ་འདོད་པ་སྤྱད་པར་ བྱའོ། །དེ་ནས་དེ་བུའི་མངལ་དང་ལྡན་པར་འགྱུར་ཞིང་། དེ་བཞིན་དུ། བུ་ཤི་མ་ནི་བུ་འཚོའོ། །ཞེས་པའོ། །མི་འཇིགས་པའི་གཞུང་འགྲེལ་དུ་ལེའུ་བཅུ་པའོ།། །།རིག་པ་འཛིན་པའི་སྦྱོར་བ་རྒྱས་པར་སྟོན་པའི་ཆེད་དུ་གསུངས་པ། དེ་ནས་ཞེས་པ་ལ་སོགས་ པའོ། །ལེའུ་བཞི་པར་རི་སྐེགས་ཀྱི་བྱེད་པའི་ཆོ་གའི་སྔ་མ་ཐམས་ཅད་འདིར་རྟོགས་པར་བྱའོ། །ཁྱད་པར་གསུངས་པ། འདི་ཉིད་ཀྱིས་ཞེས་པ་འཆད་པར་འགྱུར་བས་སོ། །ཟིན་པ་ཞེས་པ་ལ་སོགས་པ་དུས་སུ་ཟིན་པར་གྱུར་པ་དུག་གསོ་བ་པོ་ཐམས་ཅད་ཀྱིས་མི་ནུས་པས་ གང་གི་ཚེ་དུས་སུ་བཟུང་བའོ་ཞེས་དོར་བ་དེའི་ཚེ་ལས་བརྩམ་མོ། །ལུས་དཀར་རྣམས་ནི་ཞེས་པ་བཅོམ་ལྡན་འདས་དང་ཕྱོགས་ཀྱི་ལྷ་མོ་རྣམས་དཀར་བ་སྟེ། མཚམས་ཀྱི་ལྷ་མོ་རྣམས་དམར་བའོ། །ཆོ་ག་བཞིན་དུ་ཞེས་པའི་ཏིང་ངེ་འཛིན་གསུམ་རྫོགས་པར་བྱེད་པས་སོ། །རལ་གྲི་ ནི་སཱ་ལི་བཏགས་པ་ལས་བྱུང་བའོ། །དེའི་ཚེ་རིག་པ་འཛིན་པ་གཉིས་ཀྱིའོ། །བྲི་སྟེ་གཞུག་གོ། །འདབ་མ་ནི་གྲོ་ག་ལ་སོགས་པའོ། །ལྕུག་མ་ནི་ཀ་ར་ཝཱི་ར་དཀར་པོའིའོ། །གཅིག་ལ་ཞེས་པ་རིག་པ་འཛིན་པ་གཅིག་གོ། །ལྟུང་བ་ནི་ཟིན་པའི་སྟེང་དུའོ། །དེའི་ཚེ་ཁོ་ ན་ཟིན་པ་ལྡང་ངོ་། །དེ་ལྟར་རི་སྐེགས་ཀྱི་བྱེད་པ་དང་ཆུའི་བྱེད་པ་དང་། རིག་པ་འཛིན་པའི་བྱེད་པ་རྒྱས་པར་བཤད་དེ། གཞན་བྱེད་པ་བཅོ་ལྔ་རྣམས་ནི་སངས་རྒྱས་ཐོད་པའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་རྒྱས་པར་བསྟན་པ་རྣམས་ཤེས་པར་བྱའོ་ཞེས་པའོ། །མི་འཇིགས་ པའི་གཞུང་འགྲེལ་དུ་ལེའུ་བཅུ་གཅིག་པའོ།། །།མིག་སྨན་གྱི་དངོས་གྲུབ་མདོར་བསྟན་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །གཙོར་གྱུར་ཏེ་རྣལ་འབྱོར་མ་ཉི་ཤུ་རྩ་བཞི་རྣམས་ཀྱིའོ། །མཐོང་བ་ནི་མཐོང་བ་རྣམས་སོ། །གང་རྣམས་ 26-1-214b ཞེས་པ་གང་རྣམས་སུའོ། །མ་གསུངས་པ་ནི་རྒྱུད་གཞན་རྣམས་སུའོ། །སྐལ་བ་ཆེ་ནི་བསྔགས་པར་འོས་པ་སྟེ་སྒྲིབ་པ་མེད་པའི་སྟོབས་དང་མི་འཇིགས་པ་ཉིད་ལ་སོགས་པའི་ཡོན་ཏན་ཆེན་པོ་སྟོན་པའི་ཕྱིར་རོ། །སེམས་ཅན་དོན་ལ་བརྩོན་པ་ཉིད་ལས་གཞན་གྱི་དོན་ཕུན་སུམ་ ཚོགས་པ་གསུངས་སོ། །རྒྱུའི་གནས་སྐབས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་སངས་རྒྱས་ཀུན་བསྐྱེད་མའོ། །འབྲས་བུའི་ངོ་བོ་ཉིད་ཀྱི་ཕྱིར་ཕྱག་རྒྱ་ཆེན་མོའོ། །རྣལ་འབྱོར་པ་ནི་རྣལ་འབྱོར་པ་རྣམས་སོ། །ཀུན་རྣམས་ཏེ་ཐམས་ཅད་ཀྱི་ངོ་མཚར་ཐོབ་པའོ། ། གཞན་པའི་ནུས་པ་ངེས་པ་ཐོབ་ནས་ཞེས་པ་ལྷག་མའོ། །རྒྱལ་མཚན་ནི་རྒྱལ་མཚན་ལྟ་བུའི་མིའོ། །ཐབ་ཁུང་ནི་གྲུ་གསུམ་པའོ། །དེ་ཉིད་དུ་ནི་ཐབ་ཏུའོ། །མགོ་བོས་ནི་མགོ་བོར་ཏེ་ཐོད་པར་རོ། །དེའི་ནི་ཤའིའོ། །གཞན་ཡང་ནི་ཐོད་པ་གཞན་དུའོ། །བགེགས་ ཀྱི་ཞེས་པ་བགེགས་རྣམས་སོ། །དུ་བ་ཞེས་པ་མ་ལུས་པའོ། །བཏུང་བར་བྱ་ཞེས་པ་རང་ཉིད་ཀྱིས་སོ། །འཐུང་དུ་གཞུག་ཅེས་པ་ཤེས་རབ་མའོ། །འདིས་སངས་རྒྱས་ཐོད་པའི་རྣལ་འབྱོར་པས་དུར་ཁྲོད་དུ་སྦྱངས་པའི་མའི་རྐེད་པའི་རུས་པ་ལས་བྱས་པའི་ཐབ་ཁུང་གྲུ་ གསུམ་པའི་སྟེང་དུ་དེའི་ཐོད་པར་དེའི་འཕོངས་ཀྱི་ཤའི་མར་ཁུས་གང་བ་དུར་ཁྲོད་ཀྱི་རས་ཀྱི་ལྡོང་བུ་ལ་དུར་ཁྲོད་ཀྱི་མེས་སྦར་བ་བཞག་ལ། སྟེང་དུ་སྦྱངས་པའི་མའི་ཐོད་པ་གཞན་དུ་སྔགས་ཟློས་ཤིང་དུ་བ་དབབ་པར་བྱའོ། །དུ་བ་དེ་ས་ལ་མ་རེག་པ་དང་པོར་ལག་པ་གཉིས་ཀྱིས་ བཟུང་ནས། དེའི་རྗེས་སུ་ལག་པ་གཡོན་པར་བཞག་སྟེ། ཀེ་ལི་མཱ་ལི་འཐུངས་པའི་བུ་མོ་སྐྱེ་གནས་མ་ཉམས་པ་རྡུལ་འབབ་མ་སྣ་ཚོགས་སྡེ་མའི་གཟུགས་སུ་མོས་པ་ལ་དལ་བུས་འདོད་པ་སྤྱད་ནས་རྡུལ་དང་འདྲེས་པའི་གཉིས་ཀའི་བྱང་ཆུབ་ཀྱི་སེམས་ཅུང་ཟད་གཉི་ གས་མྱངས་ཏེ་ཆ་གཞན་མང་པོ་དང་ལྷན་ཅིག་གཡས་པའི་མིང་མེད་དང་མཐེ་བོང་དག་གིས་མནུར་རོ། །དེ་ནས་དེ་ཁོ་ནའི་རྡུལ་གྱིས་རི་ལུ་བརྒྱད་ལྷག་པའི་བརྒྱ་བྱས་ཏེ། རི་ལུ་སོ་སོ་ལ་བརྒྱད་ལྷག་པའི་བརྒྱར་མངོན་པར་བསྔགས་ནས་སྔགས་འདོན་ཅིང་དེས་མིག་ལ་ 26-1-215a མིག་སྨན་དུ་བྱའོ་ཞེས་པ་ཚོགས་པའི་དོན་ཏོ། །འདི་ཉིད་ཀྱིས་ཞེས་པ་འདི་བྱུགས་ཞེས་པ་ལ་སོགས་པ་དང་འབྲེལ་ལོ། །དཔུང་པ་ཆེ་ནི་ཕྱག་ན་རྡོ་རྗེ་སྟེ། སེམས་ཅན་མ་ལུས་པ་ཚིམ་པ་ལ་གཞོལ་བའི་ཕྱག་ཅན་ཉིད་ཀྱི་ཕྱིར་རོ། །རྣལ་འབྱོར་མ་མཆོག་ནི་རྣལ་ འབྱོར་མའི་རྒྱུད་དུ་རྙེད་སླའོ། །མིང་མེད་དང་མཐེ་བོས་ཞེས་པ་གཡས་པས་སོ། །དེ་བཞིན་དུ་འོག་གི་མིག་སྨན་ལ་ཡང་གཡས་པའི་བྱ་བའོ། །རྣལ་མ་ཞེས་པ་མིག་མཉེས་པ་ལས་མིག་སྨན་མ་བྱུགས་པའི་གནས་སྐབས་བཞིན་དུ་འགྱུར་རོ། །ཕེག་རྡོབ་བདུན་གྱི་ཚད་དུ་འགྱུར་ཏེ་ ཧ་ཅང་ཆར་ཆེས་པ་བཟློག་པའི་དོན་དུའོ། །བདག་ཉིད་ཆེན་པོའི་ཞེས་པ་མཐུ་ལས་ཞེས་པ་ལྷག་མའོ། །རང་གི་གཟུགས་ནི་སྒྱུར་བའི་ཞེས་པ་དང་པོའི་དོན་ལ་དྲུག་པའོ། །སྦྱོར་བ་ཞེས་པ་རིག་པ་འཛིན་པ་ཉིད་ལ་སོགས་པ་འགྲུབ་པའི་ཆེད་དུ་སྦྱོར་བ་རྣམས་ཉུང་ངུའི་རྒྱུད་དུ་མ་ གསུངས་ཤིང་རྒྱས་པར་ནི་གསུངས་པ་རྣམས་བླ་མའི་ཞལ་ལས་ཤེས་པར་བྱའོ། །སྔགས་བཟླས་པའི་བྱེ་བྲག་ལ་བགྲང་ཕྲེང་གི་བྱེ་བྲག་བརྗོད་པའི་ཆེད་དུ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །གླང་ཆེན་རུས་པས་ཏེ་གླང་པོ་ཆེའི་རུས་པས་མངོན་སྤྱོད་ཀྱི་དུས་སུ་བཟླས་ སོ། །རུས་པ་ཆེན་པོ་ནི་མིའི་རུས་པའོ། །བྱའི་རུས་པ་ནི་བྱ་རྒོད་ཀྱི་རུས་པའོ། །ལྕགས་ཀྱིས་ནི་ལྕགས་ཀྱི་བགྲང་ཕྲེང་གིས་སོ། །འདི་ཐམས་ཅད་ནི་སྐྱེད་པའི་ཕྱོགས་ལ་ཡང་སྤྲོས་པ་ཡིན་ཏེ། དེ་ལྟ་དེ་ལྟར་གདུལ་བྱའི་སྐྱེ་བོའི་ངོར་གསུངས་པའོ། །རྫོགས་པའི་རིམ་པ་ལ་ ནི་འདི་ཡིས་ཅི་ཞིག་ཅེས་གསུངས་པ། སེམས་གཅིག་ཅེས་པ་ལ་སོགས་པའོ། །སེམས་གཅིག་པུ་ཁོ་ན་ནི་ཁམས་གསུམ་པའི་དྲི་མེད་མེ་ལོང་སྟེ། གང་ཕྱིར་དིས་གང་བསམས་པ་དེ་གཟུགས་བརྙན་བཞིན་དུ་སྣང་བས་སོ། །འདི་ཐམས་ཅད་ནི་སེམས་ཀྱིས་སྒྲོ་བཏགས་ཤིང་ སེམས་དེ་ཡང་དོན་དམ་པར་རྨི་ལམ་གྱི་ངོ་བོ་སྤྲོས་པ་ཐམས་ཅད་སྤོངས་པ་སྟེ། རྨོངས་པ་གང་རྣམས་ཀྱིས་མི་ཤེས་པ་དེ་རྣམས་ལ་རྣམ་པར་རྟོག་པ་ཆེན་པོ་མ་ཚང་བ་མེད་པ་ཡོད་ཅིང་། དེ་རྣམས་ཐོས་པ་ལ་སོགས་པ་ཞེས་པ་ཡང་སྟེ་དེ་ལྟ་ན་ཡང་དེ་རྣམས་རྣམ་པར་རྟོག་པས་གཟུང་ 26-1-215b བའོ་ཞེས་པས་སྤྲོས་པ་མེད་པའི་དེ་ཁོ་ན་ཉིད་སྒོམ་པ་ལ་ཆེན་པོ་སྦྱོར་དགོངས་པས་ཐུགས་བརྩེ་བར་གྱུར་པའོ། །མི་འཇིགས་པའི་གཞུང་འགྲེལ་དུ་ལེའུ་བཅུ་གཉིས་པའོ།། །།རིམ་པ་གཉི་ག་ལ་ཡང་དེ་ཉིད་ཁོ་ན་སྒྲིབ་པ་ཐམས་ཅད་རྣམ་པར་དག་པའོ་ཞེས་གསུངས་པ་དེ་ནས་ ཞེས་པ་ལ་སོགས་པའོ། །རྣམ་དག་ལེའུ་ཞེས་པ་ལ་དེ་ཁོ་ན་ཉིད་རྣམ་པར་དག་པ་ནི་རྣམ་དག་ཡིན་གྱི་དེ་ཁོ་ན་ཉིད་ནི་རྣམ་དག་མ་ཡིན་ཏེ། དེ་ཁོ་ན་ཉིད་ནི་ཐམས་ཅད་ཀྱི་ཚེ་ཡོད་པའི་ཕྱིར་ན་ཐམས་ཅད་ལ་ཐམས་ཅད་ཀྱི་ཚེ་རྣམ་པར་དག་པར་ཐལ་བར་གྱུར་པའི་ཕྱིར་རོ། །དེ་ཡང་ཐབས་ ཀྱི་དེ་ཁོ་ན་ཉིད་མེད་པར་མངོན་དུ་བྱ་བར་མི་སླའོ་ཞེས་པ་དེའི་ཐབས་དང་ལྡན་པ་ཇི་ལྟ་བས་རྡོ་རྗེ་ཐེག་པ་ལ་བརྟེན་པས་མངོན་དུ་བྱ་བ་དེ་སྟོན་པའི་ཆེད་དུ་གསུངས་པ། སྲིང་མོ་ཞེས་པ་ལ་སོགས་པ་སྟེ། རྣལ་འབྱོར་པ་ལ་སྒྲ་ཇི་ལྟ་བ་བཞིན་ནོ། །ཡང་ན་སྲིང་མོ་ནི་རྡོ་རྗེ་ཐེག་པ་ལ་ཡང་དག་པར་ གནས་པའོ། །དེའི་བུ་མོ་ནི་ཚ་མོའོ། །དབང་བསྐུར་སྟེར་བ་མོ་ནི་མའོ། །བུ་མོ་ནི་མཉེས་གཤིན་མའམ་དེར་གཞག་པར་བྱའོ། །ཤེས་རབ་ཅན་ནི་རྣམ་པར་དག་པ་ཞེས་པའི་ཕྱིར་རོ། །ཕྱག་རྒྱ་ཆེན་མོ་ཞེས་པ་མངོན་དུ་བྱ་བར་རོ། །འདིས་ནི་ཐབས་ལས་བྱུང་བའི་དེ་ཁོ་ན་ཉིད་ གསུངས་སོ། །གཡུང་མོ་ནི་བསམ་གཏན་ལ་དགའ་བའོ། །གར་མཁན་མ་ནི་རབ་ཏུ་སྤྱོད་པ་མཁན་མའོ། །ཁྲུས་མཁན་མ་ནི་དཀར་པོའི་ཆོས་ལ་དགའ་བའོ། །གཏུམ་མོ་ནི་ང་རྒྱལ་ངེས་པར་བཅོམ་པ་ཉིད་ཀྱི་ཕྱིར་བཟོད་པའི་ངང་ཚུལ་མའོ། །དགེ་བའི་འདུ་ བྱེད་རྡོ་རྗེ་གསུམ་གྱི་ལུས་ཅན་ལ་དགའ་བ་པགས་པ་མཁན་མའོ། །ནང་གི་ཤེས་རབ་མོའི་སྲིང་མོ་ནི་རྐྱང་མའོ། །སྲིང་མོའི་བུ་མོ་ནི་རོ་མའོ། །སྐྱེད་མ་ནི་ཨ་ཝ་དྷཱུ་ཏཱིའོ། །སྔ་མ་དག་ཕྱི་མ་དང་བླ་མའི་མན་ངག་ལས་སྦྱོར་བ་ནི་བུ་མོའོ། །ཤེས་རབ་དང་ཐབས་གཉིས་ སུ་མེད་པའི་རང་བཞིན་རྩ་གསུམ་པ་དེ་རྣམས་ཡང་དག་པར་སྦྱོར་བ་ལས་སྐྱེ་བའི་བདེ་བ་ཆེན་པོ་ནི་ཆུང་ངུ་མའོ། །དེ་གསུངས་པ། དེ་ཡི་བདེ་བ་འདོད་མར་བཤད། །ཅེས་སོ། །སྒྲའི་རྣམ་པར་ཤེས་པ་གཡུང་མའོ། །རོའི་རྣམ་པར་ཤེས་པ་གར་མའོ། །རེག་བྱའི་རྣམ་ 26-1-216a པར་ཤེས་པ་ནི་འཁྲུད་མཁན་མའོ། །སྣའི་རྣམ་པར་ཤེས་པ་ནི་གཏུམ་མའོ། །མིག་གི་རྣམ་པར་ཤེས་པ་ནི་ཀོ་ལྤགས་མཁན་ནོ། །ངེས་པའི་དོན་ནི་བླ་ན་མེད་པའི་ཤེས་རབ་མ་སྲིང་མོ་ལ་སོགས་པ་ནི་ལེའུ་དང་པོར་བཤད་ཟིན་ཏོ། །བསོད་ནམས་དང་ཡེ་ ཤེས་ཀྱི་ཚོགས་དག་བསགས་པར་བྱའོ་ཞེས་པ་ཆུང་མའོ། །སྟོང་པ་ཉིད་དང་རོ་གཅིག་པ་ཉིད་ཀྱི་ཕྱིར་གློ་བུར་བའི་སྤྲོས་པ་རྣམས་ཐམས་ཅད་ཀྱིས་རེག་བྱ་མ་ཡིན་པ་ཉིད་ཀྱིས་ན་གཡུང་མོའོ། །སྲིད་པ་དང་མྱ་ངན་ལས་འདས་པ་ལ་མི་གནས་པ་ཉིད་ཀྱིས་རྣམ་པ་སྣ་ཚོགས་སྒྱུ་མའི་ངོ་ བོའི་སྤྲུལ་པ་རྣམས་ཀྱིས་གདུལ་བྱ་རྣམས་ལ་གར་བྱེད་པའི་ཕྱིར་གར་མའོ། །ཆུང་ངུའི་ཆུང་ངུ་ལ་སོགས་པ་རྟོགས་པའི་རིམ་པས་ཆེན་པོའི་ཆེན་པོ་ལ་སོགས་པའི་སྒྲིབ་པ་བག་ཆགས་དང་བཅས་པའི་དྲི་མ་འཁྲུད་པའི་ཕྱིར་ཁྲུས་མཁན་མའོ། །ཙཎྜ་ལཱི་ནི་ཤེས་རབ་རྫོགས་པའི་ རང་གི་ངོ་བོ་ངེས་པར་རྟོགས་པའོ། །ཨཱ་ལི་ནི་སྙིང་རྗེ་ཆེན་པོའོ། །དེ་དག་ནི་ཕུལ་དུ་དབྱུང་དུ་མེད་པའི་གོ་འཕང་དུ་འདྲེན་ནོ་ཞེས་པ་གཏུམ་མོའོ། །སྲིད་པའི་ཡན་ལག་བཅུ་གཉིས་ཀྱི་རྗེས་སུ་སོང་བའི་མ་རིག་པའི་པགས་པ་འབྱེད་པའི་ཕྱིར་ཀོ་སྤགས་མཁན་མའོ་ཞེས་པ་བླ་ན་མེད་པའི་ ཤེས་རབ་བོ། །ཕྱི་དང་ནང་གི་བདག་ཉིད་ཀྱི་ཤེས་རབ་མ་འདི་རྣམས་ཁོ་ནའོ། །བླ་ན་མེད་པའི་ཤེས་རབ་ཀྱི་ཡོན་ཏན་རྣམས་ཀྱི་རྗེས་སུ་བྱེད་པའི་ཕྱིར་ཤེས་རབ་ཉིད་དུ་རྟོགས་པར་བྱའོ། །དེ་ཉིད་ཀྱི་ཕྱིར་གསུངས་པར་འགྱུར་བ། རྣམ་པར་མ་དག་སེམས་སྦྱངས་ལས། ། ཞེས་སོ། །འདིས་ནི་རྫོགས་པའི་རིམ་པ་ལ། ཕྱིའི་ཤེས་རབ་མ་ལས་ཀྱི་ཕྱག་རྒྱ་དང་། ནང་གི་ཤེས་རབ་མ་ཆོས་ཀྱི་ཕྱག་རྒྱ་དང་། བླ་ན་མེད་པའི་ཤེས་རབ་མ་ཕྱག་རྒྱ་ཆེན་མོའོ། །འདི་ཁོ་ནས་དག་པ་མཐར་ཐུག་པ་ལ་ལྷག་པར་གནས་པ་ཉིད་ཀྱི་ཕྱིར་ཆོས་ཀྱི་ཕྱག་རྒྱ་ ནི་ཆོས་ཀྱི་སྐུ་སྟེ། དེ་ནི་བདེ་བ་ཆེན་པོའི་སེམས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །ལས་ཀྱི་ཕྱག་རྒྱ་དང་སྦྱར་བས་མཚན་དང་དཔེ་བྱད་ཀྱིས་རྣམ་པར་མཛེས་པའི་སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །མཚན་མ་མེད་པར་སྣ་ཚོགས་ཤིང་མཐའ་ཡས་པའི་དཀྱིལ་འཁོར་གྱི་ 26-1-216b འཁོར་ལོ་ལ་སོགས་པའི་རྣམ་པར་སྤྲུལ་པ་ནི་གདུལ་བྱའི་སྐྱེ་བོ་སྐལ་ལྡན་རྗེས་སུ་འཛིན་པའི་དུས་ལས་མི་འདའ་བའི་ཕྱིར་དམ་ཚིག་གི་ཕྱག་རྒྱ་དང་སྤྲུལ་པའི་སྐུའོ། །ཕྱག་རྒྱ་ཆེན་པོ་ཁྱབ་པར་བྱེད་པ་པོ་ནི་རང་བཞིན་པའི་སྐུ་སྟེ་བཞི་པའོ། །ཡང་ན་ཕྱག་རྒྱ་ཆེན་པོ་མཚན་ དང་དཔེ་བྱད་འབར་བ་ཕྱག་དང་ཞལ་དང་ཕྱག་མཚན་ལ་སོགས་པ་དང་ལྡན་པའི་ངོ་བོ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དམ་ཚིག་གི་ཕྱག་རྒྱས་སེམས་ཀྱི་རང་བཞིན་སོ་སོ་རང་གིས་རིག་པར་བྱ་བ་ནི་ཆོས་ཀྱི་སྐུ་སྟེ། དམ་ཚིག་ནི་ཡང་དག་པར་རྟོགས་པའོ་ཞེས་བྱས་ནས་ སོ། །ཆོས་ཀྱི་ཕྱག་རྒྱ་ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུའི་བྱིན་བརླབས་ལས་སྣ་ཚོགས་པའི་རྣམ་པའི་ཆོས་ཀྱི་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་གསུང་གི་བདག་ཉིད་དོ། །ལས་ཀྱི་ཕྱག་རྒྱ་ནི་བྱ་བ་སྒྲུབ་པའི་ངོ་བོ་ཉིད་ཀྱི་ཕྱིར་སྤྲུལ་པ་སྣ་ཚོགས་པ་རྣམས་ཀྱིས་བྱ་བ་ཕུན་ སུམ་ཚོགས་པར་བྱེད་པའི་ཕྱིར་སྤྲུལ་པའི་སྐུའོ། །བསྐྱེད་པའི་རིམ་པ་ལ་ནི་ཕྱི་རོལ་གྱི་ཤེས་རབ་མ་ཁོ་ནས་མངོན་པར་འདོད་པའི་ལྷ་མོའི་གཟུགས་སུ་བསྒོམས་པ་ནི་ལས་ཀྱི་ཕྱག་རྒྱའོ། །རང་འདྲ་བའི་བུད་མེད་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་པའི་མིང་གཞན་ནོ། །ལུས་ལ་བསྒོམས་ པའི་ཧཱུཾ་ཡིག་ལ་སོགས་པ་ཡང་ཆོས་ཀྱི་ཕྱག་རྒྱའོ། །དམ་ཚིག་གི་ཕྱག་རྒྱ་ནི་ས་བོན་ལ་སོགས་པ་ལས་རྫོགས་པའི་དཀྱིལ་འཁོར་གྱི་འཁོར་ལོར་འདུས་པའི་ལྷ་སྤྲོ་བ་དང་སྡུད་པ་ལ་སོགས་པའི་བྱེད་པ་ཅན་རྣམས་ཏེ་མཚན་མ་ཡང་ངོ་། །རང་ཉིད་གཙོ་བོའི་ལྷའི་གཟུགས་ ཅན་ནི་ཕྱག་རྒྱ་ཆེན་པོའོ་ཞེས་གསལ་བར་བྱས་སོ། །ནང་གི་ཤེས་རབ་མ་ཁོ་ན་དབང་པོ་དང་ཉོན་མོངས་པ་དང་ཡུལ་གྱི་ངོ་བོར་བརྗོད་པའི་ཆེད་དུ་དེ་ནས་ཞེས་པ་ལ་སོགས་པའོ། །རོ་ཞེས་པ་ལྕེའོ། །ཡིད་ཅེས་པ་ཡིད་ཀྱི་ཉེ་བར་མཚོན་པ་འདིར་ལུས་ཀྱི་དབང་པོའོ། །སྲིང་མོ་ གཟུགས་སུ་ཇི་ལྟར་འགྱུར། །ཞེས་པ་ལ་སོགས་པ་འཆད་པར་འགྱུར་བའི་གསུང་གི་ཕྱིར་མིག་ལ་སོགས་པ་རྣམས་ཀྱི་ཉེ་བར་མཚོན་པ་ཉིད་ཀྱིས་གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱང་སྲིང་མོ་ལ་སོགས་པའི་ངོ་བོར་ཤེས་པར་བྱའོ། །གང་གིས་ཞེས་པ་གང་ 26-1-217a གཟུགས་ཡིན་པ་སྟེ་གཏི་མུག་གི་རྒྱུ་ཉིད་ཀྱི་ཕྱིར་གཏི་མུག་གཟུགས་ཏེ། འགྲེལ་པའི་ཕྱིར་ཞེ་སྡང་ལ་སོགས་པ་ཡང་ངོ་། །འདོད་ཆགས་ཏེ་འདོད་ཆགས་ཀྱང་ངོ་། །ང་རྒྱལ་ཏེ་ང་རྒྱལ་ཡང་ངོ་། །ཕྲག་དོག་ཀྱང་ངོ་། །གཟུགས་ལ་སོགས་པའི་ཡུལ་རྣམས་ གཏི་མུག་ལ་སོགས་པ་སྐྱེད་པ་ཉིད་ཀྱི་ཕྱིར་གཏི་མུག་ལ་སོགས་པར་ཐ་སྙད་བྱའོ། །དེ་ཁོ་ན་ཉིད་དུ་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །སེམས་ཀྱི་ཞེས་པ། སེམས་ཁོ་ནའི་གནས་སྐབས་ཀྱི་ཁྱད་པར་ནི་མིག་དང་གཏི་མུག་དང་གཟུགས་ལ་སོགས་པ་འདི་རྣམས་སོ། །སེམས་ཀྱང་ མ་དག་པ་ཁོ་ན་སྟེ། གཏི་མུག་ལ་སོགས་པའི་དྲི་མ་རྣམས་ཀྱིས་སོ། །དེའི་ཕྱིར་མིག་ལ་སོགས་པ་རྣམས་ཀྱང་མ་དག་པའོ་ཞེས་དགོངས་པའོ། །འོ་ན་ཇི་ལྟར་སྲིང་མོ་ལ་སོགས་པ་ཤེས་རབ་ཉིད་དུ་བཤད་ཅེ་ན་གསུངས་པ། དེ་ཕྱིར་ཞེས་པ་སྟེ་གང་གི་ཕྱིར་འདི་རྣམས་རྣམ་པར་ དག་པ་ཁོ་ན་ཤེས་རབ་ཡིན་ཞིང་སེམས་རྣམ་པར་དག་པ་འདི་རྣམས་རྣམ་པར་དག་པ་ཡིན་པ་དེའི་ཕྱིར་སེམས་རྣམ་པར་དག་པར་བྱའོ། །སུས་ཤེ་ན་གསུངས་པ་ཤེས་རབ་ཆེ་ལྡན་ཞེས་པ་ཤེས་རབ་ཆེན་པོ་ནི་ཕྱག་རྒྱ་ཆེན་པོ་ཡིན་ཞིང་དེ་སྒོམ་པ་པོ་སྟེ། དེ་ཁོ་ནས་དྲི་མ་མ་ལུས་ པ་འཁྲུད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཤིན་ཏུ་སྦྱོར་བའི་སེམས་ལྡན་པ། །ཞེས་ཏེ། ཡོད་པ་དང་མེད་པ་ལ་སོགས་པའི་མཐའ་ལས་ཤིན་ཏུ་འདས་པ་ཤེས་རབ་དང་ཐབས་གཉིས་སུ་མེད་པར་རོ་གཅིག་པའོ། །གལ་ཏེ་དེ་ལྟར་མི་བྱེད་ན་དེའི་ཚེ་དངོས་གྲུབ་སྟེ་ཕྱག་རྒྱ་ ཆེན་པོའི་དངོས་གྲུབ་ཏུ་མི་འགྱུར་རོ། །གང་གི་ཚེ་ནི་གུས་པས་བར་མེད་པར་བསྒོམས་པས་རང་རིག་པའི་བདེ་བ་ཆེན་པོའི་རང་བཞིན་གྱི་དག་པ་ཁོ་ནར་འགྱུར་ན་དངོས་གྲུབ་འདི་ཁོ་ནར་ཏེ། མིའི་སྐྱེ་བ་ལའོ། །དངོས་གྲུབ་འདོད་པས་སྐད་ཅིག་ཀྱང་། །གཞན་པའི་སེམས་ཀྱིས་ མི་གནས་སོ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ལ། གུས་པས་བར་ཆད་མེད་པར་བསྒོམ་པ་ལས་བྱུང་བའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་ནི་གཅིག་ལའོ། །རྣམ་པ་འདི་ལྟ་བུའི་སྒོམ་པ་དང་བྲལ་བ་ནི་སྲིད་པ་གཞན་ལ་སྟེ་གྲངས་མ་ 26-1-217b ངེས་པ་ལ་སྐྱེ་བ་མི་ཁོམ་པ་བརྒྱད་ལས་གྲོལ་བ་གོམས་པ་དང་རྗེས་སུ་མཐུན་པ་རྙེད་ནའོ། །དེས་ན་གོམས་པ་ལས་རྣམ་པར་དག་པའོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ནི་བྱ་བའི་རང་བཞིན་གྱི་བསོད་ནམས་ཀྱི་ཚོགས་ལས་དང་ཐབས་ཀྱི་ཁྱད་པར་མེད་པ་ལས་བསྐལ་པ་གྲངས་ མེད་པ་གསུམ་རྣམས་ཀྱིས་རྣམ་པར་དག་པ་གསུངས་སོ་ཞེས་པ་འགལ་བ་མེད་དོ། །འོ་ན་འདིར་བསྒོམ་པར་བྱ་བ་ཅུང་ཟད་ཀྱང་ཉེ་བར་བསྟན་པ་མེད་དེ། རྫོགས་པའི་ངོ་བོ་ཁོ་ནའི་ཕྱག་རྒྱ་རྣམས་རྒྱས་པར་སྟོན་པའི་ཕྱིར་དང་རྣལ་འབྱོར་པ་རྣམས་ཀྱང་དེའི་སྒོ་ནས་དེ་ལྟར་གསལ་ བར་བྱེད་པའི་ཕྱིར་རོ་ཞེ་ན་བདེན་ཏེ་དེ་ཁོ་ན་ཉིད་དུ་བསྒོམ་པར་བྱ་བ་དང་སྒོམ་པ་མ་སྐྱེས་པའི་ཕྱིར་ཏེ། ཆོས་རྣམས་ཐམས་ཅད་གདོད་མ་ནས་ཞི་བ་ཉིད་ཀྱི་ཕྱིར་རོ། །དེ་སྟོན་པ་དངོས་པོ་མེད་པ་ཞེས་པ་ལ་སོགས་པ་སྟེ་དངོས་པོ་མེད་པ་ལ་སྟེ། དངོས་པོར་སྒྲོ་བཏགས་པ་ བཀག་པ་སྐྱེ་བ་མེད་པ་དོན་དམ་པའི་བདེན་པ་ལ་སྒོམ་པ་ཇི་ལྟར་ཏེ་ཡོད་པ་མ་ཡིན་པ་ཁོ་ན་སྟེ། དང་པོ་ནས་དག་པ་ཉིད་ཀྱི་ཕྱིར་རོ། །འོ་ན་སྐྱེ་བ་མེད་པའི་དེ་ཁོ་ན་ཉིད་བསྒོམ་བྱར་ཡོད་དོ་ཞེས་གསུངས་པ། དངོས་མེད་ཅི་འདྲ་ཞེས་པ་སྐྱེ་བ་མེད་པ་མེད་དེ། དོན་དམ་པར་རྟོགས་པ་དང་། རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་ན་ནི་དོན་དམ་པ་དེ་ཁོ་ན་ཉིད་དུ་བརྗོད་དོ། །གང་ཡང་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་ཀྱི་དངོས་པོ་དེ་ཡང་བསྒོམ་བྱ་དངོས་མེད་མ་ཡིན་ཏེ། བདེན་པ་ཉིད་ཀྱི་ཕྱིར་རོ། །བདེན་པ་གཉིས་གཉིས་སུ་དབྱེར་མེད་པར་མཐོང་བ་ཙམ་གྱིས་གྲོལ་ བའི་ཕྱིར་བསྒོམ་བྱ་དང་སྒོམ་པ་པོ་དང་སྒོམ་པ་ཞེས་མངོན་པར་ཞེན་པ་ཟུང་འཇུག་གི་རིམ་པ་རྟོགས་པ་རྣམས་ལ་མེད་དོ་ཞེས་པ་དགོངས་པའོ། །དེ་དཔལ་འདུས་པར་གསུངས་པ། དངོས་པོ་མེད་ལ་བསྒོམ་པ་མེད། །བསྒོམ་པ་བསྒོམ་པ་མིན་པ་ཉིད། །དེ་ལྟར་དངོས་ པོ་དངོས་མེད་པ། །བསྒོམ་པ་དམིགས་པར་མི་འགྱུར་རོ། །ཞེས་སོ། །དེ་ཉིད་ཀྱི་ཕྱིར་ཉེ་བར་སྡུད་དེ། ཅི་ལྟར་འགྱུར་ཞེས་བསྒོམ་པ་སྟེ། དེའི་ཕྱིར་ཉེ་བར་མི་དམིགས་སོ་ཞེས་པ་དགོངས་པའོ། །དེ་ཅི་རྫོགས་པའི་རིམ་པ་ལ་སྒོམ་པ་ཆད་པ་ཁོ་ནའམ་ཞེ་ན་ཆད་པ་མ་ཡིན་ 26-1-218a ནོ། །འོ་ན་དེ་ཅི་འདྲ་བ་ཡིན་ཞེ་ན། དེ་གང་འདྲ་བ་ཡིན་པ་ནི་འཆད་པར་འགྱུར་རོ། །དེ་ལྟར་དོན་དམ་པར་བསྒོམ་པར་བྱ་བ་ལ་སོགས་པར་མངོན་པར་ཞེན་པ་བསལ་ནས། གཟུགས་ལ་སོགས་པར་མངོན་པར་གསལ་བར་འདོད་པས་གསུངས་པ། སྲིང་མོ་ ཞེས་པ་ལ་སོགས་པའོ། །ཅི་ལྟར་ཏེ་གང་གི་ཕྱིར་དཀར་མོ་ལ་སོགས་པའི་དབྱེ་བ་ཐ་དད་པ་གཟུགས་དང་ཡང་དག་པར་ལྡན་པ་དབང་པོ་དང་ཕན་ཚུན་ཕན་གདགས་བྱ་འདོགས་བྱེད་ཀྱི་དངོས་པོ་ལས་འབྲེལ་པ་སེམས་མ་དག་པས་མཐོང་གི། སེམས་དག་པས་ནི་མ་ཡིན་ཏེ། དོན་དམ་པར་དབང་པོ་དང་ཡུལ་དང་དེའི་ཤེས་པ་རྣམས་རང་བཞིན་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་ཕྱི་མར་རོ། །རྣམ་གསུམ་ཞེས་པ། ཡིད་དང་ཡིད་ཀྱི་ཤེས་པ་དང་མི་སེམས་པའི་བྱེ་བྲག་ལས་སོ། །འདི་འདྲའི་སྦྱོར་དང་ལྡན་པ་ཡི། །ཞེས་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ དང་ལྡན་པའོ། །རྣམ་པར་བྱང་བའོ་ཞེས་པ་མནམ་པ་སྟེ་དྲིའོ། །བལྟ་མིན་ཞེས་པ་བལྟ་བྱ་མ་ཡིན་ཞིང་ཤེས་བྱ་མིན་པའོ། །དེ་ཉིད་ཀྱི་ཕྱིར་དྲི་ལ་སོགས་པ་རྣམས་ལས་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་སྐྱེ་བ་མ་ཡིན་ནོ། །མྱང་བའི་གཟུགས་ཀྱི་ཞེས་པ་མྱང་བའི་གཟུགས་ མེད་དེ། ལྕེ་དང་རོ་དག་མེད་པའི་ཕྱིར་རོ། །ཡིད་ཀྱིས་ཏེ་ཡིད་ཀྱི་ཉེ་བར་མཚོན་པ་ལུས་ཀྱི་དབང་པོས་བདེ་བ་རེག་བྱའི་ཡུལ་ལ་སྐྱེ་བ་དང་ཉེ་བར་མཚོན་པ་ལས་སྡུག་བསྔལ་དང་བཏང་སྙོམས་ལོངས་སྤྱོད་དེ། དེ་ཡང་ཅི་འདྲ་ཞིག་གོ། །ཡིད་ཀྱི་དབང་པོ་ནི་ཡིད་ཉིད་དོ། །བདེ་ བ་དང་ཉེ་བར་མཚོན་པ་ལས་སྡུག་བསྔལ་ཏེ། དགའ་བ་དང་སྐྱོང་བ་དང་བཏང་སྙོམས་ལོངས་སྤྱོད་པ་དེ་ཡང་ཅི་འདྲ་ཞིག་ཅེས་འབྲེལ་ལོ། །འོ་ན་གཟུགས་ལ་སོགས་པའི་ཡུལ་ལྔ་རྣམས་དང་དེའི་ཡུལ་ཅན་དབང་པོ་ལྔ་རྣམས་དང་དེ་དག་གི་རྣམ་པར་ཤེས་པ་རྣམས་ཤེས་རབ་ལྔའི་ རང་བཞིན་དུ་རྣམ་པར་གཞག་ཅིང་། ཡུལ་དང་དབང་པོ་དང་ཤེས་པ་དྲུག་པ་རྣམས་མི་བརྗོད་པ་ཇི་ལྟར་ཞེ་ན། ཡིད་ཀྱི་དབང་པོ་ནི་མིག་ལ་སོགས་པའི་དབང་པོ་བཞིན་དུ་ལོགས་པ་མེད་ཀྱི་འདས་མ་ཐག་པ་ཁོ་ནའི་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་ཁྱད་པར་ཕྱི་མ་སྐྱེད་ 26-1-218b པའི་བདག་པོ་ཉིད་ཀྱི་ཕྱིར་ཡིད་ཀྱི་དབང་པོར་བརྗོད་ཅིང་དེའི་བྱེ་བྲག་སེམས་དང་སེམས་ལས་བྱུང་བ་རྣམ་པ་དང་དེའི་ཡུལ་དང་ཡིད་ཀྱི་རྣམ་པར་ཤེས་པའོ། །དེ་ལྟར་རྟོག་མེད་དག་ནི་ཡིད་ཀྱི་དབང་པོ་དང་དེའི་ཡུལ་དག་སྟེ་དབང་པོའི་ཤེས་པ་ལྔའི་རང་བཞིན་དག་གོ། །སེམས་ བྱུང་རྣམས་ཀྱང་སེམས་རྣམས་ལས་གཞན་པ་མ་ཡིན་ནོ། །དེ་གསུངས་པ། སེམས་ལས་སེམས་བྱུང་གཞན་མ་ཡིན། །ཞེས་སོ། །རྟོག་པ་ཅན་དག་ནི་ཡིད་ཀྱི་རྣམ་པར་ཤིས་པའི་རང་བཞིན་དག་གོ། །ཡིད་ཀྱི་རྣམ་ཤེས་ནི། འཆད་དང་མཚམས་སྦྱོར་འདོད་ཆགས་བྲལ། ། ཉམས་དང་འཆི་འཕོ་སྐྱེ་བ་རྣམས། །ཡིད་ཀྱི་རྣམ་ཤེས་ཁོ་ནར་འདོད། །ཅེས་པའི་རིགས་པ་ལས་གཙོ་བོ་ཉིད་ཀྱི་ཕྱིར་ཉེ་བར་ལོངས་སྤྱོད་པའོ་ཞེས་པས་ཕན་འདོགས་བྱེད་ཉེ་བར་ལོངས་སྤྱོད་བྱ། ཤེས་རབ་ཀྱི་ངོ་བོར་རྣམ་པར་གཞག་པ་མ་ཡིན་ནོ། །བླ་ན་མེད་པའི་ཤེས་ རབ་སྔར་རྣམ་པར་གཞག་པ་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཡོད་པ་ཁོ་ནའོ། །གང་ཡིད་ཅེས་གསུངས་པ་དེ་ནི་འདིར་དངོས་པོའི་གྲོང་ཁྱེར་མ་ལུས་པ་རྣམ་པར་དཔྱད་པ་ལ་འཇུག་པའི་དོན་དུའོ། །དེ་ལྟར་ནི་རབ་ཏུ་འབྲེལ་བ་འདིས་ཁམས་བཅོ་བརྒྱད་རྣམས་གསུངས་ཤིང་། དེ་རྣམས་ ཁོ་ན་སྡུད་པ་ལས་སྐྱེ་མཆེད་བཅུ་གཉིས་རྣམས་ཏེ་ཤིན་ཏུ་འདུས་པ་ལ་ཕུང་པོ་རྣམས་སོ། །ཁམས་གསུམ་པ་ཡང་དེ་རྣམས་ཁོ་ནའོ། །དེ་ཡང་སེམས་ཙམ་ཁོ་ན་སྟེ་དེ་ལང་ཀར་གཤེགས་པའི་མདོར་གསུངས་པ། ཀྱེ་རྒྱལ་བའི་སྲས་རྣམས་འདི་ལྟ་སྟེ། ཁམས་གསུམ་པ་ནི་ སེམས་ཙམ་མོ། །ཞེས་སོ། །འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང་བྱང་ཆུབ་སེམས་འགྲེལ་དུ་གསུངས་པ། བདག་ཏུ་འཛིན་པ་བཟློག་དོན་དུ། །ཕུང་པོ་ཁམས་སོགས་བསྟན་པ་སྟེ། །དེ་ཡང་སེམས་ཙམ་རྣམ་གཞག་པས། །སྐལ་བ་ཆེན་པོ་རྣམས་ཀྱིས་བཤིག ། ཅེས་སོ། །སེམས་དེ་ཡང་ཀུན་རྫོབ་པ་སྟེ། དེ་ཉིད་དུ་གསུངས་པ། འདི་རྣམས་ཐམས་ཅད་སེམས་ཙམ་ཞེས། །ཐུབ་པ་རྣམས་ཀྱིས་གང་བསྟན་པ། །བྱིས་རྣམས་སྐྲག་པ་སྤང་ཕྱིར་ཏེ། །དེ་ནི་དེ་ཁོ་ན་ཉིད་མིན། །ཞེས་སོ། །ཇི་ལྟར་སེམས་དེ་ཁོ་ན་ཉིད་མ་ཡིན་ཞེ་ 26-1-219a ན། གསུངས་པ་གཉིས་རྣམ་དཔྱད་ལས་ཞེས་པ་དངོས་པོ་དང་དངོས་པོ་མེད་པའི་རང་གི་ངོ་བོ་རྣམ་པར་བརྟག་པ་ལས་སོ། །འོ་ན་རྣམ་པར་དཔྱོད་པ་པོའི་སེམས་དོན་དམ་པར་ཡོད་དོ་ཞེ་ན་གསུངས་པ། རྣམ་དཔྱོད་ཅེས་པ་སྟེ། རྣམ་པར་དཔྱོད་དུ་འཇུག་གོ་ཞེས་ པས་རྣམ་དཔྱོད་དེ་རྣམ་པར་དཔྱོད་པ་པོའི་རྣམ་ཤེས་ནི་དེར་ནི་སྟེ། གཉིས་རྣམ་དཔྱད་པར་གྱུར་པ་མ་ཡིན་ནོ། །དེ་འཕགས་པ་ཞི་བ་ལྷའི་ཞབས་ཀྱིས་གསུངས་པ། དཔྱད་བྱ་རྣམ་པར་དཔྱད་པ་དང་། །རྣམ་དཔྱད་ལ་ནི་རྟེན་ཡོད་མིན། །རྟེན་མེད་ཉིད་ཕྱིར་མི་སྐྱེ་སྟེ། །དེ་ཡང་མྱ་ངན་འདས་ པར་བརྗོད། །ཅེས་སོ། །དེ་བཞིན་དུ། ། གང་ཚེ་དངོས་དང་དངོས་མེད་ལ། །བློ་ཡི་མདུན་ན་མི་གནས་པར། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞིའོ། །ཞེས་གསུངས་སོ། །རྒྱལ་པོ་ལ་རིན་པོ་ཆེའི་ཕྲེང་བར་ཡང་གསུངས་པ། འགྲོ་བའི་ཆོས་ཀུན་ རྣམ་ཤེས་ཀྱི། །མེ་ཡི་བུད་ཤིང་ཉིད་དུ་འདོད། །དེ་རྣམས་ཇི་བཞིན་རྣམ་དཔྱོད་པའི། །མེ་ཡིས་སྲེག་པའི་ཉེར་ཞིའོ། །ཞེས་སོ། །ཇི་ལྟར་གཉིས་རྣམ་པར་དཔྱོད་ཅེ་ན་གསུངས་པ། དངོས་པོ་ལ་ཞེས་པ་ལ་སོགས་པ་སྟེ་དངོས་པོ་མེད་པ་དག་ཕན་ཚུན་དེའི་བདག་ཉིད་དུ་མེད་དེ་འགལ་བའི་ ཕྱིར་རོ། །ཐ་དད་དུ་ཡོད་དོ་ཞེས་གསུངས་པ། དངོས་པོ་དངོས་མེད་གཉི་ག་སྟོང་། །ཞེས་ཏེ། དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་དག་སྟོང་པ་དག་སྟེ། སེམས་ནི་གཅིག་མིན་གྱི་རང་བཞིན་དང་བྲལ་བ་ཉིད་ཀྱིས་ན་རང་བཞིན་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ནི་དེ་ གཅིག་མ་ཡིན་ཏེ། གཅིག་ཉིད་ནི་སྔོན་པོ་དང་སེར་པོའི་ངོ་བོ་ཉིད་དུ་ཁྲ་བོར་སྣང་བའི་མྱོང་བར་མི་འགྱུར་ཞིང་། སེར་པོ་ལ་སོགས་པ་མཐའ་དག་སྔོན་པོའི་ནང་དུ་འདུས་པར་རྟོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །སྔོན་པོ་ཡང་སྔ་མ་དང་ཕྱི་མ་དང་བར་མ་ཐ་དད་ན་རགས་ པར་སྣང་བ་ཉིད་ཀྱིས་རྟོགས་པར་མི་འགྱུར་གྱི། གང་ལ་ཕྱོགས་ཆ་དབྱེ་བ་ཡོད། །དེ་ནི་གཅིག་ཏུ་མི་རུང་ངོ་། །ཞེས་པའི་རིགས་པ་ལས་རྡུལ་ཕྲ་རབ་ཙམ་ཉིད་དུ་སྣང་བར་འགྱུར་རོ། །གཅིག་མིན་ཡང་མ་ཡིན་ཏེ། སེམས་གཅིག་མིན་ཉིད་ན་རྡུལ་ཕྲ་རབ་ཏུ་ཐ་དད་པའི་ཕྱིར་ 26-1-219b ན་དེ་ལས་གཞན་པ་ཡང་དག་པར་མྱོང་བ་མེད་ན་རྡུལ་ཡང་ཕྲ་རབ་སོ་སོར་རང་རིག་པའི་ངོ་བོ་ཉིད་ཀྱིས་ན་དེ་ཁོ་ན་རྡུལ་ཕྲ་རབ་སོ་སོར་སྣང་བར་ཐལ་བར་འགྱུར་རོ། །གཉིས་ཀ་ངོ་བོ་ཉིད་དུ་ཡང་མི་རིགས་ཏེ། དེ་ལྟ་བུའི་རྣམ་པ་མྱོང་པ་མེད་པའི་ཕྱིར་རོ། །ཐམས་ཅད་ལ་ཁོ་བོ་ཅག་གི་ལྟ་བ་ ཚད་མའི་ཕྱིར་རོ། །ལྡོག་པའི་ངོ་བོ་ལྷན་ཅིག་པའམ་ལོགས་པ་རྗེས་སུ་རྟོགས་པར་བྱ་བ་མངོན་སུམ་དུ་མྱོང་བ་ཡང་ཉེ་བར་དམིགས་པ་མ་ཡིན་ཞིང་རྗེས་སུ་དཔག་པའི་བདག་ཉིད་ཀྱང་སྟེ། དེ་ནི་སྔོན་མ་ཅན་ཉིད་ཀྱི་ཕྱིར་རོ། །མི་དམིགས་ཤིང་ཚད་མ་མེད་པའི་ལྡོག་པའི་ངོ་བོ་ཉིད་ རྗེས་སུ་རྟོགས་པར་བྱ་བ་ཇི་ལྟར་རྟོག །ཅི་སྟེ་ཁྲ་བོ་ཉིད་ཀྱིས་རགས་པའི་རྣམ་པ་རང་རིག་པའི་ངོ་བོ་མྱོང་བ་ནི་བསྙོན་མི་ནུས་ཤིང་དེ་ཙམ་དུ་ཡོད་ལ། དེ་ཡང་ལྡོག་པའི་ངོ་བོ་ཉིད་རྗེས་སུ་རྟོགས་པར་བྱ་བ་མེད་ན་མི་འགྱུར་རོ་ཞེས་པས་སོ། །དེ་ནི་དེ་ཡོད་པ་ལས་གཞན་དུ་མི་འཐད་པས་ ཡོངས་སུ་བརྟག་པར་བྱའོ་ཞེ་ན་དེ་ནི་མ་ཡིན་ཏེ། གཉི་ག་མ་ཡིན་པའི་ངོ་བོ་ཉིད་ཁོ་ནས་སྤྲོས་པ་མེད་པ་ཉིད་དུ་ཆེས་གསལ་བར་འཐད་པ་ལས་དོན་གྱི་གོ་བར་ཟད་པའི་ཕྱིར་རོ། །དེའི་ཕྱིར་སྐྱེ་བ་ཡང་མི་རིགས་ཏེ། འབྲས་བུ་དང་རྒྱུའི་དངོས་པོ་ལ་ཚད་མ་མེད་པའི་ཕྱིར་རོ། ། སྔ་མ་དང་ཕྱི་མ་ཉིད་ཀྱིས་ཚད་མ་འཇུག་པ་ནི་འབྲས་བུ་དང་རྒྱུའི་དངོས་པོ་རྣམ་པར་གཞག་པ་ཡིན་ན་རྣམ་པ་གཉིས་དང་བྲལ་བ་གཉིས་མེད་པར་མྱོང་བ་ནི་སྔ་མ་དང་ཕྱི་མར་འཇུག་པ་དང་ལྡན་པ་ཡང་མེད་ཅིང་དེ་ལས་གཞན་པའི་ཡང་དག་པར་རིག་པ་ཡང་ཡོད་པ་མ་ཡིན་ཏེ། ཚད་མ་མེད་པའི་ཕྱིར་རོ་ཞེས་བསྒྲུབས་ཟིན་ཏོ། །གང་གི་ཚེ་དེ་ལྟར་འབྲས་བུ་དང་རྒྱུའི་དངོས་པོ་ལ་ཚད་མ་མེད་པའི་ཕྱིར་སྐྱེ་བ་མེད་པ་ཁོ་ན་ཡིན་པ་དེའི་ཚེ་ག་ལས་རང་ལས་སམ་གཞན་ལས་སམ། གཉི་ག་ལས་སམ། རྒྱུ་མེད་ལས་ཡིན་དེ་ལྟར་སྐྱེ་བ་མེད་པའི་ཕྱིར་ སེམས་ནི་དངོས་པོའི་ངོ་བོ་ཉིད་དུ་ཡང་མེད་དེ། འབྱུང་ངོ་ཞེས་པས་ན་དངོས་པོ་སྟེ། མེད་པ་སྔོན་མ་ཅན་གྱི་འབྱུང་བ་ཁོ་ན་ལ་རྣམ་པར་གཞག་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་ཉམས་པའི་ངོ་བོ་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱང་མེད་དོ། །དངོས་པོ་དང་དངོས་པོ་མེད་པོའི་རང་ 26-1-220a བཞིན་མེད་པའི་ཕྱིར་ཡང་སྤྲོས་པ་ཐམས་ཅད་མེད་པ་སྟེ་དེ་རྣམས་ནི་དངོས་པོ་དང་དངོས་པོ་མེད་པའི་རྟེན་ཅན་ཉིད་ཀྱིས་ན་དེ་དག་གི་ཁྱབ་པ་ཉིད་ཀྱི་ཕྱིར་ཁྱབ་བྱེད་མེད་ན། ཁྱབ་བྱ་ཡང་མེད་པའི་ཕྱིར་རོ། །དེས་ན་རྣམ་པར་དཔྱད་པ་འདིས་སྤྲོས་པ་མེད་པ་ཉིད་ཀྱི་སྟོང་པ་ཉིད་ རྟོགས་པར་བྱའོ། །འདི་ཁོ་ན་ཡང་དེ་ཁོ་ན་ཉིད་མཐོང་བ་སྟེ་གང་ཤེས་རབ་ཀྱི་མིག་གིས་ངེས་པར་དཔྱད་པ་ལས་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་བྱུང་བ་ན་ཆོས་རྣམས་ཐམས་ཅད་མི་མཐོང་བའོ་ཞེས་པའོ། །ཇི་སྐད་དུ་བཅོམ་ལྡན་འདས་མར་གསུངས་པ། སངས་རྒྱས་བཅོམ་ ལྡན་འདས་རྣམས་ཀྱི་ཡེ་ཤེས་ཀྱི་སྤྱན་ཅི་ཞེ་ན། གང་གིས་ཅུང་ཟད་ཀྱང་མི་མཐོང་བའོ། །དེ་བཞིན་དུ་དོན་དམ་པ་མཐོང་བ་ཅི་ཞེ་ན། གང་ཆོས་རྣམས་ཐམས་ཅད་མི་མཐོང་བའོ་ཞེས་སོ། །དེས་ན་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ་སྤྱོད་ལམ་ཐམས་ཅད་ལ་གནས་པ་རྣམས་ཀྱིས་ཀྱང་ ཆོས་རྣམས་ཐམས་ཅད་མཐོང་ཡང་མཐོང་བ་མེད་པའོ། །འདི་འདྲ་བ་ཁོ་ན་མཐོང་བ་མེད་པར་དགོངས་ཀྱི་གཉིད་ལོག་པ་དང་མིག་བཙུམས་པ་དག་གི་མིག་བཞིན་དུ་གང་ཡིད་ལ་མི་བྱེད་པས་ནི་མ་ཡིན་ནོ། །དེ་ལྟ་ན་ནི་བག་ཆགས་མ་སྤངས་པའི་ཕྱིར་འདུ་ཤེས་མེད་པའི་སྙོམས་པར་ འཇུག་པ་ལ་སོགས་པ་ལས་ལངས་པ་བཞིན་དུ་སླར་ཡང་གཟུགས་ལ་སོགས་པར་མངོན་པར་ཞེན་པའི་རྩ་བ་ཅན་འདོད་ཆགས་ལ་སོགས་པ་རྣམས་སྐྱེ་བའི་ཕྱིར་རྣལ་འབྱོར་པ་མ་གྲོལ་བ་ཁོ་ནར་འགྱུར་རོ། །ཐོག་མ་མེད་པའི་དུས་ཅན་གྱི་གཟུགས་ལ་སོགས་པར་མངོན་པར་ཞེན་པ་ཡིད་ལ་བྱེད་པ་ ཡོངས་སུ་བོར་བ་ཙམ་ལས་སྤོང་བ་ཡང་མ་ཡིན་ཏེ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པ་ལས་ཀྱང་སྤངས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གཟུགས་ལ་སོགས་པའི་ཡུལ་ལ་ཐེ་ཚོམ་སྤོང་བ་མེད་པར་དེ་ཡིད་ལ་བྱེད་པ་ཡོངས་སུ་སྤོང་བར་ཡང་ནུས་པ་མ་ཡིན་ཏེ། མེ་མ་སྤངས་ ན་ཚ་བ་མི་སྤངས་པ་བཞིན་ནོ། །དེའི་ཕྱིར་ཐེ་ཚོམ་གྱི་ས་བོན་དང་བྲལ་བ་ཁོ་ན་ལས་གཟུགས་ལ་སོགས་པར་མངོན་པར་ཞེན་པ་བསལ་བར་བྱའི་ཚེར་མ་གདོན་པར་བྱ་བ་བཞིན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ངེས་པའོ། །དེ་ལྟར་དངོས་པོ་དང་དངོས་པོ་མེད་པ་དང་རང་གི་དངོས་པོ་དང་གཞན་གྱི་ 26-1-220b དངོས་པོ་ལ་སོགས་པར་ཡིད་ལ་བྱེད་པ་བསལ་བས་ཐམས་ཅད་ལས་ཡིད་བསྡུས་ཏེ་ཅུང་ཟད་ཀྱང་མི་བསམ་མོ། །དེ་དེ་ལྟར་མི་སེམས་པ་ལས་སྔོན་རྣམ་པར་སྤྱོད་པའི་དུས་ཁོ་ནར་བླ་མ་བསྙེན་བཀུར་བའི་རྣལ་འབྱོར་པའི་གང་བླ་མའི་དྲིན་ལས་རྟོགས་པ་ཁོ་ནའི་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་སྐྱེ་སྟེ་ཚད་མ་དང་གཞལ་བྱ་དང་འབྲས་བུའི་ཆ་དང་ཡང་དག་པར་བྲལ་བ་ཉིད་ཀྱིས་ན་རང་གསལ་བའི་རང་བཞིན་སྤྲོས་པ་མེད་པ་ཉིད་ཀྱིས་ནི་སྤྲོས་པའི་བདག་ཉིད་ཅན་འཁོར་བའི་རང་བཞིན་གྱིས་སྡུག་བསྔལ་གྱི་ཚོགས་དང་བྲལ་བ་ལས་མཆོག་ཏུ་དགའ་བའི་རང་གི་ངོ་བོ་ཉིད་མཐོང་བ་མེད་པའི་ཚུལ་ གྱིས་མངོན་དུ་རྟོགས་ཏེ། དེའི་མཐུ་ལས་ཀྱེ་མ་མ་ལ་གཏི་མུག་གི་ནུས་པ། གང་གིས་སེམས་ཅན་འདི་རྣམས་མྱ་ངན་ལས་འདས་པ་ཡིན་ཡང་བདག་ཉིད་མ་རྟོགས་ཏེ། འདི་རྣམས་ཇི་ལྟར་རྟོགས་པར་བྱ། །ཞེས་རྣམ་པར་བསམས་ཏེ། དེའི་བདག་ཉིད་ཁོ་ནར་འགྲོ་བ་མཐའ་དག་ལ་དམིགས་ཏེ། དམིགས་པ་མེད་པའི་ངོ་བོའི་སྙིང་རྗེ་ཆེན་པོ་སྐྱེའོ། །དེའི་བདག་ཅན་ཁོ་ནའི་རྫོགས་པའི་དཀྱིལ་འཁོར་གྱི་ངོ་བོ་བདག་དང་དངོས་པོ་ཐམས་ཅད་ཀྱི་རང་བཞིན་སྙིང་རྗེ་ཆེན་པོའི་བདག་ཉིད་ནི། བཅོམ་ལྡན་འདས་མ་ཤེས་རབ་མ་མིང་གཞན་ཕྱག་རྒྱ་ཆེན་མོ་དང་དེའི་བདག་ཉིད་ཀྱི་ཕྱིར་དབྱེར་མེད་པའི་རང་ བཞིན་དུ་བལྟའོ། །དེའི་ཚེ་སྟོང་པ་ཉིད་དང་སྙིང་རྗེ་དག་དེའི་བདག་ཉིད་དེ། དེ་ཡང་རྣམ་པར་མི་རྟོག་པའི་རྣལ་འབྱོར་རོ། །དེ་ཁོ་ན། སོ་སོར་སྡུད་དང་དེ་བཞིན་དུ། །བསམ་གཏན་སྲོག་སྡོམ་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་འཛིན་ཏེ། །རྣལ་འབྱོར་ཡན་ལག་དྲུག་ཏུ་འདོད། །ཅེས་ འདུས་པ་ཕྱི་མར་གསུངས་པའི་ཡན་ལག་དྲུག་གི་རྣལ་འབྱོར་རོ། །དེ་ལྟར་ནི་གཞོན་ནུ་མའི་པྲ་ཕབ་པ་མཐོང་བ་བཞིན་དུ་དབང་པོ་རྣམས་སྟོང་པ་ཉིད་དང་རོ་གཅིག་པས་རང་གི་ཡུལ་ལས་འཛིན་པ་ནི་སོ་སོར་སྡུད་པའོ། །དེ་ལས་བསམ་གཏན་ཏེ། དེ་ཡང་རྟོག་པ་དངོས་པོ་ངེས་པར་རྟོག་པ་དང་། དཔྱོད་པ་བཞིན་དུ་དབང་པོ་རྣམས་སྟོང་པ་ཉིད་དང་རོ་གཅིག་པས་རང་གི་ཡུལ་ལས་འཛིན་པ་ནི། དངོས་པོ་སྟོང་པ་ཉིད་ཀྱི་རང་བཞིན་ཉིད་དུ་རྣམ་པར་དཔྱོད་པ་དང་། དེ་ལྟར་དཔྱད་པ་ལས་དེ་ཁོ་ན་ཉིད་ལ་འཇུག་པ་ལ་མངོན་དུ་ཕྱོགས་པས་གང་ཡིན་པ་བདེ་བ་ཉིད་དེ་དགའ་བ་དང་དེ་ལས་ 26-1-221a ལུས་ཤིན་ཏུ་སྦྱངས་པ་ལ་སོགས་པ་བདེ་བ་ཆེན་པོ་དང་དེ་ལྟར་གོམས་པ་ལས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཅིག་པ་མཐར་ཐུག་པའི་ཤེས་རབ་ཀྱི་བདག་ཉིད་སེམས་རྩེ་གཅིག་པ་ཉིད་ཅེས་པ་རྣམ་པ་ལྔའོ། །དེ་ནས་རྐྱང་མ་དང་རོ་མ་དག་འགགས་པའི་ཀུན་འདར་མའི་ལམ་ ཁོ་ནར་འཇུག་པ་དང་གནས་པ་དང་འབྱུང་བའི་བདག་ཉིད་ཅན་གྱི་སྲོག་གི་རླུང་འཇུག་པ་ནི་སྲོག་སྡོམ་པའོ། །དེ་ནས་ཀུན་འདར་མ་ལས་ཕྱིར་མ་བྱུང་བར་བྱང་ཆུབ ཀྱི་ཐིག་ལེ་ལ་སེམས་ཀྱི་བཞོན་པ་སྲོག་རླུང་འཇུག་པ་སྟོང་པ་ཉིད་དང་རོ་གཅིག་པ་ནི་འཛིན་པ་སྟེ། དེའི་ཚེ་ཡང་གཏུམ་མོ་ལས་ངེས་པར་ བྱུང་བ་ཆེར་འབར་ཞིང་རི་བོང་ཅན་ཡང་དེས་ཆེར་གདུངས་པས་ཤིན་ཏུ་ཆེས་འཛག་གོ། །དེའི་ཚེ་རྡོ་རྗེ་ནོར་བུའི་ནང་དུ་ཆུད་པའི་མ་ཉམས་པའི་བྱང་ཆུབ་ཀྱི་སེམས་རིམ་གྱིས་རྒྱུ་མཐུན་པ་ལ་སོགས་པའི་བདེ་བས་རྫོགས་པ་དྲི་མ་མེད་པ་ཉིད་ཇི་སྲིད་པར་འགྱུར་རོ། །དེ་ནས་འཛིན་པ་ལས་སེམས་ རབ་ཏུ་ཞུགས་པ་ན་མཚན་མ་སོ་སོར་སྣང་བ་སྔོན་མ་ཅན་རྫོགས་པའི་དཀྱིལ་འཁོར་གྱི་ལྷ་མཐོང་བ་གཟུགས་བརྙན་གྱི་རྣམ་པ་ཅན་རྣམ་པར་རྟོག་པ་མེད་པ་དེ་ལས་འོད་ཟེར་དུ་མ་འཕྲོ་ཞིང་། དེ་ལས་ཁམས་གསུམ་པ་སྤྲོ་བ་ཞེས་པ་དྲན་པའོ། །དེ་ནས་དེ་ཁོ་ན་རྣམ་པར་མི་རྟོག་པའི་རྣལ་འབྱོར་ འགྱུར་བའི་བདེ་བ་ཆེན་པོའི་རང་བཞིན་ཟུང་འཇུག་གི་བདག་ཉིད་ཡེ་ཤེས་ཀྱི་སྐུ་རྡོ་རྗེ་འཛིན་པ་ཆེན་པོའི་རང་བཞིན་ནི་ཏིང་ངེ་འཛིན་ནོ་ཞེས་པའོ། །དེ་ལྟར་རྣལ་འབྱོར་པ་གང་གི་ཚེ་སྤྲོས་པ་མེད་པའི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཡིན་པ་དེའི་ཚེ་བསོད་ནམས་ཐམས་ཅད་ཀྱི་རང་བཞིན་དང་ ཡེ་ཤེས་ཐམས་ཅད་ཀྱི་རང་བཞིན་དཀྱིལ་འཁོར་གྱི་ལྷ་མཐའ་དག་གི་བདག་ཉིད་དང་ཕ་རོལ་ཏུ་ཕྱིན་པ་མཐའ་དག་གི་རང་བཞིན་དུ་མགོན་པོ་རྣམས་ཀྱིས་རྣམ་པར་གཞག་གོ། །དེ་གསུངས་པ། འདི་དེ་རྣལ་འབྱོར་དམ་པ་སྟེ། །ཀུན་དུ་རྟོག་པ་ཐམས་ཅད་སྤངས། །གང་ལ་རྣལ་འབྱོར་ པ་གནས་པ། །ཀུན་མཁྱེན་བཅོམ་ལྡན་དངོས་སུ་འགྱུར། །འདི་དེ་དེ་ཉིད་དམ་པ་སྟེ། །ཤེས་རབ་ཐབས་ཀྱི་རང་བཞིན་ཞི། །འདི་ཉིད་གཉིས་མེད་ཡེ་ཤེས་ཏེ། །འདི་ནི་བྱང་ཆུབ་སེམས་མཆོག་གོ། །ཞེས་སོ། །འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང་གསུངས་པ། མི་གང་ 26-1-221b སྐད་ཅིག་གཅིག་ཙམ་ཡང་། །བྱང་ཆུབ་སེམས་ནི་རབ་བསྒོམ་པ། །དེ་ཡི་བསོད་ནམས་ཕུང་པོ་ནི། །འདི་ཙམ་ཞེས་པ་བགྲང་མི་ནུས། །ཉོན་མོངས་མེད་པའི་རིན་ཆེན་སེམས། །འདི་ནི་ནོར་མཆོག་གཅིག་པུར་བརྗོད། །ཉོན་མོངས་བདུད་སོགས་ཆོམ་རྐུན་གྱི། །གཞོམ་དུ་མེད་ ཅིང་དབྲོག་ཏུ་མེད། །ཅེས་སོ། །འདི་ཐམས་ཅད་ལ་དགོངས་ཏེ་གསུངས་པ། འདི་དག་སེམས་ཀྱི་དག་པ་ཉིད། །ཅེས་པ་སྟེ། འདི་རྣམས་ནི་འདིའོ། །དེ་ཉིད་ཀྱི་ཕྱིར་བདེ་བ་ཆེན་པོའི་ངོ་བོ་རྡོ་རྗེ་འཛིན་པའི་ས་ནི་འདི་ཁོ་ན་སྒྲུབ་པར་བྱེད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས་འདི་ཁྱད་པར་ རོ། །འོ་ན་འདི་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཁོ་ན་སྟེ། དེ་འདིའི་ཁྱད་པར་ཅི་ཡིན་ཞེ་ན། ཁྱད་པར་ཡོད་དེ་དེའི་ངོ་བོ་ཉིད་དུ་བསྒྲུབ་པ་ཁོ་ནའོ། །ཇི་ལྟར་དངོས་པོར་ན་སྟོང་པ་ཉིད་དང་རོ་གཅིག་པའི་སྟོབས་དང་མི་འཇིགས་པ་ལ་སོགས་པ་རྣམས་ཉན་ཐོས་ཀྱི་ཚུལ་ལ་རྟོགས་པ་ རྣམས་ཀྱང་སྟོང་པ་ཉིད་དུ་མ་བསྒྲུབས་པའི་ཕྱིར་དང་། ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་སྒྲུབ་པའི་ཕྱིར་ཁྱད་པར་ཆེན་པོ་སྒྲོགས་པ་བཞིན་ནོ། །འོ་ན་བསམ་གཏན་དང་པོ་ཐོབ་པ་རྣམས་ཀྱང་འཁོར་ལོས་སྒྱུར་བ་རྣམས་བཞིན་དུ་བདེ་བ་ཉེ་བར་སྟོན་ན། བདག་མེད་པ་གཉི་ག་རྟོགས་པས་ཅི་བྱ། ད་ལྟར་ནི་དགའ་བ་ལྷག་པ་ཁོ་ན་ལས་དང་པོས་ནི་རབ་ཏུ་དགའ་བར་བརྗོད་དོ་ཞེ་ན་བདེན་ཏེ། འདི་ལྷན་ཅིག་སྐྱེས་པའི་བདེ་བ་ནི་མ་ཡིན་ཞིང་། དེ་ཉིད་ཀྱི་ཕྱིར་བདེ་བ་ཆེན་པོ་མ་ཡིན་ལ། ལས་དང་པོ་པའི་གནས་སྐབས་སུ་ཐབས་སུ་གྱུར་པ་ཡང་མ་ཡིན་ཏེ། ཁབ་ཀྱི་བུག་པ་ནི་བུ་ག་ཞེས་ པ་ནམ་མཁའ་དང་མཉམ་པ་ཉམས་སུ་མྱོང་བ་མ་ཡིན་པས་སོ། །འོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བདེ་བའོ་ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། འདི་ནི་གསུངས་མོད། འདིའི་ཐབས་བསྟན་པ་ནི་མ་ཡིན་ཏེ། ཐབས་སུ་གྱུར་པ་ ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་ཉེ་བར་མ་བསྟན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་ཡང་རིམ་པ་འདི་ཁོ་ནས་གོ་བར་བྱའོ། །དེ་ཅི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་བྱང་ཆུབ་མེད་དམ་ཞེ་ན། དེ་ལྟ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ 26-1-222a ཀྱི་དྲི་ཡང་ཅི་ལས་ཡིན། མཐར་ཐུག་བཞི་ཡང་ངེས་པར་ཐབས་འདི་ལ་ལྟོས་སོ་ཞེས་བརྗོད་པར་བྱའོ་ཞེས་པ་ཤིན་ཏུ་རྒྱ་ཆེ་བས་ཆོག་སྟེ། མན་ངག་རིག་པ་རྣམས་ཁོ་ནས་ཁྱད་པར་འདི་ཡོངས་སུ་གསལ་བར་ཤེས་པར་འགྱུར་རོ། །བདེ་བ་ཆེན་པོ་སྒྲུབ་པར་བྱེད་པ་ཉིད་ཀྱིས་ན་ གཙོ་བོར་ཡུལ་རེག་བྱ་དང་དེའི་དབང་པོ་དང་དེའི་རྣམ་པར་ཤེས་པ་སྙིང་རྗེ་ལ་སོགས་པའི་ངོ་བོ་དང་ཤེས་རབ་ལྔའི་ངོ་བོར་ཡང་སྒྲུབ་པའི་ཆེད་དུ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ཕྱི་རོལ་གྱི་ཤེས་རབ་མའི་ལུས་ཡུལ་དང་། དེ་དང་སྦྱོར་བ་ལས་ནང་གི་ལུས་དང་ཡེ་ཤེས་དག་ སྦྱོར་བའི་ཕྱིར་རོ། །གང་འགྱུར་བ་དེ་ནི་འཆད་པར་འགྱུར་རོ། །ལྟ་དང་ལྡན་པ་ཞེས་པ་བུད་མེད་མཆོག་མཐོང་བ་ནི་སྙིང་རྗེ་སྟེ། སྡུག་བསྔལ་དང་བྲལ་བའོ། །འཁྱུད་པ་བྱམས་པ་སྟེ་བདེ་བ་དང་ལྡན་པའོ། །དབང་པོ་གཉིས་དྲུད་པ་ལས་དགའ་བ་སྟེ་བདེ་བ་དང་མི་འབྲལ་བའོ། །བྱང་ ཆུབ་སེམས་འགྱུར་བ་ལས་བཏང་སྙོམས་ཏེ་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའོ། །དེ་བཞིན་དུ་ནི་ནང་གི་ལུས་དང་ཤེས་པ་དག་སྙིང་རྗེ་ལ་སོགས་པའི་ངོ་བོ་དག་གོ། །དེ་ལྟར་གྱུར་པའི་རྣལ་འབྱོར་ལྡན། །ཞེས་པའི་སྙིང་རྗེ་ལ་སོགས་པའི་ངོ་བོའི་ཕྱག་རྒྱ་ཆེན་པོ་དང་ལྡན་པ་འདོད་ ཆགས་ལ་སོགས་པ་རྣམས་ཀྱིས་འཆིང་བ་མ་ཡིན་ནོ། །ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་མེད་ན་འགྲོ་བ་འཆིང་ངོ་ཞེས་གསུངས་པ། མཐོང་བ་ལས་ཞེས་པ་ལ་སོགས་པའོ། །ཅུང་ཟད་ལྷག་པ་ནི་དེའི་འབྲས་བུའོ། །ཀུན་གྱི་མཐའ་སྟེ་འགྱུར་བ་ལས་སོ། །དེ་ལྟར་དགའ་བ་དང་སྐྱོ་ བ་འབྲས་བུར་གསུངས་སོ། །ཁམས་གསུམ་པ་སྐྱེས་པ་ནི་སྟོང་པ་ཉིད་ཀྱི་སྙིང་རྗེ་ལ་སོགས་པ་རྣམས་ཀྱང་གྲོལ་བའི་རྒྱུའོ་ཞེས་པ་དགོངས་པའོ། །ཉེ་བར་སྡུད་པ་སྟེ། ཡང་དག་དག་པ་ཞེས་པ་ལ་སོགས་པའོ། །དངོས་པོ་གསུམ་ཞེས་པ་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་ རྣམས་ཀྱིས་སོ། །དེ་ལྟར་གོམས་པ་ལྷུར་ལེན་པས། །ཇི་ལྟར་ཚོགས་པའི་བཟའ་བ་འདུས། །ཞེས་བྱ་བ་གསུངས་པ། གང་ཞེས་པ་ལ་སོགས་པ་བཤང་བ་དང་གཅི་བ་ལ་སོགས་པ་བདུད་རྩི་དང་སྒྲོན་མ་ལྔ་ལ་རང་བཞིན་གྱི་བདུད་རྩིར་བརྟག་གོ། །འབའ་ཞིག་ཏུ་མ་ཟད་ཀྱི་ 26-1-222b དེའི་དགའ་རྩེད་ལ་སོགས་པ་ཡང་ངོ་། །ཕྱག་རྒྱ་ཆེན་པོ་ཡང་ཕྱག་རྒྱ་ཆེན་པོའི་ངོ་བོར་བལྟ་བར་བྱ་སྟེ། འདི་འདྲའི་སྒོམ་དང་ལྡན་པ་ནི་འགྲུབ་བོ། །ཇི་ལྟར་ཞེས་གསུངས་པ། ལྔ་ཞེས་སྲིང་མོ་ལ་སོགས་པ་རྣལ་འབྱོར་མ་རྣམས་སོ། །དཔལ་དང་ཕྱག་རྒྱ་ཆེ་སྟེར་བྱེད། །ཅེས་པ་རང་དང་གཞན་གྱི་ དོན་ཕུན་སུམ་ཚོགས་པའི་མཚན་ཉིད་ནི་དཔལ་ཏེ་ཕྱག་རྒྱ་ཆེན་པོ་ཁོ་ན་དེ་སྟེར་ཏེ། མཆོད་པ་རྣམས་ལའོ། །དེའི་ཕྱིར་གསུངས་པ། མཆོད་པར་བྱ་ཞེས་སོ། །ཇི་ལྟར་ཞེ་ན་གསུངས་པ་འདོད་པར་བྱའོ། །འོ་ན་འདི་རྣམས་མཆོད་པ་མཆོག་ནི་འདོད་པ་བྱེད་པ་ཁོ་ན་སྟེ། དེ་ཡང་སྐྱོན་ཡིན་ནོ་ཞེ་ན་སྐྱོན་ མིན་ཏེ་གང་གི་ཕྱིར་མི་གོས་པས་སོ། །འོ་ན་འདོད་པ་བྱེད་པ་ཁོ་ན་གོས་པའོ་ཞེ་ན་མ་ཡིན་ཏེ། གང་གི་ཕྱིར་ཕྲག་དོག་ལ་སོགས་པ་རྣམས་དང་ལྡན་པ་ནི་གོས་པར་བརྗོད་ན། རྣལ་འབྱོར་པ་དེ་ལ་ཕྲག་དོག་ལ་སོགས་པའི་ཉེས་པ་དེ་རྣམས་ཀྱིས་འདི་ལ་གནོད་པ་མ་ཡིན་ནོ། །འོ་ན་ཇི་ལྟར་འདི་འདྲ་བའི་ མཆོད་པ་ནི་ཆེས་མཆོག་ཏུ་གྱུར་པ་དང་། རྗེས་སུ་འབྲེལ་པ་ཅན་ཡིན། སྒྲོ་བཏགས་པའི་ཁྱད་པར་ཡིན་པའི་ཕྱིར་རོ་ཞེ་ན། སྒྲོ་བཏགས་པ་རྣམ་པ་གཉིས་ཏེ། དེ་ཁོ་ན་ཉིད་ཀྱི་ངོ་བོ་དང་དེ་ཁོ་ན་ཉིད་མ་ཡིན་པའི་ངོ་བོའོ། །དེ་ལ་དེ་ཁོ་ན་ཉིད་ཀྱི་ངོ་བོའི་བདག་ཉིད་ཀྱི་སྒྲོ་བཏགས་པ་ནི་མ་ལ་སོགས་པར་ སྒྲོ་བཏགས་པ་བཞིན་དུ་བརྒྱུད་ནས་བྱང་ཆུབ་སྒྲུབ་པར་བྱེད་པའི་ཕྱིར་ཉེས་པ་མེད་དོ། །འོ་ན་འགའ་ཞིག་གི་ཉམས་སུ་མྱོང་བ་ཡང་བཀག་པ་ཉིད་ཀྱི་ཕྱིར་འགལ་བར་འགྱུར་རོ་ཞེ་ན་མ་ཡིན་ཏེ། ལས་ནི་རྣམ་པ་གཉིས་ཏེ། ཀུན་ནས་བསླང་བར་བྱ་བ་དང་། ཀུན་ནས་སློང་བ་པོའི་དབྱེ་བས་སོ། ། དེ་ལ་ལུས་དང་ངག་གི་ལས་ཐམས་ཅད་ཀུན་ནས་བསླང་བར་བྱ་བ་སྟེ། ཡིད་ཀྱིས་ནི་ཀུན་ནས་སློང་བ་པོའོ། །དེ་ཡང་རྣམ་པ་གཉིས་ཏེ། མ་ཆགས་པ་ལ་སོགས་པའི་ངོ་བོ་དང་། །དེ་ལས་ཅིག་ཤོས་སོ། །དེ་ལ་ཆགས་པ་ལ་སོགས་པས་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་ ཐམས་ཅད་མི་དགེ་བ་སྟེ་དེ་ཡང་བཀག་པའོ། །མ་ཆགས་པ་ལ་སོགས་པས་ཀུན་ནས་བསླང་བ་ཐམས་ཅད་ནི་དགེ་བ་ཁོ་ནའོ། ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་རྣལ་འབྱོར་དང་ལྡན་པའི་རྣལ་འབྱོར་པ་ནི་མཐའ་དག་མ་ཆགས་པ་ལ་སོགས་པའི་བདག་ཉིད་འགྲོ་བ་ལ་སྣང་བར་ 26-1-223a བྱེད་དོ། །དེས་ན་འདི་སྤྱོད་ལམ་ཐམས་ཅད་དང་ལྡན་ཡང་མི་དགེ་བ་མི་དམིགས་པའི་ངོ་བོ་ཉིད་ཀྱི་ཕྱིར་དགེ་བའི་བདག་ཉིད་ཁོ་ནའོ་ཞེས་གསུངས་པ། རྣལ་འབྱོར་པ་དེ་ཞེས་པ་ལ་སོགས་པའོ། །དེ་ཁོ་ན་ཉིད་ནི་ཕྱག་རྒྱ་ཆེན་པོའི་རང་བཞིན་ནོ། །དེའི་ཕྱིར་འཁོར་བའི་ཉེས་པ་རྣམས་ ཀྱིས་མི་གོས་སོ། །དེའི་ཕྱིར་ཤེས་རབ་དང་ཐབས་ཀྱི་རང་བཞིན་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཁོ་ན་སྡིག་པ་ཐམས་ཅད་རྣམ་པར་སྦྱོང་བ་ལེགས་པ་ཐམས་ཅད་བྱེད་པའོ། །དེ་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་གསུངས་པ། འདི་ནི་ཐེག་པ་ཆེ་མཆོག་སྟེ། །འདི་ནི་བྱང་ ཆུབ་སེམས་མཆོག་གོ། །མཉམ་པར་གཞག་རྣམས་འབད་པ་ཡིས། །བྱང་ཆུབ་སེམས་ནི་བསྐྱེད་པར་གྱིས། །འཁོར་བ་རང་གཞན་དོན་སྒྲུབ་ལ། །བྱང་ཆུབ་སེམས་ལས་མ་གཏོགས་པའི། །ཐབས་གཞན་སངས་རྒྱས་རྣམས་ཀྱིས་ནི། །སྔོན་ཆད་གཟིགས་པ་ནམ་ཡང་མེད། །ཅེས་ སོ། །འདི་ད་རྣལ་འབྱོར་མཆོག་དེའི་ཕྱིར། །དེ་བཞིན་གཤེགས་རྣམས་ཀྱིས་ཕྱག་འོས། །དེ་ལས་བྱུང་བའི་རྣལ་འབྱོར་ནི། །མཐའ་ཡས་པ་རྣམས་རབ་ཏུ་བསྒྲགས། །དེ་ཁོ་ན་ལས་ཏིང་ངེ་འཛིན། །མཐའ་ཡས་པ་ལས་ཡང་དག་འབྱུང་། །ཕྱག་རྒྱ་དཀྱིལ་འཁོར་སྔགས་ རྣམས་ནི། །རྣལ་འབྱོར་དེ་ལས་རྣམ་དག་ཉིད། །ཞི་བ་རྒྱས་པ་ཉིད་ཀྱི་ལས། །སྔགས་ལས་སྐྱེས་པ་གཞན་གང་ཡང་། །ཛ་ཧུའི་བུ་མོའི་བྱེ་མའི་གྲངས། །ཇི་སྙེད་དངོས་གྲུབ་ཕྲ་རྣམས་དང་། །ཕྱག་རྒྱའི་དངོས་གྲུབ་གཞན་ཉིད་རྣམས། །ཇི་སྙེད་ས་ལ་རྣམ་གྲངས་པ། །རྣལ་འབྱོར་འདི་ ལས་སྐྱེས་པ་རུ། །ཐུགས་ཀྱི་རྡོ་རྗེས་གསུངས་པ་ཡིན། །གང་ཡང་ངེས་འབྱེད་ཆ་མཐུན་པ། །རྣམ་པ་བཞི་དང་ས་བཅུ་དང་། །འབྲས་བུ་ལ་གནས་དེ་ཐམས་ཅད། །རྣལ་འབྱོར་འདི་ལས་ཡང་དག་སྐྱེས། །བྱུང་དང་གང་ཡང་འབྱུང་འགྱུར་བ། །འབྱུང་བཞིན་པ་ཡི་རྒྱལ་བའི་སྲས། ། འཇིག་རྟེན་དབང་སོགས་སེམས་དཔའ་ཆེ། །དེ་རྣམས་ཀྱང་འདི་ཁོ་ནར་གནས། །འདས་དང་མ་བྱོན་སངས་རྒྱས་དང་། །ད་ལྟར་བྱུང་བར་འདོད་གང་དང་། །བསེ་རུ་ཉན་ཐོས་དགེ་འདུན་ཏེ། །དེ་རྣམས་ཀྱང་ནི་འདི་ལས་བྱུང་། །རྣལ་འབྱོར་སྤྱོད་དང་བྱ་བ་ཡིས། །དབྱེ་བས་ཇི་སྙེད་ 26-1-223b སྤྲུལ་པ་འབྱུང་། །དེ་སྙེད་ཐམས་ཅད་རྣལ་འབྱོར་ནི། །འདི་ཁོ་ན་ལས་ངེས་པར་འབྱུང་། །ཀུན་དུ་བརྟགས་པའི་ངོ་བོ་ནི། །བག་ཆགས་སྟོབས་ལས་བྱུང་རྣམས་དང་། །ཇི་སྲིད་བརྟེན་དང་གཡོ་བའི་དངོས། །དེ་སྙེད་དེ་ལ་བརྟེན་པའོ། །ཞེས་སོ། །འདོད་པ་ལྔ་རྣམས་མེད་ན་སྟོང་པ་ ཉིད་ནི་རོ་བྲོ་བ་མེད་པ་ཁོ་ནར་འགྱུར་རོ་ཞེས་གསུངས་པ། ཇི་སྲིད་ཅེས་པ་ལ་སོགས་པ་དེ། ཇི་སྲིད་དུ་ཡུལ་གྱི་བཅུད་རྣམས་ཀྱིས་བྱང་ཆུབ་ཀྱི་མྱུ་གུ་སྐྱོང་བར་མི་བྱེད་པ་དེ་སྲིད་དུ། སངས་རྒྱས་ཀྱི་དཔག་བསམ་གྱི་ཤིང་འབྱུང་བར་མི་འགྱུར་ཏེ། ཆུ་བྲན་པ་དང་བྲལ་བའི་མྱུ་གུ་ལས་ཤིང་ཕུན་སུམ་ ཚོགས་པ་བཞིན་ནོ། །དེ་ས་ར་ཧའི་ཞབས་ཀྱིས་གསུངས་པ། སེམས་ཀྱི་མྱུ་གུ་ཤིན་ཏུ་ཆུང་བ་ནི། །ལུས་བཅུད་དག་པས་གལ་ཏེ་མི་བྲན་ན། །ནམ་མཁའ་ཁྱབ་པའི་འབྲས་བུ་སྦྱིན་པ་ཡིས། །དཔག་བསམ་ཤིང་ཉིད་ཇི་ལྟར་ཐོབ་པར་འགྱུར། །ཞེས་སོ། །འཇིགས་པ་མེད་ པའི་གཞུང་འགྲེལ་དུ་ལེའུ་བཅུ་གསུམ་པའོ།། །།མངོན་པར་འདོད་པའི་བླ་ན་མེད་པའི་དོན་བསྟན་པས་རབ་ཏུ་དང་བ་ཕུལ་དུ་བྱུང་བ་སྐྱེས་པས་ཇི་ལྟར་སྟོང་པ་དེ་སྟོན་པའི་ཆེད་དུ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །བདེ་བ་ཆེན་པོས་རྣམ་པར་བརྩེ་བའི་ཕྱིར་ལྷ་མོའོ། །སྐྱེད་ བྱེད་མ་ནི་ལམ་གྱི་ངོ་བོའོ། །དཔལ་མོ་ནི་རྟོགས་པ་དང་། སྤངས་པ་ཕུན་སུམ་ཚོགས་པ་འབྲས་བུའི་ངོ་བོའོ། །རིགས་མེད་པ་རྣམས་ཆེར་སྐྲག་པའི་གནས་ཉིད་ཀྱི་ཕྱིར་འཇིགས་པའོ། །གྲགས་ཆེན་མ་ནི་རྣམ་པར་ཐོས་པའི་གྲགས་ཅན་ནོ། །བྱམས་པའི་རང་བཞིན་ཉིད་ཀྱི་ཕྱིར་མཉེས་གཤིན་མའོ། ། དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་མཐའ་ཡས་པའི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཕྱིར་ལྷ་མོའོ། །སྙིང་རྗེ་ཆེན་པོ་དང་ཤེས་རབ་ཆེན་པོ་དག་ལས་ཐ་མི་དད་པ་ཉིད་ཀྱི་ཕྱིར་ཕྱག་རྒྱ་ཆེན་པོ་སྟེ་འདི་དག་གིས་རང་དོན་ཕུན་སུམ་ཚོགས་པའོ། །དོན་ཆེན་འབྲས་བུ་སྟོན་མཛད་མ། །དོན་ཆེན་ནི་རྡོ་རྗེ་འཛིན་པ་ ཉིད་དོ། །དེ་ཁོ་ན་ལམ་གོམས་པའི་འབྲས་བུ་དམ་པ་སྟེ། དེ་གདུལ་བྱ་རྣམས་ལ་སྟོན་ནོ་ཞེས་པ་གཞན་དོན་ཕུན་སུམ་ཚོགས་པས་བསྟོད་པར་བྱེད་དོ། །སྟོན་པའི་ཡུལ་གྱི་སྒོ་ནས་བསྟོད་དེ། སངས་རྒྱས་ཞེས་པ་ལ་སོགས་པའོ། །སངས་རྒྱས་རྣམས་ཀྱིས་ནི་རྣམ་པར་སྣང་མཛད་ལ་སོགས་པ་ 26-1-224a རྣམས་ཀྱིས་སོ། །གང་རྣམས་ཀྱིས་ཞེས་པ་དངོས་གྲུབ་གང་ཞིག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་སྤྱོད་ཡུལ་མ་ཡིན་པའོ། །ལྷ་མོ་ཞེས་པ་ལྷ་མོས་སོ། །གསུང་གཅིག་གིས་ཞེས་པ་ཐོག་མར་གོ་དཀའ་བ་བརྗོད་ནས་ཚིག་གཞན་གྱིས་གསལ་བར་བྱས་པ་ནི་མ་ཡིན་པའོ། ། ཆེན་པོའི་སྣོད་ནི་ཆེན་པོ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམས་ཀྱི་སྣོད་དོ། །ཀུན་ཞེས་པ་རྣལ་འབྱོར་མ་ཉི་ཤུ་རྩ་བཞིའི་ངོ་བོའོ། །གང་རྣམས་ནི་གང་དངོས་གྲུབ་དེའོ། །གསུངས་པ་ནི་སྣ་ཚོགས་སྡེ་མས་སོ། །འདི་ནི་ཞེས་པ་འདིའིའོ། །སངས་རྒྱས་ཡོན་ཏན་རྣམས་ནི་ སྟོབས་དང་། མི་འཇིགས་པ་ལ་སོགས་པ་རྣམས་ཏེ། དེ་རྣམས་ཀྱང་བདག་ལ་བཟོད་མཛོད་ཅིག་སྟེ། གང་གི་ཕྱིར་དེ་རྣམས་ཀྱི་རྒྱུ་དང་འབྲས་བུའི་བདག་ཉིད་ནི་རྒྱལ་བ་མཆོག་རྣམས་ཀྱི་གདུལ་བྱ་རྣམས་ལ་སྦས་པའོ། །ཤིན་ཏུ་རྙེད་དཀའི་དོན་ཤིན་ཏུ་སྦས་པའི་སྤྱོད་ཡུལ་ཅན་གྱི་རྒྱུད་འདིར་བདག་ གིས་གསལ་བར་བྱས་པའོ། །དེའི་ཕྱིར་བདག་གི་སྒོ་ནས་དེ་རྣམས་ཁོ་ནས་འདི་བསྟན་པའོ་ཞེས་དགོངས་པའོ། །བདག་ལ་ཡང་ཕྱིན་ཅི་ལོག་ཏུ་བསྟན་པའི་གནོད་པ་སྒྲོ་བཏགས་པ་ལས་མི་བཟོད་པ་བྱ་བ་མིན་ཞེས་གསུངས་པ། རྒྱལ་བ་མཆོག་རྣམས་བཟོད་མཛོད་ཅིག །ཅེས་རྣམ་ དབྱེ་བསྒྱུར་བའོ། །རྒྱུད་ཐམས་ཅད་གསུངས་ནས། དབང་བསྐུར་རྣམས་ཁོ་ན་འདི་ལ་དབང་དུ་བྱའོ་ཞེས་བསྟན་པའི་ཆེད་དུ་དབང་བསྐུར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །གསོལ་བ་གདབ་སྟེ་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་གྱི་དོན་དུའོ། །ལྷ་མོ་ཆེན་མོ་ལའོ། ། བཅད་ཅེས་པ་ཁྱོད་ཀྱིས་སོ། །གཡོགས་ཞེས་ཀློག་པ་ལ་ནི་ཁྱབ་པར་བྱེད་པ་སྟེ་བདག་ལསོ། །དེའི་ཞེས་པ་མོ་དེའིའོ། །ཅིས་འདི་ལྟར་ཤེས་རབ་མ་མགུ་བར་བྱ་བ་ལ་འབད་ཅེ་ན་གསུངས་པ། སངས་རྒྱས་ཐམས་ཅད་ཀྱིས་ནི་མཆོད། །རྒྱུ་དང་འབྲས་བུའི་གནས་སྐབས་དག་ཏུ་ལས་ཀྱི་ཕྱག་ རྒྱའི་རྣལ་འབྱོར་ཁོ་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ་ཞེས་པ་མན་ངག་གོ། །ཇི་ལྟར་ན་འདི་ལྟར་ཡིན་ཞེས་གསུངས་པ། འདི་ཁོ་ན་ལ་སྟེ་ཤེས་རབ་མ་ལ་སངས་རྒྱས་ལ་སོགས་པ་རྣམས་བཞུགས་ཏེ། དེ་རྣམས་བདེ་བ་ཆེན་པོའི་རང་བཞིན་རྣམས་ཡིན་ཞིང་། དེའི་རྟེན་ཡང་ཤེས་རབ་མ་སྟེ། 26-1-224b དེ་ལས་ཆོ་ག་ཇི་ལྟ་བར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བླང་བར་བྱའོ། །དེ་ཉིད་ཀྱི་ཕྱིར་ཤེས་རབ་ཡེ་ཤེས་ཀྱི་རང་གི་ངོ་བོ་གསལ་བར་བྱེད་དེ། དབང་པོ་ཞེས་པ་ལ་སོགས་པ་དབང་པོས་ཉེ་བར་མཚོན་པ་ལས་ཡུལ་ལ་སོགས་པ་ཡང་ངོ་། །བདག་ཅེས་པ་བདག་གི་སེམས་ཏེ། སེམས་ནི་ བདག་ཅེས་བརྟགས་པའོ་ཞེས་པའི་གསུང་ལས་སོ། །ཡང་ན་བདག་ཏུ་གདགས་པའི་ཡུལ་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་བདག་འདི་ཐམས་ཅད་རང་བཞིན་མེད་པ་སྟེ། གང་དུ་ཉེ་བར་མི་དམིགས་པ་དེ་མཆོག་ཏུ་དགའ་བ་རྟོགས་པའོ། །མཆོག་དགའ་ནི་འདིར་ལྷན་ཅིག་སྐྱེས་ པའི་དགའ་བ་ཁོ་ན་དང་མིང་གཞན་ཤེས་རབ་ཡེ་ཤེས་ཏེ། དབང་པོ་ལ་སོགས་པར་སྒྲོ་བཏགས་པ་དང་བྲལ་བའི་ཕྱིར་རོ། །དེ་བརྟག་པ་གཉིས་པའི་རྒྱུད་དུ་གསུངས་པ། མཆོག་ཏུ་དགའ་བ་ཐོབ་ན་ནི། །སྣ་ཚོགས་སྤངས་པའི་སྐད་ཅིག་ལ། །ཞེས་སོ། །འཆར་བའི་རིམ་པ་ཁོ་ནས་འདིའི་ཡང་དག་ འཐོབ་རྟོགས་པར་བྱའོ། །དེའང་ལེའུ་དང་པོར་དཔྱད་ཟིན་ཏོ། །མཆོག་ཏུ་དགའ་བ་ཁོ་ན་ལ་རྒྱུ་ཉིད་ཀྱིས་ཕྱག་འཚལ་ཏེ། དེ་ལ་ཞེས་པ་ལ་སོགས་པའོ། །གང་ཞིག་ཤར་བས་ནི་ལྷན་ཅིག་སྐྱེས་པ་གང་ཤར་བས་སོ། །འབྲས་བུ་ཉིད་ཀྱིས་ཕྱག་འཚལ་ཏེ། །གང་ཡང་གོམས་པ་ལས་ངེས་ པར་འབྱེད་པའི་ཆ་ལ་ཕན་པ་ལ་སོགས་པ་རྟོགས་པའི་རིམ་གྱིས་མངོན་དགའ་སྟེ། ཀུན་ནས་མངོན་པར་ཤེས་པ་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པ་ཕུལ་དུ་བྱུང་བའི་ཡོན་ཏན་རིན་ཆེན་རྣམས་ཡང་དག་པར་འབྱོར་པ་ནི། རྒྱལ་བ་རྣམས་ཀྱིས་ཉོན་མོངས་པའི་རྙོག་པ་མ་ལུས་པ་དང་བྲལ་ བའི་ཕྱིར་མཛེས་པ། ཀུན་དུ་བཟང་པོ་མཆོག་ཏུ་དགྱེས་པར་གནས་པའི་སྐུ་སྟེ་སྐུ་བཞི་པ་རྡོ་རྗེ་འཆང་མཁས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཐུགས་ལ། དེའི་བདག་ཉིད་དུ་རྣམ་པར་རྟོག་པའི་གཡེང་བ་མ་ལུས་པ་སྤངས་པའི་ཕྱིར་སྦས་ཏེ། ཚིག་དང་བློའི་སྤྱོད་ཡུལ་ཅི་ཡང་མ་ ཡིན་པའོ། །དེ་ཉིད་ཀྱི་ཕྱིར་འདི་རྟོགས་ནས། སྣ་ཚོགས་སྡེ་མ་ལ་སོགས་པ་རྣམས་མི་སྨྲ་བར་གྱུར་ནས་གནས་པར་འཆད་པར་འགྱུར་རོ། །གཅིག་པུ་ནི་གཉིས་སུ་མེད་པའི་མཆོག་ཏུ་དགའ་བ་སྟེ། སྒྲིབ་པ་ཐམས་ཅད་ཀྱི་བག་ཆགས་ལྷག་མའི་གཉིད་དང་བྲལ་བའི་ཕྱིར་སད་པ་སྟེ། དེ་ལ་ཕྱག་ 26-1-225a འཚལ་ལོ། །དེ་ནས་ཚིགས་སུ་བཅད་པ་འདིས་ཤེས་རབ་ཡེ་ཤེས་དེ་ཉིད་ཁྱད་པར་བའི་ངོ་བོར་ཆུའི་རླབས་ཀྱི་ངོ་བོ་བཞིན་དུ་བྱུང་བ་ནི་དབང་བཞི་པ་ཞེས་གསུངས་སོ། །དེ་འདི་བདེ་བ་ཆེན་པོའི་རང་བཞིན་རྡོ་རྗེ་འཛིན་པ་ནི་རྒྱུད་ཐམས་ཅད་ཀྱི་གླེང་གཞིའོ་ཞེས་པའོ། །འཇིགས་ པ་མེད་པའི་གཞུང་འགྲེལ་དུ་ལེའུ་བཅུ་བཞི་པ་རྫོགས་སོ།། །།ཧེ་རུ་ཀ་དཔལ་དཔའ་བོའི་ལམ་ནི་རྣམ་པར་བཀྲལ་ལས་དགེ་བ་ཆེར་བྱུང་བས། །འཁོར་བའི་འཁྲུལ་མང་བཅད་ནས་འགྲོ་འདི་དེ་ཡི་དཀྱིལ་འཁོར་དུ་ནི་འདུ་བར་ཤོག །བདག་ནི་ཐུབ་པ་འདི་ཡི་མཐའ་ཡས་སྐུ་ནི་ཡུན་རིང་རྣམ་པར་ འཛིན་བྱེད་ཅིང་། །སྲོག་ཆགས་སོ་སོ་ལ་གཞོལ་ཆེ་བའི་བདེ་བ་སྤྲོས་པ་འཇིགས་པ་འཛིན་གྱུར་ཅིག །རྣམ་གནོན་ཚུལ་གྱིས་མཁས་པ་ནི། །འཇིགས་པ་མེད་པས་གནད་རེག་ཚིག །དགའ་བ་སྐྱོང་གི་རྒྱལ་སྲིད་ལོ། །ཉི་ཤུ་ལྔ་ལ་འདི་བྱས་སོ། །སྲིད་གསུམ་རྣམ་རྒྱལ་ཕུན་ཚོགས་ས་གཞི་མ་ ཉམས་སྐུ་ཅན་གྱིས། །འགྲོ་ལ་ཆུང་མིན་ཕན་བྱའི་ཆེད་དུ་བསགས་པ་ཡི། །མ་ག་དྷཱ་བདག་སྲས་པོ་དཔལ་ལྡན་གནོད་སྦྱིན་སྐྱོང་གི་མཐུ། །བརྟན་པ་ཡོངས་འགྱུར་ཆེད་དུ་དེས་དོན་གཉེར་ལས་འདི་གཞུང་བྱས། །དགའ་བའི་བདེ་སྦྱིན་གཉིས་མེད་དམ་པའི་བཅུད་ཀྱི་རོལ་པས་འཕྲུལ་པའི་ས་ གཞི་རྡོ་རྗེ་བཙུན་མོ་ནི། །རྩེན་པ་ཤེས་རབ་དཔལ་འདིས་ཐུབ་པའི་ཚོགས་ཀྱིས་བཀོད་པ་བསྒྲིགས་པའི་ཐེམ་སྐས་ཕྲེང་བ་གང་གི་གནས། །མ་བྱས་བྱས་དོན་དོན་གཉེར་ཡང་དག་རྟོག་པའི་སྟོབས་ཅན་དུ་ནི་རྒྱལ་མཛད་གྱུར་ཅིག་དེ་ཡི་ཡང་། །ཁོ་བོས་བཀྲལ་བས་མཉམ་མེད་དགེ་བ་བདུད་ རྩིས་གང་བ་དོན་དུ་གཉེར་བྱའི་ཚིམ་པ་འབྱུང་གྱུར་ཅིག །ཚིགས་བཅད་བརྒྱ་ཕྲག་བཅུ་དྲུག་ནི། །རྐང་བཅས་འདི་ནི་སྡོམ་པའི་ཚད། །མཁས་པ་རྣམས་ཀྱི་རྒྱན་ཆེད་འདིའི། །ཚད་བཞིན་སྙིང་ལ་དངོས་པོ་ཉིད། །ཅེས་པ་དཔལ་སངས་རྒྱས་ཐོད་པའི་རྒྱུད་ཆེན་པོའི་འགྲེལ་པ་མི་འཇིགས་ པའི་གཞུང་འགྲེལ་གནས་བརྟན་མཁས་པ་ཨ་བྷ་ཡ་ཀ་ར་གུཔྟས་མཛད་པ་རྫོགས་སོ།། །།འདི་ནི་སྔོན་ལོ་ཙཱ་བ་མཁས་པ་ཞིག་གིས་བསྒྱུར་བ་ལ། བར་སྐབས་སུ་དཔེ་སྟོར་བས་མ་ཚང་བ་ལས། དཔང་ལོ་ཙཱ་བ་དགེ་སློང་བློ་གྲོས་བརྟན་པས་སྤྱི་བོ་ལྷས་པ་མཁན་པོ་འཇམ་ 26-1-225b དཔལ་སེར་པོའི་གསུང་གིས་བསྐུལ་ཏེ། ལེའུ་དང་པོར་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་རྡོ་རྗེ་ཞེས་པ་ནས། འོག་གི་ལམ་ནས་བྱུང་ཞེས་པའི་བར་དང་། ལྷའི་སྐུ་བསྒོམ་པ་ཁོ་ན་གསུངས་ཏེ། གང་གསུངས་པ་ཞེས་པ་ནས་བརྟན་པ་ས་གཞི་ལ་སོགས་པ་རྣམས་དང་གཡོ་བ་ཞེས་པའི་བར་དང་། ལེའུ་ གསུམ་པའི་མཇུག་ཧེ་རུ་ཀའི་གཟུགས་སུ་བསྒོམ་པ་རྫོགས་པས་ཞེས་པ་ནས་ལེའུ་བཞི་པའི་ཐ་མ་ལ་ནི་འདིར་མ་རིག་པ་སྟེ་དེས་ཞེས་པའི་བར་དང་། ལེའུ་བཅུ་གསུམ་པའི་དབུའི་དེ་ཁོ་ན་ཉིད་ནི་ཐམས་ཅད་ལ་ཞེས་པ་ནས་ལེའུ་བཅུ་བཞི་པའི་མཇུག་ན་གང་ཞིག་ཤར་བས་ནི་ཞེས་པའི་བར་དང་། སྲིད་ གསུམ་རྣམ་རྒྱལ་ཞེས་པ་ལ་སོགས་པའི་ཚིགས་བཅད་གཉིས་རྣམས་ཧོར་ཀོང་བསབས་ཤིང་ལྷག་མ་རྣམས་ལ་ཞུ་ཆེན་བགྱིས་ནས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །།༄༅༅། །རྒྱ་གར་སྐད་དུ། ཤྲཱི་བུདྡྷ་ཀ་པཱ་ལ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དཔལ་ སངས་རྒྱས་ཐོད་པའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་སངས་རྒྱས་ཐོད་པ་ལ་ཕྱག་འཚལ་ལོ། །ཁྲག་འཐུང་ཡོན་ཏན་ཟབ་མངའ་བ། །དངོས་པོ་ཀུན་གྱི་རང་བཞིན་མཆོག །སེམས་ཅན་ཀུན་ལ་ཕན་དགྱེས་པ། །སྣ་ཚོགས་སྡེ་ལ་རྟག་ཏུ་འདུད། །ཇི་ལྟར་བླ་མས་བསྟན་པ་ཡི། །བླ་མ་བརྒྱུད་རིམ་ལས་ འོངས་པ། །སེམས་ཅན་གང་གིས་ཤེས་འགྱུར་བ། །དེ་ལྟར་བདག་གིས་སྒྲུབ་ཐབས་བཤད། །དང་པོ་རེ་ཞིག་རྣལ་འབྱོར་པས་བདེ་བའི་སྟན་ལ་འདུག་སྟེ། རང་གི་སྙིང་གར་དབྱངས་ཡིག་དང་པོ་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཡི་གེ་ཧཱུཾ་འོད་ཟེར་ལྔ་དང་ལྡན་པ་དེ་བཞིན་ གཤེགས་པ་ལྔའི་བདག་ཉིད་བསམ་པར་བྱའོ། །དེ་ནས་ཧཱུཾ་དེའི་འོད་ཟེར་ལས་བྱུང་བ་གཤིན་རྗེ་མཆེ་བ་མ་ལ་སོགས་པ་མཆོད་པའི་ལྷ་མོ་རྣམས་སྤྲོས་ཏེ། ཕྲེང་བཟངས་མ་ལ་སོགས་པའི་རྣལ་འབྱོར་མ་ཉི་ཤུ་རྩ་བཞིས་བསྐོར་བ་སྣ་ཚོགས་སྡེ་མ་ལ་འཁྱུད་པའི་ཧེ་རུ་ཀ་བདུད་རྩི་ལྔའི་མཆོད་པས་མཆོད་པར་ བྱའོ། །མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ནས་དེའི་མདུན་དུ་དཀོན་མཆོག་གསུམ་ལ་སོགས་པ་དྲན་པ་དང་། སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །རྣལ་འབྱོར་གྱི་རྒྱུད་དུ་ནི་སྙིང་རྗེ་དང་པོར་བསྒོམ་པ་ཡིན་ལ། རྣལ་འབྱོར་མའི་རྒྱུད་འདིར་ནི་བྱམས་པ་དང་པོར་བསྒོམ་པར་ 26-1-226a བྱའོ། །དེ་ནས་སྙིང་རྗེ་དེའི་རྗེས་ལ་དགའ་བ་ཐམས་ཅད་ཀྱི་ཐ་མར་བཏང་སྙོམས་སོ། །དེ་ནས་རང་གི་སྙིང་གར་ཉི་མ་ལ་གནས་པའི་ཧཱུཾ་བསམ་པར་བྱའོ། །དེ་ནས་འོག་གི་རླུང་གི་དཀྱིལ་འཁོར་གྱིས་སྦར་བས་ཧཱུཾ་ལས་འོད་ཟེར་འཕྲོས་པས་ལུས་མཐའ་དག་ཡང་དག་པར་བསྲེགས་ཏེ། ཐམས་ཅད་སྟོང་པ་ཉིད་དུ་བསམ་པར་བྱའོ། །དེ་ནས་ཡི་གེ་རཾ་ལས་གྱུར་པ་ལས་ཉི་མ། ཉི་མའི་སྟེང་དུ་ཡི་གེ་ཧཱུཾ་དེ་དག་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེ། སྣ་ཚོགས་རྡོ་རྗེའི་དབུས་སུ་ཧཱུཾ་ཁོ་ན་བསམ་པར་བྱའོ། །འདི་ལས་རྡོ་རྗེ་ནག་པོའི་འོད་ཟེར་འཕྲོས་པས་ར་བ་དང་དྲ་བའི་མཚམས་ བཅིང་བར་བྱའོ། །རྡོ་རྗེ་གྱུར་པ་ལས་སྣ་ཚོགས་རྡོ་རྗེའི་ས་གཞི་བསྒོམ་པར་བྱའོ། །རྡོ་རྗེ་ས་གཞིའི་དབུས་སུ་ཆུད་པར་ཨེ་གྲུ་གསུམ་གྱི་ཆ་བྱད་ཆོས་ཀྱི་འབྱུང་གནས་བསྒོམ་པར་བྱའོ། །དེ་ནས་དེའི་དབུས་སུ་འབྱུང་བ་ཆེན་པོ་བཞི་བསམ་པར་བྱ་སྟེ། ཡཾ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་གཞུའི་ རྣམ་པ་ལྟ་བུ་བ་དན་གཉིས་ཀྱིས་མཚན་པ་བསམ་པར་བྱའོ། །དེ་ཡང་རྩ་རྣམས་བསྐྱོད་པའི་གཟུགས་ཅན་འཁོར་ལོ་ཐམས་ཅད་ཐིམ་བཞིན་པ་དེའི་དབུས་སུ་རྣལ་འབྱོར་པ་གནས་པར་བྱའོ། །འདིས་ནི་རླུང་གི་དག་པ་གསུངས་སོ། །རཾ་གྱུར་པ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བ་ བདུན་གྱིས་མཚན་པ་བལྟས་ཏེ། རྩ་བཅོ་བརྒྱད་ཀྱི་གནས་ནས་འཛག་བཞིན་པར་བྱེད་པར་བསམ་པར་བྱའོ། །བཾ་གྱུར་པ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ་བསམ་པར་བྱ་སྟེ། རྩའི་འཁོར་ལོ་ཐམས་ཅད་ཆུའི་དཀྱིལ་འཁོར་ལ་ཐིམ་པར་གྱུར་པ་བསམ་པར་བྱའོ། །ལཾ་གྱུར་ པ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་རྡོ་རྗེས་མཚན་པ་བསམ་པར་བྱའོ། །དེ་ལྟར་འབྱུང་བ་ཆེན་པོ་བཞིའི་དཀྱིལ་འཁོར་ལ་ཡི་གེ་བཞིས་བྱིན་གྱིས་བརླབས་པ་བསྒོམ་པར་བྱའོ། །དེ་ནས་འབྱུང་བ་ཆེན་པོ་བཞི་གྱུར་པ་ལས་ཁང་པ་བརྩེགས་པ་གྲུ་བཞི་པ་སྒོ་བཞི་རྟ་བབས་བཞིས་བརྒྱན་པ་དྲ་ བ་དང་དྲ་བ་ཕྱེད་པས་བརྒྱན་པ་གཡེར་ཀའི་དྲ་བས་མཛེས་ཤིང་ཀ་བ་བརྒྱད་ཀྱིས་ཉེ་བར་སྤྲས་པ་བསམ་པར་བྱའོ། །འདིའི་དབུས་སུ་པདྨ་འདབ་མ་བརྒྱད་པས་སྤྲས་པ་བསམ་པར་བྱའོ། །དེའི་དབུས་སུ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཀྱི་རོ་བསམ་པར་བྱའོ། །དེར་ཨ་ལ་སོགས་པའི་དབྱངས་ 26-1-226b ཡིག་བཅུ་དྲུག་ཉིས་སྐོར་དུ་བྱས་པའི་ཡི་གེ་སུམ་ཅུ་རྩ་གཉིས་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་རོ། །དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་རྣམ་པར་དག་པའོ། །དེ་ལ་ཀ་ལ་སོགས་པ་སུམ་ཅུ་རྩ་བཞི་ལ་ཡ་ར་ལ་ཝ་ཌ་ཌྷ་དྲུག་བསྣན་པས་བཞི་བཅུར་འགྱུར་ཏེ། དེ་ཡང་ཉིས་འགྱུར་དུ་བྱས་པའི་ཡི་གེ་ བརྒྱད་ཅུར་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་རོ། །དེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ། །འདི་དག་གི་དབུས་སུ་ཡི་གེ་ཧཱུཾ་ཤེས་རབ་དང་ཐབས་ཀྱིས་བསམ་པར་བྱའོ། །དེ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །ཧཱུཾ་གྱུར་པ་ལས་རྡོ་རྗེའི་ལྟེ་བ་ལ་ཡང་ཧཱུཾ་བསམ་པར་བྱའོ། །དེ་ནི་བྱ་བ་སྒྲུབ་པའི་ཡེ་ ཤེས་ཀྱི་རང་བཞིན་ནོ། །འདི་དག་ཡོངས་སུ་གྱུར་པ་ལས་སྣ་ཚོགས་སྡེ་མས་འཁྱུད་པའི་སངས་རྒྱས་ཐོད་པ་ཧེ་རུ་ཀ་བསྒོམ་པར་བྱ་སྟེ། ཀུན་ད་དཀར་པོ་དང་ཟླ་བ་འདྲ་བའི་འོད་མཚུངས་པ་ཟླ་བ་ལྟར་འཚེར་ཞིང་ནོར་བུའི་འོད་ལྟར་འཕྲོ་བ་ཞལ་གཅིག་པ་ཕྱག་བཞི་པ། གཡས་ན་གྲི་གུག་དང་ཐོད་པ་ གཡོན་ན་ཁ་ཊྭཱཾ་ག་དང་རྡོ་རྗེ་མན་ངག་ལས་བསྒོམ་པ་ཁོང་དུ་ཆུད་པར་བྱའོ། །འདིའི་ཤེས་རབ་མ་སྣ་ཚོགས་སྡེ་མ་ནི་ཞལ་གཅིག་ཕྱག་གཉིས་མ་སྐྲ་གྲོལ་མ་ཧེ་རུ་ཀ་ལ་འཁྱུད་དེ་གནས་པ། གཅེར་བུ་མགོའི་ཕྲེང་བ་དང་བྲལ་བ། མཆོད་ཕྱིར་ཐོགས་པ། བདེ་བ་ཐམས་ཅད་རིག་ཅིང་གཟུགས་མཛེས་མ། གཡས་ན་ཅང་ཏེའུ་དང་གྲི་གུག །གཡོན་ན་ཁ་ཊྭཱཾ་ག་འཕྱར་ཞིང་ཕྱག་ན་ཐོད་པ་བསྣམས་པ། བཅོམ་ལྡན་འདས་ཀྱི་གཟུགས་ཅན་མ་བསྒོམ་པར་བྱའོ། །ཤར་གྱི་འདབ་མ་ལ་ཕྲེང་བཟངས་མ་མདོག་དཀར་མོའོ། །བྱང་གི་འདབ་མ་ལ་འདོད་ཅན་མ་མདོག་སེར་མོའོ། །ནུབ་ཀྱི་འདབ་མ་ལ་ འཇིགས་མ་མདོག་དམར་མོའོ། །ལྷོའི་འདབ་མ་ལ་ཐུབ་དཀའ་མ་མདོག་ནག་མོ་སྟེ། འདི་དག་ཉི་མ་ལ་གནས་ཤིང་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། ཞལ་གཅིག་ཕྱག་གཉིས་མ་གྲི་གུག་དང་ཐོད་པ་ཕྱག་ན་བསྣམས་པ་བསམ་པར་བྱའོ། །མཚམས་ཀྱི་འདབ་མ་བཞི་ལ་བདུད་ རྩིས་གང་བའི་ཐོད་པ་བཞིའོ། །དབུས་ཀྱི་འདབ་མ་ནི་རྡོ་རྗེ་ཕྲེང་བས་བརྒྱན་པའོ། །རིམ་པ་གཉིས་པའི་རྩིབས་བརྒྱད་པ་ལ། པདྨའི་ཕྲེང་བས་བརྒྱན་པ་སྟེ། དེའི་ཤར་གྱི་རྩིབས་ལ་དགེ་བའི་སྐེ་རགས་མའོ། །བྱང་གི་རྩིབས་ལ་གཟུགས་ཅན་མའོ། །ནུབ་ཀྱི་རྩིབས་ལ་རྣམ་རྒྱལ་མའོ། ། 26-1-227a ལྷོའི་རྩིབས་ལ་བྱེད་མའོ། །དབང་ལྡན་གྱི་རྩིབས་ལ་ཐོད་ཅན་མའོ། །མེའི་རྩིབས་ལ་མཚོན་ཆེན་མའོ། །བདེན་བྲལ་གྱི་རྩིབས་ལ་རྒྱུད་བྱེད་མའོ། །རླུང་གི་རྩིབས་ལ་བདུད་བྱེད་མ་སྟེ། རྣལ་འབྱོར་མ་འདི་དག་ནི་མདོག་དམར་མོ་ཉི་མའི་གདན་ལ་གནས་པ། ཞལ་གཅིག་ ཕྱག་གཉིས་མ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས་ཤིང་ཕྱག་ན་གྲི་གུག་དང་ཐོད་པ་བསྣམས་པའོ། །རིམ་པ་གསུམ་པའི་རྩིབས་བརྒྱད་པ་ལ་རྡོ་རྗེ་ཕྲེང་བས་བརྒྱན་པ་སྟེ། དེའི་ཤར་གྱི་རྩིབས་ལ་སྒྲོལ་བྱེད་མའོ། །བྱང་གི་རྩིབས་ལ་འཇིགས་མའོ། །ནུབ་ཀྱི་རྩིབས་ལ་ལཱ་མའོ། །ལྷོའི་ རྩིབས་ལ་མི་ཕམ་མའོ། །དབང་ལྡན་གྱི་རྩིབས་ལ་དགེ་མའོ། །མེའི་རྩིབས་ལ་འཛུར་བྱེད་མའོ། །བདེན་བྲལ་གྱི་རྩིབས་ལ་དུས་མཚན་མའོ། །རླུང་གི་རྩིབས་ལ་གྲགས་ཆེན་མའོ། །རྣལ་འབྱོར་མ་འདི་དག་ནི་མདོག་དཀར་མོ་ཉི་མའི་སྟན་ལ་གནས་པ་ཞལ་གཅིག་ཕྱག་གཉིས་མ་གྲི་གུག་ དང་ཐོད་པ་བསྣམས་པའོ། །ཤར་གྱི་སྒོར་མཛེས་མ་མདོག་དཀར་མོའོ། །བྱང་གི་སྒོར་ནོར་འཛིན་མ་མདོག་སེར་མོའོ། །ནུབ་ཀྱི་སྒོར་སྐལ་བཟང་མ་མདོག་དམར་མོའོ། །ལྷོའི་སྒོར་གྲགས་མཐོང་མ་མདོག་ནག་མོའོ། །རྣལ་འབྱོར་མ་འདི་དག་ནི་རོ་དང་ཉི་མ་ལ་གནས་པ་བྱམས་པ་ལ་ སོགས་པའི་རང་བཞིན་ཅན་གཡོན་བརྐྱང་བའི་ཞབས་ཀྱིས་གནས་པ་གར་མཛད་བཞིན་མ། ཞལ་གཅིག་ཕྱག་གཉིས་མ་གྲི་གུག་དང་ཐོད་པ་བསྣམས་པ་ཧེ་རུ་ཀ་ལ་ཀུན་དུ་བལྟ་བའོ། །སྒོ་སྲུང་མ་གཏོགས་པའི་རྣལ་འབྱོར་མ་རྣམས་ནི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས་པ། སྟག་གི་ པགས་པས་རྐེད་པ་དཀྲིས་ཤིང་། རུས་པའི་རྒྱན་གྱིས་བརྒྱན་པ། འོད་ཟེར་དམར་པོས་གཏིབས་པ། སྐྲ་སེར་པོ་གྱེན་དུ་འབར་བ། ཁ་ནས་ཁྲག་འཐོར་བ་ཐམས་ཅད་ཁུ་བ་དང་ལྡན་པ་བསྒོམ་པར་བྱའོ། །བཅོམ་ལྡན་འདས་རྫོགས་པའི་དུས་སུ་རྣལ་འབྱོར་མ་ཐམས་ཅད་སྐད་ཅིག་གི་རྣམ་ པས་ཧཱུཾ་ལས་རྫོགས་པར་འགྱུར་བ་སྟེ། དེ་ལྟར་ལྷ་མོ་ཉི་ཤུ་རྩ་བཞི་དང་ལྡན་པར་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་ལྷ་མོ་ཉི་ཤུ་རྩ་བཞིས་མཆོད་ནས་ཐོད་པའི་བདུད་རྩི་ལྔ་གསོལ་བར་མཛད་དོ། །དེ་ནས་སྣ་ཚོགས་སྡེ་མའི་པདྨ་ལ་ཨ། ཧེ་རུ་ཀའི་རྡོ་རྗེ་ལ་ཧཱུཾ་བསམས་ཏེ། སྣ་ཚོགས་སྡེ་ 26-1-227b མ་དང་བཅོམ་ལྡན་འདས་གཉིས་ཀྱི་རྡོ་རྗེ་དང་པདྨ་སྦྱོར་བ་མཛད་ནས། ཡང་ལྷ་མོ་ཉི་ཤུ་རྩ་བཞི་ལ་འདོད་པ་སྤྱད་ཅིང་ཆགས་པ་ཆེན་པོ་ལ་ཤིན་ཏུ་ཆགས་པས་ཞུ་བར་གྱུར་ནས། ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཁུ་བས་གནས་སོ། །ཁུ་བ་དེ་མཐོང་ནས་བྱམས་པ་ལ་སོགས་པའི་རང་བཞིན་གྱི་སྒོ་སྲུང་ མ་རྣམས་ཀྱིས་གླུས་བསྐུལ་བ། ཅི་སྟེ་འཇིག་རྟེན་སྙན་མནན་ན། །ཅི་ཕྱིར་ཁྱོད་ནི་མི་དགྱེས་གྱུར། །གལ་ཏེ་ཁྱོད་བདག་ཚིག་གསན་ན། མི་དགྱེས་གྱུར་པ་མཐའ་དག་ཐོང་། །མཛེས་སྡུག་མས་བསྐུལ་བའོ། །སྟོང་པའི་ཐུགས་ནི་མ་མཛད་པར། །ཉིད་ཀྱི་དགོངས་པ་གྲགས་པར་མཛོད། །སྲིད་འཇིགས་ སྐྱེ་བོ་ཀུན་སླུ་བས། །རྣལ་འབྱོར་མ་ཡི་གྲོགས་པོ་བཞེངས། །ནོར་འཛིན་མས་བསྐུལ་བའོ། །སྔོན་གཙོ་གལ་ཏེ་ཚིག་གསན་ན། །བྱ་བ་ཡལ་བར་མ་དོར་ཅིག །ཁྱོད་མི་སྣང་ན་འགྲོ་བ་ཀུན། །འགྲོ་བར་ལྟུང་བས་མི་དགར་གྱུར། །སྐལ་བཟང་མས་བསྐུལ་བའོ། །ལོག་པའི་ང་རྒྱལ་མ་ མཛད་པར། །གྲགས་པས་སྟོང་པའི་རང་བཞིན་མཐོང་། །དངོས་པོ་མཐའ་དག་ཁྱོད་ཐོང་ལ། །རྣལ་འབྱོར་མ་ཡི་ཚོགས་ལ་སྤྱོད། །གྲགས་མཐོང་མས་བསྐུལ་བའོ། །དེ་ལྟར་གླུས་བསྐུལ་མ་ཐག་ཏུ། ཁུ་བའི་གཟུགས་ལས་ཨ་དང་ཧཱུཾ་དེ་གཉིས་ལས་གྲི་གུག་དང་རྡོ་རྗེ། གྲི་གུག་དང་རྡོ་རྗེ་ ལས་ཧེ་རུ་ཀ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་བཞི་པ། གཙོ་བོ་ཧཱུཾ་ཞེས་སྒྲོགས་པའི་སྔོན་དུ་གསུངས་པའི་མཚན་མ་དང་ལྡན་པ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས་པ་འཇིགས་ཤིང་ཁྲོ་བའི་བདག་ཉིད་སྟག་གི་པགས་པའི་ན་བཟའ་མནབས་པ་མགོ་བོ་རློན་པ་བཞི་བཅུ་རྩ་དགུའི་ཕྲེང་བ་འཆང་བ། མཆོད་ཕྱིར་ཐོགས་པ་ཤིན་ཏུ་བཞད་པ་དྲག་པོ་ཆེན་པོ་སྙིང་རྗེའི་བདག་ཉིད་ཀྱི་གཙོ་བོ་བལྟའོ། །དཔུང་རྒྱན་མགུལ་དོ་འཁོར་གདུབ་དང་། །གཅེར་བུ་རྐེད་དུ་སྐ་རགས་བཅིངས། །རྐང་རྒྱན་སིལ་སིལ་སྒྲ་སྒྲོགས་ཤིང་། །བདུད་ཀུན་རབ་ཏུ་འཇོམས་པར་བྱེད། །རལ་པའི་ཅོད་པན་ ཡང་དག་ལྡན། །སངས་རྒྱས་ལྔ་ཡིས་དབུ་རྒྱན་ཅན། །ཟླ་བ་ཕྱེད་པ་འཛིན་པའི་ལྷ། །དབུ་ལ་སྣ་ཚོགས་རྡོ་རྗེས་མནན། །འཁོར་ལོ་རྣ་ཆ་མགུལ་དོ་དང་། །གདུ་བུ་དང་ནི་སྐ་རགས་ཉིད། །ཕྱག་རྒྱ་ལྔ་ནི་འཛིན་པའི་མགོན། །ཐལ་བའི་རྡུལ་གྱིས་བྱུགས་ཤིང་འཇིགས། །ཐོད་པ་མུ་ 26-1-228a ཏིག་གིས་བརྒྱན་པ། །དཔའ་བོ་འཁོར་བ་སྒྲོལ་བར་བྱེད། །བྱང་ཆུབ་ས་བོན་རང་བཞིན་ཅན། །དབུགས་མི་གཡོ་བར་བསྒོམ་པར་བྱའོ། །གཙོ་བོའི་ཤེས་རབ་ཆེན་མོ་སྣ་ཚོགས་སྡེ་མ་རྣལ་འབྱོར་མ་ནི་གཅེར་བུ་མགོ་བོའི་ཕྲེང་བ་དང་བྲལ་བ་རྒྱན་མེད་ཅིང་མཆོད་ཕྱིར་ཐོགས་པ་དང་བྲལ་ བ་ཐམས་ཅད་བདེ་བ་དང་ལྡན་པ་ཞལ་གཅིག་ཕྱག་གཉིས་མ་སྐྲ་གྲོལ་མ་སྐུ་མདོག་དཀར་མོ་ཞལ་ཤིན་ཏུ་འགྱུར་བ་མཆེ་བ་ཅུང་ཟད་གཙིགས་པས་འཇིགས་པ། གཡས་ན་ཅང་ཏེའུ་དང་གྲི་གུག །གཡོན་ན་ཁ་ཊྭཱཾ་ག་དང་ཐོད་པ་བསྣམས་པ་ཕ་རོལ་ཏུ་ཕྱིན་པའི་ལྷ་མོ་དེ་ལྟར་བསྒོམ་པར་བྱའོ། །ད་ནི་ བདག་ཉིད་ཀྱི་སྙིང་ག་དང་། དཔྲལ་བ་དང་། སྤྱི་གཙུག་དང་། དཔུང་པ་གཉིས་དང་། མིག་གཉིས་དང་། གསང་བ་དང་། ལུས་ཐམས་ཅད་ཀྱི་གནས་བདུན་དུ། ཨོཾ་ཧཱཾ་ཧཻཾ་ཧེཾ་ཧཱཾ་ཧཱཾ་ཧཱཾ་ཞེས་པའི་སྔགས་འདི་རྣམས་ཀྱིས་ཆོ་ག་བྱའོ། །སྙིང་གར་ཧཱུཾ་ལས་ཐུགས་རྡོ་རྗེའོ། །མགྲིན་པར་ཨཱཿལས་གསུང་རྡོ་ རྗེའོ། །སྤྱི་བོར་ཨོཾ་ལས་སྐུ་རྡོ་རྗེའོ། །སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབས་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲང་བར་བྱ་སྟེ། སྙིང་གར་ཟླ་བ་ལ་གནས་པའི་ཧཱུཾ་གི་འོད་ཟེར་ལྕགས་ཀྱུ་ལྟ་བུ་བསྒོམས་པ་དང་། ཨོཾ་བུདྡྷ་ཀ་པཱ་ལི་ནི་ཨཱཿཁཾ་གྲཾ་དྲཱུཾ་ཤྲཱུཾ་ཨཿཨཿཨཿཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཅེས་པ་བསྒྱིངས་ པ་དང་བཅས་པས་སྔགས་བཟླས་པས་ཡེ་ཤེས་སེམས་དཔའ་བཀུག་སྟེ། དམ་ཚིག་སེམས་དཔར་བཅུག་པས། ཆུ་དང་འོ་མ་ལྟར་ཐིམ་པར་བསམ་པར་བྱའོ། །དེ་ལྟར་དཔའ་བོ་རྫོགས་པར་མཐོང་ནས་རྩའི་འཁོར་ལོ་འཛག་སྟེ། འཛག་པ་དེ་ལས་རྣལ་འབྱོར་མ་རྣམ་པ་སྣ་ཚོགས་པའི་སྙིང་རྗེ་ ཆེན་པོ་དང་ལྡན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། གོས་སྣ་ཚོགས་གྱོན་པ་གཟུགས་གཞོན་པས་བརྒྱན་པ། ལོ་བཅུ་གཉིས་མའི་རྣལ་འབྱོར་མ་བརྒྱད་བསྐྱེད་དེ་ནམ་མཁའི་ཕྱོགས་སུ་གནས་ཏེ། བུམ་པ་བྱང་ཆུབ་སེམས་ཀྱིས་ཡོངས་སུ་གང་བ་ཨ་མྲའི་ཤིང་ལོས་ཁ་བརྒྱན་པ་ བརྒྱད་ཐོགས་པ་དེ་ཐམས་ཅད་རབ་ཏུ་དང་ཞིང་བཞད་པའི་ཞལ་གྱིས་རྒྱལ་གྱུར་ཧེ་རུ་ཀ་ཞེས་སྨྲ་བ། མགོན་པོས་མཐོང་ནས་དབང་བསྐུར་བའི་མཆོག་ལ་གསོལ་བ་གདབ་པར་བྱའོ། །བརྩེ་ལྡན་གྲགས་པ་ཆེན་པོ་ཡི། །རྡོ་རྗེ་རྣལ་འབྱོར་མ་དབང་བསྐུར། །འཁོར་བའི་འདམ་དུ་བྱིང་བའི་ 26-1-228b བདག །དབང་བསྐུར་བ་ཡིས་བདག་སྒྲོལ་མཛོད། །ཇི་ལྟར་བུ་ཚ་མེད་པའི་ཁྱིམ། །ཤི་མ་ཐག་ཏུ་སྟོང་པར་འགྱུར། །དེ་བཞིན་དབང་དང་བྲལ་ན་ནི། །ཡེ་ཤེས་ཀུན་གྱིས་སྟོང་པར་འགྱུར། །ཚིགས་བཅད་འདིས་གསང་བའི་དབང་བསྟན་ཏོ། །ཇི་ལྟར་པི་ཝང་སྦྱོར་ཀུན་ཚོགས། །རྒྱུད་དང་ བྲལ་ན་བརྡུང་མི་རུང་། །དེ་ལྟར་དབང་དང་བྲལ་ན་ནི། །སྔགས་དང་བསམ་གཏན་འགྲུབ་མི་འགྱུར། །ཚིགས་བཅད་འདིས་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྟན་ཏོ། །དབང་མེད་ན་ཉེས་པ་ཆེ་བར་འགྱུར་བ་དེ་ལྟར་ཡང་གསུངས་ཏེ། རྨོངས་པ་གང་ཞིག་དབང་མེད་པར། །བདག་ནི་དབང་བསྐུར་ ཞེས་སྨྲ་བ། །ཇི་སྲིད་སངས་རྒྱས་བཞུགས་ཀྱི་བར། །སློབ་མར་བཅས་ཏེ་དམྱལ་བར་འགྲོ། །ཚིགས་བཅད་འདིས་ནི་དབང་མེད་པའི་ཉེས་པ་བསྟན་ཏོ། །དེ་ལྟར་མཁྱེན་མཛོད་རྣལ་འབྱོར་མ། །སླར་ཡང་བདག་ལ་དབང་བསྐུར་གསོལ། །གལ་ཏེ་དབང་བསྐུར་སྐྱེ་མེད་ན། །ཧེ་རུ་ཀ་རུ་བདག་གྱུར་ ཅིག །དེ་ནས་རྣལ་འབྱོར་མ་རྣམས་ཀྱིས་རྒྱལ་གྱུར་ཅིག་ཅེས་པས་བཅོམ་ལྡན་འདས་ལ་ཁྲུས་གསོལ་ཞིང་དབང་བསྐུར་རོ། །ཕྱི་དང་གསང་བར་བཅས་པའི་དབང་བསྐུར་བ་ཙམ་གྱིས་ནམ་མཁའི་ངོས་ནས་རྔའི་སྒྲ་གྲག་ཅིང་ཙནྡན་དང་མེ་ཏོག་གི་ཆར་འབབ་པར་འགྱུར་རོ། །དབང་བསྐུར་ཟིན་ ནས་རྣལ་འབྱོར་མ་རྣམས་རྩའི་འཁོར་ལོ་ལ་ཐིམ་པར་གྱུར་ཏོ། །དཀྱིལ་འཁོར་པའི་འཁོར་ལོ་ཐམས་ཅད་ལ་རང་གི་རིགས་ཀྱིས་རྒྱས་གདབ་པར་གྱུར་ཏོ། །དེ་ནས་གླུའི་བསྟོད་པ་དང་། །མཆོད་པ་དང་བདུད་རྩི་ལྔས་བཅོམ་ལྡན་འདས་མཆོད་པར་བྱའོ། །དེ་ནས་ཡཾ་གྱུར་པ་ལས་རླུང་གི་ དཀྱིལ་འཁོར། དེའི་སྟེང་དུ་རཾ་གྱུར་པ་ལས་མེའི་དཀྱིལ་འཁོར། དེའི་སྟེང་དུ་ཨཾ་གྱུར་པ་ལས་ཐོད་པ། ཐོད་པའི་དབུས་སུ་བི་མུ་ར་ཤུ་མ་གྱུར་པ་ལས་བདུད་རྩི་ལྔའོ། །གོ་ཀུ་ད་ཧ་ན་གྱུར་པ་ལས་ཤ་ལྔ་བསམ་མོ། །དེ་ནས་རླུང་གིས་མེ་སྦར་ཞིང་མེས་ཐོད་པ་བསྲོས་པ་འདི་ལས་རྡོ་རྗེའི་ རྣམ་པ་ལྟ་བུའི་རླངས་པ་འབྱུང་ངོ་། །ཡང་བསིལ་བར་བྱས་པའི་ཕྱིར་ཐོད་པའི་སྟེང་མཐོ་གང་ཙམ་དུ་ཨོཾ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་བདུད་རྩིའི་རང་བཞིན་ཨོཾ་གྱིས་བྱིན་གྱིས་བརླབས་པ་དེ་ལས་ཁ་བ་ལྟ་བུའི་བདུད་རྩི་བབས་པས་བསིལ་བར་འགྱུར་རོ། །དེ་ཁོ་ན་ཉིད་གསུམ་གྱིས་ 26-1-229a ལྷ་རྣམས་ཚིམ་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་འཁོར་ལོ་རྟག་ཏུ་རྨི་ལམ་དང་སྒྱུ་མ་ལྟ་བུར་བསྒོམ་པར་བྱའོ། །ལྟེ་བར་ཨཱཿ། སྙིང་གར་ཧཱུཾ། མགྲིན་པར་ཨོཾ། །དཔྲལ་བར་སྒྲ་དང་ཐིག་ལེར་ལྡན་པ་མི་ཤིགས་པའི་ཧཾ་ངོ་། །ས་སོགས་འབྱུང་བ་ཆེན་པོ་བཞིས། །འཁོར་ ལོ་བཞི་རུ་རབ་ཏུ་ཕྱེ། །ཐུན་མཚམས་བཞི་རུ་བྱིན་གྱིས་བརླབས། །པདྨ་བཞི་ལས་ཡང་དག་བྱུང་། །དགའ་བ་བཞི་ཡི་རང་བཞིན་གྱིས། །སྦྱོར་བ་བཞི་ལ་ཀུན་དུ་བརྟེན། །མཆོག་ཏུ་དགའ་བའི་གཟུགས་ཀྱིས་ནི། །བྱ་བ་བྱེད་པ་པོ་རང་བཞིན། །རྡོ་རྗེ་སེམས་དཔའ་དཔལ་གཟུགས་ ཅན། །ཅི་བདེ་བ་རུ་འདི་རུ་རོལ། །རླུང་གི་འགྲོ་འོང་བསྒོམས་པ་ཡིས། །ཐིམ་འགྱུར་བདེ་ཆེན་སྐྱེ་བར་འགྱུར། །རྩ་བརྒྱད་ཕྱོགས་ཀྱི་འདབ་མ་ནི། །འབྱུང་ཆེན་བཞི་ཡི་རང་བཞིན་ནོ། །མཚམས་ཀྱི་འདབ་མ་བཞི་པ་ནི། །བདུད་རྩི་ལྔ་ཡི་རང་བཞིན་གྱིས། །དེ་རུ་མཆོད་པའི་གཟུགས་སུ་ གནས། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཉི་ཤུ་རྩ་བཞིར་ཡང་དག་གསུངས། །དེ་ཉིད་ཕྱི་ཡི་དཀྱིལ་འཁོར་ནི། །ཉི་ཤུ་རྩ་བཞིའི་རང་བཞིན་ནོ། །སྣ་ཚོགས་སྡེ་དང་ལྷན་ཅིག་ཏུ། །བཅོམ་ལྡན་འདས་ནི་དབུས་སུ་བཞུགས། །སྤྲུལ་པའི་འཁོར་ལོ་དྲུག་ཅུ་རྩ་བཞིའི་དབུས་སུ་ཨོཾ་ཐིག་ ལེའི་གཟུགས་ཅན་ནོ། །སྙིང་གའི་འཁོར་ལོ་བརྒྱད་ཀྱི་དབུས་སུ་ཧཱུཾ་ཐིག་ལེའི་གཟུགས་ཅན་ནོ། །ཨོཾ་གྱི་འོད་ཟེར་སྟེང་དུ་འགྲོ་བཞིན་པ་དང་། ཧཱུཾ་གི་འོད་ཟེར་འོག་ཏུ་འགྲོ་བཞིན་པ་གཉིས་ཀ་འདུས་ཏེ་ཐིག་ལེའི་གཟུགས་ལ་ཐིམ་པ་དེའི་ཚེ་བདེ་བ་ཐོབ་སྟེ། དེ་ལྟར་ན་འབྱུང་བ་དང་འཇུག་པ་བསྒོམ་ པར་བྱའོ། །ཟླ་བ་དྲུག་ཏུ་སྦྱོར་བ་ལ་གོམས་པར་བྱས་པས་འདིར་འགྲུབ་པར་སོམ་ཉི་མེད་དོ། །བསྒོམས་པས་སྐྱོ་བར་གྱུར་ན་སྔགས་ཀྱི་བཟླས་པ་བྱའོ། །ཨོཾ་ཧྲཱིཿབུདྡྷ་ཧཱུཾ་ག་པཱ་ལི་ནི་ཨཱཿ། འཇུག་པ་ལ་ཨོཾ། །འབྱུང་བ་ལ་ཧྲཱིཿ། གནས་པ་ལ་བུདྡྷ། བདེ་བ་ལ་ཧཱུཾ། ནུབ་པ་ལ་ཀ་པཱ་ལི་ནི། ལྡང་བ་ལ་ཨའོ། ། དེ་ལྟར་ཡན་ལག་དྲུག་གི་ནང་གི་བདག་ཉིད་ཀྱིས་སྔགས་ཀྱི་བཟླས་པ་བྱའོ། །འདི་ཉིད་ལ་གོམས་པའི་སྦྱོར་བས་སངས་རྒྱས་སུ་འགྱུར་ཏེ། གཞན་དུ་ནི་མ་ཡིན་ནོ། །རྩ་བའི་སྔགས་སོ། །ཨོཾ་བུདྡྷ་ཀ་པཱ་ལི་ནི། ཨོཾ་ཧྲཱིཿཧཻ་ཧཱུཾ་ཕཊ། སྙིང་པོའི་སྔགས་སོ། །ཨོཾ་ཀ་པཱ་ལ་བཛྲཱི་ནི་ཧཱུཾ་ཧཾ་དུར་ཀྵེ་ཧཱུཾ་ཕཊ། ཉེ་ 26-1-229b བའི་སྙིང་པོའི་སྔགས་སོ། །ཨོཾ་མ་ཧཱ་ཀ་པཱ་ལ་བཛྲེ་ཙེ་ཏྲི་པུ་ཙ་ཏྲི་ཨ་ལམྦ་ནེ་པྲི་ན་ཡ་སརྦ་བྷཱུ་ཏ་མཱ་རཱན་མཱ་ར་ཡ་སརྦ་མཱ་རཱན་ཀཱི་ལ་ཡ་སརྦ་དུཥྚཱན། ཨུཙྪ་ཊ་ཡ་སརྦ་བི་གྷཱ་ན་བི་ཏྲ་ཡ་བྷོ་བྷ་ག་བ་ཏི་ཡཀྵ་རཀྵ། ས་པི་ཤཱ་ཙ་ན་ཤོ་ཥ་ཡ་ཏྲ་ཡ་སཔྟ་པཱ་ཏཱ་ལ་ག་ཏ་ན་ས་ར་ས་ར་པྲ་ས་ར་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ཐུན་བཞི་ རུ་དཀྱིལ་འཁོར་ལན་བཞིར་སྤྲོས་ཏེ། འདིར་གཏོར་མ་སྦྱིན་པར་བྱའོ། །འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་སྔགས་སོ། །སངས་རྒྱས་ཐོད་པའི་ལྷ་ཉི་ཤུ་རྩ་ལྔའི་བདག་ཉིད་ཀྱི་སྒྲུབ་ཐབས། སློབ་དཔོན་ཆེན་པོ་ས་ར་ཧའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཆེན་པོ་ཤྲཱི་ག་ཡ་དྷ་ར་དང་། བོད་ཀྱི་ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་ཅིང་ཞུས་པའོ།། །།༄༅༅། །རྒྱ་གར་སྐད་དུ། སརྦ་བྷཱུ་ཏ་བ་ལིཾ་བི་དྷིཿ། བོད་སྐད་དུ། འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་ཆོ་ག །སངས་རྒྱས་ཐོད་པ་ལ་ ཕྱག་འཚལ་ལོ། །དངོས་ཀུན་རང་བཞིན་བདེ་བ་ཐོབ། །སྣ་ཚོགས་སྡེ་ལ་ཕྱག་འཚལ་ནས། །བླ་མས་བསྟན་པའི་རིམ་བཞིན་དུ། །སེམས་ཅན་དོན་ཕྱིར་གཏོར་མ་བཤད། །རེ་ཞིག་དང་པོ་ཉིད་དུ་ནི། །ཡུལ་གྱི་ཉེས་པ་སྡོང་བྱེད་སྔགས། །བརྗོད་པས་དངོས་ཀུན་སྟོང་པར་བསྒོམ། །དེ་ནས་ རཾ་གྱུར་ཉི་མ་ལ། །ཧཱུཾ་བསམ་ཡོངས་སུ་གྱུར་པ་ལས། །སྣ་ཚོགས་རྡོ་རྗེ་བསྒོམ་བྱས་ནས། །ར་བ་དྲ་བ་ས་གཞི་བསམ། །དེ་ནང་སྐད་ཅིག་ཙམ་ལས་ནི། །འཁོར་ལོ་གསུམ་གྱི་ལྷ་རྣམས་དང་། །ཁམས་གསུམ་སེམས་ཅན་མ་ལུས་པ། །ཕྱོགས་སྐྱོང་མཁའ་འགྲོར་བཅས་པ་བསྐྱེད། ། བདག་ནི་དེ་རྣམས་མདུན་གནས་པ། །ཧེ་རུ་ཀ་ཡི་གཟུགས་བསམས་ལ། །གནས་བདུན་གོ་ཆ་གསལ་བར་དགོད། །དེ་ནས་མདུན་དུ་ཡཾ་ལས་ནི། །རླུང་གི་དཀྱིལ་འཁོར་བསམ་པར་བྱ། །དེ་སྟེང་རཾ་ནི་ཡོངས་གྱུར་པས། །མེ་ཡི་དཀྱིལ་འཁོར་བསྒོམ་པའོ། །དེ་སྟེང་ཨ་ལས་ཐོད་པའོ། །ཐོད་ པ་དཀར་པོའི་དབུས་སུ་ནི། །བི་མུ་ར་ཤུ་མ་ལྔ་ལས། །བདུད་རྩི་ལྔ་ནི་བསྐྱེད་པའོ། །གོ་ཀུ་ད་ཧ་ན་ལས་ནི། །ལྕགས་ཀྱུ་ལྔ་ཡང་དེ་བཞིན་བསམ། །དེ་ནས་རླུང་གིས་མེ་སྤར་ཞིང་། །ཐོད་པ་དྲོས་པའི་རླངས་པ་ནི། །རྡོ་རྗེའི་རྣམ་པའི་གཟུགས་བརྙན་བྱུང་། །དེ་ཡང་བསིལ་བར་བྱ་བའི་ 26-1-230a ཕྱིར། ཐོད་པའི་སྟེང་གི་མཐོ་གང་དུ། ཨོཾ་གྱུར་ཟླ་བའི་དཀྱིལ་འཁོར་ནི། །བདུད་རྩིའི་རང་བཞིན་ཨོཾ་གྱིས་ནི། །སྟེང་ནས་བྱིན་གྱིས་བརླབས་པར་བསམ། །དེ་ལས་བ་མོ་ལྟ་བུ་ཡི། །བདུད་རྩི་བབས་པས་བསིལ་བར་འགྱུར། །དེ་ཉིད་གསུམ་གྱི་གསང་སྔགས་ནི། །ལན་ བདུན་བཟླས་པས་བྱིན་གྱིས་བརླབས། །དེ་རྗེས་སྙིང་གའི་ས་བོན་གྱིས། །ཡེ་ཤེས་བསྐུལ་ཞིང་གསང་སྔགས་བརྗོད། །ཨོཾ་བུདྡྷ་ཀ་པཱ་ལི་ནི་ཨཿ། ཁཾ་གྲཾ་དྲཱུཾ་ཤྲཱུཾ་ཨཿཨཿཨཿཨཿཧཱུཾ་ཧཱུཾ་ཧཱུཾ་ཕཊ། བསྒྱིངས་བཅས་སྔགས་ནི་ཟློས་བཞིན་པས། །འཁོར་ལོ་གསུམ་གྱི་ལྷ་རྣམས་དང་། །ཞི་བྱེད་བདེ་ བྱེད་འབྱུང་པོ་རྣམས། །ཚོགས་བཅས་མྱུར་དུ་བཀུག་ནས་ཀྱང་། །དམ་ཚིག་ཚོགས་ལ་ཐིམ་གྱུར་པ། །ཆུ་དང་འོ་འདྲར་ཐ་དད་མེད། །དེ་ནས་སྤོས་དང་མེ་ཏོག་སོགས། །གཞན་ཡང་ཡིད་ལས་བྱུང་བ་ཡི། །རྡོ་རྗེ་མཆེད་སོགས་རྣམས་ཀྱིས་མཆོད། །ལྷ་རྣམས་ལྕེ་ནི་ནས་འབྲས་ ཙམ། །བུ་གུ་ཅན་ནི་རྡོ་རྗེར་བསམ། །དེ་ཡི་རྩེ་མོར་ཨོཾ་བསམས་ཏེ། །འོད་ཟེར་གྱིས་དྲངས་གསོལ་བར་བསམ། །འཁོར་ལོ་གསུམ་གྱི་ལྷ་རྣམས་ལ། །ཨོཾ་བུདྡྷ་ཀ་པཱ་ལི་ནི་བ་ལིཾ་གྲྀཧྞ་གྲྀཧྞ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཁ་ཁ་ཧཱུཾ། འཁོར་གྱི་ཞིང་སྐྱོང་འབྱུང་པོ་ལ། །ཡོངས་སུ་བསྔོ་བའི་སྔགས་ བརྗོད་དེ། །ཨོཾ་མ་ཧཱ་ཀ་པཱ་ལ་བཛྲེ་ཙེ་ཏྲེ་པུ་ཙེ་ཏྲེ། ཨ་ལམྦ་ནེ་པྲི་ན་ཡ་སརྦ་བྷཱུ་ཏ་མཱ་རཱན་མཱ་ར་ཡ་སརྦ་མཱ་རཱན་ཀཱི་ལ་ཡ། མཱ་ར་ཡ་དུཥྚཱ་ན་ཨུཙྪ་ཊ་ཡ་སརྦ་བི་གྷྣཱན་བི་ཏྲ་ཡ། བྷོ་བྷ་ག་བ་ཏི། ཡཀྵ་རཱཀྵ་ས་པི་ཤཱ་ཙ་ཤོ་ཥ་ཡ་ཏྲ་ཡ་སཔྟ་པཱ་ཏཱ་ལ་ག་ཏ་ན་ས་ར་པྲ་ས་ར་པྲ་ས་ར་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། དེ་ནས་ཚིམ་པར་ གྱུར་ནས་སུ། །སྨོན་ལམ་མཐར་ནི་དག་པར་བྱ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་འབྱུང་། །ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་འདི་ཤེས་པར་གྱིས། །སེམས་ ཅན་དོན་ནི་མཉམ་མེད་བྱོས། །ཞེས་པ་ནས། འོན་ཀྱང་སངས་རྒྱས་སྲས་སུ་སྐྱེ། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྡིག་མེད་པའི། །སངས་རྒྱས་ཉིད་དུ་ཕྲད་གྱུར་ཅིག །ལམ་དེ་ཉིད་དུ་ཞུགས་ནས་ཀྱང་། །མ་གྲོལ་བ་རྣམས་དགྲོལ་བར་ཤོག ། 26-1-230b མ་བརྒལ་བ་རྣམས་རྒལ་བར་ཤོག །རྣལ་འབྱོར་གཙུག་ལག་དམ་པ་ལ། །ད་ལྟ་ཉིད་དུ་གནས་པར་ཤོག །ལག་པ་བརྐྱང་སྟེ་ས་ལ་བཞག །སེ་གོལ་ལན་གསུམ་གདབ་བྱ་ཞིང་། །དྲིལ་བུ་དཀྲོལ་བས་དེར་འབད་པས། །མགྲོན་རྣམས་གཤེགས་སུ་གསོལ་བར་བྱ། །སངས་རྒྱས་ ཐོད་པའི་འབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོག །སློབ་དཔོན་ས་ར་ཧ་པའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།ག་ཡ་དྷ་ར་དང་། གྱི་ཇོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།༄༅༅། །རྒྱ་གར་སྐད་དུ། ཤྲཱི་ བུདྡྷ་ཀ་པཱ་ལ་མཎྜལ་ཀྲ་མ་པ་དྱོ་ཏ་ན་ནཱ་མ་བི་དྷིཿ། བོད་སྐད་དུ། དཔལ་སངས་རྒྱས་ཐོད་པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་གའི་རིམ་པ་གསལ་བ་ཞེས་བྱ་བ། དཔལ་སངས་རྒྱས་ཐོད་པ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཁྲག་འཐུང་རྒྱལ་པོ་ཆེ། །ཉི་ཤུ་རྩ་བཞི་དྲ་བའི་སྡོམ། །དངོས་ཀུན་རང་ བཞིན་འགྲོ་བ་སྐྱོབ། །སྣ་ཚོགས་སྡེ་ལ་ཕྱག་འཚལ་ཏེ། །སངས་རྒྱས་ཐོད་པའི་དཀྱིལ་འཁོར་མཆོག །ཇི་ལྟར་རྒྱུད་གཞན་ཆོ་ག་མཐོང་། །བླ་མ་བརྒྱུད་རིམ་ལས་འོངས་པ། །བདག་གིས་གསལ་བར་བཤད་པར་བྱ། །བླ་མ་མཚན་ཉིད་བཟང་ལྡན་པ། །བརྟན་ཞིང་དུལ་ལ་བློ་གྲོས་ལྡན། ། བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་ཤེས་པས། །ལེགས་པར་བརྟགས་པས་སློབ་མའི་ཕྱིར། །དཀྱིལ་འཁོར་བྲི་བའི་ལས་བྱའོ། །དེ་ཡང་སློབ་མ་བློ་ཆེན་པོ། །ཤིན་ཏུ་དང་བའི་སེམས་དང་ལྡན། །འདོད་མེད་དབང་པོ་དུལ་བ་དང་། །ཆགས་དང་ཆགས་བྲལ་རྣམ་ པར་སྤངས། །སེམས་ཅན་དོན་ལ་རབ་ཏུ་བརྩོན། །གཏི་མུག་ཞེ་སྡང་ཕྲག་དོག་སྤངས། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །དེ་རྣམས་ལ་ནི་དེ་ཉིད་བཤད། །སློབ་མ་དེ་ནི་ཡོངས་སུ་གཟུང་། །ད་ནི་དངོས་གྲུབ་མ་ལུས་པའི། །སྒྲུབ་བྱེད་ཆོ་ག་བཤད་པར་བྱ། །ལྷ་རྣམས་མགུ་ བར་མ་བྱས་ན། །བདག་ཉིད་ངེས་པར་སུན་འབྱིན་འགྱུར། །དུར་ཁྲོད་ལ་སོགས་གནས་དག་ཏུ། །དཔལ་ལྡན་ཁྲག་འཐུང་སོགས་འཁོར་ལོ། །རབ་ཏུ་མཉེས་པར་བྱ་བའི་ཕྱིར། །མཛེས་པའི་མཎྜལ་ལེགས་བྱས་ཏེ། །ཆུ་ལ་སོགས་པའི་རྣམ་ལྔ་དང་། །བ་བྱུང་མར་སོགས་ལེགས་པར་བྱུགས། ། 26-1-231a འབྱོར་པའི་ཡོ་བྱད་ཚོགས་གྱུར་པས། །རྒྱུད་ལས་གསུངས་པའི་ཚུལ་བཞིན་དུ། །བསྐྱེད་པའི་ཚུལ་གནས་བླ་མ་ཡིས། །དཀྱིལ་འཁོར་བདག་པོ་བཟླས་པ་ནི། །བསོད་ནམས་ཆེ་འབྲིང་ཆུང་བ་དག །བྱེ་བ་འབུམ་དང་ཁྲིས་འགྲུབ་འགྱུར། །འཁོར་རྣམས་གཙོ་བོའི་ ཡན་ལག་ཕྱིར། །ཐ་དད་པར་ནི་བཟླས་མི་བྱ། །གལ་ཏེ་མཚན་མ་མཐོང་གྱུར་ན། །བཟླས་པའི་འཕྲོ་ཡང་བཤོལ་བས་འགྲུབ། །ལྷ་ཡི་བྱིན་བརླབས་ལྡན་གྱུར་པས། །དཀྱིལ་འཁོར་མཆོག་ནི་བྲི་བའི་ཕྱིར། །རི་དང་ཕུག་དང་ཚང་ཚིང་ངམ། །ཡང་ན་དུར་ཁྲོད་དག་གི་ནི། །གདོད་ནས་ གྲུབ་པའི་གནས་སུའམ། །འོན་ཏེ་རྒྱ་མཚོའི་འགྲམ་དག་ཏུ། །ཕྱི་ཡི་དཀྱིལ་འཁོར་ལེགས་བྲིའི་ཕྱིར། །ཡིད་འོང་གནས་དང་ལེགས་པའི་སར། བཅོས་མའི་མཎྜལ་ལེགས་པར་བརྩིགས། །དྲི་དང་བ་སོགས་བདུད་རྩིས་བྲན། །གྲངས་མཉམ་ལྷ་ཡི་གནས་བཀོད་དེ། དེར་ནི་ ཡིད་འོང་མེ་ཏོག་དགྲམ། །ཁྲག་འཐུང་འཁོར་ལོ་རྫོགས་བསྐྱེད་ཅིང་། །སྐྱེ་སོགས་ནུས་པ་ཡེ་ཤེས་ལྷ། །དགུག་སོགས་བྱས་ཏེ་དབང་བསྐུར་ནས། །མཆོད་བསྟོད་མཐར་ནི་གསོལ་བ་གདབ། །སངས་རྒྱས་ཐམས་ཅད་བདག་ལ་དགོངས། །ཁྱེད་རྣམས་མཆོད་པའི་ཕྱིར་དང་ནི། ། སློབ་མ་རྣམས་ལ་ཕན་པ་ཡིས། །སངས་རྒྱས་ཐོད་པ་ཞེས་བྱ་བའི། །དཀྱིལ་འཁོར་བཟང་པོ་བྲི་བར་འཚལ། །བདག་ལ་བྱིན་བརླབས་གནང་བར་མཛོད། །དེ་ལྟར་གསོལ་བ་གདབ་བྱས་ནས། །མཆོད་དང་གཏོར་མ་ཉེར་ལྡན་པས། །ལྷ་མོ་མཛེས་དགའ་བསྐུལ་བའི་ཕྱིར། །སྔོན་ བྱུང་སངས་རྒྱས་ཚུལ་ཇི་བཞིན། །ལག་པ་ས་ལ་བྲབ་བྱས་པས། །ས་འོག་འཐོན་པའི་ལྷ་མོ་ནི། །གསེར་མདོག་ཞི་བའི་རང་བཞིན་ཅན། །རིན་ཆེན་མཛེས་པའི་རྒྱན་ཆ་ཅན། །གསེར་གྱི་བུམ་འཛིན་ཅི་བགྱི་ཞེས། །དེ་ལ་མཆོད་ཡོན་རྐང་བཀྲུ་སོགས། །མཆོད་དང་གཏོར་མས་མཉེས་པར་བྱ། ། གཟི་བརྗིད་ཅན་གྱིས་འདི་སྐད་སྨྲ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་ 26-1-231b འཁོར་བྲི། །དེ་སྐད་ལན་གསུམ་བརྗོད་ནས་ནི། །དགའ་བའི་མདངས་ཀྱིས་ལྷ་མོ་ཡང་། །ཁྱོད་ནི་སློབ་དཔོན་ཡིན་པས་ན། །དཀྱིལ་འཁོར་མཆོག་གི་ལས་གྱིས་ཤིག །ཟེར་ནས་ས་ལ་ཐིམ་པར་མཛད། །དེ་ནས་ཕྱོགས་སྐྱོང་རྣམས་དག་ལ། །ཚུལ་བཞིན་གཏོར་མ་བྱིན་ནས་ནི། །ས་ཕྱོགས་ གནས་པའི་ལྷ་དང་ཀླུ། །གནོད་སྦྱིན་དྲི་ཟ་ལྷ་མ་ཡིན། །གང་དག་རྫུ་འཕྲུལ་ཆེ་ལྡན་པ། །རྡོ་རྗེ་སྤྱན་དང་སྙན་མངའ་བ། །བདག་མིང་ཆེ་གེ་ཞེས་བྱ་བས། །བདེ་གཤེགས་རྣམས་ལ་མཆོད་པ་དང་། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །དགེ་བའི་ས་ཕྱོགས་འདི་ཉིད་དུ། །དཀྱིལ་འཁོར་དམ་པ་ཆེར་ འབྱུང་བ། །སངས་རྒྱས་ཐོད་པ་རྒྱུད་རྒྱལ་གྱི། །དཀྱིལ་འཁོར་ཆེན་པོའི་ལས་བྱེད་པས། །ཁྱོད་ཀྱིས་བར་ཆད་མ་བྱེད་པར། །དགེ་བའི་གྲོགས་པོ་ཉིད་དུ་མཛོད། །ལན་གསུམ་གསོལ་བ་འདེབས་པ་ནི། །ས་བླང་ཆོ་ག་མཛེས་པ་ཡིན། །དེའི་འོག་མགུལ་རྒྱན་རྣ་ཆ་སོགས། །ཐལ་བའི་གོས་ དང་རྒྱན་ཆར་ལྡན། །དཔལ་ལྡན་ཁྲག་འཐུང་རྒྱལ་ཆེན་པོ། །ས་གཞིའི་དབུས་སུ་འདུག་ནས་ནི། །རྣལ་འབྱོར་གོ་རིམས་རྫོགས་པར་བྱ། །དེ་ཚེ་མཁའ་འགྲོ་མ་བཞི་ཡི། །གནས་ལ་གནས་པའི་རྣལ་འབྱོར་པས། །མཆོད་ཅིང་བསྟོད་པས་མཉེས་བྱས་ནས། །དཀྱིལ་འཁོར་ཀུན་གྱི་གཙོ་ བོ་ནི། །སྡིག་པ་མ་ལུས་ཟད་བྱེད་པའི། །སངས་རྒྱས་ཐོད་པའི་དཀྱིལ་འཁོར་ནི། །མགོན་པོ་ཆེན་པོས་བཤད་དུ་གསོལ། །གསོལ་བའི་ཚིག་དེ་མཁྱེན་ནས་སུ། །སྙིང་རྗེ་འགྲོ་ལ་བལྟས་ནས་ནི། །བགེགས་ནི་བསྐྲད་པའི་ཆོ་ག་བྱ། །ཁྲག་འཐུང་ང་རྒྱལ་ལྡན་པ་ཡི། །མིག་ཏུ་མ་ དང་ཊ་ལས་ནི། །ཉི་མ་ཟླ་བ་གསལ་བསྒོམས་ལ། །མིག་འབྲས་ཧཱུཾ་ལས་གྱུར་པ་ཡི། །རྡོ་རྗེ་མཐིང་ནག་བསྒོམ་པར་བྱ། །རྐང་པ་གཉིས་སུ་ཨཱཿ་ལས་ནི། །སྣ་ཚོགས་རྡོ་རྗེ་འབར་བ་བསམ། །རྡོ་རྗེ་ལྟ་བའི་མིག་འབྲས་ལས། །ཁྲོ་ཚོགས་སྤྲོས་པས་བགེགས་བསལ་ཞིང་། །རྐང་འགྲོས་རྡོ་ རྗེ་རེ་བ་སྤྲུལ། །རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ། །དབང་ལྡན་མཚམས་སུ་སོང་ནས་ནི། །ཉོན་ཅིག་བགེགས་ཚོགས་མ་ལུས་ཀུན། །ལྷ་དང་ལྷ་མིན་གསང་བ་པ། །གནོད་པར་གྱུར་པའི་བགེགས་ཚོགས་རྣམས། །སངས་རྒྱས་ཐོད་པའི་རྣལ་འབྱོར་གཙོ། །བདེ་ཆེན་ཡེ་ཤེས་ལས་བྱུང་བ། ། 26-1-232a དེ་ནི་ཧེ་རུ་ཀ་དཔལ་དངོས། །བཀའ་ཡི་འཁོར་ལོ་རབ་སྦྱོར་བྱེད། །གལ་ཏེ་བཀའ་ལས་འདས་གྱུར་ན། །རྡོ་རྗེ་རབ་ཏུ་འབར་བ་ཡིས། །མགོ་ནི་ཚལ་པ་བརྒྱར་འགས་ཤིང་། །འཇིག་པར་འགྱུར་བ་གདོན་མི་ཟ། །དེ་བས་གཞན་དུ་འགྲོ་བར་གྱིས། །ཞེས་བརྗོད་བགེགས་ལ་ བཀའ་བསྒོས་ནས། །དབང་ལྡན་ཕྱོགས་ནས་བརྩམས་ནས་ནི། །གཡས་སྐོར་ལན་གསུམ་བགྲོད་བྱ་བ། །བསྐལ་པའི་མེ་བཞིན་འོད་ཟེར་ཅན། །རྐང་པའི་འོག་ནས་བྱུང་ནས་སུ། །གདུག་པ་རྣམས་ནི་བསྲེགས་གྱུར་པས། །ཕན་ཚུན་འབྱར་པར་གྱུར་པར་བསམ། །གཡས་དང་གཡོན་ དུ་བསྐོར་བ་དང་། །འཁྱུད་དང་ཀུ་ཙ་པ་ཡི་དང་། །བྷ་ར་ཏི་དང་ས་ཏི་ཀི། །པྲེ་ཏེ་ཀ་ཤི་ཀྱ་ལ་སོགས། །ཆགས་བཅས་ཚུལ་གྱིས་སྦྱོར་བས་ནི། །རོལ་པས་རབ་ཏུ་འཕྱང་བ་དང་། །རོལ་པའི་གོམ་སྟབས་བཅས་པའམ། །གོམ་པ་བརྒྱད་པས་གར་བྱའོ། །རྐང་པ་བསྐྱོད་དང་ལག་པ་བསྐྱོད། །སྨིན་ མ་འདེགས་དང་རབ་དགས་འབྲང་། །ཅུང་ཟད་ངོ་ཚའི་ཟུར་མིག་དང་། །བརླ་རྒྱས་ལྟ་ན་འདུད་པ་དང་། །མིག་གཡས་གར་ནི་བྱེད་འགྱུར་ཞིང་། །ཁ་ཡི་པདྨའི་འཛུམ་དང་བཅས། །ཅུང་ཟད་དམར་བའི་མཆེ་བ་འཆང་། །ཀུན་ད་ལྟར་དཀར་སོ་ཡི་ཕྲེང་། །དཔལ་ལྡན་ཁྲག་འཐུང་རྣལ་འབྱོར་ཆེ། ། སེམས་ཅན་དགྲོལ་བ་རྨད་དུ་བྱུང་། །དེ་ལ་སོགས་པའི་གར་གྱིས་ནི། །བགེགས་ཀུན་མ་ལུས་བསྐྲད་པར་བྱ། །ཧཱུཾ་བཞི་ལ་སོགས་གསང་སྔགས་ཀྱིས། །ཕུར་བུ་བསྐྱེད་པའི་ཆོ་ག་བྱ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། བྱིན་གྱིས་བརླབས་པ་བཟླས་རྫོགས་ནས། །གྷ་གྷ་ལ་སོགས་སྔགས་ཀྱིས་ གདབ། །རྡོ་རྗེའི་ར་བ་དྲ་བ་སྤྲུལ། །དཀྱིལ་འཁོར་གྱི་ནི་ས་ཡི་ཆ། །མཉེས་དང་ཡང་དག་ལྡན་གྱུར་པ། །བགེགས་རྣམས་བསལ་བའི་ཆོ་གའོ། །སངས་རྒྱས་ཐོད་པའི་རྣལ་འབྱོར་གྱིས། །ལག་པ་ས་ལ་ཕབ་བྱས་ཏེ། །ཧཱུཾ་ཁཾ་ཞེས་ནི་བརྗོད་པ་ཡིས། །རྣམ་དག་ནམ་མཁའ་ བསམས་ནས་ནི། །ཧཱུཾ་ལྃ་སྔགས་ཀྱིས་གསེར་གྱི་ནི། །ས་གཞི་རྡོ་རྗེར་ལྡན་པར་བསམ། །ཨོཾ་མེ་དི་ནཱི་བཛྲཱི་བྷ་བ་བནྡྷ་ཧཱུཾ། རྙེད་པའི་ས་ཕྱོགས་དེ་ཉིད་དུ། །ཞི་དང་དྲག་པོ་མེ་ཡི་ལས། །ཡང་དག་སེལ་བར་བྱས་ནས་ནི། །ལས་ཀྱི་ཁྱད་པར་མཁས་པ་ཡིས། །ལྟོ་འཕྱེའི་རིམ་པ་ཤེས་བྱས་ལ། །གཡས་ 26-1-232b སྐོར་ལྟོ་ནས་བརྐོ་བར་བྱ། །གསེག་མ་མགལ་དུམ་གྱོ་མོ་དང་། །ཕུབ་མ་རུས་པ་རོ་རྣམས་བསལ། །ས་དེ་མི་འཆི་བཅུ་ཕྱེད་དང་། །དྲི་ཞིམ་ཆུ་ལ་ཧཱུཾ་བཟླས་དགང་། །ཚད་ལྡན་འཐས་པར་བཅགས་སྟེང་དུ། །ཆུ་སོགས་བ་ལང་ལས་བྱུང་དང་། །བདུད་རྩི་ལྔ་ཡིས་སྙོམས་པར་བྱུག །མཁའ་ འགྲོ་མ་རྣམས་མཉེས་པར་འགྱུར། །ཤར་དང་བྱང་དུ་གཞོལ་བས་ནི། །སྔགས་རྣམས་ཀྱི་ནི་དངོས་གྲུབ་འགྱུར། །དབུས་སུ་མཐོ་བས་རྒྱལ་སྲིད་དམ། །རིག་པ་འཛིན་པའི་གནས་དག་ཐོབ། །བྱང་དུ་མཐོ་བས་འཆི་འགྱུར་རམ། །ནོར་རྣམས་འཇིག་པར་འགྱུར་བ་སྐྱེད། །ཇི་སྐད་བཤད་ པའི་ཤར་མཐོ་བས། །མྱུར་དུ་རིགས་རྣམས་ཟད་པར་བྱེད། །དབུས་སུ་དམའ་བའི་རང་བཞིན་གང་། །སྒྲུབ་པ་པོ་ནི་འཇོམས་དང་ལྡན། །མཚན་ཉིད་གསལ་བར་ཤེས་པར་དཔྱད། །དེ་ལྟར་འདུས་བྱས་ས་དེ་ལ། །སངས་རྒྱས་ཐོད་པའི་རྣལ་འབྱོར་གྱིས། །བདུད་རྩི་ལྔ་ཡི་ཆུས་བྲན་ཞིང་། ། ཨོཾ་ཧཱུཾ་དྷྲི་ཧཱུཾ་ཁཾ་ཧཱུཾ་ཏིཥྛ་ཏིཥྛ་བཛྲ་ས་མ་ཡ་ཨ་དྷིཥྛ་ཡ་ཏེ། ཞེས་བརྗོད་ས་དེ་སྟོང་པར་བསྒོམ། །ས་སྦྱང་དུས་སུ་འབྱུང་ཆེན་ལ། །གཏོར་མ་རབ་ཏུ་སྦྱིན་པར་བྱ། །ཨོཾ་ཧེ་རུ་ཀ་བཛྲ་ས་མ་ཡཱ་དྷི། སརྦ་དུཥྚཱན་ས་མ་ཡ་མུ་དྲ། པྲ་བྷཉྫ་ཀ་ཧཱུཾ། རུ་ལུ་རུ་ལུ་བྷྱོ་ཧཱུཾ་ཧཱུཾ་ཕཊ། དེ་ནས་ལེགས་སྦྱང་དྲི་ཞིམ་ཆུ། །བདུད་ རྩི་ལྔ་ལྡན་བྱུགས་པའི་སར། །ཐིག་ལེ་བྲི་ཞིང་མེ་ཏོག་དགོད། །ཁྲག་འཐུང་རྒྱལ་པོ་ལ་སོགས་པ། །ཉི་ཤུ་རྩ་ལྔའི་འཁོར་ལོ་བསྐྱེད། །ཨོཾ་ཧེཾ་ལ་སོགས་གོ་བགོ་ཞིང་། །གནས་གསུམ་བྱིན་གྱིས་བརླབས་རྗེས་སུ། །ཡེ་ཤེས་འཁོར་ལོས་བྱིན་བརླབས་ནས། །དབང་བསྐུར་རྒྱས་ གདབ་རིམ་བྱ་བ། །མཆོད་དང་བདུད་རྩིས་ཚིམ་བྱ་ཞིང་། །བསྟོད་པས་མགོན་པོ་མཉེས་བྱས་ལ། །བཏུད་དེ་གསོལ་བ་གདབ་པར་བྱ། །གཉིས་མེད་ཡེ་ཤེས་ལས་བྱུང་བའི། །ཁྱབ་བདག་དངོས་ཀུན་བདག་ཅག་ཉིད། །སྟོན་པའི་གཙོ་བོ་ཁྲག་འཐུང་དཔལ། །སྣ་ཚོགས་སྡེ་མར་ཡང་དག་ ལྡན། །ཕྱོགས་མཚམས་རྣམས་ཀྱི་མཁའ་འགྲོ་མ། །རིག་པའི་ལྷ་མོ་རྫུ་འཕྲུལ་ཅན། །བྱང་ཆུབ་སེམས་དཔའ་ལ་སོགས་ཀུན། །མ་ལུས་བདག་ལ་དགོངས་སུ་གསོལ། །སློབ་མ་རྣམས་ལ་ཕན་པ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་ཅན་བདག་འདི་ཞེས་པ། །ནང་ 26-1-233a པར་དཀྱིལ་འཁོར་འདྲི་བར་འཚལ། །རྗེས་སུ་བརྩེ་བར་ཉེར་དགོངས་ཏེ། །ཀུན་གྱིས་བྱིན་གྱིས་བརླབ་ཏུ་གསོལ། །ལན་གསུམ་གསོལ་བ་གདབ་རྗེས་སུ། །དྲི་ཞིམ་མེ་ཏོག་ཕྲེང་ལྡན་དང་། །ཐོད་པ་བདུད་རྩི་ལྔ་ལྡན་པས། །དཔལ་ལྡན་ཁྲག་འཐུང་ལ་སོགས་ཀུན། ། བདུག་སྤོས་ལ་སོགས་ལེགས་ཕུལ་ནས། །དེ་འོག་རང་གི་དབུགས་དབྱུང་བ། །ཆོ་གས་བརྟུལ་ཞུགས་ཀུན་བྱའོ། །ལྷ་ལ་གསོལ་གདབ་ཆོ་གའོ། །དེ་འོག་གསེར་དངུལ་ལ་སོགས་རིན་ཆེན་ལས་བྱུང་བའི། །ཞབས་ཕྲ་ལྟོ་ཆེ་མགྲིན་རིང་མཆུ་ཕྲ་ཉི་ཤུ་དྲུག །དྲི་ཞིམ་དཀར་རྩིས་བྱུགས་ཤིང་ ནག་ནོག་ར་རི་མེད། །པདྨའི་ལྟེ་བར་རང་རང་མཚན་མ་རྣམས་ཀྱིས་མཚན། །རས་དཀར་ཟུང་རེས་བུམ་པའི་མགུལ་དུ་བཅིང་བར་བྱ། །ཆུ་ནི་འོ་མ་བསྲེས་པ་ཆང་དང་བཅས་པ་དང་། །རིན་ཆེན་རྣམ་པ་ལྔ་གཞུག་ཅིང་། །བུམ་པ་ཀུན་ནས་འབྲུ་ལྔ་དང་། །སྨན་དང་བདུད་རྩི་ཤ་ལྔར་བཅས། །རྣམ་པར་ རྒྱལ་བའི་ནང་བཅུག་སྟེ། །ཨ་མྲའི་ལྕུག་མས་དགབ་པར་བྱ། །བགེགས་བསྐྲད་བུམ་པ་བྱིན་བརླབས་ནས། །དེ་རྗེས་སློབ་དཔོན་བློ་ཆེན་གྱིས། །སངས་རྒྱས་ཐོད་པའི་སྦྱོར་དང་ལྡན། །བུམ་པའི་ནང་དུ་བསྒོམ་བྱ་བ། །པདྨའི་སྟེང་དུ་ཉི་མ་སྟེ། །དེ་སྟེང་རོ་ཡིས་ཡང་དག་མནན། ། དེ་སྟེང་ཡེ་ཤེས་ལྔ་ལས་བྱུང་། །གཙོ་བོ་ཡབ་ཡུམ་བསྒོམ་པར་བྱ། །དེ་ནས་བུམ་པ་གཞན་དག་ཏུ། །ཡུད་ཙམ་གྱིས་ནི་ལྷ་མོ་རྣམས། །རབ་ཏུ་གསལ་བར་བསྐྱེད་པར་བྱ། །ལས་ཀུན་བྱེད་པའི་བུམ་པ་ལ། །སྣ་ཚོགས་རྡོ་རྗེས་མཚན་བྱས་ནས། །ཆོ་ག་གསུམ་གྱིས་བདུད་རྩི་ འཁྱིལ། །བསྐྱེད་པའི་ཆོ་ག་རྫོགས་པར་བྱ། །དཀྱིལ་འཁོར་ཚུལ་དུ་བཀོད་བྱས་ལ། །གོ་ཆ་བགོས་དང་གནས་གསུམ་བརླབ། །དགུག་སོགས་དབང་བསྐུར་ལེགས་ཟིན་ནས། །ཐོད་པའི་མཆོད་ཡོན་སྔོན་འགྲོ་བས། །སྤོས་སོགས་ལྷ་བཤོས་དག་གི་བར། །ལྷ་ཡི་གྲངས་ དང་མཉམ་པར་དབུལ། །ནང་དང་གསང་བར་བཅས་པས་ཀྱང་། །བུམ་པའི་ལྷ་རྣམས་མཉེས་པར་བྱ། །དེ་བཞིན་སྔར་གསུངས་ལྷ་ཚོགས་ལའང་། །མཆོད་པའི་ཆོ་ག་རབ་ཏུ་བྱ། །དེ་འོག་བཟླས་པ་དབུལ་བྱ་བ། །རྣམ་པར་རྒྱལ་བའི་བུམ་པ་ལ། སྙིང་པོ་དག་གིས་མཉེས་པར་བྱ། ། 26-1-233b དེ་ལས་གཞན་པ་རྣམས་ལ་ནི། །ཉི་མའི་སྙིང་པོ་རབ་ཏུ་སྦྱར། །ལས་ཀུན་བྱེད་པ་རང་སྔགས་སོ། །གསོལ་གདབ་གཞན་དང་མཚུངས་པར་བྱ། །དེ་ལྟར་ཆོ་གའི་ཚུལ་དག་ནི། །བུམ་པ་ལྷག་པར་གནས་པའོ། །དེ་ནས་སློབ་མའི་གཙོ་བོ་སོགས། །ལྷག་གནས་མཆོད་པར་བྱ་བའི་ཕྱིར། ། སྔར་བཤད་མཚན་ཉིད་དང་ལྡན་ཚོགས། །ལུས་གཙང་གོས་གཙང་གྱོན་པ་དང་། །མེ་ཏོག་སྙིམ་པ་རབ་བཀང་ནས། །མཛེས་པའི་མཎྜལ་ཕུལ་རྗེས་སུ། །འདོད་པའི་གསོལ་གདབ་གུས་པར་བརྗོད། །དགའ་ཆེན་ཁྱོད་བདག་སྟོན་པ་པོ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། ། བྱང་ཆུབ་སེམས་དཔའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་ མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །དེ་ལྟར་གསོལ་འདེབས་སློབ་མ་རྣམས། །རང་སྙིང་འོད་ཀྱིས་བུར་བྱས་ལ། །ཚིག་ནི་འདི་སྐད་བསྒྲག་པར་བྱ། །བུ་ཚུར་ཐེག་པ་ཆེན་པོ་ལ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་པའི་ཆོ་ག་ནི། །ཁྱོད་ལ་ཡང་དག་ བཤད་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་པ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་ཀུན། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོ་བྱང་ཆུབ་ཤིང་དྲུང་དུ། ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྤྱོད་པ་མཉམ་མེད་དེ། །སྐྱོབ་པ་དཔལ་ལྡན་ཧེ་རུ་ཀས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །གོང་ནས་གོང་གི་སྡོམ་པ་ ནི། །བུ་ཁྱོད་ཀྱིས་ནི་བསྲུང་བྱ་སྟེ། །གྲོལ་བའི་རྒྱུ་ནི་དེ་ལས་གཞན། །ཐབས་ནི་གང་ཡང་ཡོད་མ་ཡིན། །མཁའ་འགྲོའི་ཡན་ལག་ལས་བྱུང་བའི། །བཤགས་པ་ལ་སོགས་སློབ་མ་ལ། །བྱང་ཆུབ་ཐོབ་པའི་དོན་གྱི་ཕྱིར། །ཆོ་ག་ཐམས་ཅད་ཚོགས་པར་སྤྱད། །བདག་གིས་སྡིག་ 26-1-234a པ་བགྱིས་པ་དང་། །བགྱིད་དུ་སྩལ་དང་ཡི་རང་དང་། །སངས་རྒྱས་སྤྱན་སྔར་མཆིས་ནས་ནི། །མ་ལུས་སོ་སོར་བཤགས་པར་བགྱི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱི། །བསྒོམ་དང་བཟླས་བརྗོད་བསོད་ནམས་ རྣམས། །ཚོགས་དག་ལ་ནི་ཡི་རང་ངོ་། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །སངས་རྒྱས་ཐོད་པ་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །ཀུན་ལ་རྟག་ཏུ་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་ དཔའི་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །དཔལ་ལྡན་ཁྲག་འཐུང་དཔའ་བོ་དང་། །རྣལ་འབྱོར་མ་དང་སྣང་མཛད་སོགས། །བྱང་ཆུབ་སེམས་དཔའ་དཔག་མེད་སོགས། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །ཆེ་གེ་དུས་འདི་ ནས་བཟུང་ནས། །ཇི་སྲིད་གཉིས་མེད་ལ་གནས་པར། །དེ་ཡི་ཚངས་སྤྱོད་གཉིས་མེད་པ། །བྱང་ཆུབ་མཆོག་སེམས་བསྐྱེད་པར་བགྱི། །བདག་གི་དགེ་བའི་ལས་རྣམས་ཀྱིས། །སངས་རྒྱས་མྱུར་དུ་བསྒྲུབ་བྱས་ཏེ། །སེམས་ཅན་འཁོར་བའི་རྒྱ་མཚོ་ལས། །བླ་མེད་གནས་སུ་བསྒྲལ་ བར་བགྱི། །ཡུད་ཙམ་སློབ་མ་ལྷར་བྱས་ནས། །གནས་གསུམ་ཐིག་ལེ་བཀོད་པའི་སར། །རྡོ་རྗེས་མཚན་པའི་འབྲུ་གསུམ་བསྒོམ། །སྐུ་གསུང་ཐུགས་ཀྱི་མཚན་མར་གྱུར། །དེ་དཀྱིལ་འབྲུ་གསུམ་ནུས་མཆོག་གིས། །བཀུག་བསྟིམ་ལྷ་རུ་གསལ་བྱས་ལ། །སྤྱི་བོར་མེ་ཏོག་ མདུན་དུ་སྤོས། །དྲི་དང་མར་མེ་སྙིང་གར་ཏེ། །ལྷ་བཤོས་ཞལ་དུ་སྙན་ལ་སྒྲའོ། །ཨུ་དུམྦཱ་ར་ཨ་ཤྭད་སོགས། །སོར་བཅུ་གཉིས་ཀྱི་ཚད་ཙམ་ལ། །སྐྱོན་བྲལ་མེ་ཏོག་རྩེར་བཅིངས་སྦྱིན། །ཤར་རམ་བྱང་དུ་ཁ་བལྟས་ཏེ། །མི་སྨྲ་བར་ནི་སོ་ཤིང་བཅའ། །བ་ཀོ་ཙམ་ལྕི་ བྱུགས་པའི་སར། །སོ་ཤིང་མདུན་ནི་དྲང་པོར་དོར། དེ་ཚེ་རང་ལ་བལྟ་བ་དང་། །རྩེ་མོ་གྱེན་དུ་འགྲེང་གྱུར་ན། །དངོས་གྲུབ་མཆོག་ཏུ་དེ་བཤད་དོ། །མཚམས་དང་བྱང་དུ་བལྟས་པ་ན། །འཇིག་རྟེན་པ་ཡི་དངོས་གྲུབ་ཐོབ། །དེ་བཞིན་གཞན་དུ་ཁ་བལྟས་ན། །དངོས་གྲུབ་འབྲིང་པོ་ 26-1-234b ཉིད་དུ་འགྱུར། །སོ་ཤིང་བོར་བ་བརྒྱ་ཞིག་ལ། །གལ་ཏེ་ཐུར་དུ་ཁ་བལྟས་ན། །དེ་ནི་ངེས་པར་ས་འོག་གི། །དངོས་གྲུབ་དག་ལ་ཐེ་ཚོམ་མེད། །ཨོཾ་ཧྲཱིཿ་ལ་སོགས་གསང་སྔགས་ཀྱིས། །སྐྱོར་མོ་བསྡམས་པའི་ཆུ་བླུད་བྱ། །འཇིག་རྟེན་དུ་ནི་ཀུན་མཁྱེན་ཀྱང་། །ཨུ་དུམྦཱའ་རི་མེ་ཏོག་ལྟར། ། བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འདི་ནི། །དེ་བས་ཀྱང་ནི་རྙེད་དཀའ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་ན་མེད་པར་བྱེད་ནུས་པ། །གཉིས་མེད་ཟབ་མོའི་སྤྱོད་ཚུལ་འདིས། །སེམས་ཅན་སངས་ རྒྱས་ཐོབ་བྱེད་པའོ། །དང་པོ་བསྐལ་པ་གྲངས་མེད་ནས། །བསགས་པའི་སྡིག་པ་གང་དང་གང་། །དེ་ཀུན་ཟད་པར་འགྱུར་བ་ནི། །ཟབ་མོའི་དཀྱིལ་འཁོར་མཐོང་བས་སོ། །དེ་རྗེས་འབྲུ་གསུམ་སྔགས་མཆོག་གིས། །ཀུ་ཤ་བྱིན་གྱིས་བརླབ་བྱས་ཏེ། །སྔས་དང་སྟན་དུ་ གདིང་བར་བྱ། །གཙོ་བོའི་སྙིང་པོ་རབ་བཟླས་པའི། །སྲད་བུ་དམར་ལ་མདུད་པ་གསུམ། །བྱ་སྟེ་དཔུང་པ་གཡོན་པར་བཅིང་། །སེང་གེའི་ཉལ་སྟངས་བསྟན་བྱས་ཏེ། །ཀུ་ཤའི་སྟན་ལ་ཁྱོད་ཉོལ་ལ། །ནང་པར་བཞིན་བཟངས་རྣམས་ལོངས་ཤིག །སང་གི་ནང་པར་ཁྱོད་རྣམས་ ཀྱིས། །དཔལ་ལྡན་སངས་རྒྱས་ཐོད་པ་ཡི། །གྲོང་ཁྱེར་ཆེན་པོ་མཐོང་ཞེས་བརྗོད། །དེ་ནས་རང་སྙིང་ས་བོན་ལས། །སྔགས་ཞུགས་མདུན་དུ་ལྷ་རྣམས་སྤྲུལ། །ཕྱི་ནང་བདག་ཉིད་ཅན་གྱིས་ཀྱང་། །དཔལ་ལྡན་ཁྲག་འཐུང་ལ་སོགས་པའི། །འཁོར་ལོ་རྣམས་ནི་རབ་ཏུ་མཆོད། །འབྱུང་པོ་ རྣམས་ཀྱང་མགུ་བར་བྱ། །ནང་པར་གྱི་ནི་དུས་དག་ཏུ། །རྨི་ལམ་མཚན་མ་དྲི་བར་བྱ། །དེས་ཀྱང་མཚན་མ་གང་མཐོང་རྣམས། །འཛེམ་པ་མེད་པར་སྨྲ་བར་བྱ། །གལ་ཏེ་བཟང་ན་དངོས་གྲུབ་བསྟེན། །ངན་ན་བགེགས་རྣམས་བཟློག་པར་བྱ། །སློབ་མ་ལྷག་གནས་ཆོ་གའོ། །དེ་ལྟར་ ལྷག་པར་གནས་བྱས་ནས། །ཤེས་རབ་ཅན་གྱིས་ནང་པར་དུ། །ཐིག་དག་གདབ་པར་བྱ་བའི་ཕྱིར། །སློབ་དཔོན་མཚན་ཉིད་སྔར་གསུངས་པས། །ཐོད་པ་ལས་བྱས་སྤྱི་བོར་འཆང་། །ཡན་ལག་ཐལ་བས་རྣམ་པར་བྱུགས། །ལུས་ལ་ཕྱག་རྒྱ་དྲུག་ལ་སོགས། །ཁ་ཊྭཱཾ་ག་ནི་ལག་ན་ཐོགས། ། 26-1-235a བརྒྱ་ཕྱེད་ཕྲེང་བས་རྣམ་པར་བརྒྱན། །ཧེ་རུ་ཀ་དཔལ་རང་བྱས་ཏེ། །འཁོར་ལ་བལྟས་པས་སྙིང་གར་དགོད། །བདག་ཉིད་གསལ་བར་གོ་གྱོན་ཅིང་། །སྔགས་དང་ཕྱག་རྒྱས་བརྒྱན་ནས་ནི། །དངོས་གྲུབ་མཆོག་ནི་སྩོལ་བ་ཡི། །དཀྱིལ་འཁོར་འཇིགས་པ་བྲི་བར་བྱ། ག་མི་ཏ་ཀ་ལ་སོགས་པས། །ན་ར་རུ་དྷི་རས་སྤངས་པས། །ཤེས་རབ་དཀྱིལ་འཁོར་ཉིས་འགྱུར་སོགས། །ཚད་ལྡན་སྲད་བུ་བཀལ་བྱས་ནས། །ཁྲག་འཐུང་གྲོང་ཁྱེར་ཉམས་དགའ་བ། །ཇི་སྲིད་མཐོ་ལྔ་ནས་བརྩམས་ནས། །བཅུ་གཉིས་བཅུ་དྲུག་མཐར་ཐུག་པར། །རྣལ་འབྱོར་ དབང་ཕྱུག་དམ་པ་ཡི། །ཤེས་རབ་ཅན་གྱིས་ཐིག་གདབ་སྟེ། །སྲད་བུ་ཁ་དོག་སྣ་ལྔ་རུ། །རྣམ་པར་ཕྱེ་སྟེ་བཙོས་ནས་ནི། །ཐོད་པའི་སྣོད་གཞག་དག་མོས་པས། །ས་བོན་ལས་བྱུང་རིགས་ལྔར་བསྐྱེད། །དཔལ་ལྡན་ཁྲག་འཐུང་ལ་སོགས་ཀུན། །སྤྱན་དྲངས་ནས་ནི་དེ་རུ་གཞུག །སངས་ རྒྱས་ཀུན་གྱི་མཁའ་འགྲོ་མ། །གཙོ་བོའི་སྔགས་དང་གཉིས་མེད་པས། །པདྨའི་སྣོད་ལ་ལེགས་གཞག་ཅིང་། །རང་བྱུང་མེ་ཏོག་དག་གིས་མཆོད། །ཡེ་ཤེས་སྐུ་བསྐྱེད་བྱས་ནས་སུ། །མཁས་པས་ཐིག་ནི་གདབ་བྱ་བ། །སྔོན་ཆད་ཆོ་ག་མཐོང་བ་ཡིས། །ཡེ་ཤེས་ཐིག་སྐུད་ གདབ་བྱའི་ཕྱིར། །བླ་མས་ཁུ་ཚུར་གྱིས་བཟུང་ཞིང་། །གཅིག་ནི་མཐའ་རུ་ཤི་ཥ་ཡིས། །དབུགས་འབྱིན་འགྲོ་བར་བསམས་ནས་སུ། །ཐིག་གཉིས་དག་ནི་ལེགས་པར་བསྒྲིལ། །གཉིས་སུ་མེད་པའི་གསང་སྔགས་ཀྱིས། །བསྒྲིལ་ནས་ཐིག་ནི་དེར་བྱའོ། །ཛྫ་ཛྫ་ཞེས་པས་ ལེགས་བཏང་ཞིང་། །བློ་ལྡན་རྒྱབ་ནས་འགྲེང་བར་བྱ། །དང་པོ་བྱང་དང་ལྷོ་ཡི་ནི། །སྒོ་དབུས་ཇི་བཞིན་གནས་ནས་སུ། །ལྷོ་རུ་མངོན་པར་ཕྱོགས་ནས་སུ། །དེ་བཞིན་ནམ་མཁའི་ཐིག་གདབ་བོ། །ནུབ་དང་ཤར་ནས་གཉིས་པ་གདབ། །ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ། དེ་རྗེས་ གཡོན་པའི་ཁུ་ཚུར་གྱིས། །ལྟེ་བའི་ཕྱོགས་སུ་བཟུང་ནས་ཀྱང་། །ཤར་དུ་བལྟས་ནས་འགྲོ་མགོན་གྱིས། །ས་ལ་ཚངས་པའི་ཐིག་གཉིས་གདབ། །ཐིག་སྐུད་དག་ནི་འདེབས་པའི་ཚེ། །འཇིག་རྟེན་ཁམས་ནི་མ་ལུས་པའི། །སངས་རྒྱས་ལ་སོགས་འགྲོ་བའི་དོན། །ཁྱེད་ཀྱི་ 26-1-235b དུས་ནི་ཡིན་ཞེས་བསྐུལ། །བླ་མ་ཉིད་དམ་གྲོགས་མཆོག་གིས། །གཡོན་ནས་བསྐོར་བ་ཤིན་ཏུ་བརྩོན། །རླུང་དང་དབང་ལྡན་ཕྱོགས་གནས་དང་། །མེ་དང་བདེན་བྲལ་ཁར་གནས་ཏེ། །བླ་མས་མཚམས་སུ་ཐིག་གཉིས་གདབ། །བྱང་ནས་མངོན་པར་བལྟས་ནས་ནི། །བདེན་བྲལ་དུ་ནི་སྲད་བུ་སྤྲིང་། ། མེ་ཡི་ཕྱོགས་སུ་གནས་པ་དང་། །དབང་ལྡན་ཕྱོགས་སུ་གནས་པ་ཡིས། །ཤར་གྱི་ཐིག་ནི་གང་ཡིན་པ། །བརྟུལ་ཞུགས་ཅན་གྱིས་ཆོ་གས་གདབ། །ཕྱོགས་སྐོར་ལ་སོགས་དབྱེ་ཤེས་པས། །ཀུན་གྱི་ཐིག་ནི་ཐམས་ཅད་ཀྱང་། །བླ་མའི་མན་ངག་རིམ་ཐོབ་པས། །བླ་མ་མཁས་པས་ཐིག་ གདབ་བོ། བླ་མ་མེར་གནས་བདེན་བྲལ་དང་། །བླ་མ་རླུང་དང་དབང་ལྡན་དུ། །གནས་བྱས་ལྷོ་བྱང་ཐིག་གདབ་བོ། །ར་བ་མེ་རི་བོར་བྱས་པའི། །ཆ་ལྡན་བཅུ་དྲུག་རབ་དབྱེ་བྱ། །དང་པོ་དྲུག་ནི་ནང་དོར་ནས། །གཉིས་གསུམ་བདུན་པ་བཞི་བཞིར་དབྱེ། །བཞི་པ་དེ་བཞིན་ལྔ་དང་བརྒྱད། ། དབུས་མ་དོར་བའི་ཆོ་ག་བྱ། །གཙོ་བོའི་ཕོ་བྲང་ཆ་ཆེན་གཅིག །ལྟེ་བ་ཟེའུ་འབྲུ་ལྡན་པར་གདབ། །པདྨ་རིམ་གསུམ་འདབ་མ་བརྒྱད། །ཆ་ཆེན་གསུམ་གྱི་ས་ཡིན་ཏེ། །ཆ་ཕྲན་གསུམ་གསུམ་པདྨ་སྟེ། །ཆ་ཕྲེང་རེ་རེ་རྡོ་རྗེའི་ཕྲེང་། །སྒོ་ནི་འཁོར་ལོའི་བརྒྱད་ཆ་སྟེ། །ཁྱམས་ནི་དེ་ཡི་ཕྱེད་ དུ་བྱ། །སྒོ་ཁྱུད་དག་ནི་སྒོ་ཡི་ཚད། །ཚོན་སྣ་ལྔ་ཡང་དེ་ཡི་ཕྱེད། །རིན་ཆེན་ཕ་གུ་ཚོན་གྱི་ཚད། །ཉིས་འགྱུར་དྲ་བ་དྲ་ཕྱེད་ཡིན། །སྒོ་ཡི་སུམ་འགྱུར་རྟ་བབས་ཏེ། །བ་དན་དྲིལ་བུ་འོད་ཟེར་གྱིས། །བརྒྱན་པར་ཐམས་ཅད་ཐིག་གདབ་ཅིང་། །གདུགས་དང་འཁོར་ལོ་རི་དགས་བཅས། ། ཕྱོགས་སུ་རྡོ་རྗེ་རྒྱ་གྲམ་མཛེས། །ཕྱི་རྒྱ་ར་བ་མེ་རི་སྟེ། །བརྒྱད་དུ་མ་གཏོགས་ཆ་ཆེན་གཅིག །རིམ་གཉིས་ཐིག་ནི་གདབ་པར་བྱ། །དང་པོ་དཀར་རྩི་ཐིག་སོགས་ལས། །རིམ་བཞིན་ཐིག་གདབ་ངེས་པར་བྱ། །དེ་སྟེང་ཡེ་ཤེས་ཐིག་བཏབ་པས། ཀུན་ནས་ཡོངས་སུ་བརྐྱང་བར་ བྱ། །རྡུལ་ཚོན་སྔོན་པོ་རོ་བསྲེགས་པའི། །སོལ་བ་ནག་པོས་བྱ་བ་ཡིན། །རྡུལ་ཚོན་དམར་པོ་དུར་ཁྲོད་ཀྱི། །སོ་ཕག་ལས་ནི་བྱ་བར་བཤད། །དེ་བཞིན་རྡུལ་ཚོན་ལྗང་གུ་ནི། །ནིམ་པའི་འདབ་མ་དག་ལས་སོ། །རྡུལ་ཚོན་དཀར་པོའི་རྒྱུ་དག་ནི། །མི་རུས་ཕྱེ་མ་དག་ལས་སོ། །རྡུལ་ཚོན་ 26-1-236a སེར་པོའི་རྒྱུ་དག་ནི། །ཡུང་བའི་ཕྱེ་མ་དག་ལས་བྱའོ། །དེ་ལྟར་རྡུལ་ཚོན་ལྔ་རྣམས་ཀྱིས། །མཁས་པས་དཀྱིལ་འཁོར་བྲི་བར་བྱ། །དེ་ལྟར་དུར་ཁྲོད་ས་རྣམས་ནི། །དབང་ཕྱུག་ཆེན་པོའི་རྒྱན་ཡིན་ཕྱིར། །ལྔ་པོ་ལྔར་ནི་རབ་སྤྲུལ་བྱ། །ཡེ་ཤེས་ཐིག་གི་ཆོ་ག་བཞིན། །བསྐྱེད་ པའི་ལྷ་སོགས་རྒྱས་པར་བྱ། །སེམས་དག་ནང་པར་ལངས་ནས་ནི། །དཀྱིལ་འཁོར་ལས་ནི་རབ་ཏུ་བརྩམ། །འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་རབ་གྲོལ་བྱེད། །སངས་རྒྱས་ཐོད་པ་རྒྱལ་ཆེན་པོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་མ་ལུས་ རབ་ཞི་བའི། །ཚོན་ཀྱི་ལས་ལ་ཡང་དག་འཇུག །སློབ་དཔོན་གྱིས་ནི་དང་པོར་ནི། །གཡོན་པའི་ཁུ་ཚུར་སར་གཞག་སྟེ། །དབང་ལྡན་མཚམས་ནས་བརྩམས་ནས་སུ། །རི་མོ་ལྔ་པ་རྒྱབ་ཏུ་བྲི། །ཚོན་དང་འདྲི་བའི་ལས་བྱེད་པ། །དམ་ཚིག་སྡོམ་པ་ལྡན་པར་སྦྱིན། །མཐེའུ་ཆུང་དང་མཐེ་ བོའི་དཔངས། །དྲངས་ཏེ་མཐོ་བར་ཡང་དག་བྲི། །གཡས་སུ་བསྐོར་ཞིང་རྒྱུན་མི་བཅད། །སྔོ་ཞིང་དཀར་བ་སེར་བ་དང་། །པདྨ་རཱ་ག་མརྒད་བཞིན། །རབ་ཏུ་བསྒྲིམས་ཏེ་བྲི་བར་བྱ། །ཕྱི་ནས་ཀུན་དུ་སློབ་མས་སོ། །གལ་ཏེ་རི་མོ་མི་མཉམ་ཞིང་། །ཡོ་ཞིང་དམའ་དང་ཆད་པ་ཡང་། ། རི་མོ་དམའ་བས་མི་འགྲུབ་ཅིང་། །ཡོན་པོས་གདུང་བ་སྐྱེད་པར་བྱེད། །ཆད་པས་སློབ་དཔོན་སློབ་མ་དག །གཉིས་ཀ་འཆི་བར་ཤེས་པར་བྱ། །དེ་ཕྱིར་མཚན་ལྡན་རི་མོ་ནི། །མཚན་ཉིད་ཀུན་གྱིས་ལེགས་པར་མཚན། །ཕོ་བྲང་རིམ་གསུམ་ཟླུམ་པོ་ལ། །རྡོ་རྗེ་གསུམ་གྱིས་ཡོངས་སུ་ བསྐོར། །ཕྱི་རོལ་གྲུ་བཞི་ལྷམ་པ་ལ། །སྒོ་བཞིར་རྟ་བབས་རྣམས་ཀྱིས་བརྒྱན། །བ་དན་རྣམ་པ་བཞི་ཡིས་བརྒྱན། །དྲ་བ་དྲ་བ་ཕྱེད་པས་སྤྲས། །ཕྱི་རོལ་ཁ་ཁྱེར་དག་པ་དང་། །རིན་ཆེན་ཕ་གུར་ཡང་དག་ལྡན། །པདྨ་ཉི་ཤུ་རྩ་ལྔ་ཡི། །གདན་རྣམས་ཀྱིས་ནི་ཤིན་ཏུ་མཛེས། དེ་ ལ་རིམ་པ་དང་པོ་ནི། །འདབ་བརྒྱད་སྣ་ཚོགས་ལྟེ་བར་བཅས། །པདྨའི་ལྟེ་བ་སྔོན་པོ་བྲི། །དཀར་སེར་དམར་ཞིང་གནག་པ་སྟེ། །ཤར་དང་བྱང་ཕྱོགས་ཕྱོགས་ཀྱི་རྡུལ། །མཚམས་བཞིར་མཛེས་པའི་ཁ་དོག་ཅན། །བདུད་རྩིས་གང་བའི་ཐོད་པས་མཛེས། །རྡོ་རྗེ་ཕྲེང་བ་ 26-1-236b སྔོན་པོས་བརྒྱན། །དེ་འོག་རིམ་པ་གཉིས་པ་ནི། །འཁོར་ལོ་རྩིབས་བརྒྱད་དམར་པོ་ལ། །རྩིབས་མཆན་ལྗང་གུས་ཡང་དག་བྲི། །པདྨ་དམར་པོའི་ཕྲེང་བས་བརྒྱན། །རིམ་གསུམ་པ་ཡི་འཁོར་ལོ་ནི། །རྩིབས་བརྒྱད་ཁ་དོག་དཀར་པོ་ལ། །རྩིབས་མཆན་ཁ་དོག་ནག་པོ་བྲི། །དེ་ཡང་རྡོ་རྗེ་ར་བས་ བརྒྱན། །དཀར་བའི་ཚོན་གྱིས་ལེགས་པའོ། །སྒོ་བཞིར་རིགས་ཀྱི་རིམ་ཇི་བཞིན། །སྒོ་མ་བཞི་ནི་ངེས་པར་གནས། །ཕོ་བྲང་དབུས་ཀྱི་ལྟེ་བ་ལ། །རོ་སྟེང་རྡོ་རྗེ་ནག་པོ་དང་། །གྲི་གུག་དམར་པོ་ལེགས་པར་དགོད། །པད་འདབ་འཁོར་ལོ་རྣམས་ཀྱི་སྟེང་། །ཉི་མའི་དཀྱིལ་འཁོར་ལ་གནས་ པའི། །གྲི་གུག་ལྷ་མོའི་མདོག་བཞིན་བྲི། །སྒོ་བཞི་རྣམས་སུའང་དེ་བཞིན་ནོ། །དེ་དག་ཚོན་གྱི་ཆོ་གའོ། །དེ་ལྟར་ཡིད་འོང་སྣ་ཚོགས་པའི། །ལྷ་རྣམས་གཞལ་ཡས་ཁང་མཛེས་པ། །དེ་སྐད་གསུངས་པ་རྫོགས་པར་བྱ། །སྣ་ཚོགས་གོས་དང་རྒྱལ་མཚན་དང་། །བླ་རེ་ལ་སོགས་བྲེ་བ་དང་། ། སྤོས་དང་མེ་ཏོག་ལ་སོགས་པའི། །མཆོད་པའི་རྒྱན་གྱིས་རྣམ་པར་བརྒྱན། །རྒྱན་ཆ་ཆེ་ལྡན་བླ་མ་ཡིས། །རང་གི་རྣལ་འབྱོར་རྫོགས་བྱས་ལ། །བདེ་བ་ཆེན་པོ་སྟེར་བྱེད་པའི། །ཁྲག་འཐུང་རྒྱལ་པོའི་དཀྱིལ་འཁོར་མཆོག །རྡུལ་ཚོན་བྲིས་པའི་ཁང་པ་ལ། །མཚན་ཉིད་ལྡན་པ་བསྐྱེད་པར་བྱ། ། པདྨ་ཉི་མ་ཉི་ཤུ་ལྔ། །གདན་རྣམས་ཤིན་ཏུ་མཛེས་པ་ལ། །དེ་ཡི་དབུས་ཆུད་ས་བོན་ནི། །ཡི་གེ་ཧཱུཾ་གི་རང་བཞིན་སྔོ། །སྐད་ཅིག་ཙམ་གྱིས་ཧེ་རུ་ཀ། །སྐུ་མདོག་སྔོན་པོ་གྲགས་ཆེན་པོ། །གཡས་ན་གྲི་གུག་ཅང་ཏེའུ་འཛིན། །གཡོན་ན་ཐོད་པ་ཁ་ཊྭཱཾ་ག །སྐྱིལ་ཀྲུང་ཕྱེད་པའི་འཇིགས་ཆེན་པོ། །ཞལ་ གྱི་མཆེ་བ་ཅུང་ཟད་གཙིགས། །རལ་པའི་ཅོད་པན་གྱིས་བརྒྱན་ཞིང་། །སངས་རྒྱས་ཐོད་པའི་ཅོད་པན་ཅན། །དབུ་ལ་སྣ་ཚོགས་རྡོ་རྗེས་མཚན། །ཟླ་བ་ཕྱེད་པ་འཛིན་པའི་ལྷ། །སྐུ་ལ་ཐལ་བའི་རྡུལ་གྱིས་བྱུགས། །དཔའ་བོ་ཕྱག་བཞི་ཕྱག་མཚན་འཆང་། །ཤིན་ཏུ་ཧཱུཾ་སྒྲོགས་འཇིགས་བྱེད་ པ། །གར་གྱི་སྟབས་ཀྱིས་རྣམ་པར་བཞུགས། །མགོ་བོ་རློན་པའི་ཕྲེང་བ་ཅན། །མཆོད་ཕྱིར་ཐོགས་པའི་ཕྲེང་བ་འཆང་། །ཐོད་པ་གཏི་མུག་རྣམ་དག་པའི། །ཕྲེང་བ་བརྒྱུས་པས་བརྒྱན་པའི་ལྷ། །མགུལ་དོ་དང་ནི་འཁོར་ལོ་དང་། །རྐང་གདུབ་དང་ནི་དཔུང་རྒྱན་དང་། །གདུ་བུ་རྐེད་པའི་སྐེ་ 26-1-237a རགས་དང་། །དཔའ་བོ་རྣ་ཆ་མཆོག་གིས་བརྒྱན། །འདི་འདྲའི་གཟུགས་ཅན་གཙོ་བོ་ནི། །ཧཱུཾ་ཞེས་བཟླས་པ་བྱེད་པར་བསྒོམ། །དེ་ལས་བྱུང་བའི་རྣལ་འབྱོར་མ། །ཉི་ཤུ་རྩ་བཞིའི་བདག་ཉིད་རྣམས། །སྐུ་མདོག་སྣ་ཚོགས་གྲགས་ཆེན་མོ། །ཤིན་ཏུ་འཇིགས་པའི་གཟུགས་ ཅན་མ། །ཞལ་གཅིག་ཕྱག་ནི་ཐོད་པ་འཆང་། །གཡས་པ་ན་ནི་གྲི་གུག་འཛིན། །སོ་སོ་ཡི་ནི་མིང་ཇི་བཞིན། །རབ་ཏུ་གསལ་བར་བཤད་པར་བྱ། །རིམ་པ་དང་པོའི་ཕྱོགས་བཞི་ནི། །ཕྲེང་བཟངས་མ་དང་འདོད་ཅན་མ། །འཇིགས་མ་དང་ནི་ཐུབ་དཀའ་མ། །མཚམས་སུ་ཐོད་པས་ཡང་དག་ བརྒྱན། །རིམ་གཉིས་གསུང་གི་འཁོར་ལོ་ལ། །བདེ་བའི་སྐེ་རགས་ཅན་དང་ནི། །གཟུགས་ཅན་འབྱུང་གནས་རྣམ་རྒྱལ་མ། །ཤར་སོགས་ཕྱོགས་བཞིར་གཡོན་རིམ་གནས། །ཐོད་ཅན་མ་དང་མཚོན་ཆེན་མ། །རྒྱུད་བྱེད་མ་དང་གསོད་བྱེད་མ། །དབང་ལྡན་མཚམས་སོགས་གཡས་ རིམ་བཞུགས། །རིམ་གསུམ་སྐུ་ཡི་འཁོར་ལོ་ལ། །སྒྲོལ་བྱེད་མ་དང་འཇིགས་མ་དང་། །ལྷ་མོ་མི་ཕམ་མ་བཞི་ནི། །ཤར་ཕྱོགས་ལུགས་འཇུག་ཕྱོགས་བཞིར་རོ། །དགེ་མ་འཛུར་བྱེད་མ་དང་ནི། །དུས་མཚན་མ་དང་གྲགས་ཆེན་མ། །དབང་ལྡན་མཚམས་སོགས་ལུགས་ལས་ བཟློག །མཛེས་སྡུག་མ་དང་ནོར་འཛིན་མ། །སྐལ་བཟངས་མ་དང་གྲགས་མཐོང་མ། །ཤར་སོགས་སྒོ་བཞིར་ཡང་དག་གནས། །འདི་ལྟ་བུ་ཡི་དཀྱིལ་འཁོར་མཆོག །ཁ་དོག་རྣམ་པ་ལྔ་ཡིས་བརྒྱན། །དེ་ཡི་དབུས་གནས་ལྷ་མོ་ནི། །ཧེ་རུ་ཀ་ལ་བདེ་སྟེར་མ། །སྐྱིལ་ཀྲུང་ ཕྱེད་པའི་གར་བྱེད་མ། །མི་ཡི་རུས་པའི་ཕྲེང་བས་བརྒྱན། །ལྷ་མོ་འོད་ཟེར་དཔག་དཀའ་ཞིང་། །སྐྲ་སེར་གྱེན་དུ་འབར་བ་སྟེ། །ཧཱུཾ་གི་བདག་ཉིད་ལས་སྐྱེས་འཇིགས། །ཞལ་ནས་ཁྲག་ནི་འཐོར་བྱེད་མ། །དཀར་མོ་ནག་མོ་ལྗང་ཁུ་མ། །ཐམས་ཅད་ཁུ་བ་ལྡན་གྱུར་མའོ། །ལྷ་ ཡི་དཀྱིལ་འཁོར་བསྐྱེད་པ་ནི། །ཉི་ཤུ་རྩ་ལྔའི་བདག་ཉིད་གསུངས། །མདོག་དང་ཕྱག་མཚན་ཆ་ལུགས་ལྡན། །སྒྲུབ་པའི་ཐབས་བཞིན་བསྒོམ་པར་བྱ། །སྔར་གསུངས་སྟ་གོན་ལྷ་རྣམས་ནི། །སྙིང་ག་ཉིད་ནས་རབ་སྤྲུལ་ནས། །དཀྱིལ་འཁོར་ལ་ནི་བྱིན་གྱིས་བརླབས། ། 26-1-237b ཡང་ནི་སྙིང་གའི་ས་བོན་གྱིས། །ཡེ་ཤེས་ལྷ་རྣམས་བཀུག་བྱས་ཏེ། །དཀྱིལ་འཁོར་ལྷ་རྣམས་བྱིན་གྱིས་བརླབས། །ཨོཾ་བུདྡྷ་ཀ་པཱ་ལི་ནི་ཨཿ། ཁཾ་གྲཾ་དྲཱུཾ་ཤཱུཾ། ཨཿཨཿ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ། རྩ་ཡི་འཁོར་ལོ་འཛག་ཚུལ་གྱིས། །དབང་བསྐུར་རྒྱས་གདབ་ཕུན་སུམ་ཚོགས། །མ་ལུས་པ་ནི་ འདིར་བྱའོ། །དེ་ནས་མེ་ཏོག་སྤོས་ལ་སོགས། །ལྷ་ཡི་གྲངས་དང་མཉམ་པར་དབུལ། །དེ་བཞིན་གོས་ནི་ཟུང་རེས་མཆོད། །རང་བྱུང་མེ་ཏོག་ལ་སོགས་པའི། །བདུད་རྩི་ལྔས་ཀྱང་དེ་བཞིན་མཆོད། །ཐོད་པ་བདུད་རྩི་ལྔས་བཀང་བ། །ཧེ་རུ་ཀ་ཡིས་བཏུང་བར་བྱ། །དེ་ཡིས་ འཐུངས་པ་ཙམ་གྱིས་ནི། །འགྲོ་བའི་བླ་མ་བདག་ཉིད་ཆེ། །གཙོ་བོ་ལས་གཞན་ཐ་དད་གཟུགས། །རྣལ་འབྱོར་མ་ཀུན་དེ་དང་འདྲ། །འདོད་པའི་ཡོན་ཏན་སྣ་ཚོགས་དང་། །ཚོགས་ཀྱི་སྦྱོར་བ་ཆེ་ལྡན་ཞིང་། །ནམ་མཁའ་ཅ་ཅོའི་སྒྲས་བཀང་ནས། །བཀྲ་ཤིས་གླུ་ཡིས་བསྟོད་བྱ་ཞིང་། ། བཟླས་པ་ཡིས་ཀྱང་མགུ་བར་བྱ། །ལྟོ་བའི་གནས་སུ་སྦྱིན་སྲེག་བྱ། །པདྨའི་འདབ་མ་བརྒྱད་ལྡན་དུ། །ཁྲག་འཐུང་མཁའ་འགྲོ་ཉི་ཤུ་ལྔ། །གེ་སར་པདྨའི་ལྟེ་བ་ལ། །བདག་ཉིད་ལྷ་ཡི་དངོས་བྱས་ནས། །སྦྱིན་སྲེག་ཆོ་ག་ལྡན་བྱས་ན། །སྒྲུབ་མི་དགོས་པར་དངོས་གྲུབ་འགྱུར། ། བཟའ་དང་བཅའ་བཏུང་མྱོང་བ་དང་། །བརྟུལ་ཞུགས་ཅན་གྱིས་ཅི་སྤྱོད་པ། །ཡེ་ཤེས་བདུད་རྩི་ལྔ་ཉིད་དུ། །བསྒྲུབས་ཏེ་ཐམས་ཅད་སྤྱད་པར་བྱ། །བདག་ཉིད་ལྷ་ནི་ལྷ་ཡི་མཆོག །བདག་ཉིད་ལྷ་ནི་ལྷ་དམ་པ། །རང་གི་གཟུགས་ལ་མ་ཆགས་པས། །གཟུགས་བརྙན་ལ་སོགས་བཞིན་དུ་ ཤེས། །བདག་ཉིད་སངས་རྒྱས་མ་ལུས་དང་། །མཁའ་འགྲོ་མ་ཀུན་གནས་ཡིན་ཏེ། །དེ་ཕྱིར་རྩོལ་བ་མ་ལུས་ཀྱིས། །བདག་ཉིད་ཧེ་རུ་ཀ་དཔལ་མཆོད། །བྲ་ཁུར་ལ་སོགས་བཟའ་བ་དང་། ། ཟན་དྲོན་ཤ་དང་ཉ་ཤ་དང་། །བདུད་རྩི་ལྔ་སོགས་ཅི་འབྱོར་པ། །ཐོད་པའི་ནང་དུ་ ལེགས་གཞག་སྟེ། །སྦྱང་སོགས་རིམ་གྱིས་བྱིན་བརླབས་ནས། །ཞིང་སྐྱོང་རྣམས་ལ་གཏོར་མ་སྦྱིན། །མཆོད་པའི་བྱ་བ་རྫོགས་གྱུར་ནས། །སློབ་མ་གཞུག་པའི་ཆོ་ག་ཡིས། །དང་པོ་ཉིད་དུ་སློབ་དཔོན་གཞུག །མཚན་ཉིད་ལྡན་པའི་སློབ་མའི་ཚོགས། །ཁྲུས་བྱས་མཛེས་ 26-1-238a པའི་གོས་གྱོན་ཏེ། །བུ་སྡུག་དེ་དག་རྣམས་ཀྱི་ནི། །གདོང་པ་དར་གྱིས་གཡོགས་བྱས་ནས། །གསོལ་བ་འདེབས་པ་སྔོན་དུ་འགྲོ། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །དཔའ་བོ་རྣལ་འབྱོར་མ་འཁོར་ལོ། །རྣལ་འབྱོར་གནས་ལ་ བདག་ཕྱག་འཚལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །དོན་དམ་སྨྲ་བའི་སེང་གེ་རྣལ་འབྱོར་ཞེས་བྱ་བ། །ཉོན་མོངས་གཅོད་པའི་དོན་ལ་ཤིན་ཏུ་མཁས་གྱུར་པ། །སྲིད་པའི་ཉེས་བརྒྱ་བསྐྱེད་པའི་ཉོན་མོངས་གཅོད་མཛད་པ། །རྣལ་འབྱོར་དོན་ དམ་རྒྱལ་པོ་དེ་ཉིད་གྲུབ་པར་མཛོད། །ལན་གསུམ་དུ་ནི་གསོལ་བ་གདབ། །དེ་ནས་སློབ་དཔོན་གྱིས། ཀྱེ་ཁྱོད་སུ་ཞེས་སྨྲའོ། །སློབ་མས་བདག་ནི་རྒྱལ་བའི་སྲས། །ཞེས་སྨྲའོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། ། བདག་གིས་སློབ་མ་གཞུག་པར་བགྱི། །དེ་ནས་ལྷོ་སྒོར་མངོན་མཆོག་ནས། །དཀྱིལ་འཁོར་མཁའ་འགྲོའི་ཚོགས་དག་ལ། །སྒོ་གསུམ་དང་བས་ཕྱག་བཙལ་བ། །ཨོཾ་ན་མ་ཏེ་ཧཱུཾ། ན་མ་མི་ཧཱུཾ། ན་མོ་ན་མ་ཿཧཱུཾ་སྭཱ་ཧཱ། ཞེས་བརྗོད་སྐུ་གསུང་ཐུགས་ཀྱི་ནི། །སྒོ་ནས་ལན་གསུམ་སྔོན་འགྲོ་ཕྱག །ཨོཾ སརྦ་བཱི་ར་ཡོ་གི་ནཱི་པཱུ་ཛོ་པསྠ་ནཱ་ཡ་ཨཱཏྨ་ནཱཾ་ནི་རྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནཱི། ཨཱཏྨ་མ་ལེ་ཨ་བྷི་ཏིཥྛ་སྭ་མཱཾ། ཞེས་བརྗོད་ལུས་ནི་ཐམས་ཅད་ཀྱིས། །གུས་པས་རབ་ཏུ་ཕྱག་འཚལ་ལོ། །དེ་ནས་ཤར་གྱི་སྒོར་གནས་ལ། །སྙིང་གའི་གཡོན་དུ་ཐལ་མོ་སྦྱར། །ཨོཾ་སརྦ་བཱི་ར་ཡོ་གི་ནཱི་པཱུ་ཛོ་པསྠ་ ནཱ་ཡ་ཨ་བྷི་ཥེ་ཀ་ཡ་ཨཱཏྨ་ནཱཾ། ནིརྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནཱི་ཨཱཏྨ་ཀ་མ་མ་དྷཱ་ཨ་བྷི་ཥིཉྩ་ཏུ་མཱཾ། དེ་རྗེས་བྱང་གི་སྒོར་ཕྱོགས་ཤིང་། །ཐལ་མོ་དེ་ཉིད་དཔྲལ་བར་གཞག །ཨོཾ་སརྦ་བཱི་ར་ཡོ་གི་ནཱི་པུ་ཛ་པྲ་བརྟ་ནཱ་ཡ་ཨཱཏྨ་ནཱཾ། ནིརྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནཱི་ཨཱཏྨ། མཻ་མ་པྲ་བྷ་དྷ་ན་ མཱཾ། དེ་ནས་ནུབ་ཀྱི་སྒོར་འདུག་ལ། །ཐལ་མོ་དེ་ཉིད་མགོར་གཞག་སྟེ། །ཨོཾ་སརྦ་བཱི་ར་ཡོ་གི་ནཱི་པཱུ་ཛ་ཀརྨ་ཨཱཏྨ་ནཱཾ། ནིརྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནཱི་ཨཱཏྨ་ཨཱརྱ་ཀརྨ་ཀུ་རུ་མཱཾ། བྱིན་གྱིས་བརླབ་ཕྱིར་ཕྱག་བཞི་འཚལ། །དེ་ནས་ལྷོ་སྒོར་འདུག་ནས་ཀྱང་། །ལས་ནི་བུམ་པའི་ 26-1-238b ཆུ་ཡིས་གཏོར། །སློབ་མའི་ལག་པ་བཟུང་བྱས་ལ། །སངས་རྒྱས་ཐོད་པའི་སྡོམ་པ་མཆོག །བརྗོད་དེ་ཐམས་ཅད་སྦྱིན་པར་བྱ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་དོང་། །འདི་ནི་སངས་རྒྱས་རིགས་ཡིན་ཏེ། །སྡོམ་པ་བརྟན་པར་གྱུར་པའོ། །རྡོ་རྗེ་ དྲིལ་བུ་ཕྱག་རྒྱ་ནི། །བློ་ཆེན་ཁྱོད་ཀྱིས་གཟུང་བར་བགྱི། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཤེས་རབ་གྲགས། །སློབ་དཔོན་ཁྱོད་ཀྱིས་གཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེ་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་བཤད། །རིན་ཆེན་ རིགས་ལ་རྟག་ཏུ་ནི། །ཉིན་རེ་བཞིན་ནམ་ལན་དྲུག་ཏུ། །ཆོས་དང་ཟང་ཟིང་མི་འཇིགས་བྱམས། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། །ཕྱི་དང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་མ་ལུས་གཟུང་། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་ཡིད་དུ་འོང་བའོ། །ལས་ཀྱི་རིགས་ མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །དེ་ལྟར་སྡོམ་པ་བཟུང་ནས་ནི། །མེ་ཏོག་ཕྲེང་དང་བཅས་པ་ཡིས། །སྙིང་གར་རྡོ་རྗེ་རབ་བཞག་ལ། །ཨོཾ་བཛྲ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། ཨོཾ་སུ་ར་ཏེ་ས་མ་ ཡ་སྟྭཾ་ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། རྣལ་འབྱོར་དུ་ནི་སེམས་བསྐྱེད་དོ། །ཡོངས་སུ་སྦྱངས་པའི་བུ་སྡུག་དེ། །ལས་ཀུན་བྱེད་པའི་ཆུས་གཏོར་ལ། །དཀྱིལ་འཁོར་དུ་ནི་གཞུག་པར་བྱ། །ཨོཾ་ཨཱ་ཁཾ་བཱི་ར་ཧཱུཾ། དེང་ཁྱོད་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། ངས་ ཁྱོད་ལ་དཔལ་ཧེ་རུ་ཀའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན།དངོས་གྲུབ་གཞན་ལྟ་ཅི་སྨོས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བའི་མདུན་དུ་སྨྲ་བར་མི་བྱ་སྟེ། དམ་ཚིག་ ཉམས་པར་གྱུར་ཏ་རེ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱིས། །སྙིང་ལ་ཡང་དག་ཞུགས་པ་ནི། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །རྗེས་སུ་མནའི་ཆུ་བླུད་པ་ནི། །ཙནྡན་དང་ནི་ག་བུར་བཅས། །བདེ་འབྱུང་མེ་ཏོག་ཆུ་དང་ལྡན། །བློ་གྲོས་བརྟན་པའི་སློབ་མ་ལ། །མཚན་ 26-1-239a ལྡན་ཐོད་པར་བླུགས་ནས་ནི། །གཟི་བརྗིད་ཅན་གྱིས་འདི་སྐད་སྨྲ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་འགྱུར། །ཨོཾ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཋ་ཋ་ཧཱུཾ། དེང་ནས་བརྩམས་ཏེ་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱི་ངས་ གང་འདི་བྱོས་ཤིག་བསྒོ་བ་དེ་ཁྱོད་ཀྱིས་བྱའོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག །ཁྱོད་མི་བདེ་བ་མ་སྤངས་པར་དུས་བྱས་ནས་དམྱལ་བར་གྱུར་ཏ་རེ། དེ་རྗེས་སློབ་མའི་གཙོ་བོ་ཡིས། །དཔའ་བོ་དང་ནི་རྣལ་འབྱོར་མ། །ཐམས་ཅད་ཀྱིས་ནི་བྱིན་རློབས་ལ། །ཧེ་རུ་ཀ་དཔལ་རྣལ་འབྱོར་ མ། །བདག་ལ་ཡེ་ཤེས་དབབ་ཏུ་གསོལ། །སྔར་གསུངས་རྒྱན་ལྡན་བླ་མ་ཡིས། །གཟི་ལྡན་སྦྱིན་བཅས་སློབ་མ་ལ། །མི་འཆི་བཅུ་ཕྱེད་རོ་རས་དང་། །བྱི་བྲུན་གུ་གུལ་ནག་པོ་དང་། །གྲིར་ཤི་ཀླད་ཁྲག་ཚིལ་ཆེན་བཅས། །རང་སྐྲ་དང་བཅས་ཞིབ་མོར་བརྡུངས། །པདྨའི་སྣོད་དུ་རབ་བཞག་ ནས། །དུར་ཁྲོད་ཡི་དགས་མེས་གདུངས་ལ། །གཉིས་མེད་སྔགས་ཀྱིས་གཅུན་པར་བྱ། །དྲིལ་བུའི་སྒྲ་ནི་རབ་བསྒྲགས་ནས། །རང་ཉིད་འོད་ཀྱིས་མཁའ་འགྲོ་གཞུག །གལ་ཏེ་འབབ་པར་མ་གྱུར་ན། །སློབ་མའི་སྙིང་གར་ཉི་མ་ལ། །སངས་རྒྱས་ཐོད་པ་ཡུམ་བཅས་ཤིང་། ། ཡུངས་ཀར་ཙམ་གྱི་སྐུར་བསམས་ལ། །དེ་ཡི་གསང་དང་མཁའ་བསྐྱོད་པས། །འོད་ཟེར་དམར་པོས་ལུས་ཀུན་ཡང་། །རོས་གང་གཅིག་གྱུར་སྔགས་བཟླས་ཤིང་། །བདུག་དང་བསམ་གཏན་ཆོ་ག་ཡིས། །སྐད་ཅིག་ཉིད་ལ་དཔའ་བོ་དང་། །མཁའ་འགྲོ་འཁོར་བཅས་སྙིང་ལ་ འཇུག །ཨོཾ་ཏིཥྛ་མ་ཧཱ་ཀྲོ་དྷཱ་ཨཱ་ཝེ་ཤ་ཧཱུཾ། ཨོཾ་ཤྲཱི་ཧེ་རུ་ཀཱ་ཡ། བིད་མ་ཧེ་བིདྱ་རཱ་ཛཱ་ཡ་བྷི་མ་ཧེ་སྭཱ་ཧཱ། མཁའ་འགྲོ་བསྐུལ་བས་ངེས་པར་འབབ། །ལྕེ་ལ་ཨ་ནི་དམར་བསམས་ནས། །གསུངས་ཤིག་རྡོ་རྗེ་དགེ་མི་དགེ། སྐུ་གསུང་ཐུགས་ལ་ཕེབས་གྱུར་ནས། །བརྟན་པའི་ གསང་སྔགས་བརྗོད་པར་བྱ། །འདིར་ནི་བསོད་ནམས་ཇི་ལྟ་བུ། །ལྷ་རྣམས་རིགས་ཀྱི་རིམ་ཇི་བཞིན། །འདི་ནི་དངོས་གྲུབ་གང་ཡིན་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །པྲ་ཏཱིཙྪ་དང་བཛྲ་ཧོཿ། །དཀྱིལ་འཁོར་དུ་ནི་མེ་ཏོག་དོར། །གང་རྙེད་དེ་ཡི་རིགས་ཡིན་ཏེ། །དབུས་སོགས་ 26-1-239b མཚན་མ་ཤེས་བྱས་ལ། །སླར་ཡང་སློབ་མའི་མགོ་ལ་བཅིང་། །ཤ་མིག་དག་པའི་ལྟས་ཀྱི་ཕྱིར། །ཅི་མཐོང་དྲི་བའི་ཆོ་ག་བྱ། །དེ་ནས་ལག་པ་ནས་བཟུང་སྟེ། །མིག་ཕྱེ་དཀྱིལ་འཁོར་བསྟན་པར་བྱ། །ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ ཐམས་ཅད་མཐོང་འགྱུར་ཏེ། །རྡོ་རྗེའི་མིག་ནི་བླ་ན་མེད། ཨོཾ་བཛྲ་ནཻ་ཏྲ་ཡ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འགྲོ་དོན་ཕུན་སུམ་ཚོགས་ཀུན་དང་། ། དངོས་གྲུབ་ཀུན་མཁྱེན་མངོན་དུ་འགྱུར། །དམ་ཚིག་ཐམས་ཅད་བསྐྱང་བ་དང་། །གསང་སྔགས་ལ་ཡང་བརྩོན་པར་གྱིས། །དེ་ནས་དཀྱིལ་འཁོར་འཁོར་ལོ་ཡི། །ལྷ་ཡི་སྐུ་མདོག་ཇི་བཞིན་དང་། །མཚན་མ་ལ་སོགས་དེ་བཞིན་དུ། །སློབ་མ་རྣམས་ལ་བསྟན་པར་བྱ། །སྣ་ཚོགས་ པདྨའི་དཀྱིལ་སྟེང་ནས། །གཉིས་སུ་མེད་པར་ལེགས་འཁྱུད་པའི། །དངོས་པོ་ཀུན་གྱི་རང་བཞིན་ཅན། །དངོས་གྲུབ་མ་ལུས་སྩོལ་བ་པོ། །ཁྲག་འཐུང་ཆེ་ལ་བུ་ཁྱོད་ལྟོས། །སྣ་ཚོགས་སྡེ་མས་གཙོར་མཛད་པའི། །ཕྲེང་བཟངས་མ་སོགས་ལྷ་མོ་ལྔ། །ཐོད་པ་བཞི་པོར་བཅས་པ་ཡི། ། རབ་ཟབ་ཐུགས་ཀྱི་འཁོར་ལོ་དང་། །དགེ་བའི་སྐེ་རགས་ཅན་ལ་སོགས། །གསུང་གི་རྣམ་དག་འཁོར་ལོ་དང་། །སྒྲོལ་བྱེད་མཁའ་འགྲོ་མ་ལ་སོགས། །རྣམ་དག་སྐུ་ཡི་འཁོར་ལོ་སྟེ། །རབ་དང་འབྲིང་དང་ཐ་མ་ཅན། །མཛེས་སྡུག་ལ་སོགས་ལྷ་མོ་བཞི། །གཟུགས་སོགས་དག་ པའི་བདག་ཉིད་འགྱུར། །ལྷ་རྣམས་དེ་ཉིད་མཚན་མ་ཡིན། །དེ་ནས་སློབ་མ་བློ་ལྡན་གྱིས། །བླ་མའི་ཞབས་ལ་ཕྱག་འཚལ་ཏེ། །ཡོན་གྱི་མཆོག་ཆེན་ཕུལ་ནས་སུ། །དབང་བསྐུར་དོན་དུ་གསོལ་བ་གདབ། །ཧེ་རུ་ཀ་དཔལ་དབང་སྒྲུབ་པ། །འགྲོ་བ་སྐྱོབ་ཅིང་གཟི་བརྗིད་ ཅན། །དེ་ལྟར་ཡོན་ཏན་འབྱུང་གནས་སོགས། །དེ་བཞིན་བདག་ལ་དེང་སྩོལ་ཅིག །དཔའ་བོ་ཆེན་པོས་མི་ལྡོག་པའི། །དབང་བསྐུར་བ་ནི་བདག་ལ་སྩོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་བགྱིད། །འཇུག་སྒོ་ལྷོ་ཡི་ཕྱོགས་སུ་ནི། །བདག་ 26-1-240a ཉིད་ཧེ་རུ་ཀ་དཔལ་སེམས། །པདྨ་འདབ་བརྒྱད་བྲིས་སྟེང་དུ། །སེང་གེའི་ཁྲི་ནི་བཤམ་བྱ་སྟེ། །སྣ་ཚོགས་མཛེས་པའི་སྟན་བཏིང་ལ། །གཉིས་མེད་བློ་ལྡན་དེར་བཞག་སྟེ། །ཧེ་རུ་ཀ་དཔལ་སྤྲུལ་པར་བྱ། །གདུགས་དཀར་སྟེང་དུ་ཕུབ་ནས་ཀྱང་། །དཔའ་བོ་རྣལ་འབྱོར་མ་ཚོགས་ ཀྱིས། །བཀྲ་ཤིས་སྒྲ་ཡིས་ལེགས་གང་བ། །རོལ་མོ་སྙན་དང་གླུ་དབྱངས་རྣམས། །ནམ་མཁའ་ཅ་ཅོ་ཡིས་བཀང་སྟེ། །དབང་བསྐུར་བ་ནི་འདོད་པ་ཡིན། །དེ་ལ་བར་ཆོད་ཞི་བའི་ཕྱིར། །ཡུངས་ཀར་རྣལ་འབྱོར་པ་ཡིས་ཀྱང་། །བཟླས་བརྗོད་ཆོ་ག་བཞིན་བྱས་ལ། །གསང་སྔགས་བརྗོད་ ནས་བརྡེག་པར་བྱ། །དེ་འོག་ལག་གཉིས་འདབ་རྩེ་ཡིས། །བུམ་པ་རྣམས་བཏེག་སྔགས་པ་ཡི། །ལུས་ནང་རྟོགས་གྱུར་དཀྱིལ་འཁོར་ལ། །ཆོ་གའི་ཚུལ་གྱིས་དབང་བསྐུར་བྱ། །རྣམ་རྒྱལ་ལ་སོགས་བུམ་པའི་ཆུ། །ལྷག་མ་མེད་པར་བསྡུ་བྱས་ལ། །གླུ་བླངས་དྲིལ་བུ་ལ་སོགས་ བརྡུང་། །དཔའ་བོ་རྣལ་འབྱོར་མ་ལུས་ཀུན། །བསྒོམས་ལ་ཐམས་ཅད་དབང་བསྐུར་རོ། །དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་པ་ཡི་གནས་ལས་བྱུང་། །ཁམས་གསུམ་ཀུན་གྱིས་ཕྱག་འཚལ་བ། །ཆུ་ཡི་དབང་བསྐུར་སྦྱིན་པར་བྱ། །ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས། །བརྗོད་ དེ་རང་སྙིང་འོད་ལས་བྱུང་། །རིག་པའི་ལྷ་མོ་རྫུ་འཕྲུལ་ཅན། །བདུད་རྩི་ཆུ་ཡིས་བཀྲུ་བར་བྱ། །དབུ་རྒྱན་རིན་ཆེན་རྒྱུ་ལས་བྱུང་། །དར་དཔྱངས་བཅིངས་ལ་དབང་བསྐུར་ཏེ། །ཐོར་ཚུགས་ཅོད་པན་གྱིས་བརྒྱན་པ། །སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །རིན་ཆེན་དམ་པའི་དབུ་རྒྱན་ དང་། །དར་དབྱངས་དབང་བསྐུར་སྦྱིན་པར་བྱ། །ཨོཾ་བཛྲ་པ་ཊཾ་ཀ་བཛྲ་ཨ་ར་ལི་ཧོཿ། རྡོ་རྗེ་ཆེན་པོ་རྩེ་དགུ་པ། །དེ་ཉིད་ལྡན་པ་བྱིན་བརླབས་ནས། །སངས་རྒྱས་རྡོ་རྗེའི་དབང་བསྐུར་བས། །དེ་རིང་ཁྱོད་ལ་དབང་བསྐུར་བྱ། །འདི་ནི་སངས་རྒྱས་ཐམས་ཅད་ཉིད། །ཤིན་ཏུ་གྲུབ་ཕྱིར་རྡོ་རྗེ་ ཟུང་། ། ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མི། ལག་ཏུ་བྱིན་ལ་དབང་བསྐུར་བྱ། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་དབྱངས་ 26-1-240b ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །དེ་དུས་དྲིལ་བུའི་སྒྲ་བསྒྲགས་ལ། །སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་དངོས་མེད་བྱས། །རང་བཞིན་དག་པའི་སེམས་དཔའ་རྣམས། །སྲིད་པའི་དམ་པ་བྱེད་པར་ཤོག །ཨོཾ་ཤྲཱི་ཧེ་རུ་ ཀ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཏིཥྛ་བཱི་ར་ས་མ་ཡ། དྲིལ་བུ་གཡོན་དུ་སྦྱིན་པར་བྱ། །རྡོ་རྗེ་དྲིལ་བུ་ཡང་དག་འཁྱུད། །གཡོན་བསྙེམས་པ་དང་སྒྲོས་གནོན་འཆང་། །གཉིས་མེད་གཉིས་མེད་རྣལ་འབྱོར་བདག །ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས། །བྱིན་རླབས་ཆེ་ལྡན་སྔགས་ཀྱིས་ ནི། །སྔགས་ཀྱི་དབང་བསྐུར་སྦྱིན་པར་བྱ། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མཾ། ཤྲཱི་ཧེ་རུ་ཀ་ནཱ་མ་ཨ་བྷི་ཥེ་ཀ་ཏེ། ཤྲཱི་ཡི་སྒྲ་དང་བཅས་པ་ཡིས། །མིང་གི་དབང་བསྐུར་སྦྱིན་པར་བྱ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཧེ་རུ་ཀ་དཔལ་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ བཅང་། །ཧེ་རུ་ཀ་དཔལ་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷྱ་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་རཱ་ཡ་མི་ཧཱུཾ་ཧ་ཧ་ཧ་ཧེ་ཧོཿ། འདིས་ནི་རྡོ་རྗེའི་བརྟུལ་ཞུགས་སོ། །ཁ་ཊྭཱཾ་ཌ་མ་རུ་བཟང་བཅས། །བྱིན་གྱིས་བརླབ་ཅིང་དབང་བསྐུར་བྱ། །ཧེ་རུ་ཀ་དཔལ་ཁ་ཊྭཱཾ་ག །རྣལ་འབྱོར་མ་ནི་ཌ་མ་ རུ། །རྡོ་རྗེ་ཁ་ཊྭཱཾ་རྡོ་རྗེར་བཅས། །དྲིལ་བུ་སིལ་སིལ་སྒྲ་སྒྲོགས་ཤིང་། །ཚངས་པའི་སྐུད་ཐོགས་རྣལ་འབྱོར་བདག །ཁ་ཊྭཱཾ་ག་དང་རྣལ་འབྱོར་སྣོད། །དཔའ་བོ་ཆེན་པོས་བླང་བར་གྱིས། །ཞི་དང་རྒྱས་དང་དབང་དགུག་དང་། །སྡང་དང་དབྱེ་དང་མནན་ལ་སོགས། །བསད་དང་བསྐྲད་ པ་མ་ལུས་པའི། །ལས་རྣམས་དེ་ནི་སྒྲུབ་པར་གྱིས། །རལ་གྲི་མིག་སྨན་ས་འོག་དང་། །མཆིལ་ལྷམ་དེ་བཞིན་རིལ་བུ་སྟེ། །རྣལ་འབྱོར་མ་ཡི་དངོས་གྲུབ་བསྒྲུབ། །དེ་ནས་ཅི་དགར་སྒྲུབ་པར་གྱིས། །ཤཱཀྱ་ཐུབ་པར་བསྒོམ་བྱས་ལ། །ལག་གཡོན་གྱིས་ནི་ཆོས་གོས་མཐའ། ། གཡས་ཀྱིས་མི་འཇིགས་ཕྱག་རྒྱར་གནས། །སློབ་མ་ལ་ནི་ལུང་བསྟན་བྱ། །ཧེ་རུ་ཀ་དཔལ་རྣལ་འབྱོར་ཆེ། །འཁོར་ལོ་མ་ལུས་རྣམ་གནས་ཤིང་། །ཧེ་རུ་ཀ་དཔལ་ལུང་བསྟན་བཞིན། །མགྲིན་གཅིག་ཏུ་ནི་ཐམས་ཅད་ཀྱིས། །འདི་ལྟར་ང་ཡིས་ལུང་བསྟན་དེ། །ཧེ་རུ་ཀ་ 26-1-241a དཔལ་དེ་བཞིན་གཤེགས། །དངོས་པོ་མཆོག་ཏུ་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཤྲཱི་ཧེ་རུ་ཀ་ནཱ་མ་སརྦ་ཏ་ཐཱ་ག་ཏ་ཏིཥྛ་སིདྡྷི་ས་མ་ཡ་སྟྭཾ་བྷུརྦྷུ་བ་སྭཿ། དེ་ཚེ་ཧེ་རུ་ཀ་དཔལ་དང་། །མཁའ་འགྲོ་མ་དང་བླ་མར་བཅས། །མགྲིན་གཅིག་ལུང་སྟོན་བསམ་པར་བྱ། ། དེ་རྗེས་དབུགས་དབྱུང་སྦྱིན་པ་ནི། །གསང་ཆེན་མཆོག་གི་དཀྱིལ་འཁོར་དུ། །མཐོང་བ་དང་ནི་བཅུག་པ་ཡིས། །སྡིག་པ་ཀུན་ལས་གྲོལ་འགྱུར་བར། །ཁྱོད་ནི་ཤིན་ཏུ་དེ་རིང་གནས། །དབང་ནི་བསྐུར་བ་ཙམ་གྱིས་ཀྱང་། །སློབ་མ་ཡོན་ཏན་བདག་པོར་འགྱུར། །སློབ་དཔོན་ཉིད་ཀྱི་བདེ་བ་ཡིས། །བརྟན་ དང་གཡོ་ཀུན་དམ་ཚིག་ཡིན། །སེམས་དག་ཐོ་རངས་དུས་ལངས་ཏེ། །བཟའ་དང་བསྲུང་བ་ལ་སོགས་པའི། །སྡོམ་པའི་བདག་ཉིད་ཅན་སྲུང་ངོ་། །ལུས་དང་སྲོག་ལ་མི་ལྟོས་པར། །དམ་ཚིག་དང་ནི་སྡོམ་པ་བསྲུངས། །ཉིན་དང་མཚན་མོ་ལན་གསུམ་དུ། །རྟག་ཏུ་བཟླས་ལ་གཞོལ་བར་ བྱོས། །གང་ཚེ་ཉམས་ན་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །དགུན་ཟླ་འབྲིང་པོ་ནས་བརྩམས་ཏེ། །ཟླ་བ་རེ་རེ་བསྲུང་བ་ནི། །གཉིས་སུ་མེད་པའི་འཁོར་ལོར་གནས། །ཚེས་བཅུ་དུས་སུ་མཆོད་པར་བྱ། །ཤ་དང་ཆང་སོགས་གང་ཅིའང་རུང་། །དཔའ་བོ་རྣལ་འབྱོར་མ་ ཡི་ཚོགས། །ཧེ་རུ་ཀ་སོགས་རབ་ཏུ་མཆོད། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བ་དག་ཀྱང་ཡང་མི་སྤང་། །མྱ་ངན་འདས་ལ་དགར་མི་འགྲོ། །དཔའ་བོ་རྣལ་འབྱོར་མ་ཀུན་ལ། །ཁྱོད་ཀྱིས་བརྙས་པར་མི་བྱའོ། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང་། ། མཚན་མ་འགོམ་པར་མི་བྱའོ། །དམ་ཚིག་རབ་བསྲུང་བསོད་ནམས་ཀྱིས། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །བུད་མེད་ཐམས་ཅད་མཐོང་བ་ན། །གཡོན་ནས་ལན་གསུམ་བསྐོར་བྱས་ལ། །སྤྱི་བོས་ཕྱག་ནི་བྱས་ནས་ཀྱང་། །ལན་གསུམ་བར་དུ་གསོལ་བ་གདབ། །བདག་ནི་མ་ ཁྱོད་བུ་ཡིན་ཏེ། །ཇི་སྲིད་བྱང་ཆུབ་འབྱུང་བར་དུ། །བྱང་ཆུབ་ཡན་ལག་ནུ་མ་ལས། །བྱུང་བའི་རང་གི་འོ་མས་སྐྱོང་། །གཉིས་མེད་ཡེ་ཤེས་སྤྱོད་ལྡན་པའི། །བསླབ་པ་བླང་བ་སྔོན་འགྲོ་བས། །ཚངས་པར་སྤྱོད་པ་ཤིན་ཏུ་བསྲུང་། །དམ་ཚིག་དེ་ལ་རྟག་གནས་ཏེ། །དེ་སྔོན་འགྲོ་བའི་ 26-1-241b གསང་བ་ཡིན། །སྤྱོད་དང་གྲོལ་བའི་གནས་འདོད་པའི། །ཡིད་ལ་འདོད་པ་ཀུན་འགྲུབ་འགྱུར། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བདག་གིས་བགྱིད་པར་འཚལ། །དེ་ལྟར་ཡོངས་སྨིན་སློབ་མ་ལ། །གསང་བའི་དབང་མཆོག་སྦྱིན་པར་བྱ། །དཔེར་ན་བུ་ཚ་མེད་པའི་ཁྱིམ། ། ཤི་མ་ཐག་ཏུ་སྟོང་པར་འགྱུར། །དེ་བཞིན་དབང་དང་བྲལ་ན་ནི། །ཡེ་ཤེས་ཀུན་གྱིས་སྟོང་པ་ཉིད། །དབང་མཆོག་ཐོབ་འདོད་སློབ་མ་ཡིས། །སྣ་ཚོགས་ཟས་དང་སྣ་ཚོགས་སྐོམ། །སྣ་ཚོགས་རོལ་མོ་མཆོག་གསུངས་དང་། །དྲི་ཞིམ་ལྔ་དང་མེ་ཏོག་སྤོས། །འདི་དག་ལ་སོགས་བླ་མ་ མཆོད། །མཆོད་ཡོན་ཞབས་བསིལ་དེ་བཞིན་ཁྲུས། །གླུ་ཡི་མཆོད་པ་རྣམ་མང་བས། །སངས་རྒྱས་ཀུན་གྱི་རང་བཞིན་ཆེ། །འདི་དག་གིས་ནི་བླ་མ་མཆོད། །ན་ཚོད་ལྡན་པའི་བུ་མོ་ཡང་། །མཚན་ཉིད་ལྡན་པ་དབུལ་བར་བྱ། །དེ་ནས་ཡང་དག་རབ་བཤད་པ། །དབང་དུས་ཆོ་ག་ཇི་བཞིན་དུ། ། སློབ་མ་དད་བརྟན་གང་ཞིག་གིས། །ཤེས་རབ་མ་ལ་གསོལ་བ་འདེབས། །དྲི་ཞིམ་པ་ཡི་དངོས་པོ་ཡིས། །མཎྜལ་རྣམ་པ་ལྔ་བྱས་ཏེ། །སངས་རྒྱས་ཀུན་གྱིས་བརྒྱན་བྱས་པ། །བླ་མ་ཆེ་ལ་གསོལ་བ་འདེབས། །ཤིན་ཏུ་དྲི་མེད་སེམས་ཀྱིས་ནི། །དེ་ནས་འདིར་ནི་གསོལ་བ་ འདེབས། །འཁོར་བའི་འདམ་དུ་བྱིང་བ་བདག །དཔུང་གཉེན་ཁྱོད་ཀྱིས་བསྒྲལ་དུ་གསོལ། །བདག་ནི་སྩོལ་ཆུང་སྐལ་དམན་ཞིང་། །སངས་རྒྱས་ཆོས་ནི་རྣམ་པར་སྤངས། །ཀྱེ་ཀྱེ་སྟོན་པ་བླ་མ་ཆེ། །མགོན་པོ་ཁྱོད་ཀྱིས་བརྩེ་བར་མཛོད། །དེ་ནས་སློབ་དཔོན་ཆེ་ལྡན་པས། ལྷ་ཡི་རྣལ་འབྱོར་དང་ལྡན་པས། །སྔར་གསུངས་ཆོ་ག་བཞིན་དུ་ནི། །ཆུ་སོགས་དབང་རྣམས་བསྐུར་བར་བྱ། །གསང་བའི་གོ་འཕང་འདི་བརྗོད་བྱ། །དམ་ཚིག་ཕྱག་རྒྱར་རབ་གསུངས་པ། །ཡིད་ཀྱི་ལུས་ནི་བརྟན་ཕྱིར་རོ། །གང་གིས་ལུས་ཀུན་བརྟན་བྱེད་པ། །དེ་ནི་ཕྱག་རྒྱར་ རབ་ཏུ་གྲགས། །སློབ་མ་ལ་ནི་དེ་བརྗོད་ནས། །བདག་ཉིད་རིག་པ་ལྷན་ཅིག་ཏུ། །ཡིད་དང་རྗེས་མཐུན་བཟའ་དང་བཅའ། །བཏུང་བ་ལ་སོགས་རྗེས་སྤྱད་ཅིང་། །ཁ་ལ་སོགས་པར་ག་པུར་གྱི། །དྲི་ཞིམ་མཆོག་ཏུ་བསྒོས་པ་ལས། །ཡིད་ལ་འཕྲོག་པའི་བགད་པ་དང་། །སྒེག་དང་རོལ་ 26-1-242a སོགས་སྔར་བྱས་ཏེ། །དབང་པོ་གཉིས་ཀྱི་སྙོམས་འཇུག་པས། །བདེ་དགའ་རྒྱ་མཚོ་བྱུང་གྱུར་པས། །ཞལ་དུ་བཟའ་བའི་རྫས་མཆོག་བསྟབ། །རྫས་དེ་རྣམས་ནི་གསོལ་བ་དང་། །ཡིད་ནི་ཚིམ་ཞིང་ཐུགས་དགྱེས་ཕྱིར། །ཨ་ཏི་སུ་ཁ་ཞེས་བརྗོད་དོ། །ཁམས་གསུམ་ ཐབས་དང་ཤེས་རབ་གཅིག །བདེ་ཆེན་གཉིས་མེད་ཡེ་ཤེས་གསལ། །སློབ་མ་ནུས་དང་ལྡན་པར་འགྱུར། །དེ་ལྟར་དབང་མཆོག་བསྐུར་བྱས་པས། །མགོན་པོ་ས་བཅུ་དང་མཉམ་འགྱུར། །དེ་ནས་གསང་དབང་ཐོབ་གྱུར་པའི། །སློབ་མ་བཟང་ལ་བླ་མ་ཡིས། །ཤེས་རབ་ལ་བརྟེན་ཡེ་ཤེས་ ཀྱི། །དབང་བསྐུར་བཟང་པོ་སྦྱིན་པའི་ཕྱིར། །དཀྱིལ་འཁོར་བཟང་པོའི་ཕྱི་རོལ་དུ། །སྔར་བཞིན་དཀྱིལ་འཁོར་རྫོགས་བསྒོམས་ལ། །དེ་ཡི་དབུས་གནས་བླ་མ་ནི། །སངས་རྒྱས་ཐོད་པའི་རྣལ་འབྱོར་ཅན། །མེ་ཏོག་ལ་སོགས་མཆོད་པ་དང་། །ཆང་ལ་སོགས་པའི་དགའ་སྟོན་གྱིས། ། མཆོད་ཅིང་བསྟོད་པས་མཉེས་བྱས་ལ། །ཡོན་མཆོག་དམ་པ་ཕུལ་ནས་ནི། །བླ་མ་ཆེ་ལ་གསོལ་འདེབས་པ། །བླ་མ་ལྷ་མོ་དགྱེས་མཐོང་ནས། །ཚིག་འདི་དག་ནི་སྨྲ་བར་བྱེད། །རྣམ་པར་རྟོག་པ་མང་པོ་ཡིས། །གཡོགས་པའི་བག་ཆགས་རབ་ལྡན་པ། །འཁོར་བའི་འདམ་དུ་བྱིང་བ་ བདག །མཛེས་མ་ཁྱོད་ཀྱིས་སྐྱོབ་པར་མཛོད། །གྲགས་ཆེན་སྙིང་རྗེ་ལྡན་པ་ཡི། །ལྷ་མོ་དེས་ནི་ཞི་བར་མཛོད། །གསོལ་བ་བཏབ་རྗེས་བླ་མ་ཆེ། །རང་གི་རྣལ་འབྱོར་རྫོགས་བྱས་ནས། །དཔའ་བོ་རྫོགས་པར་མཐོང་ནས་ནི། །རྩ་ཡི་འཁོར་ལོ་ལས་ནི་འཛག །འཛག་པ་དེ་ལས་རྣལ་ འབྱོར་མ། །རྣམ་མང་བརྩེ་བ་ཆེར་ལྡན་པ། །བདེ་གཤེགས་ཀུན་གྱིས་བྱིན་བརླབས་མ། །སྣ་ཚོགས་རྒྱན་གྱིས་རྣམ་པར་ཀླུབས། །སྣ་ཚོགས་པ་ཡི་ན་བཟའ་མནབས། །གཟུགས་ནི་ལང་ཚོ་གཞོན་པས་བརྒྱན། །ལོ་ནི་བཅུ་དང་གཉིས་ལོན་པ། །ཕྱག་གཡས་བྱང་ཆུབ་སེམས་གང་ བའི། །བུམ་པ་ཨ་མྲའི་ལྕུག་བཅས་བསྣམས། །ཞལ་ནི་རབ་བཞད་དང་བ་ཡིས། །ཧེ་རུ་ཀ་ནི་རྒྱལ་གྱུར་ཅིག །རྒྱལ་བར་གྱུར་ཅིག་ཅེས་སྨྲས་པས། །ཆུ་སོགས་བུམ་པ་གསང་བ་དག །དབང་བསྐུར་ཅེས་སུ་ཤེས་རབ་ཀྱི། །དབང་ནི་རབ་ཏུ་བསྐུར་བར་བྱ། །དཔེར་ན་པི་ཝང་སྦྱོར་ 26-1-242b ཀུན་ཚོགས། །རྒྱུད་དང་བྲལ་ན་བརྡུང་མི་རུང་། །དེ་བཞིན་དབང་དང་བྲལ་ན་ནི། །སྔགས་དང་བསམ་གཏན་འགྲུབ་མི་འགྱུར། །ལོ་བཅུ་གཉིས་པའི་བུ་མོ་ནི། །ཚུལ་ཁྲིམས་མ་ཉམས་ཆགས་ཆུང་བས། །ཐོས་དང་ལྡན་ཞིང་གྲགས་ཆེན་མོ། །ནད་མེད་སྙིང་རྗེ་དང་ལྡན་པ། །སེམས་ཅན་དོན་ ལ་གཅིག་ནན་ཏན། །དགོད་ཅིང་པདྨའི་སྤྱན་དང་ལྡན། །ཟླ་བའི་ཆ་འདྲ་གདོང་མཛེས་མ། །མུ་ཅོར་མི་སྨྲ་བརྟན་ཞིང་དུལ། །ཤེས་རབ་པདྨའི་ནང་དབུས་སུ། །དཔག་ཚད་བྱེ་བའི་དཀྱིལ་འཁོར་ལ། །སུམ་བརྩེགས་དག་པའི་བདག་ཉིད་ལུས། །འཁོར་བའི་འཇིགས་པ་ལས་སྐྱོབ་པ། །དཀྱིལ་འཁོར་ དེ་ཡི་དབུས་གནས་པ། །མཁས་པས་སློབ་མ་བཟང་དབང་བསྐུར། །གལ་ཏེ་བྱང་ཆུབ་བླ་མེད་འདོད། །ཕྱི་ཡི་དཀྱིལ་འཁོར་བྱ་བ་མིན། །ལྷ་རྣམས་བཤིག་པ་ཙམ་གྱིས་ནི། །སྡིག་པ་ཆེན་པོ་སྐྱེ་བར་འགྱུར། །དེ་ནས་རྡུལ་ཚོན་ཙམ་གྱིས་ནི། །དེ་བཞིན་ལྷ་རྣམས་དག་མི་འགྱུར། །རྡོ་རྗེ་འཁོར་ལོ་རིན་ ཆེན་དང་། །དེ་བཞིན་པདྨ་རལ་གྲི་ཉིད། །བྱས་ནས་སླར་ཡང་འཆད་བྱེད་པ། །སྐྱེས་བུ་ཐ་ཤལ་དམྱལ་བར་འགྲོ། །གང་གིས་སངས་རྒྱས་སྤྱན་འདྲེན་ཞིང་། །གང་གིས་གཤེགས་སུ་གསོལ་བ་ཡིན། །རྡོ་རྗེ་སེམས་དཔའ་བྱོན་པ་དང་། །དེ་བཞིན་གཤེགས་པ་བྱོན་པ་རྣམས། །གང་ནའང་ བཞུགས་པ་མ་ཡིན་ཏེ། །དྲི་མ་མེད་ཅིང་དག་པའི་ལུས། །གང་གིས་སྤྱན་དྲངས་གཤེགས་སུ་གསོལ། །དེ་ཉིད་ཀྱིས་ན་བརྟག་མེད་ན། །དེ་བཞིན་གཤེགས་པ་རྣམས་ཕྱག་བྱ། །མཛེས་པའི་ཕྱག་རྒྱ་བྱིན་བརླབས་ནས། །སློབ་མ་བཟང་ལྡན་དེ་ལ་གཏད། །གང་གིས་ཤེས་རབ་མ་ མཉེས་པ། །སངས་རྒྱས་ཐམས་ཅད་ཀྱིས་ནི་མཆོད། །འདི་ཉིད་ལ་ནི་སངས་རྒྱས་བཞུགས། །གཞན་གང་དངོས་གྲུབ་གཙོ་བོ་དང་། །སྙིང་རྗེ་ལྡན་པ་གཞན་གང་ཞིག །མཁའ་འགྲོ་མ་ཀུན་དེ་ལ་བཞུགས། །གསང་བ་ཕྱི་ཡི་ལྔ་དང་ནི། །བདུན་དང་བཅུ་བཞིར་བཤད་པ་དང་། ། གཉིས་ཀ་གཅིག་ཏུ་འདུས་པའོ། །གསང་བའི་དེ་ཉིད་བཤད་པར་བྱ། །དེ་འོག་སློབ་མ་སྟན་བཟང་ལ། །ཐབས་དང་ཤེས་རབ་སྙོམས་འཇུག་པས། །དགའ་བ་ལ་སོགས་བསྐྱེད་བྱས་ནས། །རྣལ་འབྱོར་དམ་པ་མཚོན་པར་བྱ། །གང་དུ་དབང་པོ་འགགས་གྱུར་པ། །བདག་རྟོག་རང་ 26-1-243a བཞིན་ཉམས་པ་སྟེ། །ཀྱེ་དེ་ལྷན་ཅིག་སྐྱེས་གྱུར་པ། །བླ་མའི་ཞལ་སྔར་གསལ་བར་ཞུས། །ལྷན་ཅིག་སྐྱེས་པ་རྟོགས་གྱུར་པ། །གསང་བའི་དེ་ཉིད་བཤད་པར་བྱ། །གང་ཞིག་འཆར་དུས་དབང་པོ་དང་། །ཡུལ་མཉམ་ནུབ་གྱུར་དེ་ལ་ཕྱག་འཚལ་ལོ། །མཁས་པ་རྣམས་ ཀྱིས་སྙིང་སྦས་སུ་སད་པ། །ཕྱིས་ནི་མངོན་དགའ་རྒྱལ་བའི་མཛེས་སྐུ་གཅིག །རྨོངས་པ་གང་ཞིག་དབང་མེད་པར། །བདག་ནི་དབང་བསྐུར་ཞེས་སྨྲ་བ། །ཇི་སྲིད་སངས་རྒྱས་བཞུགས་ཀྱི་བར། །སློབ་མར་བཅས་ཏེ་དམྱལ་བར་འགྲོ། །སློབ་མ་ལེགས་པར་ལྡན་པ་དང་། །བརྩེ་ ལྡན་སེམས་གཞན་མེད་པ་ཡི། །གསེར་ནི་འབུམ་ཕྲག་བཅུ་དྲུག་དང་། །ས་གཞི་ཡུལ་འཁོར་ལྡན་པ་དང་། །གླང་པོ་བུད་མེད་དམ་པ་དང་། །རལ་གྲི་འཁོར་ལོ་རྟ་དང་ནི། །ཡོངས་འདྲེན་སྐྱེས་བུ་རིན་ཆེན་རྣམས། །སྦྱོར་དང་ལྡན་པའི་སེམས་ཀྱིས་ནི། །དེ་ནི་བླ་མར་དབུལ་བར་བྱ། །དེར་ནི་ རྒྱན་རྣམས་ཐམས་ཅད་དང་། །ལྷབ་ལྷུབ་རྒྱན་རྣམས་དབུལ་བར་བྱ། །དད་པ་བརྟན་པའི་སེམས་ཀྱིས་ནི། །དེ་ནས་བདུད་རྩི་དབུལ་བར་བྱ། །སྣ་ཚོགས་ཟས་དང་སྣ་ཚོགས་བཏུང་། །དེ་ཡི་མདུན་དུ་དབུལ་བར་བྱ། །མཚམས་མེད་ལྔ་ནི་བྱེད་པ་དང་། །རྨོངས་གང་མ་རུངས་ལས་བྱེད་ དང་། ། སྐྱེ་བ་དམན་གྱུར་འགྲོ་བ་རྣམས། །རྡུལ་ཚོགས་མཐོང་བས་གྲོལ་བར་འགྱུར། །དཀྱིལ་འཁོར་དག་ཏུ་མངོན་ཞུགས་པས། །གཙང་མའི་གནས་སུ་སྐྱེ་བར་འགྱུར། །ཤིན་ཏུ་སྦྱོར་བའི་སེམས་ཀྱིས་ནི། །སྐྱེ་འདིར་དངོས་གྲུབ་མ་ཐོབ་ཀྱང་། །སྐྱེ་གཞན་སྲིད་པར་དངོས་གྲུབ་ འགྱུར། །དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་དང་སྐྱེ་བར་དངོས་གྲུབ་འགྱུར། །དེ་ཡི་སྐྱེ་བ་བདུན་ལ་ནི། །མ་བསྒྲུབས་པར་ཡང་དངོས་གྲུབ་ཐོབ། །གང་ཡང་བསྒོམ་པ་དང་ལྡན་ཞིང་། །གལ་ཏེ་དམ་ཚིག་སྡོམ་ལ་གནས། །སྐྱེ་འདིར་ལས་དབང་གང་མ་གྲུབ། །རེ་ཞིག་དམ་ ཚིག་ཉམས་པ་ལ། །དངོས་གྲུབ་ཐོབ་པ་ལྟ་ཞོག་གི། མི་ཡི་སྐྱེ་བའང་རྙེད་པར་དཀའ། །གང་ཡང་བླ་མ་བརྒྱུད་པ་ཡི། །རིམ་འོང་དེ་ཉིད་རིག་པ་ཡི། །སྒྲུབ་པ་པོ་ཡིས་འགྲུབ་སྙམ་དགོངས། །རྡོ་རྗེ་དྲིལ་འཛིན་སློབ་མའི་མགོར། །བླ་མས་གདུགས་ཕུབ་བཀྲ་ཤིས་བརྗོད། །ལན་གསུམ་ 26-1-243b དཀྱིལ་འཁོར་བསྐོར་བྱས་ཏེ། །ཤར་ནས་ཕྱག་བྱས་ས་ལ་ནི། །བདེ་གཤེགས་རྣལ་འབྱོར་མ་ཚོགས་ལ། །བཟའ་བཏུང་ལ་སོགས་དགའ་བ་ཡི། །རོལ་པ་ཕུལ་ལ་སྨོན་ལམ་གདབ། །དེ་ནས་ཅི་བདེར་གཤེགས་སུ་གསོལ། །ཚོན་རྩི་ལ་སོགས་དངོས་པོ་ཀུན། །ཐོ་རངས་དུས་སུ་བསྡུ་བྱས་ ལ། །གསེར་སོགས་བུམ་པའི་ནང་དུ་ནི། །བཅུག་ནས་ཆུ་བོ་ཆེན་པོར་དོར། །བུམ་པ་ཐམས་ཅད་བསྡུས་ནས་ཀྱང་། །ཆུ་བོ་ཆེ་ལ་བཀྲུ་བར་བྱ། །དི་ནས་བདུད་རྩི་ལྔ་སོགས་དང་། །སྦྱར་བའི་ས་ནི་བྱུག་པར་བྱ། །དེ་ནས་ཞི་བའི་སྦྱིན་སྲེག་ནི། །མེ་ཡི་ཕྲིན་ལས་ཚུལ་བཞིན་དུ། །བདག་དང་ སློབ་མའི་ཚོགས་རྣམས་ལ། །སྡིག་པ་ཞི་བའི་སྦྱིན་སྲེག་བྱ། །རིགས་མཐུན་མཛའ་སྡུག་བཅས་པ་རྣམས། །སྣོད་ལྡན་སྐྱེ་བོ་འདུས་པ་ཀུན། །བཀྲ་ཤིས་གླུ་དང་རྡོ་རྗེ་དྲིལ། །མཁའ་འགྲོ་མཉེས་ཕྱིར་རོལ་པར་བྱ། །སངས་རྒྱས་ཐོད་པའི་རྒྱུད་འདི་རུ། །བུམ་པའི་དབང་ནི་གསལ་མོད་ཀྱང་། ། གསང་བ་མཛོད་སོགས་རྗེས་འབྲངས་ནས། །དཀྱིལ་འཁོར་ཆོ་ག་བདག་གིས་བྱས། །དགེ་བ་འདི་ཡིས་འགྲོ་བ་རྣམས། །སྒྲིབ་པའི་ཚོགས་དག་སྤང་བྱས་ནས། །ཡེ་ཤེས་ལྡན་པའི་ས་གནས་སུ། །མི་ལྡོག་པར་ནི་འགྲོ་བར་ཤོག །དཔལ་སངས་རྒྱས་ཐོད་པའི་དཀྱིལ་འཁོར་གྱི་ཆོ་གའི་རིམ་ པ་གསལ་བ་ཞེས་བྱ་བ་དངོས་གྲུབ་ཀྱི་མཆོག་བརྙེས་པའི་སློབ་དཔོན་ས་ར་ཧའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།ག་ཡ་དྷ་ར་དང་། གྱི་ཇོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་བའོ།།༄༅༅། །རྒྱ་གར་སྐད་དུ། རི་གྱཱ་རལླི་སཱ་དྷ་ནཾ། བོད་སྐད་དུ། རི་གི་ཨཱ་ར་ལིའི་ སྒྲུབ་ཐབས། དཔལ་ཧེ་རུ་ཀ་རྡོ་རྗེ་ལ་ཕྱག་འཚལ་ལོ། །དང་པོ་རེ་ཞིག་སྔགས་པས་ཡིད་དུ་འོང་བའི་གནས་འགའ་ཞིག་ཏུ་བདེ་བའི་སྟན་ལ་འདུག་སྟེ། རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་ཡིག་གི་འོད་ཟེར་རྣམས་ཀྱིས་ནམ་མཁའི་ཕྱོགས་སུ་གནས་པའི་དེ་བཞིན་གཤེགས་པ་ལ་ སོགས་པ་རྣམས་བལྟས་ནས་ཡང་དག་པར་མཆོད་ནས་ཀྱང་། སྡིག་པ་བཤགས་པ་ལ་སོགས་པ་བྱས་ཏེ། ཚངས་པའི་གནས་བཞི་བསྒོམས་ནས་སྟོང་པ་ཉིད་དུ་རྣམ་པར་བསྒོམ་པར་བྱའོ། །ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་རྡོ་རྗེ་རྒྱལ་མཚན་གྱིས་མཚན་པ། རཾ་ལས་བྱུང་བའི་མེའི་ 26-1-244a དཀྱིལ་འཁོར་རྡོ་རྗེས་མཚན་པ། བཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་རྡོ་རྗེས་མཚན་པ། ལཾ་ལས་བྱུང་བའི་སའི་དཀྱིལ་འཁོར་རྡོ་རྗེས་མཚན་པ། དེའི་སྟེང་དུ་རེ་ཕ་ཡོངས་སུ་གྱུར་པའི་ཆོས་འབྱུང་། དེའི་དབུས་སུ་གནས་པའི་སྣ་ཚོགས་པདྨ་ལ་ཉི་མའི་དཀྱིལ་འཁོར། དེ་ལ་ གནས་པའི་ཧཱུཾ་ཡིག་ལས་སྐྱེས་པ་རྡོ་རྗེ་རྡོ་རྗེའི་ར་བ་དང་རྡོ་རྗེའི་གུར་གྱི་རང་བཞིན་ཅན་གྱི་ས་གཞི་རྣམ་པར་བསྒོམ་པར་བྱའོ། །ཧཱུཾ་ཡིག་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེའི་ཟེ་འབྲུའི་དབུས་སུ། རི་རབ་ཀྱི་རྩེ་མོར་སྣ་ཚོགས་རྡོ་རྗེ་ལས་སྐྱེས་པའི་སྣ་ཚོགས་པདྨའི་ཟེ་འབྲུ་ལ་དབྱངས་བཅུ་དྲུག་ཉིས་འགྱུར་དུ་ གྱུར་པ་ཡོངས་སུ་གྱུར་པའི་དཀྱིལ་འཁོར་ཀ་ལ་སོགས་པ་ཡོངས་སུ་གྱུར་པའི་ཉི་མའི་དཀྱིལ་འཁོར་ལ་གནས་པའི་རི་གི་དང་ཧཱུཾ་ཡིག་ལས་སྐྱེས་པའི་ལྕགས་ཀྱུ་དང་རྡོ་རྗེ་དེ་ཡོངས་སུ་གྱུར་པའི་རི་གི་ཨཱ་ར་ལིར་བསམ་པར་བྱའོ། །ནག་པོ་སྤྱན་གསུམ་པ་ཕྱག་གཉིས་ཞགས་པ་དང་ལྕགས་ ཀྱུས་ལྷ་མོ་རི་གི་ལ་འཁྱུད་པ་ཕྱག་དྲུག་པ། གཡས་ཀྱི་ཕྱག་གཉིས་ཀྱིས་འཁོར་ལོ་དང་ཅང་ཏེའུ་བསྣམས་པ། གཡོན་གྱི་ཕྱག་གཉིས་ཀྱིས་ཐོད་པ་དང་ཚངས་པའི་མགོ་བོ་བསྣམས་པ། ཕྱག་གཉིས་ཀྱིས་ཤེས་རབ་ལ་འཁྱུད་པ། གཡོན་བརྐྱང་བའི་ཞབས་ཀྱིས་འཇིགས་བྱེད་མནན་པ། རི་གིའི་ ཞབས་ཀྱིས་ཤིང་ལ་འཛེག་པ་བཞིན་དཀྲིས་པ། ཕྱག་རྒྱ་ལྔ་ལ་སོགས་པས་བརྒྱན་པ། ཐལ་བའི་རྡུལ་གྱིས་བྱུགས་པའོ། །སིཾ་སེང་གེ་མ་ལྗང་གུ། ཀཱཾ་འདོད་པའི་འཁྲི་ཤིང་མ་སེར་མོ། ཨཾ་ཨེ་མ་བདེ་བ་མ་ཁ་དོག་དམར་མོ། ཤཾ་འཚེ་བྱེད་མ་ནག་མོ། ཐུགས་ཀྱི་འཁོར་ལོ་སྔོན་པོ་ལའོ། ། དེའི་གྲྭ་བཞིར་དུར་ཁྲོད་རྣམ་པར་དག་པའི་ཐོད་པ་བཞིའོ། །གྷཾ་དྲག་མོ་ལྗང་གུ། །ཏཱཾ་རྣོན་པོ་མ་སེར་མོ། མཱཾ་སྒྱུ་མ་ཆེན་མོ་དམར་མོ། ཨུཾ་ཨུཾ་དྷུང་ག་ནག་མོ། གསུང་གི་འཁོར་ལོ་དམར་པོ་ལའོ། །གྲྭ་བཞིར་ཉེ་བའི་དུར་ཁྲོད་རྣམ་པར་དག་པའི་ཐོད་པ་བཞིའོ། །ཛེ་ཅེ་སྤྱང་མ་ལྗང་གུ། ཧྲཱིཾ་ མ་ཧེ་མ་སེར་མོ། རྟ་མགྲིན་མ་དམར་མོ། གཱཾ་གླང་ཆེན་རྒྱལ་མཚན་མ་ནག་མོ། སྐུའི་འཁོར་ལོ་ལ་སྟེ་ཤར་ལ་སོགས་པའི་ཕྱོགས་སུ་ལུགས་དང་མཐུན་པས་དགོད་དོ། །འདི་དག་ཐམས་ཅད་གཅེར་བུ་མོ་སྐྲ་གྱེན་དུ་གྲོལ་བ། ཞལ་གཅིག་པ་ཕྱག་གཉིས་ཀྱིས་གཡས་ན་གྲི་གུག །གཡོན་ 26-1-244b ན་ཐོད་པ་བསྣམས་པའི་ཕྱག་གིས་གར་བྱེད་པའོ། །རང་གི་སྙིང་གར་ཟླ་བ་ལ་གནས་པའི་ཧཱུཾ་ཡིག་དང་རྡོ་རྗེ་ལས་སྐྱེས་པའི་ཡེ་ཤེས་སེམས་དཔའོ། །དེའི་སྙིང་གར་ཟླ་བ་ལ་གནས་པའི་ཧཱུཾ་ཡིག་འོད་ཟེར་ལྕགས་ཀྱུའི་རྣམ་པ་དང་། ལྕགས་ཀྱུའི་ཕྱག་རྒྱས་ཛྙཱ་ན་ཙཀྲཾ་དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་ཕོ་ཥྱོ་མེ་ བྷ་བ། སརྦ་སིདྡྷིཾ་མེ་པྲ་ཡཙྪ་ཨེ་ཧྱེ་ཧི། བྷ་ག་བ་ཏི་རི་གི་སྭཱ་ཧཱ། ཛཿཞེས་པ་འདིས་བཀུག་ནས། ཧྲཱིཿཡིག་གིས་རབ་ཏུ་བཅུག་སྟེ། ཧཾ་ཡིག་གིས་བཅིངས་ལ། གཾ་ཡིག་གིས་མཉེས་པར་བྱའོ། །མཉེས་པར་བྱས་ནས་ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་པ་འདིས་སྤྱི་བོ་དང་། མགྲིན་པ་དང་། སྙིང་ག་དང་། ལྟེ་ བ་དང་། གསང་གནས་སུ་བྱིན་གྱིས་བརླབ་པར་བྱའོ། །སྤྱི་བོ་དང་། མཆན་ཁུང་དག་དང་། ལྟེ་བ་དང་། ཁ་དང་། མིག་དང་། རྐང་པའི་མཐིལ་དང་། གསང་གནས་སུ་ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་འདིས་ཞགས་པའི་ཕྱག་རྒྱས་ཡན་ལག་ལ་དགོད་པར་བྱའོ། །ལྕགས་ཀྱུའི་ཕྱག་རྒྱ་ཞེས་པ་ནི་མཐེ་ཆུང་དག་ཕན་ཚུན་ ལྕགས་ཀྱུའི་རྣམ་པས་གུང་མོ་གཉིས་དང་མཐེ་བོང་གཤིབས་ནས་མཐེ་བོང་གིས་བཙིར་བར་བྱའོ། །ཞགས་པའི་ཕྱག་རྒྱ་ཞེས་པ་ནི། སྡིགས་མཛུབ་མཐེ་བོང་གིས་བཙིར་བར་བྱའོ། །ཡེ་ཤེས་སེམས་དཔའི་ཐུགས་ཀར་གནས་བཞིར་ཧཱུཾ་ཡིག་ལྕགས་ཀྱུའི་རྣམ་པའི་འོད་ཟེར་གྱིས་དེ་བཞིན་ གཤེགས་པ་ཐམས་ཅད་ཡང་དག་པར་བསྐུལ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཌཱ་ཀི་ནཱི་ཨ་ནུ་ག་ཏཱ་མ་ཧྱཾ། ཨ་བྷི་ཥེ་ཀཾ་ད་དནྟུ་ཞེས་པ་འདིས་གསོལ་བ་གདབ་པར་བྱའོ། །སངས་རྒྱས་ལྔའི་ངོ་བོ་བདུད་རྩི་ལྔའི་བུམ་པ་ལྔ་རྣམས་ཀྱིས་གཏོར་བར་བྱ་སྟེ། འདིས་ལྷ་རྣམས་ལ་དབང་བསྐུར་རོ། ། ཨོཾ་ སརྦ་ཏ་ཐཱ་ག་ཏ་ཌཱ་ཀི་ནཱི། ཨ་བྷི་ཥེ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་ང་རྒྱལ་བྱའོ། །སྙིང་པོའི་སྔགས་བཟླས་པར་བྱའོ། །ཨོཾ་ཨཱ་རལླི་ཤྩྱོ་ཤྱོཿཤྱོཿཤྱོཿཧ་ཧ་ཧ། ས་ས་ས། ཨུ་དཱཏྟ་དུ་གདོན་པར་ཉེ་བའི་སྙིང་པོ་གཉིས་ནི་ཧ་ཧ་ཧ། ཧཱུཾ་ཧཱུཾ་ཧཱུཾ་སྭཱ་ཧཱ། རྩ་བའི་སྔགས་ནི། ཨོཾ་ཨཱ་རལླི་རི་གི་པོཾ་པོཾ་པོཾ་བྷྱོ་ སྭཱ་ཧཱ། ཨོཾ་ཁརྒ་ཏི་ཛ་སཏྭ་ནཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱ་དྱ་ནུཏྤནྣ་ཏྭཱ་ཏ་ཧཱུཾ་སྭཱ་ཧཱ། འདི་ནི་གཏོར་མའི་སྔགས་སོ། །རི་གི་ཨཱ་རལླིའི་སྒྲུབ་ཐབས་རྫོགས་སོ།། །།ཤཱཀྱའི་དགེ་སློང་རིན་ཆེན་གྲུབ་ཀྱིས་རྒྱ་དཔེ་ཇི་ལྟ་བ་བཞིན་དུ་བསྒྱུར་བའོ།། །། 26-1-245a ༄༅༅། །རྒྱ་གར་སྐད་དུ། ཤྲཱི་སརྦ་བུདྡྷ་ས་མ་ཡོ་གི་ཌཱ་ཀི་ནཱི་མཱ་ཡཱ་ཤམྦཱ་ར་ཏནྟྲཱརྠོ་ད་རོ་ཊཱི་ཀཱ་ནཱ་མ། བོད་སྐད་དུ། དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྤྱོར་བ་མཁའ་འགྲོ་སྒྱུ་མ་བདེ་མཆོག་གི་རྒྱུད་ཀྱི་དོན་རྣམ་པར་བཤད་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ ལོ། །དཔལ་ལྡན་རིགས་སྐུ་ཡེ་ཤེས་ཀུན་གྱི་བདག་ཉིད་རིན་པོ་ཆེ། །ཐམས་ཅད་འབྱུང་གནས་གཉེན་གྱུར་མ་འདྲེས་ལས་མཛད་ཉི་མའི་འོད། །གཉིས་མེད་རྡོ་རྗེ་འཆང་བ་ལས་བྱུང་བརྒྱ་རྩ་ཉི་ཤུ་བརྒྱད། །དཀྱིལ་འཁོར་ལས་སྤྲོས་གྲངས་མེད་རིགས་ཀྱི་ལྷ་རྣམས་རྒྱལ་གྱུར་ཅིག །རྒྱུད་རྒྱལ་སངས་ རྒྱས་ཐམས་ཅད་མཉམ་སྦྱོར་མཁའ་འགྲོ་སྒྱུ་མ་ཡི། །དངོས་པོ་དེ་ཉིད་གསལ་བྱེད་དགོངས་མཛད་རྣམ་སྟོན་རྗེས་འཇུག་ལ། །མཚོན་བྱེད་རྟོག་པ་བཞི་བཅུ་རྩ་གཉིས་ལེགས་པའི་དོན་བསྡུས་བཅུ་ཡི་གཞུང་། །ཕྱི་མ་རྟོག་བསྡུས་ལ་སོགས་གསུང་གི་ཚོགས་རྣམས་རྒྱལ་གྱུར་ཅིག །དུས་གསུམ་ རྒྱལ་བའི་ཐུགས་འཛིན་རྗེས་འགྲོ་རྡོ་རྗེ་གསང་བའི་བདག །སྤྲུལ་པས་དོན་མཛད་གསང་བའི་སྒོ་འབྱེད་འཛམ་གླིང་ཉི་མ་རྒྱལ། །ཉིན་མཚུངས་དབྱེར་མེད་དགོངས་པའི་ཚོགས་དགྲོལ་སངས་རྒྱས་གཉིས་པར་གྲགས། །མགོན་མཆོག་བརྒྱུད་པ་རྣམས་ལ་ཕྱག་འཚལ་དགྲ་ཡི་ཚོགས་ལས་རྒྱལ་གྱུར་ ཅིག །བསྟན་པའི་སྙིང་པོ་དྲི་མེད་རྒྱུད་རྣམས་ཀུན་གྱི་རྩ་བའི་རྒྱལ། །ཡན་ལག་ལྔ་ཡི་ཚུལ་ལྡན་རྒྱ་མཚོ་ལས་བྱུང་རིན་པོ་ཆེ། །ཚིག་ཟུར་དུ་མའི་སྒྲོན་སྦར་ཆོས་རྟགས་ཕྱག་རྒྱ་བཞིས་བསྒྲུབས་ཏེ། །བླ་མའི་གསུང་བཞིན་འགྲོ་ལ་ཕན་ཕྱིར་རབ་ཏུ་བཤད་པར་བྱ། །རྒྱལ་བ་ཀུན་གྱི་བདག་ ཉིད་རྡོ་རྗེ་འཆང་། །བསྐལ་པ་བཟང་པོའི་ཐོག་མར་རབ་སྤྲུལ་ནས། །སྣོད་བཅུད་བརྟན་གཡོ་དངོས་པོ་དག་བྱའི་ཕྱིར། །ཐུགས་རྗེས་སྤྲུལ་པའི་དཀྱིལ་འཁོར་སྣང་བར་མཛད། །སྐལ་ལྡན་རྗེས་འཇུག་ལྷ་ཚོགས་གཟུང་བྱའི་ཕྱིར། །སྔོན་བྱུང་སྟོན་པའི་དགོངས་མཛད་རྗེས་མཐུན་པར། ། མཚོན་ཆའི་རྒྱུད་དོན་གསལ་བར་བསྟན་དགོངས་ནས། །རི་རབ་རྩེ་མོར་དཀྱིལ་འཁོར་རྣམ་སྤྲུལ་ཞིང་། །དང་པོའི་རྒྱུད་ཆེན་ལ་སོགས་རིམ་བཞིན་དུ། དག་པའི་རྣལ་འབྱོར་ལ་སོགས་རིམ་བཞིན་བཤད། །གསང་བའི་བདག་པོ་ལ་སོགས་སྐལ་ལྡན་གྱིས། །རྒྱལ་བའི་ཐུགས་ཀྱི་ 26-1-245b དགོངས་པ་རྒྱ་མཚོའི་བཅུད། །རྒྱས་འབྲིང་བསྡུས་པའི་སྒོ་ནས་དབྱེ་མཛད་ཅིང་། །དགོངས་དོན་སོ་སོའི་ལས་གཞུང་མཐུན་པ་བཞིན། །ལེགས་བསྡུས་མཚོན་བྱེད་ཚིག་གི་གཞུང་བཀོད་དེ། །རྒྱལ་བའི་དགོངས་དོན་ཡུན་རིང་གནས་པའི་ཐབས། །སྤྲུལ་སྐུ་ཉི་མས་འཛམ་གླིང་གསལ་མཛད་ནས། ། སྡེ་སྣོད་གསུམ་གྱིས་འཛམ་གླིང་འདུལ་བའི་དུས། །བློ་དམན་འཕགས་པའི་ལམ་ལ་བཀོད་བྱས་ཀྱང་། །རང་གི་དེ་ཉིད་ངེས་དོན་གསལ་མ་མཐོང་། །མ་འོངས་བློ་མཆོག་གྲོལ་བར་བྱ་བའི་ཕྱིར། །སྤྲུལ་པའི་བྱང་ཆུབ་སེམས་དཔའ་བློ་གྲོས་མཆོག །དགོངས་པའི་དབང་གིས་རྨོངས་པ་འདུལ་ བའི་ཚུལ། །དཀྱིལ་འཁོར་འཕྲུལ་པའི་འཁོར་ལོ་རབ་སྣང་མཛད། །མགོན་པོ་རྣམས་ཀྱི་རྗེས་སུ་བསླབ་བྱ་སྟེ། །དཔལ་ལྡན་སངས་རྒྱས་ཐམས་ཅད་མཉམ་སྦྱོར་གཞུག །གསང་བའི་དཀྱིལ་འཁོར་རིམ་གྱིས་བསྒྲུབ་དོན་གསལ། །གདུལ་བྱ་དག་པའི་ཚོགས་རྣམས་གྲོལ་བར་མཛད། །ཡུན་ རིང་གསང་བའི་ཐེག་པ་གནས་བྱའི་ཕྱིར། །སྤྲུལ་པའི་བྱང་སེམས་སྨེ་ཁྲོ་རྒྱལ་པོ་ལ། །གསང་བ་དམ་པའི་མན་ངག་རབ་བཀྲོལ་ཞིང་། །རྣལ་འབྱོར་དོན་ཕྱིར་རབ་ཏུ་གདམས་པ་མཛད། །སྤྲུལ་པའི་སྐུ་འདས་ཕྱི་མའི་དུས་ཞིག་ཚེ། །རྒྱལ་བའི་བཀའ་གསང་འཛམ་གླིང་གནས་སུ་ཤར། །རྒྱལ་པོའི་ ཁབ་ཏུ་སྤྱན་དྲངས་མཆོད་བྱས་ཏེ། །དགའ་ཞིང་གུས་བསྟོད་ལེགས་བལྟས་བརྡ་མ་འཇལ། །ཐུགས་རྗེས་འབྲེལ་ཤུགས་གསང་སྔགས་འཛིན་པར་གྲགས། །དམ་པར་གཟུང་སྟེ་གླེགས་བམ་གཟིགས་པར་ཞུས། །སྒྱུ་འཕྲུལ་ཐིག་ལེ་སྟོང་པའི་དཀྱིལ་འཁོར་གཞུང་། །གྲུབ་ཐོབ་ལྷག་ པའི་ལྷ་ཡིས་ལུང་བསྟན་མཛད། །རྡོ་རྗེ་ཐེག་པའི་གཞུང་ལུགས་སྣ་ཚོགས་མཐའ། །དམ་པ་རྣམས་ཀྱིས་གདམས་ངག་ཇི་བཞིན་པ། །མི་འགལ་ལེགས་པར་བསྡུས་ཤིང་རབ་བཀྲོལ་ཏེ། །འགྲེལ་དང་བསྡུས་དོན་སྒྲུབ་ཐབས་མང་དུ་བསྟན། །རྒྱལ་བ་ཀུན་གྱིས་རྒྱུད་མང་བཤད་མཛད་ ཅིང་། །རྗེས་མཐུན་རྣམ་པར་བཤད་པས་འདི་ཅི་དགོས། །དམ་པའི་གཞུང་ལུགས་རྣམ་བཀོད་རྟོགས་དཀའི་དོན། །རྒྱ་ཆེའི་དོན་མང་ཚིག་ཉུང་བསྡུས་པ་དང་། །ཅུང་ཞིག་གསལ་བར་བྱས་ཏེ་དམ་པའི་གཞུང་། །འདི་ལ་ཉེས་པའི་སྐྱོན་སོགས་ཅི་ཞིག་ཡོད། །སྙིགས་མ་ལྔ་དུས་ཉོན་ 26-1-246a མོངས་རླབས་འཁྲུགས་པ། །ཚེ་ཐུང་བརྩོན་ཞེན་རང་གི་གྲུབ་མཐའ་ཅན། །ལས་རྣམས་ཀུན་ལ་འཇུག་ཅིང་དོན་མེད་པ། །རྗེས་སུ་གཟུང་ཕྱིར་བཀའ་ཡི་གསང་དོན་དགྲོལ། །གང་ཞིག་དགོས་འབྲེལ་ཡན་ལག་མ་ཚང་བ། །དེ་ནི་ལེགས་པར་བརྩམས་པ་མ་ཡིན་ཏེ། །གང་ ཞིག་བཤད་པའི་ཡན་ལག་ཟུར་ཉམས་པ། །དེས་ནི་རྒྱུད་དོན་གསལ་བར་སྟོན་མི་ནུས། །གང་ཞིག་ལྟ་བསྒོམ་སྤྱོད་པ་རྨོངས་པ་ལ། །དེས་ནི་ཡང་དག་བདེན་དོན་མི་མཐོང་སྟེ། །གང་ཞིག་ལམ་གཉིས་སྒྲུབ་པའི་ཡན་ལག་བྲལ། །དེས་ནི་ལེགས་བཤད་འབྲས་བུ་འགྲུབ་མི་འགྱུར། །བརྗོད་ བྱ་ནམ་མཁའི་མཐའ་དང་མཉམ་པར་བཞུགས། །བསྐལ་པ་བཟང་པོའི་རྡོ་རྗེ་སེམས་དཔའ་དཔལ། །ཐབས་དང་ཤེས་རབ་བདེ་བ་ཆེན་པོའི་སྐུ། །སངས་རྒྱས་མཉམ་སྦྱོར་མཁའ་འགྲོ་སྒྱུ་མ་བདེ། །རྒྱུད་དོན་སྟོན་པ་གཉིས་སུ་མེད་པའི་ཚུལ། །སྐུ་གསུམ་གཉིས་མེད་རྟོག་པའི་ངོ་ བོར་བཞུགས། །བརྗོད་པ་གཞུང་ཚོགས་ཚིག་གི་ཚོགས་རྣམས་ཏེ། །རྩ་རྒྱུད་ཆེན་པོའི་དོན་ཚོགས་རྣམས་བསྡུས་པ། །ཕྱི་མའི་ཕྱི་མ་ཕྱི་མ་ལ་སོགས་ཀྱིས། །གསལ་བར་སྟོན་པའི་རྟོག་པ་བཅུ་བདག་ཉིད། །རྒྱུད་བཞིའི་གཞུང་ཚད་ཁྲི་ལས་བརྒྱ་སྟོང་ལྷག །བཤད་རྒྱུད་ལ་སོགས་ གྲངས་ཀྱི་འབུམ་སྡེར་གྲགས། །དེ་ལྟར་བསྟན་ཀྱང་ལས་སུ་བྱ་བ་ལ། །དགོས་མེད་སྐྱེས་བུ་འཇུག་པར་མི་འགྱུར་ཏེ། །ལས་རྣམས་བསྡུས་བསྒྲུབ་བྱ་བ་གང་ཡང་རུང་། །བསྟན་བཅོས་ལ་སོགས་བཤད་པའི་རྒྱུད་དག་ལ། །ཇི་སྲིད་དགོས་པའི་གཏན་ཚིགས་མ་སྨྲས་པར། །དེ་སྲིད་ སྐྱེས་བུ་གང་ཞིག་འཇུག་པར་བྱེད། །དགོས་པ་བདག་གཞན་དཀྱིལ་འཁོར་དུ་ཞུགས་ཤིང་། །དེ་ཉིད་ལམ་ཞུགས་འཇིག་རྟེན་ལས་བསྒྲུབ་པའོ། །ཡང་དགོས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེ། །ཚོགས་གཉིས་ཐབས་ཤེས་ལས་བྱུང་འབྲས་བུའོ། །འབྲེལ་པ་དང་པོ་མཚོན་བྱ་མཚོན་ བྱེད་ཚུལ། །གཉིས་པ་རྒྱུ་འབྲས་ཐབས་དང་ཐབས་བྱུང་ཚུལ། །ཁྱད་པར་དགོས་དོན་རྒྱ་མཚོ་འཁྲུགས་འདྲ་ལ། །སྒྲུབ་ཐབས་ཡན་ལག་ཚང་བས་བདུད་རྩི་བཏོན། །རིན་ཆེན་སྣོད་བཟང་ལེགས་བཅས་འགྲོ་ལ་སྤེལ། །ནད་མང་ཟུག་རྔུ་རབ་སེལ་བདེ་ལ་བཀོད། །ཡན་ལག་དཔེ་ 26-1-246b དོན་ཉེས་པའི་སྐྱོན་བསལ་ཞིང་། །ལུང་དང་མན་ངག་གཏན་ཚིགས་མཐུན་པས་བསྒྲུབ། །དཔེ་ཡི་འཐད་པ་གནས་སྐབས་དབྱེ་བས་བདུན། །དོན་ཚོགས་བཤད་པའི་ཡན་ལག་རྣམ་པ་ལྔ། །ཉེས་པའི་སྐྱོན་ཚོགས་རྣམ་པ་བརྒྱད་དུ་བསྟན། །རྒྱུད་ལུང་མཁའ་འགྲོ་སྒྱུ་མའི་རྗེས་འགྲོ་རྣམས། ། མན་ངག་སྦས་པ་གསུམ་འབྱིན་བརྡས་དགྲོལ་ཞིང་། །གཏན་ཚིགས་ཁྱད་པར་ཚད་མས་ལེགས་བསྒྲུབས་ཏེ། །ཤིན་ཏུ་བརྟག་དཀའ་ནོར་བུ་རིན་ཆེན་གཟུགས། །ཡན་ལག་ཀུན་གྱི་སྒོ་ནས་གཏན་ལ་དབབ། །དེ་དག་རྣལ་འབྱོར་དོན་སྣང་གསལ་བྱེད་པ། །རྣལ་འབྱོར་ཚིག་གིས་རྣམ་པར་དགྲོལ་ བྱ་སྟེ། །མུ་སྟེགས་སོགས་སྦས་གསང་བའི་བརྡ་དོན་ནི། །སྒྲ་ཚད་རྟོག་གེའི་སྒོ་ནས་ཤེས་པ་མིན། །དེ་ལྟར་དང་པོའི་སངས་རྒྱས་རྒྱུད་ལས་ཀྱང་། །གསང་སྔགས་རྒྱུད་དོན་ཤིན་ཏུ་རྟོགས་དཀའ་བ། །བཤད་རྒྱུད་ཆ་མཐུན་སོགས་ཀྱིས་བསྒྲུབ་བྱས་ཏེ། །དེ་ཉིད་བརྒྱུད་པའི་གདམས་ངག་ ལེགས་བཙལ་བས། །ངེས་པའི་ཀློང་བསྐྱེད་ཐག་བཅད་རྟོགས་པར་བྱ། །དེ་དོན་མ་འོངས་འགྲོ་བ་བློ་ལྡན་པ། །སྒྲུབ་ཐབས་བསྡུས་དོན་འགྲེལ་སོགས་འཐད་པ་ཡིས། །ལེགས་བརྩམས་རྣམ་པར་བསྡུས་བྱས་ང་ཡི་བཀའ། །ཡུན་རིང་གནས་ཕྱིར་གུས་པར་གཟུང་བར་གྱིས། །ཞེས་ པས་རྟོགས་དཀའ་བཤད་གསལ་འགལ་བ་གང་། །གཞན་ཡང་རྗེས་སུ་འཇུག་པ་བསྐུལ་བའི་ཕྱིར། །ཚིག་གི་ཐིགས་པས་དོན་གྱི་རྒྱ་མཚོ་གསལ། །དེ་ཉིད་རབ་ཏུ་སྦྱར་བའི་སྒྲ་བཞིན་དུ། །རྣམ་པར་བཤད་པ་འགལ་བ་ཅི་ཞིག་ཡོད། །དེ་ནི་སྒོ་ནས་འཇུག་པའི་རྣལ་འབྱོར་པས། །ཚེགས་ མེད་ཆུང་ངུས་ཆེན་པོའི་དོན་འགྲུབ་སྟེ། །ནོར་བུ་རིན་ཆེན་ལེགས་པར་མཆོད་པ་བཞིན། །དང་བའི་དད་པས་རབ་བརྩོན་བླང་བར་གྱིས། །བསྡུས་པའི་དོན་ནི་རྣམ་པ་གཉིས་ཡིན་ཏེ། །མཚོན་བྱེད་མཚོན་བྱ་རྒྱུད་ཀྱི་སྒོ་ནས་སོ། །རེ་ཞིག་ཚིག་གི་རྗེས་སུ་དཔྱད་བྱ་སྟེ། །ཞེས་པ་ཕྱོགས་ གཅིག་བསྡུས་པའི་རྒྱུད་འདི་ལ། །དང་པོ་གླེང་གཞི་འབྲེལ་ཚུལ་གླེང་བསླང་དོན། །མཚན་ཀྱི་སྒོ་ནས་རྒྱུད་དོན་མདོར་བསྡུས་ཤིང་། །ཡོངས་སུ་ཤེས་བྱའི་དངོས་པོ་འབྲིང་དུ་བསྟན། །རྩ་བའི་རྒྱུད་ཀྱི་ལེའུ་གསུམ་རྣམས་བསྡུས། །གཉིས་པས་ལྟ་བ་སྤྱི་ཡི་མཚན་ཉིད་དང་། །རྟོགས་ཐབས་ 26-1-247a གཏན་ཚིགས་སྤྱོད་ལམ་བཞི་ཡི་ཆོས། །གཞི་ལམ་འབྲས་བུ་ཀུན་གྱི་ཕན་ཡོན་ཏེ། །རྩ་བའི་རྒྱུད་ཀྱི་བཞི་པ་བསྡུས་པ་ཡིན། །གསུམ་པས་གྲུབ་པ་སྤྱི་ཡི་མཚན་ཉིད་དང་། །དོན་དང་ཐབས་དང་ཁྱད་པར་ཕན་ཡོན་ཏེ། །ཐུན་མོང་མཆོག་གི་དབྱེ་བ་གཉིས་སུ་བསྟན། ། དེས་ནི་ལྔ་པའི་ཚིག་དོན་བསྡུས་པའོ། །བཞི་པས་སྤྱོད་པ་སྤྱི་ཡི་མཚན་ཉིད་དང་། །གང་ཟག་བཞི་ཡི་སྒོ་ནས་བདག་གི་དོན། །གཞན་གྱི་དོན་དང་འབྲས་བུ་ཕན་ཡོན་ཅན། །རྗེས་འཇུག་སྤྱོད་པས་ལམ་གྱི་ཆོས་ཡིན་ལ། །མཐར་ཕྱིན་རྒྱལ་བའི་མཛད་བཅས་འབྲས་བུའང་བསྟན། ། དྲུག་པའི་ཚིག་དོན་རྣམ་པར་བསྡུས་པའོ། །ལྔ་པས་རྡོར་སེམས་རྣམ་སྣང་ཧེ་རུ་ཀ །གར་དབང་ཉི་མ་རྟ་མཆོག་རོལ་པ་ཡིས། །དབུགས་དབྱུང་རྔུབ་པ་བསྡུས་པའི་སྒོ་རྣམས་ནས། །ཁྱད་པར་གླེང་གཞི་སྔོན་བྱུང་དགོངས་མཛད་དང་། །རྗེས་འཇུག་ཏིང་འཛིན་ཉམས་སུ་བླང་བའི་ཐབས། ། རྟོག་པ་དྲུག་གི་ཚིག་དོན་བསྡུས་ཏེ་བསྟན། །དྲུག་པས་ཚོགས་འཁོར་བཤད་པར་ཞལ་བཞེས་ཤིང་། །ལྷ་ཡི་མཚན་ཉིད་སྔོན་དུ་འགྲོ་བ་དང་། །བསོད་ནམས་ཡེ་ཤེས་ཚོགས་འཁོར་རྗེས་སུ་འགྲོ། །སློབ་མའི་བྱ་བ་ཕྲིན་ལས་འབྲས་བུ་བསྡུ། །ཞོར་ལ་རྟེན་གྱི་མཚན་ཉིད་དམ་ཚིག་དང་། ། བཅུ་གསུམ་པ་ཡི་ཚིག་དོན་བསྡུས་པ་ཡིན། །བདུན་པས་གཟུགས་བརྙན་མདོར་བསྟན་འདོད་པ་ཡི། །ཕུན་ཚོགས་དཀྱིལ་འཁོར་ཆོ་ག་འཇུག་པའི་ལས། །དབང་བསྐུར་རྫས་ཀྱི་མཚན་མ་སོ་སོའི་རྒྱ། །རྗེས་འཇུག་ཞར་ལ་འཕྲོས་ཚོགས་བསྡུས་པ་ཡིན། །བརྒྱད་པས་མཆོད་པ་མདོར་ བསྟན་རྒྱས་པའི་ལམ། །ཕྱག་འཚལ་ཕྱག་རྒྱའི་སྒོ་ནས་མཆོད་པ་དང་། །མཆོད་པའི་ཕྱག་རྒྱའི་སྒོ་ནས་མཆོད་པ་སྟེ། །རྟོག་པ་ཀུན་གྱི་ཆོ་གའི་ཡན་ལག་ཡིན། །དགུ་པས་ཕྱག་རྒྱ་ཉི་ཤུ་རྩ་བདུན་ཚོགས། །བསྒྲུབ་བྱའི་ཆོ་ག་ཀུན་གྱི་ཡན་ལག་ཡིན། །དང་པོའི་ཕྱག་རྒྱ་ཆེན་པོས་རྒྱས་ བཏབ་པ། །ཏིང་འཛིན་སྒྲུབ་པ་ཀུན་གྱི་ཡན་ལག་ཡིན། །གཉིས་པ་དམ་ཚིག་ཕྱག་རྒྱས་བརྟན་བྱ་བ། །དམ་ཚིག་ཏིང་འཛིན་ཕྲིན་ལས་ཡན་ལག་ཡིན། །གསུམ་པ་བདག་སོགས་བྱིན་གྱིས་བརླབས་པ་སྟེ། །ཏིང་འཛིན་དམ་ཚིག་དབང་གི་ཡན་ལག་ཡིན། །བཞི་པ་སྦྱོར་བ་བཞི་ཡི་སྔོན་ 26-1-247b འགྲོ་བ། །ལྟ་བ་ཏིང་འཛིན་བསྒྲུབ་པའི་ཡན་ལག་ཡིན། །ལྔ་པ་སྦྱོར་བ་སྣ་ཚོགས་བྱ་བ་སྟེ། །ཚོགས་དང་ཕྲིན་ལས་བསྐྱོད་པའི་ཡན་ལག་གོ། །དྲུག་པ་བཞིན་གྱི་འགྱུར་བས་གནས་བྱ་བ། །མཆོད་བསྟོད་བསྒྲུབ་པ་ཕྲིན་ལས་ཡན་ལག་གོ། །བདུན་པ་སོ་སོའི་འཇུག་པའི་ཆ་ལུགས་རྒྱ། ། མཆོད་བསྟོད་སྤྱོད་པའི་རིམ་པའི་ཡན་ལག་གོ། །བརྒྱད་པ་སོ་སོའི་ལྟ་སྟངས་འགྱུར་བའི་སྤྱན། །སྒྲུབ་པ་ཕྲིན་ལས་ཀུན་གྱི་ཡན་ལག་གོ། །དགུ་པ་ལྕེ་ལ་ཆོས་ཀྱི་སྙིང་པོའི་ཚོགས། །རྒྱས་གདབ་བཟླས་བརྗོད་ཆོ་གའི་ཡན་ལག་གོ། །བཅུ་པ་གླུ་འགྱུར་སྐད་ཀྱི་བྱེ་བྲག་སྟེ། །མཆོད་ ཅིང་བསྟོད་པའི་ལས་ཀྱི་བྱེ་བྲག་གོ། །བཅུ་གཅིག་སོ་སོའི་ལས་བཞི་བྱ་བ་དག། །མཆོད་བསྟོད་ཕྲིན་ལས་རྩོམ་པའི་ཡན་ལག་གོ། །བཅུ་གཉིས་གར་ཐབས་སྣ་ཚོགས་ལས་བྱ་བ། །སྒྲུབ་པ་ཚོགས་ཀྱི་འཁོར་ལོའི་ཡན་ལག་གོ། །བཅུ་གསུམ་རྡོ་རྗེ་གླུ་ཡི་བྱེ་བྲག་རྣམས། །མཆོད་ ཅིང་གསོལ་འདེབས་བསྐུལ་བའི་ཡན་ལག་གོ། །བཅུ་བཞི་མཆོད་པ་ལྔ་ཡི་རྫས་བཤམ་པ། །ཚོགས་བསགས་གཟུགས་བརྙན་བསྒྲུབ་པའི་ཡན་ལག་གོ། །བཅོ་ལྔ་མགྲོན་མཉེས་བར་ཆད་ཞི་བའི་ལས། །དཀྱིལ་འཁོར་སྒྲུབ་ཚོགས་ཕྲིན་ལས་ཡན་ལག་གོ། །བཅུ་དྲུག་ལྷ་དང་སློབ་མ་ དབང་བསྐུར་བ། །ཏིང་འཛིན་དབང་བསྐུར་བ་ཡི་ཡན་ལག་གོ། །བཅུ་བདུན་དངོས་གྲུབ་ཤིས་པར་བྱ་བའི་ལས། །སྒྲུབ་ཚོགས་བདག་དོན་ཕྲིན་ལས་ཡན་ལག་གོ། །བཅོ་བརྒྱད་ཡི་གེའི་མཚན་མས་མཉེས་བྱ་བ། །ཚོགས་བསྲུང་བསྒྲུབ་པ་དབང་གི་ཡན་ལག་གོ། །བཅུ་དགུ་རྣལ་ འབྱོར་དོན་རྟོགས་མཚོན་པ་སྟེ། །དབང་དང་དམ་ཚིག་ཚོགས་བསྒྲུབ་སྤྱོད་པ་ཡིན། །ཉི་ཤུ་ཟག་མེད་མངོན་ཤེས་སྒྲུབ་པའི་ཐབས། །བསྒྲུབ་པ་ཕྲིན་ལས་དཀྱིལ་འཁོར་མཚན་རྟགས་སོ། །ཉི་ཤུ་གཅིག་པ་སྲ་སྲེ་ཡོ་གའི་ལྟས། །བསྒྲུབ་པ་ཕྲིན་ལས་དབང་གི་ཡན་ལག་གོ། །ཉི་ ཤུ་གཉིས་པ་བདག་གཞན་བསྲུང་བའི་ལས། །བསྒྲུབ་པའི་ཕྲིན་ལས་རྩོམ་པའི་ཡན་ལག་གོ། །ཉི་ཤུ་གསུམ་བཞི་ལྔ་དང་དྲུག་པ་ནི། །ཕྲིན་ལས་ཕྱོགས་གཅིག་དག་པའི་ཡན་ལག་ཡིན། །ཉི་ཤུ་བདུན་པ་དངོས་གྲུབ་ལས་དབང་བྱེད། །ཚོགས་དང་བསྒྲུབ་པ་ཀུན་གྱི་ཡན་ལག་གོ། །རྟོག་ 26-1-248a པ་བཅུ་བཞི་པ་ནས་བཞི་བཅུའི་བར། །རྟོག་པ་ཉི་ཤུ་རྩ་བདུན་བསྡུས་པ་ཡིན། །བཅུ་པ་བསྡུས་དོན་འབྲས་བུ་ཕན་ཡོན་དེ། །བཤད་པར་དམ་བཅའ་དོན་བཞིན་བཤད་པ་ལ། །སྦྱོར་ལྡན་གར་གྱི་ཕྱག་རྒྱ་དགྲོལ་བ་དང་། །དཀྱིལ་འཁོར་བསྒོམ་པའི་དོན་བཞིན་བསྒྲུབ་པ་ དང་། །ཕན་ཡོན་འབྲས་བུ་ཡོན་ཏན་མཛད་པར་བཅས། །རང་ཉིད་མཆོད་ཅིང་ཕྱག་རྒྱས་གདབ་པའི་ཐབས། །དགྱེས་ཤིང་ཡི་རང་མངོན་པར་བསྟོད་པ་སྟེ། །མཐའ་མ་རྟོགས་པ་གཉིས་དག་བསྡུས་པའོ། །འབྲེལ་ཚུལ་གླེང་གཞི་རྒྱུ་སྟེ་ཐོག་མར་བསྟན། །གླེང་བསླང་རྐྱེན་ཏེ་དེ་ཡི་ རྗེས་ལའོ། །རྟོགས་སླའི་དོན་དུ་མདོར་བསྡུས་འབྲིང་དུ་བྱས། །རྒྱུད་དོན་སྟོན་པ་གཉིས་མེད་བརྗོད་བྱའི་ཚུལ། །ལྟ་བ་ཕན་ཡོན་ཤེས་བྱ་གཞི་ཡི་ཆོས། །ལྔ་པའི་ཁྱད་པར་གླེང་གཞི་དག་དང་འབྲེལ། །དེ་ཡི་དོན་བཞིན་བསྒྲུབས་པས་གསུམ་པ་སྟེ། །དེ་དང་རྗེས་མཐུན་སྤྱོད་པས་བཞི་ པའོ། །དགོངས་མཛད་དང་མཐུན་རྗེས་སུ་དཔྱད་དགོངས་པས། །ཏིང་འཛིན་རིམ་པར་ལྔ་པ་བྱུང་བ་ཡིན། །སྔོན་འགྲོ་ཚོགས་དབང་དམ་ཚིག་བརྟེན་པས་དྲུག །དེ་ཡང་གཟུགས་བརྙན་ལ་བརྟེན་བདུན་པའོ། །ཀུན་གྱི་ཡན་ལག་མཆོད་པའི་ལས་ཡིན་བརྒྱད། །ཕྱག་རྒྱ་ཉི་ཤུ་བདུན་གྱི་ཁ་ སྐོང་དགུ། །དེ་ལྟར་ལམ་ལ་སྤྱོད་པ་བྱས་པའི་མཐུས། །མཐར་ཕྱིན་འབྲས་བུ་ལ་སོགས་བཅུ་པས་བསྟན། །མཚོན་བྱ་དོན་གྱི་འབྲེལ་ཚུལ་རྣམ་པ་གཉིས། །བདག་དོན་སྒྲུབ་དང་གཞན་དོན་སྤྱོད་པའོ། །གང་ཞིག་སྔོན་འགྲོ་ཕུན་སུམ་ཚོགས་ལྡན་པས། །ཤེས་བྱ་དངོས་དངོས་ གནས་ལྟ་ཤེས་བྱས་ལ། །གནས་མཆོག་ཕུན་སུམ་ཚོགས་པ་གཞིར་ལྡན་པར། །གཟུགས་བརྙན་དཀྱིལ་འཁོར་དབང་དང་དམ་ཚིག་དང་། །ཏིང་འཛིན་ཕྲིན་ལས་སྤྱོད་པའི་བྱེ་བྲག་དང་། །ཚོགས་ཀྱི་འཁོར་ལོ་བསྒྲུབ་པའི་རིམ་པ་དག །བདག་གཞན་དོན་གྱི་དབྱེ་བའི་རྣམ་གྲངས་ ཀྱིས། །རིམ་པ་གཉིས་སུ་སྦྱར་ཞིང་ཤེས་པར་བྱ། །ལམ་གཉིས་ཉམས་སུ་བླངས་ཤིང་གོམས་བྱས་པ། །འབྲས་བུ་མཛད་བཅས་ཡོན་ཏན་སྣང་བ་ཡིན། །ཁྱུང་ཆེན་མཁའ་ལྡིང་སྤྱི་རྒྱ་རླབས་ཀྱིས་བཅད། །ངང་པའི་རྒྱལ་པོ་མི་འཁོར་དོན་ལ་འབེབས། །སེང་གེ་མཆོངས་པས་སྣོར་མཚམས་ 26-1-248b འཕེན་སྡུད་ཤེས། །རུས་སྦལ་ནུས་འགྲོས་ཡན་ལག་འབྲུ་ལ་དབབ། །གནའ་བུ་བྲག་གནས་མི་འཚམ་འཚམ་པར་བསྟན། །བྱ་ལག་གཟན་སྙོག་གཅེས་ཀ་དགོངས་པ་འཛིན། །རིན་ཆེན་སྒྲོན་མས་ཚིག་ཟུར་དུ་མ་སྦར། །དཔེ་དོན་མཐུན་པས་ལེའུ་མཚམས་གཏན་ལ་དབབ། །ཟབ་དང་རྒྱ་ཆེན་ དོན་གྱི་བྱེ་བྲག་ལ། །ཐུན་མོང་ཁྱད་པར་མཚན་ཉིད་གསང་སྔགས་གཞུང་། །དམན་པ་དབྱིབས་ཚོགས་གསང་སྔགས་དོན་གྱི་གཞུང་། །མཐར་ཐུག་ཆོས་ཀྱི་དོན་དུ་ཤེས་པར་བྱ། །ཉེས་པའི་སྐྱོན་ཚོགས་ཞར་ལ་བཤད་པ་སྟེ། །རྒྱུད་ལུང་མི་འགལ་མཐུན་གསལ་ངེས་ཤེས་བསྐྱེད། །མན་ངག་ཚིག་ དོན་ཡི་གེ་སྦས་པ་འབྱིན། །གཏན་ཚིགས་བརྒལ་ལན་སྒྲོ་འདོགས་གཅོད་པར་བྱེད། །དེ་ལ་སྤྱིར་ཐེག་པ་ཆེན་པོ་གསང་སྔགས་ཀྱི་རྒྱུད་མཐའ་དག་བསྡུ་ན། མཚོན་བྱ་དོན་དང་། མཚོན་བྱེད་ཚིག་གོ། །དང་པོ་ནི་རྒྱུད་དང་ཐབས་དང་འབྲས་བུའི་མཚན་ཉིད་ཅན་ནོ། །དེ་དག་ཀྱང་འགྲོ་བ་ཐམས་ ཅད་སངས་རྒྱས་ཀྱི་རང་བཞིན་དུ་གནས་པ་དང་། ཟག་པ་མེད་པའི་སྨིན་པ་དང་། གྲོལ་བའི་རྒྱུད་ཀྱིས་བསྡུས་པའི་ལམ་ལ་སྤྱོད་པ་དང་། བདག་གཞན་ལ་སྣང་བའི་སྐུ་དང་ཡེ་ཤེས་ཡོན་ཏན་མཛད་པ་དང་བཅས་པའོ། །གཉིས་པའི་ཚིག་ནི་བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། རྣལ་འབྱོར་གྱི་ རྒྱུད་དང་། རྣལ་འབྱོར་ཆེན་པོའི་རྒྱུད་དོ། །དེ་ལ་བསྐྱེད་རྫོགས་རྣམ་པ་གསུམ་གྱིས་ཕྱེ་སྟེ། དང་པོ་རྒྱུད་ཀྱི་རྣམ་གྲངས་བཅོ་བརྒྱད་དུ་གསུངས་པ་ལ། འདི་ཉིད་སྐུའི་རྒྱུད་ཐམས་ཅད་ཀྱི་གཞི་དང་རྩ་བར་གྱུར་པ་སྟེ། དེ་དག་གི་མཚན་ཉིད་དང་དབྱེ་བ་རྒྱས་པར་ནི་དཔལ་ཕྲེང་བ་དམ་པའི་འགྲེལ་ པར་བསྟན་པས་འདིར་སྤྲོ་བར་མི་བྱའོ། །ད་ནི་རྒྱུད་ཀྱི་དོན་ལ་འཇུག་པར་བྱ་སྟེ། མཚོན་བྱའི་དོན་ཇི་ལྟ་བ་བཞིན་མཚོན་པའི་སྒོ་ནས་རྣམ་པར་བཤད་པ་ལ། དང་པོར་ཕུན་སུམ་ཚོགས་པའི་རྒྱུ་མ་ཚོགས་ན་གཞི་མེད་དེ་སྟོན་པ་ལ་སོགས་པ་གླེང་གཞིའི་དོན་བསྟན་པའི་ཕྱིར་གསུངས་ཏེ། སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། ཞེས་སོ། །གཞན་དག་ན་རེ། བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དག་ང་ཡོངས་སུ་མྱ་ངན་ལས་འདས་ནས་ཁྱེད་རྣམས་ 26-1-249a ཀྱིས་དམ་པའི་ཆོས་རྣམས་བསྡུ་བར་བྱ་སྟེ། བཀའ་ཐམས་ཅད་ཀྱི་དང་པོར་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་པ་ལ་སོགས་པའི་གླེང་གཞི་རྒྱས་པ་དང་། ཞབས་སུ་ཡི་རང་ཞིང་བསྟོད་པ་ཐོགས་ཤིག་ཅེས་གསུངས་པ་ལ། འདིར་སྡུད་པ་པོ་གསང་བའི་བདག་པོ་ ཕྱག་ན་རྡོ་རྗེ་མ་སྨོས་པ་ཅིའི་ཕྱིར་ཞེ་ན། དེའི་རྒྱུ་ནི་གཉིས་ཏེ། རྡོ་རྗེ་འཆང་ཆེན་པོའི་དགོངས་མཛད་རྒྱ་ཆེར་སློབ་པའི་རིམ་པ་རྩ་བའི་རྒྱུད་རྟོག་པ་བཞི་བཅུ་རྩ་གཉིས་པར་རྒྱས་པར་གསུངས་པ་དང་། རྡོ་རྗེ་འཆང་ཆེན་པོའི་མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོའི་རང་བཞིན་དུ་རྟག་ཏུ་ བཞུགས་ཏེ། བདག་ཉིད་ཆེན་པོ་རྟག་པ་ཡི། །ཞེས་པས་གསལ་ལོ། །དེས་ན་རྒྱུད་གཞན་ལས་ནི་གླེང་གཞི་དང་བརྗོད་བྱ་སོ་སོར་བསྟན་ལ། འདིར་ནི་གཉིས་སུ་མེད་པའི་སྒོ་ནས་སངས་རྒྱས་རིགས་དྲུག་གི་མཚན་གྱི་དོན་གྱིས་གླེང་གཞི་བསྟན་ཏེ་དེ་ཉིད་ནི་བརྗོད་བྱའི་དོན་དུ་གནས་སོ། འོ་ན་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་དང་ཁྱད་པར་མེད་པས་ལོགས་སུ་གཞག་མི་དགོས་སོ་ཞེ་ན། དེ་ལྟར་ཡིན་ཡང་གཞན་ཡང་ཆ་མཐུན་པའམ། ཐོག་མར་རྒྱུ་བཀོད་པའི་ཚུལ་གྱིས་རྩ་བའི་རྒྱུད་བསྡུས་པའོ། །དེ་ལ་ལུང་གཞན་དང་སྒོ་མཐུན་པའི་ཚུལ་དུ་ནི། སྟོན་པ་དང་། གནས་དང་། འཁོར་དང་། སྡུད་པ་པོ་དང་། དུས་སོ། །དེའི་ཕྱིར་རྩ་བའི་རྒྱུད་ལས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སྐུ་གསུམ་གཉིས་སུ་མེད་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་པདྨ་དང་རིན་པོ་ཆེ་དང་རྒྱ་གྲམ་ཀུན་གྱི་བདག་ཉིད་ དམ་པ་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་ཞེས་བྱ་བ་ལ་སོགས་པའི་ཚིག་རྒྱ་ཆེན་པོས་སྟོན་པའི་རང་བཞིན་གྱི་དེ་ཁོ་ན་ཉིད་དང་། མཚན་ཉིད་ཀྱི་ཚོགས་དང་། ཡོན་ཏན་གྱི་སྣང་བ་དང་། ཕྲིན་ལས་རྒྱ་ཆེན་པོའི་སྒོ་ནས་གཞན་ལས་ཁྱད་པར་དུ་གྱུར་པ་དང་། འཕྲུལ་པའི་ཞིང་ཁམས་དང་། བཤད་པའི་གནས་དང་། དེ་ཉིད་ལས་མི་གཞན་པར་འཕྲུལ་པ་དང་། ཐ་དད་རང་རྒྱུད་པའི་འཁོར་ཕལ་པོ་ཆེ་དང་། ཐུགས་ཀྱི་དཀྱིལ་འཁོར་སྡུད་པའི་དེ་བཞིན་གཤེགས་པའི་ཚོགས་དང་། གསུང་གི་སྡུད་པ་པོ་བྱང་ཆུབ་སེམས་དཔའ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང་། འཕྲུལ་པ་དང་ 26-1-249b བཤད་པའི་དུས་རྣམ་པ་གཉིས་ཀྱིས་མཚན་ཉིད་རྒྱ་ཆེར་བསྟན་ཏོ། །རྟོག་པ་བདུན་ལས་ཀྱང་། གཞུང་གཞན་མི་འགལ་བསྒྲུབ་པའི་ཕྱིར། །སྟོན་པ་གནས་དང་འཁོར་ཚོགས་དང་། །སྡུད་པ་དུས་ཀྱི་བྱེ་བྲག་གིས། །ཐུན་མོང་གླེང་གཞི་རྣམ་པར་བསྟན། །ཞེས་སོ། །གསང་སྔགས་ཁྱད་པར་གྱི་དོན་དུ་ སངས་རྒྱས་དྲུག་གི་མཚན་གྱི་སྒོ་ནས་ཕུན་སུམ་ཚོགས་པའི་དོན་སྟོན་ཏེ། རྟོག་པ་བསྡུས་པ་ལས། སེམས་དཔའ་སངས་རྒྱས་ཀུན་དངོས་ནི། །རྫོགས་སངས་རྒྱས་ཕྱིར་རྣམ་སྣང་མཛད། །རྡོ་རྗེ་སེམས་དཔའ་རྒྱལ་ཆེན་པོ། །ཡེ་ཤེས་རྡོ་རྗེ་འཛིན་མཆོག་ཕྱིར། །གསང་བ་ཁྲག་འཐུང་ ཞེས་བྱ་སྟེ། །ཕྱག་རྒྱ་ཆེན་པོ་གྲུབ་པའི་ལྷ། །མཆོག་ནི་པདྨ་འཛིན་རྒྱལ་པོ། །དམ་ཚིག་དམ་པ་ཤེས་ལྡན་བྱེད། །དགྱེས་པ་ཉི་མ་དམ་པ་སྟེ། །སྦྱིན་པ་ལ་སོགས་མཆོག་གྲུབ་འགྱུར། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །རྡོ་རྗེ་རྟ་མཆོག་ལས་ཉིད་བདག །ཅེས་པ་དང་། རྟོག་པ་བདུན་པ་ལས་ཀྱང་། སངས་རྒྱས་དྲུག་གི་མཚན་གྱིས་ནི། །ཁྱད་པར་གླེང་གཞིའི་དོན་གསལ་བྱེད། །ཅེས་སོ། །དེ་ཡང་རྣམ་པར་སྣང་ཞིང་ཡེ་ཤེས་གསལ་བའི་བདག་ཉིད་ཀྱིས་གཉིས་སུ་མེད་པའི་སེམས་དཔའ་མཛད་པ་ཁྱད་པར་ཅན་གྱི་ལས་ཀྱིས་ཕུན་སུམ་ཚོགས་པ་གཉིས་ མངའ་བས་སངས་རྒྱས་ཀུན་གྱི་དངོས་ཉིད་དོ། །དེ་ཉིད་ཀྱི་མཚན་ཉིད་ཀྱི་བྱེ་བྲག་ནི་རྡོ་རྗེ་སེམས་དཔའ་དང་། བདེ་བ་ཆེན་པོའི་སྐུ་མཆོག་ཏུ་གྱུར་པ་ཞེས་བྱ་སྟེ། དོན་རྟགས་གཉིས་ཀྱི་སྒོ་ནས་རྡོ་རྗེ་སེམས་དཔའ་ནི་བདེ་བའི་མཆོག་ཏུ་གྱུར་པའོ། །ཡི་གེ་གསུམ་གྱིས་རྣམ་པར་ཐར་པའི་སྒོ་ གསུམ་སྟོན་ཅིང་། དེ་མཚོན་པར་བྱེད་པ་ནི་བྷ་ག་གྲུ་གསུམ་པ་གསང་བའི་གནས་ཀྱི་དབྱིབས་སོ། །དེ་ཉིད་ནི་ཆགས་པའི་མཐའ་ཐམས་ཅད་དང་བྲལ་ཞིང་། ཆགས་པ་ཆེན་པོའི་བདག་ཉིད་རྟོག་པའི་དྲི་མ་དང་བྲལ་ཞིང་དག་པར་བྱེད་པས་ན་མཆོག་ཏུ་གྱུར་པ་སྟེ། པདྨ་གར་གྱི་དབང་ཕྱུག་གི་ རང་བཞིན་ནོ། །བདེ་བ་བྱང་ཆུབ་སེམས་ཀྱི་མཚན་ཉིད་དགྱེས་པའི་ལོངས་སྤྱོད་ཐམས་ཅད་འབྱུང་བའི་གནས་སུ་གྱུར་པ་ཡོན་ཏན་གྱི་བཀོད་པ་སྟེ་ཉི་མའོ། །རྟ་མཆོག་ནི་ཕྲིན་ལས་ཀུན་གྱི་བདག་ཉིད་དེ། འཁོར་ཐམས་ཅད་དང་། སྡུད་པ་པོའི་བདག་ཉིད་དང་། དུས་ཀུན་དུ་རང་གི་མཚན་ 26-1-250a ཉིད་དང་། གདུལ་བྱའི་དོན་དུ་རྟག་ཏུ་བཞུགས་པའོ། །གསང་སྔགས་ཀྱི་གཡོ་བའི་རྟེན་དང་། གསང་བའི་བརྟེན་པ་གཉིས་སུ་མེད་པར་གནས་པའི་ཡེ་ཤེས་ཆེན་པོའི་རང་བཞིན་ཏེ་སེམས་དཔའོ། །དེ་ཉིད་སངས་རྒྱས་ཀུན་གྱི་རང་བཞིན་རླུང་ལྔའི་དངོས་པོར་བཞུགས་ཏེ། གཞན་ གྱིས་མི་ཤིགས་པའི་ལས་མཛད་པས་རྡོ་རྗེ་ལྟ་བུར་གནས་ཤིང་། རང་གི་དེ་ཁོ་ན་ཉིད་ཉམས་སུ་མྱོང་བའི་སེམས་དཔའ་ཆེན་པོ་བདེ་བའི་རོས་རྒྱས་པས། དེ་ནི་ཟག་པ་མེད་པའི་ལམ་སྟེ་མཆོག་ཏུ་གྱུར་པའོ། །གསང་བའི་དོན་སྔགས་གསུམ་གྱི་རྣམ་པ་འབྱུང་འཇུག་གནས་པའི་སྒོ་ནས་འཕྲོ་འདུས་ལས་ མཛད་དེ། མཆོག་ཏུ་གྱུར་པའི་རྩ་གསུམ་དགང་ཞིང་བདེ་བ་ཆེན་པོའི་ཏིང་འཛིན་གྱིས་དགྱེས་པས་ན་ཆོས་ཐམས་ཅད་ཀྱི་བདག་ཉིད་དུ་རྟག་ཏུ་བཞུགས་སོ། །དེ་ཡང་རྟོག་པ་བདུན་པ་ལས། གཉིས་མེད་ཡེ་ཤེས་སེམས་དཔའ་ཆེ། །སངས་རྒྱས་ཀུན་བདག་གཡོ་བ་ལྔ། །རྡོ་རྗེ་སེམས་དཔའ་ བདེ་ཆེན་རྒྱལ། །ཟག་པ་མེད་པའི་ལམ་མཆོག་རྒྱས། །གསང་བ་སྔགས་གསུམ་འབྱུང་འཇུག་གནས། །མཆོག་གྱུར་རྩ་གསུམ་བདེ་ཆེན་དགྱེས། །ཀུན་གྱི་བདག་ཉིད་དེ་བཞིན་ཉིད། །ཆོས་རྣམས་ཐམས་ཅད་འབྱུང་བའི་གནས། །ཞེས་གསུངས་སོ། །དབྱིབས་ཀྱི་སྒྲོ་ནས་ཐབས་དང་ ཤེས་རབ་གཉིས་སུ་མེད་པའི་མཚོན་བྱ་སེམས་དཔའི་རང་བཞིན་དེ་ཉིད་འབྱུང་ལྔ་འཁོར་ལོའི་རྣམ་པར་སངས་རྒྱས་ཀུན་གྱི་དངོས་པོར་བཞུགས་ཏེ། རྡོ་རྗེ་སེམས་དཔའི་མཚན་མའི་ཡི་གེའི་རྣམ་པ་དང་། བདེ་བ་ཆེན་པོ་གཉིས་སུ་མེད་པའི་མཆོག་ཐ་དད་མེད་ཅིང་། གསང་བའི་གནས་རྡོ་རྗེ་ དབྱིངས་ཕྱུག་མའི་ཕྱག་རྒྱ་དང་། རིན་པོ་ཆེ་འབར་བ་ཀ་ཏ་སྦྱར་བས་རླུང་དང་མེའི་རྐྱེན་གྱིས་བདེ་བའི་མཆོག་གིས་བསྐུལ་ཏེ་སྐད་ཅིག་མ་བཞི་ལས་དགའ་བ་བཅུ་དྲུག་ཏུ་འཕེལ་བས་དགྱེས་ཤིང་ཚིམ་ནས། ཆོས་ཐམས་ཅད་སྣང་སྟོང་གཉིས་སུ་མེད་པའི་ངོ་བོ་ལ་བདེ་བ་ཆེན་པོའི་རྒྱས་བཏབ་ སྟེ། སྐུ་གསུམ་གཉིས་སུ་མེད་པའི་སངས་རྒྱས་ཀྱི་བདག་ཉིད་དུ་རྟག་ཏུ་བཞུགས་སོ། །དེ་ཡང་རྟོག་པ་བདུན་པ་ལས། གཉིས་མེད་སེམས་དཔའ་སངས་རྒྱས་མཆོག །འབྱུང་ཁམས་འཁོར་ལོའི་རྣམ་པར་གནས། །ཡི་གེ་གཉིས་མེད་བདེ་ཆེན་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་ 26-1-250b ཉིད། །གསང་བའི་ཕྱག་རྒྱ་རབ་སྦྱོར་ནས། །བདེ་མཆོག་རྐྱེན་གྱིས་བསྐུལ་བྱ་སྟེ། །དགའ་བཞི་བཅུ་དྲུག་གནས་སྤྲོ་ཞིང་། །ཐམས་ཅད་བདེ་བ་ཆེན་པོའི་སྐུ། །ཞེས་སོ། །ཆོས་ཀྱི་ཚུལ་དུ་སེམས་དཔའ་རང་བྱུང་གི་ཡེ་ཤེས་ཆེན་པོ་རྟོག་པའི་དྲི་མ་ཐམས་ཅད་དང་བྲལ་བ་དེ་ཉིད་ནི་སངས་ རྒྱས་ཀུན་གྱི་དངོས་ཉིད་དོ། །དེ་ཡང་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པའི་ཚུལ་དུ་བདེ་བ་ཆེན་པོའི་སྐུར་བཞུགས་ཤིང་། ཟག་པ་མེད་པའི་ཡེ་ཤེས་ལས་གྲུབ་པས་འབྲལ་བ་མེད་དོ། །ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྐུ་ཉམས་སུ་བསྟར་བའོ། །དེའི་དོན་དངོས་པོ་ཀུན་ལ་གནས་ཀྱང་ རྟོག་པའི་དྲི་མས་བསྒྲིབ་ཅིང་རང་གསང་དུ་གནས་ལ། མཚན་ཉིད་ཀྱི་ཐེག་པས་དཀའ་བ་སྤྱད་ཀྱང་མ་རྟོགས་པས་སྣང་བ་ཤིན་ཏུ་ལྐོག་ཏུ་གྱུར་པ་ལྟ་བུར་གནས་སོ། །དེ་ལ་སྤྱོད་པའི་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ལམ་པ་དག་ནི་སྐུ་གསུམ་གཉིས་སུ་མེད་པའི་འབྲས་བུ་མཆོག་དང་ལྡན་ཞིང་། བདེ་བ་ཆེན་པོའི་རོས་དགྱེས་ཏེ་ཆོས་ཐམས་ཅད་ཀྱི་བདག་ཉིད་དུ་རྟག་ཏུ་བཞུགས་པའོ། །དེ་ཡང་རྟོག་པ་བདུན་པ་ལས། སྣང་བ་ཉིད་ནི་སྟོང་པའི་དངོས། །དེ་ཉིད་བདེ་བ་ཆེན་པོ་ཡིས། །དེ་ཉིད་སེམས་དཔའ་སངས་རྒྱས་དངོས། །དེ་ཉིད་ཆོས་རྣམས་ཀུན་གྱི་དབྱིངས། །བདེ་ཆེན་རྡོ་རྗེ་སེམས་ དཔའ་ནི། །སྣང་ཁྱབ་གསལ་བའི་ཚུལ་དུ་བཞུགས། །ཞེས་སོ། །དེ་དག་ནི་བརྗོད་བྱའི་དོན་དང་དེ་འབྱུང་བའི་རྒྱུ་གཉི་ག་ཡིན་ཏེ། གླེང་གཞི་ཕུན་སུམ་ཚོགས་པའོ། །གཞན་ཡང་རྐྱེན་མེད་པར་ནི་རྒྱུ་ཚོགས་པས་ཀྱང་མི་འབྱུང་སྟེ། པྲྀ་ཀ་ཏའི་མེ་ཏོག་གི་འབྲས་བུ་བཞིན་ནོ། །དེ་ནས་སངས་རྒྱས་གཉིས་ ཀྱི་མཚན་གྱི་སྒོ་ནས་གླེང་བསླང་བའི་ལེའུ་གཉིས་པ་བསྡུ་བར་བྱ་བའི་ཕྱིར། འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་རབ་ཏུ་ཆེ་བའི་ལྷ། །ཞེས་པ་སྟེ། རང་བཞིན་ལྷུན་གྱིས་གྲུབ་པའི་ཕྱི་ནང་གི་དངོས་པོ་དག་ལས་རང་གི་དེ་ཁོ་ན་ཉིད་དོན་དམ་པ་དང་། ཀུན་རྫོབ་ཀྱི་ཆོས་སུ་དྲན་ཅིང་རྟོགས་ པ་མངོན་དུ་གྱུར་པའི་ཕྱོགས་བཅུའི་སངས་རྒྱས་ཀྱིས་ཀྱང་རང་གི་དེ་ཁོ་ན་ཉིད་དོན་དམ་པ་དང་། ཀུན་རྫོབ་ཀྱི་ཆོས་སྟོན་ཏོ། །དེའི་ཕྱིར་གསུངས་ཏེ། དེ་ནས་སྐུ་གསུམ་གཉིས་སུ་མེད་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོའི་བྱིན་རླབས་ལས། འོད་ཟེར་གྱི་སྣང་བས་སྟོང་གསུམ་ལ་སོགས་པའི་གནས་ 26-1-251a རྣམས་གསལ་བར་བྱས་ཏེ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་རྣམས་བསྐུལ་ཞིང་། རྒྱུད་ཡོངས་སུ་དག་པའི་འགྲོ་བ་ཐམས་ཅད་བསྡུས་ནས། དེ་དག་གི་མདུན་དུ་དཀྱིལ་འཁོར་གྱི་རིམ་པ་སྣ་ཚོགས་སྤྲུལ་ཞིང་འཁོད་པ་ལས། ཉིད་ཀྱི་མཐུས་འབྱུང་བ་ དང་། འབྱུང་བ་ལས་གྱུར་པའི་བརྟན་གཡོ་དང་། ཕྱོགས་བཅུའི་སངས་རྒྱས་དང་སྤྲུལ་པའི་ཚོགས་རྣམས་ཀྱིས་དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་བ་མཆོག་གི་དོན། བདེན་པ་གཉིས་སུ་མེད་པའི་མཚན་ཉིད་སྟོན་ཏེ་གཟུགས་ཀྱི་འཕྲུལ་པ་ སྣ་ཚོགས་དང་། སྒྲའི་འཕྲུལ་པ་སྣ་ཚོགས་སྣང་བ་མཛད་དོ། །དེའི་ཚེ་འཁོར་གྱི་ཚོགས་རྣམས་རྟོག་པ་སྐྱེས་ཏེ། སྣ་ཚོགས་རབ་ཏུ་བཀོད་པའི་མཆོད་པའི་ཚོགས་དང་། སྣ་ཚོགས་རྣམ་པར་བསྒྱུར་བའི་བསྟོད་པས་གཙོ་བོའི་དཀྱིལ་འཁོར་མཉེས་པར་མཛད་ནས་ལན་མང་དུ་བསྐོར་བས་འདུད་ ཅིང་ཕྱག་འཚལ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་སོགས་པ་སུམ་ཅུ་རྩ་གཉིས་ཀྱིས་ཡང་དང་ཡང་དུ་གསོལ་བ་བཏབ་ཅིང་གླེང་བསླང་ངོ་ཞེས་པ་ལ་སོགས་པའི་ཚིག་དོན་རྒྱ་ཆེར་གསུངས་སོ། །ཚིག་གི་དོན་འདི་ནི་ཉེ་བ་མངོན་སུམ་པའི་ཚིག་སྟེ་སྣང་སྲིད་ཀྱི་ དངོས་པོ་དབང་པོའི་སྣང་བ་དག་གོ། །དེ་ཉིད་དབྱིངས་སྐྱེ་བ་མེད་པ་སྟོང་པ་ཉིད་ལས་རང་བྱུང་སྟེ་ཡོན་ཏན་གྱི་རྣམ་པར་འཕྲུལ་པ་འབྱུང་བ་ཆེན་པོ་ལྔ་དང་འགྲོ་བ་ལྔ་དང་ཕུང་པོ་ལྔ་ལ་སོགས་པ་སོ་སོའི་མཚན་ཉིད་འཛིན་པ་དང་སྤྱིའི་རྣམ་པའི་སྒོ་ནས་མི་མཐུན་པའི་མཚན་རྟོག་གནས་སུ་དག་ པའི་བཅོམ་ལྡན་འདས་སངས་རྒྱས་དྲུག་གི་སྤྱོད་ཡུལ་དུ་སྣང་བའོ། །དེ་ཉིད་གསལ་བར་བྱེད་པའི་རང་བྱུང་གི་ཡེ་ཤེས་ཆེན་པོ་གཉིས་ཅན་གྱི་དྲི་མ་ཐམས་ཅད་དང་བྲལ་བའི་སྣང་སྟོང་ཟུང་དུ་འཇུག་པའི་ཚུལ་བདེ་བ་ཆེན་པོའི་སྐུ་གཅིག་པུ་ནི་དངོས་པོའི་མཚན་ཉིད་དེ་དུས་གསུམ་སངས་ རྒྱས་ཐམས་ཅད་ཀྱི་དགོངས་པའོ། །དེ་ལས་རྣམ་པར་འཕྲུལ་པའི་ཐུགས་རྗེ་ཆེན་པོ་རབ་ཏུ་ཆེ་བའི་ལྷ་དག་ནི་སོ་སོར་རིགས་ཀྱི་དཀྱིལ་འཁོར་མཛད་པའི་ཚུལ་དུ་ཕུན་སུམ་ཚོགས་པར་བཞུགས་སོ། །དེ་ཡང་རྟོག་པ་བདུན་པ་ལས། འདི་དག་སྟོང་ཉིད་རང་བྱུང་བ། །སྣང་སྲིད་ཆོས་རྣམས་ 26-1-251b བཅོམ་ལྡན་འདས། །གཉིས་མེད་ཡེ་ཤེས་གཅིག་པུ་ལས། །དཀྱིལ་འཁོར་སྣ་ཚོགས་ཆེ་བའི་ལྷ། །བྱིན་རླབས་སྤྲུལ་པའི་སྒྲ་ཡིས་ནི། །རྒྱུད་དོན་དེ་ཉིད་གླེང་སློང་མཛད། །ཅེས་སོ། །དེས་ནི་ཟབ་པ་དང་རྒྱ་ཆེ་བའི་དོན་ཕྱོགས་གཅིག་ཏུ་བསྟན་ཏོ། །ཁྱད་པར་གྱི་དབང་དུ་དཔལ་རྡོ་རྗེ་སེམས་དཔའ་ནི་ སངས་རྒྱས་ཀུན་གྱི་རང་བཞིན་ཆོས་ཐམས་ཅད་ཀྱི་འབྱུང་གནས་དཀྱིལ་འཁོར་སྣ་ཚོགས་རྣམ་པར་འཕྲུལ་པ་པོ་སྟེ། འདི་ནི་རང་བྱུང་གི་ཡེ་ཤེས་ཆེན་པོའི་སྣང་བ་ལས་གྲུབ་པས་བདུད་བཞི་བཅོམ་ཞིང་དབང་ཕྱུག་བརྒྱད་དང་ལྡན་པས་བཅོམ་ལྡན་འདས་ཆེན་པོ་གཉིས་སུ་མེད་པའི་བདག་ ཉིད་གཅིག་པུའི་ངོ་བོར་གནས་ཤིང་ཡོན་ཏན་གྱི་རྣམ་པས་རབ་ཏུ་ཕྱེ་བའི་ལྷར་གནས་སོ། །དེ་ཡང་རྟོག་པ་བདུན་པ་ལས། རྡོ་རྗེ་སེམས་དཔའ་བདེ་ཆེན་སྐུ། །ཀུན་བདག་རང་ཉིད་བཅོམ་ལྡན་འདས། །གཉིས་མེད་ཡེ་ཤེས་གཅིག་པུའི་དངོས། །རྣམ་འཕྲུལ་རབ་ཏུ་ཆེ་བའི་ལྷ། །ཞེས་སོ། ། སྔགས་དང་དབྱིབས་ཀྱི་སྒོ་ནས་རྣམ་པར་རྒྱལ་བའི་རླུང་ཞུ་བ་དེ་གཉིས་དང་བཅས་པ་འདི་ནི་རང་བྱུང་བཅོམ་ལྡན་འདས་ཏེ་རླུང་རྣམ་པ་བཅུ་དང་སུམ་ཅུ་རྩ་གསུམ་གྱི་གནས་ཀྱི་རྟོག་པ་འཇོམས་ཤིང་རང་བཞིན་བདེ་བ་ཆེན་པོ་གཅིག་པུའི་ངོ་བོར་བཞུགས་པས་རབ་ཏུ་ཆེ་བའི་ལྷའོ། །དེ་ཡང་རྟོག་ པ་བདུན་པ་ལས། སྔགས་ཚོགས་དབྱིབས་ཀྱི་ཕྱག་རྒྱ་ཡིས། །འབྱུང་འཇུག་གནས་པའི་བྱང་ཆུབ་སེམས། །གཉིས་མེད་རང་བྱུང་བཅོམ་ལྡན་འདས། །བདེ་ཆེན་རབ་ཏུ་ཆེ་བའི་ལྷ། །ཞེས་པ་དང་། ཡང་། དངོས་པོ་དེ་ཉིད་ལ་བརྟེན་ཏེ། །དཀྱིལ་འཁོར་རབ་སྤྲུལ་སྒྱུ་མའི་ཚོགས། ། སྔགས་དང་དབྱིབས་ཀྱི་མཚན་ཉིད་ཀྱིས། །ཆོས་ཀྱི་དེ་ཉིད་རབ་སྟོན་ཕྱིར། །དོན་དེ་ཉིད་ཀྱི་སྒོ་ནས་ནི། །དོན་དེ་ཉིད་ནི་གསལ་བར་བྱེད། །བརྡ་ཡིས་གླེང་སློང་རྐྱེན་དུ་མཛད། །ཅེས་སོ། །དེ་དག་ནི་གླེང་བསླང་བའི་དོན་མདོར་བསྟན་པའི་བཤད་པའོ། །དེ་ལྟར་རྒྱུ་རྐྱེན་ཚོགས་པ་ ལས་བྱུང་བ་ནི་མཚོན་བྱེད་ཀྱི་རྒྱུད་དོ། །དེས་བསྒྲུབ་པར་བྱ་བ་ནི་གཞི་དང་ལམ་གྱི་ཆོས་ཏེ་དེ་ལས་བྱུང་བ་ནི་སྐུ་དྲུག་ལྷུན་གྱིས་གྲུབ་པའོ། །དེའི་ཕྱིར་མཚོན་བྱ་མཐའ་དག་ནི་འབྲས་བུའི་ཚུལ་དུ་གནས་སྐབས་ཀྱིས་གནས་སོ། །དེས་ན་རྒྱུད་དང་སྟོན་པ་གཉིས་སུ་མེད་པའི་མཚན་ཉིད་ཀྱི་སྒོ་ནས་ 26-1-252a ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་མདོར་བསྟན་ཅིང་། རྟོག་པ་གསུམ་པའི་དོན་བསྡུ་བའི་ཕྱིར། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །ཅེས་ཏེ། དེ་ལྟར་ཚིག་དྲུག་པོ་དེས་ནི་འོག་གི་གཞུང་རྣམ་པར་བསྡུས་པའོ། །དེ་ལ་ཕྱོགས་བཅུར་ གནས་ཤིང་དུས་གསུམ་གྱིས་བསྡུས་པའི་རང་བཞིན་གྱི་སངས་རྒྱས་ཐམས་ཅད་ནི་ཆོས་ཅན་དང་ཆོས་ཉིད་གཉིས་སུ་མེད་པའི་ངང་དུ་མཉམ་པར་སྦྱོར་ལ། རྟོགས་པའི་རྒྱལ་བ་རྣམས་ནི་ཕུན་སུམ་ཚོགས་པ་ཀུན་གྱི་བདག་ཉིད་དེ། ཡེ་ཤེས་ཆེན་པོས་ཆོས་ཉིད་ལ་གནས་ཤིང་ཐུགས་རྗེ་ཆེན་པོས་ སེམས་ཅན་གྱི་དོན་ལ་མཉམ་པར་སྦྱོར་རོ། །མཁའ་འགྲོ་རྣམ་པ་ལྔའི་སྒོ་ནས་རང་རང་གི་དེ་ཉིད་ལ་གནས་ཤིང་། སྒྱུ་མའི་དཀྱིལ་འཁོར་སྣ་ཚོགས་ཀྱིས་གདུལ་བྱའི་དོན་དང་མཐུན་པར་སྤྲུལ་ཅིང་། ཐེག་པའི་རིམ་པ་ཐ་དད་པའི་སྒོ་ནས་སེམས་ཅན་གྱི་ཁམས་དག་ཐེག་པ་ཐུན་མོང་གི་ལམ་ལྔ་དང་། ཁྱད་པར་གྱི་ལམ་གཉིས་ཀྱིས་ངེས་པར་ལེགས་པའི་བདེ་བ་མཆོག །སྐུ་དང་ཡེ་ཤེས་ཡོན་ཏན་མཛད་པ་དང་བཅས་པའི་གནས་ལ་འཇོག་པར་མཛད་པའོ། །དེ་ཡང་རྟོག་པ་བདུན་པ་ལས། དུས་གསུམ་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་འཛིན་མཆོག་བདེ་ཆེན་སྐུ། །ཕྱོགས་བཅུའི་ཆོས་ རྣམས་མ་ལུས་དང་། །ཐམས་ཅད་སྐུ་གསུམ་མཉམ་སྦྱོར་ཞིང་། །མཁའ་འགྲོ་སྒྱུ་མའི་དཀྱིལ་འཁོར་གྱིས། །སྣ་ཚོགས་སྐུ་གསུང་ཐུགས་ཀྱི་ལས། །རྣམ་འཕྲུལ་བསྟན་པས་འདུལ་མཛད་དེ། །བདེ་མཆོག་འབྲས་བུར་བཅས་པའི་ལམ། །ཞེས་སོ། །ཁྱད་པར་གྱི་དབང་དུ་སངས་རྒྱས་ ཀྱི་སྒོ་ནས་མཚན་མེད་ཀྱི་ཏིང་ངེ་འཛིན་དང་། ཐམས་ཅད་ཀྱི་སྒོ་ནས་མཚན་བཅས་དང་ཕྲིན་ལས་དང་ཚོགས་འཁོར་དང་། མཉམ་སྦྱོར་གྱི་སྒོ་ནས་སྒྲུབ་པ་ལ་སོགས་པ་དང་། མཁའ་འགྲོའི་སྒོ་ནས་གཟུགས་བརྙན་གྱི་དཀྱིལ་འཁོར་དང་། སྒྱུ་མའི་སྒོ་ནས་ལྟ་བ་དང་། སྤྱོད་པ་དང་། བདེ་ མཆོག་གི་སྒོ་ནས་དབང་བསྟན་ཏོ། །དེ་ཡང་རྩ་བའི་རྒྱུད་ཀྱི་རྟོག་པ་སུམ་ཅུ་རྩ་བཞི་པ་ལས། སངས་རྒྱས་ལ་སོགས་མཚན་གྱི་གྲངས། །ཚིག་དྲུག་རྣམ་པར་བསྟན་པ་གང་། །གཞིར་གྱུར་ཇི་ལྟར་གནས་པ་དང་། །ལམ་གྱི་ཡན་ལག་བརྒྱད་ཚོགས་དང་། །འབྲས་བུ་མཛད་བཅས་ 26-1-252b བསྡུས་པ་སྟེ། །མཚོན་བྱའི་དེ་ཉིད་གཅིག་པ་ལས། །ཁྱད་པར་སྒྲ་ཡི་ཚིག་ལམ་གྱིས། །བརྡ་དོན་ངེས་པའི་གཏན་ཚིགས་བསྟན། །ཞེས་སོ། །སྔགས་ཀྱི་ཚུལ་གྱིས་སྲོག་དང་སྩོལ་བ་གཉིས་སུ་མེད་ཅིང་རྟོག་པའི་དྲི་མ་དག་པའི་སངས་རྒྱས་དེ་ཉིད་སྩོལ་བ་ལྔ་ནས་ཉི་ཁྲི་ཆིག་སྟོང་དྲུག་ བརྒྱའི་བར་དུ་སྤྲོ་ཞིང་། གནས་བཅུ་ནས་བྱེ་བ་བཞི་འབུམ་དུ་བསྡུས་ཏེ། དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ལ་མཉམ་པར་སྦྱོར་ནས་ཉམས་སུ་མྱོང་བའི་ཁྱད་པར་གྱིས་སྲོག་སྩོལ་སྔགས་ཀྱི་རྣམ་པས་མཁའ་འགྲོ་སྒྱུ་མའི་རང་བཞིན་ཨ་ཝ་དྷཱུ་ཏཱིར་ཞུགས་ཏེ། བདེ་བ་ཆེན་པོའི་ཡེ་ཤེས་ཟག་པ་མེད་ པའི་མཆོག་ཏུ་གནས་སོ། །དེ་ཡང་རྟོག་པ་བདུན་པ་ལས། སྲོག་སྩོལ་གཉིས་མེད་སངས་རྒྱས་སྐུ། །དྲི་མེད་འཁོར་བཅས་གནས་སྦྱོར་ཞིང་། །མཁའ་འགྲོ་སྒྱུ་མའི་རྣམ་འཕྲུལ་གྱིས། །བདེ་ཆེན་ཨ་ཝ་དྷཱུ་ཏཱིར་ཞུགས། །ཟག་པ་མེད་པའི་ཡེ་ཤེས་མཆོག །ཆོས་ཀུན་དེ་ལས་གཞན་མ་ ཡིན། །ཞེས་སོ། །དབྱིབས་ཀྱི་ཚུལ་གྱིས་ལྷན་ཅིག་སྐྱེས་པའི་བྱང་སེམས་འཁོར་ལོའི་གནས་ལ་བཞུགས་པའི་སྣང་བ་ལས། འཁོར་ལོའི་འདབ་མ་དང་ཡི་གེ་ཐམས་ཅད་དུ་བསྐོར་ཞིང་། ཐབས་དང་ཤེས་རབ་མེ་རླུང་སྒྲུབ་པའི་རྐྱེན་གྱིས་མཉམ་པར་སྦྱོར་ཏེ། ཀུན་རྫོབ་བྱང་ཆུབ་ཀྱི་ སེམས་འབེབས་པ་དང་། གཟུང་བ་དང་། སླར་གྱེན་དུ་བཟློག་པས་དགའ་བའི་རིམ་པ་འཁོར་ལོའི་གནས་སུ་སྐྱེ་སྟེ། ལུགས་སུ་འབྱུང་བ་དང་ལུགས་ལས་བཟློག་པའི་རྣམ་པས་མཁའ་འགྲོའི་ཚུལ་དུ་ཟག་པ་མེད་པའི་བྱང་སེམས་སྒྱུ་མ་བདེ་མཆོག་ཏུ་གནས་པའོ། །དེ་ཡང་རྟོག་པ་ བདུན་པ་ལས། བདེ་ཆེན་ལྷན་སྐྱེས་འཁོར་ལོའི་གནས། །སངས་རྒྱས་ཀུན་དུ་འཁོར་ལོའི་ཚུལ། །ཐབས་ཤེས་སྦྱོར་བའི་བྱང་ཆུབ་སེམས། །འབྱུང་བཟློག་ཟག་མེད་བདེ་མཆོག་སྐུ། །ཆོས་ཀྱི་ཚུལ་གྱིས་རྩ་བའི་རྒྱུད་ལས། གཉིས་མེད་ཡེ་ཤེས་སངས་རྒྱས་ཆེ། །དངོས་སོགས་ཐམས་ཅད་ མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མའི་རྣམ་འཕྲུལ་གྱིས། །ཆོས་རྣམས་བདེ་བ་ཆེན་པོའི་དབྱིངས། །ཞེས་སོ། དེས་ནི་རྒྱུད་ཀྱི་དོན་མདོར་བསྟན་པའོ། །དེ་དག་ནི་དཔེ་བདུན་དང་ཡན་ལག་ལྔ་ལ་སོགས་པས་ཐུན་མོང་དུ་བསྟན་ཏོ། །ད་ནི་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་འབྲིང་དུ་བསྟན་ཏེ། 26-1-253a དེ་ཡང་དང་པོ་གཅིག་པུའི་སྒོ་ནས་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་བསྟན་པའི་ཕྱིར། ཆགས་མེད་ཆགས་དང་བྲལ་བ་མིན། །དབུ་མར་ཡང་ནི་མི་དམིགས་སོ། །ཞེས་ཏེ། སྔགས་ཀྱི་དབང་དུ་སྲོག་དང་རྩོལ་བའི་རྣམ་པས་འབྱུང་འཇུག་གི་རིམ་པ་ལ་སྤྲོ་བསྡུའི་ཆགས་པ་དང་། དེ་རྣམ་པར་སྤངས་པའི་ དགའ་བདེ་དང་། མཐའ་ཐམས་ཅད་སྤངས་པའི་དབུ་མ་དག་གི་ཡང་རྣམ་པར་མི་དམིགས་ཏེ། དེ་ཁོ་ན་ཉིད་གསུམ་གྱི་སྒོ་ནས་རབ་ཏུ་སྦྱངས་ནས་བདེ་བ་ཆེན་པོའི་དེ་བཞིན་ཉིད་བལྟ་བར་བྱའོ། །དེ་ཡང་རྟོག་པ་བདུན་པ་ལས། འབྱུང་འཇུག་གནས་པའི་རིམ་པ་ལ། །ཆགས་པ་ཆགས་བྲལ་དབུ་ མ་དག །ཀུན་སྤྱོད་མཐའ་ལས་རྣམ་གྲོལ་བ། །བདེ་བ་ཆེན་པོ་བལྟ་བར་བྱ། །ཞེས་སོ། །དབྱིབས་ཀྱི་སྒོ་ནས་ལྷན་ཅིག་སྐྱེས་པའི་ཆུ་རྒྱུན་རང་གི་གནས་སུ་བསྡམ་པ་དང་། གཞན་གྱི་གནས་སུ་གཏོང་བ་དང་། ཤས་ཅིག་གཟུང་ཞིང་ཤས་ཅིག་གཏོང་བའི་རྣམ་པར་མི་དམིགས་ཏེ། རྡོ་རྗེ་དབྱིངས་ མ་དང་རིན་པོ་ཆེ་འབར་བ་ཀ་ཏའི་མཚམས་སུ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་བལྟས་ནས་མ་ཟིན་པ་ཟིན་པ་ལ་སོགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་གསལ་བ་དང་། སླར་གྱེན་དུ་དྲངས་ཏེ་ལྷན་ཅིག་སྐྱེས་པའི་གནས་ལ་གཞག་པར་བྱའོ། །དེ་ཡང་རྟོག་པ་བདུན་པ་ལས། བདེ་བའི་བྱང་ཆུབ་སེམས་ ཚོགས་རྒྱུན། །ཆགས་པ་ཆགས་བྲལ་དབུ་མ་དངོས། །ཞེན་ཆགས་མཐའ་ལས་འདས་པ་ཡིས། །ལྷན་ཅིག་སྐྱེས་པའི་སྙོམས་འཇུག་གནས། །ཞེས་སོ། །ཆོས་སུ་དབང་པོའི་སྣང་བ་རབ་འབྲིང་གསུམ་གྱི་རྣམ་པ་མཐའ་དག་གང་ལ་ཡང་། སོ་སོའི་སྐྱེ་བོའི་རྟོག་པ་དང་། ཉན་ཐོས་ཀྱི་ རྟོག་པ་དང་། བྱང་ཆུབ་སེམས་དཔའི་རྟོག་པ་གང་ཡང་མི་དམིགས་ཏེ་ཆགས་པ་གཉིས་དང་བྲལ་བའི་ཚུལ་གྱིས་ཆགས་པ་གཉིས་ལ་ལོངས་སྤྱོད་པའོ། །དེའི་དུས་ན་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་ཆེན་པོའི་སྣང་བ་ལ་དངོས་པོ་དང་བློའི་ཆོས་རིས་སུ་མེད་དེ། སྣང་བའི་ཆོས་ནི་རང་གི་ རང་བཞིན་དང་། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དུ་གནས་ལ་དེ་ལ་བདེ་བ་ཆེན་པོའི་རྒྱས་ཐེབས་པས་ཟག་པ་མེད་པའི་སྐུ་ཅིར་ཡང་སྣང་ཞིང་སྲིད་པའོ། །དེ་ཡང་རྟོག་པ་བདུན་པ་ལས། ཆགས་དང་ཆགས་བྲལ་ཚུལ་སྤྱོད་ཅིང་། །དབུ་མའི་རྟོག་པས་འཆིང་འགྱུར་ཏེ། །གཉིས་མེད་ཕྱག་རྒྱ་ཆེན་པོའི་ 26-1-253b ངང་། །སྣང་བ་ཉིད་ན་སྟོང་པའི་དབྱིབས། །སྟོང་པ་ཉིད་ན་སྣང་བ་ཡིན། །དབང་པོ་དྲུག་གི་ཡུལ་ལ་རོལ། །ཆོས་རྣམས་མངོན་སུམ་བདེ་ཆེན་པོ། །གཟུགས་སོགས་རབ་འབྲིང་ཐ་མ་མེད། །སྣང་སྟོང་བདེ་བའི་རྒྱས་བཏབ་པས། །དམིགས་པ་ཀུན་ལས་རྣམ་པར་གྲོལ། །ཞེས་སོ། །ད་ནི་དམིགས་ པའི་ཡུལ་དེ་ཉིད་ཀྱི་སྒོ་ནས་འདི་ནི་རང་བྱུང་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། བུད་མེད་ཀུན་གྱི་སྒྱུ་མའི་རྒྱ། །འདི་ནི་གཉིས་མེད་ཐེག་པའི་མཆོག །ཅེས་སོ། །སྔགས་ཀྱི་ཚུལ་དུ་སྲོག་དང་རྩོལ་བ་དག་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚུལ་དུ་གནས་ལ། དེ་ལས་ནི་དངོས་པོའི་འཕྲུལ་པ་ཐམས་ ཅད་སྣང་བས་བུད་མེད་ལྟ་བུའོ། །དེས་ཐམས་ཅད་ཀྱི་དོན་མཚོན་ཞིང་མཚན་པར་བྱེད་པས་ན་སྒྱུ་མའི་ཕྱག་རྒྱ་སྟེ། འདི་ནི་གཟུང་འཛིན་གྱི་རྟོག་པ་གཉིས་ཅན་དང་བྲལ་ཞིང་ཐེག་པ་མཆོག་ཏུ་གནས་པའོ། །དེ་ཡང་རྟོག་པ་བདུན་པ་ལས། སྲོག་རྩོལ་གཉིས་མེད་ལས་བྱུང་བའི། །དངོས་ཀུན་ དེ་བཞིན་ཉིད་ཀྱི་དབྱིབས། །བུད་མེད་སྒྱུ་མའི་ཕྱག་རྒྱ་མཆོག །འདི་ནི་ཐེག་པའི་རྣམ་གྲོལ་ཆོས། །ཞེས་སོ། །དབྱིབས་ཀྱི་ཚུལ་དུ་ལས་ཀྱི་ཕྱག་རྒྱའི་སྦྱོར་བ་ལས་བྱུང་ཞིང་། དངོས་པོའི་དེ་ཁོ་ན་ཉིད་སྟོན་པར་མཛད་པས་སྒྱུ་མའི་ཕྱག་རྒྱ་སྟེ། འདི་ནི་གཉིས་སུ་མེད་པའི་དོན་གསལ་བར་བྱེད་པས་ཕྱག་རྒྱ་ ཆེན་པོའི་རང་བཞིན་ཐེག་པའི་མཆོག་གོ། །དེ་ཡང་རྟོག་པ་བདུན་པ་ལས། བུད་མེད་སྒྱུ་མའི་ཕྱག་རྒྱ་ཡིས། །དགའ་བདེ་སྒྱུ་མ་འཇོམས་པར་བྱེད། །ཆོས་ཀྱི་ཕྱག་རྒྱ་གོམས་པའི་མཐུས། །ཕྱག་རྒྱ་ཆེན་པོ་གསལ་བར་འགྱུར། །ཞེས་སོ། །ཆོས་ཀྱི་དབྱིངས་ཡུམ་ཀུན་དུ་བཟང་མོ་ཕྱག་རྒྱ་ ཆོས་ཐམས་ཅད་སྒྱུ་མའི་མཚན་ཉིད་ལ་བདེ་བའི་ཕྱག་རྒྱས་རོལ་པས། རང་གི་མཚན་ཉིད་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ལ་གནས་སོ། །དེ་ཡང་རྟོག་པ་བདུན་པ་ལས། གཟུགས་སོགས་ཆོས་རྣམས་གཉིས་མེད་པ། །བུད་མེད་ཀུན་གྱི་ཕྱག་རྒྱ་ཡིན། །ཞེས་སོ། །དེ་དག་ནི་ལྟ་བའི་མཚན་ ཉིད་ཆོས་ཐམས་ཅད་ཇི་ལྟར་གནས་ཤིང་། དེ་རྣལ་འབྱོར་པས་རྟོགས་པར་བྱ་བའི་ཐབས་ཏེ། ཟབ་པའི་སྒོ་ནས་རྣམ་པར་ཕྱེ་བས་རྒྱ་ཆེ་བའི་ཚོགས་ཀྱིས་ནི་མ་ཡིན་ནོ། །འདིས་ནི་ལེའུ་གཉིས་པའི་སྟོབས་ལྟ་བ་རྣམ་པར་བསྡུས་པ་སྟེ། ཁྱུང་ཆེན་ལྡིང་བའི་དཔེས་བསྟན་ཏོ། །ད་ནི་སྒྱུ་མའི་སྒོ་ 26-1-254a ནས་སྤྱོད་པ་བསྟན་པའི་ཕྱིར། སྒྱུ་མ་དག་ནི་ཐམས་ཅད་པས། །བུད་མེད་སྒྱུ་མ་ཁྱད་པར་ཆེ། །ངོ་བོ་ཉིད་ཀྱི་མཐུ་དག་གིས། །རང་བཞིན་གྱིས་ནི་དེས་གྲུབ་པའོ། །ཞེས་པས་ནི་ལྟ་སྤྱོད་ཟུང་དུ་འབྲེལ་བའི་གཏན་ཚིགས་བསྟན་ཏེ། དེ་ནས་གཞིའི་མཚན་ཉིད་ནི་དངོས་རྟོགས་ཀྱི་སངས་རྒྱས་ གཉིས་ལས་གྱེས་ཀྱང་སྒྱུ་མའི་ཁོངས་སུ་བསྡུ་བར་བྱའོ། །དེ་ལ་ཆོས་ཐམས་ཅད་གཏན་ལ་དབབ་པར་བྱེད་པ་ནི་མངོན་སུམ་གྱི་ཚད་མ་དང་། དེའི་རྗེས་སུ་དཔག་པའོ། །དེ་ཡང་མངོན་སུམ་ནི་གསལ་བར་སྣང་ལ། རྗེས་སུ་དཔག་པ་ནི་ལྐོག་ཏུ་གྱུར་པ་སྟེ་ཡིད་དཔྱོད་ཀྱི་ཤེས་པའོ། ། འདིར་སྒྱུ་མའི་དཔེ་ བརྒྱད་དག་ནི་མངོན་སུམ་དུ་སྣང་ལ། དེའི་རྗེས་སུ་གཅིག་དང་དུ་བྲལ་དང་། མུ་བཞི་སྐྱེ་འགག་ལ་སོགས་པས་གཞལ་ནས། ཆོས་ཐམས་ཅད་རང་བཞིན་མེད་པར་འདོད་པ་ནི་མཚན་ཉིད་ཀྱི་ཐིག་པའི་གཞུང་ཡིན་ཏེ། དེས་ནི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བདེ་བ་ཆེན་པོའི་སྐུ་སྒྱུ་མའི་མཚན་ཉིད་ཅན་ རྟོགས་ཤིང་མཐོང་བར་མི་འགྱུར་བས། ངེས་པའི་སངས་རྒྱས་ཀྱི་ས་ནི་ནམས་ཀྱང་བགྲོད་པ་མ་ཡིན་ནོ། །འདིར་ནི་གསང་བའི་ཐེག་པ་འདིའི་གཞུང་གིས་མངོན་སུམ་གྱིས་མཚོན་བྱེད་གཞན་ལས་ཁྱད་པར་དུ་གྱུར་པ་གྲོལ་ལམ་ཐབས་ཀྱི་སྒོ་ནས་དང་། ཆགས་ལམ་ཤེས་རབ་ཀྱི་སྒོ་ནས་དང་ གཉིས་སུ་མེད་པའི་ཕྱག་རྒྱ་ཆེན་པོའི་སྒོ་ནས་བུད་མེད་སྒྱུ་མའི་དགའ་བ་ཉམས་སུ་མྱོང་བས། བདེ་བ་ཆེན་པོའི་རོས་རྒྱས་པ་ནི་ཁྱད་པར་ཆེ་སྟེ། དེ་ཉིད་རྒྱུ་རྐྱེན་འབྲས་བུའི་ཚུལ་དུ་ངོ་བོ་ཉིད་ཀྱི་མཐུ་དང་། རང་བཞིན་གྱིས་དེ་ལྟར་གྲུབ་པའོ། །དེ་ཡང་རྩ་བའི་རྒྱུད་ལས། རང་གི་རང་བཞིན་ རྟོགས་དཀའ་བ། །གྲོལ་ཆགས་གཉིས་མེད་ཕྱག་རྒྱ་ཆེ། །བུད་མེད་གསུམ་ལ་བརྟེན་པའི་མཐུས། །མངོན་སུམ་བདེ་བ་ཉམས་སུ་མྱོང་། །དེ་དོན་ལྟ་བའི་ཡུལ་དམ་པ། །ཏིང་འཛིན་སྤྱོད་པར་བྱ་བའང་དེ། །བསྒྲུབ་ཅིང་འབྲས་བུ་སྒྱུ་མའི་ཚུལ། །དེ་ཉིད་ངེས་པའི་སངས་རྒྱས་ སྐུ། །ཞེས་སོ། །དེའི་འབྲས་བུའི་ཚུལ་ནི། འཇིག་རྟེན་གསུམ་འདིར་བུད་མེད་འདིས། །གུས་པར་བྱེད་པ་དག་ཏུ་འགྱུར། །ཞེས་ཏེ། འཇིག་རྟེན་འདིར་ཡང་ཡོན་ཏན་ཐམས་ཅད་འགྲུབ་ཅིང་། གཞན་དུ་ཆེ་བའི་ཡོན་ཏན་གྱི་རྣམ་གྲངས་བདག་ཉིད་ཆེན་པོ་གུས་པར་ 26-1-254b བྱེད་པའོ། །གང་ཟག་རྣམ་པ་བཞིའི་གནས་སྐབས་ཀྱི་བྱེ་བྲག་གིས་རྒྱ་ཆེན་པོའི་སྤྱོད་པ་དང་། མཆོག་ཏུ་གྱུར་པའི་ཚུལ་དང་། འབྲིང་དང་དམན་པའི་ལམ་ཟབ་མོར་སྟོན་པ་དང་། ཤིན་ཏུ་ཡང་ཟབ་མོའི་ཚུལ་དུ་གནས་པ། དབང་པོ་ཡུལ་ལ་དགའ་བར་ལོངས་སྤྱོད་པའི་ཕྱིར་གསུངས་ ཏེ། རྙེད་དང་བདེ་དང་དགའ་ཀུན་གྱིས། །ངན་པར་སྤྱོད་པའང་འགྲུབ་པར་འགྱུར། །ཞེས་ཏེ། གང་ཟག་ལས་དང་པོ་པས་ནི་རིགས་དང་མཐུན་པའི་ཕྱག་རྒྱ་གང་རྙེད་པ་བཙལ་ཞིང་། སྦྱོར་ཐབས་དྲུག་ཅུ་རྩ་བཞིའི་སྒོ་ནས་འཇུག་པར་བྱའོ། །ཡེ་ཤེས་ལ་ཅུང་ཞིག་དབང་བས་ནི་བདེ་བའི་ ཡེ་ཤེས་མ་སྐྱེས་ཀྱི་བར་དུ་སྙོམས་འཇུག་ལ་གནས་ཤིང་དེ་ཉིད་གཟུང་བར་བྱའོ། །ཡེ་ཤེས་ལ་ཡང་དག་པར་དབང་བས་ནི་རང་ཉིད་ཀྱི་ཕྱག་རྒྱ་མཐོང་ཞིང་དགའ་བའི་སེམས་སྐྱེས་པ་ཙམ་གྱིས་བདེ་བ་ཆེན་པོའི་སྐུར་གསལ་བར་འགྱུར་རོ། །ཤིན་ཏུ་རྣམ་པར་གྲོལ་བའི་གང་ཟག་ གིས་ནི་དབང་པོ་དྲུག་གི་ཡུལ་ཀུན་གྱིས་ཟག་པ་མེད་པའི་ལམ་དུ་འགྱུར་རོ། །དེ་ནས་ལྟ་བ་གཉིས་མེད་ཀྱི་དོན་བསྒོམ་པས་ཉམས་སུ་བླང་ཞིང་། ཏིང་ངེ་འཛིན་གཉིས་ཀྱི་གྲོགས་སུ་ནི་སྤྱོད་པ་བྱ་སྟེ། བཟའ་བ་དང་། བཏུང་བ་དང་། བགོ་བ་དང་། གནས་མལ་དང་། ལས་སུ་བྱ་ བའི་འཇིག་རྟེན་ན་སྨོད་ཅིང་ངན་པའི་ལས་དག་སྤྱོད་པས་འགྲུབ་པར་འགྱུར་བའོ། །དེ་ཡང་རྩ་བའི་རྒྱུད་ལས། གང་ཟག་བཞི་ཡི་བྱེ་བྲག་གིས། །རྙེད་དང་བདེ་དང་དགའ་ཀུན་སྤྱོད། །རྒྱ་ཆེན་མཆོག་གྱུར་འབྲིང་དམན་པ། །ཟབ་མོ་ཤིན་ཏུ་ཟབ་མོའི་ཚུལ། །དཔེ་ཡི་ལྷན་ སྐྱེས་བདེ་བ་ཡིས། །བདེ་ཆེན་ལྷན་ཅིག་སྐྱེས་བདེ་རྒྱས། །དེ་ཕྱིར་སྤྱོད་པ་ལ་གནས་པས། །ཡང་དག་ཡེ་ཤེས་རྙེད་པར་འགྱུར། །ཞེས་སོ། །འོ་ན་འཆིང་བར་བྱེད་པ་ཉིད་ཀྱིས་གྲོལ་ལམ་ཞེ་ན། རང་གི་ངོ་བོ་ཡོངས་བསྒྱུར་ནས། བུད་མེད་ཀུན་གྱི་སྒྱུ་མས་འགྲུབ། །ངོ་མཚར་སྒྱུ་མའི་ ཕྱག་རྒྱ་འདི། །མཁའ་འགྲོ་མ་ཞེས་བརྡར་བསྟན་ཏོ། །ཞེས་སོ། །ཁྱད་པར་གྱི་དོན་དུ་སྟོང་པ་ཆེན་པོའི་ཏིང་ངེ་འཛིན་ལ་སོགས་པས་ཐ་མལ་པའི་རྣམ་པར་རྟོག་པ་བཟློག་སྟེ།རང་གི་ངོ་བོ་ཡོངས་སུ་བསྒྱུར་ནས་ལྷའི་སྐུ་གསུང་ཐུགས་བུད་མེད་ཉི་ཤུའི་ཚོགས་དང་བཅས་ 26-1-255a པའི་སྒྱུ་མས་འགྲུབ་པའོ། །དེས་ན་ངོ་མཚར་སྒྱུ་མའི་ཕྱག་རྒྱ་འདི་ཉིད་མཁའ་འགྲོ་མའི་བརྡའོ། །ཟབ་མོའི་དབང་དུ་བཟང་རྟོག་གི་རྣམ་པ་དེ་ཉིད་ཀྱང་རང་རང་གི་ངོ་བོར་བསྒྱུར་ཏེ། བུད་མེད་གསུམ་གྱི་སྒྱུ་མས་འགྲུབ་པས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ལ་གནས་པར་ འགྱུར་རོ། །དེས་ན་ངོ་མཚར་སྒྱུ་མ་ཞེས་པ་ལ་སོགས་པ་གསུངས་སོ། །དེ་ཡང་རྟོག་པ་བདུན་པ་ལས། སྐྱེས་བུ་དུག་གིས་ཟིན་པ་ལ། །དུག་གི་དེ་ཉིད་ཤེས་པས་གྲོལ། །དེ་བཞིན་རྟོག་པས་བཅིངས་པ་ལས། །རྟོག་པའི་དེ་ཉིད་ཤེས་པས་གྲོལ། །ཞེས་སོ། །འདི་ནི་ལྟ་སྤྱོད་ ཟུང་དུ་འབྲེལ་པའི་མཚན་ཉིད་ལས་ཤས་ཆེར་སྤྱོད་པ་བསྟན་པས། ལེའུ་བཞི་པ་རྣམ་པར་བསྡུས་ཏེ་གནའ་བུ་བྲག་ལ་གནས་པའི་དཔེས་བསྟན་ཏོ། །ད་ནི་མཁའ་འགྲོའི་སྒོ་ནས་དཀྱིལ་འཁོར་གྱི་མཚན་ཉིད་བསྟན་པའི་ཕྱིར། ཌཱ་ཀི་ནི་ནམ་མཁར་འགྲོ་མ་ཞེས། ཁམས་ལས་མངོན་དུ་ བརྟགས་པ་སྟེ། །ནམ་མཁའ་ཀུན་དུ་སྤྱོད་གྲུབ་པས། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །ཞེས་ཏེ། ཀུན་དུ་འགྲོ་བའི་ངང་ཚུལ་ཅན་གྱི་རྒྱ་ཆེ་བའི་སྒོ་གཉིས་ནས་ཐུགས་རྗེ་ཆེན་པོའི་མཛད་སྤྱོད་རྣམ་པ་མཐའ་ཡས་པས་གདུལ་བྱའི་དོན་བྱ་བའི་ཕྱིར། སྐུ་གསུམ་གཉིས་སུ་མེད་པའི་ སངས་རྒྱས་དེ་ཉིད་ལས་རྣམ་པར་འཕྲུལ་པའི་དཀྱིལ་འཁོར་སྣ་ཚོགས་སྟོན་ཅིང་། ཡེ་ཤེས་ཀྱི་འཁོར་ལོས་འགྲོ་བའི་དོན་མཛད་པ་དང་། ཕྱིས་འཇུག་པ་པོ་རྣམས་རྗེས་སུ་གཟུང་བར་བྱ་བའི་ཕྱིར། ཏིང་ངེ་འཛིན་བསྒོམ་པའི་རིམ་པ་དང་། གཟུགས་བརྙན་གྱི་དཀྱིལ་འཁོར་སྒྲུབ་པ་དག་ ནི་མཁའ་འགྲོ་ནམ་མཁར་འགྲོ་བའི་མཚན་ཉིད་ཅན་དག་གཟུགས་བརྙན་ལས་བསྒྲུབ་ཅིང་གསལ་བར་བྱ་སྟེ་ཕྱི་ནང་གི་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་དངོས་པོ་དག་ནི་རིགས་ཀྱི་དཀྱིལ་འཁོར་དྲུག་གི་བདག་ཉིད་དུ་གནས་ཤིང་། དེ་ལས་ཁྱད་པར་གྱི་ལས་རྩོམ་པའི་དོན་དུ་རྡུལ་ཚོན་ དང་། རྟེན་དང་ཡུམ་གྱི་ཕྱག་རྒྱས་མངོན་དུ་བརྟགས་ཏེ་ནམ་མཁའ་སྤྱོད་པའི་ལས་མཐའ་དག་འགྲུབ་པར་བྱེད་དོ། །དེས་ན་སྣ་ཚོགས་སུ་འགྲུབ་པས་མཁའ་འགྲོ་མ་ཞེས་གྲགས་སོ། །དེ་ཡང་རྩ་བའི་རྒྱུད་ལས། ཀུན་དུ་འགྲོ་བས་རབ་ཏུ་གནས། །སྔོན་བྱུང་དཀྱིལ་འཁོར་རྟོགས་ 26-1-255b དཀའ་བ། །གསལ་མཛད་རྗེས་འཇུག་བྱ་བའི་ཚོགས། །གཟུགས་བརྙན་ཕྱི་ནང་འབྱུང་ཚོགས་ལས། །ཉེ་བར་མཚོན་བྱེད་དཀྱིལ་འཁོར་གསུམ། །མཁའ་འགྲོའི་བརྡ་ཡིས་རབ་ཏུ་བཤད། །ཅེས་གསུངས་སོ། །ཟབ་པའི་སྒོ་ནས་ཡེ་ཤེས་ཆེན་པོས་ཆོས་ཉིད་ཀྱི་ངང་དུ་འགྲོ་བར་བྱེད་དེ་ ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་བུད་མེད་གསུམ་གྱི་ཁམས་ལས་མངོན་དུ་བརྟགས་པས། ཐབས་ཀྱི་སྒོ་ནས་དང་། ཤེས་རབ་ཀྱི་སྒོ་ནས་དང་། གཉིས་སུ་མེད་པའི་སྒོ་ནས་དང་། གཉིས་སུ་མེད་པའི་སྒྱུ་མ་བདེ་བ་ཆེན་པོ་ནམ་མཁའ་ལྟ་བུ་ལ་ཀུན་དུ་སྤྱོད་པས་འགྲུབ་སྟེ། ། མཁའ་འགྲོ་མ་ཞེས་རབ་ཏུ་གྲགས་སོ། །དེ་ཡང་རྩ་བའི་རྒྱུད་ལས། མཁའ་འགྲོ་མ་ཡི་བརྡ་ཡིས་ནི། །ཟབ་མོའི་དཀྱིལ་འཁོར་རྣམ་པར་འབྱེད། །ཅེས་པ་དང་། རྟོག་པ་བདུན་པ་ལས་ཀྱང་། ཐབས་དང་ཤེས་རབ་སྙོམས་འཇུག་པའི། །བུད་མེད་གསུམ་གྱི་ཁམས་ལས་ནི། ། གཉིས་མེད་སྒྱུ་མ་བདེ་ཆེན་པོ། །ནམ་མཁའ་ལྟ་བུར་གནས་འགྱུར་ཏེ། །མཁའ་འགྲོ་མ་ཡི་ཕྱག་རྒྱ་ཡིས། །གཟུགས་བརྙན་ལ་བརྟེན་ཡེ་ཤེས་གསལ། །ཞེས་སོ། །དེ་ལྟར་ཟབ་པ་དང་རྒྱ་ཆེ་བའི་སྒོ་ནས་བསྟན་པ་དག་མཇུག་བསྡུ་བའི་ཕྱིར། ཐམས་ཅད་མ་ལུས་ཕྱག་རྒྱ་ཡི། ། ཐམས་ཅད་མ་ལུས་བདེ་མཆོག་གི། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །ཞེས་ཏེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་མ་ལུས་པ་དག་ཕྱག་རྒྱ་གཉིས་ཀྱི་བདག་ཉིད་དུ་སྣང་བ་ལ་དེ་དག་ཐམས་ཅད་མ་ལུས་པ་ཡང་ གཉིས་སུ་མེད་པ་བདེ་བ་ཆེན་པོའི་སྐུའི་རྣམ་པ་ཅན་ནོ། །དེའི་དུས་ན་བློས་བཏགས་པའི་མཚན་མ་ཅན་དང་། དངོས་པོའི་ཆོས་ཐམས་ཅད་གཉིས་སུ་མེད་པ་སྒྱུ་མའི་གཟུགས་ཅན་ཏེ། དེ་ལ་ནི་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་སྒྱུ་མ་ཞེས་བརྡར་གྲགས་ཏེ། འདི་ ཉིད་ཀྱི་ལེའུ་དགུ་པ་ལས་ཀྱང་། ཌ་ཞེས་བྱ་བ་མཁའ་འགྲོ་མའི། །ཁམས་གསུམ་འདི་ནི་རྣམ་པར་བརྟག །ནམ་མཁར་འགྲོ་བའི་ཕྱག་རྒྱ་དག །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །ཀུན་དུ་སྣ་ཚོགས་ཕྱག་རྒྱ་ནི། །ཐམས་ཅད་ནམ་མཁར་འགྲོ་བ་སྟེ། །སངས་རྒྱས་ཐམས་ཅད་ 26-1-256a མཉམ་སྦྱོར་བའི། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །སྒྱུ་མའི་གར་དབང་གྲུབ་པ་ནི། །ཨཱ་ར་ལི་ཞེས་རབ་ཏུ་གྲགས། །མཁའ་འགྲོ་མ་ཡང་ཨཱ་ར་ལི། །སངས་རྒྱས་བརྡ་ཡི་ཕྱག་རྒྱའོ། །ཞེས་སོ། །ཅི་སྔ་ན་མེད་པ་ཅིག་གཟུགས་བརྙན་གྱིས་ཐོབ་པར་བྱེད་དམ་ཞེ་ན། དེ་ནི་ནམ་མཁའ་འགྲོ་མ་ཞེས། །སངས་རྒྱས་ཁམས་ལས་རྣམ་པར་བརྟགས། །ཀུན་དུ་འགྲོ་བར་གྲུབ་པ་ནི། །སངས་རྒྱས་ཀུན་བདག་མཁའ་འགྲོ་མའོ། །ཞེས་ཏེ། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ངོ་བོ་བདེ་མཆོག་སྒྱུ་མ་ལྟ་བུ་ལས། འགྲོ་བ་རང་རང་གི་རྟོག་པས་ བསྒྲིབས་ཏེ་གཉིས་ཅན་གྱི་ཆོས་སྣ་ཚོགས་ལ་སྤྱོད་ཀྱང་། དེ་ཁོ་ནའི་རང་བཞིན་ལ་གཡོ་ཞིང་བསླད་པ་མེད་དེ་རང་གི་མཚན་ཉིད་ལ་གནས་པའོ། །དེ་ཡང་གནས་སྐབས་ཀྱི་བྱེ་བྲག་གིས་ཡེ་ནས་ལྷུན་གྱིས་གྲུབ་ཅིང་གནས་པ་ནི་རྒྱུ། དེ་ལ་དམིགས་ཤིང་སྤྱོད་པ་ནི་ལམ། གསལ་བར་ཉམས་སུ་ མྱོང་བ་ནི་འབྲས་བུ་སྟེ་ཡུལ་དང་ཡུལ་ཅན་དབྱེར་མེད་པའི་རྣམ་པས་རྟག་ཏུ་གནས་པའི་ཆོས་ཀྱི་སྐུའོ། དེ་ལས་ཀུན་དུ་འགྲོ་བ་ནི་གཟུགས་སྐུ་རྣམ་པ་གཉིས་སོ། །དེ་དག་བདེ་བ་ཆེན་པོའི་སྒྱུ་མའི་རྣམ་པར་གྲུབ་པ་ནི་མཐར་ཕྱིན་པའི་སྐུ་ཞེས་བྱའོ། །དེས་ནི་སངས་རྒྱས་ཀུན་བདག་ མཁའ་འགྲོ་མ་སྟེ། དེ་གསལ་བར་སྟོན་པས་གཟུགས་བརྙན་གྱི་དཀྱིལ་འཁོར་རོ། །དེ་ཡང་རྟོག་པ་བདུན་པ་ལས། ཐམས་ཅད་སྐུ་དང་ཡེ་ཤེས་སྣང་། །དེ་ཉིད་རང་བཞིན་དངོས་པོ་གསང་། །སངས་རྒྱས་ཁམས་ལས་རྣམ་བརྟགས་ཏེ། །ཀུན་དུ་འགྲོ་བ་གྲུབ་པའི་ཚུལ། ། གཟུགས་བརྙན་སྟོབས་ཀྱིས་ཉམས་མྱོང་བ། །སངས་རྒྱས་ཀུན་བདག་མཁའ་འགྲོ་མའོ། །ཞེས་སོ། །འདིས་ནི་དཀྱིལ་འཁོར་ཀུན་གྱི་མཚན་ཉིད་ལས་ཁྱད་པར་དུ་གཟུགས་བརྙན་གྱི་རིམ་པ་སྟེ། ལེའུ་བདུན་པའི་ཕྱོགས་གཅིག་བསྡུས་པས་ངང་པའི་རྒྱལ་པོ་འཕུར་བའི་དཔེས་ བསྟན་ཏོ། །ད་ནི་བདེ་བའི་སྒོ་ནས་དབང་བསྟན་པའི་ཕྱིར། ཤམ་ཞེས་བྱ་བ་བདེ་བར་བཤད། །སངས་རྒྱས་ཀུན་གྱི་བདེ་མཆོག་ཡིན། །སྒྱུ་མ་ཐམས་ཅད་རབ་སྦྱོར་བ། །མཆོག་ཏུ་བདེ་བས་བདེ་བའི་མཆོག །ཅེས་ཏེ། ཤམ་བར་ཨ་བྷི་ཥིཉྩ་ཞེས་པས་གཏན་ཚིགས་ཚངས་པའི་ 26-1-256b སྒྲ་སྦྱར་བ་བཞིན་དུ། སྒོ་གསུམ་གྱི་དྲི་མ་འཁྲུ་ཞིང་བདེ་བ་བསྐྱེད་དེ་ནུས་པ་ཁྱད་པར་ཅན་བསྐྱེད་ཅིང་སྐད་ཅིག་མའི་རྣམ་པས་རྒྱུད་ཡོངས་སུ་སྨིན་ནས་གྲོལ་བའི་ལམ་ལ་སྦྱོར་ཞིང་། རྟེན་ཁྱད་པར་ཅན་དུ་འགྱུར་ཏེ། ཡོན་ཏན་དང་ཕྲིན་ལས་ཀུན་གྱི་བདག་ཉིད་ཅན་དུ་འགྱུར་བའོ། །དེ་ནས་དབང་ དང་པོའི་གནས་སྐབས་སུ་སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས་པའི་ཕྱིའི་བུམ་པ་དང་། ཡབ་ཡུམ་སྦྱོར་བ་ལས་བྱུང་བའི་བདེ་བ་ཆེན་པོས་འོད་དུ་ཞུ་བའི་རྒྱུན་ནང་གི་བུམ་པ་མཆོག་ཏུ་གྱུར་པས་དབང་བསྐུར་བ་དང་། རྡོ་རྗེ་སློབ་དཔོན་གྱིས་ཤེས་རབ་ཀྱི་སྒྱུ་མ་དང་མཉམ་པར་སྦྱོར་བའི་ བདེ་བས་དབང་བསྐུར་བ་དང་། རང་ཉིད་ཀྱིས་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ཏེ་བླ་མའི་གདམས་ངག་བཞིན་མཆོག་ཏུ་བདེ་བའི་ཡེ་ཤེས་བསྐྱེད་པ་དང་། བདེ་བའི་མཆོག་ཟག་པ་མེད་པའི་ཡེ་ཤེས་བསྐྱེད་ནས། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ལ་གནས་པའི་དབང་ངོ་། །དེ་ལྟར་དབང་ ཐ་མ་གཉིས་རང་ལ་སྐྱེ་ཡང་གདམས་ངག་གི་སྟོབས་ཀྱིས་བྱུང་བས་བསྐུར་བའི་དབང་ངོ་། །དེ་ཡང་རྟོག་པ་བདུན་པ་ལས། བདེ་མཆོག་ཅེས་བྱའི་སྒྲ་ཡིས་ནི། །སྒོ་གསུམ་དག་བྱེད་དབང་གི་ལམ། །བཞི་པོ་བསྐུར་བའི་ཐབས་དག་གིས། །བདེ་ཆེན་གསལ་བ་བསྒྲུབ་པའི་ མཆོག །ཀུན་གྱི་བདེ་མཆོག་དང་པོ་སྟེ། །སྒྱུ་མའི་རབ་སྦྱོར་གཉིས་པ་ཡིན། །མཆོག་ཏུ་བདེ་བ་གསུམ་པ་ཡིན། །བདེ་བའི་མཆོག་གྱུར་བཞི་པའོ། །ཞེས་སོ། །འདིས་ནི་དབང་གི་རིམ་པའི་དོན་མདོར་བསྟན་ཏེ། ལེའུ་དྲུག་པ་དང་བདུན་པ་དང་དགུ་པའི་ཕྱག་རྒྱ་བཅུ་དྲུག་པ་ བསྡུས་པས། སེང་གེ་དང་གནའ་བུའི་དཔེས་བསྟན་ཏོ། །ད་ནི་སངས་རྒྱས་ཀྱི་སྒོ་ནས་མཚན་མེད་ཀྱི་སྒོམ་པ་བསྟན་པའི་ཕྱིར། ཀུན་དུ་ཀུན་ནས་ཐམས་ཅད་ནི། །བདག་ཉིད་རྟག་ཏུ་རྣམ་པ་ཀུན། །སངས་རྒྱས་ལ་སོགས་བརྟན་གཡོ་ཀུན། །ཀུན་གྱི་དངོས་པོར་ བདག་འགྱུར་ཏེ། །ཞེས་ཏེ། ཐབས་ཀྱི་སྒོ་ནས་དང་། ཤེས་རབ་ཀྱི་སྒོ་ནས་དང་། གཉིས་སུ་མེད་པའི་སྒོ་ནས་ཡུལ་ཀུན་དུ་དུས་ཀུན་ནས་དབང་པོའི་སྣང་བ་ཐམས་ཅད་ནི་རིག་པའི་ཡེ་ཤེས་ཀྱི་བདག་ཉིད་གནས་སྐབས་ཀུན་དུ་མི་འགྱུར་བར། ཐབས་དང་ཤེས་རབ་གཉིས་སུ་མེད་ 26-1-257a པར་ཞལ་སྦྱོར་བ་གསུམ་གྱི་ཚུལ་དུ་སངས་རྒྱས་ལ་སོགས་པའི་བརྟན་གཡོའི་དངོས་པོ་ཀུན་གྱི་བདག་ཉིད་དུ་གནས་པར་བྱའོ། །དེ་ཡང་རྟོག་པ་བདུན་པ་ལས། ཡུལ་དུས་ཀུན་དུ་མ་ཉམས་བློས། །སངས་རྒྱས་ཏིང་འཛིན་བསྒོམ་པར་བྱ། །སྔགས་དབྱིབས་ཆོས་ཀྱི་ ཕྱག་རྒྱ་ཡིས། །བརྟན་གཡོ་ཀུན་གྱི་དངོས་པོར་བསྒོམ། །ཞེས་སོ། །དེ་ཉིད་བསྒོམ་པའི་རིམ་པ་ནི་སློབ་དཔོན་སངས་རྒྱས་གཉིས་པས་སྒྲུབ་པའི་ཐབས་སུ་རྒྱུད་ཀྱི་དུམ་བུ་བསྡེབས་ནས་བཀོད་པ་ལས་ཤེས་པར་འགྱུར་རོ། །འདིས་ནི་རྫོགས་པའི་རིམ་པ་བསྟན་ཏེ། ཟབ་པའི་སྒོ་ ནས་དབྱེ་ཞིང་ལེའུ་ལྔ་པའི་ཕྱོགས་གཅིག་དང་། དགུ་པའི་སྦྱོར་བའི་ཕྱག་རྒྱ་བསྡུ་ཞིང་བྱ་ལག་གི་དཔེས་བསྟན་ཏོ། །ད་ནི་ཐམས་ཅད་ཀྱི་སྒོ་ནས་མཚན་བཅས་ཀྱི་ཏིང་ངེ་འཛིན་བསྟན་པའི་ཕྱིར། སེམས་དང་སེམས་དཔའི་ཏིང་འཛིན་དང་། །བྱང་ཆུབ་སྤྱོད་པ་སྣ་ཚོགས་ཉིད། །དེ་བཞིན་ བདུད་དང་བདུད་ལས་རྒྱལ། །དེ་ནི་བྱང་ཆུབ་སངས་རྒྱས་ཡིན། །ཞེས་སོ། །དེ་ལ་བསྐྱེད་པའི་རིམ་པ་བསྒོམ་པའི་རྣལ་འབྱོར་པས། དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་རང་ཉིད་དབང་དང་དམ་ཚིག་ཏུ་ལྡན་པས། འགྲོ་བ་ཐམས་ཅད་ཀྱི་དོན་བྱ་བའི་བསམ་ པས་གནས་ཏེ། སྟོང་པ་ཉིད་དང་ལྷའི་སྐུར་བསྒོམ་པ་དང་། སྒོ་གསུམ་ནུས་པ་བསྐྱེད་པའི་ཕྱིར་བྱིན་གྱིས་བརླབས་པ་དང་། བདག་དང་འགྲོ་བ་སྦྱར་ཞིང་གསལ་བར་བྱ་བ་དང་། དཔའ་བོ་བསམ་ཞིང་འཕགས་པ་ལ་ཚོགས་བསགས་པ་དང་། །སེམས་ཅན་ལ་ཚོགས་བསགས་ པ་དང་། སྲུང་བའི་འཁོར་ལོས་བགེགས་ཚར་བཅད་ཅིང་སླར་བསྲུང་བ་དང་། གཞིའི་ཏིང་འཛིན་དང་། རྟེན་གྱི་ཏིང་འཛིན་རྣམས་བསྒོམས་ནས་སྦྱོར་བའི་དོན་བསམ་པར་བྱ་སྟེ། རྡོ་རྗེ་སེམས་དཔའི་སྐུ་འཕྲུལ་དགའི་ཚུལ་དུ་གནས་པ་ལས། དབུས་ཀྱི་གདན་ཐོག་ཏུ་བྱོན་ ནས་རྣམ་ཐར་སྒོ་བཞིའི་སྙོམས་འཇུག་ལ་གནས་པ་ལས། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་བསླངས་ནས་མངོན་པར་བྱང་ཆུབ་པ་ལྔའི་སྒོ་ནས་སྐུ་ཡོངས་སུ་རྫོགས་པར་གྱུར་ཏོ། །དང་པོ་དབྱིངས་དང་ཡེ་ཤེས་ཟབ་པ་དང་རྒྱ་ཆེ་བའི་མཚན་མ་ཉི་ཟླའི་དཀྱིལ་འཁོར་ནི། 26-1-257b སེམས་དང་སེམས་དཔའི་ཏིང་འཛིན་ཏེ་བྱང་ཆུབ་ཀྱི་སེམས་དང་ཐུགས་རྗེ་ཆེན་པོའི་རྟགས་སོ། །དེ་ལ་གནས་པའི་ཨཱ་ལི་བཅུ་དྲུག་དང་། ཀཱ་ལི་བཞི་བཅུ་འཕྲོ་ཞིང་འདུ་བས་མཚན་དང་དཔེ་བྱད་མི་ལྡན་པ་དང་མི་གསལ་བ་དག་གྲུབ་པར་མཛད་ནས། ཉི་ཟླའི་དཀྱིལ་དུ་གཡས་གཡོན་གྱི་ཕྲེང་ བས་མཚན་པ་ནི་བྱང་ཆུབ་སྤྱོད་པས་སེམས་ཅན་སྐྱོང་བའོ། །དེ་ལ་རྡོ་རྗེ་རྩེ་ལྔ་པ་བུམ་པར་ཧཱུཾ་གིས་མཚན་ཞིང་འོད་ཟེར་ལྔའི་ཚོགས་འཕྲོ་བ་ནི་སྣ་ཚོགས་ཉིད་དོ། །དེ་ལས་བྱུང་བའི་རིགས་དྲུག་གི་སངས་རྒྱས་རྣམས་ཀྱིས་བདུད་བཞི་དང་། དེའི་རིགས་ཀྱི་ཕྱོགས་རྣམས་བཅོམ་ནས་ སྐུ་གསུང་ཐུགས་ལ་བསྡུ་ཞིང་རང་གི་གནས་སུ་ཞུགས་པས་རྡོ་རྗེ་ཆེན་པོར་གྱུར་ཏོ། །དེ་ལས་རྒྱུའི་རྡོ་རྗེ་འཆང་ཆེན་པོའི་སྐུར་གྱུར་པ་ནི་བྱང་ཆུབ་ཀྱི་སེམས་ལྔའི་བདག་ཉིད་སངས་རྒྱས་ཀྱི་སྐུ་ཡིན་ནོ། །དེ་ཡང་རྟོག་པ་བདུན་པ་ལས། ཟླ་བ་སེམས་ཀྱི་རང་བཞིན་ཏེ། །ཉི་མ་སེམས་དཔའི་ཏིང་ ངེ་འཛིན། །ཨཱ་ལི་ཀཱ་ལི་ལས་གཉིས་ཚོགས། །བྱང་ཆུབ་སྤྱོད་པ་སེམས་ཅན་སྐྱོང་། །རྡོ་རྗེ་ཁ་དོག་སྣ་ཚོགས་འོད། །འཕྲོ་འདུས་བདུད་དང་བདུད་ལས་རྒྱལ། །བྱང་སེམས་ཡེ་ཤེས་ལྡན་པ་ཡི། །རྒྱུ་ཡི་མགོན་པོ་སངས་རྒྱས་མཆོག །ཅེས་པ་དང་། རྟོག་པ་བསྡུས་པ་ལས་ ཀྱང་། ཏིང་འཛིན་ལས་ཀྱི་ཁྱད་པར་ནི། །སེམས་བརྟན་ཉིད་ཀྱིས་སེམས་དཔའ་སྟེ། །སེམས་དཔའི་ཏིང་འཛིན་བསྒོམ་པའོ། །རྣམ་པར་ཤེས་ལ་སེམས་དཔའ་གནས། །རྡོ་རྗེ་ཉིད་ཡིན་རྡོ་རྗེ་ལས། །རྡོ་རྗེ་སེམས་དཔའ་འབྱུང་བའོ། །ཞེས་སོ། །རིམ་པ་རྒྱས་པར་ནི་རྩ་བའི་ རྒྱུད་ལས། དབུས་ཀྱི་པདྨའི་གདན་དག་ལ། །དཔལ་མཆོག་དང་པོ་བཞུགས་མཛད་དེ། །ཆོས་ཀུན་སྟོང་ཉིད་མཚན་མར་བྲལ། །སྨོན་མེད་རང་བཞིན་འོད་གསལ་བའི། །ཏིང་ངེ་འཛིན་ལ་ཞུགས་ནས་ཀྱང་། །འགོག་པའི་རང་བཞིན་ལ་གནས་ལ། །ཕྱོགས་བཅུའི་ རྒྱལ་བས་བསྐུལ་མཛད་དེ། །མངོན་བྱང་ལྔ་ཡི་རྫོགས་སྐུར་གྱུར། །རང་སེམས་ཟླ་བའི་དཀྱིལ་འཁོར་ལ། །ཨ་ཡིག་བཅུ་དྲུག་གནས་པ་ལ། །ཐུགས་རྗེ་ཆེན་པོ་ཤར་བྱེད་པའི། །ཉི་དཀྱིལ་ཀ་ཡིག་སུམ་ཅུ་བཞི། །ལྕེ་རྩ་ཅན་བཞི་མི་གསལ་གཉིས། །སྐར་མའི་ 26-1-258a གཟུགས་འདྲ་བསྒོམ་པར་བྱ། །དེ་དག་འཕྲོ་ཞིང་འདུས་པ་ཡིས། །ཚོགས་གཉིས་མཚན་དང་དཔེ་བྱད་རྫོགས། །ཡེ་ཤེས་དང་པོ་གཉིས་སྟོན་ཅིང་། །བྱང་ཆུབ་སེམས་གཉིས་མཚན་ཉིད་དོ། །གསུམ་པ་རྡོ་རྗེ་རྩེ་ལྔ་པ། །དཀར་གསལ་དམར་བའི་མདངས་དང་ལྡན། ། བུམ་པར་ཧཱུཾ་མཚན་རྣམས་གསལ་བ། །ཚོགས་གཉིས་འབྲས་བུ་ཡོངས་རྫོགས་རྟགས། །ཁ་དོག་ལྔ་ཡི་སྣང་བ་ལས། །རིགས་དྲུག་དཀྱིལ་འཁོར་བསམ་བྱས་པས། །རང་གི་གནས་རྣམས་སྦྱོར་མཛད་ཅིང་། །དཀྱིལ་འཁོར་སོ་སོ་འཁོར་བཅས་པ། །སླར་འདུས་སྐུ་གསུང་ཐུགས་ ཞུགས་པས། །རྡོ་རྗེ་འོད་བཅས་ཆེན་པོར་གྱུར། །ཡེ་ཤེས་བར་མ་གཉིས་སྟོན་ཅིང་། །བྱང་ཆུབ་སེམས་གཉིས་མཚན་ཉིད་དོ། །ལྔ་པ་ཆོ་ག་རྫོགས་པ་ལས། །རྡོ་རྗེ་སེམས་དཔའི་སྐུར་བཞེངས་ཏེ། །ཡེ་ཤེས་བྱང་སེམས་ལྔ་པ་ལས། །ཕྱག་རྒྱ་ཆེན་པོ་གསལ་བ་ཡིན། །ཞེས་ སོ། །ད་ནི་འབྲས་བུའི་རིགས་ཀྱི་སངས་རྒྱས་དག་བསྐྱེད་པར་བྱ་བའི་ཕྱིར། རྡོ་རྗེ་རྡོ་རྗེ་འཛིན་ཉིད་དང་། །དེ་བཞིན་པདྨོ་པདྨོ་འཆང་། །ནོར་བུ་ནོར་བུ་འཛིན་ཉིད་དང་། །དེ་དག་གི་ཡང་རིགས་ཡིན་ནོ། །ཞེས་ཏེ། རྒྱུའི་རྡོ་རྗེ་སེམས་དཔའ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་དང་། ཧེ་རུ་ཀ་ གཉིས་ནི་རྡོ་རྗེའི་རིགས་སོ། །གར་གྱི་དབང་ཕྱུག་དང་རྟ་མཆོག་གཉིས་ནི་པདྨའི་རིགས་སོ། །ཅི་ལས་ཀྱི་རིགས་པདྨར་འགྱུར་རམ་ཞེ་ན། ཕྱག་ན་པདྨ་འཛིན་པ་དང་རྟའི་སྐད་དང་བཅས་པའོ། །རྣམ་སྣང་དང་ཉི་མ་གཉིས་ནི་རིན་པོ་ཆེའི་རིགས་ཏེ་སྐུ་དང་ཡོན་ཏན་རིན་པོ་ཆེའི་ཚོགས་ པ་ལ་ལོངས་སྤྱོད་པར་མཛད་པའོ། །དེ་དག་གི་རིགས་ནི་འཁོར་གྱི་ལྷ་མོ་རྣམས་ཏེ། སྦྱོར་བའི་རྗེས་སུ་སྦྱོར་བ་དང་ཤིན་ཏུ་སྦྱོར་བ་ཆེན་པོས་སངས་རྒྱས་རིགས་དྲུག་གི་དཀྱིལ་འཁོར་གང་ཡང་རུང་བ་བསྒོམ་པར་བྱ་ཞེས་པའོ། །འདི་དག་ནི་གསང་སྔགས་ཁྱད་པར་གྱི་དོན་དུ་བཤད་པ་སྟེ། སེང་གེའི་དཔེས་བསྒྲུབ་ཅིང་། ལེའུ་ལྔ་པའི་ཕྱོགས་གཅིག་དང་དགུ་པའི་ཆ་ཤས་བསྡུས་པའོ། །ད་ནི་རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཀྱི་མཚན་ཉིད་ཀུན་རྫོབ་ཀྱི་རྣམ་པར་སྣང་བ་དང་། ཐམས་ཅད་ཀྱི་ཁོངས་སུ་ཕྲིན་ལས་བསྡུ་བའི་ཕྱིར། དེ་ཉིད་འདོད་ཆགས་འདོད་ཆགས་ 26-1-258b བྲལ། །འདོད་པ་དང་ནི་གྲོལ་བའང་ཡིན། །དུས་གསུམ་སྲིད་གསུམ་མཆོག་གསུམ་དང་། །འཇིག་རྟེན་གསུམ་དང་ཁམས་གསུམ་དང་། །རྣམ་པ་སྣ་ཚོགས་ཐ་དད་པའི། །གནས་པ་ཐམས་ཅད་དེ་ཉིད་དོ། །ཞེས་ཏེ་འདོད་ཆགས་ནི་རིགས་དྲུག་གི་སེམས་ཅན་རྣམས་སོ། །དེ་ དང་བྲལ་བ་ནི་ཐེག་པ་འོག་མ་པའི་ལམ་ལ་ཞུགས་པའི་དམན་པའི་རིགས་ཅན་ནོ། །འདོད་པ་ནི་ལོངས་སྤྱོད་ལྔ་ཡིས་མྱོས་པའོ། །གྲོལ་བ་ནི་དེ་ལ་ཡང་མ་ཆགས་པའོ། །དེ་དག་གི་རང་བཞིན་ཡིན་པ་དང་། ཡང་རང་རྒྱུད་པ་དག་འདུལ་བའི་དོན་དུ་སྤྲུལ་པའི་གཟུགས་སུ་གནས་པའོ། །དེས་ན་རྡོ་ རྗེ་འཆང་ཆེན་པོས་ནི་སྲིད་པ་དང་ཞི་བའི་རང་བཞིན་དུ་བཞུགས་པའོ། །དེ་ཡང་རྟོག་པ་བསྡུས་པ་ལས། སྐྱོན་མེད་བརྟག་པའི་གཏན་དུ་ནི། །འདོད་ཆགས་ཐམས་ཅད་རྗེས་ཆགས་ཕྱིར། །དེ་ཉིད་གསད་པ་བཅོམ་ལྡན་འདས། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །ཞེས་སོ། ། ཡང་སྲིད་པ་ཕྱོགས་གཅིག་གི་དོན་དུ། དུས་གསུམ་གྱི་རྣམ་པས་བསྡུས་ཤིང་རྒྱུ་རྐྱེན་འབྲས་བུའི་སྲིད་པའི་ཆོས་ཀུན་གྱི་བདག་ཉིད་དེ། འཇིག་རྟེན་གྱི་གནས་མཆོག་ཏུ་གྱུར་པའི་ཚངས་པ་དང་ཁྱབ་འཇུག་དང་བརྒྱ་བྱིན་གྱི་ངོ་བོར་ཡང་བཞུགས་སོ། །འཇིག་རྟེན་གསུམ་ནི་ས་ འོག་ས་སྟེང་ས་བླ་སྟེ། དེའི་བདག་པོ་ནི་མྱོས་བྱེད་དང་། རྒྱལ་བར་བྱེད་པ་དང་། སྦྲང་རྩིར་བྱེད་པའོ། །ཁམས་གསུམ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་ཀྱིས་བསྡུས་པའི་རྣམ་པའོ། །དེས་ན་སྣ་ཚོགས་ཐ་དད་ཅིང་དབང་པོ་དྲུག་གི་ཡུལ་དུ་གྱུར་པའི་སྣོད་བཅུད་ཀྱི་དངོས་ པོར་གནས་པ་ཐམས་ཅད་དེ་ཉིད་དོ། །དེ་ཡང་རྟོག་པ་བསྡུས་པ་ལས། དངོས་གྲུབ་ཐམས་ཅད་རྗེས་ཆགས་ཕྱིར། །འདོད་ཆགས་ཆེན་པོ་བཅོམ་ལྡན་འདས། །ཀུན་གྲུབ་ཟག་མེད་བདེ་བ་ནི། །བདེ་ཆེན་རྡོ་རྗེ་འཆང་བའི་སྐུ། །ཞེས་པ་དང་། ཡང་། འཇིག་རྟེན་གསུམ་བདག་མཐའ་ ཡས་ཕྱིར། །འདུལ་མཛད་སྲིད་གསུམ་མཆོག་གསུམ་དང་། །ཐམས་ཅད་ཉིད་ཕྱིར་དཀོན་མཆོག་གསུམ། །འཇིག་རྟེན་གསུམ་བདག་ཁམས་གསུམ་ཡིན། །ཞེས་པ་དང་། ཡང་། སེམས་ཅན་བསོད་ནམས་ཆེར་འཕགས་ཤིང་། །མི་གཡོ་ཐམས་ཅད་ཁོ་ནའི་བདག ། 26-1-259a འདུལ་བྱེད་སེམས་ཀྱི་གཡོ་བ་སྟེ། །འདུ་བྱེད་ཐམས་ཅད་ཁོ་ནའི་ཕྱིར། །ཞེས་པ་དང་། ཡང་། སྙིང་སྟོབས་རྡུལ་དང་མུན་པས་ཀྱང་། །གང་ཕྱིར་སེམས་ཅན་འདུལ་མཛད་པ། །དེས་ན་ཀུན་དུ་བཟང་པོ་སྟེ། །བྱང་ཆུབ སྤྱོད་པས་གཞན་སྐྱོང་མཛད། །ཅེས་སོ། ། ཐེག་པ་ཐུན་མོང་གི་དབང་དུ་བཤད་པའོ། །ཁྱད་པར་གྱི་དོན་དུ་ནི། རྟོག་པ་བདུན་པ་ལས། གྲོལ་བར་མཛད་པས་ཞི་བ་སྟེ། །འདོད་པའི་ཚོགས་གྲུབ་རྒྱས་པ་ཡིན། །འདོད་ཆགས་ཚུལ་གནས་དབང་གི་ལས། །ཆགས་བྲལ་དྲག་པོས་གསད་པར་མཛད། །དུས་གསུམ་སྐུ་ གསུམ་རྟག་བཞུགས་ཤིང་། །སྲིད་གསུམ་སྐུ་གསུམ་ཐུགས་སུ་དག །མཆོག་གསུམ་ཐེག་པས་འགྲོ་འདུལ་ཞིང་། །ལམ་གསུམ་མཛད་པས་གཞན་རྒྱུད་སེལ། །ས་གསུམ་གནས་དགའ་རབ་ཏུ་གནོན། །མཛད་པའི་ཚོགས་འཕྲུལ་དག་མཛད་ཅིང་། །སྣ་ཚོགས་ཕྲིན་ལས་ རབ་ཏུ་སྤྱོད། །ཅེས་པ་དང་། ཡང་རྩ་བའི་རྒྱུད་ལས། དབང་གི་འདོད་པའི་དོན་ཆགས་ཤིང་། །དྲག་པོས་ཆགས་བྲལ་གསད་པར་མཛད། །ཡོན་ཏན་ཚོགས་རྒྱས་འདོད་པའི་ལས། །ཞི་བས་རབ་ཏུ་གྲོལ་བྱེད་པའོ། །ཞེས་པ་ལ་སོགས་པ་གསུངས་སོ། །དབྱིངས་ ཀྱི་སྒོ་ནས་གསང་བའི་ཕྲིན་ལས་ནི། རྟོག་པ་བདུན་པ་ལས། འདོད་པ་དགའ་བའི་རྣམ་པ་ཅན། །འདོད་ཆགས་རྗེས་སུ་དགའ་བའི་ཚུལ། །ཆགས་བྲལ་དགའ་མཐའ་བྲལ་བའི་དངོས། །རྣམ་གྲོལ་ལྷན་ཅིག་སྐྱེས་པའོ། །ཞེས་པ་དང་། ཡང་། དུས་གསུམ་དག་ཏུ་འབེབས་ གཟུང་བཟློག །སྲིད་གསུམ་ཡི་གེས་རྩ་གསུམ་འགེངས། །མཆོག་གསུམ་གསལ་བར་གྱུར་པ་དང་། །འཇིག་རྟེན་ཁམས་རྣམས་གསལ་བར་བྱས། །སྣ་ཚོགས་གནས་པའི་ཆོས་རྣམས་ཀུན། །བདེ་བ་ཆེ་ལས་གཞན་མ་ཡིན། །ཞེས་སོ། །དེ་དག་གི་མཇུག་བསྡུ་ཞིང་ གཏན་ཚིགས་སུ། འགྲོ་བ་དག་ནི་མ་ལུས་ཀུན། །ཐམས་ཅད་དུ་ནི་འདིར་འགྱུར་རོ། །དེ་ལ་སོགས་པ་མཐའ་ཡས་མཆོག །ཆོས་དབྱིངས་མཉམ་དང་མི་མཉམ་པ། །ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པ། །དངོས་པོ་ཐམས་ཅད་དེ་ཡིན་ཏེ། །ཞེས་ཏེ། རྒྱ་ཆེ་བའི་ 26-1-259b ཚུལ་གཉིས་དང་། དབྱིབས་ཀྱི་ཚུལ་གྱིས་ཆོས་ཐམས་ཅད་ཉིད་རྣམ་པར་གནས་པར་ཀུན་དུ་བཟང་པོའི་རང་བཞིན་ནོ། །དེ་ཡང་རྟོག་པ་བསྡུས་པ་ལས། རྟག་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་གྱི་བདག །བྱང་ཆུབ་སེམས་ཉིད་ངེས་ པའོ། །ཞེས་སོ། །འདིས་ནི་ལེའུ་དགུ་པའི་ཕྱག་རྒྱ་ཤས་ཆེར་བསྡུས་ཏེ་ནོར་བུ་རིན་པོ་ཆེ་དང་སེང་གེའི་དཔེས་བསྟན་ཏོ། །ད་ནི་རྟོག་པ་མངོན་དུ་འགྱུར་བའི་ཀུན་རྫོབ་དང་། མཉམ་སྦྱོར་གྱི་དོན་གྱིས་ཚོགས་འཁོར་བསྡུ་བའི་ཕྱིར། ནམ་མཁའ་ཀུན་གྱི་སྐབས་ན་དཔལ། །རྡོ་རྗེ་ སེམས་དཔའ་དེ་བཞིན་གཤེགས། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མའི་བདེ་མཆོག་གོ། །ཞེས་ཆོས་ཅན་གྱི་དངོས་པོས་གང་དུ་ཁྱབ་པར་ཆོས་ཉིད་ཀྱི་རང་བཞིན་དེ་དག་ཐམས་ཅད་དཔལ་རྡོ་རྗེ་སེམས་དཔའ་སྟེ། དཔེར་ན་ཏིལ་གྱི་གང་བུ་བཞིན་ནོ། །དེ་ ལྟར་དོན་གཉིས་ཀྱི་ཚུལ་དུ་བཞུགས་པའི་དཔལ་རྡོ་རྗེ་སེམས་དཔའི་དེ་ཉིད་ནི་དེ་བཞིན་དུ་གཤེགས་པའི་ངང་ཚུལ་ཅན་ནོ། །གང་ཞེ་ན་དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་སྒྱུ་མ་བདེ་བ་མཆོག་གི་ཚོགས་ཀྱི་འཁོར་ལོ་ལས་བསྒྲུབ་པའོ། །དེ་ཡང་རྟོག་པ་ བདུན་པ་ལས། ནམ་མཁའ་ཀུན་གྱི་སྐབས་ན་དཔལ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཚོགས་ཀྱི་དཀྱིལ་འཁོར་གནས་བཞུགས་ཤིང་། །ལྷ་མོ་ཀུན་གྱི་བདེ་བ་བསྐྱེད། །ཅེས་སོ། །འདིས་ནི་ལེའུ་དྲུག་པ་བསྡུས་ཏེ་གནའ་བུ་དང་སེང་གེའི་དཔེས་བསྟན་ཏོ། །ད་ནི་མཉམ་སྦྱོར་ གྱི་སྒོ་ནས་གྲུབ་པ་ལ་སོགས་པ་བསྟན་པའི་ཕྱིར། བསྐལ་པ་བྱེ་བ་གྲངས་མེད་པར། །སངས་རྒྱས་ཐམས་ཅད་མ་ཐོབ་པ། །ཕྱག་རྒྱའི་ཆོ་ག་གང་དག་གིས། །ཚེ་འདི་ཉིད་ལ་འཐོབ་འགྱུར་བ། །ཞེས་ཏེ། མཚན་ཉིད་ཀྱི་ཐེག་པའི་གཞུང་དུ་བསྐལ་པ་གྲངས་མེད་པར་དཀའ་བ་སྤྱད་ཅིང་ཚོགས་ བསགས་པས་ལམ་རྣམ་པ་ལྔ་མཐར་ཕྱིན་ནས། དྲང་བའི་དོན་གྱིས་སངས་རྒྱས་འགྲུབ་པར་འདོད་པ་དེས་ནི་ངེས་པའི་འབྲས་བུ་རྙེད་པ་མ་ཡིན་ཏེ། རང་གི་དེ་ཁོ་ན་ཉིད་དུ་མི་ཤེས་པའི་ཕྱིར་སངས་རྒྱས་མཐོང་བར་མི་འགྱུར་རོ། །གསང་བའི་ཕྱག་རྒྱ་རྣམ་པ་གཉིས་ཀྱི་དོན་ཤེས་པས། ཆོ་ག་གང་ 26-1-260a དག་གིས་བསྙེན་སྒྲུབ་ཡན་ལག་བཞིའི་སྒོ་ནས། ཚེ་འདི་ཉིད་ལ་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འགྲུབ་ཅིང་། མཆོག་གི་དངོས་གྲུབ་ཀྱི་ལམ་ལ་སྦྱོར་བར་བྱེད་པ་དང་། ཡང་ཚེ་འདིས་མཆོག་གི་དངོས་གྲུབ་རིག་འཛིན་ཐོབ་སྟེ། དེས་ན། དེ་ནི་བདག་གིས་བརྟག་པར་བྱ། ། སངས་རྒྱས་ཀུན་བདག་བདེ་བའི་མཆོག །བདག་ཉིད་ཤིན་ཏུ་སྒྲུབ་པ་ལས། །སངས་རྒྱས་ཀུན་བདག་བདེ་མཆོག་གོ། །ཞེས་སོ། །དེ་ཡང་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བརྟག་པར་བྱ་སྟེ། རིགས་དྲུག་གི་དཀྱིལ་འཁོར་གྱི་རྣམ་པ་དང་། དེ་ཉིད་བདེ་བ་ཆེན་པོའི་ཡེ་ཤེས་རང་གི་མཚན་ ཉིད་བསྒྲུབས་པས་དེའི་རྣམ་པ་གསལ་ཞིང་ཉམས་སུ་མྱོང་ངོ་། །དེ་ཡང་རྒྱུད་ལས། མཚན་ཉིད་ཐེག་དམན་ལམ་ཞུགས་པས། །ཡང་དག་སངས་རྒྱས་མཐོང་མི་འགྱུར། །བསྙེན་སྒྲུབ་ཡན་ལག་བཞི་གནས་དོན། །རབ་གསུངས་ཐེག་པའི་བྱང་ཆུབ་འགྲུབ། །ཅེས་སོ། །འདིས་ ནི་བསྒྲུབ་པའི་རིམ་པ་ལེའུ་གསུམ་པ་བསྡུས་ཏེ། ངང་པ་དང་སེང་གེའི་དཔེས་བསྟན་ཏོ། །ད་ནི་ལྷ་དང་གཉིས་སུ་ལྟ་བ་དགག་པའི་ཕྱིར། རྣལ་འབྱོར་ཡང་དག་མ་ཡིན་སེམས། །ལྷ་ལ་དམིགས་པར་བྱེད་པ་དག །རྣལ་འབྱོར་གཟུགས་བརྙན་རང་བཞིན་ཏེ། །ལུགས་མ་ལ་སོགས་ རྣལ་འབྱོར་སྐྱེ། ཞེས་ཏེ། གང་ཐབས་དང་ཤེས་རབ་གཉིས་སུ་མེད་པར་སྟོན་པ་དེ་ལ་རྣལ་འབྱོར་ཏེ། རྟོག་པ་བདུན་པ་ལས། ཐབས་ཀྱི་དཀྱིལ་འཁོར་རྣམ་འཕྲུལ་ཞིང་། །ཤེས་རབ་དབྱིངས་སུ་སྦྱོར་སྒྲུབ་པས། །རྣལ་འབྱོར་གསལ་བར་མཚོན་པ་སྟེ། །གཉིས་མེད་ཕྱག་རྒྱ་དེ་ཉིད་ སྟོན། །ཞེས་པ་དང་། ཡང་། ཤེས་རབ་དབྱིངས་ལས་བྱུང་བ་ཡི། །སྦྱོར་བ་བཞི་ལ་ལེགས་གནས་པ། །རྣལ་འབྱོར་ནམ་མཁའི་མཚན་ཉིད་དེ། །དུས་ཀུན་དུ་ནི་རྣམ་པར་སྤྱོད། །ཅེས་པ་དང་། དཔལ་གསང་བ་འདུས་པ་ལས་ཀྱང་། ཐབས་དང་ཤེས་རབ་སྙོམས་འཇུག་པ། ། རྣལ་འབྱོར་ཞེས་ནི་བྱ་བར་བཤད། །ཤེས་རབ་རང་བཞིན་མེད་པ་སྟེ། །མཚན་མའི་ཆོ་འཕྲུལ་ཐབས་ཡིན་ནོ། །ཞེས་སོ། །དེ་ལ་གནས་པའི་སྒྲུབ་པོ་ལ་ནི་འབྱོར་པ་ཞེས་བྱའོ། །གང་ཞིག་དེ་དང་མི་ལྡན་པའི་འཇུག་པ་པོ་དག་གི་ཡང་དག་པ་མ་ཡིན་པའི་སེམས་ཀྱིས་བདག་དང་ལྷ་ 26-1-260b གཉིས་སུ་ལྟ་ཞིང་དམིགས་པར་བྱེད་དེ། རྟེན་གྱི་གཟུགས་བརྙན་ལས་རྣལ་འབྱོར་འབྱུང་ཞིང་སྐྱེ་བར་འདོད་པས་ནི་འགྲུབ་པར་མི་འགྱུར་རོ། །དེ་ཡང་གླང་པོ་རབ་འགོག་དང་སྒྱུ་འཕྲུལ་དྲ་བ་དག་ལས། ཕྱོགས་བཅུའི་འཇིག་རྟེན་གང་ནས་ཀྱང་། སངས་རྒྱས་རྙེད་པར་མི་འགྱུར་ཏེ། ། སེམས་ཉིད་རྫོགས་པའི་སངས་རྒྱས་པས། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །ཅེས་པ་དང་། འདི་དག་གཞན་ལས་ཀྱང་རྒྱ་ཆེར་གསུངས་སོ། །དེ་ནི་སྒྲུབ་པའི་ཞར་ལ་སྤྲོས་པའོ། །ད་ནི་མཉམ་སྦྱོར་གྱི་སྒོ་ནས་དམ་ཚིག་བསྟན་པའི་ཕྱིར། ཡང་དག་མཆོག་སེམས་རྣལ་ འབྱོར་པ། །ལྷ་ལ་དམིགས་པར་བྱེད་པ་དག །རང་གི་དམ་ཚིག་བདག་སྦྱོར་བ། །མི་འགྱུར་དམ་པ་འགྲུབ་པར་འགྱུར། །ཞེས་ཏེ། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྟོགས་ཤིང་དེའི་དོན་ལ་གནས་པས་གཉིས་སུ་མེད་པའི་སྒོ་ནས་ཐུན་མོང་དང་ཁྱད་པར་གྱི་དམ་ཚིག་རང་གི་ བདག་ཉིད་དང་སྦྱོར་ཞིང་། མི་འགྱུར་བ་དམ་པར་གནས་ན་འགྲུབ་པར་འགྱུར་བའོ། །དེ་ཡང་རྟོག་པ་བདུན་པ་ལས། ཟབ་ཅིང་རྒྱ་ཆེའི་ཆོས་དག་གི། ཡང་དག་མཆོག་སེམས་རྣལ་འབྱོར་གནས། །དམ་ཚིག་ལྷ་གཉིས་རབ་སྦྱོར་བས། །རང་གི་རང་བཞིན་གསལ་འགྲུབ་འགྱུར། ། ཞེས་སོ། །འདིས་ནི་ལེའུ་དྲུག་པ་དང་བདུན་པའི་དམ་ཚིག་བསྡུས་ཏེ་ཁྱུང་དང་གནའ་བུའི་དཔེས་བཤད་དོ། །ད་ནི་དེའི་ཞར་ལ་ཐེག་པའི་ཁྱད་པར་བསྟན་པའི་ཕྱིར། གཟུགས་བརྙན་ལུགས་ལ་སོགས་པ་ལ། །རྣལ་འབྱོར་འབྱུང་བར་མི་འགྱུར་ཏེ། །བྱང་ཆུབ་སེམས་ལ་རབ་ བརྩོན་ན། །དེ་ལས་རྣལ་འབྱོར་ལྷར་འགྱུར་རོ། །ཞེས་ཏེ། གོང་དུ་ལྷ་དང་གཉིས་སུ་ལྟ་བ་དགག་སྟེ། གང་ཞིག་ནང་དུ་རང་གི་ཏིང་ངེ་འཛིན་ལ་དམིགས་པས་ནི་ཐེག་པ་ཆེན་པོ་འོག་མ་རྣམས་ལས་ཁྱད་པར་དུ་འགྱུར་བའོ། །དེ་ཡང་རྟོག་པ་བསྡུས་པ་ལས། བསམ་འདས་ རྒྱ་ཆེན་ཟབ་པ་ནི། །དངོས་གྲུབ་ཐམས་ཅད་ཟད་མེད་བདེ། །ཀུན་གྱི་དྲི་མ་མེད་པ་ནི། །བྱང་ཆུབ་སེམས་བདག་བརྟེན་པ་ཡིན། །ཞེས་པ་དང་། ཡང་། སེམས་དེ་ཁོ་ན་བདུད་ཉིད་དེ། །སེམས་དེ་ཁོ་ན་དེ་བཞིན་གཤེགས། །རང་སེམས་འདུལ་བའི་དོན་དུ་ནི། །བདག་ 26-1-261a ཉིད་བདུད་ལས་རྒྱལ་བ་ཡིན། །ཞེས་པ་དང་། ཡང་། རང་སེམས་སོ་སོར་རིག་པ་ནི། །བྱང་ཆུབ་སེམས་མཆོག་རྡོ་རྗེ་ཡིན། །དེ་ཉིད་དེ་ལས་དེ་སངས་རྒྱས། །རང་བྱིན་བརླབ་མཆོག་བསྒོམ་ཕྱིར་རོ། །ཞེས་སོ། །འདིས་ནི་དབུ་ཞབས་ཀྱི་ཐེག་པ་རྣམ་པར་འབྱེད་པ་སྟེ། ཁྱུང་ དང་བྱ་ལག་གི་དཔེས་བཤད་དོ། །ད་ནི་ཕན་ཡོན་གྱི་ཆེ་བ་བསྟན་པའི་ཕྱིར། བྱང་ཆུབ་སེམས་འདི་རྡོ་རྗེ་སྟེ། །སངས་རྒྱས་ཀུན་གྱི་བདག་ཉིད་ཡིན། །དེ་བས་ཐམས་ཅད་བདག་སྦྱོར་བས། །སངས་རྒྱས་ཐམས་ཅད་ཐོབ་པར་འགྱུར། །ཞེས་ཏེ། ཟབ་པ་དང་རྒྱ་ཆེ་བའི་སྒོ་ནས་ བྱང་ཆུབ་སེམས་རྣམ་པ་བཞི་པོ་འདི་ནི་རྡོ་རྗེ་ལྟ་བུ་སྟེ། སངས་རྒྱས་ཀུན་གྱི་བདག་ཉིད་ཡིན་ནོ། །དེ་ལྟ་བས་ན་ལྟ་བ་དང་ཏིང་ངེ་འཛིན་དང་སྤྱོད་པ་ལ་སོགས་པའི་དོན་རྣམས་ཤེས་ཤིང་ཉམས་སུ་བླངས་ན་སྦྱོར་བའི་སྟོབས་ཀྱིས་ཐོབ་པར་འགྱུར་རོ། །དེ་ཡང་རྩ་བའི་རྒྱུད་ ལས། ལྟ་སྤྱོད་ཏིང་འཛིན་བསྒྲུབ་པ་དང་། །དཀྱིལ་འཁོར་དབང་བསྐུར་དམ་ཚིག་ཚོགས། །ཕྲིན་ལས་ཐམས་ཅད་བདག་སྦྱོར་བས། །སངས་རྒྱས་ཐམས་ཅད་ཐོབ་པར་འགྱུར། །ཞེས་པ་དང་། རྟོག་པ་བསྡུས་པ་ལས་ཀྱང་། གང་གི་རྟོག་པ་མཆོག་འདི་སྒྲུབ་པར་བྱེད་པ་ལ། །བདུད་ཉིད་ཉེ་ བར་མི་འགྲོ་མི་བརྟེན་ཉིད་ཀྱང་མིན། །རྟོག་པའི་ཚོགས་བཅས་བདག་གིས་གཞོམ་མཛད་དེ། །མྱུར་བ་མཆོག་གི་མཆོག་ཉིད་འགྲུབ་ཕྱིར་བརྟེན་པར་མི་བྱེད་དེ། །གང་གིས་བདག་གི་སྙིང་པོ་བདག་ལ་རྟག་ཏུ་འགྲུབ་བྱེད་ཅིང་། །མཆོག་ཆེན་དངོས་གྲུབ་དང་ནི་རྟོག་པ་བདེ་ཆེན་དང་། ། ཆགས་དང་ཤིན་ཏུ་དགའ་དང་བརྟན་དང་རྒྱས། །ཡིག་ཆེན་ཡང་མི་བརྟེན་པར་བདག་གིས་འགྱུར་བར་བྱེད། །ཅེས་སོ། །དེས་ནི་ལེའུ་གཉིས་པའི་སྨན་དང་ལེའུ་སོ་སོའི་ཁྱད་པར་གྱི་ཕན་ཡོན་བསྡུས་ཏེ། རུས་སྦལ་གྱི་དཔེས་བཤད་དོ། །ད་ནི་མཉམ་སྦྱོར་གྱི་སྒོ་ནས་འབྲས་བུ་ཕྲིན་ ལས་དང་བཅས་པ་བསྟན་པའི་ཕྱིར། བདག་ཉིད་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་ཐམས་ཅད་བདག་ཡིན་ནོ། །དེ་བས་བདག་ཉིད་ལྷར་སྦྱོར་བས། །བདག་ཉིད་རབ་ཏུ་བསྒྲུབ་པར་བྱ། །ཞེས་ཏེ། འབྲེལ་པའི་ཚུལ་དུ་མཇུག་བསྡུ་བའི་ཕྱིར། ཚིག་དང་པོ་གཉིས་ཀྱིས་ནི་ 26-1-261b གཞིའི་མཚན་ཉིད་བསྟན་ཏེ། དངོས་རྟོགས་ཀྱིས་སངས་རྒྱས་གཉིས་ཀྱི་དོན་དམ་པའི་མཚན་ཉིད་དང་། ཀུན་རྫོབ་ཀྱི་རྣམ་པ་དང་། དཔའ་བོ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་སྐུ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་ཡིན་པས་རྒྱལ་བའི་དགོངས་པའོ། །དེ་ཉིད་ཚུལ་གསུམ་གྱིས་ རྟོགས་པར་བྱས་ནས། དེའི་རྗེས་སུ་ཚིག་གཉིས་ཀྱིས་ནི་ལམ་གྱི་ཡན་ལག་སྟེ། ཏིང་ངེ་འཛིན་ལ་སོགས་པས་བདག་ཉིད་ལྷར་སྦྱོར་ཞིང་བསྒྲུབ་པར་བྱའོ། །དེ་ཉིད་གོམས་ཤིང་མངོན་དུ་གྱུར་པའི་འབྲས་བུ་ནི། དེ་ཡིས་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་རྣམས་ཀྱང་ཐམས་ཅད་དང་། ། རྡོ་རྗེ་འཛིན་པ་ཐམས་ཅད་དུ། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །ཞེས་ཏེ། ངེས་པའི་དོན་རྡོ་རྗེ་ཐེག་པའི་སྒོ་ནས་སངས་རྒྱས་པའི་དཀྱིལ་འཁོར་གྱི་ཚོགས་ཐམས་ཅད་དང་། དཔའ་བོ་འཁོར་གྱི་སེམས་དཔའ་གསང་སྔགས་ཀྱི་སྒོར་ཞུགས་པའི་ཚོགས་དང་། རིག་འཛིན་གྱི་བྱེ་བྲག་ བཞིན་དུ་གནས་པའི་རྡོ་རྗེ་འཛིན་པ་དག་བསྒོམས་ཤིང་བསྒྲུབ་པའི་སྟོབས་ཀྱིས་ཚེ་འདི་ལ་སངས་རྒྱས་ཀྱི་རང་བཞིན་དང་། དཔའ་བོ་རྡོ་རྗེ་འཛིན་པའི་རྣམ་པ་གསལ་བར་འགྱུར་རོ། །དེ་ཉིད་ཀྱིས་སྒྲུབ་པས་ནི་རྡོ་རྗེ་འཛིན་པའི་རིམ་གྱིས་སངས་རྒྱས་ཀྱི་རྣམ་པ་ཡང་གསལ་བར་འགྱུར་ རོ། །དེ་ཡང་འོག་ནས། འདི་ནི་ཕྱི་དུས་སངས་རྒྱས་ཡིན། །ཞེས་པ་དང་། རྟོག་པ་བདུན་པ་ལས། ཚེ་འདིས་རིག་འཛིན་ཐོབ་བྱེད་ཅིང་། །དེ་གནས་རིམ་བཞིན་གོམས་པའི་མཐུས། །ངེས་པའི་དོན་གྱིས་སངས་རྒྱས་ཆེ། །བདེ་ཆེན་སྐུ་གསུམ་གཉིས་མེད་འགྲུབ། །ཅེས་སོ། ། དེས་ནི་ལེའུ་བཅུ་པ་བསྡུས་ཏེ། རིན་པོ་ཆེའི་དཔེས་བསྟན་ཏོ། །དེ་ལྟར་གསུངས་པ་དེ་དག་ཀྱང་སྡུད་པ་པོའི་རང་དགའི་ཚིག་མ་ཡིན་ཏེ། ཡིད་ཆེས་པའི་ཁུངས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་དེ་སྐད་ཅེས་གསུངས་སོ་ཞེས་ཏེ། སྔོན་བྱུང་འཕྲུལ་པའི་འཁོར་ལོས་ དུས་རྣམ་པ་དྲུག་ཏུ་གདུལ་བྱའི་རྒྱུད་གྲོལ་བར་མཛད་ནས། རྗེས་སུ་འཇུག་པ་པོ་དག་གཟུང་བར་བྱ་བའི་ཕྱིར། རི་རབ་ཀྱི་རྩེ་མོར་སྐུ་གསུམ་གཉིས་སུ་མེད་པའི་རྡོ་རྗེ་སེམས་དཔས་རྒྱུད་བཤད་པའོ། །དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་ 26-1-262a མ་བདེ་བའི་མཆོག་ལས། དེ་ཁོ་ན་ཉིད་སྣང་བ་དམ་པའི་ཡུལ་ལ་འཇུག་པ་ཡེ་ཤེས་ཀྱི་ཕྱག་རྒྱའི་རྟོག་པ་སྟེ་དང་པོའོ་ཞེས་པ་ལ། གདུལ་བྱ་རྒྱས་པ་ལ་དགའ་བ་རྣམས་ཀྱི་དོན་དུ། སྟོན་པའི་དགོངས་མཛད་རྒྱ་ཆེན་པོའི་ཚུལ་དུ་རྩ་བའི་རྒྱུད་ཆེན་པོ་གསུངས་ནས། ཡང་ བསྡུས་པ་ལ་དགའ་བ་དང་། རྟོག་པ་མི་འདྲ་བ་རྣམ་པར་གཅད་པའི་དོན་དུ་རྡོ་རྗེའི་ཚིག་དགོངས་པ་དུ་མ་དང་ལྡན་པ་བརྡའི་དོན་གྱིས་རྣམ་པར་བཤད་པ་བསྡུས་པའི་རྒྱུད་འདི་ཉིད་གསུངས་སོ། །འདིར་ནི་ཤེས་པར་བྱ་བ་དང་། ཉམས་སུ་བླང་བ་དང་། འབྲས་བུ་མཐོང་བའི་དེ་ཁོ་ན་ཉིད་ གསུམ་གྱི་དོན་སྣང་ཞིང་གསལ་བར་མཛད་པ་དང་། དམ་པ་སངས་རྒྱས་རྣམས་ཀྱི་ཡུལ་ལ་འཇུག་པའི་ཐབས་གསལ་ཞིང་རྒྱས་འདེབས་པའི་མཚན་ཉིད་ཅན་གང་ཡིན་པ་དེ་ཉིད་ལ་རྟོག་པ་ཞེས་བྱའོ། །དེ་ཡང་རྟོག་པ་བདུན་པ་ལས། ཤེས་བྱ་ལམ་སྒྲུབ་འབྲས་བུའི་ཆོས། །བདེན་གཉིས་ མཚུངས་གནས་དེ་ཉིད་གསུམ། །སྣང་གསལ་དམ་པ་རྣམས་ཀྱི་ཡུལ། །ཕྱག་རྒྱ་རྟོག་པའི་རང་ཚུལ་ཅན། །ཞེས་པ་དང་། ཡང་རྟོག་པ་བསྡུས་པ་ལས། རྣམ་པར་མི་རྟོག་ཆོས་དག་ལས། །སེམས་ཅན་དོན་དུ་ཡོངས་སུ་རྟོག །དེས་ན་རྟོག་པ་ཞེས་བྱ་སྟེ། །རྟོག་པ་ཡོངས་སུ་དག་ ཕྱིར་རོ། །ཞེས་སོ། །ལེའུ་དང་པོའི་དོན་རྣམ་པར་བཤད་པའོ།། །།གང་ཞིག་དམིགས་སུ་མེད་པ་སྟོང་ཕྲག་གིས་ནི་ལམ་དུ་འཇུག་ཅིང་རིན་པོ་ཆེ་བརྟག་པར་མི་ནུས་ལ། དེ་ཉིད་ཀྱི་བསྟན་བཅོས་དང་ཕན་ཡོན་མི་ཤེས་པ་དག་ཀྱང་དེ་ལ་འཇུག་ཅིང་ཕྲད་པར་མི་འགའ་ རོ། །དེ་ལྟར་སྤྱི་དང་རང་གི་མཚན་ཉིད་དང་རང་གི་རང་བཞིན་མ་རྟོགས་པ་དག་གིས་ནི་ཡང་དག་པའི་དོན་མི་མཐོང་ཞིང་། སོ་སོའི་ཕན་ཡོན་མི་ཤེས་པས་ན་ཅིའི་ཕྱིར་འཇུག་པར་བྱེད། དེའི་ཕྱིར་ལེའུ་གཉིས་པར་ཤེས་པར་བྱ་བའི་གཞི་ལྟ་བའི་བྱེ་བྲག་དང་། དེའི་ཞར་ལ་ཕན་ཡོན་ བསྟན་ཏོ། །དེ་ཡང་རྩ་བའི་རྒྱུད་ལས། ཕྱོགས་རྣམས་མ་ལུས་རྣམ་བརྟགས་ཤིང་། །རང་བཞིན་ངོ་བོ་ལས་གྲོལ་བས། །རགས་པའི་དྲི་མ་ཀུན་སྤྱོད་དེ། །རྣམ་གྲོལ་ཕྲ་བའི་ལྟ་རྨོངས་འགྱུར། །ཀྱེ་མའོ་རང་ཉིད་མ་མཐོང་བ། །གཞན་གང་མཐོང་ཞིང་ཤེས་པར་འགྱུར། ། 26-1-262b ཞེས་སོ། །དེ་ལ་དང་པོ་ལྟ་བ་སྤྱིའི་མཚན་ཉིད་ནི། འདི་ནི་རྣལ་འབྱོར་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །ཐབས་དང་ཤེས་རབ་གཉིས་སུ་མེད་པའི་མཚན་ཉིད་བདེ་བ་ ཆེན་པོའི་སྐུ་འདི་ནི་རྣལ་འབྱོར་གྱི་བདག་ཉིད་ཅན་ཏེ། གཉིས་ཅན་དུ་རྟོག་པའི་མཚན་མ་བདུད་ལ་སོགས་པའི་ཚོགས་རྣམས་རང་གི་ངང་གིས་བཅོམ་ཞིང་། ལེགས་པའི་ཡོན་ཏན་གྱི་བཀོད་པ་ཐམས་ཅད་ལ་མངའ་བརྙེས་པས་ཡོན་ཏན་གྱི་བྱེ་བྲག་གཞན་མེད་དེ་རང་བཞིན་ལྷུན་ གྱིས་གྲུབ་པ་དང་། རྟོགས་པས་མངོན་དུ་གྱུར་པའི་ཚུལ་དུ་བཞུགས་ཤིང་། དོན་རྟགས་གཉིས་ཀྱི་ཚུལ་གྱིས་རྡོ་རྗེ་སེམས་དཔའ་ཐོག་མ་དང་ཐ་མ་མེད་པར་བཞུགས་ཤིང་། སྐུ་གསུང་ཐུགས་ལས་འདས་ཏེ་རང་གི་དེ་ཁོ་ན་ཉིད་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་རྡོ་རྗེ་ལ་ གནས་ནས་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་སྒྱུ་མའི་ངང་ཚུལ་ལ་གནས་སོ། །དེ་ཡང་རྟོག་པ་བསྡུས་པ་ལས། སེམས་དཔའ་ཐོག་མ་ཐ་མ་མེད། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་གྱི་བདག །རྡོ་རྗེ་སྙིང་པོ་གཙོ་བོའི་གཙོ། ། གདོད་མ་ཐ་མ་མེད་ཕྱིར་ཡང་། །དམ་པའི་དང་པོ་ཞེས་འདོད་དེ། །འཁོར་ལོ་ཀུན་གྱི་གཙོ་ཕྱིར་ན། །དམ་པ་དམ་པའི་དབང་ཕྱུག་ཡིན། །ཞེས་ཏེ། སངས་རྒྱས་གཉིས་ཀྱི་ཚུལ་དུ་བཞུགས་སོ། །དེ་ཡང་ཀུན་རྫོབ་ཕྱོགས་གཅིག་གི་སྒོ་ནས། རྟོག་པ་བདུན་པ་ལས། སྐུ་མཆོག་ མཚན་དང་དཔེ་བྱད་དང་། །ཡོན་ཏན་མ་འགགས་གསལ་སྣང་ཞིང་། །དཀྱིལ་འཁོར་དབང་ལ་སོགས་པར་ལྡན། །གསུང་ཐུགས་ཕྲིན་ལས་གསལ་བར་སྣང་། །ཞེས་པ་དང་། ཡང་། དུས་གསུམ་སྒྲིབ་པ་མི་མངའ་བའི། །མགོན་རྣམས་བདེ་ཆེན་གནས་བཞུགས་ཏེ། ། གསལ་བའི་སྟོབས་དང་མི་འཇིགས་ཚོགས། །བདག་གཞན་གཉིས་མེད་སྣ་ཚོགས་སྣང་། །ཞེས་སོ། །དེ་དག་གི་དོན་དམ་པ་ནི་སྟོང་པ་ཉིད་རང་བཞིན་གྱིས་གནས་པ་དམིགས་པའི་མཚན་མ་ཐམས་ཅད་ལས་དབེན་པ་ཞི་བ་ཆེན་པོའི་དབྱིངས་སོ། །སྤྱིའི་མཚན་ཉིད་ནི་གཉིས་ 26-1-263a སུ་མེད་པའི་བདེ་བ་ཆེན་པོའི་ཡེ་ཤེས་མཁའ་འགྲོ་སྒྱུ་མའི་སྐུའོ། །དེ་ལྟར་གནས་སྐབས་ཀྱི་དབང་དུ་ན་བདེན་པ་གསུམ་དུ་བཤད་ཅིང་། རང་གི་མཚན་ཉིད་ལ་གང་དུ་མི་ཕྱེའོ། །དེས་ན། ཐམས་ཅད་མ་ལུས་ཕྱག་རྒྱ་ཡི། །ཐམས་ཅད་མ་ལུས་བདེ་མཆོག་གི། ཞེས་ཏེ་གོང་ དུ་གསུངས་སོ། །དོན་དེ་ཉིད་ཀྱི་ལྟ་བས་ཐག་ཆོད་ནས་བསྒོམ་པས་ཉམས་སུ་བླངས་ནས་འགྲུབ་པའི་ཕྱིར། རྡོ་རྗེ་སེམས་དཔར་བདག་སྦྱོར་ན། །དབབ་པ་ཐམས་ཅད་རབ་ཏུ་འགྲུབ། །ཅེས་ཏེ། ཕྱག་རྒྱ་གསུམ་གྱི་སྒོ་ནས་གཉིས་སུ་མེད་པར་སྦྱོར་ན་མཆོག་ཏུ་གྱུར་པའི་དོན་ཕྱིན་ཅི་མ་ ལོག་པའི་རྣམ་པ་དག་འགྲུབ་པར་འགྱུར་ཏེ། རང་གི་དེ་ཁོ་ན་ཉིད་ལས་ཤར་བའི་ཕྱིར་རོ། །དེ་ཡང་རྩ་བའི་རྒྱུད་ལས། ཐམས་ཅད་བདེ་ཆེན་རྡོ་རྗེ་སེམས། །མ་འགགས་རོལ་པ་ཕྱག་རྒྱའི་སྐུ། །ཀུན་རྫོབ་སྣང་ཞིང་དངོས་མེད་པའི། །དོན་དམ་ལས་འདའ་སྒྱུ་མའི་དབྱིངས། །རང་ བཞིན་གསལ་བར་སྦྱོར་བྱས་པས། །དབབ་པ་ཐམས་ཅད་རབ་ཏུ་འགྲུབ། །ཅེས་སོ། །དེ་ཉིད་རྟོགས་པར་བྱ་བའི་ཐབས་ནི། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །རྣལ་འབྱོར་དབང་ཕྱུག་བདེ་བ་ཆེ། །གང་ཞིག་ལ་དང་པོར་སངས་རྒྱས་ཐམས་ཅད་དང་མཉམ་པར་ སྦྱོར་བ་ནི་དབྱིངས་ཡེ་ཤེས་ཀྱི་འབྲེལ་ཚུལ་ཏེ་ལེའུ་དགུ་པ་ལས། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ཁམས་གསུམ་དག་ནི་མ་ལུས་པ། །ཐམས་ཅད་སྒྱུ་མ་ལྟ་བུ་སྟེ། །ཇི་ལྟར་སྒྱུ་མ་ཐམས་ཅད་དུ། །མཐོང་བ་དང་ནི་རེག་ པར་འགྱུར། །དམིགས་སུ་ཡོད་པ་མ་ཡིན་ཏེ། །དེ་བཞིན་འགྲོ་བ་ཀུན་གྱི་ཚུལ། །ཞེས་པ་དང་། ཡང་། ཡོད་པ་མ་ཡིན་མེད་པ་མིན། །དབུ་མར་ཡང་ནི་དམིགས་སུ་མེད། །ཤེས་རབ་ཕ་རོལ་ཕྱིན་སྦྱོར་བ། །སངས་རྒྱས་བྱང་ཆུབ་རབ་བསྒྲུབ་པའོ། །ཞེས་སོ། །དོན་དེ་དག་ རྣལ་འབྱོར་དམ་པའི་མཚན་ཉིད་དེ། དབང་ཕྱུག་ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡན་པ་བདེ་བ་ཆེན་པོའི་རང་བཞིན་ནོ། །དེ་ཡང་ཐབས་ཀྱི་སྒོ་ནས་དང་། ཤེས་རབ་ཀྱི་སྒོ་ནས་དང་། གཉིས་སུ་མེད་པའི་སྒོ་ནས་རྟོགས་པར་བྱ་བ་སྟེ། དེ་ཡང་རྟོག་པ་བདུན་པ་ལས། 26-1-263b ཐབས་ཀྱི་སྒོ་ནས་བདེ་བ་ཆེ། །ཐིག་ལེ་ཕྲ་མོ་ལས་འདས་ཤིང་། །རླུང་གི་གནས་ལ་གནས་མི་མཛད། །གསང་སྔགས་ཀྱི་ནི་དམིགས་བྲལ་བའོ། །ཤེས་རབ་ལས་ལ་བརྟེན་པའི་མཐུས། །འཁོར་ལོའི་བྱང་ཆུབ་འབེབས་དང་གཟུང་། །རང་གི་གནས་སམ་གཞན་དུ་སྤྲོ། །རྩ་སོགས་ དམན་པ་དབྱིབས་ལས་འདས། །གཉིས་མེད་ཕྱག་རྒྱ་ཆེན་པོའི་དང་། །སྣང་བ་ཉིད་ན་སྟོང་པ་སྟེ། །སྟོང་པ་ཉིད་ན་སྣང་བ་ཡིན། །དབང་པོ་དྲུག་གི་ཡུལ་ལ་རོལ། །ཞེས་སོ། །དེའི་གཏན་ཚིགས་ནི། །དེ་བས་བདེ་བ་ཉིད་ཀྱིས་ནི། །སངས་རྒྱས་བདེ་བ་ཀུན་འཐོབ་བོ། །ཞེས་ཏེ། རྒྱུ་བདེ་བའི་སྒོ་ནས་ལམ་བདེ་བར་བསྒྲུབས་ཏེ། འབྲས་བུ་བདེ་བ་ཆེན་པོའི་སྐུར་འགྲུབ་པའོ། །དེ་ཡང་རྟོག་པ་བདུན་པ་ལས། ཆོས་རྣམས་མངོན་སུམ་བདེ་ཆེན་པོ། །གཟུགས་བརྙན་རབ་འབྲིང་ཐ་མ་མེད། །སྣང་སྟོང་བདེ་བའི་རྒྱས་བཏབ་པས། །དམིགས་པ་ཀུན་ལས་རྣམ་ པར་གྲོལ། །ཞེས་ཏེ། མངོན་སུམ་དུ་ཆོས་ཐམས་ཅད་ལ་བདེ་སྟོང་གཉིས་སུ་མེད་པའི་རྒྱས་གདབ་པའོ། །འདིས་ནི་རྟོགས་པའི་ཡོན་ཏན་ཡང་བསྟན་ཏོ། །ད་ནི་ལུས་ངག་གི་དཀའ་བ་སྤྱད་མི་དགོས་པར་བསྟན་ཏེ། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བས། །རྣལ་འབྱོར་ དབང་ཕྱུག་བདེ་ཆེན་པོ། །འདི་ལ་ཁྲུས་དང་བསྡམ་མི་དགོས། །དཀའ་ཐུབ་དཀའ་བ་སྤྱད་མི་དགོས། །རང་གི་རྟོག་པས་བཅིངས་པའི་བྲམ་ཟེ་དང་། ཉན་ཐོས་ལ་སོགས་པའི་ཁྲུས་དང་བཟའ་བསྲུང་གི་སྤྱོད་པ་དང་། སྡོམ་པ་དང་སྦྱང་བའི་ཡན་ལག་བཅུ་གཉིས་ཀྱི་ དཀའ་ཐུབ་དང་། མེ་ལྔ་བསྟེན་པ་དང་དབྱུ་གུ་གསུམ་པ་དང་ཁྱེའུའི་དཀའ་ཐུབ་དང་བ་ལང་གི་དཀའ་ཐུབ་ལ་སོགས་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པས་ལམ་རྣམ་པ་ལྔར་དཀའ་བ་སྤྱད་མི་དགོས་ཏེ་གཉིས་མེད་ཀྱི་དོན་ལ་གནས་ན་སྤྱོད་ལམ་ཀུན་གྱིས་ཚོགས་གཉིས་ རྫོགས་པར་འགྱུར་རོ། །དེས་ན། དཀའ་ཐུབ་སྡོམ་པ་མེད་པ་དང་། །བདེ་བ་དང་ནི་དགའ་བས་འགྲུབ། །དེ་བས་ཇི་ལྟར་འདོད་སྤྱད་ཅིང་། །ཀུན་ཟ་དེ་བཞིན་ཐམས་ཅད་སྤྱོད། །སྤྱོད་པ་ཅི་དགར་འདོད་པར་བྱེད། །གཡོ་བ་དག་ཀྱང་ཅི་དགར་བྱེད། །གང་ལ་ཐེག་པ་འོག་ 26-1-264a མ་པའི་གཞུང་དུ་སྤྱོད་པའི་རིམ་པ་དག་ཆེད་དུ་གཉེར་ཞིང་དགག་པ་མེད་དེ། བྲམ་ཟེ་དང་མུ་སྟེགས་ལ་སོགས་པས་དབེན་པའི་སྤྱོད་པ་གང་ཡང་རུང་བས་སེམས་བདེ་བ་དང་། ལུས་དགའ་བའི་སྒོ་ནས་འགྲུབ་སྟེ། དེས་ན་སྡིག་པ་མ་སྦྱངས་པས་ཀྱང་མཉམ་པའི་དོན་ བསྒྲུབས་ན་འགྲུབ་པར་འོག་ནས་གསུངས་སོ། །དེ་ཉིད་རྟོག་པ་བདུན་པ་ལས་ཀྱང་། གང་ལ་ཇི་ལྟར་སྤྱོད་ཀྱང་རུང་། །གཉིས་མེད་བདེ་ཆེན་གྲོགས་སུ་འགྱུར། །ཞེས་སོ། །དེ་ཡང་གང་ཟག་ལས་དང་པོ་པ་དང་། ཡེ་ཤེས་ལ་ཅུང་ཟད་དབང་བ་དང་། ཡང་དག་པར་དབང་བ་དང་། ཤིན་ ཏུ་རྣམ་པར་གྲོལ་བའི་སྒོ་ནས་ཤེས་པར་བྱའོ། །ཇི་ལྟར་འདོད་པ་བཞིན་སེམས་ཅན་གྱི་དོན་དུ་འགྱུར་ན་ཁ་ན་མ་ཐོ་བ་མེད་པར་ངན་པའི་ལས་ལ་སྤྱད་ཀྱང་ཉེས་པར་མི་འགྱུར་ཞིང་། ཀུན་ཟས་ཏེ་དམ་ཟས་བཅུའི་རྣམ་པ་དག་གཉིས་སུ་མེད་པའི་དོན་དང་ལྡན་པས་ལོངས་སྤྱད་པས་དངོས་ གྲུབ་འགྲུབ་པའི་ཡན་ལག་ཏུ་འགྲོའོ། །དེ་བཞིན་དུ་ཐམས་ཅད་ནི་ཐུན་མོང་དང་ཁྱད་པར་གྱི་དམ་ཚིག་མ་ལུས་པའི་ཚོགས་སོ། །དེ་བཞིན་དུ་ལུས་ངག་གི་སྒོ་ནས་སྤྱོད་པ་ཅི་དགའ་དང་། སེམས་ཀྱི་སྒོ་ནས་གཡོ་བ་ཅི་དགའ་སྟེ་དགག་པ་དང་སྒྲུབ་པ་མེད་དོ། །དེས་ནི་ཐེག་པ་ དམན་པ་དང་། སོ་སོའི་སྐྱེ་བོའི་མཐའ་བཀག་པར་འགྱུར་རོ། །དཔལ་གསང་བ་འདུས་པ་ལས་ཀྱང་། སྔགས་པ་སེང་གེ་བཞིན་དུ་རྒྱུ། །འདི་ལ་མི་བྱ་བ་དག་དང་། །མི་བཟའ་བ་ནི་གང་ཡང་མེད། །འདོད་པའི་ལོངས་སྤྱོད་ཀུན་གྱིས་བརྒྱན། །ཞེས་སོ། །དེ་ལྟར་ན་ཆོས་ཐམས་ ཅད་བདེ་བ་ཆེན་པོའི་རང་བཞིན་དུ་གནས་པ་ལས། མ་རྟོགས་པའི་སེམས་ཅན་ཁ་ཅིག་འཁྲུལ་པའི་དབང་གིས་སྡུག་བསྔལ་གསུམ་དང་བརྒྱད་ཀྱི་རྒྱུ་དང་འབྲས་བུ་དེ་ཉིད་ལ་སྤྱོད་དེ། དེ་ཡང་རྟོག་པ་བདུན་པ་ལས། རང་གི་རང་བཞིན་མ་རྟོགས་ཤིང་། །གཞན་དུ་འཁྲུལ་པའི་འགྲོ་བ་དག ། ཡུལ་དྲུག་རང་རྒྱུད་བརྟགས་པ་ཡིས། །སྣ་ཚོགས་གཉིས་ཀྱི་ཆོས་སུ་སྣང་། །མི་མཐུན་བདེ་སྡུག་གནས་ལ་སྤྱོད། །ཆོས་བརྒྱད་མཚན་མས་གཡེངས་གྱུར་ཅིང་། །ཉོན་མོངས་ཡན་ལག་དང་བཅས་པས། །འགྲོ་དྲུག་གནས་རྣམས་སོ་སོར་སྣང་། །སྡུག་བསྔལ་གསུམ་ 26-1-264b དང་བརྒྱད་ཀྱིས་གདུངས། ལས་ཀྱི་འབྲེལ་པས་དངོས་ལ་ཆགས། །ཞེས་སོ། །ཡང་ལོག་པར་བློ་གྲོས་འཁྲུལ་པའི་གང་ཟག་ཁ་ཅིག་མུ་སྟེགས་ཀྱི་ལམ་དང་ཉན་ཐོས་ཀྱི་ལམ་དང་བྱང་ཆུབ་སེམས་དཔའི་ལམ་ལ་སྤྱོད་དེ། རང་གི་དེ་ཁོ་ན་ཉིད་ལས་ཉམས་ཤིང་བདེ་བ་ཆེན་པོའི་རོ་མ་མྱོང་ བར་གནས་ཏེ། དེ་ཉིད་ལ་སྙིང་རྗེ་ཆེན་པོས་གཟུང་བར་བྱའོ། །དེ་ཡང་རྟོག་པ་བདུན་པ་ལས། ཀྱེ་མའོ་ལོག་པར་རྟོག་པ་ཡི། །ཁ་ཅིག་ལམ་ངན་ལོག་ཞུགས་པ། །རྒྱུ་ལས་འཁྲུལ་དང་ལམ་ལས་འཁྲུལ། །འབྲས་བུའི་དངོས་ལས་འཁྲུལ་གྱུར་དག །འཇིག་རྟེན་འདིར་ཡང་ སྡུག་བསྔལ་ཏེ། །ཁྱི་དང་བ་ལང་དབྱི་གུ་གསུམ། །མེ་ལྔ་སོགས་ཀྱིས་ལུས་གདུངས་ཏེ། །ཚེ་ཟད་ངན་སོང་གསུམ་དུ་འགྲོ། །རིགས་ངན་དམན་པའི་ལམ་ཞུགས་པས། །བདེ་འདོད་དེ་ཉིད་ལམ་ལས་གོལ། །སྡུག་བསྔལ་ཀུན་འབྱུང་ཤེས་སྤོང་འདོད། །ཕྱིར་ཞིང་སྡུག་བསྔལ་ཀུན་ འབྱུང་གནས། །འགོག་ལམ་མངོན་པར་སྒོམ་བྱེད་ཅིང་། །འཕགས་པའི་ལམ་ལ་རྒྱབ་ཀྱིས་ཕྱོགས། །ཀྱེ་མའོ་ཡང་དག་བདེན་ལས་གཞན། །འཁྲུལ་པའི་བདེན་པ་བཞི་རུ་བརྟགས། །རྐྱེན་རྟོགས་དགྲ་བཅོམ་ས་འདོད་པས། །རྟེན་འབྲེལ་ལ་སྤྱོད་དེ་ཉིད་སྤོང་། །ཉོན་མོངས་ ལས་དང་སྡུག་བསྔལ་གྱིས། །རང་བཞིན་མོངས་པས་དེ་སྤྱོད་པ། །དེ་ཉིད་མཚན་མས་འཁྲུལ་འགྱུར་ཏེ། །ཐམས་ཅད་མ་རིག་ལས་བྱུང་བ། །དེ་ཉིད་རྒྱུ་གཞན་གང་ལས་བྱུང་། །ཐམས་ཅད་རང་བྱུང་ཡེ་ཤེས་ཡིན། །ཀྱེ་མའོ་དགྲ་བཅོམ་ས་འདོད་པས། །རྒྱུན་ཞུགས་ལན་ ཅིག་འོང་བ་དང་། །མི་ལྡོག་སྤྱོད་སོགས་དཀའ་བ་ཡིས། །དགྲ་བཅོམ་ལམ་ཞུགས་གྲོལ་མི་འགྱུར། །ཡང་དག་བདེན་པའི་དོན་མེད་པར། །ཀུན་དུ་བརྟགས་པར་གཉིས་འཛིན་པ། །བསྐལ་པ་མང་པོར་དཀའ་སྤྱད་ཀྱང་། །ཡང་དག་སངས་རྒྱས་ཐོབ་མི་འགྱུར། །ཀྱེ་ མའོ་ངེས་དོན་མ་རྙེད་པས། །ལམ་གཞན་གཡེངས་པས་ཚི་ཚད་དེ། །གྱད་ཀྱི་ནོར་བཞིན་ཀུན་དུ་ཚོལ། །སྐུ་གསུམ་འབྲས་བུ་སྐྱེ་མི་འགྱུར། །ཀྱེ་མ་འདི་དག་སྙིང་རེ་རྗེ། །བདེ་ཆེན་གནས་ལས་འདི་ལྟར་གྱུར། །སྡུག་བསྔལ་འདི་གཞན་གང་ལས་བྱུང་། །ནམ་ཞིག་ 26-1-265a རང་གི་དེ་ཉིད་མཐོང་། །ནམ་ཞིག་རང་བྱུང་ཡེ་ཤེས་འཆར། །ནམ་ཞིག་བདེ་བ་ཆེན་པོས་བརྒྱན། །ཞེས་སོ། །འོ་ན་དེ་དག་གིས་ཐེག་པ་ཆེན་པོའི་ལམ་དུ་ཞུགས་ན་མི་འགྲུབ་བམ་ཞེ་ན། གང་ཞིག་རང་གི་ལྟ་བ་རྣམ་པར་གཏོང་ཞིང་ཤེས་རབ་དང་སྙིང་རྗེས་གཞི་བཟུང་ནས་ བྱང་ཆུབ་ཀྱི་སེམས་དང་ལྡན་པས་ནི་འཇུག་ཏུ་རུང་ཞིང་འགྲུབ་པར་འགྱུར་ཏེ། ལངས་པ་དང་ནི་འདུག་པ་དང་། །འཆག་གམ་ཇི་ལྟར་གནས་ཀྱང་རུང་། །དགོད་དམ་རབ་ཏུ་སྨྲ་ཡང་རུང་། །གང་ན་ཇི་ལྟར་གནས་ཀྱང་རུང་། །ཞེས་ཏེ། དེ་ཡང་རྟོག་པ་བདུན་པ་ལས། སྐྱེ་བོ་གཟུང་འཛིན་རགས་ པའི་རྒྱུན། །རྟོག་པ་ལངས་པ་ཀུན་དུ་འཁོར། །མུ་སྟེགས་སྤྱོད་བཅས་འགྲོ་བྱེད་ཅིང་། །སྡུག་བསྔལ་རྨོངས་ཚོགས་སྡུག་བསྔལ་བསྒྲུབས། །ཡུལ་དྲུག་འགོག་ཅིང་གནས་བྱེད་པའི། །བློ་དམན་གོལ་བའི་ལམ་ལ་ཞེན། །ཇི་ལྟར་གནས་པའི་རང་རྒྱལ་བ། །གཅིག་ཚུགས་མང་པོས་ དགྲ་བཅོམ་ལམ། །དགོད་པའི་སྒོ་ནས་བྲམ་ཟེའི་སྨྲང་། །སྨྲ་བྱེད་བྱང་ཆུབ་སེམས་དཔའ་ཡིན། །དེ་དག་རྟོག་གནས་ལམ་ལྡོག་ཅིང་། །འདི་དོན་སྤྱོད་པས་འགྲུབ་པར་འགྱུར། །ཞེས་སོ། །འོ་ན་དེ་དག་གིས་ཚོགས་མ་བསགས་གཟུགས་བརྙན་དུ་མ་བསྒྲུབས་པར་འགྲུབ་བམ་ཞེ་ན། དཀྱིལ་འཁོར་དག་ཏུ་མ་ཞུགས་ཤིང་། །སྒྲིབ་པ་ཀུན་དང་ལྡན་པའང་རུང་། །རང་གི་ལྷར་ནི་བདག་སྦྱོར་ན། །བསོད་ནམས་ཆུང་ཡང་འགྲུབ་པར་འགྱུར། །ཐོག་མར་བླ་མ་དམ་པ་ལ་བརྟེན་ཏེ། གཟུགས་བརྙན་གྱི་དཀྱིལ་འཁོར་དུ་དབང་ཐོབ་ཅིང་དམ་ཚིག་དང་ལྡན་པས། གདམས་ ངག་ལ་ཆོས་ཐམས་ཅད་ཀྱི་རང་བཞིན་མངོན་དུ་བྱས་ན་སྒྲུབ་པའི་དཀྱིལ་འཁོར་ལ་མ་བརྟེན་པ་དང་། སྔོན་དུ་སྡིག་པའི་ལས་སྤྱད་པས་ཀྱང་རང་གི་ལྷ་གཉིས་སུ་མེད་པའི་དོན་དང་སྦྱར་ན་ལུས་ངག་གི་ཚོགས་བསགས་ཀྱང་འགྲུབ་པར་འགྱུར་བའོ། །ད་ནི་ལྟ་བ་རྟོགས་པའི་ཕན་ཡོན གྱི་མཇུག་བསྡུ་བའི་ཕྱིར། དེ་ཉིད་རྣལ་འབྱོར་འདི་ཡིས་ནི། །ཐམས་ཅད་འགྲུབ་པར་བྱེད་པས་ན། །ངན་ཟོས་ངན་སྤྱོད་ཐམས་ཅད་ཀྱིས། །ཉེས་པ་དག་ཏུ་ཡོངས་མི་འགྱུར། །ཞེས་ཏེ། རྩ་བའི་རྒྱུད་ལས། ལྟ་བ་མཆོག་ལ་འཇུག་སྦྱོར་བའི། །སྐུ་དྲུག་ལྷུན་གྲུབ་རྣལ་ 26-1-265b འབྱོར་པས། །དངོས་བཅས་ཆོས་ཚོགས་རྣམ་གྲོལ་རྒྱར། །ཐམས་ཅད་རབ་ཏུ་འགྲུབ་བྱེད་ཅིང་། །ངན་པའི་སྤྱོད་པ་རྣམ་དག་ཆོས། །འགྲུབ་བྱེད་ཉེས་པར་ཡོང་མི་འགྱུར། །རྨ་བྱའི་གཟི་མདོངས་གསལ་བ་ལྟར། །རང་བཞིན་ངོ་བོས་རྣམ་པར་དག །ཅེས་སོ། །དེ་དག་ནི་ལྟ་བ་རྣམ་པར་ དག་པའི་མཚན་ཉིད་བསྟན་པའོ། །ད་ནི་དེའི་ཞར་ལ་ལམ་དང་འབྲས་བུའི་ཆོས་དག་གི་ཕན་ཡོན་བསྟན་ཏེ། དེ་ཡང་སོ་སོའི་གནས་སྐབས་སུ་ནི་ཁྱད་པར་གྱི་མཚན་ཉིད་ཡིན་ལ། འདིར་ནི་ཤེས་པར་བྱ་བའི་ཡུལ་བསྡུ་བ་དང་། ཡོན་ཏན་གྱི་སྒོ་ནས་འཇུག་པར་བྱ་བའི་ཕྱིར། དང་པོར་ མཆོག་བསྒྲུབ་པར་བྱ་བའི་སྒོ་ནས་ནི། བསྐལ་པ་བྱ་བར་མི་འཐོབ་པ། །སངས་རྒྱས་དམ་པ་ཐམས་ཅད་དེ། །ཕྱག་རྒྱའི་ཆོ་ག་གང་དག་གིས། །བསྒྲུབས་ན་ཀུན་དུ་འཐོབ་འགྱུར་བ། །མཆོག་ཏུ་གྱུར་པའི་དངོས་གྲུབ་གང་ཞིག་སྐུ་དྲུག་ལྷུན་གྱིས་གྲུབ་པ་རྣམ་པ་དེ་ཉིད་ནི་ངེས་པའི་དོན་ གྱི་སངས་རྒྱས་དམ་པ་སྟེ། ཐེག་པ་དམན་པས་བསྐལ་པ་བྱེ་བར་བསྒྲུབས་ཀྱང་འཐོབ་པར་མི་འགྱུར་རོ། །གང་ཞིག་རྒྱུ་རྐྱེན་མ་ཤེས་པས་ནི་འབྲས་བུ་སྒྲུབ་པའི་ཐབས་དང་བྲལ་བའོ། །ཐབས་ཁྱད་པར་ཅན་གྱི་སྒོ་ནས་བསྙེན་སྒྲུབ་ཡན་ལག་བཞིའི་ཕྱག་རྒྱའི་ཚོགས་དཀྱིལ་ འཁོར་གང་ཡང་རུང་བར་བསྒྲུབས་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །གང་ལས་ཤེ་ན། བདག་ཉིད་སྒྲུབ་པར་བྱེད་པའི་མཆོག །དེ་ནི་བདག་གིས་བརྟག་པར་བྱ། །ཞེས་ཏེ། ཡོན་ཏན་ཐམས་ཅད་ཀྱེ་འབྱུང་གནས་སྐུ་གསུམ་མམ་དྲུག་གི་བདག་ཉིད་དེ་ནི་རང་གི་ མཚན་ཉིད་དེ། ནམ་ཞིག་ཡེ་ཤེས་ཀྱིས་གསལ་བར་བྱས་ན་རང་གི་རྒྱུད་ལ་སྐྱེ་ཞིང་འགྲུབ་སྟེ་དེ་ནི་རང་གི་རྒྱུད་ལ་བརྟག་པར་བྱའོ། །དེ་ཡང་རྟོག་པ་བདུན་པ་ལས། བསྙེན་སྒྲུབ་ཡན་ལག་བཞི་ཡི་དོན། །སངས་རྒྱས་དམ་པ་འགྲུབ་བྱེད་པ། །དེ་ཉིད་ཕྱག་རྒྱའི་ཆོ་ག་ཡིས། ། རང་ཉིད་དཀྱིལ་འཁོར་བདག་པོར་བལྟ། །རིག་འཛིན་ལམ་གྱི་བྱེ་བྲག་ལས། །མཆོག་གི་དངོས་གྲུབ་སྐྱེ་བར་འགྱུར། །ཞེས་སོ། །ཐུན་མོང་གི་དངོས་གྲུབ་བསྒྲུབ་པའི་སྒོ་ནས། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །རྡོ་རྗེ་ 26-1-266a སེམས་དཔར་བདག་སྦྱོར་བ། །ཆ་ལུགས་ཇི་བཞིན་བསྒྱུར་བ་ཡིས། །ཞེས་ཏེ། མཆོག་གི་དངོས་གྲུབ་ལ་སྦྱོར་བར་བྱེད་པའི་ཡན་ལག་ཏུ་འཇིག་རྟེན་གྱི་ལས་ཚོགས་དང་ཐུན་མོང་གི་དངོས་གྲུབ་བསྒྲུབ་པར་བྱ་སྟེ། གཞིའི་ཏིང་ངེ་འཛིན་དང་། རྟེན་དང་སྦྱོར་བའི་ཏིང་ངེ་འཛིན་ གྱིས་བདག་ཉིད་རྡོ་རྗེ་སེམས་དཔར་སྦྱོར་ཞིང་། ལེའུ་དགུ་པའི་བསྲུང་བའི་ཆོ་ག་ལ་སོགས་པའི་ཕྱག་རྒྱའི་ལས་རྣམས་དང་ལས་གཞན་དག་ནི་གནོད་པར་བྱེད་པའི་འབྱུང་པོ་བསལ་ཞིང་བསྲུང་བ་དང་བྱིན་གྱིས་བརླབ་པ་དང་ལྡན་པས་རྟེན་དང་རྫས་ཀྱི་སྒོ་ནས་ཆ་ལུགས་ཇི་བཞིན་དུ་རང་ རང་གི་ལས་དང་མཐུན་པར་བསྒྱུར་རོ། །དེས་ཅི་ཞིག་སྒྲུབ་ཅེ་ན། ཐམས་ཅད་མ་ལུས་ཕྱག་རྒྱའི་བདག །བསོད་ནམས་ཆུང་ཡང་འགྲུབ་པར་འགྱུར། །ཞེས་ཏེ། འཇིག་རྟེན་གྱི་འགྲོ་བ་ཕལ་པ་ལ་ཡོད་པའི་སྟོབས་དང་རང་རང་གི་ལས་རྣམས་དང་། ཐུན་མོང་དུ་ལྷའི་རྒྱལ་ པོ་དང་ཀླུའི་རྒྱལ་པོ་ལ་སོགས་པའི་རྒྱུད་ལ་མངའ་བའི་མངོན་པར་ཤེས་པ་ལྔ་དང་། རིན་པོ་ཆེ་སྣ་བདུན་དང་། ཆུ་ལ་མི་འབྱིང་བར་འགྲོ་བ་དང་ནམ་མཁའ་ལ་སྐས་བཞིན་འཛེག་པ་དང་། རི་བྲགས་ལ་ཐོགས་པ་མེད་པར་འགྲོ་བ་དང་། ས་འོག་གི་གཏེར་དང་གསེར་འགྱུར་གྱི་ རྩི་དང་། བུམ་པ་བཟང་པོ་དང་རལ་གྲི་དང་དྲིལ་བུ་དང་མིག་སྨན་དང་བཅུད་ཀྱིས་ལེན་དང་རྐང་མགྱོགས་ལ་སོགས་པའི་ལས་རྩ་བའི་རྒྱུད་ཀྱི་ལེའུ་ལྔ་པ་ལས་གསུངས་པའི་ཐམས་ཅད་སྣ་ཚོགས་ཕྱག་རྒྱའི་བདག་ཉིད་ཐུན་མོང་གི་དངོས་གྲུབ་རྣམས་སྔོན་དུ་སྡིག་པ་ཅན་གྱི་གང་ཟག་ ཚོགས་མ་བསགས་ཤིང་ཡུན་རིང་དུ་མ་སྦྱངས་པས་ཀྱང་འགྲུབ་པར་འགྱུར་ན་གཞན་གྱིས་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའོ། །དེ་ཡང་རྟོག་པ་བདུན་པ་ལས། །ཆ་ལུགས་ཇི་བཞིན་བསྒྱུར་བྱས་ཏེ། །ལས་ཚོགས་དངོས་གྲུབ་མང་པོ་དག །ཐམས་ཅད་སྣ་ཚོགས་ ཕྱག་རྒྱ་ཡི། །ལམ་གྱི་གྲོགས་སུ་བསྒྲུབ་པར་བྱ། །ཞེས་སོ། །དེ་དག་གིས་ནི་ལེའུ་གསུམ་པའི་སྒྲུབ་པའི་ཕན་ཡོན་བསྟན་ཏོ། །མཚན་བཅས་ཀྱི་ཚོགས་དང་རང་བཞིན་མེད་པའི་དོན་རྩེ་གཅིག་པས་ནི་དེ་ཉིད་གསལ་བས། རྒྱ་འདི་གྲུབ་པ་ཙམ་གྱིས་ནི། །སངས་ 26-1-266b རྒྱས་ཐམས་ཅད་བྱིན་གྱིས་རློབ། །ཤིན་ཏུ་བྱིན་གྱིས་བརླབས་ནས་ནི། །སངས་རྒྱས་ཐམས་ཅད་འདུ་བར་འགྱུར། །ཞེས་ཏེ། ཕྱག་རྒྱ་གཉིས་ཀྱི་སྒོ་ནས་གོམས་པར་བསྒོམས་པས་ཕྱག་རྒྱ་གཉིས་ཀྱི་རྣམ་པ་གསལ་བའི་བྱིན་གྱིས་བརླབས་པའོ། །དེ་ལས་ཕྱག་རྒྱ་བཞི་དང་། སྔགས་དང་ཕྱག་རྒྱ་གཞན་དག་དང་རང་གི་དེ་ཁོ་ན་ཉིད་ཀྱི་བྱིན་གྱི་རླབས་ཀྱིས་སངས་རྒྱས་ཐམས་ཅད་བསྡུ་བར་བྱའོ། །དེ་ཡང་རྟོག་པ་བསྡུས་པ་ལས། ཏིང་འཛིན་ལ་སོགས་རྣམ་བཞི་ཡིས། །གང་ཞིག་བསྐྱེད་པ་ཡོང་བསྒོམས་ན། །བསྒོམ་ན་ཐམས་ཅད་བདག་ཉིད་དུ། །ཚེ་འདི་ ཉིད་ལ་འགྲུབ་པར་འགྱུར། །སེམས་དཔའི་བྱིན་གྱིས་བརླབས་སྦྱོར་ཡང་། །རང་བྱིན་བརླབ་འདི་གྲུབ་མཆོག་སྟེ། །དེ་ཉིད་ཉིན་རེ་གྲུབ་པ་ནི། །རྡོ་རྗེ་སེམས་དཔའ་ཉིད་འཐོབ་བོ། །ཞེས་སོ། །དེའི་གཏན་ཚིགས་ནི། སངས་རྒྱས་ཀུན་དང་མཉམ་སྦྱོར་བས། །སངས་རྒྱས་ཀུན་དང་ མཉམ་པར་འགྱུར། །སངས་རྒྱས་ཀུན་དང་མཉམ་པའི་ཕྱིར། །སངས་རྒྱས་ཐམས་ཅད་འགྲུབ་པར་འགྱུར། །ཆོས་ཐམས་ཅད་ཀྱི་མཚན་ཉིད་ཇི་ལྟར་གནས་པའི་ངོ་བོ་ལ་རང་གི་རིག་པ་ཡེ་ཤེས་ཀྱིས་ཕྱག་རྒྱ་གཉིས་ཀྱི་ཚུལ་དུ་སྦྱོར་བས་ཕྱོགས་དུས་ཀྱི་དཀྱིལ་འཁོར་ ཐམས་ཅད་དང་སྐལ་བ་མཉམ་པར་འགྱུར་རོ། །དེས་ནི་བདག་གི་རྒྱུད་ལ་སྐུ་དང་ཡེ་ཤེས་གསལ་ཞིང་གྲུབ་པར་བསྟན་ཏོ། །དེ་ཡང་རྩ་བའི་རྒྱུད་ལས། བདེ་ཆེན་སྒྱུ་མའི་སངས་རྒྱས་ལས། །རང་གི་ཡེ་ཤེས་ཀྱིས་འཇུག་ཅིང་། །ཕྱག་རྒྱ་གཉིས་ཀྱི་སྙོམས་འཇུག་གིས། ། དཀྱིལ་འཁོར་ཀུན་དང་སྐལ་མཉམ་འགྱུར། །ཞེས་སོ། །དེས་ནི་ལེའུ་ལྔ་པའི་རྗེས་འཇུག་གི་བྱ་བ་དང་། དགུ་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་བསྒོམ་པའི་རིམ་པའི་དོན་སྟོན་པར་བྱེད་དོ། །གང་དག་ལམ་དུ་འཇུག་པའི་གཞིར་གྱུར་པའི་གཟུགས་བརྙན་གྱི་གནས་ ཏེ། གང་གིས་ལྡན་པ་འདི་མཐོང་ཞིང་། །རྣམ་པ་ཀུན་དུ་མཆོད་བྱེད་ལ། །དེ་ཡིས་སངས་རྒྱས་ཐམས་ཅད་ཀྱང་། །མཐོང་ཞིང་མཆོད་པ་བྱས་པར་འགྱུར། །དང་པོར་ནི་ཀུན་དུ་འགྲོ་བའི་ཚིག་ཡིན་ཏེ། སྐྱེ་བོ་གང་ཡང་རུང་བ་ཞིག་གི་གཟུགས་བརྙན་གྱི་དཀྱིལ་འཁོར་ 26-1-267a མཐོང་ཞིང་། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་དང་ལྡན་པ་གསུམ་པོ་འདིར་བཞུགས་ཏེ། མཐོང་ཞིང་རྣམ་པ་ཀུན་དུ་མཆོད་ན། དེ་ཡིས་སངས་རྒྱས་ཐམས་ཅད་མཐོང་ཞིང་མཆོད་པ་བྱས་པར་འགྱུར་རོ། །དེ་ཡང་རྟོག་པ་བསྡུས་པ་ལས། རྡོ་རྗེ་སེམས་དཔའ་ལ་སོགས་ལྷའི། ། དཀྱིལ་འཁོར་མཐོང་ཞིང་མཆོད་བྱས་པའི། །བསོད་ནམས་རྟག་པ་ཅི་འདྲ་བ། །གཟུགས་བརྙན་དཀྱིལ་འཁོར་དེ་བཞིན་ནོ། །ཞེས་སོ། །འདིས་ནི་ལེའུ་བདུན་པའི་ཕྱོགས་གཅིག་མཚོན་པར་བྱེད་དོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཟབ་པ་དང་རྒྱ་ཆེ་བ་འགྲུབ་སྟེ། འདི་དང་སངས་ རྒྱས་ཐམས་ཅད་ལ། །མཐོང་བ་དང་ནི་རེག་པ་ཡིས། །དཀྱིལ་འཁོར་དག་ཏུ་མ་ཞུགས་པའང་། །བདེན་པ་དག་ཀྱང་མཐོང་བར་འགྱུར། །གཟུགས་བརྙན་གྱི་དཀྱིལ་འཁོར་འདི་དང་། དེར་བརྟེན་པའི་ལྷའི་འཁོར་ལོ་རིགས་ཀྱི་སངས་རྒྱས་ཚོགས་ཀྱི་དཀྱིལ་འཁོར་གྱི་ཚུལ་ དུ་བཞུགས་པ་ཐམས་ཅད་དགའ་བའི་བཞིན་གྱིས་བལྟས་ནས། རེག་བྱའི་བདེ་བ་སྦྱོར་ཏེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བྱེ་བྲག་གི་སྒོ་ནས་མཐོང་བ་དང་རེག་པའི་མཚན་མས་འགྲུབ་པར་འགྱུར་ཏེ། སྒྲུབ་པའི་དཀྱིལ་འཁོར་དུ་མ་ཞུགས་པ་དག་ཀྱང་བདེན་པ་ཆོས་ཉིད་ཀྱི་ དངོས་གྲུབ་མཐོང་བར་འགྱུར་རོ། །དེ་ཡང་རྟོག་པ་བདུན་པ་ལས། བསོད་ནམས་དཀྱིལ་འཁོར་མཐོང་བྱས་ཤིང་། །ཡེ་ཤེས་དཀྱིལ་འཁོར་རེག་པ་ཡིས། །ཚོགས་ཀྱི་དགའ་བདེའི་སྒོ་ནས་ནི། །བདེ་བའི་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་སོ། །དེས་ནི་ལེའུ་དྲུག་པའི་དོན་གྱི་ཕྱོགས་ གཅིག་མཚོན་པར་བྱེད་དོ། །སྨིན་ཅིང་རྒྱུད་གསུམ་གྱི་དྲི་མ་དག་པར་བྱེད་པས། མཐོང་བ་དང་ནི་རེག་པ་དང་། །ཐོས་པ་དང་ནི་དྲན་པ་ཡིས། །སྡིག་པ་ཀུན་ལས་རྣམ་གྲོལ་ཞིང་། སངས་རྒྱས་དངོས་གྲུབ་ཐམས་ཅད་འགྲུབ། །ཅེས་ཏེ། དབང་རྣམ་པ་བཞི་པོ་དག་སློབ་མའི་རྒྱུད་ལ་བསྒོ་སྟེ། སྡིག་པ་དང་དྲི་མའི་ཚོགས་བཞི་གྲོལ་ཞིང་དངོས་གྲུབ་རྣམ་པ་བཞི་ཐོབ་པར་མཛད་དོ། །དེ་ཡང་རྟོག་པ་བདུན་པ་ལས། ཕྱི་ཡི་རྒྱན་སོགས་མཐོང་མཛད་ཅིང་། །ལྷ་ཡི་ཆུ་ཡིས་དག་པར་བྱེད། །ནང་གི་དབང་བསྐུར་རེག་པ་ཡིས། །སྨིན་པའི་ལམ་ལ་རབ་ཏུ་གནས། །གསང་བའི་དོན་ 26-1-267b བཤད་ཐོས་བྱས་པས། །ལས་ཀྱི་ཕྱག་རྒྱའི་གནས་ལ་སྦྱོར། །དེ་དོན་ཉམས་མྱོང་དྲན་པའི་མཐུས། །རང་གི་ཡེ་ཤེས་རྣམ་པར་གྲོལ། །སྡིག་པའི་དྲི་མ་བཞི་དག་ཅིང་། །སངས་རྒྱས་དངོས་གྲུབ་བཞི་ཐོབ་འགྱུར། །ཞེས་སོ། །འདིས་ནི་ལེའུ་དྲུག་པ་དང་བདུན་པ་དང་དགུ་པའི་ ཕྱོགས་གཅིག་མཚོན་པར་བྱེད་དོ། །གནས་པ་དང་འཇུག་པའི་སྒོ་ནས་འདའ་བར་བྱ་བ་མ་ཡིན་ཏེ། འདི་དང་སངས་རྒྱས་ཐམས་ཅད་ལ། །རྣལ་འབྱོར་ཐམས་ཅད་མཉམ་སྦྱོར་བས། །བུད་མེད་དག་ཀྱང་རྣམ་གྲོལ་ཞིང་། །སངས་རྒྱས་བྱང་ཆུབ་རེག་པར་འགྱུར། །སྣང་བ་ དང་སྲིད་པས་བསྡུས་པའི་བརྟན་གཡོའི་དངོས་པོ་ཐམས་ཅད་དང་དཀྱིལ་འཁོར་མ་ལུས་པའི་སངས་རྒྱས་སྲས་དང་བཅས་པ་ཀུན་གྱི་རང་བཞིན་ལ་ཐུན་མོང་དང་ཁྱད་པར་གྱི་དམ་ཚིག་གཉིས་ཀྱི་སྒོ་ནས་སྦྱོར་ན་ལུས་དམན་ཞིང་ཤེས་རབ་དང་སྙིང་སྟོབས་ཞན་པའི་བུད་མེད་དག་ཀྱང་གྲོལ་ ན་གཞན་ལྟ་ཅི་སྨོས་ཞེས་པའོ། །དེ་ཡང་རྟོག་པ་བདུན་པ་ལས། རྟག་ཏུ་རང་གི་དམ་ཚིག་གཟུང་། །རྟག་ཏུ་ལྷ་དང་བླ་མ་མཆོད། །ཆོས་རྣམས་ཀུན་ལ་མཉམ་སྦྱོར་བས། །བུད་མེད་དམན་པ་གྲོལ་བར་འགྱུར། །ཞེས་ཏེ། ཀྱང་གི་དོན་བལྟ་བར་བྱའོ། །དེ་ནི་ལེའུ་དྲུག་པ་ལ་སོགས་པའི་ དོན་ཕྱོགས་གཅིག་མཚོན་པར་བྱེད་དོ། །ལེགས་པའི་ལམ་དང་འབྲས་བུ་མཛད་པས་དོན་སྤྱོད་དེ། ཀུན་དུ་ཀུན་ནས་ཐམས་ཅད་ནི། །བདག་ཉིད་རྟག་པར་ཐམས་ཅད་དུ། །སངས་རྒྱས་ཐམས་ཅད་དངོས་གྲུབ་པ། །དེ་ཡི་བདག་ཉིད་མཐོང་བར་འགྱུར། །ཞེས་ཏེ། བདག་དང་ གཞན་གྱི་དོན་དུ་དུས་ཀུན་དུའམ་གཞན་ཡང་གནས་སྐབས་ཀུན་ནས་ཕྲིན་ལས་ཐམས་ཅད་དེ། ཞི་བ་དང་རྒྱས་པ་དང་བསྲུང་བ་དང་གསོ་བ་དང་གནོན་པ་དང་དབང་དང་དགུག་པ་དང་དབྱེ་བ་དང་དྲག་པོ་དང་རེངས་པ་དང་རྨོངས་པ་དང་འཇུམས་པ་དང་བསྐྲད་པ་དང་། འཁྲུགས་པ་ལ་སོགས་ པའི་ལས་རྣམས་ནི་བདག་ཉིད་སྦྱོར་བ་དང་ལྡན་པའི་རིམ་པས་བརྩམ་པར་བྱ་སྟེ། རྟག་པར་དུས་ཐམས་ཅད་དུ་སྤྱོད་ན་ཕྲིན་ལས་ཀྱི་སྒོ་ནས་འགྲུབ་པར་འགྱུར་བའོ། །དེ་ཡང་རྟོག་པ་བདུན་པ་ལས། ཀུན་དུ་ཀུན་ནས་སྤྱོད་པའི་ལས། །ཕྲིན་ལས་ཉི་ཤུ་ལ་སོགས་སྟོབས། །སྦྱོར་བཅས་ 26-1-268a རོལ་བའི་བརྟུལ་ཞུགས་མཆོག །སངས་རྒྱས་ཀུན་གཟུགས་མཐོང་བར་འགྱུར། །ཞེས་སོ། །འདིས་ནི་ལེའུ་དགུ་པའི་སྨད་ནས་ལས་ཚོགས་རྣམས་བསྡུས་སོ། །ཆོ་ག་ཀུན་གྱི་ཡན་ལག་ཏུ་མཉེས་པའི་ལས་ཀྱིས་འགྲུབ་པར་འགྱུར་ཏེ། འདི་ནི་བདག་ཉིད་ཀུན་གནས་ པའི། །མཚོན་པའི་སྤྲིན་ཆེན་ཐམས་ཅད་ཀྱིས། །བཀོད་པའི་རབ་འབྱམ་མཆོག་དག་གིས། །དེ་བཞིན་གཤེགས་པ་མཆོད་པར་མཛད། །ཅེས་པས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རབ་ཏུ་སྦྱངས་པས་རང་གི་དེ་ཁོ་ན་ཉིད་གསལ་ཏེ། ཕྱོགས་དུས་ཀྱི་སངས་རྒྱས་ཐམས་ཅད་ཀྱི་ བདག་ཉིད་དུ་གནས་ཤིང་། མཆོད་པ་ཐམས་ཅད་སྤྲུལ་པར་མཛད་པས། འདུས་བྱས་ཀྱི་རྫས་ལས་བྱུང་བ་མ་ཡིན་ཏེ། རང་ཉིད་ཀྱི་ཡེ་ཤེས་ལས་བྱུང་བའི་ཕྱི་ནང་གསང་བའི་མཆོད་སྤྲིན་ལྟ་བུ་ཐམས་ཅད་ཀྱང་སྟོང་གསུམ་གྱི་འཇིག་རྟེན་ན་བཞུགས་པའི་བརྟན་གཡོའི་དངོས་པོ་ཐམས་ ཅད་བཀོད་པ་རབ་འབྱམ་མཆོག་ཏུ་གསུངས་ཏེ། དཀྱིལ་འཁོར་གྱི་འཁོར་ལོ་གཉིས་སུ་མེད་པའི་སྒོ་ནས་མཆོད་པར་མཛད་དོ། །དེ་ཉིད་ཀྱི་ཡོན་ཏན་ནི། ཐམས་ཅད་བདག་ཉིད་སྦྱོར་མཆོད་དཔལ། །རྡོ་རྗེ་སེམས་དཔའ་མཆོག་གྱུར་པ། །སངས་རྒྱས་ཀུན་གྱི་རང་བཞིན་ཏེ། ། བདེ་བའི་མཆོག་ནི་ཐོབ་པར་འགྱུར། །ཆོས་ཐམས་ཅད་ལ་ཚུལ་རྣམ་པ་བཞིའི་སྒོ་ནས་སྦྱོར་ཞིང་། དབང་པོ་དྲུག་གི་སྣང་བ་མཐའ་དག་འཁོར་གསུམ་ཡོངས་སུ་དག་པས་རོལ་ཞིང་མཆོད་ན་དཔལ་རྡོ་རྗེ་སེམས་དཔའི་མཆོག་གི་དངོས་གྲུབ་ཟག་པ་མེད་པའི་ཡེ་ཤེས་སངས་རྒྱས་ ཀུན་གྱི་རང་བཞིན་བདེ་བའི་མཆོག་ཐོབ་པར་འགྱུར་རོ། །དེ་ཡང་རྟོག་པ་བདུན་པ་ལས། རང་ལས་བྱུང་བའི་མཆོད་པ་ཡང་། །རང་གི་དཀྱིལ་འཁོར་མཉེས་པར་བྱ། །ཐམས་ཅད་བདག་ཉིད་སྦྱོར་བའི་མཐུས། །རྡོ་རྗེ་སེམས་དཔའ་བདེ་ཆེན་འགྲུབ། །ཅེས་སོ། །ཆོས་ཉིད་དངོས་པོའི་ རང་བཞིན་གསལ་བར་འགྲུབ་པའི་གྲོགས་ནི་ཚུལ་དང་མཐུན་པའི་སྤྱོད་པས་དེ་ཉིད་འབྲས་བུ་འགྲུབ་པར་བྱེད་དེ། རྣལ་འབྱོར་ཐམས་ཅད་ཉེར་སྦྱོར་མཛད། །དཔལ་ནི་བཞི་འགྱུར་འགྲུབ་པར་འགྱུར། །ཞེས་པ་ནི་མདོར་བསྟན་པ་སྟེ། རྣལ་འབྱོར་དང་། ཐམས་ཅད་དང་། ཉེ་བར་ 26-1-268b སྦྱོར་བ་དང་དཔལ་བཞིར་འགྱུར་རོ། །དེ་ཉིད་རྒྱས་པར་དང་པོ་སྤྱོད་པའི་རིམ་པ་ནི་དོན་གསུམ་གྱིས་བསྡུས་པ་སྟེ། རྣལ་འབྱོར་ཀུན་ནི་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དེ་ཡི་ཉེ་བར་སྦྱོར་བ་ཡིན། །ཁམས་གསུམ་མ་ལུས་ཐམས་ཅད་དོ། །གང་ཞིག་ཐབས་དང་ ཤེས་རབ་གཉིས་སུ་མེད་པར་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་ཞིང་རང་གི་ཡོན་ཏན་གྱི་བཀོད་པ་སྣ་ཚོགས་སྣང་བར་མཛད་པ་ནི་རྡོ་རྗེ་སེམས་དཔའ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དོ། །དེ་ནི་རྣལ་འབྱོར་ཆེན་པོ་སྟེ་ཚུལ་རྣམ་པ་གཉིས་ཀྱི་སྒོ་ནས་ཁམས་ གསུམ་མ་ལུས་པ་ཐམས་ཅད་ལ་ཉེ་བར་སྦྱོར་བའོ། །དེ་ཡང་གང་ཟག་བཞིའི་སྒོ་ནས་རྒྱ་ཆེ་བའི་སྤྱོད་པ་གཉིས་དང་ཟབ་པའི་སྒོ་གསུམ་ནས་འཇུག་པར་བྱེད་དོ། །ཚུལ་ནི་ཀུན་གྱི་ལོངས་སྤྱོད་ཀྱིས། །ཇི་ལྟར་བདེ་བར་རྟེན་བྱེད་ཅིང་། །རང་གི་ལྷ་ཡི་རྣལ་འབྱོར་གྱིས། །བདག་ ཉིད་རབ་ཏུ་མཆོད་པར་བྱ། །རྗེས་སུ་སྦྱོར་བས་མཆོད་བྱེད་ཅིང་། །རྣལ་འབྱོར་ཀུན་གྱི་བདེ་བ་དག །བདག་ཉིད་ཀུན་དུ་མྱོང་བྱེད་ན། །ཤིན་ཏུ་སྦྱོར་བས་འགྲུབ་པར་འགྱུར། །ལས་དང་པོ་པའི་གང་ཟག་གིས་ནི་ཏིང་ངེ་འཛིན་བརྟན་པའི་སྒོ་ནས་དུས་དང་གནས་སྐབས་ལ་ལར་དོན་ དུ་འགྱུར་ན་སྤྱོད་ཅིང་། དེ་ལས་གཞན་པ་དག་ནི་དགག་སྟེ་ཚུལ་དང་མཐུན་པའི་སྤྱོད་པས་འདོད་པའི་ལོངས་སྤྱོད་དུག་ལ་ཇི་ལྟར་བདེ་བར་བསྟན་ཅིང་བསླབ་པར་བྱའོ། །ཡེ་ཤེས་ལ་ཅུང་ཟད་དབང་བས་ནི་རང་ཉིད་ལྷའི་རྣལ་འབྱོར་དང་མི་འབྲལ་བར་བདེ་བའི་ཡེ་ཤེས་གཟུང་བའི་ཕྱིར། བདག་ཉིད་ལས་བྱུང་བའི་དཔེའི་ལྷན་ཅིག་སྐྱེས་པའི་དོན་གྱི་བདེ་བ་སྤེལ་ཏེ་མཆོད་པར་བྱའོ། །ཡེ་ཤེས་ལས་ཡང་དག་པར་དབང་བས་ནི་རྣལ་འབྱོར་གྱི་བདེ་བ་རྗེས་སུ་སྦྱོར་བའི་མཆོད་པས་དཀྱིལ་འཁོར་གྱི་ལྷ་མཉེས་པར་བྱ་བ་དང་། འགྲོ་བ་སྦྱོང་བ་དང་། །རྣལ་འབྱོར་སྦྱོང་བ་ ལ་སོགས་པས་རང་གི་དེ་ཁོ་ན་ཉིད་གསལ་བར་ཉམས་སུ་བླང་ངོ་། །ཤིན་ཏུ་རྣམ་པར་གྲོལ་བས་ནི་དབང་པོ་དྲུག་གི་སྣང་བ་མཐའ་དག་ལ་བདག་ཉིད་ཀྱིས་ཀུན་དུ་མྱང་ཞིང་། ལྷའི་དཀྱིལ་འཁོར་རྒྱས་པར་གསལ་བས་ལོངས་སྤྱོད་དེ། དེའི་དུས་ན་དེ་ཉིད་ཀྱི་རྣམ་པ་ལས་བདེ་བ་ཆེན་ 26-1-269a པོའི་སྐུ་གསལ་བར་བྱེད་དོ། །ཡུན་རིང་དུ་གོམས་པའི་མཐུས་ནི་འབྲས་བུ་མངོན་དུ་གྱུར་པ་ཡིན་ནོ། །དེ་ཡང་རྟོག་པ་བདུན་པ་ལས། དེ་བཞིན་ཉིད་གནས་གསལ་བྱེད་པ། །དེ་གྲོགས་སྤྱོད་པའི་རིམ་པ་སྟེ། །གང་ཟག་བཞི་ཡི་བྱེ་བྲག་གིས། །འཇུག་པའི་ཆོ་ག་དོན་ བཞིན་བསྟན། །ལས་དང་པོ་ཡིས་སྤྱོད་བྱ་བ། །ལོངས་སྤྱོད་ཀུན་ལ་ཅི་བདེར་གནས། །དེ་རྗེས་ལྷ་ཡི་རྣལ་འབྱོར་གྱིས། །བདག་གཞན་གཟུང་བའི་དོན་ཕྱིར་སྤྱོད། །གསུམ་པས་མཉེས་ཤིང་དག་བྱེད་དེ། །རྣལ་འབྱོར་གསལ་བས་བདེ་ཆེན་རྒྱས། །དབང་པོ་ཡུལ་དུས་ཀུན་དུ་སྤྱོད། ། རྣམ་གྲོལ་ཡེ་ཤེས་ཟག་པ་མེད། །ཅེས་སོ། །གསལ་བ་ཉམས་སུ་མྱོང་བའི་ནུས་པ་མངོན་སུམ་དུ་གསལ་བ་ལས་ནི་སྐུ་དྲུག་ལྷུན་གྱིས་གྲུབ་པར་གནས་པར་འགྱུར་ཏེ། སངས་རྒྱས་ཀུན་གྱི་བདག་ཉིད་ཀྱི། །ར་ས་ཡ་ན་བདེ་བ་འདིས། །རྡོ་རྗེ་སེམས་དཔའི་དཔལ་ཚེ་དང་། །ལང་ཚོ་ ནད་མེད་བདེ་མཆོག་འགྲུབ། །མདོར་བསྟན་པ་ཡི་དཔལ་བཞི་འགྱུར། །ཞེས་བྱ་བའི་དོན་ཡིན་ཏེ། ཕྱོགས་བཅུ་དུས་གསུམ་གྱིས་བསྡུས་པའི་ཡོན་ཏན་གྱི་ཚོགས་ཀུན་དང་ལྡན་པའི་བདག་ཉིད་རྡོ་རྗེ་སེམས་དཔའ་འདི་ནི་སངས་རྒྱས་ཀུན་གྱི་རང་བཞིན་ཏེ། དེའི་རྣམ་པར སྦྱོར་བའི་ ཚུལ་གྱི་མཐུས་འཆི་བ་མེད་པའི་བདུད་རྩིས་བདེ་བ་ཆེན་པོའི་དཔལ་བཞིར་གྱུར་པ་འགྲུབ་པའོ། །རྡོ་རྗེ་སེམས་དཔའི་དཔལ་ཡངས་པ་ཕུན་སུམ་ཚོགས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པས་བདག་དང་གཞན་གྱི་དོན་དུ་འགྱུར་བ་དང་། སྐུ་གསུམ་རྟག་པའི་རྣམ་པ་ཐོག་མ་ དང་ཐ་མ་མེད་པར་གནས་ཤིང་འགྲོ་བའི་དོན་སྤྱོད་པ་དང་། ཉིད་ཀྱི་སྐུ་ལ་མཚན་དང་དཔེ་བྱད་སྟོབས་དང་མི་འཇིགས་པ་དབང་དང་མངོན་པར་ཤེས་པ་ལ་སོགས་པ་ལང་ཚོ་མངའ་བ་དང་། ཉོན་མོངས་པའི་ཚོགས་དང་། གཟུང་འཛིན་གྱི་རྟོག་པའི་སྡུག་བསྔལ་སྤངས་ཏེ་བདེ་བའི་ མཆོག་འགྲུབ་པའོ། །དེ་ཡང་རྟོག་པ་བདུན་པ་ལས། རྡོ་རྗེ་སེམས་དཔའི་དཔལ་ཚེ་དང་། །ལང་ཚོ་ནད་མེད་བདེ་མཆོག་གི། མཆོད་པ་ཀུན་གྱི་གནས་འཇུག་ཅིང་། །བདག་དང་གཞན་དོན་རོལ་པར་མཛད། །དེ་ཡང་གནས་སྐབས་ལན་རེ་ཙམ་དུ་གནས་སམ་ཞེ་ན། 26-1-269b ཀུན་དུ་ཀུན་ནས་ཐམས་ཅད་དུ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །རྟག་ཏུ་དེ་ནི་འགྲུབ་པར་འགྱུར། །དུས་ཀུན་དུ་གནས་སྐབས་ཀུན་ནས་རྣམ་པ་ཐམས་ཅད་དུ་ཡོན་ཏན་གྱི་མཆོག་ཏུ་འགྲུབ་པར་འགྱུར་བའོ། །དེ་ཡང་རྟོག་པ་བདུན་པ་ལས། ཆགས་པ་ཀུན་གྱི་ཚུལ་བཞུགས་པ། །རྡོ་རྗེ་སེམས་དཔའ་བདེ་ཆེན་སྐུ། །རྟག་ཏུ་བདག་གི་གནས་འཇུག་ཅིང་། །འགྲོ་བའི་དོན་ལ་དེ་བཞིན་གཤེགས། །རང་གི་ངོ་བོ་གསལ་བའི་མཐུས། །དགོངས་པ་རྒྱུད་ལ་སྣང་བ་ཡིན། །ཞེས་སོ། །དཔལ་རྡོ་རྗེ་སེམས་དཔའ་ཀུན་དུ་སྤྱོར་བ་ནི་ ཆོས་ཐམས་ཅད་ཀྱི་རང་བཞིན་དང་དེ་དང་མཐུན་པའི་ལམ་དང་འབྲས་བུའི་སྒོ་ནས་སོ། །ལེའུ་གཉིས་པའི་དོན་རྣམ་པར་བཤད་པའོ།། །།གང་ཞིག་སྙིང་རྗེ་ཆེན་པོའི་སྒོ་ནས་བདག་དང་གཞན་གྱི་དོན་མཐར་དབྱུང་བར་འདོད་པ་དག་གིས་ནི་སྒྲུབ་པ་གཉིས་ཀྱིས་ ལས་ལ་སྦྱར་བར་བྱའོ། །ཅི་མཆོག་ཏུ་གྱུར་པའི་ཡན་ལག་ཡིན་པས་ཞར་ལས་སྐྱེས་ཏེ་ལོགས་སུ་གཞག་མི་དགོས་སོ། །རྟེན་གྱི་སྒོ་ནས་ཡུན་རིང་དུ་དཀའ་བ་མ་སྤྱད་པ་རྣམས་ཀྱིས་ནི་དངོས་དང་པོར་ཐུན་མོང་གི་ལམ་གྱི་གཞི་བཟུང་དགོས་ཏེ། དེ་ཡང་རྩ་བའི་རྒྱུད་ལས། སྒྲུབ་ པས་དངོས་གྲུབ་ལས་ལ་སྦྱོར། །མཆོག་གི་ཕྱག་རྒྱ་གྲུབ་པ་ལས། །བདག་གཞན་དོན་གྱི་བྱ་བ་ཡི། །འབྲས་བུ་ཕུན་སུམ་ཚོགས་གྱུར་ཡང་། །ལས་དང་པོ་ཡིས་སྤྱད་བྱ་བ། །ཐུན་མོང་དངོས་གྲུབ་སྒོ་ནས་ཡིན། །བསྒྲུབས་པས་ཡོན་ཏན་འཕེལ་འགྱུར་ཞིང་། །བསྒྲུབས་ པས་ལས་ལ་སྦྱོར་བར་བྱེད། །ཡུན་རིང་བླ་མ་མཉེས་བྱས་ཤིང་། །ཆོ་གའི་ཡན་ལག་ཚོགས་པས་བརྩམ། །བློ་དམན་དད་བརྩོན་མེད་པ་དང་། །བྱང་སེམས་སྙིང་རྗེ་ཤེས་རབ་བྲལ། །ཐེ་ཚོམ་རྟོག་པས་བསླུས་པ་དག །ཡུན་རིང་བསྒྲུབས་ཀྱང་འགྲུབ་མི་འགྱུར། །ཞེས་ སོ། །དེ་ལ་སྤྱིའི་མཚན་ཉིད་ནི། འདི་ནི་རྣལ་འབྱོར་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བས། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །ཉེ་བར་མངོན་སུམ་དུ་གནས་པའི་བསྙེན་སྒྲུབ་ཡན་ལག་ 26-1-270a བཞིའི་སྒོ་ནས་རྣལ་འབྱོར་ལ་འཇུག་པའི་ཐབས་རྟོག་པ་གཉིས་ཀྱི་དྲ་བ་འཇོམས་ཤིང་ཡོན་ཏན་གྱི་སྣང་བ་གཉིས་དང་ལྡན་པར་བྱེད་པ་འདི་ནི་བརྗོད་བྱའི་དོན་ཇི་བཞིན་པར་མཚོན་པའི་ཐབས་དམ་པ་སྟེ་གཉིས་སུ་མེད་པའི་བདག་ཉིད་ཅན་ནོ། །ཅི་འདྲ་བ་ཞིག་ན་དཔལ་རྡོ་རྗེ་ སེམས་དཔའི་སྐུ་དྲུག་ལྷུན་གྱིས་གྲུབ་པའི་བདག་ཉིད་དེ་ལ་སྦྱོར་བར་བྱེད་པའི་ལམ་ཡན་ལག་དང་བཅས་པའི་ཚུལ་ཅན་ཏེ། དེ་བཞིན་གཤེགས་པའོ། །དེ་ཉིད་ནི་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་སྒྱུ་མ་བདེ་བའི་ངང་ཚུལ་ཅན་ནོ། །དེའི་ཕྱིར་རྩ་བའི་རྒྱུད་ ལས། ལམ་མཆོག་བསྙེན་སྒྲུབ་ཡན་ལག་བཞིས། །རང་ཉིད་འདོད་པའི་ལས་ལ་སྦྱོར། །ཐབས་ཀྱི་སྒོ་ནས་འཇུག་པའི་མཐུས། །བཅོམ་ལྡན་དེ་ནི་གསལ་བར་བྱེད། །ཅེས་སོ། །བརྗོད་བྱའི་དོན་འབྲས་བུ་གང་ལ་དམིགས་ཏེ་སྒྲུབ་པ་ཙམ་ཞེ་ན། སྐུ་དྲུག་ཡེ་ཤེས་དྲུག་ རིགས་དྲུག་གི་གནས་ལ་སྦྱོར་ཞིང་དེ་དག་མཐུན་པའི་མཛད་པས་ཡུལ་དྲུག་ལས་ཀྱི་སྒོ་ནས་རྣམ་པར་དག་པའི་ཕྲིན་ལས་ཀྱི་རང་གི་ངང་ལ་སྦྱོར་རོ། །དང་པོ་དབང་ཕྱུག་བདེ་སྒོ་ནས། །རྡོ་རྗེ་སེམས་དཔའི་རྣལ་འབྱོར་པ། །དཔལ་ལྡན་རང་གི་དམ་ཚིག་བདེ། །སངས་རྒྱས་ ཐམས་ཅད་མཉམ་སྦྱོར་བ། །རྣལ་འབྱོར་དབང་ཕྱུག་བདེ་བ་ཆེ། །རྒྱུ་འབྲས་དབྱེར་མེད་ཀྱི་ཚུལ་གྱིས་སྟོང་པ་ཆེན་པོའི་ཡེ་ཤེས་ཀྱི་རང་བཞིན་བདེ་བ་ཆེན་པོའི་སྐུ་རྣམ་པར་དག་པ་ལས་བྱུང་བའི་རིགས་ཐམས་ཅད་ཀྱི་བདག་ཉིད་རྡོ་རྗེ་འཆང་ཆེན་པོ་གང་ཡིན་པ་དེ་ལ་ནི་རྡོ་རྗེ་སེམས་ དཔའ་ཞེས་བྱ་སྟེ་རྒྱུའི་མཚན་ཉིད་ཅན་ནོ། །དེ་ལ་འཇུ་ག་པའི་ལམ་དག་ནི་རྣལ་འབྱོར་པའི་སྒྲ་ཅན་ཏེ། ཤྲཱིའི་དམ་ཚིག་གི་ཕྱག་རྒྱ་དང་ལྡན་ཞིང་དེ་དང་སྦྱོར་བའི་བདེ་བ་ལས་བྱུང་བའི་དོན་ནི་དམ་ཚིག་གི་བདེ་བའོ། །དེ་ཉིད་འགྲུབ་པར་བྱེད་པ་ནི་ཁྱད་པར་གྱི་ཚུལ་དང་སྔགས་དང་དབྱིབས་དང་ ཆོས་ཀྱི་སྒོ་ནས་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་རྣལ་འབྱོར་དབང་ཕྱུག་བདེ་བ་ཆེན་པོའི་དོན་སྒྲུབ་པ་སྟེ། དེའི་ཚུལ་དུ་གཞན་དག་ལ་ཡང་རྒྱ་ཆེར་སྦྱར་རོ། །གཉིས་པ་བདེ་བ་ཆེན་པོ་ནི། །དཔལ་རྡོ་རྗེ་སེམས་དཔར་སྦྱོར་བའོ། །མཐུ་ཉིད་ཀྱིས་ནི་ཐམས་ཅད་དུ། ། 26-1-270b ཕྱག་རྒྱ་བདེ་བ་ཆེན་པོ་ཀུན། །སོ་སོའི་རྗེས་སུ་རབ་འགྲུབ་འགྱུར། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་སྟོང་པ་ཆེན་པོའི་སྐུ་ལས་སྣང་བའི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ནི། སངས་རྒྱས་ཐམས་ཅད་ཀྱི་སྐུའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོ་ལས་སྣང་བ་སྟེ། སྦྱོར་བའི་རྣམ་པར་ བཀོད་པ་སྣ་ཚོགས་སུ་སྤྲུལ་ཞིང་། མཚན་དང་མཐུན་པའི་ལས་ཀྱིས་ཀུན་དུ་འགྲོ་བའི་ངང་ཚུལ་ཅན་རང་གི་ལས་རྣམ་པར་བསགས་པ་ལས་བྱུང་བའི་མཐུ་ཉིད་ཀྱིས་ཆོས་ཐམས་ཅད་ཕྱག་རྒྱ་བདེ་བ་ཆེན་པོའི་རྣམ་པར་རྗེས་སུ་འགྲུབ་པར་མཛད་དོ། །བདེ་བ་མོས་པའི་སྒོ་ནས། དཔལ་རྡོ་རྗེ་ སེམས་དཔའི་སྦྱོར་བའི། །མཐུ་ཉིད་ཀྱིས་ནི་ཐམས་ཅད་དུ། །རྣལ་འབྱོར་བདེ་བ་མོས་པ་ཀུན། །སོ་སོའི་རྗེས་སུ་རང་འགྲུབ་འགྱུར། །ཡེ་ཤེས་ཀྱི་སྐུ་ལས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོས་ཁྲོ་བར་མཛད་པ་དཔལ་ ཧེ་རུ་ཀ་ནི་རྡོ་རྗེ་འཆང་ཆེན་པོའི་ཐུགས་ལ་སྣང་བ་སྟེ། གསལ་བའི་འོད་ཟེར་གྱིས་ཟག་པ་མེད་པའི་ཡེ་ཤེས་སྤེལ་ཞིང་། བཅས་བཅོས་རྣམ་པ་གཉིས་ཀྱི་མཐུས་དྲེགས་བྱེད་ཀྱི་ཚོགས་ཐམས་ཅད་ཞི་བར་མཛད་ཅིང་། རྣལ་འབྱོར་དམ་པའི་མཚན་ཉིད་བདེ་བ་མོས་པའི་ཚུལ་གྱིས་སོ་སོའི་ རྗེས་སུ་འགྲུབ་པར་བྱེད་པའོ། །བདེ་བ་མོས་པའི་དངོས་གྲུབ་ཀྱི་སྒོ་ནས། དཔལ་རྡོ་རྗེ་སེམས་དཔར་སྦྱོར་བའི། མཐུ་ཉིད་ཀྱིས་ནི་ཐམས་ཅད་དུ། །བདེ་བ་མོས་པའི་དངོས་གྲུབ་ཀུན། །སོ་སོའི་རྗེས་སུ་རང་འགྲུབ་འགྱུར། །ཆོས་ཀྱི་སྐུའི་རང་བཞིན་མཉམ་པ་ཉིད་ཀྱི་ཡེ་ཤེས་ ཀྱིས་སྣང་བའི་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་རྣམ་པར་དག་པས། སྒྲོ་འདོགས་དང་སྐུར་འདེབས་ཀྱི་མཐའ་གཅོད་པར་མཛད་པའི་དཔལ་པདྨ་གར་གྱི་དབང་ཕྱུག་ནི་རྡོ་རྗེ་འཆང་ཆེན་པོའི་གསུང་གི་བདག་ཉིད་དེ། ཐབས་དང་ཤེས་རབ་ཀྱི་དེ་ཁོ་ན་ཉིད་ལ་འཕྲུལ་ཞིང་པདྨའི་རིགས་ཀྱི་ཕྲིན་ ལས་ཀྱི་མཐུ་ཉིད་ཀྱིས་ཐམས་ཅད་དགའ་བར་མཛད་དེ་བདེ་བ་མོས་པའི་དངོས་གྲུབ་ཀྱི་སྒོ་ནས་སོ་སོའི་རྗེས་སུ་འགྲུབ་པར་མཛད་པའོ། །བདེ་བ་མོས་པའི་དབང་ཕྱུག་ནི། དཔལ་རྡོ་རྗེ་སེམས་དཔའ་སྦྱོར་བའི། །མཐུ་ཉིད་ཀྱིས་ནི་ཐམས་ཅད་དུ། །བདེ་བ་མོས་པའི་དབང་ཕྱུག་ 26-1-271a ཀུན། །སོ་སོའི་རྗེས་སུ་རབ་འགྲུབ་འགྱུར། །ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ལས་སྣང་བའི་དཔལ་རྡོ་རྗེ་ཉི་མའི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའི་ཡོན་ཏན་གྱི་རྣམ་པར་འཕྲུལ་པ་སྟེ། མཚན་དང་མཐུན་པའི་མཛད་པས་ ཀུན་དུ་ཁྱབ་པར་གདལ་ཞིང་རྣམ་པར་བཀོད་པ་ལས་བྱུང་བའི་མཐུས་ཀུན་དུ་བརྒྱན་ཏེ་བདེ་བ་མོས་པའི་དབང་ཕྱུག་འགྲུབ་པར་འགྱུར་རོ། །མཁའ་དབྱིངས་མཐའ་ཡས་ནི། དཔལ་རྡོ་རྗེ་སེམས་དཔར་སྦྱོར་བའི། །མཐུ་ཉིད་ཀྱིས་ནི་ཐམས་ཅད་དུ། །ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པའི། ། བུད་མེད་མཆོག་རྣམས་སྐྱེས་པར་འགྱུར། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་སྤྲུལ་པ་ནི་དེ་བཞིན་གཤེགས་པ་རྟ་མཆོག་རོལ་པ་སྟེ། རྡོ་རྗེ་འཆང་ཆེན་པོའི་ཕྲིན་ལས་ཀྱི་བདག་ཉིད་སྦྱོར་བའི་མཐུ་ལས་སྣང་བའི་རྣམ་པར་འཕྲུལ་པས་ཆོས་ཐམས་ཅད་དག་པར་བྱ་བ་དང་། དྲེགས་བྱེད་ ཀྱི་ཚོགས་འདུལ་བའི་ཕྱིར། ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པའི་ཚད་དང་མཉམ་པར་དཀྱིལ་འཁོར་གྱི་ལྷ་མོ་རྣམས་འཕྲུལ་པར་མཛད་པའོ། །དེ་ཡང་རྩ་བའི་རྒྱུད་ལས། སངས་རྒྱས་དྲུག་གི་ཚུལ་གྱིས་ནི། །དེ་ཉིད་དཀྱིལ་འཁོར་དོན་སྟོན་མཛད། །ཡེ་ཤེས་སྐུ་ཡི་རྣམ་གྲངས་ དང་། །རིགས་དང་མཛད་པའི་ཕྲིན་ལས་ཚོགས། །སྦྱོར་བ་མཐུ་ཡིས་ཐམས་ཅད་དུ། །དབང་ཕྱུག་བདེ་བ་ལ་སོགས་འགྲུབ། །སོ་སོའི་རྗེས་སུ་འགྲུབ་མཛད་ཅིང་། །རང་གི་དེ་ཉིད་གནས་ལ་སྦྱོར། །ཞེས་སོ། །ཅི་གཉིས་སུ་མེད་པའི་རང་བཞིན་ལ་སོ་སོར་གཞག་ཅེ་ན། ལམ་པའི་ དབང་དུ་བྱས་ཏེ་གནས་སྐབས་ཀྱི་བྱེ་བྲག་གིས་དབྱེ་བའོ། །ཅི་ཡེ་ཤེས་ཀྱི་བྱེ་བྲག་གཞན་དང་མི་མཐུན་པར་བསྟན་ཞེ་ན། སྐུའི་དབང་དུ་དགོངས་པ་དང་། ཡེ་ཤེས་ཀྱི་དབང་དུ་དགོངས་པ་དང་། རིགས་ཀྱི་དབང་དུ་དགོངས་པ་དང་། ཕྲིན་ལས་ཀྱི་དབང་དུ་དགོངས་པའོ། །དེ་ཡང་རྩ་བའི་རྒྱུད་ ལས། རྣམ་པར་སྣང་མཛད་སྟོང་ཉིད་སྐུ། །ཡེ་ཤེས་ཆེན་པོ་ཧེ་རུ་ཀ། །གཉིས་མེད་མཉམ་པ་གར་དབང་ཕྱུག །ལོངས་སྤྱོད་རྫོགས་སྐུ་ཉི་མ་སྟེ། །སྤྲུལ་པའི་སྒོ་ནས་རྟ་མཆོག་གོ། །བདེ་ཆེན་རྡོ་རྗེ་སེམས་དཔའི་སྐུ། །སངས་རྒྱས་དྲུག་གི་རང་བཞིན་ནོ། །གཉིས་མེད་ལྷུན་ 26-1-271b གྱིས་གྲུབ་པའི་སྐུ། །ཞེས་པ་དང་། ཡང་རིགས་ཀྱི་སྒོ་ནས། དེ་བཞིན་གཤེགས་པ་སྣང་མཛད་མཆོག །ཐུབ་པ་ཆེན་པོའི་དོན་བཞིན་བསྟན། །རྡོ་རྗེ་འདུལ་བ་ཧེ་རུ་ཀ། །ཁྲོ་རྣམས་ཁྲོ་བའི་མཆོག་གིས་སོ། །དག་མཛད་པདྨ་གར་དབང་ཕྱུག །ཆགས་བྲལ་ཆགས་པའི་ཚུལ་གྱིས་བཞུགས། ། རིན་ཆེན་རིགས་དྲུག་ཉི་མ་མཆོག །མཁའ་ལ་རིན་ཆེན་ཆར་ཆེན་འབེབས། །ལས་ཀུན་མཛད་ཉིད་རྟ་མཆོག་སྟེ། །སྣ་ཚོགས་རྡོ་རྗེ་འཁོར་ལོ་བསྐོར། །རིགས་རྣམས་ཀུན་གྱི་བདག་ཉིད་ནི། །དྲུག་པ་རྡོ་རྗེ་འཆང་ཆེན་མཆོག །ཅེས་པ་དང་། ཡེ་ཤེས་ནི་རྟོག་པ་བསྡུས་པ་ལས། མེ་ ལོང་ཁྲག་འཐུང་རྒྱལ་པོ་སྟེ། །མཉམ་པ་ཉིད་ལ་གར་དབང་མཆོག །སོ་སོར་ཀུན་རྟོག་ཉི་མ་ཡིན། །བྱ་བ་ལ་ནི་རྟ་མཆོག་སྟེ། །ཆོས་ཀྱི་དབྱིངས་ལ་སངས་རྒྱས་ནི། །ཐུབ་ཆེན་རྣམ་པར་སྣང་མཛད་དོ། །ཡེ་ཤེས་ལྔ་ཡི་བདག་ཉིད་ནི། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །ཞེས་སོ། ། ཕྲིན་ལས་ནི་རྟོག་པ་བདུན་པ་ལས། ཞི་འགོག་མྱ་ངན་འདས་ཞེན་རྣམས། །འདུལ་མཛད་རྣམ་སྣང་སྲིད་གནས་བཞུགས། །ཞེ་སྡང་རུ་ཏྲ་སོགས་འཇོམས་ཕྱིར། །དྲག་པོ་ཧེ་རུ་ཀ་དང་ལྡན། །གཏི་མུག་སྒྲོ་སྐུར་མཐའ་བྲལ་མཛད། །དག་པའི་དཀྱིལ་འཁོར་པདྨ་དབང་། །སྲིད་ ཞེན་ལས་ཆགས་ཞུགས་པ་རྣམས། །འདུལ་མཛད་ཉི་མའི་དཀྱིལ་འཁོར་རོ། །ལེ་ལོ་ང་རྒྱལ་ཕྲག་དོག་སོགས། །མཐུ་ཡིས་གནོན་པའི་རྟ་མཆོག་དཔལ། །ཉོན་མོངས་སྤྱི་ཡི་ལམ་གནས་པ། །དབུགས་འབྱིན་རྡོ་རྗེ་སེམས་དཔའི་སྐུ། །ཞེས་པ་ཐེ་ཚོམ་མེད་དོ། །སྒྲུབ་ པའི་ཐབས་ནི་དོན་དེ་དག་ཉམས་སུ་བླངས་པ་སྟེ། །བསྙེན་སྒྲུབ་ཡན་ལག་བཞིའི་སྒོ་ནས་སྦྱོར་བ་བཞི་དང་ལྡན་པས་རིག་མ་ལ་བརྟེན་ཏེ་ཉམས་སུ་བླང་བའོ། །ལས་དང་པོ་པའི་དབང་དུ་འོད་ཀྱི་རིག་མ་ལ་བརྟེན་ཏེ། སྒྲུབ་པ་ནི། དེ་ཡི་དམ་ཚིག་དེ་བྱུང་བ། །སྡུག་བསྔལ་དམ་ཚིག་ བདག་རྗེས་འབྲང་། །ཤིན་ཏུ་སྦྱོར་དང་སྦྱོར་ཆེན་པོ། །ཐམས་ཅད་བདག་ཉིད་དམ་ཚིག་མཆོག །སྦྱོར་བའི་ཡན་ལག་བཞི་ནི་སྦྱོར་བ་དང་རྗེས་སུ་སྦྱོར་བ་དང་ཤིན་ཏུ་སྦྱོར་བ་དང་སྦྱོར་བ་ཆེན་པོའོ། །ཡེ་ཤེས་རྣམ་པ་ལྔའི་རང་བཞིན་བྱང་ཆུབ་ཀྱི་སེམས་རྣམ་པ་ལྔ་མཚོན་པར་ 26-1-272a བྱེད་པ་ནི་མངོན་པར་བྱང་ཆུབ་པ་ལྔ་སྟེ་འོད་ཀྱི་དམ་ཚིག་གོ། །དེ་ལས་བྱུང་བ་ནི་རྒྱུའི་རྡོ་རྗེ་འཆང་ཆེན་པོ་དང་། དེ་དང་རྗེས་སུ་མཐུན་པའི་གཙོ་བོ་དྲུག་གོ། །དེའི་རྗེས་སུ་ཡེ་ཤེས་ཀྱི་ཡུལ་རིགས་དང་མཐུན་པའི་ཡུལ་འོད་ཀྱི་སྣང་བ་ལ་མྱུ་གུ་ལ་གྲིབ་མ་འཁོར་བའི་ཚུལ་དུ་ བསྐྱེད། རྒྱན་དང་ཆ་ལུགས་དང་། མཚན་མའི་བྱེ་བྲག་གིས་སྐུ་གསལ་བར་གྲུབ་ནས། དབང་བསྐུར་ཞིང་བྱིན་གྱིས་བརླབས་པ་ནི་ཡིད་དུ་སྡུག་པའི་དམ་ཚིག་གོ། །ཕྱག་རྒྱ་བཞི་དང་ལྡན་པས་རོལ་པར་མཛད་ཅིང་། བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་གྱིས་དཀྱིལ་འཁོར་མཆོད་པ་ནི་བདག་རྗེས་ སུ་འབྲང་བ་སྟེ་རྗེས་སུ་སྦྱོར་བའོ། །དེ་ལ་འོད་ཟེར་གྱིས་འགྲོ་བ་སྦྱང་བ་དང་། རྣལ་འབྱོར་སྦྱང་བ་དང་། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ནི་ཤིན་ཏུ་སྦྱོར་བའོ། །དཀྱིལ་འཁོར་རྒྱས་པ་རྣམས་ཀྱི་སྐྱེ་མཆེད་དྲུག་དང་གནས་བཞི་བྱིན་གྱིས་བརླབ་ཅིང་དབང་བསྐུར་བའི་འབྲས་བུ་བསམ་ པ་ནི་སྦྱོར་བ་ཆེན་པོ་སྟེ། དེ་ལྟར་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་དཀྱིལ་འཁོར་གྱི་བདག་ཉིད་དུ་བསྒོམ་ཞིང་དེ་ལ་གནས་པ་ནི་དམ་ཚིག་གོ། །དེ་ཡང་རྟོག་པ་བདུན་པ་ལས། ཡེ་ཤེས་ཙམ་ལ་སྙོམས་འཇུག་པ། །སྦྱོར་བ་ཞེས་ནི་བྱ་བར་བཤད། །ཡུམ་ལྡན་བྱིན་བརླབས་རོལ་པས་མཆོད། ། བཞུགས་པ་རྗེས་སུ་སྦྱོར་བའོ། །དགའ་མཛད་དཀྱིལ་འཁོར་རྫོགས་བྱས་ནས། །འཕྲོ་འདུ་ཤིན་ཏུ་སྦྱོར་བ་ཡིན། །བྱིན་བརླབས་དབང་བསྐུར་ལས་རྫོགས་པ། །སྦྱོར་བ་ཆེན་པོ་ཞེས་བྱའོ། །ཞེས་སོ། །ཚུལ་དང་ཡོན་ཏན་ནི། གཅིག་བཞིན་དུ་ནི་གཅིག་སྤྱོད་པ། །ལྷན་ཅིག་སྤྱོད་པའི་རྗེས་ སྤྱོད་སྡུག །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་མཆོག་ཏུ་འབར། །འདི་ལྟར་ཚོགས་ཀྱི་སྒྲུབ་པ་དང་། ཕྱག་རྒྱའི་བསྒྲུབ་པ་དང་། རྫས་ཀྱི་བསྒྲུབ་པ་དང་། སྨན་གྱི་བསྒྲུབ་པ་དང་། མངོན་པར་ཤེས་པ་བསྒྲུབ་པ་དང་། རིག་འཛིན་བསྒྲུབ་པ་དང་། ཕྱག་རྒྱ་ ཆེན་པོའི་བསྒྲུབ་པ་དག་ལ་ནི། རིགས་བསྡུས་པ་དང་། དཀྱིལ་འཁོར་རིམ་བཞིན་པ་དང་། དཀྱིལ་འཁོར་གཅིག་པ་དང་། དཔའ་བོ་གཅིག་པས་བསྙེན་སྒྲུབ་བཞིའི་སྒོ་ནས་འཇུག་པར་བྱའོ། །དེས་ཅི་ཞིག་ཏུ་འགྱུར་ཞེ་ན། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་ 26-1-272b འགྲོ་མའི་མཐུ་དང་གཟི་བརྗིད་མཆོག་ཏུ་འབར་བར་འགྱུར་རོ། །དེ་ཡང་རྟོག་པ་བདུན་པ་ལས། དང་པོའི་ལས་ཅན་རྣལ་འབྱོར་པས། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །འོད་ཀྱི་རིག་མ་ལ་བརྟེན་ནས། །སྦྱོར་བ་བཞི་དང་ལྡན་པས་འགྲུབ། །བསྙེན་དང་ཉེ་བའི་བསྙེན་པ་དང་། ། སྒྲུབ་དང་སྒྲུབ་ཆེན་ཚུལ་བཞིན་བྱ། །བསྙེན་པ་ལས་ལ་འཇུག་པ་སྟེ། །ཉེ་བསྙེན་གཅིག་བཞིན་སྤྱོད་པའོ། །ལྷན་ཅིག་སྤྱོད་པ་སྒྲུབ་པའི་ལས། །རྗེས་སྤྱོད་སྒྲུབ་ཆེན་འབྲས་བུའི་མཆོག །ཅེས་པ་དང་། ཡང་བསྙེན་སྒྲུབ་ཡན་ལག་བཞིའི་སྒོ་ནས། སྒྲུབ་པ་རྣམ་བདུན་ལས་ལ་འཇུག ། ཚོགས་སྒྲུབ་ཕྱག་རྒྱའི་སྒྲུབ་པ་དང་། །རྫས་དང་སྨན་དང་མངོན་ཤེས་དང་། །རིག་འཛིན་སྒྲུབ་པ་ཕྱག་རྒྱ་ཆེ། །དཀྱིལ་འཁོར་བསྡུས་པའི་ལམ་དག་གམ། །དཀྱིལ་འཁོར་དྲུག་གམ་གཅིག་པའམ། །དཔའ་བོ་གཅིག་ལས་འཇུག་པར་བྱ། །ཞེས་སོ། །གང་ཟག་མཆོག་ཏུ་གྱུར་པས་ ནི་དབང་པོ་ཡུལ་དུས་ཀྱི་སྦྱོར་བ་ལ་བརྟེན་ཏེ་སྒྲུབ་པའི་ཕྱིར། ཐམས་ཅད་དགའ་བ་མ་ལུས་པའི། །ཕྱག་རྒྱ་ཐམས་ཅད་བདེ་བ་ཆེ། །རྟག་པ་པདྨ་ལྷ་མོ་ཡི། །རྒྱལ་མོས་མཆོད་པ་ཐམས་ཅད་མཆོག །ནང་གི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་། ཕྱིའི་དབང་པོ་ཡུལ་དུས་ཀྱི་རྣམ་པ་ ཐམས་ཅད་ཡབ་ཡུམ་ཐབས་དང་ཤེས་རབ་ཀྱི་རིགས་ཀྱི་དཀྱིལ་འཁོར་དུ་བསྒོམ་ཞིང་། དབང་པོ་ཡུལ་དྲུག་ལ་འཇུག་པའི་ཚུལ། གཉིས་སུ་མེད་པའི་རོལ་པ་མཛད་པས་དགའ་བ་མ་ལུས་པ་སྟེ་ཟག་པ་མེད་པའི་བདེ་བ་ཆེན་པོ་འཕེལ་ཞིང་། ཕྱག་རྒྱ་ཐམས་ཅད་ཀྱང་བདེ་བ་ཆེན་པོའི་ རང་བཞིན་ནོ། །དེ་ཉིད་རྒྱུན་མི་འཆད་པར་གནས་པས་རྟག་པ་དམ་པ་སྟེ་ཐམས་ཅད་མཉེས་པར་མཛད་པས་ན་མཆོད་པའི་མཆོག་གོ། །དེ་ཡང་རྟོག་པ་བདུན་པ་ལས། ཡུལ་དྲུག་ཕྱག་རྒྱ་རྣམ་འཕྲུལ་བ། །ཐམས་ཅད་གཉིས་མེད་རོལ་པའི་ཡུམ། །ཞེས་པ་དང་། ཡང་རྩ་བའི་ རྒྱུད་ལས་ཀྱང་། གཟུགས་ཕུང་ཆོས་དབྱིངས་ཡེ་ཤེས་ཆེ། །མིག་ལ་སངས་རྒྱས་རྣམ་སྣང་མཛད། །རྣམ་གསུམ་གཟུགས་དང་རོལ་མཛད་དེ། །བརྟན་གཡོའི་དངོས་པོ་རྣམ་པར་འཕྲུལ། །ཚོར་བ་ཀུན་རྟོག་ཡེ་ཤེས་ཆེ། །རྣ་བ་རྡོ་རྗེ་ཉི་མ་ཡིན། །རྣམ་གསུམ་སྒྲ་དང་རོལ་ 26-1-273a མཛད་དེ། །བརྟན་གཡོའི་དངོས་པོ་རྣམ་པར་འཕྲུལ། །འདུ་ཤེས་མཉམ་ཉིད་ཡེ་ཤེས་ཆེ། །ལྕེ་ལ་པདྨ་གར་དབང་རྒྱལ། །རྣམ་གསུམ་རོ་དང་རོལ་མཛད་དེ། །བརྟན་གཡོའི་དངོས་པོ་རྣམ་པར་འཕྲུལ། །འདུ་བྱེད་བྱ་བ་གྲུབ་པའི་ལས། །སྣ་ལ་རྟ་མཆོག་རོལ་པ་སྟེ། ། རྣམ་གསུམ་དྲི་དང་རོལ་མཛད་ཅིང་། །བརྟན་གཡོའི་དངོས་པོ་རྣམ་པར་འཕྲུལ། །རྣམ་ཤེས་མེ་ལོང་ཡེ་ཤེས་ཆེ། །ཡིད་ལ་རྡོ་རྗེ་ཧེ་རུ་ཀ །རྣམ་གསུམ་ཆོས་དང་རོལ་མཛད་དེ། །བརྟན་གཡོའི་དངོས་པོ་རྣམ་པར་འཕྲུལ། །ཀུན་ཁྱབ་སྟོང་པའི་ཡེ་ཤེས་ཆེ། །ལུས་ལ་རྡོ་རྗེ་སེམས་ དཔའ་གནས། །རྣམ་གསུམ་རེག་དང་རོལ་མཛད་དེ། །བརྟན་གཡོའི་དངོས་པོ་རྣམ་པར་འཕྲུལ། །ཞེས་སོ། །དེས་ནི་བདེ་བ་ཆེན་པོའི་སྐུ་ཡོན་ཏན་གྱི་རྩལ་མ་འགགས་པའི་ཕྱག་རྒྱ་ཆེན་པོ་ལ་སྦྱོར་བར་བྱེད་དོ། །ཡེ་ཤེས་ལ་ཅུང་ཟད་དབང་བ་དང་ཡང་དག་པར་དབང་བས་ནི་ཕྱག་རྒྱའི་ རིག་མ་ལ་བརྟེན་ཏེ་བསྒྲུབ་པར་བྱ་བའི་ཕྱིར། ཤྲཱི་རྡོ་རྗེ་སེམས་དཔར་སྦྱོར་བ་དང་། ཐམས་ཅད་ལྷ་མོར་འདུས་པ་ནི། །མ་ལུས་སྐལ་བ་བཟང་པོ་ཀུན། །བདེ་བ་སོ་སོར་རྗེས་སུ་འགྲུབ། །བསྙེན་པ་དང་ཉེ་བར་བསྙེན་པས་གསལ་བར་བྱས་ནས། རྡོ་རྗེ་སེམས་དཔའི་སྦྱོར་བ་དང་ལྡན་པས་ དཀྱིལ་འཁོར་གང་ཡང་རུང་བའི་ཚུལ་བཞིན་དུ་རིགས་ཀྱི་ཕྱག་རྒྱ་མོ་དག་བྱིན་གྱིས་བརླབ་ཅིང་རོལ་པ་བརྩམས་ཏེ། སྒྲུབ་པ་དང་སྒྲུབ་པ་ཆེན་པོའི་རིམ་པས་ལོངས་སྤྱོད་ན། དེ་ཉིད་ཀྱིས་ནི་དངོས་གྲུབ་མ་ལུས་པ་ཀུན་གྱིས་སྐལ་བ་བཟང་པོ་ཀུན་སོ་སོར་རྗེས་སུ་འགྲུབ་པའོ། །དེ་ཡང་རྟོག་པ་བདུན་པ་ ལས། གང་ཟག་འབྲིང་པོས་སྤྱོད་བྱ་བ། །ལས་ཀྱི་ཕྱག་རྒྱའི་ཚུལ་གྱིས་ནི། །རང་གི་ཆ་ལུགས་གསལ་བ་ཡིས། །སྒྲུབ་པ་སོ་སོར་རྗེས་སུ་སྒྲུབ། །ཅེས་སོ། །ཕྱག་རྒྱ་རོལ་པའི་ཚུལ་གྱིས་ནི། །ཕྱག་རྒྱ་འདི་ཡིས་བཏབ་པ་ལས། །རྡོ་རྗེ་སེམས་དཔའ་ཆེ་བའི་ལྷ། །བསྙེན་སྒྲུབ་ ཡན་ལག་བཞིའི་སྒོ་ནས་ཕྱག་རྒྱ་དང་རོལ་པའི་ཚུལ་དུ་སྤྱོད་པའོ། །ཇི་ལྟར་ཞེ་ན། རྡོ་རྗེ་སེམས་དཔའ་དང་ལྷ་མོ་ཐམས་ཅད་སྙོམས་པར་འཇུག་པ་སྟེ། ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པའི། །ལྷ་མོ་བདེ་བ་ཆེན་མོ་ཀུན། །ཐམས་ཅད་རྣལ་འབྱོར་བདེ་བས་མྱོས། །སྡིག་མེད་སྟོབས་ 26-1-273b ཀྱིས་མངོན་མཐོན་དུ། གང་ཞིག་ཐུགས་བྱམས་པ་དང་སྙིང་རྗེའི་ཆུས་བརླན་ཞིང་བྱང་ཆུབ་ཀྱི་སེམས་ཀྱི་རོ་ལ་ཆགས་པའི་རྣལ་འབྱོར་པས་ནི། སྡིག་པ་བྱེད་པའི་མངོན་མཐོན་དུ་ཕྱག་རྒྱ་མོ་ཐམས་ཅད་བཀུག་སྟེ་ལོངས་སྤྱོད་པས་ཟག་བཅས་ཀྱི་བདེ་བ་ལ་བརྟེན་ཏེ། ཟག་པ་མེད་པའི་བདེ་བ་སྐྱེ་ བར་འགྱུར་རོ། །དེ་ཡང་བདག་ཉིད་གཅིག་པུའམ་ཞེ་ན། ཕན་ཚུན་དུ་ནི་རབ་དགའ་བས། །སྐྱེས་བུའི་ཚུལ་གྱིས་དགའ་བར་བྱེད། །ཆགས་པའི་རོས་དགྱེས་པ་ཆེན་པོའི་བདེ་བ་བསྐྱེད་དེ་འགྲོ་བའི་དཔེས་ཉེ་བར་སྒྲུབ་བོ། །དེ་ཡང་རྟོག་པ་བདུན་པ་ལས། ཕྱག་རྒྱ་རོལ་པའི་སྙོམས་ འཇུག་གིས། །ཕྱོགས་བཅུའི་དཀྱིལ་འཁོར་མཉེས་མཛད་ཅིང་། །ལྷ་མོའི་ཚོགས་རྣམས་མ་ལུས་པ། །ཤེས་རབ་དབྱིངས་ལ་གཞུག་བྱས་ནས། །རབ་ཏུ་དགའ་བ་དེའི་མཆོད་པ་ཡིས། །སྐྱེས་བུའི་ཚུལ་གྱིས་ལོངས་སྤྱོད་དོ། །ཞེས་སོ། །དེ་ལས་བྱུང་བའི་སྒྲུབ་པ་བྱང་ཆུབ་ སེམས་ཀྱིས་མཆོད་པ་ནི། དབང་པོ་ཀུན་ལས་བྱུང་བ་ཡི། །མཆོད་པའི་སྤྲིན་ཆེན་ཐམས་ཅད་ཀྱི། །བཀོད་པ་རབ་འབྱམ་ཚོགས་རྣམས་ཀྱིས། །ཐམས་ཅད་བདག་ཉིད་མཆོད་པར་བྱེད། །ལུས་ཟུངས་རྣམ་པ་བདུན་ལས་ཁྱབ་པའི་བརྟེན་པ་ནི་ལྷན་ཅིག་སྐྱེས་པ་སྟེ། དབང་པོ་རྣམ་པ་ལྔ་ལ་ གནས་ཤིང་སོ་སོའི་ལས་ཐམས་ཅད་ལ་འཇུག་པས་གསལ་བའི་བདག་ཉིད་རླུང་རྣམ་པ་བཅུ་དང་། ཕྱོགས་གཅིག་ཏུ་རྒྱུ་ཞིང་སྲོག་གནས་པའི་རྟེན་བྱེད་དེ། རྩ་གསུམ་ནས་བ་སྤུ་བྱེ་བ་བཞི་འབུམ་གྱི་བར་དུ་འཕྲོ་ཞིང་འདུ་བའོ། །དེ་ལས་བྱུང་བའི་མཚོན་པར་བྱེད་པའི་བྱང་ཆུབ་ཀྱི་སེམས་ཀུན་ དུ་སྤྲོ་ཞིང་རང་གི་དཀྱིལ་འཁོར་མཆོད་པར་བྱེད་པའོ། །དེ་ཡང་རྩ་བའི་རྒྱུད་ལས། སྲོག་དང་རྩོལ་བའི་རྟེན་མཛད་པ། །དབང་པོ་ཀུན་ལས་བྱུང་བ་ཡིན། །བྱང་ཆུབ་སེམས་སོགས་བདེ་བའི་རྒྱུན། །བ་སྤུ་ཀུན་གྱི་གནས་ནས་སྤྲོ། །རྒྱལ་བའི་དཀྱིལ་འཁོར་མཉེས་པ་དང་། །འགྲོ་ བའི་དོན་ལ་སྦྱོར་བར་མཛད། །ཅེས་སོ། །སྒྲུབ་པའི་ཡན་ལག་བཞིའི་ཐོག་མ་དང་བར་དང་དངོས་གྲུབ་བླང་བའི་དུས་སུ་ནི་ལས་དང་མཐུན་པའི་དབང་སྦྱིན་པར་བྱ་སྟེ། རྣལ་འབྱོར་བདེ་བ་ཐམས་ཅད་ཀྱིས། །དབང་བསྐུར་བདེ་ཆེན་ལས་བྱུང་བ། །རིན་ཆེན་ཚོགས་རྣམས་ཐམས་ 26-1-274a ཅད་ཀྱིས། །རབ་ཏུ་མྱོང་བར་དབང་བསྐུར་འགྱུར། །རྣལ་འབྱོར་པ་ཡི་བདེ་བ་ནི། །ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དོན་རྟགས་གཉིས་ཀྱི་བདེ་བ་དང་ལྡན་པ་སྟེ།དེས་ནི་དྲི་མའི་ཚོགས་ཐམས་ཅད་འཁྲུད་པར་བྱེད་ཅིང་། བྷ་ག་དང་ལིངྒ་མཚན་མ་ལས་ངེས་ པར་བྱེད་པས་རིན་པོ་ཆེའི་ཚོགས་དང་ལྡན་ཏེ། སྤྱི་བོ་དང་ལྕེ་སྟེང་དང་སྙིང་ག་ལ་སོགས་པའི་དབང་པོ་དང་ཉམས་སུ་མྱོང་བའི་སྒོ་ནས་བདེ་བའི་ཡེ་ཤེས་ཀྱིས་རྒྱས་ཤིང་མྱོང་བའི་ཚུལ་དུ་དབང་བསྐུར་བར་བྱའོ། །དེ་ཡང་རྩ་བའི་རྒྱུད་ལས། ཟག་པ་མེད་པའི་དགའ་བདེ་ཡི། །རོ་མྱང་ བདེ་ཆེན་གནས་ལ་བཞུགས། །དེ་རྟགས་དབང་བསྐུར་ལས་བྱུང་བ། །ཞུ་བདེ་གཉིས་ཀྱི་ཆུ་བོའི་རྒྱུན། །རིན་ཆེན་ཚོགས་ཀུན་གྱིས་བརྒྱན་པས། །རང་གི་ཡེ་ཤེས་གནས་ལ་སྦྱོར། །དབང་བསྐུར་གསང་བ་བླ་ན་མེད། །གནས་ཀུན་དགའ་བྱེད་འབྲས་ཚོགས་བསྐྱེད། །ཅེས་ ཏེ། འདིས་ནི་གཟུགས་བརྙན་གྱི་དཀྱིལ་འཁོར་དང་། ཚོགས་ཀྱི་འཁོར་ལོས་སློབ་མ་དབང་བསྐུར་བའི་བྱེ་བྲག་ཏུ་ཡང་ཤེས་པར་བྱའོ། །སྦྱོར་བ་བཞི་དང་ལྡན་པའི་རྣལ་འབྱོར་པས་ལྷ་མོ་ལ་སོགས་པའི་ལོངས་སྤྱོད་རྣམས་ལ་སྤྱད་པའི་ཕྱིར། ལྷ་མོ་ཀུན་གྱི་ལོངས་སྤྱོད་པ། །ཅི་ བདེ་བར་ནི་བསྟེན་བྱ་བ། །གང་ཟག་བཞིའི་སྒོ་ནས་འོད་ཀྱི་རིག་མ་ལ་སོགས་པའི་ཕྱག་རྒྱ་མོ་དང་ལོངས་སྤྱོད་ཀྱི་ཚོགས་ལ་དུས་དང་རྟོགས་པའི་བྱེ་བྲག་དང་ཁམས་དང་གྲོགས་ལ་སོགས་པའི་སྒོ་ནས་ཅི་བདེ་བར་བསྟེན་པར་བྱའོ། །དེ་ཡང་རྩ་བའི་རྒྱུད་ལས། རྣལ་འབྱོར་ལོངས་ སྤྱོད་ཐམས་ཅད་ལ། །དུས་ལ་སོགས་པའི་བྱེ་བྲག་གིས། །བདག་གཞན་དོན་དུ་འགྱུར་བའི་ལས། །ཅི་བདེ་བར་ནི་བསྟེན་པར་བྱ། །ཞེས་སོ། །དེ་ཡང་སྦྱོར་བ་བཞིའི་རྣམ་པ་གསལ་བས་ཉམས་སུ་བླངས་ཏེ། དང་པོའི་སྦྱོར་བ་ནི། བདག་ཉིད་ཆེ་བའི་ལྷར་སྦྱོར་བས། བདག་ལ་བདག་གིས་རབ་ཏུ་མཆོད། །མངོན་པར་བྱང་ཆུབ་པ་རྣམ་པ་ལྔས་རྒྱུའི་རྡོ་རྗེ་འཆང་ཆེན་པོའི་སྐུར་གྱུར་པ་ནི་ཆེ་བའི་ལྷ་སྟེ་སངས་རྒྱས་ཀུན་གྱི་བདག་ཉིད་དོ། །དེ་ཉིད་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་སྦྱོར་ཞིང་། རྒྱན་ཆ་དང་ཆ་ལུགས་དང་དབང་བསྐུར་ཞིང་བྱིན་གྱིས་ 26-1-274b བརླབས་པས་བདག་ལ་བདག་གིས་མཆོད་པའོ། །རྗེས་སུ་སྦྱོར་བ་ནི། རྣལ་འབྱོར་ཐམས་ཅད་བདེ་བ་ཡི། །རྗེས་སུ་སྦྱོར་བས་མཆོད་བྱེད་ཅིང་། །རིགས་དང་མཐུན་པའི་ཡུམ་བསྐྱེད་པ་ནི། དཔེར་ན་འོད་ཀྱི་སྣང་བ་དང་ལྡན་པའི་དུས་སུ་མྱུ་གུ་ལ་གྲིབ་མ་སྐྱེ་བ་བཞིན་ཡེ་ཤེས་ཀྱི་སྣང་ བ་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པའི་གཟུགས་བརྙན་རྣམ་པར་འཕྲུལ་ཏེ། དབང་བསྐུར་བ་དང་བྱིན་གྱིས་བརླབས་པ་སྔོན་དུ་འགྲོ་བས། བརྡ་ལ་སོགས་པས་བསྐུལ་ཞིང་རོལ་པར་མཛད་དེ། རྣལ་འབྱོར་ཐམས་ཅད་ཀྱི་དོན་ལ་བདེ་བའི་ཏིང་ངེ་འཛིན་གྱིས་གནས་ཤིང་། རྗེས་སུ་སྦྱོར་ བའི་མཆོད་པས་རྒྱལ་བ་མཉེས་པ་དང་འགྲོ་བ་དག་པར་མཛད་དོ། །ཤིན་ཏུ་སྦྱོར་བ་ནི། ཀུན་ལ་མྱོང་བར་བྱེད་པས་ན། །ཤིན་ཏུ་སྦྱོར་བས་འགྲུབ་པར་འགྱུར། །འོད་ཀྱི་བདེ་བས་ཕྱིའི་མཚན་མ་སྦྱངས་ནས་གསང་བའི་གནས་སུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པའོ། ། སྦྱོར་བ་ཆེན་པོ་ནི། སངས་རྒྱས་ཐམས་ཅད་བདག་ཉིད་ཀྱི། །ར་ས་ཡ་ནའི་བདེ་བ་ཡིས། །རྡོ་རྗེ་སེམས་དཔའི་ཚེ་འགྲུབ་ཅིང་། །ལང་ཚོ་ནད་མེད་བདེ་མཆོག་འགྲུབ། །སྐྱེ་མཆེད་དྲུག་བྱིན་གྱིས་བརླབ་པ་དང་། གནས་བཞི་བྱིན་གྱིས་བརླབ་པ་དང་། དབུ་རྒྱན་གྱི་མཚན་མ་ དང་། ལྷ་མོའི་བུམ་པས་དབང་བསྐུར་ཞིང་ཁྲུས་བྱས་ཏེ། བྱང་ཆུབ་སེམས་ཀྱི་རྒྱུན་ར་ས་ཡ་ནའི་བདེ་བ་དེས་དཔལ་བཞི་འགྱུར་འགྲུབ་པའོ། །དེ་ཡང་རྩ་བའི་རྒྱུད་ལས། བསྙེན་སྒྲུབ་ཡན་ལག་རྣམ་བཞི་ཡིས། །འབྲས་བུ་ཉམས་སུ་བླང་བར་བྱ། །སྦྱོར་བ་བཞི་ཡི་རིམ་ པ་ཡིས། །དེ་ཡི་ལམ་ལ་རབ་ཏུ་སྦྱོར། །ཞེས་སོ། །སྐུ་གསུང་ཐུགས་ཀྱི་སྦྱོར་ཐབས་ཀྱི་སྒོ་ནས། སངས་རྒྱས་ཀུན་གྱི་སྐུ་ཆེན་དང་། །སངས་རྒྱས་ཀུན་གྱི་གསུང་སྙན་པ། །སངས་རྒྱས་ཀུན་གྱི་ཐུགས་ཆེན་པོ། །སངས་རྒྱས་ཀུན་གྱི་མཆོད་པ་ཆེ། །རྟེན་གྱི་བྱེ་བྲག་བཞིན་དུ་ཟབ་ པ་དང་རྒྱ་ཆེ་བའི་རིམ་པ་ལ་སྦྱོར་བ་བསྒྲུབ་པར་བྱའོ། །དེ་ཡང་ཁྱད་པར་གྱི་དོན་དུ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསུམ་མཆོད་ཅིང་བསྒྲུབ་པར་བྱ་བ་སྟེ། སྐུའི་སྒོ་ནས་རྣམ་པར་སྣང་མཛད་དང་རྡོ་རྗེ་ཉི་མའོ། །གསུང་གི་སྒོ་ནས་པདྨ་གར་གྱི་དབང་ཕྱུག་དང་རྟ་མཆོག་རོལ་པའོ། ། 26-1-275a ཐུགས་ཀྱི་སྒོ་ནས་རྡོ་རྗེ་འཛིན་པ་དང་ཧེ་རུ་ཀའོ། །སྔགས་ཀྱི་འབྱུང་འཇུག་གནས་པའི་འཕྲོ་འདུས་ཡི་གེ་གསུམ་གྱི་དེ་ཁོ་ན་ཉིད་གསལ་བར་བྱེད་པའོ། །དབྱིབས་ཀྱིས་ནི་རྩ་རྣམ་པ་གསུམ་དང་འཁོར་ལོ་བཞིའི་སྒོ་ནས་སྐུ་གསུང་ཐུགས་ཀྱི་གནས་སྦྱོང་ཞིང་མཆོད་པ་སྒྲུབ་ པའོ། །ཆོས་ཀྱིས་ནི་གཉིས་སུ་མེད་པའི་རང་བཞིན་ལ་སྦྱོར་བའི་ཐབས་བདེ་བ་ཆེན་པོའི་དོན་མཚོན་པར་བྱེད་པ་སྟེ། གཟུགས་སྣང་བ་དང་། སྒྲ་གྲག་པ་དང་། སེམས་ཀྱི་རྟོག་པ་དག་དེ་ཉིད་ཀྱི་སྒོ་ནས་བདེ་བ་ཆེན་པོའི་ཡེ་ཤེས་ཟག་པ་མེད་པའི་ལམ་མཚོན་པར་བྱེད་པའོ། །དེ་ཡང་ རྩ་བའི་རྒྱུད་ལས། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །དེ་ཉིད་སྤྱོད་པས་འཇུག་བྱ་སྟེ། །བསྙེན་སྒྲུབ་བཞི་ཡི་བྱེ་བྲག་གིས། །ལམ་གྱི་འབྲས་བུ་བདེ་བ་འགྲུབ། །ཅེས་པ་དང་། ཡང་རྟོག་པ་བདུན་པ་ལས། སྐུ་གསུང་ཐུགས་ཀྱི་འཕྲོ་འདུ་ཡིས། །རླུང་གསུམ་གནས་ལ་ དབང་མཛད་ཅིང་། །བཅོམ་ལྡན་ཀུན་དུ་ཁྱབ་མཛད་དེ། །རང་གི་ཡེ་ཤེས་རྣམ་གྲོལ་བའོ། །ཞེས་པ་དང་། ཡང་། སྐུ་གསུང་ཐུགས་ཀྱི་རྩ་གསུམ་གྱིས། །འཁོར་ལོའི་བདེ་ཆེན་དགའ་བ་བསྐྱེད། །མགོན་པོ་རབ་ཏུ་བཞེངས་ནས་ནི། །ཕྱོགས་རྣམས་ཀུན་དུ་གཟིགས་མཛད་དོ། །ཞེས་ པ་དང་། ཡང་རྩ་བའི་རྒྱུད་ལས། སྣང་སྲིད་མགོན་པོ་ཟག་པ་མེད། །རྣམ་པར་གྲོལ་བ་གྲོལ་བའི་སྐུ། །སྐུ་གསུང་ཐུགས་ཀྱི་རྟོག་པའི་ཚོགས། །སྒྱུ་མ་ལྷུན་གྲུབ་ཕྱག་རྒྱས་འདེབས། །ཞེས་ཏེ། ལམ་དེ་དག་གི་སྒོ་ནས་ནི་རིགས་ཀྱི་དཀྱིལ་འཁོར་གསལ་བར་འགྱུར་རོ། །རིགས་ དྲུག་གི་སྦྱོར་ཐབས་ཀྱི་སྒོ་ནས། སངས་རྒྱས་ཀུན་གྱི་རྒྱལ་ཆེན་པོ། །རྡོ་རྗེ་འཛིན་པ་ཀུན་གྱི་བདག །འཇིག་རྟེན་དབང་པོ་ཀུན་གྱི་གཙོ། །རིན་ཆེན་དབང་ཕྱུག་ཀུན་གྱི་བདག །རྣམ་པར་སྣང་མཛད་དེ་བཞིན་གཤེགས་པའི་རིགས་ཏེ་སངས་རྒྱས་ཀུན་གྱི་སྐུ་འཛིན་པའི་རྒྱལ་པོའོ། ། རྡོ་རྗེ་སེམས་དཔའ་ཉིད་ནི་ཁྲོ་བོའི་ཚུལ་དུ་ཧེ་རུ་ཀ་སྟེ་རྡོ་རྗེ་འཛིན་པའོ། །རིགས་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ནི་རྡོ་རྗེ་སེམས་དཔའ་སྟེ། དེ་བཞིན་གཤེགས་པ་ཀུན་གྱི་བདག་ཉིད་དོ། །པདྨ་གར་གྱི་དབང་ཕྱུག་གིས་འགྲོ་བ་ཐམས་ཅད་ལ་སྤྱན་གྱིས་གཟིགས་པས་འཇིག་རྟེན་དབང་པོ་ 26-1-275b སྟེ། གསུང་གི་རིགས་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པའོ། །རྡོ་རྗེ་ཉི་མས་རྒྱལ་སྲིད་རིན་པོ་ཆེའི་ཚོགས་ལ་དབང་བསྒྱུར་ཞིང་། རིན་པོ་ཆེའི་ཚོགས་ཐམས་ཅད་ལས་འབྱུང་བའི་བདག་ཉིད་དུ་གྱུར་པའོ། །རྟ་མཆོག་གིས་ནི་འཇིག་རྟེན་གྱི་ལྷ་ཆེན་པོ་རྣམས་ཀྱི་གཙོ་བོ་མཛད་དེ། ཕྲིན་ ལས་རྣམ་པ་བཞིའི་ཚུལ་གྱིས་ལྷ་མོ་རྣམས་ཀྱི་གཙོ་བོར་བཞུགས་པའོ། །དེ་དག་ཀྱང་རིགས་བསྡུས་པའི་དཀྱིལ་འཁོར་དུ་གང་ཟག་རྒྱས་པ་ལ་དགའ་བ་རྣམས་ཀྱིས་སྤྲོས་པའི་ཚུལ་དུ་སྒྲུབ་ཅིང་ཉེ་བར་སྦྱོར་བ་དང་། དཀྱིལ་འཁོར་དྲུག་པོ་དག་བསྙེན་སྒྲུབ་ཀྱི་རིམ་པས་ཕྱེ་སྟེ་བསྒྲུབ་ ཅིང་སྦྱོར་བ་དང་། དཀྱིལ་འཁོར་གཅིག་གི་དབང་དུ་བསྒྲུབ་ཅིང་སྦྱོར་བ་དང་། ཤིན་ཏུ་ཡང་བསྡུས་པ་ལ་དགའ་བ་ལ་རིགས་གཅིག་གི་སྒོ་ནས་བསྒྲུབ་ཅིང་སྦྱོར་བའི་ཕྱིར། རྩ་བའི་རྒྱུད་ལས། བསྙེན་པའི་ཡན་ལག་རྣམ་བདུན་དུ། །གསལ་བར་ཉེ་བར་སྦྱོར་བྱས་ཏེ། །རྗེས་མཐུན་ འཇུག་པའི་ཚུལ་བཞི་ཡིས། །ལས་སྤྱོད་ཉེ་བསྙེན་ཞེས་བྱའོ། །སྔ་མ་ལས་ནི་གནས་བསྒྱུར་ནས། །རིགས་མཐུན་གཟུགས་ཀྱིས་བསྒྲུབ་པར་བྱ། །ལམ་མཐར་འབྲས་བུ་ལས་སྦྱོར་བས། །སྒྲུབ་ཆེན་དངོས་གྲུབ་ཚུལ་བཞིན་སྣང་། །ཞེས་སོ། །དེའི་ཕན་ཡོན་ནི། །དེ་དག་དང་ ནི་དགའ་སྤྱོད་ན། །འདོད་པ་བཞིན་དུ་འགྲོ་འོང་ལྡང་། །ལྷ་མོ་ཀུན་གྱི་གྲུབ་ཆེན་པོ། །འཁོར་ལོས་སྒྱུར་བ་རབ་ཏུ་འགྲུབ། །སྦྱོར་བ་དང་ལྡན་པས་སྒྲུབ་པའི་སྔོན་དུ་འགྲོ་བའི་ཕུན་སུམ་ཚོགས་པ་བཞི་ལ་སོགས་པ་བྱ་བའི་ཡན་ལག་རྣམས་དང་བསྙེན་སྒྲུབ་བཞིའི་རིམ་པས་རིགས་ དྲུག་གི་དཀྱིལ་འཁོར་ཉམས་སུ་བླང་ཞིང་སྦྱོར་བས། དེ་དང་མཐུན་པའི་འབྲས་བུ་སྐྱེ་སྟེ་འདོད་པ་བཞིན་དུ་འགྲོ་འོང་ལྡང་བ་དང་ལྷ་མོ་ཆེན་པོའི་དངོས་གྲུབ་ཆེན་པོའི་བདག་ཉིད་དཀྱིལ་འཁོར་གྱི་འཁོར་ལོས་སྒྱུར་བ་རབ་ཏུ་འགྲུབ་པར་འགྱུར་རོ། །དི་ནས་ལེའུ་གཉིས་པ་ལས། སངས་ རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །རྡོ་རྗེ་སེམས་དཔར་བདག་སྦྱོར་བ། །ཆ་ལུགས་ཇི་བཞིན་བསྒྱུར་བ་ཡིས། །ཐམས་ཅད་སྣ་ཚོགས་ཕྱག་རྒྱའི་བདག །བསོད་ནམས་ཆུང་ཡང་འགྲུབ་པར་འགྱུར། །ཞེས་པས་དཀྱིལ་འཁོར་ 26-1-276a གཉིས་ཀྱི་ཚུལ་དུ་སྦྱོར་བས་དགའ་ཞིང་ལོངས་སྤྱོད་ན། འཇིག་རྟེན་པའི་དངོས་གྲུབ་དང་ཐུན་མོང་གི་ལས་རྣམས་འགྲུབ་པར་འགྱུར་རོ། །འབྲས་བུ་དེ་དེ་ཉིད་སྒྲུབ་པའི་ཡན་ལག་ཏུ་རྩོམ་མམ་ཞེ་ན། དེ་ལ་བརྟེན་ནས་མཆོག་ཀུན་ཀྱང་ཚེ་འདི་ཉིད་ལ་ཐོབ་པར་བྱེད་དེ། ལེའུ་ དང་པོ་ལས། བསྐལ་པ་བྱེ་བར་མི་འཐོབ་པ། །སངས་རྒྱས་དམ་པ་ཐམས་ཅད་དེ། །ཕྱག་རྒྱའི་ཆོ་ག་གང་དག་གིས། །བསྒྲུབས་ན་ཀུན་དུ་འཐོབ་འགྱུར་ལ། །བདག་ཉིད་སྒྲུབ་པར་བྱེད་པའི་མཆོག །དེ་ནི་བདག་གིས་བརྟག་པར་བྱ། །ཞེས་གསུངས་སོ། །དངོས་གྲུབ་ འདི་ལས་གཞན་གོང་ན་མེད་པར་བསྟན་པའི་ཕྱིར། ཆོས་དབྱིངས་མཉམ་དང་མི་མཉམ་པ། །ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པའི། །དངོས་གྲུབ་ཀུན་གྱི་བདེ་མོས་པ། །དེ་ལས་རྒྱ་ཆེན་མཆོག་གཞན་མེད། །ཆོས་ཐམས་ཅད་ཀྱི་དངོས་པོ་སྣ་ཚོགས་དང་། ཆོས་ཉིད་ཀྱི་རྣམ་ པ་དག་མཉམ་པ་དང་མི་མཉམ་པས་བསྡུས་པའི་ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པ་དག་གི་ནང་ན་དངོས་གྲུབ་ཀྱི་དབང་ཕྱུག་ནི་སྐུ་དྲུག་ལྷུན་གྱིས་གྲུབ་པ་སྟེ། དེ་ཉིད་ལ་བདེ་བར་མོས་ཤིང་གསལ་བར་བྱས་པ་ལས་ལྷན་ཅིག་རྒྱ་ཆེ་བའི་འབྲས་བུ་གཞན་མེད་པའོ། །དེ་དག་ཐམས་ཅད་ ཀྱང་ཚེ་འདི་ལ་འགྲུབ་པར་བསྟན་པའི་ཕྱིར། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །རྣལ་འབྱོར་དབང་ཕྱུག་བདེ་ཆེན་དེས། །འདི་ལས་ཚེ་འདི་ཉིད་ཀྱིས་ནི། །རྣམ་པ་ཀུན་དུ་མི་འགྲུབ་པའི། །དངོས་གྲུབ་ཀུན་གྱི་བདེ་མོས་པ། །ཆོས་དབྱིངས་མཉམ་དང་མི་ མཉམ་པའི། །ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པའི། །དམ་པ་རྒྱ་ཆེན་གང་ཡང་མེད། །དབང་ཕྱུག་ཀུན་གྱིས་བདེ་མོས་པ། །རྒྱུ་ཕུན་སུམ་ཚོགས་པ་དང་། རྐྱེན་ཕུན་སུམ་ཚོགས་པ་དང་། ལམ་ཕུན་སུམ་ཚོགས་པའི་ཚུལ་གྱིས་ཚེ་འདི་ལ་རིག་འཛིན་གྱི་ འབྲས་བུ་འཐོབ་ཅིང་དེས་ནི་དངོས་གྲུབ་ཀྱི་མཆོག་སྐྱེ་བར་བྱེད་པ་སྟེ། མོས་པ་སྤྱོད་པའི་རིག་འཛིན་དང་། ལས་ལ་སྦྱོར་བའི་རིག་འཛིན་དང་། ལམ་ལ་སྤྱོད་པའི་རིག་འཛིན་དང་། ལམ་སྨིན་པའི་རིག་འཛིན་དང་། ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་། བྱ་བ་མཐར་ཕྱིན་པའི་རིག་ 26-1-276b འཛིན་གྱི་ཚུལ་གྱིས་གསང་སྔགས་ཀྱི་སྤྱད་པ་སྤྱོད་དོ། །སངས་རྒྱས་ཀྱིས་ཀུན་དུ་འོད་དང་། པདྨོ་སྤྱན་དང་། ཡི་གེ་འཁོར་ལོའི་ཚོགས་ཆེན་གྱི་ས་དང་། རྡོ་རྗེ་འཆང་བ་དང་། ཡེ་ཤེས་བླ་མའི་ས་དང་། བདེ་བ་ཆེན་པོའི་ས་རྣམས་རིམ་པ་བཞིན་དུ་སྦྱངས་ཤིང་ཅིག་ཅར་ཐོབ་པར་བྱེད་པའོ། ། དེ་ཡང་རྩ་བའི་རྒྱུད་ལས། བསྙེན་སྒྲུབ་བཞི་ཡི་རིམ་པ་ཡིས། །འདོད་པའི་དོན་ལ་རབ་སྦྱོར་ཞིང་། །དེ་དག་དང་ནི་དཀའ་སྤྱད་ན། །འདོད་པ་བཞིན་དུ་འགྲོ་འོང་ལྡང་། །རིགས་ཀྱི་འཁོར་ལོས་སྒྱུར་བ་ཡིས། །གཙོ་བོ་གང་ཡང་རུང་བ་འགྲུབ། །ཚེ་འདིས་རིག་འཛིན་འཐོབ་བྱེད་ ཅིང་། །དེས་ནི་བདེ་བ་ཆེན་པོ་འགྲུབ། །ཅེས་པ་དང་། ཡང་། རིག་འཛིན་རྣམ་པ་བདུན་གྱིས་ནི། །རང་གི་ཡེ་ཤེས་གནས་སྦྱོར་ཞིང་། །གསང་སྔགས་མཐུན་པའི་ཁྱད་པར་གྱིས། །མོས་པའི་བློ་དང་དོན་མཐུན་སྟོན། །རྣམ་གྲོལ་ཟག་མེད་སངས་རྒྱས་ལ། །མཐར་ཕྱིན་འདི་ཡིས་ ཐོབ་པར་བྱེད། །ཀུན་དུ་འོད་དང་པདྨོ་སྦྱིན། །ཡི་གེ་འཁོར་ལོ་རྡོ་རྗེ་འཆང་། །ཡེ་ཤེས་བླ་མའི་ས་ནོན་ནས། །ཟག་མེད་རྟག་ཏུ་བདེ་བས་བཞུགས། །ཞེས་པ་དང་། རྟོག་པ་བདུན་པ་ལས་ཀྱང་། །སངས་རྒྱས་ཚེ་འདིས་བསྒྲུབ་པའི་ཕྱིར། །སྐུ་གསུམ་ས་ལ་གོམས་པར་བྱ། །ཞེས་ སོ། །དེ་ཉིད་གཏན་ཚིགས་ངེས་པར་བསྟན་པའི་ཕྱིར། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ། །འདི་ལ་ཚེ་འདི་ཉིད་ཀྱིས་ནི། །རྣམ་པ་ཀུན་དུ་མི་འགྲུབ་མེད། །ཅེས་གསུངས་སོ། །ལྷ་མོ་ཐམས་ཅད་དང་མཉམ་པར་སྦྱོར་བ་སྐལ་བ་ བཟང་པོ་དཔལ་རྡོ་རྗེ་དམ་ཚིག་གི་རྟོག་པ་ཞེས་ཏེ། སྒྲུབ་པའི་དཀྱིལ་འཁོར་ཐམས་ཅད་དང་བསྙེན་སྒྲུབ་ཡན་ལག་བཞིའི་སྒོ་ནས་མཉམ་པར་སྦྱོར་བ། དངོས་གྲུབ་རྣམ་པ་གཉིས་ཀྱི་སྐལ་བ་དང་ལྡན་པ་དེའི་བདག་ཉིད་དཔལ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ གསལ་བར་བྱེད་པའི་གནས་ལ་གནས་པའི་རྟོག་པ་ཞེས་བྱའོ། །ལེའུ་གསུམ་པའི་དོན་རྣམ་པར་བཤད་པའོ།། །།གང་ཞིག་དེ་ཁོ་ན་ཉིད་ཀྱི་དོན་ཤེས་པས། དེ་ཉིད་ཉམས་སུ་བླང་ཞིང་བསྒོམ་པ་དང་བསྒྲུབ་པས་གསལ་བར་བྱའོ། །དེའི་གྲོགས་ནི་སྤྱོད་པའི་རིམ་པ་ 26-1-277a སྟེ། དེ་ཡང་གང་ཟག་བཞིའི་སྒོ་ནས་འཇུག་པར་བྱའོ། །དེའི་ཕྱིར་རྩ་བའི་རྒྱུད་ལས། རང་བཞིན་གནས་པའི་ཤེས་བྱེད་ཐབས། །བསྒོམ་ཞིང་བསྒྲུབ་པའི་མཚན་ཉིད་ཅན། །གྲོགས་མཆོག་སྤྱོད་པའི་རིམ་པ་སྟེ། །གང་ཟག་བཞི་ཡི་ཚུལ་གྱིས་འཇུག །ཅེས་སོ། །དང་ པོ་སྤྱོད་པ་སྤྱིའི་མཚན་ཉིད་ནི། འདི་ནི་རྣལ་འབྱོར་བཅོམ་ལྡན་ཉིད། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་སྣང་བ་དང་སྲིད་པས་བསྡུས་པའི་བརྟན་གཡོའི་དངོས་པོ་འདི་དག་ཡེ་ཤེས་རང་བྱུང་བའི་ མཚན་ཉིད་ལ་སྣང་བ་སྟེ། ཐབས་དང་ཤེས་རབ་རྣམ་པར་འཕྲུལ་པ་རང་གི་དེ་ཁོ་ན་ཉིད་དང་ལྡན་པས་བཅོམ་ལྡན་འདས་ཉིད་དུ་བཞུགས་པའོ། །དེ་ནས་སྐུ་དྲུག་ལྷུན་གྱིས་གྲུབ་པའི་ངོ་བོ་ལས་གཞན་དུ་གཡོ་བ་རྡུལ་ཙམ་ཡང་མེད་པ་སྟེ། མི་མཐུན་པའི་ཕྱོགས་ཐམས་ཅད་ཀྱིས་བསྐྱོད་ པར་མི་ནུས་པས་ན། དེ་ལ་ནི་རྡོ་རྗེ་སེམས་དཔའ་དང་བདེ་བ་ཆེན་པོ་ལ་སོགས་པའི་ཐ་སྙད་སྣ་ཚོགས་སུ་གྲགས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དོ། །དེ་དང་ལྡན་པའི་རྣལ་འབྱོར་པས་སྒོ་གསུམ་ནས་བྱ་བའི་ལས་ཐམས་ཅད་གསང་སྔགས་ཀྱི་དོན་བཞིན་དུ་སངས་རྒྱས་ ཐམས་ཅད་དང་མཉམ་པར་སྦྱོར་བ། མཁའ་འགྲོ་སྒྱུ་མ་བདེ་བའི་ཚུལ་བཞིན་དུ་སྤྱོད་དོ། །དེ་ཡང་རྩ་བའི་རྒྱུད་ལས། རང་གི་ཡེ་ཤེས་དེ་ཉིད་མཐོང་། །རང་གི་ཆ་ལུགས་རྣམ་གསལ་བས། །དེ་ཉིད་སྤྱོད་དང་མཐུན་པའི་ལས། །རྣལ་འབྱོར་པ་ཡིས་དོན་མི་བྱ། །ངང་ཚུལ་འདི་ལ་ གནས་པ་ཡི། །བློ་ལྡན་དེ་ཉིད་སྐལ་བ་བཟང་། །ཞེས་སོ། །དང་པོ་གང་ཟག་གསུམ་གྱི་ཐུན་མོང་གི་སྤྱོད་པ་ཕྱོགས་གཅིག་ཏུ་བསྟན་པ་ནི། ལྷ་མོ་ཀུན་དང་མཉམ་སྦྱོར་ཞིང་། །སྐལ་བ་བཟང་མོ་མཆོག་འདོད་པ། །ཡང་དག་སྦྱོར་བའི་བདེ་མྱོང་བ། །འདོད་ཆགས་ཐོར་ཟུག་བརྟན་པ་ ཅན། །ལས་དང་པོ་པས་ནི་རིགས་དྲུག་གི་དབྱེ་བས་རྣམ་པར་ཕྱེ་སྟེ་ཐབས་དང་ཤེས་རབ་དྲུག་ཅུ་རྩ་བཞིའི་སྒོ་ནས་ལྷ་མོ་ཀུན་དང་མཉམ་པར་སྦྱོར་ཞིང་དབང་བསྐུར་བ་དང་། ཚོགས་ཀྱི་འཁོར་ལོ་དང་། བསྒྲུབ་པའི་མཆོད་པ་དང་། སྲོག་རྩོལ་གཟུང་བའི་དོན་དུ་སྐལ་བ་བཟང་པོ་ 26-1-277b མཆོག་གི་འདོད་པ་ལ་ལོངས་སྤྱོད་དེ། ཡང་དག་པར་སྦྱོར་བའི་བདེ་བའི་ཆུ་རྒྱུན་དབབ་པ་དང་བསྐྱིལ་བ་དང་སླར་གྱེན་དུ་བཟློག་པའི་བདེ་བ་མྱོང་ནས། ཆགས་པ་གཉིས་དང་བྲལ་བའི་ཚུལ་དུ་ཆགས་པ་གཉིས་ལ་ལོངས་སྤྱོད་ཅིང་ཐེར་ཟུག་ཏུ་བརྟན་པོར་གནས་སོ། །ཡེ་ཤེས་ལ་ཅུང་ཞིག་ དབང་བ་དང་། ཡེ་ཤེས་ལ་ཡང་དག་པར་དབང་བས་ནི་དོན་གོང་མའི་ཚུལ་གྱིས་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ཏེ། བདེ་བའི་ཡེ་ཤེས་མ་སྐྱེས་ཀྱི་བར་དུ་བདེ་བ་གཟུང་བ་དང་། ཐབས་དང་ཤེས་རབ་མཐོང་ཞིང་དམིགས་པ་ཙམ་གྱིས་སྐལ་བ་བཟང་པོའི་མཆོག་ཏུ་གྱུར་པ་དང་། ཞུ་བ་དེ་ རྣམ་པ་གཉིས་ལས་སྐྱེས་པའི་དོན་རང་གི་གནས་ཐམས་ཅད་ནས་བསྡུ་ཞིང་ཐམས་ཅད་དུ་སྤྲོ་བ་དང་། འདོད་པའི་ལོངས་སྤྱོད་གཞན་དག་ཀྱང་ཚུལ་བཞིན་དུ་རང་གི་ཕྱག་རྒྱ་ལ་ལོངས་སྤྱོད་ཅིང་ཡང་དག་པར་སྦྱོར་བའི བདེ་བ་མྱོང་བས་བདེ་བ་ཆེན་པོའི་སྐུ་ཐེར་ཟུག་ཏུ་བརྟན་པའོ། ། དེ་ཡང་རྩ་བའི་རྒྱུད་ལས། ཐབས་དང་ཤེས་རབ་སྦྱོར་བའི་སྒོ། །འཇུག་པའི་ལས་ཀྱི་བློ་གྲོས་མཆོག །རྟེན་གྱི་རིམ་པས་ལེགས་སྦྱོར་ཞིང་། །འདོད་ཆགས་ཆེན་པོ་བརྟེན་པར་གནས། །དང་པོས་གནས་སྐབས་ཚུལ་རིག་རྙེད། །བདག་དང་འགྲོ་བའི་ལས་ལ་སྦྱོར། །གཉིས་ པས་དེ་ཉིད་མཐོང་གྱུར་ཏེ། །གསུམ་པ་དྲན་པའི་ཡན་ལག་བསྐྱེད། །ལྷ་མོ་ཀུན་དང་མཉམ་སྦྱོར་ཞིང་། །སྐལ་བཟང་སྦྱོར་བདེ་ལ་གནས་མཆོག །ཅེས་སོ། །མཆོག་ཏུ་གྱུར་པ་བཞི་པའི་སྤྱོད་པ་ནི། སངས་རྒྱས་ཀུན་གྱི་གཟུགས་ཆེན་དང་། །དབྱངས་དང་དྲི་དང་རོ་དག་དང་། ། སངས་རྒྱས་ཀུན་གྱི་རེག་བྱའི་མཆོག །རང་གི་སྤྱད་པར་དེ་སྤྱོད་དོ། །དབང་པོ་དྲུག་གི་ཡུལ་དུ་སྤྱད་པ་དག་གི་དངོས་རྟོགས་ཀྱི་མཚན་མ་དག་ནི་ཡེ་ཤེས་ཀྱི་སྣང་བ་ཡིན་ཏེ། གང་ཞིག་གཉིས་སུ་མེད་པའི་བློ་དང་ལྡན་པའི་རྣལ་འབྱོར་པ་དག་གིས་དེ་དག་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་ ལོངས་སྤྱོད་ན། བདེ་བ་ཆེན་པོའི་སྐུ་གསལ་བར་བྱེད་པའི་ཟག་པ་མེད་པའི་ཡེ་ཤེས་འཕེལ་བར་འགྱུར་རོ། །དེ་ཡང་རྩ་བའི་རྒྱུད་ལས། དབང་པོ་གང་དང་གང་ལམ་འབྱུང་། །དེ་དང་དེ་ཡི་ངོ་བོ་ཉིད། །མཉམ་པར་ཤེས་པའི་སྦྱོར་བ་ཡིས། །ཐམས་ཅད་སངས་རྒྱས་རང་བཞིན་ 26-1-278a སྣང་། །མིག་ལ་རྣམ་པར་སྣང་མཛད་མགོན། །རྣ་བ་རྡོ་རྗེ་ཉི་མ་རྒྱལ། །སྣ་ནི་རྟ་མཆོག་ཉིད་ཡིན་ཏེ། །ཁ་ནི་པདྨ་གར་དབང་ཕྱུག །ཡིད་ལ་རྡོ་རྗེ་ཧེ་རུ་ཀ །ལུས་ནི་རྡོ་རྗེ་སེམས་དཔའོ། །དེ་ལྟར་ཡང་དག་སྦྱོར་ལྡན་པའི། །སྙིང་རྗེའི་བདག་ཉིད་ཅན་གྱིས་སྤྱད། །ཇི་ལྟར་ འདོད་པའི་བྱ་བ་ཡིས། །ཀུན་ཟ་ཀུན་བྱེད་དེ་བཞིན་གནས། །རྣམ་རྟོག་མེད་པའི་སེམས་ཀྱིས་ནི། །དེ་ཁོ་ན་ཉིད་འགྲུབ་པར་འགྱུར། །ཞེས་སོ། །ཡང་ལས་དང་པོ་པས་ནི་ཐུན་མོང་གི་སྒོ་ནས་བསླབ་པར་བྱ་སྟེ། སངས་རྒྱས་ཕ་རོལ་ཕྱིན་གྲུབ་པ། །གཟུངས་དང་ས་རྣམས་དེ་བཞིན་ དུ། །དགའ་བར་སྤྱོད་ན་ལྷ་དང་མིའི། །སྐལ་བཟང་བུད་མེད་སྨོས་ཅི་དགོས། །མཚན་ཉིད་ཀྱི་ཐེག་པ་དང་ཐུན་མོང་གི་སྒོ་ནས་ཚོགས་བསག་ཅིང་ལམ་སྦྱངས་ཏེ་འབྲས་བུ་མངོན་དུ་བྱའོ། །དེ་ཉིད་གང་ཞེ་ན། དྲང་བའི་སངས་རྒྱས་ས་བཅུ་པའི་རྒྱུད་ལ་གནས་པ་དག་གི་ཡོན་ཏན་གྱི་རྣམ་ པ་གཟུང་བའོ། །ལམ་ནི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་དང་། སྟོབས་དང་། །སྨོན་ལམ་དང་། ཡེ་ཤེས་ཀྱིས་རྣམ་པར་བསྡུས་པའི་ཕ་རོལ་ཏུ་ཕྱིན་པ་བཅུའོ། །དེས་ནི་མཐུན་པའི་འབྲས་བུ་སོ་སོར་ འགྲུབ་པ་དང་། གཟུངས་ཀྱི་སྒོ་བཞི་དང་ས་བཅུ་རྣམས་དགའ་བར་སྤྱོར་བའི་མཐུས་སྐད་ཅིག་ལ་འགྲུབ་པར་བྱེད་དོ། །ལྷ་དང་མིའི་བུད་མེད་ལ་སོགས་པ་ནི་སྨོས་ཀྱང་ཅི་དགོས་སོ། །དེ་ཡང་རྩ་བའི་རྒྱུད་ལས། དང་པོའི་ལས་ཅན་རྣལ་འབྱོར་པས། །རྒྱུ་རྐྱེན་ལམ་དང་འབྲས་བུ་དང་། ། རྒྱ་ཆེན་ཐུན་མོང་སྤྱོད་པས་སྤྱོད། །ཐམས་ཅད་ཅིག་ཅར་རྫོགས་པའི་ཚུལ། །ཞེས་སོ། །དེ་ཡང་མཚན་ཉིད་ཀྱི་ཐེག་པ་ལྟར་ཡུན་རིང་དུ་དཀའ་བ་སྤྱད་པས་འགྲུབ་པ་ནི་མ་ཡིན་ཏེ། སྐད་ཅིག་མ་གཅིག་ལ་རྫོགས་པར་བྱེད་པའོ། །ཕན་ཡོན་ནི། ལྷ་ཡི་དངོས་གྲུབ་དཀའ་བ་དང་། ། སངས་རྒྱས་བྱང་ཆུབ་བདེ་ཆེན་པོ། །སྐལ་བ་ཆེན་པོ་བདེ་མྱོང་བ། །སོ་སོའི་རྗེས་སུ་རང་འགྲུབ་འགྱུར། །སྤྱོད་པའི་སྒོ་ནས་རྗེས་སྒྲུབ་སྟེ། །དམན་པའི་དངོས་གྲུབ་འཇིག་རྟེན་ཕལ་པ་དག་གིས་འགྲུབ་པར་དཀའ་བ་དང་། མཆོག་གི་དངོས་གྲུབ་སངས་རྒྱས་ཀྱི་བྱང་ཆུབ་བདེ་ 26-1-278b ཆེན་རྡོ་རྗེ་སེམས་དཔའ་སྐལ་བ་བཟང་པོའི་དངོས་གྲུབ་དག་ཐབས་སོ་སོའི་སྒོ་ནས་རྗེས་སུ་འགྲུབ་པར་འགྱུར་རོ། །སྤྱད་པར་བྱ་བའི་ཐབས་ནི་དངོས་པོ་ཐམས་ཅད་ནི་རིགས་ཀྱི་གཙོ་བོ་གང་ཡིན་པའི་ཡབ་ཡུམ་དུ་དམིགས་ལ། རང་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་གསལ་བས་བསྒྲུབ་ ཅིང་ལོངས་སྤྱད་པར་བྱ་སྟེ། དངོས་གྲུབ་ཐམས་ཅད་ལས་བྱུང་བ། །དེ་བཞིན་གཤེགས་པ་ཀུན་གྱི་དཔལ། །སྐལ་བ་བཟང་པོའི་ལོངས་སྤྱོད་ཀུན། །རང་གི་སྤྱོད་པར་དེ་སྤྱོད་དོ། །འདིར་དང་པོའི་ཚིག་ནི་ཀུན་ལ་སྙེག་གོ། །རྟེན་དང་རྒྱུ་དང་ལམ་དང་འབྲས་བུ་མཛད་པའི་དངོས་གྲུབ་གང་ ཡང་རུང་བ་དག་ལ་ལོངས་སྤྱོད་པའོ། །དེ་ཡང་རྩ་བའི་རྒྱུད་ལས། སྐལ་བ་བཟང་པོའི་སྦྱོར་མཐུ་ལས། །དངོས་གྲུབ་བཅུ་དྲུག་འབྲས་བཟང་དཔལ། །བསྙེན་སྒྲུབ་བཅུ་དྲུག་གནས་ལས་སྐྱེས། །དངོས་གྲུབ་ཐམས་ཅད་ལས་བྱུང་བ། །དེ་བཞིན་སྐལ་བཟང་ལོངས་སྤྱོད་མཆོག ། བཅུ་དྲུག་རྟེན་གྱི་བྱེ་བྲག་གིས། །མཚན་ཉིད་རིམ་པའི་གནས་བཞིན་དུ། །རང་གི་སྤྱད་པར་དེ་སྤྱོད་དོ། །རྡོ་རྗེ་སེམས་དཔའ་རིགས་ཀུན་བདག །འདོད་པའི་ལོངས་སྤྱོད་ཀུན་གྱིས་བརྒྱན། །བཅུ་དྲུག་ས་ལ་སྤྱོད་པའི་མཐུས། །ཆོས་རྣམས་མ་ལུས་བདེ་བར་སྤྱོད། །ཅེས་སོ། ། དང་པོར་རྟེན་བཅུ་དྲུག་ནི་གང་ཟག་བཞིའི་དབྱེ་བས་ཕྱེ་སྟེ། ལས་དང་པོ་པས་ནི་ཏིང་ངེ་འཛིན་གྱི་དགོངས་པ་ནས་བཟུང་སྟེ། སྦྱོར་བའི་བར་དུ་གསལ་བ་དང་། རྗེས་སུ་སྦྱོར་བའི་བར་དུ་གསལ་བ་དང་། ཤིན་ཏུ་སྦྱོར་བའི་བར་དུ་གསལ་བ་དང་། སྦྱོར་བ་ཆེན་པོའི་བར་དུ་གསལ་བའོ། །ཡེ་ཤེས་ལ་ ཅུང་ཞིག་དབང་བས་ནི་ཡང་གོང་མའི་གནས་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་དམིགས་པའི་བྱ་བ་དང་། མདུན་གྱི་དཀྱིལ་འཁོར་ལ་དམིགས་པའི་བྱ་བ་དང་། གཉིས་སུ་མེད་པའི་དཀྱིལ་འཁོར་ལ་དམིགས་པའི་བྱ་བ་དང་། ཕྱག་རྒྱ་བཞིའི་འཕྲོ་འདུ་ལ་དམིགས་པའི་བྱ་བའོ། །ཡེ་ཤེས་ ལ་ཡང་དག་པར་དབང་བས་ནི་བཟླས་བརྗོད་དང་ཐིག་ལེ་དང་ཕྲ་མོ་དང་རྣམ་དག་ལ་རིམ་གྱིས་སམ་གཞན་ཡང་སྐུ་གསུང་ཐུགས་འཕྲོ་འདུ་དང་བཞི་པོ་གསལ་བའི་རྣམ་པས་སོ། །ཤིན་ཏུ་རྣམ་པར་གྲོལ་བས་ནི་དབང་པོ་ཡུལ་དུས་ཐམས་ཅད་དཀྱིལ་འཁོར་རགས་པའི་རྣམ་པ་དང་། ཆ་ 26-1-279a ཕྲ་བའི་རྣམ་པ་དང་། སྣང་སྟོང་གཉིས་མེད་དུ་གསལ་བ་དང་། བདེ་བ་ཆེན་པོའི་རྒྱས་བཏབ་པའོ། །དེ་ལྟར་རྟེན་གྱི་སྒོ་ནས་ཕྱེ་བའི་ལམ་བཅུ་དྲུག་དེས་ནི་རིག་འཛིན་རྣམ་པ་བདུན་ཡང་བསྡུས་སོ། །གསལ་བར་གྱུར་པ་ནི་རྟགས་ལྔ་པོ་མཐར་ཕྱིན་པའོ། །ཡང་རྒྱུད་ལ་ལས་ ནི་རྟགས་ལྔའི་སྒོ་ནས་གང་ཟག་བཞི་དབྱེ་ཞིང་བསྟན་ན་འདིར་ནི་གསལ་བར་བཤད་པ་མེད་དོ། །དེ་ཡང་རྟོག་པ་བདུན་པ་ལས། བཅུ་དྲུག་རྟེན་གྱི་མཚན་ཉིད་ཀྱིས། །དེ་གསལ་ལམ་གྲངས་བཅུ་དྲུག་སྟེ། རིག་འཛིན་གནས་མཆོག་བདུན་རྙེད་ནས། །རྒྱལ་བའི་ཞིང་ཁམས་དྲུག་ལ་སྦྱོར། །ཞེས་ པ་དང་། ཡང་། སྦྱོར་བ་བཞི་ཡི་བྱེ་བྲག་ལས། །ལས་དང་པོ་ཡི་ཏིང་འཛིན་བསྒྲུབ། །དམིགས་པ་བཞི་ཡི་ཚུལ་གྱིས་སུ། །ཅུང་ཞིག་ཡེ་ཤེས་དབང་བ་རྙེད། །ཡན་ལག་བཞི་ཡི་འཕྲོ་འདུ་ལས། །ཡེ་ཤེས་སེམས་དཔའི་གནས་མཆོག་གསལ། །རགས་ཕྲ་སྟོང་ཉིད་བདེ་བའི་རྒྱས། །ཤིན་ ཏུ་རྣམ་པར་གྲོལ་བ་ཡིན། །ཞེས་སོ། །བསྙེན་སྒྲུབ་བཅུ་དྲུག་ནི་རིགས་ཀྱི་ལྷ་གང་ཡང་རུང་བ་ཅིག་ལ་དམིགས་པའི་བསྙེན་སྒྲུབ་བཞི་དང་། རིགས་ཀྱི་དཀྱིལ་འཁོར་གང་ཡང་རུང་བ་ཅིག་ལ་དམིགས་པའི་བསྙེན་སྒྲུབ་བཞི་དང་། རིགས་དྲུག་གི་དཀྱིལ་འཁོར་རིམ་བཞིན་ བསྒོམས་པའི་བསྙེན་སྒྲུབ་བཞི་དང་། རིགས་བསྡུས་པའི་དཀྱིལ་འཁོར་བསྒོམས་པའི་བསྙེན་སྒྲུབ་ཡན་ལག་བཞིའོ། །དེ་ཡང་རྟོག་པ་བདུན་པ་ལས། མངོན་བྱང་སྦྱོར་བའི་སྐུ་བསྐྱེད་དེ། །རིགས་རྒྱན་གསལ་བ་བསྙེན་པའི་ལས། །འོད་བཅས་མྱུ་གུའི་གྲིབ་མ་བཞིན། ། གྲོགས་གསལ་ཉེ་བའི་བསྙེན་པ་ཡིན། །བྱིན་བརླབས་དབང་བསྐུར་བསྐུལ་མཛད་ཅིང་། །སྦྱོར་བ་སྒྲུབ་པ་ཞེས་བྱའོ། །བྱང་ཆུབ་སེམས་ཚོགས་ཀུན་འབྱུང་གནས། །ལས་ཚོགས་སྒྲུབ་པ་ཆེན་པོའི་ཚུལ། །ཞེས་པ་དང་། ཡང་རྩ་བའི་རྒྱུད་ལས། གསལ་བའི་དཀྱིལ་འཁོར་གསལ་ བསྒོམས་ཤིང་། །མཉེས་མཛད་བཟླས་པ་གཉིས་ཀྱི་ལས། །རྫོགས་པས་འཁོར་གྱི་དཀྱིལ་འཁོར་བསྙེན། །བསྙེན་པ་གསལ་བས་ཉེ་བསྙེན་ཡིན། །ཕྲིན་ལས་ཡན་ལག་ཀུན་ལྡན་པས། །འདོད་དོན་སྒྲུབ་པའི་ལས་སྦྱོར་ཞིང་། །འབྲས་བུ་ཤེས་པའི་ལས་དག་གིས། །དངོས་གྲུབ་ 26-1-279b སྒྲུབ་པ་ལས་ཆེན་ཚུལ། །ཞེས་པ་དང་། ཡང་རྟོག་པ་བདུན་པ་ལས། རྡོ་རྗེ་སེམས་དཔའ་ལ་སོགས་པ། །ཐུགས་རྗེ་ཆེ་དང་ལྡན་པ་ཡིས། །དཀྱིལ་འཁོར་ལྔ་ལ་སོགས་པའི་འཁོར། །ཞི་བའི་མཆོད་པས་མཉེས་པ་དག །བསྙེན་པའི་དོན་དུ་དེ་དག་གིས། །རྩ་བའི་དཀྱིལ་འཁོར་ཚུལ་ བཞིན་བལྟ། །ཕྲིན་ལས་བཞི་ཡི་དཀྱིལ་འཁོར་ལས། །ཉེ་བར་བསྙེན་པ་གོམས་བྱས་ནས། །སྔ་མ་ལས་ནི་གནས་བསྒྱུར་ཏེ། སྒྲུབ་པའི་དཀྱིལ་འཁོར་རྣམ་པར་བསམ། །དངོས་གྲུབ་ཆེན་པོ་བླང་བའི་ཕྱིར། །བསྐལ་པའི་མེ་དཔུང་འཁྲིགས་པ་བཞིན། །མཚན་མ་བརྟན་པོ་ མཐོང་བ་ནི། །སྒྲུབ་པ་ཆེན་པོ་བརྩམ་པར་བྱ། །ཞེས་པ་དང་། ཡང་རྩ་བའི་རྒྱུད་ལས། བསྙེན་སྒྲུབ་ཡན་ལག་རྣམ་བཞིའི་ཚུལ། །རིགས་བསྡུས་དཀྱིལ་འཁོར་བསྒྲུབ་པར་བྱ། །བསོད་ནམས་ཚོགས་ཀྱི་འཁོར་ལོ་དང་། །ཡེ་ཤེས་ཚོགས་ཀྱི་འཁོར་ལོ་ཡིས། །རིགས་ཀྱི་འཁོར་ལོ་རབ་ མཛེས་པ། །ཕུན་སུམ་ཚོགས་པའི་ལས་ཀྱིས་སྒྲུབ། །ཅེས་ཏེ། བསོད་ནམས་ཀྱི་ཚོགས་ལ་བསྡུས་པ་དང་། རྒྱས་པ་བསྙེན་པ་དང་ཉེ་བའི་བསྙེན་པ་ཡེ་ཤེས་ཀྱི་ཚོགས་ལ་བསྡུས་པ་དང་། རྒྱས་པས་སྒྲུབ་པ་དང་སྒྲུབ་པ་ཆེན་པོའོ། །དངོས་གྲུབ་བཅུ་དྲུག་ནི་རྩ་བའི་རྒྱུད་ལས། རལ་ གྲི་མིག་སྨན་རྐང་མགྱོགས་ཤུགས། །བུམ་པ་རིལ་བུ་གསེར་འགྱུར་རྩི། །བདུད་རྩི་བཅུད་ལེན་རིག་འཛིན་ཏེ། །ཐུན་མོང་ལས་མཆོག་དངོས་གྲུབ་ཡིན། །བཀྲ་ཤིས་དངོས་གྲུབ་བཟང་པོ་ནི། །ཀུན་དུ་སྐུ་གསུང་ཡོན་ཏན་ཐུགས། །འཕྲོ་ཞིང་ཁྱབ་མཛད་དཔལ་གྱི་གཞི། །མི་ འཇིགས་སྟོབས་མཆོག་རྒྱལ་པོའི་ཚུལ། །ཞེས་སོ། །ས་བཅུ་དྲུག་ནི་ཡང་རྩ་བའི་རྒྱུད་ལས། །རིག་འཛིན་རྒྱལ་པོ་ཚུལ་དག་གིས། །སངས་རྒྱས་ཐམས་ཅད་རྗེས་མཐུན་གུས། །ཐེག་པ་ཐུན་མོང་བ་སྤངས་ཏེ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་ཞིང་། །ས་མཆོག་བཅུ་དྲུག་གནོན་མཛད་ དེ། །རང་གི་བདེ་ཆེན་གནས་ལ་ཞུགས། །ཞེས་སོ། །ཅི་སྐབས་འདིར་དེ་དག་བསྟན་པར་མཛད་ཅེ་ན། སྤྱོད་པ་ནི་ལྟ་བ་དང་བསྒོམ་ཞིང་བསྒྲུབ་པའི་གྲོགས་ཀྱི་ཡན་ལག་སྟེ། དེས་ན་ཚིག་གི་ཟོར་ཡང་བའི་གནས་སུ་བསྡུས་པའི་ཕྱིར་གསུངས་པ་ཡིན་ནོ། །དེ་ལས་བྱུང་བ་ནི་དེ་ 26-1-280a བཞིན་གཤེགས་པ་ཀུན་གྱི་དཔལ་རྡོ་རྗེ་སེམས་དཔའ་སྟེ་དེ་ལ་ནི་སྐལ་བ་བཟང་པོ་ཞེས་བྱའོ། །དེ་ཉིད་ཀྱི་ཡོན་ཏན་གྱི་སྣང་བའི་ལོངས་སྤྱོད་ཐམས་ཅད་ཀྱང་། རིགས་ཀྱི་དཀྱིལ་འཁོར་དུ་ཞུགས་པའི་རྣལ་འབྱོར་པས་རང་གི་སྤྱད་པར་སྤྱོད་དོ། །དེ་ལྟར་བདག་གི་དོན་དུ་ རིགས་ཀྱི་དཀྱིལ་འཁོར་གཞན་དག་ལའང་སྦྱོར་ཞིང་བཙུན་མོ་དངོས་གྲུབ་ལ་སོགས་པ་དབང་དུ་བྱ་བའི་ཕྱིར། རྡོ་རྗེ་ཅན་གྱི་གྲུབ་མཆོག་དང་། །འཇིག་རྟེན་དབང་པོ་མཆོག་གི་དཔལ། །སངས་རྒྱས་དག་པའི་བདེ་དམ་པ། །ཕྲོགས་ནས་ཉེས་པར་སྤྱོད་པར་བྱེད། །དཔལ་ ཧེ་རུ་ཀ་རྡོ་རྗེའི་རིགས་ལས་ཁྲོ་བོ་ཆེན་པོའི་སྐུར་སྣང་བའི་ཡུམ་གྲུབ་མཆོག་ཀྲོ་དྷཱི་ཤྭ་རི་མ་དང་། ཡེ་ཤེས་ཀྱི་བྱིན་སྟོབས་རྣམས་བཀུག་ཅིང་བདག་གི་ཉེ་བར་ལོངས་སྤྱོད་པ་དང་། དཔལ་པདྨ་གར་གྱི་དབང་ཕྱུག་ནི་འཇིག་རྟེན་དབང་པོ་དང་། དེའི་ཡུམ་མཆོག་དཔལ་ན་བཟའ་དཀར་མོ་དང་། སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ཡུམ་བདེ་བ་དམ་པ་སངས་རྒྱས་སྤྱན་མ་བཀུག་པའོ། །ཡང་གསུངས་པ། ཁམས་གསུམ་དག་ནི་མ་ལུས་པ། །སངས་རྒྱས་རྒྱལ་སྲིད་ཆེན་པོ་ཀུན། །རྩལ་གྱི་སྟོབས་ཀྱིས་ངོ་མཐོན་དུ། །ཕྲོགས་ནས་ཉེ་བར་སྤྱོད་པར་བྱེད། །དཔལ་རྡོ་རྗེ་ ཉི་མའི་རྒྱུད་ལ་མངའ་བའི་ཆེ་བའི་ཡོན་ཏན་དང་། ཁམས་གསུམ་གྱི་རྒྱལ་སྲིད་དང་། ཡུམ་མཱ་མ་ཀཱི་དག་ཕྲོགས་པས་ཉེ་བར་ལོངས་སྤྱོད་པར་བྱེད་དོ། །སངས་རྒྱས་ཀུན་གྱི་གྲུབ་ཆེན་པོ། །མཆོག་གི་དབང་ཕྱུག་དམ་པ་དག །ཀུན་ནས་ཕྲོགས་ཏེ་བདེ་སྤྱོད་ན། །ལོངས་སྤྱོད་གཞན་ ལྟ་ཅི་ཞིག་སྨོས། །དཔལ་རྟ་མཆོག་གི་ཆེ་བའི་ཡོན་ཏན་དང་། ཡེ་ཤེས་དང་། ཡུམ་སངས་རྒྱས་ཀུན་གྱི་གྲུབ་ཆེན་མོ་དང་མཆོག་གི་དབང་ཕྱུག་མ་བཀུག་སྟེ་ལོངས་སྤྱོད་དོ། །དེ་དག་ནི་བདག་གི་དོན་དུ་འཇིག་རྟེན་ལས་འདས་པའི་ལོངས་སྤྱོད་པ་སྟེ་སྔགས་དབྱིབས་ཆོས་ཀྱི་དོན་ བཞིན་ཤེས་པར་བྱའོ། །ད་ནི་འཇིག་རྟེན་པ་ལ་ལོངས་སྤྱོད་པའི་ཚུལ་གྱིས་གཞན་དོན་བྱ་བའི་ཕྱིར། མཐུ་ཆེན་ལས་ནི་བཀྲ་ཤིས་བརྟན། །འཕྲོག་ལས་གྲུབ་དང་དྲན་ལས་དགའ། །མངོན་མཐོན་སྟོབས་ཀྱིས་ཕྲོགས་ནས་ཀྱང་། །དེ་ནི་དད་ལ་སྦྱིན་པར་བྱེད། །ལམ་པའི་དབང་དུ་བསྒྲུབ་ 26-1-280b པའི་མཐུ་ཡིས་འཇིག་རྟེན་པའི་ལྷ་ཆེན་པོ་དག་གི་ཆུང་མ་སྔར་བསྡུས་ནས་བདག་གིས་སྤྱོད་པ་དང་། འགྲོ་བ་གཞན་ལ་སྦྱིན་པར་མཛད་པའོ། །དེ་ཡང་འཇིག་རྟེན་གསུམ་གྱི་དྲག་པོ་དང་། དྲག་མོའི་ཚོགས་ཐམས་ཅད་འདུལ་བར་མཛད་པའི་མཐུ་དང་ལྡན་པའི་ལྷ་ཆེན་པོ་རྣམས་ཡིན་ལ། དེ་དག་ གི་སློབ་དཔོན་ནི་ཁྱབ་འཇུག་ཡིན་ཏེ་མཐུ་ཆེན་པོ་དང་། དེའི་ཆུང་མ་བཀྲ་ཤིས་བརྟན་མའི་དབང་ཕྱུག་མ་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་ནུས་པས་བཀུག་པ་དང་། དབང་ཕྱུག་ཆེན་པོ་མ་ཧཱ་དེ་བ་སྐྱེ་འགྲོ་ཐམས་ཅད་ཀྱི་མདངས་འཕྲོག་པར་བྱེད་པའི་ཆུང་མ་དཀའ་བཟློག་གྲུབ་པ་མོ་བཀུག་ པ་དང་། འདོད་པའི་ལྷ་དྲན་པའི་དགའ་རབ་དབང་ཕྱུག་གི་ཆུང་མ་དཔལ་ལྡན་ཕྲེང་བ་མ་དགའ་བ་མོ་བཀུག་པའོ། །དེ་ལ་ངོ་མཐོན་གྱི་སྟོབས་ཀྱིས་འཕྲོག་པའི་རིམ་པ་ནི་འདི་ལྟར་ཡིན་ཏེ། གང་ཞིག་སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་ པ་རླབས་པོ་ཆེའི་སྒོ་ནས། རང་གི་དམ་ཚིག་སྐྱོང་ཞིང་གཞན་ལ་ཕན་པའི་དོན་དུ་མ་ཡང་བརྩམ་པར་བྱ་སྟེ། ལྷ་ཆེན་པོའི་མཚན་མ་ཡོད་པའི་གནས་སུ་ཕུན་སུམ་ཚོགས་པ་བཞི་དང་ལྡན་པས། སྒོ་གསུམ་བྱིན་གྱིས་བརླབས་པས་རིགས་ཀྱི་ལྷར་བསྒོམ་ཞིང་། བདག་དང་འགྲོ་བ་སྦྱངས་པ་ དང་གསལ་བར་བྱ་བ་དང་། དབང་པོ་བསམ་པ་དང་། འཕགས་པ་ལ་ཡན་ལག་བཅུས་མཉེས་པར་བྱ་བ་དང་། ཚད་མེད་པའི་འཇུག་པ་དང་། སྲུང་བའི་འཁོར་ལོ་དང་། གཞིའི་ཏིང་ངེ་འཛིན་དང་། རྟེན་གྱི་ཏིང་ངེ་འཛིན་དང་། སྦྱོར་བའི་ཏིང་ངེ་འཛིན་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་དང་། མདུན་གྱི་དཀྱིལ་འཁོར་དང་། གཉིས་སུ་མེད་པའི་དཀྱིལ་འཁོར་ལ་དམིགས་ནས་བཟླས་བརྗོད་ལ་སོགས་པའི་མཚན་རྟགས་གསལ་བ་དང་། ཁྱབ་འཇུག་གི་དཀྱིལ་འཁོར་བྲི་སྟེ་བའི་རྣམ་ལྔ་ལ་ལེགས་པར་སྦྱར་བས་བྱུགས་པའི་འདབ་མ་བརྒྱད་ཀྱིས་མཚན་པའི་དཀྱིལ་འཁོར་སྔོན་པོ་ལ་ མེ་ཏོག་སྔོན་པོ་བཀྲམ་ཞིང་མཆོད་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཤེས་པའི་རྫས་དང་མཆོད་པ་ཐམས་ཅད་ཀྱི་གཏོར་མའི་ཕྱག་རྒྱ་ཤེས་པའི་རྫས་རྣམས་དང་། ཁྱད་པར་དུ་ལྕེ་པོག་དཀར་པོ་བདུན་སྦྱོར་དུ་བྱས་པའམ་སྤྱན་རས་གཟིགས་ཀྱི་རིལ་བུ་དང་། རུས་སྦལ་གྱི་སྣོད་དུ་གི་ཝང་དང་མངར་ 26-1-281a གསུམ་སྦྱར་བའི་རྒུན་ཆང་དང་། གཡོས་སྣ་དགུ་ལས་སྦྱར་བའི་གཏོར་མ་བརྩམ་པར་བྱའོ། །དེར་རྟེན་གྱི་འཁོར་ལོ་ཁྱབ་འཇུག་གི་སྔགས་ཀྱིས་བསྐོར་བ་དང་བ་སོའི་མཆོད་རྟེན་དུ་སྦྱོར་ཞིང་མེ་ཏོག་སྔོན་པོ་དང་། བདུག་པ་ལ་སོགས་པས་བཀང་བའི་རིན་པོ་ཆེའི་སྣོད་དམ་ ཁམ་ཕོར་གྱི་ནང་དུ་བཞག་ནས། རང་གི་ས་བོན་དང་སྔགས་ཀྱིས་བསྐྱེད་པའི་དཀྱིལ་འཁོར་རྣམས་དགུག་གཞུག་དང་མཆོད་པ་ལ་སོགས་ཀྱིས་མཉེས་པར་བྱས་ཏེ། རང་གི་སྔགས་ཀྱིས་བརྟན་པར་བྱས་ན་མཚན་མ་མཐོང་བར་འགྱུར་རོ། །དེ་ནས་འཇིགས་པའི་གཟུགས་ཀྱིས་མེ་ཏོག་ སྦྱིན་པར་བྱེད་དེ་གནས་པ་ལས། དམ་ཚིག་གི་ཕྱག་རྒྱ་བསྟན་ཞིང་མཆོད་ནས། སྔགས་དང་ཕྱག་རྒྱས་ཟིལ་གྱིས་མནན་ཅིང་མཆོད་རྟེན་གྱི་ནང་དུ་བཅུག་སྟེ། སྣོད་ཁ་སྦྱར་རས་སྔོན་པོས་དཀྲི་བར་བྱའོ། །ཡང་ལྷ་མོ་གཉིས་བཀྲ་ཤིས་མའི་རྟེན་གྱི་འཁོར་ལོའི་སྔགས་ཀྱིས་བརྒྱན་པར་གུར་གུམ་ གྱིས་བྱུགས་ཏེ། རིན་པོ་ཆེའི་སྣོད་དུ་མེ་ཏོག་དཀར་པོས་བཀང་ནས་རང་གི་སྔགས་དང་ཕྱག་རྒྱས་དགུག་པར་བྱའོ། །སྔགས་འབུམ་གྱིས་མེ་ཏོག་གི་ཆར་འབེབས་ཤིང་སྒྲ་སང་སང་སྒྲོགས་ཏེ། གསང་སྔགས་འབུམ་གྱིས་ནི་གཟུགས་སྟོན་པར་བྱེད་དོ། །དེ་ཉིད་ཟིལ་གྱིས་མནན་ཅིང་དམ་ཚིག་ གི་ཕྱག་རྒྱ་བསྟན་པར་བྱས་ལ། དབང་བསྐུར་ཞིང་བྱིན་གྱིས་བརླབ་པ་བྱས་ན་དགའ་བའི་བཞིན་སྟོན་པར་འགྱུར་རོ། །དེ་ནས་ལྷ་མོས་སྒྲུབ་པ་པོ་ལ་ཨ་ལ་ལ་ཞེས་བརྗོད་ཅིང་རིན་པོ་ཆེ་སྦྱིན་པར་བྱེད་དེ་མདུན་དུ་གནས་སོ། །དེ་ལ་བཀའ་བསྒོ་བ་བྱས་པས་བདག་གི་དབང་དུ་འགྱུར་ཏེ་ འདོད་པའི་ལས་འགྲུབ་པར་བྱེད་དོ། །དེས་ནི་སྔགས་ཀྱི་ཚུལ་གྱིས་འཇུག་ཅིང་རང་གི་ལྷ་ཆེན་པོ་ལ་ཡང་གསོལ་བར་བྱེད་དེ་འཁོར་དང་བཅས་པ་རྣམས་བྲན་བཞིན་དུ་འགྱུར་རོ། །དེ་བཞིན་དུ་ལྷ་ཆེན་པོའི་གཞན་གྱི་ཆུང་མ་ལ་སོགས་པ་དབང་དུ་བྱེད་དོ། །རྒྱ་ཆེར་རྩ་བའི་རྒྱུད་ལས་གསུངས་ པ། རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །རིགས་ཀྱི་དཀྱིལ་འཁོར་རྣམ་སྦྱོར་ཞིང་། །བསྒོམ་བཟླས་ཆོ་ག་གསལ་བ་ཡིས། །དངོས་གྲུབ་དབང་ཕྱུག་བདེ་བའི་མཆོག །བཟུང་ཞིང་གཞན་ལ་སྦྱིན་པར་བྱེད། །ངོ་མཐོན་སྟོབས་ཀྱིས་སྦྱོར་བ་ 26-1-281b ཡིས། །མཐུ་ཆེན་ལ་སོགས་རྨོངས་མཛད་ཅིང་། །ལོངས་སྤྱོད་ཚོགས་དང་ཆུང་མ་དག །བདག་གིས་སྤྱོད་ཅིང་གཞན་ལ་སྦྱིན། །སྒྲུབ་པའི་གནས་མཆོག་ཉམས་དགའ་ཞིང་། །ལྷ་ཆེན་མཚན་མའི་གནས་ཡོད་པའི། །འབྲས་བུ་མེ་ཏོག་ལྗོན་པའི་ཚལ། །ཆུ་བོའི་ངོགས་སུ་བསྒྲུབ་ བྱ་བ། །ཕུན་སུམ་ཚོགས་པ་བཞི་ལྡན་པས། །རྫས་དང་ས་གཞི་ཆོ་ག་བརྩམ། །དཀྱིལ་འཁོར་སྔོན་པོ་གྲུ་བཞི་ལ། །སྒོ་བཞི་ཕྲེང་བ་ཁམས་དང་བཅས། །དབུས་སུ་པདྨ་འདབ་བརྒྱད་ལ། །མེ་ཏོག་སྔོན་པོས་མངོན་པར་བརྒྱན། །སྣ་ཚོགས་མཆོད་གཏོར་ཉེར་སྦྱར་ཞིང་། །ཁྱད་ པར་མཆོད་པ་དགྲམ་པར་བྱ། །འཁོར་ལོ་རས་ལ་ལེགས་བྲིས་པའི། །རྩིབས་བརྒྱད་མུ་ཁྱུད་ཉིས་རིམ་མཛེས། །གི་ཝང་སྣ་མའི་ཁུ་བ་དང་། །རམས་དང་རེན་དེའི་རྫས་བཞི་ཡིས། །དབུས་དང་རྩེ་མོ་མུ་ཁྱུད་བྱུག །ཁྲུ་གང་ཚད་དུ་བཅའ་བར་བྱ། །དབུས་སུ་ཧཾ་མཾ་ཧེ་རཾ་བཀྵ། །ཤར་ དུ་མ་ནོ་རི་བ་སུཾ། །ལྷོ་རུ་བྲུཾ་ཀྵ་ཀྲུཾ་ཏཏ་ཊ། །ནུབ་ཏུ་སུཾ་བག་ཥན་ཙ་ར། །བྱང་དུ་ནི་རཾ་དྷཾ་མེ་ཧ། །མཚམས་སུ་ཀྲུཾ་དྷཾ་རུ་གཾ་སི། །ཨུཾ་ཐཱ་ཤུ་ཊ་ཁཾ་བྷ་བེ་ཏཊ། །ན་མོ་སརྦ་སུ་ག་ཏ་ཀྵ། མཐའ་ལྔ་ལྔ་ཡི་མཚན་མ་བྲི། །དབྱངས་དང་གསལ་བྱེད་མུ་ཁྱུད་ལ། །ཁམས་ཀྱི་རྒྱུད་ལས་གྲུབ་པ་ཡིས། ། གནོད་མཛེས་མེ་ཏོག་ལྔ་ལྡན་པར། །བ་སོའི་མཚན་མ་འཁོར་ལོར་བཅས། །ལེགས་གཞག་བདུག་པའི་དྲི་སྦྱོར་བསགས། །རྡོ་རྗེ་སེམས་སོགས་སྦྱོར་བ་ཡིས། །མཐུ་ཆེན་འཁོར་བཅས་དགུག་བྱ་སྟེ། །དམ་ཚིག་རྫས་ཀྱིས་མཉེས་པ་དག །སྔགས་དང་ཕྱག་རྒྱས་ བརྟན་པར་བྱ། །སྡེ་ཚན་དགུ་ཡི་གསང་སྔགས་ལ། །ཨོཾ་དང་སྭཱ་ཧཱ་ཐོག་མཐར་སྦྱོར། །རྩ་གཅིག་གསལ་བའི་བཟླས་བརྗོད་ཀྱིས། །རིམ་བཞིན་དགུག་སོགས་ལས་ལ་སྦྱར། །དེས་ནི་མཚན་མ་འཇིགས་ཚུལ་སྟོན། །ནག་པོ་དྲག་ཆེན་ཁྲོས་པའི་ཚུལ། །འཁོར་ལོ་ རྩེ་གསུམ་མདའ་དང་གཞུ། །སྒྲ་སྒྲོགས་མཁའ་ལ་འཕོ་བ་ལས། །རྡོ་རྗེ་བརྗོད་གནོན་ཕྱག་རྒྱས་བཅིང་། །མདུན་ན་མེ་ཏོག་སྦྱིན་པར་བྱེད། །ཟིལ་གནོན་དམ་ཚིག་ཕྱག་རྒྱ་བསྟན། །མཆོད་ཅིང་དམ་ཚིག་བསྒྲག་པར་བྱ། །རང་གི་གནས་སུ་ཕྱིན་པ་ལས། །སླར་ཉིད་མནན་ཅིང་ཕྱག་ 26-1-282a རྒྱས་བསྡམས། །ཡུལ་དང་ཕྱེ་སྟེ་རིན་ཆེན་སྒྲོམ། །མཆོད་རྟེན་རས་སྔོན་དག་གིས་དགབ། །ཨོཾ་ཨཾ་བྷུ་བ་ག་ཏ་ན་ར་ཡ་ནི་ཛ་ཛཱ། །དམ་ཚིག་སྔགས་ཀྱིས་བསྐུལ་བྱས་ནས། །འཁོར་ལོའི་མཚན་མ་བྲི་བར་བྱ། །སྔ་མ་བཞིན་དུ་བརྩམས་པ་ལས། །གུར་གུམ་ བཟང་པོས་བྱུག་པར་བྱ། །དབུས་སུ་དེ་བི་སིདྡྷི་ཛཿ། །ཕྱོགས་མཚམས་མུ་ཁྱུད་སྔགས་མཐུན་བྲི། །གནོད་མཛེས་མེ་ཏོག་དཀར་པོས་དགང་། །ཨོཾ་དང་སྭཱ་ཧཱས་མཛེས་བརྒྱན་པའི། །རང་གི་སྔགས་དང་ཕྱག་རྒྱས་དགུག །གསང་སྔགས་འབུམ་གྱི་གྲངས་ཚང་བས། །མཁའ་ལས་མེ་ ཏོག་ཆར་པ་འབེབས། །སྒྲ་སྐད་སྣ་ཚོགས་སྒྲོགས་པར་བྱེད། །འབུམ་ཚོ་གཉིས་ཀྱིས་མི་སྡུག་གཟུགས། །གསུམ་གྱིས་ལེགས་པའི་གཟུགས་སྟོན་འགྱུར། །གཟུགས་འཛིན་བཀྲ་ཤིས་པདྨོའི་མདོག །དམར་གསལ་རྩེ་གསུམ་པདྨ་འཛིན། །ཟིལ་གནོན་དམ་ཚིག་ཕྱག་རྒྱ་ བསྟན། །དབང་བསྐུར་བྱིན་གྱིས་བརླབ་པར་བྱ། །དགའ་བའི་བཞིན་མདངས་རྒྱས་པ་ཡིས། །སྒྲུབ་པ་པོ་ལ་སླར་སྨྲས་པ། །ངོ་མཚར་ཆེན་པོ་ཨ་ལ་ལ། །ལག་གི་རིན་ཆེན་སྦྱིན་པར་བྱེད། །མདུན་ནས་བསྒོ་བ་དབང་བསྐུར་ཏེ། །འདོད་པའི་ལས་རྣམས་གྲུབ་པར་བྱེད། ། སྔགས་ཀྱི་སྦྱོར་བའི་མཐུ་ཉིད་ཀྱིས། །གསང་སྔགས་དཀྱིལ་འཁོར་འཇུག་པར་འགྱུར། །ཕྱག་རྒྱ་དགྲོལ་བའི་ཆོ་ག་ཡིས། །མཐུ་ཆེན་ལྷ་ལ་གསོལ་འདེབས་ཤིང་། །སླར་ཡང་འཁོར་བཅས་ཚོགས་པ་ཡིས། །དྲན་བཞིན་འདོད་པ་ཀུན་གྲུབ་མཛད། །ཨོཾ་ཧཾ་ཙཀྲ་ན་ཡ་ར་ནི་ བིསྣུ་ཀམྦ་ལ་དྷ་ཧ་རཱུ་པ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ན་མོ་པི་མུ་ས་མ་དེ་བི་ཀཾ་པ་ལ་ར་ད་ནན་ཧཱུཾ་སྨྲྀ་ཏ་ཡ་ཕཊ་སྭཱ་ཧཱ། འཁོར་ལོ་རྩེ་གསུམ་ཕྱག་རྒྱ་ཆེ། །སྒྲུབ་པའི་ལས་ལ་སྦྱོར་བར་འགྱུར། །དབང་ཕྱུག་བདེ་བ་གནས་མཛད་པའི། །རྡོ་རྗེ་སེམས་དཔའི་རྣལ་འབྱོར་པས། །དཀྱིལ་འཁོར་སྔོ་ནག་གྲུ་ གསུམ་ལ། །དབུས་སུ་ཏྲི་ཤཱུལ་མཚན་མས་བརྒྱན། །གྲུ་བཞི་སྒོ་དང་མཚམས་སུ་བཅས། །པདྨ་མེ་འོད་ཕྲེང་བས་བསྐོར། །མཆོད་པའི་རྒྱན་རྣམས་ཐམས་ཅད་ཀྱིས། །སྣ་ཚོགས་ཉེ་བར་མཛེས་བྱས་ཏེ། །ཉི་མ་མུ་ཏིག་སྒྲོན་མའི་རྫས། །རུས་སྦལ་སྣོད་དུ་གཞག་སྟེ་དགྲམ། །དྲི་སྣ་ 26-1-282b ལྔ་ཡི་བདུག་པ་དང་། །དྲི་སྣ་བདུན་པའི་རིལ་བུ་དག །བདུད་རྩི་གི་ཝང་མར་དཀར་དང་། །ཉ་ཕྱིས་སྣོད་བཅས་གཞག་པར་བྱ། །གྲོ་ག་སོགས་ལ་བྲིས་པ་ཡི། །འཁོར་ལོ་རྩེ་གསུམ་མཚན་མ་ཅན། །ལྟེ་བ་རྩིབས་བརྒྱད་མུ་ཁྱུད་གཉིས། །སོར་ཚད་བཅུ་གཉིས་ཚད་དུ་བྱ། །དབུས་ སུ་ཀཾ་ཤཱི་ཤྭ་ར་ཡ། །ཤར་དུ་མ་ཧཱ་དེ་བ་ཧོ། །ནུབ་ཏུ་བ་རི་སུ་ཐ་གྷ། །ལྷོ་རུ་པརྞ་ཤ་བ་རི། །བྱང་དུ་ཧཱུཾ་ཕཊ་ཏཊ་ཐུ་མུཾ། །མཚམས་སུ་ལམ་པ་གྷུཾ་གྷུཾ་ཧཱུཾ་ཛ། །པྲ་མོ་ས་ར་བྷིནྡ་ཡ། །ནི་ནུར་རཏྟ་བྲི་ཧ་ར། །ཧཱུཾ་མཐར་སྭཱ་ཧཱ་ཐོག་མར་ཨོཾ། མུ་ཁྱུད་ཡི་གེ་ལྔ་བཅུ་ཅན། །རིན་ཆེན་སྣོད་མཛེས་ སྦྲང་རྩི་ཅན། །མེ་ཏོག་དྲི་བཅས་གཞག་བྱ་སྟེ། །ཕྱག་རྒྱ་སྔགས་ཀྱིས་ལྷ་ཆེན་དབབ། །དགུག་གཞུག་འཁོར་ལོ་ལ་གནས་བྱ། །དབང་ཕྱུག་ཆེན་པོ་དྲག་པོའི་གཟུགས། །རིན་ཆེན་ཉི་ཟླའི་སྙན་ཆ་ཕྲེང་། །སྔོ་སྐྱ་རབ་འཇིགས་ཐོད་པ་ཐོགས། །མིག་གསུམ་རལ་པའི་མཚན་མ་ ཅན། །ཏྲི་ཤཱུལ་དགྲ་སྟ་རལ་གྲི་དང་། །ཐོད་པ་ཤ་ཁྲག་བཀང་བ་འཛིན། །འཁོར་བཅས་སྣ་ཚོགས་གཟུགས་དང་སྒྲ། །སུམ་འབུམ་སྔགས་ཀྱིས་གཟུགས་སྟོན་འགྱུར། །དམ་ཚིག་ཟིལ་གནོན་ཕྱག་རྒྱ་སྔགས། །ལས་ཀྱི་རྗེས་སུ་མཐུན་པས་བསྒྲུབ། །གནོད་བརྗིད་ སྔགས་ཀྱིས་བརྒྱལ་མཛད་ནས། །ཕྱག་རྒྱའི་ཚོགས་ཀྱིས་རྨོངས་པར་འགྱུར། །ལྷ་མོ་ལྗང་སྐྱ་ཐོད་པ་ཐོགས། །རྒྱན་ཕྲེང་ན་རའི་མཚན་མ་ཅན། །དབང་བསྐུར་བྱིན་བརླབས་དགའ་མཛད་ནས། །སྙོམས་འཇུག་ཕྱག་རྒྱའི་ཚུལ་དུ་གནས། །ལྷ་མོ་ཆགས་པས་ཡིད་གཡོས་ཏེ། ། སྒྲུབ་པ་པོ་ལ་ལྷར་གསོལ་པ། །འདོད་པའི་དངོས་གྲུབ་ཅི་བཞེད་པ། །མྱུར་བར་བསྐང་སྟེ་བྲན་དུ་བགྱི། །གསང་བའི་དཀྱིལ་འཁོར་དམ་པ་འདིར། །བདེ་བའི་ཡེ་ཤེས་བསྟན་དུ་གསོལ། །ཕྱག་རྒྱ་དགྲོལ་བའི་ལས་རྣམས་ཀྱིས། །དབང་ཕྱུག་ཆེན་པོས་བསླང་བྱས་ནས། ། དབང་བསྐུར་དམ་ཚིག་རབ་སྦྱོར་མཐུས། །བདེ་བའི་ཡེ་ཤེས་བསྐྱེད་པར་མཛད། །གཙོ་བོ་བདེ་ཆེན་ཨ་ལ་ལ། །རྡོ་རྗེ་གསུམ་མཆོག་ཨ་ལ་ལ། །བདག་ཅག་ངོ་མཚར་བདེ་སྐྱེད་མཛད། །ཅི་འདོད་དགོས་པ་བསྒྲུབ་པར་བགྱི། །ཨོཾ་ན་མོ་བི་ཙ་ར་ཎི་མ་ཧཱ་དེ་བ། མ་ཧཱ་རུ་ཀཾ་བ་ལ་ 26-1-283a ཧི་ཧ་ཧ་ཧ་ཧ་ཧཱུཾ་ཕཊ་སྭཱ་ཧཱ། ཏྲི་ཤཱུལ་ཕྱག་རྒྱ་སྔགས་བཅས་ཀྱི། །ལས་རྣམས་ཀུན་ལ་སྦྱོར་བར་བྱེད། །སྣ་ཚོགས་གནས་ཀྱིས་བརྒྱན་དགའ་བར། །སྣ་ཚོགས་ལྷ་མོའི་ཚོགས་འཕྲུལ་ཞིང་། །མེ་ཏོག་དམར་པོས་ཉེར་མཛེས་པར། །དཀྱིལ་འཁོར་དམར་པོ་བྲི་བར་བྱ། ། དབུས་སུ་མདའ་ཡིས་མཚན་ཕྲེང་མཛེས། །བར་ཁྱམས་སྒོ་དང་བཅས་པ་བྲི། །གང་བའི་བུམ་པ་རྒྱན་ཚོགས་ཚང་། །རིན་ཆེན་སྙིང་པོ་ཅན་ནང་དུ། །སྔགས་ཀྱི་འཁོར་ལོ་གཞུག་པར་བྱ། །རྩེ་བརྒྱད་མདའ་ཡིས་མཚན་བྱས་པའི། །ལྟེ་བ་མུ་ཁྱུད་ཕྲེང་བ་ཅན། །སོར་མོ་བཅུ་ དྲུག་རས་ལ་བྲིས། །དབུས་སུ་དྷཾ་ཧཾ་ཧཱུཾ་ཧཱུཾ་ཧཱུཾ། །ཤར་དུ་ཕྲེཾ་ཕཊ་ཕཊ་ཏད་ཏྭཱཾ། །ལྷོ་རུ་སིདྡྷ་གྲེ་ཏ་སུ། །ནུབ་ཏུ་རཾ་ཏ་མ་ཧྲི་ཧི། །བྱང་དུ་གྷ་གྷ་ས་ར་དྲུཾ། །མཚམས་སུ་ཧུ་ལུ་ཧུ་ལུ་ཧེ། །ནཱ་ག་ཏེཤྩ་ར་རུ་ཀ། །སཾ་བྷོ་ག་ཏ་ཏྲ་ཏ་ཏར། །ཧཿསྡེ་ལྔ་ལྔ་ཕྱོགས་དང་མཚམས། །མུ་ཁྱུད་དབྱངས་དང་གསལ་ བྱེད་ཚོགས། །ཛཿཧཱུཾ་བཾ་ཧོཿ་སྔགས་སྦྱོར་བས། །ལྷ་ཆེན་ཕྱག་རྒྱ་གསལ་བར་གདབ། །སེར་སྐྱ་རིན་ཆེན་རྒྱན་ཕྲེང་མཛེས། །སྣང་བའི་མདའ་འཛིན་མྱོས་པའི་དཔུང་། །དྲག་མོ་གནས་རྒྱལ་རིན་ཆེན་སྐྱེས། །འདོད་པའི་གནས་ལ་ལོངས་སྤྱོད་འཕྲུལ། །གསང་སྔགས་རྒྱལ་པོས་ བསྐུལ་མཛད་ནས། །སུམ་འབུམ་གྲངས་ཀྱིས་གཟུགས་སྟོན་འགྱུར། །ཨོཾ་དྷཾ་ཀཱ་མ་དེ་བ་རུ་ལུ་བྷྱོ་ན་མོ་བྷྱོ། ཧ་རི་སཉྩ་ར་གྷཾ་སཾ་བྷྱོ་བྷྱོ་བྷྱོ་ཧཱུཾ་ཕཊ་སྭཱ་ཧཱ། མདའ་ཡི་ཕྱག་རྒྱ་སྔགས་བཅས་མཐུས། །རང་གི་ལས་ལ་བསྐུལ་བར་འགྱུར། །རྣལ་འབྱོར་རབ་ཏུ་ཉེར་སྦྱོར་ནས། །འདོད་པའི་ ལས་རྣམས་གནས་འཇུག་སྟེ། །མཆོད་པ་ཀུན་གྱིས་བརྒྱན་པའི་གནས། །དེར་ནི་དཀྱིལ་འཁོར་བརྩམ་བྱ་སྟེ། །གྲུ་བཞི་དབང་ཆེན་དབྱིབས་འདྲ་བའི། །རྡོ་རྗེས་མཚན་པ་གསེར་གྱི་མདོག །དབུས་སུ་པད་མཚན་མུ་ཁྱུད་ཅན། །བར་ཁྱམས་སྒོ་དང་བཅས་པར་བྲི། ། རྩེ་བརྒྱད་འཁོར་ལོ་མུ་ཁྱུད་ཀྱི། །ཕྲེང་བ་གཉིས་དང་ལྡན་པ་ལ། །དབུས་སུ་ཨོཾ་ཨི་ཨིཾ་སརྦ། །ཤར་དུ་པྲ་མ་བྲི་ཤཾ་རུ། །ལྷོ་རུ་ཤཱནྟིཾ་ནཱ་གཾ་ཧཱུཾ། །ནུབ་ཏུ་ཧཱུཾ་ཕཊ་བྲི་གུ་ཏི། །བྱང་དུ་ཏྲི་ག་མུ་རཾ་སུ། །མཚམས་སུ་བྲམ་ཟེ་ཀུ་མ་རུ། །ག་ཏྲ་རུ་པཾ་ལཾ་བ་སཾ། །བ་ར་བ་ར་སཾ་བ་ར། །ཕཊ་ཀྱི་མཐར་ 26-1-283b ཐུག་སྡེ་དགུ་པའོ། །གནས་རེར་ལྔ་ལྔ་བྲི་པར་བྱ། །མུ་ཁྱུད་ཡི་གེ་ལྔ་བཅས་མཚན། །འཁོར་ལོའི་རྩེ་མོར་བརྒྱན་པ་བྲི། །གུར་གུམ་དྲི་བཟང་བསྒོས་པའི་སྣོད། །རིན་ཆེན་རྒྱན་གྱིས་སྤྲས་པ་རུ། །འཁོར་ལོ་འབྲས་དཀར་སྔགས་བཅས་གཞུག། །རང་སྔགས་ཕྱག་རྒྱ་དགུ་ ཅིང་གཞུག །ཟིལ་གནོན་དམ་ཚིག་ཕྱག་རྒྱ་བསྟན། །མཆོད་ཅིང་ལས་ལ་བསྐུལ་བར་བྱ། །ཞི་བ་གསེར་མདོག་གདོང་བཞི་པ། །རྒྱན་མཛེས་འཁོར་ལོའི་ཕྲེང་བ་འཛིན། །གསང་སྔགས་སུམ་འབུམ་གྲངས་ཀྱིས་ནི། །རྣམ་པ་གསུམ་གྱི་རྟགས་སྟོན་འགྱུར། །རྨོངས་ཤིང་བརྒྱལ་བར་ བྱས་ནས་ནི། །ལྷ་མོ་དབང་དུ་བསྡུ་བར་བྱ། །ཚངས་མ་རིན་ཆེན་ཕྲེང་བ་འཛིན། །མཛེས་པ་ཀུན་གཟུགས་གསེར་གྱི་མདོག །དབང་བསྐུར་བྱིན་བརླབས་རོལ་པར་མཛད། །ལུས་བསྐྱོད་དགའ་བདེའི་ཡེ་ཤེས་རྒྱས། །ཨོཾ་པྲ་མ་ནི་གྷ་ཏ་པ་ར་ཧྲི་ན་དྷ་ཡ། ཨོཾ་ཨཱཿ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། འཁོར་ལོའི་ཕྱག་ རྒྱ་སྔགས་བཅས་མཐུས། །ལས་རྣམས་ཀུན་ལ་སྦྱོར་བར་བྱེད། །བཟང་པོ་ཀུན་སྤྱོད་རྣལ་འབྱོར་གྱིས། །ས་སྟེངས་རྒྱལ་པོའི་གནས་བསྡུས་ཕྱིར། །དཀྱིལ་འཁོར་དཀར་པོ་རྒྱན་ལྡན་པར། །མེ་ཏོག་དཀར་པོ་གཏོར་བར་བྱ། །དབུས་སུ་པདྨ་རྡོ་རྩེ་གསུམ། །མུ་ཁྱུད་བར་ཁྱམས་སྒོ་ བཅས་བྲི། །འཁོར་ལོའི་རྩེ་མོ་བརྒྱད་དག་ལ། །རྩེ་གསུམ་རྡོ་རྗེས་མཚན་པ་ནི། །རས་ལ་སོར་ཚད་བཅུ་བཞི་པ། །རམས་དང་ལྷང་ཚེར་བསྲེས་པས་བྲི། །དབུས་སུ་ཨ་ཨ་པི་མ་ལེ། །ཤར་དུ་ཨིནྡྲ་བྷི་ཧ་ཧ། །ལྷོ་རུ་བྷྲཱུཾ་སུ་ཨ་ཨ་ཨཾ། །ནུབ་ཏུ་ཙཎྜ་ཤྭ་རི་ཏྭཾ། །བྱང་དུ་ཧེ་ཧེ་རུཏྟ་ནེ། །མཚམས་ སུ་ན་མོ་ཤ་ཀེ་ལུ། །ཧེ་ཧེ་མུ་ནི་ཏཾ་ཊྲ་ཊྲ། །བ་ར་ས་མོ་བ་ར་ཧཱུཾ། །ཧཱུཾ་གི་མཐུ་ཅན་གནས་དགུར་དགྲམ། །མུ་ཁྱུད་གཉིས་ལ་གསལ་བྱེད་དབྱངས། །རྒུན་འབྲུམ་ལ་སོགས་མེ་ཏོག་གིས། །དུས་གསུམ་དུ་ནི་མཆོད་བྱས་ཏེ། །གསང་སྔགས་རྒྱལ་པོས་གཞུག་བྱས་ནས། །སྔགས་དང་ ཕྱག་རྒྱས་བརྟན་པར་བྱ། །དབང་པོ་གངས་རི་མིག་སྟོང་པ། །རྡོ་རྗེ་རྩེ་གསུམ་རྒྱན་ཕྲེང་མཚན། །སུམ་འབུམ་སྔགས་ཀྱིས་ལས་སྦྱོར་ཞིང་། །ལྷ་མོ་ཀུན་དང་རོལ་པར་མཛད། །ཨོཾ་ཨིནྡྲ་ཡེ་སངྒྷ་མ་ནུ་ར་ག་ཀྵ་ཨིནྡྲ་བྷྲཱུཾ། གྷེ་ཏཏྟ་གྷེ་ཏ་ཊཱུ་ཧ་མ་ཧ་ནོ་ཕཊ་སྭཱ་ཧཱ། རྡོ་རྗེ་རྩེ་གསུམ་སྔགས་ཀྱི་ 26-1-284a མཐུས། །ཅི་འདོད་དངོས་གྲུབ་ཐོབ་པར་མཛད། །གང་ཞིག་བཟླས་དང་བསྒྲུབ་པ་དང་། །བསྒོམ་ཞིང་གཟུང་བར་མ་བྱས་ཀྱང་། །ཕྱག་རྒྱ་འཆང་བའི་ཡོན་ཏན་གྱི། །ཚད་གཟུང་བ་ནི་ནུས་མ་ཡིན། །བསྲུང་དང་རྒྱས་སོགས་ལས་རྣམས་ལ། །དབུས་མཐའ་ལྷ་དང་བསྲུང་ སྔགས་དང་། །ཡི་གེ་བརྒྱ་པ་མིང་སྔགས་སྤེལ། །ཁྱིམ་དུ་ལེགས་པར་མཆོད་བྱས་ན། །བུ་འདོད་པས་ནི་བུ་རྙེད་ཅིང་། །དཔལ་འདོད་པས་ནི་དཔལ་ཐོབ་འགྱུར། །ཚེ་དང་བང་མཛོད་རྒྱས་པ་དང་། །ནད་མེད་རྟག་ཏུ་བདེ་བར་འགྱུར། །ཞེས་གསུངས་ཏེ། དེ་ལྟར་ལྷ་ཆེན་པོའི་ཚོགས་རྣམས་ དབང་དུ་མཛད་ནས་བྲན་བཞིན་དུ་འགྱུར་ཏེ། བདག་གི་འདོད་པ་ཐམས་ཅད་སྐོང་ཞིང་དེ་ཉིད་ལས་དག་པའི་རྣལ་འབྱོར་པས་གཞན་ལ་ཡང་སྦྱིན་པར་མཛད་དོ། །ཡང་འཇིག་རྟེན་གསུམ་གྱི་རྒྱལ་སྲིད་མ་ལུས་པ་རྣམས་ལ་ལོངས་སྤྱོད་པའི་ཕྱིར། མ་ལུས་འཇིག་རྟེན་གསུམ་རྒྱལ་སྲིད། །འཇིག་རྟེན་ དབང་ཕྱུག་ཀུན་དང་བཅས། །མངོན་འཐོན་སྟོབས་ཀྱིས་ཕྲོགས་ནས་ཀྱང་། །དེ་ནི་དད་ལ་སྦྱིན་པར་བྱེད། །འཇིག་རྟེན་གསུམ་པོ་མ་ལུས་པ་ན་ཡོད་པའི་རྒྱལ་སྲིད་ལྷའི་རྒྱལ་པོ་དང་། ཀླུའི་རྒྱལ་པོ་དང་། མིའི་འཁོར་ལོས་སྒྱུར་བ་དང་། གནོད་སྦྱིན་གྱི་རྒྱལ་པོ་ལ་སོགས་པའི་ཡོན་ཏན་ རྣམ་པར་འཕྲུལ་པ་དང་། རང་གི་ལས་ལས་གྲུབ་པའི་རྫས་དག་ཀྱང་བསྡུ་བར་མཛད་ན་གཞན་ནི་ལྟ་ཅི་སྨོས། དེ་ཡང་རྩ་བའི་རྒྱུད་ལས། རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །རིགས་ཀྱི་དཀྱིལ་འཁོར་གསལ་བྱས་ནས། །བཟླས་བསྒོམ་ཆོ་ག་རྫོགས་ མཛད་ཅིང་། །འཇིག་རྟེན་བཀོད་པ་ཉམས་དགའ་བར། །ཕུན་སུམ་ཚོགས་པའི་དགོས་པ་འགྲུབ། །རིན་ཆེན་བུམ་པ་བཟང་པོ་མཛེས། །ཆ་རིགས་ཉི་ཤུ་རྩ་བདུན་ལྡན། །དཀྱིལ་འཁོར་རེའུ་མིག་དགུ་པ་ཡིས། །གནས་དགུར་མཆོད་པའི་རྒྱན་བཅས་དགྲམ། །བསྙེན་སྒྲུབ་ བཞི་ཡི་རིམ་པ་ཡིས། །རང་རིག་ལྷ་ཡི་གསང་སྔགས་ལ། །སྦྱོར་བ་སྤེལ་ཏེ་བརྗོད་བྱས་ན། །འབུམ་ཚོ་གསུམ་གྱིས་འགྲུབ་པར་འགྱུར། ན་མཿ་ཨརྠ་སིདྡྷི་གྷ་ཧ་ན་ལོ་ཙ་ན་མ་མ་སིདྡྷ་ཀུ་རུ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། །བདུན་ཕྲག་ཉི་ཤུ་རྩ་དགུ་ཡིས། །ལས་ལ་སྦྱོར་ཞིང་དངོས་གྲུབ་ 26-1-284b བླང་། །བུམ་པ་བཟང་སོགས་ལས་རྣམས་ཀུན། །འདི་ཡིས་འགྲུབ་པར་ཐེ་ཚོམ་མེད། །ཅེས་སོ། །དེ་ལྟར་ན་ལས་ཆེན་པོ་དག་ཀྱང་འགྲུབ་ན་གཞན་ནི་ལྟ་ཅི་སྨོས་ཏེ། ཚངས་པ་འཇུག་སེལ་དབང་ཆེན་གྱི། །མཆོག་གི་དབང་ཕྱུག་དམ་པ་དག །ཀུན་ནས་ཕྱོགས་ཏེ་མྱུར་སྦྱིན་ན། །ལོངས་ སྤྱོད་གཞན་ལྟ་སྨོས་ཅི་དགོས། །ཁམས་གསུམ་ཀུན་གྱི་བདག་པོ་ཚངས་པ་ཆེན་པོ་དང་། ལྷ་རྣམས་ཀྱི་སློབ་དཔོན་འཇུག་སེལ་དང་། འདོད་ཁམས་ཀྱི་བདག་པོ་དབང་ཕྱུག་ཆེན་པོ་དང་། ས་སྟེང་གི་བདག་པོ་སྦྱིན་བདག་གི་མཆོག་སྟེ་དབང་པོ་དང་། གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་དགའ་རབ་ དབང་ཕྱུག་དམ་པའོ། །འདོད་པར་བྱ་བའི་འབྲས་བུ་ནི་མཆོག་གི་ལས་ལ་སྤྱོད་པ་སྟེ། དེ་ཡིས་མི་སྦྱིན་ཅི་ཡང་མེད། །སངས་རྒྱས་དོན་དུ་བྱ་བ་ཀུན། །མི་བྱ་བ་ནི་གང་ཡང་མེད། །སྦྱིན་པ་དང་ནི་བྱེད་པའང་ཡིན། །དེ་ཁོ་ན་ཉིད་ཀྱི་དོན་ལ་གནས་ཤིང་བསྙེན་སྒྲུབ་ཀྱི་ཡན་ལག་ལྡན་པའི་སྤྱོད་པ་འདིས་ནི་ རྣམ་པར་གྲོལ་བའི་འབྲས་བུ་སྐྱེད་ཅིང་ཐམས་ཅད་འགྲུབ་བོ། །མཆོག་གི་དངོས་གྲུབ་ཀྱི་དོན་དུ་ཐམས་ཅད་ལ་ལོངས་སྤྱོད་དེ་གཞན་ལ་ཡང་སྦྱིན་པར་བྱ་ཞེས་པའོ། །ཇི་ལྟར་དེ་དག་འགྲུབ་བམ་ཞེ་ན། སངས་རྒྱས་བྱང་ཆུབ་སེམས་དཔའ་ཡང་། །ཕྱོགས་ནས་ཀྱང་ནི་སྦྱིན་བྱེད་ན། །ལས་མཆོག་དག་ནི་ རབ་འབྱམ་དང་། །དངོས་གྲུབ་གཞན་ལྟ་ཅི་ཞིག་སྨོས། འཇིག་རྟེན་པའི་ལྷ་ཀླུ་མཐུ་བོ་ཆེ་དང་། འཇིག་རྟེན་ལས་འདས་པའི་འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དག་གིས་ཀྱང་འགྲུབ་པར་མི་ནུས་པའི་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ལས་བྱུང་བ་དག་ རྣལ་འབྱོར་པས་འགྲུབ་པར་བྱེད་དེ། ཅི་དེ་ཁོ་ན་ཉིད་ཀྱི་རང་བཞིན་ཤེས་པ་ལས་བྱུང་བ་ཡིན་པའི་ཕྱིར་རོ། །དེ་ཡང་རྩ་བའི་རྒྱུད་ལས། ཟག་མེད་ཡེ་ཤེས་ལས་བྱུང་བའི། །བདེ་བ་ཆེན་པོའི་གནས་སྦྱོར་བ། །དི་ཡིས་མི་འགྲུབ་གང་ཡང་མེད། །སངས་རྒྱས་བྱང་ཆུབ་དཀའ་བ་མིན། །རང་ ཉིད་བྱང་ཆུབ་སེམས་སྦྱོར་བས། །རང་གི་རང་བཞིན་འགྲུབ་ཕྱིར་རོ། །དེ་ཡང་། འཇིག་རྟེན་པ་དང་འདས་པ་ཡིས། །ལྟ་དམན་སོ་སོའི་རྒྱུད་འགྲུབ་མིན། །ཞེས་སོ། །དེ་དག་སྤྱོད་པའི་ཕན་ཡོན་བདག་གི་དོན་དུ། དངོས་གྲུབ་མཆོག་ནི་གདོན་མི་ཟ། །སྡེ་རྣམས་ཐམས་ཅད་རབ་ 26-1-285a འཇོམས་པ། །གང་ཞིག་འདོད་པས་བྱ་བའི་འབྲས་བུ་ལས་མཆོག་ཏུ་གྱུར་པ་དེ་ནི་བདེ་བ་ཆེན་པོའི་སྐུ་ལས་བྱུང་བ་དག་གོ། །ཇི་ལྟར་ན་ལམ་དང་འབྲས་བུ་ཐམས་ཅད་ཀྱི་མཐར་ཕྱིན་པ་སྟེ། ཉིད་ཀྱི་ཆེ་བའི་ཡོན་ཏན་ཟག་པ་མེད་པའི་ཡེ་ཤེས་ལ་སྣང་བས་མི་མཐུན་པའི་བདུད་རྣམས་སྡེ་ དང་བཅས་པ་འདུལ་བར་མཛད་པས་སོ། །དེ་ཡང་གཞན་གྱི་དོན་དུ་ནི། སངས་རྒྱས་ཀུན་གྱི་གྲུབ་ཆེན་པོ། །འཁོར་ལོས་སྒྱུར་བ་རབ་ཏུ་འགྲུབ། །དེ་ཉིད་རྩ་བའི་རྒྱུད་ལས། དཔལ་ལྡན་དངོས་གྲུབ་མཐར་ཕྱིན་རྒྱལ། །སངས་རྒྱས་རྣམ་འཕྲུལ་རྒྱས་པའི་ཚོགས། །ཆོས་ཀྱི་འཁོར་ལོ་བསྐོར་ མཛད་ཅིང་། །བྱ་བ་ཐམས་ཅད་མ་ལུས་གྲུབ། །ཅེས་སོ། །ཚུལ་ནི། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་མཆོག་གིས། །སངས་རྒྱས་ཀུན་གྱི་རྫུ་འཕྲུལ་ཆེ། །རྣམ་པར་འཕྲུལ་པ་རབ་ཏུ་འཇུག །ལེའུ་གཉིས་པའི་ལྟ་བའི་དོན་བཞིན་དུ་ཤེས་ཤིང་རྟོགས་པར་བྱས་ ནས་ལྔ་པའི་སྒོ་ནས་ཡིད་ཆེས་པར་འཇུག་ཅིང་གསལ་བར་གྱུར་པས། གསུམ་པས་ཕྱག་རྒྱ་ཆེན་པོའི་ལམ་སྒྲུབ་ཅིང་། བཞི་པས་དོན་བཞིན་དུ་སྤྱོད་ན། སྐུ་དྲུག་ལྷུན་གྲུབ་ཀྱི་སྣང་བ་ལས་བྱུང་བའི་སངས་རྒྱས་ཀུན་གྱི་རྫུ་འཕྲུལ་ཆེན་པོ་ནི། རིགས་ཀྱི་དཀྱིལ་འཁོར་ཆེན་པོ་དྲུག་ལ་སོགས་པར་ འཕྲུལ་ཅིང་། དེ་ལ་དབུགས་དབྱུང་བ་གྲངས་མེད་པའི་སྣང་བའི་སྒོ་ནས་སེམས་ཅན་གྱི་དོན་མཛད་པའོ། །གཞན་ཡང་མཛད་པ་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་སྤྱོད་པ་ལ། མཚན་ཉིད་ཀྱི་ཐེག་པ་ལ་སློབ་པས་འདུལ་བའི་ལམ་པ་དག་གི་ཕྱིར། ལ་ལར་བྱང་ཆུབ་སེམས་ཆེན་པོས། །ལ་ལར་སྤྱོད་དང་ མཐུན་པར་འགྲོ། །ཞེས་པའི་ཚིགས་སུ་བཅད་པ་གསུམ་གསུངས་ཏེ། གང་ཞིག་དུས་ལ་ལར་ཐུགས་རྗེ་ཆེན་པོས་གཞི་བཟུང་སྟེ། བྱང་ཆུབ་མཆོག་ཏུ་ཐུགས་རིན་པོ་ཆེ་རྣམ་པ་གཉིས་བསྐྱེད་ཅིང་སྦྱངས་པ་དང་། དུས་ལ་ལར་བསོད་ནམས་ཀྱི་ཚོགས་མང་པོས་གཞི་བཟུང་སྟེ། ལམ་རྣམ་པ་ལྔ་ སྦྱང་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ཚོགས་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སྤྱོད་པ་དང་། དུས་ལ་ལར་དགའ་ལྡན་གྱི་གནས་སུ་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོར་གྱུར་ནས་ལྷ་རྣམས་ལས་མངོན་པར་མཐོ་བའི་གནས་སུ་བཞུགས་ཏེ། འོད་ཟེར་སྤྲོས་ཤིང་ཏིང་ངེ་འཛིན་གྱི་སྣང་ 26-1-285b བ་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་སྟོན་པར་མཛད་པ་དང་། དུས་ལ་ལར་སྔོན་གྱི་སྨོན་ལམ་དང་། འཕྲལ་གྱི་ཐུགས་རྗེ་ཆེན་པོ་མཚུངས་པའི་དབང་གིས་ཕྱོགས་བཅུ་ནས་བསྐུལ་བའི་སྒྲ་གསན་ནས་ཉིད་ཀྱི་སྐུ་གླང་པོ་ཆེའི་གཟུགས་ཀྱིས་བཙུན་མོ་སྒྱུ་འཕྲུལ་ཆེན་པོའི་ལྷུམས་སུ་ཞུགས་ནས་ འཁོར་རྣམས་ལ་ཆོས་སྟོན་པ་དང་། དུས་ལ་ལར་ཡུལ་ཡ་རབས་ལུམྤིའི་ཚལ་དུ་ཡུམ་གྱི་མཆན་ཁུང་གཡས་པའི་སྒོ་དྲལ་ཏེ་མུན་རུམ་ནས་གློག་འགྱུ་བ་བཞིན་དུ་བལྟམས་ཏེ་ཕྱོགས་བཞིར་གོམ་པ་བདུན་བདུན་བོར་བ་དང་། གཞོན་ནུ་རོལ་རྩེད་མཛད་པ་ལ་སོགས་པས་འཇིག་རྟེན་གྱི་བྱ་བ་ མཐར་ཕྱིན་པར་མཛད་པ་དང་། དུས་ལ་ལར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་དཀའ་བ་ཆེན་པོ་སྤྱོད་པ་དང་། དུས་ལ་ལར་བྱང་ཆུབ་ཀྱི་ཤིང་དྲུང་དུ་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་གནས་པས་སྒྲིབ་པའི་དྲི་མ་ཐམས་ཅད་དག་སྟེ་ཚོགས་རྫོགས་པ་དང་། དུས་ལ་ལར་བདུད་བཞིའི་ཚོགས་བཅོམ་ ཞིང་རྡོ་རྗེའི་གདན་ལ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། དུས་ལ་ལར་གདུལ་བྱའི་རྒྱུད་དང་མཐུན་པའི་ཆོས་ཀྱི་འཁོར་ལོ་རིམ་གྱིས་བསྐོར་བར་མཛད་པ་དང་། དུས་ལ་ལར་མུ་སྟེགས་ཀྱི་སྟོན་པ་དྲུག་ལ་སོགས་པ་རྣམས་ཐབས་མཁས་པའི་མཛད་སྤྱོད་ཀྱིས་ཚར་བཅད་པ་དང་། དུས་ལ་ ལར་སྤྲུལ་པའི་སྐུ་མྱ་ངན་ལས་འདས་པའི་ཚུལ་གྱིས་གདུལ་བྱ་ལེ་ལོ་ཅན་གཟུང་བ་དང་། ཆོས་ཐམས་ཅད་འདུས་བྱས་ཀྱི་ཚུལ་དུ་བསྟན་པའོ། །གཞན་ཡང་སྤྲུལ་པའི་དབང་དུ་བྱས་ན་ཅིག་ཅར་སྟོང་གསུམ་གྱི་འཇིག་རྟེན་རྣམས་ལ་ཐུགས་རྗེ་ཆེན་པོའི་མཛད་པས་དོན་སྤྱོད་དོ། །ཡུལ་ལ་ལར་སེམས་ ཅན་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལ་བཀོད་པ་ནས་བཟུང་སྟེ། ཡུལ་ལ་ལར་མྱ་ངན་ལས་འདས་པའི་ཚུལ་གྱིས་དོན་མཛད་པའོ། །དེ་དག་གི་དོན་ནི་རྒྱ་ཆེ་བའི་སྡེ་སྣོད་དག་ལས་རྒྱས་པར་གསུངས་སོ། །གང་ཟག་དབང་པོ་ཁྱད་པར་དུ་གྱུར་པ་དག་ལ་གསང་སྔགས་ཀྱི་ཐེག་པས་དོན་ སྤྱོད་དོ། །སྐུས་འདུལ་བ་རྣམས་ལ་ནི། ལ་ལར་འཇིག་རྟེན་གསུམ་རྒྱལ་བ། །གྲུབ་པ་ཀུན་གྱི་དབང་ཕྱུག་ཉིད། །དུས་ལ་ལར་དང་ཡུལ་ལ་ལར་སེམས་ཅན་གྱི་དོན་དུ་ཇི་ལྟར་འགྱུར་བ་བཞིན་དུ་སྐུ་བསྟན་ཏེ། རྩ་བའི་རྒྱུད་ལས། ལ་ལར་ཞི་ལ་ཚངས་པའི་གཟུགས། །ལ་ལར་དྲག་པོ་གཤིན་ 26-1-286a རྗེའི་ཚུལ། །ལ་ལར་མཁས་པའི་གཟུགས་ཀྱང་འཛིན། །ལ་ལར་དུས་མཐའི་མེ་ལྟར་འབར། །ལ་ལར་སྐྱེ་དགུའི་མགོན་མཛད་ཅིང་། །ལ་ལར་སྐྱེ་དགུ་འཇོམས་པར་མཛད། །ལ་ལར་དཀྱིལ་འཁོར་གྲངས་མེད་ཚོགས། །ལ་ལར་དཔའ་བོ་གཅིག་པར་སྣང་། །ལ་ལར་སྣོད་ བཅུད་བཀོད་མཛད་ཅིང་། །ལ་ལར་སྣོད་བཅུད་སྟོངས་པར་བྱེད། །ལ་ལར་ཞི་ཁྲོའི་གཟུགས་སྤྲོ་ཞིང་། །ལ་ལར་དཀྱིལ་འཁོར་སྡུད་པར་མཛད། །ཅེས་ཏེ་གདུལ་བྱའི་ཚོགས་རྣམས་ལ་དཀྱིལ་འཁོར་སྣ་ཚོགས་ཀྱི་སྒོ་ནས་དོན་བཞིན་དུ་དབུགས་འབྱིན་པར་མཛད་པའོ། །གང་ཞིག་གསུང་གི་ཐེག་ པས་འདུལ་བ་དག་ལ་ནི། ལ་ལར་རྟོག་པ་ཐམས་ཅད་མཆོག །གྲུབ་པའི་དབང་ཕྱུག་བླ་ན་མེད། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་བྱེ་བྲག་ཇི་ལྟ་བ་བཞིན་དུ། དྲང་བ་དང་ངེས་པའི་དོན་གཉིས་ལས་བརྩམས་ཏེ་ཐེག་པ་རིམ་པ་མང་དུ་སྤྲོས་ཤིང་གསུངས་སོ། །དེ་ཡང་རྩ་བའི་རྒྱུད་ལས། ལྟ་དམན་བྱིས་ པ་འདྲེན་དོན་དུ། །རྟོག་པ་དམན་པའི་ལམ་བསྟན་ཏེ། །གནས་ངན་དཀའ་སྤྱད་ཞེན་པའི་ཤུགས། །འཁོར་བའི་ངན་སོང་གནས་མི་མཐོང་། །རྟོག་པའི་སྒྲིབ་ཚོགས་གནས་མཐའ་ཡིས། །རྣམ་གྲོལ་ཡེ་ཤེས་མཐོང་མི་འགྱུར། །ཅུང་ཞིག་རྣམ་གྲོལ་ལས་གཟུང་བའོ། །ཤེས་རབ་སྙིང་ རྗེ་གནས་མོས་པའོ། །གྲོལ་མཛད་ཐེག་པ་མཐའ་ཡས་སྒོ། །རྣམ་ཐར་ས་ལ་རབ་སྦྱོར་མཛད། །བྱ་དང་སྤྱོད་པ་ལ་མོས་པ། །གསང་སྔགས་དོན་སྤྱོད་ཐེག་ཆེན་མཆོག །རང་གི་ཡེ་ཤེས་གནས་འཇུག་ཅིང་། །སྔགས་སྤྱོད་རྒྱ་ཆེན་ལྷར་སྦྱོར་བ། །འཇིག་རྟེན་བྱ་བ་རབ་གྲུབ་སྟེ། ། གདགས་པའི་འབྲས་ཅན་གྱིས་མཐར་ཕྱིན། །རབ་སྦྱངས་ཤེས་རབ་བློ་མཆོག་ལ། །གསང་བ་ཟབ་མོའི་ཚུལ་བསྟན་ཏེ། །རང་གི་བདེ་ཆེན་དབང་ཕྱུག་མཆོག །སྣ་ཚོགས་བཀོད་པ་གྲོལ་བར་སྣང་། །ཞེས་སོ། །ཡང་མཛད་པ་རྒྱ་ཆེན་པོའི་སྒོ་ནས། དེ་ལ་སོགས་པ་མཐའ་ཡས་མཆོག །སངས་ རྒྱས་ཀུན་བདག་བདེ་མཆོག་གིས། །འདུལ་བའི་ཐབས་སུ་ངེས་པའི་གར། །རྣམ་པར་འཕྲུལ་པས་དགྱེས་ཤིང་རོལ། །མངོན་དུ་ཉམས་སུ་མྱོང་བས་གྲུབ་པའི་ཡོན་ཏན་གྱི་མཛད་པ་མཐའ་ཡས་པའི་སྒོ་ནས་གཞན་དུ་སྤྱོད་དེ། སངས་རྒྱས་ཀུན་གྱི་བདག་པོ་བདེ་བ་ཆེན་པོའི་སྐུ་དེ་ཉིད་ལ། སྐུ་ 26-1-286b གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱིས་འདུལ་བའི་ཐབས་སྣ་ཚོགས་རྣམ་པར་གྲོལ་བས་ངེས་པའི་དོན་བསྟན་ཅིང་སྤྱོད་པར་མཛད་དོ། །དེ་ཡང་རྩ་བའི་རྒྱུད་ལས། སྐུ་དང་གསུང་ཐུགས་ཡོན་ཏན་དང་། །སྣ་ཚོགས་ལས་བྱུང་ཕྲིན་ལས་ཀྱིས། །འདུལ་བའི་ཐབས་སུ་ངེས་པའི་གར། །ཐམས་ ཅད་དོན་ལ་རྣམ་པར་གྲོལ། །ཞེས་སོ། །གང་སྤྱོད་པའི་སྒོ་ནས་འབྲས་བུའི་མཚན་ཉིད་ལ་བདག་དོན་ལྷུན་གྱིས་གྲུབ་པའི་ཚུལ་ནི། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །བརྟན་པ་དབང་ཕྱུག་ཆེན་པོའི་བདག །གཟུགས་དང་ཚེ་དང་ཁ་དོག་སྟོབས། །དཔལ་ལྡན་རྡོ་རྗེ་སེམས་དཔའ་བཞིན། །ལམ་ལ་ རྣམ་པར་སྤྱོད་པའི་མཐུས། །དངོས་གྲུབ་ཆེན་པོའི་མཆོག་འགྲུབ་སྟེ། །རྟག་ཏུ་རང་གི་རྒྱུད་ལ་གནས་པའི་དབང་ཕྱུག་བརྒྱད་དང་། དཔལ་བཞི་འགྱུར་འགྲུབ་པའོ། །དེའི་ཡོན་ཏན་གཞན་ཡང་། འགྲོ་བ་དག་གིས་བསྙེན་བྱ་ཞིང་། །དེ་བཞིན་གཤེགས་པ་ཀུན་གྱིས་མཆོད། །ལྷ་མོ་ཀུན་གྱི་ དཔལ་ལྡན་མཆོག །རྡོ་རྗེ་སེམས་དཔའ་རབ་ཏུ་འགྲུབ། །དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་དངོས་གྲུབ་ཐོབ་པ་འདི་ལ། ཁམས་གསུམ་གྱི་སྐྱེ་འགྲོ་ཀུན་དགའ་བའི་སྒོ་ནས་བསྙེན་བཀུར་བྱེད་དེ། དེ་བཞིན་གཤེགས་པ་ཀུན་གྱིས་ནི་མཆོད་པར་མཛད་ཅིང་ལྷ་མོ་ཀུན་གྱི་གཙོ་བོར་ འགྱུར་ཏེ། རྡོ་རྗེ་སེམས་དཔའ་བཞིན་ནོ། །གཞན་ཡང་འབྲས་བུ་ཡོན་ཏན་དང་བཅས་པའི་སྒོ་ནས་གཞན་དོན་མཐར་ཕྱིན་པའི་ཚུལ་ནི། སེམས་ཅན་ཁམས་ནི་དུ་མ་དག །མ་ལུས་པར་ནི་ཕྱག་རྒྱས་འདེབས། །ལྷ་དང་བྱང་ཆུབ་དཀའ་བ་རྣམས། །བརྟན་པར་སེམས་ཅན་དག་ལ་སྦྱིན། །རྣམ་ པར་ཤེས་པ་དང་ལྡན་པའི་ཕུང་པོའི་ཚོགས་དང་ལྡན་ཞིང་། བྱེད་པ་མེད་ལ་རང་གི་མཚན་ཉིད་འཛིན་པའི་ཆོས་ཅན་དག་ནི་སེམས་ཅན་གྱི་ཁམས་སོ། །དེ་དག་མ་ལུས་པ་རྣམས་ལ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱས་འདེབས་ཤིང་ལྷའི་དངོས་གྲུབ་དང་། བླ་ན་མེད་པའི་བྱང་ཆུབ་དག་བརྟན་པར་ སེམས་ཅན་ལ་སྦྱིན་པར་མཛད་དོ། །ཅི་དུས་ལན་རེ་ཙམ་དུའམ་ཞེ་ན། སངས་རྒྱས་ཀུན་བདག་བདེ་མཆོག་གིས། །སེམས་ཅན་ཀུན་གྱི་དོན་བྱེད་ཅིང་། །མ་ལུས་ལུས་པ་མེད་པ་ཡི། །བསྐལ་པ་ཀུན་དུ་སྲིད་པར་གནས། །སྐུ་དྲུག་གི་འཕྲུལ་པ་དེ་ཉིད་ཀྱི་སྒོ་ནས་སེམས་ཅན་ཀུན་ 26-1-287a གྱི་དོན་མཛད་ཅིང་། གཅིག་ཙམ་གྱི་དོན་མཛད་པའི་ཕྱིར་ཡང་བསྐལ་པའི་བར་དུ་གནས་པའོ། །དེ་དག་ནི་ལམ་གྱི་སྒོ་ནས་རྣལ་འབྱོར་པའི་མཛད་སྤྱོད་དང་། མཐར་ཕྱིན་པའི་འབྲས་བུའི་མཛད་པས་སེམས་ཅན་གྱི་དོན་བྱ་བའི་རིམ་པ་བསྟན་ཏེ། དེ་ནས་ཁྱད་པར་དུ་ལེའུ་ དྲུག་པ་དང་། ལེའུ་བཅུ་པའི་དོན་ཡང་འབྲེལ་ཏོ། །དེ་དག་བསྡུས་པའི་ཚུལ་དུ་ལེའུའི་མཚན་ཉིད་ནི་སྣ་ཚོགས་ཐམས་ཅད་ཀྱི་སྐལ་བ་བཟང་པོ་མཆོག་གི་དངོས་གྲུབ་ཅེས་བྱ་སྟེ། དཔལ་དམ་ཚིག་གི་རྟོག་པའོ། །རྡོ་རྗེ་སེམས་དཔའི་རྣལ་འབྱོར་པས་སྤྱོད་པ་དང་སྒྲུབ་པའི་ལས་སྣ་ ཚོགས་ལ་སྦྱོར་ཞིང་ལོངས་སྤྱོད་པས་ན་སྐལ་བ་བཟང་པོའོ། །དེ་ཉིད་འབྲས་བུའི་མཆོག་ལ་ལོངས་སྤྱོད་པས་ན་མཆོག་གི་དངོས་གྲུབ་སྟེ། ལྷ་མོའི་དཀྱིལ་འཁོར་དང་མི་འབྱེད་པའི་དམ་ཚིག་ལ་ལོངས་སྤྱོད་པའོ། །ལེའུ་བཞི་པའི་དོན་རྣམ་པར་བཤད་པའོ།། །། གང་དག་གི་དོན་དུ་གང་གིས་གང་ལྟར་བྱུང་ཞིང་གང་ཞིག་བཤད་པའི་མཚན་ཉིད་ནི། སྔོན་བྱུང་སྟོན་པའི་དགོངས་མཛད་དང་། ཁྱད་པར་གྱི་གླེང་གཞིས་ཡིད་ཆེས་པར་བྱ་བ་དང་། རྗེས་སུ་འཇུག་པའི་བྱ་བས་དོན་ཉམས་སུ་བླངས་པའི་ཕྱིར། ལེའུ་ལྔ་པའི་ཏིང་ངེ་འཛིན་གྱི་རིམ་པ་གསུངས་སོ། །དེ་ཡང་ རྟོག་པ་བདུན་པ་ལས། ཆོ་འཕྲུལ་བཀོད་པའི་གླིང་གཞི་ཡིས། །འཇུག་པ་པོ་རྣམས་ཡིད་ཆེས་མཛད། །རྗེས་མཐུན་བསྒྲུབ་པར་བྱ་བའི་ཆོས། །ཏིང་འཛིན་ཡེ་ཤེས་གནས་ལ་སྦྱོར། །མཚན་བཅས་མཚན་མེད་རིམ་པ་བཞིན། །ཁྱད་པར་མངོན་སུམ་གསང་གསུམ་སྐུ། །ཞེས་སོ། ། དེ་ཡང་ཆོ་འཕྲུལ་བཀོད་པའི་གླེང་གཞི་ནི་བསྐལ་པ་བཟང་པོ་རྒྱན་གྱི་དུས་སུ། སངས་རྒྱས་དཔལ་སྡེ་བཟང་པོའི་བསྟན་པ་ལ་དགེ་སློང་གྲོལ་བའི་རྒྱལ་མཚན་གྱིས་དེ་བཞིན་གཤེགས་པའི་གསུང་རབ་ལ་ལོག་པར་སྤྱད་པས་དྲེགས་བྱེད་སྡེ་ཅན་ཆུང་མ་ཉི་ཤུ་དང་བཅས་པར་བྱུང་ངོ་། ། དེ་ལ་སོགས་པ་ཉོན་མོངས་པ་སྤྱིའི་ལམ་པ་དག་གདུལ་བའི་དོན་དུ་སྟོང་པ་ཆེན་པོའི་ཡེ་ཤེས་ཀྱི་སྣང་བ་རིགས་ཐམས་ཅད་ཀྱི་བདག་ཉིད་དྲུག་པ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་རྡོ་རྗེ་སེམས་དཔའི་ཆ་ལུགས་ཀྱིས་ལྷ་མོ་ཉི་ཤུའི་ཚོགས་དང་བཅས་པར་རྣམ་པར་འཕྲུལ་ཏེ་སྣང་ངོ་། །དེ་དག་གི་ 26-1-287b གླེང་གཞི་རྒྱས་པར་ནི་རྩ་བའི་རྒྱུད་ལས་རྒྱ་ཆེར་བསྟན་ཏོ། །འདིར་ནི་ཅུང་ཞིག་ཙམ་གསུངས་པའི་དོན་བཤད་པར་བྱ་སྟེ། དང་པོ་སྐུ་དང་ཡེ་ཤེས་ཀྱི་མཚན་ཉིད་ནི། འདི་ཡི་རྣལ་འབྱོར་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། ། མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །ཉེ་བར་མངོན་སུམ་པར་སྣང་བའི་དབང་པོ་དྲུག་གི་སྤྱོད་ཡུལ་འདི་དག་རང་བྱུང་གི་ཡེ་ཤེས་ཆེན་པོའི་སྣང་བ་ཡིན་ཏེ། དེ་ཉིད་ལ་རང་གི་ཡེ་ཤེས་ཆེན་པོས་རྣམ་པར་སྦྱོར་བས་རྟོགས་པ་མངོན་དུ་གྱུར་ནས་ཆེ་བའི་ཡོན་ཏན་ཐམས་ཅད་ལ་མངའ་བརྙེས་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྐུར་སྣང་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནོ། །དེ་ཉིད་ཀྱི་ཚུལ་ཅི་ཞིག་ཅེ་ན། གང་ཞིག་སངས་རྒྱས་གཉིས་ཀྱི་རྣམ་པའི་སྒོ་ནས་ཐམས་ཅད་ལ་མཉམ་པར་སྦྱོར་ཞིང་མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་གི་ངང་ཚུལ་ཅན་ནོ། །ས་མ་ཡོ་ གའི་སྒྲས་ཐམས་ཅད་མཚོན་པའི་དབྱིངས་ཅན་ཏེ། སེན་དྷ་པའི་སྒྲ་བཞིན་ནོ། །མཁའ་འགྲོའི་རྣམ་པའི་གནས་སྐབས་ལྔར་འཇུག་པར་བྱེད་དེ། ཡེ་ཤེས་ཤུགས་ཀྱིས་མཁའ་ལ་འགྲོ་བ་དང་། རྫུ་འཕྲུལ་སྟོབས་ཀྱིས་མཁའ་ལ་འགྲོ་བ་དང་། གྲུབ་པས་མཁའ་ལ་འགྲོ་བ་དང་། རང་བཞིན་ གྱིས་མཁའ་ལ་འགྲོ་བ་དང་། ལས་ཀྱིས་མཁའ་ལ་འགྲོ་བ་སྟེ། དེ་དག་ཐམས་ཅད་ཀྱང་བདེ་བ་མཆོག་གི་རང་བཞིན་ནོ། །དེ་ལས་སྐུ་རྣམ་པ་དྲུག་གི་ཚུལ་དུ་སྣང་སྟེ། ཡང་དག་གྲུབ་པ་གཅིག་པུ་ཉིད། །ཇི་ལྟར་འདོད་པ་བཞིན་དུ་སྦྱར། །ཆོས་ཐམས་ཅད་དབྱིངས་སྐྱེ་བ་མེད་པ་རང་ གི་མཚན་ཉིད་ཡང་དག་པའི་ཚུལ་རྣམ་པར་གནས་པ་དེ་ཉིད་ཇི་བཞིན་པའི་ངོ་བོ་ཤེས་པར་བྱ་སྟེ། ཤེས་རབ་རྣམ་པ་གསུམ་གྱི་སྒོ་ནས་རྟོགས་ཤིང་གྲུབ་པ་ལ་གཉིས་སུ་མེད་པའི་དོན་གྱིས་གཅིག་པུ་ཉིད་དུ་གནས་པའོ། །དེ་ཉིད་ལས་རང་ཉིད་ཀྱི་ཆེ་བའི་ཡོན་ཏན་མི་ཟད་པའི་སྣང་བ་དང་། གཞན་གྱི་རྒྱུད་ལ་སྣང་བའི་དོན་གྲུབ་པའི་ཚུལ་དུ། །ཇི་ལྟར་འདོད་པ་བཞིན་དུ་སྐུ་རྣམ་པ་གཉིས་ཀྱི་སྣང་བ་སྣ་ཚོགས་ཀྱི་རྣམ་པར་སྦྱར་རོ། །དེ་ནས་སྐུ་དྲུག་ལྷུན་གྱིས་གྲུབ་པའི་མཚན་ཉིད་དེ་བསྡུས་པའི་དོན་གྱིས་གཉིས་སུ་མེད་པའི་སྐུ་དང་། རྣམ་པར་འཕྲུལ་པའི་སྐུ་དང་། བདེ་བ་ 26-1-288a ཆེན་པོའི་སྐུ་དང་གསུམ་དུའང་སྦྱར་ཏེ། དེ་དག་སྐུ་གསུམ་སྤྱིའི་མཚན་ཉིད་བསྟན་པ་ཞེས་ཀྱང་བྱའོ། །དེ་ཡང་རྩ་བའི་རྒྱུད་ལས། སྐུ་དང་ཡེ་ཤེས་གནས་སྦྱོར་བའི། །རྣལ་འབྱོར་ཆེན་པོ་བཅོམ་ལྡན་འདས། །དེ་ཉིད་རྡོ་རྗེ་སེམས་དཔའ་སྟེ། །སངས་རྒྱས་ཀུན་ གྱི་བདག་ཉིད་ཡིན། །ཞེས་པ་དང་། རྟོག་པ་བདུན་པ་ལས་ཀྱང་། ཡང་དག་གྲུབ་པ་གཅིག་པུ་ཉིད། །སངས་རྒྱས་བདེ་ཆེན་ཀུན་འདུས་པ། །རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས། །མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ། །ཞེས་སོ། །ད་ནི་སྟོན་པའི་མཛད་པ་ལས་དགོངས་པའི་དོན་བསྟན་ པའི་ཕྱིར། རྟོག་པའི་ཆོ་ག་ཐམས་ཅད་ལ། །གྲུབ་པའི་དམ་པ་མཆོག་གི་མཆོག །གཞི་ལས་འཁྲུལ་པའི་འགྲོ་བ་དང་། །ལམ་ལས་འཁྲུལ་པའི་མུ་སྟེགས་པ་ལ་སོགས་པའི་རྟོག་པའི་ལྟ་བའི་རི་བོ་ལྔ་དང་། རི་བོ་དྲུག་དང་། རི་བོ་ཉི་ཤུ་དང་། རི་བོ་དྲུག་ཅུ་རྩ་གཉིས་དང་། རི་བོ་བཅུ་གཉིས་ དང་། རི་བོ་བཞི་དང་། རི་བོ་བཅུ་དྲུག་དང་། རི་བོ་གཉིས་ཀྱི་མཚན་མ་དེ་དག་གཉེན་པོའི་རྟོག་པས་བཅོམ་ཞིང་། དེ་ལ་བརྟེན་ཏེ་འཇིག་རྟེན་པའི་དངོས་གྲུབ་དང་། ཐུན་མོང་གི་དངོས་གྲུབ་ཀྱི་སྒོ་ནས་མཆོག་གི་དངོས་གྲུབ་ཀྱི་ལམ་ལ་སྦྱོར་བའི་ཕྱིར། གྲུབ་པ་དམ་པ་མཆོག་གམ། མཆོག་གི་མཆོག་ བསྟན་པར་མཛད་དོ། །དེ་ཡང་རྩ་བའི་རྒྱུད་ལས། རྟོག་པ་དེ་ཉིད་གཞོམ་པའི་ཕྱིར། །སྣ་ཚོགས་དཀྱིལ་འཁོར་ལྷ་རྣམས་དང་། །སྣ་ཚོགས་རྒྱུད་དོན་གསུངས་མཛད་ཅིང་། །མཆོག་གི་དངོས་གྲུབ་མཆོག་ལ་སྦྱོར། །ཞེས་སོ། །དེ་ཡང་ཐུགས་རྗེ་སྐྱེ་བའི་ཡུལ་དང་མཐུན་པར་སྤྲུལ་པའི་ ཚུལ་ནི། སྣ་ཚོགས་ལས་ཀྱི་སྦྱོར་བ་ཡིས། །ཆོ་ག་སྣ་ཚོགས་འདོད་པ་ཡིས། །སེམས་ཅན་རྣམས་ནི་འདུལ་བ་དང་། །བདེ་བ་ཐམས་ཅད་བསྒྲུབ་པའི་ཕྱིར། །དེ་དག་གདུལ་བྱ་སེམས་ཅན་གྱི། །རྣམ་པར་རྟོག་པ་མཐའ་ཡས་ཏེ། །གཅིག་དང་གཉིས་དང་གསུམ་དང་བཞི་དང་ལྔ་དང་དྲུག་ནས་ བཟུང་སྟེ། གྲངས་མེད་པའི་བར་དུ་གནས་པས། དེ་དག་འདུལ་ཞིང་བདེ་བ་ལ་དགོད་པའི་ཕྱིར། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སྣ་ཚོགས་ཀྱི་སྒོ་ནས་ལས་ཀྱི་སྦྱོར་བ་སོ་སོར་བསྟན་ཅིང་། དགེ་སློང་གྲོལ་བའི་རྒྱལ་མཚན་ལ་སོགས་པའི་ཉོན་མོངས་པ་སྤྱིའི་ལམ་ལ་གནས་པ་དག་ 26-1-288b འདུལ་བར་མཛད་དོ། །དེ་ཡང་རྩ་བའི་རྒྱུད་ལས། ཉོན་མོངས་རྣམ་པར་རྟོག་པའི་ཚོགས། །གཅིག་ནས་བཟུང་སྟེ་གྲངས་མེད་པར། །སྤྱི་ཡི་ལམ་པ་གདུལ་དོན་དུ། །རིགས་བདག་སྐུ་ལ་སྣ་ཚོགས་སྟོན། །ཆོ་ག་སྣ་ཚོགས་བྱེ་བྲག་གིས། །བདེ་ཆེན་རྡོ་རྗེ་འཛིན་པའི་གནས། །ཞེས་ སོ། །འོ་ན་ཐུགས་རྗེ་ཆེན་པོའི་མཚན་ཉིད་དང་པོ་ཇི་ལྟར་ཞེ་ན། བཅོམ་ལྡན་རྣལ་འབྱོར་དེ་ཉིད་ནི། །སངས་རྒྱས་ཐམས་ཅད་རྣམ་འཕྲུལ་པས། །སེམས་ཅན་ཀུན་དོན་རྣམ་སྤྲུལ་ན། །མྱུར་དུ་ཤིན་ཏུ་འགྲུབ་པར་འགྱུར། །དེ་ཡང་སྐུའི་སྒོ་ནས་འཕྲུལ་པ་དང་། ཡེ་ཤེས་ཀྱི་སྒོ་ནས་འཕྲུལ་པ་ དང་། རིགས་ཀྱི་སྒོ་ནས་འཕྲུལ་པ་དང་། གདུལ་བྱའི་སྒོ་ནས་འཕྲུལ་པ་དང་། དེ་དག་ཐམས་ཅད་མཐུན་པའི་སྒོ་ནས་འཕྲུལ་པ་དང་། མི་མཐུན་པའི་སྒོ་ནས་འཕྲུལ་པའོ། །དེ་ཡང་རྩ་བའི་རྒྱུད་ལས། བཅོམ་ལྡན་རྣལ་འབྱོར་དེ་ཉིད་ལས། །སངས་རྒྱས་ཐམས་ཅད་རྣམ་འཕྲུལ་མཛད། ། སྐུ་དང་ཡེ་ཤེས་རིགས་དང་ནི། །ཕྲིན་ལས་མཐུན་དང་མི་མཐུན་ཚོགས། །དཀྱིལ་འཁོར་གཅིག་ལའང་སྣ་ཚོགས་སྐུར། །རྣམ་འཕྲུལ་རང་གི་བྱ་བ་ཡིས། །སེམས་ཅན་ཀུན་དོན་རྣམ་འཕྲུལ་ཞིང་། །ཟག་མེད་ཡེ་ཤེས་དེ་བཞིན་ཉིད། །ཅེས་སོ། །དེ་དག་གིས་ནི་སྔོན་འབྱུང་གི་དུས་སུ་ དཀྱིལ་འཁོར་རྣམ་པར་འཕྲུལ་ཞིང་དོན་མཛད་པའི་མཚན་ཉིད་བསྟན་པའོ། །ད་ནི་རྗེས་འཇུག་གི་དབང་དུ་བྱས་ཏེ་ལེའུ་གཉིས་པ་ནས་འབྱུང་བ་བཞིན་དུ་ཤེས་པས་དེ་ཉིད་ཀྱི་དོན་ལ་འཇུག་ཅིང་སྒྲུབ་པའི་ཕྱིར། ཏིང་ངེ་འཛིན་བསྒོམ་པའི་རིམ་པས་ཚོགས་ཀྱི་དཀྱིལ་འཁོར་ལ་སྤྱོད་པར་བྱ་སྟེ། དང་པོར་རབ་འབྲིང་གི་དུས་སུ་ནི། ཉིན་རེའམ་ཡང་ན་ཟླ་རེའམ། །ཡང་ན་དེ་བཞིན་ལོ་རེར་ནི། །ཇི་བཞིན་བྱིན་གྱིས་བརླབས་ནས་ཀྱང་། །སངས་རྒྱས་བདེ་མཆོག་གར་བྱའོ། །དང་པོར་རྡོ་རྗེ་སེམས་དཔའི་གསང་བའི་དོན་རྣམ་པར་བཀོད་པ་ལས་གསུངས་པ་བཞིན་དུ། འགྲོ་བ་ ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་བློས་དམིགས་ཏེ། བདག་དང་གཞན་སྒྲོལ་བར་དམ་བཅས་ནས་ལུས་ངག་ཡིད་གསུམ་སྦྱོར་ཞིང་ནུས་མཐུ་བསྐྱེད་དོ། སྒོ་གསུམ་བྱིན་གྱིས་བརླབ་ཅིང་གསལ་བར་བྱས་ནས་འཕགས་པ་ལ་ཚོགས་བསགས་པ་དང་། སེམས་ཅན་ལ་ཚོགས་བསགས་པ་ 26-1-289a དང་། སྲུང་བའི་འཁོར་ལོ་དང་གཞིའི་ཏིང་ངེ་འཛིན་དང་། རྟེན་གྱི་ཏིང་ངེ་འཛིན་དང་། སྦྱོར་བའི་ཏིང་ངེ་འཛིན་དང་། དམིགས་པ་གསུམ་གྱི་ཏིང་ངེ་འཛིན་རྗེས་སུ་འགྲོ་བའི་རྣལ་འབྱོར་ལ་སོགས་པས་དུས་རབ་འབྲིང་ཐ་མ་གསུམ་གྱི་སྒོ་ནས་ཕྱག་རྒྱའི་རིག་མ་བྱིན་གྱིས་བརླབ་ པར་བྱ་སྟེ། གཉིས་སུ་མེད་པའི་བདེ་བས་འཕགས་པ་མཆོད་ཅིང་སེམས་ཅན་གྱི་དོན་བྱས་ནས་བདེ་བའི་ཡེ་ཤེས་གཟུང་བར་བྱའོ། །དེ་ཡང་རྟོག་པ་བདུན་པ་ལས། གཡོན་ཕྱོགས་གནས་ལས་ཚུལ་བཞིན་དུ། །ཇི་ལྟར་འདོད་པ་བཞིན་དུ་སྦྱར། །གར་མཁན་ཚུལ་འདྲ་སྒྱུ་མའི་རྒྱ། །དེ་ ཡང་འཇའ་ཚོན་བཞིན་དུ་གསལ། །འདོད་ཆགས་ཡེ་ཤེས་གསལ་བའི་ཕྱིར། །འབར་བ་སྣ་ཚོགས་འཁྲིགས་པའི་འོད། །ཐིམ་པས་རྒྱལ་མོར་བྱིན་བརླབས་ནས། །ཡེ་ཤེས་དམ་ཚིག་ཆེན་པོ་ཡིས། །བདེ་མཆོག་སྒྱུ་མའི་བརྡས་མཚོན་ཏེ། །པདྨོ་རིན་ཆེན་ལྡན་བྱས་ནས། ། དབྱིངས་ཀྱི་བདེ་ཆེན་བྱུང་བ་ན། །རང་རིག་ཡེ་ཤེས་དེ་ལ་འོད། །ཇི་བཞིན་མཁའ་ལ་གསལ་བ་དག །དྲི་མེད་ཉི་མའི་འོད་པས་འཚོར། །བྱང་ཆུབ་སེམས་དེ་ཀུན་དུ་དག །ཁམས་གསུམ་རབ་ཏུ་འདས་ནས་ཀྱང་། །མ་ལུས་ཉེ་བར་ཁྱབ་བྱས་ནས། །འདོད་པར་བྱ་བ་རབ་ཏུ་མཉེས། ། འོད་འདུས་ཐོག་མའི་གཟུགས་ལ་གཟུང་། །དེ་དག་དངོས་གྲུབ་ཆེན་པོ་བས། །ཇི་ལྟར་འདོད་པའི་ནན་ཏན་བྱ། །ཞེས་སོ། །དེ་ལ་ཚོགས་བསགས་པའི་རྟེན་ནི། ཁམས་ཀྱི་རང་བཞིན་ཐམས་ཅད་དང་། །དེ་བཞིན་སྲོག་དང་རྩ་ལས་བྱུང་། །རང་གི་ལྷ་ཡི་ཆ་ལུགས་སུ། །སྒྲུབ་པའི་ཕྱག་རྒྱ་རབ་ ཏུ་བྱ། །དང་པོ་རྒྱ་ཆེན་པོ་ལས་ཁྱད་པར་གྱི་སྒོ་ནས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་འཇུག་པ་པོ་དག་གིས་དམིགས་པའི་དོན་གསལ་ཞིང་གྲུབ་པར་བྱ་བའི་ཕྱིར། གསེར་དངུལ་ཟངས་ལྕགས་ལ་སོགས་པ་རིན་པོ་ཆེའི་ཁམས་ལས་བྱས་པའམ། སྲོག་ཆགས་ཀྱི་རྒྱུ་ལས་བྱུང་བ་རྭ་དང་བ་སོ་ དང་རུས་པ་ལས་བྱས་པའམ། རྩི་ཤིང་གི་རྒྱུ་ལས་བྱུང་བའམ། རང་གི་ལྷའི་ཆ་ལུགས་དང་མཐུན་པའི་སྐུ་དང་། ཕྱག་མཚན་དང་དབུ་རྒྱན་ལ་སོགས་པའི་སྒྲུབ་པའི་ཕྱག་རྒྱ་རབ་ཏུ་བྱ་ཞེས་པའོ། །ཡང་ཟབ་མོའི་དབང་དུ་བྱས་ཏེ། ཐབས་དང་ཤེས་རབ་གཉིས་སུ་མེད་པ་རྣམ་པ་གསུམ་གྱི་ 26-1-289b སྒོ་ནས། རླུང་རྣམ་པ་གསུམ་དང་འཁོར་ལོ་བཞི་དང་དབང་པོ་དྲུག་གི་སྣང་བ་དག་ནི་ཁམས་ཀྱི་ངོ་བོ་ཡིན་ལ། དེ་ལ་ཡི་གེ་རྣམ་པ་གསུམ་གྱི་འཕྲོ་འདུ་དང་། །དགའ་བ་བཞིའི་འཕྲོ་འདུ་དང་། དབང་པོ་ཡུལ་གྱི་འཕྲོ་འདུ་དག་ནི་སྲོག་རྩ་ལས་བྱུང་བའོ། །དེ་ལྟར་ཐབས་དང་ཤེས་རབ་ གཉིས་སུ་མེད་པའི་རང་གི་ལྷའི་ཆ་ལུགས་སུ་བསྒྲུབ་པའི་ཕྱག་རྒྱ་རབ་ཏུ་གནས་པར་བྱའོ་ཞེས་སོ། །དེ་ཉིད་ལ་འཇུག་པའི་ཚུལ་གྱིས། དཀྱིལ་འཁོར་གང་དང་གང་བསྟེན་པ། །སྣ་ཚོགས་ཕྱག་རྒྱའི་མཆོད་པ་ཡིས། །སློབ་མའི་ཚོགས་ཀུན་དེ་དང་དེར། །མཆོད་པ་བྱས་ནས་དེ་སྒྲུབ་ པོ། །རིགས་དྲུག་གི་དཀྱིལ་འཁོར་གང་ཡང་རུང་བར་དབང་དང་དམ་ཚིག་ཐོབ་པའི་ལྷ་དེ་ཉིད་ལྷག་པའི་ལྷ་སྟེ། དེའི་དཀྱིལ་འཁོར་ལ་ཏིང་ངེ་འཛིན་གྱིས་གསལ་བར་གནས་ཤིང་། སྣ་ཚོགས་ཀྱི་ཕྱག་རྒྱ་ལས་འཕྲུལ་པའི་མཆོད་པའི་ཚོགས་རྣམས་ཀྱིས་དཀྱིལ་འཁོར་མཆོད་དེ་བསྒྲུབ་པར་བྱའོ། ། དེ་དག་གིས་ནི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གསལ་བའི་སྒོ་ནས་ཚོགས་བསགས་ཤིང་བསྒྲུབ་པར་བྱ་བ་བསྟན་ཏེ། དེས་ནི་ལེའུ་དྲུག་པ་དང་གསུམ་པའི་དོན་ཡང་འབྲེལ་ཏོ། །དེ་ཡང་རྟོག་པ་བདུན་པ་ལས། །རང་གི་ཏིང་འཛིན་གསལ་བ་ཡིས། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། དེ་ཉིད་སྒྲུབ་པའི་ལས་ཀྱིས་ནི། །བདེ་ཆེན་མཚན་མ་མེད་པའི་སྐུ། །ཞེས་སོ། །དེ་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དེ་ཉིད་ལས་རང་གི་དཀྱིལ་འཁོར་དང་མཐུན་པར་རྒྱ་ཆེན་པོར་སྤྲུལ་པའི་ཚུལ་བསྟན་ཏེ། དེ་ལས་གཞན་ཡང་རྟོག་ཀུན་གྱིས། །སངས་རྒྱས་ཐམས་ཅད་རྣམ་འཕྲུལ་ བ། །ཅི་རིགས་པ་ནི་སྤྲུལ་བྱས་པའི། །གཏམ་དག་རབ་ཏུ་བཤད་པར་བྱ། །དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་དང་། རྣལ་འབྱོར་མའི་རྒྱུད་ཐམས་ཅད་དང་འདི་ལས་རྣམ་པར་སྤྲོས་ཏེ། ཐམས་ཅད་ཀྱི་སྤྱིའི་བདག་ཉིད་དུ་གནས་པ་དང་། ཡང་ཁྱད་པར་དུ་རིགས་ཀྱི་དཀྱིལ་འཁོར་ཆེན་པོ་ དྲུག་གི་བདག་ཉིད་དུ་གནས་པ་དང་། དེ་ལས་ཀྱང་ཁྱད་པར་དུ་རང་ཉིད་ཀྱི་རིགས་བསྡུས་པའི་དཀྱིལ་འཁོར་གཅིག་དང་། རྩ་བའི་དཀྱིལ་འཁོར་བཞི་དང་། རྣམ་པར་འགྱུར་བའི་དཀྱིལ་འཁོར་བཅུ་དང་། རིམ་པ་བཞིན་དུ་བསྟན་པའི་དཀྱིལ་འཁོར་ཉི་ཤུ་དང་། རྒྱ་ཆེར་སྤྲུལ་པའི་དཀྱིལ་ 26-1-290a འཁོར་སུམ་ཅུ་རྩ་དྲུག་གི་བྱུང་ཚུལ་བསྒྲུབ་པར་བྱ་བའི་རིམ་པ་དང་བཅས་པར་རྩ་བའི་རྒྱུད་ལས་རྒྱ་ཆེར་བསྟན་ཏེ། འདིར་ནི་བསྡུས་པ་ཙམ་ཞིག་གིས་ལོ་རྒྱུས་བཤད་པར་བྱའོ། །དེ་ལྟར་དཀྱིལ་འཁོར་སྣ་ཚོགས་སུ་སྣང་བ་ཡང་སངས་རྒྱས་དྲུག་གི་རྣམ་པར་འཕྲུལ་བ་ཡིན་ལ། དེ་ ཉིད་ནི་རྡོ་རྗེ་སེམས་དཔའི་སྣང་བ་སྟེ། དེ་ཉིད་ནི་སངས་རྒྱས་དྲུག་གི་དབུགས་དབྱུང་གི་མཚན་ཉིད་དོ། །དེས་ན། སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །འདོད་ཆགས་ཆེན་པོའི་ སྒོ་ནས་ཉོན་མོངས་པ་སྤྱིའི་ལམ་ལ་གནས་པ་དག། རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱིས་འདུལ་བར་མཛད་པའི་མཚན་ཉིད་ནི། རྡོ་རྗེ་སེམས་དཔའ་ཞེས་བྱ་སྟེ་སངས་རྒྱས་དྲུག་གི་རྣམ་པ་ཅན་ནོ། །དེ་དག་གི་རང་བཞིན་ནི། འདི་ནི་རྣལ་འབྱོར་བཅོམ་ལྡན་འདས། །རྟག་པ་དམ་པ་བརྟན་པ་སྟེ། །རྟག་ཏུ་ ད་ལྟར་བྱུང་བ་བཞིན། །ངོ་བོ་ཉིད་ནི་འདའ་བར་དཀའ། །སྐུ་དྲུག་ལྷུན་གྲུབ་ཀྱི་སངས་རྒྱས་འདི་ཉིད་ནི་རྣལ་འབྱོར་ཆེན་པོའི་མཚན་ཉིད་ཅན་ཏེ་བཅོམ་ལྡན་འདས་སོ། །དེ་ཉིད་རྟག་ཏུ་རང་གི་རང་བཞིན་གྱིས་གནས་ཤིང་འགྲོ་བའི་དོན་དུ་བཞུགས་ཏེ་བདེ་བ་ཆེན་པོའི་སྐུ་ནི་རང་བཞིན་གྱིས་མ་ འགགས་པར་བདེ་བ་ཆེན་པོ་རྟག་པ་ཆེན་པོའི་དབྱིངས་སུ་གནས་པ་དང་གཉིས་སུ་མེད་པའི་སྐུ་ནི་གཉིས་མེད་མཉམ་པའི་རྣམ་པར་རྟག་པར་གནས་པ་དང་། ངོ་བོ་ཉིད་ཀྱི་སྐུ་ནི་ཐམས་ཅད་ལ་ཁྱབ་པའི་ཚུལ་གྱིས་རྟག་པར་གནས་པ་དང་། ཡེ་ཤེས་ཀྱི་སྐུ་ནི་གསལ་བ་རྩེ་གཅིག་པ་དང་བཅས་པས་ རྟག་པར་གནས་པ་དང་། ལོངས་སྤྱོད་རྫོགས་པའི་སྐུ་ནི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པའི་རྟེན་གྱི་སྒོ་ནས་རྟག་པར་གནས་པ་དང་། སྤྲུལ་པའི་སྐུ་ནི་རྒྱུན་མི་འཆད་པར་འབྱུང་བའི་སྒོ་ནས་རྟག་པར་གནས་པའོ། །དེས་ན་རྟག་པ་དམ་པ་བརྟན་པའོ། །དེ་ལྟར་སྐུ་དྲུག་གི་རྣམ་པའི་ཚུལ་ གྱིས་གནས་པས་ན་དམ་པ་བརྟན་པའོ། །དེ་ཉིད་མི་གནས་པའི་མྱ་ངན་ལས་འདས་པ་ལ་བཞུགས་པས་ན་རྟག་ཏུ་ད་ལྟར་བྱུང་བ་བཞིན་དུ་མི་འགྱུར་བའི་ངོ་བོ་ཉིད་དུ་གནས་པས་འདའ་བར་དཀའ་བའོ། །དེ་ཡང་རྩ་བའི་རྒྱུད་ལས། རྣལ་འབྱོར་ཆེན་པོ་བཅོམ་ལྡན་འདས། །སྐུ་དྲུག་ལྷུན་ 26-1-290b གྲུབ་རྟག་པ་ཡིས། །རང་བཞིན་ངོ་བོ་ལ་གནས་ཏེ། །དུས་གསུམ་འགྱུར་བ་མེད་པར་བཞུགས། །ཞེས་སོ། །དེ་ཉིད་ཀྱི་ཐབས་སྣ་ཚོགས་ཀྱི་སྒོ་ནས་གདུལ་བྱའི་དོན་མཛད་པའི་ཚུལ་ནི། ཆོ་ག་སྣ་ཚོགས་འདོད་རྣམས་ལ། །ལས་ཀྱི་སྦྱོར་བ་སྣ་ཚོགས་ཀྱིས། །སངས་རྒྱས་རྡོ་རྗེ་འཛིན་ ལ་སོགས། །འདུལ་བའི་ཕྱིར་ནི་བྱས་པ་ཡིན། །གང་ཟག་བསྡུས་པ་ལ་དགའ་བ་དང་། ཤིན་ཏུ་ཡང་རྒྱས་པ་ལ་དགའ་བ་རྣམས་ལ་ཕན་པར་བྱ་བའི་ཕྱིར་ཆོ་ག་སྣ་ཚོགས་ཀྱི་སྒོ་ནས་ལྷ་བསྒོམ་པའི་རིམ་པ་མི་འདྲ་བ་དང་། སྔགས་དང་ཕྱག་རྒྱ་མི་འདྲ་བ་དང་སྒྲུབ་པའི་རིམ་པ་དང་། ཕྲིན་ལས་ཀྱི་ རིམ་པ་མི་འདྲ་བའི་ལས་ཀྱི་སྦྱོར་བ་སྣ་ཚོགས་བསྟན་ཏེ། དེ་དག་ནི་སངས་རྒྱས་རྡོ་རྗེ་འཛིན་པ་ལ་སོགས་པའི་སྐུས་ཀུན་རྫོབ་ཏུ་འགྲོ་བ་འདུལ་བའི་ཕྱིར་བྱས་པ་ཡིན་ནོ། །དེ་ཡང་རྟོག་པ་བདུན་པ་ལས། །ཇི་ལྟ་ཇི་ལྟར་འདུལ་གྱུར་པ། །དེ་ལྟ་དེ་ལྟར་འགྲོ་བ་ལ། །འདུལ་བའི་ཐབས་ནི་སྣ་ཚོགས་ཀྱིས། ། སེམས་ཅན་དོན་ལ་རབ་ཏུ་སྦྱོར། །ཞེས་སོ། །ད་ནི་ཕན་ཡོན་བསྟན་པའི་ཕྱིར། །སངས་རྒྱས་ལ་སོགས་བརྟན་གཡོ་ཀུན། །ཀུན་གྱི་དངོས་པོར་འདི་འགྱུར་རོ། །ཞེས་པ་ལ་སོགས་པ་གསུངས་ཏེ། ཕྱི་ནང་སྣོད་བཅུད་ཀྱི་དངོས་པོ་འདི་དག་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རང་བཞིན་ ཏེ། རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ནོ། །གཞན་དག་ནི་གོ་སླ་བའི་ཕྱིར་མ་བཤད་དོ། །དཔལ་རྡོ་རྗེ་སེམས་དཔས་དབུགས་དབྱུང་བའི་རྣམ་པར་བཤད་པའོ། །ད་ནི་ཆགས་པའི་མཐའ་དང་བྲལ་བ་ནི་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པའི་ལམ་ལ་ཞུགས་པ་རྣམས་དང་། བློ་ཆུང་ཞིང་ ཤེས་རབ་ཞན་པའི་སྐྱེ་འགྲོ་མཐའ་དག་དང་བསྐལ་པ་གཟུང་དཀའ་བའི་དུས་སུ་སངས་རྒྱས་སྟོབས་མཆོག་སེང་གེའི་བསྟན་པ་ལ། དགེ་སློང་བཟོད་པ་ཅན་ཞེས་བྱ་བ་བྱུང་སྟེ། དེས་ཡང་དག་པའི་དོན་ཕྱིན་ཅི་ལོག་ཏུ་སྤྱོད་པའི་དབང་གིས་དྲག་པོ་མུན་པའི་ཚོགས་ཞེས་བྱ་བ་ཆུང་མ་ཉི་ཤུའི་ ཚོགས་དང་བཅས་པ་བྱུང་ངོ་། །དེ་དག་གདུལ་བའི་དོན་དུ་དཔལ་རྡོ་རྗེ་སེམས་དཔའ་ཉིད་ལས་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་སྣང་ཞིང་དབུགས་འབྱིན་པར་མཛད་དོ། །དེ་ལྟར་བྱུང་བའི་དུས་ནི། འདས་པའི་དུས་ན་སྔོན་བྱུང་བ། །བདག་ཉིད་ཆེན་པོ་རྟག་པ་ 26-1-291a ཡིས། །གདུལ་བྱ་དང་འདུལ་བྱེད་གཉིས་ཀའི་དོན་དུ་གསུངས་ཏེ། འདས་པའི་དུས་ནི་བསྐལ་པ་གཟུང་དཀའི་དུས་སུ་སངས་རྒྱས་སྟོབས་མཆོག་སེང་གེའི་བསྟན་པ་ལ། དྲག་པོའི་མུན་པའི་ཚོགས་ཅན་བྱུང་བའི་གཉེན་པོར་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་སྔོན་ དུ་བྱུང་ཞེས་པའོ། །རྒྱུ་གང་ལས་བྱུང་ཞེ་ན། བདག་ཉིད་ཆེན་པོར་རྟག་པའི་ལྟ་བ་འཛིན་པས་འཁོར་བ་དག་ལ་སྐུ་གསུང་ཐུགས་རྟག་པའི་སྒོ་ནས་དོན་མཛད་དོ། །དེ་ལས་སྤྱིའི་མཚན་ཉིད་བསྟན་པའི་ཕྱིར། དེ་བཞིན་གཤེགས་པའི་གསུང་རབ་ལ། །འགྲོ་བའི་ཚུལ་དུ་སྔོན་བྱུང་བ། ། རྐྱེན་གང་ གིས་བྱུང་ཞེ་ན། དོན་ལོག་པར་སྤྱོད་པ་དང་། ལོག་པར་རྟོགས་པ་རྣམ་པ་གཉིས་ཀྱི་སྒོ་ནས་སོ། །ཚུལ་ནི་ཉོན་མོངས་པ་སྤྱི་དང་། ཁྱད་པར་གྱི་ལམ་ལ་གནས་པའི་འགྲོ་བའི་ཚུལ་དང་། དེ་འཇོམས་པར་བྱེད་པའི་གཉེན་པོའི་ཚུལ་ལོ། །ཡང་ཐུགས་རྗེ་སྐྱེད་པའི་ཡུལ་དེ་ཉིད་ཇི་ལྟ་བུ་ཞེ་ན། དེ་ཚེ་ སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་སྟོང་པ་ཉིད་ལ་བརྩོན། །འགོག་པའི་ཆོས་ཉིད་ལ་སྦྱོར་བས། །འགགས་ཤིང་ཡོངས་སུ་མྱ་ངན་འདས། །བསྐལ་པ་གཟུང་དཀའི་ཚེ་ན་སེམས་ཅན་སྙིང་སྟོབས་ཆུང་བ་དང་། ཤེས་རབ་ཞན་པ་དང་། དབང་པོ་དམན་པ་དག་ལས་ཀྱི་དབང་གིས་ཕྱོགས་ གཅིག་ཏུ་སྨིན་ནས་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པས་རང་གི་དོན་བསྒྲུབ་པའི་ཕྱིར། རྒྱུའི་སྒོ་ནས་ཤིན་ཏུ་སྟོང་པ་ཉིད་ཀྱི་ལྟ་བ་ལ་བརྩོན་པ་དང་། ལམ་གྱི་སྒོ་ནས་འགོག་པའི་ཆོས་ཉིད་ལ་སྦྱོར་བས་འབྲས་བུའི་སྒོ་ནས་འགགས་ཤིང་ཡོངས་སུ་མྱ་ངན་ལས་འདས་ཏེ། ཕུང་པོ་ལྷག་ བཅས་དང་ལྷག་མེད་ཀྱི་ཚུལ་དུ་འཁོར་བའི་དངོས་པོ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་འདོད་པའོ། །དེ་ལ་ཐུགས་རྗེ་ཆེན་པོ་སྐྱེས་པའི་ཚུལ་ནི། རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །འགྲོ་བ་ཐམས་ཅད་རྣམ་སྦྱང་ཕྱིར། ། སངས་རྒྱས་སྤྲུལ་པ་ཀུན་དུ་བསྐྱེད། །འཁོར་བ་ལས་གྲོལ་བར་འདོད་པའི་ལྟ་བ་དམན་པ་དེ་དག་རྣམ་པར་སྦྱོང་བའི་དོན་དུ་དཔལ་རྡོ་རྗེ་སེམས་དཔའ་ཉིད་ཀྱི་སྐུའི་རྣམ་པར་འཕྲུལ་བ་ལས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ཀྱི་རིགས་བསྡུས་ 26-1-291b པའི་དཀྱིལ་འཁོར་གཅིག་དང་། རྩ་བའི་དཀྱིལ་འཁོར་གསུམ་དང་། རྣམ་པར་འགྱུར་བའི་དཀྱིལ་འཁོར་བཅུ་དང་། རིམ་པ་བཞིན་དུ་བསྟན་པའི་དཀྱིལ་འཁོར་ཉི་ཤུ་དང་། རྒྱ་ཆེར་སྤྲུལ་པའི་དཀྱིལ་འཁོར་སུམ་ཅུ་རྩ་དྲུག་དང་། བཀོད་པའི་རྒྱན་གྱི་དཀྱིལ་འཁོར་ལྔ་བཅུ་རྩ་བརྒྱད་དེ་སྤྱིའི་ གྲངས་ཀྱི་དཀྱིལ་འཁོར་བདུན་བརྒྱ་བཅུ་གསུམ་ལ་རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་བདུན་ཅུ་རྩ་གཅིག །རྣམ་པར་སྣང་མཛད་དང་། ཧེ་རུ་ཀ་དང་། པདྨ་གར་གྱི་དབང་ཕྱུག་དང་། རྡོ་རྗེ་ཉི་མ་རྣམས་ལ་ནི་མཚུངས་པར་དཀྱིལ་འཁོར་བརྒྱ་ཉི་ཤུ་རྩ་བརྒྱད་དུ་ཤེས་པར་བྱས་ལ། རྟ་མཆོག་རོལ་པ་ལ་ ནི་དཀྱིལ་འཁོར་བརྒྱ་སུམ་ཅུར་ཤེས་པར་བྱ་སྟེ། དེ་དག་གི་གྲངས་དང་དབྱེ་བ་རྒྱ་ཆེར་བསྟན་པ་ནི་རྩ་བའི་རྒྱུད་ཀྱི་ལེའུ་བདུན་པ་དང་། བརྒྱད་པ་དང་། དགུ་པ་དང་། བཅུ་པ་དང་། བཅུ་གཅིག་པ་དང་། བཅུ་གཉིས་པ་དང་། དྲུག་པ་ལས་བསྟན་ཏེ། འདིར་ནི་ཅུང་ཞིག་བསྡུས་པའི་རྒྱུད་ཡིན་པས་དེ་ དག་སྤྲོ་བར་མི་བྱའོ། །དེས་ན་སངས་རྒྱས་སྤྲུལ་པ་ཀུན་དུ་བསྐྱེད། །ཅེས་བཤད་དོ། །དཀྱིལ་འཁོར་རྒྱས་པར་བསྟན་པ་དེ་དག་ལས། སངས་རྒྱས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གང་གི་གཉེན་པོར་བྱུང་ཞེ་ན། དེ་ཉིད་འགགས་པའི་གཉེན་པོར་རོ། །དེ་ཉིད་ཚུལ་ཇི་ལྟར་ཞེ་ན། ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་བསྒྲུབ་པའོ། །དེ་དག་པར་བྱ་བའི་ཕྱིར་དེ་ཁོ་ན་ཉིད་ཀྱི་དོན་བསྟན་ཏེ། །སྟོང་པ་མ་ཡིན་མི་སྟོང་མིན། །དབུ་མར་ཡང་ནི་མི་དམིགས་ཏེ། །མུ་སྟེགས་ཀྱིས་བརྟགས་པ་ཉི་ཚེ་བ་ལ་སོགས་པའི་ལྟ་བ་བསྒྲུབས་པའི་སྟོང་པ་དང་། ཉན་ཐོས་ཀྱིས་བརྟགས་ པའི་གང་ཟག་གིས་སྟོང་ཞིང་ཞི་བ་ཕྱོགས་གཅིག་པའི་མཐའ་ལ་གནས་པ་དང་། མདོ་སྡེ་པས་བརྟགས་པའི་རྒྱུ་འབྲས་ཀྱི་མཐའ་ཆད་པས་བསྒྲུབས་པའི་རང་གི་ལྟ་བས་རྣམ་པར་དབེན་པའི་ཆད་ལྟ་དང་། རང་རྒྱལ་བས་བསྒྲུབས་པའི་མ་རིག་པ་བཀག་ནས་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ བདག་མེད་པའི་ངོ་བོ་སྟོང་པ་ཉིད་དུ་འདོད་པ་དག་ནི་དོན་བཞིན་དུ་གནས་པ་མ་ཡིན་ཏེ། ཐུན་མོང་གི་མངོན་སུམ་པ་དབང་པོ་དྲུག་གི་ཡུལ་དུ་སྣང་བ་དང་། ཁྱད་པར་གྱི་མངོན་སུམ་གསལ་བར་ཉམས་སུ་མྱོང་བ་དང་འགལ་བའི་ཕྱིར་རོ། །འོ་ན་སྟོང་པ་ཉིད་ཆད་པར་ལྟ་བ་ལ་སོགས་པའི་ལྟ་བ་ 26-1-292a བཀག་པས་རྟག་པ་ཐེར་ཟུག་པར་གནས་པ་ཞིག་གམ་ཞེ་ན། དེ་ཉིད་ནི་སོ་སོའི་སྐྱེ་བོའི་རྟོག་པའི་ལྟ་བ་སྟེ་གཟུང་འཛིན་གྱི་རྣམ་པས་གཉིས་སུ་བརྟགས་པ་ལ་སྤྱོད་པའོ། །དེའི་ཕྱིར་སྐུ་དྲུག་ལྷུན་གྱིས་གྲུབ་པའི་ངོ་བོ་དེ་ཡོད་པར་བདེན་པས་སྟོང་པ་མ་ཡིན་ལ། དེ་ཉིད་རྟོག་ པའི་མཐའ་དང་བྲལ་བའི་མི་སྟོང་པ་ཡང་མ་ཡིན་ཞེས་པའོ། །འོ་ན་མཐའ་རྣམ་པ་གཉིས་དང་བྲལ་བའི་ལྟ་བས་དབུ་མའི་དོན་བསྒྲུབས་ཏེ། བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་ལ་སྤྱོད་དམ་ཞེ་ན། དེ་ཡང་ཟག་པ་མེད་པའི་བསོད་ནམས་ཀྱི་ཚོགས་ལས་བྱུང་བ་བྱ་བའི་དོན་དུ་ ཀུན་གྱིས་ནི་རང་གི་དེ་ཉིད་གསལ་བར་བྱེད་པ་སྟེ། ལུས་ངག་གི་སྤྱོད་པ་རྣམ་པར་བསྒྲུབས་པ་ལས་བྱུང་བ་བསོད་ནམས་ཀྱི་ཚོགས་བསགས་པའི་ཡན་ལག་དེ་དག་ནི་གཞན་གྱིས་བསྐྱེད་པ་གྲོགས་སུ་འགྱུར་བའོ། །ཡེ་ཤེས་ཀྱི་ཚོགས་དེ་ནི་ཡང་རང་གི་རང་བཞིན་གསལ་བར་སྟོན་པའི་སྒོ་ནས་མཐོང་བ་ ཞིག་ན། འདིར་ནི་དེ་མཐོང་བའི་ཐབས་མེད་དེ། མུ་བཞི་སྐྱེ་འགོག་དང་གཅིག་དང་དུ་བྲལ་ལ་སོགས་པའི་གཏན་ཚིགས་དག་ནི་རྗེས་སུ་དཔག་པའི་སྒོ་ནས་གཞལ་བར་བྱེད་དེ། དེ་ཉིད་ནི་ཡིད་དཔྱོད་ཀྱི་ཤེས་པ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། མངོན་སུམ་སྒྱུ་མའི་དཔེ་བརྒྱད་ལ་ རག་ལས་ཏེ། དེ་ཙམ་གྱི་སྒོ་ནས་ནི་ཉམས་སུ་མྱོང་བའི་དོན་མེད་པར་བདེ་བ་ཆེན་པོའི་སྐུ་མཚོན་པར་མི་ནུས་སོ། །དེ་ཡང་བླ་མ་དམ་པའི་གདམས་ངག་གིས་མཚོན་ཞིང་རང་གི་མཚན་ཉིད་ཐབས་ལ་བརྟེན་པ་དང་། ཤེས་རབ་ལ་བརྟེན་པ་དང་། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་སྒོ་ནས་གསལ་ བར་ཉམས་སུ་མྱོང་ཞིང་ཡིད་ཆེས་པའི་ཕྱིར་རོ། །ཡང་གང་ཞིག་མཐའ་ལ་ལྟོས་ནས། དབུས་གྲུབ་པ་ལས་མཐའ་མ་གྲུབ་པའི་ཕྱིར་དབུས་ཀྱང་འགྲུབ་པ་མེད་དེ། ཐམས་ཅད་རང་བྱུང་གི་ཡེ་ཤེས་ཆེན་པོའི་སྣང་བ་གཉིས་སུ་མེད་པའི་བདེ་བས་ཁྱབ་པར་གནས་པའི་ཕྱིར། དབུ་མར་ ཡང་ནི་མི་དམིགས་སོ། །དེ་ཉིད་གསལ་བར་བསྟན་པའི་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་སྦྱོར་བ། །ཐབས་ཀྱིས་སྙིང་རྗེའི་བདག་ཉིད་རྣམས། །དེ་བས་དེ་ཉིད་སྙིང་རྗེའི་ཐབས། །ཤེས་རབ་ཕ་རོལ་ཕྱིན་པར་གསལ། །ཆོས་ཐམས་ཅད་ཇི་ལྟར་སངས་རྒྱས་པའི་དོན་ལ་ཕྱག་རྒྱ་ 26-1-292b གསུམ་གྱི་སྒོ་ནས་ཕ་རོལ་ཏུ་ཕྱིན་པར་སྦྱོར་ཏེ། བདེ་བ་ཆེན་པོའི་སྐུ་དང་གཉིས་སུ་མེད་པ་ལས་ཐབས་ཀྱི་དཀྱིལ་འཁོར་རྣམ་པར་འཕྲུལ་པའི་སྐུ་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་རྣམ་པར་སྟོན་པའོ། །དེ་བས་ན་དེ་ཉིད་ལ་སྙིང་རྗེ་ཆེན་པོའི་ཐབས་ཀྱི་དཀྱིལ་འཁོར་དང་བཅས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་གཉིས་སུ་མེད་པའི་དོན་ཅན་ཏེ། སྐུ་གསུམ་གཉིས་མེད་ཀྱི་ཚུལ་དུ་གསལ་བའོ། །དེ་ཡང་རྩ་བའི་རྒྱུད་ལས། ལྟ་དམན་རྣམས་ཀྱི་སྟོང་ཉིད་དང་། །བརྟག་པའི་རི་བོ་གཞོམ་པའི་ཕྱིར། །ཆོས་ཀུན་དབུ་མ་ཙམ་སྒོ་ནས། །དེ་འཇུག་དོན་ཕྱིན་བསྟན་པར་མཛད། །དྲང་བའི་ལམ་ལ་སྤྱོད་བྱས་ པས། །ངེས་པའི་འབྲས་བུ་རྙེད་མི་འགྱུར། །ཕྱག་རྒྱ་གསུམ་ལ་སྦྱོར་བའི་མཐུས། །ལྷུན་གྲུབ་སྣང་གསལ་རང་བཞིན་མེད། །ཤེས་རབ་ཕ་རོལ་ཕྱིན་དོན་ལས། །ཐུགས་རྗེ་ཐབས་ཀྱི་དཀྱིལ་འཁོར་གསལ། །ཞེས་སོ། །འོ་ན་དོན་དེ་ཉིད་སྟོན་པར་མི་མཛད་ཅིང་དཀྱིལ་འཁོར་སྒོམ་པའི་ རིམ་པ་དང་། སྣ་ཚོགས་བཤད་པའི་བྱེ་བྲག་རྟོག་པ་སྣ་ཚོགས་བསྟན་པ་ཅི་ལས་དགོངས་ཤེ་ན། འཇུག་པ་པོའི་གང་ཟག་དབང་པོ་དང་ཁམས་ཀྱི་བྱེ་བྲག་སྣ་ཚོགས་པ་རྣམས་ཐ་མལ་པའི་རྣམ་པར་རྟོག་པ་ལས་བཟློག་སྟེ། རྟོག་པའི་སྒོ་ནས་མི་རྟོག་པའི་དོན་བསྟན་པའི་ཕྱིར། རྟོག་པ་མེད་ པའི་ཆོས་རྣམས་ལ། །སེམས་ཅན་དོན་དུ་ཡོངས་བརྟགས་ལ། །རྣམ་པར་མི་རྟོག་ལ་མོས་པས། །ཐམས་ཅད་རྟོག་པས་བརྟག་པར་བྱ། །དེ་ཡང་ཚིག་དང་པོས་ནི་རང་བཞིན་བསྟན་ཏོ། །ཚིག་གཉིས་པས་ནི་དགོས་པའི་མཚན་ཉིད་བསྟན་ཏོ། །གསུམ་པས་ནི་ལམ་ལ་གཞུག་པར་བསྟན་ ཏོ། །བཞི་པས་ནི་གཉེན་པོའི་ངེས་ཚིག་བསྟན་ཏེ། དེ་དག་ཅིའི་ཕྱིར་བསྟན་ཞེ་ན། རྟོག་པ་ཞེས་པའི་ངེས་ཚིག་ཏུ་སྦྱར་རོ། །དེའི་དོན་ནི་རྟོག་པ་བདུན་པ་ལས་བསྟན་ཏེ་གོང་དུ་བཤད་ཟིན་ཏོ། །ད་ནི་དཀྱིལ་འཁོར་ཐམས་ཅད་དུ་ལྷ་མཉེས་པར་བྱ་བའི་ཕྱིར་བསྟོད་པའི་གླུ་གསུངས་པ་ལས་དང་པོར་ཡོན་ ཏན་བརྗོད་པ་ནི། བྲག་ཅ་ཡི་ནི་སྒྲ་འདྲ་བ། །ཆོས་ཀྱི་ཚིག་ཏུ་དེ་འགྱུར་ཏེ། །དེ་ལས་ཐེག་པ་ཆེན་པོ་ཡི། །ཡོན་ཏན་ཡང་དག་རྒྱས་པ་གླུ། །དཀྱིལ་འཁོར་གྱི་ནི་ལྷ་རྣམས་ལ། །ཉིད་ཀྱི་ཡོན་ཏན་གྱི་སྒོ་ནས་ཚིགས་སུ་བཅད་པ་དག་བྲག་ཅའི་རྣམ་པ་བཞིན་དུ་སྒྲ་མཐར་སྟོང་པ་གཟུང་ཞིང་ 26-1-293a འཛིན་པ་མེད་པས། ཆོས་ཀྱི་དེ་ཁོ་ན་ཉིད་དམ་ཚིག་གསུམ་སྟོན་པའི་ཚིག་ཏུ་དེ་འགྱུར་ཏེ། དེ་ཉིད་ལས་དེ་ཁོ་ན་ཉིད་མཚོན་པར་བྱེད་པའི་ཐེག་པ་ཆེན་པོའི་གླུ་ཡང་དག་པའི་ཡོན་ཏན་ཐམས་ཅད་རྒྱས་པར་བྱེད་པ་འདི་ལྟར་དམིགས་པ་ཆེན་པོ་དང་། ལྟ་བ་ཆེན་པོ་དང་། ཡེ་ཤེས་ཆེན་པོ་ དང་། སྒྲུབ་པ་ཆེན་པོ་དང་། ཕྲིན་ལས་ཆེན་པོ་དང་། འབྲས་བུ་ཆེན་པོས་གཞན་ལས་ཁྱད་པར་དུ་གྱུར་པའི་དོན་རྗོད་པར་བྱེད་པའོ། །དེས་ནི་སྒྲའི་མཚན་ཉིད་དང་། དོན་གྱི་མཚན་ཉིད་བསྟན་ཏོ། །དེས་གང་ཞིག་ལ་བསྟོད་ཅེ་ན། དུས་གསུམ་པ་ཡི་དམ་ཚིག་གསུམ། །དེ་བཞིན་གཤེགས་པ་ཐམས་ཅད་ བསྟོད། །མི་འདའ་བའི་དོན་གྱིས་ན་དམ་ཚིག་སྟེ། དུས་གསུམ་དུ་མི་འགྱུར་ཞིང་རྟག་པར་བཞུགས་པའི་སྐུ་གསུམ་གཉིས་མེད་ཀྱི་སངས་རྒྱས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པ་ལ་བསྟོད་པའོ། །དེ་ལ་དང་པོར་དེ་བཞིན་གཤེགས་པའི་རིགས་ཆོས་ཀྱི་དབྱིངས་ཀྱི་ཡེ་ ཤེས་ལས་བྱུང་བ། སྐུའི་དཀྱིལ་འཁོར་གྱི་སྒོ་ནས་དོན་མཉམ་པ་ཉིད་ལས་མ་གཡོས་ཀྱང་ཐུགས་རྗེ་རྒྱུན་མི་འཆད་པར་སྟོན་པའི་ཕྱིར། མཉམ་མེད་མི་གཡོ་མཉམ་ཉིད་མཆོག་གི་ཆོས་ཉིད་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཡོན་ཏན་མཐའ་ཡས་དངོས་ གྲུབ་ཐམས་ཅད་སྦྱིན་མཛད་པ། །དྲི་མེད་མི་གཡོ་མཉམ་མེད་དམ་པའི་མཆོག་ཆོས་ཅན། །འདི་ལྟར་སྣང་བའི་ཆོས་ཐམས་ཅད་ནི་དོན་ཆོས་ཉིད་མཉམ་པ་ཉིད་ཀྱི་སྐུ་སྟེ། ཡོན་ཏན་ཐམས་ཅད་འབྱུང་བའི་རྟེན་གནས་སུ་གྱུར་པའོ། །དེ་ཉིད་ཀྱི་རང་བཞིན་གྱི་སྒོ་ནས་ནི་ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ་བ། གསལ་ བའི་སྒོ་ནས་ནི་ཡེ་ཤེས་ཀྱི་སྐུ་ཞེས་བྱ་སྟེ། དེ་གཉིས་གཉིས་སུ་མེད་པའི་སྒོ་ནས་ནི་ཆོས་ཀྱི་སྐུའོ། །དེ་ལ་ནི་མཚན་མའི་རྣམ་པར་རྟོག་པ་གང་གིས་ཀྱང་གཡོ་བར་མི་ནུས་པས་མཉམ་མེད་མི་གཡོ་ཞེས་བྱའོ། །འདི་ལྟར་སྣང་བའི་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱེད་དང་། སྟོབས་དང་མི་ འཇིགས་པས་བརྒྱན་པ་ལ་ནི་མཉམ་ཉིད་མཆོག་གི་ཆོས་ཉིད་ཅན་ཞེས་སོ། །སྤྲུལ་པའི་སྐུ་མཚན་དང་དཔེ་བྱད་དང་ལྡན་པ་དང་མཚན་དང་མི་ལྡན་པའི་རྣམ་པས་ཐུགས་རྗེ་ཆེན་པོའི་བདག་ཉིད་འགྲོ་བའི་སྡུག་བསྔལ་ཐམས་ཅད་སྣ་ཚོགས་ཀྱི་སྒོ་ནས་སེལ་བར་མཛད་པ་དང་། ཡོན་ཏན་མཐའ་ཡས་ 26-1-293b པའི་དངོས་གྲུབ་ཐམས་ཅད་འགྲོ་བ་ལ་སྦྱིན་པར་མཛད་པའོ། །དེ་ལྟར་ན་སྐུ་དྲུག་པོ་འདི་དག་ནི་དྲི་མེད་མི་གཡོ་མཉམ་མེད་དམ་པའི་ཆོས་མཆོག་ཅན་ནོ། །ད་ནི་རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་གྱི་རྣམ་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྒོ་ ནས་མཆོད་པའི་དཔེ་དང་བྲལ་བར་བསྟན་པའི་ཕྱིར། ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དེ། དཔེ་ནི་ནམ་མཁའ་དང་ཡང་བསྐྲུན་དུ་ཡོད་པ་མིན། །དངོས་གྲུབ་མཐའ་ཡས་མཉམ་མེད་དཔེ་དང་བྲལ་བ་རྣམས། །སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ། ། བདེ་བར་གཤེགས་པའི་ཡོན་ཏན་གྱི་རྣམ་པ་ནི་ཡེ་ཤེས་རྣམ་པ་དྲུག་གི་བདག་ཉིད་དེ། དེ་དག་ནི་ཤིན་ཏུ་ཕྲ་ཞིང་རྟོགས་པར་དཀའ་བས་ན་ཚད་གཟུང་དུ་མེད་དེ། དཔེ་ནི་ནམ་མཁའི་ཁམས་ཀྱིས་ཁྱབ་པ་ཙམ་གྱིས་ཀྱང་བསྐྲུན་དུ་ཡོད་པ་མ་ཡིན་པས་ན། དངོས་གྲུབ་མཐའ་ཡས་པ་འབྱུང་བའི་ གནས་སུ་གྱུར་པའོ། །དེ་ལྟ་བུའི་ཆོས་གང་ཡང་མཚུངས་ཤིང་མཉམ་པ་མེད་པའི་དཔེ་དང་བྲལ་བ་དེ་ལས་སེམས་ཅན་གྱི་དོན་དུ་དངོས་གྲུབ་ཀྱི་མཆོག་བདེ་བར་གཤེགས་པའི་སྐུ་དང་ཡེ་ཤེས་མི་སླུ་བར་སྦྱིན་པར་མཛད་དོ། །རིན་པོ་ཆེའི་རིགས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ ཡོན་ཏན་གྱི་དཀྱིལ་འཁོར་གྱི་སྣང་བས་སྨོན་ལམ་དང་ཐུགས་རྗེ་ཆེན་པོའི་སྒོ་ནས་སྣང་བ་ནི། རྟག་ཏུ་དྲི་མ་མེད་པའི་ཐུགས་རྗེའི་ཤུགས་ལས་བྱུང་། །སྨོན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་སྒྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །ཐུགས་རྗེ་ཆེན་པོ་བདག་ཉིད་ རྟག་ཏུ་རྣམ་པར་སྣང་། །བསྐལ་པ་མང་པོར་དཀའ་བ་སྤྱད་ནས་སྒྲིབ་པའི་ཚོགས་ཐམས་ཅད་བསལ་ཞིང་། ཚོགས་གཉིས་བསགས་པའི་མཐུས་ཐུགས་རྗེ་ཆེན་པོ་དང་ལྡན་པར་གྱུར་པ་དང་། ལམ་སྦྱང་བའི་དུས་སུ་སེམས་ཅན་གྱི་ཁམས་ལ་དམིགས་ཏེ་སྨོན་ལམ་རྒྱ་ཆེན་པོ་བཏབ་པའི་ མཐུས་དེ་དང་མཐུན་པའི་མཛད་པ་གདུལ་བྱའི་རྒྱུད་ལ་སྣང་སྟེ་ཕྲིན་ལས་མཐའ་ཡས་པས་འགྲོ་བའི་དོན་སྒྲུབ་པ་ལ་བརྩོན་ཏེ། ཡོན་ཏན་གྱི་ངོ་བོར་སྦྱོར་བས་ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང་བའོ། །ཡང་པདྨའི་རིགས་སོ་སོ་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ 26-1-294a གསུང་གི་དཀྱིལ་འཁོར་གྱིས་དོན་དམ་པའི་དངོས་གྲུབ་མཆོག་མཚོན་པའི་ཕྱིར། ཚད་མེད་ཚད་དང་བྲལ་བ་ཤིན་ཏུ་རྫོགས་པ་ཡི། །བདེ་བར་གཤེགས་པའི་གོ་འཕང་དམ་པ་བརྙེས་གྱུར་ཀྱང་། །ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་སྩོལ་མཛད་པ་ཡི། །ཐུགས་ རྗེའི་སྤྱོད་པ་མི་གཡོ་འགག་པར་ཡོད་མི་འགྱུར། །ལམ་མཆོག་ཏུ་གྱུར་པ་ལ་ཞུགས་པའི་ནུས་པའི་མཐུས་འབྲས་བུ་མཆོག་ཏུ་གྱུར་པ་བརྙེས་ཏེ། རང་གི་མཛད་པ་མཐར་ཕྱིན་ཏེ་བཞུགས་ཀྱང་འགྲོ་བའི་དོན་དུ་ཐུགས་རྗེ་ཆེན་པོ་དྲི་མ་མེད་པས་གཟིགས་ཏེ་དོན་མཛད་པའོ། །ཡང་ལས་ཀྱི་རིགས་བྱ་བ་ གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་ལས་ཀྱི་དཀྱིལ་འཁོར་གྱིས་དངོས་གྲུབ་མྱུར་བར་སྟོན་པ་ལ་སོགས་པའི་ཕྱིར། ཨེ་མ་ཧོ་ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ནས་གོ་འཕང་མཆོག་བརྙེས་པས། །ཁམས་གསུམ་རྣམས་ལ་རྟག་ཏུ་དངོས་གྲུབ་མཆོག་ སྩོལ་མཛད། །མགོན་པོ་དུས་གསུམ་སྒྲིབ་པ་མེད་པར་རབ་མཁྱེན་པ། །དམ་ཚིག་དོན་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། །ཐར་པ་མཆོག་ཏུ་གྱུར་པའི་ལམ་གྱི་ནང་ན་མཆོག་ཏུ་གྱུར་པ་ནི་འདི་ཉིད་ཀྱི་སྒོ་ནས། མཆོག་ཏུ་གྱུར་པའི་འབྲས་བུ་སྐྱེ་བ་གཅིག་གིས་རབ་ཏུ་སྦྱོར་ཞིང་བརྙེས་ པར་བྱེད་པའི་ཕྱིར་རོ། །དེས་ན་ངོ་མཚར་དུ་གྱུར་པ་སྟེ་ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན་པའི་དོན་ཏོ། །འབྲས་བུའི་མཛད་པ་ཡོན་ཏན་དང་བཅས་པར་དེ་ཉིད་ལས་སྣང་བར་བསྟན་ཏེ། ཁམས་གསུམ་གྱི་སྐྱེ་འགྲོ་ཐམས་ཅད་ལ་ཡང་དངོས་གྲུབ་ཀྱི་མཆོག་སྩོལ་བས་བྱང་ཆུབ་ཆེན་པོའི་ ལམ་ལ་སྦྱོར་བར་བྱེད་ཅིང་། དུས་རྣམ་པ་གསུམ་དག་ཏུ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱིས། ཇི་ལྟ་བ་དང་ཇི་སྙེད་པའི་རྣམ་པ་ཀུན་མཁྱེན་ཏེ་ཐུགས་རྗེ་ཆེན་པོའི་བདག་ཉིད་དུ་བཞུགས་པས་དམ་ཚིག་གསུམ་གྱི་དངོས་གྲུབ་བདག་ལ་སྩོལ་ཞེས་པའོ། །དེ་ལྟར་བསྟོད་པའི་ཡོན་ཏན་བསྟན་པའི་ཕྱིར། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་ཡོན་ཏན་རྒྱ་ཆེན་ཏེ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། བསྟོད་པའི་རྒྱལ་པོ་འདིས་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་སྐུ་དང་ཡེ་ཤེས་ཀྱི་རིགས་ལ་སོགས་པའི་ཡོན་ 26-1-294b ཏན་རྒྱ་ཆེན་པོ་རྗོད་པར་བྱེད་པ་སྟེ། ལན་ཅིག་ཙམ་བརྗོད་པས་ཀྱང་སངས་རྒྱས་ཐམས་ཅད་ཀྱི་དངོས་གྲུབ་འགྲུབ་པར་བྱེད་ན། རང་ཉིད་རིགས་ཀྱི་དཀྱིལ་འཁོར་དུ་བསྒོམས་ཤིང་། དོན་བཞིན་དུ་བསམ་པ་དང་ལྡན་པས་དམ་ཚིག་གསུམ་གྱི་སྒོ་ནས་བརྗོད་ན་སྨོས་ཀྱང་ཅི་དགོས་ཞེས་པའོ། །འབྲུའི་ དོན་ནི་གོ་སླ་བས་མ་བཤད་དོ། །དེ་དག་ནི་སྟོན་པའི་དགོངས་མཛད་ཡོན་ཏན་གྱི་བསྟོད་པ་དང་བཅས་པས་བསྟན་པའོ། །ད་ནི་རྗེས་འཇུག་གི་དབང་དུ་བྱས་ཏེ་བསྒོམ་ཞིང་བསྒྲུབས་པ་ལས་བྱུང་བའི་དངོས་གྲུབ་ཀྱི་ཚུལ་བསྟན་ཏེ། སྐུ་ནི་ལྟ་བས་མི་ངོམས་པ། །ཐམས་ཅད་བདག་ཉིད་ བསྟན་ནས་ཀྱང་། །ལེགས་སོ་ཞེས་ནི་གྲུབ་པ་ཡི། །མཆོག་རྣམས་ཀུན་ནི་རབ་སྦྱིན་མཛད། །རང་གི་དཀྱིལ་འཁོར་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ལྟ་བས་མི་ངོམས་པའི་ཡོན་ཏན་གྱི་ཚོགས་བསྟན་ཏེ། ལེགས་སོ་ཞེས་པ་ལ་སོགས་པའི་གསུང་སྒྲོགས་ཤིང་ལུང་སྟོན་པ་དངོས་གྲུབ་ ཀྱི་མཆོག་སྦྱིན་པར་མཛད་དོ། །དེ་ཉིད་ཚུལ་ཇི་ལྟར་ཞེ་ན། ཐམས་ཅད་བདག་ཉིད་གྲུབ་དགའ་དང་། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས། །སངས་རྒྱས་གྲུབ་པའི་མཆོག་ཀུན་དང་། །རྣལ་འབྱོར་དམ་པའང་སྦྱིན་པར་མཛད། །འཇིག་རྟེན་པའི་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཀྱི་ བདག་ཉིད་ཇི་ལྟར་གྲུབ་པ་དགའ་བ་བཞིན་དུ་འབྱུང་ཞིང་། བསམ་པའི་ལས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང་། མཆོག་གི་དངོས་གྲུབ་སངས་རྒྱས་ཀྱི་སྐུ་དང་། ཐུགས་བདེ་བ་ཆེན་པོའི་ཡེ་ཤེས་རྣལ་འབྱོར་དམ་པའང་སྦྱིན་པར་མཛད་པའོ། དེ་དག་གིས་ནི་འབྲས་བུ་ལ་བྲོད་པ་བསྐྱེད་པའི་ཚུལ་ དུ་རྗེས་སུ་འཇུག་པ་པོའི་གང་ཟག་གིས་གཞུང་བཞིན་དུ་བསྒྲུབས་པའི་དངོས་གྲུབ་ཐོབ་པའི་ཡོན་ཏན་བསྟན་པའོ། །ད་ནི་ཉམས་སུ་བླང་བའི་ཐབས་བསྟན་ཏེ། དེ་ནས་དེ་ཡི་སྒྲུབ་པ་དང་། །ཤིན་ཏུ་རྟག་པའི་དངོས་གྲུབ་དག །གང་གིས་སྲིད་པ་འདི་ཉིད་ལ། །དངོས་གྲུབ་ཤིན་ཏུ་རྟག་ཐོབ་ བཤད། །དེ་ནས་ཐུང་ངུའི་སྒྲ་དེ་མ་ཐག་ཏུ་འགྱུར་ལ་རིང་པོའི་སྒྲས་བཀྲ་ཤིས་ཀྱི་ཚིག་ཏུ་འགྱུར་ཏེ། དེ་མ་ཐག་ཏུ་སྒྲུབ་པའི་བཀྲ་ཤིས་ཀྱི་དོན་ཏོ། །དངོས་གྲུབ་རྣམ་པ་གཉིས་ལས་བྱུང་བའི་འབྲས་བུའོ། །དེ་འགྲུབ་པར་བྱེད་པའི་ཐབས་ནི་བསྙེན་སྒྲུབ་ཡན་ལག་བཞི་ལ་སོགས་པའི་ཆོ་གའི་ 26-1-295a རིམ་པའོ། །དེས་ནི་སྲིད་པ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་སྤྱོད་པར་བྱེད་པའོ། །བསྙེན་སྒྲུབ་ཀྱི་རྗེས་སུ་འགྲོ་བའི་ཆོ་ག་ནི། རྡོ་རྗེ་སེ་གོལ་གཏོགས་པ་ཡིས། །སངས་རྒྱས་ཐམས་ཅད་བསྡུ་བར་བྱ། །ཐལ་མོ་ལེགས་པར་སྦྱར་བ་ཡིས། །ཐལ་མོ་ལན་གསུམ་ རྣམ་པར་བརྡབ། །སྦྱོར་བ་དང་ལྡན་པས་ལྕེ་ལག་བྱིན་གྱིས་བརླབས་པ་ལ་སོགས་པ་སྔོན་དུ་འགྲོ་བའི་ཚུལ་གྱིས། རྡོ་རྗེ་སེ་གོལ་ལན་གསུམ་གཏོགས་ཤིང་བཛྲ་ས་མཱ་ཛཿའི་སྔགས་བརྗོད་པས་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་རྣམས་བསྡུས་ཤིང་བྱོན་པར་འགྱུར་ལ། སླར་གཤེགས་སུ་གསོལ་བའི་དུས་ སུ་དགྱེས་པའི་ཐལ་མོ་ལན་གསུམ་བརྡབ་ཅིང་བཛྲ་ཏུ་ཥྱ་ཧོ་ཞེས་པས་དཀྱིལ་འཁོར་གྱི་ལྷ་རྣམས་གཤེགས་སུ་གསོལ་བའོ། །དེ་ལྟར་ཡེ་ཤེས་ཀྱི་ལྷ་རྣམས་གཤེགས་པའི་རྗེས་ལ་དམ་ཚིག་གི་དཀྱིལ་འཁོར་དག་ཀྱང་རིམ་པ་བཞིན་དུ་བདག་ལ་བསྡུས་ཏེ། དེ་ཉིད་ཀྱང་ནཱ་དའི་ཚུལ་ དུ་སྤོས་མེའི་དུ་བ་ཡལ་བ་ལྟར་རྣམ་པར་མི་རྟོག་པའི་དེ་བཞིན་ཉིད་ལ་གཞག་པར་བྱའོ། །དེ་ལས་སླར་རིགས་ཀྱི་ལྷར་བསྒོམས་ནས། དབང་བསྐུར་ཞིང་བྱིན་གྱིས་བརླབས་ཏེ། གོ་ཆ་དང་གོ་ཆིངས་ཀྱིས་བསྲུངས་ཤིང་ཐུན་མཚམས་ཀྱི་མཐར་ལྡང་བར་བྱ་བའོ། །དེ་ཉིད་ཀྱི་སྤྱོད་ ལམ་ནི། དབང་པོ་གང་དང་གང་ལས་གྱུར། །དེ་དག་དེ་ཡི་ངོ་བོར་བྱ། །རྣལ་འབྱོར་པ་རང་ཉིད་སྤྱོད་ལམ་རྣམ་པ་བཞིར་ཏིང་ངེ་འཛིན་ལས་མི་ཉམས་པར་བྱའོ། །མཉམ་པར་གཞག་པའི་སེམས་ཀྱིས་མཚན་བཅས་དང་མཚན་མེད་ཀྱི་སྒོ་ནས་དབང་པོ་དྲུག་གི་སྣང་བ་དག ། ཐབས་ དང་ཤེས་རབ་ཡབ་ཡུམ་གྱི་སྐུ་དང་། དབྱིངས་དང་ཡེ་ཤེས་ཟུང་དུ་འབྲེལ་པའི་ཚུལ་གྱིས་མཉམ་པར་སྦྱོར་ཞིང་གནས་པར་བྱའོ། །དེ་ཡང་རྩ་བའི་རྒྱུད་ལས། མིག་ལ་སངས་རྒྱས་རྣམ་པར་སྣང་མཛད་ཅེས་པ་ལ་སོགས་པ་དང་། ཡང་རྟོག་པ་བདུན་པ་ལས། དབང་པོ་ཡུལ་དུ་སྣང་བ་དག །བདེ་ བའི་ཡེ་ཤེས་རྣམ་པར་སྤྱོད། །མཚན་བཅས་མཚན་མ་མེད་པ་ཡི། །རིམ་པ་གཉིས་ཀྱི་སྒོ་ནས་འཇུག །རང་གི་ཡེ་ཤེས་གནས་སྦྱོར་ཞིང་། །མཚན་རྟོག་ཀུན་ལས་རྣམ་པར་གྲོལ། །ཞེས་སོ། །ད་ནི་བསྒོམ་བཟླས་ཀྱི་ཆོ་ག་བསྟན་པའི་ཕྱིར། ཤིན་ཏུ་མཉམ་གཞག་སྦྱོར་བ་ཡིས། ། 26-1-295b སངས་རྒྱས་ཀུན་དང་མཉམ་སྦྱོར་ཞིང་། །ཇི་ལྟར་མོས་པའི་ཆགས་པ་དང་། །ཤ་ཏ་པ་ལ་སོགས་པ་ཡིས། །ཅི་ནས་ཡོངས་སུ་མི་སྐྱོ་བར། །རྟག་ཏུ་ཚད་མེད་བཟླས་པར་བྱ། །མཚན་བཅས་དང་མཚན་མེད་ཀྱི་རིམ་པ་གཉིས་ཀྱི་སྒོ་ནས་མཉམ་པར་གཞག་ཅིང་། དེ་ཉིད་ལ་སྦྱོར་བའི་ ཚུལ་གྱིས་དངོས་རྟོགས་ཀྱི་སངས་རྒྱས་གཉིས་ཀྱི་སྒོ་ནས་མཉམ་པར་སྦྱོར་ཏེ། རིགས་ཀྱི་དཀྱིལ་འཁོར་གང་ཡང་རུང་བའི་སྒོ་ནས་ཇི་ལྟར་མོས་པའི་གླུ་དང་སིལ་སྙན་དང་བྲོ་གར་གྱི་ཕྱག་རྒྱས་ཆགས་པའི་ཚུལ་དུ་མངོན་པར་སྤྱོད་ཅིང་། ཤ་ཊ་པའི་གླུ་དང་ཤ་ཏ་ཛ་ཀོ་ཧའི་གླུ་དང་། ཙོ་ཤ་པཉྩ་མའི་གླུ་ དང་ནི་རི་དནྟ་ཀའི་གླུ་དང་། རི་ཏ་སི་ཏའི་གླུ་དང་། སུརྣ་པི་པ་རིའི་གླུ་རྣམས་བླངས་ཏེ། ཐུན་མཚམས་ཀྱི་བར་སྐབས་དག་ཏུ་བཟླས་བརྗོད་གཉིས་སམ་ཐིག་ལེ་གཉིས་སམ་ཕྲ་མོ་གཉིས་སམ་རྣམ་དག་གཉིས་ཀྱི་རྣམ་པ་གང་ཡང་རུང་བ་དག་ཇི་སྲིད་མི་སྐྱོ་བའི་བར་དུ་བྱས་ཏེ། རྟགས་རྣམ་པ་ལྔ་ མི་གསལ་གྱི་བར་དུ་རྟག་ཏུ་གནས་པར་བྱའོ། །དེ་ཡང་རྩ་བའི་རྒྱུད་ལས། བསྒོམ་དང་བཟླས་སོགས་ཆོ་ག་ཡི། །མཚན་རྟགས་གསལ་བར་མ་གྱུར་པར། །ཤིན་ཏུ་མཉམ་གཞག་སྦྱོར་གནས་ཏེ། །རིགས་ཀྱི་དཀྱིལ་འཁོར་གསལ་བར་བྱ། །ཞེས་སོ། །དེ་ཉིད་ཉམས་སུ་བླངས་པའི་རིམ་པ་ རྒྱས་པར་ནི། དཔལ་རྣམ་པར་སྣང་མཛད་ཀྱི་གསང་བའི་དོན་རྣམ་པར་བཀོད་པ་ལས་ཤེས་པར་བྱའོ། །དེ་ཉིད་ཀུན་དུ་མི་ཉམས་པར་བྱ་བའི་ཕྱིར། ཀུན་དུ་བཀུག་ནས་ཐམས་ཅད་དུ། །སངས་རྒྱས་ཀུན་གྱི་གནས་བསྒོམས་པས། །བདག་ཉིད་རྟག་ཏུ་རྣམ་པ་ཀུན། །སངས་རྒྱས་ཀུན་ དུ་དངོས་གྲུབ་པ། །རབ་ཏུ་མཐོང་ཞིང་དངོས་གྲུབ་ཐོབ། །དུས་དང་རྣམ་པ་ཐམས་ཅད་དུ་བདག་ཉིད་རྟག་ཏུ་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་བསྒོམས་ནས། དངོས་གྲུབ་རབ་དང་འབྲིང་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ཡང་རྩ་བའི་རྒྱུད་ལས། ཀུན་དུ་ཀུན་ནས་ཐམས་ཅད་དུ། ། སངས་རྒྱས་ཀུན་གྱི་བདག་ཉིད་ཀྱི། །སངས་རྒྱས་ཀུན་གྱི་གནས་བསྒོམས་པས། །སངས་རྒྱས་ཀུན་དང་ཕྲད་པར་འགྱུར། །ཞེས་སོ། །དེ་དག་ཉམས་སུ་བླངས་པའི་ཕན་ཡོན་ནི་ངེས་པའི་ཐེག་པའི་གཞུང་དུ་སྤྱད་པ་པོ་དག་གིས་ངེས་པའི་སངས་རྒྱས་དང་། དཔའ་བོ་དང་མཁའ་འགྲོ་ 26-1-296a མའི་ཚོགས་དང་། རྡོ་རྗེ་འཛིན་པའི་རིགས་འཛིན་པའི་གནས་རྣམས་ཚེ་འདི་ཉིད་ཀྱིས་འགྲུབ་པར་འགྱུར་བའི་ཕྱིར་ཚིགས་སུ་བཅད་པ་གཅིག་གསུངས་པ་ཡིན་ནོ། །ད་ནི་རྗེས་སུ་བསྟོད་པའི་ཕན་ཡོན་བསྟན་པའི་ཕྱིར། སངས་རྒྱས་ཀུན་གྱི་ཡོན་ཏན་བསྔགས་པ་རྒྱ་ཆེ་ བ། །བསྟོད་པའི་རྒྱལ་པོ་མཆོག་འདི་ལན་ཅིག་གླུར་བླངས་པས། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་གསུངས་པ་ཡིན་ཏེ། བདེ་བར་གཤེགས་པའི་སྐུ་དང་། ཡེ་ཤེས་ཀྱི་རིགས་དང་། མཚན་མའི་སྒོ་ནས་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རྒྱ་ཆེན་པོར་སྟོན་པར་བྱེད་ པའི་གླུ་འདི་ལན་ཅིག་ཙམ་བླངས་པས་ཀྱང་དངོས་གྲུབ་མི་ཟད་པའི་བདེ་བ་འཐོབ་པ་དང་། ཆོས་ཐམས་ཅད་ལ་དབང་སྒྱུར་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་འགྲུབ་པ་དང་། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལ་སོགས་པས་སེམས་ཅན་གྱི་རྒྱུད་རྣམ་པར་གྲོལ་བར་མཛད་དོ། །དཔལ་རྣམ་ པར་སྣང་མཛད་ཀྱི་དབུགས་དབྱུང་བའི་དོན་རྣམ་པར་བཤད་པའོ། །ད་ནི་གདུལ་བྱ་ཞེ་སྡང་ལ་སྤྱོད་པ་དག་གི་རྒྱུའི་ལམ་པ་དང་། རྐྱེན་གྱི་ལམ་པ་དང་། འབྲས་བུའི་མཚན་ཉིད་ཅན་དག་ཐུན་མོང་དང་ཁྱད་པར་གྱི་དོན་དུ་རྣམ་པར་གདུལ་བའི་ཕྱིར་ཐུགས་རྣམ་པར་མི་རྟོག་པ་མེ་ལོང་ལྟ་བུའི་ཡེ་ ཤེས་ལ་སྣང་བ་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་དུ་བསྟན་ཏེ་དབུགས་དབྱུང་བའི་ཕྱིར། འདས་པའི་དུས་ན་སྔོན་བྱུང་བ། །བདག་ཉིད་ཆེན་པོ་རྟག་པ་ཡི། །ཞེས་པ་ལ་སོགས་པ་གསུངས་སོ། །དེ་ཡང་དང་པོར་ནི་དུས་བསྟན་ཏེ། འདས་པའི་དུས་ཀྱི་བསྐལ་ པ་དྲུག་འཛིན་གྱི་དུས་སུ་སངས་རྒྱས་དཔའ་བོའི་ཟླ་བ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །དེའི་བསྟན་པ་ལ་སློབ་དཔོན་ཆོས་ཀྱི་འཁོར་ལོ་ལ་སློབ་མ་དགེ་སྦྱོང་ནག་པོ་ཞེས་བྱ་བ་ཞིག་ཡོད་དེ། དེས་ཡང་དག་པའི་དོན་ཕྱིན་ཅི་ལོག་ཏུ་སྤྱད་པའི་དབང་གིས་ངན་སོང་གསུམ་དུ་སྐྱེས་ཤིང་། དེ་ ལས་ཐར་ནས་བདུད་མ་ཏྲང་རུ་ཏྲ་ཞེས་བྱ་བར་གྱུར་ཏེ། འཇིག་རྟེན་གསུམ་པོ་འཇིག་པར་བྱེད་ཅིང་། །ལྷ་ལ་སོགས་པ་དང་། བསྟན་པ་དག་ཀྱང་འཇིག་པར་བྱེད་དོ། །དེ་འདུལ་བའི་གཉེན་པོར་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་སྔོན་དུ་བྱུང་ཞེས་པའོ། །རྒྱུ་གང་ལས་ཤེ་ན། རྟག་པར་ 26-1-296b ཐེར་ཟུག་པའི་སྒོ་ནས་འཁྲུལ་པར་སྤྱད་པས་ན་རུ་དྲ་ནག་པོ་བྱུང་ལ། སྐུ་གསུམ་རྟག་པའི་ངོ་བོ་ལས་ནི་དཔལ་ཧེ་རུ་ཀའི་ངོ་བོ་བྱུང་བའོ། །དེ་ཡང་སྤྱིའི་མཚན་ཉིད་ནི། དེ་བཞིན་གཤེགས་པའི་གསུང་རབ་ལས། །འགྲོ་བའི་ཚུལ་ནི་སྔོན་བྱུང་བ། །ཞེས་པས་གདུལ་བྱ་དང་འདུལ་བྱེད་གཉིས་ཀ་ ལ་སྦྱར་བར་བྱའོ། །ཡང་ཐུགས་རྗེ་སྐྱེ་བའི་ཡུལ་རུ་དྲའི་མཚན་ཉིད་ནི། དེ་ཚེ་སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་ཁྲོ་གཏུམ་གདུག་པ་ཡིས། །འོ་དོད་འབོད་པར་ལྟུང་བར་གྱུར། །རྒྱུའི་ལམ་ལ་གནས་ནས་ཉོན་མོངས་པ་ཞེ་སྡང་གི་སྒོ་ནས་ལོག་པར་སྤྱད་པའི་དབང་གིས་ཐུན་མོང་གི་ ལམ་དང་། ཁྱད་པར་གྱི་ལམ་པ་དག་ལུས་ཤིན་ཏུ་ཁྲོ་བ་དང་། ངག་ཤིན་ཏུ་གཏུམ་པ་དང་། ཡིད་ཤིན་ཏུ་གདུག་པའི་དབང་གིས་འོ་དོད་འབོད་པའི་དམྱལ་བར་ལྟུང་བར་གྱུར་ཏོ། །དེ་ལས་ཐར་ནས་སྔ་མའི་རྒྱུ་རྐྱེན་དང་འབྲས་བུ་རིག་པའི་རྣམ་པ་ཟད་ཅིང་རྒྱུ་མཐུན་པའི་འབྲས་བུ་རྣམ་པར་ སྨིན་པའི་མཐུས། བདུད་མ་ཏྲང་རུ་དྲ་རུ་གྱུར་པ་དེ་ཉིད་བསྟན་པའི་ཕྱིར། དེ་ནས་འཕོས་ནས་སེམས་ཅན་དེ། །བག་ཆགས་ཀྱིས་ནི་མཚམས་སྦྱོར་བས། །ཤིན་ཏུ་གདུག་པ་ཆེན་པོར་འགྱུར། །བློ་ནི་བདུད་ཀྱིས་བྱིན་བརླབས་ནས། །དྲག་པོའི་ལས་རྣམ་པར་སྨིན་པའི་དབང་གིས་དྲག་པོའི་ གཟུགས་སུ་བྱུང་སྟེ། ཡང་དྲག་པོའི་ལས་ཀྱིས་མྱོས་པར་གྱུར་ནས་གདུག་པ་ཆེན་པོའི་སྦྱོར་བས་སེམས་ཅན་ལ་འཚེ་བར་བྱེད་དོ། །ཇི་ལྟ་བུའི་སྒོམ་པའི་སྒོ་ནས་ཤེ་ན། རིམས་དང་དུག་དང་དབྱིག་དུག་དང་། །ཕྲ་མེན་མ་དང་གནོད་སྦྱིན་གདོན། །བདུད་དང་རྣམ་པར་ལོག་འདྲེན་ཉིད། །ཤིན་ ཏུ་གདུག་པ་ཆེན་པོར་འགྱུར། །ཁ་རླངས་ངན་པ་ལས་བྱུང་བའི་སྦྱོར་བས་སེམས་ཅན་གྱི་ཚེ་སྲོག་རྨོངས་པར་བྱེད་པའི་རིམས་ཉིན་གཅིག་པ་དང་། ཉིན་གཉིས་པ་ནས་བཟུང་སྟེ། སྣ་ཚོགས་པའི་བར་དུ་སྣང་བ་དང་། དྲི་རླངས་ངན་པ་ལས་བྱུང་བའི་དུག་གི་སྦྱོར་བ་ལྟ་བ་དང་། རེག་པས་ གཞན་གྱི་སྲོག་འཕྲོག་པ་དང་། རིན་པོ་ཆེའི་ཚུལ་གྱིས་གཞན་སླུ་བར་བྱེད་དོ། །རྣམ་པར་འཇོམས་པ་དང་ཕྲ་མེན་གྱི་སྦྱོར་སྔགས་དང་། ལུས་ཀྱི་སྤྲུལ་པ་སྣ་ཚོགས་པར་འཕྲོ་བ་དང་། གཞན་ཡང་གནོད་སྦྱིན་ཕོ་མོ་དང་། བདུད་དང་ལོག་འདྲེན་ལ་སོགས་པའི་གདུག་པ་ཆེན་པོའི་ཚོགས་ 26-1-297a རྣམས་མྱུར་དུ་དབྱུང་ཞིང་གནས་ཐམས་ཅད་དུ་ཁྱབ་པར་བྱེད་པའོ། །དེའི་ལས་ནི། གནས་གསུམ་པོ་ནི་འཇིག་བྱེད་ཅིང་། །སྒྲུབ་པ་པོ་རྣམས་ལ་ཡང་ཟ། །ལྷ་ལ་སོགས་པའང་འཕོ་བར་བྱེད། །བསྟན་པ་དག་ཀྱང་འཇིག་པར་བྱེད། །ཅེས་པའོ། །དེ་ལྟར་སྤྱོད་པའི་ལས་ ཀྱིས་འཇིག་རྟེན་པའི་ལྷ་རྣམས་རིམ་པ་བཞིན་དུ་སྐྱབས་སུ་འགྲོ་བའི་ཚུལ་བསྟན་ཏེ། དེ་ནས་དབང་པོར་བཅས་པའི་ལྷ། །ཚངས་པའི་དྲུང་དུ་ཉེ་བར་དོང་། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། རི་རབ་ཀྱི་རྩེ་མོ་ན་གནས་པའི་ལྷའི་དབང་པོ་བརྒྱ་བྱིན་དང་ཉེ་ དབང་སུམ་ཅུ་རྩ་གཉིས་དང་བཅས་པ་རྣམས་ཚངས་པ་ལ་སྐྱབས་སུ་དོང་ངོ་། །ཚངས་པ་ཉིད་ཀྱིས་ཀྱང་སྐྱབས་མཛད་པར་མི་ནུས་ཏེ། དབང་པོ་དང་བཅས་པའི་ལྷ་རྣམས་ཁྱབ་འཇུག་ཆེན་པོའི་དྲུང་དུ་ཉེ་བར་དོང་ངོ་། །དེ་དག་གིས་ཀྱང་སྐྱབས་མཛད་པར་མ་ནུས་ཏེ། ལྷ་ཆེན་པོ་མིག་གསུམ་པ་ ལ་སྐྱབས་སུ་དོང་ངོ་། །དེ་དག་གིས་ཀྱང་སྐྱབས་མཛད་པར་མ་ནུས་ཏེ། རྡོ་རྗེ་འཆང་ཆེན་པོ་ལ་སྐྱབས་སུ་གསོལ་ལོ་ཞེས་པ་དང་། དེ་ཡང་རྩ་བའི་རྒྱུད་ལས། དེ་ནས་རུ་ཏྲ་དེ་ཉིད་ཀྱིས་མཁའ་འགྲོ་དང་། ཕྲ་མེན་གྱི་ཚོགས་ཆེན་པོ་བསྡུས་ཏེ་སྦྱོར་བ་སྣ་ཚོགས་ཀྱི་སྒོ་ནས་རྦོད་གཏོང་བྱེད་ཅིང་། སྔོན་གྱི་ ལས་ལ་གྲུབ་པའི་མཚོན་ཆ་སྣ་ཚོགས་དང་དྲག་པོའི་གསང་སྔགས་ཀྱིས་རྒྱལ་ཆེན་རིགས་བཞིའི་ལྷ་རྣམས་བཅོམ་ནས་ས་སྟེང་གི་ཡ་ཐོག་ཏུ་སོང་སྟེ། རྩུབ་འགྱུར་གྱི་ཚལ་ན་གནས་ཤིང་སྦྱོར་བ་སྣ་ཚོགས་ཀྱི་སྒོ་ནས་རྣམ་པར་རྒྱལ་བའི་ཁང་བཟངས་ན་ཡང་རྒོལ་བར་བརྩམས་སོ་ཞེས་པ་ལ་ སོགས་པའི་ཚིག་རྒྱ་ཆེར་གསུངས་སོ། །ཡང་རྡོ་རྗེ་སེམས་དཔའི་སྦྱོར་བས། སངས་རྒྱས་ཐམས་ཅད་བསྡུ་བའི་ཕྱིར། །དེ་ནས་བཅོམ་ལྡན་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡི། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་སུ་གསུངས་ཏེ། རྡོ་རྗེ་འཆང་ཆེན་པོའི་སྐུ་ གསུང་ཐུགས་ཀྱི་སྦྱོར་བ་དང་ལྡན་པས་རྡོ་རྗེ་སེ་གོལ་གྱི་སྒྲས་སངས་རྒྱས་ཐམས་ཅད་བསྡུ་བར་མཛད་དེ།དཔུང་པ་གཉིས་ནི་རྡོ་རྗེ་བཅིང་བའི་ཚུལ་དུ་བསྣོལ་ཏེ། རྡོ་རྗེ་སེ་གོལ་གཏོགས་པའི་སྒྲས་ཐམས་ཅད་སྙན་གསན་དབབ་པ་ནི། ཅི་སེ་གོལ་གཅིག་ཙམ་གཏོགས་པའི་སྒྲས་སངས་རྒྱས་ཐམས་ 26-1-297b ཅད་བསྡུ་བར་ནུས་སམ་ཞེ་ན། སྐུ་གསུང་ཐུགས་ཀྱི་སྦྱོར་བ་ལས་བྱུང་བ་ཡིན་པས་ཁྱད་པར་གྱི་མཐུ་དང་ལྡན་ཏེ། དེ་ཡི་བཀའ་ཙམ་གྱིས་སྐྲག་ནས། །འཁོར་དང་འཁོར་ལོའི་ཚོགས་བཅས་པ། །སངས་རྒྱས་ཐམས་ཅད་གཤེགས་གྱུར་ན། །གཞན་ལྟ་སྨོས་ཀྱང་ཅི་ཞིག་དགོས། །ཞེས་ གསུངས་པ་ཡིན་ཏེ། དེ་ལྟར་སྤྱོད་ལ་སྤྱན་དྲངས་པའི་དཀྱིལ་འཁོར་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་རྒྱས་པར་གང་བར་ཏིལ་གྱི་གང་བུ་ཏིལ་འབྲུས་བཅེར་བ་བཞིན་དུ་བཞུགས་པའི་ཚུལ་དུ་བསྟན་པའི་ཕྱིར། རྡོ་རྗེ་སེ་གོལ་གཏོགས་པ་ཡིས། །འཇིག་རྟེན་ཁམས་ནི་མ་ལུས་པར། །སངས་རྒྱས་རྡོ་རྗེ་ འཛིན་བཅས་པ། །ཀུན་གྱིས་ཏིལ་འབྲུ་བཞིན་དུ་རྒྱས། །ཞེས་གསུངས་སོ། །ཡང་དེ་དག་གིས་གདན་འཛོམ་ཆེན་པོའི་བཀའ་བགྲོས་མཛད་ནས། ཐུགས་རྗེ་ཆེན་པོའི་མཛད་པ་བསྟན་པར་དགོངས་ཏེ། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ངོ་བོ་ ཡི། །ཁོ་བོར་དེ་བཞིན་གཤེགས་ཀུན་མཛད། །རུ་ཏྲ་ནག་པོ་ལ་སོགས་པའི་ཁྲོ་བོའི་གཟུགས་ཅན་དེ་དག་ལ་ཞི་བའི་སྐུས་འདུལ་བར་མི་འགྱུར་ཏེ། ཤེས་རབ་དབྱིངས་ཀྱི་མཚན་ཉིད་དང་། ཐབས་སྙིང་རྗེ་ཆེན་པོའི་རྒྱུ་ལས་དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་འདུས་པའི་རྐྱེན་གྱིས་འབྲས་ བུའི་ཁྲོ་བོའི་དཀྱིལ་འཁོར་དུ་སྣང་བར་མཛད་པའོ། །འོ་ན་ཞི་བའི་སྐུས་མི་འདུལ་བ་ཁྲོ་བོའི་སྐུས་ཀྱང་གདུལ་བར་ནུས་སམ་ཞེ་ན། ཁྲོ་བོའི་ཚུལ་ཅན་ཁྲོས་པས་ཀྱང་། །འཇིག་རྟེན་གསུམ་དག་སྲེག་བྱེད་ན། །སངས་རྒྱས་ཐམས་ཅད་ཁྲོས་པ་ཡིས། །ཁམས་གསུམ་མ་ལུས་སྨོས་ཅི་དགོས། །ཉོན་ མོངས་པ་རང་ཀ་མར་འཛིན་ཅིང་སྤྱོད་པའི་ཁྲོ་བོ་རང་རྒྱུད་པ་དག་གིས་ཀྱང་ས་འོག་ས་སྟེང་ས་བླའི་འཇིག་རྟེན་གསུམ་དག་ཀྱང་སྲེག་པར་ནུས་ན། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་གཅིག་ཏུ་འདུས་པའི་རང་བཞིན་རྡོ་རྗེ་འཆང་ཆེན་པོའི་སྐུས་ནི་བཅས་བཅོས་རྣམ་པ་གཉིས་ཀྱི་ཚུལ་གྱིས་ ཁྲོ་བོའི་ཆ་ལུགས་སུ་བསྒྱུར་ཏེ། ཁམས་གསུམ་མ་ལུས་པ་རྣམས་ཀྱང་སྐད་ཅིག་ཙམ་ལ་སྲེག་པར་བྱེད་པ་ནི་སྨོས་ཀྱང་ཅི་དགོས་ཞེས་པའོ། །དེ་དག་གིས་ནི་སྔོན་བྱུང་སྟོན་པའི་དགོངས་མཛད་གསང་བ་བླ་ན་མེད་པའི་ཚུལ་བསྟན་ཏེ། རྗེས་སུ་འཇུག་པའི་རྣལ་འབྱོར་པས་ཀྱང་། 26-1-298a མཚམས་ཀྱི་དཀྱིལ་འཁོར་ལ་སོགས་པའི་གནས་སྐབས་སུ་དེ་བཞིན་དུ་བསླབ་པར་བྱའོ། །ད་ནི་སྔོན་བྱུང་གི་མཚན་ཉིད་དང་རྗེས་སུ་འཇུག་པའི་རྣལ་འབྱོར་པས་བྱ་བ་དག་ཐུན་མོང་དུ་བསྟན་པ་ལས་དང་པོར་ལྷ་བསྐྱེད་པའོ། །དེ་ནས་སྣ་ཡི་རྩེ་མོ་ལ། །ཡིད་ནི་ཡང་དག་ བརྟན་པར་གཟུང་། །སྣ་ཡི་དབུགས་རིང་དྲོ་བ་ལས། །རྒྱལ་བའི་ཕྱག་རྒྱའི་སྦྱོར་བ་བྱུང་། །གནས་སྐབས་གསུམ་གྱི་བྱེ་བྲག་གིས། །ཕྱི་ནང་གསང་བ་གསུམ་གྱི་སྣའི་རྩེ་མོ་ལ་ཡིད་རྩེ་གཅིག་པ་ལ་བརྟན་པའི་རྣམ་པ་ཡང་དག་པར་གཟུང་སྟེ། ཡི་གེ་ཧཱུཾ་རིང་པོ་ཚེག་དྲག་ཅན་དྲོད་རྣམ་པ་ གསུམ་དང་བཅས་པ་ལས་བདུད་བཞི་ལས་རྒྱལ་བའི་རྡོ་རྗེ་འཆང་ཆེན་པོའི་ཐབས་དང་ཤེས་རབ་སྦྱོར་བའི་ཕྱག་རྒྱས་དཔལ་ཧེ་རུ་ཀའི་སྐུ་གསུང་ཐུགས་ཀྱི་སྦྱོར་བ་རྣམ་པར་འཕྲུལ་པའི་དཀྱིལ་འཁོར་དབྱུང་བར་བྱའོ། །ད་ནི་འབྲས་བུ་མཛད་པའི་མཚན་ཉིད་ལས་དང་པོར་གཙོ་བོའི་ཆ་ལུགས་ བསྟན་པའི་ཕྱིར། བཅོམ་ལྡན་དེ་ཉིད་རྣལ་འབྱོར་པ། །རྡོ་རྗེ་ཁྲོ་བོར་གྱུར་ནས་ཕྱུང་། །དཔལ་ལྡན་རྡོ་རྗེ་ཧེ་རུ་ཀ །འབར་བས་ཐལ་བར་རབ་ཏུ་འཇིག། །དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་དང་། ཐབས་དང་ཤེས་རབ་གཉིས་སུ་མེད་པ་ལས་རྡོ་རྗེ་ཁྲོ་བོ་ཆེན་པོའི་སྐུར་བསྒྱུར་ཞིང་ཕྱུང་ངོ་། ། དེ་ཉིད་ཇི་ལྟར་ཞེ་ན། ཡོན་ཏན་གྱི་ཚོགས་ཐམས་ཅད་ཀྱི་དཔལ་དང་ལྡན་ཞིང་སྐུ་གསུང་ཐུགས་གཉིས་སུ་མེད་པའི་རྡོ་རྗེ་འཆང་ཆེན་པོས་མི་མཐུན་པའི་ཕྱོགས་ཐམས་ཅད་བཅོམ་ཞིང་། རྣམ་ཐར་སྒོ་གསུམ་གྱི་མཚན་ཉིད་ཀྱིས་དགྱེས་ཆགས་ཕྲིན་ལས་ཀྱི་བདག་ཉིད་དུ་གྱུར་པ་དོན་ཡེ་ཤེས་ ལྔའི་མཚན་ལས། འབར་བ་ཆེན་པོའི་མེའི་དཀྱིལ་འཁོར་གྱིས་ཐམས་ཅད་བསྲེགས་ཤིང་རློག་པར་མཛད་པའོ། །གཞན་ཡང་སྐུ་མདོག་དང་འོད་ཟེར་ལ་སོགས་པའི་སྒོ་ནས། སེམས་དཔའ་སྔོན་པོ་འབར་བའི་ངང་། །འོད་ཀྱི་དཀྱིལ་འཁོར་དམར་པོ་འབར། །འཇིག་པ་ཆེན་ པོའི་དུས་ལྟར་དྲག། །དུར་ཁྲོད་ཀྱི་ནི་མེ་དང་འདྲ། །ཐུགས་ཡེ་ཤེས་རྣམ་པ་ལྔ་དང་ལྡན་པས། རིན་པོ་ཆེ་བཻ་ཌཱུརྱ་སྔོན་པོའི་ཁ་དོག་ལ་འོད་ཀྱི་དཀྱིལ་འཁོར་དམར་པོ་འབར་བས་ཆགས་པ་གཉིས་དང་མ་བྲལ་བའི་རྟགས་མཚོན་པ་སྣོད་ཀྱི་འཇིག་རྟེན་འཇིག་པའི་དུས་ཀྱི་ཚེ། མེ་ལ་སོགས་པས་ 26-1-298b སྣ་ཚོགས་འཇོམས་པ་བཞིན་དུ་དྲག་པོའི་སྐུར་གནས་ཏེ། དུར་ཁྲོད་ཀྱི་མེ་དང་འདྲ་བའོ། །གཞན་ཡང་ཁྲོ་བོའི་ཆ་ལུགས་དང་རྒྱན་ཆས་ཀྱི་རྣམ་པར་བརྗིད་པ་ནི། འབར་བ་ཆེན་པོ་སྐྲ་འབར་བ། །ཐོད་པ་མང་པོ་དབུ་རྒྱན་ཅན། །འཇིག་པ་ཆེན་པོའི་དུས་ལྟར་དྲག །དུར་ཁྲོད་ བཞིན་དུ་རབ་ཏུ་འཇིགས། །ཁྲོ་ལ་སོགས་པའི་ཚུལ་ལྡན་པ། །ཞལ་རྣམས་སྣ་ཚོགས་འགྱུར་བ་དང་། །སྨིན་མ་ཁྲོ་གཉེར་བཅས་པར་བསྒྱུར། །འབར་བའི་ལྟ་བས་གར་བྱས་པས། །དཔལ་ཆེན་པོའི་སྐུ་ལ་རང་ཉིད་ཀྱི་ཡོན་ཏན་སྣང་བ་ལས་གྲུབ་ཅིང་། གཞན་འདུལ་བའི་ དོན་དུ་བྱུང་བའི་རྔམས་བརྗིད་སུམ་ཅུ་རྩ་གཉིས་དང་། ཁྲོ་རྟགས་དྲུག་ཅུ་རྩ་གཅིག་དང་། གར་རྣམ་པ་དགུའི་མཚན་མས་བརྒྱན་ཏེ། རྡོ་རྗེ་འབར་བའི་སྐྲ་གྱེན་དུ་བརྫེས་ཤིང་། སྤྱན་མིག་ཉི་ཟླའི་དཀྱིལ་འཁོར་བཞིན་དུ་འབར་བ་ལས་འོད་འཕྲོ་བ། ཐོད་པའི་ཕྲེང་བ་ལ་སོགས་པ་ དབུ་རྒྱན་རྒྱན་ཆ་སྣ་ཚོགས་ཀྱིས་མཚན་པ། དུར་ཁྲོད་ཀྱི་ཆས་ཆེན་པོ་བརྒྱད་ཀྱིས་བརྒྱན་པས་འཇིགས་པ་ཆེན་པོའི་དུས་ལྟར་དྲག་ཅིང་། དུར་ཁྲོད་བཞིན་དུ་རབ་ཏུ་འཇིགས་པའི་ཞལ་བཞི་ཁྲོ་བ་ལ་སོགས་པའི་ཚུལ་གྱིས་སྣ་ཚོགས་པར་འགྱུར་ཞིང་། དྲག་པོ་དང་། རྨོངས་པ་དང་། ཆགས་པ་དང་། ཞི་བའི་ཚུལ་དུ་རབ་ཏུ་གནས་ལ། སྨིན་མའི་རྩེ་མོ་གྱེན་དུ་བཏེག་ཅིང་དགའ་བའི་རང་བཞིན་གྱིས་གནས་ལ་སྟོབས་བཅུའི་སྒོ་ནས་ཁྲོ་གཉེར་བཅུའི་བརྗིད་པ། འབར་བའི་གར་ཐབས་རྣམ་པ་བཞིས་བསྐྱོད་ཅིང་གནས་པའོ། །དེ་ཡང་རྩ་བའི་རྒྱུད་ལས། ཁྲག་ འཐུང་མཐིང་ནག་འཇིགས་པའི་ཞལ། །འབར་བ་ཆེན་པོའི་འོད་ཟེར་ཅན། །ཞལ་གཡས་ཞི་བའི་རང་བཞིན་དཀར། །དབུས་མ་མཐིང་ནག་དྲག་པོའི་ཞལ། །གཡོན་པ་རྨོངས་བྱེད་སེར་པོ་སྟེ། །རྒྱབ་མ་ཆགས་མཛད་དམར་པོའོ། །སྨིན་མཚམས་ཁྲོ་གཉེར་གློག་བཞིན་ འགྱུ། །སྤྱན་དམར་མཆེ་གཙིགས་འཇིགས་པའི་ཞལ། །དབུ་སྐྲ་སྨ་ར་སེར་ནག་མཛེས། །སྤུ་རྣམས་རྡོ་རྗེ་གྱེན་དུ་འཁྱིལ། །སྒེག་པ་དཔའ་བོ་འཇིགས་སུ་རུང་། །དགོད་དང་གཤེ་དང་འཇིགས་པར་བྱེད། །སྙིང་རྗེ་རྔམ་དང་ཞི་བ་ཡི། །སྐུ་གསུང་ཐུགས་ཀྱི་གར་ 26-1-299a ཐབས་ཅན། ཞེས་སོ། །གཙོ་བོའི་ཕྲིན་ལས་ཀྱི་མཛད་པ་ནི། གུ་ལང་དབང་ཆེན་ཉེ་དབང་བཅས། །ཉི་ཟླ་གཤིན་རྗེ་ཚངས་པར་བཅས། །གནས་གསུམ་དག་ནི་འབར་བྱས་ནས། །ཐལ་བ་བཞིན་དུ་རབ་ཏུ་བཤིག །དབང་ཕྱུག་ཆེན་པོ་གུ་ལང་གི་གཟུགས་ ཀྱིས་འདོད་ཆགས་ཀྱི་ལམ་ལ་གནས་པ་དང་། ལྷའི་དབང་པོ་ས་སྟེངས་ཀྱི་དབང་པོ་སྟེ། ང་རྒྱལ་གྱི་ལམ་ལ་གནས་པ་དང་། དགའ་རབ་དབང་ཕྱུག་གིས་ཐམས་ཅད་གསལ་བས་ཉི་ཟླ་ཞེས་གྲགས་པ་ཕྲག་དོག་ལ་གནས་པ་དང་། ཁྱབ་འཇུག་ཁྲོ་བས་གཤིན་རྗེ་ལྟ་བུ་ཞེ་སྡང་ལ་གནས་ པ་དང་། ཚངས་པ་གཏི་མུག་གི་ལམ་པ་དག་བཅོམ་སྟེ། གནས་གསུམ་པོའི་ཚོགས་རྣམས་བསྲེག་ཅིང་ཐལ་བ་བཞིན་དུ་གཞིག་པར་མཛད་དོ། །ཅི་གང་དུ་འདི་དག་ཕྱོགས་རེ་འདུལ་བའི་དོན་དུ་བསྟན་པ་ལས་འདིར་ཀུན་འདུལ་བར་མཛད་ཅེ་ན། ཤས་ཆེ་བའི་དབང་དུ་དགོངས་པ་ དང་གཅིག་གི་ཆ་ཤས་ལས་བྱུང་བའི་ཕྱིར་རོ། །ཡང་ཕྱག་མཚན་གྱི་སྒོ་ནས། རྡོ་རྗེ་རྡོ་རྗེ་ཁ་ཊྭཱཾ་ག །དྲིལ་བུའི་སྒྲ་ནི་གསིལ་བ་ཡིས། །ཐམས་ཅད་ཕབ་ནས་སླར་ཡང་ནི། །ཐལ་བར་འགྱུར་བའང་འཚོ་བར་བྱེད། །འདིར་ནི་ཕྱག་དང་པོ་གཉིས་ཀྱི་མཚན་མ་སྨོས་ཏེ། ལྷག་མ་ དག་ནི་ལེའུ་དགུ་པའི་གནས་སྐབས་ནས་སྟོན་ཏོ། །དེ་དག་གསལ་བར་ནི་རྩ་བའི་རྒྱུད་ལས་བསྟན་ཏེ། གཡས་གཡོན་དང་པོས་རྡོ་རྗེ་དང་། །རྡོ་རྗེ་ཁ་ཊྭཱཾ་དྲིལ་བུར་བཅས། །དེ་འོག་གཉིས་ཀྱིས་འཇིགས་བྱེད་ཀྱི། །པགས་པ་རླུང་གི་ཚུལ་གྱིས་བསྐོར། །གསུམ་པ་གཉིས་ན་ མདའ་དང་གཞུ། །གཡས་ཀྱི་བཞི་པས་དུང་ཁྲག་འཛིན། །གཡོན་གྱི་བཞི་པས་ཐོད་པ་བཟུང་། །སྙིང་རྗེ་ཆེན་པོས་བཀང་བའོ། །ཞེས་སོ། །ཡང་གནས་སྐབས་ལ་ལར་ནི་ཞལ་གཅིག་ཕྱག་བཞི་པ་ལ་སོགས་པའི་རྣམ་པས་སྣང་བར་མཛད་དེ། དེ་ཡང་རྩ་བའི་རྒྱུད་ལས། ལ་ལར་ ཞལ་གཅིག་ཕྱག་བཞི་ལ། །གཡས་གཉིས་རྡོ་རྗེ་དུང་ཁྲག་འཛིན། །གཡོན་གཉིས་ཐོད་པ་ཞགས་པར་བཅས། །རྡོ་རྗེ་ཁ་ཊྭཱཾ་སེ་རལ་ཁ། །ལ་ལར་རྡོ་རྗེ་བྷནྡྷ་དམར། །ཁ་ཊྭཱཾ་ག་ལ་རྒྱབ་བརྟེན་བཅས། །ཞེས་སོ། །དེ་ལྟར་རྡོ་རྗེ་འཆང་ཆེན་པོ་ལས་བྱུང་བའི་ཧེ་རུ་ཀ་དེ་ཉིད་སྐུ་མདོག་ 26-1-299b དང་ཞལ་ལ་སོགས་པའི་མཚན་མ་དང་། ཕྲིན་ལས་དང་། ཕྱག་མཚན་གྱི་རྣམ་པ་དག་གསལ་བར་བསྟན་པའི་རྗེས་ལ། ཆ་ལུགས་དང་རྒྱན་གྱི་མཚན་ཉིད། དུར་ཁྲོད་བཞིན་དུ་རབ་ཏུ་འཇིགས། །ཞེས་པའི་དོན་ནི་རྩ་བའི་རྒྱུད་ལས། གླང་ཆེན་སྟག་གི་པགས་པ་ཡིས། །སྟོད་ སྨད་སྐུ་ཡི་ན་བཟར་མནབས། །ཀླུ་རྒྱལ་ཐོད་པའི་ཕྲེང་བ་ཡིས། །སྐུ་ཡི་གནས་བརྒྱད་རྣམ་སྤྲས་ཤིང་། །ལྷ་ཆེན་དཔའ་པོའི་གཡང་གཞི་དག །ཚམ་ངམ་ཆེན་པོའི་ན་བཟར་གསོལ། །སྐུ་ལ་ཐལ་བས་བྱུགས་པ་ལས། །ཁྲག་དང་ཞག་གི་རི་མོས་མཚན། །ཕྱག་རྒྱ་ལྔ་ཡི་མཚན་པ་ ལས། །སྙན་གོང་ཉི་ཟླ་རིན་ཆེན་ཕྲེང་། །ཞེས་སོ། །དེ་ལྟར་འབར་བ་ཆེན་པོའི་སྐུ་འཇིགས་པའི་ཆ་ལུགས་རྣམ་པར་འགྱུར་བའི་ཚུལ་གྱིས། བདུད་དྲེགས་བྱེད་དང་ལྷ་ཆེན་པོའི་ཚོགས་ཐམས་ཅད་དབང་དུ་བྱས་ཏེ་དྲག་པོའི་ཚོགས་བཏུལ་ནས། ཤ་ཁྲག་རུས་པ་ཀུན་གསོལ་ཞིང་འཁོར་བ་ན་ གནས་པ་དག་ཀྱང་བརྒྱལ་བར་མཛད་དེ། དེ་ལྟར་ཐལ་བར་གྱུར་པ་དག་ཐུགས་རྗེ་ཆེན་པོས་མི་གཏོང་ཞིང་རྣམ་པར་ཤེས་པ་སླར་གཟུང་བར་བྱས་སོ། །ཅི་དགའ་བ་སྣ་ཚོགས་ཀྱི་ལས་གྲུབ་པར་བྱེད་དེ། གོང་དུ་ལྷ་ཆེན་པོ་རྣམས་ཀྱིས་རྣམ་པར་བསྟན་ཅིང་། ཡང་དེ་ཉིད་དང་མི་འདྲ་བའི་རྣམ་ པ་གཞན་སྟོན་པ་དང་། ཡང་དེ་དག་གི་སྐྱབས་མཛད་ཅིང་། དེ་དག་སྒྲོག་པར་བྱེད་ཅེ་ན། འགལ་བ་མེད་དེ་དེའི་རང་བཞིན་དུ་གནས་པ་དང་། དེ་འདུལ་བའི་རྣམ་པ་དང་མཐུན་པར་འཕྲུལ་པ་དང་། དེ་བཞིན་གྱིས་ཉེན་པའི་སྡུག་བསྔལ་ལ་སྐད་ཅིག་ཙམ་གྱིས་བདེ་བར་གནས་པའི་སྐྱབས་ མཛད་པ་དང་། ཡང་དེ་དང་དེ་ཉིད་གཉིས་ཀ་རྣམ་པར་གྲོལ་ཞིང་བྱང་ཆུབ་ཆེན་པོའི་གནས་སུ་བཀོད་པ་ལ་ཉེས་པའི་སྐྱོན་ཅི་ཞིག་ཡོད། ཆེ་བའི་ཡོན་ཏན་གྱི་ཁྱད་པར་ལས་སྣང་བའི་མཚན་མའོ། །དེ་ཡང་ཤེས་རབ་དང་བྲལ་བའི་ཐབས་མི་སྲིད་དེ་འོད་ཀྱི་སྣང་བ་དང་བཅས་པའི་མྱུ་ གུ་ལས་གྲིབ་མ་སྐྱེ་བའི་ཚུལ་དུ་ཡུམ་བསྐྱེད་ཅིང་ལས་ལ་གཞུག་པའི་ཕྱིར། དེ་ཡི་འབར་བའི་ཉི་མ་ལས། །བྱུང་བའི་གྲིབ་མ་མི་བཟད་པ། །བསྐྱེད་ནས་མ་ལུས་བདུད་ལ་སོགས། །གདུག་པ་རྣམས་ཀྱི་ཁྲག་ཟ་ནུས། །དེ་ཡང་དེའི་དོན་ཡང་རྩ་བའི་རྒྱུད་ལས། རང་ཉིད་ངོ་བོ་ 26-1-300a ལས་བྱུང་བའི། །ཀྲོ་དྷི་ཤྭ་རི་འཇོ་སྒེག་སྟབས། །སྐུ་མདོག་སྔོ་སྐྱ་ནམ་མཁའི་ལུས། །སེ་རལ་ཁ་ཡི་ཚུལ་དག་ཏུ། །ཁ་ཊྭཱཾ་ག་ལ་རྒྱབ་བརྟེན་བཅས། །ལག་པ་གཡོན་པས་ཐོད་པ་ཐོགས། །གཡས་པས་བ་དན་གསུམ་པའི་ཕྱག །རིན་ཆེན་འབར་ བའི་རྒྱན་གྱིས་མཚན། །ཕྱུང་ནས་བྱིན་གྱིས་རློབ་མཛད་དེ། །ཐབས་དང་ཤེས་རབ་ལྡན་པར་གྱུར། །དྲེགས་བྱེད་བདུད་ལ་སོགས་པ་ཡི། །འབྱུང་པོ་ཐམས་ཅད་རྨོངས་མཛད་དེ། །གདུག་པའི་ཚོགས་ཀྱི་ཤ་དང་ཁྲག །མ་ལུས་ཡུད་ཙམ་ཅིག་ལ་གསོལ། །ཞེས་སོ། །དེ་དག་ཀྱང་ སྟོན་པའི་དགོངས་མཛད་ཀྱི་དབང་དུ་ནི་དེ་ཁོ་ན་ལྟར་སྣང་བ་ཡིན་ལ། རྗེས་སུ་འཇུག་པའི་དབང་དུ་ནི་སྦྱོར་བའི་ཡན་ལག་དང་། རྗེས་སུ་སྦྱོར་བའི་ཡན་ལག་གིས་རྒྱས་པར་བསྒོམ་པར་བྱའོ། །ད་ནི་ཤིན་ཏུ་སྦྱོར་བའི་རིམ་པས་འཁོར་བསྐྱེད་པའི་ཕྱིར། རྒྱལ་པོ་དེ་ནི་དེ་དག་དང་། །ལྷན་ ཅིག་དུར་ཁྲོད་རྣམ་པར་རོལ། །ཐམས་ཅད་རྡོ་རྗེར་མཉམ་སྦྱོར་བ། །མཁའ་འགྲོའི་དཀྱིལ་འཁོར་འབར་བ་ཡིས། །དཔལ་ཧེ་རུ་ཀ་ནི་ཆོས་བདུན་གྱི་བདག་ཉིད་དང་ལྡན་པས་རྒྱལ་པོ་ཆེན་པོ་ལྟ་བུའོ། །འཁོར་གྱི་ལྷ་མོ་དག་ནི་དེ་ཉིད་ཀྱི་སྐུ་དང་ཡེ་ཤེས་དང་ཡོན་ཏན་གྱི་སྣང་བ་ལས་ བྱུང་བས། དེ་དག་དང་ལྷན་ཅིག་ཏུ་གནས་ཤིང་དུར་ཁྲོད་བརྒྱད་དུ་རྣམ་པར་རོལ་ལོ། །དེ་དག་ཀྱང་གང་ཞེ་ན། གཽ་རཱི་མ་ལ་སོགས་པའི་མ་མོ་ཆེན་མོ་བརྒྱད་དང་། མདའ་འཛིན་མ་ལ་སོགས་པའི་ཕྲིན་ལས་ཀྱི་ལྷ་མོ་བཞི་དང་། མེ་ཏོག་མ་ལ་སོགས་པའི་མཆོད་པའི་ལྷ་མོ་བཞི་ དང་། རྟ་མགྲིན་འཕང་མཐོ་མ་ལ་སོགས་པའི་སྒོ་མ་བཞི་སྟེ། ལྷ་མོ་ཉི་ཤུ་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་མཉམ་པར་སྦྱོར་བ་མཁའ་འགྲོའི་དཀྱིལ་འཁོར་འབར་བའི་ཚོགས་དང་བཅས་པའོ། །དེ་དག་གི་ཕྲིན་ལས་ཅི་ཞིག་མཛད་ཅེ་ན། ཤིན་ཏུ་གདུག་ཅིང་ཁྲོ་དྲག་ པའི། །སེམས་ཅན་ཁམས་ནི་རྣམ་སྦྱངས་ནས། །དག་པའི་སངས་རྒྱས་ཞིང་ཁམས་སུ། །སངས་རྒྱས་བྱང་ཆུབ་དག་ལ་བཀོད། །བདུད་མ་ཏྲང་མ་རུ་ཏྲ་ལ་སོགས་པའི་ཉོན་མོངས་པ་སྤྱི་དང་ཁྱད་པར་གྱི་ལམ་ལ་གནས་པ་དག་གི་སེམས་ཅན་གྱི་ཁམས་རྣམ་པར་སྦྱོང་ཞིང་། ། 26-1-300b སངས་རྒྱས་ཀྱི་བྱང་ཆུབ་ལ་བཀོད་པའོ། །དེ་ཡང་ཇི་ལྟར་ཞེ་ན། དག་པའི་སངས་རྒྱས་ཞིང་ལ་སྦྱོར་བ་སྟེ་དཔལ་ཧེ་རུ་ཀས་ནི་ཞེ་སྡང་ལས་སྐྱེས་པའི་ཉོན་མོངས་པ་སྤྱིའི་ལམ་པ་དག་འདུལ་བར་མཛད་པ་དང་། ལྷ་མོ་གཽ རཱི་མས་ཞི་བའི་སྒོ་ནས་ཐུགས་ཀྱི་ཕྲིན་ལས་ཀྱིས་སེམས་ཅན་ཞེ་ སྡང་གི་ཁམས་ལ་གནས་པ་དག་རྣམ་པར་སྦྱོང་ཞིང་། རྡོ་རྗེའི་རིགས་དག་པའི་སངས་རྒྱས་ཀྱི་ཞིང་ཁམས་སུ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་སངས་རྒྱས་ཀྱི་བྱང་ཆུབ་ལ་རབ་ཏུ་འགོད་པའོ། །ལྷ་མོ་གཞན་ཡང་དེས་འགྲེ་སྟེ་རྩཽ་རཱི་མས་ང་རྒྱལ་གྱི་ལམ་ལ་གནས་པ་རྣམ་པར་སྦྱང་བ་དང་། པྲ་མོ་ཧས་འདོད་ཆགས་ཀྱི་ལམ་ལ་གནས་པ་རྣམ་པར་སྦྱང་བ་དང་། བཻ་ཏ་ལཱིས་ཕྲག་དོག་གི་ལམ་ལ་གནས་པ་རྣམ་པར་སྦྱང་བ་དང་། པུཀྐ་སཱིས་གཏི་མུག་གི་ལམ་ལ་གནས་པ་རྣམ་པར་སྦྱང་བ་དང་། ཙཎྜ་ལཱིས་ཉོན་མོངས་པ་སྤྱིའི་ལམ་ལ་གནས་པ་རྣམ་པར་སྦྱང་བ་དང་། གྷསྨ་ རཱིས་ལོག་པར་ལྟ་བ་ལ་གནས་པ་རྣམ་པར་སྦྱང་བ་དང་། སྨ་ཤ་ནཱིས་ཐེ་ཚོམ་དང་ཡིད་གཉིས་ཀྱི་རྣམ་པར་རྟོག་པ་དག་སྦྱོང་བར་མཛད་པའོ། །ཡང་མཛད་པ་རྒྱ་ཆེན་པོའི་སྒོ་ནས། ཁྲོ་བོའི་དཀྱིལ་འཁོར་བསྟན་པའི་ཕྱིར། །རྡོ་རྗེ་འདོད་ཁྲོ་ལ་སོགས་ཀྱིས། །རྟོག་པ་བླ་མེད་ཐམས་ ཅད་ཀྱིས། །ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པའི། །སེམས་ཅན་ཁམས་ནི་རྣམ་པར་སྦྱངས། །དཔལ་ཧེ་རུ་ཀ་ལ་ཁྲོ་བོ་ཆེན་པོ་བཅུས་བསྐོར་བའི་དཀྱིལ་འཁོར་དང་། ཁྲོ་བོ་རེ་རེས་རིགས་ཀྱི་དཀྱིལ་འཁོར་མཛད་པའི་དཀྱིལ་འཁོར་གྲངས་མེད་པའི་རྣམ་པར་སྤྲོས་ཏེ་སེམས་ ཅན་གྱི་རྒྱུད་སྦྱོང་བར་མཛད་པའོ། །རྗེས་སུ་སྒྲུབ་པའི་རིམ་པ་ནི་དཔལ་ཧེ་རུ་ཀའི་གསང་བའི་དོན་རྣམ་པར་བཀོད་པ་ལས་ཤེས་པར་བྱའོ། །དཔལ་ཧེ་རུ་ཀའི་དབུགས་དབྱུང་བའི་དོན་རྣམ་པར་བཤད་པའོ། །ད་ནི་གཏི་མུག་གི་རྒྱུ་དང་རྐྱེན་དང་འབྲས་བུའི་ལམ་ལ་ཉོན་མོངས་པ་སྤྱི་ དང་ཁྱད་པར་གྱི་མཚན་ཉིད་རྟག་ཆད་ཀྱི་མཐའ་ཅན་ལོག་པར་ལྟ་བ་ལ་གནས་པ་རྣམས་གདུལ་བའི་དོན་དུ་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་སྣང་ཞིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་པདྨའི་རིགས་དཔལ་པདྨ་གར་གྱི་དབང་ཕྱུག་གི་དཀྱིལ་འཁོར་གྱིས་དོན་མཛད་པའི་ 26-1-301a ཚུལ་བསྟན་པའི་ཕྱིར། དང་པོར་དགོངས་མཛད་ཀྱི་དུས་བསྟན་ཏེ། འདས་པའི་དུས་ན་སྔོན་བྱུང་བ། །བདག་ཉིད་ཆེན་པོ་རྟག་པ་ཡི། །འདས་པའི་ཚེ་བསྐལ་པ་བཅུད་ལྡན་གྱི་དུས་སུ་སངས་རྒྱས་པདྨའི་དཔལ་འཇིག་རྟེན་དུ་བྱུང་ངོ་། །དེའི་བསྟན་ པ་ལ་དགེ་སློང་རྒྱལ་བའི་མཆོག་ཅེས་བྱ་བས་བཀའི་དོན་ཕྱིན་ཅི་ལོག་ཏུ་སྤྱད་དེ། རྟག་ཆད་ཀྱི་མཐའ་ལ་གནས་ཤིང་། ལོག་པའི་ལྟ་བ་དང་ལྡན་པས་ངན་སོང་རྣམ་གསུམ་དུ་འཁོར་ཞིང་སྡུག་བསྔལ་ཉམས་སུ་མྱོང་ངོ་། །དེ་ལས་ཐར་ནས་དྲེགས་བྱེད་མཐའ་ལ་གནས་པ་ཞེས་བྱ་བ་ཉོན་ མོངས་པའི་ལམ་ལ་ཞེན་ཅིང་རང་གི་ལྟ་བ་འཛིན་པར་འགྱུར་རོ། །དེ་འདུལ་བའི་གཉེན་པོར་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་སྐུ་ལས་དཔལ་པདྨ་གར་གྱི་དབང་ཕྱུག་རྣམ་པར་འཕྲུལ་པའི་གར་ཐབས་དང་བཅས་པའི་དཀྱིལ་འཁོར་ཆེན་པོ་རྣམ་པར་བྱུང་ངོ་། །ཅི་ཞིག་ལས་ཤེ་ན། རང་གི་ལྟ་ བ་རྟག་པར་འཛིན་པའི་རྒྱུ་དང་རྐྱེན་གྱིས་ནི་གདུལ་བྱའི་རྣམ་པ་ཐུན་མོང་དང་ཁྱད་པར་གྱི་ཚོགས་སྣང་ཞིང་། སྐུ་གསུམ་རྟག་པའི་སྒོ་ནས་འདུལ་བྱེད་ཀྱི་བདེ་བར་གཤེགས་པ་བྱུང་ངོ་། །དེས་ན་གདུལ་བྱ་འདུལ་བྱེད་སྤྱིའི་མཚན་ཉིད་ནི། དེ་བཞིན་གཤེགས་པའི་གསུང་རབ་ལས། འགྲོ་བའི་དོན་ནི་སྔོན་བྱུང་བ། །བཀའི་དོན་ཕྱིན་ཅི་ལོག་ཏུ་སྤྱད་པའི་དུས་ཐུགས་རྗེ་ཆེན་པོ་སྐྱེ་བའི་ཡུལ་འགྲོ་བའི་ཚུལ་དུ་སྔོན་བྱུང་བ་དང་། དེ་བཞིན་གཤེགས་པའི་གསུང་རབ་ཇི་བཞིན་པར་སྤྱད་པའི་མཐུས་ཐུགས་རྗེ་ཆེན་པོའི་མཚན་ཉིད་དེ་དང་མཐུན་པ་འཕྲུལ་པའོ། །དེ་ལ་ ཐུགས་རྗེ་སྐྱེ་བའི་ཡུལ་གྱི་མཚན་ཉིད་ནི། དེ་ཚེ་སེམས་ཅན་ཐམས་ཅད་ནི། །ལོག་པར་ལྟ་བ་གནས་པར་འགྱུར། །ཤིན་ཏུ་ལྟ་བ་ངན་པ་ཡིས། །འོ་དོད་འབོད་པ་ཆེན་པོར་ལྷུང་། །བསྐལ་པ་བཅུད་ལྡན་གྱི་དུས་ཀྱི་ཚེ་དེ་ཉིད་ན་ལས་ཀྱི་དབང་གིས་སྐྱེ་འགྲོ་མ་ལུས་པ་ཐམས་ཅད་ ཉོན་མོངས་པ་གཏི་མུག་གི་ལམ་ལ་གནས་ཤིང་ལོག་པར་ལྟ་བས་ཀུན་དུ་རྨོངས་ཏེ། རྟག་ཆད་ཀྱི་མཐའ་ལ་གནས་པ་དང་། དེ་དག་གི་ནང་ནས་ཀྱང་དགེ་སློང་རྒྱལ་བ་མཆོག་དང་། དེའི་རྗེས་སུ་འབྲང་བ་དག་སྟེ་དེ་དག་གི་རྒྱུ་དང་རྐྱེན་དང་འབྲས་བུའི་རྣམ་པ་དག་གཟིགས་ 26-1-301b པའོ། །དེ་དག་གི་གཉེན་པོར་ཐུགས་རྗེ་ཆེན་པོའི་མཚན་ཉིད་ཇི་ལྟར་སྐྱེས་པ་ནི། རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །བྱང་ཆུབ་སེམས་ནི་རྣམ་སྦྱོང་ཕྱིར། །པདྨོ་ཆགས་པར་སྦྱོར་བ་ཡིས། །རྡོ་རྗེ་ཆོས་སུ་གནས་པར་གྱུར། །རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱིས་གསུང་གི་རྣམ་ པར་འཕྲུལ་པ་ནི་པདྨའི་རིགས་ཏེ། གང་ཞིག་རང་བཞིན་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པའི་ངོ་བོ་ལས་གཞན་འདུལ་བའི་ཐབས་སུ་རྡོ་རྗེ་ཆོས་སུ་སྣང་སྟེ། ཇི་ལྟར་ཞེ་ན་རྩ་བའི་རྒྱུད་ལས། སྐུ་མདོག་དཀར་ལ་དམར་ཞད་ཆགས། །ཞལ་མང་བརྒྱ་ཕྱེད་ཕྱག་གིས་ མཛེས། །གཡས་ཀྱི་པདྨ་རྡོ་རྗེ་དང་། །འཁོར་ལོ་རིན་ཆེན་དབྱུག་སོགས་ཀྱིས། །མཚན་ཞིང་གཡོན་པའི་ཕྱག་དག་གིས། །པདྨ་རྐྱང་པའི་སྡོང་བུ་འཛིན། །མཚན་སོགས་དཔེ་བྱད་བཟང་པོས་མཛེས། །ཉི་ཤུ་རྩ་ལྔའི་འོད་ཟེར་འཕྲོ། །རིན་ཆེན་ལ་སོགས་རྒྱན་ཕྲེང་ ཚོགས། །དར་གྱི་གོས་རྒྱན་ཅོད་པན་དཔྱངས། །བཀྲ་ཤིས་སྐྱིལ་ཀྲུང་ལེགས་བཞུགས་ཤིང་། །བསྙེམས་བཅས་ཆགས་པའི་ཚུལ་དུ་གཟིགས། །ཞེས་སོ། །དེ་ཡང་རྗེས་སུ་འཇུག་པའི་དབང་དུ་ནི། པདྨ་ཆགས་པར་སྦྱོར་བའི་ཚུལ་དུ་ཡང་། རྟོག་པ་བདུན་པ་ལས། བྱིན་རླབས་ རིགས་ཀྱི་དབུ་རྒྱན་གྱིས། །རྒྱུ་ཡི་མགོན་པོ་རྡོ་རྗེ་འཆང་། །དཔལ་ལྡན་པདྨ་གར་དབང་ཕྱུག །ཆ་ལུགས་མཚན་མ་རྒྱན་གསལ་གྱུར། །ཞེས་སོ། །ཅི་སྐབས་འདིར་སངས་རྒྱས་སྣང་བ་མཐའ་ཡས་ལ་རྡོ་རྗེ་ཆོས་ལ་སོགས་པ་མིང་གི་བྱེ་བྲག་མི་མཐུན་པ་འདོགས་ཤེ་ན། དེ་ནི་རང་ བཞིན་གྱི་བྱེ་བྲག་ཆོས་ཞེས་བྱ་བ་ཕྲིན་ལས་ཀྱི་སྒོ་ནས་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཅེས་བྱ་བ་དང་། ཕྲིན་ལས་སྣ་ཚོགས་ཀྱི་འབྲས་བུའི་སྒོ་ནས་པདྨ་གར་གྱི་དབང་ཕྱུག་ཅེས་སོ། །དེ་ཉིད་ཀྱི་རང་བཞིན་གྱི་མཚན་ཉིད་ནི། ཇི་ལྟར་པདྨ་དམར་པོ་འདི། །ཆགས་པའི་ཉེས་པས་ མི་གོས་པ། །དེ་བཞིན་བག་ཆགས་ཁམས་གསུམ་གྱི། །ཉེས་པ་སྣ་ཚོགས་རྣམ་པར་དག །དཔེར་ན་པདྨའི་དཀྱིལ་འཁོར་ནི། །འདམ་རྫབ་ལས་སྐྱེས་ཤིང་དེ་དག་གི་དྲི་མས་མ་གོས་པ་བཞིན་དུ། གསུང་པདྨའི་རིགས་ཀྱི་རྣམ་པར་འཕྲུལ་པ་བྱང་ཆུབ་སེམས་ཀྱི་ངོ་བོ་རྣམ་ 26-1-302a པར་དག་པ་ལས་བྱུང་བའི་སྐུ་འདི་ཡང་ཁམས་གསུམ་གྱི་ཉེས་པ་སྣ་ཚོགས་ལས་རྣམ་པར་གྲོལ་བའོ། །དེས་ན་ཆགས་པ་རྣམ་པ་གཉིས་དང་མ་བྲལ་བའི་ཚུལ་གྱིས་སྤྱོད་ཅིང་གནས་པས་ན་རྡོ་རྗེ་ཆོས་ཞེས་བྱའོ། །དེ་ཡང་ཐབས་ཀྱི་ཞགས་པའི་རྩ་བའི་རྒྱུད་ལས། པདྨ་འདམ་བྲལ་སྐམ་འཐས་རུལ། །དེ་ལྟར་འཁོར་བ་སྤངས་སྤྱོད་མིན། །མཐའ་གཉིས་ལས་གྲོལ་རྣམ་སྤྱོད་པ། །ཀུན་དུ་སྣང་བ་མཐའ་ཡས་སྐུ། །གསང་བ་ཐེག་ཆེན་བླ་མེད་གཞུང་། །དེ་ཉིད་དཀྱིལ་འཁོར་རྣམ་གསལ་སྟོན། །ཞེས་སོ། །དེ་ཉིད་ཀྱི་ཕྲིན་ལས་ཀྱི་མཚན་ཉིད་ནི། འདི་ ནི་ཀུན་དུ་གཟིགས་པས་ན། །རྒྱལ་བའང་དབང་ཕྱུག་ཉིད་དུ་འགྱུར། །དཔལ་ལྡན་སྤྱན་རས་གཟིགས་ཀྱི་དབང་། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །གདུལ་བྱའི་ལས་ཇི་ལྟ་བ་བཞིན་དུ་དབང་པོ་དང་སྐྱེ་མཆེད་ཀྱི་བྱེ་བྲག་རྒྱ་ཆེར་གཟིགས་ནས། མཐུན་པའི་སྐུ་གསུང་ཐུགས་ ཀྱི་ཕྲིན་ལས་ཀྱིས་གཞན་གྱི་དོན་མཛད་པར་དགོངས་ནས། ཉིད་ཀྱི་ཡོན་ཏན་རྣམ་པར་བཀོད་པས་བདུད་རྣམས་བཅོམ་ཞིང་། དབང་ཕྱུག་བརྒྱད་དང་ལྡན་པས་ཐུགས་རྗེ་ཆེན་པོ་རྩེ་གཅིག་པ་དང་ལྡན་ཏེ། དུས་དང་རྣམ་པ་ཐམས་ཅད་དུ་ཀུན་དུ་གཟིགས་པར་མཛད་པ་ནི་རྡོ་རྗེ་ སེམས་དཔའ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཡིན་པའོ། །དེའི་ཚུལ་ནི། འདོད་ཆགས་ཐམས་ཅད་དག་པས་ན། །མཆོག་སྦྱིན་དམ་པ་བཅོམ་ལྡན་འདས། །ཕྱིན་ཅི་ལོག་གི་རྟོག་པ་ལས་བྱུང་བའི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ལ། ལ་ལས་དེ་ཉིད་ལ་སྤྱད་པས་གྲོལ་བར་འདོད་པ་དང་། ལ་ལས་སྤངས་པས་གྲོལ་བར་འདོད་པ་དང་། ལ་ལས་སྦྱངས་པས་གྲོལ་བར་འདོད་པ་ནི། རྣམ་པར་དག་པ་མ་ཡིན་ཏེ། དེ་དག་མ་སྤངས་པར་དག་པའི་རང་བཞིན་དུ་མཁྱེན་པ་ནི་གསང་བ་བླ་ན་མེད་པའི་དོན་ཏེ། དེ་ཉིད་ལ་སྤྱོད་ པའི་སྒོ་ནས་དངོས་གྲུབ་མཆོག་སྦྱིན་ཞིང་དམ་པ་གྲུབ་པར་མཛད་པས་བཅོམ་ལྡན་འདས་སོ། །ཡང་ཕྲིན་ལས་སྣ་ཚོགས་ཀྱི་འབྲས་བུའི་སྒོ་ནས། འདུལ་བའི་ཐབས་ནི་སྣ་ཚོགས་ཀྱིས། །སྣ་ཚོགས་པ་ནི་འདུལ་བར་མོས། །ཀུན་དུ་སྤྱན་རས་གཟིགས་དབང་རྒྱལ། །པདྨོ་ 26-1-302b གར་གྱི་དབང་ཕྱུག་གྱུར། །འགྲོ་བའི་ཚུལ་དུ་འདུལ་བའི་དོན་དུ་གཟུགས་ཀྱི་ཆ་ལུགས་སྣ་ཚོགས་དང་ལྡན་པའི་ཞལ་ཕྱག་མང་པོ་དང་། སྐུ་ལས་སྣང་བའི་གཟུགས་བརྙན་མང་པོར་སྟོན་པའོ། །དེ་ཡང་ལེའུ་དགུ་པ་ལས། །གར་ཐབས་རྣམ་པ་སྣ་ཚོགས་ཀྱིས། །ཡོངས་སུ་བསྒྱུར་ ཞིང་གར་བྱས་པས། །པདྨོའི་མཚན་མཆོག་པདྨོར་བྱས། །ཕྱག་ནི་བརྒྱད་རྣམས་འཁོར་ལོ་བསྐོར། །ཞེས་པ་དང་། དེ་བཞིན་གཤེགས་པ་ཀུན་ལ་སོགས་པའི་གཟུགས་མཆོག་སྣ་ཚོགས་འཛིན་ཞེས་པ་ལ་སོགས་པ་གསུངས་སོ། །དེས་ན་གང་ཞིག་ཀུན་དུ་གཟིགས་པའི་ངང་ ཚུལ་དང་ལྡན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་ཕྲིན་ལས་སྣ་ཚོགས་ཀྱི་ངོ་བོ་དེ་གང་ལས་བྱུང་ཞིང་ཇི་ལྟ་བུ་ཞེ་ན། པདྨོ་སྒྱུ་མ་རྒྱལ་པོ་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་མཆོག་དེས། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ངོ་བོ་ཐབས་དང་ཤེས་རབ་ལས་བྱུང་བ་དེ་ ཉིད་ནི་སྐུ་གསུམ་གཉིས་སུ་མེད་པའི་མཚན་ཉིད་ཅན་ནོ། །དེ་ཉིད་ཀྱི་སྣང་བ་པདྨའི་རིགས་ཀྱི་ལྷའི་དཀྱིལ་འཁོར་རྣམས་ནི་མཁའ་འགྲོ་སྒྱུ་མ་མཆོག་གོ། །ཡང་ཕྲིན་ལས་སྣ་ཚོགས་ཀྱི་སྒོ་ནས་མཛད་པ་རྒྱ་ཆེན་པོ་བསྟན་པའི་ཕྱིར། དཔལ་པདྨ་གར་དབང་ལ་སོགས་པ། །རྟོག་ པ་བླ་མེད་ཐམས་ཅད་ཀྱིས། །ནམ་མཁའི་དབྱིངས་ཀྱིས་མཐའ་ཀླས་པ། །སེམས་ཅན་ཁམས་ནི་རྣམ་པར་སྦྱངས། །གང་ཞིག་རང་གི་ལྟ་བ་སྣ་ཚོགས་ཀྱི་རྟོག་པ་ལ་སྤྱོད་པའི་འགྲོ་བ་ནི་གྲངས་མེད་དེ། དེ་དག་གི་དོན་དུ་སྔོན་བྱུང་བའི་དཀྱིལ་འཁོར་དང་། རྗེས་འཇུག་གི་སྒྲུབ་ པའི་རིམ་པ་མང་པོར་བསྟན་ཞིང་གསུངས་ཏེ། རྩ་བའི་དཀྱིལ་འཁོར་ལ་སོགས་པ་གྲངས་མང་དུ་སྣང་བ་དག་ཀྱང་དཔལ་ལྡན་པདྨ་གར་གྱི་དབང་ཕྱུག་ཡབ་ཡུམ་གྱི་སྣང་བ་ཡིན་ཏེ། དེ་ཉིད་ཀྱང་དཔལ་རྡོ་རྗེ་འཆང་ཆེན་པོའི་བྱིན་གྱི་རླབས་ལས་བྱུང་བའོ། །དེ་ལྟ་བུའི་སྐུས་སྐྱེ་འགྲོ་ ཇི་སྙེད་དུ་རྣམ་པར་སྦྱོང་ཞིང་། སྒོ་གཞན་གྱི་རྣམ་པར་འཕྲུལ་པ་དང་བཅས་པས་སེམས་ཅན་གྱི་ཁམས་ནི་རྣམ་པར་སྦྱོང་བར་མཛད་དོ། །དེ་དག་རྣལ་འབྱོར་པས་ཉམས་སུ་བླང་བའི་རིམ་པ་ནི་དཔལ་པདྨ་གར་གྱི་དབང་ཕྱུག་གི་གསང་བའི་དོན་རྣམ་པར་བཀོད་པ་ལས་ཤེས་པར་ 26-1-303a བྱའོ། །དཔལ་པདྨ་གར་གྱི་དབང་ཕྱུག་གི་དབུགས་དབྱུང་བའི་དོན་རྣམ་པར་བཤད་པའོ། །ད་ནི་སྲེད་ཅིང་ཞེན་པ་དང་གདུག་ཅིང་རྔམ་པས་ཤིན་ཏུ་འཇུངས་པར་གྱུར་པའི་ཉོན་མོངས་པ་སྤྱི་དང་ཁྱད་པར་གྱི་འགྲོ་བ་དག་རྗེས་སུ་གཟུང་བའི་ཕྱིར། སོ་སོར་རྟོག་པའི་ཡེ་ཤེས་ ལས་སྣང་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་རིན་པོ་ཆེའི་རིགས་དཔལ་རྡོ་རྗེ་ཉི་མས་དབུགས་དབྱུང་བའི་ཚུལ་བསྟན་ཏེ། དེ་ལས་དང་པོ་དགོངས་མཛད་ཀྱི་དུས་ནི། འདས་པའི་དུས་ན་སྔོན་བྱུང་བ། །བདག་ཉིད་ཆེན་པོ་རྟག་པ་ཡི། །བསྐལ་པ་མི་གནས་པའི་དུས་སུ་ སངས་རྒྱས་ཉི་མའི་དཔལ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །དེའི་བསྟན་པ་ལ་དགེ་སློང་འབྱོར་པ་ཅན་ཞེས་བྱ་བས་བཀའི་དོན་ལོག་པར་སྤྱད་དེ། ཉོན་མོངས་པའི་ཆུ་བོས་གཡེངས་ནས་ངན་སོང་རྣམ་པ་གསུམ་དུ་འཁོར་ཞིང་། དེ་ལས་ཐར་ནས་དྲེགས་བྱེད་འཇུངས་པ་ཅན་ཞེས་བྱ་ བར་སྐྱེས་སོ། །དེ་འདུལ་བའི་གཉེན་པོར་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་སྐུ་ལས། དཔལ་རྡོ་རྗེ་ཉི་མའི་དཀྱིལ་འཁོར་རྣམ་པར་འཕྲུལ་པ་སྣ་ཚོགས་གསུངས་སོ་ཞེས་པའོ། །རྒྱུ་གང་ལས་ཤེ་ན། བདག་ཉིད་ཆེན་པོ་རྟག་པ་ལས་སོ། །དེ་ཡང་སྤྱིའི་མཚན་ཉིད་ནི། །དེ་བཞིན་ གཤེགས་པའི་གསུང་རབ་ལས། །འགྲོ་བའི་ཚུལ་ནི་སྔོན་བྱུང་བ། །གདུལ་བྱ་དང་འདུལ་བྱེད་ཀྱི་སྤྱིའི་མཚན་ཉིད་དེ་བསྟན་པའི་དོན་ལོག་པར་སྤྱད་པ་དང་ཇི་བཞིན་པར་སྤྱད་པའི་དབང་གིས་ལས་དང་ཐུགས་རྗེ་འབྲེལ་པར་གྱུར་པའོ། །དེ་ལ་ཐུགས་རྗེ་སྐྱེ་བའི་ཡུལ་གྱི་མཚན་ ཉིད་ཇི་ལྟ་བུ་ཞེ་ན། དེ་ཚེ་སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་གདུག་ཅིང་བསྐམ་པར་གྱུར། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་གསུངས་སོ། །བསྐལ་པ་མི་གནས་པ་དེ་ཉིད་ཀྱི་ཚེ་ན་བདུད་དང་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་བློ་བསླད་པའི་འགྲོ་བ་ ཐུན་མོང་དང་། ཁྱད་པར་ཚོགས་རྣམས་ལུས་ཤིན་ཏུ་གདུག་ཅིང་ངག་ཤིན་ཏུ་བསྐམ་པ་དང་སེམས་ཤིན་ཏུ་འཇུངས་པར་གྱུར་པས། ཡི་དགས་གཤིན་རྗེའི་དམྱལ་བར་ལྟུང་ཞིང་ཡུན་རིང་དུ་གནས་སོ། །དེ་ཉིད་ལས་ཟད་པའི་དབང་གིས་གྲོལ་ནས་མིའི་གནས་སུ་ཤིན་ཏུ་དབུལ་ཞིང་ 26-1-303b ཕོངས་པ་དང་། བཀྲེས་ཤིང་སྐོམ་པའི་སྡུག་བསྔལ་གྱིས་གདུངས་ཏེ། ཕན་ཚུན་གཅིག་གིས་གཅིག་གསོད་པར་བྱེད་དོ། །དེའི་ལས་ཟད་ནས་ཡི་དགས་ཀྱི་སྲིན་པོ་དྲེགས་བྱེད་འཇུངས་པ་ཅན་ཞེས་བྱ་བར་གྱུར་ནས། སྐྱེ་འགྲོ་ཐམས་ཅད་ཀྱི་ཚེ་སྲོག་འཕྲོག་ཅིང་འཇིག་རྟེན་གྱི་ཁམས་ ཕུང་བར་བྱས་སོ། །དེ་གདུལ་བའི་གཉེན་པོར་ཐུགས་རྗེ་ཆེན་པོའི་མཚན་ཉིད་བསྟན་པའི་ཕྱིར། ཤིན་ཏུ་གདུག་པ་སྦྱང་བའི་ཕྱིར། །རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །དམ་པའི་དོན་གྱི་ནོར་ཆེན་པོ། །རྡོ་རྗེ་ཉི་མ་བྱུང་བར་གྱུར། །གཞན་གྱིས་འདུལ་བར་མི་འགྱུར་ བའི་དྲེགས་བྱེད་ཀྱི་ཚོགས་སྡེ་དང་བཅས་པ་དེ་དག་སྒོ་ཀུན་དུ་སྦྱང་བའི་ཕྱིར། དཔལ་རྡོ་རྗེ་སེམས་དཔའ་ཟག་པ་མེད་པའི་ཡོན་ཏན་གྱི་རིན་པོ་ཆེའི་ཚོགས་ཐམས་ཅད་དང་ལྡན་པའི་སྐུ་དཔལ་རྡོ་རྗེ་ཉི་མ་བྱུང་བར་གྱུར་ཏེ། དེ་ཉིད་ཇི་ལྟ་བུ་ཞེ་ན་རྩ་བའི་རྒྱུད་ལས། གསེར་གྱི་རི་ལ་ ཉི་ཤར་བཞིན། །ཞལ་བཞི་ཕྱག་བཞི་རྣམ་མཛེས་པ། །གཡས་ན་མདའ་དང་རལ་གྲི་འཛིན། །གཡོན་གཞུ་ཉི་དཀྱིལ་རྡོ་རྗེས་མཚན། །འོད་ཀྱི་དཀྱིལ་འཁོར་སྣ་ལྔས་བསྐོར། །འཛུམ་བཅས་གཡོན་མིག་གྱེན་དུ་བཏེག །ཅེས་པ་དང་། ཡང་ཞི་བས་མི་འདུལ་བ་ལ་ཁྲོ་བོའི་ སྐུར་ཡང་སྣང་སྟེ། ལ་ལར་ཅུང་ཞིག་ཁྲོས་པ་ལས། །བྱི་རུ་དམར་པོའི་མདངས་ལྡན་སྐུ། །ཞབས་གཉིས་སྐྱིལ་ཀྲུང་ལེགས་བཞུགས་ཤིང་། །སྔ་མའི་རྒྱན་གྱིས་མཛེས་བྱས་པའོ། །ཞེས་ཏེ། དེ་ལྟ་བུའི་སྐུ་ཡུམ་དང་འཁོར་གྱི་དཀྱིལ་འཁོར་དུ་བཅས་པ་ཉི་མའི་དཀྱིལ་ འཁོར་གྱི་མདངས་དང་ལྡན་པ་འགྲོ་བའི་དོན་དུ་ཕྱུང་བར་མཛད་པའོ། །ད་ནི་རང་བཞིན་གྱི་མཛད་པ་བསྟན་པའི་ཕྱིར། ནམ་མཁའི་སྙིང་པོ་ཐམས་ཅད་ཕྱོགས། །ཀུན་གྱི་རེ་བ་ཡོངས་རྫོགས་མཛད། །བུད་མེད་ལ་སོགས་རིན་ཆེན་མཆོག །མཁའ་ལ་རིན་ཆེན་ཐམས་ཅད་ འབེབས། །གང་ཞིག་རང་བཞིན་དང་ཡོན་ཏན་དང་ཕྲིན་ལས་ཀྱི་རྣམ་པ་དག་དང་ལྡན་པ་དེ་ཉིད་ལ་ནི་དེ་དང་མཐུན་པའི་མཚན་བཏགས་ཏེ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ཉིད་ལ་ནམ་མཁའི་སྙིང་པོ་དང་། རྡོ་རྗེ་རིན་ཆེན་དང་། རྡོ་རྗེ་ཉི་མ་དང་། འཇིག་རྟེན་གསུམ་རྒྱལ་ 26-1-304a ཞེས་གྲགས་སོ། །དེ་ཉིད་ཀྱིས་དབང་བསྐུར་བའི་ངོ་བོ་ཉིད་དང་། གཏེར་གྱིས་རེ་བ་རྫོགས་པར་མཛད་པ་དང་། རིན་པོ་ཆེའི་རྒྱལ་མཚན་གྱི་གཟུགས་ཅན་དང་། མཆོད་པ་རྣམ་པར་འཕྲུལ་བ་ལ་སོགས་པའི་ཚུལ་དུ་ལྷ་མོ་དག་གི་རྣམ་པར་འཕྲུལ་བས། ནམ་མཁའི་སྙིང་པོ་བཞིན་དུ་ གནས་ཐམས་ཅད་དུ་ཁྱབ་པར་མཛད་ཅིང་ཕྱོགས་ཀུན་གྱི་རེ་བ་དག་ཇི་ལྟར་འདོད་པ་བཞིན་དུ་ཡོངས་སུ་རྫོགས་པར་མཛད་དོ། །ཇི་ལྟ་བུའི་རྣམ་པས་ཤེ་ན། བཙུན་མོ་རིན་པོ་ཆེ་དང་། བློན་པོ་རིན་པོ་ཆེ་དང་། དམག་མི་རིན་པོ་ཆེ་དང་། རྟ་རྒྱལ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། འཁོར་ལོ་རིན་པོ་ཆེ་ དང་། ནོར་བུ་རིན་པོ་ཆེ་ལ་སོགས་པའི་རྫས་རྣམས་ནམ་མཁའ་ལས་ཆར་བཞིན་འབེབས་པའོ། །དེ་ལྟ་བུ་ཞི་བས་མི་འདུལ་བ་དག་ལ་ཁྲོ་བོར་བསྒྱུར་ཞིང་ཕྲིན་ལས་ལྷག་པའི་སྒོ་ནས་དོན་མཛད་པའི་ཕྱིར། ཤིན་ཏུ་གདུག་ཅིང་ཁྲོ་བ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ ཀྱི་ཉི་མས་ནི། །རབ་ཏུ་གདུངས་པ་ཀུན་སྒྲུབ་པས། །འཇུངས་པ་ཡི་དགས་ཀྱི་སྲིན་པོ་གཤིན་རྗེའི་ཚོགས་དང་བཅས་པ་དེ་དག་ནི་ཐབས་གཞན་གྱིས་གདུལ་བར་མི་འགྱུར་ཏེ། མཐུན་པའི་གཉེན་པོས་ཁྲོ་བོའི་སྐུ་བསྟན་ཅིང་ཉི་མ་འབུམ་གྱི་གཟི་བརྗིད་དང་བཅས་པའི་ཐབས་དང་ཤེས་ རབ་ཐུགས་རྗེ་ཆེན་པོ་དང་ལྡན་པས་འགྲོ་བའི་གདུང་བ་ཐམས་ཅད་གཅོད་ཅིང་སྐེམས་པར་མཛད་པའོ། །དེ་ཡང་ཇི་ལྟར་ཞེ་ན། བྱ་བ་དང་ནི་བཟློག་པ་དང་། །དབྲོག་པས་ཀྱང་ནི་ཁྱད་པར་དུ། བརྒྱལ་བར་བྱས་ནས་གནས་གསུམ་གྱི། །ནོར་གྱི་ཚོགས་ཀུན་སྡུད་པར་བྱེད། །མདའ་ ལ་སོགས་པའི་མཚོན་ཆ་ལ་ལ་དག་འཁྲུལ་འཁོར་ལ་སོགས་པ་ལ་བརྟེན་ཏེ་འཕངས་ཤིང་དགེ་བའི་ལས་ལ་གཟུད་པ་དང་། འཁོར་ལོ་ལ་སོགས་པའི་མཚོན་ཆ་དག་ལ་གབ་པས་འཕངས་ཤིང་སྡིག་པའི་ལས་ལ་བཟློག་པ་དང་། ཞགས་པ་ལ་སོགས་པས་སླར་ཡང་དྲངས་ ཏེ་མཐུ་དང་རྫུ་འཕྲུལ་ཐམས་ཅད་དབྲོག་པ་དང་། ཁྱད་པར་གྱི་ཕྲིན་ལས་ཀྱིས་མི་མཐུན་པའི་རྒོལ་བ་ཐམས་ཅད་བཅོམ་ཞིང་ཁམས་གསུམ་ལས་རྒྱལ་བར་བྱས་ཏེ། ནོར་གྱི་ཚོགས་རྣམས་སྡུད་པར་མཛད་པའོ། །དེ་ཡང་རྩ་བའི་རྒྱུད་ལས། རྡོ་རྗེ་ཉི་མ་རྒྱལ་ཆེན་པོས་། རང་ 26-1-304b གི་འོད་ཀྱི་སྣང་བའི་ཚོགས། །ཕྱོགས་རྣམས་ཀུན་དུ་གསལ་མཛད་ཅིང་། །རབ་ཏུ་གདུང་བ་སེལ་བར་མཛད། །དགེ་བའི་བྱ་བ་ལ་གཟུད་ཅིང་། །མི་དགེ་ལམ་ལས་བཟློག་པ་དང་། །ཡོན་ཏན་ཐམས་ཅད་འཕྲོག་མཛད་དེ། །ཁམས་གསུམ་ཀུན་ལས་རྒྱལ་བར་མཛད། །སླར་ཉིད་ ཡོན་ཏན་ཆེ་བའི་མཐུས། །དེ་འདོད་ཀུན་ལ་སྦྱིན་པར་མཛད། །ཅེས་སོ། །ད་ནི་ཕྲིན་ལས་རྒྱ་ཆེན་པོའི་མཚན་ཉིད་བསྟན་ཏེ། འཇིག་རྟེན་གསུམ་རྒྱལ་ལ་སོགས་ཀྱི། །རྟོག་པ་བླ་མེད་ཐམས་ཅད་ཀྱིས། །ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པའི། །སེམས་ཅན་ཁམས་ནི་རབ་ཏུ་ བཀྲོལ། །གང་ཞིག་འཇིག་རྟེན་གསུམ་འཇོམས་པའི་མཐུ་དང་ལྡན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ཉིད་རྡོ་རྗེ་ཉི་མའོ། །དེ་ལས་བྱུང་བའི་དཀྱིལ་འཁོར་མི་འདྲ་བ་རྣམ་པ་སྣ་ཚོགས་པས་འགྲོ་བའི་དོན་མཛད་པ་སྟེ། ཁྱད་པར་གྱི་ཕྲིན་ལས་ཇི་ལྟ་བའི་རྣམ་པས་མཐར་ཕྱིན་པའི་མཚན་ཉིད་ དོ། །དེ་དག་ནི་སྔོན་བྱུང་བའི་དགོངས་མཛད་བསྟན་ཏེ། དེ་དང་རྗེས་སུ་མཐུན་པའི་སྒོ་ནས་རྗེས་སུ་འཇུག་པའི་བྱ་བའི་རྣམ་པར་ཡང་སྣང་སྟེ། འདི་ནི་ཐུན་མོང་དུ་བསྟན་པ་ཡིན་ནོ། །དེ་དག་གི་སྒྲུབ་པའི་རིམ་པ་ནི་དཔལ་རྡོ་རྗེ་ཉི་མའི་གསང་བའི་དོན་རྣམ་པར་བཀོད་པ་ལས་ཤེས་པར་བྱའོ། ། དཔལ་རྡོ་རྗེ་ཉི་མ་དབུགས་དབྱུང་བའི་དོན་རྣམ་པར་བཤད་པའོ། །ད་ནི་སེམས་ཅན་ཕྲག་དོག་གི་ལམ་ལ་གནས་ཤིང་རང་གི་ལྟ་བས་བསྙེམས་པའི་ང་རྒྱལ་དང་བཅས་པ་ལེ་ལོའི་ལས་ཅན་ཡང་དག་པའི་ལམ་ལ་མ་གུས་པའི་ལྷ་ཆེན་པོ་དྲེགས་བྱེད་ཀྱི་ཚོགས་ལ་སོགས་པའི་སྤྱིའི་ལམ་ པ་རྣམས་དང་། ཁྱད་པར་དྲེགས་བྱེད་སྣ་ཚོགས་འཕྲུལ་པ་ཅན་སྡེ་དང་བཅས་པ་དག་འདུལ་བའི་ཕྱིར། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་སྣང་བ་ཅན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་རྒྱ་ཆེན་པོའི་བདག་ཉིད་བཅོམ་ལྡན་འདས་དཔལ་རྟ་མཆོག་རོལ་པའི་དཀྱིལ་ འཁོར་འཕྲུལ་པའི་ཚུལ་བསྟན་ཏེ། དང་པོར་དགོངས་མཛད་ཀྱི་དུས་ནི། འདས་པའི་དུས་ནི་སྔོན་བྱུང་བ། །བདག་ཉིད་ཆེན་པོ་རྟག་པ་ཡི། །བསྐལ་པ་གཟི་ཆེན་སྣང་བ་ཞེས་བྱ་བའི་དུས་སུ་སངས་རྒྱས་རྔ་སྒྲ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །དེའི་བསྟན་པ་ལ་དགེ་བསྙེན་ཟླ་བ་ཞེས་བྱ་ 26-1-305a བས་བཀའི་དོན་ལོག་པར་སྤྱད་དེ་ངན་སོང་གསུམ་དུ་ཡུན་རིང་དུ་འཁོར་རོ། །དེ་ལས་ཐར་ནས་དྲེགས་བྱེད་སྣ་ཚོགས་འཕྲུལ་པ་ཅན་ཞེས་བྱ་བ་ཆུང་མའི་ཚོགས་དང་བཅས་པ་བྱུང་ནས། ལྷ་ཆེན་པོ་དག་གི་ཉོན་མོངས་སྐྱེད་པར་བྱེད་དོ། །དེ་འདུལ་བའི་གཉེན་པོར་རྡོ་རྗེ་ འཆང་ཆེན་པོ་ཉིད་ཀྱི་སྐུ་ལས། རྟ་མཆོག་རོལ་པའི་དཀྱིལ་འཁོར་སྔོན་བྱུང་ཞེས་པའོ། །རྒྱུ་གང་ལས་ཤེ་ན། མི་མཐུན་པ་དང་གཉེན་པོའི་སྒོ་ནས་རྟག་པ་གཉིས་ལས་སོ། །དེ་དག་གི་སྤྱིའི་ཚུལ་ནི། དེ་བཞིན་གཤེགས་པའི་གསུང་རབ་ལ། །འགྲོ་བའི་ཚུལ་ནི་སྔོན་བྱུང་བ། །བཀའི་ དོན་ཕྱིན་ཅི་ལོག་ཏུ་སྤྱད་པའི་རྐྱེན་དང་། ཇི་བཞིན་པར་རྟོག་པའི་མཐུས། གདུལ་བྱ་འདུལ་བྱེད་གཉིས་ཀྱི་མཚན་ཉིད་འགྲོ་བའི་ཚུལ་དུ་བྱུང་ཞེས་སོ། །དེ་ལ་ཐུགས་རྗེ་སྐྱེ་བའི་ཡུལ་གྱི་མཚན་ཉིད་ནི། དེ་ཚེ་སེམས་ཅན་ཐམས་ཅད་ནི། །བརྩོན་འགྲུས་ཤིན་ཏུ་ཆུང་བར་གྱུར། །ཤིན་ ཏུ་བརྩོན་འགྲུས་ཆུང་བ་ཡིས། །མནར་མེད་པ་ཡི་དམྱལ་བར་ལྟུང་། །བསྐལ་པ་གཟི་ཆེན་སྣང་བའི་དུས་དེ་ཉིད་ན་སེམས་ཅན་ཐམས་ཅད་ལེ་ལོ་དང་སྙོམ་ལས་ཀྱི་དབང་གིས་རང་ཉིད་བརྩོན་འགྲུས་དང་བྲལ་ཞིང་། །གཞན་ལ་བརྩོན་འགྲུས་དང་ལྡན་པ་དག་ལ་ཡང་སྨོད་ པར་བྱེད་དོ། །དེའི་རྒྱུས་ངན་སོང་ལ་སོགས་པའི་སྡུག་བསྔལ་ཉམས་སུ་མྱོང་ཞིང་དེ་ལས་གྲོལ་ནས་དྲེགས་བྱེད་སྣ་ཚོགས་འཕྲུལ་པ་ལ་སོགས་པའི་ཚོགས་སུ་གནས་པའོ། །དེ་འདུལ་བའི་གཉེན་པོར་ཐུགས་རྗེ་ཆེན་པོའི་མཚན་ཉིད་ནི། རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །རྡོ་ རྗེ་སེམས་དཔའ་དེ་བཞིན་གཤེགས། །དྲག་ཤུལ་སྦྱོར་བའི་ཚུལ་དག་ཏུ། །རྟ་མཆོག་དཔལ་ནི་བྱུང་བར་གྱུར། །ཕ་རོལ་གནོན་པའི་མཐུ་རྩལ་དང་ལྡན་པའི་རྟ་མཆོག་དཔལ་གྱི་དཀྱིལ་འཁོར་འབྱུང་བར་བསྟན་ཏེ། དེ་ཡང་ཚུལ་ཇི་ལྟར་ཞེ་ན། རྩ་བའི་རྒྱུད་ལས། ཞལ་བཞི་པ་ལ་ཕྱག་ བརྒྱད་པ། །དེ་བཞིན་ཞབས་ཀྱང་རྣམ་པ་བཞི། །ཞལ་རྣམས་དམར་དང་ནག་པོ་དང་། །དཀར་ཞིང་རྟ་མགོ་ལྗང་གུ་སྟོན། །སྐུ་ཡི་ཁ་དོག་ལྗང་གུ་དང་། །ཕྱག་རྣམས་དམར་ལ་ཞབས་ནག་པོ། །གཡས་པས་བ་དན་གསུམ་པ་བསྒྲེང་། །སྣ་ཚོགས་རྡོ་རྗེ་རལ་གྲི་མདའ། ། 26-1-305b གཡོན་པ་ཁུ་ཚུར་སྣ་ཚོགས་དང་། །མདུང་དང་དབྱུག་པ་གཞུ་འཛིན་པའོ། །གཡས་པས་གྲུ་གསུམ་དཔལ་མོ་མནན། །གཉིས་པས་གྲོལ་མ་དགའ་མའོ། །གཡོན་པས་མིག་གསུམ་ཁྱབ་འཇུག་དང་། །གཉིས་པས་ཚངས་པ་དགའ་རབ་གནོན། །ཁྲོ་རྟགས་དྲུག་ཅུ་རྩ་གཅིག་ དང་། །འབར་བ་ཆེན་པོའི་རྒྱན་གྱིས་མཛེས། །ཞེས་སོ། །ད་ནི་མཛད་པ་སྣ་ཚོགས་ཀྱི་སྒོ་ནས་ངོ་མཐོན་དུ་ལས་སྤྱོད་པའི་ཕྱིར། །ཐམས་ཅད་དག་པར་མོས་པ་ཡིས། །སྡིག་བྱེད་སྟོབས་ཀྱིས་ངོ་མཐོན་དུ། །ཕ་རོལ་གནོན་བའི་རྩ་ལག་གིས། །ཤིན་ཏུ་གདུག་ཅིང་ཁྲོ་གཏུམ་ པའོ། །སེམས་ཅན་རྣམ་པ་མང་པོའི་ཁམས། །འཇིག་རྟེན་ཐམས་ཅད་རབ་ཏུ་འཇིག །གང་ཞིག་བྱམས་པ་དང་སྙིང་རྗེའི་ཆུས་བརླན་ཞིང་འགྲོ་བ་ཐམས་ཅད་བུ་གཅིག་པ་ལྟར་དགོངས་པས། ཐམས་ཅད་རྣམ་པར་དག་པའི་ཕྱིར་ཞེ་སྡང་གིས་བསད་པ་དང་། གཏི་མུག་གིས་དམན་པའི་ རྟོག་པ་དང་བྲལ་ཏེ། སྡིག་པ་མེད་པའི་མཐུ་དང་རྫུ་འཕྲུལ་གྱི་སྟོབས་ཀྱིས་ངོ་མཐོན་དུ་ལས་མཛད་ཅིང་། དྲེགས་བྱེད་སྣ་ཚོགས་འཕྲུལ་པ་ལ་སོགས་པ་ཕ་རོལ་པོ་དག་གནོན་པ་ལ་སོགས་པའི་མཐུ་དང་རྩལ་གྱིས་བསྒྲལ་ཞིང་། ཤ་ཁྲག་ཀུན་གསོལ་བ་དང་། ལྷ་ཆེན་པོ་དག་གིས་སོ་ སོའི་ང་རྒྱལ་ཞི་བར་བྱས་ཏེ། གཏི་མུག་ཅན་གྱི་མཆོག་ཏུ་གྱུར་པ་ཚངས་པ་དང་། འདོད་ཆགས་ཅན་གྱི་མཆོག་ཏུ་གྱུར་པ་དབང་ཕྱུག་ཆེན་པོ་དང་། ཞེ་སྡང་ཅན་གྱི་མཆོག་ཏུ་གྱུར་པ་ཁྱབ་འཇུག་དང་། ང་རྒྱལ་ཅན་གྱི་མཆོག་ཏུ་གྱུར་པ་བརྒྱ་བྱིན་དང་། ཕྲག་དོག་ཅན་གྱི་མཆོག་ཏུ་གྱུར་པ་ དགའ་རབ་དབང་ཕྱུག་རྣམས་འཁོར་གཡོག་སྡེ་རིས་དང་བཅས་པ་རྣམས་བརྒྱལ་བར་མཛད་དོ། །ཡང་མཐུན་པའི་སྤྱོད་པས་ཐམས་ཅད་གདུལ་བའི་ཕྱིར། བྱི་བ་རྐུན་པོ་ཆོམ་པོ་ཡིས། །ཐམས་ཅད་རྣམ་པར་སྦྱོང་བར་བྱེད། །བྲིད་པ་དང་ནི་སྒྱུ་དག་དང་། །ངོ་འཐོན་སྟོབས་ཀྱིས་ དེ་བཞིན་དུ། །དགྲ་ཆ་ལྔ་ཡིས་བརྒལ་ནས་ནི། །དེ་ཚེ་འཇིག་རྟེན་གསུམ་ལས་རྒྱལ། །གནས་སྐབས་ལ་ལར་བྱི་ཐབས་ཀྱིས་ཚུལ་གྱིས་གཞན་གྱི་ཆུང་མ་ལ་སྤྱོད་ཅིང་འཇིག་རྟེན་གསུམ་ལས་རྒྱལ་བར་བྱེད་པ་དང་། ཡང་གནས་སྐབས་ལ་ལར་རྐུན་པོའི་ཚུལ་དུ་ཡོན་ཏན་ 26-1-306a ལ་སོགས་པའི་སྣོད་དུ་ནོར་གྱི་རྣམ་པ་བསྡུ་བར་མཛད་པ་དང་། ཆོམ་པོའི་ཚུལ་དུ་མངོན་སུམ་དུ་འཕྲོག་པ་དང་། །དོར་ཐབས་ཀྱི་ཚུལ་དུ་བྲིད་པ་དང་། མིག་འཕྲུལ་གྱི་ཚུལ་དུ་སྒྱུ་མ་ལ་སྤྱད་པས་འགྲོ་བ་ཐམས་ཅད་རྣམ་པར་སྦྱོང་ཞིང་། དགྲ་ཆ་ལྔས་བརྒལ་ནས་འཇིག་རྟེན་ གསུམ་ལས་རྒྱལ་བར་བྱེད་པའོ། །དེ་ལ་དགྲ་ཆ་ལྔ་ནི་ལེའུ་དགུ་པའི་ཕྱག་རྒྱ་ཉི་ཤུ་པ་ལས་བཤད་དེ། འཁྲུལ་འཁོར་གྱིས་འཕངས་མ་འཕངས་དང་། །དེ་བཞིན་ལག་པས་འཕངས་པ་དང་། །འཕངས་ནས་སླད་དུ་བཟུང་བ་དང་། །སྟོབས་སུ་འགྱེད་པ་ལྔ་ཡིན་ཏེ། །རང་བྱུང་རྣམས་ཀྱི་དགྲ་ཆའི་ དཔྱད། །ཕྱག་རྒྱ་ལྔ་ལ་རབ་ཏུ་གནས། །ཞེས་སོ། །དེ་ལྟ་བུའི་མཛད་པ་དེ་ཕྱོགས་གཅིག་པ་ཡིན་ནམ་ཞེ་ན། སྐྱེ་འགྲོ་གནས་དང་འགྲོ་བ་རྣམས། །མཐའ་དག་བཏུལ་ནས་འགྲུབ་པར་འགྱུར། །གང་ཞིག་སྐྱེ་བ་གནས་བཞིའི་ཚུལ་དུ་སྣང་བ་དག་ནི་སྐྱེ་འགྲོའི་གནས་སོ། །དེ་ལས་བྱུང་ བའི་འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་སོ། །དེ་དག་གི་མཐའ་ཐམས་ཅད་མ་ལུས་པར་བསྡུས་ཤིང་རྟོག་པ་མཐའ་དག་རྣམས་བཏུལ་ཞིང་། རང་རང་གི་འབྲས་བུ་གྲུབ་པར་བྱས་པའོ། །དེ་ཉིད་ཀྱི་ཚུལ་ནི། གདུལ་བའི་ཐབས་རྣམས་སྣ་ཚོགས་ཀྱིས། །རང་གི་རྒྱལ་སྲིད་རྟག་ཏུ་ སྐྱོང་། །གཡེམ་པ་རྣམས་ལ་གཡེམ་པར་འགྱུར། །ཁྲོ་བ་རྣམས་ལ་ཁྲོ་བའི་མཆོག །ཞི་བ་རྣམས་ལ་ཞི་བའི་མཆོག །དྲག་ཤུལ་ཅན་ལ་དྲག་པོས་གནོན། །གང་ཞིག་འདོད་ཆགས་ཀྱི་ལམ་ལ་ཞེན་པ་རྣམས་འདུལ་བའི་དོན་དུ་ནི་ཞལ་དབུས་མ་དམར་པོ་དང་། ཁྲོ་བ་ཞེ་ སྡང་གི་རྒྱུད་ལ་གནས་པ་རྣམས་འདུལ་བའི་དོན་དུ་ནི་གཡོན་པ་ནག་པོར་བསྟན་པ་དང་། ཞི་བ་གཏི་མུག་གི་ལམ་ལ་གནས་པ་རྣམས་འདུལ་བའི་དོན་དུ་ནི་གཡས་པ་དཀར་པོར་སྟོན་པ་དང་། ང་རྒྱལ་དང་ཕྲག་དོག་གི་ལམ་ལ་གནས་པ་དྲག་ཤུལ་ཅན་རྣམས་འདུལ་བའི་དོན་དུ་ནི་ རྟ་མགོ་ལྗང་གུ་ཁྲོ་གཉེར་ཅན་དུ་བསྟན་པའོ། །ད་ནི་ལྷ་ཆེན་པོ་རྣམས་ཞབས་ཀྱིས་མནན་ནས་ཆུང་མ་རྣམས་ལྔར་བསྡུས་པའི་ཕྱིར། ཚིགས་སུ་བཅད་པ་གསུངས་པ་ལས། དབང་ཕྱུག་དམ་པ་མ་ཧཱ་དེ་བ་འདོད་པའི་ལོངས་སྤྱོད་ཐམས་ཅད་ལ་མངའ་མཛད་པ་དེ་ཉིད་ཞབས་ 26-1-306b ཀྱིས་མནན་ནས་ལྷ་མོ་དཀའ་ཐུབ་བཟློག་མ་ལྷ་ཆེན་པོའི་མི་གནས་སྤྲུལ་པ་མོ་འགུགས་ཤིང་ལོངས་སྤྱོད་པ་དང་། ཁྱབ་འཇུག་འཁོར་ལོ་ནག་པོ་མཐུ་དང་རྫུ་འཕྲུལ་གྱི་མཆོག་དང་ལྡན་པ་མནན་ཅིང་ལྷ་མོ་རུ་མིག་མ་སྙིང་ལས་སྤྲུལ་པ་མོ་བཀུག་སྟེ་ལོངས་སྤྱོད་པ་དང་། སྐྱེ་དགུའི་བདག་མོ་ ཚངས་པ་མནན་ཏེ་ལྷ་མོ་སྒྲོལ་མ་ཞེ་བ་མོ་སྦྱོར་བ་ལས་བྱུང་བ་དགུག་ཅིང་ལོངས་སྤྱོད་པ་དང་། འདོད་པའི་ལྷ་དགའ་རབ་དབང་ཕྱུག་མནན་ནས་མདངས་ལས་སྤྲུལ་པའི་ལྷ་མོ་དགའ་སྡུག་མའི་དབང་ཕྱུག་མ་འགུགས་ཤིང་ལོངས་སྤྱོད་པའོ། །དེ་ཡང་རྟོག་པ་དགུ་པ་ལས། རབ་ཀྱི་ རྩལ་གྱིས་གནོན་པའི་སྟོབས་ཀྱིས་ངོ་མཐོན་དབང་ཕྱུག་གནོན། །སྦྱོར་ཆེན་ཧུ་ལུ་ཧུ་ལུ་མིག་གསུམ་པ་ལས་གསུམ་དྲུག་དྲོངས། །ཞེས་པ་ལ་སོགས་པ་གསུངས་སོ། །ད་ནི་ཕྲིན་ལས་ཀུན་གྱི་བདག་ཉིད་ཡིན་པར་བསྟན་པའི་ཕྱིར། ཚིག་རྐང་པ་དྲུག་གསུངས་པ་ལས། ཕྲིན་ ལས་ཐམས་ཅད་མཐར་ཕྱིན་པར་མཛད་པ་ནི་རྡོ་རྗེ་རྟ་མཆོག་གི་དཀྱིལ་འཁོར་གྱི་སྒོ་ནས་ཏེ། དེ་ཉིད་ནི་རྡོ་རྗེ་སེམས་དཔའི་རང་བཞིན་ཡིན་ཞེས་པའོ། །དེ་དག་གི་ཕྲིན་ལས་བྱ་བའི་ཐབས་ནི། ཐབས་དང་རྩལ་གྱིས་བསྒྲུབ་པ་ཡིས། །དྲག་ཤུལ་སྦྱོར་བས་བསྒྲུབས་ནས་ནི། ། ཁམས་གསུམ་རྒྱལ་སྲིད་མ་ལུས་པ། །རྡོ་རྗེ་འཛིན་པ་དེ་ཐོབ་ནས། །བྱང་ཆུབ་སེམས་ནི་མཐའ་ཡས་མཆོག །དྲག་ཤུལ་སྦྱོར་བས་སྒྲུབ་པར་བྱེད། །རྟ་མཆོག་ནི་ལས་ཁྱད་པར་གྱི་དཀྱིལ་འཁོར་ཏེ། ཞི་བའི་དུས་སུ་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་གཙོ་བོར་ གནས་པ་དང་། དབང་གི་དུས་སུ་པདྨ་གར་གྱི་དབང་ཕྱུག་གི་དཀྱིལ་འཁོར་གྱི་གཙོ་བོར་གནས་པ་དང་། རྒྱས་པའི་དུས་སུ་རྡོ་རྗེ་ཉི་མའི་དཀྱིལ་འཁོར་གྱི་གཙོ་བོར་གནས་པ་དང་། དྲག་པོའི་དུས་སུ་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་གྱི་གཙོ་བོར་གནས་པ་དང་། རིགས་ཐམས་ཅད་ཀྱི་ བདག་ཉིད་ཀྱི་དུས་སུ་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་གཙོ་བོར་གནས་པས་ན། ཕྲིན་ལས་ཐམས་ཅད་ཀྱི་བདག་ཉིད་ཅན་ཏེ། ཁམས་གསུམ་གྱི་རྒྱལ་སྲིད་མ་ལུས་པ་དང་། རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་པར་བྱེད་ཅིང་། བྱང་ཆུབ་ཀྱི་སེམས་མཐའ་ཡས་པ་དག་དྲག་ཤུལ་གྱི་སྦྱོར་ 26-1-307a བས་སྒྲུབ་པར་བྱེད་པའོ། །དི་ཡང་རྟོག་པ་བདུན་པ་ལས། ཧཾ་ལས་བསྐྱེད་པའི་རྟ་མཆོག་ནི། །ཀུན་གྱི་སྤྱི་ལ་རོལ་པའོ། །ཞེས་པ་དང་། རྟོག་པ་བསྡུས་པ་ལས་ཀྱང་། དཀྱིལ་འཁོར་གང་གི་དབུས་ལ་ནི། །རྟ་མཆོག་འདི་ནི་གཞག་བྱས་ནས།།དེ་ཉིད་དེ་ཡི་དཀྱིལ་ འཁོར་ཏེ། །ཡུལ་འཁོར་ཐམས་ཅད་འདུལ་བའོ། །ཞེས་སོ། །དེ་ཡང་རྣམ་པར་དག་པའི་སྒོ་ནས་སྤྱོད་པར་མཛད། །འབྲས་བུ་མཐར་ཕྱིན་པའི་གོ་འཕང་ལ་དགོངས་པར་མཛད་པས་ན། ཐམས་ཅད་དག་པར་མོས་པ་ཡིས། །སྡིག་མེད་སྟོབས་ཀྱིས་ངོ་མཐོན་དུ། །རྩལ་གྱི་ཕ་ རོལ་གནོན་པ་ཡིས། །སངས་རྒྱས་བྱང་ཆུབ་རབ་ཏུ་འགྲེལ། །ཞེས་གསུངས་པ་ཡིན་ནོ། །དེ་དག་གིས་མཛད་པའི་ཕན་ཡོན་ནི། ལྷ་ཡི་དངོས་གྲུབ་དཀའ་བ་དང་། །སངས་རྒྱས་བྱང་ཆུབ་བདེ་ཆེན་པོ། །གོ་འཕང་མཆོག་ནི་རྟག་པ་དང་། །རང་གི་རྣལ་འབྱོར་གྱིས་ཐོབ་ ནས། །དང་པོ་རང་གི་དོན་དུ་དངོས་གྲུབ་ཐོབ་པའི་ཚུལ་ནི་ཐུན་མོང་གི་དངོས་གྲུབ་མཆོག་བརྒྱད་ལ་སོགས་པ་ལྷའི་དངོས་གྲུབ་གྲུབ་པར་དཀའ་བ་དག་དང་། མཆོག་གི་དངོས་གྲུབ་སངས་རྒྱས་ཀྱི་བྱང་ཆུབ་བདེ་བ་ཆེན་པོའི་སྐུ་ཟག་པ་མེད་པའི་གོ་འཕང་མཆོག་ཏུ་གྱུར་པ། རྟག་ པར་གནས་པ་དག་རང་གི་རྣལ་འབྱོར་གྱིས་ཐོབ་པར་འགྱུར་བའོ། །ཡང་གཞན་གྱི་དོན་དུ། སེམས་ཅན་ཁམས་ནི་མ་ལུས་དག །མ་ལུས་པར་ནི་རྒྱས་འདེབས་ཤིང་། །འཆི་མེད་བྱང་ཆུབ་དཀའ་བ་དག །སེམས་ཅན་རྣམས་ལ་བརྟན་པ་སྦྱིན། །རིགས་རྣམ་པ་དྲུག་གི་ ཕྲིན་ལས་རྣམ་པར་འཕྲུལ་པའི་ཕྱག་རྒྱ་བཞིས་རྒྱས་འདེབས་ཤིང་། རང་རང་གི་རིགས་ཀྱི་བྱང་ཆུབ་ལ་རབ་ཏུ་སྦྱོར་ཞིང་སྟོན་པར་མཛད་པའོ། །དེ་ལྟར་མཛད་པའི་མཚན་ཉིད་ནི། རྟ་མཆོག་རྣམ་པར་འཕྲུལ་པ་ཡིས། །མ་ལུས་ལུས་པ་མེད་པ་ཡི། །བསྐལ་པ་ཀུན་དུ་སྲིད་ པར་གནས། །སེམས་ཅན་ཀུན་གྱི་དོན་ཡང་བྱེད། །རིགས་ཀྱི་ཕྲིན་ལས་ཇི་ལྟར་གདུལ་བས་རྟག་ཏུ་སེམས་ཅན་གྱི་དོན་ལ་གནས་པའི་ཚུལ་བསྟན་པའོ། །ད་ནི་མཛད་པ་རྒྱ་ཆེན་པོའི་སྒོ་ནས། དེ་ལྟར་རྟ་མཆོག་དཔལ་ལ་སོགས། །རྟོག་པ་བླ་མེད་ཐམས་ཅད་ཀྱིས། ། 26-1-307b ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པའི། །སེམས་ཅན་ཁམས་རྣམས་རབ་ཏུ་བསྒྲུབས། །རྩ་བའི་དཀྱིལ་འཁོར་ལ་སོགས་པ་རིགས་གཅིག་ལས་རྣམ་པར་འཕྲུལ་པའི་འཁོར་ལོ་མི་མཐུན་པ་སྣ་ཚོགས་ཀྱི་སྒོ་ནས་སྐུ་གསུང་ཐུགས་ཀྱི་རྟོག་པ་བླ་ན་མེད་པའི་ཚུལ་གྱིས། ནམ་མཁའི་ དབྱིངས་ཀྱི་མཐའ་ཀླས་པར་སྤྲོ་ཞིང་སེམས་ཅན་གྱི་དོན་མཛད་པའོ། །དེ་ཉིད་རྣལ་འབྱོར་པས་ཉམས་སུ་བླངས་ཤིང་སྒྲུབ་པའི་རིམ་པ་ནི་དཔལ་རྟ་མཆོག་གི་གསང་བའི་དོན་རྣམ་པར་བཀོད་པ་ལས་ཤེས་པར་བྱའོ། །དཔལ་རྟ་མཆོག་གི་དབུགས་དབྱུང་བའི་དོན་རྣམ་པར་བཤད་པའོ། ། གཞན་ཡང་དབུགས་དབྱུང་སྣ་ཚོགས་ཀྱི་སྒོ་ནས་རྒྱ་ཆེན་པོའི་འགྲོ་བ་མཐའ་དག་གི་དོན་མཛད་པའི་ཚུལ་ནི་རྩ་བའི་རྒྱུད་ཆེན་པོ་ལས་རྒྱ་ཆེར་བསྟན་ཏེ་རིགས་བསྡུས་པའི་ཐུན་མོང་གི་དཀྱིལ་འཁོར་དང་། སོ་སོའི་དཀྱིལ་འཁོར་སྣ་ཚོགས་དང་། དེ་ལས་བྱུང་བའི་དཀྱིལ་འཁོར་མང་ པོར་བསྟན་པ་བསྡུ་བའི་ཕྱིར་ཚིགས་སུ་བཅད་པ་གཉིས་གསུངས་པ་ལས། དང་པོར་དཀྱིལ་འཁོར་སྣ་ཚོགས་ཇི་ལྟར་བྱུང་ཞིང་དེ་ཉིད་སྤྲོས་པའི་གནས་དང་འདུལ་བྱ་འདུལ་བྱེད་ཀྱི་ལོ་རྒྱུས་དག་ནི། དེ་ལ་སོགས་པ་མཐའ་ཡས་མཆོག །ཆོས་དབྱིངས་མཉམ་དང་མི་མཉམ་པ། ། ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པའི། །རང་བྱུང་རྣམས་ཀྱི་གཏམ་གྱི་རྟགས། །གང་གི་སྐུ་དང་ཡེ་ཤེས་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པའི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་དེ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་དེ། ཐོག་མཐའ་མེད་པའི་སེམས་དཔའ་ཆེན་པོ་དེ་ཉིད་ཀྱི་ཡེ་ ཤེས་དང་། རིགས་ཀྱི་བྱེ་བྲག་ལས་སྣང་བའི་མགོན་པོ་སངས་རྒྱས་དྲུག་གོ། །དེ་རེ་རེ་ལས་བྱུང་ཡང་རིགས་དང་ཡེ་ཤེས་ལས་སྣང་ཞིང་ཡོན་ཏན་དང་ཕྲིན་ལས་ཀྱི་རྣམ་པར་འཕྲུལ་པའི་དཀྱིལ་འཁོར་གྱི་འཁོར་ལོ་མཐའ་ཡས་པར་བྱུང་ཞིང་། སངས་རྒྱས་དང་སེམས་ ཅན་གྱི་གནས་སུ་ཆོས་ཅན་དང་ཆོས་ཉིད་ཀྱིས་གར་ཁྱབ་པའི་མཉམ་པ་དང་། མི་མཉམ་པ་དག་ཏུ་རྣམ་པར་སྤྲོས་ཤིང་ནམ་མཁའི་དབྱིངས་ཀྱིས་མཐའ་ཀླས་པར་ཁྱབ་ཅིང་རྒྱས་སོ། །དེ་ཡང་གདུལ་བྱའི་རིས་སོ་སོའི་ལས་ཀྱི་སྒྲིབ་པ་དག་སྦྱོང་བའི་གཉེན་པོར་རང་བྱུང་གི་འཕྲུལ་ 26-1-308a པ་དག་ཇི་ལྟར་སྣང་བ་ནི། གཏམ་གྱི་ལོ་རྒྱུས་སྣ་ཚོགས་ཀྱིས་མཚོན་པ་དེ་དག་ཉིད། རྩ་བའི་རྒྱུད་ལས་གསུངས་པ་དག་བསྡུས་ཏེ་བཤད་པ། དང་པོར་དྲེགས་བྱེད་སྡེ་ཚན་ལ་སོགས་པའི་གདུལ་བྱ་རྣམས་ཀྱི་དོན་དུ། དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ ཇི་ལྟར་སྣང་བ་ནི། སྐུ་གསུམ་གཉིས་སུ་མེད་པའི་སངས་རྒྱས་དཔལ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱིས་སྣ་ཚོགས་རྣམ་པར་འཕྲུལ་པའི་ཏིང་ངེ་འཛིན་ལ་སོགས་པར་བཞུགས་ཏེ། བསྙེམས་ཚུལ་གྱིས་རབ་ཏུ་གནོན་པའི་འོད་ཟེར་སྤྲོས་ཤིང་། སྔགས་ཀྱི་རྒྱལ་པོའི་མཐུས་རང་ཉིད་དང་ཆ་ལུགས་འདྲ་ བའི་དཔལ་རྡོ་རྗེ་སེམས་དཔའ་ཐབས་དང་ཤེས་རབ་གཉིས་ཀྱི་སྐུ་རྣམ་པ་གཉིས་ཕྱུང་ངོ་།། །ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨཿཛཿཧཱུཾ་བཾ་ཧོཿསུ་ར་ཏ་སྟྭཾ། ཉིད་ཀྱི་སྐུ་བདེ་བ་ཆེན་པོའི་རོ་ལ་ལོངས་སྤྱོད་ཅིང་། དགྱེས་པའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་ཆོ་འཕྲུལ་ཡན་ལག་བདུན་རྣམ་པར་བཀོད་པས་དྲེགས་ བྱེད་ཀྱི་ཚོགས་ཐམས་ཅད་རབ་ཏུ་འཇིགས་པར་མཛད་དེ། དེ་དག་གི་གཙོ་བོ་ཆེན་པོའི་ང་རྒྱལ་གཞོམ་ཞིང་གཉེན་པོའི་ཚུལ་དུ་བཞུགས་སོ། །ཡང་འཁོར་གྱི་དྲེགས་བྱེད་གཞན་རྣམ་པར་འཇོམས་པའི་བཀོད་པའི་ཡན་ལག་བདུན་རྣམ་པར་བསྟན་ཅིང་། ཤེས་རབ་ཀྱི་སྣང་བ་མོ་ཡུམ་ ཀུན་དུ་བཟང་མོ་དང་གཉིས་སུ་མེད་པའི་རོལ་པ་ལས་འཁོར་གྱི་ལྷ་མོ་ཉི་ཤུ་རྣམ་པར་སྤྲོས་ཤིང་། དེ་དང་མཐུན་པའི་གདུལ་བྱ་དེ་ཉིད་རབ་ཏུ་གཞོམ་པར་མཛད་དོ། །དེ་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་ལས་སྣང་བའི་ཐུགས་རྗེའི་རིགས་ཐམས་ཅད་གཅིག་ཏུ་འདུས་པའི་ལྷ་མོ་དཔལ་བདེ་ མཆོག་མའི་སྐུ་ཕྱུང་ཞིང་རང་གི་གསང་སྔགས་ཀྱི་རྣམ་པར་སྤྲོས་སོ། །ཛཿབཛྲ་དྲྀཥྚི་ས་མ་ཡ་མ་ཊ་དུར་ཁྲོད་ཀྱི་མུན་པ་མོའི་གནས་སྦྱོང་ཞིང་རང་བཞིན་གྱི་དཀྱིལ་འཁོར་གྱི་ཕྱོགས་སུ་གནས་ཏེ། ཞི་བའི་ཕྲིན་ལས་ཀྱིས་གཞན་དག་རྣམས་ཀྱང་ཕྲིན་ལས་རྒྱ་ཆེན་པོ་ལ་རྣམ་པར་སྦྱོང་ཞིང་། རང་གི་རིགས་ཀྱི་དཀྱིལ་འཁོར་དང་གཉིས་སུ་མེད་པར་མཛད་དོ། །འདི་ཉིད་ཀྱི་ཚུལ་གྱིས་ནི་ལྷ་མོ་གཞན་དག་ལ་ཡང་རིགས་དང་ཡེ་ཤེས་དང་། མཛད་པའི་ཕྲིན་ལས་དང་། གདུལ་བྱ་དང་འདུལ་བྱེད་ཀྱི་མཚན་ཉིད་རྒྱ་ཆེར་སྦྱར་བར་བྱའོ། །དེ་ལྟར་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་ 26-1-308b བཞིན་ཡོན་ཏན་རིན་པོ་ཆེའི་རིགས་ལས་སྣང་བའི་ལྷ་མོ། ཨེ་མ་ཧོ་བདེ་བ་མོ་ཕྱུང་སྟེ། །ཧཱུཾ་བཛྲ་ཀཱི་ལི་ཀཱི་ལི་ཧཱུཾ་ཞེས་པས་རིན་ཆེན་དཔལ་འཕྲོག་མ་ལུས་འདུལ་བར་མཛད་དོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་སྣང་བའི་གསུང་པདྨའི་རིགས་ཐམས་ཅད་གཅིག་ཏུ་འདུས་པ་ལྷ་མོ་སྣང་མཛད་ མའི་སྐུ་ཕྱུང་སྟེ། བཾ་བཛྲི་ཎི་སྨ་ར་རཊ་ཅེས་པས་པདྨས་ལུས་ཀུན་དུ་ཀླུབས་པ་མོ་འདུལ་བར་མཛད་དོ། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་ཕྲིན་ལས་ཀྱི་རིགས་ཐམས་ཅད་གཅིག་ཏུ་འདུས་པའི་ལྷ་མོ་སློབ་མ་མོ་ཕྱུང་ཞིང་། ཧོཿ་བཛྲ་ཀཱ་མེ་ཤྭ་རི་སྟྭཾ་ཞེས་པས་གནས་འཇོམས་དྲག་པོ་ འདུལ་བར་མཛད་དོ། །དེ་དག་ནི་ཡེ་ཤེས་རྣམ་པ་བཞིའི་སྣང་བ་ཡིན་ཏེ། རིགས་རྣམ་པ་བཞིའི་བདེ་བར་གཤེགས་པའོ། །ཡང་རིགས་ཀྱི་ཡུམ་ཆེན་མོ་རྣམ་པ་བཞི་ལས་སྤྲུལ་པའི་ལྷ་མོ་གཞན་ཡང་ཕྱུང་སྟེ། ཨོཾ་ཨཾ་མ་དྷུ་བཛྲི་གྷུཾ་གྷུཾ་ཞེས་པས་ལྷ་མོ་སངས་རྒྱས་བྱང་ཆུབ་སེམས་དཔའི་གཟུགས་ འཛིན་མ་འདུལ་བར་མཛད་དོ། །ཨོཾ་བཛྲ་མེ་གྷེ་གུ་ལུ་གུ་ལུ་བྷྲཱུཾ་ཞེས་པས་ཆོས་ཀྱི་འཁོར་ལོ་མས་སྡེ་འཛིན་དྲག་མོ་འདུལ་བར་མཛད་དོ། །ཨོཾ་མ་ཧེ་ཤྭ་ར་ཙ་བཛྲི་ཨོཾ་ཨོཾ་ཞེས་པས་ཁམས་གསུམ་རྣམ་པར་རྒྱལ་མས་གསུམ་སྒྲུབ་སྡིག་བྱེད་མའི་ཚོགས་འདུལ་བར་བྱེད་དོ། །ཨོཾ་ཁཾ་ བཛྲ་ཤེ་ཤི་རི་ཧཱུཾ་ཧཱུཾ་ཞེས་པས་ལྷ་མོ་འདོད་པའི་ལྕུག་མ་མོས་ཡིད་མྱུར་གཟུགས་ཅན་མོ་འདུལ་བར་མཛད་དོ། །དེ་དག་ནི་རྩ་བའི་དྲེགས་བྱེད་ཀྱི་ཚོགས་རྣམས་རྩ་བའི་དཀྱིལ་འཁོར་གྱིས་འདུལ་བར་མཛད་པའི་གླེང་གཞིའོ། །ཡང་ཕྱིའི་དཀྱིལ་འཁོར་གྱི་མཁའ་འགྲོ་མ་དག་ནི་ཕྱིའི་ དཀྱིལ་འཁོར་གྱི་མཁའ་འགྲོ་མས་འདུལ་བར་མཛད་པའི་རྡོ་རྗེ་གླིང་བུ་མ་བྱུང་སྟེ། ཨོཾ་ཧེ་ར་ཏི་བཛྲ་བི་ལཱ་སི་ནི་ཏྲཊ་ཅེས་པས་འབྲུག་སྒྲ་རབ་ཏུ་འབྱིན་པ་མོ་འདུལ་བར་མཛད་དོ། །རྡོ་རྗེ་པི་ཝང་མ་ཕྱུང་སྟེ་ཧེ་ར་ཏི་བཛྲ་གཱི་ཏེ་ཏེ་ཧེ་ཞེས་པས་རྒྱུད་གསུམ་གྱིས་དྲག་མོ་འདུལ་བར་མཛད་དོ། ། རྡོ་རྗེ་རྔ་ཆེན་མ་ཕྱུང་སྟེ་ཧེ་ར་ཏི་བཛྲ་ཏྲ་སེ་ཧ་ཧ་བཾ་ཞེས་པས་མིང་ཚིག་ཀུན་ལྡན་མ་འདུལ་བར་མཛད་དོ། །རྡོ་རྗེ་རྫ་རྔ་མ་ཕྱུང་སྟེ་ཧེ་ར་ཏི་བཛྲ་ནྲྀ་ཏྱེ་བེ་པ་བེ་པ་ཛཾ་ཞེས་པས་སྒྲ་སྐད་དྲག་མོ་འདུལ་བར་མཛད་དོ། །རྡོ་རྗེ་མེ་ཏོག་མ་ཕྱུང་སྟེ། ཨོཾ་བཛྲ་པུཥྤེ་ཞེས་པས་འདོད་པའི་ལྷ་མོ་ 26-1-309a གཟུགས་འཛིན་མ་འདུལ་བར་མཛད་དོ། །རྡོ་རྗེ་སྤོས་མེ་མ་ཕྱུང་སྟེ། ཨོཾ་བཛྲ་དྷུཔྤེ་ཞེས་པས་རྩེ་གསུམ་དྲི་ལྡན་མ་འདུལ་བར་མཛད་དོ། །རྡོ་རྗེ་མར་མེ་མ་ཕྱུང་སྟེ། ཨོཾ་བཛྲ་ཨཱ་ལོ་ཀེ་ཞེས་པས་ཀློག་གི་ཕྲེང་བ་མོ་འདུལ་བར་མཛད་དོ། །རྡོ་རྗེ་དྲི་ཆབ་མ་ཕྱུང་སྟེ། ཨོཾ་བཛྲ་ གྷནྡྷེ་ཞེས་པས་དྲག་བྱེད་གཡོ་བ་མོ་འདུལ་བར་མཛད་དོ། །རྟ་མགྲིན་འཕང་མཐོ་མ་ཕྱུང་སྟེ། ཨོཾ་བཛྲ་ཨཾ་ཀུ་ཤི་ཛཿཞེས་པས་དྲག་མོ་འགུགས་པ་ཅན་འདུལ་བར་མཛད་དོ། །ཕག་གདོང་ཞགས་པ་མོ་ཕྱུང་སྟེ། ཨོཾ་བཛྲ་པཱ་ཤེ་ཧཱུཾ་ཞེས་པས་དྲག་མོ་སྡོམ་པ་མོ་འདུལ་བར་མཛད་དོ། །རྡོ་རྗེ་སྣང་ བ་མོ་ཕྱུང་སྟེ། ཨོཾ་བཛྲ་ཤཾ་ཁ་ལེ་བཾ་ཞེས་པས་གཟུང་འཛིན་དཀའ་ཟློག་མ་འདུལ་བར་མཛད་དོ། །ཐལ་འཇིག་རོ་ལངས་མ་ཕྱུང་སྟེ། ཨོཾ་བཛྲ་གྷཎྜེ་ཧོཿཞེས་པས་གཏུམ་མོ་ཐལ་བྱེད་མ་འདུལ་བར་མཛད་དོ། །དེ་ལྟར་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལས་སྤྲུལ་པའི་ལྷ་མོའི་རིགས་རྣམས་ ཀྱིས་དྲེགས་བྱེད་ཀྱི་གཙོ་མོ་རྣམ་པར་སྦྱོང་ཞིང་། ཡང་དེའི་རིགས་དང་འཁོར་ན་གནས་པའི་སྡེ་དང་རིས་བསམ་གྱིས་མི་ཁྱབ་པ་དག་འདུལ་བའི་ཕྱིར།ལྷ་མོ་རེ་རེ་ལས་ཀྱང་དཀྱིལ་འཁོར་རྒྱས་པའི་སྒོ་ནས་དོན་མཛད་པས་རྡོ་རྗེ་སེམས་དཔའི་རིགས་སུ་དཀྱིལ་འཁོར་མི་འདྲ་བ་བདུན་ཅུ་རྩ་ གཅིག་བྱུང་བ་ཡིན་ནོ། །དེ་ལྟར་རིགས་ཀྱི་དཀྱིལ་འཁོར་གཞན་ཡང་རྣམ་པར་དབྱེ་སྟེ། དེ་ནས་གོང་ནས་བཤད་པ་བཞིན་དུ་དཀྱིལ་འཁོར་གྱི་དབྱེ་བས་གྲངས་མེད་པར་འགྱུར་རོ། །དེ་དག་གཙོ་བོ་ཙམ་གྱི་སྒོ་ནས་བསྟན་པ་ནི། དབུགས་དབྱུང་བ་བསྡུས་པའི་རིམ་པ་སྟེ་རྒྱ་ཆེར་སྤྲོས་ པ་ནི་རྒྱས་པའི་ཚུལ་དུ་ཤེས་པར་བྱའོ། །གཞན་ཡང་བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ཀྱི་སྒོ་ནས་བསྟན་པའི་ཕྱིར་དྲག་པོ་མུན་པའི་ཚོགས་ཅན་ལ་སོགས་པའི་གདུལ་བྱ་རྣམས་ཀྱི་དོན་དུ་དཔལ་རྡོ་རྗེ་འཆང་ཆེན་པོ་ལ་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་སྐུ་ཡབ་ཡུམ་རྣམ་ པ་གཉིས་སུ་ཕྱུང་ཞིང་། ཨོཾ་བྷྲཱུཾ་ཁཾ་ཞེས་བརྗོད་པས་དྲེགས་བྱེད་ཀྱི་གཙོ་བོ་དེ་ཉིད་འདུལ་བར་མཛད་དོ། །ཡང་འཁོར་གྱི་ཚོགས་རྣམས་འདུལ་བའི་དོན་དུ་སངས་རྒྱས་བྱང་ཆུབ་མ་དང་དཔའ་མོ་དང་། ཀུན་དུ་བཟང་མོ་དང་། ཟག་མེད་ཀྱི་སྣོད་འཛིན་མ་དང་། སངས་རྒྱས་ཀུན་ལྡན་མ་དང་། 26-1-309b མཛེས་པ་མོ་དང་། སྤྲིན་ཆེན་མོ་དང་། ནམ་མཁའི་སྤྱན་མ་རྣམས་ཕྱུང་སྟེ། སོ་སོའི་སྔགས་བརྗོད་པས་ང་རོ་ཆེར་སྒྲོགས་པ་མ་དང་། དཔའ་བོ་མཚོན་ཆ་མ་དང་། མཛེས་པའི་ཕྲེང་བ་ཅན་དང་། ཡིད་མཆོག་རྒྱལ་མོ་དང་། ཀུན་གཟུགས་མ་དང་། མཛེས་ཆེན་མོ་དང་། དྲག་མོ་སྒྲ་ཆེན་མོ་དང་། འགྱུར་བའི་སྤྱན་ཅན་རྣམས་འདུལ་བར་མཛད་དོ། །ཡང་འཁོར་ལོའི་པི་ཝང་མ་ལ་སོགས་པའི་ལྷ་མོ་བཅུ་གཉིས་ཕྱུང་ཞིང་། རང་རང་གི་གསང་སྔགས་བརྗོད་པས་མེ་ཏོག་གསུམ་འཛིན་མ་དང་། འགྲོ་བའི་ཡིད་འཕྲོག་མ་དང་། རྒྱལ་མཚན་གསུམ་འཛིན་མ་དང་། རབ་ཏུ་གཏུམ་པ་མོ་ དང་། མེ་ཏོག་གི་མདའ་འཛིན་མ་དང་། ནག་མོ་ཆུ་ལ་སྤྱོད་པ་མོ་དང་། དམར་མོའི་ཕྲེང་བ་ཅན་དང་། དྲི་མཆོག་སྣ་ཚོགས་ཟབ་མོ་དང་། དྲག་པོའི་གཟུགས་ཀྱིས་འདྲེན་པ་མོ་དང་། རབ་གཏུམ་ཡིད་མོ་དང་། ཀེང་རུས་སྡོམ་པ་མོ་དང་། རྨོངས་བྱེད་མོ་ཆེན་མོ་རྣམས་འདུལ་བར་མཛད་དོ། ། གཞན་ཡང་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་གྱིས་དོན་མཛད་པའི་ཚུལ་ནི། རུ་ཏྲ་ལ་སོགས་པའི་གདུལ་བྱ་སྤྱི་དང་ཁྱད་པར་གྱི་ལམ་པ་རྣམས་ཏེ། དེ་ཉིད་ཀྱི་གཉེན་པོར་རྡོ་རྗེ་འཆང་ཆེན་པོའི་སྐུ་ལས། དཔལ་ཧེ་རུ་ཀའི་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་ཚུལ་དུ་བྱུང་སྟེ། རང་ཉིད་ཀྱི་སྔགས་ བརྗོད་པས་དེ་ཉིད་ཀྱི་གཙོ་བོ་འདུལ་བར་མཛད་དོ། །གཞན་ཡང་ལྷ་མོ་གོ་རཱི་དང་། རྩཽ་རཱི་དང་། པྲ་མོ་ཧ་དང་། བཻ་ཏཱ་ལི་དང་། པུཀྐ་སཱི་དང་། ཙཎྜ་ལཱི་དང་། གྷསྨ་རཱི་དང་། སྨ་ཤ་ནཱི་རྣམས་ཕྱུང་སྟེ་རང་རང་གི་སྔགས་བརྗོད་པས་ཚིག་གསུམ་དྲག་མོ་དང་། མཆེ་བའི་སྡེ་ཅན་དང་། མི་སྡུག་ གཟུགས་ཅན་དང་། གནས་འཇོམས་མཚོན་ཆ་མོ་དང་། ཀུན་དུ་རྒྱུ་མ་དང་། ཚེ་འཕྲོག་མ་དང་། འཇིགས་པའི་ལས་མཁན་མ་དང་། དོན་བྱེད་ཀྱི་ཕོ་ཉ་མོ་རྣམས་འདུལ་བར་མཛད་པའོ། །ཡང་ལྷ་མོ་མདའ་འཛིན་མ་དང་། ཁ་ཊྭཱཾ་ག་འཛིན་མ་དང་། འཁོར་ལོ་འཛིན་མ་དང་། སྣ་ཚོགས་བ་དན་ འཛིན་མ་མོ་རྣམས་ཕྱུང་སྟེ། སོ་སོའི་སྔགས་བརྗོད་པས་སྲིན་མོ་མི་ཁྲག་འཐོར་བ་མོ་དང་། དྲག་མོ་རྩེ་གསུམ་མ་དང་། ཡིད་མྱུར་གཅོད་པ་མོ་དང་། སྣ་ཚོགས་མདའ་འཛིན་མ་རྣམས་འདུལ་བར་མཛད་དོ། །ཡང་ཁྲོ་མོ་མེ་ཏོག་མ་ལ་སོགས་པ་བརྒྱད་ཕྱུང་སྟེ་སོ་སོའི་སྔགས་ 26-1-310a བརྗོད་པས། ཀེང་རུས་འཐོར་བྱེད་མ་དང་། བདུག་པའི་དྲི་ལྡན་མ་དང་། དབང་པོའི་ཕྲེང་བ་མ་དང་། སྲིན་མོ་ཁྲག་འཐོར་མ་དང་། དུར་ཁྲོད་ཀྱི་ཕྲེང་འཛིན་མ་དང་། མྱུར་དུ་འཆིང་བ་མོ་དང་། རབ་སྡོམ་ཆེན་མོ་དང་། རྒྱུད་གསུམ་རློག་བྱེད་མ་རྣམས་འདུལ་བར་མཛད་དོ། །གཞན་ ཡང་དཔལ་པདྨ་གར་གྱི་དབང་ཕྱུག་གི་སྒོ་ནས་དྲེགས་བྱེད་མཐའ་ལ་གནས་པ་ལ་སོགས་པའི་གདུལ་བྱ་སྣ་ཚོགས་ཀྱི་དོན་དུ་དཔལ་རྡོ་རྗེ་འཆང་ཆེན་པོ་ཉིད་ལས་པདྨ་གར་གྱི་དབང་ཕྱུག་ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྐུ་ཕྱུང་སྟེ། རང་གི་གསང་སྔགས་བརྗོད་པས་བདུད་ཀྱི་རྒྱལ་པོ་ འདུལ་བར་མཛད་དོ། །དེ་ཉིད་ཀྱི་འཁོར་རྣམས་གདུལ་བའི་ཕྱིར་ལྷ་མོ་རྣམ་པར་གཟིགས་མ་དང་། སྒྲོལ་མ་དང་། ས་འཛིན་མ་དང་། ཁྲོ་གཉེར་མ་དང་། པདྨ་གཏུམ་པའི་དབང་ཕྱུག་མ་དང་། སྣ་ཚོགས་པདྨོ་དང་། པདྨའི་ན་བཟའ་མོ་དང་། རྡོ་རྗེ་པདྨོའི་དབང་ཕྱུག་མོ་རྣམས་ཕྱུང་སྟེ་སོ་སོའི་ སྔགས་བརྗོད་པས། ཕྱོགས་ཀུན་མཐོང་བ་མོ་དང་། དཀའ་བཟློག་མ་ཆེན་མོ་དང་། གནས་བདག་མོ་དང་། འཇིགས་པའི་གདོང་པ་ཅན་དང་། འཇིགས་པའི་སྒྲ་འབྱིན་མ་དང་། མེ་ལྕེའི་གཤོག་ཅན་དང་། མི་ལྤགས་ཀྱི་གོས་ཅན་མ་དང་། ཀུན་དུ་འཁྲུག་བྱེད་མ་རྣམས་འདུལ་བར་མཛད་དོ། ། པདྨའི་གླིང་བུ་མ་ལ་སོགས་པ་བཅུ་གཉིས་ཕྱུང་སྟེ། སོ་སོའི་སྔགས་བརྗོད་པས་གླུ་མཁན་མ་དང་། ནོར་སྲུང་མ་དང་། འཇོམས་མ་དང་། ཀུན་བྱེད་མ་དང་། མེ་ཏོག་གདུགས་འཛིན་མ་དང་། འཁོར་ལོའི་གོ་ཆ་མ་དང་། ཀུན་དུ་སྤྱོད་པ་མོ་དང་། ལམ་གྱི་གནས་འཇིག་མོ་དང་། བརྩོན་འགྲུས་ འཇིག་འཁྲུག་མཛད་མ་དང་། གནས་ཀུན་སྡོམ་པ་མོ་དང་། འཇིགས་པའི་ལས་སྤྱོད་མ་དང་། འཇིགས་བྱེད་དྲག་པོ་རྣམས་འདུལ་བར་མཛད་དོ། །གཞན་ཡང་དྲེགས་བྱེད་འཇུངས་པ་ཅན་ལ་སོགས་པ་གདུལ་བྱ་རྣམས་ཀྱི་དོན་དུ། དཔལ་རྡོ་རྗེ་ཉི་མའི་དཀྱིལ་འཁོར་ཇི་ལྟར་སྣང་བ་ནི་ དཔལ་རྡོ་རྗེ་འཆང་ཆེན་པོ་ལས། རྡོ་རྗེ་ཉི་མ་ཡབ་ཡུམ་གྱི་སྐུ་སྣང་བར་མཛད་ཅིང་རང་གི་སྔགས་བརྗོད་པས་དྲེགས་བྱེད་ཀྱི་གཙོ་བོ་དེ་ཉིད་འདུལ་བར་བྱེད་དོ། །དེ་ཉིད་ཀྱི་འཁོར་རྣམས་གདུལ་བའི་ཕྱིར་ལྷ་མོ་དབང་བསྐུར་མ་དང་། གཏེར་ལྡན་མ་དང་། རྒྱལ་མཚན་མཆོག་ལྡན་མ་དང་། 26-1-310b མཆོད་ཆེན་མ་དང་། མདའ་འཛིན་མོ་དང་། ཁ་ཊྭཱཾ་འཛིན་མ་དང་། ཉི་མ་མོ་དང་། རྡོ་རྗེ་རྩེ་མོ་མ་རྣམས་ཕྱུང་སྟེ། སོ་སོའི་སྔགས་བརྗོད་པས་མ་མོ་རྒྱན་ཅན་མ་དང་། མི་ཐུབ་དཔའ་མོ་དང་། ཀུན་སྤྱོད་མ་དང་། ཀུན་ཟ་མོ་དང་། ཕྱག་བརྙན་མོ་དང་། གཡུལ་ལས་རྒྱལ་བ་མོ་དང་། ཉི་མའི་མིག་ཅན་ མོ་དང་། འཇིག་རྟེན་སྲེག་བྱེད་མ་རྣམས་འདུལ་བར་མཛད་དོ། །ཕྱི་རོལ་གྱི་ལྷ་མོ་རིན་ཆེན་གླིང་བུ་མ་ལ་སོགས་པ་བཅུ་གཉིས་ཕྱུང་སྟེ་སོ་སོའི་སྔགས་བརྗོད་པས། ཡི་དགས་ལྟོ་མོ་ཆེ་དང་། དགྲ་འཛིན་མ་དང་། རླུང་གི་ཤུགས་ཅན་མོ་དང་། གནོད་སྦྱིན་མཆེ་བ་ཅན་དང་། ཀུན་འཛིན་དམ་ བྱེད་མོ་དང་། མི་མཐུན་སྒྱུར་བ་མོ་དང་། རང་འོད་གསལ་བ་མོ་དང་། དྲི་ངན་འཐོར་བྱེད་མ་དང་། འགུགས་པ་མོ་དང་། འཆིང་བ་མོ་དང་། དྲག་མོ་ནད་བདག་མོ་དང་། ནག་མོ་བེ་ཅོན་མ་རྣམས་འདུལ་བར་མཛད་དོ། །གཞན་ཡང་དཔལ་རྟ་མཆོག་རོལ་པའི་སྒོ་ནས་དྲེགས་བྱེད་སྣ་ཚོགས་འཕྲུལ་ པ་ཅན་ལ་སོགས་པ་གདུལ་བྱ་སྣ་ཚོགས་ཀྱི་དོན་དུ། དཔལ་རྡོ་རྗེ་འཆང་ཆེན་པོ་ཉིད་ལས་རྟ་མཆོག་ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྐུ་ཕྱུང་སྟེ་རང་གི་སྔགས་བརྗོད་པས་བདུད་ཀྱི་རྒྱལ་པོ་དེ་ཉིད་དང་། ལྷ་ཆེན་པོ་དྲེགས་བྱེད་ཀྱི་ཚོགས་རྣམས་འདུལ་བར་མཛད་དོ། ། དེ་དག་གི་འཁོར་ཐམས་ཅད་ནི་ཁྱད་པར་གྱི་ལྷ་མོ་གཉིས་དང་། ཐུན་མོང་གི་ལྷ་མོ་སྣ་ཚོགས་ཀྱི་སྒོ་ནས་འདུལ་བར་མཛད་དོ། །སྣ་ཚོགས་པདྨ་དང་། སྣ་ཚོགས་རྡོ་རྗེ་མ་དང་། ཕྲིན་ལས་བཞིའི་དཀྱིལ་འཁོར་གྱི་ཚུལ་གྱི་ཆགས་ཆེན་རྒྱལ་མོ་དང་། ཕྲིན་ལས་ཀུན་སྤྱོད་མ་དང་། དེ་དང་རིགས་ མཐུན་པའི་སྡེ་རྣམས་འཇོམས་པར་མཛད་དོ། །དེ་ལྟར་དཀྱིལ་འཁོར་རྒྱ་ཆེན་པོ་རྣམ་པར་འཕྲུལ་ཞིང་དེ་རེ་རེ་ལ་སྣང་བའི་དཀྱིལ་འཁོར་གྱིས་ཀྱང་གདུལ་བྱའི་ཚོགས་གྲངས་མེད་པ་འདུལ་བར་མཛད་པས་ན། འདི་ནི་དབུགས་དབྱུང་སྣ་ཚོགས་པ་ཞེས་བྱའོ། །དེ་དག་གང་ལས་ བྱུང་བའི་རང་བཞིན་ནི་ནམ་མཁའི་དབྱིངས་སྐབས་ན་དཔལ་རྡོ་རྗེ་སེམས་དཔའ་རབ་ཏུ་བསྒྲུབས། དཔེར་ན་ཏིལ་གྱི་གང་བུ་ཏིལ་འབྲུས་བཅེར་ཞིང་དེ་དག་ལ་མར་གྱིས་ཁྱབ་པ་དང་འདྲ་བར་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་ལྷའི་དཀྱིལ་འཁོར་གྱི་བར་མཚམས་མེད་པར་ཁྱབ་ཅིང་། དེ་དག་ནི་ 26-1-311a དཔལ་རྡོ་རྗེ་སེམས་དཔའི་རང་བཞིན་ལས་བྱུང་བའོ། །གཞན་ཡང་མཛད་པའི་ཚོགས་འབྲས་བུ་དང་བཅས་པའི་སྒོ་ནས། གྲུབ་པའི་དབང་ཕྱུག་རབ་གྲུབ་པས། །ཐམས་ཅད་བདག་ཉིད་འཇུག་པར་བྱེད། །སོ་སོའི་ཕྲིན་ལས་ཀྱི་སྒོ་ནས་ལས་སུ་བྱ་བའི་ཆོ་ག་རྣམས་ རྣམ་པར་སྤྱོད་པས་ཡོན་ཏན་གྱི་སྣང་བ་ཐམས་ཅད་གསལ་ཞིང་རང་བཞིན་གྱི་གནས་ལ་སྦྱོར་བར་བྱེད་དོ། །གཏམ་གྱི་ཕྱག་རྒྱ་ཞེས་པ་ནི་སྔོན་བྱུང་དང་རྗེས་འཇུག་གི་ཚུལ་རྒྱ་ཆེན་པོའི་མཚན་ཉིད་བཤད་པའོ། །ལེའུ་ལྔ་པའི་དོན་རྣམ་པར་བཤད་པའོ།། །།གང་ཞིག་ བདག་དང་གཞན་གྱི་དོན་བསྒྲུབ་པར་བྱ་བ་ཐམས་ཅད་ཀྱི་ལམ་དུ་བྱ་བ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བྱ་བ་སྟེ། ཐེག་པ་གཞན་ལས་ཁྱད་པར་དུ་གྱུར་པའི་དོན་ལམ་གཉིས་ཕྱོགས་གཅིག་ཏུ་སྤྱོད་པའི་དུས་སུ་ཡོན་ཏན་ཐམས་ཅད་ཀྱི་གནས་ལ་སྦྱོར་ཞིང་སྒོ་གསུམ་གྱི་བྱ་བ་ ཐམས་ཅད་མཐར་ཕྱིན་པའི་སྒོ་ནས་ལམ་འབྲས་བུ་དང་བཅས་པ་ཐམས་ཅད་སྐྱེ་ཞིང་ཉིད་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ་པར་བྱེད་པའོ། །དེ་ཡང་རྩ་བའི་རྒྱུད་ལས། བསོད་ནམས་ཡེ་ཤེས་ཚོགས་ཆེན་པོ། །རབ་ཏུ་སྦྱོང་བའི་མཐུ་དག་གིས། །འབྲས་བུ་ ཐམས་ཅད་རྫོགས་བྱེད་དེ། །རང་གི་ཡེ་ཤེས་གནས་ལ་སྦྱོར། །ཞེས་སོ། །དེ་ལ་དང་པོར་ཚོགས་ཀྱི་དཀྱིལ་འཁོར་བཤད་པར་ཞལ་གྱིས་བཞེས་པ་ནི། དེ་ནས་གཞན་ཡང་ཐམས་ཅད་དུ། རྣམ་པ་སྣ་ཚོགས་མཆོག་གྱུར་པའི། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། ། མཁའ་འགྲོ་སྒྱུ་མ་བདེ་མཆོག་བཤད། །མཚོན་བྱའི་དབང་དུ་འགྲོ་བའི་ཡན་ལག་ཕུན་སུམ་ཚོགས་པའི་རྗེས་ལ། ཚོགས་ཀྱི་རིམ་པ་རྩོམ་པ་དང་། །ཚིག་གི་དབང་དུ་ལེའུ་ལྔ་པའི་རྗེས་ཐོགས་སུ་བྱུང་བས་མཚམས་སྦྱར་བའོ། །དེ་ཡང་རྣལ་འབྱོར་པ་གང་གིས་སྤྱོད་པའི་བྱེ་བྲག་ གིས་ལམ་བསྒྲུབ་པའི་ཕྱིར། ཚོགས་ཀྱི་ཆོ་ག་སྣ་ཚོགས་པ་ལ་རང་གི་མོས་པ་དང་འབྱོར་པའི་སྒོ་ནས་འཇུག་པར་བྱ་སྟེ། གནས་དང་དུས་ལ་སོགས་པའི་བྱེ་བྲག་བཞིན་དུ་ཤེས་པར་བྱས་ལ། ཚོགས་ཀྱི་འཁོར་ལོ་དང་ཚོགས་ཀྱི་སྒྲུབ་པ་དང་། ཚོགས་ཀྱི་མཆོད་པ་དང་། ཧེ་རུ་ཀའི་དུས་ 26-1-311b སྟོན་དང་། དཔའ་བོའི་དུས་ཀྱི་སྟོན་མོའི་རིམ་པ་རྣམ་པ་སྣ་ཚོགས་པ་དག་ཆོས་སོ་སོའི་ཆོ་ག་ལས་འབྱུང་བ་བཞིན་དུ་ཉམས་སུ་བླང་ཞིང་སྤྱོད་པའི་མཐུས། རྒྱུ་རྐྱེན་ཕུན་སུམ་ཚོགས་པ་མཆོག་ཏུ་གྱུར་པའི་མཐུས། ལམ་སྦྱོང་ཞིང་འབྲས་བུ་མཆོག་ཏུ་གྱུར་པ་ལ་སྦྱོར་བར་བྱེད་དེ། བླ་ན་མེད་ པའི་བདེ་བ་དང་། ཡིད་བདེ་བའི་ངོ་བོ་ཉིད་ཡོན་ཏན་ཕུན་སུམ་ཚོགས་པའི་རྟེན་གནས་སུ་གྱུར་པ་འདིས་སྒྲུབ་པར་འགྱུར་བའོ། །དེའི་ཕྱིར་རྟོག་པ་བདུན་པ་ལས། གང་ཞིག་རྣལ་འབྱོར་ལས་སྦྱོར་བ། །དེ་ཉིད་ཚོགས་ཀྱིས་འགྲུབ་པར་བྱེད། །བསོད་ནམས་ཡེ་ཤེས་ཚོགས་སྦྱོར་ བས། །རྣམ་པ་སྣ་ཚོགས་མཆོག་ཏུ་འགྱུར། །དེ་སྤྱོར་ཐབས་ནི་རྣམ་ལྔ་སྟེ། །བརྟན་གནས་དུས་གསུམ་སྔོན་འགྲོ་དང་། །སྒྲུབ་པ་ལྔ་ཡི་ཆོ་ག་སྟེ། །དེ་སྤྱོད་ལས་རྣམས་མཐར་ཕྱིན་འགྱུར། །དེ་ཕྱིར་ལམ་གྱི་ཡན་ལག་མཆོག །བསོད་ནམས་ཡེ་ཤེས་ཚོགས་ཆེན་ཡིན། །གང་ སྔོན་ཚོགས་ལམ་མ་སྦྱོར་བར། །བསྒྲུབ་བྱས་ལས་ཀྱི་རིམ་པ་དག །རྟེན་དང་བྲལ་བའི་ས་བོན་བཞིན། །ལེགས་སྨིན་འགྲུབ་པར་མི་འགྱུར་རོ། །ཞེས་སོ། །དེའི་དོན་ནི་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་ཚུལ་གྱིས་ཚོགས་ཀྱི་དཀྱིལ་འཁོར་རབ་འབྲིང་གི་ལས་ལ་མཁའ་ འགྲོ་སྒྱུ་མ་བདེ་མཆོག་གི་ཚུལ་གྱིས་སྤྱོད་པས་དེ་ཉིད་ཀྱི་དོན་བཤད་པའི་ཕྱིར། ལེའུ་དྲུག་པར་གསུངས་པ་ཡིན་ཏེ། གྲུབ་པའི་རིམ་པ་དག་ནི་སོ་སོའི་ཆོ་ག་ལས་ཤེས་པར་བྱའོ། །དེ་ཡང་རྩ་བའི་རྒྱུད་ལས། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །ཚོགས་ཀྱི་དགའ་བདེའི་ལོངས་སྤྱོད་ཀྱིས། ། མཁའ་འགྲོ་སྒྱུ་མའི་བདེ་བ་སྒྲུབ། །ཐམས་ཅད་དོན་ཕྱིར་རྣམ་སྤྲུལ་མཆོག །ཚོགས་ཀྱི་འཁོར་ལོ་སྒྲུབ་པ་དང་། །མཆོད་ཚོགས་སྟོན་མོ་རྣམ་གཉིས་ཀྱིས། །ཕུན་སུམ་ཚོགས་པའི་དོན་སྒྲུབ་མཛད། །གསང་བ་གསང་ཆེན་ཉིད་ཀྱི་སྐུ། །རྡོ་རྗེ་ལྟ་བུའི་གནས་ལ་བཞུགས། །ཚོགས་ཀྱི་ དཀྱིལ་འཁོར་རྒྱལ་པོའི་མཆོག །སྒྲུབ་བྱེད་ཡན་ལག་གཉིས་ཀྱི་ཚུལ། །གར་ཐབས་འཁོར་ལོ་རབ་བཤད་བྱ། །ཞེས་སོ། །དེ་ལྟར་བཤད་པའི་དོན་བཞིན་དུ་དཀྱིལ་འཁོར་དངོས་བསྒྲུབ་པའི་ཕྱིར། དང་པོར་ལྷའི་མཚན་ཉིད་བསྟན་ཏེ། དཔལ་ལྡན་སངས་རྒྱས་ཀུན་གྱི་དངོས། ། 26-1-312a རྡོ་རྗེ་སེམས་དཔའི་བདེ་བྱུང་བ། །གསང་བ་མཆོག་གིས་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །གང་ཞིག་ལྷ་མོའི་ཚོགས་ཀྱིས་མི་འབྲལ་བར་བསྐོར་བ་ནི་དཔལ་དང་ལྡན་པའོ། །དེ་ཉིད་ནི་སངས་རྒྱས་ཀུན་གྱི་བདག་ཉིད་རྡོ་རྗེ་སེམས་དཔའི་སྐུ་ཐབས་དང་ ཤེས་རབ་ཞལ་སྦྱོར་གྱི་ཚུལ་དུ་གནས་པས། མཚོན་བྱ་དང་མཚོན་བྱེད་དུ་འབྲེལ་པའི་བདེ་བ་ལ་ལོངས་སྤྱོད་ཅིང་། རིགས་དྲུག་གི་དཀྱིལ་འཁོར་རྣམ་པར་འཕྲུལ་པའི་བཀོད་པ་བསྟན་ནས། གདུལ་བྱའི་གནས་ལ་ལོངས་སྤྱོད་དེ། གསང་བ་ལྔའི་དགོངས་པ་མངའ་ཞིང་མཆོག་ཏུ་གྱུར་པའི་ལས་ རྣམ་པ་དྲུག་གིས་དགྱེས་ཤིང་། ལོངས་སྤྱོད་བཞིའི་དགྱེས་པས་འཁོར་ལོ་ཐམས་ཅད་ཀྱི་བདག་ཉིད་དུ་འཕྲོ་འདུ་མཛད་པའི་ལས་ལ་རྟག་ཏུ་བཞུགས་པའོ། །དེ་ཡང་རྟོག་པ་བདུན་པ་ལས། ཐབས་དང་ཤེས་རབ་གཉིས་མེད་པའི། །དཔལ་ལྡན་རྡོ་རྗེ་སེམས་དཔའི་སྐུ། །བདེ་ཆེན་གསང་བའི་ གནས་བཞུགས་ཏེ། །གསང་བའི་དགོངས་པ་ལྔ་དང་ལྡན། །ལས་དྲུག་མཆོག་ཏུ་གྱུར་པ་ཡི། །དགྱེས་མཛད་དགྱེས་པ་བཞི་ལ་སྤྱོད། །འཁོར་ལོ་ཐམས་ཅད་བདག་ཉིད་མཆོག །ལས་མཛད་འཕྲོ་འདུས་རྟག་ཏུ་བཞུགས། །རིགས་དྲུག་དཀྱིལ་འཁོར་སྐུ་ཡིས་ནི། །རིགས་ མཐུན་ཚོགས་ཀྱི་གཙོ་བོ་མཛད། །ཅེས་སོ། །དེ་ལྟར་ཚོགས་ཀྱི་དཀྱིལ་འཁོར་གྱི་ལས་སྒྲུབ་པ་དག་ལ་ནི་དང་པོར་སྔོན་དུ་འགྲོ་བའི་ཆོ་ག་དགོས་ཏེ། དེ་ལ་དཀྱིལ་འཁོར་གྱི་རྒྱན་ནི། སངས་རྒྱས་ཀུན་གྱི་དམ་ཚིག་དཔལ། །རྡོ་རྗེ་སེམས་དཔའ་སྣང་བ་བདེ། །དེ་བཞིན་གཤེགས་ པའི་ལྷ་རྫས་མཆོག །རིན་ཆེན་རྒྱན་ལ་སོགས་པས་སྤྲས། དྲིལ་བུ་རྒྱལ་མཚན་མཆོག་ལྡན་པའི། །བླ་རེ་དམ་པ་བྲེས་པ་ན། །དངོས་སུ་འབྱོར་པ་དང་། ཡིད་ཀྱིས་སྤྲུལ་པ་དང་། སྔགས་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པའི་རིན་པོ་ཆེ་བཻ་ཌཱུརྱ་དང་། ཀརྟི་ཀ་ དང་། ཨསྨ་རཱ་ག་དང་། ཨིནྡྲ་ནཱི་ལ་དང་། པུ་ཤ་ར་ག་དང་། སྤུག་དང་། རྡོ་རྗེ་དང་། རྡོའི་སྙིང་པོ་དང་། ཨཎྜ་རྙིལ་དང་། ནི་མན་དང་། ཤེལ་དང་། གཟི་དང་། མུ་ཏིག་ལ་སོགས་པའི་རྒྱུ་ལས་བྱུང་བའི་ཕྲེང་བ་དང་། ཆུན་འཕྱང་དང་། དྲ་བས་མཛེས་པ་དང་། རས་དང་། དར་ལ་སོགས་པའི་གདུགས་ 26-1-312b དང་། རྒྱལ་མཚན་དང་། བ་དན་དང་། བླ་རེ་དང་། ཡོལ་བ་དང་། ཟར་ཚགས་ལ་སོགས་པ་དག་ནི་རྡོ་རྗེ་སེམས་དཔའི་སྣང་བ་ལས་བྱུང་ཞིང་བདེ་བ་དེ་ཉིད་ནི་སངས་རྒྱས་ཀུན་གྱི་དམ་ཚིག་སྟེ། ཡོན་ཏན་གྱི་ཆགས་པ་དང་ཕྲིན་ལས་ཀྱི་སྣང་བ་མི་འབྲལ་བར་གནས་པའོ། །གཞན་ཡང་དེ་ བཞིན་གཤེགས་པའི་ལྷ་རྫས་རིན་པོ་ཆེའི་རྟ་བབས་ལ་སོགས་པས་རྣམ་པར་བརྒྱན་པའི་ཁང་པ་ཆེན་པོ་དྲིལ་བུ་ལ་སོགས་པ་འཁྲོལ་བའི་སྒྲ་ལས་ཟབ་པ་དང་རྒྱ་ཆེ་བའི་རྣམ་པར་སྒྲོགས་པར་མཛད་པས། རང་རང་གི་དེ་ཁོ་ན་ཉིད་མཚོན་ཞིང་གསལ་བར་མཛད་དོ། །གཞན་ཡང་མཆོད་པའི་ ཚོགས་རྒྱ་ཆེན་པོ་ཐམས་ཅད་དགོད་པའི་ཕྱིར། རྡོ་རྗེ་ཚིག་དང་མཆོད་ལ་སོགས། །གླུ་དང་སིལ་སྙན་རྣམ་པར་སྤྲུལ། །མེ་ཏོག་བདུག་པའི་སྦྱོར་བ་དག །མར་མེ་དྲི་ལ་སོགས་ལྡན་པར། །མཆོད་པའི་ལྷ་མོ་དག་དང་བཅས་པའི་མཆོད་པའི་ཚོགས་གཟུགས་ཀྱི་བྱེ་བྲག་རིན་པོ་ཆེ་སྣ་བདུན་ དང་། མཆོད་པའི་དངོས་པོ་བརྒྱད་དང་། བཀྲ་ཤིས་ཀྱི་རྫས་བརྒྱད་དང་། བུམ་པ་བཟང་པོ་དང་། དཔག་བསམ་གྱི་ཤིང་དང་། འདོད་འཇོའི་བ་དང་། ཡིད་བཞིན་གྱི་ནོར་བུ་ལ་སོགས་པའི་འདྲ་འབག་གིས་བཅོས་པའི་ལྷ་མོ་དག་ཀྱང་གཞག་པར་བྱའོ། །སྒྲའི་བྱེ་བྲག་གླིང་བུ་དང་། པི་ཝང་དང་། རྫ་རྔ་དང་། རྔ་ཟླུམ་དང་། དུང་དང་། ཟངས་དུང་དང་། མུ་ཏིག་ཧ་ར་དང་། དགུ་པོ་རྒྱུད་མངས་དང་། ཆ་ལང་དང་། ཕེག་རྡོབ་པ་ལ་སོགས་པ་དངོས་སུ་སྒྲ་འབྱིན་པ་དང་། རོལ་མོ་དང་གཟུགས་བརྙན་གྱིས་བཅོས་པ་དག་ཀྱང་གཞག་པར་བྱའོ། །དྲིའི་ཚོགས་ལ་ཨ་ཀ་རུ་དང་ དུ་རུ་ཀ་དང་། སྤོས་ལ་སོགས་པའི་རྒྱུ་ལས་བྱུང་བ་དང་། གོཪྴི་ཤ་དང་། སྦྲུལ་གྱི་སྙིང་པོ་དང་། བསུང་ལྡན་དང་། ག་པུར་ལ་སོགས་པའི་རྫས་ཁྱད་པར་ཅན་དག་ཀྱང་གཞག་པར་བྱའོ། །སྦྱར་བ་དང་རང་བཞིན་གྱི་རྒྱུ་ལས་བྱུང་བ་རྣམས་ཀྱང་སོ་སོའི་གནས་སུ་དགོད་པར་བྱའོ། །རོའི་ཚོགས་ མངར་བ་དང་སྐྱུར་བ་ལ་སོགས་པའི་རོ་དྲུག་དང་སྦྱར་བའི་རྫས་སྟོན་མོའི་གཡོས་ཀྱི་བྱེ་བྲག་སྣ་ཚོགས་པ་དག་ཀྱང་དགོད་པར་བྱའོ། །རེག་བྱའི་བྱེ་བྲག་སྟོད་གཡོགས་དང་། སྨད་གཡོགས་དང་། ཅོད་པན་དང་། རྣ་རྒྱན་དང་། དཔུང་རྒྱན་དང་། དོ་ཤལ་དང་། སེ་མོ་དོ་དང་། ཕྲེང་བ་ལ་ 26-1-313a སོགས་པའི་རྒྱན་རྣམས་ཀྱང་གདགས་པར་བྱའོ། །གཞན་ཡང་བསྲུང་བའི་རྫས་ཐམས་ཅད་ཀྱང་མདའ་དང་ཕུར་བུ་དང་། རལ་གྲི་དང་། ཡུངས་ཀར་དང་། གུ་གུལ་དང་། ཐལ་བ་དང་། རང་རང་གི་ཕྱག་མཚན་དང་། བྱེ་མ་དང་། དྲི་ཆུ་རྣམས་ཀྱང་སོ་སོའི་གནས་རྣམས་སུ་དགྲམ་ པར་བྱའོ། །མཆོད་པ་དང་གཏོར་མའི་རྫས་དང་མཆོད་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཤེས་པ་དང་། མཆོད་པ་ཐམས་ཅད་ཀྱི་གཏོར་མའི་ཕྱག་རྒྱ་ཤེས་པ་ལས་ཇི་ལྟར་བཤད་པ་བཞིན་དུ་སྦྱར་ཞིང་དགོད་པར་བྱའོ། །སྤྱིའི་མཆོད་པའི་ཡན་ལག་མེ་ཏོག་དང་། བདུག་སྤོས་དང་། མར་མེ་དང་། དྲི་ཆབ་ དང་། ཞལ་ཟས་དག་ཀྱང་གནས་བརྒྱད་དུ་དགྲམ་པར་བྱའོ། །དེ་དག་བྱིན་གྱིས་བརླབ་པ་ལ་སོགས་པའི་ཆོ་ག་ནི་སྒྲུབ་ཐབས་ལས་ཤེས་པར་བྱའོ། །དེ་ལྟར་སྤྱོད་པས་ལས་སུ་བྱ་བ་ཅི་ཞིག་སྒྲུབ་ཅེ་ན། སྒྲུབ་པའི་དོན་བཤད་པའི་ཕྱིར། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། ། མཁའ་འགྲོ་སྒྱུ་མ་བདེ་མཆོག་སྒྲུབ། །རིགས་བསྡུས་པའི་དཀྱིལ་འཁོར་གྱི་སྒོ་ནས་བརྩམ་པར་བྱ་བ་དང་། རིགས་ཀྱི་དཀྱིལ་འཁོར་རིམ་བཞིན་པའི་སྒོ་ནས་བརྩམ་པར་བྱའོ། །དེ་ཡང་དང་པོར་ནི་བསོད་ནམས་ཀྱི་འཁོར་ལོའི་སྒོ་ནས་སྒྲུབ་ཅིང་། དེ་དག་མཐར་ཕྱིན་པ་དང་ཡེ་ཤེས་ཀྱི་ ཚོགས་ཀྱི་འཁོར་ལོའི་སྒོ་ནས་བསྒྲུབ་པར་བྱའོ། །དེ་ཡང་རྩ་བའི་རྒྱུད་ལས། རིགས་བསྡུས་དཀྱིལ་འཁོར་རྒྱ་ཆེན་དང་། །དཀྱིལ་འཁོར་རིམ་བཞིན་སྒྲུབ་པ་དང་། །རིགས་གཅིག་དཔའ་བོ་གཅིག་པ་ཡི། །དཀྱིལ་འཁོར་གང་ཡང་རུང་བ་དག །སྒྲུབ་པའི་ཕྱག་རྒྱ་རབ་ཏུ་སྦྱོར། ། བསོད་ནམས་ཡེ་ཤེས་ཚོགས་ཆེན་པོའི། །རིམ་པར་འཇུག་པ་བསྟན་པ་ཡིན། །ཞེས་སོ། །དེ་ལྟར་བསྒྲུབ་པར་བྱ་བའི་དོན་དེ་དག་ཀྱང་རྟེན་གྱི་གང་ཟག་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པས་མངོན་པར་འདོད་པའི་གནས་སུ་སྒྲུབ་པར་བསྟན་པའི་ཕྱིར། ཡང་ན་བདེ་བའི་གནས་དག་ གམ། སྐྱེད་མོས་ཚལ་ལ་སོགས་པར་སྒྲུབ། །གང་ཞིག་རང་གི་སྔོན་དུ་བརྩམས་པའི་གནས་ཕུན་སུམ་ཚོགས་པ་དང་མི་ལྡན་པ་དག་གིས་ནི་རང་གི་མོས་པའི་གནས་ཇི་ལྟར་བདེ་བ་དང་སྐྱེད་མོས་ཚལ་ལ་སོགས་པ་བསྒྲུབ་པར་བྱའོ་ཞེས་པའི་དོན་ཏོ། །དེར་བསྒྲུབ་པར་བྱ་བའི་ལས་ 26-1-313b བྱ་བ་ལ། དང་པོར་བསོད་ནམས་ཀྱི་ཚོགས་ལ་ནི་སྔོན་དུ་སའི་ཆོ་ག་དང་སྟ་གོན་ལ་གནས་པའི་ཆོ་ག་དང་ལྡན་པས་དཀྱིལ་འཁོར་གྱི་ཐིག་གདབ་ཅིང་བྲིས་ནས། སོ་སོའི་གནས་སུ་རྡུལ་ཚོན་མ་དགྱེ་བར་གདན་ཙམ་དགོད་པའི་ཕྱིར། དེར་ནི་དང་པོར་གདན་བཤམས་ཏེ། །འཇམ་ཞིང་རེག་ན་བདེར་ འགྱུར་བའི། །སྣ་ཚོགས་པདྨ་རས་ཀྱིས་གཡོགས། །དེ་ནི་ཐམས་ཅད་དག་པའི་གདན། །དཀྱིལ་འཁོར་གང་ཡང་རུང་བའི་སྒོ་ནས་ལྷའི་གྲངས་བཞིན་དུ་རྣལ་འབྱོར་པ་དུ་ཡོད་པས་སོ་སོའི་གདན་དུ་ཡོད་པ་ལ་གནས་པར་བྱའོ། །སྟན་དེ་ཉིད་ཀྱང་དངོས་སུ་པདྨ་རས་ཀྱིས་གཡོགས་ པའམ། རས་དེ་ཉིད་པདྨས་མཚོན་པར་བྱའོ། །དེ་ཡང་རྣལ་འབྱོར་པའི་གྲངས་དཀྱིལ་འཁོར་གྱི་ལྷ་གྲངས་པས་མང་བ་ཞིག་ན་ནི་མཆོད་པའི་ལྷ་དང་། ཕྲིན་ལས་ཀྱི་ལྷའི་གནས་སུ་གཉིས་དང་གསུམ་དང་བཞིའི་གྲངས་ཀྱིས་གདབ་ཅིང་གལ་ཏེ་གྲངས་ཉུང་བ་ཞིག་ན་ནི་འདྲ་འབག་གི་ བཅོས་མ་དག་ཀྱང་གཞག་པར་བྱའོ། །དེ་ཡང་རྩ་བའི་རྒྱུད་ལས། དཀྱིལ་འཁོར་གང་ཡང་རུང་བ་བཞིན། །ཕྱག་རྒྱའི་ཆ་ལུགས་གནས་པར་བྱ། །གང་ཞིག་རང་གནས་ལས་ལྷག་འགྱུར། །མཆོད་དང་ཕྲིན་ལས་ལྷ་མི་ཡིས། །གནས་སུ་བཏབ་སྟེ་གཞག་པར་བྱ། །མ་ཚང་བ་དག་ བརྙན་མས་བསབས། །དེ་དག་སོ་སོའི་རྣལ་འབྱོར་གྱིས། །པདྨ་ལ་གནས་མཚན་མ་འཛིན། །ཞེས་སོ། །དེ་ལྟར་སྔོན་དུ་འགྲོ་བའི་ཡན་ལག་དང་ལྡན་པ་དེས་ནི་ཚོགས་ཀྱི་འཁོར་ལོའི་རིམ་པ་ལ་འཇུག་པར་བྱ་སྟེ། དང་པོར་བསོད་ནམས་ཀྱི་ཚོགས་བསགས་པའི་ཕྱིར།སྒོམ་པའི་རིམ་པས་ དཀྱིལ་འཁོར་འཕྲུལ་པ་ནི། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །སྦྱོར་བའི་དབང་ཕྱུག་རྣམ་འཕྲུལ་པས། །རྡོ་རྗེ་སེམས་དཔའ་དཔལ་གྱི་ལྷ། །དེ་ནས་རྣམ་པར་འཕྲུལ་པར་མཛད། །རིགས་བསྡུས་ཀྱི་དཀྱིལ་འཁོར་གྱི་དབང་དུ་ལྷ་ཉིས་བརྒྱ་དྲུག་ཅུ་རྣམས་དང་རིགས་སོ་སོའི་དཀྱིལ་ འཁོར་གྱི་རིམ་པའི་དབང་དུ་ལྷ་བརྒྱ་ཉི་ཤུ་རྩ་བརྒྱད་དང་། རིགས་སོ་སོའི་དཀྱིལ་འཁོར་དང་ཁ་ཡར་བའི་སྒོ་ནས་ལྷ་ཉི་ཤུ་རྩ་གཅིག་དང་། རྟ་མཆོག་གི་ལྷ་མོ་གཉིས་ཀྱིས་ལྷག་པ་དང་། དཔའ་བོ་ཡབ་ཡུམ་གྱི་དཀྱིལ་འཁོར་གྱི་སྒོ་ནས་ལྷ་སུམ་ཅུ་པོ་དག་རྣམ་པར་འཕྲུལ་པའོ། །དེ་ཉིད་གང་གི་སྒོ་ 26-1-314a ནས་ཤེ་ན། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་དོན་གཉིས་སུ་མེད་པའི་ངོ་བོ་ལས་བྱུང་བའོ། །ཚུལ་ཇི་ལྟར་ཞེ་ན། སྦྱོར་བའི་དབང་ཕྱུག་གི་རྣམ་པར་འཕྲུལ་པའི་སྒོ་ནས་སོ། །རྐྱེན་གང་ཞིག་གིས་ཤེ་ན། རྡོ་རྗེ་སེམས་དཔའ་དཔལ་གྱི་ལྷ་ལས་བྱུང་ བའོ། །འབྲས་བུ་ཅི་ཞིག་གིས་མཛད་པ་ལ་སྤྱོད་ཅེ་ན། དཀྱིལ་འཁོར་གོང་མ་དག་གིས་གོང་མའི་སོ་སོའི་བྱ་བ་གྲུབ་པར་མཛད་པའོ། །དེ་ལྟར་དཀྱིལ་འཁོར་རྒྱ་ཆེན་པོ་དག་ཀྱང་རིགས་ཀྱི་དཀྱིལ་འཁོར་རྣམ་པ་དྲུག་ཏུ་འདུས་ཏེ། དེ་ལས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཇི་ལྟར་འཕྲུལ་པའི་ཚུལ་ནི། དཔལ་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་རང་བཞིན་ལས་སྣང་བའི་རྡོ་རྗེ་སེམས་དཔའི་སྐུ་དང་། དུང་དང་ཀུནྡ་ཟླ་བའི་བཞིན་གྱིས་མཛེས་པ་ཡེ་ཤེས་ཀྱི་མདངས་ལ་རིན་པོ་ཆེ་སྣ་ལྔའི་འོད་ཟེར་འཕྲོ་ཞིང་། དེ་ལ་སངས་རྒྱས་རིགས་དྲུག་གི་སྐུ་བྱུང་བས་མཛེས་པ་དང་། འཇོ་སྒེག་དགྱེས་པའི་འཛུམ་མིག་ དང་བཅས་པས་ཆགས་པའི་ཚུལ་དུ་བཞུགས་པ་དཀར་པོ་དང་མཐིང་ག་དང་སེར་པོ་དང་དམར་པོའི་ཞལ་བཞིས་མཚན་ཞིང་རིན་པོ་ཆེའི་དབུ་རྒྱན་དང་། ཅོད་པན་དུ་བཅས་པ་ཕྱག་གཡས་གཡོན་གྱི་དང་པོས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་བསྙེམས་པའི་ཚུལ་དུ་གསོར་ཞིང་ཁ་ཊྭཱཾ་ག་དྲིལ་བུ་དང་བཅས་པས་ འཁྲོལ་བའོ། །འོག་མ་གཉིས་མདའ་དང་གཞུ་འཛིན་པ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་ཤིང་ཕྱག་རྒྱ་ལྔས་མཛེས་པ། སྐུ་སྟོད་དར་དཀར་གསེར་གྱི་དང་རིས་སྟོད་གཡོགས་སུ་མནབས་ཤིང་སྐུ་སྨད་ཚེ་གུའི་ན་བཟའ་ཅན་རིན་པོ་ཆེའི་ཕྲེང་བའི་རྐེད་ཆིངས་ཅན་ མགུར་ཆུ་དང་དོ་ཤལ་དང་། དཔུང་རྒྱན་དང་ཕྱག་ཞབས་ཀྱི་གདུ་བུ་དང་། སེ་མོ་དོས་མཚན་པ། རང་ཉིད་ཀྱི་ཆ་འདྲ་བའམ། ལྷ་མོ་བདེ་མཆོག་མ་ལྟ་བུའི་ཀུན་དུ་བཟང་མོ་དང་ཞལ་སྦྱོར་དུ་བཞུགས་པའོ། །དེའི་ཕྱོགས་བཞིར་གསང་བའི་ལྷ་མོ་བཞི་རང་ཉིད་ཀྱི་ཆ་འདྲ་བའི་འོད་ཀྱི་སྐྱེས་ བུ་བཞི་ལ་འཁྲིལ་བའི་ཚུལ་གྱིས་བཞུགས་ཏེ། ཤར་དུ་ལྷ་མོ་བདེ་མཆོག་མ་སྐུ་མདོག་དཀར་མོ་སྣ་ཚོགས་ཀྱི་གོས་དང་རྒྱན་གྱིས་མཛེས་པ། འགྱིང་བག་གིས་ཕྱག་ན་མདའ་གཞུ་འགེངས་པ་སྟེ་པདྨ་འི་དཀྱིལ་འཁོར་ལ་གནས་པའོ། །ལྷོ་ཕྱོགས་སུ་ཨེ་མ་བདེ་བ་མོ་གསེར་གྱི་མདོག་ 26-1-314b ཅན་ཕྱག་ན་བྷ་ག་དང་ལིངྒའི་མཚན་མ་འཛིན་ཅིང་རྡོ་རྗེ་དང་རིན་པོ་ཆེས་བརྒྱན་པའོ། །ནུབ་ཕྱོགས་སུ་ལྷ་མོ་སྣང་མཛད་མ་དམར་མདངས་ཅན་ཕྱག་གཡས་ན་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་འཛིན་ཅིང་བདག་པོའི་སྐུ་ལ་འཁྱུད་ནས་གཡོན་པས་ཐོད་པའི་སྣོད་བདུད་རྩིས་བཀང་བ་ཐོགས་ཏེ། ཁ་ཊྭཱཾ་ག་གྲུ་མོར་ བཅུག་པའོ། །བྱང་ཕྱོགས་སུ་སློབ་མ་མོ་ཨིནྡྲ་ནཱི་ལའི་མདོག་ཅན་གཡས་པས་བདག་པོ་ལ་འཁྱུད་ཅིང་གཡོན་ན་སངས་རྒྱས་ཀྱི་སྐུས་མཚན་པའི་བདུད་རྩིའི་བུམ་པ་བསྣམས་པའོ། །ཡང་ཕྱི་རོལ་གྱི་ཤར་གྱི་རེའུ་མིག་ལ་སངས་རྒྱས་ཀྱི་བྱང་ཆུབ་མ་དཀར་དམར་གྱི་མདངས་ཅན་ ཚངས་པའི་མགོ་བཞིས་མཚན་པའི་མདའ་བཞི་དུས་གཅིག་ཏུ་འཕེན་པའོ། །ལྷོ་ཕྱོགས་སུ་ཆོས་ཀྱི་འཁོར་ལོ་མ་དཀར་སེར་གྱི་མདངས་ཅན་ཕྱག་གཡས་ཀྱི་གུང་མོ་ལ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་དང་། སྔོན་པོ་རྩིབས་བརྒྱད་པ་གཉིས་བརྩེགས་པའི་ཚུལ་དུ་བརྒྱུད་ཅིང་ འདེབས་པའི་ཚུལ་གྱིས་བསྟོད་པ། གཡོན་པ་འགྱིང་བག་གི་ཚུལ་གྱིས་ཁུ་ཚུར་དཀུའི་གནས་སུ་བརྟེན་ཏེ་བཞུགས་པའོ། །ནུབ་ཕྱོགས་སུ་ཁམས་གསུམ་རྣམ་རྒྱལ་མ་དམར་སྐྱའི་མདོག་ཅན་གཡས་ན་ཏྲི་ཤཱུལ་རྩེ་གསུམ་བསྟོད་པའི་ཚུལ་ཅན་འཛིན་ཞིང་། གཡོན་པས་རྡོ་རྗེ་རྩེ་ལྔ་པ་ ཐུགས་ཀར་བརྟེན་པའོ། །བྱང་ཕྱོགས་སུ་འདོད་པའི་དབང་མོ་ལྗང་ཁུའི་མདོག་ཅན་ཕྱག་གཉིས་ན་དཔག་བསམ་གྱི་ཤིང་ལྕུག་མ་དང་བཅས་པ་རླུང་གིས་བསྐྱོད་པ་འཛིན་ཞིང་གར་མཛད་པའོ། །དེ་ལྟར་རྩ་བའི་དཀྱིལ་འཁོར་གྱི་ལྷ་མོ་དེ་དག་ཀུན་ཀྱང་རིན་པོ་ཆེའི་རྒྱན་དང་ཆ་བྱད་ཀྱིས་ མཛེས་ཤིང་། རང་འོད་ཀྱི་རིག་མ་དང་འཁྲིལ་བའི་ཚུལ་གྱིས་ཞལ་སྦྱོར་ཏེ་འགྱིང་བག་གི་རྣམ་པས་བཞུགས་པའོ། །མེ་མཚམས་ཀྱི་རེའུ་མིག་ལ་རྡོ་རྗེ་གླིང་བུ་མ་བཻ་ཌཱུརྱའི་མདོག་ཅན་རྡོ་རྗེས་མཚན་པའི་གླིང་བུ་སྒྲོགས་པའོ། །བདེན་བྲལ་གྱི་རེའུ་མིག་ལ་རྡོ་རྗེ་པི་ཝང་མ་ གསེར་གྱི་མདོག་ཅན་རྡོ་རྗེས་མཚན་པའི་པི་ཝང་གླུ་དབྱངས་དྲུག་གི་སྒྲ་སྒྲོགས་པའོ། །རླུང་གི་མཚམས་སུ་རྡོ་རྗེ་རྔ་ཆེན་མ་ཨསྨ་རཱ་གའི་མདོག་ཅན་རྡོ་རྗེས་མཚན་པའི་རྔ་ཟླུམ་བརྡུང་བའོ། །དབང་ལྡན་གྱི་མཚམས་སུ་རྡོ་རྗེ་རྫ་རྔ་མ་ཨིནྡྲ་ནཱི་ལའི་མདོག་ཅན་རྡོ་རྗེས་མཚན་པའི་རྫ་རྔ་ 26-1-315a བརྡུང་བའོ། །ཡང་ཕྱི་རོལ་གྱི་མེ་མཚམས་སུ་རྡོ་རྗེ་མེ་ཏོག་མ་དམར་མོ་རྡོ་རྗེས་མཚན་པའི་མེ་ཏོག་གི་གཞོང་པ་ཐོགས་པའོ། །བདེན་བྲལ་གྱི་མཚམས་སུ་རྡོ་རྗེ་སྤོས་མེ་མ་དཀར་སྔོན་རྡོ་རྗེས་མཚན་པའི་སྤོས་མེ་ཐོགས་པའོ། །རླུང་གི་མཚམས་སུ་རྡོ་རྗེ་མར་མེ་མ་དམར་མོ་རྡོ་རྗེས་ མཚན་པའི་མར་མེ་འདེགས་པའོ། །དབང་ལྡན་གྱི་མཚམས་སུ་རྡོ་རྗེ་དྲི་ཆབ་མ་ལྗང་གུ་རྡོ་རྗེས་མཚན་པའི་དྲི་ཆབ་འཐོར་བའོ། །ཡང་ཤར་གྱི་སྒོར་རྡོ་རྗེ་རྟ་མགྲིན་འཕང་མཐོ་མ་ཆུ་ཤེལ་གྱི་མདོག་ཅན། གཡས་ན་ལྕགས་ཀྱུ་གཡོན་ན་ཐོད་པའི་བདུད་རྩི་རྟ་མགོ་དང་བཅས་པའོ། །ལྷོ་ཕྱོགས་ཀྱི་སྒོར་ ཕག་གདོང་མ་བཻ་ཌཱུརྱའི་མདོག་ཅན་གཡས་ན་མཆེ་བ་གཡོན་ན་ཞགས་པ་འཛིན་པའོ། །ནུབ་ཕྱོགས་ཀྱི་སྒོར་སྣང་བ་མོ་དམར་གསལ་གྱི་མདངས་ཅན་ཕྱག་གཉིས་ན་ལྕགས་སྒྲོག་ཉི་ཟླས་མཚན་པའོ། །བྱང་གི་སྒོར་ཐལ་བྱེད་མ་ལྗང་གུ་གཡས་ན་དྲིལ་བུ་འཁྲོལ་ཞིང་། གཡོན་པས་བྷནྡྷ་ བདུད་རྩིའི་ནང་ནས་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྐུ་ཕྱུང་བའོ། །ལྷ་མོ་ཉི་ཤུ་པོ་དེ་དག་ཀྱང་རྒྱན་དང་ཆ་ལུགས་དང་འོད་ཀྱི་དཀྱིལ་འཁོར་གྱིས་མཛེས་པར་གྱུར་ཏོ། །བསྡུས་པའི་དབང་དུ་ནི་ལྷ་མོ་ཀུན་ཀྱང་ཁ་དོག་འདྲ་བར་ལེའུ་དགུ་པ་ལས་གསུངས་པའི་དོན་བཞིན་བསྟན་པའོ། །ཡང་རྣམ་པར་ སྣང་མཛད་ཀྱི་དཀྱིལ་འཁོར་གྱི་རྣམ་པར་འཕྲུལ་པའི་ཕྱིར། རྡོ་རྗེ་འཆང་ཆེན་པོ་ཉིད་ལས་སྣང་བའི་སངས་རྒྱས་དེ་ཉིད་གསེར་གྱི་མདོག་ཅན་ཉི་མ་འབུམ་གྱི་འོད་དང་ལྡན་པའི་གངས་རིའི་ལྷུན་པོ་ལྟར་བཞུགས་པ། གསེར་དང་ཀརྟི་ཀ་དང་། ཨིནྡྲ་ནཱི་ལ་དང་ཨསྨ་རཱ་གའི་མདོག་ཅན་གྱི་ཞལ་བཞི་དང་ལྡན་པ། ཕྱག་བཞི་ ན་ཆོས་གོས་དང་ལྷུང་བཟེད་དང་འཁར་སིལ་དང་། དམ་པའི་ཆོས་ཀྱི་གླེགས་བམ་འཛིན་པ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཆ་ལུགས་ཅན་རིན་པོ་ཆེ་སྣ་བདུན་དང་འདོད་པའི་ལོངས་སྤྱོད་ཀུན་གྱིས་ཉེ་བར་མཛེས་པ། རང་འོད་ཀྱི་རིག་མ་ཡུམ་སངས་རྒྱས་སྤྱན་མ་དང་གཉིས་སུ་མེད་པར་ཞལ་སྦྱོར་གྱི་ཚུལ་དུ་ བཞུགས་པའོ། །དེ་ཉིད་ཀྱི་ཤར་དུ་སངས་རྒྱས་ཀུན་བརྗོད་མ་ཆུ་ཤེལ་གྱི་མདོག་ཅན་རིན་པོ་ཆེའི་རྒྱན་ཀུན་གྱིས་མཛེས་པར་བྱས་པ། ཕྱག་ན་མེ་ལྕེས་མཚན་པའི་པདྨ་འཛིན་པའོ། །ལྷོ་ཕྱོགས་སུ་དཔའ་མོ་ཤིན་ཏུ་རྒྱལ་མ་གསེར་གྱི་མདོག་ཅན་ཕྱག་གཉིས་ན་ཆ་ལང་འཛིན་པའོ། །ནུབ་ཕྱོགས་ན་ཀུན་ཏུ་བཟང་མོ་ 26-1-315b པདྨ་རཱ་གའི་མདོག་ཅན་ཕྱག་གཉིས་ན་རྡོ་རྗེ་རྩེ་ལྔ་པ་དང་རིན་པོ་ཆེའི་ཟ་མ་ཏོག་འཛིན་པའོ། །བྱང་ཕྱོགས་ན་མི་བཟད་རིན་པོ་ཆེའི་སྣོད་འཛིན་མ། སྣ་ཚོགས་ཀྱི་མདོག་ཅན་རིན་པོ་ཆེས་བཀང་བའི་སྣོད་དང་ཆོས་ཀྱི་དུང་འཛིན་པའོ། །ཡང་ཕྱི་རོལ་གྱི་ཤར་ཕྱོགས་ཀྱི་རེའུ་ཆ་ལ་སངས་རྒྱས་ཀུན་འཛིན་མ་གུར་གུམ་ གྱི་མདོག་ཅན་སངས་རྒྱས་མི་བསྐྱོད་པའི་སྐུ་ཐུགས་ཀར་འཛིན་པའོ། །ལྷོ་ཕྱོགས་ན་ལྷ་མོ་ཞལ་བཟངས་མ་མེ་ལོང་གི་མདོག་ཅན་ཕྱག་གཉིས་མེ་ལོང་དང་རྔ་ཡབ་འཛིན་པའོ། །ནུབ་ཕྱོགས་སུ་ལྷ་མོ་སྤྲིན་ཆེན་མ་བཻ་ཌཱུརྱའི་མདོག་ཅན་ཕྱག་གཉིས་ཀྱིས་རྡོ་རྗེ་སྤྲིན་གྱི་དཀྱིལ་འཁོར་ལས་སེར་བ་འབེབས་པའོ། །བྱང་ ཕྱོགས་སུ་ནམ་མཁའི་སྤྱན་མ་སེར་སྐྱའི་མདོག་ཅན་ཕྱག་གཉིས་པདྨའི་དཀྱིལ་འཁོར་ལ་མིག་གིས་མཚན་པ་འཛིན་པའོ། །ཕྱི་རོལ་གྱི་ལྷ་མོ་གླིང་བུ་མ་ལ་སོགས་པ་བཞི་དང་། མེ་ཏོག་མ་ལ་སོགས་པ་བཞི་དང་། རྟ་མགྲིན་འཕང་མཐོ་མ་ལ་སོགས་པ་བཞི་པོ་དག་ནི། རྡོ་རྗེ་སེམས་དཔའི་དཀྱིལ་ འཁོར་ལས་བསྟན་པ་དང་འདྲ་བར་གནས་པ་ལས། ཅུང་ཞིག་གི་ཁྱད་པར་ནི་ཞི་བའི་ཆ་ལུགས་འཛིན་ཅིང་རྒྱན་དང་ཕྱག་མཚན་ལ་འཁོར་ལོའི་རྣམ་པས་མཚན་པའོ། །ཡང་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་རྣམ་པར་འཕྲུལ་པའི་ཕྱིར་རྡོ་རྗེ་འཆང་ཆེན་པོ་ཉིད་ལས་སྣང་བའི་འབྲས་བུའི་ཧེ་རུ་ཀ་དེ་ཉིད་སྐུ་ བཻ་ཌཱུརྱའི་མདོག་ཅན་འབར་བ་ཆེན་པོའི་འོད་ཟེར་དང་བཅས་པ། ཞལ་གཡས་ཞི་བའི་རང་བཞིན་དཀར་པོ་དབུས་མཐིང་ནག་དྲག་པོའི་ཆ་ལུགས་ཅན། རྒྱབ་མ་ཆགས་མཛད་དམར་པོའི་ཞལ་གཡོན་པ་རྨོངས་མཛད་སེར་པོར་བཞུགས་པ། སྨིན་མཚམས་ཀྱི་ཁྲོ་གཉེར་བཅུ་འགྱུར་ཞིང་སྤྱན་མིག་དམར་པོ་ ལས་འཇིགས་པའི་མེ་སྟག་འཕྲོ་བ་དང་། དབུ་སྐྲ་དང་སྨ་ར་སེར་ནག་ཏུ་འཁྱིལ་ཞིང་གྱེན་དུ་བརྫེས་པ་བ་སྤུ་རྣམས་རྡོ་རྗེའི་ཚུལ་གྱིས་གཡས་སུ་འཁྱིལ་པ་ཞལ་གདངས་པ་དང་། མཆེ་བ་གཙིགས་པ་དང་། ལྗགས་འདྲིལ་བ་དང་། རྐན་བརྡབ་པ་དང་། འཛུམ་པའི་མདངས་ཀྱིས་གནས་པ་དང་། སྒེག་པ་དང་། དཔའ་བ་དང་། འཇིགས་སུ་རུང་བ་དང་། དགོད་པ་དང་།གཤེ་བ་དང་། འཇིགས་པར་བྱེད་པ་དང་། སྙིང་རྗེ་དང་། རྔམ་པ་དང་། ཞི་བའི་མདངས་ཀྱིས་གནས་པ། ཕྱག་གཡས་གཡོན་གྱི་དང་པོ་ན་རྡོ་རྗེ་དང་། རྡོ་རྗེ་ཁ་ཊྭཱཾ་ག་དྲིལ་བུས་མཚན་པ་འཛིན་པ། དེའི་འོག་མ་གཉིས་ཀྱིས་འཇིགས་བྱེད་ 26-1-316a ཆེན་པོའི་པགས་པ་རླུང་གི་ཚུལ་གྱིས་བསྐོར་བ། གསུམ་པ་གཉིས་ན་མདའ་དང་གཞུ་འཛིན་པ། གཡས་ཀྱི་བཞི་པ་ན་དུང་ཆེན་པོ་ཁྲག་གིས་བཀང་ཞིང་གསོལ་བའི་སྟབས་ཀྱིས་གནས་པ། གཡོན་གྱི་བཞི་པ་ན་དུང་ཆེན་པོ་སྙིང་གིས་བཀང་བའོ། །ཡང་ལ་ལར་ཞལ་གཅིག་ཕྱག་བཞི་ པ་ལ་གཡས་གཉིས་རྡོ་རྗེ་དང་དུང་ཁྲག་གིས་བཀང་བ། གཡོན་གཉིས་ན་ཐོད་པ་དང་ཞགས་པས་མཚན་པ། རྡོ་རྗེ་ཁ་ཊྭཱཾ་ག་སེ་རལ་ཁར་ཐོགས་པའོ། །ཡང་ལ་ལར་ཞལ་གཅིག་ཕྱག་གཉིས་པ་ལ་རྡོ་རྗེ་དང་དུང་ཆེན་པོ་ཁྲག་གིས་བཀང་བ་འཛིན་ཅིང་། ཁ་ཊྭཱཾ་ག་ལ་རྒྱབ་བརྟེན་མཛད་པའོ། །དེ་དག་ཀུན་གྱི་ སྐུ་ལ་གླང་ཆེན་གྱི་ཀོ་རློན་དང་། སྦྲུལ་གྱི་ཆུན་པོ་དང་། སྟག་གི་པགས་པ་དང་། ལྷ་ཆེན་པོའི་གཡང་གཞི་དང་། ཐོད་པའི་ཕྲེང་བ་དང་། ཁྲག་དང་། ཞག་དང་། ཐལ་བའི་རི་མོས་མཚན་ཞིང་ཕྱག་རྒྱ་ལྔས་བརྒྱན་པ་ཉི་མ་དང་ཟླ་བ་དང་རིན་པོ་ཆེའི་ཕྲེང་བས་སྙན་ཆ་བྱས་པ་ཡུམ་ཀྲོ་དྷི་ཤྭ་རི་དང་ཞལ་སྤྱོད་གྱི་ཚུལ་དུ་ བཞུགས་པའོ། །དེ་ཉིད་ཀྱི་མདུན་གྱི་ཤར་ཕྱོགས་སུ་གཽ་རཱི་དཀར་སེར་ཞི་བའི་མདངས་ཅན། ཞལ་བཞི་ཕྱག་བརྒྱད་ན་མདའ་དང་གཞུ་འགེངས་པ་ལས་ཚངས་པའི་མགོ་བོ་བཞི་སྦྱངས་པ་གཡོན་བརྐྱང་བའི་གར་སྟབས་ཀྱིས་བཞུགས་པའོ། ལྷོ་ཕྱོགས་སུ་རྩཽ་རཱི་དམར་སེར་དྲག་པོའི་མདངས་ཅན་གཡོན་ན་ ལྕགས་ཀྱུ་འཛིན་ཞིང་གཡས་པའི་གུང་མོས་འཁོར་ལོ་རྩིབས་བརྒྱད་པ་བསྟོད་ཅིང་འཛིན་པ། ཁ་ཊྭཱཾ་ག་ལ་བརྟེན་བཅས་ནས་ཞབས་གཡས་པ་བཏེག་པའི་སྟབས་ཀྱིས་བཞུགསཔའོ། །ནུབ་ཏུ་པྲ་མོ་ཧཱ་དམར་ནག་ཞལ་གཉིས་ཀྱིས་གོང་མ་ཕག་གི་གདོང་ཅན་ཕྱག་བཞི་ལ་དང་པོ་གཉིས་ན་རྡོ་རྗེ་དང་ཁམ་ཕོར་ ཆང་གིས་བཀང་བ། འོག་མ་གཉིས་ཀྱིས་ཁུ་ཚུར་བཅིངས་ཏེ་འཁོར་ལོ་འདེགས་པ། གཡས་བརྐྱང་བའི་སྟབས་ཀྱིས་བཞུགས་ཤིང་རྨོངས་བྱེད་ཀྱི་མདངས་དང་ལྡན་པའོ། །བྱང་ཕྱོགས་སུ་བཻ་ཏཱ་ལི་དཀར་མོ་ཤི་བ་སློང་བའི་ཚུལ་ཅན་དགའ་བའི་གར་སྟབས་ཀྱིས་གནས་ཤིང་། གཡས་ན་ཐོད་པ་ མཚན་ལྡན་བདུད་རྩིའི་བཀང་བ། གཡོན་པ་བ་དན་གསུམ་པའི་ཕྱག་རྒྱ་ཅན་ནོ། །མེའི་ཕྱོགས་སུ་པུཀྐ་སཱི་དྲག་མོ་སྣ་ཚོགས་ཀྱི་མདོག་ཅན། གཡས་ན་རྡོ་རྗེ་རྩེ་ལྔ་པ་གསོར་ཞིང་གཡོན་དཔག་བསམ་གྱི་ཤིང་ལྕུག་མ་དང་བཅས་པ་འཛིན་ཅིང་། གར་གྱི་གཟིགས་ཐབས་ཀྱིས་འགྱུར་བའི་བཞིན་དང་བཅས་ 26-1-316b པའོ། །བདེན་བྲལ་གྱི་མཚམས་སུ་ཙཎྜ་ལཱི་སྡོ་ནག་དབུགས་འབྱིན་པའི་ཚུལ་ཅན་གཡས་ན་རས་སྒྱེ་རླུང་གིས་བཀང་བ་རྡོ་རྗེས་མཚན་ཞིང་འཐོར་བ། གཡོན་ན་ཏྲི་ཤཱུལ་འཛིན་ཅིང་གར་བྱེད་པའོ། །རླུང་གི་མཚམས་སུ་གྷསྨ་རཱི་སེར་ནག་རོ་ལྡག་པའི་ཚུལ་ཅན་གཡས་ན་རལ་གྲི་དང་། གཡོན་ན་མེ་ཐབ་འཛིན་ པ་གཡོན་བརྐྱང་བའི་གར་སྟབས་ཀྱིས་བཞུགས་པའོ། །དབང་ལྡན་གྱི་མཚམས་སུ་སྨ་ཤ་མཐིང་ནག་ཧེ་རུ་ཀ་ཕྱག་བཞི་པ་དང་འདྲ་བར་གཡས་གཉིས་ན་རྡོ་རྗེ་དང་དུང་ཁྲག་འཛིན་ཅིང་། གཡོན་གཉིས་ཀྱིས་ཐོད་པ་དང་ཞགས་པར་བཅས་པ་ཁ་ཊྭཱཾ་ག་སེ་རལ་ཁར་ཐོགས་པའོ། །ལྷ་མོ་དེ་དག་ཀུན་ཀྱང་ཐོད་པའི་ཕྲེང་བ་ དང་། སྦྲུལ་མདུད་ཀྱིས་བརྒྱན་ཅིང་ཞིང་ལྤགས་རློན་པ་དང་དར་གྱི་ན་བཟའ་གསོལ་བ། རིན་པོ་ཆེའི་ཕྲེང་བས་བརྒྱན་པའོ། །ཡང་ཕྱི་རོལ་གྱི་མེ་མཚམས་སུ་མདའ་འཛིན་མ་ཆུ་ཤེལ་གྱི་མདོག་ཅན་ཕྱག་ན་མདའ་དང་གཞུ་ཐོགས་པའོ། །བདེན་བྲལ་དུ་ཁ་ཊྭཱཾ་འཛིན་མ་སེར་མོ་ཕྱག་ན་ཁ་ཊྭཱཾ་ག་དྲིལ་བུ་བ་དན་དང་བཅས་ པའོ། །རླུང་མཚམས་སུ་འཁོར་ལོ་འཛིན་མ་དམར་སེར་མོ་ཕྱག་ན་འཁོར་ལོ་རྩིབས་བརྒྱད་འཛིན་པའོ། །དབང་ལྡན་དུ་སྣ་ཚོགས་གདན་འཛིན་མ་ཆུ་ཤེལ་གྱི་མདོག་ལྗང་གུ་ཕྱག་ན་བ་དན་དང་དྲིལ་བུ་དང་བཅས་པ་འཛིན་པའོ། །གཞན་ཡང་ཕྱིའི་ལྷ་མོ་མེ་ཏོག་མ་ལ་སོགས་པ་བཞི་དང་རྟ་མགྲིན་འཕང་མཐོ་མ་ ལ་སོགས་པ་བཞི་པོ་དག་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དང་འདྲ་བ་ལས། ཅུང་ཞིག་གི་ཁྱད་པར་ནི་ཁྲོ་བོའི་ཆ་ལུགས་སུ་གནས་ཤིང་ཁྲོ་བོའི་རྡོ་རྗེ་སྔོན་པོས་ཉེ་བར་མཚན་པའོ། །ཡང་དཔལ་པདྨ་གར་གྱི་དབང་ཕྱུག་གི་དཀྱིལ་འཁོར་རྣམ་པར་འཕྲུལ་པའི་ཕྱིར་རྡོ་རྗེ་འཆང་ཆེན་པོ་ཉིད་ལས་སྤྲུལ་པའི་ སྐུ་དཔལ་པདྨ་གར་གྱི་དབང་ཕྱུག་སྐུ་མདོག་དཀར་གསལ་ཤེལ་གྱི་རི་བོ་ལྟ་བུ་ཞལ་བཅོ་ལྔ་འོད་མདངས་དང་ལྡན་པ། ཕྱག་ལྔ་བཅུ་ཕྲག་གཉིས་ཞབས་ཉི་ཤུ་རྩ་བཞིས་མཛེས་པར་པདྨའི་དཀྱིལ་འཁོར་ལ་བཞུགས་པ། ཕྱག་ཀུན་གྱིས་པདྨ་འཛིན་པ་ལས། གཡས་པ་རྣམས་ལ་རྡོ་རྗེ་དང་འཁོར་ལོ་ལ་སོགས་ པས་བརྒྱན་པ། གཡོན་གྱི་པདྨ་དག་ཀྱང་ཁ་དོག་སོ་སོའི་མདངས་དང་ལྡན་པ། སྐུ་ལས་ཁ་དོག་ཉི་ཤུ་རྩ་ལྔའི་འོད་འཕྲོ་བ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་དང་གོས་ཀྱིས་སྤྲས་ཤིང་མཚན་དང་དཔེ་བྱད་དུ་ལྡན་པའོ། །ལ་ལར་ཞལ་བཞི་ཕྱག་བརྒྱད་བྱེད་པ་དང་ཞལ་གཅིག་ཕྱག་བཞི་པའི་རྣམ་པ་ཅན་དང་། བྱི་རུའི་ 26-1-317a སྡོང་པོ་ལྟ་བུར་གནས་པའི་མཚན་མའི་མདངས་ཅན་ནོ། །དེ་ཉིད་ཀྱི་སྣང་བས་ཡུམ་གོས་དཀར་མོ་འཁྲིལ་བའི་ཚུལ་གྱིས་བཞུགས་པའོ། །ཤར་དུ་རྣམ་པར་གཟིགས་མ་པདྨ་རཱ་གའི་མདངས་ཅན། ཕྱག་གཡོན་པས་པདྨ་དམར་པོ་བསྙེམས་པའི་ཚུལ་དུ་འཛིན་ཅིང་གཡས་པས་ ཁ་འབྱེད་པའོ། །ལྷོ་ཕྱོགས་སུ་སྒྲོལ་མ་ལྗང་གུ་གཡོན་པ་པདྨ་ལྗང་གུའི་ལྡོང་བུ་ནས་བཟུང་སྟེ། དཀུའི་གནས་སུ་བརྟེན་ཅིང་གཡས་འདྲེན་པའོ། །ནུབ་ཕྱོགས་སུ་ས་འཛིན་མ་སྔོན་མོ་གཡོན་པས་པདྨ་དཀར་པོ་དང་། གཡས་པས་འཁོར་ལོ་རྩིབས་བརྒྱད་འཛིན་པའོ། །བྱང་ཕྱོགས་སུ་ཁྲོ་གཉེར་མ་ ལྗང་གུ་གཡོན་པས་པདྨ་མཐིང་གའི་ལྡོང་བུ་འཛིན་ཅིང་། གཡས་པས་རྩེ་གསུམ་པའི་ཕྱག་རྒྱ་བསྟོད་པའོ། །ཡང་ཕྱི་རོལ་གྱི་ཤར་ཕྱོགས་སུ་པདྨོ་གཏུམ་པའི་དབང་ཕྱུག་མ་མཐིང་ག་གཡོན་པས་པདྨ་དམར་པོ་བཟུང་ཞིང་། གཡས་པས་རྡོ་རྗེ་གྱེན་དུ་བསྟོད་པའོ། །ལྷོ་ཕྱོགས་སུ་སྣ་ཚོགས་པདྨ་སྔོན་མོ་ གཡོན་པས་སྣ་ཚོགས་པདྨ་འཛིན་ཅིང་། གཡས་པས་འཁོར་ལོ་རྩིབས་བརྒྱད་གྱེན་དུ་བསྟོད་པའོ། །ནུབ་ཕྱོགས་སུ་པདྨའི་ན་བཟའ་མ་སེར་མོ་གཡོན་པས་པདྨ་འཛིན་ཅིང་། གཡས་པས་ཆུ་སྲིན་གྱི་རྒྱལ་མཚན་འཛིན་པའོ། །བྱང་ཕྱོགས་སུ་པདྨ་དབང་ཕྱུག་མ་དམར་མོ་གཡོན་པདྨ་དམར་པོ་འཛིན་ཅིང་། གཡས་པས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གསོར་བའོ། །ལྷ་མོ་འདི་དག་ཀྱང་རིན་པོ་ཆེའི་རྒྱན་ཆས་དང་། དར་གྱི་ན་བཟས་བཀླུབས་པའོ། །གཞན་ཡང་གླིང་བུ་མ་ལ་སོགས་པའི་ལྷ་མོ་བཞི་དང་། མེ་ཏོག་མ་ལ་སོགས་པའི་ལྷ་མོ་བཞི་དང་། རྟ་མགྲིན་འཕང་མཐོ་མ་ལ་སོགས་པའི་སྒོ་བ་བཞི་དག་ནི་དཔལ་ རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལས་བཤད་པ་བཞིན་དུ་གནས་པ་ལས། ཅུང་ཞིག་མི་འདྲ་བའི་ཁྱད་པར་ནི། ཆགས་པའི་བཞིན་མདངས་དང་བཅས་ཤིང་པདྨའི་ཕྲེང་བས་བཀླུབས་པའོ། །ཡང་རྡོ་རྗེ་ཉི་མའི་དཀྱིལ་འཁོར་རྣམ་པར་འཕྲུལ་པའི་ཕྱིར། རྡོ་རྗེ་འཆང་ཆེན་པོ་ལས་རྡོ་རྗེ་ཉི་མའི་སྐུར་ཕྱུང་སྟེ། གསེར་གྱི་རི་བོ་ལ་ ཉི་མའི་དཀྱིལ་འཁོར་གྱི་འོད་ཤར་བ་བཞིན་དུ་མདངས་གསལ་བ་ཞལ་བཞི་པ་སྤྱན་མིག་གཡོན་གྱེན་དུ་གཟིགས་པ། གཡས་གཡོན་གྱི་དང་པོས་མདའ་དང་གཞུ་འཛིན་པ། གཡས་ཀྱི་འོག་མས་རལ་གྲི་དང་གཡོན་གྱི་འོག་མས་ཉི་མའི་དཀྱིལ་འཁོར་གྱིས་མཛེས་པའི་པདྨ་ལ་རྡོ་རྗེ་རྩེ་ལྔ་པས་མཚན་པ། ཆེ་བའི་ཡོན་ 26-1-317b ཏན་རིན་པོ་ཆེ་སྣ་བདུན་ལ་སོགས་པས་བརྒྱན་ཅིང་། གདན་པདྨའི་དཀྱིལ་འཁོར་ལ་བཞུགས་ཤིང་ཡུམ་མཱ་མ་ཀཱི་དང་གཉིས་སུ་མེད་པར་འཁྲིལ་བའོ། །གནས་སྐབས་ལ་ལར་དྲག་པོའི་ཚོགས་དག་གདུལ་བའི་ཕྱིར་སྐུ་མདོག་དམར་པོའི་འོད་ཀྱི་སྣང་བ་དང་བཅས་པ་ཅུང་ཞིག་ཁྲོས་པའི་བཞིན་གྱིས་གནས་ཤིང་རིན་པོ་ ཆེ་སྣ་ཚོགས་ཀྱི་ཕྲེང་བས་བཀླུབས་པའོ། །ཤར་དུ་ལྷ་མོ་དབང་བསྐུར་མ་དམར་གསལ་གྱི་མདངས་ཅན་ཕྱག་ན་རིན་པོ་ཆེའི་དབུ་རྒྱན་ལ་རྡོ་རྗེ་རྩེ་ལྔ་པས་མཚན་པ་འཛིན་པའོ། །ལྷོ་ཕྱོགས་སུ་ལྷ་མོ་གཏེར་ལྡན་མ་སེར་རྨོ་ཕྱག་ན་རིན་པོ་ཆེས་བཀང་བའི་བུམ་པ་འཛིན་པའོ། །ནུབ་ཏུ་རྒྱལ་མཚན་མཆོག་ལྡན་ མ་དཀར་དམར་གྱི་མདངས་ཅན་ཕྱག་ན་རིན་པོ་ཆེའི་རྒྱལ་མཚན་ཏོག་དང་བཅས་པ་འཛིན་པའོ། །བྱང་དུ་མཆོད་རྟེན་མ་ལྗང་སྔོན་རིན་པོ་ཆེའི་སྣོད་རིན་པོ་ཆེའི་རྫས་ཀྱིས་བཀང་བ་འཛིན་པའོ། །ཡང་ཕྱི་རོལ་གྱི་ཤར་དུ་མདའ་གཞུ་མ་དམར་སེར་ཕྱག་ན་རང་གི་མཚན་དང་མཐུན་པའི་རྟགས་འཛིན་པའོ། །ལྷོ་ཕྱོགས་སུ་ རྡོ་རྗེ་ཁ་ཊྭཱཾ་མ་སྔོན་མོ་ཕྱག་ན་རལ་གྲི་དང་ཁ་ཊྭཱཾ་ག་འཛིན་པའོ། །ནུབ་ཕྱོགས་སུ་རྡོ་རྗེ་ཉི་མ་མོ་དམར་སེར་ཕྱག་ན་དེ་ཉིད་ཀྱིས་མཚན་པའོ། །བྱང་དུ་རྡོ་རྗེ་མེ་མོ་ལྗང་དམར་ཕྱག་ན་རྡོ་རྗེས་མཚན་པའི་མེ་ཐབ་འཛིན་པའོ། །ལྷ་མོ་དེ་དག་ཐམས་ཅད་ལས་ཀྱང་འོད་ཁ་དོག་སྣ་ལྔ་འབྱུང་ཞིང་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་ གྱིས་བརྒྱན་པའོ། །ཕྱིའི་ལྷ་མོ་གླིང་བུ་མ་ལ་སོགས་པ་བཅུ་གཉིས་པོ་དེ་དག་ཀྱང་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དང་འདྲ་བ་ལས་ཅུང་ཞིག་གི་ཁྱད་པར་ནི་ཡོན་ཏན་རྒྱས་པའི་སྒོ་ནས་རིན་པོ་ཆེའི་ཆགས་པ་འཕྲོ་ཞིང་མདངས་དང་ལྡན་པ། སྐུ་དང་ཕྱག་མཚན་གྱི་བྱེ་བྲག་ལས་ནོར་བུ་རིན་པོ་ཆེས་མཚན་པའོ། ། ཡང་རྟ་མཆོག་རོལ་པའི་དཀྱིལ་འཁོར་རྣམ་པར་འཕྲུལ་ཕྱིར་རྡོ་རྗེ་འཆང་ཆེན་པོ་ཉིད་ལས་སྣང་བའི་འབྲས་བུའི་སངས་རྒྱས་དེ་ཉིད་སྐུ་ལྗང་གུ་དང་། སྔོན་པོ་དང་། དམར་བའི་ཞལ་གསུམ་དབུའི་སྟེང་ན་རྟ་མགོ་ལྗང་གུ་མགྲིན་པ་བསྟོད་དེ་སྒྲ་འབྱིན་པ། སྐུ་མདོག་ལྗང་གུ་ལ་གཡས་པ་བཞིས་བ་དན་གསུམ་པའི་ ཕྱག་རྒྱ་དང་རྡོ་རྗེ་རྒྱ་གྲམ་དང་།རལ་གྲི་དང་། མདའ་འཛིན་པའོ། །གཡོན་པ་བཞི་ན་ནི་སྣ་ཚོགས་པདྨ་དང་། ཤཀྟི་རྩེ་གཅིག་དང་། བེ་ཅོན་དང་། གཞུ་འཛིན་པ། ཞབས་གཡས་ཀྱི་རྨིག་པ་དང་པོས་དངོས་གྲུབ་གསུམ་དང་། དཔལ་མོ་གནོན་པ་གཉིས་པས་ཞི་བ་མོ་དང་དགའ་བ་མ་གནོན་པ། གཡོན་གྱི་དང་ 26-1-318a པོས་དྲག་པོ་དང་ཁྱབ་འཇུག་གནོན་པ། གཉིས་པས་འདོད་པའི་ལྷ་དང་ཚངས་པ་མནན་པ། ཁྲོ་བ་དང་། སྒེག་པ་དང་། དྲག་པོ་དང་། ཞི་བའི་སྒོ་ནས་གཟིགས་པའི་མདངས་ཅན་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་དང་། ཁྱད་པར་གྱི་རྟགས་ཀྱིས་རྣམ་པར་སྤྲས་པའོ། །གཡས་ཕྱོགས་སུ་སྣ་ཚོགས་པདྨོ་ལྗང་སེར་ གྱི་སྐུ་ལས་འོད་ཟེར་འཕྲོས་པ་ཕྱག་ན་སྣ་ཚོགས་པདྨ་འཛིན་པའོ། །གཡོན་ཕྱོགས་སུ་སྣ་ཚོགས་རྡོ་རྗེ་མ་སྐུ་མདོག་ལྗང་སྔོན་ལས་འོད་ཟེར་འཕྲོ་བ། ཕྱག་ན་སྣ་ཚོགས་རྡོ་རྗེ་འཛིན་པའོ། །མདུན་དུ་རང་འོད་ཀྱི་སྣང་བ་ཡུམ་དམ་ཚིག་སྒྲོལ་མ་དང་ཞལ་སྦྱོར་གྱི་ཚུལ་དུ་འཁྲིལ་ནས་བཞུགས་པའོ། །འཁོར་གྱི་ལྷ་མོ་ གཞན་དག་ནི་ཕྲིན་ལས་ཀྱི་བྱེ་བྲག་བཞིན་དུ། རིགས་ཀྱི་དཀྱིལ་འཁོར་གཞན་དག་གི་ལྷ་མོ་དང་མཐུན་པ་ལས། ཅུང་ཞིག་མི་འདྲ་བའི་ཁྱད་པར་དུ་ནི་སྐུ་དང་། ཕྱག་མཚན་དག་ལ་སྣ་ཚོགས་རྡོ་རྗེས་མཚན་ཅིང་དབུ་ལ་དོན་ཡོད་གྲུབ་པའི་སྐུས་བརྒྱན་པའོ། །ལྷ་མོ་གཞན་དག་གིས་དཀྱིལ་འཁོར་གྱི་གཙོ་ བོ་མཛད་པའི་འཁོར་ལོ་མི་འདྲ་བ་དག་དང་། རིགས་བསྡུས་ཀྱི་དཀྱིལ་འཁོར་གྱི་འཇིག་རྟེན་པའི་ལྷ་སྣ་ཚོགས་རྣམས་ནི་གདུལ་བྱའི་མོས་པ་བཞིན་དུ་བྱུང་ཞིང་། མགྲོན་ཐབས་སུ་བཀོད་དེ་ཕྲིན་ལས་ཀྱི་ཕྱག་བརྙན་པ་ཡིན་པས་དཀྱིལ་འཁོར་གྱི་གྲངས་སུ་བཞག་ཀྱང་། སྐབས་འདིར་སྤྲུལ་པའི་ལྷ་མ་ཡིན་ པའི་ཕྱིར་བཤད་པར་མི་བྱ་སྟེ་རྗེས་སུ་འཇུག་པའི་སྒྲུབ་པ་པོས་སྒྲུབ་པའི་དུས་སུ་ནི་ཚོགས་ཀྱི་འཁོར་ལོའི་སྒྲུབ་ཐབས་ལས་རྒྱ་ཆེར་བསྟན་པ་བཞིན་དུ་ཤེས་པར་བྱའོ། །ད་ནི་ལྷ་དེ་དག་གི་བཞུགས་ཐབས་བསྟན་པའི་ཕྱིར། སྟན་དེ་དག་ནི་ཐམས་ཅད་ལ་ཇི་ལྟར་གནས་པ་བཞིན་དུ་དགོད། དཔལ་རྡོ་རྗེ་སེམས་ དཔའི་དཀྱིལ་འཁོར་གྱི་ལྷ་རྣམས་ནི་ཞབས་གཡས་གཡོན་གྱི་སྦྱོར་བས་བདེ་བའི་ཆ་ལུགས་བཞིན་དུ་གར་བྱེད་ཅིང་སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས་པའོ། །སངས་རྒྱས་རྣམ་པར་སྣང་མཛད་ཀྱི་རིགས་ཀྱི་ལྷ་རྣམས་ནི་གཡས་པའི་ཡན་ལག་གནོན་པས་གཡོན་པའི་ཡན་ལག་ཀུན་ལས་རྒྱས་ཏེ་ སེམས་དཔའི་འགྱིང་ཚུལ་གྱིས་བཞུགས་པའོ། །རྡོ་རྗེ་ཧེ་རུ་ཀའི་ལྷ་རྣམས་ནི་གཡས་གཡོན་གྱི་སྦྱོར་བས་བདེ་བའི་གར་བྱེད་ཅིང་སྐྱིལ་མོ་ཀྲུང་ཕྱེད་པའི་ཚུལ་དུ་རྐང་པ་རང་གི་བརླས་མནན་པའོ། །པདྨ་གར་དབང་གི་ལྷ་རྣམས་ནི་གཡས་གཡོན་གྱི་སྦྱོར་བས་སྐྱིལ་ཀྲུང་ཕྱེད་པའི་ཚུལ་དུ་རྒྱལ་པོའི་ 26-1-318b སྐྱིལ་ཀྲུང་གིས་གནས་པའོ། །རྡོ་རྗེ་ཉི་མའི་ལྷ་རྣམས་ནི་པུས་མོ་གཉིས་གཤིབས་ཏེ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའོ། །རྟ་མཆོག་གི་ལྷ་རྣམས་གཡས་གཡོན་གྱི་སྦྱོར་བས་བརྐྱང་བསྐུམ་གྱི་ཚུལ་གྱིས་ཁྲོ་བོའི་སྐྱིལ་མོ་ཀྲུང་བཅིངས་པའོ། །དེ་དག་ཐམས་ཅད་ཀྱང་གདན་པདྨའི་དཀྱིལ་འཁོར་ལ་རང་ རང་གི་ཆ་ལུགས་ཀྱིས་དང་མཚན་ཉིད་ཀྱིས་གནས་པའོ། །དེ་ལྟར་བརྟེན་པའི་ལྷའི་དཀྱིལ་འཁོར་རྣམས་ཀྱི་བཞུགས་གནས་ལྷའི་གཞལ་ཡས་ཁང་ཇི་ལྟ་བུ་ཞེ་ན། གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་མཛེས་པར་བྱས། །རྡོ་རྗེ་རིན་ཆེན་པདྨོ་སོགས། །སྒོ་སྲུང་དང་ནི་ལྡན་པར་བྱ། །ཕྱི་རོལ་གྱི་ རྒྱར་ནི་ར་བ་རིམ་པ་གསུམ་དང་བཅས་པའི་དུར་ཁྲོད་བརྒྱད་ཀྱིས་བརྒྱན་ཅིང་། དེའི་ནང་དུ་གཞལ་ཡས་ཁང་གྲུ་བཞི་པ་ལ་སྒོ་བཞི་པ་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱིས་རྒྱས་ཤིང་ཚད་མེད་པ་བཞི་ལ་སྦྱངས་པས་རྣམ་པར་ཐར་པའི་སྒོ་བཞིར་འཇུག་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་ བདུན་ལ་སོགས་པས་མཚོན་པའི་མཚན་མ་རྟ་བབས་ལ་སོགས་པའི་རྒྱན་དང་། རིགས་ཀྱི་མཚན་མས་རང་ཉིད་ཀྱི་ཡེ་ཤེས་ཡོན་ཏན་གྱི་ཚོགས་དང་བཅས་པའི་རྟགས་མཚོན་པ་རང་གི་རིགས་ཀྱི་སྒོ་སྲུང་དང་ལྡན་པའོ། །དེ་ཡང་རྩ་བའི་རྒྱུད་ལས། གསེར་གྱི་འཁོར་ལོ་སྣ་ཚོགས་རྡོ་རྗེའི་དབུས། །གྲུ་ བཞི་སྒོ་ཁྱུད་རྟ་བབས་བཞི་ཡིས་མཚན། །རིན་ཆེན་སྣ་ལྔའི་ཕྱོགས་ཀྱི་རྩིག་པ་ལ། །རང་བྱུང་ཉི་ཤུ་ལྔ་ཡི་འོད་དང་བཅས། །རྡོ་རྗེས་མཚན་པའི་ཀ་བ་མཆོག་བརྒྱད་སྤྲས། །རིན་ཆེན་མུ་ཏིག་མེ་ཏོག་ཕྲེང་བས་མཛེས། །གཟུགས་སྒྲ་དྲི་རོ་རེག་བྱའི་ལྷ་མོ་འཁྲིགས། །གདུགས་དང་རྒྱལ་མཚན་བླ་ རེ་རྔ་ཡབ་དང་། །ཟླ་ཕྱེད་རྡོ་རྗེ་རིན་ཆེན་བ་དན་བཅས། །དྲིལ་བུ་སྙན་པའི་སྒྲ་སོགས་ཐམས་ཅད་སྒྲོགས། །ཞེས་སོ། །དེ་ཉིད་ཀྱིས་ནང་གི་ཕོ་བྲང་ནི་རིགས་བསྡུས་ཀྱི་དཀྱིལ་འཁོར་དང་། རིགས་སོ་སོ་དག་གི་དཀྱིལ་འཁོར་གྱི་བྱེ་བྲག་གིས་ཤེས་པར་བྱའོ། །དེ་ཉིད་དུ་ལྷའི་རྟེན་གྱི་དཀྱིལ་འཁོར་ དགོད་པའི་ཕྱིར། རང་གི་ལྷ་དང་འདྲ་བ་ཡི། །བུད་མེད་དག་ནི་ལེགས་བསྒྲུབ་པ། །སྐལ་བཟང་རང་གི་ཕྱག་རྒྱས་མཚན། །ཚོགས་ཀྱི་དཀྱིལ་འཁོར་བརྟག་པར་བྱ། །རིགས་སོ་སོའི་དཀྱིལ་འཁོར་གྱི་ཚུལ་གྱིས་ལྷ་མོ་རང་གི་རྟགས་དང་ཁ་དོག་དང་མཚན་མས་བརྒྱན་ཅིང་། རང་རང་གི་ 26-1-319a ཏིང་ངེ་འཛིན་ལ་གནས་ཏེ་དེ་ཉིད་ཀྱི་སྐུ་ལེགས་པར་བསྒྲུབས་ནས། རང་རང་གི་ཕྱོགས་སུ་སྐལ་པ་བཟང་པོའི་དམ་ཚིག་ལས་བྱུང་བའི་ཕྱག་རྒྱའི་ཚུལ་གྱིས་གནས་པར་བྱའོ། །དེ་ལྟར་ཕྱག་རྒྱ་བཞི་དང་ལྡན་པའི་སྒོ་ནས་སྤྲོ་བ་དང་བསྡུ་བའི་རིམ་པས་ཡོན་ཏན་གྱི་སྣང་བ་ཐམས་ཅད་སྐད་ཅིག་ ལ་རྫོགས་པར་བྱ་བའི་ཕྱིར་ཚོགས་ཀྱི་དཀྱིལ་འཁོར་བརྟག་པར་བྱའོ། །ག་ན་བིནྡྷུ་ར་ཞེས་པས་སྐལ་ལྡན་དང་འབྱོར་ལྡན་གྱི་ཕུན་སུམ་ཚོགས་པ་ཐམས་ཅད་འདུས་པར་བཤད་དོ། །གྷ་ན་བི་ཧ་ར་ཞེས་པས་དེ་ཉིད་ལ་སྤྱོད་པས་དེ་ལྟ་བུའི་རྟགས་གསལ་ཞིང་། ཡུན་རིང་དུ་བརྟགས་པས་དེ་དང་མཐུན་ པའི་འབྲས་བུ་འགྲུབ་པའོ། །ད་ནི་རྣལ་འབྱོར་པས་ཚོགས་ཀྱི་དབུས་སུ་བདུད་རྩི་ལྔ་བསྒྲུབ་པའི་ཕྱིར། མེ་ཡི་ཚལ་ནི་གྲུབ་པ་ལ། །དམར་ཆེན་པོ་ཞེས་བྱ་བར་བཤད། །ཅེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་དྲུག་གསུངས་ཏེ། གང་ཞིག་རང་གི་ཏིང་ངེ་འཛིན་གསལ་བར་བྱ་བ་དང་། དངོས་ གྲུབ་ཀྱི་རྫས་ཁྱད་པར་ཅན་ལ་བརྟེན་ནས་འདོད་པའི་དོན་སྒྲུབ་པའི་ཕྱིར་བདུད་རྩི་ལྔ་གྲོགས་དང་བཅས་པ་ལས། བསྙེན་སྒྲུབ་ཀྱི་ཡན་ལག་གིས་སྒྲུབ་པའི་ཐབས་བསྟན་ཏེ། དེ་ཡང་ཚིགས་སུ་བཅད་པ་དང་པོས་ནི་སྔགས་ཀྱིས་དྲངས་པའི་མཚལ་ཆེན་པོ་དག་ནི། སྒྲོན་མ་གཉིས་ཀྱི་རྟེན་དུ་གྱུར་པས་རང་གི་ སྒྲ་དང་ལྡན་ཏེ་དེ་ལ་བརྟེན་ནས་སྒྲའི་དངོས་གྲུབ་ངོ་བོ་ཉིད་ཀྱི་མཐུ་དང་རང་བཞིན་གྱིས་གྲུབ་པ་དག་གསལ་བར་བྱ་བ་དང་། ཚིགས་སུ་བཅད་པ་གཉིས་པས་རྡོ་རྗེ་དང་ཆུ་དང རྡོ་རྗེ་དྲི་ཆེན་དང་། མཚལ་ཆེན་པོ་དང་སྦྱར་ཞིང་བསྒྲུབས་ཏེ་པདྨའི་སྣོད་དུ་བཞག་ནས། ཐུགས་ཡེ་ཤེས་རྣམ་པ་ལྔའི་རྟགས་བལྟ་བ་ དང་། ཚིགས་སུ་བཅད་པ་གསུམ་པས་དེ་ཉིད་ཀྱི་མཚན་མ་གསལ་བར་གྲུབ་པའི་ཡོན་ཏན་བཤད་ཅིང་དེ་ལས་མི་འདའ་བར་གནས་པ་དང་། ཚིགས་སུ་བཅད་པ་བཞི་པས་དེ་ཉིད་ཀྱི་མཚན་ཉིད་དེས་ཚིག་དང་བཅས་པར་བསྟན་པ། ཚིགས་སུ་བཅད་པ་ལྔ་པས་ནི་བདུད་རྩི་ལྔ་ལ་སྦྱོར་བའི་དངོས་ གྲུབ་ཀྱི་དྲིལ་བུ་སྒྲུབ་པའི་ཐབས་དང་། དེའི་ཕན་ཡོན་བསྟན་ཏོ། །ཚིགས་སུ་བཅད་པ་དྲུག་པས་ནི་དངོས་གྲུབ་དེ་དག་གི་ཉམས་སུ་བླང་བའི་ཆོ་ག་འབྲས་བུ་དང་བཅས་པ་སྟེ། བྲམ་ཟེ་རྣམས་ཀྱི་ཉི་མ་དང་། ཟླ་བའི་མཆོད་སྦྱིན་ཆེན་པོ་བྱེད་པའི་དུས་སུ། བྲངྒ་རའི་རྒྱལ་པོའི་བརྡ་སྦྱོར་བཤམས་པ་ 26-1-319b བཞིན་དུ་ད་དུ་རའི་གཡོས་བཤམས་པ་མྱང་བ་ལྟར་བཏུང་བ་དང་། གཙོ་འཁོར་ཐམས་ཅད་ཀྱིས་སྲིན་མཐེབ་ཀྱི་ཕྱག་རྒྱས་ལན་གསུམ་དུ་བླངས་པ་དང་། སྐུ་གསུང་ཐུགས་རྟག་པའི་དངོས་གྲུབ་སྐྱེ་བར་འགྱུར་རོ། །དེ་དག་བསྒྲུབས་པའི་ཕན་ཡོན་ནི། །སངས་རྒྱས་ཀུན་གྱི་བདག་ཉིད་ཀྱི། །ར་ས་ཡ་ན་བདེ་བ་འདིས། ། ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་གསུངས་ཏེ། བདུད་རྩི་ར་ས་ཡ་ན་འགྲུབ་པའི་མཐུས་འཇིག་རྟེན་འདིའི་ཡོན་ཏན་གྱི་འབྲས་བུ་ཐམས་ཅད་དང་། འཇིག་རྟེན་ཕྱི་མའི་དངོས་གྲུབ་དག་ཀྱང་འགྲུབ་སྟེ། རྡོ་རྗེ་སེམས་དཔའི་དཔལ་བཞི་འགྱུར་དང་། སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ དུ་འགྱུར་རོ། །བདུད་རྩི་དེ་ཉིད་ཀྱི་བསྲུང་བའི་ཆོ་ག་ནི། འདིས་ནི་བསྲུང་བ་བྱས་པས་དཔལ། །རྡོ་རྗེ་སེམས་དཔའ་བཞིན་དུ་འགྱུར། །རྣལ་འབྱོར་མཁའ་འགྲོ་བདེ་མཆོག་གིས། །སངས་རྒྱས་ཐམས་ཅད་བདག་ཉིད་འགྲུབ། །ཡི་གེ་ལྔས་མཚན་པའི་བྱང་ཆུབ་སེམས་ཀྱི་ཐིག་ལེས་དབང་པོ་ལྔ་ལ་ ཐིག་ལེ་བྱ་ཞིང་། བསྲུང་བ་བྱས་པས་དེ་ཉིད་དུ་རིགས་རྣམ་པ་ལྔའི་སྐུ་གསལ་ཞིང་འགྲུབ་པར་འགྱུར་བ་དང་ཁོང་དུ་ཡང་འཐུངས་ཤིང་གནས་གསུམ་དུ་ཡང་བྱུགས་པས་དཔལ་རྡོ་རྗེ་སེམས་དཔའ་དྲི་མ་གསུམ་དང་བྲལ་བའི་སྐུ་འགྲུབ་པར་འགྱུར་རོ། །དེ་ཡང་རྩ་བའི་རྒྱུད་ལས། བྱང་ཆུབ་སེམས་ཀྱི་ཐིག་ལེ་ ཡིས། །གནས་རྣམས་ཀུན་དུ་བརྒྱན་བྱས་པས། །དེ་ཉིད་རིགས་ཀྱི་དཀྱིལ་འཁོར་གྱིས། །བསྲུང་ཞིང་འགྲུབ་པའི་མཆོག་ཏུ་འགྱུར། །ཞེས་སོ། །དེ་དག་གིས་ནི་བདུད་རྩི་སྒྲུབ་པའི་རིམ་པ་བསྟན་ཏེ་གོ་རིམས་རྒྱས་པས་ཉམས་སུ་བླང་བའི་ཐབས་སུ་ནི་ཆོ་ག་ལྔས་ཤེས་པར་བྱ་སྟེ། སྐབས་འདིར་སྨོས་ པ་མང་བས་མ་བཤད་དོ། །དེ་ལྟར་བསོད་ནམས་ཀྱི་ཚོགས་བསགས་ནས་རྒྱུ་མཐུན་པའི་ལམ་གྱི་སྒོ་ནས་འབྲས་བུ་སྒྲུབ་པའི་ཕྱིར་ཡེ་ཤེས་ཀྱི་ཚོགས་ཀྱི་འཁོར་ལོ་བྱ་བའི་དོན་དུ་གང་ཟག་གི་རྒྱན་བསྟན་པ་ནི། དེ་ནས་ཁྲུས་བྱས་དྲི་ཞིམ་ལུས། །ཅི་འབྱོར་པ་ཡི་གོས་དང་རྒྱན། །སྣ་ཚོགས་གོས་དག་ བགོས་ནས་ནི། །མེ་ཏོག་ཕྲེང་ལྡན་ཁ་དྲི་ཞིམ། །ཕྱི་ནང་གསང་བ་གསུམ་གྱི་ཁྲུས་ལེགས་པར་བྱས་ནས་ལུས་དྲི་ཞིམ་པོའི་རྫས་ཀྱིས་བྱུགས་ཏེ་ཁའི་སྤོས་ལ་སོགས་པས་དྲི་བསྒྱུར་ཞིང་ཅི་འབྱོར་པའི་གོས་དང་རྒྱན་སྣ་ཚོགས་རྣམ་པར་བགོས་ནས་མེ་ཏོག་གི་ཕྲེང་བ་གདགས་ཤིང་རང་གི་ཆ་ 26-1-320a ལུགས་སུ་གནས་པར་བྱའོ། །དེ་ལ་ཁ་དྲི་ཞིམ་པོར་བྱས་པའི་སྤོས་ནི་ལེའུ་དགུ་པ་ལས། ཀཀྐོ་ལ་དང་སུག་སྨེལ་དང་། །གླ་སྒང་ག་པུར་གླ་རྩི་དག །འདི་དག་ཞིབ་ཏུ་བཏགས་པ་ནི། །སེང་ལྡེང་བུ་རམ་དག་དང་སྦྱར། །ཤིང་ཚ་བ་ཏྲ་ལོ་ཏྲ་དང་། །ན་ལེ་ཤམ་དང་ག་པུར་སྦྱར། །ཧ་ས་ ཀ་རི་ཤིང་མར་གྱིས། །སྦྲུས་པ་ཁ་ཡི་སྤོས་ཡིན་ནོ། །ཞེས་སོ། །གཞན་ཡང་སྦྱོར་ཐབས་ཀྱི་བྱེ་བྲག་བསྟན་པའི་ཕྱིར། སྣ་ཚོགས་ཀུན་གྱི་སྐལ་བཟང་པོས། །སློང་བས་དལ་གྱིས་དལ་གྱིས་སུ། །གོས་དགབ་པ་ཡི་སྦྱོར་བ་ཡིས། །བདག་གིས་འབྱུང་བ་བསྐུལ་བར་བྱ། །རིགས་རྣམ་པ་དྲུག་གི་ སྒོ་ནས་སྦྱོར་ཐབས་ཀྱི་བྱེ་བྲག་དྲུག་ཅུ་རྩ་བཞི་བསྟན་ཏེ། རང་རང་གི་རིགས་ཀྱི་ཕྱག་རྒྱ་དག་རྙེད་པ་དང་དགའ་བའི་སྒོ་ནས་བསྐུལ་བའི་གླུ་བརྗོད་ཅིང་། གར་སྟབས་བསྐྱོད་ཅིང་འགྱིང་བ་དང་། བལྟ་བ་དང་། འཛུམ་པ་དང་། འཁྱུད་པ་དང་། སྦྱོར་བ་དང་། ཏ་མ་ལའི་ཕུར་པ་འདེབས་པ་དང་། གནས་དགུར་ སེན་མོ་གདབ་ཅིང་རོལ་པའི་བརྟུལ་ཞུགས་ལ་མི་དྲག་པར་བསྐྱོད་པས་བྱང་ཆུབ་ཀྱི་སེམས་དབབ་པར་བྱའོ། །དེ་དག་གི་སྔོན་དུ་འགྲོ་བ་ནི་བརྡས་བསྐུལ་བ་དང་། གསོལ་བ་གདབ་པའི་སྦྱོར་བ་དང་། གཏམ་གྱིས་འདྲིས་པར་བྱ་བ་དང་། ཐུགས་འབྲེལ་བར་བྱ་བ་དང་། ཆགས་པའི་ལོ་རྒྱུས་གླེང་བའོ། ། དེ་ལས་བྱུང་བའི་བདེ་བ་ཆེན་པོས་ཐབས་དང་ཤེས་རབ་ཀྱི་རྒྱུད་རིམ་པར་གྱུར་ནས་དཀྱིལ་འཁོར་གསལ་བ་དང་། དངོས་གྲུབ་བླང་བ་དང་། འཕགས་པ་མཆོད་པ་དང་། དབང་བསྐུར་བ་དང་། འགྲོ་དོན་བྱ་བའོ། །ཡང་བྱང་ཆུབ་སེམས་ཀྱི་ཕྲིན་ལས་ནི། རྫོགས་པར་སངས་རྒྱས་ཉི་ཟླ་རྣམས། །ཤར་བ་ དང་ནི་མཐོང་བ་ཡིས། །སྡིག་པ་ཀུན་ལས་གྲོལ་འགྱུར་ཞིང་། །བསོད་ནམས་ཐམས་ཅད་འགྲུབ་པར་འགྱུར། །ངེས་པའི་ལམ་དང་ཀུན་ལྡན་པ། །རྣམ་པར་འདས་པས་རྣམ་པར་བརྒྱན། །གང་ཞིག་རང་གི་དེ་ཁོ་ན་ཉིད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པར་དག་པའི་སྒོ་ནས་མཐོང་ བའི་བདེ་བ་ཆེན་པོའི་བྱང་ཆུབ་ཀྱི་སེམས་ཆགས་པའི་མཚན་ཉིད་དུ་གནས་པ་ནི་ཉི་མ་དང་ཟླ་བ་ལྟ་བུར་སྣང་ལ། དེ་མཚོན་པར་བྱེད་པའི་རྟགས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དང་། གཉིས་སུ་མེད་པའི་བདེ་བ་དག་ཀྱང་དེའི་བདག་ཉིད་དོ། །དེ་ཉིད་གསལ་བར་ཉམས་སུ་མྱོང་ཞིང་མངོན་ 26-1-320b སུམ་དུ་ཤར་བ་ནི་སྐུ་གསུམ་གཉིས་སུ་མེད་པའི་སངས་རྒྱས་མཐོང་བ་ཡིན་ཏེ། བདག་གི་ཞལ་བདག་གིས་མཐོང་བའོ། །དེའི་མཐུས་སྡིག་པ་ཐམས་ཅད་ཀུན་ལས་གྲོལ་ཞིང་བསོད་ནམས་ཐམས་ཅད་འགྲུབ་སྟེ། ལེགས་པའི་ལམ་ཀུན་དང་ལྡན་པའི་ཆེ་བའི་ཡོན་ཏན་རྣམ་པར་བཀོད་པ་ཀུན་ གྱིས་བརྒྱན་པར་འགྱུར་རོ། །རོལ་པའི་དུས་སུ་ལྷ་མོའི་གླུས་བསྐུལ་བའི་དགོས་པ་ནི། བརྟན་ཞིང་གྲུབ་པ་སློང་བྱེད་པ། །ཀུན་ནས་སློང་བའི་བདེ་བ་ནི། །སྒོ་གསུམ་དག་ནས་དངོས་གྲུབ་དང་ཡོན་ཏན་གྱི་ཚོགས་ཐམས་ཅད་བརྟན་ཞིང་བདག་དང་གཞན་གྱི་དོན་དུ་བསྐུལ་བའི་གླུ་བརྗོད་པས། དགའ་ བདེ་རྣམ་པ་གཉིས་སློང་བར་བྱེད་པ་དང་། འབྲས་བུའི་དབང་དུ་གཉིས་སུ་མེད་པའི་སྐུ་ལས་འགྲོ་བའི་དོན་མཛད་པར་བསྐུལ་བའོ། །དེ་དག་གི་གླུ་ནི། སྟོང་པ་ཤིན་ཏུ་རྣལ་འབྱོར་ཡོད་མེད་མཐུས། །ནམ་མཁའ་ཉིད་དུ་དམ་ཚིག་ཉེ་བར་གནས། །བདེ་གཤེགས་བདེ་བར་གཤེགས་པ་བཞེངས་སུ་གསོལ། ། རྡོ་རྗེ་སེམས་དཔའ་སྐལ་བཟང་དཔལ་ཁྱོད་བདག །དང་པོར་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་སྐུ་ནི་སྟོང་པ་ཆེན་པོའི་ཡེ་ཤེས་ཀྱི་རང་བཞིན་ཏེ། རྣལ་འབྱོར་རྣམ་པ་གཉིས་ཀྱི་མཚན་ཉིད་ཅན་དེ་ནི་ཡོད་མེད་ཀྱི་མཐའ་ལས་འདས་ཤིང་། ཡོད་མེད་གཉིས་ཀྱི་ངོ་བོར་བཞུགས་པ་ཡིན་ཏེ། རྟག་པ་ ཐེར་ཟུག་པའི་རྣམ་པ་དང་། སྟོང་པ་མཐའ་བྲལ་གྱི་རྣམ་པ་གཉིས་དང་བྲལ་ཞིང་སྣང་སྟོང་གཉིས་མེད་ཀྱི་རྣམ་པ་ལས། བདེ་བ་ཆེན་པོའི་རང་བཞིན་དུ་བཞུགས་པའོ། །དེའི་དཔེ་ནི་ནམ་མཁའ་ལྟ་བུར་བཞུགས་ཤིང་རང་གི་མཚན་ཉིད་ལས་མི་མདའ་བའི་དམ་ཚིག་ཉེ་བར་གནས་པའོ། །དེ་ལྟ་བུའི་ བདེ་བར་གཤེགས་པ་ལ་བཞེངས་བཞུགས་མི་མངའ་ཡང་། སེམས་ཅན་གྱི་བློའི་ངོས་ནས་གཟུགས་ཀྱི་སྐུ་ཡོན་ཏན་གྱི་རྣམ་པར་འཕྲུལ་པ་དང་བཅས་པར་བཞེངས་ཏེ་བདག་ལ་དགོངས་སུ་གསོལ་ཞེས་པའོ། །ཅི་འདྲ་བའི་རྣམ་པས་ཤེ་ན། རྡོ་རྗེ་སེམས་དཔའ་ལྷ་མོ་ཉི་ཤུའི་སྐལ་བ་བཟང་ པོའི་ཚོགས་དང་བཅས་པ་ཞེས་པའོ། །གླུ་དེ་ཉིད་ཀྱི་ཕན་ཡོན་ནི། འདི་དག་ཉིད་ནི་གླུར་བླངས་ནས། །ཤིན་ཏུ་མྱ་ངན་ཡོངས་འདས་པར། །ཤི་བའང་སླར་ནི་སློང་འགྱུར་ན། །ཡང་སྲིད་པ་ལྟ་སྨོས་ཅི་དགོས། ཞུ་བ་དེ་རྣམ་པ་གཉིས་ཀྱིས་འོད་ཀྱི་ཐིག་ལེར་གྱུར་པ་ལས། སྔོན་དུ་ལམ་སྦྱངས་ 26-1-321a ཤིང་ཚོགས་བསགས་པའི་རྒྱུ་མཐུན་པའི་འབྲས་བུ་ལྷ་མོ་བཞི་བྱུང་ནས་ཕྱོགས་བཞི་ནས་བསྐུལ་བའི་གླུ་བླངས་པ་དང་། གཙོ་བོ་འགོག་པ་ཆེན་པོའི་ཏིང་ངེ་འཛིན་ལ་བཞེངས་པའོ། །གླུ་དེ་ཉིད་ཀྱིས་བསྐུལ་བས་ཀྱང་འགྲུབ་བམ་ཞེ་ན། ཤིན་ཏུ་མྱ་ངན་ལས་འདས་པའི་ཉན་ཐོས་ དང་རང་སངས་རྒྱས་དག་ཀྱང་ཞི་བ་ཕྱོགས་གཅིག་པའི་ལྟ་བ་ལ་སློང་བར་བྱེད་ན། ཡང་སྲིད་པའི་འགྲོ་བ་གཞན་དག་ནི་ཅི་ཞིག་སྨོས་ཞེས་སོ། །དེ་ཉིད་ཇི་ལྟར་བླང་ཞེ་ན། ལམ་བཞི་དང་ནི་མཉམ་ལྡན་པ། །རྣམ་པར་འདས་པས་མཛེས་པར་བྱས། །ཕྱོགས་བཞི་ནས་ལྷ་མོ་བཞིས་ཚད་མེད་པའི་གླུ་མ་ཏྲ་ ཕྱེད་པ་དང་། གཉིས་པ་དང་། བཞི་པ་དང་། བརྒྱད་ཀྱི་ཆས་རིམ་བཞིན་དུ་ཡན་ལག་བཞིའི་སྒོ་ནས། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཐམས་ཅད་ལ་སྦྱོར་བར་བྱེད་པས། རང་ཉིད་ཀྱི་སྣང་བ་རྣམ་པར་འདས་པས་མཛེས་པར་བྱས་པའི་གླུས་བསྐུལ་བར་བྱས་པའོ། །དེ་ཡང་རྩ་བའི་རྒྱུད་ལས། མ་ཏྲ་ཕྱེད་པའི་ གླུ་ཡིས་ནི། །གདུང་བ་རྣམ་པར་སེལ་བྱེད་ཅིང་། །མུ་ཏིག་ཕྲེང་བའི་རྩར་བཞིན་དུ། །མ་ཏྲས་ཕྲིན་ལས་གསལ་བར་བྱེད། །མ་ཏྲ་གཉིས་པ་གླུ་ཡི་རྒྱུན། །སེང་གེ་བསྒྱིངས་པའི་ང་རོ་བཞིན། །རྗེས་ཆགས་གདུང་བ་སངས་བྱེད་ཅིང་། །གཉིས་མེད་ཡེ་ཤེས་སྐྱེ་བར་མཛད། །མ་ཏྲ་ བཞི་པའི་དབྱངས་རྒྱུན་གྱིས། །མཐའ་ཡི་འཆིང་བ་གྲོལ་མཛད་དེ། །བུང་བའི་སྒྲ་བཅས་གསལ་བའི་རྒྱུན། །ཚིག་བཞིས་མཚོན་དོན་གསལ་བར་བྱེད། །མ་ཏྲ་བརྒྱད་པའི་གླུ་དབྱངས་ཀྱིས། །མགོན་པོ་གནས་ནས་བསྐྱོད་མཛད་དོ། །རིན་ཆེན་གཽ་རྒྱུད་མངས་སྒྲས། །སྣ་ཚོགས་ཕྲིན་ ལས་རྣམ་པར་སྦྱོར། །ལམ་བཞི་དང་ནི་མཉམ་ལྡན་པའི། །བསྐུལ་པ་མཆོག་ཏུ་འགྱུར་བའོ། །ཞེས་སོ། །གཞན་ཡང་ཚོགས་ཀྱི་དཀྱིལ་འཁོར་དུ་དཀྱིལ་འཁོར་དྲུག་གི་དངོས་གྲུབ་སྒྲུབ་པའི་ཕྱིར། དགོས་པ་མཚན་ཉིད་དང་བཅས་ནི། །སྣ་ཚོགས་འབྲང་བ་རབ་ཏུ་འགྲུབ། །འཇིག་རྟེན་ གསུམ་ནི་རབ་བསྒྲུབ་པའི། །བསྒྲུབ་པར་བྱ་བའི་དངོས་གྲུབ་ཐམས་ཅད་ཀྱི་ནང་ན་མཆོག་ཏུ་གྱུར་པས་ཡོན་ཏན་ཐམས་ཅད་ལ་སྦྱོར་བར་བྱེད་པས་སྣ་ཚོགས་འབྲང་བའོ། །དེ་རབ་ཏུ་གྲུབ་པས་ནི་འཇིག་རྟེན་གསུམ་གྱི་གནས་ཐམས་ཅད་ཟིལ་གྱིས་མནན་ཅིང་ཡོན་ཏན་གྱི་སྣང་བ་ཐམས་ཅད་སྐད་ཀྱི་རྒྱུད་ 26-1-321b ལ་སྟོན་པར་འགྱུར་རོ། །དེའི་སྒོ་ནས་རིགས་ཀྱི་དཀྱིལ་འཁོར་ཀུན་གྱི་དངོས་གྲུབ་མཐར་ཕྱིན་པའི་ཚུལ་ནི། འཇིག་རྟེན་གསུམ་གྱིས་ཕྱག་བྱས་པ། །འཇིག་རྟེན་གསུམ་གྱི་སྟོན་པ་པོ། །འཇིག་རྟེན་གསུམ་ལ་སྐྱིད་སྦྱིན་པ། །འཇིག་རྟེན་གསུམ་པོ་བདག་ལ་བསྒྲུབས། །སངས་རྒྱས་རྣམ་ པར་སྣང་མཛད་ཀྱི། །ཡོན་ཏན་ཐམས་ཅད་མངའ་བརྙེས་པས། །འཇིག་རྟེན་གསུམ་དུ་སྐུའི་བཀོད་པ་རྣམ་པར་སྤྲོ་བ་མཛད་ཅིང་ཀུན་གྱི་ཕྱག་གནས་སུ་གྱུར་པ། ཧེ་རུ་ཀའི་ཡོན་ཏན་གྱི་འབྲས་བུ་དག་མངའ་བརྙིས་པར་དྲག་པོ་ཆེན་པོའི་སྐུ་སྟོན་ཅིང་། འཇིག་རྟེན་གསུམ་གྱི་དྲེགས་བྱེད་རུ་ཏྲ་ལ་སོགས་ པའི་ཚོགས་རྣམས་འཇོམས་པར་མཛད་པ་དང་། རྡོ་རྗེ་ཉི་མའི་ཡོན་ཏན་གྱི་འབྲས་བུ་དག་ལ་མངའ་བརྙེས་པས་འཇིག་རྟེན་གསུམ་ལ་རིན་པོ་ཆེ་སྣ་བདུན་ལ་སོགས་པའི་གདུལ་བྱའི་ལོངས་སྤྱོད་རྣམས་སྐྱེད་པར་སྨིན་པ་དང་། པདྨ་གར་གྱི་དབང་ཕྱུག་གི་ཡོན་ཏན་གྱི་འབྲས་བུ་ཐམས་ཅད་ལ་མངའ་མཛད་པས་ འཇིག་རྟེན་གསུམ་པོ་དག་དངོས་གྲུབ་དམ་པར་དག་པའི་ངོ་བོར་སྒྲུབ་པའོ། །གཞན་ཡང་འགྲུབ་སྟེ། རྡོ་རྗེ་སེམས་དཔའི་དཔལ་སྦྱོར་བ། །ལྷ་མོ་ཀུན་དང་འགྲོགས་པ་ཡིས། །སྣ་ཚོགས་ཀུན་གྱི་སྐལ་བཟང་པོ། །ཨ་རལླི་ནི་ཀུན་འགྲུབ་འགྱུར། །རིགས་ཐམས་ཅད་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའ་ དང་། ལས་ཐམས་ཅད་ལ་རྟ་མཆོག་གི་འབྲས་བུ་ཆེ་བའི་ཡོན་ཏན་གྱི་ཚོགས་དག་ལ་མངའ་བརྙེས་ཏེ། འཇིག་རྟེན་གསུམ་གྱི་འདོད་པར་བྱ་བ་ཨ་རལླིའི་ངོ་བོར་རྣམ་པར་འགྲུབ་པའོ། །ཡང་དོན་ཟག་པ་མེད་པའི་ཡེ་ཤེས་འགྲུབ་པའི་ཚུལ་ནི། ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པའི། ། ལྷ་མོ་ཀུན་ དང་བདེ་མོས་པ། །རྡོ་རྗེ་སེམས་དཔའ་ཡང་དག་རྫོགས། །ཉི་མ་ཟླ་བ་གསལ་བར་ཤར། །རྡོ་རྗེ་སེམས་དཔའ་ཡང་དག་སྦྱོར། །མཁའ་འགྲོ་སྒྱུ་མའི་བདེ་མཆོག་འབྱུང་། །བདག་གི་དོན་དུ་དམན་པའི་དབྱིབས་ལ་བརྟེན་པ་དང་། མཐར་ཐུག་ཆོས་ལ་བརྟེན་པའི་ཚུལ་གྱིས་སྣང་བ་དང་། སྲིད་པས་ བསྡུས་པའི་ཆོས་ཐམས་ཅད་ཀྱི་དངོས་པོ་དག་རིགས་ཀྱི་དཀྱིལ་འཁོར་ཐབས་དང་ཤེས་རབ་ཀྱི་ཚུལ་དུ་གཉིས་སུ་མེད་པའི་བདེ་བ་ལ་ལོངས་སྤྱོད་ཅིང་རྡོ་རྗེ་སེམས་དཔའི་རང་བཞིན་ཉི་མ་དང་ཟླ་བའི་དཀྱིལ་འཁོར་ཤར་བ་བཞིན་དུ་གསལ་བར་སྣང་སྟེ་ཡང་དག་པར་སྦྱོར་བའོ། །དེས་ན་རང་གི་མཚན་ཉིད་གསལ་ 26-1-322a བར་ཉམས་སུ་མྱོང་བའི་མཐུས་ཟག་པ་མེད་པའི་ཡེ་ཤེས་སྐུ་དྲུག་ལྷུན་གྱིས་གྲུབ་པར་སངས་རྒྱས་པར་གྱུར་པས། མཁའ་འགྲོ་སྒྱུ་མའི་བདེ་མཆོག་འབྱུང་བར་འགྱུར་བའོ། །ད་ནི་གཞན་དོན་འཕྲུལ་བའི་དོན་དུ་གླུས་བསྐུལ་བ་ལས། དང་པོར་དགོངས་པ་མཚན་ཉིད་དང་བཅས་པ་ནི། ལན་ཅིག་ དམིགས་པ་ཙམ་གྱིས་ཀྱང་། །བདེ་བའི་དངོས་གྲུབ་ཀུན་འབྱུང་བ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་ཕྱེད་དང་གསུམ་གསུངས་ཏེ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཡོན་ཏན་གྱིས་རྣམ་པ་ལ་དམིགས་ཤིང་སྦྱོར་བར་བྱེད་པའི་གླུ་འདི་ལན་ཅིག་བླངས་པ་ཙམ་གྱིས་ཀྱང་བདེ་བ་གཉིས་ཀྱི་དངོས་ གྲུབ་འབྱུང་ཞིང་སྐུ་གསུང་ཐུགས་བརྟན་པར་འགྱུར་བ་དང་གྲུབ་པ་སློང་བར་བྱེད་དོ། །དེས་ན་སྣ་ཚོགས་ཀྱི་ཚུལ་དང་ལྡན་པས་གླུ་དབྱངས་མཐུག་པོ་དང་སྲབ་བུའི་སྒོ་བྱེ་བྲག་ཁུག་པ་རིང་ཐུང་དང་དེའུ་མཐོ་དམན་གྱི་སྒོ་ནས་སྣ་ཚོགས་རྣམ་པར་བླང་ཞིང་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གཅིག་ལ་གཅིག་གིས་བསྐུལ་ བའི་ཕྱིར་ཆགས་པའི་རང་བཞིན་གྱིས་བླང་བར་བྱའོ། །དེ་ཉིད་ཀྱི་ཚིགས་སུ་བཅད་པ་ནི། རྗེས་སུ་ཆགས་པའི་རྣམ་མང་དགའ་བའི་པདྨོ་རྣམ་དག་པའི། །མཆོད་པས་གསལ་བར་རྗེས་སུ་མཆོད་བྱས་པས། །མཆོག་ཏུ་རྟག་པའི་རྣལ་འབྱོར་བདེ་བས་བདེ་བ་སྒྲུབ་པར་མཛོད། །དང་པོར་རིགས་ཀྱི་ལྷ་མོ་བཞིས་དང་ ཉིད་ཀྱི་ཡོན་ཏན་མཚོན་པར་བྱེད་པའི་རིགས་དང་ཡེ་ཤེས་ཀྱི་སྒོ་ནས་གསུངས་ཏེ། ཆགས་པ་རྣམ་པ་གཉིས་དང་ལྡན་ཞིང་སྦྱོར་བའི་བདེ་བ་ལ་ལོངས་སྤྱོད་པས་ཡོན་ཏན་གྱི་རྣམ་པ་མང་པོ་གྲུབ་པར་མཛད་དེ། བདེ་མཆོག་མའི་མདའ་གཞུའི་སྒོ་ནས་སོ། །གཉིས་དང་གཉིས་འཁྱུད་པའི་རྣམ་པས་ བདེ་བ་ཆེན་པོ་མཚོན་པར་བྱེད་པ་བྷ་ག་དང་ལིངྒའི་མཚན་མ་དགའ་བའི་པདྨ་སྟེ། ཨེ་མ་ཧོ་བདེ་བ་མོའི་ཉོན་མོངས་པའི་དྲི་མ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །རྣམ་པར་དག་པའི་མཆོད་པ་སྟེ་ཁམས་གསུམ་ལས་རྣམ་པར་རྒྱལ་བར་བྱེད་ཅིང་བདུད་རྩིའི་བཅུད་ཀྱིས་བརླན་པར་གྱུར་པའི་སྣང་མཛད་ མའོ། །དབང་ཕྱུག་ཆེན་པོའི་ཡོན་ཏན་ཐམས་ཅད་ཐོབ་པར་བྱེད་པའི་འཆི་བ་མེད་པའི་བདུད་རྩིས་གཞན་དག་ཚིམ་པར་བྱེད་པའི་སངས་རྒྱས་ཀྱི་སྐུ་གསལ་བར་བྱེད་པས་ན་གསལ་བར་རྗེས་སུ་མཆོད་པ་བྱས་པ་སྟེ་སློབ་དཔོན་མོ་དེ་དག་གི་ངོ་བོ་ཇི་ལྟ་བུ་ཞེ་ན། མཆོག་ཏུ་རྟག་པར་རྒྱུན་མི་ཆད་པའི་རྣལ་ 26-1-322b འབྱོར་པའི་བདེ་བ་གྲུབ་པར་མཛོད་ཅེས་པའོ། །ཡང་ཕྲིན་ལས་ཀྱི་སྒོ་ནས་རང་གི་ལས་ཀྱིས་བསྐུལ་བའི་ཕྱིར། ཀྱེ་མའོ་མཆོག་ཏུ་བདེ་བའི་དམ་ཚིག་ངོ་བོ་ཉིད། །མཆོག་ཏུ་བདེ་བ་ཤིན་ཏུ་རྣལ་འབྱོར་སྐལ་བཟང་མཆོག །དགྱེས་པ་རང་གི་དམ་ཚིག་སྐྱོན་མེད་རྟག་ལ་རོལ་ཅིག་རོལ་ཅིག་ཧོ། །ཀྱེ་མ་ ཧོ་མཆོག་ཏུ་གསང་བའི་བདག་པོ་རང་གི་དམ་ཚིག་ཡིན་པའི་ཕྱིར། །རབ་ཏུ་གསང་བའི་ལྷ་མོ་མཆོག་རྣམས་སོ། །ངོ་མཚར་གྱི་ཆོ་འཕྲུལ་སྣ་ཚོགས་དང་ལྡན་པར་གཞན་དག་གི་རྨོངས་པ་སེལ་བར་མཛད་ཅིང་། ལས་མཆོག་ཏུ་གྱུར་པ་ལ་སྤྱོད་པའི་མཐུས་ཟག་པ་མེད་པའི་བདེ་བ་ཆེན་པོ་རང་གི་དམ་ཚིག་གི་ ངོ་བོ་ཉིད་ལ་རྟག་ཏུ་བཞུགས་པས་ལྷ་མོ་བདེ་མཆོག་མའི་རིགས་ཀྱི་ཕྲིན་ལས་དེ་ཉིད་ཀྱིས་གདུལ་བའི་གདུལ་བྱ་གྲོལ་བར་མཛད་པ་དང་། ཟག་པ་མེད་པའི་བདེ་བ་རྒྱུན་མི་འཆད་པར་འབྱུང་བའི་རྒྱུན་མཚོན་པའི་རྟགས་ཀྱིས་ཐབས་དང་ཤེས་རབ་ཀྱི་བདེ་བ་ཉིད་ལ་ལོངས་སྤྱོད་པས་དེ་ཉིད་ཀྱི་མཐའ་ལས་ གྲོལ་བར་གྱུར་པ་ནི། ཨེ་མ་ཧོ་བདེ་བ་མོ་སྟེ། སྐལ་བཟང་མཆོག་ལ་དགྱེས་པར་གནས་པ་དང་། །སྐུ་གསུང་ཐུགས་ཀྱི་དམ་ཚིག་གིས་གཞན་སྐྱོང་བར་མཛད་ཅིང་ཁམས་གསུམ་ལས་རྒྱལ་ནས་བདུད་རྩིའི་ཆུ་རྒྱུན་དྲི་མའི་སྐྱོན་དང་བྲལ་བ་དག་ལ་རྟག་ཏུ་ལོངས་སྤྱོད་པས། ལྷ་མོ་སྣང་མཛད་མའི་ཕྲིན་ ལས་ཀྱིས་དུས་ཀུན་དུ་རོལ་ཅིང་གནས་སྐབས་ཀུན་དུ་རོལ་ཅིག་པ་དང་། ཚུལ་སྣ་ཚོགས་ཀྱི་ཕྲིན་ལས་སྦྱོར་བའི་མཚན་ཉིད་མཛད་པ་སྣ་ཚོགས་ཀྱི་བྱ་བ་གསང་བར་གྱུར་པའི་དོན་ལ་དབང་ཐོབ་པས་བདག་པོར་གྱུར་པ་སྟེ། སངས་རྒྱས་ཀུན་གྱི་སྐུ་དང་བཅས་པའི་ཆ་ལུགས་སྟོན་པས་སློབ་མ་མོ་སྟེ། རང་གི་དམ་ ཚིག་ལ་གནས་པ་ཡིན་པའི་ཕྱིར་རོ། །དེས་ན་མཛད་པའི་སྒོ་ནས་ཡོན་ཏན་ལས་བྱུང་བའི་ཚོགས་ལ་དགའ་བ་རབ་ཏུ་གསང་བའི་དོན་དང་ལྡན་པས་ལྷ་མོ་མཆོག་རྣམས་སོ། །ད་ནི་ཕུན་སུམ་ཚོགས་པའི་སྒོ་ནས་བསྐུལ་བའི་ཕྱིར། འགྲོ་བའི་རྒྱུད་ནི་རྣམ་པ་སྣ་ཚོགས་གདུལ་བ་གསལ་བར་མཁྱེན། ། དམ་ཚིག་ཐམས་ཅད་དངོས་པོ་བརྟན་གཡོ་ཀུན་གྱི་ངོ་བོར་གྱུར། །རྒྱལ་བ་ཀུན་གྱི་བདག་ཉིད་རྣལ་འབྱོར་བདེ་བ་མཁའ་འགྲོ་སྒྱུ་མ་ཧོ། །ཀྱེ་མ་དམ་པ་རྟག་པའི་དངོས་གྲུབ་ཆེན་པོ་རབ་ཏུ་བསྒྲུབས་ལ་སྟོན། །སོ་སོའི་ལས་ལས་གྲུབ་པའི་གདུལ་བྱ་སྣ་ཚོགས་པ་དག་གི་རྒྱུད་ཇི་སྙེད་པ་རྣམས་གཟིགས་ 26-1-323a ནས་དེ་དང་ཚུལ་མཐུན་པའི་གདུལ་ཐབས་རྣམ་པ་སྣ་ཚོགས་གསལ་བར་མཁྱེན་པའི་དོན་མཛད་པའི་ཀུན་དུ་སྤྱོད་པས་སོ་སོའི་ལྟ་བ་དང་རྟོག་པ་སྣ་ཚོགས་པ་དག་གི་ལམ་ལས་བཟློག་ནས་རང་གི་དེ་ཁོ་ན་ཉིད་དམ་ཚིག་ཆེན་པོའི་བདག་ཉིད་དུ་སྦྱོར་བས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་འགྱུར་ རོ། །དེ་དག་གིས་མཆོད་པའི་ཕྲིན་ལས་ཐབས་ཁྱད་པར་ཅན་སྟོན་པར་བྱེད་པ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་ངོ་བོ་ལས་བྱུང་བ་སྟེ། རྒྱལ་བ་ཀུན་གྱི་བདག་ཉིད་རྣལ་འབྱོར་བདེ་བའི་དབྱིངས་ནས་མཁའ་འགྲོ་བདེ་བའི་དཀྱིལ་འཁོར་སྟོན་པར་མཛད་པའོ། །ཚུལ་དེ་ཉིད་ཀྱི་སྐུ་དྲུག་ལྷུན་གྱིས་གྲུབ་པའི་དངོས་ གྲུབ་རྣལ་འབྱོར་པའི་རྒྱུད་ལ་སྒྲུབས་ཤིག་ཅེས་པའོ། །ཡང་ལྷ་མོ་བཞིའི་སྔགས་ལ་སོགས་པ་ཁྱད་པར་ཕྲིན་ལས་ཀྱི་སྒོ་ནས་བསྐུལ་བའི་ཕྱིར། ཛཿཧཱུཾ་བཾ་ཧོཿཞེས་པ་ལ་སོགས་པ་གསུངས་པ་ཡིན་ཏེ། རང་རང་གི་ཕྲིན་ལས་ལ་རིམ་པ་བཞིན་དུ་སྦྱར་བར་བྱའོ། །དེ་ལྟར་གླུ་བླངས་པའི་ཕན་ཡོན་ནི། གླུ་ཡི་རྒྱལ་ པོ་འདི་དག་ནི། །རྡོ་རྗེ་སེམས་དཔའ་དཔལ་ལ་གནས། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་སུ་གསུངས་ཏེ་གོ་སླ་བའི་ཕྱིར་མ་བཤད་དོ། །གང་ཞིག་བསྡུས་པ་ལ་དགའ་བའི་གང་ཟག་གི་ལས་བཞིའི་སྒོ་ནས་དངོས་གྲུབ་མཐའ་དག་སྒྲུབ་པའི་ཕྱིར་གླུ་རྣམ་པ་བཞི་གསུངས་པ་ལས་དང་པོར་ནི་ སེམས་ཅན་གདུལ་བའི་དོན་དུ་དབང་གི་ཕྲིན་ལས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལས་དཔལ་པདྨ་གར་གྱི་དབང་ཕྱུག་གི་དཀྱིལ་འཁོར་གྱིས་དོན་མཛད་པར་བསྐུལ་བ་དང་། གཉིས་པས་ནི་རྡོ་རྗེ་སེམས་དཔའ་ལས་རྡོ་རྗེ་ཉི་མའི་དཀྱིལ་འཁོར་གྱི་སྒོ་ནས་རྒྱས་པའི་ལས་ཀྱིས་སེམས་ཅན་འདོད་པ་དག་ལ་དགའ་ བ་རྣམས་ཀྱིས་དོན་མཛད་པར་བསྐུལ་བ་དང་། གསུམ་པས་ནི་རྡོ་རྗེ་སེམས་དཔའ་ལས་དཔལ་ཧེ་རུ་ཀ་དང་རྟ་མཆོག་གི་དཀྱིལ་འཁོར་གྱི་སྒོ་ནས་སེམས་ཅན་གདུག་པ་ཅན་རྣམས་ལ་དྲག་པོའི་ཕྲིན་ལས་ཀྱིས་དོན་མཛད་པར་བསྐུལ་བ་དང་། བཞི་པས་རྡོ་རྗེ་སེམས་དཔའ་ལས་རྣམ་པར་སྣང་མཛད་ཀྱི་དཀྱིལ་ འཁོར་གྱི་སྒོ་ནས་སེམས་ཅན་སྲོག་གིས་ཕོངས་ཤིང་ཞི་བ་ཕྱོགས་གཅིག་པའི་མཐའ་ལ་གནས་པ་རྣམས་ལ་ཞི་བའི་ཕྲིན་ལས་ཀྱིས་དོན་མཛད་པར་བསྐུལ་བའོ། །ཡང་རིགས་ཀྱི་འཁོར་སོ་སོ་རེ་རེའི་སྒོ་ནས་ཡང་ཕྲིན་ལས་རྣམ་པ་བཞིའི་ཚུལ་གྱིས་དོན་མཛད་པར་བསྐུལ་བ་སྟེ་གནས་སྐབས་ཀྱིས་སྦྱར་བར་ 26-1-323b བྱའོ། །དེ་ལས་རྣམ་པ་མང་པོའི་འདོད་ཆགས་ཀྱི་རྒྱུད་ཀྱི་སེམས་ཅན་འདུལ་བ་ནི། ཉིད་ཀྱི་སྐུ་ལས་འོད་དམར་པོ་འཕྲོས། རིགས་ཀྱི་དཀྱིལ་འཁོར་དེ་ཉིད་ཀྱིས་མཁའ་འགྲོ་སྒྱུ་མའི་དཀྱིལ་འཁོར་རྣམ་པར་སྤྲུལ་ནས་ཚུལ་རྣམ་པ་ལྔ་ལས་ལ་སྦྱོར་བར་མཛད་ཅིང་དེ་ཉིད་མཐར་ཕྱིན་པར་བྱ་བའི་ཕྱིར་བསྐུལ་བའི་དམ་ ཚིག་ནི། ཏེ་ན་ཏེ་ཏེ་ཧཱུཾ་ཞེས་པའོ། །ཡོན་ཏན་རྒྱས་པའི་ཚོགས་ལ་དགའ་བའི་གར་ཐབས་རྣམ་པ་བརྒྱད་ཀྱིས་སེམས་ཅན་འདུལ་བར་མཛད་ཅིང་དེ་ཉིད་དང་མཐུན་པའི་དཀྱིལ་འཁོར་སྤྲུལ་པས་དོན་མཛད་པའི་ཕྱིར་ནི་ཧཱུཾ་གསུམ་བརྗོད་པའོ། །ཁྲོ་བོའི་ཆ་ལུགས་རང་རྒྱུད་པ་དག་གདུལ་བའི་ཕྱིར་ནི་ཉམས་དགུའི་ ཕྱག་རྒྱས་རྣམ་པར་གནོན་པ་ནི་དམ་ཚིག་གི་སྔགས་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་གིས་བསྐུལ་བར་མཛད་པའོ། །ཚེ་སྲོག་ཡལ་བར་གྱུར་པ་ལ་སོགས་པའི་སེམས་ཅན་མང་པོ་དག་བདེ་བར་བྱ་བའི་ཕྱིར་ནི་ཐབས་ཀྱི་ཡན་ལག་བཅུ་གཅིག་གི་སྒོ་ནས་ཞི་བའི་ལས་རྣམ་པར་འཕྲུལ་བའི་ཕྱིར། ཧཱུཾ་ཤི་ཤ་བི་ཤ་ཧཱུཾ་ཞེས་སོ། །བསྡུས་ པའི་དོན་ནི་འདི་ལྟར་ཡིན་ཏེ། རྣལ་འབྱོར་པ་གང་ཞིག་གིས་བདག་དང་གཞན་གྱི་དོན་ལ་དམིགས་ནས། མཁའ་འགྲོ་སྒྱུ་མའི་དཀྱིལ་འཁོར་ཇི་ལྟ་བུའི་ཚུལ་གྱིས་འཇུག་ཅིང་རིགས་ཀྱི་དཀྱིལ་འཁོར་སོ་སོའི་གཞུང་ངམ། གཅིག་ཙམ་གྱི་སྒོ་ནས་ཕྲིན་ལས་ཀྱི་རིམ་པ་ལ་འཇུག་པའི་ཕྱིར། བསམ་གཏན་ལ་ བརྟེན་པའི་དངོས་གྲུབ་དང་། བཟླས་བརྗོད་ལ་བརྟེན་པའི་དངོས་གྲུབ་གཉིས་ཀྱི་བྱེ་བྲག་གི་སྒོ་ནས་སྤྱོད་ཅིང་སྤྱད་པར་བྱའོ། །དེ་ཡང་དང་པོར་ལྷ་མོ་བདེ་མཆོག་མ་ལ་སོགས་པའི་འཁོར་གྱི་དཀྱིལ་འཁོར་རྣམས་ཀྱི་གཞན་གྱི་ཕྱག་རྒྱ་དང་ལྟ་བའི་བྱེ་བྲག་ལ་སོགས་པ་རྣམས་བསྒྱུར་ཞིང་དབང་གི་ལས་ལ་རྩེ་གཅིག་ཏུ་ གནས་པས་སྔགས་ཀྱི་བཟླས་བརྗོད་བྱའོ། །ཨོཾ་བ་བྷུ་བི་བྷི་ཏ་ར་ག་སནྟ་ཏི། ཨེ་ཤེ་ཥ་ནི་ཤེ་ཥ། སརྦ་བི་ན་ཡ། སརྦ་ཏ་ཐཱ་ག་ཏ་ཛྭ་ལེ་པྲ་ཛྭ་ལེ། ཀུརྦ་བི་ཀུརྦ་སརྦ་ཤམྦ་རེ། ཏེ་ན་ཏེ་ཏེ་ཧཱུཾ་ཞེས་པ་ནི་རྒྱུན་གྱི་བསྙེན་པ་སྟེ་གྲངས་སུམ་འབུམ་མོ། །པ་ཤཾ་ཀུ་རུ་ཧཱུཾ་ཞེས་པས་བརྟགས་ནས་མཚན་རྟགས་གསལ་བར་གྱུར་པ་ དང་ལས་ལ་སྦྱོར་བས་ནི་རྒྱལ་པོ་དབང་དུ་བསྡུ་བ་དང་། བློན་པོ་དང་། བུད་མེད་དང་། རྒྱལ་སྲིད་ལ་སོགས་པའི་ཡུལ་འཁོར་ཐམས་ཅད་དབང་དུ་འགྱུར་རོ། །རྟག་ཏུ་བརྗོད་པས་བདེ་བར་གཤེགས་པའི་ཡོན་ཏན་ཐམས་ཅད་རྒྱུད་ལ་སྦྱོར་ཞིང་འགྲུབ་པར་འགྱུར་ཏེ། དུས་འདིར་ཡང་འགྲོ་བ་གང་གིས་མཐོང་ 26-1-324a བ་དག་ཆགས་པའི་སེམས་སྐྱེ་བར་འགྱུར་རོ། །དེ་ལྟ་བུའི་ཡོན་ཏན་དག་ནི་གཞན་དག་ལ་ཡང་རྒྱ་ཆེར་བསྟན་ཏོ། །དེ་ལས་རྒྱས་པར་འདོད་པ་དག་གིས་ནི། ཨོཾ་བ་བྷུ་པི་བྷི་ཏ་ར་ཏི་སནྟ་ཏི། ཨེ་ཤེ་ཥ་ནི་ཤེ་ཥ། ས་ཏྲ་བི་ན་ཡ། སརྦ་ཏ་ཐཱ་ག་ཏ་ཛྭ་ལེ་པྲ་ཛྭ་ལེ། ཀུརྦ་བི་ཀུརྦ། སརྦ་ཤམྦ་རེ། ཧཱུཾ་ཧཱུཾ་ཧཱུཾ། རྒྱུན་ གྱི་བསྙེན་པའི་སྔགས་སོ། །པུཥྚིཾ་ཀུ་རུ་སྭཱ་ཧཱ་ཞེས་པས་ནི་ལས་ཀྱི་སྦྱོར་བའི་སྔགས་སོ། །དྲག་པོར་འདོད་པའི་གང་ཟག་གིས་ནི་རང་གི་ཆ་ལུགས་དང་། མཚན་མའི་སྒོ་ནས། ཨོཾ་བ་བྷུ་བི་ཏ་རཽ་ཏྲ་སནྟྲ་ཏི། ཨེ་ཤེ་ཥ་ནི་ཤེ་ཥ། སཏྭ་བི་ན་ཡ། སརྦ་ཏ་ཐཱ་ག་ཏ་ཛྭ་ལེ་པྲ་ཛྭ་ལེ། ཀུརྦ་བི་ཀུརྦ། སརྦ་ཤམྦ་རེ། རུ་སུ་རུ་ལུ་ཧཱུཾ་བྷྱོ་ ཧཱུཾ། རྒྱུན་གྱི་སྔགས་སོ། །མཱ་ར་ཡ་ཕཊ། ཅེས་པས་ནི་ལས་ལ་སྦྱོར་བའོ། །གང་ཞིག་ཞི་བར་འདོད་པ་དག་གིས་དེ་ཉིད་ཀྱི་སྒོ་ནས་འཇུག་པར་བྱ་སྟེ། ཨོཾ་བ་བྷུ་བི་བྷི་ཏ་ཛི་བཾ་སནྟ་ཏི། ཨེ་ཤེ་ཥ་ནི་ཤེ་ཥ། སཏྭ་བི་ན་ཡ། སརྦ་ཏ་ཐཱ་ག་ཏ་ཛྭ་ལེ་པྲ་ཛྭ་ལེ། ཀུརྦ་བི་ཀུརྦ། སརྦ་ཤམྦ་རེ། ཧཱུཾ་ཤི་ཤ་བི་ཤ་ཧཱུཾ། རྒྱུན་གྱི་བསྙེན་ པའོ། །ཤཱནྟིཾ་ཀུ་རུ་ཞེས་པས་ནི་ལས་ལ་སྦྱོར་བར་བྱེད་དོ། །འདི་དག་གི་ཡོན་ཏན་ནི་བསམ་གྱིས་མི་ཁྱབ་སྟེ། ལན་ཅིག་ཙམ་བརྗོད་པས་ཀྱང་སོ་སོའི་ལས་འགྲུབ་པར་བྱེད་ན་གྲངས་བཞིན་དུ་བསྙེན་པ་དང་། རྒྱུན་དུ་བརྗོད་པས་ནི་སྨོས་ཀྱང་ཅི་དགོས་ཏེ། ལས་དག་འགྲུབ་པར་བྱེད་དོ། །དེ་དག་གི་ཡོན་ ཏན་བསྟན་པའི་ཕྱིར། དེ་ལ་སོགས་པ་མཐའ་ཡས་མཆོག །ཆོས་དབྱིངས་མཉམ་དང་མི་མཉམ་པ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་གསུངས་ཏེ་གོ་སླ་བའི་ཕྱིར་མ་བཤད་དོ། །ད་ནི་བྱང་ཆུབ་སེམས་ཀྱི་མཆོད་པ་བསྟན་པའི་ཕྱིར། དབང་པོ་ཀུན་ལས་བྱུང་བ་ཡི། ། མཆོད་པའི་སྤྲིན་ ཆེན་རྣམ་བཀོད་པ། །རབ་འབྱམ་ཚོགས་རྣམས་ཐམས་ཅད་ཀྱིས། །ཀུན་གྱི་བདག་ཉིད་མཆོད་པར་བྱེད། །བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས་ལྷ་མོ་བཅུ་གཉིས་ཀྱི་མཆོད་པ་རྒྱ་ཆེན་པོ་སྤྲོ་ཞིང་ཕྱོགས་དུས་ཀྱི་སངས་རྒྱས་ཐམས་ཅད་མཉེས་པར་མཛད་པ་དང་། འགྲོ་བ་སྦྱང་བ་དང་། རྣལ་འབྱོར་ གསལ་བ་དང་། སླར་ཡང་རང་ཉིད་ཡབ་ཡུམ་གསལ་བར་བྱས་ནས་དགའ་བདེའི་མཆོད་པས་མཉེས་པར་བྱ་བ་དང་། རྟེན་དང་བརྟེན་པའི་དཀྱིལ་འཁོར་གསལ་བར་གྱུར་པའོ། །དེ་ཡང་རྩ་བའི་རྒྱུད་ལས། བདེ་བ་ཆེན་པོའི་འོད་ཟེར་ལས། །ལྷ་མོ་བཅུ་གཉིས་ཚུལ་འདྲ་བར། །ཕྱོགས་དུས་སངས་རྒྱས་ཡབ་ཡུམ་ 26-1-324b རྣམས། །དགའ་བ་ཆེན་པོས་མཉེས་པར་མཛད། །རྡུལ་ཕྲན་ཡི་གེའི་དབྱིབས་སུ་གྱུར། །རང་གི་ཞལ་དུ་ཞུགས་པ་ལས། །བདེ་བ་ཆེན་པོའི་གནས་སུ་འདུས། །འཁོར་ལོ་བཞི་ལས་རིམ་བཞིན་སྤྲོ། །འབྲ་ཏ་ཀ་རའི་གནས་བྱུང་སྟེ། །བདེ་ཆེན་ཆགས་དང་གཉིས་མེད་འདྲེས། །ཁམས་གསུམ་འགྲོ་བའི་ རྒྱུད་བསྲེགས་པས། །རིགས་དྲུག་སོ་སོའི་དཀྱིལ་འཁོར་གྲུབ། །རྣལ་འབྱོར་དག་པའི་རྒྱུད་བསྐུལ་ཞིང་། །རྣམ་གསུམ་དཀྱིལ་འཁོར་གསལ་བར་སྣང་། །སླར་འདུས་གནས་སུ་གཞལ་ཡས་དང་། །གདན་དང་རྒྱན་བཅས་སྔོན་བཞིན་བྱུང་། །ཐིག་ལེ་གནས་སུ་མཚན་བྱས་ནས། །སྤྲོས་པས་ཡི་ གེའི་དཀྱིལ་འཁོར་གསལ། །ཞེས་སོ། །དེ་ལས་ནི་ལྷའི་དཀྱིལ་འཁོར་གསལ་བར་བསྐྱེད་པའོ། །ཅི་མཆོད་པ་ཙམ་ལས་མ་སྨོས་པའི་སྐབས་སུ་ཕྲིན་ལས་ཀུན་སྟོན་པར་མཛད་ཅེ་ན། དེ་དག་ཀུན་གྱིས་ཀྱང་འཕགས་པ་མཉེས་པར་མཛད་པས་མཆོད་པའི་ཆོ་ག་ཡིན་ཏེ། རྟོག་པ་བདུན་པ་ལས། བྱང་ཆུབ་ སེམས་སྤྲིན་མཆོད་པའི་ཚོགས། །མ་ལུས་ཀུན་དུ་སྤྲོ་མཛད་ཅིང་། །མཆོད་དང་བདག་གཞན་དོན་རྫོགས་པ། །མཉེས་པའི་ཆོ་ག་ཆེན་པོ་སྤྲོ། །ཞེས་སོ། །དེའི་ཕན་ཡོན་ནི། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་མཆོག་གིས། །དངོས་པོ་ཀུན་གྱི་བདག་ཉིད་ལུས། །མ་ ལུས་ལུས་པ་མེད་པར་འགྲུབ། །དོན་འདི་ཉིད་ཀྱི་རྣམ་པ་དག་སྤྱོད་པའི་མཐུས་ཆོས་ཐམས་ཅད་ཀྱི་དངོས་པོ་དག་པ་བདེ་བ་ཆེན་པོའི་རང་བཞིན་དུ་སྦྱོར་ཞིང་། རྣམ་པར་འཕྲུལ་པའི་སྐུ་སྣ་ཚོགས་སུ་སྣང་བ་དག་གསལ་བར་སྟོན་ཅིང་ཡོན་ཏན་གྱི་རྣམ་གྲངས་ཐམས་ཅད་གསལ་བར་རྫོགས་པའོ། །ད་ནི་ལྷ་མོ་ ཉི་ཤུའི་དཀྱིལ་འཁོར་གསལ་བར་སྟོན་ཅིང་བྱིན་གྱིས་བརླབ་པའི་ཕྱིར། སྟོན་པའི་ཕྱག་རྒྱ་ཕབ་པ་ཡིས། །བུད་མེད་དག་ཀྱང་བསྒྲུབས་ན་ནི། །རྡོ་རྗེར་བཅས་པའི་མཚན་མ་འཛིན། །རྣལ་འབྱོར་མར་ནི་རབ་ཏུ་འགྱུར། །འདི་དག་རང་གི་ལྷ་རྣམས་དང་། །འདྲ་བར་བྱིན་གྱིས་བརླབས་བསྒྲུབས་ནས། ། གང་གསུངས་རང་གི་ལྷ་འདྲ་བའོ། །བུད་མེད་དག་གིས་ལེགས་བསྒྲུབས་པའི། །ཞེས་པས་དཀྱིལ་འཁོར་བཀོད་པའི་ལྷ་དག་གིས་བྱིན་གྱིས་བརླབ་པའི་ཆོ་ག་བྱ་བ་དང་། སྟོན་པའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱས་རིགས་སོ་སོའི་དཀྱིལ་འཁོར་གྱི་ལྷ་མོ་ནང་མ་བརྒྱད་དག་སོ་སོའི་ཆ་ལུགས་རྣམ་ 26-1-325a པར་བསྒྲུབ་ཅིང་མཚན་མའི་རྟགས་ཀྱིས་བརྒྱན་པའི་མཐུས་རིགས་ཀྱི་ལྷ་དེ་ཉིད་དང་འདྲ་བར་བྱིན་གྱི་རླབས་ཀྱིས་གྲུབ་པའོ། །དེས་ནི་རིགས་རྣམ་པ་བཞི་དང་ཡུམ་བཞི་དག་ལས་འཕྲུལ་པའི་ལྷ་མོ་བརྒྱད་བསྟན་པའོ། །ཡང་གླིང་བུ་མ་ལ་སོགས་པའི་མཆོད་པའི་ལྷ་མོ་དག་ནི། སྔོན་ མེད་རོལ་མོ་སིལ་སྙན་གར། །རྣམ་པར་སྤྲུལ་པས་འགྲུབ་པར་འགྱུར། །ལྷ་ཡི་གཟུགས་དང་སྒྲ་དང་དྲི། །རོ་དང་རེག་པའི་བདེ་མོས་པས། །བདག་ཉིད་རང་གི་ལྷར་མཐོང་ཞིང་། །མཆོད་པ་དག་ཀྱང་བྱེད་པར་འགྱུར། །རང་ཉིད་ཀྱི་ཡོན་ཏན་ལས་རྣམ་པར་འཕྲུལ་པའི་ལྷ་མོ་སྔོན་དུ་མ་བྱུང་བའི་བཀོད་ པའི་ལྷའི་རོལ་མོ་དང་། སིལ་སྙན་དང་། གར་དང་རྣམ་པར་འགྱུར་བའི་གླུ་དབྱངས་ཀྱིས་ཕྱོགས་བཅུར་འཁྲིགས་པར་སྤྲོ་ཞིང་བསྡུ་སྟེ། ལྷའི་གཟུགས་སྣ་ཚོགས་དང་། །སྒྲ་སྣ་ཚོགས་དང་། དྲི་སྣ་ཚོགས་དང་། རོ་སྣ་ཚོགས་དང་། རེག་བྱའི་ཚོགས་མཆོད་པ་སྣ་ཚོགས་པའི་བདེ་བས་ཇི་ལྟར་མོས་པ་བཞིན་དུ་ བསྒྱུར་ཞིང་རང་རང་གི་རིགས་ཀྱི་གཙོ་བོ་དག་མཉེས་པའི་ཆོ་ག་ལ་བརྩོན་པར་མཛད་པའོ། །ཡང་ལྷ་མོ་མེ་ཏོག་མ་ལ་སོགས་པ་བཞིའི་མཆོད་པ་ནི། ལྷ་ཡི་མཆོད་པ་མཉམ་སྦྱོར་བ། །སྐལ་བཟང་མཆོག་གི་འདོད་ཆགས་ཅན། །རྣམ་པ་ཀུན་དུ་བསྐལ་པ་ཡི། །བདེ་བ་ཡང་དག་སྒྲུབ་པར་བྱེད། །གོང་ མ་ལྟར་འདོད་པའི་ཡོན་ཏན་ལྔའི་མཆོད་པ་རྣམ་པ་སྣ་ཚོགས་པ་སྤྲོ་ཞིང་ཟག་པ་མེད་པའི་ཕུང་པོ་དག་པའི་སྒོ་ནས་ཆོས་ཐམས་ཅད་ལ་མཉམ་པར་ལོངས་སྤྱོད་དེ། བྱང་ཆུབ་ཀྱི་སེམས་རྣམ་པ་བཞིའི་བདག་ཉིད་སྐལ་བ་བཟང་པོ་རྡོ་རྗེ་སེམས་དཔའི་ལོངས་སྤྱོད་ཀྱིས་རང་གི་གཙོ་བོ་མཉེས་པར་མཛད་དོ། ། ཕྲིན་ལས་ཀྱི་ལྷ་དག་ནི་ཞར་ལས་བྱུང་བའི་འཕྲུལ་པ་ཡིན་པས་ཤུགས་ཀྱིས་ཤེས་པར་བྱའོ། །དེ་ལྟར་བྱིན་གྱིས་བརླབས་པའི་ཆེ་བ་བསྟན་པའི་ཕྱིར། སངས་རྒྱས་སྒྱུ་མར་བྱིན་བརླབས་པས། །རྡོ་རྗེ་སེམས་དཔར་མཉམ་སྦྱོར་བའོ། །དངོས་གྲུབ་ཀུན་གྱི་བདེ་བ་རྣམས། །དཀྱིལ་འཁོར་མཆོག་ དགའ་མྱོང་བར་འགྱུར། །དཀྱིལ་འཁོར་རྣམ་པར་བཀོད་པ་དང་། འཕྲུལ་པའི་ལྷ་རྣམས་དང་། སངས་རྒྱས་དྲུག་གི་དཀྱིལ་འཁོར་གྱི་སྒོ་ནས་སོ་སོའི་ཆ་ལུགས་ཅི་འདྲ་བར་མཁའ་འགྲོ་སྒྱུ་མའི་སྐུར་བྱིན་གྱིས་བརླབས་པའི་མཐུས། རྡོ་རྗེ་སེམས་དཔའི་ཆ་ལུགས་གཉིས་དང་མཉམ་པར་སྦྱོར་ཞིང་དངོས་ 26-1-325b གྲུབ་ཀུན་གྱི་བདེ་བ་དག་མཐོང་ཞིང་དཀྱིལ་འཁོར་རྣམ་པ་གཉིས་མཐོང་བར་འགྱུར་རོ། །དེ་ལྟར་ཚོགས་ཀྱི་དཀྱིལ་འཁོར་གྱི་ངོ་བོ་ཉིད་ཇི་ལྟ་བུ་ཞེ་ན། རྡོ་རྗེ་སེམས་དཔར་མཉམ་སྦྱོར་བའི། །མཐུ་ཉིད་ཀྱིས་ནི་ཐམས་ཅད་དུ། །སྣ་ཚོགས་ཀུན་གྱི་སྐལ་བཟང་པོ། །རང་གི་བདེ་བ་ཉིད་ཀྱིས་འགྲུབ། །དེའི་དོན་ ནི་རྩ་རྒྱུད་ལས། །བསོད་ནམས་ཡེ་ཤེས་ཚོགས་ཆེན་པོ། །རྣམ་གྲོལ་བདེ་བའི་འཁོར་ལོའི་དབྱིབས། །སྣ་ཚོགས་སྐལ་པ་བཟང་སྦྱོར་བ། །ཚོགས་ཀྱི་ངོ་བོ་བདེ་ཆེན་འགྲུབ། །ཅེས་སོ། །གཞན་ཡང་མཆོད་པ་རྒྱ་ཆེན་པོའི་མཚན་ཉིད་ནི། སངས་རྒྱས་ཀུན་གྱི་གཟུགས་ཆེན་དང་། །དབྱངས་དང་ དྲི་དང་རོ་བདེ་བས། །ཞེས་པ་ལ་སོགས་པའོ། །ཚིགས་སུ་བཅད་པ་གསུམ་གསུངས་ཏེ། སྣང་བ་དང་སྲིད་པས་བསྡུས་པའི་དངོས་པོ་ཐམས་ཅད་རང་བྱུང་གི་ཡེ་ཤེས་ཆེན་པོའི་སྣང་བ་ལས་རྣམ་པར་འཕྲུལ་ཞིང་། རང་ཉིད་ཀྱི་རྣམ་པས་རང་ཉིད་ལ་མཆོད་པར་མཛད་པའོ། །དེས་ན་ཆེ་བའི་ཡོན་ཏན་འདོད་པའི་ ལོངས་སྤྱོད་ཐམས་ཅད་ཀྱི་གནས་ལ་བཞུགས་པའི་དངོས་གྲུབ་ཆེན་པོ་གསལ་བར་འགྱུར་རོ། །དེ་ཡང་རྩ་བའི་རྒྱུད་ལས། རང་གི་ལོངས་སྤྱོད་རྣམ་འཕྲུལ་པས། །རང་གི་དཀྱིལ་འཁོར་མཆོད་པར་བྱ། །ཀུན་དུ་འདོད་པའི་ལོངས་སྤྱོད་རྫོགས། །རྡུལ་ཕྲན་རིན་ཆེན་ཚོགས་རྣམས་ཀྱིས། །གཉིས་ མེད་དཀྱིལ་འཁོར་མཉེས་བྱས་ནས། །རང་གི་ཡེ་ཤེས་གནས་ལ་རོལ། །རྟོགས་པར་བྱ་བ་ཐམས་ཅད་ཀུན། །ཀུན་དུ་བཟང་པོའི་ལོངས་སྤྱོད་རྫོགས། །ཞེས་སོ། །དེ་དག་གི་མཆོད་པའི་ཐབས་ནི། དེ་ནས་ཡང་དག་རབ་གསང་བས། །བུད་མེད་དག་ནི་བཞི་རྣམས་དང་། །གར་གྱི་ཕྱག་རྒྱའི་མཆོད་པ་ ཡིས། །མཆོད་པ་ཐམས་ཅད་དབུལ་བར་བྱ། །རིགས་རྣམ་པ་བཞིའི་སྒོ་ནས་ཡེ་ཤེས་རྣམ་པ་བཞིའི་འོད་གསལ་བར་མཛད་པ། རང་ལས་བྱུང་བའི་དེ་བཞིན་ཉིད་ཀྱིས་གསང་བའི་ཕྱག་རྒྱ་རྣམས་མཚོན་པར་བྱེད་པའི་ལྷ་མོ་བཞིས་ཚད་མེད་པ་དང་། ཕྲིན་ལས་ཀྱི་སྒོ་ནས་སྔགས་དང་ཏིང་ངེ་འཛིན་གྱི་གར་གྱི་ ཕྱག་རྒྱས་མེ་ཏོག་དང་བདུག་སྤོས་ལ་སོགས་པའི་མཆོད་པ་ཐམས་ཅད་དབུལ་བར་བྱ་ཞེས་སོ། །ཚུལ་ཇི་ལྟར་ཞེ་ན། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་དམ་པ་གྲུབ་པར་མཛོད། །ཨོཾ་ཧཱུཾ། དམ་ཚིག་དམ་པ་གྲུབ་པར་མཛད་དུ་གསོལ། །མཆོད་པ་ཆེན་པོ་ཐམས་ཅད་ 26-1-326a དག་པར་མཛོད། །ཨོཾ་ཧཱུཾ། མཆོད་པ་ཆེན་པོ་ཐམས་ཅད་འགྲུབ་པར་མཛོད། །མཉམ་པ་ཆེན་པོའི་གནས་ལ་རོལ་དུ་གསོལ། །ཚིག་རྐང་པ་དྲུག་དང་བར་མཚམས་ཀྱི་སྔགས་དག་ལེགས་པར་སྦྱར་ཏེ། སྔགས་དང་རྐང་པ་དང་མཆོད་པ་ཀུན་གྱི་ཐོག་མར་གདགས་ཤིང་། རྐང་པ་ཐ་ མ་དང་པོ་སོ་སོའི་སྔགས་ཐ་མར་སྦྱར་བར་བྱའོ། །དེས་ནི་འདི་ལྟར་འགྱུར་ཏེ། ཨོཾ་ཨཱཿཧཱུཾ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་དམ་པ་གྲུབ་པར་མཛོད། །མཉམ་པ་ཆེན་པོའི་གནས་ལ་རོལ་དུ་གསོལ། །ཧེར་ཏེ་བཛྲ་བི་ལ་སི་ན་ཏྲཊ་ཅེས་བརྗོད་ཅིང་གླིང་བུ་ཕྲེང་བ་ལྟར་བྱ་བ་དང་། ཡང་ཚིགས་སུ་བཅད་པའི་རྗེས་ལ་ཨོཾ་བཛྲ་པུཥྤེ་ཞེས་བརྗོད་ཅིང་མེ་ཏོག་འཐོར་བའི་ཚུལ་དུ་བྱའོ། །དེ་བཞིན་དུ་གཞན་དག་ལ་ཡང་རྒྱ་ཆེར་སྦྱར་རོ། །དེ་དག་གི་དོན་ནི་རིགས་དང་ཡེ་ཤེས་དང་ཚད་མེད་པ་དང་། ཕྲིན་ལས་ཀྱི་ལས་ལ་བསྐུལ་བའི་དོན་གྱིས་ཤེས་པར་བྱའོ། །དེ་ལྟར་མཆོད་པའི་ཕྱག་རྒྱ་ འདིས་མེ་ཏོག་འཐོར་བའི་ཚུལ་དུ་བྱའོ། །མཆོད་པའི་ལས་ཐམས་ཅད་ལ་སྦྱར་བའི་ཕྱིར། གླུ་ཡི་ཕྱག་རྒྱ་འདི་ནི་དཔལ། །རྡོ་རྗེ་སེམས་དཔའ་ལ་གནས་ཏེ། །མཆོད་པ་མ་ལུས་མེད་པ་ཡི། །རབ་འབྱམ་ལས་ལ་སྦྱར་དུ་རུང་། །སོ་སོའི་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱིས་སྒྱུར་ཞིང་། ཚིགས་སུ་བཅད་པ་འདིས་མཆོད་པའི་ལས་ཐམས་ཅད་ལ་སྦྱར་བར་བྱའོ། །གཞན་ལ་ཡང་གོང་ནས་གསུངས་པའི་གླུ་འདི་དག་ཀུན་གྱིས་ནི། བསྙེན་པ་དང་། སྒྲུབ་པ་དང་། ཚོགས་ཀྱི་འཁོར་ལོ་དང་། ཕྲིན་ལས་དག་གི་དུས་སུ་སྤྱན་དྲང་བ་དང་།མཆོད་པ་དབུལ་བ་དང་། བསྟོད་ཅིང་བསྐུལ་བའི་ལས་ ཐམས་ཅད་ལ་སྦྱར་དུ་རུང་ཞེས་བྱའོ། །དེ་ཡང་རྩ་བའི་རྒྱུད་ལས། གླུ་ཡི་བསྐུལ་བ་སྣ་ཚོགས་ཀྱིས། །རབ་འབྱམ་ལས་ལ་སྦྱར་བར་བྱ། །བསྙེན་དང་སྒྲུབ་སོགས་གང་དག་གིས། །ཆོ་གའི་ཡན་ལག་ཀུན་འགྲུབ་བོ། །ཞེས་སོ། །དེ་ལྟར་མཆོད་པའི་ཕན་ཡོན་ནི། གང་དག་གྲུབ་པར་མ་གྱུར་ དང་། །མཆོད་པ་དག་ནི་མི་འབྱོར་པ། །ཕྱག་རྒྱ་འདི་ཡིས་མཆོད་བྱས་ན། །མཆོད་པ་ཐམས་ཅད་མྱུར་དུ་འགྲུབ། །ཡུན་རིང་དུ་རྣམ་པར་དཔྱོད་པའི་ལམ་གང་དག་གསལ་བར་མ་གྱུར་པ་དང་། དངོས་སུ་འབྱོར་པའི་རྫས་མ་ཚོགས་པ་དག་གིས་ནི་ཕྱག་རྒྱའི་མཆོད་པ་གོང་མ་རྣམས་ཀྱིས་ཚོགས་རྒྱ་ 26-1-326b ཆེན་པོ་སྤྲུལ་ཞིང་། དཀྱིལ་འཁོར་ལེགས་པར་འཕྲུལ་པའི་མཐུས། །ཐམས་ཅད་འགྲུབ་པར་འགྱུར་བའོ། །ད་ནི་སློབ་མའི་ལས་སུ་བྱ་བའི་རིམ་པ་ལས་དཀྱིལ་འཁོར་དུ་འཇུག་པའི་ཐབས་བསྟན་ཏེ། མཆོད་པའི་སྦྱོར་བ་འདི་དག་དང་། །ལྷ་མོ་བཞི་པོ་དག་གིས་ནི། །མེ་ཏོག་ལ་སོགས་མཆོད་བྱས་ ནས། །སློབ་མ་ཐམས་ཅད་གཟུང་བར་བྱ། །རྡོ་རྗེ་སློབ་དཔོན་གྱི་ཚོགས་ཀྱི་དཀྱིལ་འཁོར་དུ་མཆོད་པ་ཐམས་ཅད་ཀྱི་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་དུ་བཅས་པས་འབྱོར་པའི་རྫས་ཐམས་ཅད་ལ་སྦྱར་ཞིང་བྱིན་གྱིས་བརླབས་ཏེ། ལྷ་མོ་བཞིའི་ཚུལ་གྱིས་མེ་ཏོག་ལ་སོགས་པའི་ཕྲེང་བ་དང་། བདུག་སྤོས་ཀྱི་རིལ་བུ་ལ་སོགས་པ་དང་། མར་མེའི་སྡོང་པོ་དང་། ཕྲེང་བ་ལ་སོགས་པ་དང་། དྲིའི་སྦྱར་མ་རང་བཞིན་དང་། བཅོས་མ་ལས་བྱུང་བདག་གིས་སྣ་དྲངས་ཤིང་། དེའི་རྗེས་ལ་གཞན་དག་ཀྱང་ཕུལ་ཏེ་སློབ་དཔོན་འཇུག་པར་བྱའོ། །དེ་ནས་སློབ་མའི་དོན་དུ་གསོལ་བ་གདབ་ཅིང་འཇུག་ པའི་ཕྱིར། ཐུན་མཚམས་སུ་བྱ་བའི་ཆོ་ག་དང་། ཡོལ་བའི་ནང་དུ་གཞུག་པའི་ཆོ་ག་དང་། རྗེས་སུ་བྱ་བའི་ལས་དག་གི་རིམ་པར་འཇུག་པར་བྱའོ། །དེ་དག་གི་ཆོ་ག་ནི་འདི་ལྟར་ཡིན་ཏེ། དང་པོར་རྡོ་རྗེ་སློབ་དཔོན་གྱིས་སྔ་མའི་དཀྱིལ་འཁོར་དུ་ཇི་ལྟར་ཞུགས་པ་བཞིན་དུ་བྱ་བ་དང་། དཀྱིལ་འཁོར་ གྱི་རྣམ་པར་དག་པ་བསྒོམ་པ་དང་། བྱང་ཆུབ་ཀྱི་སེམས་ཀྱི་ཚིགས་སུ་བཅད་པ་གསོལ་བ་གདབ་པ་དང་། བདེན་པ་བདར་བ་དང་དབང་བཞི་རྒྱུད་ལ་བསྐྱེད་པ་དང་། ལྷ་དང་བླ་མ་ལ་མཉེས་པའི་ཆོ་ག་དག་བྱའོ། །དེའི་རྗེས་ལ་སློབ་མ་སྟེགས་བུ་ལ་བཞག་སྟེ། བུམ་པའི་ཆུས་བསང་བ་དང་། མཆོད་པ་འབུལ་ བ་དང་། གདོང་གཡོགས་པ་དང་། ཕྲེང་བ་ཐོགས་ཏེ་སེམས་བསྐྱེད་པ་དང་། དྲིས་ལེན་དང་། སྐྱབས་སུ་འགྲོ་བ་དང་། གསོལ་བ་གདབ་པ་དང་། སླར་གཞུག་པའི་ཆོ་གའོ། །དེས་ན། དངོས་གྲུབ་འདོད་པས་ཅི་འདོད་པར། །སྙིམ་པའི་གར་ནི་ཀུན་བསྐྱེད་ནས། །དེ་དག་གདོང་ནི་མཛེས་པ་ཡི། །རས་ཀྱིས་ གཡོགས་ནས་གཟུང་བར་བྱ། །དམན་པའི་དངོས་གྲུབ་དང་མཆོག་ཏུ་འགྱུར་བའི་དངོས་གྲུབ་སྣ་ཚོགས་པ་དག་ཇི་ལྟར་འདོད་པ་བཞིན་དུ་ཐོབ་པར་བྱ་བའི་དོན་དུ་རིགས་དང་མཐུན་པའི་རས་ཁ་དོག་རྣམ་པ་དྲུག་གིས་གདོང་གཡོགས་ཏེ། སོ་སོའི་དཀྱིལ་འཁོར་དུ་འདོད་པའི་དོན་ལ་གསོལ་བ་གདབ་ཅིང་ 26-1-327a སྙིམ་པའི་གར་ཐབས་ལན་གསུམ་དུ་བསྐོར་ནས་རྡོ་རྗེ་འཛིན་པའི་ཕྱག་རྒྱས་བཅིངས་ཏེ། ལག་པ་གཡོན་པའི་ཐལ་མོ་ཁ་སྦུབ་པའི་སྟེང་དུ་གཡས་པའི་ཐལ་མོ་གན་རྐྱལ་དུ་བཞག་པ་སྟེ། མཐེའུ་ཆུང་དང་མཐེབ་ཆེན་དུ་བསྣོལ་མར་སྦྲེལ་ནས་རིན་པོ་ཆེའི་ཕྲེང་བ་ཐོགས་ཏེ་ཡོལ་བའི་ནང་དུ་གཞུག་ པར་བྱའོ། །དེ་ཡང་གཞུག་པའི་ཐབས་དང་། ཚོགས་བསགས་པ་དང་། གསང་བ་བསྒོ་བ་དང་། དམ་ཚིག་བསྒྲག་པ་དང་། མནའ་ཆུ་བླུད་པ་དང་། སྐུའི་དམ་ཚིག་བསྣན་པའི་ཆོ་ག་བཞིས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་དུ་བྱ་བ་དང་། གསོལ་བ་གདབ་པ་དང་དབབ་པའི་ཐབས་དང་། དབབ་པའི་མཚན་མ་དང་། བདེ་བ་སྦྱིན་པ་དང་།ཆེ་བའི་ཡོན་ཏན་ལྔས་ཡེ་ཤེས་དབབ་པར་བྱའོ། །དེས་ན་འཇུག་པའི་ཆོ་ག་ནི། །དངོས་གྲུབ་ཇི་ལྟར་ཐོབ་འདོད་པར། །སློབ་མ་མེ་ཏོག་འཐོར་དུ་གཞུག །ལྷ་མོ་གང་ལ་ལྷུང་བ་ནི། །ལྷ་དེ་དེ་ལ་འགྲུབ་པར་འགྱུར། །རང་གི་དངོས་གྲུབ་ཀྱི་མཚན་མ་བརྟག་པའི་ཕྱིར་མེ་ཏོག་དཀྱིལ་ འཁོར་དུ་གཏོར་ཏེ། དེ་ཉིད་ཀྱི་སྒོ་ནས་ལྟས་བརྟག་པའོ། །དེ་ཡང་བདེན་པ་བརྗོད་པ་ལས་དངོས་གྲུབ་དབབ་པ་དང་། མེ་ཏོག་འཐོར་བ་དང་། དངོས་གྲུབ་བརྟག་པ་དང་། ཕྲེང་བས་བརྒྱན་པའོ། །དེའི་རྗེས་སུ་བྱ་བ་ནི། དེ་ནས་གདོང་ནི་བཀྲོལ་ནས་ཀྱང་། །ཡོན་གྱི་མཆོག་ནི་དབུལ་བར་བྱ། །གསེར་གྱི་ ཐུར་མས་མིག་དབྱེ་ཞིང་གདོང་གཡོགས་བསལ་ཏེ་དཀྱིལ་འཁོར་བལྟས་ནས་ཡོན་དབུལ་བ་དང་བཀའ་བསྒོ་བར་བྱའོ། །དེའི་རྗེས་སུ་དབང་བསྐུར་བའི་ཕྱིར། སངས་རྒྱས་རིན་ཆེན་དབང་བསྐུར་བས། །ཇི་ལྟ་བར་ནི་དབང་བསྐུར་རོ། །དེ་ཡང་གསོལ་བ་གདབ་པ་དང་། སྟེགས་བུ་བཅའ་བ་ དང་། སློབ་མ་གདན་ལ་གཞག་སྟེ་བརྒྱན་པ་དང་། སློབ་མ་སྦྱང་བ་དང་། རིགས་ཀྱི་ལྷར་བསྒོམ་ཞིང་མཆོད་པ་སྟེ་སྔོན་དུ་འགྲོ་བའི་ཡན་ལག་བཞིའི་རྗེས་ལ་རིག་པའི་དབང་བསྐུར་བར་བྱའོ། དེ་ལྟར་སྔོན་གྱི་རྒྱལ་བ་དག་སངས་རྒྱས་རིན་པོ་ཆེ་དབུ་རྒྱན་ལ་སོགས་པས་ཇི་ལྟར་དབང་བསྐུར་བ་བཞིན་དུ་ རིགས་ལྔའི་ཡེ་ཤེས་ལྔའི་རྟགས་མཚོན་ཞིང་། དོན་འགྲུབ་པར་བྱེད་པའི་རང་བཞིན་ཆུའི་དབང་དང་། དབུ་རྒྱན་གྱི་དབང་དང་། རྡོ་རྗེའི་དབང་དང་། དྲིལ་བུའི་དབང་དང་། མིང་གི་དབང་དག་བསྐུར་ཞིང་ཕན་ཡོན་བསྟན་ཏེ། དམ་ཚིག་བསྒྲགས་པའི་རིམ་པ་བཞིན་དུ་བསྣན་ཞིང་སྡོམ་པ་ནི་སྦྱིན་པ་དང་སྡོམ་པ་ 26-1-327b ཉམས་པའི་སྐྱོན་དང་། སྲིད་པ་དག་པར་བསྒྲུབ་པ་དང་། མི་མཐུན་པའི་སྤང་བྱ་དང་། ལྟ་སྤྱོད་དང་ལྡན་པར་འདོད་ཡོན་ལྔ་ལ་སྤྱོད་པའི་མན་ངག་སྦྱིན་པར་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བའི་ཆོ་ག་དག་རིམ་པ་བཞིན་བྱས་ནས། གསང་བའི་དབང་བསྐུར་བའི་ཕྱིར། དམར་ཆེན་པོ་དང་ག་པུར་ བཅས། །ཙནྡན་དམར་པོ་སྦྱར་བ་རྣམས། །ཚོགས་ཀྱི་དབུས་སུ་བཞག་པ་ལ། །གཡོན་པ་མཚན་འཛིན་རྡོ་རྗེར་བཅས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚོགས་ཀྱི་དཀྱིལ་འཁོར་དང་། བསྒྲུབ་པ་ལ་བརྟེན་པའི་སྒོ་ནས་དབང་བསྐུར་བ་དང་། གཟུགས་བརྙན་གྱི་དཀྱིལ་འཁོར་ཙམ་ལ་ བརྟེན་ཏེ་དབང་བསྐུར་བ་ལས་དང་པོ་པའི་དབང་དུ་ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རོལ་པ་ལས་བྱུང་བའི་ཉི་ཟླའི་དཀྱིལ་འཁོར་རྣམ་པ་གཉིས་གཅིག་ཏུ་འདྲེས་པ་དག་ཙནྡན་དམར་པོ་དང་སྦྱར་ཏེ། མཚན་དང་ལྡན་པའི་ཐོད་པར་བླུགས་ལ། ཚོགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་ བཞག་སྟེ། ལྷའི་རྣལ་འབྱོར་དང་ལྡན་པས་བྱིན་གྱིས་བརླབ་ཅིང་། གཡོན་པ་མཚན་འཛིན་རྡོ་རྗེའི་སྲིན་མཐེབ་ཀྱི་ཕྱག་རྒྱས་ཞི་བའི་བཏུང་བ་བཞིན་དུ་མྱང་བས་དངོས་གྲུབ་ཀྱི་མཆོག་ཐོབ་པར་འགྱུར་བའོ། །དེ་ཡང་དབང་བསྐུར་བ་འབའ་ཞིག་དོན་དུ་གཉེར་བའི་དུས་སུ་ནི། གསང་བའི་གནས་ནས་སྨྲ་བྱེད་ཀྱི་ཕྱག་རྒྱས་ བླངས་ཏེ་ལོངས་སྤྱོད་ཀྱི་གནས་སུ་གཞུག་པར་བྱ་བ་ལས། འདིར་ནི་ཚོགས་བསགས་ཤིང་སྒྲུབ་པའི་དོན་དུ་བསྟན་པས་བྱ་བ་མི་འདྲ་བར་བསྟན་པ་ཡིན་ནོ། །བསྡུས་པའི་དོན་ནི་འདི་ལྟར་ཡིན་ཏེ་དབེན་ཞིང་རྒྱན་གྱིས་བརྒྱན་པར་རྡོ་རྗེ་སློབ་དཔོན་ལ་ཞུས་ཏེ་བཞུགས་སུ་གསོལ་ནས་ཤེས་རབ་མ་ ཡོན་ཏན་ཅན་རབ་ཏུ་བརྟགས་ནས། དབང་བསྐུར་ཞིང་བྱིན་གྱིས་བརླབས་པ་སློབ་དཔོན་ལ་དབུལ་ཞིང་མཉེས་པར་བྱས་ལ། སླར་སློབ་མས་གསོལ་བ་གདབ་པ་དང་། སློབ་དཔོན་གྱིས་གནང་བའི་ལན་བརྗོད་པ་དང་། དབང་བསྐུར་བའི་དོན་དུ་ཁྲུས་ལ་སོགས་པས་ལྷ་མོ་སྦྱང་ཞིང་ལྷར་བསྐྱེད་པ་དང་། དབང་བསྐུར་ཞིང་བྱིན་གྱིས་བརླབས་ཏེ་རོལ་པ་མཛད་པ་དང་།བྱང་ཆུབ་ཀྱི་སེམས་དཀྱིལ་འཁོར་གྱི་དབུས་སུ་སྒྲུབ་པའམ། ཡང་ན་སློབ་མའི་ཁར་དབབ་ཅིང་གནང་བའི་ལན་བརྗོད་པ་དང་། སློབ་མས་ལོངས་སྤྱོད་ཀྱི་གནས་སུ་གཞུག་སྟེ་དོན་བཞིན་བསྒོམ་པའོ། །དེའི་རྗེས་ལ་གསང་བ་ཆེན་ 26-1-328a པོའི་དབང་བསྐུར་བའི་ཕྱིར་ཚིག་གཅིག་ལ་ཟུར་གཉིས་སུ་འདྲེན་ཏེ། རང་གི་ལྷ་ཡི་རྣལ་འབྱོར་ལྡན། །སྲིན་ལག་དང་ནི་མཐེ་བོའི་རྩེས། །ཞི་བའི་བཏུང་བ་བཞིན་མྱངས་ན། །རྟག་པའི་དངོས་གྲུབ་འཐོབ་པར་འགྱུར། །ཞེས་པ་དང་ཡང་གོང་ནས་འབྱུང་བའི། དེ་ནས་ཁྲུས་བྱས་དྲི་ཞིམ་ ལུས། །ཅི་འབྱོར་པ་ཡི་གོས་དང་རྒྱན། །ཞེས་བྱ་བ་ལ་སོགས་པའི་དོན་གྱིས་སློབ་དཔོན་ལ་བསྐུལ་ཞིང་གསོལ་བ་གདབ་པར་བྱའོ། །ལྷ་མོ་ལག་ཏུ་གཏད་དེ་ལན་གདབ་པ་དང་། ལྷ་མོས་གྲོགས་ལ་བསྐུལ་བ་དང་། གྲོགས་ཀྱིས་ལན་བརྗོད་པ་དང་། ཡོན་ཏན་བརྗོད་པ་དང་། དབང་བསྐུར་བའི་དོན་དུ་ གནས་དབེན་པར་ཐབས་དང་ཤེས་རབ་ཀྱི་བསྒོམ་པ་དང་། སྦྱོར་ཐབས་སྣ་ཚོགས་ཀྱི་སྒོ་ནས་མཚན་མ་བརྟག་པ་དང་། མཚོན་བྱ་དོན་དང་བཅས་པའི་བྱང་ཆུབ་ཀྱི་སེམས་བླང་ཞིང་སློབ་དཔོན་མཉེས་པར་བྱ་བ་དང་། བདེ་བ་ཆེན་པོའི་དབང་བསྐུར་བའི་ཆོ་གའོ། །དེ་དག་གི་ཕན་ཡོན་ནི། སངས་རྒྱས་ ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་མ་ཡི་ཚོགས་ཀྱིས་ཀྱང་། །རྒྱས་མི་ཐེབས་ཤིང་མི་རྨོངས་ཏེ། །དེ་ལ་གནོད་པར་མི་འགྱུར་རོ། རིག་པའི་དབང་བསྐུར་བ་ཙམ་གྱི་སྒོ་ནས་སྤྱོད་པའི་རྣལ་འབྱོར་པ་ཚུལ་བཞིན་དུ་འཇུག་པ་དག་ལ་ནི། འཇིག་རྟེན་པའི་མཁའ་འགྲོ་མ་ལ་སོགས་ པ་དྲག་པོ་དྲག་མོའི་ཚོགས་རྣམས་ཀྱིས་རྒྱས་མི་ཐེབས་ཤིང་། རིམས་ལ་སོགས་པའི་གློ་བུར་དག་གིས་ཀྱང་གནོད་མི་ནུས་སོ། །དེ་དག་གི་དམ་ཚིག་དང་སྡོམ་པའི་རིམ་པ་ནི། དེ་ནས་མནའ་ནི་བསྒྲག་བྱས་ནས། །སངས་རྒྱས་ཐམས་ཅད་མཐུན་པ་ཡིས། །མཆོག་ཏུ་རྟག་པའི་བཀའ་སྩལ་པ། ། དམ་ཚིག་སྡོམ་པ་སྦྱིན་པར་བྱ། །དང་པོ་སློབ་མའི་དབང་བསྐུར་ནས་དམ་ཚིག་བསྒྲགས་པའི་རིམ་པ་ནི་མནའ་བསྒྲག་ཅིང་སྡོམ་པ་སྦྱིན་པའི་ཕྱིར་རོ། །རིགས་ཀྱི་དཀྱིལ་འཁོར་གྱི་སྦྱོར་བ་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་རིགས་ཀྱི་དཀྱིལ་འཁོར་རྣམས་དབང་པོའི་ཚུལ་དུ་ཀུན་གྱིས་དབྱངས་ མཐུན་པའི་གསུང་གིས་བརྗོད་པར་མཛད་པའོ། །དེ་ལ་དམ་ཚིག་ཉམས་པའི་སྐྱོན་ནི། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །སྡོམ་པ་ཉམས་པར་ཁྱེད་བྱེད་པ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་གསུངས་པ་ཡིན་ཏེ། དཀྱིལ་འཁོར་འདི་ཉིད་ཀྱི་སྒོ་ནས་དམ་བཅས་པའི་ 26-1-328b དོན་ལས་འགལ་བར་བྱས་ན་ཐེག་པ་ཐུན་མོང་གི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། རྣལ་འབྱོར་པའི་རིག་འཛིན་ལ་སོགས་པ་དག་གིས་ཆད་པས་བཅད་ཅིང་ཁྱད་པར་དཀྱིལ་འཁོར་དག་སྙིང་ནས་ཕྱུང་ཞིང་། ཁྲག་འཐུང་ཞིང་གཤེགས་པར་འགྱུར་རོ། །སྲིད་པ་དག་པར་བསྒྲུབ་པའི་དམ་ཚིག་ གི་དགོས་པ་གཟུང་བར་བྱ་སྟེ། སེམས་ཅན་ཁམས་ནི་མ་ལུས་དོན། །སྲིད་པ་ཤིན་ཏུ་དག་བྱའི་ཕྱིར། །མི་འགོག་ཆོས་ཉིད་སྦྱོར་བ་ཡིས། །རྟག་པ་ཉིད་དུ་བསྒྲུབ་པར་བྱ། །བདག་དང་འགྲོ་བ་མཐའ་དག་གི་འཛིན་རྟོག་གི་མཚན་མ་མ་ལུས་པ་དག་སྦྱང་བར་བྱ་བའི་ཕྱིར་སྲིད་པ་གསུམ་གྱི་ མཐའ་དག་རྒྱུ་དང་རྐྱེན་དང་འབྲས་བུ་རྣམ་པར་དག་པའི་མཚན་ཉིད་དུ་སྦྱོར་ཞིང་མི་གནས་པའི་མྱ་ངན་ལས་འདས་པའི་འགོག་པ་མེད་པའི་ཆོས་ཉིད་གསལ་བར་བྱས་པའི་མཐུས་སྐུ་དྲུག་ལྷུན་གྱིས་གྲུབ་པའི་དོན་རྟག་པའི་ངོ་བོ་ཉིད་སྒྲུབ་པར་འགྱུར་བ་ཡིན་ནོ། །དེ་ཡང་རྩ་བའི་རྒྱུད་ལས། སྡིག་པ་དག་ པར་བསྒྲུབ་པའི་ཕྱིར། །རྒྱུ་རྐྱེན་འབྲས་བུ་སྦྱོར་བའི་དངོས། །དག་པ་ནམ་མཁའ་ལྟ་བུའི་དབྱིངས། །མི་གནས་མྱ་ངན་འདས་པའི་རྒྱུ། །མི་འགོག་རྟག་པ་ཉིད་དུ་སྒྲུབ། །ཅེས་པ་དང་།ཡང་། རང་བཞིན་ལ་གནས་དམ་ཚིག་ཆེ། །སྐུ་གསུང་ཐུགས་སུ་གསལ་བྱེད་པ། །གཉིས་མེད་ཆོས་སུ་སྦྱོང་བའི་མཐུས། ། སྐུ་དྲུག་བསྒྲུབ་པར་བྱ་བའོ། །ཞེས་སོ། །ད་ནི་འཇིག་རྟེན་གྱི་མི་མཐུན་པ་སྤང་བའི་ཕྱིར། རང་གི་ངོ་བོ་ཡོངས་སྤངས་ཤིང་། །དཀའ་ཐུབ་ཀྱིས་ནི་གཟིར་མི་བྱ། །ཅི་བདེ་བར་ནི་བདེ་བར་སྤྱད། །འདིར་ནི་ཕྱི་དུས་སངས་རྒྱས་ཡིན། །གང་ཞིག་རང་གི་མཚན་ཉིད་མི་ཤེས་པར་ཡོན་ཏན་གྱི་འབྲས་བུ་བཟང་པོ་དག་ ཐོབ་པར་འདོད་ཅིང་། མུ་སྟེགས་ཀྱི་དཀའ་ཐུབ་དང་། ཉན་ཐོས་ཀྱི་དཀའ་ཐུབ་སྣ་ཚོགས་ལ་ཞུགས་ནས་རང་གི་ལུས་ངག་གདུང་བས་གཟིར་བ་ནི། འཇིག་རྟེན་འདིར་ཡང་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་ཅིང་། གཞན་དུ་ཡང་བདེ་བའི་ཡེ་ཤེས་དང་ཕྲད་པར་མི་འགྱུར་རོ། །དེས་ན་འདོད་པའི་ཡོན་ཏན་རྣམ་པ་ལྔ་ དག་རང་ཉིད་ཀྱི་ཡེ་ཤེས་ལས་བྱུང་བའི་སྣང་བ་སྟེ། ཡོན་ཏན་གྱི་རྩལ་མ་འགགས་པས་ཇི་ལྟར་མོས་ཤིང་བདེ་བའི་སྒོ་ནས་སྤྱད་པའི་མཐུས་འདིས་ནི་རིག་འཛིན་ལ་སོགས་པའི་ཡོན་ཏན་གྱི་སྒོ་ནས་ཕྲིན་ལས་ཀུན་འགྲུབ་ཅིང་དེས་ནི་སངས་རྒྱས་ཀྱི་ཡེ་ཤེས་བརྙེས་པར་འགྱུར་རོ། །དེ་དག་གི་བསྡུས་པའི་ 26-1-329a དོན་ནི་དང་པོར་བྱ་བ་ཐམས་ཅད་བསྒྲུབ་པའི་དོན་དུ་རྟེན་གྱི་མཚན་ཉིད་བསྟན་ཏེ། སློབ་དཔོན་གྱི་ཡོན་ཏན་དང་། སློབ་མའི་ཡོན་ཏན་དང་། མི་མཐུན་པའི་སྤང་བྱ་ལ་སོགས་པ་ཤེས་པར་བྱའོ། །གཞན་ཡང་ལྟ་སྤྱོད་དང་ལྡན་པས་འདོད་པ་ལྔ་ལ་ལོངས་སྤྱོད་པའི་ཕྱིར། རྣལ་འབྱོར་ལོངས་སྤྱོད་ ཐམས་ཅད་ལ། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྡིག་པ་མེད་ཀྱིས་ཁྱེད་མ་འཇིགས། །དམ་ཚིག་འདའ་བར་དཀའ་བའོ། །ཁྱད་པར་གྱི་དོན་དུ་ཕྱིའི་ཡུལ་དང་ནང་གི་འབྱུང་བ་ལས་བསྡུས་པ་མཐའ་དག་གི་ཉོན་མོངས་པ་དུག་ལྔ་དང་། འདོད་པའི་ལོངས་སྤྱོད་ཀྱི་དངོས་པོ་མ་ལུས་པ་ མཐའ་དག་རིགས་ཀྱི་དཀྱིལ་འཁོར་ལྷ་མོའི་ཚོགས་དང་བཅས་པར་ལོངས་སྤྱོད་ཅིང་། བདག་དང་གཞན་གྱི་དོན་མཐར་ཕྱིན་པར་མཛད་པ་དང་། ཟབ་པའི་དབང་དུ་གཡོ་བ་དང་། གནས་དང་། དབང་པོའི་རྣམ་པར་འཕྲུལ་པ་མ་འགགས་པའི་ཚོགས་མཐའ་དག་རྣལ་འབྱོར་གྱི་ལོངས་སྤྱོད་ཀྱི་རྣམ་པར་ཤེས་ ཤིང་རྟོགས་པར་ལོངས་སྤྱོད་དེ། བག་ཡངས་ཀྱིས་གནས་པར་བྱའོ། །གཞན་ཡང་སྤྱོད་པའི་རིམ་པ་ནི། །གྲུབ་པ་གཅིག་པུ་གཅིག་ལ་སྤྱོད། །ལྷན་ཅིག་སྤྱོད་དང་རྗེས་སྤྱོད་སྡུག །སངས་རྒྱས་བྱང་ཆུབ་བླ་མེད་ཡིན། །ཡང་དག་ཉིད་ཀྱིས་རྟག་ཏུ་བརྟེན། །གང་ཟག་བཞིའི་སྒོ་ནས་བདག་གཞན་ གྱི་ལས་ལ་སྤྱོད་པ་པོས་མངོན་པར་བྱང་ཆུབ་པ་ལ་སོགས་པའི་སྔོན་དུ་འགྲོ་བའི་ཡན་ལག་རྫོགས་པའི་སྒོ་ནས་ལྷ་དཔའ་བོ་གཅིག་པ་ཡབ་ཡུམ་གང་ཡང་རུང་བ་ཅིག་ཙམ་བསྒོམ་པ་དང་། དེ་ཉིད་ཀྱི་རིག་མ་དང་འོད་ཀྱི་སྐྱེས་བུ་དག་ཞལ་སྦྱོར་གྱི་ཚུལ་དུ་བསྒོམ་པ་དང་། དཀྱིལ་འཁོར་གྱི་འཁོར་ལོ་ འཁོར་གྱི་ཚོགས་དང་ལྷན་ཅིག་ཏུ་སྤྱོད་པའི་རྣམ་པར་བསྒོམ་པ་དང་། དེ་དབང་བསྐུར་ཞིང་བྱིན་གྱིས་བརླབས་པའི་ལྷ་དག་ལས་འོད་ཟེར་གྱི་འཕྲོ་འདུས་བདག་གཞན་མཛེས་པར་བྱས་པའི་རྣམ་པར་བསྒོམ་པ་དང་། ཐམས་ཅད་སངས་རྒྱས་བྱང་ཆུབ་ཀྱི་ངོ་བོ་བླ་ན་མེད་པ་ལ་བཀོད་པས་ན། ཡང་དག་པར་ རྟག་ཏུ་བསྙེན་པར་བྱའོ། །དེ་ལྟར་ངེས་སམ་ཞེ་ན། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དེ་སྐད་བཀའ་སྩལ་དཔལ་ལྡན་གྱི། ཡང་དག་རྫོགས་པའི་སངས་རྒྱས་དང་། །རྡོ་རྗེ་ཅན་གྱིས་བཀའ་སྩལ་ཏོ། །ཆེ་བའི་ཡོན་ཏན་མི་ཟད་པར་བསྒོམས་པའི་མཐུས་རྟག་ཏུ་འབྱུང་བ་ཡིན་ཏེ། དེ་དག་ཡེ་ནས་ 26-1-329b གནས་པའི་ངོ་བོར་གསལ་ཞིང་རྒྱན་གྱི་ཆོ་འཕྲུལ་རྣམ་པར་བཀོད་པ་དག་རྣལ་འབྱོར་དག་པའི་མཐུ་ལས་གསལ་བར་སྣང་སྟེ། དེ་ཉིད་རིགས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་བ་དང་། དེ་ལས་བྱུང་བའི་དཀྱིལ་འཁོར་ཀུན་གྱིས་གསུངས་པའོ། །ད་ནི་གོང་དུ་དབང་བསྐུར་བའི་ཐོག་མར་ཡེ་ཤེས་དབབ་ པའི་ཆོ་ག་བསྟན་པའི་ཕྱིར། རྣལ་འབྱོར་བཅས་དང་གསང་བཅས་པའི། །བདག་གི་ཡེ་ཤེས་རྒྱ་བསྒྲུབས་ནས། །ཇི་ལྟར་ཚུལ་བཞིན་གར་བྱེད་པས། །སློབ་མ་རྣམས་ལ་བདེ་བ་སྦྱིན། །རྣལ་འབྱོར་རྣམ་པ་བཞི་དང་། གསང་སྔགས་དང་ཕྱག་རྒྱར་བཅས་པས་གསང་བའི་ཕྱག་རྒྱའི་ཡེ་ ཤེས་དབབ་པའི་ཐབས་ལས་བྱུང་བའི་དཀྱིལ་འཁོར་རྣམ་པ་བཞི་ཡི་གེའི་མཚན་མ་དང་བཅས་པར་བསྒོམ་པ་དང་། དེ་ལས་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱས་རང་གི་མཚན་མ་དབབ་པ་དང་། བདག་གི་ཡེ་ཤེས་ཀྱི་ཕྱག་རྒྱ་བསྒྲུབ་ཅིང་རྩེ་གཅིག་ཏུ་གནས་པ་ལས་རྣལ་འབྱོར་གྱི་བདེ་བ་སྦྱིན་པ་དང་། ཇི་ ལྟ་བུའི་ཚུལ་གྱིས་གར་ཐབས་སུ་བསྐྱོད་ཅིང་སློབ་མ་ལ་བདེ་བའི་ཡེ་ཤེས་སྦྱིན་པར་མཛད་པའོ། །དེའི་རྗེས་སུ་བྱ་བ་ནི། སློབ་མ་དམ་པས་དེ་ཕྱིན་ཆད། །ཕྱག་རྒྱའི་ཡེ་ཤེས་རྗེས་བཟུང་བས། །རྣམ་པར་སྣང་མཛད་མཆོག་བཞིན་དུ། །སངས་རྒྱས་ཀུན་གྱི་བདག་ཉིད་འགྲུབ། ། རང་གི་ཉམས་སུ་མྱོང་བའི་མཚན་མ་དག་ལ་རྩེ་གཅིག་ཏུ་གནས་པས་སྐུ་གཡོ་ཞིང་འགུལ་བ་དང་མཚན་དང་དཔེ་བྱད་ཀྱི་རྣམ་པ་གསལ་བས་རབ་ཏུ་བརྒྱན་ཏེ། སངས་རྒྱས་རྣམ་པར་སྣང་མཛད་བཞིན་དུ་སྐུ་མཆོག་ཏུ་གྱུར་པ་འགྲུབ་ཅིང་སངས་རྒྱས་ཀུན་གྱི་བདག་ཉིད་དུ་འགྱུར་རོ། །དེ་ལྟར་ཆ་ ཚོགས་བསགས་ཤིང་བསྒྲུབ་པ་དང་། དབང་བསྐུར་བའི་རྗེས་ལ་ལྷ་དང་སློབ་དཔོན་མཆོད་པའི་ཐབས་ནི། དེ་ནས་རོ་དང་ཟས་དང་གནས། །གླུ་དང་སིལ་སྙན་ལ་སོགས་པ། །དེ་དག་མགོན་པོ་རྣམས་ལ་དབུལ། །རྡོ་རྗེ་བླ་མ་ཆེན་པོ་དང་། བདག་དང་གཞན་ཡང་འདོད་དགུས་མཆོད། །འདོད་ དོན་འབྲས་བུ་ཕུན་ཚོགས་འགྲུབ། །འདོད་པའི་ལོངས་སྤྱོད་ཀྱི་ཚོགས་འགྲུབ་པ་དང་། གཞན་ཡང་མཆོད་པའི་རྫས་མ་ལུས་པ་དག་དངོས་སུ་སྦྱར་བ་དང་། ཡིད་ཀྱིས་སྤྲུལ་པའི་སྒོ་ནས་དཀྱིལ་འཁོར་གྱི་ལྷ་ཆོགས་རྣམས་ལ་ཐོག་མར་མཆོད་པ་ཕུལ་ཞིང་། དེའི་རྗེས་ལ་སངས་རྒྱས་གཉིས་པ་ཚུལ་དེ་ 26-1-330a ལྟར་མཆོད་ནས། བདག་དང་རྣལ་འབྱོར་པ་གཞན་དག་ལྷའི་དཀྱིལ་འཁོར་དུ་བསྒོམས་པ་རྣམས་ཀྱང་འདོད་པའི་ལོངས་སྤྱོད་སྣ་དགུས་མཆོད་པར་བྱའོ། །ད་ནི་དཀྱིལ་འཁོར་དུ་འཇུག་པའི་ཡན་ལག་བསྟན་པའི་ཕྱིར། དེ་ནས་བདག་ཉིད་རབ་བསྒྲུབས་ནས། །ཀུན་གྱི་སློབ་དཔོན་ རབ་གནས་པ། །ཇི་ལྟའི་ཚུལ་གྱིས་འཇུག་པ་ཡིས། །བདེན་པའི་ཆོས་ནི་བརྗོད་པར་བྱ། །རྡོ་རྗེ་སློབ་དཔོན་གང་ཞིག་གིས་སྔོན་དུ་བསྙེན་པའི་རིམ་པས་བདག་གི་རྒྱུད་ལས་སུ་རུང་བར་བྱ་སྟེ། གསང་བའི་དོན་བཀོད་པ་དག་ལས་བསྟན་པའི་ཆོ་གས་བསྒོམ་པ་དང་། བཟླས་པའི་བྱ་བས་རྫོགས་པར་ བྱས་ནས། ཚོགས་བསགས་པ་དང་། བསྒྲུབ་པ་དང་། དབང་བསྐུར་བ་དང་། རབ་ཏུ་གནས་པའི་ཆོ་ག་ལ་སོགས་པའི་དོན་བརྩོན་པའི་ཕྱིར་དེ་ཁོ་ན་ཉིད་བཅུ་ལ་སོགས་པ་བྱ་བ་མཐའ་དག་རྫོགས་ཤིང་། རིགས་སོ་སོའི་དཀྱིལ་འཁོར་རྩོམ་པ་ལ་མཁས་པའི་བློ་དང་ལྡན་པས། ཀུན་གྱི་སློབ་དཔོན་དུ་རབ་ ཏུ་གནས་པས་ཇི་ལྟ་བུའི་ཚུལ་གྱིས་སའི་ཆོ་ག་དང་སྟ་གོན་ལ་གནས་པའི་ཆོ་ག་ལ་སོགས་པས་འཇུག་པར་བྱའོ། །དེ་ཡང་རིམ་པ་ནི་འདི་ལྟར་ཡིན་ཏེ། ཚོགས་བསགས་པ་དང་སྒྲུབ་པ་དག་ལ་ནི་དང་པོ་ནས་སའི་ཆོ་གས་མགོ་རྩོམ་ཞིང་འཇུག་པར་བྱ་བ་དང་། སློབ་མ་དབང་བསྐུར་བའི་རིམ་པ་ དག་ལ་ནི་བསྙེན་པ་རྣམ་པ་ལྔ་གང་ཡང་རུང་བ་དག་རྫོགས་པ་ལས་རྩོམ་པར་བྱེད་དེ། དཀྱིལ་འཁོར་གྱི་དུས་ཀྱི་ཆོ་གའི་ཐོག་མར་དཀྱིལ་འཁོར་གྱི་དགོས་པ་ཤེས་པས། ས་བརྟག་པ་དང་། ས་བསླང་བ་དང་། ས་གཞི་བྱིན་གྱིས་བརླབ་པ་དང་། སའི་དབང་པོ་བསྒོ་བ་དང་། ས་སྲུང་བའི་དོན་དུ་ གསོལ་བ་གདབ་པ་དང་བསྲུང་བའི་ཆོ་ག་རྒྱས་པར་བྱའོ། །དེས་ན། ཇི་ལྟའི་ཚུལ་གྱིས་འཇུག་པ་ཡིས། །ཞེས་སོ། །གཞན་ཡང་ལྷ་སྟ་གོན་ལ་གནས་པའི་དོན་དུ་མཎྜལ་བྱུག་ཅིང་མེ་ཏོག་སྣ་ཚོགས་དང་བཅས་པ་དགྲམ་པ་དང་། མཆོད་པ་བཤམས་ཤིང་སྲུང་བའི་འཁོར་ལོ་བསྒོམ་པ་དང་། བསྒོམ་པའི་རིམ་པར་གསོལ་བ་གདབ་ཅིང་མཉེས་པར་བྱ་བས་ན། ཇི་ལྟའི་ཚུལ་གྱིས་འཇུག་པ་ཡིས། །ཞེས་སོ། །ཡང་སློབ་མ་སྟ་གོན་ལ་གནས་པའི་དོན་དུ་བཀའ་བསྒོ་བ་དང་། སྤྲོ་བ་བསྐྱེད་པ་དང་། རྗེས་སུ་གདམས་པ་དང་། དབང་པོའི་སྤྱན་སྔར་ཚོགས་བསགས་ཤིང་བྱང་ཆུབ་ཏུ་སེམས་ 26-1-330b བསྐྱེད་ནས་སྡོམ་པ་བཟུང་བ་དང་། ཤིས་པར་བྱ་བའི་ཕྱིར་གནས་གསུམ་དག་པར་བྱ་བ་དང་། ཚེམས་ཤིང་སྦྱིན་པའི་རིམ་པ་དང་། སྐྱོན་བསལ་ཞིང་དོར་བ་དང་། དེ་ལ་མཚན་མའི་ལྟས་བལྟ་བ་དང་། དྲི་ཆབ་ཀྱིས་སྦྱང་བ་དང་། ཀུ་ཤ་སྦྱིན་པ་དང་། སྲུང་སྐུད་གདགས་པ་དང་། སྤྲོ་བ་བསྐྱེད་པ་དང་། སྟ་ གོན་གྱི་གནས་སུ་གཏོར་མ་གཏང་ཞིང་སློབ་མ་ཀུ་ཤའི་སྟན་ལ་ཉལ་བ་དང་། སློབ་དཔོན་གྱིས་ནང་དུ་དཀྱིལ་འཁོར་མཉེས་པར་བྱ་བ་དང་། མཚན་མ་བཟང་ངན་གྱི་བྱ་བ་བསྟན་པ་དང་། བྱིན་གྱིས་བརླབ་པའོ། །ཡང་ཇི་ལྟའི་ཚུལ་གྱིས་འཇུག་པར་བྱ་སྟེ། བུམ་པ་སྟ་གོན་ལ་གནས་པའི་ཕྱིར་ རྒྱུ་དང་དབྱིབས་དང་ཁ་དོག་བསྟན་པ་དང་། རིགས་ཀྱི་མཚན་མས་བརྒྱན་ཅིང་བྱིན་གྱིས་བརླབ་པ་དང་། རྣམ་པར་དག་པའི་དེ་ཉིད་དང་། རིགས་ཀྱི་དཀྱིལ་འཁོར་བསྟིམ་ཞིང་བཟླས་བརྗོད་ཚང་བས་སྔགས་ཀྱི་ཆུར་གྱུར་པ་དང་། དེ་ཉིད་ཤིས་པར་བྱ་བའི་ཆོ་ག་དང་། གཟུགས་བརྙན་གྱི་ དཀྱིལ་འཁོར་བསྒྲུབ་པའི་རྗེས་ལ་སོགས་སོ་སོའི་གནས་སུ་དགྲམ་པའོ། །ཡང་ཇི་ལྟའི་ཚུལ་གྱིས་འཇུག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་རྩོམ་པ་དང་། དཀྱིལ་འཁོར་བསྒྲུབ་པ་དང་། གཏོར་མ་དང་། སྦྱིན་སྲེག་དང་། རབ་གནས་ཀྱི་ལས་དག་ལ་འཇུག་པར་བྱའོ། །དེ་དག་གི་ ཆོ་ག་རྒྱས་པར་ནི་ལེའུ་བདུན་པ་ལས་བསྟན་པས་དེ་ཉིད་དུ་གསལ་བར་བཤད་དོ། །དེ་དག་སྤྱིའི་ལས་སུ་བྱ་བའི་རིམ་པ་ནི་དཀྱིལ་འཁོར་ཆོ་ག་ལས་བསྟན་ཏེ། འདིར་རྒྱས་པར་མ་སྤྲོས་སོ། །དེས་ན་ཚིགས་སུ་བཅད་པ་འདི་ནི་ཆོ་གའི་ཡན་ལག་ཀུན་གྱི་སྤྱི་དོན་དུ་ཤེས་པར་བྱ་བ་ཡིན་ཏེ། རྐང་པ་ དང་པོས་ནི་སྔོན་དུ་འཇུག་པའི་ཡན་ལག་བསྟན་ཏོ། །གཉིས་པས་ནི་རྟེན་གྱི་མཚན་ཉིད་བསྟན་ཏོ། །གསུམ་པས་ནི་དཀྱིལ་འཁོར་གྱི་དུས་ཀྱི་ཆོ་གའི་ཡན་ལག་བཅུ་པོ་བསྡུས་ཏེ་བསྟན་ཏོ། །བཞི་པས་ནི་དེ་དག་དང་མི་འགལ་བའི་གདམས་ངག་བསྟན་ཏོ། །དེ་ཡང་རྩ་བའི་རྒྱུད་ལས། དེ་ནས་བདག་ ཉིད་རབ་བསྒྲུབས་ནས། །རྣལ་འབྱོར་གསལ་བར་གོམས་པའི་མཐུས། །བསྙེན་པའི་ཡན་ལག་གང་དག་གིས། །སྔོན་དུ་འགྲོ་བ་དང་པོ་བརྩམས། །དེ་ཉིད་བཅུ་སོགས་རིམ་པ་དག །ཀུན་གྱི་སློབ་དཔོན་ལ་གནས་ཤིང་། །བློ་ལྡན་དཔའ་བོ་ཆེན་པོ་ཡིས། །བདག་གཞན་དོན་ལ་རབ་ཏུ་ 26-1-331a སྦྱོར། །དཀྱིལ་འཁོར་དུས་ཀྱི་ཆོ་གའི་ཚོགས། །ཇི་ལྟའི་ཚུལ་གྱིས་འཇུག་པ་ཡིས། །ས་ནས་ཆོ་ག་ལྷག་མའི་བར། །མ་འདྲེས་ལས་ཀྱི་དོན་སྤྱོད་པས། །དོན་མཐུན་གདམས་ངག་ཇི་བཞིན་པར། །དེར་འཇུག་འགྲོ་བ་གཟུང་བའི་ཕྱིར། །བདེན་པའི་ཆོས་ནི་བརྗོད་བྱ་ ཞིང་། །བསྟན་པའི་དོན་ནི་ཚིམ་པར་མཛད། །ཅེས་སོ། །ད་ནི་ཕྲིན་ལས་ཀྱི་མཚན་ཉིད་རིགས་བསྡུས་སྤྱིའི་འགྲོ་བ་དག་འདུལ་བར་མཛད་པའི་ཚུལ་བསྟན་ཏེ། རྡོ་རྗེ་སེམས་དཔའ་དཔལ་གྱི་ཚུལ། །རྟོག་པ་ཐམས་ཅད་རབ་བསྒྲུབ་ཅིང་། །རྟོག་པ་ཀུན་གྱི་རབ་སྦྱོར་བའི། །ངོ་བོ་ཉིད་ཕྱིར་ཆེན་ པོའི་མཆོག །སྐུ་གསུམ་གཉིས་སུ་མེད་པའི་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱིས་གདུལ་བྱའི་དབང་པོ་དང་སྐྱེ་མཆེད་ཀྱི་བྱེ་བྲག་སྣ་ཚོགས་ཀྱི་སྒོ་ནས་རྒྱ་ཆེན་པོའི་ཚོགས་རྣམས་གཅིག་ཏུ་བསྡུས་པ་ལ་དགའ་ཞིང་། དེ་ཉིད་ཀྱི་སྒོར་འཇུག་པར་འདོད་པའི་དོན་དུ་རིགས་བསྡུས་པའི་དཀྱིལ་འཁོར་བསྟན་ཏེ། བཅོམ་ལྡན་འདས་ཉིད་ཀྱི་སྐུ་ལས་དཔལ་རྣམ་པ་གཉིས་ཀྱི་སྣང་བ། རིགས་རྣམ་པ་དྲུག་གི་རྟོག་པ་ཐམས་ཅད་རབ་ཏུ་བསྒྲུབ་ཅིང་། རྟོག་པའི་ཆོ་ག་ཀུན་གྱི་སྒོ་ནས་གཞན་དག་གི་དོན་རྒྱ་ཆེན་པོ་ལ་སྦྱོར་ཞིང་དོན་དམ་པའི་དེ་ཁོ་ན་ཉིད་དང་། ཀུན་རྫོབ་ཀྱི་རྣམ་པར་འཕྲུལ་པ་གཉིས་སུ་མེད་པའི་རྣམ་ པར་སྟོན་པར་མཛད་པས་རང་གི་ངོ་བོ་ཉིད་ཀྱི་དེ་བཞིན་དུ་ཕྱག་རྒྱའི་ཆོ་ག་གསལ་བར་འགྲུབ་བོ། །བསྡུས་པའི་དོན་ནི་རིགས་བསྡུས་ཀྱི་དཀྱིལ་འཁོར་ཆེན་པོའི་སྒོ་ནས་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་རྩོམ་པ་དང་། དེ་ལ་བརྟེན་ཏེ་ཚོགས་ཀྱི་དཀྱིལ་འཁོར་བསྒྲུབ་པའི་དོན་གྱི་ཕྱིར། བློ་དང་ ལྡན་པའི་རྣལ་འབྱོར་པས་རྟེན་གྱི་མཚན་ཉིད་དང་ལྡན་པར་བྱའོ། །དེ་ཡང་རྟོག་པ་བདུན་པ་ལས། ཤེས་རབ་ཀྱིས་ནི་བློ་ཕྱེས་ནས། །ངེས་པར་བརྟགས་པའི་ས་གཞི་ལ། །བླ་མས་ངེས་པའི་ལུང་འདི་བསྟན། །གྲུབ་པའི་དབང་ཕྱུག་ཕུན་སུམ་ཚོགས། །ཞེས་པ་ལ་སོགས་པ་དང་། རྩ་བའི་རྒྱུད་ལས། བཞིན་བཟངས་རང་བཞིན་ཞི་བའི་ཆོས། །སྐྱེ་བོ་ཀུན་དགའ་མཁའ་འདྲའི་བློ། །ཞེས་པ་ལ་སོགས་པའི་དོན་གྱིས་ཡོན་ཏན་དང་སྐྱོན་གྱི་བྱེ་བྲག་ཤེས་པར་བྱས་ནས། ཕུན་སུམ་ཚོགས་པ་བཞི་དང་ལྡན་པས། རྫས་དང་ས་གཞི་བརྟགས་པ་དེ། །ཅིར་ཡང་འགྱུར་བའི་ 26-1-331b ཡིག་འབྲུ་བསམ། །འོད་ཟེར་ཀུན་དུ་སྤྲོས་ནས་ཀྱང་། །མ་ལུས་ཉེ་བར་ཁྱབ་བྱས་ཏེ། །རེ་དང་དམ་པའི་ཚུལ་དུ་དགོངས། །ཞེས་པ་ལ་སོགས་པའི་དོན་གྱིས་ཕུན་སུམ་ཚོགས་པ་བསགས་པ་དང་། སའི་ཆོ་ག་དང་སྟ་གོན་ལ་གནས་པའི་ཆོ་ག་དང་། གཟུགས་བརྙན་གྱི་དཀྱིལ་འཁོར་རྩོམ་པ་ དང་། དཀྱིལ་འཁོར་སྒྲུབ་པའི་རིམ་པ་བཞིན་དུ་བྱའོ། །དེ་ཡང་དཀྱིལ་འཁོར་གྱི་བྱེ་བྲག་ནི་ཕྱི་རོལ་གྲུ་བཞི་རྡོ་རྗེའི་ཕྲེང་བ་ལ་སོགས་པ་རིམ་པ་རྣམས་ཀྱིས་བསྐོར་ཞིང་དུར་ཁྲོད་ཆེན་པོའི་གནས་བརྒྱད་དང་བཅས་པའི་ནང་དུ་གྲུ་བཞི་པ་ལ་སྒོ་བཞི་རིམ་པ་དང་བཅས་པའི་ནང་དུ་ཕྱི་ནང་གི་བར་ ཁྱམས་དང་ཕོ་བྲང་གི་ཕྲེང་བ་དང་བཅས་པ་སྟེ། དེའི་ནང་རོལ་ཀ་བ་བརྒྱད་ཀྱི་གདུང་མས་ཕྱེ་བའི་ཕྱོགས་མཚམས་ཀྱི་ས་གཞི་སྟེ་ལྟེ་བ་དང་བཅས་པ། དཀྱིལ་འཁོར་ཆེན་པོ་དགུའི་གནས་དགོད་པར་བྱ་སྟེ། དབུས་སུ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཞི་བའི་རྡོ་རྗེ་རྩེ་ལྔ་དཀར་དམར་འོད་ཟེར་ དང་བཅས་པའི་རྭ་ཕྱོགས་སུ་རྣམ་པར་སྣང་མཛད་ཀྱི་འཁོར་ལོའི་ཕོ་བྲང་ལ་འཁོར་ལོའི་ཕྲེང་བས་མཛེས་པའོ། །ལྷོ་ཕྱོགས་སུ་ཧེ་རུ་ཀའི་དཀྱིལ་འཁོར་ཟླ་གམ་ཁ་ནང་དུ་བསྟན་པ་ལ་རེའུ་མིག་དགུར་ཕྱེ་བ་ལ། ཁྲོ་བོ་རྡོ་རྗེ་སྔོན་པོ་རྩེ་མོ་གྱེས་པས་བསྐོར་བའོ། །ནུབ་ཏུ་པདྨ་གར་གྱི་དབང་ཕྱུག་ གི་ཕོ་བྲང་པདྨའི་དཀྱིལ་འཁོར་ལ་པདྨ་དམར་པོའི་ཕྲེང་བས་བསྐོར་བའོ། །བྱང་དུ་རྡོ་རྗེ་ཉི་མའི་དཀྱིལ་འཁོར་རིན་པོ་ཆེའི་ཕྲེང་བ་སེར་པོས་བསྐོར་བའོ། །མཚམས་ཀྱི་རེའུ་མིག་བཞི་ལ་རྟ་མཆོག་ལས་བཞིའི་དཀྱིལ་འཁོར་ཕྲིན་ལས་རྣམ་བཞིའི་ཁ་དོག་དང་མཚན་མས་བརྒྱན་པའོ། །དེ་ལྟར་ དབུས་ཀྱི་ཕོ་བྲང་དགུ་པོ་དེ་དག་ལ་ནི་ནང་གི་ལྷ་བཅུ་གསུམ་པོ་དག་སོ་སོའི་གནས་སུ་བཀོད་ཅིང་། དེའི་ཕྱི་རོལ་བར་ཁྱམས་ནང་མ་ལ་མཆོད་པའི་ལྷ་མོ་བཞི་དག་ཁ་དོག་དང་རྒྱན་ཆས་མི་འདྲ་ཞིང་ཕྱག་གི་མཚན་མ་མཐུན་པར་མཚམས་རེར་དགུ་དགུ་དགོད་པར་བྱའོ། །སྒོ་ནང་མ་ལ་ནི་ཡེ་ཤེས་ཀྱི་ལྷ་ མོ་དགུ་བཞི་བཀོད་ཅིང་ཕྱི་མ་ལ་ནི་དེ་དང་ཆ་ལུགས་གཅིག་པའི་འཇིག་རྟེན་པའི་ལྷ་མོ་དགུ་བཞི་དགོད་པར་བྱའོ། །བར་ཁྱམས་ཕྱི་མ་ལ་ནི་སྤྲུལ་པ་འཇིག་རྟེན་པ་དང་མཐུན་པའི་དཀྱིལ་འཁོར་དང་རང་རྒྱུད་པ་དག་གཅིག་ཏུ་བསྡོམས་ཏེ། ཤར་དུ་ལྷ་ཆེན་པོ་དག་དང་ཕྱོགས་སྐྱོང་དག་གོ། །ལྷོ་ 26-1-332a ཕྱོགས་སུ་མཁའ་འགྲོ་མ་ཆེན་མོ་བརྒྱད་ཀྱི་ཚོགས་རྣམས་སོ། །ནུབ་ཏུ་ཀླུ་ཆེན་པོ་བརྒྱད་རང་རང་གི་འཁོར་ཚོགས་དང་བཅས་པའོ། །བྱང་དུ་འགྲོ་བ་རིགས་དྲུག་གི་གཙོ་བོ་འཁོར་དང་བཅས་པའོ། །སྒོ་ནང་མ་ལ་ནི་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་རྣམ་པར་བཀོད་པ་དང་བཅས་ པས་རྟ་བབས་ལ་སོགས་པའི་རྒྱན་གྱིས་མཚན་པའོ། །སྒོ་ཕྱི་མ་ལ་ནི་འཇིག་རྟེན་པའི་བར་ཁྱམས་ཟླུམ་པོ་ལ་འཇིག་རྟེན་པའི་རྒྱན་གྱིས་བརྒྱན་པའོ། །དེ་ནས་རྟོགས་པ་ཐམས་ཅད་ལ་རབ་ཏུ་བསྒྲུབ་པའི་ཕྱིར་བསོད་ནམས་ཀྱི་ཚོགས་བསགས་པ་དང་། སྦྱིན་གཏོར་གྱི་ཆོ་ག་རྒྱ་ཆེན་པོས་བར་ཆད་ཀྱི་ བགེགས་བསལ་ཞིང་། སྲུང་བའི་འཁོར་ལོ་ལ་སོགས་པས་མཚམས་ཀྱི་རིམ་པ་བརྟན་པར་བྱས་ནས་བསོད་ནམས་ཀྱི་ཚོགས་ཀྱི་འཁོར་ལོ་དང་། ཡེ་ཤེས་ཀྱི་ཚོགས་ཀྱི་འཁོར་ལོས་བསྙེན་སྒྲུབ་ཀྱི་ཡན་ལག་དང་ལྡན་པས་བསྒྲུབ་པར་བྱའོ། །དེ་ནས་རྟོག་པ་ཀུན་ལས་རབ་ཏུ་སྦྱོར་བའི་ཕྱིར། ཚོགས་ ཀྱི་ཆོ་ག་དང་ཕྲིན་ལས་རྒྱ་ཆེན་པོ་དག་གིས་བདག་གཞན་གྱི་དོན་མཐར་དབྱུང་ཞིང་སྦྱིན་སྲེག་དང་ལྷག་མའི་གཏོར་མས་མཉེས་ཤིང་བསྟན་པར་བྱ་བ་དང་། རྗེས་སུ་བྱ་བའི་ཡན་ལག་ཆོ་གའི་ལྷག་མ་དག་གིས་དཀྱིལ་འཁོར་གྱི་བསྒྲུབ་པ་མཐར་དབྱུང་སྟེ། དཀྱིལ་འཁོར་གྱི་མཐའ་མ་བསྐོར་ཞིང་མི་ འབྲལ་བའི་སྨོན་ལམ་གདབ་པ་དང་། ལྷག་ཆད་བསྐང་བ་དང་། བཀྲ་ཤིས་བརྗོད་པ་དང་། དངོས་གྲུབ་ཀྱི་ལྷག་མ་བླང་བ་དང་། ལྷ་རྣམས་ལ་མཆོད་བསྟོད་བྱ་བ་དང་། དཀྱིལ་འཁོར་རྣམ་པ་གསུམ་རིམ་པ་བཞིན་དུ་བསྡུ་བ་དང་། མཚམས་ཀྱི་དཀྱིལ་འཁོར་དགྲོལ་ཞིང་སྲུང་མ་དང་། མགྲོན་ ཚོགས་དག་ལ་གཏོར་མ་སྦྱིན་པ་དང་། རྡོ་རྗེ་སློབ་དཔོན་ལ་སོགས་པ་དག་ཡོན་གྱིས་མཉེས་པར་བྱ་བ་དང་། འགྲོ་བའི་དོན་དུ་སྨོན་ལམ་གདབ་ཅིང་ཆོས་ཀྱི་སྦྱིན་པ་བརྗོད་པ་དང་། སྤྱོད་ལམ་གྱི་རྣལ་འབྱོར་ལས་མི་ཉམས་པར་གནས་པས་རབ་ཏུ་སྦྱོར་བར་བྱའོ། །དེས་ནི་རིགས་བསྡུས་པའི་དཀྱིལ་ འཁོར་ཆེན་པོའི་ངོ་བོ་ཉིད་གསལ་བར་འགྲུབ་པའི་ཕྱིར། དཀྱིལ་འཁོར་ཆེན་པོ་དང་། སྒྲུབ་པའི་ཚུལ་ཆེན་པོའི་སྒོ་ནས་ཕྱག་རྒྱས་རབ་ཏུ་སྦྱོར་ཞིང་གནས་པས་དེ་དང་མཐུན་པའི་མཆོག་འགྲུབ་པར་འགྱུར་རོ། །དེ་ཉིད་ཀྱི་ཚུལ་ནི་རྟོག་པ་དགུ་པའི་གནས་སྐབས་ནས་ཀྱང་བཤད་ལ། རྩ་བའི་ 26-1-332b རྒྱུད་ལས་ཀྱང་རྒྱ་ཆེར་བསྟན་པའི་དོན་བཞིན་དུ་ཤེས་པར་བྱའོ། །ད་ནི་རིགས་སོ་སོའི་དཀྱིལ་འཁོར་དག་ལ་དགའ་བ་དག་གི་དོན་དུ་སོ་སོའི་ཕྲིན་ལས་ཀྱིས་དཀྱིལ་འཁོར་གྱི་ལས་བསྒྲུབ་པའི་ཕྱིར་ཚུལ་རྣམ་པ་དྲུག་ཏུ་བསྟན་པ་ལས། དང་པོར་རྡོ་རྗེ་སེམས་དཔའི་སྒོ་ནས། སྣ་ཚོགས་ལས་ཀྱི་སྦྱོར་བ་ དང་། །གདུལ་བའི་ཐབས་ནི་སྣ་ཚོགས་པས། །སེམས་ཅན་རྣམས་ནི་གདུལ་བའི་ཕྱིར། །དེ་ལས་གཞན་པའི་ཚུལ་དུ་བསྟན། །ཐབས་ཐུགས་རྗེ་ཆེན་པོ་མཛད་པའི་ཕྲིན་ལས་སྣ་ཚོགས་རྣམ་པར་བསྟན་ཏེ། དེས་གདུལ་བའི་གདུལ་བྱ་མཐའ་དག་དེ་ལྟ་བུའི་ལམ་ལ་གཞུག་པའི་ ཐབས་ཁྱད་པར་ཅན་མངའ་བས། དེ་ཉིད་ཀྱི་སྒོ་ནས་གཞུག་པའི་ཕྱིར་རྡོ་རྗེ་སེམས་དཔའི་རྣམ་པ་ལས་བྱུང་བའི་ཚོགས་དང་། ཚོགས་ཀྱིས་སྒྲུབ་པའི་སྒོ་ནས་རྣམ་པར་སྤྱད་པའོ། །དེ་ཡང་བསྡུས་པའི་དོན་སྔ་མ་དང་འདྲ་བར་རྟེན་གྱི་གང་ཟག་ཁྱད་པར་གྱི་མཚན་ཉིད་ཅན་གྱིས་ལེའུ་བདུན་ པ་ལས་འབྱུང་བའི་རང་གི་གནས་སུ། ཡུམ་དང་། འཁོར་དང་། ཡོ་བྱད་དང་། རྒྱན་ཆ་ལ་སོགས་ཕུན་སུམ་ཚོགས་པ་བཞི་དང་ལྡན་པས་རང་གི་དཀྱིལ་འཁོར་གྱི་སྒོ་ནས་བསྒྲུབ་པར་བྱའོ། །དེ་ཡང་རིགས་བསྡུས་ཀྱི་བྱ་བ་དག་དང་ཆ་འདྲ་བར་སྤྱོད་པ་སྟེ། གཟུགས་བརྙན་གྱི་དཀྱིལ་ འཁོར་བྲི་བ་དང་། དཀྱིལ་འཁོར་སྒྲུབ་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བྱ་བ་ལ་བརྟེན་ཏེ་བསྙེན་སྒྲུབ་ཡན་ལག་བཞིའི་སྒོ་ནས་སྤྱོད་པ་དང་། །གླུ་དང་། གླུའི་ལན་དང་། བརྡ་དང་། བརྡའི་ལན་དང་། ཕྱག་རྒྱ་དང་། ཕྱག་རྒྱའི་ལན་དང་། བྲོ་གར་གྱི་ཕྱག་རྒྱ་སྣ་ཚོགས་ཀྱི་སྒོ་ནས་ སོ་སོར་མཉེས་པར་བྱ་བ་དང་། བཟའ་བཏུང་གི་ཚོགས་ལ་ལོངས་སྤྱོད་པ་དང་། གནས་དང་དམ་ཚིག་གི་ཕྱག་རྒྱ་ལ་གནས་པ་དང་། སོ་སོའི་ལས་ཀྱི་སྒོ་ནས་རོལ་པའོ། །རྗེས་སུ་འཇུག་པའི་གང་ཟག་གི་དོན་གོང་མ་དང་འདྲ་བར་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བསྒྲུབ་པར་བྱ་བ་ དང་། དེ་ལྟར་རྡོ་རྗེ་ཧེ་རུ་ཀ་དང་། པདྨ་གར་གྱི་དབང་ཕྱུག་དང་། རྡོ་རྗེ་ཉི་མ་དང་། རྟ་མཆོག་རོལ་པ་བསྒྲུབ་པའི་ཕྲིན་ལས་ལ་སྦྱོར་བའི་ཐབས་བསྟན་པའི་ཕྱིར། རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤིགས། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་ 26-1-333a དྲུག་གསུངས་ཏེ། བསྒྲུབ་པའི་རིམ་པ་ནི་ཚོགས་ཀྱི་འཁོར་ལོའི་ཆོ་ག་ལས་རྒྱ་ཆེར་བསྟན་པས་འདིར་སྤྲོ་བར་མི་བྱའོ། །གཞན་ཡང་། རྟེན་གྱི་སྒོ་ནས་བསྒྲུབ་པའི་ཕྱིར། །རང་གི་ལྷ་དང་འདྲ་བ་ཡི། །རང་གི་བྱིན་རླབས་བསྒྲུབ་པའི་ཕྱིར། །གཟུགས་བརྙན་ངོ་བོར་སྦྱོར་བ་ཡིས། ། ཕྱག་རྒྱའི་སྤྱོར་བས་གར་བྱའོ། །ཐ་མལ་པའི་འགྲོ་བ་དག་གིས་ལུས་ངག་ཡིད་གསུམ་དག་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་སུ་སྦྱོར་བའི་ཕྱིར། སྐུའི་གཟུགས་བརྙན་དང་། གསུང་གི་མཚན་མ་དང་། ཐུགས་ཀྱི་ཕྱག་རྒྱ་དག་བདག་ལ་བསྟན་ཅིང་སྦྱོར་བ་རྣམས་གར་བྱེད། བསྡུས་པའི་ དོན་ནི་ཚོགས་ཀྱི་དཀྱིལ་འཁོར་དུ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་གང་ཡང་རུང་བ་ཅིག་ལ། བསྙེན་སྒྲུབ་ལ་ཡན་ལག་བཞིའི་སྒོ་ནས་རྟགས་རྣམ་པ་ལྔ་གསལ་བར་གྱུར་པ་དང་ཕྱག་རྒྱའི་དངོས་གྲུབ་བླང་བར་བྱའོ་ཞེས་པའོ། །ད་ནི་གོང་མ་དག་གི་འབྲས་བུ་བསྟན་པ་ལས། དང་པོར་སྤྱིའི་མཚན་ཉིད་ནི། ། དམ་ཚིག་རྣམ་པ་སྣ་ཚོགས་ཀྱིས། །དེ་ལྟར་རྣམ་པར་དཔྱད་ན་ནི། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་ཕྱེད་དང་གསུམ་གསུངས་ཏེ་བསྒྲུབས་པ་ལས་བྱུང་བའི་ལས་ཐམས་ཅད་སྐད་ཅིག་མས་རྒྱུད་ལ་ཉམས་སུ་མྱང་བར་བྱ་བའི་ཕྱིར་ཉམས་སུ་བླང་བའི་ཐབས་ལམ་རྣམ་པ་གཉིས་ལ་ སྦྱར་བར་བྱ་སྟེ་གཞི་དང་རྟེན་ལ་སོགས་པའི་ལས་གསལ་བ་དག་ལ་དམིགས་ཤིང་དེ་ཉིད་དང་ཚུལ་མཐུན་པའི་སྤྱོད་པའི་རིམ་པ་དག་རྣམ་པར་སྤྱད་ནས་དོན་བཞིན་དུ་བསྟན་པའི་མཐུས། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་སྒྱུ་མ་བདེ་བ་མཆོག་གི་དངོས་གྲུབ་འགྲུབ་པར་ འགྱུར་བའོ། །ཁྱད་པར་གྱི་དབང་དུ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་བསྒྲུབ་པའི་འབྲས་བུ་ལ་སོགས་པ་རིགས་ཀྱི་དཀྱིལ་འཁོར་རྣམས་ཀྱི་རང་རང་གི་ཡོན་ཏན་འབྲས་བུ་དག་བསྟན་པའི་ཕྱིར། ཀུན་དུ་ཀུན་ནས་ཐམས་ཅད་ནི། །སངས་རྒྱས་རྫུ་འཕྲུལ་ཐམས་ཅད་ཀྱིས། །ཞེས་པ་ལ་སོགས་པའི་ ཚིགས་སུ་བཅད་པ་དྲུག་གསུངས་ཏེ། རིགས་རྣམ་པ་ལྔ་དང་ཡེ་ཤེས་རྣམ་པ་ལྔའི་དོན་རྟགས་ཀྱིས་ཆོས་ཐམས་ཅད་ལ་སྦྱོར་ཞིང་ཁྱད་པར་གྱི་ཕྲིན་ལས་རྣམ་པ་ལྔའི་མཛད་པ་རང་གི་གདུལ་བྱ་གྲོལ་བར་མཛད་ནས་བསྒྲུབ་པའི་འབྲས་བུ་ཡོན་ཏན་མཆོག་ཏུ་གྱུར་པ་ལ་སྦྱོར་བར་མཛད་པའོ། ། 26-1-333b དེ་དག་གི་འབྲས་བུ་ནི་གོ་སླ་བའི་ཕྱིར་མ་བཤད་དོ། །ཡང་འབྲས་བུའི་མཇུག་བསྡུ་བའི་ཕྱིར། དེ་ལ་སོགས་པ་མཐའ་ཡས་མཆོག །ཆོས་དབྱིངས་མཉམ་དང་མི་མཉམ་པ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་ཕྱེད་དང་གཉིས་གསུངས་ཏེ། དངོས་གྲུབ་རྒྱ་ཆེན་པོར་འཁྲིགས་པ་ལས་བྱུང་བའི་ འབྲས་བུ་ཚད་མེད་ཅིང་མཐའ་ཡས་པའི་མཆོག་གི་སྙིང་པོ་ཆོས་ཀྱི་དབྱིངས་མཉམ་པ་དང་མི་མཉམ་པས་བསྡུས་པ་མཐར་ཐུག་པ་མེད་པའི་བར་དུ་རྣམ་པར་སྤྲོས་ཤིང་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་བརྒྱན་པའི་དཔལ་རྡོ་རྗེ་སེམས་དཔའ་ཉིད་དུ་གྲུབ་པའོ། །ད་ནི་ཕྲིན་ལས་ཀྱི་མཇུག་བསྡུ་བའི་ཕྱིར། དཔལ་དགྱེས་ རོལ་པ་རྣམ་འཕྲུལ་པ། །སྣ་ཚོགས་ཀྱིས་ནི་རྣམ་པར་རོལ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་ཕྱེད་དང་གཉིས་གསུངས་ཏེ། དཔལ་བདེ་བ་ཆེན་པོའི་སྐུ་ལས་ཁྱད་པར་གྱི་ཕྲིན་ལས་རྣམ་པ་བཞི་དང་། བརྒྱད་དང་། བཅུ་དྲུག་དང་། ཉི་ཤུ་དང་། སུམ་བརྒྱ་དྲུག་ཅུའི་བར་དུ་དཀྱིལ་འཁོར་གྱི་འཁོར་ ལོ་དག་གི་མཛད་པའི་རྣམ་པས་གྲོལ་བའི་དོན་དུ་སྣ་ཚོགས་ཀྱི་བྱ་བས་རྣམ་པར་རོལ་ཅིང་། ཐམས་ཅད་སྐལ་པ་བཟང་པོའི་བདེ་བ་མཆོག་གིས་གདུལ་བྱའི་ཕྲིན་ལས་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་སེམས་ཅན་གྱི་ཁམས་དག་རབ་ཏུ་བསྒྲུབ་པའོ། །གཞན་ཡང་ཚོགས་ཀྱི་དཀྱིལ་འཁོར་གྱི་མཇུག་བསྡུ་ བའི་ཕྱིར། དེ་ལ་སོགས་པ་མཐའ་ཡས་མཆོག །ཆོས་དབྱིངས་མཉམ་དང་མི་མཉམ་པ། །ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་དང་གཉིས་གསུངས་ཏེ། ཚོགས་ཀྱི་དཀྱིལ་འཁོར་གྱི་སྒོར་ཞུགས་པའི་རྣལ་འབྱོར་པ་དག་གིས་དང་པོར་སྒྲུབ་པའི་རིམ་པ་ཤེས་པར་བྱ་བ་དང་། དེའི་དོན་ བཞིན་དུ་སྤྱོད་པས་ཡོན་ཏན་གྱི་འབྲས་བུ་དེ་ཉིད་དང་མཐུན་པའི་ཚོགས་སྣང་བར་མཛད་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མའི་དཀྱིལ་འཁོར་གྱི་རྟོག་པ་ཞེས་པ་ནི་སྤྱིའི་སྒྲ་ལས་ཁྱད་པར་གྱི་བྱེ་བྲག་ཏུ་སྦྱར་བ་སྟེ། ལས་མཁན་གྱི་སྐབས་སུ་བབ་པའི་ཚིག་ བཞིན་དུ། ཚུལ་དེ་ཉིད་ཀྱི་རྟོག་པ་གཅོད་པར་བྱེད་པས་ཚོགས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཡང་གནས་སྐབས་ཀྱི་སྒྲ་དེ་ཉིད་འཇུག་པར་འགྱུར་རོ། །དེས་ན་མཁའ་འགྲོ་མའི་དཀྱིལ་འཁོར་གྱི་རྟོག་པ་ཤེས་པ་ཡིན་ནོ། །རྟོག་པ་དྲུག་པའི་དོན་རྣམ་པར་བཤད་པའོ།། །། 26-1-334a གང་ཞིག་གིས་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཇི་ལྟར་གནས་པའི་དོན་མི་ཤེས་ཤིང་། ལས་སྒྲུབ་པ་དག་གིས་ཕན་ཡོན་མ་རྟོགས་པ་དག་གིས་ནི་བྱ་བའི་སྒོ་རྣམས་ཐམས་ཅད་ལ་རྨོངས་པ་ཡིན་ཏེ། རེན་བུའི་ཚོགས་ཀྱི་རྒྱལ་པོའི་བཀའ་གསང་ནད་པར་ལས་སྤྱོད་པ་ལྟ་བུའོ། །ལོང་བའི་ ཚོགས་ཀྱིས་བརྟགས་པའི་བསྟན་བཅོས་མཐའ་དག་ལ་སྤྱོད་པ་བཞིན་ནོ། །དེ་དག་བསྒྲུབ་པར་མི་ནུས་པས་ནི་ཤེས་པའི་ལོ་རྒྱུས་ཙམ་ལ་བརྟེན་པས་ཕན་པར་མི་འགྱུར་ཏེ། ཀླུ་ཏཀྵའི་སྤྱི་བོ་ནས་རྒྱན་གྱི་རིན་པོ་ཆེ་ལྟ་བུའམ་ལས་མཐའ་ལ་སྤྱོད་པའི་དུས་སུ་དུག་ཟ་བའི་བདུད་རྩི་བཞིན་ནོ། །དེ་དག་སྤྱོད་ པར་མི་ནུས་པས་ནི་བསྒྲུབས་ཤིང་བསགས་པས་ཀྱང་ཕན་པར་མི་འགྱུར་ཏེ། བྲམ་ཟེ་མོ་བཟང་མཛེས་མ་ལྟ་བུའམ། བཙུན་མོ་རིན་སྤྱོད་མ་ལྟ་བུའོ། །དེ་དག་ཀྱང་སྔོན་གྱི་ལོ་རྒྱུས་ལ་སོགས་པས་དེ་ནི་མ་བསྒྲུབས་ཤིང་། སྒྲུབ་པའི་ཐབས་ལ་སྤྱོད་པའི་ཡན་ལག་དང་བྲལ་བས་ནི་འཇུག་པར་མི་ འགྱུར་ཏེ། ཡིད་མི་ཆེས་ཤིང་གསལ་བའི་དོན་ཉམས་སུ་མྱོང་བ་རྒྱུད་ལ་བསྐྱེད་པར་མི་འགྱུར་ཏེ། བསྟན་བཅོས་ཀྱི་ལོ་རྒྱུས་གང་ཡང་མེད་པའི་ལམ་ལ་འཇུག་པ་དང་། རྒྱུ་རྐྱེན་མ་ཚོགས་པའི་བྱ་བ་རྩོམ་པ་སྟེ། ཁྱིམ་བདག་རྣམ་དཔྱོད་ཀྱིས་ཤིང་མཁན་གྱི་གནས་སུ་ཞུགས་པ་ལྟ་བུའམ། རྒྱལ་ པོ་སྒྲ་གཅན་གྱི་ལས་གསུངས་པའི་འཁོར་ལོར་བསྒྲུབ་པ་ལྟ་བུའོ། །དེ་དག་ཐམས་ཅད་ཀྱང་ཕུན་སུམ་ཚོགས་པའི་སྒོ་ནས་ལས་དག་ལ་སྦྱོར་བར་མ་བྱས་ཤིང་། རང་ཉིད་ཀྱི་རྒྱུད་མ་སྦྱངས་པས་ནི་སྟོབས་འཕེལ་ཞིང་འཇུག་པར་མི་ནུས་ཏེ་མ་ཕམ་པའི་ལོངས་སྤྱོད་ལྟ་བུ་དང་། ཁྱིམ་བདག་བཤེས་ གཉེན་ཅན་གྱི་འཁོར་ལོ་ལྟ་བུའོ། །དེ་དག་གི་རྟེན་གནས་ནི་ལམ་དང་པོའི་མཚན་ཉིད་ཅན་ལས་བྱུང་བ་སྟེ། གང་ཞིག་དེ་ལམ་བརྟེན་པར་བྱ་བའི་ལས་གཞན་རྩོམ་པར་འདོད་པ་དག་རྒྱལ་པོ་སེར་སྐྱོང་གི་དཔུང་གི་ཚོགས་ཡན་ལག་བཞི་པ་བཞིན་དུ་འགྱུར་བས་རང་དགའི་བློ་དགག་པར་བྱའོ། །དེ་དག་ གི་མཚན་ཉིད་ནི་རྟེན་ཉམས་པ་དང་། གནས་དང་མི་ལྡན་པ་དང་དཀྱིལ་འཁོར་དུ་མ་ཞུགས་པ་དང་། དེ་ལས་བྱུང་བའི་དོན་དག་མ་མཐོང་ཞིང་ཐོབ་པར་མ་བྱས་པ་སྟེ། ནེ་ཙོ་སྨྲ་རྒྱལ་དང་བྲམ་ཟེའི་བུ་མོ་སྔོ་བསངས་དང་། རྒྱལ་པོ་ཡུལ་སྐྱོང་གི་བུ་དང་། གསུམ་མཛེས་ཕྲེང་བ་ཅན་གྱི་བུ་དང་། རྒྱལ་ 26-1-334b པོ་སྐྱབས་སོང་དག་བཞིན་ནོ། །དེས་ན་ལེའུ་བདུན་པ་ལས་འབྱུང་བའི་དོན་དག་ནི་ཀུན་གྱི་ཐོག་མར་འགྲོ་བ་ཡིན་ཏེ། དེ་ཡང་རྩ་བའི་རྒྱུད་ལས། ལས་ཀྱི་སྒྲུབ་པ་གང་དག་ལ། །བརྟེན་ནས་ཕུན་སུམ་མ་ཚོགས་པར། །རྗེས་སུ་སྤྱོད་པ་གང་ཡིན་པ། །གང་ཡང་འགྲུབ་པར་མི་འགྱུར་རོ། །ཞེས་ སོ། །དེ་དག་སྤྱིའི་མཚན་ཉིད་ནི་རྟོག་པ་བདུན་པ་ལས། རྟེན་གནས་ཕུན་སུམ་ཚོགས་ལྡན་པས། །སྔོན་འགྲོའི་བསྙེན་པ་རྫོགས་བྱས་ཏེ། །ས་གཞི་སྟ་གོན་གནས་པ་དང་། །གཟུགས་བརྙན་དཀྱིལ་འཁོར་རྩོམ་སྒྲུབ་ཅིང་། །གཏོར་མ་སྦྱིན་སྲེག་ཤིས་པའི་ལས། །འཇུག་པ་དབང་ བསྐུར་ལ་སོགས་རྣམས། །བདག་གཞན་སྨིན་ཅིང་གྲོལ་བའི་ཕྱིར། །དམ་པའི་ལུང་བཞིན་བསྒྲུབ་པར་བྱ། །ཞེས་སོ། །དེ་ལས་དང་པོ་གཟུགས་བརྙན་གྱི་དཀྱིལ་འཁོར་མདོར་བསྟན་པའི་ཕྱིར། དེ་ནས་གཞན་ཡང་བཤད་བྱ་བ། །རྡོ་རྗེ་སེམས་དཔའ་དཔལ་གྱི་ལྷ། །རྣམ་པ་སྣ་ ཚོགས་ཀུན་གྱི་མཆོག །འཁོར་ལོ་ཐམས་ཅད་རྣམ་འཕྲུལ་པ། །གསང་བ་མཆོག་གི་དགྱེས་པར་ནི། །ཐམས་ཅད་བདག་ཉིད་རྗེས་སུ་བསྒྲུབ། །གཟུགས་བརྙན་གྱི་དཀྱིལ་འཁོར་བཤད་པ་སྐབས་སུ་བབ་པའི་ཕྱིར། དབང་བསྐུར་བ་དང་། ཚོགས་བསགས་པ་དང་། བསྲུང་བར་བྱ་བ་དང་། རབ་ཏུ་གནས་པའི་ཆོ་ག་ལ་སོགས་པའི་དོན་དུ་ལས་གོང་དུ་མ་དག་ལས་གཞན་དུ་བྱ་བའི་རིམ་པ་དག་གིས་དཀྱིལ་འཁོར་ཐམས་ཅད་ཀྱི་ཕྱག་རྒྱ་ཤེས་པའི་སྦྱོར་བ་དང་ལྡན་པས་སྟང་སྟབས་ཀྱི་བྱེ་བྲག་སྣ་ཚོགས་ཀྱི་སྒོ་ནས་དཀྱིལ་འཁོར་ཐམས་ཅད་ཀྱི་རྟོག་པ་ལ་སྦྱར་བར་བྱའོ། །དེ་དག་ སྔོན་བྱུང་གི་དུས་སུ་རི་རབ་ཀྱི་རྩེ་མོར་དཀྱིལ་འཁོར་འཕྲུལ་ཞིང་བཤད་པའི་ཚུལ་དག་རྒྱ་ཆེན་པོར་སྣང་བ་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལས། འཁོར་ལོ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པའི་ཚུལ་གྱིས་དཔའ་བོ་ཡན་ལག་བདུན་པ་དང་ལྡན་པའི་སྒོ་ནས་སྟོན་པར་མཛད་པ་དང་། དེ་ཉིད་ སྒྲུབ་པའི་ཐབས་ཁྱད་པར་ཅན་རྟེན་གྱི་གང་ཟག་ནས་བཟུང་སྟེ། དབང་བསྐུར་བ་ལ་སོགས་པ་ཆོ་གའི་ཡན་ལག་རྣམས་རྫོགས་པར་རྗེས་སུ་འཇུག་པའི་གང་ཟག་གིས་བསྒྲུབ་པའི་ཡན་ལག་ཏུ་བཤད་པའི་འཁོར་ལོ་ཐམས་ཅད་རྣམ་པར་འཕྲུལ་པའི་ཕྱིར་སྟོན་པར་མཛད་དོ། །ཚིག་མཐའ་ 26-1-335a མའི་རྐང་པ་གཉིས་ནི་ཕྱི་ནང་གསང་བ་གསུམ་གྱི་གནས་དབེན་པར་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པས་བསྒྲུབ་པར་བྱའོ། །དེ་ཡང་རྩ་བའི་རྒྱུད་ལས། བཀོད་པའི་དཀྱིལ་འཁོར་རྒྱ་ཆེན་པོ། །རི་རབ་རྩེ་མོར་སྤྲུལ་མཛད་ཅིང་། །གདུལ་བྱའི་སྣང་བ་ཇི་ལྟ་བར། ། དཀྱིལ་འཁོར་རྣམ་པར་འཕྲུལ་པའི་ཚུལ། །རྗེས་འཇུག་འགྲོ་བ་གཟུང་བའི་ཕྱིར། །དེ་ཉིད་དཀྱིལ་འཁོར་བཤད་མཛད་ཅིང་། །ཕྱི་ནང་གསང་བའི་གནས་དག་ཏུ། །ཕུན་སུམ་ཚོགས་པའི་བསྒྲུབ་པར་བསྟན། །ཞེས་སོ། །ད་ནི་རྒྱས་པའི་སྒོ་ནས་གནས་བསྟན་པའི་ཕྱིར། དབེན་པ་ཡི་ནི་ གནས་དག་གམ། །རང་གི་སྐྱེད་མོས་ཚལ་སོགས་པར། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་ཕྱེད་དང་བདུན་གསུངས་ཏེ། དང་པོར་ཚིགས་སུ་བཅད་པ་ཕྱེད་ཀྱིས་རྡོ་རྗེ་སེམས་དཔའི་གནས་བསྟན་ཏོ། །དེ་ནས་ཚིགས་སུ་བཅད་པ་གཅིག་གིས་ནི་རྟེན་ཕུན་སུམ་ཚོགས་པ་དང་ལྡན་པས་ བསྒྲུབ་པའི་ཡན་ལག་དང་། དཀྱིལ་འཁོར་གྱི་སྔོན་དུ་འགྲོ་བ་ལ་སོགས་པ་ཕུན་སུམ་ཚོགས་པས་འཇུག་པར་བྱའོ། །དེའི་རྗེས་ལ་ཚིགས་སུ་བཅད་པ་ལུས་ནི་དཔལ་རྣམ་པར་སྣང་མཛད་དང་། ཧེ་རུ་ཀ་དང་། པདྨ་གར་གྱི་དབང་ཕྱུག་དང་། རྡོ་རྗེ་ཉི་མ་དང་། རྟ་མཆོག་གི་དཀྱིལ་འཁོར་བསྒྲུབ་པའི་གནས་ རིམ་པ་བཞིན་དུ་བསྟན་པ་ཡིན་ནོ། །དེ་ལྟར་སྤྱིའི་མཚན་ཉིད་ཤེས་ནས་ཁྱད་པར་གྱི་དོན་ནི། དཀྱིལ་འཁོར་བསྒྲུབ་པ་ལ་མི་མཐུན་པའི་ཕྱོགས་ཐམས་ཅད་ཀྱིས་དབེན་པའི་གནས་སུ་ཁང་པ་རིམ་པ་གསུམ་པར་བྱ་སྟེ། ཕྱི་རོལ་གྱི་བར་ཁྱམས་སུ་ཕྱིའི་སྲུང་མ་དང་གར་དང་རོལ་མོ་ལ་སོགས་པའི་ རྫས་དག་དགོད་པར་བྱའོ། །བར་གྱི་ཁྱམས་སུ་ནི་ལས་ཀྱི་རྡོ་རྗེ་ལ་སོགས་པའི་ཕྱིའི་རྣལ་འབྱོར་པ་སློབ་མའི་ཚོགས་རྣམས་གཞག་པར་བྱའོ། །ནང་གི་ཁང་པར་ནི་གཟུགས་བརྙན་གྱི་དཀྱིལ་འཁོར་བྲི་ཞིང་རྒྱན་དང་ཡོ་བྱད་ལ་སོགས་པས་མཛེས་པར་བྱས་ཏེ། རྣལ་འབྱོར་པ་གཙོ་བཟུང་དག་གནས་ པར་བྱའོ། །དེ་ལྟ་བུའི་གནས་དག་དང་མི་ལྡན་ན་རང་གི་སྐྱེད་མོས་ཚལ་དང་། ཆུ་བོའི་འགྲམ་དང་། རྒྱ་མཚོའི་ངོགས་དང་། ནེའུ་སིང་མེ་ཏོག་གིས་བརྒྱན་པ་ལ་སོགས་པར་དཀྱིལ་འཁོར་རྩོམ་པ་དང་བསྒྲུབ་པའི་རིམ་པ་བརྩམ་མོ། །དེ་ཡང་རྟེན་ཇི་ལྟ་བུའི་རྣམ་པས་བསྒྲུབ་པར་བྱ་ཞེ་ན། རང་ཉིད་དཔལ་རྡོ་ 26-1-335b རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོར་གནས་ཤིང་ཀུན་དུ་སྣ་ཚོགས་སྐལ་བ་བཟང་པོའི་ལྷ་མོའི་ཚོགས་དང་བཅས་པས་རང་གི་དཀྱིལ་འཁོར་རྩོམ་པ་དང་། དཀྱིལ་འཁོར་བསྒོམ་པ་ལ་སོགས་པའི་རྣམ་པས་དཀྱིལ་འཁོར་སྒྲུབ་ཅིང་གསལ་བར་གྱུར་པ་དང་ཕྲིན་ལས་སྣ་ཚོགས་བརྩམ་པར་བྱའོ། །དེ་ཡང་ཕྲིན་ ལས་ཕྱོགས་གཅིག་པ་དང་། སྒྲུབ་པ་ཕྱོགས་གཅིག་པའི་དུས་སུ་ནི་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་དག་གི་མཐུས་འགྲུབ་པར་འགྱུར་བ་ཡིན་ལ། བསྙེན་སྒྲུབ་ཅི་བདེ་བའི་དུས་སུ་ནི་གནས་ཅི་བདེར་བརྩམ་པར་བྱའོ། །ཞི་བའི་དུས་སུ་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རྩོམ་པའི་ཕྱིར་ནི་དཀོན་ མཆོག་གསུམ་གང་ཡང་རུང་བའི་རྟེན་གནས་སུ་གྱུར་པ་དང་། ཁྱད་པར་དུ་རྟེན་བཙུགས་པའི་གནས་དང་། གྲོང་ལས་དཔག་ཚད་ལྔ་བརྒྱས་དགོན་པར་གྱུར་པ་དེའི་གཙུག་ལག་ཁང་ལ་སོགས་པ་དང་། ཆོས་བརྒྱད་དང་ལྡན་པའི་རི་བོའི་རྩེ་མོ་དག་ཏུ་བསྒྲུབ་པར་བྱའོ། །དྲག་པོའི་དུས་སུ་དཔལ་ཧེ་རུ་ཀའི་ དཀྱིལ་འཁོར་སྒྲུབ་པའི་གནས་ནི། ཆོས་དགུ་དང་ལྡན་པ་དུར་ཁྲོད་ཀྱི་གནས་དང་། འཇིག་རྟེན་གྱི་ལྷ་ཆེན་པོ་དག་གསོལ་མཆོད་བྱེད་པའི་གནས་དང་། མ་མོའི་གནས་བདུན་ལ་སོགས་པར་བརྩམ་པར་བྱའོ། །དབང་གི་དུས་སུ་པདྨ་གར་གྱི་དབང་ཕྱུག་བསྒྲུབ་པ་ལ་ནི་པདྨོའི་སྐྱེད་མོས་ཚལ་དང་། མེ་ ཏོག་དམར་པོའི་སྐྱེད་མོས་ཚལ་དང་། ཆུ་རྒྱུན་གཡས་ནས་འཁྱིལ་བ་དང་། ཆུ་བོ་འདུས་པའི་མདོ་དང་། རྒྱ་མཚོའི་གནས་ལ་སོགས་པར་བརྩམ་པར་བྱའོ། །རྒྱས་པའི་དུས་སུ་རྡོ་རྗེ་ཉི་མ་བསྒྲུབ་པའི་ཕྱིར། རྒྱལ་པོ་ཆེན་པོའི་ཕོ་བྲང་ངམ། དགའ་མཆོག་མང་པོ་འདུས་པའི་གནས་སམ། ཁྱིམ་ བདག་འབྱོར་ཅན་གྱི་གནས་དང་། པདྨོའི་སྐྱེད་མོས་ཚལ་ལ་སོགས་པར་བྱའོ། །ལས་སྣ་ཚོགས་པ་དག་བསྒྲུབ་པའི་ཕྱིར། རྟ་མཆོག་གི་གནས་ནི་བྱ་བ་སྣ་ཚོགས་ཀྱི་ལས་སོ་སོ་དང་མཐུན་པའི་དགེ་འདུན་གྱི་གནས་དང་། ཉེ་བའི་གནས་དང་། རྒྱལ་པོའི་བཞུགས་གནས་དང་། སྨད་འཚོང་མ་དང་། ཤན་པའི་མཁར་དག་གམ། ཆུ་བོའི་འགྲམ་མམ། གནས་ཁང་གཞན་ལས་འཕགས་པ་དག་ཏུ་བརྩམ་པར་བྱའོ། །ད་ནི་མངོན་པར་འདོད་པའི་གནས་དེ་ཉིད་དུ་རྒྱན་དང་ཡོ་བྱད་བསགས་པའི་ཕྱིར། ཆ་ལུགས་རྣམ་པ་སྣ་ཚོགས་དང་། སྒྲུབ་པ་རྣམ་པ་སྣ་ཚོགས་ཀྱིས། །རྡོ་རྗེ་སེམས་དཔའི་ 26-1-336a དགོས་པ་ལ། །དཀྱིལ་འཁོར་ལ་སོགས་རབ་ཏུ་བསྒྲུབ། །དཀྱིལ་འཁོར་བསྒྲུབ་པའི་དོན་དུ་རྒྱན་དང་། ཆ་ལུགས་དང་། མཆོད་པའི་ཡོ་བྱད་ལ་སོགས་པ་སྣ་ཚོགས་སྦྱར་ཞིང་བཀོད་པར་བྱ་བ་སྟེ། གོང་དུ་རྒྱས་པར་བཤད་ཟིན་ཏོ། །དེའི་དོན་ནི་ཁྱད་པར་དུ་རྡོ་རྗེ་སེམས་དཔའི་དཀྱིལ་ འཁོར་ལ་སྦྱར་བར་བྱའོ། །རིགས་ཀྱི་དཀྱིལ་འཁོར་གཞན་དག་གི་ཁྱད་པར་གྱི་རྒྱན་དང་ཡོ་བྱད་ཀྱི་ཞར་ལ་རྒྱན་དང་གདན་དགོད་པ་དག་བསྟན་པའི་ཕྱིར། སངས་རྒྱས་རྣམས་ཀྱི་པདྨོ་དམར། །ཕྱག་ན་རྡོ་རྗེ་སྣ་ཚོགས་ལ། །འཇིག་རྟེན་དབང་གི་ཁ་དོག་དཀར། །རྡོ་རྗེ་ཉི་མ་དཔལ་གྱི་སེར། །ཁ་དོག་ ཀུན་དང་ཅི་འབྱོར་པ། །བླ་རེ་རྒྱལ་མཚན་རྒྱན་གྱི་རྣམས། །སྣ་ཚོགས་རབ་ཏུ་སྒྲུབ་པ་དཔལ། །རྟ་མཆོག་རྡོ་རྗེ་ཅན་གྱིའོ། །སངས་རྒྱས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་རྒྱན་དང་། རྣལ་འབྱོར་པའི་རྒྱན་དང་། མཆོད་པའི་རྫས་ལ་སོགས་པ་དག་ནི་དམར་པོར་བྱའོ། །དེ་ཡང་ཆགས་པ་ རྣམ་པ་གཉིས་དང་མ་བྲལ་ཞིང་། ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་ཟིལ་གྱིས་མནན་པའི་ཕྱིར་རོ། །དེ་བཞིན་དུ་ཧེ་རུ་ཀའི་ནི་མངོན་སྤྱོད་ཀྱི་ལས་སྣ་ཚོགས་འགྲུབ་པའི་སྒོ་ནས་དྲེགས་བྱེད་ཀྱི་ཚོགས་རྣམས་གྲོལ་བར་མཛད་པ་སྣ་ཚོགས་པ་དང་། པདྨ་གར་གྱི་དབང་ཕྱུག་གིས་ནི་གཏི་མུག་ གི་རྒྱུད་དག་པར་མཛད་ཅིང་། སྒྲོ་སྐུར་གྱི་མཐའ་ཐམས་ཅད་ཞི་བ་དང་། རྟག་ཆད་ཀྱི་མཚན་མ་དག་པར་མཛད་པའི་ཕྱིར་དཀར་པོའོ། །རྡོ་རྗེ་ཉི་མ་ནི་ཡོན་ཏན་རིན་པོ་ཆེའི་ཚོགས་སྣ་ཚོགས་ཀྱི་སྒོ་ནས་ཆགས་སྲེད་ཅན་དང་འཇུངས་པའི་ཚོགས་དག་སྒྲོལ་བར་མཛད་པའི་ཕྱིར་སེར་པོའོ། །རྟ་མཆོག་གི་ནི་ གཅིག་ཏུ་ངེས་པ་མེད་དེ་རྣལ་འབྱོར་པའི་རྒྱན་དང་དཀྱིལ་འཁོར་གྱི་བླ་རྒྱན་དང་། མཆོད་པའི་རྒྱན་དག་ཁ་དོག་སྣ་ཚོགས་ཀྱི་སྒོ་ནས་ཇི་ལྟར་འདོད་པ་བཞིན་དུ་བཤད་པར་བྱའོ། །ད་ནི་རང་བཞིན་གྱི་དཀྱིལ་འཁོར་གྱི་རྣམ་པ་དང་མཐུན་པར་གཟུགས་བརྙན་གྱི་དཀྱིལ་འཁོར་དག་བྲི་བའི་ཕྱིར། གནས་དང་ འཁོར་རྣམས་ཅི་འདྲ་དང་། །བཀོད་དང་འགྲོ་བ་ཅི་འདྲ་དང་། །འཁོར་རྣམས་བཀོད་པ་ཅི་འདྲ་བ། །དེ་འདྲའི་འཁོར་ལོ་མཆོག་གིས་མཛད། །སྔོན་བྱུང་གི་དུས་སུ་རི་རབ་ཀྱི་རྩེ་མོར་བདེ་བར་གཤེགས་པ་ཉིད་ཀྱིས་གནས་བྱིན་གྱིས་བརླབ་ཅིང་བསྲུང་བར་བྱ་བ་བཞིན་དུ། རྗེས་སུ་འཇུག་པ་པོ་དག་གིས་ 26-1-336b ཀྱང་སྒྲུབ་པའི་གནས་གང་དག་སའི་ཆོ་ག་ལ་སོགས་པས་དག་པར་བྱའོ། །དེའི་རིམ་པ་ནི་འདི་ལྟར་ཡིན་ཏེ། ས་གཞི་རྒྱན་གྱི་སྒོ་ནས་བརྟག་པ་དང་། དབྱིབས་ཀྱི་སྒོ་ནས་བརྟག་པ་དང་། ལས་དང་བྱ་བའི་སྒོ་ནས་བརྟག་པ་དང་། རྣམ་ཤེས་ཡེ་ཤེས་ཕྱག་རྒྱའི་སྒོ་ནས་བརྟག་པ་རྣམ་པ་བཞི་བྱས་ནས། ས་སྣང་བ་ལ་བསླང་བའམ། རིན་གྱིས་ཉོ་བ་དང་། མི་སྣང་བ་ལབསླང་བའི་ཕྱིར་སྦྱོར་བ་ལ་གནས་པ་དང་། གཏོར་མས་མཉེས་པར་བྱས་ནས་ས་སྦྱང་བའི་ཕྱིར་རྫས་དང་ཏིང་ངེ་འཛིན་སྔགས་ཀྱིས་དག་པར་བྱ་བ་དང་། ལྟོ་འཕྱེ་བརྟག་པ་དང་། སྐྱོན་བསལ་ཞིང་སྟེགས་བུ་བརྩིགས་པ་ནས། སྙིང་པོ་གཞུག་པ་ དང་། ཆོས་ཉིད་རྣམ་པར་དག་པའི་སྔགས་དང་དྲིས་བྱུག་པར་བྱའོ། །དེ་ནས་ས་གཞི་བྱིན་གྱིས་བརླབ་པའི་ཕྱིར་མཆོད་གཏོར་བཤམས་ཤིང་གཙོ་འཁོར་གྱི་རིགས་ཀྱི་ལྷར་བསྒོམ་པ་དང་། འབྱུང་བ་རིམ་བརྩེགས་རྡོ་རྗེ་ར་བ་ལ་སོགས་པར་བྱིན་གྱིས་བརླབ་པ་དང་། རྡོ་རྗེ་རྒྱ་གྲམ་གྱི་སྔགས་ དང་། ཕྱག་རྒྱས་བརྟན་པར་བྱས་ཤིང་སའི་དབང་པོ་ལ་བསྒོ་བའི་ཕྱིར་ཐལ་མོ་ས་ལ་བརྡབས་ནས་ལྷ་མོ་བཏོན་པ་དང་། དེ་ལ་མཆོད་གཏོར་དབུལ་བ་དང་། གསོལ་བ་གདབ་པ་དང་། ལྷ་མོས་རྗེས་སུ་གནང་བ་དང་། ས་བསྲུང་བའི་དོན་དུ་རྣལ་འབྱོར་པ་གཙོ་འཁོར་གྱི་བྱ་བ་དང་། ཕྱོགས་བཞིའི་ལྷ་མོས་ ཚད་མེད་པ་བཞི་ལ་སོགས་པའི་སྒོ་ནས་བསྐུལ་བ་དང་། ཐུན་མོང་དང་། སྤྱིའི་མཚན་ཉིད་ཀྱི་སྒོ་ནས་གསོལ་བ་གདབ་པ་དང་། སྐུའི་ཆ་ལུགས་དང་། མིག་གིས་ལྟ་བ་དང་། ཡི་གེ་བཞིའི་འཕྲོ་འདུ་དང་། མཚོན་ཆ་འཁྲོལ་ཞིང་སྔགས་བརྗོད་དེ། དྲག་པོའི་ཚོགས་སྤྲོ་བ་དང་། བཀའ་བསྒོ་བ་དང་། དཀྱིལ་འཁོར་བསྐོར་ཞིང་ཕུར་པས་གདབ་པ་དང་། སྟང་སྟབས་ཀྱི་བྱེ་བྲག་དག་གིས་ནི་སའི་ཆོ་ག་རྣམ་པར་བསྡུས་པ་ཡིན་ནོ། །དེར་འཁོར་རྣམས་ཅི་འདྲ་ཞེས་པས་སྔོན་བྱུང་གི་དུས་སུ་རྟེན་གནས་གཞལ་ཡས་ཁང་རྒྱན་གྱིས་རྣམ་པར་མཛེས་ཤིང་། ཁང་པ་བརྩེགས་མའི་བྱེ་བྲག་དང་། དེ་ལྟར་ལྷའི་ དཀྱིལ་འཁོར་བརྟེན་པའི་ཚོགས་རྣམས་ཅི་འདྲ་བ་དང་། དེར་འཇུག་པའི་གང་ཟག་གིས་འཁོར་རྣམས་ཅི་འདྲ་བ་བཞིན་དུ་གནས་པ་དང་། བཀོད་པ་དང་ཞེས་སྒྲས་བུམ་པ་ལ་སོགས་པའི་དཀྱིལ་འཁོར་གྱི་རྒྱན་དང་། མཆོད་པའི་ཡོ་བྱད་ལ་སོགས་པ་དག་ཇི་ལྟར་ཚོགས་པ་བཞིན་དུ་རྗེས་སུ་འཇུག་པ་པོ་ 26-1-337a དག་གིས་ཀྱང་དེ་དག་སྟ་གོན་ལ་གནས་པར་བྱ་བ་ཡིན་ཏེ། ལྷ་སྟ་གོན་ལ་གནས་པར་བྱ་བའི་དོན་དུ་མཎྜལ་བྱུག་ཅིང་མེ་ཏོག་སྔགས་དང་ཕྱག་རྒྱ་བཅས་པར་དགྲམ་པ་དང་མཆོད་པ་བཤམས་ཤིང་སྲུང་བའི་འཁོར་ལོ་བསྒོམ་པ་དང་། བསྒོམ་པའི་རིམ་པ་གསལ་བའི་དམིགས་ པ་གཉིས་ཀྱི་ལས་བྱ་བ་དང་། གསོལ་བ་གདབ་ཅིང་མཉེས་པར་བྱ་བ་དང་། སློབ་མའི་དོན་དུ་བཀའ་བསྒོ་བ་དང་། སྤྲོ་བ་བསྐྱེད་པ་དང་། རྗེས་སུ་གདམས་པ་དང་། ཚོགས་བསགས་པའི་དོན་དུ་དབང་པོའི་སྤྱན་སྔར་དམ་བཅས་པ་དང་། རྒྱས་པའི་དབང་པོ་ཡན་ལག་བཅུ་བཞིས་རྣམ་པར་དག་པ་ དང་། བསྡུས་པའི་དབང་དུ་ཡན་ལག་བདུན་པས་དག་པར་བྱ་བ་དང་། སེམས་བསྐྱེད་ཅིང་སྡོམ་པའི་རིམ་པ་དང་། ཤེས་པར་བྱ་བའི་དོན་དུ་གནས་གསུམ་དག་པར་བྱ་བ་དང་། ཚེམས་ཤིང་སྦྱིན་པའི་རིམ་པ་དང་། སྐྱོན་བསལ་ཞིང་དོར་བ་དང་། དེ་ལ་མཚན་མའི་ལྟས་བལྟ་བ་དང་། དྲི་ཆད་ ཀྱིས་སྦྱང་བ་དང་། ཀུ་ཤ་སྦྱིན་པ་དང་། སྲུང་སྐུད་གདགས་པ་དང་། སྤྲོ་བ་བསྐྱེད་པ་དང་། སྟ་གོན་གྱི་གནས་སུ་གཏོར་མ་བཏང་ཞིང་སློབ་མ་ཀུ་ཤའི་སྟན་ལ་ཉལ་བ་དང་། སློབ་དཔོན་གྱིས་ནང་དུ་དཀྱིལ་འཁོར་མཉེས་པར་བྱ་བ་དང་། མཚན་མ་བཟང་ངན་གྱི་བྱ་བ་བསྟན་པ་དང་། བྱིན་གྱིས་བརླབ་པ་དང་། བུམ་པའི་དོན་དུ་རྒྱུ་དབྱིབས་ཁ་དོག་བསྟན་པ་དང་། རིགས་ཀྱི་མཚན་མས་བརྒྱན་ཅིང་བྱིན་གྱིས་བརླབ་པ་དང་། རྣམ་པར་དག་པ་དེ་ཉིད་རང་རིགས་ཀྱི་དཀྱིལ་འཁོར་བསྟིམ་ཞིང་བཟླས་བརྗོད་ཚང་བས་སྔགས་ཀྱི་ཆུར་གྱུར་པ་དང་། དེ་ཉིད་ཤིས་པར་བྱ་བའི་ཆོ་ག་དང་དཀྱིལ་འཁོར་བསྒྲུབ་པའི་རྗེས་ལ་སོ་ སོའི་གནས་སུ་དགྲམ་པའོ། །དེས་ནི་སྟ་གོན་ལ་གནས་པའི་ཆོ་ག་རྣམ་པར་བསྡུས་པ་ཡིན་ནོ། །དེས་ན་འགྲོ་བ་ཅི་འདྲ་བ་དང་ཞེས་པའི་དོན་གྱིས་གདུལ་བྱའི་རྣམ་པར་རྟོག་པ་སྣ་ཚོགས་པ་ལ་དགོངས་པ་སྟེ། སྤྲུལ་པའི་དཀྱིལ་འཁོར་བདུན་བརྒྱ་བཅུ་གསུམ་བྱུང་བའི་ཚུལ་གྱིས་གཟུགས་བརྙན་གྱི་ དཀྱིལ་འཁོར་ཡང་དེའི་གྲངས་དང་མཐུན་པར་དཀྱིལ་འཁོར་གྱི་འཁོར་ལོ་བཀོད་པའི་ཚོགས་དེ་འདྲ་བར་བསྟན་པ་ཡིན་ནོ་ཞེས་པའོ། །ཅི་དཀྱིལ་འཁོར་གྱི་རིམ་པ་མངོན་སུམ་བྱུང་བར་མ་མཐོང་བར་བཅོས་པ་ལ་སྤྱོད་པས་འགྲུབ་བམ་ཞེ་ན། དཀྱིལ་འཁོར་རྣམ་པ་གསུམ་བསོད་ནམས་འདྲ་བར་བསྟན་པའི་ 26-1-337b ཕྱིར། དཔལ་རྡོ་རྗེ་སེམས་དཔའི་ལྷ་རྣམས་ཀྱི། འཁོར་ལོ་མངོན་སུམ་མཐོང་བ་ལས། །བསོད་ནམས་རྟག་པ་ཅི་འདྲ་བ། །ཕྱིས་བྱས་པ་ཡང་དེ་བཞིན་ནོ། །རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱིས་རྣམ་པར་འཕྲུལ་བ་ལས་བྱུང་བའི་རིགས་ཀྱི་འཁོར་ལོ་རྣམ་པ་དྲུག་གི་སྣང་བའི་བྱེ་བྲག་སྔོན་དུ་འཕྲུལ་ པའི་དཀྱིལ་འཁོར་དང་། རི་རབ་ཀྱི་རྩེ་མོར་བཤད་ཅིང་འཕྲུལ་པའི་དཀྱིལ་འཁོར་བསྟན་པ་དང་། དེའི་དོན་བཞིན་དུ་ཏིང་ངེ་འཛིན་གསལ་བར་བསྒོམ་པ་དང་། དེ་དག་མ་མཐོང་བ་རྣམས་ལ་ཕྱིས་གཟུགས་བརྙན་གྱི་སྒོ་ནས་མཚོན་པར་བྱེད་པ་དག་བསོད་ནམས་འདྲ་ཞིང་མཚུངས་པར་འགྱུར་རོ། །དེ་ལྟར་སའི་ ཆོ་ག་དང་སྟ་གོན་ལ་གནས་པའི་ཆོ་ག་དང་དཀྱིལ་འཁོར་གྱི་ཕན་ཡོན་བསྟན་པའི་རྗེས་སུ་ནི་གཟུགས་བརྙན་གྱི་དཀྱིལ་འཁོར་རྩོམ་པ་ལ་སོགས་པའི་ལས་བརྩམ་པར་བྱ་སྟེ། དེ་ཡང་དང་པོར་ཐིག་གི་ལས་དང་། ཆ་དབྱེ་བའི་ཕྱིར། དཀྱིལ་འཁོར་ཐིག་གདབ་ཤེས་རབ་ཅན། །ཕྱོགས་ཀུན་ མཉམ་པ་ཉིད་བསྒྲུབ་ཅིང་། །ཤར་ནུབ་བྱང་གི་ཕྱོགས་རྣམས་སུ། །ཐིག་བཞི་བཏབ་པས་དཀྱིལ་འཁོར་བརྒྱད། །སློབ་དཔོན་དེ་ཁོ་ན་ཉིད་རྣམ་པ་བཅུ་དང་ལྡན་ཞིང་། ཕྱི་ནང་གི་ལས་དང་གསང་བའི་བྱེ་བྲག་མཐའ་དག་ཤེས་པས་དཀྱིལ་འཁོར་གྱི་ཆོ་ག་ལས་དང་པོར་ཐིག་གདབ་པའི་ལས་ བརྩམས་ཏེ། ཐིག་གཡོག་ལས་ཀྱི་ཕྱག་རྒྱ་མོ་དང་ལྡན་པའམ་གཞན་ཡང་ལྷ་མོ་བཞིའི་ཏིང་ངེ་འཛིན་ལ་ཞུགས་པའི་སྒྲུབ་པའི་གྲོགས་མཆོག་བཞིས་ཕྱོགས་བཞི་ནས་གསོལ་བ་གདབ་ཅིང་། རང་རང་གི་ཕྱག་རྒྱས་བརྒྱན་ཏེ། ཐིག་སྐུད་ཚོན་རྩི་སྣ་ལྔ་ལས་བྱུང་བའི་སྦོམ་ཕྲ་སྒོའི་ཉི་ཤུའི་ཆ་རིང་ཐུང་ དཀྱིལ་འཁོར་ཉིས་འགྱུར་དུ་སླེབ་པས། ཕྱོགས་ཀུན་ཐམས་ཅད་མཉམ་པ་ཉིད་དུ་དམིགས་ནས། ཤིས་པ་དང་མི་ཤིས་པའི་རྟོག་པ་ཐམས་ཅད་བསལ་ནས་རང་བཞིན་གཅིག་པའི་བློས་ནམ་མཁའ་ལ་ལྷ་རྣམས་ཀྱི་བཞུགས་གནས་ཁང་པ་བརྩེགས་པ་དབུབ་ཅིང་། དེ་ཉིད་དུ་སྟ་གོན་གྱི་ལྷ་ རྣམས་དབང་པོའི་ཚུལ་དུ་བཞུགས་སུ་གསོལ་ནས། ཕྱག་རྒྱའི་སྟང་སྟབས་ཀྱིས་བསྐོར་ཞིང་དེ་དང་རྗེས་སུ་མཐུན་པར་ཤར་ནུབ་བྱང་དང་ལྷོའི་ཕྱོགས་རྣམས་མ་ནོར་བའི་སྒོ་ནས་ས་གཞི་ལ་ཐིག་གདབ་པར་བྱའོ། །དེའི་ཕྱིར་རྟོག་པ་བདུན་པ་ལས། སློབ་དཔོན་མཚན་ཉིད་ཀུན་ལྡན་ཞིང་། ། 26-1-338a ཡང་དག་ཡེ་ཤེས་དེ་ཉིད་ཤེས། །རང་གི་ལྷ་ཡི་སྤྱོད་ལྡན་པས། །ཤེས་ལྡན་མཚན་མ་བཅུ་གཉིས་བརྒྱན། །ཞེས་པས་སློབ་དཔོན་གྱི་མཚན་ཉིད་བསྟན་པ་དང་། ཡང་རྩ་བའི་རྒྱུད་ལས། ཐིག་སྐུད་སར་པ་ཚད་ལྡན་པ། །སྔགས་བཅས་ལྷ་མོས་བཀལ་བ་ཡིས། །རིང་ཐུང་དཀྱིལ་ འཁོར་ཉིས་འགྱུར་ལ། །སྦོམ་ཕྲ་སྒོ་ཡི་ཉི་ཤུ་ཆ། །རིན་ཆེན་ཐོད་པའི་སྣོད་བཞག་ལ། །རིགས་ཀྱི་ཡེ་ཤེས་སྔགས་ཀྱིས་བསྐྱེད། །ཅེས་པ་དང་། དེ་ཉིད་བསྡུས་པའི་རྒྱུད་ལས་ཀྱང་། །མིག་གི་ལྟ་བས་དགུག་བྱས་པའི། །སངས་རྒྱས་རིགས་རྣམས་གཞུག་པར་བྱ། །ཞེས་ཏེ། ཐིག་སྐུད་ ཀྱི་མཚན་ཉིད་དང་། དེ་ཉིད་རིགས་ཀྱི་ལྷར་བསྐྱེད་པའོ། །ཡང་རྟོག་པ་བསྡུས་པ་ལས། ཉི་ཤུ་འབར་བའི་ལྕགས་ཀྱུ་ཡིས། །གཉིས་མེད་གཅིག་ཏུ་གནས་པ་དག །མཆོད་དབུལ་བསྟོད་པས་མཉེས་བྱས་ནས། །གཙོ་བོའི་སྔགས་ཀྱིས་བསྒྲིལ་བར་བྱ། །ཞེས་པས་ཡེ་ཤེས་དཀྱིལ་ འཁོར་དགུག་པར་བྱ་ཞིང་གཉིས་སུ་མེད་པར་བསྟིམས་ནས། མཆོད་ཅིང་བསྒྲིལ་བ་དང་། ཡང་དེ་ཉིད་བསྡུས་པའི་རྒྱུད་ལས། ཨོཾ་དིབྟ་དྲྀཥྚི་ཨཾ་ཀུ་ཤི་ཛ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ། ཨོཾ་ཨཱཿཧཱུཾ་ཞེས་པས་བརྟན་པར་བྱ་བ་དང་། དོན་ཡོད་ཞགས་པའི་རྒྱུད་ལས་ཀྱང་། །སྒྲུབ་ པའི་གྲོགས་མཆོག་ནུབ་གནས་པས། །དེ་ཉིད་གསུམ་གྱི་གསང་སྔགས་ལ། །ཛྫཿབདག་གཙོ་བོའི་ཐུགས་ཀ་ནས། །རང་གི་སྨིན་མཚམས་དྲང་པོར་འདྲེན། །ཞེས་པས་ཐིག་བརྐྱང་བ་དང་། རྟོག་པ་བསྡུས་པ་ལས། སྟོབས་མཆོག་དཔའ་བོ་དགོངས་སུ་གསོལ། །རྡོ་རྗེ་ཐིག་གི་སྒྲར་ ལྡན་པས། །ནམ་མཁའི་དཀྱིལ་འཁོར་ལེགས་བསྒྲུབ་ཅིང་། །འགྲོ་བའི་དོན་ལ་སྐུལ་བར་མཛད། །ཅེས་པས་ཐིག་གི་སྒྲས་བསྐུལ་བ་དང་དེ་ཡང་ངན་སོང་སྦྱོང་བ་ལས། ཨོཾ་ཨ་ནྱོ་ནྱཱ་ནུ་ག་ཏ་སརྦ་དྷརྨཱ། སྥ་ར་སྥ་རཱ་ནུ་ག་ཏ་སརྦ་དྷརྨ། ཨཏྱནྟཱ་ནུ་པྲ་བིཥྚ་སརྦ་དྷརྨཱ་ཧཱུཾ། ཞེས་པས་རྗེས་སུ་ ཆགས་པར་བསྐུལ་བ་དང་། རྟོག་པ་བསྡུས་པ་ལས། གྲོགས་མཆོག་རྡོ་རྗེའི་ཕྱག་རྒྱ་ཡིས། །ཛཿགསུམ་ལྟེ་བའི་གནས་སུ་འདྲེན། །རྡོ་རྗེ་ཁུ་ཚུར་སར་གཞག་ཅིང་། །དང་པོའི་ཐིག་སྐུད་གདབ་པར་བྱ། །ཞེས་པ་དང་། ཡང་རྩ་བའི་རྒྱུད་ལས་ཀྱང་། ཤར་ནུབ་བྱང་ལྷོའི་ཐིག་བཞིའི་རྗེས། ། 26-1-338b ལོགས་དང་མཚམས་སུ་གདབ་པར་བྱ། །དང་པོའི་ཆ་ཆེན་བཅུ་དྲུག་ལས། །ཁྱམས་ཀྱི་སྣམ་བུ་མ་གཏོགས་པར། །ཆ་ཕྲན་བཞི་བཞིར་བགོ་བྱས་པས། །ཕྱི་ནང་བཅུ་དྲུག་རྟ་བབས་སྒོ། །རྩིག་པ་རྒྱན་བཅས་འདོད་ཡོན་གནས། །ར་བ་དུར་ཁྲོད་ཅི་རིགས་བརྟག །དབུས་མ་རང་གི་རིགས་ འཁོར་ལོ། །དཀྱིལ་འཁོར་སོ་སོའི་ཆ་བཞི་བགོ། །ཞེས་པས་དཀྱིལ་འཁོར་གྱི་ཆ་ཆེན་གདབ་ཅིང་ཞིབ་ཏུ་བགོ་བ་དང་། ཡང་། ཐིག་གདབ་ཆོ་ག་རྫོགས་བྱས་ནས། །ཡེ་ཤེས་སྐུད་པ་མཆོད་བསྟོད་ཅིང་། །ཕྱག་རྒྱ་གསང་སྔགས་ཏིང་འཛིན་གྱིས། །རང་གི་གནས་སུ་གཤེགས་སུ་གསོལ། །ཞེས་ པས་ཡེ་ཤེས་ཀྱི་སྐུད་པ་མཉེས་པར་བྱ་ཞིང་གཤེགས་སུ་གསོལ་བའོ། །དེ་ནས་ཆ་དབྱེ་བའི་ཕྱིར། རྡོ་རྗེ་རྩེ་མོ་ལས། རིགས་ཀྱི་ང་རྒྱལ་སྦྱོར་ལྡན་པས། །མིག་གཉིས་ཉི་ཟླའི་ལྟེ་བ་ཡིས། །ཕྱོགས་བཅུར་རྫི་མ་འདྲེན་བྱེད་ཅིང་། །ཧི་བཅས་སྒོ་དང་ཆ་རྣམས་དབྱེ། །ཨོཾ་བཛྲ་བེ་གཱ་ཀྲ་མ་ཧཱུཾ། ཞེས་ པས་རྡོ་རྗེའི་ལྟ་བས་སྒོ་དང་ཆ་དབྱེ་བ་དང་། ཡང་རྩ་བའི་རྒྱུད་ལས། ཨོཾ་ཐམས་ཅད་རྣམ་འཕྲུལ་རང་བཞིན་མཆོག །དངོས་མེད་ཞི་བའི་འོད་ལྡན་གསལ། །རྡོ་རྗེ་འཛིན་པ་གཏེར་ཆེན་འབྱིན། །དཀྱིལ་འཁོར་དག་པར་བྱིན་གྱིས་རློབ། །མཉམ་པའི་སྔགས་བློ་རྣམས་གསལ་བ། །ཉེས་པའི་ ཟུག་རྔུ་དག་པར་འགྱུར། །ཞེས་པས་གསོལ་བ་གདབ་ཅིང་ཉེས་པའི་ཟུག་རྔུ་དག་པར་བྱས་ནས། དེའི་རྗེས་སུ་ཚིགས་སུ་བཅད་པ་འདི་ཉིད་ཀྱིས་ཕྱོགས་ཀུན་མཉམ་པ་ཉིད་དུ་བལྟ་བ་ཡིན་པས། བླ་མ་དམ་པའི་གདམས་ངག་གིས་དཀྱིལ་འཁོར་གྱི་ཆོ་གའི་ལས་བསྟན་པས་དེའི་དབང་དུ་ཆོ་གའི་ ཡན་ལག་བསྒྲིགས་པ་ཡིན་ནོ། །ཐིག་བཞི་ནི་ཚངས་ཐིག་གཉིས་ཟུར་ཐིག་གཉིས་ཏེ་བཞིའོ། །དེ་བཏབ་པས་ནི་དཀྱིལ་འཁོར་གྱི་ཆ་རྩེ་ཕྲན་བརྒྱད་དུ་འགྱུར་ཏེ། དེ་ཉིན་ནི་ཚད་མི་འགྱུར་བར་བྱ་བའི་དགོས་པ་ཡིན་ནོ། །ཡང་དེའི་རྗེས་ལ་དཀྱིལ་འཁོར་བརྟག་ཅིང་བསྒྲུབ་པར་བྱ་བའི་ཕྱིར། དཀྱིལ་ འཁོར་ཡང་དག་ཇི་ལྟ་བར། །རབ་ཏུ་བརྟག་པར་སུ་ཞིག་ནུས། །རང་གི་ལྷ་ཡི་རང་བཞིན་གྱིས། །དཀྱིལ་འཁོར་བརྟག་པ་འགྲུབ་པར་འགྱུར། །དོན་དམ་པ་ཡི་དཀྱིལ་འཁོར་དང་། །དེ་ལས་རྣམ་པར་འཕྲུལ་པའི་ཡེ་ཤེས་ཀྱི་ལྷ་དག་ནི་གདུལ་བྱ་ཀུན་གྱིས་མཐོང་བར་ནུས་པ་མ་ཡིན་ 26-1-339a ནོ། །འོ་ན་ཇི་ལྟར་དཀྱིལ་འཁོར་ལ་བལྟ་བར་བྱ་ཞེ་ན། རང་གི་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་གཉིས་སུ་མེད་པར་བསྒོམ་པའོ། །དེ་ལྟར་དུ་སྤྱོད་པར་མི་ནུས་པ་དག་གིས་ཀྱང་། གཟུགས་བརྙན་གྱི་དཀྱིལ་འཁོར་ལ་བརྟེན་ཅིང་འཇུག་པའི་མཐུས་འགྲུབ་པར་འགྱུར་བའོ། ། དེ་ དག་ཀྱང་གང་ཟག་རྣམ་པ་གསུམ་གྱི་སྒོ་ནས་དབྱེ་བར་བྱ་སྟེ། དང་པོས་ནི་མཚན་བཅས་དང་མཚན་མེད་ཀྱི་སྒོ་ནས་བདེ་བར་གཤེགས་པའི་ཡོན་ཏན་གྱི་དངོས་པོ་ཐམས་ཅད་ལ་སྦྱར་བར་བྱའོ། །གཉིས་པས་ནི་རང་བཞིན་དང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གཉིས་སུ་མེད་པའི་སྒོ་ནས་གནས་པར་བྱའོ། །ཐམས་ ནི་རྟེན་གྱི་སྦྱོར་བས་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་དམིགས་ཤིང་བརྟགས་པས་འགྲུབ་པར་འགྱུར་བའོ། །གཞན་ཡང་རྣལ་འབྱོར་དང་ལྡན་པས་ལྷག་ཆད་བསྐང་ཞིང་སྒྲུབ་པའི་ཕྱིར། བདག་ཉིད་རང་གི་ལྷར་སྦྱོར་བས། །དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱ། །ཆོ་ག་ལྷག་གམ་མ་ཚང་ན། །ཉེས་པ་ མེད་དེ་འགྲུབ་པར་འགྱུར། །བདག་དང་གཉིས་སུ་མེད་པའི་ཏིང་ངེ་འཛིན་རྣམ་པ་གཉིས་དང་ལྡན་པས་དེ་ཉིད་ལ་རྣམ་པར་བརྟགས་ན། ཆོ་གའི་ཡན་ལག་ཕྲ་མོ་ཙམ་ཉམས་པ་དག་གིས་བསྒྲིབས་པར་མི་འགྱུར་ཏེ། དངོས་གྲུབ་ཀྱི་ཡན་ལག་ཏུ་འགྲུབ་པའོ། །དེ་ཡང་གསང་བ་སྦྱོར་བའི་རྒྱུད་ལས། མཚན་བཅས་མཚན་མ་མེད་པ་ཡིས། །ཕྱག་རྒྱ་གཉིས་ཀྱི་བདག་ཉིད་དངོས། །ཏིང་འཛིན་ཡེ་ཤེས་ལ་གནས་པས། །དངོས་གྲུབ་ཐམས་ཅད་འགྲུབ་འགྱུར་ཏེ། །ཆོ་གའི་ཡན་ལག་ཕྲ་མོ་དག །ལྷག་ཆད་ཉེས་པར་ཡོད་མི་འགྱུར། །དེ་ཕྱིར་དཀྱིལ་འཁོར་ལ་སོགས་ལས། །བདག་ཉིད་རང་ ལྷར་སྦྱོར་བས་འགྲུབ། །གང་ཞིག་སྦྱོར་བ་དམན་གྱུར་པ། །དེ་ཡིས་དངོས་གྲུབ་ཐོབ་མི་འགྱུར། །དེ་བས་ནན་ཏན་ཐམས་ཅད་ཀྱིས། །སྦྱོར་བ་ཆེན་པོའི་དོན་བརྩམ་བྱ། །ཞེས་སོ། །ད་ནི་དཀྱིལ་འཁོར་གྱི་དབྱིབས་ལ་སོགས་པའི་བྱེ་བྲག་བསྟན་པའི་ཕྱིར། ཀུན་དུ་སྣ་ཚོགས་སྐལ་བཟང་ པོ། །ཀུན་དུ་སྣ་ཚོགས་འཁོར་ལོ་ཅན། །ཀུན་དུ་སྣ་ཚོགས་འགྲུབ་པའི་ཕྱིར། །དཀྱིལ་འཁོར་ཀུན་དུ་སྣ་ཚོགས་པའོ། །དཀྱིལ་འཁོར་གྱི་ནང་གི་མཚན་མ་ནི་རེའུ་ཆ་བརྒྱད་དང་ལྡན་པ་ལས། རྡོ་རྗེའི་ཐིག་བཞིས་རྣམ་པར་ཕྱེ་བ་དེའི་ཕྱི་རིམ་ན་རེའུ་ཆ་བརྒྱད་པ་ཟླུམ་པོ་འཁོར་ལོའི་ཚུལ་དུ་བསྐོར་བ། 26-1-339b མུ་ཁྱུད་དང་མཚམས་འབྱེད་དག་རྡོ་རྗེའི་ར་བ་དང་བཅས་པས་སྐལ་བ་བཟང་པོ་རྡོ་རྗེ་སེམས་དཔའི་ཡོན་ཏན་གྱི་སྣང་བས་མཛེས་པར་བྱས་ཤིང་། ཀུན་དུ་སྣ་ཚོགས་ཀྱི་འཁོར་ལོའི་རྣམ་པས་མཚན་པའོ། །དེས་ནི་རྡོ་རྗེ་སེམས་དཔའི་ཁྱད་པར་གྱི་གནས་བསྟན་ཅིང་། ཡང་ཚིགས་སུ་བཅད་པ་ ཕྱེད་ཀྱིས་ནི་དཀྱིལ་འཁོར་དྲུག་པོ་ཀུན་གྱི་ཕྱི་རོལ་གྱི་མཚན་མ་ཕྱིའི་བར་ཁྱམས་ནས་བཟུང་སྟེ། ཕྱི་རོལ་གྱི་རྡོ་རྗེའི་ར་བའི་བར་དུ་གྲུ་བཞི་པ་ལ་སྒོ་བཞི་པ། རྟ་བབས་ཀྱི་རྒྱན་དང་། འདོད་ཡོན་གྱི་ལོངས་སྤྱོད་སྣ་ཚོགས་འཁྲིགས་པར་མཛེས་པ་དང་། པདྨ་དང་། རྡོ་རྗེ་ར་བ་དང་། རྡོ་རྗེ་འོད་ཀྱི་ཕྲེང་ བ་གསུམ་གྱིས་རྣམ་པར་བསྐོར་ཞིང་དེའི་ཕྱི་རོལ་དུ་དུར་ཁྲོད་ཆེན་པོའི་གནས་བརྒྱད་འཇིགས་པའི་ཚུལ་དུ་གནས་ཤིང་། ཀུན་འབྱུང་གི་ཡོན་ཏན་བརྒྱད་དང་། ཕྱིའི་ལྕགས་རི་རྡོ་རྗེ་ཕྲེང་བ་དང་ར་བར་བཅས་པ་དག་བྲི་བར་བྱའོ། །དེས་ན་དཀྱིལ་འཁོར་ཀུན་དུ་སྣ་ཚོགས་པ་ཞེས་བྱའོ། །དེ་ཡང་ རྩ་བའི་རྒྱུད་ལས། དཀྱིལ་འཁོར་ཚད་ལྡན་མཉམ་པ་ལ། །རྡོ་རྗེ་ཐིག་གིས་ལེགས་ཕྱེ་བའི། །ཁང་པ་གྲུ་བཞི་སྒོ་དང་བཅས། །རྟ་བབས་བཞི་ཡིས་མཛེས་པར་བརྒྱན། །བར་ཁྱམས་སྒོ་ཁྱུད་འཁོར་བ་ཡི། །རིན་ཆེན་སྣ་ལྔའི་རྩིག་པར་བཅས། །དྲ་བ་དྲ་བ་ཕྱེད་པོ་དང་། །རིན་ཆེན་ ཕ་གུ་མེ་ཏོག་བཤམ། །འདོད་ཡོན་དྲུག་གི་ལྷ་མོ་འཁྲིགས། །ཟླ་ཕྱེད་རྡོ་རྗེ་མཚན་མས་མཛེས། །གདུགས་དང་རྒྱལ་མཚན་རྔ་ཡབ་ཕྲེང་། །བ་དན་དྲིལ་བུ་སྒྲ་སྙན་ཚོགས། །ཞེས་པ་དང་། ཡང་ན་རང་གི་དབྱིབས་དང་། རྒྱན་དང་། མཚན་མ་ལ་སོགས་པ་དང་། ཕྱིའི་དུར་ཁྲོད་ལ་ སོགས་པ་བསྟན་པའི་ཕྱིར་ཡང་གསུངས་ཏེ། རེའུ་ཆ་བརྒྱད་ལ་ཐིག་བཞིས་ཕྱེ་བ་དང་། སྣ་ཚོགས་པད་མཚན་མུ་ཁྱུད་རྡོ་རྗེ་ཅན། །མཚམས་ཀྱི་རེའུ་ཆར་བུམ་པ་གང་བ་བཞི། །བདུད་རྩི་བཅུད་ལྡན་རྒྱན་དང་མཚན་མས་མཛེས། །རེའུ་ཆ་ཕྱི་མ་ཀུན་དུ་འཁོར་ལོའི་ཚུལ། །མཚམས་ འབྱེད་རྡོ་རྗེའི་ཕྲེང་བ་དག་དང་ལྡན། །ཕྱི་རོལ་ར་བ་རིམ་གསུམ་གནས་པའི་རྒྱབ། །ཕྱི་ཡི་ལྕགས་རི་རྡོ་རྗེ་ར་བའི་ནང་། །ཕྱོགས་དང་མཚམས་སུ་དུར་ཁྲོད་ཆེན་པོ་བརྒྱད། །ཤིང་བརྒྱད་ངོས་ནས་ཞིང་སྐྱོང་ལུས་ཕྱེད་འཐོན། །གདོང་པ་ཕྱོགས་སྐྱོང་བརྒྱད་ཀྱི་གདན་དང་མཐུན། །གཡས་ཀྱི་ 26-1-340a གྲི་གུག་གཡོན་ན་ཐོད་པ་འཛིན། །མཚོ་བརྒྱད་ནང་ནས་ཀླུ་བརྒྱད་ལུས་ཕྱེད་འཐོན། །ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་སུ་གུས། །ཤིང་བརྒྱད་དྲུང་ན་རྣལ་འབྱོར་འཁོར་བཅས་གནས། །སྤྲིན་དང་མཆོད་རྟེན་རང་བྱུང་མཁའ་འགྲོའི་ཚོགས། །རོ་ལངས་ཤ་ཟ་འབྱུང་པོ་མང་གནས་ ཤིང་། །རོ་དང་བྱ་ཁྱི་ཅེ་སྤྱང་རྣམ་པར་འདྲེས། །དེ་དུས་དྲེགས་བྱེད་མཁའ་འགྲོའི་ལྷ་ཚོགས་ལ། །འཛམ་བུའི་གླིང་བཞིན་དུར་ཁྲོད་རྣམ་པར་སྣང་། །ཕྱི་རོལ་དཔག་བསམ་བུམ་པ་བ་དན་རྫིང་། །འདོད་པའི་ལོངས་སྤྱོད་ཀྱིས་ནི་རྣམ་པར་མཛེས། །ཞེས་པ་དང་། ཡང་རྩ་བའི་རྒྱུད་ལས། གྲུ་བཞི་པ་ལ་སྒོ་བཞི་པ། །ཚད་ལྡན་མཉམ་པར་ཕྱེ་བ་ལ། །རྣལ་འབྱོར་ཕྲེང་བའི་ར་བས་མཛེས། །རྟ་བབས་བརྒྱད་ཀྱིས་རྣམ་སྤྲས་ཤིང་། །བར་ཁྱམས་ཆ་ཆེན་གཅིག་གི་ཚད། །ཀ་བ་མཆོག་བརྒྱད་གདུང་རྣམས་ལ། །སོ་སོའི་མཚན་མའི་ཕྲེང་བས་བརྒྱན། །རིན་ཆེན་རྡོར་སོགས་དོ་ཀེར་ འབར། །ཞེས་སོ། །ད་ནི་རིགས་ཀྱི་འཁོར་ལོ་གཞན་དག་གི་དབྱིབས་ཀྱི་ནང་ལ་སོགས་པའི་བྱེ་བྲག་བསྟན་པའི་ཕྱིར། དཀྱིལ་འཁོར་ཟླུམ་པོ་སངས་རྒྱས་ཀྱི། །རྡོ་རྗེ་ཅན་གྱི་ཟླ་གམ་བཞིན། །པདྨོ་དབང་གི་པདྨོའི་དབྱིབས། །རིན་ཆེན་མཆོག་གི་རིན་ཆེན་དབྱིབས། །སངས་རྒྱས་ རྣམ་པར་སྣང་མཛད་ཀྱི། །དཀྱིལ་འཁོར་ནང་རྒྱ་ནི་འཁོར་ལོ་རྩེ་མོ་བརྒྱད་པ་ལ་ཕྱིའི་མུ་ཁྱུད་འཁོར་ལོའི་ཕྲེང་བ་དང་།རེའུ་ཆ་བརྒྱད་པའི་འཁོར་ལོའི་ཚུལ་དུ་བསྐོར་བའོ། །རྡོ་རྗེ་ཧེ་རུ་ཀའི་དཀྱིལ་འཁོར་གྱི་དབྱིབས་ནི་རླུང་གི་དཀྱིལ་འཁོར་ཟླ་བ་ཁམ་པའི་དབྱིབས་བཞིན་དུ་གནས་པ་ལས། དམར་པོ་ཤར་དུ་བསྟན་པ་དབུས་སུ་རེའུ་ཆ་དགུར་ཕྱེ་ཞིང་། ཕོ་བྲང་ནང་མ་ལ་སྒོ་དང་བཅས་པ་ལས་རྡོ་རྗེ་སྔོན་པོའི་ཕྲེང་བས་བསྐོར་བའོ། །པདྨ་གར་གྱི་དབང་ཕྱུག་གི་ནི་པདྨའི་འཁོར་དཀྱིལ་འཁོར་ལ་པདྨའི་ཕྲེང་བ་དང་། རེའུ་ཆ་བརྒྱད་ཀྱི་ཕྲེང་བ་འཁོར་ལོའི་ཚུལ་དུ་བསྐོར་བའོ། །རྡོ་རྗེ་ཉི་མ་ནི་རིན་ པོ་ཆེ་ཟུར་བརྒྱད་པ་ལ་ལྟེ་བ་རེའུ་ཆ་དགུར་ཕྱེ་བ་རིན་པོ་ཆེའི་ཕྲེང་བ་སེར་པོས་བསྐོར་བའོ། །དེ་དག་གི་མཚན་མའི་བྱེ་བྲག་གསལ་བ་ནི་རྩ་བའི་རྒྱུད་ལས་བཤད་པའི་དོན་སྒྲུབ་ཐབས་དག་ལས་བསྟན་པ་དང་། རྟོག་པ་བསྡུས་པ་ལས་བསྟན་པའི་ཕྱིར་ཐེ་ཚོམ་མེད་དོ། །ཡང་རྟ་མཆོག་གི་ 26-1-340b དཀྱིལ་འཁོར་བསྟན་པའི་ཕྱིར། ཇི་ལྟར་འདོད་པ་ཅི་འབྱོར་པ། །ཇི་ལྟའི་དུས་དང་ཅི་བདེ་བ། །དཀྱིལ་འཁོར་ཀུན་དུ་གསལ་བའི་དཔལ། །རྟ་མཆོག་ཕྱག་རྒྱ་རྡོ་རྗེའོ། །རྟ་མཆོག་ནི་རིགས་ཐམས་ཅད་ཀྱི་ཕྲིན་ལས་ལ་མངའ་མཛད་པ་སྟེ། དཀྱིལ་འཁོར་གྱི་གནས་ཀུན་དང་ལྷ་མོ་ཀུན་ལ་རོལ་ཅིང་ ཞི་རྒྱས་དབང་དྲག་བཞིའི་གདུལ་བྱ་ཇི་ལྟར་འདོད་པ་དང་། ཇི་སྙེད་འབྱོར་པའི་སྒོ་ནས་བསྒྲུབ་པར་བྱའོ། །དེ་ཡང་ཕྲིན་ལས་སོ་སོའི་བྱ་བའི་དུས་དང་ལས་དག་ཤེས་པར་བྱས་ནས་ཇི་ལྟར་བདེ་བ་བཞིན་རྟ་མཆོག་གི་དཀྱིལ་འཁོར་བྲི་བའི་ཕྱིར་འཁོར་ལོ་གང་ཡང་རུང་བ་ལ་རང་གི་མཚན་མ་སྣ་ཚོགས་རྡོ་ རྗེས་བསྐོར་བར་བྱའོ། །དེ་ལྟར་དཀྱིལ་འཁོར་གྱི་ཆ་ཕྱེད་ནས་རིགས་ཀུན་གྱི་ཐུན་མོང་གི་ཆོ་གས་ཚོན་གྱི་ལས་བྱ་སྟེ། ཚོན་གྱི་རྒྱུ་བསགས་པ་དང་། ལྷར་བསྐྱེད་ཅིང་གཉིས་སུ་མེད་པ་དག་མཉེས་པར་བྱ་བ་དང་། ཚོན་གྱི་གོ་རིམས་ཀྱིས་པཉྩ་རཱ་ག་བྲི་བ་དང་། དེ་ལ་མཆོད་ཅིང་གདབ་པ་དང་། ཚོན་ ཤིས་པར་བྱ་བ་དང་། ཚོན་བཟང་ངན་གྱི་ལྟས་བལྟ་བར་བྱའོ། དེ་ནས་རིགས་སོ་སོའི་མཚན་མ་དགོད་པར་བྱ་སྟེ། འོག་ནས་བཤད་པར་བྱའོ། །དེ་ནི་སྒྲུབ་པའི་གང་ཟག་གི་མི་མཐུན་པའི་སྤང་བྱ་བསྟན་པའི་ཕྱིར། དཀྱིལ་འཁོར་ཀུན་དུ་མ་ཞུགས་ཤིང་། །དམ་ཚིག་རྣམས་ནི་སྤངས་པ་དང་། ། གསང་བ་ཡང་དག་མི་ཤེས་པས། །སྒྲུབ་པ་ཅི་ཡང་མི་འགྲུབ་བོ། །དང་པོར་རྟེན་གྱི་མཚན་ཉིད་དང་མི་ལྡན་པ་དང་། དེས་བླ་མ་དམ་པ་མཉེས་པར་མ་བྱས་པ་དང་། གཟུགས་བརྙན་གྱི་དཀྱིལ་འཁོར་དུ་མ་ཞུགས་ཤིང་། དབང་ལེགས་པར་མ་ཐོབ་པ་དང་། དམ་ཚིག་ལ་མི་གནས་ཤིང་ གསང་བའི་དོན་ཡང་དག་པར་མ་ཤེས་པ་དག་གིས་ནི་སྒྲུབ་པ་ཐམས་ཅད་ལ་ངལ་ཞིང་འབྲས་བུ་འགྲུབ་པར་མི་འགྱུར་རོ། །གཞན་ཡང་རྟེན་གྱི་གང་ཟག་གིས་ཐུན་མོང་གི་སྡོམ་པ་ལ་གནས་པར་བྱ་སྟེ། སྲོག་ཆགས་གསད་པར་མི་བྱ་ཞིང་། །དཀོན་མཆོག་གསུམ་ནི་ཡང་མི་སྤང་། །བྱང་ཆུབ་ སེམས་ཀྱང་མི་གཏོང་སྟེ། །སློབ་དཔོན་སྐལ་བཟང་ཡང་མི་གཏོང་། །ཐེག་པ་མཐའ་དག་གི་གཞུང་གི་སྡོམ་པར་བྱ་བ་འདི་དག་ཉིད་ཡིན་ཏེ། དེ་ལས་ཐེག་པ་ཆེན་པོ་གསང་བ་བླ་ན་མེད་པའི་གཞུང་གིས་ཁྱད་པར་དུ་ཡང་སྡོམ་པར་བྱ་བ་སྟེ། ཕྱོགས་བཅུར་འགྲོ་བ་དྲུག་གི་ལམ་ལ་གནས་ 26-1-341a པའི་སེམས་ཅན་མཐའ་དག་ལྷ་དང་ལྷ་མོའི་དཀྱིལ་འཁོར་གྱི་ངོ་བོར་བཞུགས་ཏེ། དེ་དག་གཅིག་ཙམ་ལ་ཡང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལྷའི་དཀྱིལ་འཁོར་གྲངས་མེད་པས་བརྒྱན་པའི་ཕྱིར། སྲོག་ཆགས་གཅིག་ཙམ་བསད་པས་ནི་དཀྱིལ་འཁོར་གྱི་ཚོགས་མང་པོ་དག་ བཅོམ་པ་ཡིན་ནོ། །དེ་བཞིན་དུ་ཐེག་པ་ཐུན་མོང་དང་ཁྱད་པར་གྱི་དཀོན་མཆོག་གསུམ་པོ་དག་སྤངས་པ་ནི། བརྟེན་པའི་གནས་མེད་དེ་བྱ་བ་གང་ཡང་འགྲུབ་པར་མི་འགྱུར་ལ། དོན་དམ་པ་དང་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་སྤངས་ཤིང་ཉམས་པར་བྱས་པ་ནི་རིགས་ཀྱི་རྩ་བ་ཆོད་ཅིང་བྱང་ཆུབ་ཀྱི་འབྲས་ བུ་དག་སྐམས་པར་འགྱུར་བ་ལ། སློབ་དཔོན་སྐལ་བ་བཟང་པོ་སྤངས་པས་ནི་འདྲེན་པར་མཛད་པའི་མིག་མཁན་དང་བྲལ་ཞིང་ཤེས་རབ་ཀྱི་བློ་གྲོས་དང་བྲལ་ཏེ་ཡོན་ཏན་གྱི་མྱུ་གུ་སྐྱེ་བར་མི་འགྱུར་བས། དེའི་ཕྱིར་སྡོམ་པ་འདི་དག་ལས་འདའ་བར་བྱ་བ་མ་ཡིན་ནོ། །ཡང་རྟེན་གྱི་གང་ཟག་སྐལ་བ་བཟང་ངན་ གྱི་བྱེ་བྲག་བསྟན་པའི་ཕྱིར། ཀུན་དུ་སྣ་ཚོགས་སྐལ་བཟང་པོ། །བདག་རང་སྒྲུབ་པས་བསྐལ་པ་བཟང་། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་བདུན་གསུངས་ཏེ། དང་པོར་དཔལ་རྡོ་རྗེ་སེམས་དཔའ་ནི་ཆོས་ཐམས་ཅད་ལ་རྣམ་པར་སྦྱོར་ཞིང་བདག་གི་རང་བཞིན་དུ་སྒྲུབ་པར་མཛད་པས་ བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་རང་བཞིན་གྱིས་ངོ་བོར་བཞུགས་པས་ན་སྐལ་བ་བཟང་བའོ། །དེ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་གདུལ་བྱ་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ལ་གནས་ཤིང་། ས་དང་ལམ་གྱི་རིམ་པ་རིམ་གྱིས་སྦྱོང་བར་མཛད་པ་དག་སྟེ། བྱང་ཆུབ་ཀྱི་སེམས་སྤངས་ཤིང་ བདག་མེད་པའི་ཆོས་ལ་གནས་པས་བདེ་བ་ཆེན་པོའི་རང་བཞིན་དང་བྲལ་བའི་ཕྱིར་སྐལ་བ་ངན་པའོ། །སངས་རྒྱས་རྣམ་པར་སྣང་མཛད་ནི་ཆགས་པ་རྣམ་པ་གཉིས་དང་མ་བྲལ་བའི་སྒོ་ནས། སྲིད་པ་གསུམ་གྱི་སྐྱེ་འགྲོ་མཐའ་དག་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་དུ་སྒྲུབ་པའི་མཛད་པས་ན་སྐལ་ བ་བཟང་པོའོ། །དེ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་གདུལ་བྱ་ནི་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདའ་བའི་ལམ་སྒྲུབ་ཅིང་། འཁོར་བའི་དངོས་པོ་ཐམས་ཅད་སྤོང་བར་བྱེད་པས་ན་སྐལ་བ་ངན་པའོ། །དཔལ་ཧེ་རུ་ཀ་ནི་རྟོག་པ་ཐམས་ཅད་ཀྱི་སྒོ་ནས་ཞེ་སྡང་གི་ལམ་པའི་དྲེགས་བྱེད་ 26-1-341b མཐའ་དག་འདུལ་བར་མཛད་ཅིང་། ཐབས་སྣ་ཚོགས་ཀྱི་སྒོ་ནས་འགྲོ་བའི་ལམ་ལ་སྦྱོར་བའི་ཕྱིར་སྐལ་བ་བཟང་པོའོ། །མི་མཐུན་པའི་གདུལ་བྱ་ནི་རང་སངས་རྒྱས་དག་གིས་སྟོང་པ་ཕྱོགས་གཅིག་ལ་སྦྱོར་བར་མཛད་ཅིང་གདུལ་བྱའི་དོན་དང་བྲལ་བས་ན་སྐལ་བ་ངན་པའོ། །པདྨ་གར་གྱི་དབང་ ཕྱུག་གིས་ནི་ཆོས་ཐམས་ཅད་འདོད་ཆགས་རྣམ་པར་དག་པའི་ངོ་བོར་གཟིགས་པས་འགྲོ་བ་ཐམས་ཅད་དག་པར་མཛད་པའི་ཕྱིར། ཉིད་དང་མཐུན་པའི་དོན་སྤྱོད་པས་སྐལ་བ་བཟང་པོའོ། །མི་མཐུན་པའི་གདུལ་བ་ནི་རྟག་ཆད་རྣམ་པ་གཉིས་ཀྱིས་མཐའ་དག་གནས་ཤིང་ལོག་པར་ལྟ་བ་དང་ལྡན་ པའི་མུ་སྟེགས་ཀྱི་རིགས་རྣམས་ཏེ་སྐལ་བ་ངན་པའོ། །རྡོ་རྗེ་ཉི་མས་ནི་དམ་པའི་ཆོས་ཐམས་ཅད་སྡུད་ཅིང་སངས་རྒྱས་ཀྱི་ཞིང་དུ་ཡོངས་སུ་སྦྱོང་བར་མཛད་པ་དང་། དམ་པའི་ཆོས་ཀྱི་རྒྱལ་སྲིད་བསྒྲུབ་པའི་ཕྱིར་སྐལ་བ་བཟང་པོའོ། །མི་མཐུན་པའི་གདུལ་བྱ་ནི་འཇིག་རྟེན་པའི་དཀའ་ ཐུབ་ལ་གནས་པ་དག་ནི་རང་གི་བུ་ལའང་ཡོངས་སུ་མ་ཆགས་ཤིང་སྙིང་རྗེའི་རྒྱུན་དང་བྲལ་ཏེ། འགྲོ་བ་གཞན་ལ་དམིགས་པར་མི་བྱེད་པས་ན་སྐལ་བ་ངན་པའོ། །རྟ་མཆོག་གིས་ནི་དྲག་པོར་སྦྱོར་བའི་དབང་ཕྱུག་གི་སྒོ་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒྱལ་སྲིད་ཐམས་ཅད་བསྡུས་ ཏེ། སྐྱེ་འགྲོ་མཐའ་དག་གྲོལ་བའི་ལམ་ལ་འཛུད་པས་སྐལ་བ་བཟང་པོའོ། །ལྷ་ཆེན་པོའི་དྲང་སྲོང་ཡ་མཚན་ཅན་དག་ནི་འདོད་པའི་ལོངས་སྤྱོད་ཐམས་ཅད་སྤངས་ཤིང་བདག་མེད་པའི་དེ་བཞིན་ཉིད་མི་ཤེས་པའི་ཕྱིར་རྟག་པའི་མཐའ་སྒྲུབ་པས་ན་སྐལ་བ་ངན་པའོ། །རྒྱུ་བདེ་བའི་སྒོ་ནས་ སྤྱོད་པར་མཛད་པའི་རྡོ་རྗེ་སློབ་དཔོན་དག་ནི་ལམ་བདེ་བ་སྒྲུབ་ཅིང་འབྲས་བུ་བདེ་བའི་རྣམ་དག་གསལ་བར་མཛད་པས་སྐལ་བ་བཟང་པོའོ། །དེ་དང་མི་མཐུན་པའི་གདུལ་བྱ་ནི་ལྟ་བ་ངན་པ་དང་། དམ་ཚིག་ལ་སྡང་བ་དག་གི་སློབ་མ་རྣམས་སོ། །ད་ནི་གསང་བའི་དོན་ཤེས་པའི་ཕན་ཡོན་བསྟན་ པའི་ཕྱིར། གསང་བའི་དོན་ནི་ཡང་དག་ཉིད། །འདི་ནི་གསལ་བར་ཤེས་པ་ཡིས། །སངས་རྒྱས་ཀུན་གྱི་བཀའ་བཞིན་དུ། །སངས་རྒྱས་ཀུན་དུ་འགྲུབ་པར་འགྱུར། །གཟུགས་བརྙན་གྱི་དཀྱིལ་འཁོར་ལ་བརྟེན་ཏེ་ཐོབ་པའི་དབང་བསྐུར་བའི་དོན་དང་། དམ་ཚིག་སྦྱིན་པའི་དོན་དང་། 26-1-342a སྒྲུབ་པའི་དོན་དག་གསལ་བར་ཤེས་པས་དེ་བཞིན་དུ་བསྒྲུབས་ན་མཐར་ཕྱིན་པའི་འི་འབྲས་བུ་འགྲུབ་པར་འགྱུར་བའོ། །དེའི་ཕྱིར་ཚིག་རྐང་པ་དང་པོ་གཉིས་ཀྱིས་ནི་གཞི་བསྟན་ཏོ། །གསུམ་པས་ནི་ལམ་བསྟན་ཏོ། །བཞི་པས་ནི་འབྲས་བུ་བསྟན་པས་འདི་ནི་སྤྱིའི་མཚན་ ཉིད་དུ་ཡང་ཤེས་པར་བྱའོ། །ད་ནི་འཇུག་པའི་ཚུལ་བསྟན་པའི་ཕྱིར། ཀུན་དུ་སློབ་དཔོན་ལ་གནས་པས། །འཁོར་ལོར་འཇུག་པར་བྱེད་པ་ན། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། རྡོ་རྗེ་སློབ་དཔོན་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པས་སློབ་མ་ལ་སོགས་ པའི་ལས་དང་བྱ་བ་ལ་འཇུག་དགོས་ཏེ། དེ་ལས་གཞན་པ་དག་གིས་ནི་མ་ཡིན་ནོ། །དེ་ཡང་ཡོན་ཏན་ནི་རྩ་བའི་རྒྱུད་ལས། གཞན་དོན་བརྩོན་པའི་བློ་ལྡན་པས། །རང་བཞིན་མངོན་པར་འདུས་བྱས་པའི། །ཐུན་མོང་ཁྱད་པར་བླང་ཐོབ་ལྡན། །ཡོན་ཏན་རྩལ་ལྡན་གང་ཡང་རུང་། །དཀྱིལ་ འཁོར་ཕྱག་རྒྱ་ཏིང་འཛིན་སྔགས། །དགུག་མཆོད་ལས་སྦྱོར་བསྲུང་བ་ཆེ། །ཉེར་བསྡུས་གཤེགས་སུ་གསོལ་བ་ཡི། །དེ་ཉིད་བཅུ་སོགས་ལས་ལ་མཁས། །ཁྱད་པར་ལས་ཀྱི་རིམ་པ་ཡིས། །གསལ་མཛད་རྒྱ་ཆེན་འགྲོ་བ་དམིགས། །རྒྱ་མཚོ་རི་རབ་ནོར་བུ་རྫིང་། །ནམ་མཁའ་ས་གཞི་ གསེར་བཞིན་གནས། །ཞེས་སོ། །དེ་ལྟ་བུ་དང་ལྡན་པས་གསང་སྔགས་ཀྱི་དཀྱིལ་འཁོར་ཆེན་པོར་ཞུགས་ནས། །རྗེས་སུ་འཇུག་པར་འདོད་པའི་སློབ་མ་ཡོན་ཏན་དང་ལྡན་པ་དག་གཞུག་སྟེ། དེ་ཡང་རྟོག་པ་བདུན་པ་ལས། དེས་ཤིང་འཇམ་ལ་སྙན་པར་སྨྲ། དད་བརྩོན་ཤེས་རབ་བློ་ལྡན་པས། ། ཐོས་བསམ་སྒོམ་པའི་ལས་ལ་བརྩོན། །སེམས་ཅན་ཀུན་ལ་བྱམས་སེམས་ཅན། །སྙིང་རྗེ་དགའ་བ་བཏང་སྙོམས་གནས། །དཀྱིལ་འཁོར་རྒྱུད་དང་བླ་མ་དང་། །ཟབ་མོའི་ཆོས་ལ་རྩེ་གཅིག་དགའ། །བསྟན་བཅོས་ཀུན་ལ་འཇིགས་མེད་ཅིང་། །བརྟན་པོ་བྱང་ཆུབ་དོན་གཉེར་བས། ། ཞེས་སོ། །དེ་དག་གཟུང་བར་བྱ་སྟེ། དཀྱིལ་འཁོར་གྱི་ཆོ་ག་ལས་ཇི་ལྟར་བཤད་པ་བཞིན་དུ་བུམ་པའི་ཆུས་བསང་བ་དང་། མཆོད་པ་དང་། གདོང་གཡོགས་པ་དང་། ཕྲེང་བ་ཐོགས་ཏེ་སེམས་བསྐྱེད་པ་དང་། དྲིས་ལན་དང་། སྐྱབས་སུ་འགྲོ་བ་དང་། གསོལ་བ་གདབ་པ་དང་། སླར་གཞུག་ 26-1-342b པ་དག་བྱའོ། །དེ་ལ་གཞུག་པའི་དྲིས་ལན་ནི་རྡོ་རྗེ་སློབ་དཔོན་གྱི་གསང་བའི་དཀྱིལ་འཁོར་གྱི་གཞུང་ནས་འབྱུང་བའི་མཚན་ཉིད་བརྗོད་ཅིང་ཁྱོད་ཅི་ལ་དགའ་ཞེས་དྲིས་པ་དང་། སློབ་མས་ཀྱང་བདག་གིས་སྐལ་བ་བཟང་པོ་དེ་དག་འགྲུབ་པའི་ཕྱིར། དཀྱིལ་འཁོར་དུ་འཇུག་ཅིང་དབང་ནོད་པར་འདོད་དོ་ཞེས་ སོ། །གཞུག་པའི་ཐབས་ནི། གསང་བ་ཡང་དག་འདི་ཤེས་ན། །ཇི་ལྟར་འདོད་པར་རབ་ཏུ་གཞུག །གསང་བ་ཡང་དག་མི་ཤེས་ན། །གཡས་པ་ཡིས་ནི་གཞུག་པར་བྱ། །སྔོན་དུ་དཀྱིལ་འཁོར་གྱི་གནས་སུ་ཞུགས་ཤིང་བརྡའི་དོན་ཤེས་པ་དག་གིས་སྔ་མའི་བྱ་བ་དག་གི་ཚུལ་གྱིས་རང་ཉིད་ཇི་ ལྟར་འདོད་པ་བཞིན་དུ་དཀྱིལ་འཁོར་དུ་གཞུག་པར་བྱའོ། །གལ་ཏེ་བརྡ་མེད་དག་ནི་གཡས་པ་ཐབས་ཀྱི་སྒོ་ནས་གཞུག་པར་བྱའོ། །དེའི་རྗེས་སུ་བྱ་བའི་ཚུལ་ཇི་ལྟར་ཞེ་ན། དེ་ལྟར་དཀྱིལ་འཁོར་དུ་ཞུགས་ནས། དེ་བཞིན་དུ་ནི་ཡོན་ཕུལ་ཏེ། གསང་བའི་ཆོ་ག་ཉིད་ཤེས་པས་མི་འགྱུར་བའི་མཆོག་ འགྲུབ་པའོ། །སློབ་མ་ཡོལ་བའི་ནང་དུ་བཅུག་ནས་ཆོ་ག་རྣམ་པ་ལྔ་རྫོགས་པར་བྱས་པའི་རྗེས་སུ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྦྱིན་ཞིང་། ཡེ་ཤེས་དབབ་པའི་ཆོ་ག་རྣམ་པ་ལྔ་དང་། འཇུག་པའི་ཆོ་ག་ལྔས་རྫོགས་པར་བྱས་ཏེ། རྗེས་སུ་བྱ་བའི་ལས་མིག་དབྱེ་བ་དང་། གདོང་གཡོགས་བསལ་ ཞིང་དཀྱིལ་འཁོར་བལྟ་བ་དང་། ཡོན་ཕུལ་བ་དང་། བཀའ་བསྒོ་བ་དག་བྱའོ། །དེས་ནི་གསང་བའི་ཆོ་ག་ཉིད་ཤེས་ནས་དེའི་དོན་བཞིན་དུ་འཇུག་ཅིང་སྤྱོད་པས་མི་འགྱུར་བའི་མཆོག་འགྲུབ་པའོ། །དེ་ལ་ཡོན་གྱི་རིམ་པ་ནི། ཀུན་དུ་སྣ་ཚོགས་བླ་མ་ལ། །ཡོན་མཆོག་དག་ནི་དབུལ་བར་ངེས། ། ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་དགུ་གསུངས་ཏེ། དང་པོར་དཔལ་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་སློབ་དཔོན་གཉིས་སུ་མེད་པའི་ཚུལ་དུ་གནས་པ་དག་མཉེས་པར་བྱ་བ་ཡིན་ནོ། །གང་རང་ལ་ཕངས་ཤིང་ཤིན་ཏུ་གཏོང་བར་དཀའ་བའི་རྣམ་པ་དག་དང་། རང་གི་སྙིང་དུ་སྡུག་པ་དག་ དང་། ཁྱད་པར་ཅན་གྱི་རྫས་ཀྱི་རྣམ་པ་དག་གིས་མཉེས་པར་བྱའོ། །ཅིའི་ཕྱིར་ཞེ་ན། དེ་ཉིད་ཀྱི་དོན་མི་ཟད་པ་འདོད་པའི་ཕྱིར་རོ། །ཅང་འགྲུབ་པར་ནུས་སམ་ཞེ་ན། ཀུན་དུ་སྣ་ཚོགས་རྡོ་རྗེ་འཛིན་པ་དང་གཉིས་སུ་མེད་པ་ཡིན་ཏེ། སྐུ་གསུང་ཐུགས་ཀྱི་ཁྱད་པར་འདྲ་བ་ལས་ཕན་པའི་སྒོ་ནས་ 26-1-343a ལྷག་པར་གྱུར་པའོ། །དེའི་ཕྱིར་ཡོན་གྱི་མཆོག་འབུལ་བར་ངེས་པ་ཡིན་ནོ། །ཡང་ན་དེ་ཉིད་ཀྱི་སེམས་མངོན་པར་དགའ་ཞིང་ཇི་ལྟར་འདོད་པའམ། ཐུགས་ལ་དགྱེས་པའི་ལས་གང་ཡང་རུང་བ་དག་བསྒྲུབས་པས་ནི་ཆུང་ངུ་དག་ཀྱང་ཆེན་པོར་འགྱུར་བ་སྟེ། ཡོན་གྱི་མཆོག་ཏུ་གྱུར་པ་ ཡིན་ནོ། །གལ་ཏེ་སློབ་མ་དེ་ལ་ཡོ་བྱད་མཆོག་ཏུ་གྱུར་པའི་རྫས་སྣ་ཚོགས་ཡོད་པ་ལས་གང་ངན་པ་དང་དམན་པར་གྱུར་ཅིང་རང་ཉིད་ལ་མི་དགོས་པ་དག་རྡོ་རྗེ་སློབ་དཔོན་ལ་འབུལ་ན་བརྙས་པའི་ལས་ཀྱིས་ལྟུང་བར་འགྱུར་ཏེ། རྟག་ཏུ་སྡུག་བསྔལ་གྱི་ལམ་ལ་འཁོར་ཞིང་མི་འདོད་པའི་འབྲས་བུ་ཉམས་ སུ་མྱོང་བར་འགྱུར་རོ། །དེས་ན་རྡོ་རྗེ་སློབ་དཔོན་གྱི་ཡོན་ཏན་དང་། དེ་ལ་བསྙེན་བཀུར་བྱས་པའི་འབྲས་བུ་དག་ནི་ཚད་གཟུང་བར་མི་ནུས་ཤིང་དེ་ལ་མ་གུས་ཤིང་ངན་དུ་བསགས་པའི་ལས་ཀྱང་དེ་དང་འདྲ་བར་ཚད་གཟུང་དུ་རུང་བ་མ་ཡིན་ནོ། །དེའི་ཕྱིར་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲ་བ་ ལས། རེ་ཞིག་དང་པོར་དངོས་གྲུབ་ནི། །སློབ་དཔོན་གྱི་ནི་རྗེས་འབྲངས་ཏེ། །སློབ་དཔོན་མེད་པར་གྱུར་ན་ནི། དངོས་གྲུབ་ཐོབ་པར་མི་འགྱུར་བས། །སློབ་དཔོན་གྱི་ནི་མཚན་ཉིད་བཤད། །བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ཞིང་གཡོ་སྒྱུ་མེད། །གསང་སྔགས་རྒྱུད་ ཀྱི་སྦྱོར་བ་ཤེས། །དཀྱིལ་འཁོར་གྱི་ནི་ལས་ལ་བརྩོན། །སེམས་ཅན་ཀུན་ལ་མི་འཇིགས་སྦྱིན། །ཐེག་པ་ཆེ་ལ་དགའ་བ་དང་། །དེ་ཉིད་བཅུ་ནི་ཡོངས་ཤེས་པས། །དེ་ནི་སློབ་དཔོན་ཡིན་པར་གསུངས། །དེ་དག་རབ་ཏུ་མཆོད་པས་ནི། །སངས་རྒྱས་བྱང་ཆུབ་འགྲུབ་འགྱུར་ཞིང་། ། གང་ཞིག་དེ་ལ་སྨོད་པ་དག །སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར། །ཞེས་པ་དང་། ཡང་དཔལ་གསང་བ་འདུས་པ་ལས་ཀྱང་རྒྱུད་འདིར་དབང་ཐོབ་པའི་སློབ་དཔོན་ནི་བྱང་ཆུབ་སེམས་སུ་བསྟན་པའོ། །བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་མ་ལུས་པའི་འབྱུང་གནས་སོ། །དེ་བས་ན་ ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སློབ་དཔོན་དེ་དང་ཕྲད་ན་ཕྱག་འཚལ་ཞིང་མཆོད་པ་བྱེད་དོ་ཞེས་པ་དང་། གཞན་ཡང་དཔལ་ཟླ་གསང་ཐིག་ལེ་ལ་སོགས་པའི་རྒྱུད་ལས་ཀྱང་། རྡོ་རྗེ་སློབ་དཔོན་ལ་མཆོད་པའི་ཡོན་ཏན་དང་། བརྙས་པའི་སྐྱོན་མང་དུ་བཤད་དེ། 26-1-343b དེ་དག་སྤྲོས་པ་མང་བས་གཞག། །གཞན་ཡང་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་དང་། དེ་ཉིད་ཀྱི་སློབ་དཔོན་ལ་ནི་བུ་མོ་ཤིན་ཏུ་བརྒྱན་པ་དང་། ཆུང་མ་སྡུག་པ་དག་དབུལ་ཞིང་རྡོ་རྗེ་སློབ་དཔོན་ལ་ནམ་མི་དགོས་པའི་དུས་སུ་རིན་གྱིས་སླར་སླུ་བའོ། །དཔལ་ཧེ་རུ་ཀའི་དཀྱིལ་འཁོར་ དང་དེའི་རྡོ་རྗེ་སློབ་དཔོན་དག་ལ་ནི། རང་ཉིད་དམ་གཞན་དག་ལ་ནི་གང་ཡང་རུང་བའི་སྐྱེས་བུ་མཚན་དང་ལྡན་པ་དབུལ་ཞིང་སླར་སླུ་བའོ། །ཡང་པདྨ་གར་གྱི་དབང་ཕྱུག་གི་དཀྱིལ་འཁོར་དང་། སློབ་དཔོན་དག་ལ་ནི་མུ་ཏིག་བཟང་པོ་དང་། ནོར་བུ་དང་། རས་དཀར་པོ་ཟུང་དུ་འབྲེལ་པ་དང་། རྟ་དཀར་པོ་ དག་དབུལ་ཞིང་བསླུ་བའོ། །རྡོ་རྗེ་ཉི་མའི་དཀྱིལ་འཁོར་དང་། སློབ་དཔོན་དག་ནི་རྒྱལ་སྲིད་ཀྱི་ལོངས་སྤྱོད་རིན་པོ་ཆེ་དང་། གོས་དང་རྒྱན་དག་དབུལ་ཞིང་བསླུ་བར་བྱའོ། །རྟ་མཆོག་གི་དཀྱིལ་འཁོར་དང་། སློབ་དཔོན་དག་ལ་ནི་རྒྱན་གྱིས་བརྒྱན་པའི་རྟ་དང་། གླང་པོ་ཆེ་དང་། ཤིང་རྟ་ལ་སོགས་པ་དག་ དབུལ་ཞིང་སླར་བསླུ་བའོ། །དེ་ལྟར་དཀྱིལ་འཁོར་དུ་ཞུགས་པའི་སློབ་མ་ལ་དབང་བསྐུར་བའི་ཕྱིར། ཁམས་ཀྱི་རང་བཞིན་ཐམས་ཅད་དང་། །སྲོག་དང་རྩ་བ་དེ་བཞིན་ཏེ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་བརྒྱད་གསུངས་ཏེ། དང་པོར་སངས་རྒྱས་རྡོ་རྗེ་སེམས་དཔའི་ལྷ་བསྒོམ་ པ་དང་། དཀྱིལ་འཁོར་དུ་དབང་བསྐུར་བའི་སློབ་མ་དག་ལ་ནི་རིན་པོ་ཆེའི་དབུ་རྒྱན་གྱིས་མཚན་པར་བྱ་སྟེ། རྒྱུ་ནི་ཁམས་ཀྱི་རང་བཞིན་ཐམས་ཅད་ལས་བྱུང་བ་དང་སྲོག་ཆགས་དང་རྩ་བ་ལས་བྱུང་བ་དག་གོ། །དེ་ཉིད་ལས་དབུ་རྒྱན་རྩེ་མོ་ལྔ་པའི་རིན་པོ་ཆེའི་ཁང་བུ་སྒོ་ཅན་རྒྱན་གྱིས་སྤྲས་པའི་ གནས་སུ་སངས་རྒྱས་རྣམ་པ་ལྔ་བཞུགས་ཤིང་རང་རང་གི་ཆ་ལུགས་དང་ཕྱག་རྒྱའི་མཚན་མས་བརྒྱན་པར་གནས་པ་དག་གིས་གནས་རྣམ་པ་ལྔར་སྔགས་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱིས་གཞག་པར་བྱའོ། །རིན་པོ་ཆེའི་དབུ་རྒྱན་དེ་ཉིད་འཆིང་བའི་དོན་དུ་དར་གྱི་ཅོད་པན་དཀར་དམར་གྱི་ འཕུར་མ་དང་བཅས་པའོ། །ཡང་ཡེ་ཤེས་དྲུག་དང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། མཛད་པའི་ཕྲིན་ལས་རྣམ་པ་དྲུག་གི་སྣང་བས་རིགས་རྣམ་པ་ལྔའི་བདེ་བར་གཤེགས་པ་དག་ལ་བརྒྱན་པའི་རྟགས་སུ་རིན་པོ་ཆེའི་རྒྱུན་ཐག་ལ་ཐོད་པ་དྲུག་གིས་མཚན་པས་མཐའ་མར་ཐོད་ཐབས་བཞིན་དུ་བཅིངས་པ་ 26-1-344a དང་། རིགས་ཀྱི་བདག་པོ་རང་ཉིད་དང་ཆ་འདྲ་བའི་རྣམ་པས་སྤྱི་གཙུག་གི་ནོར་བུ་བཞིན་དུ་དབུ་རྒྱན་གྱི་རྩེ་མོ་དབུ་མ་ལ་གནས་པར་གྱུར་པའོ། །ཡང་རྣམ་པར་སྣང་མཛད་ཀྱི་དབུ་རྒྱན་རིན་པོ་ཆེའི་ངོ་མཚར་ཅན་རྒྱུ་དང་ཁ་དོག་གཅིག་ལས་བྱས་པའི་རྩེ་མོ་གཅིག་པ་ལ་ཁང་བུ་སྒོ་ དང་བཅས་པའི་ནང་ན་རིགས་ཀྱི་སངས་རྒྱས་གཅིག་གི་སྐུ་དང་ཐོད་པ་གཅིག་གིས་མཚན་ཞིང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་ཅིང་འཁོར་ལོའི་ཕྲེང་བ་དང་དར་དཔྱངས་ཀྱིས་བརྒྱན་པའོ། །ཅི་སངས་རྒྱས་ཀྱི་སྐུ་ལ་རིགས་ཀྱི་བདག་པོ་གང་ཞིག་ཉིད་ཀྱིས་ཉིད་ལ་མཚན་པ་དག་ནི་དགོས་པ་མེད་ དོ་ཞེ་ན། འགལ་བ་མེད་དེ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་བྱིན གྱི་རླབས་ལས་རྒྱུའི་ཚུལ་དུ་བཞུགས་པས། རྡོ་རྗེ་འཆང་ཆེན་པོ་ལས་ཁྱད་པར་གྱི་དོན་དུ་སྤྲུལ་པའི་འབྲས་བུའི་མཚན་ཉིད་འཛིན་པ་དག་གི་བྱེ་བྲག་གིས་གཉིས་སུ་སྣང་བའོ། །ཧེ་རུ་ཀའི་ནི་རིན་པོ་ཆེའི་དབུ་རྒྱན་ ལ་རྡོ་རྗེ་ཕྱེད་པས་མཚན་ཞིང་ཁང་པ་སྒོ་དང་བཅས་པར་རང་ཉིད་ཀྱི་སྐུ་བཞུགས་ཤིང་རྡོ་རྗེའི་ཕྲེང་བས་མཚན་པའོ། །པདྨ་གར་གྱི་དབང་ཕྱུག་གི་ནི་པདྨ་རིན་པོ་ཆེའི་དབུ་རྒྱན་ལ་རང་གི་སྐུས་མཚན་པ་པདྨའི་ཕྲེང་བས་བསྐོར་བའོ། །རྡོ་རྗེ་ཉི་མ་ལ་ནི་རིན་པོ་ཆེའི་དབུ་རྒྱན་ཟུར་བརྒྱད་པ་རྩེ་མོ་ལ་ནོར་བུ་རིན་པོ་ ཆེ་འབར་བས་མཚན་པ་ལས་རང་ཉིད་ཀྱི་སྐུས་བརྒྱན་ཅིང་རིན་པོ་ཆེའི་ཕྲེང་བས་བསྐོར་བའོ། །རྟ་མཆོག་གི་ནི་རིགས་རྣམ་པ་བཞིའི་སྒོ་ནས་དོན་མཛད་པའི་ཕྱིར། དཔལ་རྡོ་རྗེ་སེམས་དཔའི་དབུ་རྒྱན་སངས་རྒྱས་ལྔའི་མཚན་མ་དང་། རྣམ་སྣང་གི་དབུ་རྒྱན་རིན་པོ་ཆེ་དང་གར་དབང་གི་དབུ་རྒྱན་ པདྨོ་དང་། ཧེ་རུ་ཀའི་དབུ་རྒྱན་རྡོ་རྗེ་དང་ཉི་མའི་དབུ་རྒྱན་ནོར་བུ་དག་གང་རུང་གིས་མཚན་པ་ལས། རང་ཉིད་ཀྱི་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་ཕྲེང་བས་བརྒྱན་པའོ། །ད་ནི་གཟུགས་བརྙན་གྱིས་དཀྱིལ་འཁོར་དུ་མཚན་མ་དགོད་པ་དང་། དབང་བསྐུར་བའི་མཚན་མ་དག་ཐུན་མོང་དུ་བསྟན་པ་ ལས། དང་པོར་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་སྒོ་ནས། ཀུན་དུ་སྣ་ཚོགས་སྐལ་བཟང་པོ། །རང་བྱུང་རྣམས་ཀྱི་མཚན་མའི་རྒྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་དཀྱིལ་འཁོར་གྱི་དབུས་ཀྱི་ལྟེ་བ་ལ་རྡོ་རྗེ་སེམས་དཔའི་མཚན་མ་དབྱིངས་དང་ཡེ་ཤེས་ཀྱི་དོན་ 26-1-344b མཚོན་པར་བྱེད་པའི་རྟགས་ཀུན་དུ་སྣ་ཚོགས་སྐལ་པ་བཟང་པོའི་རང་བྱུང་གི་ཡེ་ཤེས་གསལ་བར་བྱེད་པ། རྡོ་རྗེའི་མཚན་མ་གང་ཡིན་པ་དེ་ཉིད་ལ་དེ་སྐད་ཅེས་བྱ་སྟེ། དཀྱིལ་འཁོར་གྱི་ལྷ་མོ་བཞི་དང་བཅས་པའི་བརྡར་གྱུར་པའི་ཕྱིར་རོ། །དེ་ཡང་རྟོག་པ་བདུན་པ་ལས། དེ་ཉིད་ཆེན་པོ་གསང་བ་ལྔ། །རྡོ་རྗེ་ རྩེ་ལྔར་འདོད་པ་ཡིན། །ཞེས་པ་དང་། ཡང་། ལྷ་མོ་ཀུན་དང་འདུས་པ་ཡིས། །ཀུན་དུ་སྣ་ཚོགས་སྐལ་བ་བཟང་། །ཞེས་པའི་ཕྱིར་རོ། །དེ་ནས་ནི་ཕྱག་རྒྱའི་མཚན་མ་གཞན་དག་བྱུང་བའི་ཕྱིར་རྣམས་ཞེས་སྨོས་སོ། །དེས་ན་རྡོ་རྗེ་སེམས་དཔའི་མཚན་མ་རྡོ་རྗེ་དང་། རྡོ་རྗེ་ཁ་ཊྭཱཾ་ག་དྲིལ་བུ་དང་བཅས་པ་ དང་། མདའ་དང་གཞུ་དག་ཀྱང་རྣམས་ཀྱི་སྒྲས་ཤེས་པར་བྱའོ། །ཡང་ལྷ་མོ་རྣམས་ཀྱི་ནི་ཤར་ཕྱོགས་ཀྱི་ལེའུ་ཚེ་ལ་བདེ་མཆོག་མའི་རྡོ་རྗེ་རྩེ་ལྔས་མཚན་པའི་མདའ་དང་གཞུའོ། །ལྷོ་ཕྱོགས་ཀྱི་ལེའུ་ཚེ་ལ་ཨེ་མ་བདེ་བ་མཆོག་གི་བྷ་ག་དང་། ལིངྒ་སྐལ་བ་བཟང་པོའི་མཚན་མ་དགོད་པར་བྱའོ། ། ནུབ་ཕྱོགས་ཀྱི་ལེའུ་ཚེ་ལ་ནི་སྣང་མཛད་མོའི་ཐོད་པ་དང་། ཁ་ཊྭཱཾ་ག་དང་རྡོ་རྗེ་རྒྱ་གྲམ་མོ། །བྱང་ཕྱོགས་ཀྱི་ལེའུ་ཚེ་ལ་ནི་སློབ་མ་མོའི་ཐོད་པའི་ནང་ནས་རྡོ་རྗེ་རྒྱ་གྲམ་གྱི་དབུས་སུ་སངས་རྒྱས་ཚེ་དཔག་མེད་ཀྱི་སྐུས་མཚན་པའོ། །ཡང་ཕྱི་རོལ་གྱི་ཤར་གྱི་ལེའུ་ཚེ་ལ་སངས་རྒྱས་བྱང་ཆུབ་མའི་ མདའ་བཞིས་ཕུག་པའི་ཚངས་པའི་མགོ་བཞི་སྦྱངས་པའོ། །ལྷོ་ཕྱོགས་ཀྱི་ལེའུ་ཚེ་ལ་ཆོས་ཀྱི་འཁོར་ལོ་མའི་འཁོར་ལོ་དཀར་པོ་དང་། སྔོན་པོ་རྩེ་བརྒྱད་པའོ། །ནུབ་ཕྱོགས་ཀྱི་ལེའུ་ཚེ་ལ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་མའི་རྡོ་རྗེ་རྩེ་ལྔ་པ་དང་ཏྲི་ཤཱུ་ལའོ། །བྱང་ཕྱོགས་ཀྱི་ ལེའུ་ཚེ་ལ་འདོད་པའི་དབང་མོའི་དཔག་བསམ་གྱི་ཤིང་མེ་ཏོག་དང་ལྕུག་མས་བརྒྱན་པའོ། །ཤར་ཕྱོགས་ཀྱི་སྒོར་རྟ་མགྲིན་འཕང་མཐོ་མ་ཐོད་པའི་བདུད་རྩིའི་ནང་ནས་བྱུང་བའི་རྟ་མགོ་ལྗང་གུ་རྟ་སྐད་མཚེར་བ་དང་རྡོ་རྗེས་མཚན་པའི་ལྕགས་ཀྱུའོ། །ལྷོ་ཕྱོགས་ཀྱི་སྒོ་ལ་ནི་རྡོ་རྗེ་གདོང་མོའི་ རྡོ་རྗེས་མཚན་པའི་མཆེ་བ་དང་ཞགས་པའོ། །ནུབ་ཕྱོགས་ཀྱི་སྒོ་ལ་ནི་རྡོ་རྗེ་སྤྱན་མའི་རྡོ་རྗེས་མཚན་པའི་ལྕགས་སྒྲོག་དང་ཉི་ཟླའོ། །བྱང་ཕྱོགས་ཀྱི་སྒོ་ལ་ནི་ཐོད་པའི་ནང་ནས་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྐུ་བྱུང་ཞིང་བདུད་རྩིས་བཀང་བ་དང་དྲིལ་བུའོ། །ཕྱིའི་རེའུ་ཆའི་མཚམས་ 26-1-345a སུ་ནི་རྡོ་རྗེས་མཚན་པའི་གླིང་བུ་དང་པི་ཝང་དང་རྔ་ཆེན་དང་རྫ་རྔའོ། །ནང་གི་རེའུ་མིག་གི་མཚམས་བཞི་དང་ཕྱིའི་གྲུ་ཆད་དག་ལ་ནི་བདུད་རྩིའི་བུམ་པའོ། །བར་ཁྱམས་ཀྱི་མཚམས་བཞིར་ནི་རྡོ་རྗེས་མཚན་པའི་མེ་ཏོག་དང་། བདུག་སྤོས་དང་། མར་མེ་དང་། དྲི་ཆབ་དག་ སྟེ། སོ་སོའི་ལྷ་མོ་དག་གི་ཕྱག་རྒྱའོ། །དཔལ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ལ་ནི་དབུས་སུ་འཁོར་ལོ་དང་ལྷུང་བཟེད་དང་། ཆོས་གོས་དང་། འཁར་གསིལ་དང་། དམ་པའི་ཆོས་ཀྱི་གླེགས་བམ་མོ། །ཤར་ཕྱོགས་ཀྱི་འཁོར་ལོའི་རྩེ་མོ་ལ་སངས་རྒྱས་ཀུན་སྤྱོད་མའི་ལྕེས་ མཚན་པའི་པདྨ་ལྡོང་བུ་དང་བཅས་པའོ། །ལྷོ་ཕྱོགས་ཀྱི་རྩེ་མོ་ལ་དཔའ་མོའི་ཆ་ལང་དང་རྔའོ། །ནུབ་ཕྱོགས་ཀྱི་རྩེ་མོ་ལ་ཀུན་དུ་བཟང་མོའི་རྡོ་རྗེ་རྩེ་ལྔ་དང་རིན་པོ་ཆེ་འོད་འབར་བའོ། །བྱང་ཕྱོགས་ཀྱི་རྩེ་མོ་ལ་ཟད་མེད་ཀྱི་སྣོད་འཛིན་མའི་རིན་པོ་ཆེའི་སྣོད་དེ་ཉིད་ཀྱི་རྒྱན་ཐམས་ཅད་ཀྱིས་བཀང་ བ་དང་ཆོས་ཀྱི་དུང་ངོ་། །ཡང་ཕྱི་རོལ་གྱི་ཤར་གྱི་ལེའུ་ཚེ་ལ་སངས་རྒྱས་སྐུ་ལྡན་མའི་སངས་རྒྱས་མི་བསྐྱོད་པའི་སྐུའོ། །ལྷོ་ཕྱོགས་ཀྱི་ལེའུ་ཚེ་ལ་ཞལ་མཛེས་མའི་མེ་ལོང་དང་རླུང་ཡབ་བོ། །ནུབ་ཕྱོགས་ཀྱི་ལེའུ་ཚེ་ལ་སྤྲིན་ཆེན་མོ་སྤྲིན་གྱི་དཀྱིལ་འཁོར་རྡོ་རྗེས་མཚན་པ་ལས་ རྡོ་རྗེའི་སེར་བ་འབེབས་པའོ། །བྱང་ཕྱོགས་གྱི་ལེའུ་ཚེ་ལ་ནམ་མཁའི་སྤྱན་ལྡན་མའི་པདྨའི་དཀྱིལ་འཁོར་ལ་མིག་གིས་མཚན་པའོ། །ལྷག་མ་ཕྱིའི་ལྷ་མོ་བཅུ་གཉིས་ཀྱི་མཚན་མ་དག་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དང་མཐུན་པ་ལས་མི་འདྲ་བའི་ཁྱད་པར་ནི་འཁོར་ལོས་མཚན་པའོ། ། དཔལ་རྡོ་རྗེ་ཧེ་རུ་ཀའི་དཀྱིལ་འཁོར་གྱི་དབུས་སུ་ནི་རྡོ་རྗེ་ནག་པོ་རྩེ་ལྔ་པ་དང་། ཁ་ཊྭཱཾ་ག་དྲིལ་བུས་བརྒྱན་པ་དང་། ཐོད་པ་དང་། ཁམ་ཕོར་གཉིས་སུ་དམར་ཆེན་པོ་དང་སྙིང་ཆེན་པོས་བཀང་བའོ། །ཤར་ཕྱོགས་ཀྱི་ལེའུ་ཚེ་ལ་གཽ་རཱི་མའི་རྡོ་རྗེས་མཚན་པའི་མདའ་རྣོན་པོ་དང་གཞུའོ། །ལྷོ་ཕྱོགས་ ཀྱི་ལེའུ་ཚེ་ལ་རྩཽ་རཱི་མས་འདྲེན་པར་བྱེད་པའི་ལྕགས་ཀྱུ་དང་འཁོར་ལོ་དང་ཁ་ཊྭཱཾ་གའོ། །ནུབ་ཕྱོགས་ཀྱི་ལེའུ་ཚེ་ལ་ནི་ཕྲ་མོའི་ཐོད་པ་ཆང་གིས་བཀང་བ་དང་། འཁོར་ལོའི་བྱང་ཕྱོགས་ཀྱི་ལེའུ་ཚེ་ལ་ནི་བཻ་ཏཱ་ལཱིའི་ཐོད་པ་བདུད་རྩིའི་ཆུས་བཀང་བ་དང་རྡོ་རྗེ་བ་དན་ནོ། །ཤར་ལྷོའི་ལེའུ་ཚེ་ལ་ནི་ 26-1-345b པུཀྐ་སཱིའི་དཔག་བསམ་ཤིང་གི་ལྕུག་མ་རླུང་གིས་བསྐྱོད་པ་དང་རྡོ་རྗེ་རྩེ་ལྔ་པའོ། །ལྷོ་ནུབ་ཀྱི་ལེའུ་ཚེ་ལ་ནི་ཙཎྜ་ལཱིའི་རྡོ་རྗེས་མཚན་པའི་རལ་གྲི་དང་ཏྲི་ཤཱུ་ལའོ། །ནུབ་བྱང་གི་ལེའུ་ཚེ་ལ་ནི་གྷསྨ་རཱིའི་རྡོ་རྗེ་འབར་བས་མཚན་པའི་མེ་ཐབ་དང་རལ་གྲིའོ། །བྱང་ཤར་མཚམས་ཀྱི་ལེའུ་ཚེ་ལ་ནི་སྨ་ཤ་ནཱིའི་ ཕྱག་མཚན་གསལ་བར་མ་སྨོས་ཀྱང་དཔལ་ཁྲག་འཐུང་ཕྱག་བཞི་པའི་ཕྱག་མཚན་དང་འདྲ་སྟེ། རྡོ་རྗེ་འབར་བ་དང་། ཁ་ཊྭཱཾ་ག་དང་ཞགས་པ་དང་ཐོད་པའོ། །འཁོར་གྱི་ལྷ་མོ་གཞན་དག་གི་ཕྱག་མཚན་ཡང་། རྩ་བའི་རྒྱུད་ལས་འབྱུང་བ་བཞིན་དུ་དགོད་པར་བྱ་སྟེ། གྲུ་ཆད་བཞི་ལ་ལྷ་མོ་མདའ་འཛིན་མ་ དང་། ཁ་ཊྭཱཾ་ག་འཛིན་མ་དང་། འཁོར་ལོ་འཛིན་མ་དང་། སྣ་ཚོགས་བ་དན་འཛིན་མ་དག་གིས་མཚན་དང་མཐུན་པའི་ཕྱག་མཚན་དགོད་པར་བྱའོ། །བར་ཁྱམས་ཀྱི་མཚམས་བཞིར་མེ་ཏོག་མ་ལ་སོགས་པའི་ལྷ་མོ་བཞི་དང་། སྒོ་བཞིར་སྒོ་མ་དག་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དང་མཐུན་ པ་ལས་ཁྲོ་བོའི་རྡོ་རྗེས་མཛེས་པའོ། །པདྨ་གར་གྱི་དབང་ཕྱུག་གི་དཀྱིལ་འཁོར་ལ་ནི་དབུས་སུ་པདྨ་འདབ་མ་སྣ་ཚོགས་པ་དང་། དེ་བཞིན་དུ་དམར་པོ་དང་། ལྗང་གུ་དང་། དཀར་པོ་དང་། མཐིང་ག་དང་། སེར་པོ་དང་། ལེ་བརྒན་དག་སྟེ་པདྨའི་མཚན་མ་བདུན་བྲི་བར་བྱའོ། །ཤར་ཕྱོགས་ཀྱི་འདབ་ མ་ལ་ནི་རྣམ་པར་གཟིགས་མའི་པདྨོ་སྙིང་པོ་ཁ་དོག་དམར་ལ་ཁ་ཟླུམ་པའོ། །ལྷོ་ཕྱོགས་ཀྱི་འདབ་མ་ལ་ནི་སྒྲོལ་མའི་བུད་མེད་ཀྱི་ཁུ་ཚུར་གྱི་ཕྱག་རྒྱ་དང་པདྨ་ལྗང་གུའོ། །ནུབ་ཕྱོགས་ཀྱི་འདབ་མ་ལ་ནི་ས་འཛིན་མའི་དཀྱིལ་འཁོར་རྩེ་བརྒྱད་དང་པདྨ་དམར་པོའོ། །བྱང་ཕྱོགས་ཀྱི་འདབ་མ་ལ་ནི་ ཁྲོ་གཉེར་མའི་གསལ་ཤིང་རྩེ་གསུམ་པ་དང་པདྨ་ནག་པོའོ། །ཡང་པདྨོའི་མཚན་མའི་ཚོགས་གཞན་ཞེས་པའི་སྒྲས་ནི་ཕྱིའི་ལྷ་མོ་དག་གི་ཕྱག་མཚན་བསྟན་ཏེ། ཕྱི་རོལ་གྱི་ཤར་གྱི་འདབ་མ་ལ་པདྨ་གཏུམ་པའི་དབང་ཕྱུག་མའི་པདྨ་དམར་པོ་དང་ཏྲི་ཤཱུ་ལའོ། །ལྷོར་སྣ་ཚོགས་པདྨོའི་པདྨ་ སྣ་ཚོགས་ཀྱི་མདོག་ཅན་དང་འཁོར་ལོ་རྩེ་བརྒྱད་པའོ། །ནུབ་ཏུ་པདྨའི་ན་བཟའ་མོའི་པདྨ་སེར་མོ་དང་ཆུ་སྲིན་གྱི་རྒྱལ་མཚན་ནོ། །བྱང་དུ་པདྨ་དབང་ཕྱུག་མའི་པདྨ་ལེ་བརྒན་དང་རྡོ་རྗེ་རྩེ་ལྔ་པའོ། །ཕྱིའི་ལྷ་མོ་བཅུ་གཉིས་ནི་སྔ་མ་དང་འདྲ་བ་ལས་པདྨས་མཚན་པའོ། །རྡོ་རྗེ་ཉི་མའི་དཀྱིལ་ 26-1-346a འཁོར་ལ་ནི་དབུས་སུ་གཞུ་དང་མདའ་དང་རལ་གྲི་དང་ཉི་མའི་དཀྱིལ་འཁོར་འབར་བའི་མེ་འོད་དང་བཅས་པའོ། །ཤར་ཕྱོགས་ཀྱི་ལེའུ་ཚེ་ལ་དབང་བསྐུར་མའི་ཡིད་བཞིན་གྱི་ནོར་བུས་མཚན་པའི་དབུ་རྒྱན་རྩེ་ལྔ་པའོ། །ལྷོ་ཕྱོགས་ཀྱི་ལེའུ་ཚེ་ལ་གཏེར་གྱི་བུམ་པའོ། །ནུབ་ ཕྱོགས་ཀྱི་ལེའུ་ཚེ་ལ་རྒྱལ་མཚན་མཆོག་ལྡན་མའི་ནོར་བུ་རིན་པོ་ཆེས་མཚན་པའི་རྒྱལ་མཚན་ནོ། །བྱང་ཕྱོགས་ཀྱི་ལེའུ་ཚེ་ལ་མཆོད་ཆེན་མའི་མཆོད་པའི་མཚན་མ་རིན་པོ་ཆེའི་གཞོང་པར་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བཀང་བའོ། །བསྡུས་པ་པོའོ་ཞེས་པའི་སྒྲས་ཕྱིའི་ལྷ་མོ་ བཞིའི་མཚན་མ་བསྟན་ཏེ། མདའ་གཞུ་མ་དང་། རལ་གྲི་མ་དང་། ཉི་མ་མོ་དང་། མེ་མོ་དག་གི་རང་རང་གི་མཚན་དང་མཐུན་པའི་མཚན་མ་དག་གོ། །ཕྱི་རོལ་གྱི་ལྷ་མོ་གླིང་བུ་མ་ལ་སོགས་པ་དག་གི་ནི་སྔ་མ་དང་འདྲ་བ་ལས་ཁྱད་པར་དུ་རིན་པོ་ཆེས་མཚན་པའོ། །རྟ་མཆོག་གི་དཀྱིལ་ འཁོར་ལ་ནི་དབུས་སུ་རང་ཉིད་ཀྱི་མཚན་མ་བརྒྱད་དང་ལྷ་མོ་གཉིས་ཀྱི་མཚན་མ་བྲི་བར་བྱའོ། །གཞན་དག་ནི་ཕྲིན་ལས་སོ་སོའི་གནས་སྐབས་བཞིན་དུ་དབྱེ་བར་བྱའོ། །དེ་ལྟར་གོང་དུ་བཤད་པའི་ཕྱག་མཚན་དེ་དག་ཀྱང་སྐབས་འདིར་མི་གསལ་བ་དག་ནི་གཞན་གྱིས་ཁ་བསྐངས་ཏེ་བཤད་ པ་ཡིན་ནོ། །ཕྱག་རྒྱ་མཚན་མ་དེ་དག་བགོད་ཅིང་སྒྲུབ་པ་དང་། དེ་ཉིད་ཀྱི་སྒོ་ནས་དབང་བསྐུར་བའི་ཕན་ཡོན་དང་། རྟ་མཆོག་གི་ཕྱག་རྒྱའི་མཇུག་བསྡུ་བའི་ཕྱིར་ཐུན་མོང་དུ་གསུངས་པ་ནི། སངས་རྒྱས་ཐམས་ཅད་ལ་སོགས་པ། །དངོས་པོ་བརྟན་གཡོ་མ་ལུས་ཀུན། །རང་བྱུང་ རྣམས་ཀྱི་མཚན་མའི་རྒྱ། །ནམ་མཁའ་དབྱིངས་ཀྱི་མཐས་ཀླས་པའོ། །ཞེས་སོ། །དེ་ཉིད་བདེན་ཞིང་མི་སླུ་བའི་ཕྱིར། དེ་སྐད་བཅོམ་ལྡན་དེ་བཞིན་གཤེགས། །རྡོ་རྗེ་སེམས་དཔའ་དཔལ་གྱིས་གསུངས། །འདི་ཉིད་ནི་རྩ་བའི་རྒྱུད་ཆེན་པོ་ལས་འདི་དག་བསྡུས་པའི་ཚུལ་དུ་བྱུང་བ་ ཡིན་པའི་ཕྱིར་ཡང་གསུངས་ལ། སྟོན་པས་ཇི་ལྟར་བཤད་པའི་དོན་སྒྲོ་སྐུར་གྱི་མཐའ་དང་བྲལ་བ་སྡུད་པ་པོས་བསྡུས་པའི་ཕྱིར་ཡང་བཀོད་པའོ། །དཀྱིལ་འཁོར་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་པ་ནི་གཟུགས་བརྙན་གྱི་དཀྱིལ་འཁོར་དང་། དེར་བཀོད་པའི་མཚན་མ་དག་གི་སྒོ་ནས་རྒྱས་འདེབས་ 26-1-346b ཤིང་གསལ་བར་བྱེད་པས་སོ། །རྟོག་པ་བདུན་པའི་དོན་རྣམ་པར་བཤད་པའོ།། །།གང་ཞིག་བསྒྲུབ་པར་བྱ་བའི་གཞི་ཤེས་ཤིང་འབྲས་བུ་ལ་མངོན་པར་ཕྱོགས་པ་དེ་དག་གིས་ནི་སྒྲུབ་པའི་ལས་རྣམ་པ་གཉིས་ལ་སྦྱོར་བའི་ཕྱིར་ཆོ་གའི་ཡན་ལག་དང་ལྡན་པར་བྱའོ། །དེའི་ཕྱིར་འདི་ནི་ ཕྱག་འཚལ་བའི་ཕྱག་རྒྱ་དང་། མཆོད་པའི་ཕྱག་རྒྱ་དག་གསལ་བར་བསྟན་པའོ། །ཇི་ལྟར་སྤྱན་དྲང་བ་ལ་སོགས་པའི་ལས་དག་དང་། དེ་དག་གི་ཐུན་མོང་དུ་འགྲོ་བའི་སྔགས་དང་ཕྱག་རྒྱ་སྣ་ཚོགས་པ་དག་བསྟན་པ་ལས་འདི་ཉིད་ཁྱད་པར་དུ་ཕྱོགས་གཅིག་ཏུ་དགོད་པར་མཛད་ཅེ་ན། ལམ་ རྣམ་པ་གཉིས་ཀྱི་ཐུན་མོང་གི་ཆོ་ག་ནི་མཉེས་པའི་བྱ་བ་ཡིན་ཏེ། དེ་ཉིད་ཕྱག་འཚལ་བ་དང་མཆོད་པ་ལ་རག་ལས་པ་སྟེ། དེས་ན་རྩ་བའི་རྒྱུད་ཆེན་པོ་ལས་སོ་སོའི་ཞར་བྱུང་དུ་བཤད་ཟིན་ཀྱང་། འདིར་ཞེས་པ་ཕྱོགས་གཅིག་ལ་བསྡུ་བའི་དུས་སུ་ནི་ལོགས་ཤིག་ཏུ་བཀོད་པར་རིགས་པ་ ཡིན་ནོ། །དེ་ཡང་རྩ་བའི་རྒྱུད་ལས། ཆོ་གའི་ཡན་ལག་ཐམས་ཅད་ལས། །ཕྱག་འཚལ་མཆོད་པའི་ལས་དག་ནི། །གནས་སྐབས་ཀུན་དུ་འཇུག་པ་སྟེ། །བརྩོན་ལྡན་འཇུག་པས་ཀུན་དུ་སྦྱོར། །ལྷ་དང་བླ་མ་མཉེས་པའི་མཐུས། །འདོད་ཡོན་ལས་ལ་སྦྱོར་བར་འགྱུར། །ཞེས་ སོ། །དེའི་ཕྱིར་ལེའུ་བརྒྱད་པ་འདི་ནི་ཀུན་གྱི་ཡན་ལག་གི་ཚུལ་གྱིས་ཐུན་མོང་དུ་བཤད་པ་སྟེ་ཕྱོགས་གཅིག་ཏུ་གཞག་པ་ནི་མེད་དོ། །དེ་ལས་དང་པོར་མདོར་བསྟན་པའི་ཕྱིར། དེ་ནས་གཞན་ཡང་བཤད་པ་ནི། །རྡོ་རྗེ་སེམས་དཔའ་དཔལ་གྱི་ལྷའི། །རྣམ་པ་ཀུན་དུ་སྣ་ཚོགས་མཆོག །མཆོད་ པ་ཐམས་ཅད་རྣམ་འཕྲུལ་པའོ། །དཀྱིལ་འཁོར་གྱི་འཁོར་ལོ་དང་། རང་ཉིད་ཀྱི་བླ་མ་ལ་སོགས་པའི་ཐུན་མོང་དང་། ཁྱད་པར་གྱི་ལྷ་རྣམས་མགུ་བར་བྱ་བའི་དོན་དུ་དཔལ་རྡོ་རྗེ་སེམས་དཔའི་རྣམ་པར་འཕྲུལ་པ་ལས། མཆོད་པ་རྣམ་པ་སྣ་ཚོགས་ཀུན་གྱི་མཆོག་ཏུ་གྱུར་པ་ཐམས་ཅད་ རྣམ་པར་འཕྲུལ་ཞིང་ཕྱག་འཚལ་བའི་མཆོད་པ་ལུས་ངག་ཡིད་གསུམ་གྱི་རྣམ་པ་ལས་བྱུང་བ་དང་། མཆོད་པའི་ཕྱག་རྒྱ་ཕྱི་ནང་གསང་བའི་སྒོ་ནས་གླུ་དང་གར་ལ་སོགས་པའི་སྒོ་ནས་རྣམ་པར་འཕྲུལ་ཞིང་དཀྱིལ་འཁོར་མཉེས་པར་མཛད་པའོ། །དེ་ཡང་རྩ་བའི་རྒྱུད་ལས། རྡོ་རྗེ་ 26-1-347a སེམས་དཔའི་རྣམ་འཕྲུལ་ལས། །མཆོད་པའི་ཚོགས་མང་རབ་སྤྲོས་ཏེ། །སྣ་ཚོགས་ཀུན་གྱི་ཕྱག་རྒྱ་ཡིས། །དཀྱིལ་འཁོར་ཐམས་ཅད་མཉེས་པར་བྱ། །ཞེས་སོ། །ད་ནི་ཕྱག་འཚལ་བའི་ཕྱག་རྒྱའི་སྒོ་ནས་མཆོད་པ་ལས་དང་པོར་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་ནི། ལག་པ་ གཡས་གཡོན་གཉིས་དག་ནི། །མཛུབ་མོ་མཐེའུ་ཆུང་མཛེས་པར་བསྒྱུར། །དཔལ་ལྡན་གཡོན་པ་འགྱིང་བའི་ཐབས། །གཡས་པ་བ་དན་གསུམ་པ་བྱ། །ཕྱག་རྒྱ་བཅིང་བ་ལ་ནུས་པ་མཐུ་དང་ལྡན་པར་བྱ་བའི་དོན་དུ་ལག་པ་བྱིན་གྱིས་བརླབ་པ་སྔོན་དུ་སོང་བས་རྡོ་རྗེ་ཁུ་ཚུར་ལས་བྱུང་བའི་ཕྱག་རྒྱ་ གཡོན་དང་། གཡས་དང་། མདུན་རྣམ་པ་གསུམ་དུ་པདྨའི་ལག་སྐོར་ལན་གསུམ་དུ་བསྒྱུར་ཞིང་། དེ་ལས་གཡོན་པ་ཁུ་ཚུར་དུ་བཅངས་ཤིང་དྲིལ་བུ་འཛིན་པའི་ཚུལ་གྱིས་དཀུའི་གནས་སུ་བཞག་སྟེ། འགྱིང་བག་དང་ལྡན་པའི་ཚུལ་དུ་བྱ་བ་དང་། གཡས་པའི་སྲིན་མཐེབ་སྦྱར་ཏེ། བ་དན་གསུམ་ པའི་ཚུལ་གྱིས་རྡོ་རྗེ་བཟུང་ནས་བཀན་ཏེ་སྙིང་གར་གཞག་པར་བྱའོ། །ཚུལ་ཇི་ལྟའི་སྒོ་ནས་ཤེ་ན། སྲི་ཞུར་བྱས་ཤིང་བཏེག་པའི་མཆོག །བདག་ཉིད་རྡོ་རྗེ་སེམས་དཔའ་དཔལ། །འཛུམ་དང་བཅས་པའི་མིག་གིས་བལྟ། །བསམ་པ་གཡོས་པའི་ཕྱག་རྒྱའོ། །བདག་ཉིད་རྡོ་རྗེ་སེམས་ དཔའ་དང་གཉིས་སུ་མེད་པ་ལས་བྱུང་བའི་ཚུལ་གྱིས་ཀུན་དུ་ཆགས་པ་ལས་འཛུམ་པ་ནི་སྲི་ཞུར་བཅས་པ་སྟེ། དེ་ཉིད་ལ་རང་འོད་ཀྱི་རིག་མ་དང་ཞལ་སྦྱོར་གྱི་ཚུལ་གྱིས་བཞུགས་པ་ནི་བཏེག་པའོ། །ཕྱག་རྒྱ་དེ་ལྟ་བུ་སྔོན་དུ་སོང་བས་འཛུམ་མིག་དང་བཅས་པར་ལྟ་ཞིང་། བསམ་པ་གཡོས་ པའི་སྒོ་ནས་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བར་བྱའོ། །དེ་ཡང་རྟོག་པ་བདུན་པ་ལས། སྒྱུ་འཕྲུལ་དགའ་བའི་རྡོ་རྗེ་རོལ་མོའི་ཚོགས། །གཞན་ལ་སྣང་བའི་དཀྱིལ་འཁོར་རྣམ་པར་མཛེས། །ཞེས་པ་ལ་སོགས་པའི་སྐུ་གསུང་ཐུགས་ ཡོན་ཏན་ཕྲིན་ལས་ལྔའི་སྒོ་ནས་ཕྱག་འཚལ་བའི་ཚིགས་སུ་བཅད་པ་དང་། ཨོཾ་ཨཱ་ཧཱུཾ། ཨ་ཏི་པུ་ཧོ། བནྡྷ་ནཾ་ཀ་རོ་མི། ག་རུ་པ་ཏི་ཨ་ལ་ལ་ཧོ། ཨོཾ་ཨ་ཏི་ཧཱུཾ་ཞེས་པས་སྔགས་བརྗོད་ཅིང་ཕྱག་བཙལ་བར་བྱའོ། །འདི་དག་རིགས་ཀྱི་དཀྱིལ་འཁོར་གཞན་དག་གི་གནས་སྐབས་སུ་ཡང་རྒྱ་ 26-1-347b ཆེར་སྦྱར་བར་བྱའོ། །དེ་ལྟར་ཕྱག་འཚལ་བའི་ཕན་ཡོན་ནི། སངས་རྒྱས་རྡོ་རྗེ་པདྨ་འཛིན། །རྡོ་རྗེ་ཉི་མ་ཁམས་གསུམ་པས། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། འཇིག་རྟེན་ལས་འདས་རིགས་དྲུག་གི་དཀྱིལ་འཁོར་དག་དང་། རིགས་ཀྱི་དཀྱིལ་འཁོར་ཐུན་མོང་ བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་དང་། འཇིག་རྟེན་གྱི་ལྷ་ཆེན་པོ་དྲེགས་བྱེད་ཀྱི་ཚོགས་ཀུན་གྱིས་ཕྱག་འཚལ་ཞིང་ལས་ཐམས་ཅད་བྱེད་པར་འགྱུར་བའོ། །གཞན་ཡང་སངས་རྒྱས་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་གཞན་དག་གི་ཕྱག་འཚལ་ཕྱག་རྒྱ་དག་བསྟན་པའི་ ཕྱིར། རྡོ་རྗེ་དཔལ་གྱི་ཐལ་མོ་བསྒྱུར། །བསམ་པ་གཡོས་པས་ཕྱག་བྱས་པའི། ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་ལྔ་གསུངས་ཏེ། དང་པོར་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ལ་ནི་ཚུལ་གོང་མ་དང་འདྲ་བ་ལས་འཁོར་ལོའི་ཕྱག་རྒྱའི་ཐལ་མོ་དཔྲལ་བར་གཏུག་ཅིང་ཨོཾ་ཨ་ཏི་པུ། ། ཨོཾ་ཞེས་པའི་ཚིག་བརྗོད་པར་བྱས་པས་སངས་རྒྱས་ཀྱི་མཆོད་པ་རྒྱ་ཆེན་པོས་ཐམས་ཅད་མཉེས་ཤིང་ཐམས་ཅད་འགྲུབ་པར་འགྱུར་བའོ། །ཧེ་རུ་ཀའི་སྨིན་མ་གཡོན་པ་བཏེག་ཅིང་གར་སྟབས་ཀྱི་སྒོ་ནས་མཐེའུ་ཆུང་མཆེ་བ་བཞིན་དུ་བྱས་ཏེ་ཁར་བཞག་ནས་ཨོཾ་ཨ་ཏི་པུ་ཧི་ཧི་རུ་ལུ་རུ་ལུ་ཧཱུཾ་ཞེས་ བརྗོད་པས་འཇིག་རྟེན་གྱི་ལྷ་ཆེན་པོ་དྲེགས་བྱེད་ཀུན་གྱིས་བྲན་བཞིན་དུ་ལས་ལ་འདུད་པའོ། །པདྨ་གར་དབང་གི་ནི་པདྨའི་ཐལ་མོ་ཁ་འབུས་བཞིན་དུ་མཐེ་བོང་མཐེའུ་ཆུང་བཞི་པོ་དག་པདྨའི་འདབ་མ་ཁ་བྱེ་བ་བཞིན་དུ་སྙིང་གར་སྦྱར་ཏེ། ཨོཾ་ཨ་ཏི་པུ་ཧྲི་ཞེས་པས་ཆོས་ཐམས་ཅད་རྣམ་པར་དག་པའི་ངང་དུ་སྦྱོར་ ཞིང་རྒྱས་པར་འགྱུར་རོ། །རྡོ་རྗེ་ཉི་མའི་ནི་གར་བསྐོར་བ་སྔོན་དུ་འགྲོ་བས་ལུས་ཀྱི་ཡན་ལག་ཐམས་ཅད་ས་ལ་ཕབ་སྟེ་གནས་གསུམ་དུ་ཐལ་མོ་སྦྱར་ཞིང་། ཨོཾ་ཨ་ཏི་པུ་ཏྲཾ་ཞེས་པས་ཕྱག་འཚལ་བས་ཡོན་ཏན་རིན་པོ་ཆེའི་རིགས་ཐམས་ཅད་ཀྱིས་རྒྱས་པར་འགྱུར་བའོ། །རྟ་མཆོག་གི་ནི་གར་ བསྐོར་བ་སྔོན་དུ་སོང་བས་རྡོ་རྗེ་འགྱིང་བག་གི་ཐབས་ཀྱིས་སྣ་ཚོགས་རྡོ་རྗེའི་ཕྱག་རྒྱ་བཅིངས་ཏེ་འཛུམ་པའི་མིག་དང་ལྡན་པས། ཨོཾ་ཨ་ཏི་པུ་ཧཾ་ཞེས་བརྗོད་པས་ཁམས་གསུམ་ཐམས་ཅད་དག་ཟིལ་གྱིས་གནོན་པར་འགྱུར་བའོ། །དེས་ནི་ཕྱག་འཚལ་བའི་ཕྱག་རྒྱ་ཤེས་པའི་དོན་རྣམ་པར་བཤད་པའོ། ། 26-1-348a ད་ནི་མཆོད་པའི་ཕྱག་རྒྱའི་སྒོ་ནས་དཀྱིལ་འཁོར་མཉེས་པར་བྱ་བ་ལས། དང་པོར་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་གཙོ་བོའི་ཕྱག་རྒྱ་བསྟན་པའི་ཕྱིར། གར་གྱི་རྒྱུད་རྣམས་ཇི་སྙེད་དང་། །དེ་བཞིན་བྱ་བའི་ཚུལ་སྟོན་ཀུན། །དེ་དག་རྡོ་རྗེ་སེམས་དཔའི་རྒྱ། །རང་གི་དོན་རྣམས་ སྒྲུབ་བྱེད་པའོ། །གར་གྱི་གཙུག་ལག་ལས་ཇི་སྐད་དུ་བཤད་པའི་བརྒྱད་ལྡིང་དང་དྲུག་འགྱུར་དང་། ཡན་ལག་ཅན་དང་། ཚིག་ཆེན་དང་། བུང་བའི་སྟོབས་དང་། དོ་ཤལ་དང་། སེང་གེ་བསྒྱིངས་པ་དང་། གནས་བདུན་རོལ་པ་ཞེས་བྱ་བ་ལ་སོགས་པ་ཇི་སྙེད་པ་དང་དེ་དང་རྗེས་སུ་མཐུན་པའི་གླིང་བུའི་སྟབས། པི་ཝང་དང་། མུ་སྟི་ཧ་ར་ལ་སོགས་པའི་སྟབས་ཀྱི་སྒོ་ནས་གར་དང་ཕྱག་རྒྱ་སྣ་ཚོགས་བསྒྱུར་ཞིང་བྱ་བའི་ཚུལ་དང་བཅས་པས་རྡོ་རྗེ་སེམས་དཔའི་ཕྱག་རྒྱའི་སྒོ་ནས་རང་གི་དོན་རྣམས་བསྒྲུབ་པར་བྱའོ། །དེ་དག་གི་ཚུལ་གཞན་ཡང་བསྟན་པའི་ཕྱིར། འགྱིང་དང་བཅས་པའི་ཚུལ་བསྟན་ནས། །ཇི་ ལྟའི་ཚུལ་བཞིན་གར་བྱེད་ཅིང་། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། ཚོགས་ཀྱི་དཀྱིལ་འཁོར་ལ་སོགས་པའི་སོ་སོའི་ལས་དང་མཐུན་པར་བྱེ་བྲག་གི་ཚུལ་དུ་ཕྱི་ནང་གསང་བའི་མཆོད་པ་ཐམས་ཅད་ཀྱི་སྔགས་དང་། མཆོད་པ་དང་། ཕྱག་རྒྱ་དང་། ཏིང་ ངེ་འཛིན་དུ་སྦྱར་ཞིང་གཡོན་ཕྱོགས་ནས་བསྐོར་བའི་གར་ཐབས་ཀྱི་སྒོ་ནས་ལས་སུ་བྱ་བ་དག་སྤྱད་པར་བྱའོ། །དེ་ཡང་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བཅིང་ཞིང་འོག་ནས་འབྱུང་བ་བཞིན་གྱི་ཕྱག་རྒྱ་དང་། ལྟ་བའི་ཕྱག་རྒྱ་དང་། གླུའི་ཕྱག་རྒྱ་ལ་སོགས་པས་མཚོན་ཞིང་རིགས་ཀྱི་གཙོ་བོ་མཉེས་པར་ བྱའོ། །བསྡུས་པའི་དོན་ནི་འདི་ལྟར་ཡིན་ཏེ། གང་ཞིག་གིས་བསྒོམ་པའི་རིམ་པ་རྫོགས་པར་བྱས་ནས་དཀྱིལ་འཁོར་དག་མཆོད་པ་ལ་སོགས་པའི་སྐབས་སུ་སྦྱོར་བའི་སྒོ་ནས་དཀྱིལ་འཁོར་བསྐུལ་བ་དང་། སྤྱན་དྲང་བ་དང་། གཞུགས་སུ་གསོལ་བ་དང་། ཕྱག་འཚལ་བ་དང་། མཆོད་ པ་སྤྲོ་བ་དང་། དབུལ་བའི་སྔགས་དང་། གླུ་འགྱུར་དང་། ཕྱག་རྒྱ་དང་། ལྷ་རྣམས་དགུག་གཞུག་བྱ་བ་དང་། ཕྱག་རྒྱ་ཆེན་པོ་གསལ་ཞིང་མཉེས་པར་བྱ་བ་དང་། དངོས་གྲུབ་བསྐུལ་བ་དང་། དམ་ཚིག་གི་ཕྱག་རྒྱས་བརྟན་པར་བྱ་བ་དང་། མཆོད་པ་བཞིའི་སྒོ་ནས་གསོལ་བ་གདབ་པ་ 26-1-348b དང་། རྡོ་རྗེ་གླུའི་སྒོ་ནས་གསོལ་བ་གདབ་པ་དང་། ལས་སྣ་ཚོགས་ཀྱི་སྒོ་ནས་གསོལ་བ་གདབ་པ་དང་། བཞིན་གྱི་ཕྱག་རྒྱ་དང་། འཛུམ་པའི་ཕྱག་རྒྱ་དང་། བདུད་རྩིའི་མཆོད་པ་དང་། གསང་བའི་མཆོད་པ་དག་གིས་མཉེས་པར་བྱའོ། །དེ་དག་གི་ཕན་ཡོན་ནི། ཕྱག་རྒྱ་འདི་ཡིས་བཏབ་ན་ནི། །སངས་ རྒྱས་ཀུན་དང་འགྲོགས་པ་དང་། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གསུངས་པ་ཡིན་ཏེ། དེ་ལས་སངས་རྒྱས་ཀུན་དང་འགྲོགས་པ་ནི་ཕྱག་རྒྱ་འདིའི་མཐུས་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀུན་གྱི་བདག་ཉིད་དུ་སྤྱོར་བར་མཛད་པའོ། །དཔལ་ སྐལ་བ་བཟང་པོ་ཞེས་བྱ་བའི་ཕྱག་རྒྱའི་བཤད་པའོ།། །།ད་ནི་ལྷ་མོ་བདེ་མཆོག་མ་ལ་སོགས་པའི་མཆོད་པ་བསྟན་པའི་ཕྱིར། སྙེམས་འཛིན་ཆེན་པོར་བཅས་པ་ཡི། །སྦྱོར་བས་དེ་ནི་བཏེག་ནས་སུ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། ལྷ་མོ་ཉི་ཤུ་ལ་ སོགས་པའི་སོ་སོའི་འགྱིང་བག་དང་བཅས་པས་གར་ཐབས་ལན་གསུམ་དུ་བསྒྱུར་ཞིང་། འགྲམ་པའི་ཕྱོགས་སུ་བཏེག་སྟེ་ཡང་བསྒྱུར་ཞིང་ཐལ་མོ་སྦྱར་ཏེ་སྤྱི་བོའི་མཚམས་སུ་བཞག་པ་ལས་བཀྲོལ་ནས་སོ་སོའི་ཕྱག་རྒྱ་བཅིངས་པའི་རྗེས་ལ་ཧཱུཾ་གི་གླུ་བླང་ཞིང་མཆོད་པ་ཐམས་ཅད་ དབུལ་བར་བྱའོ། །དཔལ་སྐལ་བ་བཟང་པོ་བདེ་བ་ཆེན་པོ་ལས་རྣམས་ཀྱི་ཕྱག་རྒྱ་བཤད་པའོ། །ད་ནི་རིགས་ཀྱི་དཀྱིལ་འཁོར་གཞན་དག་གི་མཆོད་པའི་ཕྱག་རྒྱ་བསྟན་པའི་ཕྱིར། ལག་པ་གཡས་གཡོན་གཉིས་དག་གི། །མཛུབ་མོ་མཐེའུ་ཆུང་མཛེས་བསྒྱུར་བའི། །ཞེས་པ་ལ་ སོགས་པའི་ཚིགས་སུ་བཅད་པ་གསུངས་པ་ལས། དང་པོར་རྣམ་པར་སྣང་མཛད་ཀྱི་ནི་གར་བསྒྱུར་བ་ལས་བྱུང་བའི་འཁོར་ལོའི་ཐལ་མོ་སྦྱར་ཞིང་གཡོན་ཕྱོགས་སུ་བསྒྱུར་ཞིང་བཏེག་སྟེ་སྤྱི་བོའི་མཚམས་སུ་བཞག་ནས་ཨོཾ་གྱི་གླུ་དང་བཅས་པས་ལས་ལ་སྦྱར་བར་བྱའོ། །ཧེ་རུ་ཀའི་ ནི་གར་བསྒྱུར་བ་ལས་ཐལ་མོ་གྱེན་དུ་བཀྲོལ་ཏེ། རྡོ་རྗེ་གནོད་སྦྱིན་གྱི་ཞལ་ལམ། ཐོད་པའི་ཚུལ་དུ་བྱས་ནས་མཆོད་པ་དང་། གཏོར་མས་བཀང་བའི་ཚུལ་གྱིས་དུར་ཁྲོད་ཀྱི་ཆས་དང་ལྡན་པར་བྱས་ནས་རྡོ་རྗེ་དྲག་པོའི་གད་མོའི་སྒོ་ནས་ལས་ལ་སྦྱར་བར་བྱའོ། །པདྨ་གར་དབང་གི་ནི་ 26-1-349a གར་བསྐོར་བ་ལས་བྱུང་བའི་རྡོ་རྗེ་རིན་པོ་ཆེའི་ཐལ་མོ་ལན་གསུམ་དུ་བརྡབ་ཅིང་ཧྲིའི་གླུ་བླངས་ཏེ་ལས་ཐམས་ཅད་ལ་སྦྱར་བར་བྱའོ། །ཉི་མས་ནི་གར་བསྐོར་བ་ལས་བྱུང་བའི་རྡོ་རྗེ་རིན་པོ་ཆེའི་ཐལ་མོ་སྦྱར་ཞིང་ཏྲཾ་གི་གླུ་བླངས་ཏེ་ལས་ཐམས་ཅད་ལ་སྦྱར་བར་བྱའོ། །རྟ་མཆོག་གི་ ནི་གར་བསྐོར་བ་ལས་སོ་སོའི་ཕྲིན་ལས་ཀྱི་བྱ་བ་བཞིན་དུ། །སྣ་ཚོགས་རྡོ་རྗེའི་ཐལ་མོ་བཅིངས་ཤིང་བཀྲོལ་ཏེ། རྣམ་པར་སྣང་མཛད་ཕྱག་རྒྱ་དང་སྔགས་ལ་རང་གི་སྙིང་པོ་ཧཾ་གིས་བརྒྱན་པའི་གླུ་བླངས་པའོ། །ད་ནི་མཆོད་པའི་ལྷ་མོ་བཞིའི་སྒོ་ནས་བརྩམ་པ་དང་། ཕྱག་རྒྱ་གོང་མ་དག་བཅིང་ བའི་རྗེས་སུ་མཆོད་པ་འདི་དག་ལ་སོགས་པ་དབུལ་བའི་ཕྱིར། གྱེན་དུ་འཐོར་དང་ཐུར་དུ་འབེབས། །བསྐོར་ཞིང་དི་བཞིན་ཉུག་པ་དང་། །མེ་ཏོག་བདུག་པ་མར་མེ་དང་། །དྲི་ཡི་མཆོད་པ་འབྱུང་བའོ། །ལྷ་མོའི་སྔགས་དང་ཕྱག་རྒྱ་མེ་ཏོག་གྱེན་དུ་འཐོར་བ་དང་། བདུག་སྤོས་ཐུར་དུ་ བླུགས་པ་དང་མར་མེ་ཕྱོགས་བཅུར་བསྐོར་བ་དང་། དྲིས་བདག་དང་ལྷ་རྣམས་ཀྱི་ཐུགས་ཀར་ཉུག་པ་ལ་སོགས་པའི་ཚུལ་དུ་ལས་དེ་རྣམས་ལ་སྦྱར་བར་བྱའོ། །ཡང་ཚིགས་སུ་བཅད་པ་ཐ་མ་འདི་ཉིད་ཀྱིས་ནི་མཆོད་པའི་ལྷ་མོ་དག་ཀྱང་མཚོན་པར་བྱེད་པའོ། །དེ་ལྟར་མཆོད་པ་དེ་དག་ གྲངས་ལ་སོགས་པའི་ཚད་ཇི་ཙམ་ཞེ་ན། གང་ངམ་འོན་ཏེ་སྟོང་ཡང་རུང་། །ཡང་ན་ཅི་འབྱོར་པ་ཡིས་ཀྱང་། །དམ་ཚིག་མཉམ་པར་བསྒྲུབས་པ་ཡིས། །མཆོད་པ་ཐམས་ཅད་འགྲུབ་པར་འགྱུར། །སྣོད་གཅིག་ནས་བཟུང་སྟེ་སྟོང་གི་བར་དུ་རིན་པོ་ཆེ་དང་མཆོད་པའི་ཚོགས་རྣམས་ཀྱིས་ བཀང་བའམ། ཡང་ན་ཅི་འབྱོར་པ་བཞིན་དུ་བཤམས་ཤིང་། དངོས་སུ་འབྱོར་པས་གང་བ་དང་། མ་འབྱོར་པའི་སྟོང་པ་དག་ཀྱང་སེམས་ཀྱིས་རྒྱ་ཆེར་སྤྲུལ་ཏེ་མཆོད་པར་བྱའོ། །དེ་ཡང་དམ་ཚིག་དང་མཉམ་པར་ལྡན་པའི་སྒྲུབ་པ་པོས་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་ཚོགས་པའི་རྣམ་ པས་མཆོད་པའི་ཚོགས་རྣམས་བསྒྲུབ་ཅིང་དབུལ་བར་བྱའོ་ཞེས་པའོ། །དེ་དག་གི་ཕན་ཡོན་ནི། ཕྱག་རྒྱ་འདི་རྣམས་བཅིངས་ན་ནི། །སངས་རྒྱས་ཐམས་ཅད་མཆོད་པར་འགྱུར། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་བཞི་གསུངས་ཏེ་གོ་སླ་བས་མ་བཤད་དོ། །མཆོད་པ་ 26-1-349b ཐམས་ཅད་དང་མཉམ་པར་སྦྱོར་བ་བཟང་པོ་དམ་ཚིག་གི་རྟོག་པ་ཉིད་རང་གི་ཆེ་བའི་ཡོན་ཏན་རྣམ་པར་འཕྲུལ་པ་ལས་བྱུང་བས་རང་ཉིད་མཆོད་པར་མཛད་པས་མཉམ་པར་སྦྱོར་བ་སྟེ། དེ་དག་མི་འབྲལ་ཞིང་ལོངས་སྤྱོད་པར་མཛད་པས་སྐལ་བ་བཟང་པོ་དཔལ་གྱི་དམ་ཚིག་ཅེས་བྱའོ། །ལེའུ་ བརྒྱད་པའི་དོན་རྣམ་པར་བཤད་པའོ།། །།གང་ཞིག་ལམ་གྱི་ཆོས་ཉམས་སུ་བླངས་པ་དེ་དག་ཀྱང་། ཆོ་གའི་ཡན་ལག་ཕུན་སུམ་ཚོགས་པ་དང་མི་ལྡན་པས་ནི་འགྲུབ་པར་མི་འགྱུར་ཏེ། རྒྱལ་པོ་རྟ་རྣའི་བཀོད་པ་ལྟ་བུ་ཡིན་ལ། ཡན་ལག་མ་ཚང་བའི་གསང་སྔགས་དང་། རྟེན་ འབྲེལ་མ་ཚོགས་པའི་ལས་ཀྱང་དེ་བཞིན་དུ་བྲམ་ཟེ་མོ་བཟང་ལྡན་གྱི་བཀོད་པ་བཞིན་ནོ། །དེས་ན་བསྒྲུབ་བྱའི་འབྲས་བུ་དག་ནི་རྒྱུ་ཕུན་སུམ་ཚོགས་པ་དང་རྐྱེན་ཕུན་སུམ་ཚོགས་པ་ལ་རག་ལས་ཏེ། ལེགས་པར་སྦྱར་བའི་ཤིང་རྟ་དག་ཀྱང་རྟ་ལ་མ་བརྟེན་པར་རང་གི་གནས་སུ་ཕྱིན་པར་མི་ནུས་ལ། བདེན་པའི་མཐུས་ནི་ཟོལ་པའི་ལས་དག་ཀྱང་འགྲུབ་པར་བྱེད་དེ། སྒྱུ་མ་མཁན་བཟའ་པོའི་བཟའ་སྟོན་བཞིན་ནོ། །དེའི་ཕྱིར་ཕྱག་རྒྱ་ཉི་ཤུ་རྩ་བདུན་དང་ལྡན་པས་ནི་ལས་ཐམས་ཅད་ལ་སྦྱོར་བར་བྱེད་ཅིང་། དེ་དག་གི་ཕྲིན་ལས་མ་ལུས་པ་འབྱུང་བའི་གྲོགས་སུ་གྱུར་པ་ཡིན་ནོ། །དེ་ཡང་རྩ་བའི་ རྒྱུད་ལས། བསྒྲུབ་པའི་ལས་རྣམས་གང་ཞིག་ལ། །གོམས་པའི་ལས་ཀྱིས་བརྩམ་བྱ་བའང་། །རྒྱུ་རྐྱེན་རྟེན་འབྲེལ་མ་ཚོགས་པར། །མི་མཐུན་ཕྱོགས་ཀྱིས་སྒྲུབ་བྱེད་པའི། །རྨ་བྱ་ཤི་རི་ཤའི་བཞིན་དུ། །བསྐལ་པར་བསྒྲུབས་ཀྱང་འགྲུབ་མི་འགྱུར། །སྨིན་ཅིང་གྲོལ་བར་ བྱ་བའི་ཐབས། །ཐབས་ཀྱི་ཡན་ལག་སྤྱོད་པ་དང་། །རྒྱུ་རྐྱེན་ལ་སོགས་ཚོགས་པའི་མཐུས། །འདོད་པའི་འབྲས་བུ་ལས་སྦྱོར་འགྲུབ། །ཕྱག་རྒྱའི་དཀྱིལ་འཁོར་གང་དག་ལ། །ཕྱག་རྒྱའི་ཚོགས་ཀྱིས་མ་བསྒྲུབས་པར། །ལེགས་སྤྱད་འབྲས་བུ་འབྱུང་མི་འགྱུར། །དེ་ཕྱིར་ཕུན་ སུམ་ཚོགས་པས་འཇུག །ཅེས་སོ། །དེས་ན་ལམ་གང་མ་དག་བསྒྲུབ་པར་བྱ་བ་ལ་ནི་ཕྱག་རྒྱ་ཉི་ཤུ་རྩ་བདུན་གྱིས་བྱ་དགོས་སོ། །དེ་ཡང་རྟོག་པ་བདུན་པ་ལས། བསྙེན་སྒྲུབ་ལ་སོགས་ལས་གང་བའི། །ཕྱག་རྒྱ་རིམ་པ་གསལ་བ་དག །བསྒྲུབ་བྱའི་ལམ་དུ་གྱུར་པ་སྟེ། །དེ་ 26-1-350a གསལ་འབྲས་བུའི་ལས་ལ་སྦྱོར། །ཚོགས་པའི་ཡན་ལག་ཉི་ཤུ་བདུན། །ཕྱག་རྒྱའི་ལས་སུ་རབ་ཏུ་གྲགས། །ཁྱད་པར་སོ་སོའི་ལས་དག་གི། འཇུག་པའི་ཡན་ལག་གྲོགས་སུ་བཤད། །དེ་དག་གནས་སྐབས་གོང་དུ་འགྲོ་བ་ནི་གོང་དུ་བཤད་ཟིན་ཏོ། །དེ་ཡང་བསྡུ་ ན་ཕྱག་རྒྱ་བཞི་རུ་ཤེས་པར་བྱ་སྟེ། དང་པོ་དང་། དྲུག་པ་དང་། བདུན་པ་དང་། བརྒྱད་པ་དག་གི་ནི་ཕྱག་རྒྱ་ཆེན་པོའོ། །གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། བཅུ་དྲུག་པ་དང་། བཅུ་དགུ་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །དགུ་པ་དང་། བཅུ་པ་དང་། བཅུ་གཅིག་པ་དང་། བཅུ་གསུམ་པ་ དང་། བཅོ་བརྒྱད་པ་དག་ནི་ཆོས་ཀྱི་ཕྱག་རྒྱའོ། །ལྔ་པ་དང་། བཅུ་གཉིས་པ་དང་། བཅུ་བཞི་པ་དང་། བཅོ་ལྔ་པ་དང་། བཅུ་བདུན་པ་དང་། ཉི་ཤུ་པ་ནས་བཟུང་སྟེ། མཐར་ཐུག་གི་བར་དུ་ནི་ལས་ཀྱི་ཕྱག་རྒྱའོ། །དེ་དག་གི་ཚིག་གི་འབྲེལ་ཚུལ་དང་པོར་ཕྱག་རྒྱ་ཆེན་པོའི་སྐུ་ལ་བརྟེན་དགོས་པས་ ཐམས་ཅད་འབྱུང་བའི་ཕྱག་རྒྱ་བསྟན་ཏོ། །དེ་ཉིད་ཀྱིས་རྒྱས་བཏབ་ནས། ཡང་དམ་ཚིག་གི་ཕྱག་རྒྱ་བརྟེན་པར་བྱ་དགོས་པས་གཉིས་པ་བསྟན་ཏོ། །དེ་ཡང་དམ་ཚིག་ཆེན་པོའི་ཕྱག་རྒྱ་ལ་བརྟེན་ཏེ་འབྱུང་བའི་ཕྱིར་གསུམ་པ་བསྟན་ཏོ། །དེ་དག་གི་གཞིར་གྱུར་པ་ནི་སྦྱོར་བའི་ཕྱག་རྒྱ་ ཡིན་ཏེ། དེ་ཉིད་དང་ལྡན་དགོས་པའི་ཕྱིར་བཞི་པ་བསྟན་ཏོ། །དེས་ནི་སྦྱོར་བ་སྣ་ཚོགས་ཀྱི་སྒོ་ནས་ལས་བྱ་བའི་ཕྱིར་ལྔ་པ་བསྟན་ཏོ། །དེས་ལས་སྒྲུབ་པ་དག་ཤེས་པར་བྱ་བའི་ཕྱིར་གཞན་གྱི་ཆ་ལུགས་དང་འཛུམ་པའི་རིམ་པ་དང་ལྟ་བའི་ཁྱད་པར་གྱི་བྱེ་བྲག་གིས་སྦྱོར་དགོས་པས་དྲུག་ པ་དང་། བདུན་པ་དང་བརྒྱད་པ་དག་བསྟན་པ་ཡིན་ནོ། །དེས་ངག་དག་པར་བྱས་ཤིང་བཟླས་བརྗོད་ལ་སོགས་པ་བྱ་བ་དང་མཆོད་བསྟོད་ལ་སོགས་པ་བྱ་བའི་ཕྱིར། དགུ་པ་དང་བཅུ་པ་དང་བཅུ་གཅིག་པ་གསུངས་པ་ཡིན་ནོ། །དེས་ལྷ་མཉེས་པར་བྱ་བའི་ཕྱིར་གར་གྱི་ཕྱག་རྒྱ་དང་ རྡོ་རྗེའི་གླུ་དང་། མཆོད་པ་དང་། གཏོར་མ་བརྩམ་དགོས་པས་བཅུ་གཉིས་པ་དང་། བཅུ་གསུམ་པ་དང་། བཅུ་བཞི་པ་དང་། བཅོ་ལྔ་པ་དག་བསྟན་པ་ཡིན་ནོ། །དེ་ལྟར་མཆོད་པས་མཉེས་པའི་རྗེས་ལ་ལྷ་དང་སློབ་མ་དབང་བསྐུར་དགོས་པས་བཅུ་དྲུག་པ་བསྟན་ཏོ། །དེས་ནི་དངོས་གྲུབ་ 26-1-350b ཀྱི་ལས་དང་། བསྲུང་བ་ལ་སོགས་པའི་ལས་ལ་སྦྱར་དགོས་པའི་ཕྱིར་བཅུ་བདུན་པ་དང་བཅོ་བརྒྱད་པ་བསྟན་ཏོ། །དེ་ཉིད་བརྡའི་མཚན་མ་ལ་གནས་པས་ལས་ལ་འཇུག་པའི་ཕྱིར་བཅུ་དགུ་པ་བསྟན་ཏོ། །དེས་དངོས་གྲུབ་དང་། ལས་ཀྱི་བྱེ་བྲག་གཞན་ལའང་སྦྱར་བའི་ཕྱིར་ཉི་ཤུ་པ་ནས་ཉི་ཤུ་ བདུན་གྱི་བར་བསྟན་པ་ཡིན་ནོ། །དེ་ཡང་རྩ་བའི་རྒྱུད་ལས། སྣ་ཚོགས་ཕྱག་རྒྱ་མཐའ་དག་ཀུན། །ཕྱག་རྒྱ་བཞི་ལས་སྤྲོས་པ་སྟེ། །དེ་ཡི་ཡན་ལག་ཉི་ཤུ་བདུན། །ལས་ཀྱི་ཆོ་ག་སྟོན་པར་བྱེད། །དངོས་གྲུབ་ཐམས་ཅད་སྒྲུབ་པ་དང་། །ཕྲིན་ལས་ཆོ་ག་རབ་འབྱམ་དག །ཕྱག་རྒྱ་ ཉི་ཤུ་རྩ་བདུན་གྱིས། །གསལ་ཞིང་འགྲུབ་པར་བྱེད་པ་ཡི། །སྣ་ཚོགས་གཉིས་མེད་དཀྱིལ་འཁོར་གསལ། །སྣ་ཚོགས་དམ་ཚིག་རྗེས་ཆགས་ཤིང་། །སྣ་ཚོགས་ཆོས་ཀྱི་སྔགས་བརྗོད་པས། །སྣ་ཚོགས་ཕྲིན་ལས་ཀུན་དུ་སྤྱོད། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བས། །སངས་ རྒྱས་ཀུན་གྱི་དམ་ཚིག་མཆོག །མཁའ་འགྲོ་སྒྱུ་མའི་ཀུན་སྤྱོད་གནས། །ལས་ཀྱི་ཆོ་ག་རྣམ་གསལ་འགྲུབ། །རང་གི་ལས་ལ་སྦྱོར་བའི་མཐུས། །ཕྱག་རྒྱའི་ཡེ་ཤེས་གསལ་བས་འགྲུབ། །ཅེས་སོ། །དེའི་ཕྱིར་ཕྱག་རྒྱ་སྤྲོས་པ་མཐའ་དག་ནི་ཕྱག་རྒྱ་ཉི་ཤུ་རྩ་བདུན་དུ་འདུས་པ་དེ་ དག་ནི་ཕྱག་རྒྱ་རྣམ་པ་བཞིར་འདུས་པའོ། །དེས་ན་རྟོག་པ་བདུན་པ་ལས་ཀྱང་། ཕྱག་རྒྱ་སྤྲོས་སོགས་མ་ལུས་ཀུན། །ཕྱག་རྒྱ་བཞི་ལ་འདུས་པར་བསྟན། །ཞེས་སོ། །དེ་ལས་དང་པོར་ཕྱག་རྒྱ་ཆེན་པོའི་མཚན་ཉིད་མདོར་བསྟན་པའི་ཕྱིར། དེ་ནས་གཞན་ཡང་བཤད་པ་ནི། །རྡོ་རྗེ་ སེམས་དཔའ་དཔལ་གྱི་ལྷ། །ཀུན་དུ་སྣ་ཚོགས་མཆོག་རྣམས་ཀྱི། །ཕྱག་རྒྱ་ཐམས་ཅད་རྣམ་འཕྲུལ་པའོ། །ཕྱག་རྒྱའི་དཀྱིལ་འཁོར་སྒྲུབ་པའི་ཡན་ལག་གོང་མ་དག་ལས་ཁྱད་པར་གྱི་མཚན་ཉིད་མི་འདྲ་བ་གཞན་ཡང་དང་པོར་ལྷའི་དཀྱིལ་འཁོར་སོ་སོའི་སྐུ་མདོག་དང་། ཆ་ལུགས་དང་། རྒྱན་ཆས་དང་། བཞུགས་ཚུལ་དང་། ཕྱག་མཚན་ལ་སོགས་པའི་བྱེ་བྲག་ཐམས་ཅད་འབྱུང་བའི་ཕྱག་རྒྱ་སྣ་ཚོགས་པ་དག་ནི་དཔལ་རྡོ་རྗེ་སེམས་དཔའི་སྣང་བ་ཡིན་ཏེ། ཚུལ་ཇི་ལྟར་ཞེ་ན། ཀུན་དུ་སྣ་ཚོགས་ཀྱི་ཆ་ལུགས་དང་ལྡན་ཞིང་མཆོག་ཏུ་གྱུར་པའི་ཕྱག་རྒྱ་ཐམས་ཅད་རྣམ་པར་འཕྲུལ་པའོ། ། 26-1-351a ད་ནི་ཁྱད་པར་གྱི་སྒོ་ནས་དཀྱིལ་འཁོར་དྲུག་གི་ཐམས་ཅད་འབྱུང་བའི་ཕྱག་རྒྱའི་མཚན་ཉིད་ལས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་གཙོ་བོའི་མཚན་ཉིད་བསྟན་པའི་ཕྱིར། སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །གསང་ བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །དཔལ་རྡོ་རྗེ་སེམས་དཔའ་ནི་སྐུ་གསུམ་གཉིས་སུ་མེད་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་སྣང་བ་ལས་བྱུང་བ་ཡིན་ཏེ། རིགས་དྲུག་གི་བདག་ཉིད་དུ་བཞུགས་པའོ། །དེ་ཉིད་ཀྱི་སྐུ་མདོག་ལ་སོགས་པའི་ མཚན་ཉིད་ནི། བདེ་བ་ཀུན་ལ་ཞེན་པ་དང་། །དངོས་གྲུབ་ཐམས་ཅད་རྣམ་དག་ཕྱིར། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །ཟླ་བ་ཉ་ལྟར་རྩ་དམར་སྐུ། །བདེ་བ་དང་ཡིད་བདེ་བ་བླ་ན་མེད་པའི་ཆོས་ལ་ལོངས་སྤྱོད་པས་ཆགས་པ་ཆེན་པོའི་ཆ་ལུགས་སུ་མདངས་དམར་པོ་དང་ལྡན་ཞིང་དངོས་གྲུབ་ ཐམས་ཅད་རྣམ་པར་དག་པའི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལ་ལོངས་སྤྱོད་པས་ཚོགས་ཡོངས་སུ་རྫོགས་ཏེ། ཚེས་བཅུ་དྲུག་གི་ཟླ་བ་ལྟར་དཀར་ལ་རྒྱས་པའི་ཞལ་མངའ་བའོ། །དེ་ཡང་རྟོག་པ་བདུན་པ་ལས། དམ་པའི་ཡི་གེ་གྲུབ་པ་དང་། །ཆོས་རྣམས་ཐམས་ཅད་ རྣམ་དག་ཅིང་། །གསང་བ་དེ་ཉིད་དག་པའི་ཕྱིར། །རྡོ་རྗེ་འཛིན་པ་ཟླ་བའི་མདོག །ཅི་ཕྱིར་བཅོམ་ལྡན་འདོད་ཆགས་ཆེ། །འདོད་ཆགས་ཀུན་ལ་རྗེས་ཆགས་ཕྱིར། །རྡོ་རྗེ་འཛིན་པ་དེ་ཉིད་ཀྱང་། །སྣ་ཚོགས་དམར་མོ་འབར་བའི་མདོག །ཅེས་སོ། །དེ་ཉིད་ཀྱི་འོད་ཀྱི་སྣང་བ་ གཞན་སྤང་བར་བྱ་བའི་ཕྱིར། འདོད་ཆགས་ཀུན་ལ་ཆགས་པའི་ཕྱིར། །ཆགས་པ་ཆེན་པོ་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི། །དམར་པོ་སྣ་ཚོགས་འབར་བའི་འོད། །སྟོང་གསུམ་གྱི་སྐྱེ་འགྲོ་མཐའ་དག་ལ་ཐུགས་རྗེ་ཆེན་པོས་དབྲི་བཀོལ་མེད་པར་ གཟིགས་ཤིང་དོན་མཛད་པའི་ཕྱིར། དཔལ་རྡོ་རྗེ་སེམས་དཔའ་ཕྱག་རྒྱ་ཞལ་རྣམ་པ་བཞི་དང་། ཕྱག་རྣམ་པ་བཞིས་མཛེས་ཤིང་སྐུ་ལས་འོད་ཟེར་ཁ་དོག་སྣ་ཚོགས་འོད་འཕྲོ་བ་ལས་རིགས་རྣམ་པ་དྲུག་གི་དཀྱིལ་འཁོར་གྱིས་གཞན་གྱི་ལས་ལ་སྦྱོར་བ་རྒྱན་དང་ཆ་ལུགས་སུ་བཅས་པའི་ 26-1-351b སྐུ་སྟོན་པར་མཛད་པའོ། །དེ་ཡང་རྩ་བའི་རྒྱུད་ལས། གངས་རི་རྡུལ་བྲལ་ཉི་ཤར་འོད། །རིན་ཆེན་ལྔ་ཡི་ཟེར་ཕྲེང་མཛེས། །སྒེག་དགྱེས་འཛུམ་མིག་ཆགས་པའི་བཞིན། །དཀར་མཐིང་གསེར་མདོག་དམར་བའི་མདངས། །ཞལ་མང་ཕྱག་བཞི་སྒེག་བཞད་འཆང་། །གཡས་ན་རྡོ་རྗེ་རྩེ་ལྔ་ འབར། །བསྙེམས་བཅས་གསོར་ཞིང་ཐུགས་ཀར་བརྟེན། །གཡོན་པ་ཁ་ཊྭཱཾ་རྒྱ་གྲམ་ཅན། །དྲིལ་བུ་བ་དན་བཅས་པ་འཁྲོལ། །འོག་མ་གཉིས་ཀྱིས་མདའ་དང་གཞུ། མཚན་དཔེའི་ཕྱག་རྒྱ་ལྔ་ཡིས་མཛེས། །སྟོད་གཡོགས་དར་དཀར་གསེར་རིས་ཅན། །སྐུ་སྨད་ཚེ་གུའི་ན་བཟའ་ལ། ། རིན་ཆེན་ཕྲེང་བའི་སྐེད་ཆིངས་ཅན། །མགུར་ཆུ་དོ་ཤལ་དཔུང་རྒྱན་དང་། །ཞབས་ཕྱག་གདུ་བུ་སེ་མོ་དོ། །ཞེས་སོ། །ད་ནི་སངས་རྒྱས་དེ་ཉིད་ལ་རིགས་རྣམ་པ་ལྔའི་དབུ་རྒྱན་དང་། རིགས་ཀྱི་བདག་པོ་དང་། ཐོད་པའི་ཕྲེང་བ་དག་གིས་མཚན་པའི་ཕྱིར། །ཁམས་གསུམ་དག་ན་རིན་ཆེན་ གཞན། །སངས་རྒྱས་རིན་ཆེན་ལྟ་བུ་མེད། །ཅེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་གསུངས་ཏེ། སྟོང་གསུམ་གྱི་འཇིག་རྟེན་དག་ན་ནོར་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ནི་ནོར་བུ་རིན་པོ་ཆེ་ཡིན་ཏེ། དཀོན་ཞིང་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་དང་། རིན་པོ་ ཆེ་ཡིན་པའི་ཕྱིར་རོ། །དེ་དག་གིས་ཟག་བཅས་ཀྱི་རྫས་སྟོན་པར་ནུས་ཀྱང་། ཟག་པ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་མ་ཡིན་པས་འདུས་བྱས་ཀྱི་རྫས་སོ། །དེ་ལས་ཁྱད་པར་དུ་གྱུར་པའི་ཕྱིར་དཀོན་མཆོག་རིན་པོ་ཆེ་ཡིན་ལ། དེ་ཡང་ཐེག་པ་ཐུན་མོང་དུ་བརྟགས་པའི་སངས་རྒྱས་དག་ནི་གསང་ སྔགས་ཀྱི་དཀྱིལ་འཁོར་དུ་མ་ཞུགས་ཤིང་། དམ་ཚིག་དང་མི་ལྡན་པའི་ཕྱིར་དབུ་རྒྱན་མེད་དེ་བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མ་མྱོང་བའོ། །འདིར་གསང་སྔགས་ཀྱི་དཀྱིལ་འཁོར་དུ་ལྷ་མོས་དབང་བསྐུར་བའི་འབྲས་བུ་ལས་རིགས་ཀྱི་བདག་པོས་དབུ་བརྒྱན་པའོ། །དེ་ཡང་རྟོག་པ་ བདུན་པ་ལས། དཀྱིལ་འཁོར་སྤྱན་དྲངས་ལྷ་མོ་ཡིས། །ཁྲུས་བྱས་དྲི་མ་གསུམ་དག་ནས། །དབང་བསྐུར་འབྲས་བུ་བསམ་པར་བྱ། །སངས་རྒྱས་གཙུག་གི་ནོར་བུའོ། །ཞེས་སོ། །དེ་ཡང་གཞན་གྱི་ནོར་བུ་ལྟ་བུ་མ་ཡིན་ཏེ། རང་ཉིད་ཀྱི་ཟག་པ་མེད་པའི་ཡེ་ཤེས་ཀྱི་སྣང་བ་ལས་བྱུང་བའོ། ། 26-1-352a དེ་ནས་ལྷ་མོའི་བདུད་རྩིའི་བུམ་པའི་ཆུ་རྒྱུན་ནི་ལྷའི་དཀྱིལ་འཁོར་གཉིས་སུ་མེད་པའི་འོད་ལས་བྱུང་བའོ། །དེ་ཉིད་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་མཚན་མའི་ཚོགས་ཐམས་ཅད་ཡང་དག་པར་མཛད་པས་ཆུ་རྒྱུན་ལྟ་བུ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་མཐུ་དང་། ལྷག་པའི་བསམ་པ་རྣམ་པར་དག་པའི་སྨོན་ལམ་གྱི་ངོ་བོ་ཉིད་ཀྱིས་ལྷུན་གྱིས་གྲུབ་པའི་རང་བཞིན་གྱིས་འབྲས་བུ་གསལ་བར་བྱས་པའོ། །དེ་ཡང་ཡེ་ཤེས་རྣམ་པ་དྲུག་དང་རིགས་རྣམ་པ་དྲུག་གི་རྟགས་ཀྱིས་མཚན་ཞིང་སྟོང་གསུམ་གྱི་འཇིག་རྟེན་ཐམས་ཅད་སངས་རྒྱས་ཀྱི་དཀྱིལ་འཁོར་གྱིས་ རྒྱས་པར་མཛད་པའོ། །དེ་དག་གི་ཕན་ཡོན་ནི། རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །ལྷ་མོ་ཀུན་དང་འདུས་པ་ཡིས། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་གསུངས་ཏེ་གོ་སླ་བའི་ཕྱིར་མ་བཤད་དོ། །མཆོག་ཏུ་དགའ་བ་ལ་རབ་ཏུ་སྦྱོར་བ་ནི། སྦྱོར་བ་ལ་སོགས་པའི་ སྒོ་ནས་ཕྱག་རྒྱ་ཆེན་པོའི་ཆ་ལུགས་ལ་གནས་པའི་མཚན་ཅན་ནོ། །སྐལ་བ་བཟང་པོ་དཔལ། རྡོ་རྗེ་སེམས་དཔའ་བདེ་བའི་མཆོག་རོལ་བ། །ཞེས་བྱ་བའི་ཕྱག་རྒྱ་ལས་གཙོ་བོའི་རང་བཞིན་དང་སྐུ་མདོག་ལ་སོགས་པའི་མཚན་ཉིད་བཤད་པའོ། །ད་ནི་ཡབ་ཡུམ་གཉིས་སུ་མེད་ པར་རོལ་པའི་སྐྱིལ་མོ་ཀྲུང་བཤད་པའི་ཕྱིར། གཡས་དང་གཡོན་པའི་སྦྱོར་བ་ཡིས། །བདེ་བའི་ཆ་ལུགས་གར་བྱེད་ཅིང་། །སེམས་དཔའི་སྐྱིལ་མོ་ཀྲུང་བཅས་ན། །དཔུང་རྣམ་ཐམས་ཅད་རབ་ཏུ་འཇོམས། །དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ཞལ་སྦྱོར་ཏེ་ཞབས་གཡས་གཡོན་ བསྣོལ་ནས་གཉིས་སུ་མེད་པའི་རོལ་པ་ལ་སྙོམས་པར་ཞུགས་པའི་སྦྱོར་བས་བདེ་བའི་ཆ་ལུགས་དང་འོད་ཟེར་གྱི་འཕྲོ་འདུས་ཕྲིན་ལས་གཉིས་ཀྱི་བྱ་བའི་ཚོགས་ཀྱིས་གར་བྱེད་ཅིང་སེམས་དཔའི་སྐྱིལ་མོ་ཀྲུང་དུ་གནས་པས་བདུད་ཀྱི་དཔུང་ཐམས་ཅད་འཇོམས་པར་བྱེད་དོ། །ཚུལ་ཇི་ལྟར་ ཞེ་ན། གཙོ་བོའི་ཞབས་གཡས་གཡོན་གྱི་རྐང་པའི་བོལ་གཉིས་བརླའི་སྟེང་དུ་ཕྱུང་ནས་ཡུམ་པང་དུ་བཞག་སྟེ་ཞབས་ཀྱིས་ཐབས་ལ་འཁྱུད་པའོ། །དཔལ་རྡོ་རྗེ་སེམས་དཔའི་སྐྱིལ་མོ་ཀྲུང་གི་བཤད་པའོ། །ད་ནི་དཀྱིལ་འཁོར་གྱི་ལྷ་མོ་རྣམས་ཀྱི་ཕྱག་རྒྱ་ཆེན་པོའི་མཚན་ཉིད་ 26-1-352b ལས་ཐུན་མོང་དུ་ཁ་དོག་གི་བྱེ་བྲག་བསྟན་པའི་ཕྱིར། ཟླ་བའི་ཁ་དོག་འཛུམ་པའི་ཞལ། །དངོས་གྲུབ་ཐམས་ཅད་དག་པ་དང་། །པདྨོ་འདོད་ཆགས་རྣམ་དག་ཕྱིར། །བརླ་ཡི་དབུས་ནི་དཀར་ལ་དམར། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་བཞི་གསུངས་ཏེ། ལྷ་མོ་ཐམས་ཅད་མཐུན་པར་ བསྡུས་པའི་རྒྱུད་འདིར་ཁ་དོག་མཚུངས་པར་བསྟན་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་རབ་ཏུ་རྒྱས་ཤིང་དངོས་གྲུབ་ཐམས་ཅད་རྣམ་པར་དག་པའི་དོན་དུ། ཞལ་གྱི་དཀྱིལ་འཁོར་ཟླ་བ་རྒྱས་པ་འདྲ་བ་ལས་བཞིན་འཛུམ་པའི་མདངས་དང་ལྡན་པའོ། །བརླ་གཉིས་ཀྱི་ནང་ རོལ་ནི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དང་ལྡན་པའི་རྟགས་སུ་དཀར་ལ་དམར་ཞད་ཆགས་པའོ། །ཕྱག་དག་ནི་ཕྲིན་ལས་ཐམས་ཅད་ལས་མི་འགྱུར་བའི་སྒོ་ནས་སྤྱོད་པར་མཛད་པ་དང་། དེ་ཉིད་ཀྱི་ཆེ་བའི་ལོངས་སྤྱོད་མངའ་བརྙེས་པའི་རྟགས་སུ་བྲ་མ་ཏའི་ལོ་མ་གཅིག་ཏུ་གཅུས་པ་ལྟ་བུ་ལས་ འོད་འཇའ་ཚོན་བཞིན་དུ་འགྱུར་བའོ། །དེ་བཞིན་དུ་ཞབས་ཀྱི་བྱིན་པ་གཉིས་ཀྱང་སྔོན་པོར་གནས་པའོ། །བདེ་བའི་དབང་ཕྱུག་ཡོན་ཏན་གྱི་ཚོགས་ཐམས་ཅད་ལ་རྣམ་པར་སྦྱོར་ཞིང་བདེ་བ་ཆེན་པོའི་ཆ་ལུགས་ཀྱིས་བདག་གཞན་གྱི་འདོད་པ་མཐའ་དག་སྟོན་པར་མཛད་པའི་ཕྱིར། བརླའི་རྒྱབ་ དང་མཐའ་བཞི་དང་ནི་དཀར་ལ་སེར་བའི་མདངས་ཅན་ནོ། །སྐུ་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོ་ཞིང་དེ་དག་གི་རྩེ་མོ་ལས་ཀྱང་སངས་རྒྱས་དྲུག་གི་དཀྱིལ་འཁོར་གྱིས་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་བར་མཛད་པས་རིན་པོ་ཆེའི་ཁ་དོག་ཅན་གྱི་ལྷ་རྫས་ཀྱི་ཚོགས་སྟོན་པར་ མཛད་པའོ། །དེ་དག་ཀྱང་གདན་པདྨའི་དཀྱིལ་འཁོར་ལ་ཆོས་ཐམས་ཅད་རྣམ་པར་དག་པའི་ཏིང་ངེ་འཛིན་ལ་བཞུགས་ཤིང་། དབུ་ལ་སོགས་པའི་རྒྱན་དག་སངས་རྒྱས་ལྔའི་མཚན་མས་སྤྲས་ཤིང་རིན་པོ་ཆེའི་རྒྱན་ལ་སོགས་པ་སྣ་ཚོགས་ཀྱིས་སྤྲས་པའོ། །དེ་དག་གི་སྐུའི་སྣང་བས་སྟོང་གསུམ་ གྱི་འཇིག་རྟེན་ཐམས་ཅད་རྒྱས་པར་མཛད་དེ། དཔེར་ན་བཅོམ་ལྡན་འདས་འོད་ཟེར་བཀོད་པའི་གནས་ལ་འཇུག་ཅིང་མི་མཇེད་ཀྱི་འཇིག་རྟེན་འདི་དག་སངས་རྒྱས་ཀྱི་དཀྱིལ་འཁོར་སྣ་ཚོགས་ཀྱིས་བཀང་སྟེ། གདུལ་བྱའི་ལྷ་མ་སྲིན་སྡེ་བརྒྱད་དག་སྐད་ཅིག་གིས་འདུལ་བར་མཛད་པ་བཞིན་ནོ། ། 26-1-353a ད་ནི་ཁྱད་པར་གྱི་ལྷ་མོ་དག་གི་མཚན་ཉིད་སོ་སོར་བསྟན་པ་ལས་དང་པོར་ལྷ་མོ་བདེ་མཆོག་མའི་བསྟན་པའི་ཕྱིར། བྱ་བ་དང་ནི་ཟློག་པ་དང་། །འཕྲོག་པ་དག་ཀྱང་ལྷག་པར་མཛད། །བདག་ལ་འཁྱུད་པའི་ཕྱག་རྒྱ་ཡིས། །ཡན་ལག་ཐམས་ཅད་འཕྲོག་པ་འགྲུབ། །ཞི་གནས་ དང་ལྷག་མཐོང་ཟུང་དུ་འབྲེལ་པའི་མདའ་གཞུ་འགེངས་པས་གཙོ་བོའི་ཐུགས་བསྐུལ་ཞིང་རྗེས་སུ་ཆགས་པའི་ཚུལ་གྱི་རང་འོད་ཀྱི་རིག་མ་ལ་འཁྱུད་པའོ། །དེ་དག་གི་ཕན་ཡོན་ནི། ཕྱག་རྒྱ་འདི་ཡིས་བཏབ་ན་ནི། །འདོད་པ་གཞན་དུ་འགྲོ་འོང་ལྡིང་། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་ པ་གཅིག་གསུངས་ཏེ་གོ་སླའོ། །དཔལ་རྡོ་རྗེ་མདའ་བདེ་བའི་མཆོག་རོལ་པ་ཞེས་བྱ་བ་ནི། ཕྱག་མཚན་གྱི་སྒོ་ནས་སོ། །ཡང་ལྷ་མོ་གཞན་དག་གི་བསྟན་པའི་ཕྱིར། །རྣམ་པ་སྣ་ཚོགས་དམ་ཚིག་ཆགས། །བདེ་བ་འབབ་པའི་གར་བྱེད་པས། །ཞེས་བྱ་བ་ལ་སོགས་པ་གསུངས་ ཏེ། ཨེ་མའོ་བདེ་བ་མོའི་དམ་ཚིག་ཆགས་པ་མོའི་དམ་ཚིག་གི་བརྡས་མཚོན་ཏེ། བྷ་ག་དང་ལིངྒའི་མཚན་མ་འཛིན་ཅིང་རང་འོད་ཀྱི་རིག་མ་ལ་འཁྱུད་པ་དང་། སྣང་མཛད་མའི་སེ་རལ་ཁའི་ཚུལ་དུ་ཁ་ཊྭཱཾ་ག་ལ་རྒྱབ་བརྟེན་བཅས་ཤིང་། གཡས་པ་རང་འོད་ཀྱི་རིག་མ་ལ་འཁྱུད་པ་དང་། གཡོན་ པས་རྡོ་རྗེ་རྒྱ་གྲམ་འཛིན་པ་དང་། སློབ་མ་མོས་གཡས་པ་རང་འོད་ཀྱི་རིག་མ་ལ་འཁྱུད་ཅིང་གཡོན་པས་ཐོད་པ་སངས་རྒྱས་ཀྱི་སྐུ་དང་བཅས་པ་འཛིན་པའོ། །ལྷ་མོ་འདི་དག་ལ། དབུས་ཀྱི་ལྷ་མཆོག་ཆེན་པོའོ། །ཞེས་པ་ནི་རང་འོད་ཀྱི་རིག་མ་རྡོ་རྗེ་སེམས་དཔའ་ལྟ་བུ་དང་འཁྲིལ་ཞིང་རྡོ་རྗེ་ཕོ་ བྲང་ནང་མའི་ཁོངས་སུ་ཆུད་པའོ། །དེས་ན་རྩ་བའི་ཕྱག་རྒྱའི་ཚོགས་ཞེས་ཀྱང་བཤད་དོ། །ཕྱག་རྒྱ་བཅིངས་པའི་ཕན་ཡོན་ཐུན་མོང་དང་ཁྱད་པར་དུ་བསྟན་པ་དག་ནི་གོ་སླའོ། །ཡང་ཕྱིའི་ལྷ་མོ་གཞན་དག་གིས་བསྟན་པའི་ཕྱིར། གཙུག་ལག་ཇི་ལྟའི་རྗེས་མཐུན་པར། །དཔལ་རྫོགས་ རྒྱ་ཆེན་གར་དག་གིས། །ཞེས་པ་ལ་སོགས་པ་སྟེ། ལྷ་མོ་སངས་རྒྱས་བྱང་ཆུབ་མ་ལ་སོགས་པ་བཞི་དང་། རྟ་མགྲིན་འཕང་མཐོ་མ་ལ་སོགས་པ་བཞི་དང་། གླིང་བུ་མ་ལ་སོགས་པ་བཞི་དང་། མེ་ཏོག་མ་ལ་སོགས་པ་བཞི་དག་གི་ཕྱག་རྒྱ་སྟེ། དེ་དག་ཇི་ལྟར་འཆིང་བའི་མཚན་ཉིད་ནི་གོང་ 26-1-353b དུ་གསལ་བར་བསྟན་ཟིན་ལ། རྣམ་པར་དག་པའི་དེ་ཁོ་ན་ཉིད་ནི་ཆོ་ག་ལྔ་པ་ལས་གསལ་བར་བསྟན་པས་འདིར་སྤྲོ་བར་མི་བྱའོ། །དེ་དག་གི་ཕན་ཡོན་ཕྱོགས་གཅིག་ཏུ་བསྟན་པའི་ཕྱིར། དེ་ལ་སོགས་པ་མཐའ་ཡས་མཆོག །ཆོས་དབྱིངས་མཉམ་དང་མི་མཉམ་པ། །ཞེས་པ་ལ་སོགས་པ་ གསུངས་པ་ཡིན་ནོ། །ཡང་བསྐུལ་བའི་གླུ་བསྟན་པའི་ཕྱིར། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་མཆོག་གི། ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་དགོས་པའི་དོན་དང་གླུའི་མཚན་ཉིད་བསྟན་ནས་ཚིགས་སུ་བཅད་པས་བསྐུལ་བའི་ཕྱིར། རྡོ་རྗེ་སེམས་དཔའ་སྐལ་བཟངས་དཔལ་ཁྱོད་བདག་ལགས་བདག་ཅག་བསྒྲུབས་ལ་རྟོགས་པར་མཛད་དུ་གསོལ། །ཀྱེ་དེ་བཞིན་གཤེགས་པ་ཀུན་གྱི་བདག་ཉིད་བདེ་བ་མཁའ་འགྲོ་སྒྱུ་མ་སྣ་ཚོགས་བདེ་བའི་མཆོག །ཅེས་པ་ལ་སོགས་པ་གསུངས་ཏེ། དཔལ་རྡོ་རྗེ་སེམས་དཔའ་བདེ་བའི་ཕྱག་ རྒྱ་རོལ་པ་དང་བཅས་པའི་གར་ཐབས་ཀྱིས་སྐལ་བ་བཟང་པོའི་ལྷ་མོ་ལ་སྤྱོད་པ་ནི་བདག་གི་རང་བཞིན་དང་གཉིས་སུ་མེད་པར་གནས་པ་ལགས་པས་དེ་ཉིད་ཀྱི་ཆེ་བའི་ཡོན་ཏན་བདག་གི་རྒྱུད་ལ་མི་གསལ་བ་དག་གསལ་བར་སྒྲུབ་ཏུ་གསོལ་ཞེས་པ་དང་། ཡང་། འཁོར་གྱི་ལྷ་མོ་ཀུན་གྱི་རང་བཞིན་ཏེ། ། དེ་བཞིན་གཤེགས་པ་ཀུན་གྱི་བདེ་བ་དང་། །མཁའ་འགྲོ་སྒྱུ་མ་སྣ་ཚོགས་བདེ་བ་དང་། །སྣ་ཚོགས་གདུལ་བའི་མཆོག་འགྲུབ་པ་དང་། སྦྱོར་བ་སྣ་ཚོགས་ཀྱི་གར་གྱི་སྒོ་ནས་དེ་ཁོ་ན་ཉིད་སྟོན་པར་མཛད་ཅིང་། སྔགས་རྣམ་པ་བཞིས་གསུང་མཚོན་པ་དང་། ཕྲིན་ལས་ཀྱི་དམ་ཚིག་བཞིས་ཐུགས་ མཚོན་པར་མཛད་པ་དང་། དེའི་ཡོན་ཏན་འབྲས་བུ་དང་བཅས་པ་བསྟན་པ་ཡིན་ནོ། །དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་ཐམས་ཅད་འབྱུང་བའི་ཕྱག་རྒྱ་ཞེས་པའི་དོན་བཤད་པའོ། །ད་ནི་དཔལ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་འབྱུང་བའི་ཕྱག་རྒྱ་བསྟན་པའི་ ཕྱིར། རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཞེས་པ་ལ་སོགས་པས་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་སྤྱིའི་མཚན་ཉིད་དང་། སྐུ་མདོག་དང་། རང་བཞིན་དང་། ཕྱག་མཚན་དང་། རྒྱན་ཆས་དང་། ཕྲིན་ལས་དང་། སྐྱིལ་ཀྲུང་དང་། འཁོར་རྣམས་ཀྱི་མཚན་ཉིད་ 26-1-354a དང་། གླུའི་བྱེ་བྲག་རྣམས་བསྟན་ཏོ། །དེ་ལས། དབུས་ཀྱི་གཙོ་བོའི་མཚན་ཉིད་ནི། །ཐར་པ་ཐམས་ཅད་རྣམ་དག་ཕྱིར། །སངས་རྒྱས་ཕྱག་རྒྱ་དཔལ་དུ་གནས། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་སྲིད་པ་ལས་ངེས་པར་འབྱུང་བའི་དོན་ལ་གནས་པ་ དག་ནི་ཉན་ཐོས་ལ་སོགས་པ་དག་པར་བྱ་བའི་ཕྱིར་བདེ་བ་ཆེན་པོའི་ཕྱག་རྒྱ་སྟོན་པར་མཛད་པའི་དཔལ་རྣམ་པར་སྣང་མཛད་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཆ་ལུགས་སམ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཆ་ལུགས་སུ་རབ་ཏུ་སྤྲུལ་པའོ། །དེ་ཉིད་ཀྱི་སྐུ་མདོག་ནི། དོན་རྣམས་ཐམས་ཅད་དག་ པའི་ཕྱིར། །བཙོ་མ་གསེར་གྱི་ཁ་དོག་བཞིན། །ཆགས་མེད་ལ་སོགས་ཆགས་ཆེན་ཕྱིར། །དཀར་ཞིང་སྣ་ཚོགས་གསལ་བའི་མདངས། །ཞེས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཐུགས་སུ་ཆུད་ཅིང་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སྐུ་དྲུག་ལྷུན་གྲུབ་ཀྱི་ངོ་བོར་སྦྱོར་ བས་མཚན་མའི་རྣམ་པར་རྟོག་པ་གཞན་གྱིས་མི་འགྱུར་བས་སྐུ་བྱིན་པོ་དང་ཞལ་དབུས་མ་ནི་སེར་པོར་གནས་པའོ། །ཡང་འདུལ་བའི་མོས་པ་བཞིན་དུ་སྐུའི་དཀྱིལ་འཁོར་དཀར་པོ་ལ་ཞལ་གཡས་སེར་པོར་ཡང་བསྟན་ཏོ། །བདག་ལ་སོགས་པའི་ཉོན་མོངས་པའི་རྟོག་པ་ཐམས་ཅད་སྤངས་པས་ ཆགས་པ་མེད་དེ་དཀར་པོའི་ཚུལ་དང་། ཕྲིན་ལས་སྣ་ཚོགས་དང་ལྡན་པས་ལྗང་གུའི་ཚུལ་དང་། ཆགས་པ་ཆེན་པོའི་ཆོས་ཐམས་ཅད་ལ་མངའ་མཛད་པས་དམར་གསལ་དུ་བཞུགས་པའི་ཞལ་བཞི་དང་ལྡན་ནོ། །དེ་ཉིད་ཀྱི་ཕྱག་རྒྱ་རྣམ་པ་བཞིས་ནི་རང་རྟགས་ཀྱི་ཕྱག་རྒྱ་འཛིན་ཞིང་རྒྱན་དང་ཆ་ ལུགས་ཀྱིས་མཛེས་པར་སྤྲུལ་པའོ། །དེ་ཡང་རྩ་བའི་རྒྱུད་ལས། ཞལ་བཞི་སེར་དཀར་ལྗང་དམར་མདོག །སྐུ་མདོག་གངས་རི་ཉི་ཤར་བཞིན། །ཕྱག་ན་ཆོས་གོས་ལྷུང་བཟེད་དང་། །འཁར་གསིལ་དམ་ཆོས་གླེགས་བམ་འཛིན། །འཁོར་ལོས་སྒྱུར་རྒྱལ་ཆ་ལུགས་དང་། །ལོངས་ སྤྱོད་ཚོགས་ཀྱིས་ཉེར་མཛེས་པར། །ཐུན་མོང་རྒྱན་ཚོགས་ཚངས་པ་ལས། །ཁྱད་པར་རྟགས་ཀྱིས་རྣམ་སྤྲས་པའོ། །ཞེས་སོ། །ཡང་རིན་པོ་ཆེའི་རྒྱན་ཆས་ཀྱི་སྒོ་ནས་ནི། ཆོས་ཀྱི་རྒྱལ་སྲིད་རབ་བསྒྲུབ་པ། །རིན་ཆེན་ཆོས་ལས་ལྷག་པ་མེད། །དེ་བས་ཐེག་ཆེན་བྱང་ཆུབ་སེམས། ། 26-1-354b རྒྱལ་བ་རྡོ་རྗེ་རིན་ཆེན་ཅན། །གང་ཞིག་རྒྱལ་སྲིད་ཀྱི་ལོངས་སྤྱོད་ཐམས་ཅད་ནི་ཆོས་ཀྱི་རྒྱལ་སྲིད་ཀྱིས་ཟིལ་གྱིས་གནོན་པར་བྱེད་ལ། རིན་པོ་ཆེའི་ཚོགས་ཐམས་ཅད་ནི་ཐོག་པ་ཆེན་པོའི་ཆོས་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱིས་གནོན་པར་མཛད་དེ། དེ་དང་ལྡན་པའི་རྟགས་སུ་རིན་པོ་ཆེའི་ དབུ་རྒྱན་དང་རྒྱན་ཆས་ཀྱིས་སྤྲས་པའོ། །དེ་ཉིད་ཀྱི་ལས་ཀྱི་ཕྱག་རྒྱ་ནི། གཡས་པའི་མཐེ་བོང་གུང་མོ་གཉིས། །གཡོན་པའི་ཁུ་ཚུར་བཅངས་པ་ཡི། །སོར་མོ་ཀུན་ལ་རེག་པ་ནི། །རྩ་བའི་ཕྱག་རྒྱ་ཡིན་པར་གྲགས། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་ཕ་རོལ་ཕྱིན་གསལ་ ཡིན། །ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་དུ་ཕྱག་རྒྱ་བཅིངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཅན་དང་ཆོས་ཉིད་ཀྱི་དོན་མཐའ་དག་གསལ་བར་མཛད་པའི་ཚུལ་གྱིས་ཆོས་ཀྱི་རྒྱལ་སྲིད་རབ་ཏུ་གྲུབ་པར་མཛད་པའོ། །དེ་དག་གི་མཛད་པའི་ཕྲིན་ལས་ནི། བྱང་ཆུབ་སེམས་ཅན་སྐྱེ་བ་དང་། ། ཆོས་ཀྱི་འཁོར་ལོ་བསྐོར་བ་སྟེ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་ཕྱེད་དང་གསུམ་གསུངས་ཏེ། ཕྱག་རྒྱ་གསལ་བར་བྱས་པའི་སྒོ་ནས། བྱང་ཆུབ་ཀྱི་སེམས་རྒྱ་ཆེན་པོ་བསྐྱེད་པ་དང་། ཆོས་ཀྱི་འཁོར་ལོས་མི་མཐུན་པའི་ཕྱོགས་ཐམས་ཅད་གཅོད་པར་མཛད་ནས། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པའི་ཚུལ་རྒྱ་ཆེན་པོ་ལ་སྦྱོར་ཞིང་འབྲས་བུའི་དེ་ཁོ་ན་ཉིད་གསལ་བར་མཛད་པའོ། །དེ་དག་གི་ཕན་ཡོན་བསྟན་པའི་ཕྱིར། གང་གིས་ལྡན་པ་འདི་མཐོང་ཞིང་། །རྣམ་པ་ཀུན་དུ་མཆོད་བྱེད་པ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་ཕྱེད་དང་གཉིས་གསུངས་ཏེ། ཏིང་ངེ་འཛིན་གྱི་ དཀྱིལ་འཁོར་གསལ་བའི་སྒོ་ནས་རྩེ་གཅིག་ཏུ་བསྒོམས་ཤིང་མཆོད་ན་ཡེ་ཤེས་ཀྱི་དཀྱིལ་འཁོར་ཐམས་ཅད་མཐོང་ཞིང་མཆོད་པ་དང་འདྲ་སྟེ། སེམས་བསྐྱེད་ཅིང་ལམ་ལ་ཞུགས་མ་ཐག་ཏུ་སངས་རྒྱས་ཀྱི་འབྲས་བུ་འགྲུབ་སྟེ་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པའོ། །དཔལ་དམ་ཚིག་ཅེས་བྱ་ བའི་ཕྱག་རྒྱ་ནི་དཔལ་རྣམ་པར་སྣང་མཛད་ཀྱིས་འཁོར་བའི་ཆོས་ཐམས་ཅད་མི་སྤོང་ཞིང་ལོངས་སྤྱོད་པས་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་འཇོམས་པར་མཛད་པས་ན་རང་ཉིད་ཀྱི་དེ་ཁོ་ན་ཉིད་མཚོན་པའི་ཕྱག་རྒྱ་ཆེན་པོའི་ཚུལ་གྱིས་བཞུགས་པའོ། །ཡབ་ཡུམ་གྱི་སྐྱིལ་ 26-1-355a ཀྲུང་བསྟན་པའི་ཕྱིར། གཡས་པའི་ཡན་ལག་གནོན་པ་ཡིས། །གཡོན་པའི་ཡན་ལག་ཀུན་ལས་རྒྱལ། །སེམས་དཔའི་སྐྱིལ་མོ་ཀྲུང་བྱས་ན། །བདུད་རྣམས་ཐམས་ཅད་རབ་ཏུ་འཇོམས། །ཡབ་ཡུམ་གྱི་བརླ་གཡས་པ་དག་གིས་སོ་སོའི་བརླ་གཡོན་པ་མནན་ཏོ། །ཞབས་ བསྣོལ་བའི་སྐྱིལ་མོ་ཀྲུང་བཅས་ནས་གཉིས་སུ་མེད་པའི་སྙོམས་འཇུག་ལ་ཞུགས་པས་སྲིད་པ་དང་ཞི་བའི་མཐའ་ལ་གནས་པ་དག་འདུལ་བར་མཛད་པའོ། །དཔལ་རྡོ་རྗེ་སེམས་དཔའི་སྐྱིལ་མོ་ཀྲུང་ནི་རྡོ་རྗེ་སེམས་དཔའི་སྐྱིལ་མོ་ཀྲུང་དང་འདྲ་བའི་སྒོ་ནས་སོ། །གཙོ་བོའི་མཚན་ཉིད་རྣམ་པར་བཤད་ པའོ། །ད་ནི་འཁོར་གྱི་ལྷ་མོའི་མཚན་ཉིད་ལ་ཕྱག་རྒྱའི་ཡོན་ཏན་བསྟན་པ་དང་། འོག་ནས་ལྷ་མོ་རྣམས་ཀྱི་མཚན་སྦྱར་ཏེ་ཤེས་པར་བྱ་བ་ལས། རྡོ་རྗེ་ཁུ་ཚུར་བཅངས་ནས་སུ། །ལག་པ་གཡོན་པས་བཀབ་ནས་ནི། །ཞེས་པ་ལ་སོགས་པས་ཁྱད་པར་གྱི་ལྷ་མོ་བརྒྱད་ཀྱི་ཕྱག་རྒྱ་བཅིང་ བའི་ཕྱིར། གར་བསྐོར་བ་སྔོན་དུ་འགྲོ་བས་ལག་པ་གཡས་པ་རྣམས་ཀྱིས་ཇི་སྐད་དུ་བསྟན་པའི་རང་རང་གི་ཁུ་ཚུར་བཞིན་གཡོན་པའི་ཐལ་མོས་འགེབས་པར་མཛད་པའོ། །དེ་ལ་རྡོ་རྗེ་ཁུ་ཚུར་ནི་ལྷ་མོ་སངས་རྒྱས་ཀུན་བརྗོད་མའི་སྟེ་ཁུ་ཚུར་བཅངས་པ་ལས་སྲིན་ལག་དང་མཐེའུ་ཆུང་གི་བར་དུ་མཐེ་བོའི་རྩེ་ བཅུག་སྟེ། མཛུབ་མོ་བརྐྱང་སྟེ་ཅུང་ཟད་བཀུག་པའོ། །དེ་ཡང་། སྲིན་ལག་མཐེའུ་ཆུང་ཡན་ལག་དབུས། །མཐེ་བོང་ལེགས་པར་གཞག་པར་བྱ། །དེ་ནས་ཁུ་ཚུར་བཅངས་ནས་ནི། །མཛུབ་མོ་ལེགས་པར་དགུག་པར་བྱ། །ཞེས་སོ། །ལྷ་མོ་དཔལ་མོའི་ནི་ཧེ་རུ་ཀའི་ཁུ་ཚུར་ནི། རྡོ་རྗེ་ཁུ་ཚུར་ བཅངས་པ་ལས། །མཐེའུ་ཆུང་གཉིས་ནི་རབ་བརྐྱང་སྟེ། །ཞེས་མཆེ་བ་ལྟར་བྱས་པའོ། །ཀུན་དུ་བཟང་མོའི་ནི་པདྨོའི་བུད་མེད་ཀྱི་ཁུ་ཚུར་ཏེ། བརྡེག་པའི་ཁུ་ཚུར་བཅངས་པ་ལས། །མཐེ་བོང་དག་ལ་གུང་མོ་གཞག །ཅེས་ཏེ། ཁུ་ཚུར་བཅངས་པ་ལས་མཐེ་བོང་དང་གུང་མོ་རྩེ་སྦྱར་ཏེ་ པདྨའི་འདབ་མ་འདྲ་བར་བྱས་པའོ། །མི་བཟད་སྣོད་འཛིན་པ་ཡི་ནི། །རིན་ཆེན་འཛིན་པའི་ཁུ་ཚུར་ཏོ། །གོང་མ་ལས་གུང་མོ་སྦྱར་ཞིང་ཚིགས་ཟུར་ཅན་དུ་བྱས་པའོ། །དེ་ཡང་། རིན་ཆེན་འཛིན་པའི་ཁུ་ཚུར་ནི། །ཁུ་ཚུར་རྡོ་རྗེ་རིན་ཆེན་མཆོག །ཅེས་སོ། །སངས་རྒྱས་ཡན་ལག་བདུན་ལྡན་ 26-1-355b མའི་ནི་སངས་རྒྱས་ཀྱི་ཁུ་ཚུར་བཅངས་པ་སྟེ། རྡོ་རྗེ་ཁུ་ཚུར་ལེགས་བཅངས་ལ། །བདག་གི་མཐེ་བོང་ནང་དུ་གཞུག །ཅེས་པའོ། །ཞལ་བཟངས་གཟུགས་མའི་བུད་མེད་ཕྱག་རྒྱ་ནི་ཁུ་ཚུར་སྙིང་གར་བསྟོད་དེ་མེ་ལོང་འཛིན་པའི་ཚུལ་དུ་བྱས་པའོ། །དེ་ཡང་། ཁུ་ཚུར་སྙིང་གར་བཅིངས་པ་ནི། ། བུད་མེད་ཕྱག་རྒྱ་དེར་བཤད་དེ། །ཞེས་པའོ། །སྤྲིན་ཆེན་མོ་ནི་རྟ་མཆོག་གི་ཁུ་ཚུར་ཏེ། རྡོ་རྗེ་ཁུ་ཚུར་བཅངས་པ་ལས། །སོར་མོ་ཐམས་ཅད་ཡོངས་སུ་བཟུང་། །རྟུལ་ཕོད་ལས་རྣམས་ཐམས་ཅད་ནི། །མ་ལུས་ལུས་པ་མེད་པ་འགྲུབ། །ཅེས་པའོ། །ནམ་མཁའི་སྤྱན་ལྡན་མ་ཡི་ ནི། །དཔལ་གྲུབ་སྤྱན་གྱི་ཁུ་ཚུར་བཞིན་ཏེ། མཛུབ་མོས་མཐེ་བོང་མནན་ནས་ནི། །རང་གི་མཐེ་བོས་མཛུབ་མོ་མནན། །དཔལ་གྲུབ་སྤྱན་གྱི་ཕྱག་རྒྱ་སྟེ། །མཛུབ་མོ་མིག་གི་འབྲས་བུར་བཅས། །ཞེས་སོ། །དེ་ཡང་ལྷ་མོ་འདི་དག་གི་སོ་སོའི་ཁུ་ཚུར་བཅངས་པ་ལས་རང་གི་ཕྱག་ མཚན་ནང་དུ་ཆུད་པའོ། །དེ་ཡང་རིགས་དྲུག་གི་ཁུ་ཚུར་ནི་ལས་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་པ་ལས་བཤད་ཅིང་། བུད་མེད་ཀྱི་ཕྱག་རྒྱ་ནི་དངོས་གྲུབ་ཀྱི་དབང་ཕྱུག་གི་ཕྱག་རྒྱ་ལས་བཤད་པ་ལ། དཔལ་གྲུབ་ཅན་གྱི་ཕྱག་རྒྱ་ནི་དམ་ཚིག་གི་ཕྱག་རྒྱ་ལས་བསྟན་ཏོ། །དེ་དག་འཆིང་བའི་དུས་ སུ། སོ་སོའི་སྔགས་བརྗོད་ཅིང་སོ་སོའི་སྐུ་གསལ་བར་བསྒོམས་པས་ཕྱག་རྒྱ་ཆེན་པོའི་རྒྱས་འདེབས་པའོ། །ལྷ་མོ་གླིང་བུ་མ་ལ་སོགས་པ་དག་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལས་བཤད་པ་བཞིན་དུ་ཕྱག་རྒྱ་བཅིང་ཞིང་། སོ་སོའི་སྔགས་ལ་འཁོར་ལོའི་སྒྲ་དང་ལྡན་པར་བརྗོད་པའོ། ། དེ་ལྟར་དཀྱིལ་འཁོར་འོག་མ་དག་ལ་ཡང་ཚུལ་དེ་ལྟར་ཤེས་པར་བྱའོ། །ད་ནི་བསྐུལ་བའི་གླུ་ལས། དང་པོའི་སྤྱིའི་མཚན་ཉིད་ནི། ཕྱག་རྒྱ་ཤེས་པ་འདི་དག་གི། །སངས་རྒྱས་སྤྲུལ་པ་གླུ་མཆོག་གི། ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་དང་གཉིས་གསུངས་པ་ལ། གོང་ནས་འབྱུང་ བའི་ཕྱག་རྒྱ་ནི་འོག་ནས་འབྱུང་བ་དག་གི་དོན་ཤེས་པ་ལས་སངས་རྒྱས་སྤྲུལ་པའི་གླུ་བླང་ཞིང་བསྐུལ་བའི་མཐུས་ཐམས་ཅད་འགྲུབ་པར་བྱེད་ཅིང་། ཐམས་ཅད་འགག་པ་ལས་ཐམས་ཅད་ལ་སྦྱོར་བའོ། །དེས་ནི་མྱ་ངན་ལས་འདས་པའི་ལམ་ལ་ཞེན་པ་དག་ཀྱང་སློང་བར་བྱེད་ཅིང་། སྐུ་གསུང་ 26-1-356a ཐུགས་ཀྱི་ཕྱག་རྒྱ་བསྟན་པར་འགྲུབ་པས་ན་གླུ་མཐུག་པོ་དང་། སྲབ་བུ་ལ་སོགས་པ་བྱེ་བྲག་བཞི་ལེགས་པར་སྦྱར་བའི་དབྱངས་ཕྲལ་འཁྱུག་པ་དང་། ཚངས་པའི་དབྱངས་དག་བླང་བར་བྱའོ། །དེ་དག་གི་བསྐུལ་བའི་གླུ་དངོས་ནི། འཇིག་རྟེན་ཁམས་མང་རྡུལ་ཕྲན་གྲངས་མེད་ཁྱད་ པར་སྤྲོས་པ་ཡི། །རྒྱལ་བའི་དོན་རྣམས་རབ་ཏུ་ཕྲ་བའི་རྡུལ་གྱི་གྲངས་སྙེད་པ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གསུངས་པ་ལས། འཇིག་རྟེན་གྱི་ཁམས་སྣྲེལ་ཞི་དང་། སྤྱིའུ་ཚུགས་དང་། ཡན་མན་དང་། ཕན་ཚུན་ལ་སོགས་པའི་བཀོད་པ་རྒྱ་ཆེན་པོ་མཐའ་དག་ཏུ་དེ་དང་མཐུན་ པའི་མཛད་པ་སྣ་ཚོགས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་ཅིང་ཞེས་པ་དང་། བྱ་བའི་ཚུལ་དེ་དག་སྐད་ཅིག་ཙམ་གྱི་རྣམ་པས་བདག་ལ་སྦྱོར་ཞིང་གྲུབ་པར་མཛོད་ཅིག་ཅེས་པའོ། །དེ་དག་གི་ཕན་ཡོན་ནི། གླུ་འདི་དག་ནི་བླངས་པ་ཡིས། །ནམ་མཁའ་ཐམས་ཅད་མཉམ་སྦྱོར་བ། །མཁའ་ འགྲོ་སྒྱུ་མ་བདེ་བའི་མཆོག །འགྲུབ་པར་འགྱུར་བ་གདོན་མི་ཟ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར། བསྐུལ་བའི་རྗེས་ལ་མཆོད་པའི་ཕྱིར། །དེ་ནས་བུད་མེད་བཞི་རྣམས་དང་། །རང་གི་ཡང་དག་གསང་བ་ཡིས། །ཞེས་པ་ལ་སོགས་པས་མཆོད་པའི་ལྷ་མོ་བཞི་དང་། ཏིང་ངེ་འཛིན་གྱིས་ མངོན་པར་སྤྲུལ་པའི་ཕྱི་ནང་གསང་བའི་མཆོད་པ་དག་རྒྱ་ཆེན་པོར་སྤྲོས་ཤིང་མཆོད་པའོ། །དེ་བཞིན་གཤེགས་པའི་ཕྱག་རྒྱ་ཤེས་པའི་དོན་རྣམ་པར་བཤད་པའོ། །ད་ནི་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་གྱི་ཕྱག་རྒྱ་ཆེན་པོ་ལས། དང་པོ་སྤྱི་ཡི་མཚན་ཉིད་ནི། །རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། ། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དམ་ཚིག་ལ་སྡང་རྣམ་སྦྱང་ཕྱིར། །དུར་ཁྲོད་གར་གྱི་ཕྱག་རྒྱར་གསལ། །དཔལ་རྡོ་རྗེ་སེམས་དཔའི་ཆེ་བའི་ཡོན་ཏན་ལས་དམ་ཚིག་ལ་སྡང་བའི་རུ་ཏྲ་ལ་སོགས་པ་གཞོམ་པའི་དོན་དུ་དཔལ་ཧེ་རུ་ཀ་དུར་ཁྲོད་ཆེན་པོའི་ཆས་བརྒྱད་ལ་སོགས་པའི་ཆ་ ལུགས་དང་ལྡན་པར་བྱའོ། །ད་ནི་ཁྱད་པར་གྱི་མཚན་ཉིད་ལས། གཙོ་བོའི་སྐུ་དེ་ལྟར་བསྟན་པ་གང་གི་དོན་དུ་ཞེ་ན། ཐུགས་རྗེ་བསྐྱེད་པའི་ཡུལ་དག་གི་ཕྱིར་ཏེ། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཞེས་སོ། །དེའི་གཉེན་པོར་ཐུགས་རྗེ་ཆེན་པོའི་མཚན་ཉིད་ནི། ཤེས་ 26-1-356b རབ་ཐབས་ཀྱི་རྣལ་འབྱོར་གྱི། །རྣལ་འབྱོར་བདེ་མཆོག་དམ་པར་འགྱུར། །ཞེས་པའོ། །དེ་ཉིད་ཀྱི་ཆ་ལུགས་ཀྱི་མཚན་མ་ནི། སངས་རྒྱས་ཁྲོ་བྱུང་ཁྲོ་བོ་ནི། །ཐལ་བར་འཇིག་པའི་མཆོག་ཡིན་ཏེ། །ཞེས་པ་ལ་སོགས་པ་ལ། ཕྱག་བརྒྱད་ལས་དང་པོའི་འོག་མ་གཉིས་ན་དབང་ཕྱུག་ཆེན་པོ་ པགས་པ་བརྒྱད་སྟེ་འཛིན་པ་དང་། གསུམ་པ་དག་ན་མདའ་དང་གཞུ་འཛིན་པ། བཞི་པ་དག་ན་ཤ་ཆེན་པོ་དག་དང་། སྦྲང་རྩིའི་སྒྲས་ཁྲག་ཆེན་པོ་དག་གིས་བཀང་བའི་ཐོད་པ་འཛིན་པ་དང་། དང་པོ་གཉིས་ནི་འོག་ནས་འབྱུང་བའི་རྡོ་རྗེ་དང་ཁ་ཊྭཱཾ་ག་འཛིན་པའོ། །གཞན་དག་གི་དོན་ནི་གོ་སླ་བས་མ་བཤད་ དོ། །དེ་ཉིད་ཀྱི་ཕྲིན་ལས་ནི། དཔལ་ལྡན་ཧེ་རུ་ཀ་བཅས་པའི། །ཕྱག་རྒྱ་སྣ་ཚོགས་རྣམ་སྤྲུལ་པས། །ཞེས་པ་ལ་སོགས་པའོ། །པདྨ་གར་གྱི་དབང་ཕྱུག་ཅེས་པ་ནི་དཔལ་ཧེ་རུ་ཀས་ཆོས་ཐམས་ཅད་ལ་གར་ཐབས་སྣ་ཚོགས་ཀྱི་སྒོ་ནས་དབང་སྒྱུར་བར་མཛད་པས་སོ། །ཡབ་ཡུམ་གྱི་ མཚན་ཉིད་བསྟན་པའི་ཕྱིར། སེ་རལ་ཁ་ཡི་ཚུལ་དག་ཏུ། །ཁ་ཊྭཱཾ་ག་ལ་རྒྱབ་བརྟེན་བྱས། །ཞེས་པ་ལ་སོགས་པ་ལ་ཡུམ་གྱི་སྐུ་མདོག་དང་། རྒྱན་ཆས་དང་ཕྱག་མཚན་དག་ཀྱང་ཤེས་པར་བྱའོ། །དེ་ཉིད་ཀྱི་ཕྱག་རྒྱའི་ཡོན་ཏན་ནི། བུད་མེད་ལ་སོགས་རིན་ཆེན་མཆོག །དངོས་པོ་ཐམས་ཅད་ མཁའ་ལས་འབྱིན། །ཞེས་པ་ལ་སོགས་པ་གསུངས་ཏེ་གོ་སླའོ། །ཡབ་ཡུམ་གྱི་སྐྱིལ་ཀྲུང་གི་མཚན་ཉིད་ནི། །གཡས་དང་གཡོན་པའི་སྦྱོར་བ་ཡིས། །བདེ་བ་འབབ་པའི་གར་བྱེད་པས། །སྐྱིལ་མོ་ཀྲུང་ནི་ཕྱེད་བཅས་པས། །རྐང་པ་རང་གི་བརླས་མནན་ན། །འགྱིང་བག་དང་བཅས་པའི་སྒོ་ ནས་ལངས་ཏེ་ཡབ་ཀྱི་ཞབས་གཡས་པས་ཡུམ་གྱི་བརླ་ལ་འཁྱུད་ཅིང་། གཡོན་པ་བརྐྱང་སྟེ་ས་ལ་བཞག་ནས་ཡུམ་གྱིས་ཀྱང་དེ་བཞིན་དུ་སྐྱིལ་ཀྲུང་ཕྱེད་པའི་ཞབས་ཀྱིས་འཁྱུད་ཅིང་གནས་པའོ། །དེ་དག་གི་ཕྲིན་ལས་དང་ཡོན་ཏན་དང་བཅས་པ་ནི། དྲག་པོ་དབང་པོ་ཉེ་དབང་བཅས། །ཉི་ཟླ་ གཤིན་རྗེ་ཚངས་བཅས་པ། །ཞེས་པ་ལ་སོགས་པའོ། །བདེ་བར་རེག་པ་མཉམ་པར་སྦྱོར་བ་སྐལ་བ་བཟང་པོ་དཔལ་རྡོ་རྗེ་དྲག་པོ་གནས་པ་ནི་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་ལས་སྤྲུལ་པར་བཅས་པས་མཉམ་པར་སྦྱོར་ཞིང་དེ་ཉིད་ཀྱི་ཕྲིན་ལས་ཀྱིས་དྲག་པོའི་ཚོགས་འཇོམས་པར་ 26-1-357a མཛད་པའོ། །ད་ནི་འཁོར་གྱི་ལྷ་མོ་ལས་དང་པོ་སྤྱིའི་མཚན་ཉིད་ནི། དེ་ནས་གཞན་ཡང་རབ་བཤད་པ། །སངས་རྒྱས་མཁའ་འགྲོའི་དཀྱིལ་འཁོར་དུ། །དཔལ་ལྡན་ཧེ་རུ་ཀ་བཅས་པའི། །ཕྱག་རྒྱ་སྣ་ཚོགས་གནས་པའོ། །གཙོ་བོའི་ཆ་ལུགས་ལས་གཞན་པའི་ལྷ་མོ་ རྣམས་ཀྱི་མཚན་ཉིད་ཕྱག་རྒྱ་སྣ་ཚོགས་ཀྱི་ཚུལ་དུ་གནས་ཏེ། དང་པོར་སྐུའི་ཆ་ལུགས་བསྟན་པ་དང་ལྟ་བའི་ཁྱད་པར་དང་། ཕྱག་མཚན་གྱི་ཁྱད་པར་དང་། གར་ཐབས་ཀྱི་ཁྱད་པར་དང་། མཚན་གྱི་ཁྱད་པར་གྱི་སྒོ་ནས་སྣ་ཚོགས་སུ་གནས་པའོ། །དེ་ལས་དང་པོ་སྐུའི་ཁྱད་པར་ནི། ཞི་དང་དྲག་པོ་ རྨོངས་པ་མཆོག །དགའ་བའི་གར་བྱེད་འགྱུར་བར་བཅས། །ཤི་བ་ལྡང་བའི་སྦྱོར་བ་ཡིས། །བདེ་བའི་ཕྱག་རྒྱ་རབ་ཏུ་གནས། །འདིར་གནས་ཞེས་པའི་སྒྲས་ཞལ་གདོང་གི་ཁྱད་པར་དང་། བཞུགས་ཚུལ་བསྟན་པ་ཡིན་ཏེ། གཽ་རཱི་ནི་རྒྱས་འདེབས་མ་སྟེ་ཞི་བའི་ཞལ་དང་ལྡན་ཞིང་དེ་ཉིད་ཀྱི་ ཚུལ་གྱིས་བཞུགས་པའོ། །དེ་བཞིན་དུ་ཞལ་དང་བཞུགས་ཐབས་གཉིས་ཀ་ལ་སྦྱོར་ཏེ། ཙོོ་རཱི་ནི་སྙིང་འདྲེན་མ་ཞེས་བྱ་སྟེ་དྲག་པོའི་ཚུལ་ལོ། །པྲ་མོ་ཧཱ་ནི་རྨོངས་བྱེད་མ་སྟེ། དེ་ཉིད་ཀྱི་ཚུལ་གྱིས་སོ། །པུཀྐ་སཱི་ནི་གར་བྱེད་མ་ཞེས་ཏེ་དགའ་བའི་ཚུལ་ཅན་ནོ། །གྷསྨ་རཱི་ནི་འདེབས་བྱེད་མ་ སྟེ། དི་ཉིད་ཀྱི་ཚུལ་གྱིས་སོ། །བཻ་ཏཱ་ལཱི་ནི་གསོད་བྱེད་མ་སྟེ་འགྱུར་བའི་ཚུལ་དུ་བཞུགས་པའོ། །སྨ་ཤཱ་མ་ནི་གསོད་བྱེད་མ་སྟེ། ཤི་བ་སློང་བའི་ཚུལ་གྱིས་བཞུགས་པའོ། །ཙཎྜ་ལཱི་ནི་ཟབ་མོ་སྟེ། ཤི་བ་ལྡང་བའི་ཚུལ་དུ་བཞུགས་པའོ། །དེ་ལྟར་ལྷ་མོ་ཀུན་ཀྱང་རང་རང་གི་སྐྱེས་བུ་དང་མི་འབྲལ་ ཞིང་བདེ་བ་ལ་ལོངས་སྤྱོད་པས་ན་བདེ་བའི་ཕྱག་རྒྱའོ། །ཡང་ལྷ་མོ་དག་གི་ལྟ་བའི་ཁྱད་པར་བསྟན་པའི་ཕྱིར། ཞི་དང་དྲག་པོ་རྨོངས་བྱེད་དང་། །གྱེན་དུ་དབུགས་འབྱིན་གར་བྱེད་ལུས། །ལྟ་བའི་ཕྱག་རྒྱ་གྲུབ་པའི་མཆོག །གསང་བའི་སྦྱོར་བ་དེ་མཆོག་གིས། །དེ་ལ་ཞི་བའི་ལྟ་བ་ནི་མིག་ ཟམ་ཟིམ་དུ་བྱས་ལ་གླང་པོ་ཆེ་ཁྱོ་ཤུག་བྱེད་པའི་གནས་སྐབས་བཞིན་ནོ། །དྲག་པོའི་ལྟ་བ་ནི་སྡང་མིག་གི་ཚུལ་དུའོ། །རྨོངས་པའི་ལྟ་བ་ནི་ཆང་གིས་མྱོས་པ་བཞིན་མི་གསལ་བར་བརྟགས་པའོ། །ཤི་བ་སློང་བ་ནི་ཅུང་ཟད་གྱེན་དུ་གཟིགས་པའོ། །དབུགས་འབྱིན་པའི་ཚུལ་ནི་ 26-1-357b ཕྱོགས་བཅུར་བལྟ་བའོ། །གར་བྱེད་པ་ནི་རང་གི་གཡས་དང་གཡོན་དུ་རེས་བཞིན་གཟིགས་པའོ། །རྣམ་པར་གཡེང་བ་ནི་ཕྱོགས་བཅུར་ཕུར་བུ་འདེབས་པའི་ཚུལ་གྱིས་གཟིགས་པའོ། །རོ་ཟ་བ་ནི་མདུན་དུ་རེས་ཀྱིས་ལྟ་བའོ། །གྲུབ་པའི་མཆོག་ནི་ལྟ་བ་དེ་དག་གི་ལས་ལ་སྦྱོར་བར་བྱེད་ཅིང་། གསང་བའི་སྦྱོར་བའི་བདེ་མཆོག་ལ་གནས་པའོ། །ཕྱག་མཚན་གྱི་ཁྱད་པར་ནི། མེ་ཏོག་བདུག་པར་སྦྱར་བའི་མཆོག །ཆང་དང་ཆུ་དང་ལྕུག་མ་དང་། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་ལྔ་གསུངས་ཏེ། དང་པོས་ནི་མཆོད་པའི་མཚན་མ་བརྒྱད་བསྟན་ཏེ། བསྒྲུབ་པར་བྱ་བ་ལ་རྒྱས་ འདེབས་པར་མཛད་པའོ། །གཉིས་པས་ནི་ཕྲིན་ལས་རྒྱས་འདེབས་པར་མཛད་པའོ། །གསུམ་པས་ནི་ཆ་ལུགས་ཀྱི་རིམ་པ་མཚོན་པར་བྱེད་པའོ། །བཞི་པ་དང་ལྔ་པས་ནི་ཕྲིན་ལས་ཀྱི་ཕྱག་མཚན་དག་བསྟན་པའོ། །མཚན་གྱི་ཁྱད་པར་ནི། དང་པོ་རྒྱས་འདེབས་མ་ཡི་རྒྱ། །སྙིང་འདྲེན་ མ་ཡི་གཉིས་པའོ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་གསུངས་པའོ། །ཡང་ཕྱག་རྒྱ་ལན་དང་བཅས་པ་ནི། དེ་ནས་ཕྱག་རྒྱ་འདི་ཀུན་གྱིས། །ཕྱག་རྒྱའི་ལན་རྣམས་བླ་ན་མེད། །ཅེས་པ་ལ་སོགས་པ་སྟེ། གཞན་གྱི་སྦྱོར་བ་ལ་སོགས་པས་མི་ཚུགས་པར་བྱ་ཞིང་། རང་གི་ དངོས་གྲུབ་མཐའ་དག་སྒྲུབ་པའི་ཕྱིར་དཔལ་ཧེ་རུ་ཀའི་ཕྱག་རྒྱ་དང་། འཁོར་གྱི་ལྷ་མོ་རྣམས་ཀྱི་ཕྱག་རྒྱ་རིམ་པ་བཞིན་དུ་བཅིང་ཞིང་ལས་ཐམས་ཅད་ལ་སྦྱར་བར་བྱའོ། །དཀྱིལ་འཁོར་གྱི་ལྷ་རྣམས་མཉེས་པར་བྱ་ཞིང་། རང་གི་ལས་ལ་སྦྱོར་བར་བྱ་བའི་ཕྱིར། གླུས་བསྐུལ་བ་ལས་དང་པོ་ སྤྱིའི་མཚན་ཉིད་ནི། དེ་ནས་ཕྱག་རྒྱ་ཤེས་པ་འདི། །དཔལ་ལྡན་རྡོ་རྗེའི་སྦྱོར་བའི་གླུ། ལས་རྣམས་ཐམས་ཅད་རབ་སྒྲུབ་པ། །ཁྱད་པར་དུ་ནི་བཤད་པར་བྱ། །དཔལ་ཧེ་རུ་ཀའི་ཕྱག་རྒྱ་དང་གཉིས་སུ་མེད་པར་སྦྱོར་ཞིང་། ལས་ཐམས་ཅད་འགྲུབ་པར་བྱེད་པའི་ཚུལ་གྱིས་རང་གི་དེ་ཁོ་ན་ ཉིད་གསལ་བར་སྟོན་པའི་གླུ་བརྗོད་པའོ། །དེ་ལས་དང་པོ་གཙོ་བོའི་ཞལ་རྣམ་པ་བཞིའི་སྒོ་ནས་བསྐུལ་བའི་ཕྱིར། །གཟིགས་པ་རྣམ་པ་སྣ་ཚོགས་འགྱུར་བའི་རྒྱས་ཐོབ་ལ། །རྣམ་པ་སྣ་ཚོགས་འོ་བྱེད་འཁྱུད་པས་རྨོངས་མཛད་དེ། །རྣམ་པ་སྣ་ཚོགས་བདེ་བའི་མཆོད་སྟོན་ཀུན་གསོལ་ 26-1-358a ལ། །རྣམ་པ་སྣ་ཚོགས་བདེ་མཆོག་ངོ་མཚར་བསྟན་དུ་གསོལ། །ཞལ་དང་པོ་དྲག་པོའི་སྒོ་ནས་གཟིགས་པ་སྣ་ཚོགས་འགྱུར་བའི་རྒྱས་འདེབས་པ་དང་། ཞལ་གཉིས་པ་རྨོངས་པའི་སྒོ་ནས་འོ་བྱེད་འཁྱུད་པ་དང་། ཞལ་གསུམ་པ་ཟ་བྱེད་ཀྱི་སྒོ་ནས་མཆོད་བསྟོད་ཀུན་ གསོལ་བ་དང་། ཞལ་བཞི་པ་སྒེག་པའི་སྒོ་ནས་ངོ་མཚར་བསྟན་པའོ། །ད་ནི་འཁོར་གྱི་ལྷ་མོ་བརྒྱད་ཀྱིས་བསྐུལ་བའི་གླུ་གསུངས་ཏེ། རྒྱས་བཏབ་རྨོངས་བྱས་མནབས་སུ་གསོལ། །བདེ་མཆོག་ངོ་མཚར་བདེ་བར་བཞུགས། །ཞེས་པ་ནི་ནང་གི་ལྷ་མོ་བཞིའི་འོ། །ཧཱུཾ་ཨ་ལ་ལ་ཧོ་སྣང་ བར་མཛོད། །རྣལ་འབྱོར་བདེ་མཆོག་སྒྱུ་མས་སྤྲུལ། །ཞེས་པ་ནི་ནང་གི་ལྷ་མོ་བཞིའི་ཕྲིན་ལས་སོ། །དམ་ཚིག་ལ་འཇུག་ཏུ་གསོལ། ཉོན་མོངས་ཀུན་ལས་རྒྱལ་བར་མཛོད། །མ་ལུས་པ་དག་མནབས་སུ་གསོལ། །ཉོན་མོངས་ཐམས་ཅད་བསལ་བར་མཛོད། །ཅེས་པ་ནི་ ཕྱིའི་ལྷ་མོ་བཞིའིའོ། །ཕན་ཡོན་ནི་གོ་སླའོ། །དཔལ་ཧེ་རུ་ཀ་རྡོ་རྗེའི་ཕྱག་རྒྱ་ཞེས་པའི་དོན་རྣམ་པར་བཤད་པའོ། །ད་ནི་དཔལ་པདྨ་གར་གྱི་དབང་ཕྱུག་གི་དཀྱིལ་འཁོར་གྱི་ཕྱག་རྒྱ་ཆེན་པོ་ལས། དང་པོར་སྤྱིའི་མཚན་ཉིད་ནི། རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་ དེ་བཞིན་གཤེགས། །འདོད་ཆགས་ཐམས་ཅད་རྣམ་སྦྱང་ཕྱིར། །པདྨོའི་ཕྱག་རྒྱ་དཔལ་དུ་གནས། །བདག་ཏུ་འཛིན་པའི་ལྟ་བས་ཀུན་དུ་བསླང་ཅིང་། རྟག་པ་དང་ཆད་པའི་མཐའ་རྣམ་པ་གཉིས་མངོན་པར་ཞེན་པ་དག་པར་བྱ་བའི་དོན་དུ་གང་ཞིག་པདྨའི་མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་ཆེན་པོ་ དེ་ཉིད་ལ་དེ་སྐད་ཅེས་བྱའོ། །དེ་ལས་གཙོ་བོའི་སྐུ་མདོག་གི་རྣམ་པར་དག་པ་བསྟན་པའི་ཕྱིར། མི་འགྱུར་དག་པ་དམ་པའི་ཕྱིར། །ཤེལ་སྒོང་བཞིན་དུ་དག་པ་ཡི། །འདོད་ཆགས་ཐམས་ཅད་དག་པའི་ཕྱིར། །འབར་བ་སྣ་ཚོགས་འཁྲིགས་པའི་འོད། །མི་མཐུན་པའི་མཚན་མ་གཞན་ དང་། རྟོག་པའི་བག་ཆགས་ཀྱིས་འགྱུར་བ་མེད་དེ། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་དུ་ཆོས་ཐམས་ཅད་རྣམ་པར་དག་པ་ལ་མངའ་བརྙེས་པས་ནོར་བུ་ཆུ་ཤེལ་གྱི་མདངས་དང་ལྡན་པའོ། །མི་གནས་པའི་མྱ་ངན་ལས་འདས་པའི་ཐུགས་རྗེ་ཆེན་པོས་གདུལ་བྱ་དུ་མའི་ 26-1-358b འདུལ་ཐབས་མཁྱེན་ཅིང་མཐུན་པའི་མཛད་པ་སྟོན་པའི་ཕྱིར། ཁ་དོག་ཉི་ཤུ་རྩ་ལྔའི་མདངས་འཕྲོ་བའོ། །ད་ནི། རྒྱན་དང་མཚན་མ་བསྟན་པའི་ཕྱིར། །སངས་རྒྱས་ཚེ་ཡི་རིན་ཆེན་སྤྲས། །གོས་དང་སྣ་ཚོགས་རྒྱན་གྱིས་བརྒྱན། །ཞེས་པ་ལ་སོགས་པ་གསུངས་ཏེ། རིགས་ཀྱི་མཚན་མ་མི་འགྱུར་ ཞིང་འབྲས་བུ་ལ་རྒྱས་གདབ་པའི་ཕྱིར། སངས་རྒྱས་ཚེ་དཔག་མེད་ཀྱིས་བརྒྱན་ཅིང་རིགས་དང་མཐུན་པའི་མཛད་པའོ། །དེ་ཉིད་ཀྱི་སྤྱོད་པའི་ཕྱིར། སྣ་ཚོགས་པའི་གོས་དང་རྒྱན་གྱིས་བརྒྱན་པ་སྐུའི་འོད་ཟེར་ལས་བྱུང་བའི་བདེ་བར་གཤེགས་པས་སྟོང་གསུམ་གང་བར་མཛད་པའོ། །གཞན་ ཡང་ཞལ་ཉི་ཤུ་རྩ་ལྔ་ལས་ཕྱག་རྒྱས་མཚན་པའམ། ཞལ་བཞི་ལ་ཕྱག་ལྔ་བཅུས་མཚན་པའམ། བརྒྱད་དང་བཞིས་མཚན་པའི་གཡས་ཀྱི་པདྨ་དག་ལ་རྡོ་རྗེ་དང་། འཁོར་ལོ་དང་། རིན་པོ་ཆེ་དང་། རལ་གྲི་དང་། རྩེ་གསུམ་པ་དང་། དབྱུག་པ་དང་། གཏུན་ཤིང་དང་། བཀྲ་ཤིས་ཀྱི་མཚན་མ་ བརྒྱད་ལ་སོགས་པས་མཚན་ཞིང་། གཡོན་པ་དག་ནི་པདྨ་རྐྱང་བའོ། །དེ་དག་གི་སྒོ་ནས་རིགས་ཀྱི་དཀྱིལ་འཁོར་སྤྲོ་ཞིང་། པདྨའི་མཁའ་འགྲོ་མ་རྣམས་ཀྱིས་སྒྱུ་མས་འདུལ་བའི་ཐབས་སྣ་ཚོགས་སྟོན་ཅིང་། སངས་རྒྱས་ཀྱི་བྱང་ཆུབ་ལ་བཀོད་པའོ། །ཡབ་ཡུམ་དང་ཞལ་སྦྱོར་དུ་ བཞུགས་པའི་སྐྱིལ་ཀྲུང་གི་མཚན་ཉིད་ནི། གཡས་དང་གཡོན་པའི་སྦྱོར་བ་ཡིས། །སྐྱིལ་མོ་ཀྲུང་ནི་ཕྱེད་མར་གནས། །རྒྱལ་པོའི་སྐྱིལ་མོ་ཀྲུང་བཅས་ནས། །སྡུག་བསྔལ་ཐམས་ཅད་སེལ་བར་བྱེད། །མེ་ཏོག་པདྨའི་སྟེགས་བུ་ལ་གཡས་པ་བརྐྱང་སྟེ་ས་ལ་བརྟེན་ཅིང་། གཡོན་པ་བསྐུམ་སྟེ་སྐྱིལ་མོ་ཀྲུང་གི་ཚུལ་དུ་ཡུམ་དང་ཞལ་སྦྱོར་བའི་ཚུལ་གྱིས་གནས་པའོ། །དཔལ་པདྨ་རྒྱལ་པོ་གནས་ཞེས་བྱ་བའི་ཕྱག་རྒྱའི་བཤད་པའོ། །གཞན་ཡང་འཁོར་གྱི་ལྷ་མོ་རྣམས་ཀྱི་ཕྱག་རྒྱ་ཆེན་པོའི་མཚན་ཉིད་ནི། བསྙེམས་པའི་ལག་པ་གཡོན་པ་ཡིས། ། པདྨ་དམར་པོ་ཅི་བདེར་བཟུང་། །ཞེས་པ་ལ་སོགས་པ་གསུངས་ཏེ། ལྷ་མོ་བརྒྱད་པོ་འདི་དག་གིས། །ཕྱག་གཡོན་པ་ན་པདྨ་སོ་སོའི་ཁ་དོག་དང་མཐུན་པར་འགྱིང་བག་གི་ཚུལ་གྱིས་གནས་ཤིང་འཛིན་པ། གཡས་པ་དག་ན་སོ་སོའི་ཕྱག་རྒྱའི་གར་གྱི་ཆ་ལུགས་དང་ལྡན་པའོ། །དེ་ལས་ 26-1-359a དང་པོ་ལྷ་མོ་རྣམ་པར་གཟིགས་པས་ནི་གཡོན་པས་པདྨ་དམར་པོ་ཅི་བདེ་བར་འཛིན་ཞིང་། གཡས་པའི་མཐེབ་མཛུབ་རྩེ་སྤྲད་ཅིང་སྐམ་པའི་ཕྱག་རྒྱས་རང་གི་སྙིང་གར་འདྲེན་ཞིང་ཁ་འབྱེད་པར་མཛད་པའོ། །དེས་ན་རྣམ་པར་གཟིགས་པའི་རྣམ་དག་དཔལ་ཏེ་ཆོས་དག་པ་ལ་སྤྱོད་ པའོ། །སྒྲོལ་མས་ནི་པདྨ་སྔོན་པོ་བཟུང་སྟེ་རང་གི་སྙིང་གར་བུད་མེད་ཀྱི་ཁུ་ཚུར་གྱིས་འདྲེན་པའོ། །དེས་ན་བྱང་ཆུབ་ཀྱི་མཆོག་ཏུ་གྱུར་པ་ལ་ལོངས་སྤྱོད་པའི་ཕྱག་རྒྱ་དང་བཅས་པའོ། །རྒྱན་ཅན་མས་ནི་གཡོན་པས་པདྨ་དཀར་པོ་བཟུང་སྟེ་གཡས་ན་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །དེས་ན་ ཆོས་ཀྱི་འཁོར་ལོས་འཁོར་བའི་འཁོར་ལོ་གཅོད་པར་བྱེད་པའོ། །ཁྲོ་གཉེར་མས་ནི་གཡོན་པ་པདྨ་མཐིང་ག་འཛིན་ཅིང་། གཡས་ཀྱིས་བ་དན་གསུམ་པའི་ཕྱག་རྒྱས་གར་མཛད་པའོ། །དེ་ཉིད་ཀྱི་སྒོ་ནས་གཞན་གྱི་ཕྱག་རྒྱ་སླར་ཟློག་པར་མཛད་པས་ན། ཕྱག་རྒྱའི་ལན་ཞེས་སོ། །པདྨ་གཏུམ་ པའི་དབང་ཕྱུག་མས་ནི་གཡོན་པ་པདྨ་ཐོགས་ཏེ་བསྙེམས་བག་གིས་སྐུའི་གནས་སུ་བརྟེན་ཅིང་། གཡས་པས་ནི་རིན་པོ་ཆེ་འཛིན་པའོ། །དེས་ནི་གཞན་དག་གི་འདོད་པ་ཐམས་ཅད་སྐོང་བར་མཛད་པས། པད་གཏུམ་དབང་ཕྱུག་རིན་ཆེན་མཆོག །ཅེས་སོ། །སྣ་ཚོགས་པདྨ་མོས་ནི་གཡོན་ན་པདྨ་ ལྗང་གུ་བསྟོད་ཅིང་གཡས་ན་རྩེ་གསུམ་པ་འཛིན་པས་ཕྲིན་ལས་གསུམ་གྱིས་གཞན་འཇོམས་པའི་ཕྱིར། སྣ་ཚོགས་པདྨ་རྩེ་གསུམ་ལས་རྒྱལ་ཞེས་སོ། །པདྨ་དཔལ་ཆེན་མོས་ནི་གཡོན་ན་པདྨ་སེར་པོ་འཛིན་ཅིང་གཡས་ན་ཆུ་སྲིན་གྱི་རྒྱལ་མཚན་འཛིན་པའོ་ཞེས་པས་ན། དེས་པདྨོ་གནས་པའི་སྐྱེད་ པའོ་ཞེས་སོ། །འདོད་པའི་དབང་མོས་ནི་གཡོན་ན་པདྨོ་ལེ་བརྒན་འཛིན་ཅིང་གཡས་པ་རྡོ་རྗེ་རྩེ་གསུམ་ཐོགས་ཏེ་གར་བྱེད་པས་འགྲོ་བ་གསུམ་དབང་དུ་བསྡུ་བའོ། །ད་ནི་དེ་དག་མཉེས་པར་བྱ་བའི་གླུ་དབྱངས་གསུངས་པ་ལས། དང་པོ་སྤྱིའི་མཚན་ཉིད་གོ་སླའོ། །གཞན་ཡང་གཙོ་བོ་ལ་བསྐུལ་ བའི་ཕྱིར། དེ་བཞིན་གཤེགས་པ་ཀུན་ལ་སོགས་པའི་གཟུགས་མཆོག་སྣ་ཚོགས་འཛིན། །སེམས་ཅན་རྣམ་པ་སྣ་ཚོགས་འདུལ་མཆོག་དངོས་གྲུབ་མཆོག་མངའ་བ། །ཞེས་པ་ལ་སོགས་པ་གསུངས་པ་ལས། ཀུན་ལ་སོགས་པའི་གཟུགས་མཆོག་ཅན་ཏེ་སངས་རྒྱས་དང་བྱང་ཆུབ་ 26-1-359b སེམས་དཔའ་དང་། འཇིག་རྟེན་གྱི་ལྷ་དྲེགས་བྱེད་ཆེན་པོ་དག་གི་སྐུ་སྣ་ཚོགས་སྟོན་ཅིང་འགྲོ་བའི་དོན་དུ་འཕྲུལ་པའོ། །དེས་ན། སངས་རྒྱས་རྡོ་རྗེ་འཛིན་པ་བདག །ཚངས་པ་འཇུག་སེལ་དབང་ཕྱུག་བདག །ཉི་ཟླ་བདག་ལགས་ཞེས་པ་དང་། །རྣལ་འབྱོར་གྱི་རྒྱུད་རྡོ་རྗེ་རྩེ་མོ་ལས་ཀྱང་འདི་ ཉིད་ཀྱི་རིགས་ཀྱི་སྤྲུལ་པས་འགྲོ་བ་འདུལ་བ་ལ་འཁོར་བ་དང་མྱ་ངན་ལས་འདས་པའི་དངོས་པོ་སྣ་ཚོགས་སྣང་བར་བསྟན་ཏེ། འགྲོ་བ་འདུལ་བ་ཀུན་གཟུགས་ཅན། །ཞེས་བསྟན་ཏོ། །ཡང་འཁོར་གྱི་ལྷ་མོ་རྣམས་ཀྱི་གླུ་ནི། པདྨོ་སྒྱུ་མ་དཔལ། རྣམ་པ་སྣ་ཚོགས་འདུལ་མཛད་དག་པའི་ཚུལ་གྱིས་གར་མཛད་ པ། །པདྨོ་དམ་ཚིག་དབང་ཕྱུག་སངས་རྒྱས་གར་རྣམས་མཛད་དུ་གསོལ། །ཞེས་པ་ལ་སོགས་པའི་སྒོ་ནས་ཡོན་ཏན་དང་བཅས་པར་བསྟན་ཏོ། །དཔལ་པདྨོ་གར་གྱི་དབང་ཕྱུག་གི་ཕྱག་རྒྱ་ཞེས་པའི་དོན་རྣམ་པར་བཤད་པའོ། །གཞན་ཡང་རྡོ་རྗེ་ཉི་མའི་དཀྱིལ་འཁོར་གྱི་ཕྱག་རྒྱ་ཆེན་པོ་ ལས་དང་པོ་སྤྱིའི་མཚན་ཉིད་བསྟན་པའི་ཕྱིར། རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ནོར་མཆོག་རྣམ་པར་སྦྱོང་བའི་ཕྱིར། །དཔལ་ལྡན་ཉི་མའི་ཕྱག་རྒྱར་གནས། །གང་ཞིག་སེར་སྣའི་ལམ་ལ་གནས་ཤིང་འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་ མ་ཅན་དག་འཁོར་གསུམ་ཡོངས་སུ་དག་པའི་སྦྱིན་པ་བཞི་ལ་དགོད་པའི་ཕྱིར། གང་ཉི་མའི་གཟུགས་དང་། གཟི་བརྗིད་དག་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ད་ནི་གཙོ་བོའི་མཚན་ཉིད་ལས། དང་པོར་ཞི་བའི་ཆ་ལུགས་སུ་གནས་པའི་ཚུལ་ནི། ནམ་མཁའི་སྙིང་པོ་ཐམས་ཅད་ ཕྱོགས། །རེ་བ་ཐམས་ཅད་ཡོངས་རྫོགས་པ། །བུད་མེད་ལ་སོགས་རིན་ཆེན་མཆོག །རིན་ཆེན་ཐམས་ཅད་མཁའ་ལས་འབེབས། །གང་ཞིག་ནམ་མཁའི་ལུས་ཅན་ལ། །གསེར་གྱི་རི་བོ་ལྟར་བཞུགས་པ། །ཕྱོགས་ཐམས་ཅད་ནས་སེམས་ཅན་གྱི་རེ་བ་རྫོགས་ པར་བྱེད་པའི་བཙུན་མོ་རིན་པོ་ཆེ་ལ་སོགས་པའི་བདུན་པོ་དག་ཆར་བཞིན་དུ་འབེབས་པར་མཛད་པ་ནི་ནམ་མཁའི་སྙིང་པོ་ཉིད་དོ། །དེ་ལས་ཁྱད་པར་དུ་དག་པོའི་ཚོགས་རྣམས་གདུལ་བའི་ཕྱིར་ཁྲོ་བོའི་ཆ་ལུགས་སུ་བསྟན་པ་ནི། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་ 26-1-360a མི་འགྱུར་ཏེ། །ཞེས་པ་ལ་སོགས་པ་གསུངས་ཏེ། ཉི་མ་འབུམ་གྱི་འོད་ཟེར་དང་ལྡན་པའི་སྒོ་ནས་གཞན་དག་གི་གདུང་བ་སེལ་ཞིང་། དྲག་པོའི་ཆ་ལུགས་སྣ་ཚོགས་དང་ལྡན་ཞིང་། སྐུ་ཉི་མའི་དཀྱིལ་འཁོར་འབར་བ་བཞིན་དམར་སེར་དུ་གནས་ནས། དྲག་པོའི་ཐབས་སྣ་ ཚོགས་ཀྱི་སྒོ་ནས་དེ་དག་འདུལ་བར་མཛད་པའོ། །དེ་དག་གི་ཕྱག་མཚན་ལ་སོགས་པའི་ཁྱད་པར་བསྟན་པའི་ཕྱིར། རྡོ་རྗེ་གཞུ་དང་མདའ་མཆོག་དང་། །ཤིན་ཏུ་ལེགས་པར་འགྱེངས་པ་སྟེ། །ཞེས་པ་ལ་སོགས་པ་ལས་ཕྱག་རྣམ་པ་བཞི་ནི་གཞུ་དང་། མདའ་དང་། ཉི་མ་དང་། རལ་གྲི་ འཛིན་ཅིང་འཛུམ་བག་དང་བཅས་པའི་བཞིན་གྱིས་སྤྱན་མིག་གཡོན་པ་གྱེན་དུ་བཏེག་སྟེ། མཁའ་ལ་རིན་པོ་ཆེ་སྣ་བདུན་གྱི་ཆར་འབེབས་པ་གཟིགས་པའོ། །དེ་ཉིད་ཀྱི་ཕྲིན་ལས་ནི་གོ་སླའོ། །སྐྱིལ་ཀྲུང་གི་ཁྱད་པར་བསྟན་པའི་ཕྱིར། རྡོ་རྗེ་པུས་མོ་གཉིས་བཅིངས་ཏེ། །རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ ནས། །ཞེས་པ་ལ་སོགས་པ་ལ། ནོར་བུ་རིན་པོ་ཆེའི་དབྱིབས་ལྟར་པུས་མོ་གཉིས་བཅིངས་ཏེ། ཡུམ་དང་ཞལ་སྦྱོར་དུ་བཞུགས་ཤིང་། བགེགས་ཐམས་ཅད་གཞིག་པར་མཛད་པའོ། །གཞན་ཡང་འཁོར་གྱི་ལྷ་མོ་དག་གི་མཚན་ཉིད་ཀྱི་སྒོ་ནས་ཕྱག་རྒྱ་ཆེན་པོའི་ཆ་ལུགས་བསྟན་པའི་ཕྱིར། དབང་བསྐུར་བ་དང་གཏེར་དག་དང་། །རྒྱལ་མཚན་མཆོག་ལྡན་མཆོད་པ་ཆེ། །ཞེས་པ་ནི་ནང་གི་ལྷ་མོ་བཞིའོ། །ཇི་ལྟའི་ཚུལ་དག་སྟོན་པ་དང་། །རང་གི་དོན་རྣམས་རབ་སྒྲུབ་པའོ། །ཞེས་པ་ནི་ཕྱིའི་ལྷ་མོ་དག་དང་སོ་སོའི་ལས་སོ། །དཀྱིལ་འཁོར་གྱི་ལྷ་དེ་དག་མཉེས་ཤིང་ལས་ལ་ གཞུག་པའི་ཕྱིར་བསྐུལ་བའི་གླུ་གསུངས་པ་ལས། དེ་ནས་ཕྱག་རྒྱ་ཤེས་པ་འདི། །རྒྱལ་པོ་སྒྱུ་མ་མཆོག་གི་གླུ། །ལས་རྣམས་ཐམས་ཅད་རབ་སྒྲུབ་པ། །ཁྱད་པར་དུ་ནི་བཤད་པར་བྱ། །གར་སྣ་ཚོགས་དང་སོ་སོའི་ཕྱག་རྒྱ་བཅིངས་ནས། སྐུའི་དཀྱིལ་འཁོར་གསལ་བར་གྱུར་པ་ ལ་དམིགས་ཏེ་སྔགས་དང་ཕྱག་རྒྱར་ལྡན་པས་ལས་ལ་གཞུག་པར་བྱའོ། །དེ་ཡང་ལས་རྣམ་པ་བཞིའི་སྒོ་ནས་ཞལ་བཞིའི་རྣམ་པས་ལྷ་མོ་བཞིའི་ཕྲིན་ལས་ལ་གཟུང་པའི་ཕྱིར། སེམས་ཅན་སྤྲིན་ལས་བྱང་ཆུབ་མཆོག་སྦྱིན་སྣ་ཚོགས་ཆར་འབེབས་པ། །བདག་གི་རེ་བ་ཀུན་སྒྲུབ་མྱུར་དུ་ 26-1-360b སྟོན་ཨ་ལ་ལ་ཧོ། །ཞལ་དང་པོ་དང་ལྷ་མོ་དབང་བསྐུར་མའི་སྒོ་ནས་སེམས་ཅན་སྤྲིན་ཚོགས་ལ་བྱང་ཆུབ་སེམས་ཀྱི་དབང་བསྐུར་བ་དང་། ཞལ་གཉིས་དང་། ལྷ་མོ་གཏེར་ལྡན་མའི་སྒོ་ནས་རིན་པོ་ཆེའི་མཆོག་སྣ་ཚོགས་ཀྱི་ཆར་འབེབས་ཤིང་བྱིན་པ་དང་། ཞལ་གསུམ་པ་དང་ལྷ་མོ་རྒྱལ་མཚན་མཆོག་ ལྡན་མའི་སྒོ་ནས་ཆོས་ཐམས་ཅད་ཟིལ་གྱིས་གནོན་ཅིང་། བདག་གི་རེ་བ་ཀུན་སྒྲུབ་པའི་ཐབས་མྱུར་དུ་སྟོན་པ་དང་། ཞལ་བཞི་པ་དང་ལྷ་མོ་མཆོད་ཆེན་མའི་སྒོ་ནས་དགའ་བཞིའི་མཆོད་པ་སྤྲོ་བའོ། །གཞན་ཡང་ལྷ་མོ་རྣམས་ཀྱིས་ཁྱད་པར་གྱི་ལས་ལ་བསྐུལ་བའི་ཕྱིར། མི་ཟད་གཏེར་གྱི་ དབང་བསྐུར་ཁྱད་པར་བདག་ལ་སྩལ་དུ་གསོལ། །ཁྱད་པར་འདི་དག་ཐམས་ཅད་བུད་མེད་རིན་ཆེན་རྣམས་ཀྱི་ཕྱིར། །ཞེས་པ་ལ་སོགས་པའི་གླུ་དང་ཕན་ཡོན་དག་གསུངས་པ་ཡིན་ནོ། །དཔལ་རྡོ་རྗེ་ཉི་མའི་ཕྱག་རྒྱ་ཆེན་པོའི་བཤད་པའོ། །གཞན་ཡང་དཔལ་རྟ་མཆོག་རོལ་པའི་ དཀྱིལ་འཁོར་གྱི་ཕྱག་རྒྱ་ཆེན་པོ་ལས། དང་པོ་སྤྱི་ཡི་མཚན་ཉིད་ནི། །རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དྲག་ཤུལ་སྦྱོར་བར་རྣམ་སྤྱོད་དཔལ། །རྟ་ཡི་རྒྱལ་པོ་རབ་ཏུ་གནས། །དཔལ་རྡོ་རྗེ་འཆང་ཆེན་པོ་ལས་རྟ་མཆོག་གི་སྐུར་ སྤྲུལ་པའི་ཚུལ་ལོ། །ད་ནི་ཕྱག་རྒྱ་ཆེན་པོའི་ཆ་ལུགས་ལས་དགོངས་མཛད་ཀྱི་རྣམ་པ་ནི། ཐམས་ཅད་དག་པར་མོས་པ་ཡིས། །སྡིག་མེད་སྟོབས་ཀྱིས་ངོ་མཐོན་དུ། །ཞེས་པ་ལ་སོགས་པས་ལྷ་ཆེན་པོ་བཞིའི་དྲེགས་པ་གཞོམ་པའི་ཕྱིར་ཞལ་བཞིའི་སྒོ་ནས་ཕྲིན་ལས་རྣམ་ པ་བཞི་མངའ་བར་བསྟན་པའོ། །གཞན་ཡང་ཕྱག་རྒྱའི་ཆ་ལུགས་ནི། །ཞལ་བཞི་པ་ལ་ཕྱག་བཞི་པ།།ཞབས་བཞི་པ་ལ་རྨིག་པ་བཞི། །ཞེས་པ་ལ་སོགས་པ་སྟེ། དཔུང་པ་བཞི་ལ་ལག་ངར་བརྒྱད་དུ་གྱེས་པའོ། །གཡོན་པ་དག་ན་ནི་ཁུ་ཚུར་གྱིས་སྣ་ཚོགས་པདྨ་ དང་། མདུང་དང་། དབྱུག་པ་དང་། གཞུ་ཐོགས་པའོ། །གཡས་པ་དག་ན་ནི་བ་དན་གསུམ་པ་གྱེན་དུ་བསྒྲེང་བ་དང་། སྣ་ཚོགས་རྡོ་རྗེ་དང་། རལ་གྲི་དང་མདའོ། །ཕྱག་རྒྱ་དེ་དག་བཅིངས་པའི་ཕན་ཡོན་ནི། ཕྱག་རྒྱ་འདི་ཡིས་བཏབ་ན་ནི། །ཤིན་ཏུ་ལྟུང་བར་གྱུར་པ་ཡང་། །ཞེས་ 26-1-361a པ་ལ་སོགས་པ་སྟེ་གོ་སླའོ། །རྡོ་རྗེ་སློང་བ་ནི་པདྨ་སྡིགས་མཛུབ་ཀྱི་ཕྱག་རྒྱར་བཅས་པས་དྲེགས་བྱེད་ཀྱི་ཚོགས་རྣམས་བརྒྱལ་ཞིང་སླར་སངས་པར་མཛད་པའོ། །དེ་ཉིད་ཀྱི་སྐྱིལ་ཀྲུང་ནི། གཡས་དང་གཡོན་པའི་སྦྱོར་བ་ཡིས། །བརྐྱང་བསྐུམ་པ་ཡི་ཚུལ་བཅས་ནས། ། ཞེས་པ་ལ་སོགས་པ་སྟེ་ཞབས་གཡས་བརྐྱང་བའི་དང་པོས་གསུམ་གྲུབ་མ་དང་དཔལ་མོ་མནན་པའོ། །གཉིས་པས་སྒྲོལ་མ་དང་དགའ་མོ་མནན་པའོ། །གཡོན་བསྐུམ་པའི་དང་པོས་མིག་གསུམ་པ་དང་ཁྱབ་འཇུག་མནན་པའོ། །གཉིས་པས་ཚངས་པ་དང་ལྷའི་བུ་དགའ་རབ་ དབང་ཕྱུག་མནན་པའོ། །ཁྲོ་བོ་གནས་པ་ནི་ཁྲོ་བོ་ཆེན་པོའི་ཆ་ལུགས་ཀྱི་བརྐྱང་བསྐུམ་གྱིས་མནན་པའོ། །དེ་ཉིད་ལ་བསྐུལ་བའི་གླུ་ནི། དེ་ནས་ཕྱག་རྒྱ་ཞེས་པ་འདི། །རྟ་མཆོག་དཔལ་ལྡན་གནས་པའི་གླུ། ཞེས་པ་ལ་སོགས་པ་སྟེ། འདོད་པའི་ལྷ་མོ་དག་དང་ཆགས་པའི་ཚུལ་གྱིས་ གནས་ཤིང་། གླང་པོ་ཆེ་སྨྱོན་པ་འདོད་ཆགས་ཀྱིས་མྱོས་པ་སྟོང་བས་ལྷག་པར་གནས་པ་དག་འདུལ་ཞིང་བདེ་བ་ལ་དགོད་པའི་ཕྱིར། ཞལ་དང་པོ་སྒེག་པར་བསྟན་པ་དང་། ཁྱབ་འཇུག་ཞེ་སྡང་གི་མེ་བསྔོ་བས་གཤིན་རྗེ་སྟོང་པས་འཇིགས་པའི་མཚན་ཉིད་ཅན་འདུལ་བའི་ཕྱིར། ཞལ་གཉིས་པ་ དྲག་པོར་བསྟན་པ་དང་། བརྒྱ་བྱིན་ཞི་བའི་སྐུ་ཚངས་པ་སྟོང་བས་ལྷག་པའི་བཞིན་དང་ལྡན་པ་གདུལ་བའི་ཕྱིར། ཞལ་གསུམ་པ་ཞི་བའི་ཚུལ་དུ་བསྟན་པ་དང་། ཐམས་ཅད་དག་པར་མོས་པས་ངོ་མཐོན་གྱི་སྟོབས་ཀྱིས་གདུལ་བའི་ཕྱིར། ཞལ་བཞི་པ་རྟའི་གདོང་པ་ཁྲོ་གཉེར་དང་བཅས་པ་ ལས་དགྱེས་པའི་གད་མོ་ཕ་རོལ་གནོན་པའི་སྟོབས་ཀྱིས་སྒྲ་དང་བཅས་པར་སྒྲོགས་པའོ། །གཞན་ཡང་ཞབས་རྣམ་པ་བཞིའི་སྒོ་ནས་ལྷ་ཆེན་པོ་བཞི་མནན་ཞིང་དེ་དག་གི་ཆུང་མ་ལ་སྤྱོད་པར་མཛད་པའོ། །དེ་ཡང་དབང་ཕྱུག་ཆེན་པོའི་ཆུང་མ་ནི་མིག་ལས་ཕྱུང་བ་སྟེ། ལྷའི་དབང་པོ་ བརྒྱ་བྱིན་གྱིས་མཆོད་སྦྱིན་ཆེན་པོ་བྱེད་པའི་དུས་སུ་ལྷ་གཞན་དག་མ་བོས་པར་སྔོན་དུ་ཚོགས་ནས་དེ་དག་འདུས་པའི་རྗེས་ལ་དབང་ཕྱུག་ཆེན་པོ་སྤྱན་དྲངས་པ་ལས། ང་ཀུན་གྱི་མཐའ་མར་བོད་པ་ཅི་ཉེས་ཞེས་ཏེ་གཏུམ་ཚིག་དྲག་པོར་སྨྲས་ཤིང་ཁྲོས་ནས་དཔྲལ་བ་ནས་མིག་ལྷག་པ་གཅིག་ 26-1-361b བྱུང་བར་མཛད་དོ། །དེས་བལྟས་པ་ཙམ་གྱིས་འཇིག་རྟེན་གྱི་ཁམས་སུ་ནད་རྣམ་པ་སྣ་ཚོགས་དང་། མུ་གེ་དང་གདུག་པའི་མཚོན་ཆའི་ཆར་དང་འཁྲུགས་པ་ལ་སོགས་པ་མང་དུ་སྤྲོ་ཞིང་། འཇིག་རྟེན་གྱི་ཁམས་ན་སྐྱེ་འགྲོ་ཀུན་ལ་གནོད་པར་མཛད་དོ། །དེ་འདུལ་བའི་ཕྱིར་སངས་རྒྱས་འོད་མཐའ་ ཡས་པའི་སྐྲས་འོད་ཟེར་གྱི་སྣང་བ་དཔག་ཏུ་མེད་པ་ལས་ཁྲོ་བོ་མི་གཡོ་མགོན་པོའི་སྤྲུལ་པ་སྣང་བར་མཛད་དེ། ལྷ་ཆེན་པོའི་སེམས་རྨོངས་པར་བྱས་ཤིང་། སྒོ་གསུམ་གནོན་པར་མཛད་པ་ལས་ཞུམ་པའི་སྒོ་ནས་མཆི་མ་ཕྱུང་བདག་རང་ཉིད་ཀྱི་སྨོན་ལམ་གྱི་མཐུས་ལྷ་མོ་གསུམ་གྲུབ་པར་གྱུར་ནས། དེ་དང་ལོངས་སྤྱོད་པ་ལས་རྟ་མཆོག་གི་མཐུས་ཕྲོགས་པའོ། །གཞན་ཡང་ཁྱབ་འཇུག་གིས་ནི་ཉིད་ཀྱི་སྨོན་ལམ་གྱི་ལྷ་མོ་མངོན་པར་སྤྲུལ་པ་དང་། ཚངས་པས་ནི་སྦྱོར་བའི་མཐུ་ལས་ལྷ་མོ་སྤྲུལ་པར་མཛད་པ་དང་། དགའ་རབ་དབང་ཕྱུག་གིས་ནི་མེ་ཏོག་གི་མདངས་གཞན་དག་གི་མདངས་ བསྡུས་ཏེ་ཆགས་པའི་སེམས་གཡོས་པས་རང་ཉིད་ཀྱི་མདངས་འཕེལ་བར་བྱས་པ་ལས་གྲུབ་པའི་ལྷ་མོ་སྟེ། དེ་ལྟར་དཔལ་མོ་དང་སྒྲོལ་མ་དང་དགའ་བ་མོ་དག་ལ་སྤྱོད་པར་མཛད་པའོ། །དེ་དག་གི་ལོ་རྒྱུས་ནི་གསུང་བཀོད་པའི་རྒྱུད་ལས་བཤད་པའོ། །ཅི་ལྷ་མོ་འདི་དག་རེས་འགའ་གདུལ་བྱའི་ དབང་གིས་སྐྱོབ་པར་མཛད་པ་དང་འཁོར་དུ་མཛད་པ་དང་། ཡུམ་དུ་མཛད་པ་དང་ཞབས་ཀྱིས་མནན་པ་དག་ནི་འགལ་བར་སྣང་ངོ་ཞེས། ཡེ་ཤེས་ཀྱི་ཆོ་འཕྲུལ་ཆེན་པོར་ཇི་ལྟར་འདུལ་བ་གཞན་ཐབས་སྣ་ཚོགས་ཀྱི་སྒོ་ནས་སྣང་བར་བཀོད་པ་དང་། དེ་ཉིད་གཟུང་བའི་ཕྱིར་སྐྱོན་མེད་དོ། །ཡང་ལྷ་མོ་ གཉིས་ཀྱི་སྒོ་ནས་བསྐུལ་བའི་ཕྱིར་ཚིགས་སུ་བཅད་པ་གཅིག་གསུངས་པ་ལས། གང་ཞིག་གིས་གཉེན་ལ་མཛའ་བར་བྱ་བའི་སེམས་དང་། དགྲ་ལ་བརྒལ་བར་བྱ་བའི་སེམས་དག་ནི་རྩེ་གཅིག་པའི་སྒོ་ནས་འགྲུབ་སྟེ། ཐེ་ཚོམ་དང་ཡིད་གཉིས་སུ་བཅས་པས་ནི་དེ་ལྟར་འགྲུབ་པར་འགྱུར་བ་ མ་ཡིན་པ་བཞིན་དུ་ཐེག་པ་ཆེན་པོ་གསང་སྔགས་འདིའི་སྒོར་འཇུག་པའི་གང་ཟག་གིས་ཀྱང་ཡིད་གཉིས་ཀྱི་རྟོག་པ་སྤང་བར་བྱའོ། །དེས་ན་རྩ་བའི་རྒྱུད་ལས། ཐེ་ཚོམ་གྱིས་ནི་རྨོངས་པར་བྱེད། །ལས་རྣམས་འགྲུབ་པར་མི་འགྱུར་ཞིང་། །འཇུག་པའི་གནས་སྐབས་མི་ཤེས་ཏེ། ། 26-1-362a བསྒྲུབས་ཀྱང་འབྲས་བུ་མེད་པར་འགྱུར། །ཞེས་སོ། །གཉིས་པས་ནི་མཛའ་བ་དང་རྒོལ་བ་དག་ཀྱང་། འཇིག་རྟེན་གྱི་བྱ་བའི་སྒོ་ནས་རྟོག་པ་དག་མ་སྐྱེས་ཀྱང་སླའི། གཉེན་ལ་ཆགས་པ་དང་དགྲ་ལ་ཞེ་སྡང་བའི་ཆོས་དེ་དག་ནི་སྐད་ཅིག་མའི་རྣམ་པ་མི་བརྟན་པའི་ངོ་བོ་བཅོས་ པ་དང་སྒྱུ་མ་ཡིན་པའི་ཕྱིར། དེ་ལ་སུ་ཞིག་གིས་ཡིད་བརྟན་པར་རུང་སྟེ་གནས་པར་མི་བྱའོ། །གང་ཞིག་ལྷ་དང་ལྷག་པའི་ལྷ་ལ་སེམས་མཛའ་བར་བྱས་ནས་མི་འབྲལ་ཞིང་བསྒྲུབ་པ་དང་། ལམ་གྱི་མི་མཐུན་པའི་ཚོགས་རྣམ་པར་རྟོག་པའི་དགྲ་དག་ལ་རྒོལ་བར་བྱེད་པ་ནི་ཡུམ་གྱི་སྲིད་བརྟན་པའི་ ལས་ལ་འཇུག་པ་སྟེ་ཡོན་ཐམས་ཅད་ཀྱི་འབྲས་བུ་ལ་སྦྱོར་བར་བྱེད་པའོ། །ཡང་གསུམ་པའི་དོན་གྱིས་འདི་ལྟར་ལྷ་དང་མི་ལ་སོགས་པ་དག་ལ་གང་ཞིག་ཕན་པར་བྱ་བ་དང་། གནོད་པར་བྱ་བའི་རྟོག་པ་གཞི་ནས་མ་སྐྱེས་ན་སླའི། གལ་ཏེ་དེ་དག་ཁས་བླངས་ཕན་ཆད་དུ་ནི་དེའི་དོན་སྒྲུབ་ པར་མི་ནུས་པ་དག་སྒྱུ་མ་ཙམ་ཡང་མི་རུང་སྟེ། དེ་ཉིད་ནི་མཛའ་བོ་ལྟར་སྣང་བའམ་མཛའ་བོའི་གཟུགས་བརྙན་ནམ་སྒྱུ་མའི་མཛའ་བོ་ཡིན་པའི་ཕྱིར། དེ་ལ་མི་གདགས་པར་མི་རིགས་ཏེ། སུ་ཞིག་གིས་རྗོད་པར་བྱེད། དེ་ལྟར་ཡི་དམ་གྱི་ལྷ་དག་ལ་ཆགས་སྡང་ཞེན་རྟོག་གི་བློ་མི་མངའ་བའི་ཕྱིར་དངོས་ གྲུབ་སྩོལ་བ་དང་། མི་སྩོལ་བའི་རྟོག་པ་ག་ལ་ཡོད། གལ་ཏེ་མངའ་བ་ཞིག་ཡིན་ན་ནི་སུ་ཞིག་གིས་ལྷ་ཞེས་བརྗོད་དེ་འོས་པ་མ་ཡིན་ནོ། །དེ་དག་གིས་རིགས་རྣམ་པ་དྲུག་གི་སྒོ་ནས་ཕྱག་རྒྱ་ཆེན་པོའི་མཚན་ཉིད་བསྟན་པ་ཡིན་ཏེ། མཉམ་པར་སྦྱོར་བ་རྣམ་པ་དྲུག་གི་སྒོ་ནས་ལས་རྒྱ་ཆེན་པོ་འགྲུབ་ པར་མཛད་པའི་ཚུལ་བསྟན་པའོ། །དེ་ཡང་དཔལ་རྡོ་རྗེ་སེམས་དཔའ་ནི་རིགས་ཀུན་གྱི་བདག་ཉིད་པས། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་ཞེས་བྱ་སྟེ་ཚུལ་སྣ་ཚོགས་ཀྱི་བྱ་བས་འཇུག་པའོ། །དཔལ་རྣམ་པར་སྣང་མཛད་ལ་ནི་ནམ་མཁའ་ཐམས་ཅད་མཉམ་པར་སྦྱོར་བ་ ཞེས་བྱ་སྟེ། ཆོས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོར་སྦྱོར་ཞིང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས་ཁྱབ་པར་མཛད་པའི་ཕྱིར་རོ། །དཔལ་ཧེ་རུ་ཀ་ལ་ནི་རྡོ་རྗེ་ཐམས་ཅད་དང་མཉམ་པར་སྦྱོར་བ་ཞེས་བྱ་སྟེ། སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུས་དྲག་པོའི་ཚོགས་འཇོམས་ཤིང་། 26-1-362b མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྣང་བ་ཡིན་པའི་ཕྱིར་རོ། །དཔལ་པདྨ་གར་གྱི་དབང་ཕྱུག་ལ་ནི་སྣ་ཚོགས་པདྨོ་དང་མཉམ་པར་སྦྱོར་བ་ཞེས་བྱ་སྟེ། གདུལ་བྱའི་ཇི་ལྟ་བ་སྣ་ཚོགས་མཁྱེན་ཅིང་ཆོས་ཐམས་ཅད་རྣམ་པར་དག་པའི་དབྱིངས་སུ་སྦྱོར་བས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཚུལ་དང་ལྡན་པའོ། །རྡོ་རྗེ་ ཉི་མ་ལ་ནི་རྒྱལ་སྲིད་ཐམས་ཅད་དང་མཉམ་པར་སྦྱོར་བ་ཞེས་བྱ་སྟེ། ཡོན་ཏན་རྒྱས་པའི་ཚོགས་རྣམས་ཀྱིས་འཇུག་པའི་རྒྱུད་གྲོལ་བར་མཛད་ཅིང་། སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱི་ཚུལ་དང་ལྡན་པས་སོ། །རྟ་མཆོག་རོལ་པ་ལ་ནི་ལས་ཐམས་ཅད་དང་མཉམ་པར་སྦྱོར་བ་ཞེས་བྱ་སྟེ། ལྷ་ཆེན་པོ་ དག་གི་རྟོག་པ་ཞི་བར་མཛད་ཅིང་ཕྲིན་ལས་རྣམ་པ་བཞིའི་བདག་ཉིད་ཅན་དུ་བཞུགས་ནས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཚུལ་གྱིས་ཐམས་ཅད་ལ་སྦྱོར་བའི་ཕྱིར་རོ། །དེ་ཡང་རྩ་བའི་རྒྱུད་ལས། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །རྡོ་རྗེ་སེམས་དཔའི་ལྷ་རྣམས་ཀྱིས། །སྣ་ཚོགས་ཆོ་ག་ཀུན་ གྱི་ཚུལ། །སྣ་ཚོགས་འགྲོ་བ་སྒྲོལ་བར་བྱེད། །ནམ་མཁའ་ཐམས་ཅད་མཉམ་སྦྱོར་བའི། །རྣམ་སྣང་མཛད་ཀྱི་དཀྱིལ་འཁོར་གྱིས། །ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ། །དམན་རྣམས་ལྟ་བ་གྲོལ་བར་མཛད། །རྡོ་རྗེ་ཐམས་ཅད་མཉམ་སྦྱོར་བའི། །ཧེ་རུ་ཀ་ཡི་དཀྱིལ་འཁོར་གྱིས། ། སྐུ་གསུང་ཐུགས་རྡོ་རྗེ་ཡི་ཚོགས། །དྲག་པོའི མི་མཐུན་ཕྱོགས་འཇོམས་མཛད། །སྣ་ཚོགས་པདྨ་མཉམ་སྦྱོར་བའི། །པདྨ་གར་དབང་དཀྱིལ་འཁོར་གྱིས། །སྣ་ཚོགས་དག་པའི་ཆོས་གྲུབ་ཅིང་། །སྒྲོ་སྐུར་རྟོག་པ་ཞི་བར་མཛད། །རྒྱལ་སྲིད་ཐམས་ཅད་མཉམ་སྦྱོར་བའི། །རྡོ་རྗེ་ཉི་མའི་ དཀྱིལ་འཁོར་གྱིས། །བཀོད་པའི་ཡོན་ཏན་འཕེལ་མཛད་དེ། །གདུངས་པའི་ལས་མཐའ་རྣམ་པར་གྲོལ། །སྣ་ཚོགས་དག་པར་མཉམ་སྦྱོར་བའི། །ལས་ཀུན་པ་ཡི་དཀྱིལ་འཁོར་གྱིས། །ལྷ་ཆེན་དྲག་པོའི་རྒྱུད་འདུལ་ཞིང་། །ཕྲིན་ལས་སྟོབས་ཀྱིས་ཐམས་ཅད་གནོན། །ཞེས་གསུངས་ སོ། །དེ་ཉིད་ཀྱི་ཆོ་གའི་ཡན་ལག་ནི་མདུན་གྱི་དཀྱིལ་འཁོར་ལ་ཕྱག་འཚལ་བ་དང་། མཆོད་པས་མཉེས་པར་བྱས་ནས་སྔགས་བཞིའི་དགུག་གཞུག་བྱས་ཏེ། ཕྱག་རྒྱ་ཆེན་པོའི་སྐུ་གསལ་ཞིང་མཉེས་པར་བྱས་ནས། དེའི་རྗེས་ལ་དངོས་གྲུབ་བསྐུལ་བའི་གླུ་བླང་བར་བྱའོ། །ལྷའི་ 26-1-363a དཀྱིལ་འཁོར་ཐམས་ཅད་ཀྱི་སྐུ་མདོག་ལ་སོགས་པ་འབྱུང་བའི་ཕྱག་རྒྱ་དང་པོའི་དོན་རྣམ་པར་བཤད་པའོ། །དེ་ལྟར་གླུས་བསྐུལ་བའི་རྗེས་ལ། གཉིས་པ་དམ་ཚིག་གི་ཕྱག་རྒྱ་བསྟན་པར་བྱ་དགོས་པའི་ཕྱིར། དཀྱིལ་འཁོར་གྱི་ཕྱག་རྒྱ་བསྟན་པ་ལས། དང་པོར་རྡོ་རྗེ་སེམས་ དཔའི་དཀྱིལ་འཁོར་བསྟན་པར་བྱ་བའི་ཕྱིར། མཛུབ་མོས་མཐེ་བོང་མནན་ནས་ནི། །རང་གི་མཐེ་བོས་མཛུབ་མོ་མནན། །ཞེས་པ་ལ་སོགས་པ་གསུངས་པ་ལ། དང་པོ་ལག་པ་གར་ཐབས་ལན་གསུམ་དུ་བསྒྱུར་ཞིང་སོར་མོ་ཕན་ཚུན་བསྣོལ་ཏེ་རྡོ་རྗེ་ཐལ་མོ་སྦྱར་བར་བྱའོ། །དེ་ལས་ ཡི་གེའི་འཕྲོ་འདུས་སོ་སོའི་དཀྱིལ་འཁོར་བསྟིམ་ཞིང་། དགའ་ཆེན་དཔལ་གྱི་རྡོ་རྗེ་ལས་བྱུང་བའི་རྡོ་རྗེ་བཅིངས་པ་གཅིག་ཏུ་བྱས་ནས། མཛུབ་མོས་མཐེ་བོང་རྩ་བ་མནན་ཏེ་མིག་གི་འབྲས་བུ་བཞིན་བྱ་བའོ། །ཡང་དེ་ལས་ཁུ་ཚུར་སོ་སོར་ཕྲལ་ཏེ་གར་ཐབས་སུ་ལན་གསུམ་དུ་བསྐོར་ཞིང་། སོར་ མོའི་ལྷག་མ་རྣམས་ཐལ་མོ་ཁོང་སྟོང་དུ་སྦྱར་ནས་ལྷ་སོ་སོའི་གནས་སུ་བསྟན་ཞིང་། གོང་མ་བཞིན་དུ་སོ་སོའི་སྔགས་བརྗོད་པས་སྐུ་གསུང་ཐུགས་བརྟན་པར་བྱས་པའོ། །དེ་ལྟར་བཅིངས་པའི་ཕན་ཡོན་ནི་གོ་སླ་བའི་ཕྱིར་མ་བཤད་དོ། །གཞན་ཡང་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་ འཁོར་ལྔ་པོ་དག་གི་དམ་ཚིག་གི་ཕྱག་རྒྱ་ཕན་ཡོན་དང་བཅས་པ་རིམ་པ་བཞིན་དུ་བསྟན་པའི་ཕྱིར། རྡོ་རྗེ་ཐལ་མོ་མཉམ་སྦྱར་ནས། །མཛུབ་མོ་གཉིས་ཀྱི་རྩེ་མོ་དགུག །ཅེས་པ་ལ་སོགས་པ་གསུངས་སོ། །དེ་ལ་རྣམ་པར་སྣང་མཛད་ཀྱི་ནི་རྡོ་རྗེ་ཐལ་མོའི་ཚུལ་དུ་སོར་མོ་བསྣོལ་ཏེ་མཛུབ་ མོ་གཉིས་ཀྱི་རྩེ་མོ་བཀུག་སྟེ། མཐེ་བོང་གཉིས་ཀྱི་བར་དུ་བཅུག་ནས་གཙུག་ཏོར་བཞིན་དུ་བྱ་ཞིང་། ཐལ་མོ་ཁོང་སྟོང་དུ་སྦྱར་ཏེ་དཔྲལ་བར་བཞག་པས་ནི་བསྲུང་བར་འགྱུར་རོ། །ཧེ་རུ་ཀའི་ནི་རྡོ་རྗེ་ཐལ་མོ་གྱེན་དུ་ཕྱེ་ལ་རྡོ་རྗེ་གནོད་སྦྱིན་གྱི་ཞལ་གནམ་དུ་གདངས་པ་བཞིན་བཅིངས་པས། གདུག་པར་བྱེད་པ་རྣམས་ཀྱི་ཚོགས་ཟ་བ་ལ་སོགས་པའི་ལས་རྣམས་འགྲུབ་པར་འགྱུར་རོ། །པདྨ་གར་དབང་གི་ནི་པདྨའི་འདབ་མ་ཁ་འབྱེད་པ་བཞིན་དུ་བྱས་པའོ། །སྡིག་པ་སྦྱང་བའི་ལས་ལ་སྦྱར་རོ། །རྡོ་རྗེ་ཉི་མའི་ནི་རིན་པོ་ཆེའི་གཟུགས་ལྟ་བུར་བྱས་པས། རང་ཉིད་ཀྱི་རྒྱལ་སྲིད་སྐྱོང་ 26-1-363b བའི་ལས་ལ་སྦྱར་རོ། །རྟ་མཆོག་གི་ནི་དེ་ཉིད་ཀྱི་ཕྱག་རྒྱ་སྟེ་ལས་ཐམས་ཅད་པའི་རྒྱུད་ལ་སྦྱར་རོ། །དེ་དག་གི་ཆོ་གའི་རིམ་པ་ནི་དངོས་གྲུབ་བསྐུལ་བའི་རྗེས་ལ་དམ་ཚིག་གི་ཕྱག་རྒྱ་སྔགས་དང་བཅས་པས་བརྟན་པར་བྱས་ནས། དེ་མ་ཐག་ཏུ་མཆོད་པ་བཞིའི་སྒོ་ནས་གསོལ་བ་གདབ་པ་དང་། རྡོ་ རྗེ་གླུའི་སྒོ་ནས་གསོལ་བ་གདབ་པར་བྱའོ། །དེས་ནི་བདེ་བར་གཤེགས་པ་དག་དུས་ཐམས་ཅད་དུ་དམ་ཚིག་ལས་མི་འདའ་ཞིང་། བདག་ཉིད་ལ་དངོས་གྲུབ་སྩོལ་བར་འགྱུར་ཏེ། དམ་ཚིག་གི་ཕྱག་རྒྱ་ཞེས་པའི་དོན་རྣམ་པར་བཤད་པའོ། །གསུམ་པ་དམ་ཚིག་ཆེན་པོའི་ཕྱག་རྒྱ་ཤིས་ པ་ནི། རང་གི་ལྷ་དང་དུས་ཐམས་ཅད་དུ་སྦྱོར་ཞིང་བྱིན་རླབས་ཁྱད་པར་ཅན་གསལ་བར་བྱ་བའི་ཕྱིར་རོ། །དེ་ཡང་སྐུ་དང་གསུང་དང་ཐུགས་རྣམ་པ་གསུམ་གྱི་སྒོ་ནས་ཤེས་པར་བྱ་བ་ལས་དང་པོ་སྦྱོར་བའི་ཚུལ་ནི། ལུས་དང་ངག་སེམས་རྡོ་རྗེ་ཡིས། །མཚན་མའི་ཕྱག་རྒྱར་ལྡན་བྱས་ ཏེ། །ཐམས་ཅད་འབྱུང་བའི་ཕྱག་རྒྱ་ཡིས། །བདག་གི་ལྷར་ནི་བདག་ཉིད་བྱ། །རྣལ་འབྱོར་པ་ལ་སོགས་པའི་ཐ་མལ་པའི་ལུས་ངག་ཡིད་གསུམ་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་སུ་བསྒྲུབ་པའི་ཕྱིར། གནས་གསུམ་དུ་ཟླ་བ་དང་། པདྨ་དང་ཉི་མ་ལ་གནས་པའི་ཡི་གེ་རྣམ་ པ་གསུམ་སོ་སོའི་འོད་ཟེར་ཁ་དོག་དང་ལྡན་པས། ཡེ་ཤེས་ཀྱི་དཀྱིལ་འཁོར་ཐམས་ཅད་གནས་གསུམ་དུ་བསྡུ་ཞིང་སྐུ་གསུང་ཐུགས་ཀྱི་མཚན་མ་རྣམ་པ་གསུམ་དུ་གྲུབ་ནས། སྔགས་བརྗོད་པས་བདག་དང་གཉིས་སུ་མེད་པར་གྲུབ་པའོ། །དེ་དག་གི་ཕན་ཡོན་ནི། འདིས་ནི་སངས་ རྒྱས་ཐམས་ཅད་དཔལ། །དེ་བཞིན་དཔའ་བོ་ཐམས་ཅད་དང་། །ཞེས་པ་ལ་སོགས་པ་གསུངས་པ་ཡིན་ནོ། །ཆོ་གའི་ཡན་ལག་ནི་ཐོག་མར་རང་ཉིད་རིགས་ཀྱི་ལྷ་གང་ཡང་རུང་བར་བསམས་ནས་ནུས་པ་བསྐྱེད་པའི་ཕྱིར་ཡན་ལག་བྱིན་གྱིས་བརླབ་པ་དང་། སྒོ་གསུམ་བྱིན་གྱིས་བརླབ་ པ་དང་། བདག་སྦྱང་བ་དང་། འགྲོ་བ་སྦྱང་བ་དང་། གསལ་བར་བྱས་པའི་གནས་སྐབས་སུ་ཡང་འགྲོ་ལ། རྗེས་སུ་སྦྱོར་བ་གསུམ་བསྐྱོད་པའི་རྗེས་ལ་ཐུན་མོང་དུ་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པ་དང་། སློབ་མ་དབང་བསྐུར་བ་ལ་སོགས་པའི་ཆོ་གའི་ཡན་ལག་གཞན་ལ་ 26-1-364a ཡང་སྦྱར་བར་བྱའོ། །དེ་ཡང་རྩ་བའི་རྒྱུད་ལས། ལས་རྣམས་ཀུན་གྱི་ཐོག་མ་དང་། །ཐ་མ་ལ་སོགས་གནས་རྣམས་སུ། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཡིས། །ཐམས་ཅད་བྱིན་གྱིས་བརླབ་པར་བྱ། །ཞེས་སོ། །དེ་ལྟར་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་ལྡན་པས་ནི། དངོས་ གྲུབ་ཐམས་ཅད་ཀྱི་རྟེན་ཡིན་པས་ཕྱག་རྒྱ་ཆེན་པོར་གྱུར་པ་སྟེ། དམ་ཚིག་ཆེན་པོའི་ཕྱག་རྒྱ་ཞེས་སོ། །དམ་ཚིག་ཆེན་པོའི་ཕྱག་རྒྱ་ཞེས་པའི་དོན་རྣམ་པར་བཤད་པའོ། །གཞན་ཡང་བཞི་པ་སྦྱོར་བའི་ཕྱག་རྒྱ་ལ་མི་གནས་པས་ནི་རང་གི་དེ་ཁོ་ན་ཉིད་གསལ་བར་མི་འགྱུར་བས། ལྟ་བ་དང་ བསྒོམ་པ་ཐམས་ཅད་ཀྱི་གནས་སྐབས་སུ་དེ་ཉིད་ཤེས་པར་བྱའོ། །དེས་ན་མཚན་ཉིད་ཀྱི་བྱེ་བྲག་དང་དམིགས་པའི་ཡུལ་དང་། སྦྱོར་བའི་ཐབས་ལ་སོགས་པ་ཕྱོགས་གཅིག་ཏུ་བསྟན་པ་ཡིན་ཏེ། རྩ་བའི་རྒྱུད་ལས་ཀྱང་། སྦྱོར་བ་བཞི་ཡི་མཚན་ཉིད་ཀྱིས། །ཕྱག་རྒྱས་ལས་ཀུན་ གནས་ལ་འཇུག །སྔོན་དུ་འགྲོ་བའི་ལས་ཅན་ཏེ། །རྣམ་གྲོལ་ཡེ་ཤེས་སྐྱེད་པར་མཛད། །ཅེས་སོ། །དེ་ལས། དང་པོ་རྡོ་རྗེ་སེམས་དཔའི་ནི། །རྡོ་རྗེ་སེམས་དཔའ་དཔལ སྦྱོར་བ། །ཇི་ལྟའི་གཟུགས་དང་དབྱིབས་སུ་ལྡན། །ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱི་དེ་ཉིད་ཀྱི་ཚུལ་ཡོན་ཏན་ དང་བཅས་པ་བསྟན་པ་ཡིན་ཏེ། མཚན་མ་མེད་པ་དང་མཚན་མ་དང་བཅས་པའི་ཚུལ་རྣམ་པ་གཉིས་ཀྱིས་འཇུག་ཅིང་ཆོས་ཐམས་ཅད་རྣམ་པར་དག་པའི་ངོ་བོ་ལ་དཀྱིལ་འཁོར་རྣམ་ལ་གཉིས་ཀྱི་ཚུལ་དུ་སྦྱར་ནས་རྡོ་རྗེ་སེམས་དཔའི་ཕྱག་རྒྱས་གནས་པས་དབང་པོ་དྲུག་གི་སྣང་བ་ཐམས་ཅད་བདེ་བ་ཆེན་པོའི་ ཡེ་ཤེས་ཟག་པ་མེད་པའི་རང་བཞིན་དུ་བཞུགས་པར་མཛད་ཅིང་། དི་དང་ཚུལ་མཐུན་པའི་སྒོ་ནས་སྦྱོར་བ་རྣམ་པ་བཞིའི་བྱེ་བྲག་ལ་སོགས་པ་གསལ་བར་སྣང་བ་ཡིན་ནོ། །ཡང་། ལྷ་མོ་དག་གི་ཁྱད་པར་དུ། །སྦྱོར་བའི་ཕྱག་རྒྱའི་མཚན་ཉིད་ནི། །ཆགས་པ་མེད་ཅིང་མ་ཆགས་མེད། །དབུ་མར་ཡང་ ནི་དམིགས་སུ་མེད། །ཅེས་པ་ལ་སོགས་པས་མཚོན་བྱ་དང་མཚོན་བྱེད་གཉིས་སུ་མེད་པའི་སྒོ་ནས་རང་རང་གི་མཚན་ཉིད་དང་ལས་ལ་སྦྱོར་ཞིང་། དེའི་ཕན་ཡོན་དང་བཅས་པར་བསྟན་པ་ཡིན་ནོ། །ཡང་སངས་རྒྱས་རྣམ་པར་སྣང་མཛད་ལ་སོགས་པའི་སྒོ་ནས་ནི། ཡོད་པ་མ་ཡིན་མེད་ 26-1-364b པ་མིན། །དབུ་མར་ཡང་ནི་དམིགས་སུ་མེད། །ཅེས་པ་ལ་སོགས་པའི་དོན་གསུངས་པ་ལས་དང་པོ་ཆོས་ཐམས་ཅད་རྣམ་པར་དག་པའི་ཚུལ་བསྟན་པ་དང་། དེའི་རང་བཞིན་བསྟན་པ་དེ་ལས་སྦྱོར་བའི་ཐབས་བསྟན་པ་དང་། དེ་ཉིད་ཀྱི་ཡོན་ཏན་དང་ཕྲིན་ལས་ཀྱི་སྒོ་ནས་ཤེས་པར་བྱ་སྟེ། ཚིགས་སུ་ བཅད་པའི་དོན་ནི་གོང་དུ་བཤད་ཟིན་ལ། རིགས་ཀྱི་དཀྱིལ་འཁོར་དང་སྦྱར་བ་ནི་གསལ་བར་སྣང་བས་མ་བཤད་དོ། །སྦྱོར་བའི་ཕྱག་རྒྱ་ཞེས་པའི་དོན་བཤད་པའོ། །ད་ནི་ལྔ་པ་སྦྱོར་བ་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་པའི་དོན་བཤད་པ་ལས། དང་པོར་རྡོ་རྗེ་སེམས་དཔའི་སྒོ་ནས་བསྟན་ཏེ། སྦྱོར་ བ་ཇི་སྙེད་ཡོད་པ་ཀུན། །བྱེད་པ་རྣམ་པ་སྣ་ཚོགས་གསལ། །རྡོ་རྗེ་སེམས་དཔའ་དཔལ་གྱི་རྒྱ། །དངོས་གྲུབ་ཐམས་ཅད་རབ་གྲུབ་པའོ། །དང་པོར་གར་དང་གླུའི་བསྟན་བཅོས་ལས་འབྱུང་བ་བཞིན་དུ་སྦྱོར་བའི་ཕྱག་རྒྱ་ཇི་སྙེད་པའི་སྒོ་ནས་ཚོགས་ཀྱི་འཁོར་ལོ་དང་། ཕྲིན་ལས་དང་སྤྱོད་པ་དག་ གི་ལས་ལ་སྦྱོར་བའི་ཕྱིར། དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱའི་སྒོ་ནས་བརྩམ་ཞིང་། དངོས་གྲུབ་ཐམས་ཅད་ཀྱི་ལས་བསྒྲུབ་པ་ལ་སྦྱར་བར་བྱའོ། །དེ་དག་གི་ཕན་ཡོན་ནི་གོ་སླའོ། །ཡང་འཁོར་གྱི་ལྷ་མོ་དག་གི་སྒོ་ནས། བྱ་བ་དང་ནི་བཟློག་པ་དང་། །ཁྱད་པར་དུ་ནི་དབྲོག་པ་དང་། །ཞེས་ པ་ལ་སོགས་པའི་ཚིགས་སུ་བཅད་པ་བཞི་གསུངས་པ་ལས། དང་པོར་ལྷ་མོ་བདེ་མཆོག་མའི་སྒོ་ནས་ཕྱག་ནས་མེ་ཏོག་གི་མདའ་འཕེན་ཞིང་། སྦྱོར་བ་ཐམས་ཅད་ཀྱི་ལས་ཀྱིས་བྱང་ཆུབ་ཀྱི་སེམས་དབབ་པ་དང་། བཟློག་པ་དང་། ཆེ་བའི་ཡོན་ཏན་གྱིས་རྒྱས་པར་མཛད་ཅིང་ལས་ གཞན་ལ་ཡང་སྦྱོར་ཏེ། སོ་སོའི་བྱ་བའི་ལས་ལ་གཟུད་ཅིང་བྱ་བ་མ་ཡིན་པའི་ལས་བཟློག་པ་དང་། གཞན་གྱི་ཡོན་ཏན་གྱི་ཚོགས་དག་དབྲོག་པར་མཛད་པའོ། །དེ་ཡང་རྩ་བའི་རྒྱུད་ལས། མདའ་བཞི་ཡོངས་སུ་འཕངས་མཛད་ནས། །གཙོ་བོ་ཆགས་པའི་ཐུགས་བསྐུལ་ཞིང་། ། བྱང་ཆུབ་སེམས་སྤྲིན་དབབ་པ་དང་། །བཟློག་ལ་སོགས་པའི་ལས་དག་གིས། །ཕྲིན་ལས་སྣ་ཚོགས་སྤྱོད་མཛད་དེ། །བདུད་བཞི་དག་ལས་རྒྱལ་བར་འགྱུར། །གཉིས་པ་ནི་ཨེ་མའོ་བདེ་བའི་སྒོ་ནས་བྷ་ག་དང་ལིངྒ་དག་འཛིན་ཅིང་དབྱིངས་དང་ཡེ་ཤེས་ཀྱི་ཕྱག་རྒྱས་འོ་བྱེད་འཁྱུད་པ་ལ་ 26-1-365a སོགས་པའི་ཚུལ་གྱིས་ཁམས་གསུམ་པ་དག་རྒྱས་འདེབས་ཤིང་ཁྱད་པར་གྱི་ཕྲིན་ལས་གསུམ་ལ་སྦྱོར་བའོ། །དེ་ཡང་། བྷ་ག་ལིངྒའི་མཚན་མ་ཡིས། །བདེ་བའི་གར་ཐབས་རྒྱས་འདེབས་ཤིང་། །ཁམས་གསུམ་པ་ཡི་འཇིག་རྟེན་དག །ཕྲིན་ལས་གསུམ་གྱིས་རྣམ་པར་ སྤྱོད། །ཅེས་སོ། །གསུམ་པ་ནི་ལྷ་མོ་སྣང་མཛད་མའི་སྒོ་ནས་སྣོད་བཅུད་ཀྱི་འཇིག་རྟེན་མཐའ་དག་བདུད་རྩི་ལོངས་སྤྱོད་ཕོ་བྲང་དང་བཅས་པར་བྱིན་གྱིས་བརླབས་ཏེ་ཞལ་དུ་གསོལ་ཞིང་ཁམས་གསུམ་ལས་རྒྱལ་བའི་མཚོན་ཆས་ཕྲིན་ལས་རྣམ་པ་བཞི་ལ་སྦྱོར་བའོ། །དེ་ཡང་། སྟོང་གསུམ་བྷནྡྷ་ བཟང་ཁོར་ཡུག །སྦྱོར་བའི་ལོངས་སྤྱོད་བདུད་རྩིས་རྒྱས། །རྩེ་གསུམ་མཚོན་ཆས་ཁམས་གསུམ་ལས། །རྒྱལ་བར་བྱས་ཏེ་ཀུན་སྤྱོད་པའོ། །ཞེས་སོ། །བཞི་པ་ནི་ལྷ་མོ་སློབ་མ་མོའི་སྒོ་ནས་བདུད་རྩིའི་སྣོད་དག་སངས་རྒྱས་ཀྱི་སྐུས་བརྒྱན་པ་འཛིན་ཞིང་། གླུ་དང་གར་སྣ་ཚོགས་ཀྱི་ཚུལ་ གྱིས་སྦྱོར་བ་ཐམས་ཅད་ལ་ལོངས་སྤྱོད་པ་སྟེ། ཁམས་གསུམ་ལས་རྒྱལ་བའི་ཚུལ་དུ་ཕྲིན་ལས་ལྔ་ལ་སྤྱོད་པའོ། །དེ་ཡང་། སྦྱོར་བ་ཀུན་གྱི་བདེ་བའི་རྒྱས། །སངས་རྒྱས་སྐུ་ལྡན་མཚན་མ་འཛིན། །གར་དང་གླུ་རྣམས་སྣ་ཚོགས་ཀྱིས། །རང་གི་ཕྲིན་ལས་རྣམ་ལྔར་སྤྱོད། །ཅེས་སོ། །དེ་ལྟར་ རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལས་རང་གི་གཙོ་བོ་དང་རིགས་ཀྱི་ལྷ་མོ་བཞིའི་སྦྱོར་བ་ཐམས་ཅད་ཀྱི་མཚན་ཉིད་བསྟན་ཏེ། དེའི་སྒོ་ནས་འཁོར་གྱི་ལྷ་མོ་གཞན་དག་དང་། རིགས་ཀྱི་དཀྱིལ་འཁོར་གཞན་དག་ཀྱང་ཤེས་པར་བྱའོ། །ཆོ་གའི་རིམ་པ་ནི་སྦྱོར་བ་སྣ་ཚོགས་ཀྱི་སྒོ་ནས་སོ་སོའི་བསྟན་བཅོས་ ལས་འབྱུང་བ་བཞིན་ལས་ཐམས་ཅད་ཀྱི་གནས་སུ་སྦྱར་བར་བྱའོ། །སྦྱོར་བ་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་པའི་དོན་བཤད་པའོ། །གཞན་ཡང་དྲུག་པ་བཞིན་གྱི་ཕྱག་རྒྱ་ཞེས་པ་ལས། དང་པོར། རྡོ་རྗེ་སེམས་དཔའི་མཚན་ཉིད་ནི། །ལྷ་མོ་ཀུན་གྱི་བདེ་བའི་མཆོག །མཛེས་པའི་ཞལ་ནི་རྣམ་བསྒྱུར་ ཞིང་། །ཞེས་པ་ལ་སོགས་པ་གསུངས་པ་ལས་རང་རང་གི་དཀྱིལ་འཁོར་དུ་ལས་ཀུན་ལ་འཇུག་པའི་ཡན་ལག་ཏུ་བཞིན་གྱི་སྒོ་ནས་སྦྱོར་བ་སྟེ། ཇི་སྲིད་དུ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་མི་གསལ་གྱི་བར་དུ་བཞིན་གྱི་འགྱུར་བའི་ཆ་ལུགས་ཀྱིས་གནས་པར་བྱའོ། །གཞན་ཡང་འཁོར་གྱི་ལྷ་མོ་ 26-1-365b རྣམས་ཀྱི་གཞན་གྱི་ཕྱག་རྒྱ་ནི། བུད་མེད་མཁས་པ་སྒྱུ་མ་ཆེ། །མཛེས་པའི་བཞིན་ནི་རྣམ་པར་བསྒྱུར། །ཞེས་པ་ལ་སོགས་པ་ལ། བུད་མེད་ཀྱི་སྒྱུ་འཕྲུལ་དྲུག་ཅུ་རྩ་གཅིག་གི་སྒྱུ་རྩལ་ལ་སྦྱར་ཞིང་། མཛེས་པའི་བཞིན་རྣམ་པར་བསྒྱུར་ཏེ་རང་གི་ཕྲིན་ལས་ལ་སྤྱོད་པའི་ཚུལ་གྱིས་བཞུགས་པ་ ཞལ་གྱི་མདངས་རི་མོའི་མཚན་མ་ཅན་ཟུར་གྱི་མིག་གིས་བལྟ་བ་དང་། འགྱིང་བག་གི་སྲི་ཞུར་བཅས་པ་སྟེ་བུད་མེད་ཀྱི་ཆ་ལུགས་ཀུན་གྱི་མཆོག་ཏུ་གྱུར་པའོ། །གཞན་ཡང་རྣམ་པར་སྣང་མཛད་ལ་སོགས་པ་དག་གི་ཡང་བསྟན་པའི་ཕྱིར། སངས་རྒྱས་བྱང་ཆུབ་མཉམ་སྦྱོར་བ། །རབ་ཏུ་དགའ་ བས་ལྟ་ཞིང་འཛུམ། །ཞེས་པ་ལ་སོགས་པ་སོ་སོའི་ཡོན་ཏན་དང་བཅས་པར་བསྟན་པ་ལས། དང་པོར་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ནི་འཁོར་གྱི་ལྷ་མོ་སངས་རྒྱས་ཀུན་བརྗོད་མ་ལ་སོགས་པ་དང་མཐུན་པའི་ཆ་ལུགས་ཀྱིས་མཉམ་པར་སྦྱོར་ཞིང་ཞི་བའི་ཚུལ་དུ་དགའ་བའི་བཞིན་གྱིས་ གསང་བའི་ལྟ་བ་ལ་གནས་པའོ། །དཔལ་ཧེ་རུ་ཀ་འཁོར་གྱི་ལྷ་མོ་དང་བཅས་པ་ནི་ཕྱག་རྒྱ་ཆེན་པོའི་གནས་སྐབས་ནས་བཤད་པ་དག་ལ་ལྟོས་པའི་ཕྱིར་འདིར་མ་བསྟན་ཏོ། །པདྨ་གར་གྱི་དབང་ཕྱུག་གི་ནི་སྟེག་པ་ལ་སོགས་པའི་ཚུལ་བཞི་དང་ལྡན་པ་མཛེས་པའི་བཞིན་རྣམ་པར་འགྱུར་ཞིང་ ཞལ་རི་མོ་དང་བཅས་པའོ། །རྡོ་རྗེ་ཉི་མ་ནི་མཆེ་བ་ཅུང་ཟད་གཙིགས་ཤིང་རྒྱལ་པོའི་བཞིན་གྱི་ཁྲོ་འཛུམ་དང་བཅས་པར་རྒྱལ་བའི་ལས་ལ་སྦྱར་བར་བྱའོ། །རྟ་མཆོག་གི་ནི་ཞལ་རྣམ་པ་བཞིའི་སྒོ་ནས་བཞིན་གྱི་ཆ་ལུགས་སོ་སོར་གནས་པ་སྟེ། ཞལ་དབུས་མ་འདོད་ཆགས་ཀྱིས་མྱོས་པས་ གཡེམ་སྤྱོ་བ་ལྟ་བུ་དང་། གཡས་པ་དྲག་པོ་མཆེ་བ་གཙིགས་པས་གདུག་པ་ཟ་བ་འཇིགས་འཇིགས་ལྟར་གནས་པ་དང་། གཡོན་དགའ་ཞིང་འཛུམ་པའི་ཆ་ལུགས་དང་སྤྱི་བོར་རྟ་མགོ་ལྗང་སེར་ཁྲོས་པའི་ཆ་བྱད་ཅན་ནོ། །ཆོ་གའི་རིམ་པ་ནི། མཆོད་པ་དང་བསྟོད་པ་ལ་སོགས་པའི་ལས་ དག་ལ་སྟེ་གསོལ་བ་བཏབ་ནས་བཞིན་གྱི་ཕྱག་རྒྱ་དང་འོག་ནས་འབྱུང་བའི་འཛུམ་པའི་ཕྱག་རྒྱས་བདུད་རྩིའི་མཆོད་པ་དང་གསང་པའི་མཆོད་པ་བྱའོ། །བཞིན་གྱི་ཕྱག་རྒྱ་ཞེས་དོན་བཤད་པའོ། །ད་ནི་བདུན་པ་འཛུམ་པའི་ཕྱག་རྒྱ་ཞེས་པ་ལས། དང་པོར། གཙོ་བོ་རྡོ་རྗེ་སེམས་དཔའ་ནི། །ལྷ་མོ་ 26-1-366a ཀུན་གྱི་བདེ་བའི་མཆོག །མཛེས་པའི་མ་མཆུ་སོས་མནན་པའི། །འཛུམ་པའི་ཕྱག་རྒྱ་མཆོག་འདི་ནི། །སངས་རྒྱས་ཐམས་ཅད་དགྱེས་པར་བྱེད། །ལྷ་རྣམས་ཀྱི་ཞལ་གྱི་ཕྱག་རྒྱ་ལས་ཀྱང་ཁྱད་པར་དུ་སྤྱན་དང་མཆུའི་སྒོ་ནས་བསྟན་པ་ལས། ལྟ་བ་ནི་ལོགས་སུ་བཞག་པས་ འདིར་ནི་མཆུའི་ཁྱད་པར་གཅིག་པུ་ལ་སྦྱར་བར་བྱའོ། །དེ་ཡང་རྡོ་རྗེ་སེམས་དཔའི་ཆ་ལུགས་དང་ལྡན་པས་མ་མཆུ་སོས་མནན་ཅིང་འཛུམ་པའི་གཉེར་མ་དང་བཅས་པས་དགྱེས་པའོ། །ཡང་ལྷ་མོ་རྣམས་ཀྱི་མཚན་ཉིད་བཤད་པའི་ཕྱིར། འདོད་ཆགས་བདེ་བས་གཡེམ་སྤྱོ་བ། །བཏེག་པའི་མ་མཆུ་ སོས་མནན་པའི། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་བཞི་གསུངས་པ་ལས། དང་པོར་ནི་ལྷ་མོ་བདེ་མཆོག་མའིའོ། །གཉིས་པ་ནི་ཨེ་མ་བདེ་བ་མའིའོ། །གསུམ་པ་ནི་སྣང་མཛད་མའིའོ། །བཞི་པ་ནི་སློབ་མ་མོའིའོ། །ཚུལ་འདི་ཉིད་ཀྱིས་རང་རང་གི་ཕྲིན་ལས་མཛད་པའོ། །ཆོ་ག་འདིས་ རིགས་ཀྱི་དཀྱིལ་འཁོར་གཞན་ལ་ཡང་སྦྱར་བར་བྱའོ། །འཛུམ་པའི་ཕྱག་རྒྱ་མཆོག་ཅེས་པའི་དོན་བཤད་པའོ། །ད་ནི་བརྒྱད་པ་ལྟ་བའི་ཕྱག་རྒྱ་ཞེས་པ་ལས་དང་པོ་རྡོ་རྗེ་སེམས་དཔའི་སྒོ་ནས། བདེ་བ་མྱོང་བར་རབ་སྦྱོར་བ། །ཟམ་ཟིམ་ལྟ་བ་རྣམ་འགྱུར་བས། །རྒྱས་བཏབ་རྨོངས་ བྱས་ཟོས་པ་ཡིས། །ཁམས་གསུམ་དག་ཀྱང་འཚོ་བར་བྱེད། །བཞིན་གྱི་ཕྱག་རྒྱ་ལས་གཟིགས་ཐབས་ཀྱི་ཁྱད་པར་ལྷག་པར་བསྟན་ཏེ་གཙོ་བོ་སྐུ་ཞལ་སྦྱོར་དུ་གནས་ཤིང་། བདེ་བ་མྱོང་བའི་ཚུལ་དུ་སྤྱན་ཟམ་ཟིམ་དུ་གཟིགས་པས་ཕྲིན་ལས་བཞི་ལ་སྦྱོར་བར་བྱེད་པའོ། །ཡང་ལྷ་མོ་ བདེ་མཆོག་མ་ལ་སོགས་པའི་ནི། བུད་མེད་མཁས་པ་སྒྱུ་མའི་མཆོག །མཛེས་པར་ལྟ་བའི་གར་བྱས་པས། །ཞེས་པ་ལ་སོགས་པ་སྟེ། ལྷ་མོ་རྣམས་སོ་སོའི་ཕྲིན་ལས་ཀྱི་གཟིགས་ཐབས་མཐའ་དག་གིས་རང་རང་གི་ལས་ལ་སྦྱོར་བར་བྱེད་པའོ། །དཔལ་རྣམ་པར་སྣང་མཛད་ལ་སོགས་ པའི་རིགས་ཀྱི་དཀྱིལ་འཁོར་གཞན་དག་གི་ནི། སངས་རྒྱས་གསང་བའི་མཉམ་སྦྱོར་བ། །ལྟ་བ་རབ་ཞི་བདེ་བར་གནས། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་བཞི་གསུངས་པ་ཡིན་ཏེ། རྣམ་སྣང་གི་ཞི་བའི་ལྟ་བ་དང་། ཧེ་རུ་ཀའི་ཁྲོ་བོའི་ལྟ་བ་དང་། རྡོ་རྗེ་ཉི་མའི་ཁྲོ་འཛུམ་གྱི་ལྟ་བ་དང་། 26-1-366b པདྨ་གར་གྱི་དབང་ཕྱུག་གི་ཆགས་པ་ཐམས་ཅད་དབང་དུ་མཛད་པའི་ལྟ་བའོ། །འདིར་རྟ་མཆོག་མ་སྨོས་པ་ནི། ལས་ཐམས་ཅད་པ་ཡིན་པས། གང་ཞིག་གི་གནས་སྐབས་སུ་དེ་ཉིད་ཀྱི་ལྟ་བའི་ལྟ་བ་དང་ཚུལ་དང་ལྡན་པའོ། །ལྟ་བའི་ཕྱག་རྒྱ་ཤེས་པའི་དོན་བཤད་པའོ། །ད་ནི་དགུ་པ་ཆོས་ ཀྱི་ཕྱག་རྒྱ་ཤེས་པ་ལས་དང་པོར་རྡོ་རྗེ་སེམས་དཔའ་ནི། ན་མོ་སྟུ་སརྦ་བུདྡྷེ་བྷྱཿཞེས་པ་ལ་སོགས་པ་གསུངས་ཏེ། སྐུ་ཕྱག་རྒྱའི་སྦྱོར་བ་ལ་སོགས་པ་ལ་གནས་པས་ལྕེ་ལ་པདྨ་འདབ་མ་བརྒྱད་པ་བསམས་ཏེ། གེ་སར་དང་ཟེ་འབྲུ་དག་ལས་འོད་ཟེར་འཕྲོ་བའོ། །དེའི་དབུས་སུ་ཧཱུཾ་ལས་གྱུར་ པའི་རྡོ་རྗེ་དཀར་དམར་རྩེ་མོ་ལྔ་པ་བུམ་པ་ལ་ཡི་གེ་ཧཱུཾ་གིས་མཚན་པ་བསྒོམས་ནས། དེ་ལས་བྱུང་བའི་འོད་ཟེར་གྱིས་ཕྱོགས་བཅུར་ཁྱབ་ཅིང་བདེ་བར་གཤེགས་པའི་གསུང་གི་གསང་སྔགས་ཐམས་ཅད་གཅིག་ཏུ་བསྡུས་ཏེ། ཡི་གེའི་ཚུལ་དུ་གཡས་ནས་བསྐོར་བའི་རིམ་པས། སངས་ རྒྱས་ཐམས་ཅད་ལ་བསྟོད་ཅིང་ཕྱག་འཚལ་བར་བྱའོ་ཞེས་པའི་ཚུལ་དུ་གནས་པར་བསམ་པར་བྱའོ། །དེ་ལྟར་བསྒོམ་ཞིང་བཟླས་པའི་མཐུས་རང་གི་ཡོན་ཏན་རྒྱ་ཆེན་པོ་དག་འགྲུབ་པར་བྱེད་པ་སྟེ་གོ་སླའོ། །གཞན་ཡང་སངས་རྒྱས་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱི་ནི། ཨོཾ་རུ་རུ་སྥུ་རུ་ཏིཥྛ་སིདྡྷ་ལོ་ཙ་ནེ་སརྦཱརྠ་སཱ་དྷ་ནི་སྭཱ་ཧཱ་ཞེས་པ་ལ་སོགས་པ་སྟེ། རྣམ་པར་སྣང་མཛད་ཀྱི་ནི་པདྨ་ལ་གནས་པའི་འཁོར་ལོ་ལ་ནི་སྔགས་དེ་ཉིད་ཀྱིས་བསྐོར་བའོ། །དཔལ་ཧེ་རུ་ཀའི་ནི་པདྨ་ལ་གནས་པའི་ཁྲོ་བོའི་རྡོ་རྗེ་ལ་སུ་བྷ་ག་སྟ་མ་ཧཱུ་དེ་བི་ཞེས་པ་ལ་སོགས་པའི་སྔགས་ ཀྱིས་བསྐོར་བའོ། །པདྨ་གར་གྱི་དབང་ཕྱུག་གི་ནི་པདྨ་ལ་གནས་པའི་པདྨ་ལ་ཨོཾ་ཏཱ་རེ་ལ་སོགས་པའི་སྔགས་ཀྱིས་བསྐོར་བའོ། །རྡོ་རྗེ་ཉི་མའི་ནི་པདྨ་ལ་གནས་པའི་རིན་པོ་ཆེ་ལ་ཏྲཱཾ་ལ་སོགས་པའི་སྔགས་ཀྱིས་བསྐོར་བའོ། །རྟ་མཆོག་གི་ནི་པདྨ་ལ་གནས་པའི་སྣ་ཚོགས་རྡོ་རྗེ་ལ་ ཤྲཱི་བཛྲ་ལ་སོགས་པའི་སྔགས་ཀྱིས་བསྐོར་བའོ། །ཆོ་གའི་ཡན་ལག་ནི་སྒོ་གསུམ་དག་པར་བྱ་བ་དང་། ཆོས་ཀྱི་ཕྱག་རྒྱས་རྒྱས་གདབ་པ་དང་། བཟླས་བརྗོད་དང་བསྟོད་པ་ལ་སོགས་པའི་ལས་གྲུབ་པར་བྱ་བའི་ཕྱིར་སྦྱར་བར་བྱའོ། །ཆོས་ཀྱི་ཕྱག་རྒྱ་ཞེས་པའི་དོན་རྣམ་ 26-1-367a པར་བཤད་པའོ། །ཡང་བཅུ་པ་གླུའི་ཕྱག་རྒྱ་ཞེས་པའི་དོན་བཤད་པ་ལས། དང་པོར་སྤྱི་ཡི་མཚན་ཉིད་ནི། །སྐད་ཀྱི་གསང་ནི་མཐོན་དམན་དང་། །གྲེ་སྒྱུར་བཅོས་ཤིང་བཟླས་པ་དང་། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་ཕྱེད་དང་གཉིས་གསུངས་པ་ལས་གླུ་ གང་ཡང་རུང་བ་དག་བླང་བའི་ཐོག་མར་རང་ཉིད་ཀྱི་རིགས་ཀྱི་དཀྱིལ་འཁོར་དག་གསལ་བར་བྱས་ནས། སོ་སོའི་སྔགས་དང་ཡི་གེ་དང་ཚིགས་སུ་བཅད་པའི་སྒོ་ནས་དབྱངས་ཀྱི་དེའུ་མཐོན་དམན་དང་། གྲེ་འགྱུར་དང་ཁུགས་སུ་བཅས་པས་དུས་གསུམ་དུ་རབ་ཏུ་ཞི་བའི་ལྷ་རྣམས་མཚོན་པར་ བྱེད་པའི་ཧཱུཾ་གིས་སྣ་དྲངས་ཏེ་བསྟོད་པ་ལ་སོགས་པའི་དབྱངས་རྗོད་པར་བྱེད་པའོ། །དེ་དག་ཁྱད་པར་གྱི་དོན་དུ་རིགས་ཀྱི་དཀྱིལ་འཁོར་རིམ་པ་བཞིན་དུ་སྟོན་པ་ལས། ཧཱུཾ་གི་གླུ་ཡི་ཕྱག་རྒྱ་དཔལ། །རྡོ་རྗེ་སེམས་དཔའ་རབ་བསྒྲུབ་པའོ། །ཞེས་པ་ལ་སོགས་པ་ལ། དཔལ་རྡོ་རྗེ་སེམས་ དཔའི་ནི་ཧཱུཾ་གི་གླུ་ཅི་བདེ་བར་ལེན་ཅིང་།ལྷ་མོ་རྣམས་ཀྱིས་ནི་ལྔ་ལྡན་དང་དྲུག་ལྡན་ལ་སོགས་པའི་དབྱངས་བརྗོད་པའོ། །རྣམ་པར་སྣང་མཛད་ཀྱིས་ནི་རིག་བྱེད་ཀྱི་སྨྲང་འདོན་པ་ལྟར་ཚངས་པའི་དབྱངས་ཀྱིས་ཨོཾ་ཚར་ཕྱེད་དང་གསུམ་བརྗོད་པའོ། །དཔལ་ཧེ་རུ་ཀའི་ནི་དབྱངས་དྲུག་གི་སྒོ་ ནས་རུ་ལུ་འབྲུ་བརྒྱད་ཀྱི་སྒྲ་བརྗོད་ཅིང་འོད་ཟེར་གྱི་འཕྲོ་འདུས་གསལ་བར་བྱེད་པའོ། །པདྨ་གར་གྱི་དབང་ཕྱུག་གི་ནི་དེའི་སྒོ་ནས་ཆགས་པའི་གླུ་དག་བླང་བའོ། །རྡོ་རྗེ་ཉི་མའི་ནི་ཧིའི་སྒོ་ནས་སྦོམ་ཞིང་ཁུགས་མཉམ་པས་རིང་བ་དང་བཅས་པའོ། །རྟ་མཆོག་གི་སྒོ་ནས་ལས་རྣམ་པ་བཞི་ལ་ སོ་སོའི་གནས་སྐབས་སུ། སྦོམ་ཞིང་དལ་བ་དང་། ཕྲ་ཞིང་འཁྱུག་པ་དང་། གདངས་སྙན་པ་དང་། དྲག་པོའི་གླུ་དག་བླང་བར་བྱའོ། །ཆོ་གའི་རིམ་པ་ནི་ཚོགས་ཀྱི་འཁོར་ལོར་མཆོད་པ་དང་། བསྟོད་པ་དང་གཞན་དག་གི་ཡང་ཡན་ལག་ཏུ་སྦྱར་བར་བྱའོ། །གླུའི་ཕྱག་རྒྱ་ཞེས་པའི་དོན་རྣམ་པར་ བཤད་པའོ། །ད་ནི་བཅུ་གཅིག་པ་རྔ་དང་སིལ་སྙན་གྱི་ཕྱག་རྒྱ་ཞེས་པའི་སྒོ་ནས་རིགས་སྤྱིའི་མཚན་ཉིད་བསྟན་པའི་ཕྱིར། གླིང་བུ་དང་ནི་རྒྱུད་གཅིག་དང་། །དེ་བཞིན་རྒྱུད་མངས་རྒྱུད་སྟུག་དང་། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་གསུངས་པ་ལས། སིལ་སྙན་གྱི་རྣམ་པ་ 26-1-367b སྣ་ཚོགས་པ་དག་སྦྱང་ཞིང་བྱིན་གྱིས་བརླབས་ཏེ། རང་རང་གི་ལྷ་མོའི་ཚོགས་ཀྱིས་འཛིན་པས། གར་དང་དབྱངས་སུ་བཅས་པ་འཁྲོལ་ན་དཔལ་བཞི་འགྱུར་འགྲུབ་ཅིང་། མ་དཀྲོལ་ཞིང་བཀོད་པ་ཙམ་གྱིས་ཀྱང་ལས་ཕྲ་མོ་དག་འགྲུབ་པར་འགྱུར་བའོ། །དེ་ལ་སྙིང་པོ་དང་ཕྱག་རྒྱ་དང་གསང་ སྔགས་དང་རིག་སྔགས་དག་ནི་ཕྲིན་ལས་རྣམ་པ་བཞི་དང་། རིགས་བཞི་དང་ཕྱག་རྒྱ་བཞི་དང་ལྷ་མོ་བཞི་ལ་སོགས་པའི་མཚན་ཉིད་ཅན་ནོ། །དེ་དག་གི་ཁྱད་པར་གྱི་དོན་དུ་རིགས་ཀྱི་དཀྱིལ་འཁོར་རིམ་པ་བཞིན་དུ་བསྟན་པ་ལས། དང་པོར་རྡོ་རྗེ་སེམས་དཔའི་ལྷ་མོ་རྣམས་ཀྱི་སྒོ་ནས་ནི། ཛཿཧཱུཾ་བཾ་ཧོཿ། ཞེས་པ་ལས་ལྷ་མོ་ནང་མ་དག་གིས་ཆོས་ཀྱི་ས་བོན་གྱིས་རང་གི་ལས་ལ་སྐུལ་བར་བྱེད་པའོ། །རུ་ཏ་མ་ཏ་ནི་སངས་རྒྱས་བྱང་ཆུབ་མའིའོ། །སྨ་ར་དྷ་ནི་ཆོས་ཀྱི་འཁོར་ལོ་མའིའོ། །ཧུ་ལུ་ཧུ་ལུ་ནི་འཇིག་རྟེན་གསུམ་རྒྱལ་མའིའོ། །པྲ་སིཏྱ་ནི་འདོད་པའི་ལྕུག་མ་མའིའོ། །ཊཀྐི་ཧཱུཾ་ཛཿལྷ་མོ་དག་ ལས་རོལ་པའི་ཚིག་གོ། །ཀི་ནི་གླིང་བུ་མའིའོ། །དུ་ནི་རྒྱུད་གཅིག་མའིའོ། །ཧཱུཾ་ནི་རྒྱུད་མངས་མའིའོ། །དྷུཾ་ནི་རྒྱུད་སྟུག་མའིའོ། །ཊཀྐི་ནི་རྟ་གདོང་མའིའོ། །ཧཱུཾ་ཛཿནི་ཕག་གདོང་མའིའོ། །ཧུ་ལུ་ནི་ཉི་ཟླ་མའིའོ། །ཡང་ཧུ་ལུ་ཞེས་པ་ནི་ཐལ་བྱེད་མའིའོ། །ཨ་ལ་ལ་ལ་ལ་ཧོ་ཞེས་པ་ནི་མེ་ཏོག་མ་ ལ་སོགས་པ་བཞིའིའོ། །ཤུདྡྷྱ་སིདྡྷྱཱ་དཪྴ་ཡ་སརྦན་ཞེས་པ་ལས་སྣ་ཚོགས་ཀྱི་སྒོ་ནས་བསྐུལ་བའོ། །ཏ་གྷེནྡྷེ་ཞེས་པ་ལ་སོགས་པ་ནི་རྡོ་རྗེ་སེམས་དཔའི་ཐལ་མོ་བརྡབ་པའི་སྒྲ་སྐད་དོ། །ཧེན་དོན་ཞེས་པ་ལ་སོགས་པ་ནི་མ་མོ་རྣམས་ཀྱིས་ཐལ་མོ་བརྡབ་པའི་སྒྲ་སྐད་དོ། །ཏ་གྷེ་གྷེ་ཞེས་པ་ ལ་སོགས་པ་ནི་བདེ་མཆོག་མ་ལ་སོགས་པའི་རྒྱུན་གྱི་རྔའོ། །ཨང་ཨང་ཞེས་པ་ལ་སོགས་པ་ནི་རྣམ་པར་སྣང་མཛད་དཀྱིལ་འཁོར་རྣམས་ཀྱི་དམ་ཚིག་གསུམ་གྱི་རྔའོ། །དེ་ཀོང་ཀོང་ཀོང་ཀོང་ཞེས་པ་ནི་ཀཽ་རཱི་མའིའོ། །དྷེ་བཛྲ་བཛྲཱ་ཎྱ་ར་ཎྱ་ར་ཞེས་པ་ནི་རྩཽ་རཱི་མའིའོ། །ཡང་ཀོང་ཀོང་ ཀོང་ཀོང་ཞེས་པ་ནི་པྲ་མོ་ཧཱའིའོ། །ཧཱུཾ་བྷྱོ་བཞི་ནི་བེ་ཏཱ་ལཱིའིའོ། །རུ་ལུ་རུ་ལུ་ཧཱུཾ་བྷྱོ་ནི་དཔལ་ཆེན་པོ་དང་ལྷ་མོ་སྨ་ཤ་ནཱིའི་ཐུན་མོང་གི་སྔགས་སོ། །དྷེང་ཀོང་ཀོང་ནི་པུཀྐ་སཱིའིའོ། །ཡང་ཀོང་ཀོང་བཞི་ནི་ཙཎྜ་ལཱིའིའོ། །དྷེ་ཀོང་ཀོང་ནི་གྷསྨ་རཱིའིའོ། །པདྨ་ཞེས་པ་ལ་སོགས་པ་ནི་དཔལ་ལྡན་པདྨ་ 26-1-368a གར་གྱི་དབང་ཕྱུག་གི་སྐུ་གསུང་ཐུགས་ལས་བསྐུལ་བའོ། །ཏྲཱཾ་ཏྲཱཾ་ཏྲཱཾ་ཞེས་པ་ལ་སོགས་པ་ནི་རྡོ་རྗེ་ཉི་མའི་དཀྱིལ་འཁོར་ལ་མཚན་གྱི་སྒོ་ནས་བསྐུལ་བའོ། །ཊཀྐི་ནི་ཧཱུཾ་ཛྫཿཞེས་པ་ལ་སོགས་པ་ནི་རྟ་མཆོག་གི་ལས་བཞིའི་སྒོ་ནས་བསྐུལ་བའོ། །ཆོ་ག་ཡན་ལག་ནི་ལྷ་མཉེས་ པའི་དོན་དུ་མཆོད་པ་དང་། བསྟོད་པའི་ལས་ལ་སྦྱོར་བའོ། །རྔ་དང་སིལ་སྙན་གྱི་ཕྱག་རྒྱ་ཞེས་པའི་དོན་བཤད་པའོ། །ད་ནི་བཅུ་གཉིས་པ་གར་གྱི་ཕྱག་རྒྱ་ཞེས་པ་ཐམས་ཅད་བསྡུ་བའི་སྦྱོར་བ་ནི། རྡོ་རྗེ་སེམས་དཔའ་བདག་སྦྱོར་བས། །ལག་གཉིས་རྡོ་རྗེར་བཅིངས་པ་ཡིས། །ཞེས་པ་ལ་ སོགས་པ་ལ། རིགས་སོ་སོའི་སྦྱོར་བ་དང་ལྡན་པས་རྡོ་རྗེ་ཁུ་ཚུར་ལས་བྱུང་བའི་སེ་གོལ་དང་། ཐལ་མོ་དག་གི་སྒྲས་སངས་རྒྱས་ཐམས་ཅད་སྤྱན་དྲང་ཞིང་། དེ་དག་གི་ལས་ལ་རྣམ་པར་སྦྱར་བའོ། །དེ་ལ་གཡས་པས་ནི་ཐབས་ཀྱི་རང་བཞིན་པས་ཐལ་མོའི་ལས་ལ་སྦྱར་བ་ཡིན་ལ། གཡོན་ནི་ ཤེས་རབ་ཀྱི་རང་བཞིན་པས་དེ་ཉིད་ཀྱི་ལས་ལ་སྦྱོར་བའི་སྒྲར་བརྗོད་པའོ། །ད་ནི་གར་དགུའི་མཚན་ཉིད་ཀྱི་སྒོ་ནས་རིགས་བསྡུས་ཀྱི་དཀྱིལ་འཁོར་བསྟན་པའི་ཕྱིར། སྒེག་དང་དཔའ་དང་སྙིང་རྗེ་དང་། །དགོད་དང་ཁྲོ་དང་འཇིགས་པ་དང་། །ཞེས་པ་ལ་སོགས་པ་གསུངས་ཏེ། རིགས་བསྡུས་ ཀྱི་དཀྱིལ་འཁོར་འདི་དག་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་གར་རྣམ་པ་དགུ་ལས་བྱུང་བ་སྟེ། དེ་ཡང་མུ་སྟེགས་པའི་མ་ཧཱ་དེ་བ་གདུལ་བའི་ཕྱིར་ནི་དཔལ་རྡོ་རྗེ་སེམས་དཔའ་ལྷ་མོ་ཉི་ཤུའི་དཀྱིལ་འཁོར་རྒྱན་དང་ཆ་ལུགས་ཀྱིས་མཛེས་པར་བསྟན་པ་དང་། དཔའ་བོའི་ལྷ་སྟོབས་ ལྡན་གདུལ་བའི་ཕྱིར་ནི་སངས་རྒྱས་རྣམ་པར་སྣང་མཛད་ལྷ་མོའི་ཚོགས་དང་བཅས་པར་བསྟན་པ་དང་། སྙིང་རྗེ་ཅན་གྱི་ལྷའི་དབང་པོ་བརྒྱ་བྱིན་གདུལ་བའི་ཕྱིར་ནི་རྡོ་རྗེ་འཛིན་པ་ཧེ་རུ་ཀའི་སྐུར་བསྟན་པ་དང་། དགོད་པའི་གད་མོ་ཅན་ཚངས་པ་གདུལ་བའི་དོན་དུ་ནི་པདྨ་གར་གྱི་དབང་ཕྱུག་གི་སྐུར་བསྟན་པ་ དང་། ཁྲོ་བོ་བི་ན་ཡ་གདུལ་བའི་དོན་དུ་ནི་རྡོ་རྗེ་ཉི་མར་སྟོན་པ་དང་། འཇིགས་པའི་གཟུགས་ཅན་ཁྱབ་འཇུག་གདུལ་བའི་དོན་དུ་ནི་དཔལ་རྟ་མཆོག་གི་སྐུར་བསྟན་པ་དང་། མི་སྡུག་པའི་གཟུགས་ཅན་ལོག་འདྲེན་སྣ་ཡོན་གདུལ་བའི་དོན་དུ་ནི་ཤཱཀྱ་ཐུབ་པའི་སྐུར་བསྟན་པ་དང་། ངོ་མཚར་ཅན་སྒྲ་གཅན་ 26-1-368b འཛིན་གདུལ་བའི་དོན་དུ་ནི་མཁའ་འགྲོ་མའི་སྐུར་སྟོན་པ་དང་། ཞི་བའི་ཀླུའི་རྒྱལ་པོ་སེ་ཤ་གདུལ་བའི་དོན་དུ་ནི་སངས་རྒྱས་སྣང་མཛད་ཀྱི་སྐུར་བསྟན་ཅིང་། སྐྱེ་འགྲོ་མཐའ་དག་གི་དོན་སྤྱོད་པའོ། །གཞན་ཡང་དངོས་གྲུབ་ཀྱི་ཚུལ་བསྟན་པའི་ཕྱིར། བལྟ་བས་མི་ངོམས་པ་ཡི་གཟུགས། །ཐམས་ ཅད་བདག་ཉིད་སྟོན་པར་མཛད། །ཅེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། བསྙེན་སྒྲུབ་ཀྱི་དུས་སུ་སེམས་མངོན་པར་གོམས་པའི་མཐུས་ནང་གི་མཚན་མ་གསལ་ཞིང་དེ་དང་རྗེས་སུ་མཐུན་པའི་བདེ་བར་གཤེགས་པའི་བྱིན་བརླབས་ཡིད་བཞིན་གྱི་ནོར་བུ་ལས་ སྣང་བ་བཞིན་དུ་འདོད་པའི་ལས་མཐའ་དག་སྩོལ་བར་མཛད་པའི་ཕྱིར། རྟེན་གྱི་དཀྱིལ་འཁོར་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་དང་སྣ་ཚོགས་སུ་བསྟན་ཏེ། བལྟ་བས་མི་ངོམས་པའི་སྐུ་དང་། ལེགས་སོ་ཞེས་པ་ལ་སོགས་པའི་ཚིག་བརྗོད་ཅིང་། དངོས་གྲུབ་ཀྱི་མཆོག་དག་སྩོལ་བར་ མཛད་ནས་འགྲོ་བ་ཐམས་ཅད་ཀྱི་རེ་བ་སྐོང་ཞིང་ཟག་པ་མེད་པའི་བདེ་བ་སྟེར་བར་མཛད་པའོ། །ཡང་། ཕྱག་རྒྱའི་སྦྱོར་བས་མཆོད་པའི་ཕྱིར། །ཕྱག་རྒྱའི་སྦྱོར་བ་འདི་དག་གིས། །རང་གི་མཆོད་པ་རབ་ཏུ་སྦྱར། །ཞེས་པ་ལ་སོགས་པ་ལ། ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་གཞུང་དུ་བསྙེན་ སྒྲུབ་ཀྱི་ཡན་ལག་ལ་སྦྱོར་བའི་ཕྱག་རྒྱ་ནི་རང་ལས་སྤྲུལ་པའི་ལྷ་མོའི་ཚོགས་ཀྱི་ཕྱག་རྒྱ་དང་ཕྱག་རྒྱའི་ལན་གྱི་སྒོ་ནས་མཆོད་པ་རྒྱ་ཆེན་པོ་སྦྱར་ཞིང་། དེ་དག་གི་སྦྱོར་བ་ལ་གནས་པར་བྱའོ་ཞེས་པའོ། །ཡང་རྒོལ་བ་ལན་དང་བཅས་པའི་ཕྱག་རྒྱ་ལས་སྣ་ཚོགས་ལ་སྦྱར་བའི་ཕྱིར། ཀུན་དུ་སྣ་ ཚོགས་སྐལ་བཟང་པོ། །ཀུན་དུ་སློབ་དཔོན་བདག་ཉིད་བསྒྱུར། །ཞེས་པ་ལ་སོགས་པ་ལ་རྡོ་རྗེ་སློབ་དཔོན་དང་། སློབ་མའི་ཚོགས་རྣམས་ཀྱིས་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོའི་སྔོན་དུ་འགྲོ་བ་དག་རྣམ་པར་སྤྱོད་ཅིང་། ཕུན་སུམ་ཚོགས་པ་དང་ལྡན་པས་བྱ་བའི་ལས་དག་རྩོམ་པའི་ཕྱིར། ཕྱི་ དང་ནང་གི་མཚམས་བཅད་ནས་ལས་ཀྱི་རྡོ་རྗེ་དག་སྒོ་སྲུང་གི་ཁྲོ་བོར་གནས་པ་ལས། ཕྱི་ནས་འཇུག་པ་པོ་དག་གིས་ཕྱག་རྒྱ་དཀྲོལ་ཞིང་། སླར་ནང་ནས་དེ་དག་གི་ལན་བསྟན་པར་བྱ་ཞིང་། ལུས་དང་ངག་ལས་བྱུང་བའི་བརྡ་སྣ་ཚོགས་ཀྱིས་མཚོན་ཞིང་རིམ་པ་བཞིན་དུ་འཇུག་པར་བྱའོ། ། 26-1-369a དེའི་རྗེས་ལ་རྡོ་རྗེ་སློབ་དཔོན་སློབ་མའི་ཚོགས་བརྡ་དང་བརྡའི་ལན་ལ་སྤྱད་པར་བྱ་སྟེ། རིགས་དྲུག་གི་དཀྱིལ་འཁོར་དག་གི་སྒོ་ནས་སོ་སོའི་མཚན་ཉིད་དང་ཕྲིན་ལས་ལ་སྦྱར་བར་བྱའོ། །དེའི་རྗེས་ལ་རྣལ་འབྱོར་པ་གཉིས་ཀྱིས་གར་སྟབས་དང་ལྡན་པའི་སྒོ་ནས་ དང་པོར་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ལྷ་མོ་སོ་སོའི་སྔགས་དང་ཕྲིན་ལས་སུ་བཅས་པའི་སྒོ་ནས་གར་བསྒྱུར་ཞིང་། དེའི་རྗེས་ལ་རྒོལ་བས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་དག་གི་ཕྱག་རྒྱ་སྔགས་དང་བཅས་པར་རིམ་པ་བཞིན་དུ་འཆིང་ཞིང་། ཡང་ཕྱིར་རྒོལ་བས་ཧེ་རུ་ཀའི་ཕྱག་ རྒྱ་བཅིངས་པ་དང་། དེ་བཞིན་དུ་པདྨ་གར་གྱི་དབང་ཕྱུག་དང་། རྡོ་རྗེ་ཉི་མ་དང་། རྟ་མཆོག་རོལ་པ་དང་། ཡང་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་བར་དུ་རྒོལ་བ་དང་སླར་རྒོལ་བ་དག་གིས་ཕྱག་རྒྱ་རིམ་པ་བཞིན་དུ་བསྒྱུར་ཞིང་། དེ་དག་རྫོགས་པ་དང་བསྐུལ་བའི་གླུས་སོ་སོའི་རྒྱུད་བསྐུལ་ཞིང་ ཚོགས་ཀྱི་མཆོད་པས་མཉེས་པར་བྱའོ། །དེ་ཡང་དང་པོར་བསྐུལ་བ་སྤྱིའི་མཚན་ཉིད་ནི། དེ་ནས་ཕྱག་རྒྱ་ཞེས་པ་འདི། །སྡོམ་པ་ཐམས་ཅད་རབ་སྟོན་པ། །ཞེས་པ་ལ་སོགས་པ་ནི་བརྡ་དང་ལན་གྱི་སྒོ་ནས་དམ་ཚིག་ལ་གནས་པར་བསྟན་ཏོ། །གླུའི་བྱེ་བྲག་ནི་ལ་ལར་དྲི་མེད་ཟླ་བའི་དཀྱིལ་ འཁོར་ཞེས་པ་ལ་སོགས་པས། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་སྒོ་ནས་བསྐུལ་བ་དང་། ལ་ལར་རབ་ཏུ་འཇིགས་པའི་ཞེས་པ་ལ་སོགས་པས་ཧེ་རུ་ཀའི་སྒོ་ནས་བསྐུལ་བ་དང་ལ་ལར་མདངས་བཟང་གཟི་ཆེན་ཞེས་པས་རྡོ་རྗེ་ཉི་མའི་དཀྱིལ་འཁོར་ལ་བསྐུལ་བ་དང་། བདེ་དང་ཞི་བར་ ལྡན་པ་རྒྱལ་བའི་གཟུགས་སུ་སྣང་། །ཞེས་པས་རྣམ་སྣང་གི་དཀྱིལ་འཁོར་ལ་བསྐུལ་བ་དང་། ལ་ལར་འགྲོ་བ་ཐམས་ཅད་ཅེས་པ་ལ་སོགས་པས་གར་དབང་གི་དཀྱིལ་འཁོར་ལ་བསྐུལ་བ་དང་། རྡོ་རྗེ་སེམས་དཔའ་ཞེས་པ་ལ་སོགས་པས་རྟ་མཆོག་གི་དཀྱིལ་འཁོར་ལ་བསྐུལ་བ་དང་རྣམ་པ་ མང་པོ་ཞེས་པ་ལ་སོགས་པས་ལྷ་མོའི་ཚོགས་རྣམས་ལ་ཁྱད་པར་གྱི་གླུས་བསྐུལ་བ་དང་། དེ་དག་གི་ཕན་ཡོན་བསྟན་པ་དག་ནི་ཡི་གེའི་དོན་གོ་སླ་བའི་ཕྱིར་མ་བཤད་དོ། །དེ་ལྟར་གླུས་བསྐུལ་བའི་རྗེས་ལ་ཚོགས་ཀྱི་ཡོན་བདག་དང་། གསར་དུ་ཞུགས་པ་དང་ཕམ་པ་དག་གིས་གཞན་རྣམས་རིགས་ཀྱི་ 26-1-369b དཀྱིལ་འཁོར་དུ་བསྒོམས་ནས། དབང་དང་དམ་ཚིག་གསོལ་བའི་དོན་དུ་བཟའ་སྟོན་གྱི་བྱེ་བྲག་གིས་གཞན་དག་མཆོད་ཅིང་ཡོན་དབུལ་བར་བྱའོ། །དེ་ཡང་། དེ་ལྟར་རབ་ཏུ་གར་བྱས་ཏེ། །དེ་ལས་གང་ཞིག་ཕམ་གྱུར་པ། །ཚོགས་ལ་དེ་ཡིས་ཚོགས་ཀྱི་ཟས། །ཡོན་དང་བཅས་པར་དབུལ་ བར་བྱ། །བརྡ་དང་གར་གྱི་ཕྱག་རྒྱས་མཚོན་པའི་དུས་སུ་ཕམ་པར་གྱུར་པ་གང་ཡིན་པ་དག་གིས་ཚོགས་པ་དག་ལ་ཚོགས་ཀྱི་འཁོར་ལོའི་བཟའ་སྟོན་བྱའོ་ཞེས་པའོ། །དེ་དག་གི་ཕན་ཡོན་ནི། མཆོད་པའི་ཆོ་ག་འདི་དག་གིས། །སྡིག་པ་ཀུན་ལས་ཐར་བར་འགྱུར། །ཞེས་པ་ལ་སོགས་ པ་སྟེ་གོ་སླའོ། །ཆོ་གའི་ཡན་ལག་ནི་སྒྲུབ་པ་དང་ཚོགས་ཀྱི་འཁོར་ལོའི་དུས་སུ་རྣལ་འབྱོར་པ་དག་གཞུག་པའི་ཆོ་ག་ལ་སྦྱར་བར་བྱའོ། །གར་གྱི་ཕྱག་རྒྱ་ཞེས་པའི་དོན་རྣམ་པར་བཤད་པའོ། །ད་ནི་བཅུ་གསུམ་པ་རྡོ་རྗེ་གླུའི་མཆོད་པས་ཕྱག་རྒྱ་ཞེས་པ་ལས། དང་པོར་རྡོ་རྗེ་སེམས་དཔའི་ དཀྱིལ་འཁོར་གྱི་ལྷ་མོ་དང་བཅས་པའི་སྒོ་ནས། རབ་ཏུ་དགའ་བ་རྗེས་སུ་ཆགས་པ་དགའ་བའི་མདའ་གཞུ་རབ་ཏུ་ཕྲ་བའི་རྒྱས་བཏབ་པས་ཞེས་པ་ལ་སོགས་པ་གསུངས་པ་ལས་ཚིགས་སུ་བཅད་པ་འདི་དག་གི་དོན་ནི། དང་པོར་ལྷ་རྣམས་ཀྱི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་དང་། གཉིས་ པ་འགྲོ་བའི་ལས་ལ་བསྐུལ་བ་དང་། གསུམ་པ་དངོས་གྲུབ་ཀྱི་དོན་དུ་བསྐུལ་བའོ། །དེ་ཡང་དཔལ་རྡོ་རྗེ་སེམས་དཔའ་ནི་དགའ་བ་དེ་རྣམ་པ་གཉིས་ཀྱི་ཚུལ་གྱིས་ལས་རྣམ་པ་གཉིས་ཀྱི་རྗེས་སུ་ཆགས་པ་དང་། བདེ་མཆོག་མས་དགའ་བའི་མདའ་གཞུས་ཆོས་ཉིད་ཕྲ་བའི་དོན་འབིགས་ ཤིང་། འགྲོ་བ་ཐམས་ཅད་ལ་རྒྱས་འདེབས་པ་དང་། ཨེ་མའོ་བདེ་བ་མོས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་བདེ་བ་བདག་ལ་སྒྲུབ་པ་དང་། སྣང་མཛད་མོས་བདེ་བའི་རྒྱལ་མཚན་བསྒྲེང་ཞིང་ལོངས་སྤྱོད་པ་དང་། སློབ་མ་མོས་དགའ་བའི་དབང་ཕྱུག་ཚེ་དཔག་མེད་ཀྱི་སྐུ་དང་བཅས་པར་བཞུགས་ པས་ནི། ལྷ་མོ་རྣམས་ཀྱི་ཡོན་ཏན་གྱིས་དགྱེས་ཤིང་ཕྲིན་ལས་ཀྱི་ལས་དག་ལ་རྟ་མཆོག་གི་མཛད་པ་བཞིན་དུ་རོལ་པའོ། །ཡང་ལྷ་མོ་རྣམས་ཀྱི་ཕྲིན་ལས་སྣ་ཚོགས་ཀྱི་སྒོ་ནས་བདེ་མཆོག་མས་བདེ་བའི་མཆོག་ལ་རོལ་པ་དང་། ཨེ་མ་བདེ་བ་མོས་བདེ་བས་སློང་ཞིང་ནམ་པར་རོལ་པ་དང་། 26-1-370a སྣང་མཛད་མོས་ཐུགས་རྩེ་གཅིག་གིས་རྣམ་པར་གསལ་བར་བྱེད་ཅིང་དགའ་བ་རྣམ་པ་བཞིའི་ལས་ལ་རོལ་བ་དང་། སློབ་མ་མོས་དེ་བཞིན་གཤེགས་པ་ཀུན་གྱི་མཁའ་འགྲོ་སྒྱུ་མའི་ཚུལ་གྱིས་ལས་མཛད་པའོ། །ཡང་ལྷ་མོ་བཞིའི་དངོས་གྲུབ་ཀྱི་མཆོག་དེ་ལྟ་བུ་བདག་ལ་སྩོལ་ བར་མཛད་དེ། བདེ་བའི་མཆོག་གྲུབ་པ་དང་བདེ་བས་བདེ་བ་སྩོལ་བ་དང་། དམ་པ་གཞུག་ཅིང་བདེ་བར་གྱུར་པ་དང་། བདེ་བའི་འཁོར་ལོ་བསྐོར་བའོ། །དེས་ན་དཔེའི་བདེ་བ་བསྐྱོད་ཅིང་དེ་ལ་བརྟེན་པའི་ཟག་པ་མེད་པའི་ལམ་གྲོལ་བ་དང་། བྱང་ཆུབ་ཀྱི་སེམས་འཕེལ་ཞིང་རྒྱས་པ་དང་།བརྟན་པར་ གྱུར་པས་ཆོས་ཐམས་ཅད་ལས་རྒྱལ་བ་དང་། བདེ་བའི་གར་གྱི་འཁོར་ལོ་རྟག་ཏུ་རྒྱུད་ལས་འབྱུང་བའོ། །དེ་དག་གི་ཕན་ཡོན་ནི་གོ་སླའོ། །ཡང་རིགས་ཀྱི་དཀྱིལ་འཁོར་གཞན་དག་གི་རྡོ་རྗེ་གླུའི་མཆོད་པའི་ཕྱག་རྒྱ་ལས། དང་པོར་རྣམ་པར་སྣང་མཛད་ཀྱི་སྒོ་ནས། རྡོ་རྗེ་སེམས་དཔའ་སྡུད་པ་དང་། ། རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ནི་གསུངས་པ་དང་། །རྡོ་རྗེ་ལས་ནི་བྱེད་པར་འགྱུར། །འཁོར་ལོའི་གླིང་བུ་མ་ལ་སོགས་པ་བཞིས་རང་གི་ཕྲིན་ལས་ལ་སྤྱོད་པ་སྟེ། གླིང་བུ་མས་བྱང་ཆུབ་ཀྱི་སེམས་ཀྱིས་ཆོས་ཐམས་ཅད་སྡུད་པ་དང་། པི་ཝང་མས་ཡོན་ཏན་རིན་པོ་ཆེའི་ཚོགས་བླ་ན་མེད་ པར་སྤེལ་བ་དང་། ལྷ་མོ་རྫ་རྔ་མས་ཆོས་ཐམས་ཅད་རྣམ་པར་དག་པའི་གསུང་སྒྲོགས་པ་དང་། རྔ་ཆེན་མས་ཕྲིན་ལས་རྣམ་པར་དག་པའི་ཚོགས་ལ་སྦྱོར་བའོ། །དེས་ན་ལྷ་མོ་རྣམ་པ་བཞིས་བསྐུལ་བའི་གླུ་འདི་དག་ལ་ཐོག་མར་ཨོཾ་བརྗོད་ཅིང་མཐར་སོ་སོའི་སྔགས་དང་ཕྱག་རྒྱར་ལྡན་པས་ མཆོད་པའི་ལས་དག་བྱ་སྟེ། རིགས་ཀྱི་དཀྱིལ་འཁོར་གཞན་དག་གི་གནས་སྐབས་སུ་ཡང་སྦྱར་བར་བྱའོ། །ཅི་མཆོད་པ་ཐུན་མོང་བ་འདི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་དུ་བརྗོད་ཅེ་ན། དཀྱིལ་འཁོར་འདིའི་སྒོ་ནས་མཆོད་པ་དང་བསྟོད་པའི་ལས་དག་ཁྱད་པར་དུ་བྱེད་པ་སྟེ། ཐེག་ པ་དམན་པ་དང་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པའི་ལས་ཅན་དག་སློང་ཞིང་། འཁོར་ལོས་སྒྱུར་པའི་རྒྱལ་པོའི་ཚུལ་གྱིས་འཁོར་བའི་ཆོས་ཐམས་ཅད་ལ་སྤྱོད་པའི་ཕྱིར་རོ། །དེ་ཡང་རྩ་བའི་རྒྱུད་ལས། མགོན་པོ་རྣམ་སྣང་མཛད་ཆེན་སྐུས། །ཆགས་པའི་ལམ་ཆེན་ 26-1-370b བསྒྲུབ་པའི་ཕྱིར། །འགོག་པའི་ལམ་རྣམས་སློང་མཛད་དེ། །སྣ་ཚོགས་མཆོད་དང་བསྟོད་པར་མཛད། །ཅེས་སོ། །དེའི་ཕྱིར་རྣམ་པར་སྣང་མཛད་ཀྱི་གནས་སྐབས་སུ་བཤད་པའི་མཆོད་པ་དག་ནི་ཀུན་གྱི་ཐུན་མོང་དུ་ཤེས་པར་བྱའོ། །འོ་ན་རྡོ་རྗེ་ཉི་མ་ཡང་རྒྱལ་པོའི་ཆ་ལུགས་སུ་བཞུགས་ ཤིང་ཡོན་ཏན་རིན་པོ་ཆེའི་མཆོད་པ་ལ་སྤྱོད་དོ་ཞེ་ན། གདུལ་བྱའི་དབང་གིས་དང་། ཁྱད་པར་གྱི་ཕྲིན་ལས་གཞན་མཛད་པའི་ཕྱིར་རོ། །དེས་ན་རིགས་ཀྱི་དཀྱིལ་འཁོར་དྲུག་ལ་ཁྱད་པར་གྱི་ཕྲིན་ལས་དྲུག་བསྟན་པ་ཡིན་ནོ། །ཡང་ཧེ་རུ་ཀའི་སྒོ་ནས་ཧཱུཾ་རྡོ་རྗེ་ལས་ཀྱི་མདའ་གཞུ་ལ་ཕྱག་འཚལ་ལོ། ། དཔལ་རྡོ་རྗེ་ཆགས་པའི་དམ་ཚིག་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཁ་ཊྭཱཾ་ག་རབ་ཏུ་འཇིགས་པ་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་དྲིལ་བུ་རབ་ཏུ་འཁྲོལ་བ་ལ་ཕྱག་འཚལ་ལོ། །ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་པའི་མདའ་གཞུ་དང་། ཆགས་པ་གཉིས་ཀྱི་དམ་ཚིག་དང་མི་འབྲལ་བའི་རྟགས་ སུ་ལྷ་ཆེན་པོའི་གཡང་གཞི་དང་། ཡེ་ཤེས་རྣམ་པ་ལྔ་མཚོན་པར་བྱེད་པའི་རྡོ་རྗེ་རྩེ་མོ་ལྔ་པ་དང་། ཁམས་གསུམ་ལས་རྒྱལ་བའི་རྟགས་སུ་ཁ་ཊྭཱཾ་ག་རྩེ་མོ་གསུམ་པ་དང་། དུག་གསུམ་དག་པར་བྱས་ཤིང་སྣོད་བཅུད་ཅིག་ཅར་དུ་གསོལ་བའི་རྟགས་སུ་ཤ་ཁྲག་གིས་བཀང་བའི་ཐོད་པ་དང་། ཁ་ཊྭཱཾ་གའི་རྒྱ་གྲམ་ལ་བ་དན་དྲིལ་བུ་དང་བཅས་པ་འཁྲོལ་བའོ། །འདི་དག་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གཅིག་ཏུ་སྦྱོར་བའི་དུས་སུ་ནི་གོང་མའི་ཚིག་གིས་བྱང་ཆུབ་ཀྱི་སེམས་རྣམ་པ་བཞི་འདུལ་བར་མཛད་པ་སྟོན་པ་ཡིན་ནོ། །ཡང་རྡོ་རྗེ་ཉི་མའི་སྒོ་ནས་སྟོན་ཞིང་འདི་ཉིད་ཀྱིས་ནི་ གསང་བའི་ལྷ་མོ་བཞི་མཚོན་པར་བྱེད་པའོ། །གཞན་ཡང་པདྨ་གར་གྱི་དབང་ཕྱུག་གི་སྒོ་ནས། ལ་ལར་རབ་ཏུ་དྲག་ཅིང་སྐྱེ་བོ་དྲག་ལ་དྲག་པའི་བུད་མེད་སྐུ་ལྟར་རབ་ཏུ་སྣང་། །ཞེས་པ་ལ་སོགས་པ་ནི་ཞལ་རྣམ་པ་བཞིའི་སྒོ་ནས། དྲེགས་བྱེད་ཀྱི་ཚོགས་རྣམ་པ་བཞིའི་སྒོ་ནས་འདུལ་ བར་མཛད་པའི་ཕྲིན་ལས་བསྟན་པ་ཡིན་ནོ། །ཡང་རྡོ་རྗེ་ཉི་མའི་སྒོ་ནས། ཐམས་ཅད་དབང་བསྐུར་དབང་ཕྱུག་དམ་པ་མི་ཟད་གཏེར་མཆོག་བདག་ལ་གྲུབ་པར་མཛད་དུ་གསོལ། །ཞེས་པ་ལ་སོགས་པས་རྡོ་རྗེ་ཉི་མའི་ཞལ་བཞི་དང་ལྷ་མོ་བཞིའི་སྒོ་ནས་ལས་ལ་བསྐུལ་བའོ། ། 26-1-371a བའོ། །རྟ་མཆོག་གི་ནི་ལ་ལར་མཁས་པའི་གཟུགས་ཀྱང་འཛིན། །ཞེས་པ་ལ་སོགས་པས་ཞལ་བཞིའི་སྒོ་ནས་ཕྲིན་ལས་བཞི་ལ་བསྐུལ་བའོ། །བསྡུས་པའི་དོན་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་རིགས་ཀྱི་ལྷ་མོ་བཞིའི་དངོས་གྲུབ་བདག་ལ་བསྡུ་ཞིང་བསྐུལ་བ་ དང་། རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་དུ་བྱང་ཆུབ་ཀྱི་སེམས་རྣམ་པ་བཞིའི་མཆོད་པ་བདག་ལ་སྩལ་བ་དང་། ཧེ་རུ་ཀའི་དཀྱིལ་འཁོར་དུ་གཙོ་བོའི་མཛད་པའི་ཕྲིན་ལས་ཀུན་དང་ལྡན་པར་བྱ་བ་དང་། པདྨ་གར་དབང་གི་དཀྱིལ་འཁོར་དུ་གདུལ་བྱ་རྣམས་འཇོམས་པའི་མཐུ་དང་ལྡན་པ་དང་། རྡོ་ རྗེ་ཉི་མའི་དཀྱིལ་འཁོར་དུ་ཡོན་ཏན་གྱི་ཚོགས་ཐམས་ཅན་བསྡུ་བ་དང་། རྟ་མཆོག་གི་དཀྱིལ་འཁོར་དུ་ཕྲིན་ལས་སོ་སོའི་རྣམ་པས་ཇི་ལྟར་འདུལ་བ་བཞིན་དུ་བདག་ཉིད་གྲུབ་པར་མཛོད་ཅེས་པའོ། །ཆོ་གའི་ཡན་ལག་ནི་སོ་སོའི་སྔགས་དང་ཕྱག་རྒྱས་ཕྱི་ནང་གི་མཆོད་པ་ཕུལ་བའི་རྗེས་ལ་ གསོལ་བ་གདབ་པའོ། །རྡོ་རྗེ་གླུའི་མཆོད་པའི་ཕྱག་རྒྱ་ཞེས་པའི་དོན་རྣམ་པར་བཤད་པའོ། །ད་ནི་བཅུ་བཞི་པ་མཆོད་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་པ་ལས་དང་པོར་རྡོ་རྗེ་སེམས་དཔའི་མཆོད་པའི་རིམ་པ་རྒྱས་པར་བསྟན་པའི་ཕྱིར། མེ་ཏོག་དཀར་དང་དམར་བ་དང་། །མཐིང་ག་སེར་ པོ་ཀུན་བསྡུས་པ། །ཞེས་པ་ལ་སོགས་པ་གསུངས་ཏེ། མེ་ཏོག་གི་ཁྱད་པར་གང་དག་རང་བཞིན་གྱི་དྲི་དང་ཁ་དོག་ཏུ་ལྡན་པ། རིན་པོ་ཆེ་སྣ་ལྔའི་འོད་དང་ལྡན་པ། རྒྱ་སྐྱེགས་དང་རམས་ལ་སོགས་པའི་ཚོན་དག་གིས་ཁ་བཅོས་པ་དང་། གཤེར་དང་སྐམ་ལས་བྱུང་བ་དང་། སྲོག་ཆགས་ཀྱི་རྒྱུ་ ལས་བྱུང་བ་དང་། ལྷའི་རྣམ་པར་འཕྲུལ་པ་ལས་བྱུང་བ་དང་། རང་ཉིད་ཀྱི་ཏིང་ངེ་འཛིན་ལས་བྱུང་བ་གང་ཡང་རུང་བ་དག་གིས་མཆོད་པར་བྱའོ། །གཞན་ཡང་སྤོས་ཀྱི་རྣམ་པ་དང་། མར་མེའི་རྣམ་པ་དང་། དྲིའི་བྱུག་པའི་རྫས་དག་ཀྱང་རང་བཞིན་གྱི་ངོ་བོར་སྣང་བ་དང་། དེ་དག་སྦྱོར་བའི་མཐུ་ ལས་བྱུང་བ་རྣམས་སོ། །ད་ནི་དཀྱིལ་འཁོར་གཞན་གྱི་མཆོད་པ་བསྡུས་ཏེ་བསྟན་པའི་ཕྱིར། མེ་ཏོག་དམར་པོ་སངས་རྒྱས་ལ། །རྡོ་རྗེ་ཅན་ལ་སྣ་ཚོགས་པ། །ཞེས་པ་ལ་སོགས་པ་གསུངས་ཏེ། མེ་ཏོག་དང་བདུག་སྤོས་དང་མར་མེ་དང་དྲིའི་ཁྱད་པར་སྣ་ཚོགས་པ་དག་གིས་རང་རང་གི་དཀྱིལ་ 26-1-371b འཁོར་མཆོད་པའི་ཚུལ་བསྟན་པ་ཡིན་ནོ། །མཆོད་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་པའི་དོན་རྣམ་པར་བཤད་པའོ། །གཞན་ཡང་བཅོ་ལྔ་པ་མཆོད་པ་ཐམས་ཅད་ཀྱི་གཏོར་མའི་ཕྱག་རྒྱ་ཞེས་པ་ལས། ཐུན་མོང་དུ་ཕྱིའི་འབྱུང་བ་ལས་གྱུར་པའི་གཏོར་མ་ནི། སྒེག་མོ་དང་ནི་ན་ཆུང་དང་། །མྱོས་དང་དེ་ བཞིན་བདུད་རྩི་དང་། །ཞེས་པ་ལ་སོགས་པ་གསུངས་ཏེ། སྒེག་མོ་ནི་འབྲུའི་ཆང་ངོ་། །ན་ཆུང་ནི་སྦྲང་རྩིའི་ཆང་ངོ་། །མྱོས་པ་ནི་བུ་རམ་གྱི་ཆང་ངོ་། །གཅིག་པུ་དཔའ་བ་ནི་རྒུན་ཆང་དང་སྦྲང་རྩི་གཅིག་ཏུ་བསྲེས་པའོ། །འདོད་ཆགས་ནི་ཚྭའོ། །དེ་ཉིད་ཡུན་རིང་དུ་ལོན་པ་ནི་འདོད་ཆགས་སྲ་བའོ། ། གཡོན་ཅན་ནི་སྐྱུར་པོའི་ཁུ་བའོ། །བྲན་མོ་ནི་འདོད་པའི་ཚོད་མའོ། །ལན་ཚྭ་ནི་ཚྭ་སྣ་ཚོགས་པའོ། །ལ་སོགས་ཀྱིས་ནི་ཕྲུ་མ་དང་ཤ་དང་ཆང་དང་ཟན་དང་བཟའ་བཏུང་སྣ་ཚོགས་པའོ། །ཁར་ལ་སོགས་པ་ནི་བརྡ་སྦྱོར་བའི་རིམ་པ་དག་གོ། །བདུད་རྩི་དག་ནི་རྒུན་ཆང་ལ་སོགས་པ་བཏུང་བའི་ཡན་ ལག་བརྒྱད་དོ། །བདག་ཉིད་ཀུན་གྱི་རོ་ནི་དེ་དག་ཀུན་གྱི་རོ་གཅིག་ཏུ་འདུས་པའི་མཐུས་སོ། །ཚེའི་དམ་པ་ནི་དགའ་བའི་ལོངས་སྤྱོད་སྐལ་པ་བཟང་པོའོ། །ཡང་ནང་གི་འབྱུང་བའི་རྫས་ལས་གྱུར་པའི་མཆོད་གཏོར་བསྟན་པའི་ཕྱིར། ཨ་མྲ་སྨིན་དང་རྒུན་འབྲུམ་དང་། །པ་ན་སེ་དང་ན་ལེ་ ཀར། །ཞེས་པ་ལ་སོགས་པ་གསུངས་ཏེ། འབྲས་བུ་ཆེན་པོ་ལྔ་པོ་འདི་དག་ཁ་ན་མ་ཐོ་བ་དང་བྲལ་བའི་ཚུལ་གྱི་དངོས་གྲུབ་ཀྱི་རྫས་སུ་བླང་བར་བྱའོ། །དེ་དག་དམ་ཚིག་གི་རྫས་སུ་རི་ལུར་བྱས་ཏེ། མངར་གསུམ་གྱིས་བྱུག་ཅིང་གཏོར་མར་དབུལ་བ་དང་། ལྕེ་ཞབས་སུ་བཅངས་ནས་བཟླས་བརྗོད་བྱའོ། ། ཡང་བཅོས་པའི་གཏོར་མ་ནི་སེམས་ཅན་ལྔའི་གཟུགས་བརྙན་བྱས་ཏེ། ཁར་ལ་སོགས་པས་བྱུག་ཅིང་ཤིང་མངར་ལ་སོགས་པའི་དྲི་དང་ཡུང་བ་ལ་སོགས་པའི་ཁ་དོག་གིས་བསྒྱུར་བའི་འབྲས་བུ་ཆེན་པོ་ལྔའི་གཟུགས་བརྙན་དག །ཤིང་ཤུན་ནམ་གྲོ་ག་ལ་སོགས་པས་ལེགས་པར་བྱས་ཤིང་མཆོད་ པའི་གཏོར་མ་དབུལ་བའོ། །ད་ནི་ཁྱད་པར་གྱི་མཆོད་གཏོར་གྱིས་རིགས་ཀྱི་དཀྱིལ་འཁོར་རྣམས་དང་། དེའི་འཁོར་ན་གནས་པ་དག་མཉེས་པར་བྱ་བའི་ཕྱིར། སངས་རྒྱས་རྣམས་ལ་བཤོས་དབུལ་བ། །ཤ་དང་ཆང་ནི་རྣམ་པར་སྤངས། །ཞེས་པ་ལ་སོགས་པ་སྟེ། རྣམ་པར་སྣང་མཛད་ལ་ནི་ཁ་ན་ 26-1-372a མ་ཐོ་བ་དག་སྤངས་པའི་ཤ་དང་ཆང་གི་སྟོན་མོ་དང་། གླུ་དང་སིལ་སྙན་ལ་སོགས་པས་མཆོད་པའོ། །ཧེ་རུ་ཀ་ལ་ནི་སྐྱེས་བུ་མཚན་དང་ལྡན་མའི་ཤ་ཁྲག་གི་གཟུགས་བརྙན་དག་དབུལ་ལོ། །གཞན་དག་ནི་གོ་སླའོ། །ཆོ་གའི་ཡན་ལག་ནི་སྦྱིན་སྲེག་དང་དཀྱིལ་འཁོར་གྱི་ཆོ་ག་ ལ་སོགས་པའི་གཏོར་མའི་གནས་སྐབས་ཀུན་དུ་སྦྱར་བར་བྱའོ། །མཆོད་པ་དང་གཏོར་མ་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་པའི་དོན་རྣམ་པར་བཤད་པའོ། །ད་ནི་བཅུ་དྲུག་པ་ཕྱག་རྒྱས་དབང་བསྐུར་བའི་ཕྱག་རྒྱ་ཞེས་པ་ལས། དང་པོར་རྡོ་རྗེ་སེམས་དཔའ་ཡི། །མཐེ་བོང་སེམས་དཔའི་ སྐྱིལ་མོ་ཀྲུང་། །མཛུབ་མོ་གཉིས་ཀྱི་རྩེ་མོ་དགུག །ཅེས་པ་ལ་སོགས་པ་སྟེ། དང་པོར་རིན་པོ་ཆེ་དང་། དབུ་རྒྱན་གྱིས་དབང་བསྐུར་བ་སྟེ། རྡོ་རྗེ་ཐལ་མོ་སྦྱར་བ་ལས་མཐེ་བོང་གཡས་པས་གཡོན་པ་མནན་ཞིང་། མཆོད་རྟེན་གྱི་གདན་ཁྲི་ལྟར་བྱས་ནས་མཛུབ་མོ་གཉིས་ཀྱི་རྩེ་མོ་བཀུག་སྟེ། གུང་མོ་ལ་བཅར་བར་ཁྲི་འཕང་གི་ཚུལ་དུ་བྱས་ལ། གུང་མོའི་ཚིགས་དང་པོར་བཅག་སྟེ་བུམ་པའི་ཚུལ་དུ་བྱ་ཞིང་། མཐེའུ་ཆུང་དང་སྲིན་ལག་བསྣོལ་བ་རྒྱབ་ཡོལ་འོད་ཀྱི་དཀྱིལ་འཁོར་ལྟར་བྱས་པའོ། །འདི་ཉིད་ཀྱི་སྔགས་དང་བཅས་པར་མགོ་བོའི་གནས་རྣམ་པ་ལྔར་གཏུག་ཅིང་དབང་བསྐུར་ཏེ། དར་དཔྱངས་ཀྱི་མཐའ་མ་ནས་འཆིང་ཞིང་དགྲོལ་བར་བྱའོ། །དེ་དག་གི་སྔགས་ནི་རཏྣ་མཱ་ལེ་ཨ་བྷི་ཥིཉྩ་ཏྲཾ། པ་ཊ་ལ་ཨ་བ་ལཾ་བི་ཧཱུཾ་ཞེས་བརྗོད་ཅིང་དགྱེས་པའི་ཐལ་མོ་ལན་གསུམ་དུ་བརྡབ་ཅིང་བཛྲ་ཏུ་ཥྱ་ཧོཿཞེས་བརྗོད་པར་བྱའོ། །དེའི་རྗེས་ལ་ཐོད་པའི་ཕྱག་རྒྱ་བཅིངས་ཏེ་སྔ་མ་དང་འདྲ་བར་བྱས་ལ་ ཧཱུཾ་ཨ་བྷི་ཥིཉྩ་མཱཾ་ཞེས་བརྗོད་པར་བྱའོ། །དཔལ་རྡོ་རྗེ་ཧེ་རུ་ཀ་པདྨོ་ནོར་བུ་རིན་པོ་ཆེ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་ཐོད་པའི་དབུ་རྒྱན་དང་། ཧེ་རུ་ཀའི་ཡང་དེ་ཉིད་དེ་རིན་པོ་ཆེའི་རྒྱུ་ལས་བྱུང་ཞིང་། པདྨོ་རྣམ་པར་དག་པའི་མཚན་ཉིད་ཅན་དུ་གནས་པའོ། །ཡང་རིགས་ཀྱི་དཀྱིལ་འཁོར་ གཞན་གྱི་བསྟན་པའི་ཕྱིར། རྡོ་རྗེ་ཐལ་མོ་མཉམ་སྦྱར་ཏེ། །ལག་གཉིས་ནོར་བུ་རིན་ཆེན་དང་། །ཞེས་པ་ལ་སོགས་པ་གསུངས་སོ། །དི་ཡང་རྣམ་པར་སྣང་མཛད་ཀྱི་རིན་པོ་ཆེའི་ཕྱག་རྒྱ་བཅིངས་ནས་ཁཾ་ཨ་བྷི་ཥིཉྩ་མཱཾ་ཞེས་པས་དབང་བསྐུར་བ་དང་། ཧེ་རུ་ཀའི་མཛེས་པའི་ཕྱག་རྒྱ་བཅིངས་ 26-1-372b ནས་ཁྲོ་གཉེར་དུ་བཞག་སྟེ། ཧི་ཨ་བྷི་ཥིཉྩ་མཱཾ་ཞེས་པ་དང་། པདྨ་གར་དབང་གི་པདྨའི་ཕྱག་རྒྱ་བཅིངས་ཏེ་ཧྲཱིཿཨ་བྷི་ཥིཉྩ་མཱཾ་ཞེས་པ་དང་། རྡོ་རྗེ་ཉི་མའི་རིན་པོ་ཆེའི་ཕྱག་རྒྱ་བཅིངས་ཏེ་ཏྲཾ་ཨ་བྷི་ཥིཉྩ་མཱཾ་ཞེས་པ་དང་། རྟ་མཆོག་གི་ནི་ཕྲིན་ལས་གང་ལ་བབ་པ་བཞིན་དུ་དབུ་རྒྱན་གང་ཡང་རུང་བ་བཅིངས་ཏེ་ ཧཾ་ཨ་བྷི་ཥིཉྩ་མཱཾ་ཞེས་བརྗོད་པའོ། །དེ་དག་གི་ཕྱག་རྒྱ་བཅིངས་པའི་ཐབས་དང་ཕན་ཡོན་དག་ནི་གོ་སླ་བའི་ཕྱིར་མ་བཤད་དོ། །ཆོ་གའི་ཡན་ལག་ནི་ལྷ་བསྒོམ་པ་དང་སློབ་མ་ལ་དབང་བསྐུར་བའི་དུས་རྣམ་པ་གཉིས་སུ་སྦྱར་ཏེ། དང་པོའི་དབང་དུ་རྡོ་རྗེ་སེམས་དཔའ་རྣམ་ཐར་སྒོ་བཞིའི་སྙོམས་འཇུག་ ལ་གནས་པ་ལ་དབང་བསྐུར་བ་དང་། མངོན་བྱང་ལྔས་སྐུར་གྱུར་པ་དང་། དེ་ཉིད་ཀྱི་སྐུ་མདོག་མཚན་མའི་བྱེ་བྲག་དང་། གནས་ལྔ་བྱིན་གྱིས་བརླབས་པས་སྐུའི་རྡུལ་ཕྲ་རབ་གྲུབ་པ་དང་། གནས་ཀུན་དག་པར་བྱ་བ་དང་། དེ་དག་གི་རྗེས་ལ་རིགས་ཀྱི་དཀྱིལ་འཁོར་ གང་ཡང་རུང་བའི་དབུ་རྒྱན་གྱིས་དབང་བསྐུར་ཞིང་དར་དཔྱངས་བཅིངས་པས། འབྲས་བུ་རིགས་ཀྱི་སྐུ་གྲུབ་པའོ། །གཉིས་པ་སློབ་མ་དབང་བསྐུར་བའི་ཕྱིར། དཀྱིལ་འཁོར་གྱི་གནས་སུ་འཇུག་པ་དང་། གསོལ་བ་གདབ་པ་དང་། སྟེགས་བུ་བཅའ་བ་དང་། སློབ་མ་སྟན་ལ་ བཞག་སྟེ་བརྒྱན་པ་དང་། སློབ་མ་སྦྱོང་བ་དང་རིགས་ཀྱི་ལྷར་བསྒོམ་ཞིང་མཆོད་པ་དང་། ཆུའི་དབང་བསྐུར་བའི་རྗེས་ལ་དབུ་རྒྱན་གྱི་དབང་བསྐུར་བའོ། །ཕྱག་རྒྱས་དབང་བསྐུར་བའི་ཕྱག་རྒྱ་ཞེས་པའི་དོན་རྣམ་པར་བཤད་པའོ། །ད་ནི་བཅུ་བདུན་པ་རྡོ་རྗེ་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་པ་ལས་ དང་པོར་ཕྱག་རྒྱ་འཆིང་བའི་སྐུ་བསྟན་པའི་ཕྱིར། སོར་མོ་ཕན་ཚུན་བསྣོལ་བ་ནི། །རྡོ་རྗེ་ཐལ་མོ་ཡིན་པར་བཤད། །སོར་མོ་ཐམས་ཅད་བསྡམས་པ་ནི། །རྡོ་རྗེ་བསྡམས་པ་ཡིན་པར་བཤད། །དང་པོར་རིགས་ཀྱི་རྣལ་འབྱོར་དང་ལྡན་པས་ལག་པ་གཡས་པའི་སོར་མོ་ལྔའི་བྲེག་ དང་། མཐིལ་དུ་ཉི་མའི་དཀྱིལ་འཁོར་ལ་གསང་བའི་རིགས་དྲུག་གི་ཆོས་ཀྱི་སྙིང་པོ་བསམ་པར་བྱའོ། །ལག་པ་གཡོན་པའི་ཟླ་བའི་དཀྱིལ་འཁོར་ལ་ཡུམ་དྲུག་གི་ཆོས་ཀྱི་སྙིང་པོ་བསམ་པར་བྱའོ། །དེ་དག་ལས་འོད་ཟེར་གྱི་འཕྲོ་འདུས་སོ་སོའི་ཕྱག་མཚན་དང་སྐུ་ཕྲ་མོའི་བར་དུ་བསྒོམས་ 26-1-373a ཏེ། རང་རང་གི་ཕྲིན་ལས་ལ་རྣམ་པར་སྤྲོས་ཤིང་རིགས་ཀྱི་དཀྱིལ་འཁོར་དག་བསྡུས་ནས་སོ་སོའི་སྐུ་ལ་ཐིམ་པར་བསམ་མོ། །སོ་སོའི་སྐུ་ལ་ཐིམ་པ་ལས་ཐུགས་ཆགས་པའི་རྣམ་པར་གཡོས་ཏེ་ཡབ་ཡུམ་གཅིག་ལ་གཅིག་གཟིགས་ཤིང་སྦྱོར་བའི་བརྡས་སྐུལ་བར་མཛད་ དོ། །དེའི་རྟགས་སུ་རྡོ་རྗེ་ཐལ་མོ་བསྣོལ་བར་བྱའོ། །ཡང་ཕྱག་རྒྱ་རྣམ་པ་བཞིའི་སྦྱོར་བའི་རོལ་པའི་སྙོམས་འཇུག་ལ་གནས་པའི་རྟགས་སུ་ནི་རྡོ་རྗེ་བསྡམས་པ་བཅིང་ངོ་། །ཡང་དེ་དག་གི་རང་བཞིན་བསྟན་པའི་ཕྱིར། རྡོ་རྗེ་བསྡམས་པ་བྱས་ནས་ནི། །མཛུབ་མོ་མཐེ་བོང་མངལ་དག་ཏུ། །ཞེས་པ་ ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། དང་པོས་ནི་དཀྱིལ་འཁོར་རྣམས་ཀྱི་སྐུའི་གསང་བ་ལས་བྷ་ག་དང་ལིངྒ་རྣམ་པ་གཉིས་ལ་ཞུ་བ་དེའི་དགའ་བ་ཆེན་པོ་སྐྱེ་བར་བསྟན་པའོ། །གཉིས་པས་ནི་སེམས་ཀྱི་བདེ་བ་ཆེན་པོ་དབྱིངས་དང་ཡེ་ཤེས་ཀྱི་དོན་གཉིས་སུ་མེད་ པའི་རང་བྱུང་གི་ཡེ་ཤེས་ཆེན་པོ་ལས་དངོས་གྲུབ་རབ་འབྱམ་གྱི་ལས་སྣ་ཚོགས་འགྲུབ་ཅིང་། ཟག་པ་མེད་པའི་དོན་བདེ་བ་ཆེན་པོའི་དངོས་གྲུབ་འགྲུབ་པར་བསྟན་པའོ། །ད་ནི་བྱེ་བྲག་ཏུ་ཕྱེ་སྟེ། རྡོ་རྗེ་སེམས་དཔའི་དངོས་གྲུབ་ཀྱི་ལས་ཐམས་ཅད་ལ་སྦྱོར་བའི་ཕྱིར། ཕྱག་རྒྱ་བཅིང་བའི་ཐབས་ རྣམ་པ་གཉིས་ཕན་ཡོན་དང་བཅས་པར་བསྟན་པ་ལས། ཐུགས་འགྱུར་བ་མེད་པའི་ཡེ་ཤེས་རྣམ་པ་ལྔ་མཚོན་པར་བྱེད་པའི་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅིངས་ཏེ། དཀྱིལ་འཁོར་གྱི་ལྷ་རྣམས་ལ་བསྐུལ་ཞིང་རང་ཉིད་ལ་གཏུགས་པས། དངོས་གྲུབ་ཀྱི་ཚོགས་དང་ལས་རབ་འབྱམ་མ་ལུས་པ་ ཐམས་ཅད་དབང་དུ་མཛད་དེ། ཕྱག་རྒྱ་དེ་ཉིད་ཀྱིས་གཞན་དག་གི་དོན་དུ་ཡང་བསྒྱུར་བར་བྱའོ། །ཕྱག་རྒྱ་གཉིས་པ་ནི་ཕྱག་རྒྱ་གོང་མ་ལས་གུང་མོ་ལྕགས་ཀྱུའི་ཚུལ་དུ་བྱས་ཏེ། རང་གི་སྙིང་གར་སྦྱར་ཞིང་འོད་ཟེར་གྱིས་འདོད་པའི་ལས་མཐའ་དག་འགུགས་པར་མཛད་པའོ། །ཡེ་ཤེས་ ཀྱི་དཀྱིལ་འཁོར་སྤྱན་དྲངས་ཏེ། བསྒྲུབ་པ་དང་། ཕྲིན་ལས་དང་། ཆོ་གའི་དུས་སུ་སྦྱར་རོ། །སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ནི་རྡོ་རྗེ་བསྡམས་པ་ལས། རྡོ་རྗེའི་ཕྱག་རྒྱ་ལས་འཁོར་ལོ་བཞིན་དུ་བསྐོར་བ་ལས་ཐམས་ཅད་ལ་སྦྱོར་བ་དང་། རྡོ་རྗེའི་ཕྱག་རྒྱ་ལས་ཐལ་མོ་ཁོང་སྟོང་དུ་ 26-1-373b བྱས་པས་དངོས་གྲུབ་དེ་དག་སྐད་ཅིག་ཙམ་གྱིས་རྒྱས་གདབ་པའོ། །ཧེ་རུ་ཀའི་ནི་ཁྲོ་བོའི་རྡོ་རྗེ་ཁ་གྱེས་པ་ལས་གུང་མོ་ལྕགས་ཀྱུ་བཞིན་དུ་བྱས་ཏེ་དབྱིངས་དང་། ཡེ་ཤེས་དོན་གསལ་བར་བྱེད་པའོ། །པདྨ་གར་དབང་གི་ནི་པདྨའི་རྡོ་རྗེ་བཅིངས་ཏེ། མཐེ་བོང་གཉིས་ཕན་ཚུན་བཅར་ཞིང་། མཛུབ་མོ་ གཉིས་རྩེ་མོ་སྤྲད་དེ་བཀུག་ནས་པདྨའི་འདབ་མ་འདྲ་བར་བྱས་པའོ། །རྡོ་རྗེ་ཉི་མའི་ནི་རྡོ་རྗེ་བཅིངས་པ་ལས་གུང་མོ་གཉིས་རིན་པོ་ཆེ་འདྲ་བར་ཟུར་ཅན་དུ་བཀུག་སྟེ། མཐེའུ་ཆུང་གཉིས་མདའ་བཞིན་བྱས་པས་ཁམས་གསུམ་གྱི་རྒྱལ་སྲིད་ཐམས་ཅད་དབང་དུ་བྱེད་པའོ། །རྟ་མཆོག་ ནི་རྡོ་རྗེ་བཅིངས་པ་ལས་སྣ་ཚོགས་རྡོ་རྗེ་འདྲ་བར་རང་གི་ཕྲིན་ལས་ལ་སྦྱོར་བར་མཛད་པའོ། །དེ་དག་གི་མཚན་ཉིད་དང་། སོ་སོའི་དགོངས་པ་དང་། དངོས་གྲུབ་ཀྱི་གནས་གང་དུ་སྦྱོར་བ་ནི་ཆོ་ག་ལྔ་པ་དང་། ཚོགས་ཀྱི་འཁོར་ལོའི་ཆོ་ག་ལས་བསྟན་པས་འདིར་རྒྱ་ཆེར་མ་སྤྲོས་སོ། །ཆོ་གའི་ ཡན་ལག་ནི་ཕྱག་རྒྱ་འཆིང་བའི་རྒྱུ་དང་རང་བཞིན་དག་ནི་ལས་དང་དམ་ཚིག་ཕྱག་རྒྱ་ཐམས་ཅད་ཀྱི་ཐོག་མར་སྦྱར་ཞིང་། སོ་སོའི་བྱེ་བྲག་གི་མཚན་ཉིད་ནི་བསྙེན་པ་དང་། ཉེ་བའི་བསྙེན་པ་དང་སྒྲུབ་པ་ཆེན་པོའི་དངོས་གྲུབ་བླང་བའི་དུས་དང་། ཕྲིན་ལས་ཕྲ་མོ་དག་གི་ལས་སྒྲུབ་པའི་གནས་ སྐབས་སུ་སྦྱར་བར་བྱའོ། །རྡོ་རྗེའི་ཕྱག་རྒྱ་ཐམས་ཅད་ཅེས་པའི་དོན་རྣམ་པར་བཤད་པའོ། །ད་ནི་བཅོ་བརྒྱད་པ་སྟོན་པ་དང་བཅས་པའི་མིང་གི་ཕྱག་རྒྱ་ཞེས་པ་ལས། དང་པོར་ཐུན་མོང་གི་དོན་སྤྱིའི་མཚན་ཉིད་བསྟན་པའི་ཕྱིར། ཨཱ་ལི་ཀཱ་ལི་མཉམ་སྦྱར་ནས། །ཁ་ཡི་ཐད་ཀར་མདུད་པར་ བྱ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་གསུངས་ཏེ། དང་པོར་རྣལ་འབྱོར་པ་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པས་གནས་དབེན་ཞིང་བརྒྱན་པར་གང་ཟག་བློའི་བྱེ་བྲག་རབ་འབྲིང་རྣམ་པ་གསུམ་གྱི་སྒོ་ནས་བསམ་གཏན་ལ་དམིགས་པས་རང་གི་དེ་ཁོ་ན་ཉིད་བསྒོམ་པ་དང་། རྟེན་སྦྱང་བ་ལས་མཚན་མ་བསྒྲུབ་པ་དང་། རི་མོ་བྲིས་པའི་སྒོ་ནས་ཚོགས་བསག་ཅིང་བསྲུང་བར་བྱ་བའི་ཕྱིར། ཡི་གེ་འཁོར་ལོའི་ཆོ་ག་ལ་འཇུག་པར་བྱའོ། །དེ་ཡང་བྲི་བའི་དབང་དུ་ས་གཞི་ལེགས་པར་བྱས་ལ། རྡུལ་ཚོན་གྱིས་བྲི་བ་དང་རས་དང་ཤིང་ཤུན་ལ་སོགས་པ་ལ་པིར་ཚོན་ 26-1-374a གྱིས་བྲིས་ཏེ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་འཁོར་ལོའི་ཕྲེང་བ་རིམ་པ་བདུན་དང་ལྡན་པ་ལ་དབུས་ཀྱི་ལྟེ་བར་རིགས་ཀྱི་དཀྱིལ་འཁོར་གང་ཡང་རུང་བའི་རྩ་བའི་སྙིང་པོ་མགོ་ནུབ་ཏུ་བསྟན་པ་སོ་སོའི་ཁ་དོག་བཞིན་དུ་གནས་པ་བྲིའོ། །དེ་དག་གི་མུ་ཁྱུད་རྣམས་ལ་ནི་རང་རང་གི་ མཚན་མའི་ཕྲེང་བས་བསྐོར་བའོ། །དེའི་མཐའ་མར་རྣལ་འབྱོར་པ་དང་། གང་བསྲུང་བར་འདོད་པའི་གསང་བའི་མིང་དང་སྲུང་སྔགས་བྲི་བར་བྱའོ། །ནང་གི་འཁོར་ལོ་རྩེ་མོ་བརྒྱད་པ་ལ་ནི་ཤར་ནས་བརྩམས་ཏེ། ཕྱོགས་དང་མཚམས་མ་ནོར་བར་ལྷ་མོ་སོ་སོའི་ཆོས་ཀྱི་སྙིང་པོ་ཡི་གེ་བརྒྱད་དག་དགོད་པར་ བྱའོ། །དེའི་ཕྱི་རིམ་འཁོར་ལོ་རྩེ་མོ་བཅུ་དྲུག་ལ་ཡི་གེ་བརྒྱ་པ་ཤར་གྱི་དང་པོ་ནས་བརྩམས་ཏེ། དེ་ལ་ཐུག་གི་བར་དུ་དགོད་པར་བྱའོ། །དེ་ཡང་རྩེ་མོ་དང་པོ་ནི་ཨོཾ་བཛྲ་སཏྭ་ས་མ་ཡའོ། །གཉིས་པར་ནི་མ་ནུ་པཱ་ལ་ཡའོ། །གསུམ་པར་ནི་བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛའོ། །བཞི་པར་ནི་དྲྀ་ཌྷོ་མེ་བྷ་བའོ། ། ལྔ་པར་ནི་སུ་ཏོ་ཥྱོ་མེ་བྷ་བའོ། །དྲུག་པར་ནི་ཨ་ནུ་རཀྟོ་མེ་བྷ་བའོ། །བདུན་པར་ནི་སུ་པོ་ཥྱོ་མེ་བྷ་བའོ། །བརྒྱད་པར་ནི་སརྦ་སིདྡྷིསྨེའོ། །དགུ་པར་ནི་པྲ་ཡཙྪའོ། །བཅུ་པར་ནི་སརྦ་ཀརྨ་སུ་ཙ་མེའོ། །བཅུ་གཅིག་པར་ནི་ཙིཏྟཾ་ཤྲེ་ཡཿཀུ་རུའོ། །བཅུ་གཉིས་པར་ནི་ཧཱུཾ་དང་ཧ་བཞི་དང་ཧོཿའོ། །བཅུ་ གསུམ་པར་ནི་བྷ་ག་ཝཱན་ནོ། །བཅུ་བཞི་པར་ནི་སརྦ་ཏ་ཐཱ་ག་ཏའོ། །བཅོ་ལྔ་པར་ནི་བཛྲ་མཱ་མེ་མུཉྩའོ། །བཅུ་དྲུག་པར་ནི་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཞེས་པའོ། །འདི་དག་ནི་རྡོ་རྗེ་སེམས་དཔའི་དབང་དུ་བསྟན་པ་སྟེ།རིགས་གཞན་དག་གིས་ནི་རང་གི་མཚན་གྱིས་བསྒྱུར་བའི་གསང་སྔགས་ གཞན་ནོ། །འཁོར་ལོའི་རྩིབས་མཆན་བཅུ་དྲུག་པ་ལ་ནི་འོག་ནས་འབྱུང་བའི་རིགས་སོ་སོའི་ཕྲིན་ལས་ཀྱི་གསང་སྔགས་མཐའ་རྒྱན་དང་བཅས་པར་བྲིའོ། །དེའི་ཕྱི་རོལ་ན་སྣ་ཚོགས་རྡོ་རྗེའི་རྩེ་མོ་བཞིའི་ར་དབུས་མ་ལ་ནི་ཆོས་ཀྱི་སྙིང་པོ་དཀྱིལ་མ་དང་མཐུན་པར་འདྲི་བ་ལས། རྣམ་པར་སྣང་མཛད་ ཀྱི་ནི་ཁྱད་པར་དུ་ཨོཾ་མོ། །སྣ་ཚོགས་རྡོ་རྗེའི་རྩིབས་མཆན་བཞིར་ནི་ཁྲོ་བོ་གནོད་མཛེས་ཀྱི་སྙིང་པོ་ཧཱུཾ་བཞི་དང་སྦྱོར་བ་དང་བཅས་པར་བྲི་སྟེ། ཤར་ལྷོར་ནི་ཨོཾ་སུམ་བྷ་ནི་སུམ་བྷ་ཧཱུཾ་ཞེས་པའོ། །ལྷོ་ནུབ་ཏུ་གྲྀཧྞ་གྲྀཧྞ་ཧཱུཾ་ཞེས་པའོ། །ནུབ་བྱང་དུ་ནི་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཞེས་པའོ། །བྱང་ཤར་དུ་ནི་ཨཱ་ན་ཡ་ 26-1-374b ཧོཿབྷ་ག་ཝཱན་བིདྱཱ་རཱ་ཛཱ་ཡ་ཧཱུཾ་ཕཊ་ཅེས་པའོ། །དེའི་ཕྱི་རོལ་མུ་ཁྱུད་ལ་ཕྱོགས་མཚམས་རིམ་པ་བཞིན་དུ་ཨཱ་ལི་བཅུ་དྲུག་ལས་གནས་རེ་རེ་རུ་གཉིས་གཉིས་དགོད་པའོ། །དེའི་ཕྱི་རོལ་མུ་ཁྱུད་ལ་གསལ་བྱེད་ཀྱི་ཡི་གེ་རྣམས་ཕྱོགས་དང་། མཚམས་སུ་སྡེ་པ་རེ་རེ་དགོད་པར་བྱའོ། །དབུས་ཀྱི་ ཡི་གེ་མ་གཏོགས་པའི་ཡི་གེ་ཐམས་ཅད་ནི་མགོ་བོ་ཤར་ནས་བསྟན་ཏེ་བྲི་བར་བྱའོ། །མཐའ་མའི་མུ་ཁྱུད་ལ་ནི། ཨོཾ་ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོ་འདི་སྐད་གསུངས། །ཞེས་པའི་ རྗེས་ལ་སྭཱ་ཧཱ་ཞེས་བརྒྱན་པར་བྱའོ། །དེའི་ཕྱིར་རྩ་བའི་རྒྱུད་ཆེན་པོ་ལས་ཀྱང་འདི་དག་རྒྱས་པར་བཤད་དེ། གཞུང་མང་པོའི་ཚོགས་འཛིན་པ་དག་ལ་ཚིགས་བཅད་ཀྱི་དོན་བསྡུས་ཏེ་བསྟན་པའོ། །དེ་ལྟ་བུའི་འཁོར་ལོ་བྲིས་ནས་མཆོད་པ་དང་བསྒོམས་པས་ནི་འོག་ནས་བརྗོད་པའི་ ཡོན་ཏན་དག་འགྲུབ་པར་འགྱུར་བའོ། །དེ་ཡང་ཚོན་སྣ་ཚོགས་དང་གུར་གུམ་ལ་སོགས་པའི་དྲི་སྣ་ཚོགས་བཟང་པོས་བརྒྱན་ཅིང་མཆོད་པའི་ཚོགས་རྒྱ་ཆེན་པོ་བཤམས་ནས།རིགས་ཀྱི་དཀྱིལ་འཁོར་དགུག་གཞུག་བྱས་ཏེ་རབ་ཏུ་གནས་པའི་ཚུལ་གྱིས་གཉིས་སུ་མེད་པར་བྱའོ། ། དེ་ལ་ཡི་གེའི་དོན་ནི་གང་ཞིག་ཨཱ་ལི་ཀཱ་ལི་ནི་ཐབས་དང་ཤེས་རབ་མཚོན་པའི་རྟགས་སུ་བྱུང་བས། འོད་ཀྱི་སྐུད་པ་དང་བཅས་པར་མཉམ་ཞིང་མཚུངས་པའི་ཕྲེང་བ་གཉིས་སུ་བྱ་ཞིང་། ཤར་ཕྱོགས་ཀྱི་ཁའི་ཐད་ཀར་མགོ་མཇུག་གི་རྩེ་མོ་མདུད་པར་བྱའོ། །དེ་དག་བསྒོམ་པའི་དུས་ སུ་ནི་སྙིང་གར་གནས་པས་ཡི་གེའི་སྦྱོར་མཚམས་ཁའི་ཐད་ཀར་མདུད་པ་ཡིན་ལ། རྟེན་ལ་སྒྲུབ་པའི་དུས་སུ་ཡང་རྣལ་འབྱོར་པའི་མདུན་དྲང་པོར་བསྟན་པའི་ཕྱིར་རོ། །དེ་ལྟར་ཡི་གེ་སྣ་ཚོགས་བཀོད་པའི་སྒོ་ནས་ཡི་གེ་ཐམས་ཅད་དགོད་པར་བྱའོ། །དེ་དག་ནི་ཐུན་མོང་གི་ཆོ་ གར་བསྟན་པ་སྟེ། གང་ཟག་རྣམ་པ་གསུམ་གྱི་སྒོ་ནས་རིགས་ཀྱི་དཀྱིལ་འཁོར་སྤྱིའི་དོན་དུ་ཤེས་པར་བྱའོ། །ད་ནི་ཁྱད་པར་གྱི་མཚན་ཉིད་ལས་རིགས་དྲུག་གི་དཀྱིལ་འཁོར་རིམ་པ་བཞིན་དུ་བསྟན་པའི་ཕྱིར། རྡོ་རྗེ་སེམས་དཔའ་དཔལ་གྱི་ལྷའི། །བསྟོད་དང་བཅས་པའི་མཚན་ 26-1-375a བྲིས་ནས། །ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་སེམས་དཔའི་སྒོ་ནས་གཞན་བསྲུང་ཞིང་སྡིག་པ་སྦྱང་བར་བྱ་བ་དང་། བདག་ཉིད་ཀྱིས་དངོས་གྲུབ་ལ་སྦྱོར་བའི་དུས་སུ་འཁོར་ལོའི་བྱེ་བྲག་གཉིས་བསྟན་ཏེ། འཁོར་ལོའི་རྩིབས་མཆན་བཅུ་དྲུག་ལ་གནས་པའི་སྔགས་དང་ མཐའ་རྒྱན་དག་བསྒྱུར་བའི་སྒོ་ནས་སོ། །དེ་བཞིན་དུ་སངས་རྒྱས་རྣམ་པར་སྣང་མཛད་ལ་སོགས་པའི་འཁོར་ལོ་དག་ཀྱང་ཤེས་པར་བྱ་སྟེ་གོ་སླ་བའི་ཕྱིར་མ་བཤད་དོ། །གང་དག་བྲིས་ཤིང་བརྗོད་པའི་ཁྱད་པར་གྱི་ཕན་ཡོན་ནི། བྲིས་ན་བསོད་ནམས་ཆེ་བ་ལྟར། །བརྗོད་པ་དག་ཀྱང་དེ་ བཞིན་ཏེ། །ལས་ཀྱི་དངོས་གྲུབ་རབ་འབྱམ་དག །མ་ལུས་པར་ནི་མྱུར་དུ་འགྲུབ། །གང་ནས་འབྱུང་བ་བཞིན་དུ་སྒོམ་པ་དང་། སྒྲུབ་པ་མི་ནུས་པ་དག་གིས་ནི་སྔགས་བརྗོད་པས་ཀྱང་ལས་ཐམས་ཅད་ལ་སྦྱོར་བར་བྱེད་དོ། །གང་ཞིག་གིས་ཡི་དམ་གྱི་ལྷ་དང་བླ་མ་དག་གི་མཚན་བརྗོད་ པའི་ཚུལ་ནི། ལྷག་པའི་ལྷ་ནི་གང་གང་གིས། །སློབ་དཔོན་གང་དང་གང་ཡིན་པ། །དེ་དང་དེ་ཡི་མཚན་དག་ནི། །དཔལ་གྱི་ཚིག་དང་ལྡན་པར་བརྗོད། །དེ་དག་ལ་མ་གུས་པ་སྤང་བའི་དོན་དུ་གནས་དང་ཡོན་ཏན་གྱི་སྒོ་ནས་དཔལ་གྱི་ཞབས་ཞེས་པའི་སྒྲ་གཞུག་གོ། །ཡང་གཟུགས་བརྙན་གྱི་དཀྱིལ་ འཁོར་དང་། ཚོགས་ཀྱི་འཁོར་ལོ་དང་སྦྱོར་བ་འདི་དག་ཙམ་གྱི་སྒོ་ནས་དབང་བསྐུར་བའི་དོན་དུ། སློབ་མ་དཀྱིལ་འཁོར་བཅུག་ནས་ཀྱང་། །ཡོན་གྱི་མཆོག་དག་བླངས་ནས་ནི། །རྡོ་རྗེ་མིང་གིས་དབང་བསྐུར་བས། །དེ་བཞིན་གཤེགས་པར་དེ་ལུང་བསྟན། །ཞེས་སོ། །གཉིས་པར་ནི་ཡི་ དམ་ལྷའི་སྔགས་བླང་བའི་དོན་དུ་གནས་དབེན་པར་མཎྜལ་ལེགས་པར་བྱུགས་ཏེ། རྡོ་རྒྱུས་ཀྱི་ཕྱེ་མས་ཨེ་གྲུ་གསུམ་དཀར་པོ་ལ་གནས་པའི་པདྨ་དམར་པོ་འདབ་མ་བརྒྱད་པ་བྲི་བར་བྱའོ། །དེ་ལ་དབྱངས་དང་གསལ་བྱེད་ཀྱི་ཡི་གེ་དག་དགོད་དེ། དབུས་སུ་ནི་ཀྵ་མགོ་ནུབ་ཏུ་བསྟན་པའོ། ། འདབ་མ་བརྒྱད་ལ་ནི་ཤར་ནས་བརྩམས་ཏེ། ཀའི་སྡེ་ཚན་དང་། ཙའི་སྡེ་ཚན་དང་། ཏ་ལོག་གི་སྡེ་ཚན་དང་། ཏ་དྲང་གི་སྡེ་ཚན་དང་། པའི་སྡེ་ཚན་དང་། ཡའི་སྡེ་ཚན་དང་། ཤའི་སྡེ་ཚན་དང་། ཨཱ་ལིའི་སྡེ་ཚན་དག་བྲི་བར་བྱའོ། །དེའི་མཐའ་མར་མཆོད་པའི་ཚོགས་དང་གཏོར་མའི་ཚོགས་དང་ 26-1-375b རྒྱན་ཐམས་ཅད་བཀྲམ་ཞིང་། དེ་དག་སྦྱངས་ནས་སླར་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་སྔོན་དུ་འགྲོ་བའི་ལས་དག་དང་། བསོད་ནམས་ཀྱི་ཚོགས་བསགས་པ་དང་། སྲུང་བའི་འཁོར་ལོ་བསྒོམ་པ་དང་། གཞི་རྟེན་སྦྱོར་བའི་ཏིང་ངེ་འཛིན་དང་། དམིགས་པ་གསུམ་ གྱི་ལས་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་རྣམས་དགུག་གཞུག་བྱ་སྟེ། སྔགས་ཀྱི་རྣམ་པས་བསྟིམས་ནས་མཉེས་པར་གྱུར་པ་དང་། ཡི་དམ་གྱི་ལྷའི་སྙིང་པོ་བཏུ་བར་བྱ་སྟེ། མཎྜལ་གྱི་མཐའ་མར་རྡོ་རྒྱུས་ཀྱིས་བྲིས་ནས་སློབ་མ་ཀློག་ཏུ་གཞུག་གོ། །དེ་ནས་བདེ་བར་གཤེགས་པའི་བྱིན་ རླབས་དང་། སྔགས་ཀྱི་རྣམ་པ་དེ་ཉིད་ཀྱི་རྒྱུད་ལ་དབབ་པ་བྱས་ནས། ཡི་གེ་བརྒྱ་པས་བརྟན་པར་བྱ་ཞིང་ལས་མཐར་ཕྱིན་པར་བྱའོ། །དེ་དག་གི་རྗེས་ལ་གཏོར་མའི་ཆོ་གས་མགྲོན་རྣམས་མཉེས་པར་བྱས་ནས་བཀྲ་ཤིས་ཀྱི་ཆོ་ག་བརྗོད་པར་བྱའོ། །དེའི་ཕན་ཡོན་ནི། ཕྱག་རྒྱའི་སྦྱོར་བ་འདི་དག་ གིས། །བྱང་ཆུབ་སྙིང་པོའི་བར་དུ་ནི། །རྡོ་རྗེ་མིང་དུ་རབ་ཏུ་གནས། །དེ་ནས་སངས་རྒྱས་སུ་ཡང་འགྱུར། །ཞེས་པ་སྟེ་གོ་སླའོ། །ཆོ་གའི་ཡན་ལག་ནི་ཚོགས་བསགས་པ་དང་། བསྲུང་ཞིང་བསྒྲུབ་པ་དང་། དངོས་གྲུབ་ཀྱི་ལས་ཀྱི་ལས་ཐམས་ཅད་ལ་སྦྱོར་བ་དང་། དབང་བསྐུར་བ་དང་། གསང་སྔགས་བླང་བ་དག་གི་དུས་སུ་ཆོ་གའི་ཡན་ལག་སྔོན་དུ་འགྲོ་བ་དག་དང་ལྡན་པས་འདི་ཉིད་བརྩམ་པར་བྱའོ་ཞེས་པའོ། །བསྟོད་པ་དང་བཅས་པའི་མིང་གི་ཕྱག་རྒྱ་ཞེས་པའི་དོན་རྣམ་པར་བཤད་པའོ། །ད་ནི་བཅུ་དགུ་པ་བརྡའི་ཕྱག་རྒྱ་ཞེས་པ་ལས། དང་པོར་ལུས་ཀྱི་བརྡ་དམ་ཚིག་གི་ ཕྱག་རྒྱའི་སྒོ་ནས་ཕྱག་བཙལ་བའི་ཕྱིར། སྤྱི་བོར་ཉུག་པ་གང་ཡིན་པ། །ཕྱག་འཚལ་བར་ནི་བསྟན་པ་ནི། །དཔྲལ་བར་རེག་པར་བྱེད་པ་ནི། །ཕྱག་ལན་ཡིན་པར་ཤེས་པར་བྱ། །དུར་ཁྲོད་ལ་སོགས་པའི་གནས་སུ་རྣལ་འབྱོར་པ་ནང་པར་ཚོགས་པའི་ཚེ། སྒོ་གང་ནས་འཇུག་པ་ལ་སོགས་ པའི་ཚུལ་དང་། ཕྱི་ནང་གི་མཚན་མ་ངོ་ཤེས་པར་བྱ་བ་དང་། ཚོགས་ཀྱི་འཁོར་ལོའི་གནས་སུ་རྣལ་འབྱོར་པ་གཅིག་ལ་གཅིག་གིས་དམ་ཚིག་བརྟག་པ་དང་། སྒྲུབ་པ་དང་ཕྲིན་ལས་ཀྱི་དུས་སུ་གསང་བའི་བརྡ་ལ་གནས་ཤིང་། ཐ་མལ་པའི་ལུས་ཀྱི་སྤྱོད་པས་བར་ཆད་དུ་མི་འགྱུར་བའི་ 26-1-376a ཕྱིར། རྡོ་རྗེ་སློབ་དཔོན་དང་སློབ་མར་བཅས་པ་ཐམས་ཅད་ཀྱི་ཚུལ་འདི་ཉིད་ཀྱིས་འཇུག་པར་བྱ་སྟེ། ཕྱག་འཚལ་བའི་དུས་སུ་ནི་སྤྱི་གཙུག་ས་ལ་གཏུགས་པ་སྟེ་དེར་ཉུག་པའོ། །ཕྱག་ལན་གྱི་དུས་སུ་དགའ་བའི་མདངས་ཀྱིས་དཔྲལ་བ་གྱེན་དུ་འདེགས་པའོ། །ཡང་སྨིན་ མ་ལ་སོགས་པའི་ལུས་ཀྱི་ཡན་ལག་དང་། ཉིང་ལག་ལ་སོགས་པ་ཀུན་གྱི་སྒོ་ནས་བསྟན་པའི་ཕྱིར། སྨིན་མ་བསྐུལ་བ་གང་ཡིན་པ། །སངས་རྒྱས་ཐམས་ཅད་གནས་པའི་བརྡ། །ཞེས་པ་ལ་སོགས་པ་གསུངས་ཏེ། སྨིན་མ་གཡས་པ་དང་གཡོན་པ་དག་གི་བྱེ་བྲག་གི་ལྷ་ ཡབ་ཡུམ་གྱི་ངོ་བོར་གནས་པ་ཡིན་ཞེས་པས། གཡས་པ་གྱེན་དུ་བཏེག་པ་ནི་ནམ་མཁའ་ལ་བལྟ་བ་སྟེ། དེ་དང་ཚུལ་མཐུན་པའི་མཁའ་འགྲོ་མའི་དངོས་གྲུབ་ཐོབ་ཅེས་པའོ། །གཡོན་པ་བཏེག་པ་ནི་འཇིག་རྟེན་གསུམ་གྱི་དངོས་གྲུབ་མཐའ་དག་ལ་སྦྱོར་ཞིང་དེ་དག་ཟིལ་གྱིས་མནན་པའོ། ། མིག་གཡོན་པ་བསྒྱུར་བས་ཤེས་རབ་ཀྱི་བརྡ་སྟེ་བུད་མེད་མཚོན་པའོ། །གཡས་པ་ཐབས་ཀྱི་བརྡ་སྟེ་སྐྱེས་པ་མཚོན་པའོ། །རྣ་བ་གཡོན་པའི་སྒོ་ནས་ཤེས་རབ་ཀྱི་གླུ་སྙན་པའི་དབྱངས་ཉན་པ་དང་། གཡས་པ་ཐབས་ཀྱི་ཚིག་ལེགས་པར་བརྗོད་པའོ། །སྣ་བུག་གཡས་པ་ཐབས་ ཀྱི་སྒོ་ནས་འདུག་པ་སློང་བ་དང་། གཡོན་པའི་སྒོ་ནས་ཤེས་རབ་ཀྱི་དྲི་དེ་ལས་གཞན་དག་སློང་བའོ། །ལྕེ་གཡས་དང་གཡོན་པར་ཉུག་པ་ནི་གཏུམ་པའི་ཤ་དང་། སྒོག་པའི་ཆང་ངོ་། །མཆེ་བ་གཡས་པས་མ་མཆུ་མནན་པ་ནི་ཐབས་ཀྱི་མཚན་མས་སྐྱེས་པར་འགྱུར་ལ་གཡོན་པ་ཤེས་རབ་ ཀྱི་བརྡས་ནི་བུད་མེད་དོ། །ལྐོག་མ་ནི་དམ་པའི་ཆོས་ཐམས་ཅད་བརྗོད་པའི་སྒྲའི་གནས་ཏེ་རྟོག་པ་ཐམས་ཅད་ཀྱི་དོན་མཚོན་པར་བྱེད་པའོ། །སྙིང་ག་ནི་གསང་བའི་མཛོད་རང་བྱུང་གི་ཡེ་ཤེས་ཀྱི་གནས་ཡིན་པས། དེ་ཉིད་ནས་མཛུབ་མོས་འདྲེན་པ་ལྟར་བྱེད་པ་ནི་རྡོ་རྗེ་ཐེག་པའི་དོན་སྟོན་ཅིང་། འཁོར་བའི་ཆོས་ཐམས་ཅད་བྱང་ཆུབ་ཆེན་པོའི་ལམ་དུ་སྦྱོར་བར་བྱེད་པའོ། །ལྟེ་བ་ནི་ལུས་ཀྱི་དཀྱིལ་དུ་གྱུར་པས་མཐའ་ཐམས་ཅད་དང་བྲལ་བའི་དབུ་མའི་དོན་སྒྲུབ་ཅིང་ཡེ་ཤེས་ཀྱི་འཁོར་ལོ་ལས་ཆོས་སྣ་ཚོགས་ཀྱི་དོན་སྟོན་ཅིང་བསྐོར་བར་མཛད་པའོ། །དབང་པོ་འགྲེང་བ་ནི་རང་བྱུང་ 26-1-376b གི་ཡེ་ཤེས་ཆེན་པོའི་བདེ་བ་ལས་བྱུང་བའི་བདེ་བ་ཆེན་པོའི་སྐུ་མཚོན་པར་བྱེད་པའོ། །ཕྲག་པ་གཡས་པས་ནི་འགུགས་པའི་དོན་དུ་བསྐུལ་ཞིང་། གཡོན་པས་ནི་སླར་གཏོང་བར་བྱེད་པའོ། །དཔུང་པ་གཡས་གཡོན་དག་གིས་བདག་ལ་འཁྱུད་པ་ལས་ཐམས་ཅད་འགྲུབ་པ་དང་། དེ་ལས་ ཁྱད་པར་དུ་གྱུར་པའི་ཆེ་བའི་ཡོན་ཏན་གྱི་དབང་ཕྱུག་ཐམས་ཅད་འགྲུབ་པའོ། །ཁུ་ཚུར་གཡས་པ་བཅིངས་པས་ནི་གང་ཡང་རུང་བ་དག་བཅིངས་ཤིང་། གཡོན་པ་བཀྲོལ་བས་ནི་དེ་དག་སླར་ཐོང་ཤིག་པའོ། །བརླ་གཡས་པས་ནི་འདོད་པའི་བྱ་བ་ལ་སྦྱོར་ཞིང་། གཡོན་པས་ཆོས་སྣ་ ཚོགས་ལ་སྦྱོར་བའོ། །པུས་མོ་གཡོན་པས་ནི་འདུད་པ་ཙམ་ཡིན་ལ། གཡས་པས་ནི་དགའ་ཞིང་དང་བའི་སྒོ་ནས་ཕྱག་འཚལ་བ་དང་། ཡང་གཡས་པ་དང་གཡོན་པས་བྱ་བའི་ལས་ཐམས་ཅད་འཆིང་བ་དང་། གྲོལ་བར་གྱིས་ཤིག་པའོ། །རྐང་པ་གཡོན་པ་ཤེས་རབ་ཀྱི་ཚུལ་གྱིས་ གནོན་ཅིང་། གཡས་པ་ཐབས་ཀྱིས་ནི་དེ་དག་འཇོམས་པར་མཛད་པའོ། །དེ་དག་གི་ཕན་ཡོན་ནི་གོ་སླའོ། །དེས་ནི་ལུས་ཀྱི་ཡན་ལག་དང་ཉིང་ལག་གི་སྒོ་ནས་བརྡའི་དམ་ཚིག་གི་ཕྱག་རྒྱ་བསྟན་པའོ། །ད་ནི་ངག་གི་བརྡ་ལས་ཕྱག་འཚལ་བ་དང་། དེའི་ལན་བསྟན་པའི་ཕྱིར། ཨོཾ་ཨ་ཏི་པུ་ ཞེས་པའི་བརྡ་འདི་ནི་ཕྱག་འཚལ་ཞེས་བསྟན་པའོ། །པྲ་ཏི་པུ་ཞེས་པ་ནི་ཕྱག་ལན་ཡིན་པར་ཤེས་པར་བྱའོ། །རིགས་སོ་སོའི་དཀྱིལ་འཁོར་དུ་རང་རང་གི་སྔགས་ཀྱིས་མཚོན་ཞིང་གུས་པའི་སྒོ་ནས་ཚིག་བརྗོད་པ་དང་། དགྱེས་པའི་སྒོ་ནས་ལན་བརྗོད་པར་བྱའོ། །དེ་དག་ནི་སྤྱིར་བསྟན་པ་ སྟེ། ཁྱད་པར་གྱི་དོན་རྒྱས་པར་བཤད་པ་ནི་རྩ་བའི་རྒྱུད་ལས་འབྱུང་བ་དག་སྟེ། ཚོགས་ཀྱི་འཁོར་ལོའི་ཆོ་གར་བསྡུས་ཤིང་གསལ་བར་བྱས་པ་ཡིན་ནོ། །ད་ནི་དཀྱིལ་འཁོར་གྱི་མཚན་ཉིད་ཀྱི་བརྡ་ལས། དང་པོར་རྡོ་རྗེ་སེམས་དཔའ་ནི། །སེམས་དཔའ་སྔོན་དང་མཐའ་མེད་པ། །རྡོ་རྗེ་ སེམས་དཔའ་བདེ་བའི་མཆོག །ཅེས་པ་ལ་སོགས་པ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ནི་འཁོར་བའི་ཐོག་མ་དང་ཐ་མ་མེད་པའི་དུས་སུ་བྱུང་ཞིང་། ཆོས་ཐམས་ཅད་ཀྱི་རང་བཞིན་དང་འབྱུང་གནས་བདེ་བ་ཆེན་པོའི་སྐུར་གནས་པའོ། །དེས་ན། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་ 26-1-377a སེམས་དཔའ་བདེ་བའི་མཆོག །བྱང་ཆུབ་སེམས་མཆོག་གཙོ་བོའི་གཙོ། །ཀུན་དུ་བཟང་པོའི་ཀུན་བདག་ཉིད། །ཅེས་དཔལ་མཆོག་དང་པོའི་རྒྱུད་ལས་ཀྱང་གསུངས་སོ། །དེ་ཉིད་ངོ་མཚར་རྨད་དུ་བྱུང་བའི་ཆོས་དང་ལྡན་པས་ཨེ་མ་བདེ་ཞེས་བྱ་སྟེ། དེ་ཉིད་དཔང་དང་ ལྡན་པའི་སྒྲས་བརྗོད་ན་སྡིག་པ་ཐམས་ཅད་ལས་ཐར་ཞིང་བདེ་བ་ཐམས་ཅད་འགྲུབ་པར་འགྱུར་བའོ། །ད་ནི་དཀྱིལ་འཁོར་གྱི་ལྷ་མོ་རྣམས་ཀྱི་རིམ་པ་བཞིན་དུ་བསྟན་པའི་ཕྱིར། བདེ་མཆོག་ཨེ་མའོ་བདེ་བ་དང་། །སྒྲོན་མ་དེ་བཞིན་ཤི་ཤི་དག །ཅེས་པ་ལ་སོགས་པ་སྟེ། རང་ཉིད་ཀྱི་ ཆེ་བའི་ཡོན་ཏན་ཡེ་ཤེས་བཞིའི་སྣང་བ་རིགས་རྣམ་པ་བཞིའི་བདེ་བར་གཤེགས་པ་དག་ནི་ལྷ་མོ་བཞིའི་མཚན་མར་གནས་ཏེ། དེ་དག་དང་མི་འབྲལ་ཞིང་རྟག་ཏུ་གནས་པའི་སྒོ་ནས་གསང་བའི་ལྷ་མོ་བཞི་ཞེས་ཏེ། ཕུང་པོ་རྣམ་པ་ལྔ་དང་། ཉོན་མོངས་པ་ལྔ་པོ་རྣམ་པར་འཛད་པའི་ཕྱིར། རྒྱས་ འདེབས་མ་དང་རྨོངས་བྱེད་མ་དང་། ཟ་བ་མོ་དང་ཚེ་འཕེལ་མོ་ཞེས་བརྡར་བསྟན་པའོ། །བྱང་ཆུབ་ཀྱི་སེམས་རྣམ་པ་བཞི་རྣམ་པར་དག་པའི་མཚན་ཉིད་ཡེ་ཤེས་ཀྱི་དམིགས་པའི་ཡུལ་དུ་སྣང་བ་རིགས་ཀྱི་ཡུམ་བཞི་དག་ནི་སངས་རྒྱས་བྱང་ཆུབ་མ་ལ་སོགས་པའི་བརྡས་བསྟན་ པའོ། །ཐབས་མཁས་པའི་ཚད་མེད་པ་བཞིའི་མཛད་སྤྱོད་ཀྱི་སྣང་བ་དག་ལ་རྟ་གདོང་མ་ལ་སོགས་པའི་བརྡས་བསྟན་ཏོ། །དགའ་བ་ལས་བྱུང་བའི་ཕྱག་རྒྱ་ཆེན་པོའི་བྱང་ཆུབ་ཀྱི་སེམས་རྣམ་པ་བཞི་དང་། ཟག་པ་མེད་པའི་ཕུང་པོ་ལྔ་མཚན་པའི་བརྡར་ནི་ནང་གི་མཆོད་པའི་ལྷ་མོ་བཞི་ དང་། ཕྱིའི་ལྷ་མོ་བཞི་དག་བསྟན་པའོ། །དཀྱིལ་འཁོར་གྱི་མཚན་རྒྱ་ཆེན་པོའི་བརྡས་ནི་སྣ་ཚོགས་པའི་དོན་མཚོན་པར་བྱེད་པ་སྟེ། ཉིད་ཀྱི་སྣང་བའི་ཡོན་ཏན་རང་ལས་བྱུང་བ་ཚོགས་མ་ལུས་པ་རྣམས་སོ། །ཡང་གསང་བའི་ལྷ་མོ་བཞིའི་ཕྱག་མཚན་གྱི་བརྡ་ནི། སྨིན་མ་བསྐྱོད་པ་ བརྡ་བཞི་ཡིན། །བྷ་ག་ལིངྒ་ཨེ་མའོ་བདེ། །ཞེས་པ་ལ་སོགས་པ་སྟེ། ཆགས་པའི་སྒོ་ནས་མེ་ཏོག་གི་མདའ་འཕེན་པ་དང་། སྨིན་མ་བསྐྱོད་པའི་ལྟ་བ་དག་ཆོས་མཐུན་ཏེ། བདེ་བ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ལ་དགའ་བ་རྣམ་པ་བཞིས་གནས་པའི་བརྡར་འགྱུར་བའོ། །བྷ་ 26-1-377b ག་དང་ལིངྒས་ནི་ལུས་དང་སེམས་ཀྱི་བདེ་བ་ཆེན་པོ་དག་བསྐྱེད་པའི་བརྡར་གྱུར་པའོ། །ཐོད་པ་ནི་པདྨོ་དང་ཆོས་མཐུན་ཞིང་རྣམ་པར་དག་པའི་དོན་སྟོན་པར་བྱེད་ལ། དེས་ནི་འཁོར་བའི་སྣོད་བཅུད་ཐམས་ཅད་ལ་སྤྱོད་ཀྱང་དེ་ཉིད་དང་ཚུལ་མཐུན་པར་གནས་ཤིང་། ཁམས་གསུམ་ལས་རྒྱལ་ནས་ བསྙེམས་པ་མི་མངའ་བའི་རྟགས་སུ་ཐོད་པ་བདུད་རྩིས་བཀང་བ་དང་། ཁ་ཊྭཱཾ་ག་བྱུང་བ་ཡིན་ནོ། །བདེ་བ་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིས་སྐྱེ་འགྲོ་མཐའ་དག་འཛིན་ཅིང་འཆི་བ་མེད་པའི་སྐུར་བ་སྒྲུབ་པའི་ཕྱིར་ཐོད་པ་སངས་རྒྱས་ཀྱི་སྐུ་དང་བཅས་པར་བསྟན་པ་ཡིན་ནོ། །ད་ནི་དཀྱིལ་ འཁོར་གྱི་ངེས་ཚིག་བསྟན་པའི་ཕྱིར། དཀྱིལ་འཁོར་ལ་ནི་འཁོར་ལོར་བཤད། །དེ་ཉིད་དམ་ཚིག་ཡིན་པར་བཤད། །དཀྱིལ་འཁོར་གྱི་འཁོར་ལོ་དང་། མཚོན་ཆའི་འཁོར་ལོ་དག་ནི་ཆོས་དང་ལས་མཐུན་ཏེ། ཚོགས་པ་དང་གཅོད་པ་དང་བསྲུང་བ་དང་མྱུར་བ་དང་གཞན་དག་འཇིགས་པར་ མཛད་པའོ། །དེ་ཉིད་ནི་མི་འདྲ་བའི་སྒོ་ནས་རང་བཞིན་གྱི་ཆོས་སུ་གནས་པའོ། །ཡང་ཚོགས་ཀྱི་འཁོར་ལོའི་ངེས་ཚིག་ནི། ལྷ་རྣམས་ཐམས་ཅད་ཚོགས་པས་ན། །སྐྱེ་བོ་དམ་པ་ཀུན་ཚོགས་པ། །ཞེས་པ་ལ་སོགས་པ་སྟེ། ཕུན་སུམ་ཚོགས་པ་བཞི་དང་བཀོད་པ་བདུན་དང་། མཛའ་བ་ མཐའ་དག་འདུས་པའི་སྒོ་ནས་བསྟན་པའོ། །ད་ནི་རྟེན་གྱི་མཚན་ཉིད་ལས་རྡོ་རྗེ་རྒྱལ་པོ་དང་། རྒྱལ་ཐེབ་དང་ལས་མཁན་ལ་སོགས་པ་དག་གི་མཚན་ཉིད་རིམ་པ་བཞིན་དུ་བསྟན་པའི་ཕྱིར། ལྷ་མོ་ཐམས་ཅད་ཀུན་འདུས་པས། །ཐམས་ཅད་སྣ་ཚོགས་སྐལ་བ་བཟང་། །ཞེས་པ་ལ་ སོགས་པ་གསུངས་ཏེ། རྡོ་རྗེ་རྒྱལ་པོ་ནི་དཔལ་རྡོ་རྗེ་སེམས་དཔའ་དང་གཉིས་སུ་མེད་པར་བཞུགས་པའི་རྣམ་པ་ཅན་ཏེ། ལྷ་མོ་ཐམས་ཅད་ཀྱི་ལོངས་སྤྱོད་ཐམས་ཅད་དང་། འདོད་པའི་གནས་ཐམས་ཅད་འབྱུང་བའི་གནས་སུ་གྱུར་པ་ཤེས་བྱ་ཐམས་ཅད་ལ་མ་རྨོངས་པའི་ཐམས་ཅད་ མཁྱེན་པའི་ཡེ་ཤེས་ཅན་རྟག་ཏུ་འགྲོ་བའི་དོན་རྣམ་པར་སྤྱོད་པ་ལ་བརྩོན་པའོ། །རྒྱལ་ཐེབ་ནི་དེ་ཉིད་རྗེས་སུ་སློབ་ཅིང་ལས་དང་བྱ་བ་ཐམས་ཅད་གསལ་བར་ཤེས་ཤིང་སྒྲུབ་པ་དང་། ཆོ་གའི་ཡན་ལག་ཀུན་དང་ལྡན་པའོ། །ལས་ཀྱི་རྡོ་རྗེ་ནི་ཕྲིན་ལས་ཕྱོགས་གཅིག་ཉམས་སུ་ལོན་ 26-1-378a པ་དང་། བརྩོན་འགྲུས་ཤེས་རབ་ཀྱི་གྲོགས་དང་ལྡན་ཞིང་རབ་འབྲིང་ཐ་མ་གསུམ་གྱི་སྐལ་བ་ཅན་ནོ། །དེ་དག་གིས་ནི་རྟེན་གྱི་གང་ཟག་གི་མཚན་ཉིད་བསྟན་པ་ཡིན་ནོ། །ད་ནི་དབང་བསྐུར་བའི་བརྡ་བསྟན་པའི་ཕྱིར། སངས་རྒྱས་ཐམས་ཅད་རིན་ཆེན་མཆོག །དབུ་རྒྱན་མི་འགྱུར་ དམ་པ་ནི། །ཞེས་པ་ལ་སོགས་པ་སྟེ་རིགས་ཀྱི་དཀྱིལ་འཁོར་རྣམ་པ་ལྔ་ཡོན་ཏན་གྱི་རྒྱལ་སྲིད་དང་བཅས་པར་མཚོན་པའི་བརྡར་ནི་རིན་པོ་ཆེ་ལྔ་ལས་གྲུབ་པའི་དབུ་རྒྱན་རྩེ་མོ་ལྔ་པ་དང་ཡེ་ཤེས་དྲུག་དང་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་མཚོན་པའི་བརྡར་ནི་ཐོད་པའི་ཕྲེང་བ་དང་། དྲུག་པ་རྡོ་རྗེ་འཆང་ ཆེན་པོ་དང་ལྡན་པའི་བརྡར་ནི་སངས་རྒྱས་གཙུག་གི་ནོར་བུས་མཚོན་པའོ། །ཡང་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ཀྱི་དཀྱིལ་འཁོར་གཞན་དག་གི་རང་བཞིན་ཉིད་ཀྱི་རིགས་དང་། ཡེ་ཤེས་དང་ཡོན་ཏན་དང་མཛད་པའི་ཚོགས་དག་མཚོན་པའི་རྟགས་སུ་སངས་རྒྱས་རང་བཞིན་ གྲུབ་པ་གཅིག་དང་། དེ་བཞིན་པདྨོའི་རང་བཞིན་གཅིག །ཐམས་ཅད་དབང་བསྐུར་དབང་བསྐུར་ཆེ། །ཡིན་པར་དོན་ཀུན་གྲུབ་པར་གསུངས། །རིགས་སོ་སོའི་དབུ་རྒྱན་གོང་ནས་གསུངས་པ་ལྟ་བུར་བསྟན་པས་དེ་ཁོ་ན་ཉིད་ཀྱི་བརྡ་གྲོལ་བར་མཛད་པའོ། །གཞན་ཡང་ཡོན་གྱི་ རིམ་པ་ནི། ནོར་གྱི་དབྱིག་ཏུ་བཤད་པ་སྟེ། །སྙིང་ཡང་ནོར་གྱི་མཆོག་ཡིན་པས། །སངས་རྒྱས་བརྡ་ཡི་ཕྱག་རྒྱས་བཤད། །ཡོན་རབ་འབྲིང་རྣམ་གསུམ་ལས་མཆོག་ཏུ་གྱུར་པ་ནི་དད་པ་དང་ལྡན་ཞིང་སེམས་གདུང་བས་བཀའ་བཞིན་བསྒྲུབ་པའོ། །ཡང་ཚོགས་ཀྱི་དཀྱིལ་ འཁོར་དུ་སྒྲུབ་པའི་རྫས་ནི། ག་པུར་ཙནྡན་དམར་པོ་དང་། །སྦྱར་བ་ཁྲག་ཆེན་ཡིན་པར་བཤད། །ཅེས་པ་ལ་སོགས་པ་གསུངས་ཏེ། ཚོགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་བདུད་རྩི་རྣམ་པ་ལྔ་དང་། ཆགས་པ་ཆེན་པོའི་མཚན་མ་དང་མཆོད་པའི་རྫས་རིགས་རྣམ་པ་དྲུག་གི་ལོངས་སྤྱོད་ ཀྱི་རྐྱེན་དུ་གྱུར་པ་ཀུན་དུ་བསྡུས་ཤིང་དབུལ་བར་བྱའོ། །དེས་ནི་མཆོད་པའི་དུས་སུ་ཕྱི་ནང་གསང་བའི་ཚུལ་གྱི་དེ་ཁོ་ན་ཉིད་ཀྱི་དོན་སྟོན་ཅིང་། རང་རང་གི་མཚན་ཉིད་མཚོན་པ་དང་། དཀྱིལ་འཁོར་གྱི་མཚོན་ཉིད་མཉེས་པར་མཛད་པའོ། །ད་ནི་དམ་ཚིག་གི་བརྡ་བསྟན་པའི་ཕྱིར། 26-1-378b དེ་ནས་གྲུབ་པའི་མནའ་བསྒག་པ། །དམ་ཚིག་ཅེས་པར་བཤད་པའོ། །ཞེས་པ་ལ་སོགས་པ་སྟེ། དཀྱིལ་འཁོར་དུ་ཞུགས་ཤིང་དབང་ཐོབ་ནས་སྡོམ་པའི་རིམ་པ་དག །ཇི་ལྟར་མནའ་དང་དམ་ཚིག་ཏུ་ཁས་བླངས་པ་བཞིན་དུ་གནས་ཤིང་། དེ་ལས་མི་འདའ་བ་དང་། ལྷ་མོ་བཞིའི་དོན་ ཀྱི་སྒོ་ནས་སྒྲུབ་པའི་དེ་བཞིན་ཉིད་དག་ཤེས་པའི་སྒོ་ནས་ཉམས་སུ་བླང་བའོ། །ཡང་ཕྱག་རྒྱའི་བརྡ་ནི། དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང་། །འདའ་བར་བྱ་བ་མ་ཡིན་པས། །ཞེས་པ་ལ་སོགས་པ་སྟེ། སྐུ་གསུང་ཐུགས་ཀྱི་དམ་ཚིག་གི་ཕྱག་རྒྱ་དག་ནི་རྣལ་འབྱོར་པས་དུས་ ཐམས་ཅད་དུ་བསྒོམ་ཞིང་བསྒྲུབ་པ་དང་། བདེ་བར་གཤེགས་པས་ཀྱང་དེ་ཉིད་ལ་རྒྱས་འདེབས་པའི་ཕྱིར། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ལ་སྦྱོར་བར་གྱུར་པ་ནི་དམ་ཚིག་གི་མཆོག་སྟེ། དེ་ནས་སྦྱོར་བ་དང་ཕྱག་རྒྱ་དང་དམ་ཚིག་དག་གི་ཚུལ་གཅིག་པའི་ལས་ཅན་དེ། སྣ་ ཚོགས་གཅིག་གི་ངོ་བོ་ལ་སྦྱོར་བར་བྱེད་པའི་ཕྱིར་རོ། །ཡང་མཆོད་པའི་སྒོ་ནས་བརྡ་བསྟན་པའི་ཕྱིར། དེ་ཡི་ཉེ་བའི་ལོངས་སྤྱོད་ནི། །ཁམས་གསུམ་ཐམས་ཅད་མ་ལུས་པའོ། །ཞེས་པ་ལ་སོགས་པ་གསུངས་ཏེ། རིགས་ཀྱི་དཀྱིལ་འཁོར་དུ་གསལ་བའི་སྦྱོར་བས་ཕྱི་ ནང་སྣོད་བཅུད་ཀྱི་སྣང་སྲིད་མཐའ་དག་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་བསྒོམ་ཞིང་དེ་ལས་བྱུང་བའི་སྣང་བ་མཐའ་དག་ནི་མཆོད་པའི་ཚོགས་སུ་སྤྲུལ་ཞིང་བཀོད་པར་བྱའོ། །དེ་ཡང་ཇི་ལྟ་བུའི་རྣམ་པ་ཅན་ཞེ་ན། འདོད་པའི་ཡོན་ཏན་རྣམ་པ་དྲུག་སྟེ། རང་གི་ལོངས་སྤྱོད་ཀྱིས་ རང་ཉིད་མཆོད་པའི་བརྡར་གྱུར་པ་ཡིན་ནོ། །དེ་ཡང་ཁ་དོག་དང་དབྱིབས་ཀྱི་རྣམ་པ་དག་ནི་གཟུགས་ཀྱི་ལྷ་མོའོ། །སྒྲའི་བྱེ་བྲག་སྣ་ཚོགས་པར་གྲག་པ་དག་ནི་སྒྲའི་ལྷ་མོའོ། །དྲི་ཞིམ་པར་བྱེད་པའི་ཚུལ་གྱིས་དྲིའི་ལྷ་མོའོ། །རོ་ཐམས་ཅད་ར་ས་ཡ་ནའི་རྣམ་པར་འགྱུར་བས་ དེ་ཉིད་འཛིན་པའི་སྒོ་ནས་རོའི་ལྷ་མོའོ། །དགའ་བ་དང་བདེ་བ་གཉིས་ཀྱི་དོན་ཉམས་སུ་མྱོང་བས་རེག་གི་ལྷ་མོའོ། །ཟག་པ་མེད་པའི་ཡེ་ཤེས་རྣམ་པར་གྲོལ་བའི་ལམ་ལ་སྦྱོར་བས་ཆོས་ཀྱི་ལྷ་མོ་སྟེ། འདི་དག་ནི་ཕྱི་རོལ་གྱི་འབྱུང་བ་ཀུན་ལ་ཡང་སྣང་ལ། རང་ཉིད་ཀྱིས་བདག་ཉིད་ 26-1-379a ལས་འབྱུང་བ་ཡིན་པའི་ཕྱིར། རྣལ་འབྱོར་པའི་ལོངས་སྤྱོད་ཀྱིས་ཇི་ལྟར་བདེ་བ་བཞིན་དུ་བསྟན་པར་བྱའོ་ཞེས་པའོ། །ད་ནི་སྦྱོར་བ་བཞིའི་རིམ་པའི་བརྡ་ལས་དང་པོར་མཚན་ཉིད་བསྟན་པའི་ཕྱིར། བདག་གི་ལྷག་པའི་ལྷར་སྦྱོར་བ། །རང་གི་མཆོད་པའི་དམ་ཚིག་ ཡིན། །རྗེས་སུ་སྦྱོར་བས་མཆོད་ན་ནི། །སྦྱོར་བ་ཀུན་གྱི་བདེ་བའི་མཆོག །སངས་རྒྱས་བརྡ་ཡི་ཕྱག་རྒྱ་ཡིས། །བདེ་བ་ཆེན་པོ་ཡིན་པར་བཤད། །དང་པོར་མཚན་ཉིད་མདོར་བསྟན་པ་ཡིན་ཏེ། སྦྱོར་བས་རང་ཉིད་རྒྱུའི་རྡོ་རྗེ་སེམས་དཔར་སྒྲུབ་པ་ནི་ལྷག་པའི་ལྷའི་སྦྱོར་བ་སྟེ་ རང་ཉིད་མཉེས་པའི་ཡན་ལག་གོ། །རྗེས་སུ་སྦྱོར་བས་ཡུམ་བསྐྱེད་ཅིང་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་གྱིས་ཕྲིན་ལས་དག་མཐར་ཕྱིན་པ་ནི་མཉེས་པའི་ཡན་ལག་གཉིས་པའོ། །ཤིན་ཏུ་སྦྱོར་བའི་དཀྱིལ་འཁོར་བསྐྱེད་ཅིང་དེ་དག་གིས་སྤྱི་དང་ཁྱད་པར་ལས་རྒྱ་ཆེར་མཛད་པ་ནི་ མཉེས་པའི་ཡན་ལག་གསུམ་པའོ། །དེ་ལ་སྐྱེ་མཆེད་དྲུག་བྱིན་གྱིས་བརླབ་ཅིང་། སྐུ་གསུང་ཐུགས་རྡོ་རྗེ་བསྒོམ་པ་ལ་སོགས་པས་བདེ་བ་མཆོག་ཏུ་གྱུར་པ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། ཚེ་འདི་ཉིད་ཀྱི་མངོན་པར་ཤེས་པ་དག་འགྲུབ་ཅིང་བདེ་བ་ཆེན་པོའི་སྐུ་ལ་ སྦྱོར་བའོ། །དེས་ན་སྦྱོར་བ་ཆེན་པོ་ནི་འབྲས་བུའི་ངོ་བོར་གནས་སོ་ཞེས་ཀྱང་བཤད་དོ། །ཡང་དེ་ཉིད་ཀྱི་ངེས་ཚིག་བསྟན་པའི་ཕྱིར། ཡེ་ཤེས་ཙམ་ལ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་ནི་བཤད་པ་ཡིན། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། དང་པོར་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་ཡེ་ཤེས་ལྔའི་ཚུལ་གྱིས་སྦྱོར་ཞིང་། བྱང་ཆུབ་ཀྱི་སེམས་རྣམ་པ་ལྔ་གསལ་བར་བྱེད་པའི་ཚུལ་གྱིས་ཐབས་ཀྱི་སྐུ་གཅིག་པུ་ལ་དམིགས་པ་ཙམ་ཞེས་པའི་སྒྲ་སྨྲས་པ་ཡིན་ནོ། །གཞན་དག་ནི་གོ་སླ་སྟེ་དེ་ཉིད་ཀྱི་དོན་གསལ་བར་ནི་ རྟོག་པ་བདུན་པ་ལས་གསལ་བར་བཤད་པ། སྦྱོར་བ་བཞི་ཡི་རིམ་པ་ཡིས། །དཀྱིལ་འཁོར་རྫོགས་པར་བྱས་ནས་ནི། །རྗེས་སུ་འགྲོ་བའི་ལས་དག་གིས། །དཀྱིལ་འཁོར་བསྒྲུབ་པར་བྱ་བ་ཡིན། །ཞེས་པ་དང་། ཡང་རྩ་བའི་རྒྱུད་ལས་ཀྱང་། སྦྱོར་བའི་བྱེ་བྲག་རིམ་པ་བཞིན། །དཀྱིལ་ 26-1-379b འཁོར་གསལ་བར་བསྒོམ་བྱས་ནས། །རྒྱུ་མཐུན་ལམ་གྱི་ཚོགས་ལས་ནི། །རྣམ་གྲོལ་འབྲས་བུ་སྐྱེ་བར་འགྱུར། །སྦྱོར་བ་བསྒོམས་པའི་མཐུ་དག་གིས། །རྗེས་སྦྱོར་ལ་སོགས་གསལ་བར་འགྱུར། །མི་རྟོག་རྣམ་གྲོལ་བློ་འབྲས་བུ། །ཡོན་ཏན་སྣ་ཚོགས་འབྱུང་གནས་འགྲུབ། ། ཅེས་སོ། །ད་ནི་བསྙེན་སྒྲུབ་ཀྱི་བརྡ་ལས་དང་པོར། མཚན་ནི་དགའ་སྤྱོད་སྒྲུབ་པར་བཤད། །རྗེས་སུ་སྦྱོར་བ་རྗེས་སུ་བསྒྲུབ། །ཅེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། བསྙེན་སྒྲུབ་ཀྱི་རིམ་པ་དག་མཚོན་པའི་མཚན་མར་ཁྱད་པར་སོ་སོའི་མིང་གིས་ སྟོན་པར་བྱེད་དེ། དང་པོར་ཏིང་ངེ་འཛིན་གྱི་དགོས་པ་ནས་བཟུང་སྟེ། སྦྱོར་བའི་བར་དུ་གསལ་བར་བསྒོམ་པ་ནི་བསྒྲུབ་པའོ། །དེ་བཞིན་དུ་རྗེས་སུ་སྦྱོར་བ་དང་ཤིན་ཏུ་སྦྱོར་བ་དང་སྦྱོར་བ་ཆེན་པོའི་བར་དུ་གསལ་བར་སྒོམ་པ་དག་ནི་རྗེས་སུ་སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་དང་། ཤིན་ཏུ་སྒྲུབ་པ་ཞེས་པའོ། །འདི་ནི་བསྙེན་སྒྲུབ་ཀྱི་ཡན་ལག་ཀུན་གྱི་ཡང་གནས་སུ་ཡང་འཇུག་ཅིང་། ཁྱད་པར་དུ་ཡང་གང་ཟག་བློ་དམན་པ་དང་བསྡུས་པ་ལ་དགའ་བའི་དོན་དུ་བསྟན་པ་ཡིན་ནོ། །དེ་ཉིད་རྩ་བའི་རྒྱུད་ལས་ཀྱང་རྒྱས་པར་བཤད་ཅིང་། དེ་དང་རྗེས་སུ་མཐུན་ པར་དཔལ་ཟླ་གསང་ཐིག་ལེ་ལས་ཀྱང་། སྒྲུབ་པ་ལྷ་ཡི་སྦྱོར་བ་སྟེ། །རྗེས་སུ་སྒྲུབ་པ་ལྷ་མོའི་དོན། །སྒྲུབ་པ་ཆེན་པོ་གཉི་གའི་རྒྱ། །མཉམ་པར་སྦྱོར་བར་རྡོ་རྗེའི་མཆོག །ཉེ་བར་སྦྱོར་བ་གཉི་གའི་གནས། །ཤིན་ཏུ་སྦྱོར་བ་བདེ་དམ་པ། །ཞེས་སོ། །དེ་དག་གི་འབྲུའི་ དོན་ནི་གོ་སླའོ། །ཡང་འབྲེལ་ཚུལ་ནི། ཐམས་ཅད་ལྡན་པ་ཀུན་འགྲོ་བ། །དངོས་གྲུབ་དམ་པ་རབ་ཏུ་བཤད། །ཅེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། བསྙེན་སྒྲུབ་ཡན་ལག་བཞིའི་ཚུལ་གྱིས་ཐུན་མོང་དང་མཆོག་གི་དངོས་གྲུབ་རྣམ་པ་གཉིས་ པ་སྦྱོར་ཞིང་རིགས་དང་ཡེ་ཤེས་ཀྱི་སྣང་བ་གནས་སྐབས་སོ་སོའི་ཚུལ་གྱིས་དམིགས་པའི་ལས་དག་ཚུལ་རྣམ་པ་བཞིའི་སྒོ་ནས་འགྲུབ་པར་བྱེད་དེ། རང་ཉིད་ལ་གནས་པའི་ཡོན་ཏན་གྱི་འབྲས་བུ་ཐམས་ཅད་དུ་རྒྱུ་ཚོགས་པ་ལས་རྐྱེན་ཚོགས་པས་གསལ་བར་བྱེད་པའོ། །དེ་ 26-1-380a དག་གི་ཕན་ཡོན་ནི་གོ་སླ་བའི་ཕྱིར་མ་བཤད་དོ། །ད་ནི་བརྡ་སྣ་ཚོགས་བསྟན་པ་ལས་དང་པོར་མཆོད་པ་ལྔ་ནི། ཁྲག་ནི་མེ་ཏོག་ཡིན་པར་བཤད། །མདངས་ནི་བདུག་པ་ཡིན་པར་བཤད། །ཤ་ཆེན་དག་ནི་མར་མེ་སྟེ། །ཐལ་བ་དག་ནི་སྤོས་སུ་བཤད། །གང་ཞིག་ ཆགས་པའི་མཚན་མར་གྱུར་ཅིང་གསལ་བར་བྱེད་པ་ནི་མེ་ཏོག་ལྟ་བུ་དང་། ཡིད་ཚིམ་པའི་སྒོ་ནས་བདུག་པ་ལྟ་བུ་དང་། སྐྱེ་བ་བདུན་པའི་ཤས་མར་མེར་འགྱུར་བ་དང་། བྱུག་པའི་སྤོས་བཞིན་ལུས་དག་པའི་ཕྱིར་རོ། །ཡང་བཟའ་བཏུང་གི་བརྡ་ནི། ཆང་ནི་སྒེག་མོ་ཡིན་པར་བཤད། །རབ་ ཏུ་མྱོས་པ་སྦྲང་རྩིའོ། །ཞེས་པ་ལ་སོགས་པ་ལ་བདུད་རྩིའི་ལམ་གྱི་ཡན་ལག་བརྒྱད་ནི། བདུད་རྩི་ལྔ་དང་ཞག་དང་། ཁྲག་དང་ཐལ་བས་བརྒྱན་པའོ། །དེ་དག་གི་ལུས་ཀྱི་བཅུད་དུ་གྱུར་པས་བདུད་རྩི་ལྟ་བུའོ། །གཞན་དག་ནི་གོང་དུ་བཤད་ཟིན་ཏེ་གོ་སླའོ། །ཡང་འབྲས་བུ་ལྔའི་ བརྡ་བསྟན་པའི་ཕྱིར། ཨ་མྲ་རྒུན་འབྲུམ་པ་ནས། །ན་ལི་ཀེ་རི་ཨ་རུ་ར། །ཞེས་པ་ལ་སོགས་པ་སྟེ་དེ་དག་རང་བཞིན་གྱི་མཐུ་དང་ལྡན་པ་དང་། རྫས་སྦྱོར་བའི་མཐུ་དང་ལྡན་པ་དང་། བྱིན་གྱིས་བརླབས་པའི་མཐུ་དང་ལྡན་པ་དང་། དེ་དག་སྒྲུབ་པ་ལས་བྱུང་བའི་ཁྱད་པར་མཆོག་ཏུ་ གྱུར་པའི་འབྲས་བུ་ཆེན་པོ་ལྔའི་བརྡ་བསྟན་པ་ཡིན་ནོ། །ད་ནི་ལྷ་རྣམས་མཉེས་པར་བྱེད་པའི་བརྡ་ལས། རྡོ་རྗེ་སེམས་དཔའ་དང་། རྣམ་པར་སྣང་མཛད་དང་། ཉི་མ་དང་། ཧེ་རུ་ཀ་དང་། གར་གྱི་དབང་ཕྱུག་དང་།རྟ་མཆོག་རྣམས་ཀྱི་རིམ་པ་བཞིན་དུ་བཤད་པའི་ཕྱིར། རྡོ་རྗེ་སེམས་ དཔའ་དཔལ་སྦྱོར་བའི། །གླུ་དང་སིལ་སྙན་གར་བྱེད་པ། །ཞེས་པ་ལ་སོགས་པ་སྟེ། དཔལ་འབྱོར་པའི་གླུ་དང་སིལ་སྙན་དང་རབ་ཏུ་ཞི་བའི་གླུ་དང་། སིལ་སྙན་དང་། མིའི་དབང་པོའི་གླུ་དང་སིལ་སྙན་དང་། དུར་ཁྲོད་ཀྱི་གླུ་དང་། སིལ་སྙན་དང་། ཆགས་པའི་གླུ་དང་། སིལ་སྙན་དང་། རབ་ ཏུ་དཔའ་བའི་གླུ་དང་སིལ་སྙན་རྣམས་ཀྱིས་མཆོད་པ་མཛད་པའི་བརྡར་གྱུར་པའོ། །ཡང་མཁའ་འགྲོ་མའི་ངེས་ཚིག་དང་། སྒྱུ་མའི་ངེས་ཚིག་གི་སྒོ་ནས་རང་རང་གི་དོན་སྟོན་པར་མཚོན་པའི་ཚུལ་གྱིས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དཀྱིལ་འཁོར་ཀུན་གྱི་བརྡར་བཏགས་པ་ 26-1-380b ཡིན་ནོ། །ད་ནི་མཚན་སྣ་ཚོགས་ཀྱི་སྒོ་ནས་བརྡའི་དོན་བསྟན་པ་ལས། དང་པོར་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལྷ་མོ་དང་བཅས་པ་ནི། སངས་རྒྱས་ཐམས་ཅད་མཉམ་སྦྱོར་ཞིང་། །སྒྱུ་མ་ཀུན་གྱིས་གར་བྱེད་པ། ཞེས་པ་ལ་སོགས་པས་གཙོ་བོ་དང་འཁོར་དག་གི་མཚན་གྱི་རྣམ་ གྲངས་དང་། སོ་སོའི་ལས་ཀྱི་སྔགས་རྣམས་བསྟན་པ་ཡིན་ནོ། །དེའི་ཞར་ལ་ནི་རིགས་བཞིའི་སངས་རྒྱས་ཀུན་གྱི་མཚན་ཉིད་བཤད་དེ། ཤིན་ཏུ་བརྟན་པའི་སངས་རྒྱས་རྣམ་པར་སྣང་མཛད་དང་། རབ་ཏུ་བརྟན་པའི་རྡོ་རྗེ་འཛིན་པ་དང་། ཀུན་དུ་བརྟན་པའི་འཇིག་རྟེན་དབང་ཕྱུག་དང་། རྒྱ་ཆེར་བརྟན་པའི་ནམ་མཁའི་སྙིང་པོ་དག་ནི་ཤེས་པར་འགྱུར་བ་དང་། དག་པར་འགྱུར་བ་དང་། གྲུབ་པར་འགྱུར་བ་དང་། ཞུགས་ཤིང་དབང་དུ་མཛད་པའི་ཚུལ་གྱིས་བརྡའི་མཚན་མར་གྱུར་པ་ཡིན་ནོ། །ཡང་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་མཚན་གྱི་བྱེ་བྲག་ནི། ཨཾ་ཨཱཾ་ཨ་ ཨཱ་ཀུན་བཤད་པ། །སངས་རྒྱས་བརྡ་ཡི་ཕྱག་རྒྱ་ཡིན། །ཞེས་པ་ལ་སོགས་པས། གཙོ་བོའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་དང་། འཁོར་གྱི་ལྷ་མོ་རྣམས་ཀྱི་ཡོན་ཏན་དང་། ཕྲིན་ལས་ཀྱི་མཚན་གྱི་བྱེ་བྲག་བསྟན་པ་ཡིན་ནོ། །ཡང་ཧེ་རུ་ཀའི་མཚན་གྱི་བྱེ་བྲག་ནི་ཀྲོ་དྷ་ཀྲོ་དྷ་ཞེས་ བྱ་བ་ལ་སོགས་པའི་སྒྲས་དབང་པོ་ལྔ་དང་ཡུལ་ལྔའི་སྒོ་ནས་སྒྲའི་དབྱིངས་དུ་མ་དང་ལྡན་པའི་བརྡ་སྟོན་པར་བྱེད་དོ། །དེ་ཡང་གནོད་སྦྱིན་ལངྐ་མགྲིན་བཅུ་ལ་སོགས་པ་དག་གིས་ཀླ་ཀློའི་སྐད་དུ་མིང་བཅུ་དང་། རླུང་བཅུ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་དང་། ས་བཅུ་དང་། མཆོད་པ་ བཅུ་དང་། བསྟོད་པ་བཅུའི་སྒོ་ནས་རྗོད་པར་བྱེད་པའོ། །དེ་ཡང་མིང་བཅུའི་ཀྲོ་དྷ་ཀྵ་ཞེས་པའི་སྒྲས་རིམ་པ་བཞིན་དུ། ཁྱོད་ནི་ཕ་ལྟར་སློབ་པ་སྟེ། །ཁྱོད་ནི་མ་ལྟར་བྱམས་པ་ཡིན། །ཁྱོད་ནི་སེང་གེའི་འགྱིང་བག་ཅན། །ཁྱོད་ནི་གླང་པོའི་ལྟ་སྟངས་ཅན། །ཁྱོད་ནི་མེ་ལྟར་ འབར་བ་སྟེ། །ཁྱོད་ནི་ཆུ་ལྟར་སྡུད་པ་ཡིན། །ཁྱོད་ནི་ཡོན་ཏན་ཕྲེང་བས་མཛེས། །ཁྱོད་ནི་ཕྲིན་ལས་ཀུན་གྱི་བདག །ཡོན་ཏན་རིན་ཆེན་འབྱུང་གནས་ཁྱོད། །ཁྱོད་ནི་བདེན་པའི་སྤྲིན་ཆེན་ཡིན། །ཞེས་ཡེ་ཤེས་གསང་བའི་རྒྱུད་ལས་གསུངས་པ། ཕྱག་ན་རྡོ་རྗེ་དབང་བསྐུར་ 26-1-381a བའི་རྒྱུད་དང་། རྡོ་རྗེ་བཀོད་བའི་རྒྱུད་ལས་ཀྱང་རྒྱ་ཆེར་བཤད་པས་འདིར་མ་སྤྲོས་པའོ། །དེ་དག་གི་ཕན་ཡོན་ནི་གོ་སླའོ། །ཕྱག་མཚན་དང་ལྷ་མོ་རྣམས་ཀྱི་བརྡ་ནི་གོང་དུ་བཤད་ཟིན་ཏོ། །ཡང་ཕྲིན་ལས་ཀྱི་སྒོ་ནས་ལྷ་མོ་དག་ལས་ལ་གཞུག་པའི་ཕྱིར། སྲུངས་ཤིག་མྱུར་ དུ་རྣམ་རྒྱལ་དཔལ། །ཐལ་བ་བཞིན་དུ་རབ་ཏུ་རློགས། །ཞེས་པ་ནི་རིགས་ཀྱི་ལྷ་མོ་བཞིའི་ཁྱད་པར་གྱི་ཕྲིན་ལས་སོ། །ཧཾ་ཧཾ་ཧྲ་ཧཱུཾ་ཞེས་པ་ནི་ལྷ་མོ་བཞི་ཕྲིན་ལས་ལ་གཞུག་པའི་སྔགས་སོ། །རོལ་ཅིག་དགོངས་ཤིག་དེ་བཞིན་དུ། །རོལ་དུ་ཆུག་པའི་གསོད་དུ་ཆུག །ཅེས་པ་ནི་ཕྱིའི་ ལྷ་མོ་བཞིའི་ཁྱད་པར་གྱི་ཕྲིན་ལས་སོ། །མ་ཏ་ར་ཊ་ཕཊ་ཕཊ་ཅེས་པ་ནི་ལས་ལ་གཞུག་པའོ། །དེས་ནི་དཔལ་ཧེ་རུ་ཀའི་བརྡའི་མཚན་མ་བསྟན་ཏོ། །ཡང་པདྨ་གར་གྱི་དབང་ཕྱུག་གི་མཚན་ཉིད་དག་བརྡའི་སྒོ་ནས་བཤད་པ་ནི། རྒྱལ་པོ་སྤྱན་རས་གཟིགས་དབང་ཕྱུག །འཇིག་རྟེན་དབང་པོ་ ཞེས་བྱ་སྟེ། །ཞེས་པ་ལ་སོགས་པ་ནི། གཙོ་བོའི་དེ་ཁོ་ན་ཉིད་སྟོན་པའི་བརྡ་དང་འཁོར་གྱི་ལྷ་མོ་རྣམས་ཀྱི་རང་བཞིན་དང་། མཚན་དང་ཕྲིན་ལས་དག་གི་དོན་རྣམས་བརྡས་བཤད་པའོ། །ཤུདྡྷ་ཞེས་པ་ལ་སོགས་པ་ལྷ་མོ་བརྒྱད་ཀྱི་སྙིང་པོའི་སྒོ་ནས་ལས་ལ་གཞུག་པའི་བརྡའོ། ། གཞན་ཡང་རྡོ་རྗེ་ཉི་མའི་བརྡའི་དོན་བསྟན་པའི་ཕྱིར། ནམ་མཁའི་སྙིང་པོ་ཐམས་ཅད་ཕྱོགས། །རེ་བ་ཐམས་ཅད་རྫོགས་མཛད་པ། །ཞེས་པ་ལ་སོགས་པས་གཙོ་བོའི་མཚན་ཉིད་དང་ཕྲིན་ལས་དང་། ལྷ་མོ་རྣམས་ཀྱི་ལས་ལ་གཞུག་པའི་སྔགས་དང་། མཚན་གྱི་བརྡ་དག་བསྟན་ པ་ཡིན་ནོ། །ཡང་རྟ་མཆོག་རོལ་པའི་དོན་མཚོན་པར་བྱེད་པའི་བརྡ་ནི། སྣ་ཚོགས་པདྨོ་ཐམས་ཅད་སྤྱན། །དེ་བཞིན་འཇིག་རྟེན་ཐམས་ཅད་པ། །ཞེས་པས་རིགས་རྣམ་པ་བཞི་ཕྲིན་ལས་ཀྱི་སྒོ་ནས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལས་ཐམས་ཅད་སྒྲུབ་པའི་བདག་ ཉིད་ཚུལ་རྣམ་པ་བཞི་དང་ལྡན་པའི་ངོ་བོ་དང་། ཡོན་ཏན་དང་བཅས་པར་བསྟན་པའོ། །ཆོ་གའི་ཡན་ལག་ནི་སྒྲུབ་པ་ལ་སོགས་བྱེད་པའི་དུས་སུ་བརྡ་དང་། མཚན་མའི་སྒོ་ནས་འདོད་པར་བྱ་བའི་དོན་མཐའ་དག་ཤེས་པར་བྱ་བའི་ཕྱིར་བསྟན་པ་ཡིན་ནོ། །བརྡའི་ཕྱག་རྒྱ་ཞེས་པའི་དོན་ 26-1-381b རྣམ་པར་བཤད་པའོ། །ད་ནི་ཉི་ཤུ་པ་ཡེ་ཤེས་ཀྱི་ཕྱག་རྒྱའི་བྱེ་བྲག་ཅེས་པའི་སྒོ་ནས་འཇིག་རྟེན་འདིའི་མངོན་པར་ཤེས་པ་དང་། ཕྱི་མའི་བླ་ན་མེད་པའི་བྱང་ཆུབ་དག་བསྒྲུབ་པར་བྱ་བའི་ཕྱིར་གསུངས་ཏེ། རྗེས་སུ་ཆགས་པར་བྱའོ་ཞེས། །ཆ་ལུགས་ཤེས་པ་བཞིན་བྱེད་ཅིང་། །ཞེས་ པ་ལ་སོགས་པ་ལ། དཔལ་རྡོ་རྗེ་སེམས་དཔའི་སྒོ་ནས་ཆོས་ཐམས་ཅད་ལ་སྟོང་པ་ཆེན་པོའི་ཡེ་ཤེས་ཀྱི་རྗེས་སུ་ཆགས་ཤིང་། བདག་དང་གཞན་གྱི་དོན་དུ་མཚན་མ་དང་བཅས་པའི་དངོས་གྲུབ་ལྷའི་སྐུ་ཕྱག་རྒྱའི་མཚན་ཉིད་ཇི་ལྟ་བའི་སྒོ་ནས་སྒྲུབ་ཅིང་གནས་པས། དེ་དང་མཐུན་ པའི་འབྲས་བུ་ཕྲིན་ལས་དང་བཅས་པས་ལས་ཐམས་ཅད་ལ་སྦྱོར་བའི་ཕན་ཡོན་དང་བཅས་པའོ། །རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་སྒོ་ནས། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་མཐའ་དག་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོར་རྗེས་སུ་ཆུད་པར་བྱས་ནས། དེ་ལས་ཀུན་རྫོབ་ཏུ་རང་གི་དཀྱིལ་འཁོར་གསལ་བར་བསྒོམས་ཤིང་། བསྒྲུབས་པའི་མཐུས་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་སྒོ་ནས། དེ་ཉིད་དང་ཚུལ་མཐུན་པའི་ཕྲིན་ལས་ལ་སྦྱོར་བའོ། །དཔལ་ཧེ་རུ་ཀའི་སྒོ་ནས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་རྗེས་སུ་སྦྱོར་བར་བྱས་ ཤིང་། ཀུན་རྫོབ་ཏུ་དེ་ཉིད་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་སྒོ་ནས་དངོས་གྲུབ་ཐམས་ཅད་ལ་སྦྱོར་བའོ། །པདྨ་གར་གྱི་དབང་ཕྱུག་གི་སྒོ་ནས། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ལ་རྗེས་སུ་སྦྱོར་ཞིང་། ཀུན་རྫོབ་ཏུ་ལྷའི་སྐུ་ཕྱག་རྒྱའི་ཆ་ལུགས་ཀྱིས་སྒྲིབ་པའི་ཚོགས་ ཐམས་ཅད་སྦྱང་ཞིང་དངོས་གྲུབ་ཐམས་ཅད་བསྒྲུབ་པའོ། །རྡོ་རྗེ་ཉི་མའི་སྒོ་ནས་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱིས་ཆོས་ཅན་གྱི་དངོས་པོ་སྣ་ཚོགས་མ་འདྲེས་པར་མཁྱེན་ཅིང་གདུལ་བྱའི་ཚོགས་རྣམས་རྗེས་སུ་ཡི་རང་བར་བྱས་ལ་མཆོད་པ་ལ་སོགས་པའི་ལས་ཀུན་བསྒྲུབ་པར་ བྱའོ། །རྟ་མཆོག་གི་སྒོ་ནས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་རྟོག་པ་ལ་སོགས་པའི་དྲེགས་པ་ཐམས་ཅད་གཞོམ་ཞིང་། རང་གི་ཆ་ལུགས་ཀྱིས་ཕྲིན་ལས་ཀྱི་ལས་ལ་སྦྱོར་བའོ། །དེ་ཡང་རྩ་བའི་རྒྱུད་ལས། ཚེ་འདིའི་མངོན་ཤེས་ལ་སོགས་པ། །དུས་གཞན་ཐམས་ཅད་མཁྱེན་ 26-1-382a འགྲུབ་ཕྱིར། །ཡེ་ཤེས་ཆེན་པོའི་ཚུལ་དག་ནི། །ཆོས་རྣམས་མ་ལུས་ཐམས་ཅད་ལ། །རྗེས་ཆགས་ལ་སོགས་ཚུལ་གྱིས་ནི། །རིགས་ཀྱི་དཀྱིལ་འཁོར་རྣམ་པར་སྦྱོང་། །ཞེས་དང་། ཡང་། རིགས་ཀྱི་དཀྱིལ་འཁོར་དྲུག་རྣམས་ཀྱི། །བསྙེན་རྫོགས་ཆོ་ག་གསལ་བའི་མཐུས། ། ཕྱག་རྒྱ་ཆེན་པོའི་ལས་མཐུན་སྐུ། །སོ་སོའི་རྒྱུད་ལ་སྐྱེ་བར་འགྱུར། །མངོན་པར་ཤེས་པ་ལྔ་སོགས་དག །རང་གི་རྟེན་ལ་བསྒྲུབ་བྱ་སྟེ། །ཆ་ལུགས་ཤེས་པ་སྦྱོར་བའི་མཐུས། དངོས་གྲུབ་ཐམས་ཅད་སྐྱེ་བར་འགྱུར། །ཞེས་སོ། །བསྡུས་པའི་དོན་ནི་འདི་ལྟར་ཡིན་ཏེ། བདག་གཞན་གྱི་ དོན་དུ་ཚད་མེད་པ་བསྐྱེད་པའི་རྣལ་འབྱོར་པས་འགྲོ་བ་ཐམས་ཅད་བསྒྲལ་བའི་ཕྱིར། དང་པོར་བདག་ཉིད་སྒྲོལ་བར་དམ་བཅས་ནས་སྦྱོར་བ་དང་ལྡན་པས་དབང་པོ་བསམ་ཞིང་། འཕགས་པ་ལ་ཚོགས་བསགས་པ་དང་། སེམས་ཅན་ལ་ཚོགས་བསགས་པ་དང་། སྲུང་བའི་འཁོར་ལོ་ བསྒོམ་པ་དང་། གཞིའི་ཏིང་ངེ་འཛིན་དང་། རྟེན་གྱི་ཏིང་ངེ་འཛིན་དང་། སྦྱོར་བའི་ཏིང་ངེ་འཛིན་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་དམིགས་པའི་བྱ་བ་དང་། མདུན་གྱི་དཀྱིལ་འཁོར་ལ་དམིགས་པའི་བྱ་བ་དང་། གཉིས་སུ་མེད་པའི་དཀྱིལ་འཁོར་ལ་དམིགས་པའི་བྱ་བ་དང་། རྗེས་ཀྱི་ རྣལ་འབྱོར་གང་ཡང་རུང་བ་དག་བརྩམས་ནས། རིགས་རྣམ་པ་དྲུག་གི་སོ་སོའི་ཕྱག་མཚན་དག་ལ་བརྟེན་ཏེ། ཆོས་ཀྱི་སྙིང་པོས་དངོས་གྲུབ་ཀྱི་ལས་ལ་སྦྱར་བར་བྱའོ། །དེ་དག་གི་དོན་ནི་རྒྱ་ཆེར་རྩ་བའི་རྒྱུད་ལས་བཤད་དེ་འདིར་ནི་བསྡུས་པ་ཙམ་གྱི་དབང་དུ་བསྟན་པ་ཡིན་ནོ། །ཡེ་ཤེས་ ཀྱི་ཕྱག་རྒྱ་ཤེས་པའི་དོན་རྣམ་པར་བཤད་པའོ། །ད་ནི་ཉི་ཤུ་གཅིག་པ་རྣམ་ཤེས་ཀྱི་ཕྱག་རྒྱ་ཤེས་པའི་སྒོ་ནས། འཇིག་རྟེན་འདིའི་རྟགས་དང་། མཚན་མ་གྲུབ་པ་དང་། མ་གྲུབ་པ་ལ་སོགས་པའི་ལྟས་བལྟ་བའི་ཕྱིར་དང་པོར་རྡོ་རྗེ་སེམས་དཔའི་སྒོ་ནས་ཕྲ་སེ་ན་དབབ་པ་ནི། རྡོ་རྗེ་སེམས་ དཔའ་དཔལ་སྦྱོར་བ། །གཟུགས་དང་དབྱིབས་ནི་ཅི་འདྲར་ལྡན། །ཞེས་པ་ལ་སོགས་པ་སྟེ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ལ་གནས་པས་རང་ཉིད་ཀྱི་ཕྱག་རྒྱ་ལ་བརྟེན་ཏེ་སྙིང་པོའི་སྔགས་དང་ཆོས་ཀྱི་སྙིང་པོ་དག་འབུམ་དུ་བཟླས་ཤིང་། དཀྱིལ་འཁོར་ལྷ་དག་སྤྱན་དྲངས་ཤིང་མཆོད་དེ། 26-1-382b བདག་དང་གཉིས་སུ་མེད་པར་བསྟིམ་མོ། །དེ་ནས་གནས་རྒྱན་གྱིས་བརྒྱན་པར་མཎྜལ་ལེགས་པར་བྱས་ལ་མེ་ཏོག་གིས་བརྒྱན་ཅིང་ཁྱེའུ་དང་བུ་མོ་གང་ཡང་རུང་བ་ཁྲུས་བྱས་ཏེ། གོས་དང་རྒྱན་དང་ལྡན་པ་བྱིན་གྱིས་བརླབ་པར་བྱའོ། །དེ་ཉིད་ལ་རྡོ་རྗེའི་ཕྱག་རྒྱ་བཏང་ནས་རིགས་ཀྱི་དཀྱིལ་ འཁོར་དབབ་ཅིང་། དེ་ཉིད་ལ་བསྟིམས་ལ་མཆོད་པས་མཉེས་པར་བྱའོ། །དེ་ནས་གསང་སྔགས་འབུམ་དུ་བརྗོད་ནས། བྱིས་པ་ལ་མཚན་མའི་ལྟས་ཇི་ལྟར་སྣང་བ་དྲི་བར་བྱའོ། །ཡང་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་སྒོ་ནས། ས་ཆུ་མེ་རླུང་ནམ་མཁའ་དང་། །ཁམས་གསུམ་ ཀུན་ནི་ཐམས་ཅད་ལས། །ཞེས་པ་ལ་སོགས་པས། རིགས་ཀྱི་སྦྱོར་བ་དང་ལྡན་པས་སྔ་མའི་ཚུལ་གྱིས་འབྱུང་བ་རྣམ་པ་ལྔ་ལས་མཚན་མའི་ལྟས་བལྟ་བར་བྱའོ། །ཧེ་རུ་ཀའི་ནི། ཀུན་དུ་ཐམས་ཅད་ཀུན་གྱི་བདག །འདོད་པའི་ཡོན་ཏན་ཐམས་ཅད་དང་། །ཞེས་པས་དེ་ཉིད་ལ་བརྟག་པར་ བྱའོ། །པདྨ་གར་དབང་གི་ནི། པདྨོ་ཆགས་པས་རྗེས་ཆགས་ཤིང་། །སྣ་ཚོགས་པདྨོ་ཁ་འབྱེད་པས། །ཞེས་པ་ལ་སོགས་པ་སྟེ་དེ་ཉིད་ལ་བརྟག་པར་བྱའོ། །རྡོ་རྗེ་ཉི་མའི་ནི། མེ་ཏོག་བདུག་པ་མར་མེ་མཆོག །སྤོས་དང་མཆོད་པ་ཐམས་ཅད་ལ། །ཞེས་པ་ལ་སོགས་པ་སྟེ་དེ་ཉིད་ལ་ བརྟག་པར་བྱའོ། །རྟ་མཆོག་རོལ་པའི་ནི། རེག་དང་མ་རེག་རྡོ་རྗེ་ཆེ། །རལ་གྲི་མེ་ལོང་མདའ་གཞུ་དང་། །ཞེས་པ་ལ་སོགས་པ་སྟེ་དེ་ཉིད་ལ་བརྟག་པར་བྱའོ། །འོ་ན་གང་ཞིག་བརྟག་ཅེ་ན། །བྱ་བ་དང་ནི་མི་བྱ་དང་། །སྟོར་བ་དང་ནི་མ་སྟོར་བ། །ཞེས་པ་ལ་སོགས་པ་དག་གི་ཆོ་གའི་ ཡན་ལག་ནི། ལས་ཁ་ཚར་བ་དག་གི་གནས་སྐབས་གང་ཡང་རུང་བ་དག་ཏུའམ། གཟུགས་བརྙན་གྱི་དཀྱིལ་འཁོར་དུ་སློབ་མའི་དོན་དུའམ། སྒྲུབ་པ་དང་ཕྲིན་ལས་ཀྱི་དངོས་གྲུབ་བླང་བའི་དུས་དག་ཏུའང་སྦྱར་བར་བྱའོ། །རྣམ་པར་ཤེས་པའི་ཕྱག་རྒྱ་ཤེས་པའི་དོན་རྣམ་པར་ བཤད་པའོ། །ད་ནི་ཉི་ཤུ་གཉིས་པ་བསྲུང་བ་ཐམས་ཅད་ཀྱི་ཕྱག་རྒྱ་ཤེས་པ་ལས་དང་པོར་རྡོ་རྗེ་སེམས་དཔའི་སྦྱོར་བ་བཤད་དེ། རྡོ་རྗེ་སེམས་དཔའི་དཔལ་སྦྱོར་བ། །ཇི་ལྟའི་གཟུགས་དང་དབྱིབས་ལྡན་པས། །ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ཡང་དཔལ་རྡོ་རྗེ་སེམས་ 26-1-383a དཔའི་སྦྱོར་བ་དང་ལྡན་པས། དུར་ཁྲོད་དང་ལྷའི་གནས་དང་མ་མོའི་གནས་གང་ཡང་རུང་བའི་ཐལ་བ་བླངས་ཏེ། རང་ཉིད་ཀྱི་སྔགས་ཀྱིས་བཟླས་བརྗོད་དང་ལྡན་པར་བྱིན་གྱིས་བརླབས་ནས། གང་བསྲུང་བར་འདོད་པ་དེ་ཉིད་ལ་ཐིག་ལེའམ་སོར་རིས་གསུམ་དུ་བྱའོ། ། དེ་ལྟར་སྦྱོར་བ་དང་ལྡན་པས་ཆུས་བསྲུང་བ་དང་། ཡུངས་ཀར་གྱིས་བསྲུང་བ་དང་། ལྷ་དཔའ་བོ་གཅིག་པའི་སྐུས་བསྲུང་བ་དང་། དཀྱིལ་འཁོར་རྒྱས་པའི་སྦྱོར་བས་བསྲུང་བར་བྱའོ། །དེ་དག་གི་བསྡུས་པའི་དོན་ནི་གང་གིས་གང་བསྲུང་བའི་ཕྱིར། སྔོན་དུ་ཚོགས་བསགས་པ་ལ་སོགས་ པའི་རིམ་པ་དང་། སྲུང་བའི་འཁོར་ལོ་དང་ཡེ་ཤེས་ཀྱི་ལྷ་ལ་སྦྱོར་བར་བྱས་ནས། རྟེན་རྣམ་པ་གསུམ་གང་ཡང་རུང་བ་དག་མདུན་དུ་བཞག་སྟེ། རང་གི་གསང་སྔགས་འབུམ་དུ་བརྗོད་པས་བྱིན་གྱིས་བརླབས་པ་དང་། གང་བསྲུང་བར་འདོད་པ་དེ་ཉིད་དཀོན་མཆོག་གསུམ་ལ་སྐྱབས་སུ་ གསོལ་ཞིང་། སྔགས་ཀྱིས་བྱིན་གྱིས་བརླབས་ནས་དེ་ཉིད་ལ་བསྲུང་བར་བྱའོ། །གལ་ཏེ་རྫས་དེ་དག་དང་མི་ལྡན་པ་དང་། རང་གི་ཏིང་ངེ་འཛིན་གསལ་བར་གྱུར་པ་དེ་དག་གིས་ནི་བསྡུས་པ་དང་། རྒྱས་པའི་སྦྱོར་བ་གཉིས་ཀྱིས་བསྲུང་བར་བྱའོ། །ད་ནི་སྦྱོར་བ་གཞན་གྱིས་བསྲུང་བར་བྱ་བའི་ཕྱིར། རྡོ་རྗེ་སེམས་ དཔའ་དཔལ་སྦྱོར་བ། །སངས་རྒྱས་ཀུན་བདག་སྦྱོར་ལྡན་པས། །ཞེས་པ་ལ་སོགས་པ་གསུངས་ཏེ། རྣམ་སྣང་གི་སྦྱོར་བས་འཁོར་ལོའི་ཕྱག་རྒྱས་བསྲུང་བ་དང་། དེ་བཞིན་དུ་ཧེ་རུ་ཀའི་ཕྱག་རྒྱས་བསྲུང་བ་དང་། པདྨ་གར་དབང་གི་ཕྱག་རྒྱས་བསྲུང་བ་དང་། རྡོ་རྗེ་ཉི་མའི་ཕྱག་རྒྱས་བསྲུང་བ་དང་། རྟ་མཆོག་རོལ་པའི་ ཕྱག་རྒྱས་བསྲུང་བའོ། །བསྡུས་པའི་དོན་ནི་རིགས་སོ་སོའི་རྣལ་འབྱོར་ལ་གནས་པས། རང་རང་གི་ཕྱག་རྒྱའི་མཚན་མ་ལ་བསྒོམ་པ་དང་བཟླས་པའི་ཆོགས་གསལ་བར་བྱས་ནས་གང་བསྲུང་བར་བྱ་བ་དེ་ཉིད་ལ་གདགས་པར་བྱའོ། །ཆོ་གའི་ཡན་ལག་ནི་ཕྲིན་ལས་བཞི་ནི་གནས་ སྐབས་ཀྱི་རྗེས་སུ་སྦྱར་ཞིང་རིགས་ཀྱི་ཆོ་གའི་སྒོ་ནས་བསྲུང་བར་བྱའོ། །དེ་དག་གི་ཕན་ཡོན་ནི་གོ་སླ་བའི་ཕྱིར་མ་བཤད་དོ། །ཡང་རྟ་མཆོག་གི་སྦྱོར་བ་ལ་ནི་ཆོ་ག་བཞིན་དུ་བཤད་དེ། ཡེ་ཤེས་ཀྱི་དཀྱིལ་འཁོར་གཤེགས་སུ་གསོལ་ཞིང་། དམ་ཚིག་གི་དཀྱིལ་འཁོར་བསྡུས་ 26-1-383b ནས། སླར་རིགས་ཀྱི་གཙོ་བོའི་སྐུ་གསལ་བ་ལ་བསྲུང་བ་དང་། གང་བསྲུང་བར་བྱ་བ་དེ་ཉིད་བདག་ཉིད་ཀྱི་སྐུའམ། ལྷ་གང་ཡང་རུང་བའི་ནང་དུ་ཞུགས་ཏེ་གོ་ཆ་དང་གོ་ཆིངས་ཀྱི་ཚུལ་དུ་བྱ་ཞིང་། རིན་པོ་ཆེའི་དབུ་རྒྱན་དང་། དར་དཔྱངས་ཀྱིས་བརྒྱན་ནས་དགྱེས་པའི་ཐལ་མོ་ལན་ གསུམ་དུ་བརྡབས་པས་བརྟན་པར་བྱའོ། །བསྲུང་བ་ཐམས་ཅད་ཀྱི་ཕྱག་མཚན་ཕྱག་རྒྱ་ཞེས་པའི་དོན་རྣམ་པར་བཤད་པའོ། །ད་ནི་ཉི་ཤུ་གསུམ་པ་ཐམས་ཅད་གསོ་བའི་ཕྱག་རྒྱ་ཞེས་པ་ལས། དང་པོར་ནད་བསལ་བའི་ཆོ་ག་བཤད་དེ། ཆོས་སེམས་པ་ཡི་ཚུལ་སྟོན་ཅིང་། །རྡོ་རྗེ་ ཁུ་ཚུར་གཉིས་དག་དང་། །ཞེས་པ་ལ་སོགས་པ་སྟེ་དང་པོར་རིམས་དང་། དུག་རྣམ་པར་བསལ་བའི་ཕྱིར་རྩེ་གཅིག་པའི་སྦྱོར་བས། རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་དང་ཞི་བའི་ལྟ་བས་ནད་པའི་ལུས་ལ་བྱབ་ཅིང་། རིམས་དང་དུག་གི་གཟུགས་བརྙན་མི་སྡུག་པ་གདོན་པར་བྱ་བའོ། །དེ་ཡང་ གྲང་བའི་རིམས་ལ་ནི་སྐུ་དང་འོད་ཟེར་དམར་པོའི་ཚོགས་ཀྱིས་བསྲུང་ཞིང་། ཚ་བའི་རིམས་ལ་ནི་ཆུ་ཤེལ་གྱི་མདོག་ཅན་གྱིས་སོ། །ཡང་ནད་བཟློག་ཅིང་སྡུག་བསྔལ་མེད་པར་བྱ་བའི་ཕྱིར། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་གཙུག་ཏོར་གྱི་ཚུལ་དུ་སྨིན་མཚམས་སུ་བཞག་ནས། ཕྱོགས་ མཚམས་སུ་ལྟ་ཞིང་ནད་དང་སྡུག་བསྔལ་ཐམས་ཅད་གཞིག་པར་བྱའོ། །ཟུག་རྔུ་མེད་པར་བྱ་བ་ནི་རྡོ་རྗེ་རྩེ་གཅིག་པ་སྐམ་པའི་ཕྱག་རྒྱ་དེ་དག་འབྱིན་པ་ལྟར་མཛད་པའོ། །མིག་ནད་ཞི་བར་བྱ་བ་ནི་དཔལ་གྲུབ་སྤྱན་གྱི་ཕྱག་རྒྱ་མིག་ལ་བྱུག་པའོ། །ཀླད་ནད་སེལ་བར་བྱ་བ་ནི་རྡོ་རྗེ་ཁུ་ ཚུར་དམ་པོས་ནད་རྣམས་ཁའི་ཕྱོགས་སུ་འདྲེན་ཞིང་ལྷའི་སྦྱོར་བ་དང་ལྡན་པས་བཏུང་བའོ། །དེ་ཉིད་ཀྱི་སྔགས་དང་ཕྱག་རྒྱ་ནི་ཏ་ཐཱ་ག་ཏ་ཞེས་པ་ལ་སོགས་པའོ། །བསྡུས་པའི་དོན་ནི་འདི་ལྟར་ཡིན་ཏེ། རིགས་ཀྱི་སྦྱོར་བ་གསལ་བར་བྱས་པས་རང་ཉིད་ཀྱི་སྐུ་གསུང་ཐུགས་བྱིན་གྱིས་ བརླབས་ནས་གཞན་དག་བསྲུང་བའི་ཕྱིར། རང་ཉིད་ཀྱི་སྔགས་བརྗོད་ཅིང་སོ་སོའི་ཕྱག་རྒྱའི་སྒོ་ནས་དེ་དག་གི་ལས་ལ་སྦྱར་བར་བྱའོ། །ད་ནི་ཕྱག་རྒྱས་བསྲུང་བའི་ཕྱིར། གཡས་པ་ཡི་ནི་ལག་པ་ཡིས། །སེམས་དཔའི་གཙུག་ཏོར་བཅིངས་ནས་ནི། །ཞེས་པ་ལ་སོགས་པ་སྟེ་ 26-1-384a དང་པོར་གཙུག་ཏོར་གྱི་ཕྱག་རྒྱས་གཞོན་ནུ་བསྲུང་བ་དང་། སྦྲུལ་མགོའི་གདེངས་ཀའི་ཕྱག་རྒྱས་དུག་གི་ལས་དག་བསྲུང་བ་དང་། འཁོར་ལོའི་ཕྱག་རྒྱས་གདོན་ཐམས་ཅད་ལས་ཐར་བར་བྱ་བ་དང་། རྡོ་རྗེའི་ཕྱག་རྒྱས་ལས་ཐམས་ཅད་གྲུབ་པར་བྱ་བ་དང་། དེ་དག་ གི་ཕན་ཡོན་བསྟན་པའོ། །བསྡུས་པའི་དོན་ནི་སྦྱོར་བ་ལ་གནས་པས་རང་ཉིད་ཀྱི་གསང་སྔགས་དག་ཁྲིའམ་འབུམ་དུ་བརྗོད་ཅིང་། བསྲུང་བའི་ལས་ལ་སྦྱོར་བའི་ཚེ། ཨོཾ་རཀྵ་རཀྵ་ཧཱུྃ་ཞེས་པས་མཐའ་སྔགས་སུ་སྦྱར་ཏེ་བསྟན་པའི་སྒོ་ནས། གང་ཞིག་བསྲུང་བར་བྱ་བ་དི་ཉིད་བསྲུང་ ཞིང་བྱིན་གྱིས་བརླབ་པར་བྱའོ། །ད་ནི་གསོ་བའི་སྦྱོར་བ་བསྟན་པའི་ཕྱིར། རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བས། །རྟ་རྣམས་ཐམས་ཅད་ཞོན་ནས་ནི། །ཞེས་པ་ལ་སོགས་པས། དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་དང་ལྡན་པས།སྔགས་དང་ཕྱག་རྒྱ་དང་ཏིང་དེ་འཛིན་གྱི་སྒོ་ ནས་རྟ་གསོ་བ་དང་། གླང་པོ་ཆེ་གསོ་བ་དང་། བྱ་གསོ་བ་དང་། ཤིང་དགས་གསོ་བར་བྱའོ། །ཐམས་ཅད་གསོ་བའི་ཕྱག་རྒྱ་ཞེས་པའི་དོན་རྣམ་པར་བཤད་པའོ། །ད་ནི་ཉི་ཤུ་བཞི་པ་མཚོན་ཆ་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་པ་ལས་དང་པོར་དགྲ་ཆ་ལྔ་བསྟན་པའི་ཕྱིར། འཁྲུལ་འཁོར་ གྱིས་འཕངས་མ་འཕངས་དང་། །དེ་བཞིན་ལག་པས་འཕངས་པ་དང་། །ཞེས་པ་ལ་སོགས་པ་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་བཟློག་ཅིང་གཞན་གྱིས་མི་ཚུགས་པར་བྱ་བའི་ཕྱིར། མཚོན་ཆ་ལྔའི་སྦྱོར་བས་གཞན་དག་གཞོམ་པར་མཛད་པའོ། །དེ་ལ་འཁྲུལ་འཁོར་གྱིས་ འཕངས་པ་ནི་མེ་སྒྱོགས་དང་ཆུ་སྒྱོགས་དང་རྡོ་སྒྱོགས་ལ་སོགས་པའོ། །མ་འཕངས་པ་ནི་རལ་གྲི་དང་མདུང་དང་རྩེ་གསུམ་པ་ལ་སོགས་པའོ། །ལག་པས་འཕངས་པ་ནི་འཁོར་ལོ་དང་མདའ་དང་རྡོ་ལ་སོགས་པའོ། །འཕངས་ནས་སླད་དུ་བཟུང་བ་ནི་ཞགས་པ་དང་ཐག་མདུང་ ལ་སོགས་པའོ། །སྟོབས་ཀྱིས་འགྱེད་པ་ནི་རྐང་པའི་ཕྲ་བ་དང་ལག་པའི་ཁུ་ཚུར་ལ་སོགས་པའོ། །ད་ནི་འབིགས་པ་བཅུའི་ཕྱག་རྒྱའི་སྒོ་ནས། དབྱིབས་དང་བདེ་བླག་སྦྱོར་བ་དང་། །ཀུན་དུ་སྦྱོར་དང་འདྲེན་དང་མྱུར། །ཞེས་པ་ལ་སོགས་པ་གསུངས་ཏེ། དབྱིབས་ཀྱི་ཕྱག་རྒྱ་ 26-1-384b དང་བདེ་བླག་གི་ཕྱག་རྒྱ་དང་། སྦྱོར་བའི་ཕྱག་རྒྱ་དང་། ཀུན་དུ་སྦྱོར་བའི་ཕྱག་རྒྱ་དང་། འདྲེན་པའི་ཕྱག་རྒྱ་དང་། མྱུར་བའི་ཕྱག་རྒྱ་དང་། འགེངས་པའི་ཕྱག་རྒྱ་དང་། འཕེན་པའི་ཕྱག་རྒྱ་དང་། གསལ་བའི་ཕྱག་རྒྱ་དང་། མནན་པའི་ཕྱག་རྒྱ་དང་། སྣ་ཚོགས་པའི་ཕྱག་རྒྱའོ། །བསྡུས་པའི་ དོན་ནི་བསྲུང་བའི་འཁོར་ལོ་ལ་སོགས་པའི་དུས་སུ་ཧེ་རུ་ཀ་དང་། རྟ་མཆོག་ལ་སོགས་པའི་ཕྲིན་ལས་ཀྱི་ལྷ་དག་གི་སྒོ་ནས་འབིགས་པ་བཅུའི་ལས་བརྩམ་པར་བྱའོ། །ད་ནི་སྦྱིན་པའི་ཡན་ལག་གི་སྒོ་ནས་ལས་བྱ་བའི་ཕྱིར། རབ་ཏུ་འཕངས་དང་མཉམ་པར་འཕངས། །དེ་བཞིན་ ཐོག་ལྟར་འཕངས་པ་དང་། །ཞེས་པ་ལ་སོགས་པས། ཐབས་ཐམས་ཅད་ཀྱི་ཕྱག་རྒྱ་དང་། ངེས་པར་བཟློག་པའི་ཕྱག་རྒྱ་དང་། འཕྲོག་པ་ཐམས་ཅད་ཀྱི་ཕྱག་རྒྱ་དང་། དེ་དག་གི་ཕན་ཡོན་བསྟན་པ་སྟེ། དེ་ཉིད་གོང་མའི་ཆོ་ག་ཀུན་གྱི་ཡན་ལག་ཏུ་སྦྱར་བར་བྱའོ། །མཚོན་ ཆ་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་པའི་དོན་རྣམ་པར་བཤད་པའོ། །ད་ནི་ཉི་ཤུ་ལྔ་པ་ལས་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་པའི་ལས་དང་པོར་རྡོ་རྗེ་སེམས་དཔའི་ནི། སྲིན་ལག་གཉིས་ཀྱི་ནང་དུ་ནི། །མཐེ་བོང་ལེགས་པར་གཞག་པར་བྱ། །ཞེས་པ་ལ་སོགས་པ་སྟེ་རིགས་ཀུན་གྱི་བདག་ ཉིད་ཀྱིས་ཕྲིན་ལས་ལ་སྦྱོར་བ་དང་། རྡོ་རྗེ་སེམས་དཔའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོས་ཕྲིན་ལས་ཐམས་ཅད་གཅིག་ཏུ་སྦྱོར་བའི་ཕྱག་རྒྱ་དང་ལྡན་པས། དངོས་གྲུབ་དང་ལས་ཀྱི་ཚོགས་ཐམས་ཅད་འགུགས་ཤིང་གྲུབ་པར་མཛད་པའོ། །རིགས་ཀྱི་ དཀྱིལ་འཁོར་གཞན་དག་གི་ཡང་བསྟན་པའི་ཕྱིར། རྡོ་རྗེ་ཁུ་ཚུར་ལེགས་བཅངས་ལ། །བདག་གི་མཐེ་བོང་ནང་དུ་གཞུག །ཅེས་པ་ལ་སོགས་པ་གསུངས་ཏེ། རྣམ་པར་སྣང་མཛད་ཀྱི་སྦྱོར་བས་ཞི་བའི་ལས་བསྒྲུབ་པ་དང་། དཔལ་ཧེ་རུ་ཀའི་སྦྱོར་བས་དྲག་པོའི་ལས་ བསྒྲུབ་པ་དང་། པདྨ་གར་གྱི་དབང་ཕྱུག་གི་སྦྱོར་བས་དབང་གི་ལས་བསྒྲུབ་པ་དང་། རྡོ་རྗེ་ཉི་མའི་སྦྱོར་བས་རྒྱས་པའི་ལས་བསྒྲུབ་པ་དང་། རྟ་མཆོག་རོལ་པའི་སྦྱོར་བས་ལས་སྣ་ཚོགས་བསྒྲུབ་པའི་དོན་སོ་སོའི་སྔགས་དང་ཕྱག་རྒྱ་དང་། སྦྱོར་བ་དང་ལྡན་པས་རང་གི་ཕྲིན་ 26-1-385a ལས་བརྩམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བསྡུས་པའི་དོན་ནི་སྦྱིན་སྲེག་དང་། འཁྲུལ་འཁོར་དང་། ཕྱག་རྒྱ་ལ་བརྟེན་པའི་ཕྲིན་ལས་དག་བརྩམ་པའི་དུས་སུ་ཆོ་གའི་ཡན་ལག་སྔོན་དུ་འགྲོ་བ་དང་བསྙེན་པའི་རིམ་པ་དག་རྫོགས་པར་བྱས་ནས། སོ་སོའི་ལས་ལ་ སྦྱོར་བའི་ཚེ་ཕྱག་རྒྱ་འདི་དག་དང་ལྡན་པར་བྱའོ། །ལས་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་པའི་དོན་རྣམ་པར་བཤད་པའོ། །ད་ནི་ཉི་ཤུ་དྲུག་པ་དཔལ་རྡོ་རྗེ་གནོན་པའི་ཕྱག་རྒྱ་ཞེས་པ་ལས། དང་པོར་གནོན་པ་སྤྱིའི་མཚན་ཉིད་ལས། རྐང་པ་བརྐྱང་དང་གནོན་པ་དང་། །བསྐུམ་ ནས་འདེགས་པའི་སྟབས་དག་གིས། །གཡས་དང་གཡོན་པའི་སྦྱོར་བ་ཡིས། །གཟུགས་རྣམས་ཐམས་ཅད་མནན་པར་བྱ། །རིགས་ཀུན་གྱི་བདག་ཉིད་དུ་གྱུར་པས། ཕྲིན་ལས་རྣམ་པ་བཞིའི་གནོན་སྟབས་ཀྱི་ཚུལ་གྱིས་བཞུགས་ཤིང་། སྐྱེ་འགྲོ་མཐའ་དག་གི་ཕོ་མོ་ ཐབས་དང་ཤེས་རབ་ཀྱི་ཞབས་གཉིས་ཀྱིས་མནན་ཅིང་བཞུགས་པའོ། །ཡང་དཀྱིལ་འཁོར་གྱི་གཙོ་བོ་རྣམས་ཞབས་ཀྱིས་མནན་པའི་ཚུལ་ནི། སྡིག་མེད་སྟོབས་ཀྱིས་ངོ་མཐོན་དུ། །རྣམ་པར་སྣང་མཛད་དཔལ་མནན་ནས། །ཞེས་པ་ལ་སོགས་པ་གསུངས་ཏེ། རྒྱུའི་ཆ་ལ་གནས་པ་དང་། ལམ་གྱི་ཆ་ལ་གནས་པ་དང་། འབྲས་བུའི་ཆ་ལ་གནས་པ་དག་གི་ཚུལ་གྱིས་རྣམ་པ་གསུམ་དུ་བཞུགས་ཏེ། དང་པོའི་དབང་དུ་རིགས་ཀྱི་གདུལ་བྱའི་ཉོན་མོངས་པ་དེ་ཉིད་མནན་ཅིང་དེ་ལས་བྱུང་བའི་འབྲས་བུ་བསྐྱེད་ཅིང་འགུགས་པར་ མཛད་པ་དང་། གཉིས་པའི་དབང་དུ་རྣལ་འབྱོར་པ་དག་རིགས་ཀྱི་དཀྱིལ་འཁོར་སོ་སོའི་རྗེས་སུ་སློབ་པ་རྣམས་མངོན་སུམ་དུ་སྒོ་གསུམ་གྱི་རྒྱུད་སྦྱང་ཞིང་། རིགས་སོ་སོ་དང་མཐུན་པའི་དངོས་གྲུབ་དག་འགུགས་ཤིང་གསུམ་པར་གདུལ་བྱའི་དབང་གིས་རང་ཉིད་དང་ཐ་མི་དད་པའི་བདེ་ བར་གཤེགས་པ་དག་ཞབས་ཀྱིས་མནན་ཅིང་། དེ་དག་གི་བཙུན་མོ་དག་བཀུག་སྟེ། ལོངས་སྤྱོད་པ་ལྟར་བསྟན་པའོ། །ཡང་མཚན་ཉིད་ཀྱི་རྒྱུ་འབྲས་རྣམས་ཞབས་ཀྱིས་མནན་ཅིང་། འབྲས་བུའི་ལྷ་མོ་རྣམས་ལ་ལོངས་སྤྱོད་པའི་ཕྱིར། བྱང་ཆུབ་ཕ་རོལ་ཕྱིན་པ་དང་། ། 26-1-385b གྲུབ་དང་གཟུངས་དང་ས་རྣམས་དང་། །རིགས་དང་ཕྱག་རྒྱ་རྣམས་མནན་ནས། །བདག་གིས་དཔྱད་པར་དེ་སྤྱོད་དོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་དང་། ཡང་དག་པར་གྲུབ་པ་དང་། གཟུངས་ཀྱི་སྒོ་དང་། ས་བཅུ་དང་། རིགས་དང་། ཕྱག་རྒྱ་རྣམས་ལ་སྤྱོད་པའོ། །ཡང་འབྲས་བུའི་ལྷ་མོ་ནི་བདུན་ཅུ་སྟེ། རྩ་བའི་རྒྱུད་ལས། བྱང་ཆུབ་རྣམ་བཅུའི་གནས་སྦྱོར་ཞིང་། །ཕ་རོལ་ཕྱིན་བཅུའི་ལས་རྫོགས་མཛད། །གྲུབ་པའི་ཕྱག་རྒྱ་བཅུ་སྤྱོད་པས། །གཟུངས་བཅུའི་ཡོན་ཏན་ཚུལ་འཇུག་པ། །ས་བཅུ་ ཡེ་ཤེས་མཐར་ཕྱིན་ཅིང་། །རིགས་ཀྱི་ཕྲིན་ལས་བཅུ་ཡི་སྟོབས། །ཕྱག་རྒྱ་བརྗིད་གནོན་བཅུ་གསལ་བས། །ལྷ་མོ་ཀུན་གྱི་གནས་འཇུག་པའོ། །ཞེས་པའོ། །ལྷ་མོ་རྣམས་ཞབས་ཀྱིས་མནན་ཅིང་ལོངས་སྤྱོད་པར་མཛད་པའོ། །གཞན་ཡང་འཇིག་རྟེན་གྱི་ལྷ་འདྲེ་དྲེགས་ བྱེད་རྣམས་ཞབས་ཀྱིས་མནན་པའི་ཕྱིར། སྡིག་མེད་སྟོབས་ཀྱིས་ངོ་མཐོན་དུ། །དབང་ཕྱུག་དམ་པ་མནན་ནས་སུ། །ཞེས་པ་ལ་སོགས་པ་གསུངས་ཏེ། དབང་ཕྱུག་ཆེན་པོ་དང་། ཁྱབ་འཇུག་དང་། ཚངས་པ་དང་། དགའ་རབ་དབང་ཕྱུག་དང་། མ་མོའི་ཚོགས་དང་། མཁའ་ འགྲོ་མ་དང་། གནོད་སྦྱིན་ལ་སོགས་པའི་ལྷ་ཀླུ་སྡེ་བརྒྱད་མིའི་རྒྱལ་པོ་ལ་སོགས་པ་དག་གཞན་གྱིས་མནན་ཅིང་དེ་དག་གི་ཆུང་མའི་ཚོགས་ལ་ལོངས་སྤྱོད་པར་མཛད་པའོ། །གཞན་ཡང་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཞབས་ཀྱིས་མནན་ཅིང་དེ་དག་གི་ འབྲས་བུ་ལ་ལོངས་སྤྱོད་པའི་ཕྱིར། འགྲོ་བ་དང་ནི་མི་འགྲོ་བའི། །དབང་པོ་ཐམས་ཅད་མ་ལུས་པའང་། །རྣལ་འབྱོར་བདག་གིས་དེ་མནན་ནས། །བདག་གི་སྤྱད་པར་དེ་སྤྱོད་དོ། །ཞེས་གསུངས་པ་ཡིན་ནོ། །བསྡུས་པའི་དོན་ནི། ལམ་པ་རྣམས་ཀྱི་ཕྲིན་ལས་ཀྱི་དུས་སུ་ རྒྱལ་བའི་དགོངས་མཛོད་ལ་ཡིད་ཆེས་ཤིང་། དེའི་རྗེས་སུ་བསླབ་པར་བྱ་བ་དང་། འཇིག་རྟེན་གྱི་ལྷ་མཐུ་བོ་ཆེ་ལ་སོགས་པ་རྣམས་ཀྱི་ཞེན་རྟོག་བཟློག་པ་དང་། འབྲས་བུ་དང་ཕྲིན་ལས་ཀྱི་ཚུལ་ཡོན་ཏན་དང་བཅས་པ་བསྟན་པ་ཡིན་ནོ། །དཔལ་རྡོ་རྗེ་ལས་ཀྱི་ཕྱག་རྒྱ་ཞེས་པའི་དོན་ 26-1-386a རྣམ་པར་བཤད་པའོ། །ད་ནི་ཉི་ཤུ་བདུན་པ་དངོས་གྲུབ་ཀུན་གྱི་དབང་ཕྱུག་གི་ཕྱག་རྒྱ་ཞེས་པ་ལས། རིགས་དྲུག་སྦྱོར་བ་བཞིན་དུ་བསྟན་པའི་ཕྱིར། ཁུ་ཚུར་སྙིང་གར་བཅངས་པ་ནི། །བུད་མེད་ཕྱག་རྒྱ་དེ་བཤད་དེ། །ཞེས་པ་ལ་སོགས་པ་གསུངས་ཏེ། དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བས་དངོས་གྲུབ་ཀྱི་དོན་དུ་བུད་མེད་ཀྱི་ཁུ་ཚུར་རང་གི་སྙིང་གར་གཞག་ཅིང་། གཡོན་པ་དྲིལ་བུ་དཀུའི་གནས་སུ་བརྟེན་ནས། སླར་ཡང་གཡས་པའི་ཕྱག་རྒྱས་རྡོ་རྗེ་རྩེ་ལྔ་པ་གྱེན་དུ་གསོར་ཞིང་བསྟོད་པའི་ཚུལ་གྱིས་འཛིན་པས་ནི་བུད་མེད་ཐམས་ཅད་ དབང་དུ་འགྱུར་ཞིང་ལས་ཐམས་ཅད་སྦྱོར་བར་བྱེད་དོ། །ཡང་རྣམ་པར་སྣང་མཛད་ཀྱི་སྦྱོར་བའི་ཕྱག་རྒྱས་ས་འོག་མ་དག་འཕར་བར་མཛད་པ་དང་། དཔལ་ཧེ་རུ་ཀའི་སྦྱོར་བའི་ཕྱག་རྒྱས་རྡོ་རྗེ་སྒྱུ་མའི་དབང་ཕྱུག་མ་དག་ཕྱུང་བ་དང་། པདྨ་གར་གྱི་དབང་ཕྱུག་གི་སྦྱོར་བའི་ཕྱག་རྒྱས་ ཆོས་ཐམས་ཅད་དག་ཅིང་དགའ་བའི་ཚོགས་སྦྱོར་བར་མཛད་པ་དང་། རྡོ་རྗེ་ཉི་མའི་སྦྱོར་བའི་ཕྱག་རྒྱས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་པ་དང་། རྟ་མཆོག་གི་སྦྱོར་བའི་ཕྱག་རྒྱས་དབང་ཕྱུག་དམ་པར་མཛད་པའོ། །སྦྱོར་བའི་ཡན་ལག་ནི་བསྙེན་པ་དང་། ཉེ་བའི་བསྙེན་པ་དང་། སྒྲུབ་པ་དག་རྫོགས་པར་བྱས་ནས་སྒྲུབ་པ་ཆེན་པོའི་སྐབས་སུ་སོ་སོའི་ཕྱག་རྒྱ་དང་ལྡན་པས་དངོས་གྲུབ་ཀྱི་ལས་ལ་སྦྱར་བར་བྱའོ། །དངོས་གྲུབ་ཀུན་གྱི་དབང་ཕྱུག་གི་ཕྱག་རྒྱ་ཞེས་པའི་དོན་རྣམ་པར་བཤད་པའོ། །ཀུན་དུ་སྣ་ཚོགས་ཀྱི་དམ་ཚིག་ནི་ ཕྱག་རྒྱའི་ཚོགས་ཉི་ཤུ་རྩ་བདུན་དང་། དེ་ལས་བྱུང་བའི་ཕྱག་རྒྱ་ཕྲ་མོ་སྣ་ཚོགས་ཀྱི་ཚུལ་དང་ལྡན་པས་དམ་ཚིག་ཏུ་གནས་པའོ། །རྟོག་པ་དགུ་པའི་དོན་རྣམ་པར་བཤད་པའོ། །གང་ཞིག་གཞིའི་ཆོས་ལྟ་བའི་བྱེ་བྲག་དང་། ལམ་གྱི་ཕན་ཡོན་དག་དང་དེ་ཉམས་སུ་ བླང་བའི་ཐབས་དང་ལམ་རྣམ་པ་གཉིས་པོ་དག་བསྒྲུབ་པའི་ཐབས་དག་བསྟན་ནས། དེ་ལས་བྱུང་བའི་འབྲས་བུ་ནི། འཇིག་རྟེན་འདིའི་དབང་དུ་ལས་ཕྲ་མོ་དག་གི་དངོས་གྲུབ་དང་ཐུན་མོང་གི་ལས་སྦྱོར་བ་དག་ལས་བྱུང་བའི་གྲུབ་པ་བརྒྱད་ལ་སོགས་པ་བསྟན་པ་དང་། འཇིག་ 26-1-386b རྟེན་པའི་དམན་པའི་ལས་སྣ་ཚོགས་པ་རྣམས་མཆོག་ཏུ་གྱུར་པའི་དངོས་གྲུབ་མཛད་པ་དང་བཅས་པའི་ཚུལ་བསྟན་པའི་ཕྱིར། ལེའུ་བཞི་པ་དང་དཔལ་རྡོ་རྗེ་ལས་ཀྱི་ཕྱག་རྒྱ་དང་། ལེའུ་བཅུ་པའི་དོན་བཞིན་དུ་འབྲས་བུ་མཛད་པ་དང་ཕྲིན་ལས་བཅས་པ་བསྟན་པ་ཡིན་ནོ། །དེ་ལ་ ལེའུ་དང་པོ་མཉམ་སྦྱོར་གྱི་སྒོ་ནས། བདག་ཉིད་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་ཐམས་ཅད་བདག་ཡིན་ནོ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་སུ་གསུངས་པའི་དོན་རྣམ་པར་བཤད་པའི་ཕྱིར། འབྲས་བུའི་མཚན་ཉིད་བསྟན་པ་ལས། དབང་པོར་ བཤད་པར་དམ་བཅའ་བ་ནི། དེ་ནས་ཀུན་དུ་སྣ་ཚོགས་ཀྱི། །ཕྱག་རྒྱ་ཞེས་པའི་སྒྲུབ་པ་འདི། །ཀུན་དུ་སྣ་ཚོགས་སྦྱོར་བ་ཡིས། །ཀུན་དུ་སྣ་ཚོགས་བཤད་པར་བྱ། །སྐུ་དྲུག་ལྷུན་གྱིས་གྲུབ་པའི་ཚུལ་དེ་ཉིད་ཀྱིས། སྣ་ཚོགས་སུ་རྣམ་པར་འཕྲུལ་པ་ལས་གདུལ་ བྱའི་སྣང་བ་ཇི་ལྟ་བ་བཞིན་དུ། ཀུན་དུ་སྣ་ཚོགས་ཀྱི་ཕྱག་རྒྱའི་བྱེ་བྲག་དག་ཤེས་ཤིང་། སྒྲུབ་པའི་མཐུས་ལམ་པའི་འགྲོ་བ་དག་དེ་དང་མཐུན་པའི་འབྲས་བུ་གསལ་བ་ལྟར་སྣང་ཞིང་། དེ་ཉིད་ཀྱི་སྒོ་ནས་མཛད་པའི་ཕྲིན་ལས་ཀུན་དུ་སྣ་ཚོགས་སུ་སྦྱར་བས་སེམས་ཅན་གྱི་ དོན་དུ་སྣ་ཚོགས་པ་ལྟར་སྣང་བ་དག་བཤད་པར་བྱའོ་ཞེས་པའོ། །དེའི་དོན་བཞིན་དུ་བཤད་པ་ལས། དང་པོ་སྦྱོར་བ་དང་ལྡན་པ་གར་ཐབས་ཀྱི་ཕྱག་རྒྱ་དགྲོལ་བའི་ཕྱིར། །སྨིན་མ་མིག་དང་སོ་དང་མཆུ། །ཁ་དང་ལུས་དང་རྐང་ལག་གིས། །ཆ་ལུགས་བཞིན་དུ་གར་ བྱེད་པ། །ཕྱག་རྒྱ་ཐམས་ཅད་ཡོངས་སུ་དགྲོལ། །དཔལ་རྡོ་རྗེ་སེམས་དཔའ་སྦྱོར་བའི་གར་ཐབས་ཀྱིས་འགྲོ་བའི་དོན་དུ་ཕྲིན་ལས་སྣ་ཚོགས་ལ་སྙོམས་པར་ཞུགས་ཏེ་སྨིན་མ་དང་མིག་ལ་སོགས་པའི་སྒོ་ནས་གར་ཐབས་འོད་ཟེར་སྤྲོ་ཞིང་། ཕྱག་རྒྱའི་དཀྱིལ་འཁོར་ དག་འགྲོ་བའི་དོན་དུ་དབྱུང་ཞིང་དགྲོལ་བར་མཛད་པའོ། །ཡང་དཀྱིལ་འཁོར་བསྒོམ་པའི་དོན་བཞིན་དུ་བསྒྲུབ་པའི་ཕྱིར། རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །ལྷ་མོ་ཀུན་དང་འདུས་པ་ནི། །ཞེས་པ་ལ་སོགས་པ་གསུངས་ཏེ། དཔལ་རྡོ་རྗེ་སེམས་དཔའ་ལྷ་ 26-1-387a མོའི་ཚོགས་དང་མི་འབྲལ་ཞིང་། ལོངས་སྤྱོད་པར་མཛད་པ་ནི། ཀུན་དུ་སྣ་ཚོགས་སྐལ་བ་བཟང་པོ་ཡིན་ཏེ། སྔོན་དུ་དཀྱིལ་འཁོར་བསྒོམ་པའི་དོན་དུ་བདེ་བའི་དངོས་གྲུབ་འགྲུབ་པར་འགྱུར་བའོ། །ཡང་ཚིགས་སུ་བཅད་པ་འདི་གཉིས་རྗེས་སུ་འཇུག་པའོ། ། དེ་དག་གི་དོན་དུ་ཡང་བསྟན་པ་སྟེ། ལྷ་བསྒོམ་པ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་གཤེགས་སུ་གསོལ་བ་དང་། དཀྱིལ་འཁོར་བསྡུ་ཞིང་ཕྱག་རྒྱ་དགྲོལ་བ་དང་། །སྲུང་བའི་ཆོ་ག་དག་ལ་ཡང་སྦྱར་ཏེ། རྒྱལ་བའི་བཀའི་དོན་ལ་ནི་དགོངས་པ་དུ་མའི་མཚན་ ཉིད་ཅན་ཏེ། དེ་དག་ཉམས་སུ་བླངས་ཤིང་སྤྱོད་པའི་མཐུ་འདི་དག་འགྲུབ་པར་འགྱུར་རོ་ཞེས་པའོ། །དེ་དག་གི་ཕན་ཡོན་ནི་ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏེ་གོ་སླའོ། །ཡང་འབྲས་བུའི་ངོ་བོ་དེ་དག་ཇི་ལྟར་འབྱུང་བའི་འབྲེལ་ཚུལ་བསྟན་པའི་ཕྱིར། སངས་རྒྱས་ ཀུན་དང་མཉམ་སྦྱོར་བས། །སངས་རྒྱས་ཀུན་དང་མཉམ་པར་འགྱུར། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་གསུངས་པ་ལས། དང་པོར་ལྟ་བའི་མཚན་ཉིད་སངས་རྒྱས་གཉིས་དང་མཉམ་པར་སྦྱོར་བས་རྟོགས་ཤིང་གསལ་བར་བྱས་ཏེ། དེའི་དོན་སྒྲུབ་ པའི་ཐབས་ལམ་གྱི་ཆོས་དག་ཉམས་སུ་བླངས་ན་དེ་དང་མཐུན་པའི་འབྲས་བུ་གསལ་བར་འགྲུབ་པའོ། །དེ་ཉིད་ཇི་ལྟ་བུ་ཞེ་ན། ཡོན་ཏན་མཛད་པ་དང་བཅས་པའི་ཚུལ་གྱིས་སྣང་བ་སྟེ། ལྟ་བས་མི་ངོམས་པ་ཡི་སྐུ། །ཐམས་ཅད་བདག་ཉིད་སྟོན་པར་མཛད། །ཅེས་པ་ལ་སོགས་ པའི་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། བདེ་བར་གཤེགས་པའི་སྐུ་དྲུག་རྣམ་པར་བཀོད་པ་ཡོན་ཏན་རིན་པོ་ཆེའི་ཚོགས་ཀྱིས་བརྒྱན་ཅིང་། ལྟ་བས་མི་ངོམས་པའི་སྐུ་གདུལ་བྱའི་རྒྱུད་སྟོན་པར་མཛད་ནས་ལེགས་པའི་འབྲས་བུ་དང་བདེ་བའི་ལམ་དང་། སྣ་ཚོགས་ཀྱི་ དངོས་གྲུབ་དག་སྦྱིན་ཞིང་ལེགས་སོ་ཞེས་པ་ལ་སོགས་པའི་གསུང་བརྗོད་དེ། དངོས་གྲུབ་ཀྱི་མཆོག་གི་བར་དུ་ཐམས་ཅད་སྩོལ་བར་མཛད་པའོ། །ཡང་། རང་ཉིད་མཆོད་པའི་ཆོ་ག་ནི། །དབང་པོ་ཀུན་ལ་བྱུང་བ་ཡི། །མཆོད་པའི་སྤྲིན་ནི་ཐམས་ཅད་ཀྱི། །བཀོད་ 26-1-387b པ་རབ་འབྱམ་ཚོགས་རྣམས་ཀྱིས། །ཐམས་ཅད་བདག་ཉིད་མཆོད་པར་མཛད། །སྐུ་དང་ཡེ་ཤེས་ཐམས་ཅད་ལ་མངའ་བརྙེས་ཤིང་། ཀུན་གྱི་བདག་ཉིད་དུ་གྱུར་པས། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་བརྒྱད་ཅུ་དང་། ཕྲིན་ལས་སུམ་བརྒྱ་དྲུག་ཅུ་དག་རྒྱུད་ལ་རྫོགས་པར་དབང་པོའི་ ཡུལ་དུས་མཐའ་དག་མཆོད་པའི་སྤྲིན་བཀོད་པ་རབ་འབྱམ་སྣ་ཚོགས་པར་གྱུར་ཏེ། བདག་དང་གཉིས་སུ་མེད་པའི་ཚུལ་གྱིས་ལོངས་སྤྱོད་པར་མཛད་པའོ། །ཡང་ཕྱག་རྒྱས་གདབ་པའི་ཕྱིར། དཔལ་ལྡན་གཡོན་པ་འགྱིང་དང་བཅས། །དཔལ་ལྡན་ལག་པ་ གཡས་པ་ཡི། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་གྱིས་ཕན་ཡོན་དང་བཅས་པར་བསྟན་པ་ལས། ཕྱག་རྒྱའི་ཆ་ལུགས་གསལ་བར་གནས་ཤིང་དངོས་གྲུབ་ལ་སོགས་པའི་ལས་མཐའ་དག་ལ་སྦྱོར་ཞིང་རྒྱས་གདབ་པའི་ཚུལ་གྱིས། གཡོན་པ་དྲིལ་ བུའི་ཕྱག་རྒྱ་དཀུའི་གནས་སུ་འཇོག་ཅིང་གཡས་པ་པདྨའི་ཁུ་ཚུར་དཔྲལ་བར་འཇོག་ཅིང་མིག་གི་ལྟ་བ་གྱེན་དུ་བཏེག་ནས། དངོས་གྲུབ་ཀྱི་གནས་ལ་འཇུག་པར་བྱའོ། །འདི་ཉིད་འབྲས་བུའི་གནས་སྐབས་སུ་བསྟན་པ་ཅིའི་ཕྱིར་གསུངས་ཤེ་ན། མཛད་པ་ཇི་བཞིན་གྱི་ ཚུལ་གྱིས་དེའི་གནས་ལ་འཇུག་པའི་ཕྱིར་རོ། །པདྨོ་གྱེན་དུ་འཕར་བའི་སྤྱན། །ཞེས་པ་ནི་ཆོས་ཐམས་ཅད་རྣམ་པར་དག་པའི་སྒོ་ནས་དངོས་གྲུབ་ཀྱི་ལས་ཐམས་ཅད་ལ་གཟིགས་པའི་ཚུལ་གྱིས་ཕྱག་རྒྱ་དང་ཕྱག་རྒྱའི་ལན་དག་རྣམ་པར་བསྟན་པའོ། །ད་ནི་ཕན་ཡོན་ལས་དང་ པོར་ངེས་པར་ལུང་མི་འགྱུར་བའི་མཚན་ཉིད་བསྟན་པའི་ཕྱིར། སངས་རྒྱས་ཐམས་ཅད་འདུས་པ་ཡིས། །རྟག་ཏུ་དཔག་མེད་ཚེ་དང་ལྡན། །ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པའི། །བདེན་པའི་ཚིག་ནི་རབ་ཏུ་སྨྲ། །ངེས་པའི་ཐེག་པའི་སྒོ་ནས་སངས་རྒྱས་བདེ་ བར་གཤེགས་པ་སྲས་དང་བཅས་པ་རྣམས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་འདི་དག་རྒྱས་པར་བཀང་ནས། རྟག་ཏུ་འགྱུར་བ་མེད་པའི་སྐུ་དང་གསུང་དང་ཐུགས་ཀྱིས་ཐེག་པ་ཆེན་པོའི་དོན་འབྲས་བུ་རྡོ་རྗེ་ཐེག་པའི་བདེན་པའི་ཚིག་རྒྱུད་སྣ་ཚོགས་བཤད་ 26-1-388a པར་མཛད་པའོ། །ཡང་རྒྱུད་དང་དཀྱིལ་འཁོར་གྱི་ཡོན་ཏན་བརྗོད་པ་ལས་འདས་པའི་དོན་བསྟན་པ། དེའི་ཕྱིར་ཚིགས་སུ་བཅད་པ་གཅིག་གསུངས་ཏེ་གོ་སླའོ། །ཡང་འབྲས་བུ་རང་ཆས་སུ་གནས་པ་གསང་བའི་མཚན་ཉིད་དང་བཅས་པ་བསྟན་པ་ནི། མཐུ་དང་རང་བཞིན་དག་གིས་འགྲུབ། །ངོ་བོ་ཉིད་ཀྱིས་རྟག་ཏུ་འགྲུབ། །སོ་སོར་རྗེས་སུ་འགྲུབ་བདེ་སྟེར། །འདི་ནི་གསང་མཆོག་མཆོག་གི་མཆོག །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་བསགས་པའི་མཐུ་དང་། འབྲས་བུའི་རང་བཞིན་དུ་ ཆོས་ཐམས་ཅད་ཡེ་ནས་གནས་ཤིང་ངོ་བོ་ཉིད་ཀྱིས་དེ་ཉིད་གསལ་བར་བྱས་པའི་སྟོབས་ལས་བྱུང་བས། ལས་མཐུན་པའི་འབྲས་བུ་སོ་སོའི་རྗེས་སུ་གང་སྒྲུབ་པ་དང་། སྒྲུབ་པའི་སྒོ་ནས་བདེ་བའི་ཡེ་ཤེས་མཆོག་སྐྱེ་བར་འགྱུར་བས་གསང་བའི་ཐེག་པ་ཐམས་ཅད་ཀྱི་ དོན་མཆོག་གི་མཆོག་ཏུ་གྱུར་པའོ། །གཞན་ཡང་རྟོག་པ་ཐམས་ཅད་དང་བྲལ་བའི་རྒྱལ་བ་ནི་མཛད་པ་ཅི་ཡང་མི་མངའ་སྟེ། སྣ་ཚོགས་ཀྱི་རྒྱུད་དང་རིགས་དང་། ཕྲིན་ལས་དང་དཀྱིལ་འཁོར་སྟོན་པར་མཛད་ཀྱང་དེར་འཛིན་གྱི་ཀུན་དུ་རྟོག་པ་དང་བྲལ་བའི་ཕྱིར་རོ། །དེས་ སེམས་ཅན་དོན་ཕྱིར་ལས་རྣམས་སྦྱོང་བ་དང་། །རྣམ་པར་སྦྱོར་བ་རྒྱལ་བ་ཡོངས་མི་མཛད། །ཅེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་ཕྱེད་དང་གཉིས་གསུངས་པ་ཡིན་ནོ། །གང་ཞིག་དེ་ལྟ་བུའི་དོན་རྟོགས་པ་དེ་ཉིད་ནི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་པར་བསྟན་ཏེ། གང་ཞིག་རང་གི་བདེ་བས་བདེ་བསྒྲུབ་པ། །དངོས་གྲུབ་མཆོག་གིས་ད་ནི་བརྟན་པར་མཛད། །རང་ཉིད་ཀྱི་རྣམ་པ་ཅི་སྦྱིན་པར་གསལ་བའི་མཐུས་དངོས་གྲུབ་ཀྱི་མཆོག་བརྟན་པར་འགྱུར་ཏེ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྟག་ཏུ་ཞུགས་པ་ཡིན་ནོ། །དེ་དག་གིས་ནི་ཕན་ཡོན་གྱི་ དོན་རྣམ་པར་བཤད་པའོ། །ད་ནི་རྩ་བའི་རྒྱུད་ཀྱི་རྟོག་པ་ཐ་མ་ལས་གསུངས་པ་བཞིན་དུ་བསྟན་པས་དད་ཅིང་དགྱེས་ནས་ཡི་རང་བ་ལ་གཙོ་བོ་དགྱེས་པར་མཛད་པའི་ཕྱིར། ཀུན་དུ་སྣ་ཚོགས་པས་ནི་དེ་སྐད་གསུངས། །བཅོམ་ལྡན་དེ་བཞིན་གཤེགས་པ་རྟག་ཏུ་ 26-1-388b དགྱེས། །རང་ཉིད་ལ་རང་ཉིད་དམ་པའི་ཚུལ་གྱིས་ཐུགས་ཀྱི་དཀྱིལ་འཁོར་ནས་དགོངས་པའི་དོན་ཇི་བཞིན་པ་དཔལ་གྱི་མགུར་ནས་ཕྱུང་ཞིང་། ལྗགས་ཀྱི་པདྨ་ལ་བཀྲམ་སྟེ་ཚེམས་བཟང་པོ་བཞི་བཅུ་རྩ་གཉིས་ཀྱི་བར་ནས་ཚངས་པའི་གསུང་དབྱངས་སུ་སྟོན་པ་དང་། རང་ཉིད་ཀྱི་ཐུགས་དམ་པར་གྱུར་པའོ། །དེ་ཡང་རྩ་བའི་རྒྱུད་ལས་བསྟན་པ་རྣམ་པ་གཉིས་ཀྱི་ཚུལ་དུ་གཏད་པ་མཛད་ནས་ངོ་མཚར་གྱི་འཛུམ་པ་ཆེན་པོས་འཁོར་གྱི་མདངས་ཕྱུང་ཞིང་། ཨ་ལ་ལ་བསྟན་པའི་སྙིང་པོ་འདི་མཆོག་ཏུ་གྱུར་པའོ། །དེ་ཅིའི་ཕྱིར་ཞེ་ ན། ཟབ་པ་དང་རྒྱ་ཆེ་བ་གཉིས་སུ་མེད་པའི་ཚུལ་དུ་སྟོན་པར་མཛད་ཅིང་ཞེས་པ་ལ་སོགས་པ་གསུངས་སོ། །དེའི་རྗེས་སུ་འཁོར་གྱི་ཚོགས་དག་གིས་ཀྱང་མཆོད་པ་དང་བསྐོར་བ་ལ་སོགས་པ་དག་བྱས་ཤིང་མངོན་པར་བསྟོད་པ་དེའི་ཕྱིར། རྡོ་རྗེ་སེམས་དཔའ་དཔལ་ གྱིས་ལེགས་གསུངས་ལ། །མངོན་པར་བསྟོད་ཅིང་རབ་ཏུ་དགྱེས་པར་འགྱུར། །ཞེས་གསུངས་པ་ཡིན་ནོ། །ཀུན་དུ་སྣ་ཚོགས་སྐལ་བ་བཟང་པོ་དམ་ཚིག་གི་རྟོག་པ་ཞེས་པ་ནི་སྐུ་དྲུག་ཀ་ལྷུན་གྱིས་གྲུབ་པའི་རང་བཞིན་སངས་རྒྱས་དེ་ཉིད་འཁོར་བ་ དང་མྱ་ངན་ལས་འདས་པའི་བདག་ཉིད་ཆོས་ཐམས་ཅད་ཀྱི་འབྱུང་གནས་དང་རང་བཞིན་དུ་བཞུགས་པས། སྣ་ཚོགས་ཀྱི་སྐལ་བ་བཟང་པོ་ཡིན་ལ། ཤྲཱིའི་སྒྲས་ཡོན་ཏན་གྱི་ཚོགས་ཐམས་ཅད་དང་བྲལ་བ་མེད་ཅིང་། དེ་ཉིད་དམ་ཚིག་གི་ཚུལ་ གྱིས་གཞན་ལ་ཡང་སྟོན་པར་མཛད་པའོ། །ལེའུ་བཅུ་པའི་དོན་རྣམ་པར་བཤད་པའོ།། །།དཔལ་ལྡན་རྒྱལ་བ་ཀུན་གྱི་བདག་ཉིད་སྐུ། །སྲིད་དངོས་ཐོག་མཐའ་མེད་པའི་སེམས་དཔའ་མཆོག །རིགས་མང་དཀྱིལ་འཁོར་སྣ་ ཚོགས་འབྱུང་བའི་གནས། །མགོན་མཆོག་ཐུགས་རྗེའི་བདག་པོ་རྨད་དུ་བྱུང་། །དགོངས་པའི་བཅུད་རྫོགས་གསང་བ་རྒྱ་མཚོའི་རྒྱུད། །ཤིན་ཏུ་བརྟག་དཀའ་མུན་ཁམས་འོད་ཀྱི་རིན་ཆེན་གཟུགས། །དུ་མའི་རྟོག་བཅོམ་ཆོ་ག་ཀུན་སྟོན་ 26-1-389a པ། །བདེ་ཆེན་ཕྱག་རྒྱ་ངོ་མཚར་རྨད་དུ་བྱུང་། །སྐྱབས་མཛད་ཐུགས་གཉིས་ཉི་ཟེར་རིམ་ཤར་འདྲ། །བློ་ཡི་མུན་སེལ་རིན་ཆེན་ཟུར་མང་གསལ། །ལེགས་བཤད་ཚུལ་མང་མཁས་པའི་སྤྱོད་ཡུལ་ཡིན། །རྣམ་པར་བཤད་ལས་འགལ་མེད་རྨད་དུ་ བྱུང་། །ཕྱི་དུས་རྟོག་མང་བློ་གྲོས་མཐའ་ཡས་རྣམས། །ལེགས་བཤད་རྒྱལ་བའི་གསུང་ལའང་མགུ་དཀའ་བ། །བདག་ལ་བརྟེན་ཏེ་སྒྲོ་སྐུར་སྨོད་འཛུགས་འགྱུར། །དེ་དག་སྒྲིབ་བསགས་དྲི་མ་དག་གྱུར་ཅིག །རྡུལ་བྲལ་གངས་རི་རིན་ཆེན་ལྷུན་པོའི་རྒྱན། །སྐར་ ཚོགས་ཟླ་རྒྱས་ཉི་མའི་འོད་མདངས་ཀྱིས། །མི་མཐུན་ཕྱོགས་བྲལ་ལེགས་པའི་ལམ་ཞུགས་ཏེ། །མཚུངས་མེད་འཁོར་ལོས་སྒྱུར་རྒྱལ་གནས་ཐོབ་ཤོག །དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་སྒྱུ་མའི་མཆོག་གི་དོན་རྣམ་པར་བཤད་ པ་ཞེས་བྱ་བ། དཔལ་ཨུ་རྒྱན་གྱི་མཁས་པ་ཆེན་པོ་འཛམ་བུ་གླིང་གི་ཉི་མ་དང་འདྲ་བ། དངོས་གྲུབ་ཐོབ་པའི་སློབ་དཔོན་རྒྱལ་པོ་ཆེན་པོ་བརྒྱ་བྱིན་སྡོང་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སིཾ་ཧ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ ལྷའི་རིན་པོ་ཆེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱིས་ཕྱིས་ལེགས་པར་གཏན་ལ་ཕབ་པ།།༄༅༅། །རྒྱ་གར་སྐད་དུ། སརྦྦ་བུདྡྷ་ས་མ་ཡོ་ག་ཌཱ་ཀི་ནཱི་མཱ་ཡཱ་སམྦཱ་ར་བྲྀཏྟི་ས་མ་ཡོ་གཱ་ལཾ་ཀཱ་ར་ནཱ་མ། བོད་སྐད་དུ། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་གི་འགྲེལ་པ་མཉམ་སྦྱོར་གྱི་རྒྱན་ཞེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་དངོས་བདག་ཉིད་ཅན། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །སྒྱུ་མ་བདེ་ མཆོག་ཕྱག་འཚལ་ཏེ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བཤད། །དང་པོར་རེ་ཞིག་རྣལ་འབྱོར་པ་བདག་དང་གཞན་དོན་བསྒྲུབ་པར་ཅི་ལ་ཡང་མ་རེག་པར་ཆས་པ་རྣམས་ལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པར་བྱ་བའི་ 26-1-389b ཕྱིར་རྒྱུད་ཀྱི་དོན་འདི་བརྩམ་པར་བྱའོ། །དེ་ལ་བརྗོད་པར་བྱ་བ་ནི་གང་། དགོས་པ་ནི་གང་། འབྲེལ་པ་ནི་གང་། དགོས་པའི་དགོས་པ་ནི་གང་ཞེ་ན། བཤད་པར་བྱ་སྟེ། རྩ་བའི་རྒྱུད་དང་། ཕྱི་མ་དང་། ཕྱི་མའི་ཕྱི་མ་བསྟན་པའི་དོན་དུ་རྒྱུའི་རྒྱུད་དང་། ཐབས་ཀྱི་རྒྱུད་དང་། འབྲས་བུའི་ རྒྱུད་ནི་བརྗོད་པར་བྱ་བ་ཡིན་ལ། རྩ་བའི་རྒྱུད་རྟོག་པ་བཅུ་པ་དང་། ཕྱི་མ་རྟོག་པ་བདུན་པ་དང་། ཕྱི་མའི་ཕྱི་མ་རྟོག་པ་ལྔ་པོ་ནི་རྗོད་པར་བྱེད་པའོ། །འབྲེལ་པ་ནི་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་ནི་དེའི་བདག་ཉིད་ཡིན་ལ། བརྗོད་བྱ་དང་དགོས་པ་ནི་དེ་ལས་བྱུང་བ་ཡིན་ནོ། །། དགོས་པ་ནི་བསྒྲུབ་པར་འདོད་པ་དང་། དངོས་གྲུབ་ལེན་པ་དང་། གཞན་ལ་ཕན་འདོགས་པའི་གང་ཟག་གིས་ཁོང་དུ་ཆུད་པའོ། །དགོས་པའི་དགོས་པ་ནི་འཇིག་རྟེན་ཐུན་མོང་དང་མཆོག་གི་དངོས་གྲུབ་བསྒྲུབ་པའོ། །དེ་ལྟར་དགོས་པའི་དོན་བཤད་ནས། བསྡུས་ པའི་དོན་ནི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་རྟོག་པ་དྲུག་བསྒྲུབ་པའི་ཡན་ལག་དང་བཅས་པའི་བཤད་པ་དང་། མཆོག་གི་དོན་སྒྲུབ་པ་རྒྱུད་ཕྱི་མ་རྟོག་པ་དགུ་པ་བཤད་པ་དང་། དྲིས་པ་དང་ལེན་གྱི་རྒྱུད་ཀྱིས་རྩ་བའི་རྒྱུད་དང་ཕྱི་མའི་སྒྲུབ་པ་དང་། དངོས་ གྲུབ་དང་གྲུབ་པའི་ལས་རྣམས་བཤད་པའོ། །བསྡུས་པའི་དོན་དེ་ལྟ་བུ་དང་ལྡན་པའི་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བའི་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་དང་མཉམ་པའི་ཐུགས་དང་རྣལ་ འབྱོར་པ་ཡང་དག་པར་མཉམ་པར་སྦྱར་བས་ན་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་ཞེས་བྱ་བའི་རྒྱུད་ཡིན་ནོ། །བསྡུས་པའི་དོན་མཚན་དང་བཅས་པ་བཤད་ནས་ཡན་ལག་གི་དོན་བཤད་པར་བྱ་སྟེ། བཅོམ་ལྡན་འདས་མཁའ་འགྲོ་བདེ་མཆོག་ལ་ བསྟོད་པ་དང་། པུ་ཛ་དང་ཕྱག་བྱས་ནས། མགོན་པོ་ཁྱོད་ལ་གསོལ་བ་ནི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྣལ་འབྱོར་བདེ་མཆོག་སྒྱུ་མས་སྤྲུལ། །ཉོན་མོངས་ཀུན་ལས་རྒྱལ་བར་མཛོད། །ཅེས་གསོལ་བ་བཏབ་པའི་རྗེས་ཐོགས་ལ་བཅོམ་ལྡན་འདས་ 26-1-390a ཀྱིས། སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་བདག་ཉིད་ཆེ་བའི་ལྷ། །སངས་ རྒྱས་ཀུན་དང་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །ཅེས་བྱ་བ་སྟོན་པ་པོ་ཉིད་ཀྱིས་གླེང་གཞི་གསུངས་པ་ཡིན་ནོ། །དེ་ལ་སྟོན་པ་ནི་གང་ཞིག་ཡིན། གནས་ནི་གང་། འཁོར་ནི་སུ་དང་ལྷན་ཅིག་ཏུ། དུས་ནི་ནམ་གྱི་ཚེ། ཆོས་ནི་ཅི་ཞིག་གསུངས་ཤེ་ན། དེ་ལ་སྟོན་པ་ནི་སྐུ་གསུམ་གྱི་བདག་ཉིད་ཡིན་ཏེ། སྤྲུལ་སྐུའི་བདག་ཉིད་ནི། སེམས་དཔའ་སངས་རྒྱས་ཀུན་དངོས་ཞེས་བྱ་སྟེ་འཁོར་ལོས་སྒྱུར་བ་དྲུག་གི་བདག་ཉིད་ཅན་ནོ། །ལོངས་སྐུ་ནི་རྡོ་རྗེ་སེམས་དཔའ་བདེ་བའི་མཆོག་ཅེས་བྱ་བ་ཡིན་ནོ། །གནས་ནི་གསང་བ་ མཆོག་གི་དགྱེས་པ་ན་ཞེས་བྱ་བ་ཡིན་ནོ། །འཁོར་ནི་ཐམས་ཅད་བདག་ཉིད་དོ། །དུས་ནི་རྟག་ཏུ་བཞུགས་ཞེས་བྱ་བའོ། །དེ་ལ་ཆོས་ཀྱི་སྐུ་ནི། འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་བདག་ཉིད་ཆེ་བའི་ལྷ། །ཞེས་བྱ་བ་སྟེ། སེམས་རང་རིག་འོད་གསལ་གཉིས་སུ་ མེད་པའི་བདག་ཉིད་གཅིག་པུ་ཆེ་བའི་ལྷ་ཡིན་ནོ། །བཤད་པའི་ཆོས་ནི། སངས་རྒྱས་ཀུན་དང་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །ཅེས་བྱའོ། །ཕུན་སུམ་ཚོགས་པ་ལྔའི་འཁོར་རྣམས་ཀྱི་མངོན་སུམ་དུ་གྲུབ་ན་ཅིའི་ཕྱིར་གླེང་གཞི་གསུངས་ཤེ་ན། མ་ འོངས་པའི་གསང་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པར་འདོད་པ་རྣམས་ལ་དམན་པ་དབྱིབས་དང་། གསང་བ་སྔགས་དང་། མཐར་ཐུག་ཆོས་སྒོམ་པའི་དོན་དུ་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་དང་། སྤྱན་རས་གཟིགས་དང་། འཇམ་དཔལ་ལ་གསུངས་པ་ཡིན་ནོ། །དོན་ གསུམ་པོ་འདི་ནི་འཁོར་ལོ་བདེ་མཆོག་གི་འགྲེལ་པར་བལྟ་བར་བྱའོ། །དེ་ལྟར་གླེང་གཞི་གསུངས་ནས། ད་ནི་ལེའུ་དང་པོ་དེ་ཁོ་ན་ཉིད་སྣང་བ་དམ་པའི་ཡུལ་ལ་འཇུག་པ་ཞེས་བྱ་བ་གྱུ་དང་ཐབས་དང་འབྲས་བུ་གསུམ་གྱིས་ཤེས་བྱའི་འདུག་ལུགས་བསྟན་པར་བཞེད་ནས། འདོད་ 26-1-390b ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མར་ཡང་ནི་མི་གནས་སོ། །ཞེས་པ་ཐབས་ཀྱི་རྒྱུད་ཀྱི་བདག་ཉིད་རང་བཞིན་བརྒྱད་ཅུ་དང་བྲལ་བར་བསྟན་ཏོ། །ཐབས་དེ་གང་གིས་རྟོགས་སྙམ་ན། །བུད་མེད་ཀུན་གྱི་སྒྱུ་མའི་རྒྱ། །ཞེས་བྱ་བ་སྨོས་ཏེ། བུད་མེད་ཀུན་ནི་ལས་ཀྱི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོ་དང་། སྒྱུ་མའི་རྒྱ་ནི་ཞི་གནས་དང་ལྷག་མཐོང་མངོན་སུམ་དུ་བསྐྱེད་པའི་རྒྱུའི་ཚོགས་པའོ། །དེ་ཉིད་ཐེག་པ་གཅིག་པུ་ཡིན་ཞེ་ན། འདི་ནི་གཉིས་མེད་ཐེག་པ་མཆོག །ཅེས་བྱ་བ་སྨོས་ཏེ། ཐབས་དང་ཤེས་རབ་གཉིས་མེད་ རྒྱུ་རྐྱེན་གྱི་ཚོགས་པའོ། །རྒྱུ་རྐྱེན་ཇི་ལྟ་བུ་ཞེ་ན། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ངོ་བོ་ཉིད་ཀྱི་མཐུ་དག་གིས། །རང་བཞིན་གྱིས་ནི་འགྲུབ་པའོ། །ཞེས་བྱ་བ་སྨོས་ཏེ། སྒྱུ་མ་ཐམས་ཅད་ནི་ཚོར་བ་སྡུག་བསྔལ་གྱི་རྒྱུ་རྐྱེན་ཚོགས་པ་དང་། བཏང་སྙོམས་ ཀྱི་དང་། བདེ་བའི་རྒྱུ་རྐྱེན་ཚོགས་པ་ལས། ཕྱག་རྒྱ་རང་བཞིན་འདི་ནི་རྒྱུ་རྐྱེན་ལས་ཁྱད་པར་འཕགས་སོ། །གོམས་པ་མེད་ན་ཇི་ལྟ་བུ་ཞི་གནས་དང་ལྷག་མཐོང་མངོན་སུམ་དུ་འགྲུབ་ཅེ་ན། ངོ་བོ་ཉིད་ཀྱི་མཐུ་དག་གིས། །ཞེས་བྱ་བ་སྨོས་ཏེ། ཞི་གནས་དང་ལྷག་མཐོང་མངོན་སུམ་དུ་ བྱེད་པའི་རྒྱུ་རྐྱེན་ཚོགས་པ་ལས་ཕྱག་རྒྱ་རང་བཞིན་གྱིས་ནི་དེ་འགྲུབ་པའོ་ཞེས་བྱ་བ་ནི་གསེར་འགྱུར་རྩིའི་རྣམ་པ་བཞིན་དུ་ཕྱག་རྒྱའི་རྒྱུ་རྐྱེན་ཚོགས་པའི་མཐུ་ལས་བསམ་གཏན་གྱི་ཏིང་ངེ་འཛིན་དང་ཟག་པ་མེད་པའི་ཡེ་ཤེས་འགྲུབ་པའོ། །དེ་ལ་ཕྱག་རྒྱ་གསུམ་གྱི་འབྲས་བུ་བཤད་པ་ནི། འཇིག་རྟེན་གསུམ་འདིར་བུད་མེད་ཀྱིས། །གུས་པ་བྱེད་པ་དག་ཏུ་འགྱུར། །ཞེས་བྱ་བ་གསུངས་ཏེ། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་དང་ཆོས་གསུམ་གྱིས་འཇིག་རྟེན་གསུམ་གྱི་དྲི་མ་དང་མ་བྲལ་བ་ཡིན་དུ་ཟིན་ཀྱང་མངོན་སུམ་གྱི་བདེ་བ་སྟོང་པ་བསྐྱེད་པ་གུས་པར་བྱེད་པ་ཡིན་ནོ། ། དེ་སྐད་དུ་རྩ་བའི་རྒྱུད་ལས། མྱུར་དུ་དངོས་གྲུབ་རབ་བསྐྱེད་དེ། །འཕྲལ་དུ་ཡིད་ཆེས་བྱེད་པ་ཡིན། །ཞེས་གསུངས་སོ། བཞི་པ་ལས་ཀྱི་ཕྱག་རྒྱའི་འབྲས་བུ་ནི། རྙེད་དང་བདེ་དང་དགའ་ཀུན་གྱིས། །ཞེས་བྱ་བ་སྨོས་སོ། །རྙེད་པ་ནི་དགའ་བ་དང་། མཆོག་ཏུ་ལུས་བདེ་བ་དང་། 26-1-391a བདེ་བ་ནི་ལྷན་ཅིག་ཏུ་སྐྱེས་དགའ་ཡིད་བདེ་བའོ། །དགའ་བ་ཀུན་གྱི་ཞེས་བྱ་བ་ནི་དགའ་བ་གསུམ་གྱི་ཏིང་ངེ་འཛིན་གྱིས་སོ། །ངན་སྤྱོད་མ་ཡང་འགྲུབ་པར་འགྱུར། །ཞེས་པ་ནི་དག་བྱེད་དང་དབང་དང་དཔའ་བོ་དང་བཀས་གནང་བའི་ལྷ་མོ་ལས་གཞན་པའི་ཐ་མའི་ བུད་མེད་ངན་སྤྱོད་མ་ལ་འགྲུབ་པར་འགྱུར་བའོ། །དེ་ཅིའི་ཕྱིར་ལས་དང་པོ་པར་འགྱུར་རོ་ཞེ་ན། རང་གི་ངོ་བོ་ཡོངས་བསྒྱུར་ན། །བུད་མེད་ཀུན་གྱི་སྒྱུ་མས་འགྲུབ། །ཅེས་བྱ་བ་སྨོས་ཏེ། རང་གི་ངོ་བོ་བསྒྱུར་བ་ནི་ཡེ་ཤེས་སེམས་དཔའ་བཅུག་ནས་ཐ་མལ་པའི་བུད་མེད་ཀྱི་ངོ་བོ་བསྒྱུར་ ཏེ། སངས་རྒྱས་སྤྱན་དང་། མཱ་མ་ཀཱི་གོས་དཀར་མོ་སྒྲོལ་མ་ལ་སོགས་བུད་མེད་ཀུན་གྱི་སྒྱུ་མས་འགྲུབ་པའོ། །མི་ཡི་ལུས་ལ་ཅིའི་ཕྱིར་སངས་རྒྱས་སྤྱན། །ཞེས་བྱ་བ་ལ་སོགས་པར་བརྗོད་ཅེ་ན། ངོ་མཚར་སྒྱུ་མའི་མུ་དྲ་འདི། །མཁའ་འགྲོ་མ་ཞེས་བརྡས་བསྟན་པ། །ཞེས་ པ་སྨོས་ཏེ། མུ་སྟེགས་དྲང་སྲོང་ངམ། མཚན་ཉིད་ཐེག་པའི་རྒྱུ་སྙོམས་འཇུག་གི་བསམ་གཏན་བཞིན་དུ་མིའི་བུད་མེད་ལ་ཡེ་ཤེས་སེམས་དཔའ་བབས་ནས་ངོ་མཚར་ཅི་སྒྱུ་མ་ལས་ཀྱི་མུ་དྲར་གྱུར་པས་ན་མཁའ་འགྲོ་མ་ཞེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བརྡས་བསྟན་ཏོ། ། དེ་ནི་མཁའ་ལ་འགྲོ་བ་ཞེས། །ཁམས་ལས་ཀུན་དུ་བརྟགས་པ་སྟེ། །ཞེས་བྱ་བ་ལ། ཌཱ་ཀི་ནི་ཞེས་བྱ་བའི་སྒྲའི་ཁམས་ནི། དེའི་ཧ་ས་ག་མ་ཞེས་པ་སྟེ། ནམ་མཁར་འགྲོ་བ་ཞེས་བྱའོ། །ནམ་མཁའ་ནི་གཅིག་སྟེ་ཞི་གནས་རྟོག་མེད་ཀྱི་ནམ་མཁའ་དང་། གཟུང་འཛིན་གཅིག་དང་བྲལ་ བ་ལྷག་མཐོང་གི་ནམ་མཁའོ། །དེར་འགྲོ་བ་ནི་ཞི་གནས་བདེ་བའི་ཏིང་ངེ་འཛིན་དང་། ལྷག་མཐོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་འགྲོ་བར་བྱེད་པའོ། །དེ་བས་ན། ནམ་མཁའ་ཀུན་དུ་སྤྱོད་གྲུབ་པ། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །ཞེས་བྱའོ། །མ་ལུས་ཐམས་ཅད་ ཕྱག་རྒྱ་ཡིས། །ཞེས་པ་ལས་དང་ཆོས་དང་དམ་ཚིག་དང་ཕྱག་རྒྱ་ཆེན་པོའོ། །ཐམས་ཅད་མ་ལུས་བདེ་མཆོག་གིས། །ཞེས་པ་ལས། ཆོས་དང་དམ་ཚིག་དང་ཕྱག་རྒྱ་ཆེན་པོའི་ཐབས་ཤེས་པའོ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་མ། །ཞེས་པ་ཐབས་བཞི་དང་ 26-1-391b ཤེས་རབ་བཞི་མཉམ་པར་སྦྱོར་བས་ཟུང་འཇུག་བསྒོམ་པའོ། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། ཞེས་པ་ནི་ཕྱག་རྒྱ་ཆེན་པོའི་སྟོང་ཉིད་དང་། དམ་ཚིག་གི་ཕྱག་རྒྱ་རླུང་མེའི་དྲོད་ཅན་དང་། །ཆོས་ཀྱི་ཕྱག་རྒྱ་འདོད་པའི་ཡོན་ཏན་ལྔ་དང་། ལས་ཀྱི་ཕྱག་རྒྱ་ཡེ་ཤེས་ལས་སྐྱེས་པ་དང་། སྔགས་དང་ཞིང་ལས་སྐྱེས་པའི་མཁའ་འགྲོ་མའོ། །དེ་ནི་མཁའ་འགྲོ་མ་ཞེས། སངས་རྒྱས་ཁམས་ལས་རབ་ཏུ་བརྟགས། །ཞེས་གནས་གཙང་མ་ལྷའི་སྐད། །སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བརྡར་གྱུར་པའི་ཞི་གནས་དང་ལྷག་མཐོང་གི་སེམས་ལ་མཁའ་འགྲོ་མ་ ཞེས་བྱའོ། །ཀུན་དུ་འགྲོ་བར་འགྲུབ་པ་ནི། །ཞེས་པ། མུ་དྲ་ཆེན་པོ་ཆོས་ཀྱི་བདག་ཉིད་ནི། །སངས་རྒྱས་ཀུན་གྱི་མཁའ་འགྲོ་མའོ། །ཤཾ་ཞེས་བྱ་བ་བདེ་བར་བཤད། །ཅེས་པ་ནི་ཟག་མེད་ཀྱི་བདེ་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཀུན་གྱི་ཡེ་ཤེས་ཀྱི་བདག་ཉིད་བདེ་བ་ཆེན་ པོའོ། །སྒྱུ་མ་ཐམས་ཅད་མཉམ་སྦྱོར་བ། །མཆོག་ཏུ་བདེ་བས་བདེ་བའི་མཆོག །ཅེས་པ་ཞི་གནས་དང་། ལྷག་མཐོང་གི་བདེ་བ་མངོན་སུམ་དུ་ཚོགས་པའི་བདེ་བའི་ཡེ་ཤེས་ཀྱི་སྒྱུ་མ་ཞི་གནས་ཀྱི་མཆོག་ཏུ་བདེ་བ་དང་། ལྷག་མཐོང་ཟག་མེད་ཀྱི་བདེ་བ་མཆོག་གོ། །དེ་ལྟར་ སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་ཅེས་བྱ་བ་མཚན་དོན་དང་ལྡན་པར་བཤད་པས་ཐབས་ཀྱི་རྒྱུད་ཤེས་བྱེད་བསྟན་ཏོ། །ཀུན་དུ་ཀུན་ནས་ཐམས་ཅད་ནི། །ཞེས་པ་ལ་སོགས་པ་སྣོད་བཅུད་ཐམས་ཅད་དང་མཉམ་པར་སྦྱོར་བའི་དོན་བཤད་ དོ། །ཀུན་དུ་ཞེས་པ་ནི་དུས་ཐམས་ཅད་དུའོ། །ཀུན་ནས་ཞེས་པ་ནི་ཕྱོགས་པའོ། །ཐམས་ཅད་ནི་དངོས་པོ་ཐམས་ཅད་དུའོ། །རྟག་ཏུ་ནི་ཡུལ་དང་དུས་ཐམས་ཅད་ལའོ། །རྣམ་པ་ཀུན་ནི་གནས་སྐབས་ཐམས་ཅད་དོ། །སངས་རྒྱས་ལ་སོགས་ནས་རྩ་བའི་རིག་ སྔགས་བཞིའོ། །སོགས་ཞེས་སྨོས་པ་ནི་རྡོ་རྗེ་དང་རྡོ་རྗེ་འཛིན་པ་ལ་སོགས་པའི་རིགས་སུའོ། །བརྟན་པ་ནི་གཞལ་ཡས་ཁང་དང་། གཡོ་བ་ནི་ལྷའི་འཁོར་ལོའོ། །ཀུན་གྱི་དངོས་པོར་བདག་གྱུར་ཏོ། །ཞེས་པ་བདེ་བ་ཆེན་པོའི་དེ་ཉིད་ཞི་བ་དང་སྲིད་པ་ལས་ཁྱབ་པར་བསྟན་པའོ། ། 26-1-392a དེ་ལྟར་མདོར་བསྟན་ནས་རྒྱས་པར་བསྟན་པ་ནི། སེམས་དང་སེམས་ཀྱི་ཏིང་ངེ་འཛིན། །ཞེས་སྨོས་ཏེ། སེམས་ནི་ཚོགས་བརྒྱད་ཉིད་དུ་བགྲངས་པའོ། །སེམས་པ་ནི་འདུ་བྱེད་ལྔ་བཅུ་རྩ་གཅིག་ཏུ་གཞག་པའོ། །ཏིང་ངེ་འཛིན་ནི་བསམ་གཏན་དང་གཟུགས་མེད་ པའོ། །བྱང་ཆུབ་སྤྱོད་པ་ཚོགས་ཉིད་ནི། །ལྷུམས་སུ་ཞུགས་པ་ནས་བྱང་ཆུབ་སྤྱོད་པའི་བར་རོ། །དེ་བཞིན་བདུད་དང་བདུད་ལས་རྒྱལ། །ཞེས་པ་སྲོད་ལ་བདུད་བཏུལ་ནས་ཐོ་རངས་སངས་རྒྱས་པའོ། །དེ་ནི་བྱང་ཆུབ་སངས་རྒྱས་ཡིན། །ཞེས་པ་ཐམས་ཅད་ལ་ཁྱབ་པ་ དེ་ཉིད་རིགས་བཞིའི་སངས་རྒྱས་ཀྱི་བདག་ཉིད་དོ། །རྡོ་རྗེ་ནི་རྡོ་རྗེ་སེམས་དཔའི་རིགས་སོ། །རྡོ་རྗེ་འཛིན་པ་ནི་ཧེ་རུ་ཀའི་རིགས་སོ། །པདྨ་ནི་པདྨ་གར་གྱི་དབང་ཕྱུག་གི་རིགས་སོ། །པདྨ་འཆང་བ་ནི་ལས་ཀྱི་རིགས་སོ། །ནོར་བུ་ནི་རྡོ་རྗེ་རིན་ཆེན་གྱི་རིགས་སོ། །ནོར་བུ་འཛིན་པ་ ནི་རྣམ་སྣང་གི་རིགས་སོ། །དེ་ཉིད་འདོད་ཆགས་ནི་ཁྱིམ་པའི་གཟུགས་ཅན་ནོ། །འདོད་ཆགས་བྲལ་བ་ནི་རང་བྱུང་གི་གཟུགས་ཅན་ནོ། །འདོད་པ་ནི་འཇིག་རྟེན་གྱི་དངོས་གྲུབ་བོ། །གྲོལ་བ་ནི་མཆོག་གི་སིདྡྷིའོ། །དེ་ལྟར་སངས་རྒྱས་བྱང་ཆུབ་སེམས་དཔའི་མཉམ་ པར་སྦྱོར་བ་བཤད་ནས། སེམས་རང་རིག་འོད་གསལ་མ་དག་པའི་གནས་སྐབས་ན། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་བཤད་པ་ནི། དུས་གསུམ་སྲིད་པ་མཆོག་གསུམ་དང་། །ཞེས་པ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་གསུམ་ནི་ས་བླ་ས་འོག་ ས་སྟེངས་སོ། །ཁམས་གསུམ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་ལ་སོགས་པའོ། །རྣམ་པ་སྣ་ཚོགས་ཐ་དད་པ། །ཞེས་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་གནས་ཐམས་ཅད་དོ། །འགྲོ་བ་དག་ནི་མ་ལུས་ཀུན། །ཞེས་པ་འགྲོ་བ་རིགས་དྲུག་རྣམས་སོ། ། ཐམས་ཅད་དུ་ནི་འདི་འགྱུར་རོ། །ཞེས་པ་སེམས་འོད་གསལ་ལོ། །དེ་ལ་སོགས་པ་མཐའ་ཡས་མཆོག །ཅེས་པ་སྣོད་བཅུད་ཐམས་ཅད་ཀྱི་བདག་ཉིད་དོ། །ཆོས་ཀྱི་དབྱིངས་མཉམ་མི་མཉམ་པ། །ཞེས་པ་སྒྱུ་མ་ལྟ་བུར་མི་མཉམ་པ་དང་། འོད་གསལ་བར་མཉམ་པའོ། །ནམ་མཁའི་ 26-1-392b དབྱིངས་ཀྱི་མཐའ་ཀླས་པ། །ཞེས་པ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་དངོས་པོ་ཐམས་ཅད་དོ། །ནམ་མཁའ་ཀུན་གྱི་སྐབས་ན་དཔལ། །ཞེས་པ་ཕྱག་རྒྱ་ཆེན་པོ་ལ་སྟོང་པ་ཉིད་ཀྱི་གསེར་བརྟོལ་ནས། ཟླ་བ་ཚེས་པ་ལྟ་བུའམ། སེང་གེ་འཁྲུག་པ་ལྟ་བུའམ། སྐར་ཁུང་ལྟ་བུ་ ཨིནྡྲ་བྷཱུ་ཏིའི་མན་ངག་གིས་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ། མཁའ་འགྲོ་སྒྱུ་མ་མཉམ་པའི་མཆོག །ཅེས་བྱའོ། །དེ་ལྟར་བདེ་བ་ཆེན་པོའི་རང་བཞིན་རྡོ་རྗེ་སེམས་དཔའི་རང་བཞིན་ཡིན་པར་བཤད་ནས། ད་ནི་དེ་སྒྲུབ་པའི་ཐབས་ བཤད་པའི་ཕྱིར། བསྐལ་པ་བྱེ་བ་གྲངས་མེད་པར། །ཞེས་པ་སྨོས་ཏེ། མཚན་ཉིད་ཀྱི་ཐེག་པས་བསྐལ་པ་གྲངས་མེད་པས་མི་ཐོབ་པ་ཕྱག་རྒྱ་བཞིའི་རྒྱུའི་ཚོགས་པ་གང་དང་གང་དག་གིས་ཚེ་འདི་ཉིད་ལ་སངས་རྒྱས་ཐོབ་པར་འགྱུར་རོ་ཞེས་བཤད་པར་དམ་བཅའ་བ་གསུངས་པ་ཡིན་ནོ། ། སངས་རྒྱས་བདག་ཉིད་བདེ་བའི་མཆོག །ཅེས་བྱ་བས་ཕྱག་རྒྱ་གསུམ་ལས་ཞི་གནས་བདེ་བ་མངོན་སུམ་དུ་བྱས་ཏེ། ཕྱག་རྒྱ་ཆེན་པོ་བདེ་བ་སྟོང་པ་ཉིད་ཤིན་ཏུ་བསྒྲུབས་པ་ལས། སངས་རྒྱས་ཀུན་གྱི་བདག་ཉིད་ས་བཅུ་གཅིག་པའི་བདེ་བའི་མཆོག་ཐོབ་པའོ། །དེ་ལྟར་ རྫོགས་པའི་རིམ་པ་བཤད་ནས། བསྐྱེད་པའི་རིམ་པ་བཤད་པ་ནི། །རྣལ་འབྱོར་ཡང་དག་མ་ཡིན་སེམས། །ཞེས་པ་སྨོས་ཏེ། རྟོག་པ་དྲུག་ལ། སོ་སོའི་བསྐྱེད་པའི་རིམ་པའི་སེམས། །ལྷ་ལ་དམིགས་པར་བྱེད་པ་དག །ཅེས་པ་དབུགས་དབྱུང་བ་དྲུག་གི་དཀྱིལ་འཁོར་གྱི་ལྷའོ། །རྣལ་ འབྱོར་གཟུགས་བརྙན་རང་བཞིན་ཏེ། །ཞེས་པ་སྤྲུལ་སྐུའི་གཟུགས་བརྙན་རྗེས་འཇུག་གི་རྣལ་འབྱོར་གྱིས་ལུགས་མ་ལ་སེམས་དཔའི་སྐུར་བསྒོམས་ན། མཐོང་བ་དང་ཐོས་པ་དང་རེག་པའི་མཚན་མ་སྐྱེ་བར་འགྱུར་རོ། །དེ་ལྟར་ལས་དང་པོའི་རྣལ་འབྱོར་བཤད་ནས། མཆོག་ཏུ་གྱུར་ པའི་རྣལ་འབྱོར་པའི་ཏིང་ངེ་འཛིན་ནི། ཡང་དག་མཆོག་སེམས་རྣལ་འབྱོར་པ། །ཞེས་པ་ལ་སོགས་པ་སྨོས་ཏེ། མཚན་མ་ཐོབ་པའི་མཆོག་ཏུ་གྱུར་པའི་རྣལ་འབྱོར་པས་སྤྲུལ་སྐུ་ལྷ་ལ་དམིགས་པར་བྱེད་པ་དག །རང་གི་ཆོས་ཀྱི་དབྱིངས་ཀྱི་དམ་ཚིག་གི་སྦྱོར་བས། ཕྱག་རྒྱ་ཆེན་པོའི་མཆོག་ 26-1-393a ཏུ་མི་འགྱུར་བ་དང་། གཞན་གྱི་དོན་ཕུན་སུམ་ཚོགས་པ་དམ་པ་འགྲུབ་པར་འགྱུར་རོ། །གཟུགས་འབའ་ཞིག་བསྒོམས་པ་ལས་མཆོག་གི་དངོས་གྲུབ་ཏུ་ཅིས་མི་འགྱུར་ཞེ་ན། གཟུགས་བརྙན་གཟུགས་ལ་སོགས་པ་དང་། རྣལ་འབྱོར་འབྱུང་བར་མི་འགྱུར་གྱི་བྱང་ ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་ལྷའི་དེ་ཁོ་ན་ཉིད་རབ་ཏུ་རྩོམ་པ་དེ་ལ་རྣལ་འབྱོར་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྡོ་རྗེ་སྟེ། །ཞེས་པ་སེམས་འོད་གསལ་གཉིས་སུ་མེད་པའི་རྡོ་རྗེ་སྟེ། སངས་རྒྱས་ཀུན་གྱི་བདག་ཉིད་ཡིན་པ་དེ་བས་ན་ རྣལ་འབྱོར་པ་ཐམས་ཅད་ལྷ་ཐམས་ཅད་ཀྱི་རང་བཞིན་དུ་སྦྱོར་བས་ཀྱང་སངས་རྒྱས་ཐོབ་པར་འགྱུར་རོ། །དེ་ལྟར་བསྟན་ནས་རྒྱས་པར་བཤད་པ་ནི། བདག་ཉིད་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་ཐམས་ཅད་བདག་ཡིན་ནོ། །ཞེས་པ་སེམས་འོད་གསལ་གྱི་བདག་ཉིད་སངས་རྒྱས་ ཐམས་ཅད་དཔའ་བོ་སེམས་དཔའ་ཐམས་ཅད་ཀྱི་བདག་ཉིད་ཡིན་ནོ། །དེ་བས་བདག་ཉིད་ལྷར་སྦྱོར་བས། །ཞེས་པས་སྒྱུ་མ་དང་སྟོང་པ་རོ་གཅིག་པའི་ལྷའི་རང་བཞིན་དུ་སྦྱོར་བས་བདག་ཉིད་ལྷའི་རང་བཞིན་དུ་སྦྱོར་བར་བྱའོ། །རྒྱུ་མཚན་དེས་ན་ཕུང་པོ་ལྔ་སངས་རྒྱས་ཐམས་ཅད་དང་དཔའ་བོ་རྣམས་ སེམས་དཔའ་ཐམས་ཅད་དང་། ལོངས་སྐུ་རྡོ་རྗེ་འཛིན་པ་ཐམས་ཅད་དུ་ཚེ་འདི་ཉིད་ལ་འགྲུབ་པར་འགྱུར་རོ། །བརྟག་པ་དང་པོའི་འགྲེལ་པའོ།། །།དེ་ལྟར་དེ་ཁོ་ན་ཉིད་གཙོ་བོར་བསྟན་པའི་རྟོག་པ་བཤད་ནས། ད་ནི་རྡོ་རྗེ་སེམས་དཔའི་རང་བཞིན་ཐབས་མང་པོ་བཤད་པ་ནི། འདི་ནི་རྣལ་ འབྱོར་བྷ་ག་ཝཱན། །ཞེས་པ་ལ་སོགས་པ་སྨོས་ཏེ། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཞེས་པ་ལ་སོགས་པ་བཤད་ཟིན་ཏོ། །རྣལ་འབྱོར་དེ་ཇི་ལྟ་བུ་ཞེ་ན། རྡོ་རྗེ་སེམས་དཔའ་བདག་སྦྱོར་བས། །དབབ་པ་ཐམས་ཅད་འགྲུབ་པར་འགྱུར། །ཞེས་སྨོས་ཏེ། བདག་གིས་རྟོག་པ་ དྲུག་གིས་ལྷར་བསྐྱེད་ལ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་སྐུ་གསུང་ཐུགས་ཐམས་ཅད་ཀྱི་ཡེ་ཤེས་ཕབ་ན། གསེར་འགྱུར་རྩིའི་རྣམ་པ་བཞིན་དུ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་འགྲུབ་པར་འགྱུར་རོ། །དེ་བས་ན་བྱིན་རླབས་ཀྱི་ལམ་གྱིས་སངས་རྒྱས་ཐམས་ཅད་དང་མཉམ་ 26-1-393b པར་སྦྱོར་བ། འདིས་རྒྱུའི་རྒྱུད་ཀྱི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཐབས་ཀྱི་རྒྱུད་ཀྱི་བྱིན་གྱིས་བརླབས་ཀྱི་ལམ་གྱིས་བདེ་བ་ཉིད་ཀྱིས་འབྲས་བུའི་སངས་རྒྱས་ཀྱི་བདེ་བ་ཀུན་ཐོབ་པའོ། །དེ་ལྟར་བསྒོམ་པ་བཤད་ནས། སྤྱོད་པ་བཤད་པ་ནི། སངས་རྒྱས་ཐམས་ཅད་མཉམ་ སྦྱོར་བ། །ཞེས་པ་སྨོས་ཏེ། མཉམ་པར་སྦྱོར་བའི་སྤྱོད་པ་བསྒོམས་ནས་ཐབས་ཀྱི་རྣལ་འབྱོར་འདི་ལ་ཁྲུས་དང་སྡོམ་པ་ལ་སོགས་པ་མི་དགོས་སོ་ཞེས་གསུངས་པ་ཡིན་ནོ། །ལྷག་མ་ནི་གོ་སླའོ། །སྤྱོད་པ་བཤད་ནས་བརྟུལ་ཞུགས་བཤད་པ་ནི། ལངས་པ་དང་ནི་འདུག་པ་དང་། །ཞེས་ པ་ལ་སོགས་པ་སྨོས་ཏེ། སྤྱོད་ལམ་བཞི་ལ་རྣལ་འབྱོར་པ་རྣམས་རྟོག་པ་དྲུག་གི་ལྷའི་ང་རྒྱལ་གྱིས་རྒྱས་བཏབ་ནས་ལྷའི་བརྟུལ་ཞུགས་སྤྱོད་པ་ནི་མདུན་གྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་མ་ཞུགས་ཀྱང་། རང་གི་ལྷའི་བདག་ཉིད་དུ་བསྒོམ་པའི་རྣལ་འབྱོར་པ་བསོད་ནམས་ཆུང་ཡང་འགྲུབ་པར་ འགྱུར་རོ། །དེ་ལྟར་བརྟུལ་ཞུགས་གསུངས་ནས་དེ་ཁོ་ན་ཉིད་བཤད་པ་ནི། དེ་ཉིད་རྣལ་འབྱོར་འདི་ཡིས་ནི། །ཞེས་པ་ལ་སོགས་ཏེ། ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ལས་དབང་བཞི་པ་ཐོབ་ནས། དེ་ཁོ་ན་ཉིད་བསྒོམ་པ་ནི་རྣལ་འབྱོར་པ་སྤྲོས་མེད་ཀྱི་སྤྱོད་པས་དགེ་བ་དང་མི་དགེ་བ་དང་ལུང་ དུ་མ་བསྟན་པ་ཐམས་ཅད་བདེ་བ་ཆེན་པོའི་རང་བཞིན་དུ་སྒྲུབ་པར་བྱེད་པ་ནི་ཉེས་པ་ཐམས་ཅད་ཀྱིས་གཙེས་པར་མི་འགྱུར་རོ། །མཚན་ཉིད་ཐེག་པས་བསྐལ་པ་གྲངས་མེད་པའི་ས་མི་ཐོབ་པ་ཡང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ལམ་གྱིས་མངོན་སུམ་གྱི་ཕྱག་རྒྱ་ཆེན་པོ་གང་གིས་ བསྒྲུབས་ན་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ཁོ་ན་ཉིད་བསྒོམ་པ་བཤད་ནས། ད་ནི་གདོང་རྒྱན་གྱོན་ནས་སྒྲུབ་པ་བསྟན་པའི་ཕྱིར། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །ཞེས་པ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱི་ཆ་ལུགས་དང་མཉམ་པར་སྦྱོར་བ་གདོང་རྒྱན་གྱོན་ནས། རྟོག་པ་དྲུག་གིས་ལྷའི་འཁོར་ལོ་བསྒྲུབས་ནས་སངས་རྒྱས་ཐམས་ཅད་ཀྱིས་རློབ་ཅིང་འདུ་བར་འགྱུར་རོ། །དེ་བས་ན་སངས་རྒྱས་ཐམས་ཅད་འགྲུབ་པར་འགྱུར་རོ། །གདོང་རྒྱན་གྱོན་པ་བཤད་ནས། ཚོགས་ཀྱི་འཁོར་ལོ་བཤད་པའི་ཕྱིར། གང་གིས་ལྡེམ་དགོངས་འདི་མཐོང་ནས། །རྣམ་ 26-1-394a པ་ཀུན་དུ་མཆོད་བྱེད་ན། །ཞེས་པ་ལ་སོགས་པ་སྨོས་ཏེ། བཅོས་མའི་རྣལ་འབྱོར་གྱི་གཟུགས་བརྙན་དང་བཅས་པས་རྟོག་པ་རང་གི་ལྷའི་འཁོར་ལོ་བསྒོམ་ཞིང་འདོད་པའི་ཡོན་ཏན་ལྔས་རྣམ་པ་ཀུན་དུ་དད་པར་བྱེད་པ་ན། རྣལ་འབྱོར་པ་ཡེ་ཤེས་ སེམས་དཔའ་དང་ཐ་མི་དད་པར་བྱས་ན་དེས་སངས་རྒྱས་མཐོང་ཞིང་། པཱུ་ཛ་བྱས་པར་འགྱུར་རོ། །འདི་དང་སངས་རྒྱས་ཐམས་ཅད་ལ། །ཞེས་པ་རྣལ་འབྱོར་པ་འདི་དང་རང་སངས་རྒྱས་ཐམས་ཅད་ལ་མཐོང་བ་གཟུགས་དང་། ཐོས་པ་སྒྲ་དང་། སྣོམ་པ་ དྲི་དང་། མྱོང་བ་རོ་དང་རེག་བྱ་ལ་སོགས་པས་པཱུ་ཛ་བྱས་པས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་མ་ཞུགས་ཀྱང་བདེ་བ་ས་དང་པོའི་ཡེ་ཤེས་མཐོང་བར་འགྱུར་རོ། །དེའི་ཕན་ཡོན་བསྟན་པ་ནི། མཐོང་བ་དང་ནི་རེག་པ་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགྲོ་བའི་ལམ་པའི་རྣལ་འབྱོར་པས་དགོད་པ་དང་བལྟས་པ་དང་། ལག་བཅངས་ཀྱིས་ཀྱང་འགྲུབ་པར་འགྱུར་རོ། །ཆགས་པའི་ལམ་གསུངས་པ་ནི། འདི་དེ་སངས་རྒྱས་ཐམས་ཅད་ལ། །ཞེས་པ་ལ་སོགས་པ་གསུངས་ཏེ། འདི་ནི་ཚོགས་ཀྱི་འཁོར་ ལོ་བསྒོམ་པའི་རྣལ་འབྱོར་དང་རྣལ་འབྱོར་མའོ། །སངས་རྒྱས་ཐམས་ཅད་ལ་ཞེས་པ་ཡེ་ཤེས་སེམས་དཔའ་དང་རྣལ་འབྱོར་མཉམ་པར་སྦྱོར་བས་དག་བྱེད་ཀྱི་ལྷ་མོ་དང་། དབང་གི་དང་། དཔའ་བོའི་དང་། བཀས་གནང་བའི་ལྷ་མོ་དག་ཀྱང་རྣམ་ པར་གྲོལ་ཞིང་བྱང་ཆུབ་ལ་རེག་པར་འགྱུར་རོ། །དེ་ལྟར་ཆགས་པའི་ལམ་བཤད་ནས། ཚོགས་ཀྱི་འཁོར་ལོའི་སྤྱོད་པ་བཤད་པ་ནི། ཀུན་དུ་ཀུན་ནས་ཐམས་ཅད་དུ། །ཞེས་པ་ལ་སོགས་པ་གསུངས་ཏེ། སྤྱོད་ལམ་བཞི་ལ་ལྷའི་འཁོར་ལོ་བསྐོར་ བའི་དངོས་གཞི་དང་། མཐུན་པར་མཚན་མ་ཐོབ་པའི་རྣལ་འབྱོར་པས་གནས་ཐམས་ཅད་དང་དུས་ཐམས་ཅད་ཀྱི་ཚེ་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་རྟག་པར་བསྒོམས་ནས། ཐམས་ཅད་ཀྱིས་བྱང་ཆུབ་ཐོབ་པར་འགྱུར་རོ། །སྤྱོད་པ་བཤད་ནས། རྣལ་ 26-1-394b འབྱོར་བཞི་བསྒོམ་པ་བཤད་པ་ནི། འདི་ཡི་བདག་ཉིད་ཀུན་གནས་པས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ཉིད་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ། གཟུགས་ཡིད་དུ་འོང་བ་དང་མི་འོང་བ་རྣམ་པ་གསུམ་དང་། གཟུགས་སྒྲ་དྲི་རོ་རེག་བྱ་ཡིད་དུ་ འོང་བ་གསུམ་ལྷ་མོར་བསྐྱེད་པའི་པཱུ་ཛའི་སྤྲིན་ཐམས་ཅད་ཀྱི་པཱུ་ཛ་ན་བདེ་བའི་མཆོག་ཐོབ་པར་འགྱུར་རོ། །དེ་ལྟར་རྣལ་འབྱོར་པའི་དགོས་པ་བཤད་ནས། ཐམས་ཅད་ཀྱི་རྣལ་འབྱོར་བཤད་པ་ནི། རྣལ་འབྱོར་ཐམས་ཅད་ཉེར་སྦྱོར་བས། །ཞེས་པ་ལ་སོགས་པ་ གསུངས་ཏེ། ཁམས་གསུམ་པ་ཐམས་ཅད་ལྷའི་རང་བཞིན་དུ་བསྐྱེད་ལ། རྣལ་འབྱོར་མ་ཀུན་གྱིས་ལོངས་སྤྱོད་པ་འཁྱུད་པ་དང་། འོ་བྱེད་པ་ལ་སོགས་པའི་བདེ་བས་རབ་ཏུ་པཱུ་ཛ་བྱའོ། །རྗེས་སུ་རྣལ་འབྱོར་ཐབས་ཀྱི་འཁོར་ལོ་དང་ཤེས་རབ་ཀྱི་འཁོར་ལོ་མཉམ་ པར་སྦྱོར་བ་བདེ་བས་པཱུ་ཛ་ན་འགྲུབ་པར་འགྱུར་རོ། །ཤིན་ཏུ་རྣལ་འབྱོར་ནི། སངས་རྒྱས་ཀུན་གྱི་བདག་ཉིད་ཀྱི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་བ་ལ་སྟོང་པ་ཉིད་ཀྱིས་རྒྱས་བཏབ་ནས། སངས་རྒྱས་ཐམས་ཅད་ཀྱི་ར་ས་ཡ་ནའི་བདེ་བ་སྒྲུབ་ པས་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་བདེ་བའི་མཆོག་འགྲུབ་པའོ། །བརྟག་པ་གཉིས་པའི་འགྲེལ་པའོ།། །།དེ་ལྟར་ཐབས་མང་བ་བཤད་པ་ནས། ཟབ་པ་བཤད་པ་འདི་ནི། རྣལ་འབྱོར་བཅོམ་ལྡན་འདས་ཞེས་པ་ལ་ སོགས་པ་སྟེ། ཟབ་པའི་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རྡོ་རྗེ་སེམས་དཔའི་རྣལ་འབྱོར་པ། །ཞེས་བྱ་བའི་རྒྱུའི་རྒྱུད་དང་། དཔལ་ལྡན་རབ་ཀྱི་དམ་ཚིག་དགེ། ཞེས་པ་ཕྱག་རྒྱ་དང་མཉམ་པར་སྦྱོར་ བས་ཞི་གནས་དང་ལྷག་མཐོང་མངོན་སུམ་དུ་བསྐྱེད་པའི་མཉམ་པར་སྦྱོར་བའོ། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །ཞེས་པ་ལ་སོགས་པ་གསུངས་ཏེ། གཏི་མུག་གི་རིགས་ཅན་གྱི་ཕྱག་རྒྱ་བཞི་དང་མཉམ་པར་སྦྱོར་བས་རྟེན་འབྲེལ་ཚོགས་པའི་མཐུ་ཉིད་ཀྱིས་ 26-1-395a བདེ་བ་ཆེན་པོ་སོ་སོ་རང་འགྲུབ་པར་འགྱུར་རོ། །ཧེ་རུ་ཀའི་དམ་ཚིག་གི་བཤད་པ་ནི། ཀུན་དུ་བཟང་མོའི་རང་བཞིན་གྱིས། །ཕྱག་རྒྱ་བཞི་རྟེན་འབྲེལ་གྱི་མཐུ་ཉིད་ཀྱི་མུ་དྲ་བཞི་སོ་སོ་ལ་བདེ་བ་སྟོང་པ་ཉིད་ཀྱིས་རྒྱས་བཏབ་ན་བདེ་བ་སྟོང་པ་ཉིད་དུ་འགྲུབ་ པར་འགྱུར་རོ། །པདྨ་གར་དབང་གི་དམ་ཚིག་གི་བཤད་པ་ནི། གོས་དཀར་མོའི་རང་བཞིན་གྱི་ཕྱག་རྒྱ་བཞི་ལ་བདེ་བ་སྟོང་ཉིད་སོ་སོར་བསྒྲུབ་པའོ། །རྡོ་རྗེ་ཉི་མའི་དམ་ཚིག་བཤད་པ་ནི། མཱ་མ་ཀཱིའི་རང་བཞིན་གྱི་ཕྱག་རྒྱ་བཞི་ལ་སྟོང་ཉིད་ཀྱིས་རྒྱས་བཏབ་པས་བདེ་བ་ཆེན་ པོ་སོ་སོར་འགྲུབ་པར་འགྱུར་རོ། །རྟ་མཆོག་གི་དམ་ཚིག་བཤད་པ་ནི། དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་ཞེས་བྱ་བ་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་མངོན་སུམ་དུ་བསྐྱེད་པའི་རྒྱུའི་ཚོགས་པའི་མཐུ་ཉིད་ཀྱིས་སྒྲོལ་མའི་རང་བཞིན་གྱི་ཕྱག་རྒྱ་གཉིས་ལས་བདེ་བ་ ཆེན་པོ་སོ་སོར་གྲུབ་ནས་འཇིག་རྟེན་གྱི་དངོས་གྲུབ་དྲུག་རྗེས་སུ་ཡི་རང་འགྲུབ་པར་འགྱུར་རོ། །དེ་ལྟར་ལྷ་སོ་སོའི་ཕྱག་རྒྱ་བཤད་ནས། རིགས་དྲུག་ཐུན་མོང་གི་ཆོས་ཀྱི་ཕྱག་རྒྱ་གསུངས་པ་ནི། དེ་ཡི་དམ་ཚིག་དེ་འབྱུང་བ། །ཞེས་བྱ་བ་གསུངས་ཏེ། ཐབས་དྲུག་ པོ་གང་ཡིན་པ་དེའི་དམ་ཚིག་ཤེས་རབ་ཀྱི་རང་བཞིན་གང་ཡིན་པ་དེ་འབྱུང་བའོ། །སྡུག་པའི་དམ་ཚིག་བདག་རྗེས་འབྲང་། །ཞེས་བྱ་བ་སྡུག་པ་ནི་ལྷ་མོའོ། །དམ་ཚིག་ནི་རང་སྣང་བའི་ཆོས་ཀྱི་ཕྱག་རྒྱའོ། །བདག་རྗེས་སུ་འབྲང་ཞེས་པ་ཐབས་དང་སྐུ་མདོག་མཐུན་ པའོ། །ཤིན་ཏུ་སྦྱོར་བ་ནི་སྒྱུ་མ་ལྟ་བུར་ཤེས་པའོ། །སྦྱོར་བ་ཆེན་པོ་ནི་འོད་གསལ་གྱི་རང་བཞིན་དུ་ཤེས་པའོ། །ཐམས་ཅད་བདག་ཉིད་དམ་ཚིག་མཆོག །ཅེས་བྱ་བའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་རང་སྣང་གི་ལྷ་མོ་དྲུག་གོ། །གཅིག་བཞིན་དུ་ནི་གཅིག་ སྤྱོད་པ། །ཞེས་པ་བསྙེན་སྒྲུབ་བཞིས་ལྷ་དང་ལྷ་མོར་བསྐྱེད་པའོ། །ལྷན་ཅིག་སྤྱོད་པ་ནི་དགའ་བ་གཉིས་སོ། །རྗེས་སུ་སྡུག་ཅེས་པས་མཆོག་དགའོ། །མཁའ་འགྲོ་སྒྱུ་མ་མཆོག་ཏུ་འབར། །ཞེས་པ་ལྷན་ཅིག་སྐྱེས་དགའོ། །ཐམས་ཅད་དགའ་བ་ 26-1-395b མ་ལུས་པའི། །ཕྱག་རྒྱ་ཐམས་ཅད་བདེ་བ་ཆེ། །ཞེས་བྱ་བ་ནི། བདེ་བ་ཆེན་པོའི་ཡེ་ཤེས་སོ། །རྟོག་པ་དམ་ཚིག་ལྷ་མོའི་ཞེས་པ་སངས་རྒྱས་སྤྱན་ལ་སོགས་པ་བུད་མེད་ཀྱི་གཟུགས་ཅན་གྱི་སྤྲུལ་སྐུའོ། །རྡོ་རྗེ་སེམས་དཔའ་སྦྱོར་བ་དང་། ཞེས་པ་རང་བཞིན་བརྒྱད་ ཅུ་དང་བྲལ་བའི་དགའ་བ་གསུམ་དང་། བདེ་བ་སྟོང་པ་ཉིད་དུ་ཤེས་པ་ནི་རྡོ་རྗེ་སེམས་དཔའི་སྦྱོར་བའོ། །ལྷ་མོ་ཐམས་ཅད་འདུས་པ་ནི་ཚོགས་ཀྱི་འཁོར་ལོའི་ལྷ་མོའོ། །མ་ལུས་སྐལ་བ་བཟང་པོ་ཀུན། །ཞེས་པ་ཡེ་ཤེས་ལས་སྐྱེས་པ་དང་། ཞིང་སྐྱེས་པ་ དང་སྔགས་ལས་སྐྱེས་པའོ། །བདེ་བ་སོ་སོར་རྗེས་འགྲུབ་པ། །ཞེས་པ་ལྷ་མོ་དེ་རྣམས་ལ་ཞི་གནས་ལྷག་མཐོང་མངོན་སུམ་དུ་བསྐྱེད་པའོ། །དེ་ལྟར་ཆོས་ཀྱི་ཕྱག་རྒྱ་བཤད་ནས། ཕྱག་རྒྱ་ཆེན་པོ་བཤད་པ་ནི། ཕྱག་རྒྱ་འདི་ཡིས་རྒྱས་བཏབ་པས། ། ཞེས་པ་སྨོས་ཏེ། རྡོ་རྗེ་སེམས་དཔའི་རྣལ་འབྱོར་པས་རང་གི་མུ་དྲ་ལ་བདེ་བ་ཆེན་པོའི་རྒྱས་བཏབ་ནས་བསྒོམས་ན་ནམ་མཁའི་ཁམས་ཀྱི་མཐའ་ཀླས་པའི་ལྷ་མོ་ཐམས་ཅད་ལ་དབང་སྒྱུར་བའི་འདོད་པའི་དབང་ཕྱུག་ཏུ་འགྱུར་རོ། །ཇི་ལྟར་འགྱུར་སྙམ་ན། ཐམས་ཅད་རྣལ་འབྱོར་བདེ་བས་མྱོས། །ཞེས་པ་སྨོས་ཏེ། སྐལ་བ་དང་ལྡན་པའི་རྣལ་འབྱོར་མ་ཐམས་ཅད་ལ་ཡེ་ཤེས་བསམ་པའི་བདེ་བས་མྱོས་ནས་སྙོམས་པར་ཞུགས་ཀྱང་སྡིག་པ་མེད་ཅིང་། །སྟོབས་ཀྱི་ངོ་མཐོན་དུ་ཞེས་བྱ་བ་ནི་དེའི་མཐུས་མངོན་སུམ་དུ་ ཞེས་བྱ་བའི་ཐ་ཚིག་གོ། །རང་བཞིན་བརྒྱད་ཅུ་དང་བྲལ་བས་སྡིག་པ་མེད་ཅིང་ཞི་གནས་དང་། ལྷག་མཐོང་མངོན་སུམ་དུ་སྐྱེ་བས་ན་ངོ་མཐོན་དུའོ། །རྡོ་རྗེ་སེམས་དཔའི་རྣལ་འབྱོར་པས་མཆོག་གི་དངོས་གྲུབ་ཐོབ་ནས་འདོད་པའི་དབང་ཕྱུག་གི་དངོས་གྲུབ་ཀྱི་ལས་ བྱེད་པར་འགྱུར་རོ། །རྣམ་སྣང་གི་ཕྱག་རྒྱ་ཆེན་པོ་འགྲུབ་པའི་ཕན་ཡོན་ནི། དབང་པོ་ཀུན་ལས་བྱུང་བ་ཡི། །ཞེས་པ་ལ་སོགས་པ་སྨོས་ཏེ། འཇིག་རྟེན་གྱི་ཁམས་ཀྱི་འདོད་པའི་ཡོན་ཏན་ལྔས་པཱུ་ཛ་བར་འགྱུར་རོ། །ཧེ་རུ་ཀའི་ཕྱག་རྒྱ་ཆེན་པོ་ནི། རྣལ་ 26-1-396a འབྱོར་བ་དེ་བ་ཐམས་ཅད་ནི། །ཞེས་པ་ལ་སོགས་པ་སྨོས་ཏེ། བདེ་བ་ཆེན་པོའི་དབང་བསྐུར་བས་ཧེ་རུ་ཀ་ཆོས་ཀྱི་དབྱིངས་ཀྱི་ངོ་བོར་རོ་གཅིག་པའི་དབང་བསྐུར་བ་ཡིན་ནོ། །ཏེ་ནི་བདེ་ཆེན་ལས་བྱུང་བ། །རུ་ནི་རིན་ཆེན་ཆགས་དང་བྲལ། །ཀ་ནི་ རབ་ཏུ་རྨོངས་པ་སྦྱངས། །བདེ་བ་ཀུན་གྱི་དབང་བསྐུར་རོ། །ཞེས་བཤད་དོ། །པདྨ་གར་དབང་གི་ཕྱག་རྒྱ་ཆེན་པོ་ནི། ལྷ་མོ་ཀུན་གྱི་ལོངས་སྤྱོད་ལ། །ཞེས་པ་སྨོས་ཏེ། ཞིང་དང་སྔགས་དང་ལས་ལས་སྐྱེས་པའི་ལྷ་མོའོ། །དེ་རྣམས་ལ་དགའ་བ་བཞིའི་ཚུལ་ གྱིས་ཇི་ལྟ་བར་བསྟན་ནས་དེ་སྟོང་པ་ཉིད་དུ་བསྒོམ་པའོ། །རྡོ་རྗེ་ཉི་མའི་ཕྱག་རྒྱ་ཆན་པོ་ནི། རྣལ་འབྱོར་ཐམས་ཅད་དང་བདེ་བའི། །ཞེས་གསུངས་ཏེ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྤྱོད་པས་བདེ་བ་ཆེན་པོ་ཀུན་དུ་རྣལ་འབྱོར་གཉིས་ཀྱི་ཚུལ་གྱིས་མྱོང་བར་བྱེད་ དོ། །རྟ་མཆོག་གི་ཕྱག་རྒྱ་ཆེན་པོ་ནི། སངས་རྒྱས་ཐམས་ཅད་བདག་ཉིད་ཀྱིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགའ་བ་བཞིའི་ར་ས་ཡ་ནའི་བདེ་བ་དེས་རྡོ་རྗེ་སེམས་དཔའ་གྲུབ་པར་འགྱུར་རོ། །དེ་ལྟར་ཕྱག་རྒྱ་ཆེན་པོ་དྲུག་བཤད་ནས། དེ་རྣམས་ཀྱི་འདིར་ གསུངས་པ་ནི་སྐུ་དང་གསུང་དང་ཐུགས་དང་པཱུ་ཛ་དང་ཡོན་ཏན་དང་ལྔ་སྟེ། ལྔ་པོ་དེ་མདོར་བསྡུ་ན་རྡོ་རྗེ་འཛིན་པ་ཐུགས་དང་། འཇིག་རྟེན་དབང་ཕྱུག་གསུང་དང་། རིན་ཆེན་དབང་ཕྱུག་སྐུའི་བདག་ཉིད་ཡིན་ནོ། །དེ་དག་དང་ནི་དགའ་སྤྱད་ན། །ཞེས་པ་རིགས་ལྔའམ་ གསུམ་གྱི་ལྷ་མོ་དེ་རྣམས་དང་དགའ་བ་གཉིས་ཀྱིས་ཏིང་ངེ་འཛིན་སྤྱོད་ན། འདོད་པ་བཞིན་དུ་འགྲོ་ལྡིང་ཞེས་པ་ལྷའི་རྒྱལ་པོའི་དངོས་གྲུབ་དང་། ཆོས་ཀྱི་དབྱིངས་དང་མཉམ་མི་མཉམ་པ་ཞེས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཆོག་གི་དངོས་གྲུབ་ཚེ་འདི་ ཉིད་ལ་ཐོབ་པ་ཡིན་ནོ། །དེ་ནི་འདི་སྐད་སྟོན་པ་ཡིན་ཏེ། བསྐྱེད་རིམ་རྡུལ་ཚོན་གྱི་མཎྜལ་མཚན་མ་ཐོབ་ནས་དངོས་གྲུབ་ལེན་པའམ། རྫོགས་རིམ་ལུས་དང་བྷ་ག་དང་ཆོས་ཀྱི་དབྱིངས་ཀྱི་མཎྜལ་ཚོགས་ཀྱི་འཁོར་ལོ་དང་། ཞི་བའི་བཏུང་བ་དང་། ཕོ་ཉའི་གཙང་སྦྲ་ 26-1-396b གཉིས་ཀྱིས་དངོས་གྲུབ་སྒྲུབ་པ་ན་སྒྲུབ་པའི་ཐབས་ནི་ལམ་དང་པོ་དེ་ཉིད་སྣང་བ་གཉིས་པ་ཐབས་མང་བ། གསུམ་པ་ཟབ་པས་དངོས་གྲུབ་འདི་བླངས་ནས་སེམས་ཅན་གྱི་དོན་ཕྲིན་ལས་ཞེས་བྱ་བར་གསུངས་པ་ཡིན་ནོ། །བརྟག་པ་གསུམ་པའི་འགྲེལ་པའོ།། །།དེ་ལྟར་ཟབ་པ་བསྟན་ནས་དབང་པོ་རྣོན་པོའི་དབང་དུ་བྱས་པ་མཆོག་གི་དངོས་གྲུབ་བཤད་པ་ནི། འདི་ནི་རྣལ་འབྱོར་བཅོམ་ལྡན་འདས། །ཞེས་པ་ལ་སོགས་པ་གསུངས་ཏེ། དབང་པོ་རྣོན་པོའི་དབང་དུ་བྱས་པའི་རྣལ་འབྱོར་འདི་ནི་སངས་རྒྱས་ཐམས་ཅད་དང་མཉམ་པར་ སྦྱོར་བའི་བདེ་མཆོག་ཡིན་ནོ། །ལྷ་མོ་ཀུན་དང་མཉམ་སྦྱོར་བ། །ཞེས་པ་ཕྱག་རྒྱ་དང་མཉམ་པར་སྦྱོར་བའོ། །སྐལ་བ་བཟང་མཆོག་འདོད་པ་སྟེ། །ཞེས་དབང་བསྐུར་བའི་གང་ཟག་གི་དངོས་གྲུབ་དོད་པའོ། །ཡང་དག་སྦྱོར་བས་བདེ་མྱོང་བ། ། ཞེས་པ་རང་བཞིན་བརྒྱད་ཅུ་དང་བྲལ་བའི་དགའ་བ་བཞིའི་ཏིང་ངེ་འཛིན་ཟག་མེད་ཀྱི་བདེ་བ་མྱོང་བའོ། །འདོད་ཆགས་ཐེར་ཟུག་རྟག་པ་ཅན། །ཞེས་པ་འདོད་ཆགས་ནི་ཟག་མེད་ཀྱི་བདེ་བའོ། །ཐེར་ཟུག་ནི་མངོན་སུམ་གྱིས་ཉམས་སུ་མྱོང་བའི་དོན་དེ་ལྟར་འབའ་ཞིག་ རྟོགས་པ་འདས་པ་དང་། མ་འོངས་པ་ཞིག་པ་དང་། མ་བྱུང་བ་མེད་པས་ན་རྟག་པའོ། །དེའི་སྤྱོད་པ་བཤད་པ་ནི། སངས་རྒྱས་ཀུན་གྱི་གཟུགས་ཆེན་དུ། །ཞེས་པ་ལ་སོགས་པ་གསུངས་ཏེ། ཟག་མེད་ཀྱི་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སྤྱོད་པའོ། །སངས་རྒྱས་ ཕ་རོལ་ཕྱིན་གྲུབ་པ། །ཞེས་པ་ཕ་རོལ་ཏུ་ཕྱིན་པ་དང་གཟུངས་དང་ས་རྣམས་ཀྱིས་བསྐལ་པ་གསུམ་གྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། ལྷ་དང་མིའི་རིས་སུ་སྐྱེས་པའི་སྐལ་བ་བཟང་པོའི་ཡེ་ཤེས་ལས་སྐྱེས་པའི་སྔགས་དང་ཞིང་སྐྱེས་ལས་ལྟ་སྨོས་ཀྱང་ཅི་དགོས། ། ལྷ་ཡི་དངོས་གྲུབ་དགའ་བ་དང་། །ཞེས་པའི་འཇིག་རྟེན་གྱི་དངོས་གྲུབ། སངས་རྒྱས་བྱང་ཆུབ་བདེ་ཆེན་པོ། །ཞེས་པ་མཆོག་གི་དངོས་གྲུབ། སྐལ་བ་བཟང་པོ་བདེ་བ་སྟོང་ཞེས་པ། ཟག་མེད་ཀྱི་བདེ་བ་འདོད་པས་ཕྱག་རྒྱའི་བདེ་བ་སོ་སོར་དེས་ཟག་པ་ 26-1-397a མེད་པའི་ཡེ་ཤེས་གྲུབ་པར་འགྱུར་རོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། ལས་དང་པོ་པའི་རྡོ་རྗེ་སེམས་དཔའི་སྤྱོད་པ་བསྟན་པ་ནི། དངོས་པོ་ཐམས་ཅད་ལས་བྱུང་བ། །ཞེས་པ་ལ་སོགས་པ་སྨོས་ཏེ། ཀུན་དུ་བཟང་མོའི་ རིགས་དང་མཐུན་པའི་ཕྱག་རྒྱ་བཞི་ལ་སྤྱད་པར་བྱའོ། །ཧེ་རུ་ཀ་ཡི་སྤྱོད་པ་ནི། །རྡོ་རྗེ་ཅན་གྱིས་མཆོག་གྲུབ་དང་། །ཞེས་པ་ནི་ཁྲོ་མོ་དབྱིངས་ཀྱི་དབང་ཕྱུག་མའི་རིགས་དང་མཐུན་པའི་ཕྱག་རྒྱ་བཞི་དང་ཟག་མེད་ཀྱི་བདེ་བ་བསྐྱེད་པའོ། །པདྨ་གར་དབང་གི་སྤྱོད་ པ་ནི། འཇིག་རྟེན་དབང་པོ་མཆོག་གི་དཔའ། །ཞེས་བྱ་བ་སྨོས་ཏེ། གོས་དཀར་མོ་དང་མཐུན་པ་ཕྱག་རྒྱ་བཞི་ལ་བདེ་བ་བསྒོམ་པའོ། །རྣམ་སྣང་གི་སྤྱོད་པ་ནི་སངས་རྒྱས་དག་ལ་བདེ་བ་དམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སངས་རྒྱས་ཕྱག་རྒྱའི་རིགས་དང་ མཐུན་པའི་ཕྱག་རྒྱ་བཞི་ལ་བདེ་བ་བསྒོམ་པའོ། །རྡོ་རྗེ་ཉི་མའི་སྤྱོད་པ་ནི། ཁམས་གསུམ་དག་ན་མ་ལུས་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཱ་མ་ཀཱིའི་རིགས་དང་མཐུན་པའི་ཕྱག་རྒྱ་བཞི་ལ་བདེ་བ་བསྒོམ་པའོ། །རྟ་མཆོག་གི་སྤྱོད་པ་ནི། སངས་རྒྱས་ ཀུན་གྱི་གྲུབ་ཆེན་པོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲོལ་མ་དང་མཐུན་པའི་ཕྱག་རྒྱ་བཞི་ལ་བདེ་བ་བསྒོམ་པའོ། །དེ་ལྟར་མཆོག་གི་དངོས་གྲུབ་ཀྱི་ཡེ་ཤེས་ཀྱི་ལྷ་མོ་བཤད་ནས། འཇིག་རྟེན་གྱི་དངོས་གྲུབ་ཀྱི་བསམ་གཏན་གྱི་ལྷ་མོ་བཤད་པ་ནི། མཐུ་ཆེན་ ལ་ནི་བཀྲ་ཤིས་བརྟན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཐུ་ཆེན་ནི་ཁྱབ་འཇུག་གོ། །བཀྲ་ཤིས་བརྟན་ནི་དེའི་ཆུང་མའོ། །འཕྲོག་ལས་ནི་དབང་ཕྱུག་ཆེན་པོའོ། །གྲུབ་པ་ནི་ལྷ་མོ་ཨུ་མའོ། །ངན་པ་ལས་ནི་འདོད་པའི་ལྷའོ། །དགའ་བ་ཞེས་པ་དེའི་ ཆུང་མའོ། །ངོ་མཐོན་སྟོབས་ཀྱིས་ཕྲོགས་ནས་ཞེས་པ་མངོན་སུམ་དུ་བཀུག་ནས་བདག་ཉིད་ལོངས་སྤྱོད་པ་དང་། སེམས་འཛིན་པ་དང་། དབང་བསྐུར་བ་དང་། ཚོགས་འཁོར་བྱེད་པའི་དད་པ་ལ་སྦྱིན་པར་བྱའོ། །དེ་ལྟར་བཙུན་མོ་རིན་པོ་ཆེ་བསྒྲུབ་པ་བསྟན་ནས། 26-1-397b རྒྱལ་སྲིད་སྒྲུབ་པ་ནི། མ་ལུས་འཇིག་རྟེན་གསུམ་རྒྱལ་སྲིད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁམས་གསུམ་གྱི་བདག་པོ་ལ་ལོངས་སྤྱོད་ཐམས་ཅད་ཕྲོགས་ནས་བདག་ཉིད་ཀྱང་ལོངས་སྤྱོད་ཅིང་དད་པ་ལ་སྦྱིན་པར་བྱེད་དོ། །རྒྱལ་སྲིད་བསྒྲུབ་པ་བསྟན་ནས། བདག་པོ་སྒྲུབ་པ་ནི། ཚངས་པ་ཁྱབ་འཇུག་དབང་ཆེན་གྱི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷའི་རྒྱལ་པོ་རྣམས་ཀྱི་བདག་པོ་ཕྲོགས་ནས་བདག་ཉིད་ལོངས་སྤྱོད་ཅིང་དད་པ་ལ་ཡང་སྦྱིན་པར་བྱེད་དོ། །དེས་འཇིག་རྟེན་གྱི་དངོས་གྲུབ་བསྟན་ནས་ འཇིག་རྟེན་ལས་འདས་པའི་དངོས་གྲུབ་ནི། སངས་རྒྱས་དོན་དུ་བྱ་བ་ཀུན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་བ་ཆེན་པོའི་རྒྱས་བཏབ་ནས། ཕྱག་རྒྱ་ཆེན་པོ་བསྒོམ་པའི་རྣལ་འབྱོར་པ་ལས་མི་བྱ་བ་གང་ཡང་མེད་དོ། །སངས་རྒྱས་དང་བྱང་ཆུབ་ སེམས་དཔའི་ཡེ་ཤེས་ཀྱི་སྔགས་ཀྱང་རྒྱུད་དང་ཡནྟྲའི་ཐབས་གསུམ་གྱིས་ཕྲོགས་ནས་གཞན་ལ་སྦྱིན་པར་བྱེད་ན། འཇིག་རྟེན་གྱི་དངོས་གྲུབ་ལྟ་སྨོས་ཀྱང་ཅི་དགོས། བདེ་བ་ཆེན་པོའི་རྒྱས་བཏབ་པའི་མཐུས་དངོས་གྲུབ་མཆོག་ཐོབ་པ་དང་། བདུད་ ཐམས་ཅད་འཇོམས་པ་དང་། ཡེ་ཤེས་ཕུན་སུམ་ཚོགས་པ་དངོས་གྲུབ་ཆེན་པོ་དང་། འཁོར་ལོས་སྒྱུར་བ་ཡང་རབ་ཏུ་འགྲུབ་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྤྲུལ་པའི་འཁོར་ལོས་སྒྱུར་བ་བཞུགས་པ་བསྟན་པ་ནི་ལ་ལར་བྱང་ཆུབ་ སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གདུལ་བྱ་བཏུལ་བའི་ཐབས་འགྲུབ་པའོ། །ལོངས་སྐུའི་འབྲས་བུ་བསྟན་པ་ནི་འདིས། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བསམ་གཏན་བཞི་པའི་ ལྷའི་གཟུགས་དང་བསམ་གྱིས་མི་ཁྱབ་པར་ཡོངས་སུ་བསྒྱུར་བ་སྐུའི་ཚེ་དང་། མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུའི་ཁ་དོག་དང་། སྟོབས་བཅུ་ལ་སོགས་པའི་སྟོབས་དང་། ཟག་མེད་ཀྱི་སྣང་བ་རྡོ་རྗེ་སེམས་དཔའི་རང་བཞིན་ 26-1-398a དང་། འགྲོ་བ་བཟང་པོ་ཐམས་ཅད་ཀྱི་བསྙེན་པ་བྱ་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པའོ། །ལོངས་སྐུ་དེ་ཡང་གཅིག་ཏུ་ངེས་པ་ཅི་ཡིན་སྙམ་ན། ལྷ་མོ་བཞི་ཀའི་དབུས་ན་རྡོ་རྗེ་སེམས་དཔའ་བཞུགས་པ་དང་། རིགས་དྲུག་འཁོར་ལོའི་ ཚུལ་གྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་རྒྱས་འདེབས་པ་དང་། འཇིག་རྟེན་གྱི་ལྷ་དང་ངེས་པར་ལེགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་སེམས་ཅན་རྣམས་ལ་སྦྱིན་པར་བྱེད་པ་དང་། འཁོར་བ་ཇི་སྲིད་པར་གནས་ཀྱི་བར་དུ་བསྐལ་པ་མང་པོར་སེམས་ཅན་གྱི་ དོན་དུ་སྲིད་པ་ལ་རྒྱུན་དུ་ཞུགས་པའོ། །བརྟག་པ་བཞི་པའི་འགྲེལ་པ་རྫོགས་སོ།། །།དེ་ལྟར་རྟོག་པ་ཐམས་ཅད་ཐུན་མོང་དུ་སྒྲུབ་པའི་དེ་ཁོ་ན་ཉིད་བསྟན་པ་དང་། ཐབས་མང་བ་དང་། ཟབ་པ་དང་། དབང་པོ་རྣོན་པོའི་དབང་དུ་བྱས་པའི་དངོས་གྲུབ་སྒྲུབ་པའི་ཐབས་ཀྱི་ ལེའུ་བཤད་ནས། ད་ནི་གདུལ་བྱ་སོ་སོའི་བྱེ་བྲག་གི་རྟོག་པ་གསུངས་པ་ནི། འདི་ནི་རྣལ་འབྱོར་བྷ་ག་ཝཱན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་ཆགས་ཆེན་པོའི་གང་ཟག་འདུལ་བའི་ཕྱིར་རྡོ་རྗེ་སེམས་དཔའི་རྣལ་འབྱོར་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་རྡོ་རྗེ་དངོས་གྲུབ་རྟོག་པ་ལྷ་ཉི་ཤུ་རྩ་གཅིག་གི་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་གིས་གསུངས་པ་ཡིན་ནོ། །དེ་ཡང་གཅིག་ཡིན་ཏེ། སྔོན་འཛམ་བུ་གླིང་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྲུལ་པའི་སྐུར་བཤད་པ་དང་། རྗེས་འཇུག་རྣལ་འབྱོར་པའི་དབང་དུ་བྱས་ན། གཟུགས་བརྙན་གྱི་འཁོར་ལོ་བསྒོམས་ནས། ལས་དང་པོ་པའི་དངོས་གྲུབ་དང་། མཆོག་ཏུ་གྱུར་པའི་རྣལ་འབྱོར་པ་དངོས་གྲུབ་ལེན་པ་དང་། གཞན་ལ་ཕན་འདོགས་པའི་གང་ཟག་ལ་དབང་བསྐུར་བའི་དཀྱིལ་འཁོར་ གསུངས་པ་ཡིན་ནོ། །སྔོན་འཛམ་བུ་གླིང་དུ་བྱུང་བའི་སྤྲུལ་སྐུའི་ལུགས་ཀྱི་རིམ་པ་གསུངས་པ་ནི། ཡང་དག་གྲུབ་པ་གཅིག་པུ་ཉིད། །ཅེས་གསུངས་ཏེ། འོག་མིན་དུ་བྱང་ཆུབ་པས་ཆོས་ཀྱི་སྐུ་བརྙེས་པའོ། །ཇི་ལྟར་འདོད་པ་བཞིན་དུ་སྦྱར། །ཞེས་པ་བྱང་ཆུབ་པ་ལྔ་པ་ 26-1-398b ལ་ལོངས་སྐུའི་རྒྱུ་རྡོ་རྗེ་སེམས་དཔའ་འམ། རྒྱུའི་རྣམ་སྣང་ངམ། རྒྱུའི་རྡོ་རྗེ་ཉི་མའམ། རྒྱུའི་པདྨ་གར་དབང་ངམ། རྒྱུའི་ཧེ་རུ་ཀའམ། རྒྱུའི་རྟ་མཆོག་ཏུ་སྣང་བའི་རྟོག་པའི་ཚོགས་ཐམས་ཅད་ལའོ། །གྲུབ་པ་དམ་པ་མཆོག་གི་ཆོས། །ཞེས་པས་སྔོན་སངས་རྒྱས་ཀྱི་ ལམ་དུ་གྲུབ་པ་ཟག་མེད་དམ་པ་མཆོག་གི་ལམ་ནི་དེ་ཉིད་དུ་གསུངས་པ་དང་། ཁ་སྦྱོར་ཐིག་ལེ་ནས་འབྱུང་བ་བཞིན་དུ་ཟླ་བ་དང་། ཟླ་བ་གཅིག་པ་དང་། རྡོ་རྗེ་དང་། ཁམས་ཞུགས་པ་དང་། སྐུ་གྱུར་པས་རྟོག་པ་དྲུག་པོ་ཐམས་ཅད་ལ་འོག་མིན་དུ་བྱང་ཆུབ་པའི་ཚེ་ བསྒོམ་པར་བྱའོ། །སྣ་ཚོགས་ལམ་གྱི་སྦྱོར་བ་ཡིས། །ཞེས་བྱ་བས་འོག་མིན་དུ་ཕྱོགས་བཅུའི་སངས་རྒྱས་བཞུགས་ནས་བྱིན་གྱིས་བརླབས་པ་དང་། དབང་བསྐུར་བ་དང་། ཏིང་ངེ་འཛིན་དང་། ཕྲིན་ལས་ལ་གཞག་པའོ། །ཆོ་ག་སྣ་ཚོགས་པ་འདོད་ པའི། །སེམས་ཅན་རྣམ་པར་གདུལ་བ་དང་། །ཞེས་པ་རྟོག་པ་དྲུག་གི་གདུལ་བྱ་འདོད་ཆགས་ཆེན་པོ་དང་། གཏི་མུག་དང་། ཞེ་སྡང་དང་། ལོག་པར་ལྟ་བ་དང་། སེར་སྣ་དང་ལེ་ལོ་ཆེན་པོ་ཅན་འདུལ་བའི་ཕྱིར། ཡེ་ཤེས་དྲུག་གི་བདེ་བ་བསྒྲུབ་པའི་ཕྱིར་ བྷ་ག་ཝཱན་སྔོན་བདེ་བ་ཅན་དུ་སྤྲུལ་སྐུའི་འབྲས་བུ་ནི། རྡོ་རྗེ་འཆང་དྲུག་པ་དེ་ཉིད་ཀྱིས་སངས་རྒྱས་ཀྱི་རྣམ་འཕྲུལ་སེམས་ཅན་གྱི་དོན་དུ་སྤྲུལ་ནས། ཕྱག་རྒྱ་བཞི་ལ་མོས་པས་མྱུར་དུ་འགྲུབ་པར་འགྱུར་རོ། །དེ་ཡང་ཐབས་གང་གིས་མྱུར་བ་ཡིན་ཞེ་ན། བྱིན་རླབས་ ཀྱི་ལམ་གྱིས་ཡེ་ཤེས་སེམས་དཔའ་བཅུག་པས་འགྲུབ་པར་འགྱུར་རོ། །དེ་ལྟར་སྔོན་བྱུང་བ་སངས་རྒྱས་ཀྱི་མཛད་པ་བཤད་ནས་རྗེས་སུ་འཇུག་པ་གསུངས་པ་ནི། ཉིན་རེའམ་ཡང་ན་ཟླ་རེའམ། །ཡང་ན་དེ་བཞིན་ལོ་རེ་ན། །ཇི་བཞིན་ བྱིན་གྱིས་བརླབས་ནས་ཀྱང་། །སངས་རྒྱས་བདེ་མཆོག་གར་བྱའོ། །ཞེས་གསུངས་ཏེ། བསྙེན་སྒྲུབ་བཞི་བསྒོམས་པས་བསྙེན་པ་བྱས་ནས་ཞག་གཅིག་འཇོག་པའི་དཀྱིལ་འཁོར་འདྲི་བའམ། ཟླ་བ་གཅིག་འཇོག་པའམ། ལོ་གཅིག་འཇོག་ 26-1-399a པའི་དཀྱིལ་འཁོར་བྲི་བར་བྱའོ། །ཇི་བཞིན་བྱིན་གྱིས་བརླབས་ནས་ཞེས་པ་དཀྱིལ་འཁོར་བྱེད་པའི་རྣལ་འབྱོར་པས་བསྙེན་པ་དང་སྒྲུབ་པ་ཆུང་ངུ་དང་འབྲིང་དང་ཆེན་པོའི་རིམ་པས་འོག་ནས་འབྱུང་བ་བཞིན་དུ་བསྐྱེད་ན་པཱུ་ཛ་བྱས་ལ་སངས་རྒྱས་ བདེ་མཆོག་གི་ཟློས་གར་བསྒོམ་པར་བྱའོ། །ཡང་ན་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པར་མི་འདོད་ན་ཆ་ལུགས་བྱས་ནས་སྒྲུབ་པ་བསྟན་པ་ནི། ཁམས་ཀྱི་ངོ་བོ་ཐམས་ཅད་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསེར་དངུལ་ཟངས་ལྕགས་ལ་ སོགས་པའོ། །དེ་བཞིན་སྲོག་དང་རྩ་ལས་བྱུང་། །ཞེས་པ་སྲོག་ཆགས་ལས་བྱུང་བའི་བ་སོ་དང་རྭ་ལས་བྱས་པ་དང་། རྩ་ལས་བྱུང་བའི་ཤིང་ལ་འབུར་དུ་བརྐོས་ནས་རང་གི་ལྷའི་ཆ་ལུགས་སུ་བྱའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། སྒྲུབ་པའི་ཕྱག་རྒྱ་རབ་ ཏུ་ཞེས་པ་སྨོས་ཏེ། རྡོ་རྗེ་སེམས་དཔའ་དང་། རྣམ་སྣང་དང་། ཧེ་རུ་ཀ་དང་། རྡོ་རྗེ་ཉི་མ་དང་། པདྨ་གར་དབང་དང་། རྟ་མཆོག་གཟུགས་སུ་བྱའོ། །དཀྱིལ་འཁོར་གང་དང་གང་བསྟན་པ། །སྣ་ཚོགས་ཕྱག་རྒྱའི་མཆོད་པ་ཡིས། །ཞེས་བྱ་བ་སྨོས་ཏེ། རིགས་དྲུག་ གི་རྣལ་འབྱོར་པ་ཁྱིམ་པའམ་རབ་ཏུ་བྱུང་བའམ་སྐྱེས་པའམ་བུད་མེད་ཀྱི་རྟོག་པ་དྲུག་གི་འཁོར་ལོ་གང་དང་གང་སྟོན་པའོ། །དེ་ཡང་གང་ཞིག་དང་ལྷན་ཅིག་བསྒོམ་ཞེ་ན། སློབ་མའི་ཚོགས་ཀུན་དེ་དང་དེར། །མཆོད་པ་བྱས་ནས་དེ་བསྒྲུབས་སོ། ། ཞེས་བྱ་བས་དབང་བསྐུར་བའི་སློབ་མའི་ཚོགས་དང་། གདོང་རྒྱན་གྱོན་ལ་ཚོགས་ཀྱི་འཁོར་ལོ་བསྒྲུབ་པར་བྱའོ། །དེ་ལྟར་སྔོན་བྱུང་དང་རྗེས་འཇུག་གི་རྒྱུད་བཤད་ནས། ད་ནི་རྟོག་པ་ཐམས་ཅད་ཀྱི་སྔོན་བྱུང་གི་གླེང་གཞི་གསུངས་པ་ནི། དེ་ནས་གཞན་ཡང་རྟོག་ཀུན་གྱི། །སངས་རྒྱས་ཐམས་ཅད་རྣམ་པར་སྤྲུལ་པའི་རིགས་དྲུག་སྤྲུལ་པར་བྱའོ། །གཏམ་དག་རབ་ཏུ་བཤད་པར་བྱ། །ཞེས་བྱ་བ་གསུངས་སོ། །དེ་ཡང་སྟོན་པ་སུ་ཞིག་ལ་གནས་གང་ཞིག་ཏུ་སུ་ཞིག་དང་ལྷན་ཅིག་ཏུ་ 26-1-399b དུས་ནམ་ཀྱི་ཚེ་ཐོས་ཤེ་ན། སྟོན་པ་སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའི་བདེ་བའི་མཆོག །ཅེས་བྱ་བ་སྟེ་ལོངས་སྐུ་དང་སྤྲུལ་སྐུའི་ངོ་བོ་ཉིད་དོ། །གནས་ནི་གསང་བ་མཆོག་གི་དགྱེས་པ་ནའོ། །འཁོར་ནི་ཐམས་ཅད་བདག་ ཉིད་དོ། །དུས་ནི་རྟག་ཏུ་བཞུགས་པའོ། །དེར་བཞུགས་པའི་ཆོས་སྐུའི་ངོ་བོ་ནི། འདི་ནི་རྣལ་འབྱོར་བཅོམ་ལྡན་འདས། །རྟག་པ་དམ་པ་བརྟན་པ་སྟེ། །རྟག་ཏུ་ད་ལྟར་བྱུང་བ་བཞིན། །ངོ་བོ་ཉིད་ཀྱིས་འདའ་དཀའ་བ། །ཞེས་གསུངས་ སོ། །བཤད་པའི་ཆོས་ནི། ཆོ་ག་སྣ་ཚོགས་འདོད་རྣམས་ལ། །ལས་ཀྱི་སྦྱོར་བ་སྣ་ཚོགས་ཀྱིས། །སངས་རྒྱས་རྡོ་རྗེ་འཛིན་ལ་སོགས། །གདུལ་བྱའི་ཕྱིར་ནི་བྱས་པ་ཡིན། །ཞེས་པ་རིགས་དྲུག་གི་འཁོར་ལོའི་གཟུགས་ཀྱི་རྣམ་རྟོག་ སྤྲུལ་པ་དང་། སྒྲའི་རྣམ་རྟོག་བཤད་པའོ། །སངས་རྒྱས་ལ་སོགས་བརྟན་གཡོ་ཀུན། །ཀུན་གྱི་དངོས་པོར་འདི་འགྱུར་རོ། །ཞེས་བྱ་བས་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དང་། བཅུད་ཀྱི་འཇིག་རྟེན་ལྷར་བསྐྱེད་པའོ། །སེམས་ ཅན་ཀུན་གྱི་དོན་མཆོག་རྣམས། །སངས་རྒྱས་ལ་སོགས་འདུལ་བས་འགྲུབ། །ཅེས་བྱ་བ་ཕུན་སུམ་ཚོགས་པ་ལྔའི་བདག་ཉིད་ཅན་གྱི་སེམས་ཅན་གྱི་དོན་དུ་སྤྲུལ་པར་བཤད་པ་ཡིན་ནོ། །རྡོ་རྗེ་སེམས་དཔའི་དབུགས་དབྱུང་བའི་འགྲེལ་ པའོ།། །།དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། དེ་ལྟར་སྤྲུལ་སྐུ་མི་ཡུལ་དུ་བབས་པའི་ཐབས་ཉམས་སུ་བླང་བའི་རིམ་པ་བཤད་ནས། ད་ནི་ཡན་ལག་གི་དོན་བརྗོད་པར་བྱ་སྟེ། རྡོ་རྗེ་སེམས་དཔའི་དབུགས་དབྱུང་བའི་ཡན་ལག་གི་དོན་དང་། བརྟག་ པ་དྲུག་གི་ཉམས་སུ་བླང་བའི་ཆོ་ག་བཤད་པ་ཡིན་ནོ། །ད་ནི་རྣམ་པར་སྣང་མཛད་ཀྱི་དབུགས་དབྱུང་ཡན་ལག་གི་དོན་བརྗོད་པར་བྱ་སྟེ། འདས་པའི་དུས་ན་སྔོན་བྱུང་བ། །ཞེས་བྱ་བ་སྔོན་སངས་རྒྱས་ཀྱི་སྤྲུལ་སྐུའི་མཛད་པ་བསྐྱེད་པ་དང་། སྤྲོ་བ་དང་བསྡུ་བ་དང་། 26-1-400a གནས་པ་དང་བརྟེན་པའི་ཚུལ་ལོ། །བདག་ཉིད་ཆེན་པོ་རྟག་པའོ། །དེ་བཞིན་གཤེགས་པའི་གསུང་རབ་ལས། །ཞེས་བྱ་བ་ནི། སྔོན་བཅོམ་ལྡན་འདས་རྫོགས་ལྡན་གྱི་དུས་ཀྱི་ཚེ། བསམ་གཏན་བཞིའི་ཡང་ཐོག་ཏུ། རྡོ་རྗེ་སེམས་དཔའི་ཚུལ་ གྱིས་སྦྱོར་ནས་དཔལ་མཆོག་ལ་སོགས་པའི་རྣལ་འབྱོར་གྱི་རྒྱུད་གསུངས་པ་དང་། དེ་བསྟན་པས་སེམས་ཅན་རྣམས་གཟུགས་སྐུ་ལ་སོགས་པར་ཞེན་པ་སྒྲོ་འདོགས་པར་འགྱུར་བ་དང་། འཁོར་བ་འཇིག་དང་། གསེར་ཐུབ་དང་། འོད་སྲུངས་ལ་སོགས་པས་ དབུ་མའི་ཐེག་པ་བསྟན་པས་སྒྲོ་འདོགས་བསལ་བར་མཛད་པ་ཡིན་ནོ། །དེ་ལ་སེམས་ཅན་མོངས་པས་སྟོང་པ་ཉིད་འབའ་ཞིག་ལ་ཞེན་པས་སྒྲོ་འདོགས་པ་དང་། སྐུར་བ་འདེབས་པ་ལས་བཟློག་པའི་ཕྱིར་ཐབས་ཀྱི་བླ་ན་མེད་པ་དང་། ཤེས་རབ་ཀྱི་ བླ་ན་མེད་པའི་རྒྱུད་གསུངས་པ་ཡིན་ནོ། །དེ་ཡང་རྡོ་རྗེ་མཁའ་འགྲོའི་ལེའུ་དང་པོ་ལས་གོ་རིམས་ཇི་བཞིན་བཤད་པས་ཐེ་ཚོམ་མི་བྱའོ། །ཤེས་རབ་ཀྱིས་བླ་ན་མེད་པའི་མཉམ་སྦྱོར་གྱི་རྒྱུད་སྟོང་ཕྲག་བཅོ་བརྒྱད་པའི་དབང་དུ་བྱས་ནས་བདག་ཉིད་ཆེན་པོ་རྟག་པ་ ཆོས་ཀྱི་སྐུ་ལས། དེ་བཞིན་གཤེགས་པའི་གསུང་རབ་ལས་ས་བཅུའི་དབང་ཕྱུག་གི་ངོར་རྒྱུའི་རྣམ་སྣང་གིས་བྱིན་གྱིས་བརླབས་པ་དང་། དབང་བསྐུར་བ་དང་། ཏིང་ངེ་འཛིན་དང་། ཕྲིན་ལས་མཛད་པ་ཡིན་ནོ། །སྔོན་རྫོགས་ལྡན་གྱི་དུས་ཀྱི་བསྐལ་པ་དང་པོ་ལ་བསམ་ གཏན་བཞི་པའི་ཡང་ཐོག་དང་། གཞན་འཕྲུལ་དབང་བྱེད་ཀྱི་གནས་དང་། རི་རབ་རིའི་རྩེ་མོར་དཔལ་མཆོག་དེ་ཉིད་བསྡུས་པ་ལ་སོགས་པ་ལྷ་རྣམས་འདུལ་བའི་དོན་དེ་བཞིན་གཤེགས་པའི་གསུང་རབ་ཀྱི་འཁོར་ལོ་འགྲོ་བ་ལྷའི་གཟུགས་ཀྱི་རྣམ་པར་རྟོག་པ་སྔོན་བྱུང་བ་དང་འཛམ་བུའི་གླིང་ དུ་བསྐལ་པ་བཟང་པོ་འདི་ལ་འཁོར་བ་འཇིག་དང་གསེར་ཐུབ་དང་། འོད་སྲུངས་ཀྱི་བསྟན་པའི་དེ་བཞིན་གཤེགས་པའི་གསུང་རབ་ལས་འཛམ་བུའི་གླིང་དུ་འགྲོ་བ་དང་མཐུན་པར་རབ་བྱུང་གི་ཚུལ་དུ་སྔོན་བྱུང་ནས་སྡེ་སྣོད་གསུངས་སོ། །དེ་ཚེ་སེམས་ཅན་ཐམས་ཅད་ཤིན་ཏུ་སྟོང་ 26-1-400b པ་ཉིད་ལ་སོགས་པས་ཡེ་ཤེས་རྒྱུན་ཆད་འགོག་པའི་ཆོས་ཉིད་ལ་སྦྱོར་བར་ཤེས་པའི་རྒྱུན་འགགས་ནས་ཕུང་པོ་ལྷག་མ་མེད་པས་མྱ་ངན་ལས་འདས་པ་ཡིན་ནོ། །དོར་བར་བྱ་བའི་རྣལ་འབྱོར་དེ་ཉིད་མཁྱེན་པས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་དེ་བཞིན་ གཤེགས་པ་འགྲོ་བ་སྟོང་པ་ཉིད་ཕྱོགས་གཅིག་ལ་ཞེན་པ་དེ་དག་སྟོང་ཉིད་ལས་འགྲོལ་ཞིང་། ཕུང་པོ་ལྷག་མེད་ཀྱི་མྱ་ངན་ལས་འདས་པ་བཟློག་པའི་ཕྱིར། རྣམ་པར་སྣང་མཛད་ཀྱི་མངལ་སྐྱེས་ཀྱི་དཀྱིལ་འཁོར་སྐྱེད་པར་མཛད་པ་ཡིན་ནོ། །བཻ་ རོའི་དཀྱིལ་འཁོར་དེས་ལྟ་བ་ལྷག་ན་ཅི་ཞིག་སྟོན་སྙམ་ན། སྟོང་པའང་མ་ཡིན་མི་སྟོང་པའང་མ་ཡིན་ཞེས་པ་ལ་སོགས་པ་གསུངས་ཏེ། དོན་དམ་པར་སྒྱུ་མ་ལྟ་བུ་དང་། རབ་ཏུ་མི་གནས་པ་ལྟ་བུའི་སྟོང་པ་ཡང་མ་ཡིན་ཞིང་། རྣམ་བཅས་དང་ རྣམ་མེད་ལྟ་བུའི་མི་སྟོང་པ་ཡང་མ་ཡིན་ལ། གཉིས་སུ་མེད་པའི་ཟུང་དུ་འཇུག་པ་དབུ་མར་ཡང་མི་དམིགས་པས། ཤེས་རབ་སྟོང་པ་ཉིད་དང་། ཐབས་སྙིང་རྗེའི་བདག་ཉིད་ཀྱི་ཆོས་སྐུ་རྟོག་མེད་ལས་དག་པ་འཇིག་རྟེན་པའི་ཡེ་ཤེས་སུ་ཡོངས་སུ་ བརྟགས་པའོ། །རྣམ་པར་མི་རྟོག་པ་ལ་མོས་པའི་རྣལ་འབྱོར་པ་ལ་མོས་པ་ཡང་ལྷའི་འཁོར་ལོ་ཐམས་ཅད་བྲག་ཅའམ་སྒྲ་བརྙན་གྱི་ཚུལ་གྱིས་བརྟག་པར་བྱའོ། །འགྲོ་བ་རྨོངས་པ་ལྷའི་སྐུ་ལ་ཞེན་པས་སྒྲོ་འདོགས་དང་སྐུར་འདེབས་མི་བྱའོ་ཞེས་པའི་དགོངས་ པ་བསྟན་པའི་ཕྱིར། དཀྱིལ་འཁོར་གྱི་འཁོར་ལོ་དང་ལྷའི་དེ་ཉིད་གསུངས་པ་ཡིན་ལ། མ་འོངས་པའི་སྒོ་གསུམ་སྔགས་ཀྱི་སྒོ་ནས་སྤྱོད་པ་སྤྱད་པར་འདོད་པ་རྣམས་ཀྱིས་དཀྱིལ་འཁོར་རྒྱལ་མཆོག་གི་ཚེ། ཐེག་པ་ཆེན་པོ་ཡོན་ཏན་རྒྱས་པའི་ གླུས་དུས་གསུམ་དུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྟོད་པར་བྱའོ། །དེ་ཡང་མཉམ་ཉིད་མི་གཡོ་བ། །ཞེས་བྱ་བ་ནས། མཆོག་ཆོས་ཅན་ཞེས་པའི་བར་གྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་དང་། ཡོན་ཏན་ 26-1-401a ཤིན་ཏུ་ཕྲ་བའི་ཆ་ལའང་ཞེས་པ་ནས། ངེས་པར་གསོལ་གྱི་བར་གྱིས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་དང་། རྟག་ཏུ་དྲི་མེད་ཐུགས་ཞེས་བྱ་བ་ནས། རྟག་ཏུ་རྣམ་པར་ཞེས་བྱ་བའི་བར་གྱིས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་དང་། ཚད་མེད་ཚད་དང་བྲལ་བ་ཞེས་བྱ་བ་ནས་ཡོང་མི་འགྱུར་ཞེས་བྱ་བའི་བར་གྱིས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་དང་། ཨེ་མའོ་ཤིན་ཏུ་བཟང་པོ་ཞེས་པ་ནས་བདག་ལ་སོགས་པ་ཞེས་བྱ་བའི་བར་གྱིས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་དང་། སློབ་དཔོན་ཀླུ་སྒྲུབ་ནི་བསྙེན་པའི་ དུས་སུ་ཕྲ་མོའི་ས་མཱ་དྷི་ལ་སྙོམས་པར་ཞུགས་པ་ན། ལྷ་མོ་རྣམས་ཀྱི་གླུས་བསྐུལ་བར་བཞེད་དོ། །ཨིནྡྲ་བྷཱུ་ཏི་རྒྱུའི་རྣམ་སྣང་ཞུ་བ་ལས་འབྲས་བུའི་བཻ་རོ་བསྐྱེད་པའི་ཕྱིར་ལྷ་མོ་བཞིའི་གླུས་བསྐུལ་བར་བཞེད། རབ་ཞི་བཤེས་གཉེན་དང་། ཀུན་དགའ་སྙིང་པོ་ནི་དཀྱིལ་འཁོར་སྒོམ་པ་རྫོགས་ ནས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལས་བསླང་བ་ནས་བསྐུལ་པར་འདོད་དོ། །ཡེ་ཤེས་ཞབས་ནི་དཀྱིལ་འཁོར་རྒྱལ་མཆོག་ལ་བསྟོད་པར་ཐེ་ཚོམ་མི་ཟའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླ་བས་མ་བཤད་དོ། །དེ་ནས་དེ་ཡི་སྒྲུབ་པ་དང་། ཞེས་བྱ་ བས་རྗེས་འཇུག་གི་དོན་བཤད་པ་ཡིན་ཏེ། སྒྲུབ་པ་ནི་མཚན་མ་ཐོབ་ཀྱི་བར་དུ་བསྙེན་སྒྲུབ་གཉིས་ལྷའི་འཁོར་ལོ་བསྒོམ་པའོ། །ཤིན་ཏུ་བརྟག་པའི་དངོས་གྲུབ་བདག །ཅེས་པ་མཚན་མ་ཐོབ་ནས། འཇིག་རྟེན་པའི་དངོས་གྲུབ་མངོན་པར་ཤེས་པ་ལྔ་བསྒོམ་པའོ། །གང་གི་སྲིད་པ་ འདི་ཉིད་ལ། །དངོས་གྲུབ་ཤིན་ཏུ་རྟག་པ་འཐོབ། །ཅེས་པ་ནི། མཆོག་གི་དངོས་གྲུབ་བུདྡྷ་བོ་དྷིའི་ཡེ་ཤེས་གྲུབ་པའོ། །དེ་སྒྲུབ་པའི་ཐབས་གང་ཡིན་ཞེ་ན། རྡོ་རྗེ་སེ་གོལ་གཏོགས་པ་ཡིས། །སངས་རྒྱས་ཐམས་ཅད་བསྡུ་བར་བྱ། །ཞེས་གསུངས་ཏེ། བཻ་རོའི་དཀྱིལ་འཁོར་གྱི་འཁོར་ལོ་ བསྒོམ་པའི་རྣལ་འབྱོར་པ་བྱིན་གྱི་རླབས་ཀྱིས་ལམ་ཡེ་ཤེས་སེམས་དཔའ་གཞུག་པའོ། །ཐལ་མོ་ལེགས་པར་སྦྱར་བ་ཡིས། །ཐལ་མོ་ལན་གསུམ་ངེས་པར་བརྡབ། །ཅེས་པ་ཡེ་ཤེས་སེམས་དཔའ་བྱོན་པ་ལ་ཕྱག་བྱས་ནས་སྙིང་གར་བཅུག་སྟེ་དབང་བསྐུར་བའི་མཐར་ཕེག་བརྡབས་མཉེས་ 26-1-401b པར་བྱའོ། །དབང་པོ་གང་དང་གང་ལམ་གྱུར། །དེ་དང་དེ་ཡི་ངོ་བོར་བྱ། །ཞེས་པ་བུདྡྷའི་དབང་པོ་དང་རང་གི་མཉམ་པར་སྦྱོར་བར་རོ་གཅིག་པར་བསྒོམ་པའོ། །ཇི་ལྟར་མོས་པ་ཆགས་པ་དང་། །ཞེས་པ་ལྷ་ལ་དང་བའི་དད་པར་མོས་པར་བསྒོམས་ན་ཤ་ཛ་བ་ཞེས་བྱ་བ་ལ་སོགས་པའི་སྙིང་ པོ་དང་། སྔགས་ཀྱི་གླུ་ལེན་ཅིང་བསྟོད་པར་བྱའོ། །ཀུན་དུ་གནས་པའོ། །ཀུན་ནས་ནི་དངོས་པོའོ། །ཐམས་ཅད་ནི་རྣམ་པའི་བྱེ་བྲག་གོ། བདག་ཉིད་རྟག་ཏུ་རྣམ་པ་ཀུན། །ཞེས་བྱ་བ་དུས་སོ། །སངས་རྒྱས་དང་ཀུན་དངོས་གྲུབ་འཛིན། །རབ་ཏུ་མཐོང་ཞིང་དངོས་གྲུབ་བོ། །ཞེས་བྱ་བ་ རང་གི་ལུས་དང་ལྷ་ཐ་མི་དད་མཐོང་བ་དང་རེག་པ་དང་། ཐོས་པའི་མཚན་མ་ཐོབ་པར་འགྱུར་རོ། །གང་གི་ཚེ་དངོས་གྲུབ་མ་ཐོབ་ན་བསྐྱར་ཆོས་གསུངས་པ་ནི་སངས་རྒྱས་ཀུན་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་བཤད་པའི་བསྟོད་པའི་རྒྱལ་པོས་རིགས་ཀྱི་རྣལ་འབྱོར་པས་མཚན་ ཐོག་ཐག་ལྷ་ལ་བསྟོད་ན་དེ་ཁོ་ན་ཉིད་བསྐུལ་བ་ཡིན་པ་དངོས་གྲུབ་གྲུབ་པར་གདོན་མི་ཟའོ། །བཻ་རོའི་དབུགས་དབྱུང་བའི་འགྲེལ་པའོ། །དེ་ལྟར་བཻ་རོའི་དབུགས་དབྱུང་བ་བཤད་ནས། ཧེ་རུ་ཀ་ཡི་དབུགས་དབྱུང་ནི། །འདས་པའི་དུས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདས་པའི་དུས་ནས་ ཞེས་བྱ་བ་ལ་སོགས་བཤད་ཟིན་ཏོ། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ཞེས་བྱ་བ་འོད་སྲུངས་ཀྱི་བསྟན་པའི་རྗེས་ལ་སེམས་ཅན་ཐམས་ཅད་གདུག་ཅིང་གཏུམ་པར་འགྱུར་རོ། །གདུག་པར་འགྱུར་དུ་ཟད་མོད་ཉེས་པ་ཅིར་འགྱུར་ཞེ་ན། ཤིན་ཏུ་ཁྲོ་ཞེས་པ་ལ་སོགས་པ་སྨོས་ཏེ། དེའི་རྣམ་སྨིན་གྱིས་ ངུ་འབོད་དུ་སྐྱེ་བར་འགྱུར་རོ། །དེ་ནས་ཚེ་འཕོས་ནས་འབྱུང་པོ་གཏོགས་འདོད་ཅན་གྱི་བུ་འབྱུང་པོ་དགེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །དེ་ལེགས་ལྡན་བྱེད་ནག་པོར་གྱུར་ནས། དེས་གྲོང་ཁྱེར་སུམ་བརྩེགས་འཇིག་པའི་ཕྱིར། རིམས་དུག་དབྱིག་དུག་ལ་སོགས་པ་ལོག་འདྲེན་གྱི་ལས་བྱེད་པ་ དང་། འཇིག་རྟེན་གསུམ་པོ་འཇིག་པར་བྱེད་ཅིང་རིག་པ་འཛིན་པའི་སྒྲུབ་པ་པོ་རྣམས་ལ་འཚེ་བ་དང་། ལྷ་ལ་སོགས་པ་ཚེ་འཕོ་བར་བྱེད་པ་དང་། བདེ་བར་གཤེགས་པའི་བསྟན་པ་ཡང་འཇིག་པར་བྱེད་དོ། །དེའི་ཚེ་དྲག་པོ་འཇིགས་བྱེད་ཀྱིས་གདུག་པ་དེ་མ་བཟོད་ནས་དབང་པོ་དང་། 26-1-402a བཅས་པའི་ལྷ་ཚངས་པ་ལ་སྐྱབས་སུ་སོང་ངོ་། །ཚངས་པ་ཡང་ཁྱབ་འཇུག་ལ་སྐྱབས་སུ་སོང་ངོ་། །ཁྱབ་འཇུག་ཀྱང་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་ཆེན་པོ་ལ་སྐྱབས་སུ་སོང་ངོ་། །ལྷ་ཆེན་པོ་དེས་བཅོམ་ལྡན་འདས་རྡོ་རྗེ་འཆང་བའི་རང་བཞིན་ཤེས་ནས་དེ་ཉིད་ལ་སྐྱབས་སུ་ སོང་ངོ་། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་བ་དེ་ཉིད་ཀྱིས་རྡོ་རྗེ་སེ་གོལ་བརྡབས་ནས་རྡོ་རྗེ་བསྡུ་བ་མཛད་དེ། སངས་རྒྱས་ཐམས་ཅད་སྤྱན་དྲངས་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཏིལ་གྱི་གང་བུ་བཞིན་གང་བར་གྱུར་ཏོ། །རྡོ་རྗེ་སེམས་དཔས་གདུག་ཅིང་གཏུམ་པའི་སེམས་ཅན་ལ་ཞི་ བས་ཕན་པར་མི་འགྱུར་བར་གཟིགས་ནས། ཤེས་རབ་ཐབས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཐབས་ཤེས་རབ་ཀྱི་སྙིང་པོ་ཧཱུཾ་གསུངས་པས་བདག་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཁྲོས་ནས་ཁྲོ་བོའི་གཟུགས་སུ་མཛད་པ་ཡིན་ནོ། །དེ་ནས། ཁྲོ་བོའི་ཆེད་དུ་བརྗོད་པ་ནི། ཁྲོ་བོའི་ ཚུལ་ཅན་ཁྲོས་པས་ནི། །འཇིག་རྟེན་གསུམ་ཡང་སྲེག་བྱེད་ན། །སངས་རྒྱས་ཐམས་ཅད་ཁྲོས་པ་ཡིས། །ཁམས་གསུམ་མ་ལུས་སྨོས་ཅི་དགོས། །དེ་ནས་སྣ་ཡི་རྩེ་མོ་ལ། །ཡིད་ནི་ཡང་དག་བརྟན་པར་གཟུང་། །ཞེས་པ་དཔལ་ཧེ་རུ་ཀ་ཡབ་ཡུམ་ཐབས་ཤེས་རབ་གཉིས་སུ་མེད་པའི་ཡབ་ཡུམ་གྱི་ མཁའ་གསང་དུ་ཕྱོགས་བཅུའི་སངས་རྒྱས་ཞུ་བའི་ཐིག་ལེ་ཡི་གེ་ཧཱུཾ་གི་གཟུགས་སུ་སྣང་བ་ལ་སེམས་བཟུང་ནས། གསང་བའི་རྡོ་རྗེ་སྣ་རྩེའི་དབུགས་ཡི་གེ་སུམ་ཅུ་རྩ་གཉིས་ཀྱིས་རིང་ཞིང་དྲོ་བར་གྱུར་པ་ལས་ཧེ་རུ་ཀའི་འཁོར་ལོའི་ཕྱག་རྒྱ་གཽ་རཱི་མ་ལ་སོགས་པ་མངལ་སྐྱེས་ཀྱིས་བྱུང་བར་གྱུར་པ་ཡིན་ནོ། ། དེ་ཉིད་མ་འོངས་པའི་གསང་སྔགས་ཀྱི་སྒོའི་སྤྱོད་པ་སྤྱད་པར་འདོད་པ་རྣམས་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་མངལ་སྐྱེས་ཀྱི་རིམ་པ་བསྒོམ་པར་བྱའོ་ཞེས་བསྟན་པ་ནི། བཅོམ་ལྡན་འདས་དེ་ཉིད་རྣལ་འབྱོར་པ་ཞེས་པ་ལ་སོགས་པ་གསུངས་སོ། །བཅོམ་ལྡན་འདས་དེའི་སྐུའི་མདོག་ཇི་ལྟ་བུ་ ཞིག་ཅེ་ན། སེམས་དཔའ་སྔོན་པོ་འབར་བའི་ཞེས་པ་ལ་སོགས་པ་གསུངས་ཏེ། ཞལ་བཞི་པ་ཕྱག་བརྒྱད་པ། གཡས་ཞི་ཞིང་དཀར་བ། གཡོན་ཆགས་པས་དམར་བ། དབུས་མའི་ཞལ་དྲག་པ། རྒྱབ་མ་རྨོངས་པར་མཛད་པ་སེར་པོ། ཕྱག་དང་པོ་གཉིས་ན་རྡོ་རྗེ་དང་དྲིལ་བུ། འོག་མ་ 26-1-402b གཉིས་ན་འཇིགས་བྱེད་ཀྱི་པགས་པ་བསྣམས་པ། གསུམ་པ་གཉིས་ན་མདའ་དང་གཞུ། བཞི་པ་གཉིས་ན་མདུང་དང་ཐོད་པ་བསྣམས་པའོ། །ཡང་ན་ཞལ་གཅིག་ཕྱག་བཞི་པའོ། །དེས་ཕྲིན་ལས་ཅི་ཞིག་མཛད་ཅེ་ན། འཇིག་པ་ཆེན་པོའི་དུས་ལྟར་དྲག །ཅེས་པ་ནས། ཐམས་ཅད་ཕམ་ནས་སླར་ ཡང་ནི། །ཐལ་བར་གྱུར་པ་འཚོ་བར་བྱེད་པའི་བར་གསུངས་ཏེ། མ་རུངས་པའི་འཁོར་ལོ་ཐམས་ཅད་ལ་སྡུག་བསྔལ་ཕབ་ནས་སླར་ཡང་ཤི་བས་ཐལ་བར་གྱུར་པ་ལས་སླར་འཚོ་བར་མཛད་པ་ཡིན་ནོ། །སླར་ཡང་ཅི་ཞིག་མཛད་ཅེ་ན། དེའི་འབར་བའི་ཉི་མ་ལས། །ཞེས་གསུངས་ཏེ། རང་གི་ ཉི་མའི་འོད་ཟེར་འབར་བ་ལས་བྱུང་བའི་དུར་ཁྲོད་ཀྱི་ཞིང་སྐྱོང་དུ་སྤྲུལ་ནས། གྲིབ་མ་བཞིན་དུ་སྤྲུལ་པའི་གཟུགས་སུ་མཛད་པ་ཡིན་ནོ། །དེ་ནས་མ་ལུས་པའི་བདུད་ལས་གྲགས་པ། མ་འོངས་པའི་རྣལ་འབྱོར་པའི་བར་དུ་གཅོད་པའི་གདུག་པ་ལ་སོགས་པའི་ཁྲག་ཟ་བར་ནུས་པ་དུར་ ཁྲོད་ཀྱི་རྒྱལ་པོ་ཧེ་རུ་ཀ་དང་ལྷན་ཅིག་རོལ་པ་ཡིན་ནོ། །དེའི་ཕྱིར་སངས་རྒྱས་ཀྱི་ཞིང་སྦྱངས་ནས་འགྲོ་བ་ཐམས་ཅད་བྱང་ཆུབ་ལ་བཀོད་དེ། སེམས་ཅན་གྱི་ཁམས་ཐམས་ཅད་སྦྱངས་པ་ཡིན་ནོ། །ཧེ་རུ་ཀའི་དབུགས་དབྱུང་བའི་འགྲེལ་པའོ།། །།དེ་ལྟར་ཧེ་རུ་ཀའི་དབུགས་དབྱུང་ བཤད་ནས། ད་ནི་པདྨ་གར་གྱི་དབང་ཕྱུག་གི་དབུགས་དབྱུང་བཤད་པར་བྱ་སྟེ། འདས་པའི་དུས་ནས་སྔོན་བྱུང་བ། །ཞེས་པ་ནས་འགྲོ་བའི་ཚུལ་དུ་སྔོན་བྱུང་བའི་བར་དུ་བཤད་ཟིན་ཏོ། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ཞེས་པ་སངས་རྒྱས་འོད་སྲུངས་ཀྱི་བསྟན་པའི་རྗེས་ལ་སེམས་ཅན་ ཐམས་ཅད་རྨོངས་པའི་དབང་གིས་ལོག་པར་ལྟ་བ་ཅན་དུ་གྱུར་ཏོ། །དེ་ནས་ཆགས་པའི་དབང་གིས་ངུ་འབོད་ཆེན་པོར་སྐྱེས་པར་གྱུར་ཏོ། །ལོག་ལྟ་ཅན་གྱི་ཤེས་རབ་དེ་ཉིད་སྦྱང་བའི་ཕྱིར། བཅོམ་ལྡན་འདས་རྡོ་རྗེ་ཆོས་ཀྱིས་ཇི་ལྟར་པདྨ་དམར་པོ་འདི་འདམ་ལས་སྐྱེས་ཀྱང་འདམ་གྱི་ ཉེས་པས་མི་གོས་པ་བཞིན་ཏེ། ཁམས་གསུམ་པའི་སེམས་ཅན་འོད་གསལ་གློ་བུར་གྱི་དྲི་མའི་ཉེས་པས་མ་གོས་པ་གཟིགས་ནས་སྤྱན་རས་གཟིགས་ཀྱི་སྐུར་བསྐྱེད་པ་ཡིན། དེ་ཡང་སུ་ཞིག་ཡིན་ཞེ་ན། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཞེས་བྱ་བ་གསུངས་ཏེ། རིགས་ 26-1-403a དྲུག་གི་དཀྱིལ་འཁོར་དང་རྡོ་རྗེ་སེམས་དཔའ་ཉིད་རྩ་བའི་སྤྲུལ་སྐུ་ཡིན་ཞེས་ཤེས་པར་བྱའོ། །དེ་བས་ན་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེས་ལོག་ལྟ་ལས་བྱུང་བའི་འདོད་ཆགས་འདུལ་བའི་ཕྱིར། སོ་སོར་རྟོག་པ་འདོད་ཆགས་དག་པའི་མཆོད་སྦྱིན་ཏེ། པདྨ་གར་ གྱི་དབང་ཕྱུག་ཐབས་དང་ཤེས་རབ་མཉམ་པར་སྦྱོར་བའི་མངལ་སྐྱེས་ཀྱི་རིམ་པས་པདྨ་གར་གྱི་དབང་ཕྱུག་གི་དཀྱིལ་འཁོར་གྱི་ཚུལ་གྱིས་སྣ་ཚོགས་པ་འདུལ་བ་ལ་ཀུན་དུ་སྤྱན་རས་གཟིགས་དབང་ཕྱུག་གི་རྒྱལ་པོ་སྣང་བ་མཐའ་ཡས་སུ་གྱུར་པ་ཡིན་ནོ། །པདྨ་གར་གྱི་དབང་ཕྱུག་གི་དབུགས་ དབྱུང་བའི་འགྲེལ་པའོ།། །།དེ་ལྟར་གར་གྱི་དབང་ཕྱུག་གི་འགྲེལ་པ་བཤད་ནས། ད་ནི་རྡོ་རྗེ་ཉི་མའི་དབུགས་དབྱུང་བ་བཤད་པར་བྱ་སྟེ། འདས་པའི་དུས་ནས་སྔོན་བྱུང་བའི་ཚིགས་བཅད་གཅིག་བཤད་ཟིན་ཏོ། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ཞེས་བྱ་བ་ནི་བུདྡྷ་འོད་སྲུངས་ཀྱི་ བསྟན་པའི་རྗེས་ལ་སེར་སྣའི་སེམས་ཀྱིས་འདུག་ཅིང་ནོར་ལ་ཤས་ཆེར་བསྒོམ་པར་གྱུར་པ་དང་། ཤིན་ཏུ་འཇུངས་པར་གྱུར་པའི་དབང་གིས་ཡི་དགས་ཀྱི་གནས་སུ་ལྷུང་བར་གྱུར་ཏོ། །དེ་ནས་ཚེ་འཕོས་ནས་མི་དབུལ་པོར་སྐྱེས་ནས་བཀྲེས་པ་དང་སྐོམ་པ་དང་། ཕན་ཚུན་གསོད་པར་ གྱུར་པ་དང་། ཤིན་ཏུ་གདུག་པའི་སེར་སྣ་ཅན་གྱི་རྣལ་འབྱོར་དེ་ཉིད་སྦྱང་བའི་ཕྱིར། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་མཉམ་པ་ཉིད་ཀྱི་ནོར་ཆེན་པོའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་རྡོ་རྗེ་ཉི་མའི་གཟུགས་སུ་མཛད་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ནམ་མཁའི་སྙིང་ པོ་རྡོ་རྗེ་ཉི་མ་དེས་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་རེ་བ་རྫོགས་པར་བྱ་བའི་ཕྱིར་བུད་མེད་རིན་པོ་ཆེ་ལ་སོགས་པའི་ཆར་ཕབ་ནས། སེམས་ཅན་ཐམས་ཅད་ལ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་སྟེར་བ་ཡིན་ནོ། །གང་གི་ཕྱིར་གདུག་ཅིང་སེར་སྣ་ཅན་གྱི་ང་རྒྱལ་གྱིས་ཁྲོ་བ་ལ་ཞི་ བས་ཕན་པར་མི་འགྱུར་བ་དེའི་ཕྱིར། ཤེས་རབ་ཐབས་ཀྱི་རྡོ་རྗེ་ཉི་མ་ལས། མངལ་སྐྱེས་ཀྱི་རིམ་པས་ཉི་མའི་འོད་ཟེར་གྱིས་སེར་སྣ་ཅན་རྣམས་རབ་ཏུ་གདུངས་ནས་སེར་སྣ་མེད་པའི་ལྷར་བསྒྲུབས་སོ་བྱ་བ་དང་ཞེས་བྱ་བ་ལུས་ངག་སེམས་ཀྱི་དབང་དུ་བྱ་བའོ། །ཟློག་པ་དང་ཞེས་ 26-1-403b བྱ་བ་སྲོག་དང་རྣམ་ཤེས་ཐིམ་པའོ། །དབྲོག་པས་ཀྱང་ནི་ཁྱད་པར་དུ། །ཞེས་པ་བཙུན་མོ་ལ་ལོངས་སྤྱད་པ་དང་། ཚོགས་ཀྱི་འཁོར་ལོ་ལ་ལོངས་སྤྱད་པའོ། །དེ་ལྟར་གཞན་ལས་རྒྱལ་བར་བྱས་ཏེ། ས་འོག་ས་བླ་ས་སྟེངས་ཀྱི་གནས་གསུམ་པོ་མཐའ་དག་གི་རང་དབང་ཡོད་པའི་ ནོར་གྱི་ཚོགས་ཐམས་ཅད་ཀུན་དུ་སྡུད་པར་བྱེད་ཅིང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཡིན་ནོ། །རྡོ་རྗེ་ཉི་མའི་དབུགས་དབྱུང་བའི་འགྲེལ་པའོ།། །།ད་ནི་རྟ་མཆོག་གི་དབུགས་དབྱུང་བ་བཤད་དེ། འདས་པའི་དུས་ན་ཞེས་པའི་ཤློ་ཀ་ནི་བཤད་ཟིན་ཏོ། །དེ་ཚེ་སེམས་ཅན་ ཐམས་ཅད་ནི། །ཞེས་པ་འོད་སྲུངས་ཀྱི་བསྟན་པའི་རྗེས་ལའོ། །བརྩོན་འགྲུས་ཤིན་ཏུ་ཆུང་བར་གྱུར་པ་ཤེས་པ། ལེ་ལོ་དང་ཕྲག་དོག་དང་བཅས་པའོ། །ལེ་ལོ་དེས་ཅིར་འགྱུར་སྙམ་ན། མནར་མེད་པ་ཡི་དམྱལ་བར་ལྷུང་། །ཞེས་བྱ་བ་སྨོས་ཏེ། མནར་མེད་པ་ནི་ཉེ་བར་ མཚོན་པ་སྟེ་བརྒྱད་དོ། །དེ་ནས་ཤི་འཕོས་ཏེ་མིར་སྐྱེས་ཀྱང་བྱི་པོ་དང་། ཆོམ་པོ་དང་། རྐུན་པོས་དགེ་བའི་ཕྱོགས་ལ་བར་དུ་གཅོད་པའི་ལས་བྱེད་པ་ཡིན་ནོ། །རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་མཁྱེན་ནས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་རང་བཞིན་དྲག་ཤུལ་གྱི་སྦྱོར་ བའི་ཚུལ་རྟ་མཆོག་གི་ཚུལ་དུ་སྐྱེད་པར་བྱེད་པ་ཡིན་ནོ། །གདུལ་བྱ་སེམས་ཅན་ཐམས་ཅད་དག་པར་མོས་པས་སྡིག་པ་མེད་པའི་ཐུགས་རྗེའི་སྟོབས་ཀྱིས་མངོན་སུམ་ཁོ་ནར་རོ། །ཕ་རོལ་གནོན་པའི་རྩལ་དག་གིས། །ཞེས་པ་དབང་བྱ་བ་དང་ལོངས་སྤྱད་པ་ཐིམ་པའི་མཛད་ པས་ཟིལ་གྱིས་ནོན་པར་མཛད་པའོ། །ཇི་ལྟར་ཟིལ་གྱིས་ནོན་སྙམ་ན་རྟ་མཆོག་ཡབ་ཡུམ་མཉམ་པར་སྦྱོར་བ་མངལ་སྐྱེས་ཀྱི་རིམ་པས་ཤིན་ཏུ་ལེ་ལོས་གདུག་ཅིང་ཕྲག་དོག་གིས་གཏུམ་པའི་སེམས་ཅན་རྣམ་པ་མང་པོའི་འཇིག་རྟེན་ཐམས་ཅད་འཇུག་པར་བྱ་བའི་ཕྱིར་དཀྱིལ་འཁོར་གྱི་ འཁོར་ལོ་སྤྲུལ་པ་ཡིན་ནོ། །དེས་ཅི་ཞིག་མཛད་ཅེ་ན། བྱི་བོ་ཆོམ་པོ་རྐུན་པོ་ཡིས། །ཞེས་བྱ་བ་སྨོས་ཏེ། བྱི་པོ་ནི་གཞན་གྱི་བུད་མེད་ལ་འགྲོ་བའོ། །རྐུན་པོ་ནི་མ་མཐོང་བར་ནོར་འཕྲོག་པའོ། །ཆོམ་པོ་ནི་མངོན་སུམ་དུ་ནོར་འཕྲོག་པའོ། །བྲིད་པ་དང་ནི་སྒྱུ་དག་དང་། །ཞེས་པ་བྲིད་ 26-1-404a པ་ནི་ཚིག་གིས་སོ། །སྒྱུ་ནི་རང་གི་ཉེས་པ་འཆབ་པའི་ཐབས་སེམས་གྱ་གྱུ་བའོ། །ཐམས་ཅད་རྣམ་པར་སྦྱོར་བར་བྱེད། །ཅེས་པ། གདུལ་བྱ་དེ་དག་སྤྲུལ་པའི་འཁོར་ལོས་སྦྱོར་བའོ། །ངོ་མཐོན་སྟོབས་ཀྱིས་དེ་བཞིན་དུ། །ཞེས་པ་མངོན་སུམ་དུ་བརྩོན་འགྲུས་ཀྱི་སྟོབས་ ཀྱིས་དབང་དུ་བྱ་བ་ལོངས་སྤྱོད་པ་ཐིམ་པའོ། །དགྲ་ཆ་ལྔ་ཡིས་བརྒལ་ནས་ནི། །ཞེས་བྱ་བ། རྡོ་རྗེ་རལ་གྲི་མདའ་གཞུ་མདུང་རྩེ་གཅིག་པ་བེ་ཅོན་གྱིས་བཏུལ་ནས། དེའི་ཚེ་འཇིག་རྟེན་ཀུན་ལས་རྒྱལ་བར་འགྱུར་རོ། །དེ་ནས་དབུས་ཀྱི་གཙོ་བོ་རྟ་མཆོག་གི་དབང་དུ་བྱས་ནས་གདུལ་བྱ་རྣམས་ འདུལ་བའི་ཐབས་སྣ་ཚོགས་ཀྱིས་རང་གི་རྒྱལ་སྲིད་སྐྱོང་བ་ཞེས་གསུངས་པ་ཡིན་ནོ། །ཁམས་ཀྱི་རྟ་མཆོག་གཉིས་ཀྱི་དབང་དུ་མཛད་ནས། གཡེམ་པ་རྣམས་གདུལ་བར་བྱ་བའི་ཕྱིར་དང་། གཡེམ་པའི་དབང་གིས་སྐུ་དང་ཁྲོ་བོ་རྣམས་གདུལ་བར་བྱ་བའི་ཕྱིར། ཁྲོ་བ་མངོན་སྤྱོད་ ཀྱི་སྐུ་དང་། ཞི་བ་འདུལ་བའི་ཕྱིར་ཞི་བའི་སྐུ་དང་། དྲག་ཤུལ་ཅན་རྣམས་འདུལ་བའི་ཕྱིར་དྲག་པོ་རྒྱས་པའི་སྐུ་བསྟན་པ་ཡིན་ནོ། །རྟ་མཆོག་དེ་བཞིར་གང་བཏུལ་བ་ཡིན་ཞེ་ན། སྡིག་པ་མེད་པའི་བརྩོན་འགྲུས་ཀྱི་སྟོབས་ཀྱིས་མངོན་སུམ་དུ་མནན་ནས་ལྷ་མོ་བྱི་མ་འཕྲོགས་པ་ཡིན་ནོ། ། མཐུའི་ཚེ་ཁྱབ་འཇུག་མནན་ནས་ལྷ་མོ་དྲུག་མ་ནི་འཕྲོགས་ནས་ལོངས་སྤྱོད་པ་ཡིན་ནོ། །སྐྱེ་དགུའི་བདག་པོ་ཚངས་པ་མནན་ནས་ལྷ་མོ་རབ་ཏུ་ཞི་བ་འཕྲོགས་ནས་ལོངས་སྤྱོད་པ་ཡིན་ནོ། །འདོད་པའི་ལྷ་མནན་ནས་མིའི་དབང་ཕྱུག་མ་འཕྲོགས་ནས་ལོངས་སྤྱོད་པ་ཡིན་ནོ། །དེ་ལྟར་སྔོན་བྱུང་གི་ དུས་སུ་མ་རུངས་པ་ཐམས་ཅད་མནན་ནས་ལུས་ངག་སེམས་དབང་དུ་བྱས་ཏེ། ལྷ་མོ་དང་ཚོགས་ཀྱི་འཁོར་ལོ་ཐམས་ཅད་འཕྲོགས་ནས་ལོངས་སྤྱོད་པ་ཡིན་ནོ། །དེ་དག་ཀྱང་རྣམ་པར་རྟོག་པ་འགགས་ནས་སྲོག་ཐིམ་པ་དང་། མི་རྟོག་པའི་ཡེ་ཤེས་སྐྱེས་ནས་ཡེ་ཤེས་ཐིམ་པས་ན། དེ་ལ་ སོགས་པ་མཐའ་ཡས་མཆོག །ཅེས་པ་ནས། རྡོ་རྗེ་ལས་ཆེན་རྣམ་སྟོན་པ། །ཞེས་པའི་བར་དུ་སྤྲུལ་པའི་སྐུས་སེམས་ཅན་གྱི་དོན་བྱ་བ་གསུངས་པ་ཡིན་ནོ། །སེམས་ཅན་དེ་དག་འདུལ་བར་མཛད་པ་ནི་གང་། ཐབས་ནི་གང་གིས་ཐོབ་པར་འགྱུར། །འབྲས་བུ་ནི་གང་ཐོབ་སྙམ་ན། ནམ་མཁའ་ 26-1-404b ཀུན་གྱི་སྐབས་ན་དཔལ། །རྡོ་རྗེ་སེམས་དཔའ་རབ་ཏུ་གནས། །ཞེས་པ་སྟོན་པ་ནི། ཐབས་དང་རྩལ་གྱིས་སྒྲུབ་པ་ཡིས། །ཞེས་པ་དབང་དུ་བྱ་བའི་ཐབས་དང་ལོངས་སྤྱོད་པའི་རྩལ་གྱིས་མངོན་སྤྱོད་ཀྱི་སྦྱོར་བའི་སྟོབས་ཀྱིས་བསྒྲུབས་པས་ཁམས་གསུམ་པའི་རྒྱལ་སྲིད་མ་ལུས་པ་ལ་དབང་ བ་རྟ་མཆོག་གི་གཟུགས་སུ་རྡོ་རྗེ་འཛིན་པ་དེ་ཡིས་ཐོབ་པར་མཛད་ནས་མངལ་སྐྱེས་ཀྱི་རིམ་པས་རིགས་བསྡུས་པའི་འཁོར་བཞིས་བསྐོར་བའོ། །བྱང་ཆུབ་སེམས་དཔའ་མཐའ་ཡས་མཆོག་སྤྲུལ་ནས་མངོན་སྤྱོད་ཀྱི་དྲག་ཤུལ་གྱི་སྦྱོར་བས་སྒྲུབ་པར་མཛད་པ་ནི་ཐབས་ཡིན་ནོ། །འབྲས་བུ་ནི། ཐམས་ཅད་ རྣམ་དག་མོས་པའི་ས། །ཞེས་པ་ནས། སངས་རྒྱས་བྱང་ཆུབ་རབ་ཏུ་འགྲེལ། །ཞེས་པའི་བར་གྱིས་མཆོག་གི་དངོས་གྲུབ་དང་། ལྷ་ཡི་དངོས་གྲུབ་དགའ་བ་དང་། །ཞེས་པ་ནས་འཇིག་རྟེན་གྱི་སིདྡྷི་གྲུབ་པའོ། །སངས་རྒྱས་བྱང་ཆུབ་བདེ་བ་ཆེ། །ཞེས་པ་ནས། རང་གི་རྣལ་འབྱོར་གྱིས་ ཐོབ་ནས། ཤེས་པའི་བར་གྱིས་ཆོས་ཀྱི་སྐུ་བསྟན། སེམས་ཅན་ཐམས་ཅད་དྲི་མ་དག །ཅེས་པ་ནས། སེམས་ཅན་ཁམས་ལ་བསྟན་པར་སྦྱིན། །ཞེས་པའི་བར་གྱིས་ལོངས་སྐུ་བསྟན་པ་དང་། རྟ་མཆོག་རྣམ་པར་སྤྲུལ་པ་ཡིན། །ཞེས་པ་ནས་སེམས་ཅན་གྱི་དོན་ཡང་བྱེད་ ཅེས་བྱ་བའི་བར་གྱིས་སྤྲུལ་སྐུ་བསྟན་ཏོ། །རྟ་མཆོག་གི་དབུགས་དབྱུང་བའི་འགྲེལ་པའོ།། །།དི་ལྟར་དབུགས་དབྱུང་དྲུག་བཤད་ནས། དེ་རྣམས་ཀྱི་མཇུག་བསྡུ་བ་ནི། དེ་ལ་སོགས་པ་མཐའ་ཡས་མཆོག །ཅེས་པ་གསུངས་ཏེ། དབང་བསྐུར་བའི་འཁོར་ལོ་ནི་རྣམ་ པ་དྲུག་ཡིན་ལ། དངོས་གྲུབ་ལེན་པའི་འཁོར་ལོ་ནི་ལྷ་བརྒྱ་རྩ་བརྒྱད་དམ། ཡང་ན་དཔའ་བོ་གཅིག་པུའི་བརྒྱ་རྩ་བརྒྱད་སྤྲུལ་ནས། སྔོན་བྱུང་གདུལ་བྱ་བཏུལ་བ་རྣམས་རང་བྱུང་གི་གཏམ་དག་པ་འཇིག་རྟེན་པའི་ཡེ་ཤེས་རྟོགས་པ་ཡིན་ནོ། །དཀྱིལ་འཁོར་བརྒྱ་རྩ་བརྒྱད་པོ་དེ་རྣམས་ དང་པོ་སྦྱོར་བའི་རྩ་བའི་ལྷ་གང་གིས་སྤྲུལ་ཞེ་ན། ནམ་མཁའ་ཀུན་གྱི་སྐབས་ན་དཔལ། །རྡོ་རྗེ་སེམས་དཔའ་ཀུན་དུ་གནས། །ཞེས་གསུངས་སོ། །དངོས་གྲུབ་ལེན་པའི་རྣལ་འབྱོར་པ་བརྒྱ་རྩ་བརྒྱད་ཀྱང་གྲུབ་པའི་དབང་ཕྱུག་རབ་ཏུ་གྲུབ་པ་སྟེ། འཇིག་རྟེན་ཐུན་མོང་དང་མཆོག་གི་ 26-1-405a དངོས་གྲུབ་རྣམས་སོ། །ཐམས་ཅད་བདག་ཉིད་འཇུག་པར་བྱེད། །ཅེས་པ་དངོས་གྲུབ་ཐོབ་པའི་རྣལ་འབྱོར་པ་ཕྲིན་ལས་ཐམས་ཅད་ལ་འཇུག་པར་བྱེད་དོ། །གཏམ་གྱི་ཕྱག་རྒྱ་ཞེས་པ་བསྐལ་པ་དང་པོ་དཔལ་མཆོག་གི་ལོ་རྒྱུས་དང་། བར་གྱི་བསྐལ་པ་སངས་ རྒྱས་གསུམ་གྱི་ལོ་རྒྱུས་དང་། བསྐལ་པ་ཐ་མར་མཉམ་སྦྱོར་གྱི་དབུགས་དབྱུང་དཀྱིལ་འཁོར་དྲུག་གི་བརྟག་པ་སྤྲུལ་པ་དང་། མ་འོངས་པའི་རྣལ་འབྱོར་པ་དྲུག་གི་རྗེས་འཇུག་བསྒོམ་པ་གསུངས་པའོ། །བརྟག་པ་ལྔ་པའི་འགྲེལ་པའོ།། །།དེ་ལྟར་སྔོན་བྱུང་དང་རྗེས་འཇུག་གི་ དབུགས་དབྱུང་བའི་དཀྱིལ་འཁོར་དྲུག་བཤད་ནས། ད་ནི་དམ་ཚིག་དང་དབང་བསྐུར་བའི་ཚོགས་སྐལ་བ་དང་ལྡན་པར་བསྟན་པའི་ཕྱིར། དེ་ནས་གཞན་ཡང་ཐམས་ཅད་དུ། །ཞེས་པ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་མེད་ན་དངོས་གྲུབ་ཐོབ་པར་ མི་འགྱུར་བ་དེའི་ཕྱིར། མཁའ་འགྲོ་སྒྱུ་མའི་བདེ་མཆོག་བཤད། །ཅེས་བྱ་བར་སྦྱོར་བ་གཞན་ཡང་ཞེས་བྱ་བ་དཀྱིལ་འཁོར་སྔ་མ་དྲུག་ལ་ལྟོས་ནས་སྐལ་བ་དང་ལྡན་པའི་སློབ་མ་རྣམས་སྨིན་པར་བྱ་བ་ནི་གཞན་ཡང་ངོ་། །ཐམས་ཅད་དུ་ཞེས་པ་ཕྱོགས་ཐམས་ཅད་དུ་སྐལ་བ་དང་ལྡན་ པའི་གང་ཟག་རྟོག་པ་དྲུག་པ་ལ་མོས་པ་ལའོ། །རྣམ་པ་སྣ་ཚོགས་མཆོག་གྱུར་པ་ནི་རིགས་དྲུག་གི་འཁོར་ལོ་བཤད་པས་གདུལ་བྱ་རྣམས་བཏུལ་བའོ། །དེ་ཐབས་གང་གིས་ཡིན་སྙམ་ན། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །ཅེས་སྨོས་ཏེ། རིགས་དྲུག་གི་སངས་རྒྱས་ཟག་པ་མེད་པའི་ཡེ་ཤེས་དང་། སོ་སོའི་སྐྱེ་བོའི་རྣལ་འབྱོར་པ་གློ་བུར་གྱི་དྲི་མ་དང་བཅས་པ་རྣམས་མཉམ་པར་སྦྱར་བས་ཞི་གནས་དང་ལྷག་མཐོང་གི་མཁའ་འགྲོ་མའི་སྒྱུ་མའི་རྒྱུ་རྐྱེན་ཚོགས་པ་སྟེ། དེ་ཡང་ཞི་གནས་བདེ་བ་དང་། ལྷག་མཐོང་སྟོང་པ་ཉིད་རྒྱུ་རྐྱེན་ཚོགས་ པས་བདེ་མཆོག་སྟེ། ཟག་མེད་ཀྱི་བདེ་བ་སྒྱུ་མའི་རྒྱུ་རྐྱེན་ཚོགས་པ་བཤད་པར་བྱའོ། །བདེ་མཆོག་དེ་གནས་གང་དུ་སྒྲུབ། །དངོས་པོ་གང་ཞིག །སྒྲུབ་ཐབས་ཇི་ལྟ་བུ་ཞིག་གིས་སྒྲུབ་སྙམ་ན་དཔལ་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་གནས་ནི་ཕྱི་དང་ནང་གཅིག་ཡིན་ལ། ཕྱིའི་ 26-1-405b གནས་ཡིད་དུ་འོང་བ་ལ་སོགས་པའམ། ནང་ལུས་ཀྱི་དཀྱིལ་འཁོར་དང་། བྷ་ག་དང་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་གསུམ་ལ་ཡིན་ནོ། །ཕྱི་རོལ་གྱི་གནས་ཡིད་དུ་འོང་བར་རྡུལ་ཚོན་གྱི་དཀྱིལ་འཁོར་བྲིས་ནས་བུམ་པའི་དབང་བསྐུར་བ་ནི་བརྟག་པ་བདུན་པ་ལས་སྟོན་པར་འགྱུར་རོ། །འདིར་ ནི་མཆོག་ཏུ་གྱུར་པའི་རྣལ་འབྱོར་པའི་དབང་དུ་མཛད་ནས་ལུས་ཀྱི་དཀྱིལ་འཁོར་ལ་གསང་བའི་དབང་བསྐུར་བ་དང་། བྷ་གའི་དཀྱིལ་འཁོར་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་དང་། ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ལ་དབང་བཞི་པ་བསྐུར་བ་གསུམ་བཤད་པར་བྱའོ། །དེ་ལ་ ལུས་ཀྱི་དཀྱིལ་འཁོར་དང་བྷ་གའི་དཀྱིལ་འཁོར་བཤད་པར་བཞེད་ནས། དཔལ་ལྡན་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་བདེ་བྱུང་བ། །གསང་བ་མཆོག་གི་དགྱེས་པས་ན། །ཞེས་པས་གནས་གསུངས་པ་ཡིན་ནོ། །ཞི་གནས་བསམ་ཏན་གྱི་བདེ་བ་དང་། ལྷག་མཐོང་ཟག་མེད་ཀྱི་བདེ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་དངོས་པོ་རྡོ་རྗེ་སེམས་དཔའོ། །བདེ་བ་དེ་འབྱུང་བའི་གནས་ནི་ལུས་ཀྱི་དཀྱིལ་འཁོར་བྷ་གའི་དཀྱིལ་འཁོར་གསང་བ་མཆོག་གི་དགྱེས་པ་ནའོ། །སརྦྦ་བདག་ཉིད་ནི་འཁོར་ཕུན་སུམ་ཚོགས་པའི་ཡོན་ཏན་དང་ ལྡན་པའི་བདག་ཉིད་རླུང་གཉིས་འགོག་པའི་དུས་སུ་དགའ་བ་བཞིའི་དུས་ན་རྟག་ཏུ་བཞུགས་སོ། །དེ་ཡང་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་གྱི་དབང་དུ་བྱས་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྡོ་རྗེ་སེམས་དཔའ་ཆོས་ཀྱི་དབྱིངས་གསང་བ་མཆོག་གི་དགྱེས་པ་ནི་ཡེ་ཤེས་ལྔ་ ཐམས་ཅད་ཀྱི་བདག་ཉིད་བསམ་གྱིས་མི་ཁྱབ་པའི་དུས་རྟག་ཏུ་བཞུགས་སོ་ཞེས་སྦྱར་རོ། །བསྒྲུབ་པའི་དངོས་པོ་གང་ཞེ་ན་སངས་རྒྱས་ཐམས་ཅད་ཀྱི་འདའ་བར་མི་བྱ་བ་ནི་དཔལ་སྟོང་པ་ཉིད་དང་སྒྱུ་མ་ལྟ་བུ་རོ་གཅིག་པའི་རྡོ་རྗེ་སེམས་དཔའ་དེར་སྣང་བའི་བདེ་བའི་ངོ་བོའོ། །ཐམས་ ཅད་ཀྱི་ཁྱད་པར་ནི་དེ་བཞིན་གཤེགས་པ་རིན་པོ་ཆེ་བཞིའི་དཔུང་རྒྱན་དོ་ཤལ་ལ་སོགས་པས་བརྒྱན་ཞིང་སྤྲས་པའོ། །དེ་ཡང་བདེ་མཆོག་ལས། དྲི་སྦྱངས་མེ་ཏོག་སྤོས་ཀྱིས་བརྒྱན། །ཤིན་ཏུ་སྒྲ་སྙན་དྲིལ་བུ་དཀྲོལ། །ཞེས་གསུངས་སོ། །རྡོ་རྗེ་དྲིལ་བུ་རྒྱལ་མཚན་མཆོག་ལྡན་པ། ། 26-1-406a ཞེས་པ་ནི་དམངས་རིགས་ཀྱི་བུ་མོ་ལོ་བཅུ་དྲུག་ལོན་པའི་དཔྱིད་ཀྱི་དུས་ཀྱི་རེ་ཏ་དང་ལྡན་པའོ། །བླ་རེ་དམ་པ་བྲེས་པ་ན། །ཞེས་པ་གོས་སར་པ་བགོས་པའོ། །རྡོ་རྗེ་ཚིག་དང་མཆོད་པ་ལ་སོགས་སོ། །ཞེས་པ་བརྡ་དང་འཁྱུད་པ་དང་། འོ་བྱེད་པ་ལ་སོགས་པ་ཀར་ ནའི་མཆོད་པས་མཆོད་པའོ། །གླུ་དང་སིལ་སྙན་རྣམ་པར་འཕྲུལ། །ཞེས་པ་གླུ་བཞི་ལེན་ཅིང་གླིང་བུ་དང་པི་ཝང་ལ་སོགས་པ་རོལ་མོའི་ཆ་བྱད་བཅུས་བསྐོར་བའི་གནས་སོ། །ཡང་ན་སྒྲ་ཇི་བཞིན་བཤད་པ་སྟེ་གོ་སླའོ། །མེ་ཏོག་བདུག་པ་མར་མེ་དྲི་ལྷ་བཤོས་ལ་སོགས་པས་ བརྒྱན་ཞིང་གནས་སུ་ལུས་དང་བྷ་གའི་དཀྱིལ་འཁོར་ལ་སྒྱུ་མའི་བདེ་མཆོག་བསྒྲུབ་པར་བྱའོ། །ཡང་ན་བདེ་བའི་གནས་སྐྱེད་མོས་ཚལ་ལ་སོགས་པར་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་དབང་དུ་བྱས་ནས་གདན་ཉི་ཤུ་རྩ་གཅིག་པ་བཤམས་ཏེ། ནང་ཚངས་དང་བཅས་ པའི་འཇམ་པ་རེག་ན་བདེ་བའི་སྟན་ཚོགས་པདྨས་བརྒྱན་པའི་རས་ཀྱིས་གཡོགས་ལ་དེ་ཐམས་ཅད་ཀྱི་གདན་ལ་བསྙེན་སྒྲུབ་བཞིའི་རིམ་པ་དང་པོ་རྡོ་རྗེ་སེམས་དཔའ་བསྐྱེད་ལ་ཕྱིས་རྟེན་དེ་ཐམས་ཅད་ལས་འཁོར་གྱི་ལྷ་སྤྲུལ་པར་བྱའོ། །དེ་ཡང་དཔའ་བོ་དང་རྣལ་འབྱོར་མ་ཉི་ ཤུ་ཐམ་པ་མངལ་སྐྱེས་ཀྱི་རིམ་པས་སོ་སོར་རང་གི་ལྷ་སྒོམ་དུ་གཞུག་གོ། །ཚོགས་ཀྱི་འཁོར་ལོའི་གཞལ་ཡས་ཁང་དུ་ཇི་ལྟར་བསྒོམ་ཞེ་ན། གྲུ་བཞི་པ་ལ་སྒོ་བཞི་པ། །ཞེས་པ་ནས། སྒོ་སྲུང་དང་ནི་ལྡན་པར་བྱ། །ཞེས་པའི་བར་གྱིས་བསྟན་ཏོ། །དེ་རྣམས་ཁ་དོག་དང་དབྱིབས་ ཇི་ལྟ་བུ་ཞེ་ན། རང་གི་ལྷ་དང་འདྲ་བའི་ཞེས་གསུངས་ཏེ། བུད་མེད་རྣམས་ནི་ལེགས་པ་ཞེས་པ་བསྙེན་སྒྲུབ་བཞིས་སྦྱངས་ནས། རང་རང་གི་ལྷ་མོ་བསྒོམ་པའམ། གདོང་རྒྱན་དང་དོ་ཤལ་དང་བཅས་པས་རང་གི་མུ་དྲས་མཚན་མའི་ཚོགས་ཀྱི་འཁོར་ལོ་བརྟག་པར་བྱའོ། །ཚོགས་ ཀྱི་འཁོར་ལོ་དང་གསང་བའི་དབང་བསྐུར་བའི་རྫས་ནི། མི་ཡི་མཚལ་ནི་གྲུབ་པ་ལ། །དམར་ཆེན་ཞེས་བྱ་བར་བཤད་ཅེས་གསུངས་ཏེ། རང་འབྱུང་གི་ཁྲག་གོ། །དེ་ཅི་དགོས་སྙམ་ན། ངོ་བོ་ཉིད་ཀྱི་མཐུ་དག་དང་། །རང་བཞིན་གྱིས་ནི་དེ་འགྲུབ་པའོ། །ཞེས་གསུངས་ཏེ། གཙོ་ 26-1-406b བོ་རྩ་བ་དང་ཚེ་འཕེལ་བར་བྱེད་པ་ཀ་མ་ཏ་ཏྭ་དང་། བེ་ཤཱ་ན་ཏ་ཏྭ་ཞེས་བྱ་བ་ངོ་བོ་ཉིད་ཀྱི་མཐུ་དང་། དེའི་རང་བཞིན་བརྒྱད་ཅུ་དང་བྲལ་བའི་དགའ་བ་བཞི་རྟོག་པ་མེད་པ་ནི་ནེ་རེཉྫ་ཏཏྟྭ་ཞེས་པ་རང་བཞིན་གྱིས་གྲུབ་པ་ཡིན་ནོ། །དེ་ཇི་ལྟར་མྱང་སྙམ་ན། རྡོ་རྗེ་ཆུ་དང་རྡོ་རྗེར་བཅས། །ཞེས་གསུངས་ ཏེ། དྲི་ཆེན་དྲི་ཆུ་བཅས་པས། བྱང་ཆུབ་སེམས་དཔའ་དང་མཚལ་ཆེན་པོ་སྟེ་ཤ་དང་བཅས་པའི་བདུད་རྩི་ལྔ་རང་བཞིན་གྱི་མཐུས་ནུས་པ་དང་ལྡན་པ་ཐོད་པའི་སྣོད་དུ་བཞག་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་དམ་ཚིག་རོ་རྡོ་རྗེ་མ་ལ་སྒྱུ་མ་ལྟ་བུར་རྟོགས་པ་ཡིན་ནོ། །དེ་ནི་ གང་ཟག་གཅིག་གིས་མ་ཡིན་པར། རྣལ་འབྱོར་པ་ཐམས་ཅད་ཀྱིས་མྱང་བར་བྱའོ། །ཞི་བའི་བཏུང་བ་བསྟན་པ་ནི། །དེ་ཡི་མཚལ་དང་ཁུ་བ་དང་། །ཞེས་གསུངས་ཏེ། མཚལ་ནི་རང་བྱུང་གི་མེ་ཏོག་གོ། །ཁུ་བ་ནི་ས་བོན་ནོ། །མཚལ་ཆེན་པོ་སྒྲུབ་པ་ནི་བདུད་རྩི་སྒྲུབ་པའོ། ། ཅིའི་ཕྱིར་ན། བདུད་རྩི་ལྔ་ལ་མཚལ་ཆེན་པོ། །ཞེས་ཁྱད་པར་གྱི་མིང་གང་གིས་གདགས་ཤེ་ན། བདེ་བ་སྟོང་པ་ཉིད་བསྒོམ་པའི་ཆགས་པ་ཆེན་པོ་ལས་བྱུང་བས་ན་དམར་ཆེན་ཞེས་བཤད་དོ། །དེའི་བྱང་ཆུབ་སེམས་དང་། ཙནྡན་དམར་པོ་སྟེ་ཤ་ཆེན་བཅས་པ་ཚོགས་ཀྱི་དབུས་ སུ་བཞག་པས་ལྷ་ཐམས་ཅད་ཀྱིས་མྱོང་བའི་ར་ས་ཡ་ན་ཤི་བ་སློང་བ་ཞེས་བྱ་བར་འགྱུར་རོ། །ཇི་ལྟར་མྱོང་ཞེ་ན། རང་གི་ལྷ་ཡི་སྦྱོར་ལྡན་པ། །ཞེས་གསུངས་ཏེ། ཚོགས་ཀྱི་འཁོར་ལོའི་རྣལ་འབྱོར་པ་རྣམས་ཀྱིས་རང་རང་གི་ལྷའི་རྣལ་འབྱོར་དང་ལྡན་པས་སྲིན་ལག་དང་། མཐེ་བོའི་ རྩེ་མོས་ཞི་བའི་བཏུང་བ་བཞིན་མྱངས་ན་རྟག་པར་ཟག་མེད་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ཡང་རྡོ་རྗེ་གདན་བཞི་ལས། མཐེ་བོས་གཞིར་བསྐྱེད་ནས་སྲིན་ལག་རི་རབ་ཏུ་བསམས་ཏེ། བདུད་རྩིའི་རྒྱ་མཚོ་ཆེན་པོར་བསྒོམས་དཀྲུགས་ཏེ་སྤྲུལ་པ། རི་བོ་བ་དི་ར་ལས་ བཏུས་པའི་རྩྭ་སོ་མ་ནི་ཞེས་པ་གི་ཝང་ཡོད་པའི་བ་སེར་མོའི་ཀོ་བར་རིག་བྱེད་ཀྱི་སྔགས་ཟློས་ཤིང་བརྡུངས་ནས་འཐུངས་པས་སྡིག་པ་དག་པར་འདོད་པ་དེ་བཞིན་དུ་མྱང་བར་བྱ་ཞེས་གསུངས་སོ། །དེའི་འབྲས་བུ་ནི། སངས་རྒྱས་ཀུན་གྱི་རང་བཞིན་ཏེ། །ཞེས་པ་ལ་སོགས་པ་གསུངས་ཏེ་གོ་ 26-1-407a སླའོ། །དེ་ལྟར་གསང་བའི་དབང་བཤད་ནས། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་གསུངས་པ་ནི། དེ་ནས་ཁྲུས་བྱས་དྲི་ཞིམ་ལུས། །ཞེས་སྨོས་ཏེ། ཁྲུས་བྱས་ཤིང་ལུས་དྲི་ཞིམ་པོས་བྱུགས་ལ་ཅི་འབྱོར་པའི་གོས་དང་རྒྱན་བཏགས་ཏེ། མེ་ཏོག་ གི་ཕྲེང་བ་གདགས་ཤིང་ཁ་དྲི་ཞིམ་པོས་བཀང་ལ་རིགས་སྣ་ཚོགས་པའི་བུད་མེད་སྐལ་པ་བཟང་པོ་དང་ལྡན་པ་དང་། ཨ་ཝ་དྷཱུ་ཏཱིའི་སྒོ་སྦྱར་ནས་རེག་བྱའི་བདེ་བ་ལ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཤེས་པ་སྐྱེས་ནས། སྔོན་པོ་གཉིད་ལོག་པའི་ཚུལ་དུ་གནས་པ་ལ་དཀྱིལ་འཁོར་ གྱི་ལྷ་མོས་ཡེ་ཤེས་ཕབ་ནས་རྣམ་རྟོག་ནུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ན་སློབ་དཔོན་གྱིས་འོག་ནས་འབྱུང་བའི་ཤི་བ་སློང་བའི་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་བླང་ཞིང་། བཙུན་མོ་ཡུམ་གྱི་བྷ་གའི་གོས་ཀྱིས་གསང་བའི་རྡོ་རྗེ་དགའ་བའི་སྦྱོར་བས་བདག་གི་བྱང་ཆུབ་ ཀྱི་སེམས་བསྐུལ་བར་བྱ་སྟེ།ཐབས་དང་ཤེས་རབ་གཉིས་ཀའི་ནམ་མཁའི་རྩའི་དབུས་སུ་རྫོགས་པའི་སངས་རྒྱས་ཉི་མ་ཟླ་བ་ཞེས་བྱ་བ་ཐབས་ཤེས་རབ་ཀྱི་བྱང་ཆུབ་ཀྱི་སེམས་འཁོར་ལོ་བཞིའི་རི་ལས་འདས་ནས་དུང་ཅན་མའི་ནམ་མཁའི་དབུས་སུ་ཤར་བ་དག་བླ་མའི་མན་ངག་གི་ སྟོབས་ཀྱིས་ངེས་ཤེས་དྲངས་ནས་མ་བྱིང་ཞིང་ཉམས་སུ་མྱོང་བས། སྡིག་པ་ཀུན་ལས་གྲོལ་བར་འགྱུར་ཞིང་བསོད་ནམས་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ཉིད་རྒྱས་པར་བཤད་པ་ནི། ངེས་པའི་ལམ་ཞེས་པ་ལ་སོགས་པ་གསུངས་ཏེ། ངེས་པའི་ལམ་ནི་ཀུན་དང་ལྡན། ། ཞེས་པ་ཞི་གནས་བདེ་བ་རྟོག་མེད་པར་ངེས་པ་ལྷག་མཐོང་བདེ་བ་སྟོང་པ་ཉིད་དུ་ངེས་པའི་ལམ་དང་ལྡན་པའོ། །རྣམ་པར་འདས་པས་རྣམ་པར་བརྒྱན། །ཞེས་པ་རང་བཞིན་བརྒྱད་ཅུ་ལས་འདས་པས་ན་དགའ་བ་བཞིས་བརྒྱན་པའོ། །དེ་ལྟར་ན་བདེ་བ་ཆེན་པོ་གྲུབ་པ་དེ་ལས་སློང་བར་ བྱེད་པ་ནི་ཀུན་ནས་སློང་བ་ཞེས་བྱ་བ་ནི་ཤི་བ་སློང་བའི་གླུ་གསུངས་པས་སད་པར་བྱས་པ་ཡིན་ནོ། །དེའི་གླུ་ནི། སྟོང་པ་ཤིན་ཏུ་རྣལ་འབྱོར་པ། །ཞེས་པ་ནས། དཔལ་ཁྱོད་བདག་ཅེས་པའི་བར་དུ་བསྟན་ཏོ། །ཕན་ཡོན་ནི། འདི་དག་ཉིད་གླུར་བླངས་པ་ནས། །ཞེས་པ་ནས། ཅི་ 26-1-407b ཞིག་སྨོས་ཞེས་པའི་བར་གྱིས་བསྟན་ཏོ། །སློབ་མ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པ་དེ་ལམ་དུས་དང་ལྡན་པ་ཡིན་སྙམ་ན། ལམ་བཞི་དང་ནི་མཉམ་ལྡན་པས། །རྣམ་པར་འདས་པས་མཛེས་པར་བྱས། །ཞེས་པ་སྨོས་ཏེ། དགའ་བའི་དུས་སུ་སྟོང་པ་ཉིད་དང་ལྡན་པ་དང་། མཆོག་ དགའི་དུས་སུ་ཤིན་ཏུ་སྟོང་པ་ཉིད་དང་ལྡན་པ་དང་། ལྷན་ཅིག་སྐྱེས་དགའི་དུས་སུ་ཆེན་པོའི་སྟོང་པ་ཉིད་དང་ལྡན་པ་དང་། འོད་གསལ་བའི་དུས་སུ་རྣམ་པ་ཐམས་ཅད་ཀྱི་སྟོང་པ་ཉིད་དང་ལྡན་པ་ནི་ལམ་བཞི་དང་ལྡན་པའོ། །དེ་ཡང་རང་བཞིན་བརྒྱད་ཅུ་ལས་འདས་པས་གཉིས་ སུ་མེད་པ་དང་གཉིས་སུ་བརྟགས་པ་ནུབ་ནས། ཀུན་བརྟགས་དང་། གཞན་དབང་གི་རྟོག་པ་དང་བྲལ་ཏེ་གཉིས་སུ་མེད་པ་རང་བཞིན་དུ་མཛེས་པར་བྱས་པ་ཡིན་ནོ། །དེ་ཡང་བདེ་མཆོག་ལས། མཆོད་པ་དེ་བཞིན་རྣལ་འབྱོར་མ། །དབང་གཉིས་སྙོམས་པར་འཇུག་པ་ཡི། ། སྙོམས་པར་འཇུག་པའང་དེ་ཉིད་འཛིན། །ཞེས་གསུངས་པ་དང་། རྡོ་རྗེ་མཁའ་འགྲོ་ལས་ཀྱང་། སེམས་སྣང་བ་རྣམ་པ་གསུམ་འོད་གསལ་བའི་རང་བཞིན་དུ་འཇུག་པར་གསུངས་པ་དང་། འདི་ཉིད་ཀྱི་རྒྱུད་ཕྱི་མའི་ཕྱི་མ་ལས་ཀྱང་། སེམས་ཅན་བསོད་ནམས་ཆེར་ འཕགས་ཤིང་། །རྣམ་གཉིས་མི་གཡོ་དེ་ཉིད་བདག །སེམས་ཀྱི་འདུ་བྱེད་གཡོ་བ་སྟེ། །འདུས་བྱས་ཐམས་ཅད་ཉིད་དུ་སྣང་། །ཞེས་གསུངས་སོ། །དགའ་བ་བཞིའི་དུས་བཤད་པ་ནི། སྣ་ཚོགས་འབྲང་བ་ཤིན་ཏུ་གྲུབ། །ཅེས་གསུངས་ཏེ། རྣམ་པ་སྣ་ཚོགས་པའི་རྗེས་ སུ་འབྲང་བར་རྣམ་པར་སྨིན་པ་དང་། རྣམ་པར་ཉེད་པ་དང་། མཚན་ཉིད་དང་བྲལ་བའོ། །འཇིག་རྟེན་གསུམ་ནི་རབ་གྲུབ་པ། །ཞེས་པ་ནི། སེམས་སྣང་བ་གསུམ་འོད་གསལ་གྱི་རང་བཞིན་དུ་གྲུབ་པའོ། །འཇིག་རྟེན་གསུམ་གྱིས་ཕྱག་བྱས་པ། །ཞེས་པ། ཇི་ལྟར་ཆུ་ལ་ ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞིན་དུ། །རང་གིས་རང་གི་ཡེ་ཤེས་ནི། །འདིར་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་བཤད་དོ། །འཇིག་རྟེན་གསུམ་གྱི་སྟོན་པ་པོ་ནི་སེམས་ཀྱི་དེ་ཁོ་ན་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །འཇིག་རྟེན་ 26-1-408a ཀུན་ལ་བསྐྱེད་སྦྱིན་པ། །ཞེས་པ་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལུས་ངག་སེམས་བདེ་བའོ། །འཇིག་རྟེན་གསུམ་པོ་བདག་ལ་བསྒྲུབ། །ཅེས་པ། ཐམས་ཅད་འོད་གསལ་གྱི་རང་བཞིན་དུ་གྲུབ་པའོ། །རྡོ་རྗེ་སེམས་དཔའ་དཔལ་འབྱོར་པ། །ལྷ་མོ་ཀུན་དང་ འགྲོགས་པ་ཡིན། །སྣ་ཚོགས་ཀུན་གྱི་སྐལ་བཟང་པོ། །ཨ་ར་ལི་ཀུན་འགྲུབ་པར་འགྱུར། །ཞེས་པ། ཆགས་ལམ་པ་ལས་ཀྱི་ཕྱག་རྒྱ་དང་སྦྱོར་བ་དང་། གྲོལ་ལམ་ཆོས་དང་དམ་ཚིག་གི་ཕྱག་རྒྱ་དང་སྦྱོར་བས་དགའ་བ་གསུམ་གྱི་རོལ་པ་ཨ་ར་ལི་ཀུན་དུ་གྲུབ་པར་འགྱུར་རོ། །ནམ་མཁའི་ཁམས་ཀྱི་མཐའ་ཀླས་ པའི། །ལྷ་མོ་ཀུན་དང་བདེ་མོས་པས། །ཞེས་པ་ཕྱག་རྒྱ་ཆེན་པོ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་དགུ་སྟོང་ཉིད་ཀྱི་ལྷ་མོ་དང་། སྒྱུ་མ་ལྟ་བུ་ཅི་བདེ་བ་རོ་གཅིག་པར་མོས་པས་ཟག་པ་མེད་པའི་དཔལ་རྡོ་རྗེ་སེམས་དཔའ་འོད་གསལ་བའི་རང་བཞིན་ཡང་དག་པར་རྫོགས་པར་ འགྱུར་རོ། །ཤེས་རབ་ཀྱི་ཡེ་ཤེས་དང་དབང་བཞི་པས་ལན་ཅིག་ཉམས་སུ་མྱོང་ནས་དུས་ཐམས་ཅད་དུ་སྟོང་པ་ཉིད་ཇི་ལྟར་ཤེས་པར་འགྱུར་སྙམ་ནས། ཉི་མ་གསལ་བར་འཆར་བ་ཡི། །རྡོ་རྗེ་སེམས་དཔའ་ཡང་དག་སྦྱོར། །ཞེས་གསུངས་ཏེ། འཁོར་ལོ་བཞི་ལ་བྱང་ཆུབ་སེམས་ ཉི་ཟླའི་ཚུལ་དུ་གསལ་ནས་ཨ་ཝ་དྷཱུ་ཏཱིའི་སྒོར་འཆར་བའི་ཚེ། མཁའ་འགྲོ་སྒྱུ་མ་བདེ་མཆོག་གསུངས། །ཞེས་བྱ་སྟེ། ཞི་གནས་དང་ལྷག་མཐོང་གི་མཁའ་འགྲོ་མ་བདེ་བ་སྟོང་པ་ཉིད་ཀྱི་སྒྱུ་མའི་ཚོགས་པ་འབྱུང་བ་ལ། ལན་ཅིག་བླ་མའི་མན་ངག་གི་སྟོབས་ཀྱིས་ངེས་པ་དྲངས་ ཤིང་དམིགས་པ་ལ་དུས་ཕྱིས་དུས་ཐམས་ཅད་དང་། དངོས་པོ་ཐམས་ཅད་དང་། རྣམ་པ་ཐམས་ཅད་ལ་བདེ་བའི་དངོས་གྲུབ་ཀུན་གསུངས་པ་ཡིན་ནོ། །གལ་ཏེ་བདེ་བ་སྟོང་པ་ཉིད་འབའ་ཞིག་ལ་དམིགས་ནས་སྲོག་ཨ་ཝ་དྷཱུ་ཏཱིར་ཆུད་ནས་བརྟན་ཞིང་གྲུབ་པར་འགྱུར་བའི་ཚེ་ཇི་ལྟར་ བྱ་སྙམ་ན་སློང་བར་བྱེད་ཅེས་གསུངས་ཏེ། རྣམ་པ་སྣ་ཚོགས་དང་། རྣམ་པར་སྨིན་པ་དང་། རྣམ་པར་ཉེད་པ་དང་། མཚན་ཉིད་དང་བྲལ་བའི་གླུ་གནྡྷརྦྷ་སྟེ། དྲི་ཟ་ཅན་ཞེས་བྱ་བ་དང་། སརྫ་སྟེ་དྲུག་ལྡན་ཞེས་བྱ་བའི་འོག་ནས་འབྱུང་བའི་གླུ་བླངས་པས་བདེ་བ་ 26-1-408b ཆེན་པོའི་ཏིང་ངེ་འཛིན་སློང་བ་ཡིན་ནོ། །དེ་ནས་རྣལ་འབྱོར་མའི་རྒྱུད་ལས་ཡེ་ཤེས་ཕབ་ནས་ཉེ་བར་བསྡུ་བ་བཞིན་དུ་འདིར་ཡང་བལྟ་བར་བྱའོ། །རྗེས་སུ་ཆགས་པ་རྣམ་མང་ཞེས་པ་ནས། བདེ་བ་གྲུབ་པར་མཛོད་ཅེས་པའི་བར་དུ་མེ་ལོང་ལྟ་བུའི་ཟུང་འཇུག་བཤད་དོ། །ཀྱེ་མཆོག་ ཅེས་པ་ནས་རོལ་ཅིག་ཧོ་ཞེས་པའི་བར་དུ་མཉམ་པ་ཉིད་ཀྱི་ཟུང་འཇུག་བཤད་དོ། །ཀྱེ་མཆོག་ཏུ་གསང་བ་ཞེས་པ་ནས། གསལ་བར་མཁྱེན་ཞེས་པའི་བར་དུ་སོ་སོར་རྟོག་པའི་ཟུང་འཇུག་བཤད་དོ། །དམ་ཚིག་ཐམས་ཅད་ཅེས་པ་ནས། རབ་ཏུ་བསྒྲུབས་ལ་སྟོན་པ་ཞེས་ པའི་བར་དུ་བྱ་བ་ནན་ཏན་གྱི་ཟུང་འཇུག་བཤད་དོ། །ཛཿཧཱུཾ་བཾ་ཧོཿཞེས་པ་ནས། ཨ་ལ་ལ་ཧོ་ཞེས་པའི་བར་གྱིས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ཟུང་འཇུག་བཤད་དོ། །དེ་ལྟར་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་དུ་སྒྲ་བརྙན་ལྟ་བུའི་གླུས་བསྐུལ་ནས་རྣམ་པར་ཤེས་པའི་འོད་གསལ་བའི་ རང་བཞིན་དབང་བཞི་པ་འཇུག་པ་ཡིན་པ་དེ་བས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཁའ་འགྲོ་སྒྱུ་མ་སྣ་ཚོགས་ཀྱིས་སློབ་མ་གཞུག་པར་གསོལ་ཞེས་གསོལ་བ་འདེབས་པ་ཡིན་ནོ། །དེ་ལྟར་སྒྲ་བརྙན་ལྟ་བུའི་གླུས་བསྐུལ་ནས་ཆོས་ཀྱི་དབྱིངས་དབང་བཞི་པས་རང་ གི་སེམས་ཀྱི་ཆོས་ཉིད་རྟོགས་པ་དང་། ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་རྟོགས་ནས་བདེ་བ་ཆེན་པོས་རྒྱས་གདབ་པའི་ཕྱིར། སངས་རྒྱས་ཐམས་ཅད་ཀྱི་རྣམ་འཕྲུལ་མ་ལུས་ཤིང་ལུས་པ་མེད་པར་སྣང་བ་ཞེས་བྱ་བ་གླུའི་རྒྱལ་པོ་གསུངས་སོ། །རྡོ་རྗེ་སེམས་དཔའ་དཔལ་གྱི་ གནས། །ཞེས་པ། སེམས་འོད་གསལ་བའི་ཡེ་ཤེས་སོ། །སྒྱུ་མ་ཀུན་གྱི་བདེ་མཆོག་ཅེས་པ། རྡུལ་ཚོན་གྱི་དཀྱིལ་འཁོར་སྒྱུ་མ་ལས་སྣང་སྲིད་ལྷའི་འཁོར་ལོར་རྟོག་ས་པའི་བདེ་མཆོག་དང་། ལུས་ཀྱི་དཀྱིལ་འཁོར་ལས་གསང་བའི་དབང་གི་སྒྱུ་མ་ལས་སྣང་སྲིད་སྒྱུ་མར་ རྟོགས་པའི་བདེ་མཆོག་དང་། བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སྒྱུ་མ་ལས་ཡུམ་གྱི་སྟོང་པ་ཉིད་ཀྱི་བདེ་མཆོག་རྟོགས་པ་དང་། རང་གི་སེམས་ཀྱི་ཆོས་ཀྱི་དབྱིངས་ཀྱི་དབང་བཞི་པའི་སྒྱུ་མ་ལས་རྣམ་པར་མི་རྟོག་པ་ཟག་པ་མེད་པའི་བདེ་མཆོག་རྟོགས་པ་ 26-1-409a ཡིན་ནོ། །ད་ནི་ཆོས་ཐམས་ཅད་ལ་ཁྱབ་པའི་ས་དང་པོ་རབ་ཏུ་དགའ་བའི་ཀུན་དུ་འགྲོ་བའི་བདེ་མཆོག་སྟོན་པའི་གླུ་ནི་རྣམ་པ་མང་པོ་འདོད་ཆགས་རྒྱུད་ཀྱི་ཞེས་པ་ནས། ཏེ་ན་ཏེ་ཏེ་ཧཱུཾ་ཞེས་པའི་བར་གྱིས་སྣང་སྲིད་མེ་ལོང་ལྟ་བུའི་ཟུང་དུ་འཇུག་པའི་ཡེ་ཤེས་བསྟན་པ་ཡིན་ ནོ། །རྣམ་པ་མང་པོ་རབ་ཏུ་དགའ་བའི་རྒྱུད། །ཅེས་པ་ནས། ཧཱུཾ་ཧཱུཾ་ཧཱུཾ་ཞེས་པའི་བར་གྱིས་སྣང་སྲིད་མཉམ་པ་ཉིད་ཀྱི་ཟུང་དུ་འཇུག་པའི་ཡེ་ཤེས་བཤད་དོ། །རྣམ་པ་མང་པོ་ཁྲོ་བོའི་རྒྱུད། །ཅེས་པ་ནས། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཞེས་པའི་བར་གྱིས་སྣང་སྲིད་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ ཟུང་འཇུག་བསྟན་ཏོ། །རྣམ་པ་མང་པོ་སྲོག་གི་རྒྱུད། །ཅེས་པ་ནས། ཧཱུཾ་ཤི་ཡ་ཨཱ་བེ་ཤ་ཧཱུཾ་ཞེས་པའི་བར་གྱིས་སྣང་སྲིད་ཐམས་ཅད་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཟུང་འཇུག་བསྟན་ཏོ། །གནས་གཙང་མའི་རིས་ཀྱི་ལྷའི་སྐད་ཀྱིས་མེ་ལོང་ལྟ་བུའི་ཆོས་ཉིད་ནི་འདོད་ཆགས་ཀྱི་ རྒྱུད་ཡིན་ལ། མཉམ་པ་ཉིད་ཀྱི་ཆོས་ཉིད་ནི་རབ་ཏུ་དགའ་བའི་རྒྱུད་ཡིན་ཞིང་། སོ་སོར་རྟོག་པའི་ཆོས་ཉིད་ནི་ཁྲོ་བོའི་རྒྱུད་ཡིན་ཏེ། བྱ་བ་གྲུབ་པའི་ཆོས་ཉིད་ནི་སྲོག་གི་རྒྱུད་ཅེས་བྱ་བ། རང་བྱུང་ཐམས་ཅད་ཀྱི་ལ་གླུའི་མུ་དྲ་ཞེས་གྲགས་སོ། །དེ་ལ་སོགས་ པ་མཐའ་ཡས་མཆོག །ཅེས་པ་ཆོས་ཀྱི་དབྱིངས་སུ་འཇུག་པའི་སྒྲ་བརྙན་ལྟ་བུའི་གླུ་མཐའ་ཡས་པས་གདུལ་བྱ་མཐའ་ཡས་པ་འགྲུབ་པའི་དབང་ཕྱུག་སེམས་འོད་གསལ་གྲུབ་ནས། སྣང་སྲིད་ཐམས་ཅད་འོད་གསལ་གྱི་རང་བཞིན་དུ་གྲུབ་པའོ། །ལྷ་མོ་ཀུན་གྱིས་རབ་ བསྐུལ་ནས། །ཞེས་པ་སྔར་བཤད་པའི་གླུ་གཉིས་སོ། །དེ་དག་ཉིད་བདེ་མཆོག་མ་དང་། ངོ་མཚར་བདེ་མ་དང་། སྣང་མཛད་མ་དང་། སློབ་མ་མོ་དང་བཞིས་གླུས་བསྐུལ་བ་ཡིན་ནོ། །དེ་ལྟར་རྣལ་འབྱོར་པ་བདག་ཉིད་ཀྱིས་གསང་བ་ཤེས་རབ་ཡེ་ཤེས་དབང་བཞི་པ་ ཐོབ་ནས། ད་ནི་སློབ་མ་རྣམས་ལ་དཀྱིལ་འཁོར་དྲུག་གི་ཚོགས་ཀྱི་འཁོར་ལོ་མི་འདྲ་བ་དྲུག་མཛད་ནས་ལུས་ཀྱི་དཀྱིལ་འཁོར་དང་། བྷ་ག་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་དྲུག་ལ་སློབ་མ་དྲུག་དབང་བསྐུར་བ་གསུངས་པ་ནི། དབང་པོ་ཀུན་ལས་ཕྱུང་བའི་ཞེས་སྨོས་ 26-1-409b ཏེ། རྒྱུའི་ཧེ་རུ་ཀ་དྲུག་གི་ཐབས་ཤེས་རབ་གཉིས་སུ་མེད་པའི་མཁའ་གསང་ལས་བྱུང་བའི་མཆོད་པའི་ལྷ་མོ་གླིང་བུ་མ་ལ་སོགས་པ་དང་། མེ་ཏོག་མ་ལ་སོགས་པ་བརྒྱད་ཀྱི་བཀོད་པས་བདག་ཉིད་ཡབ་ཡུམ་མཆོད་ལ། བྷ་ག་དང་རྡོ་རྗེ་བྱིན་གྱིས་བརླབས་ཏེ། སངས་ རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་རིགས་བཞིའི་དངོས་པོ་ཀུན་གྱི་བདག་ཉིད་ཀྱི་ལུས་སུ་སྣང་སྲིད་ཐམས་ཅད་མ་ལུས་པར་འགྲུབ་པ་ཡིན་ནོ། །དེ་ལྟར་རིགས་དྲུག་གི་ཚོགས་ཀྱི་འཁོར་ལོ་བསྐྱེད་པ་མདོར་བསྟན་ནས། རྒྱས་པར་ བཤད་པ་ནི། སྟོན་པའི་ཕྱག་རྒྱ་ཕབ་པ་ཡིས། །ཞེས་གསུངས་ཏེ། རིགས་དྲུག་གི་འཁོར་ལོའི་ཕྱག་རྒྱའི་གཟུགས་སུ་བསྐྱེད་ལ་ཡེ་ཤེས་ཕབ་ནས་བསྙེན་སྒྲུབ་བཞིས་བུད་མེད་དག་ལྷ་མོར་བསྒྲུབས་ལ། རྡོ་རྗེ་འཁོར་ལོ་ཐོད་པ་རིན་པོ་ཆེ། སྣ་ཚོགས་རྡོ་རྗེ་ བསྣམས་པའི་ལྷ་མོར་འགྱུར་རོ། །དེ་དག་ཀྱང་རང་གི་ལྷ་མོ་འདྲ་བར་ཡེ་ཤེས་ཕབ་ནས་བསྒྲུབས་ན་ཡེ་ཤེས་བབས་པ་དང་། སྔོན་མ་བྱུང་བའི་རོལ་མོ་སིལ་སྙན་གར་དང་རྣམ་པར་འཕྲུལ་པ་ཡང་འགྲུབ་པར་འགྱུར་རོ། །ཡེ་ཤེས་བབས་ན་སྔོན་མ་བྱུང་བའི་ལྷའི་གཟུགས་སྒྲ་ དྲི་རོ་རེག་བྱའི་བདེ་བ་གང་ཡིན་པ་ཡིད་ལ་མོས་པར་རང་ཉིད་ལྷར་མཐོང་བའི་ཚེ་མཆོད་པར་བྱེད་པར་འགྱུར་རོ། །ལྷའི་མཆོད་པ་མཉམ་སྦྱོར་བ། །ཞེས་བྱ་བའི་བསམ་གཏན་གྱི་བདེ་བའི་རང་བཞིན་བརྒྱད་ཅུ་དང་བྲལ་བའི་རྟོག་མེད་སྐལ་བ་བཟང་པོ་མཆོག་གི་བདེ་ བ་སྟོང་པའི་འདོད་ཆགས་ཅན། སློབ་མ་ཀུན་ལ་སྐལ་བ་བཟང་པོའི་བདེ་བ་སྒྲུབ་པར་བྱེད་པའོ། །སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་སྒྱུ་མའི་བྱིན་གྱིས་བརླབས་པས་ཟག་མེད་ཀྱི་རྡོ་རྗེ་སེམས་དཔའི་བདེ་བ་དང་མཉམ་པར་སྦྱོར་བ་རྟོག་པ་དྲུག་གི་དཀྱིལ་འཁོར་ཀུན་གྱི་ བདེ་བ་རྣམས། དཀྱིལ་འཁོར་དྲུག་གི་མཐོང་བ་ལས་དགའ་བ་བཞིའི་བདེ་བ་མྱོང་བའི་མཐུ་ཉིད་ཀྱིས་དཀྱིལ་འཁོར་དྲུག་གི་ལྷ་བརྒྱ་རྩ་བརྒྱད་བསྒོམ་པའི་རྣལ་འབྱོར་སྐལ་བ་བཟང་པོ་བརྒྱ་རྩ་བརྒྱད་རང་རང་གི་ལྷའི་ལུས་ངག་ཡིད་ཀྱི་བདེ་བ་ཉིད་ཀྱིས་འགྲུབ་པ་ཡིན་ 26-1-410a ནོ། །ཚོགས་ཀྱི་འཁོར་ལོ་བསྒྲུབ་པའི་དགའ་བཞིའི་ཏིང་ངེ་འཛིན་བསྟན་ནས་ཚོགས་ཀྱི་ཡུལ་ཆོས་ཀྱི་ཕྱག་རྒྱ་བསྟན་པ་ནི། སངས་རྒྱས་ཀུན་གྱི་གཟུགས་ཅན་དང་། །ཞེས་གསུངས་ཏེ། ལྷའི་གཟུགས་སྒྲ་དྲི་རོ་རེག་བྱའི་ཡིད་དུ་འོང་བའི་བདག་ཉིད་ལ་ དགའ་བ་བཞིའི་བདེ་བ་བསྒོམས་པས་དངོས་གྲུབ་མ་ལུས་པ་འགྲུབ་པར་འགྱུར་རོ། །དེ་ལྟར་ཚོགས་འཁོར་རྫོགས་པའི་ཚེ། རྣལ་འབྱོར་པ་བརྒྱ་རྩ་བརྒྱད་ཀྱི་ཆེད་དུ་བརྗོད་པ་ནི། ཨོཾ་སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །མཁའ་འགྲོ་སྒྱུ་མའི་བདེ་མཆོག་གསང་། ། སངས་རྒྱས་ཀུན་གྱི་བདག་ཉིད་གར། །རྣམ་པར་རོལ་པ་མཆོག་ཏུ་སྣང་། །ཞེས་བརྗོད་པར་བྱའོ། །དེ་ནས་རང་རང་གི་ཡུམ་བཞིའི་གླུས་འཁོར་ལོ་དྲུག་ལ་བསྟོད་པ་གསུངས་པ་ནི། དེ་ནས་ཡང་དག་རབ་གསང་བ། །ཞེས་གསུངས་ཏེ། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ ལ་བདེ་མཆོག་མ་དང་། ངོ་མཚར་བདེ་མ་དང་། སྣང་མཛད་མ་དང་། སློབ་མ་མོའི་བུད་མེད་བཞིས་བསྟོད་པར་བསམ་མོ། །རྣམ་སྣང་གི་དཀྱིལ་འཁོར་ལ། དབྱངས་ཅན་མ། དཔའ་བོ་མ། ཀུན་བཟང་མ། མིག་བཟང་མ་དང་བཞིས་བསྟོད་པར་བསམ་མོ། །ཧེ་རུ་ཀའི་ དཀྱིལ་འཁོར་ལ། གོོ་རཱི། རྩཽ་རཱི། པྲ་མོ་ཧ། བེ་ཏཱ་ལཱིས་བསྟོད་པར་བསམ་མོ། །པདྨ་གར་གྱི་དཀྱིལ་འཁོར་ལ། ས་ཆེན་མ། སྒྲོལ་མ། རྣམ་པར་གཟིགས་མ། ཁྲོ་གཉེར་མ་བཞིས་བསྐུལ་བར་བསམ་མོ། །ཉི་མའི་དཀྱིལ་འཁོར་ལ་དབང་བསྐུར་མ། གཏེར་ལྡན་མ། རྒྱལ་མཚན་མ། ལས་མཆོག་མ་བཞིས་བསྟོད་པར་བསམ་མོ། །རྟ་མཆོག་གི་དཀྱིལ་འཁོར་ལ། ཞི་རྒྱས་དབང་དྲག་མངོན་སྤྱོད་ཀྱི་ལྷ་མོ་བཞིས་བསྐུལ་བར་བསམ་མོ། །དེའི་གླུ་ནི། རབ་ཏུ་དགའ་བ་ཞེས་པ་ནས་ཐམས་ཅད་འགྲུབ་པར་མཛོད་ཅེས་པའི་བར་གྱིས་ བཤད་དོ། །གླུ་དེ་དག་གི་ཕན་ཡོན་ནི། གླུའི་ཕྱག་རྒྱ་འདི་ཡིས་ལས་རབ་འབྱམ་ལ་འབྱོར་བའི་ཡང་བསྟོད་པ་དང་། དངོས་གྲུབ་འགྲུབ་པར་མ་གྱུར་པའི་ཚེ་བསྟོད་པ་དང་། ཡོ་བྱད་མ་འབྱོར་པའི་ཚེ་བྱས་ན་འགྲུབ་པར་འགྱུར་རོ། །ཡང་སློབ་མ་འཇུག་པའི་ཚེ་ 26-1-410b གླུའི་མཆོད་པའི་སྦྱོར་བ་འདི་དག་དང་། སྔར་བཤད་པའི་ལྷ་མོ་བཞི་པོ་དག་གིས་མེ་ཏོག་ལ་སོགས་པ་ལག་ཏུ་ཐོགས་ནས་སློབ་མ་ཐམས་ཅད་དཀྱིལ་འཁོར་དུ་འཇུག་པའི་ཚེ་མཆོད་པ་བྱའོ། །དེ་ལྟར་ཚོགས་ཀྱི་དཀྱིལ་འཁོར་དྲུག་ནི་སློབ་དཔོན་གྱི་ཆོ་ག་བཤད་ནས། ། ད་ནི་སློབ་མ་འཇུག་པའི་ཆོ་ག་བཤད་དེ། མཆོག་ཏུ་གྱུར་པའི་རྣལ་འབྱོར་པ་དངོས་གྲུབ་འདོད་པའི་རྒྱུན་བཤགས་དང་། སྡོམ་པ་གཟུང་བ། སེམས་བསྐྱེད་པ་ཕྱི་རོལ་དུ་ལས་ཐམས་ཅད་པའི་བུམ་པས་དབང་བསྐུར་ནས་ཅི་རིགས་པར་རིགས་དྲུག་གི་སྙེམས་པའི་ གར་ཀུན་ནས་བསྐོར་ཞིང་སྤྱོད་པ་འཆིང་དུ་བཅུག་ལ། རིགས་དྲུག་གི་ཁ་དོག་གི་རས་ཀྱིས་གདོང་གཡོགས་ལ་གཞུག་པར་བྱའོ། དེ་ལྟར་དངོས་གྲུབ་ཐོབ་པར་འདོད་པའི་སློབ་མ་ལ་ཡེ་ཤེས་ཕབ་ནས་ཕྲེང་བ་དོར་ཞིང་བཅིང་བ་དང་། གདོང་གཡོགས་དགྲོལ་བ་དང་། དཀྱིལ་ འཁོར་བལྟ་བར་བྱའོ། །དེ་ནས་ཡོན་གྱི་མཆོག་བླངས་ཏེ། ཆུ་དང་། ཅོད་པན་རྡོ་རྗེ་དྲིལ་བུ་མིང་གི་དབང་བསྐུར་བར་བྱའོ། །དེ་ལྟར་བུམ་པའི་དབང་བསྐུར་ནས་གསང་བའི་དབང་བསྐུར་བ་ནི། དམར་ཆེན་པོ་དང་ག་བུར་བཅས། །ཞེས་བྱ་བ་ལ་སོགས་པ་ གསུངས་ཏེ། སློབ་དཔོན་དང་འདྲའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཐམས་ཅད་དང་མཉམ་པར་སྤྱོར་བ་མཁའ་འགྲོ་མ་སྒྱུ་མའི་ཚོགས་ཀྱི་བྷ་གའི་དཀྱིལ་འཁོར་ ལོ། །དེས་ཀྱང་རྒྱས་མི་འདེབས་པ་ནི་བདེ་བ་རྟོག་མེད་ལ་རང་བཞིན་བརྒྱད་ཅུའི་ཟིལ་གྱིས་གནོན་པའོ། །རྨོངས་པ་ནི་བདེ་བ་སྟོང་པ་ཉིད་རྟོག་པ་ལ་གཟུང་འཛིན་གྱི་དྲི་མས་མི་རྨོངས་པའོ། །དེ་ལ་གནོན་པར་མི་འགྱུར་ཏེ། །ཞེས་པས་སེམས་ཀྱི་སྟོང་པ་ཉིད་དབང་བཞི་པ་རྟོགས་པ་ ལ་གནོད་པར་མི་འགྱུར་པའོ། །དེ་ནས་སློབ་མ་དབང་བསྐུར་བའི་རྗེས་ལ། དབང་བཞི་པའི་མན་ངག་བསྟན་པ་ནི། དེ་ནས་མན་ངག་ནི་བསྒྲག་པར་བྱ་ཞེས་པ་གསུངས་ཏེ། སངས་རྒྱས་ཐམས་ཅད་མཐུན་པའི་ཞེས་པ་ནས། སྙིང་ལ་ཁྲག་ཆེན་འཐུང་བ་ཞིག །ཅེས་པའི་བར་ 26-1-411a དུ་མན་ངག་བསྒྲགས་པ་བསྟན་ཏོ། །དབུགས་དབྱུང་བ་བསྟན་པ་ནི། སེམས་ཅན་ཁམས་ནི་མ་ལུས་དོན། །ཞེས་པ་ནས། རྡོ་རྗེ་སེམས་དཔས་བཀའ་སྩལ་ཏེ། །ཞེས་པའི་བར་གྱིས་བསྟན་ཏོ། །དེ་ནས་རིགས་བཞིའི་ཕྱག་རྒྱའི་ཡེ་ཤེས་ བསླབ་པ་སྟོན་པ་ལས། རྡོ་རྗེ་སེམས་དཔའི་ཕྱག་རྒྱའི་ཡེ་ཤེས་ནི། །རྣལ་འབྱོར་བཅས་དང་གསང་བཅས་པའི། །ཞེས་པ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་བཅས་པ་ནི་ཚོགས་འཁོར་རོ། །གསང་བཅས་ནི་ཞི་བའི་བཏུང་བའོ། །བདག་གིས་ཕྱག་རྒྱ་སྒྲུབ་ཅེས་ པ་ཕོ་ཉའི་གཙང་སྦྲའོ། །ལྷ་ཡི་ཚུལ་བཞིན་གར་བྱེད་པས། སློབ་མ་རྣམས་ལ་བདེ་བ་སྦྱིན། །ཞེས་པ་གཙང་སྦྲ་གསུམ་གྱི་མན་ངག་བསྟན་ཏོ། །སློབ་མ་མཆོག་གི་རྣལ་འབྱོར་པ་དེ། དེ་ཕྱིན་ཆད་སྔགས་སྐྱེས་ཞིང་སྐྱེས་ཡེ་ཤེས་ལས་སྐྱེས་པའི་ཕྱག་རྒྱ་བཟུང་ནས། རྣམ་ སྣང་དང་སངས་རྒྱས་སྤྱན་བཞིན་དུ་སངས་རྒྱས་ཀུན་གྱི་རང་བཞིན་འགྲུབ་པར་འགྱུར་རོ། །དེ་ནས་རོ་དང་ཞེས་པ་ནས། །བདག་དང་གཞན་ལ་འདོད་དགུར་མཆོད། །ཅེས་པའི་བར་གྱིས་གལ་ཏེ་བདག་ཉིད་དགའ་བྲལ་དུ་སོང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་ མཆོད་པར་བྱའོ། །དེ་ཡང་བདེ་མཆོག་ལས། རང་རྫས་ཐིག་ལེས་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་མཆོད་པར་བྱ། ཞེས་གསུངས་སོ། །དེ་ནས་བདག་ཉིད་གཙང་སྦྲ་གསུམ་བསྒྲུབས་ནས་ཀུན་གྱི་སློབ་དཔོན་དུ་རབ་ཏུ་གནས་ནས་རང་བཞིན་བརྒྱད་ཅུ་དང་བྲལ་བརྟོག་མེད་ ཀྱི་བདེ་བ་སྟོང་པ་ཉིད་ལ་ཇི་ལྟ་བུའི་ཚུལ་གྱིས་སློབ་མ་འཇུག་པ་ལ་བདེན་པའི་ཆོས་ཞེས་བརྗོད་པར་བྱའོ། །རྡོ་རྗེ་སེམས་དཔའི་གཙང་སྦྲ་གསུམ་གྱི་ཕྱག་རྒྱ་སྒྲུབ་པའོ། །ད་ནི་རྣམ་སྣང་གི་གཙང་སྦྲ་གསུམ་གྱི་ཕྱག་རྒྱ་སྒྲུབ་པ་ནི། རྡོ་རྗེ་སེམས་དཔའ་དཔལ་གྱི་ཚུལ། ། ཞེས་གསུངས་ཏེ། རྡོ་རྗེ་སེམས་དཔའི་གཙང་སྦྲ་གསུམ་གྱི་བསྒྲུབ་ཅིང་རྟོག་པ་ཀུན་གྱི་ལྷར་སྒོམ་པས་ཚོགས་ཀྱི་འཁོར་ལོ་ཆེན་པོ་བྱེད་པར་འདོད་པས་བསྙེན་སྒྲུབ་བཞི་སྣ་ཚོགས་ཀྱི་ལས་ཀྱི་སྦྱོར་བ་དང་། ཆགས་ལམ་གྲོལ་ལམ་གྱིས་འདུལ་བའི་བདག་ཉིད་ཕྱག་རྒྱ་སྣ་ཚོགས་པས། 26-1-411b སེམས་ཅན་གྱི་མོས་པ་མཐའ་ཡས་པ་འདུལ་བའི་ཕྱིར་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དེ་ལས་གཞན་པ་རྣམ་སྣང་གི་དཀྱིལ་འཁོར་བསྟན་ཏོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་ཉིད་ཀྱིས་ཞི་བའི་སྐུས་འདུལ་བའི་ཐར་པ་ཐམས་ཅད་སྦྱངས་ནས། གྲོལ་བའི་མཁའ་འགྲོ་རྣམ་སྣང་གི་ དཀྱིལ་འཁོར་བསྐྱེད་ནས་རྣལ་འབྱོར་ཕོ་མོ་རང་གི་ལྷ་དང་འདྲ་བར་བྱིན་གྱིས་བརླབས་ཏེ། མཁའ་གསང་བྱིན་གྱིས་བརླབས་ནས། རང་གི་ཕྱག་རྒྱ་དང་ཇི་ལྟ་བ་བཞིན་དུ་རྗེས་སུ་མཐུན་པའི་སངས་རྒྱས་ཀྱི་སྤྲུལ་པའི་ཚོགས་འཁོར་དང་། ཞི་བའི་བཏུང་བ་ཕོ་ཉའི་གཙང་སྦྲ་བསྒྲུབ་པར་ བྱའོ། །ཧེ་རུ་ཀའི་གཙང་སྦྲ་གསུམ་བསྟན་པ་ནི། གཞན་ཡང་རྣལ་འབྱོར་བཅོམ་ལྡན་འདས། །ཞེས་གསུངས་ཏེ། ཞེ་སྡང་སྦྱང་བའི་ཕྱིར་ཧེ་རུ་ཀའི་གཙང་སྦྲ་གསུམ་གསུངས་པ་ཡིན་ནོ། །པདྨ་གར་གྱི་གཙང་སྦྲ་ནི། །གཞན་ནི་ཤིན་ཏུ་རྣལ་འབྱོར་མ། །ཞེས་པ་ལ་སོགས་ པ་གསུངས་ཏེ། ལོག་ལྟས་ཀུན་ནས་བསླང་བའི་འདོད་ཆགས་སྦྱོང་བའི་ཕྱིར་སྐལ་པ་བཟང་པོ་མཆོག་ཏུ་གྱུར་པའི་རྣལ་འབྱོར་པ་ལ་པདྨ་གར་དབང་གི་གཙང་སྦྲ་གསུམ་གསུངས་པའོ། །རྡོ་རྗེ་ཉི་མའི་གཙང་སྦྲ་གསུམ་གསུངས་པ་ནི། གཞན་ཡང་རྣལ་འབྱོར་བཅོམ་ལྡན་འདས། ། ཞེས་གསུངས་ཏེ། སེར་སྣ་ཅན་སྦྱང་བའི་ཕྱིར་རྡོ་རྗེ་ཉི་མའི་གཙང་སྦྲ་གསུམ་གསུངས་པ་ཡིན་ནོ། །རྟ་མཆོག་གི་གཙང་སྦྲ་ནི། རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །ཞེས་གསུངས་ཏེ། དྲག་ཤུལ་ཅན་གྱི་གང་ཟག་སྦྱང་བའི་ཕྱིར་རྟ་མཆོག་གི་གཙང་སྦྲ་གསུམ་གསུངས་པ་ཡིན་ ནོ། །དེ་ལྟར་གཙང་སྦྲ་བཤད་ནས་རྟག་པ་དྲུག་གི་རྣལ་འབྱོར་པ་བརྒྱ་རྩ་བརྒྱད་ཀྱིས་དཔའ་བོ་གཅིག་པ་བརྒྱ་རྩ་བརྒྱད་བསྒོམས་ལ་རང་གི་ལས་ཀྱི་ཕྱག་རྒྱ་བརྒྱ་རྩ་བརྒྱད་བྱིན་གྱིས་བརླབས་ནས་བསྒྲུབ་པར་བྱའོ་ཞེས་བསྟན་པའི་ཕྱིར། རང་གི་ལྷ་དང་འདྲ་བ་ཡིས། །རང་གི་བྱིན་གྱིས་ བརླབས་བསྒྲུབས་པ། །གཟུགས་བརྙན་ངོ་བོ་སྦྱོར་བ་ཡིས། །སངས་རྒྱས་སྦྱོར་བ་གར་བྱའོ། །ཞེས་གསུངས་ཏེ། ལྷ་བརྒྱ་རྩ་བརྒྱད་གྱི་ང་རྒྱལ་བྱས་ནས་རང་གི་ལྷ་བརྒྱ་རྩ་བརྒྱད་བྱིན་གྱིས་བརླབས་ཏེ། ཚོགས་ཀྱི་འཁོར་ལོ་ཞི་བ་བཏུང་བ་ཕོ་ཉའི་གཙང་སྦྲའི་དམ་ཚིག་རྣམ་པ་སྣ་ 26-1-412a ཚོགས་ཀྱིས་དེ་ལྟར་དགའ་བཞི་སྤྱད་པས་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་བདེ་མཆོག་འགྲུབ་པར་འགྱུར་རོ། །རྟ་མཆོག་གི་དཀྱིལ་འཁོར་བཞིན་དུ་རིགས་བསྡུས་ཀྱི་དཀྱིལ་འཁོར་སྒྲུབ་པར་འདོད་པས་དབུས་སུ་དེ་བཞིན་གཤེགས་པའི་ དཀྱིལ་འཁོར་ཤར་དུ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར། ནུབ་ཏུ་པདྨ་གར་དབང་གི། ལྷོར་རྡོ་རྗེ་ཉི་མའི། བྱང་དུ་རྟ་མཆོག་གི་དཀྱིལ་འཁོར་བཞག་ལ་སྒྲུབ་པའམ། ཡང་ན་ཧེ་རུ་ཀའམ། པདྨ་གར་དབང་ངམ། རྡོ་རྗེ་ཉི་མ་གཞག་པར་བྱའོ་ཞེས་བསྟན་པའི་ཕྱིར། ཀུན་དུ་ཀུན་ནས་ ཐམས་ཅད་དུ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནས་ཀུན་དུ་དུས་ཐམས་ཅད་དུ་སངས་རྒྱས་ཐམས་ཅད་ཀྱིས་རྣམ་པར་འཕྲུལ་པའི་འཁོར་ཐམས་ཅད་བདག་ཉིད་ཐམས་ཅད་ཀྱི་སྒོ་ནས་རྣམ་པ་ཀུན་དུ་སངས་རྒྱས་ལ་སོ་སོར་འཁོར་ལོ་རྟེན་གཞལ་ཡས་ཁང་གི་རང་བཞིན་དང་། གཡོ་བ་ལྷའི་རང་བཞིན་གྱིས་བསྡུས་པའི་དཀྱིལ་འཁོར་ལ་ཚོགས་ཀྱི་འཁོར་ལོའོ། །མདོར་བསྟན་ནས་རྒྱས་པར་བཤད་པ་ནི་དབུས་སུ་རྣམ་སྣང་གི་དཀྱིལ་འཁོར་གཞག་པ་ནི། དབུས་སུ་སངས་རྒྱས་ཐམས་ཅད་ཀྱི། །ཞེས་པ་ལ་སོགས་པ་གསུངས་ཏེ། རྣམ་སྣང་གི་དཀྱིལ་ འཁོར་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་ཐམས་ཅད་ཀྱིས་སོ། །ལྷ་མོ་བརྒྱད་ཀྱིས་བསྐོར་བའི་རྣམ་སྣང་གི་བདག་ཉིད་ཀྱི་རྣམ་འཕྲུལ་སྟོན་པ་དང་། འཁོར་གྱི་ལྷ་མོ་གླིང་བུ་མ་དང་། མེ་ཏོག་མ་ལ་སོགས་པ། རྟ་གདོང་མ་ལ་སོགས་པ་ལྷ་མོ་བཅུ་གཉིས་ཀྱིས་ཕྱི་རོལ་ གྱི་སངས་རྒྱས་ཀྱི་ཞིང་མ་ལུས་པ་སངས་རྒྱས་སྤྲུལ་པ་འགྲུབ་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ཤར་ཕྱོགས་ཀྱི་ཀ་བའི་དབུས་སུ་སངས་རྒྱས་ཀྱི་སྤྲུལ་སྐུ་མ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་སངས་རྒྱས་ཀྱི་མཛད་པ་ལྷ་མོ་བརྒྱད་ཀྱིས་བསྐོར་བ་བཞག་ལ། འཁོར་གྱི་ལྷ་མོ་བཅུ་ གཉིས་ནི་ཐུན་མོང་དུ་གཞག་པ་ཡིན་། དེ་བཞིན་དུ་ནུབ་ཕྱོགས་ཀྱི་ཀ་བའི་དབུས་སུ་པདྨ་གར་དབང་གི་དཀྱིལ་འཁོར་སྤྲུལ་པ་ནི། པདྨ་སྒྱུ་མ་རྣམ་འཕྲུལ་པས། །ཞེས་པ་ལ་སོགས་པ་ཡིན་ནོ། །ལྷོ་ཕྱོགས་ཀྱི་ཀ་བའི་དབུས་སུ་རྡོ་རྗེ་ཉི་མའི་དཀྱིལ་འཁོར་སྤྲུལ་པ་ནི་ཁམས་ 26-1-412b གསུམ་པ་ལ་སོགས་པ་གསུངས་པ་ཡིན་ནོ། །བྱང་ཕྱོགས་ཀྱི་ཀ་བའི་དབུས་སུ་རྟ་མཆོག་གི་དཀྱིལ་འཁོར་སྤྲུལ་པ་ནི། ཁམས་གསུམ་པ་ཡི་རྒྱལ་སྲིད་ཆེ། །བདག་གདུལ་སྤྱོད་པས་ཞེས་གསུངས་སོ། །དེ་ལ་སོགས་པ་མཐའ་ཡས་མཆོག །ཅེས་པ་བརྒྱ་རྩ་བརྒྱད་གང་རུང་ དབུས་སུ་གཙོ་བོར་བྱས་པ་ནི་བསྡུས་པའི་དཀྱིལ་འཁོར་དུ་གྱུར་པ་ཡིན་ནོ། །དཔལ་དགྱེས་རོལ་པའི་རྣམ་འཕྲུལ་བ། །ཞེས་པ་བསྡུས་པའི་དཀྱིལ་འཁོར་མཐའ་ཡས་སྤྲུལ་པའོ། །སྣ་ཚོགས་ཀུན་གྱིས་རྣམ་པར་རོལ། །ཞེས་པ་འདུལ་བྱེད་ཀྱི་འཁོར་ལོ་སྣ་ཚོགས་པའོ། །རྣམ་པ་སྣ་ ཚོགས་སྐལ་བཟང་པོ། །ཞེས་པ་གདུལ་བྱ་སྣ་ཚོགས་པའོ། །རྣམ་པ་སྣ་ཚོགས་བདེ་མཆོག་གིས། །ཞེས་གཙང་སྦྲ་རྣམ་པ་གསུམ་སྣ་ཚོགས་པའོ། །གདུལ་བྱ་རྣམ་པ་སྣ་ཚོགས་ཀྱིས། །སེམས་ཅན་ཁམས་ནི་རབ་ཏུ་བསྒྲུབས། །ཞེས་པས་མཆོག་ཏུ་གྲུབ་པའི་རྣལ་འབྱོར་ པ་མཐའ་ཡས་པས་རྟོག་མེད་དུ་བསྒྲུབས་པའོ། །དེ་ལ་སོགས་པ་མཐའ་ཡས་མཆོག །ཅེས་པ་བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རིམ་པས་རྟོག་པ་དྲུག་གི་དཀྱིལ་འཁོར་གྱི་འཁོར་ལོ་དང་། དཔའ་བོ་རེ་རེ་བསྒོམ་པ་དང་། རྟོག་པ་བསྡུས་པའི་དཀྱིལ་འཁོར་མཐའ་ཡས་ པ་བསྒོམས་པས་ཐམས་ཅད་ཀྱི་བདག་ཉིད་གྲུབ་པ་གསུངས་སོ། །བརྟག་པ་དྲུག་པའི་འགྲེལ་པའོ།། །།དེ་ལྟར་གླེང་གཞི་དེ་ཁོ་ན་ཉིད་སྣང་བའི་ཡུལ་ལ་འཇུག་པས་ཞེས་པས་གནས་ལུགས་བསྟན་ནས། ཐབས་མང་བ་དང་། ཟབ་པ་དང་། དབང་པོ་རྣོན་ པོའི་དབང་དུ་བྱས་པའི་ལེའུ་གསུམ་གྱི་བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའི་ཐབས་ཀྱིས་མཚན་མ་ཐོབ་པར་བྱས་ནས། དབུགས་དབྱུང་བ་རྟོག་པ་དྲུག་གི་སྔོན་བྱུང་སངས་རྒྱས་ཀྱི་སྤྲུལ་སྐུའི་མཛད་པ་དང་མཐུན་པར། རྗེས་འཇུག་རྣལ་འབྱོར་པ་རྣམས་ཀྱིས་ དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་ལ། ལས་དང་པོ་པ་བསྒྲུབ་པར་འདོད་པའང་རུང་། མཆོག་ཏུ་གྱུར་པའི་རྣལ་འབྱོར་པའང་རུང་། སྙིང་རྗེ་ཆེན་པོ་དང་ལྡན་པའི་རྣལ་འབྱོར་པ་གཞན་ལ་ཕན་འདོགས་པའང་རུང་སྟེ། དབུགས་དབྱུང་དྲུག་གི་གྲངས་དང་། དུས་དང་ 26-1-413a མཚན་མའི་བསྙེན་པ་བྱ་བ་བསྟན་ནས། བསྙེན་པ་གྲུབ་པའི་རྗེས་ལ་ཚོགས་ཀྱི་འཁོར་ལོའི་དཔའ་བོ་དང་། རྣལ་འབྱོར་མ་ལྷའི་ཆ་བྱད་དུ་བྱས་པས་ལས་བསྒྲུབ་པར་བྱ་བ་དང་། དངོས་གྲུབ་ལེན་པ་དང་། གཞན་ལ་ཕན་འདོགས་པ་བསྟན་པ་ཡིན་ནོ། །ད་ནི་གཟུགས་ བརྙན་ལུགས་སུ་བླུགས་པའམ། འབུར་དུ་བརྐོས་པའམ་རི་མོར་བྲིས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་མོས་པའི་ངོར་དབུགས་དབྱུང་བ་དྲུག་གི་བསྙེན་པ་བྱས་ནས། གཟུགས་བརྙན་གྱི་དཀྱིལ་འཁོར་བྲི་བ་གསུངས་པ་ནི། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་པ་ལ་ སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའ་སྣ་ཚོགས་ཀུན་གྱི་མཆོག་གི་འཁོར་ལོ་དྲུག་གི་གཟུགས་བརྙན་གྱི་དཀྱིལ་འཁོར་སྤྲུལ་པར་བཞེད་པས། གསང་བ་མཆོག་གི་དགྱེས་པ་རྡུལ་ཚོན་གྱི་བདག་ཉིད་དུ་བསྟན་པ་ཡིན་ནོ། །གསང་བ་དཔལ་ཧེ་རུ་ཀ་མཆོག་ནི་པདྨ་གར་གྱི་དབང་ ཕྱུག་དགྱེས་པ་རྡོ་རྗེ་ཉི་མ་སྟེ། བདག་གི་རྟ་མཆོག་གི་བརྟག་པ་རྣམ་པར་སྣང་མཛད་དེ། རྗེས་སུ་བསྒྲུབ་པ་རྡོ་རྗེ་སེམས་དཔའ་ཞེས་གསུངས་པས། རྡུལ་ཚོན་དྲུག་གི་བསྒྲུབ་པ་ཡིན་ནོ། །དེ་ལ་ཡང་བྱེ་བྲག་གི་རིགས་གནས་གསུངས་པ་ནི། དབེན་པ་ཞེས་པ་ནས། ཅི་བདེ་བར་ནི་ བསྒྲུབ་པར་བྱ། །ཞེས་བྱ་བས་རྡོ་རྗེ་སེམས་དཔའི་གནས་གསུངས་པ་ཡིན་། རྟེན་དང་དགོན་པ་ཞེས་པ་ནས་བསྒྲུབ་པར་བྱ་ཞེས་པའི་བར་གྱིས་རྣམ་སྣང་གི་གནས་གསུངས་པའོ། །དུར་ཁྲོད་ཅེས་པ་ནས་བསྒྲུབ་པར་བྱ་ཞེས་པའི་བར་གྱིས་ཧེ་རུ་ཀའི་གནས་གསུངས་པའོ། །པདྨ་ཞེས་ པ་ནས་གྲུབ་པར་འགྱུར་ཞེས་པའི་བར་གྱིས་པདྨ་གར་དབང་གི་གནས་གསུངས་སོ། །རྒྱལ་པོ་ཞེས་པ་ནས་བསྒྲུབ་པར་བྱ་ཞེས་པའི་བར་གྱིས་རྡོ་རྗེ་ཉི་མའི་གནས་གསུངས་པའོ། །འཁོར་ནི་ཞེས་པ་ནས་བསྒྲུབ་པར་བྱ་ཞེས་པའི་བར་གྱིས་རྟ་མཆོག་གི་གནས་གསུངས་པའོ། །དེ་ལྟར་ དཀྱིལ་འཁོར་བཞིའི་གནས་བཤད་ནས། རྣལ་འབྱོར་པའི་ཆ་ལུགས་དང་རྫས་བསགས་པ་བསྟན་པ་ནི། ཆ་ལུགས་ཞེས་པ་ནས། རྟ་མཆོག་རྡོ་རྗེ་ཅན་གྱིས་སོ། །ཞེས་པའི་བར་གྱིས་སྟོན་ཏོ། །གནས་དང་འཁོར་རྣམས་ཅི་འདྲ་བ། །ཞེས་པ་གནས་ཀྱི་རྟེན་གྱི་འཁོར་ལོ་དྲུག་ 26-1-413b གོ། །འཁོར་གྱི་རྟ་མཆོག་གི་དཀྱིལ་འཁོར་པ་རིགས་སུ་བསྡུས་པའི་དཀྱིལ་འཁོར་མ་བྱས་ན་རིགས་དྲུག་ལ་ལྷ་བརྒྱ་རྩ་བརྒྱད་ཡིན་ནོ། །རིགས་བསྡུས་བྱས་ན་ཕྱོགས་བཞིར་གཙོ་བོ་དགུ་དགུ་སུམ་ཅུ་རྩ་དྲུག་ཡིན་ལ། འཁོར་གླིང་བུ་མ་ལ་སོགས་པ་དང་། མེ་ཏོག་མ་ལ་སོགས་ པ་དང་། རྟ་གདོང་མ་ལ་སོགས་པ་བཞི་ཡང་དྲུག་དྲུག་དགོད་པས་ལྷ་བསྡུས་པའི་དཀྱིལ་འཁོར་གྱི་ལྷ་བརྒྱ་རྩ་བརྒྱད་འཕེལ་བ་ཡིན་ནོ། །ཕྲིན་ལས་བཞི་ནི་རྟ་མཆོག་དང་། ཡབ་ཡུམ་གསུམ་སོ་སོར་བགྲངས་པའི་བརྩི་བར་མི་བྱའོ། །བཀོད་པ་ནི་དབྱིབས་ཡིན་ཏེ། གཞལ་ ཡས་ཁང་གི་དབྱིབས་དང་ལྷའི་སྐུ་མདོག་དང་། ཕྱག་མཚན་གྱི་དབྱིབས་ཡིན་ནོ། །བཀོད་པ་རིགས་དྲུག་གི་གཙོ་བོ་སྟེ་ཅི་འདྲ་བ་ཞེས་པ་དང་སྦྱར་ན་བདེ་བར་གཤེགས་པ་ཞེས་བྱའོ། །འཁོར་ནས་ནི་སྔོན་བྱུང་གི་དཀྱིལ་འཁོར་རོ། །དེ་འདྲའི་འཁོར་ལོ་མཆོག་མཛད་ ཅེས་པ་གཟུགས་བརྙན་བྲི་བའི་དཀྱིལ་འཁོར་བཤད་པའོ། །དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བསམ་གཏན་གྱི་འཁོར་ལོ་སྤྲུལ་པའི་སྐུ་མཐོང་བའི་བསོད་ནམས་དང་ལྡན་པར་བྲིས་པའི་དཀྱིལ་འཁོར་ཡང་བསོད་ནམས་སུ་འགྱུར་ཞེས་པ་གཟུགས་བརྙན་གྱི་ དཀྱིལ་འཁོར་གྱི་དགོས་པ་བཤད་པའོ། །དེ་ལྟར་དགོས་པ་བཤད་ནས། ཐིག་གི་ཆོ་ག་ནི། དཀྱིལ་འཁོར་ཞེས་པ་ལ་སོགས་པ་སྨོས་ཏེ། གང་གིས་གདབ་ཅེ་ན་དཀྱིལ་འཁོར་གྱི་ཐིག་གདབ་ཅེས་གསུངས་ཏེ་དྲུག་གིའོ། །སུ་ཞིག་གིས་ཤེ་ན། ཤེས་རབ་ཅན་གྱིས་ སོ། །ཇི་ལྟར་བསམ་པས་ཤེ་ན། ཕྱོགས་ཀུན་མཉམ་པ་ཉིད་དུ་དམིགས་པས་སོ། །དབུས་ཀྱི་དཀྱིལ་འཁོར་གྱི་ཆ་དུ་བྱ་ཞེ་ན། ཤར་དང་ནུབ་དང་བྱང་དང་ལྷོར། །ཐིག་བཞི་བཏབ་པས་དཀྱིལ་འཁོར་བརྒྱད། །ཅེས་གསུངས་ཏེ། ཀ་བ་བརྒྱད་ཀྱི་ཐིག་བཏབ་པས། ཆ་ བརྒྱད་དང་དབུས་མ་དང་དགུར་འགྱུར་རོ། །དཀྱིལ་འཁོར་གྱི་ཚད་ཇི་ཙམ་ཞེ་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྣང་བ་སྤྲུལ་པའི་དཀྱིལ་འཁོར་ནི་ཅི་འདྲ་བ་ཡིན་པ་བརྟག་པར་མི་ནུས་སོ། །གཟུགས་བརྙན་གྱི་དཀྱིལ་འཁོར་དྲུག་ནི་རང་གི་ལྷ་ཡང་མང་ཉུང་གི་བྱེ་བྲག་གིས་ 26-1-414a དེ་ནི་ཚད་ཀྱི་དཀྱིལ་འཁོར་མོས་པས་བརྟགས་ན་ཡང་འགྲུབ་བོ། །དཀྱིལ་འཁོར་ལྷག་མ་དང་མ་ཚང་བ་ཇི་ལྟར་དག་པར་འགྱུར་ཞེ་ན། བདག་ཉིད་ཅེས་པ་ནས་འགྲུབ་པར་འགྱུར་ཞེས་པའི་བར་གྱིས་སྟོན་ཏེ། ཀུན་དུ་སྣ་ཚོགས་སྐལ་བཟང་པོ། །ཞེས་པ་རྒྱུའི་ རྒྱུད་དོ། །ཀུན་དུ་སྣ་ཚོགས་འཁོར་ལོ་ཅན། །ཞེས་པ་ཐབས་ཀྱི་རྒྱུད་དོ། །ཀུན་དུ་སྣ་ཚོགས་གྲུབ་པའི་ཕྱིར། །ཞེས་པ་ནས་མར་ཚིགས་བཅད་ཕྱེད་འབྲས་བུའི་རྒྱུད་བསྟན། ཕྱིའི་དཀྱིལ་འཁོར་ལ་ཁྱད་མེད་ཀྱང་ནང་གི་དཀྱིལ་འཁོར་ཇི་ལྟ་བུ་ཞེ་ན། རྣམ་སྣང་གི་དཀྱིལ་ འཁོར་དཀར་པོ། ཀ་བ་བརྒྱད་དང་ལྡན་པ་རྡོ་རྗེ་ཕྲེང་བ་ཟླུམ་པོས་བསྐོར་བའོ། །ཧེ་རུ་ཀའི་ནག་པོ་ཟླ་གམ་དགུས་བསྐོར་བའོ། །པདྨ་གར་དབང་གི་པདྨ་འདབ་མ་བརྒྱད་ཀྱི་བར་དུ་པདྨའི་ཀ་བ་བརྒྱད་དང་ལྡན་པ། ཁ་དོག་དམར་པོ་ལ་པདྨའི་ཕྲེང་བས་བསྐོར་བའོ། །རྡོ་རྗེ་ཉི་མ་ནི་རིན་ པོ་ཆེའི་ཀ་བ་བརྒྱད་དང་ལྡན་པ་ཟུར་བརྒྱད་པ་རྩེ་མོ་རིན་པོ་ཆེའི་ཕྲེང་བས་བསྐོར་བའོ། །རྟ་མཆོག་གི་ལྗང་གུ་སྣ་ཚོགས་རྡོ་རྗེའི་ཀ་བ་བརྒྱད་དང་ལྡན་པ་སྣ་ཚོགས་རྡོ་རྗེའི་ཕྲེང་བས་བསྐོར་བའོ། །ཇི་ལྟར་འདོད་པའི་རྟ་མཆོག་དཔའ་བོ་གཅིག་པུའམ། ལྷ་བཅུ་དགུ་པའམ་བསྡུས་པའི་ དཀྱིལ་འཁོར་ལྷ་བརྒྱ་བཅོ་ལྔ་པ་བྲིའོ། །ཅི་འབྱོར་པ་ནི་རྫས་དང་ཡོ་བྱད་ཆེ་ཆུང་ངོ་། །ཇི་ལྟ་བུའི་དུས་ཞེས་བྱ་བ། ཞི་བ་ཐོ་རངས་ཀྱི་དུས་སུ་ཞི་བའི་རྟ་མཆོག་དབུས་སུ་གཞག་པ་དང་། རྒྱས་པ་སྔ་དྲོའི་དུས་སུ་རྒྱས་པའི་རྟ་མཆོག་གཞག་པ་དང་། མངོན་སྤྱོད་ཉི་མ་ཕྱེད་ན་མངོན་ སྤྱོད་ཀྱི་རྟ་མཆོག་གཞག་པ་དང་། དབང་སྲོད་ལ་དཀྱིལ་འཁོར་དབུས་སུ་དབང་གི་རྟ་མཆོག་གོ། །ཅི་བདེ་བར་ཞེས་པ་སྔ་མ་བཞིན་བསྙེན་སྒྲུབ་བཞིར་བསྒོམས་ལ། བདག་ཉིད་རྟ་མཆོག་ཏུ་བྱང་ཆུབ་པས་བསྐྱེད་ནས། མདུན་གྱི་དཀྱིལ་འཁོར་སྐད་ཅིག་བསྐྱེད་དེ་པཱུ་ཛ་ལ་སོགས་ པ་བྱའོ། །དཀྱིལ་འཁོར་ཀུན་དུ་གནས་ཞེས་པ་བསྡུས་པའི་རྟ་མཆོག་གི་དཀྱིལ་འཁོར་རོ། །དེ་ལྟར་དཀྱིལ་འཁོར་ཐིག་བཏབ་ཅིང་བྲིས་ནས་རྫས་བཏགས་ཏེ། ལྷག་ཆད་བསྐངས་ནས། བུམ་པ་ལ་སོགས་པའི་མཆོད་པའི་རྫས་བཅུག་སྟེ། ཚོགས་འཁོར་དུ་ཞུགས་པ་བཞིན་དུ་ 26-1-414b བདག་ཉིད་ཞུགས་ནས། ཕྱིས་འབྱུང་བའི་སྔགས་དང་ཕྱག་རྒྱས་ཡེ་ཤེས་སེམས་དཔའ་བཅུག་ལ་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་དང་། དབང་བསྐུར་ཏེ་མཆོད་པ་རྒྱས་པ་བྱས་པས་སློབ་དཔོན་གྱི་ལས་རྫོགས་ནས་ད་ནི་སློབ་མའི་ལས་བཤད་པར་བྱའོ། །དོར་བར་བྱ་བའི་རྟེན་ གྱི་གང་ཟག་ནི་ཚིགས་བཅད་གཅིག་གིས་བསྟན་ཏོ། །ཚིགས་བཅད་གཅིག་གིས་དམ་ཚིག་དང་སྡོམ་པ་བསྟན་ཏོ། །ཀུན་དུ་སྣ་ཚོགས་སྐལ་བཟང་པོ། །ཞེས་པ་ནས། ཐུབ་པ་ཐམས་ཅད་སྐལ་ངན་པ། །ཞེས་པ་ཚིགས་བཅད་བཞི་ཡིས་བླང་བྱའི་རྟེན་གྱི་གང་ཟག་དྲུག་བཤད་དོ། །བདེ་བ་ ཐམས་ཅད་ཅེས་པ་ནས་གྲུབ་པར་འགྱུར་ཞེས་པའི་བར་གྱི་ཚིགས་བཅད་གཉིས་ཀྱིས་དངོས་གྲུབ་ལེན་པའི་སློབ་དཔོན་གྱི་མཚན་ཉིད་བཤད་དོ། །དངོས་གྲུབ་ལེན་པའི་སློབ་མའི་མཆོག་ནི། ཀུན་གྱི་སློབ་དཔོན་ཞེས་པ་ལ་སོགས་པ་སྨོས་ཏེ། ཀུན་གྱི་སློབ་དཔོན་ལ་གནས་པས། ཞེས་པ་དཀྱིལ་འཁོར་དྲུག་གི་གཙོ་བོར་བསྒོམ་པའོ། །སློབ་དཔོན་འཁོར་ལོར་འཇུག་པར་བྱེད་པ་ན། །ཞེས་པ་སློབ་མ་དྲུག་གོ། །དེའི་དཀྱིལ་འཁོར་དུ་འཇུག་པའི་སློབ་མ་ལ་དཀྱིལ་འཁོར་དྲུག་གི། །འཇིག་རྟེན་དང་ཐུན་མོང་དང་།མཆོག་གི་དངོས་གྲུབ་ཀྱི་གསང་བ་ཡང་དག་པ་མཐའ་ ཡས་མཆོག་ཏུ་ཅི་ལ་དགའ་ཞེས་སློབ་མ་ལ་དྲི་བར་བྱའོ། །སློབ་མས་ཀྱང་འདོད་ཅེས་སྨྲ་བར་བྱའོ། །མཆོག་ཏུ་གྱུར་པའི་རྣལ་འབྱོར་པས་གསང་བ་བཞིའི་མཚན་མ་ཡང་དག་པར་ཤེས་ནས་དངོས་གྲུབ་འདི་སུ་ཇི་ལྟར་འདོད་པ་ལ་རབ་ཏུ་འཇུག་གོ། །དེ་ལྟར་མཆོག་ཏུ་གྱུར་པའི་ སློབ་མའི་ཆོ་ག་བཤད་ནས་ལས་དང་པོ་པའི་ཆོ་ག་བཤད་པ་ནི། གསང་བ་ཡང་དག་མི་ཤེས་ན། །ཡོན་ཕུལ་ནས་ནི་འཇུག་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སློབ་མས་གསོལ་བ་བཏབ་ནས། རྒྱུན་བཤགས་དགུ་དང་། སྡོམ་པ་གཟུང་བ་དང་། བྱང་ཆུབ་ཏུ་ སེམས་བསྐྱེད་པ་དང་། ལྷར་བསྐྱེད་པ་དང་། ཕྱི་རོལ་བུམ་པའི་ཆུས་དབང་བསྐུར་བའི་རྗེས་ལ་སློབ་དཔོན་ལ་ཡོན་དབུལ་བར་བྱའོ། །དེ་ལྟར་དཀྱིལ་འཁོར་དུ་ཞུགས་ནས་ཞེས་པ་ནས་རྟ་མཆོག་གི་ཡོན་ཡིན་ནོ་ཞེས་པའི་བར་གྱི་ཚིགས་སུ་བཅད་པ་བཅུས་ཡོན་དབུལ་ 26-1-415a བ་འབྲས་བུ་དང་བཅས་པ་བསྟན་ཏོ། །དེ་ལྟར་སྒོ་ནས་ཞུགས་ནས་ལྷའི་དམ་ཚིག་བསྒྲགས་པ་དང་། སློབ་དཔོན་གྱི་དམ་ཚིག་བསྒྲགས་པ་དང་། ཡེ་ཤེས་དབབ་པ་དང་། ཕྲེང་བ་འདོར་བ་དང་། གདོང་གཡོགས་དགྲོལ་བ་དང་། དཀྱིལ་འཁོར་བལྟ་བ་ནི་ཚོགས་ཀྱི་ འཁོར་ལོའི་དཀྱིལ་འཁོར་བཤད་པ་བཞིན་བྱས་ལ། བསྙེན་སྒྲུབ་བཞིས་སློབ་མ་ལྷར་བསྐྱེད་ནས་དབང་བསྐུར་བར་བྱ་སྟེ། ཁམས་ཀྱི་ངོ་བོ་ཐམས་ཅད་དང་། །ཞེས་པ་གསེར་ལ་སོགས་པ་ལས་བྱས་པའི་ཅོད་པན་བཞིའོ། །སྲོག་ནི་བ་སོ་དང་རུས་པ་ལ་སོགས་པ་ལས་བྱས་པའོ། ། རྩ་བ་ནི་ཙནྡན་དང་རྒྱ་ཤུག་ལ་སོགས་པ་ལས་བྱས་པའོ། །ཐོད་པ་རིན་ཆེན་དབུ་རྒྱན་ཅན། །ཞེས་པ་རིན་པོ་ཆེའི་དབུ་རྒྱན་ལ་ཐོད་པའི་ཕྲ་བཀོད་པའོ། །སངས་རྒྱས་གཙུག་གི་ནོར་བུ་དག །ཅེས་པ་སྤྱི་གཙུག་ཏུ་རྣམ་སྣང་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་གཞག་པར་བྱའོ། །ཀུན་དུ་ སྣ་ཚོགས་བླ་མ་ནི། །ཞེས་པ་རིགས་ལྔའི་ཅོད་པན་གྱིས་དབང་བསྐུར་ན་དཀྱིལ་འཁོར་དྲུག་གི་སློབ་དཔོན་དུ་འགྱུར་རོ། །ཀུན་གྱི་སློབ་དཔོན་ནི་དཀྱིལ་འཁོར་དྲུག་གིའོ། །ཀུན་ལ་ཞེས་པ་གཙོ་མོ་བསྒོམ་པ་ལ། རིགས་ལྔའི་ཅོད་པན་གྱིས་དབང་བསྐུར་བའི་རྒྱལ་སྲིད་ཅེས་ པ་ལ་སོགས་པ་འབྲས་བུའོ། །ཡང་ན་གང་ལ་མེ་ཏོག་ཕོག་པ་བདེ་མཆོག་མ་ལ་སོགས་པ་འཁོར་གྱི་ལྷར་བསྒོམ་པའི་ཚེའོ། །རིན་པོ་ཆེ་ཡི་ངོ་མཚར་གཅིག་ལས་བྱས། །ཞེས་པ་གསེར་ལ་སོགས་པ་ལས་བྱས་པ་ཐོབ་པ་སྤོངས་པའི་རིགས་ལྔའི་ཅོད་པན་གྱིས་དབང་བསྐུར་ ལ། དེའི་སྟེང་དུ་རྡོ་རྗེ་རིན་པོ་ཆེ་པདྨ་སྣ་ཚོགས་རྡོ་རྗེའི་ཕྲེང་བ་གཉིས་ཀྱི་དབང་བསྐུར་བ་དང་། ཤར་ཕྱོགས་པ་ལ་སངས་རྒྱས་དང་། ལྷོ་ཕྱོགས་པ་ལ་རིན་པོ་ཆེ་དང་། ནུབ་ཕྱོགས་པ་ལ་པདྨ་དང་། བྱང་ཕྱོགས་པ་ལ་སྣ་ཚོགས་རྡོ་རྗེས་དབང་བསྐུར་བར་བྱ་བ་ཡིན་པས་ན། དེ་བཞིན་སྣ་ ཚོགས་རྒྱན་གྱིས་སྤྲས། །སངས་རྒྱས་པདྨོ་དབང་བསྐུར་བས། །སློབ་མ་ཐམས་ཅད་དབང་བསྐུར་རོ། །རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་དབང་བསྐུར་བ་བཤད་ནས། ད་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་དབང་བསྐུར་བ་བཤད་པ་ནི། རིན་པོ་ཆེའི་རྡོ་རྗེ་ཕྱེད་པས་ 26-1-415b མཚན་པའོ། །ཧེ་རུ་ཀའི་དཀྱིལ་འཁོར་གྱི་དབང་ནི་ཁྲོ་བོའི་རྡོ་རྗེ་ལྔའོ། །ལྟེ་བ་ལ་སངས་རྒྱས་ལྔ་བཞུགས་པའོ། །པདྨ་གར་དབང་གི་ནི་པདྨ་འདབ་མ་གཉིས་ཀྱི་དབུས་སུ་སྣང་བ་མཐའ་ཡས་པ་བཞུགས་པའོ། །རྡོ་རྗེ་ཉི་མའི་ནི་རིན་པོ་ཆེ་ཆུའིའོ། །རྟ་མཆོག་གི་ནི་སངས་རྒྱས་རིན་ པོ་ཆེ་པདྨ་རྡོ་རྗེ་ནོར་བུའི་ཕྲེང་བ་ལྔས་སློབ་མ་ལ་དབང་བསྐུར་བར་བྱའོ། །རྡོ་རྗེ་དྲིལ་བུའི་དབང་བསྐུར་བ་ནི། བརྡུངས་པའི་བྱས་པའམ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏོ། །ཚོགས་ཀྱི་འཁོར་ལོ་བྱེད་པའམ། མཚན་མ་ཐོབ་ནས་དངོས་གྲུབ་ ལེན་པའི་དཀྱིལ་འཁོར་དྲུག་གི་ལྷ་རྣམས་ཀྱི་ཕྱག་མཚན་བཟུང་ནས་སྒྲུབ་པ་དང་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་ཡང་ཕྱག་རྒྱ་ཆེན་པོ་འདི་ལྟར་བྲི་བར་བྱའོ་ཞེས་བསྟན་པའི་ཕྱིར། ཀུན་དུ་སྣ་ཚོགས་སྐལ་བཟང་པོ། །རང་འབྱུང་རྣམས་ཀྱི་མཚན་མའི་རྒྱ། །ཞེས་པ་དངོས་གྲུབ་ ལེན་པའི་སློབ་མ་དང་ཚོགས་ཀྱི་འཁོར་ལོའི་ལྷ་དང་། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རང་འབྱུང་རྣམས་ཀྱི་མཚན་མའི་རྒྱ། །རང་འབྱུང་རྣམས་ཀྱི་ལག་ན་འདུག །སྣ་ཚོགས་སྐལ་བ་བཟང་གིས་བཅིངས། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨེ་ཥ་སྟྭཾ་དྷ་ར་ཡཱ་མི་བཛྲ་སཏྭ་ཧི་ཧི་ཧི་ཧི་ཧཱུཾ། ཞེས་ པས་ལྷ་ཐམས་ཅད་ཀྱི་ཕྱག་མཚན་གྱི་བརྟུལ་ཞུགས་སྦྱིན་པར་བྱའོ། །དེ་སུའི་ཕྱག་རྒྱ་ཡིན་ཞེ་ན། ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པའི། །ལྷ་མོ་ཐམས་ཅད་བདེ་བའི་མཆོག །ཅེས་གསུངས་སོ། །མདའ་དང་གཞུ་ནི་བདེ་མཆོག་མའོ། །སྐལ་བཟངས་དེ་བཞིན་སྐལ་པ་ བཟང་། །ཞེས་པ་པདྨ་དང་། རྡོ་རྗེ་ངོ་མཚར་བདེ་བ་མའིའོ། །ཐོད་པ་དང་ཁ་ཊྭཱཾ་ག་དང་། རྡོ་རྗེ་རྒྱ་གྲམ་ནི། སྣང་མཛད་མའིའོ། །པདྨ་རྒྱ་གྲམ་དང་། ཚེ་དཔག་མེད་ཀྱི་སྐུ་ནི་སློབ་མའིའོ། །མདའ་གཞུ་དང་ཚངས་པའི་མགོ་བོ་བཞི་ནི་སངས་རྒྱས་བྱང་ཆུབ་མའིའོ། །འཁོར་ལོ་རྩིབས་ བརྒྱད་པ་ནི་ཆོས་ཀྱི་འཁོར་ལོ་མའིའོ། །རྡོ་རྗེ་རྩེ་ལྔ་པ་དང་ཏྲི་ཤཱུལ་ནི་ཁམས་གསུམ་རྣམ་རྒྱལ་མའིའོ། །དཔག་བསམ་ཤིང་དང་ལྕུག་མ་ནི་འདོད་པའི་དབང་མོའིའོ། །པདྨོ་དང་། རྟ་མགྲིན་དང་། མཉམ་པའི་ལྕགས་ཀྱུ་འཕང་མཐོ་བ་ནི་རྟ་གདོང་མའིའོ། །ཕག་གི་མཆེ་བ་ནི་ཞགས་ 26-1-416a པ་མའིའོ། །ཉི་ཟླས་མཚན་པའི་ལྕགས་སྒྲོག་ནི་ལྕགས་སྒྲོག་མའིའོ། །སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་དང་ཐོད་པའི་ནང་དུ་སངས་རྒྱས་ཀྱི་སྐུ་ལྔ་བཞུ་བའི་བཅུད་ཀྱིས་ལེན་པ་ནི་དྲིལ་བུ་མའིའོ། །གླིང་བུ་ནི་ཤར་ལྷོའིའོ། །པི་ཝང་ནི་ལྷོ་ནུབ་བོ། །མུ་ཀུན་ད་ནི་ནུབ་བྱང་ངོ་། །མུ་ ར་ཛ་ནི་བྱང་ཤར་རོ། །མེ་ཏོག་མ་ལ་སོགས་པ་བཞི་ནི་ཕྱིའི་མཚམས་བཞིར་རོ། །དེ་ལ་སོགས་པ་མཐའ་ཡས་མཆོག་ནི་འཁོར་གཙོ་བོ་བྱས་ནས། དཀྱིལ་འཁོར་ཉི་ཤུ་རྩ་གཅིག་ཏུ་འགྱུར་བ་ལ་དགོངས་སོ། །རྡོ་རྗེ་སེམས་དཔའི་ཕྱག་མཚན་གྱི་བརྟུལ་ཞུགས་བཤད་ནས། རྣམ་སྣང་ གི་ཕྱག་མཚན་གྱི་བརྟུལ་ཞུགས་ནི། ཆོས་གོས་ལྷུང་བཟེད་འཁར་གསིལ་གླེགས་བམ་བཞི་ནི་གཙོ་བོའི་ཕྱག་མཚན་གྱི་བརྟུལ་ཞུགས་སོ། །ཀུན་སྙིང་ནི་བྲིས་པའི་དཀྱིལ་འཁོར་ལ་ཕྱོགས་བཞིར་དགོད་ཅེས་ཟེར་རོ། །ལྕེ་ནི་རྒྱས་འདེབས་མའིའོ། །ཆ་ལང་ནི་དཔའ་བོ་མའིའོ། ། རྡོ་རྗེ་ནི་ཀུན་བཟང་མའིའོ། །མི་བསྐྱོད་པའི་གཟུགས་བརྙེན་ནི་སྐུར་ལྡན་མའིའོ། །མེ་ལོང་དང་རླུང་ཡབ་ནི་ཞལ་བཟངས་མའིའོ། །རྡོ་རྗེ་སེར་བ་ནི་སྒྲོན་སྤྲིན་མའི་འོད་ཟེར་མའིའོ། །མིག་ནི་ནམ་མཁའི་སྤྱན་མའིའོ། །དེ་བཞིན་གཤེགས་པའི་བརྟུལ་ཞུགས་བཤད་ནས་ཧེ་རུ་ཀའི་ བརྟུལ་ཞུགས་ནི་གཡས་ན་རྡོ་རྗེ་འབར་བ། གཡོན་ན་ཁ་ཊྭཱཾ་ག་དང་ཐོད་པ་བསྣམས་པ་ནི་ཧེ་རུ་ཀའིའོ། །དམར་ཆེན་སྙིང་ཆེན་པོ་ཡང་ཐོད་པའི་ནང་དུ་གནས་པ་བཅོམ་ལྡན་འདས་ཀྱིའོ་ཞེས་ཀུན་སྙིང་ཟེར་རོ། །མདའ་ནི་གཽ་རཱི། འདྲེན་པའི་ལྕགས་ཀྱུ་ནི་ཙོོ་རཱི། ཆ་ལང་པྲ་མོ་ཧཱ། ཆུ་བེ ཏཱ་ལཱི། ལྕགས་ཀྱུ་ནི་པུཀྐ་སཱི། རླུང་གིས་བསྐྱོད་པའི་རས་སར་པ་ཙཎྜ་ལཱི། མེའི་སྣོད་འབར་བ་བསྣམས་པ་གྷསྨ་རཱི། ཧེ་རུ་ཀའི་ཕྱག་མཚན་དང་འདྲ་བ་ནི་ཌོམྦི་ནཱི་སྟེ། ངེས་བརྗོད་ལས་ཕྱག་མཚན་མཐུན་པས་ཧེ་རུ་ཀར་སྣང་བ་མ་ཞེས་བཤད་དོ། །པདྨ་གར་དབང་གི་བརྟུལ་ ཞུགས་བཤད་པ་ནི། པདྨ་ཁ་དོག་སྣ་ཚོགས་པ་ནི་བྷ་ག་ཅན་གྱིའོ། །པདྨ་སྙིང་པོ་ནི་རྣམ་གཟིགས་མའིའོ། །ཆོས་འབྱུང་གྲུ་གསུམ་ནི་སྒྲོལ་མའིའོ། །འཁོར་ལོ་ནི་རྒྱལ་མཚན་མའིའོ། །གསལ་ཤིང་ནི་ཁྲོ་གཉེར་མའིའོ། །རྡོ་རྗེ་ཉི་མའི་བརྟུལ་ཞུགས་ནི། མདའ་གཞུ་རལ་ 26-1-416b གྲི་འབར་བ་མེ་བཞི་ནི་གཙོ་བོའིའོ། །དབུ་རྒྱན་ནི་དབང་བསྐུར་མའིའོ། །བུམ་པ་ནི་ཏིང་འཛིན་མའིའོ། །རྒྱལ་མཚན་ནི་རྟོག་ལྡན་མའིའོ། །མེ་ཏོག་གི་མཆོད་པ་ནི་མཚང་ཆེན་མའིའོ། །རྟ་མཆོག་གི་བརྟུལ་ཞུགས་ནི་སྣ་ཚོགས་པདྨའིའོ། །རྡོ་རྗེ་རྒྱ་གྲམ་གཅིག་གཉིས་ཀྱིས་རྒྱལ་ སྲིད་ལ་སོགས་པའི་དངོས་གྲུབ་ཐམས་ཅད་འཐོབ་པར་ཡུམ་རལ་གྲིའི་ཕྱག་མཚན་ཡང་རྡོ་རྗེ་དང་པདྨ་ཡིན་ནོ། །བཞི་པ་རྟོག་པ་བདུན་པའི་འགྲེལ་པའོ།། །།དེ་ལྟར་རྡུལ་ཚོན་གྱི་འཁོར་ལོ་དམ་ཚིག་དང་དབང་བསྐུར་བ་དང་རྡོ་རྗེ་བརྟུལ་ཞུགས་ཀྱི་ཆོ་ག་བཤད་ནས། ད་ ནི་དཀྱིལ་འཁོར་བཞི་ལ་མཆོད་པའི་ཕྱག་རྒྱས་མཆོད་པ་བཤད་པ་ནི། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་པ་ལ་སོགས་པ་གསུངས་ཏེ། ལས་དང་པོ་པའི་རྣལ་འབྱོར་པས་བསྒྲུབ་པའི་ཡན་ལག་ཏུ་བྷ་ག་ཝཱན་རྡོ་རྗེ་སེམས་དཔའ་རིགས་དྲུག་གི་རྣམ་པ་སྣ་ཚོགས་པའི་ མཆོད་པ་ཐམས་ཅད་སྤྲུལ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། ལག་པ་གཡས་གཡོན་གཉིས་དག་དང་། །ཞེས་པ་ལ་སོགས་པ་གསུངས་ཏེ། ལག་པ་གཡས་གཡོན་གྱི་མཐེ་ཆུང་གཉིས་མཐེ་བོས་མནན་ནས་ལུས་འགྱིང་བ་ དང་བཅས་པས་འཛུམ་པའི་མིག་གིས་བལྟ་ཞིང་གར་བྱས་ལ་བསམ་པ་གཡོས་པས་འདུད་པ་ནི། སངས་རྒྱས་ཀྱི་རིགས་དང་། རྡོ་རྗེའི་རིགས་དང་། པདྨའི་རིགས་དང་། རྡོ་རྗེ་ཉི་མའི་རིགས་དང་། ལས་ཀྱི་རིགས་རྣམས་ལ་ཕྱག་བྱ་བ་ཡིན་ནོ། །དེ་བཞིན་དུ་འཇིག་རྟེན་ པའི་ལྷ་དྲག་པོ་མ་ཧཱ་དེ་བ་དང་། དབང་པོ་བརྒྱ་བྱིན་དང་། ཉེ་དབང་ཁྱབ་འཇུག་དང་། ཉི་ཟླ་དང་གཤིན་རྗེ་ལ་སོགས་པ་ཕྱོགས་སྐྱོང་རྣམས་དང་། ཚངས་པ་ལ་སོགས་པ་ལ་ཐལ་མོ་སྦྱར་ཏེ་ཕྱག་བྱས་པས་ཞི་བ། རྒྱས་པ་ལས་ཐམས་ཅད་བྱེད་པར་འགྱུར་རོ། །དེ་བཞིན་གཤེགས་ པའི་ཕྱག་འཚལ་བའི་ཐལ་མོ་ནི། རྡོ་རྗེ་དཔལ་གྱི་ཐལ་མོ་སྦྱོར། །ཞེས་པ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཐལ་མོ་བཅིངས་ལ་གར་བྱས་ཏེ། སྙིང་གར་བཞག་ལ་དཔྲལ་བ་ས་ལ་གཏུག་པར་བྱའོ། །ཧེ་རུ་ཀའི་ཕྱག་འཚལ་བའི་རྡོ་རྗེ་ཐལ་མོ་ནི་གར་བྱས་ལ། སྤྱི་བོར་བཟུང་ནས། 26-1-417a སྨིན་མ་གཡོ་བ་ཞེས་པ་ལ་སོགས་པ་གསུངས་ཏེ། འདེགས་ཤིང་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཞེས་དགོད་པ་དང་བཅས་པས་ཕྱག་བྱའོ། །པདྨ་གར་དབང་གི་ཕྱག་འཚལ་བའི་ཐལ་མོ་ནི། ཐལ་མོ་པདྨ་ཁ་དབྱེ་འབུས་བཞིན་ཞེས་པ་ལ་སོགས་པ་གསུངས་ཏེ། ཐལ་མོ་ པདྨ་ཁ་འབུས་པ་བཞིན་བྱས་པ་ལས་མཐེ་བོ་མཐེ་ཆུང་བཞི་བསྙམས་ནས་ཕྱག་བྱའོ། །རྡོ་རྗེ་ཉི་མའི་ཕྱག་འཚལ་བའི་རྡོ་རྗེ་ཐལ་མོ་ནི། ལུས་ཀྱི་ཡན་ལག་ཐམས་ཅད་ཅེས་པ་ལ་སོགས་པ་གསུངས་ཏེ། ལུས་ཀྱི་ཡན་ལག་ཐམས་ཅད་ས་ལ་བསྙལ་ནས་ཕྱག་བྱའོ། །རྟ་མཆོག་གི་ཕྱག་བྱ་ བའི་ཐལ་མོ་ནི། དཔལ་རྡོ་རྗེ་འགྱིང་བའི་ཐལ་མོ་ཞེས་པ་ལ་སོགས་པ་གསུངས་ཏེ། འཛུམ་པའི་མིག་གིས་བལྟ་ཞིང་གར་བྱས་ལ་ཕྱག་བྱའོ། །ཐམས་ཅད་ཀྱི་ཐུན་མོང་གི་ཕྱག་འཚལ་བའི་སྔགས་ནི། ཨོཾ་ན་མོ་ཏེ་ཧཱུཾ། ན་མ་མི་ཧཱུཾ། ན་མོ་ན་མ་ཧཱུཾ། ཞེས་བརྗོད་པས་བྱའོ། །དེ་ལྟར་ཕྱག་ འཚལ་བའི་ཕྱག་རྒྱ་བཤད་ནས། གར་གྱི་ཉམས་དགུ་དང་ལྡན་པས་གར་བྱས་ནས་མཆོད་པ་བྱ་བ་བསྟན་པ་ནི། གར་གྱི་ཉམས་དགུ་ཇི་སྙེད་དང་། །ཞེས་པ་ལ་སོགས་པ་གསུངས་ཏེ། སྒེག་པ་དཔའ་བ་འཇིགས་སུ་རུང་བས་སྐུའི་ཉམས། དགོད་པ་གཤེ་བརྔམ་པ་གསུང་གི་ཉམས། སྙིང་རྗེ་ཞི་བ་ངོ་མཚར་བ་ཐུགས་ཀྱི་ཉམས་སོ། །དེ་ཡང་འགྱིང་བའི་ཉམས་དང་བཅས་པས་གར་བསྐོར་ནས་དབུལ་བར་བྱའོ། །དེ་ལྟར་གཙོ་བོའི་གར་བཤད་ནས། འཁོར་གྱི་གར་གསུངས་པ་ནི། ལག་པ་གཡས་གཡོན་གཉིས་དག་གིས། །ཞེས་པ་ལ་སོགས་པ་གསུངས་ཏེ། གཡོན་པ་རྡོ་རྗེ་ཁུ་ཚུར་བྱས་ལ་གཡས་པ་བ་དན་གསུམ་པར་བྱས་ལ་གར་བྱ་བ་ནི་བདེ་མཆོག་མ་དང་། ངོ་མཚར་བདེ་མ་དང་། སྣང་མཛད་མ་དང་། སློབ་མ་མོ་རྣམས་ཀྱི་ཉམས་ཀྱི་ཚུལ་དུ་གར་བྱའོ། །གླིང་བུ་མ་ལ་སོགས་པའི་གར་བྱ་བ་ནི། སྙེམས་འཛིན་ཆེན་མོ་བཅངས་པའི་ཞེས་ པ་ལ་སོགས་པ་གསུངས་ཏེ། སྙེམས་པ་དང་བཅས་པས་གར་བྱས་ལ་ཐལ་མོ་འགྲམ་པ་གཉིས་དང་སྤྱི་བོར་བཞག་སྟེ། དེ་ཡང་ཕབ་ནས་གླིང་བུ་མ་ནས་ཐལ་བྱེད་མའི་བར་གྱི་ལྷ་མོ་བཅུ་གཉིས་ཀྱིས་གར་བྱ་བ་ཡིན་ནོ། །དེ་བཞིན་གཤེགས་པའི་གར་ནི། གཡས་དང་གཡོན་གྱི་ལག་ 26-1-417b པ་ཡིས། །ཞེས་པ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པའི་ཁུ་ཚུར་བཅིངས་ལ་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་གར་བྱའོ། །ཧེ་རུ་ཀའི་གར་ནི། ལག་པ་གཡས་གཡོན་གཉིས་དག་གིས། །ཞེས་པ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཁུ་ཚུར་ གཉིས་ཀྱིས་གར་བྱས་ལ་རྡོ་རྗེ་ཐལ་མོ་གྱེན་དུ་ཕྱེ་ནས་བཀྲོལ་ཏེ། ཧེ་རུ་ཀའི་ལྷ་ཐམས་ཅད་ཀྱི་མཆོད་པའི་ཕྱག་རྒྱ་གར་གྱི་ཚུལ་དུ་བྱས་པ་ཡིན་ནོ། །པདྨ་གར་དབང་གི་གར་ནི། ལག་པ་གཡས་གཡོན་གཉིས་དག་གིས། །ཞེས་པ་ལ་སོགས་པ་གསུངས་ཏེ། པདྨོའི་ཁུ་ཚུར་གཉིས་ ཀྱིས་གར་བྱས་ལ་པདྨའི་ཐལ་མོ་བསྐོར་ནས་གར་དབང་གི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་པཱུ་ཛའི་ཕྱག་རྒྱས་གར་གྱིས་བྱ་བ་ཡིན་ནོ། །རྡོ་རྗེ་ཉི་མའི་གར་ནི། ལག་པ་གཡས་གཡོན་གཉིས་དག་གིས། །ཞེས་པ་ལ་སོགས་པ་གསུངས་ཏེ། རིན་པོ་ཆེའི་ཁུ་ཚུར་བཅིངས་ ནས་གར་བྱ་སྟེ། རིན་པོ་ཆེའི་ཐལ་མོ་བསྐོར་ལ་རྡོ་རྗེ་ཉི་མའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་ཕྱག་རྒྱའི་ཚུལ་གྱིས་གར་གྱི་མཆོད་པ་བྱའོ། །རྟ་མཆོག་ནི་ལས་ཀྱི་ཁུ་ཚུར་ལས་བྱུང་བའི་གར་བྱས་ལ་ལས་ཀྱི་ཐལ་མོ་བསྐོར་བས་གར་གྱི་ཕྱག་རྒྱས་བྱ་བ་ཡིན་ནོ། ། དཀྱིལ་འཁོར་ལས་བྱུང་བའི་ལྷ་མོ་རྣམས་ཀྱི་གར་ནི་གྱེན་དུ་འཐོར་བ་མེ་ཏོག་མའིའོ། །ཐུར་དུ་འདེབས་པ་ནི་བདུག་པ་མའིའོ། །བསྐོར་བ་མར་མེ་མའིའོ། །བྱུག་པ་དྲི་ཆབ་མའིའོ། །ལག་པ་གང་ཡང་རུང་བ་སྟོན་པ་ན་མེ་ཏོག་ལ་སོགས་ཅི་འབྱོར་པས་ལག་པ་བཀང་སྟེ། རང་གི་ལྷའི་ དམ་ཚིག་དང་མཉམ་པར་གར་གྱི་སྒྲུབ་པས་མཆོད་པ་བྱས་ན་མཉེས་པར་འགྱུར་རོ། །ཕྱག་རྒྱ་འདི་རྣམས་བཅིངས་ན་ནི། །ཞེས་པ་ལ་སོགས་པའི་ཚིགས་བཅད་གཅིག་གིས་ཕྱག་རྒྱ་བཅིངས་པའི་བར་གྱི་ཕན་ཡོན་བསྟན་ཏོ། །ཆོས་དབྱིངས་མཉམ་དང་མི་མཉམ་པ། །ཞེས་ པ་ནས། དེ་ཡིས་མི་འགྲུབ་གང་ཡང་མེད། །ཅེས་པའི་བར་གྱིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་མཆོད་པ་བྱས་ན། དེས་དངོས་གྲུབ་གསུམ་པོ་མི་འགྲུབ་པ་གང་ཡང་མེད་དོ། །དེ་ཡང་། ཇི་ལྟར་ཆུ་ལ་ཆུ་གཞག་དང་། །ཇི་ལྟར་མར་ལ་མར་བཞིན་དུ། །རང་གིས་རང་གི་ཡེ་ཤེས་ 26-1-418a ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་བཤད་དོ། །རྟོག་པ་བརྒྱད་པའི་འགྲེལ་པའོ།། །།དེ་ལྟར་ལས་དང་པོ་པའི་སྒྲུབ་པའི་ཡན་ལག་བཤད་ནས། ད་ནི་མཆོག་ཏུ་གྱུར་པའི་རྣལ་འབྱོར་པ་མཚན་མ་ཐོབ་པ་ཡེ་ཤེས་ཅུང་ཟད་ཙམ་ལ་ དབང་བ། འཇིག་རྟེན་གྱི་དངོས་གྲུབ་འགྲོ་བ་རིགས་དྲུག་གི་ཡོན་ཏན་དང་། ཐུན་མོང་གི་དངོས་གྲུབ་བསམ་གཏན་དང་། གཟུགས་མེད་ཀྱི་ཡོན་ཏན་བརྒྱད་དང་། མཆོག་གི་དངོས་གྲུབ་བཅུ་གཅིག་པ་བསྒྲུབ་པའི་ཡན་ལག་ཏུ་གྱུར་པ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་ཉི་ཤུ་རྩ་བརྒྱད་ གསུངས་པ་ནི། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་པ་ལ་སོགས་པ་གསུངས་ཏེ། བསྒྲུབ་པའི་ཡན་ལག་ཐབས་ཉི་ཤུ་རྩ་བརྒྱད་པོ་དེ་དག་གི་སྟོན་པ་པོ་གང་། གནས་ནི་གང་དུ། འཁོར་ནི་སུ་དང་ལྷན་ཅིག །དུས་ནི་ནམ་གྱི་ཚེ། དམ་པའི་ཆོས་ནི་ཅི་ཞིག་བཤད་ཅེ་ན། རྡོ་རྗེ་སེམས་དཔའ་ཞེས་པ་ནས། བདེ་བ་ཆེ་ཞེས་པའི་བར་གྱིས་སྟོན་པ་པོས་བསྟན་ཏོ། །གསང་བ་མཆོག་གི་དགྱེས་པ་ཞེས་པས་གནས་བསྟན་ཏོ། །ཐམས་ཅད་བདག་ཉིད་ཅེས་པས་འཁོར་བསྟན་ཏོ། །རྟག་ཏུ་ཞུགས་ཞེས་པས་དུས་བསྟན་ཏོ། །བདེ་བ་ཀུན་ལ་ཆགས་ པ་དང་། །ཞེས་པ་ལ་སོགས་པས་ཆོས་བསྟན་ཏོ། །བདེ་བ་ཀུན་ཞེས་པ་ནི་དཀྱིལ་འཁོར་ལྷའི་སྐུ་ལ་ཞེན་པའོ། །དངོས་གྲུབ་ཐམས་ཅད་རྣམ་དག་ཕྱིར་ནི་སྟོང་པ་ཉིད་ཀྱིས་བཏབ་ན་བདེ་བ་ཆེན་པོ་རྟོགས་པའོ། །དེ་གང་ཡིན་ཞེ་ན། རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །ཅེས་གསུངས་ ཏེ། བདེ་བ་སྟོང་པ་ཉིད་བསྒོམ་པའི་ཏིང་ངེ་འཛིན་ཏོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། ཟླ་བ་ལྟར་དཀར་རྩ་དམར་སྐུ། །ཞེས་པ་ནས་དབུ་རྒྱན་གྱི་དམ་པས་མཛེས་ཞེས་པའི་བར་གྱིས་རྡོ་རྗེ་སེམས་དཔའི་སྐུ་ཕྱག་རྒྱ་ཆེན་པོ་ཅོད་པན་དང་བཅས་པ་བསྟན་ཏོ། །གཞན་ གྱི་ནོར་མིན་མི་འཕྲོགས་པ། །ཞེས་པ་གཞན་གྱི་ནོར་མ་ཡིན་པ་ནི་ཐོད་པའོ། །མི་འཕྲོགས་པ་ནི་གཞན་ལ་ཉེ་བར་མི་མཁོ་བས་སོ། །ཐོད་པའི་སྣོད་ཀྱི་ནང་གང་གི་ལྷའི་ཆུ་དག་པ་དང་བཅས་པ་སྟེ་ཞེས་པ་ནས། དེ་གྲུབ་པ་པོའི་ཞེས་པའི་བར་གྱི་ཚིགས་བཅད་གཅིག་གིས་ཆུའི་དབང་ 26-1-418b བསྐུར་བའི་རྟགས་ཕྱོགས་བཞིར་ཐོད་པའི་ཕྲེང་བའི་དབུ་རྒྱན་དང་། སྤྱི་གཙུག་ཏུ་སངས་རྒྱས་ཀྱིས་གཞག་པ་ནི། ཉོན་མོངས་པ་དང་བཅས་པའི་འཇིག་རྟེན་སྟོང་སུམ་བཅུ་གསུམ་པ་མི་མཇེད་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་ཚབ་ཏུ་དབང་བསྐུར་བ་ཡིན་ནོ། །རྡོ་རྗེ་སེམས་དཔའ་སྦྱོར་བ་ཡི། ། ཞེས་པ་ནས། མཁའ་འགྲོ་མ་ནི་ཐམས་ཅད་འགྲུབ། །ཅེས་པའི་བར་ཤློ་ཀ་གཅིག་གིས་རྡོ་རྗེ་སེམས་དཔའ་ལྷ་མོས་བསྐོར་བ་བཤད་པ་ཡིན་ནོ། །སངས་རྒྱས་དང་རྡོ་རྗེ་དང་པདྨ་དང་ཉི་མ་ཁམས་གསུམ་པའི་གདུལ་བྱ་རྣམས་རྒྱས་བཏབ་པས་དབང་བྱས་པ་དང་། རྨོངས་པས་ ལོངས་སྤྱོད་པ་དང་། ཐིམ་པས་བླངས་ནས་སླར་གསོལ་ཏེ། སྲོག་བྱིན་ནས་ལས་རྣམས་ཀུན་ལ་སྦྱོར་བར་བྱེད་པ་ཡིན་ནོ། །དེ་ལྟར་མཛད་པ་སུ་ཞིག་ཡིན་ཞེ་ན། ཕྱག་རྒྱ་འདི་ཡིས་བཏབ་ན་ནི། །ཞེས་གསུངས་ཏེ། རྡོ་རྗེ་སེམས་དཔའི་སྐུ་ལྷ་མོས་བསྐོར་བའི་སྤྲུལ་སྐུས་གདུལ་བྱ་ལ་ རྒྱས་བཏབ་ནས། རྡོ་རྗེ་སེམས་དཔའ་རབ་ཏུ་འགྲུབ་པར་འགྱུར་རོ། །རྡོ་རྗེ་སེམས་དཔའ་རྐང་པ་ཡིས། །ཕྱག་རྒྱས་བཅིངས་ནས་དངོས་གྲུབ་འགྲུབ་པ་བཤད་པ་ནི། གཡས་དང་གཡོན་གྱི་སྦྱོར་བ་ཡིས། །ཞེས་གསུངས་ཏེ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་སོ། །རྡོ་རྗེ་སེམས་ དཔའི་ཕྱག་རྒྱ་ཆེན་པོ་བཤད་པ་ནས། ཡུམ་བཞིའི་ཕྱག་རྒྱ་ཆེན་པོ་བཤད་པ་ནི། ཟླ་བའི་ཁ་དོག་འཛུམ་པའི་ཞལ། །ཞེས་པ་ནས། མི་མཇེད་ལ་སོགས་བརྒྱན་པ་བཞིན། །ཞེས་པའི་བར་གྱིས་བསྟན་ཏོ། །དེ་བྱེ་བྲག་ཏུ་བདེ་མཆོག་མའི་ཕྱག་རྒྱ་བྱ་བ་ནི་སྒེག་པའོ། །ཟློག་པ་ནི་དཔའ་ བའོ། །འཕྲོག་པ་ནི་འཇིགས་སུ་རུང་བའོ། །ལྷག་པར་མཛད་པ་ནི་གར་གྱི་ཉམས་གསུམ་དང་ལྡན་པའོ། །བདག་ལ་འཁྱུད་པའི་ཕྱག་རྒྱ་ཡིས། །ཡན་ལག་ཐམས་ཅད་ཕྲོག་པ་འགྲུབ། །ཅེས་གསུངས་སོ། །སྒྲུབ་པ་པོའི་འཁྱུད་པ་ལ་སོགས་པའི་སྦྱོར་བས་དངོས་གྲུབ་སྟེར་བར་འགྱུར་ ཏེ་མདའ་གཞུ་བསྣམས་པའོ། །རྣམ་པ་སྣ་ཚོགས་ཞེས་པ་ནས། །རོལ་པ་ཞེས་བྱའི་ཕྱག་རྒྱ་བཞིན། །ཞེས་བྱ་བའི་བར་གྱིས་བདག་དང་ལིངྒ་འཁྱུད་པའི་ངོ་མཚར་བདེ་བ་མོའི་ཕྱག་རྒྱ་བསྟན་ཏོ། །སེ་རལ་ཁ་ཡི་ཚུལ་དག་ཏུ། །ཞེས་པ་ནས། བདེ་མཆོག་རོལ་པའི་ཕྱག་རྒྱའོ། །ཞེས་པའི་ 26-1-419a བར་གྱིས་གཡས་པ་སྣ་ཚོགས་རྡོ་རྗེ་གཡོན་པ་ཁ་ཊྭཱཾ་ག་བསྣམས་པ། སྣང་མཛད་མའི་ཕྱག་རྒྱས་སོ། །རྫོགས་པའི་སངས་རྒྱས་ཀྱི་ཁམ་ཕོར་འགྲུབ་ཅེས་པ་ནས་ཕྱག་རྒྱའོ་ཞེས་པའི་བར་གྱིས་གཡས་པ་སྣ་ཚོགས་རྡོ་རྗེ་དང་གཡོན་པ་ཁམ་ཕོར་བསྣམས་པ་སློབ་མ་མོའི་ ཕྱག་རྒྱ་བསྟན་ཏོ། །དེ་ལ་སོགས་པ་མཐའ་ཡས་མཆོག །ཅེས་པ་ལྷ་མོ་དེ་རྣམས་ཀྱི་ལག་པའི་ཕྱག་རྒྱ་དང་། རྐང་པའི་ཕྱག་རྒྱ་དང་། མིག་གི་ཕྱག་རྒྱ་དང་། ངག་གི་ཕྱག་རྒྱ་ལ་སོགས་པ་མཐའ་ཡས་ཀྱང་། རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་གསུང་ཐུགས་ཀྱི་བདག་ ཉིད་ཀྱིས་ཡེ་ཤེས་ཕབ་པར་འགྱུར་རོ། །རྩ་བའི་ཕྱག་རྒྱའི་ཚོགས་སོ་ཞེས་པ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ཞི་བའི་དཀྱིལ་འཁོར་གྱི་གཙོ་བོ་ཡིན་པས་རྩ་བ་ཞེས་གསུངས་སོ། །གཙུག་ལག་ཇི་ལྟར་རྗེས་མཐུན་སྲོག །ཅེས་པ་ལ་སོགས་པས་སངས་རྒྱས་བྱང་ཆུབ་ཀྱི་ཕྱག་རྒྱ་ གསུངས་པ་ཡིན་ནོ། །རྐང་པ་བཏེག་ཅིང་ཕབ་པ་དང་། །ཞེས་པ་ལ་སོགས་པས་ཆོས་ཀྱི་འཁོར་ལོ་མའི་ཕྱག་རྒྱ་ཆེན་པོ་གསུངས་སོ། །བྱ་བ་དང་ནི་ཟློག་པ་དང་། །ཞེས་པ་ལ་སོགས་པས་ཁམས་གསུམ་རྣམ་རྒྱལ་མའི་ཕྱག་རྒྱ་གསུངས་སོ། །ལྕུག་མ་གང་ཡང་རུང་བཟུང་ནས། ། ཞེས་པ་ལ་སོགས་པ་འདོད་པའི་དབང་མོའི་ཕྱག་རྒྱ་གསུངས་སོ། །མྱང་བ་རྔུབ་པ་ལྟར་བྱས་པས། །ཞེས་པ་ལ་སོགས་པས་རྟ་མཆོག་གི་ཕྱག་རྒྱ་གསུངས་སོ། །སྣ་ཡི་མྱང་བས་རྔུབ་པ་ཡིས། །ཞེས་པ་ལ་སོགས་པས་ཕག་གདོང་མའི་ཕྱག་རྒྱ་གསུངས་སོ། །མིག་ཚུར་ཞེན་པར་ལྟ་བ་ ཡིས། །ཞེས་པ་ལ་སོགས་པ་ལྕགས་སྒྲོག་མའི་ཕྱག་རྒྱ་གསུངས་སོ། །ཐམས་ཅད་བདག་ཉིད་མྱང་བའོ། །ཞེས་པ་ལ་སོགས་པས་ཐལ་བྱེད་མའི་ཕྱག་རྒྱ་གསུངས་སོ། །གླིང་བུ་མ། པི་ཝང་མ། ཅང་ཏེའུ། རྫ་རྔ་མ་རྣམས་ཀྱི་ཕྱག་རྒྱ་ནི་མིང་གིས་གསལ་བར་བསྟན་ཏེ། ཕྱག་རྒྱ་གར་ གྱི་མཆོད་པ་ཡིས། །ཞེས་པ་ནས། མ་ལུས་ལུས་པ་མེད་པར་འགྲུབ། །ཅེས་པའི་བར་གྱིས་ཤློ་ཀ་གཅིག་གིས་མེ་ཏོག་མར་མེ་དྲི་ཆབ་མ་རྣམས་ཀྱི་ཕྱག་རྒྱ་བསྟན་ཏོ། །རིམས་དང་དུག་དང་དབྱིག་དུག་བྱས། །ཞེས་པ་ལ་སོགས་པ་ནས། ཐམས་ཅད་བདག་ཉིད་འགྲུབ་པར་འགྱུར། ། 26-1-419b ཞེས་པའི་བར་གྱིས་ལྷ་མོ་དེ་རྣམས་ཀྱི་ཕྱག་རྒྱའི་ཕན་ཡོན་བསྟན་ཏོ། །དེ་ལྟར་དངོས་གྲུབ་ལེན་པའི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བཤད་ནས།ད་ནི་ལྷ་ཉི་ཤུ་རྩ་གཅིག་གི་ཐུན་མོང་གི་གླུ་བཤད་པ་ནི། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །ཞེས་པ་ནས། བླ་ན་མེད་པའི་དངོས་གྲུབ་ ཐོབ། །ཅེས་པའི་བར་གྱིས་ཐུན་མོང་གི་གླུ་བསྟན་ཏོ། །དེ་ནས་ཞེས་པ་ལ་སོགས་པ་ཤློ་ཀ་གཅིག་གིས་ཕྲིན་ལས་འགྲུབ་པའི་ཕན་ཡོན་བསྟན་ཏོ། །དཔལ་རྡོ་རྗེ་སེམས་དཔའ་བདེ་ཆེན་ཞེས་པ་ནས་གཟུང་དུ་གསོལ་ཞེས་པའི་བར་གྱིས་ཐུན་མོང་གི་གླུ་བསྟན་ཏོ། །སངས་རྒྱས་ཐམས་ཅད་ མཉམ་སྦྱོར་བ། །ཞེས་པ་ལ་སོགས་པས། ཐུན་མོང་གི་སྒྲུབ་པའི་ཕན་ཡོན་གསུངས་པའོ། །དེ་ལྟར་ན་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་དངོས་གྲུབ་ལེན་པའི་ཕྱག་རྒྱ་དང་གླུ་བཤད་ནས། ད་ནི་རྣམ་སྣང་གི་དཀྱིལ་འཁོར་གྱི་དངོས་གྲུབ་ལེན་པའི་ཕྱག་རྒྱ་ཆེན་པོ་གསུངས་པ་ནི། རྣལ་ འབྱོར་དེ་ཉིད་བྷ་ག་ཝཱན། །ཞེས་པ་ནས། དཔལ་དམ་ཚིག་ཤེས་པའི་ཕྱག་རྒྱའོ་ཞེས་པའི་བར་གྱིས་ཆོས་གོས་ལྷུང་བཟེད་གསེག་ཤང་བསྣམས་པའི་ཕྱག་རྒྱ་ཆེན་པོ་བསྟན་ཏོ། །དེ་ཡི་རྐང་པའི་ཕྱག་རྒྱ་ནི། །གཡས་པའི་ཡན་ལག་འདུས་པ་ཡིས། །ཞེས་པ་ལ་སོགས་པས་རྣམ་ སྣང་གི་སེམས་དཔའི་སྐྱིལ་མོ་ཀྲུང་བསྟན་ཏོ། །རྣམ་སྣང་གི་ཕྱག་རྒྱ་བསྟན་ནས། སངས་རྒྱས་དབྱངས་མའི་ཕྱག་རྒྱ་ཆེན་པོ་ནི། རྡོ་རྗེ་ཁུ་ཚུར་བཅངས་ནས་སུ། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དཔའ་བོ་མའི་ཕྱག་རྒྱ་ནི། དེ་བཞིན་དཔལ་ལྡན་ཧེ་རུ་ཀ །ཞེས་པ་ལ་སོགས་ པས་བསྟན་ཏོ། །ཀུན་དུ་བཟང་མོའི་ཕྱག་རྒྱ་ནི་པདྨ་བུད་མེད་ཅེས་པ་ལ་སོགས་པས་བསྟན་ཏོ། །ཟད་མེད་པ་ཡི་ཕྱག་རྒྱ་ནི། །རིན་ཆེན་འཛིན་པའི་ཁུ་ཚུར་ཡང་། །ཞེས་པ་ལ་སོགས་པས་བསྟན་ཏོ། སྐུར་ལྡན་མའི་ཕྱག་རྒྱ་ནི། སངས་རྒྱས་ཁུ་ཚུར་བཅངས་ནས་སུ། །ཞེས་པ་ལ་ སོགས་པས་བསྟན་ཏོ། །མཛེས་པའི་ཕྱག་རྒྱ་ནི་པདྨའི་བུད་མེད་ཀྱི་ཕྱག་རྒྱ་བཅིངས་ནས་ཞེས་པ་ལ་སོགས་པ་བསྟན་ཏོ། །སྤྲིན་ཆེན་མའི་ཕྱག་རྒྱ་ནི། རྟ་མཆོག་དཔལ་གྱི་ཁུ་ཚུར་ཡང་། །ཞེས་པ་ལ་སོགས་པས་བསྟན་ཏོ། །ནམ་མཁའ་སྤྱན་མའི་ཕྱག་རྒྱ་ནི། དཔལ་གྲུབ་ 26-1-420a སྤྱན་གྱི་ཕྱག་རྒྱ་ཡང་། །ཞེས་པ་ལ་སོགས་པས་བསྟན་ཏོ། །དེ་ནས་ཐུན་མོང་དུ་མཚན་བརྒྱད་གསུངས་པ་ནི། དང་པོ་སངས་རྒྱས་ཀུན་བླ་མ། །ཞེས་པ་ལ་སོགས་པའི་ཤློ་ཀ་གཉིས་ཀྱིས་གསུངས་སོ། །ཕྱག་རྒྱ་ཆེན་པོ་བཅིངས་ནས། དངོས་གྲུབ་བསྒྲུབ་པའི་ཡན་ལག་ཏུ་གླུ་ གསུངས་པ་ནི། ཕྱག་རྒྱ་ཞེས་པ་འདི་དག་གི། ཞེས་པ་ལ་སོགས་པས་ཚིགས་བཅད་གཉིས་ཀྱིས་གླུ་བླང་བའི་ཐབས་འབྲས་བུ་དང་བཅས་པས་བསྟན་ཏོ། །དེ་ལས་རྫ་ནི་དྲུག་ལྡན་ནོ། །དེ་བ་ཏ་ཞེས་པ་སུམ་ཅུ་རྩ་གསུམ་གྱི་ལྷ་མོ་ཏིལ་མཆོག་དང་རིམ་པའི་གླུའོ། །སེམས་ཅན་ཁམས་ མང་ཞེས་པ་ནས་དི་རིང་འགྲུབ་པར་འགྱུར་ཞེས་པའི་བར་གྱིས་རྣམ་སྣང་གི་ལྷ་མོ་ཐམས་ཅད་ཀྱི་ཐུན་མོང་གི་གླུ་གསུངས་པ་ཡིན་ནོ། །རྡོ་རྗེ་སེམས་དཔའི་ལྷ་མོའི་གླུ་དང་། རྣམ་སྣང་གི་ལྷ་མོའི་གླུས་ནི་བདག་མཚན་མ་ཐོབ་པའི་རྣལ་འབྱོར་པ་ལ་ལྷའི་སྐུ་བསྟན་ནས། ཐུགས་ཀར་ ཞུགས་པར་མཛོད་ཅེས་པའི་དོན་ཡིན་ནོ། །གླུ་འདི་དག་ནི་བླངས་པ་ཡིས། །ཞེས་པ་ནས་གདོན་མི་ཟ་ཞེས་པའི་བར་གྱིས་སྒྲུབ་པའི་ཕན་ཡོན་གསུངས་པ་ཡིན་ནོ། །དེ་ལས་བུད་མེད་བཞི་རྣམས་ཞེས་པ་ནི་གླིང་བུ་མ་ལ་སོགས་པ་བཞི་དང་། མེ་ཏོག་མ་ལ་སོགས་པ་བཞི་དང་། རྟ་གདོང་ མ་ལ་སོགས་པ་བཞིའི་ཕྱག་རྒྱ་ཆེན་པོའི་ཚུལ་གྱིས་མཆོད་ཅིང་། དངོས་གྲུབ་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་ལྟར་དེ་བཞིན་གཤེགས་པའི་དངོས་གྲུབ་ལེན་པའི་ཕྱག་རྒྱ་ཆེན་པོ་བཤད་ནས། ད་ནི་ཧེ་རུ་ཀའི་དངོས་གྲུབ་ལེན་པའི་ཕྱག་རྒྱ་ཆེན་པོ་བསྟན་པ་ནི། རྣལ་འབྱོར་དེ་ཉིད་བྷ་ག་ཝཱན། །ཞེས་པ་ནས། རྡོ་རྗེ་གར་གྱི་དབང་ཕྱུག་གི། ཞེས་པའི་བར་གྱིས་བསྟན་ཏོ། །དེ་ལ། དུར་ཁྲོད་དཔལ་གྱི་ཕྱག་རྒྱས་གནས། །ཞེས་པ་རུས་པའི་རྒྱན་གྱིས་བརྒྱན་པའོ། །གཞན་གྱིས་མ་ཡིན་མི་འཕྲོགས་ཞེས་པའི་ཤློ་ཀ་གཅིག་གིས་ཆུའི་དབང་ བསྐུར་བ་བསྟན་ཏོ། །གོས་ཆེན་པོ་ནི་མི་ལྤགས་སོ། །དབང་བསྐུར་ཆེན་པོ་ནི་ཐོད་པའི་ཅོད་པན་ལྔའོ། །ཤ་ཆེན་དང་སྦྲང་རྩི་ཆེན་པོ་ནི། ཕྱག་གཡོན་ན་བསྣམས་པའི་སྦྲང་རྩི་སྟེ། ཤ་ཆེན་པོ་དང་ཁྲག་གིས་གང་བའོ། །ཅིའི་ཕྱིར་བྷ་ག་ཝཱན་དེ་ལྟ་བུ་བསྣམས་ཤེ་ན། དུར་ཁྲོད་ 26-1-420b བརྒྱད་ཀྱི་འབྱུང་པོ་རྣམས་གདུལ་བའི་ཕྱིར། ཐོད་པ་དང་ཁ་ཊྭཱཾ་ག་དང་། ཐོད་པའི་ཕྲེང་བ་དང་མི་བསྐྱོད་པས་གཙུག་གི་ནོར་བུ་བྱས་པའོ། །ཁ་ཊྭཱཾ་བཅས་ཞེས་པས་ཕྱག་མཚན་བསྟན་ཏོ། །ཕྱག་མཚན་དེས་ཅི་ཞིག་བྱེད་སྙམ་ན། དེ་བཞིན་གཤེགས་པའི་གདུལ་བྱ་དང་། །རྡོ་རྗེ་པདྨ་ནོར་ བུ་སྣ་ཚོགས་རྡོ་རྗེའི་གདུལ་བྱ་རྣམས་དབང་དུ་བྱ་བ་གསུམ་གྱིས་རྒྱས་བཏབ་པ་དང་། བཙུན་མོ་ལ་ལོངས་སྤྱོད་པས་རྨོངས་པར་བྱས་པ་དང་། ཚོགས་འཁོར་ལ་ལོངས་སྤྱོད་པས་ཟབ་པ་དང་། སྲོག་ཐིམ་པས་ཐལ་བར་གྱུར་པའོ། །དེ་ལྟར་ཞལ་བཞི་ཕྱག་བརྒྱད་བཤད་ནས། ཞལ་ གཅིག་ཕྱག་གཉིས་པ་བཤད་པའི་ཕྱིར། སེ་རལ་ཁའི་ཚུལ་དག་ཅེས་པ་ལ་སོགས་པ་གསུངས་ཏེ། ལག་པ་གཡོན་པར་ཐོད་པ་ཐོགས་ནས། མཆན་ཁུང་གཡོན་པར་ཁ་ཊྭཱཾ་ག་སེ་རལ་ཁར་བསྣམས་པ། གཡས་པར་བ་དན་གསུམ་པ་རྡོ་རྗེ་རྩེ་ལྔ་པ་བཟུང་བའོ། ། བུད་མེད་ལ་སོགས་རིན་ཆེན་མཆོག །ཅེས་པ་བཙུན་མོ་རིན་པོ་ཆེ་ལ་སོགས་པ་རིན་པོ་ཆེ་སྣ་བདུན་སྤྲུལ་ནས་ལོངས་སྤྱོད་པའོ། །དབང་པོ་དྲག་པོ་ཉེ་དབང་བསད། །ཅེས་པ་བདུད་བཞི་དང་། ཕྱོགས་སྐྱོང་ཐམས་ཅད་བསད་ནས་ཟ་བར་མཛད་པའོ། །དབང་པོ་གཅིག་པུ་དང་ ཞལ་བཞི་ཕྱག་བརྒྱད་པ་གཉིས་ཀའི་ཐུན་མོང་གི་གར་གསུངས་པ་ནི། གཡས་དང་གཡོན་པའི་སྦྱོར་བ་ཡིས། །ཞེས་པ་ལ་སོགས་པ་གསུངས་ཏེ། ལག་པ་གཉིས་ཀྱིས་གར་བྱེད་ཅིང་སེམས་དཔའི་ཕྱེད་ཀྲུང་དང་ལངས་པས་དྲག་པོ་ལ་སོགས་པའི་བདུད་ཐམས་ཅད་དབང་ དུ་བྱས་ཤིང་ལོངས་སྤྱད་ནས་གསོལ་བར་མཛད་པ་ཡིན་ནོ། །དེ་ཉིད་ཀྱི་སྦྱོར་བ་ཡིས་ཞེས་པ་ལ་སོགས་པ་སྐྱིལ་ཀྲུང་ཕྱེད་པའི་གར་བཤིག་ནས་གཡས་བརྐྱང་བྱས་ཏེ། བསྐལ་པ་བཟང་པོའི་ལྷ་མོ་རྣམས་ཀྱི་བུད་མེད་ཀུན་ལ་ལོངས་སྤྱོད་པ་ཡིན་ནོ། །རྐང་པ་གཡས་པའི་ མཐེ་བོ་ས་ལ་བཙུགས་ནས་གཡོན་པ་བརླའི་སྟེང་དུ་བཞག་ནས་རབ་ཏུ་བརྐྱང་བ་སྟེ། བསྐྱོད་པ་དང་བཏང་བ་ནི་བྱང་ཆུབ་སེམས་བཟློག་པ་སྟེ། ལུས་ཀྱི་འཁྲུལ་འཁོར་བསྟན་ཏོ། །ལུས་ཀྱི་འཁྲུལ་འཁོར་གྱི་སྒྱུ་མ་དེ་དག་ཉིད་ཀྱིས་ལྷ་དང་མི་རྣམས་ལ་ལོངས་སྤྱོད་པ་ཡིན་ནོ། །དེ་ལྟར་ 26-1-421a ཧེ་རུ་ཀའི་དངོས་གྲུབ་ལེན་པའི་ཕྱག་རྒྱ་ཆེན་པོ་བསྟན་ཏོ། །དེའི་འཁོར་གྱི་ཕྱག་རྒྱ་ཆེན་པོ་བསྟན་པ་ནི། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔལ་ལྡན་ཧེ་རུ་ཀ་དབབ་པ། ཞེས་པ། ཚོགས་འཁོར་རམ་གཟུགས་བརྙན་གྱི་ དཀྱིལ་འཁོར་ལ་ཡེ་ཤེས་ཕབ་ནས། གདུལ་བྱ་ཇི་ལྟར་མོས་པའི་སྒྱུ་མ་སྣ་ཚོགས་གནས་པ་ཡིན་ནོ། །དེ་ལ་འཁོར་གྱི་ཉམས་ནི། ཞི་བ་ནི་གཽ་རཱིའོ། །དྲག་པོ་ནི་རྩཽ་རཱིའོ། །རྨོངས་པ་ནི་པྲ་མོ་ཧཱའོ། །དགའ་བ་ནི་བེ་ཏཱ་ལཱིའོ། །གར་བྱེད་སྒྱུར་བ་ནི་པུཀྐ་སཱིའོ། །བབས་པ་ནི་ཙནྡ་ལཱིའིའོ། །ཤི་བ་ བཞད་པ་ནི་གྷསྨ་རཱིའིའོ། །བདེ་བའི་ཕྱག་རྒྱས་གནས་པ་ནི་ཌོ་བི་ནཱིའིའོ། །གཞན་ཡང་ཞི་བའི་མིག་དང་ལྡན་པ་ནི་གཽ་རཱིའིའོ། །དྲག་པོའི་མིག་དང་ལྡན་པ་ནི་རྩཽ་རཱིའིའོ། །རྨོངས་པའི་མིག་དང་ལྡན་པ་ནི་བེ་ཏཱ་ལཱིའིའོ། །གྱེན་དུ་ལྟ་བ་ནི་པུཀྐ་སཱིའིའོ། །ཆགས་པའི་ལྟ་བ་ནི་པྲ་མོ་ཧཱའིའོ། ། གར་བྱེད་པས་ལྟ་བ་ནི་ཙཎྜ་ལཱིའིའོ། །ཁྲོ་བོའི་ལྟ་བ་ནི་གྷསྨ་རཱིའིའོ། །བྱམས་པའི་ལྟ་བ་ནི་དངོས་གྲུབ་མཆོག་སྟེར་ཌོ་བི་ནཱིའིའོ། །ཕྱག་མཚན་བསྟན་པ་ནི། མེ་ཏོག་ནི་གཽ་རཱིའིའོ། །བདུག་པ་ནི་རྩཽ་རིའིའོ། །ཆང་པྲ་མོ་ཧཱའིའོ། །ཆུ་བེ་ཏཱ་ལཱིའིའོ། །ལྕུག་མ་པུཀྐ་སཱིའིའོ། །ར་ས་ཙཎྜ་ལཱིའིའོ། ། མེ་ནི་གྷསྨ་རཱིའིའོ། །གྲུབ་པས་འཁྱུད་པ་ནི་ཌོཾ་བི་ནཱིའིའོ། །དེ་རྣམས་ཀྱི་སེམས་ཀྱི་ཕྱག་རྒྱ་བསྟན་པ་ནི། རྩེ་གཅིག་མཉམ་པར་སྦྱོར་བ་ཡིས། །ཞེས་པ་ལ་སོགས་པ་གསུངས་ཏེ། རྩེ་གཅིག་པས་བདེ་བ་རྒྱས་འདེབས་པ་ནི་གཽ་རཱི་སྟེ་དང་པོའིའོ། །ལག་པ་གཉིས་མངོན་པར་བསྟོད་ནས་སེ་ གོལ་བརྡབས་ཤིང་དབུགས་གྱེན་དུ་འབྱིན་པས་གཡོན་དུ་ལྟ་ཞིང་ལག་པ་སྙིང་འདྲེན་པ་ནི་གཉིས་པའོ། །འོ་བྱེད་པས་འཁྱུད་ཅིང་གར་བྱེད་པས་རྨོངས་པ་ནི་གསུམ་པའོ། །བསྒྲུབ་བྱ་ཟ་བའི་བསམ་པས་ལུས་འདེགས་པ་ནི་བཞི་པའོ། །ཚངས་པའི་མགོ་བོའི་ནང་དུ་བདུད་རྩི་རྣམས་ འཇིག་རྟེན་གསུམ་ལས་རྒྱལ་བའི་གར་བྱེད་པ་ནི་ལྔ་པའོ། །དེ་བཞིན་ས་ལས་འདྲེན་པས་སྙིང་ཕུག་ནས་རང་གི་ཕྱག་རྒྱ་ཚུལ་དུ་སྟོན་པ་ནི་བདུན་པ་གསོད་བྱེད་མའོ། །ཀླུའི་དཀྱིལ་འཁོར་གྱི་བསྒྲུབ་པར་བྱ་བའི་ཞལ་དུ་གསོལ་བ་ནི་ཟ་བ་མོའིའོ། །རབ་ཏུ་འཇིགས་པའི་མེས་ 26-1-421b བསྲེག་པ་ནི་ཧེ་རུ་ཀ་དང་ཌོཾ་བི་ནཱིའི་ཕྱག་རྒྱའོ། །དེ་ནས་ཕྱག་རྒྱའི་ལན་གྱིས་དངོས་གྲུབ་སྒྲུབ་པའི་ལན་བསྟན་པ་ནི། དེ་ནས་ཕྱག་རྒྱ་འདི་ཀུན་གྱིས། །ཞེས་པ་ལ་སོགས་པ་གསུངས་ཏེ། དངོས་གྲུབ་སྒྲུབ་པའི་དུས་སུ་སློབ་དཔོན་གྱིས་གཽ་རཱིའི་ཕྱག་རྒྱ་བྱེད་པའི་ཚེ་སློབ་མས་ཌོཾ་བི་ནཱིའི་ཕྱག་ རྒྱའོ། །སློབ་དཔོན་གྱིས་ཙཽ་རཱི། སློབ་མས་གྷསྨ་རཱི། སློབ་དཔོན་གྱིས་པྲ་མོ་ཧཱ། སློབ་མས་ཙཎྜ་ལཱི། སློབ་དཔོན་གྱིས་བེ་ཏཱ་ལཱི། སློབ་མས་པུཀྐ་སཱིའི་ཕྱག་རྒྱའོ། དེ་ལྟར་གར་དང་གར་གྱི་ལན་ཕྱག་རྒྱའི་མཚན་ཉིད་ཉོན་མོངས་འཇོམས་པའི་བདག་ཉིད་ཕྱག་རྒྱའི་ཁྱད་པར་བཤད་པར་བྱའོ། དཔལ་ལྡན་རྡོ་རྗེ་པདྨོ་སློང་། །ཞེས་པ། །དང་པོ་ལག་པ་གཉིས་པདྨོ་ཁ་བྱེ་བ་ལྟ་བུའི་ཕྱག་བྱས་པས་རྒྱས་བཏབ་པ་དང་། རྨོངས་པ་དང་། ཟོས་པ་དང་། ཐལ་བར་བསྒྲུབ་པ་དང་འཚོ་བར་བྱེད་པའོ། །ལས་ལྔ་ཕྱག་རྒྱའི་ལན་བརྒྱད་ཀྱིས་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ལྟར་ལས་ཀྱི་ཕྱག་རྒྱ་ བཤད་ནས། ཧེ་རུ་ཀའི་དཀྱིལ་འཁོར་གྱི་གླུ་བཤད་པ་ནི། དེ་ནས་ཕྱག་རྒྱ་ཤེས་པའི་ཞེས་པ་ནས། ཁྱད་པར་དུ་ནི་བཤད་པར་བྱ། ཞེས་པའི་བར་གྱིས་དམ་བཅའ་བ་བསྟན་ཏོ། །གཟིགས་པ་རྣམ་པ་སྣ་ཚོགས་ཞེས་པ་ནས། གསལ་བར་མཛོད་ཅེས་པའི་བར་གྱིས་ཧེ་རུ་ཀའི་དངོས་གྲུབ་ ལེན་པའི་གླུ་གསུངས་པ་ཡིན་ནོ། །གླུ་འདི་དག་ནི་བླངས་པ་ཡིས། །ཞེས་པའི་ཤློ་ཀ་གཅིག་གིས་ཕན་ཡོན་བསྟན་ཏོ། །ཧེ་རུ་ཀའི་ཕྱག་རྒྱའི་དངོས་གྲུབ་ལེན་པའི་གླུ་གསུངས་པ་ཡིན་ནོ། །ད་ནི་པདྨ་གར་དབང་གི་དཀྱིལ་འཁོར་གྱི་ཕྱག་རྒྱ་བཤད་པ་ནི། རྣལ་འབྱོར་དེ་ཉིད་བྷ་ག་ཝཱན། ། ཞེས་པ་ནས་ཕྱག་རྒྱའི་ཞེས་པའི་བར་གྱིས་པདྨ་གར་དབང་གི་ཕྱག་རྒྱ་ཆེན་པོ་གསུངས་སོ། །གཡས་པ་གཡོན་པ་སྦྱོར་བ་ཡིས། །ཞེས་པ་རྐང་པའི་ཕྱག་རྒྱ་བསྟན་ཏོ། །འཁོར་གྱི་ལྷ་མོའི་ཕྱག་རྒྱ་ནི། སྙེམས་པའི་ལག་པ་གཡོན་པ་ཡིས། །ཞེས་པ་ལ་སོགས་པ་གསུངས་ཏེ། གཡོན་ པ་སྙེམས་པས་པདྨ་བཟུང་ནས་གཡས་པས་ཁ་འབྱེད་པ་རྣམ་པར་གཟིགས་མའིའོ། །གཡོན་པ་སྙེམས་པས་པདྨ་རྣོན་པོ་བཟུང་ནས་གཡས་པ་སྙིང་གར་འདྲེན་པ་སྒྲོལ་མའིའོ། །གཡོན་སྙེམས་པས་པདྨ་བཟུང་ནས་གཡས་པས་སའི་འཁོར་ལོ་བསྐོར་བ་ནི་ས་འཛིན་མའིའོ། །གཡོན་ 26-1-422a པ་སྙེམས་པས་པདྨའི་ཐང་ཀ་བཟུང་ནས་གཡས་པ་བ་དན་གསུམ་པ་གར་བྱེད་པ་ཁྲོ་གཉེར་མའིའོ། །གཡོན་པ་སྙེམས་པས་པདྨ་སེར་པོ་ཅི་བདེར་བཟུང་བས་གཡས་པ་རྒྱ་སྲིན་གྱི་རྒྱལ་མཚན་བསྒྲེངས་ནས་འཛིན་པ་གཏུམ་པའི་དབང་ཕྱུག་མའིའོ། གཡོན་པ་ པདྨ་དམར་པོ་བཟུང་ནས་གཡས་པས་སྙིང་གར་འདྲེན་པ་སྣ་ཚོགས་པདྨའིའོ། །སྣ་ཚོགས་པདྨའམ་པདྨ་དམར་སྐྱ་འཛིན་པ་པདྨ་ནས་ཐ་མའིའོ། །པདྨ་དཀར་སྔོ་གཡོན་པས་བཟུང་ནས་གཡས་པས་སྙིང་གར་འབྱེད་པ་རྡོ་རྗེ་དབང་ཕྱུག་མའིའོ། །དེ་ལྟར་ལས་ཀྱི་ཕྱག་རྒྱ་བཤད་ནས། སྐུའི་ཕྱག་རྒྱ་ཆེན་པོ་བསྟན་པ་ནི། རྣམ་དག་གཟིགས་མ་ཞེས་པ་ནས། ལྷ་མོ་ཆེན་མོ་རྣམས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །ཕྱག་རྒྱ་བཤད་ནས་དངོས་གྲུབ་ལེན་པའི་གླུ་བཤད་པར་དམ་བཅའ་བ་ནི། དེ་ནས་ཕྱག་རྒྱ་ཞེས་པ་ཤློ་ཀ་གཅིག་གིས་གསུངས་སོ། །དེ་བཞིན་ གཤེགས་པ་ཀུན་གྱིས་སོ། །ཞེས་པ་ནས། གར་མཛོད་ཅིག་ཅེས་པའི་བར་གྱིས་པདྨ་གར་དབང་གི་དངོས་གྲུབ་ལེན་པའི་གླུ་གསུངས་པ་ཡིན་ནོ། །གླུ་འདི་དག་ནི་བླངས་པ་ཡིན། །ཞེས་པ་ཤློ་ཀ་གཅིག་གིས་ཕན་ཡོན་ཡིན་ནོ། །དེ་ལྟར་པདྨ་གར་དབང་གི་ཕྱག་རྒྱ་དང་གླུ་བཤད་ནས། ད་ནི་རྡོ་རྗེ་ཉི་མའི་དངོས་གྲུབ་ལེན་པའི་ཕྱག་རྒྱ་ཆེན་པོ་གསུངས་པ་ནི། མཉམ་སྦྱོར་དེ་ཉིད་བྷ་ག་ཝཱན། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཤིན་ཏུ་གདུག་ཅིག་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། ཞེས་པ། རྡོ་རྗེ་ཉི་མ་ཅུང་ཞིག་ཁྲོ་བོའི་ཉམས་དང་བཅས་པ། ཁྲོ་བོའི་ གཟུགས་དང་། ཁྲོ་བོའི་སྤྱོད་ལམ་དང་། ཁྲོ་བོའི་ཚུལ་དང་གཟི་བརྗིད་ཆེན་པོ་སྟོན་པ་ལྷའི་ཉི་མའི་གཟུགས་ཅན་ནོ། །ལྷག་མ་ནི་གོ་སླའོ། །རྡོ་རྗེ་པུས་མོ་གཉིས་བཅིངས་ནས། །ཞེས་པ་ཤློ་ཀ་གཅིག་གིས་རྐང་པའི་ཕྱག་རྒྱ་བསྟན་ཏོ། །གཙོ་བོ་བསྟན་ནས་འཁོར་གི་ནི་དབང་ བསྐུར་བ་དང་། གཏེར་དག་དང་ཞེས་པ་ལ་སོགས་ཏེ། དབང་བསྐུར་མ། གཏེར་ལྡན་མ། རྒྱལ་མཚན་མཆོག་མ། མཆོག་ལྡན་མའོ། །མཆོད་ཚེ་ཞེས་བྱ་བས་མདའ་འཛིན་མ་ལ་སོགས་གཅིག་དང་། གླིང་བུ་མ་ལ་སོགས་པ་བཞི་དང་། མེ་ཏོག་མ་ལ་སོགས་པ་བཞི་ 26-1-422b དང་། བཅུ་གཉིས་མཆོད་པ་ཆེ་ཞེས་བྱའོ། །ཇི་ལྟའི་ཚུལ་དུ་སྟོན་པ་དག །ཅེས་བྱ་བས་རྟ་གདོང་མ་ལ་སོགས་པའི་སྒོ་བཞི་གསུངས་སོ། །ཕྱག་རྒྱ་བཤད་ནས་གླུ་བཤད་པ་ནི། དེ་ནས་ཕྱག་རྒྱ་ཞེས་པ་ལ་སོགས་པ་ལ་ཤློ་ཀ་གཅིག་ནི་དམ་བཅའ་བའོ། །ཁམས་གསུམ་ཀུན་གྱི་ རྒྱལ་སྲིད་ཅེས་པ་ནས་ཐམས་ཅད་འགྲོ་ཞེས་པའི་བར་གྱིས་དངོས་གྲུབ་ལེན་པའི་གླུ་གསུངས་སོ། །གླུ་འདི་དག་ནི་བླངས་པ་ཡིས། །ཞེས་པའི་ཤློ་ཀ་གཅིག་གིས་ཕན་ཡོན་གསུངས་པ་ཡིན་ནོ། །རྡོ་རྗེ་ཉི་མའི་ཕྱག་རྒྱ་བཤད་ནས། རྟ་མཆོག་གི་ཕྱག་རྒྱ་གསུངས་པ་ནི། རྣལ་ འབྱོར་དེ་ཉིད་ཅེས་པ། རྡོ་རྗེ་སློང་བ་ཞེས་བྱ་བའི་ཕྱག་རྒྱའོ་ཞེས་པའི་བར་གྱིས་སྐུ་ཕྱག་རྒྱ་ཆེན་པོ་བསྟན་ཏོ། །དེ་ཡི་རྐང་པའི་ཕྱག་རྒྱ་ནི། །གཡས་དང་གཡོན་གྱི་སྦྱོར་བ་ཡིས། །ཞེས་པ་ལ་སོགས་པ་གསུངས་སོ། །རྐང་པ་བཞིས་བརྐྱང་བསྐུམ་གཉིས་སུ་གནས་པ་ནི། ཁྲོ་ བོའི་སྐྱིལ་ཀྲུང་ངོ་། །དེའི་འཁོར་གྱི་དཀྱིལ་འཁོར་ནི་སླ་བ་ལ་དགོངས་ནས་མ་གསུངས་སོ། །དེ་ལྟར་ཕྱག་རྒྱ་བཤད་ནས་དངོས་གྲུབ་ཀྱི་གླུ་གསུངས་པ་ནི། དེ་ནས་ཕྱག་རྒྱ་ནི་ཞེས་པ་འདི་ཤློ་ཀ་གཅིག་གིས་དམ་བཅའ་བ་གསུངས་སོ། །མྱོས་བྱེད་སྟོང་པ་ཞེས་པ་ཚིག་རྐང་གཅིག་ གིས་དབང་གི་སྐུ་བསྟན་ཏོ། །སྟོད་ནི་གཤིན་རྗེ་སྟོང་པས་ཞེས་པའི་ཚིག་རྐང་གཅིག་གིས་མངོན་སྤྱོད་ཀྱི་སྐུ་བསྟན་ཏོ། །ཚངས་པ་སྟོང་ལས་ཞེས་པའི་ཚིག་རྐང་གཅིག་གིས་ཞི་བའི་སྐུ་བསྟན་ཏོ། །དཀྱིལ་འཁོར་ཞེས་པའི་ཚིག་རྐང་གཅིག་གིས་རྒྱས་པའི་སྐུ་བསྟན་ཏོ། །དེ་བསྟན་ནས་ ཅི་མཛད་ཅེ་ན། ཕྲིན་ལས་བཞི་མཛད་པ་ཡིན་ཏེ། ཐམས་ཅད་རྣམ་པར་དག་པར་མོས་པའི་གདུལ་བྱ་བཞི་ལ། ངོ་མཐོན་སྟོབས་ཀྱིས་མནན་ནས་ཡི་གེ་ཧི་བཞིས་མངོན་སུམ་གྱི་ལམ་བསྟན་ཏོ། །དེ་ཡང་སུ་ཡིན་ཞེ་ན་དབང་ཕྱུག་ཐམས་ཅད་ཤིག་ཞིག་པས་ལྷ་བཞི་པ་བརྒྱལ་དུ་ བཅུག་པ་ཡིན་ནོ། །དེ་ཡང་ཧུ་ལུ་ཧུ་ལུའི་སྒྲས་དབང་ཕྱུག་ཆེན་པོ་མནན་ནས་གསུམ་གྲུབ་མ་ཕྲོགས་པ་ཡིན་ནོ། །མ་ཏ་མ་ཏའི་སྒྲས་མཐུ་བོ་ཆེ། མནན་ནས་དཔལ་མོ་ཕྲོགས་སོ། །སྨ་ན་ཏའི་སྒྲས་ཚངས་པ་མནན་ནས་དབང་མོ་ཕྲོགས་པ་དང་འདོད་ལྷ་མནན་ནས་དགའ་བ་མེ་ཕྲོགས་སོ། ། 26-1-423a རྟ་མཆོག་གི་ཕྲིན་ལས་བཞི་བསྟན་པ་ནས། ལྷ་མོ་བཞི་དང་མཉམ་པར་སྦྱོར་བས་ཨ་ལ་ལ་ཧོ་ཞེས་གསུངས་པ་ཡིན་ནོ། །མ་འོངས་པའི་གསང་སྔགས་ཀྱི་སྒོར་སྤྱད་པ་སྤྱོད་པ་རྣམས་ཀྱང་ཁྲོ་ཞིང་གཏུམ་པའི་སྟོབས་ཀྱིས་བདག་པོ་རྣམས་མནན་ནས་ལྷ་མོ་རྣམས་དང་སྦྱོར་ བའི་ཚེ་ཨ་ལ་ལ་ཧོ་ཞེས་གསུངས་པ་ཡིན་ནོ། །རྗེས་འཇུག་རྣལ་འབྱོར་པས་བདག་པོ་བཞི་བརྒྱལ་དུ་གཞུག་པའི་སྔགས་ནི་ཨོཾ་སུཾ་བྷ་ནི་ཞེས་པ་ནས་ཧཱུཾ་ཕཊ་ཅེས་པའི་བར་གྱིས་གསུངས་སོ། །དེ་ལྟར་མངོན་སྤྱོད་ཀྱིས་སྒྲོལ་བ་དང་། འདོད་ཆགས་ཀྱི་སྦྱོར་བས་ཇི་ལྟར་སངས་རྒྱས་ པར་འགྱུར་ཞེ་ན། མཛའ་བོ་མི་ལ་བྱའམ་མི་བྱ་བ། །དེ་དག་ཡོངས་སུ་རྟོག་པ་མེད་ཀྱང་སླ། །ཞེས་པ་ལ་སོགས་པ་གསུངས་ཏེ། རང་བཞིན་བརྒྱད་ཅུ་དང་བྲལ་བས་གཟུང་འཛིན་མེད་པའི་ཡེ་ཤེས་སྐྱེས་པ་ན། སྒྱུ་མ་ལྟ་བུར་ངེས་པས་མཛའ་བ་དང་། མི་མཛའ་བ་སུ་ཞིག་ཀྱང་མེད་དོ། ། དེ་བཞིན་དུ་རྒོལ་བ་རྣམས་སྒྱུ་མ་ལྟ་བུར་ཤེས་ནས་དགྲ་བོ་བྱ་བ་སུ་ཡང་མེད་དོ། །གླུ་འདི་བླངས་པའི་ཞེས་པའི་ཤློ་ཀ་གཅིག་གིས་ཕན་ཡོན་བསྟན་ཏོ། །དེ་ལྟར་ཕྱག་རྒྱ་ཆེན་པོ་བསྟན་ནས། དམ་ཚིག་གི་ཕྱག་རྒྱ་བཤད་པ་ནི། མཛུབ་མོ་མཐེ་བོ་མནན་ནས་ཞེས་པ་ལ་སོགས་པ་ གསུངས་ཏེ། རྡོ་རྗེ་ཐལ་མོ་སྦྱར་ལ། མཛུབ་མོ་དང་མཐེ་བོའི་ཚིགས་ཀྱི་རྩེ་མོ་མནན་ལ་གུང་མོའི་རྩེ་མོ་ནི་དཔལ་གྲུབ་པའི་སྤྱན་ཞེས་བྱ་སྟེ། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་དངོས་གྲུབ་གྲུབ་པའི་དམ་ཚིག་གི་ཕྱག་རྒྱའོ། །རྣམ་སྣང་གི་དཀྱིལ་འཁོར་གྱི་ཕྱག་རྒྱ་ནི། རྡོ་རྗེ་ཐལ་མོ་ མཉམ་སྦྱར་ལ། །ཞེས་པ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཐལ་མོ་གཉིས་སྦྱར་ནས་མཛུབ་མོ་གཉིས་བཀུག་སྟེ། མཐེ་བོའི་རྩེ་མོར་སྦྱར་ལ་ཐལ་མོའི་མཐེ་བོང་སྟེང་དུ་བྱའོ། །ཧེ་རུ་ཀའི་དཀྱིལ་འཁོར་གྱི་ཕྱག་རྒྱ་ནི། རྡོ་རྗེ་ཐལ་མོ་གྱེན་དུ་ཕྱེ་ནས། མཛུབ་མོ་གཉིས་རྩེ་མོ་བཀུག་ལ་ མཐེ་བོང་གཉིས་ཀྱིས་མནན་ཏེ། ངལ་བསོ་བོ་མནན་ནས། དཔལ་མོ་ཞེས་བྱ་བའི་གནོད་སྦྱིན་མ་ཕྲོགས་ནས་འོངས་ཏེ།དགའ་བ་བཞི་བསྐྱེད་པས་བྱའོ། །པདྨ་གར་དབང་གི་ཕྱག་རྒྱ་ནི། རྡོ་རྗེ་ཐལ་མོ་མཉམ་པར་སྦྱར་ནས་གུང་མོ་བརྐྱང་ལ་མཐེ་བོ་མཐེ་ཆུང་གཉིས་པདྨ་བཞི་པའི་ཚུལ་དུ་ 26-1-423b ནི་རྡོ་རྗེ་ཉི་མའི་དཀྱིལ་འཁོར་གྱི་ཕྱག་རྒྱ་ནི། རྡོ་རྗེ་ཐལ་མོ་མཉམ་པར་སྦྱར་ལ། མཛུམ་མོ་གཉིས་བཀུག་ནས། མཐེ་བོས་བཀབ་པ་ནི་དཔལ་གྱི་ནོར་བུ་ཞེས་བྱའོ། །རྟ་མཆོག་གི་ཕྱག་རྒྱ་ནི། རྡོ་རྗེ་ཐལ་མོ་སྦྱར་ལ། མཐེ་ཆུང་དང་སྲིན་ལག་གཞིབས་ནས་བརྐྱང་ལ་མཛུབ་མོ་གཉིས་རྩེ་མོ་བཀུག་ པ་ནི་ཕྱག་རྒྱའོ། །དེ་ལྟར་དམ་ཚིག་གི་ཕྱག་རྒྱ་བསྟན་ནས། རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་དམ་ཚིག་ཆེན་པོའི་ཕྱག་རྒྱ་བསྒོམ་པ་ནི། ལུས་ངག་སེམས་ནི་རྡོ་རྗེ་ཞེས་པ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་པའི་ལུས་ངག་སེམས་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ལྷར་བསྒོམས་ལ། མཚན་མའི་ཕྱག་རྒྱ་བཟུང་ནས་བསྙེན་སྒྲུབ་བཞིའི་ཚུལ་གྱིས་ཐམས་ཅད་གསུང་གི་ལྷའི་སྦྱོར་བས་བསྐྱེད་ལ་བདག་ཉིད་ལྷར་བསྒོམ་པར་བྱ་སྟེ། དཀྱིལ་འཁོར་དྲུག་གི་ལྷ་སོ་སོ་རང་རང་གི་དཀྱིལ་འཁོར་བསྒོམ་པར་བྱའོ། །ཅིའི་ཕྱིར་དམ་ཚིག་ཅེས་བྱ་ཞེ་ན། སྐུ་གསུང་ཐུགས་ལ་སྟོང་པ་ ཉིད་ཀྱིས་རྒྱས་བཏབ་ནས། སྒྱུ་མ་དང་སྟོང་པ་ཉིད་ཀྱི་ཆོས་ཀྱི་དབྱིངས་ལས་མི་འདའ་བས་དམ་ཚིག་ཆེན་པོ་ཞེས་བྱའོ། །ད་ནི་ཚོགས་ཀྱི་འཁོར་ལོའི་དམ་ཚིག་ཆེན་པོ་བཤད་པ་ནི། རྡོ་རྗེ་སེམས་དཔའ་རྣལ་འབྱོར་ཞེས་པ་ལ་སོགས་པ་གསུངས་ཏེ། ལྷའི་གཟུགས་དང་ཆ་བྱད་དང་ ལྡན་པར་བསྒོམ་པའོ། །བདེ་བ་ཉིད་ཀྱིས་ཀུན་གྱི་བདག །ཅེས་པ་ལྷན་ཅིག་སྐྱེས་དགའི་བདེ་བ་ཉིད་ཀྱིས་འདོད་ཡོན་ཀུན་གྱི་བདེ་བའི་བདག་ཉིད་དུ་འདོད་ཡོན་ལྔ་ལ་འཇུག་པར་བྱའོ། །དེ་ཇི་ལྟར་དམ་ཚིག་ཆེན་པོ་ཡིན་ཞེ་ན། ཆགས་པ་མེད་ཅིང་མ་ཆགས་མེད། །དབུ་མ་ཡང་ ནི་དམིགས་སུ་མེད། །ཅེས་པ་ཡུལ་དང་ཡུལ་ཅན་གྱི་སྟོང་པ་ཉིད་བསྒོམས་པའི་རྡོ་རྗེ་སེམས་དཔའི་སྦྱོར་བའོ། །ཡོད་པ་མ་ཡིན་མེད་པའང་མིན། །དབུ་མར་ཡང་ནི་དམིགས་སུ་མེད། །ཅེས་པ་སེམས་ཀྱི་སྟོང་ཉིད་བསྒོམས་པ་དབང་བཞི་པའི་ཏིང་ངེ་འཛིན་སྐྱེ་བར་འགྱུར་ བས། རྣམ་སྣང་གི་སྐུ་འོད་གསལ་ལྟ་བུ་བསྒོམས་པས། རྣམ་སྣང་གི་སྦྱོར་བའི་ཕྱག་རྒྱའོ། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ཅེས་པ་ལ་སོགས་པས་འོད་གསལ་གྱི་རང་བཞིན་ནོ། །ཧེ་རུ་ཀའི་གཟུགས་སུ་བསྒོམས་ནས་སྔགས་ 26-1-424a སྐྱེས་ཞིང་སྐྱེས་ཡེ་ཤེས་ལས་སྐྱེས་བུད་མེད་རིན་པོ་ཆེ་ལ་སོགས་པ་ལ་ལོངས་སྤྱོད་པ་འདོད་པའི་དབང་ཕྱུག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཧེ་རུ་ཀ་ཡི་སྦྱོར་བའོ། །ཇི་ལྟར་པདྨ་དམར་པོ་འདི། །ཞེས་པ་ལ་སོགས་པས་འོད་གསལ་གྱི་རང་བཞིན་ གྱི་པདྨ་གར་དབང་གི་སྦྱོར་བའོ། །ཤིན་ཏུ་གདུག་ཅིང་དྲག་པོ་ལ། །ཞེས་པ་ལ་སོགས་པས་འོད་གསལ་གྱི་སྣང་བ་སྟེ་རྡོ་རྗེ་གླུ་མའི་སྦྱོར་བའོ། །ཐམས་ཅད་དག་པར་མོས་པ་ཡི། །ཞེས་བྱ་བ་ལ་སོགས་པས་འོད་གསལ་གྱི་རང་བཞིན་རྡོ་རྗེ་ཉི་མ་དང་རྟ་མཆོག་གི་གཟུགས་སུ་ བསྒོམ་པ་སྟེ། རྟ་མཆོག་གི་སྦྱོར་བའི་ཕྱག་རྒྱའི་ཡེ་ཤེས་སོ། །དེ་ལྟར་དངོས་གྲུབ་སྒྲུབ་པའི་ཕྱག་རྒྱ་ཉི་ཤུ་རྩ་བརྒྱད་ལས་ཕྱག་རྒྱ་ཆེན་པོ་དམ་ཚིག་རྡུལ་ཚོན་བསྒོམ་པའི་དམ་ཚིག་ཆེན་པོའོ། །ཚོགས་འཁོར་གྱི་ལྷ་བསྒོམ་པའི་སྦྱོར་བའི་ཕྱག་རྒྱའི་ཡེ་ཤེས་གསུངས་ པ་ཡིན་ནོ།། །།ད་ནི་ཐམས་ཅད་ཀྱི་སྦྱོར་བའི་ཕྱག་རྒྱ་ནི། སྦྱོར་བ་ཇི་སྙེད་ཡོད་པ་ཀུན། །ཞེས་པ་ལ་སོགས་པ་གསུངས་ཏེ། དཀྱིལ་འཁོར་སྤྲུལ་པའི་རྣལ་འབྱོར་པས་བསྙེན་སྒྲུབ་བཞིས་ཇི་ལྟ་བ་བཞིན་བསྒོམས་ནས་ཕྲིན་ལས་བཞིའི་དབྱེ་བ་རྣམ་པ་སྣ་ཚོགས་པས་ རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་དྲུག་གི། ཞི་བ་དཀར། རྒྱས་པ་སེར། དབང་དམར། མངོན་སྤྱོད་ནག་པོའི་གདོང་རྒྱན་དང་བཅས་པ་བགོས་གར་མཁན་གྱི་སྟོང་པ་བཞིན་དུ། ལྷ་རྣམས་བསྒོམ་པའི་ཚེ་ཆ་བྱད་སྤོངཞིང་སྒོམ་པ་ན། རྡོ་རྗེ་སེམས་དཔའ་ལ་སོགས་ པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །བྱ་བ་དང་ནི་ཟློག་པ་དང་། །ཞེས་པ་ལ་སོགས་པས་དཀྱིལ་འཁོར་དྲུག་གི་ཤིན་ཏུ་སྦྱོར་བའི་ཕྲིན་ལས་ཀྱི་དངོས་གྲུབ་བསྟན་ཏེ། བྱ་བ་ནི་ཕན་འདོགས་པ་དང་ཟློག་པ་ཚར་ཆོད་པའོ། །ཁྱད་པར་དུ་འཕྲོག་པ་ནི་དབང་ཕྱུག་ལ་ སོགས་མནན་ནས་ལྷ་མོ་རྣམས་འཕྲོག་པའོ། །ཡན་ལག་ཀུན་དུ་བྱེད་པ་ཡིས། །ཞེས་པ་ལུས་ངག་ཡིད་གསུམ་དབང་དུ་བྱེད་པའི་ཡན་ལག་གི་ནོར་ཡང་འཕྲོག་པའོ། །ལོངས་སྤྱོད་པ་ནི་འོ་བྱེད་པ་དང་འཁྱུད་པ་ལ་སོགས་པས་ཁམས་གསུམ་པ་ལ་རྒྱས་འདེབས་པའོ། ། 26-1-424b ཐིམ་པ་ནི་ཡེ་ཤེས་ཐིམ་པས་ཐར་པ་དང་། སྲོག་ཐིམ་པས་གསོད་པ་དང་། ཤི་བ་ལས་དེ་མ་ཐག་སློང་བར་བྱེད་པའོ། །དེ་ལྟར་དཀྱིལ་འཁོར་དྲུག་གི་ཕྱག་རྒྱ་བཤད་པའོ། །བཞིན་གྱི་ཕྱག་རྒྱ་ནི། རྡོ་རྗེ་སེམས་དཔའི་ཞལ་མཛེས་པ་དང་། བུད་མེད་ཀུན་གྱི་སྒྱུ་མ་ཆེ། ། ཞེས་པ་ལ་སོགས་པས། བདེ་མཆོག་མ་ལ་སོགས་པ་ལྷ་མོ་ཉི་ཤུའི་སྒེག་པའི་ཉམས་དང་ལྡན་པའོ། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་རང་བཞིན་གྱི་ཕྱག་རྒྱ་ནི། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །རབ་ཏུ་དགའ་བས་ལྟ་ཞིང་འཛུམ། །ཞེས་པ་ལ་ སོགས་པའོ། །ཧེ་རུ་ཀའི་བཞིན་གྱི་ཕྱག་རྒྱ་ནི་དགུ། སྒེག་པ་ལ་སོགས་ཉམས་དང་ལྡན། །ཞེས་པ་ལ་སོགས་པའོ། །པདྨ་གར་དབང་གི་བཞིན་གྱི་ཕྱག་རྒྱ་ནི། སྒེག་པའི་ལྟ་བས་གར་བྱེད་ཅིང་། །ཞེས་པ་ལ་སོགས་པ་གསུངས་སོ། །རྡོ་རྗེ་ཉི་མའི། མཆེ་བ་ཅུང་ཟད་གཙིགས་ པའི་ཁ། །ཞེས་པ་ལ་སོགས་པ་གསུངས་སོ། །རྟ་མཆོག་གི་ནི། འདོད་ཆགས་མོས་པས་གཡེམ་སྤྱོ་བ། །ཞེས་པ་ལ་སོགས་པ་གསུངས་སོ། །བཞིན་གྱི་ཕྱག་རྒྱ་བཤད་ནས། འཛུམ་པའི་ཕྱག་རྒྱ་ནི། ལྷ་མོ་ཀུན་གྱི་བདེ་བ་མཆོག །ཅེས་པ་ལ་སོགས་པའོ། །བདེ་མཆོག་ མའི་འཛུམ་པའི་ཕྱག་རྒྱ་ནི། འདོད་ཆགས་བདེ་བས་གཡེམ་སྤྱོ་བ། །ཞེས་པ་ལ་སོགས་པའོ། །ངོ་མཚར་བདེ་བ་ནི། སྦྱོར་བ་ཀུན་གྱི་བདེ་བའི་མཆོག །ཅེས་པ་ལ་སོགས་པའོ། །སྣང་མཛད་མའི་ནི། ཤ་ཆེན་རོ་ནི་མྱོང་བ་ཡི། །ཞེས་པ་ལ་སོགས་པའོ། །སློབ་མ་མོའི་ནི། བདེ་བ་ཀུན་ཀྱི་རོ་མྱོང་ཞིང་། །ཞེས་པ་ལ་སོགས་པའོ། །དེ་བཞིན་གཤེགས་པ་ལ་སོགས་པའི་དཀྱིལ་འཁོར་ལྔའི་ནི། འཛུམ་པའི་ཕྱག་རྒྱ་མཆོག་འདི་ནི། །ཁམས་གསུམ་དག་ཀྱང་ཟ་བར་བྱེད། །ཅེས་པ་ལ་སོགས་པ་ཤློ་ཀ་ཕྱེད་དང་གཉིས་ཀྱིས་ཐུན་མོང་དུ་གསུངས་སོ། །ལྟ་བའི་ ཕྱག་རྒྱའི་ཡེ་ཤེས་ནི། བདེ་བ་སྟོང་པས་རབ་འབྱོར་བ། །ཞེས་པ་ནས་འཚོ་བ་བྱེད་ཅེས་པའི་བར་གྱིས་རྡོ་རྗེ་སེམས་དཔའ་ལྟ་བ་བསྟན་ཏོ། །བུད་མེད་མཁས་པ་ཞེས་ཤློ་ཀ་གཅིག་བདེ་མཆོག་མ་ལ་སོགས་པའོ། །སངས་རྒྱས་གསང་བ་མཉམ་སྦྱོར་བ། །ཞེས་པ་ལ་ 26-1-425a སོགས་པ་ཤློ་ཀ་གཅིག་གིས་དེ་བཞིན་གཤེགས་པའི་དཀྱིལ་འཁོར་བསྟན་ཏོ། སྨིན་མཚམས་ཁྲོ་གཉེར་ཞེས་པ་ཤློ་ཀ་གཅིག་གིས་ཧེ་རུ་ཀའི་ལྟ་བ་བཤད་དོ། །ཁྲོ་ཞིང་འགྱུར་ཞེས་པ་ཤློ་ཀ་གཅིག་གིས་རྡོ་རྗེ་ཉི་མ་དང་རྟ་མཆོག་ཐུན་མོང་གི་ལྟ་བ་བཤད་དོ། ། བརྡེག་པ་ལ་སོགས་པ་ཞེས་པ་ལྟ་བུ་ཤློ་ཀ་གཅིག་གིས་པདྨ་གར་དབང་གི་བསྟན་ཏོ། །དེ་ལྟར་ན་ཐམས་ཅད་སྦྱོར་བའི་ཕྱག་རྒྱ་དང་། བཞིན་གྱི་འཛུམ་པའི་ལྟ་བའི་ཕྱག་རྒྱ་སྟེ་རྣམ་པ་བརྒྱད་དོ། །ཆོས་ཀྱི་ཕྱག་རྒྱ་ནི། མ་སྐུ་ཐམས་ཅད་བུ་དྲེ་བྱ། །ཞེས་པ་ལ་སོགས་པ་རྡོ་རྗེ་སེམས་ དཔའི་དཀྱིལ་འཁོར་གྱི་ཆོས་ཀྱི་ཕྱག་རྒྱ་བསྟན་ཏོ། །རུ་རུ་སྥུ་རུ་ཞེས་པ་ལ་སོགས་པ་རྣམ་སྣང་གིའོ། །སུ་བ་ག་སྟེ་ཞེས་པ་ལ་སོགས་པ་དཔལ་ཆེན་པོའི་དཀྱིལ་འཁོར་གྱིའོ། །ཨོཾ་ཏཱ་རེ་ཞེས་པ་ལ་སོགས་པ་སྒྲོལ་མའི་སྔགས་པདྨ་གར་དབང་གིའོ། །ཏྲཾ་བ་བ་ཏ་ཞེས་པ་ ལ་སོགས་པ་མཱ་མ་ཀཱིའི་སྔགས་ནི་རྡོ་རྗེ་ཉི་མའོ། །ཤཱི་བཛྲ་པདྨ་བྷ་བ་ཏ་མུ་ཁ་ཞེས་པ་ལ་སོགས་པ་རྟ་མཆོག་གི་དཀྱིལ་འཁོར་གྱིའོ། །དཀྱིལ་འཁོར་དྲུག་གི་ཆོས་ཀྱི་ཕྱག་རྒྱའི་ཡེ་ཤེས་སོ། །གླུའི་ཕྱག་རྒྱའི་ཡེ་ཤེས་ནི། སྐད་ཀྱི་གསང་ནི་མཐོན་དམན་དུ། །ཞེས་པ་ལ་སོགས་ ཧཱུཾ་ཧཱུཾ་ཞེས་པ་ལ་སོགས་པའི་སྒྲས་ཡི་གེ་སུམ་ཅུ་རྩ་གཉིས་ཀྱི་ཚད་དུ་འདོན་པའི་ཀ་ཀ་ལ་ཞེས་པ་དབྱངས་སྙན་པ་དང་། ཤརྫ་བ་ཞེས་པ་ལ་སོགས་པས་རྫ་རྔ་ལ་སོགས་པ་བརྡུང་ཞེས་བླང་ངོ་། །རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱིའོ། །ཨོཾ་གྱི་གླུ་ཡི་ཕྱག་རྒྱ་ནི། །ཞེས་པ། ཚངས་པའི་ དབྱངས་ཨོཾ་ཡི་གེ་སུམ་ཅུ་རྩ་གཉིས་སུ་འདོན། །གླུ་བླངས་ཤིང་རྔ་རིངས་ལ་སོགས་པ་བརྡུང་བར་བྱའོ། །རྣམ་སྣང་གིའོ། །རྡོ་རྗེ་དྲག་མོ་གད་མོ་ཆེ། །ཞེས་པ་ལ་སོགས་པ་རུ་ལུ་རུ་ལུའི་སྒྲ་ཧི་དང་། ཧཱུཾ་གཅིག་དང་བཅས་པས་གླུ་ལེན་ཅིང་རྔ་བོ་ཆེ་བརྡུང་བ་ཧེ་རུ་ཀའིའོ། ། ཏེ་ན་ཏེ་ཞེས་པ་ ལ་སོགས་པ་གླུའི་ཕྱག་རྒྱ་དང་། རྔ་དྲ་བ་ཅན་བརྡུང་བ་པདྨ་གར་དབང་གིའོ། །ཧི་ཞེས་བྱ་བ་ཡི་གེ་བཅུ་དྲུག་གི་ཚད་དུ་འདོན་ཏོ། །རྔ་ཟླུམ་བརྡུང་བའི་གླུའི་ཕྱག་རྒྱ་ནི་རྡོ་རྗེ་ཉི་མའིའོ། །ཧཾ་ཞེས་པ་རྟ་མཆོག་གི་བསླང་ངོ་། །ཀ་ཀ་ཞེས་པས་འགྲེ་འགྱུར་སུམ་བརྩེགས་ཡོད་པ་དང་། ཀ་ 26-1-425b གཉིས་ཞེས་པ་འགྲེ་འགྱུར་མི་མཐུན་པ་ཡོད་པ་དང་། རབ་གདངས་སྙན་པ་ཞེས་པ་གླུའི་མཐའ་གསལ་བར་འདོན་པ་དང་། ཀ་ཧི་ལ་ཞེས་པ་ཟངས་དུང་བཞིན་རྒྱ་གླུ་ལེན་པའོ། །དཀྱིལ་འཁོར་དྲུག་གི་གླུའི་ཕྱག་རྒྱའི་ཡེ་ཤེས་ནི། སིལ་སྙན་གྱི་ཕྱག་རྒྱ་བཤད་པ་ནི། གླིང་བུ་དང་ནི་ རྒྱུད་གཅིག་ནི། །ཞེས་པ་ལ་སོགས་པ་གསུངས་ཏེ། གླིང་བུ་ནི་བུ་ག་བཅུའམ་ཁམས་ལྔ་དང་བཅས་པའོ། །རྒྱུད་གཅིག་ནི་འཛེང་ངོ་། །རྒྱུད་མངས་ནི་དགུ་པོ་རྒྱུད་མངས་སོ། །རྒྱུད་སྟུག་པོ་ནི་རྒྱུད་ཉི་ཤུ་རྩ་གཅིག་པའོ། །སིལ་སྙན་ནི་པི་ཝང་རྫ་རྔ་སྟེ། དཀྱིལ་འཁོར་དྲུག་གི་ལྷའི་ ཆ་བྱད་བཟུང་ནས་ལྷའི་ཟློས་གར་བཞིན་དུ་སིལ་སྙན་བརྡུང་ཞིང་གླུ་བླངས་ན་དངོས་གྲུབ་ཟླ་བ་བཞིས་འགྲུབ་པའམ་ཟླ་བ་གཅིག་གིས་འགྲུབ་པར་འགྱུར་རོ། །སྙིང་པོ་ནི་རིགས་བཞིའི་གཙོ་བོའི་སྔགས་སོ།ཕྱག་རྒྱ་ནི་ལྷ་མོ་རྣམས་ཀྱི་སྔགས་སོ། །སྔགས་ནི་བཟླས་པའི་ སྔགས་སོ། །རིག་པ་ནི་མཆོད་པའི་སྔགས་སོ། །བྱ་བ་རྣམ་པ་སྣ་ཚོགས་ནི། རྐང་པའི་གར། ལག་པའི་གར། མིག་གི་བལྟ་བ་དང་བཅས་པའོ། །རྣམ་པར་སེལ་ལ་སོགས་པའི་ཐབས་ནི། དགོད་དང་བལྟས་དང་། ལག་བཅངས་དང་། འཁྱུད་པ་ལ་སོགས་པའི་ཐབས་སོ། ། དེ་ལྟར་ཐུན་མོང་གི་སིལ་སྙན་གྱི་ཕྱག་རྒྱ་བཤད་ནས། ཁྱད་པར་གསུངས་པ་ནི། ཛཿཧཱུཾ་བཾ་ཧོཿརུ་ཊ་ཅེས་པ་ལ་སོགས་པ་ནས། རྒྱུན་གྱི་ངའོ་ཞེས་པའི་བར་གྱིས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་རྔ་བརྡུང་བའི་གླུའིའོ། །ཨཾ་ཨཾ་ཞེས་པ་ནས་དམ་ཚིག་གསུམ་གྱི་རྔའོ་ཞེས་ པའི་བར་གྱིས་རྣམ་སྣང་གི་གླུའོ། །དེ་འོང་ཞེས་པ་ནས་ཧེ་རུ་ཀའི་རྔའི་ཕྱག་རྒྱའི་ཞེས་པའི་བར་གྱིས་ཧེ་རུ་ཀའིའོ། །པདྨ་པདྨ་ཏྲི་ཞེས་པ་ནས། ཐལ་མོ་བརྡེབ་པའི་རྔའོ་ཞེས་པའི་བར་གྱིས་པདྨ་གར་དབང་གིའོ། །ཏྲཾ་ཏྲཾ་ཞེས་པ་ནས་རྒྱལ་པོའི་རྔའོ་ཞེས་པའི་བར་གྱིས་རྡོ་རྗེ་ ཉི་མའོ། །ཏ་ཀི་ཧཱུཾ་ཞེས་པ་ནས་མྱུར་བའི་རྔའོ་ཞེས་པའི་བར་གྱིས་རྟ་མཆོག་གི་ཞི་བའི་འགྲོས་དང་། རྒྱས་པ་དང་། དབང་དང་མངོན་སྤྱོད་ཀྱི་འགྲོས་བསྟན་ཏོ། །སིལ་སྙན་གྱི་ཕྱག་རྒྱའི་ཡེ་ཤེས་ནི་ཐུན་མོང་དུ་གསུངས་སོ། །ཀུན་སྙིང་ལྟར་ཡི་གེ་རེ་རེ་དང་ལྷ་རེ་རེ་སྦྱོར་ 26-1-426a བའི་བཤད་པ་ནི། རྒྱུད་ཡོད་པ་ཡོང་མ་ཡིན་ལ། མིང་མཚན་གྱི་དང་པོ་དང་ཐ་མ་བཟུང་བ་ལྟ་བུ་ཕན་ཚུན་མི་འགལ་བའི་ལུང་གི་འཐད་པ་ཡང་མེད་དོ། །ཨིནྡྲ་བྷཱུ་ཏིའི་ཞལ་སྔ་ནས་གླུ་འདི་རྣམས་ཀྱིས་སིལ་སྙན་བརྡུངས་ལ། སྒྲ་ཡི་རྡོ་རྗེ་ཉམས་ལས་གནས་མེད་དང་། ། ལྷག་མཐོང་སྒྲ་ཡི་དེ་ཉིད་ཤེས་པ་ཡིན། །སིལ་སྙན་སྒྲ་དང་གཟུགས་རྣམས་ལ། །གང་གིས་སྟོང་ཉིད་དེ་ཤེས་པས། །དེ་ཡི་མཛད་པ་འདུས་པ་ཡིས། །བདེ་བའི་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་གསུངས་སོ། །དེ་ལྟར་སིལ་སྙན་གྱི་ཕྱག་རྒྱ་ཡེ་ཤེས་བསྟན་ནས། ཡེ་ཤེས་བསྡུ་ བའི་ཕྱག་རྒྱ་བསྟན་པ་ནི། རྡོ་རྗེ་སེམས་དཔའི་བདག་སྦྱོར་བས། །ཞེས་པ་ནས། ཐལ་མོ་དཀྱིལ་འཁོར་བསྡུ་བར་བྱ། །ཞེས་པའི་བར་གྱིས་བསྟན་ཏོ། །བསྡུ་བ་བྱས་པའི་རྗེས་ལ་གླུ་དང་སིལ་སྙན་གར་བྱས་པས་དེ་བཞིན་གཤེགས་པ་རྣམས་མཉེས་པར་བྱ་བའི་ཕྱིར་ཉམས་ དགུ་བྱས་ཏེ། དཀྱིལ་འཁོར་རེ་རེ་ལ་ཡང་གར་གྱི་ཉམས་དགུས་མཆོད་པར་བྱ་སྟེ་ཞེས་བསྟན་པ་ཡིན་ཏེ། སྒེག་པ་རྡོ་རྗེ་སེམས་དཔའོ། །དཔའ་བ་དེ་བཞིན་གཤེགས་པའོ། །སྙིང་རྗེ་ཧེ་རུ་ཀའོ། །དགོད་པ་འཇིག་རྟེན་དབང་ཕྱུག་གོ། །ཁྲོ་བ་རྡོ་རྗེའི་ཉི་མའོ། །འཇིགས་པ་རྟ་ མཆོག་གོ། །མི་སྡུག་པ་ནི་མི་གཙང་བའི་རྫས་བསྒོམས་པ་སྟེ་ཤཱཀ་ཐུབ་པོ། །ངོ་མཚར་གྱི་དཀྱིལ་འཁོར་བཞིའི་མཁའ་འགྲོ་མ་རྣམས་སོ། །ཞི་བ་ནི་རྣམ་པར་སྣང་མཛད་ཆེན་པོ་སྟེ། རྒྱུའི་རྡོ་རྗེ་འཆང་དྲུག་གོ། །སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པ་ཞེས་པ་ འཁོར་ལོ་དྲུག་གི་ལྷའི་གར་བྱས་པས་འཁོར་ལོ་བཞིའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །རྡོ་རྗེ་སེམས་དཔའི་སྒེག་ཅེས་པ་ལ་སོགས་པ་རྒྱས་པར་བཤད་པ་སྟེ། ཨོཾ་རྡོ་རྗེ་སེམས་དཔའ་སྒེག་པ་ལ། །དཔའ་ལ་དཔལ་བོའི་དེ་བཞིན་གཤེགས། །ཞེས་པ་ནས། མཆོག་ཏུ་གྱུར་ པའང་རབ་ཏུ་སྩོལ། །སྭཱ་ཧཱ་ཞེས་པའི་བར་གྱིས་རྡོ་རྗེ་གླུ་བླངས་པ་བསྟན་པ་ཡིན་ནོ། །དེའི་ཕན་ཡོན་གསུངས་པ་ནི། ཐམས་ཅད་བདག་ཉིད་ཅེས་པ་ནས། །དམ་པ་སྟེར་བར་འགྱུར་ཞེས་པའི་བར་གྱིས་བསྟན་ཏོ། །བདེ་མཆོག་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་ཕྱག་རྒྱའི་ 26-1-426b སྦྱོར་བ་འདི་དག་གིས་ཞེས་པ་ནས། མཆོད་པ་རབ་ཏུ་སྦྱར་ཞེས་པའི་བར་གྱིས་གསུངས་སོ། །རྣམ་སྣང་གི་དཀྱིལ་འཁོར་གྱི་ཕྱག་རྒྱ་ནི། ཀུན་དུ་སྣ་ཚོགས་སྐལ་བཟང་པོ། །ཞེས་པ་ནས། སངས་རྒྱས་ཐམས་ཅད་འབྱུང་བར་འགྱུར། །ཞེས་པའི་བར་གྱིས་བསྟན་ཏོ། །དེ་ནས་ ལན་དུ་སླར་ཡང་ནི། །རྡོ་རྗེ་འཛིན་པ་ཆེན་པོར་འགྱུར། །ཞེས་པས་ཧེ་རུ་ཀའིའོ། །དེ་ནས་ལན་ཡང་ཚུལ་བཞིན་དུ། །པདྨ་གར་བྱུང་མཆོག་ཏུ་སྒྱུར། །ཞེས་པས་པདྨ་གར་དབང་གིའོ། །དེ་ནས་སླར་ཡང་ལན་དུ་ནི། །རྡོ་རྗེ་ཉི་མ་མཆོག་ཏུ་སྒྱུར། །ཞེས་པས་རྡོ་རྗེ་ཉི་མའོ། དེ་ནས་སླར་ཡང་སྒྱུར་བས་ཞེས་པ་རྟ་མཆོག་གིའིའོ། །དེ་ནས་སླར་ཡང་ནས། བདག་ཉིད་བྱུང་བར་རབ་ཏུ་འགྲུབ། །ཅེས་པས་ཐུན་མོང་གི་དངོས་གྲུབ་བསྟན་ཏོ། །དེ་ལྟར་སིལ་སྙན་མེད་ཀྱང་གར་གྱི་ཉམས་དགུ་མཆོད་པར་བསྣན་པ་ནི། དེ་ནས་ཕྱག་རྒྱ་ཞེས་པ་ཡིས། །སྡོམ་པ་ཐམས་ ཅད་རབ་སྟོན་པ། །རྡོ་རྗེ་སེམས་དཔའ་དཔལ་གྱི་གླུ། །ཁྱད་པར་དུ་ནི་བཤད་པར་བྱ། །ཞེས་པ་དང་བཅས་པས་བསྟན་ཏོ། །གླུ་གང་ཞེ་ན། ལ་ལར་དྲི་མེད་ཅེས་བྱ་བས་རྡོ་རྗེ་སེམས་དཔའ་དང་རྣམ་སྣང་གི་གླུ་བཤད་དོ། །ལ་ལར་རབ་ཏུ་འཇིགས་ཞེས་པས་ཧེ་རུ་ཀའི་གླུ་བསྟན་ཏོ། །ལ་ ལར་མདངས་བཟངས་ཞེས་པས་པདྨ་གར་དབང་གི་བསྟན་ཏོ། །ལ་ལར་འགྲོ་བ་ཐམས་ཅད་ཆེས་པས་རྡོ་རྗེ་ཉི་མ་བསྟན་ཏོ། །རྡོ་རྗེ་སེམས་དཔའ་འགྲུབ་པའི་ཕྱིར། །ཞེས་པས་རྟ་མཆོག་གི་བསྟན་ཏོ། །རྣམ་པ་མང་པོ་འདུལ་བར་མཛོད། །ཅེས་པ་ལ་སོགས་པས་དཀྱིལ་འཁོར་ དྲུག་གི་འཁོར་བསྟན་ཏོ། །འདི་དག་གླུ་ནི་བླངས་པ་ཡིས། །ཞེས་པ་ལ་སོགས་པས་ཕན་ཡོན་བསྟན་ཏོ། །དེ་ལྟར་རབ་ཏུ་གར་བྱས་ཏེ། །ཞེས་པ་ལ་སོགས་པས། གར་མ་ཤེས་ན་ཕམ་པ་དང་ལྟུང་བར་འགྱུར་བ་ཡིན་པས་ཚོགས་ཀྱི་འཁོར་ལོའི་ཟས་དང་། གཡོག་དང་བཅས་ པ་དབུལ་བར་བྱའོ། །མཆོད་པའི་ཆོ་ག་འདི་དག་གིས། །ཞེས་པ་སྔར་བཤད་པའི་རིགས་བཞིའི་ཚོགས་ཀྱི་འཁོར་ལོའི་དབང་པོ་དང་རྣལ་འབྱོར་མ་བཀོད་ལ་མཆོད་པའམ། ཡང་ན་དྲིའི་ཐིག་ལེའམ། མེ་ཏོག་གི་ཚོམ་བུ་དང་། ཡིག་འབྲུ་དང་ཕྱག་མཚན་དང་ཕྱག་རྒྱ་ཆེན་པོ་ 26-1-427a བཀོད་ལ་ལས་དང་པོ་པས་མཆོད་པ་བྱས་ནས། སྡིག་པ་ཀུན་ལས་ཐར་བ་དང་། བསོད་ནམས་ཐམས་ཅད་འཕེལ་ལོ་ཞེས་ངེས་བརྗོད་ལས་ཀྱང་གསུངས་སོ། །ཆོས་ཀྱི་ཕྱག་རྒྱ་དང་། གླུའི་ཕྱག་རྒྱ་དང་། སིལ་སྙན་གྱི་དང་། གར་གྱི་ཕྱག་རྒྱ་ཞེས་པ་སྟེ་བཅུ་ གཉིས་སོ། །ཕྱག་རྒྱ་བཤད་པ་ནི་རབ་ཏུ་དགའ་བ་ཞེས་པ་ནས། ཨ་ལ་ལ་ཧོ་ཞེས་པའི་བར་གྱིས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་གླུ་བཤད་དོ། །དེ་བཞིན་གཤེགས་པ་ཀུན་གྱི་མཁའ་འགྲོ་ཞེས་པ་ནས་གདོན་མི་ཟ་བ་ཞེས་པའི་བར་གྱིས་རྣམ་སྣང་གི་གླུའོ། །རྡོ་རྗེ་སེམས་དཔའ་བསྡུས་ པས་ན། །ཞེས་པ་ནས། རྡོ་རྗེ་དྲིལ་བུ་རབ་ཏུ་འཁྲོལ་བ་ལ་ཕྱག་འཚལ་ལོ་ཞེས་པའི་བར་གྱིས་ཧེ་རུ་ཀའོ། །ལ་ལར་རབ་ཏུ་དྲན་ཞེས་པ་ནས། གྲུབ་པ་སྟོན་ཞེས་པའི་བར་གྱིས་པདྨ་གར་དབང་གི་གླུའོ། །ཐམས་ཅད་དབང་བསྐུར་ཞེས་པ་ནས། གྲུབ་པར་མཛོད་ཅེས་པའི་བར་ གྱིས་རྡོ་རྗེ་ཉི་མའི་གླུའོ། །ལ་ལར་མཁས་པའི་ཞེས་པ་ཤློ་ཀ་གཅིག་གིས་རྟ་མཆོག་གི་དཀྱིལ་འཁོར་གྱི་གླུའོ། །གླུའི་མཆོད་པའི་ཡེ་ཤེས་བསྟན་ནས། མེ་ཏོག་ལ་སོགས་པའི་ཡེ་ཤེས་བསྟན་པ་ནི། མེ་ཏོག་དཀར་དང་དམར་བ་ལ། །ཞེས་པ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་མེ་ཏོག་བདུག་པ་མར་མེ་དྲི་ཆབ་དྲི་དང་ལྡན་པའི་ཞལ་ཟས་ཀྱི་གོང་བུ་བསྟན་པ་ཡིན་ནོ། །མེ་ཏོག་དམར་པོ་ཞེས་པ་ལ་སོགས་པ་གོ་སླའོ། །མཆོད་པའི་ཕྱག་རྒྱ་བསྟན་ནས། ཚོགས་འཁོར་གྱི་དུས་སུ་གཏོར་མ་ལ་སོགས་པའི་རྫས་བསྟན་པ་ནི། སྒེག་མོ་དང་ནི་ཆུ་དང་ཞེས་པ་ལ་སོགས་པས་སྟོན་ཏེ། ཕྱིས་བྱུང་བའི་རྡོ་རྗེའི་ཡེ་ཤེས་དང་སྦྱར་ནས་སྒེག་མོ་དང་ནི་ཆུ་ལ་སོགས་པ་སྟོན་ཏེ་གོ་སླའོ། །རྡོ་རྗེ་སེམས་དཔའིའོ། །སངས་རྒྱས་རྣམས་ལ་བཤོས་འབུལ་བ། །ཞེས་པ་ལ་སོགས་པ་ནས། རྟ་དབུལ་བ་ཞེས་པའི་བར་ གྱིས་སངས་རྒྱས་ལ་སོགས་པའི་འཁོར་ལོ་ལྔའི་མཆོད་པ་དང་གཏོར་མའི་ཆོ་གའོ། །དེ་ལྟར་གཏོར་མའི་ཕྱག་རྒྱའི་ཡེ་ཤེས་བསྟན་ནས། དབང་བསྐུར་བའི་ཕྱག་རྒྱ་སྟོན་པ་ནི། མཐེ་བོ་སེམས་དཔའི་སྐྱིལ་མོ་ཀྲུང་། །ཞེས་པ་ལ་སོགས་པ་གསུངས་ཏེ། མཐེ་བོང་བསྣོལ་ 26-1-427b ནས་མཛུབ་མོ་གཉིས་ཀྱི་རྩེ་མོ་བཀུག །གུང་མོ་གཉིས་ཀྱི་ཚིགས་མཉམ་པར་སྦྱར་ལ། ལྷག་མ་རྡོ་རྗེ་ཐལ་མོ་སྦྱར་ནས། སྤྱི་བོ་ལ་སོགས་པའི་གནས་ལྔར་གཏུགས་ནས། རིགས་ལྔའི་དབང་བསྐུར་བ་དང་། དེ་བཞིན་གཤེགས་པ་ལ་རིན་པོ་ཆེའི་ཅོད་པན་གྱི་དབང་བསྐུར་ བ་དང་ཚོགས་ཀྱི་དཀྱིལ་འཁོར་གྱི་དབུས་ཀྱི་རྡོ་རྗེ་སེམས་དཔའི་ཅོད་པན་གྱི་ཕྱག་རྒྱ་ནི། སོར་མོ་ཐམས་ཅད་ནང་དུ་བསྣོལ། །ཞེས་པ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ། མཛུབ་མོ་དང་མཐེ་བོ་རྩེ་མོར་སྦྱར་ནས། ཐོད་པ་སྐམ་པོའི་ཁ་དང་མིག་གི་ ཕུག་ལྟ་བུར་གཞག་པ་ནི་ཧེ་རུ་ཀ་པདྨ་གར་དབང་། རྡོ་རྗེ་ཉི་མ་རྟ་མཆོག་གི་བདག་པོའི་རིགས་བསྡུས་པའི་གཙོ་བོའི་དབང་བསྐུར་ཡིན་ནོ། །རྡོ་རྗེ་ཐལ་མོ་མཉམ་སྦྱར་ཏེ། །ཞེས་པ་ལ་སོགས་པས་དེ་བཞིན་གཤེགས་པའི་དབང་བསྐུར་བའི་ཕྱག་རྒྱ་བསྟན་ཏོ། །ལག་པ་ཤིན་ ཏུ་བརྐྱང་བ་ཡིས། །ཞེས་པ་ལ་སོགས་པས་ཧེ་རུ་ཀའི་དབང་བསྐུར་བ་བསྟན་ཏོ།། མཐེ་བོང་དཔའ་བོ་སྐྱིལ་མོ་ཀྲུང་། །ཞེས་བྱ་བ་ལ་སོགས་པས་པདྨ་གར་དབང་གི་ཕྱག་རྒྱ་བསྟན་ཏོ། །རྡོ་རྗེ་ཐལ་མོ་མཉམ་སྦྱར་བ། །ཞེས་པ་ལ་སོགས་པས། རྡོ་རྗེ་ཉི་མའི་དབང་བསྐུར་བའི་ ཕྱག་རྒྱ་བསྟན་ཏོ། །སངས་རྒྱས་རིན་ཆེན་པདྨོ་དང་། །ཞེས་བྱ་བ་ལ་སོགས་པས་རྟ་མཆོག་གི་དབང་བསྐུར་བའི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །དེ་ལྟར་དབང་བསྐུར་བའི་ཡེ་ཤེས་ཀྱི་ཕྱག་རྒྱ་བསྟན་ནས། ད་ནི་རྡོ་རྗེ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་ནི། སོར་མོ་ཐམས་ཅད་བསྣོལ་བ་ནི། །རྡོ་རྗེ་ ཐམས་ཅད་ཡིན་པར་བཤད། །ཅེས་བྱ་བ་ལ་སོགས་པ་ཐུན་མོང་གི་ཕྱག་རྒྱ་དམ་ཚིག་འབྱུང་བའི་རྒྱུ་བཤད་དོ། །ཐུན་མོང་གི་སྤྱན་དྲང་བའི་ཕྱག་རྒྱ་ནི། དེ་ལས་གུང་མོ་ལྕགས་ཀྱུ་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་བཞིན་གཤེགས་པ་ནི། རྡོ་རྗེ་བསྡམས་པ་བྱས་ནས་ནི། །ཞེས་པ་ལ་སོགས་ པ་གསུངས་སོ། །ཧེ་རུ་ཀ་ནི། རྡོ་རྗེའི་ཕྱག་རྒྱ་བཅིངས་པ་ལས། །ཞེས་པ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་དབབ་པ་དང་། རྡོ་རྗེའི་སྙིང་པོའི་ཕྱག་རྒྱ་གཉིས་ཧེ་རུ་ཀའི་ཕྱག་རྒྱ་ཡིན་ནོ། །རྡོ་རྗེ་བསྡམས་པ་ལ་སོགས་པ་ལ་གནས་ཏེ་ཞེས་པ་ལ་སོགས་པས་པདྨ་གར་དབང་གི་ཕྱག་རྒྱ་བསྟན་ཏོ། ། 26-1-428a རྡོ་རྗེའི་ཕྱག་རྒྱ་པདྨོར་བྱས་པ་ལས། །ཞེས་པས་རྡོ་རྗེ་ཉི་མའི་ཕྱག་རྒྱ་བསྟན་ཏོ། །རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་བཅིངས་ནས་ཞེས་པ་ལ་སོགས་པས་རྟ་མཆོག་གི་ཕྱག་རྒྱ་བསྟན་ཏོ། །རྡོ་རྗེ་ཐམས་ཅད་ཀྱི་ཕྱག་རྒྱ་དེ་ཤེས་པས་ཅི་ཞིག་བྱེད་ཅེ་ན། སྒྲུབ་པར་འདོད་པ་དང་། དངོས་གྲུབ་ལེན་པའི་གང་ཟག་གིས་རྡོ་རྗེ་ཐལ་མོ་བསྡམས་པ་དང་། གུང་མོ་གཉིས་ནང་དུ་བཅུག་པ་དང་། མཐེ་བོ་མཐེ་ཆུང་བརྐྱང་བས་ཡེ་ཤེས་འབེབས་པ་དང་། རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་སྒྱུར་བས་ལྷའི་སྐུར་བསྒོམ་པ་དང་། གུང་མོ་ལྕགས་ཀྱུ་བྱས་པས་ཡེ་ཤེས་སེམས་དཔའ་ སྤྱན་དྲང་བ་ནི། རྡོ་རྗེ་སེམས་དཔའི་དངོས་གྲུབ་དང་བསྒྲུབ་པའི་ཡན་ལག་ཏུ་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་སོགས་པ་ལྔ་ལ་ཡེ་ཤེས་དབབ་པ་དང་། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་ལྷར་བསྒོམ་པར་བལྟ་བར་བྱའོ། །དེ་ཡང་དང་པོའི་རྡོ་རྗེ་སེམས་ དཔའ་དང་དབུས་མའི་ཧེ་རུ་ཀ་དང་། ཡེ་ཤེས་དབབ་པ་ཡེ་ཤེས་སེམས་དཔའ་ཞེས་གསུངས་སོ། །བསྟོད་པ་དང་བཅས་པའི་ཡུམ་གྱི་ཕྱག་རྒྱ་ནི། ཨཱ་ལི་ཀཱ་ལི་མཉམ་བྱས་ནས། །ཁ་ཡི་ཐད་ཀར་འདུད་པར་བྱ། །ཞེས་པ་དབྱངས་ཡིག་བཅུ་དྲུག་དང་། གསལ་བྱེད་སུམ་ ཅུ་རྩ་བཞི་ལས། དཀྱིལ་འཁོར་དྲུག་ལྷ་གང་རུང་བསྒོམས་པ་ལ་སྙིང་གར་ཉི་ཟླ་ཉིས་བརྩེགས་བསམ་པ་ནི། ཨཱ་ལི་ཀཱ་ལི་མཉམ་སྦྱར་ནས། །ཞེས་བྱའོ། །དེ་ལ་གཟུགས་ཀྱི་རྣམ་རྟོག་ཡིག་འབྲུ་དང་། སྒྲའི་རྣམ་རྟོག་གཉིས་ལས་སྒྲའི་རྣམ་རྟོག་གི་དབང་དུ་བྱས་ནས། ཨཱ་ ལི་ཀཱ་ལི་ནི་འབྱུང་རྔུབ་པོ། །མཉམ་པར་གནས་པ་ནི་ལྟེ་བའི་དབུས་ཀྱི་གནས་པའི་རླུང་ངོ་། །ཁ་ཡི་ཐད་ཀར་འདུད་པར་བྱ། །ཞེས་པ་ལ། ལྟེ་བ་སྙིང་ག་ལྐོག་མ་བྱེད་པ་གསུམ་གྱིས་འགྲིབ་པའི་གླིང་བུར་བརྡབས་ནས་སྒྲའི་གནས་བརྒྱད་ཀྱི་བྱེད་པས་ཕྱེ་སྟེ། དེའི་འོག་ཏུ་བཞི་པས་ གཟུང་དུ་རུང་བའི་སྒྲའི་རི་མོ་རྣམས་དཔག་བསམ་གྱི་ཤིང་གི་སྡོང་པོ་ལྟར་རྩ་བར་དགོད་པར་བྱ་བ་ཡིན་ལ་དབྱངས་ཡིག་བཅུ་དྲུག་གི་གུ་གུ་ལྕུག་མ་ལྟར་བྱས་ལ་གསལ་བྱེད་ཀྱི་སྟེང་དུ་ཡི་གེར་བཞག་པས་མགོ་བརྩེགས་མར་གྱུར་པ་ལྕུག་མ་ལས་མྱུ་གུ་སྐྱེས་པ་བཞིན་ནོ། །དེ་ལས་མེ་ 26-1-428b ཏོག་བྱུང་བ་ལྟར་ལྷའི་ཕྱེད་ཆག་གི་ཟླ་བ་ཚེས་པ་དང་། འབྲས་བུ་སྨིན་པ་ལྟར་རྗེས་འཇུག་གི་དབྱངས་ཀྱི་ཐིག་ལེ་དང་། ལོ་འདབ་འབྲུལ་བ་བཞིན་ཚེག་དྲག་གཉིས་ཀྱིས་མཚམས་བཅད་པ་ཡིན་ནོ། །གཟུགས་ཀྱི་རྣམ་རྟོག་དབྱངས་དང་གསལ་བྱེད་མཉམ་པར་བྱས་ནས་ཐམས་ཅད་ ཐིག་གི་རི་མོ་ལས་མི་འདའ་བར་ཚར་དུ་དཀྲིས་པ་ནི་ཁའི་ཐད་ཀར་ཞེས་བྱའོ། །དབྱངས་དང་གསལ་བྱེད་ཐམས་ཅད་སྔ་མ་ལ་ལྟ་བས་ན་འདུད་པ་བྱ་ཞེས་བྱའོ། །དེའི་འོག་ཏུ་རི་མོ་རྣམས་ཞེས་པས་དབྱངས་གསལ་བྱེད། མཐེབ་མཛུབ་ཐབས་ཤེས་རབ་ཀྱི་སྦུ་གུས་བཟུང་ནས་ མིག་གི་ལྟར་རུང་བར་དགོད་དོ། །གུག་སྐྱེད་དག་གིས་ལྕུག་མར་བྱ། །ཞེས་པ་ལ་སོགས་པ་གཟུགས་ཀྱི་རྣམ་རྟོག་དང་མཚུངས་ཏེ་གོ་སླའོ། །དེ་ཡང་རྒྱུད་འབུམ་པ་ལས་ཡི་གེའི་དབྱིབས་གསུངས་པ་ནི། ཨ་ནི་ཁྱིམ་བྱའི་མགོ་ཡི་གཟུགས། །ཨི་ནི་གླང་ཆེན་སྣ་ལྟ་བུ། །ཨཱི་ ནི་དབང་ཕྱུག་ཆེན་པོ་འདྲ། །ཨུ་ནི་རྔ་མོའི་མགོ་ཇི་བཞིན། །ཨཱུ་ནི་ཤ་བའི་ཁ་འདྲ་བ། །རྀ་ནི་རི་བོང་མགོ་བོ་འདྲ། །ཡི་གེ་རཱྀ་ནི་སེང་གེ་བཞིན། །ཡི་གེ་ལྀ་ནི་གླང་ཆེན་ཁ། །ལཱྀ་ནི་དབང་ལྡན་ཞལ་དང་མཚུངས། །ཨེ་ནི་མ་ཧེའི་ཁ་འདྲ་བ། །ཨཻ་ནི་རྨ་བྱའི་ཁ་དང་མཚུངས། །ཨོ་ནི་བྱི་ལའི་ཁ་བཞིན་ ནོ། །ཨཽ་ནི་ཁྱི་ཡི་ཁ་བཞིན་ནོ། །ཨཾ་ནི་ཆུ་སྲིན་མགོ་བོ་འདྲ། །ཚེག་དྲག་ཨཿནི་སྟག་མགོ་བཞིན། །ཨེ་ཞེས་གསུངས་པ་དང་། དེ་བཞིན་དུ་རུས་སྦལ་དང་། བུང་བ་དང་། བསེ་དང་། ཀང་ཀ་དག་ཙག་ཤ །གདུགས། རྔ། རྔ་ཆེན་དང་། རྐེད་ཉེག །ཐི་བ། ཕུ་ཤུད། མཁའ་འགྲོ། སྦྱིན་བདག་ སྲང་། ཕ་བང་མཆེ་བ་ཅན། གཞུ་མ་སྟེ། རི་སྐེགས། ཁྲུང་ཁྲུང་། འདམ་བྱ། སྒེག་ག །སྤྲེའུ། ཕུག་རོན། ངུར་པ། ཁུ་བྱུག །བྱ་རོག །རི་བོང་། ཞི་བའི་བྱ། སྤྱང་ཀི། འཕྲོག་མ། སྲིན་པོའི་མཁའ་འགྲོ་བ་དང་འདྲ་བར་གསུངས་སོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཞེས་ པ་ལ་སོགས་པས་གཟུགས་ཀྱི་རྣམ་རྟོག་དང་། སྒྲའི་རྣམ་རྟོག་གསུངས་སོ། །ཡི་གེ་དག་ཀྱང་མི་འགྱུར་མཆོག། །ཅེས་པ་རྡོ་རྗེ་སེམས་དཔའི་ཡི་གེ་བཛྲ་སྭཱ་ཧཱ་ཞེས་པའི་མཚན་བྲིས་པས་ཡོངས་སུ་གྲུབ་པའི་འོད་གསལ་བའི་ངོ་བོ་མི་འགྱུར་བའི་མཆོག་མཚོན་པས་ན་ 26-1-429a སྔགས་ཀྱི་ཡི་གེ་ཨ་ན་ཧ་སྟེ། མི་འགྱུར་བ་ཞེས་བྱའོ། །དེ་ཇི་ལྟར་མཚོན་ཞེ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བརྡར་གྱུར་པའི་ཕྱིར་རོ། །དེ་ཡང་གསང་བ་འདུས་པའི་ཕྱི་མ་ལས། ཡི་གེ་ལྔའི་རང་བཞིན་ལུས་འབྱུང་བ་ལྔའི་ངོ་བོ་ཉིད་ཅེས་གསུངས་སོ། ། དེ་བཞིན་གཤེགས་པ་ནི། ཆགས་ཆེན་འགྲོ་བའི་དཔལ་ཞེས་པ་དེ་བཞིན་གཤེགས་པའི་མཚན་སྙིང་གའི་ཉི་ཟླའི་སྟེང་དུ་ཕྱག་མཚན་གྱི་དབུས་སུ་མཚན་བྲིས་པས་བསྟོད་ན་དངོས་གྲུབ་ཐོབ་བོ། དེ་བཞིན་དུ་ཧེ་རུ་ཀའི་ཐུགས་ཀར་ཟླ་བའི་སྟེང་དུ་ཁྲོ་བོའི་རྡོ་རྗེ་ལ། སྙིང་རྗེ་དྲི་མེད་ ཁྲོ་བོའི་དཔལ། །ཞེས་པའི་མཚན་བྲིས་ནས་བསྟོད་དོ། །པདྨ་གར་དབང་གི་ཐུགས་ཀར་ཉི་ཟླའི་སྟེང་དུ། པདྨ་ཆགས་པའི་དཔལ་དག་པ། །ཞེས་པའི་མཚན་བྲིས་ལ་བསྟོད་དོ། །རྡོ་རྗེ་ཉི་མའི་ཐུགས་ཀར་ཉི་ཟླའི་སྟེང་རིན་པོ་ཆེའི་དབུས་སུ། རྡོ་རྗེ་ཉི་མ་དཔལ་གདངས་པ། །ཞེས་པ་ བཀོད་ལ་བསྟོད་དོ། །རྟ་མཆོག་གི་ཐུགས་ཀར་ཉི་ཟླའི་སྟེང་གི་སྣ་ཚོགས་རྡོ་རྗེའི་དབུས་སུ། རྟ་མཆོག་ཕ་རོལ་གནོན་པོའི་དཔལ། །ཞེས་པ་བྲིས་ལ་བསྟོད་དོ། །དངོས་གྲུབ་མྱུར་དུ་འགྲུབ་པར་འགྱུར་རོ། །ད་ནི་ལྷ་གཞན་དག་ལ་བསྒྲེ་བ་བསྟན་པ་ནི། །ལྷག་པའི་ལྷ་ནི་གང་དག་གི ། ཞེས་པ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའི་བདེ་མཆོག་མ་དང་། རྣམ་སྣང་གི་སངས་རྒྱས་དབྱངས་དང་། ཧེ་རུ་ཀའི་གཽ་རཱི་མ་དང་། པདྨ་གར་དབང་གི་རྣམ་གཟིགས་མ་དང་། རྡོ་རྗེ་ཉི་མའི་དབང་བསྐུར་མ་དང་། རྟ་མཆོག་གི་ཞི་བའི་རྟ་མགྲིན་ལ་སོགས་པ་ དཀྱིལ་འཁོར་བཞིའི་སློབ་དཔོན་གྱིས་ལྷ་གང་དང་གང་ལ་མེ་ཏོག་ཕོག་པ་དེ་དང་དེའི་མཚན་བྲིས་ནས་བསྟོད་པར་བྱའོ། །གལ་ཏེ་གཞན་ལ་ཕན་འདོགས་པའི་ཚེ། སློབ་མ་འཇུག་པ་དང་། དབང་བསྐུར་བའི་ཐ་མར་མིང་གི་དབང་བསྐུར་རོ། །མིང་དེ་བརྟན་པར་འགྱུར་ རམ་ཞེ་ན། ཕྱག་རྒྱའི་སྦྱོར་བ་དེ་དག་གིས། །བྱང་ཆུབ་སྙིང་པོའི་བར་དུ་ནི། །རྡོ་རྗེའི་མིང་དུ་རབ་ཏུ་གནས། །དེ་ནས་སངས་རྒྱས་སུ་ཡང་འགྱུར། །ཞེས་གསུངས་སོ། །མེ་ཏོག་ཕོག་པའི་པྲ་སེ་ནས་ལྷའི་རིགས་སུ་ཤེས་ཤིང་མིང་བཏགས་པ་བཞིན་དུ་དབྱངས་དང་། གསལ་བྱེད་ 26-1-429b ཀྱི་ཡི་གེ་སྡེ་ཚན་བཞི་དང་། ཤ་ཥ་ས་ཧ་སྤངས་པའི་སྡེ་ཚན་བཞི་གསལ་བྱེད་དང་། དབྱངས་དང་པོ་དང་། ཐ་མར་མཉམ་པའི་སྡེ་ཚན་བཞི་རུ་བྲིས་ལ་ཀ་གནས་པའི་བར་གྱི་སྡེ་ཚན་བཞི་ལ་ཡི་གེ་མ་ཚང་བའི་ཡི་གེ་ལྔ་ལྔ་ལས་ཤ་ཥ་ས་ཧ་བཞི་དང་། རྀ་དང་ལྀ་མ་ནིང་གི་ཡི་གེ་རྣམས་གཉིས་སུ་ བརྩིས་པས་ཁ་བསྐངས་ནས་བརྒྱད་ཚན་བཞི་རུ་བྱས་ལ། འཁོར་ལོའི་རྩིབས་བཞི་ལ། ཡི་གེ་ལྔ་བཅུ་རྩ་བརྒྱད་བཀོད་པ་ལ་རེག་པའམ། མེ་ཏོག་འདོར་བས་དེའི་རིགས་སུ་ཤེས་པའམ། དེའི་མིང་གདགས་སོ། །གལ་ཏེ་ཁ་དོག་དང་དབྱིབས་དང་སྤྱོད་ལམ་གྱི་མཚན་དང་ ལུས་ངག་ཡན་ལག་གི་བརྡ་ཤེས་པས་ཀྱང་སྔགས་སྐྱེས་ཞིང་སྐྱེས་ཡེ་ཤེས་ལས་སྐྱེས་པའི་དཔའ་བོ་དང་རྣལ་འབྱོར་མ་ཤེས་པས་ཚོགས་འཁོར་གྱི་ལྷར་བྱ་བ་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་དབང་བསྐུར་བའི་མཚན་ཉིད་ཤེས་པར་འགྱུར་རོ། །དེ་སྐད་དུ་ཡང་ ཆོས་སྤྱོད་བཅུ་པའི་མདོ་ལས། དུ་བ་ལས་ནི་མེར་ཤེས་ཤིང་། །ཞེས་པ་ལ་སོགས་པ་གསུངས་སོ། །བརྡའི་ཕྱག་རྒྱ་ཇི་ལྟར་ཤེས་པར་འགྱུར་སྙམ་ནས། སྤྱི་བོར་བྱུག་པ་གང་ཡིན་པ། །ཞེས་པ་ལ་སོགས་པས་ཚོགས་འཁོར་བྱེད་པའི་ཚེའམ། རྡུལ་ཚོན་ལ་མཚན་ མ་ཐོབ་ནས་དངོས་གྲུབ་ལེན་པའི་ཚེ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བརྡར་གྱུར་པ་ཡན་ལག་དང་ཉིང་ལག་ལ་ལུས་ཀྱི་བརྡར་གྱུར་པ་ཡིན་ནོ། །ཐ་མལ་པས་མི་བརྗོད་ཅིང་ཐ་མལ་པའི་ལུས་ཀྱི་བརྡ་ཡང་མི་བྱ་བས་དཔའ་བོ་རྣལ་འབྱོར་མའི་ཐ་སྙད་དུ་བྱེད་པ་ ཡིན་ནོ། །བརྡའི་ཕྱག་རྒྱ་བཤད་ནས། ཟག་མེད་ཀྱི་ཚིག་གི་བརྡའི་ཕྱག་རྒྱ་བཤད་པ་ནི། ཨ་བི་པུ་ལ་སོགས་པ་གང་གི་བརྡར་གསུངས་སོ། །ཨ་བི་པུ་ཏ་པྲ་ཏི་པུ་ཏ་ནི་དཀྱིལ་འཁོར་གྱི་ཕྱག་འཚལ་བ་ཡི་ནི། ཟག་མེད་ཀྱི་ཚོགས་ཀྱི་འཁོར་ལོའི་བརྡ་དང་ཐ་སྙད་བྱས་པ་ནི། རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །ཨེ་མ་ཧོ་བདེ་བ་ཐོག་མཐའ་མེད་པ་དང་བཞི་ནི་རྡོ་རྗེ་སེམས་དཔའི་མཚན་མ་ཡིན་ནོ། །བདེ་མཆོག་མ་ལ་རྒྱས་འདེབས་མ་དང་མཚན་གཉིས་སོ། །ཨེ་མ་ཧོ་བདེ་བ་ལ་རྨོངས་བྱེད་མ་དང་མཚན་གཉིས་སོ། །སྣང་མཛད་མ་ལ་ཟབ་མོ་དང་ 26-1-430a མཚན་གཉིས་སོ། །སློབ་མ་མོ་ལ་ཚེ་འཕེལ་མ་དང་མཚན་གཉིས་སོ། །ལྷག་མ་ལྷ་མོ་བཅུ་བཞི་ལ་མཚན་རེ་རེའོ། །སྨིན་མ་བསྐྱོད་པས་མདའ་བཞི་འཛིན་པའི་བདེ་མཆོག་མ་མཚོན་ཏེ། བྷ་ག་ལིངྒ་བསྟན་པས་ཨེ་མའོ་བདེ་བ་མཚོན། ཐོད་པ་ཁ་ཊྭཱཾ་གིས་རྣམ་ སྣང་མཚོན། སངས་རྒྱས་ཕྱག་རྒྱ་ཐོད་པ་གཉིས་ས་ལ་ནས་གང་བས་སློབ་མ་མོ་མཚོན་ཏོ། །འཁོར་ལོས་བསྟན་པས་དཀྱིལ་འཁོར་མཚོན་ཏོ། །སྡོང་རྒྱན་གོན་པ་དེ་ཉིད་དམ་ཚིག་ཡིན་པར་བཤད་དོ། །ལྷ་ཐམས་ཅད་ཀྱི་ཆ་བྱད་གྱོན་ནས་སྐྱེ་བོ་དམ་པ་རྣམས་འདུས་པ་ནི་ཚོགས་ ཀྱི་འཁོར་ལོ་ཡིན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བརྡ་དེ་དག་ནི། མཛའ་བ་འདུས་པའི་དུས་སུ་བྱ་བ་ཡིན་པར་གསུངས་སོ། །ཅིའི་ཕྱིར་དཀྱིལ་འཁོར་ཡིན་ཞེ་ན། རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །དཀྱིལ་འཁོར་ཐམས་ཅད་ཡིན་པར་བཤད། །ཅེས་པས་ ལུས་ཀྱི་དཀྱིལ་འཁོར་བསྟན་ཏོ། །ལྷ་མོ་ཐམས་ཅད་སྐལ་བ་བཟང་། །ཞེས་པས་བྷ་གའི་དཀྱིལ་འཁོར་བསྟན་ཏོ། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །ཞེས་པ་ནས། ཀུན་གྱི་སློབ་དཔོན་ཡིན་པར་བཤད། །ཅེས་པའི་བར་གྱིས་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་བསྟན་ ཏོ། །དེ་ཡང་ངེས་བརྗོད་ལས། དཀྱིལ་འཁོར་ལུས་ཞེས་བྱ་བར་བཤད། །ཅེས་པ་ལ་སོགས་པས་གསུངས་སོ། །དཀྱིལ་འཁོར་གསུམ་ལ་དབང་བའི་སློབ་དཔོན་ཇི་ལྟ་བུ་ཞེ་ན། ཀུན་གྱི་སློབ་དཔོན་རབ་གནས་ཞེས་པ་ལ་སོགས་པ་ཤློ་ཀ་གཅིག་གིས་མཚན་ཉིད་གསུངས་སོ། ། དེའི་སློབ་མ་སྒྲུབ་པའི་གྲོགས་པོ་ཇི་ལྟ་བུ་ཞེ་ན། དེ་ཡི་སློབ་མ་གྲུབ་ན་ནི། །ཞེས་པ་ལ་སོགས་པ་ཤློ་ཀ་གཅིག་གིས་ལས་ཀྱི་སློབ་དཔོན་རྒྱལ་ཚབ་ཡིན་པར་བཤད་དོ། །སློབ་མ་ལྷག་མ་རྣམས་ཇི་ལྟ་བུ་ཞེ་ན། དེ་ལས་གཞན་པའི་སློབ་མ་ཀུན། །ཞེས་པའི་ཤློ་ཀ་གཅིག་གིས་ འཇིག་རྟེན་ཐུན་མོང་མཆོག་གི་དངོས་གྲུབ་བསྒྲུབ་པའི་ཐ་མ་དང་འབྲིང་དང་རབ་བྱང་ཆུབ་སེམས་དཔའ་ཡིན་པར་བཤད་དོ། །སངས་རྒྱས་ཐམས་ཅད་རིན་པོ་ཆེ། །ཞེས་པའི་ཤློ་ཀ་གཅིག་གིས་སངས་རྒྱས་ལྔའི་ཅོད་པན་གྱིས་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་སློབ་དཔོན་དུ་ 26-1-430b མཚོན་ཏོ། །ཐོད་པ་བཞི་དང་སངས་རྒྱས་ཀྱི་ཅོད་པན་གྱིས་ཚོགས་འཁོར་གྱི་སློབ་དཔོན་དུ་མཚོན་ཏོ། །སྣང་བ་མཐའ་ཡས་ཀྱི་རང་བཞིན་དུ་གྲུབ་པ་གཅིག །པདྨའི་འདབ་མ་བཞིས་དབང་བསྐུར་བས་པདྨའི་རིགས་སོ། །རིན་པོ་ཆེ་མྱུ་གུའི་ཅོད་པན་གྱིས་ནོར་བུ་རིགས་ཀྱི་སློབ་དཔོན་དུ་ མཚོན་ཏོ། །རྟ་མཆོག་རིགས་ལ་སྙིང་པོ་ལྔ་བརྗོད་ནས། ནོར་གྱི་མཆོག་ཕྲེང་བ་ལྔས་བཅིངས་པས་རྟ་མཆོག་གི་དབང་བསྐུར་བའི་སློབ་དཔོན་དུ་མཚོན་ཏོ། །ག་པུར་ཙནྡན་དམར་པོ་དང་། །ཞེས་པ་ལ་སོགས་པས་གསང་བའི་དབང་བསྐུར་གྱི་བདུད་རྩི་ལྔ་བརྡ་ཡིན་ནོ། །ཤེས་རབ་ཡེ་ ཤེས་ཀྱི་དབང་བསྐུར་བ་ནི། དང་པོ་མནའ་བསྒགས་ལ་དམ་ཚིག་བསྒྲགས་ལ་དབང་བསྐུར་བ་ནི་གོ་རིམས་ཡིན་པས། དང་པོ་བག་ཟན་ལས་གོ་ཀུ་ད་ཧ་ནའི་གཟུགས་བྱས། དེའི་ནང་ཁྲག་གིས་བཀང་ནས། ཕྱི་རོལ་ཙནྡན་དམར་པོས་བྱུགས་ཏེ། མར་ལ་བཙོས་པའི་རྒྱལ་པོའི་ཟན། ། ཞེས་བཤད་པས། དེ་དང་མཁའ་འགྲོ་མ་ལ་གཏོར་མ་བཏང་ལ་སློབ་མའི་ལྕེ་ལ་ཤ་ལྔའམ་ཤ་ལྔ་མེད་ན། དེའི་ཁྲག་གི་ཐིག་ལེ་བྱིན་ལ་མནའ་བསྒག་གོ། །དེའི་ཕྱིར་རྒྱུད་ཐམས་ཅད་ལས་ཕྱུགས་གསོད་པའི་སྦྱོར་བ་ཞེས་བག་ཟན་གྱི་གཟུགས་ལ་ཟེར་རོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ བསྐུར་བའི་ལྷ་མོ་ལ་མིང་ཇི་སྐད་གདགས་ཤེ་ན། བདེ་མཆོག་མ་དང་ཨེ་མ་བདེ་མ་ལ་སོགས་པའི་མིང་བཞི་གདགས་སོ། །ལྷ་མོ་དེ་རྣམས་སྔགས་སྐྱེས་ཞིང་སྐྱེས་ཡིན་ནོ། །རྡོ་རྗེ་སེམས་དཔའ་བདེ་བའི་ཡེ་ཤེས་ཕོབ་ལ་སངས་རྒྱས་ཀྱི་བརྡ་བཏགས་ནས་ཕྱག་རྒྱར་བྱིན་གྱིས་ བརླབས་ཏེ། དགའ་བཞི་སྦྱོར་བ་ཐམས་ཅད་རྟོག་བྲལ་སངས་རྒྱས་ཀྱི་ཞི་གནས་དང་། ལྷག་མཐོང་ཡེ་ཤེས་ཡིན་པར་བཤད་དོ། །རེག་བྱ་རྡོ་རྗེ་མ་དེ་རྟོགས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་བས་ཕྱིས་ཡེ་ཤེས་ལས་སྐྱེས་པའི་ལྷ་མོ་དེ་ཉེ་བར་ལོངས་སྤྱོད་ པས་ཁམས་གསུམ་མ་ལུས་པའི་སྟོང་པ་ཉིད་རྟོགས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཞེས་བྱ་བའི་བརྡས་ལས་ཀྱི་ཕྱག་རྒྱའི་གཟུགས་གདོང་རྒྱན་གྱོན་ནས་རི་མོ་བྲིས་པས་མཚོན་ནོ། །སྒྲས་ནི་གླུའོ། །དྲིས་ནི་དེའི་དྲིའོ། །རོས་ནི་དེའི་ལྕེ་དང་མཆུ་འཇིབ་པའོ། །རེག་ 26-1-431a པ་ནི་རང་བཞིན་བརྒྱད་ཅུ་དང་བྲལ་བའི་དགའ་བ་བཞིའི་བདེ་བའོ། །འདོད་པའི་ཡོན་ཏན་ལྔ་ལ་ཕྱག་རྒྱ་གང་གི་བརྡས་གདགས་ཤེ་ན། སངས་རྒྱས་བརྡ་ཡི་ཕྱག་རྒྱ་ཡིས། །ཆོས་ཀྱི་མུ་དྲ་ཡིན་པར་བཤད། །ཅེས་གསུངས་པས་ཆོས་ཀྱི་ཕྱག་རྒྱ་ལ་བྱའོ། ། གལ་ཏེ་རྟོག་མེད་དུ་མ་སོང་ནས་དགའ་བྲལ་དུ་སོང་ན་ཇི་ལྟར་བྱ་སྙམ་ན། སྦྱོར་བའི་ལོངས་སྤྱོད་ཐམས་ཅད་ཀྱིས། །ཞེས་པའི་ཤློ་ཀ་གཅིག་གིས་མཆོད་པར་བྱ་བར་བསྟན་ཏོ། །དེ་ཡང་བདེ་མཆོག་ལས། ཡིད་ནི་ནང་དུ་ཆུད་པ་ཡིས། །འདོད་པའི་དངོས་གྲུབ་བསྒོམ་པར་བྱ། ། རང་རྫས་ཐིག་ལེ་མཉམ་སྦྱོར་བས། །སངས་རྒྱས་བྱང་ཆུབ་སེམས་དཔའ་མཆོད། །ཅེས་གསུངས་སོ། །དེ་ལྟ་བུའི་ཏིང་ངེ་འཛིན་དེ་རྣལ་འབྱོར་དུ་ཡིན་ཞེ་ན། རྗེས་སུ་སྦྱོར་བས་མཆོད་ན་ནི། །ཞེས་པའི་ཤློ་ཀ་གཅིག་གིས་ལྷ་མོ་དང་སྙོམས་པར་འཇུག་པའི་མཆོག་དགའ་ལ་རྗེས་སུ་རྣལ་ འབྱོར་ཞེས་བྱའོ། །རྣལ་འབྱོར་གང་ཡིན་ཞེ་ན། སེམས་ཙམ་ལ་ནི་སྙོམས་ཞུགས་པ། །ཞེས་པའི་ཤློ་ཀ་གཅིག་གིས་རྣལ་འབྱོར་ཞེས་པའི་དགའ་བ་བཤད་དོ། །ཤིན་ཏུ་སྦྱོར་བ་གང་ཡིན་ཞེ་ན། ལྷ་མོ་ཀུན་དང་མཉམ་སྦྱོར་བས། །ཞེས་པའི་ཤློ་ཀ་གཅིག་གིས་ཆོས་ཀྱི་ཕྱག་རྒྱ་འདོད་པའི་ཡོན་ཏན་ ལྔ་དང་སྦྱར་བས་ལྷན་ཅིག་སྐྱེས་དགའ་བསྟན་ཏོ། །མཉམ་སྦྱོར་གྱི་བརྡས་ནི། མཆོག་དགའ་ལ་རྗེས་སུ་སྦྱོར་བ། བདེ་བ་ཆེན་པོ་ཞེས་བཤད་དོ། །དགའ་བ་བཞིའི་ཏིང་ངེ་འཛིན་གྱི་རབ་ཏུ་སྦྱོར་བ་བཤད་དོ། །ལྷན་ཅིག་སྐྱེས་དགའ་ལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བས་སངས་ རྒྱས་ཀྱི་བྱིན་གྱིས་བརླབས་ཞེས་བཤད་དོ། །གལ་ཏེ་ཡིད་ནང་དུ་ཆུད་ནས་དགའ་བྲལ་དུ་སོང་བའི་ཚེ་ཇི་ལྟར་བྱ་སྙམ་ན། དགའ་བའི་སྤྱོད་པ་སྒྲུབ་པ་བཤད་དེ་ཞེས་པ་ལ་སོགས་པ་ལ་གསུངས་ཏེ། རྗེས་སུ་སྦྱོར་བའི་རྗེས་སུ་སྒྲུབ་པ་ནི་ཤེས་རབ་བདེ་བར་འགྱུར་བས་ན་མཆོག་དགའོ། །སྐྱེས་པ་ལྟར་བྱེད་ དགའ་སྤྱོད་ཅེས་པ་ཐབས་ཀྱི་བདེ་བ་སྟེ་དགའ་བའོ། །སླར་ཡང་རྗེས་སུ་སྒྲུབ་པ་བཤད། །ཅེས་པ་ཡིད་བདེ་བ་སྟེ་ལྷན་ཅིག་སྐྱེས་དགའོ། །ལྷ་མོ་ཀུན་ལ་བདེ་བླུགས་པས། །ཞེས་པའི་ཤློ་ཀ་གཅིག་གིས་དགའ་བྲལ་གྱི་བཅུད་ཀྱིས་ལེན་གྱི་བདེ་བ་སྟེ་དགའ་བྲལ་བཤད་དོ། །དེ་དུས་ནམ་གྱི་དགའ་བྲལ་ 26-1-431b ཞེས་གདགས་ཤེ་ན། ཐམས་ཅད་ལྡང་བ་ཀུན་འགྲོ་བ། །ཞེས་པའི་ཤློ་ཀ་གཅིག་གིས་དགའ་བྲལ་ཞེས་པའི་སངས་རྒྱས་ཀྱི་བརྡ་བཤད་དོ། །གལ་ཏེ་དགའ་བྲལ་དུ་མ་སོང་ན་མཆོག་དགའ་ལྷན་ཅིག་སྐྱེས་དགའི་རྗེས་ལ་ཅི་ཞིག་སྒོམ་སྙམ་ན། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །ཅེས་པའི་ཤློ་ཀ་གཉིས་ཀྱིས་ བདེ་བ་ཆེན་པོ་ཞེས་བྱ་བ་དེ་སངས་རྒྱས་ཐམས་ཅད་ཀྱི་བརྡས་དངོས་གྲུབ་ཆེན་པོ་དང་། ཀུན་གྱི་མཆོག་དང་། དབང་ཕྱུག་ཆེན་པོ་དང་། བདེ་མཆོག་དང་། མཉམ་སྦྱོར་དང་། སྦྱོར་བའི་དབང་ཕྱུག་དང་། བདེ་ཆེན་དང་། བླ་ན་མེད་པ་ཞེས་པའི་མིང་བརྒྱད་ཀྱིས་བསྟན་ཏོ། །དེ་ལྟར་ཚོགས་ཀྱི་འཁོར་ལོ་སྒོམ་ པའི་རྣལ་འབྱོར་པས་ཡིད་ནང་དུ་ཆུད་པའི་དགའ་བ་བཞི་དང་། ཡིད་ཕྱིར་བྱུང་བའི་ཚེ་ལོངས་སྤྱོད་པའི་དགའ་བ་བཞི་བསྒོམ་པ་ཡིན་པར་རྒྱུད་འདི་ཉིད་དང་། དགྱེས་རྡོར། ངེས་བརྗོད། རྡོ་རྗེ་མཁའ་འགྲོ་ཧེ་རུ་ཀ་འབྱུང་བ། མཁའ་འགྲོ་མ་ཀུན་སྤྱོད་གདན་བཞི་ལས་གསལ་བར་གསུངས་ པ་ཡིན་ནོ། །ཀུན་སྙིང་ནི་མ་རྟོགས་ནས་བསྐྱེད་རིམ་གྱིས་ལྷ་བསྐྱེད་པར་བཤད། ལོངས་སྤྱོད་པའི་དགའ་བ་བཞི་སྒོམ་པ་ཡིན་པར་རྒྱུད་འདི་ཉིད་དང་། འཕྲོ་བ་འབྱུང་བ་དང་འདྲ་བ་ཡིན་ནོ། །ད་ནི་དེ་རྣམས་ཀྱི་ཚོགས་ཀྱི་འཁོར་ལོ་དང་། ཞི་བའི་བཏུང་བ་དང་། ཕོ་ཉའི་གཙང་སྦྲའི་ ཡན་ལག་ཏུ་གྱུར་པའི་པཱུ་ཛའི་རྫས་འདོད་པའི་ཡོན་ཏན་རྣམས་ལ་འཇིག་རྟེན་ན་གྲགས་པའི་བརྡའི་སྟེང་དུ་ཟག་མེད་ཀྱི་བརྡ་དངོས་གྲུབ་ཀྱི་ཡན་ལག་ཏུ་གྱུར་པ་ནི། འཇིག་རྟེན་ན་གྲགས་པའི་ཁྲག་ལ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་བརྡས་མེ་ཏོག་བཤད་དོ། ། མདངས་ལ་ བདུག་པ་ཞེས་བཤད་དོ། །ལྷག་མ་རྣམས་ལ་ཡང་དི་བཞིན་དུ་ཤེས་པར་བྱའོ། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡི། །ཞེས་པའི་ཤློ་ཀ་གཅིག་གིས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་གླུ་དང་། གང་ལ་སངས་རྒྱས་ཀྱི་སྤྲུལ་པ་ཞེས་བརྡར་བཏགས་སོ། །དེ་བཞིན་གཤེགས་པའི་གླུ་ གར་ལ་ཞི་བའི་སྤྲུལ་པ་ཞེས་བཏགས་སོ། །རྡོ་རྗེ་ཉི་མའི་གླུ་གསལ་མའི་དབང་པོའི་སྤྲུལ་པ་ཞེས་བཏགས་སོ། །ཧེ་རུ་ཀའི་གླུ་གར་ལ་དུར་ཁྲོད་ཀྱི་སྤྲུལ་པ་ཞེས་བཏགས་སོ། །པདྨ་གར་དབང་གི་གླུ་གར་ལ་ཆགས་པ་སྤྲུལ་པ་ཞེས་བཤད་དོ། །རྟ་མཆོག་གི་གླུ་གར་ལ་རབ་ཏུ་དགའ་ 26-1-432a བའི་སྤྲུལ་པ་ཞེས་བཏགས་སོ། །དེ་ལྟར་ངག་གི་བརྡ་གསུངས་པ་ནི། ཊི་ཞེས་བྱ་བ་མཁའ་འགྲོ་མ། །ཞེས་པ་ལ་སོགས་པའི་ཚིགས་བཅད་གཉིས་ཀྱིས་རྡོ་རྗེ་སེམས་དཔའ་དང་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་སྔགས་སྐྱེས་ཞིང་སྐྱེས་ཡེ་ཤེས་ལས་སྐྱེས་པའི་བརྡ་ཡིན་ནོ། ། ཧེ་རུ་ཀའི་ལྷ་མོ་ལ་ཨ་རལླི་ཞེས་བྱའོ། །པདྨ་གར་དབང་གི་ལ་དམ་ཚིག་མཆོག་ཅེས་བཤད། རྡོ་རྗེ་ཉི་མའི་བཛྲ་ཨ་རལླི་ཞེས་བྱའོ། །རྟ་མཆོག་ལ་ཡང་དེ་ཉིད་དོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་རིགས་བཞིའི་རྣལ་འབྱོར་པ་སྔགས་སྐྱེས་ཞིང་སྐྱེས་ཡེ་ཤེས་ལས་སྐྱེས་པའི་བརྡ་ནི། སངས་རྒྱས་ ཐམས་ཅད་མཉམ་སྦྱོར་བ། །ཞེས་པ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའི་རྣལ་འབྱོར་པ་ལ། སྐལ་བ་བཟང་པོ་ཞེས་བཤད་དོ། །དེ་བཞིན་གཤེགས་པའི་རྣལ་འབྱོར་པ་ལ་ཏ་ཀི་ཞེས་བཤད་དོ། །ཧེ་རུ་ཀའི་ལ་ཀི་ལི་ཀི་ལ་ཞེས་བཤད་དོ། །པདྨ་གར་དབང་གི་ལ་བྱིས་པ་ཆུ་སྲིན་རྒྱལ་ མཚན་ཞེས་བཤད་དོ། །རྡོ་རྗེ་ཉི་མ་ལ་འདོད་པའི་དབང་ཕྱུག་མཆོག་ཅེས་བཤད་དོ། །རྟ་མཆོག་གི་ལ་དབང་ཕྱུག་མཆོག་ཅེས་བཤད་དོ། །རྡོ་རྗེ་དྲིལ་བུ་དྲུག་ལ་དམ་ཚིག་ཅེས་བཤད་དོ། །ལུས་ངག་ཡིད་གསུམ་ལ་ཨོཾ་བྷུ་ཁཾ་ཞེས་བཤད་དོ། །དགུག་གཞུག་བཞི་ལ་ཛཿཧཱུཾ་བཾ་ཧོཿཞེས་བཤད་དོ། །ཚུར་ གཤེགས་ནི་ཨེ་ཧིའོ། །ཕར་བཞུད་པ་ནི་ཨ་ཧིའོ། །ཨུ་ཏི་ཏ་ནི་ལོངས་ཤིག་པའོ། །སྭཱ་ཧཱ་ནི་དྲོངས་ཤིག་པའོ། །ཁཱ་ཧི་ནི་ཟོ་ཤིག་པའོ། །ལྷག་མ་ནི་གོ་བླའོ། །བདེ་མཆོག་ལ་རྒྱས་འདེབས་མ་ཞེས་པ་ནས། ཆེར་བསྟན་མ་ཞེས་པའི་བར་གྱིས་བདེ་མཆོག་མ་ལ་སོགས་པའི་ལྷ་མོ་བརྒྱད་ཀྱི་བརྡ་ཡིན་ནོ། ། རྡོ་རྗེ་འཛིན་དང་སངས་རྒྱས་དང་། །ཞེས་པ་ལ་སོགས་པས་རྡོ་རྗེ་སེམས་དཔའ་ལ་ནི་ཤེས་འགྱུར་ཞེས་བཤད་དོ། །འཇིག་རྟེན་དབང་ཕྱུག་དགའ་འགྱུར་ཞེས་བཤད་དོ། །ཡང་སངས་རྒྱས་དང་། རྡོ་རྗེ་སེམས་དཔའ་དང་། འཇིག་རྟེན་དབང་ཕྱུག་དང་། མཁའ་སྐྱེས་ལ་ཨཾ་ཨཾ་ཨཾ་ཨཾ་ཨཾ་ཞེས་བྱའོ། །ཐམས་ ཅད་མཁྱེན་པ་ལ་སརྦ་བིད་ཅེས་བྱའོ། །སངས་རྒྱས་སྤྱན་གྱི་སྔགས་ནི་རུ་རུ་འཁོར་བའོ། །ཏིཥྛ་སིདྡྷཾ་ནི་མཁྱེན་ནོ། །ལོ་ཙ་ན་ནི་དོན་དམ་ཉེ་བར་ཞི་བའོ། །སངས་རྒྱས་རང་བྱུང་བྷ་ག་ཝཱན་ནི་སརྦ་ཨརྠའོ། །ཀི་ཏ་ས་ནི་མིག་ས་སྙིང་ངོ་། །རྐོ་ཏ་བ་ནི་རྣ་བ་ཕྱག་ན་རྡོ་རྗེའོ། །ཀོ་ཏ་བ་ནི་ལྕེ་སྤྱན་རས་གཟིགས་སོ། །ཀ་ཏིར་ཀ་ནི་ 26-1-432b ལུས་སྒྲིབ་པ་རྣམ་སེལ་ལོ། །ཀོ་ལ་ཤ་ནི་གཟུགས་སངས་རྒྱས་སྤྱན་ནོ། །ཀོ་ལ་བ་ནི་སྒྲ་མཱ་མ་ཀཱིའོ། །ཀོ་ལ་ནི་དྲི་སྒྲོལ་མའོ། །ཀོ་ལ་བ་ནི་གོས་དཀར་མོའོ། །ཀོ་ལ་མ་ནི་རེག་ཀུན་དུ་བཟང་མོའོ། །ཕྱག་ན་རྡོ་རྗེ་རང་གི་མཚན་འདི་རྣམས་གང་བརྗོད་པར་བྱ་བ་ནི་མིག་ནས་རེག་བྱའི་བར་གྱི་ཡུལ་རྣམས་རྣམ་ཤེས་ཀྱི་སྟོང་ པ་ཉིད་རྟོགས་པའོ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཞེས་པ་ལ་སོགས་པ་ཚིགས་བཅད་ཕྱེད་དང་གཉིས་ཀྱིས་ཕན་ཡོན་ནོ། །མིག་དང་ཞེས་པ་ཚིགས་བཅད་གཅིག་གིས་སྔར་གྱི་རང་དོན་གྱི་བརྡའི་མིང་ཡིན་ནོ། །ཡིད་ཀྱི་རྣམ་ཤེས་ཀྱི་དཀྱིལ་འཁོར་རྡོ་རྗེ་མཚོན་ཆ་དང་བི་ཏི་དང་དགྲ་བོ་དང་ལག་ན་རྡོ་རྗེ་ཞེས་ཀྱང་བྱའོ། ། གནོད་སྦྱིན་གྱི་བདག་པོ་ལ་ཉོན་མོངས་པ་ཐམས་ཅད་ཟད་པ་དང་དགྲ་རྣམས་ཟད་པ་དང་། ཕྱག་ན་རྡོ་རྗེ་ཞེས་ཀྱང་བྱའོ། །རྡོ་རྗེ་འཆང་ཆེན་པོ་ལ་ཧེ་རུ་ཀ་དང་། ཐལ་བར་འཇིག་དང་མཆོག་དང་སངས་རྒྱས་ཀུན་གྱི་ཁྲོ་བོ་ཞེས་བཏགས་སོ། །དེའི་ཕྱིར་མཚན་རྡོ་རྗེ་འབར་བ་ལ་རབ་ཏུ་འཇིག་ཅེས་བཤད་དོ། །ཁ་ཊྭཱཾ་ག་ ལ་རྒྱལ་མཚན་ཆེ། །ཞེས་བྱའོ། །ཐོད་པ་ལ་ཁམ་ཕོར་ཞེས་བྱའོ། །ཁྲག་ཆེན་པོ་ལ་སྦྲང་རྩི་ཞེས་བྱའོ། །སྒེག་མོ་ལ་སོགས་པ་བརྒྱད་པ་ལ་དཀར་མོ་རྐུན་མོ་ཞེས་བྱ་བར་གྲགས་སོ། །སྒོ་མ་བཞི་ལ་སྲུངས་ཤིག་དང་། མྱུར་དུ་དང་རྣམ་རྒྱལ་དཔལ་དང་། ཐལ་བཞི་དང་གློག་ཅེས་བྱའོ། །ཡང་ན་རྟ་གདོང་མ་ནི་ ཧཾ། ཉི་ཟླ་མ་ལ་དྲ། ཐལ་བྱེད་མ་ལ་ཧཱུཾ་ཞེས་བྱའོ། །ཕཊ་ཅེས་པ་རོལ་ཅིག་པའོ། །རང་ཞེས་པ་དགོངས་ཤིག་པའོ། །ཕཊ་ཅེས་པ་རོལ་ཅིག་པའོ། །ཕཊ་ཅེས་པ་སོད་ཅིག་པ་སྟེ་ཧེ་རུ་ཀའི་བརྡའོ། །པདྨ་གར་དབང་དཀྱིལ་འཁོར་གྱི་བརྡ་ནི། པདྨ་སྤྱན་རས་གཟིགས་དབང་ཕྱུག །ཅེས་པ་ལ་སོགས་པ་གསུངས་ སོ། །རྣམ་གཟིགས་མ་ལ་དགའ་བ་ཞེས་བྱའོ། །སྒྲོལ་མ་ལ་གྲུབ་པ་ཞེས་བྱའོ། །རྒྱན་ལྡན་མ་ལ་བློ་ཞེས་བྱའོ། །ཁྲོ་གཉེར་མ་ལ་རྫུ་འཕྲུལ་ཞེས་བྱའོ། །ན་བཟའ་མ་ལ་འཕེལ་བ་ཞེས་བྱའོ། །པདྨའི་དབང་ཕྱུག་མ་ལ་སྦྱོར་བ་ཞེས་བྱའོ། །སྣ་ཚོགས་པདྨ་ལ་པདྨའི་རིན་ཆེན་ཞེས་བྱའོ། །ནམ་མཁའ་སྙིང་པོ་ལ་ ཐམས་ཅད་རེ་རེ་མ་དང་རྫོགས་མཛད་དང་། སྐལ་བཟངས་དང་། རྡོ་རྗེ་ཉི་མ་ནོར་བུ་ཆེ། །ཞེས་གྲགས་སོ། །དེའི་འཁོར་ནི་ཏྲཾ་གིས་དབང་བསྐུར་བའོ། །བ་བ་མ་ནི་གཏེར་ལྡན་མའོ། །དེ་བཞིན་གཤེགས་པའི་རྒྱལ་མཚན་མའིའོ། །ཏྲ་ཏ་ཏྲ་ཏ་ནི་མཆོད་ཆེན་མའོ། །རྟ་མཆོག་གི་ནི། སྣ་ཚོགས་སངས་རྒྱས་པདྨོ་ 26-1-433a སྤྱན། །ཞེས་པ་ལ་སོགས་པ་གསུངས་ཏེ། སྣ་ཚོགས་པདྨོ་སངས་རྒྱས་སྤྱན། །འཇིག་རྟེན་དབང་ཕྱུག་བྱང་ཆུབ་ཀུན། །སེམས་དཔའ་ཆེན་པོ་སྣ་ཚོགས་རྡོ་རྗེ་བླ་ན་མེད་པ་ཐམས་ཅད་མོས། འཇིག་རྟེན་ཀུན་རབ་འཇིགས། རྟ་མཆོག་མ་དཔལ་ལྡན་དང་མཚན་བཅུ་གཉིས་དང་ལྡན་ པ་ནི་རྟ་མཆོག་གི་བརྡའོ། །དེ་བས་ན་ཕྱག་རྒྱ་ཉི་ཤུ་ཡིན་ནོ། །དེ་ལྟར་དངོས་གྲུབ་བསྒྲུབ་པའི་ཕྱག་རྒྱ་ཉི་ཤུ་བཤད་ནས། ད་ནི་གདོང་རྒྱན་གོན་ལ་མཚན་མ་བྱིན་པའི་དཀྱིལ་འཁོར་གསུངས་པ་ནི་རྗེས་སུ་ཆགས་པར་བྱའོ་ཞེས། ཆ་ལུགས་ཆགས་པ་བཞིན་བྱེད་ཅིང་། །ཞེས་པ་ལ་སོགས་པ་གསུངས་ཏེ། ཤློ་ཀ་གཉིས་ཀྱིས་རྡོ་རྗེ་སེམས་དཔའི་ཆ་ལུགས་གྱོན་ལ་བསམ་གཏན་དང་པོ་མཚན་མ་འབྱིན་པ་བསྟན་ཏོ། །ཤློ་ཀ་རེ་རེས་ནི་རྣམ་སྣང་ལ་སོགས་པ་དཀྱིལ་འཁོར་ལྔའི་ཆ་ལུགས་བྱ་བ་བསྟན་ཏོ། །དེ་ལྟར་མཐོང་བ་དང་ཐོས་པ་དང་རེག་པའི་མཚན་མའི་ཡེ་ཤེས་ཀྱི་ཕྱག་རྒྱ་བསྟན་ནས། མངོན་ཤེས་ཀྱི་ ཕྱག་རྒྱ་བཤད་པ་ནི། རྡོ་རྗེ་སེམས་དཔའི་དཔལ་འབྱོར་པ། །ཞེས་པ་ལ་སོགས་པ་གསུངས་ཏེ། ཡུན་རིང་དུ་གོམས་པར་བྱས་པའི་ཏིང་ངེ་འཛིན་གྱིས་མངོན་ཤེས་སྐྱེད་པའམ། འཁྲུལ་འཁོར་གྱིས་བསྐྱེད་པའོ། །ཐབས་བསྟན་པ་ནི་གཟུགས་དང་ཁ་དོག་དང་དབྱིབས་དང་གར་གྱི་ཉམས་དགུ་དང་ལྡན་པ་དང་། ཐབས་ཀྱི་ཕྱག་རྒྱ་ལྷ་མོར་སྦྱོར་བ་དང་། ལྷའི་སྐུ་མི་འགྱུར་བ་དམ་པ་འགྲུབ་པར་ཡུལ་ཀུན་ལ་དངོས་པོ་ཀུན་ལ་ཐམས་ཅད་ཀྱི་བྱེ་བྲག་ཀུན་གྱིས་བདག་ཉིད་ལ་ཤེས་པའི་རྣམ་པ་ཀུན་རྡོ་རྗེ་སེམས་དཔའི་དངོས་གྲུབ་ཏུ་འགྱུར་རོ་ཞེས་བསྟན་ཏོ། །དེ་ལྟར་ཐུན་མོང་གི་མངོན་ཤེས་བསྟན་ནས། བྱེ་བྲག་ཏུ་རྡོ་རྗེ་སེམས་ དཔའ་བསྟན་པ་ནི། མཚན་མ་ཐོབ་པའི་རྣལ་འབྱོར་པས་ས་ཕྱོགས་བ་ཀོ་ཙམ་དུ་བྱུགས་ལ་བདུད་རྩི་ལྔའི་ཐིག་ལེར་བྱས་ནས་མཆོད་པ་ལྔས་མཆོད་ལ། བུ་མོའམ་ཁྱེའུ་གཞོན་ནུ་མ་གྲོང་པའི་ཆོས་ཀྱིས་མ་གོས་པ་སྡོམ་པ་བྱིན་ལ། གནས་བཞི་རུ་རིགས་བཞིའི་སྙིང་པོ་བཀོད་ལ་དཀྱིལ་ འཁོར་གྱི་སྟེང་དུ་ཐོད་ལོ་ཀོར་གྱིས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བྲིས་ཏེ། ཡིག་འབྲུ་བཀོད་ལ་མཚམས་བཞིར་བདེ་མཆོག་མ་ལ་སོགས་པ་ཡུམ་བཞི་བཟླས་པའི་བུམ་པ་ལ་སྨན་ལྔ་འབྲུ་ལྔ། རིན་པོ་ཆེ་ལྔ་བཅུག་ལ་རས་སར་པས་མགུལ་བ་བཅིངས་ཏེ། ལྡུམ་ཆགས་ 26-1-433b ལྕུག་མས་ཁ་བརྒྱན་ལ། རྣམ་རྒྱལ་གྱི་བུམ་པ་ལ་གཙོ་བོ་བཀོད་ལ་སྔགས་འབུམ་བཟླས་པར་བྱའོ། །དེ་ནས་བདག་གམ་གཞན་ལ་མངོན་ཤེས་བསྐྱེད་པར་འདོད་པ་དེ་ལ་རྣམ་རྒྱལ་གྱི་ཆུས་དབང་བསྐུར་ཞིང་བསྲུང་བ་བྱས་ལ་དཀྱིལ་འཁོར་དེའི་ཐོག་ཏུ་ལྷ་གང་ཡིན་པ་དེའི་ཡི་གེ་ཕྲ་རེག་ཏུ་ གཞུག་པར་བྱའོ། །དེའི་ཚེ་དཀོན་མཆོག་གསུམ་གྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་དང་། ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། བདེན་པའི་བྱིན་གྱི་རླབས་ཀྱིས་ཇི་ལྟ་བ་བཞིན་སྟོན་པར་གྱུར་ཅིག་ཅེས་བྱས་ལ་རེག་པར་གཞུག་ གོ། །དེ་བཞིན་དུ་མ་རེག་པར་མེ་ཏོག་དོར་བའམ། རལ་གྲིའམ། མེ་ལོང་ངམ། ཤིང་ལེབ་བམ། ཆུ་དང་བ་དང་བ་ཆུའམ། བྲག་ངོས་འཇམ་པོའམ། གཟུགས་བརྙན་འབྱུང་བའི་ཁྱིམ་འཇམ་པོ་དག་ལ་མིག་བྱིན་གྱིས་བརླབས་ལ་བལྟར་གཞུག་གོ། །རྣ་བ་བྱིན་གྱིས་བརླབས་ལ་ཉན་དུ་གཞུག་གོ། ། སེམས་བྱིན་གྱིས་བརླབས་ལ་གཞན་གྱི་སེམས་བརྟག་པར་བྱའོ། །འགྲོ་བའི་རིགས་བཞིའི་འཁོར་ལོ་སྙིང་གར་བཀོད་ལ་འཆི་འཕོ་དང་སྐྱེ་བ་བརྟག་པར་བྱའོ། །ཟད་པར་དང་ཟིལ་གནོན་བསྒོམས་ལ་རྫུ་འཕྲུལ་གྱི་ཡུལ་ཤེས་པ་བསྒོམ་པར་བྱའོ། །དེས་འཇིག་རྟེན་གྱི་བྱ་བ་བླང་བྱ་དོར་ བྱ་དང་། ནོར་སྟོར་བ་དང་། མ་སྟོར་བ་དང་། ཆོམ་པོས་འཕྲོགས་པ་དང་མ་འཕྲོགས་པ། རྙེད་པ་དང་མ་རྙེད་པ། རྒྱལ་བ་དང་འཕམ་པ། དོན་ཡོད་པ་དང་མེད་པ། གྲུབ་པ་དང་མི་གྲུབ་པ། བདེ་བ་དང་མི་བདེ་བ། འདོད་པ་གཟུགས། གཟུགས་མེད་པའི་ཁམས་ཏེ། སངས་རྒྱས་ཀྱི་དོན་ ཐམས་ཅད་ཀྱང་འཁྲུལ་འཁོར་གྱི་སྟོབས་ཀྱིས་མངོན་ཤེས་ལྔ་བསྐྱེད་ནས་སེམས་ཅན་གྱི་དོན་བྱེད་དོ། །རྡོ་རྗེ་སེམས་དཔའི་མངོན་ཤེས་བསྐྱེད་ནས་རྣམ་སྣང་གི་རྣལ་འབྱོར་པས་ས་ཆུ་མེ་རླུང་ནམ་མཁའ་ལ་མངོན་ཤེས་བསྐྱེད་པར་བྱའོ། །ཧེ་རུ་ཀའི་རྣལ་འབྱོར་པས་འདོད་ཡོན་ ཐམས་ཅད་ལ་བསྐྱེད་པར་བྱའོ། །རྟ་མཆོག་གི་རྣལ་འབྱོར་པས་རེག་པའམ་མ་རེག་པ་ལ་སོགས་པ་པྲ་དབབ་པའི་ཡུལ་བཅུ་ལ་སྔ་མ་ལྟར་མངོན་ཤེས་བསྐྱེད་པར་བྱའོ། །དེ་ལྟར་ཇི་སྙེད་མཁྱེན་པའི་རྣམ་ཤེས་ཀྱི་ཕྱག་རྒྱའི་ཡེ་ཤེས་བཤད་ནས། ད་ནི་ལྷའི་བུའི་བདུད་འཇོམས་པའི་ 26-1-434a བསྲུང་བའི་ཕྱག་རྒྱའི་ཡེ་ཤེས་བཤད་པར་བྱ་སྟེ། རྡོ་རྗེ་སེམས་དཔའ་དཔལ་འབྱོར་བ། ཇི་ལྟའི་གཟུགས་དང་དབྱིབས་ལྡན་པས་རྡུལ་ཚོན་སློབ་དཔོན་བསྙེན་སྒྲུབ་བཞིས་ལྷར་བསྐྱེད་པའམ། ཚོགས་ཀྱི་འཁོར་ལོའི་སློབ་དཔོན་ཆ་བྱད་དང་། རྒྱན་བཏགས་པའང་རུང་སྟེ། དུར་ ཁྲོད་དུ་རོ་བསྲེགས་པའི་ཐལ་བའམ། མ་མོའི་གནས་སུ་ཀེང་རུས་ཡུན་རིང་པོ་ལོན་པའི་ཕྱེ་མ་བདུད་རྩི་ལྔ་དང་བསྲེས་པས་སྒྲུབ་པའི་དཔྲལ་བར་ཐིག་ལེ་བྱ་བའམ། ཡང་ན་སྙིང་ག་ལྐོག་མ་དཔྲལ་བ་གསུམ་དུ་སོར་མོ་གསུམ་པའི་རི་མོ་བྱས་པ་བདག་དང་གཞན་བསྲུང་བར་འགྱུར་རོ། །ཐལ་བ་ དེས་ཕྱོགས་བཞི་དང་མཚམས་བཞི་དང་ནམ་མཁའ་དང་ས་ལ་གཏོར་ན་བསྲུང་བར་འགྱུར་རོ། །དེ་བཞིན་དུ་དཀྱིལ་འཁོར་ལྔ་ཡང་བསྲུང་བ་དེ་ཉིད་ཡིན་པར་ཤེས་པར་བྱའོ། །ཐལ་བ་དེ་ཇི་ལྟ་བུ་ཡིན་སྙམ་ན། བདུད་རྩི་ལྔ་དང་བསྲེས་པའི་ཐལ་བ་ལ་བསྙེན་པ་བྱས་ནས། དུ་བ་དང་། རླངས་པ་ དང་། འཕར་བ་ལ་སོགས་པའི་རྟགས་བྱུང་ནས་བསྲུང་བའི་རྡོ་རྗེ་ཐལ་བའི་དམ་ཚིག་ཅེས་བྱ་བའི་བསྲུང་བའོ། །རིགས་བཞིའི་ཐལ་བའི་བསྲུང་བ་བཤད་ནས། ཆུའི་བསྲུང་བ་བཤད་པ་ནི། རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །ཞེས་པ་ལ་སོགས་པ་གསུངས་ཏེ་བསྒོམ་པ་གདོང་རྒྱན་གྱོན་པའི་ལྷ་བཞིའི་རྒྱ་ མཚོའམ་འབབ་ཆུའི་འགྲམ་དུ་ཆུ་ལ་དཀྱིལ་འཁོར་བསྒོམས་ནས། ཆུ་གྱེན་དུ་འགྲོ་བ་དང་མི་གཡོ་བ་མཐོང་བ་དེའི་ཚེ། ལྷ་ཐམས་ཅད་ཞུ་བའི་ལྷ་རྫས་ཀྱི་ཞི་བའི་ཆུའི་མཆོག་གིས་བདག་དང་གཞན་ལ་གཏོར་བ་དང་། སྤྱི་བོར་བླུགས་པ་དང་ཁྲུས་བྱ་བ་དང་། ཆུ་དེར་འབོགས་ཤིང་རྒལ་ནས་བཅུད་ཀྱི་འཇིག་ རྟེན་བསྲུང་བ་དང་། སྣོད་ཀྱི་འཇིག་རྟེན་ཀྱང་སྔ་མ་བཞིན་དུ་བསྲུང་བར་འགྱུར་རོ། །རིགས་བཞིའི་ཆུའི་བསྲུང་བ་བཤད་ནས། ཡུངས་ཀར་བསྐྱེད་ནས་བསྲུང་བ་ནི། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །ཞེས་པ་ལ་སོགས་པ་གསུངས་ཏེ། སྔ་མ་ལྟར་བསྒོམས་པའམ། ལྷ་རྣམས་ཀྱི་ཆ་བྱད་གྱོན་པ་བསྐྱེད་ པ་ནས་མིའི་ཐོད་པ་དུར་ཁྲོད་ཀྱི་སས་བཀང་བ་ལ་སངས་རྒྱས་སྤྱན་གྱི་སྔགས་ཀྱིས་གཟུགས་དང་། མཱ་མ་ཀཱིའི་སྔགས་ཀྱིས་བདུད་རྩི་ལྔ་དང་ལྡན་པའི་ཆུ་བླུགས་པ་དང་། གོས་དཀར་མོའི་སྔགས་ཀྱིས་ཡུར་མ་བྱ་བ་དང་། སྒྲོལ་མའི་སྔགས་ཀྱིས་བསྲུང་བ་བྱས་ལ། སྨིན་པའི་ཚེ་དམངས་ 26-1-434b རིགས་ཀྱི་བུ་མོའི་ལག་པར་སྤྲུལ་ནས། ལུས་སམ་མགུལ་དུ་གདགས་པ་དང་། ལོ་མས་ཚོད་མ་བྱ་ཞིང་ཡུངས་མར་གྱིས་མགོ་ལ་བསྐུ་བ་དང་། ཕྱོགས་མཚམས་ཀྱང་སྔ་མ་བཞིན་བསྲུང་བ་བྱའོ། །དེ་ལྟར་རིགས་རྣམས་ཀྱི་ཡུངས་ཀར་གྱི་བསྲུང་བ་བཤད་ནས། རིགས་རྣམས་ཀྱི་ལུས་ཀྱི་དཀྱིལ་འཁོར་གྱི་ བསྲུང་བ་བཤད་པ་ནི། རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །ཞེས་པ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའ་བསྒོམ་པའི་རྣལ་འབྱོར་པས་མིག་ཏུ་མ་དང་ཊ་ལས་ཉི་ཟླ་བསྐྱེད་ལ་མིག་འབྲས་ལ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་བསྐྱེད་དེ། གློག་ལྟ་བུའི་རྡོ་རྗེ་ཕྲ་མོའི་འོད་ཟེར་གྱིས་ནམ་མཁའི་ཁམས་གང་བར་སྨྲ་བར་བྱའོ། །རྡོ་རྗེ་ ཕྲ་མོའི་མཐོང་བ་མཚན་མ་ཐོབ་པའི་ཚེ་མ་མཆུ་སོས་མནན་ལ་རྡོ་རྗེ་དྲིལ་བུ་བཟུང་ནས་གཡོན་དུ་འགྱིངས་པ་དང་བཅས་པའི་རྡོ་རྗེའི་འགྲོས་ཀྱིས་འགྲོ་ཞིང་གསལ་བའི་ལྟ་བས་ཕྱོགས་བཅུར་བསྐོར་ཞིང་། སྟེང་འོག་བྱིན་གྱིས་བརླབས་ལ་ས་འོག་ས་བླ་ས་སྟེངས་གསུམ་རྒྱས་འདེབས་པར་འགྱུར་རོ། །དེ་བཞིན་དུ་ གདུལ་བྱ་དཀྱིལ་འཁོར་དུ་ཞུགས་པའི་རྐང་པའི་རང་བཞིན་ངན་པ་རྣམས་ཀྱང་སྣོད་དུ་འགྱུར་རོ། །དེ་བཞིན་དུ་དཀྱིལ་འཁོར་བཞི་ལ་ཡང་ཤེས་པར་བྱའོ། །ཐུན་མོང་གི་ཕྱག་རྒྱ་གསུངས་ནས་བྱེ་བྲག་གསུངས་པ་ནི། རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །ཞེས་གསུངས་ཏེ། བུད་མེད་བཅུ་བཞི་ལྷ་མོའི་ཆ་བྱད་དུ་བྱས་ལ་ དེའི་དབུས་སུ་བར་ཏི་ནས་འབྱུང་བ་བཞིན་དུ་བདག་ཀྱང་རྡོ་རྗེ་སེམས་དཔའི་ཆ་བྱད་དུ་བྱས་ནས་བསྙེན་སྒྲུབ་བཞི་ཇི་ལྟ་བ་བཞིན་དུ་བསྒོམས་ཏེ། ལྷ་མོའི་ཕྱག་རྒྱ་ལྟ་བ་འདུག་སྟངས་དང་ཕྱག་རྒྱའི་གར་དང་སྔགས་ཟློས་ཤིང་ཆེ་གེ་མོ་རཀྵ་རཀྵ་བྱས་ནས་བདག་དང་གཞན་ཕྱོགས་བཅིང་བ་ལ་སོགས་པ་ བསྲུང་བར་འགྱུར་རོ། །རྣམ་སྣང་གི་རྣལ་འབྱོར་པས་རྣམ་སྣང་གི་དཀྱིལ་འཁོར་གྱི་ལྷའི་ཆ་བྱད་བྱས། བུད་མེད་བཅུ་བདུན་གྱིས་བར་ཏི་ནས་འབྱུང་བ་ལྟར་ལྷའི་ཆ་བྱད་བྱས་ནས་ལྟ་བ་དང་། ལག་པ་རྐང་པ་སྔགས་འདོན་པ་དང་བཅས་པས་སྔ་མ་ལྟར་བསྲུང་བར་འགྱུར་རོ། །ཧེ་རུ་ཀའི་རྣལ་ འབྱོར་པས། ཧེ་རུ་ཀའི་རྣམ་པར་འཕྲུལ་པས་བར་ཏི་ནས་འབྱུང་བ་བཞིན་བྱས་ན་བསྲུང་བར་འགྱུར་རོ། །པདྨ་གར་དབང་གི་རྣལ་འབྱོར་པས། ཇི་ལྟ་བའི་གཟུགས་དང་དབྱིབས་དང་ཞིང་པདྨ་ཁ་འབྱེད་པས་བར་ཏི་ནས་འབྱུང་བ་ལྟར་ཆ་བྱད་བྱས་ན་སྔ་མ་བཞིན་དུ་བསྲུང་བར་འགྱུར་རོ། ། 26-1-435a རྡོ་རྗེ་ཉི་མའི་རྣལ་འབྱོར་པས་འབར་བའི་རྡོ་རྗེ་ལྟ་བའི་ཚུལ་བཞིན་བཞུགས། རྡོ་རྗེ་ཉི་མའི་དཀྱིལ་འཁོར་གྱི་ལྷའི་ཆ་བྱད་བར་ཏི་ལྟར་བྱས་ན་སྔ་མ་ལྟར་བསྲུང་བར་འགྱུར་རོ། །རྟ་མཆོག་གི་རྣལ་འབྱོར་པས་ཇི་ལྟ་བའི་རྟ་མཆོག་གི་དཀྱིལ་འཁོར་གྱི་ཚུལ་བཞིན་བྱས་ལ་རྟ་ མཆོག་གི་དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་ཏེ་ཧཾ་ཁཾ་ལས་གོ་ཆ་བསྐྱེད་དེ། སྙིང་གར་མདུད་པ་ལན་གསུམ་ནུ་མ་དང་ལྐོག་མར་ལན་གཉིས་གཉིས་མདུད་ལ། ལན་ཅིག་དཔྲལ་བར། ལན་ཅིག་རྣ་བ་གཉིས་ཀྱི་ལྟག་པར་ཟེ་ཀ་བཅིངས་ནས་ལྷག་མ་སྦྱངས་པ་ནི་གོ་ཆའི་ཚུལ་དུ་ཞེས་བྱའོ། །དེ་ ནས་སྤྱི་བོ་དང་དཔྲལ་བ་དང་གློ་གཡས་གཡོན་དང་རྒྱབ་ཏུ་རྡོ་རྗེ་ཕྲེང་བ་བཅིངས་ལ་དར་འཆིང་བ་བཞིན་དུ་ཕྲེང་བ་ཡང་བཅིངས་ནས་བདག་དང་གཞན་བསྲུང་བ་དང་ཕྱོགས་བཅིང་བར་འགྱུར་རོ། །དེ་ལྟར་དངོས་གྲུབ་ལེན་པའི་བསྲུང་བའི་ཕྱག་རྒྱ་བཤད་ནས། ད་ནི་ནད་ཞི་བར་བྱས་ནས་ཚེ་འཕེལ་བའི་ ཕྱག་རྒྱའི་ཡེ་ཤེས་བཤད་པ་ནི། ཆེས་སེམས་དཔའ་ཡི་ཚུལ་སྟོན་ཅིང་། །ཞེས་པ་ལ་སོགས་པ་གསུངས་ཏེ། བསྙེན་སྒྲུབ་གཉིས་ཀྱིས་རྡོ་རྗེ་སེམས་དཔའི་སྐུར་བསྐྱེད་ལ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་ནད་པའི་ལུས་ལས་རིམས་མིག་གསུམ་པ་ལག་པ་གསུམ་པ་རྐང་པ་གསུམ་པ་ཁ་དོག་ནག་པ་ སྟེ། ནད་དང་སྡིག་སྦྲུལ་དང་། སྤྲུལ་པ་དང་སྡིག་པ་ལ་སོགས་པའི་གཟུགས་བསམས་ཏེ། ཁམས་གསུམ་རྣམ་རྒྱལ་གྱི་ཕྱག་རྒྱ་བཅིངས་ལ་མཛུབ་མོ་ལྕགས་ཀྱུར་བྱས་པས་ནད་དང་དུག་བསལ་བ་དེ་ཉིད་སྨིན་མཚམས་སུ་བཞག་ན་བསྲུང་བར་འགྱུར་རོ། །རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཉིས་ཀྱི་ རྩེ་མོ་བཀུག་ལ་སྦྲུམ་མའི་གསུས་པ་ལ་བཙུགས་ན་བུ་འབྱུང་བ་དང་། ལྷོག་པ་དང་། སྐྲན་དང་། དམུ་རྫིང་ལ་སོགས་པ་ལ་བཙུགས་ནས་སྔགས་འབུམ་ཕྲག་གཅིག་བཟླས་ན་ཟུག་རྔུ་སོས་པར་འགྱུར་རོ། །མིག་གསོ་བ་ནི་དཔལ་གྲུབ་པའི་སྤྱན་ཞེས་བྱ་བ་མཛུབ་མོ་མཐེ་བོའི་རྩ་བར་བཀུག་ནས་མཐེ་ བོང་དང་གུང་མོ་རྩེ་སྦྱར་བ་ནི་དཔལ་གྲུབ་པའི་སྤྱན་ཞེས་བྱ་སྟེ། སྔགས་འབུམ་བཟླས་ནས་མིག་ཕྱིས་ན་ལོང་བས་མཐོང་བར་འགྱུར་རོ། །ཀླད་ནད་གསོ་བ་ནི་བདག་ཉིད་ལྷ་རྣམས་ཀྱི་སྦྱོར་བ་དང་། རྡོ་རྗེ་དང་། དེ་བཞིན་གཤེགས་པ་དང་། ཁྲོ་བོའི་ཁུ་ཚུར་དང་། པདྨའི་དང་། རིན་པོ་ཆེ་དང་། ལས་ཀྱི་ཁུ་ཚུར་ 26-1-435b གྱིས་ཀླད་པའི་ནད་དྲངས་ནས་ཁའི་ཕྱོགས་སུ་བྱུང་བ་ལྟར་བྱས་ན་ཀླད་ནད་སོས་པར་འགྱུར་རོ། །རྣ་བ་གསོ་བ་ནི་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དཀར་པོ་གཉིས་རྣ་བར་བསྐྱེད་ལ་བདག་ཉིད་ཀྱི་ལྕེ་ལ་རྡོ་རྗེ་རྩེ་ལྔ་པ་དཀར་པོ་བསམས་ལ་དེ་རྣ་བར་ཏ་ཐཱ་ག་ཏ་ཧཱུཾ་ཞེས་འབུམ་བཟླས་ལ་རྣ་བར་ཕུས་གདབ་པར་བྱའོ། ། བྱིས་པ་གསོ་བ་ནི། རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་བརྐྱང་ལ་མཐེ་བོ་མཐེ་ཆུང་སོ་སོར་བརྐྱང་ནས་ལག་པ་གཡས་པའི་གུང་མོ་བྱིས་པའི་སྤྱི་བོར་བཞག་ནས་སུམྦྷས་གཙུག་ཏོར་བཅིངས་ན་བྱིས་པའི་ནད་སོས་པར་འགྱུར་རོ། །དུག་གསོ་བ་ནི་ལག་པ་གཡས་པའི་མཐིལ་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ བསམས་ལ། དེ་ལས་བྱུང་བའི་སོར་མོ་ལྔ་སྦྲུལ་མགོའི་གདེངས་ཀ་བསམས་ནས་སྒྲུབ་པའི་རྐང་པར་ཡཾ་ལས་རླུང་། ལྟེ་བར་རཾ་ལས་མེ། དེའི་སྟེང་དུ་ར་ནག་པོ་ལ་ཞོན་པའི་སྐྱེས་བུའི་གཟུགས་ཅན་ནག་པོ་བསམས་ནས་མེ་འབར་བས་བསྲེགས་པ་དང་། དུག་བཀུག་ནས་གདུལ་བ་དང་། དུག་འོད་ཟེར་གྱི་ལྕགས་ སྒྲོག་གིས་བཅིང་བ་དང་མེ་ལྷས་ཟོས་པར་བསམས་ལ། གདུག་པའི་མཆེ་བ་ལ་སོགས་པས་ཟིན་པའི་འདུག་སྟངས་སྟག་དང་གོས་ཀྱི་དགོན་ཟན་གྱི་དུག་སྟེ་བརྩོན་པ་རྣམས་སོས་པར་འགྱུར་རོ། །གདོན་གསོ་བ་ནི། ཁྲོ་བོའི་སྡིགས་མཛུབ་ཀྱིས་གཡས་པའི་མཐེ་བོ་དང་། གུང་མོ་གཉིས་མིག་ལྟ་བུར་ བྱས་ནས་གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་ཡང་དེ་བཞིན་དུ་བྱས་ཏེ། གཡས་གཡོན་གྱི་གུང་མོའི་ཚིགས་གསུམ་པའི་རྒྱབ་སྦྱར་ཏེ། མཐེ་བོ་དང་མཛུབ་མོ་སོ་སོར་བཅད་པས་མཛུབ་མོ་དང་གུང་མོ་བར་དུ་གྲུ་གསུམ་དང་། གུང་མོ་གཉིས་མཐེ་བོའི་ཚིགས་དང་པོར་བཞག་པས་མཛུབ་མོ་ གུང་མོ་མཐེ་བོ་གཉིས་ཀྱི་བར་གྲུ་བཞི་བྱས་ནས་ཞི་རྒྱས་མངོན་སྤྱོད་ཀྱི་ཕྱག་རྒྱ་བཅིངས་ལ་གདོན་དང་དུག་སེལ་བར་འགྱུར་རོ། །ཤི་བ་སློང་བའི་ཕྱག་རྒྱ་ནི་ཧེ་རུ་ཀའི་ཕྱག་རྒྱ་འཛིན་བྱས་ལ་བ་དན་གསུམ་པ་གཉིས་བཅིངས་ཏེ། ནང་ཟློག་པ་གུང་མོ་གཉིས་མདུད་ནས། མཛུབ་མོ་གཉིས་དང་། མཐེ་ཆུང་གཉིས་སོ་སོར་མདུད་དེ། གཡས་པའི་སྲིན་ལག་དང་། གཡོན་པའི་མཐེབ་མོ་གཡོན་པའི་སྲིན་ལག་དང་། གཡས་པའི་མཐེ་བོང་རྩེ་མོ་སྦྱོར་བས་རྩེ་མོ་ལྔ་པ་ཞེས་བྱ་བ་སྨིན་མཚམས་ཀྱི་མཛོད་སྤུ་རུ་བཞག་པས་མ་མོ་ཐམས་ཅད་འདུལ་བ་དང་། འཇིག་རྟེན་གསུམ་རྒྱས་གདབ་པ་ 26-1-436a དང་། རྨོངས་པ་དང་ཐལ་བར་བྱས་པས་སླར་འཚོ་བར་བྱེད་དོ། །རྟ་གསོ་བའི་མུ་དྲ་ནི། ཏྲཾ་ལས་རྟ་རྣམས་བསྐྱེད་ལ། ཧྲཱི་ལས་སྟན་པདྨར་བསྐྱེད་ལ། ཨ་ལས་ཟླ་བའི་དཀྱིལ་འཁོར་བསྐྱེད་ལ། ཧཱུཾ་ལས་རྡོ་རྗེ་སེམས་དཔའ་བསྐྱེད་པའམ་རྟ་མཆོག་ཏུ་བསྐྱེད་ན་ནད་མེད་ཅིང་ཉམས་སྐྱེ་ བར་འགྱུར་རོ། །གླང་པོ་གསོ་བ་ནི། ཧཱུཾ་ག་ཧཱུཾ་ཞེས་པ་ལས་གླང་པོ་བསྐྱེད་ལ་པདྨའི་གདན་དང་ཟླ་བའི་གདན་བསྐྱེད་དེ། རིགས་བཞིའི་ལྷ་བསྐྱེད་ནས་བདུད་རྩི་འཛག་པར་བསམས་ན་གླང་པོའི་ཉམས་སྟོབས་འཕེལ་བར་འགྱུར་རོ། །བྱ་གསོ་བ་ནི། ཧྲི་མཾ་ཧྲི་ཞེས་པས་བྱ་བ་སྐྱེད་ལ་ཤྲཱི་བཛྲ་སཏྭ་སྟྭཾ་ཨ་གི་ཧོ་ཞེས་ པས་རྣ་བར་བཟླས་ན་ནད་མེད་པ་དང་མི་སྐད་སྨྲ་བར་འགྱུར་རོ། །ལྗོན་ཤིང་བསྐྱེད་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རིགས་བཞིའི་རྣལ་འབྱོར་བྱས་ལ་ཧཱུཾ་མཾ་ཧཱུཾ་ཞེས་པ་ལས་སྐར་མ་རྒྱལ་གཟའ་ཕུར་བུའི་ཞིང་ཐམས་ཅད་སངས་རྒྱས་སྤྱན་གྱི་སྔགས་ཀྱིས་བསྐྱེད་ལ། མཱ་མ་ཀཱིའི་སྔགས་ ཀྱིས་བཅུ་པ་དང་། སྒྲོལ་མའི་སྔགས་ཀྱིས་བསྲུང་བ་དང་། གོས་དཀར་མོའི་སྔགས་ཀྱིས་ཡུར་མ་བྱ་བ་དང་། གནོད་མཛེས་ལ་སོགས་པའི་སྔགས་ཀྱིས་བསྲུངས་ན་ནད་མེད་ཅིང་མེ་ཏོག་དང་འབྲས་བུ་འཕེལ་བར་འགྱུར་རོ། །དེ་ལྟར་གསོ་བའི་ཕྱག་རྒྱའི་ཡེ་ཤེས་ཀྱི་བྱིན་གྱིས་བརླབས་ནས་མཚོན་ ཆའི་ཕྱག་རྒྱའི་ཡེ་ཤེས་བཤད་པ་ནི། འཁྲུལ་འཁོར་གྱིས་འཕངས་མ་འཕངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་འཁྲུལ་འཁོར་གྱིས་འཕངས་པ་ནི་མདའོ། །མ་འཕངས་པ་ནི་མདུང་། ལག་པས་འཕངས་པ་ནི་འཁོར་ལོ་འཕངས་ནས་སླར་བཟུང་བ་ནི་མདའ་མདུང་དང་ཞགས་པའོ། །སྟོབས་ འགྱེད་པ་ནི་ལག་སྟོབས།དེ་ཉིད་རྒྱས་པར་བཤད་པ་ནི། དབྱིབས་དང་བདེ་བླག་སྦྱོར་བ་དག །ཅེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་འཁྲུལ་འཁོར་གྱིས་འཕེན་པའི་སྦྱོར་བ་དང་། ཀུན་དུ་སྦྱོར་བ་དང་། འདྲེན་པར་འགྱུར་བ་དང་། འགེངས་པ་དང་། གསལ་བ་དང་འཕེལ་ལོ། །དེ་དག་གི་བཤད་པ་ནི། རྐང་པ་གཤིབས་ནས་མཉམ་པའི་སྟང་སྟབས་བྱ་བ་དང་། རྐང་པ་འགྱེས་པས་ས་ག་བྱ་བ་དང་། དཀྱིལ་འཁོར་དེ་དག་ཀྱང་ཞེས་པ་ཟླུམ་པོས་ས་གནོན་དང་། བརྐྱང་བསྐུམ་གྱིས་ཀྱང་ཞེས་གཡས་བརྐྱང་གཡོན་བསྐུམ་པའོ། །གཡས་བརྐྱང་ནི་དབྱིབས་ཀྱི་ཕྱག་རྒྱའོ། །དེ་ལ་བདེ་བླག་གི་རྒྱ་ཆེར་བཤད་པ་ནི། 26-1-436b དཔུང་པ་གཡོན་པ་མི་ལྷོད་པར་བསྒོམས་པ་དང་། འབེན་ལ་གཏད་ན་སྲན་གཟུགས་པ་དང་། ལག་པ་གཡས་པ་བསྐུམ་པས་བརྟེན་པ་དང་། རྣ་ལྟག་ཏུ་འཕེན་པས་ཡན་ལག་བརྟེན་པ་སྟེ། འདི་ནི་ལུས་ཀྱི་ཕྱག་རྒྱ་བདེ་བླག་ཅན། །ཞེས་བྱ་སྟེ་ལྷག་མ་ནི་ཕན་ཡོན་ནོ། །དེ་ལ་སྦྱོར་བའི་རྒྱ་ཆེར་བཤད་པ་ནི། རང་གི་སྙིང་གར་ འདྲེན་ཚུལ་དུ། ཞེས་པའི་ཤློ་ཀ་གཅིག་གིས་ཀུན་དུ་སྦྱོར་བའི་རྒྱ་ཆེར་བཤད་པ་ནི། ལག་པ་གཡོན་པ་ལེགས་བསྲང་པ། །ཞེས་པ་ཤློ་ཀ་གཅིག་གིས་འདྲེན་པའི་རྒྱ་ཆེར་བཤད་པའོ། །རྣ་དྲུང་བར་དུ་ཟླུམ་པོར་ནི། །ཞེས་པའི་ཤློ་ཀ་གཅིག་གིས་འགེངས་པའི་རྒྱ་ཆེར་བཤད་པ་ནི། ཇི་ལྟར་རིག་པ་དྲངས་ ནས་ནི། །ཞེས་པའི་ཤློ་ཀ་གཅིག་གིས་མྱུར་བའི་རྒྱ་ཆེར་བཤད་པ་ནི། འདས་པས་འབེན་ལ་བསྒྲིབ་པར་བྱ། །ཞེས་པའི་ཤློ་ཀ་གཅིག་གོ། །འཕེན་པའི་རྒྱ་ཆེར་བཤད་པ་ནི། དེ་གྲུ་བཞི་པ་ལ་སྒོ་བཞི་པ། །ཞེས་པ་ལ་སོགས་པ་སྨོས་ཏེ། གཡས་ཕྱོགས་མདའ་བསྐོར་ནས་འགེངས་ནས་ས་ལ་སྨད་པ་ དང་འབེན་ནམ་ས་ལ་གཏོད་པ་དང་། རྐང་པ་གཡོན་པའི་པུས་མོ་བཀུག་གཡས་པའི་བྲང་བས་ས་ལ་བཙུགས་པ་ནི། དམིགས་པས་མནན་ཞེས་བྱའོ། །འབིགས་པ་བཅུ་ཡི་རྒྱལ་མཆོག་གིས། །ཞེས་པ་གཡས་པའི་སོར་མོ་སངས་རྒྱས་ལྔར་བསྐྱེད་དེ། ཕྱག་རྒྱའི་མཆོག་དེས་ཕུང་པོ་ལྔ་དང་། དབང་པོ་ལྔ་ལ་མདའ་ཕོག་པར་བསམ་མོ། །གསལ་བའི་རྒྱ་ཆེར་བཤད་པ་ནི། མཚོན་ཆ་ལྔ་པོ་ཐུན་མོང་གི་ཆོ་ག་བསྟན་པ་ཡིན་ཏེ། རབ་ཏུ་འཕངས་པ་དང་། མཉམ་པ་དང་རབ་ཏུ་འཕངས་པ་ལ་སོགས་པ་ལྔ་ཐབས་ཀྱི་ཕྱག་རྒྱ་དང་། ཉམ་ང་ལ་གམས་དང་བདེ་སོགས། །ཞེས་པ་ནི་ཟློས་པའི་ཕྱག་རྒྱ་ལྔ་ དང་། ཐམས་ཅད་འདེགས་དང་ངེས་པར་འདེགས། །ཞེས་པ་ཕྲེང་བའི་ཕྱག་རྒྱ་ལྔ་དང་། ཀུན་དུ་ཀུན་ནས་ཐམས་ཅད་དུ། །ཞེས་པ་རུས་པ་ལ་སོགས་ཕྱག་རྒྱ་ལྔ་དང་། ཉི་ཤུ་ནི་དགྲ་ཆ་ཐམས་ཅད་གསལ་བར་རྟོག་པ་ཞེས་བྱ་བའི་ཐ་ཚིག་གོ། །མཚོན་ཆ་དེ་རྣམས་ནི་དངོས་གྲུབ་ལེན་པའི་ཚེ་མདུན་གྱི་ལྷ་དང་བར་ ཆད་ཀྱི་བདུད་ལ་འཕེན་པ་དང་། ཕྲིན་ལས་བྱེད་པའི་ཚེ་གཡུལ་ལས་རྒྱལ་བར་འགྱུར་བའི་ཕྱག་རྒྱའོ། །དེ་ལྟར་མཚོན་ཆའི་ཕྱག་རྒྱ་བསྟན་ནས་ལས་ཐམས་ཅད་ཀྱི་ཕྱག་རྒྱ་བསྟན་པ་ནི། སྲིན་ལག་གཉིས་ཀྱི་ནང་དུ་ནི། །ཞེས་པ་རྡོ་རྗེ་སེམས་དཔའི་རྡོ་རྗེ་ཁུ་ཚུར་དང་། དེ་བཞིན་གཤེགས་པའི་ཁྲོ་བོའི་པདྨའི་རིན་ 26-1-437a པོ་ཆེའི་ལས་ཀྱི་ཁུ་ཚུར་རྣམས་ཀྱི་དངོས་གྲུབ་བསྒྲུབ་པ་དང་། མཚན་མ་ཐོབ་ནས་ལས་རྣམས་བྱའོ། །དེ་ལྟར་ལག་པའི་མུ་དྲའི་ཡེ་ཤེས་བཤད་ནས། དཔལ་ལྡན་རྡོ་རྗེ་ལས་ཀྱི་རྐང་པའི་ཕྱག་རྒྱའི་ཡེ་ཤེས་བསྟན་པ་ནི། རྐང་པ་བརྐྱང་དང་གནོན་པ་དང་། །ཞེས་པ་ལ་ སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའི་རྣལ་འབྱོར་པས་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་དངོས་གྲུབ་ལེན་པ་དང་། ལས་རྣམས་བྱེད་པ་དང་། ཚོགས་ཀྱི་འཁོར་ལོ་སྤྱོད་པའི་བརྟུལ་ཞུགས་བྱེད་པའི་ཚིག་རྐང་པ་བརྒྱད་པ་གཡས་ཀྱི་ཕྱེད་ཀྲུང་དང་། གནོན་པ་གཡོན་གྱི་ཕྱེད་ཀྲུང་བསྐུམས་ནས་འདེགས་པའི་ རྡོ་རྗེ་སྐྱིལ་མོ་ཀྲུང་གིས་གཟུགས་བརྙན་མནན་ནས་སྐད་ཕྱུང་བའི་ཚེ་བཀའ་བསྒོ་བར་བྱའོ། །དེ་བཞིན་དུ་རྣམ་སྣང་རྣལ་འབྱོར་པས་དཔལ་མནན་པ་རྡོ་རྗེ་སྐྱིལ་མོ་ཀྲུང་དང་། རྡོ་རྗེ་འཛིན་པ་ཧེ་རུ་ཀས་གཡོན་བརྐྱང་བ་དང་། པདྨ་གར་དབང་གི་པདྨའི་སྐྱིལ་ཀྲུང་གིས་མནན་པ་དང་། རྡོ་རྗེ་ཉི་མའི་རིན་པོ་ཆེའི་སྐྱིལ་ཀྲུང་ གིས་མནན་པ་དང་། རྟ་མཆོག་གི་ལས་ཀྱི་སྐྱིལ་མོ་ཀྲུང་གིས་མནན་པའོ། །མནན་ནས་སུ་དག་ལོངས་སྤྱོད་སྙམ་ན། དབང་ཕྱུག་མནན་ནས་དངོས་གྲུབ་གསུམ་མ་བཀུག་པ་དང་། ཁྱབ་འཇུག་མནན་ནས་དཔའ་མོ་བཀུག་པ་དང་། ཚངས་པ་མནན་ནས་གྲོལ་མ་བཀུག་པ་དང་། འདོད་པའི་ལྷ་མནན་ནས་དགའ་ མ་བཀུག་པ་དང་། དེའི་འཁོར་མ་མོ་དང་། མཁའ་འགྲོ་མ་རྣམས་ལོངས་སྤྱད་པར་བྱའོ། །དེ་བཞིན་དུ་ཀུ་བེ་ར་མནན་ནས་རིག་པ་འགྲུབ་པའི་རྣལ་འབྱོར་མ་བཀུག་པ་དང་། མིའི་རྒྱལ་པོ་མནན་ནས་བཙུན་མོ་བཀུག་ལ་ལོངས་སྤྱད་པར་བྱའོ། །དེ་ལྟར་རྐང་པའི་ཕྱག་རྒྱ་བཤད་ནས། སྒྲུབ་པའི་ཡན་ལག་ སྔགས་སྐྱེས་ཞིང་སྐྱེས་ཡེ་ཤེས་ལས་སྐྱེས་པ་ཁ་དོག་དང་དབྱིབས་དང་སྤྱོད་ལམ་ཤེས་ནས་ཡན་ལག་དང་ཉིང་ལག་གི་བརྡ་བྱ་སྟེ། སྒྲུབ་པའི་ཡན་ལག་ཏུ་ཤེས་ནས། དགུག་པའི་ཕྱག་རྒྱ་བསྟན་པ་ནི། རྡོ་རྗེ་ཁུ་ཚུར་སྙིང་གར་བཅིངས། །ཞེས་པ་ལ་སོགས་པ་གསུངས་སོ། །ཐུན་མོང་གི་ཕྱག་རྒྱ་ བཤད་ནས། བྱེ་བྲག་ཏུ་རྡོ་རྗེ་སེམས་དཔའི་ལྷ་མོ་དགུག་པ་ནི། གཡོན་འགྱིང་ཚུལ་ཤློ་ཀ་གཅིག་གིས་སོ། །རྣམ་སྣང་གི་ནི་དཔལ་ལྡན་སྣ་ཚོགས་འཛིན་ཞེས་པ་གཅིག་གོ། །ཧེ་རུ་ཀའི་ནི། གཡོན་པའི་དྲིལ་བུ་སྒྲ་སྒྲོགས་ཤིང་། །ཞེས་པ་གཅིག་གོ། །པདྨ་གར་དབང་གི་ནི། གཡོན་པའི་བརླ་ལ་གཞག་ཅེས་ 26-1-437b པ་གཅིག་གོ། །རྡོ་རྗེ་ཉི་མའི་ནི། བདག་སྙིང་གར་འདྲེན་པའི་ཚུལ་དུ་ཞེས་པ་གཅིག་གོ། །རྟ་མཆོག་གི་ནི། བདག་གི་སྙིང་གར་འདྲེན་ཚུལ་དུ་ཞེས་པའི་ཤློ་ཀ་གཅིག་གོ། །དེ་ལྟར་རྟོག་པ་དགུ་པ་ནི་ཕྱག་རྒྱ་ཉི་ཤུ་རྩ་བརྒྱད་ཀྱི་བསྒྲུབ་པའི་ཡན་ལག་ཉི་ཤུ་རྩ་བརྒྱད་དུ་བྱས་ན། ལས་དང་པོ་པ་བསྒྲུབ་པའི་ ཚེ་དང་། མཚན་མ་ཐོབ་པའི་ཚེ་དང་། དཔེ་གཉིས་ལ། མཚན་མ་ཐོབ་པའི་ཚེ་མཆོག་ཏུ་གྱུར་པའི་རྣལ་འབྱོར་པ་དངོས་གྲུབ་ལེན་པའི་ཚེ་དང་། དངོས་གྲུབ་ཐོབ་པས་ཡེ་ཤེས་ལ་དབང་བའི་རྣལ་འབྱོར་པས་སེམས་ཅན་གྱི་དོན་དུ་ལས་རྣམས་བྱེད་པའི་ཚེ་དག་ཅིང་རིགས་པར་ཡན་ལག་ཏུ་གྱུར་པ་ཡིན་ནོ། །བརྟག་ པ་དགུ་པའི་འགྲེལ་པའོ།། །།དེ་ལྟར་བརྟག་པ་དགུ་བཤད་ནས། ད་ནི་ཕྱག་རྒྱ་ཆེན་པོ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལ་མོས་པ་བདག་བྱིན་གྱིས་བརླབས་པའི་རྣལ་འབྱོར་པའི་ཕྱག་རྒྱ་ཆེན་པོ་དང་མཉམ་པར་སྦྱོར་ནས། མངོན་སུམ་གྱི་ལམ་བསྒོམ་པ་བཤད་པ་ནི། དེ་ནས་སྣ་ཚོགས་ཀུན་དུ་ནི་ལྷ་ དྲུག་ཏུ་བསྒོམ་པའི་རྣལ་འབྱོར་པ་དྲུག་གོ། །ཕྱག་རྒྱ་ཞེས་པའི་སྒྲུབ་པ་འདི། །ཞེས་པ་རིགས་དྲུག་ཕྱག་རྒྱ་བཞིའི་བྱེ་བྲག་གོ། །ཀུན་དུ་སྣ་ཚོགས་སྦྱོར་བ་ཡིས། །ཞེས་པ་ཕྱག་རྒྱ་བཞི་ལ་དགའ་བ་བཞིའི་ཡེ་ཤེས་བསྐྱེད་པའོ། །ཀུན་དུ་སྣ་ཚོགས་བཤད་པར་བྱ། །ཞེས་པ་རྣལ་འབྱོར་མ་བཞིའི་ཕྱག་ རྒྱ་ཉི་ཤུ་རྩ་བཞི་ལ་སྦྱོར་བའོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། སྨིན་མ་མིག་དང་སྣ་དང་མཆུ། ཞེས་པ་ལ་སོགས་པ་གསུངས་ཏེ། རང་དང་འདྲ་བའི་ཕྱག་རྒྱ་དྲུག་ཡུམ་གྱི་སྨིན་མ་དང་མིག་དང་སོ་ལ་སོགས་པ་ཆ་ལུགས་སུ་བྱས་ལ་ཕྱག་རྒྱ་ཐམས་ཅད་ཀྱིས་འཁྱུད་པ་དང་། འོ་བྱ་བ་ལ་སོགས་ པ་རྣམ་པར་སྨིན་པ་བཀྲོལ་ནས་རྣམ་པ་སྣ་ཚོགས་དང་། རྣམ་པར་སྨིན་པ་བཀྲོལ་ནས་མཚན་ཉིད་དང་བྲལ་བའོ། །དེ་ཡང་རྣམ་པར་ཤེས་པ་བསམ་གཏན་གྱི་ཏིང་ངེ་འཛིན་བསྐྱེད་པའི་ལྷ་མོ་དྲུག་གི་དབང་དུ་བྱས་ནས། རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བའི། །ཞེས་པའི་ཤློ་ཀ་གཅིག་གིས་དགའ་བའི་མཚན་ ཉིད་བཤད་དོ།།ཕྱག་རྒྱ་འདི་ཡིས་བཏབ་ན་ནི། །ཞེས་པས་མཆོག་དགའི་མཚན་ཉིད་དོ། །སངས་རྒྱས་ཀུན་དང་མཉམ་སྦྱོར་བས། །ཞེས་པའི་ཤློ་ཀ་གཅིག་གིས་ལྷན་ཅིག་སྐྱེས་དགའི་ལྷ་མོའི་མཚན་ཉིད་དུ་བསྟན་ཏོ། །དེ་ལྟར་ཞི་གནས་ཀྱི་བདེ་བ་བསྟན་ནས། ལྷག་མཐོང་གི་བདེ་བ་བསྟན་པ་ནི། རྡོ་རྗེ་ 26-1-438a སེམས་དཔའ་དཔལ་སྦྱོར་བའི། །ཞེས་པ་ཤློ་ཀ་གཅིག་གིས་རྡོ་རྗེ་སེམས་དཔའི་བདེ་བ་ཆེན་པོ་འོད་གསལ་བ་བསྒོམ་པའོ། །ལྟ་བས་མི་ངོམས་པ་ཡི་སྐུ། །ཞེས་པའི་ཤློ་ཀ་གཅིག་གིས་རྣམ་སྣང་གི་བདེ་བ་ཆེན་པོ་བསྟན་ཏོ། །བསམ་པ་ཐམས་ཅད་རྫོགས་པ་ཡི། །ཞེས་པའི་ཤློ་ཀ་གཅིག་གིས་ཧེ་ རུ་ཀའི་བདེ་བ་ཆེན་པོ་བསྟན་ཏོ། །དབང་པོ་ཀུན་ལས་བྱུང་བ་ཡི། །ཞེས་པའི་ཤློ་ཀ་གཅིག་གིས་རྡོ་རྗེ་ཉི་མའི་བདེ་བ་བསྟན་ཏོ། །དཔལ་ལྡན་ཡོན་ཏན་འགྱིང་དང་བཅས། །ཞེས་པའི་ཚིག་རྐང་དྲུག་གིས་པདྨ་གར་དབང་གི་བདེ་བ་ཆེན་པོ་བསྟན་ཏོ། །གྱེན་དུ་འཕར་བའི་དངོས་གྲུབ་དང་། །ཞེས་པའི་ཚིག་རྐང་དྲུག་གིས་རྟ་ མཆོག་གི་བདེ་བ་ཆེན་པོ་འོད་གསལ་བསྟན་ཏེ། ལྷ་མོ་རྣམས་ཀྱིས་ཇི་ལྟར་ཕྱག་རྒྱ་བྱ་ཞེ་ན། ཀུན་དུ་སྣ་ཚོགས་སྐལ་བཟང་པོ། །ཞེས་པ་ལ་སོགས་པ་གསུངས་ཏེ། འབྱུང་བ་བཞིའི་རྩ་གསལ་ནས། ཨ་ཝ་དྷཱུ་ཏཱི་ཁ་སྦྱར་ན་དཔལ་རྡོ་རྗེ་པདྨོ་གྱེན་དུ་འཕར་བའི་སྤྱན་ཞེས་བྱ་བ། རིགས་བཞིའི་སྲོག་ཨ་ཝ་དྷཱུ་ཏཱིར་འཇུག་པའི་ ཐབས་ཀྱི་ཕྱག་རྒྱ་དྲུག་ལ་ཤེས་རབ་ཀྱི་ཕྱག་རྒྱ་དྲུག་གི་ལན་དུ་ཤེས་པར་བྱའོ། །དེ་ལྟར་རྟོག་པ་བཅུ་པའི་དོན་བཤད་ནས། དེའི་འབྲས་བུ་གསུངས་པ་ནི། སངས་རྒྱས་ཐམས་ཅད་འདུས་པ་ཡི། །ཞེས་པ་ལ་སོགས་པ་གསུངས་ཏེ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་འདུས་པའི་སྐུ་དཔག་ཏུ་མེད་པ་དང་ལྡན་ཞིང་ ནམ་མཁའི་ཁམས་ཀྱི་མཐས་གཏུགས་པའི་དུས་སུ་བདེན་པའི་ཚིག་ཏུ་གསུངས་ཀྱང་། སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་མུ་མེད་པ་ན་རྒྱུད་སྡེ་བཞིའི་རྟོག་པ་ཐམས་ཅད་དང་། རྟོགས་པའི་རྒྱལ་པོའི་གཟུགས་ཀྱི་རྣམ་པར་རྟོག་པའི་མཐུ་དང་། སྒྲའི་རྣམ་རྟོག་གི་ཡོན་ཏན་དི་བཞིན་གཤེགས་པ་ཐམས་ ཅད་ཀྱིས་གང་དུ་ཡང་གསུང་བར་མི་ནུས་སོ། །ཅིའི་ཕྱིར་ཞེ་ན། བྱིན་རླབས་ཀྱི་ལམ་གྱི་མཐུ་དང་། མངོན་སུམ་ལམ་གྱི་རང་བཞིན་དག་འགྲུབ་པ་དང་། སེམས་འོད་གསལ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་རྟག་ཏུ་འགྲུབ་པ་དང་། ཞི་གནས་དང་ལྷག་མཐོང་སོ་སོར་གྲུབ་པའི་ཕྱིར་རོ། །དེ་ལྟ་བུ་ཡིན་ཡང་། ཅིའི་ཕྱིར་གསུང་བར་མི་ནུས་ཤེ་ན། འདི་ནི་གསང་བ་མཆོག་གི་མཆོག། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་རང་གི་མཚན་ཉིད་ནི་སྒྲའི་བརྗོད་བྱ་མ་ཡིན་པས་མངོན་སུམ་གྱིས་ཉམས་སུ་མྱོང་བའི་དོན་དགའ་བ་ནི་གསང་བ་དང་། མཆོག་དགའ་ནི་མཆོག་དང་། ལྷན་ཅིག་སྐྱེས་དགའ་ཡིན་པས་མཆོག་གི་དང་། 26-1-438b བདེ་བ་ཆེན་པོ་ཡིན་པས་བདེ་མཆོག་གོ། །སངས་རྒྱས་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ལ་ལོངས་སྐུ་དང་སྤྲུལ་སྐུས་ཇི་ལྟར་ཆོས་བསྟན་ཞེ་ན། སེམས་ཅན་དོན་ཕྱིར་ལམ་རྣམས་སྦྱོང་བ་དང་། །རྣམ་པར་དག་པ་རྒྱལ་བས་ཡོད་མི་མཛད། །ཅེས་གསུངས་ཏེ། ཉན་ཐོས་ལྟར་ཕུང་པོ་ལྷག་མེད་ཀྱི་མྱ་ངན་ལས་འདས་ པར་མི་མཛད་པས་སངས་རྒྱས་རྣམས་ལ་ཡེ་ཤེས་ཀྱི་རྣམ་པ་དང་། བྱང་ཆུབ་སེམས་དཔའ་ལ་གཟུགས་ཀྱི་སྐུའི་རྣམ་པ་དང་། ལས་དང་པོ་པའི་སོ་སོའི་སྐྱེ་བོ་ལ་གསུང་གི་རྣམ་པར་སྣང་བ་ཡིན་ནོ། །དོན་དམ་པར་མཉམ་པར་སྦྱོང་བའི་དོན་ལ་གསུང་མི་མངའོ། །ཅིའི་ཕྱིར་མཉམ་པར་སྦྱོར་བའི་དོན་ལ་བར་ཆད་མེད་ པ་ཡིན་ཞེ་ན། འདི་ལ་བགེགས་བྱེད་བདུད་ཀྱང་ཡོད་མ་ཡིན། །ཞེས་གསུངས་སོ། །དྲི་མ་དག་པ་དང་མ་དག་པ་ཅིའི་ཕྱིར་མེད་སྙམ་ན། རྟོག་པས་མི་འགྲུབ་བརྡར་བས་ཡོད་མི་འགྱུར། །ཞེས་གསུངས་སོ། །ཅིའི་ཕྱིར་གློ་བུར་དང་འདྲེས་པ་མ་ཡིན་ཞེ་ན། མི་བརྟན་པ་དང་བདུད་དུ་ང་མི་འགྱུར། །ཞེས་བཤད་ དོ། །རྩ་བའི་ཆོས་ཀྱི་སྐུ་སེམས་རང་རིག་འོད་གསལ་ཅིའི་ཕྱིར་མི་སྟོན་ཞེ་ན། བརྟན་པའི་ཕྱིར་ཡང་ང་མི་འདོམས། །ཞེས་གསུངས་སོ། །དོན་དམ་པར་མཁྱེན་པ་མེད་ཀྱང་ཀུན་རྫོབ་ཏུ་ཇི་ལྟར་ལམ་རྟོགས་ཤེ་ན། གང་ཞིག་རང་གི་བདེ་བས་བདེ་གྲུབ་པ། །དངོས་གྲུབ་མཆོག་ནི་རྟེན་པར་མཛད། ། དེ་ལྟར་འབྲས་བུའི་རྒྱུད་གསུངས་ནས། རྗེས་སུ་ཡི་རང་ཞིང་བསྟོད་པ་ནི། སྣ་ཚོགས་ཞེས་པ་ལ་སོགས་པ་གསུངས་ཏེ། སྣ་ཚོགས་པས་དེ་སྐད་གསུངས་པ་ནི། རིགས་དྲུག་གི་སྟོན་པ་དྲུག་གོ། །བྷ་ག་ཝཱན། དེ་བཞིན་གཤེགས་པ་རྟག་ཏུ་དགྱེས། །ཞེས་པ་ཉན་པ་པོའི་སངས་རྒྱས་གངྒཱའི་ཀླུང་ གི་བྱེ་མ་སྙེད་རྟག་ཏུ་དགྱེས་པའོ། །རྡོ་རྗེ་སེམས་དཔའ་དཔལ་གྱི་རི་ལ་གསུངས་པ་ཞེས་པ་རིགས་དྲུག་གི་གཟུགས་ཀྱི་རྟོག་པ་བཤད་ནས། སྒྲའི་རྣམ་པར་རྟོག་པ་དྲུག་ནི། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་ཞེས་པའི་དོན་ཏོ། །རྣམ་པར་རྟོག་ཅིང་རབ་ཏུ་དགྱེས་པར་འགྱུར་ཞེས་པ་ གཟུགས་ཀྱི་རྣམ་རྟོག་བསྡུས་པ་ལ་བསྟོད་པ་དང་། སྒྲའི་རྣམ་རྟོག་བཤད་ཟིན་པ་ལ་སོགས་བསྟོད་པའོ། །འདིས་མ་འོངས་པའི་སྔགས་པ་གསང་སྔགས་ཀྱི་སྤྱད་པ་སྤྱོད་པ་རྣམས་དཀྱིལ་འཁོར་བསྡུས་པ་ལ་བསྟོད་པ་དང་ཆེས་བཤད་པའི་རྗེས་ལ་རྗེས་སུ་ཡི་རང་ཞིང་བསྟོད་པའོ། །དེ་ལྟར་ 26-1-439a རྗེས་སུ་ཡི་རང་བསྟོད་པའི་རྗེས་ལ་དབང་པོ་རྣོན་པོ་རྣམས་ཀྱིས་རྟོག་པ་བཅུའི་དོན་ཅིག་ཅར་རྟོགས་པར་བྱའོ་ཞེས་བསྟན་པ་ནི། རྣམ་མང་རྗེས་ཆགས་དགའ་བས་མཆོད་པ་དང་། །ཞེས་པ་དགའ་བ་གསུམ་གྱི་ཞི་གནས་ཀྱི་ཏིང་ངེ་འཛིན་ཏོ། །རྟ་མཆོག་གི་རྣལ་འབྱོར་བདེ་བས་གསལ་ བར་རྗེས་སུ་གསལ་བར་མཆོད་ན་ནི། བདེ་བ་ཆེན་པོ་གྲུབ་པར་མངོན་སུམ་དུ་བསྒོམ་པར་བྱའོ་ཞེས་པའི་དོན་ཡིན་ནོ། །རབ་ཏུ་བདེ་བ་རྣལ་འབྱོར་དམ་པ་སྐལ་བཟངས་དགའ་བའི་མཆོག །ཅེས་བྱ་བ་རང་ལྷག་པར་གནས་པའི་རྣལ་འབྱོར་པ་བདེ་བ་ཆེན་པོ་ཅིག་ཅར་སྒོམས་ཤིག་ཅེས་པའི་དོན་ཏོ། །རབ་མཆོག་ བདེ་བའི་རང་བཞིན་དམ་ཚིག་རྗེས་སུ་གྲུབ་པར་འགྱུར། །ཞེས་པ་བདེ་བ་ཆེན་པོ་སྐུ་གསུམ་ཐོབ་པར་འགྱུར་རོ་ཞེས་བཤད་དོ། །དེ་ལྟར་ཅིག་ཅར་བསྒོམ་པའི་དོན་བསྟན་པ་འདིས་མ་འོངས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཉེ་བར་བསྡུ་བ་བྱས་པའི་རྗེས་ལ། དགེ་བའི་རྩ་བ་བསྡོ་བར་གྱིས་ཞེས་པའོ། ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་དེ་སྐད་གསུངས་སོ་ཞེས་པ་ལག་ན་རྡོ་རྗེའི་ཚིག་ཡིན་ནོ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཡེ་ཤེས་ཀྱི་ཡུལ་དང་། མཉམ་པར་སྦྱོར་བའི་མཁའ་འགྲོ་ཕྱག་རྒྱ་བཞིའི་རྒྱུ་རྐྱེན་གྱི་ཚོགས་པ། མངོན་སུམ་ལམ་གྱིས་སྒྱུ་མ་ཡིས། །ཟག་པ་མེད་པ་བདེ་བའི་མཆོག ། ཅེས་བྱ་བ་རྟོག་པ་བཅུའི་མཚན་ཡིན་ནོ། །རྟོག་པ་བཅུ་པ་འདིས་ནི་རྟོག་པ་ཐམས་ཅད་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བ་དབང་བཞི་པ་ཆེན་པོ་བསྒོམ་པ་རྫོགས་སོ་ཞེས་བྱ་བ་ནི་མཐར་ཐུག་པ་ཞེས་བྱ་བའི་དོན་ཏོ། །བརྟག་པ་བཅུ་པའི་འགྲེལ་པའོ། །འགྲེལ་པ་དག་གིས་མཉམ་སྦྱོར་ནི། །མ་ལུས་གསལ་ བར་མ་འགྲོལ་ཞེས། །མཉམ་སྦྱོར་རྒྱུད་ལས་བདག་གིས་ནི། །གཏམ་དུ་དྲིས་པ་བཞིན་དུ་ཐོས། །བདག་གིས་རྟོགས་དཀའ་ཡིན་ན་ཡང་། །བླ་མའི་ཞབས་ཀྱིས་བྱིན་བརླབས་པས། །དེ་དོན་རྩོམ་ཕྱིར་ཉེས་པ་མེད། །དེ་ཕྱིར་རྒྱུད་རྒྱལ་རྟོག་པའི་དོན། །གསལ་བྱེད་ངག་གི་འོད་ཟེར་འདི། །འཕགས་པའི་ཤེས་རབ་ བསྐྱེད་པའི་ཕྱིར། །དགེ་བ་ཅུང་ཟད་གང་བསགས་པ། །དེ་ཡིས་ཀུན་མཁྱེན་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་གི་འགྲེལ་པ་མཉམ་སྦྱོར་གྱི་རྒྱན་ཞེས་བྱ་བ་རབ་དགའ་རྡོ་རྗེས་མཛད་པ་རྫོགས་སོ།། །། 26-1-439b