31-1-1a 31-1-1b ༄༅༅། །རྒྱ་གར་སྐད་དུ། བཛྲ་ཛ་པ་ཊཱི་ཀཱ། བོད་སྐད་དུ། རྡོ་རྗེ་བཟླས་པའི་རྒྱ་ཆེར་བཤད་པ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དཔལ་གསང་བ་ འདུས་པའི་བཤད་པའི་རྒྱུད་དགོངས་པ་ལུང་བསྟན་པ་ལས་བཅོམ་ལྡན་འདས་ཡུམ་ཡི་གེ་གསུམ་བརྡ་ཅན་གྱི་གསུང་གིས་བཀའ་སྩལ་པ་ཡིན་ལ། དགོངས་པས་གསུངས་པ་དེ་བླ་མའི་མན་ངག་གིས་ རྣམ་པར་བཤད་པར་བྱའོ། །དེ་ལ་དང་པོ་ཁོ་ནར་བཅོམ་ལྡན་འདས་རྡོ་རྗེ་འཆང་བའི་ཡི་གེ་གསུམ་གྱི་སྔགས་ཀྱི་བདག་ཉིད་ལ་ཕྱག་འཚལ་བར་བྱ་སྟེ། ཐོག་མ་མེད་པ་ལས་བྱུང་བ། །རྒྱུད་ཀྱི་ཡི་གེ་གསུམ་ བདག་པོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །སྔགས་ཀུན་དང་པོ་ཕྱག་འཚལ་བསྟོད། །ཕྱག་འཚལ་ནས་ནི་སྒྲ་བདག་ཉིད། །ཡི་གེའི་ཕྱི་མོ་བཞི་བཅུ་དགུར། །གྲགས་པ་དགོངས་པས་གསུངས་པ་འདི། །རྒྱ་ ཆེར་བཤད་པས་རབ་བཤད་བྱ། །དང་པོ་གཅིག་ནི་དགུ་དབུས་ན། །གང་ཞིག་བཅུ་ཡིས་མ་བཅིངས་པ། །དེ་ནི་བཅིང་མེད་ཅེས་བྱ་སྟེ། །དེ་ཤེས་པ་ནི་མཆོག་གི་གནས། །དབྱངས་དང་གསལ་བྱེད་ཡི་ 31-1-2a གེ་སྟེ། །གྲངས་དགུ་ཡི་ནི་རྗེས་འཇུག་པ། །ཨས་བཅིངས་ཕན་ཚུན་ཡང་དག་སྦྱོར། །གང་གིས་དེ་ཤེས་འགྲོ་བའི་བླ། །གང་གིས་ཤེས་ན་རྣམ་གྲོལ་བའི། །འབྲས་བུ་ཕུན་ཚོགས་གྲུབ་འདོད་པ། །དེ་ནི་དེ་ཉིད་འགྲུབ་ འགྱུར་ཏེ། །གཟུགས་མེད་པས་ན་གཟུགས་སྤངས་པ། །འབྱུང་བའི་མཐའ་དང་ཡང་དག་ལྡན། །ཆ་ལ་སོགས་པ་བཅུ་དྲུག་གནས། །ལྔ་པ་ལྔ་དང་ཡང་དག་ལྡན། །བཞི་ནི་གསུམ་དུ་ངེས་པར་སྦྱར། །ཡི་གེ་ཨྃ་བཅས་རིང་པོར་བཅས། ། ཡོན་ཏན་སྦྱོར་སོགས་ཕྱིས་དང་མཚུངས། །ཐུང་ངུ་མ་ལུས་ངག་ཏུ་འགྱུར། །གཅིག་མིན་དུ་མ་མ་ཡིན་ནོ། །ཡ་ཡི་དོན་གྱིས་གང་ཅིའང་རུང་། །བྱ་བའི་དངོས་གྲུབ་འདོད་གྱུར་པས། །ར་ལ་སོགས་པ་གསུམ་ཉིད་ཀྱིས། །འགྲོ་བའི་དོན་ལ་རབ་ ཏུ་འཇུག །ཡི་གེ་གང་ཞིག་སྔར་བཤད་དང་། །གང་ཡང་མངོན་པར་ཕྱོགས་པ་རྣམས། །བུད་མེད་སྐྱེས་པ་མ་ནིང་སྟེ། །ཁམས་ལ་སོགས་པར་རབ་ཏུ་བརྟགས། །འོག་དང་སྟེང་དུ་བཅས་པར་ནི། །ཤེས་ནས་བློས་ནི་ངེས་པར་སྦྱར། ། དྲུག་བཤད་བཞི་དང་གསུམ་དང་གཅིག །དངོས་མེད་ངོ་བོ་གཅིག་ལས་བྱུང་། །དེ་ནི་ཡ་སོགས་དོན་སྦྱར་ན། །དུས་གསུམ་ཤེས་པའང་འབྱུང་བར་འགྱུར། །མཁས་པས་སྒྱུ་མ་མིག་འཕྲུལ་བཞིན། །འགྲོ་བ་རྣམས་ནི་དགུ་མཐར་སྦྱར། །བརྗོད་ 31-1-2b པ་ཡི་ནི་སྔགས་འདི་དག །དངོས་མེད་ངོ་བོ་ལས་བྱུང་བ། །དེ་ནི་ཡོངས་སུ་གྱུར་པའི་གཟུགས། །ལྷ་རུ་ཉེ་བར་མཚོན་པ་གང་། །བརྡ་ཡིས་དེ་ཉིད་གསུམ་གནས་པ། །རང་བཞིན་བཟླས་པའི་མཚན་ཉིད་དོ། །མིང་མེད་བརྗོད་དུ་མེད་པ་སྟེ། །བྱང་ཆུབ་སེམས་མཆོག་འདི་ཡིན་ནོ། །གསུམ་པོ་དེ་ཉིད་གཅིག་གྱུར་པ། ། འགྲོ་བ་མེད་ཅིང་འོང་བ་མེད། །འགག་མེད་རབ་ཏུ་ཞི་བ་སྟེ། །རྟག་དང་ཆད་པ་རྣམ་སྤངས་པ། །དུས་གསུམ་མཁྱེན་པས་མ་བྱས་པའི། །རྟོག་པ་ནམ་མཁའ་དབྱེར་མེད་མཚན། །འདི་ཉིད་ཁོ་ན་དོན་དམ་སྟེ། །སོ་སོ་རང་རིག་མཚན་ཉིད་དོ། །བྱ་བ་ཐམས་ཅད་ཉིད་དུ་ཡང་། །རྣལ་འབྱོར་རིག་པས་ཉལ་སོགས་པ། །མིང་ མེད་བརྗོད་དུ་མེད་པ་སྟེ། །དུས་གསུམ་བཟླས་པ་རྟག་ཏུ་བཟླ། །དེ་ལྟར་ཚིགས་སུ་བཅད་པ་བཅུ་བཞི་པོ་འདི་དག་ནི་གང་གི་ཕྱིར་དོན་ཟབ་པ་ཉིད་ཡིན་པས་དེའི་ཕྱིར་རྣམ་པར་དབྱེ་བར་བྱའོ། །དེ་ལ་དང་པོ་གཅིག་ནི་ཞེས་བྱ་བ་ལ་སོགས་པ་ནི་སྔགས་བཏུ་བ་དང་། སྔགས་ཀྱི་བརྡ་དང་། སྔགས་ཀྱི་དོན་དང་། སྔགས་ཀྱི་དེ་ ཁོ་ན་ཉིད་དེ་བཞི་པོ་ཁོ་ནར་བསྟན་པར་བྱའོ། །དེ་ལ་སྔགས་ཐམས་ཅད་ནི་ཨཱ་ལི་ཀཱ་ལི་ལས་བྱུང་བ་ཡིན་ནོ་ཞེས་བྱ་བ་ནི་སྤྱིར་སྔགས་བཏུ་བའོ། །སྦྲུལ་ལ་སོགས་པའི་མིང་ཅན་དུ་གསུངས་ཏེ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་བྱ་བ་འདི་ནི་སྦྲུལ་ཞེས་བྱ་བའི་མིང་ཅན་ཡིན་ཏེ། མིང་ནི་བརྡ་ཡིན་ནོ། །ཨ་ཨུ་ཨྃ་ཞེས་བྱ་བ་གསུམ་ འདི་དག་ལས་ཨོཾ་ཨ་ཨ་དང་གཅོད་གཉིས་ལས་ཨཱཿཨཾ་ཧ་ཨཱུ་སྟེ་འདི་དག་ལས་ཧཱུྃ། དེ་ལྟར་དེ་དག་གཅིག་ཏུ་བྱས་ན། ཨོཾ་ཨཱཿཧཱུྃ་ཞེས་བྱ་སྟེ། འདི་ནི་སྔགས་ཀྱི་དོན་ནོ། །མི་ཤིགས་པའི་ཡི་གེ་ཨ་ལས་བྱུང་བས་ན་དེ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་ཅེས་བྱའོ། །ད་ནི་ཚིགས་སུ་བཅད་པའི་དོན་གསལ་བར་བཤད་པར་བྱ་སྟེ། མི་འཇིགས་པའི་ཚུལ་ཅན་ཡི་གེ་དང་པོ་དོན་དམ་པ་སྟོན་པའི་ས་བོན་ཡི་གེ་ཨ་ནི་དང་པོ་གཅིག་གོ། །དགུ་དབུས་ན་ཞེས་བྱ་བ་ནི་ཡི་གེ་ཕྱི་མོ་སྡེ་ཚན་དགུའི་དབུས་ཏེ་ནང་ན་རྗོད་པར་བྱེད་པའི་ཚུལ་གྱིས་གནས་པས་ན་ཡི་གེ་ཨ་ལ་བྱ་སྟེ། གང་གི་ཕྱིར་དེ་མེད་པར་བརྗོད་པར་ནུས་པ་མ་ཡིན་ཏེ། ཨ་མེད་དུ་འགྱུར་བའི་ ཕྱིར་ཧེ་ཁེ་གེ་ནས་ཇི་སྲིད་པའི་མཐར་ཐུག་པའོ། །ན་ཞེས་བྱ་བ་ནི་ངེས་པའོ། །དེ་ནས་ཨ་ལ་སོགས་པ་ཐུང་ངུ་བརྒྱད་དེ་ཨ་ཨི་ཨུ་རི་ལི་ཨེ་ཨོ་ཨྃ་ནི་སྡེ་ཚན་གཅིག་གོ། །ཨཱ་ཨཱི་ཨཱུ་རཱི་ལཱི་ཨཻ་ཨཽ་ཨཱཾཿགཉིས། ཀ་ཁ་ག་གྷ་ང་གསུམ། ཙ་ཚ་ཛ་ཛྷ་ཉ་བཞི། ཊ་ཋ་ཌ་ཌྷ་ཎ་ལྔ། ཏ་ཐ་ད་དྷ་ན་དྲུག །པ་ཕ་བ་བྷ་མ་བདུན། ཡ་ར་ལ་ 31-1-3a ཝ་བརྒྱད། ཤ་ཥ་ས་ཧ་སྡེ་ཚན་དགུའོ། །བཅུ་པ་ནི་མི་ཤིགས་པ་སྟེ། བརྗོད་དུ་མི་འདོད་པའོ། །བཅུ་པོ་འདི་དག་གིས་གང་མ་བཅིངས་ཤིང་ཚིག་གི་རྣམ་པར་རྟོག་པའི་སྒྲས་གཟུང་དུ་མེད་ཅེས་བྱ་སྟེ། དེ་ལྟར་གྱུར་པའི་རྣལ་འབྱོར་པ་དེ་ནི་འཆིང་བ་མེད་དེ། འཁོར་བ་པ་མ་ཡིན་པར་ ཤེས་ཤིང་རྟོགས་པར་བྱའོ། །ཚིག་གི་རྣམ་པར་རྟོག་པ་དང་བྲལ་བར་དེ་ཡང་བརྗོད་དུ་མེད་པའི་གནས་ཡིན་པས་མཆོག་གི་གནས་ཤེས་པ་ཡིན་ལ་དེ་ཁོ་ན་ཉིད་ཀྱི་གནས་ཤེས་པར་གྱུར་པའི་ཕྱིར་ཏེ་ཡི་གེའི་དོན་ནོ། །གཅིག་ནི་ཡི་གེ་དགུ་པོ་ཆོས་ཀྱི་ཕྱག་རྒྱའི་ངོ་བོ་ཉིད་ཤེས་རབ་ཀྱི་གཟུགས་སོ། །དང་པོ་ཞེས་བྱ་ བ་ནི་བསྐྱེད་པའི་གནས་ཏེ། འགྲོ་བ་མ་ལུས་པ་འཇུག་པའི་རྒྱུ་ཡི་གེ་ཨེའོ། །ཡང་དེའི་དགུ་དབུས་ན་ཞེས་བྱ་བ་ཕུང་པོ་ལྔ་དང་། འབྱུང་བ་བཞིའི་དབུས་ན་རང་རིག་པའི་ཚུལ་དུའོ། །ཕུང་པོ་དང་ཁམས་ཏེ་བཅུ་པོ་འདི་དག་གིས་གང་བརྟགས་པའི་ཚུལ་གྱིས་མ་བཅིངས་ཤིང་འཁོར་བར་མ་གྱུར་པའོ། །ཅིའི་ ཕྱིར་ཞེ་ན། ཡི་གེ་གསུམ་གྱི་བདག་ཉིད་སྐུ་དང་གསུང་དང་ཐུགས་གསུམ་པོའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ནི་མ་བཅིངས་པ་སྟེ། འཁོར་བ་ལས་ངེས་པར་གྲོལ་བར་ཤེས་ཤིང་ཁོང་དུ་ཆུད་པར་བྱའོ། །ཡང་དེ་ནི་མཆོག་གི་གནས་ཏེ། བདེ་བ་ཆེན་པོའི་ཚུལ་ཅན་ཡི་གེ་གསུམ་དུ་ཤེས་པར་བྱའོ་ཞེས་པ་སྟེ། སྤྱིའི་དོན་ནོ། །དང་པོ་གཅིག་ནི་ཡི་གེ་ཨ་དང་ཡི་གེ་ཨཱ་ལ་སོགས་པའི་ཡི་གེ་ཕྱི་མོ་སྡེ་ཚན་དགུའི་མཚན་ཉིད་ཅན་གྱི་དབུས་ན་ཞེས་བྱ་བ་ནི་ལུས་ཀྱི་དབུས་ཏེ་ལྟེ་བའི་གནས་ན་གནས་པའོ། །ཡི་གེའི་གནས་དེ་ནས་བརྗོད་པར་གང་གིས་ཤེས་ཤིང་སྒྱུ་མའི་རང་བཞིན་གྱིས་དེ་ཚིག་སྟེ། ཡི་གེའི་རྣམ་པར་འདྲིས་པར་ ཤེས་པར་བྱ་ཞིང་རྣལ་འབྱོར་པས་རྟོགས་པར་བྱའོ། །ཡང་དེའི་མཆོག་གི་གནས་ཏེ་སྒྱུ་མའི་ཡི་གེའི་ཕྱི་མོ་བརྗོད་པའོ། །ཤེས་པ་ནི་རྟོགས་པར་བྱ་བ་ཡིན་ནོ་ཞེས་བྱ་བ་སྟེ་འདི་ཡང་སྤྱིའི་དོན་ཡིན་ནོ། །དང་པོ་གཅིག་ནི་ཞེས་བྱ་བ་ལ་སྲོག་ཏུ་གྱུར་པའི་རླུང་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ནི་གཅིག་གོ། །དང་པོ་ཞེས་བྱ་ བ་ནི་གཙོ་བོར་གྱུར་པའོ། །དགུ་དབུས་ན་ཞེས་བྱ་བ་ནི་རླུང་དགུ་པོ་ཐུར་དུ་སེལ་བ་དང་། གྱེན་དུ་རྒྱུ་བ་དང་། མཉམ་དུ་གནས་པ་དང་། ཁྱབ་བྱེད་དང་། རྒྱུ་བ་དང་། རྣམ་པར་རྒྱུ་བ་དང་། ཡང་དག་པར་རྒྱུ་བ་དང་། རབ་ཏུ་རྒྱུ་བ་དང་། ངེས་པར་རྒྱུ་བ་ཞེས་བྱ་བ་སྟེ། དགུའི་དབུས་ཏེ་ནང་ནའོ། །གང་རླུང་བཅུ་པོ་འདི་དག་གིས་ 31-1-3b མངོན་པར་བརྗོད་ཅིང་སྔགས་ཀྱི་ཚིག་ཏུ་གྱུར་པ་ལས་ཞི་བ་ལ་སོགས་པ་ལས་ཀྱི་ཚོགས་སུ་མ་བཅིངས་ཤིང་མ་ཞེན་པ་དེ་ནི་མ་བཅིངས་པ་སྟེ། ཡི་གེ་གསུམ་པོ་དེ་ནི་ཅི་འདོད་པའི་ལས་བྱེད་པ་ཡིན་པར་ཤེས་པར་བྱ་ཞིང་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་གང་གིས་ཤེས་ཤིང་རིག་པ་དེ་ནི་མཆོག་གི་གནས་རླུང་གི་ དེ་ཁོ་ན་ཉིད་ཤེས་པ་ཡིན་ནོ་ཞེས་བྱ་བ་སྟེ་སྦས་པའོ། །དང་པོ་གཅིག་ནི་ཞེས་བྱ་བ་ནི་མི་ཤིགས་པ་བརྗོད་དུ་མེད་པ་ནམ་མཁའི་ངོ་བོ་ཉིད་ཀྱི་ཡི་གེ་ནི་གཅིག་གོ། །དེ་ནི་ཆོས་ཐམས་ཅད་ཀྱི་འབྱུང་བའི་གཞི་ཡིན་པས་ན་དང་པོའོ། །དགུ་དབུས་ན་ཞེས་བྱ་བ་ནི་དགུའི་མཐའ་ཡི་གེའི་གནས་ནའོ། །ཡང་འབྱུང་བ་དང་དབང་ པོ་ལ་སོགས་པ་བཅུ་པོ་འདི་དག་གིས་གང་མ་བཅིངས་ཤིང་དབང་པོ་དང་། ཡུལ་དང་། རྣམ་པར་ཤེས་པ་དང་འབྲེལ་པས་རྣམ་པར་མི་གཡེང་བ་སྟེ། དེ་ལྟ་བུར་དེ་ནི་བཅིང་བ་མེད་པ་སྟེ། རྣམ་པར་མི་གཡོ་བའི་སེམས་ཡིན་པར་ཤེས་པར་བྱ་ཞིང་ཁོང་དུ་ཆུད་པར་བྱའོ། །ཡེ་ཤེས་ཅན་དེ་ནི་མཆོག་གི་གནས་ཆོས་ ཀྱི་དབྱིངས་ཀྱི་མཚན་ཉིད་ཅན་ཤེས་པ་ཡིན་ནོ་ཞེས་པ་སྟེ་འདི་ཡང་སྦས་པའོ། །དང་པོ་གཅིག་ཅེས་བྱ་བ་ནི་གཞན་མ་ཡིན་པའི་ཚུལ་ཅན་གསལ་ཞིང་རྟག་ཏུ་སྣང་བ་འོད་གསལ་བ་གཟི་མདངས་ཉིད་ཡིན་པས་ཐིག་ལེའོ། །དེ་ཉིད་མི་ཤིགས་པ་ཞེས་བྱའོ། །ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་ལ་ གནས་པ་ཤེས་རབ་ཀྱི་ས་བོན་བརྗོད་དུ་མེད་པའི་ཡི་གེ་ཨ་ནི་དང་བའི་ཡེ་ཤེས་སོ། །དགུ་དབུས་ན་ཞེས་བྱ་བ་ནི་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་ཞེས་བྱ་བ་འདབ་མ་བརྒྱད་ལ་གནས་པ་དང་། དགུའི་བདག་ཉིད་གྲྭ་དང་བཅས་པ་བཅུས་སེམས་རྣམ་པར་གཡེང་བར་བྱེད་པའི་རྣམ་པར་རྟོག་པས་ཏིང་ངེ་འཛིན་གྱི་བདེ་བ་ཐོབ་པ་ ལ་མ་བཅིངས་ཤིང་ཞེན་པར་མི་བྱ་བ་སྟེ། སྐྱེས་བུ་དམ་པ་དེ་ནི་མ་བཅིངས་པ་མེད་དེ། ཡི་གེ་ཨ་ཞེས་བྱ་བའི་བརྡར་བཏགས་པའི་འོད་གསལ་བའི་ཡི་གེ་དང་ལྡན་ཞིང་འབྲེལ་པ་ཡིན་པར་ཤེས་པར་བྱའོ། །དེ་ནི་མཆོག་གི་གནས་ཏེ་གཉིས་སུ་མེད་པའི་ཡེ་ཤེས་སུ་ཤེས་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ སྟེ། འདི་ཡང་སྦས་པ་ཉིད་དོ། །དང་པོ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་དུ་ཡང་ལྐོག་མའི་དབུས་ན་མེའི་དཀྱིལ་འཁོར་ལ་ཨྃ། སྙིང་གའི་པདྨར་ཆུའི་དཀྱིལ་འཁོར་ལ་ཧ། ལྟེ་བའི་པདྨར་རླུང་གི་དཀྱིལ་འཁོར་ལ་ཨུ། གསང་བའི་པདྨར་སའི་དཀྱིལ་འཁོར་ལ་ཨཱུ། དེ་ལྟར་འདི་དག་ 31-1-4a མ་དང་བཅས་པ་སྟེ། དགུ་པོའི་དབུས་ལུས་ཀྱི་ནང་ན་རྟག་ཏུ་རྗོད་པར་བྱེད་པ་གཅིག་པུ་ནི་ཡི་གེ་ཧཱུྃ་སྟེ། དེ་ལྟར་སྔར་བཤད་པའི་དང་པོ་བཅུ་པོས་མ་བཅིངས་ཤིང་གོས་པར་མ་གྱུར་པ་སྟེ། སྲོག་ཏུ་གྱུར་པའི་ཕྱིར་དང་དམིགས་སུ་མེད་པའི་ཕྱིར་རོ། །དེ་ལྟ་བུར་གྱུར་པའི་ཡི་གེ་དང་པོ་ རྡོ་རྗེ་སེམས་དཔའི་རང་བཞིན་གང་གིས་ཤེས་པ་དེ་ནི་མི་ཤེས་པ་མ་ལུས་པ་དང་བྲལ་བའི་ཕྱིར་གཉིས་སུ་མེད་ཅིང་གོས་པ་མེད་པའི་རྣལ་འབྱོར་པ་ཡིན་པར་ཤེས་པར་བྱས་ལ། དེ་ཡང་མཆོག་གི་གནས་ཏེ། ཡེ་ཤེས་ལྔའི་རང་བཞིན་ཤེས་ཤིང་རྟོགས་པ་ཡིན་ནོ་ཞེས་པ་སྟེ་མཐར་ཐུག་པའོ། །ཡང་ན་དང་པོ་ ཞེས་བྱ་བ་ལ་སོགས་པ་ལ། ཁམས་ཕྲ་བ་གཅིག་དང་སེམས་གཉིས་སུ་མེད་ཅིང་མི་འགྱུར་བའི་ཤེས་རབ་དང་། ཐབས་ཀྱི་བདག་ཉིད་ཅན་གྱི་སྙོམས་པར་འཇུག་པ་ཉི་མ་དང་ཟླ་བ་དང་། མེའི་ཚོགས་དང་ལྡན་པ་དང་འདྲེས་པར་གྱུར་པ། སྟོང་པ་གསུམ་པོ་སྣང་བ་ལ་སོགས་པ་སྣང་བའི་རང་བཞིན་ གྱིས་བདེ་བ་ཆེན་པོ་ལས་བྱུང་བ་ནི་མི་ཤིགས་པ་ཡིན་ལ། དེ་ལས་བྱུང་བ་ནི་སྔར་བཤད་པའི་ཡི་གེ་ཆ་གསུམ་གསུམ་གྱི་བདག་ཉིད་ཀྱི་ཡི་གེ་གསུམ་པོ་ཨོཾ་ཨཱཿཧཱུྃ་ཞེས་བྱ་བར་བརྗོད་པའི་གནས་སུ་གྱུར་པ་ཡིན་ལ་འདི་དག་ལས་བརྗོད་ཅིང་བརྗོད་པ་ནི་སྡེ་ཚན་དགུའི་ནང་ན་འདུག་ལ་དེ་ཉིད་ནི་དབུགས་རྔུབ་པ་ དང་འབྱུང་བ་ལ་སོགས་པའི་སྦྱོར་བས་མྱུར་བ་དང་། བར་མ་དང་། ལྡང་བའི་ཚུལ་གྱིས་ལྡང་བ་དང་འཇུག་པ་དང་། གནས་པའི་མཚན་ཉིད་ཀྱིས་དབང་པོ་དང་ཡུལ་འདུས་པ་བཅུ་པོས་མ་བཅིངས་ཤིང་རྗེས་སུ་ཆགས་པར་མི་འགྱུར་བའོ། །འདི་སྐད་དུ་སྟེ། ལྟེ་བའི་དབུས་ཏེ་ནང་ནས་ཡི་གེའི་རྣམ་པར་བྱུང་ བ་ཡི་གེ་གསུམ་ནི་ཨཱ་ལི་ཀཱ་ལི་དང་། དབུགས་འབྱུང་བ་དང་། རྔུབ་པ་དང་། ཟླ་བ་དང་ཉི་མ་དང་ཤེས་རབ་དང་ཐབས་འདུས་པ་འཇུག་པ་དང་ལྡང་བ་ཉིད་ཀྱིས་བདེ་བ་ཆེན་པོར་གནས་པར་རྟོགས་པར་བྱས་ལ། སྟོང་པ་ཉིད་གསུམ་གྱི་སྣང་བ་ལས་འདས་པའི་འོད་གསལ་བ་མངོན་སུམ་དུ་བྱེད་པས་དབང་པོ་ལ་ སོགས་པའི་ཤེས་པ་མེད་ཅིང་རྣམ་པར་རྟོག་པ་གཅིག་ཏུ་བརྒྱུད་པས་མ་བཅིངས་པར་ཉིན་དང་མཚན་དུ་ཡི་གེ་གསུམ་དུ་འབྱུང་བར་འགྱུར་རོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་ཡེ་ཤེས་ཆེན་པོ་ནི་བཅིང་བ་མེད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་དང་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ 31-1-4b པར་རྣལ་འབྱོར་པ་རྣམས་ཀྱིས་ཤེས་པར་བྱའོ། །རྣལ་འབྱོར་པ་དེ་ནི་མཆོག་གི་གནས་ཏེ། ལྷུན་གྱིས་གྲུབ་པར་འཇུག་པའི་མཐར་ཐུག་པ་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏེ། འདི་ཡང་མཐར་ཐུག་པ་ཉིད་ཡིན་ནོ། །བཤད་པ་འདི་ཉིད་ཀྱིས་ན་མཐའ་དྲུག་གི་ཚིག་གི་ཆར་བྱས་པ་ཡིན་ནོ། །ཅིའི་ཕྱིར་ ཞེ་ན། རྩ་བ་ཉིད་ལས་དགོངས་པས་བཤད་པ་ཡིན་ཏེ། ཡི་གེ་དོན་གྱིས་དགོངས་པ་མིན། །སྤྱི་ཡི་དོན་གྱིས་དྲང་བར་བཤད། །དེ་ཉིད་ཀྱིས་ན་བདེ་གཤེགས་སྒྲ། །མཐར་ཐུག་པ་ཡི་སྒྲ་བཞིན་ནོ། །ཞེས་བྱ་བའི་རིམ་པ་འདིས་སོ། །དེ་ལྟར་ཚིགས་སུ་བཅད་པ་དང་པོའི་བཤད་པ་བསྟན་ནས། ད་ནི་དེ་ཉིད་ཀྱི་ དོན་གསལ་བར་བྱ་བའི་ཕྱིར། དབྱངས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབྱངས་དང་། གསལ་བྱེད་དང་། ཡི་གེ་ནི་དབྱངས་དང་གསལ་བྱེད་ཡི་གེ་སྟེ་ཞེས་བྱ་བ་སྟེ། དེ་ལ་དབྱངས་ནི་ཨ་ལ་སོགས་པའོ། །གསལ་བྱེད་ནི་ཀ་ལ་སོགས་པའོ། །ཡི་གེ་ནི་ཡ་ལ་སོགས་པའོ། །དེ་རྣམས་ཀྱང་། གྲངས་དགུ་ཡི་ནི་རྗེས་འཇུག་པ། །ཞེས་བྱ་བ་ཐུང་ངུ་དང་རིང་པོ་དང་། སྡེ་ཚན་ལྔ་སྟེ་དེ་ལྟར་བདུན་དང་། ཡ་ར་ལ་ཝ་དང་། ཤ་ཥ་ས་ཧ་སྟེ། དེ་ལྟར་གྲངས་དགུའི་བགྲང་བའི་རྗེས་སུ་འཇུག་པའི་ངང་ཚུལ་ཅན་ཡིན་པས་དེ་སྐད་ཅེས་བྱའོ། །ཡང་ན་གྲངས་དགུ་ནི་མི་དམིགས་པ་ལས་བྱུང་བའི་ཡི་གེ་གསུམ་ཡིན་ པར་སྔར་བཤད་པའི་ཕྱིར་རོ། །དེའི་རྗེས་སུ་འཇུག་པ་ནི་དེ་རྩ་བར་བརྗོད་པའི་ཕྱིར་རོ། །དེ་བས་ན་རྣལ་འབྱོར་པ་གང་སྦྱོར་བའམ་རྣལ་འབྱོར་ལས་ཡེ་ཤེས་དང་རྣམ་པར་ཤེས་པ་གཉིས་པོ་གཅིག་ཏུ་གྱུར་པར་ཤེས་རབ་དང་ཐབས་ཀྱིས་སྙོམས་པར་འཇུག་པ་ནི་ཨས་བཅིངས་ཏེ། ཡི་གེ་ཨས་མི་ཤིགས་ པའི་སྒོར་བཅིངས་ཤིང་དགོད་པ་ཡིན་ཏེ། སྙིང་གའི་ཁ་སྦྱར་གྱི་དབུས་ན་གནས་པའི་ཟླ་བ་དང་། ཉི་མའི་གཟི་མདངས་ཀྱི་དབུས་ན་གནས་པར་བསྒོམ་པ་སྟེ། དེ་ལྟར་གང་ཞིག་གིས་ཤེས་ཤིང་རྟོགས་པ་དེ་ནི་འགྲོ་བའི་བླ་མ་ཡིན་ཏེ་ཁམས་གསུམ་གྱི་གཙོ་བོར་གྱུར་པ་ཡིན་ནོ། །དེ་ཡང་ཟླ་བ་གྲགས་པའི་ ཞལ་སྔ་ནས་ཀྱི། ཇི་སྲིད་ཡ་ར་ལ་ཧའི་བར། །ཀ་ཁ་གྷ་མཐའ་ཎ་ཛྷའི་བར། །ད་དྷའི་མཐའ་དང་མ་མཐར་བཅས། །དེ་དེའི་རྩ་བ་ཡི་གེ་གསུམ། །ཞེས་བཤད་པ་ཡིན་ནོ། །གང་གིས་ཤེས་ན་ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་པ་གང་གིས་སྔར་བཤད་པའི་དོན་ཤེས་ཤིང་རྟོགས་ན་རྣམ་པར་གྲོལ་བ་ 31-1-5a ཞེས་བྱ་བ། རྣམ་པར་ཐར་པ་ནི་དེའི་འབྲས་བུ་ཐོབ་པ་སྟེ། དེའི་ཕུན་སུམ་ཚོགས་པ་ནི་དེ་ལས་གཞན་པ་མངོན་པར་འདུས་མ་བྱས་པ་ཉིད་ཀྱི་དངོས་གྲུབ་རྡོ་རྗེ་འཆང་བ་ཉིད་འདོད་ཅིང་མངོན་པར་དགའ་བ་དེ་ནི་རྡོ་རྗེ་འཆང་བ་དེ་ཉིད་འགྲུབ་ཅིང་ཡང་དག་པར་འཐོབ་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གཟུགས་མེད་པས་ན་ཞེས་བྱ་བ་སྟེ། ཨ་ལས་བྱུང་བའི་ཡི་གེ་གསུམ་ལས་སོ། །དེ་ཡང་གཟུགས་སྤངས་པ་སྟེ། བསྐྱེད་པའི་རིམ་པའི་བསྒོམ་པ་དང་བྲལ་ཞིང་རྫོགས་པའི་མཚན་ཉིད་ཅན་འཇའ་ཚོན་ལྟ་བུའི་གཟུགས་ཅན་ཞེས་བྱ་བའི་དོན་ནོ། །འབྱུང་བའི་མཐའ་དང་ཞེས་བྱ་བ་ལ་སོགས་པ་ ལ། འབྱུང་བའི་ཡི་གེ་ནི་ཡ་སྟེ་ས་བོན་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ནི་གཅིག་པ་སྟེ། ཤ་ཥ་ས་ཧ་སྟེ། དེ་ཡང་དག་པར་ལྡན་པ་ནི་གཉིས་པའོ། །ཆ་ལ་སོགས་པ་ཞེས་བྱ་བ་ལ། ཆ་ནི་ཨ་ལ་སོགས་པ་དབྱངས་ཀྱི་ཡི་གེ་བཅུ་དྲུག་སྟེ། དེ་ལ་གནས་པ་ནི་གསུམ་པའོ། །ལྔ་པ་ལྔ་དང་ཞེས་བྱ་བ་ནི་ ཡི་གེ་ཀ་ལ་སོགས་པ་སྡེ་ཚན་གྱི་ཡི་གེ་ལྔ་སྟེ། དེ་དང་ཡང་དག་པར་ལྡན་པ་ནི་བཞི་པའོ། །དེ་ལྟར་ན་བཞི་ནི་སྟེ། ཡ་དང་ཤ་དང་ཨ་དང་ཀའི་མཚན་ཉིད་ཅན་ནི་གསུམ་དུ་ངེས་པར་སྦྱར་ཞེས་བྱ་བ། ཡི་གེ་གསུམ་དང་ངེས་པར་སྦྱར་ཞིང་ཡོངས་སུ་གྱུར་པའོ། །ཇི་ལྟར་ཞེ་ན་བུད་མེད་དང་།སྐྱེས་པ་དང་། མ་ ནིང་གི་ངོ་བོ་ཉིད་ཀྱིས་སོ། །དེ་ལ་ཨ་ལ་སོགས་པའི་ཡི་གེ་ནི་ཤེས་རབ་ཕ་རོལ་ཕྱིན་པའི་ངོ་བོ་ཉིད་ཀྱི་རང་བཞིན་ཡིན་ལ། དེ་བས་ན་དེ་ཡོངས་སུ་གྱུར་པའི་གཟུགས་ཅན་ཡི་གེ་ཨཱཿནི་པདྨའི་རིགས་གསུང་གི་རྡོ་རྗེའི་ས་བོན་གྱི་བདག་ཉིད་ཅན་ནོ། །ཀ་ལ་སོགས་པའི་སྡེ་ཚན་ནས་ཧའི་མཐར་ཐུག་པའི་ ཡི་གེ་རྣམས་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་ཐབས་ཀྱི་གཟུགས་ཅན་དུ་གྱུར་པའི་ཐུགས་རྡོ་རྗེའི་ས་བོན་འབྱིན་པའི་མཚན་ཉིད་ཅན་ནི་ཡི་གེ་ཧཱུྃ་ངོ་། །ཡི་གེ་ཨ་ལ་སོགས་པ་དང་། ཀ་ལ་སོགས་པ་ལ་ཡན་ལག་དྲུག་ཏུ་གྱུར་པ་ཕྱོགས་གཉི་ག་ལ་བརྟེན་པར་ཤེས་རབ་དང་ཐབས་ཅིག་ཏུ་ གྱུར་པའི་ཡི་གེ་མ་དང་ལྡན་པས་སྐུ་རྡོ་རྗེའི་ས་བོན་མ་ནིང་གི་རང་བཞིན་ཅན་ནི་ཡི་གེ་ཨོཾ་མོ། །དེ་ལྟར་སྔར་བཤད་པའི་ཡི་གེ་སྡེ་ཚན་བཞི་ནི་གསུམ་དུ་ཞེས་པ་ནི་ཡི་གེ་གསུམ་དུ་ཡོངས་སུ་གྱུར་པས་ངེས་པར་སྦྱར་བར་བྱ་སྟེ། དེ་ལྟར་ན་ཡི་གེ་གསུམ་འབྱུང་བར་འགྱུར་རོ། །ད་ནི་འདི་ཉིད་ཀྱི་ཡང་བསྡུ་བ་ནི། ཡི་ 31-1-5b གེ་ཨྃ་བཅས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཨྃ་ནི་རྗེས་དབྱངས་ཏེ་ཐིག་ལེའོ། །རིང་པོ་ནི་ཨའོ། །ཡོན་ཏན་ནི་ཧ་དང་ཨཱུ་གཅིག་ཏུ་བྱ་བ་ཧཱུྃ་ངོ་། །སྦྱོར་བ་ནི་ཡི་གེ་གོང་མ་ཡང་ལ་ཕྱི་མ་ལྕི་བ་སྟེ། དཔེར་ན་ཨ་ཧཱུྃ་ཞེས་བྱ་བའོ། །དེ་ལྟར་དང་པོ་ཕྱིས་པས་དབྱེ་བར་བྱའོ། །ཇི་ལྟ་བུ་ལ་ཕྱི་ཞེ་ན། དཔེར་ན་ཨོཾ་ཨཱཿ ཧཱུྃ་ལ་ཨ་ཨུྃ་ལས་ཨུ་མ་ཞེས་བྱ་གཉིས་ཕྱི། ཨཱཿལས་ཐིག་ལེ་གཉིས་དང་རིང་པོ་ཉིད་ཕྱི། ཧཱུྃ་གི་ཨ་ཧ་ཨཱུ་ཞེས་བྱ་བ་འདི་དག་ཀྱང་དབྱིའོ། །ཐུང་ངུ་མ་ལུས་ངག་ཅེས་བྱ་བ་ནི། ངག་མ་ལུས་པ་ལ་རབ་ཏུ་འཇུག་པ་སྟེ། བྱེད་པའི་ཚིག་དང་། བྱེད་པ་པོ་དང་། རྟགས་དང་། མཚམས་སྦྱར་བ་དང་། སྐྱེས་བུ་དང་། བྱ་བ་དང་། ཚིག་དང་། བསྡུས་པ་དང་། ཚོགས་དང་། གཞན་གྱི་ཚིག་ཅན་དང་། བདག་གི་ཚིག་ཅན་དང་། བྱེད་པ་དང་། དེ་ལ་ཕན་པ་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསྟན་བཅོས་རྣམས་ནི་ཡི་གེ་ཨ་ཐུང་ངུ་གཅིག་པུ་ཡིན་ཏེ། དེ་བས་ན་ཆོས་ཐམས་ཅད་ཀྱི་སྒོར་འགྱུར་ཞིང་བྱེད་པ་ཡིན་ ལ། དེ་ཡང་ཐམས་ཅད་སྟོང་པ་ཉིད་ཡིན་པའི་ཕྱིར་འོད་གསལ་བ་དང་། རྟག་ཏུ་སྡང་བའི་བདག་ཉིད་ཅན་དང་། རྡོ་རྗེ་འཆང་བའི་སའི་མཚན་ཉིད་ཅན་ཡིན་པས། གཅིག་མིན་དུ་མ་མ་ཡིན་ནོ། །ཞེས་བྱ་སྟེ། གཅིག་དང་དུ་མ་ཉིད་དུ་བརྟག་པ་གཉི་གའི་ཡང་ཚིག་གི་ཡུལ་མ་ཡིན་ནོ་ཞེས་བྱ་བའི་དོན་ནོ། །དེ་ཡང་ མཚན་ཡང་དག་པར་བརྗོད་པ་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་གསུངས་པ་དང་། རྡོ་རྗེ་རྒྱན་ལས་ཀྱང་། མར་མེ་ལྟ་བུར་འབར་ འགྱུར་བ། །སྙིང་གི་དབུས་ན་མི་ཤིགས་པ། །མཆོག་ཏུ་ཕྲ་བའི་ཡི་གེ་ནི། །ཨ་སྟེ་གཙོ་བོ་དམ་པའོ། །ཞེས་གསུངས་པ་ཡིན་ནོ། །དེ་བས་ན་འདི་ཉིད་ནི་སྲོག་ཏུ་གྱུར་པས་ནང་གི་བདག་ཉིད་ཅན་གྱི་ལས་བསྐུལ་བ་ནི་ཡའི་དོན་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡ་ནི་རླུང་གི་ས་བོན་ནོ། །དེའི་དོན་གྱིས་ ཞེས་བྱ་བ་ནི་རླུང་གི་སྦྱོར་བ་དོན་དུ་གཉེར་བ་སྟེ། རླུང་གི་རྣལ་འབྱོར་གྱི་ཡེ་ཤེས་ཐོབ་པའོ། །གང་ཅིའང་རུང་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་ཀྱི་དངོས་གྲུབ་བསྒྲུབ་པར་འདོད་ཅིང་དོན་དུ་གཉེར་བའོ། །འདོད་པ་དེ་ནི་ར་ལ་སོགས་པ་གསུམ་ཉིད་ཀྱིས་ཞེས་བྱ་བ་སྟེ། ར་དང་པོར་བྱས་པ་གང་ 31-1-6a ཡིན་པའི་ཡི་གེ་སྟེ། ལ་དང་ཝ་རྣམས་ནི་ར་ལ་སོགས་པ་གསུམ་སྟེ། མེ་དང་། ས་དང་། ཆུའི་ས་བོན་ནོ། །དེ་རྣམས་ཀྱིས་ནི་འགྲོ་བའི་དོན་ཞི་བ་ལ་སོགས་པའི་ལས་ཀྱི་སེམས་ཅན་གྱི་དོན་གྱི་བྱ་བ་ལ་འཇུག་ཅིང་རྫོགས་པར་བྱེད་པ་ཡིན་ནོ། །འདི་སྐད་སྟོན་ཏེ། མི་ཤིགས་ པའི་ཡི་གེ་ལས་བྱུང་བའི་ཡི་གེ་གསུམ་པོ་རླུང་དང་ལྷན་ཅིག་རྒྱུ་བས་གཡོན་དང་གཡས་དང་གཉིས་ཀ་དང་། དལ་བ་སྟེ་བཞི་པོ་མེ་ལ་སོགས་པའི་དཀྱིལ་འཁོར་གྱི་རིམ་གྱིས་སྣའི་བུ་ག་གཉིས་ལས་བྱུང་བའི་དབུགས་རྔུབ་པ་དང་། འབྱུང་བའི་ཚུལ་གྱིས་ཐུན་ཕྱེད་དུ་ནང་གི་དུས་བཞིའི་རིམ་ པས་དམར་པོ་ལ་སོགས་པའི་ཁ་དོག་བཞི་ལ་གནས་ནས། པདྨའི་རིགས་ལ་སོགས་པ་དེ་བཞིན་གཤེགས་པ་བཞི་ལ་བརྟེན་ཏེ། ནང་གི་ཞི་བ་ལ་སོགས་པའི་ལས་བཞི་པོ་བྱའོ་ཞེས་བྱ་བའི་དོན་ཏེ། དེ་ཡང་དགོངས་པ་ལུང་སྟོན་པ་ཞེས་བྱ་བ་གསང་བ་འདུས་པའི་རྒྱུད་ལས། ཕྱག་ན་རྡོ་རྗེས་ གསོལ་པ་བཅོམ་ལྡན་འདས་ནང་གི་དུས་ཞེས་གང་ལ་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ནང་གི་དུས་ཞེས་བྱ་བ་ནི་གསང་བ་ཆེན་པོ་ཤིན་ཏུ་གསང་བ་ཕྲ་བ་བྱང་ཆུབ་ཀྱི་སེམས་ཀྱིས་བྱིན་གྱིས་བརླབས་པ་ཡིན་ཏེ། སེམས་ཅན་གྲོལ་ཕྱིར་ཡེ་ཤེས་ཡིན། །སྔགས་རྣམས་ གྲུབ་ལ་དངོས་གྲུབ་ཡིན། །ཞི་དང་རྒྱས་པའི་ལས་དག་དང་། །དེ་བཞིན་དབང་དང་མངོན་སྤྱོད་ལ། །བཅོམ་ལྡན་བཟུང་མིང་ཞི་བ་སྟེ། །སེམས་དབྱིངས་དེ་བཞིན་གཤེགས་པ་ཡིན། །མེ་ཏོག་ལ་དྲི་ཇི་ལྟ་བར། །དེ་བཞིན་འ་གྲོ་བའི་སྙིང་ལ་གནས། །རིམ་ནི་གོ་རིམས་ཇི་བཞིན་དུ། །ཐུན་ཕྱེད་ཀྱི་ནི་དུས་ སུ་གནས། །མེ་དང་རླུང་དང་དབང་ཆེན་དང་། །ཆུ་སྟེ་སོ་སོའི་དཀྱིལ་འཁོར་ཏེ། །དམར་དང་གནག་དང་དེ་བཞིན་སེར། །དཀར་པོ་ཉིད་དེ་མདོར་བསྡུས་པའོ། །ཞེས་གསུངས་པ་ཡིན་ནོ། །ཚིག་འདི་ཉིད་ནི་སློབ་དཔོན་ཟླ་གྲགས་ཀྱི་ཞལ་སྔ་ནས་ཀྱིས་བཤད་པ་ཡིན་ནོ། །འདིས་ནི་འདི་སྐད་སྟོན་པར་འགྱུར་ ཏེ། ཆུའི་དཀྱིལ་འཁོར་སྙིང་གའི་པདྨར་གནས་པ་དེ་འབྱུང་བའི་དུས་སུ་ཁ་དོག་དཀར་པོའི་འོད་ཟེར་དུ་བྱུང་ནས་ཐུན་ཕྱེད་དུ་གནས་ལ། དེའི་ཚེ་ཞི་བའི་ལས་བྱའོ། །དབང་ཆེན་གྱི་དཀྱིལ་འཁོར་བཤང་སྒོའི་པདྨར་གནས་ཏེ། དེ་བྱུང་བའི་དུས་སུ་འོད་ཟེར་སེར་པོར་བྱུང་ནས་ཐུན་ཕྱེད་དུ་གནས་པ་ 31-1-6b དེའི་ཚེ་རྒྱས་པའི་ལས་བྱའོ། །མེའི་དཀྱིལ་འཁོར་ནི་ལྐོག་མའི་པདྨར་གནས་ལ་དེ་བྱུང་བའི་དུས་སུ་འོད་ཟེར་དམར་པོར་བྱུང་ནས་ཐུན་ཕྱེད་དུ་གནས་པ་དེའི་ཚེ་དབང་དུ་བྱ་བའི་ལས་བྱའོ། །རླུང་གི་དཀྱིལ་འཁོར་ནི་ལྟེ་བར་གནས་ལ་དེ་བྱུང་བའི་དུས་སུ་འོད་ཟེར་ནག་པོར་འབྱུང་སྟེ། ཐུན་ཕྱེད་དུ་ གནས་པ་དེའི་ཚེ་དྲག་པོའི་ལས་རྣམས་བྱའོ་ཞེས་བྱ་བ་ནི་འདིའི་དོན་ཡིན་ནོ། །ཡི་གེ་གང་ཞིག་ཅེས་བྱ་བ་ལ་སོགས་པ་ལ། ཡི་གེ་གང་སྔར་ཏེ་གོང་དུ་དབྱངས་དང་གསལ་བྱེད་ཅེས་བྱ་བ་ལ་སོགས་པས་བཤད་ཅིང་སྨྲས་པ་དང་། དེ་རྣམས་ལ་མངོན་པར་ཕྱོགས་ཤིང་གཙོ་བོའི་ལས་དང་འཚམ་ པ་ཡི་གེའི་སྒྲས་གསུངས་པ་ཡ་ར་ལ་ཝ་ལ་སོགས་པ་སྟེ། དེ་རྣམས་ནི་ཡང་བུད་མེད་དང་། སྐྱེས་པ་དང་། མ་ནིང་གི་དབྱེ་བས་ནང་གི་བདག་ཉིད་ཅན་དང་། ཕྱིའི་སྒྲར་བརྗོད་པར་འགྱུར་རོ། །དེ་དག་ཀྱང་། ཁམས་ལ་སོགས་པ་རབ་ཏུ་བརྟག །ཅེས་བྱ་བ་ཁམས་སམ་སྐད་ཀྱི་དབྱིངས་དང་། བྱེད་པའི་ཚིག་དང་། བྱེད་པ་པོ་ལ་སོགས་པར་བརྟག་པར་རབ་ཏུ་འགྱུར་རོ། །འདི་སྐད་སྟོན་ཏེ། ཨའི་རིགས་སུ་གྱུར་པའི་ཕྱིར་རླུང་གིས་དྲངས་པའི་སྒྲ་ནི་ཨཱ་ལི་དང་ཀཱ་ལིའི་རང་བཞིན་ཏེ། དེ་རྣམས་སུ་བྱུང་བ་ན་ཁམས་སམ་སྐད་བྱིངས་ལ་སོགས་པ་ནས་སྙན་ངག་དང་གར་གྱི་བསྟན་བཅོས་ལ་ སོགས་པ་འཇིག་རྟེན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་བསྟན་བཅོས་རྣམས་འབྱུང་ངོ་། །དེ་ཡང་ལུང་ལས། ནམ་མཁའ་དང་ནི་རླུང་བྱུང་བ། །བརྗོད་པ་ཁ་རུ་ཕྱིན་པར་གྱུར་པའི་སྒྲ། །གནས་གཞན་རྣམས་སུ་རབ་ཏུ་ཕྱེ་བ་ལས། །ཡི་ གེར་གྱུར་པ་གང་ཡིན་དེ་སྒྲ་ཡིན། །ཞེས་བཤད་པ་ཡིན་ནོ། །རྣམ་པ་གཞན་ཡང་ས་དང་ཆུ་དང་མེ་དང་རླུང་ལ་སོགས་པའི་ཁམས་དང་ལྡན་པའི་ལུས་ནི་སྐྱེས་པ་དང་། བུད་མེད་དང་། མ་ནིང་ལ་སོགས་པའི་དབྱེ་བས་ཁམས་གསུམ་པའི་ཨཱ་ལི་ཀཱ་ལི་དང་། ཟླ་བ་དང་། ཉི་མ་དང་། བྱང་ཆུབ་ཀྱི་ སེམས་རིན་པོ་ཆེ་འབྱུང་བའི་སེམས་སུ་གཅིག་ཏུ་གྱུར་པའི་བར་དུ་བརྟག་པའི་སྦྱོར་བས་ཕུང་པོ་དང་སྐྱེ་མཆེད་ལ་སོགས་པར་རབ་ཏུ་བརྟག་པ་ཡིན་ནོ། །དེ་ཡང་། འོག་དང་སྟེང་དུ་བཅས་པར་ནི། །ཞེས་བྱ་བ་སྟེ། འོག་དང་སྟེང་གི་སྒྲས་ནི་ཡི་གེ་གསུམ་ལ་བྱ་བར་བཤད་དོ། །དེ་ཅིའི་ཕྱིར་ཞེ་ན། འོག་ 31-1-7a ནི་ལུས་ཀྱི་ནང་དུ་རླུང་དང་འདྲེས་ནས་གནས་ཤིང་འཇུག་པའི་མཚན་ཉིད་ཅན་གྱི་སྐུ་རྡོ་རྗེའི་ས་བོན་ཨོཾ་མོ། །སྟེང་ནི་ལྡང་བའི་མཚན་ཉིད་ཅན་མི་ཤིགས་པ་ཐུགས་རྡོ་རྗེའི་ས་བོན་ངེས་པར་འབྱུང་བའི་མཚན་ཉིད་ཅན་ཧཱུྃ་ངོ་། །དེ་གཉིས་ཀའི་དབུས་ན་འདུག་པའི་ཚུལ་གྱིས་ གནས་པ་གསུང་རྡོ་རྗེའི་ས་བོན་ནི་ཨཱཿའོ། །དེ་ལྟར་གསུམ་པོ་འདི་དག་བུད་མེད་དང་། སྐྱེས་པ་དང་། མ་ནིང་གི་དབྱེ་བས་སྟེང་དང་འོག་དང་ཡང་དག་པར་བཅས་ཤིང་ལྡན་པ་ཡིན་ཏེ། འཇུག་པ་དང་གནས་པ་དང་། ལྡང་བས་རླུང་རྒྱུ་བའི་ཚུལ་གྱིས་ཉིན་དང་མཚན་དུ་བསྒོམ་ཞིང་བསམ་པའི་ སེམས་ཀྱི་རྒྱུན་གྱིས་ཤེས་ཤིང་རྟོགས་པར་བྱས་ནས་འོད་གསལ་བའི་མཚན་ཉིད་སྟོང་པ་ཉིད་དུ་ཡི་གེ་ཨ་ངེས་པར་སྦྱོར་བ་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་དོན་ནོ། །དྲུག་བཤད་ཅེས་བྱ་བ་ལ་སོགས་པ་ལ། དེ་ལྟར་སྔར་བཤད་པའི་སྔགས་ཀྱི་དེ་ཁོ་ན་ཉིད་ལ་སོགས་པ་དྲུག་བཤད་ ཅེས་བྱ་བ་སྲོག་ལ་སོགས་པའི་རླུང་སེམས་དང་བཅས་པ་ནི་དྲུག་ཏུ་བཤད་ཅིང་གསུངས་སོ། །དེ་བཞིན་དུ་བཞི་ཞེས་བྱ་བ་ནི་ཆུ་ལ་སོགས་པའི་དཀྱིལ་འཁོར་བཞི་འབྱུང་བ་ན་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་བཞི་པོས་སོ། །གསུམ་དང་ཞེས་བྱ་བ་ནི་འཇུག་པ་དང་། གནས་པ་དང་ལྡང་བའི་ མཚན་ཉིད་ཅན་གྱི་སྐུ་དང་གསུང་དང་ཐུགས་ཀྱི་ས་བོན་གྱིས་སོ། །གཅིག་ཅེས་བྱ་བ་ནི་མི་གཡོ་བའི་ཆོས་ཀྱི་གཟུགས་ཅན་མི་ཤིགས་པའི་ཡི་གེ་ཨའོ། །དེ་ཡང་། དངོས་མེད་ངོ་བོ་གཅིག་ལས་བྱུང་། །ཞེས་བྱ་བ་སྟེ། དངོས་པོ་མེད་པ་ནི་བརྗོད་དུ་མེད་པར་གནས་པའི་མཚན་ཉིད་ཅན་ འོད་གསལ་བའོ། །དེ་ལྟར་དྲུག་དང་བཞི་དང་གསུམ་དང་གཅིག་ཅེས་བྱ་བ་ལ་སོགས་པ་འདི་དག་ནི་འོད་གསལ་བ་ལས་བྱུང་ཞིང་སྐྱེ་བར་འགྱུར་ལ། དེ་ཉིད་དུ་ཐིམ་པར་འགྱུར་རོ་ཞེས་བྱ་བའི་དོན་ནོ། །དེ་ཡང་དོན་འདི་ཉིད་དགོངས་པའི་ཚིག་གིས་གསུངས་པ་ཡིན་ནོ། །ཇི་ལྟར་སྤྲིན་ནི་ སྣ་ཚོགས་ཤིང་། །མདོག་དང་དབྱིབས་ནི་ཐ་དད་པ། །ནམ་མཁའི་དབྱིངས་སུ་བྱུང་ནས་ནི། །དེ་ཉིད་དུ་ནི་ཐིམ་པར་གྱུར། །ཞེས་བཤད་པ་ཡིན་ནོ། །དེ་ནི་ཞེས་བྱ་བ་ལ་སོགས་པ་ལ་སྐུ་དང་གསུང་དང་ཐུགས་ཀྱི་ས་བོན་གྱི་ཡི་གེ་དེ་ནི། ཡ་སོགས་དོན་ཞེས་བྱ་བ་ནི་ཡ་ར་ལ་ཝ་ཞེས་བྱ་བ་རླུང་ 31-1-7b གི་དཀྱིལ་འཁོར་ལ་སོགས་པ་བཞི་པོའི་དོན་གྱིས་ཞི་བ་ལ་སོགས་པའི་ལས་ལ་ཡང་དག་པར་སྦྱར་ཞིང་རྣམ་པར་བསམས་ན་དུས་གསུམ་ཤེས་པའང་འབྱུང་བར་འགྱུར་ཞེས་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་གསུམ་དུ་ཁམས་གསུམ་པོ་དག་ཏུ་གང་ཅི་བྱུང་བ་དེ་ ཐམས་ཅད་ཤེས་པར་འགྱུར་བའོ། །འདི་སྐད་སྟོན་ཏེ། དཀྱིལ་འཁོར་རེ་རེ་ཞིང་འཇུག་པ་ལ་སོགས་པས་ཡི་གེ་གསུམ་ངེས་པར་སྦྱར་ན་དུས་གསུམ་ཤེས་པ་དང་ལྡན་པར་འགྱུར་རོ། །དེ་ལྟར་ངེས་པར་སྦྱར་བ་འདིས་མཁས་པ་སྟེ། ཡོངས་སུ་རྫོགས་པའི་རྣལ་འབྱོར་པ་བློ་དང་ལྡན་པས་དགུ་མཐའ་ ཞེས་པ་འོད་གསལ་བ་ལས་བྱུང་བའི་མི་ཤིགས་པའི་སྤྲོ་བས་ཡི་གེ་གསུམ་དུ་འགྲོ་བ་ཁམས་གསུམ་པ་རྨི་ལམ་དང་སྒྱུ་མ་དང་མིག་འཕྲུལ་དང་འདྲ་ཞིང་དེའི་ངོ་བོ་ཉིད་དུ་བྱ་བ་སྟེ་སྤྲོ་བ་དང་བསྡུ་བ་དང་གཞག་པར་བྱའོ། །བརྗོད་པ་ཡིན་ཞེས་བྱ་བ་འདི་ནི་གང་སྔར་བཤད་པའི་བརྗོད་དུ་མེད་པའི་མཚན་ ཉིད་ཅན་གྱི་ཡི་གེ་གསུམ་པོ་འདི་ནི་སྔགས་ཏེ། དེ་ནི་བརྗོད་པ་ཞེས་བྱ་བ་ཚིག་མ་ལུས་པ་ལ་འཇུག་པའི་མཚན་ཉིད་ཅན་གྱི་སྔགས་འབྱུང་བར་བྱེད་པའི་རྩ་བ་ཡིན་པས་ན་བརྗོད་པ་ཞེས་བྱ་བའི་མིང་དུ་གསུངས་པ་ཡིན་ནོ། །དེ་ལྟར་ན་འདིས་ནི་བརྗོད་པའི་རྡོ་རྗེ་བཟླས་པ་གསུངས་པ་ཡིན་ནོ། །དེ་ཉིད་ཀྱི་ ཕྱིར་རང་བཞིན་གྱི་བཟླས་པའི་དོན་ཡང་གསུངས་པ་ཡིན་ཏེ། དེ་ནི་ཡོངས་སུ་གྱུར་པ་ཞེས་བྱ་བ་ལ་སོགས་པ་ལ་ཡི་གེ་གསུམ་པོ་དེ་ཡོངས་སུ་གྱུར་ཅིང་སྐུ་དང་གསུང་དང་ཐུགས་ཀྱི་ས་བོན་གསུམ་པོ་དེ་ཡོངས་སུ་གྱུར་ཅིང་། སྐུ་དང་གསུང་དང་ཐུགས་ཀྱི་ས་བོན་གསུམ་པོ་ཞུ་བ་ལས་ཞལ་ གསུམ་ལ་སོགས་པའི་རྣམ་པ་ཅན་གྱི་རྡོ་རྗེ་འཆང་གི་སྐུའི་གཟུགས་བྱུང་བ་གང་ཡིན་པ་དེ་ནི་ལྷ་ཡིན་ནོ་ཞེས་ཉེ་བར་མཚོན་པ་སྟེ། མེ་ལོང་གི་ནང་གི་གཟུགས་བརྙན་ནམ་འཇའ་ཚོན་ནམ་གྲིབ་མའི་ཚུལ་དུ་བརྡར་བཏགས་ཤིང་ཕྱག་རྒྱ་ཆེན་པོ་ཞེས་བྱ་བའི་མིང་གི་བརྡར་བཏགས་པ་ཡིན་ལ། དེ་ཡང་ དེ་ཁོ་ན་ཉིད་གསུམ་དུ་གནས་པ་ཡིན་ཞིང་། བརྗོད་པ་མེད་པའི་ཡི་གེ་གསུམ་དུ་ཡང་དག་པར་གནས་ནས་གང་ཞིག་བྱུང་བ་དེ་ནི་དེ་ཉིད་ཀྱི་རང་བཞིན་གྱི་བཟླས་པའི་མཚན་ཉིད་དེ་ངོ་བོ་ཉིད་ཀྱི་བཟླས་པ་དེའི་མཚན་ཉིད་དེ་ཡིན་པར་བཤད་དོ། །དེ་ཉིད་ནི་བརྗོད་དུ་མེད་པའི་ཕྱིར་མིང་མེད་པ་ཡིན་ 31-1-8a ཞིང་ངག་གི་ཡུལ་དུ་མ་གྱུར་པ་ཡིན་ལ། དེ་ལྟར་ཚིག་ཏུ་བརྗོད་པ་དང་བྲལ་བས་དེ་ཉིད་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྒྲིབ་པ་དང་བྲལ་བའི་ཡེ་ཤེས་མཆོག་དམ་པ་ཡིན་ནོ་ཞེས་བྱ་བའི་དོན་ནོ། །གསུམ་པོ་ཞེས་བྱ་བ་ལ་སོགས་པ་ལ་ཡང་སྐུ་དང་ གསུང་དང་ཐུགས་ཀྱི་ས་བོན་གྱི་རང་བཞིན་གསུམ་པོ་དེ་དག་ཉིད་དེ་ཁོ་ན་ཉིད་ཀྱི་གནས་སུ་ཞུགས་པས་གཅིག་ཏུ་གྱུར་ཅིང་གཉིས་སུ་མེད་དེ་ཐམས་ཅད་སྟོང་པ་དང་འོད་གསལ་བ་དང་དོན་དམ་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་བླ་མའི་ཞལ་ནས་རྟོགས་པར་བྱ་བ་ གནས་བཞི་པའོ། །འགྲོ་བ་མེད་ཅིང་འོང་བ་མེད། །ཅེས་བྱ་བ་ནི་ཁམས་ཕྲ་བ་དང་སླ་བ་དེའོ། །འགག་པ་མེད་པ་ནི་མི་ཆོད་པ་མི་ཤིགས་པ་མི་ཚིག་པ་མི་སྐམ་པ་བརྟན་པའི་རྡོ་རྗེའི་སྐུའོ། །རབ་ཏུ་ཞི་བ་ནི་འདོད་ཆགས་ལ་སོགས་པའི་ཉེས་པ་ཐམས་ཅད་ཀྱིས་མ་གོས་ ཤིང་དེ་དག་དང་བྲལ་བའི་ཕྱིར་རོ། །རྟག་དང་ཆད་པ་རྣམ་སྤངས་པ། །ཞེས་བྱ་བ་ནི་རྟག་པ་དང་མི་རྟག་པ་དང་། བརྟན་པ་དང་མི་བརྟན་པ་ལ་སོགས་པའི་རྣམ་པར་རྟོག་པ་དང་བྲལ་བའོ་ཞེས་བྱ་བའི་དོན་ནོ། །དུས་གསུམ་ཞེས་བྱ་བ་ལ་སོགས་པ་ལ་དུས་གསུམ་ མཁྱེན་པ་ཞེས་བྱ་བ་ནི་འདི་ནི་དུས་གསུམ་མཁྱེན་པ་རྣམས་ཀྱིས་ཀྱང་ཀུན་དུ་རྟོག་པར་མ་མཛད་དེ། རྟོག་པ་རྣམ་པར་སྤང་བ་དེ་ཉིད་ཀྱི་ཕྱིར། དབྱེར་མེད་ནམ་མཁའི་མཚན་ཉིད་ཡིན། །ཞེས་བྱ་བ་ཡིན་ཏེ། ཇི་ལྟར་ནམ་མཁའ་ནི་ངོ་བོ་ཉིད་ཀྱིས་དངོས་པོ་མེད་ཅིང་ཐམས་ ཅད་དུ་སྟོང་ལ། རྡོ་རྗེ་ལ་སོགས་པས་ཀྱང་མི་ཤིགས་ཏེ་བཅོམ་ལྡན་འདས་ཀྱང་དེ་དང་འདྲའོ། །དེ་བས་ན། འདི་ཉིད་ཁོ་ན་དོན་དམ་སྟེ། །ཞེས་བྱ་བ་ཡིན་ཏེ་བདེན་པར་གྱུར་པ་དང་། སོ་སོར་རང་རིག་མཚན་ཉིད་དོ། །ཞེས་བྱ་བ་རྒྱུ་བ་དང་མི་རྒྱུ་བའི་མཚན་ཉིད་ཅན་གྱི་ སོ་སོར་རང་རིག་པ་རང་གིས་ཉམས་སུ་མྱོང་བ་བདེ་བ་ཆེན་པོའི་མཚན་ཉིད་ཁོ་ན་ཞེས་བྱ་བའི་དོན་ནོ། །ད་ནི། བྱ་བ་ཐམས་ཅད་ཉིད་དུ་ཡང་། །ཞེས་བྱ་བ་ལ་སོགས་པས་ཉེ་བར་བསྡུས་པ་སྟོན་པ་ཡིན་ཏེ། སྔར་བཤད་པའི་ཚུལ་གྱིས་རྣལ་འབྱོར་གྱི་སྦྱོར་བ་ཤེས་ཤིང་ 31-1-8b རིག་པའི་རྣལ་འབྱོར་པ་གང་ཡིན་པ་དེ་ནི་ཉལ་སོགས་ལ་ཞེས་ཉལ་བ་དང་། ལྡང་བ་དང་། འདུག་པ་དང་། འཆག་པ་ལ་སོགས་པའི་སྤྱོད་ལམ་རྣམ་པ་བཞིར་སེམས་ཅན་གྱི་དོན་བྱ་བའི་ལས་རྣམས་སུ་ཡང་དུས་གསུམ་ལས་འདས་ཤིང་དུས་གསུམ་མེད་པ། དུས་ཐམས་ཅད་ པར་ནི་མིང་མེད་པ་སྟེ་ཚིག་གིས་བརྗོད་དུ་མེད་པ་དང་། བརྗོད་དུ་མེད་པ་སྟེ། གསལ་བ་མ་ཡིན་ཞིང་བརྗོད་པ་དང་བྲལ་བར། རྟག་ཏུ་ཞེས་པ་དུས་ཐམས་ཅད་དུ་ཡི་གེ་གསུམ་བཟླས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་། དབུགས་ནི་ཡི་གེ་ཨོཾ་གྱིས་འཇུག་པ་དང་། སྔགས་ཀྱི་ ཡི་གེ་ཨཱཿདེའང་བར་དུ་གནས། །མཐར་ནི་ཡི་གེ་ཧཱུྃ་དང་དབུགས་འབྱིན་བྱེད། །རྐན་མཆུ་སྦྱར་དང་བྲལ་བར་གསང་སྔགས་བཟླ། །ཞེས་བཤད་པ་ཡིན་ནོ། །རྡོ་རྗེའི་སྙིང་པོ་ཤིན་ཏུ་སྦས་པ་གང་ཡིན་རབ་གསལ་བར། །རྣམ་པར་བཤད་པ་འདི་ནི་རྣལ་འབྱོར་པའི་ཡུལ་བླུན་ པོའི་མིན། །དྲི་མེད་བླ་མའི་ལུང་གང་རིན་ཆེན་བཟང་པོའི་དོན་དུ་ནི། །བྱས་པས་འབྲས་བུ་རབ་མཆོག་འབྱོར་ཅིང་རྣལ་འབྱོར་གྲུབ་པར་ཤོག །གལ་ཏེ་འདི་ལ་བསོད་ནམས་ནི། །བདག་གིས་ཅུང་ཟད་ཅི་བསགས་པ། །དཔའ་བོ་རྡོ་རྗེས་རབ་བསྐུལ་པ། །དེས་ནི་འགྲོ་བ་ རྒྱལ་བར་ཤོག །དགོངས་པས་བཤད་པའི་རྡོ་རྗེ་བཟླས་པ་རྒྱ་ཆེར་བཤད་པ། རྡོ་རྗེ་སློབ་དཔོན་ཤྲཱི་ཤྲདྡྷཱ་ཀ་ར་ཝརྨའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨཱ་ཙརྱ་ཤྲདྡྷཱ་ཀ་ར་ཝརྨ་དང་། སྒྲ་བསྒྱུར་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ ཞུས་ཏེ་གཏན་ལ་ཕབ་པའོ།། །།༄། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས་འབྱུང་རྒྱན་བདུན་རྣམ་པར་དགྲོལ་བ་བཞུགས། ༄༅༅། །བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོ་ལ་ཕྱག་འཚལ་ལོ། །དངོས་ཀུན་རང་བཞིན་སྟོང་བདག་ ཉིད། །དངོས་པོ་ཀུན་གྱི་ངོ་བོ་ཉིད། །ཐམས་ཅད་བདག་ཉིད་རྡོ་རྗེ་འཛིན། །གཉིས་མེད་དེ་ལ་རབ་ཏུ་འདུད། །ཡེ་ཤེས་ཀུན་བཏུས་རྒྱུད་ལས་ནི། །རྣལ་འབྱོར་བླ་མའི་རྒྱུད་དགྲོལ་ལུགས། །རྒྱན་ནི་བདུན་པོ་གང་ཡིན་པ། །མཁས་པ་དགའ་བ་སྐྱེད 31-1-9a ཕྱིར་བཤད། །རྣལ་འབྱོར་རྒྱུད་ཚུལ་གང་ལ་ཡང་། །རྒྱུད་ཚུལ་རྣམ་པ་གསུམ་དུ་སྣང་། །རྒྱུ་ཡི་རྒྱུད་དང་ཐབས་ཀྱི་རྒྱུད། །འབྲས་བུའི་རྒྱུད་ཅེས་མཁས་པས་བཤད། །རྒྱུད་ལ་གང་ཟག་མཐའ་ཡས་ཀྱང་། །ཅུང་ཟད་དབྱེ་ན་རྣམ་ པ་ལྔ། །རིན་ཆེན་ཙནྡན་པདྨ་དང་། །པད་དཀར་ཨུཏྤ་ལ་ཞེས་གསུངས། །དེ་ལ་བསྡུས་པ་རྣམ་གཉིས་ཏེ། །ཚོགས་དང་སློབ་མའི་གང་ཟག་གོ། །དེ་དག་རེ་རེ་དག་ལ་ཡང་། །བློ་ནི་རབ་འབྲིང་ཐ་མ་གསུམ། །ཆོས་སྨྲ་བ་དང་སྒྲུབ་བྱེད་པའོ། །རྒྱན་ནི་ལྔ་ པ་དྲུག་པར་བཤད། །ཐབས་ཀྱི་རྒྱུད་ལས་རྣམ་པ་གཉིས། །བརྡ་དང་དོན་དུ་མཁས་པས་བཤད། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །གླེང་བསླང་ལྔ་དང་མཐའ་དྲུག་རྒྱན། །བརྡ་ཡི་རྒྱུད་ལ་འཇུག་པ་ཡིན། །རིགས་པ་རྣམ་བཞི་ བཤད་པ་བཞི། །བདེན་གཉིས་ངེས་པའི་རྒྱན་དག་ནི། །དོན་ལ་འཇུག་པའི་རྒྱན་ཞེས་བྱའོ། །གླེང་བསླང་དབྱེ་ན་རྣམ་པ་ལྔ། །ཅུང་ཟད་རིམ་པར་དབྱེ་བར་བྱ། །བརྡ་ཡི་རྒྱུད་དུ་གསུངས་པ་ཡི། །མིང་དང་ཆེད་དང་བྱེད་པ་པོ། །ཚད་དག་དང་ནི་དགོས་པའོ། །མིང་ནི་ ཁྲི་སུམ་སྟོང་ཕྲག་བཞི། །རྣལ་འབྱོར་ཆེན་པོའི་རྒྱུད་དུ་གྲགས། །ཀ་ནས་ཡ་ཡི་བར་དུ་ནི། །ཉི་ཤུ་རྩ་དྲུག་མིང་གི་མཐའོ། །དེ་ཙམ་ཅུང་ཟད་དབྱེ་བ་སྟེ། །རྒྱས་པར་དབྱེ་ན་གྲངས་མེད་དོ། །བསྡུས་པའི་རྩ་བ་ཡི་གེ་གསུམ། །གསུངས་པ་སྐུ་གསུང་ཐུགས་ ཞེས་གསུངས། །ཆེད་ནི་གདུལ་བྱ་རྒྱ་མཚོ་སྙེད། །བརྗོད་མི་ལང་བའི་དོན་དུ་གསུངས། །བསྡུས་ན་སྐྱེ་བོ་འདོད་ཆགས་ཅན། །འདོད་ཁམས་དབང་དུ་གསུངས་པ་ཡིན། །བྱེད་པ་པོ་ནི་རྡོ་རྗེ་སེམས། །སངས་རྒྱས་དྲུག་པ་དེ་ཁོ་ན། །ཚད་ནི་དཔལ་ལྡན་ གསང་འདུས་ཀྱི། །ལེའུ་དང་ཆོ་ག་དུམ་བུ་དང་། །རིམ་པ་བཤད་པ་རྣམ་པ་བཞི། །ལེའུ་ནི་རྣམ་པ་བཅུ་བདུན་ཏེ། །ཆོ་ག་ཉི་ཤུར་མཁས་པས་བཤད། །དུམ་བུ་ཕྱི་མའི་རྒྱུད་དང་ནི། །བཤད་པའི་རྒྱུད་རྣམས་གྲགས་པ་ཡིན། །བསྐྱེད་དང་རྫོགས་པའི་སྒྲུབ་ 31-1-9b ཐབས་དང་། །སྲིད་པ་སྐྱེ་འཆིའི་རིམ་པ་ཡི། །དབྱེ་བ་བརྗོད་པ་རིམ་པ་ཡིན། །ཐུན་མོང་མཆོག་དང་རྣམ་བཞི་ལས། །བདག་གཞན་དོན་བྱས་དགོས་པའོ། །རྒྱུད་གཞན་ལ་ཡང་དེ་བཞིན་ནོ། །མཐའ་རྣམ་དྲུག་ཅེས་བྱ་བ་ཡང་། །དགོངས་དང་དགོངས་མིན་ དྲང་དང་ངེས། །ཇི་བཞིན་སྒྲ་དང་སྒྲ་མིན་ནོ། །འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མར་མི་དམིགས་ལ་སོགས་པའི། །རྡོ་རྗེའི་ཚིག་ནི་དགོངས་བཤད་པའོ། །སྟོང་པ་བདག་མེད་འོད་གསལ་བ། །ཞེས་སོགས་ཚིག་ནི་དགོངས་པ་མིན། །ག་པུར་ཙནྡན་རྡོ་རྗེ་ པད། །ཅེས་སོགས་ཚིག་ནི་དྲང་བའི་དོན། །ཁུ་བ་ཁྲག་དང་བཙུན་མོ་སོགས། །རྡོ་རྗེའི་ཚིག་ནི་ངེས་པའི་དོན། །དཀྱིལ་འཁོར་མཆོད་སྦྱིན་ལ་སོགས་པ། །དོན་གསལ་གསུངས་པ་ཇི་བཞིན་སྒྲ། །ཀོ་ཊ་ཀྵ་སོགས་ཇི་བཞིན་མིན། །དེ་ཙམ་ཞིག་ནི་བརྡ་རྒྱུད་རྒྱན། །བརྡ་ ཡིས་མཚོན་ནས་དོན་ལ་ནི། །འཇུག་བྱེད་དེ་ཡང་ཐབས་ཀྱི་རྒྱུད། །དོན་ནི་རིགས་པ་བཞིར་བཤད་པ། །རྒྱུད་དང་གླེང་གཞི་ངེས་ཚིག་རྒྱུ། །ཆགས་བྲལ་ཆགས་བཅས་དབང་དུའོ། །མི་ཡི་སྐྱེ་འཁྲུངས་འཐད་པ་སྒྲུབ། །ཁྱིམ་ནས་བྱུང་བ་བྱ་བ་མེད། །འདུལ་དང་སྡོམ་ པ་ལ་ལྟོས་པའོ། །ཆོས་སྤྱོད་ཆོས་ཉིད་འབྲས་བུ་འབྱུང་། །ཆགས་བྲལ་རིགས་པ་བཞིར་འདོད་དོ། །ཕུང་པོ་ལྔ་དང་འབྱུང་བ་ལྔ། །དབང་པོ་ལྔ་དང་ཉོན་མོངས་ལྔ། །རིགས་ལྔའི་སངས་རྒྱས་ལྔ་རུ་འདོད། །རྡོ་རྗེ་འཛིན་འགྱུར་བྱ་བ་བྱེད། །ལྟོས་པ་རང་གི་མཚན་ མ་ལའོ། །སྤྲོས་བཅས་ལ་སོགས་སྤྱོད་པ་ཡི། །ཆོས་ཉིད་ཀྱིས་ནི་འབྲས་འབྱུང་བ། །ཆགས་བཅས་རིགས་པ་བཞིར་འདོད་དོ། །བཤད་གཞི་ཡིག་དོན་སྤྱི་ཡི་དོན། །སྦས་པའི་དོན་དང་མཐར་ཐུག་པའོ། །སྒྲ་ཡི་བཀོད་པ་བསྟན་བཅོས་བཞིན། །དོན་གྱིས བཀོད་པའི་ཡི་གེའི་དོན། །ཚིག་གཅིག་འབྲས་བུ་བསྙེན་མཐོང་བ། །ཡུལ་རིང་འཇུག་པའི་བློ་བཟློག་སྟེ། །འབྲས་དོན་གཞན་དོན་བསྐྱེད་རིམ་ལ། །སྦྱོར་བ་དང་པོ་ལ་སོགས་པ། །རྒྱས་བཤད་དོན་ནི་སྤྱི་ཡི་དོན། །ཆགས་བཅས་སྤྱོད་པ་དོན་ཡོད་དང་། །ཀུན་རྫོབ་ 31-1-10a ལམ་གྱུར་དོན་ཡོད་དང་། །སྣང་གསུམ་རྟོགས་པས་དོན་ཡོད་པའི། །མི་བསྟན་སྦས་དོན་རྣམ་པ་གསུམ། །ཡང་དག་དོན་ཉིད་སྟོན་པ་དང་། །དོན་དམ་ལ་བདེན་གཉིས་མེད་ཐོབ། །འོད་གསལ་བ་དང་ཟུང་འཇུག་སྟེ། །མཐར་ཐུག་པ་ནི་ཡིན་པར་གསུངས། །སྒྱུ་མའི་དཔེར་བྱས་བཅུ་ གཉིས་ཀྱིས། །ཀུན་རྫོབ་ངེས་པར་ཤེས་པར་བྱ། །ཐམས་ཅད་སྟོང་པ་འོད་གསལ་བ། །དོན་དམ་དུ་ནི་གང་བསྟན་པ། །རྫོགས་པ་སྒྲུབ་པར་བྱེད་པ་སྟེ། །དོན་གྱི་རྒྱུད་དུ་བསྟན་པ་ཡིན། །འབྲས་བུའི་རྒྱུད་ནི་རྣམ་པ་གསུམ། །ཐུན་མོང་མཆོག་དང་གཉི་ག་ཡི། །འབྲས་བུར་རྒྱལ་བ་དམ་པས་ གསུངས། །ཐུན་མོང་གྲུབ་པ་བརྒྱད་ལ་སོགས། །བསྐྱེད་པའི་རིམ་པའི་ནུས་པ་ཡིན། །མཆོག་ནི་སངས་རྒྱས་གོ་འཕང་སྟེ། །རྫོགས་པའི་རིམ་པའི་འབྲས་བུ་ཡིན། །ཟུང་འཇུག་རིམ་པ་མཐར་ཕྱིན་ན། །གཉི་གའི་དངོས་གྲུབ་རྫོགས་པ་ཡིན། །ཐུན་མོང་ཐོབ་ལ་མཆོག་མ་ཡིན། །མཆོག་ ལ་ཐུན་མོང་ཡོད་མ་ཡིན། །རྡོ་རྗེ་འཆང་བའི་གོ་འཕང་ནི། །དེ་དག་གཉིས་སུ་ཡོད་མ་ཡིན། །རྣལ་འབྱོར་བླ་མའི་རྒྱུད་འཛིན་པས། །འབྲས་བུ་རྒྱུ་ལ་རག་ལས་ཏེ། །ས་བོན་ལྟ་བུ་ཡིན་པས་ན། །རྒྱུ་ཡི་གང་ཟག་རྣམ་པ་ལྔ། །སྤང་བླང་བྱེ་བྲག་ཤེས་པར་བྱ། །དེ་ནས་རིམ་པར་དབང་བླངས་ཏེ། །ཐབས་ ཀྱི་རྒྱུད་ལ་འཇུག་པར་བྱ། །དང་པོ་ཉན་པའི་ཤེས་རབ་ཀྱིས། །ཚིག་གི་རྒྱུད་ལ་ཐོས་པ་བསྐྱེད། །དེ་ནས་བསམས་པའི་ཤེས་རབ་ཀྱིས། །ཚིག་དང་དོན་དུ་འབྲེལ་པ་བསླབ། །དེ་ནས་བསྒོམ་པའི་བློ་རྩལ་གྱིས། །དང་པོར་བསྐྱེད་པའི་རིམ་པ་བསླབ། །རྡོ་རྗེས་རྫོགས་པ་མཐར་དབྱུང་སྟེ། །ཁ་སྦུབས་རྡོལ་ དང་དུག་ཅན་གྱི། །སྐྱོན་རྣམས་སྤངས་ཏེ་རྒྱུན་གནས་ན། །ཆུ་ལུད་རྐྱེན་གྱིས་འབྲས་བསྐྱེད་བཞིན། །འབྲས་བུ་མངོན་གྱུར་ཐེ་ཚོམ་མེད། །རྒྱུད་གསུམ་རྒྱན་བདུན་སྦྱོར་བའི་ལྡེ་མིག་གིས། །གསང་འདུས་ལ་སོགས་རྒྱུད་ཀྱི་སྒོ་ཕྱེ་ནས། །ཀུན་ལ་དགོས་པའི་འབྲས་བུ་རིན་པོ་ཆེ། །རྣལ་ འབྱོར་རྣམས་ཀྱི་རྒྱུད་ལ་ཐོབ་པར་ཤོག །རྒྱན་བདུན་རྣམ་པར་དགྲོལ་བ་ཞེས་བྱ་བ། ཨ་ཙཱརྱ་ཤྲདྡྷཱ་ཀ་ར་ཝརྨས་མཛད་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་བའོ།། །། 31-1-10b ༄༅༅། །རྒྱ་གར་སྐད་དུ། པྲ་དཱི་པོ་དྱོ་ཏ་ནོ་དྱོ་ཏཿནཱ་མ་པཉྩི་ཀཱ། བོད་སྐད་དུ། སྒྲོན་མ་གསལ་བར་བྱེད་པའི་གསལ་བྱེད་ཅེས་བྱ་བའི་དཀའ་འགྲེལ། དཔལ་གསང་བ་འདུས་པ་ལ་ཕྱག་འཚལ་ལོ། །རྡོ་རྗེ་སློབ་དཔོན་དང་འདུས་པར། །རབ་ཏུ་བཏུད་ནས་བཤད་ པར་བྱ། །འབྲས་ལམ་མངོན་པར་བརྗོད་པ་པོ། །སྒྲོན་མ་གསལ་བྱེད་གསལ་བའོ། །ཅི་ལྟར་འབྲས་བུ་དང་ལམ་མངོན་པར་བརྗོད་པ་པོར་བརྗོད་ཅེ་ན། འདུས་པ་ཕྱི་མར་ཡང་གསུངས་པ། རྒྱུད་ནི་རྒྱུན་ཆགས་ཞེས་བརྗོད་དེ། །རྒྱུན་དེ་རྣམ་པ་གསུམ་དུ་འགྱུར། །ཞེས་སོ། །དཔལ་ལྡན་ ཞེས་བྱ་བ་ལ་སོགས་པ་ལ། དཔལ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ་དེའི་རྗོད་བྱེད་ཡིན་པའི་ཕྱིར་དང་། དེའི་བདག་ཉིད་ཅན་ཡིན་པའི་ཕྱིར་དཔལ་ལྡན་ཏེ། དབྱེ་བ་མེད་པ་ལ་ཡང་ལྡན་པར་བརྗོད་དེ། གཟུགས་དང་ལྡན་པ་བཞིན་ནོ། །རྒྱུད་རྒྱལ་ཞེས་པ་ནི་འདུས་པ་ཕྱི་མར་ཡང་ གསུངས་པ། ཨེ་མ་ཤིན་ཏུ་རྙེད་དཀའ་བ། །ཐབས་ནི་བྱང་ཆུབ་སྒྲུབ་བྱེད་ཡིན། །གསང་བ་འདུས་པ་ཞེས་བྱའི་རྒྱུད། །རྒྱུད་ཀྱི་མཆོག་གི་མཆོག་གྱུར་པ། །ལེགས་པར་གསུངས་པའི་རྒྱུད་འདི་ནི། །རྒྱུད་ཀུན་གྱི་ནི་བདག་པོ་མཆོག །ཅེས་སོ། །འདིར་འཆད་པར་འགྱུར་བ་ ལས་ཀྱང་གསུངས་པ་ཇི་སྲིད་ཡ་ར་ལ་ཝ་ཞེས་པ་ལ་སོགས་པས་སོ། །གསལ་བར་རྣམ་ཕྱེ་ཞེས་པ་ནི། རྣམ་པར་འབྱེད་པར་བྱེད། རྣམ་པར་བཤད་པར་བྱེད་པ་ལ། འདུས་པ་ཕྱི་མ་དང་། དགོངས་པ་ལུང་སྟོན་པ་དང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་དང་། རྡོ་རྗེ་ཕྲེང་ བའི་རྒྱུད་རྣམས་ཀྱི་འཕྲལ་དུ་སྐབས་སུ་བབ་པ་རྣམ་པར་བཤད་པས། རྒྱུད་གསུམ་དུ་ཟད་པས་ཤིན་ཏུ་གསལ་བ་རྣམས་ཀྱིས་འདུས་པའི་དོན་རྣམ་པར་བཤད་པར་བྱེད་པ་ཉིད་རྩོམ་པ་ཉིད་འདི་རྣམས་རབ་ཏུ་འཇུག་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཤིན་ཏུ་ལེགས་བཤད་པ་ཞེས་པ་ནི་ ཡང་དག་པར་བརྗོད་པ་སྟེ། འཆད་པར་འགྱུར་བ་ཡང་། བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །བཤད་སྨྲ་ཤིན་ཏུ་རྙེད་པར་དཀའ། །འདི་ལྟར་དྲངས་ཏེ་བཤད་པ་ནི། །རྣལ་འབྱོར་རྒྱུད་ལས་གཞན་དུ་མིན། །ཞེས་སོ། །དེའི་དགོངས་པ་ནི་འདི་ཡིན་ཏེ། གལ་ཏེ་ཡང་ 31-1-11a མདོ་དང་རྒྱུད་དང་རྟོགས་པ་ལ་སོགས་པ་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རྣམས་ཀྱིས་འདུས་པའི་དོན་སོ་སོར་རྟོགས་པར་བྱའོ། །དེ་ལྟར་ཡང་བཞི་པོ་འདི་ཉིད་ཀྱིས་ལེགས་པར་དྲངས་ཏེ་ཡང་དག་པར་སོ་སོར་རྟོགས་པའི་ཡུལ་དུ་རྒྱ་ཆེར་འགྲེལ་ གྱིས་བཤད་པ་ནི་འདུས་པའི་རྒྱུད་ཀྱིས་བཤད་པར་བྱ་བ་རྒྱུད་དག་གི་འགྲེལ་པ་ཡང་དག་པར་གསལ་བར་བྱེད་དོ། །མཐའ་དྲུག་གི་ནི་འཆིང་བས་བཅིངས། །ཞེས་པ་ནི། འཆིང་བ་ལྟ་བུས་བཅིངས་པས་རང་དབང་མེད་པ་ཅན་དུ་བྱས་པའོ། །མཐའ་དྲུག་གི་དོན་གྱི་འཆིང་བ་ ནི་མཆོག་ཏུ་འདས་པ་རང་གི་རང་ཉིད་མ་ཡིན་པའི་དོན་གཞན་མངོན་པར་བརྗོད་པར་ནུས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གང་ཞིག་འདིར་ཇི་བཞིན་པའི་སྒྲའི་དོན་ཙམ་དུ་འཆད་པར་བྱེད་དེ། རིམ་པ་ལྔ་རྣམས་མཐར་གྱིས་གནས་པ་མེད་པར་མཆོག་ཏུ་འདས་པའི་དོན་གཞན་སྟོན་པར་ བྱེད་དེ། དེ་ནི་ཡང་དག་པ་མ་ཡིན་ནོ་ཞེས་འཆད་པར་འགྱུར་བ་ཡང་། རིམ་པ་འདི་ཉིད་ཀྱིས་ན། བཞུགས་པའི་ཚིག་ནས་བརྩམས་ཏེ་མཐའ་རྣམ་པ་དྲུག་ཏུ་བཤད་པ་དང་། རྣམ་པ་བཞིར་བཤད་པ་འདིས་དཔལ་འདུས་པའི་དོན་རྒྱས་བཏབ་བོ། །དེ་མ་རྟོགས་པར་ཇི་བཞིན་པར་ བཤད་པའི་སྒྲ་དོན་ཙམ་ལ་བརྟེན་ཏེ་ཡུལ་རྣམས་ལ་ཆགས་པ་རྣམས་འགལ་བ་དང་། ཤིན་ཏུ་རྨད་དུ་གྱུར་པའི་བྱ་བ་བྱས་ནས། ལས་ཀྱི་དབང་དུ་འགྲོ་བར་འགྱུར་རོ་ཞེས་པ་ལ་སོགས་པའོ། །དེ་བཞིན་དུ། སློབ་ད་པོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །ཕྱི་རོལ་གྱུར་ལ་ཞི་ བའི་ཐབས་མེད་དོ། །དེ་དག་ཀུན་རྫོབ་དེ་ཉིད་བདེན་ལས་ཉམས། །དེ་དག་ཉམས་པས་ཐར་པ་གྲུབ་ཡོད་མིན། །ཞེས་པ་ལ་སོགས་པའོ། །ཡན་ལག་བཞི་པ་ལ་སོགས་པའི་སྒྲུབ་ཐབས་བྱས་པ་དེ་སྒོམ་པ་པོ་རྣམས་ཀྱི་ཏིང་ངེ་འཛིན་སྐྱེ་བར་ཁྱད་པར་དུ་སྒྲོགས་པ་གང་ཡིན་པ་དེ་ཅི་ ལྟ་བར་འགྱུར་བ་མ་ཡིན་ནམ་ཞེ་ན། བདེན་ཏེ། འོན་ཀྱང་དེ་ལ་ཡང་ལ་ལ་བདག་ཏུ་མཐོང་བ་མེད་པར་ཕྱི་རོལ་ལྟ་བུར་སེམས་པར་འགྱུར་རོ། །ཡོངས་སུ་དག་པའི་རྡོ་རྗེ་སེམས་དཔའི་གཟུགས་ཀྱི་རིམ་པ་ཡོངས་སུ་ཤེས་པ་ལས། དེ་བྱས་པ་དེ་རྣམས་ཀྱི་རྡོ་རྗེ་འཆང་ཆེན་པོའི་ 31-1-11b ངོ་བོ་སངས་རྒྱས་ཉིད་དོ། །མཐའ་དྲུག་གི་ནི་འཆིང་བ་རྣམས་ཀྱིས་ཞེས་པའི་མང་པོའི་ཚིག་ནི་དོན་དྲུག་པོ་རྣམས་ཀྱིས་མང་བའི་ཕྱིར་དང་། གང་བཤད་པ་རྣམ་བཞི་ནི་ཉེ་བར་མཚོན་པའི་དོན་ཡང་རུང་སྟེ། མཐའ་དྲུག་གི་སྒྲ་ཉིད་ཀྱིས་དོན་དྲུག་གསུངས་པ་ཉིད་ཀྱི་ཕྱིར་རོ། །འཆིང་ བ་རྣམས་ཀྱིས་ནི་དོན་བཅིངས་པ་ལྟ་བུས་རང་དབང་མེད་པར་བྱས་ནས།དེ་རྣམས་བརླིང་བ་ལ་སོགས་པ་བཞིན་ནོ། །རྒྱལ་སྲས་ཡུལ་གྱུར་ཞེས་པ་ནི་རྒྱལ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །དེ་རྣམས་ཀྱི་སྲས་པོ་ནི་ཐུགས་ལས་སྐྱེས་པའི་ཀླུ་སྒྲུབ་ཀྱི་ཞབས་དང་། དེ་དང་མཚུངས་པ་གཞན་ཡང་ངོ་། །དེ་རྣམས་ཀྱི་སྤྱོད་ཡུལ་ཏེ་སོ་སོ་རང་གིས་རིག་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །རིན་པོ་ཆེའི་གང་ཟག་ཀྱང་སྟེ། རྒྱལ་བའི་སྲས་ཀྱི་སྐལ་བར་བྱེད་པ་ཉིད་ཀྱི་ཕྱིར་ཏེ། དེ་དག་གི་ཡུལ་ལོ། །འདུས་གང་ཡིན་ཞེས་པ་ནི་སྦྱོར་བའོ། །ཅི་རྣམས་ཀྱི་ཞེ་ན་ གསུངས་པ། རྒྱལ་བ་ཡི་སྟེ་དུས་གསུམ་གྱི་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྟེ། འདུས་པ་ཕྱི་མར་ཡང་གསུངས་པ། །འདུས་པ་སྦྱོར་བར་རབ་གསུངས་ཏེ། །སངས་རྒྱས་ཐམས་ཅད་མངོན་རྗོད་བྱེད། །ཅེས་སོ། །གལ་ཏེ་འདི་རྒྱལ་སྲས་ཀྱི་ཡུལ་ཡིན་ནོ། །ཅི་ལྟར་དོན་ནི་ དངོས་པོ་རྣམས་འདིར་རྣམ་པར་བཤད་པར་རབ་ཏུ་འབྲེལ་བར་འགྱུར་ཞེ་ན། གསུངས་པ། དེ་ནི་དཔལ་ཀླུ་སྒྲུབ་ལས་རྙེད་པ་ཞེས་པ་ནི། ཀླུ་སྒྲུབ་ཞབས་ཀྱི་བརྒྱུད་པ་ལས་རྙེད་པ་སྟེ། མོད་དང་བསྲེ་བར་བྱེད་པར་གསུངས་པ་ཡང་། དཔལ་ཀླུ་སྒྲུབ་ཞབས་ཀྱི་བརྒྱུད་པ་ལས་འདུས་པའི་ བཤད་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་ཞེས་བྱ་བ་ལ་སོགས་པའོ། །རིམ་གཉིས་གནས་ཞེས་པ་ནི་རིམ་པ་ཟུང་ནི་བསྐྱེད་པ་དང་རྫོགས་པའི་རིམ་པ་གཉིས་ཏེ་དེ་དག་གི་རྟེན་ནོ། །དེ་དག་འདིར་སོ་སོར་སྟོན་པའི་ཕྱིར་ཏེ། རིམ་པ་གཉིས་ལ་བརྟེན་ནས་ནི། །རྡོ་རྗེ་ཅན་གྱིས་ ཆོས་སྟོན་ཏོ། །ཞེས་བྱ་བ་ལ་སོགས་པ་འདུས་པ་ཕྱི་མར་གསུངས་སོ། །རིམ་པ་ལྔ་ཡིས་བསྡུས་པའི་དོན། །ཤེས་ནས་མཐའ་དྲུག་ལ་འཇུག་གོ། །ཞེས་འཆད་པར་འགྱུར་བ་མ་ཡིན་ནམ། དེ་རིམ་གཉིས་ཀྱི་གནས་ཅི་ལྟ་ཡིན་ཞེ་ན། རིམ་པ་ལྔ་པོ་འདི་དག་ཉིད་བསྐྱེད་པ་ 31-1-12a དང་། རྫོགས་པའི་རིམ་པ་དག་གི་ནང་དུ་གཏོགས་པའི་ཕྱིར། དེ་ནི་རྫོགས་པ་དང་ལས་རབ་འབྱམ་ལ་སོགས་པ་བྱེད་པ་རྣམས་ཏེ་འདིར་ཉེས་པ་མེད་དེ། རིམ་པ་གཉིས་ཀྱི་དམིགས་པ་རྣམས་སྐུ་ལ་སོགས་པའི་རྣམ་པར་བྱས་པ་ནི་ལས་རབ་འབྱམ་ལ་ སོགས་པའི་མངོན་པར་བརྗོད་བྱའོ། །རྒྱས་བཏབ་པ་ནི་ལེགས་པར་གསུངས་པ་སྟེ། བླ་ན་མེད་ཅིང་གཞལ་དུ་མེད་པའི་ཡོན་ཏན་གྱི་རྟེན་ཡིན་པའི་ཕྱིར། འདུས་པ་རིན་པོ་ཆེ་ལ་རྒྱས་བཏབ་ཅིང་བྱིན་གྱིས་བརླབས་པའོ། །སངས་རྒྱས་ཀྱིས་ཞེས་པ་ནི་ཉེ་བར་མཚོན་པ་སྟེ། བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ཀྱིས་ཀྱང་ངོ་། །དཔལ་རྡོ་རྗེ་སེམས་དཔའ་ཞེས་པ་ནི་དཔལ་ནི་ཤེས་རབ་བོ། །རྡོ་རྗེ་བཞིན་དུ་སེམས་དཔའི་ཕྱིར་རྡོ་རྗེ་སེམས་དཔའ་སྟེ་འཁོར་བ་དང་མྱ་ངན་ལས་འདས་པ་དག་ཏུ་སྦྱོར་བར་བྱེད་པའི་ཕྱིར་རོ། །དཔལ་ལྡན་ཡང་དེ་ཡིན་ ལ་རྡོ་རྗེ་སེམས་དཔའ་ཡང་དེ་ཡིན་པའི་ཕྱིར་དཔལ་རྡོ་རྗེ་སེམས་དཔའོ། །བཤད་ཅེས་པ་ནི་ཇི་ལྟར་ཐོས་པ་དང་ཇི་ལྟར་རྟོགས་པར་བྱེད་པ་ནི་འཆད་པར་བྱེད་པ་སྟེ། རང་དབང་གིས་རྡོ་རྗེ་འཆང་ཆེན་པོ་བཞིན་ནམ། གཞན་དབང་གིས་འཕགས་པ་བཞིན་ནོ། །དེ་ཉིད་ཀྱི་ ཕྱིར། རིམ་པས་ཞེས་གསུངས་ཏེ། རིམ་པ་ལྔའི་གོ་རིམས་ཀྱིས་སོ། །དེ་གསུངས་པ། བསྐྱེད་པའི་རིམ་པ་ཞེས་བྱ་བ་ལ་འཁོད་པར་བྱ་སྟེ་བསྐྱེད་པའི་རིམ་པ་ཞེས་བྱ་བ་ལ་སོགས་པ་སྟེ། བསྐྱེད་པའི་རིམ་པ་ནི་བསྡུས་པའི་རིམ་པ་སྟེ། རིགས་བརྒྱ་ལ་སོགས་པ་སྤྱོད་ བསྡུས་སུ་གསུངས་པའི་ལུས་རྣམ་པར་དབེན་པ་ཡང་དག་པར་བསྡུས་པའོ། །དང་པོ་ཡིན་ཞེས་བྱ་བ་ནི་དང་པོ་བའི་ཡུལ་ཡིན་པའི་ཕྱིར་དང་རགས་པའི་རྣལ་འབྱོར་ཡིན་པའི་ཕྱིར་རོ། །གསང་སྔགས་ཀུན་ནི་རབ་སྒྲུབ་བྱེད། །ཅེས་པ་འདིས་བསྐྱེད་པའི་རིམ་པའི་སྒྲ་ལ་ཡེ་ཤེས་ ཀྱི་སྐུ་རྣམ་པར་གཅོད་པ་སྟེ། ཡེ་ཤེས་ཀྱི་སྐུ་ལ་ཡང་ཡེ་ཤེས་ཀྱི་རིམ་པས་བསྐྱེད་པའི་ཕྱིར་རོ། །ལུས་རྣམ་པར་དབེན་པ་མེད་པར་ངག་རྣམ་པར་དབེན་པ་ཤེས་པར་མི་ནུས་པའི་ཕྱིར་རོ་ཞེས་སྤྱོད་བསྡུས་སུ་གསུངས་པའི་ཕྱིར། ལུས་རྣམ་པར་དབེན་པ་ལས་གཞན་པའི་ 31-1-12b ངག་རྣམ་པར་དབེན་པའི་རིམ་པའོ། །དེའི་ཕྱིར་གསུངས་པ། སེམས་ལ་དམིགས་པ་ཙམ་ཞིག་ནི། །ཞེས་བྱ་བ་ལ་སོགས་པ་སྟེ། སེམས་ལ་དམིགས་པ་ནི་སེམས་ལ་དམིགས་པ་སྟེ། དེ་ཙམ་ཞིག་ནི་དེའི་འབྲས་བུའོ། །གང་གསུངས་པ། ཇི་སྲིད་རླུང་ནི་མི་རྒྱུ་ཞིང་། །སྣང་བ་མི་ གཡོ་བར་གྱུར་པ། །ཞེས་སོ། །ནིའི་སྒྲ་ནི་ངེས་པར་བཟུང་བ་སྟེ། ཕྱི་དང་ནང་གི་བདག་ཉིད་ཅན་གྱི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་དང་། ཡུལ་ལ་སོགས་པ་རིམ་པ་དང་པོར་ལྷའི་གཟུགས་དེས་རྣམ་པར་བརྟགས་པ་ལ། སེམས་ཙམ་དུ་ཀུན་དུ་སྣང་བ་ལ་སོགས་པ་སྣང་ བ་གསུམ་པོ་ཁོ་ན་རིམ་པ་གཉིས་པ་ཞེས་བྱ་བ་འདིས་རིམ་པ་གཞན་འདིའི་རྣམ་པར་གཅོད་པར་སྟོན་ཏོ། །ལུས་ལ་བརྟེན་པ་མེད་པར་འབྱུང་བ་དང་། འཇུག་པའི་བདག་ཉིད་ཅན་གྱི་རླུང་གི་དེ་ཁོ་ན་ཉིད་དང་། བརྗོད་པའི་བདག་ཉིད་ཅན་གྱི་སྔགས་ཀྱི་དེ་ཁོ་ན་ཉིད་དག་ཉེ་བར་ དམིགས་པ་མེད་པའི་ཕྱིར་འདི་དང་པོ་མ་ཡིན་ཏེ། རྟོག་པའི་རྣལ་འབྱོར་པའི་ཡུལ་མ་ཡིན་པའི་ཕྱིར་རོ་ཞེས་འཆད་པར་འགྱུར་བའི་ཕྱིར་དང་། འདི་སེམས་རྣམ་པར་དབེན་པར་བརྗོད་པ་ཅན་ཉིད་ཀྱི་ཕྱིར་གསུམ་པ་མ་ཡིན་ནོ། །ཡིད་འོང་རིམ་པ་གསུམ་པ་ཡིན། །ཞེས་ པ་ནི། གསུམ་པ་ཞེས་པ་གཉིས་པའི་ཕྱོགས་ལས་འདི་ཕྲ་བའི་ཕྱིར་དང་། བཞི་པའི་ཕྱོགས་ལས་རགས་པ་ཉིད་ཡིན་པའི་ཕྱིར་གསུམ་པའོ། །ཀུན་དུ་སྣང་བའི་སྣང་བ་ལ་སོགས་པ་གསུམ་པོ་ཉིད་རང་བྱིན་གྱིས་བརླབ་པའི་བདག་ཉིད་ཅན་ཡིན་པའི་ཕྱིར། རང་བྱིན་གྱིས་ བརླབ་པ་ལ་སེམས་རྣམ་པར་དབེན་པ་ཐ་མི་དད་དེ། གསུངས་པ་ཡང་། སྣང་བ་གཉི་གའི་རྒྱུར་གྱུར་པ། །བདག་གི་དངོས་པོར་རྣམ་པར་བརྟགས། །ཞེས་དང་། ཡེ་ཤེས་གསུམ་པོ་རྣམ་པ་མེད་པ་ཞེས་སྤྱོད་བསྡུས་སུ་གསུངས་པ་མ་ཡིན་ནམ་ཞེ་ན། བདེན་ཏེ་འོན་ཀྱང་ཡེ་ ཤེས་གསུམ་གྱི་འབྲས་བུ་ཡིན་པ་ཉིད་ཀྱི་རིམ་པ་གསུམ་པར་མངོན་པར་བརྗོད་པར་བྱ་སྟེ། ཐོག་མར་བཤད་པའི་རིམ་པ་གཉིས་པོ་དག་གིའང་དེ་འབྲས་བུ་དག་ཏུ་མངོན་པར་བརྗོད་པའི་ཕྱིར་རོ། །ཡིད་འོང་ནི་འོད་ཟེར་ལྔ་ཡང་དག་པར་མཆོག་ཏུ་འབར་བ། མཚན་སུམ་ཅུ་ 31-1-13a རྩ་གཉིས་དང་ལྡན་པའི་ལོངས་སྤྱོད་རྫོགས་པའི་སྐུ་སོ་སོར་སྟོན་པ་པོ་ཡིན་པའི་ཕྱིར་རོ། །ཀུན་རྫོབ་བདེན་པ་བསྟན་པ་ནི། །ཞེས་པ་ནི་ཀུན་རྫོབ་པའི་ཕུང་པོ་དང་ཁམས་ལ་སོགས་པ་ཕྱི་དང་ནང་གི་བདག་ཉིད་ཅན་འདི་ཉིད་བདེན་པ་སྟེ། འདི་ལྟ་སྟེ། སྒྱུ་མ་ལྟ་བུ་ རྣམ་པར་རིག་པ་ཙམ་ཉིད་དོ། །བདེན་པའི་ཀུན་རྫོབ་ནི་ཀུན་རྫོབ་བདེན་པ་སྟེ་རང་བྱིན་གྱིས་བརླབ་པའོ། །རྣལ་འབྱོར་པ་སོ་སོར་དག་པ་སྟེ། འོད་གསལ་བའི་ངོ་བོ་ཉིད་རྟོགས་པ་ནི་རིམ་པ་བཞི་པ་སྟེ་རིམ་པ་ལྔ་པ་ལས་རགས་པའོ། །འདི་ཡང་ཆོས་རྣམས་ཀྱི་ཆོས་ཉིད་དོན་དམ་པར་ཡང་བརྗོད་པར་ བྱ་སྟེ། འཁོར་བའི་མཐར་ཐུག་པར་མངོན་པར་ཞེན་པ་རྣམས་ཀྱིས་འཁོར་བའི་མངོན་ཞེན་གཏོང་བར་བྱེད་པའི་དོན་ནོ། །གསུངས་པ་ཡང་། གང་གིས་སྐྱེ་བ་ཡོད་མིན་ཉིད། །དེ་ཡི་མྱ་ངན་འདས་ཡོད་མིན། །ཞེས་པ་ལ་སོགས་པའོ། །ཡེ་ཤེས་གསུམ་པོ་རྣམ་པ་མེད་ཅིང་ཆོས་ཉིད་ཀྱང་རྣམ་པ་ མེད་པ་མ་ཡིན་ནམ། འདི་དག་དབྱེ་བ་དེ་ཅི་ཡིན་ཞེ་ན། སྤྱོད་བསྡུས་སུ་གསུངས་པ་ཡང་། ཡེ་ཤེས་གསུམ་པོ་རྣམ་པ་མེད་པ་དོན་དམ་པའི་བདེན་པ་ལྟར་རེག་པར་དཀའ་བ་ནི་བདེན་མོད་ཀྱི། འོན་ཀྱང་སྣང་བ་དང་བཅས་པ་ཡིན་པ་དེས་ན་རྗེས་སུ་དཔག་པས་རྟོགས་པར་བྱ་སྟེ་རླུང་གི་ཁམས་ བཞིན་ནོ། །ཇི་ལྟར་རླུང་གི་ཁམས་ནི་གཟུགས་ཅན་མ་ཡིན་ཡང་གྲང་དྲོའི་རེག་པ་དང་།ཤིང་ལ་སོགས་པ་གཡོ་ཞིང་འགུལ་བ་ལ་སོགས་པའི་རྟགས་ལས་ཤེས་པར་བྱའོ། །དེ་བཞིན་དུ་སྣང་བའི་ཡེ་ཤེས་གསུམ་མོ། །གང་ཡང་སྣང་བའི་རྟགས་ཀྱིས་ཤེས་པར་བྱ་བ་དེ་ཡང་ཟླ་བའི་སྣང་བ་ལ་ སོགས་པའི་རྣམ་པའོ་ཞེས་སོ། །འོད་གསལ་བ་ནི་སྣང་བ་མེད་པ་སྟེ། སྣང་བ་དང་བཅས་པའི་ཡེ་ཤེས་རྟགས་ཅན་ཉེ་བར་སྡུད་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །འཕགས་པས་ཐེག་པ་ཆེན་པོ་ཉི་ཤུ་པ་ལས་གསུངས་པ་ཡང་། སྒྱུ་མའི་རྣམ་པས་སྒྱུ་མ་ནི། །གང་ཚེ་ཉེ་བར་སྡུད་པ་ན། ། དེ་ཚེ་སྒྱུ་མ་ཡོད་མ་ཡིན། །དེ་འདིར་ཆོས་རྣམས་ཆོས་ཉིད་དོ། །ཞེས་སོ། །རྣམ་ཤེས་ནི་རང་བཞིན་གསུམ་པོ་ཉིད་ཀྱི་བསྟན་བྱ་མ་ཡིན་ནམ། དེ་ཅི་ལྟར་འདི་ཡིས་ཉེ་བར་སྡུད་ཅེ་ན། མ་ཡིན་ཏེ། ལང་ཀར་གཤེགས་པར་གསུངས་པ། བློ་ཡིས་རྣམ་དབྱེ་བྱ་བཞིན་པའི། །གཞན་ 31-1-13b དབང་མེད་ཅིང་བརྟག་པའང་མེད། །གྲུབ་པ་ཡོད་མིན་དངོས་པོ་བྲལ། །ཅི་ལྟར་བློ་ཡིས་རྣམ་པར་བརྟག །རང་བཞིན་མེད་ཅིང་རྣམ་རིག་མེད། །དངོས་པོ་མེད་ཅིང་ཀུན་གཞི་མེད། །བྱིས་པ་ངན་པ་རྟོག་གེ་པ། །རོ་དང་འདྲ་བས་རྣམ་པར་བརྟགས། །ཞེས་སོ། །འཕགས་པས་ཀྱང་ བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་བཤད་པ་ལས། སྟོང་ཉིད་བདག་ཉིད་ཚུལ་གཅིག་གི། །སེམས་འདི་ཉིད་ནི་ཀུན་བརྟགས་དང་། །གཞན་གྱི་དབང་དང་ཡོངས་གྲུབ་པ། །ཉིད་ཅེས་བརྟགས་ནས་མངོན་པར་བརྗོད། །ཅེས་སོ། །དེ་ལྟར་རིམ་པ་བཞི་པོ་དེ་དག་མཐར་གྱིས་བསྟན་པ་ནི། སྤྲུལ་ པ་ལ་སོགས་པ་སྐུ་གསུམ་སོ་སོར་ཐ་དད་པ་ཡིད་དང་ངག་གི་ལམ་གྱི་ཡུལ་དུ་སོ་སོར་རྟོག་པའི་ལམ་ཉིད་ཀྱིས་འཇིག་རྟེན་གྱི་རྗེས་སུ་འཇུག་པའོ། །ད་ནི་སྐུ་གསུམ་རང་བཞིན་གཅིག་པ་སྐུ་བཞི་པའི་ལམ་ཉིད་ཀྱིས་མངོན་པར་བརྗོད་པ་རིམ་པ་ལྔ་པ་གསུངས་པ། ལྔ་པ་ཞེས་པ་ནི་ཕུང་པོ་ལ་ སོགས་པའི་དངོས་པོ་མེད་པར་རགས་པ་ལ་མི་ལྟོས་པས་ལྔ་པ་སྟེ། དངོས་པོ་དང་དངོས་པོ་མེད་པ་དང་འཁོར་བ་དང་མྱ་ངན་ལས་འདས་པ་ལ་སོགས་པ་ཉིད་ཀྱིས་འདི་ཤེས་པ་དང་བརྗོད་པར་མི་ནུས་པ་ཉིད་ཀྱི་ཕྱིར་དང་། ཕྲ་མོ་ཉིད་ནི་བཞི་པའི་ཕྱིར་རོ། །འདིའི་མིང་ གསུངས་པ། ཟུང་འཇུག་ཅེས་བྱ་ཞེས་སོ། །འདིའི་མིག་གི་བཤད་པ་ནི། བདེན་གཉིས་སྦྱོར་བ་གང་ཡིན་པ་སྟེ་དེ་ལས་བདག་ཉིད་ཡོངས་སུ་ཤེས་པ་སྟེ། ཡོངས་སུ་ཤེས་པ་ཉིད་ནི་འདིའི་སྒོམ་པ་ཉིད་དོ་ཞེས་སྤྱོད་བསྡུས་སུ་གསུངས་སོ། །དེ་ཉིད་ཀྱི་ཕྱིར་ཐོག་མར་མངོན་ པར་བརྗོད་པའི་རིམ་པ་བཞི་པོ་གང་གི་བདེན་པ་གཉིས་པོ་ལྷུར་ལེན་པ་མངོན་པར་བརྗོད་པར་བྱའོ། །དེ་ལ་དང་པོ་རིམ་པ་གསུམ་པས་ཀུན་རྫོབ་ཀྱི་བདེན་པ་གསུམ་པ་མ་ཡིན་ནམ། ཀུན་རྫོབ་བདེན་པ་བསྟན་པ་ནི། །ཡིད་འོང་རིམ་པ་གསུམ་པའོ། །ཞེས་གསུངས་ པས་སོ་ཞེ་ན། བདེན་ཏེ། དེ་ལྟར་གསུངས་པ་ཡང་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་ལུས་དང་ངག་རྣམ་པར་དབེན་པ་དག་གི་ནང་དུ་གཏོགས་ལ། ཀུན་རྫོབ་ཀྱི་བདེན་པར་བཤད་པ་ནི་སོ་སོར་ཏེ། གང་ཞིག་བཤད་པ་ནི། སོ་སོར་ཀུན་རྫོབ་ཀྱི་བདེན་པའི་ཕྱིར་དང་པོའི་རིམ་པ་དག་ 31-1-14a གི་ཐ་དད་པ་ཉིད་ཀྱིས་སོ་སོར་སྟོན་པའམ། ལུས་དང་ངག་ཀྱང་འདིར་སྒྱུ་མ་ལྟ་བུ་ཉིད་དང་སེམས་ཙམ་ཉིད་དོ་ཞེ་ན་བདེན་ཏེ། གསུངས་པ་ཡང་། གང་རྣམས་རྒྱུ་ལས་ཡང་དག་འབྱུང་། །དེ་རྣམས་དངོས་མེད་རྟག་པ་མིན། །ཅི་ལྟར་མིང་དེ་གསལ་བར་ནི། །གཟུགས་བརྙན་ དང་ནི་མཚུངས་པར་འདོད། །ཅེས་སོ། །གཞན་དུ་ཡང་། ཇི་ལྟར་སྒྱུ་མ་ཇི་ལྟར་རྨི། །ཇི་ལྟར་བར་དོའི་སྲིད་པར་འགྱུར། །དེ་བཞིན་ཉིད་དུ་དཀྱིལ་འཁོར་འགྱུར། །ཞེས་པ་ལ་སོགས་པའོ། །དེ་ཉིད་ཀྱི་ཕྱིར་སེམས་ཙམ་ཉིད་དུའང་གྲུབ་བོ། །བཞི་པས་དོན་དམ་པའི་བདེན་པར་གསུང་བའི་ ཕྱིར། ཁྱད་པར་སྐྱེ་བ་འགོག་པའི་དོན་དུ་གསུངས་སོ། །ལྔ་པ་སྐྱེ་བ་དང་གནས་པ་དང་འཇིག་པ་དང་བྲལ་བ་དེ་ཁོ་ན་ཉིད་དུ་གསུངས་སོ། །དེ་ཉིད་ཀྱི་ཕྱིར་སྐྱེ་བ་དང་གནས་པ་དང་། འཇིག་པ་དང་། མངོན་པར་བརྗོད་པ་ནི་འཇིག་རྟེན་གྱི་རྗེས་སུ་འཇུག་པ་སྟེ། སྟོང་ཉིད་བདུན་ཅུ་པར་ཡང་ གསུངས་པ། གནས་དང་སྐྱེ་དང་འཇིག་དང་ཡོད་མེད་དམ། །དམན་དང་མཉམ་པ་ཁྱད་པར་འཕགས་པ་ནི། །འཇིག་རྟེན་ཐ་སྙད་དབང་ལས་སངས་རྒྱས་ཀྱིས། །གསུངས་སོ་དེ་ཉིད་དབང་ལས་མ་ཡིན་ནོ། །ཞེས་སོ། །འདི་ནི་སྒྲུབ་པའི་ཡན་ལག་མཆོག །ཅེས་པ་ནི་ཐོག་མར་སོ་སོར་ རྟོག་པའི་ཡན་ལག་བཞི་པོ་ལ་ལྟོས་ནས་སོ། །ཅི་ལྟར་ཞེ་ན་གསུངས་པ། རྒྱུད་ཀུན་གྱི་ནི་དོན་བསྡུས་པ་སྟེ། གང་གི་ཕྱིར་འདི་ནི་ཞེས་པའི་དོན་ནོ། །ཀུན་གྱི་ནི་འདུས་པའི་རྒྱུད་ཀྱིའོ། །འདུས་པ་ལ་སོགས་པའི་རྒྱུད་ཐམས་ཅད་ཀྱིའང་དོན་དུ་མངོན་པར་བརྗོད་པར་བྱ་བ་འདིར་ནང་དུ་གཏོགས་སོ་ ཞེས་བྱས་ནས་སོ། །ཐམས་ཅད་ཉིད་དུ་བདེན་པ་གཉིས་གཉིས་སུ་མེད་པར་སོ་སོར་རྟོག་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །ལས་རབ་འབྱམ་ལ་སོགས་པ་ཡང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་རྣལ་འབྱོར་ཅན་ལས་ངེས་པར་སྐྱེས་པའི་ཕྱིར་རོ། །འདིར་བསྐྱེད་པའི་རིམ་པ་རྣམས་ ཀྱི་རྣམ་པ་མང་པོ་བལྟ་བར་བྱ་བ་མ་ཡིན་ནམ། རྒྱུད་དུ་དེ་ཇི་ལྟར་རིམ་པ་ལྔ་པོ་རྣམས་ཉིད་ཀྱིས་འདུས་པའི་དོན་མངོན་པར་བརྗོད་ཅེ་ན། གསུངས་པ། འདི་རྣམས་ཀྱི་ཞེས་པ་ལ་སོགས་པའོ། །འདི་རྣམས་ཤེས་པ་ནི་གསུངས་པའི་ལྔ་པོའོ། །རིམ་པའི་དབྱེ་བ་ནི་ཞེས་པ་ནི། དབྱེ་བས་ 31-1-14b གཞན་དང་གཞན་གྱི་ཁྱད་པར་རྣམས་སོ། །དེ་ལྟར་དོན་དེ་རྣམས་སླར་ཡང་རྒྱ་ཆེར་འགྲེལ་པ་དང་བཤད་པའི་རྒྱུད་ཀྱིས་བསྡུས་པ་དང་། རྒྱས་པས་འཕངས་པ་དོན་གཞན་ཐོབ་པར་བྱ་བ་འདུས་པར་གསུངས་པ་རྣམས་ཁོང་དུ་ཆུད་པར་བྱའོ། །དེ་ཉིད་ཀྱི་ཕྱིར་བསྐྱེད་པའི་རིམ་ པ་ལ་བརྟེན་པ་གང་ཡིན་པ་དེ་ལ་རབ་ཏུ་འཇུག་པར་བྱེད་པ་སློབ་དཔོན་ཟླ་བ་གྲགས་པའི་ཞབས་ཀྱི་རང་གིས་བྱས་པའི་མདོ་དང་བསྲེ་བར་བྲིས་པ། དེ་ལ་རྡོ་རྗེ་སློབ་དཔོན་ཁ་ཅིག་གིས་ལྷ་བཅུ་གསུམ་དུ་རྣམ་པར་དགོད་པར་འདོད་དོ་ཞེས་པ་ལ་སོགས་པའོ། །རྣམ་པར་གཞག་པའི་རིམ་པ་ ཡང་མངོན་པར་བརྗོད་པ། སློབ་དཔོན་སྣ་ཚོགས་པས་མངོན་པར་བརྗོད་པའི་དཀྱིལ་འཁོར་གྱི་དགོད་པ་ལ་སོགས་པ་འདིར་རབ་ཏུ་འཇུག་སྟེ། དེ་ལ་ཅི་ལྟར་སྒྲུབ་པ་པོ་རྣམས་ཐེ་ཚོམ་མེད་པར་འགྱུར་ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་རིམ་པ་གཞན་གྱི་དབྱེ་བ་ཡང་རྗེས་སུ་འབྲང་ བར་བྱའོ། །དེ་ལྟར་ནི་རིམ་པ་གཉིས་པ་ལ་འབྲས་བུར་གྱུར་པ་ཐམས་ཅད་དག་པ་ལས་ཀྱི་མཐའ་རྣམ་པར་འབྱེད་པར་བལྟ་བར་བྱའོ། །སྤྱོད་བསྡུས་སུ་རིམ་པ་ལྔ་པོ་རྣམས་ཀྱི་རབ་ཏུ་དབྱེ་བ་གསུངས་སོ། །སྤྲོས་པའི་ཆོ་ག་ནི་རབ་ཏུ་དབྱེ་བ་བྲིས་པས་སོ། །ཡང་དག་བསྡུས་པ་ཞེས་པ་ ནི་ཡང་དག་པར་བསྡུས་པའི་རབ་ཏུ་དབྱེ་བ་རྣམས་རིམ་པ་ལྔ་པོ་ཉིད་ཀྱི་ནང་དུ་གཏོགས་སོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་སྔགས་དང་སེམས་དང་ཞེས་བྱ་བ་ལ་སོགས་པ་སྟེ། སྔགས་ཞེས་བྱ་བ་ནི་བསྐྱེད་པའི་རིམ་པ་ཉིད་དོ། །སེམས་ཞེས་བྱ་བ་ནི་རྡོ་རྗེ་བཟླས་པ་ཉིད་དོ། །ལུས་ ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུར་མངོན་པར་བརྗོད་པ་ཅན་རང་བྱིན་གྱིས་བརླབ་པའི་རིམ་པ་ལས་སོ། །རྣམ་དག་ཅེས་པ་ནི་བཤད་མ་ཐག་པའི་དོན་བསྡུས་པ་གསུམ་པ་ཤིན་ཏུ་རྣམ་པར་དག་པའི་མངོན་པར་བརྗོད་པ་ཅན་འོད་གསལ་བ་ལས་སོ། །ཟུང་འཇུག་ཅེས་པ་ནི་ བཤད་མ་ཐག་པའི་རིམ་པ་བཞི་པོ་དག་གི་མངོན་པར་བརྗོད་པའི་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པ་གཉིས་ཟུང་དང་ཟུང་དུ་དེ་དག་འཇུག་སྟེ། དེ་དག་རོ་གཅིག་པ་ཉིད་དུ་སོ་སོར་རྟོག་པར་བྱེད་དོ་ཞེས་པ་ཟུང་འཇུག་སྟེ། དེའི་ཕྱིར་ཟུང་འཇུག་རིམ་པ་ལས་སོ། ། 31-1-15a རིམ་མཐའ་ཤེས་པ་ནི་རིམ་མཐའ་དང་རིམ་མཐའོ། །ལྔའི་བསྡུས་པའི་དོན་ནི་ཚིག་གི་དོན་མ་ཡིན་པའོ། །སྤྱིའི་དོན་ཉིད་ཀྱང་མ་ཡིན་པའོ། །ཤེས་ནས་ནི་དགེ་བའི་བཤེས་གཉེན་གྱི་དྲིན་ལས་ལྷག་པར་རྟོགས་ནས་སོ། །མཐའ་དྲུག་ཅེས་བྱ་བ་ནི་ཚིག་གི་དོན་ དྲུག་སྟེ་རྡོ་རྗེ་འཆང་ཆེན་པོའི་བཤད་པའོ། །འཇུག་གོ་ཞེས་བྱ་བ་ནི་ཐོས་པ་རྩོམ་པར་འགྱུར་བ་སྟེ། སྒྲོན་མ་གསལ་བར་བྱེད་པའི་རྒྱ་ཆེར་བཤད་པ་ལ་འཇུག་གོ་ཞེས་པ་བཤད་པར་བྱའོ། །མཐའ་དྲུག་གོ་ཞེས་པའི་ཚིག་ལ་འཇུག་ནི། རྡོ་རྗེ་ཕྲེང་བ་ལ་སོགས་པ་བཤད་པའི་རྒྱུད་ ལ་ལྟོས་པའོ། །གཞན་དུ་ན་དེ་རྣམས་ལ་མི་ལྟོས་པར་གལ་ཏེ་ཚིག་ཏུ་འགྱུར་ན་དེའི་ཚེ། རྒྱ་ཆེར་འགྲེལ་པ་བྱེད་པ་པོ་དེ་རྣམས་མངོན་པས་དམྱལ་བར་ལྟུང་བར་འགྱུར་རོ། །གང་གི་ཕྱིར་དེ་རྣམས་ཉིད་ཀྱི་བཤད་པར་བྱེད་པས་སྒྲོན་མ་རྣམས་ཀྱི་གསལ་བར་བྱེད་པའི་ཆེད་དུ་ སྒྲོན་མ་གསལ་བར་བྱེད་པའི་རྒྱ་ཆེར་འགྲེལ་པར་བྱེད་དོ། །དེའི་ཚེ་བཤད་པའི་རྒྱུད་བཀབ་ནས་བྱས་པ་དེ་སྲིད་དུ་ཉེས་པར་མི་འགྱུར་རོ། །བསོད་ནམས་ཀྱང་ཆེན་པོ་འབྱུང་ངོ་། །ད་ནི་རྒྱུད་ཀྱི་རྒྱལ་པོ་ཉིད་དུ་འདིའི་རིགས་པས་ཁོང་དུ་ཆུད་པར་བརྗོད་པར་གསུངས་པ། ཇི་སྲིད་ ཅེས་པ་ལ་སོགས་པའོ། །ཇི་སྲིད་ཅེས་པ་ནི་ཕྱིས་བརྗོད་པར་བྱ་བ་འདིར་ཐོག་མར་བཀོད་པའོ། །དེ་ལ་ཀ་ཁ་གྷ་མཐའ་ཞེས་པ་ནི་འདིར་བར་དུ་གྱུར་པའི་ག་ཡིག་བསྡུས་པའོ། །ཐ་མར་གྷ་གང་ཡིན་པ་དེ་ནི་གྷ་མཐའ་སྟེ། དེའི་ཡོན་ཏན་ཡང་དག་པར་ཤེས་པས་འབྲུ་མང་པོ་པའོ། །ཀ་ དང་ཁ་དང་གྷའི་མཐའ་དང་ནི། ཀ་ཁ་གྷ་མཐའ་ཞེས་དང་། ཡི་གེ་ནི་ཡི་གེ་བརྗོད་པའོ། །དེ་བཞིན་དུ་ཛྷའི་མཐའ་གང་དང་གང་ཚ་ཛ་གང་ཡིན་པ་དེ་དག་ནི་ཛྷ་མཐའ་སྟེ། ཙ་དང་ཛྷ་མཐའ་དག་དང་ནི་ཙ་ཛྷའི་མཐའ་ཅན་ཏེ། ཙ་ཚ་ཛ་ཛྷ་རྣམས་སོ། །ཊ་དང་ཌྷའི་མཐའ་དག་ཀྱང་ཊ་ཌྷའི་ མཐའ་སྟེ་ཊ་ཋ་ཌ་ཌྷ་རྣམས་སོ། །ཏ་དང་དྷའི་མཐའ་དག་ཀྱང་ཏ་དྷའི་མཐའི་སྟེ་ཏ་ཐ་ད་དྷ་རྣམས་སོ། །པ་དང་བྷའི་མཐའ་དག་ཀྱང་པ་བྷའི་མཐའ་སྟེ་པ་ཕ་བ་བྷ་རྣམས་སོ། །ཐམས་ཅད་དུ་ཕན་ཚུན་ཟླས་དབྱེ་བའི་ཕྱོགས་ལ་མང་པོའི་ཚིག་གོ། །དེའི་སྒྲས་ང་ཉ་ཎ་ན་མ་རྣམས་མཆོག་ཏུ་འཛིན་ 31-1-15b ནོ། །ཇི་སྲིད་ཡ་ར་ལ་ཝ་རྣམས་དང་ཧའི་མཐའ་སྟེ། གང་གི་མཐའ་མར་ཧ་སྟེ་ཤ་ཥ་ས་རྣམས་ཏེ། དེ་རྣམས་ནི་ཧའི་མཐའོ། །དེའི་སྒྲ་གཞན་གྱི་དབྱངས་རྣམས་བརྗོད་དོ་ཞེས་པ་སྡེ་ཚན་དགུའོ། །དེ་ལ་གསལ་བྱེད་རྣམས་ཀྱི་ནི། ཨ་ཙ་ལ་སོགས་པ་དང་ཡང་དག་པར་སྦྱོར་བ་ནི་དབྱངས་ ཡང་དག་པར་སྦྱོར་བའི་དབྱེ་བས་སོ། །དེ་བཞིན་དུ་ལྕེ་རྩ་ཅན་དང་། མཆུ་ཅན་གྱི་དབྱེ་བ་རྣམས་ཀྱང་ངོ་། །དབྱངས་རྣམས་ཀྱིའང་པཱུ་ཏ་དང་། ཨུ་དཱཏྟ་དང་། སྭ་རི་ཏ་ལ་སོགས་པ་རྗོད་པར་བྱེད་པའི་དབྱེ་བས་སོ། །དབྱངས་དང་གསལ་བྱེད་འདི་རྣམས་ཀྱི་དབྱེ་བ་རྣམས་དབྱངས་དང་ གསལ་བྱེད་ཉིད་ཀྱི་ནང་དུ་འདུས་སོ། །དེའི་ཕྱིར་གསུངས་པ། དེ་དེའི་རྩ་བ་ཡི་གེ་གསུམ་སྟེ་མི་ཤིགས་པ་ལས་བྱུང་བའི་ཡི་གེ་གསུམ་གྱི་རྒྱུ་ཅན་ཡི་གེ་གསུམ་ལས་ངེས་པར་སྐྱེས་པའོ། །གང་གི་ཕྱིར་དེ་ལྟ་བུ་ཡིན་པ་དེའི་ཕྱིར་དབྱངས་དང་གསལ་བྱེད་རབ་ཏུ་དབྱེ་བ་དང་བཅས་ པས་བསྡུས་པའི་དོན་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའོ། །ཐུབ་པ་ཆེན་པོ་ནི་བཅོམ་ལྡན་འདས་སོ། །དཔལ་ལྡན་འདུས་པ་འདི་སྣོད་ཡིན་ཏེ་ནི། དཔལ་འདུས་པ་གང་གི་ཟ་མ་ཏོག་ཡིན་པ་དེ་དེ་བཞིན་ནོ། །ཉེ་བར་མཚོན་པར་བྱེད་པ་འདི་དང་དེས་རྡོ་རྗེ་ཐེག་པ་མ་ལུས་ དང་། འཇིག་རྟེན་པའི་ངག་གི་རང་བཞིན་གྱི་ཡང་དཔལ་འདུས་པ་ཟ་མ་ཏོག་ཅན་ནོ། །དེའི་བདག་ཉིད་ཀྱིས་འདི་རྣམས་ཀུན་ཏུ་གནས་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེ་བས་དེ་ནི་སྟེ་འདུས་པ་ནི་རྒྱུད་ཀྱི་རྩེ་སྟེ། རྒྱུད་རྣམས་ཀྱི་སྣོད་དོ། །གཤིན་རྗེའི་དགྲའི་རྒྱུད་དུ་ ཡང་གསུངས་པ། རྒྱུད་ཀྱི་མཐར་ཐུག་འདུས་པ་སྟེ། །ཞེས་སོ། །མཁའ་འགྲོ་མ་དྲ་བ་སྡོམ་པ་ཕྱི་མ་ལས་ཀྱང་ཕྱི་མར། འཇིག་རྟེན་གསུམ་དུ་རྙེད་དཀའ་བ། །ཅེས་པ་ལ་སོགས་པ་དང་། དེ་བཞིན་དུ། གང་གིས་དགྱེས་རྡོར་མི་ཤེས་དེ་ཡིས་ངལ་བ་དོན་མེད་འགྱུར། དེ་ བཞིན་དུ། སྔགས་ཀྱི་ཚུལ་ནི་ཀུན་ཤེས་ནས། །ཕྱི་ནས་ཀྱེ་ཡི་རྡོ་རྗེ་བརྩམ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནམ་ཞེ་ན། གསུངས་པ་ནི་བདེན་ཏེ། འདིར་ཡང་དག་པའི་དོན་ཁྱད་པར་དུ་མངོན་པར་བརྗོད་དོ། །གལ་ཏེ་སླར་ཡང་སྡོམ་པ་དང་། ཀྱེའི་རྡོ་རྗེ་ལ་སོགས་ 31-1-16a པའི་རྒྱུད་དུ་ཡང་ཀུན་དུ་སྤྱོད་པའི་འཁོར་གསལ་བའི་ཁྱད་པར་ཡང་དག་པར་བཟུང་ནས། འདུས་པར་མངོན་པར་བརྗོད་པར་བྱ་སྟེ། དེའི་ཚེ་འགལ་བ་ཅུང་ཟད་ཀྱང་མེད་དོ། །ཀྱེའི་རྡོ་རྗེར་ཡང་གསུངས་པ། དེ་ནི་སྔགས་བཟླས་དེ་དཀའ་ཐུབ་དང་དེ་སྦྱིན་སྲེག ། དེ་ནི་དཀྱིལ་འཁོར་ཅན་དང་དེ་ནི་དཀྱིལ་འཁོར་ཉིད། །མདོར་བསྡུས་ནས་ནི་སེམས་ནི་འདུས་པའི་ཚུལ་ཅན་ནོ། །ཞེས་སོ། །དེ་བཞིན་དུ་དེ་སྲིད་དུ་ཐོག་མ་ཐ་མའི་ཚིག་གཉིས་ཀྱིས་དོན་གསལ་ལོ། །རྒྱུད་ཡང་དག་པར་བཅིངས་པ་རིམ་པ་ལྔའི་བསྡུས་པའི་དོན་སྟོན་པར་བྱེད་པའི་ བཤད་པ། རྣམ་པར་འགྲེལ་པ་མཁས་པར་ཞེས་བྱ་བ་ལ་སོགས་པའི་ཚིག་ཡང་དག་པར་གཟུང་བའི་དོན་ཡང་རྒྱ་ཆེར་བཤད་པའི་རྣམ་པ་ཉིད་རྡོ་རྗེའི་ཚིག་དེ་དང་། དེའི་བཤད་པའི་ཆེད་དུ་འབྲི་བར་འགྱུར་རོ། །དེ་བཞིན་དུ་ཡང་། ཚིག་གི་དོན་བཤད་པའི་ཆེད་དུ་རྡོ་རྗེ་ཕྲེང་བ་ལ་སོགས་ པ་བཤད་པའི་རྒྱུད་དུ་འདྲི་བར་འགྱུར་རོ། །རྒྱལ་སྲས་ཡུལ་ཉིད་ཀྱང་བཤད་པ་ནི། འཕགས་པ་ལང་ཀར་གཤེགས་པར་གསུངས་པའི་འཕགས་པར་ལུང་བསྟན་པ་བྲིས་པས་གསལ་བར་བྱེད་དེ།ལེའུ་བཅུ་བདུན་པོའི་བཤད་པ་མ་ལུས་པ་དེ་ནི་དཔལ་ཀླུ་སྒྲུབ་ལས་རྙེད་པ་སངས་ རྒྱས་ཀུན་གྱི་རིམ་གཉིས་གནས་ཀྱི་རྒྱས་བཏབ་ཞེས་པའི་ཚིག་དེ་དང་དེ་ལ་རིམ་པ་ལྔའི་དོན་མངོན་པར་གསལ་ཞིང་ཀུན་དུ་གསལ་བར་བྱེད་པར་འགྱུར་རོ། །རྣམ་པ་དེ་ལྟ་བུ་མི་ཤེས་པས་ནི་བརྗོད་པར་ནུས་པ་མ་ཡིན་ནོ། །ད་ནི་ཐེ་ཚོམ་གྱི་རྒྱུར་བརྗོད་པ་གསུངས་པ། ཉུང་ཞེས་པ་ལ་ སོགས་པ་སྟེ། ཉུང་བ་ཉིད་ནི་ཐེ་ཚོམ་གྱི་རྒྱུ་སྟེ་དོན་མང་བ་ཉིད་ཀྱང་ངོ་། །དེ་ཉིད་ཀྱི་ཕྱིར་རྙེད་དཀའ་སྟེ་སྡུག་བསྔལ་བས་བློའི་ཡུལ་དུ་བྱ་བའོ་ཞེས་བྱས་ནས་སོ། །ཐེ་ཚོམ་གྱི་རྒྱུ་གཞན་ཡང་གསུངས་པ། རྒྱན་བདུན་ཞེས་བྱ་བ་ལ་སོགས་པ་སྟེ། རྒྱན་བདུན་ཞེས་པ་ནི་རྒྱན་དུ་བྱ་བ་དང་། མཆོག་ཏུ་སྡུད་པར་བྱ་བ་སྟེ། བློ་གྲོས་ཀུན་དུ་རྨོངས་པའི་དྲི་མ་སེལ་བར་བྱེད་པས་རྒྱན་ཞེས་བྱའོ། །དེ་ལྟ་བུའི་དོན་ཉིད་དང་གཞུང་གིའང་རྒྱན་དུ་བྱེད་པ་ནི་རྒྱན་ནོ། །རྟོགས་དཀའ་བ་ནི་ཡང་དག་པར་མི་ཤེས་པའི་ཕྱིར་རོ། །མིང་ཅིར་འགྱུར་ཞེ་ན་གསུངས་པ། རྣམ་པར་འཁོར་ཞེས་བྱ་བ་ལ་ 31-1-16b སོགས་པ་སྟེ། རྣམ་པ་སྣ་ཚོགས་པས་འཁོར་བར་བྱེད་གཡོ་བར་བྱེད། རྡོ་རྗེ་འཆང་གི་དགོངས་པ་ལས་རིང་དུ་འགྱུར་བར་བྱེད་དོ། །དེ་རྣམས་དྲི་བ་དང་ལན་རིམ་པས་བསྟན་པར་འདོད་ནས་གསུངས་པ། མིང་ནི་ཅི་ཞིག་ཅེས་པ་ལ་སོགས་པ་སྟེ། སེམས་ཅན་གྱི་འཇིག་རྟེན་དང་། སྣོད་ཀྱི་ འཇིག་རྟེན་དང་། འཕགས་པ་དང་འཕགས་པ་མ་ཡིན་པ་དང་། རང་གཞན་གྱི་སྡེ་པར་ཡང་མིང་གི་ཐ་སྙད་དུ་བྱེད་པར་མཐོང་བ་ཉིད་ཀྱི་ཕྱིར་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསྟན་བཅོས་ལ་ཡང་དེ་དེ་བཞིན་ནོ། །དྲི་བར་བྱེད་པ་རྒྱུད་འདིའི་མིང་ནི་ཅི་ཞིག་ཡིན་ཞེས་པ་སྟེ། གཞན་དུ་ཡང་གསུངས་པ། ཀྱེའི་རྡོ་རྗེ་ཞེས་བྱ་ཉོན། །ཞེས་དང་། བཅོམ་ལྡན་འདས་མ་སུམ་བརྒྱ་པར།ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཅི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ཞེས་བྱའོ། །འདི་དེ་ལྟར་གཟུང་བར་གྱིས་ཤིག །ཕྱེད་དང་བཅས་པའི་སྟོང་ཕྲག་གཉིས་པར་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་ཡང་ཟུང་ཞིག །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པས་ཞུས་པ་ཞེས་བྱ་བར་ཡང་ཟུང་ཞིག་ཅེས་སོ། །ཉན་ཐོས་དང་རང་ སངས་རྒྱས་དང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རིགས་ཅན་གྱི་དོན་དུ་བཅོམ་ལྡན་འདས་ཀྱིས་ཐེག་པ་གསུམ་བསྟན་ཏོ། །ཆོས་འདི་རིགས་ཀྱི་ཁྱད་པར་གྱི་དོན་གྱི་མཚན་མ་མ་མཐོང་བ་ལྟ་བུར་དྲི་བར་བྱེད་པ། གང་གི་དོན་དུ་འདི་ཉིད་མཛད། །ཅེས་པའོ། །ཐེག་པ་ གསུམ་ལྟ་བུར་སྟོན་པ་པོ་དང་གསོལ་བ་འདེབས་པ་པོ་དང་། བསྟན་པ་རྣམས་ཀྱི་གདུལ་བྱ་ཡང་མཐོང་བར་ཐེ་ཚོམ་ཟ་བ་ལྟ་བུས་དྲི་བར་བྱེད་པ། བྱེད་པ་པོ་ཡང་ཅི་ཞེས་པའོ། །ཆ་ཤས་དང་སྤྱིའི་དོན་ལས་ཀྱང་ལེའུ་ལ་སོགས་པ་དང་། སྟོང་ཕྲག་བརྒྱད་པ་ལ་སོགས་པའི་གཞུང་ ཚད་མཐོང་ནས། འདི་ཚད་གང་ཞེས་པའོ། །གཞན་དུ་ཉན་པ་དང་། ཚེ་ཕྱི་མ་ལ་སོགས་པའི་འབྲས་བུའི་དགོས་པ། ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དགོས་པ་ཡང་མཐོང་ནས་སྨྲས་པ། འདིའི་དགོས་པའང་ཅི་ཞིག་ཡིན། །ཞེས་སོ། །གླེང་བསླང་བ་ཞེས་བྱ་བའི་རྒྱན་ 31-1-17a དྲི་བའི་བདག་ཉིད་ཅན་གྲངས་ལྔའོ། །འདིའི་ཐེ་ཚོམ་སེལ་བར་བྱེད་པ་གསུངས་པ། རྒྱུད་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། མིང་མཚན་ནི་ཡིན་ནོ་ཞེས་པ་མཚན་ནི་འདུས་པ་ཞེས་པ་སྟེ། མིང་ནི་ཀུན་དུ་ཤེས་པར་བྱེད་པ་སྟེ་འཇིག་རྟེན་དུ་མིང་གི་རྗེས་སུ་དོན་ཉིད་མཐོང་སྟེ། འདིའི་ ཡང་འདུས་པ་ཕྱི་མར་དྲིས་པ། འདུས་པ་ཞེས་པར་ཅི་ཞིག་བརྗོད། །བཛྲ་ཡིས་ཀྱང་དེ་བཞིན་ཅི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཧེ་ཡིག་གིས་ནི་སྙིང་རྗེ་ཆེ། །བཛྲའང་ཤེས་རབ་བརྗོད་བྱ་སྟེ། །ཤེས་རབ་རིགས་པ་འདི་ཡིས་ནི། །ཧེ་བཛྲ་ཞེས་བྱ་བར་བརྗོད། །ཅེས་སོ། །གཉིས་ པའི་དྲི་བ་དང་ལན་གསུངས་པ། སྐྱེ་བོ་འདོད་ཆགས་ཅན་དོན་དུ། །ཞེས་པའི་དོན་ནི་མཚན་མ་སྟེ། རྒྱུར་སྟོན་པར་བྱེད་པ་པའོ། །འདོད་ཆགས་ཅན་ཞེས་པ་ནི། ཡུལ་ལ་ཆགས་པ་ཉིད་ཀྱིས་བྱང་ཆུབ་མངོན་པར་འདོད་པའི་སྐྱེ་བོ་རྣམས་སོ། །དེའི་ཕྱིར་ཉན་ཐོས་ལ་སོགས་པའི་འདོད་ ཆགས་ཅན་མཛེས་དགའ་བོ་ལ་སོགས་པ་རྣམས་ཀྱི་དོན་དུ་འདི་མ་ཡིན་ནོ། །འདོད་ཆགས་ཅན་ཞེས་པས་ཉེ་བར་མཚོན་པ་དེས་ཞེ་སྡང་ལ་སོགས་པ་ལ་ཞེན་པ་འདི་ཡང་དོན་དུ་སྟེ། གསུངས་པ་འདི་ཡང་། ཞེ་སྡང་གཏི་མུག་དེ་བཞིན་ཆགས། །ཡིད་བཞིན་ནོར་བུ་དམ་ཚིག་དེ། །རིགས་ ལྔར་གཏོགས་པ་འདི་རྣམས་ཀྱིས། །འདོད་དང་ཐར་པ་རབ་སྒྲུབ་པའོ། །ཞེས་སོ། །དྲི་བ་གསུམ་པའི་ལན་གསུངས་པ། །འདི་ཡི་བྱེད་པོ་རྡོ་རྗེ་སེམས། །ཞེས་པ་རྡོ་རྗེ་སེམས་དཔའི་ནི་དྲུག་པའོ། །དེ་ཡང་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་འཁོར་ལོས་སྒྱུར་བའི་གཟུགས་འཛིན་པ་སྟེ། འདོད་ཆགས་དང་བྲལ་བའི་སྐུ་སྤངས་ནས་རྡོ་རྗེ་འཆང་ཆེན་པོའི་སྐུར་བདག་ཉིད་མངོན་པར་སྤྲུལ་པར་མཛད་དོ་ཞེས་གཞན་དུ་འཆད་པར་འགྱུར་རོ། །རྡོ་རྗེ་སེམས་དཔའི་སྒྲའི་དོན་ཉིད་ཀྱང་འཆད་པར་འགྱུར་ཏེ། གཞན་དུ་ཡང་གསུངས་པ། རྡོ་རྗེ་མི་ཕྱེད་ཞེས་པར་བརྗོད། །སེམས་ དཔའ་སྲིད་གསུམ་གཅིག་པ་ཉིད། །ཤེས་རབ་རིགས་པ་འདི་ཡིས་ནི། །རྡོ་རྗེ་སེམས་དཔའ་ཞེས་བརྗོད་དོ། །ཞེས་སོ། །ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལ་སོགས་པའི་ལེའུ་ལ་སོགས་པའི་ཚད་གསུངས་པའི་རིམ་པ་འདི་ཉིད་ཀྱི་ནང་དུ་གཏོགས་པའི་ཕྱིར། ལེའུ་ལ་སོགས་ 31-1-17b པའི་ཡང་འདིར་བརྗོད་པར་བྱའོ་ཞེས་གསུངས་པ། ཚད་དག་ཀྱང་ནི་བཤད་བྱ་སྟེ། །ཞེས་ཏེ། ཚད་ནི་ཡོངས་སུ་གཞལ་བྱ་སྟེ་དེ་ཡང་ལེའུ་ལ་སོགས་པ་རྣམས་ཀྱིས་སོ། །ལེའུ་ནི་ཡོངས་སུ་གཅོད་པ་སྟེ། ཡོངས་སུ་སྟེ་ཐམས་ཅད་ལས་གཅོད་པ་ནི་གཞལ་བྱའི་ཁྱད་པར་དེ་དང་དེའི་ བརྗོད་བྱ་དང་རྗོད་བྱེད་དེ་ཐོས་པ་དང་བསམས་པ་དང་། བསྒོམས་པ་ལ་རབ་ཏུ་ཞུགས་པས་ནི་འདོད་ཆགས་ཞེ་སྡང་ལ་སོགས་པ་རྣམ་པར་གཅོད་པའོ། །ཆོ་ག་དེ་བཞིན་ཞེས་པ་ནི་རྟོག་པར་བྱེད་པས་ན་རྟོག་པ་སྟེ། བརྟགས་པ་དང་རྫོགས་པའི་རྣལ་འབྱོར་གཉིས་ཀྱིས་བསྒྲུབ་པར་བྱ་བ། ཞི་བ་ཅན་ལ་ སོགས་པའི་ལས་གང་གིས་ཕྱིའི་ཚོགས་པས་སྒྲུབ་པར་བྱེད་པ་དེ་ནི་རྟོག་པའོ། །སྡོམ་པར་ཡང་གསུངས་པ། རྣམ་རྟོག་མེད་པའི་ཆོས་རྣམས་ལ། །སེམས་ཅན་དོན་དུ་ཡོངས་རྟོག་ཕྱིར། །དེས་ན་རྟོག་པ་ཞེས་བཤད་དེ། །རྟོག་པ་ཡོངས་སུ་དག་ཕྱིར་རོ། །ཞེས་སོ། །དུམ་བུ་དང་ཞེས་པ་ ནི་དུམ་བུར་བྱེད་པས་དུམ་བུ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་ལ་མངོན་པར་ཞེན་པ་འཇོམས་པར་བྱེད་པའོ། །དེའི་རྗོད་པར་བྱེད་པ་ཕྱི་རོལ་ལ་རྣམ་པར་འཇུག་པ་ནི་དུམ་བུའོ། །རིམ་པར་ཕྱེ་ཞེས་པ་ནི་འདིའི་དོན་རང་ཉིད་ཀྱི་རྒྱ་ཆེར་བཤད་པའི་རྣམ་པས་སྟོན་པར་འགྱུར་རོ། །གཞུང་ཉིད་ ཀྱིའང་གྲངས་ཡིན་ནོ་ཞེས་པ་ནི། གཞུང་ལེའུ་བཅུ་བདུན་གྱི་བདག་ཉིད་ཅན་གྱི་རབ་ཏུ་བཅིངས་པའོ། །ཇི་སྲིད་དེའི་བརྒྱ་ཕྲག་ཏུ་འགྱུར་བ་དེ་ནི། གཞན་དུ་ཡང་ཚད་དག་ཅེས་པ་འདིས་བརྗོད་པར་བྱའོ། །དགོས་པ་ཡང་ནི་ཞེས་བྱ་བ་ལ་སོགས་པ་ལ་བགྲངས་པ་ལ་ཞེས་པ་ནི་ཡོངས་སུ་བགྲངས་ པའོ། །དེ་ཅི་ལྟར་ཞེ་ན་གསུངས་པ། ཞི་སོགས་བྱ་བའི་ཆོ་ག་འཆད་པར་འགྱུར་བ་རྣམས་སོ། །གྲུབ་པ་བརྒྱད་དང་ནི་རིལ་བུ་ལ་སོགས་པ་འཆད་པར་འགྱུར་བ་རྣམས་སོ། །སངས་རྒྱས་ཉིད་ཅེས་པ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་དོ། །རྡོ་རྗེ་འཆང་ཆེན་པོ་ཉིད་ཅེས་བརྗོད་པར་བྱ་བ་ལ་སངས་རྒྱས་ ཉིད་ཅེས་བརྗོད་པའོ། །ཤཱཀྱ་ཐུབ་པའི་རྣམ་པ་དེའི་རྒྱུ་ཉན་ཐོས་དང་། རང་སངས་རྒྱས་ལ་སོགས་པ་ལས་ཀྱང་འདི་ཉིད་ལམ་དང་བཅས་པའི་རྒྱུ་ཐེག་པ་གཅིག་གི་རིམ་པས་འཇུག་གོ་ཞེས་སྒྲུབ་པར་བྱེད་པའི་དོན་ནོ། །འདི་ཉིད་ཀྱིས་གཤེགས་པ་སངས་རྒྱས་གང་གཱའི་དབང་བསྐུར་བ་ལྟ་བུ་ 31-1-18a ཞེས་ཟུང་དུ་འཇུག་པའི་རིམ་པར་རོ། །དེ་ཉིད་ཀྱི་ཕྱིར་མངོན་པར་བརྗོད་པ་མཆོག་ཡིན་ཏེ་དངོས་གྲུབ་མ་ལུས་པ་བསྡུས་པ་ཉིད་ཀྱི་ཕྱིར་སངས་རྒྱས་ཉིད་དོ། །འདས་ཟིན་ཏེ་གསུངས་པ། གླེང་བསླང་བ་ལ་སོགས་པ་རྣམས་སོ། །གསུངས་པ་ཡང་ཕྱག་འཚལ་གང་དེ་གླེང་ བསླང་བ་ལ་སོགས་པ་ཞེས་པ་ལ་སོགས་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། གཉིས་པ་ཡང་ནི་བཤད་བྱ་སྟེ། །ཞེས་པ་ནི་མདོ་སྡེ་པ་དང་། བྱེ་བྲག་སྨྲ་བ་དང་། རྣལ་འབྱོར་སྤྱོད་པས་ཁ་ཅིག་འདི་དག་སངས་རྒྱས་ཀྱི་གསུང་མ་ཡིན་ནོ་ཞེས་སྨྲ་བར་བྱེད་དེ། དེ་རྣམས་ཀྱི་རྣམ་པར་གཞག་པ་འཇོམས་ པའི་དོན་དུ་གསུངས་པ། རྒྱུད་ཅེས་བྱ་བ་ལ་སོགས་པའོ། །རྒྱུད་ལ་སོགས་པ་ཐེག་པ་གསུམ་དུ་མངོན་པར་བརྗོད་པ་འདིས་ནི། འདིར་ཡང་འདི་སངས་རྒྱས་ཀྱིས་གསུངས་པ་ཉིད་དུ་བསྒྲུབ་བྱའོ། །རྒྱུད་ལ་སོགས་པའི་རྣམ་པར་འགྲེལ་པ་གསུངས་པ། སྐྱེ་བར་འཁྲུངས་པ་ཞེས་པ་སྟེ། སྐྱེ་བ་ཞེས་པ་མངལ་དུ་སྐྱེ་བ་ཡོངས་སུ་བཟུང་བའོ། །འཁྲུངས་པ་ནི་མངལ་ནས་ཕྱི་རོལ་དུ་བྱུང་བའོ། །མི་རྣམས་སུ་ཞེས་རྒྱུ་མཚན་གྱི་བདུན་པ་སྟེ། མི་སྤྱིར་བཏང་ནས་དེ་སྐལ་བ་མཉམ་པར་ཉེ་བར་སྟོན་པར་བྱེད་དོ་ཞེས་པའི་དོན་ནོ། །མི་རྣམས་སུ་ཞེས་མང་པོའི་ཚིག་ནི་སྐྱེ་བ་ཡོངས་སུ་ བཟུང་བས་གདུལ་བར་བྱ་བ་རྣམས་དེ་སྐལ་བ་མཉམ་པར་སྐྱེ་བའི་མཐར་ཐུག་པ་ནི་ཉེ་བར་མཚོན་པར་བྱེད་པའི་དོན་དུ་མི་རྣམས་སུ་ཞེས་ཉེ་བར་མཚོན་པར་བྱེད་དོ། །དེས་ན་སྣ་ཚོགས་པའི་འགྲོ་བའི་སྐྱེ་གནས་སུ་སྐྱེ་བ་ཉེ་བར་མཚོན་པར་བྱའོ། །མི་རྣམས་སུ་སྐྱེ་བ་ཡང་གདུལ་བྱ་རྣམས་ ཡོད་བཞིན་པ་ཉིད་ཀྱི་ཕྱིར་རོ། །རྒྱུད་ཅེས་བྱ་བ་བརྗོད་བྱ་སྟེ། །ཞེས་པ་ནི་བཤད་པར་བྱའོ། །ངེས་པར་འབྱུང་བ་ནི་ངེས་པར་འབྱུང་བར་བྱེད་པ་སྟེ། ཅི་ལྟར་འགྱུར་ཞེ་ན་གསུངས་པ། བཙུན་མོའི་འཁོར་གྱི་ནང་ནས་ནི། །ཞེས་པ་དབང་པོ་ལ་སོགས་པའི་ལྷ་རྣམས་ཀྱི་བཙུན་མོའི་འཁོར་ སྟོང་ཕྲག་དྲུག་ཅུའི་ནང་ནས། བཅོམ་ལྡན་འདས་ཕྱི་རོལ་དུ་འབྱུང་བར་བྱེད་དོ་ཞེས་རྒྱ་ཆེར་རྒྱས་པར་རོལ་པ་དེ་ནི་གླེང་གཞི་སྟེ་བྱང་ཆུབ་ཀྱི་དང་པོའི་རྒྱུའོ། །སྡོམ་པ་ཞེས་པ་ནི་སྡོམ་པར་བྱེད་པས་སྡོམ་པ་སྟེ། ལུས་ལ་སོགས་པ་རྣམས་ཀྱིས་མི་དགེ་བ་མཐའ་དག་ལས་ལྡོག་པར་བྱེད་པ་ 31-1-18b དང་། བྱང་ཆུབ་ཡན་ལག་གི་དགེ་བ་མཐའ་དག་ལ་ཡང་རབ་ཏུ་འཇུག་པར་བྱེད་པ་ཡང་ལུས་ལ་སོགས་པ་རྣམས་ཀྱིས་སྡོམ་པའོ། །འདུལ་ལས་བསྟན་པ་ནི་སེམས་ཅན་རྣམས་འདུལ་བའི་ཆེད་དུ་གསུངས་པ་སྟེ། མངོན་པར་རྗོད་པར་བྱེད་པའི་གཞུང་དུ་ཡང་། བཅོམ་ལྡན་འདས་ ཀྱང་བྱང་ཆུབ་ཀྱི་དང་པོར་རང་ཉིད་སྡོམ་པས་བྱང་ཆུབ་ལྷག་པར་རྟོགས་སོ་ཞེས་མངོན་པར་བརྗོད་དོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ངེས་པའི་ཚིག་ཅེས་བརྗོད་བྱ་སྟེ། རང་ཉིད་དེས་ན་ཀུན་དུ་གཟུང་བར་བྱ་བར་སྟོན་པར་བྱེད་པ་ནི་ངེས་པའི་ཚིག་གོ། །འབྲས་བུ་འདོད་པ་ཞེས་པ་ ནི། འབྲས་བུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སོགས་པ་ཀུན་དུ་འདོད་པའི་ངང་ཚུལ་གང་ཡིན་པ་དེ་དེ་བཞིན་ནོ། །ཆོས་སྤྱོད་པ་ནི་རྫོགས་པའི་བྱང་ཆུབ་ལ་སོགས་པ་སྒྲུབ་པར་བྱེད་པའོ། །དེ་ནི་རྒྱུ་ཞེས་པ་ནི་རྫོགས་པའི་བྱང་ཆུབ་ལ་སོགས་པས་ཀུན་དུ་འགྲོགས་པ་མེད་པས་ རྫོགས་པར་བྱེད་པ་པོ་ཉིད་ཀྱི་ཕྱིར་རོ། །འདོད་ཆགས་བྲལ་ཆོས་ཀྱི་ནི་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པའི་ཆོས་ཀྱིའོ། །ཚུལ་ནི་རིགས་པའོ། །འདོད་དོ་ཞེས་པ་ནི། ཆགས་བྲལ་གྱི་ཚུལ་གྱི་ཐེག་པ་ཆེན་པོར་ཡང་ངོ་། །དེ་ལྟར་དཔེ་མངོན་པར་བརྗོད་པའི་དཔེ་ཅན་གསུངས་པ། འདོད་ཆགས་ཆོས་ཀྱི་ཚུལ་གྱིས་ནི། །ཞེས་པ་འདོད་ཆགས་སྤྱད་པས་ལྷག་པར་རྟོགས་པའི་ཆོས་ནི་འདོད་ཆགས་ཆོས་སོ། །དེའི་ཚུལ་འཆད་པར་འགྱུར་བ་རྣམས་སོ། །དོན་གསལ་རྟོགས་ཕྱིར་ནི་གསལ་བ་ནི་གསལ་བར་བྱས་པ་སྟེ། ཐེག་པ་གསུམ་གྱི་དོན་གང་ཡིན་པ་དེའི་ དོན་གྱི་ཚུལ་འདིར་རྟོགས་པར་བྱེད་པའོ། །སངས་རྒྱས་ལྔ་ཞེས་པ་ལ་སོགས་བཞི་དེའི་ངེས་པར་བསྟན་པ་སྟེ། སངས་རྒྱས་ལྔ་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྡོ་རྗེ་འཆང་ཆེན་པོའི་ཕུང་པོ་ལྔའི་བདག་ཉིད་ཅན་ནོ། །དེ་རྣམས་ཀྱི་རིགས་ནི་ཚོགས་ཏེ། དེ་ལ་བསྐྱེད་པ་ནི་ཕུང་པོ་ལྔ་ ཡོངས་སུ་བཟུང་བ་སྟེ། དེ་ནི་རྒྱུད་དོ། །ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་ཀྱང་གཟུགས་ཀྱི་ཕུང་པོ་ལ་སོགས་པས་ངེས་པར་བསྐྱེད་པ་ཉིད་ཀྱིས། ལྔ་པོ་ཉིད་ཀྱི་ནང་དུ་གཏོགས་པའི་ཕྱིར་དཀྱིལ་འཁོར་དུ་འཇུག་པ་ན་ཡང་། དཀྱིལ་འཁོར་འདི་དག་ལ་ཡང་ལྟོས། །དེ་ནི་དད་ 31-1-19a པ་བསྐྱེད་བགྱིས་དང་། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །ཞེས་སོ། །སླར་ཡང་རིགས་གཅིག་གྱུར་པ་ནི། །ཞེས་པ་ནི། རིགས་ལྔའི་སངས་རྒྱས་བསྐྱེད་པ་ནི། །ཞེས་གསུངས་པ་ལ་ལྟོས་ནས་སླར་ཡང་ཞེས་པའི་ཚིག་ གོ། །ལྔ་པོ་རྣམས་དྲུག་པ་ཡེ་ཤེས་ཀྱི་སྐུར་དེའི་བདག་ཉིད་ཀྱིས་ཞུགས་པ་ལས་རིགས་གཅིག་ཏུ་འགྱུར་རོ། །རྡོ་རྗེ་ལ་སོགས་བཟུང་བ་ནི་རྡོ་རྗེ་ལ་སོགས་པའི་བརྟུལ་ཞུགས་འཛིན་པར་བྱེད་པ་སྔགས་ཀྱི་ཐེག་པ་ཆེན་པོའི་ཚུལ་བསྟན་པ་ནི་ངེས་པའི་ཚིག་གོ། །སྒེག་པ་ལ་སོགས་ཞེས་པའི་སོགས་ ཀྱི་སྒྲས་དཔའ་བ་དང་མི་སྡུག་པ་ལ་སོགས་པ་རྣམས་བཟུང་ངོ་། །རོས་ཞེས་པ་ནི་གསུངས་པའི་སྒེག་པ་ལ་སོགས་པའི་རོ་རྣམས་ཀྱིས་ཞེས་མང་པོའི་ཚིག་སྟེ། འདི་རྣམས་ཕན་ཚུན་འདྲེས་པའི་རོའི་ཁྱད་པར་རྣམས་བསྡུ་བའི་དོན་ནོ། །མྱང་བར་བྱའོ། །ཀུན་དུ་མྱང་བར་བྱའོ་ཞེས་པས་ རོའོ། །དེ་རྣམས་ཀྱི་སྤྱོད་པར་བྱེད་ཚུལ་དུ་བྱེད་པས་སྤྱོད་པ་སྟེ། སྤྲོས་པ་དང་བཅས་པ་དང་སྤྲོས་པ་མེད་པ་དང་། ཤིན་ཏུ་སྤྲོས་པ་མེད་པའི་བདག་ཉིད་ཅན་འཆད་པར་འགྱུར་བ་རྣམས་སོ། །རྒྱུ་ནི་རྡོ་རྗེ་འཆང་ཉིད་རྫོགས་པར་བྱེད་པ་ལ་མ་ཚང་བ་མེད་པའི་རྒྱུའོ། །དེ་ནི་ཚིག་གི་དོན་མ་ནོར་ བར་ཡོངས་སུ་རྟོགས་ཤིང་ངེས་པས་ངེས་པར་སེལ་བའི་དོན་གསུངས་པ། རྒྱན་ནི་གསུམ་པ་ཉིད་ཀྱང་ནི། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཅི་ཞེ་ན་གསུངས་པ། མཐའ་དྲུག་ཚིག་གིས་ངེས་བྱས་པ། །ཞེས་པ་ནི་མཐའ་དྲུག་ཚིག་ནི་རྣམ་པ་དྲུག་གི་ཚིག་སྟེ། འདིས་དོན་བསྟན་པར་བྱ། བསྒྲུབ་ པར་བྱ་རྟོགས་པར་བྱའོ་ཞེས་པའི་ཚིག་གོ། །དེའི་ངེས་པའི་དོན་རྟོགས་པ་གང་ལ་རྒྱན་དུ་བྱེད་པ་དེ་དེ་བཞིན་ནོ། །རྣལ་འབྱོར་རྒྱུད་ཚུལ་ལས་བཤད་པ། །ཞེས་པ་ལ་རྣལ་འབྱོར་རྒྱུད་ཚུལ་ལས་བཤད་པ་ལ། རྣལ་འབྱོར་རྣམ་གསུམ་ཤེས་བྱ་སྟེ། །བྱིན་གྱིས་བརླབས་དང་ཡོངས་བརྟགས་ དང་། །སེམས་ཀྱི་གཟུགས་ནི་རྫོགས་པ་སྟེ། །རྣལ་འབྱོར་སངས་རྒྱས་རྣམས་ཀྱིས་བསྔགས། །ཞེས་སོ། །རྣལ་འབྱོར་རྣམ་པ་གསུམ་པོ་རྒྱུད་དུ་བྱེ་བྲག་ཏུ་རྟོགས་པར་བྱེད་པ་གང་ཡིན་པ་དེ་ནི་རྣལ་འབྱོར་གྱི་རྒྱུད་དོ། །འདིས་སེམས་ཅན་རྣམས་མཐོ་རིས་དང་བྱང་གྲོལ་དུ་འདྲེན་པར་བྱེད་དོ་ཞེས་ 31-1-19b པས་དེ་ཉིད་ཚུལ་ལོ། །དེར་ཡང་དག་པར་བསྡུས་པས་བརྗོད་པ་ནི་བསྟན་པའོ། །ཤེས་རབ་ཐབས་ཀྱི་བདག་ཉིད་རྒྱུད། །རྣལ་འབྱོར་རྒྱུད་དུ་ངེས་བརྗོད་བྱ། །ཞེས་གུར་དུ་གྱུར་པར་གསུངས་པར་གྱུར་པ་མ་ཡིན་ནམ། འདིར་ཡང་འཆད་པར་འགྱུར་བ་རྣལ་འབྱོར་གྱི་རྒྱུད་ནི་མཐའ་ རྣམ་པ་འདི་དྲུག་ཏུ་ངེས་པ་ཡིན་ནོ་ཞེས་སོ་ཞེ་ན་བརྗོད་པར་བྱ་སྟེ། འདི་ཞེས་པ་འདིས་རྣལ་འབྱོར་མའི་རྒྱུད་དུ་མངོན་པར་བརྗོད་པ་ཡང་འདུས་པའི་དོན་དུ་བརྗོད་པར་བྱའོ་ཞེས་པ་འགལ་བ་མ་ཡིན་ནོ། །གླུ་རུ་ཡང་ཛོ་ཨཱི་ཎི་ཏཱནྟྲ་ཛེ་ཨེ་ཧཱུ་སིདྡྷནྟ་བྷ་ནཱ་ཨཱི་ཤཱནྟི་ས་རི་ཨེ་ཧུ་ས་མཱ་ཛ། མཱ་མུ་ཙ་ མཱ་མུ་ཙ་ཀུ་ལ་ས་བ་ར་ཧོ་ཞེས་པ་ལ་སོགས་པའོ། །རྒྱས་བཏབ་དོན་ཞེས་པ་ནི་ཤིན་ཏུ་སྦས་པའི་དོན་ནོ། །རབ་རྟོགས་བྱེད་ནི་མངོན་པར་གསལ་བར་བྱེད་པའོ། །དེ་ལ་རྒྱན་གསུངས་པ། དགོངས་པའི་སྐད་དང་ཞེས་བྱ་བ་ལ་སོགས་པ་སྟེ། དགོངས་པའི་སྐད་ཅེས་བྱ་བ་ཡང་ཁ་ཅིག་ ཏུ་བལྟ་བར་བྱ་སྟེ། དགོངས་པ་ཞེས་བྱ་བ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པར་འཇིགས་པ་རྗེས་སུ་སྒྲོལ་མ་ཞེས་བྱ་བས། ཤ་ར་དྭ་ཏིའི་བུ་དགྲ་བཅོམ་པ་ཟག་པ་ཟད་པ་འདི་དག་བརྗོད། ཤཱ་ར་དྭ་ཏིའི་བུས་སྨྲས་པ། དགོངས་པ་ཅི་ཡིན་པ་འཇམ་དཔལ་གྱིས་དེ་བཞིན་ དུ་སྟོན་པར་བྱེད་དོ་ཞེས་པ་ལ་སོགས་པའོ། །དགོངས་མིན་དང་ཞེས་པ་ནི་དགོངས་པ་མ་ཡིན་ནོ་ཞེས་པར་ཡང་བལྟ་བར་བྱ་སྟེ། ཚིག་གི་དོན་དྲུག་གིས་སྨྲ་བར་བྱེད་པའི་མངོན་པར་དགོངས་པ་བཅོམ་ལྡན་འདས་ཀྱི་བསྟན་པར་གསུངས་པ། སྦས་ཏེ་ཞེས་བྱ་བ་ལ་སོགས་པ་སྟེ་སྦས་ པ་ནི་དེ་ཁོ་ན་ཉིད་ཀུན་དུ་བསྒྲིབས་པའོ། །སྐལ་ངན་རྣམས་ཀྱིས་ནི་སྐལ་བ་མ་རུང་པའི་སྐྱེ་བོ་རྣམས་གང་གི་གདུལ་བར་བྱ་བ་དེ་སྐལ་ངན་ཏེ། དེ་རྣམས་ལ་བཤད་པ་གང་ཡིན་པ་སྟེ་གང་གི་ཚིག་དེས་སྟོན་པར་བྱེད་པ་ནི་དྲང་བའི་དོན་ནོ། །གལ་ཏེ་གཞན་དུ་ཡང་ཚངས་པ་ལ་ སོགས་པའི་མུ་སྟེགས་ཀྱི་དམ་ཚིག་གཉིས་ཀྱི་མཐར་ཡང་སྐལ་ངན་དུ་བསྟན་ཏེ། དེ་བཞིན་དུ་ཡང་འདིར་དེ་རྣམས་ཀྱི་དོན་གྱི་ཆེད་དུ། བཅོམ་ལྡན་འདས་ཀྱིས་དྲང་བའི་ཆེད་དུ་བཤད་དེ། དྲང་བའི་དོན་ཡང་དེ་རྣམས་ཀྱི་སྣོད་མ་ཡིན་པ་ཉིད་ཀྱི་ཕྱིར། ཡང་དག་པའི་དོན་ལས་ 31-1-20a དྲངས་ཏེ། དེ་བཞིན་དུ་སྣོད་དུ་བྱེད་པ་རྣམས་ཀྱི་དོན་དུ་རྣམ་པ་གཞན་དུ་བཤད་པ་ཉིད་ཅེས་པ་དྲང་བའི་དོན་ནོ། །དྲང་བ་ཡང་དེ་ཡིན་དོན་ཡང་དེ་ཡིན་པས་དྲང་བའི་དོན་ནོ། །ཡང་དག་དོན་ནི་ངེས་པའི་དོན་ཏེ་སྟོང་པ་ཉིད་ཀྱི་དོན་ནོ་ཞེས་པ་ཇི་སྲིད་པར་རོ། །གསུངས་ པ་ཡང་བསམ་གྱིས་མི་ཁྱབ་པར་སྟོན་པ་ལས། ངེས་དོན་ཞེས་ཀྱང་བསྟན་པ་ནི། །ཆོས་རྣམས་སྟོང་ཉིད་ལས་ཕྱི་མིན། །གང་ཞིག་སྐྱེ་འགག་ལ་སོགས་དང་། །སེམས་ཅན་འཚོ་བ་ལ་སོགས་བསྟན། །མགོན་པོ་ཁྱོད་ཀྱིས་ཀུན་རྫོབ་ཏུ། །དྲང་བའི་དོན་དུ་དེ་གསུངས་སོ། །ཞེས་སོ། །ཟླ་བ་ སྒྲོན་མར་ཡང་། ཇི་ལྟར་བདེ་བར་གཤེགས་པས་སྟོང་ཉིད་ཉེར་བསྟན་པ། །ངེས་དོན་མདོ་སྡེ་ཁྱད་པར་ཤེས་པར་བྱེད། །གང་དུ་སླར་ཡང་གང་ཟག་སེམས་ཅན་སྐྱེས། །མདོ་སྡེ་དེ་ནི་དྲང་དོན་ཤེས་པར་བྱེད། །ཅེས་སོ། །དེ་ཉིད་ཀྱི་ཕྱིར་རང་བཞིན་གསུམ་ལ་མངོན་པར་དགོངས་ནས་ བསྟན་པ་ནི། ངེས་པའི་དོན་ནོ་ཞེས་པ་ནི་འགལ་བའི་ཚིག་གོ། །ངེས་པ་ཇི་ལྟ་བ་ཁོ་ནར་ཚིག་གི་དོན་དེ་ལྟ་བུ་ཁོ་ནར་གསལ་བར་བྱས་པའི་དོན་ནི། ངེས་པའི་དོན་ནོ། །མཆོག་འདོད་ཅེས་ཏེ། འདོད་པ་ནི་མངོན་པར་འདོད་པའོ། །གལ་ཏེ་བཅོམ་ལྡན་འདས་སྲོག་གཅོད་པ་ལ་སོགས་ འཇིག་རྟེན་དང་འགལ་བའི་སྒྲའི་སྦྱོར་བས་ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་བདག་ཉིད་རབ་ཏུ་གསལ་བར་བྱེད་དེ། དེའི་ཚེ་ཆོས་ཟབ་མོའི་སྣོད་སྲོག་གཅོད་པ་ལ་མངོན་པར་དགའ་བ་རྣམས་འདིར་འཇུག་པར་བྱེད་པས། སེམས་ཅན་གྱི་དོན་ཆེན་པོ་བྱས་པར་འགྱུར་རོ་ཞེས་མངོན་པར་འདོད་པ་ གང་ཡིན་པ་དེ་རྣམས་ཀྱི་དགོངས་པའི་ཆེད་དུ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །འགལ་བའི་ཚིག་ཅེས་པ་ནི་ཉེ་བར་མཚོན་པ་སྟེ། སྲོག་གཅོད་པ་ལ་སོགས་པ་འགལ་བའི་ཚིག་གི་སྦྱོར་བ་མེད་པར་ཡང་རྒྱ་ཆེར་འགྲེལ་གྱི་རྣམ་པར་གནས་མང་པོ་རྣམས་སུ་ཆ་ཤས་ཀྱི་དོན་རྣམ་པ་ བཤད་པར་དགོངས་པས་བཤད་པ་འཇུག་པར་འགྱུར་རོ། །དཀྱིལ་འཁོར་སོགས་སུ་ནི་རྡུལ་ཚོན་སྤྲུལ་པ་ལ་སོགས་སུའོ། །ལ་སོགས་ཀྱི་སྒྲ་ལས་ཐབ་དང་སྦྱིན་སྲེག་ལ་སོགས་པ་ཡོངས་སུ་བཟུང་ངོ་། །རྟོག་པ་སོགས་སུ་ཞེས་པ་ནི་སྔགས་དང་སྨན་དང་རིལ་བུ་ལ་སོགས་པའི་སྦྱོར་བ་རྣམས་ 31-1-20b སུའོ། །སྤྱོད་པ་ནི་འཆད་བཞིན་པ་རྣམས་སོ། །ཇི་ལྟ་ཇི་ལྟར་ནི་གང་ཞིག་མངོན་པར་གསུངས་པའོ། །དོན་རྒྱས་པར་བཤད་པ་ནི་སྒྲ་ཇི་བཞིན་པའོ། །འཇིག་རྟེན་བསྟན་བཅོས་ལ་མེད་ཅིང་ནི་ཡང་གི་སྒྲ་ཡོངས་སུ་བལྟ་བར་བྱ་བཞིན་པའོ། །སྒྲ་ཇི་བཞིན་པ་མིན་པ་ནི་གང་གིའང་མ་ཡིན་པ་མངོན་ པར་འདོད་པ་མ་ཡིན་པའི་སྒྲའོ། །དབང་པོ་དམན་པ་ནི་དབང་པོ་རྣོན་པོ་མ་ཡིན་པ་ཟབ་མོའི་ཆོས་ཀྱི་སྣོད་དུ་གྱུར་པ་རྣམས་ལ་མཆོག་ཏུ་གསལ་བ་སྟེ། དྲང་བའི་དོན་བཞིན་སྦས་པ་མ་ཡིན་པར་བཤད་པའོ། །རྣམ་པར་ཤེས་པས་ཉེ་བའི་ཉོན་མོངས་པ་ངེས་པར་སེལ་བར་འདོད་པས་རྒྱན་བཞི་ པ་གསུངས་པ། ཡི་གེའི་དོན་ཞེས་པ་ལ་སོགས་པའོ། །དང་པོ་ཞེས་པ་ལ་སོགས་པས་དེའི་དབྱེ་བ་སྟོན་ཏོ། །འདིའི་རབ་ཏུ་དབྱེ་བར་མངོན་པར་དགོངས་པས་སྨྲ་བར་བྱེད་པ་གསུངས་ལ། ཕྱི་རོལ་ཞེས་པ་ལ་སོགས་པ་སྟེ། ཕྱི་རོལ་བསྟན་བཅོས་ནི་ལུང་དུ་སྟོན་པ་སྟེ་དེ་རིག་པའོ། །བསྟན་ བཅོས་གཞན་རིག་པ་ཡང་གང་ཞིག་གང་དུ་དམ་པ་མ་ཡིན་པ་དེ་རྣམས་ཀྱང་ཕྱིའི་བསྟན་བཅོས་རིག་པ་ལྟ་བུའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། སྒྲ་ཙམ་ལ་ནི་རབ་གཞོལ་བའོ། །སྒྲའི་མཐའ་གཟིངས་ལྟ་བུ་མ་རིག་ནས་སྒྲའི་སྒོ་ནས་དོན་དམ་པ་རྟོགས་པར་ནུས་པའོ། །དེའི་བཀོད་པ་སྟེ་དེ་ རྣམས་མངོན་པར་ཤེས་པ་སྒྲ་དང་དོན་དག་གི་བརྗོད་བྱ་དང་རྗོད་བྱེད་དུ་རྟོགས་པའོ། །དེའི་རབ་ཏུ་བསྟན་པ་ནི་ཡི་གེའི་དོན་ཏེ། ཡི་གེ་ལས་བསྒྲོད་པའི་དོན་ནི་ཡི་གེའི་དོན་ཏོ། །རྣམ་པ་གཞན་དུ་ན་དེ་རྣམས་གདུལ་བྱར་མི་འགྱུར་རོ། །འདོད་སོགས་ཞེས་པའི་སོགས་ཀྱི་སྒྲས་འདུལ་བ་དང་། རྟོག་ པ་དང་། བྱ་བའི་རྒྱུད་ལ་སོགས་པ་ལ་རབ་ཏུ་ཞུགས་པ་རྣམས་ཀྱི་འགྱོད་པ་ཟློག་པར་བྱེད་པ་ནི་ཞེས་པ་བཙུན་མོའི་བྷ་ག་རྣམས་སུ་བཅོམ་ལྡན་འདས་བཞུགས་ཏེ་ཞེས་པ་ལ་སོགས་པ་རྡོ་རྗེའི་ཚིག་མཐོང་བ་དང་། ཐོས་པ་དང་། དད་པ་ཉེ་བར་སྐྱེས་པའི་འགྲོ་བའི་རྒྱུད་དང་པོར་བསྟན་པའི་ཚུལ་ ལ་ངེས་པར་འཇུག་པའོ། །བསྐྱེད་པའི་རིམ་པ་ནི་ལྷའི་བསྐྱེད་པའི་རིམ་པ་སྟེ། དེ་དང་ལྡན་པའོ། །ཡང་དག་པར་འགྲེལ་པ་དེ་ནི་ཡན་ལག་བསྡུས་པ་སྟེ། སྤྱིའི་དོན་ནོ། །སྦས་པ་ཞེས་པ་ལ་སྦས་པ་ཅན་ཞེས་པ་ཐོབ་པ་ལ་སྦས་པ་ཞེས་པའི་དོན་ཏེ། ཇི་ལྟར་འཇིག་རྟེན་དུ་སྦྲུམ་མ་མཐོང་ 31-1-21a ནས། འདི་ནི་འདོད་ཆགས་ཆོས་ཀྱི་ཀུན་དུ་སྤྱོད་པའི་འབྲས་བུའོ་ཞེས་རྟོགས་སོ། །དེ་བཞིན་དུ་འདིར་ཡང་རྣམ་པར་བཤད་པའི་འདོད་ཆགས་ཆོས་སུ་མངོན་པར་བརྗོད་པར་བྱ་བ་སྙིང་པོ་དང་ལྡན་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། སྙིང་པོ་ཡོད་པས་ཞེས་ པ་ལ་སོགས་པའོ། །འདིའི་ཞེས་པ་ནི་འདིའི་འོ། །རབ་ཏུ་དབྱེ་བས་གཞན་གཉིས་པ་གསུངས་པ་ཀུན་རྫོབ་ཅེས་པ་ལ་སོགས་པ་སྟེ། ཀུན་རྫོབ་ཀྱི་བདེན་པ་ནི་རིམ་པ་གསུམ་པ་སྒྱུ་མ་ལྟ་བུ་ཉིད་དོ། །དེ་རྟོགས་པ་ནི་དེ་རབ་ཏུ་གསལ་བར་བྱེད་པའོ། །ཡེ་ཤེས་གསུམ་པོ་རྣམ་ བརྟགས་པ། །ཞེས་པ་ནི། རིམ་པ་གཉིས་པ་འབྲས་བུའི་ཚུལ་གྱིའོ། །རྣམ་བརྟགས་པ་ནི་ལས་ཀྱི་མཐའ་རྣམ་པར་འབྱེད་པ་དང་། ཐམས་ཅད་དག་ཅིང་རྣམ་པར་དག་པའི་རིམ་པ་དང་། སྤྱོད་བསྡུས་རྣམས་སུ་གསུངས་པའི་རང་བཞིན་གྱི་སྣང་བ་ལ་སོགས་པ་ཡེ་ཤེས་གསུམ་པོ་ འདིར་སྒྲུབ་པར་བྱེད་དོ་ཞེས་པའོ། །སྦས་པའི་བཤད་པ་རྣམ་པ་གསུམ་མོ། །འོད་གསལ་བ་ནི་རབ་སྟོན་དང་། །ཞེས་པའི་དང་ཡིག་ནི། ཟུང་དུ་འཇུག་པ་རྟོགས་པ་སྟེ། །ཞེས་བྱ་བའི་བར་འཆད་པར་བལྟ་བར་བྱའོ། །རྣམ་པ་གཞན་དུ་ན་རྣམ་པ་གཉིས་སུ་བྱ་བ་འདིར་ཡང་དག་པར་བརྗོད་པར་མི་ འགྱུར་རོ། །རྟོགས་པ་ཞེས་བྱ་བ་འདིས་རྒྱུ་དང་འབྲས་བུའི་དངོས་པོ་བྱས་པའི་དབྱེ་བ་གསུང་ངོ་། །དེ་བཞིན་དུ་ཡི་གེའི་དོན་དང་སྤྱི་དང་སྦས་པ་དང་མཐར་ཐུག་པའི་བཤད་པ་རྣམས་དང་། སྒྲ་ཇི་བཞིན་པ་ལ་སོགས་པའི་ཆིག་དྲུག་ཐོག་མར་བཀོད་པ་རྣམས་ཀྱི་ཕན་ཚུན་རྒྱུ་དང་འབྲས་བུར་ རྟོགས་པ་ནི་བླ་མ་ལ་རག་ལུས་སོ། །མཐར་ཐུག་གི་སྒྲའི་བཤད་པ་གསུངས་པ། མཐའ་ནི་མུར་ཐུག་པ་ཡི་ཚིག །ཅེས་པ་ལ། མུ་ནི་ཡོངས་སུ་སྟེ་དངོས་པོ་ཐམས་ཅད་ནས་ཐུག་པ་ནི་མཐར་གནས་པའོ། །ཐོག་མར་སོ་སོར་བསྒྲུབ་པའི་བཤད་པ་རྣམ་པ་གསུམ་གྱི་དོན་དང་ཕུང་པོ་ལ་ སོགས་པ་ཀུན་རྫོབ་ཀྱི་བདེན་པའི་མཐར་ཐུག་པ་རྣམས་ཀྱིའོ་ཞེས་པས་མུར་ཐུག་པ་སྟེ། ཇི་ལྟར་འཚོ་བ་ནི་འཆི་བའི་མུར་ཐུག་ཅིང་འཆི་བའི་མཐར་ཐུག་གོ་ཞེས་སོ། །དེའི་རྗོད་བྱེད་དེ་བཞིན་གཤེགས་པའི་བརྡ་སྒྲ་ཇི་བཞིན་པ་མ་ཡིན་པས་མཐའ་སྟེ་དེར་ཐ་སྙད་དུ་བྱེད་དེ། མུར་ཐུག་པའི་ 31-1-21b ཚིག་གི་དོན་གསལ་བར་བྱེད་པས་སོ་ཞེས་པ་མཐར་ཐུག་པའི་བཤད་པ་རྣམ་པ་གཉིས་སོ། །རྒྱན་ལྔ་པའི་དབང་དུ་བྱས་ནས་གསུངས་པ། འདོད་པ་ཞེས་པ་ལ་སོགས་པ་སྟེ། ཡང་ནི་སླར་ཡང་གི་དོན་ཏོ། །སླར་ཡང་རྒྱན་གཞན་ཞེས་བྱ་བའི་དོན་ཏོ། །དབྱེ་བ་རྣམ་པ་གཉིས་ཞེས་པ་ནི། གདུལ་བྱ་རྣམ་པ་གཉིས་ལས། ཚོགས་ལ་བཤད་པ་ན་ཉན་པ་པོ་ཚོགས་ལྟ་བུ་ལ་འཆད་པ་སྟེ་སྐྱེ་བོ་ཐམས་ཅད་ཀྱི་ཐུན་མོང་པའོ་ཞེས་པའི་དོན་ནོ། །སློབ་མ་ལ་བཤད་པ་ནི་ཐུན་མོང་མ་ཡིན་པ་སྟེ་མཆོག་གི་ཡུལ་ཡིན་པའི་ཕྱིར་རོ། །བསྟན་པ་འདིའི་རྒྱས་པར་བཤད་པ་གསུངས་པ་ ཇི་བཞིན་སྒྲ་དང་ཞེས་པ་ལ་སོགས་པ་ནི་གོ་སླའོ། །རྒྱན་ལྔ་པའི་དབྱེ་བ་གཉིས་སོ། །རིམ་གཉིས་ལ་ཞེས་པ་ལ་སོགས་པས་རྒྱན་འདིའི་རིམ་པ་གཉིས་ཀྱིས་བཅིངས་པས་སྟོན་པར་བྱེད་དོ། །དེ་བཞིན་གཤེགས་པས་ཞེས་པ་ནི་དུས་གསུམ་པའི་དེ་བཞིན་གཤེགས་པའི་བདག་ཉིད་ཅན་ རྡོ་རྗེ་འཆང་ཆེན་པོས་སོ། །རྒྱན་དྲུག་པའི་རབ་ཏུ་དབྱེ་བ་ལྔའི་དབང་དུ་བྱས་ནས་གསུངས་པ། འཇིག་རྟེན་ཞེས་པ་ལ་སོགས་པ་སྟེ། འཇིག་རྟེན་ཞེས་པ་སེམས་ཅན་སྣོད་དུ་བརྗོད་པ་ལའོ། །ངེས་པར་འགྱུར་བ་ནི་ལས་ཀྱི་དབང་ལས་སྐྱེས་པའོ། །རྣམ་པ་དཔག་མེད་ཅེས་པ་ནི་ལྔ་ཉིད་ཀྱི་ གཏན་ཚིགས་སོ། །འདོད་དོ་ཞེས་པ་ནི་བཅོམ་ལྡན་འདས་ཞེས་པ་ལྷག་མའོ། །རིན་ཆེན་ཞེས་པ་ལ་རིན་ཆེན་ལྟ་བུ་ནི་རིན་ཆེན་ཏེ། འཇིག་རྟེན་གསུམ་དུ་རྙེད་པར་དཀའ་བ་ཡང་སྐྱེ་བ་འདི་ཉིད་ལ་བྱང་ཆུབ་ཀྱི་སྣོད་དུ་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཙནྡན་ཞེས་པ་ལ་ཙནྡན་ལྟ་བུ་ནི་ཙནྡན་ཏེ། ཇི་ལྟར་ གོས་ལ་འཛུག་པ་དང་། རྣམ་པར་རྩོལ་བ་ད་ང་། འཐག་པའི་དུས་སུ་གནས་པ་དང་། དྲི་ཤིན་ཏུ་ཆུང་བ་ཉིད་ཡིན་པ་དེ་བཞིན་དུ་འདི་ཡང་ངོ་ཞེས་པའི་དོན་ནོ། །པདྨ་ཞེས་པ་ལ་པདྨ་ལྟ་བུ་ནི་པདྨ་སྟེ། ཇི་ལྟར་པདྨ་དགའ་བ་ལ་སོགས་པའི་ཡོན་ཏན་བསྐྱེད་པ་དང་ལྡན་པ་ཡང་། ཡོན་ཏན་དེ་ རིང་དུ་འཛིན་པར་བྱེད་པ་མ་ཡིན་པ་དེ་བཞིན་དུ་འདིར་ཡང་ངོ་། །པད་དཀར་ཞེས་པ་ལ་ཆུ་སྐྱེས་དཀར་པོ་ལྟ་བུར་ཆགས་པ་རྣམ་པར་དག་པ་དཀར་པོའི་ཡོན་ཏན་འཛིན་པས་གཞན་གྱི་རྒྱུད་ལ་རྟོགས་པའི་ཡོན་ཏན་འཛིན་པར་བྱེད་ནུས་པ་ཡང་དག་པའི་དོན་དེ་འཛིན་པར་བྱེད་པའོ་ཞེས་བྱ་བའི་དོན་ཏོ། ། 31-1-22a ཨུཏྤལ་ཞེས་བྱ་བ་ལ་ཨུཏྤལ་ལྟ་བུ་ནི་ཨུཏྤལ་ཏེ། ཇི་ལྟར་ཨུཏྤལ་དྲི་མང་པོ་ལ་སོགས་པ་འཛིན་ཡང་རིང་དུ་མི་གནས་པ་དེ་བཞིན་དུ་འདིར་ཡང་ངོ་ཞེས་པའི་དོན་ཏོ། །དེ་ལྟ་བུ་འདིས་རང་བཞིན་ཏེ་དེ་རྣམས་ཀྱི་ཆོས་ཀྱིས་སོ། །ཐ་དད་མིང་གི་ཞེས་བྱ་བ་ལ་སོགས་ པ་ནི། ཡང་ན་དེ་བཞིན་གཤེགས་པ་རྣམས་ཀྱི་བརྡའི་མིང་འདི་དང་འདི་རྣམས་སོ། །ཡང་ན་རང་བཞིན་ཐ་དད་མིང་གིས་ཞེས་བྱ་བ་ལ་སོགས་པ་ལ་རང་བཞིན་གྱིས་ཏེ་དངོས་པོ་ཐ་དད་པར་འདི་རྣམས་ཀྱི་མིང་ཐམས་ཅད་མཁྱེན་པ་སྟེ། རྡོ་རྗེ་འཆང་ཆེན་པོས་གསུངས་པ་ཡིན་ནོ། །སླར་ཡང་ འདི་རྣམས་ཀྱི་རང་བཞིན་ཅི་ཞེ་ན། གསུངས་པ། དེ་ཐོས་ནས་ཞེས་པ་ལ་སོགས་པ་སྟེ། མཚན་ཉིད་འདི་རྣམས་འཁྲུག་པས་བརྗོད་པའི་ཚིགས་བཅད་དེ། བརྗོད་པ་ཉིད་ཀྱི་ཕྱིར། བུམ་པའི་རས་བལ་ཞེས་བྱ་བ་ལ། ཁ་ཤིན་ཏུ་ཆུང་ཞིང་ས་ལས་བྱུང་བ་ལ་སོགས་པའི་སྣོད་ནི་བུམ་ པའོ། །རས་བལ་བཞིན་ཞེས་པ་ནི་རས་བལ་བཅུག་པ་མི་ཐོན་པ་བཞིན་ནོ། །ཆོས་ཐོས་པ་རབ་ཏུ་གསལ་བར་བྱེད་པ་དེའིའོ་ཞེས་བྱ་བའི་དོན་ནོ། །སྙིང་རྗེ་ཤེས་ཞེས་བྱ་བ་ནི་སེམས་ཅན་རྗེས་སུ་བཟུང་བའི་དབང་དུ་བྱས་ནས་སོ། །བློའི་ཁ་འབྱེ་ཞེས་བྱ་བ་ནི་སྙིང་གི་པདྨ་ཁ་བྱེ་བར་གྱུར་ པའོ། །ཐོས་པའི་ཞེས་བྱ་བ་ནི་ཉན་པ་དང་འབྲེལ་པ་ཉེ་བར་མཚོན་པར་བྱའོ། །བདུན་པའི་དོན་ཉིད་ཀྱིས་དྲུག་པའོ། །ཚིགས་མེད་འོད་མ་བཞིན་ཞེས་པ་ནི་མདུད་པ་མེད་པར་འཛག་པའི་འོད་མའི་དུམ་བུ་བཞིན་དུ་སྟེ། མདུད་པ་གཉིས་ངེས་པར་གནས་པ་ནི་ཚིགས་སོ། །ཚིགས་མེད་ པའི་འོད་མ་དེ་བཞིན་དུ་འདི་ཡང་འདིར་མཚམས་ལས་འདས་པའོ། །ཇི་ལྟར་འདོད་པ་དང་བྲལ་བ་ངོས་གཉིས་ཀ་ནས་འཛག་པའི་འོད་མའི་དུམ་བུར་བཅུག་པ་ན། འགྲོ་ལ་སོགས་པ་ངོས་གཞན་གཅིག་ནས་ལྟུང་བར་བྱེད་ཀྱི་གནས་པ་ཅི་ཡང་མེད་དོ། །དེ་བཞིན་དུ་གང་ཟག་འདིའི་ཆོས་ ཐོས་པ་ཡང་སོ་སོར་འཇུག་པར་བྱེད་པ་དང་། ངེས་པར་འགྲོ་བར་བྱེད་དོ་ཞེས་བྱ་བ་ནི་གསུངས་པའོ། །མཁས་ལ་ནི་སྦྱངས་པས་ཤེས་པའོ། །རྒྱུད་གཅིག་ནི་གྲུབ་པའི་མཐའ་གཅིག་ལ་ལྷག་པར་མོས་པ་ལ་སྟེ། གཞན་དང་གཞན་གྱི་གྲུབ་པའི་མཐའ་འདི་དྲང་བར་བྱ་བ་དང་། ཐེ་ཚོམ་ 31-1-22b ཟ་བ་མ་ཡིན་ནོ། །ཐམས་ཅད་དུ་ཡང་ཆོས་ཐོས་པས་བདེན་པ་གཉིས་གཉིས་སུ་མེད་པར་སྦྱོར་བར་བྱེད་དོ། །རིམ་པ་གསུམ་པར་ཡང་གསུངས་པ། བདེན་པ་གཉིས་གཉིས་སུ་མེད་པའི་ལྷག་མར་མོས་པས། ཐོས་པ་འཛིན་པ་ཞེས་སོ། །གང་ཟག་ལྔ་པོ་འདི་རྣམས་སྔར་གསུངས་པའི་བཤད་པ་ རྣམ་པ་གཉིས་ཀྱིས་འབྲེལ་པར་བསྟན་པ་གསུངས་པ། པད་དཀར་ཞེས་པ་ལ་སོགས་པ་སྟེ། བཤད་པ་རྣམ་པ་གཉིས་ཞེས་པ་ནི་ཁྱད་པར་གྱི་འཆད་པས་ན་རྣམ་པར་བཤད་པ་སྟེ་མན་ངག་འཆད་པའོ། །གང་ཟག་གང་མན་ངག་གི་རིམ་པ་གང་གི་སྣོད་ཡིན་པ་དེའི་ཆེད་དུ་མན་ངག་གི་རིམ་ པ་དེ་བརྗོད་པར་བྱའོ། །རིན་པོ་ཆེའི་གང་ཟག་ལས་གཞན་པའི་གང་ཟག་རྣམས་ཚིག་གི་དོན་དྲུག་གསལ་བར་མི་བྱ་བ་མ་ཡིན་ནམ་ཞེ་ན་འཆད་པར་འགྱུར་ཏེ། གང་གི་ཕྱིར་རྒྱུད་ཀྱི་གཞུང་མ་ལུས་པ་ཐོས་ནས་ཀྱང་མཐའ་དྲུག་གི་ཚིག་རྣམ་པར་དབྱེ་བས་རྒྱུད་ཀྱི་དོན་ལ་ཀུན་དུ་ཡངས་པ་མ་ཡིན་པའི་ རྨོངས་པ་ཙམ་དོན་ལ་སོགས་པ་རྣམས་ཐོས་པ་ཞེས་པ་ལ་སོགས་པའོ། །ད་ནི་གསུངས་པའི་རྒྱན་དྲུག་པོ་རྣམས་ཀྱི་བདེན་པ་གཉིས་སྒྲུབ་པར་བྱེད་པ་རྒྱན་བདུན་པ་གསུངས་པ་དེ་རྣམས་ཀྱིས་ཞེས་པ་ལ་སོགས་པ་སྟེ། དེ་རྣམས་ཀྱིས་ཞེས་པ་ནི་སྔར་བརྗོད་པ་རྣམས་ཀྱིས་སོ། །བདེན་གཉིས་ རྣམ་པར་ངེས་བྱས་པ་ནི་རྣམ་པར་གཏན་ལ་ཕབ་པ་སྟེ། དེ་ཡང་ཐོས་པ་ལས་བྱུང་བ་དང་། བླ་མ་རིམ་པ་ལས་འོངས་པས་སོ། །བདུན་པ་ཞེས་པ་ནི་རྣམ་པར་ངེས་པ་དེའོ། །རྫོགས་པའི་རིམ་པ་བསྒྲུབ་པ་ཞེས་པ་ནི། རྫོགས་པ་ནི་རབ་ཏུ་སྦྱོར་བ་ཉིད་མཐའ་མེད་པ་ནི་རྫོགས་པའོ། །དེ་ཉིད་ཀྱི་ ཕྱིར་རྫོགས་པའི་དངོས་པོ་ལ་གནས་པ་དང་འཇིག་པ་ཡང་རྫོགས་པ་ལ་མེད་དོ། །རིམ་པ་ནི་རང་བཞིན་ཏེ་འདི་དག་བྱས་ནས་འདི་དག་བྱའོ་ཞེས་བྱ་བ་ལ་སོགས་པ་མེད་པའི་ཕྱིར་རོ། །སྒྲུབ་པའོ་ཞེས་པ་ནི་བླ་མ་བརྒྱུད་པའི་རིམ་པས་སྐྱེད་པ་དང་། འགོག་པ་དང་དེ་སོ་སོར་བརྟགས་ནས། བདེན་པ་ གཉིས་ཀྱི་བདག་ཉིད་ཅན་དེའི་སོ་སོར་རྟོགས་པར་བྱེད་དོ། །གསུངས་པ་ཡང་། བྷ་བ་ཨུ་ཨེ་ཀྟྱ་ཨ་ཁ་ཨ་ཧི་ནི་མཛྫི་ཨ་བེ་བི་བི་བཛྫི་ཨ་ཀ་ཧི་ཨུ་ཨཛྫ་ཨ། བེ་བི་བི་བཛྫི་ཨ་ཛོ་ཊ་ཨ་ཛ་ཨ་ཨཙྪངྒ་སི་རི་གུ་རུ་ཎ་ཧི་ཀ་ཧིཛྫ་ཨ་ཞེས་སོ། །ཞེས་པ་ནི་ཆུང་ངུའི་རང་བཞིན་ལ་རྫོགས་པའི་རིམ་པ་སྒྲུབ་པར་ 31-1-23a བྱེད་པར་མངོན་པར་བརྗོད་དོ། །བར་མ་ལ་ནི་སོ་སོར་སླར་ཡང་གསུངས་པ། གང་དང་གང་ཞིག་ལྟ་དང་ཉན་པར་བྱེད། །སྣོམ་བྱེད་མྱོང་བྱེད་ཀུན་དུ་རེག་པར་བྱེད། །ཟབ་ཅིང་རྒྱ་ཆེ་དེ་ཡི་དེ་དང་ནི། །འདིར་ནི་ཀུན་དུ་བཟང་པོར་སྣང་བ་ཡིན། །ཟབ་ཅིང་རྒྱ་ཆེ་དེ་ཡིས་ ཞེས་པའི་གསུང་ལས་བདེན་པ་གཉིས་ཀྱི་བྱ་བ་འདིར་དེའི་བདག་ཉིད་ཀྱིས་རིག་པར་བྱའོ། །དེ་ནས་འདིས། སླར་ཡང་སྔར་བཞིན་རབ་ཏུ་འཇུག་པ་ནི་མ་ཡིན་ནོ། །ལྷག་པ་ཙམ་ལས་སོ་སོར་ཟབ་པ་དང་རྒྱ་ཆེ་བ་དེ་ཡིས་དྲན་པའམ་དྲན་པ་མེད་པ་ཡོད་པ་མ་ཡིན་ཏེ། རང་གི་རང་ཉིད་ ལས་བདེན་པ་གཉིས་རོ་གཅིག་པས་རྟག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་རོ། །ཟུང་དུ་འཇུག་པའི་རིམ་པར་ཡང་གསུངས་པ། དྲན་དང་དྲན་མིན་ལས་གྲོལ་ཞིང་། །རྟག་ཏུ་འབྱུང་བའི་མཚན་ཉིད་ཅན། །ཞེས་པ་ལ་སོགས་པའོ། །རབ་ཏུ་བྱེད་པ་གསུམ་པར་ཡང་ཟུང་འཇུག་གི་ལམ་དུ་བདེན་པ་ གཉིས་ཀྱི་སྒྲུབ་ཐབས་ཉིད་འདིར་རྒྱུ་ཉིད་དུ་ཡོད་དོ། །རྒྱན་བདུན་གྱི་བཤད་པ་ལ་རྒྱུད་ཀྱི་རང་དབང་མ་ཡིན་པ་ཉིད་དུ་བསྟན་པར་འདོད་ནས་གསུངས་པ་བཤད་པའི་རྒྱུད་ཅེས་པ་ལ་འདིས་དོན་ཁྱད་པར་གྱི་བཤད་པར་བྱེད་པས་ན་རྣམ་བཤད་དོ། །རྒྱུད་ནི་རང་དབང་སྟེ་གང་འགའ་ཞིག་ཏུ་ འགའ་ཞིག་གི་དོན་ནོ། །འདུས་པ་ལ་སོགས་པའི་བཤད་པ་བྱེད་ཀྱི། ཀུན་དུ་འདོད་པ་ཇི་སྙེད་པས་ནི་མ་ཡིན་ནོ། །བཤད་པའི་ཚུལ་གྱི་རྒྱུད་ནི་བཤད་པའི་རྒྱུད་དོ། །བཤད་པ་ནི་ཡང་དག་པར་གྲགས་པའི་ཡུལ་དུ་འཇོག་པར་བྱེད་པའོ། །རྣལ་འབྱོར་རྒྱུད་རྣམས་ཞེས་མང་ཚིག་ཏུ་ འབྲེལ་པར་གསུངས་པ་ནི། འདུས་པའི་རྒྱུད་ཉིད་འབྲས་བུའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །རྡོ་རྗེ་བླ་མ་ཞེས་པ་ནི་བདེན་པ་གཉིས་ཀྱི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་དང་། རྡོ་རྗེ་ལྟ་བུའི་ལམ་སྟོན་པར་བྱེད་པ་པོ་ཉིད་ཀྱི་ཕྱིར་རྡོ་རྗེའོ། །འཇིག་རྟེན་གསུམ་གྱི་སྟོན་པ་པོ་ཉིད་ཀྱི་ཕྱིར་བླ་མའོ། །དེ་བས་རྣལ་འབྱོར་ རྒྱུད་རྣམས་ནི་རྡོ་རྗེ་ཕྲེང་བ་ལ་སོགས་པ་འདུས་པའི་རྣལ་འབྱོར་གྱི་བཤད་པའི་རྒྱུད་རྣམས་སོ། །བཟུང་ངོ་ནི་དོན་དང་གསུང་ཡིད་ལ་བྱའོ། །མ་འོངས་པའི་སེམས་ཅན་ལ་ལྟོས་ནས་གླེགས་བམ་གྱི་ཚུལ་གྱིས་ཀྱང་གཟུང་བར་བྱའོ། །ཅི་ལྟར་ཞེ་ན་གསུངས་པ། གླེང་གཞི་རིམ་པའི་སྦྱོར་བར་ 31-1-23b བཅས། །ཞེས་ཏེ་གསུངས་པའི་རྒྱུད་དང་། བསྐྱེད་པ་དང་རྫོགས་པའི་རིམ་པ་དག་ལས་སོ། །བླ་མ་ཇི་ལྟར་གྱུར་པ་ལས་ཞེ་ན་གསུངས་པ། བཤད་པའི་རྒྱུད་ལ་མཁས་པ་ལས་ཏེ། རྡོ་རྗེ་ཕྲེང་བ་ལ་སོགས་པ་བཤད་པའི་རྒྱུད་ལ་ཤིན་ཏུ་བྱང་བ་སྟེ། ཐེ་ཚོམ་ཟ་བ་ལས་ནི་མ་ཡིན་ནོ། །བཤད་པ་ ནི་གསུངས་པའོ། །རིག་པ་ནི་རིམ་པའོ། །ད་ནི་རྒྱུད་རྣམ་པ་སྣ་ཚོགས་པའི་འབྲེལ་པ་བརྗོད་པར་བྱའོ། །འདུས་པ་ཕྱི་མར་གསུངས་པ། རྒྱུད་ཀྱི་འབྲེལ་པ་ཇི་ལྟ་བུ་ཞེས་སོ། །དེ་ཡང་སོ་སོར་བསྟན་པར་བྱ་བའི་དོན་གྱི་སྒོ་ཅན་དུམ་བུའི་མཐར་ཐུག་པ་རྟོགས་པ་མངོན་པར་བརྗོད་པ་དེ་ལས་དེ་ལ་ ལེའུར་གྱུར་པ་དེ་སྙེད་དུ་འབྲེལ་པ་བསྟན་པར་འདོད་ནས་གསུངས་པ། ད་ནི་ཞེས་པ་ལ་སོགས་པ་སྟེ། ལེའུ་བཅུ་བདུན་པོ་རྣམས་ཀྱིས་ཞེས་པ་ནི། ལེའུ་བཅོ་བརྒྱད་པ་ནི་ཤིན་ཏུ་སྦས་པའི་ཚིག་གིས་བཤད་པའི་རྒྱུད་ཡིན་པའི་ཕྱིར་རོ། །བསྡུས་པའི་དོན་ནི་བསྡུས་པ་ཅན་དུ་བྱས་པའི་ དོན་ཏེ་བསྡུས་པའི་དོན་ཏོ། །དོན་མང་པོ་རྣམས་རེ་རེར་མངོན་པར་བརྗོད་པའི་ཕྱིར་རོ། །དེ་ལ་ཞེས་པ་ནི་ལེའུ་བཅུ་བདུན་པོ་རྣམས་སུའོ། །རྗོད་པར་བྱེད་པ་དང་ཞེས་པ་ནི་གཞུང་གི་བདག་ཉིད་དོ། །བརྗོད་པར་བྱ་བ་ཞེས་པ་ནི་ལུས་ཀྱི་བདག་ཉིད་དོ། །རྡོ་རྗེ་འཆང་ཆེན་པོ་ནི་དྲུག་པ་སྟེ་གཙོ་བོ་ཡིན་ པ་ཉིད་ཀྱི་ཕྱིར་རོ། །མི་བསྐྱོད་པ་ལ་སོགས་པ་རྣམས་ནི་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་འཕྲུལ་པ་ཡིན་པ་ཉིད་ཀྱི་ཕྱིར། དེ་རྣམས་ཀྱིས་རྗོད་པར་བྱེད་པ་དང་བརྗོད་པར་བྱ་བ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་ནོ། །ལེའུ་འདི་ཉིད་དུ་གསུངས་པར་འགྱུར་བ། རྒྱུད་འདིར་སེམས་གཙོ་བོ་ཡིན་པའི་ཕྱིར། མི་བསྐྱོད་པ་བསྡུས་པའི་དཀྱིལ་འཁོར་སྤྲུལ་པའི་བྱ་བ་བསྟན་པའི་ཕྱིར་ཞེས་པ་མ་ཡིན་ནམ་ཞེ་ན། དེ་ལྟར་གསུངས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་ལ་ལྟོས་ནས། སེམས་གཙོ་བོ་ཡིན་པའི་ཕྱིར་ཞེས་གསུངས་པའི་ཕྱིར་མི་འགལ་ལོ། །ལེའུ་བཞི་པའི་རྣམ་པར་བཤད་པར་ཡང་ ཐུགས་ཀྱི་དཀྱིལ་འཁོར་མཆོག་ཅེས་པ་ནི། སེམས་གཙོ་བོར་གྱུར་པའི་དཀྱིལ་འཁོར་ནི་ཐུགས་ཀྱི་དཀྱིལ་འཁོར་ཏེ། རྡོ་རྗེ་རིགས་ཀྱི་གཙོ་བོ་ཡིན་པའི་ཕྱིར་མཆོག་གོ། །དེ་ཉིད་ཀྱི་ཕྱིར་འདི་དང་པོར་གསུངས་སོ། །སྤྲུལ་པའི་དཀྱིལ་འཁོར་ཞེས་པ་ནི་བསྡུས་པའི་དཀྱིལ་འཁོར་ཇི་ལྟ་ 31-1-24a བར་གནས་སུ་བཀོད་པའི་ཤིང་ལ་སོགས་པ་ལས་སྤྲུལ་པ་བཟུང་བ་ཉིད་ཀྱི་ཕྱིར་རོ། །རིག་མ་སྤྱན་མ་ལ་སོགས་པ་དེ་རྣམས་ཀྱིས་མངོན་པར་དབང་བསྐུར་བར་བྱེད་པའོ། །བརྟགས་པའི་སྒྲུབ་ཐབས་ཞེས་པ་ས་བོན་དང་མཚན་མ་ལ་སོགས་པར་རྟོག་པར་བྱེད་ པ་རྣམས་ཀྱིས་བསྐྱེད་པའི་སྒྲུབ་ཐབས་ཡིན་པའི་ཕྱིར། བརྟགས་པའི་སྒྲུབ་ཐབས་ཞེས་བརྗོད་པར་བྱའོ། །རྫོགས་པའི་རིམ་པའི་སྒྲུབ་ཐབས་ཞེས་པ་ནི་སྔར་བཤད་དོ། །རིམ་པ་གཉིས་པོ་འདིའི་སྒྲུབ་ཐབས་ཀྱི་འབྲེལ་པ་གསུངས་པ། འཆད་པར་འགྱུར་བའི་ཞེས་པ་ལ་སོགས་པ་ སྟེ། ལེའུ་བཅུ་དྲུག་པོ་ཡིའང་ཞེས་པའི་ཡང་གི་སྒྲས་ལེའུའི་ཕྱོགས་གཅིག་ལ་སོགས་པ་ཡང་དག་པར་སྡུད་པར་བྱེད་དོ། །དོན་གཞན་རྙེད་ཅེས་པ་ནི་བརྟགས་པ་དང་རྫོགས་པའི་རིམ་པའི་སྒྲུབ་ཐབས་ལས་གཞན་པའི་དོན་ནི་དོན་གཞན་ཏེ། དེ་བཤད་པར་བྱེད་པས་སྐབས་སུ་བབ་པ་ ཞེས་པའི་དོན་ནོ། །ལྷའི་རྣལ་འབྱོར་རྣམ་པ་གཉིས་པོ་ཉིད་ཅེས་པ་ནི། རིམ་པ་གཉིས་པོ་མེད་པར་དོན་གཞན་བསྐྱེད་པར་བྱ་བ་མེད་པ་ཉིད་ཀྱི་ཕྱིར་རོ། །རྣམ་པར་བཤད་པའི་དོན་དུ་གཞན་གྱི་དབང་དུ་བྱེད་པ་ཅན་གྱི་བདག་ཉིད་གསུངས་པ། རིམ་པ་གཉིས་ཞེས་པ་ལ་སོགས་པ་སྟེ། སངས་ རྒྱས་རྣམས་ཀྱིས་ཞེས་པ་ནི་མང་པོའི་ཚིག་གོ། །དུས་གསུམ་དུ་བཞུགས་པ་རྫོགས་པའི་སངས་རྒྱས་ཀྱིས་བསྟན་པར་མཚུངས་པ་ཉིད་དུ་བསྟན་པའི་དོན་ཏོ། །ཁ་ཅིག་ཏུ་རྡོ་རྗེ་ཅན་རྣམས་ཀྱི་ཞེས་ཀློག་སྟེ་འདིར་ཡང་མང་པོའི་ཚིག་ནི་སྔར་བཞིན་ནོ། །ཡང་ན་གཅིག་ཉིད་ཀྱང་རྡོ་རྗེ་འཆང་ཆེན་པོའམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། རྡོ་རྗེ་འཛིན་པ་དང་། རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་མང་པོའི་ཚིག་ཏུ་བརྗོད་པར་བྱའོ། །འདུས་པ་ཕྱི་མར་གསུངས་པའི་ལྔ་པ་ཞེས་བྱ་བ་ལ་སོགས་པས་རྒྱུད་ཀྱི་འབྲེལ་པ་གཞན་དུ་བརྗོད་པ་མ་ཡིན་ནམ་ཞེ་ན་འདི་ནི་ བདེན་ཏེ། དེ་ལྟར་ནི་འདུས་པ་ཕྱི་མར་ལེའུ་དང་པོ་ལ་རྒྱུད་ཀྱི་འབྲེལ་པ་མངོན་དུ་བརྗོད་པ་མེད་དོ། །ལེའུ་ལྔ་པ་དང་། དགུ་པ་དང་། བཅུ་བདུན་པ་དང་། བཅུ་གསུམ་པ་རྣམས་ཀྱིས་སྒྲུབ་པ་ཆེན་པོ་བསྟན་ནོ། །བཞི་པ་དང་ནི་བཅུ་དྲུག་པ། །བརྒྱད་པ་བཅུ་གཉིས་པའི་ལེའུས། །སློབ་དཔོན་སྤྱི་ཡི་ 31-1-24b ལས་རྣམས་དང་། །དངོས་གྲུབ་བརྟུལ་ཞུགས་སྡོམ་པ་ཡིན། །ཞེས་རྒྱུད་ཀྱི་འབྲེལ་པ་མངོན་པར་རྗོད་པར་བྱེད་དོ། །གཞན་དུ་ཡང་རིམ་པ་འདིས་རྒྱུད་ཀྱི་འབྲེལ་པ་མངོན་པར་གསུངས་སོ། །དེ་ཡང་འདུས་པ་ཕྱི་མར་ལེའུ་བཅུ་བདུན་པ་ཉིད་ཀྱི་ནང་དུ་གཏོགས་པའི་ཕྱིར། རྒྱུད་ཀྱི་བཤད་པ་ལ་ ལེའུ་བཅོ་བརྒྱད་པའི་ཡང་རྣམ་པར་བཤད་པ་ཉིད་ཀྱི་ཕྱིར་རྒྱུད་ཀྱི་ནང་དུ་སོན་པ་རྒྱུད་ཀྱི་འབྲེལ་པ་ཡང་རྒྱ་ཆེར་འགྲེལ་གྱི་རྣམ་པས་རྣམ་པར་བཤད་དེ་དེའི་ཕྱིར། རྒྱུད་ཀྱི་རྣམ་བཤད་གཞན་བརྗོད་པ་དང་། རྒྱུད་ཀྱི་འབྲེལ་པ་གཞན་ཉིད་བསྡུས་པའི་དོན་གྱིས་བཤད་པར་བརྗོད་པ་མ་ཡིན་ནོ། །གལ་ ཏེ་ཡང་བསྐྱེད་པ་དང་རྫོགས་པའི་རིམ་པ་གཉིས་པོ་ཉིད་ཀྱི་དེ་ཁོ་ན་ཉིད་མ་ལུས་པ་ལས་རབ་འབྱམ་ལ་སོགས་པ་དང་ལྷན་ཅིག་ཏུ་བསྟན་པར་བྱའོ། །དེ་བཞིན་དུ་ཡང་དེ་མ་ཡིན་པ་ཁ་ཅིག་ཏུ་རིམ་པ་གཉིས་དང་། ཁ་ཅིག་ཏུ་གཉིས་ཀའི་ཆ་ཤས་དང་ཁ་ཅིག་ཏུ་ཕྱེད་མ་དང་། ཁ་ཅིག་ཏུ་ཡན་ ལག་དང་། ཁ་ཅིག་ཏུ་གཅིག་ཉིད་ཁོ་ནའོ་ཞེས་བྱ་བ་ལ་སོགས་པ་མངོན་པར་རྗོད་པར་བྱེད་པ་གསུངས་པ། ལེའུ་གཉིས་པ་ལ་ནི་འབའ་ཞིག་ཅེས་བྱ་བ་ལ་སོགས་པ་སྟེ། ཡོངས་སུ་དག་པ་ཞེས་པ་ནི་དེ་བཞིན་ཉིད་ཡོངས་སུ་དག་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་ཉིད་ཡོངས་སུ་དག་པ་མ་ཡིན་ནོ། ། དབང་བསྐུར་བའི་དཀྱིལ་འཁོར་ཞེས་པ་ནི། དབང་བསྐུར་བའི་ཆེད་དུ་སྟེ། དྲི་མ་འཁྲུད་པར་བྱེད་པའི་ཆེད་དུའོ། །དཀྱིལ་འཁོར་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་རོ། །རྣལ་འབྱོར་གྱི་སྤྱོད་པ་ཞེས་པ་ནི། ཤེས་རབ་དང་ཐབས་རྫོགས་པར་བརྟག་པ་ནི་རྣལ་འབྱོར་རོ། །དེའི་གོང་མ་ལས་ཀྱང་ ཆེས་གོང་མའི་རིམ་པས་འཕེལ་བར་བྱེད་པའི་དོན་དུ་ཡུལ་ལ་སོགས་པ་ཉམས་སུ་མྱོང་བའི་བྱ་བའི་ཚོགས་ནི་སྤྱོད་པའོ། །གསུངས་པ་ཡང་། ཇི་ལྟར་འདོད་པའི་ཡུལ་འདི་རྣམས་ལ་ནི། །སྤྱོད་པ་དེ་ནི་སྤྱོད་པས་འཕེལ་བར་བྱེད། །ཡམ་ཤིང་རྣམས་ནི་སྲེག་བྱེད་མིན་པ་ཉིད། །ཤིན་ཏུ་ ལྷག་པར་གནས་པ་སྲེག་བྱེད་ཡིན། །ཞེས་སོ། །སྐུ་གསུང་ཐུགས་ཞེས་པ་ནི་སྒྲུབ་པ་པོའི་ལུས་ལ་སོགས་པ་གང་ཡིན་པ་དེ། རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིས་དེའི་སྐུ་ལ་སོགས་པའི་རང་བཞིན་གྱིས་སོ། །བྱིན་གྱིས་རློབ་པ་ནི་དེ་ལ་གནས་པར་བྱེད་པའོ། །སྤྲོས་པ་ཞེས་ 31-1-25a པ་ནི་གསལ་བར་བྱེད་པའོ། །གསང་བ་ཞེས་པ་ནི་ཤེས་རབ་དང་ཐབས་དག་གི་ལོངས་སྤྱོད་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་དག་གོ། །དེས་དབང་བསྐུར་བ་ནི་ངག་གི་དྲི་མ་འཁྲུད་པར་བྱེད་པའོ། །རྨད་དུ་བྱུང་བ་ལུང་བསྟན་པ་ཞེས་པ་ནི། མི་བསྐྱོད་ པའི་ལག་ཏུ་གནས་པའི་རྡོ་རྗེས་ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ཐམས་ཅད་ཕྱེ་མར་བྱེད་དོ་ཞེས་པ་ལ་སོགས་པ་རྗོད་པར་བྱེད་པའོ། །སྙིང་པོ་སྐུལ་བར་བྱེད་པ་ནི་རབ་ཏུ་རྟོགས་པར་བྱེད་པའོ། །སྔགས་ཀྱི་སྐུ་བསྐྱེད་པ་ནི། ཡི་གེ་གསུམ་ལ་སོགས་པའི་སྔགས་ཀྱི་རིམ་པས་བསྐྱེད་ པའི་སྐུ་ནི་སྔགས་ཀྱི་སྐུའོ། །བསྐྱེད་པ་ནི་བསྐྱེད་པར་བྱ་བའི་རིམ་པའོ། །དེ་བཞིན་དུ་ཡེ་ཤེས་ཀྱི་སྐུ་བསྐྱེད་པའོ། །གཉིས་པོ་འདི་དག་གཙོ་བོར་བརྗོད་པར་བྱའོ། །འདིར་གཞན་ཡང་གཞལ་བར་བྱ་བ་མངོན་པར་བརྗོད་དོ། །དེ་བཞིན་དུ་འཆད་པར་འགྱུར་བ་རྣམས་སུ་ཡང་བསྡུས་པའི་ དོན་དུ་བརྗོད་པར་བྱའོ། །ཕྱག་རྒྱ་ཆེན་པོ་ཡོངས་སུ་གྱུར་པ་ཞེས་པ་ནི། མི་བསྐྱོད་པ་ལ་སོགས་པའི་ལྷའི་སྐུ་ནི་ཕྱག་རྒྱ་ཆེན་པོའོ། །དེ་ལེའུ་གཅིག་གཉིས་པ་ལས་གསུང་བའི་རིམ་པས་རྡོ་རྗེའི་རིག་པ་ལ་སོགས་པ་ཉིད་ཀྱིས་བསྐྱེད་པ་ནི་ཡོངས་སུ་གྱུར་པའོ། །ལས་རབ་འབྱམ་ཞེས་པ་ནི། ལས་རྣམས་ནི་བྱ་བ་རྣམས་སོ། །རབ་འབྱམ་ནི་རྒྱས་པའོ། །དེ་ཁོ་ན་ཉིད་ལྷག་པར་རྟོགས་པ་ཉིད་ཀྱིས་ཞེས་པ་ནི། བླ་མའི་དྲིན་ལས་སོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནི་ཟུང་འཇུག་གི་ཏིང་ངེ་འཛིན་ནོ། །དམ་ཚིག་དང་སྡོམ་པ་ཞེས་པ་ལ། དམ་ཚིག་ནི་སྲོག་གཅོད་པ་ལ་སོགས་པ་བསྲུང་ བར་བྱ་བ་བཞི་པོ་དང་བཟའ་བར་བྱ་བའོ། །སྡོམ་པ་ཞེས་པ་ནི་ཡང་དག་པར་བསྡམ་པར་བྱ་གཟུང་བར་བྱ། ཡོངས་སུ་བསྐྱང་བར་བྱའོ་ཞེས་པས་སྡོམ་པའོ། །ད་ནི་ཚིག་གི་དོན་དྲུག་དང་བཤད་པ་རྣམ་པ་བཞིའི་འབྲེལ་པ་བསྟན་པར་འདོད་ནས་གསུངས་པ། ད་ནི་ཞེས་བྱ་བ་ལ་སོགས་པའོ། །ཚིག་ རྣམ་པར་དབྱེ་བ་ཞེས་པ་ནི་ཚིག་གི་དོན་རྣམ་པར་འབྱེད་པས་ཚིག་རྣམ་པར་དབྱེ་བའོ། །བཤད་པ་རྣམ་པར་དབྱེ་བ་བཞིའི་རྣམ་པར་དབྱེ་བ་བྱ་སྟེ་ནི་ཚིག་གི་དོན་རྣམ་པར་བཤད་པ་ལ་ཀུན་དུ་རྨོངས་པ་བསལ་བའི་དོན་དུའོ། །དེ་ལྟར་ནི་བཅོམ་ལྡན་འདས་ཀྱི་དགོངས་པ་ལྷག་པར་མ་རྟོགས་ནས། ཚིག་ 31-1-25b གི་དོན་རྣམ་པ་གཞན་ཡང་དེ་ཁོ་ན་ཉིད་ལས་གཞན་དུ་འཆད་པར་བྱེད་པ་ད་ལྟ་ཡང་དག་པར་དམིགས་སོ། །ཅི་དོན་དྲུག་བཞིན་དུ་བཤད་པ་རྣམ་པ་བཞི་ཚིག་གི་དོན་མཚུངས་པ་མ་ཡིན་ནམ། གལ་ཏེ་ཚིག་གི་དོན་ཡིན་ན་དེའི་ཚེ་ཚིག་གི་དོན་བཅུ་ཐམ་པར་འགྱུར་རོ། །རྣམ་པར་བཤད་ པ་དང་བཤད་པའི་དབྱེ་བས་བརྗོད་ན་ཡང་འགལ་བར་འགྱུར་རོ། །ཅི་སྟེ་ཚིག་གི་དོན་མ་ཡིན་ན་དེའི་ཚེ་འདུས་པའི་དོན་རྣམ་པ་བཞིའི་བཤད་པས་བཤད་པར་བྱ་བ་ནི། གཞན་མ་ཡིན་ནོ་ཞེས་པའི་ངེས་པ་འདི་ཅི་ལྟར་ཡིན་ཞེ་ན་བརྗོད་པར་བྱ་སྟེ། གལ་ཏེ་ཡང་གཉི་ག་ཚིག་གི་དོན་ཡིན་ པ་དེ་ལྟ་ན་ཡང་། རྣམ་པར་བཤད་བྱ་གཅིག་གཞན་དུ་རྣམ་པར་བཤད་པར་བྱེད་པ་ཞེས་པའི་ཉེས་པ་མེད་དོ། །འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་ནས་བཞུགས་སོ་ཞེས་བྱ་བ་ལ་སོགས་པའི་མཐར་ཐུག་པ་ནི། དགོངས་པས་བཤད་པ་ལ་སོགས་པ་དོན་དྲུག་གི་རྣམ་པར་ བཤད་པ་དང་། མངོན་པར་བྱ་བ་ཅན་དང་། སྨྲ་བར་བྱའོ། །མངོན་པར་རྗོད་པར་བྱེད་པ་ནི་གཞུང་དུམ་བུ་ལེན་པ་ཅན་ནོ། །རྣམ་པ་བཞིའི་བཤད་པ་ནི་བཤད་པར་བྱ་བའོ། །འདིས་དོན་དྲུག་ཅེས་བྱ་བ་བཤད་དོ། །འདིར་ཚིག་གི་དོན་མ་བྲིས་པ་ནི་རྣམ་པ་བཞིའི་བཤད་པར་བྲིས་པ་ཉིད་ཀྱི་ དེའི་འབྲེལ་པ་ཡང་སོ་སོར་རྟོགས་སོ། །དེ་བཞིན་དུ་གང་གི་ཚིག་གི་དོན་བྲི་བར་བྱ་བ་ལ། བཤད་པ་མེད་པ་དེར་ཡང་ཚིག་གི་དོན་བྲིས་པ་ཉིད་ཀྱིས་བཤད་པའི་འབྲེལ་པ་རྟོགས་སོ། །དེ་ལྟར་ན་བརྗོད་དུ་མེད་པའི་ཡང་ཞེས་བྱ་བ་ལ་སོགས་པ་ནས་བཞུགས་སོ་ཞེས་པའི་མཐར་ཐུག་པ་ནི་ དྲང་བའི་དོན་དང་ངེས་པའི་དོན་ཏོ་ཞེས་གསུངས་ཏེ། འདིར་ནི་བཤད་པར་བྱེད་པ་མ་བྲིས་སོ། །དེ་ལ་དྲང་བའི་དོན་ནི་སྤྱིའི་དོན་ནོ། །ངེས་པའི་དོན་ནི་སྦས་པ་སྟེ། འདིར་ཀུན་རྫོབ་བདེན་པ་རྟོགས་པའི་ཚུལ་ལོ། །དེ་བཞིན་དུ་ཁ་ཅིག་ཏུ་རྫོགས་པའི་རིམ་པའི་སྦྱོར་བ་ལས་སྤྱིའི་དོན་དང་། ཁ་ཅིག་ཏུ་ནི་ཡེ་ཤེས་གསུམ་བརྡ་སྤྲོད་པའི་ཚུལ་གྱིས་སྦས་པར་རང་ཉིད་མངོན་པར་བརྟག་པར་བྱ་སྟེ། རྣམ་པ་བཞིའི་བཤད་པ་སྦྱར་བར་བྱ་བའི་ཡན་ལག་གི་དོན་དུ་བཤད་པར་བྱེད་པའི་རྗེས་སུ་འབྲངས་ནས་སོ། །ཐམས་ཅད་ཅེས་པ་ལ་སོགས་པ་ནི་ཏིང་ངེ་འཛིན་གསུམ་དུ་བྱིན་པ་དེ་དག་ 31-1-26a ལ་ཀུན་ཏུ་གནས་པ་དོན་གཅིག་པ་ཉིད་ཀྱི་ཕྱིར་གཅིག་ཏུ་བསྟན་ནོ། །དེ་བཞིན་དུ་འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བ་ལ་སོགས་པའི་ཏིང་ངེ་འཛིན་གཅིག་གཉིས་དང་། ཁ་ཅིག་ཏུ་བཅུ་གཅིག་དང་། ཁ་ཅིག་ཏུ་བཅུར་བལྟ་བར་བྱ་སྟེ། དེ་དང་ལྡན་པའི་ཡན་ལག་གི་དོན་ རྣམ་པར་བཤད་པ་བཅུ་གཉིས་པོ་ཉིད་ཀྱིས་རྣམ་པར་བཤད་པ་ཉིད་ཀྱི་ཕྱིར་དང་། དྲང་བ་དང་ངེས་པའི་དོན་ཉིད་ཀྱིས་སོ། །ཏིང་ངེ་འཛིན་འདི་རྣམས་ཐམས་ཅད་ཀྱི་འཇུག་པ་བསྡུས་པའི་དོན་དུ་ཚིག་གི་དོན་གྱི་འབྲེལ་པ་ཡང་རྣམ་པར་བཤད་པར་འབྲེལ་ཏེ། དེ་ལ་འཇུག་པའི་ཏིང་ངེ་འཛིན་གྱི་ དོན་གྱི་ཕྱིར་རོ། །སྐུ་དང་གསུང་ཞེས་བྱ་བ་ལ་སོགས་པའི་ཚིག་ལ་འདི་དག་གང་གི་དེ་དང་དེ་ལ་གནས་པ་དེའི་གཅིག་ཏུ་རྗེས་སུ་མཚུངས་པར་བརྗོད་དེ། རྣམ་པ་བཞིའི་བཤད་པས་བཤད་པར་བྱ་བ་ཉིད་ཀྱི་ཕྱིར། གཞན་དུ་ན་ཚིག་སོ་སོ་ལ་རྣམ་པ་བཞིའི་བཤད་པ་ཅན་ནོ་ཞེས་ཚིག་གིས་འཇུག་ པ་མེད་པའི་ཕྱིར་གཞུང་མང་པོར་འགྱུར་རོ། །དེ་བཞིན་དུ་རང་བཞིན་ཅན་རྣམས་རྣམ་པར་བཤད་པར་བྱ་བ་རྣམས་འདིར་མང་པོར་འགྱུར་རོ། །ཨེ་མའོ་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་དགོངས་པས་ཞེས་བྱ་བ་ནི་སྤྱིའི་དོན་ནོ། །རྩ་བར་དེ་ནས་ཞེས་བྱ་བ་ནས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཞེས་བྱ་ བའི་མཐར་ཐུག་པ་དང་། ཡང་དག་པར་མཆོད་དེ་ཞེས་བྱ་བ་ལ་སོགས་པ་ནས་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པས་སོ། །བསྟན་དུ་གསོལ་ཞེས་བྱ་བ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བའི་མཐར་ཐུག་པ་ཡང་བསྡུས་པའི་དོན་དུ་དྲང་བ་དང་། ངེས་པའི་ དོན་གྱི་སྦྱོར་བར་བྱེད་པ་རྣམས་ལ། བསྡུས་པའི་དོན་བྱས་པའི་ཡན་ལག་གི་དོན་དག་ཕན་ཚུན་ལྟོས་པ་དང་བཅས་པ་ཉིད་དུ་སོ་སོར་རྟོགས་པའི་དོན་ནོ། །ལེའུ་དང་པོའི་ཞེས་པ་ལ་སོགས་པ་ནི། ལེའུ་གཉིས་པ་ལ་སོགས་པ་རྣམས་སུ་ཡང་མཐའ་དྲུག་གི་ཚིག་རྣམ་པར་དབྱེ་བ་ཞེས་བསྟན་པའི་དོན་ཏེ། གཞན་དུ་ལེའུ་རྫོགས་པའི་མཐར་མངོན་པར་བརྗོད་པ་མེད་པའི་ཕྱིར་རོ། །དཀྱིལ་འཁོར་བྱིན་གྱིས་རློབ་པའི་ལེའུ་ཞེས་བྱ་བ་འདི་ངེས་པའི་དོན་ཉིད་ཀྱི་རྣམ་པར་ཕྱེ་བའི་ཡན་ལག་གི་དོན་རྣམ་པར་བཤད་པ་བལྟ་བར་མི་བྱ་སྟེ། དེ་བསྡུས་པའི་རྗེས་སུ་འབྲངས་པས་ཁ་ཅིག་ཏུ་ཁ་ཅིག་གིས་བཅུག་པར་ 31-1-26b བལྟ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་རྒྱ་ཆེ་འགྲོལ་དུ་བག་མེད་པ་སྟེ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་དྲིས་པ་དང་། རབ་ཏུ་སྟོང་པ་ཉིད་ལ་རྩ་བར་དྲང་བ་དང་ངེས་པའི་དོན་དུ་ཉིད་ཀྱི་ཡན་ལག་གི་དོན་ དུ་རྣམ་པར་ཕྱེ་བ་མེད་དོ། །དེ་ཡང་ལེའུ་གསུམ་པར་བཤད་པའི་རྗེས་སུ་འབྲངས་ནས་བཤད་པར་བྱའོ། །སྐྱེད་ཅིག་ཅེས་བྱ་བ་ལ་སོགས་པ་ནས་ཚིག་ཏུ་བརྗོད་པའི་རྣམ་པས་སོ་ཞེས་བྱ་བའི་མཐར་ཐུག་པ་ནི་དྲང་བ་དང་ངེས་པའི་དོན་ཏོ་ཞེས་བྱ་བ་ནི་བག་མེད་པར་ཀློག་པ་སྟེ། སྐྱེད་ཅིག་ཅེས་ བྱ་བ་ལ་སོགས་པ་ནས་ཆེད་དུ་བརྗོད་པས་ཆེད་དུ་བརྗོད་དོ་ཞེས་བྱ་བའི་མཐར་ཐུག་པ་ནི་དྲང་བ་དང་ངེས་པའི་དོན་ཏོ་ཞེས་པ་ཡན་ལག་གི་དོན་དུ་རྣམ་པར་བཤད་པའི་ཕྱིར་རོ། །ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ནས། སྐྱེ་བ་འདི་ནི་རབ་ཏུ་བསྒྲགས། །ཞེས་བྱ་བའི་མཐར་ཐུག་པ་ནི་དགོངས་པ་ མ་ཡིན་པས་སོ་ཞེས་པ་ནི། གལ་ཏེ་བསྡུས་པའི་དོན་མ་གཏོགས་པ་དེའི་ཚེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ་ཞེས་པའི་མཐར་ཐུག་པ་དགོངས་པ་མིན་པས་སོ་ཞེས་ཡན་ལག་གི་དོན་རྣམ་པར་ཕྱེ་ནས་བཤད་པ་དེའི་བསྡུས་པའི་དོན་དུ་བསྡུས་པས་དགོངས་པ་མིན་པ་ཉིད་ཀྱིས་འགྱུར་བ་མ་ ཡིན་ནོ། །ལེའུ་ལྔ་པ་རུ་རྣམ་པར་མི་རྟོག་ཅེས་བྱ་བ་ལ་སོགས་པ་དགོངས་པ་མ་ཡིན་པས་སོ་ཞེས་འདིར་དོན་གཞན་དགོངས་པ་ལུང་སྟོན་དུ་སྟོན་པར་བྱེད་པ་ནི། རྣམ་པར་མི་རྟོག་དོན་ལས་འབྱུང་། །ཞེ་སྡང་རབ་འཇུག་མཚན་ཉིད་དོ། །རྨོངས་པ་རང་བཞིན་མེད་པར་གནས། །འདོད་ ཆགས་ལྡང་བའི་མིང་ཅན་ནོ། །འདོད་ཆགས་ཞེ་སྡང་གཏི་མུག་བཅས། །རིགས་འདི་རྣམས་ནི་མཉམ་པར་བཤད། །དེ་རྣམས་འདིར་ནི་དངོས་གྲུབ་མཆོག །ཐེག་པའི་མཆོག་ནི་འགྲུབ་པར་འགྱུར། །ཞེས་སོ། །རིགས་ངན་ཞེས་པ་ལ་སོགས་པ་ནས། བསྒྲུབས་ཀྱང་འགྲུབ་པར་ཞེས་ བྱ་བའི་བར་ནི་སྒྲ་ཇི་བཞིན་པའི་ཞེས་ཏེ། འདིར་ཡང་དྲང་བ་དང་ངེས་པའི་དོན་ནི་སྦྱོར་བར་བྱ་སྟེ་འདི་ཉིད་ཀྱི་བཤད་པའི་རྒྱུད་དུ། རིགས་ངན་མྱུར་བར་ཤེས་བྱ་སྟེ། །སྨྱིག་མཁན་དག་ནི་དལ་བ་ཡིན། །མཚམས་མེད་བྱེད་པ་གཉིས་ཀར་བཤད། །གསོད་དོན་དོན་གཉེར་སེམས་དཔའ་སྟེ། ། 31-1-27a ཐེག་མཆོག་འདི་ལ་འགྲུབ་པར་འགྱུར། །ཐེག་ཆེན་འདི་ནི་བླ་ན་མེད། །ཅེས་བྱ་བ་ལ་སོགས་པའི་མཐར་ཐུག་པར་རོ། །དང་པོར་ཕྱི་རོལ་བླངས་ནས་རྒྱུད་ཀྱི་རྡོ་རྗེའི་ཚིག་ཐམས་ཅད་བཤད་པའི་རྒྱུད་དུ་ཁྱད་པར་གྱིདོན་དུ་མངོན་པར་བརྗོད་པའི་ཕྱིར་རོ། །ལེའུ་བདུན་ པར་དེ་ནས་ཞེས་བྱ་བ་ལ་སོགས་པ་ནས་མྱུར་དུ་འགྲུབ་པར་འགྱུར་ཞེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པའོ་ཞེས་པ་ནི་དགོངས་པ་ལུང་དུ་སྟོན་པར་ཡང་། དམ་ཚིག་བཞི་ཡི་དེ་ཉིད་གང་། །འདོད་པ་ཀུན་ཞེས་དེ་བརྗོད་བྱ། །དེ་རྣམས་ལྡན་པས་ལོངས་སྤྱོད་པ། །ཞེས་བྱ་བ་ལ་སོགས་པས་ངེས་ པའི་དོན་དུ་གསུངས་གོ། །དེ་བཞིན་དུ་སློང་མོ་ཟ་ཞིང་ཞེས་བྱ་བ་ལ་སོགས་པ་ནས། འདོད་པ་ཀུན་ལ་ལོངས་སྤྱོད་བྱེད། །ཅེས་བྱ་བའི་མཐར་ཐུག་པར་དྲང་བ་དང་ངེས་པའི་དོན་ཏོ་ཞེས་པ་ནི། རྩ་བར་ལུས་དང་ཞེས་པ་ལ་སོགས་པ་ནས། རྟག་ཏུ་ཞེས་པའི་མཐར་ཐུག་པ་སྔོན་ཅན་ཉིད་ཀྱིས དེའི་ཕན་ཡོན་སྟོན་པར་བྱེད་དོ། །ཡན་ལག་གི་དོན་རྣམ་པར་བཤད་པ་ལ་ནི་འདི་ལའང་དྲང་བའི་དོན་ཉིད་དུ་བཤད་པའི་རྒྱུད་ཀྱི་དོན་དུ་འདིར་ཡང་སྦྱར་རོ། །རྩ་བར་བརྟན་ཞེས་བྱ་བ་ནས་བྱང་ཆུབ་ཉི་མ་ཞེས་པའི་མཐར་ཐུག་པའི་ཚིག་རྣམ་པར་དབྱེ་བ་མེད་དེ། ཚིག་དྲུག་རྣམ་པར་དབྱེ་བ་འདི་ཡང་ དྲང་བའི་དོན་ཉིད་དེ། འོན་ཀྱང་ཡན་ལག་གི་དོན་དུ་ཡང་རྣམ་པར་བཤད་པ་མེད་པར་ཁོང་དུ་ཆུད་པར་བྱའོ། །དེ་ལ་ཅི་ལྟར་ཞེས་བྱ་བ་ལ་སོགས་པ་ནས། ཁམས་ཀྱང་མེད་ཅིང་འབྱུང་བའང་མེད། །ཅེས་བྱ་བའི་མཐར་ཐུག་པ་ནི་དགོངས་པ་མིན་པས་སོ། །ཡན་ལག་གི་དོན་གྱི་རྣམ་ པར་བཤད་པ་ལ་འོད་གསལ་ལ་འདིར་བསྟན་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །ཤིན་ཏུ་དྲི་མ་མེད་ཅེས་བྱ་བའི་མཐར་ཐུག་པ་ཡང་དགོངས་པ་མིན་པས་སོ་ཞེས་བསྡུས་པའི་དོན་གྱི་རྣམ་པར་བཤད་པ་འདིར་ཟུང་འཇུག་བསྟན་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་དྲན་ པ་དང་། ཟུང་འཇུག་རྗེས་སུ་དྲན་པ་གཉིས་ཀ་ཡང་དགོངས་པ་མིན་པ་ཉིད་ཚིག་གི་དོན་ནོ། །ཡན་ལག་གི་དོན་རྣམ་པར་བཤད་པ་ནི་སྐྱེ་བ་མེད་པར་རྗེས་སུ་དྲན་པའི་རྣམ་པར་བཤད་པའི་དགོངས་པས་གསུངས་པའོ་ཞེས་པ་ནི་བག་མེད་པར་ཀློག་པ་སྟེ་བསྡུས་པའི་དོན་དང་འགལ་བའི་ཕྱིར་ 31-1-27b དང་། དགོངས་པས་བཤད་པའི་མཚན་ཉིད་དང་ནི་མི་ལྡན་པའི་ཕྱིར་རོ། །ལེའུ་བརྒྱད་པར་མཆོད་པ་ཞེས་བྱ་བ་ལ་སོགས་པ་ནས། རབ་ཏུ་བརྟག་ཅེས་བྱ་བའི་མཐར་ཐུག་པ་ནི་དགོངས་པས་བཤད་པའོ་ཞེས་པ་ནི་འདིར་མཐའ་མ་ཉིད་དགོངས་པས་བཤད་པའི་ཕྱིར་འདི་བྲིས་པའོ། །ཡན་ ལག་གི་དོན་རྣམ་པར་བཤད་པ་ནི། མཆོད་པར་ཞེས་བྱ་བ་ལ་སོགས་པ་ནས་རྒྱལ་བ་འབྱུང་བ་ཞེས་བྱ་བའི་བར་དུ་ཡང་བྲིས་པ་ནི། གནས་སྐབས་གཉིས་པོ་ཡང་འགལ་བའི་ཚིག་དང་ལྡན་པའི་མཚན་ཉིད་དུ་རིག་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །ལེའུ་གཅིག་གཉིས་པར་སྦྱོར་གསུམ། ། ཞེས་བྱ་བ་ལ་སོགས་པ་ནས། །ཡེ་ཤེས་རྡོ་རྗེ་ཅན་འགྲུབ་འགྱུར། །ཞེས་པའི་མཐར་ཐུག་པ་ནི་སྒྲ་ཇི་བཞིན་པའོ་ཞེས་པ་ནི། འདིའི་གནས་སྐབས་གཉིས་པོས་བཤད་པ་ནི། ཡན་ལག་གི་དོན་རྣམ་པར་བཤད་པར་སྦྱོར་གསུམ་ཞེས་བྱ་བ་ལ་སོགས་པ་ནས། བདུད་རྩི་ཕྲེང་བ་ཞེས་བྱ་བའི་ ཏིང་ངེ་འཛིན་ནོ་ཞེས་པའི་མཐར་ཐུག་པ་ནི་སྒྲ་ཇི་བཞིན་པའོ་ཞེས་གནས་སྐབས་གཅིག་དང་། དེ་བཞིན་དུ་རྡོ་རྗེ་དམ་ཚིག་གསུམ་ཞེས་བྱ་བ་ལ་སོགས་པ་ནས། ཡེ་ཤེས་རྡོ་རྗེ་ཅན་འགྲུབ་འགྱུར། །ཞེས་བྱ་བའི་མཐར་ཐུག་པར་སྒྲ་ཇི་བཞིན་པའོ་ཞེས་པ་གཉིས་པའོ། །དེ་ལ་ད་ལྟར་ནི་བསྐྱེད་པའི་ རྣལ་འབྱོར་གྱི་བྱ་བའི་སྒོ་ནས་སོ། །དགོན་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནས། དངོས་གྲུབ་ཐོབ་པར་འགྱུར་ཞེས་བྱ་བའི་མཐར་ཐུག་པ་ནི་དྲང་བ་དང་ངེས་པའི་དོན་ཏོ་ཞེས་བྱ་བ་འདི་ཡང་སྔར་བཞིན་དུ་གནས་སྐབས་གཉིས་ཀྱིས་བཤད་དོ། །ལེའུ་གཅིག་གསུམ་པར་འདི་གསུངས། །ཞེས་ བྱ་བ་ལ་སོགས་པ་ནས། དམ་ཚིག་ཅེས་བྱ་བའི་མཐར་ཐུག་པའི་བསྡུས་པའི་དོན་ལ་ཚིག་རྣམ་པར་དབྱེ་བ་མེད་དེ། སྒྲ་ཇི་བཞིན་པའོ། །དབང་ཆེན་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ནས། རྡོ་རྗེ་གནོད་མཛེས་རབ་ཏུ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་བྱ་བའི་མཐར་ཐུག་པ་ནི། གནས་སྐབས་ གཉིས་ཡན་ལག་གི་དོན་དུ་སྒྲ་ཇི་བཞིན་པའོ། །རྣལ་འབྱོར་གྱི་རྒྱུད་འདི་ངེས་པ་ཡིན་ནོ་ཞེས་བྱ་བ་འདིས་སྐབས་ཀྱི་བཤད་པར་བྱ་བ་མཆོག་ཏུ་འཛིན་ནོ། །ངེས་པ་ནི་ངེས་པར་བཟུང་བའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། རིམ་པ་འདི་གཉིས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་བཞིན་པའི་སྒྲའི་དོན་ཞེས་བྱ་ 31-1-28a བ་ནི་སྒྲའི་དོན་ཙམ་མོ། །ཡུལ་རྣམས་ལ་ཆགས་པའི་སེམས་ཅན་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཡུལ་ལ་ཤིན་ཏུ་ཞེན་པའོ། །སྒྲ་ཇི་བཞིན་པའི་ཚིག་གི་དོན་གཞན་ལ་མངོན་པར་ཞེན་པའི་རྒྱུས་ཡོངས་སུ་མི་ཤེས་པའི་ཕྱིར་རོ། །འགལ་བ་དང་རྨད་དུ་བྱུང་བའི་བྱ་བ་ ཞེས་པ་ནི་འཆད་པར་འགྱུར་བའི་འགལ་བ་ནི་འཇིག་རྟེན་གཉིས་དང་འགལ་བའོ། །དེ་ཉིད་ཀྱི་ཕྱིར་རྨད་དུ་བྱུང་བ་ནི་འཇིག་རྟེན་ཐམས་ཅད་ལས་ཤིན་ཏུ་འདས་པ་སྟེ། མ་ལ་སོགས་པ་ལེན་པ་དང་། །ཕ་ལ་སོགས་པ་གསོད་པ་དང་། །ཆོམ་རྐུན་ལ་སོགས་པ་བྱེད་པའི་མཚན་ཉིད་ཅན་གྱི་ལས་སོ། ། ལས་ཀྱི་དབང་དུ་འགྱུར་རོ་ནི་བརྗོད་པའི་ལས་ལ་ལྟོས་པའོ། །འདིས་འཇིག་རྟེན་ཕ་རོལ་ཏུ་འགལ་བ་ཡང་གསུངས་པ། འདི་ནི་ཞེས་པ་ལ་སོགས་པ་སྟེ། ཚུལ་མཆོག་ནི་གསང་བ་འདུས་པའི་གཞུང་གི་བདག་ཉིད་ཅན་ནོ། །གསང་བའི་བདག་པོ་ཞེས་པ་ནི་ཕྱག་ན་རྡོ་རྗེ་ལ་འབོད་པའོ། །མི་ཤེས་ པ་ནི་སྒྲ་ཇི་བཞིན་པའི་དོན་ལས་གཞན་པའི་ཚིག་གི་དོན་མི་ཤེས་པའོ། །རྒྱས་པ་ཞེས་པ་རྣམ་པར་བཤད་པ་པའོ། །ཇི་བཞིན་དོན་ནི་ལྷག་པར་རྟོགས་པར་བྱ་སྟེ། སྒྲ་ཇི་བཞིན་པའི་དོན་ཙམ་འབའ་ཞིག་བསྟན་པར་བྱའི་ཅང་མི་སྨྲ་བར་གནས་པར་བྱེད་པ་མ་ཡིན་ནོ། །ཡང་ངེས་པར་གཟུང་བའི་དོན་ དུ་བྱས་སོ། །དེ་རྣམས་ཀྱང་ལམ་ངན་དུ་སྟེ་ལམ་དམན་པར་རོ། །ལྟུང་བར་བྱེད་ནི་དེར་འགྲོ་བར་འགྱུར་བ་སྟེ། དམྱལ་བ་ལ་སོགས་པ་དོན་མེད་པའི་གྲོང་དུ་འགྲོ་བ་ཉིད་ཀྱི་ཕྱིར་རོ། །རྣལ་འབྱོར་པ་ནི་བདག་ཅེས་བྱ་བ་ལ་དམན་པའི་རྣམ་པ་སྟོན་ཏེ། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་མཚན་ཉིད་ ཀྱི་རྣལ་འབྱོར་མི་ཤེས་པར་རྣལ་འབྱོར་པ་ངའོ་ཞེས་ང་རྒྱལ་བ་ནི་དམྱལ་བའི་རྒྱུ་ལྟུང་བའི་གནས་ཉིད་དུ་གསུངས་པའི་ཕྱིར་རོ། །འདིའི་ཡིད་རབ་ཏུ་དགའ་དང་ལྡན་པ་སྟེ། སེམས་ཅན་འཇུག་པའི་བསམ་པ་མེད་པ་ཉིད་ཀྱིས་མྱོས་པ་མ་ཡིན་པ་ཉིད་དུ་ཡང་སྨྲ་བར་བྱེད་དོ། །འདི་དག་ལྟུང་བའི་ གནས་མ་ཡིན་པ་ཉིད་ཀྱི་ཕྱིར་འགའ་ཞིག་ཁོ་ནས་སྨྲ་བར་བྱེད་པ་ཅི་ཞེ་ན་གསུངས་པ། མངོན་པའི་ང་རྒྱལ་རྟགས་དགའ་བས་ནི་གང་རིང་དུ་བསྟེན་ཅིང་བསྒོམས་ལ་མང་དུ་བྱས་པ་དེ་ནི་ལས་ལྕི་བར་འགྱུར་རོ་ཞེས་རབ་ཏུ་གསུངས་པའི་ཕྱིར་རོ། །སྒྱུའི་ཤེས་པ་ནི་བརྫུན་པ་ཉིད་ཀྱིས་བྱེད་པ་ཞེས་ 31-1-28b པ་ནི་སྤྲུལ་པའོ། །ཆོས་ནི་གང་གིས་བསྟེན་པར་གྱུར་པའི་ཚུལ་ཁྲིམས་ལ་སོགས་པ་དེ་དེ་བཞིན་ནོ། །རྣམ་པ་གཞན་གསུངས་པ། འདུས་པ་ཞེས་པ་ལ་སོགས་པ་སྟེ། འདུས་པ་ནི། བདེན་པ་གཉིས་གཉིས་སུ་མེད་པར་མངོན་པར་བརྗོད་པའོ། །དེ་ཞེས་པ་ནི་དོན་རྒྱས་པ་ལ་གཞོལ་བའོ། ། དམ་ཚིག་ནི་བསྲུང་བར་བྱ་བ་དང་བཟའ་བར་བྱ་བའོ། །ལ་སོགས་ཀྱི་སྒྲས་བསྲུང་བར་བྱ་བ་དང་། བཟའ་བར་བྱ་བ་རྣམས་ལས་གཞན་ཡང་བསྟེན་པའི་ཡུལ་སྟོན་པར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། སྲུང་བར་མི་བྱེད་ཅེས་པ་ལ་སོགས་པ་གསུངས་ཏེ། ཐམས་ཅད་དུ་ནི་རབ་ཏུ་སྟོན། ཞེས་པ་ནི། མ་སྨིན་གསང་བ་སྒྲོགས་པ་དང་། །ཞེས་པ་ལྟུང་བའི་གནས་སོ་ཞེས་པ་བསྲུང་བའི་དམ་ཚིག་རབ་ཏུ་ཕྱེ་བའོ། །མངོན་སུམ་ཞེས་པ་ནི་བརྒྱུད་པ་མ་ཡིན་པའོ། །སངས་རྒྱས་འདྲ་ཞེས་རྡོ་རྗེ་འཆང་ཆེན་པོ་འདྲ་བའོ། །དེ་ལྟར་ནི་དེ་ཉིད་སངས་རྒྱས་ཡིན་པའི་ཕྱིར། འདིར་ སངས་རྒྱས་དང་རྡོ་རྗེ་འཆང་ཆེན་པོའི་སློབ་དཔོན་ཡང་ངོ་། །རིང་ཞིང་རིང་དུ་ཆོས་ཀྱི་སྨིན་པའི་ཆེད་དུ་སྤྱོད་པར་བྱེད་དོ་ཞེས་པས་སློབ་དཔོན་གཞན་གྱི་ཆེད་དུ་ཡང་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ཀུན་དུ་སྤྱོད་པ་སྟོན་པར་བྱེད་དོ་ཞེས་པས་ཀྱང་སློབ་དཔོན་ནོ། །དེ་བཀུར་བ་ནི་ཉན་ པ་པོ་ལ་སོགས་པའི་དོན་དུའོ། །ཕྱིས་སྨོད་པར་བྱེད་དེ། སློབ་དཔོན་དེ་ཉིད་དམ། རྡོ་རྗེ་སྤུན་ལ་སོགས་པ་རྣམས་ལའོ། །སྐད་ཅིག་གིས་ནི་ཞེ་སྡང་ཞེས་པ་ལ། །བགྲོད་མིན་ལ་ཡང་འགྲོ་བར་བྱེད། །ཅེས་པའི་ཡང་ཡིག་ནི་ལམ་དམན་པའི་རྣམ་པ་ཀུན་བསྡུས་པར་འགྲོ་བར་བྱེད་དོ། །མ་ལ་ སོགས་པ་རྣམས་ལ་རང་གི་བུད་མེད་བཞིན་དུ་སྟེན་པར་བྱེད་ཀྱི་མ་ལ་སོགས་པའི་སྒྲ་རྣམས་འཆད་པར་འགྱུར་བའི་དོན་དུ་ཤེས་པར་བྱེད་པ་ནི་མ་ཡིན་ནོ། །ཕ་མ་གསོད་ཅིང་ཞེས་པ་འདིར་ཡང་ཅིང་ཡིག་ནི་བསྡུས་པའི་དོན་དུ་སྟེ། གསོད་པ་ལ་སོགས་པ་རྣམས་ཀྱང་འཆད་པར་འགྱུར་བའི་ དོན་དུ་མི་ཤེས་པའོ། །གཞན་གྱི་ཆུང་མའི་ཡང་ཞེས་པ་འདིར་ཡང་། ཡང་ཡིག་ནི་སྔར་བཞིན་ནོ། །འདིའི་དོན་ཡང་འཆད་པར་འགྱུར་བ་དེ་མི་ཤེས་པའོ། །གཞན་དུ་ཡང་གསུངས་པ། གང་ཕྱིར་སྐྱེ་འགྲོ་བསྐྱེད་པ་ཡི། །ཤེས་རབ་མ་ཞེས་བརྗོད་པར་བྱ། །གང་ཕྱིར་བསྐལ་པ་སྟོན་ 31-1-29a པ་ཡི། །ཤེས་རབ་སྲིང་མོ་ཞེས་བྱ་ཉིད། །ཡོན་ཏན་འཇོ་ཕྱིར་ཤེས་རབ་ནི། །བུ་མོ་ཞེས་ཀྱང་བརྗོད་པར་བྱ། །སེམས་གཅིག་སྲོག་ཆགས་གསོད་པ་ཉིད། །གང་ཞིག་སྲོག་ནི་སེམས་སུ་འདོད། །འཇིག་རྟེན་སྒྲལ་བར་བྱེད་པ་ནི། །བརྫུན་གྱི་ཚིག་གི་སྒྲར་འདོད་ དོ། །བྱང་ཆུབ་སེམས་ནི་མ་བྱིན་པ། །གཞན་གྱི་བུད་མེད་རང་སྣང་མཛེས། །ཞེས་པ་ལ་སོགས་པའོ། །ཟུང་འཇུག་གི་རིམ་པར། ཇི་ལྟར་སྨད་འཚོང་དེ་བཞིན་མ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ཉིད་ཀྱི་ཕྱིར་གསུངས་པ། ཏིང་འཛིན་རྣམས་ནི་དེས་མི་ཤེས། ། ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཉིད་ཡེ་ཤེས་འབྱུང་བ་ཞེས་པ་ནི་དེ་བཞིན་ཉིད་གང་ཡེ་ཤེས་ཀྱི་རིམ་པས་འབྱུང་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་བཞིན་ནོ། །གང་ཡང་དེ་བཞིན་ཉིད་ཁོ་ནའི་ཡེ་ཤེས་ནི་ཡེ་ཤེས་གསུམ་གྱི་གཉུག་མའི་ངོ་བོ་ཡིན་པའི་ཕྱིར། དེ་བཞིན་ཉིད་ཀྱི་ཡེ་ཤེས་ཀྱི་རིམ་པས་ འབྱུང་བ་གང་ཡིན་པ་དེ་ནི་སྔར་གྱི་དེ་བཞིན་ནོ། །དེ་བཞིན་ཉིད་ཀྱི་ཡེ་ཤེས་འབྱུང་བ་ཞེས་པ་ནི་རྣམ་པ་དེ་བཞིན་གཤེགས་པ་ལས་ཀྱང་ཏིང་ངེ་འཛིན་འབྱུང་བ་མཐོང་བ་ལས། དགེ་བ་བསྒོམ་པ་ལ་སོགས་པའི་སེམས་ཞི་གནས་ཀྱི་ཏིང་ངེ་འཛིན་བཞིན་ནོ། །དེ་བཞིན་ཉིད་ཀྱི་རྣམ་པ་ནི་རྟག་པ་མ་ཡིན་ ནམ། དེ་གལ་ཏེ་ཏིང་ངེ་འཛིན་གྱི་རྒྱུར་འགྱུར། མི་རྟག་པར་འགྱུར་ན་ས་བོན་བཞིན་དུ་མྱུ་གུ་སྐྱེའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པར་ཡང་གསུངས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་སུ་མངོན་པར་རྫོགས་པར་སངས་ རྒྱས་པར་འགྱུར་ན་སྐྱེ་བ་མེད་པ་གང་ཡིན་པ་དེ་འགག་པར་འགྱུར་རོ་ཞེས་སོ། །དེ་བཞིན་ཉིད་ཀྱི་ཡེ་ཤེས་འབྱུང་བ་ཞེས་པའི་ཚིག་ནི། རྒྱུ་དང་འབྲས་བུ་སོ་སོར་མངོན་པར་ཞེན་པ་ནི་མ་ཡིན་ཏེ། བདེན་པ་གཉིས་གཉིས་སུ་མེད་པ་ཅན་སོ་སོར་རིག་པ་མེད་པའོ། །འདི་ཉིད་གསུངས་པ། དེ་ བཞིན་ཉིད་ནི་དེ་བཞིན་གཤེགས་པར་འདོགས་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ལ་ཡང་དེ་བཞིན་ཉིད་དུ་འདོགས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་པ་ནི་དངོས་པོ་མེད་པ་དེ་བཞིན་ནོ། །དངོས་པོ་མེད་པ་ནི་དེ་བཞིན་གཤེགས་པའོ་ཞེས་སོ། །དབུ་མར་ཡང་། སྟོང་པ་ཞེས་ 31-1-29b ཀྱང་བརྗོད་བྱས་ནས། །སྟོང་མིན་ཞེས་ཀྱང་འགྱུར་བ་ཡིན། །གཉི་གའམ་གཉི་ག་མིན་པ་ཞེས། །བརྟག་པའི་དོན་དུ་གསུངས་པ་ཡིན། །ཞེས་སོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ནི་གཟུགས་བརྙན་དུ་གྱུར་པ། གང་ཟག་མེད་པའི་དགེ་བའི་ཆོས་ཀྱི་གཟུགས་བརྙན་དུ་འགྱུར་བའོ། །འདིར་ དེ་བཞིན་ཉིད་མ་ཡིན་དེ་བཞིན་གཤེགས་པ་ཉིད་ཀྱང་མ་ཡིན་པ་འཇིག་རྟེན་ཐམས་ཅད་གཟུགས་བརྙན་དང་མཚུངས་པའོ་ཞེས་སོ། །དེ་བཞིན་ཉིད་ཅེས་བྱ་བའི་ཚིག་གི་དོན་དུ་འགྱུར་བ་གང་ཡིན་པ་དེ། རྟག་པར་ཡང་རྟོག་པར་བྱེད་དེ། དེའང་སངས་རྒྱས་ཉིད་ཀྱི་རྒྱུ་ཡིན་པས་བརྗོད་པའི་ཉེས་ པ་དེ་རྣམས་འཇུག་པར་མི་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་བདུན་བརྒྱ་པར་གསུངས་པ། དེ་བཞིན་ཉིད་ནི་རྒྱུའམ་རྒྱུ་ལས་ངེས་པར་སྐྱེས་པ་དག་པ་མ་ཡིན་ནོ་ཞེས་སོ། །ཏིང་ངེ་འཛིན་དེ་འབའ་ཞིག་མ་ཡིན་པ་དེ་བཞིན་ཉིད་ཀྱི་ཡེ་ཤེས་འབྱུང་བ་ཤེས་པ་མེད་དོ། །རྣལ་འབྱོར་རབ་སྦྱོར་ དམན་པ་ཡིའང་། །ཞེས་པ་ནི། རྣལ་འབྱོར་གཉིས་པོ་ནི་བདེན་པ་གཉིས་པོ་དེའི་བདག་ཉིད་དང་དེའི་དོན་དུ་རབ་ཏུ་སྦྱོར་བའོ། །ཡེ་ཤེས་ཀྱི་རིམ་པས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་དེ་བཞིན་ཉིད་ལ་དམིགས་པས་ཡང་ལྡང་བ་ནི་རབ་སྦྱོར་རོ། །དེས་དམན་པ་ནི་དེ་དག་ཉམས་པའོ། །འགྲུབ་མི་འགྱུར་ ཞེས་པ་ནི། ཇི་སྲིད་དུ་འཇིག་རྟེན་པའི་དངོས་གྲུབ་དག་གིའང་སྣོད་དུ་རུང་བར་འགྱུར་བ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། སྔགས་པས་ཞེས་པ་སྟེ། སྔགས་རྣམ་པ་བཞི་པོ་གང་ཡིན་པ་དེ་རྣམས་རིག་པ་དེ་དེ་བཞིན་ནོ། །སྔགས་པས་འདི་དག་ཐམས་ཅད་སོ་སོར་སྔར་གསུངས་ཏེ། མངོན་པར་ བརྗོད་པ་སྟེ་རྫོགས་པའི་རིམ་པའི་དོན་དུ་ཡང་ཇི་ལྟར་འདོད་པ་དེ་བཞིན་དུ་འཇུག་གོ་ཞེས་གསུངས་སོ་ཞེས་མངོན་པར་དགོངས་སོ། །ལམ་ངན་པའི་རྣམ་པ་གཞན་གསུངས་པ། ཕྱི་རོལ་ཞེས་པ་ལ་སོགས་པ་སྟེ། བདེན་པ་གཉིས་གཉིས་སུ་མེད་པར་སྒྲུབ་པར་བྱེད་པའི་གཞུང་སྤེལ་བ་ནི་ཕྱི་རོལ་ བསྟན་བཅོས་སོ། །དེ་ལ་དགའ་བ་ཞེས་པ་ལ་སོགས་པས་གཉིས་སུ་མེད་པའི་ཡེ་ཤེས་སྒྲུབ་པར་བྱེད་པའི་གཞུང་མཆོག་འཛིན་པ་ཡང་དེ་རྣམས་ལ་མེད་དོ་ཞེས་པའོ། །རང་གི་དམ་ཚིག་ནི་རྣལ་འབྱོར་གྱི་རྒྱུད་ལས་གསུངས་པའི་བསླབ་པའི་ཆ་ཤས་སོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ལྕགས་ 31-1-30a ཀྱུ་མེད་པ་སྟེ་རང་གི་འདོད་པས་འཇུག་པ་གང་ཡིན་པ་དེའོ། །འདི་ཉིད་ཉེ་བར་སྟོན་པའི་ཆེད་དུ་གསུངས་པ། སྔགས་ཞེས་བྱ་བ་ལ་སོགས་པ་སྟེ་སྔགས་ནི་སྤྲུལ་ལ་སོགས་པའོ། །ཕྱག་རྒྱ་ནི་ལྷའི་སྐུའོ། །དེ་དག་རབ་ཏུ་ལྡན་པས་ནི་རབ་སྦྱོར་གྱིས་ཏེ་སྔགས་བཟླས་པ་དང་། ལྷ་ལ་དམིགས་པའི་དཀྱིལ་འཁོར་བྲི་བ་དང་། སྦྱིན་སྲེག་ལ་སོགས་པ་བྱེད་པས་ཞེས་བྱ་བའི་དོན་ཏོ། །སེམས་ཅན་གྱི་དོན་དུ་བཀག་པ་རྣམས་ཀྱང་གནང་བ་མ་ཡིན་ནམ་ཞེ་ན་གསུངས་པ། འཚོ་ཞེས་པ་ལ་སོགས་པ་སྟེ་བདག་ཉིད་ཀྱི་ལྟོ་བ་འགེངས་པ་དང་། གསོ་བའི་ཆོ་གར་སྒྲུབ་པར་བྱེད་དོ། །དེ་ ཉིད་ཀྱི་ཕྱིར་གསུངས་པ། འཆད་པ་ཞེས་པ་ལ་སོགས་པའོ། །འདི་རྣམས་བཀག་པ་གཞན་དང་གཞན་བྱེད་པ་ལ་འཇུག་པ་སྤོང་བ་ཅི་ཞེ་ན་གསུངས་པ། དེ་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ། བཟུང་བ་ནི་ཇི་ལྟར་སྐལ་བ་དང་ལྡན་པའི་ནང་དུ་གཏོགས་པར་བྱེད་པའོ། །གསང་བ་ནི་གསང་བ་འདུས་ པའི་ལམ་དང་འབྲས་བུའི་བདག་ཉིད་ཅན་ནོ། །དགོངས་པས་བཤད་པ་ཡིན་ཞེས་པ་ནི་འཇིག་རྟེན་ཕལ་པ་དང་འགལ་བའི་ཚིག་གིས་བསྟན་པའོ། །འདོད་ཆགས་ལ་སོགས་པ་མང་བས་དོན་རྒྱས་པ་ཙམ་ལ་སེམས་ཀྱི་རྒྱུད་རབ་ཏུ་ཞེན་པར་གྱུར་པས་གལ་ཏེ་འགལ་བའི་ཚིག་གིས་ཆོས་སྟོན་པར་བྱེད་ན་ ཉན་པར་མི་བྱེད་འདིར་རབ་ཏུ་འཇུག་པར་མི་བྱེད་དོ། །རབ་ཏུ་མི་འཇུག་པས་ཀྱང་དེ་ལམ་བསྐྱེད་ནས་འབྲས་བུ་ཁྱད་པར་དུ་འཕགས་པ་མཆོག་གི་མཆོག་སྐྱེ་བའི་སྣོད་དུ་གྱུར་པ་མ་ཡིན་ནོ། །རྣམ་པ་འདིས་དེ་རྣམས་རྗེས་སུ་གཟུང་ངོ་ཞེས་མངོན་པར་དགོངས་པའོ། །དེ་ཉིད་ཀྱི་ཕྱིར་རྒྱུད་འདི་ཉིད་དུ་མངོན་ པར་བརྗོད་པ་འདིས་འགུགས་པར་བྱེད་དེ། ཐམས་ཅད་དམ་ཚིག་སོ་སོ་ལ་འཇུག་གོ་ཞེས་སོ། །མདོ་སྡེ་ལ་སོགས་པ་ལ་རབ་ཏུ་ཞུགས་པའི་སེམས་ཅན་དུ་མ་རྗེས་སུ་གཟུང་བའི་དོན་དུ་སྒྲ་ཇི་བཞིན་པ་ལ་སོགས་པ་རྣམས་ཀྱིས་ཀྱང་གསང་བ་འདུས་པ་གསུངས་པ་མ་ཡིན་ནམ། ཁྱད་པར་འདིའི་ རྒྱུད་གང་ཞེ་ན་བདེན་ཏེ་འོན་ཀྱང་གཙོ་བོར་དགོངས་པས་ཉེ་བར་བཀོད་པའམ། དགོངས་པས་གསུངས་པ་ཉིད་འདུས་པའི་དོན་འཆད་པར་བྱེད་ཀྱི། སྒྲ་ཇི་བཞིན་པའི་དོན་ལ་སོགས་པ་རྣམས་ཀྱི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། སྐྱེ་བོ་འདོད་ཆགས་ཅན་དོན་དུ། །ཞེས་སོ། །འདོད་ཆགས་ 31-1-30b དང་ཞེ་སྡང་ལ་སོགས་པ་ལས་ལྷག་པར་མོས་པ་དང་མ་བྲལ་བ་ལ་འགལ་བའི་ཚིག་གིས་བསྟན་པའི་ཚུལ་ལ་འཇུག་གོ། །འཆད་པར་འགྱུར་བ་ཡང་གལ་ཏེ་བཅོམ་ལྡན་འདས་འཇིག་རྟེན་དང་འགལ་བར་བརྗོད་པའི་བདག་ཉིད་ཅན་གྱི་ཆོས་སྟོན་པར་བྱེད་དེ། དེའི་ཚེ་སེམས་ཅན་གྱི་དོན་ཆེན་པོར་འགྱུར་ རོ་ཞེས་སོ། །འདིར་ཐེག་པ་འདི་ཉིད་དུ་དང་། རྒྱུད་འདི་ཉིད་འབའ་ཞིག་ཏུ་འགལ་བའི་ཚིག་གིས་བཅོམ་ལྡན་འདས་ཆོས་སྟོན་པར་བྱེད་པ་མ་ཡིན་གྱི། ཉན་ཐོས་ཀྱི་ཐེག་པར་ཡང་ཆོས་ཀྱི་ཚིག་ལ། མ་དང་ཕ་ནི་བསད་བྱས་ནས། །རྒྱལ་པོ་གཙང་སྦྲ་ཅན་གཉིས་དང་། །ཡུལ་འཁོར་འཁོར་དང་ བཅས་བཅོམ་ནས། །མི་དེ་ཆོས་དང་ལྡན་པར་འགྱུར། །ཞེས་བསྟན་ཏོ། །དེ་ལྟར་ཞེས་བྱ་བ་ནི་རྣམ་པ་གཉིས་ཀར་གསུངས་པའི་བསྡུས་པའི་དོན་ངེས་པར་བསྟན་ནས་ཞེས་པ་ནི། ལྷག་མ་མེད་པར་རྟོགས་པར་བྱས་ནས་ཡན་ལག་གི་དོན་རྣམ་པར་དབྱེ་བའི་ཆེད་དུ་ཡང་དག་པར་བརྗོད་པའི་དོན་ སྔར་གསུངས་པའི་ཡན་ལག་གི་མཐར་ཐུག་པ་རྣམ་པར་དབྱེ་བའི་དོན་དུ་རྒྱུད་ལ་འཇུག་པར་བྱ་སྟེ། རྣམ་པར་བཤད་པར་བྱེད་པའི་དོན་དུ་འདིར་གླེང་བསླང་ལ་བྲི་བར་བྱའོ། །བསྡུས་པའི་དོན་ལ་ཡང་རྒྱུད་ཀྱི་དོན་ལ་འཇུག་པ་ཡོད་པ་མ་ཡིན་ནམ་ཞེ་ན། བདེན་ཏེ་ཡོད་མོད་ཀྱི་འོན་ཀྱང་ཇི་ལྟར་འདིར་དེ་དག་ མདོར་བསྟན་པ་མ་ལུས་པ་དང་བཅས་པ་དེ་རིགས་པ་དང་བཅས་པ་ཡོད་ལ། དེ་བཞིན་དུ་རྒྱུད་ལ་འཇུག་པར་བྱེད་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འདིར་རྒྱུད་ལ་འཇུག་པར་བྱེད་ཅེས་བརྗོད་པར་བྱ་སྟེ། དང་པོར་བརྗོད་པའི་གོ་རིམས་དང་བྲལ་བས་རྒྱུད་ལ་འཇུག་པར་འདོད་པ་ནི་མི་ནུས་པ་མ་ཡིན་ནོ། །དེ་དང་ དེ་འཇུག་པར་བྱེད་པའི་ཆེད་དུ་གནས་གསུངས་པ་འདིར་ཞེས་པ་ལ་སོགས་པ་སྟེ། འདིར་ཞེས་པ་ནི་འདུས་པ་འདིར་ཏེ་གང་ཡང་རུང་བ་ནི་མ་ཡིན་ནོ། །སྡུད་པར་བྱེད་པས་ཞེས་པ་ནི་བཅོམ་ལྡན་འདས་འཇིག་རྟེན་གྱི་རྗེས་སུ་འཇུག་པས། ཡོངས་སུ་མྱ་ངན་ལས་འདས་ནས་མ་འོངས་པ་ན་རྡོ་རྗེ་ཐེག་པའི་སྐལ་ པ་དང་ལྡན་པ་རྣམས་ལ་ཐུགས་ལ་ཡོངས་སུ་རྫོགས་པར་བཀོད་ནས། རྡོ་རྗེ་འཆང་རྣམས་ཀྱི་སྤྱན་སྔར་རྡོ་རྗེ་འཆང་ཆེན་པོ་དང་མཚུངས་པ་ཇི་ལྟར་ཐོས་པ་ཉེ་བར་སྟོན་པར་བྱེད་པ་པོ་ནི་སྡུད་པར་བྱེད་པ་པོའོ། །དེ་ཡང་རྡོ་རྗེ་འཆང་ཇི་ལྟར་སྡུད་པར་བྱེད་པའི་རྣམ་པས་ཉེ་བར་བསྟན་པ་དེ་བཞིན་ཉིད་དུ་བྲིས་པ་ན། 31-1-31a དེའི་བྱིན་གྱིས་རློབ་པར་བྱེད་པ་ཉིད་དམ་གླེགས་བམ་བསྐྱེད་པའོ། །གཞན་དུ་ན་སྡུད་པར་བྱེད་པ་རྣམས་ཀྱིས་མི་མངོན་པ་ལ་ཅི་ལྟར་བཟུང་བར་ནུས། གང་དེ་ཚུ་རོལ་ཤེས་པས་བྲི་བར་འགྱུར་བ་མ་ཡིན་ནོ། །འཕགས་པ་ཕྱག་ན་རྡོ་རྗེ་ཞེས་པ་ནི་བྱང་ཆུབ་སེམས་དཔའི་ས་བཅུའི་ དབང་ཕྱུག་ལྕང་ལོ་ཅན་ན་གནས་པ་ཡིན་གྱི་དབང་པོ་ལ་སོགས་པ་ནི་མ་ཡིན་ནོ། །བཤད་པ་ཉིད་ཀྱིས་དོན་བསྟན་ནས་འདོད་པར་གསུངས་པ། ཇི་ལྟར་ཐོས་པ་ཞེས་པ་ལ་སོགས་པའོ། །འདི་སྐད་བདག་གིས་ཞེས་བྱ་བ་ལ་ལུང་དང་ལུང་མ་ཡིན་པ་བདག་འདྲེས་པར་འགྱུར་བ་མ་ཡིན་ནམ་ཞེ་ན་བཅོམ་ལྡན་འདས་ཉིད་ཀྱིས་ རྗེས་སུ་གནང་བ་སྟེ། དགེ་སློང་རྣམས་འདི་སྐད་བདག་གིས་ཞེས་པས་ངའི་ཆོས་བསྡུ་བར་བྱའོ། །གོ་རིམས་ཀྱང་བསྟན་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་ནས་དྲི་བ་དང་ལན་དག་གིས་བསྟན་པ་གང་ཡིན་པ་དང་། སྟོན་པར་བྱེད་པའི་རྩྭའི་སྤྱིལ་པོ་ལ་སོགས་པ་གང་ཡིན་པ་དེ་ཡང་བཅོམ་ལྡན་འདས་ ཉིད་དོ་ཞེས་སོ། །སྟོན་པར་བྱེད་པ་ནི་རྗོད་པར་བྱེད་པའོ། །མངོན་སུམ་དུ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཞེས་པར་མངོན་པར་དགོངས་སོ། །གཅིག་ནས་གཅིག་ཏུ་བརྒྱུད་པ་མ་ཡིན་ཞེས་པ་ནི་བླ་མའི་ཞལ་ནས་བླ་མའི་ཞལ་དུ་རིམ་གྱིས་འོང་བའི་དོན་ཚུ་རོལ་ཤེས་པ་ལྟ་བུ་མ་ཡིན་པའོ། ། རྟོགས་པ་མ་ཡིན་པའོ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱིས་དེ་ཁོ་ན་ཉིད་རྟོགས་པར་གཞག་པའི་ཕྱིར་རོ། །གཅིག་ན་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་ཚེ་གཞན་ཐོས་པ་ཞེས་པའི་མཐར་ཐུག་པ་ནི་བདག་ཉིད་ཐོས་པ་མང་བའོ། །ཡང་ཞེས་བྱ་བ་ལ་སོགས་པ་ནས་མ་ཐོས་པའོ་ཞེས་བྱ་བའི་ མཐར་ཐུག་པས་རྒྱུད་རྙེད་པར་དཀའ་བ་ཉིད་དེ། དེ་ལྟར་གྱུར་པའི་ཆོས་རིན་པོ་ཆེ་རྣམས་ནི། འགའ་ཞིག་གི་ཚེ་ཉིད་སྟོན་པར་བྱེད་པར་འགྱུར་ཏེ། གང་གི་ཚེ་ཕྱིར་འཆད་པར་འགྱུར་བའི་ལེའུ་བཅུ་བདུན་པར་ནི་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བསྐལ་པ་འདས་པ། ཇི་སྲིད་བཅོམ་ལྡན་ འདས་མར་མེ་མཛད་ནས། དེ་བཞིན་གཤེགས་པ་འོད་སྲུངས་ཀྱི་བར་དུ་ཡང་ཐུབ་པ་ཆེན་པོ་རྣམས་ཀྱིས་མ་གསུངས་སོ་ཞེས་གསུངས་སོ། །ཡང་ན་ཞེས་བྱ་བ་ལ་སོགས་པ་ནས་སྐད་ཅིག་གི་ཞེས་བྱ་བའི་མཐར་ཐུག་པས་ནི་ཤེས་རབ་ཕུལ་དུ་བྱུང་བའོ། །གང་ལས་ཞེས་པ་ནི་སྟོན་པའོ། །གང་དུ་ 31-1-31b ཞེས་པ་ནི་གནས་སོ། །གང་དང་ཞེས་པ་ནི་ཉན་པ་པོ་རྣམས་ཀྱི་ལྷན་ཅིག་པའོ། །གླེང་གཞི་ཞེས་པ་ནི་སྟོན་པར་བྱེད་པའི་དང་པོའི་རྒྱུའོ། །འདི་རྣམས་མེད་པར་སྟོན་པར་བྱེད་པ་ལ་འཇུག་པ་མ་ཡིན་ནོ། །གང་ལས་ཞེས་དགོངས་པ་གསུངས་པ། བཅོམ་ལྡན་འདས་ཞེས་པ་ལ་སོགས་པས་ སྟོན་པ་པོ་ངེས་པར་བསྟན་ཏོ། །གང་དུ་ཞེས་པ་འདིར་གསུངས་པ་ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ་ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་ལྔའོ། །དེའི་བདག་ཉིད་ཅན་ནི་རྡོ་རྗེ་ འཆང་ཆེན་པོ་སྟེ་དྲུག་པའོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པས་འདི་ཉིད་མངོན་པར་རྗོད་པར་བྱེད་དོ། །ཤེས་རབ་ནི་དེ་བཞིན་ཉིད་དོ། །འདི་སྐད་སྟོན་ཏེ་ཞེས་བྱ་བ་ལ་སོགས་པས་གནས་ངེས་པར་བསྟན་པ་ཡང་དག་པར་བརྗོད་པའི་དོན་དུ་གསུངས་པ་ཡིན་ཏེ། ཇི་སྐད་དུ་བཤད་པའི་གཞལ་ ཡས་ཁང་གི་ནང་ན་ཞེས་པ་ནི་མདོར་བྱས་ཀྱི་རིམ་པར་མངོན་པར་བརྗོད་པའི་ཁང་པ་བརྩེགས་པའི་ནང་དུའོ། །ཡི་གེའི་དོན་ཏོ་ཞེས་པ་འདི་ལ་སྒྲ་ཇི་བཞིན་པའོ་ཞེས་སྦྱར་བར་བྱའོ། །དོན་གྱི་ཁྱད་པར་བརྗོད་པར་འདོད་ནས། འདི་གསོལ་པ་ཞེས་བྱ་བ་གསུངས་པ། དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་གསུང་རབ་རྣམས་ལ་ཞེས་པ་ནི། དེ་བཞིན་གཤེགས་པའི་བསྟན་པའི་རྒྱུན་བསྡུས་པ་རྣམས་ལ་ཞེས་པའོ། །སྐབས་འདིར་གསུང་རབ་ཀྱི་སྐབས་ནི་མ་ཡིན་ནོ་ཞེ་ན་མ་ཡིན་ཏེ། མ་ལུས་པ་སྟོན་པར་བྱེད་པ་སྨོས་པའི་བདག་ཉིད་ཅན་ཡིན་པའི་ཕྱིར། འདུས་པ་སྟེ་གང་ཡང་དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ནི་རྡོ་རྗེ་འཆང་ཆེན་པོ་དེའི་གསུང་རབ་རྣམས་སུ་འདུས་པ་བརྗོད་པར་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་དང་ཐབས་ཞེས་བྱ་བ་ནི་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་ཤེས་རབ་དང་ཐབས་ཀྱིའོ། །སྟོན་ པར་བྱེད་ཅེས་བྱ་བ་ནི་སྔར་བཞིན་ནོ། །གུར་ལ་སོགས་པར་ནི་བལྟ་བར་མི་བྱ་སྟེ། ཕུལ་དུ་བྱུང་བ་ཉིད་ཀྱི་ཕྱིར་རོ། །བདག་གིས་ཞེས་བྱ་བ་ལ་བདག་གིས་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ཀྱི་འབྲེལ་པ་གཞན་དེ་ལ་ལྟོས་པ་ཉིད་ཀྱི་ཕྱིར་རོ་ཞེས་དགོངས་པའོ། །བཙུན་པས་ཞེས་པ་ནི་མཆོད་པའི་ 31-1-32a ཚིག་གོ། །སྡུད་པར་བྱེད་པ་སོ་སོ་བ་ཉིད་དུ་མེད་དོ་ཞེས་སྒྲུབ་པར་འདོད་ནས། རིགས་པ་གསུངས་པ། ཀུན་དགའ་བོ་ནི་འདིར་ཞེས་པ་ལ་སོགས་པ་སྟེ། ཀུན་དགའ་བོ་ཞེས་པ་ལ་སོགས་པས་ཕ་རོལ་ཏུ་ཕྱིན་པའི་ཚུལ་དང་། ཉན་ཐོས་ཀྱི་ཐེག་པར་ཕྱག་ན་རྡོ་རྗེ་ཀུན་དགའ་བོར་སྤྲུལ་ པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། རྡོ་རྗེ་འཆང་ཆེན་པོ་ཉིད་དེ་ཞེས་པ་ནི་སྤྲུལ་པ་ཉིད་དུ་བརྗོད་པའོ། །འདི་ལ་རིགས་པ་གསུངས་པ། མདོའི་སྡེ་ལ་སོགས་པ་ཞེས་པ་ལ་སོགས་པའི་གསུང་ལས། མདོའི་སྡེ་ལ་སོགས་པ་ལ་ཕྱག་ན་རྡོ་རྗེ་ཉིད་ཀྱིས་སྣ་ཚོགས་པར་སྤྲུལ་པས་སྡུད་པར་ བྱེད་པ་པོ་ཉིད་དོ། །རྡོ་རྗེ་ཐེག་པ་ཡང་ཞེས་བྱ་བ་ནི་དེའི་དབང་དུ་བྱས་ཏེ། གང་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལས་ཕྱི་རོལ་དུ་གྱུར་པ་དེ་ནི་རྡོ་རྗེ་ཐེག་པའོ། །དེ་བཞིན་གཤེགས་པ་ལས་ཞེས་བྱ་བ་ལས་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ཉིད་ཀྱི་ཕྱིར་རྡོ་རྗེ་མ་ཡིན་ནམ། དེ་ཡང་དེ་བཞིན་ གཤེགས་པ་ལས་དངོས་སུ་ཐོས་ནས་ཞེས་བྱ་བར་ཡང་བརྗོད་པར་བྱ་སྟེ། དེ་ཅི་དེ་བཞིན་གཤེགས་པ་རྣམས་དེ་བཞིན་གཤེགས་པ་ལས་ཉན་ནོ་ཞེས་བརྗོད་པའི་བརྩད་པ་འདི་མེད་དོ། །འཆད་པར་འགྱུར་བར་ནི་སངས་རྒྱས་ཀྱི་རོལ་མོ་འདི་བསྟན་པ་ཡིན་ནོ་ཞེས་སོ། །ཀུན་དགའ་བོ་ལ་སོགས་ པ་ཡང་སྡུད་པར་བྱེད་པར་བརྗོད་པར་བྱ་སྟེ། བསྟན་པ་མཐའ་ཡས་པར་འཛིན་པར་བྱེད་པ་པོར་ཡང་ངོ་། །རིམ་པ་འདི་ཉིད་ཀྱིས་དེ་རྣམས་སྡུད་པར་བྱེད་པ་པོ་ཉིད་དུ་འགལ་བ་མེད་དོ། །གསུང་རབ་ཀྱི་སྒོ་ནས་བརྗོད་པ་ཉིད་ཀྱི་དོན་རྣམས་གསལ་བར་བྱེད་པ་གསུངས་པ། འདི་ཉིད་གསུངས་པ་ཞེས་ པ་ལ་སོགས་པ་སྟེ། ཇི་ལྟར་འཇམ་དཔལ་ཟས་གཙང་མར་སྤྲུལ་པ་དེ་བཞིན་དུ་འཇམ་དཔལ་ཡང་ཐམས་ཅད་དུ་སྤྲུལ་པ་ཡིན་ཏེ། རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་ཡིད་ཀྱི་སྐྱེ་མཆེད་ཀྱི་བདག་ཉིད་ཅན་ཉིད་ལས། འཇམ་དཔལ་དུའོ། །ལྷ་མོ་སྒྱུ་འཕྲུལ་ནི་དེ་བཞིན་གཤེགས་པའི་ཡུམ་མོ། །གྲགས་ འཛིན་མ་ནི་དེ་བཞིན་གཤེགས་པའི་བཙུན་མོའི་མཆོག་གོ། །འཁོར་ཞེས་བྱ་བ་ནི་འཁོར་ཞེས་བྱ་བ་ཡང་མེད་དོ་ཞེས་སྔ་མ་དང་སྦྲེལ་ལོ། །གལ་ཏེ་འཁོར་ཡང་མེད་ན་སླར་ཡང་དེ་བཞིན་གཤེགས་པས་ཆོས་སྟོན་པར་བྱེད་པ་ཅི་ཞེ་ན་གསུངས་པ། དང་པོ་ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་ཀྱི་ 31-1-32b རོལ་མོ་འདི་ཞེས་བྱ་བ་ནི། སངས་རྒྱས་ནི་རྡོ་རྗེ་འཆང་ཆེན་པོའོ། །རོལ་མོ་མཁན་ལྟ་བུ་ནི་རོལ་མོ་སྟེ། ཇི་ལྟར་རོལ་མོ་བྱེད་པས་གཅིག་ཉིད་དབང་པོ་ལ་སོགས་པ་སྣ་ཚོགས་པའི་གཟུགས་སུ་སྟོན་པས་སྐྱེ་བོའི་ཡིད་དགའ་བར་བྱེད་དོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱང་གཅིག་ཉིད་རང་གི་ སྐུའི་ཕུང་པོ་ལ་སོགས་པ་སྡུད་པར་བྱེད་པ་དང་། འཁོར་དང་གནས་ལ་སོགས་པ་ཉིད་དུ་ཉེ་བར་བསྟན་ནས། གདུལ་བྱའི་སྐྱེ་བོའི་ཡིད་དགའ་བར་བྱས་ཏེ། སྐལ་བ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པར་བྱེད་དོ། །འདི་ཞེས་བྱ་བ་ནི་སྔར་གསུངས་པའི་སངས་རྒྱས་ཀྱི་རོལ་མོ་མཆོག་ཏུ་འཛིན་ པར་བྱེད་དོ་ཞེས་ཉེ་བར་མཚོན་པར་བྱེད་པའོ། །དེས་མི་བསྐྱོད་པའི་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་སྔར་གསུངས་པ་རྣམས་གཟུང་བར་བྱའོ། །འཆད་པར་འགྱུར་བ་ཡང་རང་གི་སྐུའི་དཀྱིལ་འཁོར་ལས་རྣམ་པར་སྤྲོས་པའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པས་གདུལ་བྱའི་ སྐྱེ་བོ་རྣམས་དགའ་བར་བྱ་བའི་ཕྱིར། སྤྲུལ་པའི་གཞལ་ཡས་ཁང་དེའི་ནང་གི་དབུས་སུ་བཞུགས་སོ་ཞེས་སོ། །ཉན་ཐོས་ཀྱི་ཐེག་པ་དང་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདོད་ཆགས་དང་བྲལ་བའི་ཚུལ་དུ་སོ་སོར་བསྟན་པ་མ་ཡིན་ནམ་འདིར་འདོད་ཆགས་ཀྱི་ཚུལ་ལ་ཟས་གཙང་མ་དང་། ཤཱ་ར་དྭ་ ཏིའི་བུ་ལ་སོགས་པ་རྣམས་སངས་རྒྱས་ཀྱི་རོལ་མོ་ཉིད་ཀྱིས་སྟོན་པར་བྱེད་པའི་དགོངས་པ་ཅི་ཡིན་ཞེ་ན། བརྗོད་པར་བྱ་སྟེ། ཤཱ་རིའི་བུ་ལ་སོགས་པ་རྣམས་ཐེག་པ་ཆེན་པོར་བྱང་ཆུབ་སེམས་དཔའ་ཉིད་ཀྱི་ཐ་སྙད་དང་། ཉན་ཐོས་ཀྱི་ཐེག་པར་ཉན་ཐོས་སུ་སངས་རྒྱས་ཉིད་ཀྱིས་སྤྲུལ་པའོ། །དེ་ ལས་གཞན་དེ་རྣམས་དེའི་འབྲས་བུ་མངོན་པར་འདོད་པས་རབ་ཏུ་བྱུང་བ་ལེན་པ་དང་། ཐེག་པ་ཆེན་པོ་ལ་ངེས་པར་སྦྱོར་བའི་དོན་དུ་བཅོམ་ལྡན་འདས་ཀྱིས་མངོན་པར་གསུངས་སོ། །དེ་བཞིན་དུ་ཚུལ་འདིར་ཡང་སྦྱར་བའི་དོན་དུ་ཟས་གཙང་མ་ལ་སོགས་པ་རྣམས་ཉེ་བར་བསྟན་ཏོ། །དེ་ཉིད་ ཀྱི་ཕྱིར་དང་པོར་རྒྱུད་ལ་སོགས་པ་དང་། མདོ་སོགས་ལ་ནི་བཞུགས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལེའུ་བཅུ་བདུན་པར་ཡང་ཉན་ཐོས་དང་། རང་སངས་རྒྱས་དག་དང་ཚངས་པ་ལ་སོགས་པ་ཕྱི་རོལ་པའི་ལྷ་རྣམས་ཀྱི་ཡང་དམ་ཚིག་འཆད་པར་འགྱུར་རོ། །འདིར་རང་ 31-1-33a གི་སྡེ་པ་གཞན་གྱི་སྡེ་པ་རྣམས་མ་ལུས་པར་གཟུང་བར་བྱ་བར་འདོད་པའི་ཕྱིར་རོ། །གལ་ཏེ་རང་ཉིད་སྡུད་པར་བྱེད་པ་ལ་སོགས་པར་སངས་རྒྱས་ཀྱི་རོལ་མོ་བསྟན་པས་ཆོས་སྟོན་པར་བྱེད་པ་ན། དེ་བཞིན་དུ་ཡང་སྡུད་པ་པོར་འགལ་ཏེ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ ཏེ་དེའི་ཚེ་ཅི་ལས་འགྱུར་ཞེ་ན། གསུངས་པ་སངས་རྒྱས་ཞེས་པ་ལ་སོགས་པ་སྟེ། བཅོམ་ལྡན་འདས་མྱ་ངན་ལས་འདས་པར་བརྗོད་པ་ནི་འགལ་ལོ། །གང་ཞེ་ན་གསུངས་པ་སེམས་ཅན་རྣམས་ཞེས་པ་ལ་སོགས་པ་སྟེ། བཅོམ་ལྡན་འདས་གདུལ་བྱ་རྣམས་ཀྱི་དོན་དུ་སླར་ཡོངས་སུ་མྱ་ངན་ལས་ འདའ་བར་ཅི་ལྟར་འགྱུར་ཞེ་ན། འདི་ལྟ་སྟེ། གང་སྨན་པའི་བུ་ན་བ་ཡང་བདག་ཉིད་ཀྱི་ཕ་སྨན་པ་བརྟག་པ་བཞིན་དུ་ཡོད་པར་གྱུར་ཅིང་གནས་ནས་ནད་སེལ་བར་བྱེད་པའི་སྨན་སྦྱར་བ་འཐུང་བར་མི་བྱེད་དེ། དེ་ཡང་སྨན་པ་དེ་བུ་ལ་བདག་ཉིད་འཆི་བར་བྱ་བར་བསྟན་ནས། དེ་ཡང་སྨན་འཐུང་ན་ ནད་དེ་ལས་གྲོལ་བ་བཞིན་ནོ། །དེ་བཞིན་དུ་བཅོམ་ལྡན་འདས་སྨན་པའི་རྒྱལ་པོ་ཆེན་པོས་དམ་པའི་ཆོས་ཀྱི་སྨན་གྱིས་འཇིག་རྟེན་ལ་ཀུན་དུ་ཞེན་པའི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ནད་ལས་འདས་ནས་མྱ་ངན་ལས་འདས་སོ། །དེ་ལ་གང་བཅོམ་ལྡན་འདས་མྱ་ངན་ལས་འདས་ པའི་ཕྱིར་གསོ་བར་བྱེད་པ་མེད་པ་ལྟ་བུར་གྱུར་ཏོ་ཞེ་ན། དེས་གསུངས་པ། སྨན་བྱེད་དེ་དེ་རྣམས་ནད་དེ་ལས་རིམ་གྱིས་མཐར་གྲོལ་བར་འགྱུར་རོ་ཞེས་གདུལ་བྱ་རྣམས་ཀྱི་དོན་དུའོ། །ཅིའི་ཕྱིར་ཞེས་པ་ལ་བརྗོད་བྱ་ཅི་ཞེས་བརྗོད་བྱ་ལ་ཐེ་ཚོམ་ཟ་བའོ། །བདེ་བར་གཤེགས་པ་ལ་འདོད་ ཆགས་དང་བྲལ་བའི་ཚུལ་ཅན་གྱིས་བདེ་བར་གཤེགས་པའོ། །འདི་གསུང་ཞེས་པའི་ཚིག་གོ། །ཉན་ཐོས་ཀྱིས་བཤད་པ་ནི་ཀུན་དགའ་བོ་ལ་སོགས་པས་གསུངས་པ་སྟེ། དེ་རྣམས་ཀྱང་སྡུད་པར་བྱེད་པ་པོ་ཉིད་དུ་གསུངས་པའི་ཕྱིར་རོ། །ཡང་ན་ཉན་ཐོས་ནི་ཕྱག་ན་རྡོ་རྗེ་སྟེ། སྡུད་པར་ བྱེད་ཉན་པར་བྱེད་དོ་ཞེས་བྱས་ནས་སྡུད་པ་པོར་ཐེ་ཚོམ་ཟ་བའོ། །དམ་པ་ནི་འགྲོ་བའི་བླ་མ་རྣམས་ཀྱིའོ། །འཛིན་པར་བྱེད་པས་ན་ཆོས་ཏེ་ངན་འགྲོའི་འགྲོ་བ་འགོག་པར་བྱེད་པ་པོ་ཉིད་ཀྱིས་དང་། བདེ་གཤེགས་སུ་གནས་པར་བྱེད་པ་པོ་ཉིད་ཀྱིས་དང་། མི་གནས་པའི་མྱ་ངན་ལས་འདས་པའི་ 31-1-33b ཚུལ་གྱིས་སོ། །བརྗོད་པའི་རྣམ་པ་གསུམ་པོ་འཛིན་པའི་དོན་རྣམ་པ་གསུམ་གསུངས་པ་རྣམས་མངོན་པར་རྗོད་པར་བྱེད་པ་ཡིན་པ་ཉིད་ཀྱིས་གཞུང་ལ་ཡང་དམ་པའི་ཆོས་སོ། །ཡོན་ཏན་སྨྲ་བ་ནི་ཡོན་ཏན་བརྗོད་པ་སྟེ། དེ་རྣམས་སྨྲ་བ་ནི་སཾ་སྐྲྀ་ཏའི་བརྗོད་བྱ་དང་རྗོད་བྱེད་ཚོགས་པའོ། །དམ་ པའི་ཆོས་ཀྱི་ཡོན་ཏན་གྱི་ཁྱད་པར་ཡོངས་སུ་ཤེས་པར་མངོན་པར་དགོངས་པས། དྲིས་པའི་རྗོད་བྱེད་ལ་འཇུག་པ་ལེགས་སོ་ཞེས་པ་ནི་དེའི་དུས་སུ་ངེས་པས་སེམས་ཅན་དུ་མའི་རྒྱུ་ཉིད་དུ་དྲིས་པ་ནིའོ། །དང་པོར་ཞེས་པ་ལ་སོགས་པས་བྱེད་པ་པོར་ཐེ་ཚོམ་ཟ་བ་སེལ་བར་བྱེད་པ་ལ། ཚིག་ གི་དོན་གང་མངོན་པར་བརྗོད་པར་བྱའོ། །གོ་རིམས་ཇི་བཞིན་དུ་ཞེས་པ་ནི་རྣམ་པ་མང་པོ་དེ་བཞིན་དུ་འདིའི་རིག་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །ཆོས་ཀྱི་ཕུང་པོ་སྟོང་ཕྲག་རྣམས་ཞེས་པ་ལ་སོགས་པ་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དག་ཐེག་པ་ཆེན་པོ་ཉིད་ཀྱི་ནང་དུ་གཏོགས་པའི་ཕྱིར་ ཏེ། གསུངས་པ་ཡང་། ཐེག་པ་ཆེན་པོར་འབྱུང་བ་ལ། །ཐེག་པ་གཉིས་སུ་ཡང་བརྗོད་བྱ། །སྲིད་པའི་ལམ་གྱིས་དུ་བ་རྣམས། །ངལ་བསོའི་དོན་དེ་དེ་ཉིད་མིན། །ཞེས་སོ། །ཀུན་གྱི་གཞི་དང་ཞེས་པ་ནི། ཐེག་པ་ཆེན་པོ་གཉིས་ཀ་མ་ལུས་པའི་དོན་བསྡུས་པ་ཉིད་ཀྱི་ཕྱིར་རོ། །ཕ་དང་མ་ཞེས་ པ་ནི་ཆོས་མ་ལུས་པ་རབ་ཏུ་སྐྱེ་བའི་རྒྱུ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཡི་གེ་གཉིས་པོ་འདི་དག་གི་འགྲེལ་པ་གསུངས་པ། ཨེ་ཡིག་ཅེས་བྱ་བ་ལ་སོགས་པ་སྟེ། མ་ནི་ཨེ་ཡིག་བུད་མེད་ཀྱི་རྟགས་ཉིད་ཀྱི་ཕྱིར་རོ། །པ་ནི་ཝ་ཡིག་སྐྱེས་པའི་རྟགས་ཉིད་ཀྱི་ཕྱིར་རོ། །ཐིག་ལེ་ནི་རྗེས་སུ་ང་རོའོ། །སྦྱོར་ བ་ནི་ཡི་གེ་གཉིས་ཀྱི་མཐར་ངེས་པར་སྦྱར་བའོ། །སྦྱོར་དེ་ཤིན་ཏུ་རྨད་དུ་བྱུང་བ་ནི་གཉི་གའི་བདག་ཉིད་ཀྱི་ཕྱིར་རོ། །རབ་ཏུ་བྱེད་པ་གཞན་གྱིས་འདི་དག་འཆད་པར་བྱེད་པ་གསུངས་པ། ཨེ་ཡིག་ཅེས་པ་ལ་སོགས་པ་སྟེ། པདྨ་ལྟ་བུའི་ནི་པདྨ་སྟེ་ཚིམ་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཅུང་ཟད་ ཁ་བྱེ་བ་པདྨའི་རྣམ་པ་ལྟ་བུ་ཉིད་ཀྱི་ཕྱིར་རོ། །ཝ་ཡིག་རྡོ་རྗེ་ཞེས་པ་ནི་སྲ་བ་ཉིད་ཀྱི་ཕྱིར་དང་། རྡོ་རྗེའི་རྣམ་པ་ཉིད་ཀྱི་ཕྱིར་དང་།དབྱེ་བར་དཀའ་བ་བྱེད་པ་པོ་ཉིད་ཀྱི་ཕྱིར། ས་བོན་ནི་དེ་ལས་ངེས་པར་འཛག་པའི་སྦྲང་རྩིའོ། །འགྲོ་བ་གསུམ་པོ་ནི་ལུས་ལ་སོགས་པ་ལ་དབང་བསྐུར་བ་དང་། 31-1-34a འཇིག་རྟེན་སྐྱེད་པར་བྱེད་པ་ལའོ། །བཏུ་བའི་གཞི་གསུངས་པ། ཨེ་ཡིག་ཅེས་པ་ལ་སོགས་པ་སྟེ། ཕུལ་དུ་བྱུང་བའི་ཡེ་ཤེས་ནི་ཤེས་རབ་བརྗོད་དུ་མེད་པའི་ཡེ་ཤེས་སྐྱེ་བའི་ཞིང་ཉིད་ཀྱི་ཕྱིར་རོ། །རབ་དགའི་བདག་པོ་ནི་རྡོ་རྗེ་སེམས་དཔའ་སྟེ། ཡོངས་སུ་ཤེས་པའི་རྣལ་ འབྱོར་པའི་གནས་སྐབས་ཀྱི་ཁྱད་པར་བསྐྱེད་པའི་ཐབས་ཉིད་ཀྱི་ཕྱིར་རོ། །མི་ཤིགས་པ་ཞེས་པ་ནི་རྣམ་པར་རྟོག་པ་ཀུན་ནས་མ་མྱངས་པ་སྟེ། དེ་ཉིད་ལས་དེའི་བརྡར་བྱས་པ་ཉིད་ཀྱི་ཕྱིར་རོ། །དེ་ལས་ཡི་གེ་ཉིད་ཀྱང་སྐྱེ་བ་ནི་ཡི་གེ་གསུམ་པ་སྟེ། མི་ཤིགས་པར་བྱུང་བ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་ དུ་གསུངས་པའི་དགོས་པ་གང་གིས་ཤེས་ཏེ། ཡི་གེ་གཉིས་ཆོས་ཀྱི་ཕྱག་རྒྱའི་བདག་ཉིད་དུའོ། །ཆོས་ནི་སྟོན་པར་བྱེད་པའི་བདག་ཉིད་དོ། །དེའི་དོན་ཡང་ལམ་དང་འབྲས་བུའི་བདག་ཉིད་དོ། །འདི་རྣམས་ཀྱི་ཕྱག་རྒྱ་ནི་བརྡ་སྟེ། ངག་གི་རང་བཞིན་མ་ལུས་པ་བསྡུས་པའི་ངོ་བོ་ཨཱ་ལི་ཀཱ་ལིའི་བདག་ ཉིད་ཅན་ཉིད་ཀྱི་ཕྱིར་རོ། །དེ་དེ་ཉིད་ཤེས་ཞེས་པ་ནི་ལམ་གྱི་གནས་སྐབས་སོ། །ཆོས་ཀྱི་འཁོར་ལོ་སྐོར་བྱེད་འགྱུར་ཞེས་པ་ནི་འབྲས་བུའི་གནས་སྐབས་སོ། །ཡི་གེ་གཉིས་ཞེས་པ་ནི་ཡི་གེ་གཉིས་ཀྱི་དོན་རྗོད་པར་བྱེད་པ་སྟེ། གཞན་རྣམས་ཀྱི་ཆེད་དུ་ཉེ་བར་སྟོན་པར་བྱེད་པའམ། འཇུག་པར་ བྱེད་པའོ། །སངས་རྒྱས་ཆོས་རྣམས་ལས་ཀྱི་ཕྱི་རོལ་ཞེས་པ་ནི་སྔར་གསུངས་པ་རྣམས་ལས་སོ། །ཆོས་ཀྱི་ནོར་འདི་ལ་ཡོད་དོ་ཞེས་པས་ནོར་ཅན་ནོ། །ལོངས་སྤྱོད་སྤངས་ཞེས་པ་ནི་ལོངས་སྤྱོད་ནི་ཆོས་ཀྱི་རོ་ཉམས་སུ་མྱོང་བའོ། །སྤངས་པ་ནི་བོར་བའོ། །ཨེ་ཝཾ་ཞེས་པ་ནི་སྔར་གསུངས་པའི་དོན་ དྲན་པར་བྱེད་པའོ། །ཐམས་ཅད་མཁྱེན་པ་ནི་སངས་རྒྱས་རྣམ་པ་གཉིས་སོ། །བཞུགས་པ་ཞེས་པ་ནི་གསུངས་པའི་རིམ་པས་ཡི་གེ་གཉིས་ཀྱི་བདག་ཉིད་དོ། །དེའི་དོན་གསུངས་པ། མངོན་པར་བརྗོད་པར་བྱ་བ་ཡི་གེ་གཉིས་སོ། །གང་གི་ཕྱིར་ཨེ་ཝཾ་ཡི་གེ་གཉིས་ཡིན་པའི་ཕྱིར། དྲན་བྱ་སྟེ་ གསུངས་པའི་དོན་ཡིད་ལ་གཞག་པའི་དོན་དུའོ། །ལྷའི་བདག་ཅེས་པ་ནི་ལྷའི་བདག་པོ་ཉིད་ཀྱི་ཕྱིར། ལྷ་རྣམས་ཀྱི་དབང་དུ་བྱས་ནས་ཆོས་བསྟན་པ་ལའོ། །གལ་ཏེ་འདོད་ན་ནི་གལ་ཏེ་ཁྱོད་འདོད་པར་བྱེད་ནའོ། །རྟག་པ་ནི་རྟག་པ་སྟེ་སྐྱེས་པ་དང་གནས་པ་དང་འཇིག་པ་དང་བྲལ་བ་ཉིད་ཀྱི་ཕྱིར་ 31-1-34b རོ། །གནས་ནི་སངས་རྒྱས་ཀྱི་བདག་ཉིད་ཅན་ནོ། །གཞན་རྣམས་ཀྱིའང་བླ་མར་གྱིས་ཏེ། སྒྲུབ་པའི་མཆོད་པས་མཉེས་པར་བྱའོ། །བདག་གིས་ཐོས་པ་ཞེས་པ་ནི་བཅོམ་ལྡན་འདས་རྣམས་མ་ལུས་པའོ། །འཁོར་ལོས་སྒྱུར་བའི་ངོ་བོ་ལ་ཞེས་པ་ནི། འཁོར་ལོས་སྒྱུར་བའི་ཚུལ་ འཛིན་ནོ་ཞེས་པའི་དོན་ཏོ། །ཅི་ཐོས་ཤེ་ན་གསུངས་པ། ས་བོན་ངོ་བོ་ཞེས་པ་ལ་སོགས་པ་སྟེ། ས་བོན་གྱི་ངོ་བོས་འཛག་པའི་བདག་ཉིད་ཅན། ཨོཾ་ཡིག་ལ་སོགས་པའི་ས་བོན་གྱི་བདག་ཉིད་དོ། །སྤྲུལ་པ་ནི་ཕྱུང་བ་སྟེ། བཅོམ་ལྡན་འདས་ཀྱིས་ཞེས་པ་ལྷག་མའོ། །ལྷ་རྣམས་ཀྱི་ནི་ འཁོར་ལོ་མཆོག་ནི་བླ་ན་མེད་པའི་བདེ་བའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། མཆོག་ཏུ་དགའ་བ་ཞེས་བྱ་བ་ལ་སོགས་པའོ། །གཅིག་ནི་གཉིས་སུ་མེད་པའོ། །དུས་ནི་ཕུང་པོ་ལ་སོགས་པ་རྣམས་འདིར་ཉེ་བར་བྱེད་དོ། །ཐིམ་པར་བྱེད་དོ་ཞེས་བྱ་བས་མ་ས་ཡ་སྟེ་ ལུས་ཀྱི་ཁྱད་པར་རོ། །དབང་ཕྱུག་བརྒྱད་ཅེས་པ་ནི་སྐུའི་དབང་ཕྱུག་ལ་སོགས་པ་རྣམས་སོ། །རྟག་པ་ཞེས་པ་ནི་མ་བཅོས་པ་ཉིད་ཀྱི་ཕྱིར་བདེ་བའོ། །རྒྱལ་བ་ཞེས་པ་ནི་དུས་གསུམ་གྱི་རྒྱལ་བའི་བདག་ཉིད་ཅན་ཡིན་པ་ཉིད་ཀྱི་ཕྱིར་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་ཉིད་ཀྱི་ཕྱིར་མང་པོའི་ཚིག་གོ། ། རྡོ་རྗེ་སྙིང་ཞེས་པ་ནི་སྙིང་པོ་རྡོ་རྗེ་སྟེ། དེ་བཞིན་གཤེགས་པ་ལྔའི་སྙིང་པོ་ཡིན་པ་ཉིད་ཀྱི་ཕྱིར་རོ། །བདེ་ཆེན་པོ་ནི་རྡོ་རྗེ་སེམས་དཔའ་ཆེན་པོའོ། །ལེགས་སྦྱངས་ནི་རིགས་ལྔའི་ཚོགས་པ་བཀོད་པ་ཉིད་ཀྱིས་སོ། །བྷ་ག་ནི་པདྨའོ། །ལེགས་སྦྱངས་ནི་སྒྲུབ་པའི་ཐབས་ལས་གསུངས་པའི་ རིམ་པས་སོ། །ཐིག་ལེའི་དོན་གྱི་བཤད་པ་གསུངས་པ། ཆ་ཞེས་པ་ལ་སོགས་པ་སྟེ། ཆ་ཞེས་པ་ནི་ཨ་ཡིག་སྟེ་སྒྲ་ཇི་བཞིན་པ་མིན་པས་སོ། །འདིའི་གཉིས་པ་ནི་ཨ་ཡིག་སྟེ། ཀློག་པའི་རིམ་པས་སོ། །གསུངས་པ་ཡང་། ཆ་ནི་ཐིག་ལེ་དང་བཅས་དང་པོའི་དབྱངས། །ཆ་དེ་ཉིད་ ནི་ཐིག་ལེ་གཉིས་བརྒྱན་པར། །ཤེས་བྱ་ཞེས་བྱ་དང་པོ་བར་དུ་བརྗོད། །མཐར་གནས་པ་གསུངས་པ། དགུ་པ་ཞེས་པ་ལ་སོགས་པ་སྟེ། དགུ་པ་ཉིད་ཀྱིས་དགུ་པའི་ཡི་གེ་ཧ་ཡིག་གི་དགུ་པའོ། །འདི་ཇི་ལྟར་དགུ་པ་ཡིན་ཞེ་ན། གསུངས་པ། སུམ་ཅུ་བཅུ་པ་ཞེས་སུམ་ཅུ་ཡང་ཡིན་ 31-1-35a བཅུ་ཡང་ཡིན་ནོ་ཞེས་པ་སུམ་ཅུ་བཅུ་པ་སྟེ། ངེས་པའི་ཚིག་གི་ཆོ་གས་སོ། །བཞི་ཕྲག་བཅུ་པར་མངོན་པར་བརྗོད་པའི་སྡེ་ཚན་བཞི་པོ་འདི་ཉིད་ཀྱིས་དམན་པའི་ཨཱ་ལི་ཀཱ་ལི་ལྔ་བཅུའི་ཡི་གེ་རྣམས་ཀྱི་ལྷག་མའི་ཡི་གེ་དགུ་རྣམས་ཀྱི་མཐའ་མ་ཧ་ཡིག་དེས་ཀྱང་བརྗོད་དོ་ཞེས་པའི་དོན་ ཏོ། །ཅི་ལྟར་ཞེ་ན་གསུངས་པ། ལྔ་ཞེས་པ་ལ་སོགས་པ་སྟེ། ལྔ་པ་ནི་ལྔ་པའི་བདག་ཉིད་ཅན་ནོ། །ས་བོན་ནི་དེ་སྐྱེད་པར་བྱེད་པའོ། །ཆའི་གཉིས་པ་ཞེས་པ་འདིས་དབུས་སུ་སླར་ཡང་ཨ་ཡིག་གཞན་སྟོན་པར་བྱེད་དོ། །ལྔ་པ་ནི་མ་ཡིག་གོ། །དེ་ལ་མ་ཡིག་གིས་ཡི་གེ་གསུམ་པ་ཐ་དད་དུ་ལྡན་ ནོ། །ཨུ་ཡིག་གི་དང་པོ་ལས་ཏེ། དྲུག་པས་ཕྱེ་ཞེས་པ་ཨཱུ་ཡིག་གོ། །དེས་ཧ་ཡིག་ཕྱེ་བར་བྱས་པའོ། །ཕྱི་ནས་རྗེས་སུ་ང་རོ་དང་། རིང་པོ་དང་བཅས་པ་དང་། ཡོན་ཏན་དང་ཡང་དག་པར་སྦྱོར་བ་དང་།དབྱེ་བ་རྣམས་ཇི་ལྟར་རིགས་པ་བཞིན་དུ་བྱའོ། །གནས་གསུམ་དུའོ། །བྱུང་བ་ནི་ཤེས་རབ་དང་། ཐབས་དག་གི་སྦྱོར་བ་ལས་ཕྱི་རོལ་དུ་བྱུང་བའོ། །འདི་ནི་སྟེ་འདི་ལྟ་བུ་ནི་ཐིག་ལེ་ཡིན་ཞེས་བཤད་ཅེས་པ་ནི། སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་རྡོ་རྗེ་འཆང་ཆེན་པོའོ་ཞེས་ལྷ་མོ་བཞིས་ཞུས་པར་གསུངས་པའི་ཚིགས་སུ་བཅད་པ་གང་ཡིན་པའོ། །སྤྱིའི་དོན་ནོ། །ནི་དགོངས་པ་མ་ ཡིན་པ་དང་དྲང་བའི་དོན་ནི་འདིར་ཚིག་གི་དོན་ནོ། །དམ་པ་ཞེས་པ་ལ་སོགས་པ་ལ་དེ་ལྟ་བུའི་ཆོ་གའི་ཡུལ་འཆད་པར་འགྱུར་བ་ལ་ཡང་རྟོགས་པར་བྱའོ་ཞེས་སློབ་པར་བྱེད་པའི་དོན་དུ་གསུངས་སོ། །ཨེ་ཞེས་བྱ་བ་ལ་སོགས་པའི་ཡི་གེ་རྣམས་ནི་སྒྲ་ཇི་བཞིན་པ་མ་ཡིན་པས་དེ་དང་དེ་མངོན་པར་བརྗོད་པར་ བྱ་བཞིན་པའི་དོན་དུ། དེ་བཞིན་གཤེགས་པའི་བརྡ་རྣམས་བསྐྱེད་པའི་དབང་དུ་བྱས་ནས་གསུངས་པ། གཅིག་དང་ཡང་ཞེས་པ་ལ་སོགས་པ་སྟེ། ཤེས་རབ་ནི་སྣང་བའི་ཡེ་ཤེས་དང་སེམས་བྱུང་ལས་སྐྱེས་པས་སེམས་དང་ཟླ་བའི་སྣང་བ་བཞིན་དུ་གསལ་བ་དང་ཆུ་ཟླ་ལྟ་བུའོ། །འདོད་ ཆགས་བྲལ་སོགས་སྐད་ཅིག་བདག་ནི་འདོད་ཆགས་དང་བྲལ་བ་ལ་སོགས་པ་དེ་ལ་བསྟེན་ནས་འབྱུང་བའོ། །འདི་ཀུན་རྫོབ་ཏུ་དངོས་སུ་བུད་མེད་ཀྱི་ཚུལ་དང་། བྷ་ག་དང་པདྨའི་བརྡས་ལྷ་མོའི་ཚོགས་པ་དང་། ཤེས་རབ་ཡེ་ཤེས་སྐྱེ་བའི་ཕྱིར་རང་གི་རྡོ་རྗེ་རྐྱེན་དང་རྒྱུའོ། །འདི་ནི་ཞེས་པ་ལ་སོགས་ 31-1-35b པ་ལ་འདི་ནི་ཞེས་སྣང་བའི་ཡེ་ཤེས་སོ། །རྩ་བ་ནི་རྒྱུར་གསུངས་པའོ། །ཡོངས་སུ་སྟེ་ཐམས་ཅད་ལས་ཤེས་པའོ། །གང་ནི་སྲིད་པ་གསུམ་སྟེ་འདོད་པའི་ཁམས་ལ་སོགས་པའོ། །དེའི་བདག་ཉིད་ཅན་ནམ་ལུས་ལ་སོགས་པར་རོ། །འོད་མ་འགྲེང་བ་ནི་འོད་མའི་ལོ་མའོ། །མཛེས་པ་ནི་ ཡིད་ལ་སོ་སོར་མཛེས་པའོ། །འདོད་ཆགས་ལ་སོགས་ནི་འདོད་ཆགས་ལ་སོགས་རང་བཞིན་བཞི་བཅུ་ཐམ་པ་རབ་ཏུ་བསྐྱེད་པ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །འདིའི་རང་བཞིན་རྣམས་གསུངས་པ་ཡང་འདོད་ཆགས་དང་། རངས་པ་དང་། སྨིན་པ་དང་། དགའ་བ་དང་། དྲག་པོ་ལ་སོགས་ པ་རྣམས་སོ། །ཀུན་རྫོབ་ཏུ་མངོན་སུམ་དུ་སྐྱེས་བུ་དང་། ལྷའི་ཚོགས་པ་དང་། རྟགས་དང་རྡོ་རྗེ་ཅན་གྱི་བརྡའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། མིང་ནི་ཐབས་ཞེས་བྱ་བ་ཡིན་ཞེས་སོ། །རིག་པ་ཆེན་པོ་རང་ཉིད་དང་ལྷན་ཅིག་ཏུ་བྱ་བ་ཡིན་གྱི་གཞན་ལ་ལྟོས་པ་མེད་པའི་ཕྱིར་རོ། །རྩ་བ་ནི་རྒྱུའོ། ། མ་རིག་པ་ནི་རྒྱུ་ཉིད་དང་། ཀུན་དུ་འཇུག་པའི་རྒྱུ་ཉིད་ཡིན་པའི་ཕྱིར་སྣང་བ་ཉེ་བར་ཐོབ་པའོ། །ལུགས་ལས་བཟློག་པ་ནི་རྣམ་པར་ལྡང་བ་ལས་སོ། །འདིའི་རང་བཞིན་ནི་དེ་ཡང་འཁྲུལ་པ་དང་སྐྱོ་བ་དང་བརྗེད་ངས་པ་དང་། ལེ་ལོ་དང་། མི་སྨྲ་བ་དང་ཐེ་ཚོམ་ཞེས་སོ། །མ་རིག་པ་ཞེས་པ་ ལ་སོགས་པས་སྔར་གསུངས་པ་དག་གི་གོ་རིམས་ཀྱི་འབྲེལ་པ་སྟོན་པར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་འདིར་རང་བཞིན་རྣམས་མ་གསུངས་སོ། །སྔར་བཞིན་ཁོ་ནར་གསུངས་པ་ཉིད་ཀྱི་ཕྱིར་རོ། །འགོག་པ་སྟོན་པར་འདོད་ནས་གསུངས་པ། འགྲོ་ཞེས་པ་ལ་སོགས་པ་སྟེ། ཕུང་པོ་ལྔ་ རྣམས་དང་མས་བཞིར་ཐིམ། ཁམས་རྣམས་དང་པོ་སྣང་བའི་ཡེ་ཤེས་སུ་འགྲོའོ། །རྣམ་ཤེས་ནི་སྣང་བའི་ཡེ་ཤེས་སུ་བཤད་དོ། །སྣང་བ་གསལ་བ་དེ་ནི་སྟོང་པ་ཆེན་པོ་སྣང་བ་ཉེ་བར་ཐོབ་པར་རོ། །དེ་ཡང་ཞེས་པ་མ་རིག་པའོ། །འོད་གསལ་བར་འགྲོའོ་ནི་དོན་དམ་པའི་བདེན་པར་ རོ། །ཐོས་པ་ཞེས་པ་ལ་སོགས་པས་སྔར་བརྗོད་པའི་རྗེས་སུ་གསུངས་པ། སྣང་བ་གསུམ་གྱི་མཚན་ཉིད་ཅན་ཞེས་པ་ནི། གཅིག་ཅེས་བྱ་བ་ལ་སོགས་པ་ནས། མིང་ཞེས་པའི་མཐར་ཐུག་པས་རང་གི་ངོ་བོའི་མཚན་ཉིད་བརྗོད་པར་གསུངས་སོ། །འགྲོའོ་ཞེས་པ་ལ་སོགས་པ་ནས། 31-1-36a འོད་གསལ་བ་ཞེས་པ་འདིས་ཀྱང་རྒྱུ་དང་འབྲས་བུའི་དངོས་པོས་སྔར་གསུངས་པའི་འགོག་པ་བརྗོད་དོ། །ད་ནི་རང་བཞིན་གྱི་རྒྱུ་ཉིད་སེམས་ཅན་གྱི་ཁམས་ཀྱིའང་རྒྱུར་ཡིན་ནོ་ཞེས་གསུངས་པ། རང་བཞིན་ཞེས་བྱ་བ་ལ་སོགས་པ་སྟེ། རང་བཞིན་རྩ་བ་ཇི་ལྟར་ཡིན་ཞེ་ན། སེམས་ཅན་ ཁམས་ཞེས་བྱ་བ་གསུངས་སོ། །ཏམ་ཞེས་བྱ་བ་ལ་སོགས་པ་ལ་དོན་ཞེས་བྱ་བའི་བར་དུ་སྔར་གསུངས་པ་ལ་ལྟོས་པའོ། །འཛིན་བྱེད་དེ་ནི་ཆུ་དང་འོ་མ་བཞིན་གཅིག་པ་ཅན་དུ་གྱུར་ནས་འཛིན་པར་བྱེད་པའི་བདག་ཉིད་རྗོད་པར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་རླུང་དང་ལྡན་པའི་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་ཤེས་ཞེས་བྱ་བ་ནི་སྣང་བ་གསུམ་མོ། །རྟག་ཏུ་ནི་བར་མ་ཆད་པར་རོ། །གང་གི་ཕྱིར་རླུང་ནི་གཞན་ལ་རག་ལས་ཏེ། ནམ་དུ་ཡང་འགོག་པ་མེད་དོ། །ལྡང་བ་ན་ཡང་ལུས་གཉིས་ཀྱིས་དེ་རག་ལས་སོ། །འགྲོ་ལ་ནི་ཁམས་གསུམ་པ་ལའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། འདི་ནི་ཞེས་པ་ ལ་སོགས་པ་སྟེ། བཞོན་པ་ཡིན་ཞེས་པ་ནི་རྣམ་ཤེས་དང་འདྲེས་པར་གྱུར་ནས་ཤིན་ཏུ་མྱུར་བ་ཉིད་ལས་ཀྱིས་འཕངས་པའི་ཡུལ་ཐོབ་པར་བྱེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྣམ་གཞག་རིམ་པར་གསུངས་པ། རྟ་ཞོན་པ་བཞིན་རྣམ་པར་ཤེས་པ་གང་ཡིན་པ་དེ་རླུང་གི་ཁམས་ཀྱི་བཞོན་པ་ ལ་ཞོན་ནས་ཞེས་པ་ལ་སོགས་པའོ། །དེ་ཡིས་ནི་སྣང་བ་གསུམ་གྱི་ཐོག་མའི་རྒྱུ་ཉིད་དུ་གསུངས་པའི་སྣང་བ་རྣམས་སོ། །ད་ནི་དེ་རྣམས་ཀྱི་ངེས་པར་འབྱིན་པ་གསུངས་པ། རང་བཞིན་ཞེས་པ་ལ་སོགས་པའོ། །ཇི་ལྟ་ཇི་ལྟར་ཞེས་པ་ནི་སྣང་བ་གང་ཡིན་པ་དེ་ངེས་པར་འགྲོ་བར་འགྱུར་ ཞེས་པ་མངོན་པར་དགོངས་སོ། །སྲ་བ་ཞེས་པ་ལ་སོགས་པས་སྣང་བ་གསུམ་རླུང་དང་བཅས་ལྷན་ཅིག་སྤྱོད་པའི་སྤྲུལ་པའི་དབང་དུ་བྱས་ནས། སེམས་ཅན་ཁམས་ནི་མ་ལུས་པ། །ཞེས་གསུངས་པ་དེ་རྒྱས་པར་སྟོན་པར་བྱེད་དོ། །དེ་ལ་འདི་གོ་རིམས་བཞིན་དུ་འདུས་པ་སྟེ། འཆི་བའི་འཛིན་ པའི་རྣམ་པར་ཤེས་པ་འགྲོ་བ་གཞན་གྱི་རྣམ་པར་གཟུང་བར་བྱ་བ་འཛིན་པར་བྱེད་དོ། །དེ་ལ་གང་འགོག་བཞིན་པ་དེ་འགོག་པར་བརྗོད་པར་བྱའོ། །འགྲོ་བ་གཞན་གྱི་རྣམ་པ་ལ་བརྟེན་ནས་སྐྱེ་བའི་ཆ་ཤས་ཅན་བསྐྱེད་པར་བྱ་སྟེ། སྲང་མདའི་མཐོ་དམན་བཞིན་ནོ། །སྲིད་པ་འཕོ་བའི་མདོ་ལས་ 31-1-36b གསུངས་པ། སྲོག་གི་འཕེན་པའི་ལས་ཟད་ནས་རྣམ་ཤེས་ཕྱི་མ་འགག་བཞིན་པ་ལ་དེའི་ལས་མངོན་དུ་འགྱུར་རོ། །འདི་ལྟ་སྟེ། གཉིད་སད་པ་ནས་ལྗོངས་ཀྱི་བུད་མེད་བཟང་མོ་ཞེས་ཏེ། གང་ཕྱི་མའི་རྣམ་ཤེས་འགག་པར་བྱ་བ་དང་། དང་པོའི་རྣམ་ཤེས་སྐྱེ་བའི་ཆ་ཤས་ཅན་བསྐྱེད་ པར་བྱའོ། །གལ་ཏེ་ཡང་དབང་པོ་ལ་སོགས་པའི་ལྷ་དེ་རྣམས་ལ། ཁ་ཅིག་ཆོས་ཀྱི་དམན་པས་འཇིག་རྟེན་འདི་ལས་འཇིག་རྟེན་ཕ་རོལ་དུ་འཕོ་བར་བྱེད་པ་དང་རྣམ་པར་རིག་པར་བྱའོ་ཞེས་རབ་ཏུ་ཤེས་སོ་ཞེས་སོ། །དེ་ལ་གང་ཕྱི་མའི་རྣམ་ཤེས་འགོག་པ་དེ་འཆི་འཕོ་བར་བྱེད་དོ། །གང་དང་ པོའི་རྣམ་ཤེས་རབ་ཏུ་འབྱུང་བ་དེ་སྐྱེ་བར་བྱེད་དོ། །དེ་ལ་ཕྱི་མའི་རྣམ་ཤེས་བཞིན་འགག་བཞིན་པ་ནི་འགའ་ཞིག་ཏུ་འགྲོ་བ་མ་ཡིན་ནོ། །དང་པོའི་རྣམ་ཤེས་སྐྱེ་བའི་ཆ་ཤས་ཅན་སྐྱེ་བཞིན་པ་ནི་གང་ལས་ཀྱང་འོང་བ་མ་ཡིན་ནོ། །དེ་ལ་ཕྱི་མའི་རྣམ་ཤེས་ནི་ཕྱི་མའི་རྣམ་ཤེས་ཀྱིས་སྟོང་ངོ་། །འཆི་ འཕོ་བ་ནི་འཆི་འཕོ་བས་སྟོང་ངོ་། །དང་པོའི་རྣམ་ཤེས་ནི་དང་པོའི་རྣམ་ཤེས་ཀྱིས་སྟོང་ངོ་། །སྐྱེ་བ་ནི་སྐྱེ་བས་སྟོང་ངོ་། །ཆོས་རྣམས་ཀྱང་ཉམས་པ་དང་བྲལ་བའམ། རབ་ཏུ་ཉམས་པར་རབ་ཏུ་ཤེས་སོ། །དེ་ལ་འགྲོ་བ་གཞན་གྱི་རྣམ་པ་དང་ལྷན་ཅིག་འགག་པ་དེའི་རྣམ་པས་ལྡང་བར་གྱུར་པ་ དེ་བར་དོའི་སྲིད་པའི་མིང་ཐོབ་སྟེ། འཆི་བའི་སྲིད་པ་དང་། སྐྱེ་བའི་སྲིད་པ་དག་གི་བར་དུ་ཐོབ་པར་གྱུར་པ་ཉིད་ཀྱི་ཕྱིར་རོ། །དེ་ཡོངས་སུ་ཤེས་པ་དང་ལྡན་པ་རྣམས་ཀྱི་འགོག་པ་ནི་རིག་པ་ཆེན་པོ་སྟེ་བར་དོའི་སྲིད་པའོ། །མ་རིག་པ་ནི་རྡོ་རྗེ་འཆང་གི་རྣམ་པ་འོད་གསལ་བ་ཉིད་ལས་ལངས་པར་ འགྱུར་བ་ཉིད་ཀྱི་ཕྱིར་རོ། །འདིའི་སྐྱེ་བའི་ཆ་དང་མཐུན་པ་དང་བཅས་པར་སེམས་ཀྱི་རྒྱུད་རབ་ཏུ་མི་འཇུག་པ་དང་། ལོངས་སྤྱོད་རྫོགས་པའི་སྐུ་ཉིད་དུ་རྣམ་པར་གཞག་པར་བྱའོ། །གཞན་ཡོངས་སུ་མྱ་ངན་ལས་འདས་པར་འདི་རྣམ་པར་གཞག་པར་བྱའོ། །སྐྱེ་བའི་དབང་ལས་སེམས་ ཅན་ཡོངས་སུ་སྨིན་པ་དང་གྲོལ་བའི་དོན་དུ་བསྐྱེད་པར་བྱའོ། །གང་ཡང་སྐྱེ་བ་མེད་པ་ཉིད་དོ། །གདུལ་བྱ་རྣམས་ཀྱི་སྐྱེ་བ་ལ་སོགས་པ་ཉིད་དུ་སོ་སོར་སྣང་སྟེ། ཤཱཀྱ་སེང་གེ་བཞིན་ནོ། །ཉན་ཐོས་དང་རང་སངས་རྒྱས་དག་གི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག་གི་བག་ཆགས་གཉིས་ཡོད་ 31-1-37a ཀྱང་། འགོག་པའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་འགྲོ་བ་གཞན་ལ་མི་ལྟོས་ཀྱང་སེམས་ཀྱི་རྒྱུད་མི་འཇུག་གོ། །དེ་ཉིད་ཀྱི་ཕྱིར་འཕགས་པས་གསུངས་པ། ཇི་སྲིད་སངས་རྒྱས་ཀྱིས་མ་བསྐུལ། །དེ་སྲིད་ཡེ་ཤེས་ལུས་དངོས་ཅན། །ཏིང་འཛིན་མྱོང་བས་བརྒྱལ་གྱུར་པའི། ། ཉན་ཐོས་དེ་དག་གནས་པར་འགྱུར། །བསྐུལ་ནས་སྣ་ཚོགས་གཟུགས་ཀྱིས་ནི། །སེམས་ཅན་དོན་ལ་ཆགས་གྱུར་ཅིང་། །བསོད་ནམས་ཡེ་ཤེས་ཚོགས་བསགས་ནས། །སླར་ཡང་སངས་རྒྱས་བྱང་ཆུབ་ཐོབ། །གཉིས་ཀྱི་བག་ཆགས་ཡོད་པའི་ཕྱིར། །བག་ཆགས་ས་བོན་བརྗོད་བྱ་སྟེ། ། ས་བོན་དེ་དངོས་ཚོགས་པ་ལས། །སྲིད་པའི་མྱུ་གུ་སྐྱེ་བར་འགྱུར། །ཞེས་སོ། །དེ་བཞིན་དུ་ཕུང་པོའི་ལུས་ཡོད་པ་དེ་སྲིད་དུ་འཆི་འཕོ་བའི་རབ་ཏུ་དབྱེ་བ་གསུངས་སོ། །ད་ནི་དེའི་འགྲོ་བ་གཞན་དུ་སོ་སོར་མཚམས་སྦྱོར་བའི་རིམ་པ་གསུངས་ཏེ། བར་དོའི་སྲིད་པ་དེའི་མིང་གཞན་མ་རིག་པ་ སྟེ། འགྲོ་བ་གང་དུ་དང་། རིགས་གང་དུ་སྐྱེ་བ་དེ་དང་དེའི་ཆ་དང་མཐུན་པ་སླར་ཡང་འདོད་པ་ཉེ་བར་ལེན་པའི་མཚན་ཉིད་སེམས་ཀྱི་རྒྱུད་རབ་ཏུ་འཇུག་སྟེ། དེ་ལ་གལ་ཏེ་སྐྱེས་པའི་བར་དོའི་སྲིད་པ་ཡིན་ན་བུད་མེད་ལའོ། །འོན་ཏེ་བུད་མེད་ཀྱི་ཡིན་ན་དེའི་ཚེ་སྐྱེས་པ་ལའོ། །བདག་གི་བུད་ མེད་འདི། བདག་གི་སྐྱེས་པ་འདི་ཞེས་ཕྲག་དོག་པ་ལས་དེ་དག་བུད་མེད་དང་སྐྱེས་པ་དག་གི་རྣམ་པར་སོ་སོར་ཞུགས་པའི་འདོད་པའི་བདེ་བ་ཉམས་སུ་མྱོང་བར་འདོད་པས་འཇུག་གོ། །འདོད་པ་ཉེ་བར་ལེན་པ་ནི་གཟུང་བ་དང་འཛིན་པ་གཉིས་སོ། །བདེ་བ་ཆེན་པོའི་ལེའུར་གསུངས་པ་ཡང་། གང་ཞིག་འོད་གསལ་མཆོག་འབྱུང་བའི། །རྣམ་ཤེས་དེ་ཉིད་སེམས་དང་ལྡན། །ཞེས་སོ། །དེ་ནི་ཆོས་ཀུན་རྩ་བ་སྟེ། །ཀུན་ནས་ཉོན་མོངས་རྣམ་བྱང་བདག །དེ་དེ་རྟོགས་པས་གཉིས་སུ་འགྱུར། །རང་གི་བདག་དང་གཞན་པ་ཞེས། །རྣམ་ཤེས་རླུང་ལ་ཞོན་པ་ནི། །རླུང་ནི་མེ་ལ་མེ་ཆུ་ལ། ། དེ་ནས་ནུར་ནུར་རྣམ་པར་དང་། །མེར་མེར་ནར་ནར་གོར་གོར་པོ། །ཞེས་ཏེ། ས་ནི་འདོད་ཆགས་སྣང་བའོ། །དེའི་ཕྱིར་འདོད་ཆགས་དང་བྲལ་བའི་སྣང་བ་ལས་ཁྲག་གི་གོང་བུ་དང་ཡིད་ཅེས་སོ། །ཁྲག་དང་ཁུ་བ་འདི་དག་ལས་སྐྱེའོ། །དེའི་ཕྱིར་དབང་པོ་གཉིས་སྙོམས་པར་སྦྱོར་བ་ལས་ 31-1-37b འདོད་ཆགས། འདོད་ཆགས་ལས་འདོད་ཆགས་དང་བྲལ་བ། འདོད་ཆགས་དང་བྲལ་བ་ལས་འདོད་ཆགས་བར་མ་རབ་ཏུ་སྐྱེའོ། །དེས་རྣམ་ཤེས་གསུམ་པོར་བརྗོད་པར་བྱའོ། །དེ་ལྟར་ཡེ་ཤེས་གསུམ་གྱི་རྒྱུ་ཅན་སྲ་བ་ཞེས་པ་ལ་སོགས་པས་ཁམས་བཞི་པོ་གསུངས་སོ། ། བླངས་ནས་ཞེས་པ་ལ་སོགས་པས་བརྗོད་པའི་ཁམས་བཞི་པོ་ཉེ་བར་ལེན་པས་དེ་དང་ལྷན་ཅིག་ཏུ་བྱ་བའི་ཉེ་བར་བྱེད་པའི་རྣམ་པར་ཤེས་པ་གསུངས་སོ། །སྲིད་གསུམ་གནས་སུ་སྐྱེ་བར་འགྱུར་བ་ནི་འདོད་པ་དང་། གཟུགས་དང་གཟུགས་མེད་པ་ཅན་གྱི་སྣོད་གསུམ་བསྐྱེད་ནས། བར་མ་ཆད་པར་འདོད་པ་ཀུན་དུ་སྤྱོད་པ་དང་། གཟུགས་ཀུན་དུ་སྤྱོད་པ་དང་། གཟུགས་མེད་པ་ཅན་གྱི་ཀུན་དུ་སྤྱོད་པ་རྣམས་སུ་སྐྱེའོ། །ཁམས་ཀྱི་དབྱེ་བ་ལས་ཀྱང་། ས་ལ་སོགས་པའི་ཁམས་རྣམས་ཀྱིའང་མཚོན་པར་བྱ་བ་མཐར་ཐུག་པར་བྱ་ལ། སྲ་བ་ཞེས་པ་ལ་སོགས་པ་མངོན་ པར་རྗོད་པར་བྱེད་པས་མི་ལ་སོགས་པ་རྣམས་ཀྱི་དབང་དུ་བྱས་ནས་སོ་ཞེས་ཉེ་བར་མཚོན་ནོ། །འདིར་ཞེས་པ་ལ་སོགས་པ་ནི། འདིར་ཞེས་པ་རྣམ་པར་ཤེས་པས་བྱིན་གྱིས་བརླབས་པའི་ཁམས་བཞི་པོ་རྣམས་སོ། །འདུས་བྱས་མཚན་ཉིད་དེ་ཞེས་པ་ཡོངས་སུ་མ་དག་པ་ཞེས་པའི་དོན་ཏོ། ། གཞན་ཡང་གསུངས་པ། ཀྱེ་བཅོམ་ལྡན་འདས་ཕུང་པོ་རྣམས་ཅིའི་ཕྱིར་འབྱུང་བ་ཆེན་པོ་ལས་འབྱུང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རེག་པ་སྲ་བའི་ཆོས་ཀྱིས་ནི། །དེ་ལས་ས་ནི་སྐྱེ་བར་འགྱུར། །བྱང་སེམས་གཤེར་བའི་རྣམ་པ་ལས། །ཆུ་ཡི་ཁམས་ཀྱང་ཡང་དག་བྱུང་། ། བསྐྱོད་ལས་མེ་ནི་སྐྱེ་བར་འགྱུར། །འགྲོ་ལས་རླུང་དུ་རབ་ཏུ་གྲགས། །བདེ་བ་ནམ་མཁའི་ཁམས་ཡིན་ཏེ། །ལྔ་པོ་རྣམས་ཀྱིས་ཡོངས་སུ་བཅིངས། །ཞེས་སོ། །དེ་བཞིན་དུ། བོ་ལ་ཀ་ཀོ་ལ་སྦྱོར་བས། །རེག་པ་སྲ་བའི་བག་ཆགས་ཉིད། །སྲ་བ་གཏི་མུག་ཆོས་ཉིད་ཕྱིར། །གཏི་མུག་རྣམ་པར་ སྣང་མཛད་བརྗོད། །གང་ཕྱིར་བྱང་སེམས་གཤེར་བ་ཉིད། །གཤེར་བ་ཆུ་ཡི་ཁམས་སུ་བརྗོད། །ཆུ་ནི་མི་བསྐྱོད་ངོ་བོའི་ཕྱིར། །ཞེ་སྡང་འདྲེན་པ་མི་བསྐྱོད་པ། །གཉིས་ཀྱིས་བསྐྱོད་པའི་སྦྱོར་བ་ལས། །རྟག་ཏུ་དྲོད་ནི་སྐྱེ་བར་འགྱུར། །འདོད་ཆགས་དཔག་མེད་རྡོ་རྗེ་ཡིན། །འདོད་ཆགས་དྲོད་ལས་ 31-1-38a ཡང་དག་འབྱུང་། །ཀ་ཀོ་ལར་ནི་གང་ཞིག་སེམས། །དེ་ནི་རླུང་གི་རང་བཞིན་ཅན། །དོན་ཡོད་རླུང་ལས་ཡང་དག་འབྱུང་། །ཕྲག་དོག་དོན་ཡོད་གྲུབ་པ་ཉིད། །བདེ་བ་འདོད་ཆགས་ཁྲག་ཏུ་འགྱུར། །ཁྲག་ནི་ནམ་མཁའི་མཚན་ཉིད་ཅན། །སེར་སྣ་ནམ་མཁའ་ལས་བྱུང་བ། ། ནམ་མཁའ་སེར་སྣ་རྡོ་རྗེ་ཉིད། །སེམས་ནི་ཆེན་པོ་གཅིག་ཉིད་ལ། །རང་བཞིན་ལྔ་ཡིས་མཚོན་པ་ཉིད། །རིགས་ལྔ་རྣམས་སུ་ཡང་དག་བྱུང་། །དེ་ལ་སྟོང་ཕྲག་དུ་མའི་མཐར། །ཞེས་པ་ལ་སོགས་པའོ། །འདི་ཉིད་དུ་ནི་རྣམ་པར་ཤེས་པ་ཁམས་བཞི་པོ་རྣམས་ཀྱང་བྱིན་གྱིས་བརླབས་ཏེ། མཉམ་པ་ཉིད་ལ་སོགས་པའི་ཡེ་ཤེས་ལྔ་པོ་ཡང་སྐྱེའོ་ཞེས་གསུངས་པ། མཉམ་ཉིད་ཅེས་པ་ལ་སོགས་པ་སྟེ། སོ་སོ་སྐྱེ་བོའི་གནས་སྐབས་ན་ཡང་མཉམ་པ་ཉིད་ལ་སོགས་པའི་ཡེ་ཤེས་ལྔ་པོ་ཡོད་དོ་ཞེས་མངོན་པར་དགོངས་སོ། །རྡོ་རྗེ་འཆང་ཆེན་པོའི་ཁམས་བཞི་དང་། ཕུང་པོ་ ལྔའི་ས་བོན་རྣམ་པར་ཤེས་པ་ནི་མཉམ་པ་ཉིད་ལ་སོགས་པའི་ཡེ་ཤེས་ཀྱི་རང་བཞིན་ནོ་ཞེས་སྙིང་པོའི་དཀྱིལ་འཁོར་དུའོ། །ཡིད་ཅེས་པ་ལ་སོགས་པས་སྐྱེ་མཆེད་དྲུག་སྐྱེད་པར་སྟོན་པར་བྱེད་དོ། །གང་ཡང་ཁམས་གསུམ་ཞེས་པ་ལ་སོགས་པའི་ངོ་བོ་ཉིད་ཀྱི་རྡོ་རྗེ་བཟླས་པ་གསུངས་པ་ལ། རྣལ་ འབྱོར་པས་ཁྱད་པར་དང་བཅས་པ་གསུངས་པ། མི་ཤེས་ཞེས་པ་ལ་སོགས་པའོ། །འགྱུར་ཞེས་པ་ལ་སོགས་པས་སྐྱེས་པ་ལས་ཀྱང་སླར་ཡང་རང་བཞིན་འབྱུང་ལ། དེ་ལས་དགེ་བ་དང་མི་དགེ་བའི་ལས་ཡང་དག་པར་འབྱུང་ཞིང་། དེ་ལས་ཀྱང་སྐྱེ་བ་འབྱུང་བར་སྟོན་པར་བྱེད་དོ། །འགྲོ་ བ་ཞེས་པ་ལ་སོགས་པས་མངལ་ནས་ཕྱི་རོལ་དུ་འབྱུང་བའོ། །དེ་བཞིན་དུ་འདས་པ་དང་། ད་ལྟར་བ་དང་མ་འོངས་པའི་སྲིད་པ་གསུམ་ལ་བརྟེན་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་བཤད་པར་བྱ་བ་རང་ཉིད་ཀྱིས་མངོན་པར་བརྟག་གོ། །ད་ནི་ཕུང་པོ་ལ་སོགས་པ་རྣམས་ཀྱི་རང་བཞིན་ཉིད་དེ་ བཞིན་གཤེགས་པའི་བདག་ཉིད་ཅན་ཉིད་དུ་གསུངས་པ། ལྔ་ཞེས་པ་ལ་སོགས་པའོ། །དེ་ཉིད་ཀྱི་ཕྱིར་སྐྱེས་བུའི་ཕུང་པོ་ལྔ་ཞེས་བྱ་བ་ལ་སོགས་པ་སྐུལ་བའོ། །ཁམས་རྣམས་ཀྱི་དབང་དུ་བྱས་ནས་གསུངས་པ། ཝ་ན་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་བསྟན་པ་དང་སྔར་བསྟན་ 31-1-38b པའི་ལྡན་ཞེས་དྲག་པའི་སྒྲས་རླུང་མངོན་པར་བརྗོད་པར་བྱའོ། །ཡེ་ཤེས་གསུམ་ནི་སྣང་བ་ལ་སོགས་པ་གསུམ་མོ། །དེའི་བདག་ཉིད་ཅན་ཉིད་ནི་དེའི་རང་བཞིན་ཏེ། སཱ་ལུ་ལ་སོགས་པའི་ས་བོན་ལས་སྐྱེས་པའི་སཱ་ལུའི་མྱུ་གུ་བཞིན་དུ་མཐར་ཐུག་སཱ་ལུ་ཉིད་ལ་སོགས་པར་བསྟན་པའི་ཕྱིར་ རོ། །དེ་ཉིད་ཀྱི་ཕུང་པོ་ལ་སོགས་པ་རྣམས་ཡེ་ཤེས་གསུམ་གྱི་བདག་ཉིད་ཅན་ཉིད་དོ། །ཤེས་བྱ་ནི་རང་བཞིན་དུ་གནས་པར་ཡང་། རྣལ་འབྱོར་པས་རྟོགས་པར་བྱའོ། །གང་གི་ཕྱིར་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་སྟེ། གང་དེ་ཁོ་ན་འདོད་པའོ། །ཐམས་ཅད་ཅེས་བྱ་བ་ལ་ སོགས་པ་ནི་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་དེ་རྣམས་ཐམས་ཅད་ཀྱི་སྐུ་འདི་འགྲོ་བའི་རྒྱུད་ཉིད་དུ་སྐྱེས་པའོ། །ཕྱག་རྒྱ་བཞི་ནི་དམ་ཚིག་སེམས་དཔའི་སྐུ་འདི་ཉིད་དམ་ཚིག་གི་ཕྱག་རྒྱའོ། །ཕུང་པོའི་ཟ་མ་ཏོག་གི་ནང་དུ་སོན་པའི་ཡེ་ཤེས་སེམས་དཔའ་ནི་ཕྱག་རྒྱ་ཆེན་པོའོ། །མི་ ཤིགས་པར་བྱུང་བའི་ཡི་གེ་ཏིང་ངེ་འཛིན་སེམས་དཔའ་ནི་ཆོས་ཀྱི་ཕྱག་རྒྱའོ། །བྱ་བ་ཐམས་ཅད་ལས་ཀྱི་ཕྱག་རྒྱའོ། །རང་སྣང་གི་རང་གི་བུད་མེད་དེ་ཡང་ལྷ་མོ་ཐམས་ཅད་ལ་སོགས་པའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་དམ་ཚིག་གི་ཕྱག་རྒྱའོ། །དེ་བཞིན་དུ་ཡང་ན་གང་ཞིག་སྤྱན་མ་ལ་སོགས་ པའི་རང་བཞིན། ས་ལ་སོགས་པའི་ཁམས་བཞི་པོས་བསྐྱེད་པ་ཉིད་ཀྱི་ཕྱིར། ཕྱག་རྒྱ་བཞིའི་རྒྱས་བཏབ་པའོ། །སྦས་པའི་བཤད་པ་མ་ཡིན་ནམ། བསྐྱེད་པའི་རིམ་པའི་ཕྱོགས་འཆད་པ་ཅི་ཞེ་ན། གང་བསྐྱེད་པའི་རིམ་པའི་ཕྱོགས་ལ་ལྟོས་ནས་སྣང་བ་འབྱུང་ངོ་། །འདི་ཡང་སྣང་བ་ གསུམ་གྱི་བདག་ཉིད་ཅན་ཡིན་པའི་ཕྱིར། འདིར་བརྩད་པར་བྱ་བ་མ་ཡིན་ནོ་ཞེས་སོ། །ཐམས་ཅད་དག་ཅིང་རྣམ་པར་དག་པའི་རིམ་པར་ཡང་གསུངས་པ། ཤེས་རབ་ངོ་བོ་ཉིད་འདི་ནི། །ཟླ་བའི་དཀྱིལ་འཁོར་རྟོག་པར་བྱེད། །ཅེས་བྱ་བ་ལ་སོགས་པའོ། །མིག་ལ་སོགས་པའི་བདག་ ཉིད་ནི་དེའི་རང་བཞིན་གྱིས་སོ། །དེ་ལ་ཞེས་པ་སྐུ་ལའོ། །དེ་ཉིད་ཀྱི་ཕྱིར་སྐུ་ཞེས་པའི་ཚིག་ལས་ལུས་ཀྱི་སྐྱེ་མཆེད་དུ་གྱུར་པའི་བྱམས་པ་དང་ཀུན་དུ་བཟང་པོ་དག་ཁོང་དུ་ཆུད་པར་བྱའོ། །འདུལ་བ་ཞེས་པ་ལ་སོགས་པ་ལ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། ཨཪྠ་སཪྠ་ཁཪྠ་གཪྠ་ཞེས་པ་ལ་ 31-1-39a སོགས་པ་ལ་རྒྱུན་ཆགས་པའི་དབྱིངས་ནི་འགྲོ་བ་ལ་འཇུག་སྟེ། འཚེ་བ་ལ་ཡང་ངོ་། །མ་རུངས་པའི་བགེགས་ཀྱི་བདག་པོ་རྣམས་ཕྱོགས་ཀྱི་མཐར་འདྲེན་པར་བྱེད་པའམ་འཚོ་བའི་མཐར་བྱེད་པས་འདུལ་བར་བྱེད་པའོ། །སོ་སོ་སྐྱེ་བོའི་ལག་པ་ལ་སོགས་པའི་ཡན་ལག་ གིས་ཀྱང་སྡང་བ་ཟློག་པར་བྱེད་པ་མཐོང་བའི་ཕྱིར། རྣལ་འབྱོར་པའི་ལག་པ་ལ་སོགས་པ་རྣམས་ཁྲོ་བོའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར། ཤིན་ཏུ་དྲག་པའི་གདུག་པ་ཟློག་པར་བྱེད་དེ་ཞེས་གསུམ་དུ་སྦྱར་རོ། །དེ་བཞིན་དུ་འགྲོ་བའི་རྒྱུད་ཀྱི་སྒོ་ནས་བརྟགས་པའམ། རྣལ་འབྱོར་གྱི་སྒོ་ནས་བསྐྱེད་ པའི་རིམ་པ་མངོན་པར་བརྗོད་དོ། །ད་ནི་དེ་དག་ལ་མངོན་པར་ཞེན་པ་སེལ་བའི་ཆེད་དུ་གསུངས་པ། དེ་དེ་ཞེས་པ་ལ་སོགས་པ་སྟེ། ལྷ་ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པ་རྣམས་སོ། །ལྷ་མོ་ནི་སྤྱན་མ་ལ་སོགས་པ་རྣམས་སོ། །ཅིའི་དོན་དུ་སླར་ཡང་བསྟན་ཞེ་ན་གསུངས་པ། སེམས་ཅན་ཞེས་བྱ་བ་ ལ་སོགས་པའོ། །དེ་ལྟ་མོད་ཀྱི་ལྷ་ལ་དམིགས་པས་ཐོབ་པར་ནུས་པ་ཅི་ལྟར་ཞེ་ན། གཞག་པར་བྱ་སྟེ་དང་པོའི་ཡུལ་ལ་ཡང་གཟུགས་རྡོ་རྗེ་ལ་སོགས་པ་ཉིད་ཀྱིས་བཞག་ནས་ཞེས་པ་ལྷག་མའོ། །གང་གི་ཕྱིར་ལྷའི་རྒྱུད་མེད་པ་དེའི་ཕྱིར་རྣལ་འབྱོར་པ་སྟེ། སེམས་ཙམ་གྱི་རྣལ་འབྱོར་འདི་ ལ་ཡོད་དོ་ཞེས་པ་རྣལ་འབྱོར་པའོ། །གཉིས་མེད་ཅེས་པ་ནི་ཤེས་བྱ་དང་ཤེས་པ་གཉིས་ཀ་སེམས་ཙམ་གྱི་ངོ་བོས་གཉིས་སུ་མེད་པར་མཐོང་བ་གང་ལ་ཡོད་པ་དེ་དེ་བཞིན་ནོ། །དམན་དང་ཞེས་པ་ལ་སོགས་པས་ཡུལ་རྣམ་པ་གསུམ་བསྟན་པ་ཅི་ཡིན་པ་དེ་རྣམ་རིག་ཙམ་ཡིན་ནོ་ཞེས་གསུངས་པ། ཡེ་ ཤེས་གསུམ་ཞེས་པ་ལ་སོགས་པའོ། །འདིའི་རྒྱས་པར་བཤད་པ་གསུངས་པ། འགྲོའོ་ཞེས་པ་ལ་སོགས་པ་སྟེ། འགྲོ་བར་བྱེད་དོ་ཞེས་པ་ཐོབ་པར་བྱ་བའི་དབང་པོ་རྣམས་སོ་ཞེས་རང་གི་སྡེ་པ་ཁ་ཅིག་རྣམས་འདོད་དོ། །དེ་དང་དེ་ཞེས་པ་ནི། མིག་ལ་སོགས་པའི་དབང་པོ་རྣམས་དུ་མ་ཉིད་ ཀྱི་ཕྱིར་ཟློས་པའོ། །རང་ཉིད་ཅེས་པ་ནི་རང་བཞིན་འདི་རྣམས་སོ། །སྣང་བ་ཙམ་ཞེས་པ་ནི་ཤེས་བྱའི་དབང་གིས་ཤེས་པ་རྣམ་པར་གཞག་པའོ། །དགོངས་པ་ཅིས་དེ་ལྟར་རྣམ་རིག་ཙམ་དུ་རྣམ་པར་བཤད་པར་བྱ། ཤེས་པ་དང་ཤེས་བྱ་བརྫུན་པ་ཉིད་དུ་སྒྲུབ་པའི་དོན་དུ་གསུངས་པ་ཡང་། ཤེས་ 31-1-39b བྱ་ཡོད་ལྟར་ཤེས་པ་སྟེ། །ཤེས་དང་ཤེས་བྱ་དེ་བཞིན་ཡོད། །གང་ཚེ་གཉིས་ཀ་སྐྱེ་བ་མེད། །སངས་རྒྱས་དེ་ཚེ་ཡོད་པ་ཅི། །ཤེས་པ་མེད་བཞིན་ཤེས་བྱ་མེད། །རྣམ་ཤེས་དེ་དག་མེད་པའང་མེད། །དེ་ཕྱིར་རང་བཞིན་དེ་མ་རྙེད། །ཤེས་དང་ཤེས་བྱ་ཉིད་དུ་བརྗོད། །ཅེས་པ་མ་ཡིན་ནམ་ཞེ་ན། ཤེས་ པ་དང་ཤེས་བྱ་དག་ལྟོས་པ་མེད་པར་གྲུབ་པ་ཉིད་ཀྱི་ཕྱིར། བརྫུན་པ་ཉིད་དུ་གསུངས་པ་མ་ཡིན་ནམ། ཙམ་གྱི་སྒྲ་ལ་དགོས་པ་ཅི་ཡོད། ཙམ་གྱི་སྒྲའི་དོན་ཚིག་ཏུ་བརྟགས་པ་དོན་དམ་པ་ཉིད་ཀྱི་དོན་དུ་དགག་པར་བྱའོ། །ཡང་ན་རྣམ་ཤེས་ལ་ལྟོས་པ་མེད་པར་ཐོབ་པའི་ལུས་ཀྱི་རྨི་ལམ་ཉེ་བར་དམིགས་ པའི་དོན་ཉིད་ཀྱི་དོན་དུ་བཀག་གོ། །ཡང་ན་རྨི་ལམ་དང་བྲལ་བ་ཉིད་ཀྱི་དོན་གཟུང་བ་ལ་སོགས་པ་སྒོམ་པར་བྱེད་པའི་རྣམ་པར་ཤེས་པ་ཉིད་སོ་སོར་རྟོགས་པར་བྱའོ། །འདི་དག་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན།དོན་བྱེད་ནུས་པ་གང་ཡིན་པ། །དེ་འདིར་དོན་དམ་ཡོད་པ་ཡིན། །ཞེས་དོན་དམ་པ་ ཡོད་པའི་དོན་གྱི་མཚན་ཉིད་དུ་བརྗོད་པར་བྱའོ། །རྨི་ལམ་ཡང་ཡོད་པའི་ཕྱིར་འདིས་དོན་བྱེད་དོ། །བསྲེགས་པ་དང་སྨིན་པ་དང་། ཡན་ལག་མཆོག་ལ་རེག་པ་དམིགས་ནས། བདེ་བ་ལ་སོགས་པ་རྨི་ལམ་དུ་མཐོང་ཞིང་དམིགས་བཞིན་པ་ཉིད་ཀྱི་ཕྱིར་རོ། །ཡང་ན་བྱང་ཆུབ་སེམས་ཀྱི་རྣམ་ པར་བཤད་པར་འཕགས་པས་གསུངས་པ། བདག་ཏུ་འཛིན་པ་བཟློག་པའི་ཕྱིར། །ཕུང་པོ་ཁམས་སོགས་བསྟན་པ་ཡིན། །སེམས་ཙམ་རྣམ་པར་གཞག་པ་གང་། །དེ་ཡང་བདག་ཉིད་ཆེན་པོ་སྤངས། །ཞེས་གསུངས་པ་དང་། སྟོང་ཉིད་བདག་ཉིད་ཚུལ་ཆེན་གྱིས། །སེམས་འདི་ཉིད་ འདི་ཀུན་བརྟགས་དང་། །གཞན་གྱི་དབང་དང་ཡོངས་གྲུབ་པ། །ཉིད་དུ་ཡང་ནི་བརྟགས་པ་ཡིན། །ཞེས་སོ། །སུན་འབྱིན་པས་བརྗོད་པ། དེའི་ཕྱིར་རྣམ་པར་ཤེས་པར་སྨྲ་བ་འདི་ལྟ་བུ་ཉིད། འཕགས་པས་བཞེད་དོ་ཞེ་ན་མ་ཡིན་ཏེ། གཞན་གྱི་ཕྱོགས་རྗེས་སུ་བརྗོད་ནས་སུན་འབྱིན་པ་བརྗོད་པ་ ཉིད་ཀྱི་ཕྱིར་རོ། །བདག་ཉིད་ནི་རྣམ་རིག་ཙམ་དུ་མ་ཡིན་ནོ་ཞེས་གསུངས་སོ། །དེ་དང་གཞན་ཉིད་དུ་བརྟགས་པའི་རང་བཞིན་མེད་པ་ལ་སོགས་པའི་མཚན་ཉིད་སྒྱུ་མ་ལྟ་བུ་དང་། རྟག་པ་དང་། རྟག་པ་མ་ཡིན་པ་ལ་སོགས་པའི་རང་བཞིན་དང་བྲལ་བ་ཀུན་རྫོབ་བདེན་པའི་ངོ་བོར་གསུངས་སོ། །འདིར་དབུ་ 31-1-40a མར་ཡང་། གཟུགས་ལ་སོགས་པ་རྒྱ་ཆེར་ནི། །ལྡོག་པས་རྣམ་རིག་འབྱུང་མི་འགྱུར། །བསྒྲུབ་བྱ་དབང་པོ་ལ་སོགས་རྟོགས། །རྣམ་རིག་ཙམ་ཉིད་མ་གསུངས་སོ། །ཞེས་དང་། ཀླུའི་བློའི་ཞབས་ཀྱིས་ཀྱང་། འགལ་ཏེ་སླར་ཡང་གཞན་གྱི་བརྗོད་པའི་རྣམ་པར་ཤེས་པ་སྨྲ་བར་ མངོན་པར་རྟོགས་པར་བྱ་སྟེ། དེའི་ཚེ་ཉེས་པ་ཅིར་འགྱུར། དེའི་ཚེ་དངོས་པོ་མེད་པའི་དེ་བཞིན་ཉིད་དུ་འགྱུར་རོ། །དངོས་པོ་མེད་པའི་དེ་བཞིན་ཉིད་འཕགས་པས་བཞེད་པ་ཡང་མ་ཡིན་ནོ། །གསུངས་པ་ཡང་འདིའི། དངོས་པོ་ཉིད་དང་དངོས་མེད་ཀྱང་། །མྱང་འདས་གྱུར་པ་ཡོད་མ་ཡིན། །དངོས་ དང་དངོས་མེད་གསལ་བ་ལ། །དེ་ནི་མྱ་ངན་འདས་པར་བརྗོད། །ཅེས་སོ། །ཐེག་པ་ཆེན་པོར་རྣམ་པ་གཉིས་འཇུག་པར་བྱེད་པ་བསྒྲུབ་པའི་དོན་དུ་མུ་སྟེགས་དོན་སྨྲ་བ་རྣམས་ཀྱིས་སུན་ཕྱུང་བའོ། །དེ་ཡང་རྣམ་པར་ཤེས་པ་སྨྲ་བ་རྣམས་ཀྱིས་རྣམ་པར་ཤེས་པ་ཡང་དབུ་མ་པ་རྣམས་ཀྱིས་ སུན་ཕྱུང་བའོ་ཞེས་པ་མི་རིགས་སོ། །དོན་ལ་སོགས་པ་རྣམས་ཀྱིས་དངོས་པོ་མེད་པར་བྱ་བའམ། རང་བཞིན་གཞན་གྱིས་འགྲུབ་པ་ཡང་མ་ཡིན་ནོ། །དེའི་ཕྱིར་དེ་རྣམས་ཚད་མའི་གཞལ་བར་བྱེད་པའི་དངོས་པོ་འཁོར་བ་དང་མྱ་ངན་ལས་འདས་པར་རྣམ་པར་གཞག་པར་ཤེས་པར་ བྱེད་པ་མ་ཡིན་པ་ཁོ་ནའོ། །དེའི་ཚེ་ཚིག་དག་ཉིད་ནི། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ། །དེ་དག་ཀུན་རྫོབ་དེ་ཉིད་བདེན་ལས་ཉམས། །དེ་ལས་ཉམས་པ་མཐར་གྲུབ་ཡོད་པ་མིན། །ཞེས་དང་། གང་ཞིག་ཐ་སྙད་བདེན་པ་ཐབས་སུ་ གྱུར། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །དེ་དག་རྣམ་དབྱེ་གང་གིས་མི་ཤེས་པ། །དེ་ནི་རྣམ་རྟོག་ལོག་པས་ལམ་ངན་ཞུགས། །ཞེས་སོ། །སྤྲོས་པས་ཆོག་གོ། །སྐབས་སུ་བབ་པ་ཉིད་བརྗོད་པར་བྱ་སྟེ། དེ་དེའི་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ལ་མིག་ལ་སོགས་པའི་བདག་ ཉིད་སའི་སྙིང་པོ་ལ་སོགས་པ་དབང་པོའི་ལམ་གྱིས་ནི་ཐབས་ཀྱིས་སོ། །ཡུལ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པའི་བདག་ཉིད་ཅན་ནོ། །ཐོབ་པ་ནི་ཡུལ་ཅན་དུ་བྱས་ནས་སོ། །སྒྲུབ་པ་པོ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་བསྒྲུབ་པར་འདོད་པའོ། །དེ་བཞིན་གཤེགས་པ་རྣམས་ནི་དེ་བཞིན་ 31-1-40b གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཅན་སྒྲུབ་པ་པོའོ། །མ་ལུས་པ་ནི་གཟུགས་ལ་སོགས་པ་ལྔ་པོ་དམན་པའམ། བར་མ་དང་མཆོག་རྣམས་བསྡུས་པའོ། །ཚིམ་པར་བྱ་ཕྱིར་ནི་ཚིམ་པའི་ཆེད་དུའོ། །དབུལ་བར་བྱ་བ་ནི་ཉེ་བར་དབུལ་བར་བྱ་བ་སྟེ། སྣང་བ་གསུམ་པོ་ཉིད་ཀྱི་རང་བཞིན་དུ་ ཤེས་པར་བྱ་བའོ། །འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་སྟེ་གསུངས་པ་ཡང་། གཟུགས་མཐོང་དགའ་སྟོན་ཆེན་པོ་སྟེ། །ཐོས་ལྡན་འདོད་པས་མྱོས་པར་བྱེད། །སྔགས་ཀྱི་ཚིག་ནི་དྲི་ཡིན་ནོ། །རང་དབང་ཆུ་ཉིད་ཆུ་སྦྲང་རྩི། །ལྷན་ཅིག་སྐྱེས་པ་མྱང་བར་འདོད། །ཆགས་ པ་ལུས་ཀུན་བདེ་བ་ཞེས། །དཔེ་མེད་སྣ་ཚོགས་དེ་འདོད་པ། །འབྲས་བུ་འཁྱུད་པ་ཁྱོད་ལ་སྦྱིན། །ལྷ་མོ་ལྷག་མའི་ཡུལ་རྣམས་ལ། །གཙོ་བོ་དོན་མེད་རྡོ་རྗེ་ཅན། །ཞེས་སོ། །སྐུ་གསུམ་གྱི་རྒྱུ་ཅན་སྐུ་བཞི་པ་གསུངས་པ། སྐུ་ཞེས་པ་ལ་སོགས་པ་སྟེ། སྐུ་གསུམ་ནི་སྤྲུལ་པ་ལ་སོགས་པའོ། ། དེ་ལ་འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་དང་བྲལ་བའི་དེ་བཞིན་གཤེགས་པ་གང་ཡིན་པའི་སྤྲུལ་པའི་སྐུ་ནི། མིང་དང་སྐལ་བ་མཉམ་པ་གང་དུ་གནས་ནས་ཆོས་ཀྱི་དབྱིངས་མངོན་སུམ་དུ་བྱེད་པའོ། །ལོངས་སྤྱོད་རྫོགས་པ་ནི་འོག་མིན་དུ་ལྷ་དང་སྐལ་བ་མཉམ་པས་ཆོས་ཀྱི་ དབྱིངས་མངོན་སུམ་དུ་བྱེད་པ་སྟེ། སྤྲུལ་པའི་སྐུ་བཞིན་དུ་ཤ་དང་རུས་པ་ལ་སོགས་པ་མི་འཛིན་པ་མེ་ལོང་གསལ་བའི་གཟུགས་བརྙན་ལྟ་བུའོ། །ཆོས་ཀྱི་སྐུར་ནི་སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་དག་གི་དངོས་པོ་མེད་པའི་བདག་ཉིད་དོ། །འདི་ཡང་བཅོམ་ལྡན་འདས་ཀྱིས་སྐུ་གསུམ་པར་ གསུངས་ཏེ། ཡིད་ཀྱིས་བསམ་གྱིས་མི་ཁྱབ་པ་ཚིག་གི་རྣམ་པར་རིག་པར་བྱེད་ནུས་པ་སེམས་ཅན་གྱི་དོན་སྐལ་བ་ཇི་ལྟ་བ་བཞིན་དུ་བྱེད་པ་འཇིག་རྟེན་གྱི་རྗེས་སུ་འཇུག་པར་བདེན་པ་གཉིས་པོའི་ཡང་རང་བཞིན་དུ་མེད་པའི་ཕྱིར་རོ། །གསུངས་པ་ཡང་། སེམས་ཅན་དོན་ནི་གཅིག་པུ་མཛད་པ་ དཔག་ཏུ་མེད་པའི་བསོད་ནམས་ཡེ་ཤེས་ཆེ་བ་དག་ལས་པའི། །ཡིད་དང་ངག་གི་ལམ་དང་སོ་སོར་བྲལ་བར་གྱུར་པའི་བདེ་གཤེགས་རྣམས་ཀྱི་སྐུ་ནི་གསུམ་པོ་རྣམས། །ཞེས་སོ། །རྡོ་རྗེ་ཐེག་པར་ནི་སྐུ་གསུམ་ཡང་རྡོ་རྗེ་འཆང་གི་ངོ་བོ་ཞེས་ཐ་དད་པར་གྱུར་པས་སྐྱོབ་པ་ཡི་ཞེས་པ་རྡོ་རྗེ་འཆང་ཆེན་པོས་སོ་ 31-1-41a གསུམ་པོ་དེ་ནི་གཅིག་ཏུ་གྱུར་པ་ནི་གཅིག་གི་ངོ་བོར་རོ། །རྫོགས་པའི་རིམ་པ་ནི་ཟུང་འཇུག་གི་ངོ་བོར་སྦྱོར་བ་ནི་དེ་ལ་དམིགས་པ་དེས་སོ། །སླར་ཡང་འདི་ཅི་ལྟར་འགྱུར་ཞེ་ན་གསུངས་པ། ཀུན་རྫོབ་སྟེ་མི་ལ་སོགས་པར་རབ་ཏུ་གྲུབ་པའི་ཕུང་པོ་ལ་སོགས་པ་ཉིད་ཀྱིས་སོ། །གང་ ཞིག་བདེན་པར་ནི་རྣལ་འབྱོར་པའི་སོ་སོར་སྒྱུ་མ་ལྟ་བུ་ཉིད་དོ་ཞེས་པ་འདིས་སོ། །སངས་རྒྱས་རྣམས་ཀྱི་སྐུ་མཚན་ཉིད། །ཅེས་པ་ནི་སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་དག་གི་ཕྱི་དང་ནང་གི་བདག་ཉིད་ཅན་འདི་བདག་ཉིད་ཅན་དུ་གསུངས་སོ། །གསུངས་པ་ཡང་། ཇི་ལྟར་ཤིན་ཏུ་ཆེས་གསལ་མེ་ལོང་ལ། ། གཟུགས་བརྙན་ཡན་ལག་ཀུན་ལྡན་གཟུགས་སྣང་བ། །དཔེ་བྱད་བརྒྱད་ཅུ་སུམ་ཅུ་རྩ་གཉིས་མཚན། །རྡོ་རྗེ་འཆང་ལུས་རྟག་ཏུ་དེ་བཞིན་ནོ། །ཞེས་སོ། །དེ་ཉིད་ཅེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་ཉིད་ཀྱི་ཕྱིར་འདིར་ཡང་སྐུ་གསུམ་ཡོངས་སུ་དག་ཅེས་པ་ལོངས་སྤྱོད་པའི་སྐུས་ལྷན་ ཅིག་པ་དེའི་བདག་ཉིད་ཡོངས་སུ་ཤེས་པའི་ཕྱིར་རོ། །ཚིག་གི་ལམ་གྱི་ཡུལ་འདི་ཉིད་ནི་དཔེ་གཅིག་གཉིས་ཀྱིས་བླ་མ་ལས་སྒྲུབ་པར་ནུས་པ་ཉིད་ཀྱི་ཕྱིར་རོ། །ཡེ་ཤེས་རང་བཞིན་ནི་སྣང་བ་ལ་སོགས་པའི་ཡེ་ཤེས་ཀྱིས་བསྐྱེད་པ་ཉིད་ཀྱི་ཕྱིར་དང་། འོད་གསལ་བའི་ཡེ་ཤེས་ཀྱིས་བསྐྱེད་པ་ ཉིད་ཀྱི་ཕྱིར་ཡང་ངོ་། །གཙོ་བོ་ནི་ཁམས་གསུམ་པའི་དབང་ཕྱུག་ཉིད་ཀྱི་ཕྱིར་རོ། །སྣང་བ་ཡི་ནི་སྐུ་གཉིས་དང་དེ་འགོག་པས་སོ། །འཇའ་ཚོན་བཞིན་དུ་སེམས་ཅན་རྣམས་ཀྱི་དགེ་བ་དང་མི་དགེ་བ་ལ་སོགས་པ་གསལ་བར་བྱེད་པ་འོད་ཟེར་ལྔ་བསྐྱེད་པ་ནམ་མཁའི་ཁོངས་སུ་འཇུག་པ་དབང་པོའི་ གཞུ་ལྟ་བུའོ། །ཕྱི་ནས་རིམ་གྱིས་མཐར་ནམ་མཁའ་ཉིད་དུ་ཐིམ་པར་འགྱུར་རོ། །འདིར་ཡང་དག་པར་གསལ་བར་བྱེད་པ་ཙམ་མོ། །བཅོམ་ལྡན་འདས་སེམས་ཅན་གྱི་དོན་མཛད་པ་ནམ་མཁའི་ཁོངས་ལས་བཞེངས་ནས། དེ་ཉིད་དུ་ཐིམ་པའི་མྱ་ངན་ལས་འདས་པ་གདུལ་བྱ་རྣམས་ཀྱི་ ཡང་ངོ་། །མཁའ་ལ་དབང་པོའི་མཚོན་ཆའི་ཁ་དོག་དུ་མ་སྣང་། །དེ་བཞིན་འདིར་ནི་དགེ་སོགས་ལས་རྣམས་ཇི་བཞིན་དུ། །རྡོ་རྗེ་འཛིན་པའང་དཀར་སོགས་ཁ་དོག་ཕུན་སུམ་ཚོགས། །མ་ལུས་དེ་དེ་འཇིག་རྟེན་འདིར་ནི་སྟོན་པར་མཛད། །ཅེས་སོ། །གནས་སྐབས་ཀྱི་དབྱེ་བ་ལ་བརྟེན་ 31-1-41b ནས་གསུངས་པ། སེམས་ཞེས་པ་ལ་སོགས་པའོ། །སེམས་ལ་སོགས་པ་རྣམ་གྲངས་གཞན་གྱིས་གསུངས་པ། ཤེས་རབ་ཅེས་པ་ལ་སོགས་པའོ། །སླར་ཡང་གཞན་གསུངས་པ། སྟོང་པ་ཞེས་པ་ལ་སོགས་པའོ། །དེ་ནས་ཞེས་བྱ་བ་ནི་དེ་ནས་སྟོང་པ་ཆེན་པོའི་རྒྱུ་ཅན་ལས་འོད་ གསལ་བ་ལས་ལངས་ནས་སྤྱོད་པ་སྤྱད་པར་བྱ་སྟེ། སྤྱོད་བསྡུས་སུ་གསུངས་པའི་རིམ་པས་སོ། །སྤྱོད་པ་ཅི་ལྟར་བྱ་ཞེ་ན་གསུངས་པ། རང་བཞིན་ཞེས་པ་ལ་སོགས་པའོ། །སྤྱོད་པའི་འབྲས་བུ་གསུངས་པ། ལས་ཀྱི་ལུས་ཞེས་པ་ལ་སོགས་པ་སྟེ། ལས་ཀྱི་ལུས་ནི་དགེ་བ་ལ་སོགས་ པའི་ལས་ལས་སྐྱེས་པའི་མི་ལ་སོགས་པའི་ཕུང་པོའོ། །རྡོ་རྗེའི་སྐུ་ཉིད་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་དོ། །ཐུགས་ལ་ཞེས་བྱ་བ་ལ་སོགས་པས་སྤྱོད་པ་སྟོན་པར་བྱེད་དེ། དོན་སྤྱོད་ན་དོན་ནི་གཟུགས་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་པོ་སྤྱོད་པ་ནི་དེ་རྣམས་ཉམས་སུ་མྱོང་བའོ། །འཇིག་རྟེན་པ་ ནི་འཇིག་རྟེན་འདི་ལ་ཡོད་པས་འཇིག་རྟེན་པའོ། །དེ་འདིའི་དོན་ཏོ། །འཇིག་རྟེན་འདོད་པའི་ཡོན་ཏན་ལྔ་ལ་ཆགས་པ་རྣམས་འདོད་པ་ཉེ་བར་ལོངས་སྤྱོད་པ་ཉིད་ཀྱིས་གདུལ་བར་བྱའོ་ཞེས་ཐུགས་ལ་བཞག་ནས་གསུངས་པ། སྤྲུལ་ཞེས་པ་ལ་སོགས་པ་སྟེ། སྐུ་ནི་སྤྲུལ་པའི་སྐུའོ། ། ལོངས་སྤྱོད་པ་ནི་ཉམས་སུ་མྱོང་བའོ། །ཇི་ལྟ་ཇི་ལྟར་ནི་ཇི་ལྟར་འདོད་པར་རོ། །ཉེ་བར་ལོངས་སྤྱོད་པའི་དོན་ནི་འདོད་པ་ཉེ་བར་ལོངས་སྤྱོད་པ་མིའི་ལུས་སོ། །གསུངས་པ་ཡང་། སྤྱོད་པ་ལོངས་སྤྱོད་ལས་རབ་བརྗོད། །འཇིག་པའི་གཟུགས་ནི་ངན་པར་བཤད། །ཅེས་མཉམ་པའི་སྤྱོད་ པའོ། །སྟེར་བར་བྱེད་ཅེས་པ་ལ་སོགས་པ་ནི་དོན་གྱི་སྤྱོད་པ་ཡིད་བཞིན་གྱི་ནོར་བུ་ཆེན་པོ་བཞིན་དུ་རྣམ་པར་རྟོག་པ་ཉེ་བར་དགའ་བ་མ་ལུས་པ་ཡང་ངོ་ཞེས་པའོ། །སྟོབས་ཀྱི་ཞེས་པ་ནི་ཡིད་ཀྱི་ཀུན་དུ་རྟོག་པ་ཙམ་ལས་སོ། །སྟོབས་ལ་སོགས་པས་འདི་རྣམས་ཐམས་ཅད་ཕུན་སུམ་ཚོགས་པ་ རང་འབྱུང་བ་ཉིད་དུ་བརྗོད་པར་བྱའོ། །མཆོག་ཐོབ་པའི་ངེས་པར་བྱ་བ་གསུངས་པ། གང་ཞེས་བྱ་བ་ལ་སོགས་པ་སྟེ། གང་དང་གང་དུ་ཞེས་བྱ་བ་ལ་སོགས་པས་བྱ་བ་ལ་ངེས་པ་མེད་པ་ཉིད་དུ་ཡང་མཉམ་པར་གཞག་པ་ཉིད་དོ། །ཐོགས་པ་མེད་པ་ཞེས་བྱ་བ་ནི་མཉམ་པར་གཞག་པ་ཉིད་ཀྱིས་ 31-1-42a བྱེད་པའོ། །མཉམ་པར་གཞག་སྦྱོར་བ་ཡི་ཞེས་པ་ནི་བདུན་གྱི་མཐར་དེ་སྦྱོར་བར་བྱའོ། །གང་ཡང་གང་གི་ཕྱིར་ཐོགས་པ་མེད་པ་དེའི་ཕྱིར་མཉམ་པར་མ་བཞག་པའི་སྦྱོར་བ་དང་ལྡན་པས་ཀྱང་རྟག་ཏུ་མཉམ་པར་གཞག་པའོ། །འགྲོ་བར་གྱུར་པ་དེ་དང་དེ། དབང་པོ་ ཞེས་པ་ལ་སོགས་པས་གལ་ཏེ་དབང་པོ་དང་ཡུལ་དག་གི་སྣང་བ་ཙམ་ཉིད་དང་པོར་བསྒྲུབ་པ་དེ་བཞིན་དུ་ད་ལྟ་ནི། མཉམ་པར་མ་བཞག་པའི་སྦྱོར་བའི་དབང་དུ་བྱས་ནས་དེའི་རབ་ཏུ་དབྱེ་བ་བརྗོད་པར་བྱ་སྟེ། འདིར་ཡུལ་དུ་གསལ་བ་ཉིད་ཀྱི་ཕྱིར་རོ་ཞེས་གསུངས་པ།རྡོ་རྗེ་ཞེས་བྱ་བ་ལ་སོགས་ པ་སྟེ། འདི་དག་ཉེ་བར་མཚོན་པར་བྱེད་པ་སྟེ། དེས་མིག་ལ་སོགས་པའི་དབང་པོའི་སྣང་བ་ཡང་བདེ་བའི་བདག་ཉིད་ཡེ་ཤེས་གསུམ་གྱི་ཆར་རིག་པར་བྱའོ། །གོས་པ་ནི་ཡུལ་ལ་ཀུན་ནས་ཞེན་པའོ། །མ་གོས་པའི་བློ་གྲོས་ནི་ཀུན་ནས་ཞེན་པ་མེད་པའི་བློ་གྲོས་སོ། །དེར་ནི་ཞེས་པ་ནི་ཡུལ་ལ་ མཆོག་ཏུ་འཛིན་པ་ཀུན་ནས་ཞེན་པའོ། །དེའི་ཕྱིར་བདེ་བས་གནས་པར་བྱའོ། །རྟག་ཏུ་ཞེས་པ་ནི་བར་སྐབས་སུ་བདེ་བ་དང་འབྲེལ། བར་སྐབས་སུ་སྡུག་བསྔལ་འབྱུང་བ་ལས་སོ་ཞེས་པ་ལྷག་མའོ། །རོལ་ཞེས་པ་ལ་སོགས་པ་ནི། གཏན་ལ་དབབ་པའི་གཞི་ལ་རིམ་པའི་ཆ་ཤས་སྟོན་པར་བྱེད་དོ། ། རོལ་པར་བྱེད་པ་ནི་སེམས་ཅན་གྱི་དོན་དུ་རྣམ་པ་སྣ་ཚོགས་པའི་གཟུགས་ཀྱིས་རྣམ་པར་འགྱུར་བར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དངོས་བདག་ཀུན་ལ་སྟེ། བརྟན་པ་དང་གཡོ་བའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་མཛད་པ་ཞེས་པ་ནི་འདོད་ཆགས་ལ་སོགས་པ་ཁམས་སྣ་ཚོགས་པའི་ རང་བཞིན་གྱི་རིགས་ཀྱིས་སེམས་ཅན་སྨིན་པར་བྱེད་པ་དང་། གྲོལ་བར་བྱེད་པ་ལ་སོགས་པའོ། །ཡང་དག་པ་ཇི་ལྟ་བར་གསུངས་པའི་ཆོ་གས་རབ་ཏུ་གསལ་བར་བྱ་བ་གང་ཡིན་པ་ཞེས་པ་ནི་གཏན་ལ་དབབ་པ་སྟེ། རྡོ་རྗེ་ལྟ་བུའི་ལམ་མོ། །དེ་ལ་གནས་པ་ནི་དེའི་བདག་ཉིད་ཀྱིས་སོ། །རྣལ་འབྱོར་ ཞེས་པ་ལ་སོགས་པས་ཡེ་ཤེས་ཀྱི་སྐུ་ཉིད་ཀྱིས་རྣལ་འབྱོར་བཞི་ལ་སོགས་པའི་འབྲེལ་པ་སྟོན་པར་བྱེད་དོ། །རྡོ་རྗེ་ཅན་ཞེས་པ་ལ་སོགས་པས་བརྟགས་པའི་རྣལ་འབྱོར་གྱི་སྐུའི་ལུས་རྣམ་པར་དབེན་པའོ། །བཀག་པ་ཞེས་པ་ལ་སོགས་པ་སྟེ། གོས་མི་འགྱུར་ཞེས་པ་ནི། བཀག་པ་སྤྱོད་པའི་བྱེད་ 31-1-42b པའི་སྐྱེ་བོ་དེ་གང་གིས་ཀྱང་ཡང་དག་པར་གནོད་པར་མི་འགྱུར་བའོ། །ངོ་བོ་ཉིད་ཤེས་ནི་ངོ་བོ་ཉིད་ཤེས་པའི་ཕྱིར་རོ་ཞེས་མངོན་པར་དགོངས་སོ། །རང་གི་འདུན་པ་འཇུག་པའོ། །ངོ་བོ་ཉིད་ཤེས་པའི་རྣལ་འབྱོར་པའི་འབྲས་བུ་གསུངས་པ། འགྱུར་ཞེས་པ་ལ་སོགས་པ་སྟེ། ཡོན་ཏན་བརྒྱད་ ནི་གྲངས་བརྒྱད་དུ་ཀུན་དུ་སྤྱད་པས་གྲང་བར་བྱ་བ་རྣམས་ཞེས་པས་ཡོན་ཏན་ཏེ། སྐུའི་དབང་ཕྱུག་ལ་སོགས་པ་རྣམས་སོ། །དེ་རྣམས་དང་ལྡན་པའི་ཡེ་ཤེས་ཀྱི་སྐུ་ནི་སྤྲུལ་པའི་ལུས་ཐོགས་པ་དང་བཅས་པ་ཉིད་ཀྱི་ཕྱིར་རོ། །གང་ཡང་སྤྲུལ་པ་ཡང་མ་ནོར་བ་ཉིད་ཡིན་པའི་ཕྱིར་ཡེ་ཤེས་ཉིད་ ཀྱིས་སོ། །མ་ལུས་པར་ཞེས་པ་འདི་གྲངས་མེད་པ་དང་། གཞལ་དུ་མེད་པ་དང་། བརྗོད་དུ་མེད་པའི་འཇིག་རྟེན་གྱི་ཁམས་རྣམས་ཡང་དག་པར་འཛིན་པར་བྱེད་དོ། །ཁྱིམ་ཞེས་པ་ལ་སོགས་པ་ལ་གང་དུ་སྤྱོད་པ་ཞེས་པ་དེ་ཉིད་འདིའི་ཁྱིམ་སྟེ། ནམ་མཁའ་སྟེ་ནམ་མཁའ་ཁྱིམ་དང་བྲལ་བར་རང་ གནས་སོ། །དེ་ཉིད་ལ་ནི་རོལ་བར་བྱེད་པ་ནི་མངོན་པར་དགའ་བ་སྐྱེད་པར་བྱེད་དོ། །དེའི་དོན་འདི་ཡིན་ཏེ། ཁྱིམ་མངོན་པར་སྐབས་ཡོད་པ་ལ་མངོན་པར་ཆགས་པས་ཞེན་པ་ནི་འདི་ལ་མེད་དོ། །གང་ཕྱིར་མངོན་པར་སྐབས་ཡོད་པའི་ཁྱིམ་འཛིན་པ་ལ་ཁྱད་པར་དུ་དགའ་བར་བྱའོ། །འདི་ལ་ཞེས་པ་ལ་ སོགས་པས་མཚན་མོ་ལ་སོགས་པ་ཉིད་བསྡུས་པར་སྟོན་པར་བྱེད་དོ། །དེ་ལ་མཚན་མོ་ནི་སྣང་བའི་ཡེ་ཤེས་སོ། །ཉིན་མོ་ནི་སྣང་བ་མཆེད་པའི་ཡེ་ཤེས་སོ། །ཐུན་མཚམས་ནི་སྣང་བ་ཉེ་བར་ཐོབ་པའོ། །ཡེ་ཤེས་གསུམ་ནི་བསྟན་ཕྱིར་རོ་ཞེས་པ་ནི། ཡེ་ཤེས་གསུམ་པོ་ཉིད་ཀྱི་མ་ནོར་བ་མཚན་མོ་ལ་ སོགས་པ་ཉིད་ཀྱིས་སོ་སོར་གསལ་བར་བྱེད་པའི་ཕྱིར་རོ། །གང་ཡང་ཡེ་ཤེས་གསུམ་པོ་ཉིད་ཀྱི་དཔེ་སྟོན་པ་ཉིད་ཀྱིས་གསུངས་པའི་ཕྱིར་རོ། །གང་བླུན་པོ་དཔེ་ཉིད་ཀྱིས་རྣམ་པར་རིག་པ་སོ་སོར་སྒྲུབ་པར་བྱེད་པ་ནི་རིགས་པ་མ་ཡིན་ནོ། །གསུངས་པ་ཡང་མཚན་མོ་སྣང་བའི་ཆ་སྟེ་ཞེས་བྱ་བ་ལ་སོགས་ པ་སྤྱིའི་འོ། །དེ་བཞིན་དུ་སྐྱེ་བ་ལ་སོགས་པའི་ཐ་སྙད་ཀྱང་ཡེ་ཤེས་གསུམ་ལས་ལྡང་བ་ཉིད་དུ་བསྒྲུབ་པར་འདོད་ནས་གསུངས་པ། རྣམ་པ་སྣ་ཚོགས་ཞེས་པ་ལ་སོགས་པ་སྟེ། འཇིག་རྟེན་པས་ཞེས་པ་ནི་འཇིག་རྟེན་ཐ་སྙད་ཀྱི་རྗེས་སུ་འགྲོ་བ་རྣམས་ཀྱིས་སོ། །དུས་གསུམ་ཞེས་པ་ནི་འདས་པ་དང་མ་ 31-1-43a འོངས་པ་དང་། དེ་ལྟར་བྱུང་བའི་དུས་གསུམ་མོ། །དབྱེ་བ་ཡིས་ནི་ཟླ་བ་དང་ཕྱོགས་དང་ལོ་ལ་སོགས་པས་སོ། །ཡེ་ཤེས་རྣམ་པ་གསུམ་འབྱུང་ངོ་ནི་གང་ལས་ཡོངས་སུ་བརྟགས་པ་ལས་སོ། །སྐྱེ་བ་ལ་སོགས་པ་ཡང་བསྡུས་པ་གསུངས་པ། སྐྱེ་དང་ཞེས་པ་ལ་སོགས་པའོ། ། གཞལ་དུ་མེད་པ་ཉིད་ཀྱི་ཕྱིར་ཐ་སྙད་རྣམས་ཡང་དག་པར་བསྡུས་པས་བསྡུས་པ་གསུངས་པ། ཇི་སྲིད་ཅེས་པ་ལ་སོགས་པ་སྟེ། སེམས་ཀྱི་རླུང་གི་རྣམ་འཕྲུལ་ལོ་ནི་རླུང་དང་ལྡན་པའི་སེམས་ལས་སྐྱེས་པའོ། །རྣལ་འབྱོར་པ་དང་རྣལ་འབྱོར་པ་མ་ཡིན་པའི་ཐུན་མོང་གི་བྱ་བ་ལ་སོགས་པ་སེམས་ ཙམ་ཉིད་དུ་གསུངས་པ་རྒོད་དང་ཞེས་པ་ལ་སོགས་པ་སྟེ། སྒེག་པ་ལ་སོགས་པ་གར་གྱི་རོ་དགུ་དང་ལྡན་པ་གསུངས་པ། དགུ་ཞེས་པ་ལ་སོགས་པའོ། །རྣལ་འབྱོར་པའི་རང་བཞིན་གྱི་བྱ་བ་གསུངས་པ། ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་སྟེ། ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་རྣམས་ སོ། །སྔགས་ནི་སྦྲུལ་ལ་སོགས་པ་རྣམས་སོ། །དེའི་ཡུལ་ལ་རྣམ་པར་རྟོག་པ་ཡང་། རྡོ་རྗེ་སེམས་དཔའ་སྤྱོད་པའི་ནི་རྡོ་རྗེ་སེམས་དཔའི་བདག་ཉིད་ཅན་གྱི་ཕྱིར་ཡེ་ཤེས་གསུམ་གྱིའོ། །འདི་ཡང་བཅོམ་ལྡན་འདས་ཀྱིས་ལོངས་སྤྱོད་རྫོགས་པའི་སྐུ་ཡོངས་སུ་དག་པའོ། །རྣལ་འབྱོར་པའི་རྒྱུད་ དུ་གཏོགས་པ་ནི་ཡོངས་སུ་དག་པ་མ་ཡིན་པའོ། །དེའི་ཕྱིར་དེ་དག་པའི་རང་བཞིན་དུ་སྒྲུབ་པར་བྱེད་པ་གསུངས་པ། རིན་ཆེན་ཞེས་བྱ་བ་ལ་སོགས་པ་སྟེ། རིན་ཆེན་ནི་རྡོ་རྗེ་སེམས་དཔའི་དེ་བཞིན་གཤེགས་པའི་རིན་པོ་ཆེ་སྟེ། དེ་མ་ཡིན་པ་མེད་པ་ཉིད་དོ། །འདི་ནི་ཞེས་པ་ནི་ཁམས་གསུམ་ པའི་བདག་ཉིད་ཅན་གྱི་འགྲོ་བ་ལའོ། །བདག་བྱིན་བརླབ་པ་མ་གཏོགས་པ། །གཞན་ཆེན་པོ་དེ་ཕྱིར་གསུངས་པ། །དེ་བཞིན་གཤེགས་པ་ལྟ་བུ་ཉིད། །མེད་དེ་སླར་ཡང་མཆོག་ཏུ་ཟད། །ཅེས་སོ། །གལ་ཏེ་འགའ་ཞིག་འོད་གསལ་བ་རྣམ་པར་དག་པ་ལས་གཞན་དུ་མ་ཡིན་ནོ་ཞེས་བརྗོད་ པར་བྱ་བ་ལྷག་མའོ། །དཔེ་གསུངས་པ། མེ་ཡིས་སྦྱངས་པའི་ནོར་བུ་བཞིན། །ཞེས་ཏེ། མྱ་ངན་འདས་པ་འཇིགས་ཆེན་པོ། །ཐལ་བ་དེ་ཡང་བརྗོད་བྱ་མིན། །དེ་དག་དེ་ལ་ཡོད་པ་ཡིན། །དབང་པོའི་དོན་དག་ཁམས་རྣམས་མེད། །ཅེས་གསུངས་པ་མ་ཡིན་ནམ། དེ་དག་འདིའི་དཔེར་ཅི་ལྟར་ཁོང་ 31-1-43b དུ་ཆུད་པར་བྱ་ཞེ་ན། ཆོས་ཀྱི་དབྱིངས་སུ་སྟོང་པར་ཡང་། །དྲི་མ་བསྲེགས་པས་གོས་མེད་ཅེས། །མི་གསུང་འོད་གསལ་མེ་ལ་ཞུགས། །ལངས་ནས་ཡོངས་སུ་དག་པ་ཡི། །བདེ་བས་འདིར་ནི་བསྒྲུབ་པར་བྱ། །ཞེས་དཔེ་སྦྱོར་རོ། །དེ་བཞིན་དུ་མེ་འོད་གསལ་གྱི་དཔེའོ། །ནོར་བུ་ཡོངས་སུ་ དག་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །འོད་གསལ་དུ་ཞུགས་པ་ནི་མེར་ཞུགས་པའོ། །ལངས་པའི་ནི་ལོངས་སྤྱོད་རྫོགས་པའི་འོ། །མེ་ལས་བྱུང་བའི་ནོར་བུའི་མཆོག་སྟེ་ནོར་བུ་ལས་དྲི་མ་མེད་པ་ཡོངས་སུ་དག་པའོ། །དེའི་ཕྱིར་འོད་གསལ་དུ་ཞུགས་པ་ཕུང་པོ་ལ་སོགས་པ་དངོས་པོ་མེད་པ་ བསྒྲུབ་པའི་དོན་དུ་གལ་ཏེ་འདི་དཔེར་འགྱུར་ན། དེའི་ཚེ་འགལ་བར་འགྱུར་རོ་ཞེ་ན། དཔེ་དང་དཔེ་ཅན་དག་བདག་ཉིད་ཐམས་ཅད་ཀྱིས་མཚུངས་པར་འགྱུར་བ་ནི་མ་ཡིན་གྱི་འབའ་ཞིག་ཏུ་དབྱེ་བ་ལྷག་པར་གནས་པ་ནི་ཡོད་པ་རྣམས་ཀྱིས་མཚུངས་པར་བརྗོད་པར་བྱའོ། །འདིར་མེ་དང་མྱ་ངན་ ལས་འདས་པ་རྣམ་པ་ལྔས་མཚུངས་པར་སྦྱོར་བ་ཉིད་ཀྱིས་རྣམ་པར་མཚུངས་པར་བྱ་བར་འགྱུར་རོ་ཞེས་སོ། །ཡང་འོད་གསལ་དུ་ཞུགས་པ་ལ་རྣམ་པ་མེད་པ་ཉིད་ཀྱི་ཕྱིར་ཅི་ལྟར་ཐམས་ཅད་དངོས་པོ་མེད་པ་ཅན་གྱི་སྟོང་པ་ཉིད་ཀྱི་འོད་གསལ་ལས་ལྡང་བའམ། ཅི་ལྟར་དེ་ལ་དག་པར་འདི་དག་ བརྗོད་པར་བྱ་བ་མ་ཡིན་ནོ། །སྙིང་རྗེའི་བདག་ཉིད་ཀྱིས་ལོངས་སྤྱོད་རྫོགས་པའི་སྐུ་ལ་དམིགས་པ་ནི། ཐོག་མར་ཐམས་ཅད་དངོས་པོ་མེད་པ་འོད་གསལ་བ་ལས། རྣལ་འབྱོར་པས་ལྡང་བར་བྱེད་དོ། །ལངས་ནས་ཀྱང་གྲུབ་པའི་དཔེས་གསུངས་པ། ཀླུའི་བློའི་ཞབས་ཀྱིས་གསུངས་པ་ཡང་། སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་དང་ལྡན་པས་སྟོང་པ་ཉིད་མངོན་སུམ་དུ་བྱའོ་ཞེས་སོ། །སྤྱོད་བསྡུས་སུ་ཡང་། སྔོན་དུ་ཤིན་ཏུ་བསྒོམས་པ་ཉིད་ལ་སྔོན་གྱི་རྣམ་པ་ཅན་གྱི་འབད་པས་འདི་མངོན་དུ་འགྱུར་རོ། །རྣལ་འབྱོར་པ་ཆུང་ངུ་ནི། སོ་སོར་རྟོགས་པར་བཤད་དོ། ། རྣལ་འབྱོར་པ་འབྲིང་པོ་ནི་སོ་སོར་ལོངས་སྤྱོད་རྫོགས་པའི་སྐུའི་འོད་གསལ་བ་དང་ལྷན་ཅིག་པའི་དེའི་བདག་ཉིད་ཡོངས་སུ་ཤེས་པ་ཉིད་འོད་གསལ་དུ་ཞུགས་པ་ལས་ལྡང་བ་ནི་དག་པའོ་ཞེས་སོ། །རྣམ་པར་བཤད་པའི་དོན་དུ་རང་དབང་ཡོངས་སུ་སེལ་བ་གསུངས་པ། བཞུགས་པའི་ 31-1-44a ཞེས་བྱ་བ་ལ་སོགས་པ་སྟེ། བཞུགས་པའི་ཚིག་ནི་བཞུགས་པའི་མཐར་ཐུག་པའི་ཚིག་གི་བརྗོད་བྱ་ནི་བཞུགས་པའི་ཚིག་གོ། །འདི་དག་ནི་ཞེས་པ་བརྗོད་པའི་རྣམ་པས་སོ། །དཔལ་འདུས་པ་ཞེས་པ་ནི། རྒྱུད་གཞན་དུ་ཡང་། རྣམ་པ་འདི་ལྟ་བུ་ལ་སོགས་པའི་བརྗོད་པར་ བྱ་བ་ཡོད་པ་ཉིད་ཀྱི་ཕྱིར་རོ། །འཇམ་པའི་དབྱངས་ཀྱིས་ནི་རྡོ་རྗེ་འཆང་ཆེན་པོས་སོ། །རྡོ་རྗེ་ཕྲེང་བའི་རྗེས་འབྲངས་ནས་ནི་འདུས་པའི་བཤད་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་རྟོགས་པར་བྱའོ། །འོད་གསལ་བ་དང་རྣམ་པར་དག་པ་ཞེས་པ་ལ་སོགས་པ་བརྗོད་པའི་དབང་དུ་བྱས་ནས་གསུངས་པ། སླར་ཡང་ཞེས་བྱ་བ་ལ་སོགས་པའོ། །འདི་སྐད་ཅེས་པ་ཇི་ལྟར་སོ་སོར་བསྟན་པར་བྱ་བའོ། །བདག་གིས་ཐོས་པ་ནི་ལྷག་པར་རྟོགས་པ་སྟེ། དེའི་རྣམ་པས་སེམས་བསྐྱེད་པར་གྱུར་པ་ཞེས་པའི་དོན་ཏོ། །དེ་ཉིད་ནི་འོད་གསལ་བའི་བདག་ཉིད་ཅན་གྱི་འགྲོ་བ་བརྟན་པ་དང་། གཡོ་བའི་བདག་ ཉིད་ཅན་མ་བཅོས་པའི་ངོ་བོའོ། །དུས་གཅིག་ན་ནི་གཅིག་ཁོ་ན་དུས་ཏེ། དེ་ཙམ་ཉིད་ཀྱི་ཕྱིར་དུས་རྣམས་ཐམས་ཅད་དོ། །གསལ་བ་ནི་གསལ་བའོ། །འདི་ཐོས་སོ་ཞེས་པ་འདི་སྦྲེལ་བར་བྱའོ། །བཅོམ་ལྡན་འདས་ནི་འོད་གསལ་བའི་ངོ་བོ་ཉིད་ཀྱི་རྟོགས་པ་ལ་བདུད་བཞི་པོ་ཉམས་པའི་ཕྱིར་ ཏེ། དེ་རྣམས་ཀྱང་དེ་བཞིན་ཉིད་གཅིག་ཉིད་ཀྱི་ཕྱིར་རོ། །ཡང་ན་བྷ་ག་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཏེ་དེ་གང་ལ་ཡོད་པ་དེ་བྷ་ག་ཝཱན་ནོ། །དབྱེར་མེད་པ་ལ་ཡང་མ་ཏུ་པ་ཇི་ལྟ་བའི་ངོ་བོར་ལྡན་ནོ། །རྡོ་རྗེ་གསང་བ་ནི་མི་བསྐྱོད་པ་ལ་སོགས་པའོ། །དེ་རྣམས་སྤྲོ་བར་བྱེད་པའི་མངའ་བདག་ཉིད་ཡིན་པའི་ ཕྱིར་དབང་པོ་སྟེ་དྲུག་པའོ། །དེའི་རྡོ་རྗེ་གསུམ་ནི་སྐུ་རྡོ་རྗེ་ལ་སོགས་པ་སྟེ། འོད་གསལ་བ་གང་དུ་དེ་རྣམས་ཡང་དག་པར་འགྲོ་བར་བྱེད་ཐིམ་པར་བྱེད་པས་མཆོག་སྟེ་ཕུལ་དུ་བྱུང་བའོ། །སྟོང་པ་ཉིད་ཀྱིས་གནས་པ་ལ་འདིར་མི་འབྱུང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་ཐམས་ ཅད་ནི་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ཀྱིས་གསུངས་པའི་ཡེ་ཤེས་འདི་ནི། དེ་བཞིན་གཤེགས་པ་ཐམས་ཅད་དེ། དེ་ཉིད་ཀྱི་ཕྱིར་སླར་ཡང་དེ་ལ་འཇུག་པར་བྱེད་དོ། །བསམ་མི་ཁྱབ་ཅེ་ས་པ་ལ་སོགས་པ་ནི། དེའི་ཕྱིར་འོད་གསལ་ལས་འདས་པ་གང་ཡིན་པའི་ཡོན་ཏན་ནི་སྟོབས་ 31-1-44b བཅུ་མི་འཇིགས་པ་ལ་སོགས་པ་ནི་བསམ་གྱིས་མི་ཁྱབ་པ་སྟེ། འདི་ལྟ་བུའོ། །འདི་ཙམ་མོ་ཞེས་པ་བསམ་པ་སྟེ། དེ་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །དེ་རྣམས་ཕུན་སུམ་ཚོགས་པ་ལ་ནི་བསྐྱེད་པའི་གནས་ལ་སླར་ཡང་ཁྱད་པར་དུ་བྱེད་པའོ། །ཡོད་དང་ཞེས་པ་ལ་སོགས་པ་སྟེ།ཡོད་པ་དང་མེད་པ་ལ་ སོགས་པ་རྣམས་ཀྱིས་འཇིག་རྟེན་གྱི་རྗེས་སུ་མཐུན་པར་འཇུག་པར་བརྗོད་པ་ཉིད་དོ། །དེའི་ཕྱིར་འདིས་འདས་པ་ནི་བྲལ་བའོ། །བཞི་བརྒྱ་པར་གསུངས་པ་ཡང་། ཡོད་དང་མེད་དང་ཡོད་མེད་དང་། །གཉིས་ཀ་མིན་ཞེས་ཀྱང་བསྟན་ཏེ། །ནད་ཀྱི་དབང་ལས་ཐམས་ཅད་ཀྱང་། །སྨན་ཞེས་ བྱ་བར་འགྱུར་མིན་ནམ། །ཞེས་སོ། །དེ་ལ་གྲངས་ཅན་པའི་ཡོད་པར་ལྟ་བ་བཟློག་པའི་དོན་དུ་མེད་ཅེས་བརྗོད་པར་བྱའོ། །མེད་ཅེས་བྱ་བས་ཇི་སྲིད་དུ་ཤིན་ཏུ་མེད་པར་བསྒྲུབ་པར་བྱ་སྟེ། རང་གི་སྡེ་པ་དང་། གཞན་གྲངས་ཅན་གཞན་དེ་དག་གི་དོན་དུ་མེད་ཅེས་བརྗོད་པར་བྱའོ། །ཕྱོགས་ཀྱི་ གོས་ཅན་རྣམས་ཀྱི་དོན་དུ་ཡོད་པ་དང་། མེད་པའོ་ཞེས་བརྗོད་པར་བྱའོ། །ཚུ་རོལ་མཛེས་པ་པ་རྣམས་ཀྱི་དོན་དུ་བརྟག་པ་མེད་པ་ཉིད་ཀྱིས་མེད་པ་མ་ཡིན་ནོ་ཞེས་བརྗོད་པར་མི་བྱ་སྟེ། འདི་རྣམས་ཀྱི་དོན་བྱས་པར་འགྱུར་བ་མ་ཡིན་པ་ཉིད་ཀྱིས་སོ། །གང་དང་གང་འདི་དག་ཐོག་མར་དེ་དང་དེ་ལ་ མཚུངས་པར་སྤྱད་པར་བྱའོ། །གང་དམ་པའི་ཆོས་ཀྱི་སྣོད་ཕྱིར་གཞིལ་བར་བྱེད་པ་མ་ཡིན་ནོ་ཞེས་སོ། །དེའི་ཕྱིར་དེ་ཉིད་མངོན་པར་མཐོང་བ་རྣམས་ཀྱིས་སྤངས་སོ། །གནས་མེད་གནས་པ་ཞེས་བྱ་ནི། །འགའ་ཞིག་ཏུ་ཡང་བརྗོད་པ་དང་། །རྗེས་སུ་བརྗོད་པ་མཐོང་བ་ལ་ཆགས་པ་མེད་པ་ ཉིད་ཀྱི་ཕྱིར་མི་གནས་པའི་བདག་ཉིད་དུ་གནས་སོ་ཞེས་པ་འདིའི་མིང་ངོ་། །དཔེ་གསུངས་པ། ནམ་མཁའ་ཞེས་པ་ལ་སོགས་པ་སྟེ། ནམ་མཁའི་རང་བཞིན་གཅིག་པོ་འདི་དེ་དེ་བཞིན་ནོ། །སངས་རྒྱས་པའི་མདོ་ལས། ནམ་མཁའ་ཉིད་དཔེ་ཉིད་ཀྱིས་བརྗོད་པ། ཇི་ལྟར་ནམ་མཁའ་ དེ་བཞིན་ཉིད། །ཤིན་ཏུ་རྣམ་དག་ཡེ་ཤེས་སོ། །ཞེས་བྱ་བ་ལ་སོགས་པས་སོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་པ་ནི། ཟུང་འཇུག་འགྲོ་བའི་རྣམ་པར་སྒོམ་པར་བྱེད་པ་དེ་གང་ལ་ཡོད་པ་དེ་དེ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། འགྲོ་ཞེས་པ་ལ་སོགས་པ་སྟེ། འགྲོ་བ་རྣམས་ཀྱི་སྙིང་ 31-1-45a པོ་དེ་དང་དེ་ཉིད་དུ་བསྐྱེད་པ་ནི་འགྲོ་བའོ། །ངེས་པར་དངོས་པོ་ཐམས་ཅད། །རྣམ་དག་དེ་བཞིན་ཉིད་དུ་བརྗོད། །ཅེས་གསུངས་པའི་ཕྱིར་རྣམ་དག་ཅེས་བྱ་བའོ། །བཞུགས་པ་ནི་སྐུ་གཉིས་ཀྱིས་དེའི་བདག་ཉིད་དུ་གནས་པའོ། །ཐུབ་པ་ཆེན་པོ་ནི་རྡོ་རྗེ་འཆང་ཆེན་པོའོ། ། མཐར་ཐུག་པའོ་ཞེས་བྱ་བ་ནི་རྣམ་པ་གཉིས་སོ། །སློབ་མ་ལ་བཤད་པའོ་ཞེས་པ་ནི་རིགས་དང་མཐུན་པར་རྣམ་པར་བཤད་པ་ལ་ཕྱི་མ་གསུམ་ཡང་སྦྱར་བར་བྱའོ་ཞེས་པ། སློབ་པར་བྱེད་པའི་དོན་དུ་གསུངས་སོ། །དེ་ལྟར་བཞུགས་པའི་ཞེས་བྱ་བ་ནི་སྔར་བཞིན་ནོ། །བསྟན་ནས་ཞེས་བྱ་བ་ནི་རིན་ཆེན་ འབྱུང་གནས་ཞི་བས་མཛད་པའི་མུ་ཏིག་ཕྲེང་བར་དེ་ལ་བཤད་པ་ལ། དང་པོའི་ངག་ཉིད་ཀྱིས་རྒྱུད་མ་ལུས་པའི་དོན་རྣམ་པར་བཤད་པ་གང་ཡིན་པ་ཞེས་འཆང་བར་ནི་མི་རིགས་ཏེ། རྒྱུད་ཕྱིན་ཅི་ལོག་ཏུ་འགྱུར་བའི་ཕྱིར་རོ། །དང་པོའི་ངག་ཉིད་ཀྱིས་རྒྱུད་མ་ལུས་པའི་དགོངས་པ་བཤད་པ་ཉིད་ཀྱི་ཕྱིར་ རོ་ཞེས་པ་ནི་མི་རིགས་ཏེ། རྒྱུད་རྒྱས་པར་རྣམ་པར་འཆད་པ་ན་སོ་སོར་བསྟན་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །དེ་བསྟན་པར་འདོད་ནས་གསུངས་པ། དེའི་འོག་ཏུ་ཞེས་བྱ་བ་ལ་སོགས་པ་ལ། བརྗོད་ཀྱིས་མི་ལང་བ་ཞེས་བྱ་བ་ལ་སོགས་པ་ནི་གཞལ་དུ་མེད་པ་ཉིད་ཀྱི་ཕྱིར་རོ། །དཔེ་གསུངས་པ། སངས་ རྒྱས་ཀྱི་ཞིང་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་སངས་རྒྱས་ཀྱི་ཞིང་མཐའ་ཡས་པའི་རྡུལ་ཕྲ་རབ་ཀྱི་གྲངས་ཀྱིས་བསྒྱུར་བས་བརྗོད་པར་མི་ནུས་པ་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །གཞལ་དུ་མེད་པ་འདི་རྣམས་ཀྱིས་ལྷའི་འཁོར་ལོ་ཉིད་ཀྱི་ནང་དུ་གཏོགས་པའི་ཕྱིར་གསུངས་པ། དེ་རྣམས་ལས་ ཞེས་བྱ་བ་ལ་སོགས་པ་སྟེ་དེ་ཉིད་ཀྱི་ཕྱིར། འདུས་པའི་དཀྱིལ་འཁོར་བརྗོད་པར་བྱ་སྟེ། ལྷའི་འཁོར་ལོ་ཡང་ཕུང་པོ་ལ་སོགས་པའི་བདག་ཉིད་ཅན་རིགས་བརྒྱའི་དབྱེ་བས་ཤེས་པར་བྱ་བ་རྡོ་རྗེ་འཆང་ཆེན་པོ་ལ་འདུས་པའི་ཕྱིར་འདུས་པ་སྟེ། རྡོ་རྗེ་འཆང་ཆེན་པོའི་སྤྲུལ་པའི་སྐུའོ། ། གང་གི་དབང་དུ་བྱས་ནས་རིགས་བརྒྱའི་རིམ་པ་སོ་སོར་རྟོགས་པར་བྱ་བར་མངོན་པར་བརྗོད་དོ། །འགྲོ་བ་འདི་ཀུན་སངས་རྒྱས་ལྔ་བདག་ཉིད། །ཅེས་བྱ་བ་ལ་སོགས་པ་ངེས་པའི་དོན་དུ་ཡང་འཆད་པར་འགྱུར་བ་བརྗོད་ཀྱིས་མི་ལང་བའི་ཞེས་བྱ་བ་ལ་སོགས་པ། སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་ 31-1-45b རབ་དང་མཉམ་པའི་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་ཀྱི་ཞིང་རྣམས་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་ཡན་ལག་གི་ཆ་ཤས་ཡིན་པའི་ཕྱིར་ཞེས་སོ། །ད་ལྟར་རིམ་པ་གཉིས་པ་ལ་སོགས་པ་བསྡུས་པའི་དོན་དུ་ཡང་འདུས་པའོ། །འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ནི། དཀྱིལ་འཁོར་གྱི་འཁོར་ལོ་ཉེ་བར་སྟོན་པར་བྱེད་པའོ། །ཐུགས་རྡོ་རྗེ་ནི་ཕྱག་ན་རྡོ་རྗེའོ་ཞེས་པ་ནི་ཐུགས་རྡོ་རྗེ་ནག་པོ་ཉིད་ཀྱི་ཕྱིར་ཕྱག་ན་རྡོ་རྗེ་ཁ་དོག་ནག་པོ་ལ་མི་བསྐྱོད་པས་དབུ་ལ་མཚན་པར་འཆད་པར་བྱེད་པ་དེ་ཡང་རིགས་པ་མ་ཡིན་ནོ། །འཕགས་པའི་དགོངས་པའི་རྗེས་སུ་འཇུག་པ་མང་པོ་ རྣམས་དང་ཆེན་པོའི་མཐར་ཐུག་པ་ཀླུའི་བློའི་ཞབས་ཀྱིས་རྣམ་པར་སྦྱར་བའི་དཀྱིལ་འཁོར་གྱི་ཡན་ལག་གི་མཚན་མ་དགོད་པ་མ་མཐོང་བ་སྟེ། གསུངས་པ་ཡང་། དེ་བཞིན་རིན་ཆེན་རིན་ཆེན་སེར། །བརྟུལ་ཞུགས་ཅན་གྱིས་ལྷོ་རུ་དགོད། །ཅེས་བྱའོ། །གང་གི་ཚེ་མཱ་མ་ཀཱི་རིན་པོ་ཆེའི་ རིགས་འཛིན་པར་འགྱུར་བ་དེའི་ཚེ། སེར་པོ་ཇི་ལྟ་བ་བཞིན་དུ་ཕྱག་ན་རྡོ་རྗེ་ཡང་འདིར་རིན་པོ་ཆེའི་རིགས་སུ་འགྱུར་རོ། །དེ་བཞིན་དུ་ཏིང་ངེ་འཛིན་རྡོ་རྗེ་ནི་འོད་དཔག་ཏུ་མེད་པ་སྟེ། ཏིང་ངེ་འཛིན་གྱི་ཕྱག་རྒྱ་འཆང་བའི་ཕྱིར་རོ། །རྣམ་པར་གཞགཔ་གསུམ་པ། ནམ་མཁའི་སྙིང་པོ་པདྨའི རིགས་འོད་གསལ་དུ་འཇུག་པར་མངོན་པར་བརྗོད་པའི་ཕྱིར་པདྨའི་རིགས་ཅན་ཉིད་དོ། །རིན་པོ་ཆེ་དབང་པོའི་ས་ལ་བཞུགས་པས་ན། འདིར་རིན་ཆེན་དབང་པོའི་ཁ་དོག་དང་མཚན་མ་བྱས་པའི་ཕྱིར་གསུངས་པའི་རིམ་པ་རིན་པོ་ཆེའི་རིགས་ཉིད་དོ། །རྒྱལ་བའི་རྡོ་རྗེ་ནི་དྲུག་པ་སྟེ། དེའི་ རིགས་ཅན་བྱམས་པ་ཡང་རྣམ་པར་སྣང་མཛད་ཀྱི་རིགས་ཅན་ནོ་ཞེས། འདིར་མདོར་བྱས་ཀྱི་རིམ་པར་རྣམ་པར་བཤད་པ་གསུམ་པོ་རྣམས་ཁ་ཅིག་སྒྲུབ་པར་མི་བྱེད་དོ། །དེ་བཞིན་དུ་རིམ་པ་གསུམ་པར་གནས་པའི་དེ་བཞིན་གཤེགས་པ་དེ་དང་དེའི་རིགས་ཅན་དེ་དང་དེས། དེ་བཞིན་ གཤེགས་པའི་མིང་དུ་མངོན་པར་བརྗོད་དོ། །ད་ནི་སྙིང་པོའི་རིམ་པར་གནས་པས་རབ་ཏུ་གྲགས་པའི་ས་ལ་སོགས་པའི་སྒྲས་སྤྱན་མ་ལ་སོགས་པ་མངོན་པར་རྗོད་པར་བྱེད་དོ་ཞེས་གསུངས་པ། ས་ཞེས་པ་ལ་སོགས་པ་སྟེ། ནམ་མཁའི་རྡོ་རྗེ་ཞེས་པ་ནི་ཅིའི་མིང་ཞེས་བསམ་པར་བྱ་བ་འཇམ་ 31-1-46a དཔལ་གང་ཡིན་པ་ནི་མི་བསྐྱོད་པའི་རིགས་ཅན་ནོ་ཞེས་སོ། །ཕྱིས་འཆད་པར་བྱེད་པ་དཀྱིལ་འཁོར་གྱི་མཚན་མ་རུ་ནི་འོད་དཔག་མེད་ཀྱི་རིགས་ཅན་ཉིད་དུ་བྲི་སྟེ། དེ་བཞིན་པདྨ་པདྨར་གནས། །བརྟུལ་ཞུགས་ཅན་གྱིས་ནུབ་ཏུ་དགོད། །ཅེས་ཏེ་དྲུག་པའོ། །གཟུགས་ རྡོ་རྗེ་ཞེས་པ་ལ་སོགས་པ་བཞི་པོ་རྣམས་ཀྱི་རིམ་པ་གཉིས་པར་རོ། །རེག་བྱ་ཞེས་པ་འདིས་སྙིང་པོའི་རིམ་པའི་ནང་དུ་གཙོ་བོ་དང་རོལ་པར་བྱེད་པའི་ཡུལ་དུ་མངོན་པར་བརྗོད་དོ་ཞེས་པ་ཡུལ་ལྔའོ། །ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་ཞེས་པ་ནི་བསམ་པར་བྱ་བའོ། །ཀུན་དུ་བཟང་པོ་ཡང་རྡོ་རྗེ་ སེམས་དཔའི་རིགས་ཅན་ནམ། མི་བསྐྱོད་པའི་རིགས་ཅན་དུ་རྗོད་པར་བྱེད་དོ། །དེ་ཡང་རིགས་པ་མ་ཡིན་ཏེ། །དེ་བཞིན་རལ་གྲི་རལ་གྲི་ལྗང་། །དེ་ནི་དེ་བཞིན་བྱང་ཕྱོགས་དགོད། །ཅེས་དཀྱིལ་འཁོར་གྱི་མཚན་མ་རུ་གསུངས་པའི་ཕྱིར་རོ་ཞེས་པ་བྱང་ཆུབ་སེམས་དཔའ་བརྒྱད་དོ། །ནམ་ མཁའི་ཁམས་ཞེས་པ་ལ་སོགས་པས་དེ་བཞིན་གཤེགས་པ་རྣམས་ཀྱང་གཞལ་དུ་མེད་པ་ཉིད་དུ་གསུངས་ཏེ་སྔར་བཞིན་ནོ། །དེ་ལྟར་ཞེས་པ་ལ་སོགས་པས་གང་གིས་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པ་དེ་སྲིད་ཙམ་གྱི་མི་བསྐྱོད་པ་ལ་སོགས་པ་ལྔ་རྣམས་སྔར་གསུངས་པ་རྣམས་མཆོག་ཏུ་ འཛིན་པའོ། །ལ་སོགས་པ་ཞེས་པ་ནི་འདིར་གཙོ་བོ་ཡང་རྟོགས་པར་བྱའོ། །གཙོ་བོ་ནི་གང་འཇིག་རྟེན་དུ་བལྟ་བར་བྱ་བ་དང་། དང་པོ་ཉིད་དུ་འདུལ་བ་སྟེ། བཅོམ་ལྡན་འདས་ལ་སོགས་པའི་ཚོགས་སོ། །བཅོམ་ལྡན་འདས་ལ་ཡོངས་སུ་བསྐོར་བའི་འོད་སྲུངས་ལ་སོགས་པའི་དགེ་འདུན་ ཞེས་ཀྱང་བརྗོད་པར་བྱའོ། །དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ཐེག་པ་ཆེན་པོའི་མདོ་སྡེ་ལ་སོགས་པར་འདུས་པ་བརྗོད་པ་མ་ཡིན་ནམ་དེ་ལྔ་པོ་འདི་རྣམས་ཀྱི་གཙོ་བོ་ཅི་ལྟར་ཡིན་ཞེ་ན། གསུངས་པ། ལྔ་ཞེས་བྱ་བས་ཕུང་པོ་ལྔའི་བདག་ཉིད་ཅན་དུ་གསུངས་པའི་ཕྱོགས་བཅུ་དང་དུས་ གསུམ་དུ་བཞུགས་པའི་སངས་རྒྱས་རྣམས་མི་བསྐྱོད་པ་ལ་སོགས་པ་ལྔ་པོ་ཉིད་ཀྱིས་བསྡུས་པས་སོ། །ཇི་སྲིད་ནམ་མཁའ་ཞེས་པ་ལ་སོགས་པས་དེ་བཞིན་གཤེགས་པ་རྣམས་ཀྱི་དཔག་ཏུ་མེད་པའི་ནམ་མཁའ་ཁྱབ་པ་ཉིད་དུ་གསུངས་སོ། །འདི་རྣམས་ཐམས་ཅད་ཀྱི་སེམས་ཅན་གྱི་དོན་ཕུལ་ 31-1-46b དུ་དབྱུང་དུ་མེད་པའི་རྒྱུན་ཉིད་ཡིན་པའི་ཕྱིར་འདི་བསྟན་པའོ། །དེ་ཉིད་ཀྱི་ཕྱིར་རྣམ་པ་དེ་ལྟ་བུའི་དཔེས་དོན་བརྗོད་པ་གསུངས་པ། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པའོ། །དྲང་བའི་དོན་ཏོ་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་ངེས་དོན་འདི་གསུངས་པས་དྲང་བའི་དོན་ཏོ། །དེ་ལྟར་གཞན་དུ་ཡང་བཤད་ པ་འདི་རྟོགས་པར་བྱའོ། །ངེས་པའི་དོན་གྱི་དབང་དུ་བྱས་ནས་གསུངས་པ། བརྗོད་ཀྱིས་མི་ལང་བའི་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་རིགས་པ་གསུངས་པ། ལྔ་ཞེས་པ་ལ་སོགས་པའོ། །དེ་ལྟ་མོད་ཀྱི་གནས་དང་འཁོར་ལ་སོགས་པ་རྣམ་པར་གཞག་པ་ཅི་ལྟར་ཞེ་ན་གསུངས་པ། དེ་ བས་ན་ཞེས་པ་ལ་སོགས་པའོ། །དེ་ཉིད་ཀྱི་ཕྱིར་ངེས་པའི་དབང་དུ་བྱས་ནས་གསུངས་པ། དེ་ལྟར་ཞེས་པ་ལ་སོགས་པ་སྟེ། ཅི་ལྟར་བྱང་ཆུབ་སེམས་དཔའ་ལྟ་བུའི་དེ་བཞིན་གཤེགས་པ་འདི་རྣམས་སླར་ཡང་དེ་བཞིན་གཤེགས་པ་དང་ལྷན་ཅིག་གནས་པར་བྱེད་པ་མ་ཡིན་ནམ། སེམས་ ཅན་རྣམས་ཀྱི་དོན་དུ་རང་གི་སྒྲུབ་ཐབས་གསུངས་པ་མ་ཡིན་ནམ། བཅོམ་ལྡན་འདས་བསྒྲུབས་པ་ཡང་ཅི་བྱེད་པ་ཉིད་དུ་འགྱུར། དེའི་ཕྱིར་བརྒལ་བར་བྱ་བ་འདི་དག་ཡོད་དོ་ཞེ་ན། རྡོ་རྗེ་འཆང་ཆེན་པོའི་ཕུང་པོ་ལྔའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་རམ། དེ་བཞིན་གཤེགས་པ་རྣམས་ཀྱི་གནས་དང་། འཁོར་ལོའི་དབུས་སུ་བཞུགས་པས་སྟོན་པར་བྱེད་པ་གསུངས་སོ། །ད་ནི་ཞེས་པ་ལ་སོགས་པ་འདོད་པའི་ཁམས་ཞེས་པ་ནི་རྒྱལ་ཆེན་བཞིའི་རིས་དང་། སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཅེས་པ་རྣམ་པ་དྲུག་ནི་འདོད་ པའི་ཁམས་ཞེས་པ་འདིར་མཆོག་ཏུ་འདོད་པ་ལ་སོགས་པ་རྣམས་ནི་ངན་པ་ཐོབ་པས་འདོད་པའི་ཁམས་དང་མཐུན་པ་ཉིད་དོ། །དེ་རྣམས་རྟེན་པར་བྱེད་པའི་ཕྱིར་རྟེན་ཡང་འདོད་པའི་ཁམས་སོ། །དེའི་ཕྱིར་གསུངས་པ། འདོད་པའི་ཁམས་ནི་གནས་པ་ཡི། །ཞེས་སོ། །ཡུལ་ལ་ཆགས་པའི་ སེམས་ཅན་རྣམས་ནི་གཟུགས་དང་སྒྲ་ལ་སོགས་པ་དབང་པོས་གཟུང་བར་བྱ་བ་ལ་མངོན་པར་ཞེན་པ་རྣམས་སོ། །འདོད་པའི་ཡོན་ཏན་ལྔ་ཞེས་པ་ནི། གཟུགས་དང་སྒྲ་ལ་སོགས་པ་ལྔ་ནི་འདོད་པ་སྟེ། འདོད་པར་བྱ་བས་ན་འདོད་པ་ཁམས་དང་མཐུན་པས་མངོན་པར་བརྗོད་པར་བྱའོ་ཞེས་པས་འདོད་ 31-1-47a པའོ། །བགྲང་བར་བྱ་གྲངས་སུ་བྱ་ཞེས་པས་ཡོན་ཏན་ནོ། །སྒོ་ནས་ནི་དེ་ལ་ཉེ་བར་ལོངས་སྤྱོད་པའི་བདེ་བས་སོ། །གྲོལ་བ་ཞེས་པ་ནི་ལྔ་པོ་དེ་རྣམས་ཉིད་ལ་རང་བཞིན་ཡོངས་སུ་ཤེས་པས་མངོན་པར་ཞེན་པ་མེད་པའོ། །གསུངས་པ་ཡང་། ཡུལ་འགའ་ཞིག་རྣམས་བཏང་ བྱས་ཤིང་། །ཡུལ་འགའ་ཞིག་ལ་གནོད་བྱས་ནས། །མི་ཡི་ཁྱུ་མཆོག་འགའ་ཞིག་ནི། །ཡུལ་རྣམས་ཉིད་ཀྱིས་བྱང་ཆུབ་བྱེད། །རྒྱལ་པོའི་རིན་ཆེན་ཕྲེང་བར་ཡང་། །རྩ་བ་སྲིད་པའི་རྣམ་པར་ཤེས། །ཡུལ་ནི་དེ་ཡི་སྤྱོད་ཡུལ་མིན། །ཡུལ་ལ་བདག་མེད་དུ་མཐོང་བ། །སྲིད་པའི་ས་ བོན་འགག་པར་བྱེད། །ཅེས་སོ། །ཡང་གསུངས་པ། གང་གིས་ཡོངས་སུ་འཆིང་འགྱུར་བ། །མཁས་པ་དེ་ཡིས་རྣམ་པར་གྲོལ། །རྣམ་གྲངས་མ་ལུས་པ་འདི་ནི། །བྱང་ཆུབ་འབྱོར་པའི་ཚུལ་ཡིན་ནོ། །དེ་མ་ཐག་པའོ་ཞེས་པ་ནི་གནས་དང་འཁོར་ལ་སོགས་པ་གསུངས་པ་ལ་ལྟོས་ ནས་སོ། །ཡོན་ཏན་བརྒྱད་ཅེས་པ་ནི་གྲངས་བརྒྱད་ཀྱང་ཡིན་ལ་ཡོན་ཏན་གྱི་དབང་ཕྱུག་ཀྱང་ཡིན་པ་སྟེ། སྐུའི་དབང་ཕྱུག་ལ་སོགས་པ་འཆད་པར་འགྱུར་བའོ། །འབད་པར་འགྱུར་བའི་ཆེན་པོ་ཉིད་དང་ལྡན་པའི་ཕྱིར་ཆེན་པོ་ཞེས་པའོ། །རྡོ་རྗེ་འཆང་ཆེན་པོ་རྣམ་པ་སྣ་ཚོགས་པའི་ རྣམ་པས་སེམས་ཅན་གྱི་དོན་དུ་སྣང་བར་བྱེད་དོ། །གསལ་བར་བྱེད་དོ་ཞེས་པས་རྣམ་པར་སྣང་མཛད་དོ། །རྣམ་པར་སྣང་མཛད་ལ་སོགས་རྣམ་པ་སྣ་ཚོགས་པའི་གཟུགས་ཀྱིས་གཏི་མུག་ལ་སོགས་པ་ལ་མངོན་པར་དགའ་བའི་སེམས་ཅན་རྣམས་ཀྱིས་འདི་ཉིད་མཐོང་བའི་ཕྱིར་རོ། ། འདོད་ཆགས་དང་བྲལ་བའི་སྐུ་སྤངས་ནས་ཞེས་པ་ནི་འདོད་ཆགས་དང་བྲལ་བའི་རིགས་ཀྱི་སེམས་ཅན་རྣམས་འཆོས་པར་བྱེད་པའི་དོན་དུ་ཤཱཀྱ་ཐུབ་པའི་གཟུགས་སུ་སྤྲུལ་པའོ། །སྤངས་ཏེ་ཞེས་པ་འཁོར་ལོས་སྒྱུར་པའི་གཟུགས་བཟུང་ནས་སྔ་མ་སྤངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ གསུངས་པ། ཆེན་པོའོ་ཞེས་པ་ལ་སོགས་པ་སྟེ། རྣམ་པ་གཞན་དུ་ན་རྫོགས་པའི་སངས་རྒྱས་ཀྱིས་བསྟན་པས་དྲང་བར་བྱ་བར་མི་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་རྒྱུད་ལ་སོགས་པ་སྔར་གསུངས་སོ། །འདོད་ཆགས་དང་བཅས་པའི་གཟུགས་སྤྲུལ་བའི་དགོངས་པ་གསུངས་པ། འདོད་ཆགས་ 31-1-47b ཀྱིས་ཞེས་པ་ལ་སོགས་པ་སྟེ། འདོད་ཆགས་ཀྱིས་ཞེས་པ་ལ་སོགས་པ་ནི། འདོད་ཆགས་ཀྱིས་ནི་ཡུལ་ལ་ཞེན་པའི་མཚན་ཉིད་ཀྱིས་སོ། །འདོད་ཆགས་རབ་ཏུ་སྤངས་པའི་དོན་ནི། ཐོག་མ་མེད་པའི་འཁོར་བར་གོམས་པའི་ཡུལ་ལ་མངོན་པར་ཞེན་པ་རབ་ཏུ་ཉམས་པའི་དོན་དུའོ། །སེམས་ ཅན་རྣམས་སྨིན་པར་བྱེད་པ་དང་། གྲོལ་བར་བྱེད་པ་ཉིད་ཡུལ་ལོ། །དེ་རྣམས་ལས་མངོན་པར་ཞེན་པའོ། །དེ་རྣམས་འདུལ་བར་བྱས་ནས་ཆགས་པ་ཉིད་ཀྱིས་ཉེ་བར་དམིགས་པའི་ཕྱིར་རོ། །དེ་ཉིད་ཅེས་པ་ནི་འཆད་པར་འགྱུར་བ་ལ་ལྟོས་པས་སོ། །ཚུལ་ཞེས་པ་ནི་འདིས་ངེས་པར་བྱ། གདུལ་བྱ་མྱ་ངན་ལས་འདས་པའི་གྲོང་དུ་འཁྲིད་པར་བྱེད་དོ་ཞེས་པས་ཚུལ་ལོ། །དེ་གང་ཡིན་པའི་ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པའི་མཚན་ཉིད་གང་ཡིན་པ་དེ་དེ་བཞིན་ནོ། །སྙོམས་པར་ཞུགས་ནས་ཞེས་བྱ་བ་ལ་སོགས་པ་ནི། སྔར་གསུངས་པའི་ལྷའི་འཁོར་ལོ་མཆོག་ཏུ་འཛིན་ནོ། །ཞུགས་ པར་མཛད་དོ་ཞེས་པ་ནི་དཀྱིལ་འཁོར་གྱི་དབང་ཕྱུག་ཅེས་པས་ལྷག་མའོ། །དེའི་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་ལས་སོ། །གསུངས་པ་རང་གི་ས་བོན་ཞེས་པ་ལ་སོགས་པ་སྟེ། ཕུང་པོ་ཁམས་ལ་སོགས་པ་ཞེས་པའི་སོགས་པའི་སྒྲ་ལས་སྐྱེ་མཆེད་དང་ཡུལ་གྱི་ཆ་ཤས་ཀྱི་ རང་བཞིན་རྣམས་ཀྱང་ཞུགས་སོ་ཞེས་པའི་མཐར་ཐུག་པའོ། །མཆོག་ཏུ་དགའ་བའི་བདེ་བས་ནི་མཐར་ཐུག་པའི་བདེ་བས་ཚིམ་པར་བྱེད་པའི་དོན་དུའོ། །ཉིད་ཀྱི་སྐུ་ནི་རང་གི་ཕུང་པོའོ། །གནས་སྐབས་སྔ་མ་ཞེས་པ་ནི་བུད་མེད་དང་། སྐྱེས་པའི་རྣམ་པར་གནས་པའི་གནས་སྐབས་སུ་ རབ་ཏུ་ཞུགས་པའི་དཀྱིལ་འཁོར་གྱི་རབ་ཏུ་ཞུགས་པ་ལས་སྔར་གྱི་རྣམ་སྣང་ལ་སོགས་པ། སྤྱན་མ་ལ་སོགས་པ་ཉིད་ཀྱིས་གནས་པ་ཉིད་ཀྱི་ཕྱིར་རོ། །བུད་མེད་ཀྱི་གཟུགས་ཞེས་པ་ནི་བུད་མེད་ཀྱི་གཟུགས་ཉིད་དུ་དེ་རྣམས་ཉིད་ཕྱུང་བའོ་ཞེས་འཆད་པར་འགྱུར་བ་ཉིད་ཀྱི་ཕྱིར་རོ། །སྐུ་ལས་ཞེས་ པ་ནི་དངོས་ལས་ཕྱི་རོལ་ཡུལ་གྱི་དངོས་པོ་མེད་པའི་ཕྱིར། འབྱུང་བ་ཡང་ལུས་ལ་བརྟེན་པ་ཉིད་ཀྱི་ཕྱིར། བུད་མེད་ཀྱི་དབང་པོའི་ལུས་ལ་ལྷག་པར་འདུས་བྱས་པའི་བུད་མེད་ཀྱི་གསང་བ་མངོན་པར་ཀུན་ནས་བྱུང་བར་གྱུར་ཏོ་ཞེས་པ་ནི། འདས་པ་ལ་འཇུག་པའི་བཤད་པའོ། །དེ་ཉིད་ཅེས་པ་ 31-1-48a ནི་སླར་གླེང་གཞིར་གསུངས་པའི་གཟུགས་ཡོངས་སུ་གྱུར་པ་སྟེ། མི་བསྐྱོད་པ་ནི་རེག་བྱའི་ངོ་བོ་ལྟ་བུའོ་ཞེས་པའི་གསུང་ལས་སོ། །སྔར་གྱི་དཀྱིལ་འཁོར་དུ་ཞུགས་པ་གང་ཡིན་པའི་དཀྱིལ་འཁོར་གྱི་དབང་ཕྱུག་ཀྱང་རྡོ་རྗེ་འཆང་ལྟ་བུའི་སྐུ་ལ་ཞུགས་སོ་ཞེས་རྟོགས་པར་བྱའོ། །དྲང་ བའི་དོན་ལ་དམིགས་པ་སྔོན་དུ་འགྲོ་བའི་ངེས་པའི་དོན་གསུངས་པ་ཆེན་པོ་ཞེས་པ་ལ་སོགས་པ་སྟེ། འདོད་ཆགས་ཆེན་པོ་ནི་མཐར་ཐུག་པའི་ཡུལ་ལ་ཆགས་པའོ། །དེ་ཉིད་སེམས་ཅན་གྱི་དོན་གྱི་རྒྱུར་རྟག་ཏུ་དེ་འཛིན་པར་བྱེད་པ་བཞིན་པ་ཉིད་ཀྱི་ཕྱིར་ཆོས་སོ། །དེའི་ཚུལ་ནི་ཡོངས་སུ་ཤེས་ པ་སྟེ། དེའི་རིམ་པ་གསུངས་པ། འདོད་ཆགས་ཞེས་པ་ལ་སོགས་པ་སྟེ། འདོད་ཆགས་ནི་སྣང་བའོ། །དེ་སྐྱེ་བ་ནི་འདོད་ཆགས་རབ་ཏུ་འཇུག་པ་ལས་ཀྱང་སྐྱེ་བའི་ཕྱིར་རོ། །དེ་བཞིན་དུ་འདོད་ཆགས་དང་བྲལ་བ་ནི་སྣང་བ་ཉེ་བར་ཐོབ་པའོ། །འདོད་ཆགས་བར་མ་ནི་གཉིས་ཀའི་ཆ་ཤས་ ཅན་དུ་གསུངས་པ་ཉིད་ཀྱི་ཕྱིར་རོ། །གསུངས་པ་ཡང་། གང་ཆེན་སྣང་བ་ཉེར་ཐོབ་པ། །གཉིས་ཀའི་ཆ་ཤས་ཅན་ཉིད་འདི། །ཐོག་མར་འོད་གསལ་བར་འཇུག་ཉིད། །ཅེས་སོ། །རིམ་གྱིས་ཞེས་པ་ནི་ཡེ་ཤེས་སྐྱེ་བའི་རིམ་པ་འདི་ཡིས་སོ། །རྣམ་པར་དག་པ་ནི་འོད་གསལ་བ་རྟོགས་པའོ། ། མངོན་དུ་འབྱིན་པའི་ཐབས་ཞེས་པ་ནི་ཟུང་འཇུག་མངོན་དུ་འབྱིན་པའི་རྒྱུའོ། །དེ་ཉིད་ཅེས་པ་ནི་འདོད་ཆགས་ཆེན་པོའི་ཚུལ་ཉིད་བརྗོད་པའི་དོན་དུ་མིང་རབ་ཏུ་གསལ་བ་གང་ཡིན་པ་ཞེས་པའོ། །ཅི་ལྟར་བྱས་ནས་ཤེ་ན། དེ་ལ་སྙོམས་པར་ཞུགས་ནས་ཞེས་གསུངས་སོ། །དེ་དག་ཅེས་པ་ལ་ སོགས་པ་ནི། ཕྱིའི་དཀྱིལ་འཁོར་སྐུའི་དཀྱིལ་འཁོར་དུ་རབ་ཏུ་ཞུགས་པའོ། །སྐུའི་དཀྱིལ་འཁོར་ནི་ཡེ་ཤེས་ཀྱི་སྐུ་ལའོ། །དེ་ནི་འདོད་ཆགས་ལ་སོགས་པའི་རིམ་གྱིས་རྣམ་པར་དག་པའོ། །དེ་ནས་ལྡང་བར་བྱེད་དོ་ཞེས་པའོ། །འདོད་ཆགས་ཆེན་པོའི་ཚུལ་གྱིས་རྣམ་པར་བཤད་པ་སྔ་མའོ། །བདག་ ཉིད་ཅེས་བྱ་བ་ལ་སོགས་པས་སྤྲུལ་པའི་སྐུ་ལ་ལྟོས་པའི་ཚིག་སྟེ། མདོ་དང་བསྲེས་པར་གནས་སྐབས་འདིར་སྦྱར་བའི་ཕྱིར་རོ། །ཀུན་དུ་འཛིན་པར་བྱེད་པ་ཡང་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་རོ། །དཔའ་བོ་ཉིད་དམ་མཆོད་འོས་ཉིད་དང་མཁས་པ་ཉིད་དོ། །དེ་ནས་ཞེས་ 31-1-48b བྱ་བ་ལ་སོགས་པ་ལ་སྔ་མ་བཞིན་ཞེས་བྱ་བ་ནི་དྲང་བའི་དོན་གྱི་བཤད་པར་ལྷ་མོ་རྣམས་བྱུང་བ་སྔར་བཞིན་དུ་འདིར་ཁོང་དུ་ཆུད་པར་བྱའོ། །དྲང་བ་དང་ངེས་པའི་དོན་གྱི་བརྗོད་དུ་མེད་པའི་ཡང་ཞེས་བྱ་བ་ལ་སོགས་པའི་བཤད་པ་ཉིད་དུ་གནས་དང་། འཁོར་ནས་བརྩམས་ནས། འདིར་དེ་བཞིན་གྱི་ མཐར་ཐུག་པའི་བཤད་པ་ལ་བརྟེན་ནས། སླར་ཡང་དྲང་བ་དང་ངེས་པའི་དོན་དག་ལ་ཀུན་དུ་འཇུག་པར་བྱེད་དོ། །གཟུངས་ཀྱི་དཀྱིལ་འཁོར་ཞེས་པ་ནི་ལྷ་མོའི་འཁོར་ལའོ། །འདོད་པའི་དབང་ཕྱུག་ཅེས་པ་ནི་འཁོར་ལོའི་གཟུགས་དང་སྒྲ་ལ་སོགས་པ་འདོད་པ་ལྔའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་ དེ་ལ་དབང་ཕྱུག་ནི་ཇི་ལྟར་འདོད་པ་བཞིན་དུ་བྱེད་པ་ཉིད་དོ། །བསྟན་ནས་ཞེས་པ་ནི་ཡུལ་ལ་ཉེ་བར་ལོངས་སྤྱོད་པའི་གདུལ་བྱ་རྣམས་ཀྱི་དོན་དུའོ། །ད་ནི་ཞེས་བྱ་བ་ལ་སོགས་པ་ནི། ལྷ་མོའི་བྷ་གར་དབང་བསྐུར་བ་ལ་སོགས་པས་བསྡུ་བར་བྱ་བའམ། འགྲོ་བའི་རྒྱུད་ཀྱི་རིམ་པ་ལས་འདས་ པ་བསྐྱེད་པར་བྱའོ་ཞེས་པས་བསྡུས་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། སྤྲུལ་པའི་བྱ་བ་ནི་སྤྲུལ་པར་བྱེད་པའི་བྱ་བའོ། །མི་བསྐྱོད་པའི་ཞེས་པ་དང་། བསྟན་པར་བྱ་བའི་ཕྱིར་ཞེས་སྦྲེལ་ལོ། །བྱིན་གྱིས་བརླབས་པ་མཛད་དོ་ཞེས་པ་ནི་བསྐྱེད་པར་བྱས་པ་དང་ལྡན་པའོ། །སྔ་མ་ བཞིན་ཏེ་ཞེས་པ་ཚིག་དང་པོའི་རྣམ་པར་བཤད་པ་བཞིན་ནོ། །ཤེས་རབ་ནི་བཙུན་མོའོ། །གནས་ནི་བྷ་ག་ལའོ། །དེར་ཆུད་པ་ནི་གནས་དེར་སོན་པའོ། །གྲུ་བཞི་ལ་སོགས་པ་ཞེས་པ་ནི། ཁང་པ་བརྩེགས་པ་མངོན་པར་བརྗོད་པའོ། །དམ་ཚིག་ཆེན་པོ་ཞེས་བྱ་བ་ལ་སོགས་པའོ། །དེའི་དཀྱིལ་ འཁོར་ནི་མི་བསྐྱོད་པའི་སྤྲུལ་པའི་བྱ་བའོ་ཞེས་སྔར་གསུངས་སོ། །གསལ་བ་ཞེས་པ་ལ་སོགས་པ་ཡང་ཁང་པ་བརྩེགས་པའི་ངོ་བོ་སྟོན་པར་བྱེད་པའོ། །བདག་ཉིད་ཅེས་པ་ནི་མི་བསྐྱོད་པའི་རང་བཞིན་ནོ། །བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའི་འོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། རིགས་ ལྔ་ཞེས་པ་ལ་སོགས་པའོ། །འཁོར་ལོ་ཞེས་བྱ་བ་ནི་ཕྱུང་བའི་དཀྱིལ་འཁོར་གྱི་ལྷའི་འཁོར་ལོའོ། །སླར་ཡང་ཞེས་པ་ནི་སྔར་རབ་ཏུ་ཞུགས་པར་བརྗོད་པ་ལ་ལྟོས་ནས་སོ། །བཞུགས་པའི་གནས་སུ་མཛད་པ་དེའི་བདག་ཉིད་ཀྱིས་སོ། །བྷ་ག་ནི་ཡེ་ཤེས་ཏེ་ཡེ་ཤེས་ནི་གཉུག་མའི་ངོ་བོ་ཉིད་ཀྱི་ 31-1-49a ཕྱིར་རོ། །སར་གྱུར་ཞེས་པ་ལ་སོགས་པ་ནི། རབ་ཏུ་དགའ་བ་དང་། དྲི་མ་མེད་པ་དང་། འོད་བྱེད་པ་དང་། སྦྱང་དཀའ་བ་དང་། མངོན་དུ་གྱུར་པ་དང་། རིང་དུ་སོང་བ་དང་། མི་གཡོ་བ་དང་།ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་ཞེས་བྱ་བའི་ས་བཅུ་པོ་རྣམས་ནི་བྱང་ ཆུབ་སེམས་དཔའ་རྣམས་ཀྱིའོ། །དེ་བཞིན་གཤེགས་པའི་ས་ནི་ཀུན་དུ་འོད་ཅེས་བྱ་བ་འདི་ས་བཅུ་གཅིག་པར་ཐེག་པ་ཆེན་པོ་ལས་གསུངས་སོ། །ཐམས་ཅད་དག་ཅིང་རྣམ་པར་དག་པའི་རིམ་པ་ཡང་། དང་པོ་ལས་ཀྱི་སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་འགྱུར། །སྣང་བ་གསུམ་པོ་ མཐོང་བ་ཡིས། །ས་བཅུ་ལ་ནི་རབ་ཏུ་གནས། །མངོན་པར་བྱང་ཆུབ་ལེགས་ཐོབ་ནས། །གཙང་མའི་གནས་སུ་ཉེ་བར་འགྲོ། །སངས་རྒྱས་ཞིང་ནས་མི་ལྡོག་པའི། །ཚེ་འདི་ཉིད་ལ་ཐམས་ཅད་མཁྱེན། །ཞེས་སོ། །སྤྱོད་བསྡུས་སུ་ཡང་། རྡོ་རྗེ་ཐེག་པ་འདི་ལ་བསྐྱེད་པའི་རིམ་པ་ལ་གོམས་པས། ས་བརྒྱད་པ་ཐོབ་པ་ནས་སླར་ཡང་བདེ་བར་གཤེགས་པ་ཉེ་བར་བསྐྱེད་པར་བྱ་སྟེ། ཇི་སྲིད་དུ་རྫོགས་པའི་རིམ་པ་ཐོབ་པར་མ་གྱུར་པ་དེ་སྲིད་དུ་དགེ་བའི་བཤེས་གཉེན་ལ་གུས་པར་བྱའོ། །སྐུ་དང་གསུང་དང་ཐུགས་ལྷག་པར་རྟོགས་ཤིང་ས་བཅུ་པ་ཐོབ་ནས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལྷག་ པར་རྟོགས་ཏེ། སྣང་བ་རྣམ་པར་དག་པ་ཐོབ་པར་བྱའོ་ཞེས་རྟོགས་ཏེ་ས་བཅུ་གཅིག་པར་མངོན་པར་བརྗོད་དོ། །སྤྱོད་བསྡུས་ལེའུ་དང་པོར་ཡང་གང་གི་ཚེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དེའི་ཚེ། སངས་རྒྱས་ཐམས་ཅད་ཀྱི་དབང་བསྐུར་བ་ཐོབ་པོ། །དབུ་མ་ལ་འཇུག་པར་ཡང་། ཀུན་ནས་སངས་རྒྱས་རྣམས་ལ་དབང་བསྐུར་དམ་པ་དེ་ཐོབ་སྟེ། །བཅུ་པོ་ཞེས་བྱ་བ་ལ་སོགས་པ་དང་། ས་བཅུ་གཅིག་པ་ཉིད་ཅེས་པ་ནི། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་དུ་ཡང་། དེ་ཉིད་བཅོམ་ལྡན་རྣལ་འབྱོར་ཏེ། །བྱང་ཆུབ་སེམས་ནི་འོད་གསལ་བ། །ཀུན་དུ་འོད་ཀྱི་ས་ཆེན་པོ། །ཉི་མའི་དཀྱིལ་འཁོར་ གཟི་བརྗིད་ལྡན། །གཉིས་པ་བདུད་རྩི་འོད་ཅེས་པ། །ཤིན་ཏུ་འོད་གསལ་ཟླ་བ་འདྲ། །གསུམ་པ་ནམ་མཁའ་འོད་ཅེས་པ། །མཁའ་བཞིན་ལེགས་པར་རབ་ཏུ་གནས། །ས་བཞི་པ་ནི་གང་ཡིན་ཏེ། །རྡོ་རྗེ་འོད་མཐའ་ཡིད་དུ་འོང་། །བསམ་པ་བརྟན་པའི་སྦྱོར་བ་ཡིས། །རྡོ་རྗེ་ཞེས་ནི་ཡོངས་སུ་ 31-1-49b བསྒྲགས། །ལྔ་པ་རིན་ཆེན་འོད་ཅེས་བྱ། །དབང་བསྐུར་བ་ལ་རབ་ཏུ་གནས། །དྲུག་པོ་པདྨོ་འཆང་ཞེས་བྱ། །པད་བཞིན་རབ་ཏུ་རྣམ་པར་སྣང་། །རང་བཞིན་དག་པའི་ཆོས་ཉིད་དེ། །དྲི་མ་མེད་ཅིང་ཡོངས་བཟུང་མེད། །བདུན་པ་ལས་ཀྱི་འོད་ཅེས་བྱ། །སངས་རྒྱས་ཕྲིན་ལས་བྱེད་པར་འདོད། ། བརྒྱད་པ་དཔེ་མེད་པ་ཞེས་བྱ། །འདི་ལ་དཔེ་ནི་ཡོད་མ་ཡིན། །དགུ་པ་དཔེ་བྲལ་ཞེས་བྱ་སྟེ། །ཐམས་ཅད་དཔེ་ནི་སོ་སོར་རྟོགས། །བཅུ་པ་ཤེས་རབ་འོད་ཅེས་བྱ། །སངས་རྒྱས་ས་ནི་བླ་ན་མེད། །བཅུ་གཅིག་ཐམས་ཅད་མཁྱེན་ཞེས་བྱ། །ས་ཆེན་པོ་ནི་འོད་གསལ་བ། །བཅུ་གཉིས་སོ་སོའི་ བདག་ཉིད་རིག །རྣལ་འབྱོར་ཡེ་ཤེས་རབ་རྫོགས་པ། །ས་ཆེན་པོ་ནི་འདི་དག་ལྡན། །སངས་རྒྱས་རྣམས་ནི་དོན་དམ་ལས། །སངས་རྒྱས་རྣམས་དང་སངས་རྒྱས་ཆོས། །རྣལ་འབྱོར་པ་ཡང་ཡེ་ཤེས་སྤྱོད། །ཅེས་སོ། །དེ་བཞིན་དུ་དགོངས་པ་ལུང་སྟོན་དུ་ཡང་། སར་འགྱུར་དེ་ནི་ བཅུ་གསུམ་པ། །ཞེས་སོ། །དེ་ཡང་ཞེས་པ་ནི་དེ་དག་ཀྱང་ནུ་མ་དང་སྐྲར་ལྡན་པ་མ་ཡིན་ནོ། །དེ་ཆོས་ཞེས་པ་ནི་དེའི་ཆོས་ནི་དེ་ཆོས་ཏེ་ཉོན་མོངས་འཇོམས་པར་བྱེད་པ་དེ་ལས་བཟློག་པ་མ་ཡིན་ཡང་། དེའི་རང་བཞིན་དེ་ཉིད་བྷ་གའོ། །དེ་བཞིན་ཉིད་ལ་དམིགས་པ་ན། །སྔར་བསགས་ པའི་ཉོན་མོངས་པ་མ་ལུས་པ་འཇིག་པའི་ཕྱིར་དང་། ད་ལྟར་དངོས་པོ་རྣམས་ཀྱི་སྐྱེ་བ་རབ་འབྱམ་འཇིག་པའི་ཕྱིར་རོ། །དྲི་མ་མེད་པ་ནི་ཉོན་མོངས་པའི་རྡུལ་མ་ལུས་པ་དང་། ཀུན་དུ་འདྲིས་པ་མ་ཡིན་པའོ། །དམ་ཚིག་ཆེན་པོའི་དཀྱིལ་འཁོར་ནི་རྡོ་རྗེ་འཆང་ཆེན་པོའི་སྐུའོ། །དེའི་ངོ་བོ་ ཉིད་སྟོན་པར་བྱེད་པ་གསལ་བ་ཞེས་པ་ལ་སོགས་པའོ། །གསལ་བ་ཚོགས་བསགས་པའི་འགྲོ་བ་རྣམ་པ་ཤེལ་ལྟ་བུའོ། །སྣང་བའི་ངོ་བོ་ཉིད་ནི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་དེ། དེ་བཞིན་ཉིད་ལས་ལོངས་པ་སྣང་བ་གསུམ་གྱིས་བསྐྱེད་པ་ཉིད་ཀྱི་ཕྱིར་རོ། །འོད་ཟེར་ལྔ་ནི་དཀར་པོ་ལ་སོགས་ པའི་འོད་ཟེར་ལྔ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་རྣམས་སོ། །དེའི་བདག་ཉིད་ཅན་ཡིན་པས་ན་དེ་རྣམས་དེའི་བདག་ཏུ་བྱེད་པས་དེའི་བདག་ཉིད་དོ། །སངས་རྒྱས་སྤྲིན་གྱིས་ཀུན་དུ་ཁྱབ་ནི་ཁྱབ་པའོ། །རབ་ཏུ་ཞུགས་པར་གྱུར་ཏོ་ནི་དེ་ 31-1-50a བཞིན་ཉིད་ཀྱི་བདག་ཉིད་འཛིན་པར་གྱུར་པའོ། །སྙིང་རྗེའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་དང་། ལྟ་བ་དང་བཅས་པའི་དྲི་མ་མ་ལུས་པ་དང་མ་འདྲེས་པ་ཉིད་ཀྱི་ཕྱིར་རོ། །འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ལ་ཕྱིར་ཕྱོགས་པ་ལས་སོ། །སྙིང་རྗེ་ཞེས་པ་ལ་སོགས་པ་ནི་ དེའི་ཕྱིར་མེ་ལྟ་བུའི་འོད་ཟེར་འཕྲོ་བ་མང་པོ་འཁྲུགས་ནི་སྒྱུ་མའི་སྤྲུལ་པ་ནི་མེའི་ཕུང་པོ་ཆེན་པོ་བཞིན་ནོ། །སྣང་བ་ཞེས་པ་ལ་སོགས་པ་ནི་གསལ་བ་ཞེས་པ་སྣང་བ་གསུམ་པོ་རྣམས་ཏེ་ཟླ་བ་ལ་སོགས་པ་བཞིན་དུ་གསལ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དཀྱིལ་འཁོར་རྣམས་ཀྱིས་ཞེས་པ་མང་ པོའི་ཚིག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཀུན་འདི་དེ་རྣམས་ཀྱི་གནས་ནི་རྟེན་ནོ། །རྡོ་རྗེ་འཆང་ཆེན་པོ་ཞེས་པ་ནི་དེ་རྣམ་པར་འབྱེད་པའོ། །རིགས་ཐམས་ཅད་ཀྱི་བདག་ཉིད་ཅན་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པ་རིགས་ལྔའི་རང་ བཞིན་ནོ། །བདག་ཉིད་ཅེས་པ་ནི་འདི་གཞག་པར་གྱུར་ཏོ་ཞེས་པ་ནི་བྱ་བ་ལ་ལྟོས་པ་མེད་པ་ལས་ཉིད་དོ། །དོན་དམ་པའི་བདེན་པ་ལས་ནི་འོད་གསལ་བ་ལས་སོ། །བཞེངས་ནས་ཞེས་པ་སྔར་གྱི་རྟོགས་པའི་ནུས་པ་ལས་སོ། །སྲིད་པ་ནི་ཀུན་རྫོབ་ཀྱི་བདེན་པའོ། །མྱ་ངན་ལས་འདས་པ་ནི་དོན་ དམ་པའི་བདེན་པའོ། །དེ་དག་རོ་གཅིག་པ་ནི་ཨ་རུ་རའི་ཕྱེ་མ་དང་སྦྱར་བ་རོ་གཞན་ལ་ཞུགས་པ་བཞིན་ནོ། །འདིས་ནི་རང་བཞིན་གཅིག་པ་ཉིད་ཀྱིས་གཞག་པར་གྱུར་ཏོ་ཞེས་བརྗོད་དོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། འཇིག་རྟེན་གསུམ་ཞེས་པ་ལ་སོགས་པ་སྟེ། འདོད་པ་ལ་སོགས་པའི་ ཁམས་གསུམ་དུ་ཡང་སྣ་ཚོགས་པའི་སྤྲུལ་པ་ལ་སོགས་པས་སེམས་ཅན་མ་ལུས་པ་ཡོངས་སུ་སྨིན་པ་དང་། གྲོལ་བ་དང་། སྣོད་ཀྱི་འཇིག་རྟེན་རྣམ་པ་སྣ་ཚོགས་པའི་མངའ་བདག་ཡིན་པའི་ཕྱིར་རོ། །ནམ་མཁའ་ཀུན་ཞེས་པ་ལ་སོགས་པ་ནི། ཀུན་ཀྱང་དེ་ཡིན་ལ། གོ་སྐབས་སུ་ གྱུར་པའི་ནམ་མཁའ་ཡང་དེ་ཡིན་ནོ་ཞེས་པས་ནམ་མཁའ་ཀུན་གྱི་སྐབས་ནི་འཇིག་པའི་དུས་སུ་སྐྱེས་པའོ། །དེའི་ཕྱིར་རྫོགས་པ་ཉིད་ལས་ཁམས་བཞི་པོ་རྣམས་ནམ་མཁའི་ཀུན་གྱི་སྐབས་དེར་ནམ་མཁའི་གོ་སྐབས་ཀུན་སྟོང་པ་བཞི་པོ་དེར་རོ། །བདེ་མཆོག་ནི་སངས་རྒྱས་ཐམས་ཅད་དང་མཉམ་ 31-1-50b པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་ཏུའོ། །ཕུང་པོ་ལ་སོགས་པ་རྗེས་སུ་ཞུགས་པས་ཞེས་པ་ནི་ཤིན་ཏུ་རྣལ་འབྱོར་གྱི་རིམ་པས་སོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དོན་འདི་ཞེས་པ་ལ་སོགས་པ་སྟེ། གསལ་བ་ཉིད་ཀྱི་ཕྱིར་ཡི་གེའི་དོན་ནི་མ་བྲིས་སོ། །འདས་པ་ཞེས་བྱ་བ་ལ་སོགས་ པ་ནི་དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཟླ་བ་ལ་སོགས་པ་ཙམ་ཉིད་ཀྱི་ཕྱིར་རོ། །ཟིལ་གྱིས་གནོན་པ་ནི་ཨ་བྷི་བྷ་བ་ནཾ་སྟེ། ཨ་བྷི་ཀུན་ནས་བྷ་བ་ནི་འབྱུང་བའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དོན་དེ་ཉིད་ནི་རྡོ་རྗེ་ལས་རྡོ་རྗེ་འཆང་དུ་བསྐྱེད་པའོ། །འདིས་རྣལ་འབྱོར་དང་རྗེས་སུ་ རྣལ་འབྱོར་ལས་རྫོགས་པའི་རྡོ་རྗེ་འཆང་ཆེན་པོའི་སྐུ་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་རྫོགས་པའི་ཤིན་ཏུ་རྣལ་འབྱོར་རོ། །སྤྱིའི་དོན་གྱི་རྒྱུ་ཅན་གྱིས་སྦས་པའི་དོན་གསུངས་སོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་ཀུན་རྫོབ་བྱང་ཆུབ་སེམས་ ཀྱི་རྣམ་པས་ནི་ཀུན་རྫོབ་ཏུ་རྣམ་པར་འཇུག་པའི་ངོ་བོས་སོ། །གཅིག་ཏུ་མཛད་དེ་ནི་དེའི་དབུས་སུ་ཕུང་པོ་ལ་སོགས་པ་རྣམས་དེ་ཙམ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ནི་ཏིང་ངེ་འཛིན་ཉིད་དོ། །དེ་ལྟར་ནི་དེའི་དུས་སུ་བཞུགས་པའི་སེམས་ཉིད་དབྱེ་བར་དཀའ་བ་ཉིད་ཀྱི་ཕྱིར་རོ། །ཏིང་ངེ་འཛིན་ནི་དེ་ལྟ་བུར་ གྱུར་པའི་སེམས་རྩེ་གཅིག་པ་ཉིད་དོ། །སྙོམས་པར་ཞུགས་པ་ནི་སེམས་དེའི་རྣམ་པའི་སྣོད་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ནམ་མཁའི་དབྱིངས་འདི་ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། ཐབས་ཀྱི་ཡེ་ཤེས་ནི་སྣང་བ་མཆེད་པའོ། །ནང་དུ་གྱུར་པར་རབ་ཏུ་ཞུགས་པའོ། །སེམས་ ཅན་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལ་སོགས་པ་རྣམས་སོ་ཞེས་པ་ནི། སེམས་ཅན་ཐམས་ཅད་ཀྱི་ཕུང་པོ་ལ་སོགས་པ་ཙམ་ཉིད་ཀྱི་ཕྱིར་རོ། །རྡོ་རྗེ་སེམས་དཔའི་བྱིན་གྱི་རླབས་ཀྱིས་ཞེས་པ་ནི་ཐབས་ཀྱི་ཡེ་ཤེས་ནི་རྡོ་རྗེ་སེམས་དཔའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་རྡོ་རྗེ་སེམས་དཔའོ། །དེའི་བྱིན་ གྱིས་བརླབས་པ་ནི་ཤར་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཕུང་པོ་ལ་སོགས་པའི་རང་བཞིན་མི་བསྐྱོད་པ་ལ་སོགས་པ་རྣམས་སོ། །བདེ་བ་ཞེས་པ་ལ་སོགས་པ་ལ་ཞུ་བར་གྱུར་ནས་ཞེས་པ་ཐབས་ཀྱི་ཡེ་ཤེས་དང་ལྷན་ཅིག་གྱུར་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། མཆོག་ཏུ་དགའ་ 31-1-51a བའི་བདེ་བ་ཉམས་སུ་མྱོང་བར་གྱུར་ཏོ་ཞེས་སོ། །སྦས་པའི་བཤད་པའི་རྒྱུ་ཅན་མཐར་ཐུག་པ་གསུངས་སོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། ཕུང་པོ་ལྔ་ནི་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་ཅན་ནོ། །དོན་དམ་པའི་བདེན་པས་གཅིག་ཏུ་མཛད་ནས་ནི་དོན་དམ་ པའི་བདེན་པའི་བདག་ཉིད་ཀྱིས་སོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། སྟོང་པ་ཞེས་པ་ལ་སོགས་པའོ། །བཤད་པའི་རྣམ་པ་བཞིའོ། །དེ་ལྟར་ཞེས་པ་ལ་སོགས་པ་ལ་ལྷག་པར་མོས་པར་བྱེད་པས་ན་ལྷག་པར་མོས་པའོ། །ཕུང་པོ་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་འཇིག་ རྟེན་པའི་དངོས་གྲུབ་ལ་ལྷ་ལ་སོགས་པའི་རྣམ་པ་མཆོག་ཏུ་འཛིན་ཏོ། །རྡོ་རྗེ་འཆང་ཆེན་པོར་བསྐྱེད་ནས་ཞེས་པ་ནི་སྐབས་སུ་བབ་པ་གསུངས་པའི་རིམ་པས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར། དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་ཐུགས་རྡོ་རྗེ་ནི་ཡི་གེ་གསུམ་སྟེ་དེ་ཉིད་ཀྱི་ཕྱིར། འདའ་བར་མི་བྱ་བ་ཉིད་ཀྱི་ཕྱིར་དམ་ཚིག་གོ། །དེ་ཉིད་ཅེས་པ་ཡི་གེ་གསུམ་མོ། །སྐྱེས་པ་ཞེས་པ་ནི་བྱུང་བར་གསུངས་སོ། །དེ་ཉིད་ནི་རྡོ་རྗེ་སྟེ། རྡོ་རྗེ་འཆང་ཆེན་པོའི་བདག་ཉིད་ཅན་གྱི་ཕྱིར་རོ། །ཏིང་ངེ་འཛིན་ དེ་ལ་ནི་རྣམ་པ་དེ་ལྟ་བུའི་སེམས་རྩེ་གཅིག་པ་ལའོ། །རིག་པ་ཆེན་པོ་ཞེས་པ་ལ་རིག་པ་ཆེན་པོ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་སྐྱེད་པར་བྱེད་པ་པོ་ཉིད་ཀྱིས་སོ། །རིག་པ་ཆེན་པོ་ནི་གསང་སྔགས་ཀྱི་ཡི་གེ་རྣམས་ནི་ཡི་གེ་གསུམ་མོ། །དེས་ཞེས་པ་ནི་བསྐྱེད་པ་དང་རྫོགས་པའོ། །སྐྱེས་བུའི་ གཟུགས་ནི་སྐྱེས་བུའི་རྣམ་པའོ། །དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་སོ། །སྔགས་ནི་བསྐྱེད་པའི་རྒྱུ་སུམ་ཅུ་སོ་གཉིས་ཀྱི་གྲངས་སོ། །སྒྲུབ་པའི་ཐབས་ལས་གསུངས་པའི་ཚུལ་གྱིས་ནི། མདོར་བྱས་ཅན་གྱི་རིམ་པའི་སྒྲུབ་ཐབས་སུ་ གསུངས་པའི་རིམ་པས། རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དག་གིས་རྫོགས་པའི་ལོངས་སྤྱོད་རྫོགས་པའི་སྐུ་ལ། ཨོཾ་ཡིག་ལ་སོགས་བཀོད་པས་ཤིན་ཏུ་རྣལ་འབྱོར་རྫོགས་པ་ལ་དཀར་པོ་ཞལ་གསུམ་ཕྱག་དྲུག་པར་བྱས་པའི་རྣལ་འབྱོར་ཆེན་པོའི་མཐར་ཐུག་པ་ཇི་སྲིད་དུ་སྐྱེད་པར་ 31-1-51b གྱུར་པའོ། །གྱུར་པ་ཞེས་བྱ་བ་ལ་སོགས་པ་ལ་ཞལ་གསུམ་པའི་རྣམ་པས་ཞེས་པ་ནི། འདིར་རྣལ་འབྱོར་བཞི་མཐར་ཐུག་པར་ཞལ་གསུམ་པ་ཉིད་དུ་རྟོགས་པར་བྱའོ། །རྣམ་པར་གཞག་པ་དང་། མདོ་དང་བསྲེ་བ་གཉིས་སུ་ཤིན་ཏུ་རྣལ་འབྱོར་གྱི་མཐར་ཐུག་པར་ཞལ་གསུམ་པ་ཉིད་ ལ་འདི་ཉིད་དུ་ཞུགས་པའི་ལུང་དུ་བཤད་དོ། །ཇི་ལྟར་རྣམ་པར་གཞག་པའི་དང་པོར་བཤད་པ་དེ་ཉིད་དུ་འདིར་ཡང་འཆད་པར་བྱེད་པ་རྣལ་འབྱོར་བཞིའི་མཐར་ཐུག་པ་ཞེས་འདིར་གསུངས་པའི་ཕྱིར། རྣལ་འབྱོར་བཞིའི་མཐར་ཐུག་པར་རྡོ་རྗེ་འཆང་ཆེན་པོ་གསལ་བར་རྗེས་སུ་འཇུག་པར་ བཤད་པར་བྱའོ་ཞེས་པ་ནི་མི་འགལ་ལོ། །གལ་ཏེ་རྣམ་པ་གཞན་དུ་ནི་རྗེས་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་གྱི་མཐར་རམ། རྣལ་འབྱོར་ཆེན་པོའི་མཐར་རང་གི་འདོད་པའི་ལྷ་མི་བསྐྱོད་པ་ལ་སོགས་པ་རབ་ཏུ་འཇུག་པར་འགྱུར་ན། དེའི་ཚེ་དྲང་བའི་དོན་དུ་གསུངས་པ་དང་། གསུང་ བར་འགྱུར་བའི་ངེས་པའི་དོན་དག་གིས་རྣམ་པར་གཞག་པ་ལ་སོགས་པ་རྣམས་དང་འགལ་བར་འགྱུར་རོ། །གདུལ་བྱ་རྣམས་ཀྱིས་མཐོང་བར་གྱུར་ཏོ་ཞེས་པ་ནི། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་སྤྲུལ་པའི་སྐུ་ནི་གདུལ་བྱ་མ་ཡིན་པས་ཀྱང་མཐོང་བར་ཅི་ལྟར་འགྱུར་ཏེ་ཤཱཀྱ་སེང་གེ་ བཞིན་ནོ། །ཡོངས་སུ་སྨིན་དང་གྲོལ་བའི་སྣོད་ཀྱི་གདུལ་བྱའི་དབང་དུ་བྱས་ནས་བཅོམ་ལྡན་འདས་བསྐྱེད་པ་ལས་གདུལ་བྱ་རྣམས་ཀྱི་ཞེས་བརྗོད་པར་བྱའོ། །སླར་ཡང་གཞན་གྱིས་མཐོང་བ་ནི་མ་ཡིན་ནོ། །ཡང་ན་དངོས་དང་བརྒྱུད་པས་ཐམས་ཅད་ཁོ་ནས་གདུལ་བྱས་དེ་བཞིན་དུ་མཐོང་ བ་དང་། རེག་པ་དང་། ཐོས་པ་དང་དྲན་པས་བཅོམ་ལྡན་འདས་རྣམས་དགའ་བས་ཡིད་ཀྱི་རིགས་ཡང་དག་པར་ཤེས་པར་བྱེད་དོ། །རྫོགས་པའི་རིགས་རྣམས་ཀྱིས་དེ་དག་འཕེལ་བར་བྱེད་དོ། །སོ་སོར་འཇོམས་པ་རྣམས་ཀྱི་ཡང་བདུད་ལ་སོགས་པ་སོ་སོར་འཇོམས་པར་ནུས་པ་རྣམས་ཀྱི་འཇིགས་ པས་འཇིགས་པར་གྱུར་པ་རྣམས་དེ་ལ་སྐྱབས་སུ་འགྲོ་བའི་ཕྱིར་དྲང་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། དམ་ཚིག་གིས་ནི་ཡང་དག་པར་འགྲོ་བར་བྱེད་དོ། །རྣམ་པར་ཐིམ་པར་བྱེད་དོ་ཞེས་པས་དམ་ཚིག་གོ། །དེ་ལས་བྱུང་བ་ནི་ཡེ་ཤེས་ཀྱི་རིམ་པས་ཞེས་ 31-1-52a དྲང་བའི་དོན་ལས་ཁྱད་པར་རོ། །ཆེན་པོ་ཞེས་པ་ལ་སོགས་པ་ལ་མཆོག་ཅེས་པ་ནི། འགྲོ་བའི་མཆོག་ཉིད་ཀྱི་ཕྱིར་རོ། །ཚད་མེད་དང་ཞེས་པ་ནི་ཡོན་ཏན་དང་། ཡེ་ཤེས་དང་། གཟུགས་དང་། སེམས་ཅན་གྱི་དོན་ལ་སོགས་པ་རྣམས་ཀྱིས་ཡོངས་སུ་གཅད་པར་བྱ་བ་མ་ཡིན་པ་ ཉིད་ཀྱི་ཕྱིར་རོ། །མཁས་ཞེས་པ་ནི་རིག་པའི་གནས་མ་ལུས་པ་ཐམས་ཅད་ལས་སོ། །བརྩོན་ནི་བྱ་བ་རྣམས་ཐམས་ཅད་ལ་ཀུན་ཏུ་ཞུམ་པ་མེད་པ་ཉིད་དོ། །སྤྲོ་བ་ནི་ལྷག་པར་སྤྲོ་བའོ། །ལས་བདག་ཉིད་ནི་སེམས་ཅན་གྱི་དོན་ལ་སོགས་པ་ལ་རབ་ཏུ་འཇུག་པའི་ཕྱིར་རོ། །དེ་དང་དེ་ནི་ཤིན་ཏུ་རྨད་དུ་བྱུང་ སྟེ་ཤིན་ཏུ་ངོ་མཚར་བའོ། །དེ་དག་ལས་བསྐྱེད་པ་ནི་དེའི་བདག་ཉིད་དུ་ཡོངས་སུ་ཤེས་པས་དམིགས་པར་གྱུར་པའོ། །རྣམ་པ་ཐམས་ཅད་ཀྱི་མཆོག་ནི་ལག་པ་ལ་སོགས་པ་འཁོར་ལོ་ལ་སོགས་པ་དང་རྒྱན་གྱི་རྣམ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་ཉིད་ནི་ སྔགས་སོ། །དེ་རྣམས་ཀྱིས་བྱིན་གྱིས་རློབ་པ་ནི་དེའི་རང་བཞིན་ཉིད་དོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི། དྲང་བ་དང་ངེས་པའི་དོན་དག་ལས་ཡོངས་སུ་མ་དག་པ་དང་། ཡོངས་སུ་དག་པའི་ལྷ་རྣམས་དག་བསྟན་ཏོ། །ངེས་ པའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ཡོངས་སུ་མ་དག་པ་དང་ཡོངས་སུ་དག་པའི་རིམ་པས་བསྐྱེད་པ་དང་། སེམས་ཅན་གྱི་སྤྲུལ་པའི་སེམས་ཅན་གྱི་དོན་དུ་སོ་སོར་མི་བསྐྱོད་པ་ལ་སོགས་པ་སྤྲོ་བ་སྟོན་པར་བྱེད་དོ། །དགའ་བའི་ཐུགས་ཀྱིས་ནི་མཆོག་ཏུ་དགའ་བ་ཚིམ་པར་གྱུར་ པའི་ཐུགས་ཀྱིས་སོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། སྔར་ཞེས་པ་ལ་སོགས་པ་སྟེ། སྔར་གསུངས་པའི་ཐུགས་ཀ་ལས་ནི་ལྷ་མོའི་པདྨ་ལས་སོ། །ཆེད་དུ་བརྗོད་པ་ནི་དགའ་བས་ཚིག་ལ་ཆེད་དུ་བརྗོད་པ་ཞེས་བརྡར་བྱས་སོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཨེ་མའོ་གང་ཞེས་པ་ལ་སོགས་པ་སྟེ། རྣམ་པ་གཉིས་ཞེས་པ་ནི་ལྷའི་གཟུགས་རྣམ་པ་གཉིས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་དེའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །སྦ་བར་བྱ་བས་ན་གསང་བའི་ནི་སྣོད་མ་ཡིན་པ་རྣམས་ལའོ། །རྟོག་པ་དང་བྲལ་བ་ཉིད་ཀྱི་ཕྱིར་ཞེས་པ་ནི་རང་བཞིན་ཉིད་ལས་འདིའི་རྣམ་པར་རྟོག་པར་བྱེད་མི་ནུས་ 31-1-52b པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། རབ་ཏུ་མི་རྟོག་གོ། །ཁམས་གསུམ་པ་ཞེས་པ་ལ་སོགས་པ་ནི་འདོད་པ་དང་། གཟུགས་དང་། གཟུགས་མེད་པ་ལ་མི་གནས་པའི་ཕྱིར་གནས་པ་ཞེས་སོ། །སློབ་དཔོན་དང་སློབ་མའི་འབྲེལ་པ་ཞེས་པ་ནི། ཇི་ལྟར་མ་འོངས་པའི་གདུལ་བྱ་རྣམས་ བཅོམ་ལྡན་འདས་སྟོན་པར་བྱེད་པའི་དུས་སུ་མི་གནས་པ་རྣམས་དང་སློབ་མ་རྣམས་ཀྱིས་ཇི་ལྟར་སློབ་དཔོན་དང་བླ་མ་ལ་ཇི་ལྟར་བྱ་བ་དེ་བསྟན་པར་བྱ་བའི་དོན་དུའོ། །འདུས་པ་མཛད་ནས་ཞེས་པ་སློབ་མ་རྣམས་ཀྱི་འདུས་པ་ཉིད་ཅེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ ནི་མི་བསྐྱོད་པ་ལ་སོགས་པ་སྟེ། དེའི་རང་བཞིན་ཉིད་ཀྱི་ཕྱིར་བླ་མ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེའི་མཆོད་པ་སྤྲོས་པ་ནི་འདའ་བར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་དམ་ཚིག་གོ། །དེ་ཉིད་ཀྱི་ཕྱིར་དེ་ཁོ་ན་ཉིད་རིན་པོ་ཆེའོ། །འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནི་བཅོམ་ལྡན་འདས་ སྟོན་པར་བྱེད་པའི་དུས་ལ་ལྟོས་པའི་ཚིག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་གཟུགས་ལ་སོགས་པ་རྣམས་ཞེས་པ་ནི། གཟུགས་དང་སྒྲ་ལ་སོགས་པ་རྣམས་རྣམ་པར་སྣང་མཛད་ལ་སོགས་པའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་རོ། །དེ་རྣམས་ཞེས་པ་ནི་འདོད་པ་ལྔ་གསུངས་པ་ རྣམས་ཀྱིས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེའི་རང་བཞིན་ཡིན་པ་ཉིད་ཀྱི་ཕྱིར། བླ་མ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེའི་མཆོད་པ་སྤྲོས་པ་ནི། དངོས་དང་བསྒོམས་པས་སོ། །དམ་ཚིག་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་ཀྱང་འདའ་ བ་བྱ་བ་མ་ཡིན་པ་ཉིད་དོ། །ཡུལ་ལྔ་ལ་རེག་བྱའི་མཆོད་པའི་དབང་དུ་བྱས་ནས་གསུངས་པ། དེ་ཉིད་ཅེས་པ་ལ་སོགས་པ་སྟེ། བུད་མེད་རིན་པོ་ཆེ་རྣམས་ཞེས་མང་པོའི་ཚིག་ནི་སློབ་མ་རྣམས་མང་བ་ཉིད་ལ་ལྟོས་པའོ། །གང་ཡང་ལྷ་མོ་ཐམས་ཅད་ཀྱི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་མང་པོའི་ཚིག་ ཏུ་བརྗོད་པར་བྱའོ། །དེ་རྣམས་ཞེས་པ་ལ་སོགས་པ་མང་པོའི་ཚིག་ཏུ་ཡང་བརྗོད་པར་བྱའོ། །དེ་ལྟར་མཆོད་པ་བྱས་ནས། སློབ་མ་རྣམས་ཀྱི་བྱ་བ་བསྟན་པར་བྱ་བའི་ཕྱིར་བཤད་དུ་གསོལ་ཞེས་པ་ལ་སོགས་པས་གསོལ་བ་འདེབས་ཏེ། བྱུང་བ་ཞེས་པ་ནི་ཡང་དག་པ་མ་ནོར་བ་དེ་བཞིན་དུ་བྱུང་བའི་ 31-1-53a ཚུལ་གྱི་ངོ་བོའོ། །རྡོ་རྗེ་ལྟ་བུའི་སྙིང་པོའི་སྟོབས་གང་ཡིན་པ་དེ་རྣམས་རྡོ་རྗེ་སྙིང་པོའོ། །འདུས་པ་ཞེས་པ་ནི་ཡང་དག་པར་བསྡུ་བར་བྱ་བ་དང་། བསྡུས་པའི་ཕྱིར་དེའི་བདག་ཏུ་བྱེད་པས་འགྲོ་བར་བྱེད་པ་གང་དུ་བྱུང་བའི་ཚུལ་གྱིས་བདག་ཉིད་ཅན་དུ་འདུས་པའོ། །དེ་ཉིད་ཀྱི་ ཕྱིར་གསུངས་པ། གཅིག་ཏུ་གྱུར་ཞེས་པ་ལ་སོགས་པའོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་དེ་ཉིད་དོ། །གསང་བ་ཞེས་པ་ནི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་ཡོངས་སུ་དག་པ་དང་། ཡོངས་སུ་མ་དག་པའི་རྡོ་རྗེ་འཆང་ཆེན་པོའི་སྐུའོ། །སྦ་བར་བྱ་བ་ནི་སྐལ་མེད་རྣམས་ལའོ། ། འདུས་པ་ཕྱི་མར་གསུངས་པ། གསང་བ་ཞེས་འདི་ཅི་ལ་བརྗོད། །འདི་རུ་གསུང་དང་སྐུ་དང་གསུང་། །ཐུགས་ཀྱི་རྡོ་རྗེ་རྣམ་པ་གསུམ། །གསང་བ་ཞེས་ནི་མངོན་བརྗོད་བྱ། །ཞེས་སོ། །གསང་ཆེན་ལས་ཞེས་པ་འོད་གསལ་ལས་སོ། །ལྷའི་སྐུ་འོད་གསལ་བ་ལས་བྱུང་བ་ཉིད་ཀྱི་ཕྱིར་རོ། །གཉིས་ ཞེས་པ་ནི་བརྗོད་པར་བྱ་བ་ཤེས་རབ་དང་ཐབས་དག་གོ། །གསུངས་པ་ཡང་། འདུས་པ་ཞེས་པ་ཅི་ཞིག་བརྗོད། །ཅེས་པ་ལ། འདུས་པ་སྦྱོར་བར་རབ་གསུངས་ཏེ། ཤེས་རབ་དང་ཐབས་གཉིས་ཀའི་འཁོར་ལོའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར། འདུས་པ་ཕྱི་མར། སངས་རྒྱས་ཐམས་ ཅད་མངོན་རྗོད་བྱེད། །ཅེས་སོ། །ཡི་གེའི་དོན་ནི་ཡི་གེའི་དོན་ལ་བརྟེན་ནས་སྤྱིའི་དོན་གསུངས་སོ། །རྡོ་རྗེ་ཞེས་པ་ལ་སོགས་པ་ལ་རྡོ་རྗེ་དང་པདྨ་ནི་སྐྱེས་པ་དང་བུད་མེད་ཀྱི་དབང་པོ་དག་ཡང་དག་པར་སྦྱོར་བའོ། །བསྐྱེད་པའི་རིམ་པའི་དབང་དུ་བྱས་ནས་སྤྱིའི་དོན་ཏེ། སྤྱིའི་དོན་ལ་བརྟེན་ ནས་སྦས་པའི་དོན་གསུངས་སོ། །ཤེས་རབ་དང་ཐབས་ནི་ནང་གི་བདག་ཉིད་ཅན་གྱི་སྣང་བ་མཆེད་པ་དག་གོ། །ཡང་དག་པར་སྦྱོར་བ་ནི་སྣང་བ་ཉེ་བར་ཐོབ་པ་སྟེ་འདུས་པའོ། །སྦས་པའི་དོན་ལ་བརྟེན་ནས་མཐར་ཐུག་པ་གསུངས་པའོ། །ཀུན་རྫོབ་ནི་སྒྱུ་མའི་སྐུའོ། །དོན་དམ་པའི་བདེན་ པ་ནི་དངོས་པོའོ། །དེ་དག་འདྲེས་པ་ནི་དེའི་བདག་ཉིད་ཡོངས་སུ་ཤེས་པའོ། །གསང་བ་ཞེས་པ་ལ་སོགས་པའི་བཤད་པ་ནི་གསང་བ་ཞེས་པ་ལ་སོགས་པའོ། །མཐར་ཐུག་པའོ་ཞེས་པ་རྣམ་པ་གཉིས་སོ། །མངོན་པར་འདོད་པ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོའི་མངོན་པར་བཞེད་པར་ 31-1-53b གྱུར་པ་ཉིད་ལས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་འདིའི་བཤད་པ་ནི་འདིར་དེ་བཞིན་གཤེགས་པ་ཞེས་པ་ལ་སོགས་པས་གཞན་ལས་ཁྱད་པར་དུ་བྱེད་པའི་དོན་དུ་གསུངས་སོ། །ལྟ་ཅི་སྨོས་ཞེས་པ་ལ་སོགས་པ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་གཟུང་བའི་ དོན་དུ་རིམ་པ་གཉིས་ལ་བརྟེན་ནས། འདི་བསྟན་པར་སྒྲུབ་པར་འདོད་པ་ཉིད་ཀྱི་ཕྱིར། རིན་པོ་ཆེ་དང་ཙན་དན་ལ་སོགས་པ་གཉིས་ཀ་མངོན་པར་བརྗོད་དོ། །སྤྲོ་བ་མེད་པ་ནི་འདུས་པའི་དོན་ལ་གུས་པ་མེད་པ་ཉིད་དུ་སྟོན་པར་འདོད་པའོ། །བརྡ་སྤོང་བར་བྱེད་དོ་ནི་གསོལ་བ་འདེབས་པ་པོ་ རྣམས་ཀྱི་རྒྱུད་ལའོ། །དགོངས་པས་བཤད་པའོ་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིའང་ཡུལ་མ་ཡིན་ཞེས་པ་ནི་འགལ་བའི་ཚིག་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཐམས་ཅད་ཅེས་པ་ལ་སོགས་པས་སླར་ཡང་གསོལ་བ་འདེབས་པར་བྱེད་དེ། སྐུ་དང་གསུང་དང་ཐུགས་ ཀྱི་གསང་བ་ནི་དམ་ཚིག་དང་སྡོམ་པ་ལ་སོགས་པ་ལས་སྐུ་ལ་སོགས་པ་ཡོངས་སུ་གྱུར་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །དམ་ཚིག་དང་སྡོམ་པ་ལ་སོགས་པ་ལ་སྐུ་དང་གསུང་དང་ཐུགས་ཀྱི་གསང་བའོ། །དེ་ལ་དམ་ཚིག་ནི་བསྲུང་བར་བྱ་བ་ལ་སོགས་པའོ། །སྡོམ་པ་ནི་དཀྱིལ་འཁོར་དུ་ འཇུག་པ་ལ་སོགས་པ་རྡོ་རྗེ་ཐེག་པའི་སྡོམ་པའོ། །སོགས་པའི་སྒྲ་ལས་སྦོམ་པོ་དང་། རྩ་བའི་ལྟུང་བ་ལ་སོགས་པ་དང་། དེ་ལས་ལྡང་བའོ། །ཐབས་གསུངས་པ་དང་ལྡན་པ་བཟུང་ངོ་། །དེ་སྔོན་དུ་འགྲོ་བའི་སྐུ་དང་གསུང་དང་ཐུགས་ཀྱི་རིགས་གསུམ་ཡོངས་སུ་གྱུར་པ་སྐྱེད་པ་སྟེ། མི་ བསྐྱོད་པ་ལ་སོགས་པ་རྣམས་དང་། དེའི་རིགས་ཅན་རྣམས་ཀྱང་སྐུ་ལ་སོགས་པའི་བདག་ཉིད་ཀྱི་ཕྱིར་རོ། །ཡི་གེའི་དོན་ཏོ་ཞེས་བྱ་བ་ལ་སོགས་པའི་མཐར་ཐུག་གི་བར་དུ་ཕན་ཚུན་ལྟོས་པ་དང་བཅས་པས་ད་ལྟར་གསུངས་པའི་རྗེས་སུ་འབྲངས་ནས་རྟོགས་པར་བྱའོ། །སྐུ་དང་ གསུང་དང་ཐུགས་ཀྱི་གསང་བ་ནི་ཡི་གེ་གསུམ་ནི་དེ་བསྐྱེད་པའི་ས་བོན་ཉིད་ཀྱི་ཕྱིར་རོ། །སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ཡེ་ཤེས་གསུམ་ནི་འགྲོ་བའི་རྒྱུད་ནི་སྐུ་ལ་སོགས་པ་རྣམས་ཀྱི་ཡེ་ཤེས་གསུམ་གྱི་ལྷ་བསྐྱེད་པའོ། །སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ནི་ཡེ་ཤེས་ཀྱི་རང་ 31-1-54a བཞིན་གྱི་སྐུ་ནི་ཡོངས་སུ་དག་པ་དང་ཡོངས་སུ་མ་དག་པའི་སྐུ་དག་སྟེ། སྐུ་ལ་སོགས་པའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་རོ། །འདིར་འོད་གསལ་དང་ཟུང་འཇུག་ཏུ་མངོན་པར་དགོངས་ནས་བསྟན་པ་ཉིད་ཀྱི་ཕྱིར། མཐར་ཐུག་པ་ཞེས་ཏེ་རྣམ་པ་གཉིས་སོ། །ཐམས་ཅད་ ཅེས་བྱ་བ་ལ་སོགས་པ་ལ་བྱིན་གྱིས་བརླབས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་སོགས་པ་གནས་པ་སྟེ། དེ་ཉིད་ཀྱི་ཕྱིར་གསུངས་པ། སྐུ་ལ་སོགས་པར་ཞུགས་པར་མཛད་དོ། །འདིར་སོགས་པའི་སྒྲ་ལས་ངག་དང་ཡིད་ལ་ཡང་ཞུགས་ཤིང་རབ་ཏུ་ཞུགས་པའོ། །རབ་ཏུ་ ཞུགས་པ་རྣམས་ཀྱང་རྣམ་པར་རྟོག་པ་ལ་སོགས་པས་བྱ་བ་ལ་བསྐྱོད་པ་ཇི་སྲིད་དུ་ཀུན་དུ་གནས་པའི་ཕྱིར་རོ། །བྱིན་གྱིས་རློབ་པ་དེ་མཛད་ནས་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ་ཞེས་སྦྲེལ་ལོ། །སྐུ་རྡོ་རྗེ་ལ་སོགས་པ་སྟེ་ནི་ལྔ་པོ་དེ་བསྐྱེད་པའི་ས་བོན་གྱི་ཡི་གེ་ཨོཾ་ཡིག་ལ་སོགས་པ་ དེ་རྣམས་ཀྱི་སྐུ་ལ་སོགས་པ་བསྐྱེད་པར་མཛད་ནས་ཞེས་སྔར་གསུངས་པ་ལ་སྦྲེལ་ལོ། །དབང་པོ་གཉིས་ནི་བུད་མེད་དང་སྐྱེས་པའི་དབང་པོའོ། །དེ་སྙོམས་པར་ཞུགས་པ་ནི་བསྐྱོད་པའོ། །བྱང་ཆུབ་སེམས་ཀྱི་ཐིག་ལེ་ནི་ཀུན་རྫོབ་བོ། །དེས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་ བཞིན་རྣམས་ཀྱིས་སོ། །དབང་བསྐུར་བ་ནི་ཇི་ལྟར་རིགས་པར་བུམ་པའི་དབང་བསྐུར་བ་དང་། གསང་བའི་དབང་བསྐུར་བའོ། །ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡེ་ཤེས་གསུམ་པོ་དེ་རྣམས་ཀྱི་དབང་བསྐུར་བ་ནི་ཡིད་ཀྱི་དྲི་མ་འཁྲུད་པར་བྱེད་པ་སྟེ། དེ་མཛད་ནས་བསྟན་དུ་གསོལ་ཞེས་སོ། ། དེ་ཉིད་ཀྱི་ཕྱིར་གསུངས་པ། རྡོ་རྗེ་དམ་ཚིག་ནི་འོད་གསལ་བའོ་ཞེས་པ་ནི་མཐར་ཐུག་ལ་རབ་ཏུ་ཞུགས་པའོ། །ལྡང་བར་བྱེད་པ་གསུངས་པ། དེ་ལས་བྱུང་བའི་ཚིག་ཅེས་པ་ནི། གདུལ་བྱའི་སྐྱེ་བོའི་རྒྱུད་ལ་རྣམ་པ་གཉིས་ཞེས་པའི་སྐུ་རྣམ་པ་གཉིས་ཏེ། ཡོངས་སུ་དག་པ་དང་ཡོངས་ སུ་མ་དག་པའི་སྐུའོ། །གསལ་བར་མཛད་པ་ནི་རང་གིས་ཡང་དག་པར་རིག་པར་བྱེད་པའོ། །མཐར་ཐུག་པའོ་ཞེས་པ་ནི་མཐར་ཐུག་པ་གཞན་ནོ། །ཡང་ན་བཤད་པ་ནི་མཐར་ཐུག་པ་ཇི་ལྟར་ཡིན། ཇི་སྲིད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་ 31-1-54b སོགས་པ་རྣམས་ཀྱི་མཐར་ཐུག་པ་ནི་སྟོང་པ་གསུམ་མོ། །སྟོང་པ་གསུམ་གྱི་མཐར་ཐུག་པ་ནི་འོད་གསལ་ལོ་ཞེས་སོ། །ཡང་ན་རྒྱུད་འདི་ཉིད་དུ་གསུངས་པ། མཐའ་ནི་མཐའ་དྲུག་འོད་གསལ་བ་སྟེ། ཡང་དག་པའི་ཚུལ་ལོ་ཞེས་པ་དང་འགལ་བ་མ་ཡིན་ནམ་ཞེ་ན། འོད་གསལ་བ་དེའི་བདག་ཉིད་དུ་ འཇུག་པ་ཉིད་ཀྱི་ཕྱིར་ཡང་དག་པའི་ཚུལ་གྱི་བདག་ཉིད་ཅན་ནོ། །གལ་ཏེ་དེ་ལྟར་རྣམ་པར་མ་དག་པའི་ལྷ་ཉིད་ཇི་ལྟར་མཐར་ཐུག་པའི་བཤད་པས་བཤད་པར་བྱ་བ་ཅི་ལྟར་ཡིན་ཞེ་ན། འདི་འོད་གསལ་བ་ལས་ཡང་དག་པར་བྱུང་བ་ས་བོན་དང་། མཚན་མ་ལ་སོགས་པའི་རིམ་པས་བསྐྱེད་པ་ཉིད་ཀྱི་ཕྱིར་ རོ། །རིན་པོ་ཆེ་དང་ཙནྡན་ལ་སོགས་པའི་དབྱེ་བས་གདུལ་བྱ་གཉིས་དང་བྱ་བ་ལས་བཤད་པར་བྱའོ། །སླར་ཡང་རང་གི་ངོ་བོ་ཉིད་ཡོངས་སུ་མ་དག་པའི་ལྷ་ཞེས་བྱ་བར་ཡོད་པ་མ་ཡིན་ནོ། །འོད་གསལ་བ་ལས་ཡང་དག་པར་བྱུང་བ་ཡེ་ཤེས་གསུམ་པོ་རོ་གཅིག་པའི་རང་བཞིན་ས་བོན་དང་མཚན་མ་ལ་ སོགས་པ་རྣམས་ཀྱིས་བསྐྱེད་པ་ཉིད་ཀྱི་ཕྱིར། ལྷ་ཉིད་ཀྱི་མཆོག་ཏུ་དགའ་བའི་བདེ་བ་ཉམས་སུ་མྱོང་བ། ཐིག་ལེའི་གཟུགས་ཀྱིས་སྐྱེ་གནས་ཀྱི་དབུས་སུ་ངེས་པར་བྱེད་དོ་ཞེས་པའི་གསུང་ལས་རྣམ་པར་སྣང་མཛད་ལ་སོགས་པའི་ལྷའི་འཁོར་ལོ་ན་འགྲོ་བ་ཡང་བརྟན་པ་དང་གཡོ་བའི་བདག་ཉིད་ཅན་གྱི་འོད་ གསལ་བ་ལས་བྱུང་བ་ཉིད་ཀྱི་ཕྱིར་རོ། །རྣམ་གཞག་རིམ་པར་གསུངས་པའི་རིམ་པས། རིགས་བརྒྱའི་རིམ་པའི་ལྷའི་གཟུགས་ཉིད་ཀྱང་ཡོངས་སུ་དག་པ་ཉིད་དོ། །གཞན་དུ་ཡང་། སླར་ཡང་དངོས་པོ་ཐམས་ཅད། །རྣམ་དག་དེ་བཞིན་ཉིད་དུ་བརྗོད། །ཕྱི་ནས་རེ་རེའི་དབྱེ་བ་ཡིས། །ལྷ་རྣམས་ཀྱིས་ ནི་བརྗོད་པར་བྱ། །ཞེས་སོ། །དེ་ལྟར་ཞེས་པ་ལ་སོགས་པ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་ནི་རྣམ་ཤེས་ཀྱི་ཕུང་པོའི་བདག་ཉིད་ཅན་ཡིན་པ་ཉིད་ཀྱི་ཕྱིར། མི་བསྐྱོད་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཏེ་མི་བསྐྱོད་པ་གཙོ་བོར་ཡོད་པ་གང་ཡིན་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཡེ་ཤེས་ཞེས་པ་ལ་སོགས་ པ་སྟེ། སྒྲོན་མ་ཞེས་པ་ལ་སྒྲོན་མ་ལྟ་བུ་ནི་སྒྲོན་མའོ། །བཅོམ་ལྡན་འདས་ཀྱིས་ཡེ་ཤེས་ཀྱི་ཞེས་པ་ལྷག་མའོ། །བག་ཆགས་དང་བཅས་པའི་མི་ཤེས་པའི་མུན་པ་རྣམ་པར་འཇོམས་པར་བྱེད་པ་ལ་རང་གི་ངང་གིས་རབ་ཏུ་འཇུག་པར་བྱེད་པ་ཉིད་ལས་རང་གི་ངོ་བོར་སྟོན་པར་བྱེད་དོ། །བསྒོམས་ 31-1-55a པས་ཤེས་པའི་ཕྱིར་འཛིན་པར་བྱེད་པ་པོ་སློབ་དཔོན་གྱི་ཡེ་ཤེས་ཀྱང་རྡོ་རྗེ་ལྟ་བུའི་ལམ་གྱི་བདག་ཉིད་ཅན་གྱིས་མི་ཤེས་པའི་ཀུན་དུ་སྦྱོར་བ་ལས་མི་ཤེས་པའི་མུན་པ་རྣམས་དེའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་དེ་ལྟ་བུར་གྱུར་པའི་དོན་གཞན་གསུངས་པ། ཡེ་ཤེས་ ཞེས་པ་ལ་སོགས་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། རྒྱུད་ལ་ཞེས་པ་ལ་སོགས་པའོ། །སྤྱིའི་དོན་ཏོ་ཞེས་པ་ནི་མི་བསྐྱོད་པའི་བསྐྱེད་པ་འདིར་རྣམ་པར་འཆད་པར་མངོན་པར་འདོད་པ་ཉིད་ཀྱི་ཕྱིར་རོ། །ཡེ་ཤེས་ཞེས་བྱ་བ་ལ་སོགས་པས་གང་ཞིག་གསུངས་པ། འདུས་པ་ཕྱི་མ་རུ། ཞེ་སྡང་སྡང་བའི་བདག་ཉིད་སྦྱོར། །ཞེ་སྡང་དགའ་དང་ཡང་དག་ལྡན། །ཞེ་སྡང་རྒྱུན་གྱི་དབང་བསྐུར་ནས། །ཞེ་སྡང་རྡོ་རྗེར་བདག་ཉིད་འགྱུར། །ཞེས་སོ། །ཡི་གེའི་དོན་དང་། སྤྱིའི་དོན་གསུངས་པ། ཞེ་སྡང་རྡོ་རྗེ་སྐུ་ལ་སོགས་པར་གཞུག་པ་ལ་སོགས་པའི་རིམ་པས། རབ་ཏུ་ཞུགས་ པའི་སློབ་མ་དབང་བསྐུར་བའི་དོན་དུ་སྣང་བ་འཆར་བར་བྱའོ་ཞེས་པའོ། །དེ་སྟོན་པར་བྱེད་པ་ཕྱོགས་བཅུར་སྣང་བར་མཛད་པས་ཡེ་ཤེས་ཀྱི་གཟུགས་ཉིད་དོ། །དེའི་ཕྱིར་གསུངས་པ། སྒྲོན་མ་དང་འདྲ་བས་ན་ཞེས་པ་ནི་རབ་ཏུ་སྣང་བ་ཙམ་གྱི་ཆོས་དེས་སོ། །རབ་ཏུ་སྣང་བར་བྱ་བ་དང་། རབ་ ཏུ་སྣང་བར་བྱེད་པ་པོ་དང་། རབ་ཏུ་སྣང་བའི་ངོ་བོ་ཉིད་ཀྱིས་ཡེ་ཤེས་གསུམ་པོ་ཉིད་ཀྱི་གནས་སྐབས་སུ་རབ་ཏུ་གསལ་བར་བྱེད་པས་རབ་ཏུ་སྣང་བར་བྱ་བ་དང་། རབ་ཏུ་སྣང་བར་བྱེད་པ་པོ་དང་། རབ་ཏུ་སྣང་བའི་ངོ་བོ་རྣམས་ཀྱིས་དབྱེ་བར་འདོད་དོ། །དེའི་བདག་ཉིད་ཅན་གྱི་སེམས་རྩེ་གཅིག་པ་ ཉིད་ནི་ཏིང་ངེ་འཛིན་ནོ། །ད་ནི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱི་གང་ཡིན་པ་འདི་སོ་སོ་རང་གིས་རིག་པར་བྱ་བ་ཉིད་དུ་སྟོན་པར་བྱེད་པ་ཛྙཱ་ནི་རྟོགས་པར་ཞེས་བྱ་བ་ལ་སོགས་པ་སྟེ། གཞན་དུ་ན་བྱང་ཆུབ་ཀྱི་སེམས་འདི་ཡོངས་སུ་མ་དག་པའི་ཕྱིར་དབང་བསྐུར་བ་མི་འོས་སོ། །འདིས་ནི་རྫོགས་པའི་ དཀྱིལ་འཁོར་གྱི་འཁོར་ལོའི་ཆ་ཤས་རྣམ་པར་གཞག་པ་ལས་ཕྱིར་གྱུར་པའམ། ནང་དུ་ཡོངས་སུ་མ་དག་པའི་ཕྱིར། སློབ་མ་དབང་བསྐུར་བར་ཡང་བརྗོད་པར་འགྱུར་བ་མ་ཡིན་ནོ། །ཡེ་ཤེས་གསུམ་གྱི་སྣང་བ་ཉིད་སྣང་བ་མ་ལུས་པ་སྟེ་ཟིལ་གྱིས་མནན་པ་ནི། ཕྱོགས་བཅུར་སྣང་བར་བྱས་ 31-1-55b པའོ། །གཞན་དུ་ཉི་མ་ལ་སོགས་པའི་སྣང་བ་རྣམས་ཀྱི་འོད་སོ་སོར་ངེས་པའི་ལུས་ཀུན་དུ་སྣང་བར་བྱེད་ནུས་པར་མཐོང་བ་ཉིད་ཡིན་ན། སླར་ཡང་དོན་དམ་པའི་བདེན་པ་ལ་སྣང་བ་མ་ལུས་པ་ཟིལ་གྱིས་གནོན་པ་འཇིག་རྟེན་གྱི་ཁམས་ཀུན་དུ་སྣང་བར་བྱེད་པར་ཅི་ལྟར་མི་འགྱུར། སྒྲོན་མ་ཞེས་པ་ ནི་སྔར་བཞིན་དུ་སྒྲོན་མ་དང་འདྲ་བའོ། །རྡོ་རྗེ་ཞེས་པ་ནི་རྟག་པ་ཉིད་དེ་འཇིག་རྟེན་གང་གིས་ཀྱང་གནོད་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །མཐར་ཐུག་པའོ་ཞེས་པ་ནི་རབ་ཏུ་དབྱེ་བ་གཅིག་གོ། །གཉིས་པ་གསུངས་པ། འོད་གསལ་བ་དང་ཞེས་པ་ལ་སོགས་པ་སྟེ། བཞེངས་ནས་ཞེས་པ་ནི་ཡེ་ཤེས་ཀྱི་ རིམ་པས་སམ། ས་བོན་དང་མཚན་མ་ལ་སོགས་པའི་རིམ་པས་སོ། །ཉོན་མོངས་པ་ལྔ་ནི། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། འདོད་ཆགས་དང་། ཕྲག་དོག་གི་མཚན་ཉིད་རྣམས་སོ། །དེ་རྣམས་ཀྱིས་ཁྱབ་པ་ནི་བཀབ་པའོ། །སེམས་ཅན་གྱི་ཁམས་ནི་སེམས་ཅན་གྱི་འཇིག་རྟེན་ནོ། ། ཉོན་མོངས་པ་གསུངས་པ། དེ་རྣམས་ཀྱི་རང་བཞིན་ཡོངས་སུ་ཤེས་པ་ཉིད་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཀྱི་རྣམ་པའི་རྒྱུན་ཕྱིན་ཅི་མ་ལོག་པར་ཡོངས་སུ་ཤེས་པ་ཉིད་ཀྱི་དེ་ཉིད་བྱང་ཆུབ་སྟེ་མངོན་པར་རྫོགས་པར་བྱང་ཆུབ་པ་རྡོ་རྗེ་འཆང་ཉིད་དོ། །གསུངས་པ་ཡང་། རྟེན་ཅིང་འབྲེལ་འབྱུང་གང་ཡིན་ པ། །དེ་ཉིད་ཁྱོད་ནི་སྟོང་པར་བཞེད། །དེ་བཞིན་སྣ་ཚོགས་དམ་པའི་ཆོས། །དེ་དང་མཉམ་པ་དེ་བཞིན་གཤེགས། །དེ་ཉིད་དམ་པའི་དོན་དུ་ཡང་། །དེ་བཞིན་ཉིད་ཀྱི་རྫས་སུ་འདོད། །དེ་ནི་ཡང་དག་མི་བསླུ་བ། །དེ་རྟོགས་པ་ལས་སངས་རྒྱས་བརྗོད། །སངས་རྒྱས་རྣམས་དང་སེམས་ཅན་ཁམས། །དེ་ཡིས་ ཐ་དད་མིན་ཉིད་དོ། །ཞེས་སོ། །དེའི་རང་བཞིན་ནི་བྱང་ཆུབ་ཀྱི་རང་བཞིན་ནོ། །གདུལ་བྱ་རྣམས་ནི་ཉོན་མོངས་པ་ལྔས་ཁྱབ་པའོ། །ཞེ་སྡང་ཞེས་པ་ཉེ་བར་མཚོན་པ་སྟེ། རྒྱུད་འདི་ལ་སེམས་གཙོ་བོ་ཡིན་པའི་ཕྱིར་ཐོག་མར་མི་བསྐྱོད་པ་སྟོན་པར་བྱེད་དོ། །སྦྱང་བའི་ཕྱིར་ཞེས་བྱ་བ་ནི་མི་བསྐྱོད་པའི་གཟུགས་ ལ་སོགས་པ་ཉིད་ཀྱིས་ཞེ་སྡང་གི་རིགས་རྣམས་སོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། འདི་ཞེས་པ་ལ་སོགས་པ་སྟེ། ཐུགས་ནི་དེ་སྐུལ་བར་བྱེད་པ་པོ་ཉིད་ཀྱིས་རང་གི་སྐུ་ལས་ངེས་པར་བྱུང་བས་སོ། །གསུང་རྡོ་རྗེ་ལས་བཛྲ་དྷྲྀཀ་ཅེས་བྱ་བའི་སྒོ་ནས་ཕྱུང་བས་སོ། །བློ་ལ་བཞག་ནས་ཞེས་པ་ནི་བློས་དམིགས་ 31-1-56a པར་གྱུར་པའོ། །ཐུགས་རྗེ་ཆེན་པོ་ནི་འཆད་པར་འགྱུར་བའི་ཐབས་གང་ཡིན་པའི་རྡོ་རྗེ་འཆང་ཆེན་པོ་དེ་དེ་བཞིན་ནོ། །དེའི་ཁྲོ་བོ་ནི་འདིའི་དོན་གྱིས་ཞེ་སྡང་སྟེ། ཞེ་སྡང་ཅན་རྣམས་ཞེ་སྡང་ལ་ཕྱིར་ཕྱོགས་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །རྡོ་རྗེ་འཆང་ཆེན་པོ་དེའི་རིགས་ནི་མི་བསྐྱོད་པ་ སྟེ། ལྷ་མོའི་བྷ་གར་ལུས་ཀྱི་བདག་ཉིད་ཅན་རྡོ་རྗེ་འཛིན་པར་བྱེད་དོ་ཞེས་པས་བཛྲ་དྷྲྀཀ་ཅེས་བྱས་ནས་སོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། སྙོམས་པར་ཞུགས་ནས་ཞེས་བྱ་བ་ལ་སོགས་པ་སྟེ། སྒྲ་ཇི་བཞིན་པའོ། །ལྔ་ཞེས་པ་ལ་སོགས་པ་ལ་རྣམ་པ་ལྔ་ཞེས་པ་ནི། མེ་ལོང་ལ་སོགས་པ་ཡེ་ ཤེས་ལྔའི་རང་བཞིན་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་གྱི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པ་རྣམས་ཀྱི་སངས་རྒྱས་ཉིད་ཀྱི་ཚུལ་འདིའོ། །དེ་སྟོན་པར་བྱེད་པའི་རྡོ་རྗེ་ནི་མཚན་མའི་ལུས་ལ་འཆད་པར་བྱེད་དོ་ཞེས་པ་བཛྲ་དྷྲྀཀ་གོ། །རྡོ་རྗེ་འཆང་ཆེན་པོ་དེའི་ངོ་བོ་ ཉིད་ཡིན་པ་དེའི་ཕྱིར་མི་བསྐྱོད་པ་ཡང་ངོ་། །ད་ལྟར་ཛི་ན་ཛི་ཀ་ཅེས་བྱ་བ་ལ་སོགས་པའི་སྔགས་རྣམས་ཀྱང་རྣམ་གཞག་རིམ་པ་དང་། རྣམ་བཤད་ལས་བཤད་པའི་ཕྱིར་རང་བཞིན་གཉིས་ཉིད་དུ་རྟོགས་པར་བྱའོ། །དྲང་བའི་དོན་ཏོ། །བདེན་པ་ཞེས་བྱ་བ་ལ་སོགས་པ་ནི་འཛིན་པར་བྱེད་དོ་ ཞེས་བྱ་བ་ནི་མངོན་དུ་བྱ་བ་ཉིད་དོ། །རྡོ་རྗེ་འཆང་ཆེན་པོ་དེའི་རང་བཞིན་ཡིན་པ་ཉིད་ཀྱི་ཕྱིར་མི་བསྐྱོད་པ་ཡང་ངོ་། །དེ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པ་ཡང་བཤད་པ་འདིའོ་ངེས་པའི་དོན་ཏོ། །དེ་ཉིད་ཅེས་བྱ་བ་ལ་སོགས་པས། དྲུག་པས་མངོན་པར་བརྗོད་དེ་དྲུག་པའི་རྣམ་གྲངས་ ཡིན་པ་ཉིད་ཀྱི་ཕྱིར་རོ། །རྡོ་རྗེ་འཆང་ཆེན་པོ་ཞེས་པ་འདིའི་ཞེས་སྤྱོད་བསྡུས་སུ་གསུངས་པ། སྤྲུལ་པའི་བདག་ཉིད་ཀྱང་རྗོ་རྗེ་འཆང་ཆེན་པོ་སྟེ་བདེན་པ་གཉིས་ཀྱི་བདག་ཉིད་ཅན་ལོངས་སྤྱོད་རྫོགས་པའི་སྐུའི་རྒྱུ་ཉིད་ཀྱི་ཕྱིར། བདེན་པ་གཉིས་ཀྱི་བདག་ཉིད་ཅན་ནོ། །མི་བསྐྱོད་པ་ཞེས་པ་ནི་ལྔ་པའོ། ། ཞལ་ནག་པོ་ལ་སོགས་པའི་བདག་ཉིད་ཅན་ཞེས་པ་ནི། དྲུག་པ་ནི་ཞལ་དཀར་པོ་ལ་སོགས་པ་ཉིད་ཀྱི་ཕྱིར་རོ། །དེ་རྣམས་ཞེས་པ་ནི་ཞལ་ནག་པོ་ལ་སོགས་པ་བདག་ཉིད་ཅན་མི་བསྐྱོད་པའི་ཕྱག་རྒྱ་རྣམས་སོ། །གཅིག་ཏུ་གྱུར་ནས་ཞེས་པ་ནི་དྲུག་པའི་ཕྱག་རྒྱ་ཆེན་པོ་རྣམས་སོ། །ནག་པོ་ཞེས་བྱ་བ་ལ་ 31-1-56b སོགས་པ་ལ་སྔ་མ་བཞིན་ནོ་ཞེས་པ་ཐོག་མ་དང་། གཞན་དུ་ཞལ་ནག་པོ་ལ་སོགས་པ་མངོན་པར་བརྗོད་པ་ཉིད་ཀྱི་ཕྱིར་རོ། །དྲུག་པ་རྡོ་རྗེ་འཆང་ཆེན་པོ་ལ་བཞུགས་སོ་ཞེས་པ་ནི་མི་བསྐྱོད་པའོ། །རྡོ་རྗེ་སེམས་དཔའ་དང་། དེ་བཞིན་གཤེགས་པ་དྲུག་པ་ལས་དབྱུང་བ་ནི་རྡོ་རྗེ་སེམས་དཔའ་དབྱུང་བའོ། ། རྡོ་རྗེ་སེམས་དཔའ་འམ། མི་བསྐྱོད་པ་དབྱུང་བ་ལ་རྡོ་རྗེ་སེམས་དཔའ་དབྱུང་བའོ། །དང་པོའོ་ཞེས་པ་ནི་གཉིས་པོ་ལ་སོགས་པ་འཆད་པར་འགྱུར་བ་ཉིད་ཀྱི་ཕྱིར་རོ། །སྒྲ་ཇི་བཞིན་པའོ། །དང་པོ་སྦྱོར་བ་ཞེས་པ་ནི་དང་པོའི་སྒྲ་ནི་ཐོག་མའི་རྣམ་གྲངས་ཏེ། དང་པོ་སངས་རྒྱས་དྲུག་པ་ཉིད་ཀྱིས་ ལྷན་ཅིག་ཏུ་སྦྱོར་བ་ནི་དང་པོའི་སྦྱོར་བའོ། །མདོ་དང་བསྲེ་བར་བྱེད་པར་ཡང་དང་པོ་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ་ཞེས་རྣལ་འབྱོར་བཞི་དེ་མ་ཐག་ཏུ་གསུངས་སོ། །དང་པོ་ཞེས་བྱ་བ་ལ་སོགས་པ་ལ་ཕྱུང་བའི་དཀྱིལ་འཁོར་སྟོན་པར་བྱེད་པས་ཞེས་པ་ནི། གསུངས་པ་ཡང་། ཞེ་སྡང་ རྡོ་རྗེའི་ཏིང་འཛིན་གནས། །དཀྱིལ་འཁོར་ཐམས་ཅད་རབ་དབྱུང་བྱ། །ཞེས་སོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། བཅོམ་ལྡན་འདས་ཞེས་པ་དྲུག་པའོ། །ཐུགས་ལས་ཞེས་པ་ལྷ་མོའི་བྷ་ག་ལས་སོ། །དོན་ནི་བཤད་ཟིན་ཏོ་ཞེས་པ་ནི་ཐོག་མར་རོ། །སེམས་ཅན་རྨོངས་པ་ནི་གཟུགས་ལ་ ཆགས་པའོ། །ཞི་བའི་ཚུལ་ནི་ཡིད་བདེ་བ་སྐྱེད་པར་བྱེད་པའོ། །ཛི་ན་ཛི་ཀ་ཅེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །རྣམ་པ་གཅིག་གཉིས་ཞེས་པ་ནི་སྡུག་བསྔལ་ལོ། །ཡོངས་སུ་ཤེས་སོ། །སླར་ཡང་ཡོངས་སུ་ཤེས་པར་བྱར་མེད་དོ། །ཀུན་འབྱུང་ངོ་། །སྤངས་སོ། །སྤང་བར་བྱའོ། ། སླར་ཡང་སྤང་བར་བྱར་མེད་དོ། །འགོག་པའོ། །མངོན་དུ་བྱའོ། །མངོན་དུ་བྱས་སོ། །སླར་ཡང་མངོན་དུ་བྱར་མེད་དོ། །ལམ་མོ། །བསྒོམ་པར་བྱའོ། །བསྒོམས་སོ། །སླར་ཡང་སྒོམ་བར་བྱར་མེད་དོ་ཞེས་པ་རྣམ་པ་གཅིག་གཉིས་སོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི་འོད་གསལ་བའི་བདག་ཉིད་ ཅན་གྱི་སེམས་ལ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དག་གིས་དབྱེ་བར་བྱ་བར་དཀའ་བ་ཉིད་ཀྱི་ཕྱིར་རོ། །འདིར་ཕུང་པོ་དང་ཉོན་མོངས་པ་དང་འཆི་བ་དང་། ལྷའི་བུ་ཞེས་བྱ་བ་རྣམས་ཟིལ་གྱིས་གནོན་པར་བཤད་དོ། །ངེས་པའི་དོན་ཏོ། །དེ་ཉིད་ཅེས་པ་རིག་པའི་སྐྱེས་བུ་ཉིད་དོ། །རྣམ་པར་ 31-1-57a སྣང་མཛད་ཀྱི་ཕྱག་རྒྱ་ནི། དཀར་པོ་ནག་པོ་དམར་པོའི་ཞལ་ལ་སོགས་པའི་བདག་ཉིད་ཅན་ནོ། །དེའི་ལྷན་ཅིག་ཏུ་གྱུར་པ་ཞེས་པ་ནི། བཅོམ་ལྡན་འདས་ཀྱི་གཟུགས་ཀྱི་ཕུང་པོའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་རྣམ་པར་སྣང་མཛད་དོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། བཅོམ་ལྡན་འདས་ཞེས་པ་ལ་ སོགས་པ་སྟེ། སྒྲ་ཇི་བཞིན་པའོ། །ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི་འཛག་པའི་བདག་ཉིད་ཅན་རྣམ་པར་ཤེས་པའི་སྟོབས་ཅན་ནོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དེ་ཉིད་ཅེས་པ་ལ་སོགས་པ་སྟེ། ཕྱག་རྒྱ་ཆེན་པོ་མཉམ་པ་ཉིད་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཅན་རིན་ཆེན་འབྱུང་བའི་རང་བཞིན་ནོ། །དེའི་ ཕུན་སུམ་ཚོགས་པ་ནི་བསྐྱེད་པའོ། །གང་ཡིན་ཞེས་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །དྲང་བའི་དོན་ལ་བརྟེན་ནས་ངེས་པའི་དོན་གསུངས་སོ། །ཐམས་ཅད་ཅེས་པ་ལ་སོགས་པ་ལ་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་དེ་བཞིན་ཉིད་ཀྱི་བདག་ཉིད་ཅན་ནོ། །དེ་ལས་བྱུང་བ་ཞེས་པ་ནི་རིན་ཆེན་འབྱུང་ལྡན་ཡང་ བདེན་པ་གཉིས་ཀྱི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། རྡོ་རྗེ་དཔལ་ཞེས་བྱ་བ་ལ་སོགས་པ་སྟེ། ངེས་པའི་དོན་ཏོ། །རཏྣ་ཞེས་བྱ་བ་ལ་སོགས་པ་ལ་གཅིག་ཏུ་གྱུར་པ་ནི་དྲུག་པའི་ཚོར་བའི་ཕུང་པོའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་རིན་ཆེན་གྱིའོ། །གོས་པ་མེད་པ་ཞེས་པ་ནི་མི་མཉམ་ པ་མེད་པས་སོ། །གལ་ཏེ་གང་གི་ཕྱིར་མི་མཉམ་པའི་ཤེས་པས་གོས་པར་གྱུར་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཉིད་དོར་བར་འགྱུར་རོ། །ནམ་མཁའི་གནས་ཞེས་པ་ནི་ནམ་མཁའ་གནས་ལྟ་བུ་ཡིན་པས་ནམ་མཁའི་གནས་ཞེས་བརྗོད་པར་བྱའོ། །ནོར་ཞེས་བྱ་བ་ལ་སོགས་པ་ལ་སེམས་ཅན་རྣམས་ནི་ཡིད་ ཅན་རྣམས་སོ། །དུལ་བ་ནི་ང་རྒྱལ་འཇིག་པའོ། །ང་རྒྱལ་རྣམ་པར་དག་པའི་གནས་ནི་རིན་ཆེན་དབང་པོ་སྟེ་དེ་ལའོ། །སྒྲ་ཇི་བཞིན་པའོ། །འདོད་ཆགས་ཀྱིས་ནི་ཡུལ་ལ་ཆགས་པའི་མཚན་ཉིད་ཀྱིས་སོ། །འདོད་ཆགས་སྤང་བའི་དོན་ནི་འཁོར་བ་སྐྱེད་པར་བྱེད་པའི་ཡུལ་ལ་ཆགས་པ་བཟློག་པའི་དོན་ དུའོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་མཆོག་ཏུ་དགའ་བ་ནི་མཆོག་ཏུ་བདེ་བའི་རྒྱུ་ཉིད་ཀྱི་ཕྱིར་སྣང་བ་གསུམ་མོ། །བྱང་ཆུབ་སེམས་ཞེས་པ་ནི་བྱང་ཆུབ་ཡེ་ཤེས་ཀྱི་རྒྱུ་ཉིད་ཀྱི་ཕྱིར་བྱང་ཆུབ་ཀྱི་སེམས་འཛག་པ་ཉིད་ཅན་ནོ། །དེ་འབྱུང་བ་ནི་བྱང་ཆུབ་ཀྱི་སེམས་འབྱུང་བ་ཨ་ཡིག་གོ། །དེ་ལས་བྱུང་ 31-1-57b བ་ནི་འོད་དཔག་ཏུ་མེད་པ་སྟེ། དྲང་བའི་དོན་ཏོ། །འདོད་ཆགས་ཆེན་པོ་ནི་འདོད་ཆགས་དང་། འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་བར་མ་ལ་ལྟོས་ནས། འོད་གསལ་བ་སེམས་དཔའ་ཆེན་པོའི་འདོད་ཆགས་ལ་འདོད་པ་ཉིད་ཀྱི་ཕྱིར་རོ། །དྲང་བ་དང་ངེས་པའི་དོན་ཏོ། །སོ་སོར་ཀུན་དུ་རྟོག་པའི་ ཡེ་ཤེས་ལ་ཀུན་དུ་ཆགས་པ་ནི་རྟག་ཏུ་དེ་རྗེས་སུ་འབྲེལ་བའོ། །རྡོ་རྗེ་འདོད་ཆགས་ཞེས་པ་ནི་དྲང་བ་དང་ངེས་པའི་དོན་གྱིས་སོ་སོར་ཀུན་དུ་རྟོག་པ་ནི། དབྱེ་བར་བྱ་བར་དཀའ་བ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་མེ་ལོང་ལ་སོགས་པའི་ཡེ་ཤེས་བཞི་པོ་རྣམས་ལ་ཇི་ལྟར་འབྱུང་བ་བཤད་པ་འདིའོ། ། ཨཱ་ཞེས་བྱ་བ་འདིའི་བཤད་པ་ནི་ཀུན་ནས་སོ། །རོ་ཞེས་བྱ་བ་འདིའང་འཁོར་བ་སྟེ། ཕུང་པོ་དང་ཁམས་ལ་སོགས་པ་ལྷ་ཉིད་དུ་ང་རྒྱལ་བྱེད་པའོ། །ལྀ་ཀ་ཅེས་པ་ནི་འདིའི་བཤད་པ་ནི་དེ་ལས་འགྲོ་བར་བྱེད་དོ་ཞེས་པའོ། །ཡེ་ཤེས་གསུམ་མོ་ཞེས་པ་ལྷག་མ་སྟེ་དེ་ཉིད་ཀྱི་ཕྱིར་གསུངས་པ། རོ་ཞེས་ བྱ་བ་ལ་སོགས་པའོ། །དྲང་བ་དང་ངེས་པའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་སོ། །དོན་ཡོད་པ་ནི་གདོན་མི་ཟ་བར་གྲུབ་པ་གང་ཡིན་པ་དེ་ལ་དེ་བཞིན་ནོ། །དྲང་བའི་དོན་ཏོ། །མཚན་མ་མེད་པ་ཞེས་བྱ་བ་ནི་མཚན་མ་མེད་པ་ནི་རྒྱུ་མེད་པ་ཡིན་ཏེ། གང་དེ་བཞིན་ཉིད་ནི་ཁ་ཅིག་གིས་རྒྱུ་དང་རྒྱུ་མ་ཡིན་པ་ཉིད་དུ་ངེས་པར་འབྱུང་བ་མ་ཡིན་ནོ་ཞེས་པའོ། །ངེས་པའི་དོན་ཏོ། །ཕྲག་དོག་ནི་བུད་མེད་དང་སྐྱེས་པ་དག་གིས་ཕན་ཚུན་མི་བཟོད་པ་བྱེད་པའོ། །དེ་ཉིད་ཉོན་མོངས་པ་སྟེ་ཉོན་མོངས་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །དེ་སྦྱོང་བར་བྱེད་པས་དོན་ཡོད་པའི་གཟུགས་སོ། ། འགུགས་པ་ཞེས་པ་ནི་མི་བཟོད་ཅིང་ཆགས་པའོ། །དམ་ཚིག་ནི་ཕྲག་དོག་མི་བྱའོ་ཞེས་པ་དེ་བཞིན་གཤེགས་པའི་བཀའི་དམ་ཚིག་གོ། །དེ་ལས་ཉམས་པ་དེའི་བཀའ་ལས་འདས་པའི་ཕྱིར་རོ། །སོགས་པའི་སྒྲ་ལས་བརྫུན་དུ་སྨྲ་བ་ལ་སོགས་པ་གཟུང་ངོ་། །ཉེས་པ་སེལ་བར་བྱེད་པའི་དོན་ནི་ གསུངས་པའི་ཉེས་པ་ལས་ཉེ་བར་འདའ་བར་བྱེད་པའི་དོན་དུའོ། །རིགས་ནི་རིགས་ཀྱི་གཙོ་བོ་སྟེ། དམ་ཚིག་ཉམས་པས་དོན་ཡོད་པའི་བདག་ཉིད་ལ་དམིགས་པ་ལས་དེ་སེལ་བར་བྱེད་པར་འགྱུར་རོ། །དྲང་བའི་དོན་ཏོ། །གཞན་དེ་སེལ་བར་བྱེད་པའི་དོན་དུ་ངེས་པའི་དོན་གསུངས་ 31-1-58a པ། དམ་ཚིག་ཅེས་པ་ལ་སོགས་པ་སྟེ། འདི་ཉེ་བར་བྱའོ་གཟུང་བར་བྱའོ་ཞེས་པ་དམ་ཚིག་གོ། །ཁམས་ཕྲ་བ་ནི་རླུང་གིས་སོ། །དེས་ཞེས་པ་རླུང་གིས་སོ། །ཐབས་ཀྱི་ཡེ་ཤེས་ནི་འོད་གསལ་ཐོབ་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །འགུགས་པ་ཞེས་པ་འདིའི་བཤད་པ་ནི། མཆོག་ཏུ་ཞེས་པ་ལ་སོགས་པ་སྟེ་སྔ་མ་བཞིན་ནོ། །ཡོངས་སུ་སྦྱོང་བར་བྱེད་པ་ཞེས་པ་ནི་འོད་གསལ་བ་ཉིད་དུ་ལྟུང་བ་ཡོངས་སུ་ཤེས་པའོ། །བླ་ན་མེད་པའི་མཆོད་པའི་རང་བཞིན་ནི་རིགས་ཏེ་རིགས་སུ་བྱ་བ་ཤེས་པར་བྱའོ་ཞེས་བྱས་ནས་སོ། །ངེས་པའི་དོན་ཏོ། །རབ་ཏུ་རྣམ་པར་ འབྱེད་པའི་མཚན་ཉིད་ནི་རྣམ་པར་དཔྱོད་པའི་རྣམ་པ་སྟེ། དེ་བཞིན་གཤེགས་པའི་གནས་སྐབས་ན་ཡང་འདི་ལྷུན་གྲུབ་ཏུ་ཡོད་བཞིན་པ་ཉིད་ཀྱི་ཕྱིར་རོ། །རྣལ་འབྱོར་པའི་སྐབས་སུ་ནི་སྒོམ་པར་བྱེད་པའི་ཡེ་ཤེས་ཉིད་རབ་ཏུ་རྣམ་པར་འབྱེད་པའི་བདག་ཉིད་དོ། །དེའི་ཕྱིར་དེ་ཡང་པྲཛྙཱ་དྷྲྀཀ་ གོ། །དྲང་དོན་ནོ། །ཟླ་བར་སྣང་བ་ཞེས་པ་ནི་ཉེ་བར་མཚོན་པར་བྱེད་པ་སྟེ། སྣང་བ་མཆེད་པ་དང་། སྣང་བ་ཉེ་བར་ཐོབ་པ་དག་ཉེ་བར་མཚོན་པར་བྱེད་དེ། དེ་ཁམས་ཕྲ་བས་ནི་རླུང་གིས་སོ། །མཁའ་ལ་ཞེས་པ་འོད་གསལ་བའོ། །འཛིན་པར་མཛད་དོ་ཞེས་པ་སེམས་ཅན་གྱི་རྒྱུད་ལ་སྟེ་ རྣལ་འབྱོར་པ་ལ་ཡང་སྔ་མ་བཞིན་ནོ། །ངེས་པའི་དོན་ཏོ། །ཟག་པ་མེད་པ་ནི་ཉོན་མོངས་པའི་ཟག་པ་མེད་པའི་ཕྱིར་རོ། །འདོད་པ་ལ་ཉེ་བར་ལོངས་སྤྱོད་པ་ནི་འདོད་པ་ལ་ཡོངས་སུ་ཤེས་པས་ཉེ་བར་ལོངས་སྤྱོད་པའོ། །ཐར་པ་རབ་ཏུ་བསྒྲུབ་པ་ནི་འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་པའི་སྐྱེ་ བ་པའོ། །ཡུལ་ལ་མངོན་པར་ཞེན་པ་མེད་པས་སླར་ཡང་སྐྱེ་བ་མེད་པར་ལྔ་པོ་ལ་རྟོགས་པས་འཁོར་བ་ལས་ཐར་པའོ། །ཡང་ན་ཞེས་པ་ནི་ཕྱོགས་གཞན་ནོ། །འདོད་པ་ནི་མངོན་པར་འདོད་པ་སྟེ་བདག་གི་དོན་དང་གཞན་གྱི་དོན་ལ་སོགས་པའི་མཚན་ཉིད་དོ། །ཐར་པ་ནི་ཟག་པ་མེད་ པའི་བདེ་བའི་མཚན་ཉིད་དོ། །བཤད་པའི་རྒྱུད་ལས་ནི་དགོངས་པ་ལུང་སྟོན་དུའོ། །ཕུང་པོ་ཞེས་པ་ནི་གཟུགས་ལ་སོགས་པའོ། །འདི་དག་ཅེས་པ་ནི་འདི་ཉིད་དུ་ཐོག་མར་མངོན་པར་བརྗོད་པ་ལ་ལྟོས་ནས་སོ། །སངས་རྒྱས་འགྱུར་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་སོ། །བྱང་ཆུབ་ 31-1-58b ནི་འོད་གསལ་བའི་ཡེ་ཤེས་སོ། །དོན་ནི་སྣང་བ་ལ་སོགས་པའོ། །དེ་དག་ནི་རྐྱེན་དག་གོ། །བྱུང་བ་ནི་སྐྱེས་པ་གང་ཡིན་པའོ། །དེ་ཡང་ཞེས་པ་ནི་སྔར་གསུངས་པའི་ངེས་པའོ། །དེ་བཞིན་ཞེས་པ་ལ་སོགས་པ་ནི། སྔར་གསུངས་པའི་དམིགས་པའི་ནུས་པའི་འབྲས་བུའོ། །དེ་བཞིན་གཤེགས་ པ་ལྔ་པོ་དབྱུང་བའོ། །ངེས་པའི་དོན་ཏོ། །སླར་ཡང་ཞེས་པ་དེ་བཞིན་གཤེགས་པ་དབྱུང་བ་ལ་ལྟོས་ནས་སོ། །རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིས་ཞེས་པ་ལྔ་པོ་རྣམས་ཀྱིའོ། །ཉེ་བར་ལོངས་སྤྱོད་པའི་ཕྱིར་ནི་གཟུགས་ལ་སོགས་པ་དེ་དང་དེ་ཉམས་སུ་མྱོང་བར་བྱེད་པའི་དོན་དུའོ། ། གཟུགས་ལ་སོགས་པ་རྣམ་པར་དག་པ་སྒྲུབ་པར་བྱེད་པ་མཆོག་ཏུ་གྱུར་པ་ནི་གཟུགས་རྡོ་རྗེ་ལ་སོགས་པ་དང་། སྤྱན་མ་ལ་སོགས་པའི་སྐུར་གྱུར་པ་གཟུགས་ལ་སོགས་པའི་ཡུལ་རྣམས་ཏེ། དེའི་ངོ་བོ་ཉིད་མེ་ལོང་ལ་སོགས་པའི་མཚན་མའི་དཔེས་སོ། །རྣམ་པར་གཞག་པའི་རིམ་ པར་གསུངས་པ་ཡང་གཟུགས་སུ་བྱའོ། །སོ་སོར་རྣམ་པར་བརྟག་པར་བྱའོ། །གཟུང་བར་བྱའོ་ཞེས་པ་གཟུགས་སོ། །རྡོ་རྗེའི་སྒྲ་ལས་གཟུགས་རྣམ་པར་དག་པ་སྟོན་པར་བྱེད་དོ། །དེ་བཞིན་དུ་སྒྲ་ལ་སོགས་པ་ཡང་དེར་བཤད་པར་རྟོགས་པར་བྱའོ། །འོ་ན་ཅི་ལྟར་དེ་བཞིན་གཤེགས་པ་ ལྔ་ལ་ཉེ་བར་ལོངས་སྤྱོད་པར་བྱ་བའི་ལྷ་མོ་བཞི་པོ་ཡིན་ཞེ་ན། མཱ་མ་ཀཱི་ནི་རྡོ་རྗེའི་རིགས་དང་། རིན་པོ་ཆེའི་རིགས་དག་གི་ཐུན་མོང་བ་ཉིད་ཡིན་པས་སྐྱོན་མེད་དོ། །དྲུག་པ་ལ་ནི་ཕུང་པོ་ལྔ་པོ་ལྡན་པ་ཉིད་ཀྱི་ཕྱིར་ཐམས་ཅད་ཀྱིས་འབྲེལ་ལོ། །རྡོ་རྗེ་འཛིན་འདིར་མི་བསྐྱོད་པའོ། །དེའི་རྗེས་སུ་ མཉེས་པར་བྱེད་པ་ནི་བདེ་བ་སྦྱིན་པ་ཉིད་དོ། །དམ་ཚིག་ནི་འདའ་བར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཞེ་སྡང་ནི་མི་བསྐྱོད་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་ཞེ་སྡང་དང་མི་བསྐྱོད་པའི་སྒྲ་དག་རྣམ་གྲངས་ཉིད་དུ་རྟོགས་པར་བྱའོ། །དྲང་བའི་དོན་ཏོ། །ཞེ་སྡང་ཉིད་ཉོན་མོངས་པ་སྟེ། དེ་ དག་ཡེ་ཤེས་ཀྱི་རིམ་པས་དེ་བཞིན་ཉིད་དུ་ཡོངས་སུ་ཤེས་པའོ། །དེ་ལ་དགའ་བ་ནི་ཀུན་དུ་ཆགས་པའོ། །ངེས་པའི་དོན་ཏོ། །དེ་ཉིད་ཅེས་པ་ནི་དྲུག་པའོ། །དེའི་ཁམས་ཡིན་པ་ཉིད་ཀྱི་ཕྱིར་མཱ་མ་ཀཱི་སྟེ། སེམས་གཙོ་བོ་ཡིན་པའི་ཕྱིར་ཐོག་མར་མཱ་མ་ཀཱི་བྱུང་བའོ། །རྗེས་སུ་མཉེས་པར་ 31-1-59a བྱེད་པ་ནི་བདེ་བ་རབ་ཏུ་སྦྱིན་པས་ཡོངས་སུ་དགྱེས་པ་སྐྱེད་པར་བྱེད་པ་སྟེ། སྒྲ་ཇི་བཞིན་པའོ། །མོ་ཧ་ནི་མི་ཤེས་པ་སྟེ་སྲེད་པ་དེ་རྣམ་པར་དག་པ་ནི་སྔ་མ་བཞིན་ནོ། །འདོད་ཆགས་ནི་བུད་མེད་དང་སྐྱེས་པ་དག་གི་ཕན་ཚུན་བདེ་བ་ལ་ཆགས་པའོ། །དེའི་རྣམ་པར་དག་པ་ནི་སྔ་མ་ བཞིན་ནོ། །དྲང་བ་དང་ངེས་པའི་དོན་ཏོ། །སྐུ་ཞེས་པ་ལ་སོགས་པ་ལ་མི་རྟག་པའོ་ཞེས་པ་ནི་འཇིག་རྟེན་དུ་ལུས་ལ་སོགས་པ་མི་རྟག་པ་ཉིད་ཀྱིས་སླུ་བར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ཡང་རང་གི་སྡེ་པ་རྣམས་ལུས་ལ་སོགས་པའི་ཕུང་པོར་གནས་པ་མི་རྟོག་པར་སྟོན་པར་བྱེད་དོ། །སོ་སོའི་སྐྱེ་ བོའི་ལུས་ལ་སོགས་པ་ཀུན་ནས་འཆི་བའི་མཐར་ཐུག་པ་དང་། མདོ་སྡེ་པ་ཡང་ཕུང་པོ་ལ་སོགས་པའི་རང་བཞིན་གྲུབ་པར་བརྗོད་པ་ན། སྐད་ཅིག་ཅན་ཉིད་དུ་རྗོད་པར་བྱེད་དོ། །དེ་ལ་གལ་ཏེ་དངོས་པོ་སྐད་ཅིག་མ་གཅིག་ཉིད་དུ་གྲུབ་ན། སྐད་ཅིག་ཕྱི་མ་སྐྱེ་བ་དང་། སྐད་ཅིག་སྔ་མ་འགག་པར་འགྱུར་ བའི་ཕྱིར་མི་རྟག་པ་ཉིད་དུ་འགྱུར་རོ། །དབུ་མ་རུ་གསུངས་པ་ཡང་། ཡོད་གང་རང་བཞིན་བྲལ་བ་ཡིས། །མེད་དེ་མེད་ཅེས་རིག་པར་འགྱུར། །ཡོད་པ་ད་ལྟ་མ་བྱུང་བས། །སྔ་མ་ཆད་པར་ཐལ་བར་འགྱུར། །ཞེས་སོ། །ཡི་གེའི་དོན་ཏོ། །སྟོང་པ་ཞེས་པ་ལ་སོགས་པ་ལ་ཕུང་པོ་ལ་སོགས་པ་རྣམས་ ལ་སྟོང་པ་ཉིད་དུ་མངོན་པར་ཞེན་པ་མཆོག་ཉིད་ཀྱི་ཕྱིར། འཇིག་རྟེན་དབང་ཕྱུག་གི་ལུས་ལ་སོགས་པ་སླུ་བར་བྱེད་པ་སྟོང་པ་ཉིད་དོ། །སྤྱིའི་དོན་ནོ་ཞེས་པ་སྟོང་པ་ཉིད་ལ་དམིགས་པས་རང་བཞིན་གྱིས་ཡོད་པ་གསལ་བ་བསྐྱེད་པར་འདོད་པ་ཉིད་ཀྱི་ཕྱིར་རོ། །སྣང་བ་ཞེས་བྱ་བ་ལ་སོགས་པས་སྤྲུལ་ པའི་སྐུ་ལ་སོགས་པ་སྣང་བའི་རང་བཞིན་ཉིད་ཀྱིས། ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་དུ་རླུང་གི་ཁམས་ཀྱི་དབང་གི་ཕྱིར་བསྒྲུབ་པར་བྱའོ། །ལུས་ལ་སོགས་པ་སྣང་བ་ལ་རབ་ཏུ་ཞུགས་ནས་སྐད་ཅིག་སྐད་ཅིག་ལ་སླར་ཡང་རང་གིས་ཡང་དག་པར་རིག་པར་གྱུར་པ། སྣང་བ་གསུམ་པོ་རང་གིས་ཡང་ དག་པར་རིག་པར་བྱས་ནས་ནི་བདག་ཉིད་དམ་སློབ་མའོ། །དངོས་པོ་མེད་པར་དམིགས་པ་ནི་འོད་གསལ་བ་ལ་དམིགས་པ་སྟེ། རྟག་པ་མ་ཡིན་པ་དེ་ནི་སྐུ་ལ་སོགས་པ་སླུ་བར་བྱེད་པ་སྟེ་རྣམ་པར་ཉམས་པར་བྱེད་པའོ། །སྦས་པའོ་ཞེས་པ་དང་ལྷག་མ་ལ་ལྟོས་ནས་གསུངས་པ་ཉིད་ཀྱི་ཕྱིར་རོ། །ཕུང་པོ་ 31-1-59b ལ་སོགས་པ་དང་དཔེ་གཅིག་ཉིད ཀྱི་བླ་མའི་དྲིན་ལས་ལོངས་སྤྱོད་རྫོགས་པ་ཉིད་དུ་རྟོགས་ནས། རིལ་པོར་འཛིན་པ་ལ་སོགས་པས་སྣང་བ་མེད་པ་ཉིད་ནི་སླུ་བར་བྱེད་པ་སྟེ་སྔ་མ་བཞིན་ནོ། །མཐར་ཐུག་པའོ། །དེ་རྣམ་པ་ཞེས་བྱ་བ་ནི་ཡི་གེའི་དོན་ལ་སོགས་པ་བཤད་པ་རྣམ་པ་བཞིའི་བཤད་པའི་ དོན་གྱི་རྣམ་པར་དམན་པ་ལ་སོགས་པའི་གདུལ་བྱའི་དོན་དུ་སེམས་རྩེ་གཅིག་པ་ཉིད་དུ་མཛད་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །སྒྲ་ཇི་བཞིན་པའོ། །བཛྲ་ར་ཏི་ཞེས་བྱ་བ་ལ་སོགས་པས་གསུངས་པ་ཉིད་ཀྱི་དོན་དྲང་བ་དང་ངེས་པའི་དོན་དག་གིས་བསྟན་པར་གྱུར་པའོ། །འདི་རྣམས་ནི་སྤྱན་ མ་ལ་སོགས་པ་རྣམས་ཏེ། ལྷན་ཅིག་སྤྱོད་པ་ཞེས་མངོན་པར་བརྗོད་པའི་ཕྱིར་གཟུགས་རྡོ་རྗེ་ལ་སོགས་པ་རྣམས་རྗེས་སུ་སྤྱོད་པ་ཉིད་དུ་ཀུན་དུ་རྟོགས་པར་བྱའོ། །འདོད་པའི་དབང་ཕྱུག་ཅེས་པ་ནི་འདོད་པའི་ཡུལ་སྤྲུལ་པ་དང་། དེ་ལ་ལོངས་སྤྱོད་པ་ལ་མངའ་བདག་ཡིན་པ་ཉིད་ཀྱི་ ཕྱིར་རོ། །དེ་བཞིན་དུ་གང་གལ་ཏེ་འདོད་པ་ལ་ཉེ་བར་ལོངས་སྤྱོད་པའི་གདུལ་བྱ་འབྱུང་བར་གྱུར་པ་དེའི་ཚེ་གཅིག་དང་ཉེ་བའི་རིམ་པས་རྟོག་པའམ། རྟོག་པ་ལས་གཞན་འདོད་པ་མངོན་པར་སྤྲུལ་པ་བསྟེན་པར་བྱ་སྟེ། གདུལ་བྱ་མཐའ་ཡས་པ་རྣམས་ལ་འདོད་པའི་བུད་མེད་འབུམ་ ཕྲག་རེ་རེ་སྦྱིན་པར་བྱེད་དོ། །སྒྲ་ཇི་བཞིན་པའོ། །དབང་བསྐུར་བའི་ངོ་བོ་ཉིད་ཅེས་པ་ནི་མངོན་པར་འཐོར་བར་བྱེད་དོ། །ལུས་དང་ངག་གི་དྲི་མ་འཁྲུད་པར་བྱེད་དོ་ཞེས་པས་དབང་བསྐུར་བ་སྟེ། བླ་མ་རྣམ་པར་སྣང་མཛད་དོ། །དེའི་ངོ་བོ་ནི་རྒྱུ་དང་འབྲས་བུ་དག་དབྱེར་མེད་པར་ཉེ་བར་ བཏགས་པ་ལས་རྡོ་རྗེ་སྟེ་མི་ཕྱེད་པའོ། །གང་ཡིན་པ་ཞེས་པ་ནི་གཤིན་རྗེ་གཤེད་དོ། །དེ་ཞེས་པ་གཤིན་རྗེ་མཐར་བྱེད་དོ། །དེ་ལ་དམིགས་པ་ནི་གཤིན་རྗེ་མཐར་བྱེད་ལ་དམིགས་པའོ། །དྲང་བའི་དོན་ཏོ། །རྣམ་པ་སྣ་ཚོགས་པའི་རྣམ་པས་སྣང་བར་བྱེད། སྒྲིབ་པ་མ་ལུས་པ་བསྲེགས་ པས་སེམས་ཅན་རྣམས་ལ་སྣང་བར་བྱེད་དོ་ཞེས་པས་རྣམ་པར་སྣང་མཛད་དེ་འོད་གསལ་ལོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཅན་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེའི་ངོ་བོ་ཉིད་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་ 31-1-60a གཤེགས་པ་ལྔ་པོ་ཐམས་ཅད་དོ། །དེ་རྣམས་ཀྱི་དཀྱིལ་འཁོར་ན་རྟེན་དང་བརྟེན་པའི་བདག་ཉིད་ཅན་རྣམ་པ་བརྒྱད་དོ། །དེ་བསྐྱེད་པ་ནི་བགེགས་རབ་ཏུ་འཇོམས་པ་པོ་ཉིད་ཀྱིས་དེ་བསྐྱེད་པའི་རྒྱུ་ཡིན་པ་ཉིད་ཀྱི་ཕྱིར་གསུངས་པ། བྱིན་གྱིས་རློབ་པ་ཞེས་པ་ལ་སོགས་ པའོ། །སྒྲ་ཇི་བཞིན་པའོ། །གཤིན་རྗེ་གཤེད་ནི་དམྱལ་བའོ་ནི་དམྱལ་བའི་བདག་པོ་ཡིན་པ་ཉིད་ཀྱི་ཕྱིར་ཡང་ན་དམྱལ་བའི་ལས་ནི་གཤིན་རྗེ་སྟེ། དེའི་རྒྱུ་ཉིད་ཀྱི་ཕྱིར་རོ། །བཅོམ་ལྡན་འདས་ཞེས་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་ཞུགས་པའི་དྲུག་པའོ། །ཆེན་པོ་ཡང་དེ་ཡིན་ལ་ཁྲོ་ བོ་ཡང་ཡིན་པའི་ཕྱིར་ཏིང་ངེ་འཛིན་ཏེ། སེམས་ཀྱི་ཁྱད་པར་གང་ཡིན་པ་དེ་དེ་བཞིན་ནོ། །དྲང་བའི་དོན་ཏོ། །མ་རིག་པ་ཞེས་པ་ནི་ཡེ་ཤེས་གསུམ་གྱིས་བསྐྱེད་པའི་རྣམ་པར་མ་དག་པའི་ལོངས་སྤྱོད་རྫོགས་པའི་སྐུའོ། །ངེས་པའི་དོན་ཏོ། །མངོན་པར་རྫོགས་པར་བྱང་ཆུབ་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ སོ། །དེ་ལ་དམིགས་པ་ཞེས་པ་ནི་ཐོག་མར་སྦས་པའི་དོན་ལ་དམིགས་ནས་དེ་ལ་དམིགས་པར་བྱའོ་ཞེས་པའི་དོན་ཏོ། །ངེས་པའི་དོན་ཏོ། །ཤེས་རབ་ཀྱིས་ཞེས་པ་ནི་སོ་སོར་རྟོག་པའི་བདག་ཉིད་ཅན་གྱིས་ཉོན་མོངས་པ་རྣམས་ལ་སོ་སོར་རྟོག་པ་ལས་སོ། །དྲང་བའི་དོན་ཏོ། །རྣམ་པར་ རྟོག་པའི་བདག་ཉིད་ཅན་ཞེས་པ་ནི་མ་རིག་པའོ། །དེའི་ཕྱིར་གསུངས་པ། འོད་གསལ་ཞེས་པ་ལ་སོགས་པ་སྟེ། ངེས་པའི་དོན་ཏོ། །རྡོ་རྗེའི་དམ་ཚིག་ནི་རྡོ་རྗེ་འཆང་གི་བཀའོ། །འཇིག་རྟེན་པ་ཞེས་པའི་ཚིག་ནི་རྡོ་རྗེ་མཁའ་འགྲོ་མ་རྣམས་ལས་བཟློག་པ་གཞན་པའོ། །སྒྲ་ཇི་བཞིན་པའོ། ། ཆོས་རིན་པོ་ཆེ་ཞེས་པ་ནི་ཆོས་རིན་པོ་ཆེ་ཐམས་ཅད་སྟོན་པར་བྱེད་པའི་དབང་ཕྱུག་ཡིན་པ་ཉིད་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་བའི་ཕྱིར་རོ། །རིགས་ནི་བསྐྱེད་པའི་གནས་ཞེས་པའོ། །དྲང་བའི་དོན་ཏོ། །བསྡུས་པའི་དཀྱིལ་འཁོར་ནི་འོད་གསལ་ལས་ བྱུང་བའི་བྱང་ཆུབ་ཀྱི་སེམས་ལས་སྐྱེས་པ་ཉིད་ཀྱིས་རྟ་མགྲིན་ཡང་དེ་ལས། སྐྱེས་པ་ཉིད་ཀྱི་ཕྱིར་རོ། །ཉོན་མོངས་པ་འདོད་ཆགས་ལ་སོགས་པའི་མཚན་ཉིད་ཀྱིས་སོ། །དྲང་བའི་དོན་ཏོ། །དབང་པོ་གཉིས་ནི་བུད་མེད་དང་སྐྱེས་པའི་དབང་པོའོ། །དེ་དག་སྙོམས་པར་འཇུག་པ་ནི་བསྐྱོད་ 31-1-60b པའོ། །ཐབས་དེས་མཆོག་ཏུ་དགའ་བའི་བདེ་བ་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དང་འདོད་ཆགས་བར་མའི་མཚན་ཉིད་སྐྱེད་པར་མཛད་ཅེས་པ་བསྐྱེད་ནས་ཀྱང་དེའི་མཐར་འོད་གསལ་བ་མངོན་དུ་བྱེད་དོ་ཞེས་པའོ། །ངེས་པའི་དོན་ཏོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་སྐུ་ དང་གསུང་དང་ཐུགས་ཞེས་པ་ནི། བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་ཉིད་ཀྱི་ཕྱིར་རོ། །དེ་ཉིད་རྡོ་རྗེ་སྟེ་བླ་མའོ། །དྲང་བའི་དོན་ཏོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། སྐུ་དང་གསུང་དང་ཐུགས་རྣམས་ནི་དགོངས་པ་དེའི་ངོ་བོ་ཉིད་ རྣམས་སོ། །དེ་རྣམ་པར་དག་པའི་གནས་ནི་རྡོ་རྗེའོ། །ངེས་པའི་དོན་ཏོ། །ལུས་གཟིར་བའི་ཕྱིར་ནི་དགེ་བའི་དབང་པོའི་ལུས་ལས་མ་ཡིན་པ་ཉིད་འབྱུང་བའི་ཕྱིར་ཡང་བགེགས་སོ། །ཐབས་ཀྱི་ཡེ་ཤེས་ཤར་བས་ནི། དོན་དམ་པའི་བདེན་པ་ཐོབ་པའི་ཐབས་ལོངས་སྤྱོད་རྫོགས་པའི་མཐར་ འཇིག་པ་སྟེ། འོད་གསལ་དུ་བྱེད་དོ་ཞེས་ངེས་པའི་དོན་ཏོ། །དཀྱིལ་འཁོར་ནི་རྟེན་དང་བརྟེན་པའི་བདག་ཉིད་ཅན་དང་། ཡང་དག་པར་མཉེས་པར་བྱེད་པ་ནི་སེམས་རྣམ་པར་གཡེང་བ་ཉིད་ཀྱིས་སོ། །སེམས་པ་ནི་ཁྲོ་བོའོ། །དེའི་ཕྱིར་གསུངས་པ། ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། འདིར་ སྒྲུབ་པའི་ཐབས་ཀྱི་རྗེས་སུ་འབྲངས་ནས། ཁྲོ་བོ་བཞི་པོ་རིགས་ཀྱི་དབང་པོར་བཤད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་དྲུག་དང་སྤྱན་མ་ལ་སོགས་པའི་ལྷ་མོ་བཞི་དང་། གཟུགས་རྡོ་རྗེ་ལ་སོགས་པའི་ལྷ་མོ་ལྔ་དང་། བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བརྒྱད་དོ། །བཞུགས་ སོ་ཞེས་པ་འདི་ལ་ཡང་དྲུག་པ་མངོན་པར་བརྗོད་པས་དྲུག་པའི་རང་བཞིན་འདིའི་དཀྱིལ་འཁོར་ལ་ལྷ་ཉི་ཤུ་རྩ་གཉིས་མངོན་པར་བརྗོད་པར་བྱས་སོ། །ད་ནི་དཀྱིལ་འཁོར་འདི་ལས་གཞན་པའི་དཀྱིལ་འཁོར་པ་གང་ཡིན་པ་འདིར་མ་གསུངས་པ་རྣམས་བཤད་པའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་ལས་ ཀྱང་བརྗོད་ལ། དེ་རྣམས་གསུངས་པ། ཤར་ཕྱོགས་ཞེས་པ་ལ་སོགས་པ་སྟེ། རང་གི་རྒྱུད་ནས་ཡོངས་སུ་བསྡུ་བའི་དོན་དུ་འདིར་གསུངས་པ་རྣམས་ལ་འཇུག་པར་བྱའོ་ཞེས་རྣམ་པར་བཤད་པས་གསུངས་པ། ཤར་ཞེས་པ་ལ་སོགས་པའོ། །ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པའི་སྒྲས་ 31-1-61a ཕྱག་དང་། ཞལ་དང་ཁ་དོག་དང་། མཚན་མ་ལ་སོགས་པ་གཟུང་ངོ་། །སླར་ཡང་དགོངས་པ་གང་གིས་བཅོམ་ལྡན་འདས་འདིར་ཡང་དཀྱིལ་འཁོར་ཡོངས་སུ་རྫོགས་པར་མི་གསུང་ཞེ་ན་གསུངས་པ། སློབ་དཔོན་མེད་པར་ཞེས་བྱ་བ་ལ་སོགས་པའོ། །གཞན་དུ་ཞེས་ པ་ནི་རྒྱུད་གཞན་དུའོ། །གལ་ཏེ་གང་སློབ་དཔོན་མེད་པར་འཇུག་པར་གྱུར་ན་ཉེས་པར་ཅིར་འགྱུར། གྲུབ་པར་མི་འགྱུར་ཏེ། གཞན་ལ་ལྟོས་པ་མེད་པའི་ཕྱིར་ལེགས་པར་བྱས་པ་མ་ཡིན་གྱི། འདིར་གཞན་ལ་མ་ལྟོས་པར་འཇུག་པ་ནི་དམྱལ་བར་འགྲོ་བར་འགྱུར་རོ། །ཡོངས་སུ་ རྫོགས་པར་བརྗོད་པ་ལ་རིགས་པ་གསུངས་པ། ཇི་ལྟར་ཞེས་པ་ལ་སོགས་པ་སྟེ་དཔེ་རིགས་པ་དང་ལྡན་པར་བྱེད་པ་གསུངས་པ། སྐུའི་ཞེས་བྱ་བ་ལ་སོགས་པ་བརྒལ་བའོ། །འདིའི་ལན་གསུངས་པ། བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་སློབ་དཔོན་ཞེས་པ་ནི་དྲུག་པའི་ འོ། །སྐུའི་རྡོ་རྗེ་ཞེས་པ་ལ་སོགས་པ་ནས། རྣམ་ཤེས་ཕུང་པོར་ཡང་དག་བཞུགས། །ཞེས་པའི་མཐར་ཐུག་པས་དེ་བཞིན་གཤེགས་པ་ལྔ་པོ་རྣམས་ཀྱང་ཕུང་པོའི་བདག་ཉིད་ཀྱིས་མངོན་པར་བརྗོད་དོ། །ཤ་སོགས་ཞེས་པའི་སོགས་ཀྱི་སྒྲ་ལས་རུས་པ་ལ་སོགས་པ་གཟུང་ངོ་། །ཁྲག་ སོགས་ཞེས་པའི་སོགས་ཀྱི་སྒྲས་བད་ཀན་ལ་སོགས་པའོ། །དྲོ་བ་ལ་སོགས་ཞེས་པ་ནི་འདིར་ལྟོ་བའི་མེ་ལ་སོགས་པའོ། །བསྐྱོད་པ་ལ་སོགས་ཞེས་པ་ནི་འདིར་དབུགས་འབྱུང་བ་དང་རྔུབ་པ་ལ་སོགས་པའོ། །མིག་གི་དབང་གཉིས་ལ་ཞེས་པ་ནི། སྤྱོད་བསྡུས་སུ། མིག་གི་སྐྱེ་མཆེད་ ཀྱི་ཚོགས་ནི་སའི་སྙིང་པོའོ་ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། དབང་པོ་སྐྱེ་མཆེད་ཉིད་ཡིན་པའི་ཕྱིར། མིག་ལ་སོགས་པའི་ཚོགས་ཀྱང་དབང་པོའི་སྒྲས་བརྗོད་པར་བྱའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། སྣ་ལ་བཞུགས་ཞེས་པ་ལ་སོགས་པའོ། །ཁམས་བཞིའི་རང་བཞིན་ཞེས་པ་ལ་ སོགས་པས་ལུས་ཐམས་ཅད་རེག་བྱའི་དབང་པོའི་བདག་ཉིད་ཅན་ཉིད་ལ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་མངོན་པར་བརྗོད་པར་བྱའོ། །མཛོད་ལས་ནི་གང་ཡང་ཕོའི་དབང་པོ་མཐེ་བོའི་རྣམ་པ་གསང་བ་ལ་གནས་པར་གསུངས་སོ། །མོའི་དབང་པོ་ལམ་དུ་གནས་པ་རྔའི་སྦུབས་ 31-1-61b ལྟ་བུར་གསུངས་སོ། །སྒྲུབ་པའི་ཐབས་སུ་ཡང་སྐྱེས་པའི་གནས་གསུམ་དུ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་བསྐྱེད་ཅིང་དགོད་དོ། །བུད་མེད་ལ་ཡང་རེག་བྱ་རྡོ་རྗེ་མའོ། །གཙོ་བོ་འདི་ནི་དབང་པོའི་གནས་ལ་ཞེས་མངོན་པར་མཚམས་སྦྱར་བས་འདིར་ས་བོན་དགོད་ཅིང་གནས་གཞན་ལ་ཡང་ གཙོ་བོས་ཁྱབ་པ་ཡིན་ནོ་ཞེས་པ་འདི་འགལ་བ་ནི་མ་ཡིན་ནོ། །དེ་བཞིན་དུ་དབང་པོ་གཞན་རྣམས་ལ་ཡང་བཤད་པ་ཇི་ལྟར་འབྱུང་བ་འདིའོ། །རྩ་རྒྱུས་ནི་མགོ་བོའི་འོ། །དཔུང་པ་ཞེས་པ་ནི་ཉེ་བའི་དབང་དུ་བྱས་ནས་བདུན་པ་སྟེ། ཇི་ལྟར་ག་གན་ཕྱུགས་ལྷས་ཇི་ལྟ་བ་བཞིན་ནོ། །དེས་ན་དཔུང་པ་དང་ ཉེ་བར་འཇུག་པའི་གཞོགས་སུ་མི་གཡོ་བ་དང་། འདོད་པའི་རྒྱལ་པོ་གཉིས་དགོད་དོ། །འོག་ཅེས་པ་རྐང་པ་གཉིས་ཀྱི་འོག་ཏུའོ། །དེ་ལྟར་བྱས་ནས་ཀུན་ལ་ཞེས་པ་ལ་སོགས་པ་དང་། ལུས་ཞེས་པ་ལ་སོགས་པ་སྟེ། ཐ་དད་པའི་རིམ་པའོ། །དེ་དག་ནི་གསུངས་པའི་རིམ་པས་སོ། ། སྐུའི་དཀྱིལ་འཁོར་དུ་བརྗོད་དོ། །ཅི་ཞེ་ན་གསུངས་པ། རྡོ་རྗེ་ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་སློབ་དཔོན་གྱི་ལུས་ལ་བརྟེན་པའི་དཀྱིལ་འཁོར་གསུངས་པ། ལུས་ཞེས་པ་སྟེ་རྡོ་རྗེ་འཆང་གི་སྐུའི་ཐ་སྙད་དུ་བྱེད་པ་ལྷའི་འཁོར་ལོ་ཕུང་པོ་ལ་སོགས་པ་ལ་སངས་རྒྱས་ཉིད་ལ་སོགས་པར་ རྣམ་པར་གཞག་པ་མངོན་པ་ར་གསུངས་པ་སྟེར་བར་བྱེད་དོ་ཞེས་པ་ལུས་ཅན་ནོ། །འདི་རྣམས་ཀྱིས་དགོས་པ་གཞན་གསུངས་པ། འདི་དག་ཅེས་པ་ལ་སོགས་པ་སྟེ། སྤྲུལ་པར་བྱེད་པ་ཞེས་པས་སྤྲུལ་པའི་སྐུའི་བདག་ཉིད་ཅན་ནོ། །རྣམ་པ་གཉིས་པར་ཁ་ཅིག་ཏུ་མྱ་ངན་ལས་འདས་ ལ་ཞེས་པར་ཀློག་སྟེ། ཕྱོགས་འདི་ལ་མྱ་ངན་ལས་འདས་པ་ནི་མི་དང་སྐལ་བ་མཉམ་པ་དང་ལྷ་དང་སྐལ་བ་མཉམ་པ་དང་ལོངས་སྤྱོད་རྫོགས་པའི་སྐུའི་མྱ་ངན་ལས་འདས་པ་ལ་འཇུག་པར་འགྱུར་རོ་ཞེས་པའི་དོན་གཅིག་ཉིད་དོ། །རྡོ་རྗེ་ཅན་ནི་རྡོ་རྗེ་དང་ལྡན་པ་བརྗོད་པར་བྱའོ་ཞེས་པ་ འདིས་ལེགས་པར་སྦྱངས་པ་ནི་རྒྱུ་དང་རྐྱེན་དག་གིས་ལེགས་པར་འདུས་བྱས་པ་ལས་སྐྱེས་པའི་ཁམས་གསུམ་པ་ཅན་ནོ་ཞེས་བསྟན་པའི་ཚུལ་གང་ཡིན་པ་དེ་ལ་དེ་བཞིན་ནོ། །འཇུག་པའི་དོན་དུ་གསོལ་བ་འདེབས་པར་བྱེད་པ་གསུངས་པ། མྱུར་དུ་ཞེས་པ་ལ་སོགས་པ་སྟེ། མྱུར་དུ་ 31-1-62a ཞེས་པ་སྐྱེ་བ་འདི་ཉིད་ལའོ། །མྱ་ངན་ལས་འདས་པ་ཞེས་པ་དེ་རྫས་ཀྱི་ངོ་བོ་མེད་པའི་ཁྱད་པར་མྱ་ངན་ལས་འདས་པས་ཉེ་བར་བསགས་པའི་དགེ་བ་ཡོངས་སུ་སྨིན་པ་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་རོ་ཞེས་གསུངས་པ། ཁྱོད་ཀྱི་དགེ་བ་ཡོངས་སྨིན་པ། །ཞེས་སོ། ། དེ་བས་ཞེས་པ་ལ་སོགས་པ་ཉེ་བར་སྡུད་པ་སྟེ། བརྗོད་པའི་དོན་ཡོངས་སུ་ཤེས་པ་དུས་ཇི་ལྟ་བ་བཞིན་དུ་འཇུག་པའི་སློབ་དཔོན་མཆོག་ཏུ་འཛིན་པ་གསུངས་པ། ཇི་ལྟར་ཞེས་པ་ལ་སོགས་པའོ། །བསྐྱེད་པའི་རིམ་པ་ལ་ལྟོས་ནས་གསུངས་པའི་བཤད་པ་འདིའོ་ཞེས་གསུངས་པ། དང་པོའི་ཞེས་ པ་ལ་སོགས་པ་སྟེ། དེ་ནས་ཞེས་པ་ལ་སོགས་པ་ནི་དགའ་བ་ནི་ཐེ་ཚོམ་བསལ་བས་མ་འོངས་པ་ན་འདུས་པའི་དོན་ལ་ལྷག་པར་མོས་པ་རྣམས་ཀྱིས་ཐེ་ཚོམ་བསལ་བར་འཇུག་པ་སྟོན་པ་རྣམས་ཀྱིས་མགུ་བ་ཡིད་ལ་བྱས་ནས་སོ། །མགུ་བས་ནི་འཇིགས་པས་སྤུ་ཟིང་ཞེས་བྱེད་པར་གྱུར་ཏོ། ། འཇིགས་པའི་རྒྱུ་གསུངས་པ། ཕྱག་འཚལ་ཞེས་པ་ལ་སོགས་པ་སྟེ། རྣམ་པར་གཞག་པའི་རིམ་པར་གསུངས་པ་ཡང་། སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་མ་ལུས་པའི་ཚོགས་འཛིན་པའི་སངས་རྒྱས་རྣམས་འདིར་སོ་སོའི་སྐྱེ་བོའི་ལུས་ལ་དགོད་པ་ནི། འགལ་ བའི་བཤད་པ་ཅན་ཞེས་བྱ་བ་ལ་སོགས་པ་སྟེ། འགལ་བའི་བཤད་པས་བཅོམ་ལྡན་འདས་ཀྱིས་གསུངས་པ་དང་། འགལ་བར་བཤད་པ་བསྒོམས་པས་དམྱལ་བར་འགྲོ་བར་འགྱུར་རོ་ཞེས་འཇིགས་པ་དང་དུ་བདག་གི་རྒྱུའོ། །མཉམ་པར་གཞག་པ་ཡང་འདིར་རྣམ་གཞག་རིམ་པར་གསུངས་ པ་གང་ཡིན་པ་དེ་ཇི་ལྟ་བ་བཞིན་དུ་གཟུང་བར་བྱའོ་ཞེས་བྱ་བ་ལ་སོགས་པས་རྟོགས་པར་བྱའོ་ཞེས་གསུངས་ཞེས་བྱ་བ་ནི། རྡོ་རྗེ་འཆང་ཆེན་པོས་སོ། །སྐུའི་དཀྱིལ་འཁོར་འདི་ཉིད་ལྷ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཅན་ཡིན་པ་ཉིད་ཀྱིས་ཕྱུང་བའི་དཀྱིལ་འཁོར་ལ་ཡང་ལྷ་སུམ་ཅུ་རྩ་གཉིས་ཀྱི་བདག་ ཉིད་ཅན་ཉིད་དུ་གསུངས་སོ། །སྐུའི་དཀྱིལ་འཁོར་ལ་གནས་པ་ཉིད་གང་ཡིན་པ་དེ་ཕྱུང་བ་ལས་ཕྱུང་བའི་དཀྱིལ་འཁོར་དུ་འགྱུར་རོ། །ད་ནི་བྲི་བར་བྱ་བའི་དཀྱིལ་འཁོར་ལ་ཡང་ལྷ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཅན་ཉིད་དུ་བཤད་པར་བྱའོ་ཞེས་གསུངས་པ་འདིས་ཞེས་བྱ་བ་ལ་སོགས་པ་སྟེ། 31-1-62b སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཅན་ཉིད་ཀྱི་གཏན་ཚིགས་འདིས་སོ། །ཕྱུང་བའི་དཀྱིལ་འཁོར་གྱི་དབང་དུ་བྱས་ནས། རིགས་པ་ཉེ་བར་བརྗོད་པ་མ་ཡིན་ནམ། དེ་ཅི་ལྟར་འདིས་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱ་ཞེ་ན་གསུངས་པ། གླེང་གཞི་ཞེས་བྱ་བ་ལ་སོགས་པས་རིགས་པ་གསུངས་ཏེ། གླེང་གཞི་ནི་དང་པོའི་རྒྱུ་ཕྱུང་བའི་དཀྱིལ་འཁོར་རོ། །དེའི་དབང་དུ་བྱས་པའི་དོན་ཏོ། །སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་མཚོན་པའོ། །དེ་ཉིད་དུ་ནི་ཕྱུང་བའི་དཀྱིལ་འཁོར་ཉིད་དོ། །རྒྱུད་ཀྱི་དོན་ནི་བཤད་པའི་རྒྱུད་ཀྱི་དོན་ཏོ། །ལྷག་མ་ཞེས་པ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་བཤད་པའོ། །སྐབས་ སུ་བབ་པ་མ་ཡིན་ན་ནི་སྐབས་སུ་འོངས་པ་ནི་ཕྱུང་བའི་དཀྱིལ་འཁོར་ཉིད་དེ། རྡུལ་ཚོན་གྱི་དཀྱིལ་འཁོར་ཉིད་ཀྱིས་མངོན་པར་བརྗོད་པར་བྱ་སྟེ། དེའི་ཕྱིར་ཕྱུང་བའི་དཀྱིལ་འཁོར་གསུངས་པའི་རིགས་པས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ཡང་ཐལ་བར་འགྱུར་རོ་ཞེས་པ་སྐབས་སུ་བབ་པའོ། ། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ནི་སེམས་ཅན་རྣམས་སྣོད་ཀྱི་བདག་ཉིད་ཅན་མི་བསྐྱོད་པ་ལ་སོགས་པ་རྣམས་སོ། །དེ་རྣམས་ཀྱི་སྐུ་ལ་སོགས་པ་དེ་ཉིད་གསང་བ་སྟེ་གསང་བ་ལ་ཞེས་པ་གསང་བ་ལ་སྟེ། ལག་པ་ཕྱིས་པ་ལ་ལྔ་པའོ། །དེའི་ཕྱིར་གསུངས་ པ། གཟིགས་ཤིང་ཞེས་པ་འདིའི་དོན་འཆད་པར་བྱེད་པ་ཁོང་དུ་ཆུད་ནས་ཞེས་པ་ནི་དེའི་བདག་ཉིད་དུ་སྐྱེས་པར་གྱུར་ནས་སོ། །དེའི་ཕྱིར་གསུངས་པ། མཛད་དེ་ཞེས་པ་ལ་སོགས་པ་སྟེ། སྟོན་པ་པོ་དང་། བསྟན་པ་དང་། བསྟན་པར་བྱ་བའི་བདག་ཉིད་གདུལ་བྱ་རྣམས་ཀྱི་རྒྱུད་ལ་བྱེད་པའི་ཕྱིར་རོ། ། གསང་བ་འདུས་པ་ཞེས་པ་ནི་གསང་བ་རྣམས་སྦྱོར་བར་བྱེད་པའོ། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྱིན་གྱིས་བརླབ་པ་ཞེས་པ་ནི་ཏིང་ངེ་འཛིན་གྱིས་བསྐྱེད་བྱའི་དཀྱིལ་འཁོར་བསྟན་པ་དང་། བསྐྱེད་པར་གསུངས་པ་དེ་དེ་བཞིན་ནོ། །དྲང་བའི་དོན་དང་། ངེས་པའི་དོན་གྱི་བཤད་པ་ནི་འདིར་བལྟ་བར་ མི་བྱའོ། །གླེགས་བམ་ལས་བསྡུ་བའི་དོན་གྱི་ཚིག་རྣམ་པར་དབྱེ་བའི་རྗེས་སུ་འབྲངས་ནས་རྣམ་པར་བཤད་པས་བཅུག་པར་བལྟ་བར་བྱའོ། །འདི་ལྟ་སྟེ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། གསང་ཆེན་ལས་ཞེས་པ་སྟེ། འདིར་ཡང་གསང་ཆེན་ནི་ཀུན་རྫོབ་དང་། དོན་དམ་པའི་བདེན་ 31-1-63a པ་གཉིས་པོའི་མཚན་ཉིད་ཟུང་འཇུག་གི་ངོ་བོར་གཟིགས་ཤིང་ཁོང་དུ་ཆུད་ནས་དེའི་བདག་ཉིད་ཀྱི་མཐར་ཐུག་པར་བཞུགས་པ་འབྲས་བུའི་ངོ་བོར་གྱུར་པའོ། །ཕྱུང་བ་ནི་ཐུགས་ལའོ། །འདིར་ཞེས་པ་སྔར་བཞིན་ནོ། །ཡོངས་སུ་དག་པ་དང་ཡོངས་སུ་མ་དག་པའི་ཞེས་པ་ ནི་འདིར་བཤད་པ་ལ་ཡོངས་སུ་དག་པ་ཙམ་བཤད་དེ། དྲང་བའི་དོན་ལ་ནི་ཡོངས་སུ་མ་དག་པའི་བཤད་པ་བརྗོད་པ་མ་ཡིན་ནམ་ཞེ་ན། བདེན་ཏེ་འོན་ཀྱང་ཡོངས་སུ་མ་དག་པ་བསྡུས་པ་སྟོན་པར་བྱེད་པའི་དོན་དུའོ། །རྫོགས་པ་འདི་ཉིད་ཀྱིས་རྣམ་པར་དག་པ་ནི་བདེན་ཏེ། ཡོངས་སུ་རྫོགས་པའི་ ངོ་བོ་ཉིད་ཀྱི་ཕྱིར་རོ། །ཐོག་མར་གསུངས་པ་ཡང་། སྐུ་གསུམ་དག་ནི་ཐ་དད་པར། །སྐྱོབ་པ་ཡིས་ནི་གང་བསྟན་པ། །རྫོགས་པའི་རིམ་པའི་སྦྱོར་བ་ཡིས། །གཅིག་ཏུ་ཡང་ནི་འགྱུར་བ་ཡིན། །ཞེས་སོ། །གང་ཡང་ལེའུའི་དོན་ཉིད་ལ་འདི་དེ་ལ་ལྟོས་ནས་འདི་གསུངས་སོ། །གང་འདིར་ བཤད་པ་མ་ཡིན་པ་དེའི་དབང་དུ་བྱས་ནས་གསུངས་པ། ལྷག་མ་ནི་སྔ་མ་བཞིན་ནོ། །གོས་ནི་ཇི་ལྟར་བདག་ཉིད་ནི་ལུས་སོ། །ཅི་བྱེད་ཅེ་ན་གསུངས་པ། མཆུ་སྦྲང་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ནི་འདི་ཞེས་པ་གལ་ཏེ་ཡང་སྔར་བཤད་པའི་དོན་མཆོག་ཏུ་འཛིན་ པ་དེ་བཞིན་དུ་རྒྱུད་ཀྱི་དོན་ཞེས་མངོན་པར་བརྗོད་པའི་ཕྱིར་ཞེས་འཆད་པར་འགྱུར་བ་ཡང་འདིར། གསལ་བར་བྱེད་པས་ཡང་དག་པར་བདག་ཉིད་ཉེ་བར་སྐྱོབ་བོ། །ཅི་བྱེད་ཅེ་ན་གསུངས་པ། ཉོན་མོངས་པ་ཞེས་པ་ལ་སོགས་པ་སྟེ། འདིས་དེའི་ཆོས་ཅན་འདིས་སོ། །གོས་དང་འདྲ་བས་གོས་ ཞེས་པ་ནི་རྒྱུད་ཀྱི་དོན་ཏོ། །འཛིན་པར་བྱེད་དོ། །སྦྱིན་པར་བྱེད་དོ་ཞེས་པ་ལམ་གྱི་བདག་ཉིད་ཅན་ནམ། འབྲས་བུའི་བདག་ཉིད་ཅན་དེ་དག་གི་རྗོད་པར་བྱེད་པའོ་ཞེས་གསལ་བར་རོ། །སྒྲོན་མ་ཞེས་བྱ་བ་ལ་སོགས་པ་ལ་སྒྲོན་མ་དང་འདྲ་བས་སྒྲོན་མ་སྟེ། བཤད་པའི་རྒྱུད་ཀྱི་དོན་གྱིས་གདུལ་ བྱའི་བློའི་མུན་པར་གསང་བ་འདུས་པ་གསལ་བར་བྱེད་པ་པོ་ཡིན་པ་ཉིད་ཀྱི་ཕྱིར་རོ། །བཤད་པའི་རྒྱུད་ཀྱི་དོན་དེ་ནི་འདུས་པའི་དོན་གསལ་ཞིང་འབྲེལ་པར་རབ་ཏུ་སྟོན་པར་བྱེད་དོ་ཞེས་པས་སྒྲོན་མ་གསལ་བར་བྱེད་པ་འདི་རྒྱ་ཆེར་བཤད་པའོ། །དང་པོའི་སྒྲ་ནི་འདི་གཙོ་བོའི་དོན་ཏོ། །མཐའ་དྲུག་གི་ 31-1-63b བཤད་པ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ཚིག་གི་དོན་དྲུག་དང་བཤད་པ་རྣམ་པ་བཞི་གསུངས་པ་འདིས་འདིར་གསལ་བར་བྱས་སོ་ཞེས་འབྲེལ་པ་སྟོན་པར་བྱེད་དོ། །ཐམས་ཅད་ཅེས་པ་ནི་སྔར་གསུངས་པའོ། །བསྐྱེད་ནས་ཞེས་པ་འདིས་སོ་སོར་བསྐྱེད་པའི་སྒོ་ནས་བཅོམ་ལྡན་འདས་ཀྱིས་ གསུང་མཐར་ཐུག་པར་བྱས་པ་ལ་ལྟོས་པའི་ཚིག་གོ། །རྫོགས་པའི་རིམ་པ་ཞེས་པ་རྫོགས་པའི་རིམ་པ་ཉིད་ཀྱིས་གསལ་བར་བྱེད་པའི་དོན་དུ་བྱང་ཆུབ་ཀྱི་སེམས་སྐྱེད་པར་བྱེད་པའི་ལེའུ་ནི་བྱང་ཆུབ་སེམས་ཀྱི་ལེའུའོ། །བཅོམ་ལྡན་འདས་ལ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་ལའོ། །གསོལ་ཏོ་ཞེས་པ་ནི་མི་ བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་སོ། །ཇི་ལྟར་ཅི་ཞིག་གསོལ་ཞེ་ན་གསུངས་པ་སྐུ་ཞེས་པ་ལ་སོགས་པ་སྟེ་མཆོད་པ་ཞེས་པ་ལ་སོགས་པས་མ་འོངས་པའི་སློབ་མ་དང་སློབ་དཔོན་གྱི་ཐ་སྙད་ཀྱི་འབྲེལ་པ་འདི་བསྟན་པས་སྟོན་པར་བྱེད་དོ། །སྙིང་པོ་ནི་ཉམས་པ་མེད་པའོ། །འདིར་ རྒྱུ་གསུངས་པ་ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་དག་ལས་བསྐྱེད་པར་བྱ་བ་དང་། སྐྱེས་པ་གང་ཡིན་པ་ནི་རྣམ་པར་ཉམས་པར་འགྱུར་རོ། །སླར་ཡང་སྒྲིབ་པ་གཉིས་པོ་མེད་པ་གང་ཡིན་པ་དེ་ནི་སྐྱེས་པ་དང་འགལ་བ་མེད་དོ། །དེའི་ཕྱིར་སྙིང་པོ་ བརྗོད་པར་བྱའོ། །དེ་ཡང་བྱང་ཆུབ་ཀྱི་སེམས་ནི་སྐུ་དང་གསུང་དང་ཐུགས་སོ། །འདིར་རིགས་པ་གསུངས་པ། མི་ཕྱེད་པ་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་ཁ་ཉིད་དམ་ལུས་ལ་བརྟེན་ནས་སེམས་དང་ཚིག་འཇུག་པ་དེའི་ཚེ་ལུས་ལ་སོགས་པ་རྣམས་མི་ཕྱེད་པ་ཉིད་དུ་མི་འགྱུར་ཏེ། དེ་ཉིད་ཀྱི་ ཕྱིར་མི་བསྐྱོད་པའི་ངོ་བོ་ཉིད་ཀྱི་ཕྱིར་ཞེས་པའི་གསུང་ལས་ཡེ་ཤེས་ཀྱི་སྐུ་ནི་འདིར་ཕྱག་གཉིས་པ་ཞལ་གཅིག་པ་སྟེ། དེ་དང་འདི་དག་བྱང་ཆུབ་ཀྱི་སེམས་མཆོག་སྟེ། རྒྱུ་ནི་འོད་གསལ་ལོ། །འབྲས་བུར་ཉེ་བར་གདགས་པ་ནི་ཡོངས་སུ་དག་པའི་ཡེ་ཤེས་ཀྱི་སྐུ་ཉེ་བར་གདགས་པ་ལ་སྟེ། འོད་གསལ་ བའི་ཕྱིར་རོ་ཞེས་མངོན་པར་དགོངས་སོ། །བྱ་བ་ལ་སོགས་ཞེས་པ་ལ། སོགས་པའི་སྒྲ་ལས་རྟོགས་པ་ལ་སོགས་པ་ཡོངས་སུ་གཟུང་སྟེ། རྣམ་པར་རྟོག་པས་བསམས་པར་གྱུར་པའོ། །སྒྲ་ཇི་བཞིན་པའོ། །སེམས་ཞེས་བྱ་བ་ལ་སོགས་པས་རྟོག་པའི་རྣལ་འབྱོར་དུ་གསུངས་པའི་ཞལ་གསུམ་ 31-1-64a པ་ཕྱག་དྲུག་པའམ། འགྲོ་བའི་རྒྱུད་དུ་སྐྱེས་པའམ། སྐུ་ལ་སོགས་པའི་རྡོ་རྗེ་ཉིད་ཀྱིས་ངེས་པའམ། སྤྲུལ་པའི་སྐུར་མངོན་པར་བརྗོད་པའོ། །ད་ནི་མངོན་པར་བརྗོད་པ་འདིའི་སྐུ་ལ་སོགས་པ་རྣམས་སྟོང་པ་ཉིད་ཀྱི་རྣམ་པས་དམིགས་པར་བྱ་བ་ཡོངས་སུ་དག་པ་ཉིད་བསྐྱེད་པའི་ དོན་དུ་གསུངས་པ། སྐུ་ཞེས་པ་ལ་སོགས་པ་སྟེ་དྲང་བའི་དོན་ཏོ། །ཡེ་ཤེས་ཀྱི་སྐུའི་དབང་དུ་བྱས་ནས་གསུངས་པ། སྐྱེད་ཅིག་པ་ནི། ཡིད་ཀྱི་རང་བཞིན་གྱི་ཞེས་བྱ་བ་ལ་སོགས་པ་ལ་སེམས་ལས་བྱུང་བ་རྣམས་སེམས་ཀྱི་གནས་སྐབས་ཀྱི་ཁྱད་པར་ཉིད་ཀྱི་ཕྱིར། སེམས་བྱུང་ཡང་སེམས་ ཀྱི་སྒྲས་བརྗོད་པར་བྱ་སྟེ། དེ་ཉིད་ཀྱི་ཕྱིར་གསུངས་པ། སེམས་གསུམ་པོ་ཞེས་པ་ལ་སོགས་པའོ། །ལོངས་སྤྱོད་རྫོགས་པའི་སྐུའི་རྣམ་པས་ནི་ཡོངས་སུ་དག་པས་སོ། །སེམས་ཉིད་ཡིན་ནོ་ཞེས་པ་ནི་གང་སེམས་རང་བཞིན་མེད་པ་དང་། ཕུང་པོའི་རྣམ་པ་བཞིན་ནོ་ཞེས་པ་དེའི་ཕྱིར་ལུས་སེམས་ སུ་འགྱུར་བ་མ་ཡིན་ནོ། །ལུས་སེམས་ཀྱི་རྣམ་པས་ཞེས་པ་ནི་སྤྲུལ་པའི་སྐུ་ཡང་རུས་པ་ལ་སོགས་པའི་རང་བཞིན་རྣམ་པར་ཤེས་པའི་འབྲས་བུ་ཉིད་ཀྱིས་རྣམ་རིག་ཙམ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། མེད་ཅེས་པ་ལ་སོགས་པ་སྟེ། དོན་བཞིན་དུ་ཡུལ་རྣམ་པར་གནོན་ པ་ལ་ཉེ་བར་དམིགས་པ་ཡང་ཚིག་ཏུ་བརྗོད་པ་སེམས་ཉིད་དེའི་རྣམ་པ་ཡིན་པའི་ཕྱིར་སེམས་སོ། །དག་པའི་རབ་ཏུ་སྦྱོར་བ་འདི་གསུངས་པ། དེ་ལྟར་ཞེས་པ་ལ་སོགས་པ་སྟེ། གཅིག་ཏུ་བྱས་ནས་ཞེས་པ་ནི་རྟག་ཏུ་དེ་སྐྱེ་བ་དང་། འགག་པར་སོ་སོར་བརྟག་པར་བྱས་པས་སམ། བླ་མའི་མན་ངག་ ལས་སོ། །ཁམས་གསུམ་པ་ལ་ནི་འདོད་པ་དང་། གཟུགས་དང་གཟུགས་མེད་པ་ནའམ། དེའི་བདག་ཉིད་ཅན་གྱི་སྐུ་ལ་སོགས་པ་ནའོ། །རང་སྲོག་ནི་བརྗོད་པའི་མཚན་ཉིད་ཀྱི་རྨི་ལམ་རྣམ་ཤེས་སོ། །མཐོང་བར་འགྱུར་ཞེས་པ་ནི་ཏི་ང་ཏི་ང་མ་ཡིན་པར་འགྱུར་རོ་ཞེས་པས་ཏི་ང་ལ་ཨ་བྱ་ཏྱ་ ཡཿའོ། །རང་གྲོང་ནི་རང་གི་ཕུང་པོའོ། །སྣང་བ་ནི་འོད་ཟེར་ལྔ་དང་ལྡན་པའོ། །སྐྱེས་བུ་ཞེས་པ་སྐྱེས་བུའི་རྣམ་པའོ། །རླུང་ཞེས་པ་རླུང་གི་ཁམས་དང་ལྡན་པའོ། །ཁམས་གསུམ་པ་ནི་འདོད་པ་ལ་སོགས་པའི་ཁམས་གསུམ་གྱི་བདག་ཉིད་ཅན་ནམ། ལུས་ལ་སོགས་པའི་བདག་ཉིད་ 31-1-64b ཅན་ནོ། །ཁམས་གསུམ་པ་ཞེས་པ་ལ་སོགས་པ་ནི། གཞན་ནི་རྣམ་ཤེས་ལས་ཐ་དད་པ་གཞན་ནོ། །མཆོག་ཏུ་ནི་ཚུལ་དུ་བྱུང་བའོ། །དེ་ནི་སྙིང་པོར་གྱུར་པ་ཡོངས་སུ་དག་པར་ཡོད་དོ། །རྨི་ལམ་ནི་རྨི་ལམ་དང་འདྲ་བས་ཏེ་རྨི་ལམ་ནི་ཇི་ལྟར་རླུང་ལ་བརྟེན་ནས་རྨི་ལམ་ནས་གཞན་དུ་སོང་སྟེ་མིའི་ རིས་མཐུན་པའི་ཕུང་པོ་དང་ལྷའི་གནས་དང་ཡུལ་གཞན་དུ་སོང་སྟེ། རྣམ་པར་བཀྲ་ཞིང་རྣམ་པ་སྣ་ཚོགས་པའི་ཡུལ་ལ་སོགས་པའི་ནང་དུ་མཐོང་བར་བདག་ཉིད་མཐོང་བར་བྱེད་དོ། །དེ་བཞིན་ཉིད་དུ་རྨི་ལམ་རླུང་ནི་རྣམ་པར་ཤེས་པ་རླུང་ངོ་། །ཁམས་གསུམ་པ་ལུས་ལ་སོགས་པའི་ བདག་ཉིད་ཅན་དུ་རྣལ་འབྱོར་པས་མཐོང་བར་བྱེད་དོ། །ཁམས་གསུམ་པ་ལས་ནི་སྣང་བ་གསུམ་པ་ལས་སོ། །གཞན་ནི་གཞན་པའོ། །དེ་ཉིད་ནི་འོད་གསལ་བའོ། །གཅིག་ཏུ་སྟེ་སྐད་ཅིག་གཅིག་ཏུའོ། །མྱུར་དུ་སྟེ་དེ་ཉིད་ཀྱི་ཕྱིར་བསྐལ་པ་གྲངས་མེད་པ་གསུམ་ལ་ལྟོས་པས་སོ། །དངོས་གྲུབ་ ནི་ལྡང་བར་བྱེད་པའོ། །ངེས་པའི་དོན་ཏོ། །དོན་འདི་ཉིད་བྱང་ཆུབ་སེམས་ཀྱི་ཕན་ཡོན་གྱི་སྒོ་ནས་གསུངས་པ། ཀུན་དུ་ཞེས་པ་ལ་སོགས་པ་སྟེ། ཀུན་དུ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་དུའོ། །དེ་དག་ཏུ་ཡང་གནས་པ་དང་། འགྲོ་བར་བྱས་ནས་རབ་ཏུ་འཇུག་པ་ལ་ཚར་གཅོད་པ་དང རྗེས་སུ་འཛིན་པ་ལ་སོགས་པ་མཛེས་པས་ན་བཟང་པོའོ། །དགོངས་པ་མ་ཡིན་པའོ། །དེ་བཞིན་གཤེགས་པ་དྲུག་གི་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་བདག་ཉིད་ཀྱི་ལུས་སོ། །དངོས་པོ་མེད་ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་འཆད་པར་ འགྱུར་བ་རྣམས་ཀྱིས་སྟོན་པར་བྱེད་པ་གང་ཡིན་པ་དེའོ། །ཏིང་ངེ་འཛིན་འདི་ཉིད་གསལ་བར་བྱེད་དོ་ཞེས་ཟེར་བ་ནི། ཐོག་མ་དང་ཐ་མར་མངོན་པར་བརྗོད་པའི་གནས་སྐབས་ཀྱི་བཤད་པ་ཉིད་ཀྱི་ཕྱིར་རོ། །སླར་ཡང་དགོངས་པ་མ་ཡིན་པའོ། །བརྟན་པ་དང་གཡོ་བ་ཞེས་པ་ལ་སོགས་པའི་བཤད་པ་ནི་ དགོངས་པ་མ་ཡིན་པའི་དོན་ལ་བཤད་པ་རྣམ་པ་བཞིས་འཆད་པར་འདོད་ནས་གསུངས་པ། དངོས་པོ་མེད་པ་སྒོམ་པ་མེད། །ཅེས་བྱ་བ་ལ་སོགས་པ་ནི། འཇིག་པའི་དུས་བཞིན་དུ་ཡོད་བཞིན་པ་ཉིད་ཀྱི་ཕྱིར་དང་། ཡོངས་སུ་རྫོགས་པར་གནས་པའི་དུས་ལྟ་བུར་དེ་ཡོད་པ་མ་ཡིན་ནོ། །དེའི་སྒོམ་པ་ 31-1-65a ངོ་བོ་ཉིད་ཀྱིས་ཉེ་བར་སྐྱེས་པར་གྱུར་པ་མེད་པའི་ཕྱིར་རོ། །ཡི་གེའི་དོན་ཏོ། །བསལ་ནས་ཞེས་པ་ནི་རབ་ཏུ་རྣམ་པར་འབྱེད་པའི་ཡེ་ཤེས་ཀྱིས་སྒོམ་པར་བྱེད་པའི་རང་བཞིན་གྱིས་ཀྱང་ངོ་། །འདུས་བྱས་ནི་རྒྱུ་དང་རྐྱེན་ལས་སྐྱེས་པ་ལམ་གསུམ་པ་ཅན་གྱི་ཕུང་པོ་དང་ཁམས་ལ་སོགས་ པ་རྣམས་སོ། །འདུས་མ་བྱས་ནི་ནམ་མཁའ་དང་འགོག་པ་ལ་སོགས་པ་རྣམས་སོ། །སྟོང་པ་ཉིད་ལ་མངོན་པར་ཞེན་པ་ལྟ་བ་ཡིན་ནོ་ཞེས་པ་ནི། རྒྱལ་བ་རྣམས་ཀྱི་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱུང་བར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་ནི་སྒྲུབ་པ་མེད་པར་གསུངས། །ཞེས་གསུངས་ པའི་ཕྱིར་རོ། །དེའི་ཕྱིར་འདི་ལས་མངོན་པར་ཞེན་པ་གཏང་བར་བྱའོ། །འདིས་དོན་དམ་པའི་བདེན་པ་གསུངས་སོ། །བསྐྱེད་པའི་རིམ་པའི་དབང་དུ་བྱས་ནས་གསུངས་པ། མཚན་མ་ཞེས་པ་ལ་སོགས་པ་སྟེ་མཚན་མ་ནི་རྒྱུའོ། །འབྲས་བུའི་སྐྱེད་པར་བྱེད་པ་པོ་ནི་རྒྱུན་དོན་དམ་པར་གསུངས་པ་ ལས་གཞན་མ་ཡིན་ནོ། །འབྲས་བུ་ནི་གཟུགས་དང་ལུས་གཉིས་སོ། །དེ་དག་ལ་མངོན་པར་ཞེན་པ་ནི་མངོན་པར་ཆགས་པའོ། །རྒྱུ་དང་འབྲས་བུ་གཉིས་སུ་མེད་པའི་ཕྱིར་རོ་ནི་དངོས་པོ་དེའི་རྒྱུ་དང་འབྲས་བུ་དག་ཐ་དད་དུ་གྱུར་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །འདིས་བསྐྱེད་པའི་རིམ་པ་ལ་ཡང་རྒྱུ་དང་འབྲས་ བུ་དག་གཉིས་སུ་མེད་པ་ཉིད་དུ་སྟོན་པར་བྱེད་དོ། །སྨོན་ལམ་ནི་ལྷ་མཆོད་པ་སྔོན་དུ་འགྲོ་བས་དེའི་མངོན་པར་འདོད་པའི་དོན་འདོད་པ་རྣམས་ཀྱི་སྨོན་ལམ་མོ། །སྒོམ་པ་བེམས་པོའི་ཁྱད་པར་མངོན་པར་འདོད་པས་འཇུག་པའམ། སྦྱིན་པ་ལ་སོགས་པའི་འབྲས་བུ་ཁྱད་པར་མངོན་པར་འདོད་པས་ འཇུག་པ་ཡང་རུང་སྟེ། སྦྱིན་པ་ལ་སོགས་པ་ལ་སྨོན་པར་བྱེད་པའོ། །འདིར་ཡང་གང་སྦྱིན་པ་ལ་སོགས་པ་ཉེ་བར་བརྗོད་པ་གསུངས་པ་ཉིད་ཀྱི་ཕྱིར་རོ། །གསུངས་པ་ཡང་། ཉི་མ་སྟོང་པར་མི་བྱ་བར། །ཆུང་ངུ་ཅན་ཡང་སྦྱིན་པ་ཉིད། །ཅེས་པ་ལ་སོགས་པའོ། །འདིས་བསྐྱེད་པའི་རིམ་པ་ཡང་སྨོན་པ་ ལ་སོགས་པ་མེད་པར་སྟོན་པར་བྱེད་དོ། །གང་ཞིག་མཚན་མ་ལ་སོགས་པ་མངོན་པར་ཞེན་པ་མེད་པ་དེས་ཞེས་པ་ལ་སོགས་པའི་སྟེ། བསགས་པའི་རང་བཞིན་ཡིན་པ་ཉིད་ཀྱི་ཕྱིར་སེམས་ཏེ་རྣམ་པར་རྟོག་པ་ཙམ་ཉིད་ཡིན་པའི་ཕྱིར་དེ་བཞིན་དུ་གང་རང་དང་རང་ཉིད་སྟོང་པར་རྟོག་པར་བྱེད་དོ། ། 31-1-65b དེའི་ཕྱིར་ས་བོན་ལ་སོགས་པའི་རིམ་པས་ལྷའི་བདག་ཉིད་ཅན་གྱི་བདག་ཉིད་དོ། །སྤྱིའི་དོན་ཏོ། །སེམས་ཙམ་དེ་དངོས་པོ་མེད་དེ་རྣམ་པར་མ་དག་པ་ནི་དངོས་པོར་མངོན་པར་ཞེན་པ་ཡོད་པ་ཉིད་ཀྱིས་རྣམ་པར་མ་དག་པ་སྟེ། ཀུན་དུ་འཁོར་བར་བྱེད་པའི་རྒྱུ་ཉིད་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ གསུངས་པ། རྟག་ཏུ་མེད་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་སོ། །གཞན་དུ་ཡང་གསུངས་པ། ཅིའི་ཕྱིར་གཟུགས་ལ་སོགས་པ་རྣམ་པར་མ་དག་པ་ལགས། གཟུང་བ་དང་འཛིན་པ་ཡོད་པའི་ཕྱིར་རོ། །དེ་རྣམས་ཀྱི་གཟུང་བ་དང་འཛིན་པ་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིག་གིས་གཟུང་བར་བྱ་བ་ནི་གཟུགས་སོ། །རྣ་བ་ལ་སོགས་པ་རྣམས་ཀྱིས་སྒྲ་ལ་སོགས་པ་ལ་གཟུང་བར་བྱ། བརྟེན་པར་བྱའོ། །འདི་དག་དུག་མེད་པ་ཅན་དུ་བྱས་ནས་བསྟེན་པས་དག་པར་གྱུར་པའོ་ཞེས་སོ། །གཟུང་བ་དང་འཛིན་པ་དང་བྲལ་བ་ཉིད་རྣམ་པར་ཤེས་པར་བརྗོད་པར་བྱ་བ་ མ་ཡིན་ནམ། དེ་ཅི་ལྟར་གཟུང་བ་ལ་སོགས་པ་ཡོད་པས་རྣམ་པར་མ་དག་པ་ཡིན་ཞེ་ན་བདེན་ཏེ། འོན་ཀྱང་དེའང་སྣང་བ་གསུམ་དུ་སྣང་བས་མིག་ལ་སོགས་པ་ལྔ་པོ་ལ་བརྟེན་པ་གཟུགས་ལ་སོགས་པ་ལ་དམིགས་པའོ། །དེ་ལྟ་མོད་ཀྱི་སྣང་བ་གསུམ་རྣམ་པར་དག་པས་གཟུགས་ལ་སོགས་ པ་དང་བྲལ་བ་ཉིད་ཡིན་པའི་ཕྱིར་དང་། མིག་ལ་སོགས་པ་ལྔ་པོ་རྣམས་ཀྱི་ས་བོན་མ་ཡིན་པར་གྱུར་པ་ཉིད་ཀྱི་ཕྱིར་རོ། །གསུངས་པ་ཡང་། ཡེ་ཤེས་གསུམ་ལ་ལྔ་ཡང་དག་པར་བསྟེན་ཞེས་སོ། །དེ་ལྟ་མོད་ཀྱི་གཟུང་བ་ལ་སོགས་པ་མེད་པ་ཉིད་ཀྱིས་རྣམ་པར་དག་གོ། །གསུངས་པ་ཡང་། རྩ་བ་སྲིད་པའི་རྣམ་ཤེས་ཏེ། །ཡུལ་ནི་དེ་ཡི་སྤྱོད་ཡུལ་ལོ། །ཡུལ་ལ་བདག་མེད་དེ་མཐོང་ལ། །སྲིད་པའི་ས་བོན་དགག་པར་བྱ། །ཞེས་སོ། །འདིའི་དོན་འདི་ཡིན་ཏེ། རང་གི་ངང་ཉིད་ཀྱིས་མིག་ལ་སོགས་པ་དང་། སྣང་བ་ཡིད་ལ་བྱེད་པ་དང་། ཡུལ་ཕན་ཚུན་ཉེ་བར་བྱས་པ་ལ་ལྟོས་ནས་ མིག་ལ་སོགས་པའི་རྣམ་པར་ཤེས་པ་འབྱུང་སྟེ། དེའི་ཕྱིར། གང་རྣམས་རྟེན་ཅིང་འབྲེལ་པར་འབྱུང་། །དེ་རྣམས་རང་བཞིན་ཅུང་ཟད་མེད། །དེའི་ཕྱིར་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ལ་མངོན་པར་ཞེན་པ་མེད་ན། གཟུང་བ་ལ་སོགས་པ་མེད་པ་དེའི་ཕྱིར། སྲིད་པའི་ས་ 31-1-66a བོན་འགག་པར་འགྱུར་རོ། །གཟུང་བ་ལ་སོགས་བ་ལ་མངོན་པར་ཞེན་པ་མེད་ན། སྐྱེ་བའི་ལས་ཉེ་བར་ལེན་པ་མེད་པའི་ཕྱིར་དང་། བྱས་པ་ཡང་ཟད་པའི་ཕྱིར་སྐྱེ་བ་ཟད་དོ་ཞེས་སོ། །ཉེར་ལེན་མེད་པའི་མེ་བཞིན་དུ། །ཉེར་ལེན་མེད་པར་མྱ་ངན་འདའ། །ཞེས་སོ། །ད་ནི་རྣམ་ པར་མ་དག་པའི་སྣང་བའི་རྒྱུར་སྒྱུ་མ་ལྟ་བུའི་ཤེས་པའི་དབང་དུ་བྱས་ནས་གསུངས་པ། གང་ཞེས་བྱ་བ་ལ་སོགས་པ་སྟེ།རྣམ་པར་མ་དག་པ་ཉིད་ཡིན་པའི་ཕྱིར་ནི་ཐེ་ཚོམ་གྱི་བག་ཆགས་བསལ་བ་ཉིད་མ་ཡིན་པའི་ཕྱིར་རོ། །བསྒོམ་པ་མ་ཡིན་པར་འགྱུར་ན་དོན་དམ་པར་རང་བཞིན་བརྫུན་པ་ ཉིད་ཡིན་པའི་ཕྱིར་རོ། །སྒྱུ་མ་ལྟ་བུ་དེ་ནི་ཞེས་པ་དོན་དམ་པའི་བདག་ཉིད་དོ། །གཉིས་སུ་དབྱེར་མེད་པའི་ཕྱིར་རོ་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་རོ་གཅིག་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དེ་བས་ན་ཞེས་བྱ་བ་ལ་སོགས་པའོ། །མཐའ་དག་ཅེས་བྱ་བ་ནི་བླ་མ་མཉེས་ པར་ཐོས་པ་དང་། བསམ་པ་ལ་སོགས་པ་བྱ་དཀའ་བ་དུ་མ་ལ་སོགས་པས་ལྷག་པར་རྟོགས་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །གང་གི་སྟོབས་ཙམ་ཉིད་ཀྱིས་ཀྱང་དཔག་ཚད་སྟོང་ཕྲག་ཀྱང་དེ་ལྟ་བུར་རབ་ཏུ་རྟོགས་པ་ནི་འོད་གསལ་དང་ཟུང་འཇུག་གི་ཏིང་ངེ་འཛིན་གྱིས་བསྐྱེད་པར་བྱ་སྟེ། དེ་ལྟ་བུ་ ཡང་དཔལ་བླ་མ་རྡོ་རྗེ་འཆང་གི་སྤྲུལ་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པ་ལྷག་པར་རྟོགས་ཤིང་། ལུང་བསྟན་པའི་སྐྱེས་བུའི་ཁྱད་པར་གུས་པར་བསྟེན་པའི་ཞབས་ཀྱི་པདྨ་ལས་ཀྱང་ངོ་། །ད་ནི་དོན་དམ་པའི་བདེན་པ་ལ་མངོན་པར་ཆགས་པ་རྣམས་ཀྱིས་མངོན་པར་ཞེན་པ་དོར་བར་བྱ་བའི་ དོན་དུ་གསུངས་པ། དངོས་པོ་མེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཀུན་རྫོབ་ཀྱི་བདེན་པ་ལ་མངོན་པར་ཞེན་པ་ཡོངས་སུ་སྤང་བའི་རྒྱུ་ཞེས་པ་བདེན་པ་གཉིས་སུ་མེད་པ་སྒྲུབ་པར་བྱེད་པའི་དོན་དུ་སླར་ཡང་ཀུན་རྫོབ་ཀྱི་བདེན་པ་ལ་འཇུག་པར་བྱེད་པ་མངོན་པར་ཞེན་པ་ཡོངས་སུ་སྤང་བའི་རྒྱུར་ཞེས་ བྱའོ། །འདིས་ནི་ཞེས་པ་ལ་སོགས་པས་བདེན་པ་གཉིས་ཀྱི་རྒྱུ་ཅན་ཟུང་འཇུག་ལ་མངོན་པར་ཞེན་པ་ཡོངས་སུ་སྤངས་པའོ། །བདེན་པ་གཉིས་ཞེས་པ་ལ་སོགས་པས་མངོན་པར་ཞེན་པའི་ཉེས་པ་ཞར་ལ་ཀུན་དུ་སྐྱེད་པར་བྱེད་དོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པས་མངོན་པར་ཞེན་པའི་ 31-1-66b ཉེས་པ་ཟད་པའི་ཟུང་འཇུག་བཤད་པའོ། །མཐར་ཐུག་པའོ། །སྣོད་དུ་གྱུར་པའི་ཞེས་བྱ་བ་ལ་སོགས་པས་བདེན་པ་གཉིས་པོ་དེ་དག་གཉིས་སུ་མེད་པས་ཀྱང་དེ་ཁོ་ན་ཉིད་ཀྱི་རིགས་པ་གསལ་བར་བསྟན་ཏོ། །མཐར་ཐུག་པ་ཞེས་པ་ཐོག་མ་དོན་དམ་པའི་བདེན་པ་འཆད་པར་བྱེད་པའོ། །ཐོག་ མའི་རབ་ཏུ་དབྱེ་བས་ཟུང་འཇུག་གིས་གཉིས་པའི་འདིའོ། །མིག་ཙམ་གྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ་ཞེས་པ་ནི་མེ་ལོང་གི་གཟུགས་བརྙན་བཞིན་ནོ། །སྒྱུ་མའི་རྣམ་པར་སྤྲུལ་པའི་མེ་ལོང་དུ་འོད་ཟེར་ལྔས་འབར་བཞིན་པ་ཉིད་ཀྱི་ཕྱིར་རོ། །ཆོས་ཉིད་ཀྱང་མེད་ཅེས་པ་འདིས་འོད་གསལ་བ་ལ་མངོན་པར་ ཞེན་པ་མེད་པར་སྟོན་པར་བྱེད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བདེན་པ་གཉིས་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་རོ། །ད་ནི་ཞེས་བྱ་བ་ལ་སོགས་པས་འདི་ནི་ཐུགས་ལ་གནས་པའོ། །བྱང་ཆུབ་ཚུལ་ནི་བདེན་པ་གཉིས་སུ་མེད་པའི་མཚན་ཉིད་དོ། །བྱང་ཆུབ་ཀྱི་ཐབས་ནི་རྡོ་རྗེ་འཆང་ཆེན་པོ་མངོན་དུ་བྱེད་ པའི་ཐབས་སོ། །བརྟེན་པ་ནི་མི་ཕྱེད་པ་དང་ལྡན་པ་སྟེ། དེ་ཉིད་སྙིང་པོ་སྟེ་བདག་མེད་པའི་མཚན་ཉིད་འོད་གསལ་བའི་རང་བཞིན་ནོ། །དགོངས་པ་མ་ཡིན་པའོ། །མཚན་མ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །དངོས་པོ་མེད་པའི་རྒྱུ་ཡོད་པ་ཉིད་ཀྱི་ཕྱིར་རོ། །ཟག་པ་ནི་ཉོན་མོངས་པས་རབ་ཏུ་བསྐྱེད་པའི་ རྒྱུ་ཅན་གྱི་འདུ་བྱེད་དོ། །དེ་དང་ལྷན་ཅིག་འཇུག་གོ་ཞེས་པས་ཟག་པ་དང་བཅས་པའོ། །ཟག་པ་མེད་པ་ནི་ཉོན་མོངས་པ་བཅོམ་པ། ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ལ་གནས་པ་ལྟ་བུའི་འདུ་བྱེད་དོ། །ཆོས་ཞེས་པ་ལ་སོགས་པ་ནི། མ་གྲུབ་ན་ནི་དངོས་པོ་ཞེས་པ་ལྷག་མའོ། །འདི་དག་ཉིད་ཀྱི་ དོན་དམ་པའི་བདེན་པ་གསུངས་སོ། །འོ་ན་ཇི་ལྟར་ཞེས་པ་ལ་སོགས་པས་དེ་ལས་བཞེངས་པ་གསུངས་པ། བདག་བྱིན་གྱིས་བརླབ་པའི་རིམ་པས་ནི་རིམ་པ་གསུམ་པར་གསུངས་པས་སོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། སྔོན་གྱི་ཞེས་པ་ལ་སོགས་པ་སྟེ། འཕེན་པ་ནི་རང་བྱིན་གྱིས་བརླབ་པས་ གཞག་པའི་འདུ་བྱེད་དོ། །གཎྜཱིའི་སྒྲ་བྱིན་གྱིས་བརླབས་པ་བཞིན་ནོ། །གསུངས་པ་ཡང་། དེ་ཉིད་ཀྱིས་ནི་ཐམས་ཅད་དུ། །སྟོང་ཉིད་མངོན་དུ་མི་བྱའོ། །སངས་རྒྱས་ཀུན་བདག་རྣལ་འབྱོར་ལྡན། །ཞེས་སོ། །དགོངས་པ་མ་ཡིན་པའོ། །ཡེ་ཤེས་ཀྱི་འོད་ཟེར་ཞེས་བྱ་བ་ལ་སོགས་པ་ལ་ཡེ་ཤེས་ 31-1-67a ཀྱི་འོད་ཟེར་ནི་འོད་གསལ་བའི་ཡེ་ཤེས་ནི་གཉུག་མའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །སྣང་བ་དང་འདྲ་བས་སྣང་བ་སྟེ་མི་ཤེས་པའི་མུན་པ་འཇོམས་པ་ཉིད་ཀྱིས་སོ། །འདུས་བྱས་ཞེས་པ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །དེ་ལྟར་དོན་དམ་པའི་བདེན་པ་མངོན་པར་བརྗོད་ནས། དེ་ ལས་ལྡང་བར་བྱེད་པ་གསུངས་པ། འོ་ན་ཞེས་པ་ལ་སོགས་པ་སྟེ། དགོངས་པ་མ་ཡིན་པའོ། །རང་བཞིན་ཞེས་པ་ལ་སོགས་པས་བདེན་པ་གཉིས་མངོན་པར་སྦྱར་བའི་ཆེད་དུ་དེ་དག་གཉིས་སུ་མེད་པ་ཕྱི་དང་ནང་གི་བདག་ཉིད་ཅན་ཚིག་གི་དོན་དུ་གསུངས་ནས། གདོད་ནས་དག་པར་སྟོན་ པར་བྱེད་དོ། །གདོད་ནས་དག་པ་ཉིད་ལ་དཔེ་གསུངས་པ། ནམ་མཁའ་བཞིན་ཞེས་པ་སྟེ། ཇི་ལྟར་ནམ་མཁའ་དང་པོ་ཉིད་ལས་སྔར་དག་པར་མ་གྱུར་པ་ཕྱིས་ཀྱང་དག་པར་གྱུར་པ་མ་ཡིན་ནོ། །ཟུང་འཇུག་གི་བདག་ཉིད་ལ་ཡང་རྣམ་པ་དེ་བཞིན་ཉིད་དུ་ཡང་ངོ་། །དེ་ལྟར་རང་བཞིན་གྱིས་གདོད་ ནས་དག་གི་དེ་བཞིན་ཉིད་ལ་མ་དག་པ་དག་པར་འབྱུང་བ་ནི་མ་ཡིན་ནོ། །གསུངས་པ་ཡང་། ཡོད་ཅེས་པ་དང་མེད་ཅེས་པ། །གཉིས་ཀ་ཡང་ནི་མཐའ་ཡིན་ཏེ། །དག་དང་མ་དག་པའང་མཐའ། །དེ་ཕྱིར་མཐའ་གཉིས་རྣམ་སྤངས་ནས། །མཁས་པ་བར་ལའང་གནས་མི་བྱེད། །ཅེས་སོ། །དེ་ཉིད་ཀྱི་ ཕྱིར་གསུངས་པ། ལེགས་པར་ཡོངས་སུ་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་ནི་དོན་དམ་པའི་བདེན་པ་འབྲས་བུའི་ངོ་བོ་སྟེ་རང་བྱིན་གྱིས་བརླབ་པའི་འབྲས་བུ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་གསུངས་པ། མངོན་རྟོགས་ནི་དེ་ཐོབ་པར་བྱེད་པའི་རྒྱུའོ། །བདེན་པ་གཉིས་ལ་མངོན་པར་ཞེན་པ་ མེད་པས་ཟུང་འཇུག་གསུངས་པ། རྒྱུ་ཞེས་པ་ལ་སོགས་པའོ། །འདིའི་ལམ་ཉིད་གསུངས་པ། རྒྱུ་དང་འབྲས་བུ་དག་ཅེས་པ་ལ་སོགས་པའོ། །དགོངས་པ་མ་ཡིན་པའོ། །རྒྱུ་དང་འབྲས་བུ་གཉིས་སུ་མེད་པ་ལ་བརྟེན་ནས་ངོ་མཚར་བ་དང་རྨད་དུ་བྱུང་བ་བརྗོད་པ་དག་གིས་སྨྲ་མི་ནུས་པ་ཉིད་ཀྱི་ཕྱིར་ ངོ་མཚར་དུ་གྱུར་པ་ནི་ཀུན་རྫོབ་ཀྱི་བདེན་པས་སོ། །རྨད་དུ་གྱུར་པ་ནི་དོན་དམ་པའི་བདེན་པས་སོ། །བདེན་པ་གཉིས་ལ་ཡང་རང་བཞིན་གྱིས་མེད་པའི་ཕྱིར་རོ། །རྣམ་པ་ཉིད་ཀྱིས་བསྟོད་པའོ། །ཞེས་པ་ནི་རྣམ་པ་ཉིད་ཀྱིས་རྡོ་རྗེ་འཆང་ཆེན་པོ་ལ་ཞེས་པ་ལྷག་མའོ། ། བསྟོད་པའོ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་ལའོ་ 31-1-67b ཞེས་ཁོང་དུ་ཆུད་པར་བྱའོ། །ཕུན་སུམ་ཚོགས་པ་ཐམས་ཅད་ཅེས་པ་ནི་བསོད་ནམས་ཕུན་སུམ་ཚོགས་སོ་ཞེས་པ་སྟེ། བསོད་ནམས་ཕུན་སུམ་ཚོགས་པ་ནི་སྦྱིན་པ་ཕུན་སུམ་ཚོགས་པ་དང་། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར་རོ་ཞེས་སོ། །དེའི་ ཕྱིར་ཡོངས་སུ་དག་པའི་ལྷ་རྡོ་རྗེ་འཆང་ཆེན་པོ་ལས་སྤྲུལ་པའི་སྐུའི་རིམ་པས་སམ། རྫོགས་པའི་རིམ་པས་མི་བསྐྱོད་པ་ལ་སོགས་པའི་ལྷའི་འཁོར་ལོ་སྤྲོས་པའི་ཕྱིར་རོ། །བྱང་ཆུབ་སེམས་ནི་རབ་བསྐོར་བ་ནི་དྲུག་པ་སྟེ། ཡེ་ཤེས་ཀྱི་རིམ་པས་སམ་རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པའི་རིམ་ པས་དེ་བཞིན་ཉིད་འོད་གསལ་བ་ཉིད་དུ་གྱུར་པའོ། །དེའི་རང་བཞིན་ཉིད་ལ་སྙོམས་པར་ཞུགས་པའོ། །དེ་བཞིན་དུ་རིམ་པ་དེས་གཤེགས་པས་ན་དེ་བཞིན་གཤེགས་པའོ། །དེ་ཉིད་ཀྱི་ཕྱིར་དག་པ་ཞེས་པ་ལ་སོགས་པའོ། །རྡོ་རྗེ་གསུམ་གྱི་རྣམ་པར་ཤེས་པ་ནི་ལུས་ལ་བརྟེན་ཅིང་།ཡིད་ལ་ སེམས་པ་དང་། ཚིག་དག་ཉེ་བར་དམིགས་བཞིན་པ་ཉིད་ཡིན་པའི་ཕྱིར་རོ། །སྐུའི་རྡོ་རྗེ་ཞེས་པ་ལ་སོགས་པ་འདིས་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ཅན་ཞེས་པའི་རྗེས་སུ་སྟེ་གཅིག་གི་ཚིག་ལ་མང་པོའི་ཚིག་གོ། །སུས་ཕྱིན་ཅི་ལོག་གང་གིས་སྒྲུབ་པར་བྱེད་དོ། །སངས་རྒྱས་བྱང་ཆུབ་ཐོབ་པར་ བྱེད་པ་པོ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་འདིའི་བཤད་བ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་འཇོག་པར་མཛད་པའི་ཕྱིར་རོ་ཞེས་པ་རྟགས་སོ། །སངས་རྒྱས་ཀྱི་བྱང་ཆུབ་རབ་ཏུ་སྟོན་པ་ཞེས་པ་ལ་སོགས་པའོ། །བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་བཤད་པ་དེ་སྟོན་པར་བྱེད་པ་ནི་ རབ་ཏུ་སྣང་བར་བྱེད་པའོ། །ལེའུ་ཞེས་པ་ནི་སྔར་བཤད་དོ། །རྣལ་འབྱོར་པ་གཉིས་ཀྱིས་ཞེས་པ་ནི་བསྐྱེད་པ་དང་རྫོགས་པའི་རྣལ་འབྱོར་གྱི་དབྱེ་བའོ། །རྣམ་པ་གསུམ་ཞེས་པ་ནི་འཆད་པར་འགྱུར་བའི་དོན་ཏོ། །རྡོ་རྗེ་འཆང་ཆེན་པོ་ནི་དྲུག་པའོ། །མི་བསྐྱོད་པ་ལ་སོགས་པ་རྣམས་ ནི་ལྔའོ། །དེ་རྣམས་ནི་དྲུག་པོ་རྣམས་ཀྱིའོ། །དེའི་ཕྱིར་ཡང་ན་ལྔ་པོ་དེ་རྣམས་སོ། །དེའི་ཕྱིར་བཤད་པའི་སྒོ་ནས་སོ། །ལྷ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་ལྷ་དྲུག་གོ། །སྔགས་ཞེས་པ་ནི་མ་ཏྲི་གསང་བའི་སྐད་ལའོ། །གསུངས་པ་ཡང་། ལྕེ་རྩེ་གཡོ་བ་ཡོད་མིན་ཞིང་། །སོ་ 31-1-68a དང་མཆུ་གཉིས་ཡང་དག་སྦྱར། །ཞེས་པ་ལ་སོགས་པ་སྔགས་ཀྱི་བཟླས་པའི་མཚན་ཉིད་དོ་ཞེས་སོ། །སྔགས་ནི་ཡིད་སྐྱོབ་པར་བྱེད་པའི་དོན་ཏོ། །ངན་འགྲོའི་འགྲོ་བ་འཇིགས་པ་རྣམས་ཀྱི་སྐྱོབ་པར་གྱུར་པ་ཉིད་ཡིན་པའི་ཕྱིར་དང་། དེ་བཞིན་གཤེགས་པ་དྲུག་གི་རང་ བཞིན་ཉིད་ཡིན་པའི་ཕྱིར་རོ། །འཆད་པར་འགྱུར་བའི་གསང་སྔགས་ཞེས་བྱ་བ་འཆད་པར་འགྱུར་རོ། །གསུངས་པ་ཡང་། གང་གང་དབང་པོ་ཡུལ་རྣམས་ཀྱིས། །བརྟེན་ནས་བསྐྱེད་པར་བྱ་བའི་ཡིད། །ཡིད་དེ་མན་ན་ཞེས་པར་བཤད། །ཏྲ་ཡིག་སྐྱོབ་པར་བྱེད་པའི་དོན། །ཞེས་པ་དང་། སྔགས་ནི་འབོད་པ་ཞེས་བཤད་དེ། །དེ་ཉིད་བསྐུལ་བར་སྨྲ་བའོ། །ཞེས་གསུངས་པའི་ཕྱིར་དེ་ཁོ་ན་ཉིད་ཀྱང་སྔགས་སུ་འཆད་པར་འགྱུར་རོ། །རྡོ་རྗེ་དང་པདྨ་འདུ་བྱས་པ་ནི། ཆོས་འབྱུང་སྟེ་ཆོས་ཕུང་ལ་སོགས་པ་རྣམས་འདིར་འབྱུང་ངོ་ཞེས་བྱས་ནས་སོ། །དེ་དག་འདིར་འགག་པ་དང་སྐྱེའོ་ ཞེས་དེ་ལ་གནས་པའི་རྟེན་དང་བརྟེན་པའི་བདག་ཉིད་ཅན་གྱི་ལྷའི་འཁོར་ལོར་འགྱུར་རོ། །དེ་ལ་ལྷའི་འཁོར་ལོའི་དབང་དུ་བྱས་ནས་གསུངས་པ། རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་སྟེ། དེ་དང་དེ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་དེ་དང་དེའི་རང་ གི་བདག་པོ་ཞེས་པ་ནི། གང་གི་བདག་པོ་གང་ཡིན་པ་ནི་རང་གི་བདག་པོའོ། །ཁ་དོག་ལྔ་པའི་སའི་ཆ་དང་ལྡན་པ་ནི་ལྔའི་བདག་ཉིད་ཀྱི་ལྷའི་འཁོར་ལོ་འདི་ཉིད་ཀྱི་ཁ་དོག་གིས་སའི་ཆ་ཁ་དོག་ལྔ་ཉིད་ཡིན་པའི་ཕྱིར་རོ། །ཁ་དོག་ལྔའི་སའི་ཆ་ཞེས་པའི་གསུང་ལས་ལྷ་མོའི་བྷ་གར་ཁང་པ་བརྩེགས་ པ་ཡང་བསྒོམ་པར་བྱའོ་ཞེས་མཚོན་པར་བྱའོ། །ཕྱི་རོལ་དུ་ཡང་ཡེ་ཤེས་ཀྱི་གཞི་ཁང་པ་བརྩེགས་པ་བསྒོམ་པ་རྗོད་པར་བྱེད་པ་མ་ཡིན་ནམ་ཞེ་ན། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཟུར་གསུམ་རྣམས་སུ་རྣམ་བསྒོམ་བྱ། །ཞེས་འདུས་པ་ཕྱི་མར་གསུངས་པ། གསང་བའི་ནང་ལ་ལྟོས་པ་ལ། ། རྨོངས་ནས་ཕྱི་རོལ་དུ་ཡང་རྗོད་པར་བྱེད་དེ་འཇིག་རྟེན་དང་འགལ་ལོ། །གང་འཇིག་རྟེན་ན་ཕྱི་རོལ་གྱི་ཁྱིམ་དང་ཁང་བཟངས་ལ་སོགས་པ་རྣམས་བྱེད་པ་གསང་བའི་ནང་གི་གནས་ལ་ལྟོས་པར་བྱ་བ་མ་ཡིན་ནོ། །རྣམ་པར་གཞག་པའི་རིམ་པར་ཡང་ཁང་པ་བརྩེགས་པའི་རི་དང་གཞལ་མེད་ཁང་ལ་ 31-1-68b སོགས་པའི་རྣམ་པར་གནས་པར་གསུངས་པའི་ཕྱིར་རོ། །ལྔ་ཞེས་པ་ལ་སོགས་པ་ནི་གཟུགས་དང་སྒྲ་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་སྟེ་གཟུགས་རྡོ་རྗེ་ལ་སོགས་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །གསུངས་པ་གཟུགས་ཞེས་པ་ལ་སོགས་པའོ། །མཆོད་པ་རྣམ་པ་ལྔ་ཞེས་ པ་ནི་ལྔ་པོ་རྣམས་ཀྱི་ཉེ་བར་སྡུད་པར་བྱ་ཉེ་བར་འདུལ་བར་བྱེད་དོ་ཞེས་པ་ལྔ་ཡང་དེ་ཡིན་ལ་མཆོད་པ་ཡང་དེ་ཡིན་པས་ཏེ་གཟུགས་དང་སྒྲ་ལ་སོགས་པ་རྣམས་སོ། །མདོར་ན་ཞེས་པ་ནི། དཀྱིལ་འཁོར་དུ་སྒེག་མོ་ལ་སོགས་པའི་ལྷ་མོ་དང་བླ་རེ་ལ་སོགས་པས་རྒྱ་ཆེར་མངོན་པར་བརྗོད་པར་ འདོད་པ་ཉིད་ཡིན་པའི་ཕྱིར་རོ། །ལྷའི་འཁོར་ལོ་ཞེས་པ་ནི་ལྷ་རྣམས་ཀྱི་འཁོར་ལོ་བཞིན་དུ་གནས་པའི་ཁྱད་པར་རམ་ལྷ་རྣམས་ཀྱིའང་འཁོར་ལོ་ཁང་པ་བརྩེགས་པ་སྟེ་ལྷའི་འཁོར་ལོར་བསམས་ནས་སོ། །འཁོར་ལོའི་དབུས་སུ་ནི། རྟེན་དང་བརྟེན་པའི་འཁོར་ལོའི་དབུས་སུ་གསང་ བའི་ཁང་པ་བརྩེགས་པའི་བདག་པོར་གྱུར་པ་ཉིད་ཀྱིས་ནི་མི་བསྐྱོད་པ་ཉིད་ཀྱིས་སོ། །ཕྱི་རོལ་གྱི་ཁང་པ་བརྩེགས་པའི་དབུས་སུ་ནི་བདག་པོ་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱིས་སོ། །དེ་ཉིད་ཀྱི་ཕྱིར་སུངས་པ་རྡོ་རྗེ་འཆང་ཆེན་པོའི་གཟུགས་བཞིན་དུ་ཞེས་དང་། སླར་ཡང་གསུངས་པ་རྡོ་རྗེ་ འཆང་ཆེན་པོའི་སྤྲུལ་པར་གྱུར་པ་ཞེས་དང་། སླར་ཡང་གསུངས་པ། སྡུད་པར་བྱེད་ཅེས་པ་ལ་སོགས་པའོ། །དེ་དང་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་དང་ངོ་། །མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོ་ནི་གསང་བའི་འཁོར་ལོ་ལས་ཕྱི་རོལ་དུ་བྱས་པའོ། །དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ ལ་དཀོན་མཆོག་དཔལ་ཞེས་བྱ་བ་ལ་སོགས་པའོ། །སོགས་པའི་སྒྲ་ལས་དོན་ཡོད་གྲུབ་པ་ལ་སོགས་པའི་ཕྱག་རྒྱ་ཆེན་པོར་བསྡུས་སོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་དྲུག་མངོན་པར་བརྗོད་པ་ནི། བདག་པོ་ཉིད་ཀྱིས་གསང་བའི་འཁོར་ལོའི་ནང་དང་ཕྱི་རོལ་དུ་བསྒོམ་པར་བྱ་བ་དག་གོ། ། གང་ཡང་གཞན་དུ་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་རྡོ་རྗེ་འཆང་ཆེན་པོ་དང་། གཅིག་ཏུ་སྦྱོར་བས་བདག་པོ་ཉིད་དུ་འདོད་དེ་དེ་ཡང་དེ་བཞིན་གཤེགས་པ་ལྔའི་རིགས་སུ་བསྡུས་པའི་ཕྱིར་དེ་བཞིན་གཤེགས་པ་ལྔ་ཉིད་དོ། །སོགས་ཀྱི་སྒྲས་དོན་གྱི་བཤད་པ་ལ་རང་དབང་མ་ཡིན་ 31-1-69a པའི་བདག་ཉིད་གསུངས་པ། གང་ཡིན་པའི་ཞེས་བྱ་བ་ལ་སོགས་པའོ། །ཁོ་བོ་ནི་མི་བསྐྱོད་པའོ། །འདོད་ཆགས་ཆེན་པོ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེའི་ཞེས་པ་སྔར་བརྗོད་པ་ཡིའོ། །ཕྱག་གི་གཙོ་བོས་འཁོར་ལོ་བསྣམས་པ་ཞེས་པ་ནི་ཕྱག་གཞན་ན་གནས་པའི་མཚན་མ་ སྒྲུབ་པའི་ཐབས་སུ་གསུངས་པ་ལ་ལྟོས་པ་དང་བཅས་པའི་ཚིག་གོ། །འཛམ་བུ་ན་དང་ཞེས་པ་ལ་སོགས་པས་རིན་ཆེན་འབྱུང་ལྡན་ལ་སོགས་པ་རྣམས་ཀྱི་ཕྱག་གིས་གཙོ་བོའི་མཚན་མ་སྟོན་པར་བྱེད་དོ། །དེ་བཞིན་དུ་དྲུག་པ་ཡི་ཡང་ཕྱག་གི་གཙོ་བོའི་གཡས་ན་དེ་བསྐྱེད་པའི་རྒྱུད་དཀར་པོ་ སྟེ། དེ་བཞིན་གཤེགས་པ་ལྔ་པོ་བསྐྱེད་པའི་མཚན་མ་ལྔ་པོ་བཞིན་ནོ། །འདི་རྣམས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་གསུངས་པ་རྣམས་སོ། །དང་པོའི་སྦྱོར་བ་ནི་ས་བོན་དང་མཚན་མ་ལ་ལྟོས་པས་སོ། །དྲིལ་བུ་ནི་ཐམས་ཅད་དུ་ཕྱག་གཡོན་ཉིད་ནའོ། །ཆོས་ཀྱི་དབྱིངས་ཞེས་པ་ནི་ སེམས་ཙམ་ཉིད་ཀྱིས་འགྲོ་བ་འཛིན་པར་བྱེད་དོ་ཞེས་པས་ཆོས་ཀྱི་དབྱིངས་ཏེ་རྣམ་པར་རིག་པ་ཙམ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་སུངས་པ་འདིས་ཞེས་བྱ་བ་ལ་སོགས་པ་སྟེ། དྲང་བའི་དོན་ཏོ། །དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པ་ལ་སོགས་པ་ལྔ་ནི་འོད་ཟེར་ལྔ་སྟེ་དམར་པོ་ལ་སོགས་པའི་ འོད་ཟེར་ལྔའི་རང་བཞིན་ནོ། །སྟེང་གི་སྒོ་ནས་ནི་སྣའི་བུ་གནས་སོ། །བྱུང་སྟེ་ནི་རང་གི་ངང་ཉིད་དོ། །རྣམ་པར་སྣང་མཛད་ཀྱི་རང་བཞིན་གྱི་ཁྱབ་བྱེད་ཀྱི་རླུང་ནི་སྟེང་ནས་འབྱུང་བ་མ་ཡིན་ནམ་ཞེ་ན། དེ་ལྟ་མོད་ཀྱི་འོད་ཟེར་རེ་རེ་འབྱུང་བ་ན་འོད་ཟེར་ལྔ་ལྔ་ངེས་པར་འབྱུང་བར་བྱེད་དོ། །ཁམས་ཀྱི་དཀྱིལ་འཁོར་ གཅིག་གིས་ཀྱང་ཁམས་བཞི་ཆར་ལ་ཁྱབ་བོ་ཞེས་སྤྱོད་བསྡུས་སུ་གསུངས་སོ། །གང་དུ་གཅིག་ཡོད་པ་དེ་ལ་བཞི་པོ་ཞེས་པའི་རིགས་པ་ལས་སོ་ཞེས་པས་མི་འགལ་ལོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། སྤྲིན་ཞེས་པ་ལ་སོགས་པ་སྟེ། དཀར་པོ་ལ་སོགས་པ་ཞེས་པ་ནི་སྟེ། སོགས་ཀྱི་སྒྲས་ དམར་པོ་དང་སེར་པོ་དང་ནག་པོ་རྣམས་བསྡུས་པའོ། །ཨཱ་ལི་ཀཱ་ལི་རྣམས་ནི་ཡི་གེ་གཅིག་གིས་དམན་པའི་ལྔ་བཅུ་པོ་འདི་རྣམས་སོ། །མ་ནིང་ལ་སོགས་པ་ཞེས་པའི་སོགས་ཀྱི་སྒྲ་ལས་བུད་མེད་དང་སྐྱེས་པ་རྣམས་བསྡུས་སོ། །དེ་ལ། ཐུང་ངུའི་དབྱངས་ནི་ཉིན་མོར་བརྗོད། །རིང་པོ་ཞེས་པ་མཚན་མོར་ 31-1-69b བཤད། །དབྱངས་དང་གསལ་བྱེད་དབྱེ་བ་ཡིས། །མིང་གི་དེ་ཉིད་སྦྱར་བར་བྱ། །ཞེས་དགོངས་པ་ལུང་སྟོན་དུ་བཤད་དོ། །ང་ཉ་ཎ་ན་མ་རྣམས་ལ་ནི་ཞེས་པ་མ་ནིང་གི་ཡི་གེའོ། །མཉམ་པར་གཞག་ཅིང་ནི་ཡིད་ལ་བཀོད་ནས་སོ། །དེ་ཞེས་པ་ཡི་གེ་གསུམ་མོ། །ཨོཾ་ཞེས་དང་པོ་གཅིག་ཅེས་པ་ལ་ སོགས་པས་རྣམ་པར་སྣང་མཛད་ལ་སོགས་པ་ལ་འོད་ཟེར་ལྔའི་རང་བཞིན་དང་དྲུག་པ་དཀྱིལ་འཁོར་གྱི་བདག་པོ་ཡི་གེ་གསུམ་གྱི་བདག་ཉིད་དུ་གསུངས་སོ། །དྲུག་པོ་འདི་རྣམས་རླུང་གི་དེ་ཉིད་དང་སྔགས་ཀྱི་དེ་ཉིད་ཀྱི་བདག་ཉིད་ཅན་རྡོ་རྗེ་གསུམ་དུ་བསྡུས་པར་བསྟན་པར་འདོད་ནས་གསུངས་པ། ཨོཾ་ ཤཱུ་ནྱ་ཏཱ་ཞེས་པ་ལ་སོགས་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དེ་ཉིད་གསུམ་དུ་འདིར་བརྟགས་པའོ། །དེ་ལ་རླུང་གི་དེ་ཉིད་ནི་འཇུག་པ་དང་གནས་པ་དང་ལྡང་བ་གསུམ་མོ། །སྔགས་ཀྱི་དེ་ཉིད་ནི་ཡི་གེ་གསུམ་མོ། །རྡོ་རྗེ་བཟླས་པའི་འབྲས་བུ་དེ་ཉིད་གསུམ་པོ་སྣང་བ་གསུམ་དང་མིག་ལ་སོགས་པའི་རྣམ་ པར་ཤེས་པ་རྣམས་ཀྱིའང་དེ་ཉིད་དོ། །དེ་ལ་ཇི་ལྟར་བསྐྱེད་པའི་རིམ་པས་སྔགས་ཀྱི་དེ་ཉིད་ཀྱིས་དང་པོའི་མགོན་པོ་བསྐྱེད་པ་ལ་ཡི་གེ་གསུམ་གཅིག་ཏུ་གྱུར་པ་ཉིད་དོ། །སྤྱོད་བསྡུས་སུ་ཡང་ལུས་རྣམ་པར་དབེན་པའི་མཐར་ཐུག་པར་རྡོ་རྗེ་གསུམ་པོ་རྣམས་རང་བཞིན་གྱིས་གྲུབ་པ་ངའོ་ཞེས་གཅིག་ཉིད་དུ་ བསྟན་ཏོ། །དེ་བཞིན་དུ་རྡོ་རྗེ་བཟླས་པའི་འབྲས་བུ་སྣང་བ་གསུམ་ཉིད་ཀྱི་བདག་ཉིད་ཅན་ཡེ་ཤེས་ཀྱི་སྐུ་བསྐྱེད་པར་འགྱུར་རོ། །གསལ་བ་ནི་མ་བཅོས་པ་ཉིད་ཀྱིས་ཉེ་བར་དམིགས་པའི་ཕྱིར་རོ། །མི་གསལ་བ་ནི་ཤ་དང་ཁྲག་དང་རུས་པའི་ཁམས་ལ་སོགས་པ་རྣམས་ཀྱིས་ཀུན་དུ་མི་འཁྲུགས་པའི་ཕྱིར་ རོ། །གསུངས་པ་ཡང་ཇི་ལྟར་ཆུའི་ནང་དུ་བྱུང་བའི་སྐྱེས་བུའི་རྣམ་པར་སྣང་བ་དེ་ནི་ཁམས་རྣམས་ཀྱིས་རྣམ་པར་འཁྲུགས་པ་མེད་དོ། །འདི་ལ་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་རྣམ་པར་རྟོག་པ་ཀུན་དུ་དམིགས་པར་འགྱུར་བ་ཡང་མེད་དོ་ཞེས་པ་ལ་སོགས་པའོ། །ད་ནི་གསུངས་པའི་དོན་འདི་ཉིད་ བསྟན་པར་འདོད་ནས་གསུངས་པ། ནམ་མཁའ་ལ་སོགས་པ་སྟེ། ནམ་མཁའི་དབྱིངས་ནི་དེ་བཞིན་ཉིད་དོ། །སངས་རྒྱས་དཀྱིལ་འཁོར་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཅན་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཡང་དག་པར་སྦྱོར་བ་གསུམ་གྱི་སྐུ་ནི་སྐུ་ལ་སོགས་པ་གསུམ་པོ་རྣམས་ཀྱི་ 31-1-70a རང་གི་ངོ་བོ་སྣང་བ་གསུམ་པོ་རྣམས་ཡང་དག་པར་སྦྱོར་བ་སྟེ་འདུས་པའི་སྐུ་གང་ཡིན་པ་དེར་རོ། །བསམ་པ་ནི་མན་ངག་ཇི་ལྟ་བ་བཞིན་དུའོ། །སྣང་བ་ཞེས་པ་ལ་སོགས་པས་རང་གི་ངོ་བོ་སྟོན་པར་བྱེད་དོ། །དངོས་པོ་ཐམས་ཅད་ནི་ཕུང་པོ་དང་ཁམས་ལ་སོགས་པ་ཕྱི་དང་ ནང་གི་བདག་ཉིད་ཅན་དེ་དག་གོ། །ངོ་བོ་ཉིད་ནི་གཟུགས་དང་སྒྲ་ལ་སོགས་པའི་འདོད་པ་ལྔ་པོའོ། །ལྡང་བ་ལ་སོགས་པ་ཞེས་པ་ནི། ལྡང་བ་ལ་སོགས་པའི་རླུང་རྣམས་གཟུགས་ལ་སོགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །མ་ལུས་པར་མཐོང་བ་ཉིད་ཡིན་པའི་ཕྱིར་ནི་དབང་པོ་མཐའ་དག་དང་ ལྡན་པའི་ཕྱིར་རོ། །འོད་གསལ་བར་འཇུག་པ་ཞེས་པ་ནི་སྦྱོར་བའི་དོན་དུའོ། །འདིའི་ལྡང་བ་གསུངས་པ་དེ་ལྟར་ཞེས་པ་ལ་སོགས་པ་སྟེ། སྐད་ཅིག་གི་ཞེས་པ་ནི་གསུངས་པ་ཡང་། ཡེ་ཤེས་སྐད་ཅིག་གིས་རྫོགས་པའི་རྣལ་འབྱོར་ཞེས་བརྗོད་དོ་ཞེས་སོ། །ལངས་པའི་རང་གི་ངོ་བོ་གསུངས་པ་ དབུས་ཞེས་པ་ལ་སོགས་པ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་དག་གི་ནི་འཁོར་བ་ཞེས་པས་སེམས་ཅན་གྱི་དོན་དུ་སྣ་ཚོགས་པའི་འགྲོ་བ་རྣམས་སུ་ཀུན་དུ་འགྲོ་བར་བྱེད་དོ། །སྐྱེ་བར་བྱེད་དོ་ཞེས་པས་འཁོར་བ་སྟེ་འགྲོ་བའི་རྣམ་པ་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་ནུབ་པར་གྱུར་པ་ནི་མྱ་ ངན་ལས་འདས་པའོ། །དབུས་སུ་ནི་བར་སྐབས་སུའོ། །འཇུག་པ་དང་ལངས་པ་གཉིས་པོ་དག་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཡོད་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ། ཤེས་པར་བྱའོ་ཞེས་པ་ནི་ཡོངས་སུ་ཤེས་པ་ཉིད་སྒོམ་པར་བྱེད་པའོ་ཞེས་མངོན་པར་དགོངས་ སོ། །འདི་ཉིད་ཀྱི་ཞེས་བྱ་བ་ནི་གསུངས་མ་ཐག་པའི་རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་རྫོགས་པར་བསྐྱེད་པའི་རིམ་པ་འདི་ཉིད་ཀྱིས་སོ། །རྣམ་པར་སྣང་མཛད་ལ་སོགས་པ་ཞེས་པ་ལ་སོགས་པས་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིའང་ལོངས་སྤྱོད་རྫོགས་པའི་སྐུ་ཉིད་ཡོངས་སུ་དག་པས་བསྐྱེད་པར་སྟོན་ པར་བྱེད་ཀྱི་བསྐྱེད་པའི་རིམ་པས་ནི་མ་ཡིན་ཏེ། ཐམས་ཅད་ཀྱི་བསྐྱེད་པ་སྔར་གསུངས་པ་ཉིད་ཀྱི་ཕྱིར་རོ། །སླར་ཡང་དེ་རྣམས་ལ་ཡང་བསྐྱེད་པའི་རིམ་པ་འདི་བཤད་པའི་དོན་ཅི་ལྟར་ཡིན་ཞེ་ན་གསུངས་པ། བསམ་པ་ཇི་ལྟ་བ་ཞེས་པ་ལ་སོགས་པ་སྟེ། གང་གིས་བསམ་པ་རྨོངས་པ་ལ་སོགས་པའི་སེམས་ 31-1-70b ཉིད་གང་ཡིན་པ་དེའི་དབྱེ་བས་ཁྱད་པར་གཏི་མུག་ལ་སོགས་པ་ལ་མངོན་པར་དགའ་བའི་སེམས་ཅན་གཏི་མུག་ལ་སོགས་པའི་རིགས་ཅན་རྣམས་སྔར་གསུངས་པའི་བསྐྱེད་པའི་རིམ་པ་སྒོམ་པར་བྱེད་པ་རྣམས་ཀྱི་རྫོགས་པའི་རིམ་པ་ལ་ཡང་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་ལ་སོགས་པ་ལོངས་ སྤྱོད་རྫོགས་པའི་སྐུའི་གཟུགས་སུ་བསྐྱེད་པ་བསྟན་ཏོ་ཞེས་པ་བསམ་པ་ཇི་ལྟ་བས་ཞེས་པ་འདི་མངོན་པར་དགོངས་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། རང་གི་དོན་བྱའོ་ཞེས་ཏེ་རང་གི་དོན་ཕུན་སུམ་ཚོགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་སྐུ་བཞི་པའོ། །རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་ནི། རྣམ་པར་ སྣང་མཛད་ལ་སོགས་པའི་ཕྱག་རྒྱ་ཆན་པོ་སྟེ། སྐུ་གསུང་ཐུགས་ཀྱི་མཚན་མ་ནི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་ངོ་བོ་ཉིད་དུ་ཤེས་པར་བྱའོ། །དེ་ཉིད་ཅེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ཏིང་ངེ་འཛིན་སྔར་གསུངས་པར་རྡོ་རྗེ་འཆང་ཆེན་པོའི་ཏིང་ངེ་འཛིན་མཆོག་ཏུ་འཛིན་པར་བྱེད་དོ། །ཨོཾ་དྷརྨྨ་ དྷཱ་ཏུ་ཞེས་བྱ་བ་ལ་སོགས་པ་སྔར་བསྐྱེད་པའི་རིམ་པ་གསུངས་པ་ལས་ད་ནི་རྫོགས་པའི་རིམ་པ་བཤད་པར་བྱ་སྟེ། ཅི་ལྟར་བྱས་ནས་ཤེ་ན། གསུངས་པ། དྷརྨྨ་དྷཱ་ཏུ་ཞེས་བྱ་བ་ལ་སོགས་པ་སྟེ། རང་དབང་ཡོངས་སུ་སྤང་བར་གསུངས་པ། ཨོཾ་དྷརྨྨ་དྷཱ་ཏུ་ཞེས་བྱ་བ་ལ་སོགས་པ་སྟེ་འདིས་དེ་བཞིན་གཤེགས་ པ་དྲུག་པོ་གསུངས་སོ། །དེ་ཉིད་གསུམ་དུ་གཅིག་ཏུ་གྱུར་པ་འདིར་བཤད་པས་ནི་འོད་གསལ་དུ་གཞུག་པ་མངོན་པར་བརྗོད་པར་བྱ་བཞིན་པ་ཉིད་མ་ཡིན་པའི་ཕྱིར་རོ། །དེའི་དོན་ཉིད་ཡིན་པའི་ཕྱིར་དེ་ཉིད་གསུམ་པོ་གཅིག་ཉིད་དོ། །ངེས་པའི་དོན་ཏོ། །ད་ནི་ཞེས་བྱ་བ་ལ་སོགས་པས་བསྐྱེད་པའི་རིམ་པ་སྒོམ་ པར་བྱེད་པའི་ཕྲ་མོའི་རྣལ་འབྱོར་བཤད་པ་ལ་འཇུག་པར་བྱེད་དོ། །བརྟན་པར་བྱ་བའི་དོན་ནི་མི་བརྟན་པ་བརྟན་པར་བྱེད་པའི་དོན་དུའོ། །རྣམ་པ་གསུམ་ཞེས་པ་ནི་དམིགས་པའི་དབྱེ་བ་ལས་སོ། །ཕྲ་མོ་ཞེས་པ་ནི་ལྷའི་རྣལ་འབྱོར་ལ་ལྟོས་པའོ། །ཁ་དོག་ལྔ་ཞེས་པ་ནི་རྡོ་རྗེ་ལ་སོགས་པའི་མཚན་མ་ལྔ་སྟེ། སོ་སོ་རེ་རེས་ནག་པོ་ལ་སོགས་པའི་འོད་ཟེར་ལྔ་པོ་རྣམས་ཀྱིས་ཐ་སྙད་དུ་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། རིགས་ལྔ་ཞེས་བྱ་བ་ལ་སོགས་པ་སྟེ། རིན་ཆེ་བ་ཉིད་ཡིན་པའི་ཕྱིར་ནི། དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཀྱིས་བསམ་གྱིས་མི་ཁྱབ་ཅིང་གཞལ་དུ་མེད་པའི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཉིད་ 31-1-71a ལས་སོ། །ཡུངས་ཀར་ཞེས་པ་ནི་ཕྲ་མོ་ཉིད་སྟོན་པར་བྱེད་དོ། །སྣའི་རྩེ་མོར་ནི་རྡོ་རྗེ་སྣའི་རྩེ་མོར་ཏེ་སྐྱེས་བུ་ལ་ལྟོས་ནས་གསུངས་པ་ཉིད་ཡིན་པའི་ཕྱིར་རོ། །ཉིན་དང་མཚན་དུ་ཞེས་པ་འདིས་རྒྱུན་མི་འཆད་པར་གོམས་པར་སྟོན་པར་བྱེད་དེ། གཞན་དུ་ན་སེམས་བརྟན་པར་མི་ འགྱུར་བའི་ཕྱིར་རོ། །གང་གི་ཚེ་ཞེས་བྱ་བ་ལ་སོགས་པས་སེམས་བརྟན་པར་གྱུར་པར་ཡོངས་སུ་ཤེས་པའི་མཚན་མ་སྟོན་པར་བྱེད་དོ། །མཐོང་བ་ཉིད་ནི་དངོས་སུ་ཕྱི་རོལ་གྱི་དངོས་པོ་ཞེས་པའོ། །མཚན་མ་ནི་རྒྱུའོ། །སེམས་བརྟན་པར་གྱུར་པའི་གཟུང་བ་ནི་མངོན་པར་ཞེན་པ་སྟེ། ཕྱོགས་དང་པོ་ ལ་སོགས་པར་མཚན་མར་དམིགས་ནས་དམིགས་པ་གཞན་ལ་མི་འཇུག་པའོ། །དེ་ལྟར་སེམས་བརྟན་པར་གྱུར་པར་ཤེས་ནས་དབང་དུ་གྱུར་པ་ཉིད་བསྐྱེད་པའི་ཆེད་དུ་གསུངས་པ། དེའི་ཚེ་ཞེས་པ་ལ་སོགས་པ་སྟེ། སྤྲོ་བར་བྱ་ཞེས་པ་ནི་མཚན་མ་བསྒོམ་པ་ལ་སློབ་བཞིན་པ་ཉིད་མཚན་མ་ ལས་མཚན་མར་སྤྲོ་བར་བྱའོ། །འོད་ཟེར་ལས་སྐྱེས་པའི་འོད་ཟེར་དང་བཅས་པའོ། །བརྟན་པར་མ་གྱུར་ཞེས་པ་ལ་སོགས་པ་ནི་བསྒོམ་པ་ལ་སློབ་བཞིན་པའི་སྒོམ་པར་བྱེད་པའི་བརྟན་པར་མ་གྱུར་པའོ། །སྤྲོ་བར་མི་བྱའོ་ནི་རྣམ་པར་གཡེང་བའི་ཕྱིར་སེམས་བརྟན་པར་ཡང་ག་ལ་འགྱུར། སླར་ ཡང་ཡང་དག་པར་བསྒོམས་ནས་སྤྲོ་བར་བྱའོ། །ཕྱག་རྒྱ་ཆེན་པོ་ནི་ལྷའི་སྐུའོ། །ལྷན་ཅིག་གི་སྐུ་ལ་སྤྲོ་བ་དབང་དུ་གྱུར་པའི་དེ་མ་ཐག་ཏུ་མཐའ་ཡས་པ་ཡང་སྤྲོ་བར་བྱའོ་ཞེས་གསུངས་པ། རབ་མཆོག་ཅེས་བྱ་བ་ལ་སོགས་པ་སྟེ། དཀར་པོ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་སྤྲོས་པའི་སངས་རྒྱས་ ཀྱི་ཚོགས་རྣམས་རིགས་ལྔ་ཉིད་དུ་སྟོན་པར་བྱེད་ཀྱི་རིགས་གཅིག་པ་ཉིད་དུ་ནི་མ་ཡིན་ནོ། །འཁོར་ལོ་ཞེས་པ་ལ་སོགས་པས་མཚན་མ་དང་བཅས་པ་ཉིད་དོ། །བྱང་ཆུབ་སེམས་དཔའ་ཞེས་པ་ལ་སོགས་པས་རིགས་ལྔ་ལས་སྐྱེས་པར་སྟོན་པར་བྱེད་དོ། །ཉེ་བར་མཚོན་པས་ཞེས་པ་ལ་སོགས་པས་དཀྱིལ་ འཁོར་གནས་པ་མ་གསུངས་པ་རྣམས་དང་། དཀྱིལ་འཁོར་དུ་གནས་པ་མ་ཡིན་པ་གཞན་ཡང་སྟོན་པར་བྱེད་དོ། །སྤྲོ་བའི་བདག་ཉིད་ཅན་གྱིས་སྤྲོ་བར་བྱེད་པའི་རང་བཞིན་གྱི་ཕྱིར་རོ། །ནམ་མཁའ་ཁྱབ་པར་ཞེས་པ་ནི་ནམ་མཁའི་གོ་སྐབས་སྟེང་དང་འཕྲེད་དང་འོག་ཏུའོ། །སྤྱིའི་དོན་ནོ་ནི་དམིགས་ 31-1-71b པར་བྱ་བ་དང་དམིགས་པར་བྱེད་པ་དག་བསྐྱེད་པའི་རིམ་པས་བསྡུས་པ་ཉིད་ཡིན་པའི་ཕྱིར་རོ། །རིན་ཆེན་པོ་ནི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཡིན་པའི་ཕྱིར་རོ། །བྱང་ཆུབ་ཀྱི་སེམས་ཏེ་དེ་བཞིན་ཉིད་རྟོགས་པའི་རྒྱུད་ཉིད་ཡིན་པའི་ཕྱིར་རོ། །ཡུངས་ཀར་ཞེས་པ་ནི་སྔ་མ་བཞིན་ཏེ། གང་ཡང་འགྲོ་བར་ བྱེད་དོ་འཇུག་པར་བྱེད་དོ་ཞེས་པ་སྟེ་རླུང་གི་ཁམས་སོ། །ཁམས་གསུམ་དང་ལྡན་པ་དེའི་རང་བཞིན་ཡིན་པ་ཉིད་ཀྱི་ཕྱིར། ཡུངས་ཀར་ཏེ་དེའི་འབྲས་བུའི་ཚད་ཉིད་ཀྱི་ཕྱིར་བྱང་ཆུབ་ཀྱི་སེམས་ཀྱི་ཚད་ནི་ཡུངས་ཀར་གྱི་འབྲས་བུའི་ཚད་ཙམ་མོ། །རྡོ་རྗེའི་ཁར་ཞེས་པ་ནི་རྡོ་རྗེ་ལ་སོགས་པའི་མཚན་མ་སྔར་ གསུངས་པ་སྒོམ་པར་བྱེད་པའི་སྟོབས་ལས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་དུ་བྱས་ནས་སོ། །གཞན་དུ་ན་རྡོ་རྗེའི་ཁ་ཉིད་དུ་གནས་པར་མི་འགྱུར་རོ། །སླར་ཡང་དེ་བཞིན་གཤེགས་པ་ལྔ་སྒོམ་པར་བྱེད་པའི་བདག་ཉིད་ཅན་ཉིད་ཀྱིས་ག་ལས་འགྱུར་དེ་བཞིན་གཤེགས་པ་ལྔའི་བདག་ ཉིད་ཅན་དུ་ཤེས་སོ། །སྤྱན་མ་ལ་སོགས་པ་དང་ཁྲོ་བོ་གནོད་མཛེས་ལ་སོགས་པའི་མཐར་ཐུག་པ་རྣམས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་རོ། །བརྟན་པ་ཞེས་པ་ལ་སོགས་པས་ཕྱག་རྒྱ་མཉེས་པར་བྱེད་པ་དང་རང་གི་དོན་ཕུན་སུམ་ཚོགས་པ་མངོན་པར་གསུངས་སོ། །ཇི་ ལྟར་གསུངས་པའི་ཞེས་བྱ་བ་ལ་སོགས་པ་ནི་འགྲོ་བའི་རྒྱུད་དུ་གསལ་བར་རོ། །དཀྱིལ་འཁོར་གྱི་འཁོར་ལོ་ཡང་། བུ་ནི་དྲུག་པའི་སྟེ་དེ་བཞིན་གཤེགས་པ་ལྔ་པོ་རྣམས་དཀྱིལ་འཁོར་གྱི་དབང་ཕྱུག་ཉིད་དུ་རྫོགས་པ་ལྔ་པོ་རྣམས་ཀྱང་དྲུག་པ་ཉིད་ཀྱིས་རྒྱས་འདེབས་པར་འཆེད་པར་འགྱུར་བ་ ཉིད་ཀྱི་ཕྱིར་རོ། །དཀྱིལ་འཁོར་བ་གང་ཡིན་པ་ཉིད་ནི་ཚ་བོ་ཉིད་དེ་དེ་ལྟར་ན་སྤྱན་མ་ལ་སོགས་པ་རྣམས་ཚ་བོ་ཉིད་ཁོ་ནའོ། །སྦས་པའོ། །ལྔ་ཞེས་པ་ལ་སོགས་པ་ལ། སངས་རྒྱས་ཀྱི་རིན་པོ་ཆེ་བསྐྱེད་པའི་ཕྱིར་ཞེས་པ་ནི་མི་ཤིགས་པར་སྒོམ་པར་བྱེད་པ་འོད་གསལ་དུ་འཇུག་པ་དང་ལྡན་པའི་རྒྱུ་ཉིད་ཡིན་ པའི་ཕྱིར་རོ། །ཐིག་ལེའི་གཟུགས་ཅན་ཡིན་པ་ཉིད་ལས་ནི་ཏིང་ངེ་འཛིན་སེམས་དཔའ་ལ་གནས་པ་ཉིད་དོ། །ཏིང་ངེ་འཛིན་སེམས་དཔའ་ཉིད་ཐིག་ལེར་གྱུར་པ་མི་ཤིགས་པར་གྱུར་པ་མ་ཡིན་ནོ་ཞེས་སུ་ཞིག་འདོད། དེ་ཉིད་ཀྱི་ཕྱིར་གསུངས་པ། སྙིང་གའི་པདྨའི་ལྟེ་བར་ནི་ཡེ་ཤེས་སེམས་དཔའི་ 31-1-72a སྙིང་གའི་པདྨའི་ལྟེ་བར་རོ། །འཇུག་པ་ཞེས་པ་ལ་སོགས་པས་མི་ཤིགས་པས་འཇུག་པ་ལ་སོགས་པ་གསུམ་པོ་སྟོན་པར་བྱེད་དོ། །བསྡུ་བ་ཞེས་པ་ལ་སོགས་པ་གསུམ་པོ་རྣམས་འགོག་པའོ། །ཉིན་དང་མཚན་མོར་ཞེས་པ་འདིས་རྣམ་པར་མ་ཆད་པར་གོམས་པར་བྱེད་པའོ། །རྟག་ཏུ་ཞེས་པ་ནི་འགོག་པའི་རང་བཞིན་གྱི་ངོ་བོ་ཉིད་ཀྱིས་སོ། །མི་ཤིགས་པ་ནི་རྣམ་པར་རྟོག་པའི་དྲ་བ་ཐམས་ཅད་བཅོམ་ནས་མེད་པར་གྱུར་པའོ། །སླར་ཡང་འདི་ལྡང་བར་བྱེད་པ་རླུང་གི་སྒོ་ནས་གསུངས་པ། དེའི་ཕྱིར་ཞེས་པ་ལ་སོགས་པ་སྟེ། བརྟན་པར་མ་གྱུར་པ་ནི་བརྗོད་པའི་མཚན་ཉིད་ཀྱིས་རྟག་པར་མ་གྱུར་པའོ། །གང་གི་ཚེ་མི་ཤིགས་པའི་དེ་ཁོ་ན་ཉིད་ལྷག་པར་རྟོགས་པ་ཉིད་དུ་གྱུར་པ་དེའི་ཚེ་མི་ཤིགས་པའི་ཐིག་ལེའི་གཟུགས་སྟོང་པ་ཉིད་གསལ་བར་བྱེད་པ་པོ་དེའི་དེ་ཁོ་ན་ཉིད་སྟོང་པ་ཉིད་དོ། །དེ་རྟོགས་པ་ཉིད་དོ། །ཐིག་ལེ་སྒོམ་པར་བྱེད་པའི་མཚན་ཉིད་དོ། །དེ་དང་འདྲ་བའི་འོད་ནི་འོད་ཟེར་ལྔའི་བདག་ཉིད་ཅན་གྱིས་སོ། །དཀྱིལ་འཁོར་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་དང་། སྤྱན་མ་ལ་སོགས་པའི་ལྷ་མོའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །འཆད་པར་འགྱུར་བ་ཡང་། གཡས་པ་ནས་ནི་བྱུང་བའི་རླུང་། །མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །ཁ་དོག་དམར་ཞིང་གསལ་བ་འདིར། །པདྨ་མགོན་པོ་རྒྱུ་བའོ། །ཞེས་པ་ལ་སོགས་པའོ། །བཞི་པོ་རྣམས་ཀྱིས་ནི་མེ་དང་རླུང་དང་དབང་ཆེན་དང་ཆུ་རྣམས་ཀྱིས་སོ། །གཡས་པ་ལ་སོགས་པ་ཞེས་པའི་སོགས་པའི་སྒྲས་གཡོན་དང་སྟེང་དང་འོག་དང་དབུས་རྣམས་གཟུང་སྟེ། སྣའི་བུ་ག་རེ་རེ་ལའོ། །སྤྲོ་བར་བྱ་ཞེས་པ་ནི་རང་གི་ངང་ཉིད་ཀྱིས་ངེས་པར་འགྲོ་བའམ་མཛེས་པར་བཟླས་པར་འདོད་པ་ལ་ལྟོས་ནས་སྤྲོ་བར་བྱའོ་ཞེས་གསུངས་སོ། །དེ་བཞིན་གཤེགས་པའི་སྤྲིན་གྱིས་ཞེས་པ་ནི། དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཡིན་པའི་ཕྱི་ར་དཀྱིལ་འཁོར་བཞི་པོ་སྟེ་གང་ཡང་དཀྱིལ་འཁོར་བཞི་ལ་སྒོམ་པ་དབང་དུ་གྱུར་པ་ཐོབ་པ་ནི་དེ་བཞིན་གཤེགས་པའི་སྤྲིན་གྱིས་ཆོས་ཀྱི་ཆུའི་ཆར་འབེབས་པར་འགྱུར་རོ། །སྤྲིན་རྣམས་ཀྱིས་ཞེས་པ་མང་པོའི་ཚིག་ལས་ཀྱང་དེ་བཞིན་གཤེགས་པ་རྣམས་མང་པོ་ཉིད་དོ། །དེའི་ཕྱིར་གསུངས་ 31-1-72b པ། ནམ་མཁའ་ཞེས་པ་ལ་སོགས་པའོ། །མཐར་ཐུག་པའོ་ཞེས་པ་འོད་གསལ་དུ་ཞུགས་པ་དང་ལྡང་བ་དག་གི་མཐར་ཐུག་པ་རྣམ་པ་གཉིས་ཀྱིས་བཤད་པ་ཉིད་ཀྱི་ཕྱིར་རོ། །རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་ལ་བསྐྱེད་པའི་རིམ་པ་ཞེས་པ་རྫོགས་པའི་རིམ་པར་བསྐྱེད་པ་ནི། སྔར་བསྟན་པ་ཉིད་ཀྱི་ཕྱིར་བསྐྱེད་པ་ཞེས་པ་ལ་སོགས་པས་ཁྱད་པར་དུ་བྱེད་པའོ། །སྦྱོར་བའི་དཀྱིལ་འཁོར་ཞེས་པ་རྟེན་དེ་སྒྲུབ་པ་པོ་ལ་སྦྱོར་བར་བྱེད་དོ་ཞེས་པ་སྦྱོར་བ་སྟེ་དེ་ཉིད་ཀྱི་དཀྱིལ་འཁོར་ཏེ་ཞི་བ་ཅན་ལ་སོགས་པའི་ལས་ཀྱི་ཚོགས་ཀྱིས་ངེས་པར་བསྐོར་བ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ ཀྱི་ཕྱིར་སྣ་ཚོགས་རྡོ་རྗེའོ། །དེ་ལས་ཞེས་བྱ་བ་ལ་སོགས་པས། དེ་རྡོ་རྗེ་ལས་བྱུང་བ་ཞེས་བར་མ་ཆད་པར་སྦྱར་རོ། །འདི་དག་ཅེས་བྱ་བ་ལ་སོགས་པས་འཆད་པར་འགྱུར་བ་སྐུ་ཞེས་པ་ལ་སོགས་པ་སྟེ། སྐུ་ལ་སོགས་པ་རྣམས་ཀྱི་སྒྲུབ་པ་ནི་བསྒོམ་པའོ། །འདི་ནི་སྐུ་ལ་སོགས་པ་ རྣམས་ཀྱིས་སོ་སོ་རེ་རེ་ལས་འབྲེལ་པའི་ཕྱིར་མང་པོ་ཉིད་དེ་དེ་ཉིད་ཀྱི་ཕྱིར་སྒྲུབ་པ་རྣམས་ཀྱིས་ཞེས་གསུངས་སོ། །ཐུགས་སྒྲུབ་པ་ལ་སྐུ་དང་གསུང་ཡང་ཐུགས་ཀྱི་ནང་དུ་སོན་པ་ཉིད་ཀྱིས་ཡོན་ཏན་དང་ལྡན་པར་གྱུར་པར་བསྒྲུབ་པའི་ཕྱིར་རོ། །སྐུ་ཉིད་དཀྱིལ་འཁོར་ཡིན་པས་སྐུའི་དཀྱིལ་ འཁོར་རོ། །དེ་གང་ཞེ་ན་ཞེས་པ་ནི་དཀྱིལ་འཁོར་ལ་ལྟོས་པ་དང་བཅས་པའོ། །རྡོ་རྗེ་ལས་བྱུང་བ་ཞེས་པ་ནི་རྡོ་རྗེའི་མཚན་མ་ལས་བྱུང་བའོ། །དེ་རྣམས་ཞེས་སྔར་གསུངས་པ་འདིར་སྦྲེལ་ལོ། །རབ་ཀྱི་མཆོག་ནི་རབ་ཏུ་ཕུལ་དུ་བྱུང་བ་དང་མཆོག་དེ་གཙོ་བོའོ། །དྲང་བའི་དོན་ཏོ། །དེ་ལྟར་བསྐྱེད་ པའི་རིམ་པའི་སྒོ་ནས་རྣམ་པར་སྣང་མཛད་ལ་སོགས་པ་ལྔ་པོ་རྣམས་ཀྱི་བསྐྱེད་པ་མངོན་པར་བརྗོད་ནས་རྫོགས་པའི་རིམ་པ་བསྟན་པའི་ཕྱིར་གསུངས་པ། ནམ་མ་ཁའི་དབྱིངས་ཀྱི་ཞེས་པ་ལ་སོགས་པ་ཟླ་བའི་དཀྱིལ་འཁོར་ལྟ་བུ་ནི་ཟླ་བའི་དཀྱིལ་འཁོར་ཏེ་དཀར་པོ་ཉིད་ཡིན་པའི་ཕྱིར་དང་ ཟླུམ་པོ་ཉིད་ཡན་པའི་ཕྱིར་རོ། །མི་བསྐྱོད་པའི་ངོ་བོ་ཞེས་པ་ནི་མི་བསྐྱོད་པ་ནི་བདག་པོ་ཉིད་ཡིན་པའི་ཕྱིར་གསུངས་སོ། །ཁ་དོག་དཀར་པོ་ནི་འདི་ལ་ལྡན་པར་གསུངས་པ། ཆུའི་ཁམས་རྒྱུ་བ་ཉིད་ཡིན་པའི་ཕྱིར་རོ། །ཆུའི་ཁམས་ཀྱི་ངོ་བོ་ཉིད་མཱ་མ་ཀཱི་ནག་མོའོ། །ཡང་ན་རླུང་གི་དེ་ཉིད་ཀྱི་ཁ་དོག་ 31-1-73a གཞན་ཉིད་མ་ཡིན་ནམ་ཞེ་ན། གལ་ཏེ་དེ་ལྟར་ན་མེའི་དཀྱིལ་འཁོར་གྱི་རང་བཞིན་འོད་དཔག་མེད་དང་གོས་དཀར་མོ་དག་ཅིའི་ཕྱིར་ཁ་དོག་དམར་པོ་ཉིད་ཡིན་གྱི་ཁ་དོག་ནག་པོ་ཉིད་དུ་མི་འགྱུར་བ་ཅི་ཞེས་པའོ། །དེའི་ཕྱིར་ཆུའི་ཁམས་རྒྱུ་བ་ཉིད་ཡིན་པའི་ཕྱིར་རོ་ཞེས་པ་བསམ་ པར་བྱའོ། །ཐམས་ཅད་གཞོག་འགའ་ཞིག་ཏུ་ཀུན་དུ་ཞུམ་པ་མ་ཡིན་པ་ཉིད་ཀྱི་ཕྱིར་འཇིག་རྟེན་དུ་ཡང་འགའ་ཞིག་དེ་མ་ཡིན་པར་མི་འགྱུར་བ་གང་ཡིན་པ་དེ་དང་དེ་ཞེས་བརྗོད་པར་བྱ་བ་ཡིན་ནོ། །འབྱུང་བར་འགྱུར་བཞིན་པ་ནི་རང་གི་ངང་ཉིད་དོ། །ཤེས་པར་བྱའོ་ཞེས་པ་ནི་ཡོངས་སུ་ ཤེས་པ་ཉིད་རྒྱུན་ཆགས་པར་འདི་དང་དེ་བཞིན་དུ་གཞན་དུ་ཡང་བསྒོམ་པ་ཉིད་དོ། །ཁ་དོག་སེར་པོ་དབང་ཆེན་གྱི་དཀྱིལ་འཁོར་ཞེས་པ་ནི་སའི་ཁམས་ཀྱི་རང་བཞིན་སྤྱན་མ་དཀར་མོ་མ་ཡིན་ནམ། དེ་ཅི་ལྟར་འདིར་སེར་པོ་ཉིད་ཡིན་ཞེས་བསམ་པར་བྱའོ། །ཐད་ཀར་གཞོགས་གཉིས་སུ་ དང་སྟེང་དང་འོག་རྣམ་པ་གཉིས་ལས་ལྷ་རེ་རེ་རྒྱུ་བའི་ཕྱིར་གཉིས་ཀ་ལས་འབྱུང་བར་འགྱུར་བཞིན་པའོ། །ཁ་དོག་ནག་པོ་དོན་ཡོད་གྲུབ་པ་ཞེས་པ་ནི། ཁ་དོག་ལྗང་སེར་ལྟ་བུ་སྟེ། ལས་ཀྱི་མགོན་འདིར་ལྷ་ཉིད་དོ། །ཞེས་གསུངས་པའི་ཕྱིར། ལྗང་ཁུ་ཉིད་དུ་གསུངས་པ་མ་ཡིན་ནམ་ཞེ་ན། སྔོ་ བསངས་ཀྱི་སྒྲ་འདི་ནག་པོའི་རྣམ་གྲངས་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་ཉེས་པ་མེད་དོ། །ལུས་ལ་སོགས་པ་རྣམས་རླུང་དང་རྣམ་པར་ཤེས་པའི་བདག་ཉིད་ཅན་ཡིན་པ་ཉིད་ཀྱི་ཕྱིར་གསུངས་པ། སྐུ་ཞེས་པ་ལ་སོགས་པ་སྟེ། ལྷའི་འཁོར་ལོ་ནི་རྣམ་པར་སྣང་མཛད་ལ་སོགས་པ་ལྔ་པོ་ ཐམས་ཅད་མཁྱེན་པའི་གོ་འཕང་གི་མཐར་ཐུག་པར་བཞུགས་པ་འབྲས་བུའི་ངོ་བོའོ། །ཐོབ་པར་འདོད་པ་ནི་ལམ་ལ་གནས་པ་ཞེས་བྱ་བའི་དོན་ཏོ། །སྐུ་ཞེས་བྱ་བ་ནི་བཤད་པ་བྱེད་པ་རྣམས་ཀྱི་སྐུཞེས་མངོན་པར་བརྗོད་པར་བྱ་བ་འདིས་ནི་གཅིག་པོ་འདིའི་སྐུ་གཅིག་ཁོ་ནའོ། །གསལ་བར་ཞེས་ པ་ནི་བྱ་བའི་ཁྱད་པར་རོ། །ཐོག་མ་དང་ཐ་མ་མེད་པ་ནི་སྐྱེ་བ་དང་འཇིག་པ་མེད་པའི་ཕྱིར་རོ། །རྣལ་འབྱོར་ནི་རྫོགས་པའི་རིམ་པའི་ངོ་བོའོ། །ཕྲ་མོ་ཞེས་པ་ནི་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པ་པོ་དང་། དམིགས་པར་བྱེད་པ་ལ་སོགས་པའི་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །མི་གསལ་བ་ 31-1-73b ནི་དེ་བཞིན་ཉིད་ཀྱི་བདག་ཉིད་ཅན་ཉིད་ཀྱིས་སོ། །གསལ་བར་ཡང་དག་སྦྱོར་ནི་གསལ་བ་གཟུགས་ཀྱི་རྣམ་པ་བཞིན་དུ་དེ་ཉིད་སྦྱར་བར་བྱའོ་ཞེས་པ་གསལ་བ་ཡང་དག་སྦྱོར་རོ། །ངོ་བོ་ཉིད་མེད་ཅེས་པ་ལ་སོགས་པས་ཡོངས་སུ་དག་པའི་གཟུགས་འདི་གསུངས་སོ། །རང་བཞིན་གྱིས་ ཞེས་བྱ་བ་ལ་སོགས་པས་དུས་ཐམས་ཅད་དུ་འདི་ཉིད་གཉུག་མའི་རྣམ་པ་ཡིན་གྱི་གང་གིས་ཅུང་ཟད་ཀྱང་བྱ་བ་མ་ཡིན་གྱི་རྣལ་འབྱོར་པས་ཡོངས་སུ་ཤེས་པར་བྱ་བ་དེའོ་ཞེས་སྟོན་པར་བྱེད་དོ། །དང་པོ་གཅིག་ནི་དང་པོ་ཉིད་བདེན་པ་གཉིས་པོ་གཅིག་གི་ངོ་བོར་གྱུར་པའོ། །གཅིག་དང་ནི་གཉིས་ སུ་མེད་པའི་ངོ་བོས་སོ། །དུ་མས་ནི་བདེན་པ་གཉིས་ཀྱི་ངོ་བོས་སྤངས་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཞེས་གྲགས། །ཞེས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཀྱི་རང་བཞིན་ཆུ་ཟླ་ལྟ་བུ་སྟེ། རང་གི་ངོ་བོ་ཆུ་ཟླ་ལྟ་བུ་ཉིད་ཀྱིས་སྐྱེ་བ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །ཡང་ན་ རྙོག་མ་མེད་པའི་ཆུ་ཡོད་པ་དང་ནམ་མཁའི་སྤྲིན་དང་བྲལ་བར་ཟླ་བ་ཡང་དག་པར་ཉེ་བར་སྐྱེས་པའི་བདེན་པའི་ཟླ་བ་ལྟ་བུས་སོ་སོར་རྟོགས་ཏེ། ཐམས་ཅད་དུ་ཡང་དེ་ནི་གཉུག་མའི་ངོ་བོ་ཉིད་ཀྱིས་གདོད་མ་ནས་སྐྱེ་བ་མེད་དོ། །དེ་ལྟར་ཡོངས་སུ་དག་པའི་རྡོ་རྗེ་འཆང་ཆེན་པོ་ཡེ་ཤེས་ཀྱི་ཟླ་བ་ རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་སུ་རབ་ཏུ་བརྟག་པར་བྱའོ། །དངོས་པོ་ཀུན་གྱི་འབྱུང་གནས་གཅིག་ནི་དངོས་པོ་ཀུན་ནི་སེམས་ཅན་དང་སྣོད་དུ་གྲགས་པ་རྣམས་སུའོ། །གཅིག་ཅེས་པ་ནི་འབྱུང་གནས་གཅིག་ཁོ་ནའོ། །ཟླ་བ་གཅིག་ཁོ་ན་ཁ་དོག་ལ་སོགས་པ་སྣ་ཚོགས་པའི་ཆུའི་སྣོད་ གཅིག་ཏུ་ཤར་བའི་གཟུགས་བརྙན་བཞིན་ནོ། །བདག་ཉིད་ཅེས་པ་ལ་སོགས་པ་ལ་འདི་ལྟར་ཞེས་པ་ནི་གསུངས་པའི་མཚན་ཉིད་དུའོ། །བྱས་ནས་ནི་བསྐྱེད་ནས་སོ། །ཅི་བྱ་ཞེ་ན་གསུངས་པ། བྲི་བར་བྱ་ཞེས་པ་ལ་སོགས་པ་སྟེ། ཆོས་ཀྱི་དཀྱིལ་འཁོར་ནི་ཨཱ་ལི་ཀཱ་ལིའི་རང་བཞིན་ཉིད་ཡིན་ པའི་ཕྱིར་བསྟན་པའི་ཆོས་རྣམས་ནི་ཆོས་སོ། །དཀྱིལ་འཁོར་བཞིའི་བདག་ཉིད་ཅན་ཡིན་པའི་ཕྱིར་དཀྱིལ་འཁོར་རོ། །འདིའི་རྒྱས་པར་བཤད་པ་གསུངས། དམར་པོ་ཞེས་པ་ལ་སོགས་པ་སྟེ། འདིས་མེའི་དཀྱིལ་འཁོར་ལ་སོགས་པ་མངོན་པར་བརྗོད་དོ། །བཞི་ཞེས་པ་ལ་སོགས་ 31-1-74a པས་དཀྱིལ་འཁོར་རེ་རེ་ལ་དཀྱིལ་འཁོར་བཞི་པོ་བྲི་བར་ཤེས་པར་བྱའོ། །གོས་དཀར་ལ་སོགས་པའི་རང་བཞིན་མེའི་དཀྱིལ་འཁོར་ལ་སོགས་པའོ། །རང་གི་ལྷ་ནི་རྡོ་རྗེ་འཆང་ཆེན་པོའི་བདག་ཉིད་ཅན་ཡི་གེ་གསུམ་རང་གི་ལྷ་ཉིད་དོ། །འདིའི་གཞི་ནི་དཀྱིལ་འཁོར་བཞིའི་ སྦྱོར་བའོ། །ཡང་དག་པར་སྦྱོར་བ་ཉིད་གོ་འཕང་མཆོག་སྟེ་མཆོག་གི་གོ་འཕང་གི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །སྟེང་ཞེས་པ་ལ་སོགས་པས་རྒྱུའི་གནས་མངོན་པར་བརྗོད་དོ། །མེ་ཞེས་པ་ལ་སོགས་པས་མེ་ལ་སོགས་པའི་དཀྱིལ་འཁོར་ལ་བརྟེན་ནས་དབང་ལ་སོགས་པའི་ལས་མངོན་པར་བརྗོད་ དོ་ཞེས་གསུངས་སོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱིས་དགོངས་པ་ལུང་སྟོན་དུའོ། །ལྷ་ཞེས་བྱ་བ་ལ་སོགས་པས་ལྷ་ལ་དམིགས་པས་སྐྱེ་བ་མེད་པར་གྱུར་པའོ། །ཁྱད་པར་ཅན་ནི་འཆད་པར་འགྱུར་བའི་ཅི་ཡང་མི་བྱའོ་ཞེས་སློབ་པར་བྱེད་པའོ། །བསྒྲུབ་པའི་ཁྱད་པར་ཅན་རྣམས་ལ་ཕྲ་མོའི་ རྣལ་འབྱོར་རྣམ་པ་གསུམ་བསྒོམས་པ་ལས་སྐྱེས་པ་སེམས་ཀྱི་ཁྱད་པར་རྣམ་པ་གསུམ་ཐོབ་པའོ། །རྡུལ་ཚོན་གྱི་དཀྱིལ་འཁོར་ཞེས་པ་ནི་ཡིད་ལ་སོགས་པའི་དཀྱིལ་འཁོར་བདུན་པོ་རུ་ནི་མ་ཡིན་ནོ། །དབང་བསྐུར་བའི་ཕྱིར་ཞེས་པ་ནི་ཕྲ་མོའི་རྣལ་འབྱོར་རྣམ་པ་གསུམ་བསྒོམས་པ་ལས་སྐྱེས་ པས་ཐོབ་པ་བྱེ་བྲག་རྣམ་པ་གསུམ་གྱི་རྗེས་སུ་མཐུན་པར་དབང་བསྐུར་བའི་དོན་ཏོ། །གསོལ་བ་འདེབས་པ་ཞེས་པ་ནི་སློབ་དཔོན་དང་བླ་མར་གྱུར་པ་དག་གིས་བསླབ་པའོ། །སྒྲ་ཇི་བཞིན་པའོ། །རྒྱུད་འདི་ལ་ནི་སེམས་གཙོ་བོའི་ཕྱིར་ཐོག་མར་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ལ། དེ་ནས་ གཟུགས་ཀྱི་ཕུང་པོ་རགས་པ་ཉིད་ཡིན་པའི་ཕྱིར་ཞི་བ་ཞེས་པ་ལ་སོགས་པ་གསུངས་སོ། །འདུ་ཤེས་ཀྱི་ཕུང་པོ་ལ་ལྟོས་ནས་ཚོར་བའི་ཕུང་པོ་རགས་པས་ངའི་ལག་པར་ཚོར་བ་དང་ངའི་རྐང་པར་ཚོར་རོ་ཞེས་སྨྲ་བར་བྱེད་པས་རགས་པར་བསྟན་པའི་ཕྱིར། དེའི་འོག་ཏུ་དེ་བཞིན་གཤེགས་པ་ཀུན་ཞེས་བྱ་ བ་ལ་སོགས་པ་གསུངས་སོ། །འདུ་བྱེད་ཀྱི་ཕུང་པོ་ལ་ལྟོས་ནས་འདུ་ཤེས་རགས་སོ་ཞེས་པས་ཆོས་ཀུན་ཞེས་བྱ་བ་ལ་སོགས་པ་གསུངས་སོ་ཞེས་པ་ནི་ཕུང་པོ་བསྟན་པའི་རིམ་པས་གསོལ་བ་འདེབས་པའོ། །རིགས་གསུམ་གྱི་ངོ་བོ་ཉིད་ཀྱིས་ནི། དེ་བཞིན་གཤེགས་པ་དང་རྡོ་རྗེ་དང་པདྨ་དང་རིགས་ 31-1-74b གསུམ་མོ། །ངོ་བོ་ཉིད་ཀྱིས་ཞེས་གསུངས་པའི་ཕྱིར་དེ་བཞིན་གཤེགས་པས་དྲུག་པའི་བསྟོད་པ་གསུངས་པར་དེ་དྲང་བར་བྱའོ། །གསོལ་བ་འདེབས་པའི་དོན་གང་ཞེ་ན་དེ་གསུངས་པ། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་དེ་བཞིན་གཤེགས་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་དཀྱིལ་ འཁོར་གྱི་ཞེས་བྱ་བ་གསུངས་པས། ཐམས་ཅད་ཅེས་བྱ་བ་ལ་སོགས་པའོ། །ཇི་སྐད་དུ་བཤད་པ་ཞེས་པ་ནི་ལེའུ་འདི་ཉིད་དུ་འཆད་པར་འགྱུར་བ་དང་། དེ་ཉིད་བསྡུས་པའི་རྒྱུད་ལ་སོགས་པར་རོ། །ཀུན་དུ་བཟང་པོ་ཞེས་པ་ནི་གལ་ཏེ་ཡང་མི་བསྐྱོད་པ་ལ་སོགས་པའི་རྣལ་འབྱོར་དང་ལྡན་ པའི་སྔགས་པ་ཡང་འདིར་དེ་བཞིན་དུ་ཡང་དྲུག་པར་ཡང་དག་པར་རྟོགས་པར་བྱེད་དོ། །སྐུའི་མཆོག་ནི་སེམས་ཅན་གྱི་འཇིག་རྟེན་མ་ལུས་པའི་སྐུ་ལ་ལྟོས་ནས་དེ་བཞིན་གཤེགས་པའི་སྐུ་མཆོག་གཉིས་ཡིན་པའི་ཕྱིར་དང་། དེའི་རང་བཞིན་ཡིན་པའི་ཕྱིར་དཀྱིལ་འཁོར་གྱི་སྐུའི་མཆོག་ཉིད་དོ། ། དམ་པ་ནི་གཟུགས་ལ་སོགས་པ་རྣམས་ཀྱི་ཕུལ་དུ་བྱུང་བའོ། །ཞི་བ་ཞེས་པ་ལ་སོགས་པ་ནི་དཀྱིལ་འཁོར་དང་སྦྲེལ་ལོ། །དཀྱིལ་འཁོར་ཡང་དེ་ལས་སྐྱེས་པ་ཉིད་ཡིན་པའི་ཕྱིར་ཏེ། འོད་གསལ་བ་ལས་ཡང་དག་འབྱུང་། །རྡོ་རྗེ་སེམས་དཔའ་བདེ་ཆེན་པོ། །གཟུགས་བརྙན་ལྟ་བུ་ཡང་ཉིད་དོ། ། དཀྱིལ་འཁོར་ཡང་ནི་དེ་དང་མཚུངས། །ཞེས་གསུངས་པའི་ཕྱིར་རོ། །སླར་ཡང་རྡོ་རྗེ་འཆང་ཆེན་པོའི་ངོ་བོར་བཤད་པས་བསྟོད་པ། དེའི་སྤྱོད་པ་ཞེས་པ་ནི་ཡེ་ཤེས་གསུམ་པོ་དེའི་སྤྱོད་པ་སྟེ། སྤྱད་པར་བྱའོ་རྟོགས་པར་བྱའོ་ཞེས་བྱས་ནས་སྤྱོད་པའོ། །འདོད་ཆགས་ལ་སོགས་པ་ནི་ རང་བཞིན་བརྒྱ་དྲུག་ཅུའོ། །སྣང་བ་གསུམ་གྱི་རྟགས་ཉིད་ཡིན་པའི་ཕྱིར། རང་བཞིན་རྣམས་སྦྱོང་བར་མཛད་དོ་ཞེས་པ་རང་བཞིན་སྐྱེ་བ་དང་དུས་མཚུངས་པ་ཁོ་ནར་ཐོག་མ་མེད་ཅིང་ཐ་མ་མེད་པའི་མངོན་པར་བྱང་ཆུབ་པ་དྲན་པས་རང་གི་སེམས་སོ་སོར་རྟོགས་ཏེ་བདེན་པ་གཉིས་གཉིས་ སུ་མེད་པ་ཉིད་དུ་ཡོངས་སུ་ཤེས་སོ། །དེའི་སྒོ་ནས་ཞེས་པ་ནི་དེའི་བདག་ཉིད་ཀྱིས་སོ། །སྙིང་པོ་ནི་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། དེའི་རང་བཞིན་ཉིད་ཡིན་པའི་ཕྱིར་གསུངས་པ་དེ་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་འཆང་ཆེན་པོའི་རང་གི་ངོ་བོ་སྟོན་པར་བྱེད་པ་དེའི་ཞེས་པ 31-1-75a ལ་སོགས་པ་སྟེ། རྣམ་པ་ནི་འདིར་རང་བཞིན་ནོ་ཞེས་པ་བསྟེན་པའོ། །སྒྲ་ཇི་བཞིན་པའོ། །ཚིག་གི་སྐབས་འབྱེད་པ་ནི་འཆད་བཞིན་པའི་ཚིག་གི་སྐབས་སོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་གཙོ་བས་ན་འདིའི་ སེམས་སུ་བརྗོད་པར་བྱའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་དེ་ཉིད་རིགས་སོ། །དེ་གཙོ་བོའི་ཕྱིར་དམ་པའོ། །མི་བསྐྱོད་པ་ནི་དེ་དང་གཉིས་སུ་མེད་པར་གྱུར་པས་གནས་སྐབས་ལས་གཙོ་བོ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་རླུང་ གི་དེ་ཉིད་དུའང་དཀྱིལ་འཁོར་བཞི་ལ་ཡི་གེ་གསུམ་གཙོ་བོར་གསུངས་ཏེ། མི་བསྐྱོད་པ་ལ་སོགས་པ་ཆུ་ལ་སོགས་པའི་དཀྱིལ་འཁོར་རྣམས་ནི་ཆུའི་དཀྱིལ་འཁོར་ཉིད་འདི་ཡང་རྡོ་རྗེ་མགོན་པོ་འདིར་ལྷའོ་ཞེས་བྱ་བ་ལ་སོགས་པས་དེའི་བདག་ཉིད་ཅན་དུ་གསུངས་སོ། །གཡོ་བར་མི་ནུས་ པས་ན་ཞེས་པ་ནི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ནི། དེ་ལ་མཚན་མ་དང་བྱ་བས་ཀྱང་འགལ་བར་བྱ་བར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །སྐུ་ཞེས་པ་ལ་སོགས་པས་དོན་དམ་པའི་བདེན་པའི་རང་བཞིན་ཉིད་རྟེན་གྱི་དཀྱིལ་འཁོར་དུ་མངོན་པར་བརྗོད་དོ། །གཞན་མི་འཐད་པའི་ རིགས་པས་དཀྱིལ་འཁོར་ལ་སོགས་པའི་ཐིག་བསྐུལ་བའི་ཆོ་ག་ཉིད་ཀྱང་གཞན་མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །ཚད་དང་ལྡན་པ་ཞེས་པའི་གསུང་ལས་ཐིག་སྐུད་གཞན་གྱིས་ཁྲུ་ལ་སོགས་པའི་ཚད་ཀྱི་དབྱུ་གུ་ཕྲ་མོ་ལ་སོགས་པས་དཀྱིལ་འཁོར་བྲི་བར་བྱེད་པ་ནི་གལ་ཏེ་དེ་བཞིན་ གཤེགས་པའི་བཀའ་ལ་དགོངས་པས་དམྱལ་བའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །སྒོའི་ཉི་ཤུ་ཆའི་ཚད་ལ་ལྟོས་ནས་ཧ་ཅང་ཞེས་བྱ་བ་ལ་སོགས་པའོ། །སྐུ་ཞེས་བྱ་བ་ལ་སོགས་པ་ལ་སྐུ་ལ་སོགས་པའི་རྡོ་རྗེ་རྣམས་ཡང་དག་པར་གཞག་པ་སྟེ་ལྷ་ལ་དམིགས་པས་དཀྱིལ་འཁོར་བྱ་བ་ཉིད་ དོ། །རང་གི་འདོད་པའི་ལྷའི་རྣལ་འབྱོར་རྗེས་སུ་དྲན་ཞིང་སེམས་དཔའ་རྣམས་ཀྱི་རིམ་པས་ཐིག་གདབ་པོ་ཞེས་པའི་དོན་ཏོ། །གཅིག་གཉིས་ཞེས་པ་ནི་སྙིང་པོའི་དབུས་ནས་རྒྱ་ཁྱོན་ཏེ། ངོས་རེ་རེར་ཁྲུ་དྲུག་ཡིན་པའི་ཕྱིར་རོ། །ཕྱི་རོལ་ཞེས་པ་ནི་རྟེན་གྱི་དཀྱིལ་འཁོར་རོ། །དེ་ནས་གྲུ་བཞི་པ་ 31-1-75b ལ་སོགས་པ་སྔར་གསུངས་པའི་ཁྱད་པར་གྱི་ནུས་པ་ལས་སོ། །གང་ནང་གི་དཀྱིལ་འཁོར་ནི་གྲུ་བཞི་པ་ལ་སོགས་པ་ཉིད་ཀྱིས་རྣམ་པར་ཕྱེ་བ་མ་ཡིན་ནམ་ཞེ་ན། དེ་ནི་ཟླུམ་པོ་ཉིད་ཡིན་པའི་ཕྱིར་རོ། །རིམ་པ་གཉིས་པ་དང་གསུམ་པའི་དཀྱིལ་འཁོར་དག་གྲུ་བཞི་པ་ཉིད་ཡིན་པའི་ཕྱིར་ གསུངས་པ། ཀུན་ནས་ཡོངས་སུ་ཟླུམ་པོའི་རྣམ་པར་ཞེས་པའོ། །ཕྱག་རྒྱ་དགོད་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་ཞེས་པ་ནི་འཆད་པར་འགྱུར་བ་དང་སྦྲེལ་ལོ། །ཆོ་ག་ཞེས་བྱ་བ་ལ་སོགས་པས་ཕྱིའི་དཀྱིལ་འཁོར་དང་འབྲེལ་བ་ཉིད་ཀྱི་ཕྱིར་ཐོག་མར་བཤད་པའི་ཕྱིར་གསུངས་པ། ཆོ་ག་ཉི་ ཤུ་ཞེས་པ་ནི་ཀླུའི་བློའི་ཞབས་ཀྱིས་མཛད་པའི་དཀྱིལ་འཁོར་གྱི་ཆོ་གར་གསུངས་པའི་ས་སྦྱངས་པ་ལ་སོགས་པ་རྣམས་སོ། །དེའི་འོག་ཏུ་ཞེས་པ་ནི། གནས་ནི་བསྐྱེད་པ་སྔོན་འགྲོ་བས། །རྡོ་རྗེ་གསུམ་ནི་བསྐྱེད་པར་བྱ། །ཞེས་གསུངས་པའི་ཕྱིར་མཚན་མར་བྱའོ། །ཤེས་པར་བྱའོ། ། བསྐྱེད་པར་བྱའོ་ཞེས་པ་འདིའི་ཕྱིར་མཚན་མ་དེ་ཉིད་ཕྱག་རྒྱའོ། །དེ་བཞིན་གཤེགས་པའི་རྣམ་པའི་བརྡའོ། །ཆོས་རྣམས་སྟོན་པར་བྱེད་པའི་མཚན་ཉིད་ཀྱི་བརྡ་ནི་ཆོས་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་གཉིས་ལ་ལྟོས་ནས་ཆེན་པོ་ཡང་དེ་ཡིན་ཕྱག་རྒྱ་ཡང་ཡིན་ནོ་ཞེས་པས་ཕྱག་རྒྱ་ཆེན་པོའོ། །ལྷ་ རྣམས་ཉིད་ཕྱག་རྒྱ་བཞིའི་བདག་ཉིད་ཅན་ཡིན་པ་ཉིད་མ་ཡིན་ནམ་ཕྱག་རྒྱ་རྣམ་པ་གསུམ་ནི་ལྷ་སོ་སོ་རེ་རེའི་གཅིག་ཉིད་ཀྱི་གཟུགས་སུ་བསྒོམ་པའི་ཕྱིར་ཅི་ལྟར་འདི་དག་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སླར་ཡང་དེ་དག་ཅི་ལྟར་འགྱུར་ཞེས་བསམ་པར་མི་བྱ་སྟེ་དཀྱིལ་འཁོར་སྒྲུབ་པ་ལ་ སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཕྱག་རྒྱ་རྣམ་པ་གསུམ་གྱི་རྒྱས་གདབ་པར་མི་ནུས་པར་མངོན་པར་འདོད་པས་སོ་སོར་སེམས་ཀྱི་རྒྱུད་གཞན་དང་ལྡན་པའི་ཕྱིར་རོ། །ཡང་ན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་གཏི་མུག་རྡོ་རྗེ་ལ་སོགས་པའི་རིགས་ཅན་ཉིད་དོ། །སོགས་པའི་སྒྲ་ལས་ནུས་ པ་ལ་སོགས་པ་གཟུང་ངོ་། །ལྟོས་ནས་ཞེས་པ་ནི། དེ་ལ་སེམས་ཅན་ཐམས་ཅད་གང་གི་རིགས་ཡིན་པ་དེའི་རིགས་ཀྱི་བདག་པོ་ཉིད་དང་མཐུན་པའི་ཕྱག་རྒྱ་དགོད་པར་བྱའོ་ཞེས་པའི་དོན་ཏོ། །དེ་ལ་ཉེ་བར་མཚོན་པའི་དོན་དུ་ཞེས་པ་ནི། ཕྱག་རྒྱ་ཆེན་པོ་དང་ཆོས་ཀྱི་ཕྱག་རྒྱ་དག་དགོད་པའི་རིམ་ 31-1-76a པ་རྟོགས་པར་བྱ་བའི་དོན་དུའོ། །དེའི་ཞེས་པ་ནི་སྙིང་པོའི་དཀྱིལ་འཁོར་གྱིའོ། །སེམས་ཅན་འཇིགས་པའི་རྒྱུ་ལས་འཇིགས་པ་སྐྱེད་པར་བྱེད་པ་པོ་ཡང་ངོ་། །རྡོ་རྗེ་ཞེས་པ་ནི་གཙོ་བོའི་མཚན་མའོ། །རེག་བྱ་རྡོ་རྗེ་མའི་མཚན་མ་ལ་རེག་བྱ་རྡོ་རྗེ་མའི་མཚན་མ་དགོད་ པ་འདིར་མ་གསུངས་པ་ནི་གཙོ་བོའི་མཚན་མ་དགོད་པ་ལ་ལྟོས་པས་ཐོབ་པ་ཉིད་ཡིན་པའི་ཕྱིར་དང་། བཙུན་མོ་དམ་པ་ཡིན་པ་ཉིད་ཀྱིས་ལྷན་ཅིག་སྤྱོད་པ་ཉིད་ཀྱིས་སོ། །དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་འོད་ཟེར་ཞེས་པ་དཀར་པོ་ལ་སོགས་པ་རྣམས་སོ། ། འཁོར་ལོ་ཞེས་པ་ནི་རྩིབས་བརྒྱད་པ་དཀར་པོའོ། །འོད་ཟེར་གྱི་ཚོགས་ནི་སེར་པོ་ལ་སོགས་པ་ལྔའི་བདག་ཉིད་ཅན་གྱི་ཕུང་པོའོ། །རིན་ཆེན་ཞེས་པ་ནི་སེར་པོ་ཆ་དགུ་པའོ། །ཆེན་པོ་ཉིད་ཅེས་པ་ནི་ཡང་དག་ཇི་ལྟར་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཉིད་ཀྱིས་པདྨ་ནི་ཆེན་པོ་ཉིད་ ཡིན་པ་དེ་བཞིན་དུ་མེ་ལོང་དང་མཉམ་པ་ཉིད་ལ་སོགས་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་འཁོར་ལོ་དང་རིན་པོ་ཆེ་ལ་སོགས་པ་རྣམས་ཀྱང་ཆེན་པོ་ཉིད་དུ་བསམ་པར་བྱའོ། །པདྨ་རཱ་ག་ནི་རིན་པོ་ཆེ་ཆེན་པོའི་བྱེ་བྲག་ཁ་དོག་དམར་པོའོ། །དམར་པོ་འབར་བ་ལ་སོགས་པ་འོད་ཟེར་ལྔ་ འབར་བའོ། །འོད་འཕྲོ་བ་ནི་འོད་ཟེར་ལྔའི་གཙུག་ཕུད་རབ་ཏུ་གསལ་བའམ།ཟླ་བའི་ཕྱི་རོལ་དུ་སྤྲོས་པའི་སྣང་བའོ། །སྤྱན་ཞེས་པ་ནི་སྤྱན་ཟུང་ངོ་། །འཁོར་ལོ་ཡང་དཀར་པོ་ལ་སོགས་པའི་འོད་ཟེར་ལྔ་དང་ལྡན་པའོ། །རྡོ་རྗེའི་རིགས་ཞེས་པ་ནི་མི་བསྐྱོད་པའི་རིགས་སོ། ། ལྟོས་པ་ཞེས་པ་ནི་རྡོ་རྗེ་ལ་རག་ལས་པ་ཞེས་མངོན་པར་དགོངས་སོ། །རྩ་བར་བཅས་ཞེས་པ་ལ་སོགས་པས་གོས་དཀར་མོ་ལ་སོགས་པའི་མཚན་མ་མངོན་པར་བརྗོད་དོ། །སྔོན་པོ་ཞེས་པ་ལ་སོགས་པས་སྒྲོལ་མའི་འོ། །ལྔ་ཞེས་པ་ལ་སོགས་པ་ཐོ་བ་དང་སྦྲེལ་ལོ། །སྔོན་པོ་ཞེས་པ་ལ་ སོགས་པ་རྒྱུ་ཉིད་དུ་མངོན་པར་བརྗོད་པའི་ཕྱིར་རོ། །རྡོ་རྗེ་བཞིན་དུ་ཐོགས་པ་མེད་པའི་སྔོན་པོ་ལ་སོགས་པའི་འོད་ཟེར་ལྔ་འབར་བའོ། །དེ་བས་ན་འོད་བཟང་བ་སྟེ་མཆོག་ཏུ་གྱུར་པའི་འོད་དོ། །རལ་གྲི་བཞིན་དུ་རྣོ་བས་བགེགས་གཅོད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །སྣ་ཚོགས་རྡོ་རྗེ་ཞེས་པའི་ 31-1-76b མཐར་ཐུག་པས་མཚན་མ་གཅིག་གསུམ་མངོན་པར་བརྗོད་དོ། །རྒྱ་ཆེར་ཞེས་པ་ལ་སོགས་པས་དགོད་པ་གཞན་ལ་ལྟོས་པའི་འབྲེལ་པ་བསྟན་ཏེ། དེ་ཡང་ཀླུའི་བློས་མཛད་པའི་དཀྱིལ་འཁོར་གྱི་ཆོ་ག་ལའོ། །ལུས་ལ་སོགས་པ་ཞེས་པ་ལ་སོགས་པའི་སྒྲ་ལས་ངག་དང་སེམས་དག་ གཟུང་ངོ་། །དེ་ལ་བཟའ་བ་གང་གིས་ལུས་དང་ངག་ཚིམ་པར་བྱ་བ་ནི་མཆོད་པའོ། །ནང་གི་བདག་ཉིད་ཅན་ཞེས་བྱ་བ་ལ་སོགས་པས་མཆོག་ཏུ་གྱུར་པའི་སེམས་ཀྱི་མཆོད་པ་སྟོན་པར་བྱེད་དོ། །ན་ཚོད་གཞོན་པ་ལ་ཤིན་ཏུ་དགའ་བ་དང་སྡུག་བསྔལ་འབྱུང་བའི་ཕྱིར་དང་ཁུ་བ་མི་ འབྱུང་བའི་ཕྱིར་རོ། །ན་ཚོད་རྒན་པ་ལ་ཡང་རྣམ་པ་དེ་བཞིན་དུ་རེག་པའི་དངོས་པོ་མེད་པའི་ཕྱིར་བཅུ་དྲུག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །རང་གི་རིགས་ཀྱི་ཡན་ལག་ཅེས་པ་ནི་རིགས་གཞན་བསྒོམས་པས་དངོས་གྲུབ་འགྲུབ་པར་ཡང་མི་འགྱུར་རོ་ཞེས་རྒྱུད་གཞན་དུ་གསུངས་ པའི་ཕྱིར་རོ། །བུ་མོ་ཞེས་པ་ལ་སོགས་པས་གཟུགས་ལ་སོགས་པ་རྣམས་ཀྱིས་ཀྱང་མཆོད་པ་བྱ་བར་སྟོན་པར་བྱེད་དོ། །དེའི་དབུས་སུ་ཞེས་པ་ནི་ཉེ་བའི་དབང་དུ་བྱས་ནས་བདུན་པ་སྟེ། དེ་བས་ན་བྲིས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་དེའི་དྲུང་དུ་རེ་ལྡེ་དང་གོས་ལ་སོགས་པ་ལ་སྐྱེ་བོ་ དང་བྲལ་བར་བྱས་པ་དང་བྲིས་པའི་དཀྱིལ་འཁོར་དང་འདྲ་བ་ཚོགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་ཡང་འདོད་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཚིམ་པར་བྱའོ་ཞེས་པ་ནི་ཚིམ་པ་བསྐྱེད་ནས་བྱིན་གྱིས་བརླབས་ནས་ཀྱང་ཞེས་བྱ་བ་ལ་སོགས་པས་དེ་ལ་རོལ་པར་བྱེད་པའི་རིམ་ པ་གསུངས་པ། ཡོན་ཏན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནི་རིང་མིན་ཐུང་བ་མིན། །སྦོམ་པ་མ་ཡིན་ཕྲ་བ་མིན། །ཞེས་བྱ་བ་ལ་སོགས་པ་མཱ་མ་ཀཱིའི་ཡོན་ཏན་རྣམས་ཀྱིའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དངོས་སུ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་ཞེས་པ་ནི་རང་བཞིན་ཉམས་སུ་མྱོང་བའི་ མཆོད་པ་དེ་མ་ཐག་པར་རོ། །ཕྱི་རོལ་དུ་བྱའོ་ཞེས་པ་ནི་སངས་རྒྱས་ལྔའི་བདག་ཉིད་ཅན་དུ་བསམས་ནས་སོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཅི་ལྟར་ཞེས་པ་ལ་སོགས་པའོ། །ནམ་མཁའ་ཞེས་པ་ལ་སོགས་པ་ནི་ནམ་མཁའ་ནི་ལྷ་མོའི་མཁའོ། །དབྱིངས་ནི་བུ་ག་མཛེས་པར་བྱེད་པའོ། །འདིའི་ 31-1-77a དོན་གསུངས་པ། བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པའི་བཀོད་པ་ནི་དཀྱིལ་འཁོར་གྱི་འཁོར་ལོའོ། །བྱང་ཆུབ་ཀྱི་སེམས་ཙམ་གྱིས་ནི་ཀུན་རྫོབ་པ་ཡིས་སོ། །མཆོད་པ་བྱ་བ་ཞེས་པ་བདུད་རྩི་མྱོང་བར་བྱེད་པའོ། །དེའི་ལྷག་མས་ལྷའི་འཁོར་ ལོ་བསྐྱེད་པ་འགྲོ་བའི་དོན་དུ་བྱའོ། །ལྔ་ཞེས་པ་ནི་བཤང་བ་དང་གཅི་བ་དང་ཁྲག་དང་ཁུ་བ་དང་རྐང་མར་ཞེས་བྱ་བ་རྣམས་ཀྱིས་སོ། །ཙཱ་རུ་ནི་སྔགས་ལ་སོགས་པས་བསྒྲུབས་པའི་ལྷ་རྣམས་ཀྱིས་བཟའ་བ་ལྟ་བུའོ། །དཀྱིལ་འཁོར་གྱི་འཁོར་ལོ་ཞེས་པ་ནི་ཕྱི་དང་ནང་གི་རང་བཞིན་གྱིས་ གནས་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དེ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པའོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་སོ། །དེའི་རང་བཞིན་ཉིད་ཡིན་པའི་ཕྱིར་གཟུགས་ལ་སོགས་པའི་ཕུང་པོ་རྣམས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ནི་སའི་སྙིང་པོ་ལ་ སོགས་པ་རྣམས་སོ། །སྔ་མ་བཞིན་དུ་ས་ལ་སོགས་པའི་ཁམས་རྒྱས་པ་ལས་བྱུང་བ་ལས་གྱུར་པ་རྣམས་རྒྱས་པར་འགྱུར་རོ་ཞེས་པའི་དོན་ཏོ། །སྤྱོད་པ་བཟང་བ་ནི་ཡིད་དུ་འོང་བའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་སྟེ། དྲང་བའི་དོན་ཏོ། ། ཐུགས་ཀྱི་དཀྱིལ་འཁོར་ཞེས་པ་ནི་ཐུགས་ཀྱི་དཀྱིལ་འཁོར་རོ། །རྡོ་རྗེ་ཡེ་ཤེས་ནི་དོན་དམ་པའི་བདེན་པའོ། །རབ་འདྲ་བ་ནི་དེ་དང་མཚུངས་པའོ། །སྐུ་ལ་སོགས་པ་གཅིག་པ་ཉིད་ཀྱིས་སེམས་དཔའ་ཡིན་པའི་ཕྱིར་སྐུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕུང་པོ་དང་ཁམས་ རྣམས་ཀྱི་གྲངས་དགུ་སྟེ་དེ་ཙམ་ཉིད་ཡིན་པའི་ཕྱིར། དགུའི་བདག་ཉིད་མཆོག་ནི་སྒྲ་ཇི་བཞིན་པར་བསྟན་པའི་རྣམ་པ་ལ་ལྟོས་ནས་སོ། །ལེགས་བསྒྲིལ་ནི་བདེན་པ་གཉིས་པོ་དག་གོ། །སྣ་ཚོགས་ནི་རྣམ་པ་སྣ་ཚོགས་པའོ། །དེས་ལུང་དུ་རབ་ཏུ་བསྟན་པ་ཉིད་ཀྱི་ཕྱིར། སྣ་ཚོགས་ ལུང་གིས་བརྡར་གྱུར་པ་ནི་སྣ་ཚོགས་པའི་ལུང་ཉིད་ཀྱིས་ཀྱང་བརྡར་གྱུར་པ་སྟེ། གཞུང་དུ་སྨོས་པ་ལ་ཡང་འདུས་པ་ལ་སོགས་པའི་ཐ་སྙད་འདོགས་པའི་ཕྱིར་རོ། །ཚད་མ་བཟང་པོ་ནི་དོན་དམ་པའི་བདེན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཀུན་རྫོབ་ཅེས་པ་ལ་སོགས་པ་ནི་གང་ 31-1-77b གི་ཕྱིར་བདེན་པ་གཉིས་ཀྱི་བདག་ཉིད་ཅན་ཡིན་པ་དེའི་ཕྱིར་གཉིས་སུ་མེད་པ་གདོད་མའི་ངོ་བོའོ། །ཐིག་གི་སྦྱོར་བ་གསུངས་པ། ཤེས་རབ་ཅེས་པ་ལ་སོགས་པ་སྟེ་ཤེས་རབ་ནི་དོན་དམ་པའི་བདེན་པའོ། །ཐབས་ནི་ཀུན་རྫོབ་ཀྱི་བདེན་པའོ། །འདི་ཤེས་རབ་ལ་རབ་ཏུ་ཞུགས་པས་ ཤེས་རབ་དང་ཐབས་ཞེས་བྱ་བ་ལ་སོགས་པའི་ངོ་བོའོ། །ཆོས་ཞེས་པ་ནི་ཆོས་ཀྱི་སྐུའི་བདག་ཉིད་ཅན་ཡིན་པའི་ཕྱིར་ཤེས་རབ་བོ། །ལོངས་སྤྱོད་རྫོགས་པ་ཞེས་པ་ནི་སྔ་མ་གཉིས་པོ་རྟོགས་པ་འདི་དག་མངོན་པར་བརྗོད་པའོ། །ད་ནི་མཆོག་ནི་ཡོངས་སུ་དག་པ་ཉིད་ཀྱི་ཕྱིར་རོ། །ཐིག་ གདབ་བྱ་ཞེས་པ་ནི་བསྟན་པའོ། །ཐུགས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ནི་སྔར་རབ་ཏུ་བསྟན་པ་དང་དོན་མཚུངས་སོ། །གང་ཡང་རིམ་པ་འདིས་བཤད་པ་འདི་ལ་ཐུགས་ཀྱི་དཀྱིལ་འཁོར་གྱི་ཐིག་བཏབ་པའོ། །རྟེན་ཅིང་ཞེས་གསུངས་པ་ནི། རྟེན་ཅིང་འབྲེལ་པར་འབྱུང་བའི་ རིམ་པས་སོ། །ཡན་ལག་བཅུ་གཉིས་ཞེས་པ་ནི་མ་རིག་པ་ལ་སོགས་པའི་ཡན་ལག་བཅུ་གཉིས་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བའི་རིམ་པས་འགྲོ་བའི་རྒྱུད་ལ་གྲུབ་པའི་དོན་ཏེ་གཞོན་ནུ་བཞིན་ནོ། །ཇི་ལྟར་སླར་ཡང་འཇིག་རྟེན་ན་གྲགས་པའི་རྟེན་ཅིང་འབྲེལ་པར་འབྱུང་ བའི་ཡན་ལག་བཅུ་གཉིས་པོ་འདི་བསྡུས་པའི་ཕྱིར་དེ་བཞིན་དུ་བརྗོད་པར་བྱའོ། །གང་གི་ཕྱིར་གསུངས་པ། འཇིགས་པ་དང་ནི་བསྐྱེད་པའི་རྒྱུ། །ཚིག་དོན་བརྒྱད་དུ་ཤེས་པར་བྱ། །ཞེས་སོ། །འོད་གསལ་ལས་ཀྱང་སྟོང་པ་ཆེ། །ཞེས་པ་ལ་སོགས་པ་བསམ་པར་བྱ་སྟེ། གང་ཡང་ ཡན་ལག་བཅུ་གཉིས་ཉིད་ཚིག་དོན་བརྒྱད་ཀྱི་ནང་དུ་རྟོགས་པ་འདི་མི་འགལ་ལོ། །གྲུ་བཞི་པ་ལ་སོགས་པ་ཡང་སྦྱར་བའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་རུ་གསུངས་པ། འཕགས་པའི་བདེན་པ་ཞེས་པ་ལ་སོགས་པ་སྟེ། འཕགས་པའི་བདེན་པ་ནི་འཕགས་པའི་བདེན་པ་སྟེ། སྡུག་ བསྔལ་ཀུན་འབྱུང་དང་འགོག་པ་དང་ལམ་གྱི་ངོ་བོའོ། །གང་གི་ཕྱིར་མི་མཉམ་པ་མེད་པ་དེའི་ཕྱིར་ངོས་བཞི་པའོ། །ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཡང་དག་པར་བསྡུས་པ་ཉིད་ཡིན་པའི་ཕྱིར་འདི་རྣམས་གཉིས་པོ་དེ་དག་གཉིས་སུ་མེད་པ་ཉིད་ཀྱི་ཕྱིར་བཅོམ་ལྡན་ 31-1-78a འདས་སོ། །མི་མཉམ་པ་ནི་སྐྱེ་བ་དང་འགག་པའོ། །ཡོངས་སུ་ཤེས་པ་ནི་འབྲས་བུའོ། །འདིར་བདེན་པ་གཉིས་པོ་བདེ་བའི་བདག་ཉིད་ཅན་མ་ཡིན་ནམ་ཅི་ལྟར་སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་པོ་དེ་དག་བདེན་པ་གཉིས་ཀྱི་ནང་དུ་གཏོགས་ཞེ་ན། བདེན་ ཏེ་འོན་ཀྱང་འདི་དག་ཉན་ཐོས་ལ་སོགས་པ་འདོད་ཆགས་དང་བྲལ་བའི་རིགས་ཅན་རྣམས་ཀྱི་རང་བཞིན་གྱི་བདེ་བ་ཡིན་ཡང་ཕུང་པོ་ལ་སོགས་པར་མཆོག་ཏུ་ཤེས་པའི་དོན་དུ་སྡུག་བསྔལ་ལ་སོགས་པ་ཉིད་དུ་མངོན་པར་བརྗོད་དོ། །ལོངས་སྤྱོད་རྫོགས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་སྤྲུལ་ པ་ཡང་ངོས་བཞི་ལ་སོགས་པ་ཉིད་དུ་བཤད་དོ། །རྣམ་པར་གཞག་པའི་རིམ་པས། ཚངས་པའི་ཐིག་ནས་ཡང་དག་བརྩམ། །གྲུ་བཞི་པ་ཡི་ངོ་བོ་ཉིད། །ཁང་པ་བརྩེགས་པ་ལྟར་སྣང་བ། །རྣལ་འབྱོར་པ་ཡི་སྐུའི་དཀྱིལ་འཁོར། །ཞེས་སོ། །ཚངས་པ་ཞེས་པ་ནི་བྱམས་པ་ལ་སོགས་ པ་ལ་དམིགས་པའི་འབྲས་བུ་ཉིད་ཡིན་པའི་ཕྱིར་ཚངས་པའི་འཇིག་རྟེན་བསྐྱེད་པའོ། །དེའི་ཕྱིར་བྱམས་པ་ལ་སོགས་པ་ནི་ཚངས་པ་རྣམས་ཀྱི་གནས་ཏེ་གནས་ཉིད་གནས་པའོ། །བཞི་པོ་དེ་དག་གི་ངོ་བོ་ཉིད་ཡིན་པའི་ཕྱིར་གྲྭ་བཞིའོ། །སྒོ་ཞེས་པ་ནི་སྒོ་བཞིའོ། །བསྡུ་བའི་དངོས་ གྲགས་ནི་སེམས་ཅན་རྣམས་འདིར་བསྡུ་བར་བྱའོ། །ཞེས་རྣམ་པར་གྲགས་བཞིན་པའི་སངས་རྒྱས་ཀྱི་བདག་ཉིད་ཁང་པ་བརྩེགས་པ་ལའོ། །སྦྱིན་པ་དང་ཚིག་སྙན་པ་དང་དོན་སྤྱོད་པ་དང་དོན་མཐུན་པའི་དངོས་པོ་བཞི་པོ་འདི་རྣམས་ཀྱིས་སོ། །གནས་པར་བྱེད་པའི་དོན་བྱ་བར་གསུངས་ པའི་མཚན་ཉིད་དོ་ཞེས་པས་དེའི་རང་བཞིན་ཉིད་ཡིན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྐུ་ཉིད་སྒོ་ཞེས་བྱ་བ་ལ་སོགས་པས་བརྗོད་པར་བྱའོ། །རེ་རེ་ཞེས་པ་ནི་བསྡུ་བ་བཞི་པོ་རྣམས་དང་སྒོ་བཞི་པོ་རྣམས་དང་རེ་རེ་སྟེ་སོ་སོ་རེ་རེ་ལ་གྲངས་ཇི་ལྟ་བ་བཞིན་དུ་མིང་ཅན་གཉིས་པོ་དག་གི་མིང་ གི་བྱེད་པའོ། །ཆོས་དབྱིངས་ནི་དེ་བཞིན་ཉིད་དེ། །དེའི་དོན་དུ་བྱའོ། །བསྟན་པར་བྱའོ་ཞེས་པ་དེ་ཆོས་ཀྱི་དབྱིངས་ཀྱི་དོན་གྱི་བརྡ་སྟེ་འཁོར་ལོའི་རྣམ་པ་ནང་གི་དཀྱིལ་འཁོར་ནི་འཁོར་ལོའི་ནང་གི་དཀྱིལ་འཁོར་རོ། །མི་ཕྱེད་པ་ནི་རྒྱུ་དང་འབྲས་བུ་གཉིས་སུ་མེད་པའོ། །ཡེ་ཤེས་ནི་ 31-1-78b གཉུག་མའི་ངོ་བོ་ཉིད་ཡིན་པའི་ཕྱིར་དེས་ཤེས་པ་དེའོ། །དེ་ཉིད་མཚན་མས་ཏེ་དབྱེ་བར་བྱ་བ་མ་ཡིན་པས་རྡོ་རྗེའོ། ཨིནྡྲ་ནཱི་ལ་ཞེས་པ་ནི་རིན་པོ་ཆེ་ཨིནྡྲ་ནཱི་ལའི་ཁ་དོག་སྟེ། མི་བསྐྱོད་པའི་གཟུགས་སུ་འབྱིན་པ་དང་རབ་ཏུ་འཇུག་པ་ནི་ཡེ་ཤེས་ཀྱི་སྐུའི་ངོ་བོ་ཉིད་དུ་གནས་པ་ཡིན་པའི་ཕྱིར་རོ། ། ཕྱག་རྒྱ་ནི་མཚན་མའི་ཕྱག་རྒྱའི་རང་གི་ངོ་བོའོ། །རྣམ་པ་ལྔ་རུ་སྟེ་བཤད་པའི་རྩེ་མོ་གྲངས་ལྔ་པོ་དབུས་མའི་རྩེ་མོ་གཉིས་ཀའི་ངོས་སོ་སོའི་གྲངས་ལ་ལྟོས་པ་མེད་པར་རྩེ་མོ་དེའི་ཆོས་ཅན་གྱིས་འཁོར་བ་འཇིག་པར་བྱེད་པའོ། །ཤར་ཞེས་པ་ལ་སོགས་པས་ཤར་ཏེ་ཐོག་མ་རུ་ མེ་ལོང་སྟེ་གཟུགས་བརྙན་གྱི་རྣམ་པས་ཉེ་བར་དམིགས་བཞིན་པ་ཉིད་ཀྱི་ཕྱིར་དེ་ཉིད་མངོན་པར་བརྗོད་པར་བྱའོ། །རིན་ཆེན་ལ་སོགས་པ་ལ་ཡང་དེ་བཞིན་དུ་དྲུག་པ་སྦྱར་བར་བྱ་སྟེ། མཉམ་པ་ཉིད་ལ་སོགས་པའི་ཡེ་ཤེས་ནི་དེའི་ཕུང་པོའི་ལྡོག་པས་གནས་པ་ཉིད་ཀྱི་ཕྱིར་རོ། །དེའི་ ཕྱིར་གསུངས་པ་ཀུན་ནས་ཞེས་བྱ་བ་ལ་སོགས་པའོ། །བྱམས་པ་ལ་སོགས་པ་ཡང་དེའི་རང་གི་ངོ་བོ་ཉིད་ཡིན་པའི་ཕྱིར་གསུངས་པ། ཤར་ལྷོར་ཞེས་བྱ་བ་ལ་སོགས་པའོ། །སྦྱིན་པ་ལ་སོགས་པ་བསྡུ་བའི་དངོས་པོ་རྣམས་ཀྱང་དེའི་ཡེ་ཤེས་ཀྱི་རང་བཞིན་ཉིད་ཡིན་པའི་ཕྱིར་གསུངས་ པ། སྦྱིན་པ་ཞེས་བྱ་བ་ལ་སོགས་པའོ། །ཇི་བཞིན་ཞེས་བྱ་བ་ནི་ཉེ་བར་བསྟན་པའི་རྣམ་པས་ཡེ་ཤེས་ཀྱི་སྐུ་མཆོག་ཏུ་འཛིན་ནོ། །ཡང་དག་གནས་པ་ནི་དེ་ལ་མ་ནོར་བར་དམིགས་པར་བྱེད་པའོ། །དེ་བཞིན་གཤེགས་པ་མཐའ་ཡས་པ་ལ་སོགས་པ་བདེ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་ འདིའི་དམིགས་པའོ་ཞེས་མཆོད་པར་འགྱུར་བ་ཡིན་ནོ། །སླར་ཡང་དམིགས་པ་འདི་ཅི་ལྟར་འགྱུར་ཞེ་ན་གསུངས་པ། རྣམ་གསུམ་བསྒོམས་པ་སྟེ་རྣ་བ་ལ་སོགས་པ་རྣམ་པ་གསུམ་བསྒོམ་པ་རྣམས་ཀྱིས་ཞེས་མང་པོའི་ཚིག་ནི་དེ་བཞིན་ཉིད་ལ་དམིགས་པ་དང་། དེ་ལས་ལྡང་བ་ ལ་དམིགས་པ་དག་ཉེ་བར་མཚོན་པའི་དོན་ཏོ། །ཆེན་པོ་ཉིད་ཅེས་པ་ན་འཆད་བཞིན་པའོ། །དང་པོར་ཞེས་པ་ནི་འདི་ལ་དང་པོ་ཉིད་དུ་ལྡན་པའི་ཕྱག་རྒྱར་སོ་སོར་སྟོན་པར་བྱེད་དེ་འདི་དག་ཅེས་དང་པོར་བསྟན་པ་ནི་བཅོམ་ལྡན་འདས་ཀྱི་སྐུའོ། །ཕྱག་རྒྱ་ཞེས་པ་ནི་ཡེ་ཤེས་ཀྱི་སྐུའོ། ། 31-1-79a དཀྱིལ་འཁོར་ཞེས་པ་ནི་ཕྱག་རྒྱ་ཆེན་པོ་ཉིད་དཀྱིལ་འཁོར་དུ་མངོན་པར་བརྗོད་པར་བྱའོ་ཞེས་ཡང་དག་པར་བརྗོད་པའི་དོན་ཏོ། །སྐད་ཅིག་ཅེས་པ་ལ་སོགས་པ་ནི། རྣམ་པ་སྣ་ཚོགས་དང་རྣམ་པར་སྨིན་པ་དང་མཚན་ཉིད་དང་བྲལ་བའོ། །སོགས་པ་ལ་སོགས་ པའི་སྒྲ་ལས་དགའ་བ་བཞིའོ། །འདི་དག་རེ་རེ་ལ་བཞི་བཞིའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །མིང་དུ་འགྱུར་ཞེས་པ་ནི་ཕྱོགས་གཅིག་རྒྱུད་གཞན་དང་ཉན་ཐོས་ཀྱི་ཐེག་པར་ཡང་ལམ་སྐད་ཅིག་བཅུ་དྲུག་ཏུ་བསྟན་ཏོ། །མ་སྐྱེས་པ་ནི་དེ་བཞིན་ཉིད་དོ། །དེ་སྟེན་པ་ནི་དེའི་བདག་ཉིད་ཀྱིས་སྟེན་ པར་བྱེད་པ་ཕྱག་རྒྱ་ཆེན་མོ་ལ་བུ་མོ་ཞེས་བརྗོད་པར་བྱའོ། །དེའི་ཕྱིར་རྒྱུ་ལས་ཞི་བ་ཞེས་བྱ་བ་མངོན་པར་བརྗོད་པར་བྱ་སྟེ་ལངས་པའོ། །རྟེན་འབྲེལ་ཞེས་བྱ་བ་ལ་སོགས་པས་ལྡང་བར་བྱེད་པའོ། །བག་ཆགས་ཞེས་པ་སྔོན་གྱི་འཕེན་པའོ། །ཡེ་ཤེས་ཁ་ཕྱེ་མེ་ཏོག་གོ། །ཞེས་བྱ་བ་ནི་སྣང་ བ་ལ་སོགས་པའི་ཡེ་ཤེས་གསུམ་པོ་རབ་ཏུ་གསལ་བར་བྱེད་པའོ། །དེའི་ཕྱིར་གསུངས་པ། དངོས་པོ་མེད་པ་རྒྱན་ཞེས་བྱ། །ཞེས་པ་ལ་སོགས་པའོ། །མཉེས་པར་བྱ་བ་ནི་རྟག་ཏུ་དེ་ལ་དམིགས་པར་བྱ་བའོ། །འདི་འདྲ་ནི་གསུངས་པའི་མཚན་ཉིད་དོ། །ཆོས་ཀྱི་དབྱིངས་ནི་ཆོས་ཀྱི་ དབྱིངས་ཀྱི་རང་བཞིན་ནོ། །མ་ཡིན་ཞེས་པ་ལ་སོགས་པ་དེ་དག་རབ་ཏུ་མི་གནས་པ་ཉིད་དུ་སྟོན་པར་བྱེད་དོ། །ཕྱག་རྒྱ་ཆེན་པོ་འདི་མཱ་མ་ཀཱི་ཞེས་བྱ་བའི་བདག་ཉིད་ཅན་གཉུག་མའི་རང་བཞིན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་ངོ་བོ་ཉིད་ཅེས་བྱ་བ་ནི་ཡེ་ཤེས་ཀྱི་རང་བཞིན་ནོ། །ནམ་མཁའ་ནི་ དེ་བཞིན་ཉིད་དོ། །གནས་པ་ནི་དེའི་བདག་ཉིད་དུའོ། །དེ་བས་ནི་ཡོངས་སུ་དག་པའི་ཡེ་ཤེས་ཀྱི་སྐུ་འདི་ལའོ། །སྡུད་པའི་ཕྱིར་ནི་སྦྱོར་བའི་ཕྱིར་རོ། །བཤད་པས་ནི་ཡུལ་དུ་མངོན་པར་བརྗོད་པར་བྱའོ། །གཅི་བའི་བཤད་པ་བསྟན་པའི་ཕྱིར་གསུངས་པ། གཅི་བ་ཞེས་པ་ལ་སོགས་པ་ སྟེ། ཡེ་ཤེས་དང་དབང་པོ་ལྔ་ནི་ཡེ་ཤེས་དབང་པོའོ། །བསྟན་པ་ནི་གསུངས་སོ། །ཁྲག་ནི་སེམས་ཅན་གྱི་དོན་དུ་གང་ལ་ཆགས་པའོ་ཞེས་པ་ཡུལ་ལ་སོགས་པ་རྣམས་སོ། །རྒྱུ་དེའི་ཕྱིར་ལྷ་རྣམས་ཞེས་བྱའོ། །དངོས་པོ་མེད་པ་ནི་རང་བཞིན་མེད་པ་ཉིད་དོ། །འབུལ་བ་ནི་ཉེ་བར་འབུལ་བར་ 31-1-79b བྱེད་པའོ། །འཇིག་རྟེན་པས་ནི་འཇིག་རྟེན་ལ་རབ་ཏུ་གྲགས་པས་སོ། །བརྟགས་པ་ནི་ཡུལ་ལ་སོགས་པ་ཡོངས་སུ་བརྟགས་པའོ། །དེ་རྣམས་ནི་བསྐྱེད་པའི་རིམ་པ་སྤྱོད་པ་རྣམས་གང་ཡིན་པ་དེ་རྣམས་ཇི་སྐད་གསུངས་པ་ནི། བསྐྱེད་པའི་རིམ་པའི་བཤད་པར་རོ། །ངེས་པའི་ དོན་ཏོ། །རྟོགས་པ་ཞེས་བྱ་བ་ལ་སོགས་པས་བརྗོད་པའི་མཆོག་ཏུ་གསལ་བར་གྱུར་པའི་ཡེ་ཤེས་ཀྱི་མེ་སྤྱད་པ་སྤྱོད་པར་བྱེད་དོ་ཞེས་སྟོན་པར་བྱེད་དོ། །འཇིག་རྟེན་པ་ཞེས་པ་ནི་ཁམས་གསུམ་པ་སྟེ་ཉོན་མོངས་པ་ལ་ངེས་པར་འབྱུང་བ་ཉིད་ཀྱི་ཕྱིར་རོ། །འཇིག་རྟེན་ལས་འདས་པ་ནི་གྲོལ་ བ་སྟེ་ཉོན་མོངས་པ་ལས་ངེས་པར་འབྱུང་བ་ཉིད་ཡིན་པའི་ཕྱིར་རོ། །རྫུ་འཕྲུལ་ནི་ལུས་ལ་སོགས་པའི་རྣམ་པར་འཕྲུལ་བའོ། །སོགས་ཀྱི་སྒྲས་སེམས་ཅན་གྱི་དོན་དང་ཡེ་ཤེས་དང་ཤེས་རབ་དང་། སྦྱིན་པ་ལ་སོགས་པ་རྣམས་བསྡུས་པའོ། །ས་འོག་དང་ས་སྟེང་དང་མཐོ་རིས་ རྣམས་ནི་མཐོ་རིས་དང་བར་སྣང་དང་ས་འོག་རྣམས་སོ། །བདག་ཅེས་པ་ནི་ཉན་ཐོས་ལ་སོགས་པའོ། །གཞན་ཞེས་པ་ནི་ཕྱི་རོལ་མུ་སྟེགས་ཅན་སྤྱོད་པས་གྲོལ་བའི་དོན་དུ་ལུས་ལ་སོགས་པའི་བྱ་བ་ལ་ནན་ཏན་དུ་བྱེད་པའོ། །སྤྱོད་པ་ཀུན་གྱིས་ནི་གཉིས་སུ་མེད་པའི་ལམ་གྱི་རང་ བཞིན་རྣམས་ཀྱིས་སོ། །གལ་ཏེ་སྤྱོད་པ་ཐམས་ཅད་གཉིས་སུ་མེད་པའི་ལམ་གྱི་རང་བཞིན་ཡིན་ན་དེའི་ཚེ་ཆོས་ཀྱི་དོན་མཆོག་ཅི་ལྟར་མངོན་པར་ཐོབ་པར་མི་འགྱུར་ཞེ་ན། རང་རང་སོ་སོ་ཐ་དད་པའི་ལམ་དུ་བསྡུས་པའི་ཕྱིར་སྤྱོད་པ་རྣམས་ཀྱིས་ཐ་དད་པ་ཉིད་ཐོབ་པར་འགྱུར་རོ། །སྤྲོས་པ་དང་ བཅས་པ་ཞེས་བྱ་བ་ལ་སོགས་པས་རྒྱུད་ཐམས་ཅད་དུ་རྣམ་པ་དེ་ལྟ་བུའི་ཐུན་མོང་གི་སྤྱོད་པ་རྣམ་པ་གསུམ་གསུངས་སོ། །འདིར་སྤྲོས་པ་མེད་པ་དང་ཤིན་ཏུ་སྤྲོས་པ་མེད་པ་གཉིས་པོ་ཉིད་གསུངས་པའི་ཕྱིར་གཟུགས་ལ་སོགས་པ་རྣམས་སུ་ཆགས་པས་སྤྱོད་པར་བྱེད་དོ། །འགྲོ་ བར་བྱེད་དོ་ཞེས་འཆད་པར་འགྱུར་བཞིན་པའི་བྱ་བ་ལ་འདི་དག་སྤྱོད་པར་བྱེད་དོ་ཞེས་པས་དེ་ཉིད་སྤྱོད་པའོ། །སྒྲ་ཇི་བཞིན་པའོ། །སྤྱད་པའི་མཚན་ཉིད་མངོན་པར་བརྗོད་པ་གང་གིས་སྤྱོད་པར་བྱ་བ་དེའི་མཚན་ཉིད་གསུངས་པ། རྣམ་པར་མི་རྟོག་ཅེས་པ་ལ་སོགས་པའོ། །མཆོག་ 31-1-80a ཅེས་པ་ལ་སོགས་པས་དེའི་འབྲས་བུ་སྟོན་པར་བྱེད་དོ། །མཆོག་ཅེས་པ་ལ་སོགས་པ་དེའི་སྤྱོད་པ་དང་དེའི་འབྲས་བུ་དག་ཐེག་པ་ཁྱད་པར་དུ་འཕགས་པའི་གནས་ལས་འབྱུང་བ་ཉིད་དོ། །དགོངས་པ་མ་ཡིན་པའོ་སྐྱེ་གནས་ལ་སོགས་པ་མ་ཡིན་ནོ་ཞེས་པ་ནི་ཚུལ་འདི་ ཉིད་སངས་རྒྱས་ཉིད་ཀྱི་རྒྱུ་མ་ཡིན་ནོ། །དེ་བཞིན་དུ་ཉན་ཐོས་ཀྱི་ཐེག་པར་ཡང་གདོལ་པ་ལ་སོགས་པས་དགྲ་བཅོམ་པ་ཉིད་དུ་གསུངས་སོ། །བླ་མ་ལ་འཁུ་བ་ཞེས་བྱ་བ་ལ་སོགས་པ་ནི་འགྲུབ་པར་འགྱུར་རོ་ཞེས་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཅེས་པ་ལྷག་མའོ། །རླུང་དང་འཁྲུལ་ འཁོར་དང་གྲིབ་མའི་འཁྲུལ་འཁོར་དང་། འཕགས་པ་གསོད་པའི་ཐབས་ཉིད་ལོངས་སྤྱོད་པའོ་ཞེས་རབ་ཏུ་གྲགས་སོ། །སྐུ་གཟུགས་ནི་ངན་སེམས་ཀྱིས་ཁྲག་འབྱིན་པ་འབྱུང་བར་གསུངས་པ། སངས་རྒྱས་ཞེས་པ་ལ་སོགས་པའོ། །སྤོང་བ་ནི་སངས་རྒྱས་ཀྱིས་གསུངས་ པ་འདི་དག་སངས་རྒྱས་ཀྱི་གསུང་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྨྲ་བའོ། །དམྱལ་བར་ལྟུང་བར་འགྱུར་རོ་ཞེས་པ་ནི་དེའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །ཉེ་བའི་མཚམས་མེད་པ་ཞེས་པ་ནི་འདིས་མཚམས་མེད་པ་ལས་ཉེ་བའི་མཚམས་མེད་པ་མཚུངས་པ་དང་དམན་པ་ཉིད་དུ་ བསྟན་ཏོ། །བཞི་ཞེས་བྱ་བ་ནི་མི་གསོད་པ་དང་བུད་མེད་འཛིན་པ་དང་། ཕ་རོལ་གྱི་རྫས་པ་ཎ་བཞི་ཆའི་རིན་ཐང་ལེན་པ་དང་ལྷ་མཐོང་ངོ་། །ལྷ་རྣམས་ཉེ་བར་འོང་བར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་འཇིག་རྟེན་གྱི་བླ་མ་ཀློག་པར་མངོན་པར་བརྗོད་པ་རྣམས་ནི་རྩ་བའི་ལྟུང་བ་བཞི་པོ་ རྣམས་ཞེས་བརྗོད་པའོ། །རྩ་བ་ནི་བརྟུལ་ཞུགས་ཅན་རྣམས་ཀྱིས་བརྟུལ་ཞུགས་སོ། །སྡོམ་པ་དེའི་ལྟུང་བ་ནི་འཇིག་ཅིང་གཅོད་པ་སྟེ། ཏ་ལ་བཅད་པ་བཞིན་ཞེས་པ་ནི་ཏ་ལའི་མགོ་བཅད་པ་བཞིན་ནོ། །སླར་ཡང་འབྲས་བུ་རྣམ་པ་བརྒྱད་རྣམས་ལས་གཞན་དུ་འབྲས་བུ་ ཐོབ་པ་མ་ཡིན་ནོ་ཞེས་གསུངས་པ་སངས་རྒྱས་ཞེས་བྱ་བ་ལ་སོགས་པའོ། །རྣལ་འབྱོར་གྱི་རྒྱུད་དུ་གསུངས་པའི་རྡོ་རྗེ་སློབ་དཔོན་རྣམས་ལ་སྨོད་པ་ཞེས་བྱ་བ་ལ་སོགས་པའི་རྩ་བའི་ལྟུང་བ་དང་ལྡན་པ་རྣམས་ནི་དེ་རྣམས་ཀྱང་འདིར་ཞེས་པ་ལ་སོགས་པའོ། །སངས་རྒྱས་ཉིད་ནི་རྡོ་རྗེ་ 31-1-80b འཆང་ཆེན་པོ་ཉིད་དོ། །ཟང་ཟིང་ཞེས་པ་ནི་བཟའ་བ་དང་ཆོས་གོས་ལ་སོགས་པའོ། །སོགས་པའི་སྒྲས་དགོད་པ་དང་སྒེག་པ་དང་ཀུན་དུ་སྨྲ་བ་དང་ལྷན་ཅིག་ཚོགས་པ་ལ་སོགས་པ་བསྡུས་སོ། །སྨོད་པར་བྱེད་པ་ནི་རྨི་ལམ་དུ་ཡང་ཞེས་པའི་ཡང་སྒྲས་ངེས་པ་ཁོ་ནའི་དོན་ཏོ། །རྨི་ལམ་ ཉིད་དུ་ནི་རྡོ་རྗེ་འཆང་དེ་སྲིད་དུ་མཐོང་བར་འགྱུར་བ་མ་ཡིན་ན་སླར་ཡང་འདི་ལ་དངོས་གྲུབ་འབྱུང་བ་ལྟ་ག་ལ་ཡོད། སླར་ཡང་འདི་དག་ཉིད་ཅི་ལྟར་འགྱུར་ཞེ་ན། གང་ཡང་ཞེས་བྱ་བ་ལ་སོགས་པ་སྟེ་སྒྲ་ཇི་བཞིན་པའོ། །རྒྱུད་ཀྱི་རྒྱལ་པོ་ཞེས་པ་ནི་འདུས་པའོ། །ཁྱད་པར་དུ་ནི་རྟེན་ནོ། ། སློབ་དཔོན་མེད་པར་ཞེས་པ་འཆད་པར་འགྱུར་བཞིན་པའོ། །སྲོག་གཅོད་པ་ཞེས་པ་ལ་སོགས་པ་ནི་སྒྲ་ཇི་བཞིན་པའོ། །གཏུམ་པ་ལ་སོགས་པའི་བྱ་བ་འདི་ལ་ལྡན་བཞིན་པ་ཉིད་ཀྱི་ཕྱིར་རོ། །འདིའི་དོན་ཞེས་པ་ནི་དགོངས་པས་བཤད་པའི་བདག་ཉིད་ཅན་ནོ། །བཤད་པའི་ རྒྱུད་དུ་ནི་དགོངས་པ་ལུང་སྟོན་དུའོ། །སྲོག་གཅོད་བྱེད་པ་ཞེས་པ་ནི་སྲོག་བཅད་པར་བྱས་པ་ཡང་ཕུང་པོ་དང་ཁམས་ལ་སོགས་པ་རྣམས་ཀྱི་དངོས་པོ་མེད་པའི་ཕྱིར་རོ། །འཇིག་རྟེན་དུ་ཕྱི་རོལ་ལ་སོགས་པ་ཕུང་པོ་ལ་སོགས་པ་རྣམས་བདེན་པ་ཉིད་ཀྱི་ཐ་སྙད་དུ་སྒྱུ་མ་ལྟ་བུར་ བདེན་པ་ཉིད་ཀྱིས་དེ་རྟག་ཏུ་སྟོན་པར་བྱེད་པའི་ཕྱིར་བརྫུན་དུ་སྨྲ་བ་ལ་དགའ་བའོ། །རྫས་ནི་དོན་དམ་པའི་བདེན་པ་ཡིན་པའི་ཕྱིར་ཟུང་འཇུག་གོ། །དེ་འཕྲོག་པའི་ངང་ཚུལ་ནི་གཞན་གྱིས་མི་བྱིན་པ་དེ་ལ་རྟག་ཏུ་དམིགས་པ་ཉིད་ཀྱིས་སོ། །དེ་བཞིན་ཉིད་ནི་བུད་མེད་དེ་རྐྱེན་གྱིས་ མངོན་པར་བརྗོད་པའི་ཕྱིར་དང་། ཆོས་དང་ཆོས་ཉིད་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །མངོན་པར་འདོད་པ་མ་ལུས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་དང་བདེ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་འདི་ལ་དམིགས་པ་ནི་མཆོག་ཏུ་འདོད་ལ་དགའ་བའོ། །གཅི་བ་ཞེས་པ་ནི་དབང་པོའི་སྒྲ་རུ་ བརྗོད་པར་རྟོགས་པར་བྱ་སྟེ་བརྗོད་པ་ཕྱིན་ཅི་ལོག་ཅེས་བྱ་བ་ལ་སོགས་པས་གཅི་བའི་སྒྲ་སྒྲུབ་པའོ། །ཞི་བ་མཐར་ཐུག་ཅེས་པ་ནི་ཡུལ་དང་དབང་པོ་དག་གཟུང་བ་དང་འཛིན་པའི་དངོས་པོས་རབ་ཏུ་འཇུག་པ་དག་ཤེས་པ་དང་ལྷན་ཅིག་པ་དག་རྟེན་ཅིང་འབྲེལ་པར་འབྱུང་བ་ཇི་ལྟ་བ་ 31-1-81a བཞིན་དུ་བརྟག་པར་བྱའོ་ཞེས་པ་ཐེག་པ་ཆེན་པོ་བསྒྲུབ་པ་ལ་ནི་ཕྱག་རྒྱ་ཆེན་པོ་སྒྲུབ་པ་འདི་ལའོ་ཞེས་པ་དེ་འདིར་གསུངས་སོ། །དགོངས་པས་བཤད་པའོ། །མཉེས་པར་བྱ་ཞེས་པ་ནི་རང་བཞིན་ཡོངས་སུ་ཤེས་པས་སོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། རྒྱ་ཆེན་པོ་ ཞེས་པ་ལ་སོགས་པའོ། །གང་ལ་ལྟོས་ནས་རྒྱ་ཆེ་ཞེ་ན། གསུངས་པ་ཐེག་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྟེ། ཐེག་པ་ཆེན་པོའི་མཆོག་གི་ཆོས་མདོ་སྡེ་མངོན་པར་བརྗོད་པའམ། བསྐྱེད་པའི་རིམ་པས་མངོན་པར་བརྗོད་པའོ། །སླར་ཡང་དགོངས་པ་གང་གིས་མ་ལ་སོགས་པ་ བརྗོད་པ་རྗེས་སུ་མཐུན་པ་དང་ལྡན་པ་ཉིད་ཀྱིས་ཕྱག་རྒྱ་མངོན་པར་བརྗོད་པར་བྱ་ཞེས་བྱ་བ་ལ་སོགས་པ་ནི། རྗེས་སུ་མི་མཐུན་པ་ཞེས་བྱ་བ་ལ་སོགས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ནི་དེའི་རང་བཞིན་ནོ། །སྙིང་ལ་གནས་པ་ཞེས་པ་ནི་ཡེ་ཤེས་སེམས་དཔའི་ཐུགས་ལ་གནས་ པའོ། །འོན་ཀྱང་འདི་ནི་སྐུ་མདོག་དམར་པོ་ཕྱག་གཉིས་པ་ཡང་སྟེ། ཕྱི་རོལ་གྱི་བུད་མེད་ལས་སྐྱེས་པའི་མི་མོ་ཡང་དེ་དག་རྣལ་འབྱོར་པའི་ཡིད་ལ་བུད་མེད་ཀྱི་རྣམ་པ་དེ་ཡང་ཕྱག་གཉིས་པའོ། །རྣམ་པ་གཞན་དུ་ཡང་རྣལ་འབྱོར་པའི་སྙིང་ལ་གནས་པ་གང་ཡིན་པ་དེ་བསམ་པར་བྱའོ། ། གསུངས་པའི་ཕྱིར་རོ་ཞེས་པ་ནི་ཐམས་ཅད་གསང་བར་རོ། །ལུང་གི་བཤད་པ་ནི་དགོངས་པ་ལུང་བསྟན་པར་མངོན་པར་བཤད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་ཉིད་ནི་མངོན་པར་བརྗོད་པའོ། །ལྷན་ཅིག་གཉིས་སུ་མེད་པར་སྦྱོར་བ་ནི་ལོངས་སྤྱོད་རྫོགས་པ་དེའོ། །དེའི་ཕྱིར་གསུངས་པ། ལོངས་སྤྱོད་རྫོགས་པ་ཞེས་པ་ལ་སོགས་པའོ། །སྔགས་ཀྱི་སྐུ་ཞེས་པ་ནི་མདོར་བྱས་ཀྱི་རིམ་པར་མངོན་པར་བརྗོད་པ་གང་ཡིན་པའོ། །ལོངས་སྤྱོད་རྫོགས་དང་མཉམ་པ་གང་། །ཞེས་པ་ལ་སོགས་པ་སྔ་མར་སྦྱར་བར་བྱའོ། །གང་ཡང་ཡེ་ཤེས་ཀྱི་སྐུས་བསླང་བ་མི་བསྐྱོད་པ་རྗེས་སུ་ ཞུགས་པས་མངོན་པར་བརྗོད་པ་གང་ཡིན་པ་དེ་རང་སྟེ་བདག་ཉིད་གང་ཡིན་པའི་ལྷག་པའི་ལྷའི་རྣལ་འབྱོར་དེ་དང་ལྡན་པའོ། །སྒྲུབ་པ་པོ་ཞེས་པ་ལ་སོགས་པས་སྔགས་ཀྱི་སྐུ་ཉིད་མངོན་པར་བརྗོད་དོ། །མཉེས་པར་བྱ་ནི་དམིགས་པར་བྱའོ། །འདི་འདྲ་ནི་ཆོས་ལ་སོགས་པའི་སྐུ་ 31-1-81b གསུམ་གྱི་མཚན་ཉིད་ཅན་སྲིང་མོ་ཞེས་པ་ལ་སོགས་པས་དྲང་བའི་དོན་དུ་གསུངས་པ། སྲིང་མོ་ལ་སོགས་པའི་ཡང་དག་པའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་རྣམས་སོ། །དེ་རྣམས་འཕགས་པར་གྱུར་པ་ནི་རྗེ་བོར་གྱུར་པའོ། །དེ་བཞིན་ གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་རྣམས་ཏེ་རིན་པོ་ཆེའི་གང་ཟག་གོ། །མ་རྫོགས་པ་ནི་པདྨ་དཀར་པོ་ལ་སོགས་པ་རྣམས་སོ། །དོན་ནི་བཤད་ཟིན་ཏོ་ཞེས་པ་ནི་དང་པོར་བརྗོད་པའི་དེ་མ་ཐག་ཏུའོ། །ཡིད་རྩེ་གཅིག་པ་ཉིད་ཅེས་བྱ་བ་ལ་སོགས་པ་ནི་ལྷག་པར་ རྟོགས་པའི་རང་གི་ངོ་བོའོ། །འགག་ཅིང་ཞེས་བྱ་བ་ལ་སོགས་པས་ཡིད་རྩེ་གཅིག་པ་ཉིད་ལ་སོགས་པའི་དོན་བཤད་པ་སྟེ་རྣམ་པ་གཞན་དུ་ན་ཡིད་རྩེ་གཅིག་པ་ཉིད་དུ་འབྱུང་བའི་ཕྱིར་རོ། །མི་གཡོ་བ་འདི་ཞེས་བྱ་བ་འདི་གང་དུ་ཡང་ཀུན་དུ་ཆགས་པ་མེད་པའི་ཕྱིར་བདེན་ པ་གཉིས་པོ་ལ་ཡང་རང་བཞིན་གྱིས་དངོས་པོ་མེད་ཅིང་དེའི་འབྲས་བུ་ལ་ཡང་མི་གནས་པའོ། །གསང་བ་ནི་སྐལ་བ་མེད་པ་རྣམས་ལའོ། །ཞི་བ་ནི་དེ་བཞིན་ཉིད་དང་ལྷན་ཅིག་གཅིག་ཏུ་གྱུར་པའོ། །མ་བཅོས་པའི་མཆོག་གི་བདེ་བའི་རང་བཞིན་ཉིད་ཡིན་པའི་ཕྱིར་བདེ་བའི་ མཆོག་ཅེས་པ་བདེ་བ་གཞན་ལ་ལྟོས་ནས་སོ། །དགོངས་པས་ཞེས་པ་ནི་དགོངས་པས་གསུངས་པས་སོ། །འདི་ནི་ཞེས་པ་ལམ་གྱི་ངོ་བོའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཡང་དག་ཅེས་པ་ལ་སོགས་པའོ། །ནམ་མཁའ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་ཉིད་རྨད་དུ་བྱུང་བ་སྟེ་ གཟུགས་ལ་སོགས་པ་རྣམས་ཀྱི་དེ་བཞིན་ཉིད་རྒྱུ་མཐའ་ཡས་པ་བཞིན་དུ་མཐའ་ཡས་པ་ཉིད་དུ་སྟོན་པར་བྱེད་དོ། །དེ་རྣམས་ཉིད་ནི་གཟུགས་ལ་སོགས་པ་རྣམས་སོ། །དེ་བཞིན་གཤེགས་པར་བཤད་པ་ནི། དེ་བཞིན་ཉིད་ལས་འོངས་པ་ཉིད་ཡིན་པའི་ཕྱིར་དང་སྐྱེས་པ་ཉིད་ཡིན་ ནོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་སྐྱེ་མཆེད་ལ་སོགས་པ་དེ་རྣམས་ཉིད་དོ། །དེ་བཞིན་གཤེགས་པ་ནི་གསུངས་པ་ཡང་བྱང་ཆུབ་སེམས་དཔའ་རྣམས་ནི་དེ་བཞིན་གཤེགས་པ་ཉིད་དུ་བརྗོད་པར་བྱའི་རྫོགས་པའི་སངས་རྒྱས་ནི་མ་ཡིན་ནོ་ཞེས་སོ། །དེ་བཞིན་དུ་ 31-1-82a ཁམས་ལ་སོགས་པ་རྣམས་ཀྱང་བཤད་པར་བྱའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དེ་ཉིད་ཅེས་བྱ་བ་ལ་སོགས་པའོ། །འདི་ནི་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་དེ་བཞིན་གཤེགས་པ་ལ་སོགས་པའི་ངོ་བོ་བཤད་མ་ཐག་པ་ནི་དཀྱིལ་འཁོར་དེའོ། །རང་ ལུས་གང་ཡིན་པ་ཞེས་པ་ནི་རྟེན་རང་གི་ལུས་དང་བརྟེན་པས་གཟུགས་ལ་སོགས་པ་བྱས་པ་ཉིད་ཡིན་པའི་ཕྱིར་རོ། །གཟུགས་ལ་སོགས་པ་གང་ཡིན་པ་དང་དེ་བཞིན་གཤེགས་པ་རྣམས་ཀྱི་དབྱེ་བས་འཇིག་པ་ཉིད་དུ་འདིར་རྟོག་པར་བྱེད་དོ་ཞེས་པ་གང་ཡིན་པ་དེ་རྣམས་འཇིག་ ཚོགས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཉེ་བར་མཚོན་པ་གཟུགས་ལ་སོགས་པའི་ཕུང་པོ་ལ་སོགས་པའི་རང་བཞིན་རྣམས་ཀྱང་དེ་བཞིན་པ་རྣམས་ཏེ། དེའི་ཚེ་ཡིད་གཉིས་ལ་ལྟོས་པས་སོ། །དེ་ལྟའི་ནི་གསུངས་པའི་རིམ་པས་གཟུགས་ལ་སོགས་པ་རྣམས་དེ་བཞིན་ གཤེགས་པ་ཉིད་དུ་བསྟན་པའོ། །གང་ལས་མ་ཤེས་ཤེ་ན། གསུངས་པ། བདེ་བ་ཞེས་བྱ་བ་ལ་སོགས་པ་སྟེ་བདེ་བ་ནི་འཇིག་རྟེན་པའི་བདེ་བའི་དོན་ཏོ། །བརྒྱལ་བ་ནི་རྣམ་པར་གཡེངས་པའོ། །རྨོངས་པ་ནི་བླུན་པར་བྱས་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། བྱང་ཆུབ་སེམས་ དཔའ་ཞེས་བྱ་བ་ལ་སོགས་པ་ནི་མི་ཤེས་པའི་འབྲས་བུའོ། །ངེས་པའི་དོན་ཏོ། །བདེན་པ་གཉིས་གཉིས་སུ་མེད་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་དང་། གཉིས་སུ་མེད་པ་མ་ཡིན་པ་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་རྣམ་པ་གཞན་དུ་ན་འཇིག་རྟེན་པ་དང་འབྱུང་བ་གཉིས་པོ་ཉིད་ དུ་མི་འགྱུར་རོ། །སྙོམས་པར་ཞུགས་སོ་ཞེས་པ་བཅོམ་ལྡན་འདས་ཞེས་པ་ལྷག་མའོ། །དོན་ནི་བཤད་ཟིན་ཏོ་ཞེས་དེ་མ་ཐག་ཉིད་དུའོ། །ནམ་མཁའ་ཞེས་པ་ལ་སོགས་པས་དེ་ལྟ་བུར་གྱུར་པའི་ཞེས་པ་དེ་ལྟ་བུའི་སྒྲ་སྔར་གསུངས་པ་དང་སོ་སོར་སྦྱར་རོ། །དེ་བཞིན་ཉིད་ཀྱི་ཏིང་ངེ་ འཛིན་ལ་སྙོམས་པར་ཞུགས་སོ་ཞེས་བྱ་བའི་དོན་སྟོན་པར་བྱེད་པ་དྲན་པ་སླར་ཞེས་བྱ་བ་ལ་སོགས་ཏེ་བསྐྱེད་པའི་རིམ་པ་ལ་ལྟོས་ནས་གསུངས་སོ། །དྲང་བའི་དོན་ཏོ། །ནམ་མཁའ་ཞེས་བྱ་བ་ལ་སོགས་པའི་དོན་བཤད་པའི་ཕྱིར་གསུངས་པ། ནམ་མཁའ་ཞེས་པ་སྟེ་ནམ་མཁའ་ 31-1-82b ལྟ་བུ་ནི་ནམ་མཁའ་སྟེ་ངོ་བོ་ཉིད་མེད་པའི་ཕྱིར་དང་གཞན་དང་བྲལ་བ་ཉིད་ཡིན་པའི་ཕྱིར་རོ། །སྟོང་པ་གསུམ་ནི་སྟོང་པ་དང་ཤིན་ཏུ་སྟོང་པ་དང་སྟོང་པ་ཆེན་པོའོ། །དེའི་མཉམ་པ་ཉིད་ནི་འོད་གསལ་ལ་ཞུགས་པའོ། །དེའི་འོག་ཏུ་ལྡང་བའི་ཕྱིར། དེ་དག་ཅེས་བྱ་བ་ལ་སོགས་པ་ གསུངས་སོ། །མི་གཡོ་བ་ཞེས་བྱ་བ་ལ་སོགས་པས་ཕྱི་དང་ནང་གི་ཡུལ་རྣམས་ལ་རབ་ཏུ་མི་འཇུག་པའི་བདག་ཉིད་ཅན་ཉིད་དུ་གསུངས་སོ། །བྱང་ཆུབ་སེམས་དཔའ་རྣམས་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། རང་གི་བདག་ཉིད་དུ་ཞེས་ པ་བྱང་ཆུབ་སེམས་དཔའ་རྣམས་ཉིད་དུའོ། །བདག་ཉིད་ཅེས་པ་ལྡང་བའི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོའི་གཟུགས་སོ། །ཐོབ་པར་གྱུར་ཏོ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་དོ། །དེའི་དོན་འདི་ཡིན་ཏེ་རྡོ་རྗེ་འཆང་ཆེན་པོའི་སྤྱན་ལ་སོགས་པའི་རང་བཞིན་ནི་བྱང་ཆུབ་སེམས་དཔའ་ རྣམས་སོ། །དེ་སྟོང་པ་གསུམ་གྱི་རིམ་གྱིས་འོད་གསལ་དུ་ཞུགས་པ་ན། དེ་རྣམས་ཀྱང་འཇུག་པར་བྱེད་དེ། འདི་རྣམས་ལོངས་སྤྱོད་རྫོགས་པ་ལས་ཐ་དད་པ་མ་ཡིན་པའི་ཕྱིར་རོ། །སླར་ཡང་རྡོ་རྗེ་འཆང་ཆེན་པོ་དེ་ལངས་པ་ན་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱང་ལྡང་བར་འགྱུར་རོ་ཞེས་ པའོ། །བརྗོད་པའི་དོན་འདི་ཉིད་གསུངས་པ། དེ་མ་ཐག་ཏུ་ཞེས་པ་ལ་སོགས་པ་སྟེ། སྙོམས་པར་ཞུགས་པ་ཞེས་པ་འོད་གསལ་ལས་ལངས་པ་ཙམ་གྱིའོ། །འདི་ཉིད་ཀྱི་དོན་གསུངས་པ། བྱས་པ་ཞེས་པ་ལ་སོགས་པ་སྟེ་འོད་ཀྱི་ཞེས་པ་བྱ་བ་ལ་སོགས་པས་ལྡང་བའི་རིམ་པ་ཉིད་སྟོན་ པར་བྱེད་དོ། །སྣང་བའི་ཚོགས་ཀྱིས་ཞེས་པ་ནི་རླུང་དང་རྣམ་པར་ཤེས་པའི་བདག་ཉིད་དོ། །དེ་ལ་རླུང་གི་བདག་ཉིད་གསུངས་པ་རེག་པ་ཞེས་བྱ་བ་ལ་སོགས་པའོ། །འདི་རྣམ་པར་ཤེས་པ་དང་འབྲེལ་པར་གསུངས་པ། ཁམས་ཕྲ་བ་ཞེས་པ་ལ་སོགས་པའོ། །རང་རང་གི་ཞེས་བྱ་བ་ལ་ སོགས་པ་ནི། འདིར་གནས་པར་བྱ། དམིགས་པར་བྱ། གཞག་པར་བྱའོ་ཞེས་པས་བསྟན་ཏེ་ཡུལ་རྣམ་པ་ལྔའོ། །དེ་ཉིད་ཀྱི་ཕྱིར་རང་གི་འཇིག་རྟེན་གྱི་ཁམས་ཇི་ལྟ་བ་དེ་རྣམས་སུ་གནས་པ་ནི་ལྷའི་མིག་ལ་སོགས་པའི་རང་བཞིན་ནོ། །སེམས་ཅན་རྣམས་ནི་དེ་དང་དེའི་རིགས་དང་ 31-1-83a ཁམས་དང་རང་བཞིན་དང་དགེ་བ་དང་མི་དགེ་བ་ལ་སོགས་པས་ཉེ་བར་དམིགས་ཏེ་འདི་རྣམས་ཀྱི་དོན་བྱ་བ་ནི་ཡོངས་སུ་སྨིན་པ་དང་གྲོལ་བ་ལ་སོགས་པ་རྫོགས་པར་བྱེད་པར་ནུས་སོ། །ཡང་དག་པར་སྐྱེས་པ་ཞེས་བྱ་བ་འདིས་བཅོམ་ལྡན་འདས་ཉིད་ཀྱིས་ནུས་ གསུངས་སོ། །ཡང་ན་མི་གཡོ་བའི་ཏིང་ངེ་འཛིན་ལ་གནས་པའི་འཁོར་དུ་གྱུར་པའི་སེམས་དཔའ་རྣམས་ནི་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་འཕྲུལ་བ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་འཆང་ཆེན་པོའི་བདག་ཉིད་དོ། །བདག་ཉིད་ཐོབ་པར་གྱུར་ཏོ་ནི་ལྡང་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་ འཆང་ཆེན་པོའོ། །དེའི་བདག་ཉིད་དུ་ལྡང་བར་བྱས་པ་ནི་གྱུར་པའོ། །དེའི་མན་ངག་སྦྱིན་པ་ནི་རང་གི་བདག་པོ་འམ་དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་ཉིད་ཀྱི་ཕྱིར་གསུངས་པ་དེ་ལྟར་ཞེས་པ་ལ་སོགས་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ་སེམས་ཅན་ཞེས་བྱ་བ་ ལ་སོགས་པ་སྟེ་ངེས་པའི་དོན་ཏོ། །སྟོན་པ་ཞེས་པ་ནི་བཅོམ་ལྡན་འདས་རང་གི་ངོ་བོར་བྱས་ནས་སོ་སོར་བསྟན་པ་ཉིད་གདུལ་བྱ་རྣམས་ལ་སྟོན་པར་བྱས་པ་ཉིད་དུ་མངོན་པར་བརྗོད་པའི་ཕྱིར་རོ། །རྨད་དུ་བྱུང་བ་ཞེས་པ་ནི་ཚིག་གིས་ཐུང་ངུ་ཉིད་དོ། །ཀུན་དུ་འཁོར་བ་ནི་ཡང་དག་པར་ སྔར་གནས་པའི་བདེ་བས་གནས་སྐབས་དེ་གཡོ་བར་བྱེད་ཅིང་འཁོར་བར་བྱེད་པའོ། །བཀའ་སྩལ་པ་ཞེས་པ་ལ་སོགས་པ་ནི་གཡོ་བའི་རྒྱུའོ། །སྔར་གྱི་གནས་སྐབས་རྣམ་པ་ཅི་ལྟ་བུ་ལས་རྣམ་པ་གཞན་ཉིད་དུ་འགྱུར་ཞེ་ན། གསུངས་པ། འདི་སྐད་ཅེས་བྱ་བ་ལ་སོགས་པས་འཆད་ བཞིན་ནོ། །དེ་འབྱུང་བ་ནི་རྗོད་བྱེད་དང་བརྗོད་བྱ་ཐོས་པ་དང་བསམ་པ་ལ་དམིགས་པ་ལས་སྐྱེས་པའི་ཡིད་ལ་བྱེད་པའོ། །དེ་གང་ཡིན་ཞེས་པ་ལ་སོགས་པས་དེའི་རང་གི་ངོ་བོ་སྟོན་པར་བྱེད་དོ། །རྡོ་རྗེ་ཞེས་པ་ལ་སོགས་པ་ནི་དེ་བཞིན་གཤེགས་པ་ནི་མི་བསྐྱོད་པ་ལ་སོགས་པ་ལྔའོ། ། བདག་པོ་ནི་དེ་དག་བྱིན་གྱིས་རློབ་པར་བྱེད་པས་ཕུང་པོ་ལྔ་བསྐྱེད་པ་དང་དེ་དག་མྱ་ངན་ལས་འདའ་བར་བྱེད་པས་དེ་རྣམས་ལྡོག་པའི་ཕྱིར་རོ། །ཕྱག་འཚལ་བ་ནི་ངེས་པར་བརྗོད་པ་ལ་གཉིས་སོ། །སྐུ་ལ་སོགས་པ་རྣམས་བསྐྱེད་པའི་ཕྱིར་གྱུར་པ་ལུས་ནི་སེམས་ཀྱི་རྣམ་པས་ཞེས་བྱ་བ་ 31-1-83b ལ་སོགས་པའི་ཚུལ་གྱིས་ཐ་དད་པ་ཉིད་མེད་པ་ཡིན་པའི་ཕྱིར་རོ། །ཕན་ཚུན་ནི་རྡོ་རྗེ་འཆང་ཆེན་པོའི་སྐུ་ལས་སོ། །དེའི་ཞེས་བྱ་བ་ལ་སོགས་པ་ལ། གང་ཡིན་པ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་སྐུའི་བདག་ཉིད་ཅན་ནོ། །སྐྱེ་བ་དང་འགག་པ་དག་གི་རྣམ་འགྱུར་ཡིན་པའི་ཕྱིར་གསུངས་པ། སྐྱེ་བ་དང་ཞེས་བྱ་བ་ལ་སོགས་པའོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་གསུངས་པའི་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པར་རབ་ཏུ་གྲགས་པ་རྣམས་བསགས་པ་དང་ངེས་པར་བསགས་པ་རྣམས་ ཀྱིས་ཐུགས་སོ། །དེ་བཞིན་གཤེགས་པ་རྣམས་ནི་མི་བསྐྱོད་པ་ལ་སོགས་པ་ལྔ་པོ་རྣམས་སོ། །ཡེ་ཤེས་ཀྱི་སྐུའི་དབྱིངས་སུ་བསྡུས་པའི་བར་མ་ཆད་པའི་བསྐྱེད་པའོ། །དེ་བཞིན་གཤེགས་པ་རྣམས་གསུངས་པ་དང་པོར་གྱུར་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། ། འདས་པ་དང་མ་འོངས་པ་རྣམས་རྡོ་རྗེ་འཆང་ཆེན་པོའི་བདག་ཉིད་ཅན་ཡིན་པ་ཉིད་ཀྱི་ཕྱིར་དུས་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་ཀྱི་ཕྱིར་འདི་ལ་རྒྱུད་གསུངས་པ། ཐམས་ཅད་ཅེས་བྱ་བ་ལ་སོགས་པའོ། །སྟོང་པ་གསུམ་སྣང་བ་ལ་ལྟོས་པ་གསུངས་པ། ཆེན་ པོ་ཞེས་པ་ལ་སོགས་པའོ། །འདོད་པ་ལ་སོགས་པའི་ཁམས་ཀྱི་རང་བཞིན་ཉིད་ཡིན་པའི་ཕྱིར་ཁམས་གསུམ་པའོ། །ནམ་མཁར་འགྲོ་བ་ལ་སོགས་པའི་རྫུ་འཕྲུལ་དང་ལྡན་པའི་ཕྱིར་གསུངས་པ། ནམ་མཁའ་ཞེས་པ་ལ་སོགས་པའོ། །ནམ་མཁའ་བཞིན་ཞེས་པ་ནི་དང་ཞིང་ ཐོགས་པ་མེད་པ་ཉིད་ཀྱི་ཕྱིར་དང་འགྲོ་བ་རྣམས་ཀྱང་གཅིག་ཏུ་སྣང་བའི་གོ་སྐབས་སྦྱིན་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །ནམ་མཁའ་ནི་ཐམས་ཅད་དུ་མཉམ་པ་ཉིད་དང་ཐུན་མོང་བའི་སྤྱི་ཡིན་པས་ནམ་མཁའི་ལམ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །མ་ལུས་པ་ཞེས་བྱ་བ་ལ་ སོགས་པ་ལ་གནས་ཞེས་པ་ནི་གཞི་སྟེ་བསྐྱེད་པའི་རྒྱུའོ། །བྱ་བ་སྒྲུབ་པས་ནི་རང་བཞིན་མེད་པར་བསྐྱེད་པའོ། །འདི་རྣམས་ཀྱི་ཞེས་པ་ལ་རིགས་ལྔའི་བདག་ཉིད་ཅན་རྣམས་ཀྱིས་མེ་ལོང་ལ་སོགས་པ་ཡེ་ཤེས་ལྔའི་རང་བཞིན་རྣམ་པར་སྣང་མཛད་ལ་སོགས་པའི་བདག་ཉིད་ཅན་ 31-1-84a ཉིད་ཀྱིས་སོ། །བདག་དང་གཞན་ཞེས་བྱ་བ་ལ་སོགས་པ་ལ་དེ་ཉིད་མཆོག་ནི་སྤྱོད་པ་གཞན་མ་ལུས་པ་ལ་ལྟོས་ནས་སོ། །བདག་ཅེས་བྱ་བ་ལ་སོགས་པ་ལ་བདག་ནི་བདག་ཉིད་དོ། །བྱིན་གྱིས་བརླབས་པ་ནི་སྒྱུ་མ་ལྟ་བུའི་ལྷ་དང་བདག་ཕན་ཚུན་ཐ་དད་པ་མ་ཡིན་པའི་ལུས་ལ་ སོགས་པར་ཡོངས་སུ་ཤེས་པའོ། །བསྐྱེད་པའི་རིམ་པ་སྒོམ་པ་པོའི་དབང་དུ་བྱས་ནས་གསུངས་པ། སྐུ་ལ་སོགས་ཞེས་པ་ལ་སོགས་པ་སྟེ་ལུས་དང་ངག་ཀྱང་རྣམ་ཤེས་ཀྱི་ཕུང་པོ་ལ་ཕལ་པའི་དངོས་པོས་ཡོད་པ་ཉིད་ཀྱི་ཕྱིར་གསུངས་པ་ཐམས་ཅད་ཅེས་པ་ལ་སོགས་པ་ལའོ། ། གསང་བ་ནི་སྐལ་བ་མེད་པ་རྣམས་ལ་སྦ་བར་བྱའོ། །དེར་བྱིན་གྱིས་རློབ་པར་བྱེད་པ་ནི། རྣལ་འབྱོར་པའི་རྒྱུད་ལ་དེའི་བདག་ཉིད་ཀྱིས་མི་བསྐྱོད་པ་སྐྱེད་པར་བྱེད་པའོ། །སྔགས་ནི་ཡིད་ངན་འགྲོའི་འཆིང་བ་ལས་གྲོལ་བ་ཉིད་ཀྱི་ཕྱིར་ཡིད་སྐྱོབ་པའོ། །རྫོགས་པའི་རིམ་པ་པ་རྣམས་ཀྱིས་སོ་ སོར་གཉིས་སུ་མེད་པའི་ལམ་སྦྱིན་པ་ནི་སྔགས་སོ། །དེ་ཉིད་ཐོགས་པ་མེད་པ་ཉིད་ཀྱི་ཕྱིར་རྡོ་རྗེ་ཐུགས་ནི་རྣལ་འབྱོར་པའིའོ། །བྱིན་གྱིས་རློབ་པ་ནི་མི་བསྐྱོད་པའི་བདག་ཉིད་དུ་བསྐྱེད་པར་བྱ་བ་གང་ཡིན་པ་དེ་དེ་བཞིན་ནོ། །ཡིད་ཅེས་བྱ་བ་ལ་སོགས་པ་ནི་བཤད་པའོ། །དེ་ཞེས་བྱ་བ་ནི་གསུངས་ པའི་སྔགས་ཀྱི་དོན་གྱི་བརྡའོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ལ། དེའི་ཉེ་བར་བཤད་པ་ནི་གསུམ་ཞེས་བྱ་བ་ལ་སོགས་པའི་དོན་མདོར་བྱས་ཀྱི་རིམ་པར་འཕགས་པས་གསུངས་སོ། །གནས་ནི་ལུས་སོ་ཞེས་པ་ནི་རྣལ་འབྱོར་པའིའོ། །མི་བསྐྱོད་པ་ལ་སོགས་པའི་རང་བཞིན་ནི་མི་ བསྐྱོད་པ་ལ་སོགས་པ་ལ་དམིགས་པ་གང་ལས་མི་བསྐྱོད་པ་ལ་སོགས་པའི་གཟུགས་ཀྱི་ལུས་སུ་འགྱུར་རོ། །སྔགས་ཞེས་པ་ལ་སོགས་པས་མི་བསྐྱོད་པ་ལ་སོགས་པའི་བཀོད་པ་གསུམ་སྟོན་པར་བྱེད་དོ། །དེ་དག་ཉིད་ཀྱིས་ཞེས་པ་ནི་སྤྱན་མ་ལ་སོགས་པ་དང་མི་བསྐྱོད་པ་ལ་སོགས་ པ་དང་མི་བསྐྱོད་པ་ལ་སོགས་པའི་བཀོད་པ་གསུམ་མོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་རྫོགས་པའི་རིམ་པའི་བྱིན་རླབས་མདོར་བསྟན་ནོ། །རེ་རེ་ཞིང་ཞེས་པས་རྣམ་པར་སྣང་མཛད་ལ་སོགས་པ་དྲུག་ཀྱང་གསུམ་པོར་བཤད་དེ། སྐུ་ལ་སོགས་པའི་རྡོ་རྗེ་ཉིད་ཀྱིས་སོ། །རིམ་པ་ 31-1-84b ཞེས་པ་ནི་སྐུ་དང་གསུང་དང་ཐུགས་སོ། །རིམ་པ་མིན་པ་ནི་ཐུགས་དང་སྐུ་དང་གསུང་ཞེས་གྲུབ་པའི་མཐར་གསུངས་སོ། །བདག་པོའི་ཆོས་ཅན་གཅིག་ཏུ་བྱུང་། །ཞེས་བྱ་བ་ལ་སོགས་པ་ནི་བདག་པོ་ནི་མི་བསྐྱོད་པའོ། །དེའི་ཡོན་ཏན་དུ་གྱུར་པ་ཉིད་ཀྱིས་སྐུ་དང་གསུང་རེ་རེ་བ་ཉིད་དེའི་ ཆོས་ཅན་ཏེ་དེའི་དབང་དུ་བྱས་པའི་ཕྱིར་རོ། །འདིའི་རྒྱས་པར་བཤད་པ་གསུངས་པ། རྡོ་རྗེ་གསུམ་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ནི་མི་བསྐྱོད་པ་ལ་སོགས་པའི་རང་བཞིན་རྣལ་འབྱོར་པའི་ལུས་ལ་བརྟེན་ནས་སྐྱེས་པའམ། སངས་རྒྱས་ཀུན་གྱིས་ཉེ་བར་བསྟན་ པ་ཕན་ཚུན་ལྟོས་པའོ། །བསྐྱེད་པའི་ཞེས་བྱ་བ་ལ་སོགས་པའོ། །གང་འདིར་ཡེ་ཤེས་གསུམ་ནི་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱིའང་སྤྱོད་ཡུལ་མ་ཡིན་པ་མ་ཡིན་ནམ་བདག་གི་བྱིན་གྱིས་བརླབ་པའི་ང་རྒྱལ་སྔོན་དུ་འགྲོ་བས་སྤྱོད་པ་བྱའོ་ཞེས་བྱ་བ་དེ་ཇི་ལྟར་གསུངས་ ཤེ་ན། སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་གསུངས་སོ་ཞེས་བྱ་བ་ལ་སོགས་པའོ། །འདི་ཉིད་དུ་གསུངས་པའི་སྔགས་དང་པོའི་བཤད་པར་སྤྱོད་པ་དེ་དང་དེ་བྱས་པ་དེ་དང་དེ་ཉིད་ཡིད་ལ་གསལ་ལོ། །རྒྱུད་གཞན་དུ་ཡང་གསུངས་པ། ཅུང་ཟད་དྲོད་ནི་ཐོབ་པ་ན། །སྤྱོད་པ་བྱ་ བར་རྟོགས་པར་བྱ། །སྤྱོད་པ་ལོངས་སྤྱོད་ཕྱིར་མ་གསུངས། །འཇིགས་པའི་གཟུགས་ཅན་ཞེས་བྱ་མིན། །ཞེས་སོ། །བརྗོད་པར་བྱ་སྟེ་བསྐྱེད་པའི་རིམ་པ་སྤྱོད་པ་རྣམས་དེ་ཁོ་ན་ཉིད་མ་རིག་པ་རྣམས་ལའང་གསུངས་པ་ཡིན་ནོ། །འདིར་སྤྱོད་པ་དེ་ལོངས་སྤྱོད་ཀྱི་རྒྱུ་མ་ཡིན་ཏེ་དམྱལ་བའི་ རྒྱུ་ཉིད་ཡིན་པའི་ཕྱིར་དང་། ཡང་ན་དུས་གསུམ་པའི་རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། རྣལ་འབྱོར་པ་རྣམས་མཉེས་པས་བསོད་ནམས་ཀྱི་ཚོགས་ཆེས་རྒྱ་ཆེ་བ་སྒྲུབ་པའི་དོན་ཏོ། །ཕྱི་རོལ་གྱི་མེ་ཏོག་ལ་སོགས་པའི་མཆོད་པ་ཡང་ལྷ་མཉེས་པའི་མཆོད་པ་བྱེད་ པར་མངོན་པར་འདོད་པའི་འབྲས་བུས་མངོན་པར་འབྲེལ་པར་བརྗོད་པར་བྱའོ། །དེ་ལ་ཡང་གལ་ཏེ་དེ་ལྟར་གྱུར་པས་མཆོད་པ་དེའི་ཕྱིར་རྣལ་འབྱོར་པ་ལྷ་ལ་རབ་ཏུ་དང་བས་བསོད་ནམས་ཀྱི་ཚོགས་པས་ལྷག་པ་ཡེ་ཤེས་ཚོགས་སུ་མངོན་པར་འདོད་དེ། དེའི་ཚེ་དེ་དང་དེའི་དྲིན་ལས་ 31-1-85a རྫོགས་པའི་རིམ་པ་རྟོགས་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱང་ཐོབ་པར་བྱེད་དོ། །དེའི་ཚེ་འགལ་བ་ཅུང་ཟད་ཀྱང་མེད་དོ། །སྣང་བ་གསུམ་པོ་ནི་འཇུག་པའི་རིམ་པས་རབ་ཏུ་བསྟན་པར་གྱུར་པའི་ཕྱིར་དང་། རྟེན་པར་གྱུར་པ་ཉིད་ཀྱི་ཕྱིར་དེའི་བདག་ཉིད་ཀྱིས་ སོ། །ཀུན་རྫོབ་ཀྱི་བདེན་པ་སྐྱེད་པར་བྱེད་པའི་རྒྱུའི་སྒོ་ནས་སླར་ཡང་དོན་དམ་པའི་བདེན་པ་གསུངས་པ། དེ་གསུངས་ཞེས་པ་ལ་སོགས་པའོ། །ཡེ་ཤེས་གསུམ་ནི་དོན་དམ་པའི་བདེན་པའི་རྟེན་ཉིད་ཡིན་པའི་ཕྱིར་རོ། །དེ་ལས་རྫོགས་པའི་ཀུན་རྫོབ་ཀྱི་བདེན་པ་ཡང་དེའི་འོག་ཏུ་ བསྐྱེད་པར་བྱ་བའོ་ཞེས་སོ། །དེ་སྐྱེད་པ་ཉིད་མང་བར་གསུངས་པ་དེ་དག་གིས་ཞེས་པ་ལ་སོགས་པའོ། །སྔགས་ཞེས་བྱ་བ་ལ་སོགས་པ་ནི། འདི་རྣམས་ཀྱིས་མཚོན་པར་བྱའོ། །ཤེས་པར་བྱའོ་ཞེས་པས་མཚན་ཉིད་རྣམས་སོ། །འོད་ཟེར་ལྔ་ནི་དཀར་པོ་ལ་སོགས་པ་དེ་བཞིན་ གཤེགས་པ་ལྔ་སྟེ། འདི་རྣམས་དེ་བཞིན་གཤེགས་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །དེ་རྣམས་ཀྱིས་ཞེས་པ་ལ་སོགས་པ་ལ་ཡུལ་དུ་གྱུར་པ་ནི་དཔེའི་སྒོ་ནས་སོ། །རྡོ་རྗེའི་སྐུ་ནི་ཡོངས་སུ་དག་པའི་ཀུན་རྫོབ་ཀྱི་བདེན་པའོ། །བསྐྱེད་པར་བྱའོ་ནི་དམིགས་པར་བྱའོ། །ངེས་པའི་ དོན་ཏོ། །དེ་ལྟར་ཞེས་པ་དྲང་བ་དང་ངེས་པའི་དོན་གསུངས་པ་བཤད་མ་ཐག་པ་འདིས་གཞན་ལ་བསྒྲེའོ། །བདག་ཉིད་ཅེས་པ་ནི་སྤྲུལ་པའི་བདག་ཉིད་ཅན་གྱི་སྤྲུལ་པ་ཀུན་རྫོབ་པའི་སྐུ་འདོད་པ་ལ་ལོངས་སྤྱོད་པ་སྟེ། ཇི་ལྟ་ཇི་ལྟར་ཞེས་གསུངས་པའི་ཕྱིར་རྣལ་འབྱོར་པ་གཉིས་ ཀའི་ཐུན་མོང་ངོ་། །སྐུ་ལ་སོགས་པ་ཞེས་པ་ལ་སོགས་པའི་སྒྲ་ལས་གསུང་དང་ཐུགས་དག་གོ། །རང་གི་རིགས་ཀྱི་ཡུམ་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པ་རང་གི་རིགས་གང་ཡིན་པ་དེའོ། །རིགས་ལྔ་དགོད་པ་བྱས་ནས་ཞེས་པ་ནི་སྒྲུབ་ཐབས་སུ་གསུངས་པའི་རིམ་པས་སོ། ། གཉིས་ཀའི་འཁོར་ལོ་ཞེས་པ་ནི་ལྷ་མོའི་འཁོར་ལོ་དང་། དེ་བཞིན་གཤེགས་པའི་འཁོར་ལོའོ། །རྗེས་སུ་མཉེས་པ་ཞེས་པ་ནི་དེ་ཉིད་ཀྱི་ཕྱིར་འདི་ཉིད་དུ་སུམ་ཅུ་རྩ་གཉིས་ཀྱང་ཤེས་རབ་དང་ཐབས་ཁ་སྦྱོར་བ་ཉིད་ཡིན་གྱི། སླར་ཡང་གཙོ་བོ་བཞིན་དུ་དཀྱིལ་འཁོར་བ་ལ་སོ་སོར་ནི་མ་ 31-1-85b ཡིན་ནོ། །འདི་རྣམས་ཆ་ཤས་ཀྱི་བདག་ཉིད་ཅན་ཉིད་ཡིན་པའི་ཕྱིར་གང་ཆ་ཤས་ཀྱི་བདག་ཉིད་ཅན་མ་ཡིན་པ་སྐྱེས་པ་དང་བུད་མེད་སོ་སོ་རེ་རེར་ངེས་པར་སྦྱར་བར་བྱའོ། །དོན་ནི་བཤད་ཟིན་ནོ་ཞེས་བྱ་བ་ནི་བར་མ་ཆད་པ་ཉིད་དུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་ མཛད་ལ་སོགས་པ་རྣམས་དང་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་དང་བྱམས་པ་ལ་སོགས་པ་རྣམས་དང་གཤིན་རྗེ་གཤེད་ལ་སོགས་པ་རྣམས་སོ། །དེ་རྣམས་རྗེས་སུ་མཉེས་པར་བྱེད་པ་ནི་མགུ་བར་བྱེད་པའོ། །དེ་ཉིད་རྡོ་རྗེ་སྟེ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་ རོ། །རང་ཞེས་བྱ་བ་ལ་སོགས་པ་ནི་བདེ་བའི་ཚོར་བའི་རང་བཞིན་རིན་ཆེན་འབྱུང་ལྡན་གྱི་བདག་ཉིད་ཅན་ངའོ་ཞེས་བྱ་བའི་དོན་ཏོ། །འདི་དག་གིའང་ཞེས་པ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །སརྦ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །མཆོད་པ་ལས་རྣམ་པ་སྣ་ཚོགས་པའི་བདུད་རྩི་མྱང་བ་དང་ བྱུང་བའི་དཀྱིལ་འཁོར་སྤྲུལ་པ་སེམས་ཅན་གྱི་དོན་བྱེད་པའོ། །བསྐྱེད་པ་ཞེས་བྱ་བ་ལ་སོགས་པ་ལ། སླར་ཡང་ཞེས་པ་འདིས་བསྐྱེད་པའི་རིམ་པའི་མཆོད་པས་རྫོགས་པའི་རིམ་པ་ལ་ཡང་འབྲེལ་པར་སྟོན་པར་བྱེད་དོ། །བྱིངས་རྣམས་དོན་དུ་མ་ཉིད་ཡིན་པའི་ཕྱིར་རྣམ་པར་ཞུ་བར་གྱུར་ པ་ནི་ཁྱད་པར་གྱི་ཞུ་བ་སྟེ། ཡེ་ཤེས་ཀྱི་བདག་ཉིད་ཅན་དེ་བཞིན་གཤེགས་པ་དྲུག་གི་སྐུའོ། །ལྔ་ཞེས་པ་ནི་ཕུང་པོ་ལྔ་ལ་སོགས་པའི་བདག་ཉིད་ཅན་གྱི་དེ་བཞིན་གཤེགས་པ་སྤྲུལ་པར་གྱུར་པ་རྣམས་སོ། །ཁམས་ལ་སོགས་པ་རྣམས་ཀྱང་ལྔའི་བདག་ཉིད་ཀྱིས་ཞུ་བའི་ཕྱིར་རོ། ། བར་མ་ཆད་པར་ལྔ་ཞེས་བྱ་བ་ལ་སོགས་པ་ལས་མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔ་པོ་རྣམས་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཉིད་དུ་བཤད་དོ། །གང་ཡང་རིམ་པ་འདི་སྦྱར་བས་སྤྲུལ་པའི་སྐུ་ལ་གནས་པའི་ཕུང་པོ་ལྔའི་རང་བཞིན་གྱིས་དེ་བཞིན་གཤེགས་པ་ལྔ་ཡང་གནས་ཏེ་ དེའི་རང་བཞིན་མེ་ལ་སོགས་པའི་ཡེ་ཤེས་ལྔ་པོ་རྣམས་ཀྱི་རྒྱུར་གྱུར་པ་ཞེས་པ་འོད་གསལ་རྟོགས་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ་འོད་གསལ་ཞེས་པ་ལ་སོགས་པའོ། །དེ་རྣམས་ཀྱིས་ཞེས་པ་ལ་སོགས་པ་མང་པོའི་ཚིག་ནི་མཆོད་པ་ཆེ་བ་ཉིད་བཤད་པའི་དོན་ཏོ། །གང་ལ་འོད་གསལ་ 31-1-86a ལྷག་པར་རྟོགས་པའི་རྒྱུ་ལས་མེ་ལོང་ལ་སོགས་པ་ལྔ་པོ་འདི་རྣམས་སོ་སོར་ཏེ་ཇི་ལྟར་རང་གི་འོད་གསལ་ལྷག་པར་རྟོགས་པ་ལ་ལྟོས་པས་སོ། །གཟུགས་ཞེས་པ་ལ་སོགས་པ་ནི། དེ་དག་དངོས་པོ་མེད་ཅེས་པ་གཟུགས་ལ་སོགས་པ་དེ་དག་ཡེ་ཤེས་དབང་པོ་རྣམས་སུ་ གསུངས་པའི་རིམ་པས་དངོས་པོ་མེད་པ་ཉིད་དོ། །གཟུགས་ལ་སོགས་པ་རྣམས་ནི་ཉེ་བར་མཚོན་པ་ལས་མིག་ལ་སོགས་པ་ཞེས་པའི་སོགས་པ་དེ་གསུངས་པ།མིག་སོགས་ཡེ་ཤེས་འདི་ལ་བྱུང་བ་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་ཡེ་ཤེས་ཀྱི་དབང་གིས་ཤེས་བྱར་རྣམ་པར་ གཞག་སྟེ་ཉེ་བར་སྤྱོད་པའི་ཕྱིར་དང་། དེ་ལས་བྱུང་བའི་ཕྱིར་ཞེས་བརྗོད་པར་བྱའོ། །མངོན་ཤེས་ལྔ་ནི་ལྷའི་མིག་ལ་སོགས་པས་ཡུལ་ཉམས་སུ་མྱོང་བ་འབྲས་བུར་གྱུར་པའོ། །མངོན་པར་ཤེས་པ་དེ་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་པ་ནི་ཡུལ་དུ་བྱས་པའོ། །འདིས་ཤེས་པ་ ནི་མིག་ལ་སོགས་པ་རྣམས་ཀྱིས་སོ། །སངས་རྒྱས་ཐོབ་འགྱུར་ནི་འོད་གསལ་ལ་དམིགས་པ་ལས་སོ། །དགོངས་པས་བཤད་པའོ། །ཉེ་བར་མཚོན་པ་ཞེས་པ་ནི། སྐུ་དང་ཐུགས་དང་བྲལ་བའི་སྔགས་མེད་པའི་ཕྱིར་རོ། །ཡི་གེ་གསུམ་ཁོང་དུ་ཆུད་པ་ལས་ཞེས་པ་ནི་བསམས་ནས་ སོ། །དེ་སྔོན་དུ་འགྲོ་བའི་འཇུག་པ་ལ་སོགས་པའི་རང་བཞིན་ཡོངས་སུ་ཤེས་པ་སྔོན་དུ་འགྲོ་བའོ། །རྡོ་རྗེ་བཟླས་པའི་སྒྲུབ་ཐབས་སུ་གྱུར་པ་ཞེས་པ་བསྐྱེད་པའི་རིམ་པ་ལ་ཀུན་དུ་གནས་པ་ཞེས་པའོ། །རིམ་པ་གཉིས་པར་མངོན་པར་གསུངས་པའི་ཕྱིར་གཙོ་ཆེ་བས་ཡིད་ཅེས་བྱ་བ་ སྙིང་གར་གནས་སོ་ཞེས་གསུངས་པ། ཡིད་སྙིང་གར་གནས་པ་ཞེས་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པས་ཡུལ་དུ་བྱས་པ་རང་བཞིན་དང་སྣང་བའི་བདག་ཉིད་ཅན་དེའོ། །གཞི་ཞེས་པ་ནི་རྡོ་རྗེ་བཟླས་པའི་འབྲས་བུ་ཉིད་དོ། །རྡོ་རྗེ་བཟླས་པའི་གནས་སྐབས་ནི་ནམ་མཁའོ། ། དེ་ཉིད་ཀྱི་ཕྱིར་གསུངས་པ། རྡོ་རྗེ་བཟླས་པ་རྟོགས་པར་འགྱུར་བའི་ཕྱིར་མགུ་བ་ཞེས་པའོ། །རྡོ་རྗེ་འཆང་ཆེན་པོའི་ས་ཞེས་པ་ནི་ཡོངས་སུ་དག་པའོ། །རྡོ་རྗེ་བཟླས་པའི་ཕན་ཡོན་ཞེས་པ་ནི་རྡོ་རྗེ་བཟླས་པའི་འབྲས་བུར་གྱུར་པ་ཉིད་ཀྱི་ཕྱིར་གནས་སྐབས་བཞི་པའོ། །སེམས་ཞེས་པ་ 31-1-86b ལ་སོགས་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་ཞེས་པ་དེ་གང་ཞེ་ན་གསུངས་པ། སེམས་ཞེས་པ་ལ་སོགས་པ་སྟེ། སེམས་ཀྱི་བདག་མེད་པ་ཞེས་པའོ། །སྤྱོད་བསྡུས་སུ་གསུངས་པ་ཡང་བདེན་ཏེ་རྣམ་པར་ཤེས་པ་གསུམ་དོན་དམ་པའི་བདེན་པ་ལྟ་བུ་རེག་པར་དཀའ་ཞེས་ པ་ལ་སོགས་པའོ། །ངག་དང་ལུས་ཀྱང་བདག་མེད་པར་ཞེས་པ་ནི་སེམས་རྣམ་པར་དབེན་པའི་ནང་དུ་གཏོགས་པས་འོད་གསལ་བ་ལས་དམིགས་པའི་ཕྱིར་རོ། །སེམས་སོ་སོར་རྟོགས་པ་ནི་སེམས་ཡོངས་སུ་ཤེས་པའོ། །འདིས་ཞེས་བྱ་བ་ལ་སོགས་པས་བཤད་པ་བསྡུས་པའི་ དོན་རྗོད་པར་བྱེད་དོ། །ལུས་ལ་སོགས་པ་རྣམས་རྣམ་པ་དང་བཅས་པ་ཉིད་ཀྱི་ཕྱིར་དང་། ཤེས་རབ་ལ་སོགས་པ་རྣམས་རྣམ་པ་མེད་པ་ཉིད་ཀྱི་ཕྱིར་ཅི་ལྟར་ལུས་ལ་སོགས་པ་རྣམས་ཤེས་རབ་ལ་སོགས་པ་ཉིད་ཡིན་ཞེ་ན། གསལ་བ་དང་བཅས་པའི་སྣང་བ་གསུམ་ཞེས་པ་འདི་མི་འགལ་ ལོ། །ལུང་དུ་ཡང་སླར་ཡང་ཆ་ཤས་མེད་པར་གྱུར་ནས་ཆ་ཤས་དང་བཅས་པར་ཅི་ལྟར་འགྱུར་ཞེས་སོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། གསུམ་པོ་ཞེས་པ་ལ་སོགས་པའོ། །རྡོ་རྗེ་བཞི་པོ་ཞེས་པ་ནི་བསྙེན་པ་དང་སྒྲུབ་པ་དང་ཉེ་བའི་སྒྲུབ་པ་དང་སྒྲུབ་པ་ཆེན་པོའོ། །སངས་རྒྱས་ པ་ཉིད་མེད་དོ་ནི་ཡོངས་སུ་རྫོགས་པའི་མཚན་ཉིད་དོ། །གང་གི་ཕྱིར་ཞེས་པ་ལ་སོགས་པས་འདི་ལ་རིགས་པས་གསུངས་སོ། །དེ་སྒོམ་པ་ཡང་མེད་དོ་ནི་དངོས་པོ་དེ་བསྒོམས་པའོ། །སླར་ཡང་ཀུན་དུ་ཐ་སྙད་ཡོད་པ་ཡིན་ནོ། །སྤངས་པ་ཉིད་ཡིན་པའི་ཕྱིར་ཞེས་པ་ནི་རྟག་པ་དང་ཆད་པའི་ ངོ་བོ་ཉིད་དོ། །ཡང་ན་དབུས་མར་གསུངས་པ། ཡོད་གང་རང་བཞིན་གྱིས་མེད་གང་། །དེ་ནི་མེད་ཅེས་ཡོད་པར་འགྱུར། །ད་ལྟ་ཡོད་པར་མ་གྱུར་ན། །སྔ་མ་ཆད་པར་ཐལ་བར་འགྱུར། །ཞེས་སོ། །དབུ་མ་ལ་འཇུག་པར་ཡང་། བདེན་པ་གཉིས་པོའང་རང་བཞིན་མེད་པའི་ཕྱིར་ཞེས་ གསུངས་སོ། །གང་ཞིག་གཅིག་མིན་དུ་མའང་མིན། །ཞེས་བྱ་བ་ལ་སོགས་པས་ཀྱང་སྐུ་གསུམ་པོ་ཉིད་ཆད་པ་དང་རྟག་པ་མ་ཡིན་ནོ། །བསོད་ནམས་ཡོངས་སུ་གྱུར་པས་སོ་སོར་རྟོགས་པ་གང་ཡང་མིན། ཡིད་དང་ངག་གི་ལམ་དང་བྲལ་བ་གསུམ་པོ་རྣམས་ཞེས་གསུངས་པའི་ཕྱིར་ 31-1-87a འདི་རྣམས་ཡོངས་སུ་སྤང་བ་ཉིད། དེ་ཅི་ལྟར་ཡིན་ཞེ་ན། གལ་ཏེ་ཡང་འདི་ལྟར་སྐྱེ་བ་དང་འགག་པ་གནས་པ་དེ་བཞིན་དུ་ཡང་མངོན་པར་ཞེན་པའི་འཇིག་རྟེན་རྣམས་སྐུ་གསུམ་པོ་འདི་རྣམས་ཀྱིས་བྱས་པ་ཇི་ལྟ་བ་བཞིན་དུ་རྣལ་འབྱོར་རྗེས་སུ་འཇུག་གོ། །སྟོང་པ་ཉིད་བདུན་ ཅུ་པར་ཡང་། གནས་དང་སྐྱེ་དང་འཇིག་དང་ཡོད་མེད་དང་། །དམན་དང་མཉམ་དང་ཁྱད་པར་འཕགས་པ་རྣམས། །འཇིག་རྟེན་ཐ་སྙད་དབང་ལས་སངས་རྒྱས་ཀྱིས། །གསུངས་ཀྱི་དེ་ཉིད་དབང་ལས་མ་ཡིན་ནོ། །ཞེས་ཀྱང་གསུངས་སོ། །གང་ཚེ་སྐྱེ་མེད་གང་ཡིན་པ། །དེ་ནི་གནས་ མེད་ཟློག་མེད་འགྱུར། །འགྲོ་བ་སྒྱུ་མ་ལྟ་བུ་ཉིད། །གདོད་ནས་ཞི་བ་དེ་ཉིད་དོན། །ཞེས་སོ། །དེ་ཁོ་ན་ཉིད་ལ་སེམས་པ་དེའི་ཚེ། སྐྱེ་བ་དང་འགག་པའི་བདག་ཉིད་དང་གནས་པ་འདི་རྣམས་ག་ལ་འགྱུར། གང་གིས་འདི་རྣམས་སྤངས་པ་ཉིད་མ་ཡིན་ནོ། །ཚུལ་འདིས་འཕགས་པའི་ལུགས་ དབུ་མར་ཡང་། སྐུ་བཞི་སྟོན་པར་བྱེད་པ་ལ་ལྟོས་པ་མ་ཡིན་པ་འདི་རྣམས་ཀྱིས་ཅི་ཞིག་བྱ་ཞེ་ན། འཕགས་པས་གསུངས་པ། དེ་རྣམས་ཀྱིས་གསུངས་པ་དང་དེ་རྣམས་ཀྱིས་བྲིས་པར་ཡོངས་སུ་བརྟག་གོ། །ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས་གསུངས་པའི་ཚིགས་སུ་བཅད་པར་ཡང་། ནམ་ མཁའ་འདྲ་ཞིང་རྡུལ་བྲལ་གཟུགས་བཟང་འཆང་། །ཤེས་རབ་སྲས་པོ་ལུས་དང་མཚན་མི་མངའ། །ཞེས་བྱ་བ་སྤྱོད་བསྡུས་སུ་ཟུང་འཇུག་གི་དོན་དུ་བཤད་དོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་། མྱ་ངན་ལས་འདས་པ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་ཞེས་ཀྱང་ གསུངས་སོ། །དེ་ལྟ་མོད་ཀྱི་ཐེག་པ་ཆེན་པོ་གཉིས་པོ་དག་གི་ཐབས་ཀྱི་དབྱེ་བ་གཉིས་བྱས་སོ་ཞེས་སྟོན་པར་བྱེད་དོ། །ཐབས་སྦྱིན་པ་གསུངས་པ་མཉམ་པ་ཞེས་པ་ལ་སོགས་པ་སྟེ། མཉམ་པ་ཞེས་པ་ནི་འོད་གསལ་ལོ། །དགོངས་པས་བཤད་པའོ། །ཐམས་ཅད་ཅེས་ཞེས་བྱ་བ་ལ་ སོགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་ལྔ་པོའོ། །དེ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཐམས་ཅད་མཁྱེན་པ་ཞེས་གསུངས་པའི་ཕྱིར། ཐུགས་ཀྱི་རྡོ་རྗེ་མི་བསྐྱོད་པ་དྲུག་པ་རྡོ་རྗེ་འཆང་ཡོངས་སུ་གྱུར་པའོ། །དང་པོ་ལོངས་སྤྱོད་རྫོགས་པའི་སྐུ། །ཞེས་གསུངས་པའི་ཕྱིར་དང་། ཕྱི་ནས་ 31-1-87b ཕུང་པོ་ལ་སོགས་པ་རྗེས་སུ་ཞུགས་ཞེས་གསུངས་པའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་ཉིད་ཨོཾ་ཡིག་ལ་སོགས་པའི་ས་བོན་རྣམས་ཀྱི་ཕུང་པོ་ལ་སོགས་པ་རྗེས་སུ་ཞུགས་པ་ཞེས་པ་མི་བསྐྱོད་པ་ལ་སོགས་པ་རྗེས་སུ་ཞུགས་པ་དང་མ་བྲལ་བ་ཉིད་ཀྱིས་ཕྲ་མོའི་རྣལ་འབྱོར་བརྩམ་པར་བྱའོ་ཞེས་ ངེས་པར་བྱའོ། །རྫོགས་པའི་རིམ་པ་ལ་གནས་པས་ནི་ས་བོན་དགོད་པ་དང་བྲལ་བ་ཉིད་ཀྱིས་ལོངས་སྤྱོད་རྫོགས་པའི་སྐུ་ལ་མི་བསྐྱོད་པ་ལ་སོགས་པ་རྗེས་སུ་ཞུགས་པས་ཕྲ་མོའི་རྣལ་འབྱོར་བྱའོ་ཞེས་པའོ། །ཐ་མལ་པའི་སེམས་ཅན་རྣམས་ཀྱི་སྐྱེ་བ་དང་ཞེས་པ་དང་། བརྟགས་པའི་ ཞེས་པ་ལ་སོགས་པ་དེ་ལ་ལྟོས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་རླུང་གི་དེ་ཁོ་ན་ཉིད་ལ་སོགས་པ་སྔོན་དུ་འགྲོ་བ་ནི་ཕྱིས་གསུངས་པ་ལ་ལྟོས་པའོ། །ནང་གི་བདག་ཉིད་ཅན་ཞེས་པ་ནི་ཕུང་པོའི་ནང་དུའོ། །ཤེས་རབ་དང་ཐབས་ཞེས་པ་ནི་རྡུལ་དང་ཁུ་བ་ཡང་དག་པར་སྦྱོར་བ་ལས་སོ། །བྱང་ཆུབ་ཀྱི་ སེམས་ནི་ཀུན་རྫོབ་སྟེ་ཀུན་རྫོབ་ཀྱི་ངོ་བོའོ། །ཡེ་ཤེས་ལྔ་ནི་མེ་ལོང་ལ་སོགས་པའོ། །འབྱུང་བ་ལྔའི་རང་བཞིན་ནི་ས་དང་ཆུ་དང་མེ་དང་རླུང་དང་རྣམ་པར་ཤེས་པའོ། །གོང་བུའི་གཟུགས་ཀྱིས་ནི་བསྡུས་པའི་གཟུགས་ཀྱིས་སོ། །གསུངས་པའི་ཕྱིར་ཞེས་བྱ་བ་ནི་རྡོ་རྗེ་བདུད་རྩི་ཞེས་བྱ་ བས་གསུངས་པས་སོ། །བརྟག་ཅེས་པ་ནི་མདོར་བྱས་ཀྱི་རིམ་པ་སྒོམ་པར་བྱེད་པ་ལྷ་ལ་གོམས་པས་སོ། །དྲང་བའི་དོན་ནོ། །སྣའི་རྩེ་མོར་ཞེས་བྱ་བ་ལ་སོགས་པ་ནས་བཤད་ཅེས་བྱ་བའི་མཐར་ཐུག་པས་རླུང་གི་དེ་ཁོ་ན་ཉིད་གསུངས་སོ། །རང་སྔགས་ཞེས་པ་ལ་སོགས་པ་ནས་གོ་རིམས་ བཞིན་དུའོ་ཞེས་པའི་མཐར་ཐུག་པས་ལྷ་དང་སྔགས་ཀྱི་དེ་ཁོ་ན་ཉིད་དང་གསུངས་སོ། །དེའི་ཕྱིར་གསུངས་པ་འདིས་ནི་ཞེས་བྱ་བ་ལ་སོགས་པའོ། །རྟེན་དང་བརྟེན་པར་གྱུར་པ་ནི་རླུང་གི་ཁམས་དང་ནི་རྟེན་ནོ། །ཡི་གེ་གསུང་ནི་བརྟེན་པའོ། །གཉིས་པོ་དེ་དག་རྒྱུ་བ་དང་མི་རྒྱུ་བ་ཇི་ལྟ་བ་བཞིན་དུ་ སྦྱོར་བ་དེས་ལྷན་ཅིག་འཇུག་གོ་ཞེས་པ་རྒྱུ་དང་བཅས་པ་ནི་མི་རྒྱུ་བའོ། །རྣམ་པར་ཤེས་པ་གསུམ་པོ་ནི་སྣང་བ་ལ་སོགས་པའོ། །རྣམ་པར་ཤེས་བྱ་ནི་བསྐྱེད་པར་བྱ་བཞིན་པའོ། །ཡེ་ཤེས་གཞན་ཞེས་པ་ནི་བསྐྱེད་པ་ལ་བརྟེན་པ་ཡིན་པའི་ཕྱིར་རླུང་དང་རྣམ་པར་ཤེས་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་ 31-1-88a པ་ཡེ་ཤེས་ཞེས་བྱ་བ་ལ་སོགས་པའོ། །གཅིག་ལ་ཡང་ཞེས་པ་ནི་གཅིག་ཉིད་ལའོ། །སྐྲའི་ཁྱོན་ལ་ནི་སྐྲ་འཇུག་པའི་ལམ་ལ་སྟེ་ཕྲ་ཞིང་ཤིན་ཏུ་ཕྲ་བ་ཉེ་བར་མཚོན་པ་ཉིད་ལས་སོ། །དེ་བཞིན་ཉིད་དུ་སངས་རྒྱས་རྣམས་མང་པོའོ། །གང་ཇི་ལྟ་བུ་ཡིན་ཞེ་ན་གསུངས་པ། བཞུགས་ཞེས་བྱ་བ་ལ་སོགས་པ་ནི་གང་གཱའི་ཀླུང་གི་བྱེ་མ་གང་ཇི་སྙེད་པ་དེ་སྙེད་དུ་ཞེས་བྱ་བའི་དོན་ནོ། །ངེས་པའི་དོན་ནོ། །ཐ་མི་དད་པའི་ཡན་ལག་ནི་ལྷའི་ཡན་ལག་ཐ་དད་མ་ཡིན་པའོ། །ནམ་མཁའི་ཁམས་ཀྱི་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་བཞི་པོ་འཆར་བ་དེ་སྙེད་གསུངས་ པ་འོད་ཀྱི་ཚོགས་པ་ནི་དཀར་པོ་ལ་སོགས་པའི་འོད་ཟེར་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །གནས་ནི་བསྐྱེད་པའི་རྟེན་ཡིན་པ་ཉིད་ཀྱི་ཕྱིར་རོ། །འཇུག་ཅིང་གནས་པ་ཞེས་པ་ནི་རིམ་པ་ཇི་ལྟ་བ་བཞིན་ནོ། །སྟེང་དུ་གནས་ཞེས་པ་ནི་དེ་དག་གི་བར་མ་ཆད་པར་རོ། །འོད་དཔག་མེད་ཀྱི་བཟླས་པ་ ཞེས་པ་ནི། འདི་དག་མེ་ཡི་དཀྱིལ་འཁོར་ཡང་། །པདྨ་མགོན་པོ་འདི་ལ་ལྷ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་གཞན་དུ་སྤྱན་མའི་རྣམ་པ་ཨོཾ་ཡིག་ཁ་དོག་དཀར་པོ་ཞེས་པའི་དོན་ཏོ། །གཞན་ཞེས་པ་སྔར་བཤད་པའི་རྡོ་རྗེ་ལ་སོགས་པའི་མཚན་མ་ཕྲ་མོའི་རྣལ་འབྱོར་ལ་ལྟོས་ པས་སོ། །ནས་འབྲུའི་ཚད་ཅེས་པ་ནི་སྔར་ཡུངས་ཀར་གྱི་འབྲུའི་ཚད་དུ་གསུངས་པ་ལས་ཁྱད་པར་དུ་གསུངས་པའོ། །བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་ལ་ཐོབ་པར་བྱེད་པ་ཞེས་པ་ནི་ཕན་ཚུན་ནོ། །གང་ཞིག་སེམས་བརྟན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་སྐྱེད་པར་བྱེད་དེ་སེམས་ གནས་པའི་རྒྱུ་ནི་མཚན་མ་ལ་དམིགས་པའོ། །སེམས་བརྟན་པ་དང་སེམས་ཀྱི་ཡང་དག་པ་ཇི་ལྟ་བ་བཞིན་དུ་དམིགས་པས་བྱང་ཆུབ་ཐོབ་པར་བྱེད་དོ། །དེ་ལ་ཞེས་བྱ་བ་ལ་སོགས་པས་མཚན་མ་བསྒོམ་པར་གསུངས་པ་རྒྱས་པར་བཤད་དོ། །བྱང་ཆུབ་གནས་ཞེས་པ་ལ་སོགས་པས་བྱང་ ཆུབ་ལ་གཞོལ་བ་ཞེས་པ་འདི་རྒྱས་པར་བཤད་དོ། །སྤྲུལ་པའི་སྐུ་ལ་གནས་པར་སྤྲུལ་པའི་སྐུ་ལ་དམིགས་པ་སྔོན་དུ་འགྲོ་བ་ཉིད་ཀྱིས་ཕྲ་མོའི་རྣལ་འབྱོར་བསྒོམ་པར་གསུངས་པའི་བཤད་པ་ཉིད་དོ། །ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ནི། སྦྱོར་བས་གནས་པར་བྱས་ནས་ཞེས་པ་གཟུགས་ 31-1-88b ཕུང་གཏོགས་པ་མེ་ལོང་དང་ཞེས་པའི་རིམ་པས་སོ། །དེའི་འོག་ཏུ་ཇི་ལྟར་བྱ་ཞེ་ན། གསུངས་པ་དེ་ལ་ཞེས་བྱ་བ་ལ་སོགས་པའོ། །སྐུ་གསུམ་གྱི་བདག་ཉིད་ཅན་ཞེས་པ་ནི། སྐུ་གསུམ་རོ་གཅིག་པའོ། །འཆད་པར་འགྱུར་བཞིན་པའི་རྡོ་རྗེ་འཆང་ཆེན་པོར་བཞེངས་པ་འདིའི་ཁྱད་ པར་རོ། །ཇི་ལྟར་སྐུ་གསུམ་རོ་གཅིག་པ་ཉིད་ལ་རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་ཞེ་ན། གསུངས་པ། ཆོས་ཤེས་པ་ལ་སོགས་པའི་ཆོས་ནི་གསུངས་མ་ཐག་པའི་སྤྲུལ་པ་དང་། ཡེ་ཤེས་གསུམ་གྱི་ངོ་བོ་ལོངས་སྤྱོད་རྫོགས་པ་དག་གིས་འཇུག་པའི་རྟེན་ནོ། །དེ་ཉིད་ཀྱི་ཕྱིར་སྐུ་བཞི་པ་འདི་ལ་ མཆོག་གི་དང་པོའི་སངས་རྒྱས་ལ་སོགས་པ་ལྟ་བུ་འབྱུང་བར་འགྱུར་རོ། །དགོངས་པས་བཤད་པའོ། །ད་ནི་ཞེས་བྱ་བ་ལ་སོགས་པ་ལ་ཕྲ་མོའི་རྣལ་འབྱོར་བསྒོམ་པ་ཡང་འདོད་པ་ལྔ་ཉམས་སུ་མྱོང་བ་ལ་ལྟོས་པ་དང་བཅས་པ་དེའི་ཕྱིར་གསུངས་པ། རྫོགས་པའི་ཞེས་པ་ལ་སོགས་ པའོ། །ཕྲ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་ཕྲ་མོའི་རྣལ་འབྱོར་ལ་ལྟོས་པ་དང་བཅས་པའི་རྫོགས་པའི་རིམ་པ་གསལ་བར་བྱེད་པས་རྟོགས་པར་བྱ་སྟེ་ཆུང་ངུ་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱི་དགོས་པ་བྱས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བཤང་གཅི་ཞེས་ པ་ནི་བྱའོ་ཞེས་འཆད་པར་འགྱུར་བ་འདི་དང་སྦྲེལ་ལོ། །བཤང་གཅི་ལ་སོགས་པའི་ངོ་བོ་དམིགས་པས་ཡོངས་སུ་སྦྱོང་བའི་ཕྱིར་དང་བཤང་བ་དང་གཅི་བ་ཟས་སུ་སྟེ་ཀུན་ནས་བསྡུ་བར་བྱའོ། །བཟའ་བར་བྱའོ་ཞེས་པས་ཟས་སོ། །བཤང་བ་དང་གཅི་བ་ཡང་དེ་ཡིན་ལ་ཟས་ཀྱང་དེ་ ཡིན་པས་བཤང་གཅི་ཟས་སོ། །དེའི་བྱ་བ་ནི་ཟ་བར་བྱེད་པའོ། །དེའི་དོན་ནི་དགོངས་པ་སྟེ། ལུས་གནས་པའོ། །དེའི་ཕྱིར་གསུངས་པ་ལུས་ཞེས་པ་ལ་སོགས་པའོ། །ཡུལ་ལྔ་ཉེ་བར་མཚོན་པ་སྟེ་བཤང་བ་དང་གཅི་བ་ཞེས་བྱ་བ་འདིས་བསྡུས་པས་ཡུལ་དང་དབང་པོ་མངོན་པར་བརྗོད་ པའི་ཕྱིར་རོ། །འདིར་ཕུང་པོ་གནས་པ་ཅི་བྱ་ཞེ་ན། གསུངས་པ། །དངོས་གྲུབ་ཀྱི་འབྲས་བུའི་དོན་དུ་ཞེས་བྱ་བ་ནི་སུས་ཕྱིན་ཅི་ལོག་གིས་བརྡ་སྤྲོད་པའོ། །དངོས་གྲུབ་ཀྱི་འབྲས་བུའི་དོན་དེས་ཅི་ཞིག་ཅེས་བྱ་བ་ལ་སོགས་པས་དངོས་གྲུབ་ཀྱི་འབྲས་བུ་ཉེ་བར་བསྟན་ཏོ། །ཟས་སུ་ཞེས་བྱ་བ་ལ་ 31-1-89a སོགས་པས་ཁོ་བོ་རྣམས་ཤེས་པ་ནི་མ་རུངས་པའི་ལས་ཅན་རྡོ་རྗེ་མཁའ་འགྲོའི་གཟུགས་འཛིན་པ་ཉིད་ཀྱི་ཕྱིར་རོ། །རྣལ་འབྱོར་པ་ལྔ་པོ་རྣམས་ཀྱི་ལྷ་བཤོས་ཀྱི་དོན་དང་བཟའ་བའི་དོན་དུ་གསང་བ་ཞེས་པ་ལ་སོགས་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ་རྗེས་སུ་མཐུན་པ་ རླུང་ལ་སོགས་པ་རྣམས་ཀྱིས་ཟིལ་གྱིས་མ་མནན་པ་ཉིད་ཀྱི་རྗེས་སུ་མཐུན་པའོ། །ད་ལྟར་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེའི་རིགས་ཀྱི་ཁྲོ་བོ་རྣམས་ཞེས་པ་ལ་འདི་ལྟར་གཙེ་བར་གྱིས་ཤིག་ཅེས་བྱ་བ་གང་ཡིན་པའི་བཀའ་ལུང་ཐོབ་པ་རྣམས་སོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་ སོགས་པ་ལ་ཤ་རྣམ་པ་བཞི་པོ་ཞེས་པ་ནི་འདིར་བྲིས་པའི་རྟ་དང་ཁྱིའི་ཤ་དང་ལྷན་ཅིག་པ་རྣམས་སངས་རྒྱས་རྣམས་སུ་ཡོངས་སུ་རྫོགས་པ་ནི་ཤ་རྣམ་པ་བཞི་པོ་ཞེས་བྱའོ། །རང་གི་རིགས་ཞེས་པ་ནི་དེ་དག་སྒོམ་པར་བྱེད་པས་མཆོད་པ་བྱས་པས་ཚིམ་པར་བྱེད་པའི་ཕྱིར་རོ། །ཡོངས་ སུ་རྫོགས་པའི་སྤྱན་མ་ལ་སོགས་པ་རྣམས་དང་ལྡན་པ་ནི་བློ་ཅན་ནོ། །གཏོར་མ་རབ་ཏུ་སྦྱིན་པའི་སྦྱོར་བས་ཞེས་པ་ནི། ནང་གི་བདག་ཉིད་ཅན་ཕྱིའི་གཏོར་མ་རབ་ཏུ་བྱིན་པས་སོ། །འདོད་པ་ཡོན་ཏན་བརྒྱད་དུ་བཤད། །ཅེས་གསུངས་པའི་ཕྱིར་འདོད་པར་འཛིན་པར་བྱེད་དོ་ཞེས་པས་འདོད་པའི་ ཁམས་ཏེ་བུད་མེད་ཐམས་ཅད་དོ། །སྣ་ཚོགས་པའི་དགའ་བས་ཞེས་པ་ནི་ཕྱག་རྒྱ་གཅིག་གིས་པདྨ་གཏོགས་པའི་རེག་པ་ཉམས་སུ་མྱོང་བ་ལྟ་བུར་ཕྱག་རྒྱ་ཐམས་ཅད་ཀྱི་པདྨའི་རེག་པ་ཉམས་སུ་མྱོང་བའི་ཕྱིར་ཕྱག་རྒྱ་གཅིག་པོ་ཉིད་ལ་ཡང་ངོ་། །གང་ཡང་སྟོབས་ལྟ་བུ་ཉིད་ཡིན་པའི་ཕྱིར་ཤའི་ བཟའ་བ་དུ་མ་ཡང་བུད་མེད་ལ་འདོད་པ་ཟད་པར་མི་འགྱུར་རོ། །དེའི་ཕྱིར་གསུངས་པ་དབང་ཕྱུག་ནི་མངའ་བདག་གོ། །སུམ་ཅུ་རྩ་དྲུག་ཅེས་པ་ལ་སོགས་པ་ལ་འདི་ཉིད་དུ་ཞེས་པ་ནི་འདུས་ལེའུ་གཅིག་གཉིས་པར་རོ། །བརྒྱད་ཀྱིས་ཞེས་པ་ནི་བདེ་བ་དང་སྡུག་བསྔལ་དང་། བསྟོད་པ་དང་སྨད་ པ་དང་། རྙེད་པ་དང་མ་རྙེད་པ་དང་གྲགས་པ་དང་མ་གྲགས་པ་ཞེས་བྱ་བ་བརྒྱད་པོ་དེ་རྣམས་ཀྱིས་སོ། །མཐོང་བ་ནི་ཁོང་དུ་ཆུད་པའོ་ཞེས་བྱ་བ་ནི། ལྟ་བ་ལ་གཟུགས་དམིགས་སོ་ཞེས་གསུངས་པའི་ཕྱིར་མཐོང་བ་ཙམ་གྱིས་ཡང་དག་སྐྱེས་ཞེས་པ་འདིར་གསུངས་པའི་རྣལ་འབྱོར་པའོ་ 31-1-89b ཞེས་པ་ལྷག་མའོ། །རྣམ་གྲངས་ཞེས་པ་ནི་ལི་ངའི་གནས་སུ་པ་ཊ་མངོན་པར་བརྗོད་པ་སྟེ་རྣམ་གྲངས་ནི་ངེས་པའི་ཚིག་གི་བྱ་བའི་རྒྱུ་མཚན་མེད་དོ་ཞེས་པའོ། །སྐྱེ་བ་དང་གནས་པ་དང་འཇིག་པའི་ཉེས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རྒྱུ་ལས་སྐྱེས་པ་མ་ཡིན་པའི་ཏིང་ངེ་འཛིན་ནི། རྩ་བའི་མདོ་རུ་ སྤྱོད་པ་ཐམས་ཅད་ཀྱི་མཆོག་ཡོངས་སུ་དག་པ་ཞེས་བྱ་བ་གསང་བ་བཞིའི་ཁྱད་པར་རོ། །དྲང་བའི་དོན་ལ་བརྟེན་ནས་བཤད་པའོ། །དེ་ལ་ངེས་པའི་དོན་སྟོན་པར་བྱེད་པ་བཤད་པའི་རྒྱུད་དུ་གསུངས་པ་ལ་ཡང་སྤྱོད་མཆོག་དག་པ་ཀུན་ཞེས་པ་ནི་བཅོམ་ལྡན་འདས་ཀྱིས་ཁྱད་པར་ཏེ། བཅོམ་ ལྡན་འདས་ནི་སྤྱོད་པ་ཐམས་ཅད་ཀྱི་མཆོག་ཀུན་ནས་དག་པ་ཉིད་ཡིན་པའི་ཕྱིར་རོ། །སྐད་ཅིག་ཐང་ཅིག་ཅེས་པ་ལ་སོགས་པ་ལ་སྐད་ཅིག་ཅེས་བྱ་བ་སེ་གོལ་གཏོགས་པའི་གནས་སྐབས་སོ། །ཐང་ཅིག་ཡུངས་ཀར་སྐོར་རོའོ། །ཡུད་ཙམ་ནི་ལག་པ་བརྡབས་པའོ། །གྲངས་གསུམ་ནི་བསྐལ་ པའི་གྲངས་ནི་ངོ་བོ་གསུམ་མོ། །གཅིག་ནི་བསྐལ་པའི་གྲངས་གང་ཡིན་པ་དེ་དེ་བཞིན་ནོ། །སྐད་ཅིག་གཅིག་ནི་མངོན་པར་བྱང་ཆུབ་པའི་སྐད་ཅིག་གཅིག་ཅེས་པ་རྟགས་ཀྱི་རྣམ་གྲངས་སོ། །བཤད་པར་བྱ་སྟེ་སྐད་ཅིག་གཅིག་ཅེས་བྱ་བ་ལ་སོགས་པའི་བར་མ་ཆད་པར་བརྗོད་པར་བྱ་བའོ། ། དེ་ཉིད་ཡིན་ནི་མངོན་པར་བྱང་ཆུབ་པའི་སྐད་ཅིག་གཅིག་ནི་ཟླ་བ་དྲུག་ཏུ་བཤད་པར་འགྱུར་བའོ། །སྐད་ཅིག་དེ་ཉིད་ཡང་དག་པར་སྦྱར་བར་བྱ་སྟེ་སླར་ཡང་མ་ཡིན་ནོ་ཞེས་པའོ། །དངོས་མེད་རྫོགས་པར་ལོངས་སྤྱོད་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་སོ། །གང་གི་ཕྱིར་སྐད་ཅིག་གཅིག་ཉིད་ དུ་གསུངས་པའི་སྐད་ཅིག་ལ་སོགས་པ་དུས་ཀྱི་རང་བཞིན་ཡིན་པའི་ཕྱིར་དང་མངོན་པར་བྱང་ཆུབ་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །བསྔགས་པ་ནི་རབ་ཏུ་བསྔགས་པའོ། །འདས་པ་ལ་སོགས་པའི་དུས་གསུམ་འདས་པའི་རང་བཞིན་ནོ། །དེ་ལྟར་གྱུར་པའི་སྐད་ཅིག་གཟུགས་ལ་སོགས་པ་ དང་ལྡན་པར་འགྱུར་རོ། །བྱེད་པ་པོ་ནི་དགེ་བ་སྒོམ་པར་བྱེད་པ་པོ་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ཀྱི་མཆོད་ཆེན་དེ་ནི་བྱས་ནས་སུའོ། །འདིར་ཅི་བྱས་ནས་ཤེ་ན། གསང་བའི་ཞེས་བྱ་བ་ལ་སོགས་པའོ། །ཡུལ་ཞེས་བྱ་བ་ལ་སོགས་པས་གསང་བའི་མཆོད་པ་སྟོན་པར་བྱེད་དོ། 31-1-90a ཡུལ་དང་དབང་པོ་ཞེས་པ་ཉེ་བར་མཚོན་པ་སྟེ། དེའི་འོག་ཏུ་རྣམ་ཤེས་ཀྱང་ཉེ་བར་མཚོན་ཏེ་གསུམ་པོ་འདི་རྣམས་སེམས་པ་མེད་པ་ཉིད་ནི་རང་བཞིན་མེད་པ་ཉིད་དོ། །ཅི་ཞེ་ན་གསུངས་པ། བཤད་ཅེས་པ་ལ་སོགས་པ་སྟེ་དེ་འདྲ་ནི་དོན་དམ་པའི་རང་བཞིན་ནོ། །དངོས་གྲུབ་ ནི་ཟུང་འཇུག་གི་བདག་ཉིད་ཅན་ཉིད་དོ། །བཟའ་བ་ནི་ཟུང་འཇུག་གི་བདག་ཉིད་ཅན་ཉིད་ཀྱིས་བདག་ཏུ་འཛིན་པ་ཟ་བར་བྱེད་པའོ། །རྣམ་རྟོག་མེད་པ་ནི་ཟུང་འཇུག་ལ་མངོན་པར་ཞེན་པ་བོར་བ་ཉིད་ཀྱི་ཕྱིར། རྣམ་རྟོག་མེད་པ་ཅན་ཞེས་པས་ཟུང་འཇུག་གི་ཁྱད་པར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དེ་ཉིད་ཅེས་པ་ལ་སོགས་པའོ། །བྱང་ཆུབ་སེམས་གཅིག་ལས་བྱུང་བ་ནི་དེ་བཞིན་ཉིད་གཅིག་ལས་བྱུང་བའོ་ཞེས་གསུངས་པའི་རིམ་པས་འགྲུབ་པར་འགྱུར་ཞེས་པ་ལ་སོགས་པའོ། །བཤང་གཅི་ལ་སོགས་པ་བཤད་པའི་ཕྱིར། ཤ་རྣམས་དགོངས་པས་བཤད་པའི་ཕྱིར་ གསུངས་པ། མཱ་ནི་ཞེས་པ་མཱ་མ་ཀཱིའི་སྒྲ་ལ་མཐའི་ཡི་གེ་གཉིས་པོ་ཕྱིས་ནས་རྗེས་སུ་ང་རོ་འོངས་པར་བྱས་པའོ་ཞེས་པ་ནི་མིག་གི་སྒྲས་མཱ་མ་ཀཱི་གསུངས་ཏེ། ངེས་པའི་ཚིག་གི་ཆོ་གས་སོ། །དེ་བཞིན་དུ་སའི་སྒྲས་མངོན་པར་བྱང་ཆུབ་པའི་རྡོ་རྗེ་ནི་རྡོ་རྗེ་སེམས་དཔའོ། །བསམ་གཏན་དེ་ ནི་ཤེས་རབ་དང་ཐབས་ཀྱི་བསམ་གཏན་ནོ། །དགའ་བ་ཞེས་པ་ནི་བདེ་བ་ཟག་པ་མེད་པའི་ཟས་སོ། །ནང་མངོན་པར་བརྗོད་ནས་ཕྱིའི་དབང་དུ་བྱས་ནས་གསུངས་པ་ནམ་མཁའ་ཞེས་པ་ལ་སོགས་པ་སྟེ། དེ་ཉིད་བདེ་བའི་ངོ་བོའི་བསམ་གཏན་ནོ། །ནམ་མཁའ་བཞིན་དུ་བརྟན་པ་ དང་གཡོ་བའི་འགྲོ་བ་དུ་མ་ལ་ཁྱབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ཆེན་པོ་ཉིད་ཐོབ་པའོ། །ཤ་ཆེན་པོ་ཞེས་གསུངས་པའི་རིམ་པས་ཤ་ཆེན་པོ་བཟའ་བ་དེ་ཡིས་གཞན་ཅི་ལྟར་འགྱུར་ཞེ་ན། གསུངས་པ། འགྲུབ་པར་འགྱུར་ཞེས་པ་ལ་སོགས་པ་ལ་རྡོ་རྗེ་འཆང་ཆེན་པོ་ཉིད་ནི་གོ་འཕང་ མཆོག་གོ། །ཤ་བཞི་པོའི་དབང་དུ་བྱས་ནས་གསུངས་པ། ཆེན་པོ་ཞེས་པ་ལ་སོགས་པ་སྟེ། ཁྱི་ལ་སོགས་པའི་སོགས་ཀྱི་སྒྲ་ལས། བ་ལང་གི་ཤ་གཟུང་ངོ་། །གྲངས་ཀྱི་དགོངས་པ་གསུངས་པ། ཕུང་པོ་ཞེས་པ་གཟུགས་ལ་སོགས་པའི་ཕུང་པོ་ལྔའོ། །གྲངས་མཉམ་པའོ་ཞེས་ 31-1-90b པ་ནི་ཤ་དང་ཕུང་པོ་དག་གོ། །ཕུང་པོ་དེ་རྣམས་སྤྱོ་བར་ནི་རྣལ་འབྱོར་གང་ཞིག་གོ། །དེས་གཉིས་སུ་མེད་པར་གྱུར་པའི་བསམ་གཏན་གང་ཡིན་པ་དེ་ནི་ཟས་སོ། །དགའ་བ་ཞེས་བྱ་བ་གཅིག་ནི་དགའ་བའི་ངོ་བོ་ཟས་སོ་ཞེས་པའི་དོན་ནོ། །གང་ཞིག་ཁམ་གྱིས་ཐུན་མོང་དུ་ཟ་བ་དེ་ནི་ འཇིག་རྟེན་པའོ། །དགའ་བའི་ཟས་ཀྱང་འཇིག་རྟེན་ལས་འདས་པར་བྱེད་དོ། །འཇིག་རྟེན་པ་གང་ཡིན་པ་དེ་ཉིད་ནི་དགའ་བར་འགྱུར་རོ། །འཇིག་རྟེན་ལས་འདས་པའི་མཆོག་གང་ཡིན་པ་ནི་དེ་བཞིན་ཉིད་དུ་རང་བཞིན་གཅིག་པའི་ཟུང་འཇུག་གི་ཏིང་ངེ་འཛིན་ལ་སོགས་པའོ། །དེ་ ཉིད་ཀྱི་ཕྱིར་གསུངས་པ། འཁོར་བ་ཞེས་བྱ་བ་ལ་སོགས་པའོ། །བརྟུལ་ཞུགས་བཟང་པོ་ནི་རྡོ་རྗེ་ཐེག་པའི་བརྟུལ་ཞུགས་མཛེས་པའོ། །བློ་ཅན་ནི་ཤེས་རབ་རྣམ་པ་གཉིས་དང་ལྡན་པའོ། །འདོད་པའི་ཁམས་ཀྱི་དབང་ཕྱུག་ནི་འདོད་པ་ལ་ཆགས་པ་རྣམས་ཀྱི་མགོན་པོའོ། །དམ་ ཚིག་ཡིན་ཕྱིར་ཞེས་པ་ནི་དྲང་བའི་དོན་དུ་བཤད་པའི་ཕྱིར་རོ། །དམ་ཚིག་མཆོག་ནི་གཉིས་སུ་མེད་པའི་ལམ་གྱི་ངོ་བོའོ། །ཐུན་མོང་བ་ཞེས་པ་ནི་དྲང་བའི་དོན་གྱིས་བསྐྱེད་པའི་རིམ་པ་དང་ལྡན་པའོ། །རྣལ་འབྱོར་པ་མཆོག་ནི་རིན་པོ་ཆེའི་གང་ཟག་རྫོགས་པའི་རིམ་པ་ལ་གནས་པ་ རྣམས་སོ། །ཡང་དག་པར་བསྟན་ནས་ཞེས་པ་ནི། ཇི་ལྟར་རིགས་པར་རྟུལ་བ་ལ་སོགས་པའི་ཐུན་མོང་གིས་ཀྱང་ངོ་། །སྔགས་ཀྱི་སྤྱོད་པ་ཞེས་པ་སྔགས་པ་ནི་ལྷ་རུ་བརྗོད་པར་བྱ་ཞེས་པའི་རིག་པས་སྔགས་ནི་བསྐྱེད་པའི་རིམ་པའོ། །དེའི་སྒོ་ནས་སྤྱོད་པ་ནི། སྔགས་ཀྱི་སྤྱོད་པའོ། །དེ་ ཉིད་ཀྱི་ཕྱིར་གསུངས་པ་ཐུན་མོང་གི་ཞེས་པ་ལ་སོགས་པའོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་འདོད་པ་ལྔ་པོ་བསྟེན་པ་ལ་རང་གི་ངང་གིས་འཇུག་པ་ཉིད་ནི་འདོད་པའི་ཁམས་དང་མཐུན་པའོ། །དེའི་ཕྱིར་རྣལ་འབྱོར་པས་སེམས་ཀྱི་ཁྱད་པར་ཡོངས་སུ་བཟུང་སྟེ་གོམས་ པ་ཡིད་ལ་བྱས་ནས་དེ་རྣམས་བསྟེན་བཞིན་པར་ཞེས་པ་ལ་སོགས་པའོ། །སྤྲོས་པ་དང་བཅས་པའི་སྤྱོད་པ་ཞེས་པ་ནི། སྤྱོད་བསྡུས་སུ་གསུངས་པའི་རིམ་པས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་སྤྱོད་བསྡུས་སུ་འདིར་དཔལ་གསང་བ་འདུས་པར་སྤྲོས་པ་མེད་པ་དང་ཤིན་ 31-1-91a ཏུ་སྤྲོས་པ་མེད་པ་འབའ་ཞིག་ངེས་པར་བསྟན་ནོ་ཞེས་གསུངས་པ་མ་ཡིན་ནམ་དེ་དག་ཅི་ལྟར་སྤྲོས་པ་དང་བཅས་པ་ཞེས་བྱ་ཞེ་ན། འདིར་བརྗོད་པར་བྱ་སྟེ། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་ལ་སོགས་པའི་རྒྱུད་གཞན་དུ་གསུངས་པའི་ སྤྲོས་བཅས་ཀྱི་སྤྱོད་པ་ལ་ལྟོས་ནས་སྤྱོད་བསྡུས་སུ་གསུངས་སོ། །འདིར་ནི་སྨོས་པ་ཙམ་དུ་བསྟན་པས་རྒྱུད་གཞན་དུ་རྒྱས་པར་གསུངས་པ་འདིར་ལྟོས་པར་བསྟན་པའི་དོན་དུ་སྤྲོས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདག་ཉིད་འདོད་པ་དང་རྗེས་སུ་མཐུན་པ་ཞེས་པ་ནི་རྣམ་པ་གཞན་དུ་ སྡུག་བསྔལ་བར་འགྱུར་བའི་ཕྱིར་དེ་དག་ཀྱང་འདིར་བཀག་པའོ། །བདག་སྟེ་རང་ཉིད་ནི་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་དོ། །གཞན་ལ་ཡང་ནི་གདུལ་བྱ་རྣམས་ལའོ། །ཚིམ་པར་བྱའོ་ནི་བདེ་བས་མགུ་བར་བྱ་བའོ། །རང་གི་ལྷ་ཞེས་བྱ་བ་ལ་སོགས་པ་རྣལ་འབྱོར་པ་གང་གི་ མི་བསྐྱོད་པ་ལ་སོགས་པའི་རིགས་ལྔའི་ལྷ་གང་ཡིན་པ་དེ་ལ་དམིགས་པའི་སྤྱོད་པ་བྱའོ་ཞེས་ཉེ་བར་བསྟན་ཏོ། །སྤྲུལ་པ་ཀུན་རྫོབ་པ་ཡིས་སྐུ། །ཇི་ལྟ་ཇི་ལྟར་འདོད་ལོངས་སྤྱོད། །ཅེས་གསུངས་པའི་ཕྱིར་རོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་ནི་འོད་གསལ་ལས་ལོངས་ པ་སྤྲུལ་པའི་སྐུ་ཞུགས་པས་སྤྲུལ་པའི་སྐུ་ཡང་ཡེ་ཤེས་ཀྱི་སྐུ་དང་གཉིས་སུ་མེད་པ་ཉིད་ཀྱིས་སྒྱུ་མ་ལྟ་བུ་ཡོངས་སུ་དག་པའི་ཡེ་ཤེས་ཀྱི་སྐུའི་བདག་ཉིད་ཅན་ཉིད་ཡིན་པའི་ཕྱིར་རང་བཞིན་གྱི་དབྱེ་བ་ཡང་ངོ་། །དེ་བཞིན་དུ་ནི་འཕགས་པས་ཤཱཀྱ་སེང་གེ་ལ་བསྟོད་པར། ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། ། ཤ་དང་རུས་པ་ཁྲག་མེད་ཀྱང་། །ནམ་མཁའ་ལ་ནི་འཇའ་ཚོན་ལ། །ཁྱོད་ཀྱི་སྐུ་ནི་སྟོན་པར་མཛད། །སྐུ་ལ་སྙུན་མེད་མི་གཙང་མེད། །བཀྲེས་དང་སྐོམ་པ་བྱུང་མེད་ཀྱང་། །ཁྱེད་ཀྱིས་འཇིག་རྟེན་རྗེས་འཇུག་དོན། །འཇིག་རྟེན་བྱ་བ་སྟོན་པར་མཛད། །ཅེས་སོ། །དེ་ཉིད་ཀྱི་ཕྱིར་སྐུ་གསུམ་ཡང་ དབྱེ་བ་དང་དབྱེ་བ་མེད་པ་དག་ཏུ་གསུངས་པ་ནི་རྣམ་གྲངས་པ་སྟེ། གདུལ་བྱའི་རྗེས་སུ་མཐུན་པས་ཀྱང་དབྱེ་བ་ཉེ་བར་བསྟན་ནོ་ཞེས་སོ། །ལུས་ཞེས་བྱ་བ་ལ་སོགས་པ་ལ། གཙུག་ལག་ཁང་དུ་འཁྱམས་པ་ལ་སོགས་པ་ལུས་གདུང་བར་བྱེད་པའི་རྒྱུའོ། །སོགས་པའི་སྒྲ་ལས་གཅེར་བུ་ལ་སོགས་ 31-1-91b བསྡུས་སོ། །ཤིང་དྲུང་པ་ཞེས་བྱ་བ་ལ་སོགས་པ་ལ། གཅིག་གཉིས་ཞེས་པ་ནི་ཤིང་དྲུང་དང་བླ་གབ་མེད་པ་དང་། གཞི་ཇི་བཞིན་པ་དང་། སྟན་གཅིག་པ་དང་། ཅོག་པུ་པ་དང་། དུར་ཁྲོད་པ་དང་། ཕྱག་དར་ཁྲོད་པ་དང་། འཕྱིང་པ་པ་དང་། ཆོས་གོས་གསུམ་པ་དང་། བསོད་སྙོམས་པ་དང་། དགོན་པ་བ་དང་། ཡང་ཕྱིས་མི་ལེན་པ་སྟེ་སྦྱངས་པའི་ཡོན་ཏན་གཅིག་གཉིས་སོ། །དེའི་ཚུལ་ཁྲིམས་ནི་ཤིང་དྲུང་དུ་གནས་པ་ལ་སོགས་པ་རྣམས་སོ། །སྒྲ་ཇི་བཞིན་པའོ། །སློང་མོ་ཞེས་བྱ་བ་ལ་སོགས་པ་ལ་སློང་མོ་ཟ་བར་བྱེད་པ་ཉིད་ཀྱི་ངང་ཚུལ་གང་ཡིན་པ་དེ་ནི་སློང་མོ་ཟ་བའོ། །དེས་ བརྗོད་པར་མི་བྱའོ་ཞེས་པ་ནི་ངག་གི་བཟླས་པ་ལ་ལྟོས་ནས་བཤད་པའོ། །དམན་པ་ལ་འཇུག་པ་རྣམས་ཀྱིས་ནི་ལོ་མ་དང་རྩ་བ་དང་འབྲས་བུ་ལ་སོགས་པ་རྣམས་ཀྱིས་སོ། །སྤྲོས་པ་མེད་པའི་སྤྱོད་པ་ནི་སྡོང་བུ་དང་རྩ་བ་དང་འབྲས་བུ་རྣམས་ཀྱི་ཐམས་ཅད་ལ་ལོངས་སྤྱོད་ཅིང་བཟའོ། ། མཉམ་པར་སྤྱད་པར་བྱ་ཞེས་པ་ནི་འཆད་པར་འགྱུར་བ་དང་འདི་ལ་འགལ་བ་མེད་དེ། འདིར་སྤྲོས་པ་དང་བཅས་པའི་སྤྱོད་པའི་སྐབས་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་བཟླས་པ་སྟོན་པར་བྱེད་དོ། །ཡང་བ་ནི་དམྱལ་བའི་ཉེས་པའོ། །དེ་རྣམས་མ་ སྤངས་ཏེ་མ་བཏང་བས་སོ། །དུས་བྱས་ནས་ནི་འཆི་བར་བྱས་ནས་ཞེས་དེ་དག་ཉེ་བར་རྟོགས་པར་བྱའོ། །དྲང་བའི་དོན་ནོ། །ཐ་དད་ཅེས་བྱ་བ་ལ་སོགས་པ་ལ་ཐ་དད་ནི་ལྷ་དང་རྣམ་པ་སོ་སོའོ། །ཡི་གེ་ནི་ཡི་གེ་གསུམ་མོ། །རྣམ་པ་ཐ་དད་ཀྱང་ཡིན་ལ་ཡི་གེའང་ཡིན་པས་ཐ་དད་ རྣམ་པའི་ཡི་གེའོ། །རྣམ་པ་དང་ཡི་གེ་དག་ཐ་དད་དུ་རྣམ་པར་རྟོག་པ་ནི་སློང་མོའོ། །དེ་འདོན་པ་སྟེ་བརྗོད་པས་བཟླས་པར་བྱེད་པ་ནི་ཟ་བའོ། །དེ་དག་ཅེས་པ་བཤད་པ་རྣམས་སོ། །མི་འདོད་ནི་རྡོ་རྗེ་འཆང་ཆེན་པོས་ཞེས་པ་ལྷག་མའོ། །རྡོ་རྗེ་ཐེག་པའི་དབང་དུ་བྱས་ནས་གསུངས་པ། དབུགས་འབྱུང་ཞེས་པ་ལ་སོགས་པ་སྟེ། དབུགས་འབྱུང་བ་ནི་ཕྱིར་འབྱིན་པའོ། །རྔུབ་པ་ནི་སྡུད་པའོ་ཞེས་པ་ལྷག་མའོ། །རྣལ་འབྱོར་ནི་བརྟགས་པའི་རྣམ་པ་སྟེ། དེ་གང་ལ་ཡོད་པ་དེ་རྣལ་འབྱོར་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ་བཞི་ཞེས་པ་ལ་སོགས་པའོ། །ཤེས་རབ་ 31-1-92a ཐབས་ཀྱི་གཞིར་ཞེས་པ་ནི་ཕྱི་དང་ནང་གི་བདག་ཉིད་ཅན་དག་གི་གཞིར་ཏེ། སྒོམ་པའི་གནས་ལ་ངག་གི་བཟླས་པ་ཡང་དག་པར་བསྟེན་པའོ། །འདིར་གྲངས་ཀྱང་བསྟན་པར་བྱ་བའི་ཕྱིར་གསུངས་པ་ཁྲི་ཕྲག་ཅེས་པ་ལ་སོགས་པ་སྟེ་ངེས་པའི་དོན་ཏོ། །ཆོས་ནི་ ཀུན་རྫོབ་ཀྱི་བདེན་པའོ་ཞེས་པ་ནི་ཕྱི་དང་ནང་གི་བདག་ཉིད་ཅན་ཕུང་པོ་ལ་སོགས་པ་ཆོས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །མི་གཡོ་ནི་མི་འཇིག་པ་ཉིད་ཀྱི་ཕྱིར་དོན་དམ་པའི་བདེན་པའོ། །མཉམ་པར་འཇོག་པར་བྱེད་པ་ཉིད་དུ་མི་འགྱུར་བའི་ཕྱིར་ཞེས་པ་ནི་ཟབ་མོ་ལྷག་པར་མོས་པ་ འདོད་པ་ལྔ་ལ་ཞེན་པ་རྣམས་སོ། །དགོངས་པ་མ་ཡིན་པའོ། །གཉིས་སུ་མེད་པའི་ཡེ་ཤེས་དོན་དུ་གཉེར་བ་འདོད་པ་ཉེ་བར་ལོངས་སྤྱོད་པ་ཙམ་དོན་དུ་གཉེར་བའོ། །སྤྱོད་ལམ་ཐམས་ཅད་དུ་ནི་དབང་པོ་དང་ཡུལ་དག་གཟུང་བ་ལ་སོགས་པའོ། །རྟག་ཏུ་སྒོམ་པར་གསུངས་པ་རྟག་ ཏུ་ཞེས་པའོ། །མཉེས་པར་བྱའོ་ཞེས་པ་ནི་ཡུལ་དང་ཤེས་པ་དག་བདག་མེད་པའི་བདེ་བས་སོ། །རྣམ་པ་གཞན་དུ་ན་ཡུལ་གྱི་དབང་པོ་རྣམས་ཚིམ་པར་ག་ལ་འགྱུར། དེའི་ཕྱིར་ཕུང་པོ་དང་ཁམས་ལ་སོགས་པ་རྣམས་ཀྱང་དེ་བཞིན་དུ་ཚིམ་པར་བྱེད་པ་ཉིད་དུ་བཤད་པའི་ཕྱིར་ གསུངས་པ། དེས་སའི་སྙིང་པོ་ལ་སོགས་པ་རྣམས་ཞེས་པ་ལ་སོགས་པའོ། །དེ་རྣམས་དང་ལྡན་པའི་ཞེས་པ་ནི་འཆད་པར་འགྱུར་བཞིན་པའི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་སོ། །བྱང་ཆུབ་ཉི་མ་ཞེས་པ་ནི་དྲུག་པ་ཕྱིན་ཅི་ལོག་ཏུ་གསུངས་པ་ནི་ལུང་ཉིད་ཡིན་པའི་ཕྱིར་ཞེས་པ་ ལ་སོགས་པའོ། །རྣམ་པ་གསུམ་ཞེས་བྱ་བ་ལ་སོགས་པས་སོ་སོར་སྡུད་པའི་ཡན་ལག་སྟོན་ཏོ། །དེ་ཉིད་ཅེས་པ་ལ་སོགས་པས་བསམ་གཏན་གྱི་ཡན་ལག་སྟེ་བཞི་པ་འོད་གསལ་ལོ། །དེ་བཞིན་དུ་སྒྲ་ལ་སོགས་པ་རྣམས་ལ་ཡན་ལག་གཉིས་པོ་སྦྱར་བར་བྱའོ། །གསང་བ་ ཞེས་བྱ་བ་ལ་སོགས་པ་མངོན་པར་བརྗོད་པའི་ཕྱིར་རོ། །གསུངས་པའི་བསམ་གཏན་གྱི་ཡན་ལག་ནི་རང་གི་སེམས་རྩེ་གཅིག་པ་ཉིད་ཀྱི་རབ་ཏུ་དབྱེ་བ་ཡན་ལག་དྲུག་ཀྱང་སྲོག་རྩོལ་ལ་སོགས་པའི་ཡན་ལག་བཞི་འཆད་པར་འགྱུར་བའི་སྦས་པ་ལ་སོགས་པ་བཤད་པའི་ཕྱིར་ 31-1-92b འདིར་སྦྱར་བར་བྱའོ་ཞེས་གསལ་བར་བྱེད་དོ། །དེ་ལྟར་ཞེས་པ་ལ་སོགས་པ་ལ་གཟུགས་ལ་སོགས་པའི་ཡུལ་རྣམས་ལའོ། །ཐབས་ཀྱི་ངོ་བོ་ཉིད་ཀྱིས་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོས་སོ། །སླར་ཡང་དེ་རྣམས་ཉིད་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་ཉིད་དོ། ། སྤྱན་མ་ལ་སོགས་པ་ཞེས་པ་གཟུགས་སྒྲ་ལ་སོགས་པ་སྤྱན་མའི་ངོ་བོ་ཉིད་དོ་ཞེས་སྟོན་པར་བྱེད་དོ། །རྒྱུ་མཚན་དེའི་ཕྱིར་གཟུགས་ལ་སོགས་པ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པའོ། །ཤེས་རབ་སྤྱན་མ་ལ་སོགས་པའི་ངོ་བོར་བསྒོམ་པར་བྱའོ་ཞེས་པ་ནི་གཟུགས་ལ་སོགས་པ་སྤྱན་མ་ ལ་སོགས་པ་ཉིད་དོ་ཞེས་ངེས་པར་བྱའོ། །སྤྱན་མ་ལ་སོགས་པ་བཞི་ཡིན་ལ་ཡུལ་རྣམས་ཀྱང་ལྔ་སྟེ་དེ་དག་ཅི་ལྟར་ཡོངས་སུ་གྱུར་པས་མི་མཉམ་པར་འགྱུར་བ་མ་ཡིན་ནམ་ཞེ་ན། མཱ་མ་ཀཱི་ནི་རིགས་གཉིས་ཀའི་ཐུན་མོང་བ་ཉིད་ཀྱི་ཕྱིར། སྒྲ་དང་རེག་བྱ་ཉིད་ཡོངས་སུ་གྱུར་པ་ནི་མཱ་མ་ཀཱིའོ་ཞེས་ པ་འདི་ལ་ཉེས་པ་མེད་དོ། །རྣམ་པ་དེ་ལྟ་བུར་ཡོངས་སུ་གྱུར་པར་བརྗོད་པས། །ཕྱི་རོལ་གྱི་སྐྱེས་པ་དང་བུད་མེད་དུ་རྟོགས་པའི་གཟུགས་རྣམས་སྒོམ་པར་གསུངས་སོ། །ད་ནི་སླར་ཡང་ཞེས་བྱ་བ་ལ་སོགས་པས་དེ་རྣམས་ཉིད་མིག་ལ་སོགས་པའི་གཟུང་བར་བྱ་བ་གཟུགས་རྡོ་རྗེ་ལ་སོགས་པ་ རྣམས་ཞེས་པ་ནི་གཟུགས་རྡོ་རྗེ་ལ་སོགས་པའི་རང་གི་ངོ་བོ་རྣམས་སོ། །རིགས་ཀྱི་དབྱེ་བས་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ལྔ་པའི་དབྱེ་བས་སོ། །ཡོངས་སུ་གྱུར་པ་ཞེས་པ་ནི་གཟུགས་རྡོ་རྗེ་ལ་སོགས་པ་བུད་མེད་དུ་གསལ་བའི་ངོ་བོ་ཉིད་ཀྱིས་རྡོ་རྗེ་འཆང་ཆེན་པོ་བདེ་བའི་ངོ་བོར་ དམིགས་པར་བྱ་བ་སྟེ་བསྒོམ་པར་བྱའོ། །གཟུགས་ལ་སོགས་པ་རྣམས་ཐམས་ཅད་ཀྱིས་སྦྱར་བར་བྱའོ་ཞེས་སོ། །རྣལ་འབྱོར་ཐམས་ཅད་བཅོམ་ལྡན་འདས། །ཞེས་པ་ནི། བཅོམ་པ་འདི་ལ་ཡོད་དོ་ཞེས་པས་བཅོམ་ལྡན་ཏེ། ཕྱག་རྒྱ་དང་ལྡན་པའི་ཕྱིར་དང་ཡེ་ཤེས་དང་ལྡན་པའི་ཕྱིར་རོ། །རྡོ་རྗེ་ སེམས་དཔའ་ནི་མི་བསྐྱོད་པ་ལ་སོགས་པའི་བདག་ཉིད་ཅན་དྲུག་པ་སྟེ། ཡུལ་ལོངས་སྤྱོད་པའི་གནས་སྐབས་ཀྱི་སྐབས་སུ་བབ་པ་ཉིད་ཡིན་པའི་ཕྱིར་རོ། །བདེ་མཆོག་ཅེས་པ་ནི་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་ཏུའོ། །ཡིད་དུ་འོང་བ་ཞེས་ 31-1-93a པ་ལ་སོགས་པས་བསམ་གཏན་གྱི་ཡན་ལག་གི་རབ་ཏུ་དབྱེ་བ་ལྔ་པོ་སྟོན་པར་བྱེད་དོ། །ཡིད་དུ་འོང་བ་ནི་ཡིད་ལ་འཐད་པའོ། །ཡིད་དུ་མི་འོང་བ་ནི་དེ་ལས་ཅིག་ཤོས་སོ། །ལུང་དུ་མ་བསྟན་པ་ནི་བཏང་སྙོམས་ཀྱི་བདག་ཉིད་ཅན་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་ བ་ཉིད་བརྗོད་དུ་མེད་པའི་ཕྱིར་ལུང་དུ་མ་བསྟན་པའོ། །རྣམ་པ་གསུམ་ཞེས་པ་ནི་སྔར་བརྗོད་པའི་ངོ་བོའོ། །སྣང་བ་གསུམ་ནི་སྣང་བ་ལ་སོགས་པའོ། །དེ་ལས་བྱུང་བ་འདོད་ཆགས་ལ་སོགས་པ་རྣམས་ཀྱི་གྲངས་ཇི་ལྟ་བ་བཞིན་དུ་ཡིད་དུ་འོང་བ་ལ་སོགས་པའི་ཡུལ་ལ་དམིགས་ པར་བྱའོ། །ཡུལ་དུ་གྱུར་པས་ཤེས་པ་ནི་ཡུལ་ལོ། །མིག་གི་ཤེས་པ་ནི་མིག་དག་གོ། །རྣམ་པར་ཤེས་པར་བྱས་ལ་ཤེས་པ་ནི་རྣམ་པར་ཤེས་པའི་ཉམས་སུ་མྱོང་བའི་མཚན་ཉིད་སྣང་བ་ཙམ་ཉིད་དུ་གསུངས་པའོ། །མཆོད་པ་ཞེས་པ་ལ་སོགས་པས་མཆོད་པ་ལ་སོགས་པ་ སྣང་བ་ཙམ་ཉིད་དུའོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པས་བརྟན་པ་དང་གཡོ་བའི་བདག་ཉིད་ཅན་ཡང་རིགས་ཐམས་ཅད་ཀྱི་བདག་ཉིད་ཅན་ནི་དྲུག་པའོ། །བརྟན་པ་དང་གཡོ་བའི་བདག་ཉིད་ཅན་ཞེས་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཅན་ཉིད་ཀྱིས། དྲུག་པ་སྟོན་པར་ བྱེད་དོ། །གསུངས་པ་ཡང་། ཡེ་ཤེས་གསུམ་ནི་ལྔ་ལ་བསྟན་པ་དང་། །ཞེས་སོ། །ཡེ་ཤེས་ལྔའི་རང་བཞིན་གྱི་བདག་ཉིད་ཅན་ཉིད་དུ་བསྟན་པར་བྱའོ། །སྤྲུལ་པའི་སྐུ་ཡང་དག་པར་གཟུང་བ་གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྣམ་པར་སྣང་མཛད་ལ་སོགས་པ་སངས་རྒྱས་ལྔ་པོ་རྣམས་ ཀྱང་སྣང་བ་གསུམ་གྱི་ནང་དུ་གཏོགས་པར་གསུངས་པ་སངས་རྒྱས་ཞེས་པ་ལ་སོགས་པ་ལ་སངས་རྒྱས་ནི་དྲུག་པ་ཉིད་དོ། །ཐིམ་པར་གྱུར་པ་ནི་གང་དུ་དེའི་བདག་ཉིད་ཀྱིས་གནས་པར་བྱེད་དོ་ཞེས་བྱས་སོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པའོ། ། དེ་ཉིད་ཅེས་པ་ནི་རྡོ་རྗེ་འཆང་ཆེན་པོ་ལས་ཐ་དད་པའི་རྣལ་འབྱོར་པ་གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་ཉིད་དུ་ཞེས་པ་ནི་སྔར་བརྗོད་པའི་གཟུགས་བཞིན་དུ། ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་དང་ལུང་དུ་མ་བསྟན་པ་ལ་སོགས་པའི་གཟུགས་བཞིན་དུ་འདིར་སྒྲ་ལ་སོགས་པ་ 31-1-93b རྣམས་ལ་ཡང་སྦྱར་བར་བྱའོ་ཞེས་པའི་དོན་ཏོ། །དབུལ་བར་བྱའོ་ནི་སྣང་བ་གསུམ་ཉིད་ཀྱིས་ཤེས་པར་བྱའོ། །འདི་ལས་ཞེས་པ་ནི་སྣང་བ་གསུམ་པོ་ལས་སམ་དེའི་བདག་ཉིད་ཅན་ལས་ཀྱང་རུང་སྟེ་རྡོ་རྗེ་འཆང་ཆེན་པོ་ལས་སོ། །སྣ་ཚོགས་པའི་བདག་ཉིད་ཅན་ནི་སྣ་ཚོགས་དང་ འབྲེལ་པའི་སྒྲའི་བདག་ཉིད་ཅན་ནོ། །འདོད་ཆགས་ནི་སྐྱེས་པ་དང་བུད་མེད་དག་ཕན་ཚུན་ཆགས་པའོ། །དེ་ཉིད་གཟུང་བར་བྱའོ་ཞེས་པས་ཆོས་སོ། །དེའི་ངོ་བོ་འོད་དཔག་མེད་དོ། །རང་གི་རིགས་ཀྱི་ཡེ་ཤེས་གསུམ་གྱི་བདག་ཉིད་ཡེ་ཤེས་གསུམ་ཉིད་དུ་དབུལ་བར་ བྱའོ། །རང་གི་ཡེ་ཤེས་ཀྱི་རང་གི་ཡེ་ཤེས་ལ་ཤེས་པར་བྱའོ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། མི་བསྐྱོད་པ་ཞེས་པ་ལ་སོགས་པ་སྟེ། མི་བསྐྱོད་པ་ནི་སྣང་བ་སྟེ། དེ་རྟག་ཏུ་སྣང་བས་གཡོ་བ་མེད་པའི་སྣང་བའོ། །དེ་ཉིད་ཅེས་པ་རྣལ་འབྱོར་པ་དེ་ཉིད་དོ། །རྣམ་པར་ ཤེས་པ་གསུམ་ལ་སྦྱར་བར་བྱའོ་ཞེས་པ་ནི། རྣམ་པར་ཤེས་པ་གསུམ་དམིགས་པར་བྱེད་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། གཟུགས་ལ་སོགས་པ་ཞེས་པའོ། །འདི་ཞེས་པ་ལ་སོགས་པ་ནི་མ་འོངས་པའི་སློབ་དཔོན་རྣམས་ལ་སློབ་པ་སྟེ། བླངས་ནས་ནི་བཀུག་ནས་སོ། ། བསགས་པ་ནི་གཅིག་པོ་འདིར་ཡེ་ཤེས་གསུམ་དུ་གྱུར་པ་དེའི་བདག་ཉིད་ཀྱི་ཕུང་པོར་བྱས་པའོ་ཞེས་པའོ། །སྤྱོད་བསྡུས་སུ་རྣམ་ཤེས་ནི་ཕུང་པོའམ། བསགས་པར་མེད་དེ་གཞི་མེད་པའི་ཕྱིར་རོ་ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། ཤེས་བྱ་དང་ཤེས་པའི་བདག་ཉིད་ཅན་ཤེས་པ་ནི་འདིར་ སོ་སོར་བསྟན་པར་བྱ་བ་ཉིད་ཡིན་པའི་ཕྱིར་འདི་ལ་ཉེས་པ་མེད་དོ། །གང་ཡང་ཕུང་པོ་ལྟ་བུ་ནི་ཕུང་པོའོ། །གཅིག་ཀྱང་འགྲོ་བའི་རང་བཞིན་ཉིད་ཡིན་པའི་ཕྱིར་རྣམ་པར་རིག་པའོ། །གསུངས་པ། སྔགས་པ་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པ་གསུམ་གྱི་ནི་ཡིད་དུ་འོང་བ་ལ་སོགས་པ་རྣམས་ ཀྱིས་སོ། །རྡོ་རྗེ་འཆང་ཆེན་པོའི་ངོ་བོ་ཉིད་ཡིན་པའི་ཕྱིར་ལྷ་ཉིད་དོ། །ཡིད་དུ་འོང་བ་ལ་སོགས་པའི་ཡུལ་གསུམ་རིག་པའི་ཕྱིར་ཡེ་ཤེས་གསུམ་མོ། །དེ་བཞིན་དུ་གང་ཕྱི་ལ་ཡིད་དུ་འོང་བའི་ཡུལ་ལ་ཆགས་པའི་རང་བཞིན་ནོ། །ཡིད་དུ་མི་འོང་བའི་ཡུལ་ལ་འདོད་ཆགས་དང་བྲལ་བའི་རང་ 31-1-94a བཞིན་ནོ། །བཏང་སྙོམས་པའི་ཡུལ་ལ་གཏི་མུག་གི་རང་བཞིན་སྐྱེ་བའི་དབང་གིས་ཡེ་ཤེས་གསུམ་ཡང་རྟོགས་སོ། །དེའི་ཕྱིར་གསུངས་པ། ཤེས་པར་བྱའོ་ཞེས་སོ། །ངོ་བོ་ཉིད་དུ་ཤེས་པ་ནི་ཡེ་ཤེས་གསུམ་གྱི་ངོ་བོའོ། །དེ་བླ་མའི་མན་ངག་ལས་འོད་གསལ་དུ་ཤེས་ པ་སྟེ། རྣམ་པ་གཞན་དུ་རྣམ་པར་རིག་པར་བྱེད་པ་མེད་པ་དང་ཤེས་པ་མེད་པ་དང་། ཉམས་སུ་མྱོང་བ་མེད་པ་ཉིད་ཀྱིས་གནོད་པའི་ཕྱིར་རྣམ་པར་རིག་པར་ག་ལ་འགྱུར།དེ་རང་བཞིན་གྱིས་ཡོངས་སུ་གྱུར་པའོ། །དེ་ཉིད་ཅེས་པ་ནི་ཡེ་ཤེས་གསུམ་གྱི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོ་ནི་ གཉུག་མའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེའི་ཞེས་པ་འདིས་ཡོངས་སུ་དག་པའི་རྡོ་རྗེ་འཆང་ཆེན་པོ་ལ་འོད་གསལ་བ་རྡོ་རྗེ་འཆང་ཆེན་པོའི་ཐ་སྙད་བཏགས་པ་ལ་བཏགས་པའི་རྒྱུ་མཚན་སྟོན་པར་བྱེད་དོ། །བཤད་པའི་རྒྱུད་ཅེས་པ་ནི་དགོངས་པ་ལུང་སྟོན་དུའོ། །ནང་ནི་ཡེ་ཤེས་གསུམ་ མོ། །ཕྱི་རོལ་ནི་དབང་པོའི་ཤེས་པའོ། །གཉིས་ཀ་ནི་རྗེས་སུ་དམིགས་པར་གྱུར་པར་ཀུན་དུ་འབྱུང་བའི་ཕྱི་ལ་སོགས་པ་རྣམས་སོ། །གཟུགས་སོགས་ཤེས་པ་ནི་རང་བཞིན་མེད་པ་ཉིད་གཟུགས་སོགས་རྣམ་གསུམ་གྱི་སྒྲས་བརྗོད་པར་བྱའོ་ཞེས་མངོན་པར་དགོངས་སོ། །རང་བཞིན་མེད་ པ་ཉིད་ཡོངས་སུ་ཤེས་པ་ཉིད་ལྷ་རྣམས་ལ་དབུལ་བ་སྟེ། འོད་གསལ་ནི་ལྷ་ཐམས་ཅད་ཀྱི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་ཞེས་པ་ནི་འདོད་པ་ལྔའི་སྤྲོས་པ་རྣམས་ཡེ་ཤེས་གསུམ་གྱི་རང་བཞིན་ཉིད་ཀྱིས་སམ་ཡེ་ ཤེས་གསུམ་པོ་ཉིད་ཀྱིས་འོད་གསལ་གྱི་མཐར་ཐུག་པར་ཉེ་བར་ཞི་བའི་ཕྱིར་རོ། །མཐར་ཐུག་པའོ། །ཕྱིས་གཅིག་ཏུ་བྱས་པ་ནི། གསུམ་པོ་རྣམས་ཀྱང་མཚན་མ་ཉིད་ལས་སོ། །ཐབས་ཀྱི་ཡེ་ཤེས་ནི་འོད་གསལ་ཐོབ་པའི་ཐབས་ཡིན་པ་ཉིད་ཀྱི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་ཉིད་ ཀྱི་ཕྱིར་ལྷ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆུ་ཟླ་ཞེས་བྱ་བ་ལ་སོགས་པས་དཔེ་གཅིག་གཉིས་ཀྱིས་གསུངས་པའི་ཡེ་ཤེས་ཀྱི་སྐུ་ནི་ལྷའི་བདག་ཉིད་ཡོངས་སུ་ཤེས་པའོ། །བདེ་བ་ཆེན་པོ་གཅིག་ཅེས་བྱ་བ་འདིས་ཟུང་འཇུག་ནི་བདེ་བ་ཆེན་པོའི་ངོ་བོ་ཉིད་དུ་བསྟན་ཏོ། །གསུངས་པ་ཡང་། 31-1-94b བདེ་དང་སྡུག་བསྔལ་ཞེས་པ། གཉིས་ཀ་སྦྱིན་པར་བྱེད་པ་རྟགས། །དམིགས་པ་མེད་པ་མ་བརྟགས་པ། །དམིགས་མེད་བདེ་བ་ཆེན་པོའོ། །ཞེས་སོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི། སངས་རྒྱས་ཀུན་གྱིས་བསྟེན་པ་ནི་སངས་རྒྱས་རྗེས་སུ་དྲན་པ་ལ་སོགས་པའི་རིམ་པས་སངས་རྒྱས་ཀུན་གྱི་དེའི་བདག་ཉིད་ ཀྱིས་བསྟེན་པ་སངས་རྒྱས་ཀུན་གྱི་གནས་འོད་གསལ་བའི་བདག་ཉིད་ལའོ། །ཉམས་དགའ་ནི་ཡིད་དུ་འོང་བའོ། །བྷ་ག་ལ་ནི་བདུད་བཞི་འཇོམས་པའི་སྒྲུབ་པ་ལའོ། །ཞི་བ་གཅིག་པུའི་མིང་ཞེས་པ་ནི་ཞི་བ་ནི་ཉེ་བར་ཞི་བའོ། །གང་དུ་གཅིག་ལ་སོགས་པའི་མིང་ངོ་ཞེས་པས་གཅིག་པུའི་མིང་ངོ་། ། གང་དུ་ཞེས་པ་ཡང་དག་པར་སྐྱེས་པ་དེར་གཅིག་དང་དུ་མ་ལ་སོགས་པའི་མིང་གཞག་པ་གང་དུ་སྐྱེས་པ་ཞེས་མངོན་པར་དགོངས་སོ། །རང་གི་དེ་ཉིད་ནི་འོད་གསལ་ལོ། །དེའི་ཕྱིར་གཉིས་སུ་མེད་པ་ཉིད་ཀྱིས་ནི་བདག་ཉིད་གཅིག་པུ་ཉིད་ཀྱིས་སོ། །བྱུང་ཞེས་པས་རང་གི་ངོ་བོ་སྟོན་པར་བྱེད་དོ། །རྡོ་རྗེ་ནི་རྡོ་རྗེ་ འཆང་ཆེན་པོའོ། །སྦྱར་བར་བྱ་བ་ནི་ཤེས་པར་བྱ་བའོ་ཞེས་པའོ། །སངས་རྒྱས་རྗེས་སུ་དྲན་སྦྱོར་བས་ཏེ་ནི་ཀུན་དུ་སྦྱོར་བར་བྱེད་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་འོད་གསལ་དུ་འཇུག་པར་བྱེད་པ་ནི་བྷ་ག་ལིང་ག་ཡིན་པར་བསྒྲགས་ཏེ་རྡོ་རྗེ་འཆང་ཆེན་པོ་བདག་གིས་གསུངས་སོ། །གཞུག་པ་ཞེས་ བྱ་བ་ནི། གང་དུ་ཡོངས་སུ་སྦྱོར་བའི་དོན་དུ་གཞུག་པ་སྟེ། དེ་བཞིན་ཉིད་དེས་གཉིས་མེད་སྦྱོར་བ་སྟེ་གཉིས་སུ་མེད་པའི་ཏིང་ངེ་འཛིན་ཏོ། །ཅི་ཡིན་ཞེ་ན་སངས་རྒྱས་ཞེས་བྱ་བ་ལ་སོགས་པའོ། །དེ་ལས་ཞེས་པ་རྡོ་རྗེ་འཆང་ཆེན་པོ་གཉིས་སུ་མེད་པའི་བདག་ཉིད་ཅན་གསུངས་པ་ལས་ སོ། །རྣམ་སྤྲོ་བྱ་ནི་རྣམ་པ་སྣ་ཚོགས་པའི་རྣམ་པས་སྤྲོ་བར་བྱ་སྟེ་ཕྱི་རོལ་དུ་སྤྲོ་བར་བྱའོ། །སངས་རྒྱས་གཟུགས་བློ་ལྡན་ནི་སྤྲོ་བར་མངོན་པར་ཤེས་པའོ། །སྤྲོ་བའི་སྒོ་གསུངས་པ་བ་སྤུ་ཞེས་བྱ་བ་ལ་སོགས་པའོ། །རྫོགས་པའི་ཏིང་ངེ་འཛིན་དང་ལྡན་པ་ནི་འདིར་རབ་ཏུ་བསྟན་པ་ཉིད་ཀྱི་ ཕྱིར་བ་སྤུའི་སྒོ་རུ་གནས་ཞེས་བརྗོད་པར་བྱ་སྟེ། གཅིག་སྤྲོ་བའི་དབང་ཉིད་ཀྱིས་བ་སྤུའི་བུ་ག་ལའོ། །ཅི་ཞེ་ན་སངས་རྒྱས་སྤྲིན་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དགོངས་པས་བཤད་པའོ། །རྣལ་འབྱོར་པ་ཐམས་ཅད་ཀྱི་ཞེས་བྱ་བ་ནི། བསྐྱེད་པ་དང་རྫོགས་པའི་རིམ་པ་ལ་ 31-1-95a གནས་པའི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་རྣལ་འབྱོར་པའོ། །ཇི་ལྟར་རྙེད་པའི་གཟུགས་ཞེས་བྱ་བ་ནི། འདིས་གཞན་གསུང་མགྲིན་པ་སྙན་པ་ལ་སོགས་པ་ལ་འདིར་ངེས་པར་ལྟོས་པར་བྱ་བ་མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །ཡན་ལག་མ་ཉམས་པ་ཙམ་ལ་ནི་ལྟོས་པར་ བྱའོ་ཞེས་གསུངས་ལ། ཡན་ལག་མ་ཉམས་པ་ཉིད་ཀྱིས་ཤེས་སོ། །གཟུགས་ལ་སོགས་པའི་ཡུལ་གྱི་མཚན་ཉིད་ཀྱིས་ནི་གཟུགས་ལ་སོགས་པའི་ཡུལ་ཉམས་སུ་མྱོང་བའི་མཚན་ཉིད་དེ། གང་ཡང་བདག་ཉིད་མཆོད་པ་ཞེས་པ་འདིའི་ཁྱད་པར་རོ། །ཡུལ་གྱི་མཚན་ཉིད་ཅེས་པ་ ནི་ཡུལ་གྱི་མཚན་ཉིད་གང་ཡིན་པ་མཆོད་པ་ཞེས་བྱ་བའི་དོན་ཏོ། །བྱིན་གྱིས་བརླབས་པས་ཞེས་པ་ནི་དམིགས་པའོ། །ཡུལ་དུ་ཞེས་པ་ནི་ཡིད་དུ་འོང་བ་ལ་སོགས་པ་རྣམ་པ་གསུམ་རྣམས་ལའོ། །རིམ་པ་ཇི་ལྟ་བར་དེ་ལ་དམིགས་པས་རྫོགས་པའི་ཕྱིར་འདོད་ཆགས་ལ་སོགས་པའི་ རང་བཞིན་གསུམ་མོ་ཞེས་སོ། །རྡོ་རྗེ་འཆང་ཆེན་པོའི་ཞེས་པ་ནི་རྣལ་འབྱོར་བཞིས་རྫོགས་པའི་སྐད་ཅིག་གིས་རྫོགས་པའོ། །རེག་རྡོ་རྗེ་ཞེས་པ་ནི་འདིར་ཇི་ལྟར་རྙེད་པའི་གཟུགས་ལ་སོགས་པ་ཞེས་སྔགས་པ་འདིར་སྦྲེལ་ལོ། །རྣམ་པར་སྣང་མཛད་ལ་སོགས་པ་ནི་དེ་བཞིན་གཤེགས་པ་ རབ་ཏུ་གྲགས་པའོ། །དེ་བཞིན་གཤེགས་པ་ཅན་གྱི་ཞེས་བྱ་བ་ལ་སོགས་པས་རིགས་ལ་སོགས་པ་ངེས་པར་སྟོན་པར་བྱེད་དོ། །ཕྱག་རྒྱ་གཞན་རྣམས་ཀྱི་ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་རིགས་ལ་སོ་སོའི་སངས་རྒྱས་རྣམས་ཉིད་ཀྱིའོ། །སྔགས་མཆོག་ཏུ་གཞོལ་བའི་ཞེས་གསུངས་ པའི་ཕྱིར་ནང་ལ་མཆོག་ཏུ་གཞོལ་བ་རྣམས་ཀྱི་གཞན་དུ་འདིར་ཆོ་ག་གཞན་དུ་མངོན་པར་འདོད་དེ་རྒྱ་ཆེར་བཤད་པ་མེད་པ་ཞེས་མཚོན་པར་བྱའོ། །རིན་ཆེན་འབྱུང་ལྡན་གྱི་ང་རྒྱལ་དང་ལྡན་པས་ཞེས་པ་ནི་བདེ་བའི་བདག་ཉིད་ཚོར་བའི་ཕུང་པོ་ལའོ། །རྣལ་འབྱོར་བརྟན་པར་བྱ་བའི་དོན་དུ་རེངས་པར་ བྱ་བའི་དོན་དུ་ཧཱུཾ་གི་ཡི་གེའི་གླུ་དང་དགའ་བ་ཉིད་དུ་འགྱུར་རོ། །འདིའི་འབྲས་བུ་གསུངས་པ། རང་གི་ཕྱག་རྒྱ་ཞེས་པ་ལ་སོགས་པ་གསུངས་སོ། །ཡི་གེ་ཕཊ་ཀྱི་ཞེས་གསུངས་པ་ཡང་ཕཊ་ཡིག་གི་བརྗོད་པར་བྱའོ། །དེ་ཞེས་པའོ། །སྙོམས་པར་འཇུག་པས་ཞེས་བྱ་བ་ལ་སོགས་པས་དབང་ 31-1-95b པོ་གཉིས་ཐ་མལ་པའི་འདུ་བྱེད་གསལ་བའོ། །འདི་ནི་ཉེ་བར་མཚོན་པ་སྟེ། །ཞེས་པ་ཟླ་བའི་འོད་ལྟ་བུ་ཞེས་པ་ལ་སོགས་པས་སྤྱན་མ་ལ་སོགས་པ་རྣམས་སོ། །དེས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཡང་ཟླ་བའི་འོད་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ཁྱད་པར་རོ་ཞེས་མངོན་པར་དགོངས་སོ། །གང་ ཡང་འབར་བཅས་ཞེས་པ་ལ་སོགས་པའི་ཁྱད་པར་ཉེ་བར་མཚོན་པའོ། །འདི་ནི་མཱ་མ་ཀཱི་ལ་སོགས་པ་རྣམས་ལ་ཡང་འབྱུང་བར་འགྱུར་རོ། །དགོངས་པ་མ་ཡིན་པའོ་ཞེས་པ་ནི་གསལ་བར་གསུངས་པ་ཉིད་ཀྱི་ཕྱིར་རོ། །གཙོ་བོར་ཕྱག་རྒྱ་དང་སྙོམས་པར་འཇུག་པ་གསུངས་པ་ནི་དེའི་ ཐབས་སོ། །དོན་གྱི་བྱེ་བྲག་སྟོན་པར་བྱེད་པས་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་ལ་ཡང་སྦྱར་བར་བྱ་བ་ཉིད་དེ་སྙོམས་པར་འཇུག་པ་འདི་གསུངས་པའི་ཕྱིར་ཏེ། རྣལ་འབྱོར་པ་ཐམས་ཅད་ཀྱི་ཐུན་དུ་ཞེས་གསུངས་པའི་ཕྱིར་རོ། །བ་སྤུའི་བུ་གའི་རྩེ་བར་ནས། །ཞེས་པ་ནི། མང་པོ་ ཉིད་དུ་བཤད་པའི་ཕྱིར་གསུངས་པ། བ་སྤུ་ཞེས་པ་ལ་སོགས་པ་སྟེ་བ་སྤུའི་བུ་ག་ལས་དང་། བ་སྤུའི་རྩེ་མོ་ལས་དང་། བ་སྤུའི་བར་ལས་སྤྲོ་བར་བྱའོ། །ངོ་བོ་ཉིད་ཅེས་པས་སྤྲོ་བར་བྱའོ་ཞེས་པ་ལྷག་མའོ། །རྡོ་རྗེ་འཆང་ཆེན་པོ་ནི་དྲུག་པའོ། །གསུངས་པའི་འོད་དཔག་མེད་ནི་སྤྲོ་བ་དང་བསྡུ་ བ་གསུངས་པ། ཆོས་ཀྱི་སྤྲིན་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །རྡོ་རྗེ་སེམས་དཔའ་ནི་དྲུག་པ་རྡོ་རྗེ་འཛིན་པ་ཉིད་དོ། །མི་བསྐྱོད་པར་གསུངས་པ་ནི་སྔ་མ་བཞིན་དུ་སྤྲོ་བ་དང་བསྡུ་བར་གསུངས་སོ། །རྡོ་རྗེའི་སྤྲིན་ཞེས་བྱ་བ་ལ་སོགས་པས་སླར་ཡང་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་དྲུག་ པ་ཉིད་དོ། །དོན་ཡོད་གྲུབ་པར་གསུངས་པ་ནི་སྔ་མ་བཞིན་དུ་སྤྲོ་བ་དང་བསྡུ་བར་གསུངས་སོ། །ཁྲོ་བོའི་སྤྲིན་ཞེས་པ་ལ་སོགས་པའོ། །དམ་ཚིག་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་དྲུག་པའོ། །ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་ལྔ་པོ་སྤྲོ་བ་དང་བསྡུ་བའི་དོན་ དུ་བར་ཆད་པའི་གནས་ལྔར་ཀུན་དུ་བཞུགས་པའི་ཡེ་ཤེས་ཀྱི་རང་བཞིན་རྡོ་རྗེ་འཆང་ཆེན་པོའོ། །དེའི་ཞེས་བྱ་བ་ནི་དྲུག་པའི་གནས་ན་བཞུགས་པ་དེའི་འོ། །ཐིགས་པ་ཞེས་པ་ནི་ཤིན་ཏུ་རྣལ་འབྱོར་ལ་སོགས་པས་སྤྲུལ་པའི་སྐུའོ་ཞེས་པ་རྡོ་རྗེ་འཆང་ཆེན་པོའི་བདག་ཉིད་ཞལ་གསུམ་ 31-1-96a པ་ཕྱག་དྲུག་པ་རྣམ་པར་སྣང་མཛད་ལྟ་བུ་སྟེ་འོད་ཀྱང་ཕྱག་གཡས་ཀྱི་གཙོ་བོས་རྡོ་རྗེ་དཀར་པོ་འཛིན་པའོ། །དེ་རྒྱས་པའི་དོན་ཞེས་པ་ཡེ་ཤེས་ཀྱི་སྐུ་སྟེ་འཆད་པར་འགྱུར་བའི་རྣམ་པ་འདིས་རྒྱས་པ་ལ་འབྱུང་བའི་ཕྱིར་རོ། །ལྕེའི་རྡོ་རྗེ་ནི་བདུད་རྩི་མྱང་བ་འདིར་བདུད་ རྩི་མྱང་བའི་ཆོ་ག་ལ་རྡོ་རྗེའི་ངོ་བོ་ཉིད་དུ་བསྒོམས་པར་གྱུར་པ་ཉིད་ཡིན་པའི་ཕྱིར་ལྕེའོ། །རྐན་གྱི་པདྨ་ཞེས་པ་ནི་པདྨ་ལྟ་བུ་ནི་པདྨ་སྟེ། བྱང་ཆུབ་ཀྱི་སེམས་ཕྱུང་བ་དེ་འཛིན་པ་དང་བསྐྱོད་པ་གཉིས་ཀའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཅི་ལྟར་ཞེས་བྱ་བ་ལ་སོགས་པའོ། །ཀླད་ རྒྱས་ཞེས་པ་ནི་ཀླད་རྒྱས་དེ་ཉིད་དེ་གཞན་ནི་ཟད་པའི་ཕུང་པོ་དང་ཁམས་ལ་སོགས་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །སྙིང་གར་ཞེས་པ་གསང་བ་རུའོ། །དེ་བཞིན་ཉིད་དུ་འདིར་ཡང་སྙིང་གར་དཀྱིལ་འཁོར་ཞེས་པ་ནི་སུམ་ཅུ་སོ་གཉིས་ཀྱི་བདག་ཉིད་ཅན་ནོ། །བུ་དང་ཞེས་པ་ནི་སློབ་མ་ དང་ཡང་སློབ་མ་ལ་སོགས་པའི་རང་བཞིན་ཏེ་འཇིག་རྟེན་ན་ཡང་བུ་དང་ཚ་བོ་ལ་སོགས་པར་རབ་ཏུ་གྲགས་པས་སོ། །འདིར་བསྐྱེད་པའི་རིམ་པ་ལ་གནས་པ་སོ་སོར་ཕན་ཚུན་རྒྱུར་གྱུར་པའི་ཚོགས་ནི་དཀྱིལ་འཁོར་རོ། །དགོངས་པས་བཤད་པའོ་ཞེས་པ་ནི་རང་གི་རྡོ་རྗེ་ཞེས་པ་ལ་སོགས་ པས་ལྷག་པར་ཆགས་པའི་འབྲས་བུ་ཉིད་ཀྱིས་འགལ་བའི་ཚིག་གིས་གསུངས་པའི་ཕྱིར་རོ། །སྐུ་གང་ཞིག་ཅེས་བྱ་བ་ནི་ཕྱོགས་བཅུར་བཞུགས་པའི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱི་སྐུ་ཐུན་མོང་བ་ནི་སྐུ་གང་ཞིག་ཅེས་བྱ་བ་འདི་བརྗོད་པར་བྱ་བའོ། །རྣམ་པ་གཞན་དུ་ན། སྐུ་གང་ཞེས་པར་འགྱུར་རོ། །གང་ཡང་སྐུ་གང་ཞིག་ནི་སྐུའི་ངོ་བོའོ། །ཕུང་པོ་ཉེ་བར་མཚོན་པའི་དོན་དུ་སྐུའི་སྒྲ་དེ་ལ་ལྟོས་པ་ཉིད་ལ་གང་ཞིག་ཅེས་བརྗོད་པར་བྱ་སྟེ་སྐུ་གང་ཞིག་ནི་ཕུང་པོ་གང་ཞིག་ཅེས་བྱ་བར་མངོན་པར་དགོངས་སོ། །སངས་རྒྱས་སྐུའི་ངོ་བོ་ཡིས་ནི་ཕྱོགས་བཅུ་ན་དུས་ གསུམ་དུ་བཞུགས་པའི་རྣམ་པར་སྣང་མཛད་ཀྱི་སྐུར་སྒྲུབ་པ་པོའི་ལུས་གཅིག་པུས་རྒྱུར་གྱུར་ཅིག་ཅེས་པའོ། །སངས་རྒྱས་ཀུན་གྱི་ཞེས་བྱ་བ་ལ་སོགས་པས་རྒྱ་ཆེར་འགྲེལ་པས་སྐུའི་དབང་དུ་བྱས་ནས་གསུངས་པ་ནི། གསུང་དང་ཐུགས་དག་ལ་ཡང་ཇི་ལྟར་འབྱུང་བ་བཞིན་དུ་སྦྱར་བར་ 31-1-96b བྱའོ། །ཀུན་དུ་བཟང་པོ་ནི་མི་བསྐྱོད་པའོ། །སྒྲ་ཇི་བཞིན་པའོ་ཞེས་པ་ནི་སེམས་ཀྱི་རང་བཞིན་ཉིད་ལ་སོགས་པ་མ་བརྗོད་པ་ཉིད་ཀྱི་ཕྱིར་རོ། །ད་ནི་ཞེས་བྱ་བ་ལ་སོགས་པས་མཆོག་སྒྲུབ་པ་ལ་གནས་པ་ནི། རྫོགས་པའི་རིམ་པ་ལ་གནས་པའོ། །རྫོགས་པ་དང་མ་རྫོགས་པ་རྣམས་ཀྱི་ རང་བཞིན་ཡོངས་སུ་ཤེས་པས་སོ། །སྒོ་ང་ལས་སྐྱེས་པ་ཞེས་བྱ་བ་ལ་སོགས་པས་སེམས་ཅན་མ་ལུས་པ་མངོན་པར་བརྗོད་དེ། སྐྱེ་གནས་ལས་མ་བྱུང་བ་མེད་པ་ཉིད་ཀྱི་ཕྱིར་རོ། །འདི་ཞེས་བྱ་བ་ལ་སོགས་པས་འཇིག་རྟེན་དུ་གྲགས་པའི་སྐུ་ལ་སོགས་པའི་བྱེད་པ་བསྟན་པའོ། །བརྟག་ པའི་གཞིར་གྱུར་པ་ཞེས་པ་ནི་ལུས་ལ་སོགས་པ་ནི་སེམས་ཅན་གྱི་གཞི་མེད་པ་ལའོ། །གཅིག་པུ་གང་ཡིན་པ་ཞེས་པ་ལ་སོགས་པས་སེམས་ཀྱི་ངོ་བོ་ཉིད་ཀྱིས་གཅིག་པུ་ཉིད་དོ། །གང་ཅི་འདྲ་བ་ཞེས་པ་ནི་རང་གི་ངོ་བོ་གང་ཞིག་གཉུག་མའི་བདག་ཉིད་དོ། །བདག་གི་ཞེས་བྱ་བ་ནི་སྒྲུབ་ པ་པོའི་འོ། །དེ་འདྲ་བར་ཞེས་པ་ནི་སེམས་ཅན་ཐམས་ཅད་ཀྱི་ཇི་འདྲ་བར་བརྗོད་པའོ། །ཅི་ལྟར་བྱས་ནས་ཤེ་ན། མཁའ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིས་ཅི་ཞིག་བརྗོད་པར་འགྱུར་ཞེ་ན། འདིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིར་བྱིན་གྱིས་བརླབ་པ་ ནི་སྐུ་ལ་སོགས་པའི་ཐུགས་ཀྱི་རང་བཞིན་ཉིད་དུ་འདོད་པ་ཉིད་ཡིན་པའི་ཕྱིར་ཐུགས་བྱིན་བརླབ་ཐོག་མར་གསུངས་སོ། །གསུང་ཞེས་བྱ་བ་ལ་སོགས་པ་ལ་སྔགས་ཞེས་པ་ནི། འདོན་ཅིང་ཞེས་བྱ་བ་ནི་མི་ལ་སོགས་པའི་མངོན་པར་བརྗོད་པ་རྣམས་སོ། །སྐུ་དང་གསུང་དག་ཐུགས་ཀྱི་ནང་ དུ་གཏོགས་པའི་དོན་དུ་གསུངས་པ་སྐུ་ཞེས་བྱ་བ་ལ་སོགས་པས་སོ། །སྐུ་ལ་དམིགས་པས་སྐུའོ། །སྐུ་ཞེས་བྱ་བ་འོག་ནས་འཆད་པ་ནི་སྐུ་ཞེས་བྱ་བའི་སྒྲ་ནི། གང་ཞིག་སེམས་པར་བྱེད་པ་སྟེ་དེ་ཉིད་ཀྱི་ཕྱིར་སྐུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཡོངས་སུ་གྱུར་པ་ནི་དེ་ངོ་བོས་རྫོགས་པ་ སྟེ་དེ་ནི་སྐུ་དང་གསུང་དང་ཐུགས་སོ། །ཐུགས་དེ་ཉིད་སྐུ་དང་གསུང་དང་ཐུགས་སུ་མངོན་པར་བརྗོད་པར་བྱའོ་ཞེས་མངོན་པར་དགོངས་སོ། །སེམས་ཅན་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་སྔགས་ཀྱི་སྐུ་ཞེས་པ་སྔར་བརྗོད་པ་ནི་འདིར་སྦྲེལ་ལོ། །སྔགས་ཀྱི་སྐུ་ནི་ངག་གི་ཚོགས་དང་། 31-1-97a སྐུ་དང་གསུང་དང་ཐུགས་ཀྱང་སྔགས་ཀྱི་སྐུ་སྟེ། སྐུ་དང་གསུང་དང་ཐུགས་ལས་ཚིག་དང་སེམས་དག་དང་། ཚིག་དང་ལུས་དག་ཏུ་མངོན་པར་བརྗོད་དོ། །དེ་ཉིད་ཀྱི་ཕྱིར་དེ་དག་ཅེས་བྱ་བ་གསུངས་ཏེ། སྒོ་ང་ལས་སྐྱེས་པ་རྣམས་ཀྱི་སྒྲ་ནི་སྔགས་ཏེ་གསུང་ཡིན་ནོ། །དེའི་རང་ བཞིན་དེ་ཉིད་རྡོ་རྗེའོ། །སྐུ་གང་ཡིན་པ་ཞེས་པ་ནི་སྐུའི་སྒྲས་གསུང་དང་ལྡན་པའི་ཕུང་པོའོ། །གསུང་བྱིན་གྱིས་བརླབ་པ་མངོན་པར་བརྗོད་ནས་སྐུ་བྱིན་གྱིས་བརླབ་པ་གསུངས་པ། གསུང་ཞེས་པ་ལ་སོགས་པ་སྟེ་འདིའི་དོན་ཚིག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་ལ། ཚིག་ ཏུ་བརྗོད་པ་ནི་ངག་ཏུ་རབ་ཏུ་འབྱུང་བ་ཉིད་དོ། །སྒོ་ང་ལས་སྐྱེས་པ་ལ་སོགས་པའི་སྒྲའི་ཚོགས་རབ་ཏུ་འཇུག་པས་ཞེས་བྱ་བའི་དོན་ཏོ། །གང་ཞེས་པ་ནི་བརྡར་བཏགས་པར་གྱུར་པའོ། །སྒོ་ང་ལས་སྐྱེས་པ་ལ་སོགས་པའི་ཕུང་པོའི་ཚོགས་པ་སྒོ་ང་ལས་སྐྱེས་པའི་ཕུང་པོའི་རྣམ་ པ་རང་རང་སོ་སོ་དེ་དང་དེའི་སེམས་སྐྱེས་སོ། །དེ་ལྟ་བུ་ཞེས་པ་ནི་སྔགས་བྱིན་གྱིས་རློབ་པར་བྱེད་པ་ལ་ལྟོས་པའི་ཚིག་སྟེ། ཇི་ལྟ་བུ་ཞེས་པ་ལ་སོགས་པ་ལ་འཆད་པར་འགྱུར་བ་ལ་བར་མ་ཆད་པར་སྤེལ་ལོ། །གང་ཞེས་པ་ལ་སོགས་པའི་བཤད་པས་སྔར་གྱི་དང་སྦྲེལ་ལོ། །དེ་ ཉིད་ཀྱི་ཕྱིར་བཤད་མ་ཐག་པའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སེམས་ཅན་ཐམས་ཅད་ཀྱི་ཞེས་པ་ནི་སྔར་གསུངས་པའི་མི་རྣམས་དང་ཕྱིས་འཆད་པའི་སྒོ་ང་ལས་སྐྱེས་པ་ལ་སོགས་པ་རྣམས་སོ། །མི་དང་སྒོ་ང་ལ་སོགས་པ་ལས་སྐྱེས་པ་རྣམས་ཉིད་ནི་དེ་རྣམས་ཉིད་ཀྱིའོ། ། རྡོ་རྗེའི་སྐུ་ཡང་ཞེས་པ་ནི། རང་བཞིན་ལས་དེ་མི་དང་སྒོང་སྐྱེས་ལ་སོགས་པ་རྣམས་ཀྱི་སྔགས་ཀྱི་སྒོ་དག་གཉིས་སུ་མེད་པའི་ངོ་བོ་ཡིན་པའི་ཕྱིར་རོ། །བདག་ཀྱང་དེ་དང་འདྲ་ཞེས་པ་ནི་སྐུ་བྱིན་གྱིས་རློབ་པར་བྱེད་པ་ལ་ལྟོས་ནས་འདིས་བདག་མེད་དེ་རྣམས་ཀྱི་སྔགས་ཀྱི་སྐུ་དག་རོ་མཉམ་ པ་ཉིད་དུ་སོ་སོར་རྟོགས་པ་ཉིད་དུ་བསྟན་ཏོ། །སླར་ཡང་ནི་མི་ལ་སོགས་པ་རྣམས་སྔགས་ཀྱི་སྐུ་དག་སོ་སོ་སྐྱེ་བོའི་གནས་སྐབས་ན་ཡང་ཡོད་པ་མ་ཡིན་ནམ་གཉིས་སུ་མེད་པ་ཉིད་ཅི་ལྟར་ཡིན་ཞེ་ན། བཅོམ་ལྡན་འདས་ཀྱི་གསུང་ལས་འབྱུང་བ་གང་ཡིན་པ་དེ་ཚད་མར་བསྟན་པའི་ཕྱིར་རབ་ཏུ་ 31-1-97b འབྱུང་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རབ་ཏུ་འབྱུང་བ་ད་ལྟར་བའོ། །རྟག་པ་ཉིད་དུ་ཞེས་པ་ནི་འདས་པ་དང་མ་འོངས་པའི་དུས་གཉིས་སྟོན་ནོ། །ངོ་བོ་ཉིད་ནི་བདེ་བ་གཉིས་པོའི་བདག་ཉིད་ཀྱི་མཚན་ཉིད་དོ། །རྣམ་པ་གཞན་དུ་རིམ་པ་ལས་བརྒལ་བར་བྱ་བ་མ་ཡིན་ནོ་ཞེས་འདའ་ བར་དཀའ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བསྟན་ཏོ་ཞེས་བྱ་བ་ནི་ལུང་དུའོ། །སྔགས་འཛིན་པ་དང་མཉམ་ཞེས་བྱ་བ་ལ་སོགས་པས་འབྲས་བུར་གྱུར་པ་རྡོ་རྗེ་འཆང་ཆེན་པོ་ཇི་འདྲ་བར་མི་ལ་སོགས་པའི་སེམས་ལ་སོགས་པ་རོ་མཉམ་པ་ཉིད་ཡིན་པའི་དེ་བཞིན་ཉིད་དུ་དེ་རྣམས་ཀྱི་ བདག་སྒྲུབ་པ་པོའི་ཡང་སེམས་ལ་སོགས་པའི་རོ་མཉམ་པ་ཉིད་དོ་ཞེས་པས་རྫོགས་པ་དང་མ་རྫོགས་པ་དག་གི་དངོས་པོ་དེ་དག་གཞན་དུ་ཡོད་པ་མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ་དགོངས་པས་བཤད་པའོ་ཞེས་པ་ནི་རྣམ་པར་བཤད་པའི་དོན་ནི་རྒྱས་པའི་དོན་དང་འགལ་བ་ཉིད་ཀྱི་ཕྱིར་རོ། །རྣལ་ འབྱོར་པ་ཐམས་ཅད་ཀྱི་ཞེས་པ་ནི། རྣམ་པར་སྣང་མཛད་ལ་སོགས་པའི་རིམ་པ་གཉིས་ཀྱི་རྣལ་འབྱོར་པའོ། །དོན་དམ་པའི་བདེན་པ་ཉིད་དཀྱིལ་འཁོར་རོ། །དེ་ལ་འཇུག་པའི་རིམ་པའམ་རྟོགས་པའི་རིམ་པ་དེས་སོ། །ཡང་དག་པའི་མཐའ་ཞེས་པ་སྟེ། ཡང་དག་པའི་སྒྲས་འབྱུང་བ་དང་ འབྱུང་བ་ལས་གྱུར་པའི་ཕུང་པོ་ལ་སོགས་པ་ཉེ་བར་མཚོན་པར་བྱའོ། །མཐའ་ནི་དེ་རྣམས་མཐར་ཐུག་པ་དང་། དེ་རྣམས་འགོག་པ་ཞེས་པའི་དོན་ནོ། །ཡང་དག་པའི་མཐའི་རང་གི་ངོ་བོའི་དབང་དུ་བྱས་ནས་དམ་ཚིག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །བསྐྱེད་པ་ཞེས་པ་ནི་སངས་རྒྱས་ ཀྱི་སྐུ་ནི་སྤྲུལ་པའི་སྐུའོ། །དེ་གཟུགས་ཕུང་རྟོགས་པ་མེ་ལོང་དང་ཞེས་བྱ་བ་ལ་སོགས་པའི་རིམ་པས་དོན་དམ་པའི་བདེན་པ་རྟོགས་ཤིང་ལྷག་མ་རང་བཞིན་སྣང་བ་ཞེས་བྱ་བ་ལ་སོགས་པ་རྣམ་གཞག་རིམ་པར་གསུངས་པའི་རིམ་པས་སོ། །དེ་རྗེས་སུ་དྲན་པ་ནི་འོད་གསལ་རྟོགས་པའོ། །རྒྱས་ པར་བཤད་པ་དམ་ཚིག་ཅེས་བྱ་བ་ལ་སོགས་པ་གསུངས་པ། དེ་ཉིད་ཅེས་བྱ་བ་ལ་སོགས་པའི་བྱ་རོག་གི་མིག་བཞིན་དུ་སྔ་མས་ཕྱི་མར་འཇུག་པ་སྦྲེལ་ལོ། །བྱིས་པ་ཞེས་པ་ལ་སོགས་པས་མངལ་དང་ཕྱི་རོལ་དུ་བྱུང་བའི་རང་གི་ངོ་བོ་སྟོན་པར་བྱེད་དོ། །གནས་པ་ཞེས་པ་ནི་འཇིག་རྟེན་དུ་དང་ 31-1-98a དཀྱིལ་འཁོར་དུ་རྡོ་རྗེ་འཆང་ཆེན་པོ་དེ་ལྷན་ཅིག་གཉིས་སུ་མེད་པར་གྱུར་པས་རེག་བྱའི་ཡུལ་ཉམས་སུ་མྱོང་བར་བྱེད་དོ། །འཇིག་རྟེན་དུ་ཡང་གསལ་ལོ། །བསད་ན་ཞེས་པ་ལ་སོགས་པའི་དོན་བཤད་པ་ནི། ཇི་ལྟར་ཞེས་པ་ལ་སོགས་པ་རྣལ་འབྱོར་པ་ལ་འདི་དག་སོ་སོར་ གསུངས་སོ། །སྲོག་རྩོལ་གནས་པ་ནི། དབུགས་འབྱུང་བ་དང་། རྔུབ་པའི་དབང་གིས་ཕུང་པོ་ལ་སོགས་པའི་ཚོགས་ཀྱང་གནས་པའི་ཕྱིར་དང་། དེ་དག་བཅད་ནས་སྲོག་རྩོལ་འགོག་པས་དོན་དམ་པའི་བདེན་པ་འཆི་བ་གཉུག་མའི་ངོ་བོའོ། །འཇུག་པར་བྱའོ་ཞེས་པ་རླུང་དབུགས་ འབྱུང་བ་དང་རྔུབ་པའི་བདག་ཉིད་ཅན་ནི་སྣང་བའི་ཡེ་ཤེས་ལ་རབ་ཏུ་ཞུགས་མ་ཐག་ཏུ་ཀུན་དུ་སྣང་བ་ལ་སོགས་པའི་སྣང་བ་གསུམ་འོད་གསལ་དུ་ཞུགས་པ་སོ་སོ་རང་གི་རིག་པས་ཤེས་པར་བྱའོ། །འདི་ལྟར་ཞེས་བྱ་བ་ལ་སོགས་པས་གསུངས་པའི་དོན་གྱིས་བསྡུས་པའི་དོན་སྟོན་པར་ བྱེད་དོ། །ཞིང་ལས་དང་ཚང་ལས་དང་འབྱོར་པ་མ་ཚང་བ་ལ་སོགས་པ་གལ་ཏེ་བརྟུལ་བ་ཅན་གྱི་བརྩོན་འགྲུས་མ་ཡིན་ན་རྟག་ཏུ་དེ་ལ་སྤྲོ་བའོ། །འགྲོ་བའི་རྒྱུད་དུ་སྟེ་འཁོར་བ་པའི་སྐྱེ་བ་དང་གནས་པ་དང་འཇིག་པའི་རིམ་པས། དུས་ཀྱི་བྱ་བ་བྱེད་པ་ནི། འཆི་བ་ཞེས་བྱ་བ་ལ་སོགས་པའོ་ཞེས་ པ་ནི་རབ་ཏུ་གསལ་བའོ། །རྣམ་པར་རྟོག་པས་འཆི་འོ་ཞེས་བརྗོད་པའོ། །དངོས་པོ་དེ་ནི་འདིར་བསྟན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་མངོན་པར་བརྗོད་དེ། འཆི་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་ཏུ་མ་ཟད་ཀྱི་སྐྱེ་བ་ཡང་བ་སྟེ་བསྐྱེད་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་རྣམ་ པར་འཇུག་པའི་ཕྱིར་སྐྱེ་བའོ། །གནས་པ་ནི་འདོད་པའོ། །དྲན་པ་ནི་ཡེ་ཤེས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་བྱང་ཆུབ་སངས་རྒྱས་ཉིད་ཀྱང་ངོ་། །ཀུན་གཞི་ཐིམ་པ་ནི་ཕུང་པོ་ལ་སོགས་པའི་ཆོས་ཐམས་ཅད་སངས་རྒྱས་ཀྱི་ངོ་བོ་རྣམས་དེའི་བདག་ཉིད་ཀྱིས་སོ། །གྲོལ་བ་ནི་སྡུག་བསྔལ་མ་ ལུས་པར་ངེས་པར་ཐར་པའི་རྒྱུ་ཡིན་པའི་ཕྱིར་རོ། །བསམ་པ་ཐམས་ཅད་ནི་མངོན་པར་འདོད་པ་ཐམས་ཅད་རྫོགས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་བསམ་པ་ཐམས་ཅད་རྫོགས་བྱེད་པ་སྟེ་ཆོས་ཀྱི་སྐུའོ་ཞེས་པ་ལྷག་མའོ། །གནས་སྐབས་ཐ་དད་པས་བཤད་པའི་ཕྱིར་སླར་ཡང་དགོངས་པ་ 31-1-98b བཤད་པའོ། །མཐའ་ནི་མཐར་ཐུག་པ་སྟེ་དངོས་པོ་མེད་པ་ཞེས་པ་ཇི་སྲིད་པར་རོ། །ཕྱིན་པ་ནི་སོང་བར་གྱུར་པ་སྟེ། འདི་དེ་དང་དེའི་དངོས་པོ་མེད་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །འདའ་བར་བྱ་བ་མ་ཡིན་པས། །ཞེས་པ་ནི། རྟེན་ནས་སྐྱེས་པ་དང་འཇིག་པ་ལས་འདའ་བར་བྱེད་ནུས་པ་ གང་ཡང་མེད་དོ། །གསུངས་པ་ཡང་། མ་སྐྱེས་པ་ལ་འཆི་བ་མེད། །ཅེས་སོ། །རྗེས་སུ་འབྱེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་ཡེ་ཤེས་གསུམ་གྱི་བདག་ཉིད་ཅན་ཡེ་ཤེས་ཀྱི་སྐུ་ནི་འོད་གསལ་བ་ལ་དམིགས་པའི་ཕྱིར་ཐོག་མར་དམིགས་པར་བསྟན་ནོ། །འཇུག་པའི་བདག་ཉིད་ཅན་ འོད་གསལ་བའི་ངོ་བོ་གསུངས་པ། རང་བཞིན་ཞེས་པ་ལ་སོགས་པའོ། །ཐམས་ཅད་སྟོང་པ་ཉིད་ལ་རག་ལས་པའི་ཕྱིར་དང་། དེ་ལ་ལྟོས་པ་མེད་པ་ཉིད་ཀྱི་ཕྱིར་དང་། དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ་ཞེས་པ་ཇི་སྲིད་པར་རོ། །སྒྱུ་མ་ལྟ་བུ་ཞེས་པ་ནི་ཡོངས་སུ་དག་པའི་སྒྱུ་མ་ལྟ་བུའི་ལུས་ ལེན་པའོ། །མ་དག་པའི་སྣང་བ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཟག་པ་མེད་པའོ། །བྱང་ཆུབ་ནི་འོད་གསལ་བའི་ཡེ་ཤེས་སོ། །འབྲས་བུ་ནི་རང་བྱིན་གྱིས་བརླབ་པའི་ཐོབ་བྱ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མངོན་པར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་བདག་ཅེས་པ་ ལ། རྟོག་པ་གཉིས་པོ་ཞེས་བྱ་བ་ནི་བཤད་མ་ཐག་པའི་འབྲས་བུ་དང་རྒྱུའི་རྟོག་པ་གཉིས་སོ། །འོད་གསལ་བ་ལ་འཇུག་པ་ཞེས་པ་ནི། འདི་ལ་འཇུག་པར་བྱའོ་ཞེས་པས་འཇུག་པའོ། །འོད་གསལ་བ་ནི་དྲི་མ་མེད་པའོ། །འོད་གསལ་བ་ཡང་དེ་ཡིན་ལ་འཇུག་པ་ཡང་ཡིན་པས་འོད་ གསལ་བ་ལ་འཇུག་པ་ཞེས་པའོ། །རང་བཞིན་ཞེས་བྱ་བ་ལ་སོགས་པས་འཇུག་པའི་རང་གི་ངོ་བོ་སྟོན་པར་བྱེད་དོ། །དགོངས་པ་མ་ཡིན་པའོ། །རྣལ་འབྱོར་པ་ཐམས་ཅད་ཀྱི་ཐུན་མོང་དུ་འཇུག་པ་མངོན་པར་བརྗོད་ནས་དེའི་འོག་ཏུ་ལྡང་བ་བསྟན་པའི་ཕྱིར། ད་ནི་ཞེས་བྱ་བ་ལ་སོགས་ པ་གསུངས་ཏེ། ཟུང་དུ་འཇུག་པའི་རིམ་པས་ནི་ཡོངས་སུ་དག་པའི་སྐུ་ཡིས་སོ། །འཛིན་པའི་ཡན་ལག་ནི་ཕུང་པོ་ལ་སོགས་པའི་ཆོས་རྣམས་ཐམས་ཅད། དེའི་བདག་ཉིད་ཀྱིས་འཛིན་པའི་ཡན་ལག་ནི་རྒྱུ་སྟེ། ཡན་ལག་དྲུག་ལ་ལྟོས་ནས་ཡན་ལག་བཞི་པ་ཉིད་ཡིན་པའི་ཕྱིར། ཡན་ 31-1-99a ལག་གཉིས་ཡན་ལག་གཉིས་པ་འཛིན་པའི་ཡན་ལག་གོ། །དེའི་འོག་ཏུ་ལྔ་པ་རྗེས་སུ་དྲན་པའི་ཡན་ལག་རྗེས་སུ་དྲན་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལྡང་བ་ནི་འཛིན་པའི་ཡན་ལག་ཉིད་ཡིན་པའི་ཕྱིར་ཡེ་ཤེས་ཀྱི་རིམ་པས་སྒྱུ་མ་ལྟ་བུའི་ཡེ་ཤེས་ཀྱི་སྐུ་ལ་དམིགས་པ་སྒོམ་ པར་བྱེད་པ་དེའི་རང་གི་ངོ་བོ་བདེན་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་ཀྱི་སྒྲ་ནི་ཐ་མི་དད་པའི་རིམ་པ་ཞེས་པ་ནི་སྐྱེ་བ་མེད་པའི་སྒྲ་འཛིན་པའི་ཡན་ལག་གི་དོན་ལས་བར་མ་ཆད་པར་སྦྱར་བར་བྱའོ། །དེ་ཉིད་ཀྱི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་བཞིན་གྱི་རྒྱུ་ཉིད་ཡིན་ པའི་ཕྱིར་རང་བཞིན་ནོ། །ཀུན་རྫོབ་ཀྱི་བདེན་པ་ནི་རྒྱུའི་གནས་སྐབས་སོ། །ནམ་མཁའ་ཞེས་བྱ་བ་ལ་སོགས་པས། ནམ་མཁའ་དང་འོད་གསལ་དཔེ་དང་དཔེ་ཅན་ནོ། །འོད་ཟེར་ལྔ་དང་ལྡན་པ་དབང་པོའི་གཞུའི་གནས་སུ་རྡོ་རྗེ་འཆང་ཆེན་པོའོ། །མཚན་མ་མེད་པ་ལས་ངེས་པར་བྱུང་བ་ནི་ རྒྱུ་སྟེ། རྒྱུ་དང་འབྲས་བུ་དག་གི་རྣམ་པར་དབྱེ་བ་མེད་པའི་ཕྱིར་རྒྱུ་གང་གིས་འབྲས་བུ་འདིའོ་ཞེས་བྱ་བ་དང་བྱེད་པ་པོ་ཐ་སྙད་ག་ལས་འགྱུར་འཇིག་ཅིང་ཟད་པས་ན་ཞེས་པ་ནི་ཀུན་དུ་གཡོ་བ་སྟེ་རང་གི་གནས་སྐབས་ལས་འགྱུར་བར་བྱེད་དོ། །འཇིག་པར་བྱེད་དོ། །གཡོ་བར་བྱེད་དོ་ཞེས་པའི་དོན་ཏོ། ། རེག་བྱའི་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་ཞེས་པ་ནི། འོད་གསལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་ནམ་མཁའ་ལྟ་བུའོ། །ཟག་པ་མེད་པ་ཡིན་པའི་ཕྱིར། འདོད་པའི་ཟག་པ་དང་། སྲིད་པའི་ཟག་པ་དང་། ལྟ་བའི་ཟག་པ་དང་། མ་རིག་པའི་ཟག་པ་ཉིད་རྣམས་དང་བྲལ་བ་ཉིད་ཡིན་པའི་ཕྱིར་རོ། །དགོངས་ པ་མ་ཡིན་པའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུ་གཉིས་ནི། རྒྱུ་ཉིད་དུ་གསུངས་པའི་སྐུ་བཞི་པའི་རྒྱུ་ཡིན་པས་སྐུ་ཉིད་དུ་གསུངས་ལ་སྐུ་བཞི་པ་ནི་གཉིས་སུ་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ད་ནི་སྐུ་བཞི་པའི་རྒྱུར་གྱུར་པ་སྤྲུལ་པའི་སྐུ་གསུངས་པ། ད་ནི་ཞེས་བྱ་བ་ལ་སོགས་པའོ། །མི་བསྐྱོད་པ་ཞེས་པ་ནི་ལྷའི་འཁོར་ལོ་ཕྱུང་བ་ཙམ་ལ་ཐུགས་རྡོ་རྗེའོ་ཞེས་བྱས་པ་ཉིད་ཀྱི་ཕྱིར་དེ་ཞེས་གསུངས་པ་ཡང་། ཞེ་སྡང་རྡོ་རྗེ་ཏིང་འཛིན་གནས། །དཀྱིལ་འཁོར་ཐམས་ཅད་རབ་དབྱུང་བྱ། །ཞེས་བྱའོ། །རྣམ་པར་སྣང་མཛད་ཆེན་པོ་ནི་རྡོ་རྗེ་འཆང་ཆེན་པོའོ། ། 31-1-99b དྲུག་པ་ནི་མི་བསྐྱོད་པ་དེའི་བདག་ཉིད་ཀྱིས་གནས་པ་ཉིད་ཡིན་པའི་ཕྱིར། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ཉིད་དུ་ཞེས་བྱ་བ་ནི་ལེའུ་དང་པོར་རོ། །དེས་ཞེས་བྱ་བ་ནི་ལྷའི་འཁོར་ལོས་སོ། །བླ་ན་ཡོད་པ་དང་བཅས་པའི་ཞེས་པ་ནི་གོང་མ་དང་ལྷན་ཅིག་ཏུ་ འཇུག་པ་ཞེས་པ་ནི་བླ་ན་ཡོད་པ་དང་བཅས་པ་སྟེ། ཕྱི་དང་གསང་བ་དང་ནང་གི་བདག་ཉིད་ཅན་ནོ་ཞེས་མངོན་པར་དགོངས་སོ། །དེ་གསུངས་པ། རྗེས་སུ་དྲན་པ་ཞེས་བྱ་བ་ལ་སོགས་པའོ། །པདྨ་ཅན་ལ་སོགས་པ་ཞེས་པའི་སོགས་པའི་སྒྲ་ལས་གླང་ཆེན་མ་དང་དུང་ཅན་མ་དང་། རི་མོ་ཅན་མ་ རྣམས་བསྡུས་སོ། །པད་ཅན་ནི། པདྨའི་དྲི་བྲོ་བ་དང་། གླ་རྩིའི་དྲི་དང་ལྡན་པ་ཡང་གླང་ཆེན་མའོ། །ཤའི་དྲི་དང་ལྡན་པ་ནི་རི་མོ་ཅན་མའོ། །སྔ་དྲོ་ནི་པདྨ་ཅན་ནོ། །ཕྱི་དྲོ་ནི་དུང་ཅན་མའོ། །ཐུན་དུ་གྱུར་པ་ལ་རི་མོ་ཅན་མའོ། །མཚན་མོའི་བཞི་པ་ལ་ནི་གླང་ཆེན་མར་འདོད་དོ། །དེའི་རབ་ཏུ་དབྱེ་ བས་ཤེས་པ་ནི་རྡོ་རྗེ་བདུད་རྩིའི་རྒྱུད་དུ་གསུངས་པ་ཡང་དབང་པོ་ཐམས་ཅད་ལ་དམ་དུ་འཁྱུད་པར་བྱས་ལའོ་བྱའོ། །མ་མཆུ་སོས་བཟུང་འོ་བྱས་ནས། །སཱིད་ཡིག་སྔགས་ནི་བརྗོད་པར་བྱ། །དགོད་བྱས་དེ་འོག་སྔགས་པ་ནི། །རྡོ་རྗེ་བཅིངས་པས་ནུ་མ་གཟུང་། །པདྨར་རྡོ་རྗེ་དགོད་བྱ་ཞིང་། ། ཁྲག་ལ་ཆགས་པས་མཉེས་པར་བྱ། །ཤིཏ་ཡིག་སྒྲ་ནི་སྙན་པ་ཡི། །གླིང་བུའི་སྒྲ་ཡི་ཅ་ཅོར་ལྡན། །ནུ་མ་ཟུང་དག་མཉེ་བྱ་ཞིང་། །སེན་མོས་རི་མོ་སྦྱིན་པར་བྱ། །གོས་བྲལ་མཐའ་ནི་རྣམ་འགྱུར་བྱ། །འོག་དང་སྟེང་དུ་བརྟག་པར་བྱ། །པདྨ་ཡངས་པར་འོ་བྱ་ཞིང་། །དགའ་བའི་ངག་ནི་ བརྗོད་པར་བྱ། །ཞེས་སོ། །ཟླ་གསང་ཐིག་ལེར་ཡང་། རྐང་པས་རྐང་པ་མནན་བྱས་ནས། །འོག་ཏུ་ཁ་བལྟས་གཞག་པར་བྱ། །ལག་པ་དག་ནི་སྦྱར་བར་བྱ། །མགོ་ལ་མགོ་ནི་སྦྱིན་བྱ་ཞིང་། །སེན་མོའི་རྩེ་མོས་རི་མོ་བྲི། །ལག་པ་གཡོན་པས་པདྨ་དེ། །མཉེས་ནས་དྲོད་གཤེར་འབབ་པར་ བྱ། །དེ་འོག་སོར་མོ་གསུམ་གྱིས་ནི། །རྡོ་རྗེ་དྲིལ་བུ་ལེགས་བྱས་ནས། །པདྨའི་དབུས་སུ་རབ་གཞུག་བྱ། །གལ་ཏེ་མཐོང་ན་གདུག་པ་ཉིད། །དེ་ཚེ་སོར་མོ་རྡོ་རྗེས་བསྐྱོད། །དེ་ནས་བསིལ་བ་དེ་ཡི་ཚེ། །གཡོ་བ་མེད་པར་གཞག་པར་བྱ། །དེ་འོག་སོ་ལ་སོ་ཡིས་དང་། །མཆུ་ལ་མཆུ་ཡིས་ལྕེ་ཡིས་ 31-1-100a ལྕེ། །གཟུང་བྱ་ཇི་སྲིད་ཐིག་ལེ་ཡིས། །འོ་མ་རྒྱུ་བ་དེ་སྲིད་དུ། །རྡོ་རྗེ་གཞག་པར་བྱའོ། །དེ་ནས་ལངས་ནས་ཙོག་པུར་བྱས། །དེ་དག་བཅིང་བ་དེ་རྣམས་ཀྱིས། །འཛིན་ཅིང་འཁྱོག་དང་གྲུ་མོའི་རྩེ། །བརྡེག་ཅིང་འཕངས་ལ་རབ་ཏུ་བརྐྱང་། །བྱེད་པ་བཅིང་བའི་སྦྱོར་བ་ ཡིས། །ས་གསུམ་པ་ནི་བསྒྲུབ་པར་བྱ། །ཞེས་སོ། །ཁུ་བ་ཞེས་པ་ནི། དེ་ནས་སྟེང་འོག་ཁ་བལྟས་ནས། །དེ་དག་ལག་པའི་ནོར་བུ་དང་། །ལྕེ་ཡིས་རྡོ་རྗེས་བཟའ་བར་བྱ། །ཇི་སྲིད་སོ་མ་ལྟུང་བྱེད་པ། །ལྕེ་ཡི་གཡོ་བ་བྱས་ནས་ནི། །ཁ་ཡིས་པདྨ་གཟུང་བར་བྱ། །རྡོ་རྗེ་བདུད་རྩི་བདེ་ཆེན་ པོ། །དེ་ནས་མྱུར་དུ་བསྒྲུབ་པར་བྱ། །དེ་ནས་སྔགས་པ་ལངས་ནས་ནི། །མ་ནོར་བའི་དགའ་བ་ཞེས་སོ། །ཀུན་རྫོབ་བདེན་པའི་དོན་དང་ལྡན་པའི་སྦས་པའི་བཤད་པའོ། །རྣམ་པར་འགྲེལ་པའི་ངོ་བོའི་དབང་དུ་བྱས་ནས་གསུངས་པ། ཤུ་ཀྲ་ཞེས་བྱ་བ་ལ་སོགས་པ་སྟེ། གཅོད་ པར་བྱེད་དོ་ཞེས་པ་ནི་མཆོག་ཏུ་དགའ་བ་འཆར་བ་ན་མྱ་ངན་མ་ལུས་པ་ཉེ་བར་ཞི་བའི་ཕྱིར་རོ། །མཆོག་ཏུ་དགའ་བ་ཞེས་པ་ནི་མཆོག་ཀྱང་དེ་ཡིན་ལ། དགའ་བ་ཡང་ཡིན་པས། མཆོག་ཏུ་དགའ་བ་སྟེ་འོད་གསལ་ལོ། །གཞན་དུ་དགའ་བ་གཉིས་པ་ལ་མཆོག་ཏུ་དགའ་ བ་ཞེས་བརྗོད་པ་མ་ཡིན་ནམ་ཇི་ལྟར་དེ་མཆོག་ཡིན་པ་དེ་བཞིན་དུ་ལྷན་ཅིག་སྐྱེས་པའི་དགའ་བ་ཡང་མཆོག་ཏུ་དགའ་བ་ཞེས་བརྗོད་དོ་ཞེས་མི་འགལ་ལོ། །འདིས་ནི་ཞེས་བྱ་བ་ལ་སོགས་པས་དེའི་འོག་ཏུ་མཆོག་ཏུ་དགའ་བ་ལས་ལྡང་བ་སྟོན་པར་བྱེད་དོ། །རྗེས་སུ་དྲན་པ་བཅུ་དྲུག་ ཅེས་པ་ནི་སངས་རྒྱས་རྗེས་སུ་དྲན་པ་ལ་སོགས་པའོ། །རྡོ་རྗེ་འཆང་ཆེན་པོ་ནི་རྣམ་པར་སྣང་མཛད་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར། རྣམ་པར་སྣང་མཛད་ཀྱི་རང་བཞིན་ཞེས་པར་བརྗོད་དོ། །མཐོང་བའི་ཆོས་ལ་ཡང་ཞེས་བྱ་བ་ནི་སྐྱེ་བ་འདི་ཉིད་ལའོ། །མྱ་ངན་ལས་འདས་པ་ནི་གང་ཞིག་ བྱ་བ་དེ་བྱས་པ་དེ་སླར་ཡང་བྱ་བ་མེད་པའི་ཕྱིར་རོ། །བདེན་པ་མཐོང་བས་ནི་ཁམས་གསུམ་པ་བདེན་པ་མཐོང་བའི་བདག་ཉིད་ཡིན་པའི་ཕྱིར། ཟུང་འཇུག་གི་ཏིང་ངེ་འཛིན་ནོ། །དེའི་ཕྱིར་མ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕྱག་རྒྱའི་དོན་གཞན་དབང་དུ་བསྟེན་པའི་དོན་དུ་གསུངས་ 31-1-100b པ། ཐམས་ཅད་ཅེས་བྱ་བ་ལ་སོགས་པའོ། །འདི་ལ་ཡང་ཚོགས་གཉིས་ཡོངས་སུ་རྫོགས་པ་སངས་རྒྱས་ཉིད་དུ་འགྱུར་རོ་ཞེས་ཐུགས་ལ་བཞག་ནས་ཚོགས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གསུངས་པ་ཡང་། ཆོས་གང་གིས་ནི་བྱིས་པ་རྣམས། །འཁོར་བའི་སྐྱེ་བ་འཕེལ་བར་ འགྱུར། །རྣལ་འབྱོར་པ་ཡི་ཆོས་དེས་ན། །ཚོགས་ཀྱི་སྐྱེ་བ་འཕེལ་བར་འགྱུར། །ཞེས་སོ། །བྱང་ཆུབ་ཀྱི་སེམས་ཀྱི་དབང་བསྐུར་བ་ཞེས་སོ་ནི་བྱང་ཆུབ་ཀྱི་སེམས་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེས་ཡིད་ཀྱི་དྲི་མ་འཁྲུད་པ་ནི་དབང་བསྐུར་བའོ། །བྷ་གར་བཞུགས་པའི་ཕྱིར་ཞེས་པ་ནི་བྷ་ གར་ཏེ་ཕྱག་རྒྱའི་གསང་བར་གནས་ནས་ཐལ་མོ་སྦྱར་བ་བྱས་ཏེ་བླ་མ་ལ་སློབ་མས་གསོལ་བ་འདེབས་པར་བྱེད་དོ་ཞེས་པ་བསྒོམས་པའི་སློབ་མ་དང་སློབ་དཔོན་གྱི་ཐ་སྙད་བསྟན་པའི་དོན་དུ་འདི་བརྗོད་དོ་ཞེས་མིང་དུ་གྲག་གོ། །དྲུག་པ་ནི་འདིར་གསོལ་བ་གདབ་པར་བྱ་བ་ཡིན་པའི་ཕྱིར་དང་དེ་ ཡང་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་ཡིན་པའི་ཕྱིར། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་ཀྱི་ཕྱིར་དམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རིན་ཆེན་དབང་པོ་ལ་ལྟོས་པ་འདིས་ཞེས་པ་ནི་བསྟོད་པའོ། །སྟོད་པར་བྱེད་དོ་ཞེས་ཀླག་པར་བལྟ་བར་བྱ་སྟེ་དེ་ ལ་ཕྱོགས་བཅུར་བཞུགས་པ་རྣམས་ཀྱིས་འཆད་པར་འགྱུར་བས་བཅོམ་ལྡན་འདས་ལ་དེ་བཞིན་གཤེགས་པ་རྣམས་སྟོད་པར་བྱེད་པ་བསྟོད་པའི་རྒྱལ་པོ་གང་ཡིན་པ་དེས། རིན་ཆེན་དཔལ་ལ་གསོལ་བ་བཏབ་བོ། །དེ་ལྟ་བུའི་བཤད་པ་ནི་ལུང་གི་ཚིག་ལ་བརྟེན་ནས་སྦྱར་བར་བྱ་སྟེ། རྒྱ་ ཆེར་འགྲེལ་པའི་ཚུལ་གྱིས་དགོངས་པ་འདི་ལྟ་བུའོ་ཞེས་འདུད་པར་བྱེད་ཅིང་བསྟན་པར་ཉེ་བར་འགྲོའོ་ཞེས་སོ། །རྡོ་རྗེ་ལྟ་བུར་བདེན་པ་གཉིས་དབྱེར་མི་ཕྱེད་པའི་ངོ་བོ་གཉིས་ཀྱིས་མཛེས་པར་བྱའོ། །གསལ་བར་བྱའོ་ཞེས་པ་ནི་དེ་དེ་བཞིན་ནོ། །ཆེ་ཞེས་པ་ལ་སོགས་པས་འདི་ལམ་ཉིད་ དུ་སྟོན་པར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་ནམ་མཁའ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྡོ་རྗེ་ལྟ་བུའི་ལམ་ཉིད་ནི་རྣལ་འབྱོར་པའི་རྒྱུད་རྣམ་པར་སྦྱོང་བར་བྱེད་དོ། །ནམ་མཁའ་ཞེས་བྱ་བ་ལ་སོགས་པའོ། །དེ་རྣམ་པར་དག་པ་ཞེས་པ་ནི་དེའི་ངོ་བོ་ཉིད་ཀྱི་སྤྱོད་པ་སྟེ། ཡོངས་སུ་ཤེས་པའི་ཕྱིར་ 31-1-101a རོ། །དེ་བཞིན་ཉིད་དུ་དེས་ཞེས་བྱ་བ་ལ་སོགས་པ་སྦྱོར་བར་བྱེད་དོ་ཞེས་པ་རྡོ་རྗེ་འཆང་ཆེན་པོའམ་ད་ལྟ་ནི་དེའི་ངོ་བོ་ཉིད་ཀྱི་བླ་མའོ། །ཚངས་པ་ལ་སོགས་པའི་མཐར་ཐུག་པ་ལས་རྒྱལ་བར་གྱུར་པ་ཞེས་སོ། །མཐར་ཐུག་པའོ། །འདིས་ཞེས་པ་ནི་ལམ་གྱིས་སོ། །ཐེག་པ་གསུམ་ ནི་ལམ་མངོན་པར་རྗོད་པར་བྱེད་དོ། །བདག་པོ་ཉིད་ནི་བདག་པོ་དྲུག་པའོ། །རང་གི་དོན་ལ་ཏྭ་ལའོ། །དེས་དག་པའི་བདག་ཉིད་ནི་འོད་གསལ་ལྷག་པར་རྟོགས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་ཀྱི་ངོ་བོ་ཉིད་ཀྱི་ཞེས་གསུངས་ཏེ། བྱང་ཆུབ་ཀྱི་ངོ་བོ་ཉིད་ནི་དེ་བཞིན་ཉིད་ཀྱི་རང་བཞིན་ནོ། ། རྒྱས་པ་ཞེས་པ་ནི་ཞལ་གསུམ་ལ་ལྟོས་ནས་འདི་མང་པོའི་ཚིག་ཉེ་བར་ལྡན་པའོ། །ཆོས་ཀྱི་འཁོར་ལོ་ཞེས་པ་ནི་ཉོན་མོངས་པ་གཅོད་ཅིང་ཞི་བར་བྱེད་པས་རྣམ་པ་གཅིག་གཉིས་ཤེས་པ་སྡུག་བསྔལ་ལོ། །ཡོངས་སུ་ཤེས་པར་བྱའོ། །སླར་ཡོངས་སུ་ཤེས་པར་བྱར་མེད་དོ། །ཀུན་འབྱུང་ བའོ། །སྤང་བར་བྱའོ། །སྤངས་སོ། །སླར་ཡང་སྤང་བར་བྱར་མེད་དོ། །འགོག་པའོ། །མངོན་དུ་བྱའོ། །མངོན་དུ་བྱས་སོ། །སླར་ཡང་མངོན་དུ་བྱར་མེད་དོ། །ལམ་བསྒོམ་པར་བྱའོ། །བསྒོམས་སོ། །སླར་ཡང་བསྒོམ་པར་བྱར་མེད་དོ་ཞེས་པ་ནི་རྣམ་པ་གཅིག་གཉིས་ཀྱི་ཆོས་ཀྱི་འཁོར་ ལོའོ། །རྡོ་རྗེ་གསུམ་ནི་སྐུ་ལ་སོགས་པའི་རྡོ་རྗེའོ། །དེ་དབྱེར་མི་ཕྱེད་པའི་མཚན་ཉིད་ཏེ། རང་བཞིན་གང་ཡིན་པ་དེ་དེ་བཞིན་ནོ། །དྲང་བའི་དོན་ཏོ། །ཡེ་ཤེས་གསུམ་གྱི་སྒོ་ནས་ཞེས་པ་ནི། འདོད་ཆགས་ལ་སོགས་པའི་རང་བཞིན་རྣམས་ནི་ཡེ་ཤེས་གསུམ་གྱི་རྒྱུ་དང་། སྣང་བ་རྣམས་ནི་འབྲས་ བུ་ཉིད་ཡིན་པའི་ཕྱིར་རོ། །འདོད་ཆགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཞེ་སྡང་ཞེས་པ་འདོད་ཆགས་དང་བྲལ་བའོ། །དེ་ཉིད་ནི་ཞེས་བྱ་བ་ལ་སོགས་པ་ལ་འགྲོ་བར་བྱེད་དོ་ཞེས་པ། རང་བཞིན་དང་སྣང་བ་ལ་སོགས་པའི་རིམ་པས་དོན་དམ་པའི་བདེན་པ་ལ་དམིགས་པས་ཟུང་འཇུག་ ལྷག་པར་རྟོགས་པར་བྱེད་དོ་ཞེས་པའི་དོན་ཏོ། །འདིས་ཞེས་པས་ནི་འོད་གསལ་བས་སོ། །དེ་ཉིད་ཀྱི་ཕྱིར་རྡོ་རྗེ་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ཞེས་པ་ནི་འོད་གསལ་བར་སྟོན་པར་བྱེད་པ་ཉིད་ཀྱི་ཕྱིར་དང་རང་བཞིན་དང་སྣང་བའི་རིམ་པས་གསུངས་པས་སྟོན་པར་བྱེད་པ་ཡིན་པའི་ཕྱིར་རོ། ། 31-1-101b དབང་པོའི་མཆོག་ནི་ཡིད་ཀྱི་དབང་པོའོ། །ཙམ་གྱི་སྒྲས་དབང་པོ་གཞན་ནི་གཟུང་བར་བྱ་བ་མ་ཡིན་པ་ཉིད་དུ་དགག་པའི་དོན་ནོ། །གཟུང་བར་བྱ་བ་ཉིད་ཡིན་པས་ན་ཞེས་པ་ནི།བླ་མའི་བྱིན་གྱི་རླབས་ལས་དགོངས་པ་ཙམ་གྱིས་ཟུང་དུ་འཇུག་པ་ཉམས་སུ་མྱོང་བ་ཉིད་ཀྱི་ཕྱིར་དང་སོ་སོ་རང་གི་རིག་ པར་བྱ་བ་ཉིད་ཀྱི་ཕྱིར་རོ། །ཐམས་ཅད་ཀྱི་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱི་ཟུང་འཇུག་གི་སྐུ་ནི་ལྷ་མོའི་སྙོམས་པར་འཇུག་པ་ལས་མ་བྱུང་བའི་ཕྱིར་རྡོ་རྗེའི་སྒྲས་རྡོ་རྗེ་འཆང་ཆེན་པོའི་སྤྲུལ་པའི་སྐུ་ལ་འདིར་བཤད་དོ། །མཆོག་ཏུ་དགའ་བ་ནི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱིས་ སོ། །དབང་ཕྱུག་བརྒྱད་ཅེས་པ་ནི། སྐུའི་དབང་ཕྱུག་གསུང་གི་དབང་ཕྱུག་དང་། །དེ་བཞིན་ཉིད་དུའང་ཐུགས་ཀྱི་དབང་ཕྱུག་དང་། །རྫུ་འཕྲུལ་ཀུན་དུ་འགྲོ་བའི་དབང་ཕྱུག་དང་། །འདོད་པ་བྱེད་པོ་ཡོན་ཏན་བརྒྱད་པ་རྣམས། །ཞེས་སོ། །དེ་ཉིད་ཤེ་ས་པ་ཡེ་ཤེས་ཀྱི་སྐུའོ། །ཤ་ཞེས་བྱ་བ་ལ་སོགས་པ་ནི། ཤ་ར་དྭ་ཏིའི་བུ་ཤའི་མིག་གིས་དཔག་ཚད་བརྒྱ་མཐོང་བ་ཡོད་དོ། །ཇི་སྲིད་དུ་སྟོང་གསུམ་གྱི་སྟོང་ཆེན་པོ་མཐོང་བ་ཡོད་དོ། །ལྷའི་མིག་གིས་རྒྱལ་པོ་ཆེན་པོ་བཞིའི་རིགས་ཀྱི་ལྷ་རྣམས་ཀྱི་ལྷའི་མིག་ནས་ཇི་སྲིད་དུ་འོག་མིན་གང་ཡིན་པ་དེ་རབ་ཏུ་ཤེས་པ་ཡོད་ཀྱི། བྱང་ཆུབ་སེམས་ དཔའི་ལྷའི་མིག་ནི་ལྷ་རྣམས་གང་གིས་ཀྱང་མི་ཤེས་སོ། །ལྷའི་མིག་དེས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་རྣམས་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཇི་སྲིད་དུ་ཕྱོགས་བཅུ་རྣམས་སུའོ། །ཤེས་རབ་ཀྱི་ མིག་གིས་འདུས་བྱས་སམ་འདུས་མ་བྱས་སམ། དགེ་བའམ་མི་དགེ་བའི་ཆོས་ཅིའང་མི་ཤེས་ཏེ། དེ་ལྟ་བུ་ལ་སོགས་པའི་དབྱེ་བ་དུ་མས་ཡང་དག་པར་བསྡུས་པའི་ཆོས་རྣམས་ལ་མཐོང་བའམ་ཐོས་པ་རྣམ་པར་མ་ཤེས་སོ་ཞེས་པ་འདི་ནི་ཤེས་རབ་ཀྱི་མིག་གོ། །བྱང་ཆུབ་སེམས་དཔའི་ ཡོངས་སུ་དག་པའི་ཆོས་ཀྱི་སྤྱན་གང་ཡིན་པ་ནི། གང་ཟག་འདི་ནི་དད་པའི་རྗེས་སུ་འབྲང་བའོ། །འདི་ནི་ཆོས་ཀྱི་རྗེས་སུ་འབྲང་བའོ། །འདིའི་དབང་པོ་ལྔ་རྣམས་སྐྱེད་པར་འགྱུར་ཏེ། དབང་པོ་འདི་རྣམས་ཀྱི་བར་ཆད་མེད་པའི་ཏིང་ངེ་འཛིན་རབ་ཏུ་འཆད་པར་བྱེད་པ་ཆོས་ཀྱི་སྤྱན་གྱིས་དེ་ལྟ་བུ་ 31-1-102a ལ་སོགས་པ་རབ་ཏུ་ཤེས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྱན་གང་གིས་མ་མཐོང་བའམ་མ་ཐོས་པའམ། མི་དྲན་པའམ་མི་ཤེས་པ་ཅུང་ཟད་ཀྱང་མེད་དོ། །རྣམ་པ་ཀུན་གྱིས་ཡོངས་སུ་དག་པ་འདི་ནི་སངས་རྒྱས་ཀྱི་མིག་སྟེ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ འདིར་རྡོ་རྗེ་འཆང་ཆེན་པོ་ཡང་ངོ་། །ཡོངས་སུ་ཤེས་པ་རྒྱས་པའི་ཕྱིར་རྒྱས་པའོ། །འདུས་མ་བྱས་ནི་ནམ་མཁའ་དང་སོ་སོར་རྟོག་པའི་འགོག་པ་ལ་སོགས་པ་རྣམས་སོ། །ངེས་པའི་དོན་ཏོ། །མི་འགྱུར་བ་ནི་འཇིགས་པ་མེད་པ་སྟེ། སྐྱེ་བ་དང་གནས་པ་དང་འཇིགས་པ་དང་བྲལ་བ་ཉིད་ ཀྱི་ཕྱིར་རོ། །ཐམས་ཅད་ཀྱི་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིའོ། །སེམས་ཅན་ཐམས་ཅད་ཅེས་པ་ནི་དོན་དུ་གཉེར་བ་དང་ཆོས་ལ་སོགས་པ་དོན་དུ་གཉེར་བ་རྣམས་སོ། །དེའི་ངོ་བོ་ཉིད་ཀྱིས་ནི་འོད་གསལ་བའི་ངོ་བོ་ཉིད་ཀྱིས་སོ། །དགོངས་པ་མ་ཡིན་པའོ། །དེ་ལྟར་ བཅོམ་ལྡན་འདས་ལ་གསོལ་བ་བཏབ་སྟེ། རྫོགས་པའི་རིམ་པ་ལ་གནས་པ་རྣམས་ཀྱིས་དེ་ཉིད་དུ་མཆོད་པ་བསྟན་པའི་ཕྱིར་མཆོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དུས་གསུམ་དུ་བཞུགས་པ་ཞེས་པ་ནི་དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པའི་རང་བཞིན་ཉིད་ ཡིན་པའི་ཕྱིར་རྡོ་རྗེ་འཆང་ཆེན་པོ་གསུངས་སོ། །དེ་དང་འབྲེལ་པ་ནི་ཁམས་གསུམ་པའི་ཞེས་པ་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ནི་རང་གི་སྐུ་ལ་སོགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཁམས་གསུམ་པར་གསུངས་སོ། །རང་གི་སྐུ་ཞེས་བྱ་བ་ལ་སོགས་པ་ནི། རྒྱལ་བ་རྣམ་པར་སྣང་མཛད་ལ་ སོགས་པའི་གཟུགས་སོ། །འདིར་སྨའི་སྒྲ་ཕྱིས་པ་སྟེ། བཅོམ་ལྡན་འདས་མངོན་དུ་གྱུར་པ་ལ་འདིའི་མཆོད་པ་བསྟན་པ་ཉིད་ཀྱི་ཕྱིར་རོ། །དགོངས་པས་བཤད་པའོ། །རྡོ་རྗེ་འཆང་ཆེན་པོའི་ཕྱག་རྒྱའི་གཟུགས་དང་ལང་ཚོ་དང་སྐལ་བ་བཟང་པོ་ལ་སོགས་པ་དང་ལྡན་པ་ཐམས་ཅད་ཀྱི་འདོད་ པར་བྱ་བ་ཉིད་ཡིན་པའི་ཕྱིར་ཡིད་དུ་འོང་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདེན་པ་གཉིས་ནི་ཀུན་རྫོབ་དང་དོན་དམ་པའི་ངོ་བོའོ། །དེའི་བདག་ཉིད་ཅན་ནི་དེ་རིང་གི་ངོ་བོའོ། །ཐམས་ཅད་ཡོངས་སུ་ཤེས་པར་བྱ་བའི་ཡུལ་ཡིན་པ་ཉིད་ཀྱི་ཕྱིར་དེ་སྤངས་པའོ། །མིག་རེ་རེའང་བདེན་ 31-1-102b པ་གཉིས་ཀྱི་བདག་ཉིད་ཅན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལྷ་ཉི་ཤུ་རྩ་ལྔའི་བདག་ཉིད་ཅན་ནི་མེ་ལོང་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་ཅན་གྱི་དེ་བཞིན་གཤེགས་པ་ལྔ་རྣམས་རེ་རེའང་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་རྣམས་ཀྱི་ཡེ་ཤེས་ཀྱི་སྐུ་ལ་དེའི་བདག་ཉིད་ལས་སོ་ཞེས་ ཤེས་པར་བྱེད་དོ། །ཁམས་དང་སྐྱེ་མཆེད་ལ་སོགས་པའི་རང་གི་ངོ་བོ་སྤྱན་མ་ལ་སོགས་པ་རྣམས་མེ་ལོང་ལ་སོགས་པའི་ཡེ་ཤེས་ཉིད་རོ་མཉམ་པ་ཉིད་ཡིན་པའི་ཕྱིར་དེ་རྣམས་འདིར་སོ་སོར་མ་བགྲངས་པ་ཉིད་དོ་ཞེས་པའོ། །བདག་ལ་བྱིན་གྱིས་བརླབ་པའི་མཚན་ཉིད་ཅན་ཉིད་ཕྱག་རྒྱ་ ཆེན་པོའོ། །བརྟག་པར་བྱ་བ་ནི་རྟག་ཏུ་དེ་ཡིད་ལ་བྱའོ། །སེམས་ཅན་རྣམས་ཀྱིའང་རྒྱུད་ལ་བསྐྱེད་པར་བྱའོ། །འདི་ཉིད་བླ་ན་མེད་པའི་མཆོད་པ། དུས་གསུམ་པའི་སངས་རྒྱས་ཐམས་ཅད་ཀྱིའོ། །བསོད་ནམས་མ་ལུས་པ་ཉེ་བར་བསགས་པ་ལ་སོགས་པ་འཁོར་བ་སྤངས་པ་དང་སྡིག་པ་ ཟད་པ་དག་གི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །བྱོལ་སོང་ཞེས་བྱ་བ་ལ་སོགས་པ་ནི་ལོགས་ན་ཞེས་པ་དཀྱིལ་འཁོར་གྱི་བདག་པོའི་ཤར་ལ་སོགས་པའི་ལོགས་ན་བཞུགས་པ་ཉིད་ཀྱི་ཕྱིར་རོ། །གཞན་ཞེས་པ་རྣམ་པར་སྣང་མཛད་ལ་སོགས་པ་དཀྱིལ་འཁོར་པའི་ལྷའི་སྐུ་སྟེ་དེའི་གནས་སུ་བྱ་ བས་དང་། དེ་ལ་སྒྲར་བྱ་བས་དང་། དེ་བསྲེ་བར་བྱའོ། །རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་ནི་རྡོ་རྗེ་འཆང་ཆེན་པོའོ། །ལོངས་སྤྱོད་རྫོགས་པའི་སྐུ་གཟུགས་ཀྱི་དམིགས་པར་བྱ་བ་དེ་བཞིན་ཉིད་དུ་འདོད་པའི་དབང་ལས་ལོགས་ན་བཞུགས་པ་དེ་དག་ཀྱང་དམིགས་པར་བྱའོ། །རྡོ་རྗེ་འཆང་ཆེན་ པོའི་རྣམ་འཕྲུལ་ཡིན་པའི་ཕྱིར་ཞེས་པ་ནི། རྡོ་རྗེ་འཆང་ཆེན་པོ་ཉིད་ནི་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་ཀྱི་གནས་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་མངོན་པར་དགོངས་སོ། །དགོངས་པས་བཤད་པའོ། །གཙང་ཞིང་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ཡན་ལག་ཏུ་གསུངས་པའི་ས་སྦྱོང་ བའི་རིམ་པས་ཡོངས་སུ་དག་པ་ཉིད་ཡིན་པའི་ཕྱིར་རོ། །གང་ཡང་ས་སྦྱང་བར་མི་ནུས་པ་དེའི་ཚེ་ས་ལ་ལག་པས་རེག་ནས་སྔགས་བཟླས་པར་བྱ་སྟེ་བསྒོམས་པས་ཡོངས་སུ་དག་པ་ཉིད་ཡིན་པའི་ཕྱིར་རོ། །གཙུག་ལག་ཁང་ལ་སོགས་པ་ལེགས་པར་འདུས་བྱས་པའམ་སའི་ཕྱོགས་ནི་ 31-1-103a མཆོག་ཏུ་གྱུར་པའོ། །སའི་ཆ་ནི་ཆུ་རླུང་དང་། གླིང་དང་། རི་བོར་ཡང་ངོ་། །རྒྱལ་ཉིད་སྐྱེས་ཞེས་པ་ནི་རྒྱལ་བའི་བདག་ཉིད་ལ་སྐྱེས་པ་ཉིད་ཀྱི་ཕྱིར་དང་། རྒྱལ་བ་ལ་དམིགས་པ་ཉིད་ཡིན་པའི་ཕྱིར་རྒྱལ་ཉིད་སྐྱེས་ཏེ། རྡོ་རྗེ་ཐེག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ བརྡར་བཏགས་པ་སྟེ། སྐྱེ་བོ་དམ་པ་གང་ཡིན་པ་ལའོ་ཞེས་པའི་དོན་ཏོ། །རབ་ཏུ་དང་བ་དང་མཉམ་པའོ། །བའི་ལྕི་བ་ནི་སྲོག་ཆགས་མེད་པའི་བའི་ལྕི་བའོ། །དྲི་ནི་ཙན་དན་ལ་སོགས་པའི་དྲིའི་རྫས་ཀྱི་ཤུན་པ་ཕྱེ་མར་སྦྱར་བའོ། །སོགས་པའི་སྒྲས་གུར་ཀུམ་ལ་སོགས་པ་གཟུང་བར་བྱའོ། ། ས་ཕྱོགས་སུ་ནི་མཐིལ་མཉམ་པར་ལེགས་པར་བརྡུང་ཞིང་སྐྲ་ལ་སོགས་པ་བསལ་བར་རོ། །མེ་ཏོག་ལ་སོགས་པ་ཡོངས་སུ་གཟུང་ངོ་ནི་ས་ལ་གཅལ་དུ་བཀྲམ་པའི་དོན་དུ་ཡང་ངོ་། །སོགས་པའི་སྒྲས་བདུག་པ་དང་ལྷ་བཤོས་ལ་སོགས་པ་ཡོངས་བརྟག་པ་ཞེས་བྱ་བ་ལ་སོགས་པ་ལ་ རང་གི་ལྷ་མཉེས་པར་བྱ་བའི་དོན་དུ་ནི་དེ་ལ་མངོན་པར་བརྗོད་པའི་ས་ཕྱོགས་སུ་བཤད་པ་ལ་སོགས་པ་རྣམས་ཀྱིས་ཁྲུ་གཅིག་པ་ལ་སོགས་པའི་ཚད་ཀྱིས་གྲུ་བཞི་པའི་དཀྱིལ་འཁོར་བྱས་ནས་སྒོ་བཞི་པ་ལ་སོགས་པ་དང་ལྡན་པ་མེ་ཏོག་ལ་སོགས་རྣམས་ཀྱིས་ཀྱང་མཚན་མ་ལ་སོགས་པ་ བརྟགས་ཏེ། ཡིད་ཀྱིས་དམིགས་ནས་ཇི་ལྟ་བར་ཨོཾ་ཨཱཿབཛྲ་དྷྲྀཀ་བཛྲ་པུཥྤཾ་པྲ་ཏཱིཙྪ་ཧཱུཾ་ཞེས་པས་དབུས་སུ་སྤྱན་དྲངས་ཏེ། འདུས་པར་བསམས་ནས་མཆོད་ཡོན་དང་ཞབས་བསིལ་ལ་སོགས་པ་བྱིན་ཏེ། མཆོད་པའི་ཆོ་གར་གསུངས་པའི་རིམ་པས་མཆོད་པར་བྱའོ། །དེ་བཞིན་དུ་དབུས་སུ་ ཛི་ན་ཛི་ཀ་ལ་སོགས་པས་མེ་ཏོག་ལན་གསུམ་དབུལ་བར་བྱའོ། །སྤྱི་བོའི་གཙོ་བོ། ཨོཾ་ཨཱཿམ་ཧཱ་བཛྲ་དྷྲྀཀ་བཛྲ་པུཥྤཾ་པྲ་ཏཱིཙྪ་ཧཱུཾ་ཞེས་པས་མེ་ཏོག་ཕུལ་ཅིག །དེ་བཞིན་དུ་གཙོ་བོ་ལ་ཤར་ལ་སོགས་པའི་ཕྱོགས་སུ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་ཉིད་དུ་དམིགས་ནས་ཨོཾ་ཨཱཿཛི་ན་ ཛི་ཀ་བཛྲ་པུཥྤཾ་པྲ་ཏཱིཙྪ་ཧཱུཾ་དེ་བཞིན་དུ་རཏྣ་དྷྲྀ་ཀ་ལ་སོགས་པས་མཆོད་ནས། ཨོཾ་ཨཱཿབཛྲ་དྷྲྀ་ཀ་བཛྲ་པུཥྤཾ་པྲ་ཏཱིཙྪ་ཧཱུཾ་གིས་རྣམ་པར་སྣང་མཛད་ལ་སོགས་པ་བཞི་པོ་རྣམས་ཀྱི་སྤྱི་བོའི་བླ་མ་མི་བསྐྱོད་པ་མཆོད་པར་བྱའོ། །ཨོཾ་ཨཱཿམོ་ཧཱ་ར་ཏི་བཛྲ་པུཥྤཾ་པྲ་ཏཱིཙྪ་ཧཱུཾ་གིས་གོ་རིམས་བཞིན་ལྷ་མོ་བཞི་པོ་མཆོད་ 31-1-103b ནས། དེ་དང་དེའི་སྤྱི་བོའི་རྣམ་པར་སྣང་མཛད་ལ་སོགས་པ་བཞི་པོ་རྣམས་སྔར་གསུངས་པའི་རྣམ་པར་སྣང་མཛད་ལ་སོགས་པ་ལ་མེ་ཏོག་དབུལ་བའི་སྔགས་ཀྱིས་མཆོད་པར་བྱའོ། །ཨོཾ་ཨཱཿརཱུ་པ་བཛྲ་པུཥྤཾ་པྲ་ཏཱིཙྪ་ཧཱུཾ་ཞེས་པས་གཟུགས་རྡོ་རྗེ་ལ་སོགས་པ་ལྔ་པོ་མཆོད་ནས་རིམ་པ་ཇི་ལྟ་བར་ དེ་དང་དེའི་སྤྱི་བོའི་རྣམ་པར་སྣང་མཛད་ལ་སོགས་པ་ལྔ་པོ་མཆོད་པར་བྱའོ། །བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བརྒྱད་ལ་ཡང་ཨོཾ་ཨཱཿམཻ་ཏྲི་ཡ་བཛྲ་པུཥྤཾ་པྲ་ཏཱིཙྪ་ཧཱུཾ་ཞེས་བྱ་བས་གོ་རིམས་བཞིན་དུ་མཆོད་ནས་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་གཉིས་ཀྱིས་སྤྱི་ བོའི་རྣམ་པར་སྣང་མཛད་ལ་སོགས་པ་བཞི་པོ་རྣམས་མཆོད་པར་བྱའོ། །གཤིན་རྗེ་གཤེད་ལ་སོགས་པ་བཞི་པོ་ལ་ཨོཾ་ཨཱཿཡ་མཱནྟ་ཀྲྀ་ཏ་བཛྲ་པུཥྤཾ་པྲ་ཏཱིཙྪ་ཧཱུཾ་གིས་མཆོད་པར་བྱའོ། །དེ་རྣམས་ཀྱི་སྤྱི་བོའི་རྣམ་པར་སྣང་མཛད་ལ་སོགས་པ་བཞི་པོ་ལའང་དེ་བཞིན་དུའོ། །མི་གཡོ་བ་ལ་སོགས་ པ་དྲུག་ལ། ཨོཾ་ཨཱཿཨ་ཙ་ལ་བཛྲ་པུཥྤཾ་པྲ་ཏཱིཙྪ་ཧཱུཾ་གིས་མཆོད་པར་བྱའོ། །མི་གཡོ་བ་ལ་སོགས་པ་གྲྭ་ན་གནས་པ་རྣམས་ཀྱི་སྤྱི་བོའི་རྣམ་པར་སྣང་མཛད་ལ་སོགས་པ་བཞི་པོ་རྣམས་ལའོ། །འོག་དང་སྟེང་དུ་བཞུགས་པའི་ཁྲོ་བོ་གཉིས་ནི་གཤིན་རྗེ་མཐར་བྱེད་དང་པདྨ་མཐར་བྱེད་དག་གི་རྒྱབ་ དང་མདུན་དུའོ། །སྐབས་གཞན་ཉིད་དུ་སྒོ་སྐྱོང་བར་བྱེད་པ་དང་འཁྲུལ་མར་འགྱུར་ཏེ། རྒྱབ་ཏུ་ཞུགས་པ་ཉིད་ཀྱང་ཁང་པ་བརྩེགས་པའི་ནང་དུ་བཞུགས་པ་ཉིད་ཡིན་པས་མི་འགལ་བ་ཉིད་དོ། །གྲྭ་རུ་ཟུར་གྱི་འགྲམ་པ་གཉིས་སུ་དང་། སྒོའི་སྒོ་འགྲམ་གཉིས་སུ་ཡང་གཙོ་བོའི་སྔགས་ཀྱིས་མེ་ ཏོག་དབུལ་བར་བྱའོ། །དཀྱིལ་འཁོར་གྱི་ཕྱི་རོལ་དུ་ཟླ་བའི་སྣམ་བུ་ལ་མཆོད་པའི་ལྷ་མོ་བཅུ་དྲུག་མཆོད་པར་བྱ་སྟེ། ཨོཾ་ཨཱཿབཛྲ་པུཥྤཾ་བཛྲ་པུཥྤཾ་པྲ་ཏཱིཙྪ་པཱུ་ཛ་ཧཱུཾ་ཞེས་རང་རང་གི་མིང་ཡིག་དང་པོ་ལ་ཟླ་བ་དང་ཐིག་ལེར་ལྡན་པ་དང་སྤེལ་ནས་སྒོའི་ལོགས་གཉིས་སུ་ལྷ་མོ་གཉིས་ལ་མཆོད་པར་ བྱའོ། །དཀྱིལ་འཁོར་དུ་གཙོ་བོའི་སྔགས་ཀྱིས་བྱང་ཆུབ་སེམས་དཔའ་གཉིས་ཀྱི་གཞོགས་སུ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་བུམ་པ་གཉིས་གཉིས་ལ་མཆོད་པར་བྱའོ། །རིམ་པ་འདི་ཉིད་ཀྱིས་ཡི་གེ་གསུམ་དང་སྤེལ་བའི་ལྷ་བཤོས་དང་། སྤོས་ལ་སོགས་པ་དབུལ་བར་བྱའོ། ། 31-1-104a ཀླུའི་བློ་ཡིས་བྱས་པ་དེ་ཉིད་ཀྱི་ཆོ་གར་གསུངས་པའི་སངས་རྒྱས་མཉེས་པར་བྱེད་པ་ལེའུ་དང་པོའི་རྗེས་སུ་འབྲངས་ནས་ཕྱག་འཚལ་བ་ལ་སོགས་པ་རིག་པར་བྱའོ་ཞེས་སོ། །དཀྱིལ་འཁོར་གྱི་ཡན་ལག་ཏུ་གསུངས་པ་དང་། སྦྱིན་སྲེག་གི་ཡན་ལག་གསུངས་པའི་རིམ་ པས་འགྲོ་བ་རྣམས་རང་བཞིན་གྱིས་གྲུབ་པའི་རྡོ་རྗེ་འཆང་གི་ངོ་བོ་ལྷག་པར་མོས་ལ། ཨོཾ་ད་ཤ་དི་ཀ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་གཏོར་མ་དབུལ་བར་བྱའོ། །འདི་ཉིད་མདོ་དང་བསྲེ་བར་བྱེད་པར་གང་གསུངས་པ། རང་གི་འདོད་པའི་ལྷའི་མདུན་དུ་མཆོད་ཡོན་ཕུལ་ནས། དེ་ཉེ་ བར་བལྟས་ལ་ཞེས་སོ། །སྒྲུབ་པའི་ཐབས་སུ་གསུངས་པ་ཞེས་པ་ནི་མདོར་བྱས་སུ་གསུངས་པའི་རིམ་པར་ལྷག་མོས་ཀྱི་དཀྱིལ་འཁོར་གྱི་དེ་མ་ཐག་ཏུ་བསྐྱེད་པའི་རིམ་པ་སྒོམ་པར་བྱེད་པའི་མཆོད་པའི་བྱེ་བྲག་གསུངས་པའོ། །རྣལ་འབྱོར་བྱས་ལ་ཞེས་པ་ལ་སོགས་པ་ནི་རྣལ་འབྱོར་དང་ རྗེས་སུ་རྣལ་འབྱོར་གྱི་བདག་ཉིད་ཅེས་གསུངས་པའི་ཕྱིར་མི་བསྐྱོད་པ་བཞུགས་པ་དང་བྲལ་བ་ཉིད་རྣལ་འབྱོར་པ་གཉིས་པ་རྫོགས་པ་ཡེ་ཤེས་ཀྱི་སྐུ་ཁོ་ན་ཤིན་ཏུ་རྣལ་འབྱོར་དུ་གསུངས་པའི་རིགས་ལྔ་ཚོགས་པ་སྐྱེད་པར་བྱེད་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པའི་རིམ་པ་བཞིན་དུ་ ཤིན་ཏུ་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པས་འདིའི་ཤིན་ཏུ་རྣལ་འབྱོར་ལ་མི་བསྐྱོད་པ་ཞུགས་པ་བསྡུས་སོ། །ཕྱག་རྒྱ་ཞེས་གསུངས་པའི་ཕྱིར་ཕྱག་རྒྱ་ཡང་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་བྱས་ལ་ཞེས་པ་ལ་སོགས་པ་ནས་དཔག་ཚད་ཅེས་བྱ་བའི་མཐར་ཐུག་པའོ། །ནུ་མའི་བར་ཞེས་ པ་ནི་ནུ་མ་དག་གི་དབུས་སུའོ། །བར་ཞེས་པ་ནི་མགྲིན་པའི་འོག་སྙིང་གའི་མཐར་ཐུག་པར་ཧཱུཾ་གི་ཡི་གེ་ལས་སྐྱེས་པའི་མི་བསྐྱོད་པའི་རང་བཞིན་དུ་བལྟ་བར་བྱའོ་ཞེས་མངོན་པར་དགོངས་སོ། །ཇི་སྲིད་དུའི་སྒྲ་ནི་རིགས་ཤེས་པ་མཱ་མ་ཀཱི་དང་རེག་བྱ་རྡོ་རྗེ་མ་དག་ཀྱང་དགོད་པར་བསྟན་ནོ། ། འཇམ་པའི་དབྱངས་དག་ཀྱང་རིགས་ཤེས་པའི་རྗེས་སུ་འཇུག་པར་བྱའོ། །ཇི་སྲིད་དུ་སྒྲའི་མཐར་ཤེས་པ་ནི། ཀླད་པ་མཐའ་དག་ལ་ཁྱབ་པའི་རྣམ་པར་སྣང་མཛད་སྤྱན་མ་དང་ལྡན་པ་དགོད་པར་བྱའོ། །ཁའི་དཀྱིལ་འཁོར་ནི་མཐའ་དག་གོ། །དེར་ཡི་གེ་ཨཱཿལས་བྱུང་བའི་འོད་དཔག་ཏུ་ 31-1-104b མེད་པ་དེའི་ངོ་བོ་ཉིད་དུ་དགོད་པར་ཤེས་པར་བྱའོ། །ཇི་སྲིད་དུ་རྐང་པ་གཉིས་ཞེས་བྱ་བ་ལ་སོགས་པས་རྐང་པ་གཉིས་ཀྱི་བརླའི་རྩ་བར་ཧཱ་ཡིག་ལས་སྐྱེས་པའི་དོན་ཡོད་གྲུབ་པའི་རང་བཞིན་ནོ། །ལྟེ་བར་ཞེས་བྱ་བ་ལ་སོགས་པས་གནས་གསུམ་དུ་སྭཱ་ལས་བྱུང་བའི་རིན་ཆེན་དབང་པོའི་ རང་བཞིན་ནོ། །གལ་ཏེ་ཡང་འདིར་གནས་ངེས་པར་བྱས་པ་དེ་བཞིན་དུ་ཡང་ཡན་ལག་ཐམས་ཅད་ལ་ཁྱབ་པ་ཉིད་ཀྱིས་ལྔའི་བདག་ཉིད་ཅན་ནི། དེ་རྣམས་རེ་རེ་ལ་རིག་པར་བྱའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི། དེའི་དབུས་སུ་ཞེས་པ་ཡེ་ཤེས་རྒྱ་མཚོ་ཡེ་ཤེས་ཐམས་ཅད་ཀྱི་ཆུ་ གཏེར་ལྟ་བུ་རླབས་རྣམས་བསྐྱེད་པའི་གནས་སོ། །བྱང་ཆུབ་ཀྱི་སེམས་ནི་ཀུན་རྫོབ་དང་དོན་དམ་པ་གཉིས་སུ་མེད་པའི་བདག་ཉིད་ཅན་ནོ། །བདག་ཉིད་ནི་རྣལ་འབྱོར་པས་བདག་ཉིད་ཀྱི་རང་གི་ངོ་བོས་ཏེ། དེ་བཞིན་གཤེགས་པ་རྣམས་ཞེས་གསུངས་པའི་ཕྱིར་རོ། །ལྷ་སུམ་ཅུ་རྩ་ གཉིས་ཀྱི་བདག་ཉིད་ཅན་གྱི་བདག་ཉིད་བསྒོམས་ནས་མཁས་པས་ཏེ། རིགས་པས་གང་སླར་ཡང་འདིའི་ཞི་བ་རྡོ་རྗེ་འཛིན་པ་སྟེ། བསྡུ་བ་དག་ཀྱང་རབ་ཏུ་བྱ། །ཞེས་བྱ་བ་ལ་སོགས་པས་སྔར་གསུངས་པའི་གནས་ནི་འདིར་འབྲེལ་ལོ། །སྤྲོ་བ་དང་བསྡུ་བ་ལ་གལ་ཏེ་འདོད་ན་ཞེས་ གསུངས་པའི་ཕྱིར་གལ་ཏེ་བརྟན་པས་གང་ཡང་སེམས་སྤྲོ་བ་ལ་སོགས་པ་འདོད་པ་མེད་པ་ན་དེ་ཉིད་དུ་སེམས་ངེས་པར་འཆིང་དུ་གཞུག་པར་བྱའོ་ཞི་བ་རྡོ་རྗེ་འཛིན་ཞེས་པ་ནི་སྔར་མ་བཤད་པ་ཉིད་ཀྱི་ཕྱིར་དེ་བཤད་པའི་དབང་དུ་བྱས་ནས་གསུངས་པ། ཞི་བ་ཞེས་པ་ལ་སོགས་པའོ། ། ལུས་རྟེན་གྱི་དབང་དུ་བྱས་ནས་གསུངས་པ། ཡང་ཞེས་བྱ་བ་ལ་སོགས་པ་སྟེ། ཡེ་ཤེས་རྒྱ་མཚོ་ཞེས་པ་ནི། ཁྱད་པར་གྱི་ངོ་བོ་ནི་ཁྱད་པར་གྱི་བདག་ཉིད་ཅན་ཞེས་ཁྱད་པར་དུ་བྱེད་པར་འདིར་གྲངས་ལ་སྦྱར་བར་བྱའོ། །དེའི་ཕྱིར་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ཁྱད་པར་དུ་བྱེད་པའི་ངོ་བོ་ ཁྱད་པར་དུ་བྱེད་པའི་བདག་ཉིད་ཅན་དེའོ། །དེ་ཉིད་ཀྱི་ཕྱིར་ཡེ་ཤེས་རྒྱ་མཚོ་ཞེས་བྱ་བ་ལ་སོགས་པ་རྐང་པ་གཉིས་སྦྲེལ་བའི་དོན་དུ་དུས་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རང་གི་ལུས་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་ཐམས་ཅད་ཀྱི་གནས་ནི་མཆོད་རྟེན་ནོ། །སྔར་བཤད་ 31-1-105a པར་ཞེས་པ་ནི་ལེའུ་བདུན་པར་གསུངས་པ་བཞིན་ནོ། །བསྐྱེད་པའི་རིམ་པ་ལ་བྱང་བ་ཞེས་བྱ་བ་འདིས་བསྐྱེད་པའི་རིམ་པ་ལ་གནས་པས་ཀྱང་བ་སྤུའི་བུ་ག་དང་བར་ནས་དེ་བཞིན་གཤེགས་པ་རྣམས་སྤྲོ་བར་བྱེད་དོ་ཞེས་པའི་མཐར་ཐུག་པའོ། །སྒྲ་ཇི་བཞིན་པའོ། །རྣལ་འབྱོར་ པ་གཉིས་ཀའི་ཞེས་པ་ནི། བསྐྱེད་པ་དང་རྫོགས་པའི་རིམ་པ་དག་གི་རྣལ་འབྱོར་པས་སོ། །རིགས་ཀྱི་དབྱེ་བས་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ཀྱི་དབྱེ་བས་སོ། །ཛཱ་ཏི་ནི་ཛཱ་ཏིའི་མེ་ཏོག་གོ། །རྣམ་པ་གསུམ་ནི་ལུས་ལ་སོགས་པ་རྣམ་པ་གསུམ་གྱི་དབྱེ་བས་ཁ་དོག་གསུམ་དུ་བྱས་ ནས་སོ། །དྲང་བའི་དོན་ཏོ། །ཀརྞི་ཀ་ར་ལ་སོགས་པ་རྣམ་པ་རེ་རེ་ཉིད། དབང་ཆེན་ལ་སོགས་པ་ནི་དལ་བ་ལ་སོགས་པ་དང་། ས་ལ་སོགས་པའི་དཀྱིལ་འཁོར་བཞི་པོ་ལ་སྦྱར་བར་བྱ་བ་སྟེ། བསྒོམ་པར་བྱའོ། །ཅི་ལྟར་སྦྱར་བར་བྱ་ཞེ་ན། དངོས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷ་ རྣམས་ཀྱི་སྐུར་སྦྱོར་བའི་རྒྱུ་ནི་དངོས་མེད་གོ་འཕང་སྦྱོར་བ་ཞེས་གོ་རིམས་བཞིན་དུ་སྦྱར་རོ། །ལྷའི་རྣལ་འབྱོར་སྔོན་དུ་འགྲོ་བས་དཀྱིལ་འཁོར་བཞིའི་བདག་ཉིད་ཅན་དངོས་པོ་མེད་པར་འགོག་པའི་ཡན་ལག་དེ་ཉིད་གོ་འཕང་སྟེ་གནས་ཡེ་ཤེས་ཀྱི་སྐུའི་སྐྱེད་པའི་རྒྱུའོ། །དབང་ཆེན་ལ་ སོགས་པ་ནི་གང་ལས་འབྱུང་བར་འགྱུར་བ་དེ་ལས་སྦྱར་བར་བྱའོ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་དེ་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱི་དུས་ཞེས་པ་སྒྲ་ཇི་ལྟ་བར་མངོན་པར་ཞེན་པའོ། །དངོས་གྲུབ་ཅེས་པ་ནི་བཤད་མ་ཐག་པའི་རྫོགས་པའི་རིམ་པའི་ངོ་བོའི་དངོས་གྲུབ་མ་ཐོབ་ པར་གྱུར་པའོ། །ཅི་བྱས་པས་ཤེ་ན། སྐལ་མིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ཉིད་སྨོད་པའོ། །ཅིར་འགྱུར་ཞེ་ན། དེ་བཞིན་དུ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཐམས་ཅད་ཅེས་པ་ནི་ལས་དང་པོ་པས་ཏེ་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཅན་ཡིན་པའི་ ཕྱིར་རོ། །གསུངས་པ་ཡང་། འགྲོ་བ་འདི་ཀུན་སངས་རྒྱས་མངའ་བདག་ཉིད། །ཅེས་སོ། །སངས་རྒྱས་རྣམས་ལ་སྨད་པའི་འབྲས་བུ་བསྟན་པའི་ཕྱིར་རོ། །སྨད་པར་གྱུར་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདས་ནས་གཞན་ཏེ་དམྱལ་བ་ལ་སོགས་པ་གཞན་དེ་དག་ཏུ་འགྲོ་བར་ 31-1-105b འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་སྒྲ་ཇི་བཞིན་པར་གསུངས་པའི་དོན་ལ་མཁས་པ་བསྐྱེད་པའི་རིམ་པས་མེ་ཏོག་གི་དགོངས་པ་དང་ལྡེམ་པོར་དགོངས་པ་ཡོངས་སུ་ཤེས་པ་ལ་འབད་པར་བྱའོ། །བདག་ཉིད་སྨད་པ་ནི་ཐམས་ཅད་ཀྱི་ཚེ་རྣམ་པ་ཐམས་ཅད་དུ་མི་བྱའོ་ཞེས་ངེས་ པར་དགོངས་སོ། །ངེས་པའི་དོན་ཏོ། །གསང་བ་ལས་སྐྱེས་པས་དབང་བསྐུར་བ་ནི་གསང་བའི་དབང་གིས་ངག་གི་དྲི་མ་འཁྲུད་པར་བྱེད་པའོ། །དེའི་དོན་གྱི་དཀྱིལ་འཁོར་ནི་གསང་བའི་དབང་བསྐུར་བའི་དཀྱིལ་འཁོར་རོ། །ངོས་རེ་ཞིང་ཞེས་པ་ནི་དཀྱིལ་འཁོར་གྱི་ལྟེ་བར་བཙུགས་ པའི་ཕུར་བུ་ནས་བརྩམས་ནས་ངོས་རེ་རེ་ལ་དཔག་ཚད་ཉི་ཤུ་རྩ་ལྔ་པའི་ཐིག་ལ་དཔག་ཚད་བརྒྱ་པའི་དཀྱིལ་འཁོར་དུ་འགྱུར་རོ། །ཉེ་བར་མཚོན་པས་ཞེས་པ་ནི་རྒྱུ་ལ་འབྲས་བུས་བརྟགས་པའི་ཕྱིར་རོ། །ཡིད་ཀྱིས་ཞེས་བྱ་བ་འདིས་ཡིད་ཀྱི་དཀྱིལ་འཁོར་ཡང་གསང་བའི་དབང་བསྐུར་བའི་ ཆེད་དུ་བྱའོ་ཞེས་བསྟན་ནོ། །ཤར་ལ་སོགས་པའི་ཕྱོགས་སུ་ཞེས་པ་ནི། རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ལ་ལྟོས་ནས་ཤར་ལ་སོགས་པར་རོ། །དུས་ཐམས་ཅད་དུ་བག་ཡོད་པས་ཞེས་པ་ནི། ལྷ་རྣམས་དགོད་པ་ལ་དྲན་པ་མ་བརྗེད་པའོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པའི་བཤད་ པའི་དཔེས། དཔེ་ཅན་དཀྱིལ་འཁོར་གཞན་སྟོན་པར་བྱེད་དོ། །དེ་བཞིན་དུ་ཞེས་པས་དཀྱིལ་འཁོར་གཞན་ཉེ་བར་བསྟན་ནོ། །ཆོ་ག་ཞེས་ཤེས་པ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་བྲི་བ་དང་། ཡིད་ཀྱི་དཀྱིལ་འཁོར་བསྒོམ་པ་ལ་མཁས་པའོ། །མཆོད་རྟེན་ཞེས་བྱ་བ་ནི་དེ་བཞིན་གཤེགས་ པའི་གནས་ཡིན་པ་ཉིད་ཀྱིས་ཏེ། རྣམ་པར་སྣང་མཛད་གཟུགས་ཀྱི་ཕུང་པོ་ཡིན་པ་བཞིན་དུ་མཆོད་པར་བྱ་བ་ཉིད་ཀྱི་ཕྱིར་མཆོད་རྟེན་དང་འདྲ་བའོ། །དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་ཞེས་པ་ནི། ལེའུ་བཞི་པར་གསུངས་པའི་དོན་དེ་ནས་བཤད་བགྱི་བ་ ཞེས་པ་ལ་སོགས་པའི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དེའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །པདྨ་རཱ་ག་ལ་སོགས་པ་ཞེས་པའི་སོགས་པའི་སྒྲ་ལས་ཨིནྡྲ་ནཱི་ལ་དང་། ཤེལ་དང་གསེར་དང་། མ་ར་ཀ་ཏ་ལ་སོགས་པ་བསྡུས་སོ། །དར་དང་བལ་ལ་སོགས་པ་ཞེས་པ་ནི་འདབ་མ་ལས་ 31-1-106a བྱུང་ཞིང་སྐྱེས་པ་ནི་དར་ལ་སོགས་པའོ། །བལ་ནི་ལུག་ལ་སོགས་པའི་སྤུ་ལ་སོགས་པ་ལས་བྱས་པ་ཡིན་པའི་ཕྱིར་དར་དང་བལ་ལ་སོགས་པ་ཞེས་བརྗོད་པར་བྱའོ། །མིག་གི་དབང་པོའི་ཡུལ་བསྟན་ནས། །ཞེས་པ་ནི། པདྨ་རཱ་ག་ལ་སོགས་པ་རྣམས་མིག་གི་ཡུལ་ཡིན་ པའི་ཕྱིར་རོ། །སོགས་པའི་སྒྲ་ལས་རེག་པའི་དབང་པོ་གཞན་རྣམས་གསུངས་པ་རྣ་བ་ཞེས་པ་ལ་སོགས་པ་སྟེ། ཐམས་ཅད་ཅེས་པ་ལ་སོགས་པ་ནི་རྙོག་མའི་དྲི་མ་ཞེས་ཏེ། རྙོག་མ་ནི་རྩོད་པའི་དུས་སུ་ཉེ་བར་བསགས་པའི་སྒྲིབ་པ་ནི་རྙོག་མའི་དྲི་མའོ། །དེ་འཁྲུད་པར་བྱེད་པ་ནི་སེལ་བར་ བྱེད་པས་སོ། །ཡེ་ཤེས་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་བྱང་ཆུབ་ཀྱི་བདག་ཉིད་ཅན་གྱི་ཡེ་ཤེས་འདུ་བར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །དབང་བསྐུར་བ་ཉིད་ནི་བྱང་ཆུབ་སྟེ། རྒྱུ་ལ་འབྲས་བུ་ཉེ་བར་བརྟགས་པའི་ཕྱིར་རོ། །མཆོད་པ་རྣམ་པ་ལྔ་ཞེས་པ་ནི་ཉེ་བར་སྡུད་པར་བྱའོ། །ཉེ་བར་དབུལ་ བར་བྱའོ་ཞེས་པ་ནི་མཆོད་པ་སྟེ། ལྔ་ཡང་དེ་ཡིན་ལ་མཆོད་པ་ཡང་དེ་ཡིན་པས་མཆོད་པ་རྣམ་པ་ལྔའོ། །མེ་ཏོག་ལ་སོགས་པ་ཞེས་པའི་སོགས་པའི་སྒྲ་ལས་བདུག་པ་དང་། མར་མེ་དང་དྲི་དང་བྱུག་པ་རྣམས་གཟུང་བར་བྱའོ། །མེ་ཏོག་ལ་སོགས་པས་ཁྱད་པར་དུ་གྱུར་པ་བསྟན་པར་ བྱ་བའི་ཕྱིར་དེ་རྣམས་ཀྱི་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་པ། ལང་ཚོ་ཉམས་པ་ནི་ལང་ཚོ་ཉམས་པ་ཡིད་དུ་མི་འོང་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །མཆོག་ཅེས་བྱ་བ་ལ་སོགས་པ་ནི་ཟུང་འཇུག་བཤད་དོ། །རྡོ་རྗེ་འཆང་ཆེན་པོའི་བདག་ཉིད་ཅན་ཡིན་པ་ཉིད་ཀྱི་ཕྱིར་བླ་མ་ཞེས་ བྱ་བ་ལ་སོགས་པ་གསུངས་སོ། །འབྲས་བུ་ཐ་མལ་པ་ནི། བསྐྱེད་པའི་རིམ་པའི་འབྲས་བུ་འགྲུབ་པ་དང་། ཕྲ་མོའི་དངོས་གྲུབ་ལ་སོགས་པ་གྲུབ་པའོ། །སངས་རྒྱས་ཉིད་ནི་ཡོངས་སུ་དག་པའོ། །འདི་ཉིད་ལ་ཞེས་སྦྲེལ་བར་བསྟན་པའི་དོན་དུ་གསུངས་སོ། །འབྲས་བུ་དོན་དུ་གཉེར་བས་ ནི་སྦྱིན་པ་ལ་འཇུག་གོ་ཞེས་པས་འབྲས་བུ་དང་པོར་བཤད་ནས་དེའི་རྒྱུ་སྦྱིན་པ་འགྲུབ་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཐར་ཐུག་པའི་ཡེ་ཤེས་དང་ལྡན་ཞིང་ཞེས་བྱ་བ་ནི། ངལ་བས་སངས་རྒྱས་པ་ལ་གཉིས་སུ་མེད་པའི་ཡེ་ཤེས་སོ་སོར་རྟོག་པའི་གདོན་མི་ཟ་བར་འགྱུར་རོ། ། 31-1-106b ཞེས་མངོན་པར་དགོངས་པས་མཐར་ཐུག་པའི་ཡེ་ཤེས་དང་ལྡན་ཞེས་མངོན་པར་བརྗོད་དོ། །ཐུན་མོང་གི་ཆོ་ག་གསུངས་པ། བསམ་གཏན་གྱིས་ཀྱང་ཞེས་བྱ་བ་ལ་སོགས་པ་སྟེ། བདག་པོའི་ཞེས་བྱ་བ་ལ་སོགས་པས་འབྲས་བུའི་དབང་ལས་བདག་པོ་རྣམས་དམིགས་པ་ལའོ། །རྡོ་རྗེ་ འཆང་ཆེན་པོ་དང་ལྷ་ཐམས་ཅད་ལ་དམིགས་པ་ལ་ཐམས་ཅད་དབུལ་བ་མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །དེ་བཞིན་ཤེས་པའི་འཁོར་ལོའི་དབུས་སུ་ཞེས་པ་ནི་ཚོགས་ཀྱི་དཀྱིལ་འཁོར་ཏེ། དེ་བཞིན་གཤིགས་པ་ཐམས་ཅད་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །གང་གི་ཞེས་པ་ནི་ཚོགས་ ཀྱི་དཀྱིལ་འཁོར་ལ་གནས་པ་རྣམས་དང་། དཀྱིལ་འཁོར་གྱི་དབང་ཕྱུག་གི་སྐུ་ལ་གནས་པ་རྣམས་སོ། །བཀོད་པའི་དཀྱིལ་འཁོར་ནི་ཡེ་ཤེས་ཀྱི་ཕུང་པོའོ། །ཉོན་མོངས་པ་ཞེས་པ་ནི། འདིར་ཉོན་མོངས་པ་འདོད་ཆགས་སོ། །དེ་རྣམ་པར་དག་པའི་ནི་འོད་གསལ་ལོ། །དེ་མངོན་དུ་བྱེད་ པའི་ཐབས་ཉིད་ཡིན་པའི་ཕྱིར། འདི་ལ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཞེས་སྦྲེལ་ལོ། །ཁུ་བ་བླངས་ནས་ཞེས་པ་ནི་མཐེ་བོང་དང་མིང་མེད་དག་གིས་སོ། །བླ་མས་བྱིན་པ་བླངས་ནས་སོ། །ཁ་ཡིས་ཞེས་པ་ལ་སོགས་པ་ནི་སློབ་མའི་བྱ་བའོ། །གཞན་འགའ་ཞིག་ཏུ་མཐེ་བོང་མིང་མེད་དག་གིས་ རྡོ་རྗེ་ཉིད་བཙིར་ནས་སྦྱིན་པར་བྱའོ། །དེ་ཉིད་ཀྱིས་ཞེས་པ་འགའ་ཞིག་ཏུ་ཀ་ཀོ་ལར་ལྟུང་བ་གང་ཡིན་པ་དེ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ནི། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་དྲུག་ཀླུའི་བློའི་ཞབས་ཀྱིས་མཛད་པའི་ དཀྱིལ་འཁོར་གྱི་ཆོ་གར་གསུངས་པ་ལ། ཚིགས་སུ་བཅད་པའི་སྒྲས་བརྗོད་པར་བྱའོ། །ལུས་བསྐམས་པ་ནི་གཟུགས་གཅིག་པུ་དང་ལྡན་པའོ། །གང་གིས་ཞེ་ན་གསུངས་པ། རྒྱལ་བ་རྣམས་ཀྱི་ཞེས་ཏེ། རྒྱལ་བ་མཐའ་དག་གི་གཟུགས་གཅིག་པུར་བསྐམས་པའོ་ཞེས་མངོན་པར་ དགོངས་སོ། །དབང་བསྐུར་བ་ཞེས་པ་ནི་སློབ་པར་བྱེད་པའོ། །སྤྱི་བོར་དྲི་མེད་ནི་སངས་རྒྱས་སོ། །རིན་པོ་ཆེའི་ཆར་ནི་རབ་ཏུ་འཇུག་པ་གང་ཡིན་པ་དེ་རྣམས་ནི་དེ་བཞིན་དུའོ། །རྣམ་དག་ཞེས་པ་ལ་སོགས་པའི་རྐང་པ་ནི་འདི་དག་གི་ཁྱད་པར་རོ། །སྔགས་ཀྱི་དངོས་གྲུབ་བྱེད་པ་ནི་སྦྲུལ་ལ་ 31-1-107a སོགས་པའི་སྔགས་རྣམས་ངག་གི་རང་བཞིན་ཡིན་པ་ཉིད་ཀྱི་ཕྱིར་རོ། །གསང་བའི་དབང་བསྐུར་བ་ནི་དེ་དག་དྲི་མ་འཁྲུད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །ངག་རྣམ་པར་དག་པ་ནི་གང་ཇི་ལྟར་བརྗོད་པ་དེ་བཞིན་ཉིད་དུ་འགྱུར་རོ། །དེ་བཞིན་དུ་གང་། ཕྱི་རོལ་དྲང་སྲོང་དམོད་ པའི་མདས། །ཆེན་པོ་རྣམས་ཀྱང་བཅོམ་ཞེས་ཐོས། །གང་ཡང་འདིར་ནི་ངག་དག་པ། །དངོས་གྲུབ་བྱེད་པའི་ཚིག་མི་འགྱུར། །ཞེས་སོ། །བྱ་བའི་རྒྱུད་ལ་སོགས་པ་ཞེས་པའི་སོགས་པའི་སྒྲ་ལས། རྟོག་པ་དང་སྤྱོད་པ་ལ་སོགས་པའི་རྒྱུད་རྣམས་བསྡུས་སོ། །རྣམ་པར་དག་པའི་ ཡེ་ཤེས་ཀྱི་སྐུ་སྐྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར། མི་འཇིགས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡང་ཐོག་མར་དག་པའི་གནས་མངོན་དུ་བྱེད་པའི་ཐབས་ཉིད་ཡིན་པའི་ཕྱིར། མི་འཇིགས་པ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡང་ཐོག་མར་རྣམ་པར་དག་པའི་གནས་ མངོན་དུ་བྱེད་པའི་ཐབས་ཉིད་ཡིན་པའི་ཕྱིར་ཞེས་སོ། །སྒྲ་ཇི་བཞིན་པའོ། །རྨད་དུ་བྱུང་བ་ཞེས་པ་ནི་མངོན་པར་མ་བྱུང་བ་བྱུང་བ་ནི་རྨད་དུ་བྱུང་བའོ། །འགལ་བའི་ཚིག་གིས་ངེས་པ་དང་དྲང་བ་དང་ངེས་པའི་དོན་དག་གི་དམ་ཚིག་ལྔ་སྟོན་པར་བྱེད་པའོ། །དེའི་བྱ་བ་ནི་དོན་རྫོགས་པར་བྱེད་ པའོ། །ནམ་མཁའ་བཞིའི་བདག་ཉིད་ཅན་ཉིད་ཀྱིས་ནི་སྟོང་པ་བཞིའི་བདག་ཉིད་ཅན་ཉིད་ཀྱི་ཡེ་ཤེས་ཀྱི་སྐུ་ནི་ཐམས་ཅད་ནམ་མཁའོ། །ཆེན་པོ་ཡང་དེ་ཡིན་ལ་མི་འགྱུར་བ་སྟེ་མི་འཇིགས་པ་ཡང་ཡིན་ནོ་ཞེས་པས་མི་འགྱུར་ཆེ་སྟེ། སྐྱེ་བ་དང་གནས་པ་དང་འཇིག་པ་དང་བྲལ་བའི་ ཕྱིར་རོ་ཞེས་པའི་དོན་ཏོ། །བྱ་བའི་རྒྱུད་ལ་སོགས་པ་ཞེས་བྱ་བའི་སོགས་པའི་སྒྲ་ལས་སྤྱོད་པ་དང་གཉིས་ཀའི་རྒྱུད་དུ་གསུངས་པའི་སྤྱོད་པ་རྣམས་ཡོངས་སུ་བཟུང་ངོ་། །དུས་གསུམ་དང་ཡང་དག་པར་བྱུང་བའི་དེ་བཞིན་གཤེགས་པའི་བདག་ཉིད་ཅན་ཉིད་ཡིན་པའི་ཕྱིར། སྔགས་ པ་གསུངས་པ། དུས་གསུམ་པའི་ཞེས་པ་ལ་སོགས་པའོ། །བསྒོམ་པར་བྱ་ཞེས་བྱ་བ་འདིས་བསྒོམ་པ་གཙོ་བོ་ཡིན་གྱི་ལག་པའི་རབ་ཏུ་སྦྱོར་བ་ནི་མ་ཡིན་ནོ། །རྡོ་རྗེ་གསང་བ་འདི་ཉིད་ཀྱིས་ནི། རབ་ཏུ་གསལ་བའི་མི་བསྐྱོད་པའི་ཏིང་ངེ་འཛིན་གྱིས་སོ། །སེམས་ཅན་ཐམས་ཅད་ཅེས་པ་ 31-1-107b བདག་མ་ཡིན་པ་ཉིད་དོ། །མི་བསྐྱོད་པའི་སངས་རྒྱས་ཀྱི་ཞིང་དུ་རྒྱལ་བའི་སྲས་སུ་ནི་མི་བསྐྱོད་པའི་རྒྱུད་དུའོ། །སྐྱེ་བ་དང་འགག་པས་དམིགས་པར་གྱུར་པ་ཉིད་ཡིན་པའི་ཕྱིར་འདིར་རང་དབང་སྤང་བའི་ཕྱིར་འདིར་གསུངས་པ་ཞེས་སོ། །གཞན་དུ་ཞེས་པ་ལ་སོགས་པས་བྱ་བ་མ་ཡིན་ པར་སྟོན་པར་བྱེད་དོ། །མ་རིག་པ་ཞེས་བྱ་བ་ལ་སོགས་པས་ནི། མི་ཤེས་པ་ནི་ཕ་རོལ་གྱི་རྫས་འགུགས་པའོ། །དེར་ཐར་པ་རབ་སྒྲུབ་པ་སྟེ། ཐར་པ་རབ་ཏུ་གྲུབ་པར་འཆད་པར་འགྱུར་བའི་རིམ་པས་སོ། །སེམས་ཅན་གྱི་རྒྱུད་དུ་ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་རོ། །སངས་ རྒྱས་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་ཡང་། སངས་རྒྱས་ཐམས་ཅད་མི་རྟག་ཅེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །སྒྲུབ་ཐབས་སུ། ཞེ་སྡང་རྡོ་རྗེའི་ཏིང་འཛིན་གནས། །ཞེས་པ་ནི་ཉེ་བར་མཚོན་པའོ། །དེས་ཞེས་བྱ་བ་ནི་རིན་ཆེན་ཀུན་གྱི་སྦྱོར་བའི་རྒྱུད་དེས་སོ། །འདིའི་དོན་ གསུངས་པ་གང་དང་གང་ཞེས་བྱ་བ་ལ་སོགས་པའོ། །སྐུ་ཞེས་བྱ་བ་ལ་སོགས་པའི་དོན་འཆད་པར་བྱེད་པ་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བ་སྤུ་ཞེས་བྱ་བ་ལ་སོགས་པས། སྐུའི་བྱ་བ་བསྒོམ་པའོ། །གསུང་གི་རབ་ཏུ་སྦྱོར་བར་སྒོམ་པར་བྱེད་པ། རང་གི་ལྕེ་ཞེས་བྱ་ བ་ལ་སོགས་པ་གསུངས་སོ། །ཡིད་ཀྱི་ཞེས་བྱ་བ་ལ་སོགས་པས་ཡིད་ཀྱི་རབ་ཏུ་སྦྱོར་བ་སྟེ། སྐུ་དང་གསུང་གི་རབ་ཏུ་སྦྱོར་བ་དག་ཀྱང་ཡིད་ཀྱི་བྱ་བ་ཡིན་པའི་ཕྱིར། སྐུ་དང་གསུང་དང་ཐུགས་སུ་རྣམ་པར་བསྒོམ་པར་བྱའོ་ཞེས་གསུངས་སོ། །འགྱུར་རོ་ཞེས་བྱ་བ་ལ་སོགས་པ་འབྲས་ བུ་མཚུངས་པར་བརྗོད་པར་རྒྱས་པར་བཤད་དོ། །འགུགས་པའི་དེ་མ་ཐག་ཏུ་གང་གིས་བྱས་པ་དེའི་ཆེད་དུ་བླ་ན་མེད་པའི་བསོད་ནམས་ཀྱི་ཞིང་གི་ཕྱིར་ནོར་སྦྱིན་པ་ལ་ངེས་པར་སྦྱར་བ་ཉིད་ཀྱི་ཕྱིར་རོ། །བཅོམ་ལྡན་འདས་མར་གསུངས་པ་ཡང་བདག་གི་ཡོ་བྱད་བྱེད་པ་གང་ཡིན་པ་དེ་ ཕྲོགས་ན་དེ་སྦྱིན་པ་སྦྱིན་པར་གྱུར་ཅིག །བདག་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྲོ་བར་འགྱུར་རོ་ཞེས་སོ། །དེ་ཉིད་ཀྱི་ཕྱིར་ནོར་གྱི་རྒྱ་མཚོ་ཞེས་བྱ་བ་ལ་སོགས་པ་ཡང་ལེགས་པར་གནས་སོ། །རྫས་ཀྱི་བདག་པོ་གང་ཡིན་པ་ནི་གང་གི་རྫས་ཕྲོགས་པའོ། །ཕྱིས་དེ་ 31-1-108a བཞིན་གཤེགས་པར་འགྱུར་རོ་ཞེས་པ་ནི་གསུངས་པ་ཡང་ཐོག་མར་སངས་རྒྱས་བྱང་ཆུབ་སྐྱེད་པ་པོ་ཞེས་པ་ལ་སོགས་པའོ། །མི་བསྐྱོད་པ་ལ་སོགས་ཞེས་པའི་སོགས་པའི་སྒྲ་ལས་རིན་ཆེན་དབང་པོ་ལ་སོགས་པ་གསུམ་གཟུང་ངོ་། །བཞི་པོ་འདི་རྣམས་ཀྱི་དཀྱིལ་འཁོར་ དུ་རིགས་ངེས་པ་རྣམས་ཀྱང་། རིགས་རེ་རེ་ལའང་ཚད་མེད་པ་ཉིད་ཡིན་པའི་ཕྱིར་རིགས་ཀྱི་རྒྱ་མཚོའི་དབུས་སུ་ཞེས་གསུངས་ཏེ། གཏི་མུག་ཅེས་བྱ་བ་ལ་སོགས་པས་ལྷའི་འཁོར་ལོའི་ཞེས་པ་འདིར་རྒྱ་མཚོ་རབ་ཏུ་སྦྱར་བའི་ཕྱིར་དཀྱིལ་འཁོར་ལ་བཞུགས་པའི་རྣམ་པར་སྣང་མཛད་ལ་ སོགས་པའི་རིགས་ཅན། སྤྱན་མ་ལ་སོགས་པའི་ལྷའི་འཁོར་ལོ་དེ་ཉིད་འདིར་གསུངས་སོ་ཞེས་རྟོགས་པར་བྱའོ། །གསུངས་པ་འདིའི་དགོངས་པ་འདི་ཡིན་ཏེ་སྤྱན་མ་ལ་སོགས་པ་རྣམས་ཀྱི་རྫས་འགུགས་པ་དེ་ཉིད་བྱའོ་ཞེས་པའོ། །དེ་བཞིན་དུ་ཡང་ཇི་ལྟར་འབྱུང་བར་སྦྱར་བར་བྱའོ། ། དེ་ཉིད་ཅེས་པ་ནི་དྲུག་པ་ཉིད་དོ། །རང་གི་རང་བཞིན་བསྒྱུར་བས་ཞེས་པ་ནི་གཟུགས་དང་སྒྲ་ལ་སོགས་པ་རྣམས་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ཡིན་པའི་ཕྱིར་དེའི་ཕྱིར་དེ་དག་བསྒྱུར་བས་རྣམ་ཤེས་ལས་དེའི་རྣམ་པ་འཛིན་པ་ཉིད་ཀྱི་ཕྱིར་རྣམ་ཤེས་མེ་ལོང་ལྟ་བུ་དེའི་ནང་དུ་གཟུགས་བརྙན་ལྟ་བུ་ལ་ དེ་དག་མངོན་པར་ཞེན་པའི་ཕྱིར་ཆགས་པར་བྱེད་དོ་ཞེས་བརྗོད་པར་བྱའོ། །གཟུགས་ལ་སོགས་པའི་ཆགས་པའི་རྒྱུ་ལ་འབྲས་བུ་ཉེ་བར་བཏགས་པའི་ཕྱིར་རོ། །དེ་བས་ན་ཞེས་པ་ནི་འདོད་ཆགས་ཉམས་སུ་མྱོང་བ་ཉིད་ཀྱིས་སོ། །ཐར་པ་འདོད་པ་རྣམས་ལ་ཡིན་གྱི་གཞན་རྣམས་ལ་མ་ཡིན་ནོ། ། དམ་ཚིག་གི་འཁོར་ལོ་ཞེས་པ་ནི་དམ་ཚིག་འདོད་ཆགས་ཏེ། དམ་ཚིག་དེ་རྫོགས་པར་བྱེད་པ་ནི་འཁོར་ལོའོ། །འོད་དཔག་མེད་གཙོ་བོར་གྱུར་པས་དཀྱིལ་འཁོར་ལའོ། །བུད་མེད་དང་སྐྱེས་པ་ལྟ་བུ་རྣམས་ནི་འཆད་པར་འགྱུར་བའི་གནས་ཡོངས་སུ་གྱུར་པའོ། །སྐྱེས་པ་རྣམས་ཞེས་ བཤད་པར་བྱ་བ་མ་ཡིན། བུད་མེད་ཀྱི་གཟུགས་ཀྱིས་ཡོངས་སུ་གྱུར་པར་འདོད་པ་ཉིད་ནི་མ་ཡིན་ནོ་ཞེ་ན། བུད་མེད་རྣམས་ཀྱང་ཁྱད་པར་དུ་ཡོངས་སུ་གྱུར་པར་བྱེད་ཀྱི་དང་པོ་ནས་ཡོངས་སུ་གྱུར་པར་འདོད་པ་བཞིན་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གཞི་ཞེས་པ་ལ་སོགས་པ་ 31-1-108b གསུངས་པ། རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང་ཤིན་ཏུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོའོ། །སྟོང་པ་ཉིད་ལ་ཞུགས་ནས་ལངས་ཏེ། རིགས་ལྔ་དགོད་པར་བྱས་ནས་བྱིན་གྱིས་བརླབས་ཏེ། རྡོ་རྗེ་དང་པདྨ་འདུས་བྱ་བ་ཡང་བྱས་ནས། དེ་ལྟར་སྒོམ་པ་གང་ཡིན་ཞེ་ན། དབང་པོ་གཉིས་ཞེས་བྱ་ བ་ལ་སོགས་པ་གསུངས་ཏེ། ལྷ་སུམ་ཅུ་པོ་ཐམས་ཅད་ཀྱི་བདག་ཉིད་ཅན་བུད་མེད་ལ་སྣ་ཚོགས་པའི་དགའ་བའི་བྱ་བ་བྱེད་ཅིང་བུད་མེད་སྣ་ཚོགས་ལ་རོལ་པས་མཉམ་པ་ཉིད་དུ་དམིགས་པའི་ཕྱིར་དེའང་སྐད་ཅིག་གཅིག་ཙམ་ཉིད་ཡིན་པའི་ཕྱིར། སྐད་ཅིག་གཅིག་ཉེ་བར་ལོངས་སྤྱོད་པར་བྱའོ་ ཞེས་བརྗོད་དོ། །སྒྲུབ་པ་པོ་ཐམས་ཅད་ནི་འདོད་ཆགས་ཀྱི་རིགས་ཅན་རྣམས་ཀྱིའོ། །སྤྲུལ་པའི་སྐུ་ལ་དམིགས་ནས་ཡུལ་ཉམས་སུ་མྱོང་བའི་དུས་སུ་ལོངས་སྤྱོད་རྫོགས་པའི་སྐུས་ཆོས་ཀྱི་སྐུ་ལ་དམིགས་པའི་ཕྱིར། དེའི་འོག་ཏུ་ཡང་ལྡང་བའི་ཕྱིར་ཆོས་དང་ལོངས་སྤྱོད་རྫོགས་པ་ཞེས་བྱ་བ་ ལ་སོགས་པ་གསུངས་སོ། །དེ་ཉིད་ཀྱི་ཕྱིར་བསྐྱེད་པའི་རིམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་ནི་དྲུག་པ་ཉིད་དོ། །དེ་ཉིད་དུ་གནས་པར་ཞེས་པ་ནི། སྒྱུ་མ་ལྟ་བུ་ལ་གནས་པ་སྒྱུ་མ་ལྟ་བུ་རྣམས་ཞེས་པའི་དོན་ཏོ། །རྒྱལ་བ་ཀུན་གྱི་ཞེས་པ་ནི་ཡོངས་སུ་རྫོགས་པའོ། །དེ་བཞིན་ དུ་རྒྱལ་བ་ཐམས་ཅད་ཀྱི་གནས་ཞེས་པ་ནི། འཆད་པར་བྱེད་པ་རྒྱལ་བ་རྣམས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་ཉིད་ཡིན་པའི་ཕྱིར་རོ་ཞེས་པ་ནི་ལང་ཀར་གཤེགས་པར་དེ་བཞིན་གཤེགས་པའི་སྙིང་པོ་བཅོམ་ལྡན་འདས་ཀྱི་སྔགས་ཏེ། དེ་ཡང་ རང་བཞིན་གྱིས་འོད་གསལ་བ་རྣམ་པར་དག་པ་གདོད་ནས་དག་པ་ཉིད་རྗེས་སུ་སྔགས་སོ། །མཚན་སུམ་ཅུ་རྩ་གཉིས་འཆང་བ། ཐམས་ཅད་ཀྱི་ལུས་ཀྱི་ནང་དུ་སོན་པ། རིན་པོ་ཆེ་རིན་ཐང་ཆེན་པོ། གོས་དྲི་མ་ཅན་གྱིས་ཡོངས་སུ་དཀྲིས་པ་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་གོས་ ཀྱིས་ཡོངས་སུ་དཀྲིས་པ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་ཟིལ་གྱིས་ནོན་པ། ཡོངས་སུ་རྟོག་པའི་དྲི་མས་དྲི་མ་ཅན་དུ་གྱུར་པ། རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པར་གསུངས་ན། བཅོམ་ལྡན་འདས་དེ་ཅི་ལྟར་མུ་སྟེགས་བྱེད་པ་བདག་ཏུ་སྨྲ་བ་དང་། འདི་ཅི་ལྟར་སྨྲ་བ་མ་ 31-1-109a ལགས། བཅོམ་ལྡན་འདས་མུ་སྟེགས་བྱེད་རྣམས་ཀྱང་། རྟག་པར་བྱེད་པ་པོ། ཡོན་ཏན་མེད་པ། ཁྱབ་བདག་མི་འཇིགས་པའོ་ཞེས་བདག་ཏུ་སྨྲ་བ་སྟོན་པར་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ངའི་དེ་བཞིན་གཤེགས་པའི་སྙིང་པོ་ བསྟན་པ་ནི་མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ཏེ། འོན་ཀྱང་སྟོང་པ་ཉིད་དང་ཡང་དག་པའི་མཐའ་དང་། མྱ་ངན་ལས་འདས་པ་དང་། སྐྱེ་བ་མེད་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་སོགས་པའི་ཚིག་གི་དོན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་ པོ་ཉེ་བར་བསྟན་པར་བྱས་ནས་བྱིས་པ་རྣམས་བདག་མེད་པས་འཇིགས་པའི་གནས་ཡོངས་སུ་སྤང་བའི་དོན་དུ་དེ་བཞིན་གཤེགས་པ་རྣམས་སྟོན་པར་བྱེད་དོ་ཞེས་པས་སེམས་ཅན་རྒྱལ་བའི་གནས་དེ་བཞིན་གཤེགས་པའི་སྙིང་པོ་ཉིད་ཡིན་པའི་ཕྱིར་རོ་ཞེས་སོ། །ཐམས་ཅད་ཅེས་བྱ་ བ་ལ་སོགས་པས་ཐམས་ཅད་ཀྱི་སྒྲ་ནི་ཉེ་བར་ལྡན་པ་མ་ཡིན་པའི་ལས་རྣམས་ལ་འཇུག་པ་ཉིད་དུ་བཤད་དོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། ཆོས་ཐམས་ཅད་ནི་བརྟན་པ་དང་གཡོ་བའོ། །ཚིག་བརྫུན་དུ་སྨྲ་བས་གདུལ་བ་རྣམས་འགུགས་པའི་དོན་དུའོ། །བསྒོམ་མོ་ཞེས་བྱ་བ་ནི་ སྒྱུ་མའི་དོན་དུ་གསུངས་པ་རྣམས་ཀུན་ནས་ཀུན་དུ་རྟོགས་པར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ཡང་གསུངས་པ་ཞེས་པ་ནི་བདེན་པ་གཉིས་ལ་འཇུག་པར་རོ། །གཉིས་སུ་མེད་པའི་ཡེ་ཤེས་ནི་སྒྱུ་མ་ལྟ་བུ་སྟེ་སློབ་དཔོན་རྡོ་རྗེ་འཛིན་པ་དང་སྟོན་པ་པོ་ཡང་ངོ་། །བརྫུན་དུ་སྨྲ་བ་ནི་སྒྱུ་མ་ལྟ་བུ་ཉིད་དུ་ བཤད་པའོ། །དེ་ཉིད་ཅེས་པ་ནི་དྲུག་པའོ། །དེ་རྡོ་རྗེ་གསུམ་གྱི་དངོས་པོ་ཉིད་ཐ་དད་མ་ཡིན་པ་ཡང་སོ་སོ་སོ་སོར་བྱ་བ་དང་ཐ་སྙད་བཏགས་པ་ཞེས་པ་ནི་དབྱེ་བའོ། །མི་བྱེད་པས་ན་ཞེས་བྱ་བ་ལ་སོགས་པའོ། །གང་ཡིན་པ་ཞེས་པ་དྲུག་པའོ། །རྒྱལ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དུས་ གསུམ་དུ་བཞུགས་པ་རྣམས་སོ། །མི་ཕྱེད་པ་ཉིད་ལས་བདེན་པ་གཉིས་ཐ་དད་པའི་ཕྱིར་རྡོ་རྗེའོ། །དེ་ལ་སོགས་པའི་ཚིག་གིས་ཞེས་པ་ནི།སོགས་པའི་སྒྲ་ལས། ཕྲ་མོས་ཀུན་དུ་འབྱེད་པ་དང་། ཚིག་འཁྱལ་བ་ངག་བསྡུས་སོ། །སེམས་ཅན་ཐམས་ཅད་ཅེས་པ་ལ་སོགས་པ་གསུངས་པའི་ 31-1-109b ཕྱིར་རོ། །སེམས་ཅན་བསྡུས་པའི་དོན་ལས་གཞན་དུ་ཚིག་རྩུབ་པོ་ལ་སོགས་པ་རྣལ་འབྱོར་པས་བརྗོད་པར་མི་བྱའོ། །དེ་བཞིན་དུ་བགྲོད་པའི་དུས་སུ་ཡང་ཇི་ལྟར་འབྱུང་བའོ། །རྡོ་རྗེ་འཆང་ཆེན་པོ་མཉེས་པར་བྱ་ཞེས་པ་ནི། ངག་རྩུབ་མོ་ལ་སོགས་པས་སེམས་ཅན་སྡུད་པའི་ཕྱིར་རོ། །དེ་ ལ་འདིར་དམ་ཚིག་ལྔའི་བཤད་པ་ལས་དེ་བཞིན་གཤེགས་པ་ལྔའི་གཟུགས་ཡོངས་སུ་གྱུར་པར་གསུངས་པས་དྲུག་པ་ཡིན་གྱི་ལྔ་པོ་རྣམས་ནི་རྡོ་རྗེ་འཆང་ཆེན་པོའི་གཟུགས་ཀྱི་ནི་མ་ཡིན་ནོ། །དྲང་བའི་དོན་ཏོ། །མ་འོངས་པའི་གདུལ་བྱའི་འགྱོད་པ་བསལ་བའི་དོན་དུ། བཅོམ་ལྡན་འདས་ རྡོ་རྗེ་འཆང་ཆེན་པོ་ལ་ཞུ་བ། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགོངས་པའི་ཆོས་གཅིག་པུ་ནི་མངོན་པར་དགོངས་པ་ཙམ་གྱི་ཆོས་གཅིག་པོ་ནི་འདིར་སྟོན་པར་བྱེད་པ་ཡིན་པའི་ཕྱིར། དགོངས་པའི་ཆོས་གཅིག་པོ་མངོན་པར་བརྗོད་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །ཕྱག་ན་རྡོ་རྗེ་ནི་བྱང་ཆུབ་ སེམས་དཔའོ། །དེ་བཞིན་དུ་གཅིག་ཅེས་བྱ་བ་ལ་སོགས་པ་ཞུ་བའོ། །མི་བསྐྱོད་པའི་དམ་ཚིག་གཅིག་པ་ལ་བརྩམས་ཏེ་ཞུས་པ་མ་ཡིན་ནམ་དེ་ཅི་ལྟར་རྣམ་པར་སྣང་མཛད་ལ་སོགས་པའི་དམ་ཚིག་གི་ལན་གསུང་བར་བྱེད་ཅེ་ན། དེ་ཉིད་སྣ་ཚོགས་དོན་ལྡན་ཞེས་གསུངས་ཏེ། ངོ་བོ་ཉིད་སྣ་ ཚོགས་པའི་དོན་ཏོ། །བཤད་དུ་གསོལ་ཞེས་བྱ་བ་ལ་སོགས་པ་ནི་དེ་ཁོ་ན་ཉིད་ཀྱི་དོན་ནི་དེ་ཉིད་དོ། །དགོངས་པའི་དོན་ནི་འགལ་བའི་ཚིག་གི་དོན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པའི་ཚིག་གི་ལན་གསུངས་ཏེ། སླར་ཞེས་པ་ནི་དགོངས་པ་ལུང་སྟོན་དུ་སྔར་གསུངས་པའི་ལན་གྱི་ཚིག་ལ་ལྟོས་ ནས་སོ། །མི་བསྐྱོད་ཅེས་བྱ་བ་ལ་སོགས་པ་དགོངས་པའི་དོན་དུ་འཆད་པ་ནི། སྤྲུལ་པ་ནི་སྤྲུལ་པའི་ལུས་སོ། །དེ་རྡོ་རྗེར་འགྱུར་ཏེ། དེ་བཞིན་ཉིད་དང་ལྷན་ཅིག་གཅིག་ཏུ་གྱུར་པས་མི་ཕྱེད་པ་ཉིད་ཀྱི་ཕྱིར་རོ། །མ་རིག་པ་ནི་རྟག་ཏུ་རྟོགས་པ་མེད་པའོ། །དེའི་ཞེས་པ་སྤྲུལ་པ་སྟེ་འགྲོ་བའི་རྒྱུད་ ཀྱི་ནང་དུ་གཏོགས་པའི་སྤྲུལ་པའི་འོ། །དེ་ཉིད་ལག་པ་སྟེ་ཕྱག་ཡིན་ཏེ། དེ་བཞིན་གཤེགས་པའི་བརྡས་སོ། །ལག་པ་དེ་ལ་ཡེ་ཤེས་རང་བཞིན་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །ཕུང་སོགས་ཞེས་པ་ནི་སྤྲུལ་པའི་ལུས་སུ་སྐྱེས་པའོ། །དུས་གསུམ་ཞེས་པ་ནི་དུས་གསུམ་པ་སྟེ། དུས་གསུམ་ 31-1-110a པ་ཡང་ཕུང་པོ་ལ་སོགས་པ་ཡོངས་སུ་རྫོགས་པས་འབྱུང་བའི་ཕྱིར་རོ། །རྡོ་རྗེ་གསུམ་ནི་སྐུ་ལ་སོགས་པའི་རྡོ་རྗེ་ལས་སྐྱེས་པའོ། །ཕྱེ་མར་བརླགས་པ་ནི། རྣམ་པར་འཇིག་པའོ་ཞེས་འཆད་པར་འགྱུར་རོ། །འོད་གསལ་བའི་བདག་ཉིད་ཅན་གྱི་ཆོས་ཀྱི་སྐུའི་རྡོ་རྗེ་དེས་སོ། །འདི་ ནི་ཞེས་པ་ཐ་མལ་པའི་ཕུང་པོ་ལ་སོགས་པ་བཤིག་པའོ། །ཞེ་སྡང་ཞེས་པ་ནི། རང་བཞིན་གྱི་ཕུང་པོ་དག་ཀྱང་ཕྱིར་ཕྱོགས་པར་བཤིག་པའི་མཐར་ཐུག་པ་སྟེ། ཞེ་སྡང་སྟེ་མི་བསྐྱོད་པའོ། །དེའི་རིགས་ཡིད་དུ་འོང་བ་ནི་འོད་ཟེར་ལྔས་བརྒྱན་པའོ། །མི་བསྐྱོད་ཡེ་ཤེས་རྡོ་རྗེ་ནི་རྣམ་པར་ཤེས་ པའི་ཕུང་པོ་ལྔ་པོའོ། །དེ་ཙམ་ཉིད་ཀྱི་ཕྱིར་གཟུགས་ལ་སོགས་པའི་ཕུང་པོ་རྣམས་དེ་ལས་སྐྱེས་པ་ནི་རྡོ་རྗེ་ཆོས་ཀྱི་སྐུ་དེ་ལས་སྐྱེས་པའི་ཟུང་འཇུག་གི་ངོ་བོའོ། །གསུངས་པའི་དོན་ཉིད་ཐོབ་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མི་བསྐྱོད་པའི་དམ་ཚིག་བཤད་ནས་ རྣམ་པར་སྣང་མཛད་ལ་སོགས་པའི་དམ་ཚིག་བཤད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་ན་རྡོ་རྗེ་ནི་བོད་པར་བྱེད་པའོ། །ཡེ་ཤེས་ཐར་པ་རབ་བསྒྲུབ་པ་ནི་ཡེ་ཤེས་ནི་ཛྙཱ་ན་སྟེ། ཛྙཱ་རྟོགས་པ་ལའོ། །ན་དགག་པ་ལའོ། །དེས་ན་འདི་དོན་ཤེས་པའི་དངོས་པོ་མེད་ ཅིང་མི་ཤེས་པ་མེད་པ་རང་བཞིན་གྱིས་འོད་གསལ་ལོ། །འཁོར་བ་དང་མྱ་ངན་ལས་འདས་པ་དག་ལས་གྲོལ་བའི་ཕྱིར་ཡོངས་སུ་དག་པའི་ཡེ་ཤེས་ཀྱི་སྐུ་ནི་ཐར་པའོ། །དེ་མཆོག་ཏུ་གྱུར་པས་སྒྲུབ་པར་བྱེད་པ་སྟེ། སྒྲུབ་པར་བྱེད་པ་གཞན་ནི་ཐུན་མོང་བ་ཡིན་པའི་ཕྱིར་རོ། །རྡོ་རྗེ་འཆང་ཆེན་པོ་ནི་ ཁྱད་པར་དུ་རང་བཞིན་ཏེ་ཆོས་རྣམས་ཐམས་ཅད་ཀྱི་རང་བཞིན་ནོ། །དེས་དག་པ་ནི་སྡིག་པ་དང་བསོད་ནམས་དག་གིས་ཀུན་དུ་འདྲེས་པ་མེད་པའི་ཕྱིར་མ་གོས་པའོ། །བྱང་ཆུབ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་དོ། །དེའི་དོན་དུ་སྤྱོད་པ་ནི་མཆོག་ཏུ་གྱུར་པས་སྟོན་པར་བྱེད་པའོ། །ཡང་དག་པར་རྫོགས་པའི་བྱང་ ཆུབ་ནི་རྡོ་རྗེ་འཆང་ཆེན་པོའོ། །དམ་ཚིག་གི་དེ་ཁོ་ན་ཉིད་གང་ཡིན་པས་དེ་བསྒྲུབ་པར་བྱ་བ་དེ་ནི་སྒྲུབ་པའོ། །ཆོས་ཞེས་བྱ་བ་ལ་སོགས་པ་དམ་ཚིག་གི་དེ་ཁོ་ན་ཉིད་འཆད་པར་བྱེད་དོ། །རིན་ཆེན་ཆོས་ནི་ཆོས་ཀྱི་སྐུའོ། །རྡོ་རྗེ་རབ་ཏུ་འཇུག་པས་ནི་སྤྲུལ་པའི་སྐུའོ། །རྡོ་རྗེ་སེམས་དཔའ་ནི་ཡེ་ཤེས་ཀྱི་ 31-1-110b སྐུའོ། །རྣམ་པར་སྨིན་པ་ལས་བྱུང་བ་ནི་རྣམ་པར་སྨིན་པའི་ཕྱིར་དང་། ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པ་ནི་རྣམ་པར་སྨིན་པ་ལས་བྱུང་བའོ། །སྤྲུལ་པའི་སྐུའི་གནས་སྐབས་ཀྱི་ཕུང་པོ་ལ་སོགས་པ་དེ་རྣམས་འཕྲོགས་པ་ནི་གསལ་བའོ། །དེས་ཞེས་པ་ནི་ཆོས་སྐུས་སོ། །རྣམ་ཀུན་དུ་ཞེས་ པ་ནི་མ་ལུས་པར་རོ། །དེ་ལྟ་བུར་གྱུར་པ་གང་ཡིན་ཞེ་ན། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་བྱང་ཆུབ་རབ་བསྒྲུབ་པ་ནི་ཡེ་ཤེས་ཀྱི་སྐུ་རབ་ཏུ་སྒྲུབ་པར་བྱེད་པའོ། །ཡིད་བཞིན་ནོར་བུ་ལྟ་བུར་ནི། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་ནུས་པ་ཉིད་ཡིན་པའི་ ཕྱིར་དེ་དང་མཉམ་པའོ། །ནོར་གྱི་རྒྱ་མཚོ་ཡོངས་སུ་གང་ནི་ཡོ་བྱད་ལ་དབང་ཐོབ་པའོ། །ཐམས་ཅད་ཉིད་ཀྱིས་ནི་རྣམ་པར་སྣང་མཛད་ཀྱི་རིགས་ཅན་རྣམས་ཀྱིས་སོ། །འདིའི་བྱ་བ་གང་ཞེ་ན། གཏི་མུག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །འདོད་ཆགས་ཀྱི་དམ་ཚིག་གི་དབང་དུ་བྱས་ནས་སྒྱུ་ མ་ཞེས་བྱས་པས་གསུངས་པ། དེར་ནི་ཞེས་པ་སྒྱུ་མའི་སྐུ་ལའོ། །ཕུང་པོ་ལ་སོགས་གང་བར་བྱ་བ་ནི་ཤིན་ཏུ་རྣལ་འབྱོར་གྱི་རིམ་པར་སྤྲུལ་པའི་སྐུ་འཛིན་པར་བྱེད་པ་དེའི་ངོ་བོ་ཉིད་དུ་བྱའོ། །ཅི་ལྟར་ཞེ་ན། བཞི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་ཀྱི་ནི་ཚུལ་མཆོག་ནི་རིན་པོ་ཆེའི་ གང་ཟག་གོ། །དེ་ཉིད་ཀྱི་ཕྱིར། ཀུན་རྫོབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ་དབང་པོ་ལས་དམ་པའི་བདེ་བའི་སྤྱོད་པ་ལས་ཟུང་འཇུག་ཅེས་པ་ལ་སོགས་པར་སྦྱར་རོ། །དེའི་སྦྱོར་བ་ནི་བདེན་པ་གཉིས་སྦྱོར་བ་སྟེ། དེ་ལ་མཉམ་གཞག་སྦྱོར་བ་ཡི་ནི་དེ་དག་སོ་སོར་རྟོགས་པའི་དོན་དུ་མཉམ་ པར་གཞག་པའི་སྦྱོར་བ་སྟེ་ངེས་སོ། །འདི་ཞེས་བྱ་བ་ལ་སོགས་པ་ནི་གཉིས་སུ་མེད་པར་ཉམས་སུ་མྱོང་བ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་སྟེ་ཐམས་ཅད་རྟོགས་པ་རྣམས་ཀྱིའོ། །འདོད་ཆགས་ཆེན་པོའི་ཚུལ་མཆོག་ནི། དོན་ཆེན་པོ་སྐྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ སོགས་པ་ལ་འགྲོ་བའི་རྣམ་པ་ཉིད་ཡིན་པའི་ཕྱིར་སྣ་ཚོགས་སོ། །སྐུ་ལ་སོགས་པའི་རྡོ་རྗེ་གཅིག་ཏུ་གྱུར་པའི་ཕྱིར་རྡོ་རྗེ་མི་ཕྱེད་གསུམ་མོ། །རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་ཉིད་ཡིན་པའི་ཕྱིར་རྒྱལ་བའི་བདག་ཉིད་དོ། །རྡོ་རྗེ་འཆང་གི་དངོས་ 31-1-111a གྲུབ་ནི་རྡོ་རྗེའི་དངོས་གྲུབ་བོ། །དེའི་ཐབས་ཉེ་བར་སྟོན་པར་བྱེད་པ་ཡིན་པའི་ཕྱིར། རབ་སྟོན་པས་སོ། །རྩུབ་ངག་སོགས་ཞེས་པའི་སྒྲ་ལས་བརྫུན་དུ་སྨྲ་བ་ལ་སོགས་པ་རྣམས་གཞན་དུ་དམ་ཚིག་ལྔ་ཉེ་བར་སོང་ནས་བཞི་པོ་རྣམས་ཀྱང་བཤད་དོ་ཞེས་པ་ནི་འགལ་བར་འགྱུར་རོ། །ཕུང་ པོ་ལ་སོགས་མེད་སྟོན་ཚིག་ནི། འདིར་སོགས་ཀྱི་སྒྲ་ལས་ཁམས་ལ་སོགས་པ་བསྡུས་སོ། །དེའི་དོན་ནི་ཕུང་པོ་ལ་སོགས་མེད་པའི་དོན་ཏོ། །ཕུང་པོ་ལ་སོགས་པ་དངོས་པོ་མེད་པའི་དོན་ལ་མ་བསླབས་པར་དངོས་པོ་མེད་པར་བརྗོད་པ་ཡང་། རང་གི་དོན་དང་གཞན་གྱི་དོན་ཅིའང་སྒྲུབ་པར་མི་ ནུས་པ་མ་ཡིན་ནོ། །དེའི་ཕྱིར་གསུངས་པ། དེ་ལྟ་བུ་དེ་བསླབས་པས་ཤེས་སོ། །ཚིག་དང་ལྡན་ཞེས་པ་ནི་དྲུག་པའི་རྗེས་སུའོ། །ངོ་བོ་གང་ཡིན་ཞེ་ན། རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ཕུང་པོ་ལ་སོགས་པ་རྣམས་སོ། །དེ་རྣམས་ཀྱི་ བདག་པོ་ནི་དེ་རྣམས་སྐྱེ་བ་དང་ཟད་པ་དག་གི་རྒྱུར་གྱུར་པ་ཉིད་ཡིན་པའི་ཕྱིར་རོ། །ཁམས་གསུམ་པ་ཞེས་པ་ནི་འདིར་ཁམས་ཞེས་པ་འདི་འཆད་པར་བྱེད་པ་འདི་གསུངས་པ། རང་གི་མཚན་ཉིད་ཞེས་པ་ལ་སོགས་པའོ། །སླར་ཡང་ཁམས་ཀྱི་དོན་ཅི་ཞེ་ན། རབ་ཏུ་རྣམ་པར་འབྱེད་པ་ཞེས་བྱ་ བ་ལ་སོགས་པ་གསུངས་སོ། །ཁམས་གསུམ་པའི་ཞེས་བྱ་བ་ལ་སོགས་པ་འདིའི་དོན་དེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བཤད་པ་གཉིས་ཀ་ཕན་ཚུན་སྦྲེལ་བར་གསུངས་པ་དེ་ཞེས་བྱ་བ་ལ་སོགས་པ་སྟེ། འཇིག་རྟེན་གྱི་ཁམས་རྣམ་པ་གསུམ་དུ་གསུངས་པས་ལྷན་ཅིག་སྦྱོར་བར་བྱེད་ པ་དེ་ཉིད་ཀྱིས་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་གཤེགས་པའི་སྤྱོད་པ་འདི་སླར་ཡང་ཅི་ཞེ་ན། འདི་ཉིད་ལ་ཞེས་བྱ་བ་ལ་སོགས་པའོ། །སྤྱོད་པ་ཉིད་ཀྱི་བསྔགས་པ་ཞེས་པ་ནི། དྲང་བའི་དོན་དང་དགོངས་པས་བཤད་པ་དག་གོ། །རྒྱལ་ཆེན་རིས་བཞི་ལ་སོགས་པ་ཞེས་པ་ལ་ སོགས་པའི་སོགས་ཀྱི་སྒྲ་ལས་མཚེ་མ་ལ་སོགས་པ་ལྔ་རྣམས་བསྡུས་སོ། །ཟིན་པའི་ཕུང་པོ་ལ་སོགས་པ་བདེན་པ་གཉིས་ཀྱི་རྣམ་པར་དབྱེ་བའི་བར་མ་ཆད་པར་མ་ཟིན་པའི་དབང་དུ་བྱས་ནས་གསུངས་པ། དེ་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ། གང་ན་ཞེས་བྱ་བ་ལ་སོགས་པའི་ཚིག་ལས་ 31-1-111b གཟུགས་མེད་པའི་ཁམས་ན་གཟུགས་མེད་དོ། །དེ་ཉིད་ཀྱི་ཕྱིར་འདི་དག་གི་དོན་ལ་མེད་ཅེས་མི་ལྡན་པའི་དོན་དུ་བཤད་དོ། །སྟེང་མངོན་པར་བརྗོད་པའི་དབང་དུ་བྱས་ནས་བཞི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐོག་མར་ཡང་ཐུན་མོང་དུ་བསྟན་པ་ཉིད་ཡིན་པའི་ཕྱིར། རྒྱུ་བ་དང་ཞེས་བྱ་བ་ལ་ སོགས་པ་གསུངས་སོ། །ཕུང་པོ་ལ་སོགས་པ་རྣམས་སོ་ཞེས་པ་ནི་ཟིན་པ་དང་མ་ཟིན་པའོ། །རང་ལས་ཞེས་པ་ནི་རང་དབང་ལས་སོ། །བརྗོད་ཀྱིས་མི་ལང་བའི་ཡང་ཞེས་བྱ་བ་ནི་ལེའུ་དང་པོར་བཤད་ཟིན་ཏོ། །དམ་ཚིག་ལ་ཐེ་ཚོམ་ཟ་བའི་སྒོ་ནས་ནི་སྔར་གསུངས་པའི་དམ་ཚིག་ལྔ་པོ་དེ་ཤེས་ པ་ལ་ཐེ་ཚོམ་ཟ་བ་སྟེ་འཕགས་པ་མ་ཡིན་པའི་ལས་རབ་ཏུ་འཇུག་པ་དེའི་སྒོ་ནས་སོ། །ཐུན་མོང་ནི་མཆོག་མ་ཡིན་པ་བརྟགས་པའི་སྒྲུབ་ཐབས་སོ། །མཆོག་ནི་རྫོགས་པའི་རིམ་པའི་སྒྲུབ་ཐབས་སོ། །རང་གི་ལྷ་ནི་རང་གི་རིགས་ཀྱི་ལྷ་ལ་སློབ་བཞིན་པའོ། །དང་པོ་ཞེས་པ་ནི་དེར་གསུངས་པའི་ འདུས་པར་གྱུར་ནས་ཞེས་པ་སྦྱར་བར་བྱས་སོ། །སྙིང་པོ་ནི་ཨཱ་ལི་ཀཱ་ལི་བསྡུས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །གསལ་བར་བྱས་པ་ནི་རབ་ཏུ་རྟོགས་པའོ། །སྐུ་ལ་སོགས་པའི་བདག་ཉིད་ཅན་ཡིན་པ་ཉིད་ཀྱི་ཕྱིར་སྐུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དངོས་གྲུབ་ཆེན་པོ་ནི་རལ་གྲིའི་དངོས་ གྲུབ་ལ་སོགས་པའི་མཚན་ཉིད་ཅན་དངོས་གྲུབ་ཆེན་པོ་བརྒྱད་དོ། །དེའི་ཐབས་ནི་དེ་འགྲུབ་པའི་རྒྱུའོ། །མཆོག་ནི་དེའི་འོག་ཏུ་སངས་རྒྱས་ཉིད་སྒྲུབ་པའི་ཐབས་ཡིན་པའི་ཕྱིར་རོ། །སྣང་བའི་ཡེ་ཤེས་ནི་ཆུང་ངུ་ཡིན་པའི་ཕྱིར་དང་། སྣང་བ་ཉེ་བར་ཐོབ་པ་ནི་གཏི་མུག་གི་བདག་ཉིད་ཅན་ཉིད་ ཡིན་པས་དེའི་ཕྱིར་དེ་དག་ལ་ལྟོས་ནས། ཤེས་རབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོག་ཏུ་དགའ་བའི་ངོ་བོ་སྣང་བ་ཀུན་དུ་གསལ་བའི་བདག་ཉིད་དོ། །དེའི་ཞེས་པ་ནི་མཆོག་ཏུ་དགའ་བ་བྱུང་བ་ལས་ཏེ། སྣང་བ་དང་སྣང་བ་ཉེ་བར་ཐོབ་པ་ནི་མ་ཡིན་ནོ། །དེ་ལ་ལྟོས་པ་ཉིད་ཀྱི་ཕྱིར། ། མཆོག་ཏུ་དགའ་བའི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོ་ལ་ལྟོས་པ་ཉིད་ཡིན་པའི་ཕྱིར་རོ། །གསུང་བསྟན་པའི་ཕྱིར། ལུས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་རྣམས་ནི་ལུས་ལ་སོགས་པ་རྣམས་སོ། །འདིའི་དོན་འཆད་པ་སྐུ་དང་གསུང་དང་ཐུགས་རྣམས་ 31-1-112a བསྒོམ་པ་ནི་སྐུ་དང་གསུང་དང་ཐུགས་ཞེས་པ་ནི་སྐུ་དང་གསུང་དང་ཐུགས་ཀྱི་ཚུལ་གྱིས་ཞེས་པ་རྣམ་པར་འགྲེལ་ལོ། །བསྒོམ་པ་ཞེས་པ་འདིའི་བཤད་པ་ནི། ཡོངས་སུ་ཤེས་པ་ཞེས་པའོ། །དེ་ལྟ་བུའི་སྐུ་དང་གསུང་དང་ཐུགས་བསྒོམ་པ་གང་ཡིན་པ་དེ་བྱའོ། །ཅི་ལྟར་ཞེ་ན། རྣམ་པར་མི་རྟོག་ཅེས་བྱ་བ་ལ་སོགས་པ་གསུངས་པ། རྣམ་པར་མི་རྟོག་མི་དམིགས་པ་ཇི་ལྟ་བུར་འགྱུར་བ་དེ་ལྟ་བུར་བྱའོ་ཞེས་བྱ་བའི་ཁྱད་པར་རོ། །དགོངས་པ་མ་ཡིན་པའོ། །ཕ་རོལ་ཏུ་ཕྱིན་པ་ཞེས་པ་ལ་སོགས་པས་རྣམ་པར་སྣང་མཛད་ལ་སོགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ ནས་སྤྱན་མ་ལ་སོགས་པ་མཉེས་པར་བྱས་པར་གྱུར་ཏོ་ཞེས་གསུངས་པར་འགྱུར་རོ། །མཉེས་པར་བྱེད་པ་དེ་ཉིད་རྡོ་རྗེ་སྟེ། བདེན་པ་གཉིས་གཉིས་སུ་མེད་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར་མི་འཇིགས་པའི་ངོ་བོ་ཡིན་པས་ཞེས་གསུངས་སོ། །སེམས་རྩེ་གཅིག་པ་ཉིད་ནི་ སེམས་ནི་གཉུག་མའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཟུང་འཇུག་གི་ཏིང་ངེ་འཛིན་ནོ། །རྡོ་རྗེ་འཆང་ཆེན་པོ་ནི་དྲུག་པའོ། །དེ་རྣམས་ནི་ཞེས་པ་ལ་སོགས་པ་ལ། ལྷན་ཅིག་སྤྱོད་པ་ནི་སྤྱན་མ་ལ་སོགས་པ་རྣམས་སོ། །སོགས་པའི་སྒྲ་ལས་རྗེས་སུ་སྤྱོད་པའི་གཟུགས་ལ་སོགས་པའི་རྡོ་རྗེ་རྣམས་བསྡུས་ ཏེ་དེ་རྣམས་ཕོ་ཉ་མོ་དང་བྲན་མོ་དང་གར་མ་ལ་སོགས་པའི་ཁྱད་པར་དུ་བྱ་སྟེ་ཕྱེ་བ་དེས་དབྱེ་བ་ལ་སོགས་པ་རྣམས་ཀྱིས་སོ་ཞེས་བྱ་བའི་དོན་ཏོ། །འདུན་པའི་གོ་རིམས་དང་། མངོན་པར་འདོད་པའི་རིམ་གྱིས་སོ། །དེའི་ཞེས་པ་ནི་བྱ་བའི་འོ། །ཤུབ་བུ་དང་མན་ངག་གིས་སོ། །འདུས་དང་ཞེས་པ་ནི་རྣལ་འབྱོར་ པ་དང་རྣལ་འབྱོར་མའི་ཚོགས་བྱ་བའི་དབང་གིས་གཅིག་ཏུ་འདུས་པའོ། །གོ་རིམས་ནི་འདུས་པ་རྣམས་ཀྱིས་ཇི་ལྟར་བསྟན་པའི་ཐ་སྙད་ཀྱིས་རབ་ཏུ་འཇུག་པའི་རིམ་པའོ། །དེ་ཉིད་རྟོགས་པའི་གོ་རིམས་སམ་དཀྱིལ་འཁོར་ལ་སོགས་པ་གསུངས་པ་རྣམས་ཀྱང་རུང་སྟེ། དཀྱིལ་འཁོར་ལ་ སོགས་པ་གསུངས་པ་རྣམས་ཀྱིའང་རང་གི་ངོ་བོ་ནི་དེ་ཉིད་དོ། །དེ་ལྟ་བུའི་ཞེས་བྱ་བ་ལ་སོགས་པ་ནི་ཕྱིར་བྱུང་བར་གྱུར་ཏོ་ཞེས་པ་ནི་ཕྱི་རོལ་ཉིད་ཡིན་པའི་ཕྱིར་རོ། །རྒྱབ་ཀྱིས་ཕྱོགས་པ་ནི་དེ་བཞིན་གཤེགས་པ་རྣམས་སྒྲུབ་པ་པོ་ལ་ཞེས་མངོན་པར་དགོངས་སོ་ཞེས་བྱ་བའི་སྒྲ་ཕྱིས་ངེས་པར་ 31-1-112b བསྟན་ནོ་ཞེས་པ་ནི་སྔར་གསུངས་པ་མཆོག་ཏུ་འཛིན་ནོ་ཞེས་བྱས་ནས་དེ་བཞིན་གཤེགས་པ་རྣམས་རྒྱབ་ཀྱིས་ཕྱོགས་པའོ། །རོལ་པའི་སྒོ་ནས་ཞེས་པ་ནི་དེ་བཞིན་གཤེགས་པ་རྣམས་རོལ་པ་ལྟ་བུ་རྣམས་ཀྱི་རང་གི་ངོ་བོ་སྟོན་པ། སྤྱན་རས་ཀྱིས་མི་འཚོ་བའི་རྒྱུ་ནི་དེ་མ་ཐག་ཏུ་གསུངས་ པའི་ཕྱིར་རོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་བྱོན་ཅིང་ཞེས་པ་ཡང་དག་པར་བསྐྱེད་པའོ། །གཤེགས་པ་ནི་སྐུ་ལས་ཞེས་པ་སྤྱི་བོ་ལས་སོ། །གསུང་ལས་ཞེས་པ་མགྲིན་པ་ལས་སོ། །ཐུགས་ལས་ཞེས་པ་སྙིང་ག་ལས་སོ། །གནས་འདི་རྣམས་ལས་ཕྱུང་བར་གྱུར་ཏོ་ཞེས་པ་ སྤྲོས་པར་གྱུར་པའོ། །ཅི་ལྟར་སྤྲོས་པར་གྱུར་ཞེ་ན། ཚིག་གི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅི་ལྟ་བུའི་ཚིག་ཅེ་ན། ཐུགས་དང་སྐུ་ལ་ལྟོས་པའི་གསུང་སྟེ། གང་དུ་ཐུགས་དང་སྐུ་བདག་གིས་རབ་ཏུ་སྦྱོར་བ་དེ་རུ་གསུང་སྦྱོར་བའོ། །ཅི་ལྟ་བུ་ནི་སླར་ཡང་བརྗོད་པར་བྱ་བ་ཅི་ཞེས་པའོ། ། བུད་མེད་དང་སྐྱེས་པ་དང་མ་ནིང་ཞེས་པ་ལ་སོགས་པ་ནི་བསྡུས་པར་གྱུར་པ་ཞེས་པ་ནི་ཨཱ་ལི་ཀཱ་ལི་དང་རྣམ་པར་ཤེས་པ་བསྡུས་པ་ཉིད་ཡིན་པའི་ཕྱིར་དང་ཡི་གེ་རྣམས་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཡི་གེ་གསུམ་མོ། །གསུངས་ཙམ་གྱིས་ཞེས་པ་ནི་བརྗོད་པར་བྱས་པའི་སྐད་ཅིག་ལ་ཞེས་ པ་ནི་མངོན་དུ་སྟོན་པར་བྱེད་པའི་དུས་ལ་ལྟོས་ནས་འདི་གསུངས་སོ། །གཟིགས་པས་ཞེས་བྱ་བ་ལ་སོགས་པའོ། །ཅི་ལྟར་གཟིགས་པ་ཙམ་གྱིས་རྒྱལ་བར་གྱུར་པ་མ་ཡིན་ཞེ་ན། དེའི་ཕྱིར་དེའི་ཁྱད་པར་སྟོན་པར་བྱེད་པ་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རིགས་ ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ལྔའོ། །དེའི་བདག་པོའོ། །དགའ་བ་རྒྱ་ཆེན་པོ་ནི་ཀུན་ཏུ་རངས་པའོ། །འདའ་བར་མི་བྱ་བ་ནི། འདུས་པ་པ་རྣམས་ཀྱིས་རིམ་པ་ལས་འདའ་བར་མི་བྱའོ། །གནས་པ་ཞེས་པ་ནི་སྒྲུབ་པའི་ཐབས་ལས་གསུངས་པའི་རིམ་པས་སོ། ། རང་གི་ངོ་བོ་ཉིད་ཀྱིས་ཞེས་པ་གསུམ་པོ་འདི་རྣམས་གང་ཡིན་པ་ནི། གང་གི་བདག་ཉིད་གང་ཡིན་པ་དེ་རང་གི་ངོ་བོས་ཏེ་ཐུན་མོང་མ་ཡིན་པའི་རྣམ་པའོ། །གང་ཡང་སྒྲུབ་པ་པོའི་རང་གི་ངོ་བོས་སོ། །རྡོ་རྗེ་ཞེས་པ་ལ་སོགས་པས་ཏིང་ངེ་འཛིན་སེམས་དཔའ་དེ་བཞིན་གཤེགས་པ་ལྔའི་བདག་ 31-1-113a ཉིད་ཅན་འོད་ཟེར་ལྔ་དང་ལྡན་པར་གསུངས་སོ། །སངས་རྒྱས་རྣམས་ཀྱི་ཞེས་པ་ནི་ཡང་དག་པར་རྟོགས་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ནུས་པ་ནི་སྐུ་ལ་སོགས་པའི་སྟོབས་སོ། །བཅུག་པ་ཙམ་ཉིད་ཀྱིས་ཞེས་བ་ནི་དེ་བཞིན་གཤེགས་པའི་སྟོབས་ཀྱིས་བཅུག་པས་རྣལ་ འབྱོར་པ་དང་ལྷན་ཅིག་ཏུ་གྱུར་པ་དེའི་བདག་ཉིད་ལས་སོ། །དེ་ཉིད་ཀྱི་ཕྱིར་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །མཉེས་པར་བྱེད་པའི་ཕྱིར་ནི་རྗེས་སུ་ཆགས་པ་སྐྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །རྒྱལ་པོ་ནི་དྲུག་པའོ། །སྐུའི་དཀྱིལ་འཁོར་ཞེས་པ་ནི་དེ་བཞིན་ གཤེགས་པ་རྣམས་ཀྱི་གནས་ཉིད་ཡིན་པའི་ཕྱིར་རོ། །འདི་ནི་ཞེས་བྱ་བ་ནི་འགུགས་པའོ། །བརྟེན་པར་གྱུར་པ་ནི་མི་སླུ་བར་གྱུར་པ་ཉིད་ཡིན་པའི་ཕྱིར་རོ། །བསྡུས་པ་ཞེས་པ་ལ་སོགས་པས་བཀུག་པ་ཞེས་པ་འདིར་བྱེད་པ་ལ་ལཱུཊ་སྟོན་པར་བྱེད་དོ། །ཐུགས་ཀྱི་དམ་ཚིག་ནི་མི་ བསྐྱོད་པའོ། །འདི་གཙོ་བོ་ཉིད་ཡིན་པའི་ཕྱིར་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤར་ལ་སོགས་པའི་གནས་རྣམས་སུ་ཞེས་པ་ནི། གཙོ་བོའི་ཤར་ལ་སོགས་པའི་གནས་བཞི་པོ་རྣམས་སུའོ། །ཇི་ལྟར་གསུངས་པ་ནི་སྒྲུབ་པའི་ཐབས་སུའོ། །ཕྱག་ལ་སོགས་པ་ཞེས་པའི་ སྒྲ་ལས་ཞལ་དང་མཚན་མ་ལ་སོགས་པ་གཟུང་ངོ་། །འདོད་ཆགས་ལ་སོགས་པའོ་ཞེས་པ་ནི་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་བར་མའོ། །དེ་རྣམས་ཀྱིས་ཉེ་བར་མཚོན་པར་བྱས་པ་ནི། རང་གིས་ཡང་དག་པར་རིག་པར་བྱས་ནས་སོ། །རིག་པའི་སྦྱོར་བའོ། ། ཡི་གེ་གསུམ་གྱིས་ཞེས་བྱ་བ་ནི་ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་འདིས་སོ། །སྤྲོ་བར་བྱ་སྟེ་ནི་བྱང་ཆུབ་ཀྱི་སེམས་ལས་རྫོགས་པ་ཕྱི་རོལ་དུ་བྱ་བའོ། །དཀྱིལ་འཁོར་གཞན་དུ་ཡང་རྣམ་པར་སྣང་མཛད་ལ་སོགས་པའི་ལུས་ཉིད་དོ། །དབྱེར་མེད་པས་ཞེས་པ་ནི། དཀྱིལ་འཁོར་དང་དཀྱིལ་འཁོར་པར་ གསུངས་པས་གང་ཡིན་པ་ལའོ། །རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་ལ་ནི། དཀྱིལ་འཁོར་ལས་གཞན་པའི་དཀྱིལ་འཁོར་པ་ཡོད་པ་མ་ཡིན་ནོ། །སྙིང་གའི་ཞེས་པ་ནི་དམ་ཚིག་སེམས་དཔའི་སྙིང་གའི་དབུས་སུ་ཆུད་པའོ། །ཐུགས་ཀ་ཞེས་པ་ལ་སོགས་པ་དེར་ཟླ་བ་ལ་གནས་པའི་ 31-1-113b ཡེ་ཤེས་སེམས་དཔའ་སྟོན་པར་བྱེད་དོ། །ཡེ་ཤེས་སེམས་དཔའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་བསྒོམ་པར་བྱའོ་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དབང་དུ་བྱས་ནས་གསུངས་པའོ། །ཕུལ་ཞེས་བྱ་བ་ལ་སོགས་པས་མི་བསྐྱོད་པ་སྟོན་པར་བྱེད་དོ། །ཁ་རྣམ་ པར་གྱེས་པའི་རྡོ་རྗེ་ཞེས་པ་ནི་རྩེ་མོ་གྱེས་པའོ། །ལྕགས་ཀྱུ་ཞེས་བྱ་བ་ལ་སོགས་པ་དེ་བཞིན་གཤེགས་པའི་འོད་ཟེར་གྱི་ལྕགས་ཀྱོའི་རྣམ་པས་འགུགས་པར་བྱེད་པའོ། །བསྐུལ་བར་བྱ་བ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ནས་འགུགས་པར་བྱེད་པའི་དོན་ཞེས་གསུངས་ སོ། །བསྒྲུབ་པར་བྱ་བ་ཞེས་བྱ་བ་ལ་སོགས་པ་ནི་ལེའུ་བཅོ་བརྒྱད་པར་འཆད་པར་འགྱུར་བ། བསྒྲུབ་བྱའི་ལུས་གང་ཡིན་པ་ཡང་། །དཀྱིལ་འཁོར་རྣམ་པར་བསྒོམ་པར་བྱ། །ཞེས་པ་ལ་སོགས་པའོ། །རྡོ་རྗེ་ལྕགས་ཀྱུས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ལྕགས་ཀྱུས་བསྐུལ་བའི་ འོག་ཏུ་ཅི་ཞིག་བྱ་ཞེ་ན། ལྷ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐུགས་རྡོ་རྗེ་གཅིག་པུ་ཉིད་ནི་ཐུགས་ནི་སྒྲུབ་པ་པོ་དེ་ཐམས་ཅད་ནི། རོལ་མཁན་གཅིག་ཉིད་ཅེས་བྱ་བ་ལ་སོགས་པ་ནི། རིགས་ལྔ་ལ་ཡང་སྦྱར་བར་བྱའོ། །འཇིགས་པར་གྱུར་པ་ཞེས་པ་ནི་འཇིགས་པ་གཉིས་པའི་ མང་ཚིག་གི་མཐའོ། །གྱུར་པ་ནི་འདའ་བ་གང་ཡིན་པ་དེ་རྣམས་འཇིགས་པར་གྱུར་པའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པའི་དོན་བཤད་པ་ནི་མཆོག་ཏུ་འཛིན་པར་བྱེད་དོ། །ནན་ཏན་མི་བྱེད་པ་ནི་མི་ཤེས་པའི་ཕྱིར་རོ། །མི་ཤེས་པ་ཉིད་བསྟན་པར་བྱ་བའི་ཕྱིར་ གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལས་གང་གིས་ནི་ཞི་བ་ལ་སོགས་པའི་བྱ་བ་ཚོགས་པའི་དངོས་གྲུབ་རིམ་པས་སེལ་བར་འདོད་པ་མི་འགྲུབ་བོ། །སྒྲ་ཇི་བཞིན་པའོ། །དོན་བཤད་ཟིན་ཏོ་ཞེས་པ་ནི་དྲང་བའི་དོན་གྱི་བཤད་པར་གསུངས་པའོ། །གསང་བ་ནི་འགུགས་ པའོ། །དེ་ལ་རབ་ཏུ་ཞུགས་པ་ལས་ནི་མཆོག་ཏུ་བརྩོན་པའོ། །ཡོངས་སུ་རྫོགས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །ཡོད་པ་ནི་ཡོད་བཞིན་པའོ། །སྔགས་ཀྱི་དམ་ཚིག་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་རབ་ཏུ་སྦྱོར་བའོ། །འདའ་བར་ 31-1-114a མི་བྱ་བ་ནི་འདའ་བར་བྱ་བ་མ་ཡིན་པ་གང་ཡིན་པ་དེ་རྣམས་སྔགས་ཀྱི་དམ་ཚིག་སྟེ་སྒྲུབ་པའི་ཐབས་ནི་དབང་པོ་གཉིས་ཀྱི་རྣམ་པར་རྟོག་པ་སྟེ་དེའི་འོག་ཏུ་འོད་གསལ་བའི་ཕྱིར་རོ། །གྲུབ་པར་གྱུར་ནས་ཞེས་བྱ་བ་ནི་བདེན་པ་གཉིས་ཀྱི་བདག་ཉིད་ཅན་ཉིད་དུ་རྫོགས་པར་ གྱུར་པའོ། །བཤད་པའི་དོན་འདི་ཉིད་བསྟན་པའི་ཕྱིར། དོན་དམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཡོངས་སུ་མི་སྤོང་བ་ནི་དེ་དག་ཡོངས་སུ་མི་སྤོང་བ་སྟེ། དེའི་དོན་གྱིས་སྦྱོར་བ་དེས་ཆགས་པས་ཏེ་རྟག་ཏུ་མངོན་པར་ཞེན་པའོ། །ཁམས་གསུམ་པ་ཞེས་བྱ་བ་ལ་ སོགས་པས་ཟུང་འཇུག་གི་ཏིང་ངེ་འཛིན་ལ་གནས་པའི་འོ། །འགྲོ་བ་མ་ལུས་པ་རྗེས་སུ་འཛིན་པར་བྱེད་པ་ཉིད་ཀྱི་རྗེས་སུ་ཆགས་པ་དང་བཅས་པ་གུས་པ་དང་བཅས་པའོ། །ལྟ་བར་བྱེད་པ་ཕྱག་རྒྱ་ཆེན་པོའི་བདག་ཉིད་ཀྱི་ལུས་སུ་ཤེས་པར་བྱའོ་ཞེས་བཟུང་བར་འགྱུར་རོ། །ཆོ་ག་བཞིན་ ཞེས་པ་ནི་དམིགས་པ་ནི་ཆོ་གའོ། །དེ་དང་མཚུངས་པར་གཅིག་ཉིད་དུ་འཇུག་གོ་ཞེས་པ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་འདི་ན་ཞེས་བྱ་བ་ལ་སོགས་པ་ནི་གསུངས་སོ། །ཆོ་ག་ནི་ཡེ་ཤེས་ཀྱི་སྐུ་བསྐྱེད་པའོ། །ཐབས་དང་བཅས་པ་ཞེས་པ་ལ་སོགས་པ་ནི་དེ་ལ་སྒྲ་ཇི་ལྟ་བ་བཞིན་དུ་བརྗོད་པས་ ཐབས་ལྷའི་དམིགས་པས་འོད་ཟེར་བསྐུལ་བ་དེས། དེ་བཞིན་གཤེགས་པ་རྣམས་ཀྱིས་ནུས་པ་འགུགས་ཤིང་འཇུག་པར་བྱེད་པའོ། །འབྲས་བུ་ཡང་ཐམས་ཅད་ཟིལ་གྱིས་གནོན་པའི་སངས་རྒྱས་སུ་འགྱུར་རོ་ཞེས་གསུངས་སོ། །མཆོག་སྒྲུབ་པ་ལ་གནས་པ་རྣམས་ཀྱི་ཐབས་རིག་མའི་ དབང་ཕྱུག་ཅེས་བྱ་བ་ལ་སོགས་པ་གསུངས་པ་དེའི་འོག་ཏུ་དངོས་གྲུབ་ཅེས་བྱ་བ་ལ་སོགས་པ་མངོན་པར་བརྗོད་པ་ནི་འབྲས་བུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ནི་རྣམ་པར་སྣང་མཛད་ལ་སོགས་པ་ལྔ་པོ་རྣམས་སོ། །དེ་རྣམས་ཀྱི་དྲུང་དུ་གནས་ནས་བྱང་ཆུབ་ཀྱི་སེམས་ཀྱི་ དབང་བསྐུར་བར་བྱེད་པ་ཉིད་ཡིན་པའི་ཕྱིར་ཐམས་ཅད་དབང་བསྐུར་རོ། །དེས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་ཉིད་ལ་དམིགས་པ་དེས་སོ། །གཟུགས་ལ་སོགས་པའི་ཡུལ་ལྔ་པོ་ལ་མཆོག་དང་ཐ་མ་དང་བར་མའི་བཙུན་མོ་རྣམས་སོ་སོ་རེ་རེར་གནས་པ་རྣམས་ཉེ་བར་ལོངས་སྤྱོད་པར་ 31-1-114b བྱ་ཞིང་ཉམས་སུ་མྱོང་བར་བྱའོ། །དེ་ལ་སྒྲུབ་པ་ཐུན་མོང་པ་ལ་གནས་པ་རྣམས་ཀྱི་གཟུགས་ལ་སོགས་པ་རྣམས་གཟུགས་རྡོ་རྗེ་ལ་སོགས་པ་ཉིད་ཀྱིས་ཉམས་སུ་མྱོང་ངོ་། །མཆོག་སྒྲུབ་པ་ལ་གནས་པ་རྣམས་ནི་བདེན་པ་གཉིས་སུ་མེད་པ་ཉིད་ཀྱིས་སོ། །རྣལ་འབྱོར་པ་གཉིས་ ཀྱིས་བསྒོམས་པ་ལས་སྤྲོ་བ་ཡང་རྣམ་པ་གཉིས་སུ་སྤྲོ་བར་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་སྦྱོར་བ་ནི་ཕྱག་རྒྱ་ཆེན་པོ་དང་། དང་པོའི་སྦྱོར་བ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་སྦྱོར་བར་བཤད་དོ། །དང་པོའི་སྦྱོར་བ་དེ་ལ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ སྐྱེ་བ་ཡོད་དོ། །དེ་ཉིད་ཀྱི་ཕྱིར་སངས་རྒྱས་གནས་ཞེས་པ་སངས་རྒྱས་ཀྱི་གནས་ཀྱི་རྒྱུའོ། །དེའི་ཕྱིར་སངས་རྒྱས་ཀྱི་སྤྲུལ་པའོ། །སེམས་ཅན་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་ནི་རྡོ་རྗེ་འཆང་ཆེན་པོའི་ཕྱག་རྒྱའོ། །རེག་པར་བྱར་མེད་པས། ཆུའི་ཟླ་བ་བཞིན་ནོ། །འབྲས་བུ་ལ་གནས་ པ་མངོན་པར་བརྗོད་ནས་ལམ་ལ་གནས་པའི་དབང་དུ་བྱས་ནས་བསླབ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉེ་བར་གདགས་པས་ན་ཞེས་བྱ་བ་འདིས་བསླབ་བཞིན་པའི་རྒྱལ་བའི་ཡོན་ཏན་གྱི་ཆ་ཤས་ལས་རིག་པར་བྱའི་འབྲས་བུ་རྡོ་རྗེ་འཆང་ཆེན་པོ་ཞེས་གསུངས་པར་འགྱུར་བ་ནི་མ་ ཡིན་ནོ། །གསལ་བར་བྱ་བའི་ཕྱིར་ཞེས་པ་ནི་ལེའུ་དང་པོར་བཤད་པ་སྦས་པའི་དོན་རབ་ཏུ་གསལ་བར་བྱ་བའི་དོན་དུ་བརྟགས་པའི་རྣལ་འབྱོར་པའི་དབང་དུ་བྱས་ནས། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་པ། རྡོ་རྗེ་གསུམ་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྐུའི་རྡོ་ རྗེ་རྣམས་སོ། །ཐ་མི་དད་པ་ཉིད་ནི་ཞལ་དང་ཁ་དོག་དང་ཕྱག་དང་། ཡི་གེ་དང་མཚན་མའི་དབྱེ་བ་མེད་པའི་ཕྱིར་རོ། །ཐུགས་ཞེས་པ་འདིས་རྡོ་རྗེ་གསུམ་པོ་རྣམས་ཀྱང་ཐུགས་ཙམ་ཉིད་དུ་རིགས་སོ། །ཕྱག་རྒྱ་ཆེན་པོ་བསྐྱེད་པ་ནི་རྡོ་རྗེ་འཆང་ཆེན་པོའི་སྐུ་བསྐྱེད་པའོ། །གནས་རྣམས་ བསྐྱེད་པ་སྔོན་འགྲོ་བས། །རྡོ་རྗེ་གསུམ་བསྐྱེད་བསྒོམ་པར་བྱ། །ཞེས་གསུངས་པའི་ཕྱིར། ནམ་མཁའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི། གནས་བསྐྱེད་པ་ནི་སྔོན་འགྲོ་བས། །རྡོ་རྗེ་གསུམ་བསྐྱེད་བསྒོམ་པར་བྱ། །ཞེས་གསུངས་པའི་ཕྱིར། ནམ་མཁའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི། 31-1-115a གནས་བསྐྱེད་པའི་བར་དུ་གསུངས་པ། སྤྱན་མ་ལ་སོགས་པས་ནི། སྤྱན་མ་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར་ཇི་ལྟར་རིགས་པར་རླུང་ལ་སོགས་པའི་དཀྱིལ་འཁོར་བཞི་པོ་གང་ཡིན་པའོ། །ད་ནི་ལྷག་པར་མོས་པའི་དཀྱིལ་འཁོར་གྱི་འོད་གསལ་དུ་ཞུགས་ མ་ཐག་ཏུ་གང་ཞིག་བསྒོམ་པར་བྱ་བ་དེ་བསྟན་པའི་ཕྱིར། དཀྱིལ་འཁོར་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་ཅེས་གསུངས་པའི་ཕྱིར་ས་བོན་གསུམ་པོ་ཁ་དོག་གསུམ་དུ་བསྒོམ་པར་བྱའོ་ཞེས་རྟོགས་པར་བྱའོ། །སྔར་བཤད་པ་ཞེས་པ་ནི་ནམ་མཁའི་རྡོ་རྗེ་ཞེས་ པ་ལ་སོགས་པས་བཤད་པའོ། །རྩེ་མོ་ལྔ་པ་ནི་རྡོ་རྗེ་དཀར་པོའོ། །རྣམ་པར་སྣང་མཛད་ལ་སོགས་པ་བསྐྱེད་པའི་རྒྱུ་ནི་འཁོར་ལོ་ཁ་དོག་ལྔ་པ་ལ་སོགས་པའི་མཚན་མ་བཞིན་ནོ། །འདིར་རྡོ་རྗེའི་སྟེང་དུ་མཚན་མ་ལ་སླར་ཡང་ཡི་གེ་གསུམ་བསྒོམ་པར་བྱ་བར་བརྗོད་དོ། །རིགས་ ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ལྔའོ། །རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པ་ནི་དེ་བཞིན་གཤེགས་པ་དྲུག་པ་སྒོམ་པར་བྱེད་པ་རྣམས་ཀྱིའོ། །དོན་ཅི་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་སླར་ཡང་ཇི་ལྟ་བུའི་ངོ་བོར་སྤྲུལ་པ་ཡིན་ནམ་ཅི་ཞེས་པ་འགོག་པར་བྱེད་པ་ ཞལ་གསུམ་པ་ལ་སོགས་པ་ཉིད་ཀྱིས་སྤྲུལ་པར་བཤད་པ་མ་ཡིན་ནོ་ཞེས་གསུངས་པ། རིན་ཆེན་ཞེས་བྱ་བ་ལ་སོགས་པ་སྟེ་བསྐྱེད་པའི་རིམ་པའི་གོ་རིམས་ཀྱིས་རྫོགས་པའི་རིམ་པ་སྦྱར་བར་བྱའོ། །རྒྱུ་ནི་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དག་གིས་སྤྲུལ་པའི་ཀུན་རྫོབ་ཀྱི་ བདེན་པའོ། །དེ་དག་དངོས་པོ་མེད་པའི་དོན་དམ་པའི་བདེན་པ་སྟེ་ཀུན་རྫོབ་ཀྱི་བདེན་པའི་ཐོབ་བྱ་ཡིན་པ་ཉིད་ཀྱི་ཕྱིར་འབྲས་བུའོ། །རིན་པོ་ཆེའི་གང་ཟག་རྣམས་ཀྱིས་བསྐྱེད་པའི་རིམ་པའི་གོ་རིམས་ཀྱིས་རྫོགས་པའི་རིམ་པ་རྟོགས་པར་བྱ་བའི་དོན་དུ་ཡིན་ནོ་ཞེས་མངོན་པར་ དགོངས་སོ། །སྔགས་ཀྱི་རིགས་པ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་འཆང་ཆེན་པོའི་བསྐྱེད་པའི་རིམ་པ་གསུངས་ཏེ་མི་བསྐྱོད་པ་ལ་སོགས་པ་རྣམས་ཀྱང་སྟོན་པར་བྱེད་དོ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །ཞེས་པ་ནི། རྡོ་རྗེ་གསུམ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེས་དབྱེ་བར་བྱ་བ་མ་ 31-1-115b ཡིན་པ་བདག་ཉིད་གཅིག་པུ་བསྒོམ་པས་བསྐྱེད་པ་གང་ཡིན་པ་དེ་རྣམས་རྡོ་རྗེ་གསུམ་དབྱེར་མེད་བསྒོམས་པའོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པ་སྔོན་དུ་འགྲོ་བ་ཅན་ཉིད་ཀྱིས་གསུངས་སོ། །གང་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི་བདག་ཉིད་ཅན་ཡིན་པ་ཉིད་ཀྱི་ཕྱིར་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་བསྒོམས་པས་རྡོ་རྗེ་འཆང་ཆེན་པོ་དེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཀྱི་ལྷ་རྣམས་ཞེས་གསུངས་པའི་མང་ཚིག་གོ། །འདི་ཉིད་ཅེས་པ་ནི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་བསྐྱེད་པའི་རིམ་ པའོ། །སྔགས་ཀྱི་རིག་མ་ཞེས་བྱ་བ་ལ་སོགས་པས་མདོར་བསྟན་པ་འདི་རྒྱས་པར་བཤད་པའི་དབང་དུ་བྱས་ནས་རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་གསུངས་པ། དྲན་པ་གཅིག་པའི་ཏིང་ངེ་འཛིན་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་གཅིག་ཏུ་གྱུར་པ་ རྣམས། དྲན་པས་ནི་སྐྱེད་པར་བྱེད་པའི་སྒོ་ཅན་གྱི་དྲན་པའོ། །དེའི་རྣམ་པའི་སེམས་ནི་ཏིང་ངེ་འཛིན་ནོ། །དེའི་ཚེ་ནི་འདིར་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དག་གིས་རྣམ་པར་སྣང་མཛད་ལ་སོགས་པ་ལྔ་པོ་རྣམས་རེ་རེ་སྟེ་སོ་སོ་སོ་སོར་སྐྱེད་པ་དང་རྗེས་སུ་དྲན་པ་ཡོད་པའོ། ། ལྷག་པར་མོས་པས་ཞེས་བྱ་བ་ནི་འདིར་བསམ་པར་བྱའོ། །རྣམ་པར་སྣང་མཛད་ལ་སོགས་པ་བསྐྱེད་པ་ཡང་ཅི་ཞེ་ན། མི་བསྐྱོད་པ་གཙོ་བོར་ལྷག་པར་མོས་པའི་དཀྱིལ་འཁོར་ལྟར་རྣམ་པར་སྣང་མཛད་ལ་སོགས་པ་གཙོ་བོ་ལའོ། །འཁོར་ལོ་བསྒོམས་ནས་ཞེས་པ་ནི་འདིར་ཡང་ ཟླ་བའི་སྟེང་དུ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པའི་འཁོར་ལོ་བསྒོམས་ནས་ཞེས་བརྗོད་དོ། །དམ་ཚིག་སེམས་དཔའ་བསྒོམ་པར་བྱའོ་ཞེས་གསུངས་པའི་ཕྱིར་རྡོ་རྗེ་འཆང་ཆེན་པོ་ལ་གསུངས་པའི་རྣམ་པ་ལས་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱི་དམ་པའི་ ཁྱད་པར་སྟོན་པར་བྱེད་དོ། །ཁྱད་པར་གཞན་ཡང་། དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨོཾ་ཡིག་དེ་ལས་དེ་བཞིན་གཤེགས་པ་རྣམས་སྤྲོ་བར་བྱེད་པ་ནི་ཁྱབ་པ་ཞེས་པ་དང་སྦྲེལ་ལོ། །འོད་དཔག་མེད་ལ་སོགས་པ་རྣམས་ལ་ཡང་འདིར་བསྐྱེད་པ་ལ་སོགས་པའི་ 31-1-116a རིམ་པ་ལ་ལྟོས་པའོ། །འདི་ཉིད་ཀྱིས་ནི་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་གཤེགས་པ་ལྔ་པོ་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་ནས་དོན་ཡོད་པའི་མཐར་ཐུག་པ་ལྔ་པའོ། །དགེ་བའི་རྩ་བ་ལེགས་པར་ཡོངས་སུ་སྨིན་པའི་ཕྱིར་ཞེས་པ་ནི་ རྫོགས་པའི་རིམ་པ་ལྷག་པར་རྟོགས་པ་དེ་དག་གི་འབྲས་བུ་དག་གི་རྒྱུའོ། །དོན་འདི་ཉིད་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་བཞི་པོ་རྣམས་ལ་ཡང་བཤད་པ་འདི་སྦྱར་བར་བྱའོ། །སྒྲ་ཇི་བཞིན་ པའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ཏིང་ངེ་འཛིན་དྲུག་པོ་མཆོག་ཏུ་འཛིན་པར་བྱེད་དོ། །རྡོ་རྗེ་འཆང་ཆེན་པོ་ཡང་སྔགས་དང་མཚན་མ་ལ་སོགས་པ་རྣམས་ཀྱིས་བསྐྱེད་པར་གསུངས་པའི་ཕྱིར་ལུས་རྣམས་ཀུན་ལ་སྟེ་རྣལ་འབྱོར་པའི་ལུས་ཀྱི་བདག་ཉིད་ཅན་ཉིད་ཡིན་ པའི་ཕྱིར། རྒྱུ་བ་དང་མི་རྒྱུ་བ་ལ་ཆུ་ཟླ་ལྟ་བུའི་དཔེས་ཁྱབ་པར་བྱེད་པའོ། །རིམ་པ་དང་པོ་དང་གཉིས་པ་དང་གསུམ་པ་དག་གི་ཐུན་མོང་བ་ཡིན་པའི་ཕྱིར་དང་། རིགས་ནི་རྣམ་པ་བརྒྱར་གསུངས་པ། །ཞེས་བྱ་བ་ལ་སོགས་པ་མངོན་པར་བརྗོད་པའི་ཕྱིར་རོ། །རང་གི་ཕྱག་རྒྱ་ ཆེན་པོའི་གཟུགས་སུ་ནི་རང་སྟེ་བདག་ཉིད་ཀྱི་ལུས་ཕྱག་རྒྱ་ཆེན་པོ་སྟེ་ལོངས་སྤྱོད་རྫོགས་པའི་སྐུ་གཉིས་ཀྱི་གཟུགས་སུའོ། །རིམ་པ་གསུམ་པའི་མཐར་རིམ་པ་བཞི་པ་ལ་རྗེས་སུ་འབྱེད་པ་དང་རིལ་པོར་འཛིན་པ་དག་མངོན་པར་བརྗོད་པའི་ཕྱིར་འདི་ཡང་གསུངས་པ། རྗེས་ སུ་འབྱེད་པ་ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་བ་ཉིད་ཀྱི་ཕྱིར་ཡང་ངོ་། །སེམས་དཔའ་གསུམ་གྱི་བདག་ཉིད་ཅན་ནི་དམ་ཚིག་སེམས་དཔའ་ལ་སོགས་པའི་བདག་ཉིད་ཅན་ནོ། །གཅིག་ཏུ་འགྱུར་ཞེས་པ་ནི་ཞལ་གཅིག་པ་ཕྱག་གཉིས་པའི་ཡེ་ཤེས་ཀྱི་སྐུའི་རང་བཞིན་ གཅིག་པ་ཡོངས་སུ་དག་པར་འགྱུར་རོ། །འདིས་མདོར་བྱས་ཀྱི་རིམ་པར་གསུངས་པའི་རྣལ་འབྱོར་བཞིས་རྫོགས་པའི་དམ་ཚིག་སེམས་དཔའ་དང་ངག་བྱིན་གྱིས་བརླབ་པའི་རིམ་པར་གསུངས་པ་དང་སྦྲེལ་བར་སྟོན་པར་བྱེད་དོ། །དེ་ཡང་ཞེས་པ་ནི་འོད་གསལ་ཞེས་གསུངས་པའི་ 31-1-116b དོན་གྱི་རིམ་པ་སྟོན་པར་བྱེད་དོ། །དེ་ལ་སངས་རྒྱས་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་རྒྱུད་གྱུར་པའི་ཕུང་པོ་ལ་སོགས་པ་རྣམས་ཀྱིས་སོ། །སླར་ཡང་འདིའི་ཁྱད་པར་འཆད་པ་ནི་གཟུགས་ཞེས་བྱ་བ་ལ་སོགས་པའོ། །དེ་ཉིད་བཞི་བསྟན་ཞེས་གསུངས་པའི་ཕྱིར་གནས་བཞི་པོ་ཕྱུང་བའི་ དཀྱིལ་འཁོར་འོད་གསལ་ལ་འཇུག་པའི་གནས་ཡེ་ཤེས་གསུམ་སྟོན་པར་བྱེད་དོ། །ཡེ་ཤེས་གསུམ་གྱི་བདག་ཉིད་ཅན་ལོངས་སྤྱོད་རྫོགས་པའི་སྐུ་ལ་ནི་བར་དོའི་སྲིད་པའི་རྣམ་པ་ལའོ། །རང་ལ་ཞེས་པ་ནི་སྒྲུབ་པ་པོ་རབ་ཏུ་འཇུག་བཞིན་པ་ཞེས་པ་ནི་སྒྲུབ་པ་པོ་རྣམ་གསུམ་ཞེས་ པ་ལ་སོགས་པ་ནི་ལོངས་སྤྱོད་རྫོགས་པའི་འཇུག་པའི་གནས་ཡེ་ཤེས་གསུམ་སྟོན་པར་བྱེད་དོ། །ཡེ་ཤེས་དེ་ཡང་འཇུག་པའི་རིམ་པའི་མཐའ་བརྗོད་པ་དེ་དག་མཉམ་པར་གྱུར་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་ཞུ་བར་གྱུར་པ་ནི། །སེམས་ནི་སེམས་ལས་བྱུང་ལ་ ཐིམ། །སེམས་ལས་བྱུང་བ་མ་རིག་པ། །དེའང་འོད་གསལ་བར་འགྲོའོ། །ཞེས་པའི་རིམ་པས་སོ། །བརྗོད་པ་ཉིད་ཀྱི་དོན་དེར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ནི་ཡེ་ཤེས་གསུམ་སྟེ་ཞེས་པ་དེ་བཞིན་ཉིད་རྟོགས་པའི་ཐབས་ཡིན་པའི་ཕྱིར་དང་། སངས་རྒྱས་ བསྐྱེད་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །ལྡང་བར་བྱེད་པ་དེ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་པ། བརྟན་པ་དང་གཡོ་བའི་བདག་ཉིད་ཅན་ཡེ་ཤེས་ཀྱི་སྐུ་ཞེས་པ་ནི་གསུངས་པ་ཡང་། སྲིད་གསུམ་རྣམ་པར་རིག་པ་ཙམ། །དངོས་པོའི་རང་བཞིན་ཡོད་མ་ཡིན། །ཞེས་སོ། །བསམ་ པ་ཇི་ལྟ་བ་བཞིན་དུ་ནི། གཏི་མུག་ལ་སོགས་པའི་བདག་ཉིད་ཅན་གྱི་བསམ་པ་གང་ཡིན་པ་ནི་བསམ་པ་ཇི་ལྟ་བའོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་སྣང་མཛད་ལ་སོགས་པ་ཞེས་བྱ་བ་གསུངས་ཏེ། སྐུས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་སྤྲུལ་པས་སོ། །དེ་ཉིད་འཇུག་ པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་སྣང་མཛད་ལ་སོགས་པའི་སྤྲུལ་པ་དེ་རྣམ་པར་ཤེས་པའི་བདག་ཉིད་མ་ཡིན་པའམ་ཞེས་བརྗོད་པར་མི་བྱ་སྟེ་ཡེ་ཤེས་ཀྱི་སྐུ་ཉིད་དེ་བཞིན་ཉིད་ལ་འཇུག་པ་ཡིན་པའི་ཕྱིར་རོ། །རྡོ་རྗེ་འཆང་ཆེན་པོ་བཞིན་དེ་རྣམས་ཀྱང་གཞན་དུ་ 31-1-117a སེམས་ཅན་གཞན་ནོ་ཞེས་ཀྱང་བརྗོད་པར་མི་བྱ་སྟེ། སྔར་མེད་པའི་སེམས་ཅན་རབ་ཏུ་འབྱུང་བར་ཐལ་བར་འགྱུར་བའི་ཕྱིར་རོ། །རང་གི་སྔགས་ཞེས་པ་ལ་སོགས་པས་ཡོངས་སུ་དག་པའི་ཡེ་ཤེས་ཀྱི་སྐུ་ལ་དམིགས་པར་གསུངས་སོ། །དེའི་འོག་ཏུ་ཞེས་བྱ་བ་ ལ་སོགས་པས་དེའི་སྤྲུལ་པའི་སྐུའོ། །སྲོག་གི་རྩོལ་བའི་ཡན་ལག་ཏུ་གྱུར་པ་ཞེས་པ་མི་ཤིགས་པ་ལ་བརྟེན་ནས་སྲོག་རྩོལ་བསྒོམ་པར་འདོད་བཞིན་པ་ཉིད་ཀྱི་ཕྱིར་རོ། །ཧཾ་ཡིག་རྡོ་རྗེ་ཞེས་བྱ་བ། །ཧཾ་གི་ཡི་གེའི་ངོ་བོ་ནི་རྡོ་རྗེ་འཆང་ཆེན་པོའི་ངོ་བོའོ། །བརྗོད་དུ་མེད་པ་ནི་འོད་ གསལ་གྱི་རང་བཞིན་ནོ། །ཡུལ་དུ་བྱས་པ་ནི་ཞེས་པ་ནི་ཡིད་དང་ངེས་པར་ལྡན་པ་མིག་དག་གིས་གཟུགས་དེ་ལ་རྣམ་པར་རྟོགས་པའི་ཕྱིར། དེ་ཉིད་དུ་རྣ་བས་སྒྲ་དེ་དག་ཐོས་པའི་ཕྱིར་རོ། །དེ་ཉིད་ནི་ལོངས་སྤྱོད་པ་སྟེ། ཡེ་ཤེས་ཀྱི་རང་བཞིན་གྱི་སྐུའོ་ཞེས་པ་ནི་གང་ཞིག་རྒྱུད་གཞན་ དུ་གསུངས་པ་ནི། མགྲིན་པར་ལོངས་སྤྱོད་འཁོར་ལོ་ནི། །མགྲིན་པར་ཡང་དག་རིག་པ་གང་། །ཞེས་སོ། །མགྲིན་པར་ལོངས་སྤྱོད་ཉམས་སུ་མྱོང་བ་དེ་ལ་ལོངས་སྤྱོད་ཀྱི་སྒྲས་བརྗོད་དོ། །དེའི་ཕྱིར་ན་རྒྱུད་ཉིད་དུ་གསུངས་པ། རོ་དྲུག་རྣམས་ཀྱི་གཟུགས་ཅན་ཡང་། །ཞེས་བྱ་བ་ལ་སོགས་པ་ བརྗོད་དོ། །ཚིགས་སུ་བཅད་པའི་ཚོགས་སོ། །ལོངས་སྤྱོད་རྫོགས་པའི་སྐུ་ཉིད་དུ་བརྗོད་པ་གང་ཡིན་པ་དེ་རྣམས་ནི། ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་ལྷན་ཅིག་ཏུ་འགལ་ཏེ། ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་འདིར་གནོད་དོ། །འདིར་རྡོ་རྗེ་ཐེག་པ་ལ་བརྗོད་བྱར་འབྲེལ་པའི་ལོངས་སྤྱོད་ རྫོགས་པའི་སྐུར་བཤད་པར་བྱ་བ་ལ་འགལ་བ་གང་ཡང་མ་མཐོང་ངོ་། །དེ་རྣམས་ཀྱང་རིམ་པ་གསུམ་པར་བསྟན་པའི་ལོངས་སྤྱོད་རྫོགས་པའི་སྐུ་མངོན་པར་ཤེས་པ་ཉིད་དོ། །རིམ་པ་དང་པོར་ཡང་དང་པོའི་མགོན་པོ་ནི་རྣམ་གཞག་རིམ་པར་ཀླུའི་བློའི་ཞབས་ཀྱིས་ལོངས་སྤྱོད་རྫོགས་ པའི་སྐུར་བྱས་པ་ནི་རྣམ་པར་གཞག་པ་མངོན་པར་ཤེས་པ་ཉིད་དུ་རྟོགས་པར་བྱའོ། །ངག་རྣམ་པར་དག་པ་ཙམ་དེ་དག་གིར་བརྗོད་པར་བྱའོ། །དེ་ཐོབ་ནས་ཞེས་བྱ་བ་ལ་སོགས་པ་སྤྲུལ་པའི་སྐུ་འཛིན་པ་འདི་སྟོན་པར་བྱེད་དོ། །སླར་ཡང་ཡེ་ཤེས་ཀྱི་སྐུར་བརྗོད་པའི་རང་གི་ངོ་བོ་དོན་དམ་ 31-1-117b པའི་བདེན་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འོད་ཟེར་བཅུ་ནི་སྲོག་གི་རྩོལ་བ་ལ་སོགས་པ་རླུང་བཅུའི་བདག་ཉིད་ཅན་ནོ། །དེ་ལ་རབ་ཏུ་གནས་པ་ནི་རླུང་དང་། རྣམ་པར་ཤེས་པ་བསྐྱེད་པར་བྱས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ནི་འདི་ལྟ་བུར་འགྱུར་རོ་ཞེས་པ་ནི་བདེན་པ་གཉིས་ ཀྱི་བདག་ཉིད་ཅན་དང་རླུང་དང་རྣམ་པར་ཤེས་པས་བསྐྱེད་པར་འགྱུར་རོ་ཞེས་མངོན་པར་དགོངས་སོ། །དགོངས་པས་བཤད་པའོ། །བཤད་མ་ཐག་པའི་ཞེས་བྱ་བ་ལ་སོགས་པས། གཟུང་བའི་སྤྲུལ་པའི་སྐུ་ཞེས་པ་ནི་ཤིན་ཏུ་རྣལ་འབྱོར་དུ་གསུངས་པའི་རིམ་པས་ཐོབ་པའི་སྤྲུལ་ པའི་སྐུའོ། །དེ་ལ་ནམ་མཁའི་སྙིང་པོ་ལ་སོགས་པའི་ས་བོན་བཀོད་པས་མིག་ལ་སོགས་པའི་སྐྱེ་མཆེད་རྣམ་པར་དག་པའོ། །དེའི་སྒོ་ནས་ནི་དེའི་ཐབས་ཀྱིས་སོ། །འབྲས་བུ་གང་ཡིན་པ་དེ་བསྟན་པར་བྱ་བའི་ཕྱིར། དང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མིག་གི་ སྦུབས་སྟོང་པར་བྱས་པས་ཞེས་པ་ནི་མིག་གི་དབང་པོ་ཙམ་ནི་མ་ཡིན་ནོ། །དེ་བཞིན་དུ་སྐྱེ་མཆེད་གཞན་རྣམས་ལ་ཡང་བཤད་པར་བྱའོ། །ཉི་མ་དང་ཟླ་བའི་འོད་ཟེར་རྣམས་ཀྱིས་འབར་བར་གྱུར་པ་ཞེས་པ་ནི་མིག་གཉིས་ལ་ལྟོས་པའི་ཚིག་གོ། །དེ་ལ་མིག་གཡོན་པ་ཟླ་བའི་བདག་ཉིད་ ཅན་ཉིད་ཀྱི་ཕྱིར་ཟླ་བའི་འོད་ཟེར་རྣམས་དང་མིག་གཡས་པ་ཉི་མའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་ཉི་མའི་འོད་ཟེར་རྣམས་ཀྱིས་འབབ་པར་གྱུར་བཞིན་པ་སྟེ་དཀྱིལ་འཁོར་གྱི་ཆོ་གར་ནི། ཡི་གེ་ཊ་ཡིས་མིག་གཡོན་ཟླ་བར་བྱས། །ཡི་གེ་མ་ཡིས་མིག་གཡས་ཉི་མ་དགོད། །ཅེས་སོ། །བསམ་པར་བྱ་བའི་ས་བོན་གཞན་ཡང་ཡོད་དོ་ཞེས་འདིས་གསལ་བར་བྱེད་པ་དེ་ལས་བྱུང་བའི་ཞེས་པ་ནི། ཐླིཾ་གི་ཡི་གེ་ལས་བྱུང་བའི་ཁྲོ་བོའི་མིག་གཉིས་བསྐྱོད་པས་སའི་སྙིང་པོའི་རང་བཞིན་གྱིས་ཐླིཾ་ཡོངས་སུ་གྱུར་པའི་མིག་བསྒོམས་པས། དེ་ལས་རྫོགས་པའི་སའི་སྙིང་པོ་བསྒོམ་ པར་བྱའོ། །རྡོ་རྗེ་འཆང་ཆེན་པོ་ཞེས་པ་ལ་སོགས་པའོ། །སའི་སྙིང་པོ་ནི་ས་བཅུའི་དབང་ཕྱུག་མ་ཡིན་ནམ་དེ་ཅི་ལྟར་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་བལྟ་ཞེ་ན། རྡོ་རྗེ་འཆང་ཆེན་པོ་ཉིད་ནི་སའི་སྙིང་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཡིན་གྱི། རྡོ་རྗེ་འཆང་ཆེན་པོ་ལས་གཞན་ 31-1-118a པའི་སྙིང་པོ་མ་ཡིན་ནོ་ཞེས་པས་ཉེས་པ་མེད་དོ། །བཤད་པ་ཡང་ཐོག་མར་བཅོམ་ལྡན་འདས་དེ་ཉིད་གདུལ་བྱའི་སྐྱེ་བོ་རྣམས་དགའ་བར་བྱ་བའི་དོན་དུ་ཁང་པ་བརྩེགས་པ་མངོན་པར་སྤྲུལ་ནས་རང་གི་སྐུའི་ཕུང་པོ་ལ་སོགས་པ་རྣམས་སྤྲོས་པ་དེའི་ཁོངས་ཀྱི་དབུས་ སུ་བཞུགས་སོ་ཞེས་སོ། །དེ་ཉིད་ཀྱི་ཕྱིར། ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྡོ་རྗེ་འཆང་ཆེན་པོ་ལས་སའི་སྙིང་པོ་གཞན་ཡིན་པར་གྱུར་ན་དེ་བཞིན་དུ་ཡང་རྡོ་རྗེ་འཆང་ཆེན་པོའི་གནས་ཡིན་པའི་ཕྱིར་བརྗོད་པའི་ཉེས་པར་ཐལ་བར་འགྱུར་རོ། །དེ་བཞིན་ དུ་ལྷའི་རྣ་བ་ལ་སོགས་པའི་མངོན་ཤེས་མ་ཚང་བ་ཉིད་ཀྱིས་ཉེས་པའང་བརྗོད་པར་བྱའོ། །མངོན་པར་ཤེས་པ་ལྔ་དང་འདྲ་བ་ཞེས་པ་ནི་བཅོམ་ལྡན་འདས་མངོན་པར་ཤེས་པ་དྲུག་དང་ལྡན་པ་མ་ཡིན་ནམ་ཞེ་ན། འདིར་མངོན་པར་ཤེས་པ་ལྔ་ཁོ་ན་སྟོན་པར་བྱེད་པ་ཡིན་ པའི་ཕྱིར་མངོན་པར་ཤེས་པ་ལྔ་ཁོ་ན་བརྗོད་པར་བྱ་བ་སླར་ཡང་དེ་ལ་གཞན་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་མེད་པ་མ་ཡིན་ནོ། །དང་པོའི་སྦྱོར་བ་བྱས་ཏེ་ཞེས་པ་ནི་རྣལ་འབྱོར་བཞི་ལ་རྫོགས་པའི་རྡོ་རྗེ་འཆང་ཆེན་པོའི་གཟུགས་སུ་བདག་ཉིད་དམིགས་པར་བྱ་བའི་དོན་ནོ། ། རྣལ་འབྱོར་བཞི་ལས་བསྐྱེད་པའི་སྤྲུལ་པའི་རྡོ་རྗེ་འཆང་ཆེན་པོ་ནི་བདག་ཉིད་ཀྱི་འོག་ཏུའོ། །དམ་ཚིག་ཨོཾ་ཡིག་ཅེས་པ་ལ་སོགས་པའོ། །དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་བཞིའི་འོག་ཏུའོ། །རྡོ་རྗེ་པདྨ་འདུ་བྱ་བ་གསུངས་པ་དང་། བདུད་རྩི་མྱང་བ་ལ་ཡང་སྙིང་ག་དང་། ལྐོག་མ་སྦྱང་ བ་གསུངས་པ་དེ་ཉིད་ཀྱི་ཕྱིར་སྤྲུལ་པའི་སྐུ་འཛིན་པའི་འོག་ཏུ་མིག་ལ་སོགས་པ་རྣམ་པར་དག་པའི་དོན་དུ། སའི་སྙིང་པོ་ལ་སོགས་པའི་ས་བོན་ལྷའི་མིག་ལ་སོགས་པའི་འབྲས་བུ་དགོད་པར་བྱའོ་ཞེས་རྟོགས་པར་བྱའོ། །དེ་བཞིན་གཤེགས་པ་དགོད་པས་ཞེས་པ་ནི་དེ་ བཞིན་གཤེགས་པ་ལྔའི་ས་བོན་དགོད་པའོ། །བསྐྱེད་པའི་རིམ་པས་ཞེས་བྱ་བ་ནི་སྒྲུབ་ཐབས་སུ་གསུངས་པའི་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་ལ་སོགས་པའི་བསྐྱེད་པའི་རིམ་པས་སྤྲུལ་པའི་སྐུའི་གཟུགས་རྡོ་རྗེ་འཆང་ཆེན་པོའི་གཟུགས་སོ། །དེའི་མིག་གི་ཞེས་པ་ 31-1-118b ལ་སོགས་པ་ནི་སྔར་བཞིན་ནོ། །སྐུ་གསུམ་ཡི་གེ་ཨོཾ་ཞེས་པ་ནི་འདིར་རྩ་བར་ཨོཾ་ཡིག་གསུམ་བཏུས་ནས་ཨོཾ་ཡིག་གཅིག་འཇོག་པར་བྱེད་དོ་ཞེས་པ་ནི་མི་རིགས་ཏེ། དགོངས་པ་ལུང་སྟོན་དུ་ཨོཾ་ཡིག་གསུམ་ཡང་བཤད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་རིན་ཆེན་འབྱུང་ ལྡན་ལ་སོགས་པ་བཞི་པོའི་ས་བོན་དགོད་པ་འཆད་པར་བྱེད་པ་འཆད་པར་འགྱུར་བཞིན་པར་རྟོགས་པར་བྱའོ། །དགོངས་པ་མ་ཡིན་པའོ་ཞེས་པ་ནི་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་གསལ་བར་མངོན་པར་བརྗོད་པ་ནི་དེ་ཁོ་ན་ཉིད་དུ་འདོད་པ་ཉིད་ཀྱི་ཕྱིར་རོ། ། རི་བོ་རྣམས་སུ་ཞེས་པ་ནི་རི་བོ་རྣམས་དང་འདྲ་བ་ནི་རི་བོ་སྟེ། ནུ་མ་རྒྱས་པ་ལ་སོགས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །རྣམ་པར་དབེན་པ་ཞེས་པ་ནི་རྣམ་པར་དབེན་པ་རྣམས་དང་འདྲ་བ་ནི་རྣམ་པར་དབེན་པ་སྟེ། སྐྱེས་བུ་གཞན་བསྟེན་པ་ཉིད་ལས་སོ། །ཀླུ་དང་འབབ་ཆུ་རྣམས་སུ་ནི། ཀླུ་དང་འབབ་ཆུ་རྣམས་དང་འདྲ་བར་རྟག་ཏུ་སྐྱེས་བུ་ལ་མཚུངས་པར་འབབ་པ་ཐུན་མོང་པའི་ཕྱིར་རོ། །ངེས་པའི་དོན་ཏོ་ཞེས་པ་ནི་ཡང་དག་པར་ཡོད་པའི་དོན་གསལ་བར་འདིར་བསྟན་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཞེས་པ་ལ་སོགས་པ་ལ་གནས་ཕུན་སུམ་ཚོགས་ཞེས་ པ་ནི། དྲང་བ་དང་ངེས་པའི་དོན་གྱིས་ཐ་དད་པའོ། །རྣམ་པར་སྣང་མཛད་ཅེས་པ་སྔར་བཤད་པ་འདིར་སྦྲེལ་ལོ། །རིན་ཆེན་འབྱུང་ལྡན་ལ་སོགས་པ་མ་གསུངས་པ་རྣམས་ཀྱི་དབང་དུ་བྱས་ནས། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སའི་སྙིང་པོ་ལ་སོགས་ པ་ཞེས་པ་ལ་སོགས་པས་སྔར་གསུངས་པའི་བྱང་ཆུབ་སེམས་དཔའ་དགོད་པ་ནི་འདིར་གནས་ཕུན་སུམ་ཚོགས་པ་དང་སྦྲེལ་བར་གསལ་བའོ། །སྒྲ་ཇི་བཞིན་པའོ། །རྫོགས་པའི་རིམ་པས་ཞེས་པ་ནི་སྔར་བསྟན་པའི་བསྐྱེད་པའི་རིམ་པ་ལ་ལྟོས་པ་དང་བཅས་པས་ སོ། །རྩེ་མོ་ལྔ་པ་ཞེས་པ་ལ་སོགས་པ་ནི་རང་གི་ངོ་བོ་སྟོན་པ་སྟེ། རྫོགས་པའི་རིམ་པ་ལ་དམིགས་པའི་རིམ་པ་ནི་འདིར་མངོན་པར་དགོངས་པ་མཐར་ཐུག་པའོ། །འབར་བ་ལྔ་ཞེས་པ་ལ་སོགས་པས་ཇི་ལྟར་རིགས་པར་དབང་པོ་དང་ཡུལ་ལྔ་པོ་རྣམས་སོ། །ལྡང་ཞིང་ 31-1-119a རྒྱུ་བ་དང་། རྣམ་པར་རྒྱུ་བ་དང་། ངེས་པར་རྒྱུ་བ་དང་། ཡང་དག་པར་རྒྱུ་བ་དང་། རབ་ཏུ་རྒྱུ་བ་རྣམས་དང་འབྲེལ་པར་སྟོན་པར་བྱེད་དོ། །སྤྲོ་བ་དང་བསྡུ་བ་ཞེས་པ་ལ་སོགས་པས་བརྗོད་པའི་རླུང་གི་དབང་ལས་དབང་པོ་རྣམས་འཛིན་པར་བྱེད་པ་ཉིད་དུ་ བསྟན་ནོ། །རབ་ཏུ་འབྱུང་བས་ཞེས་པ་ནི་དབང་པོ་རྣམས་ཞེས་པ་ལྷག་མ་དང་། དབང་པོ་རྣམས་ལ་ཁྱད་པར་དང་། དབང་པོ་རྣམས་ལ་ཁྱད་པར་སྦྱོར་བར་བྱེད་པ་རྣམས་བསྟན་པར་བྱ་བའི་ཕྱིར། རང་སྔགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇུག་པ་ལ་སོགས་པའི་ རང་བཞིན་ཅན་རབ་ཏུ་བསྐོར་བས་ཞེས་པ་ནི་དབང་པོ་ལྔ་པོ་རྣམས་ལ་འོད་ཟེར་ལྔ་ལ་སོགས་པ་ནི་ཡི་གེ་གསུམ་མོ། །དེ་རྣམས་ཞེས་པ་ནི་དབང་པོ་རྣམས་ལ་སྦྱོར་བས་དྲངས་ལ་ཞེས་པའོ། །དེ་ལྟར་རྫོགས་པའི་རིམ་པས་མངོན་ཤེས་ལྔ་བརྗོད་ནས་འདོད་པ་ལྔ་ལ་ཉེ་བར་ལོངས་ སྤྱོད་པས་སྤྲུལ་པའི་སྐུ་ལ་དམིགས་པའི་འབྲས་བུ་ཡེ་ཤེས་ཀྱི་སྐུ། རྡོ་རྗེ་ནམ་མཁའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ནམ་མཁའ་ནི་འོད་གསལ་ལས་ལངས་པ་ཉིད་ཀྱི་ཕྱིར་རོ། །ཕྱག་རྒྱ་ཆེན་པོ་ནི་རང་གི་འདོད་པའི་ལྷ་རྣམ་པའོ། །བསམས་ཤིང་ཤེས་པར་ བྱའོ་ཞེས་པ་ནི་འཆད་པར་འགྱུར་བ་ལ་ལྟོས་པས་ལས་ཉིད་དོ། །དེའི་དབུས་སུ་གནས་པ་ནི་དེའི་ཕུང་པོའི་ནང་དུ་སོན་པའོ། །དབང་པོ་ནི་མིག་ལ་སོགས་པའི་དབང་པོའི་ཚོགས་ནི་དེ་དང་ལྡན་པའི་རྡོ་རྗེ་འཆང་ཆེན་པོའི་ངོ་བོའོ། །དཀར་པོ་ལ་སོགས་པའི་འོད་ཟེར་ནི་ཁ་དོག་ དཀར་པོ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་འདིར་དམིགས་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འོད་དེ་དང་འདྲ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་རྣམས་ལ་ཞེས་པ་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་ལ་དྲངས་པ་ཞེས་པ་ནི་དང་པོའི་ཚོགས་སོ། །རབ་ཏུ་འབྱུང་བས་ནི། སངས་རྒྱས་ཀྱི་སྤྲུལ་པའི་སྐུའི་གནས་སོ། །དེ་རྣམས་ཀྱི་གནས་ནི། མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔའི་རང་བཞིན་ཕུང་པོ་ལ་སོགས་པ་རྣམས་ཀྱི་ངོ་བོ་ཉིད་ཡེ་ཤེས་ཀྱི་སྐུར་ཡོད་བཞིན་པ་ཉིད་ཀྱི་ཕྱིར་རོ། །ཁམས་གསུམ་པའི་ལུས་ཞེས་པ་ནི་ཁམས་གསུམ་པའི་ལུས་སུ་ 31-1-119b རྫོགས་པ་སེམས་དཔའི་ལུས་ཏེ་རྣལ་འབྱོར་པའི་སྐུ་དག་ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨོཾ་ཞེས་བྱ་བའི་ཡེ་ཤེས་སེམས་དཔའི་ཞེས་པ་ནི་དང་པོར་རྡོ་རྗེ་འཆང་ཆེན་པོར་གསུངས་ པའི་ཡེ་ཤེས་སེམས་དཔའ་དང་ཏིང་ངེ་འཛིན་སེམས་དཔའ་དག་ནི་རིམ་པ་གཞན་ཉིད་དོ། །དོན་འདི་ཉིད་གསུངས་པ་ཞེས་བྱ་བ་ལ་སོགས་པས་བརྗོད་པའི་དོན་རྒྱས་པར་བཤད་པ་སྔགས་ཀྱི་དམ་ཚིག་གི་དེ་ཉིད་ཡི་གེ་གསུམ་ལས་རྫོགས་པའི་རྡོ་རྗེ་འཆང་ཆེན་པོ་རིག་པའི་ སྐྱེས་བུ་ནི་ཡེ་ཤེས་ཀྱི་སྐུའོ། །དགོངས་པས་བཤད་པའོ། །དེ་ལྟར་ལས་ཀྱི་ལམ་རྣམ་པར་དག་པ་ཞེས་པ་ནི། བྱ་བའི་ལས་དེ་ཉིད་ལམ་སྟེ་ལམ་མོ། །རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་ཐོབ་པ་ཁོ་ན་རྣམ་པར་དག་པ་སྟེ། དེ་བསྟན་ནས་ཞེས་ པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །རྣལ་འབྱོར་འདིར་འགྱུར་ཕྱིན་ཆད་ནི། །ཀློག་གམ་ཡང་ན་ཞེས་བྱ་བ་ལ་སོགས་པའོ། །རྣམ་པ་གཞན་དུ་ན་ལེའུ་ལ་འཇུག་པར་གསུངས་པའི་ལྷའི་སྐུ་རྣམ་པ་གཉིས་ཀྱི་གཟུགས་གསལ་བར་བྱེད་པའི་དོན་དུ་ཞེས་པ་འདི་དང་འགལ་ བར་འགྱུར་རོ། །ཡང་ན་ལྷ་རྣམ་པ་གཉིས་གསལ་བ་ནི་དགེ་བ་དང་མི་དགེ་བ་ལ་སོགས་པའི་ལས་ཀྱི་ལམ་རྣམ་པར་དག་པའི་རྒྱུ་ཉིད་ཡིན་པའི་ཕྱིར་གསུངས་སོ། །དེ་ལྟར་ལས་ཀྱི་ལམ་རྣམ་པར་དག་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་རྒྱ་ཆེན་པོ་ཡོངས་སུ་ཐིམ་པ་ཞེས་ བྱ་བའོ། །ལེའུ་བཅུ་གཅིག་པར་ལྷའི་སྐུ་རྣམ་པ་གཉིས་གསལ་བར་བྱེད་པ་གསུངས་པ་དང་འདིར་ཕྱག་རྒྱ་ཆེན་པོ་རྣམ་པ་གཉིས་ཡོངས་སུ་ཐིམ་པ་དོན་གཅིག་པ་ཉིད་མ་ཡིན་ནམ། འདི་དག་ལྷ་བསྐྱེད་པའི་དོན་ཡིན་པའི་ཕྱིར་རོ་ཞེ་ན། བདེན་ཏེ་འོན་ཀྱང་ལེའུ་བཅུ་གཅིག་ པར་གསུངས་པ་ནི། ལེའུ་དང་པོར་གསུངས་པ་ལ་ལྟོས་པ་དང་བཅས་པ་ཡིད་ལ་ལེའུ་བཅུ་གཉིས་པར་བརྗོད་པའི་ཡོངས་སུ་ཐིམ་པ་ནི་གཉིས་ཀ་ལ་མི་ལྟོས་པ་ཉིད་དོ། །འཁོར་ལོ་ལ་སོགས་པའི་མཚན་མའི་གཟུགས་ཀྱིས་སོ། །ས་འོག་དང་ས་སྟེང་དང་ས་བླ་ཞེས་པ་ནི་མཐོ་ 31-1-120a རིས་དང་བར་སྣང་དང་ས་འོག་གི་སྣོད་ཀྱི་འཇིག་རྟེན་མངོན་པར་བརྗོད་དེ། སྣོད་ཀྱི་འཇིག་རྟེན་རྣམ་པ་སྣ་ཚོགས་པ་ཡང་སྟོན་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་ཞེས་པ་ས་འོག་དང་ས་སྟེང་དང་ས་བླ་ཞེས་པ་འདིའོ། །འབྱིན་པར་བྱེད་པ་པོ་ཉིད་ཡིན་ པའི་ཕྱིར་ཞེས་པ་ནི། གསུངས་པ་ཡང་། ཐུགས་ཀྱི་རྡོ་རྗེས་སྣོད་ཀྱི་འཇིག་རྟེན་མངོན་པར་སྤྲུལ་ནས་སེམས་ཅན་གྱི་འཇིག་རྟེན་སྤྲུལ་པར་བྱེད་དོ་ཞེས་སོ། །དགོངས་པ་མ་ཡིན་པའོ། །ནམ་མཁའ་ཞེས་བྱ་བ་ལ་སོགས་པས་སྔར་གསུངས་པའི་གནས་ལས་གནས་གཞན་ གསུངས་པ། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་ནི། ནམ་མཁའ་ནི་དེ་བཞིན་ཉིད་དོ། །དེར་ཕུང་པོ་ལ་སོགས་པ་བརྟག་པ་ནི་ཕུང་པོ་ལ་སོགས་པ་བསྐྱེད་པ་དེ་དེའི་སྦྱོར་བ་ལས་ཕུང་པོ་ལ་སོགས་པ་དགོན་པ་ཆེན་པོར་འདོད་དོ། །ནམ་མཁའི་ངོ་བོར་རབ་ཏུ་བསྒྲུབ་པ་ནི་དགོན་ པ་ཆེན་པོའོ་ཞེས་པ་གཅིག་ནི་ཐ་མལ་པའི་ཕུང་པོ་ལ་སོགས་པ་ལ་བརྟེན་ནས་སེམས་དཔའ་ལ་སོགས་པ་བསྒྲུབ་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །གནས་མེད་ཅེས་བྱ་བ་ལ་སོགས་པ་ནི་འོད་གསལ་བའི་བདག་ཉིད་ཅན་སྒྲུབ་པའི་གནས་གཞན་ལོངས་སྤྱོད་རྫོགས་པའི་བདག་ཉིད་ དོ། །ངེས་པའི་དོན་ཏོ། །ལོངས་སྤྱོད་རྫོགས་པ་ཡང་སྤྲུལ་པའི་སྐུ་སྒྲུབ་པར་བྱེད་པའི་གནས་སོ་ཞེས་གསུངས་པ། ཡིད་ཀྱི་རང་བཞིན་གྱི་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་འཇམ་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །འདིའི་བྱ་བ་དཔག་ཚད་བརྒྱའི་ཁྱོན་ཙམ་དུ་ཞེས་བྱ་བ་ གསུངས་ཏེ། འདིའི་བཤད་པ་ནི། དཔག་ཚད་རྣམས་ཞེས་བྱ་བ་ལ་སོགས་པའོ། །དཔག་ཚད་བརྒྱ་ཞེས་བྱ་བ་ལ་སོགས་པ་ནི་ལས་ཉིད་དོ། །གསལ་བར་བྱེད་པས་ན་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་བྱ་བ་ལ་ལྟོས་པའོ། །གང་གིས་གསལ་བར་བྱེད་པ་བསྟན་པའི་ཕྱིར་ གསུངས་པ། རབ་ཏུ་ཚ་ཞིང་འབར་བའི་རྡོ་རྗེ་ལྟ་བུ་གང་ཡིན་པ་ཞེས་པ་བཅོམ་ལྡན་འདས་སོ། །འདིའི་བཤད་པ་འབར་བའི་ཞེས་བྱ་བ་ལ་སོགས་པའོ། །སླར་ཡང་སྣང་བར་འགྱུར་བ་ཅི་ལྟར་འགྱུར་བ་ཡིན་ཞེ་ན། དག་པའི་བདག་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྱུ་མ་ 31-1-120b ལྟ་བུའི་སྐུ་ཉིད་ཀྱི་ཕྱིར་རྣམ་པར་དག་པ་སྒྱུ་མ་ལྟ་བུའི་སྐུ་མངའ་བའི་ཕྱིར་ཞེས་པ་ནི་དག་པའི་བདག་ཉིད་དུ་བྱེད་པ་ཞེས་འདིར་རྒྱུའོ། །ཚངས་པ་ལ་སོགས་པ་རྣམས་ཞེས་པ་ནི་ལྷ་མ་ལུས་པ་བསྡུ་བའི་དོན་ནོ། །ལྷ་མོ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བའི་ཕྱིར་ཚངས་ པའོ། །དེས་ཇི་སྲིད་དུ་དེ་གཙོ་བོར་གྱུར་པ་དེ་རྣམས་ཡེ་ཤེས་ཀྱི་སྐུ་ཐོབ་པ་དེ་ལྷ་རྣམས་ཀྱིས་མཐོང་བར་མི་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་གཞན་དག་གིས་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་སོ། །བལྟ་བར་བྱ་བ་མ་ཡིན་པ་ཁོ་ན་མ་ཡིན་ནམ་ཅི་ལྟར་མཚན་ཉིད་རྣམ་པར་གཞག་པར་ བྱ་ཞེ་ན། ཕྱིར་མི་ལྡོག་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པའོ། །སོ་སོའི་སྐྱེ་བོ་རྣམས་ཀྱི་ཞེས་པ་ནི་ཚངས་པ་ལ་སོགས་པའི་ལྷ་ལས་གཞན་རྣམས་སོ། །དེ་ཉིད་ཀྱི་ཕྱིར་མི་ལ་སོགས་པ་རྣམས་ཀྱིས་ལྟ་ཅི་སྨོས་ཞེས་གསུངས་སོ། །ཕྱིར་མི་ལྡོག་པའི་སྤྱོད་ ཡུལ་ཡིན་པའི་ཕྱིར། དག་པའི་བདག་ཉིད་སྒྱུ་མ་ལྟ་བུའི་སྐུ་ཡིན་པའི་ཕྱིར་ཞེས་གསུངས་སོ། །ཐོག་མར་དེ་ཁོ་ན་ཉིད་སྟོན་པར་བྱེད་པ་འདི་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བཤང་གཅི་ནི་ཡུལ་དང་དབང་པོ་རྣམས་ཏེ་ཞེས་པ་ནི་དབང་པོ་དང་ཡུལ་དག་དེ་བཞིན་གཤེགས་ པ་རྣམས་ཀྱི་མིང་ངོ་། །དེས་ཞེས་པ་ནི་བཅུ་པོ་རྣམས་ཀྱིས་སོ། །ཕན་ཚུན་བསྲེགས་པས་ན་དམ་ཚིག་ལྔ་རྣམས་ཀྱིས་སོ་ཞེས་པ་ནི། དེ་རྣམས་ཀྱི་དམ་ཚིག་ལྔ་པོ་རྣམས་སོ་སོའི་སྐྱེ་བོ་ལ་སོགས་པའི་ཐུན་མོང་པ་ཉིད་ཡིན་པའི་ཕྱིར་རོ། །ཁྱད་པར་གྱི་དབང་དུ་བྱས་ནས་གསུངས་པ། རྡོ་ རྗེ་མི་ཕྱེད་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་པ། རྡོ་རྗེ་གསུམ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་བདག་ཉིད་སྐུ་དང་གསུང་དང་ཐུགས་སོ། །དེ་དག་མི་ཕྱེད་པ་གསུམ་པོ་རྣམས་ཀྱིའང་ཐུགས་ཙམ་ཉིད་ཡིན་པ་དེ་ཉིད་ཀྱི་ཕྱིར་ཐུགས་ཞེས་གསུངས་སོ། །དེ་ལས་བྱུང་བས་ནི་ བརྗོད་པའི་ཡེ་ཤེས་གསུམ་གྱི་རང་བཞིན་གྱིས་སོ། །དབང་པོ་དང་ཡུལ་རྣམས་ཀྱིས་ནི། རང་ཉིད་སོ་སོར་གསལ་བ་ཙམ་གྱི་དམ་ཚིག་ལྔ་པོ་རྣམས་དང་ལྡན་པའོ། །རྣལ་འབྱོར་པས་ཅི་ཞིག་བྱ་ཞེ་ན། ལྕགས་གསུམ་ཞེས་བྱ་བ་གསུངས་ཏེ། འཁོར་བའི་ངོ་བོ་ཡིན་པ་ཉིད་ཀྱི་ 31-1-121a ཕྱིར་སྣང་བ་གསུམ་པོ་དེ་ཡང་ལྕགས་བཞིན་དུ་སྲ་བ་ཉིད་ཀྱི་ཕྱིར། རབ་ཏུ་གྲགས་པའི་ལྕགས་གསུམ་ཞེས་མངོན་པར་བརྗོད་པར་བྱའོ། །སྣང་བ་གསུམ་དང་ཡང་དག་པར་ལྡན་པ་ནི་རང་བཞིན་དང་སྣང་བ་གཅིག་ཏུ་འདྲེས་པར་བྱས་ནས་ཞེས་བྱ་བའི་དོན་ཏོ། །ཡེ་ ཤེས་ཀྱི་སྐུ་ནི་ཡེ་ཤེས་གསུམ་གྱིས་བསྐྱེད་པ་ཉིད་ཀྱི་ཕྱིར་རོ། །རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པ་དག་གིས་ནི་སྟོང་པ་ཉིད་བཅོ་བརྒྱད་རིལ་པོའི་དོན་དག་གིས་སོ། །རྟོག་གེ་པ་ཐམས་ཅད་ནི། དམིགས་པ་དང་བཅས་པར་མཐོང་བ་ཉིད་ཡིན་པའི་ཕྱིར་རོ། །ཡུལ་མ་ཡིན་ པ་ཞེས་པ་ནི་ཐུགས་སེམས་གསུམ་གྱིས་བསྐྱེད་པ་ཉིད་ཀྱི་ཕྱིར། བསྒོམ་པར་བྱའོ་ནི་འོད་གསལ་བའི་བདག་ཉིད་དེའི་བདག་ཉིད་དུ་ཤེས་པར་བྱའོ། །རྡོ་རྗེ་འཇམ་པ་དང་འོད་འདྲ་བར་འགྱུར་རོ་ཞེས་པ་ནི་ཡོངས་སུ་རྫོགས་པའི་རྡོ་རྗེ་འཆང་ཆེན་པོ་དང་མཚུངས་པར་འགྱུར་ རོ། །དགོངས་པས་བཤད་པའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ཉེ་བར་བསྟན་ནས་ཞེས་པ་ནི་ཉེ་བར་བསྟན་ནས་སོ། །འཁོར་ལོའི་རིག་པ་འཛིན་པའི་དངོས་གྲུབ་ཀྱི་རྒྱུ་ཉིད་ཡིན་པའི་ཕྱིར་དང་པོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་སྣང་མཛད་ཀྱི་ཏིང་ ངེ་འཛིན་མངོན་དུ་བྱས་ལ་ཞེས་པ་ནི་བརྗོད་པའི་ལོངས་སྤྱོད་རྫོགས་པའི་སྐུར་དམིགས་ནས་རྣམ་པར་སྣང་མཛད་ཕྱུང་སྟེ་བཅུག་པས་རྣམ་པར་སྣང་མཛད་དུ་དམིགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འཁོར་ལོ་རྩིབས་བརྒྱད་པ་ཞེས་པ་ནི་ལྕགས་རྣོན་པོ་ལས་བྱས་པ། ཨོཾ་ ཡིག་ལས་མངོན་པར་སྐྱེས་པ་བསམས་ནས་ཐོག་མར་བདུད་རྩི་ལྔས་བྱུག་པ་བྱས་ནས་བསྲུང་བ་ཡང་བྱའོ། །སངས་རྒྱས་ཐམས་ཅད་ཀྱིས་ཞེས་པ་ལ་སོགས་པ་ནི་རྣམ་པར་རྟོག་པར་བྱ་བའོ། །ཇི་སྲིད་དུ་དྲོ་བར་གྱུར་པ་ཞེས་པ་ལ་སོགས་པ་ནི་ཡོན་ཏན་གསུམ་པོ་འདི་ཉེ་བར་ བསྐྱེད་པ་དེ་སྲིད་དུ་བསམས་ནས། ལག་པས་བླངས་ནས་ཐོག་མར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་དག་ཐམས་ཅད་ལ་ཕུལ་ནས་རང་གིས་འཛིན་ཅིང་གཞན་སེམས་ཅན་ཐམས་ཅད་ལ་དེ་བསྟན་པར་བྱའོ། ། 31-1-121b བཞེངས་པ་ནི་ལངས་པ་སྟེ་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འགྱུར་རོ། །སྔར་ལོངས་སྤྱོད་རྫོགས་པའི་སྐུ་ལ་དམིགས་པ་སྔོན་དུ་འགྲོ་བས་རྣམ་པར་སྣང་མཛད་དུ་དམིགས་ནས་འཁོར་ལོ་ཡང་དག་པར་བསྒྲུབ་པར་བྱ་བས་ཀྱང་དངོས་གྲུབ་ཐོབ་པར་འགྱུར་རོ། །དེའི་དངོས་གྲུབ་ འབྱོར་པའམ་རྫོགས་པའི་རིམ་པ་ལྷག་པར་རྟོགས་པའི་དོན་དུ་སངས་རྒྱས་ཐམས་ཅད་མཉེས་པར་བྱེད་པ་ལ་འཇུག་པའི་ཕྱིར་རོ། །བསོད་ནམས་ངེས་པར་བྱུང་བ་ཉིད་ཡིན་པའི་ཕྱིར་ཐམས་ཅད་ཀྱང་རྡོ་རྗེ་འཛིན་པ་དང་འདྲ་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། ། ནམ་མཁའི་དཀྱིལ་འཁོར་ཞེས་པ་ནི་རྡོ་རྗེ་རྩེ་ལྔ་པ་སོར་བརྒྱད་པ་བྱས་ནས་སྟོང་པ་ཉིད་དུ་བསྒོམས་ལ་དཀྱིལ་འཁོར་གྱི་དབུས་སུ་ཧཱུཾ་ཡིག་གི་རྡོ་རྗེ་འཆང་ཆེན་པོར་བསམས་ནས་ཞེས་བྱ་བའི་དོན་ཏོ། །འདོད་པའི་དབང་ཕྱུག་ཅེས་པ་ནི་ཐོག་མར་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་ འཛིན་དང་འཆད་པར་འགྱུར་བ་ལ། ཆོ་ག་འདི་དེ་བཞིན་དུ་སྦྱར་བར་བྱ་བར་ཀུན་དུ་ནུས་པའི་དོན་ལའོ། །དམ་ཚིག་ཅེས་པ་ནི་ལྷན་ཅིག་པའི་དོན་ཏེ། འགྲོ་ཞིང་ཞེས་པ་ནི་སཾ་སྔོན་མ་ལས་ཨ་ཏ་ས་ཏ་ཏི་འགྲོ་བ་སྟེ། བྱིངས་ལ་འདི་རབ་ཏུ་སྦྱར་རོ། །བཞུད་པས་ན་ཞེས་ པ་ནི་བརྗོད་པའི་རྡོ་རྗེའི་རིག་པ་འཛིན་པ་དང་ལྷན་ཅིག་ཏུ་ཞེས་པ་ལྷག་མའོ། །མཉམ་པ་ཉིད་ཀྱི་སྒྲས་རྡོ་རྗེ་མཁའ་འགྲོ་མ་རྣམས་མངོན་པར་བརྗོད་པར་བྱའོ་ཞེས་མཉམ་པ་ཉིད་དེ་མཁའ་འགྲོ་མ་རྣམས་ཡིན་པས་ཞེས་གསུངས་སོ། །རྡོ་རྗེ་ནི་རྡོ་རྗེའི་རིག་པ་འཛིན་པའོ། ། མཉམ་པ་ཉིད་ཀྱང་སྔར་གསུངས་པའི་མཁའ་འགྲོ་མ་རྣམས་ཏེ་འདི་མཉམ་པ་ཉིད་ལ་བརྟེན་པའི་དོན་ཏོ། །ལྷན་ཅིག་སྤྱོད་པ་ནི། ལྷན་ཅིག་སྤྱོད་པར་བྱེད་དོ། །འགྲོ་བར་བྱེད་དོ་ཞེས་བྱས་ནས་སོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་སྔགས་དང་ཕྱག་རྒྱའི་ཚོགས་ ནི་པདྨའི་རིགས་ཅན་རྣམས་སོ། །སྒྲུབ་པ་པོ་ལ་ཞེས་པ་ནི་པདྨའི་རིག་པ་འཛིན་པ་ལའོ། །དབང་བསྐུར་བ་ཞེས་པ་ནི་བདག་ཉིད་དབུས་སུ་བློན་པོའི་འཁོར་བཞིན་དུ་བློན་པོ་རྣམས་དང་རྒྱལ་རིགས་བཞིན་དུ་སྤྱི་བོར་དབང་བསྐུར་བར་བྱེད་དོ་ཞེས་པའི་དོན་ཏོ། །མཉམ་པ་ 31-1-122a ཞེས་པ་ནི་སྔ་མ་བཞིན་དུ་ཆད་པ་དང་ལྷག་པ་མེད་པ་ཉིད་ཀྱིས་མཉམ་པ་ཞེས་པ་ནི་ལྗང་གུ་ལ་སོགས་པའི་འོད་ཟེར་ལྔ་རྣམས་མཉམ་པ་ཉིད་ཀྱི་ཕྱིར་རོ། །འོད་ནི་དགའ་བར་བྱས་པ་ཉིད་དུ་བཤད་པའོ། །རང་སྔགས་ནི་ཧཱ་ཡིག་སྟེ། རང་གི་སྔགས་ལས་ཞེས་པར་རིགས་སོ་ ཞེས་པ་ནི་རང་གི་སྔགས་ཧཱ་ཡིག་ལས་ཡང་དག་པར་སྐྱེས་པའི་རལ་གྲི་ཞེས་དགོངས་སོ། །འོད་ཟེར་ལྔ་ཞེས་པ་ནི་རལ་གྲིའི་འོད་ཟེར་མངོན་པར་བརྗོད་དོ། །རྫོགས་པ་ནི་བྱ་བ་བྱས་པའོ། །རྫོགས་པ་ནི། སློབ་བཞིན་པའོ། །རལ་གྲི་ཞེས་པ་ནི་སྔ་མ་བཞིན་ནོ། །ཕྱག་རྒྱ་ཆེན་པོ་ནི་ མཁའ་འགྲོ་མ་རྣམས་དང་ལྷན་ཅིག་སྤྱོད་པའོ། །དེའི་བདག་ཉིད་ཀྱིས་ནི་སྔར་བཤད་པའི་མཁའ་འགྲོ་མའི་རང་གི་ངོ་བོ་ཉིད་ཀྱིས་སམ། བདག་གི་ངོ་བོ་ཉིད་ཀྱིས་སོ། །ཕྱི་རོལ་གྱི་རྫས་ཞེས་པ་ནི་གསུམ་བསྲེས་པ་སྟེ་གསུངས་པ་ཡང་། ལྕགས་གསུམ་ལྷན་ཅིག་ལྡན་ཞེས་སོ། །འཆད་ པར་འགྱུར་བ་ཡང་། དངོས་གྲུབ་རང་བཞིན་གསུམ་ཉིད་དེས། །ཞེས་འཆད་པར་འགྱུར་བ་ལ་ལྟོས་ནས་གསུངས་ཤིང་། སྔར་འཁོར་ལ་སོགས་པའི་དངོས་གྲུབ་གསུངས་པའི་ཕྱིར་རོ། །ཙ་ན་ཀའི་འབྲུ་ཙམ་ཞེས་པ་ནི། འདིར་དེའི་དབྱིབས་ཀྱང་ཕྱི་རོལ་གྱི་རྫས་ལས་མངོན་པར་བྱུང་བའི་ རིལ་བུ་ཡིས་རྣམ་པར་བརྗོད་དོ། །ས་བོན་ནི་ཨོཾ་ཡིག་གོ། །བདག་པོ་ནི་རྣམ་པར་སྣང་མཛད་དོ། །དེའི་གཟུགས་ནི་སྐུ་དང་ཕྱག་དང་ཞལ་དང་། ཁ་དོག་དང་མཚན་མ་ལ་སོགས་པ་དང་ལྡན་པའོ། །མགོ་བོའི་སྒོ་ནི་གཙུག་ཏོར་རོ། །འཇུག་པའི་རང་བཞིན་ནི་འཇུག་པར་བྱེད་པར་གྱུར་པའི་ རིལ་བུ་རྣམ་པར་བསམས་ཤིང་འདིར་ཁྱད་པར་དུ་བསྒོམ་པར་བྱའོ། །དེ་ཉིད་ཀྱི་ཕྱིར་ཡང་དང་ཡང་དུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་དེ་ལྟར་ཞེས་བྱ་བ་ལ་སོགས་པས་འབྲས་བུ་སྟོན་པར་བྱེད་པ་དེ་ནས་བརྩམས་ཏེ་ཞེས་པ་བསྒོམས་པ་མཐར་ཕྱིན་པའི་སྐད་ཅིག་ནས་བརྩམས་ ཏེའོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་བདེན་པ་གཉིས་ཀྱི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོའི་ཡེ་ཤེས་ཀྱི་སྐུ་མཆོག་ཏུ་འཛིན་ནོ། །དེ་དང་འདྲ་བ་ནི་དེ་དང་མཚུངས་པ་སྟེ། རིལ་བུ་སྒོམ་པར་བྱེད་པ་ཉིད་ཕྲ་མོའི་རྣལ་འབྱོར་བཞིན་དུ་བདེན་པ་གཉིས་གཉིས་སུ་མེད་པའི་ 31-1-122b རྒྱུན་ཡིན་པའི་ཕྱིར་རོ། །འཛམ་བུ་ནཱ་ད་ལས་སྐྱེས་པའི་གསེར་དང་མཉམ་པའི་འོད་ནི་དེ་དང་མཉམ་པའི་སྐུའི་ཁ་དོག་གོ། །གནས་པའི་བདག་ཉིད་ཅན་ཞེས་པ་ནི། ལྐོག་མ་ཉིད་དུའོ། །ལྡང་བའི་བདག་ཉིད་ཅན་ཞེས་པ་ནི། སྙིང་གར་པདྨ་དཀར་པོའི་སྟེང་དུ་འགྲོ་བའོ། །ཕྱག་རྒྱ་ཆེན་པོའི་གཟུགས་ ཀྱིས་ཀྱང་ནི་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་ཀྱིས་ཀྱང་ངོ་། །གྲུབ་པ་ནི་འཁོར་ལོའི་རིག་པ་འཛིན་པ་ལ་སོགས་པའི་དངོས་གྲུབ་བོ། །འདི་དག་ཇི་ལྟར་བྱ་ཞེ་ན། དང་པོ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་དང་ལྡན་པས་ཞེས་ པ་ནི། འདིར་བྱའོ་ཞེས་པ་དང་སྦྲེལ་བར་བྱའོ། །གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ནི། ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ནོ། །བདག་ཉིད་བསྒོམ་པར་བྱ་ཞེས་པ་ནི། དེ་ལྟར་འཆད་བཞིན་པའི་རིན་པོ་ཆེའི་རིག་པ་འཛིན་པ་ལ་སོགས་པའི་དངོས་གྲུབ་ ལའང་སྦྱར་བར་བྱའོ། །རྩེ་གསུམ་པ་ལ་སོགས་པ་ཞེས་པ་ནི་ཁྲོ་བོ་སྟོབས་པོ་ཆེ་ལ་སོགས་པའི་མཚན་མའོ། །ཕུལ་དུ་བྱུང་བའི་དངོས་པོར་ནི་བསྐྱེད་པའི་རིམ་པར་གསུངས་པའི་རིམ་པས་སོ། །དམ་ཚིག་ཆེན་པོ་ནི་ཐེག་པ་ཆེན་པོ་སྟེ་འདུས་པའི་མཚན་ཉིད་དོ། །དམ་ཚིག་ཆེན་པོའི་ དངོས་གྲུབ་ནི་རྡོ་རྗེ་འཆང་ཆེན་པོའོ། །སྒྲ་ཇི་བཞིན་པའོ། །བསྐྱེད་པའི་རིམ་པ་ལ་གནས་པ་རྣམས་ཀྱིས་དངོས་གྲུབ་སྒྲུབ་པར་བྱེད་པ་ལམ་གྱི་བཞི་མདོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྲམ་ཟེ་ལ་སོགས་པ་ཞེས་པ་ལ། ཡུལ་གཞན་དག་ནི་མིག་ལ་སོགས་པས་གཟུང་བར་བྱའོ། ། དགོངས་པས་བཤད་པའོ། །སེམས་ཅན་རྗེས་སུ་འཛིན་པ་ལ་རབ་ཏུ་འཇུག་པ་གདུལ་བྱའི་སྐྱེ་བོ་ཞེས་བྱ་བ་ལ་སོགས་པ་སོ་སོར་གསུངས་པ་རྡོ་རྗེ་གསུམ་གྱི་བདག་ཉིད་ཅན་ཞེས་པ་ནི་སྐུ་ལ་སོགས་པའི་རྡོ་རྗེའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་རོ། །སྔགས་ལས་རྫོགས་པ་ཉིད་ཡིན་པའི་ཕྱིར་ སྔགས་ཀྱི་སྐྱེས་བུའོ། །བདག་ཉིད་ཅེས་བྱ་བ་ལ་སོགས་པ་ནི་སྐུ་དང་གསུང་དང་ཐུགས་སོ། །སྐུ་ལ་སོགས་པ་ལས་ངེས་པར་བྱུང་བའི་འོད་ཟེར་ཀྱོ་བ་ཏང་གི་རང་བཞིན་ཅན་ཏེ། ལྕགས་ཀྱུའི་རྣམ་པར་རོ། །སངས་རྒྱས་རྣམས་ཞེས་པ་ནི་སངས་རྒྱས་ཀྱི་སྣོད་ཉིད་ཡིན་པའི་ཕྱིར་ 31-1-123a ཉེ་བར་བཏགས་པས་སོ། །རིན་པོ་ཆེ་ཞེས་པ་ནི་རིན་པོ་ཆེ་ལྟ་བུའོ། །ཤིན་ཏུ་མཆོག་ཏུ་འགུགས་པ་ནི། གཡོ་བ་ཞེས་པ་ལ་སོགས་པ་ལ་བསམས་ནས་ཞེས་པ་ནི་བསྒྲུབ་བྱའི་མདུན་དུའོ། །དེར་བཞག་སྟེ་ཞེས་པ་ནི་བཀའ་བསྒོས་པའི་བསྒོམས་པའི་ཁྲོ་བོས་སོ། ། ལུས་དང་ངག་དང་སེམས་རྣམས་ལ་ཞེས་པ་ནི་བསྒྲུབ་བྱའི་དམ་ཚིག་སེམས་དཔའ་ལ་སོགས་པ་རྣམས་ལ་བདག་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ནི་དམ་ཚིག་ལ་སོགས་པའི་སེམས་དཔའོ། །དེའི་འོད་ཟེར་གྱི་ཀྱོ་བ་ཏང་ངོ་། །གཞན་དག་ཏུ་ནི་ཞེས་པ་ཙནྡན་ལ་སོགས་པའི་རིགས་ལ་ དེའི་འོག་ཏུ་ཡང་། དགུག་པའི་ཡུལ་གསུངས་པ། འདི་ཉིད་ཀྱིས་བྱ་བ་ལ་སོགས་པའོ། །འདིའི་ཉེ་བར་བསྡུ་བ་མཁའ་དབྱིངས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལྷ་མོ་ཞེས་པ་ནི་སྤྱན་མ་ལ་སོགས་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་བུད་མེད་རྣམས་སོ། །མི་ཕྱེད་པའི་ དགུག་པ་ནི། ངེས་པར་བསྒོམས་པ་ཉིད་ཀྱི་ཕྱིར་རོ། །དེ་ཞེས་པ་ནི་འཁོར་ལོའོ། །ཇི་ལྟར་དབང་དུ་བྱས་པ་དེ་བཞིན་དུ་དགུག་གོ་ཞེས་བརྗོད་པ་མ་ཡིན་ནམ། དེ་ཅི་ལྟར་རྣམ་པར་སྣང་མཛད་ལ་སོགས་པའི་མཚན་མས་འགུགས་པར་བྱེད་པ་ཉིད་ཡིན་ཞེ་ན་བསམ་པར་བྱ་སྟེ། སོགས་པའི་ སྒྲ་ལས་དྲིལ་བུ་དང་། རིན་པོ་ཆེ་དང་། རལ་གྲི་རྣམས་སོ། །ཁམས་གསུམ་པ་ཞེས་པ་ལ་སོགས་པས་དགུག་པའི་ཡུལ་སྟོན་པར་བྱེད་དོ། །སྐུ་དང་གསུང་དང་ཐུགས་ནི་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་ནོ། །ལྕགས་ཀྱུ་ལ་སོགས་པ་རྣམས་ཀྱིས་ཞེས་གསུངས་པའི་ཕྱིར་ལྕགས་ ཀྱུ་ལ་སོགས་པ་གང་ཡིན་པ་ཡོད་པ་དེ་འདིར་རྡོ་རྗེ་འཆང་ཆེན་པོར་སྔར་གསུངས་པའི་རྣམ་པར་དབྱེ་ཞེས་མཚོན་པར་བྱ་སྟེ་གང་ཡང་རྡོ་རྗེ་འཆང་ཆེན་པོའི་མཚན་མ་རྡོ་རྗེ་ལ་སོགས་པ་ལྕགས་ཀྱུ་ལ་སོགས་པ་ཡོངས་སུ་སྒོམ་པར་བྱེད་པ་ལ་ལྟོས་ནས་ཀྱོ་བ་ལ་སོགས་པ་རྣམས་ཀྱིས་ཞེས་བྱ་བ་ ལ་སོགས་པ་གསུངས་སོ། །རྒྱས་གདབ་པར་ཞེས་པ་ནི་སློབ་མར་བྱའོ་ཞེས་པའི་དོན་ཏོ། །འདི་ལྟ་བུའི་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་སེམས་དཔའི་གོ་འཕང་ཐོབ་པའི་བྱ་བ་སྟོན་པར་བྱེད་པ་པོར་འགྱུར་རོ་ཞེས་བསྟན་ཏོ། །ཇི་ལྟར་གསུངས་པའི་མཚན་ཉིད་དང་ལྡན་པའི་རྣམ་པར་སྣང་ 31-1-123b མཛད་ལ་སོགས་པའི་རྣམ་པར་ཡོངས་སུ་སྐྱེད་པ་ཞེས་བྱ་བ་ལ་སོགས་པ་སྔར་གསུངས་པའི་མཚན་ཉིད་དང་ལྡན་པའི་ལྷ་ཐམས་ཅད་ཀྱི་སྐུ་ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གསུང་འོད་དཔག་མེད་ཀྱི་བདག་ཉིད་ཅན་ཉིད་དོ་ཞེས་གསུངས་པ་ལྕེ་ཉིད་ ཅེས་པའོ། །རང་གི་ལྷའི་ང་རྒྱལ་དང་ལྡན་ཞེས་བྱ་བ་ལ་སོགས་པས། སེམས་ཀྱི་བྱ་བ་སྟོན་ཅིང་མི་བསྐྱོད་པར་བྱེད་པ་སྟོན་པར་བྱེད་དོ། །ལག་པར་གནས་པ་ཞེས་བྱ་བ་འདིས། འདི་ལག་པར་བཟུང་ནས་ཞེས་སྟོན་པར་བྱེད་དོ། །བཟླས་པར་བྱ་བའི་སྔགས་ཀྱི་ཡི་གེ་ཞེས་བྱ་བ་ལ་སོགས་ པས། སྔགས་ཀྱི་ཡི་གེ་ནི་དགུག་པ་སྦྱོར་བ་གཞན་བསྟན་ནོ། །གསང་བ་གསུམ་ཞེས་པ་ནི་འདིའི་སྐུ་ཞེས་བྱ་བ་ལ་སོགས་པའི་བཤད་པས་བསྒྲུབ་བྱ་དང་སྒྲུབ་པ་པོ་དག་དགུག་པ་ལ་སོགས་པ་ལ་སྐུ་ལ་སོགས་པའི་གསང་བ་གསུམ་ལ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་མཉམ་པ་ཉིད་དུ་ རྟོགས་པས་དེ་རྣམས་ཀྱི་གསང་གསུམ་དམ་ཚིག་ཅེས་མངོན་པར་བརྗོད་པ་གསུངས་སོ། རང་གི་ངོ་བོ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་མཚན་ཉིད་ཅེས་པ་ནི་གང་གི་རང་གི་ངོ་བོ་ཉིད་རྣམ་པར་སྣང་མཛད་ལ་སོགས་པ་གང་གི་སོ་སོ་རང་གི་ངོ་བོ་ཉིད་གང་ཡིན་པ་ཇི་ལྟ་བུའི་རང་བཞིན་ཟབ་པ་ དང་རྒྱ་ཆེ་བའི་རང་བཞིན་དེ་ཡོངས་སུ་ཤེས་པའི་བདག་ཉིད་ཅན་གྱི་མཆོད་པ་བྱས་ནས་ཞེས་མངོན་པར་དགོངས་སོ། །ལེའུ་བཅོ་ལྔ་པའི་བཤད་པས་འཆད་པར་འགྱུར་བ་ཡང་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཤེས་པ་དང་བྲལ་བས་འཇིག་རྟེན་པའི་དངོས་གྲུབ་ཀྱང་འགྲུབ་པར་མི་འགྱུར་ན། སླར་ ཡང་འཇིག་རྟེན་ལས་འདས་པར་གཟུགས་ལ་འགྱུར་ཞེས་སོ། །དེའི་ཕྱིར་འདི་ཞེས་པ་ལ་སོགས་པ་གསུངས་ཏེ། འདི་ཞེས་པ་ནི་དགུག་པའོ། །གང་བཤད་མ་ཐག་པའི་ཆོ་གར་གསུངས་པ་འགུགས་པའི་དོན་དགུག་པར་བྱ་བ་ཉིད་ཀྱི་མཚན་ཉིད་ཀྱི་ཆོ་ག་དེའོ། །ལས་ཀྱི་དབྱེ་བས་ནི། བཤད་པ་ དང་འཆད་པར་འགྱུར་བའི་ལས་ཀྱི་བྱེ་བྲག་གིས་ཉེ་བར་ལོངས་སྤྱོད་པ་ཞེས་པ་ལ་འབྱུང་པོ་རྣམས་ཀྱི་ཞེས་པ་ལྷག་མའོ། །དེ་ལ་ཐོག་མར་མཁའ་ལ་སྤྱོད་པ་ཉིད་ཀྱི་དབང་དུ་བྱས་ནས་ཤ་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཏོར་མ་བྱིན་ནས་ཞེས་པ་ནི། གཞན་དེར་རྟོག་པ་ལ་སོགས་པ་ 31-1-124a གསུངས་པའི་རིམ་པས་སོ། །མིའི་ཤ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་གླང་པོ་ཆེ་ལ་སོགས་པ་ཡོངས་སུ་གཟུང་ངོ་། །མངོན་པར་ཤེས་པ་ལྔ་ཞེས་པ་འདིར་གང་ཡིན་སླར་ཡང་འདིར་མངོན་པར་ཤེས་པ་ལྔ་གཟུང་བར་བྱ་ཞེས་བསམ་པར་བྱའོ། །དེ་བཞིན་ དུ་ཞེས་བྱ་བ་ལ་སོགས་པ་ལ་རྒྱལ་པོ་ལ་སོགས་པ་ཞེས་པ་ནི་འདིར་དེ་རྣམས་འགུགས་པར་འགྱུར་རོ་ཞེས་རྒྱུད་དུ་གསུངས་པའི་དོན་དང་སྦྲེལ་ལོ། །བཤད་པའི་ཞེས་བྱ་བ་ལ་སོགས་པ་ལ་ཤ་རྣམས་བསྒོམས་ནས་ཞེས་པ་ནི་ཅི་ལྟར་བསྒོམ་པར་བྱ་བའི་ཤའོ་ཞེས་བསམ་པར་བྱའོ། ། ཡང་ན་ཕྱག་བྱ་བ་ལ་སོགས་པས་ཞེས་པ་ལ་སོགས་པ་ཡང་ངོ་། །རྡོ་རྗེ་འཆང་ཆེན་པོ་ཞེས་པ་ནི་རྣལ་འབྱོར་བཞི་ལས་རྫོགས་པའི་ཟླ་བའི་དཀྱིལ་འཁོར་ལ་གནས་པའོ། །གསུངས་པ་ཡང་། དེ་ལྟར་བདག་ཉིད་བྱིན་བརླབས་པས། །ཟླ་བའི་དཀྱིལ་འཁོར་དབུས་གནས་པ། །ཞེས་སོ། །ཡེ་ ཤེས་སེམས་དཔའ་ནི་སྐུ་མདོག་དམར་པོ་ཕྱག་གཉིས་ཀྱིས་རང་སྣང་ལ་འཁྱུད་པ་ཁ་སྦྱོར་གྱི་སྦྱོར་བས་ལུས་ཐམས་ཅད་དགྱེས་པར་བྱེད་པའོ། །ཏིང་ངེ་འཛིན་སེམས་དཔའ་ནི་ནག་པོ་རྟག་ཏུ་འཆར་བ་མར་མེ་ཆེན་པོ་ལྟ་བུ་མི་ཤེས་པའི་མུན་པ་འཇོམས་པར་བྱེད་པ་པོའོ། །དབུ་རྒྱན་ཞེས་བྱ་ བ་ལ་སོགས་པ་ལ། རྡོ་རྗེ་འཆང་ཆེན་པོ་ནི་དཀར་པོ་ཕྱག་གཉིས་པ་སྟེ། དེ་ཉིད་ཀྱི་ཕྱིར། ཟླ་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཛག་པ་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་འཛག་པ་དང་འདྲ་བ་ལྟ་བུའོ། །དྲུག་པ་མཉེས་པར་བྱེད་པའི་རིམ་པ་མངོན་པར་བརྗོད་ནས། རྣམ་པར་སྣང་ མཛད་ལ་སོགས་པ་ལྔ་པོ་རྣམས་ཀྱི་དམ་ཚིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡི་གེ་ཨཱཿདང་ཡི་གེ་ཨོཾ་གྱི་ཞེས་པ་ནི་ཉེ་བར་མཚོན་པ་སྟེ། དེས་སྭཱ་ཧཱའི་ཡི་གེའི་དམ་ཚིག་ཀྱང་བྱའོ། །དེས་ཡི་གེ་སྭཱ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེའི་རྣམ་པའོ། །ཡི་གེ་ཧཱ་ཡོངས་སུ་གྱུར་པ་ ལས་རལ་གྲིའི་རྣམ་པའོ། །རང་རང་གི་ས་བོན་གྱིས་བྱིན་གྱིས་བརླབས་པའི་ལྕེར་བསྒོམས་ནས་བྱའོ་ཞེས་པའོ། །འདིས་ཞེས་བྱ་བ་ལ་སོགས་པ་ནི་ཕན་ཡོན་ནོ། །ལས་སུ་རུང་བ་ནི་ལུས་དང་སེམས་ལས་སུ་རུང་བ་ཉིད་ཐོབ་པའོ། །སློབ་བཞིན་པའི་རིམ་པས་རྡོ་རྗེ་འཆང་ཆེན་ 31-1-124b པོ་དང་འདྲ་བར་འགྱུར་རོ། །སྒྲ་ཇི་བཞིན་པའོ། །ཟིན་པ་ནི་ལུས་སོ། །མ་ཟིན་པ་ནི་ལུས་ལས་གཞན་ནོ། །གཉིས་ཀ་ནི་པི་ཝང་དང་གླིང་བུ་ལ་སོགས་པ་ལ་སྐྱེས་པ་དེ་གཉིས་ཀས་བསྐྱེད་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །འབྱུང་བ་ཆེན་པོ་ལས་བྱུང་བ་ནི་ས་ལ་སོགས་པའི་བུ་ག་ ལས་ལངས་པའོ། །རྡོ་རྗེའི་རྫུ་འཕྲུལ་མཆོག་ཅེས་པ་ནི་རྫུ་འཕྲུལ་ནི་རྟེན་ཡིན་པ་ཉིད་ཀྱི་ཕྱིར་ཇི་ལྟར་གསུངས་པ་དེ་ལས་རྡོ་རྗེ་མཆོག་སྟེ་འོད་གསལ་ཞེས་མངོན་པར་བརྗོད་དོ། །ཇི་ལྟར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་སྐུ་མཐའ་ཡས་པ་ཞེས་པ་ནི་གསུངས་པ་ཡང་། སྣ་ཚོགས་ཚུལ་ གྱི་ཐབས་ཀྱིས་དུ་མའི་རྣམ་པ་རུ། །རབ་ཏུ་འཇུག་པས་སྲིད་པ་གསུམ་གྱི་འཇིགས་པ་སེལ། །ཞེས་སོ། །སངས་རྒྱས་རྣམས་ཀྱིས་སེམས་ཅན་གྱི་དོན་བྱ་བ་ཡང་མཐའ་ཡས་སོ། །དེ་ལྟར་རྫོགས་པའི་རིམ་པ་ལ་གནས་པའི་རྣལ་འབྱོར་པའི་ལྷའི་མིག་ལ་སོགས་པ་དང་ལྡན་པ་ ནི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་གསུངས་སོ། །གྲུབ་པ་སྟེ་ཅི་ལྟར་གནས་པར་འགྱུར་ཞེ་ན། ལྷའི་བཞོན་པ་ཞེས་གསུངས་ཏེ། ལྷ་རྣམས་གང་གིས་འགྲོ་བར་བྱེད་པ་དེ་ལྷའི་བཞོན་པ་སྟེ།གཞལ་ཡས་ཁང་གི་ཤིང་རྟ་དང་གླང་པོ་ཆེ་ལ་སོགས་པའི་བཞོན་པ་ སྟེ་བཞོན་པར་བྱ་བའོ་ཞེས་པས་བཞོན་པ་སྟེ། ལྷ་དང་མི་ལ་སོགས་པའི་བཞོན་པར་བྱ་བ་ཡིན་པའི་ཕྱིར་རོ། །གཞལ་ཡས་ཁང་ལ་སོགས་པ་ནི་དེ་རྣམས་ཀྱིས་ཞོན་ཏེ་འགྲོ་ཞིང་དཀྱིལ་འཁོར་ལ་ཞོན་ཏེ་འགྲོ་བ་མ་ཡིན་པའི་ཕྱིར་རོ། །ཤིང་རྟ་ལ་སོགས་པ་ནི་གལ་ཏེ་ཡང་རྟ་ལ་སོགས་པ་ རྣམས་ཀྱིས་བཞོན་པར་བྱ་བའོ། །དེ་བཞིན་དུ་འཇིག་རྟེན་ན་ཡང་ཤིང་རྟ་ལ་སོགས་པ་བཞོན་པ་ཉིད་ཀྱིས་ཐ་སྙད་འདོགས་སོ། །རྣམ་པར་རྒྱུ་ཞིང་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་དང་དེ་དག་གནས་པར་བྱེད་པའོ། །འབྲས་བུའི་ཕྱོགས་གཅིག་ཅེས་པ་ནི། འདིས་འབྲས་བུ་རྣམས་ཀྱི་ ངོ་བོ་གང་ཡིན་པ་དེ་སྟོན་པར་བྱེད་དོ། །བསྙེན་པར་ཞེས་བྱ་བ་ལ་སོགས་པ་ནི་སྲུང་བའི་འཁོར་ལོའི་དེ་མ་ཐག་ཏུ་དམིགས་པར་བྱ་བ་སྟེ། དངོས་པོ་མེད་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གང་ཡིན་པ་ཞེས་པས་བསྙེན་པར་བྱེད་པར་གསལ་ལོ། །སའི་ཆ་ལ་སོགས་ 31-1-125a པ་ཡང་དག་པར་སྦྱར་ཞིང་ཞེས་པ་ནི། རླུང་ལ་སོགས་པའི་དཀྱིལ་འཁོར་བཞིའི་དེ་མ་ཐག་ཏུ་རྡོ་རྗེའི་སའི་ཆ་དམིགས་པའོ། །སོགས་པའི་སྒྲས་ཁང་པ་བརྩེགས་པ་དང་། དེའི་དབུས་སུ་ལྷག་པར་མོས་པའི་དཀྱིལ་འཁོར་ལ་དམིགས་པ་དང་། གཟུགས་ཕུང་ རྟོགས་པ་མེ་ལོང་དང་། །ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་འདི་འོད་གསལ་བར་འཇུག་པ་ཞེས་པ་འདི་བསྡུས་སོ། །སྟོང་པ་ཉིད་ལ་དམིགས་པ་དང་། དེ་ནས་སྣ་ཚོགས་པའི་པདྨའི་སྟེང་དུ། ཉི་མ་ཞེས་པ་ལ་སོགས་པ་ཉེ་བའི་སྒྲུབ་པ་སྟེ་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་ དང་ཤིན་ཏུ་རྣལ་འབྱོར་གྱི་མཐར་ཐུག་པའོ། །དེ་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་འདིར་མི་བསྐྱོད་པ་ཕྱུང་ནས་བཅུག་པའི་ཡང་དག་པར་རྟོགས་པར་བྱེད་པ་མ་ཡིན་ནོ། །རྣལ་འབྱོར་ཆེན་པོའི་དབང་དུ་བྱས་ནས་སྒྲུབ་པའི་དོན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ ཏེ། རིགས་ཀྱི་དབྱེ་བས་ཞེས་པ་ནི་འདིར་སྔར་གསུངས་པ་ཤེས་པར་བྱས་ལ་ཞེས་པ་འདི་སྦྲེལ་ལོ། །སྟོན་པ་ཡིན་ཏེ་ཞེས་པ་ནི། བཅོམ་ལྡན་འདས་ཞེས་པ་ལྷག་མའོ། །བྱང་ཆུབ་ཀྱི་སེམས་ཞེས་པ་ནི་དེ་བཞིན་ཉིད་དོ། །ལྷག་པར་མོས་པའི་དཀྱིལ་འཁོར་འོད་གསལ་དུ་ བཅུག་པའི་འོག་ཏུ་གང་ཞིག་བྱ་བ་དེ་དག་བསྟན་པར་བྱ་བའི་ཕྱིར། ཨོཾ་ཤཱུ་ནྱ་ཏཱ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་ཁང་པ་བརྩེགས་པའི་དབུས་སུ་བྱ་བ་ཉི་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞག་ལ་ཞེས་པ་ནི་དམིགས་ནས་སོ། །དེའི་སྟེང་དུ་ཞེས་པ་ནི་པདྨའི་ སྟེང་དུའོ། །ཡི་གེ་གསུམ་ཞེས་པ་ནི་ཡི་གེ་གསུམ་མོ། །དེ་དག་ཡོངས་སུ་གྱུར་པ་ལས་མཚན་མ་ཞེས་ཡིད་ལ་བྱའོ། །དེ་ནས་ཡང་སྟེང་དུ་སླར་ཡང་ཡི་གེ་གསུམ་མོ་ཞེས་ཡིད་ལ་བྱའོ། །ཉེ་བར་ཏེ་གམ་དུ་ཞེས་པ་ནི་ཡོངས་སུ་དག་པའི་ཕྱག་རྒྱ་ཆེན་པོ་དང་ཉེ་བར་དང་པོའི་མགོན་པོ་ཡོངས་སུ་དག་ པ་ཙམ་ལ་ལྟོས་པ་ཉིད་ཀྱི་ཕྱིར་ཕྱག་རྒྱ་ཆེན་པོའོ། །དེ་ལ་ཞེས་པ་ནི། ཕྱག་རྒྱ་ཆེན་པོའི་གཟུགས་ལའོ། །བཀོད་ལ་ཞེས་པ་ནི་ཚིག་གི་ལྷག་མའོ། །དེ་རྣམས་ཅི་ཞེ་ན། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་རྣམས་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་སོ། །སྐྱེ་མཆེད་ནི་ 31-1-125b དགོད་པའི་གནས་སྒྲུབ་པ་པོའི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྣམས་སོ། །དེ་རྣམས་ཞེས་པ་རྣམ་པར་སྣང་མཛད་ལ་སོགས་པ་ནས་གནོད་མཛེས་ཀྱི་མཐར་ཐུག་པ་རྣམས་སོ། །གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྣམས་ཀྱང་ཅི་ཡིན་ཞེ་ན། གསུམ་པ་ཞེས་བྱ་བ་ལ་སོགས་པ་ གསུངས་ཏེ། འབྲས་བུ་དང་རྒྱུ་ཡོངས་སུ་ཤེས་པ་ནི། རྣམ་པར་སྣང་མཛད་ལ་སོགས་པ་དགོད་པའི་རྒྱུའོ། །འབྲས་བུ་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་བཀོད་པས་སངས་རྒྱས་ཉིད་ལ་སོགས་པ་སྦྱིན་པ་གསུམ་པ་ཉིད་དོ། །སྔགས་ཞེས་བྱ་བ་ལ་སོགས་པ་ལ་རིགས་ཀྱི་ དབྱེ་བས་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ཀྱི་དབྱེ་བས་ཏེ། རྡོ་རྗེ་འཆང་ཆེན་པོ་ཡང་ཡེ་ཤེས་སེམས་དཔའ་དང་ཏིང་ངེ་འཛིན་སེམས་དཔའ་དག་གི་རྣམ་པར་སྔར་བཤད་པ་ཉིད་ཀྱི་ཕྱིར་རོ། །ཇི་རིགས་པར་ཞེས་པ་ནི། གང་དུ་གང་གི་རྣམ་པར་ཡང་དག་པར་ འབྱུང་བ་ནི་ཇི་ལྟར་རིགས་པ་སྟེ། རྣམ་པ་དེ་བཞིན་དུ་བསྒོམས་པ་ནི་སྔགས་ཀྱི་བདག་པོ་ཞེས་བརྗོད་པར་བྱའོ། །རྡོ་རྗེ་འཆང་ཆེན་པོ་བཞིན་དུ་ཐམས་ཅད་ཀྱི་ཡེ་ཤེས་སེམས་དཔའ་ཞེས་ཤེས་པར་བྱེད་དོ། །ཏིང་ངེ་འཛིན་སེམས་དཔའ་ནི་རང་རང་གི་ལྷའི་ཁ་དོག་གི་རྣམ་པ་ཞེས་པ་འདིར་ རིགས་ཀྱི་དབྱེ་བས་ཇི་ལྟ་བ་བཞིན་དུ་རང་ཉིད་ལྟ་བུར་ཡང་དག་པར་གྱུར་པའི་ཡེ་ཤེས་སེམས་དཔའ་ནི་འདི་དག་ལ་བསམ་པར་བྱའོ། །དེ་ཞེས་བྱ་བ་ལ་སོགས་པ་ལ། ཚེ་ན་ཞེས་མང་པོའི་ཚིག་ནི་བདག་པོ་ལྔའི་རྒྱས་འདེབས་པའི་དུས་ཐ་དད་པ་ཉིད་ཀྱིས་མང་པོ་ཉིད་ཡིན་པའི་ཕྱིར། དེའི་ ཚེ་ཡེ་ཤེས་རྡོ་རྗེ་ཅན་ཞེས་པ་ཡེ་ཤེས་རྡོ་རྗེ་ཅན་ནོ། །རང་གི་ལྷག་པའི་ལྷའི་སྦྱོར་བ་དང་ལྡན་པ་ཞེས་པ་ནི་གང་གི་བདག་ཉིད་ཀྱི་ལྷ་གང་ཡིན་པ་དེའི་རྣལ་འབྱོར་དང་ལྡན་པའོ། །རང་གི་སྔགས་བཛྲ་དྷྲྀཀ་ལ་སོགས་པ་ཞེས་པ་ནི་ལྷ་སུམ་ཅུ་སོ་གཉིས་པོ་རྣམས་ཀྱི་མིང་སུམ་ཅུ་སོ་གཉིས་ སོ། །དེ་ལས་ཕྱུང་བ་ལས་ཕྱི་རོལ་དུ་བྱུང་བའོ། །གལ་ཏེ་དེ་ལས་བྱུང་བ་ནི་རྫོགས་པའོ་ཞེས་འགྱུར་ན་དེའི་ཚེ་རྣམ་གཞག་རིམ་པ་ལ་སོགས་པ་དང་འགལ་བར་འགྱུར་ཏེ། བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པའི་སྔགས་བརྗོད་ནས་ལྷ་རྣམས་ཀྱི་འཁོར་ལོ་མ་ལུས་པ་དབྱུང་བར་བྱའོ་ 31-1-126a ཞེས་བྱ་བ་ལ་སོགས་པ་རྣམ་གཞག་རིམ་པར་གསུངས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ལྔའི་ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པ་གཙོ་བོར་གྱུར་པ་དང་ལྡན་པ་རྣམས་ཀྱིའོ། །བདག་པོ་རྡོ་རྗེ་འཆང་ཆེན་པོ་ནི་དཀར་པོའོ། །དེ་ལ་གལ་ཏེ་འོད་གསལ་བ་ལས་ བདག་བྱིན་གྱིས་བརླབས་པའི་རིམ་པས་ལངས་ནས་མི་བསྐྱོད་པ་ཕྱུང་ནས་བཅུག་པས་དཀྱིལ་འཁོར་དུ་གཙོ་བོར་གྱུར་པ་ནི་མི་བསྐྱོད་པ་སྟེ། དེའི་ཚེ་ཕྱག་གཉིས་པ་ཞལ་གཅིག་པའོ། །དེ་ནས་རྣལ་འབྱོར་བཞིའི་རིམ་པས་ཡིན་པ་དེའི་ཆེ་ཞལ་གསུམ་པ་ཕྱག་དྲུག་པའོ། །བསམས་ནས་ འགྲུབ་པར་འགྱུར་རོ་ཞེས་འཆད་པར་འགྱུར་བ་དང་སྦྲེལ་ལོ། །སྒྲ་ཇི་བཞིན་པའོ། །འདུས་པ་ཕྱི་མ་ཞེས་འདིར་གསུངས་པ་ནི། བསྙེན་པ་རྣམ་པ་གཉིས་ཀའི་བཤད་པ་ཚད་མར་སྒྲུབ་པའི་དོན་དུ་སྟེ། རྣམ་པ་གཞན་དུ་ན་ལེའུ་འདིར་གསུངས་པའི་བསྙེན་པའི་ཡེ་ཤེས་བདུད་རྩི་ཉིད་ ཅེས་བྱ་བ་ལ་སོགས་པའི་བཤད་པའི་ནང་དུ་འདུས་པ་ཕྱི་མ་བྲི་བ་དང་ཟློས་པར་འགྱུར་རོ། །ཐར་པར་འདོད་པ་རྣམས་ཀྱིས་ཞེས་པ་ནི་མཆོག་གི་སྒྲུབ་པ་ནི་ཐར་པའི་རྒྱུ་ཉིད་ཡིན་པའི་ཕྱིར། རྟག་ཏུ་ཞེས་བྱ་བ་འདིའི་རྣམ་པར་འབྲེལ་པ་ནི་དུས་ཐམས་ཅད་དུའོ། །བདག་ཉིད་ ཐམས་ཅད་ཅེས་པ་འདིའི་མངོན་དུ་ཉེ་བར་བསྟན་པ་དང་། སྤྱོད་ལམ་ཐམས་ཅད་དུ་ཞེས་སྦྲེལ་ལོ། །ཡེ་ཤེས་བདུད་རྩི་ཞེས་པ་གཉིས་སུ་མེད་པའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་རོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི། དེ་བཞིན་གཤེགས་པ་འཆད་པར་འགྱུར་བ་རྣམས་ཀྱི་ སྔགས་ཀྱི་དེ་ཉིད་དོན་བསྒྲུབ་པའོ་ཞེས་པ་ལ་ལྟོས་ནས་སྦྲེལ་བ་ནི་དྲུག་པའོ། །མཆོག་ནི་སངས་རྒྱས་ཉིད་ཀྱི་མཚན་ཉིད་དོ། །བཤད་པ་ཞེས་པ་ནི་རྩ་བ་ལ་ལྟོས་ནས་གསུངས་པའོ། །མདོར་བསྟན་པའི་ཚིག་རྣམས་ཀྱི་ཞེས་པ་ནི། འཆད་བཞིན་པའི་འདུས་པ་ཕྱི་མའི་རྒྱས་པར་ བཤད་པ་ལ་ལྟོས་ནས་སོ། །རྒྱས་པར་བཤད་པ་གསུངས་པ་ཞེས་པ་ནི་འདུས་པ་ཕྱི་མ་ཉིད་དོ། །འཕགས་པའི་བཤད་པ་ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་བ་དང་སྦྲེལ་ལོ། །སོ་སོའི་བཤད་པ་གསུངས་པ་ཞེས་པ་ནི་འཆད་པར་འགྱུར་བ་ལ་ལྟོས་ནས་སྔར་གསུངས་ 31-1-126b པའི་བཤད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དབང་པོ་རྣམས་ཞེས་པ་བཤད་པ་ནི་ཕལ་ཆེར་རྡོ་རྗེ་ཕྲེང་བར་གསུངས་སོ། །སེམས་ཀྱི་ཞེས་པ་ནི་སེམས་ཉིད་མིག་ལ་སོགས་པའི་དབང་པོ་དང་ཡུལ་ལ་བརྟེན་ནས་གཟུང་བ་དང་འཛིན་པ་པོ་དང་འཛིན་པའི་ངོ་བོར་གནས་སོ་ཞེས་མངོན་ པར་དགོངས་སོ། །དམན་པ་ཞེས་པ་ལ་སོགས་པས་དེའི་ཡུལ་གསུངས་སོ། །རྣམ་པར་སྦྱོང་བར་བྱེད་པ་ཞེས་པ་འདིས་ཡན་ལག་དང་པོ་སྐྱེ་བོ་ཐམས་ཅད་ཀྱི་ཐུན་མོང་བར་རྟོགས་པར་བྱེད་དོ། །སངས་རྒྱས་ལྔ་ནི་མིག་ལ་སོགས་པ་སྟེ་ཞེས་པ་འདིས་ཐུན་མོང་གི་བསྙེན་པ་དང་འབྲེལ་པའི་ དབང་དུ་བྱས་ནས་གསུངས་སོ། །གསང་བ་ཞེས་བྱ་བ་ལ་སོགས་པ་ནི། རྟོག་པ་ཞེས་བྱ་བ་ལ་སོགས་པ། སྔར་མདོར་བསྟན་པའི་རྒྱས་པར་བཤད་པ་སྟོན་པར་བྱེད་དོ། །དེ་ཉིད་ལ་ཞེས་བྱ་བ་ལ་སོགས་པ་ལ་གནས་པ་ནི། སངས་རྒྱས་ཀྱི་གཟུགས་སུ་རྟོག་པར་བྱེད་པའི་གནས་སྐབས་སོ། ། དེ་ལྟར་དཔྱད་ནས་ཞེས་པ་ནི་གཟུང་བ་ལ་སོགས་པ་རྣམས་ཕན་ཚུན་ལ་ལྟོས་ནས་སྐྱེས་པ་རྣམས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་རང་བཞིན་གྱིས་བསྒྲུབ་པ་ཉིད་དུ་སོ་སོར་རྟོག་པའོ། །དེ་ཁོ་ན་ཉིད་ལ་འཇུག་པ་ལ་མངོན་པར་ཕྱོགས་པས་ཞེས་པ་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་ ཙམ་དེ་བཞིན་གཤེགས་པའི་བདག་ཉིད་ཅན་ཉིད་ནི། དེ་ཁོ་ན་ཉིད་དོ། །དེ་ལ་འཇུག་པ་ནི་ཐ་མལ་པའི་དངོས་པོ་དངོས་པོ་མེད་པས་དེ་བཞིན་གཤེགས་པ་ཉིད་དུ་བསྟན་པར་བྱའོ། །ལུས་ཞེས་བྱ་བ་ལ་སོགས་པ་ལ་ཤིན་ཏུ་སྦྱངས་པ་ལ་སོགས་པ་ལ་ཞེས་པ་ནི། ལུས་ལ་སོགས་པ་ལས་སུ་ རུང་བ་ཉིད་དོ། །གཟུང་བ་ལ་སོགས་པ་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བ་ཙམ་ཉིད་དུ་ལྟ་བའི་འབྲས་བུ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་ཅེས་བྱ་བ་ལ་སོགས་པ་ནི་གཟུང་བ་ལ་སོགས་པ་དང་བྲལ་བའི་སེམས་ཀྱི་རང་གི་ངོ་བོ་སྟོན་པར་བྱེད་དོ། །སྣང་བ་ཙམ་ནི། སྣང་བ་ལ་ སོགས་པ་གསུམ་གྱི་ངོ་བོ་དེ་དག་རང་གི་ཡིད་ལ་བརྟེན་ནས་སྐྱེས་པ་ཙམ་ཉིད་ཀྱི་རང་བཞིན་དང་བྲལ་བའོ། །ཐམས་ཅད་སྟོང་པ་ཉིད་ནི་འོད་གསལ་བའོ། །དེར་མཐར་ཐུག་པ་ནི་དེའི་ངོ་བོའོ། །འབྱུང་བར་འགྱུར་བ་ནི་སྐྱེ་བར་འགྱུར་བའོ། །བརྗོད་པའི་དོན་འདི་ཉིད་དབང་གི་སྒོ་ནས་ལྔ་ཞེས་བྱ་བ་ 31-1-127a ལ་སོགས་པ་གསུངས་ཏེ། འོག་གི་དབུགས་ནི་ཐུར་དུ་སེལ་བའི་རླུང་ངོ་། །ས་ལ་སོགས་པའི་བདག་ཉིད་ཅན་ཡང་ཞེས་པ་ནི། སྣའི་སྒོ་རུ་མངོན་པར་བརྗོད་པའི་དཀྱིལ་འཁོར་བཞིའི་བདག་ཉིད་ཅན་འདི་ཡང་ངོ་། །ཕྱུང་ནས་ཞེས་པ་ནི་ཕྱག་རྒྱ་ཐོག་མར་མཉེས་པར་བྱས་ནས་སོ། །བྱང་ ཆུབ་ཀྱི་སེམས་ཐིག་ལེའི་གཟུགས་ཀྱི་ནི་ཀུན་རྫོབ་ཀྱི་རྣམ་པར་ཕྱེ་བའི་གཟུགས་ཀྱིས་སོ། །སྟེང་དུ་འབྱུང་བའི་དབང་དུ་བྱས་ནས་དང་པོར་གཟུགས་ལ་སོགས་པའི་ཡུལ་རྣམས་དང་མིག་ལ་སོགས་པའི་དབང་པོ་རྣམས་དེ་དག་གི་རྣམ་པར་ཤེས་པ་རྣམས་ཀྱང་ཡིད་ཀྱི་རྣམ་པར་ཤེས་པ་ལ་ རག་ལས་པ་ཉིད་ཡིན་པའི་ཕྱིར། རང་གི་གཟུགས་ལ་སོགས་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐིམ་པ་ཞེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་པ་ལྷག་མའོ། །དེ་ཉིད་ཀྱི་ཕྱིར་དེ་བཞིན་དུ་ཡུལ་དང་དབང་པོའི་རྟེན་དུ་གྱུར་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་རྟེན་ པར་བྱེད་ཅེ་ན། རྣམ་པར་ཤེས་པ་ཞེས་པ་ལྷག་མའོ། །གང་ཞིག་ཅེས་པའི་སྒྲ་གཟུགས་ལ་ལྟོས་པའམ་ཐུན་མོང་གི་ཚིག་གོ། །འགོག་པ་ཞེས་བྱ་བ་ལ་སོགས་པ་ལ། འགོག་པའི་རྡོ་རྗེར་གྱུར་ཞེས་པ་ནི་འགོག་པའི་རྡོ་རྗེ་ནི་འོད་གསལ་བའོ། །དེར་གྱུར་པ་ནི་དེ་ཐོབ་པའོ། །འགོག་པའི་ གནས་སྐབས་སུ། ཐོག་མར་མཚན་མ་ལྔ་ནི་རྒྱུ་སྟེ། སོ་སོར་སྡུད་ཅིང་འཛིན་པ་ནི་ཕན་ཡོན་ནོ། །དེ་ཡང་རྣལ་འབྱོར་པ་ལ་འབྱུང་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྤྲོ་བར་བྱ་ཞིང་ཁྱབ་པར་བྱའོ་ཞེས་པ་ནི་འོད་གསལ་བ་ཉིད་ཀྱིས་འགྲོ་བ་ཤེས་པར་ བྱ་བ་ལས་མངོན་པར་དགོངས་སོ། །འདིས་འོད་གསལ་བ་རྣམ་པ་གཉིས་ཀྱི་བཤད་པས་རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པའི་རིམ་པ་བསྟན་ཏོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ། གང་ཞེས་བྱ་བ་ནི་སེམས་སོ། །དེའི་རྣམ་པས་ཞེས་པ་ནི་རྣམ་པར་ཤེས་པ་རླུང་ལ་སོགས་ པའི་རྣམ་པས་ཡིན་གྱི་སླར་ཡང་ས་ལ་སོགས་པ་ནི་མ་ཡིན་ནོ། །གསུངས་པ་ཡང་། འོད་གསལ་བ་ལས་སྟོང་པ་ཆེ། །དེ་ལས་ཀྱང་ནི་ཐབས་འབྱུང་ངོ་། །དེ་ལས་ཤེས་རབ་སྐྱེ་བར་འགྱུར། །དེ་ལས་རླུང་ནི་འབྱུང་བའོ། །ཞེས་སོ། །འདི་དག་ཙམ་ནི་འདིར་ཡེ་ཤེས་ཀྱི་སྐུ་བསྐྱེད་པ་ཙམ་ 31-1-127b ལ་འབྲེལ་པར་ཉེ་བར་དམིགས་པར་བྱའོ། །རླུང་ལས་མེ་ནི་ཡང་དག་འབྱུང་། །ཞེས་བྱ་བ་ལ་སོགས་པ་ནི་སྤྲུལ་པའི་སྐུ་ཡིས་སོ། །རིམ་པ་དེ་ཉིད་ཀྱིས་དེ་སྤྲོ་བར་བྱ་བ་དེ་ཅི་ལྟར་ཡིན་ཞེ་ན། འདི་ནི་མི་འགལ་ཏེ་ཡེ་ཤེས་ཀྱི་སྐུ་ལ་ཡང་། ཕྱི་རོལ་དང་རོ་གཅིག་པ་ཉིད་ཀྱིས་མེ་ལ་སོགས་ པའི་ཁམས་གསུམ་ཡོད་པ་ཉིད་ཀྱི་ཕྱིར་ཏེ། དེ་བཞིན་དུ་ཡེ་ཤེས་ཀྱི་སྐུ་ལ་ནི་ཁ་དོག་དང་དབྱིབས་ལ་སོགས་པའི་ཁམས་ལས་སྐྱེས་པའི་གཟུགས་ཀྱི་ཕུང་པོ་དང་། རབ་ཏུ་དང་བའི་འོད་ཟེར་ལྔ་མེའི་ཁམས་ལས་སྐྱེས་པ་དང་། རང་གི་དོན་གྱི་ཕུང་པོ་ཆུ་ལས་སྐྱེས་པ་ཞེས་བཤད་ པས། ཡེ་ཤེས་ཀྱི་སྐུ་བསྐྱེད་པའི་རིམ་པར་བསྟན་པའི་ཕྱིར་གསུངས་སོ། །སོ་སོར་སྣང་བ་ནི་ཡང་དག་པར་རིག་པ་ཞེས་པ་ལ་སོགས་པ་ནི་ཉེ་བར་མཚོན་པའོ། །རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པ་དག་གིས་བཤད་པའི་རིམ་པས་འགྲོ་བ་འགོག་པའི་རྣམ་པ་ལས་ ལྡང་བ་ཡང་འགྲོ་བའི་རྣམ་པར་བརྗོད་པར་བྱའོ་ཞེས། ཤེས་རབ་དང་ཐབས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུ་བ་དང་མི་རྒྱུ་བ་ཞེས་པ་ནི་རྣལ་འབྱོར་པ་རང་གི་སོ་སོར་སྣང་བ་ཙམ་ནི་ཤེས་རབ་བོ། །སོ་སོར་སྣང་བ་ཙམ་གྱི་རང་བཞིན་ནི་ཐབས་སོ། །རང་གི་སོ་སོར་སྣང་བ་ནི་སྒྱུ་མ་ ལྟ་བུ་ཉིད་དོ། །སྙོམས་པར་ཞུགས་པ་ནི་འདི་དག་རོ་གཅིག་པ་ཉིད་དུ་ཡོངས་སུ་ཤེས་པའོ། །དེ་ཉིད་ཀྱི་ཕྱིར་ཀུན་རྫོབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གོང་བུ་ཞེས་བྱ་བ་ལ་སོགས་པ་ནི་ཡོངས་སུ་དག་པའི་སྐུ་ནི་ཕྱག་རྒྱ་ཆེན་པོའོ། །དེས་གཅིག་ཏུ་བྱས་ནས་ཞེས་པ་ནི། གསུངས་པ་ ཡང་། རྡོ་རྗེ་ཐེག་པར་དེ་ཉིད་ནི། །རྣལ་འབྱོར་པས་ནི་གང་གང་དམིགས། །དེ་དེའི་བདག་ཉིད་ཁོ་ནར་བརྟག །ཅེས་སོ། །འཕགས་པས་ཀྱང་། དབང་པོ་གང་དང་གང་ལམ་གྱུར། །དེ་དང་དེ་ཡི་ངོ་བོར་བྱ། །མཉམ་པར་མ་བཞག་སྦྱོར་བ་ཡིས། །སངས་རྒྱས་ཀུན་གྱི་རང་བཞིན་བསྐྱེད། ། ཅེས་སོ། །དེ་ལྟར་བདག་ཉིད་དང་ལྷན་ཅིག་ཏུ་བྱས་ནས་ཅི་ཞིག་བྱ་ཞེ་ན། མི་རྒྱུ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་རྣམ་པའི་གཟུགས་རྒྱུ་བ་དང་མི་རྒྱུ་བའི་དབུས་སུའོ། །ཅི་ཞེ་ན། ཟུང་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྒོམ་པར་བྱ་བ་ལ་སོགས་པ་རྣམ་པར་རྟོག་པ་མ་ལུས་ 31-1-128a པ་དང་བྲལ་བའི་བདག་ཉིད་ཅན་ཉིད་ཡིན་པའི་ཕྱིར་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ནོ། །རྣམ་པར་བསྒོམ་པར་བྱའོ་ཞེས་པ་འདིའི་དོན་གསུངས་པ་ནི་ཤེས་པར་བྱའོ་ཞེས་པའོ། །བསྐྱེད་པ་དང་བྲལ་བ་ཡང་ཟུང་འཇུག་གི་རྣམ་པ་གཟུང་བ་ཉིད་ཙམ་ནི་ཡེ་ཤེས་སོ། །གསུངས་པ་ ཡང་། གང་ཞིག་སྐྱེ་བ་བྲལ་བ་ཡང་། །སྐྱེ་བ་མེད་པ་དེ་ཉིད་བློ། །ཞེས་བྱ་བ་ལ་སོགས་པའོ། །རྣལ་འབྱོར་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པ་གསུམ་ཉེ་བར་བསྟན་ཏེ། བྱིན་གྱིས་བརླབས་པ་ཞེས་བྱ་བ་ལ་སོགས་པས་རིམ་པའི་མཐར་དེ་དག་བཤད་པ་ནི། བྱང་ཆུབ་སེམས་ནི་རྣམ་པར་དག །ཅེས་ བྱ་བ་ལ་སོགས་པས་རྣམ་པར་དག་པ་ཉིད་དུ་བརྟགས་པའི་རྣལ་འབྱོར་སྟོན་པར་བྱེད་དོ། །རིམ་གྱིས་ཞེས་པ་ནི། སྔགས་ཀྱི་ས་བོན་ལ་སོགས་པའི་རིམ་པ་ལས་སོ། །ཡོངས་སུ་དག་པ་ནི་ཟུང་འཇུག་གི་གཟུགས་སོ། །ཡོངས་སུ་མ་དག་པ་ནི་མདོར་བྱས་ཅན་གྱི་རིམ་པ་དང་བདག་ལ་བྱིན་གྱིས་ བརླབ་པའི་རིམ་པར་མངོན་པར་བརྗོད་པའི་སྐུ་གཉིས་སོ། །ཡོངས་སུ་དག་པ་དང་ཡོངས་སུ་མ་དག་པའི་རྒྱུར་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཚན་མ་དང་བཅས་པ་ནི། དམིགས་པ་དང་བཅས་པའོ། །གཟུགས་ཞེས་བྱ་བ་ལ་སོགས་པས་རང་གི་ངོ་བོ་སྟོན་པར་བྱེད་དོ། །སླར་ ཡང་ཡོངས་སུ་དག་པའི་ལྷའི་རྣམ་པ་ལས་ཟློག་པ་སྒྲུབ་པར་བྱེད་པ་མ་ཡིན་ནོ། །མཚན་མ་དང་བཅས་པ་རྫོགས་པའི་སངས་རྒྱས་ཉིད་ལས་ཅིག་ཤེས་སོ། །མཚན་མ་མེད་པ་ནི་སངས་རྒྱས་ཉིད་ཀྱི་མཚན་ཉིད་དོ། །མཚན་མ་མེད་པ་ནི། སྟོང་པ་ཉིད་དང་ཟུང་འཇུག་ལ་གནས་ནས་མཚན་མ་དང་ བཅས་པ་ཡང་རབ་ཏུ་འགྲུབ་པར་བྱེད་དོ། །དེའི་ཕྱིར་དེ་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགོངས་པས་བཤད་པའོ། །མེ་ལོང་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ནི་མེ་ལོང་ཡེ་ཤེས་ལ་རྣམ་པ་དུ་མ་འཕོ་བར་མཐོང་བའི་ཕྱིར་དགོན་པ་ཆེན་པོ་སྟེ། དགོན་པ་ལྟ་བུ་ནི་དགོན་པ་སྟེ། རྣམ་པ་སྣ་ ཚོགས་ཤིང་རྣམ་པར་བཀྲ་བའི་བརྟན་པ་དང་གཡོ་བའི་རྣམ་པའི་གནས་ཀྱི་དོན་སོ་སོར་སྣང་བའི་རྟེན་ཡིན་པ་ཉིད་ཀྱི་ཕྱིར་རོ། །འདིར་རྣམས་ཉིད་དུ་བདེ་བ་ཐོབ་པའོ་ཞེས་པ་ནི། འདི་རྣམས་ཉིད་ནི་འོད་གསལ་བ་རྟོགས་པའི་ཐབས་ཀྱི་གནས་རྣམས་སུའོ། །བདེ་བ་ཞེས་པ་ནི་ཟུང་འཇུག་གི་བདག་ 31-1-128b ཉིད་ཀྱི་བདེ་བ་ཆེན་པོའོ། །ངེས་པའི་དོན་ཏོ་ཞེས་པ་ནི། འདིར་ངེས་པའི་དོན་ལས་མ་གསུངས་ཀྱང་སྔར་གྱི་དྲང་བའི་དོན་རྟོགས་སོ། །དེའི་ཕྱིར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོ་ཞེས་བྱ་བ་ལ་སོགས་པ་ནི་ལྷག་མར་མོས་པའི་དཀྱིལ་འཁོར་འོད་གསལ་དུ་བཅུག་མ་ཐག་པ་ནི། སྟོང་ཉིད་བྱང་ཆུབ་བོ། །གཉིས་པ་ཞེས་པ་ལ། ས་བོན་བསྡུ་བ་ནི་རྣལ་འབྱོར་ལས་ཏེ་ཨོཾ་ཡིག་ལ་སོགས་པ་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་ལ་སོགས་པའོ། །ཡེ་ཤེས་ཀྱི་སྐུ་རྡོ་རྗེ་འཆང་ཆེན་པོ་བསྐྱེད་པ་ནི། གསུམ་པ་གཟུགས་ནི་རྫོགས་པ་སྟེ་རྗེས་སུ་རྣལ་འབྱོར་ལའོ། །བཞི་པ་ ཞེས་པ་ནི་ཡི་གེ་དགོད་པ་ཞེས་པ་ཤིན་ཏུ་རྣལ་འབྱོར་ལ་ཡི་གེ་དགོད་པའོ། །དྲང་བའི་དོན་ཏོ། །མཆོག་ཅེས་བྱ་བ་ལ་སོགས་པ་ལ་ངོ་བོ་ཉིད་ཡོངས་སུ་ཤེས་པས་ནི། སྟོང་པ་ཉིད་གསུམ་ལས་རྫོགས་པའི་འོད་གསལ་བ་ཉིད་ཡོངས་སུ་ཤེས་པས་སོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི་ཟུང་ འཇུག་གི་བདག་ཉིད་ཅན་ནོ། །ངེས་པའི་དོན་ཏོ། །གསུངས་པའི་ཕྱག་རྒྱ་ཆེན་པོའི་བསྒྲུབ་པའི་གནས་ལྔ་རྣམས་སུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་པ་ཞེས་པ་ནི། གཟུགས་རྡོ་རྗེ་ལ་སོགས་པ་ཞེས་པའོ། །ཡང་དག་པར་ཉེ་བར་གྱུར་པའི་ཡུལ་ལྔ་ པོ་རྣམས་ལ་ཡུལ་ལྔ་པོ་སོ་སོར་བརྗོད་པའི་ཕྱིར་ཐུན་བཞི་དག་ཏུ་བྱ་བ་ལ་སོགས་པ་གསུངས་ཏེ། དེ་མཉེས་པར་བྱེད་པ་ནི་ལྷ་མོ་བཞི་མཉེས་པར་བྱེད་པའོ། །ཤིན་ཏུ་དགའ་བ་ཤེས་པ་ནི་པདྨ་ཅན་ལ་སོགས་པའི་ལྷ་མོ་ལྔ་པོ་རྣམས་ཀྱི་རིགས་དང་ཡུལ་དང་སྐྱེ་བ་དང་རང་བཞིན་དང་དུས་ ལ་སོགས་པ་ཤེས་པ་སྔོན་དུ་འགྲོ་བས། ཐོག་མར་གནས་ཇི་ལྟ་བར་འཁྱུད་པ་དང་། འོ་བྱེད་པ་དང་། སོ་དང་སེན་མོས་འདེབས་པ་ལ་སོགས་པ་དང་། ནུ་མ་དང་སྐྲ་ལ་སོགས་པ་འཚེར་བ་དང་ཉེད་པ་ལ་སོགས་པ་ལ་མཁས་པ་ནི་འདི་དགའ་བ་ལ་མཁས་པའོ། །རྒྱ་ཆེར་མངོན་ པར་བརྗོད་པ་ནི་དགའ་བའི་བསྟན་བཅོས་ལ་སོགས་པར་སྦྱོར་བ་གཞན་དགའ་བ་ལ་བརྩམས་ནས་གསུངས་སོ། །ཡི་གེ་ཨོཾ་ཞེས་པ་ནི། ཡི་གེ་ཨོཾ་སེར་པོའོ། །སྡོམ་པ་ནི། བྱང་ཆུབ་ཀྱི་སེམས་སྡོམ་པར་བྱེད་པ་སྟེ། ཡི་གེ་ཨོཾ་རེངས་པར་བྱེད་པ་པོས་ཡང་དག་པར་སྡོམ་པ་ཉིད་ཀྱི་ཕྱིར་ 31-1-129a རོ། །བདེ་བ་དམ་པ་ནི་འཇིག་རྟེན་པའི་བདེ་བ་སྟེ། ཡོངས་སུ་ཤེས་པའི་ཁྱད་པར་ཡང་དག་པར་གཟུང་བ་ཉིད་ཀྱི་ཕྱིར་རོ། །དབང་པོ་ཐམས་ཅད་འགྲུབ་པར་འགྱུར་རོ་ཞེས་པ་ནི་འདིར་བདེ་བ་ཆེན་པོ་ཞེས་པ་ལྷག་མའོ། །འདིའི་རང་གི་ངོ་བོ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བསྒྲུབས་ཤིང་ཞེས་པ་ནི་ཐུན་བཞིར་སྒྲུབ་པར་གསུངས་པའི་གོ་རིམས་ཀྱིས་སོ། །རྟོག་པའི་ཏིང་ངེ་འཛིན་ལ་གནས་པའི་ཞེས་བྱ་བ་ལ་སོགས་པ་ནི། ཐུན་བཞིར་སྒྲུབ་པ་ལ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱི་དོན་ཞེས་པའོ། །རྡོ་རྗེ་ནི་འོད་གསལ་བའོ་ཞེས་པ་ལ་སོགས་པ་ཡང་རང་གི་ངོ་བོ་ འཆད་པར་བྱེད་པའོ། །སླར་ཡང་རྟོགས་པའི་རྣལ་འབྱོར་པའི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ལ་སོགས་པ་ཤེས་པར་བྱེད་པ་མ་ཡིན་ནོ། །ཡང་ན་རྟོགས་པའི་ཏིང་ངེ་འཛིན་ལ་དམིགས་པ་སྔོན་དུ་འགྲོ་བས་འགྲོ་བའི་རྒྱུད་དུ་བྱེད་དོ། །རྣམ་གཞག་རིམ་པར་གསུངས་པའི་རིག་པས་བདེ་བ་ཆེན་ པོའི་ཏིང་ངེ་འཛིན་གྱི་དོན་དུ་བསླབ་པར་བྱའོ་ཞེས་པ་རྟོག་པའི་ཏིང་ངེ་འཛིན་ལ་གནས་པའོ། །མཆོག་སྒྲུབ་པ་ལ་གནས་པ་རྣམས་ཀྱི་ཞེས་པ་ནི་ཟུང་འཇུག་གི་ཏིང་ངེ་འཛིན་ནི་ལྷག་པར་རྟོགས་པ་རྣམས་ཀྱིའོ། །སྒྲ་ཇི་བཞིན་པའོ། །ཚིགས་སུ་བཅད་པ་ནི་དགོངས་པས་བཤད་པ་ལས་སོ། །ཚིག་གི་ རྒྱན་ནོ་ཞེས་པ་ནི། སངས་རྒྱས་ཀུན་འཛིན་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ལ་གུས་པ་བསྐྱེད་པའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ་ལྷའི་སྦྱོར་བ་ནི་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་བསྟན་ནས་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིའང་། དེ་ཉིད་ ངེས་པར་བྱ་དགོས་པས། དེའི་སྒོ་ནས་ཉེ་བར་སྡུད་པར་བྱེད་དོ། །དབྱེར་མེད་པས་ན་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པའོ་ཞེས་བྱ་བ་ལ་སོགས་པ་ལ། མན་ངག་མ་ཐོབ་པས་ཞེས་བྱ་བ་ནི། དབྱེར་མེད་པ་ཉིད་དུ་བྱིན་གྱིས་བརླབས་པའི་མན་ངག་མ་ཐོབ་པའི་ཕྱིར་རོ། །དེ་ཉིད་ཀྱི་ ཕྱིར་སྒྲུབ་པའི་ཐབས་སུ་གསུངས་པ། སླར་ཡང་ཐམས་ཅད་བདག་ཉིད་བྱ། །ཞེས་པ་ལ་སོགས་པའོ། །རྨོངས་པ་ནི་བྱིན་གྱིས་རློབ་པར་བྱེད་པའི་མན་ངག་མི་ཤེས་པའོ། །རྫོགས་པའི་རིམ་པ་ལས་རིང་དུ་འགྱུར་རོ་ཞེས་པ་ནི། དབྱེར་མེད་པ་ཉིད་དུ་བྱིན་གྱིས་བརླབ་པ་འདི་རྫོགས་པའི་ 31-1-129b རིམ་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། དེ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིའོ། །མི་ཕྱེད་པའི་ངོ་བོ་ཉིད་ནི་ཐ་མི་དད་པའི་ངོ་བོ་ཉིད་དོ། །སྦྱོར་བ་བཞི་ནི་སྙོམས་པར་འཇུག་པའི་མཆོག་ལ་དང་པོ་སྟོང་ཉིད་བྱང་ ཆུབ་ལ་སོགས་པའི་དབྱེ་བ་བཞི་པོ་ཐུན་བཞི་ཞེས་བྱ་བ་ལ་སོགས་པ་ཡང་སྦྱོར་བ་བཞི་པོའོ། །རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེའི་རྒྱུ་ཅན་གྱི་རྣལ་འབྱོར་ནི། རྡོ་རྗེའི་སྦྱོར་བ་སྟེ་སྦྱོར་བ་བཞིའོ། །དེ་ཉིད་ཀྱི་ཕྱིར་དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་ཞེས་པ་ནི་རྡོ་རྗེའི་སྦྱོར་བས་སོ། །དེ་ཉིད་ ཅེས་པ་ནི། སྤྱོད་པར་མངོན་པར་བརྗོད་པའི་སྦྱོར་བ་བཞིའོ། །རྫོགས་པའི་བཅོམ་ལྡན་འདས་འདི་ཡོངས་སུ་དག་པའི་རྡོ་རྗེ་འཆང་ཆེན་པོ་ལྷག་པར་རྟོགས་པའི་རྒྱུ་ཉིད་ཡིན་པའི་ཕྱིར། རྫོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བསྟན་པ་ནི། དེ་འཛིན་པར་བྱེད་པ་སྟེ་ལེའུའོ། ། རིམ་པ་གཉིས་ལ་སློབ་པ་ལ་འཇུག་པའི་ཞེས་པ་ནི། ལེའུ་བཤད་པའི་སྐབས་ཀྱི་བར་མ་ཆད་པར། ཐུན་མོང་མཆོག་གི་དབྱེ་བ་ཡིས། །ཞེས་པ་མངོན་པར་བརྗོད་པ་ནི་རིམ་པ་གཉིས་ལ་ལྟོས་པའི་ཚིག་གོ། །དེ་ཉིད་ཀྱི་ཕྱིར། དེ་ནས་བསྙེན་པ་ལ་སོགས་པའི་ཆོ་གའི་འོག་ཏུ་ཞེས་གསུངས་ཏེ། འདོད་པའི་དབང་ཕྱུག་ལ་སོགས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །བཅོམ་ལྡན་འདས་སོ་ཞེས་པ་ནི། གསུངས་པ་ཡང་། དབང་ཕྱུག་ཕུན་སུམ་ཚོགས་པ་དང་། །བསོད་ནམས་གྲགས་པ་དཔལ་དང་ནི། །གཟུགས་དང་དེ་ནས་བརྩོན་འགྲུས་ཏེ། །དྲུག་རྣམས་བྷ་ག་ཞེས་པར་ཐོས། །ཞེས་སོ། །བློ་ལྡན་ ཞེས་པ་ལ་སོགས་པ་ལ། རྡོ་རྗེ་བཞི་པོ་ནི་ལེའུ་གཅིག་གཉིས་པར་གསུངས་པའི། དང་པོ་སྟོང་ཉིད་བྱང་ཆུབ་སྟེ། །ཞེས་བྱ་བ་ལ་སོགས་པ། འདའ་བར་བྱ་བ་མ་ཡིན་པའི་ཕྱིར་ནི། དེ་དང་འབྲེལ་པའི་ཕྱིར་རོ། །བཟང་པོ་ནི། ལྷ་རྣམས་ཏེ་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་ པར་དམིགས་པར་བྱེད་པ་འདི་བཟང་པོའོ། །སྦྱོར་བ་ཡན་ལག་དྲུག་ནི། འདི་ནི་འདིར་མངོན་པར་དགོངས་ཏེ། མདོར་བྱས་ཀྱི་རིམ་པ་སྒོམ་པར་བྱེད་པས་ལས་རབ་འབྱམ་ཐ་མལ་པ་འབྱུང་བར་གྱུར་གྱི་ཡན་ལག་དྲུག་ལ་དམིགས་པར་བྱའོ་ཞེས་པའོ། །མངོན་པར་བསྟོད་པ་གསུངས་པ་ 31-1-130a ཞེས་པ་ནི། རྡོ་རྗེ་འཆང་ཆེན་པོ་ལ་ཞེས་པ་ལྷག་མའོ། །བདེན་པ་གཉིས་ངེས་པར་སྦྱོར་བ་ཞེས་པ་ནི་ཡན་ལག་དྲུག་གི་བྱ་བའོ། །གཉིས་དང་གཉིས་སུ་མེད་པ་ལ་སོགས་པ་རྣམ་པར་རྟོག་པའི་སྤྲོས་པ་མེད་པའི་ཕྱིར་སྤྲོས་པ་མེད་པའོ། །ཚུལ་ཞེས་པ་ནི་ཟུང་འཇུག་གི་ངོ་ བོའོ། །མ་སྐྱེས་པ་ནི་སྒྱུ་མའི་གླང་པོ་ཆེ་ལ་སོགས་པ་བཞིན་དང་། སྐྲ་ཤད་འཛིང་བ་བཞིན་ནོ། །གཟོད་མ་ནས་ཞི་བ་ནི། ཕྱིས་སྐྱེས་ནས་མྱ་ངན་ལས་འདས་པ་མེད་ཅིང་ཡོད་པ་སླར་ཡང་སྐྱེ་བ་མེད་པ་སྟེ་ཉན་ཐོས་ལ་སོགས་པ་བཞིན་ནོ། །རྣམ་པ་དེ་ལྟ་བུའི་ཡུལ་དང་ཡུལ་ཅན་རྣམས་རབ་ཏུ་ འཇུག་པ་མེད་པ་ཕུང་པོ་ཞེས་པ་ལ་སོགས་པ་ནི་ཡན་ལག་དྲུག་གསུངས་པ་དང་མི་འགལ་ལོ། །དེ་ལྟར་རིམ་པ་རྣམ་པ་གཉིས་ལ་བསླབས་པ་ལས་རབ་འབྱམ་སྒྲུབ་པའི་ཐབས་མངོན་པར་བརྗོད་ནས་དེའི་ཡན་ལག་ཏུ་གྱུར་པའི་རྡོ་རྗེ་བཟླས་པ་ཡང་གསུངས་པ། སྐུ་གསུམ་མི་ཕྱེད་ཅེས་པ་སྟེ། ཆོས་ཀྱི་སྐུ་ལ་སོགས་པའི་ངོ་བོ་གཅིག་པའི་ཕྱིར་སྐུ་གསུམ་མོ། །རྡོ་རྗེ་འཆང་ཆེན་པོ་ནི་དྲུག་པའོ། །དེ་ཉིད་ཀྱི་འཇུག་པ་ནི་བསྐྱེད་པའོ། །བདག་ཉིད་ཡོད་བཞིན་པ་ཉིད་ཀྱི་ཕྱིར་གནས་པའོ། །དེའི་གནས་ནི་དཀྱིལ་འཁོར་ཏེ། ཁང་པ་བརྩེགས་པ་དང་ལྷའི་རྟེན་ནོ། །གོས་དཀར་ལ་སོགས་དཀྱིལ་ འཁོར་བཞི་ཐོབ་པར་བྱ་བའོ་ཞེས་གཞན་ནས་གཞན་དུ་བརྒྱུད་པ་ལ་ཤེས་པར་བྱའོ། །གསུངས་པ་ཡང་། རླུང་གི་དེ་ཉིད་རིམ་གྱིས་ནི། །སྔགས་ཀྱི་དེ་ཉིད་ཡང་དག་འཇུག །ཅེས་པ་ལ་སོགས་པའོ། །བསྡུས་པ་ནི་བསྡུས་པའོ་ཞེས་པ། རྡོ་རྗེ་བཟླས་པས་སྔགས་ཐམས་ཅད་གྲུབ་པའོ། །བདག་ གིར་མཛད་ནི་དེའི་བདག་ཉིད་ཀྱིས་བསྟེན་པར་བྱ་བའོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་སྐུ་ལ་སོགས་པའི་ངོ་བོ་ཞེས་པ་ནི་འཆད་པར་འགྱུར་བར་ཡང་། དེ་ནི་སྐུ་ཡི་བཟླས་པར་བཤད། །ཅེས་པ་ལ་སོགས་པའོ། །རིན་པོ་ཆེའི་གང་ཟག་རྣམས་ཀྱི་ནི་རྣམ་པར་རིག་པའི་ངོ་བོ་ནི་བཟླས་པའི་ དུས་སུ་འཇུག་པ་ལ་སོགས་པའི་ངོ་བོ་ཡིན་པའི་ཕྱིར་ཏེ། འཇུག་པ་དང་གནས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྡོ་རྗེ་བཟླས་པ་ཡོངས་སུ་ཤེས་པས་ཞེས་པ་ལ། ཞི་བ་ལ་སོགས་པའི་བྱ་བ་རྣམས་ཞེས་བྱ་བ་ལ་སོགས་པ་ནི། ལེའུ་གཅིག་བཞིན་པར་གསལ་ལོ། །འདི་ཉིད་ཀྱི་ལས་ 31-1-130b གཅོད་པས་ནི་བསྐྱེད་པའོ། །དེ་རྣམས་ཀྱི་དོན་ནི་ཡི་གེ་གསུམ་མོ་ཞེས་པ་ནི་སྦྲུལ་ལ་སོགས་པའི་སྔགས་ཀྱི་དོན་གྱི་དངོས་གྲུབ་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །རྡོ་རྗེ་མི་ཕྱེད་གསུམ་གྱིས་མཚན་པ་ནི་སྐུ་ལ་སོགས་པའི་རྡོ་རྗེ་རྣམས་གཅིག་ཉིད་དུ་མཚན་པར་བྱ་བ་དེ་གང་ཡིན་པ་དེ་དེ་བཞིན་ནོ། །དེའི་ངོ་བོ་ ཉིད་ནི་རྡོ་རྗེ་གསུམ་གཅིག་པའི་ངོ་བོའོ། །ཡོངས་སུ་ཤེས་པ་ནི། ཡི་གེ་གསུམ་གྱི་བདག་ཉིད་ཅན་རྡོ་རྗེ་འཆང་ངོ་། །བླ་ན་ཡོད་པ་དང་བཅས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་བླ་ན་མེད་པ་ལ་སོགས་པ་གཟུང་ངོ་། །ལུས་ཀྱི་དཀྱིལ་འཁོར་ལས་ངེས་པར་འབྱིན་པ་ཞེས་པ་འདིས་བསྐྱེད་པའི་ རིམ་པ་ལ་གནས་པ་རྣམས་ཀྱི་མཆོད་པ་སྟོན་པར་བྱེད་དོ། །ཕུང་པོ་ལ་སོགས་པ་ཞེས་པ་ལ་སོགས་པས་ཕྱིའི་དཀྱིལ་འཁོར་ལུས་ཀྱི་དཀྱིལ་འཁོར་དུ་འཇུག་པ་སྟོན་པར་བྱེད་དོ། །དེའི་འོག་ཏུ་སྐུའི་དཀྱིལ་འཁོར་ཡེ་ཤེས་སེམས་དཔའ་ལ་ཁ་སྦྱོར་དུ་དང་། དེ་ཡང་ཏིང་ངེ་འཛིན་ སེམས་དཔའ་ལ་ཏིང་ངེ་འཛིན་སེམས་དཔའ་འཇུག་པའི་དབང་དུ་བྱས་ནས་རྫོགས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཏིང་ངེ་འཛིན་སེམས་དཔར་གཞུག་པར་བྱའོ་ཞེས་པ་ནི། འོད་གསལ་བར་ཞེས་པ་ལྷག་མའོ། །འདི་ནི་ཞེས་པ་བཤད་མ་ཐག་པའི་འཇུག་པ་ནི། རིན་ པོ་ཆེའི་གང་ཟག་དང་འབྲེལ་པ་སྟོན་པར་བྱེད་དོ། །ཡི་གེ་ཨོཾ་གྱི་བཟླས་པའི་དབང་དུ་བྱས་ནས་སྐུའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུ་དེས་ན་ཞེས་བྱ་བ་འདིས་དོན་གྱི་རྗེས་སུ་འགྲོ་བའི་མི་ཤིགས་པ་ཡོངས་སུ་ཤེས་པ་སོ་སོའི་རྒྱུ་ཉིད་དུ་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་དབང་པོ་ལ་སོགས་པའི་ངོ་བོ་རྣམས། རླུང་དང་རྣམ་པར་ཤེས་པ་མི་ཤིགས་པའི་དེ་ཁོ་ན་ཉིད་དང་ལྷན་ཅིག་ཏུ་འགགས་པ་ནི། སླར་ཡང་ལྡང་བར་བྱེད་པ་སྙིང་གའི་པདྨ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཉིད་དུ་འགགས་པའི་ཕྱིར་ རོ། །མིག་ལ་སོགས་པའི་སྐྱེ་མཆེད་རྣམས་སུ་ཞེས་པ་ནི། སྤྲོ་བ་ཞེས་འཆད་པར་འགྱུར་བ་དང་སྦྲེལ་ལོ། །དམིགས་པས་ནི་རླུང་དང་རྣམ་པར་ཤེས་པས་སོ། །འཇུག་པ་དང་གནས་པ་དང་ལྡན་པ་ཉིད་དོན་ཡོད་པའི་བཟླས་པ་སྟེ། བྱ་བ་ནན་ཏན་གྱི་ངོ་བོ་ཉིད་ཀྱི་ཕྱིར་དོན་ཡོད་ 31-1-131a པའོ། །དེ་རང་གི་རྗོ་རྗེ་ནི། དེ་ཞེས་པ་ཡི་གེ་ཨོཾ་ལ་སོགས་པའོ། །ལུས་ཞེས་པ་སྦྲུལ་ལ་སོགས་པའི་སྔགས་ཀྱི་སྐུའོ། །ཡང་ན་ལུས་ཉིད་དོ། །སྔགས་བརྗོད་པ་ལ་ལུས་ལ་བརྟེན་ནས་འབྱུང་བའི་ཕྱིར། དེ་རྣམས་ཀྱི་ནི་ཁྲོ་བོ་རྣམས་ཀྱི་ཞེས་པའོ། །བསྐྲད་པ་ལ་སོགས་པའི་ཆོ་ག་ ཞེས་པ་ནི། ཁྲོ་བོའི་ཡི་གེ་ཧཱུཾ་འབྲུག་སྒྲ་བསྒྲགས་པ་ཟབ་མོའི་ཚིག་ཏུ་གནས་པའོ། །ཁྲོ་བོར་གསལ་བས་རྡོ་རྗེ་ཁྲོ་བོ་ཆེན་པོའི་ཚིག་ཅེས་པར་བརྗོད་པར་བྱའོ་ཞེས་པའོ། །སོགས་པའི་སྒྲ་ལས་སྔགས་ཀྱི་དོན་མངོན་དུ་བྱེད་པ་དང་སྔགས་ཀྱི་གཟི་བརྗིད་དང་སྔགས་ཀྱི་ལས་ལ་སོགས་པ་གཟུང་ ངོ་། །སེམས་ཅན་ཐམས་ཅད་ལ་ཕན་འདོད་པ་ཞེས་པ་ནི། སེམས་ཅན་ཐམས་ཅད་ལ་ཕན་པར་མངོན་པར་འདོད་པ་གང་ཡིན་པ་ནི་རྒྱ་མཚོ་ཆེན་པོ་སྟེ་གཏི་མུག་གི་རིགས་སོ། །གཏི་མུག་རྣམ་པར་དག་པ་ནི། །གཏི་མུག་ནི་མི་ཤེས་པའོ། །དེ་རྣམ་པར་སྣང་མཛད་ཉིད་དུ་ཤེས་པ་གྲོལ་ བའི་མཚན་ཉིད་དོ། །འཇོག་པ་ནི། དེའི་ངོ་བོས་ཤེས་ནས་སོ། །གང་སེམས་པ་ནི་སྒོམ་པའོ། །ཚིག་གི་འདོད་ཆགས་མངོན་པར་གསལ་བར་གྱུར་པའི་ཚིག་གོ། །དེ་ཉིད་རྡོ་རྗེས་ཏེ་བརྟན་པ་ཉིད་ཡིན་པའི་ཕྱིར་རོ། །ལུས་ལ་སོགས་པ་ནི་ཡུལ་དང་དེ་ལ་དམིགས་ནས་བསྐྱེད་པའོ། །དེ་བཞིན་ གཤེགས་པ་རྣམས་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་སོ། །བསྐྱེད་པ་དང་རྫོགས་པའི་དབྱེ་བས་རྣམ་པ་གཉིས་སོ། །འདོད་ཆགས་དེ་ཉིད་ནི་འོད་གསལ་གྱི་ངོ་བོའོ། །ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ནི་འོད་གསལ་བ་ནི་ཕྱིན་ཅི་མ་ལོག་པར་ཡོངས་སུ་ཤེས་པ་ལས་འབྱུང་བའི་ཕྱིར་ རོ། །ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ཉིད་སྒྲུབ་པ་པོ་ཉིད་ཡིན་ནོ་ཞེས་དེ་ཤེས་པས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། པདྨ་ཅན་ལ་སོགས་པ་ཞེས་སོགས་པའི་སྒྲ་ལས། དུང་ཅན་མ་དང་། གླང་ཆེན་མ་དང་། རི་མོ་ཅན་མ་རྣམས་གཟུང་ངོ་། །དེ་རྣམ་པར་དག་པ་ནི། ལྷན་ཅིག་སྐྱེས་ པའི་ངོ་བོའོ། །མ་ནིང་ཞེས་བྱ་བ་ལ་སོགས་པ་ལ་དེ་ལས་བྱུང་བ་ཞེས་པ་ནི། རྣམ་པ་གཅིག་གོ། །ཁྲོ་བོ་ཞེ་སྡང་གནས་ལས་སྐྱེས་པའོ། །སའི་སྙིང་པོ་ལ་སོགས་པ་རྣམས་ཡི་གེ་ཐླིཾ་ལ་སོགས་པ་ལས་སྐྱེད་པ་ཉིད་དོ་ཞེས་པ་གཞན་ནོ། །སླར་ཡང་འདིར་འགལ་བ་འབྱུང་བ་མེད་དོ། །གཏི་མུག་ 31-1-131b ཅེས་བྱ་བ་ལ་སོགས་པ་ནི། མ་རིག་པ་ནི་མ་རིག་པའི་རང་བཞིན་ནོ། །བུད་མེད་དང་སྐྱེས་པ་ནི། སྤྱན་མ་ལ་སོགས་པ་དང་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་སོ། །ཐ་མལ་པ་ཉིད་དམ་རྡོ་རྗེ་འཆང་ཉིད་གང་ཡིན་པ་དེ་དང་པོར་སྒྲུབ་པ་པོ་རྣམས་ཀྱི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་བརྩོན་པར་ བྱེད་དོ། །ཐབས་ཀྱི་རང་བཞིན་ནི་སྣང་བ་མཆེད་པ་ལས་སྐྱེས་པའོ། །ཞེ་སྡང་མི་བསྐྱོད་པའོ། །འདིའི་ཤེས་རབ་ནི། དེ་བཞིན་ཉིད་དེ་འཚེ་བའི་བདག་ཉིད་ཅན་ནི། ངན་འགྲོའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །སྣང་བ་གསུམ་ཡང་རང་བཞིན་ཏེ། འཚེ་བའི་བདག་ཉིད་ཅན་མ་ཡིན་ནམ། དེ་ ཅི་ལྟར་ཐབས་ཀྱི་རང་བཞིན་གྱི་དབང་དུ་བྱས་ནས་བརྗོད་པར་བྱ་ཞེ་ན། སྣང་བ་དང་རང་བཞིན་ནོ། །རྟུལ་པོ་ཉིད་ལས་མ་རིག་པའི་རང་བཞིན་ཡང་སྐྱེས་པ་ཉིད་ཡིན་པའི་ཕྱིར། ཐབས་ཀྱི་རང་བཞིན་ནི་ཤིན་ཏུ་རྣོན་པོ་ཉིད་ཡིན་པའི་ཕྱིར་རོ་ཞེས་པ་མི་འགལ་ལོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི་ཟུང་ འཇུག་གི་ངོ་བོའོ། །དབང་དུ་འགྱུར་བའོ་ཞེས་པ་ནི། དེ་ལས་བྱུང་བ་སྟེ་བསྐྱེད་པ་དང་འབྲེལ་ལོ་ཞེས་མངོན་པར་དགོངས་སོ། །འཁོར་ལོ་བསྒྲུབ་པར་བྱ་བ་ནི། ངེས་པར་འབྱུང་བར་བྱ་བ་སྟེ། ཨོཾ་ཡིག་གིས་བསྒྲུབ་པར་བྱ་བ་དགུག་པར་བྱའོ་ཞེས་པའོ། །རྣམ་པར་སྣང་མཛད་ཀྱིས་ གཟུགས་ཀྱིས་བསྐྱེད་ནས་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་ལས་བྱུང་བ། བསྒྲུབ་བྱ་བསྐྱེད་ནས་གཞག་པར་བྱ་སྟེ། ཇི་ལྟ་བ་བཞིན་དུ་ཞེས་པ་འཆད་པར་འགྱུར་བར་གསལ་ལོ། །ཞི་བ་ནི། རིམས་ལ་སོགས་པ་ཉེ་བར་ཞི་བའོ། །གཟིར་བར་བྱེད་པ་ནི། ཧཱུཾ་ཡིག་དང་དེ་ལས་སྐྱེས་པའི་ སྤྲོ་བ་དང་བསྡུ་བར་བྱེད་པ་སྟེ། བསྲེག་པར་བྱ་བ་ནི་མ་ཡིན་ནོ། །རྒྱས་པར་འགྱུར་བ་ན་ནི་རྗེས་སུ་རྒྱས་པར་བྱ་བའོ། །རྣམ་པ་ཐམས་ཅད་ཀྱིས་ནི་ལས་ཐམས་ཅད་བྱེད་པ་པོ་ཉིད་ཡིན་པའི་ཕྱིར་རོ། །འདི་ཉིད་ཀྱི་ཞེས་པ་ནི། ཞི་བ་ལ་སོགས་པའི་དོན་དུ་གསུངས་པའི་རྣམ་པར་སྣང་མཛད་ ལ་སོགས་པའི་འཁོར་ལོ་ལ་སོགས་པའི་དཀྱིལ་འཁོར་དུའོ། །ངོས་རྣམས་སུ་ནི་ཉེ་ལོགས་རྣམས་སུའོ། །བཞི་ནི་ཕྱོགས་རྣམས་སུའོ། །རྣམ་པར་སྣང་མཛད་ལ་སོགས་པ་ཞེས་པ་ནི། མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་བཞི་ལ་ལྟོས་པའི་ཚིག་སྟེ། རྣམ་པར་སྣང་མཛད་ 31-1-132a ཀྱི་དཀྱིལ་འཁོར་ལ་སོགས་པ་རྣམས་སུ་ནི་མི་བསྐྱོད་པ་ལ་སོགས་པ་དགོད་པར་བྱའོ། །མཚན་མ་དང་ས་བོན་དང་གཟུགས་ཀྱིས་ཞེས་མཚོན་པར་བྱའོ། །ལས་དང་རྗེས་སུ་མཐུན་པ་ཞེས་པ་ནི། ཞི་བ་ལ་སོགས་པའི་ལས་ཀྱི་བྱེ་བྲག་གིས་སོ། །དེ་ལ་ཞི་བ་ལ་ནི། རྣམ་པར་ སྣང་མཛད་དང་སྤྱན་མའི་ཚོགས་སྤྲོས་ནས་འོད་ཟེར་དཀར་པོའི་གཟུགས་སུ་བསྡུ་བར་བྱའོ། །མི་བསྐྱོད་པ་ལ་སོགས་པ་རྣམས་ལ་ཡང་ནག་པོ་ལ་སོགས་པའི་གཟུགས་ཀྱིས་སོ། །འཆད་པར་འགྱུར་རོ། །མངོན་པར་འདོད་པའི་འབྲས་བུ་འགྲུབ་པ་ནི་ཞི་བ་ལ་སོགས་པ་སྐྱེད་པར་བྱེད་པའོ། ། རྫོགས་པ་དང་། མ་རྫོགས་པའི་བྱེ་བྲག་ནི་རྣལ་འབྱོར་པ་གཉིས་ཀྱི་དབྱེ་བས་སོ། །སྐུ་ལ་སོགས་པ་ནི་བཤད་པའོ། །བསྡུས་པ་ནི་འདི་ཉིད་དུའོ། །དེ་ཉིད་ཀྱི་ཕྱིར་སྐུ་གསུམ་རྡོ་རྗེ་ཅན་ཞེས་འཆད་པར་འགྱུར་རོ། །དེས་ཞེས་པ་ནི་སྐུ་ལ་སོགས་པའི་རང་གི་ངོ་བོས་སོ། །དེ་བཞིན་གཤེགས་པ་ ལྔའི་བདག་ཉིད་ཅན་ཡིན་པའི་ཕྱིར། རྡོ་རྗེ་ལྔ་རྣམས་སོ། །རྡོ་རྗེ་འཆང་ཆེན་པོ་ནི་དྲུག་པའོ། །རང་བཞིན་གྱི་གཟུགས་ཞེས་པ་ནི་ཕྱག་གཉིས་པ་སྐུ་མདོག་དམར་པོ་རང་སྣང་ལ་འཁྱུད་པའོ། །མི་ལ་སོགས་པ་རྣམས་སྐྱེ་བའི་རིམ་པས་ངེས་པར་བསྟན་ནོ་ཞེས་གསུངས་ཤིང་། དེ་རྣམས་ཀྱང་ཕྱག་ གཉིས་པ་ཞལ་གཅིག་པ་ཉིད་ཀྱི་རྣམ་པའོ། །གཟུགས་ནི་ལུས་སོ། །སྐུ་ནི་ཡི་གེ་ཧཱུཾ་གི་རྣམ་པའོ། །ཆུ་ལ་སོགས་པ་ཞེས་པའི་སོགས་པའི་སྒྲ་ལས་རླུང་དང་མེ་དང་འཛིན་མའི་དཀྱིལ་འཁོར་རྣམས་གཟུང་ངོ་། །ཀུན་དུ་མཚོན་པར་བྱ་བ་ནི་ཡང་དག་པར་མཚོན་པར་བྱ་བའོ། །ཡི་གེ་ཨོཾ་ལ་སོགས་ པ་ཞེས་པ་སོགས་པའི་སྒྲ་ལས་ཡི་གེ་ཨཱཿདང་ཡི་གེ་ཧཱུཾ་དག་བསྡུས་སོ། །བསམ་གཏན་རྡོ་རྗེ་ཅན་ཞེས་པ་ནི། བསམ་གཏན་གྱི་འཇུག་པ་ལ་སོགས་པ་ལ་དམིགས་པའོ། །དེ་ཉིད་བརྟན་པར་གྱུར་པ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་སྟེ། དེ་གང་ལ་ཡོད་པ་དེ་ནི་བསམ་གཏན་རྡོ་རྗེ་ཅན་ནོ། །རྡོ་རྗེ་རྣམ་ པ་བཞི་ནི། དེ་བཞིན་གཤེགས་པའི་བདག་ཉིད་ཅན་ཡིན་པ་ཉིད་ཀྱི་ཕྱིར་རོ། །བྱེད་པ་ཞེས་པ་ནི་རྣལ་འབྱོར་པ་འདིའི་ངོ་བོས་ཞེས་པ་མངོན་པར་དགོངས་སོ། །དེ་ཉིད་ཀྱི་ཕྱིར་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྫོགས་པའི་རིམ་པ་ལ་གནས་པའི་དབང་དུ་བྱས་ནས་གསུངས་པ་ཉིད་ཡིན་ 31-1-132b པའི་ཕྱིར། གསད་པ་སྟེ་ལས་དང་པོ་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མ་ཞུགས་པ་རྣམས་ཞེས་པ་ནི། མངོན་དུ་གྱུར་པའི་རྡོ་རྗེ་ཐེག་པ་ལ་གནས་པ་དང་པོར་འཇུག་པ་ལ་ནི། འདོད་པའི་རྗེས་སུ་ཐུན་མོང་བའི་ཆོ་གའོ། །སྒོ་ང་ལ་སོགས་པ་ཞེས་པའི་སོགས་པའི་སྒྲ་ལས་ཡན་ལག་ འཇིག་པ་དང་། སྐམ་པར་བྱེད་པ་དང་རྣམ་པར་འགྱུར་བ་ལ་སོགས་པ་གཟུང་ངོ་། །འདི་ཉིད་ཀྱི་ནི་རླུང་གི་དཀྱིལ་འཁོར་རོ། །དབང་དུ་བྱ་དཀའ་བ་ལ་སོགས་པ་ཉིད་ལས་ཐམས་ཅད་བྱེད་པ་ནི། བསྒྲུབ་པར་བྱ་བའི་དགྲ་བོ་རྣམས་ཀྱིས་སྟ་རེ་ལ་སོགས་པའི་མཚོན་ཆ་རྣམས་ཀྱིས་བསད་པ་སྟེ་འཆི་བར་ བྱས་པའོ། །ཁ་སྦྱོར་དབྱེ་བ་ཞེས་པ་ནི། བསྒྲུབ་པར་བྱ་བ་གང་ཡིན་པའི་དཀྱིལ་འཁོར་དུ་རྣམ་པར་བྱའོ། །ཉེས་པ་བསྒྲག་པར་བྱས་ནས་དེ་རྣམས་ཀྱི་ལུས་དེ་ཡང་འཁོར་ལོ་ཅན་རྣམས་ཀྱིས་དེ་ནས་དེ་རྣམས་གསད་པར་བྱས་ནས་སྤངས་པར་བསྒོམ་སྟེ་རང་གི་ལུས་འཁོར་ལ་ཞུགས་པར་བལྟ་བར་ བྱའོ་ཞེས་པ་ཁ་སྦྱོར་དབྱེ་བའོ། །ཆད་པས་གཅད་པར་བྱ་བ་ནི་གསད་པར་བྱ་བའོ། །བདག་ཉིད་ཉི་མའི་དཀྱིལ་འཁོར་ལྟ་བུར་ཡོངས་སུ་གྱུར་པ་ཞེས་པ་ནི། ཐོག་མར་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པས་ཉི་མའི་དཀྱིལ་འཁོར་དམིགས་ལ་ལེའུ་བཅུ་གཅིག་པར་གསུངས་པའི་རྡོ་རྗེ་ཁ་ཞེས་པ་དབུས་ མའི་རྩེ་མོ་ལ་རྩེ་མོ་གཞན་མ་འབྱར་པ་ཉིད་ཀྱི་ཕྱིར་རོ། །ཁྲོ་བོའི་རྣམ་པ་ཐམས་ཅད་ཅེས་པ་ནི་སྙེམས་པ་དང་། གསུས་པ་འཕྱང་བ་དང་། ཁྲོ་གཉེར་བསྙེར་བ་ལ་སོགས་པའི་གཟུགས་སོ། །འཁོར་ལོའི་དབུས་ན་གནས་པ་ནི། ཁང་པ་བརྩེགས་པའི་དབུས་ན་གནས་པའོ། །ཕྱག་དྲུག་པ་ནི་ གཞན་དུ་ཕྱག་བཞི་པ་ཉིད་དུ་གསུངས་པའོ། །འདི་མན་ངག་ཇི་ལྟ་བ་བཞིན་དུ་ཞེས་པ་ནི་སྒྲུབ་པའི་ཐབས་ལ་སོགས་པར་གསལ་ལོ། །དེ་ལས་བྱུང་བ་ནི་རྡོ་རྗེ་འཆང་གིས་ཕྱུང་བའོ། །འཆད་པར་འགྱུར་བའི་སྤྲོ་བ་དང་བསྡུ་བའོ། །ཕྱོགས་བཅུ་ཞེས་པ་ལ་སོགས་པ་ནི། དེ་བཞིན་གཤེགས་ པ་རིགས་ལྔས་བསྡུས་པ་རྣམས་སོ། །ཇི་ལྟ་བ་བཞིན་དུ་རང་གི་ནི། གང་གི་ཕྱག་རྒྱ་གང་ཡིན་པ་དང་། བདག་ཉིད་གང་ཡིན་པ་དེའི་རིམ་པ་ལས་མ་འདས་པས་སོ། །ཡེ་ཤེས་ལུས་ལ་གནས་པ་རྣམས་ཀྱི་ཞེས་པ་ནི། སྤྲུལ་པའི་ལུས་འདི་ལྔ་པོའི་བདག་ཉིད་ཅན་ཡིན་པ་ཉིད་ཀྱི་ཕྱིར་རོ། ། 31-1-133a འབྱིན་པ་ཞེས་པ་ནི་ལྷ་མོ་དང་ཡང་དག་པར་སྦྱོར་བ་ལས་འབྱིན་པར་བྱེད་པའོ། །སངས་རྒྱས་ལ་སོགས་པ་ཞེས་བྱ་བའི་ལ་སོགས་པའི་སྒྲས་རིན་ཆེན་འབྱུང་ལྡན་ལ་སོགས་པ་རྣམས་བསྡུས་སོ། །ཁྲོས་པ་ནི་ཡིད་དོ་ཞེས་པ་ནི། དེ་ཉིད་ཀྱི་ཕྱིར་གྲང་བ་བརྒྱད་ཀྱི་གཟུགས་ལ་སོགས་ པ་འཇུག་པར་བྱེད་པས་ཁྲོས་པའོ་ཞེས་བསམ་པར་བྱའོ། །གསོད་པའི་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའོ་ཞེས་པ་ནི་འོད་གསལ་བའི་བདག་ཉིད་ཅན་ཉིད་ཡིན་པའི་ཕྱིར་རོ། །སྒྱུ་མ་ལྟ་བུའི་ནུས་པ་ཞེས་པ་ནི། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་བདག་ཉིད་སྒྱུ་མ་ལྟ་བུ་ནི། འཆི་ཞིང་མྱ་ ངན་ལས་འདས་པར་བྱས་ནས་གདུལ་བྱ་དང་རྗེས་སུ་མཐུན་པས་སླར་ཡང་གདུག་པ་ཅན་གཞན་གང་ཡིན་པ་རྣམས་འཆི་ཞིང་མྱ་ངན་ལས་འདས་པར་བྱེད་པའོ། །སངས་རྒྱས་ནི་རྡོ་རྗེ་འཆང་ཆེན་པོའི་སྐུ་ལ་སོགས་པའི་བདག་ཉིད་ཅན་ནོ། །དཀྱིལ་འཁོར་གྱི་གནས་ནི་སྣོད་ཀྱི་གཟུགས་སྐྱེ་ བ་ལ་ཀུན་དུ་ཆགས་པའོ། །ཇི་ལྟར་འདི་རྨོངས་པར་གྱུར་པ་ལས་ཀུན་ཏུ་ཆགས་སོ། །སངས་རྒྱས་ཀྱིས་ཀྱང་མི་འགྲུབ་བོ། །ཞེས་པ་འདིས་རྣམ་པ་ཐམས་ཅད་དུ་བསྒྲུབ་པ་མེད་པར་སྟོན་པར་བྱེད་དེ། སླར་ཡང་སངས་རྒྱས་ཀྱི་དངོས་གྲུབ་ཡོད་པ་མ་ཡིན་ནོ། །བཤད་མ་ཐག་པའི་ཞེས་བྱ་བ་ལ་ སོགས་པས་དང་པོར་དེ་སྲིད་དུ་སྒྲུབ་པ་པོ་ཞེས་སྔར་གསུངས་པ་འདི་སྦྲེལ་བར་སྟོན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་བསྒོམ་པར་བྱའོ་ཞེས་པ་ནི་ལྷ་མི་གཡོ་བ་བསྒོམས་པས་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ། །འདི་ལྟར་རྣམ་པར་གཙེས་ཤིག་ཅེས་པ་ནི། སྔར་གསུངས་ པ་འདི་ཁྲོ་བོའི་ལྷ་རྣམས་ཞེས་པ་འདིར་འབྲེལ་ལོ། །དེ་ཉིད་ཀྱི་འཁོར་ལོ་ཞེས་པ་ནི། ལྕགས་ལ་སོགས་པ་ལས་བྱས་པའི་འཁོར་ལོ་བཞིན་ནོ། །རྣམ་པར་འཚེ་བའི་བདག་ཉིད་ཅན་ཡིན་པའི་ཕྱིར་དང་འཇིག་པར་བྱེད་པ་པོ་ཡིན་པའི་ཕྱིར་རོ། །རྣམ་པར་སྣང་མཛད་ཡོངས་སུ་གྱུར་པ་ལས་ བྱུང་བའི་ཞེས་པ་ནི་མི་བསྐྱོད་པའི་ས་བོན་དང་མཚན་མ་ལས་སྐྱེས་པ་དེ་གྱུར་པའི་མི་བསྐྱོད་པ་བསྐྱེད་ནས་ཕྱུང་སྟེ་བཅུག་པ་ཉིད་ཀྱི་ཕྱིར་རོ། །རྡོ་རྗེ་སེམས་དཔའ་ནི་བཤད་མ་ཐག་པའི་མི་བསྐྱོད་པའི་གཟུགས་ཞལ་བཞི་པ་ཞེས་པ་ལ་སོགས་པས་སོ། །བུད་མེད་དང་སྐྱེས་པའི་བྱེ་བྲག་གིས་ 31-1-133b ནི།སྤྱན་མ་ལ་སོགས་པ་དང་རྣམ་པར་སྣང་མཛད་ལ་སོགས་པའི་བྱེ་བྲག་གིས་སོ། །རང་གི་ལུས་ཞེས་པ་ནི་སྐུ་ལ་སོགས་པའི་བདག་ཉིད་ཅན་ནོ། །འདུས་པར་བྱས་ནས་ཞེས་པ་སྐུ་ལ་སོགས་པ་རྣམས་སུ་སྐུ་ལ་སོགས་པའི་རིགས་རྣམས་སོ། །ཅི་ལྟར་ཞེ་ན། བསྡུས་ནས་ཞེས་པའོ། །དེ་ཐམས་ཅད་ ཀྱི་ཞེས་པ་ནི་བཅུག་མ་ཐག་པ་རྣམས་སོ། །དེ་ཉིད་ཀྱི་ཕྱིར་རང་གི་ལུས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀྱིལ་འཁོར་པ་ལ་སོགས་པ་རྣམས་ཀྱི་ཞེས་པའི་སོགས་པའི་སྒྲས་དཀྱིལ་འཁོར་གྱི་དབང་ཕྱུག་གིས་བསྡུས་སོ། །དེ་ནས་དེ་རྣམས་ལ་ཞེས་པ་ནི་སྤྲོས་པ་རྣམས་ལའོ། །དེ་ བཞིན་དུ་རིན་ཆེན་འབྱུང་ལྡན་ལ་སོགས་པ་རྣམས་ཀྱི་ཞེས་པ་ལ་སོགས་པ་ནི་ཡོངས་སུ་གྱུར་པར་སྦྱོར་བར་བྱའོ་ཞེས་པ་ནི། མི་བསྐྱོད་པའི་གཟུགས་ཞལ་བཞི་ཕྱག་དྲུག་པར་བཤད་པ་ཞེས་མངོན་པར་དགོངས་སོ། །དེའི་འཁོར་རྣམས་ཀྱི་ནི་དེ་བཞིན་གཤེགས་པ་ལྔའི་འཁོར་རྣམས་ སོ། །སངས་རྒྱས་དཀྱིལ་འཁོར་ནི་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཅན་ཡིན་པ་ཉིད་ཀྱི་ཕྱིར་བདག་ཉིད་དོ། །གཤིན་རྗེ་གཤེད་ཀྱི་བདག་ཉིད་ཅེས་པ་རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་གྱུར་པ་སྟེ། དམ་ཚིག་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་བསམ་པར་བྱའོ་ཞེས་འཆད་པར་འགྱུར་རོ། ། འཁོར་དང་བཅས་པར་བརྟག་པར་བྱའོ་ཞེས་པ་སྟེ། དེ་ལ་སངས་རྒྱས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཞེས་པ་འདིར་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་རྗོད་པར་བྱེད་དེ། གང་གི་ཚེ་མེད་པ་ལས་ལུང་བསྟན་དུ་མེད་པས་སོ། ། བྱམས་པ་ལ་སོགས་པ་ཡང་ཞེས་པ་ནི། འདི་བྱང་ཆུབ་སེམས་དཔའ་རྣམས་དང་ཁྲོ་བོ་བཅུ་པོ་རྣམས་ཞེས་མངོན་པར་བརྗོད་དེ་སྔར་བཞིན་མི་བསྐྱོད་པ་དང་ལྡན་པའི་དཀྱིལ་འཁོར་ལྟ་བུར་སུམ་ཅུ་རྩ་གཉིས་ཀྱང་འཁོར་ཉིད་དོ། །སྐུ་དང་གསུང་དང་ཐུགས་ཞེས་པ་ནི། སྐུ་ལ་སོགས་ པའི་རིགས་ཅན་རྣམས་ཉིད་གྲངས་ཇི་ལྟ་བ་བཞིན་དུ་བཅུག་པ་ལ་ཕུང་པོ་ལ་སོགས་པ་རྣམས་སུ་ཕུང་པོ་ལ་སོགས་པ་རྣམས་དང་མིག་ལ་སོགས་པ་རྣམས་སུ་སའི་སྙིང་པོ་ལ་སོགས་པ་རྣམས་ཞུགས་པར་རོ། །སྤྲོ་བར་བྱའོ་ནི་སྐུ་ལ་སོགས་པ་ཉིད་ལས་ཕྱི་རོལ་དུ་བྱའོ། །སྐུ་གསུམ་ནི་དུས་ 31-1-134a གསུམ་དུ་ཡང་དུ་འབྱུང་བའི་ཕྱིར་དུས་གསུམ་ལ་བཞུགས་པའོ། །གསོད་པར་བྱེད་པར་ཞེས་པ་ནི་རང་གི་མཚན་མ་ཐོ་བ་ལ་སོགས་པ་རྣམས་ཀྱིས་ཞེས་པའོ། །དཀྱིལ་འཁོར་གྱི་བདག་པོ་ཉིད་དོ་ཞེས་པ་ལ་གཤིན་རྗེ་མཐར་བྱེད་ཉིད་དོ་ཞེས་པ་ནི་གཤིན་རྗེ་མཐར་བྱེད་ཁོ་ནའོ། ། ལྷ་ཐམས་ཅད་ཀྱི་ཐུན་མོང་བ་ཞེས་པ་ནི་བཤད་པ་དང་མ་བཤད་པའི་ཐུན་མོང་དུའོ། །དེའི་ལྷ་མོ་རྣམས་ཀྱིས་ཞེས་པ་སྤྱན་མ་ལ་སོགས་པ་རྣམས་ཀྱིས་སོ། །དེ་ཡོངས་སུ་གྱུར་པའི་བྱམས་པ་ལ་སོགས་པའི་ཕྱག་རྒྱ་འོད་གསལ་དུ་བཅུག་མ་ཐག་ཏུ་ལངས་པའི་རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་གྱུར་ པའོ། །དེ་ལས་བྱུང་བ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་གྱུར་པ་ལས་བྱུང་བའོ། །ཁྲོ་བོའི་གཟུགས་ཀྱིས་ནི་སྔར་བཤད་པའི་མི་བསྐྱོད་པའི་གཟུགས་ཀྱིས་སམ། གཤིན་རྗེ་མཐར་བྱེད་ཀྱི་གཟུགས་ཀྱིས་སོ། །མཉམ་པ་ཉིད་ཅེས་པ་ནི་ཁྲོ་བོའི་གཟུགས་ཀྱིས་སོ། །ཐམས་ཅད་ཅེས་པ་ ཐོག་མར་རིམ་པས་མངོན་པར་བརྗོད་པའི་སྲུང་བའི་འཁོར་ལོ་བསྡུས་པའོ། །དེ་ལ་བསྲུང་བའི་ཕྱིར་རོ་ནི་སྒྲུབ་པ་པོའི་སེམས་བསྲུང་བའི་ཕྱིར་རོ། །རྫོགས་པའི་རིམ་པ་ལ་གནས་པ་རྣམས་ཀྱི་ནི། བཤད་མ་ཐག་པའི་བསྐྱེད་པའི་རིམ་པའི་དབང་དུ་བྱས་པའི་རྣལ་འབྱོར་པ་ལྔ་པོ་རྣམས་ཀྱིའོ། ། བསྒྲུབ་པར་བྱ་བ་ནི་འོད་ཟེར་ལྔ་པོས་ཁྱབ་པའི་སྣང་བ་ཙམ་མོ། །དེའི་ཕྱིར་དེ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་སྔགས་ཀྱི་ཡི་གེ་ཞེས་བྱ་བ་ལ་སོགས་པས་ངག་ལ་སོགས་པ་མངོན་པར་བརྗོད་དོ། །གནས་ཞེས་པ་ནི། ངག་ལ་སོགས་པ་གང་ཡིན་པའོ། །སེམས་ནི་སེམས་ཀྱི་ རྣམ་པ་སྣང་བ་གསུམ་གྱི་ངོ་བོའོ། །སྒྱུ་མ་ལྟ་བུ་ནི་ཡེ་ཤེས་ཀྱི་སྐུའི་བདག་ཉིད་ཅན་ནོ། །རྡོ་རྗེ་ཡེ་ཤེས་ནི་གཉིས་སུ་མེད་པའི་ཡེ་ཤེས་ཞེས་པ་ལ་བསྟན་ནས་སོ། །འཇིག་པར་བྱེད་པ་ནི་ཉམས་པར་བྱེད་པའོ། །རེངས་པ་ཞེས་པ་ནི་རང་གི་བྱ་བའི་བསམ་པའི་ནུས་པ་ཆུ་རེངས་པར་བྱེད་པའི་ སྦྱོར་བ་སྟེ་ཆོ་ག་དེ་གསུངས་པ། སྤྲུལ་པའི་སྐུ་ལས་ཅིག་ཤོས་ནི་བླ་མ་ཉིད་ཀྱིས་འོག་ཏུ་འབྱིང་བ་ལས་སྟེང་དུ་འཕྱོ་བར་འབྱུང་བའི་ཕྱིར་ཐོག་མར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོ་རིམས་བཞིན་དུ་ཆུའི་སྟེང་དུ་སྒོམ་པར་བྱེད་པས་བཀོད་ནས་ཆུའི་སྟེང་དུ་བཅག་པར་བྱའོ་ཞེས་སྦྲེལ་ལོ། ། 31-1-134b འདིར་ཡང་སྔར་གསུངས་པའི་སངས་རྒྱས་རྣམས་ནམ་མཁའ་དང་རླུང་ཞེས་བྱ་བ་ལ་སོགས་པ་སྦྱོར་བར་བྱའོ། །རྡོ་རྗེ་འབར་བ་ནི། འབར་བ་དང་ལྡན་པ་རྩེ་མོ་ལྔ་པ་ཁ་དོག་ནག་པོའོ། །ཁྲོ་བོ་གཞན་གང་ཡང་རུང་བའི་གཟུགས་བཟུང་སྟེ་ཞེས་པ་ནི། འདི་ཡང་འཁོར་གྱི་ཁྲོ་བོ་བཞིན་ནོ། །པདྨའི་རྡུལ་ལྟ་བུར་ སེར་པོ་ཞེས་མཚོན་པར་བྱ་སྟེ། རེངས་པའི་སྦྱོར་བའི་སྐབས་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཚད་རི་རབ་དང་འདྲའོ། །སའི་འོག་ཏུ་སོང་བ་ཞེས་པ་ནི་ཁྲོ་བོའི་འཁོར་ལོའི་ཚོགས་ཀྱི་སྟེང་དུ་གནས་པས་རེངས་པར་བྱེད་པ་ནི་འདིར་མ་གསུངས་པ་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པས་ རེངས་པར་བྱེད་པ་གསུངས་པ་ཡང་འདི་ཞེས་བྱ་བ་གསུངས་ཏེ། རེངས་པར་བྱ་བ་ལ་མཁས་པ་ནི། དཔུང་རེངས་པར་བྱ་བར་མི་ནུས་པའོ། །དེའི་ཕྱིར་དེ་ཡང་རེངས་པར་བྱེད་པའི་ཕྱིར་རོ། །སྣང་བར་འགྱུར་བ་ནི། རབ་ཏུ་གྲགས་པར་ཉེ་བར་འགྱུར་བའོ། །མིག་ལ་སོགས་པ་ཞེས་པ་ནི། སོགས་ པའི་སྒྲ་ལས་ཞལ་གསུམ་པ་ཕྱག་དྲུག་པ་ལ་སོགས་པ་དང་ལྡན་པ་ཉིད་གཟུང་བར་བྱའོ། །བསྒྲུབ་པར་བྱ་བའི་སྙིང་གར་ཞེས་པ་ནི་བསྒྲུབ་པར་བྱ་བ་སྟེང་ངམ་གན་རྐྱལ་དུ་གྱུར་པའི་སྙིང་གར་རོ། །ཡིད་དང་མི་མཐུན་པ་ནི་ཡིད་དུ་མི་འོང་བ་སྟེ་འགལ་བ་ཞེས་པའི་དོན་ཏོ། །སེམས་ཅན་རྣམས་ཀྱི་ནི་ རྡོ་རྗེའི་འོད་ཟེར་གྱིས་ཁྱབ་པ་རྣམས་སོ། །བསྡུ་བ་ནི་གཟུགས་དང་གཟུགས་བརྙན་འཇུག་པའི་ཚུལ་གྱིས་ཀུན་དུ་འཇུག་པར་བྱའོ། །དམར་པོ་དང་དཀར་པོ་ལ་སོགས་པའི་ཁ་དོག་ལྔ་ཉིད་ཀྱི་ཕྱིར་སེམས་ཅན་རྣམས་དེ་བཞིན་གཤེགས་པའི་རང་བཞིན་གྱི་རྡོ་རྗེ་ལ་འཇུག་པ་དང་འཐོན་པས་དེ་བཞིན་ གཤེགས་པའི་རང་བཞིན་ཡིན་པའི་ཕྱིར་དང་། འགྲོ་བ་འདི་ཀུན་སངས་རྒྱས་མངའ་བདག་ཉིད། །ཅེས་གསུངས་པའི་ཕྱིར། རིན་པོ་ཆེ་པདྨ་རཱ་ག་ལ་སོགས་པ་ཞེས་བྱ་བ་གསུངས་ཏེ། རྣལ་འབྱོར་པའི་ཡིད་ཀྱི་ཤིང་རྟ་རྫོགས་པར་བྱེད་པ་ཉིད་ཡིན་པའི་ཕྱིར་བདུད་ལ་སོགས་པའི་ཉེ་བར་འཚེ་ བ་ལ་སོགས་པ་སེལ་ཅིང་ཡིད་ཀྱི་ཤིང་རྟ་བསྐྱེད་པའི་རྟེན་ཡིན་པའི་ཕྱིར། ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདུད་ལ་སོགས་པ་སྐྱེད་པའི་རྒྱུ་མི་དགེ་བའི་དྲི་མ་དང་བྲལ་བ་ཉིད་ཀྱི་ཕྱིར། འོད་ནི་ཚོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་གནས་སུ་ནི་ 31-1-135a མངོན་པར་དབང་བསྐུར་བ་སྦྱིན་པར་གསུངས་པའི་གནས་སུའོ། །རྣམ་པར་སྣང་མཛད་ཀྱི་ཚོགས་ནི་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་རྣལ་འབྱོར་པས་ཞི་བ་བྱེད་པ་ནི་སྙིང་གའི་ས་བོན་ལས་ཕྱུང་བས་སོ། །བསྙེན་པ་ནི་སྔ་མ་ཁོ་ནར་བཤད་པའི་དེ་ བཞིན་གཤེགས་པ་ཉིད་དེ་དེའི་ཕྱིར་དེ་བཞིན་གཤེགས་པ་ཉིད་དབང་བསྐུར་བར་འོས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་བུའི་ཞེས་པ་ནི། སེམས་ཅན་གྱི་ཚོགས་ཞི་བར་བྱེད་པ་ལ་ཅི་ཞིག་བྱ་ཞེ་ན། ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མངོན་པར་འདོད་པའི་སྦྱིན་པ་ ཕུལ་དུ་བྱུང་བས། སྒྲུབ་པ་པོ་ལ་འབྲེལ་པར་བྱེད་དོ་ཞེས་མངོན་པར་དགོངས་སོ། །དེ་ཡང་ཅི་ཞིག་དགའ་བར་བྱེད་ཅེ་ན། དེར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་བྱིན་གྱིས་བརླབས་པ་ཡོངས་སུ་གྱུར་པ་ཞེས་བསམ་པར་བྱའོ། །སངས་རྒྱས་ཐམས་ཅད་ཀྱིས་ནི་བཤད་མ་ཐག་པ་ རྣམས་ཀྱིས་སོ། །སྐྱོན་མེད་པ་ནི་དྲི་མ་དང་བྲལ་བའོ། །མི་སླུ་བ་ནི་གདོན་མི་ཟ་བར་འགྱུར་བའོ། །ཞི་བའི་དཀྱིལ་འཁོར་ལྟ་བུའི་དཀྱིལ་འཁོར་དེར་ཡི་གེ་ཨོཾ་ལས་བྱུང་བའི་འཁོར་ལོ་ཨོཾ་གྱིས་བརླབས་པའོ། །དེ་ལས་བྱུང་བའི་རྣམ་པར་སྣང་མཛད་ཀྱི་གཟུགས་ཏེ་སྐུ་ཇི་ལྟ་བ་བཞིན་དུ་ཞེས་པ་ སྒྲུབ་ཐབས་ལས་གསུངས་པའི་རྣམ་པ་ལྟ་བུར་རོ། །བསྒྲུབ་པར་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་གཟུགས་སོ། །རྨོངས་པ་ནི་གཏི་མུག་གི་བདག་ཉིད་དོ། །སྦྱོར་བ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར། གང་ཡིན་པ་ཞེས་བྱ་བ་ནི་རང་གི་སྙིང་གའི་ས་བོན་ལས་འཐོན་པ་རྣམས་སོ། །སླར་ཡང་ ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་ལ་ལྟོས་པའོ། །དབང་ཆེན་ནི་ས་ལ་དབང་བ་སྟེ་གཙོ་བོར་གྱུར་པས་འདི་དབང་ཆེན་ཏེ་རྟེན་པར་བྱེད་པའི་རང་བཞིན་ཡིན་པ་ཉིད་ཀྱི་ཕྱིར་དབང་ཆེན་གྱི་དཀྱིལ་འཁོར་ཟུར་བཞི་ལ་རྡོ་རྗེས་མཚན་པ་དེའི་སྟེང་དུ་སྭཱ་ལས་རྫོགས་པའི་རིན་པོ་ཆེའི་སྭཱ་ཡིས་བྱིན་གྱིས་བརླབ་ པ་ལས་རིན་ཆེན་འབྱུང་ལྡན་བསྐྱེད་པར་བྱའོ། །དེ་བཞིན་དུ་འོད་དཔག་མེད་བསྐྱེད་པར་བྱ་སྟེ་མེའི་དཀྱིལ་འཁོར་ཟུར་གསུམ་པ་རྡོ་རྗེས་མཚན་པའོ། །ཅི་རིགས་པ་ཞེས་པ་ནི། རིན་པོ་ཆེའི་སྦྱོར་བས་རིན་ཆེན་འབྱུང་ལྡན་གྱི་གཟུགས་དང་འདོད་ཆགས་ཅན་ལ་འདོད་ཆགས་ 31-1-135b རྡོ་རྗེའི་བདག་ཉིད་ཅན་ཏེ། ཆགས་པས་འདོད་ཆགས་བདག་ཉིད་སྦྱོར། །འདོད་ཆགས་དགའ་དང་ཡང་དག་ལྡན། །འདོད་ཆགས་རྒྱུན་གྱིས་དབང་བསྐུར་ན། །འདོད་ཆགས་རྡོ་རྗེ་བདག་ཉིད་འགྱུར། །ཞེས་འདུས་པ་ཕྱི་མར་གསུངས་པའི་ཕྱིར་རོ། །རིན་ཆེན་སྤྲིན་ཞེས་པ་ལ་སོགས་པ་ ལ། རིན་ཆེན་སྤྲིན་ནི་རིན་ཆེན་འབྱུང་ལྡན་ནོ། །ཚོགས་ཞེས་བ་ནི། དེ་ལྟ་བུ་ལ་སོགས་པ་རྣམས་ཀྱིས་མངོན་པར་རྟོགས་པར་བྱའོ། །མཁའ་དབྱིངས་ཞེས་པ་ལ་སོགས་པ་ནས་དེར་ཞེས་པའི་མཐར་ཐུག་པ་གདོན་མི་ཟ་བར་བརྟག་པར་བྱའོ། །རྡོ་རྗེ་ནམ་མཁའ་ཞེས་པ་ལ་སོགས་པ་ལ་དེ་ཞེས་ པ་རྡོ་རྗེ་ནམ་མཁའ་འོད་དཔག་ཏུ་མེད་པའོ། །མདུན་དུ་རྡོ་རྗེ་ཐད་ཀར་གནས་པ་ཞེས་པ་ནི། མི་བསྐྱོད་པ་གཙོ་བོར་གྱུར་པའི་དཀྱིལ་འཁོར་དུ། གཙོ་བོར་སྐུའི་གཞོགས་སུ་གནས་པ་ཉིད་ཀྱི་ཕྱིར་རོ། །གཟུགས་ནི་རྡོ་རྗེ་ནམ་མཁའ་དང་ཆོས་མདུན་ཞེས་པ་འདིས་སྐབས་འདིར་མི་བསྐྱོད་པ་དང་ དོན་ཡོད་པ་དག་མངོན་པར་བརྗོད་དོ། །འོད་དཔག་ཏུ་མེད་པའི་ཏིང་ངེ་འཛིན་སྔར་བརྗོད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མི་བསྐྱོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རང་གི་རིགས་ཀྱི་ཕྱག་རྒྱ་སྤྱན་མ་ལ་སོགས་པ་རྣམས་སོ། །སེམས་ཀྱི་རྒྱུན་འོད་ཟེར་གྱི་ངོ་བོའོ། །ཐུགས་སུ་བྱོན་པ་ནི་ དགའ་བའོ། །འཇམ་དཔལ་དང་མཚུངས་པ་ནི། ཁ་དོག་དང་གཟི་བརྗིད་དང་ལྡན་པས་འགྲོ་བ་ཐམས་ཅད་དགའ་བ་ཉིད་ལ་སོགས་པ་རྣམས་ཀྱིས་དེ་དང་མཚུངས་པའོ། །དེའི་ཕྱིར་གནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་འདི་རྒྱལ་པོ་ཉིད་དུ་གསུངས་སོ། །རིགས་ལྔའི་སངས་ རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྔར་བཞིན་དུ་སྤྲོས་པ་དང་བསྡུས་པའོ། །བལྟས་ཙམ་གྱི་ཞེས་པ་ནི་དགའ་སྟོན་ཆེན་པོའི་རབ་ཏུ་སྦྱོར་བའོ། །གཞག་པའི་ཞེས་པ་ནི་སྔར་རོ། །མི་བསྐྱོད་པའི་སྦྱོར་བ་དང་ལྡན་པས་ཞེས་པ་ནི་ཤིན་ཏུ་གནག་པའི་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་ས་བོན་ དང་མཚན་མ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་གྱུར་པ་ཡང་དེའི་འོག་ཏུ་རང་གི་ལས་བྱུང་སྟེ། ནམ་མཁའི་རྡོ་རྗེ་སྲན་པོ་ལ་སོགས་པ་རྣམས་ཀྱིས་ཡོངས་སུ་གང་བར་བྱའོ་ཞེས་སྦྲེལ་ལོ། །མེའི་དཀྱིལ་འཁོར་ལ་གནས་པ་ནི་མདུན་དུ་གནས་པའོ། །ཁ་སྦྱར་ཕྱེ་བ་ཞེས་པ་ནི་ 31-1-136a སྔར་བཤད་པའོ། །བསམས་ནས་ནི་ཡང་དག་པར་མཚན་ནས་སོ། །སངས་རྒྱས་ཀྱི་ཐེག་པ་པ་ནི། ཐེག་པ་ཆེན་པོ་ལ་ལྷག་པར་མོས་པའོ། །ལས་དང་པོ་པ་ནི་བསྐྱེད་པའི་རིམ་པ་སྒོམ་པར་བྱེད་པའོ། །གཞན་ཡང་སྔར་བཤད་པ་ཞེས་པ་ནི། སྔར་མདོར་བསྡུས་ཏེ་མངོན་པར་ བརྗོད་པ་ལ་ལྟོས་པའོ། །ངེས་པར་བཤད་པའི་ལས་རྣམས་རབ་ཏུ་འགྲུབ་པར་འགྱུར་རོ་ཞེས་པ་ནི། འཆད་པར་འགྱུར་བའི་བྱམས་པ་ལ་སོགས་པ་ཞེས་པའི་མཐར་ཐུག་པ་རྗེས་སུ་འཇུག་པར་བྱའོ། །རྒྱུད་འདིར་མ་གསུངས་པའི་སྒྲུབ་ཐབས་རྣམས་དང་རྒྱུད་གཞན་དུ་གསུངས་པ་རྣམས་ བརྗོད་པའི་ལས་དང་འབྲེལ་པར་བསྟན་པར་བྱ་བའི་ཕྱིར་སྔགས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་སོ། །དེ་ལས་བྱུང་བ་ཞེས་པ་ནི། དེ་ཉིད་ཀྱི་ཕྱིར་འོད་གསལ་བའི་རང་བཞིན་ནོ། །གསལ་བ་ནི་ས་ལ་སོགས་པའི་ཁམས་རྣམས་ཀྱི་ཤིན་ཏུ་ འཁྲུགས་པ་ཉིད་ཀྱི་ཕྱིར་རོ། །དཀྱིལ་འཁོར་ཞེས་པ་ནི་འགྲོ་བའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་རོ། །ས་བོན་ལ་སོགས་པ་ལས་རྫོགས་པར་སྤྲོ་བར་བྱ་བ་ནི་སྙིང་ག་ནས་ཕྱི་རོལ་དུ་སྤྲོ་བར་བྱ་བའོ། །གསུང་གི་རྡོ་རྗེའི་ཏིང་ངེ་འཛིན་གྱི་འོག་ཏུ་རིན་ཆེན་དང་དོན་ཡོད་དག་གི་རྫོགས་པའི་རིམ་ པས་བསྐྱེད་པར་རྟོགས་པར་བྱའོ། །ཉི་མའི་དཀྱིལ་འཁོར་ནི་ཉེ་བར་མཚོན་པ་སྟེ་ཞེས་པ་སྣང་བ་མཆེད་པའི་བརྡ་ཉིད་ཡིན་པའི་ཕྱིར་རོ། །ཉི་མ་ནི་ཉེ་བར་མཚོན་པར་བྱེད་པ་ཉིད་ཡིན་པའི་ཕྱིར་བརྗོད་དོ། །ཉེ་བར་མཚོན་པ་ཉིད་ཀྱང་ཁྲོ་བོ་བསྐྱེད་པའི་སྐབས་ཡིན་པའི་ཕྱིར་རོ། །སྣང་བ་དང་སྣང་ བ་ཉེ་བར་ཐོབ་པ་དག་མ་འདྲེས་པ་ལས་རིམ་པ་དང་པོར་རྣལ་འབྱོར་གསུངས་པའི་ཚུལ་གྱིས་འཁོར་ལོའི་འོད་ཟེར་ཞེས་པ་འཁོར་ལོའི་དངོས་གྲུབ་ནི་འཁོར་ལོའི་ཚོགས་ཏེ། གང་དུ་འཁོར་ལོ་དེ་གཙུག་ཏོར་འཁོར་ལོས་སྒྱུར་བའོ། །འཁོར་ལོ་ཡང་དེ་ཡིན་ལ། འོད་ཟེར་གྱིས་འཁྱུད་པའི་ ལུས་ཀྱང་དེ་ཡིན་པ་དེ་སྲིད་དུ་གང་ཡིན་པའོ། །ཡང་ན་མི་བསྐྱོད་པའི་རིགས་ཉིད་ཀྱིས་ཕྱག་གཡས་ཀྱི་དང་པོས་རྡོ་རྗེའི་གནས་སུ་གཙུག་ཏོར་འཛིན་པ། གཡས་ཀྱི་གཉིས་པའི་ཕྱག་ཏུ་འཁོར་ལོའི་མཚན་མ་འཛིན་པ་དེ་དང་དེས་འོད་ཀྱིས་འཁྱུད་པའི་ལུས་སོ། །སྒྲུབ་པའི་ཐབས་སུ་ནི། ཡིག་ 31-1-136b མཁན་གྱིས་ཉེས་པས་འཁོར་ལོ་དང་གླེགས་བམ་ཁ་ཅིག་ཏུ་རྡོ་རྗེ་ཞེས་བལྟ་བར་བྱ་སྟེ་རྣམ་པར་སྣང་མཛད་ཀྱི་རིགས་ཅན་ཉིད་ཡིན་པའི་ཕྱིར། ཕྱག་གཡས་ཀྱི་དང་པོས་འཁོར་ལོ་སེར་པོ་འཛིན་པའོ་ཞེས་པ་ནི། སྒྲུབ་པའི་ཐབས་ཀྱིས་ཚུལ་མ་ཡིན་པར་བལྟ་བར་བྱ་སྟེ། རྣམ་པར་སྣང་མཛད་ཀྱང་འདིར་ དཀར་པོ་སྟེ་འཁོར་ལོ་དཀར་པོ་འཆང་བའོ། །སྤྲིན་གྱི་མདོག་ཅེས་པ་ནི་སྤྲིན་ནག་པོའི་ཁ་དོག་གོ། །དེ་ཉིད་ཅེས་པ་ནི། རྣམ་པ་གཉིས་པོ་ཉིད་ཀྱིས་སོ། །གསོད་པ་ལ་སོགས་པ་ཞེས་པ་ནི། སོགས་པའི་སྒྲ་ལ་རེངས་པ་ལ་སོགས་པ་གཟུང་ངོ་། །བཀའ་ནི་རྡོ་རྗེ་འཆང་གི་བསྐུལ་བ་ལས་སོ། །དེའི་དོན་ གྱི་འཁོར་ལོ་ནི་ལྷའི་འཁོར་ལོའོ། །དེ་གསུངས་པའི་རིམ་པས་དམིགས་པའི་ཕྱིར་རོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ཉེ་བར་སྡུད་པར་བྱེད་པའོ། །ལེའུ་བཅུ་གསུམ་པར་སྔགས་ལ་མ་ལྟོས་པའི་ཞི་བ་ལ་སོགས་པའི་ལས་མངོན་པར་བརྗོད་ནས། ད་ ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཞེས་བྱ་བ་ནི། རྣམ་པར་བཤད་པ་ནི་ཉེ་བར་འགྲོ་བའོ། །བཤད་པའི་རྒྱུད་ཅེས་པ་ནི་རྡོ་རྗེ་ཕྲེང་བར་མངོན་པར་བརྗོད་པ་ལ་སོགས་པ་མཚོན་པའོ། །བྱང་དུ་ཁ་བལྟས་ཞེས་པ་ནི། འདིར་རྒྱས་པ་ལ་ཞེས་པ་འདི་དང་སྦྲེལ་ལོ། །ཤར་དུ་ཁ་བལྟས་ཞེས་པ་ནི་འདིར་ཞི་བ་ ཞེས་པ་འདིའོ། །ཀླུའི་བློས་མཛད་པའི་སྦྱིན་སྲེག་གི་ཆོ་གར་ཡང་གསུངས་པ། ཟླ་བ་ཉ་ལ་བྱང་དུ་བལྟ། །བཟང་པོའི་སྟན་ལ་གནས་ནས་བརྩམ། །རྒྱས་པ་སེར་པོའི་གོས་ལ་སོགས། །ཉི་མ་སྔ་དྲོ་རྒྱས་པ་བརྩམ། །ཞི་བ་དཀར་པོའི་གོས་ལ་སོགས། །དཀར་པོའི་ཉི་མའི་དང་པོར་བརྩམ། །སྲོད་ ལ་ཤར་དུ་ཁ་བལྟས་གྱུར། །འཇམ་པའི་སྟན་ལ་གནས་ནས་ནི། །སྒྲུབ་པོ་ལས་དང་རྗེས་མཐུན་པས། །བྱམས་དང་སྙིང་རྗེ་ལྡན་བསམས་ནས། །ལས་ཀྱི་རྗེས་མཐུན་རྣལ་འབྱོར་གྱིས། །ཞི་ལ་བྱམས་པས་ཀུན་དུ་དཔྱད། །ཅེས་སོ། །ཕྲ་བ་ནི་རང་རང་གི་བདག་ཉིད་ཅན་ནོ། །བྱང་ཆུབ་ སེམས་ཀྱི་བྱིན་གྱིས་བརླབས་པ་ནི། རྣམ་པར་ཤེས་པས་བྱིན་གྱིས་བརླབས་པའོ། །གྲོལ་བ་ནི་བསྐྱེད་པ་ཡོངས་སུ་ཤེས་པའོ། །སྔགས་རྣམས་ནི་ཕྲེང་བར་བགྲང་བའི་སྦྲུལ་ལ་སོགས་པ་རྣམས་སོ། །སྦྲུལ་ལ་དངོས་གྲུབ་ཡིན་ཞེས་པ་ལ་སོགས་པ་ལས་འགྱུར་རོ་ཞེས་པ་ལྷག་པར་གནས་ 31-1-137a པའོ། །གཟུང་མིན་ཞེས་པ་ནི་ལྗང་ཁུ་ཉིད་དང་རིང་པོ་ཉིད་ལ་སོགས་པས་སོ། །ཡ་ང་ན་གྲང་བ་ལ་སོགས་པའི་རེག་བྱ་རེག་པར་བྱེད་པ་ཉིད་ཀྱི་རྗེས་སུ་དཔག་པར་བྱ་བའི་མཐར་ཐུག་པའོ། །སེམས་འཛིན་པར་བྱེད་དོ་ཞེས་པས་སེམས་ཀྱི་དབྱིངས་སོ། །རླུང་ལ་ཡིད་ཕེབས་ པའི་གནས་སྐབས་ནི་དེ་བཞིན་གཤེགས་པའོ། །ཇི་ལྟར་ཞེས་པ་ལ་སོགས་པ་ནི་སེམས་ཅན་གྱི་སྙིང་ལ་གནས་པའི་དཔེར་བརྗོད་པའོ། །དབང་ཆེན་གྱི་དཀྱིལ་འཁོར་ཞེས་པ་ནི། འདི་ལྟར་བཤད་པ་པདྨར་གནས་པ་ཞེས་འཆད་པར་འགྱུར་བ་འདིར་སྦྱར་བར་བྱའོ། །རླུང་གི་དཀྱིལ་ འཁོར་ཞེས་པ་ནི་འདིར་བརྗོད་པའི་བཤང་སྒོའི་པདྨར་གནས་པ་ཞེས་པའོ། །སྒྲུབ་པའི་ཐབས་སུ་གསུངས་པ་ཡང་། ལྟེ་བར་སྭཱའོ། །རྐང་པ་གཉིས་ལ་ཧཱ་དགོད་ཅས་སོ། །རྡོ་རྗེ་འཆང་ཆེན་པོ་ནི་དྲུག་པའོ། །སྒྲུབ་པ་པོ་ནི་རྣམ་པར་སྣང་མཛད་ཀྱི་རིགས་ཅན་རྣམས་སོ། །སྦྲུལ་ལྟ་བུ་ ནི་སྦྲུལ་ལོ། །ཨོཾ་གྱི་ཡི་གེ་གདེངས་ཀའི་རྣམ་པ་དང་པོར་ཡོད་པའི་ཕྱིར་དང་། ཐ་མར་གཤོག་གི་རྣམ་པར་སྭཱ་ཧཱ་ཞེས་པ་འདི་དག་ཏུ་བརྗོད་པ་ལ་བསོད་ནམས་རབ་ཏུ་འབྱུང་ངོ་ཞེས་པས་བསོད་ནམས་ལེན་པའོ། །རུ་རུ་ཞེས་པ་ལྷ་ལ་རངས་པས་ཕྱག་འཚལ་ལོ། །སྥུ་རུ་ཞེས་པ་སྔགས་ པས་གྱུར་པ་སྟེ། གསལ་བར་བྱེད་པ་ནི་ཞི་བའི་དོན་རབ་ཏུ་གསལ་བར་བྱེད་པ་སྟེ་ནད་ཀྱི་ཟུག་རྔུ་སྲེད་པར་བྱེད་པའི་དོན་ནི་གཟི་བརྗིད་དང་ལྡན་པར་མཛོད་ཅིག །བདག་གི་ཞེས་པ་ནི་སྒྲུབ་པ་པོའི་འོ། །རེ་བ་ནི་དོན་དུ་གཉེར་བའི་ལས་སྒྲུབ་པའོ། །ཐོགས་པ་མེད་པའི་སྤྱན་ནི་སྒྲུབ་པ་པོ་དང་ བསྒྲུབ་བྱ་དང་། སྒྲུབ་པ་རྣམས་ལ་ཐམས་ཅད་རྗེས་སུ་སྒྲུབ་པར་བྱེད་པའི་ཞི་བའི་ལས་ཙམ་ནི་སྤྱན་ནོ། །ཐུགས་ལས་ཕྱུང་བ་ནི་སྔགས་ཀྱི་ཡི་གེར་གྱུར་པ་དེ་ཟླ་བའི་ཆ་ཤས་རྫོགས་པའི་ཁྱིམ་དེར་བསྟེན་པར་བསམ་པར་བྱ་ཞིང་ཤེས་པར་བྱའོ། །མཉེས་པ་ནི་ཞི་བ་ལས་འདས་པ་ཉིད་དུ་ སྒྲུབ་པ་ལའོ། །སེམས་རྩེ་གཅིག་པ་ཉིད་ནི་དགྱེས་པའི་མཚན་ཉིད་དོ། །བསྐུལ་བ་ནི་པུཥྚིཾ་ཀུ་བ་ཏི་ཞེས་བྱ་བ་ལ་སོགས་པའོ། །ཁ་དོག་ནི་སེར་པོ་ལ་སོགས་པའོ། །བསམ་པ་ནི་རྒྱས་པའི་སེམས་ལ་སོགས་པའོ། །ཤི་བ་སོས་པར་བྱེད་པ་ཞེས་པ་ནི། རྟོག་པར་གསུངས་པའི་རིམ་པས་ 31-1-137b སོ། །གཞན་དུ་ཡང་བཤད་པ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་གྱི་གཤིན་པོའི་སྙིང་གར་དེའི་མིང་ཡིག་དང་ནམ་མཁར་ཨཱཿཁ་དོག་དམར་པོ་པདྨ་འདབ་མ་བརྒྱད་པའི་ཟེ་འབྲུ་ལ་ཡང་དག་པར་བཀོད་ནས་པདྨ་ཟུམ་པ་དེ་ཉིད་དུ་སྤྱན་མའི་སྔགས་ ཀྱིས་ཡོངས་སུ་བསྐོར་བར་བྱས་ནས་སྦྲུལ་གྱི་ཞགས་པས་བཅིང་བར་བྱའོ། །དེའི་སྔགས་ཀྱི་འོད་ཟེར་རྣམས་ཀྱིས་མངོན་པར་དབང་བསྐུར་ཞིང་སྤྱན་མའི་སྔགས་ཀྱང་བཟླས་པས་ཁྱད་པར་དུ་འཚོ་བར་བྱེད་དོ། །སྐུལ་བར་བྱེད་དོ་ནི་རབ་ཏུ་བསད་པར་བྱེད་དོ། །སྐུ་གསུམ་ཞེས་བྱ་བ་ལ་ སོགས་པ་ནི་ལས་ཀྱི་གོ་འཕང་ངོ་། །སྐུ་གསུམ་དམ་ཚིག་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ཉིད་ཁྲོ་བར་བྱེད་དོ་ཞེས་པས་ཁྲོ་བོ་སྟེ་མི་བསྐྱོད་པའོ། །གང་ཡིན་པ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ཞེས་པ་ནི་ཡང་དེ་ཉིད་དོ། །བཅོམ་ལྡན་འདས་ཞེས་པ་ནི་མི་བསྐྱོད་པའི་ཏིང་ངེ་འཛིན་ལ་ སྙོམས་པར་ཞུགས་པའི་རྡོ་རྗེ་འཆང་ཆེན་པོའོ། །དངོས་པོ་ནི་བགེགས་རྣམས་སོ་ཞེས་པ་ནི། སྒྲུབ་པ་པོ་ཡིད་ལ་རྣམ་པར་འཚེ་བར་བྱེད་པའི་དོན་དུ་འབྱུང་པོའོ་ཞེས་བྱ་བ་ནས་སོ། །འདའ་བར་བྱ་བ་མ་ཡིན་པ་ནི་ཡིད་ཀྱིའོ། །བརྟན་པ་ཉིད་ཡིན་པའི་ཕྱིར་རྡོ་རྗེའོ། །བཙུན་མོའི་མཆོག་ ལྟ་བུར་ནི། ལྔ་པོ་རྣམས་ཤེས་པའོ། །གཟུངས་ཐམས་ཅད་ཀྱི་ཞེས་པ་ནི་རྡོ་རྗེའི་རིགས་དང་འབྲེལ་པ་རྣམས་ཀྱིའོ། །ཨོཾ་གྱི་དོན་ནི་བཤད་ཟིན་ཏོ་ཞེས་པ་ནི། སྤྱན་མའི་སྔགས་སུའོ། །གྷུ་ཊཱི་ནི་ཞེས་པའི་ཚིག་གཉིས་ནི་བོད་པ་ལའོ། །གྷཱུ་ཊ་གྷུ་ཊ་ཡ། ཞེས་པའི་ཚིག་གཉིས་ནི་བོད་པ་ལའོ། །མི་ ཕྱེད་པ་ནི་མཚུངས་པ་སྟེ། བསྒྲུབ་པར་བྱ་བ་ཡང་རྡོ་རྗེ་གསུམ་གྱི་བདག་ཉིད་ཅན་ཉིད་དུ་དམིགས་པའི་ཕྱིར་རོ། །མི་བསྐྱོད་པ་རྗེས་སུ་དྲན་པ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་གྱུར་པ་མི་བསྐྱོད་པ་ལ་དམིགས་ནས་སྔགས་བརྗོད་པས་སྲུང་བའི་རབ་ཏུ་སྦྱོར་བ་བྱའོ་ཞེས་མངོན་པར་དགོངས་སོ། ། སྲུང་བ་ཞེས་བྱ་བ་ལ་སོགས་པས་སྲུང་བའི་སྦྱོར་བ་དང་པོ་ལ་ལྟོས་ནས། འདི་ཆེན་པོ་ཉིད་དུ་སྟོན་པར་བྱེད་དོ། །རྟག་ཏུ་ཞེས་བྱ་བ་ལ་སོགས་པས་མངོན་པར་བརྗོད་བཞིན་པའི་སྲུང་བའི་སྦྱོར་བའོ། །སྐུ་གསུམ་དངོས་གྲུབ་བྱེད་པ་ཞེས་པ་ནི། ཆོས་ལ་སོགས་པའི་སྐུ་གསུམ་གྱི་བདག་ 31-1-138a ཉིད་ཅན་ཡིན་པ་ཉིད་ཀྱི་ཕྱིར། སྐུ་གསུམ་ནི་མི་བསྐྱོད་པའམ་བསྒྲུབ་བྱའི་ལུས་སོ། །དེ་སྲུང་བ་སྐྱེད་པར་བྱེད་པའོ། །དེ་འབའ་ཞིག་ཏུ་མ་ཟད་ཀྱི་ནད་ལ་སོགས་པའི་འཇིགས་པ་ཐམས་ཅད་ལས་སྲུང་བར་བྱེད་དོ་ཞེས། གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ སོ། །རིན་པོ་ཆེའི་རིགས་རྣམས་ཀྱི་ཡང་ཞེས་བྱ་བ་འདིས། རྒྱས་པ་ལ་ཡང་སྔར་བཞིན་དུ་རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་པ་དང་འདི་འབྲེལ་བར་སྟོན་པར་བྱེད་དོ། །པདྨའི་རིགས་ཅན་གྱི་ལྷ་མོ་ནི་ཁྲོ་གཉེར་ཅན་ལ་སོགས་པ་རྣམས་སོ། །བཙུན་མོའི་མཆོག་ཅེས་པ་འདིའི་དོན་ཁྱད་པར་དུ་ ཞེས་པ་ལ་སོགས་པ་གསུངས་སོ། །བསམ་གཏན་ནི་འོད་དཔག་མེད་ལ་དམིགས་པའོ། །ནོར་ཆེན་པོ་ནི་གསེར་ལ་སོགས་པའོ། །འབྲུ་ནི་ཡུངས་ཀར་ལ་སོགས་པའོ། །འཕེལ་བར་བྱེད་པ་ནི་སོར་མོ་བཟང་མོ་སྟེ། སྤྱན་མ་ལ་སོགས་པ་བཞིན་ནོ། །རིན་པོ་ཆེ་བརྒྱད་ཀྱི་བུམ་པས་རིན་ པོ་ཆེ་དང་འདྲེས་པ་འབྱིན་པར་བྱེད་པ་བསམ་པར་བྱའོ། །སྔགས་ཀྱི་པུཥྚིཾ་ཀུརྦཾ་ཏི་ཞེས་སྦྱར་བར་བྱའོ། །གསེར་དངུལ་གྱི་ཡི་གེ་ཕྱུང་ནས་བསྒྲུབ་བྱ་ལ་མངོན་པར་དབང་བསྐུར་ཞིང་རྒྱལ་བར་བྱའོ། །བཏོན་པ་ཙམ་གྱིས་ནི་ཆོ་ག་ཇི་ལྟ་བའི་ཚུལ་དུ་སྔགས་བརྗོད་པས་སོ། །འགྲུབ་པར་ འགྱུར་བར་ནི་རྟོག་པར་གསུངས་པའི་རིམ་པས་དངོས་གྲུབ་བྱེད་པར་འགྱུར་རོ། །འདི་ནི་ཞེས་པ་སྔགས་ཀྱི་བདག་ཉིད་ཅན་གྱི་གཟུགས་སོ། །སྐྱེས་བུ་གཙོ་བོ་ནི་བློན་པོའོ། །སྙིང་སྲ་བ་ནི་ཤིན་ཏུ་དམའ་བ་མ་ཡིན་པའི་སེམས་སོ། །རྣམ་པ་ཐམས་ཅད་དུ་ནི་ནོར་དང་འཁོར་ལ་སོགས་ པས་སོ། །འདིར་སྔགས་ཀྱི་ཡི་གེ་དམར་པོ་ཕྱུང་ནས་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །རྡོ་རྗེ་འཆང་གིས་གསུངས་སོ་ཞེས་པ་ནི། སྡུད་པར་བྱེད་པའི་ཚིག་གོ། །ན་མཱཿཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་ཚིག་བསྟན་པར་བྱ་བའི་ཕྱིར་སྔགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ཀྱི་བདག་ཉིད་ཅན་སྔགས་ནི་ལྷར་ངེས་པར་བརྗོད་པར་བྱའོ་ཞེས་མངོན་པར་བརྗོད་པའི་ཕྱིར་རོ། །འཕྲུལ་བ་ནི་གཡོས་པའོ། །གདུལ་བ་ཉིད་དུ་ཞེས་པ་ནི་འདུལ་བའི་དོན་དུ་འགུགས་པ་ཉིད་ཀྱི་ཕྱིར་རོ། །རྡོ་རྗེ་འཆང་ཆེན་པོ་རྗེས་སུ་དྲན་པ་ཞེས་པ་ནི། རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་གྱུར་ 31-1-138b པའི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་འདིར་ལས་ཀྱི་དབང་དུ་བྱས་པ་ཉིད་ཡིན་པའི་ཕྱིར་རོ། །མིང་གི་ཡི་གེ་ཞེས་པ་ནི། བུད་མེད་དེའི་རྣམ་པར་ཤེས་པ་བཀུག་པར་བསྒོམ་པར་གསུངས་སོ། །གཤིན་རྗེ་གཤེད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། ལུས་ནི་གོང་བུའོ། །དེ་ཉིད་ཀྱི་ཕྱིར་རླུང་གི་དཀྱིལ་ འཁོར་ལ་སོགས་པའི་སྦྱོར་བ་འདིར་བྱའོ། །རྐང་པ་དགུག་པའམ་གོང་བུ་འགུགས་པར་བྱེད་པའོ། །རྣམ་པར་སྣང་མཛད་ཅེས་པ་ནི། རྣམ་པ་སྣ་ཚོགས་པའི་རྣམ་པས་སྣང་བར་བྱ་ཞིང་གསལ་བར་བྱའོ་ཞེས་པས་རྣམ་པར་སྣང་མཛད་དེ། དྲུག་པ་རྡོ་རྗེ་འཆང་ཆེན་པོའོ། །ཕྱག་རྒྱ་ཆེན་པོའི་གཟུགས་ ནི་དོན་ཡོད་པའི་སྐུའོ། །དེ་དང་ཞེས་བྱ་བ་ལ་སོགས་པས་དོན་ཡོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་བདུད་རྩི་འཁྱིལ་པའི་སྔགས་གསུངས་པར་འགྱུར་རོ་ཞེས་སྟོན་པར་བྱེད་དོ། །མཁའ་དབྱིངས་ཞེས་བྱ་བ་ལ་སོགས་པ་ནི། མཐུ་ཕུལ་དུ་བྱུང་བ་ཞེས་པའི་བསམ་པ་མཆོག་གོ། །འདིར་ ཞེས་བྱ་བ་ལ་སོགས་པ་ལ། བསྒྲུབ་པར་བྱ་བ་ནི་བསམ་པར་བྱ་བའོ། །འབར་བར་བྱའོ་ཞེས་པ་ནི་ཉལ་བའི་ཁམས་ལ་སོགས་པ་རྣམས་ལས་རབ་ཏུ་སད་པར་བྱ་བའོ། །གོས་ཀྱིས་ཀྱང་བྱབས་པས་འོང་བར་འགྱུར་རོ། །ཟླ་བའི་སྟེང་དུ་ཞེས་པ་ནི་པདྨ་དཀར་པོ་འདབ་མ་བརྒྱད་པའི་སྟེང་དུའོ་ ཞེས་རྟོགས་པར་བྱའོ། །ལག་པའི་སོར་ཚིགས་རྣམས་ལ་ཞེས་པ་ནི་ལག་པ་གཡས་པའི་མཐེ་ཆུང་ལ་སོགས་པའི་སོར་མོའི་ཚིགས་རྣམས་ལ་ཨོཾ་ཞེས་བྱ་བ་ལ་སོགས་པ་རྣམས་དཀར་པོ་ཉིད་དུ་བསམ་པར་བྱའོ། །འོད་ཟེར་དཀར་པོ་རྣམས་ཀྱིས་ཞེས་པ་ནི་ཡི་གེ་ཧཾ་གིས་ཞེས་མངོན་པར་དགོངས་ སོ། །དོན་ཡོད་པ་ཞེས་བྱ་བ་ལ་སོགས་པ་ལ་དེ་ཉིད་ནི་འབྱུང་བ་དེ་ཉིད་དོ། །འབྱུང་བ་ཞེས་བྱ་བ་ནི་དབྱུག་པ་སྔོན་པོའོ། །འདི་ལས་ཞེས་པ་འབྱུང་བའོ། །དེ་ཉིད་ཀྱི་ཕྱིར་དཔལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་ཡོད་པ་བསྐྱེད་ནས་དབྱུག་པ་སྔོན་པོའི་སྔགས་བརྗོད་པར་བྱའོ་ཞེས་མངོན་པར་ དགོངས་སོ། །འཁོར་དང་བཅས་པས་ལྟུང་བྱས་པ་ནི་སྤྲུལ་པའི་འཁོར་ལོས་སོ། །གང་འདོད་པའི་ཞེས་པ་ནི་སྒྲུབ་པ་པོའི་ཞེས་པ་ལྷག་མའོ། །དེའི་ཡང་ཞེས་པ་ནི་བསྒྲུབ་བྱའི་གཟུགས་བརྙན་ནོ། །ཆུ་བོའི་ངོས་གཉིས་ཞེས་པ་ནི་རྒྱ་མཚོར་འབབ་པའི་ཆུ་ཀླུང་གིའོ། །གྲོག་མཁར་ཞེས་ 31-1-139a པ་ནི་གཞན་སའི་འོ། །བདུད་རྩི་ལྔ་ནི་བཤད་པ་ལ་སོགས་པའོ། །རྐང་པ་གཡོན་པ་ཡང་དག་པར་བསྐུམ་པས་སོ། །སྤྲིན་གྱི་དཔལ་ནི་སྤྲིན་ནག་པོའི་ཚོགས་ཀྱིས་གཟུགས་ཕུན་སུམ་ཚོགས་པའོ། །དེ་ཡང་ཆར་ཆད་པ་ནི་ཆར་པའི་བགེགས་སོ། །པདྨ་འདབ་མ་བརྒྱད་དང་ལྡན་པ་ རྣམས་ལ་ཤར་གྱི་འདབ་མ་ལ་ནོར་རྒྱས་ཀྱི་བུ་སེར་པོ། ལྷོ་རུ་པདྨ་དཀར་པོ། ནུབ་ཏུ་སྟོབས་ཀྱི་རྒྱུ་དམར་པོ། བྱང་དུ་འཇོག་པོ་ནག་པོ། མེར་པདྨ་ཆེན་པོ་སྔོ་བསང་། བདེན་བྲལ་དུ་མཐའ་ཡས་སྔོ་སྐྱའོ། །རླུང་དུ་རིགས་ལྡན་དཀར་པོ། དབང་ལྡན་དུ་དུང་སྐྱོང་སེར་པོའོ། །དགུག་པ་སྔོན་དུ་འགྲོ་བས་ཞེས་པ་ ནི། ཀླུའི་རྣམ་པར་ཤེས་པ་གཞུག་པ་སྔོན་དུ་འགྲོ་བས་སོ། །གཟུགས་བརྙན་གྱི་སྙིང་གའི་ནི་མཐའ་ཡས་ཀྱི་ཞེས་རྟོགས་པར་བྱའོ། །ཆུ་བོའི་ངོགས་གཉིས་ཀྱི་ཞེས་པ་ནི་སྔ་མ་བཞིན་ནོ། །དེ་བཞིན་གཤེགས་པ་ནི་གདུལ་དཀའ་བ་ཉིད་ཀྱི་དངོས་པོ་རྟོགས་པའི་ཕྱིར་རམ། གདུལ་དཀའ་བ་ཤེས་ པ་ཉིད་ཡིན་པའི་ཕྱིར་དེ་བཞིན་གཤེགས་པའོ། །ཊཀྐི་ཞེས་པ་འདིར་སྡུད་པར་རྟོགས་པའོ། །བདག་ཉིད་ཆེར་སྐྱེས་ཞེས་པ་རྣམ་པ་སྣ་ཚོགས་པའི་རྣམ་པས་བདག་ཉིད་ལས་སྐྱེས་དེ་ཉིད་དེ་ཆེན་པོའང་དེ་ཡིན་ལ་བདག་ཉིད་ལས་སྐྱེས་པའང་ཡིན་ནོ་ཞེས་པའོ། །དེ་བཞིན་དུ་རྡོ་རྗེ་འཆང་ཆེན་ པོ་ནི་དྲུག་པའོ། །རྡོ་རྗེ་ལྕགས་ཀྱུ་ཞེས་པ་ནི་བཙག་གིས་བྲིས་ལ་རྡོ་རྗེ་ལྕགས་ཀྱུས་བྱིན་གྱིས་བརླབས་པས་སོ། །ཏི་ཎི་ཏི་ཎི་ཞེས་པ་ནི་བསྐུལ་བའི་ཕྱིར་བཟླས་ཏེ་བརྗོད་པའོ། །ནོན་པོའི་སྒྲ་ནི་ཟད་པ་སྦྱིན་པ་ལས་ཐོབ་པ་ནི་ངེས་པའི་ཚིག་གི་གོ་ཆའི་ཚུལ་ལོ། །ཐོབ་པ་ཞེས་པ་ནི་སོ་སོར་མཐར་ཐུག་པར་ཞེས་ པ་ལྷག་མའོ། །རྡོ་རྗེ་འཆང་ཆེན་པོ་ནི་དྲུག་པའོ། །གྲོ་གའི་འདབ་མ་ལ་སོགས་པ་ལ་ཞེས་པ་ནི་སོགས་པའི་སྒྲ་ལས་ཏ་ལའི་འདབ་མ་ལ་སོགས་པ་དང་རས་ལ་སོགས་པ་གཟུང་ངོ་། །གི་ཝང་ལ་སོགས་པ་ཞེས་པ་འདིར་ཡང་གུར་གུམ་ལ་སོགས་པས་སོ། །མིང་གིས་མཚན་པ་ནི་བསྒྲུབ་པར་བྱ་བའི་ མིང་གིས་མཚན་པའོ། །རྣམ་པར་ཤེས་པ་དགུག་པ་སྔོན་དུ་འགྲོ་བ་རྡོ་རྗེ་ལྕགས་ཀྱུ་ཞེས་པ་ལ་སོགས་པ་སྔ་མ་བཞིན་ནོ། །དམ་ཚིག་ཅེས་པ་ལ་སོགས་པ་ལ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་པ་ལ་སོགས་པ་ལ། འདིར་རྡོ་རྗེ་འཆང་ཆེན་པོ་ནི་བྱེད་པ་པོའོ། །རྡོ་རྗེ་འཛིན་ཐམས་ཅད་ནི། དེ་བཞིན་ 31-1-139b གཤེགས་པ་ལ་སོགས་པ་ནས་ཁྲོ་བོའི་མཐར་ཐུག་པའོ། །གང་ཡིན་པ་ཞེས་པ་ནི་དྲུག་པའོ། །འདུལ་བས་ན་ཞེས་པ་ནི་འཇོམས་པར་བྱེད་པའི་ཕྱིར་ཏེ། པུ་དཀྵན་ནི་ཞེས་པ་འདིར་བྱིངས་ལའོ། །ངེས་པའི་ཚིག་གི་ཆོ་གས་སུམྦྷའོ། །ཁྲོ་བོ་ཆེན་པོ་ནི་སྔགས་ཀྱི་བདག་ཉིད་དོ། །འཁོར་རྣམས་ཞེས་ པ་ནི་སྔ་མ་བཞིན་ནོ། །བསྐུལ་བ་ནི་དེད་པར་བྱེད་པའོ། །སྔགས་སུ་གྲགས་པ་ནི་སྔགས་རྣམས་ཐམས་ཅད་ཟློས་པའི་དུས་སུ་དྲན་པར་བྱེད་པའི་དོན་ཏོ། །རང་གི་ཡེ་ཤེས་སེམས་དཔའ་འགུགས་པར་བྱེད་དོ་ཞེས་པ་ལྷག་མའོ། །ཞབས་ནི་འགུགས་པར་བྱེད་པའི་རྟེན་ཡིན་པའི་ཕྱིར་རོ། །མནན་ པ་ནི་བསྐོར་བའོ་ཞེས་པ་ཡེ་ཤེས་སེམས་དཔའ་བཅིངས་པའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཕུང་པོ་ལ་སོགས་པའི་ངོ་བོའོ། །ནང་ལ་མཆོག་ཏུ་གཞོལ་བ་ནི། རྫོགས་པའི་རིམ་པ་ལ་གནས་པའོ། །སློབ་བཞིན་པ་ནི་སྔགས་ལས་མཆོག་ཏུ་གཞོལ་བའོ། །ཚིག་ཏུ་བརྗོད་ པ་ནི་རྡོ་རྗེ་འཆང་ཆེན་པོའི་གསུང་ངོ་། །གཞན་དུ་མི་འགྱུར་བ་ཉིད་ནི་མངོན་པར་བརྗོད་བྱ་ལས་འཁྲུལ་པ་མེད་པའི་ཕྱིར་རོ། །བསྒྲུབ་པར་དཀའ་བ་ནི། དགུག་དཀའ་བ་འགུགས་པའོ། །ཞགས་པ་ལ་སོགས་པའི་རྣམ་པས་ཞེས་པ་ནི། ཞགས་པའི་རྣམ་པས་བཅིང་བའོ། །རྡོ་རྗེ་ ལྕགས་ཀྱུའི་རྣམ་པས་དགུག་པའོ། །འཛིན་ཞེས་པ་ནི་སྒྲུབ་པ་པོ་ངེས་པར་འཚོ་བར་བྱེད་པ་འཛིན་པའི་ཕྱིར་རོ། །གཞུག་པ་ཞེས་པ་ནི་སྒྲུབ་པ་པོའི་ལུས་ཀྱི་ནང་དུ་ཞེས་པའི་དོན་ཏོ། །དམ་པ་ཞེས་པ་ནི་སྔར་གསུངས་པ་ལ་ལྟོས་པས་སོ། །སངས་རྒྱས་ནི་སྟོན་པ་པོ་ཉིད་དུ་ཤེས་པ་པོ་ ཉིད་ཡིན་པའི་ཕྱིར་རོ། །ཡང་དང་ཡང་དུ་སྟོན་པ་པོ་ཉིད་ཡིན་པའི་ཕྱིར་གསུང་གི་ཚོགས་སོ། །དེའི་སྦྱོར་བས་བསྟན་པ་ནི་རྟག་ཏུ་ཡོད་པ་ཉིད་དོ། །བསྟན་པའི་དབང་དུ་བྱས་ནས་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀྱིལ་འཁོར་གྱི་བདག་པོ་ནི་མི་བསྐྱོད་པའོ། །ཐུགས་ ནི་བསྒྲུབ་བྱའི་སེམས་སོ། །རྡོ་རྗེ་ལྕགས་ཀྱུ་ནི་འོད་ཟེར་གྱི་ངོ་བོའོ། །རྡོ་རྗེ་སེམས་དཔའ་རྒྱལ་ཆེན་པོ་ནི་བསྒྲུབ་པར་བྱ་བ་ཡང་གནས་གང་ཡིན་པ་སྟེ། དཀྱིལ་འཁོར་གྱི་རྣམ་པ་བསྒོམ་པར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །ཐུགས་རྡོ་རྗེ་ནི་ཐུགས་ཀྱི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་རོ། །རྣམ་པར་ 31-1-140a སྣང་མཛད་ལ་སོགས་པའི་རྣལ་འབྱོར་པའི་ཡེ་ཤེས་སེམས་དཔའི་དབང་དུ་བྱས་ནས་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སྔ་མ་བཞིན་ནོ། །རིན་ཆེན་དང་དོན་ཡོད་དག་གིའང་འདིར་བྱའོ་ཞེས་མངོན་པར་བརྟག་པར་བྱའོ། །གང་དང་གང་གི་མཚན་མ་ཡིན་པ་དེ་ དང་དེ་ནི་རང་གི་མཚན་མར་འགྱུར་རོ། །རྡོ་རྗེ་སེམས་དཔའི་རྣལ་འབྱོར་པ་ནི་མི་བསྐྱོད་པའི་རྣལ་འབྱོར་པའོ། །བསྒོམས་ནས་ཞེས་པ་ནི། བཀུག་པའི་ངོས་རྣམས་སུའོ། །རླུང་གི་ཞེས་པ་ནི་སྣ་ཚོགས་རྡོ་རྗེའི་འོག་ཏུ་གནས་པའོ། །ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་ཡོངས་སུ་གྱུར་པས་ འཁོར་ལོ་སྟེ་མཚན་མས་དགུག་པའི་སྐབས་ཡིན་པ་ཉིད་ཀྱི་ཕྱིར་རོ། །བདུད་རྩི་འཁྱིལ་པས་སྒྲུབ་པ་པོ་ངེས་པར་འབྱུང་བས་ཞེས་གསུངས་པའི་རབ་ཏུ་སྦྱོར་བ་ཡང་སྦྱར་བར་བྱའོ། །བདུད་རྩི་འཁྱིལ་པ་ཞེས་བྱ་བ་ལ་སོགས་པ་ཡང་རྡོ་རྗེ་ལྕགས་ཀྱུ་བསམས་ནས་ཞེས་པ་ནི་འདིར་རིན་ཆེན་ འཁོར་ལོ་དབང་པོའི་རྣལ་འབྱོར་པའོ་ཞེས་མཚོན་པར་བྱའོ། །དེ་ཉིད་ཀྱིས་ནི། རྡོ་རྗེ་ལྕགས་ཀྱུ་དེ་ཉིད་ཀྱིས་སོ། །བསྐུལ་བ་ནི་ཡང་དག་པར་བཏེག་ཅིང་ཀུན་དུ་དྲངས་པར་བྱས་ཞེས་འདིར་བལྟ་བར་བྱའོ། །མདུང་ཞེས་པ་ནི་འདི་མཚན་མ་མདུང་ངོ་། །རླུང་གི་དཀྱིལ་འཁོར་ལ་བསྐྱོན་ཞེས་པ་ནི། གནོད་མཛེས་ཉིད་ཀྱིས་སོ། །བཙག་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ནི་མཚལ་ལ་སོགས་པ་དམར་པོའི་མཚན་ཡོངས་སུ་བཟུང་བའི་དོན་ཏོ། །རྡོ་རྗེ་ལྕགས་ཀྱུའི་རྣམ་པ་ངེས་པར་བྱུང་བ་ཞེས་པ་འདིར་ལྷག་མའོ། །ཁར་ནི་རང་གི་ཁར་རོ། །ཆོས་འབྱུང་བ་ནི་རིགས་ལྔའི་བུད་མེད་ རྣམས་ཀྱིའོ། །བཏོན་པ་ནི་བཀུག་པའོ། །གྲོ་བ་ལ་སོགས་པའི་མཚན་མ་མི་གཡོ་བར་བརྟགས་ནས་ས་དང་མ་འདྲེས་པར་རོ། །ཡང་དག་པར་བསྲུངས་ཏེ་ཞེས་པ་མི་གཡོ་བའི་སྔགས་ལས་བསྐྱེད་པ་སྟོན་པར་བྱེད་དོ། །མིང་རྣམས་བྲིས་ལ་ཞེས་པ་ནི་དྲག་པོ་ཁུག་ཅིག་ཅེས་བྱ་བ་ལ་སོགས་པའོ། རྡོ་རྗེ་གསུམ་ཞེས་བྱ་བ་ལ་སོགས་པས་ནི་དཔེའོ། །མཚན་ཐམས་ཅད་དང་ལྡན་པ་ཞེས་བྱ་བ་ནི་མཚན་སུམ་ཅུ་རྩ་གཉིས་པོ་རྣམས་དང་། དཔེ་བྱད་རྣམས་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །འཇམ་དཔལ་ནི་དྲུག་པའོ། །ལོངས་སྤྱོད་རྫོགས་པའི་གཟུགས་དང་སྔགས་དང་དཀྱིལ་འཁོར་དུ་གནས་པའི་ 31-1-140b འཇམ་དཔལ་ཕྱུང་ནས་རྗེས་སུ་འཇུག་པར་བྱའོ། །དེ་སྤྲོ་སྟེ་ནི། རང་གི་ལུས་ལས་ངེས་པར་ཕྱུང་ནས་སོ། །དེ་ཡོངས་སུ་གྱུར་པ་ནི་གཤིན་རྗེ་མཐར་བྱེད་ཡོངས་སུ་གྱུར་པའོ། །དེ་ནས་ནི་དེའི་བར་མ་ཆད་པར་རོ། །མེའི་དཀྱིལ་འཁོར་ནི་ཡི་གེ་ཧཱུཾ་ལས་སྐྱེས་པའམ་རཾ་ལས་སྐྱེས་པའོ། །གཞག་སྟེ་ཞེས་ པ་ནི་གཤིན་རྗེ་མཐར་བྱེད་མེའི་དཀྱིལ་འཁོར་དུའོ། །རླུང་གིས་ཞེས་པ་ནི་མེའི་དཀྱིལ་འཁོར་གྱི་འོག་ཏུ་གནས་པས་སོ། །དེ་ལས་བབས་ནས་དམ་ཚིག་གིས་བཅིངས་ཏེ་ཉེ་བར་ལོངས་སྤྱད་པར་བྱས་ན་གཞན་དུ་མི་འགྱུར་རོ། །རྣམ་པ་གཉིས་ཞེས་པ་ནི་བསྐྱེད་པ་དང་རྫོགས་པ་གསུངས་པའི་ དབྱེ་བས་སོ། །ལྔ་པོ་རྣམས་ཀྱིས་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པ་ལྔ་པོ་རྣམས་ཀྱིས་ཏེ། དེ་ཉིད་ཀྱི་ཕྱིར་འདི་རྣམས་ཀྱི་རིགས་ཅན་རྣམས་ཀྱང་རིགས་ཀྱི་དབང་ཕྱུག་གི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཐམས་ཅད་ཀྱི་ཚེ་དྲུག་པ་ལ་དམིགས་པར་བྱ་བའོ། །དགོས་པ་རྒྱ་ཆེ་བ་མི་བསྐྱོད་ པ་ལ་སོགས་པ་རྣམས་སོ་ཞེས་རྟོགས་པར་བྱའོ། །རྣམ་པར་འཁྲུལ་པ་ནི་དོན་གྱི་བྱ་བ་ཐམས་ཅད་ཀྱི་རྣམ་པའོ། །དེ་ཉིད་ཀྱི་ཕྱིར། སྣ་ཚོགས་རྡོ་རྗེའོ། །མཚན་མའི་གཟུགས་སམ་གདན་ཡང་རུང་ངོ་། །གནས་སྐབས་ཀྱི་ཁྱད་པར་ནི། དོན་ཡོད་གྲུབ་པ་ལ་དམིགས་པ་སྟེ། རྡོ་རྗེའི་རང་བཞིན་ནི་ ཡེ་ཤེས་བདག་ཉིད་ཅན་ཡིན་པ་ཉིད་ཀྱི་ཕྱིར་རོ། །དཀྱིལ་འཁོར་པ་རྣམས་ནི། དེའི་རིགས་ཅན་གྱི་ལྷ་མོ་རྣམས་སོ། །གཙོ་བོ་ནི་སྒྲོལ་མའི་རང་བཞིན་ཉིད་ཡིན་པའི་ཕྱིར་དང་། དེའི་བདག་ཉིད་ཅན་གྱི་ངོ་བོའོ། །ཡང་ཡང་སྣ་ཚོགས་པའི་གཟུགས་འཛིན་པ། ཐུན་མོང་མ་ཡིན་པའི་ཡོན་ཏན་དང་ལྡན་ པ་ཉིད་ཀྱི་ཕྱིར་རོ་གཞན་གྱི་དབང་དུ་གྱུར་པ་ནི། བདག་ཉིད་ཀྱི་སེམས་ལ་ཀུན་དུ་གནས་པ་མ་ཡིན་པའོ། །སྔར་གསུངས་པའི་རིམ་པས་ནི་བདུད་རྩི་འཁྱིལ་པའི་སྔགས་བརྗོད་པའི་རིམ་པས་སོ། །མིང་དང་སྤེལ་ཏེ་བརྗོད་པར་བྱ་བ་ཡང་ངོ་། །རྡོ་རྗེ་ལྕགས་ཀྱུ་ནི་བཙག་གི་མཚན་མས་ ཡང་དག་པར་བཀུག་ནས་དེའི་འོག་ཏུ་དམ་ཚིག་གི་སྣ་ཚོགས་པ་ཉེ་བར་ལོངས་སྤྱོད་པར་བྱའོ། །གང་དུ་ཞེས་པ་ནི་ཏིང་ངེ་འཛིན་དེའི་རིགས་དང་ལྡན་པ་ནི་ལྷ་མོ་རྣམས་སོ། །དེ་རྣམས་སུ་ནི་རིགས་རྣམས་སུའོ། །བུད་མེད་ཀྱི་ཐོད་པ་ཞེས་བྱ་བ་ལ་སོགས་པ་ལ་བཤད་མ་ཐག་པའི་སྔགས་ཀྱི་ 31-1-141a མན་ངག་གིས་མཚུངས་པར་སློབ་པ་ནི་སྔགས་རྣམས་སོ། །དགུག་པ་ལ་སོགས་པའི་ལས་རྣམས་བྱའོ་ཞེས། དེའི་དངོས་གྲུབ་སྔགས་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བུད་མེད་དང་སྐྱེས་པ་དང་མ་ནིང་གི་དབྱེ་བས་ནི་གཞན་མ་ཡིན་པས་སོ། །དེ་རྣམས་ ལས་བྱུང་བ་ནི་ཏིང་ངེ་འཛིན་དེ་དང་སྔགས་རྣམས་མངོན་པར་བརྗོད་པ་ལས་སོ། །རྡོ་རྗེ་སློབ་དཔོན་ནི་རྡོ་རྗེ་ལྟ་བུར་དེའི་ཡན་ལག་ཉེ་བར་སྟོན་པར་བྱེད་པ་པོའམ། མི་བསྐྱོད་པའོ། །བྱང་ཆུབ་ཅེས་པ་ནི། གསོད་པ་རྣམ་པར་དག་པ་ལ་དམིགས་པའི་ཕྱིར་རོ། །ཕྱོགས་བཅུའི་ཞེས་བྱ་བ་ལ་སོགས་པ་ངེས་པ་ ཁོ་ནར་བརྗོད་པར་བྱའོ། །དེའི་ཕྱིར་དྲི་བར་བྱེད་པ། གང་ལ་ཞེས་པ་ལ་སོགས་པ་སྟེ། སྣ་ཚོགས་རྡོ་རྗེ་ནི་ནག་པོའོ། །གལ་ཏེ་ཡང་ཁྲོ་བོའི་སྔགས་རྣམས་ཀྱི་རང་རང་སོ་སོའི་ལས་ཀྱི་ཁྱད་པར་མངོན་པར་གསུངས་པ་དེ་བཞིན་དུ་ཡང་བསྐུལ་ཚིག་སྦྲེལ་བ་དང་བསམ་པའི་ཁྱད་པར་ཡིད་ལ་བྱ་བར་ གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་དུ། གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོའི་ང་རྒྱལ་དམིགས་ཏེ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་གྱུར་པ་ལས་དེ་དང་དེར་གྱུར་པའོ། །དེ་རྣམས་ཞེས་པ་ནི་གཅིག་གི་ཡང་ངོ་། །གནས་ནི་དེ་ དག་སེམས་རབ་ཏུ་དང་བ་འདོད་པའི་རྣམ་པར་རོ། །བསྒྲུབ་པར་བྱ་བའི་རྐང་རྗེས་ཀྱིས་ཞེས་པ་ནི། སྣབས་ལ་སོགས་པ་དང་། གཅིན་དང་། བཤང་བའི་གོང་བུའོ། །བདག་ཉིད་རྡོ་རྗེ་འཆང་ཉིད་དུ་ངེས་པར་སྟོན་པར་བྱེད་དོ་ཞེས་པ་ནི། རྡོ་རྗེ་འཆང་ཉིད་ཁྲོ་བོའི་གཟུགས་ལ་སོགས་པར་གྱུར་པའི་ཕྱིར་རོ། ། རྣམ་པར་སྣང་མཛད་ལ་སོགས་པ་དམིགས་པས་ཞེས་པ་ལ་འདིར་སོགས་པའི་སྒྲ་ལས་རིན་ཆེན་དབང་པོ་ལ་སོགས་པ་རྣམས་བསྡུས་སོ། །ཟླ་བ་ཞེས་པ་ལ་སོགས་པ་ལ་མི་བསྐྱོད་པའི་སྦྱོར་བ་ཡིས་ཞེས་པ་སྔར་བཤད་པ་དེ་འདིར་གསུངས་སོ། །རྣམ་པར་སྣང་མཛད་ཅེས་པ་ལ་སོགས་པ་ནི་ཆོ་ག་ གཞན་ནོ། །བདུད་རྩི་འཁྱིལ་པ་ཉིད་ཕུར་བུ་ཞེས་པའི་དོན་ཏོ། །ཕུར་བུའི་ཆོ་ག་ཤེས་པས་ཕུར་བུས་གདབ་པའི་གནས་གང་ཞེ་ན། གསུངས་པ། ཕུར་བུའི་ཆོ་ག་ཤེས་པ་ཡང་ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའ་ཞེས་པའི་དོན་ནོ། །འདིའི་བཤད་པ་ནི། སྒྲུབ་པ་པོ་ཞེས་བྱ་བ་ལ་སོགས་པས་སྦྱོར་ 31-1-141b བའི་བདག་ཉིད་ཆེན་པོ་སྟོན་པར་བྱེད་དོ། །རྣམ་པར་སྣང་མཛད་ཆེན་པོ་ཞེས་པ་ལ་སོགས་པས་བསྒྲུབ་པར་བྱ་བ་ལ་དམིགས་པ་དང་ལྡན་པའོ། །འབར་བའི་རྡོ་རྗེ་ནི་འོད་ཟེར་ལྔ་དང་ལྡན་པ་སྟེ། སྒྲུབ་པ་པོ་དང་སྒྲུབ་པའི་འཁོར་ལོ་ནི་ལྷ་དང་ལྷ་མོའི་སྐུའི་དཀྱིལ་འཁོར་གྱི་འཁོར་ལོ་འབར་བ་སྟེ་འོད་ཟེར་ དམར་པོ་དང་ལྡན་པ་ཉིད་ཡིན་པའི་ཕྱིར་དང་ལྷའི་གཟུགས་ལ་དང་སྔགས་དང་དབྱེར་མི་ཕྱེད་པའི་ཕྱིར་རོ། །གསུངས་པ་གང་ཡིན་པ་ཞེས་པ་སྟེ། གནས་ལས་སྐྲོད་པར་འགྱུར་བ་ནི་གལ་ཏེ་རྣལ་འབྱོར་པ་དམན་པར་གྱུར་པའོ། །དེ་ལས་གཞན་ཡང་དཔལ་གྱི་ཁམས་ནམ་མཁའ་དང་རླུང་ལས་རབ་ ཏུ་བྱུང་བ་ཉིད་ཡིན་པའི་ཕྱིར་རོ། །ངག་གི་སྤྲོས་པ་ཞེས་པ་ནི། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྕེ་ལ་གནོད་པར་བྱེད་དོ་ནི་ལྐུགས་པའི་དངོས་པོར་འགྱུར་བའོ། །སྙིང་ལ་གནོད་པར་བྱེད་དོ་ནི་སེམས་དང་སེམས་བྱུང་བ་དང་བྲལ་བའི་ཕྱིར་རོ། །སངས་རྒྱས་ནི་རྫོགས་པའི་རིམ་པ་ལ་གནས་ པ་ཞེས་པ་ལ་སོགས་པས་སྔར་གསུངས་པ་སྟོན་པར་བྱེད་དོ། །ཅི་ལྟར་སྐུ་དང་གསུང་དང་ཐུགས་རྣམས་ཅི་ལྟར་ཡིན་ཞེ་ན། གཅིག་ཏུ་གྱུར་པས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་སྐུ་ལ་སོགས་པ་གཅིག་ཏུ་གྱུར་པའི་རང་བཞིན་དེ་བྱང་ཆུབ་ཀྱི་སེམས་རྡོ་རྗེའོ། །སྐུ་ལ་སོགས་ པ་དེ་རྣམས་ཀྱིས་རང་བཞིན་གྱི་ཆ་ལ་དམིགས་ནས་ཚར་གཅོད་པར་བྱེད་པ་དེའི་ཕྱིར། སྐུ་དང་གསུང་དང་ཐུགས་རྨད་དུ་བྱུང་བ་ཞེས་སྦྱར་བར་བྱའོ། །བཤད་ཟིན་པ་དང་མ་བཤད་པའི་ཞེས་བྱ་བ་ལ་སོགས་པ་ལ་དང་པོའི་བརྗོད་བྱ་ནས་བརྩམས་ནས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལས་ཀྱི་དངོས་གྲུབ་ཀྱི་ ཡན་ལག་ཉིད་དུ་གསུངས་སོ། །ད་ནི་དེའི་དབང་དུ་བྱས་ནས་ཞི་བ་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་འཆང་ཆེན་པོ་ནི་དྲུག་པའོ། །མི་འགྱུར་ཆེ་ནི་འགྱུར་བ་ནི་ཀུན་ཏུ་གཡོ་བའོ། །འགྱུར་བ་མེད་པས་ན་མི་འགྱུར་བའོ། །རྣམ་པར་མི་འཇིགས་པ་ཞེས་པ་ནི། དངོས་པོ་དེ་དང་དེ་སྐྱེ་བའི་དངོས་ པོ་མེད་པའོ་ཞེས་པའོ། །ཐམས་ཅད་དབང་བསྐུར་ཞེས་པ་ནི་རིགས་ལྔ་པོ་རྣམས་ཐམས་ཅད་ཀྱི་མངོན་པར་དབང་བསྐུར་ཞིང་རྒྱས་བཏབ་པ་ནི་ཐམས་ཅད་དབང་བསྐུར་རོ། །རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔ་པོ་དེས་ཀྱང་ཞེས་པ་རྣམ་པར་སྣང་མཛད་ལ་སོགས་པ་ལྔ་ 31-1-142a པོ་ཡི་ཡང་ངོ་། །མངོན་པར་དབང་བསྐུར་ཞིང་རྒྱས་འདེབས་པ་ནི་དྲུག་པའོ། །གནས་པ་ལ་སོགས་པ་ལེའུ་བརྒྱད་པར་གསུངས་པའི་ལྷག་མའི་ལྷག་མ་གཅིག་གཉིས་ལོ་ལོན་ཞེས་གསུངས་པས་སོ། །ཁྱད་པར་གཞན་གྱི་དབང་དུ་བྱས་ནས་མཚན་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་ པ་གསུངས་སོ། །མངོན་པར་འདོད་པའི་དོན་ནི་དེ་ཁོ་ན་ཉིད་ལ་མངོན་དུ་ཕྱོགས་པར་བྱེད་པའོ། །རིགས་ལྔ་ནི་མི་བསྐྱོད་པ་ལ་སོགས་པའི་རིགས་རྣམས་སོ། །དེ་བཞིན་གཤེགས་པ་ལྔའི་དབང་དུ་བྱས་ནས་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ གྱིས་ཞེས་པ་ནི། རྡོ་རྗེ་སེམས་དཔའ་ནི་དྲུག་པའོ། །དེ་ལ་ཏིང་ངེ་འཛིན་གང་ཡིན་པ་ཡང་ཕྱུང་ནས་རྗེས་སུ་ཞུགས་པ་ཞེས་པ་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཏེ་རྣམ་པར་སྣང་མཛད་དོ། །དེར་རིན་ཆེན་དཔལ་དང་མཚུངས་པར་འགྱུར་རོ་ནི་དེ་ལ་དམིགས་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་སྦྱོར་བ་དེ་དང་ལྡན་ པས་ཞེས་གསུངས་ཏེ། ས་བཅུའི་དབང་ཕྱུག་ཏུ་འགྱུར་རོ་ཞེས་པ་ནི། སྣང་བ་གསུམ་པོ་ལ་དམིགས་མ་ཐག་ཏུ་འོད་གསལ་བ་དམིགས་པ་ཉིད་ཀྱི་ཕྱིར་རོ། །རྟོག་པའི་རྣལ་འབྱོར་ཡིན་པའི་ཕྱིར་རོ་ཞེས་པ་ནི། བརྟགས་པའི་རྣལ་འབྱོར་ལ་དམིགས་མ་ཐག་ཏུ་འོད་གསལ་བ་ཉིད་ལ་དམིགས་པའི་ ཕྱིར་རོ། །མངོན་པར་བྱང་ཆུབ་པའི་རིམ་པས་ནི། རིམ་པ་བཞི་པར་སོ་སོར་བསྟན་པའི་རིམ་པས་སོ། །ཕྱིའི་དབང་དུ་བྱས་ནས། རྡོ་རྗེ་ཉི་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཚམས་ཀྱི་དུས་ཞེས་པ་ནི་ཉི་མའི་མཐར་སྐྱེས་པའོ། །ལུང་ཕོག་པ་རྣམས་ཀྱི་ཞེས་མང་པོའི་ཚིག་ནི་ཡན་ལག་ བཞི་ཉིད་ཡིན་པའི་ཕྱིར་ལུང་ཕོག་པའོ། །སྙོམས་པར་འཇུག་པ་ཞེས་པ་ནི། ནང་གི་ཤེས་རབ་མ་ལའོ། །དེ་ཉིད་ཀྱི་ཕྱིར་ཤེས་རབ་ཀྱི་ངོ་བོ་ཉིད་དུ་གྱུར་པ་ཞེས་གསུངས་ཏེ། བྱུང་བ་སྟེ་སྐྱེས་པར་གྱུར་ནས་སླར་ཡང་ནུབ་པའོ། །སྐྱ་རེངས་འཆར་བ་ནི་མ་རིག་པ་སྟེ་སྣང་བ་ཉེ་བར་ཐོབ་པ་ཉིད་དོ། །སྟོབས་ བཅུ་ཞེས་པ་ནི་རྡོ་རྗེ་སྙིང་པོའི་རྒྱུད་དུ་གསུངས་པ་ཡང་གནས་དང་། གནས་མ་ཡིན་པ་མཁྱེན་པའི་སྟོབས་ནས་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཇི་སྲིད་པར་རོ། །མི་འཇིགས་པ་བཞི་ནི་བདག་ལ་ཡང་དག་པར་རྫོགས་པར་སངས་རྒྱས་པར་ལྡན་ནོ་ཞེས་དམ་བཅས་པ་ལ།ཆོས་འདི་དག་མངོན་པར་ 31-1-142b རྫོགས་པར་སངས་རྒྱས་སོ། །བདག་གི་ཟག་པ་ཟད་པ་ལ་ཟག་པ་མ་སྤངས་པ་དང་། གང་སླར་ཡང་བར་ཆད་ཀྱི་དབང་དུ་བྱས་པའི་ཆོས་ཡང་དག་པར་བཤད་པ་དེ་དག་སོ་སོར་སྟོན་བཞིན་པ་ནི་སྡིག་པ་བར་ཆད་དུ་འགྱུར་བའི་གནས་མེད་དོ། །བདག་གིས་འཕགས་པར་ངེས་པར་འབྱུང་བའི་ལམ་ བཤད་པ་དེ་ལ་ངེས་པར་འབྱུང་བ་མ་ཡིན་ནོ་ཞེས་འདིར་དེ་ལྟ་བུའི་ཆོས་དང་མཐུན་པའི་རྒོལ་བ་ལྷའམ་བདུད་དམ་དེ་དག་ཡོད་པ་མ་ཡིན་ནོ། །འདི་དག་གི་བཤད་པ་ནི། དབུ་མ་ལ་འཇུག་པར་ཤེས་པར་བྱའོ། །ཕྱག་རྒྱ་ཆེན་པོ་ཞེས་པ་ནི་ཡེ་ཤེས་ཀྱི་སྐུའོ། །སངས་རྒྱས་མཚན་གྱིས་ནི། རྡོ་རྗེ་སྙིང་པོ་ རྒྱན་གྱི་རྒྱུད་དུ་གསུངས་པའི་ཕྱག་དང་ཞབས་ཉིད་རྩིབས་སྟོང་དང་མུ་ཁྱུད་དང་ལྟེ་བར་བཅས་པའི་འཁོར་ལོས་བརྒྱན་པ་དང་། ཕྱག་དང་ཞབས་ཤིན་ཏུ་གནས་པ་ལ་སོགས་པ་ཞེས་ཉེ་བར་མཚོན་པར་བྱད་དོ། །དཔེ་བྱད་བརྒྱད་ཅུ་པོ་རྣམས་ཉེ་བར་མཚོན་པར་བྱེད་དོ། །སྟོང་གསུམ་ལ་སོགས་པའི་སྒྲ་ ལས་སྟོང་གཉིས་དང་སྟོང་གཅིག་པ་རྣམས་གཟུང་ངོ་། །དེ་ལྟར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་མངོན་པར་བརྗོད་ནས་ཞི་བ་ཅན་ལ་སོགས་པའི་ལས་རྣམས་འདི་དང་འབྲེལ་པར་དབང་པོ་གཉིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དབང་པོ་གཉིས་ཀྱིས་རབ་ཏུ་སྦྱོར་བའི་ཐབས་སུ་བཤང་གཅི་ཞེས་བྱ་ བ་ལ་སོགས་པ་གསུངས་ཏེ། འདི་ལྔར་ཉེ་བར་བསྟན་པའི་སྤྱོད་པ་དང་འབྲེལ་ལོ། །སོ་སོར་སྡུད་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡང་ངོ་། །རྡོ་རྗེ་འཆང་ཆེན་པོ་ནི་དྲུག་པ་སྟེ་དེ་མི་བསྐྱོད་པའི་ཏིང་ངེ་འཛིན་ལ་གནས་པ་ཁྲོ་བོ་ཕྱུང་ངོ་ཞེས་སྦྲེལ་ལོ། །སྡོང་བུ་དང་ལོ་མ་ལ་སོགས་པ་ཞེས་པའི་ སོགས་པ་ནི་འབྲས་བུ་དང་མེ་ཏོག་ཞེས་བྱ་བ་ལ་སོགས་པ་སྟེ། འབྲས་བུ་དང་མེ་ཏོག་ལ་སོགས་པ་ཡང་དག་པར་བསྡུས་པའི་དོན་ཏོ། །སྦྱར་བ་ཞེས་པ་ནི་མར་དང་སྦྲང་རྩི་མཉམ་པ་ལ་སོགས་རིག་པ་གཞན་དང་གཞན་པའི་རྫས་ཀྱིས་བྱས་པའི་དུག་གོ། །ཁྲོ་བོ་གང་ཡང་རུང་བའི་སྦྱོར་བ་དང་ ལྡན་པས་ཞེས་པ་ནི་གསུངས་པ་ཡང་། ཐོག་མར་ལས་ཀུན་བྱེད་པ་དང་། །སྔགས་པ་རབ་བརྗོད་དམིགས་ལས་སྐྱེས། །ཞེས་སོ། །ཏིལ་མར་ལ་སོགས་པས་ཞེས་པའི་སོགས་པ་ནི། སྡོང་བུ་དང་འདབ་མ་ལ་སོགས་པའི་དུག་ཡང་དག་པར་གཟུང་ངོ་། །བསྒོས་ནས་ཞེས་པ་ནི་དེ་རྣམས་ 31-1-143a གཅིག་ཏུ་བྱས་ནས་སོ། །དཔུང་ལ་སོགས་པ་རྣམས་ཞེས་པ་ལ་སོགས་པ་ལ་ཤིང་རྟ་ལ་སོགས་པ་རྣམས་སོ་ཞེས་སོ་སོར་སྟོན་པར་བྱེད་དོ། །དམ་ཚིག་ཆེན་པོ་ནི་མི་བསྐྱོད་པའི་གཟུགས་སོ། །ཁྲོ་བོ་ནི་གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་བའོ། །རྣམ་པར་བསྒོམས་ལ་ཞེས་ པ་ནི་མེ་ལྷའི་ཐུགས་ཀ་རུའོ། །རང་རང་གི་ཆོ་གས་ཞེས་པ་ནི་སྔར་གསུངས་པའི་དགྲའི་དཔུང་པ་འོག་ཏུ་སོང་བར་བསྒོམས་ནས་དེའི་སྟེང་ནས་རི་རབ་ལྟ་བུའི་ཁྲོ་བོས་བཙིར་བར་བསྒོམ་པར་བྱའོ་ཞེས་པ་ལ་སོགས་པའོ། །དགུག་པའི་ཆོ་ག་ནི་རྒྱུད་གཞན་དུ་གསུངས་པའི་རིམ་པས་བྱའོ། །ལས་འདིའི་ བྱ་བ་སོ་སོའི་ངོ་བོ་བསྟན་པའི་ཕྱིར། སངས་རྒྱས་རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ལག་པས་ནི་གཡོན་པས་མངོན་སུམ་ཉིད་དུ་ཞེས་པའོ། །སྒྲུབ་པ་པོ་ནི་གསུམ་གསུམ་དུ་གནས་པའི་ཕྱིར་རོ། །ཡང་ན་ཞེས་བྱ་བ་ལ་སོགས་པས་ཕྱི་རོལ་གྱི་ཚོགས་པ་ལ་མི་ལྟོས་པ་ཉིད་ དུ་སྟོན་པར་བྱེད་དོ། །ཡི་གེ་ཨོཾ་ལས་བྱུང་བའི་འོད་ཟེར་ནག་པོ་འབར་བས་ཀུན་ནས་ཁྱབ་པས་འཛག་ཅིང་སོ་སོར་འཇོམས་པ་སྟེ་སོ་སོར་འཇོམས་པར་ནུས་པའོ། །རང་གི་ལག་ན་གནས་པའི་མཚོན་ཆ་རྣམས་ཀྱིས་ནི་པདྨ་ལ་སོགས་པ་རྣམས་ཀྱིས་སོ། །རྟ་མགྲིན་སྤྲོས་ནས་ངེས་པར་གནོད་མཛེས་ལྟར་བཀའ་བསྒོས་ཏེ། ནོར་རྒྱས་ཀྱི་བུ་ལ་སོགས་པ་རྣམས་བརྡུང་བར་བྱའོ། །རང་གི་ལག་ན་གནས་པའི་མཚོན་ཆ་ལ་སོགས་པ་རྣམས་ཀྱིས་སོ་ཞེས་པའོ། །འགག་པར་འགྱུར་བ་ནི་ཕྱི་མ་བཞིན་ནོ་ཞེས་པའོ། །སློབ་དཔོན་གྱིས་བྱ་བར་གསུངས་པའི་རབ་ཏུ་སྦྱོར་བ་ལ་རྗེས་སུ་ཆགས་པར་སངས་རྒྱས་རྣམས་ཀྱང་ཞེས་བྱ་བ་ ལ་སོགས་པ་གསུངས་ཏེ། སྔགས་དང་སྤེལ་བར་གསུངས་པའི་རབ་ཏུ་སྦྱོར་བས་ཕཊ་ཅེས་པ་འདིའི་ནག་པོ་ཉིད་དུ་རབ་ཏུ་ཐོབ་པའོ། །ཡེ་ཤེས་ཞེས་པ་ལ་སོགས་པས། རང་གི་ངོ་བོ་སྟོན་པར་བྱེད་དོ། །རྡོ་རྗེ་འཆང་ཆེན་པོའི་སྐུ་ནི་དྲུག་པའི་སྐུའོ། །བུད་མེད་བཞི་ཞེས་པ་ནི་གཟུགས་རྡོ་རྗེ་ལ་ སོགས་པའོ། །དེ་ནས་པདྨོ་རབ་ཏུ་རྒྱས་བྱས་ཞེས་པ་ནི། རབ་ཏུ་དབྱེ་བ་ཞེས་པའི་དོན་ནོ། །དེ་ཉིད་ཀྱི་ཕྱིར་སྒོའི་པདྨ་ཡང་དགའ་བས་ཤིན་ཏུ་ཕུལ་དུ་བྱུང་བར་མངོན་པར་གསལ་བར་བྱེད་དོ། །བྱས་ནས་ཞེས་པ་རྗེས་སུའོ། །གང་ཐུགས་རབ་ཏུ་དང་བ་མ་ཡིན་པར་དགའ་བ་མངོན་པར་གསལ་བར་ 31-1-143b བྱེད་པ་ནི་མ་ཡིན་ནོ། །ལྔ་པོའི་བདག་ཉིད་ཅན་ནི་བཤད་པ་ཁོ་ནའི་རྗེས་སུའོ། །རྡོ་རྗེ་ཅན་གྱི་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡུལ་རྣམ་པ་གསུམ་ཞེས་པ་ནི་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་དང་བཏང་སྙོམས་པའི་དབྱེ་བས་སོ། །རང་གི་ལུས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲ་ལས་མིག་ ལ་སོགས་པ་རྣམས་སུ་ཞེས་རྟོགས་པར་བྱའོ། །བསྲེས་པ་ནི། ཡང་དག་པར་སྦྱོར་བའོ། །མཆོག་ཏུ་དགའ་བའི་བདེ་བ་ཆེན་པོའོ། །དེ་སྐྱེད་པར་བྱེད་པའི་འབྱུང་བར་བྱེད་པ་དེ་ནི། དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཡེ་ཤེས་ཀྱི་རང་བཞིན་རྡོ་རྗེ་འཆང་ཆེན་པོ་སྐྱེད་པར་བྱེད་པའོ། །རྒྱུད་དུ་གསུངས་པའི་ཆོ་ གས་ཞེས་པ་ནི་སྔར་གསུངས་པའི་རིགས་ལྔའི་འབྲས་བུ་ལ་སོགས་པ་དང་། ལེའུ་བཅུ་དྲུག་པ་ལ་སོགས་པ་དེའི་རྣམ་པར་བསྐྱེད་པའི་ཆོ་གས་སོ། །བ་ལང་གི་ལྕི་བ་ལ་སོགས་པ་ཞེས་པ་ནི་སོགས་པའི་སྒྲ་ལས་ཨུཏྤ་ལ་དང་ཤ་བའི་རིལ་མ་ལ་སོགས་པ་བསྡུས་སོ། །རྣམ་པ་སྣ་ཚོགས་པ་ལ་སོགས་ པའི་སེམས་ཅན་དུ་མངོན་པར་དགོངས་པ་གང་ཡིན་པ་དེ་ལྟ་བུའི་ཆོ་གས་ཀྱང་བཟའ་བ་རྣམས་ཀྱིས་ལུས་གནས་པར་བརྟག་གོ། །སྐལ་པ་ངན་པར་ནི་རང་དང་གཞན་གྱི་སྡེ་པ་རྣམས་ཀྱི་རྡོ་རྗེ་ཐེག་པ་འདིར་རབ་ཏུ་ཞུགས་པ་རྣམས་ཀྱིས་སོ། །ལྕགས་གསུམ་གྱིས་ནི། ཟངས་དང་དངུལ་དང་ གསེར་རྣམས་ཀྱིས་སོ། །དེའི་མཚན་མ་མཐོང་ནས་བསྒྲུབས་པའི་རིལ་བུ་ཁར་བཅུག་ནས་སོ། །བརྟུལ་ཞུགས་སྤྱོད་པས་ཞེས་པ་ནི་རིལ་བུ་སྒྲུབ་པའི་ཐབས་སུ་གསུངས་པ་གང་ཡིན་པ་ཡང་སྦྱར་བར་བྱའོ། །ག་བུར་དང་ཙནྡན་རྣམས་ཀྱིས་ཞེས་པ་ནི། གཉིས་ཀྱི་ཚིག་ལ་མང་པོའི་ཚིག་གོ། །ག་ བུར་གྱི་སྒྲས་འདིར་ཁྲག་ཀྱང་མངོན་པར་བརྗོད་དོ། །དེ་ཉིད་ཀྱི་ཕྱིར་ཙནྡན་ཡང་ནང་གི་བདག་ཉིད་ཅན་ནོ། །ལུང་གི་རྗེས་སུ་བྱེད་པའི་རྣམ་པར་བཤད་པ་ཙནྡན་དམར་པོ་རྣམས་ཀྱིས་ཞེས་པའོ། །དེ་ལྟ་བུར་འགྱུར་ཏེ་ཞེས་པ་ནི་གང་ཕྱག་རྒྱ་ལ་དམིགས་ནས་ཞི་བ་ཅན་ལ་སོགས་པའི་ལས་བྱེད་པ་དེའི་ གཟུགས་སུ་འགྱུར་རོ་ཞེས་པ་རྗེས་སུའོ། །ཡོན་ཏན་བརྒྱད་ཀྱི་དབང་ཕྱུག་ཅེས་པ་འདོད་པའི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །སྐད་ཅིག་གཅིག་ཙམ་ཉིད་ལས་དཔག་ཚད་བྱེ་བ་དུ་མའི་ཚད་དུ་འགྲོ་བར་སྐད་ཅིག་གཅིག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ 31-1-144a ཡང་ཞེས་པ་ནི་སྒྲུབ་པ་པོ་ཡང་ངོ་། །དེ་འབའ་ཞིག་ཏུ་མ་ཟད་དེ་རྡོ་རྗེ་འཆང་ཆེན་པོ་ཉིད་དོ་ཞེས་མངོན་པར་དགོངས་སོ། །སེམས་འཁྲུག་པ་ནི་དེ་ཁོ་ན་ཉིད་ལྷག་པར་རྟོགས་པ་ལའོ། །རབ་དགྱེས་བདག་ཅེས་པ་ནི་མཉེས་པའོ། །རྡོ་རྗེ་འཆང་ནི་དྲུག་པའོ། །རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ ཞེས་པ་ནི་ལྔ་པོ་རྣམས་སོ། །གཞན་ཡང་ཞེས་པ་ནི་མི་བསྐྱོད་པ་རྗེས་སུ་ཞུགས་པ་ལ་ལྟོས་པའི་ཚིག་གམ་ཡང་ན་རྣལ་འབྱོར་བཞི་ལས་རྫོགས་པའི་སྤྲུལ་པའི་སྐུ་ལ་ལྟོས་པའོ། །མི་འགྱུར་ཆེ་ནི་ཡོངས་སུ་དག་པའོ། །ལོངས་སྤྱོད་རྫོགས་པའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར། འདིའི་རིག་པ་ནི་མཱ་མ་ཀཱི་སྟེ། དེའི་རྒྱལ་པོ་ནི་གང་གི་ཚེ་རིན་པོ་ཆེའི་རིགས་ལ་ལྟོས་པར་འགྱུར་རོ། །གནོད་སྦྱིན་མ་ནི་རྡོ་རྗེ་རོ་ལངས་མ་ལ་སོགས་པ་རྣམས་ཏེ་ཞེས་པའི་སོགས་ཀྱི་སྒྲ་ནི་དང་པོའི་དོན་ཏེ་དེས་གཞན་གྱིས་མི་ཐུབ་པ་ལ་སོགས་པ་རྣམས་བསྡུས་སོ། །བསྐྱེད་པའི་ས་བོན་ལ་སོགས་པའོ་ཞེས་པ་ནི། བསྐྱེད་པའི་ས་བོན་ནི་ཡི་ གེ་ཧཱུཾ་ངོ་། །སོགས་པ་ནི་མཚན་མ་ལ་སོགས་པ་བསྡུས་སོ། །གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོའི་རྒྱལ་པོ་འདི་དག་གི་མ་ཡིན་ནོ། །འདི་རྣམས་ཀྱི་མིང་གི་ཡི་གེ་ལ་ཟླ་ཕྱེད་དང་ཐིག་ལེས་བརྒྱན་པ་བསྐྱེད་པ་ནི་བསྐྱེད་པའི་ས་བོན་ནོ། །དེ་གོས་པ་ནི་སྔར་བཞིན་ནོ། །དེ་ཞེས་པ་སྔགས་ལ་སོགས་ པ་རྣམས་སོ། །རྒྱུད་ནི་བསྐྱེད་པའི་རྒྱུད་ཉིད་དུ་བཟུང་བའོ། །རྡོ་རྗེ་རོ་ལངས་མ་ལ་སོགས་པའི་ཕྱག་རྒྱ་ཆེན་པོའི་གཟུགས་གང་ཡིན་པ་དེས་གནོད་སྦྱིན་མོའི་སྔགས་རྒྱུད་ལས་ཏེ་རྡོ་རྗེ་རོ་ལངས་མ་ལ་སོགས་པ་རྣམས་སོ། །དེའི་དོན་འདི་ཡིན་ཏེ་འཇམ་པའི་རྡོ་རྗེ་ཏིང་ངེ་འཛིན་ལ་གནས་པས། རྡོ་རྗེ་རོ་ལངས་ མ་ལ་སོགས་པ་བསྒོམས་ནས། འདུས་བྱས་ཏེ་དེའི་མགོ་བོ་ཀླད་པ་ལ་གཤིན་རྗེ་མཐར་བྱེད་བསམས་ནས་དེ་རྣམས་ཀྱི་སྒྲུབ་པ་བརྩམ་པར་བྱའོ། །ཚིམ་པ་ནི་འཛག་པའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་གྱིས་མཆོད་པའོ། །དེ་རྣམས་ཀྱི་དཀྱིལ་ནི་སྙིང་པོའོ། །སྒྲུབ་པ་གཞན་ལ་ལྟོས་ནས་སོ། །དམ་ཚིག་ཆེན་ པོ་ཞེས་པ་ལ་སོགས་པའི་བཤད་པ་ནི་དམ་ཚིག་ཆེན་པོ་ནི་ཕྱག་རྒྱ་ཆེན་པོ་ཞེས་པ་ལ་སོགས་པའོ། །ནུས་པ་བསྒྲུབ་པར་བྱ་བའི་ཕྱིར་ནི་དབབ་པ་གཞན་ལས་ནུས་པ་ཉེ་བར་བསྒྲུབ་པའི་ཕྱིར་རོ། །རྣམ་པ་གཉིས་ཞེས་པ་ནི་བསྐྱེད་པ་དང་རྫོགས་པའི་དབྱེ་བས་སོ། །ངག་གི་བྱ་བ་ནི་སེམས་ཅན་སྨིན་པར་ 31-1-144b བྱ་བ་དང་གྲོལ་བར་བྱེད་པ་སྐྱེད་པར་བྱེད་པར་སོ་སོར་སྒྲུབ་པའོ། །དེ་བཞིན་ཉིད་དང་ཞེས་པ་ནི་གང་དུ་ལུས་ཀྱི་དངོས་པོ་མེད་པར་དམིགས་པའོ། །ཟླ་བ་ཞེས་པ་ལ་སོགས་པའི་རིམ་པའི་མཐར་ཐུག་པར་པདྨ་དམིགས་ནས་སོ། །རྡོ་རྗེ་ཆོས་ནི་འོད་དཔག་མེད་ཀྱི་བདག་ཉིད་ཅན་ནོ། །པདྨ་རཱ་ག་ནི་ནོར་བུ་དམར་ པོའོ། །དེ་དང་མཉམ་པའི་འོད་ནི་དེའི་ཁ་དོག་གོ། །ཡི་གེ་གསུམ་ནི་ཧཱ་ཨཱཿཧཱུཾ་གི་གཟུགས་སོ། །བཀོད་ནས་ཞེས་པ་ནི་སྣ་ཚོགས་པདྨའི་མཚན་མའི་སྟེང་དུའོ། །བཀོད་པ་གསུམ་ནི་སྐུ་རྡོ་རྗེ་ལ་སོགས་པའི་རྡོ་རྗེ་གསུམ་མོ། །ནང་དུ་བསམས་ནས་ཞེས་པ་ནི། སྤྲོས་ནས་བསྐྱེད་པའོ། །ཨུ་ཕཊ་ཨི་ལ་ཞེས་ པ་ནི་འཇིག་རྟེན་པའི་མངོན་པར་བརྗོད་པའོ། །སྔགས་ཀྱི་རྟོག་པར་ལུས་འགུལ་བ་དང་གཡོ་བ་ནི་འཁོར་ལོ་བཞིན་དུ་ཡོངས་སུ་འཁོར་བའོ། །བསྐུལ་བ་རྣམ་པར་བཤད་ནས་རེངས་པའི་དབང་དུ་བྱས་ནས། རེངས་པ་ཞེས་བྱ་བ་ལ་སོགས་པ་ལ་འཕགས་པ་རྣམས་ཀྱིས་དབང་པོ་ལས་འདས་པ་མཐོང་ བའི་ས་འདི་ནི་འཕགས་པའི་ས་སྟེ་གྲུབ་པ་ནི་འབེབས་པ་གྲུབ་པས་འབེབས་པའི་དངོས་གྲུབ་བོ། །རྡོ་རྗེའི་རང་བཞིན་མི་ཕྱེད་པ་གང་ཡིན་པ་དེས་སོ། །སྔར་བཤད་པའི་རིམ་པས་ཞེས་པ་ནི། དེ་བཞིན་ཉིད་དང་ཟླ་བ་ཞེས་བྱ་བ་ལ་སོགས་པས་སོ། །ཐུགས་ལས་ཡང་དག་པར་བྱུང་བ་ཉིད་ཀྱི་ཕྱིར་ནི་ རྡོ་རྗེ་འཆང་ཆེན་པོས་གསུངས་པ་ཉིད་ཀྱིས་སོ། །རྣམ་པར་ཤེས་པ་དང་བྲལ་བའི་ཕྱིར་ནི། རྣམ་པར་ཤེས་པ་ནི་འོད་གསལ་དུ་རབ་ཏུ་ཞུགས་པས་གསུམ་གསུམ་གདོན་མི་ཟ་བར་འབེབས་པར་བྱེད་དོ། །འདིའི་སྔགས་ཀྱི་དོན་ནི། ཛྷེེའི་ཡི་གེ་གང་གིས་ཞེས་པ་འཆད་པར་འགྱུར་བས་སོ། །ལྷག་ མ་ཧཱུཾ་ཧཱུ་ཨཱཿཡི་གེའི་ས་བོན་གྱིས་དབབ་པར་བྱའོ། །སྣོད་ལྷག་པར་གནས་པ་ཞེས་པ་ནི། རབ་ཏུ་གནས་པའི་ཆོ་གར་གསུངས་པའི་རིམ་པས་སོ། །ཇི་ལྟ་བ་བཞིན་དུ་ཞེས་པ་ལ་སོགས་པ་ལ་སྔར་བཤད་པའི་རྡོ་རྗེ་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་གཅིག་པའི་ཐུགས་རྡོ་རྗེའོ། །ཐབས་ ཀྱི་ཡེ་ཤེས་འབྱུང་བར་བྱས་ནས་ཞེས་པ་ནི་ཡེ་ཤེས་འབབ་པའི་ཐོག་མར་རོ། །འོད་གསལ་དུ་རབ་ཏུ་ཞུགས་པ་ནི་རབ་ཏུ་རྟོག་པའོ་ཞེས་བསམ་པར་བྱའོ། །ལྷ་ཆེན་པོའི་གནས་སྐབས་ཞེས་པ་ནི་སྔར་སྨོས་པའོ། །ཤེས་ནས་ཞེས་པ་ནི་གཡོ་བ་ལ་སོགས་པས་སོ། །ས་བོན་བཞི་ནི་ཡི་གེ་ཧཱུཾ་ལ་སོགས་ 31-1-145a པའོ། །སྟེང་དུ་ནི་ཏིང་ངེ་འཛིན་སེམས་དཔའ་ལས་ངེས་པར་བྱུང་ནས་སོ། །རང་གི་གནས་སུ་ནི་ཐ་མལ་པའི་གནས་སྐབས་སུའོ། །ལྷ་རྣམས་གཤེགས་སུ་གསོལ་བར་བྱས་ནས་གཟུང་བར་བྱའོ། །གོ་ཆ་ལ་སོགས་པས་ཞེས་པ་ནི་བསྲུང་བའི་རྒྱུ་ཡིས་སོ། །བསྒོམ་པ་དང་སྔགས་ལ་ སོགས་པས་ཡོངས་སུ་དག་པ་ནི་དྲུག་པའོ། །སྔ་མ་བཞིན་དུ་བྱས་ནས་ཞེས་པ་འདིས་འདི་སྔར་གསུངས་པ་ཉིད་དུ་སྟོན་པར་བྱེད་དོ། །དེ་བཞིན་དུ་ཞེས་པ་འདིས་འདིར་བཤད་མ་ཐག་པ་ཉིད་དུའོ། །ངེས་པར་དགག་པའི་ཕྱིར་ནི་བཟློག་པའི་ཕྱིར་རོ། །གལ་ཏེ་དེ་བཞིན་དུ་དེའི་འོག་ཏུ་ཟློག་པར་མི་བྱེད་ན་དེའི་ཚེ་ གསད་པར་བྱ་བའི་ཕྱིར་རྫོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསོད་མ་ནི་འོད་གསལ་དུ་རབ་ཏུ་བཞུགས་པའོ། །སྟ་རེ་དང་ཐོ་བ་ཞེས་གསུངས་པའི་ཕྱིར་འདི་ཕྱག་གཉིས་པ་ཉིད་དུ་མཚོན་པར་བྱའོ། །ཡང་ན་མཚན་མའི་གཙོ་བོ་སྟོན་པར་བྱེད་དོ། །བསྒྲུབ་པར་བྱ་བ་རྣམ་པ་ཅི་ལྟ་བུར་བསམས་ནས་ ཞེས་པ་ཧཱུཾ་ཡིག་ལ་སོགས་པས་ཁྲོ་བོ་གང་ཡང་རུང་བ་ཞེས་མཚོན་པར་བྱའོ། །བསྟན་པ་ལ་གནས་པ་ནི། ལམ་ལ་གནས་པའོ། །སྐྱོ་བ་མེད་པ་ནི་སྲུང་བ་མེད་པའོ། །མཐོང་ནས་ཞེས་པ་ནི་ལྷ་ལ་སོགས་པ་རྣམས་ཀྱིས་སྤངས་པ་ཉིད་ཀྱི་ཕྱིར་རོ། །ཁྲོ་བོ་ལ་ངེས་པར་བྱུང་བའི་དུ་བ་དང་མེ་ནི་ཁྲོ་བོའི་དུ་བ་མེའོ། ། འཇིགས་པ་ཡང་འཇིགས་པའི་རྒྱུ་ཡང་ངོ་། །ཡི་གེ་ཧྲཱིཿཞེས་པ་ནི་ནག་པོའོ། །འདིར་ཀླུའི་རྒྱལ་པོ་དྲག་པོ་གང་ཡང་རུང་བའི་རྣམ་པར་ཤེས་པ་དགུག་པར་བྱའོ། །དེ་ནས་རབ་ཏུ་འགྲོ་བར་འགྱུར་རོ། །དད་ཅེས་པས་སྦལ་བ་ལ་སོགས་པ་རྣམས་ཞེས་པ་ནི་བཅོས་མ་དང་སྡིག་པ་ལ་སོགས་པ་རྣམས་ཀྱི་ཡང་དག་པར་ སྦྱར་བ་ལས་བྱུང་བའོ། །སྡིག་པའི་སྒྲས་སྦྲུལ་ཉིད་མངོན་པར་བརྗོད་པར་བྱའོ། །འདིར་ནི་སྡིག་པ་ཉིད་དོ། །ཕྱོགས་བཅུ་ཞེས་བྱ་བ་ལ་སོགས་པས་གསུངས་པའི་བསྒྲུབ་པར་བྱ་བས་ཉེ་བར་བསགས་པའི་སྡིག་པ་སྟོན་པར་བྱེད་དོ། །སྦྲུལ་གྱི་གཟུགས་ནི་གདུག་པའོ། །མེ་ལ་སོགས་པ་ཞེས་པ་ ནི་འདིར་སོགས་པས་ཆར་ལ་སོགས་པ་འབྱུང་བ་བསྡུས་སོ། །ཁམས་འཁྲུག་པ་ནི་ནང་གི་བདག་ཉིད་ཅན་ནོ། །འབྱུང་པོ་ནག་པོའི་གཟུགས་ནི། ཤ་ཟ་སྤྲེའུ་ལ་སོགས་པའི་གཟུགས་ཀྱིས་སོ། །བསྒྲུབ་པར་བྱ་བ་ཞེས་པ་ནི་རང་བཞིན་གྱི་གཟུགས་སོ། །རྡོ་རྗེ་ཅན་གྱི་ཞེས་པ་ནི་གསུམ་པའི་དོན་ལ་ 31-1-145b བཞི་པའོ། །རྣམ་པ་གསུམ་ཞེས་པ་ནི་དམན་པ་དང་བར་མ་དང་མཆོག་གོ། །སྲུང་བ་ཞེས་པ་ལ་སོགས་པ་ནི་སྒྲུབ་ཐབས་སུ་མངོན་པར་བརྗོད་པའི་རིམ་པས་སོ། །ཟློས་པར་འགྱུར་བ་ནི་དེའི་ཆོ་གས་སོ། །ཕྲེང་བའི་སྔགས་ནི་སྤྱན་མ་ལ་སོགས་པ་རྣམས་དང་ངེས་པར་གནོད་མཛེས་ལ་སོགས་པ་རྣམས་ ཀྱིས་གསུངས་པ་རྣམས་སོ། །བསྒྲུབ་པར་བྱ་བ་ཞེས་པ་ནི། སྒོམ་པ་ལ་སོགས་པའི་རིམ་པས་སམ་རྟོག་པར་གསུངས་པ་བྲིས་སྐུ་ལ་སོགས་པའི་རིམ་པས་སོ། །མཉེས་པར་བྱས་པ་ཞེས་པ་ནི་གསོལ་བ་འདེབས་པ་ལ་སོགས་པ་རྣམས་ཀྱིས་སོ། །ཕུར་བུས་གདབ་པར་བྱའོ་ཞེས་པ་ནི་འདིའི་ དོན་བསམ་པར་བྱའོ། །ཕུར་བུ་འདི་ཡང་རིག་པ་གཅོད་པར་བྱེད་པའི་རྒྱུ་ཉིད་ཡིན་པའི་ཕྱིར་དེ་འདུས་པ་ཕྱི་མར་ཡང་གསུངས་པ། དེ་ཡི་གཟུགས་བརྙན་བྱས་ནས་ནི། །ཞེས་པ་ལ་སོགས་པ་ནས། ལྕེ་མགྲིན་དེ་བཞིན་སྙིང་ག་རུ། །ཕུར་བུའི་ཆོ་གས་ཕུར་བུས་གདབ། །ཞེས་པ་ཇི་སྲིད་པར་རོ། ། ན་མཿས་མནྟ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲཱ་ཎཱཾ་ཆེ་གེ་མོའི་མནྟྲ་དེ་བ་ཏཱ་ཤཱནྟྱ་དི་ཀརྟཱ་རཉྩ་ཀཱ་ལི་ཡ་ཙཀྲ་ཝརྟི་ཧཱུཾ། ཙྪིནྡྱ་ཏ་ཞེས་སོ། །རང་གི་རིག་པ་གཅོད་པར་བྱེད་པར་འདོད་ན། སྐུ་ཤ་ལྗང་ཁུ་རྣམས་ཁུ་ཚུར་གྱིས་བཟུང་ནས་ཆེ་གེ་མོ་དང་ཆེ་གེ་མོའི་སྔགས་ལ་སོགས་པ་རྣམས་གཅད་དོ་ཞེས་པས་མཚོན་རྣོན་པོས་ གཅད་པར་བྱའོ། །རེངས་པར་བྱའོ་ཞེས་པ་ནི་སྔགས་ལ་སོགས་པ་རེངས་པར་བགྱིའོ་ཞེས་མངོན་པར་བརྗོད་ནས། དེའི་བསམ་པས་སྔགས་བརྗོད་ནས་ཁུ་ཚུར་བཅིངས་པས་དེ་ནས་ལྷ་རྣམས་ཀྱི་གཟུགས་བརྙན་བྱས་ནས་ཕུར་བུས་ལྷ་རྣམས་རེངས་པར་བྱའོ་ཞེས་པའོ། །ཐམས་ཅད་སྟོང་པ་ཉིད་ཀྱི་ ལུས་ལ་སོགས་པ་ཐུབ་པའི་ཐབས་དང་ལྡན་པའི་ཕྱིར་ཐུབ་པའོ། །ཟིན་པ་དང་མ་ཟིན་པ་ནི་ཕྱི་དང་ནང་གི་བདག་ཉིད་ཅན་ནོ། །དེ་རྣམས་སུ་དུས་གསུམ་དུ་བྱུང་བའི་རྒྱལ་བ་དེ་བཞིན་གཤེགས་པའི་བདག་ཉིད་ཅན་ཉིད་ཡིན་པའི་ཕྱིར་རྡོ་རྗེ་འཆང་ངོ་། །ཆོས་བདག་མེད་པ་ལ་གནས་པ་ནི། སྒྲུབ་པ་པོ་ ཞེས་མངོན་པར་དགོངས་སོ། །རྡོ་རྒྱུས་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །སྔགས་འདིས་བསྐུལ་བ་ནི་ཆེ་གེ་མོ་ཟོ་ཤིག་ཅེས་བརྗོད་པས་སོ། །ཟིན་པ་ཙམ་གྱིས་ནི་མཐོང་བའི་དུག་གིས་བདག་ཉིད་ཅན་ཉིད་ཀྱི་ཕྱིར་མཐོང་བ་ཙམ་གྱིས་ཀྱང་ཞེས་པའོ། །འདིས་ཞེས་པ་ལ་སོགས་པ་གསུངས་པ་ 31-1-146a ནི་དོན་གཞན་ནོ། །མཆེ་བའི་དུག་ལ་སོགས་པ་རྣམས་ཞེས་པ་ནི། འདིར་སོགས་པའི་སྒྲ་ནི་རིག་པའི་དུག་ལ་སོགས་པ་གཟུང་བའི་དོན་དུའོ། །འཛུད་པར་བྱེད་དོ་ཞེས་པ་རྐང་པའི་འོག་ན་གནས་པ་སྙིང་གར་སོན་པར་བྱེད་དོ་ཞེས་པའི་དོན་ཏོ། །དུག་མེད་པར་གྱིས་ཤིག་ཅེས་ རྣལ་འབྱོར་པ་སེམས་རབ་ཏུ་མི་བརྟན་པའོ་ཞེས་རྟོགས་པར་བྱའོ། །ཉེ་བའི་དུག་ཅེས་པ་ནི། སྦྲུལ་ལ་སོགས་པ་སྣ་ཚོགས་པ་མང་པོའི་མཐར་ཐུག་པར་མངོན་པར་བརྗོད་པའི་ཕྱིར་རོ། །འབྲུམ་བུ་ཞེས་པ་འདིའི་དོན་ནི་ཨེ་ཎཱི་པ་ཏི་ལ་སོགས་པ་རྣམས་ཏེ། ནད་འགའ་ཞིག་ནི་མིང་ངོ་། །ནུས་པ་གང་ཡིན་པ་ ནི་ནུས་པའང་བསྐྱེད་པའི་རྒྱུའོ། །གང་གཞན་ནང་དུ་བཤད་པ་རྣམས་ཏེ། དེ་རྣམས་ཀྱང་ངོ་། །འོད་གསལ་བས་ཡོངས་སུ་སྦྱངས་པའི་ཕྱིར་རོ་ཞེས་པ་ནི། འདི་སྒྲ་བརྙན་གྱི་ཆོས་ཉིད་ཀྱི་བརྡ་ཡིན་པའི་ཕྱིར་རོ། །མཚོན་པ་ལ་སོགས་པ་ཞེས་པའི་སོགས་པས་བོང་བ་དང་དབྱུ་གུ་ལ་སོགས་པ་བསྡུ་བའི་དོན་ ནོ། །མངོན་སྤྱོད་ནི་ལུས་འཇིག་པ་ལ་སོགས་པའོ། །ལུས་ཟུངས་ནི་ན་ཚོད་ཉིད་ལ་སོགས་པའོ། །དྲི་མ་ནི་ཁ་ཟས་ཡོངས་སུ་གྱུར་པ་ལས་སྐྱེས་པའོ། །ཁ་ཟས་མི་མཐུན་པ་ནི་རབ་ཏུ་གྲགས་པ་ཉིད་དོ། །དེ་རྣམས་ལས་བྱུང་བ་ནི་ནད་ཀྱི་རྒྱུ་རྣམས་སོ། །འཁོར་ལོའམ་ཞེས་པ་ལ་སོགས་པ་ལ་པདྨའམ་ ཞེས་བྱ་བར་ཡང་རྟོགས་པར་བྱའོ། །ཡང་ན་གསུང་གི་རྡོ་རྗེའི་རྣལ་འབྱོར་པས་ཀྱང་འཁོར་ལོའམ་རྡོ་རྗེའམ། པདྨའམ་ཡོངས་སུ་གྱུར་པར་རྟོགས་པར་བྱའོ། །ནད་ལས་ངེས་པར་རྒྱལ་བ་རབ་ཏུ་གནས་པ་ནི་ཀུན་དུ་གནས་པ་སྟེར་བར་བྱེད་དོ་ཞེས་པའོ། །ཅི་ལྟར་ཞེ་ན་ནད་པ་ཞེས་བྱ་བ་ལ་སོགས་ པ་གསུངས་སོ། །ཇི་ལྟ་བ་བཞིན་དུ་བྱུང་བའི་ཞེས་པ་ནི་ཛི་ན་ཛིཀ་ཞེས་པ་ལ་སོགས་པའི་སྔགས་གསུམ་སྐུ་རྡོ་རྗེ་ལ་སོགས་པའི་རྣལ་འབྱོར་པ་གསུམ་པོ་རྣམས་ཀྱི་ཐོག་མར་བརྗོད་པ་ཉིད་ཀྱི་ཕྱིར་རོ། །གང་བཤད་པ་ཞེས་པ་ནི་ཐོག་མར་རོ། །བདག་ལ་བྱིན་གྱིས་བརླབ་པའི་ལུས་ནི་ཉེ་བར་དམིགས་ པའི་བདག་ཉིད་ཅན་དུ་ཉེ་བར་དམིགས་པས་སོ། །གསུངས་པ་ཡང་། ཀུན་རྫོབ་ཉེ་བར་དམིགས་པ་ཡི། །ཏིང་འཛིན་འདི་ནི་མ་ཤེས་ནས། །ནད་ཀྱི་རྣམ་པ་ལས་རྒྱལ་ཞིང་། །དེ་བཞིན་སྒྱུ་མས་དབང་བསྐུར་རྒྱལ། །ཞེས་སོ། །ཡེ་ཤེས་བཀྱེ་བ་ནི་གདུལ་བྱ་འགུགས་པར་བྱེད་པའི་རྒྱུ་མཚན་ཉིད་ཡིན་ 31-1-146b པའི་ཕྱིར། རྣམ་པར་སྣང་མཛད་ལ་སོགས་པ་ལྔ་པའོ། །འཁོར་ཆེན་པོ་ཉིད་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་མི་བསྐྱོད་པ་རྗེས་སུ་ཞུགས་པས་སོ། །དེ་ལ་ནི་ཆོས་རྣམས་ལའོ། །རྣམ་པ་གཉིས་ཞེས་པ་འདིའི་བཤད་པ་ནི། ནང་ལ་ཞེས་པ་ལ་སོགས་པའི་རིམ་པའི་སྒྲུབ་པ་ལ་འཇུག་པའི་དབང་དུ་བྱས་ནས་སྒྲུབ་པ་པོ་ ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡེ་ཤེས་ཀྱི་སྐུ་ནི་བདག་ལ་བྱིན་གྱིས་བརླབ་པའི་བདག་ཉིད་ཅན་ནོ། །མཐོང་བ་ནི་དམིགས་པ་སྟེ། དེ་གལ་ཏེ་རྨི་ལམ་ལ་བདག་ཉིད་འོད་གསལ་དུ་རབ་ཏུ་འཇུག་པར་མཐོང་ངོ་། །དེ་ཆོས་སངས་རྒྱས་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པར་སྦྱར་བར་བྱའོ། །ལོངས་ སྤྱོད་རྫོགས་པའི་སྐུ་ནི་ཡོངས་སུ་དག་པའོ། །ཁམས་གསུམ་པ་ཞེས་བྱ་བ་ལ་སོགས་པས་གཞན་ཡང་གསུངས་ཏེ། དངོས་གྲུབ་ཆེན་པོ་ནི་ཡོངས་སུ་རྫོགས་པའི་ལོངས་སྤྱོད་རྫོགས་པའི་སྐུར་བསྐྱེད་པའོ། །གཞན་སྔགས་ལ་མཆོག་ཏུ་གཞོལ་བའི་དབང་དུ་བྱས་ནས་སྒྲུབ་པ་པོ་ཞེས་བྱ་བ་ལ་སོགས་པ གསུངས་སོ། །མཐོང་བར་འགྱུར་བ་ནི་དམིགས་པར་འགྱུར་རོ། །དེ་བཞིན་ཉིད་དུ་ཞེས་བྱ་བ་ལ་སོགས་པ་ནི། རྨི་ལམ་མ་མཐོང་བའི་འབྲས་བུ་ཐོབ་པར་འགྱུར་རོ་ནི་མངོན་སུམ་དུ་བྱེད་པའོ། །གཞན་ཡང་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་པའི་དངོས་གྲུབ་ནི། ཞི་བ་ཅན་ ལ་སོགས་པའི་ངོ་བོའོ། །གཞན་ཡང་ཕྱོགས་བཅུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཀྱི་མཛོད་ནི་ཆོས་ཀྱི་སྣོད་ཀྱི་ཁང་པ་ལྟ་བུའོ། །ཆོས་ཀྱི་རྒྱལ་པོ་ནི་རྡོ་རྗེ་ལྟ་བུའི་ལམ་གྱི་ངོ་བོའོ། །གླེགས་བམ་དུ་ཆུད་པ་ནི་དེ་དག་མངོན་པར་རྗོད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །འདིར་འཇིག་རྟེན་པའི་ དངོས་གྲུབ་ལ་དེ་དག་པར་བྱེད་དོ་ཞེས་གསུངས་པ་དང་སྦྱོར་རོ། །སླར་ཡང་རྫོགས་པའི་རིམ་པའི་དབང་དུ་བྱས་ནས། གང་ཆོས་ཀྱི་འཁོར་ལོར་སོན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཀྱི་སྟན་ནི་སེང་གེའི་ཁྲི་ལ་སོགས་པའི་ངོ་བོའོ། །དམ་ཚིག་སྦྱོར་བས་ནི། རྫོགས་པའི་རིམ་པ་ལ་ དམིགས་པའི་དུས་སུའོ། །སླར་ཡང་སྔགས་ལ་མཆོག་ཏུ་གཞོལ་བའི་དབང་དུ་བྱས་ནས་ཀུན་དགའ་ར་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་ཡང་སངས་རྒྱས་ཞེས་བྱ་བ་ལ་སོགས་པའོ། །ཐོབ་པར་འགྱུར་བ་ནི། རིག་པ་འཛིན་པའི་རྒྱལ་པོ་སྟེ་བདག་པོར་འགྱུར་རོ། །གསུངས་སོ་ 31-1-147a ཞེས་པ་ནི་འཆད་པར་འགྱུར་བར་རོ། །རྣམ་པ་སྣ་ཚོགས་པ་ནི་རྫོགས་པའི་རིམ་པ་ལ་གནས་པའི་མཐོང་བ་རྣམས་སོ། །འདིར་སྔགས་ལ་མཆོག་ཏུ་གཞོལ་བའི་ཉེ་བར་སྡུད་པ་ཡང་རྟོགས་པར་བྱའོ། །དམ་ཚིག་ཉམས་པ་ཞེས་པ་འདིའི་དོན་འཆད་པར་འགྱུར་བར་དམ་ཚིག་ལས་འདས་ པར་བྱ་ཞིང་ཞེས་པའོ། །དེ་ལ་དམ་ཚིག་ནི་བསྲུང་བ་དང་བཟའ་བ་ལ་སོགས་པ་དང་བླ་མ་ལ་སོགས་པའི་རྗེས་སུ་འཇུག་པ་ལ་སོགས་པའོ། །བདེན་པ་མཐོང་བ་ནི། ལམ་ལྷག་པར་རྟོགས་པ་ཡང་སྟེ་ལམ་ལྷག་པར་རྟོགས་པ་ནི་བྱེད་པ་པོ་བརྩོན་འགྲུས་བརྟན་པ་ནི་སླར་ཡང་ལེ་ལོར་ཅི་ལྟར་འགྱུར། དེ་ལ་སྒྲུབ་ པ་པོའི་རྨི་ལམ་མཐོང་བ་རྣམ་པ་གཉིས་ལ། འདི་ནི་ཚིག་གོ་ཞེས་སྦྲེལ་ལོ། །རང་གི་སེམས་ཏེ་རང་གི་སེམས་ཉིད་ལས་ཞེས་པ་ནི་སེམས་ཀྱི་དབང་གིས་དང་ཕྱི་རོལ་ལ་དོན་གྱི་དབང་གིས་སེམས་རྟོགས་པའི་ཕྱིར་རོ། །རྨི་ལམ་ལ་ཡང་དོན་ལས་བཟློག་པས་སེམས་ཀྱི་དངོས་པོ་ཡིན་པའི་ཕྱིར་རོ་ཞེས་གསུངས་ པ་ཉིད་ཀྱི་ཕྱིར་དང་། དབུ་མ་ལ་འཇུག་པ་ལ་སོགས་པར། སེམས་ལ་མ་ལྟོས་དོན་ཞེས་གཞན་ནི་ཅུང་ཟད་ཡོད་མ་ཡིན། །དངོས་པོར་རང་དབང་མེད་ཅེས་མཉམ་སྦྱོར་ཁྱོད་ཀྱི་སེང་གེའི་སྒྲ། །ཞེས་གསུངས་སོ། །འདི་དག་ཞེས་པ་རྨི་ལམ་དུ་མཐོང་བའི་དངོས་པོའོ། །སེམས་ལས་ཐ་དད་པར་གྱུར་པ་ནི་སེམས་ལ་ མ་ལྟོས་པའོ་ཞེས་མངོན་པར་དགོངས་སོ། །དེ་ཉིད་ཀྱི་ཕྱིར་སེམས་ལ་མ་ལྟོས་པའི་ཆོས་རྣམས་མེད་པའི་ཕྱིར་དང་། དེ་དག་གི་ཆོས་ཉིད་ཀྱང་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཞེས་པ་ནི་རྣམ་པར་བཤད་པའི་དེ་ཁོ་ན་ཉིད་དོ། །གསུངས་པ་ཞེས་པ་བཅོམ་ལྡན་འདས་ ཀྱིས་སོ། །དེ་བཞིན་ཉིད་དུ་ཞེས་པ་འོད་གསལ་དུ་ཞུགས་པའི་དུས་ཞེས་པའོ། །དབང་སོགས་ལ་ཞེས་པ་འདིར་ཕུང་པོ་ལ་སོགས་པ་བསྡུ་བའི་དོན་ནོ། །ཤེས་པ་གཉིས་པོ་ནི་སྣང་བ་ལ་སོགས་པའོ། །དེ་ལ་ཞེས་པ་ནི། དེ་ལྟ་བུར་གྱུར་པའོ། །འདིར་ཞེས་པ་ནི་སྟོང་པ་ལའོ། །ཆེན་པོ་ཉིད་ནི་སྟོང་པ་ཆེན་ པོ་ལའོ། །གཉིད་ལོག་པ་ནི་སྟོང་པ་ཆེན་པོའི་བདག་ཉིད་ཅན་ཀུན་རྫོབ་བོ། །རླུང་ལ་བརྟེན་ནི་ནང་གི་བདག་ཉིད་ཅན་གྱི་རླུང་གི་དབང་གིས་སོ། །འདིའི་དཔེ་དང་དཔེ་ཅན་གྱིས་དེ་རྣམས་ཀྱི་དབྱེ་བ་སོ་སོར་བསྟན་པའི་ཕྱིར་གཉིད་ལོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་བརྟགས་པ་ཞེས་པ་ནི་དབྱེ་བར་རོ། ། 31-1-147b བརྫུན་པས་རྣམ་པར་དཔྱད་པས་དེ་ལྟ་བུ་ཉིད་ལས་བདེན་པར་ཉེ་བར་དམིགས་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། བརྫུན་དང་བདེན་པ་དག་ཀྱང་ཡོད་མ་ཡིན། །ཞེས་སོ། །ངོ་མཚར་དུ་གྱུར་ཞེས་བྱ་བ་ལ་སོགས་པ་ནི་འདི་དག་དཀའོ་ཞེས་བྱ་བ་ལ་སོགས་པའི་དོན་གསལ་བར་རོ། །ཆོས་རྣམས་ཞེས་པ་ནི་ རྨི་ལམ་དང་རྨི་ལམ་ཉེ་བར་དམིགས་པ་རྣམས་ལའོ། །དེ་ཉིད་ནི་ཆོས་ཉིད་དོ། །འབྲས་བུའི་དེ་ཉིད་ནི་ཡོངས་སུ་དག་པའི་སྒྱུ་མ་ལྟ་བུ་ཉིད་དུ་རྨི་ལམ་གྱི་དཔེས་བཤད་དོ། །ནམ་མཁའ་ལ་ནི་འོད་གསལ་བ་ལའོ། །གཞིར་གྱུར་པ་ལ་ནི། དེའི་བདག་ཉིད་ཅན་ལའོ། །ནམ་མཁའ་བསྒོམ་པ་ནི་སྟོང་པ་ བཞིའི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོ་བསྒོམས་པའོ། །འདིའི་བཤད་པ་ནི། ནམ་མཁའ་རྟེན་པ་པོར་བྱས་ནས། །ཞེས་པའོ། །ཐ་དད་པ་ཉིད་དུ་མི་སྣང་བའི་ཕྱིར་ཞེས་པ་ནི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་སོ། །དེའི་བདག་ཉིད་ཅན་ཡིན་པའི་ཕྱིར་ནི་ནམ་མཁའི་བདག་ཉིད་ཅན་ཡིན་པའི་ཕྱིར་དང་། རྣམ་ པར་གཞིག་པ་དེ་ཙམ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། འདི་ཞེས་པ་ནི་ནམ་མཁའོ། །རྨི་ལམ་དང་འབྲས་བུ་དག་གི་དཔེ་དང་དཔེ་ཅན་དག་རྨི་ལམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མིག་ལ་སོགས་པ་རྣམས་ཀྱིས་གང་ཡུལ་དུ་བྱར་མེད་པའོ། །རྣམ་པ་ དང་བྲལ་བ་ཉིད་ཡིན་པའི་ཕྱིར་དང་དེ་བཞིན་ཉིད་ཀྱིས་སོ། །དེ་ཉིད་ཀྱི་ཕྱིར་ཐོགས་པ་མེད་པའོ། །ཡོངས་སུ་ཤེས་པར་བྱ་བ་ནི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སོ། །ལྟ་ཅི་སྨོས་ཞེས་པ་གཉིད་སད་པའི་གནས་སྐབས་ཉེ་བར་ཐོབ་པ་ལ་ལྟོས་ནས་རྨི་ལམ་ཉེ་བར་ཐོབ་པ་དང་དེའི་འབྲས་བུ་རྣམས་ཤིན་ཏུ་ གསལ་བར་རང་བཞིན་མེད་པ་ཉིད་དོ་ཞེས་མངོན་པར་དགོངས་སོ། །ལུས་ལ་སོགས་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་སེམས་ཅན་གྱི་འཇིག་རྟེན་ནི་ལུས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ནི་སྒྲུབ་པར་བྱེད་པའོ། །གནས་ནི་རྡོ་རྗེའི་གོ་འཕང་ངོ་། །གང་ཡང་སེམས་ཀྱི་ངོ་བོ་ཉིད་ཀྱི་དབྱེ་བ་ཉེ་ བར་དམིགས་པའོ་ཞེས་མངོན་པར་དགོངས་སོ། །དེའི་ཕྱིར་གང་ཡིན་པ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་ཆོས་ཐམས་ཅད་ནི་སྣོད་ལ་སོགས་པ་བཤད་མ་ཐག་པའོ། །ནམ་མཁའི་ཁམས་ནི་སྣང་བ་གསུམ་སྟེ་སྟོང་པ་དང་ཤིན་ཏུ་སྟོང་པ་དང་ཆེན་པོ་སྟོང་པར་མངོན་པར་བརྗོད་པར་ 31-1-148a བྱ་བ་ཉིད་ཀྱི་ཕྱིར་རོ། །དོན་འདི་ཉིད་ཤེས་པ་ནི་དག་པ་ཀུན་དུ་བཟང་ངོ་། །ནམ་མཁའ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །དེ་ཡང་ཞེས་པ་ནི་སྣང་བ་གསུམ་གྱི་བདག་ཉིད་ཅན་ནོ། །རང་བཞིན་དང་རང་བཞིན་མེད་པ་ཉིད་ཀྱིས་འདོད་པའི་ཁམས་ལ་སོགས་པ་ལ་ནི་ལུས་ལ་སོགས་ པ་ལ་ཀུན་དུ་མི་གནས་ཏེ་དེ་ནི་སྐྱེ་བ་མེད་དོ། །ཁམས་གསུམ་པ་ལས་འདས་པ་ཉིད་ཀྱི་ཕྱིར་དང་ཁམས་གསུམ་པ་ཡང་སྐྱེ་བ་ཀུན་དུ་གཟུང་བ་ཉིད་ཀྱི་ཕྱིར་རོ། །གང་དང་གང་གིས་ཀྱང་ཞེས་པ་ནི་ཡོད་པ་དང་མེད་པ་ལ་སོགས་པས་སོ། །ཤིན་ཏུ་དབྱེར་མེད་པ་ནི་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །རྡོ་རྗེའི་ གནས་ནི་དབྱེར་མི་ཕྱེད་པའི་གནས་སུ་བསྐྱེད་པའོ། །བྱང་ཆུབ་ཀྱི་སེམས་ཉིད་ནི་དེ་བཞིན་ཉིད་དོ། །དེ་ཡང་ཞེས་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །བདག་ཅེས་བྱ་བ་ལ་སོགས་པ་ནི་དཔེའོ། །ཡང་ན་ཞེས་པ་ནི། འདིར་དེ་བཞིན་ཞེས་པའི་དོན་ཏོ། །ལྷ་ཞེས་བྱ་བ་ལ་སོགས་པའི་བཤད་པ་ནི། ཐམས་ཅད་ཅེས་བྱ་བ་ལ་སོགས་པའོ། །དྲུག་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ལས་ནི་དྲུག་པ་ལས་ཏེ། ཡེ་ཤེས་བཞིའི་བདག་ཉིད་ཅན་ལས་སོ། །དགའ་བ་ལྔ་ནི་འདོད་པ་ལྔའི་བདེ་བའོ། །ཕྲེང་བའི་སྔགས་ལ་སོགས་པ་རྣམས་ཞེས་པའི་སོགས་པའི་སྒྲ་ལས་དེ་ལས་ཅིག་ཤོས་ཀྱི་སྔགས་རྣམས་ བསྡུས་པའི་དོན་ནི་སྨན་ལ་སོགས་སོ། །འཇིག་རྟེན་ལས་འདས་པའི་བསམ་གཏན་ལ་སྐྱེས་པའི་ངོ་བོ་ཉིད་མེད་པའི་ཕྱིར་ཞེས་པ་ནི། མེད་པ་ཞེས་པ་དེ་བཞིན་ཉིད་འདི་དག་གི་ཚིག་བླ་དགས་སོ། །གཉིས་པོ་ཞེས་པ་ལུས་དང་ངག་དང་སེམས་གང་ཡིན་པའི་རྟེན་དང་བརྟེན་པའི་དངོས་པོར་འགལ་བའི་ ཕྱིར་ཞེས་པ་དེ་རྣམས་གང་ཡིན་པ་གསལ་བས་ཅུང་ཟད་རྟེན་དང་བརྟེན་པ་ཉིད་དུ་མ་མཐོང་བའི་ཕྱིར་རོ། །དེ་རྣམས་གང་འདི་དག་ཀྱང་སྐྱེས་པར་བཤད་པ་དང་སྐྱེས་པ་མ་ཡིན་པ་དག་གོ། །སྤྱོད་བསྡུས་སུ་ཡང་། འདིར་ཕུང་པོ་ལ་རྣམ་པར་ཤེས་པ་ཅུང་ཟད་ཀྱང་མེད་ཅིང་རབ་ཏུ་གནས་པ་གསལ་བ་ཉིད་ ཡིན་པའི་ཕྱིར་རོ་ཞེས་མེད་པའི་འཁྱིལ་པ་གང་ཡིན་པ་ལ་བརྩམས་ནས་གང་གིས་རྟེན་དང་བརྟེན་པའི་དངོས་པོ་མེད་དོ། །ཡང་ན་རྟེན་དང་བརྟེན་པའི་དངོས་པོར་འགལ་བའི་ཕྱིར་རོ་ཞེས་པ་ནི་འདིར་འཆད་པར་འགྱུར་བ་དེ་ཅིའི་ཕྱིར་ཞེ་ན་ཞེས་པས་འདི་ཅི་ལྟར་འགལ་ཞེས་མངོན་པར་དགོངས་སོ། ། 31-1-148b ནམ་མཁའ་ལྟར་ཞེས་བྱ་བ་ལ་སོགས་པས་འགལ་བའི་རྒྱུ་གསུངས་སོ། །ངོ་བོ་ཉིད་དག་པའི་ཕྱིར་ཞེས་པ་ནི་འོད་གསལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་ལུས་ལ་སོགས་པ་རྣམས་གང་ཡིན་པ་ཡང་ལུས་ནི་རང་གི་བདག་ཉིད་ཀྱི་རྟེན་དང་བརྟེན་པའི་དངོས་པོར་ཡོད་པ་དེ་བཞིན་དུ། དེ་དག་གི་རང་བཞིན་ཤིན་ཏུ་ཐ་ དད་པའི་ཆོས་ཆེས་མཆོག་ཏུ་འཛིན་པར་བྱེད་དོ་ཞེས་པའོ། །དེ་འཛིན་པར་བྱེད་དོ་ཞེས་པ་བསྐྱེད་པའི་རིམ་པ་ལ་ཕྱུང་ནས་རབ་ཏུ་ཞུགས་པ་དང་། རྫོགས་པའི་རིམ་པ་ལ་ཡེ་ཤེས་ལྔ་སྟེ་སྔགས་ཀྱི་བདག་ཉིད་ཀྱི་རྡོ་རྗེ་འཆང་གི་སྐུ་དང་གསུང་དང་ཐུགས་སོ། །དྲུག་པ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ བདག་ཉིད་ཅན་ནོ། །སྐུ་ལ་སོགས་པ་འདི་ཉིད་དུ་ཡེ་ཤེས་གསུམ་ལས་ཡང་དག་པར་བྱུང་བ་སྟེ་སྐྱེས་པའོ། །ཐུགས་རྡོ་རྗེ་ནི་ངོ་བོ་ཉིད་དོ། །རྒྱུ་ལ་ནི་ཡེ་ཤེས་གསུམ་ལའོ། །འབྲས་བུ་ལ་ནི་འོད་གསལ་བ་ཉིད་དོ། །རང་གི་སེམས་ནི་སྣང་བ་གསུམ་མོ། །ཆོས་ཉིད་ནི་འོད་གསལ་བ་ཉིད་དོ། །འདི་དག་ ལ་གནས་པ་ནི། བཤད་མ་ཐག་པའོ། །མི་སྨྲ་བར་གྱུར་པ་ནི་ངག་གི་ཡུལ་ལས་ཤིན་ཏུ་འདས་པའི་ཕྱིར་རོ། །དེ་སྐད་ཅེས་བྱ་སྟེ་ལེའུ་ཞེས་པ་ལྷག་མའོ། །མཐའ་དྲུག་གི་བཤད་པ་ནི་དྲུག་པ་རྡོ་རྗེ་འཆང་ཆེན་པོས་བཤད་དོ་ཞེས་མངོན་པར་དགོངས་པའོ། །དཀྱིལ་འཁོར་དུ་དབང་བསྐུར་བ་ཉིད་ཅེས་པ་ ནི་དེ་ཉིད་ཀྱི་ཕྱིར་སྒྲུབ་པའི་སྣོད་སོ་སོར་བརྟགས་པ་མེད་པར་དཀྱིལ་འཁོར་དེ་མངོན་པར་བརྗོད་པ་ཉེ་བར་བསྟན་པའི་ཕྱིར་གསུངས་པ་སླར་ཡང་ཞེས་བྱ་བ་འདིས་འབྱུང་བར་འགྱུར་བའི་སློབ་མ་རྣམས་དང་མ་འོངས་པའི་རྡོ་རྗེ་སློབ་དཔོན་རྣམས་ཀྱིས་ཀྱང་བྱ་བར་གསུངས་སོ། །སྐུ་འཛིན་པ་ནི་ཐུགས་རྡོ་རྗེའོ། ། བསྐུལ་བའི་དབང་གིས་བསྟོད་པའི་ཚིག་བྱུང་བའི་ཕྱིར་གསུངས་པ། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པའོ། །མངོན་སུམ་དུ་བྱས་ནས་ཞེས་བྱ་བ་ནི་ཐོག་མར་རབ་ཏུ་དང་བའི་དང་བས་ཞེས་བྱ་བའི་དོན་ཏོ། །གཟུགས་ལ་སོགས་པའི་ཡུལ་རྣམས་དང་མེ་ཏོག་ལ་སོགས་པའི་རྡོ་རྗེ་རྣམས་ཀྱང་ དེ་བཞིན་གཤེགས་པའི་བདག་ཉིད་ཅན་ཡིན་པ་ཉིད་ཀྱི་ཕྱིར་རོ། །དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བ་ཉིད་ཅེས་གསུངས་པའི་ཕྱིར་མེད་པར་ཐམས་ཅད་དབང་བསྐུར་བ་མེད་དོ། །མངོན་པར་དབང་བསྐུར་བ་མེད་པར་ཡང་དངོས་གྲུབ་ཕྲན་ཚེགས་དག་ཀྱང་གྲུབ་པར་མི་འགྱུར་ན་སངས་རྒྱས་ཉིད་ལ་ 31-1-149a སོགས་པའི་དངོས་གྲུབ་ཆེན་པོ་ལྟ་ཅི་སྨོས་དེ་ཉིད་ཀྱི་ཕྱིར་རྒྱུད་སོ་སོར་དབང་བསྐུར་དང་དཀྱིལ་འཁོར་དག་མངོན་པར་བརྗོད་པར་བལྟ་བར་བྱའོ། །དཀྱིལ་འཁོར་གྱི་ཆོ་གའི་སྒྲུབ་པའི་ཐབས་ཞེས་བྱ་བ་ལ་སོགས་པས་འཆད་པར་འགྱུར་བས་དང་པོ་ཉིད་དུ་དཀྱིལ་འཁོར་དུ་དབང་བསྐུར་ བའི་དོན་གསུངས་སོ། །འདི་དག་ལ་སོགས་པ་ཉིད་ཀྱང་རྒྱུད་གཞན་དུ་དེ་དང་དེའི་ཁྱད་པར་དབྱེ་བ་བླང་ངོ་། །སླར་ཡང་ཞེས་བྱ་བ་ལ་སོགས་པས་སློབ་མ་དང་སློབ་དཔོན་གྱི་འབྲེལ་པ་དང་ཉན་པའི་རིམ་པ་གསུངས་སོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་གནས་པ་ཞེས་པ་ནི་སྐུ་ལ་སོགས་པ་ འགྲུབ་པར་བྱས་པའོ། །སྐུ་ལ་སོགས་པའི་དོན་མངོན་པར་རྗོད་པར་བྱེད་པ་པོ་ཡང་རུང་ངོ་། །མངོན་སུམ་དུ་བྱས་ནས་ནི་ཀུན་དུ་དང་བར་བྱས་ནས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་རང་བཞིན་ཡིན་པའི་ཕྱིར་རྣམ་པར་སྣང་མཛད་ནི་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ ཉིད་ཀྱི་ཕྱིར་སྐུའི་དཀྱིལ་འཁོར་ཞེས་གསུངས་སོ། །ཉོན་མོངས་པའི་རི་དགས་རྣམ་པར་འཇིགས་པས་ན་ཞེས་བྱ་བ་ནི་གཏི་མུག་ཤས་ཆེ་བའི་རིགས་ཅན་རྣམས་ཀྱི་ཞེས་པ་ལྷག་མའོ། །དེ་ལ་ཞེས་པ་ནི་དཀྱིལ་འཁོར་པའོ། །འབད་པ་ནི་གཏི་མུག་གི་རིགས་ཅན་རྣམས་རྗེས་སུ་བཟུང་བའི་བསམ་ པའོ། །དཀྱིལ་འཁོར་ལྟ་བུ་ནི་དཀྱིལ་འཁོར་གྱི་ཆོ་གའི་ཚོགས་སོ། །སངས་རྒྱས་ཐམས་ཅད་ཀྱི་ནི་ཞེས་པ་རང་བཞིན་ཉིད་གང་ཡིན་པའམ་བྱང་ཆུབ་སྒྲུབ་པའི་དོན་དུ་རབ་ཏུ་འཇུག་པ་ཉིད་ཀྱི་ཕྱིར་རོ། །སྒྲུབ་པ་པོ་ཐམས་ཅད་ཀྱི་ནི་གཏི་མུག་གི་རིགས་ཅན་ཐམས་ཅད་དམ་གང་ཡང་འཇིག་རྟེན་དང་འཇིག་ རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཀྱི་སྒྲུབ་པ་པོ་རྣམས་སོ། །དེའི་ཕྱིར་འདི་ཀུན་ཞེས་བྱ་བ་གསུངས་སོ། །ངོས་སུ་རེ་རེའི་ཞེས་བྱ་བ་ནི་ལྟེ་བའི་གནས་ལ་ལྟོས་ནས་སོ། །དེ་ནི་གྲུ་བཞི་ལྷམ་པ་སྟེ། །ཞེས་པའི་ཁང་པ་བརྩེགས་པའི་ཕྱིའི་གཟུགས་ལ་ལྟོས་ནས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་གྲུ་ བཞི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དྲི་མ་མེད་པའི་ཚོན་གྱིས་ནི་རྡུལ་ཚོན་ཁ་དོག་མཆོག་ཏུ་འབར་བའི་ཕྱིར་རོ། །སངས་རྒྱས་ཀུན་གྱིས་ཞེས་པ་ནི་དག་པའི་ཉེས་པ་མེད་པའོ། །དེ་ཉིད་ཀྱི་ཕྱིར་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མཛེས་པར་བྱས་པ་ནི། བྱིན་གྱིས་ 31-1-149b བརླབས་པའོ། །འཁོར་ལོའི་ཕྲེང་བས་བརྒྱན་པ་ཞེས་པ་ནི། སྙིང་པོའི་དཀྱིལ་འཁོར་རྣམ་པར་བཅད་པའོ། །བླ་མ་ལས་མཐོང་བ་རང་གིས་བྱ་བ་ཡང་། དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་ལས་ངེས་པར་བསྟན་པའི་དཀྱིལ་འཁོར་གྱི་ཆོ་ག་སྦྱང་བ་དེ་ལྟ་བུའི་དཀྱིལ་འཁོར་བྲི་བར་བྱའོ་ཞེས། དེ་ཁོ་ ན་ཉིད་བསྡུས་པ་ལས་གསུངས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྒྱ་ཆེར་ནི་དེ་ལས་དཀྱིལ་འཁོར་གྱི་ཆོ་གར་གསུངས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ་ལྷ་རྣམས་ཀྱི་ཞེས་པ་ནི་དཀྱིལ་འཁོར་པ་རྣམས་ཀྱི་དབུས་སུའོ། །ནང་གི་རིམ་པར་གནས་པ་རྣམས་ཀྱི་མངོན་དུ་ ཕྱོགས་པའི་དབུས་སུའོ། །རང་གི་ཕྱག་རྒྱ་སྤྱན་མ་ལས་ཇི་སྲིད་གནས་སམ་གོ་འཕང་ཡང་དག་པར་ལྡན་པའོ། །ལྷའི་གཟུགས་ནི་རྣམ་པར་སྣང་མཛད་ཀྱི་སྐུའམ་འཁོར་ལོའོ། །མི་བསྐྱོད་པ་ལ་སོགས་པའང་ཞེས་བྱ་བ་ལ་སོགས་པ་ནི། ཤར་ལ་སོགས་པའི་ཕྱོགས་ཞེས་བྱ་བ་ལ་སོགས་པས་དེ་ བཞིན་གཤེགས་པ་ཡོངས་སུ་བསྐོར་བའོ། །གཅིག་པུ་ཞེས་པ་ནི་བཙུན་མོའི་ཕྱག་རྒྱ་དང་བྲལ་བའོ། །སྤྱན་མ་ཞེས་བྱ་བ་ལ་སོགས་པས་དགོད་དོ། །ཇི་ལྟར་རིགས་པར་ཞེས་པ་ནི་ལྷ་མོ་རྣམས་ཀྱིས་ཡོངས་སུ་བསྐོར་བའོ། །ཁྲོ་བོ་ཞེས་བྱ་བ་ལ་སོགས་པས་རིམ་པ་གསུམ་པའི་སྒོ་བཞི་པོ་སྟོན་ པར་བྱེད་དོ། །སྟོབས་ཆེན་ཞེས་བྱ་བ་ལ་སོགས་པའི་གྲྭ་བཞི་པོ་སྟེ་འདིར་ཡོངས་སུ་བསྐོར་བ་ནི་མེད་དོ་ཞེས་མཚོན་པར་བྱའོ། །དེ་ཉིད་ཀྱི་ཕྱིར་གཟུགས་ལ་སོགས་པ་རྣམས་དང་ནི་གཟུགས་རྡོ་རྗེ་ལ་སོགས་པ་རྣམས་སོ་ཞེས་པ་འདིས་རིམ་པ་གཉིས་པའི་དེ་བཞིན་གཤེགས་པ་ལ་སོགས་པ་བཞིན་དུ་ གཟུགས་རྡོ་རྗེ་ལ་སོགས་པ་རྣམས་ཀྱང་ཡོངས་སུ་བསྐོར་བར་རྟོགས་པར་བྱའོ། །བྱམས་པ་ལ་སོགས་པ་རྣམས་ཀྱང་གནས་ཇི་ལྟ་བ་བཞིན་དུ་དགོད་དོ། །སྔགས་ཤེས་པ་ཞེས་པ་ལ་སོགས་པ་ལ་སྔགས་ནི་ལྷའི་རྣལ་འབྱོར་རྣམ་པ་གཉིས་དེ་དེ་ཤེས་པའོ། །ལྷའི་འཁོར་ལོའི་གཟུགས་སུ་ དམིགས་པའི་ཚོགས་ཀྱི་དཀྱིལ་འཁོར་གྱི་དབུས་སུའམ། དཀྱིལ་འཁོར་གྱི་དབུས་སུ་སྟེ་སྐུའི་དཀྱིལ་འཁོར་གྱི་དབུས་སུའོ། །ཤེས་རབ་དང་ཐབས་གཉིས་ཀ་ཡང་ལྷ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །གཞན་ན་རེ་གང་རྡོ་རྗེ་སློབ་དཔོན་དྲུག་པ་ཉིད་དང་མཚུངས་པ་ཁོ་ན་ 31-1-150a མ་ཡིན་ནམ་བཤད་པའི་རྒྱུད་རྡོ་རྗེ་ཕྲེང་བས་ལྷ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཅན་དུ་བཤད་པ་དེ་ཅི་ལྟར་ཡིན་ཞེ་ན་སྒོམ་པ་འདི་མེད་དེ་དྲུག་པ་ཉིད་རྣམ་པར་སྣང་མཛད་ལ་སོགས་པ་ཉིད་དུ་ཡོངས་སུ་གྱུར་པས་དཀྱིལ་འཁོར་གྱི་དབང་པོར་འགྱུར་རོ་ཞེས་སོ། །བདེ་མཆོག་གི་རྒྱུད་ ཀོང་ཀ་ཎའི་དཀའ་འགྲེལ་དུ་བྲིས་པ་རྡུལ་ཚོན་གྱི་དབུས་སུ་སྐུ་དང་གཉི་ག་ལས། སྟེང་དུ་ཁྲི་བྱིན་ནས་དཀྱིལ་འཁོར་མཆོད་པ་རང་གི་ཕྱག་རྒྱ་དང་བཅས་པས་བྱ་བ་ཞེས་པ་ནི་ཡང་དག་པ་མ་ཡིན་ནོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། སྒྲུབ་པ་པོ་རྣམས་ཀྱི་ཞེས་པ་ནི། སློབ་དཔོན་རྣམས་ཉིད་དོ་ཞེས་ མངོན་པར་དགོངས་སོ། །ངེས་པ་ཁོ་ནར་ཞེས་པ་ནི་བཟའ་བ་ནི་ལུས་རྒྱས་པའི་དོན་དུ་སྐུའི་རྡོ་རྗེ་ཉིད་ཀྱང་འདིར་གཙོ་བོ་ཞེས་དེའི་ཕྱིར་ངེས་པ་ཁོ་ནར་ཞེས་མངོན་པར་བརྗོད་པར་བྱའོ། །ངོས་རེ་རེ་ཞིང་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཡོངས་སུ་རྫོགས་པ་ཞེས་པ་ནི་སུམ་ཅུ་རྩ་གཉིས་པོ་རྣམས་ ཀྱང་ངོ་། །ཆོ་ག་ལ་མཁས་པ་ཞེས་པ་ནི། དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལ་སོགས་པར་བཤད་པའི་དཀྱིལ་འཁོར་གྱི་ཆོ་ག་ལ་བྱ་བའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ་དཀྱིལ་འཁོར་གསུམ་ཞེས་བྱ་བ་ནི་སྔར་གསུངས་པའི་ཐུགས་ཀྱི་དཀྱིལ་འཁོར་དང་བཅས་པའོ། །རྡོ་རྗེ་འཛིན་པ་ལ་ སོགས་པ་ཞེས་བྱ་བ་ལ་སོགས་པས་ལེའུ་བཞི་པར་གསུངས་པའི་མི་བསྐྱོད་པ་གཙོ་བོ་ཡིན་ལ། འདིར་དཀྱིལ་འཁོར་པ་ཉིད་དུ་མངོན་པར་བརྗོད་དོ། །དཀྱིལ་འཁོར་གྱི་སྒྲས་སྐུ་ལ་སོགས་པའི་དཀྱིལ་འཁོར་འབྲེལ་པར་སྟོན་པར་བྱེད་དོ། །དེ་ལྟར་གཞན་རྣམས་ལ་ཡང་དཀྱིལ་འཁོར་ཕན་ ཚུན་དུའོ། །གང་ཡང་རིན་པོ་ཆེ་རྩེ་མོ་དགུ་པའི་རྡོ་རྗེ་འཛིན་པའི་ཕྱིར་རིན་ཆེན་དབང་པོ་ཉིད་རྡོ་རྗེ་འཛིན་པའོ། །སོགས་པའི་སྒྲ་ནི་དང་པོའི་དོན་ཏེ། དེས་རིན་ཆེན་དབང་པོ་ལ་སོགས་པ་རྣམས་སོ་ཞེས་རྟོགས་པར་བྱའོ། །དེའི་ཕྱིར་དཀྱིལ་འཁོར་པ་རྣམས་ཀྱི་ཞེས་པ་ནི་སྐུ་དང་གསུང་གི་དཀྱིལ་ འཁོར་དག་དང་གསུམ་པོ་འདི་རྣམས་ལས་གཞན་ཡང་མཱ་མ་ཀཱི་ལ་སོགས་པ་རྣམས་དཀྱིལ་འཁོར་པ་ཡིན་པ་ཉིད་ཀྱི་ཕྱིར་རོ། །སྐུ་ཞེས་བྱ་བ་ལ་སོགས་པ་ནི་སྐུ་ལ་སོགས་པའི་རྡོ་རྗེ་གསུམ་པོ་རྣམས་ཕན་ཚུན་མངོན་པར་སྤྱོད་པ་ལ་གསང་བ་གསུམ་ཉིད་དུ་ངེས་སོ། །དེ་བཞིན་གཤེགས་པ་ཉིད་ནི་ 31-1-150b སོ་སོར་འདུས་པར་རིན་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ནི་ཉེ་བར་མཚོན་པ་སྟེ། དེས་དཀྱིལ་འཁོར་པ་གཞན་རྣམས་ཀྱི་ཡང་གཙོ་བོ་ཉིད་ནི་གསང་བ་གསུམ་ཉིད་དུ་རྟོགས་པར་བྱའོ། །གསང་བ་གསུམ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་ཐམས་ཅད་དོ། །དེ་ བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ཐིག་གདབ་པ་ནས་བརྩམས་པ་ཉིད་ནི་དཀྱིལ་འཁོར་ཡོངས་སུ་གྱུར་པ་གསུངས་སོ། །དེ་བཞིན་དུ་གང་གི་ཚེ་དཀྱིལ་འཁོར་གྱི་བདག་ཉིད་གང་ཡིན་པ་དེའི་ཚེ། དེའི་ཁ་དོག་དང་དེའི་རྣལ་འབྱོར་གྱིས་ཐིག་གདབ་པ་ལ་སོགས་པ་བྱའོ། །སྐུ་ ལ་སོགས་པ་ནི་གསང་བ་ཉེ་བར་བྱ་བཞིན་པའོ། །རྡོ་རྗེ་ཞེས་པ་ལ་སོགས་པ་དེ་རྣམས་ཞེས་པ་ནི་སྐྱེད་པར་བྱེད་དོ་ཞེས་པ་ལྷག་མའོ། །ཡིད་སྐྱོབ་པར་བྱེད་པ་ཞེས་པ་འདི་བཤད་པ་ནི་སེམས་ཞེས་བྱ་བ་ལ་སོགས་པའོ། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར། མི་འཇིགས་པས་ན་ཞེས་བྱ་བ་ལ་ སོགས་པ་གསུངས་སོ། །གལ་ཏེ་དེ་ཁོ་ན་ཉིད་བསྡུས་པ་ལས་ཞེས་བྱ་བ་ལ་སོགས་པས་རྫོགས་པའི་རིམ་པ་ལ་གནས་པ་ནི་འདིར་གསུངས་པའི་ཆོ་གས་དཀྱིལ་འཁོར་བྲི་བར་བྱ་བ་མ་ཡིན་ནོ། །རྫོགས་པའི་རིམ་པ་ལ་གནས་པར་བྱའོ་ཞེས་པའི་དོན་ཉིད་མངོན་པར་བརྗོད་པར་འགྱུར་རོ། །བསྐྱེད་ པའི་རིམ་པ་ལ་གནས་པ་ཡང་དེ་ཁོ་ན་ཉིད་བསྡུས་པའི་རྒྱུ་ལ་སོགས་པར་མངོན་པར་བརྗོད་པའི་དཀྱིལ་འཁོར་བྲི་བའི་ཆོ་ག་ལ་ལྟོས་པར་མངོན་པར་བརྗོད་པ་དེ་བསྐྱེད་པའི་རིམ་པའི་རྣལ་འབྱོར་པས་རྒྱུད་འདིར་གསུངས་པའི་ཆོ་གའི་དབང་དུ་བྱས་ནས་དམ་ཚིག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། ། གནས་འདི་བཞི་སྟེ་ཞེས་པ་སྤྱི་བོ་དང་མགྲིན་པ་ལ་སོགས་པར་རོ། །བསྐྱེད་པར་བྱའོ་ཞེས་པ་རིགས་ལྔ་ཉིད་ཅེས་པ་ལྷག་མའོ། །ངེས་པར་གནོད་མཛེས་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་རྫོགས་པར་གྱུར་པའི་དཀྱིལ་འཁོར་བ་རྣམས་བཀུག་ནས་ས་མཱ་ཛཿཞེས་པ་དང་སྤེལ་བའི་སྔགས་བཟླས་པས་ སོ། །བསམ་གཏན་གྱིས་བསྐྱེད་པའི་མཆོད་པའི་དབང་དུ་བྱས་ནས། དུས་གསུམ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། དེ་རྣམས་ཀྱིས་ཞེས་པ་ནི་སྙིང་གའི་ས་བོན་ལས་བྱུང་བ་རྣམས་ཀྱིས་སོ། །དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ནི་བཀུག་པ་རྣམས་ཀྱིས་སོ། ། 31-1-151a གཅིག་ཏུ་བྱས་ནས་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་དང་ལྷན་ཅིག་ཡང་དག་པར་སྦྱོར་བ་བྱས་པས་མཆོད་པ་བྱའོ། །མཆོད་པའི་འབྲས་བུ་འདི་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གསུངས་པའི་སྔགས་ནི། འདས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །སྒྲ་ཇི་ བཞིན་པའོ། །རྒྱ་ཆེ་བ་ཤིན་ཏུ་མཛེས་པ་སྟེ་བདུད་རྩི་ར་བྱས་པ་ཉིད་ཀྱི་ཕྱིར་རོ། །འདི་ཉིད་ཅེས་པ་ནི་ཕྱིའི་དེ་བཞིན་གཤེགས་པའི་དབང་དུ་བྱས་ནས་གསུངས་པ་གང་ཡིན་པ་འདིའོ། །ནང་གི་བདག་ཉིད་ཅན་ནི་སློབ་དཔོན་གྱི་ལུས་ཀྱི་ནང་དུ་རྟོགས་པའི་ཕུང་པོ་ལ་སོགས་པའི་ངོ་བོ་དེ་བཞིན་གཤེགས་ པ་རྣམས་གཏོར་མས་ཚིམ་པར་བསྟན་ནོ། །བཤང་བ་དང་སོགས་པའི་སྒྲས་གཟུགས་ལ་སོགས་པ་དང་ཡུལ་ལྔ་མངོན་པར་བརྗོད་པར་བྱའོ་ཞེས། སྒྲ་ཇི་བཞིན་པ་མ་ཡིན་པས་ཞེས་གསུངས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་བརྡར་གྱུར་པའི་སྒྲའོ། །དེ་ལས་གཞན་མ་ལུས་ལ་སྲོག་ ཆགས་རྣམས་ཀྱི་སྒྲ་ཉིད་ཀྱིས་བསྡུས་པའི་ཕྱིར་རོ། །བཤང་བ་ལ་སོགས་པ་ཞེས་པ་ནི་ཉེ་བར་མཚོན་པར་བྱེད་པ་སྟེ་གོ་ཀུ་ལ་སོགས་པ་རྣམས་ཕུང་པོ་ལྔ་དབང་བསྐུར་བ་རྣམས་ཉེ་བར་མཚོན་པར་བྱེད་དོ། །གཏོར་མ་བྱིན་གྱིས་བརླབས་པ་ནི་བདུད་རྩི་ལ་སོགས་པའོ། །འདི་དག་ཐམས་ཅད་དུ་བཅུ་པོ་ རྣམས་ཉིད་ཀྱིས་བཤད་པར་བསྟན་པའི་ཕྱིར་རོ། །སྐབས་སུ་བབ་པར་སླར་ཡང་ཕུང་པོ་དང་ཁམས་ལ་སོགས་པའི་རང་བཞིན་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་པོ་རྣམས་བཤད་པ་ལ་སོགས་པའི་ཡུལ་ལྔ་པོ་རྣམས་ཀྱིས་ཚིམ་པར་བྱེད་པར་འདིར་གསུངས་སོ། །དེ་ཉིད་ཀྱི་ ཕྱིར། ཡང་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་པ་འཇུག་པར་བྱེད་པའི་དོན་དུ་ཕན་ཡོན་སྟོན་པ་ཤུ་ཙ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་ཚིམ་པར་བྱེད་པ་ཉིད་ཀྱིས་ཡུལ་གཞན་ཐམས་ཅད་ཐུན་མོང་བ་ཉིད་ཡིན་པའི་ ཕྱིར་རོ། །སྔགས་པ་ཞེས་པ་ནི་རིམ་པ་གཉིས་ལ་གནས་པའི་རིགས་ཅན་ཐམས་ཅད་དོ། །ཕྱི་རོལ་དུ་ཡང་དེ་བཞིན་གཤེགས་པའི་སྔགས་པ་ཚིམ་པར་བྱེད་པ་དང་། ཚིམ་པར་བྱས་པ་ཉིད་དུ་འགྱུར་རོ་ཞེས་སྔགས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པའོ། །ཅི་རིགས་ 31-1-151b པར་ཞེས་པ་ནི་བླ་མ་ལས་སོ། །སངས་རྒྱས་ཐམས་ཅད་ཀྱི་ནི་རྫོགས་པའི་རིམ་པའི་རིགས་ཅན་ལྔ་པོ་རྣམས་ཀྱིའོ། །སྒྲ་ཇི་བཞིན་པའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་འཆང་ཆེན་པོ་ཞེས་པ་ནི་དེ་བཞིན་གཤེགས་པའི་སྙིང་པོའི་བདག་ཉིད་ཕུང་པོའི་ཟ་མ་ཏོག་ལ་གནས་པའི་ཐུགས་ཀྱི་རྡོ་རྗེའོ། ། གཅིག་ཏུ་བྱས་ནས་ནི་བསྲེག་བྱའི་རྫས་ཀྱིས་སོ། །ཇི་ལྟར་རྙེད་པ་ཞེས་པ་ནི་ལས་ཀྱི་རྗེས་སུ་མཐུན་པར་རྙེད་པ་དང་། ཐབ་ཁུང་བུད་ཤིང་གི་མེ་ལའོ། །དེ་ཉིད་ཀྱི་ཕྱིར་འཆད་པར་འགྱུར་བ་ཞི་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་གསུམ་ཞེས་བྱ་བ་ལ་སོགས་པ་ནི། སྒྲ་ཇི་བཞིན་པ་མ་ཡིན་ པའོ། །བདག་ཉིད་རང་གི་ཕྱག་རྒྱ་ཞེས་པ་ནི། རིགས་ལྔ་པོ་རྣམས་ཀྱི་སྤྱིའི་ཚིག་སྟེ། གང་དང་གང་གི་ཕྱག་རྒྱ་སྤྱན་མ་ལ་སོགས་པའི་གཟུགས་དེ་དང་ལྷན་ཅིག་ཏུ་བདག་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་གཅིག་ཏུ་བྱས་པ་ནི་རྡོ་རྗེ་དང་པདྨ་ཡང་དག་སྦྱོར་བའོ། །དེ་ལས་བྱུང་བ་རྣམས་ཀྱིས་སོ། །དཀྱིལ་ འཁོར་གྱི་བདག་པོ་ཞེས་པ་ནི་སྤྱིའི་ཚིག་སྟེ་རིགས་གང་དང་གང་ཡིན་པ་དེའི་དཀྱིལ་འཁོར་གྱི་བདག་པོ་གང་ཡིན་པ་ནི་ཐོག་མར་ལྷའི་འཁོར་ལོ་གནས་ཇི་ལྟ་བ་བཞིན་དུ་སློབ་མའི་ལུས་དང་ཁང་པ་བརྩེགས་པར་དགོད་པར་བྱ་སྟེ། སྙིང་གའི་པདྨ་དང་སྙིང་པོའི་རིམ་པའི་དབུས་སུ་དཀྱིལ་འཁོར་གྱི་བདག་ པོ་གཞག་པར་བྱའོ། །རྣལ་འབྱོར་བཞི་ལས་རྫོགས་པའི་དཀྱིལ་འཁོར་གྱི་བདག་པོ་དེའི་ཕྱིར་མདོ་དང་བསྲེ་བར་བྱེད་པ་གཅིག་ཏུ་བྱ་བར་གསུངས་པ་འདིས་འདིར་འགལ་བ་མེད་དོ། །གཏི་མུག་ལ་སོགས་པའི་རིགས་ཅན་གྱི་སློབ་མ་རྣམས་རྣམ་པར་སྣང་མཛད་ལ་སོགས་པ་ཉིད་བདག་པོ་རྣམས་སུ་སྤྲུལ་པ་ ཅན་དུ་སྦྱར་བར་བྱ་སྟེ་གང་ལས་དཀྱིལ་འཁོར་གྱི་བདག་པོ་རྣམས་དང་། དཀྱིལ་འཁོར་པ་རྣམས་ཀྱང་ཕྱག་གཉིས་པ་ཉིད་རང་རང་སོ་སོའི་སྐུའི་དཀྱིལ་འཁོར་གྱི་བདག་པོའོ། །གང་གི་ཕྱིར་ལེའུ་དང་པོར་གསུངས་པའི་རིག་པའི་སྐྱེས་བུ་ཆེན་པོའི་གཟུགས་ཞེ་སྡང་ལ་སོགས་པར་གྱུར་ནས་དཀྱིལ་འཁོར་ དུ་ཞུགས་པའོ། །ལྷག་མ་བདུད་རྩི་གསུམ་ཞེས་པ་ནི། ཁྲག་དང་རྐང་དང་གཅིན་གྱི་ངོ་བོའོ། །འདི་དག་ཅེས་བྱ་བ་ལ་སོགས་པ་ནི། བླ་མ་རྣམས་ལན་བདུན་དུ་མངོན་པར་བསྔགས་པར་འདོད་དོ། །རྒྱུད་གཞན་དུ་ནི་ལན་བརྒྱ་རྩ་བརྒྱད་དུ་མངོན་པར་བསྔགས་ནས་བཟའ་བར་བྱ་སྟེ། རྣམ་པ་གཞན་དུ་ན་དམ་ 31-1-152a ཚིག་གི་རྫས་སུ་མི་འགྱུར་བར་བལྟ་བར་བྱའོ། །ཡང་ན་འདུས་པ་ཕྱི་མར། རྡོ་རྗེའི་ལམ་ནས་ནི། སློབ་མའི་ཁ་རུ་དབབ་པར་བྱ། །ཞེས་གསང་བའི་དབང་བསྐུར་བར་བཤད་དོ། །རྒྱུད་གཞན་དུ་ཡང་། རྒན་པོ་མིང་མེད་དག་གིས་ནི། །སློབ་མའི་ཁ་རུ་དབབ་པར་བྱ། །ཞེས་པ་ནི། གཉིས་ ཀ་གཅིག་ཏུ་སྦྲེལ་བས་རྡོ་རྗེ་སློབ་མ་ལ་དབབ་པར་བྱའོ་ཞེས་པ་ནི་མི་འགལ་ལོ། །ཐེག་པ་གསར་པ་ནི་སངས་རྒྱས་ཀྱི་ཐེག་པའོ། །གང་ཡང་གསང་བའི་དབང་བསྐུར་བ་ལས་ཐོག་མར་མངོན་པར་དབང་བསྐུར་བ་གང་ཡིན་པ་དེས་དབང་བསྐུར་བ་དེ་རྣམས་ཐེག་པ་སར་པ་ལ་གནས་པའོ། །དེ་རྣམས་གང་ཡིན་པ་ ལ་གསང་བ་སྟེ་བསྟན་པར་མི་བྱ་བ་ནི་ས་ལ་སོགས་པ་རྣམས་སོ། །དེ་རྣམས་ལ་ནི་གང་མངོན་པར་དབང་བསྐུར་བ་ནི་བསྟན་པར་བྱ་བར་གསུངས་སོ་ཞེས་སྦྲེལ་ལོ། །ཅི་ལྟར་བསྟན་པར་བྱ་ཞེ་ན། དེ་ཉིད་བཞི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོ་ག་འདི་ལྟ་བུ་ནི་འཆད་པར་འགྱུར་བཞིན་པ་བདག་ ཉིད་ཀྱིས་བསླབ་ཅིང་སྦྱིན་སྲེག་དང་གཏོར་མའི་ཚུལ་གྱིས་ཞེས་པ་ཙཱ་རུའི་དངོས་པོས་བསྒྲུབས་ནས་ཕྱི་དང་ནང་གི་སྦྱིན་སྲེག་དང་གཏོར་མས་ཚིམ་པར་བྱེད་པ་དེའི་ཚུལ་གྱིས་དབུལ་བར་བྱའོ། །མཉེས་པ་ནི་རབ་ཏུ་དགྱེས་པའོ། །མགོན་པོ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་རྣམས་སོ། །ཅི་ལྟར་ཞེ་ན། བདུད་རྩི་ལྔ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཟའ་བ་ལ་སོགས་པ། བཱི་ར་ཤུ་མཱ། མཱུའི་ཚུལ་གྱིས་ཡུལ་གྱི་རང་བཞིན་ཉིད་ཡིན་པའི་ཕྱིར་འདི་རྣམས་གཟུགས་རྡོ་རྗེ་ལ་སོགས་པའི་ས་བོན་ལས་བསྐྱེད་པར་བྱའོ། །ཤ་ཞེས་བྱ་བ་ལ་སོགས་པ་ནི། སྒྲོལ་མ་ རྣམ་པ་ལྔ་ཞེས་པ་སྟོབས་དང་ཁ་དོག་གསལ་བར་བྱེད་པའི་ཕྱིར་གོ་ཀུ་ལ་སོགས་པའོ། །དམ་ཚིག་ཆེན་པོ་ལག་ལྡན་རྟ། །དེ་བཞིན་ཁྱི་ལ་སོགས་པའི་ཤ །ཕུང་པོ་ལ་སོགས་རིགས་དབྱེ་བས། །གང་གསུངས་དམ་ཚིག་དེ་བཤད་དོ། །ཞེས་གསུངས་པའི་ཕྱིར། ཕུང་པོའི་ངོ་བོ་ཉིད་ཡིན་པས་ འདི་རྣམས་རྣམ་པར་སྣང་མཛད་ལ་སོགས་པའི་ས་བོན་གྱིས་བསྐྱེད་ནས་སྦྱངས་པ་དང་རྟོགས་པ་ལ་སོགས་པའི་རིམ་པས་ཡང་དག་པར་སྦྱངས་ནས་བྱིན་གྱིས་བརླབས་ཏེ། བཟའ་བར་བྱའོ། །འདུས་པ་ཕྱི་མར་ནི་ཡི་གེ་གསུམ་གྱི་ས་བོན་གྱིས་བསྐྱེད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ཉིད་ 31-1-152b ཡུལ་རོ་ཉིད་དུ་བཤད་པས་སྒྲུབ་པར་བྱེད་པ་གང་ཡིན་པ་རྣམས་ཀྱང་ཡུལ་རོར་བསྡུས་པ་ཉིད་དེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡུལ་གཞན་གྱི་དབང་དུ་བྱས་ནས་རྡོ་རྗེ་གསང་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དབང་པོ་གཉིས་ཞེས་པ་ནི་བུད་མེད་དང་སྐྱེས་པའི་དབང་པོའོ། །ཀླུ་ལ་སོགས་པས་ ཀྱང་ཞེས་པའི་སོགས་པའི་སྒྲས་མ་བཤད་པའི་ཡུལ་རྣམས་བསྡུས་སོ། །དེ་ཉིད་ཀྱི་ཕྱིར་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡུག་པ་ནི་ཡིད་དུ་འོང་བ་སྟེ་ཡོངས་སུ་མགུ་བར་གྱུར་པར་སྟོན་པར་བྱེད་དོ། །བཤད་ཟིན་པའི་ཡུལ་རོའི་དབང་དུ་བྱས་ནས་སླར་ཡང་བདུད་རྩི་ལྔ་ཞེས་བྱ་བ་ལ་སོགས་ པ་གསུངས་ཏེ། བཟའ་བ་ལ་ཉེ་བར་སྤྱོད་པའི་དུས་སུ་ནི་ཟ་བར་བྱེད་པའི་དུས་སུའོ། །དང་པོར་ཞེས་བྱ་བ་ལ་སོགས་པ་ནི་སྦྱང་བ་དང་རྟོགས་པ་དང་ཞེས་པས་འབར་བར་བྱེད་པ་དང་གདུང་བར་བྱེད་པ་ལ་སོགས་པའི་རིམ་པས་སོ། །དེ་ལ་དང་པོར་རིམ་པ་ལ་ཡང་། ཧཱུཾ་ཡིག་གིས་ནི་ཡང་དག་སྦྱར། །ཨཱཿ ཡིག་གིས་ནི་རྟོགས་པར་བྱ། །ཨོཾ་གྱིས་མནན་ནས་འབར་བར་བྱ། །འདི་ནི་བཟའ་བ་སྦྱོང་བའོ། །ཞེས་སོ། །འདུས་པ་ཕྱི་མ་རུ། རྡོ་རྗེ་ཧཱུཾ་ལས་ཡང་དག་འབྱུང་། །བར་སྣང་ལ་གནས་བསམ་པར་བྱ། །ཨཱཿལས་བྱུང་བའི་པདྨ་ནི། །དེ་ཡི་འོག་དེར་བསྒོམ་པར་བྱ། །ཨོཾ་གྱིས་མཚན་མའི་བདུད་རྩི་ནི། ། དེ་ཡི་དབུས་སུ་གཞག་པར་བྱ། །རྡོ་རྗེ་པདྨ་མཉམ་སྦྱོར་བས། །འབར་བས་རྣལ་འབྱོར་ཚིམ་པར་བྱ། །ཞེས་བྱ་བ་ལ་སོགས་པའོ། །ཀླུའི་བློའི་ཞབས་ཀྱིས་མཛད་པའི་སྦྱིན་སྲེག་གི་ཆོ་གར་ཡང་། སྐུ་གསུང་ཐུགས་ཀྱི་སྙིང་པོ་ཡང་། །ཉི་མ་ཟླ་བ་མེ་དབུས་གནས། །ཡི་གེ་གསུམ་གྱིས་མངོན་ བསྔགས་པའི། །སྦྱང་དང་འབར་དང་རྟོགས་པར་བྱེད། །ཅེས་སོ། །འདི་རྣམས་ཕན་ཚུན་འབྲེལ་པས་འབད་པ་ཉིད་དུ་རྟོགས་པར་བྱའོ། །དེ་ལྟ་བུའི་རིམ་པས་སྦྱངས་པའི་ཕྱི་ནས་བཟའ་བའི་དུས་སུ་ཡི་གེ་ཨོཾ་བསྒོམས་ནས་འབར་བར་བྱའོ་ཞེས་རྟོགས་པར་བྱའོ། །ཁྲོ་བོའི་མཐར་ཐུག་པ་ཞེས་པ་ནི་ སུམ་ཅུ་རྩ་གཉིས་པོ་རྣམས་ཀྱིས་སོ་ཞེས་མངོན་པར་དགོངས་སོ། །དེ་རྣམས་ནི་སུམ་ཅུ་རྩ་གཉིས་པོ་རྣམས་སོ། །དེ་རྣམས་ཀྱི་སྐུ་ལ་སོགས་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་ཐིམ་པའི་ས་བོན་ནི་སྐུ་ལ་སོགས་པའི་ས་བོན་གསུམ་གྱི་བདག་ཉིད་ཅན་ཉིད་དུ་འགྱུར་རོ་ཞེས་པའི་དོན་ཏོ། །དབབ་པར་བྱའོ་ 31-1-153a ཞེས་པ་ནི། རབ་ཏུ་གཞུག་པར་བྱའོ། །རབ་ཏུ་བཅུག་པའི་ཡི་གེ་གསུམ་པོ་ཉིད་ཀུན་དུ་སློབ་པ་དེས་ཡི་གེ་ཧྲཱིཿལ་རབ་ཏུ་གཞུག་གོ། །རྡོ་རྗེ་འཆང་ཆེན་པོ་ལ་ཕན་ཚུན་རབ་ཏུ་འཇུག་པ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་ལ་མངག་གཞུག་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་ ཞེས་བྱ་བ་ལ་སོགས་པ་ནི་ཡི་གེ་གསུམ་གྱི་བདག་ཉིད་ཅན་ནམ་བདག་གི་རང་བཞིན་གང་ཡིན་པ་དེ་དེ་བཞིན་ནོ་ཞེས་པ་གནོད་སྦྱིན་ཐམས་ཅད་སྒྲུབ་པར་བྱེད་པ་འདོད་བཞིན་པ་ཉིད་ཡིན་པའི་ཕྱིར་གནོད་སྦྱིན་གྱི་ཁྱད་པར་མངོན་པར་བརྗོད་དོ། །དེའི་དོན་ནི་འདི་ཡིན་ཏེ། གནོད་སྦྱིན་ཐམས་ཅད་ཀྱི་ གཙོ་བོ་གང་ཡིན་པ་ལ་བཀའ་བསྒོ་བ་སྩལ་བར་འདོད་དེ། དེ་ཉིད་ཡི་གེ་གསུམ་ལས་རྫོགས་པའོ། །མངོན་པར་འདོད་པའི་ལས་ལ་སྦྱར་བར་བྱའོ་ཞེས་པ་ནི། དེ་ཉིད་ཀྱི་ཕྱིར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕྱག་ན་རྡོ་རྗེ་ནི་མི་བསྐྱོད་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་ པའི་ཕྱིར་ཐོག་མར་ཡང་གནོད་སྦྱིན་གྱི་སྒྲས་མི་བསྐྱོད་པ་ལ་སོགས་པ་ཁོ་ནར་མངོན་པར་འདོད་དོ་ཞེས་རྟོགས་པར་བྱའོ། །འདི་ནི་ཁྱད་པར་ཏེ་ཐོག་མར་ནི་བསྐྱེད་པའི་སྔགས་གཅིག་ཉིད་དོ། །འདིར་ནི་སྣ་ཚོགས་ཏེ་རྡོ་རྗེ་གསང་བའི་གནས་ཞེས་པས་འདིའི་བཤད་པ་འབྱུང་ངོ་། །གསང་བ་ནི་མཆོག་གོ། ། ཡན་ལག་གི་དོན་ནི་དབང་དུ་བྱས་ནས། དེ་ལ་ཞེས་པ་ནི་དེ་རྣམས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། པདྨ་དང་ཉི་མའི་དཀྱིལ་འཁོར་ལ་གནས་པར་བྱས་ནས་ཞེས་པ་ནི། འདིར་པདྨ་ནི་འོད་དཔག་མེད་ཀྱི་མཚན་མ་སྟེ། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་བྱས་ནས་ཞེས་རྟོགས་པར་བྱའོ། །སྣ་ཚོགས་ པདྨ་ནི་ལྷ་ཐམས་ཅད་ཀྱི་ཐུང་མོང་པར་སྔར་བཤད་པས་ངེས་པར་གནོད་མཛེས་ཀྱང་རྡོ་རྗེ་ཉི་མའི་དཀྱིལ་འཁོར་ལ་གནས་པ་ཉིད་དུ་སྦྱར་བར་བྱའོ། །གཤིན་རྗེ་གཤེད་ཀྱང་ཟླ་བ་ཞེས་པ་ཟླ་བའི་སྟེང་དུ་འཁོར་ལོའམ། ཉི་མའི་དཀྱིལ་འཁོར་ལ་གནས་པར་བྱ་ཞེས་པ་དགོད་པར་བྱའོ། །སྡུག་བསྔལ་ དྲག་པོ་ནི་མི་བསྐྱོད་པ་ལ་སོགས་པའོ་ཞེས་པ་ལ་སོགས་པས་མི་བསྐྱོད་པ་ལ་སོགས་པའི་གཟུགས་སུ་དམིགས་ནས་ཁྲོ་བོ་རྣམས་ལ་བཀའ་བསྒོ་བ་སྦྱིན་པར་བྱའོ་ཞེས་པ་ལ་མངོན་པར་དགོངས་ནས་ངེས་པར་སྦྱོར་བའི་ཚིག་གི་མཐར་ཨོཾ་ཞེས་བརྗོད་ནས་བཀའ་བསྒོ་བར་བྱིན་ཅིག་ཅེས་ཡང་དག་པར་བསྐུལ་ 31-1-153b བ་ཞེས་བྱ་བ་ལ་སོགས་པ་སྟོན་པར་བྱེད་དོ། །རྣམ་པ་གཞན་དུ་ན་དཀའ་བསྒོ་བ་སོ་སོར་ངེས་པར་མི་འགྱུར་རོ། །ཨཱ་ཞེས་པ་འདི་བཀའ་བསྒོ་བ་ཐམས་ཅད་ཀྱི་ཐུན་མོང་བ་ཉིད་ཡིན་པའི་ཕྱིར་རོ། །མདུང་རྩེ་འཛིན་པ་ཞེས་པ་ནི་སྟོབས་པོ་ཆེ་ལ་སོགས་པ་རྣམས་ཀྱིས་སོ། །རྡོ་རྗེ་ཆེན་པོས་ཞེས་པ་ནི་བདུད་རྩི་ འཁྱིལ་པ་ལ་སོགས་པ་རྣམས་ཀྱིས་སོ། །ལྕགས་ཀྱུ་འཛིན་པས་ཞེས་པ་ནི་འདོད་པའི་རྒྱལ་པོ་ལ་སོགས་པ་རྣམས་ཀྱིས་སོ། །གཞན་དངོས་སུ་མ་གསུངས་པ་རྣམས་ཀྱི་མཚན་མ་བསྟན་པའི་ཕྱིར་རྣམ་པ་སྣ་ཚོགས་པས་ཞེས་བྱ་བ་ལ་སོགས་པའོ། །མངོན་པར་འདོད་པའི་དོན་ཞེས་པ་ནི་གང་གི་དོན་དུ་ མངག་གཞུག་པ་ལ་བཀའ་བསྒོས་པའོ། །འདིར་ཞེས་པ་ནི་རི་བོ་ལ་སོགས་པར་རོ། །སྒྲུབ་པར་ཞེས་པ་ནི་སྒྲུབ་པའོ། །སུམ་ཅུ་རྩ་དྲུག་ཅེས་པ་ལ་སོགས་པས་འདིའི་འབྲས་བུ་གསུངས་སོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་མངག་གཞུག་པ་ནི་ཐུན་མོང་གི་མངག་གཞུག་པ་སྒྲུབ་པའི་སྐབས་ སུ་མི་བསྐྱོད་པ་ལ་སོགས་པའི་མངག་གཞུག་པའོ། །ཁྱད་པར་གྱི་སྒྲུབ་པ་ལ་ངེས་པར་གནོད་མཛེས་ལ་སོགས་པ་སངས་རྒྱས་ཀྱི་ངོ་བོའོ། །འཇིག་རྟེན་པའི་ལྷ་ཆེན་པོ་ལ་སོགས་པ་རྣམས་དང་། འཇིག་རྟེན་ལས་འདས་པ་མི་བསྐྱོད་པ་ལ་སོགས་པ་རྣམས་སོ། །དེས་ཞེས་པ་ནི་རྡོ་རྗེ་འཆང་ཆེན་ པོས་སོ། །གསོལ་བ་བཏབ་པ་ནི་བོད་པར་བྱེད་པ་སྟེ་སྒྲུབ་པ་པོས་སྦྱར་བར་འགྲོ་བར་བྱེད་པའོ། །དེ་ལ་ཞེས་པ་ནི་བསྒྲུབ་པར་བྱ་བའི་དོན་ལའོ། །མིང་དང་སྦྱར་ནས་ཆེ་གེ་མོ་གྱིས་ཤིག་ཅེས་སོ། །དེ་ལ་ཞེས་པ་ནི་བྱ་བ་ལའོ། །དྲག་པོས་ནི་སྟོབས་ཀྱིས་སོ། །དེ་ལྟར་ཞེས་པ་ནི་བཤད་པའི་རིམ་པས་ངེས་ པར་སྦྱར་བའོ། །གྲུབ་པ་ཞེས་པ་ནི་དངོས་གྲུབ་ཉེ་བར་གྱུར་པའི་རྒྱུད་དོ། །སངས་རྒྱས་ཐམས་ཅད་ཅེས་པ་ནི་མི་བསྐྱོད་པ་ལ་སོགས་པ་རྣམས་སོ། །བུ་གཅིག་པུ་ནི་བུའི་གཙོ་བོ་སྲས་པོ་ཞེས་པའི་དོན་ཏོ། །འཛིན་པ་དང་འཇིག་རྟེན་ལས་འདས་པའི་བསྟན་བཅོས་ལ་མཁས་པའོ། །རྟེན་པ་ནི་ཐམས་ཅད་མངོན་ པར་ཟིལ་གྱིས་གནོན་པའོ། །རང་གི་འདོད་པས་རང་གི་དབང་དུ་བྱ་བ་ལ་གཞག་པར་ནུས་པ་མ་ཡིན་པ་དེ་དག་ཀྱང་གལ་ཏེ་འདོད་ན་ཅི་ལྟར་སླར་ཡང་གཞན་དེ་དག་འདི་ཞེས་བྱ་བ་ལ་སོགས་པའོ། །མདའ་ལྔ་ཞེས་གསུངས་པའི་ཕྱིར་འདི་ཕྱག་གཉིས་པ་ཉིད་དོ། །འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་བ་ 31-1-154a ཡང་མདའ་གཞུ་དང་བྲལ་བ་སྟེ་ཡེ་ཤེས་ཞབས་ཀྱི་འདོད་པ་བརྗོད་པའི་བསམ་པའོ། །འདོད་པ་འདི་རྣམས་རྒྱུད་དུ་མེད་པ་དང་པོར་འཇམ་དཔལ་གྱི་སྒྲས་ལོངས་སྤྱོད་རྫོགས་པའི་སྐུ་བཤད་དོ། །དེའི་ཕྱིར་བླ་མ་རྣམས་ལ་རིམ་གྲོ་བྱ་བའོ། །མདའ་ལྔ་པོ་རྣམས་ཀྱིས་བསྣུན་པར་བྱེད་ པའི་གནས་ཅི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ས་བོན་ཞེས་པ་བླ་མའི་ཞབས་ཀྱི་དྲིན་ལས་སོ། །ལྷག་པའི་བསམ་པ་བརྟན་པོ་ནི། སེམས་བརྟེན་པས་སོ། །ནང་གི་བདག་ཉིད་ལ་མཆོག་ཏུ་གཞོལ་བའི་རྫོགས་པའི་རིམ་པ་ལ་དམིགས་པ་ལྷུར་ལེན་པའོ། །དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་ཞེས་པ་ནི་རྫོགས་པ་རྣམས་ཀྱིའོ། །གདུལ་བའི་དོན་ཞེས་པ་ནི་གང་ཞེས་པ་དབང་པོ་ལྷའི་འཁོར་ལོར་ཡང་དག་པར་བསྟན་པས་གདུལ་བྱར་གྱུར་པ་དེ་རྣམས་གདུལ་བའི་དོན་ནོ། །ནམ་མཁའ་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་ཀྱི་དཀྱིལ་འཁོར་ནི་སངས་རྒྱས་ཀྱི་ཚོགས་སམ་དཀྱིལ་ འཁོར་གྱི་འཁོར་ལོའོ། །དེ་ལ་སོགས་པ་རྣམས་ཀྱིས་ཞེས་པ་ནི་ཨོཾ་ཨཱཿཧཱུཾ་སྭཱ་ཧཱའི་ཡི་གེ་རྣམས་ཀྱིས་སོ། །གདུག་པ་རྣམས་ཞེས་པ་ནི་གདུལ་བྱ་རྣམས་སོ། །རབ་ཏུ་བསྒོམ་པར་བྱའོ་ཞེས་པ་ནི་སྐུ་ལ་སོགས་པའི་རིགས་ཅན་རྣམས་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོར་བསྒོམ་པར་བྱའོ། །བྱིན་ གྱིས་བརླབ་པའི་ཆོ་ག་ལས་ནི་དེ་བཞིན་དུ་མིག་བྱིན་གྱིས་བརླབས་པ་ལས་སོ། །ནམ་མཁའི་རྡོ་རྗེའི་དབུས་སུ་གནས་པ་ནི་ནམ་མཁའི་དབུས་སུ་གནས་པའོ། །རྡོ་རྗེ་སྐུ་གསུམ་སྦྱོར་བ་ཡིས་ནི་སྐབས་ཀྱི་མི་བསྐྱོད་པ་ལ་སོགས་པ་གསུམ་ཁོ་ནར་རྟོགས་པར་བྱའོ། །གཅིག་ཏུ་བྱས་ནས་ཞེས་པ་ནི་བརྗོད་ པའི་ས་བོན་གྱིས་ལྷན་ཅིག་ཏུ་ཞེས་མཚོན་པར་བྱའོ། །རྡོ་རྗེ་བསྐྱེད་དེ་ཞེས་པ་ནི། ས་བོན་འདི་ཁོ་ནས་ཞེས་སོ་སོར་རྟོགས་པར་བྱའོ། །འདི་ཞེས་པ་ནི་འཆད་པར་འགྱུར་བཞིན་པའོ། །རྡོ་རྗེ་སེར་པོ་ཞེས་པ་ནི་རིན་ཆེན་འབྱུང་ལྡན་ཏེ། འགྱིང་བ་ཉིད་ཀྱིས་དབྱེར་མི་ཕྱེད་པས་ཉེ་བར་བཏགས་ནས་རྡོ་རྗེ་ འགྱིང་བ་ནི་རིན་ཆེན་འབྱུང་ལྡན་སྤྲོ་བའི་དབའ་རླབས་ཕྲེང་བ་ནི་ཞི་བ་ལ་སོགས་པའི་དོན་དུ་རྣམ་པ་སྣ་ཚོགས་པར་སྣང་བའོ། །བསྟོད་པ་ནི་རབ་ཏུ་བསྟན་པའོ། །རྡོ་རྗེ་ཆེན་པོ་ཞེས་པ་ནི་འཆད་པར་འགྱུར་བའི་ཡི་གེ་ཙམ་ལས་སོ། །ཉི་མའི་དཀྱིལ་འཁོར་ཞེས་པ་ནི།ཟླ་བར་འདིར་སྦྱར་བར་བྱའོ། ། 31-1-154b ལྷ་མོར་གསུངས་ཤིང་དཀར་མོ་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་སྤྲོ་བ་དང་བསྡུ་བས་ཞེས་པ་ནི་རྒྱུར་གྱུར་པ་ཉིད་སངས་རྒྱས་ཀྱི་སྤྲིན་ཞེས་པ་དང་སྦྲེལ་ལོ། །རང་གི་དཀྱིལ་འཁོར་པའི་དབུས་སུ་གནས་པར་ཞེས་པ་ནི་སངས་རྒྱས་ཀྱི་བརྟག་པར་མངོན་པར་བརྗོད་པའི་དཀྱིལ་འཁོར་གྱིས་དཀྱིལ་ འཁོར་པ་རྣམས་ཏེ་དེའི་དབུས་སུ་གནས་པའོ། །མི་བསྐྱོད་པའི་དཀྱིལ་འཁོར་དུ་གསུངས་པའི་དཀྱིལ་འཁོར་པ་རྣམས་ཀྱིའོ། །སྐུ་རྡོ་རྗེ་ལ་སོགས་པ་རྣམས་ཀྱིས་ཞེས་པ་ནི་སྐུ་རྡོ་རྗེ་ལ་སོགས་པའི་ས་བོན་རྣམས་ཀྱིས་སོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ཀྱི་དབབ་པ་ནི་གདུག་པ་ཅན་རྣམས་ལ་ཞེས་ ལྷག་མའོ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །ཞེས་པ་ནི་དེ་ལྟ་བུར་གྱུར་པའི་སྐུལ་བྱེད་མའི་རྣམ་པ་འཛིན་པའི་རྡོ་རྗེ་འཆང་ཆེན་པོའོ། །དེ་བཞིན་གཤེགས་པ་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པ་ལྔ་པོ་རྣམས་སོ། །རྡོ་རྗེ་སེམས་དཔའ་བཞིན་དུ་ནི་མི་བསྐྱོད་པ་ལ་སོགས་པ་བཞིན་ནོ། །རྡོ་རྗེ་ལ་སོགས་པ་ཙམ་ འཆང་བ་ཉིད་ཀྱིས་ཞི་བ་སོ་སོར་བསྒྲུབ་པའི་ཕྱིར་གསུངས་སོ། །རྡོ་རྗེ་ནི་མི་བསྐྱོད་པའོ་ཞེས་པ་ལ་སོགས་པས་ཉེ་བར་བསྡུ་བ་གསུངས་ཏེ། ཡེ་ཤེས་ཀྱི་ངོ་བོའི་འོད་ཟེར་རྣམས་ཀྱིས་ཞེས་པ་ནི། འོད་ཟེར་ནི་རླུང་དང་རྣམ་པར་ཤེས་པ་ཙམ་ཉིད་ཡིན་པའི་ཕྱིར་རོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ དང་འདྲ་བར་ལོངས་སྤྱོད་ཅིང་ཞེས་པ་ནི་རྣམ་པར་བཅད་དུ་མེད་པའོ། །དམིགས་པར་བྱེད་པ་ནི། དབྱེ་བ་མེད་པའི་ཕྱིར་རྡོ་རྗེ་དང་འདྲ་བའོ། །ཏིང་ངེ་འཛིན་རྡོ་རྗེ་ཞེས་པ་ནི་འདིར་རྡོ་རྗེའི་སྒྲས་ཁྱད་པར་མངོན་པར་བརྗོད་དེ། དེའི་ཕྱིར་ཛམྦྷ་ལའི་ཏིང་ངེ་འཛིན་གྱི་ཁྱད་པར་ཞེས་གསུངས་ཏེ། ཁྱད་པར་གྱི་སྒྲ་ ཡང་སྙིང་པོའི་དོན་ཏེ། ཏིང་ངེ་འཛིན་གྱི་སྙིང་པོ་ཞེས་བྱ་བའི་དོན་ཏོ། །དེ་བསྐྱེད་པ་ནི་དེ་ཐོབ་པར་བྱའོ་ཞེས་པའི་དོན་ཏོ། །སྔ་མ་བཞིན་དུ་ཞེས་པ་ནི་སྔ་མའི་སྒྲས་ཐོག་མར་གསུངས་སོ། །དེས་ན་ཐོག་མར་བསྒོམས་པའི་ཛམྦྷ་ལ་བཞིན་དུ་གནས་ལྔ་རྣམས་སུ་ས་བོན་ལྔ་བྱས་ནས་ཞེས་པའི་དོན་ཏོ། །དེའི་ཞེས་ པ་ལ་སོགས་པ་ནི་སྣ་ཚོགས་པདྨ་དང་མ་ཏུ་ལུངྒའི་ལ་ཡོངས་སུ་བཞུགས་པ་དེ་ཡིའོ། །བདེ་བ་ཆེན་པོ་ནི་བདག་གི་ངོ་བོ་སྟེ་རྡོ་རྗེ་འཆང་ཆེན་པོར་བཤད་པ་ཉིད་ཀྱི་ཕྱིར་རོ། །རྡོ་རྗེ་བདུད་རྩིའི་ཆུ་ནི་བདུད་རྩི་ལྔ་ལ་སོགས་པའི་ངོ་བོར་བསྒྲུབས་པའི་ཆུ་ལ་ཡི་གེ་གསུམ་གྱིས་མངོན་པར་བསྔགས་པར་བསམ་ 31-1-155a པར་བྱའོ་ཞེས་པའི་དོན་ཏོ། །དེ་ལྟར་སྦྱིན་པ་ཞེས་པ་ནི་ཆུ་སྦྱིན་པའི་མཐར་ཅི་ཞིག་བྱ་ཞེ་ན། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཡང་དེའི་ཞེས་བྱ་བ་ལ་སོགས་པ་ཐོག་མར་མངོན་པར་བརྗོད་པ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་དང་སྦྲེལ་ལོ། །དེ་ཉིད་ནི་ ཞེས་བྱ་བ་ལ་སོགས་པའོ། །འདོད་པ་ནི་གཟུགས་ལ་སོགས་པ་རྣམས་སོ་ཞེས་པ་གནོད་སྦྱིན་མོ་དང་མཚུངས་པ་ཉིད་དོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་དམ་ཚིག་རྫོགས་པར་བྱེད་པ་ནི་སྐུ་སྐྱེད་པར་བྱེད་པའོ། །ཕྱི་དང་ཞེས་བྱ་བ་ལ་སོགས་པ་འདི་སྦྲེལ་ལོ། །གནོད་སྦྱིན་མོའི་ཚོགས་ཀྱིས་ནམ་ མཁའ་ཁྱབ་པར་ཡོངས་སུ་གང་བར་བསྒོམས་ནས་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་མཆོད་པ་རྣམས་ཀྱིས་མཆོད་ནས་ཐུགས་རྡོ་རྗེའི་ཚུལ་གྱིས་དབབ་པར་བྱའོ། །རྡོ་རྗེ་གསུམ་གྱི་སྦྱོར་བས་ནི། སྐུ་ལ་སོགས་པའི་འོད་ཟེར་གྱིས་གནོད་སྦྱིན་མོ་ནི་བཀུག་ནས་མཆོད་དེ། གཞུག་པར་བྱའོ་ཞེས་པ་དང་སྦྲེལ་བར་ རྟོགས་པར་བྱའོ། །དེའི་འོག་ཏུ་ཞེས་བྱ་བ་ལ་སོགས་པ་ལ་གཅིག་གི་ཞེས་པ་ནི་མངོན་པར་འདོད་པའི་གནོད་སྦྱིན་མོའི་སྐུའོ། །རྡོ་རྗེ་གསུམ་ནི་གནོད་སྦྱིན་མོ་རྣམས་སོ། །སྐུ་ལ་སོགས་པ་ཅན་དུ་སྐུ་ལ་སོགས་པར་བྱིན་གྱིས་བརླབས་པའོ། །རིགས་ལྔར་བྱ་བ་ཉིད་ནི་རིགས་གཅིག་ཏུ་བྱ་བ་ཞེས་པ་འདིས་དེ་རྡོ་རྗེ་ སེམས་དཔའི་རིགས་ཉིད་དུ་སྟོན་པར་བྱེད་དོ། །སྐུ་གཅིག་ཏུ་བྱས་པ་དེ་ཉིད་ཅེས་པ་ནི་མཉམ་པ་ཉིད་ཀྱིས་གནས་པ་ནི་དེ་དང་ལྷན་ཅིག་ཏུའོ། །དངོས་གྲུབ་ནི་ལྷ་མོ་རྣམས་ཏེ་འཇིག་རྟེན་པའི་མཁའ་འགྲོ་མ་རྣམས་ཏེ་དེ་རྣམས་སྤྱན་མ་ལ་སོགས་པའི་རིགས་ཉིད་དོ། །དེ་རྣམས་ཀྱི་ཞེས་པ་ནི་སྙོམས་ པར་འཇུག་པའི་དོན་ཏེ་དེ་རྣམས་ནི་རྣལ་འབྱོར་པས་བསྒྲུབ་པར་བྱའོ་ཞེས་པའི་དོན་ཏོ། །ཐོབ་པའི་ཐབས་ནི་འཆད་པར་འགྱུར་བའི་མཚན་ཉིད་དོ། །དེ་ཉིད་སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་ནི་ལུས་ལ་སོགས་པ་ཡང་དག་པ་དང་། དེ་འཇིག་རྟེན་པའི་མཁའ་ འགྲོ་མ་རྣམས་སོ་ཞེས་ཤེས་ནས་བསྒྲུབ་པར་བྱའོ་ཞེས་རབ་ཏུ་བཤད་པར་འགྱུར་རོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པས་གཟུགས་ཉིད་ཀྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་མ་རྣམས་ཐུན་མོང་པར་གསུངས་སོ། །དངོས་གྲུབ་ཕྲ་མོ་ཞེས་བྱ་བ་ལ་སོགས་པས་འཇིག་རྟེན་པའི་ 31-1-155b མཁའ་འགྲོ་མ་རྣམས་ཀྱི་དངོས་གྲུབ་ཀྱི་ཁྱད་པར་སོ་སོར་སྟོན་པར་བྱེད་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིས་ཕྲ་མོ་མ་ཡིན་པའི་དངོས་གྲུབ་ལ་བརྟེན་པ་ཉིད་དུ་གསུངས་སོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་སྙོམས་པར་འཇུག་པའི་འབྲས་བུའི་དབྱེ་བའོ། །སྒྲུབ་པ་པོ་རྡོ་རྗེ་མཁའ་ འགྲོ་མ་རྣམས་ཀྱི་དབང་དུ་བྱས་ནས་མི་སྣང་བ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། འགྲོ་བའི་རྣམ་པ་དངོས་པོ་མེད་པར་བྱས་པའོ། །དེ་ལ་སོགས་པ་ནི་ཐོག་མར་རོ། །དེའི་འོག་ཏུ་ཕྱི་ནས་ལྡང་བ་ལ་སོགས་པ་ཞེས་བྱ་བའི་སོགས་པའི་སྒྲ་ལས་སྤྲུལ་པའི་སྐུས་སེམས་ཅན་སྐྱེད་པར་བྱེད་པ་དང་ སྙོམས་པར་འཇུག་པའི་འབྲས་བུ་དང་འབྲེལ་པ་གང་ཡིན་པ་དང་། སྙོམས་པར་འཇུག་པ་གང་ཡིན་པ་འདི་དག་ཏུ་འགྱུར་རོ་ཞེས་མངོན་པར་དགོངས་སོ། །བཤད་པའི་རིམ་པ་འདིས་ཅིར་འགྱུར་ཞེ་ན། དེ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནོད་སྦྱིན་རྒྱལ་པོ་ཞེས་བྱ་བ་ལ་སོགས་ པ་གསུངས་པའི་ཕྱིར། རྫོགས་པའི་རིམ་པ་ལ་གནས་པ་ནི་རྡོ་རྗེ་འཆང་ཆེན་པོར་འགྱུར་རོ་ཞེས་མཚོན་པར་བྱའོ། །འདི་རྣམས་ཀྱི་ཞེས་པ་ནི་འཇིག་རྟེན་པའི་མཁའ་འགྲོ་མ་རྣམས་ཀྱིའོ། །དེ་ཉིད་ཀྱི་ཕྱིར་འཆད་པར་འགྱུར་བ་སངས་རྒྱས་ཀྱི་བྱང་ཆུབ་ནི་རྡོ་རྗེ་མཁའ་འགྲོ་མ་རྣམས་སོ་ཞེས་སོ། །དེ་ ལྟར་ཞེས་བྱ་བ་ལ་སོགས་པ་ནི། བྱ་བ་བྱས་པ་ཞེས་པ་ནི། བསྐྱེད་པ་དང་རྫོགས་པའི་རིམ་པའི་ལམ་ལྷག་པར་རྟོགས་པའོ། །གལ་ཏེ་རིམ་པ་གཉིས་པོ་དག་གི་ལམ་གཅིག་ཁོ་ནར་འགྱུར་ན་སྙོམས་པར་འཇུག་པའི་འབྲས་བུ་གཉིས་མངོན་པར་བརྗོད་པ་དང་འགལ་བར་འགྱུར་རོ། །སྤྱད་པའི་རིམ་པ་ ནི་སྤྱོད་པའི་རིམ་པའོ། །རྣམ་པར་སྣང་མཛད་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་སྤྱིར་བརྗོད་དོ། །རིགས་གསུམ་ཞེས་བྱ་བ་ལ་སོགས་པས་རྣམ་པར་སྣང་མཛད་ཀྱི་དབང་དུ་བྱས་ནས་ཁྱད་པར་དུ་གསུངས་སོ། །ལྷའི་སྐུ་ནི་བདག་ཉིད་དོ། །ཤིང་ལ་སོགས་པའི་རང་བཞིན་ཞེས་པ་ནི་ལག་པ་དང་ རྐང་པ་དང་གདོང་པ་ལ་སོགས་པ་ཤིང་ལ་སོགས་པ་ལས་བྱས་པ་ཉིད་ཡིན་པའི་ཕྱིར་རོ། །གཙོ་བོ་ཉིད་ཀྱི་ཕྱོགས་ལ་དངོས་སུ་དང་། སློབ་མ་ལ་སོགས་པ་རྣམས་ཀྱིས་བསྡུས་པའི་དཀྱིལ་འཁོར་བསྐྱེད་པར་མི་ནུས་པ་གལ་ཏེ་དཀྱིལ་འཁོར་པ་ལྔ་པོ་ཐམས་ཅད་ཉིད་དུ་ཤིང་ལ་སོགས་པའི་རང་བཞིན་ལས་ 31-1-156a བྱས་ནས་དེའི་དབུས་སུ་ཉེ་བར་ཞུགས་ཏེ། རང་གི་ཡན་ལག་མ་ལུས་པ་དེ་རྣམས་གང་ཡིན་པ་དང་སྤྱོད་པ་སྤྱད་པར་བྱའོ། །དེ་ནས་སློབ་མ་ཤིན་ཏུ་ཡང་དག་པར་སྦྱངས་པར་འགྱུར་རོ། །དེ་རྣམས་ཀྱང་དེ་བཞིན་གཤེགས་པ་ལ་སོགས་པ་དེ་དང་དེའི་ཁ་དོག་གི་གདོང་ལ་སོགས་ པ་ཅན་དུ་ཤིང་ལ་སོགས་པའི་རང་བཞིན་ལས་བྱའོ་ཞེས་པའོ། །སྡོང་བུ་ཞེས་བྱ་བ་ལ་སོགས་པ་ནི། ཡང་ན་ཅི་ལྟར་སྡོང་བུ་ཉེ་བར་ལོངས་སྤྱོད་པས་སྤྱོད་པ་བྱེད་པར་ནུས་པས་ཇི་སྲིད་དུ་ཤིང་ལ་སོགས་པའི་རང་བཞིན་གྱི་ཆ་བྱད་འཛིན་པ་གཟུགས་ལ་སོགས་པའི་འདོད་པ་ལྔ་ཉམས་སུ་མྱོང་བར་ཡང་ གསུངས་པའི་སྤྱོད་པ་སྤྱད་པ་ནི་སྤྲོས་པ་མེད་པའི་རབ་ཏུ་དབྱེ་བའོ། །ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པའི་དབང་དུ་བྱས་ནས་སྡོང་བུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ་ཞེས་པ་ནི་མི་འགལ་ལོ། །དེ་ལྟར་ཕྱི་རོལ་གྱི་སྡོམ་པས་བསྡམས་པ་ཉིད་དུ་བསྒྲུབས་ནས་སྤྱོད་པ་དང་དེ་རྣམས་ཀྱི་ཕན་ཡོན་རྣམ་པར་དག་པ་ འདི་བསྟན་པའི་ཕྱིར་སྡོམ་པའི་མཐར་ཐུག་པའི་ཡང་དག་པར་བསྡམས་པ་ཉིད་དོ། །སྒྲུབ་པ་པོ་དེ་བཞིན་གཤེགས་པར་སོ་སོར་བསྟན་ནས་གཞན་དང་རང་སྤངས་པ་ཞེས་བྱ་བ་ལ་སོགས་པས་བཤད་པའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་བསྐྱོད་པ་ནི་རྡོ་རྗེ་གསུམ་གྱི་བདག་ཉིད་ཅན་ཡིན་ པ་ཉིད་ཀྱི་ཕྱིར་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སོ་སོའི་སྐུ་ལ་སོགས་པའི་རྡོ་རྗེ་རྣམས་ཀྱང་མཱ་མ་ཀཱི་ཉིད་ཕྱག་རྒྱར་སྦྱར་བར་བྱའོ་ཞེས་མངོན་པར་དགོངས་སོ། །རང་གི་ཕྱག་རྒྱ་ནི་སྙིང་ལ་གནས་པ་ཞེས་པ་ནི་བསམས་ནས་སོ། །ཅིའི་ཕྱིར་ཅི་ལྟར་སྙིང་ལ་དེ་གནས་ཤེ་ན། རྡོ་རྗེ་གསུམ་ཞེས་བྱ་བ་ལ་ སོགས་པ་སྟེ་འདི་ནི་ཐུན་མོང་གི་ཆོ་གའོ་ཞེས་པ་རྣལ་འབྱོར་པ་ཐམས་ཅད་ཀྱི་ཐུན་མོང་ཉིད་ཡིན་པའི་ཕྱིར་རོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི། ཡེ་ཤེས་བསྐྱེད་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་བསྐྱེད་པའོ། །འདས་པའི་ལེའུ་རྣམས་སུ་བསྐྱེད་པ་དང་རྫོགས་པའི་རིམ་ པ་ལ་གནས་པ་རྣམས་ཀྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒྲུབ་པའི་དོན་དུ་དམ་ཚིག་དང་སྡོམ་པ་རྣམ་པ་གཉིས་ལ་ནན་ཏན་བྱ་བར་གསུངས་པ་དེ། གལ་ཏེ་གང་ཡང་ནུས་པ་དང་བྲལ་བས་བྱ་བ་མ་ཡིན་ཏེ་དེའི་ཚེ་ཉེས་པར་འགྱུར་རོ་ཞེས་རིམ་པ་གཉིས་ལྷག་པར་རྟོགས་པས་ཀྱང་ཞེས་ 31-1-156b བྱ་བ་ལ་སོགས་པ་གསུངས་ཏེ། རིམ་པ་གཉིས་ལྷག་པར་རྟོགས་པ་ནི་དེ་ཁོ་ན་ཉིད་ཤེས་པ་མ་ལུས་པའི་ཡུལ་མ་ཡིན་པ་དེའོ། །ཅི་སླར་ཡང་བསྐྱེད་པའི་རིམ་པ་ཙམ་ཤེས་པ་ནི་ཅིར་འགྱུར་ཞེ་ན། འཇིག་རྟེན་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་འཇིག་རྟེན་པའི་དམ་ཚིག་གི་བཟའ་བ་ལ་ སོགས་པའོ། །སྡོམ་པ་ཡང་སྤྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པས་གསུངས་པ་བཞིན་དུ་ནན་ཏན་དུ་བྱེད་པ་ནི་ཆ་ལུགས་ལ་སོགས་པ་འཆང་བའོ། །འཇིག་རྟེན་ལས་འདས་པ་ཡང་བསྲུང་བར་བྱ་བ་ལ་སོགས་པའོ། །དེ་ལ་ནན་ཏན་དུ་བྱེད་པ་ནི་སྡོམ་པའོ། །དེ་ལ་ནན་ཏན་དུ་བྱེད་པ་དང་བྲལ་བས་ནི་ མི་ཕྱེད་པས་སོ། །དངོས་གྲུབ་རིང་དུ་འགྱུར་རོ་ཞེས་པ་ནི་ཐོག་མར་མངོན་པར་བརྗོད་པའི་འཇིག་རྟེན་པའི་དམ་ཚིག་དང་སྡོམ་པ་ལ་རབ་ཏུ་ཞུགས་པའོ། །གཞན་དུ་འཆི་བའི་དུས་བྱས་ནས་རྟག་ཏུ་དམྱལ་བར་འཚེད་པར་འགྱུར་ཞེས་སོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་གང་ཡིན་པ་ཞེས་པ་ནི་དྲུག་པའོ། ། དེ་ཉིད་ཁྱད་པར་དུ་བྱེད་པ་བཞིན་ཞེས་བྱ་བ་ལ་སོགས་པ་སྟེ། ཁྱད་པར་དུ་མི་བསྐྱོད་པའི་སྒོ་ནས་བསྟོད་པའོ་ཞེས་གསུངས་པའི་ཕྱིར་རོ། །རྣམ་པར་སྣང་མཛད་ལ་སོགས་པ་བཞི་པོ་མི་བསྐྱོད་པའི་གཟུགས་འཛིན་པའི་རྡོ་རྗེ་འཆང་ཆེན་པོ་ལ་བསྟོད་པའོ། །སླར་ཡང་དྲུག་པ་ཉིད་ཁྱད་པར་དུ་བྱེད་པ་ནི་རྣམ་པར་སྣང་ མཛད་ལ་སོགས་པའོ་ཞེས་སོ། །ཅི་ལྟར་སླར་ཡང་དྲུག་པ་ཉིད་ཡིན་ཞེ་ན། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོག་ཏུ་དགའ་བའི་བདག་ཉིད་ཅན་ཉིད་ཡིན་པས་ན་ནི། མཆོག་ཏུ་ཟག་པ་མེད་པའི་བདེ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །རབ་ཏུ་གནས་པར་གྱུར་པའི་དམ་ཚིག་བཞི་པོ་གསུང་བར་བྱེད་ པ་ཉིད་ཡིན་པའི་ཕྱིར། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གང་གི་ཕྱིར་རང་བཞིན་གྱིས་འོད་གསལ་བ་ཡིན་པ་དེའི་ཕྱིར། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དེ་དག་གསུང་བར་བྱེད་པ་པོ་ཉིད་ཡིན་པའི་ཕྱིར་རོ་ཞེས་སྦྲེལ་ལོ། །དམ་ཚིག་བཞི་པོ་ཞེས་པ་ནི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་ པར་གཡེམ་པ་དང་། བརྫུན་དུ་སྨྲ་བའི་མཚན་ཉིད་ལེའུ་དགུ་པར་བཤད་པ་རྣམ་པ་གཉིས་ཀྱིས་བཤད་པའི་དོན་ཏོ། །དེ་དག་ཀྱང་བསྲུང་བར་བྱ་ཞིང་བཟའ་བར་མི་བྱའོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིས་ཞེས་པ་ནི། རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིས་ཀྱང་བཀའི་ 31-1-157a འཁོར་ལོ་སྦྱར་བར་བྱའོ་ཞེས་པས་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པའི་ཐུན་མོང་དུ་སྟེ་དྲང་བའི་དོན་ཏོ། །སྲོག་གཅོད་པ་ལ་སོགས་པ་བཞི་པོ་རྣམས་ཀྱི་ངེས་པའི་དོན་ཡང་ལེའུ་དགུ་པར་བཤད་དོ། །ཤ་ཆེན་རྟག་ཏུ་བཟའ་བར་བྱ། །ཞེས་པ་ནི། འདི་ཡང་བསྲུང་བར་བྱ་བའི་ དོན་ལ་བརྩམས་པ་ཉིད་ཡིན་པའི་ཕྱིར་དང་། བཟའ་བར་བྱ་བའི་དོན་ཡང་བཤད་པ་དང་འཆད་པར་འགྱུར་བ་ཉིད་ཡིན་པའི་ཕྱིར་རོ། །དྲང་བའི་དོན་དང་ངེས་པའི་དོན་དུ་གསུངས་པ་དག་གི་ནང་དུ་རྟོགས་པའི་ཕྱིར། བཤད་པའི་རྒྱུད་དུ་གསུངས་པ་ཡང་། མཾ་ནི་མཱ་མ་ཀཱིར་རབ་བརྗོད། །ས་ནི་མངོན་རྫོགས་ བྱང་ཆུབ་མིང་། །དེ་ཡི་བསམ་གཏན་དགའ་རྣམ་པ། །མཱཾ་ས་ཞེས་ཀྱང་དེ་བརྗོད་བྱ། །ནམ་མཁའི་མཐར་ཐུག་སྦྱོར་བའི་ཕྱིར། །ཤ་ཆེན་པོར་དེ་བརྗོད་པར་བྱ། །གསང་བ་མཆོག་གི་གོ་འཕང་ནི། །རྡོ་རྗེ་གསུམ་པོ་མྱུར་འགྲུབ་འགྱུར། །ཞེས་སོ། །དམ་ཚིག་ཆེན་པོ་ལག་ལྡན་རྟ། །དེ་བཞིན་ཁྱི་ལ་ སོགས་ཤ་ཅན། །ཕུང་པོ་ལ་སོགས་རིགས་དབྱེ་བས། །གང་གསུངས་མཉམ་པར་ཡང་དག་བཤད། །དེ་ཡི་སྦྱོར་བས་གཉིས་མེད་ཟས། །བསམ་གཏན་དགའ་བ་གཅིག་པུའི་མིང་། །ཞེས་སོ། །རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་མངོན་པར་བརྗོད་ནས་གསུང་རྡོ་རྗེའི་དབང་དུ་བྱས་ནས་འདི་ནི་ཞེས་བྱ་བ་ ལ་སོགས་པ་གསུངས་ཏེ། དམ་ཚིག་བཞི་པོ་བསྲུང་བར་བྱ་ཞེས་པ་ནི། དེ་ཉིད་བཞི་པོ་ཞེས་པ་ལ་དེ་ཉིད་བཞི་པོ་ནི་འདིར་བརྫུན་དུ་སྨྲ་བ་གཙོ་བོར་བྱིན་ནས་སོ། །གསུང་གི་རྡོ་རྗེ་འགྱུར་མེད་ཆེ་ནི་འོད་དཔག་མེད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་སོ། །བཤང་གཅི་ནི་དབང་པོ་དང་ཡུལ་ལོ། །དེ་དག་ བཟའ་བ་ནི་ལེའུ་དགུ་པར་གསུངས་པའི་དྲང་བ་དང་ངེས་པའི་དོན་དུ་བསྟན་པའོ། །དམ་ཚིག་བཞི་པོ་ནི་མ་བྱིན་པར་ལེན་པ་ལ་སོགས་པ་ཅན་འདོད་པས་ལོག་པར་གཡེམ་པའི་མཐར་ཐུག་པ་བཞི་པའོ། །རྡོ་རྗེ་སེམས་དཔའ་རྫུ་འཕྲུལ་ཆེ་ནི་མི་བསྐྱོད་པ་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་སོ། ། ཁྲག་དང་ཁུ་བ་ཡང་དག་ལྡན། །ཞེས་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁྲག་ཁུ་བ་རྣམ་དག་ཆོས་ཉིད་དོ། །བཟའ་བ་དེ་དག་གཉིས་མེད་སྦྱོར། །བཟའ་བ་གང་འདི་དམ་ཚིག་གོ། །ཞེས་གསུངས་སོ། །སྐུ་ཞེས་བྱ་བ་ལ་སོགས་པ་རིན་ཆེན་དབང་པོ་དང་དོན་ཡོད་པ་དག་གིའང་དམ་ཚིག་འདི་ཡིན་ཏེ། 31-1-157b དེ་དག་ཀྱང་སྐུ་ལ་སོགས་པའི་བདག་ཉིད་ཅན་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཇི་ལྟར་སོ་སོར་གསལ་བ་དེ་སྲིད་དུ་བདག་གིས་བཤད་དོ། །གང་ཞིག་མ་བཤད་པ་ནི། རྒྱ་ཆེར་འགྲེལ་པའི་རྗེས་སུ་འབྲང་བ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་གཤེགས་པ་ལྔ་པོ་རྣམས་ལ་ཡང་དམ་ཚིག་བཞི་པོ་སྦྱོར་བ་ཉིད་ཀྱིས་གང་ དང་གང་གི་དམ་ཚིག་དེ་གཙོ་བོ་ཉིད་དུ་བྱས་ནས་རྒྱ་ཆེར་འགྲེལ་པས་མ་བཤད་པ་ཉིད་ཀྱི་ཕྱིར་དེ་ཉིད་ཀྱི་གླེགས་བམ་ལས་ཡངས་པས་ཟློས་པ་མེད་དོ། །གང་འདིར་ནི་དེའི་གྲོགས་ཉེ་བར་སྡོད་པ་དེ་རྣམས་འདིར་ཁྱད་པར་གྱི་དོན་ལ་ཚད་མའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱང་ངོ་། །དེ་ལྟར་དེ་བཞིན་ གཤེགས་པ་ལྔ་པོ་རྣམས་ཀྱི་དམ་ཚིག་དྲུག་པ་ལ་ཡང་བཤད་པའི་ཕྱིར། འབའ་ཞིག་གི་ཡིན་པར་མ་ཟད་དོ་ཞེས་གསུངས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་རྣམས་ནི་དེའི་ལམ་ལ་ལྷག་པར་མོས་པའི་འདུས་པའི་རྣལ་འབྱོར་པ་རྣམས་སོ། །རང་སངས་ རྒྱས་ཀྱི་བྱང་ཆུབ་ལ་སོགས་པ་ལ་ལྷག་པར་མོས་པ་ཡང་རང་སངས་རྒྱས་ཀྱི་ཐེག་པ་ལ་སོགས་པ་ལ་ཞུགས་ཤིང་རིམ་པའི་མཐར་འཇུག་པར་བྱའོ་ཞེས་རང་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀོན་མཆོག་གསུམ་ཞེས་པ་ནི་འདོད་ཆགས་དང་བྲལ་བའི་ཚུལ་དུ་གསུངས་པའི་དཀོན་མཆོག་ གསུམ་མོ། །གཙོར་ཞེས་གསུངས་པའི་ཕྱིར་རང་སངས་རྒྱས་རྣམས་ངག་གིས་ཀྱང་སྟོན་པར་སྲིད་པར་འགྱུར་རོ། །ཡ་མ་ཟུང་ནི་ཕྱོགས་གཅིག་ལས་གཉིས་གཉིས་སྟོན་པར་བྱེད་པ་སྟེ་ཕྱེད་ཀྱིས་འབར་བར་བྱེད་དོ། །ལུས་ཕྱེད་ཀྱི་ཚར་བའོ། །ཆོ་འཕྲུལ་ཞེས་པ་ནི་སོ་སོ་ཐ་དད་ཐ་དད་དུ་གདུལ་བྱའི་སྐྱེ་བོའི་ཡིད་སོ་སོར་འཕྲོག་ པར་བྱེད་པ་སྟེ། དེའི་རང་བཞིན་དང་དེའི་རང་བཞིན་ནི་ཆོ་འཕྲུལ་ཏེ་རྫུ་འཕྲུལ་རྣམ་པ་སྣ་ཚོགས་པའོ། །དེ་དག་ཀྱང་སྔར་མ་བྱུང་ངོ་ཞེས་པས་རྨད་དུ་བྱུང་བའོ། །སྐུ་རྡོ་རྗེ་ཞེས་པ་ནི་རྫུ་འཕྲུལ་ཐོབ་པ་ལ་སྟེ་འདུས་པའི་རྣལ་འབྱོར་པའི་ལུས་ལ་གནས་པས་སྐུའི་སྡོམ་པ་སྟེ་ལུས་རྣམ་པར་གཡེངས་པ་མེད་པའོ། །ཡང་ དག་པར་རྫོགས་པའི་སངས་རྒྱས་རྣམས་ཞེས་པ་འདི་རྣམས་ཡིད་ཀྱི་དབང་པོ་ལས་སྐྱེས་པ་ཉིད་དུ་གསུངས་སོ། །ཐོས་ནས་ཞེས་བྱ་བ་འདིས་དོན་ཉིད་དུ་ཉན་ཐོས་ཀྱི་སྒྲ་སྟོན་པར་བྱེད་དོ། །འདིར་ཐེག་པའི་དབྱེ་བའི་སྐབས་ཉིད་ཡིན་པའི་ཕྱིར། གང་ཟག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དགྲ་བཅོམ་ 31-1-158a པ་ཉིད་ཅེས་པ་ནི་གཙོ་བོ་མཆོག་ཏུ་བརྗོད་པར་བྱའོ། །སླར་ཡང་དེ་ལས་གཞན་པའི་གང་ཟག་བདུན་པོའང་ཟློག་པར་བྱེད་པའི་དོན་དུ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཉན་ཐོས་ཉིད་ཐོབ་པར་བྱ་བའི་ཕྱིར་ཞེས་གསུངས་སོ། །མངོན་པར་སྦྱོར་བ་ནི་བསླབ་པ་ལ་ཤིན་ཏུ་གུས་པའོ། ། ཚངས་པའི་ས་ལ་མོས་པ་རྣམས་ཀྱིས་ཞེས་པ་ནི་ཚངས་པ་ཉིད་ཐོབ་པར་མངོན་པར་འདོད་པ་རྣམས་ཀྱིའོ། །ཚངས་པ་ཞེས་བྱ་བ་ལ་སོགས་པ་ལ། གཏི་མུག་ནི་མི་ཤེས་པ་སྟེ་ཐར་པ་མ་ཡིན་པ་ཉིད་ལ་ཐར་པར་སེམས་པའི་ཕྱིར་རོ། །རབ་ཏུ་སྤྱོད་པ་ནི་དེ་ཐོབ་པའི་ཐབས་ལ་སློབ་པའོ། །གསད་ པར་བྱ་ཞེས་བྱ་བ་ལ་སོགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་པ་རྣམས་དོན་དེ་ལ་བརྟེན་ནས་སྲོག་གཅོད་པ་ལ་སོགས་པ་གསུངས་པ་གང་ཡིན་པ་དེ་ཅི་ཞིག་ཀྱང་གོས་པ་མེད་པ་མ་ཡིན་ནམ། གལ་ཏེ་གོས་ནི་ཇི་ལྟར་སངས་རྒྱས་ཉིད་ལ་སོགས་པའི་འབྲས་བུ་ཡིན་ཞེ་ན། སྐུའི་ ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འོད་གསལ་བར་འབྱུང་བ་དང་འོད་གསལ་བ་ལས་ལྡང་བར་བྱའོ་ཞེས་སོ། །འདུས་པ་ཕྱི་མར་ཡང་གསུངས་པ། ཆོས་རྣམས་ཐམས་ཅད་སྒྱུ་མ་བཞིན། །སྐྱེད་དང་སྡུད་པར་མཛད་པ་པོ། །དེས་ནི་དེ་ཡི་སྡིག་མི་འགྱུར། །བསོད་ནམས་ཉིད་ཀྱང་ ཁྱད་པར་དུའོ། །གང་ལ་བསོད་ནམས་སྡིག་མེད་པ། །དེ་ནི་བྱང་ཆུབ་ཡིན་པར་གསུངས། །ཞེས་པ་ལ་སོགས་པའོ། །ཡང་ན་ཅི་ལྟར་ཁྱབ་འཇུག་པ་སྲོག་གཅད་པས་དམྱལ་བར་འགྲོ་བར་མི་འགྱུར་བ་ཅི་ཞེ་ན། དེ་རྣམས་ལ་ཡང་དེ་དག་གི་གཉེན་པོའི་ཡེ་ཤེས་ཡོད་དོ། །དེ་ཉིད་ཀྱི་ཕྱིར་དེའི་འབྲས་ བུར་སེམས་ཅན་ཁམས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཤིང་། འདི་ལ་རྒྱུར་བདེ་འགྲོ་ཞེས་བྱ་བ་ལ་སོགས་པའོ། །ངག་གི་རྣམ་པ་བཞིའི་དབང་དུ་བྱས་ནས་བརྫུན་ཞེས་བྱ་བ་ལ་སོགས་པ་གསུངས་ཤིང་། འདིར་འབྲས་བུར་གསུང་གི་དབང་ཕྱུག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། ། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་སེམས་ཅན་རྣམ་པར་དག་པ་སྟོན་པ་འདིའི་འབྲས་བུ་ཐུགས་ཀྱི་དབང་ཕྱུག་གོ། །སྐུ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་རྟག་ཏུ་དེ་བསྒོམས་པ་ལ་ཆགས་པ་ནི་རྣམ་པ་ལ་ཕྱག་འཚལ་བས་རྣམ་པར་གཡེང་བའི་རྒྱུ་ཉིད་ཡིན་པའི་ཕྱིར་དེ་འགོག་པར་བྱེད་དོ། །ལུས་ 31-1-158b ཀྱི་དབང་ལས་ཞེས་པ་ནི་དཀྱིལ་འཁོར་དུ་འཇུག་པའི་དོན་དུ་ས་ཡོངས་སུ་གཟུང་བ་ལ་སོགས་པར་ཕྱག་འཚལ་བའི་ཆེད་དུ་རྗེས་སུ་གནང་བའི་ཕྱིར་རོ། །འཇིག་རྟེན་པ་དང་ཀུན་དུ་ཕྲད་པའི་ཆེད་ཀྱིས་དམར་བས་སོ། །བླ་མ་བརྒྱུད་པའི་རིམ་པས་རྫོགས་པའི་རིམ་པ་ལྷག་པར་རྟོགས་པ་རྣམས་ཀྱིས་བསམ་གཏན་ ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྱུ་མ་ལྟ་བུ་ལ་སློབ་པའི་བཤད་པའོ། །དེ་ཉིད་ཀྱི་ཕྱག་ཅེས་བྱ་བ་ལ་སོགས་པས་སེམས་ཅན་ཁམས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ལ་སོགས་པ་ཞེས་བྱ་བའི་སོགས་པའི་སྒྲས་བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་དང་ལྷ་མོའི་ཚོགས་ལ་སོགས་པ་རྣམས་ཡོངས་སུ་གཟུང་ངོ་། །སྐུ་ལ་སོགས་པས་ཕྱག་བྱ་བ་ཞེས་པ་ནི། སྐུ་ལ་སོགས་པ་རྣམས་ཀྱིས་དེ་ལ་རོ་གཅིག་ཏུ་གྱུར་པ་ཉིད་ཀྱིས་རབ་ཏུ་བཏུད་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཚད་མ་གཞན་ལ་ལྟོས་ནས། དེའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོག་གི་མཆོག་ཅེས་པ་ནི་ཕྱག་འཚལ་བ་གང་ཡིན་པ་འདིའོ། །དེའི་འབྲས་བུ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིའི་དོན་རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་ནི་བསྡུས་པའི་དོན་ཏོ། །དུས་གསུམ་དུ་ཞེས་བྱ་བ་ལ་ སོགས་པ་གསུངས་ཏེ། ཁམས་གསུམ་པ་ནི་འདོད་པ་ལ་སོགས་པའི་ཁམས་སོ། །ནད་ནི་གོ་སྐབས་སོ། །ཡུལ་དང་དབང་པོའི་ངོ་བོ་ཉིད་ཀྱིས་ནི་དེའི་བདག་ཉིད་ཀྱིས་སོ། །ཤེས་རབ་དང་ཐབས་དག་ནི་ཤེས་རབ་ནི་སྟོང་པ་ཉིད་དོ། །ཐབས་ནི་སྙིང་རྗེའོ། །དེ་དག་གི་ལྷག་མ་ཉིད་ཡིན་པའི་ ཕྱིར་དབང་པོ་དང་ཡུལ་རྣམས་སོ། །དེ་ཉིད་ཀྱི་ཕྱིར་འཆད་པར་འགྱུར་བ་དེ་ལྟར་དེ་ཁོ་ན་ཉིད་ལྷག་པར་རྟོགས་པའོ་ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་རོ། །དེ་ཁོ་ན་ཉིད་ལྷག་པར་རྟོགས་པ་ནི་འོད་གསལ་མངོན་སུམ་དུ་བྱས་པའོ། །ཐ་མལ་པའི་ལུས་སྤངས་པ་ནི་འདི་རྣམས་འཇིག་རྟེན་གྱི་རྗེས་སུ་ འཇུག་པ་ལ་འདས་པའོ། །ཡང་ན་རྣལ་འབྱོར་པ་ཁ་ཅིག་ཀྱང་ཐ་མལ་པའི་དངོས་པོ་འབྱུང་བ་ཡོད་དེ། འགྲོ་བ་རྣམས་སངས་རྒྱས་ཀྱི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །མི་འཇིགས་པ་ཞེས་པ་ནི་ཟུང་དུ་འཇུག་པའི་སྐུའོ། །ཅི་ལྟར་ཞེ་ན་འཛིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཉམ་ 31-1-159a པ་ཞེས་བྱ་བ་ལ་སོགས་པ་འདི་ལས་ཞེས་བྱ་བ་ནི་འོད་གསལ་བ་ལས་སོ། །དམ་ཚིག་ནི་ཟུང་འཇུག་གོ། །ཉིན་རེ་ཞེས་པ་ལ་སོགས་པ་ལ་རྫས་ནི་དོན་དམ་པའི་བདེན་པ་ཉིད་ཡིན་པའི་ཕྱིར་རོ། །འདིའི་དོན་བཤད་པ་ནི་ལུས་ནི་ཟུང་འཇུག་གི་སྐུའོ། །རྟག་ཏུ་ཞེས་བྱ་བ་ལ་སོགས་པས་ འདིའི་བསྡུས་པའི་དོན་གསུངས་སོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། མཉེས་པར་བྱེད་པ་ནི་ཐ་ལམ་པའི་དངོས་པོ་གསལ་བས་ཟུང་འཇུག་གི་སྐུར་སྣང་བར་འགྱུར་བ་ནི་མཉེས་པའོ། །དེ་བྱེད་པ་ནི་འདིའི་ཐབས་སོ། །དམ་ཚིག་ནི་བཤད་པའི་དམིགས་པ་གང་གིས་ཉེ་བར་བྱའོ། །དངོས་སུ་བྱ་བ་ དེ་དམ་ཚིག་གོ། །དེ་ལྟར་བཤད་མ་ཐག་པའི་དེ་ཁོ་ན་ཉིད་ལྷག་པར་རྟོགས་པ་ཞེས་བྱ་བ་ལ་སོགས་པ་ལ། ཕྱི་རོལ་ཞེས་པ་ནི་ཕྱིའི་བཟའ་བར་བྱ་བའོ། །ལྟོས་པ་མེད་པ་ནི་ནམ་མཁའི་རིག་མ་ཞེས་བྱ་བ་ལ་སོགས་པས་བཤད་པའི་དེ་ཁོ་ན་ཉིད་ལྷག་པར་རྟོགས་པ་ཉིད་དུ་སྟོན་པར་བྱེད་དོ། །ཅོད་པན་ ཞེས་བྱ་བ་འདིས་འདི་ཅོད་པན་དུ་འཆང་བ་ཉིད་དུ་སྟོན་པར་བྱེད་དོ། །ཤེས་རབ་ཀྱི་མདོ་ནི་རྣལ་འབྱོར་མའི་རྒྱུད་ཅེས་རྟོགས་པར་བྱ་བའམ་ཤེས་རབ་མངོན་པར་བརྗོད་པའི་རྒྱུད་དུའོ། །རྒྱུན་ཞེས་བྱ་བ་ལ་སོགས་པས་བདུད་རྩིའི་ཆར་འབབ་པར་སྟོན་ཏོ། །རྩ་བའི་མདོ་ཞེས་པ་ནི། དེ་ཁོ་ན་ཉིད་བསྡུས་ པ་ཞེས་རྟོགས་པར་བྱའོ། །ལྕེ་ཞེས་བྱ་བ་ལ་སོགས་པས་གསུངས་པའི་བདུད་རྩི་བཤད་དོ། །འདིའི་བཤད་པ་ནི། རྣམ་པར་སྣང་མཛད་ལ་སོགས་པ་ཞེས་པའི་སོགས་པའི་སྒྲ་ལས་དེ་བཞིན་གཤེགས་པ་ལྷག་མ་བཞི་པོ་གཟུང་ངོ་། །བཟའ་བ་ལ་སོགས་པ་ལ་ལོངས་སྤྱོད་པ་ཞེས་པའི་སོགས་པའི་ སྒྲ་ལས་བཏུང་བྱ་དང་གཞིབ་བྱ་དང་བལྡག་བྱ་ལ་སོགས་པ་བསྡུས་སོ། །སྐུའི་རྡོ་རྗེ་འཛིན་པར་བྱིན་གྱིས་བརླབ་ཅེས་པ་ནི་ལུས་ལ་གནས་པའི་དེ་བཞིན་གཤེགས་པ་རྣམས་ཀུན་དུ་ཚིམ་པར་བྱའོ་ཞེས་ཡིད་ལ་བྱེད་པ་བསྐྱེད་པ་ནི་རྣལ་འབྱོར་པ་ཐམས་ཅད་ཀྱི་ཐུན་མོང་ངོ་། །གལ་ཏེ་ནི་སྐུའི་རྡོ་རྗེ་ནི་རྣམ་ པར་སྣང་མཛད་ཀྱིས་བྱིན་གྱིས་རློབ་པར་དམིགས་པར་བྱེད་དོ་ཞེས་འཆད་པར་བྱེད་ན་དེའི་ཚེ་རྣལ་འབྱོར་པ་ཐམས་ཅད་ཀྱི་ཐུན་མོང་དུ་མི་འགྱུར་རོ། །ཕྱི་རོལ་ཞེས་བྱ་བ་ལ་སོགས་པ་ལས་རྡོ་རྗེ་འཛིན་པར་བྱིན་གྱིས་བརླབ་པ་ནི་མི་བསྐྱོད་པར་བྱིན་གྱིས་བརླབ་པ་སྟེ། འདི་དག་ཀྱང་རྣལ་འབྱོར་པ་ 31-1-159b ཐམས་ཅད་ཀྱི་ཐུན་མོང་ངོ་། །མདོ་གདོན་ཆོ་ག་བྱ་བ་ལ། །ཞེས་པ་ནི། གསུང་རབ་ལ་སོགས་པ་ཞེས་པའི་གསུང་རབ་ནི་ཡན་ལག་དགུའོ། །སོགས་པའི་སྒྲ་ལས་ངག་གི་རང་བཞིན་དུ་གྱུར་པ་གཞན་དག་ཀྱང་གཟུང་བར་བྱའོ། །འོད་དཔག་མེད་དུ་བྱིན་གྱིས་བརླབ་པ་ནི། འོད་དཔག་མེད་ཀྱི་བདག་ཉིད་དུ་ ལྷག་པར་མོས་པ་ཞེས་པར་འགྱུར་རོ་ཞེས་པ་ཡང་ཐུན་མོང་པའི་ཚིག་ཏུ་བྱེད་དོ་ཞེས་པ་ལ་སོགས་པའོ། །རྣམ་པར་དག་པ་ལ་སྦྱར་བ་ཞེས་པ་ནི་འོད་གསལ་བ་ལས་བྱུང་བ་ཉིད་ཀྱི་དེའི་རང་བཞིན་དུ་ལྷག་པར་མོས་པའོ། །ཅི་ཞིག་ཅེ་ན། དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ཅེས་བྱ་བ་ལ་ སོགས་པ་ལས་རབ་འབྱམ་བྱེད་པ་པོ་བསྟན་ནོ། །སྐུ་ཞེས་བྱ་བ་ལ་སོགས་པས་ལས་བྱ་བའི་ཡུལ་བསྟན་ནོ། །འོད་གསལ་བ་ལས་གཅིག་ཏུ་གཞོལ་བ་ཉིད་ནི་རང་བཞིན་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་ཉིད་དོ། །རྣམ་པར་དགོངས་པ་ནི་དེའི་དོན་ལ་དམིགས་པ་སྟེ། དམིགས་པའི་དོན་ནི་ཅང་མི་གསུངས་པའི་ངོ་བོ་ ཉིད་ཡིན་པའི་ཕྱིར། ཅང་མི་གསུངས་པར་གྱུར་ཏོ་ཞེས་གསུངས་སོ། །ཅང་མི་གསུང་བར་གྱུར་པར་ཤེས་པའི་དགོངས་པས་བཤད་པའི་ཕྱིར་སྐུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འོད་གསལ་བ་ཉིད་ཅེས་པ་འདིའི་དོན། ངོ་བོ་ཉིད་མི་འགྱུར་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རིགས་ཀྱི་བུ་ ཞེས་བྱ་བ་ནི་བོད་པའོ། །གལ་ཏེ་འདི་ལས་ནི་འདི་མངོན་པར་བརྗོད་པར་བྱར་མེད་ཅིང་མི་འཇིག་པའི་གནས་འོད་གསལ་དེ་ལས་ཅང་མི་གསུང་བར་གནས་སོ་ཞེས་སྦྲེལ་ལོ། །སྐུ་ཞེས་བྱ་བ་ལ་སོགས་པས། སྐུ་རྣམ་པར་སྤྱད་པའོ། །གསུང་དང་ཐུགས་ཀྱི་མཚན་ཉིད་རྣམ་པར་སྤྱད་པའི་ཕྱིར། མཚན་མ་ ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་གསུང་དང་ཐུགས་དག་མཚན་མ་མེད་པའི་ཕྱིར་དངོས་པོ་མེད་པར་སོ་སོར་བསྟན་ནོ། །མཚན་ཉིད་མེད་པའི་དངོས་པོ་ནི། །འགའི་ཡང་གང་ནའང་ཡོད་མ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །འདི་དག་ཉིད། འདི་དག་ཅེས་བྱ་བ་ལ་སོགས་པ་ གསུངས་ཏེ། ཁམས་གསུམ་པ་ཞེས་པ་ནི་ལུས་ལ་སོགས་པ་གསུམ་པོ་ནི། སྔར་ཁམས་གསུམ་པ་ཉིད་དུ་བཤད་པ་ཉིད་ཡིན་པའི་ཕྱིར་ལུས་ལ་སོགས་པ་ཁོ་ན་ལྷའི་འཁོར་ལོའི་ཚུལ་གྱིས་གནས་པའི་ཕྱིར་རོ། །དེ་དངོས་པོ་མེད་པར་སོ་སོར་བསྟན་ནོ། །དེའི་ཕྱིར་ཅི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ 31-1-160a ཏེ། དྲི་བ་བཤད་པའི་ཕྱིར། ལོག་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཟིན་པ་ཡིན་ཞེས་པ་ནས་འོད་གསལ་བ་ལས་ལངས་ཏེ་ཞེས་པ་ཇི་སྲིད་པར་རོ། །སྒྱུ་མ་ལྟ་བུའི་སྐུ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེས་ཟིན་པ་ནི་དཀྱིལ་འཁོར་གྱི་འཁོར་ལོར་ཉེ་བར་གསལ་བར་བྱེད་པའོ་ཞེས་ མངོན་པར་དགོངས་སོ། །དེ་ཉིད་ཀྱི་ཕྱིར་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ནི་དཀྱིལ་འཁོར་གྱི་དབང་ཕྱུག་དང་དཀྱིལ་འཁོར་པ་རྣམས་ཀྱི་རྣལ་འབྱོར་པ་གང་ཡིན་པ་དེ་དེ་བཞིན་ནོ། །དེ་རྣམས་ཉིད་འབའ་ཞིག་ཏུ་ཡང་མ་ཟད། ཡང་དེའི་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་ལོངས་སྤྱོད་ པ་ནི་བཟུང་བ་ལ་སོགས་པའི་བདག་ཉིད་ཅན་ཁམས་གསུམ་པའི་ཚུལ་དུ་གནས་པའོ། །གསུང་རྡོ་རྗེའི་ཚིག་ཅེས་བྱ་བ་ལ་སོགས་པས་འཁོར་བ་རྣམ་པར་དག་པའི་བདག་ཉིད་ཅན་སྒྱུ་མའི་ངོ་བོར་གསུངས་སོ། །དེ་ཉིད་ཀྱི་ཕྱིར་མི་ཤེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་ཤེས་པ་ནི་ཀུན་དུ་འཁོར་བའི་ རྒྱུ་ཉིད་དོ། །དཀྱིལ་འཁོར་གྱི་འཁོར་ལོ་སོ་སོ་མ་ཡིན་པ་ལ་དཀྱིལ་འཁོར་གྱི་འཁོར་ལོ་སོ་སོ་ཉིད་དུ་བདེན་པ་ཕྱིན་ཅི་ལོག་དང་བྲལ་བ་ལོངས་སྤྱོད་རྫོགས་པའི་སྐུའི་རྒྱུའོ། །འདི་དག་ཅི་ལྟར་འགྱུར་ཞེ་ན། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་ སྣང་མཛད་ལ་སོགས་པ་རྣམས་སོ། །འདས་པ་རྣམས་ནི་རང་བཞིན་མེད་པའི་ཁྱད་པར་མྱ་ངན་ལས་འདས་པར་ཞུགས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་རྣམས་འབའ་ཞིག་ཏུ་མ་ཟད་ཀྱི་རྟོགས་པ་ཉིད་ཀྱིས་མྱ་ངན་ལས་འདས་པར་ཡང་ངོ་། ། ཡང་རྟོགས་པ་རྣམས་ཀྱང་ཅི་ཞེ་ན། གཤེགས་པ་དང་བྱོན་པའི་ཞེས་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་དྲུག་པའོ། །དེ་བཞིན་གཤེགས་པ་བརྗོད་པ་ཉིད་ཡིན་པའི་ཕྱིར་དང་མྱ་ངན་ལས་འདས་པར་བགྲོད་པ་དང་མ་བགྲོད་པ་དག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཡིན་པའི་ཕྱིར་ཡང་ངོ་། །འོད་ གསལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཡིན་པ་དེའི་ཕྱིར། དེར་ཀུན་དུ་བརྟགས་པ་ནི་གསུང་རྡོ་རྗེའི་ཚིག་གོ། །ཕྱིན་ཅི་ལོག་ལ་སོགས་ཞེས་སྦྱར་བར་བྱའོ། །གསུང་རྡོ་རྗེའི་ཚིག་ནི་ཟུང་འཇུག་སྒྲུབ་པར་བྱེད་པའི་ཚིག་གོ། །ཕྱིན་ཅི་ 31-1-160b ལོག་ཅེས་པ་ནི་བརྗོད་བྱ་ཕྱིན་ཅི་ལོག་ཉིད་ཀྱིས་སོ། །དགོས་པ་ཅི་ཞིག་ཡོད་ཅེས་པ་ནི། ཅི་ཞིག་རྗེས་སུ་འཛིན་ཞེས་པའི་དོན་ནོ། །དེའི་དབང་དུ་བྱས་ནས་ཚངས་པ་ལ་སོགས་པ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྲ་བ་ནི་ཕྲ་མོའི་གཟུགས་ཉིད་ཀྱི་སྐལ་བ་ཅན་ནོ། །ཡང་བ་ནི་ལུས་ཀྱི་ཚད་དུ་མ་ དང་ཆེན་པོ་ཉིད་དུ་སྟོན་པར་བྱེད་པའོ། །སོགས་པའི་སྒྲས་ལྕི་བ་ལས་འདས་པ་དང་དབང་པོ་ཉིད་དང་དབང་དུ་གྱུར་པ་ཉིད་དང་། འདོད་དགུར་སྒྱུར་བ་ལ་སོགས་པ་རྣམས་བསྡུས་སོ། །འཇིག་རྟེན་པའི་ཐམས་ཅད་མཁྱེན་པ་ཉིད་ཅེས་པ་ནི་འཇིག་རྟེན་པ་ཐམས་ཅད་ཡོངས་སུ་ཤེས་པའོ། །འདི་ཞེས་བྱ་ བ་ལ་སོགས་པས་དྲུག་པ་ནི། འདིར་སྟོན་པ་པོ་ཉིད་དུ་སྟོན་པར་བྱེད་དོ། །རྡོ་རྗེའི་དེ་ཁོ་ན་ཉིད་ན་བདེན་པ་གཉིས་སོ། །རྟོག་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པས་ངོ་བོ་ཉིད་མེད་པའི་སྒྲ་ནི། ཆོས་ཐམས་ཅད་སྐྱེ་བ་དང་བར་དུ་དབྱེ་བ་དང་བྲལ་བ་སྟོང་པ་ཉིད་ལ་ལྟོས་པ། རང་བཞིན་སྟོང་པ་ཉིད་ མཚན་ཉིད་དང་བྲལ་བ་སྟོན་པར་བྱེད་དོ། །སྐུ་གསུམ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་ལམ་གྱི་ངོ་བོ་རྡོ་རྗེ་འཆང་ཆེན་པོར་སོ་སོར་བསྟན་ནས། སངས་རྒྱས་རྡོ་རྗེ་ཞེས་པས་ཤིན་ཏུ་མཐར་ཐུག་པའི་འབྲས་བུའི་རྡོ་རྗེའི་འཆང་ཆེན་པོ་སོ་སོར་སྟོན་པར་བྱད་དོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ནི། རྣམ་པར་ སྨྲས་པས་རྒྱུ་དང་འབྲས་བུའི་དངོས་པོ་དག་སོ་སོར་བསྟན་པས། རྟོག་པ་ནི་བློའི་རྣམ་པར་འཕྲུལ་པ་ལ་སོགས་པའི་བྱ་བ་ཞེས་པ་འདིས་འོད་གསལ་བ་ལས་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་ཀྱིས་སེམས་ཅན་གྱི་དོན་དུ་སོ་སོར་ལངས་ཏེ། ཞི་བ་ལ་སོགས་པའི་ལས་བྱེད་པའི་རབ་ཏུ་ སྟོན་པར་བྱེད་དོ། །སྨྲ་བའང་འདི་ཡིན་ཞེས་པ་ལ་སོགས་པ་ན་རྣམ་པར་སྣང་མཛད་ལ་སོགས་པའི་དབང་པོའི་གཞུ་དང་མཚུངས་པ་རྣམས་དོན་དམ་པའི་བདེན་པ་དང་ཐ་མི་དད་པ་ཉིད་དོ། །རང་གི་སྐུ་ཞེས་བྱ་བ་ལ་སོགས་པ་འདིས་རྡོ་རྗེ་འཆང་ཆེན་པོ་རང་གི་སྐུ་ལ་སོགས་པ་གསུངས་སོ། །དེ་ ཉིད་ཅེས་བྱ་བ་ལ་སོགས་པས་འོད་གསལ་བ་ཡོངས་སུ་དག་པ་དེའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ་མཚན་མ་མེད་པ་ཞེས་པ་ནི། བདུན་བརྒྱ་པར་ཡང་གསུངས་པ། དེ་བཞིན་ཉིད་ལ་རྒྱུ་ཡང་ཅུང་ཟད་མེད། །རྒྱུ་ལས་སྐྱེས་པའང་དེ་བཞིན་ཉིད། །དེ་བཞིན་གཤེགས་པར་རབ་ཏུ་འདོགས་ 31-1-161a པར་བྱེད། །དེ་བཞིན་གཤེགས་པའང་ཡོད་པ་མ་ཡིན་པ། །དེ་བཞིན་ཉིད་དུ་རབ་ཏུ་འདོགས་པར་བྱེད། །ཅེས་སོ། །གལ་ཏེ་ལྟར་ན་ཅི་ལྟར་དེ་ཡི་ཐབས། །ཞེས་བྱ་བ་ལ་སོགས་པ་ལ་མངོན་པར་རྟོགས་པའི་རིམ་པའི་དོན་དམ་པ་མ་ཡིན་ནོ་ཞེས་བརྒལ་བའོ། །རྡོ་རྗེ་གསུམ་ཞེས་ པ་ནི་རང་བཞིན་གྱི་རྒྱུད་ལ་འཇུག་པ་རྣམས་སོ། །སྐུ་དབང་ཕྱུག་ཅེས་བྱ་བ་ལ་སོགས་པ་ནི་སེམས་ཅན་གྱི་དོན་དུ་མའི་རྣམ་པ་ཉིད་དུ་ལྷུན་གྱིས་གྲུབ་པའི་སྐུ་ནི་སྐུའི་དབང་ཕྱུག་གོ། །སྐྱེ་གནས་བཞི་ལས་སྐྱེས་པའི་སེམས་ཅན་ཀྱི་དོན་དུ་རྩྭ་དང་ཤིང་དང་རི་ལ་སོགས་པ་རྣམས་སུ་ཡང་ཆོས་སྟོན་པར་བྱེད་ པ་ནི་གསུང་གི་དབང་ཕྱུག་གོ། །ཡིད་ལ་བྱེད་པ་ཙམ་ལས་རིན་པོ་ཆེ་སྣ་ཚོགས་པའི་རང་བཞིན་འཇིག་རྟེན་གྱི་ཁམས་ལ་སོགས་པར་མངོན་པར་འཇུག་པར་བྱེད་པ་ནི་ཐུགས་ཀྱི་དབང་ཕྱུག་གོ། །མཐའ་ཡས་ཤིང་རྣམ་པར་བཀྲ་ཞིང་རྣམ་པ་སྣ་ཚོགས་ལ་ཡིད་མགྱོགས་པའི་རྫུ་འཕྲུལ་གྱི་རྣམ་པར་ འཕྲུལ་པ་ནི་རྫུ་འཕྲུལ་གྱི་དབང་ཕྱུག་གོ། །ཡུལ་དང་དུས་ཐམས་ཅད་དུ་ཁྱབ་པར་བྱེད་པ་ནི་ཀུན་དུ་འགྲོ་བའི་དབང་ཕྱུག་གོ། །འདོད་པ་ཙམ་གྱིས་རང་དང་གཞན་དག་གིས་མངོན་པར་འདོད་པའི་དོན་ཡོངས་སུ་རྫོགས་པ་ནི་འདོད་པའི་དབང་ཕྱུག་གོ། །བརྟན་པ་དང་གཡོ་བ་དག་རྣམ་པ་སྣ་ཚོགས་ པའི་གཟུགས་སུ་མངོན་པར་སྐྱེད་པར་བྱེད་པ་ནི་བྱེད་པ་པོའི་དབང་ཕྱུག་གོ། །མཐའ་ཡས་ཤིང་གཞལ་དུ་མེད་ལ་བརྗོད་ཀྱིས་མི་ལང་བའི་ཁམས་གསུམ་གྱི་ཁོངས་སུ་གནས་པའི་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་ཡོན་ཏན་གྱིས་བརྒྱན་པའི་ལུས་རབ་ཏུ་སྟོན་པ་ནི་ཡོན་ཏན་གྱི་དབང་ཕྱུག་ སྟེ། བརྒྱད་པོ་དེ་དག་ཀྱང་ངོ་ཞེས་པའི་དོན་ཏོ། །རིག་པའི་རང་བཞིན་ནི་འོད་གསལ་བའི་རང་བཞིན་ནོ། །སྐྱེས་བུའི་གཟུགས་འཆང་བ་ཉིད་ཡིན་པའི་ཕྱིར་འདིར་སྐྱེས་བུའོ། །དེའི་ཐབས་སྔར་གསུངས་པ་དེ་དག་བསྟན་པར་བྱ་བའི་ཕྱིར་མཁའ་དབྱིངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་ རྒྱས་ཞེས་བྱ་བ་ལ་སོགས་པ་ལ་རྫོགས་པ་དང་མ་རྫོགས་པའི་སེམས་ཅན་གྱི་ཕུང་པོ་རྣམས་སྒྱུ་མ་ལྟ་བུར་དམིགས་པར་བྱའོ། །ཅི་ལྟར་ཞེ་ན། མཁའ་དབྱིངས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་ཞེས་བྱ་བ་ནི་ནམ་མཁའི་དབྱིངས་སོ། །སེམས་ཅན་གྱི་ཚོགས་མ་ལུས་པ་ཞེས་པ་ནི་ནམ་མཁའི་ 31-1-161b དབྱིངས་དེ་གཉུག་མའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །སྐུ་རྡོ་རྗེ་བསྐྱེད་པའི་རྒྱུར་གྱུར་པ་ནི་ལུས་བསྐྱེད་པའི་རྒྱུའོ། །ཟླ་བའི་གཟུགས་ཞེས་པ་ནི། ཟླ་བ་ནི་སེམས་ཀྱི་བརྡ་ཉིད་ཡིན་པའི་ཕྱིར་སེམས་ཉིད་ལས་དེ་བཞིན་གཤེགས་པ་རྣམས་སྐྱེད་པར་བྱེད་དོ་ཞེས་མངོན་པར་དགོངས་སོ། །སེམས་འབྱུང་གི་བརྡ་ ཉིད་ཡིན་པའི་ཕྱིར་ཐབས་ཀྱི་ངོ་བོ་རྡོ་རྗེ་ལས་སོ། །གཞན་དུ་ཞེས་བྱ་བ་ལ་སོགས་པ་ནི། གཞན་དུ་ནི་བསྐྱེད་པའི་རིམ་པར་གསུངས་པ་ལས་གཞན་དུ་རྣམ་པ་གཞན་གྱིས་སོ། །དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ། །ཁམས་གསུམ་ཞེས་བྱ་བ་ལ་སོགས་པ་ལ། གནས་པ་ཞེས་པ་ནི་ཁ་ སྦྱོར་གྱི་སྦྱོར་བས་སོ། །དེ་ཉིད་ཀྱི་ཕྱིར་ཀུན་དུ་དགའ་བའི་བདེ་བ་སྐྱེད་པར་བྱེད་པ་ཞེས་གསུངས་སོ། །ཁྱུ་མཆོག་ཅེས་བྱ་བ་ལ་སོགས་པ་ཡང་བསྐྱེད་པའི་རིམ་པའི་རྗེས་སུ་མཐུན་པར་ནི་བཤད་མ་ཐག་པའི་མི་བསྐྱོད་པ་ལ་སོགས་པ་ལྔ་པོ་བསྐྱེད་པའི་རིམ་པ་ལ་གནས་པ་ཉིད་ཀྱི་ཕྱིར་རོ། ། གྲགས་པ་ཆེན་པོ་ནི་འཇིག་རྟེན་གསུམ་དུ་མཆོག་ཏུ་བསྒྲགས་པ་མཐུ་སྟོབས་སོ། །དེའི་ནི་དེ་དག་གི་རང་བཞིན་ནོ། །དེ་རྣམས་ཉིད་ཀྱི་བསྐྱེད་པའི་རིམ་པའི་རྗེས་སུ་མཐུན་པར་གནས་ནས་རྫོགས་པའི་རིམ་པ་རྣམས་ཀྱིས་རྣམ་པ་གཞན་བསྟན་པར་བྱ་བའི་ཕྱིར། སེམས་ཀུན་དུ་བསྟན་པ་ཞེས་བྱ་བ་ལ་ སོགས་པ་གསུངས་ཏེ། ཆོ་ག་དང་མན་ངག་ཇི་ལྟ་བ་བཞིན་དུ་བསྙེན་པའོ། །ཕྱག་རྒྱ་ཆེན་པོ་ཞེས་པ་ནི་ལྷ་མོའི་སྐུ་ཉིད་དོ་ཞེས་པའོ། །སྤྱན་མ་ལ་སོགས་པ་བཞིན་དུ་རྫོགས་པའོ། །ལྷན་ཅིག་ཅེས་པ་ནི་སྒྲུབ་པ་པོ་དང་ལྷན་ཅིག་ཆེས་འདོད་ཆགས་ལ་སོགས་པའི་མཚན་ཉིད་སྤྱད་པ་ནི་སེམས་ཀྱི་རང་བཞིན་ དུ་བསྐྱེད་པའི་ངང་ཚུལ་གང་ཡིན་པ་དེའོ། །ཀུན་ཞེས་པ་ནི་ལྷ་མོ་ཀུན་གྱི་བདག་ཉིད་ཅན་གྱི་གཙོ་བོ་ཡིན་པའི་ཕྱིར་རོ། །སྒྲུབ་པ་པོ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་རྣམས་ཀྱི་རྣལ་འབྱོར་པ་ཡིན་པ་དེའོ། །དེ་རྣམས་ཅི་ལྟ་བུར་གྱུར་པ་ནི་རྟོག་པའི་རྣལ་འབྱོར་པའོ། །གསང་བའི་ཚིག་ཅེས་པ་ནི་གསང་ བ་སོ་སོར་སྟོན་པར་བྱེད་པའི་ཚིག་གོ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་བསྐྱེད་པའི་རིམ་པ་པ་རྣམས་ཀྱིས་ལག་པའི་ཕྱག་རྒྱ་བཅིང་བ་བཀག་པ་མེད་དོ་ཞེས་མཚོན་པར་བྱའོ། །མི་བཅིང་ངོ་ཞེས་པ་ནི་རྫོགས་པའི་རིམ་པ་ལ་གནས་པ་ཞེས་པ་ལྷག་མའོ། །འདིར་ཅིའི་ཕྱིར་ཞེ་ན། རྡོ་རྗེ་སེམས་དཔའ་ 31-1-162a ཞེས་བྱ་བ་ལ་སོགས་པ་གསུངས་སོ། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི། དོན་ཐམས་ཅད་སྒྲུབ་པ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་དོ། །དེ་ཉིད་སྔགས་ཏེ་ཡིད་ལ་བྱེད་པའི་ཕྱིར་དང་། སྐྱོབ་པར་བྱེད་པའི་ཕྱིར་དང་། དེ་དག་ཀྱང་སྦྱོར་བར་བྱེད་པའོ། །གསང་བ་ནི་སྣོད་མ་ཡིན་པ་རྣམས་ལའོ། །དེ་ རྣམས་ཞེས་པ་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྣམས་སོ། །བསྐྱེད་པའི་རིམ་པའི་རྗེས་སུ་མཐུན་པས་རྫོགས་པའི་རིམ་པ་ལ་གནས་པ་ཉིད་ཡིན་པས་མང་པོའི་ཚིག་གོ། །འདུས་པ་ལ་མངོན་པར་བརྩོན་པ་རྣམས་ཀྱིས་ནི་རྟག་ཏུ་བརྩོན་འགྲུས་རྗེས་སུ་བཅིང་བ་རྣམས་ཀྱིས་སོ། །རྫོགས་པའི་ རིམ་པ་པ་རྣམས་ཀྱི་དམ་ཚིག་མངོན་པར་བརྗོད་ནས། བསྐྱེད་པའི་རིམ་པ་པ་རྣམས་ཀྱི་གསུངས་པ། འདུས་པའི་རིམ་པ་པ་རྣམས་ལ་ཡང་ཞེས་པ་ལ་འདིར་བདུན་པ་ནི་ངེས་པར་གཟུང་བ་སྟེ། འདུས་པ་པ་རྣམས་ལ་ཞེས་པའོ། །བསྐྱེད་པ་དང་རྫོགས་པའི་རིམ་པ་གཉིས་ལ་སྤྱོད་པ་ཐུན་མོང་བ་རྣམས་ལ། དེ་ རྣམས་རྟོག་པའི་རྣལ་འབྱོར་པ་རྣམས་ཀྱི་སོ་སོའི་བྱེད་པས་ངེས་པར་བཟུང་བའོ། །རྟོག་པའི་རྣལ་འབྱོར་པ་རྣམས་ཀྱིའང་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་རྣམས་ཀྱི་དམ་ཚིག་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་ནི་བཟའ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་མངོན་དུ་བྱའོ། །སྐུ་རྡོ་རྗེ་ནི་ འདིར་ཚིམ་པར་བྱེད་པར་བསྟན་ནོ། །དེ་ནས་སྐུ་རྡོ་རྗེའི་རིགས་ཅན་རྣམས་ནི་ལུས་ལ་གནས་པའོ། །བཤང་བ་ལ་སོགས་པ་རྣམས་ནི་སྒྲ་ཇི་བཞིན་པ་མ་ཡིན་པས་གསུངས་པ་རྣམས་སོ། །འདིས་བདུད་རྩི་ལྔ་ལས་བཤང་བ་བཀག་གོ། །དེ་ཉིད་ཀྱི་ཕྱིར་དེ་བས་ཞེས་བྱ་བ་ལ་སོགས་པ་ལ་ཉེ་བར་སྤྱད་པར་བྱའོ་ ཞེས་པ་ནི་ཡོངས་སུ་གྱུར་པས་ནམ་མཁའ་ལྡིང་གི་ཕྱག་རྒྱ་འཆང་བའི་རྣལ་འབྱོར་པས་དབྱུང་བར་བྱའོ། །ལུས་བདེ་བར་གནས་པའི་དོན་དུ་ངག་དང་སེམས་དག་བདེ་བར་གནས་པར་སེམས་བཞིན་པ་ནི་ལུས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདུད་རྩི་སྐྱེད་པར་བྱེད་པའི་རིམ་པ་དོན་དེ་ཉིད་ ལས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བཅས་པ་ཞེས་པ་ནི་ལྷ་མོ་དང་འདུས་པའོ། །རྗེས་སུ་མཉེས་པར་བྱེད་པའི་རིམ་པ་མྱོས་བྱེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གསུངས་པ་ཡང་བྷ་གའི་དབུས་སུ་གནས་པའི་རྩ་རྟགས་དང་མཚུངས་པར་མྱོས་བྱེད་འགྲོ་བའི་མཉེས་པ་ལས་སོར་མོ་ 31-1-162b གསུམ་གྱིས་བསྐྱོད་པས་དེ་ཕྱུང་བའི་མྱོས་བུའི་ཆུ་བོ་དེ་ཡང་འདོད་པ་ལས་གདུགས་ཞེས་པ་ནི་མྱོས་བྱེད་འཇིག་པར་བྱེད་པ་སྟེ་ཟླ་བའི་སྟེང་ནས་སྣའི་འོད་མ་ལུས་པ་མྱོས་པ་སྤྱི་བོར་གནས་པ་སྲུབ་པ་ནི་གདུགས་ཞེས་བྱའོ། །མྱོས་བྱེད་ཀྱི་བུག་པའི་མཐར་གནས་པ་ཤིན་ཏུ་རིང་དུ་དྲང་བའི་ཆུ་བོ་ཡོངས་སུ་གང་ བ་དང་མ་གང་བ་འདི་དག་ནི་ཟླ་བ་ཞེས་རྩའོ། །རྩ་བའི་འཁོར་ལོ་གཞན་མང་དུ་གནས་པ་ལས་གཙོ་བོ་འདི་གསུམ་འདིར་གནས་པ་ནི་ལག་པའི་སོར་མོས་རྣམ་པར་ཉེད་པའོ། །དེའི་འོག་ཏུ་ཅི་ཞིག་བྱ་ཞེ་ན། ངག་གི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་ པ་ལ། དེ་རྣམས་ཀྱི་ཐུགས་སུན་དབྱུང་བར་མི་བྱ་སྟེ་ཞེས་པ་ནི། ཇི་ལྟར་འདི་རྣམས་འདོད་ཆགས་དང་བྲལ་བར་བསྐྱེད་པར་མི་བྱ་སྟེ། དེ་བཞིན་དུ་ནན་ཏན་བྱའོ་ཞེས་པའི་དོན་ཏོ། །མདོར་ཞེས་བྱ་བ་ལ་སོགས་པ་ལ་མདོར་བསྡུས་ན་ཞེས་པ་ནི་སྤྱོད་བསྡུས་སུ་གསུངས་པའི་རིམ་པ་ལས་འབའ་ཞིག་ མ་ཡིན་གྱི་ཕུང་པོ་རྣམས་ཉིད་དུ་བསྡུས་སོ་ཞེས་ཕྱི་རོལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་ལ་ཡང་ཁམས་གསུམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡོངས་སུ་བརྟག་པ་ནི། རིགས་བརྒྱའི་རབ་ཏུ་དབྱེ་བ་སྟོན་པར་བྱེད་པ་དང་བསྟན་པའོ། །ཟིན་པ་ནི་ ལུས་སོ། །མ་ཟིན་པ་ནི་ཕྱི་རོལ་གྱི་བསྟན་པའི་དངོས་པོར་གྱུར་པའོ། །ནམ་མཁའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་ནམ་མཁའི་དབྱིངས་ཀྱི་ངོ་བོ་ཡིན་པའི་ཕྱིར་མ་ཟིན་པའོ། །དེ་ཉིད་ཀྱི་ཕྱིར་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །རྡོ་རྗེ་འཆང་ཞེས་པ་ནི་དྲུག་པའོ། །དེ་ལྟར་གསུངས་ ནས་ཞེས་པ་ནི་ཕུང་པོ་ལྔ་ནི་མདོར་བསྡུས་ནས་ཞེས་བྱ་བ་ལ་སོགས་པ་གང་ཞིག་གསུངས་ཏེ། དེ་གསུངས་ན་ཞེས་བྱ་བའི་དོན་ཏོ། །བསྡུས་པ་ཞེས་པ་ནི་སྔར་གྱི་རིགས་བརྒྱ་ལ་ལྟོས་ནས་མདོར་བསྡུས་པ་རྗེས་སུ་དྲན་པར་བྱེད་པའོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ལྷ་སུམ་ཅུ་སོ་གཉིས་ཀྱི་ འཁོར་ལོའི་འཁོར་གྱི་དཀྱིལ་འཁོར་ཏེ་འདི་བསྡུས་ནས་ཞེས་པ་འདིས་སྔར་གསུངས་པ་དང་སྦྲེལ་ལོ། །ལྔ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་སྟོན་པ་པོ་གང་དང་གང་ཡིན་པ་ནི་དྲུག་པའོ། །སྔར་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་བྱ་བ་ལ་སོགས་པ་མངོན་པར་བརྗོད་པ་ཉིད་ 31-1-163a ཡིན་པའི་ཕྱིར་རོ། །ཡང་དཀྱིལ་འཁོར་གྱི་འཁོར་ལོ་ལ་མི་བསྐྱོད་པ་གཙོ་བོ་ཡིན་པའི་ཕྱིར་དེ་ཉིད་སྟོན་པར་བྱེད་པ་པོར་རིགས་པ་མ་ཡིན་ནམ་ཞེ་ན། བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ཐེག་པ་ཆེན་པོ་པ་ཁ་ཅིག་ཆོས་སྟོན་པར་བྱེད་པ་པོ་སེམས་ ཅན་དང་སེམས་ཅན་མ་ཡིན་པ་ལས་ངེས་པར་བྱུང་བ་ནི་བཅོམ་ལྡན་འདས་ཀྱི་བདག་པོ་ལ་ལྟོས་པས་དེ་ལ་བཅོམ་ལྡན་འདས་སྟོན་པར་བྱེད་པ་པོའོ། །དེ་བཞིན་དུ་འདིར་ཡང་མི་བསྐྱོད་པ་ལ་སོགས་པ་ལ་ངེས་པར་བྱུང་བ་ལ། །དྲུག་པ་སྟོན་པར་བྱེད་པ་པོའོ། །དེ་བཞིན་དུ་མ་འོངས་པའི་ཕྱག་ན་རྡོ་རྗེ་ རྣམས་ཀྱིས། མ་འོངས་པའི་སློབ་དཔོན་ལ་བལྟ་བར་བྱའོ་ཞེས་སོ་སོར་སྒྲུབ་པར་བྱེད་པའི་དོན་དུ་འདི་གསུངས་སོ། །སླར་ཡང་འདི་ཉིད་ཀྱི་དོན་གསུངས་པ་ནི་རྫོགས་པ་དང་མ་རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་དུ་བྱས་ནས་བཤད་པའི་ཕྱིར་གསུངས་སོ། །ཕྱོགས་ བཅུ་ཞེས་བྱ་བ་ལ་སོགས་པ་ལ་ཇི་སྙེད་ཅིག་འཁོད་ཅིང་ཞེས་བྱ་བ་ལ་སོགས་པས་ཆོས་ཀྱི་སྐུ་ལ་སོགས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱང་གནས་ཇི་ལྟ་བ་བཞིན་དུ་ཀུན་དུ་གནས་པ་ལ་སོགས་པ་ཡོད་དོ་ཞེས་རྟོགས་པར་བྱའོ། །དེ་བཞིན་གཤེགས་པ་རྣམས་ཁོ་ན་ནི་མ་ཡིན་ནོ། །དེ་རྣམས་ཞེས་བྱ་བ་ ནི་ཕུང་པོ་དང་ཁམས་ལ་སོགས་པའི་རང་བཞིན་ནོ། །སློབ་དཔོན་དེ་ལ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ལའོ། །དེ་ཉིད་ཀྱི་ཕྱིར་འདི་སྐད་དུ་བདག་ཅག་གི་ཕའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིག་གི་ཚོགས་ནི་ཕུང་པོ་ལྔ་ལ་སོགས་པའི་རང་བཞིན་དུ་རྡོ་རྗེ་འཆང་གིས་བྱིན་པར་ བྱེད་དོ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར། སླར་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བཤད་པ་ནི་དེ་བཞིན་གཤེགས་པས་སོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། བསྟན་དུ་མེད་པ་ནི་བཤད་དུ་མེད་པ་སྟེ། ངག་གི་ཡུལ་ལས་འདས་པ་ཉིད་ཡིན་པའི་ཕྱིར་རོ། །དྲུག་པ་ནི་རྡོ་རྗེ་འཆང་ཆེན་པོའི་ ངོ་བོ་མི་བསྐྱོད་པ་ལ་སོགས་པ་སྟེ། ཕུང་པོ་ལྔ་པོ་དེ་དག་ལ་ལྟོས་ནས་ཆེ་བ་ཉིད་དོ། །གང་ཞེས་པ་ནི། རྒྱུད་འདིར་སེམས་གཙོ་བོ་ཡིན་པའི་ཕྱིར་མི་བསྐྱོད་པས་སོ། །དཀྱིལ་འཁོར་གྱི་བདག་པོ་ཞེས་ཐུན་མོང་དུ་གསུངས་པའི་ཕྱིར་རྣམ་པར་སྣང་མཛད་ལ་སོགས་པ་བཞི་པོ་ལས་གཞན་པ་ཡང་དཀྱིལ་ 31-1-163b འཁོར་པའོ། །དྲུག་པ་དེ་ཉིད་འབྱིན་པ་དང་འཇུག་པས་འཛིན་བཞིན་པ་ནི། རྡོ་རྗེ་སེམས་དཔའ་མངོན་པར་བརྗོད་པའི་སྣོད་དུ་མི་འགྱུར་རོ་ཞེས་རྟོགས་པར་བྱ་སྟེ། རྡོ་རྗེ་འཛིན་མཆོག་གང་ཡིན་པ། །དབུས་སུ་གཟུགས་ནི་ལེགས་བྲིས་པ། །ཞེས་སྔར་བཤད་པ་ཉིད་ཀྱི་ཕྱིར་རོ། །གང་ཁོ་ན་ལས་ འདི་རྣམས་ཀྱི་དྲུག་པ་ནི་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པའི་ཕྱིར་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སྟེ་འདི་རྣམས་ཀྱང་གཉིས་སུ་མེད་ཅིང་འདི་དག་རྣམ་པ་གཉིས་སུ་དབྱེར་མེད་པའོ། །དེའི་ཕྱིར་མི་བསྐྱོད་པའི་དབང་དུ་བྱས་ནས་བྱམས་པ་གང་ཡིན་པ་དང་དེ་བཞིན་གཤེགས་པ་རྣམས་ཀྱི་དྲི་བ་དང་ལན་སྔར་གསུངས་ པ་དེ་གང་ཡིན་པ་དེ་དག་ཐམས་ཅད་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ལ་ཡང་སྦྱོར་བར་བྱའོ། །སྤྲུལ་པའི་སྐུ་ནི་བྱམས་པ་ལ་སོགས་པ་རྣམས་སོ། །མངོན་སུམ་དུ་བྱས་པ་ཞེས་པ་ནི་འདི་རྣམས་ཉིད་ཀྱིས་དེ་བཞིན་གཤེགས་པ་རྣམས་ཀྱིས་བོད་པའི་དོན་ནོ། །དེའི་ཕྱིར། མི་བསྐྱོད་པ་ལ་སོགས་པ་ རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཞུ་བར་བྱེད་དོ་ཞེས་པ་དེ་བཞིན་གཤེགས་པ་རྣམས་ལ་ཞེས་པ་ལྷག་མའོ། །མི་བསྐྱོད་པའི་སྐུ་དང་གསུང་དང་ཐུགས་ལ་གནས་སོ་ཞེས་པ་ནི་ཉེ་བར་མཚོན་པ་སྟེ། རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་ལ་སོགས་པ་ལ་ཡང་སྐུ་ལ་སོགས་པའི་དངོས་གྲུབ་ལ་ སོགས་པ་གནས་པ་ཉིད་ཀྱི་ཕྱིར་རོ། །ཐེག་པ་ཆེན་པོའི་ཆེན་པོ་ནི་རྡོ་རྗེ་ཐེག་པའོ། །དེ་ནས་རིན་པོ་ཆེ་གསལ་བའི་ཕྱིར་མདོ་སྟེ་དེར་རོ། །སངས་རྒྱས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། ཞུ་བ་ནི་འོད་གསལ་བ་སྟོན་པར་བྱེད་པའོ། །འོད་གསལ་བ་ཞེས་པ་ནི་མི་བསྐྱོད་པ་སྟེ་བྱེད་པ་པོའོ། །གསང་བ་ ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ཀྱང་ཡང་དག་པའི་མཐའ་ལ་འཇུག་པར་སྟོན་པར་བྱེད་དོ། །བཞེངས་ནས་ཞེས་པ་དྲུག་པའི་བདག་ཉིད་དོ། །ཡང་སྔ་མ་བཞིན་ཞེས་པ་འབྱིན་པ་དང་འཇུག་པའི་དངོས་པོས་སྔར་མངོན་པར་བརྗོད་པའི་བྱང་ཆུབ་ཀྱི་སེམས་འབྱུང་ བའོ། །རྫོགས་པ་ནི་ངོ་བོ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་ཡིད་ཀྱི་དཀྱིལ་འཁོར་འབྱུང་བ་གསུངས་ཏེ། དཀྱིལ་འཁོར་ནི་བྱང་ཆུབ་ཀྱི་སེམས་འབྱུང་བའོ། །ཡིད་ནི་ཡིད་ཀྱི་ཚུལ་དུའོ། །རྡོ་རྗེ་འཆང་ཆེན་པོ་ཞེས་པ་ནི་ཉེ་བར་བརྟགས་པ་ལས་ནམ་མཁའི་དབྱིངས་ཏེ་འོད་གསལ་བའོ། །དཀྱིལ་འཁོར་ 31-1-164a གང་དུ་ནི་ལུས་ལ་སྟེ་དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །གྲུ་བཞི་ལྷམ་པ་ཞེས་བྱ་བ་ལ་སོགས་པ་ནི། སྤྱན་མ་ལ་སོགས་པ་ཞེས་པ་ཡིད་ཀྱི་རང་བཞིན་ནོ། །ཐ་མལ་པ་མ་ཡིན་པ་ནི་ཐ་མལ་པའི་ཡུལ་མ་ཡིན་པར་རོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ནི་རྣམ་པར་ སྣང་མཛད་ལ་སོགས་པ་རྣམས་སོ། །དཀྱིལ་འཁོར་ནི་དེ་རྣམས་ཀྱི་ཚོགས་སོ། །དེ་ཉིད་ཀྱི་ཕྱིར་གསང་བ་ལྔའི་བདག་ཉིད་ཅན་ཞེས་གསུངས་ཏེ། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་ནོ། །འདི་ཉིད་ཅེས་པ་འདི་དག་གང་ཡིན་པའོ། །ཐ་མལ་པ་ནི་སོ་སོའི་སྐྱེ་བོ་ཉིད་ཀྱིས་བསྡུས་པ་དེ་ འདིར་བརྗོད་པར་བྱའོ། །དེའི་དོན་འདི་ཡིན་ཏེ་ཡོངས་སུ་ཤེས་པ་དང་ལྡན་པས་འདི་ཉིད་ལུས་ཡོངས་སུ་དག་པ་ཡེ་ཤེས་ཀྱི་སྐུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ལྷ་མོ་ལ་སོགས་པ་ཐམས་ཅད་བསྐྱེད་པའོ། །དེའི་བདག་ཉིད་ཅན་གྱི་སྦྱོར་བ་ནི། དེའི་ངོ་བོ་ལ་དམིགས་པའོ། །དེས་ནི་ བསྒོམ་པར་བྱ་ཞེས་བྱ་བ་ལ་སོགས་པ་དེས་སོ། །རྣལ་འབྱོར་པ་ནི་མི་བསྐྱོད་པ་ལ་དམིགས་པར་གསུངས་སོ། །དྲུག་པས་ཞེས་པ་ནི་གང་གིས་མི་བསྐྱོད་པ་ལ་དམིགས་པར་བཤད་པའོ། །ཀུན་དུ་སྦྱོར་བཞིན་པ་ཉིད་ཡིན་པའི་ཕྱིར་ཞེས་པ་ནི་མི་བསྐྱོད་པའོ། །སྤྲོ་བ་དང་ཞེས་པ་ལ་སོགས་ པས་རྒྱུ་དང་འབྲས་བུ་གཉིས་ཀའི་ངོ་བོ་དག་རོ་མཉམ་པ་ཉིད་དུ་གསུངས་སོ། །དེའི་ཕྱིར་སོ་མ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་བདག་པོ་བསྐྱེད་པའི་རིམ་པ་མངོན་པར་བརྗོད་ནས་དེའི་དཀྱིལ་ནི། དེའི་སྙིང་པོའི་རིམ་པས་བདག་པོ་གཞན་རྣམས་ཀྱི་དཀྱིལ་འཁོར་དགོད་པ་ཡང་ དག་པར་གསུངས་སོ། །མི་བསྐྱོད་པ་ཞེས་བྱ་བ་ལ་སོགས་པས་ནི་མི་བསྐྱོད་པའི་དཀྱིལ་འཁོར་གསུངས་སོ། །དེར་ཡང་ལྷ་དགོད་པའི་རིམ་པ་དེར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེས་ཞེས་བྱ་བ་ལ་སོགས་པས་དཔེ་དང་དཔེ་ཅན་ཀུན་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། འཁོར་ ལོ་ཅན་ཀུན་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་སོ། །དཀྱིལ་འཁོར་པ་རྣམས་ཞེས་པ་ནི་དེའི་དཀྱིལ་འཁོར་པ་རྣམས་སོ། །བཞུགས་པ་ཞེས་བྱ་བ་ལ་སོགས་པ་ནི་དགོངས་པ་སྨྲས་པའོ། །རྡོ་རྗེ་འཆང་ཆེན་པོའི་སྐུ་ཉིད་དཀྱིལ་འཁོར་དང་དཀྱིལ་འཁོར་པའི་བདག་ཉིད་ཅན་ཉིད་དུ་ 31-1-164b གནས་པ་ཡིན་པའི་ཕྱིར། དེ་ལྟར་ཞེས་པ་ལ་སོགས་པ་གསུངས་ཏེ། ཐུན་མོང་ཞེས་པ་ནི་བྱ་བ་ཐམས་ཅད་དང་འབྲེལ་པའོ། །དེ་ཉིད་ཀྱིས་ཞེས་པ་ནི་དཔེའོ། །བློ་དང་ལྡན་པ་ཞེས་པ་ནི་དཔེ་ཅན་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་ལ་ལྟོས་ནས་སོ། །རྟག་ཏུ་བྱའོ་ཞེས་པ་ནི་རྣམ་པ་ གཞན་དུ་ན། བསོད་ནམས་ཀྱི་ཚོགས་བསགས་པ་དང་། ཡེ་ཤེས་ཀྱི་ཚོགས་འབར་བར་མི་འགྱུར་རོ། །སློབ་མ་བསྡུ་བའི་དབང་དུ་བྱས་ནས་བརྩམས་པ་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །སྤྱོད་པ་སྤྱད་པ་ནི་ཚུལ་ཁྲིམས་གང་ཡིན་པ་དེ་རྣམས་རང་ གི་སྤྱོད་པ་སྤྱད་པའོ། །རང་གི་གནས་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོའི་བདག་ཉིད་ཅན་གྱི་གོ་འཕང་སྟེ་གནས་སྐབས་ཐོབ་པར་བྱེད་དོ་ཞེས་སོ། །རྡོ་རྗེ་འཆང་ཆེན་པོ་ཞེས་པ་ནི་ཡེ་ཤེས་ཀྱི་སྐུ་དེའི་ཐུགས་ཀར་ནི། སློབ་དཔོན་རང་གི་སྙིང་གར་རོ། །ཇི་ལྟ་བ་བཞིན་དུ་ཞེས་པ་ནི་འདིའི་ཁ་དོག་དང་དབྱིབས་ ཇི་ལྟ་བ་དེ་བཞིན་དུའོ། །ཡིད་ཀྱི་ཞེས་པ་ནི་ཡིད་ཀྱི་སྤྲུལ་པའོ། །དེ་དག་མདོར་བསྟན་བསྡུས་པ་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་དབུས་སུ་ནི་གཙོ་བོའི་གནས་སུའོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་རྣམ་པར་སྣང་མཛད་ལ་སོགས་པ་ཞེས་པ་ནི་སྐུའི་དཀྱིལ་འཁོར་གྱི་གནས་སོ། ། སྲོག་གི་རྩོལ་བ་ཞེས་པ་ནི་འོག་ཏུ་འཇུག་པའི་སྲོག་རྩོལ་གནས་པ་རྣམས་ཀྱིས་སོ། །དེ་ཉིད་ཀྱི་ཕྱིར་སློབ་མའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཛག་པ་ཉིད་དུ་གྱུར་ཅིང་ཞེས་པ་ནི་རྡོ་རྗེ་པདྨ་བསྐྱོད་པ་ལས་སོ། །རབ་ཏུ་ཐོབ་པར་འགྱུར་རོ་ཞེས་པ་ནི་ཐོབ་པའི་སྣོད་ཉིད་དུ་གནས་པར་བྱེད་དོ་ཞེས་པའི་ དོན་ཏོ། །གང་ཡང་རབ་ཏུ་སྦྱངས་པའི་འགྲོ་བ་དབང་བསྐུར་བའི་དོན་དུ་ཞེས་པ་ནི། འཆད་པར་འགྱུར་བའི་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཞེས་པའོ། །མི་གནས་པའི་མྱ་ངན་ལས་འདས་པ་ནི། གཞན་གྱི་དོན་གྱི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་ཉེ་བར་སྡུད་པར་ བྱེད་པ་སྟེ། འདི་དག་ཐམས་ཅད་ཅེས་པའོ། །འཁོར་ལོ་འདིའི་སྟེང་དུ་བསྒྲུབ་བྱའོ། །དེའི་སྟེང་དུ་དཀར་པོ་དང་སེར་པོའི་པདྨ་ལ་སོགས་པས་ཡི་གེ་ཨོཾ་གྱིས་དཀར་པོ་ལ་སོགས་པ་འབུམ་གྱི་ངོ་བོ་མཚོན་པར་བྱའོ་ཞེས་རྟོགས་པར་བྱའོ། །སྔོན་བྱུང་བ་ན་ཞེས་བྱ་བ་ལ་སོགས་པ་ལ་མཐའ་དྲུག་གི་ 31-1-165a ལམ་སོ་སོར་སྒྲུབ་པར་བྱེད་པ་འདུས་པའི་རང་བཞིན་ལ་ལྟོས་པའི་ཚིག་སྟེ་འཆད་པར་འགྱུར་བ་ཡང་སླར་ཡང་རྒྱལ་བ་སྐྱེས་མཆོག་རྣམས་ཀྱིས་རྣམ་པར་བཤད་པའི་མཐའ་དྲུག་ལམ་ནི་ཡུན་རིང་དུ་ཞེས་བྱ་བ་ལ་སོགས་པའོ། །ཡང་ན་དོན་དེ་ལྟ་མོད་ཀྱི་དུས་དེ་སྲིད་ཀྱི་བར་ དུ་ཞེས་བྱ་བ་ལ་སོགས་པས་འཇུག་པའི་རྒྱུ་རྒྱུད་ཐམས་ཅད་ཀྱི་ཐུན་མོང་དུ་བསྔགས་པའོ། །ཟབ་མོའི་ཆོས་བསྟན་པ་ལ་སྐྲག་པའི་འདུ་ཤེས་དང་ལྡན་པ་ནི་འདིར་གསུངས་པའི་ལམ་བསྟན་པའི་སྣོད་མ་ཡིན་པར་གསུངས་པས་དེའི་ཚེ་ཐུན་མོང་གི་རྒྱུ་ཉིད་བརྗོད་པར་བྱའོ། །འདིར་ནི་ཞེས་པ་ ལ་སོགས་པས་སླར་ཡང་ཐུན་མོང་མ་ཡིན་པའི་རྒྱུ་ལ་འཇུག་པ་མ་ཡིན་ནམ་ཞེ་ན། བདེན་ཏེ། མཐའ་དྲུག་ལམ་ནི་རིང་གནས་ཤིང་། །ཞེས་འཆད་པར་འགྱུར་བཞིན་པའི་ཕྱིར་དང་། ལམ་གྱི་ཁྱད་པར་གྱི་སྣོད་ཉིད་དུ་སེམས་ཅན་ཐམས་ཅད་རྣམས་ཐུན་མོང་མ་ཡིན་པ་ལ་འཇུག་པའི་རྒྱུའོ། །དེ་ ཉིད་ཀྱི་ཕྱིར་འཆད་པར་འགྱུར་བར་བཅོམ་ལྡན་འདས་རྣམས་བསྒོ་བར་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། ཕྱོགས་བཅུ་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཆོས་ཀྱི་རྣམ་གྲངས་འདི་ལ་སྐལ་བ་ཡོད་པའི་ཕྱིར་རོ་ཞེས་སོ། །ཁྱབ་པའི་རྒྱུ་ཡོད་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པར་ གྱུར་པའི་ཕྱིར་ཐུན་མོང་བར་འདོད་དོ། །སྙིགས་མ་ལྔ་བདོ་བ་རྣམས་ཞེས་པ་ནི་ཚེ་དང་། ལྟ་བ་དང་། སེམས་ཅན་དང་། དུས་དང་། ཉོན་མོངས་པའི་སྙིགས་མ་འདི་རྣམས་དང་བཅས་པའོ། །བྱོན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་བསྟན་པ་འཇུག་པའི་དོན་ཙམ་དུ་གསུངས་སོ། །སེམས་རེངས་པ་མ་ཡིན་པ་ ནི་ཡིད་དགའ་བ་མ་ཡིན་པའོ། །སྡུག་བསྔལ་ཞེས་པ་ནི་འཁོར་བའི་ཕུང་པོ་ནི་སྡུག་བསྔལ་ཏེ། དེ་ལ་ཀུན་ནས་འཇིག་པའི་ཚོར་བ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ལོ། །འགྱུར་བའི་སྡུག་བསྔལ་ནི་རྒ་བ་དང་འཆི་བ་ལ་སོགས་པའོ། །འདུ་བྱེད་ཀྱི་སྡུག་བསྔལ་ནི་དྲི་དབབ་པ་ལ་སོགས་པའོ། །འདི་ དག་ནི་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཡི་གེ་རྣམས་ཞེས་པ་རང་གི་ངོ་བོ་འདི་དག་ཐམས་ཅད་ནི་མི་འཇིགས་པའི་ངོ་བོའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པར་དག་པ་ཞེས་པ་ནི། ཙནྡན་ལ་སོགས་པ་རྣམས་ཀྱི་བདག་ཉིད་གང་ཞིག་ཡིན་པ་མ་ཤེས་པས་བརྗོད་པ་དེའི་སྒོ་ནས་དེ་ཁོ་ན་ཉིད་ 31-1-165b སྟོན་པར་བྱེད་པ་ཡི་གེ་ནི་ཐུན་མོང་སྟེ། ཙནྡན་ལ་སོགས་པ་དང་རིན་པོ་ཆེའི་གང་ཟག་དག་གི་ཐུན་མོང་ངོ་། །འདི་དག་གི་མ་ཤེས་པའི་གནས་གང་ཡིན་པའོ། །ཅི་ལྟར་ཐུན་མོང་བ་ཡིན་ཞེ་ན། ཇི་ལྟ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཞེས་བྱ་བ་ལ་སོགས་པས་འདིར་ལན་ནོ། །དེ་ནས་ཞེས་བྱ་བ་ལ་ སོགས་པས་ཙནྡན་ལ་སོགས་པ་རྣམས་ངེས་པར་བསྟན་ནོ། །དེ་བཞིན་གཤེགས་པ་རྣམས་ཞེས་པ་ནི་རིན་པོ་ཆེའི་གང་ཟག་གི་མིང་ཅན་བདག་ཅག་གིས་མ་ཐོབ་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི། གཟུང་བར་བྱ་བ་མེད་པ་སྟེ་དོན་དམ་པའི་བདེན་པ་ མེད་པས་སོ། །འཛིན་པ་པོ་མེད་པ་ནི་ཀུན་རྫོབ་ཀྱི་བདེན་པ་མེད་པས་སོ། །གསང་བའི་ཡི་གེ་གསུམ་སྔར་གསུངས་པ་བཤད་པའི་ཕྱིར་དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཁོ་ན་ཉིད་ནི་ཟུང་འཇུག་གོ། །གསལ་བར་མཛད་པ་ནི། རབ་ཏུ་གསལ་བར་མཛད་པའོ། །ཤིན་ཏུ་སྦྱངས་པ་ནི་བརྗོད་ པ་ཉིད་ཀྱི་ཡིད་ཅན་ཏེ། ངག་དང་ཡིད་ཀྱི་ཡུལ་མ་ཡིན་པའི་ཕྱིར་ཡིད་ལ་བྱེད་པར་འགྱུར་རོ། །ཅང་མི་སྨྲ་བར་གྱུར་ཏོ་ཞེས་གསུངས་སོ། །དེ་ལྟར་ཙནྡན་ལ་སོགས་པ་ཐེ་ཚོམ་དང་བྲལ་བར་གྱུར་པ་རྣམས་ཀྱི་དེའི་འབྲས་བུ་བསྟན་པའི་ཕྱིར་ཐེ་ཚོམ་བསལ་བའི་འབྲས་བུ་བསྟན་པར་བྱ་བའི་ཆེད་དུ་ཐེ་ཚོམ་ མེད་པ་ནི་མངོན་པར་རྟོགས་པའོ། །ཐེ་ཚོམ་མེད་པའི་རྗེས་སུ་མཐུན་པ་སྟེ་ལྟ་བར་བྱེད་དོ། །མཐར་བྱེད་དོ། །ལྡན་པར་བྱེད་དོ་ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ལྔ་ནི་ཕུང་པོ་ལྔའི་བདག་ཉིད་ཅན། ལུས་ཀྱི་དཀྱིལ་འཁོར་ལ་གནས་པའི་བདག་ཉིད་ནི་སླར་ཡང་སྔགས་པས་དེ་བཞིན་ ཉིད་ལ་རབ་ཏུ་འཇུག་པར་བྱ་སྟེ། དེ་ནས་འོག་ཏུ་སངས་རྒྱས་རྣམས་ཀྱིས་ཤིན་ཏུ་རྗེས་སུ་ཆགས་པའི་འཁོར་ལོ་ཞེས་གསུངས་པའི་ཕྱིར་རོ། །བཞུགས་སོ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་གཅིག་ཉིད་ཡིན་པའི་ཕྱིར་རོ། །དེའི་དོན་ནི་འདི་ཡིན་ཏེ་བྷ་ག་བཅོམ་ལྡན་འདས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ དྲུག་པའི་བདག་ཉིད་ཅན་དུ་གྱུར་པ་སྟེ་དྲུག་པ་ལ་བཞུགས་པའོ། །དྲུག་ལྡན་ལ་སོགས་པ་རྣམས་ཀྱིས་ཞེས་པ་ནི་གཅིག་ཏུ་བསྔགས་པ་རྗོད་པར་བྱེད་པ་དང་། ལུས་ཀྱིས་བྱ་བཞིན་པ་རྣམས་དང་བསྔགས་པ་སྣ་ཚོགས་པ་རྣམས་དང་དབུས་སུ་དང་། བར་སྐབས་སུ་དང་། མཐའ་མར་ཡང་འཕྲལ་དུ་ 31-1-166a སྔགས་པས་རྨོངས་པར་བྱེད་པ་གང་ཡིན་པ་དང་དྲུག་ཏུ་འགྱུར་རོ། །དེ་ལ་སོགས་པ་རྣམས་ཀྱིས་སྐུལ་བར་བྱེད་པའོ་ཞེས་པ་ནི། རྣལ་འབྱོར་པ་གཉིད་དུ་གྱུར་པ་བཅོམ་ལྡན་འདས་སུ་སློང་བར་བྱེད་པའོ། །དེ་བསྟན་པར་བྱ་བའི་ཕྱིར་ཁྱོད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕན་ པའི་དོན་ཆེན་འདོད་པ་ནི་འཁྱུད་པ་ལ་སོགས་པའོ། །འཚོ་བ་ཞེས་པ་ནི་འཁྱུད་པ་ལ་སོགས་པ་རྣམས་ཀྱིས་སོ། །ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་བདེ་བ་ཉམས་སུ་མྱོང་བ་ཉིད་ནི་ཐ་མལ་པ་དང་ཐ་མལ་པ་མ་ཡིན་པའི་བུད་མེད་རྣམས་ཀྱིས་འཚོ་བའོ། །མི་འཇིགས་པ་ཉིད་ཡིན་ པའི་ཕྱིར་ཞེས་པ་ནི་སྐུ་བཞི་པོ་རྣམས་ཀྱིས་ཀྱང་ངོ་། །དེ་ལྟར་ནི་སྤྲུལ་པའི་སྐུ་ནི་རྣམ་པ་གཅིག་ཏུ་འཇུག་པ་མ་ཡིན་པ་ཉིད་ཀྱིས་མི་འཇིགས་པ་ཉིད་དོ། །ཆོས་ཀྱི་སྐུ་ཡང་མ་བྱས་པ་ཉིད་ཀྱི་ཕྱིར་རོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ནམ་མཁའི་ཇི་སྲིད་པ་དེ་སྲིད་དུ་གནས་པའི་ཕྱིར་རོ། །བདེ་བ་ ཆེན་པོ་ཡང་འཁོར་བ་དང་མྱ་ངན་ལས་འདས་པ་དག་གི་སྐྱེ་བ་དང་འཇིག་པའི་རང་གི་ངོ་བོ་དག་གི་མཚན་ཉིད་དང་བྲལ་བའི་ཕྱིར་རོ། །རྡོ་རྗེ་འཆང་ཆེན་པོ་ཞེས་པ་ནི་དྲུག་པའོ། །ཀུན་དུ་ཞེས་པ་ནི་ཀུན་ནས་སོ། །རྡོ་རྗེ་འཆང་ཆེན་པོ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་ནི་སྣང་བ་ལ་སོགས་པ་སྣང་བ་གསུམ་གྱི་ བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །དྲུག་ཅུ་ལྷག་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགགས་ཤིང་ཞེས་པ་ནི་རླུང་གི་རྣམ་པར་ཤེས་པ་ལ་ལྟོས་པའི་ཕྱིར་རོ། །ཡེ་ཤེས་ཀྱི་གཉིད་ཀྱིས་ནི་མ་རིག་པའི་ངོ་བོས་སོ། །གང་ཡང་ཡེ་ཤེས་གསུམ་ནི་གཉིད་ཀྱི་དངོས་པོ་མེད་པས་དེའི་ངོ་བོས་ ཐམས་ཅད་སྟོང་པར་གྱུར་པ་ལ་ལྟ་བ་སྟེ་ཉེ་བར་དམིགས་ཤིང་མངོན་སུམ་དུ་བྱས་ནས་རབ་ཏུ་སད་པར་བྱེད་དོ་ཞེས་པ་ནི། བཞེངས་པར་བྱེད་པ་ཡང་རླུང་ལ་རག་ལས་པ་ཉིད་ཡིན་པའི་ཕྱིར་དང་། རླུང་གི་ཁམས་ཀྱི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ ཚངས་པའི་གནས་བཞིའི་རང་བཞིན་རྣམས་ཀྱིས་ཞེས་པ་ནི། སྤྱན་མ་ལ་སོགས་པའི་ཁམས་བཞིའི་རང་བཞིན་དུ་སྔར་གསུངས་པ་མ་ཡིན་ནམ། གསུངས་པ་ཡང་། ས་ནི་སྤྱན་མ་ཞེས་བཤད་དེ། །ཆུ་ཡི་ཁམས་ནི་མཱ་མ་ཀཱི། །མེ་ནི་གོས་དཀར་མོ་རུ་བཤད། །རླུང་ནི་སྒྲོལ་མར་ཉེ་བར་གྲགས། ། 31-1-166b ཞེས་པ་ཞེ་ན། ཁམས་ཀྱི་རང་བཞིན་ཡང་བྱམས་པ་ལ་སོགས་པའི་ཡིད་དང་ལྡན་པ་ཉིད་ཡིན་པའི་ཕྱིར། ད་ལྟ་ཚངས་པའི་གནས་བཞིའི་རང་བཞིན་དུ་འགྱུར་རོ། །འདི་དག་ཁོ་ན་ཕུང་པོ་སྐྱེད་པར་བྱེད་པ་ལ་ཁམས་ཀྱི་རང་བཞིན་རྣམས་ཏེ། བྱམས་པ་ལ་སོགས་པ་རྣམས་རྟག་ཏུ་དམིགས་པར་བྱེད་པ་ལས་ ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་བའི་ཕྱིར་ཚངས་པའི་གནས་ཀྱི་སྒྲས་བརྗོད་པར་བྱ་བ་ཡང་ངོ་། །ལྷ་མོ་རྣམས་ཀྱི་ཞེས་པ་ནི་སྒྲོལ་མ་གཅིག་པོ་རབ་ཏུ་འགོག་པར་བྱེད་པའི་ཕྱིར་ཡང་རབ་ཏུ་སད་པར་བྱེད་དོ་ཞེས་པའི་བར་དུ་རབ་ཏུ་སད་པར་བཤད་པ་མ་ཡིན་ནམ་ཞེ་ན་བདེན་ཏེ། འོན་ཀྱང་ལྷ་མོ་གསུམ་གྱིས་རབ་ ཏུ་སད་པར་བྱས་ནས་རླུང་གི་ཁམས་ལ་ལྟོས་པའི་ཕྱིར་དེ་རབ་ཏུ་སད་པར་བྱེད་དོ་ཞེས་བརྗོད་པར་བྱ་སྟེ། གང་ཡང་ས་ལ་སོགས་པའི་ཁམས་རྣམས་རླུང་ལ་རག་ལས་པའི་ཕྱིར་བརྒལ་བ་འདི་ནི་མེད་དོ། །ཡང་ན་འཚོ་བ་དང་འཆི་བའི་ཆོས་ཅན་རྣམས་ཇི་ལྟར་ཕྱི་རོལ་རྣམས་ཀྱིས་རབ་ཏུ་སད་པར་འགྱུར་བ་མ་ ཡིན་ནམ་ཞེ་ན། སྔོན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་རྣམས་ཀྱི་དོན་དུ་བྱམས་པ་ལ་སོགས་པ་གང་ཡིན་པ་རྣམས་ལ་སློབ་པ་འདི་སྔོན་གྱི་སྨོན་ལམ་གྱི་རྒྱུན་ནོ། །ཇི་ལྟར་ཐོག་མར་གཎྜཱིའི་སྒྲ་ལས་དགེ་སློང་སློང་བར་བྱེད་པ་དེ་བཞིན་དུ། གང་ཐོག་མར། སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་ པ་ལ་བཞེངས་ནས་ཞེས་བྱ་བ་ལ་འདི་བདག་བྱིན་གྱིས་བརླབས་པའི་རིམ་པས་སོ། །སླར་ཡང་མི་བསྐྱོད་པ་ཕྱུང་ནས་རྗེས་སུ་བཅུག་མ་ཐག་ཏུ་ཅི་བྱ་ཞེ་ན།དཔལ་ཤིན་ཏུ་དགའ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེས་བུའི་སྔོན་ཉིད་དུ་ཡན་ལག་ཕལ་ཆེ་བ་སྣ་ཚོགས་པ་ཚིམ་པར་གྱུར་པའི་གདན་ཐོབ་སྟེ་ རྣམ་པར་ཤེས་པ་ཇི་ལྟ་བ་དེ་བཞིན་དུ་ཉེ་བར་སྤྱོད་པ་འཛག་པར་བྱེད་པ་འདི་ནི་དྲག་ཤུལ་ལོ། །དེ་བཞིན་དུ་བུད་མེད་རྣམས་སོ། །དེའི་འོག་ཏུ་དང་པོར་དེ་དང་དེ་རྣམས་ཀྱི་ཡུལ་དང་རང་བཞིན་ཤེས་པ། དེ་བཞིན་དུ་བྱུང་བའི་སེན་མོ་དང་། སོ་དང་། འོ་བྱེད་པ་ནི་རྣམ་པར་སྡང་བའོ། །སྣ་ཚོགས་པའི་དགའ་ བའི་རྗེས་སུ་ཆགས་པས་འཛག་པ་ན་ནི་ལག་པ་ཅན་གྱི་སའོ། །མངོན་པར་རྡུལ་ལ་ཀུན་དུ་སྦྱོར་བར་བྱེད་པ་ནི་གཡོ་བའོ། །སེན་མོ་དང་སོ་གདབ་པར་བྱས་པས་རྣམ་པ་གསལ་བར་འགུགས་པར་བྱེད་པ་ཡང་རིག་མ་དེ་རྣམས་ཀྱིས་འོ་བྱེད་པས་འཕྲོག་པ་ནི་སེམས་ཀྱི་ཕྲེང་བ་ཅན་ནོ། །དེ་བཞིན་དུ་རྣམ་པ་དེ་ 31-1-167a ཉིད་ནི་ས་སྲུང་ངོ་། །སིན་དྷུ་བརྒྱ་ཕྲག་འཛག་པ་ནི་རྣམ་པ་གཉིས་ལྡན་ནོ། །གང་ཡང་ཟླ་བའི་ཆ་ལས་དེ་དག་སྐྱེས་པ་ཡང་བུད་མེད་དོ། །དེའི་སྟེང་དུ་རྣམ་པ་སྣ་ཚོགས་པའི་བསྒྲུབ་བྱ་བུད་མེད་དལ་གྱིས་མངོན་པར་སྦྱིན་པར་བྱས་ནས། བྱེད་པ་བྱེད་ཅིང་བྱ་བས་འཁོར་བར་བྱས་པ་ནི་ཤིན་ཏུ་ གཞོན་པའི་ལུས་སོ། །རྗེས་སུ་སྐྱེས་པ་དེ་བསྟན་པར་རབ་ཏུ་འཕྲོག་པས་བྱས་པའི་སྒྲ་ལས་རྣམ་པར་ཉེད་བཞིན་པ་ནི་འཛག་པར་བྱས་པའོ། །བུད་མེད་ཀྱི་རྡུལ་ལས་སྐྱེས་པ་དང་མཛོད་ལས་སྐྱེས་པ་དེའི་འོག་ཏུ་སླར་ཡང་སྒོ་ངའི་ཆར་འགྱུར་རོ། །ལུས་ཀྱི་སྡོང་བུ་འཇམ་ཞིང་སྙན་པར་བརྗོད་པ་རྣམས་ལ་ཆགས་ པས་འོ་བྱེད་པའི་ཅ་ཅོ་སྒྲོགས་པའི་ཤུགས་དང་། བརྟེན་པར་འཁྱུད་ནས་ཁྱད་པར་གྱི་དགའ་བའི་དགའ་བ་ཤེས་པ་ནི་གཽ་ཌཱི་དང་། བཧྣཱི་དང་། ནྼིམྷཱི་ནིར་འགྱུར་རོ། །མགོ་ལ་འདོད་པ་དང་ལྡན་པ་དང་མང་པོའི་མཐར་འཛག་པ་དང་། རྣམ་པར་ཞུ་བར་བྱེད་པ་ནི་ཆགས་པ་ཙམ་མོ། །ལུས་དང་ཡན་ ལག་རོ་གཅིག་པའི་དགའ་བར་བཤད་པར་འགྱུར་རོ། །འདོད་པའི་ངོ་བོ་རབ་ཏུ་འབྱུང་བ་སྔོན་གྱི་དོན་ཞེས་བྱ་བ་ལ་སོགས་པ་ནི་ཡུལ་དང་དུས་དང་ཀུན་དུ་འཛིན་པ་དང་རང་བཞིན་སྲ་བ་གང་ཡིན་པ་དེ་རྣམས་ཕྱིའི་དགའ་བ་དང་པོར་བྱ་བའོ། །ད་དོན་དེའི་དབང་དུ་བྱས་ནས། འཁྱུད་པ་དང་ཞེས་བྱ་ ལ་སོགས་པ་གསུངས་ཏེ། མང་དུ་བརྗོད་པ་ཉིད་ནི་གཞུང་རྒྱ་ཆེ་བས་འཇིགས་པས་མ་བྲིས་སོ། །མཆོག་ཏུ་དགའ་བའི་བདེ་བ་ནི་འོད་གསལ་ལོ། །ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་ཞུ་བའི་བདག་ཉིད་དོ། །དཀྱིལ་འཁོར་གྱི་འཁོར་ལོ་ཕྱུང་སྟེ་ཞེས་པ་ནི། འདི་ལ་ཕྱིའི་དཀྱིལ་འཁོར་གྱི་ནང་དུ་ ཆུད་པར་བྱའོ་ཞེས་པ་ལྷག་མ་ཉིད་དུ་རྟོགས་པར་བྱའོ། །གང་གི་ཕྱིར་དཀྱིལ་འཁོར་དུ་གནས་པའི་ལྷ་མོ་བཞི་པོ་རྣམས་ཀྱིས་མ་མཐོང་བ་དེའི་ཕྱིར་བདག་པོའི་ཚིགས་སུ་བཅད་པ་བཞིས་བཞེངས་པའི་ཆེད་དུ་རབ་ཏུ་སད་པར་བྱེད་དོ་ཞེས་པའོ། །བདེ་བ་ཆེན་པོ་ཞེས་བཤད་པ་ནི་སླར་ཡང་ཞེས་བྱ་བ་ལ་ སོགས་པས་འཆད་བཞིན་པའོ་ཞེས་མངོན་པར་དགོངས་སོ། །ནམ་མཁའི་གཏོས་འདི་ནི། སྟོང་པ་གཞིའི་བདག་ཉིད་ཅན་ཉིད་ཡིན་པའི་ཕྱིར་རོ། །རྡོ་རྗེ་འཆང་ནི་རྡོ་རྗེ་གསུམ་ཞེས་པ་འདི་ཉིད་ཀྱི་སྐུ་ལ་སོགས་པའོ། །ཡང་དག་པར་ལྡན་པ་ཞེས་པ་དེའི་བདག་ཉིད་ཀྱིས་སོ། །དེ་ལ་རྣམ་པར་སྣང་ 31-1-167b མཛད་ལ་སོགས་པ་རྣམས་ཀྱི་ནང་དུ་གནས་པ་ཉིད་ཡིན་པའི་ཕྱིར་རོ། །དེའི་དོན་འདི་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལས་བསྒྲུབས་པའི་མཆོག་ཏུ་དགའ་བའི་རང་བཞིན་ནོ། །མི་གཡོ་བར་འགྱུར་རོ་ཞེས་པ་ནི་མཆོག་ཏུ་དགའ་བའི་གནས་སྐབས་ལས་གཡོ་བ་མེད་པའི་ཕྱིར་རོ། །ས་གསུམ་ ནི་ལུས་ལ་སོགས་པའོ། །དེའི་གནས་ནི་བསྐྱེད་པའི་གནས་ཏེ། ཡེ་ཤེས་ཀྱི་ཕྱག་རྒྱའི་ནམ་མཁའི་དབྱིངས་སོ། །སེམས་ཅན་གང་ཡིན་པ་ཞེས་པ་ནི་དབང་བསྐུར་བར་འོས་པ་རྣམས་སོ། །རྡོ་རྗེ་གསུམ་ལ་སོགས་པ་ནི་རང་བཞིན་སྐུ་རྡོ་རྗེ་ལ་སོགས་པའི་ངོ་བོར་དེ་རྣམས་འདོད་བཞིན་པ་ཉིད་ཀྱི་ཕྱིར་ རོ། །སེམས་ཅན་རྣམས་ཀྱི་རང་བཞིན་ཉིད་སྐུ་ལ་སོགས་པའི་ངོ་བོའོ། །བདེ་བས་ཞེས་པ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས་སྐྱེས་པས་དེ་བཞིན་གཤེགས་པ་ཉིད་དུ་ཕྱིན་ཅི་མ་ལོག་པར་ཤེས་ཤིང་ཁོང་དུ་ཆུད་པ་ཉིད་དོ། །ཡེ་ཤེས་ཞེས་པ་ནི། ཡེ་ཤེས་ཉིད་སྟོབས་བཅུ་ལ་ སོགས་པ་ཉིད་དུ་ཡོངས་སུ་གྱུར་པའི་ཕྱིར་རོ། །ཉམས་སུ་མྱོང་བར་གྱུར་ཏོ་ཞེས་པ་ནི་དེའི་བདག་ཉིད་དུའོ། །རྡོ་རྗེའི་འོད་ཟེར་གྱིས་མངོན་པར་དབང་བསྐུར་བར་སྦྱིན་པ་ནི་འོད་ཟེར་གྱིས་མངོན་པར་དབང་བསྐུར་བའོ། །ཡང་དག་པའི་དོན་ནི་མིང་ཅན་ཞེས་པ་ནི་དོན་གྱི་མིང་ཅན་ནོ། །དེ་ལ་ཀུན་ནས་ནི་ ཐམས་ཅད་ནས་ཏེ། འཁོར་བ་དང་མྱ་ངན་ལས་འདས་པ་དག་ཏུ་བཟང་བ་སྟེ་མཛེས་པ་ན་ཀུན་དུ་བཟང་པོའོ། །དེ་རྣམས་ཀྱང་མངོན་པར་དབང་བསྐུར་བས་ཀུན་དུ་བཟང་པོའོ། །དེ་བཞིན་ཉིད་དུ་གྱུར་ཏོ། །དེ་བཞིན་གཤེགས་པ་རྣམས་ཞེས་པ་ནི་སྔར་རྡོ་རྗེ་གསུམ་དང་ཡང་དག་པར་ལྡན་པ་ཉིད་དུ་ སོ་སོར་བསྟན་ནོ། །རྣམ་པར་སྣང་མཛད་ལ་སོགས་པ་རྣམས་མཐོང་བ་ནི་ཉམས་སུ་མྱོང་བའོ། །ཆོས་ཐམས་ཅད་ཅེས་པ་ནི། ཆོས་རྣམས་ཐམས་ཅད་དེ་དེ་ཉིད་ཕུང་པོ་ལ་སོགས་པའི་བདག་ཉིད་ཅན་ནོ། །དེ་རྣམས་ཀྱི་ཆོས་ཉིད་ནི་འོད་གསལ་བ་ཉིད་དོ། །བཅོམ་ལྡན་འདས་མཐོང་བ་ལགས་ སོ། །དེའི་བདག་ཉིད་ཀྱི་སྣོད་ཉིད་ཀྱིས་སོ། །དེ་ཉིད་ཀྱི་ཕྱིར་བདེ་བར་གཤེགས་པ་མཐོང་ལགས་སོ་ཞེས་གསུངས་ཏེ། བདེ་བར་གཤེགས་པ་ཉིད་ཀྱིས་མཛེས་པ་འོད་གསལ་བ་ལ་ལྟོས་པ་མ་ཡིན་ནོ། །འདིའི་བཤད་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་སྙོམས་པར་འཇུག་པ་ 31-1-168a ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པས་ཕན་ཚུན་མཉེས་པར་བྱེད་པའོ། །དེ་ལས་སྐྱེས་པའི་བདེ་བ་ཉམས་སུ་མྱོང་བ་ཉིད་ཀྱིས་སོ། །ཅི་ཞིག་ཅེ་ན། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་བ་བདག་གིས་མཛད་པ་ཞེས་པ་ནི། རང་བདེ་བ་ལ་སྙོམས་པར་ཞུགས་པ་ ཙམ་ཉིད་ལས་སེམས་ཅན་ཐམས་ཅད་བདེ་བ་ལ་སྙོམས་པར་ཞུགས་སོ་ཞེས་པའོ། །བཅོམ་ལྡན་འདས་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པའོ། །བཞེངས་ཏེ་ཞེས་པ་ནི་བཅོམ་ལྡན་འདས་བཞེངས་པའི་ཕྱིར་རོ། །བཙུན་མོ་ནི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །དེའི་བྷ་ག་ནི་ནམ་མཁའི་དབྱིངས་ སོ། །བྷ་ག་རྣམས་ལ་ཞེས་མང་པོའི་ཚིག་ནི་ལྷ་མོའི་འཁོར་ལོའི་རྟེན་ཉིད་ཡིན་པའི་ཕྱིར། ཡེ་ཤེས་ཀྱི་ཕྱག་རྒྱས་སྔགས་ཀྱི་སྤྲུལ་པ་ངེས་པར་འབྱིན་པ་ཤེས་པ་ནི་གནས་ཇི་ལྟ་བ་ལ་བརྟེན་ནས་སོ། །ཅི་ཞིག་ཅེ་ན། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་རྣམས་ཞེས་བྱ་བ་ ལ་སོགས་པ་ལ། མ་ཟེར་ནི་དགག་པའོ། །འདོད་ཆགས་ཀྱི་ཡི་གེའི་ཚིག་གི་སངས་རྒྱས་ཀྱི་བྱང་ཆུབ་སེམས་དཔའ་རྗེས་སུ་རྟོགས་པར་བྱ་སྟེ་ཞེས་པ། རྣམ་པ་དེ་ལྟ་བུས་ཚིག་མ་ཟེར་ཅིག །ཅི་ཞེས་པ་ནི་བརྗོད་པར་བྱ་བ་མ་ཡིན་པ་ཅི་ཞེ་ན། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ རྣམས་ཐམས་ཅད་ནི་ཕྱི་དང་ནང་གི་བདག་ཉིད་ཅན་རྣམས་སོ། །དེས་ཅིར་འགྱུར་ཞེ་ན། གཟུགས་ཀྱི་ཕུང་པོ་མ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྣམས་ཡོད་པ་མ་ཡིན་ནོ་ཞེས་གསུངས་སོ། །གང་འདིས་འདོད་ཆགས་ལ་སོགས་པ་རྣམ་པར་དག་པར་ སྟོན་པར་བྱེད་པས་རང་གི་ངོ་བོ་གསུངས་སོ། །ཡོངས་སུ་གཏད་པ་ནི་ཡང་དག་པར་གཏད་པའོ། །རྣམ་པ་གཉིས་ཞེས་པ་ནི་བསྐྱེད་པ་དང་རྫོགས་པའི་དབྱེ་བས་སོ། །རྡོ་རྗེ་འཛིན་པ་ཆེན་པོའི་ཏིང་ངེ་འཛིན་ནི་ལམ་གྱི་བདག་ཉིད་དོ། །དེ་སྟོན་པར་བྱེད་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་པ་འདིས་མངོན་པར་རྗོད་ པར་བྱེད་པ་དང་མངོན་པར་བརྗོད་པར་བྱ་བ་འདིས་མངོན་པར་རྗོད་བྱེད་དང་བརྗོད་བྱ་འབྲེལ་པར་བསྟན་ནོ། །མ་འོངས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར། བསྒོ་བར་གྱིས་ཤིག་ཅེས་པ་ལ་སོགས་པ་ནི། སྔར་གསུངས་པའི་ཡུལ་དང་དུས་དང་གནས་སྐབས་དང་ཕྱོགས་བཅུར་ 31-1-168b བཞུགས་པའི་འཇིག་རྟེན་གྱི་ཁམས་སུ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་དུ་བྱས་ནས་གསུངས་སོ་ཞེས་དོན་ལ་ཐོབ་བོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཞེས་པ་ནི་ཅི་སྟེ་གང་ཡང་གཞན་ལྷན་ཅིག་པའི་འཇིག་རྟེན་གྱི་ཁམས་སྙིགས་མ་རྣམ་པ་ལྔ་བདོ་བ་ཉིད་དང་བྲལ་བ་ཡོད་པ་ གང་ཡིན་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་ནམ། ཇི་ལྟར་འཇིག་རྟེན་གྱི་ཁམས་འདི་ཉིད་དུ་ཡང་དག་པར་སྐྱེས་པ་ཅི་འདྲ་བ་དེ་བཞིན་དུ་འདི་སྟོན་པར་བྱེད་པའི་དུས་ཀྱི་གནས་སྐབས་ཀྱི་འཇིག་རྟེན་གྱི་ཁམས་རྣམས་འབྱུང་བར་འགྱུར་ན་དེའི་ཚེ་ཉེས་པ་ཅིར་འགྱུར་ཡང་ན་འབྱུང་བར་འགྱུར་བ་མ་ཡིན་ ནམ། དེ་བཞིན་དུ་ཡང་རྒྱུ་མཚན་འདོད་ཆགས་ཅན་གྱི་སྐྱེ་བོ་རྣམས་དང་ལྷན་ཅིག་པ་ཉིད་གང་ཡིན་པ་འབྱུང་བར་འགྱུར་ཏེ། དེ་རྣམས་ཀྱི་དབང་དུ་བྱས་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཞེས་གསུངས་སོ། །མ་འོངས་པའི་སེམས་ཅན་རྣམས་ཅི་ལྟར་གསུང་རྡོ་རྗེ་སྟོན་པར་བྱེད་པ་པོ་ཡིན་ པ་དེའི་སེམས་ཅན་གྱི་དབང་པོ་དང་ཡུལ་ཉིད་ཡིན་པའི་ཕྱིར་དེའི་ཚིག་ཀྱང་ངོ་། །དེ་བྱིན་གྱིས་བརླབ་པ་ཞེས་པ་ནི་གཟུང་བར་བྱ་བ་ལ་ལྟོས་ནས་གསུངས་པའི་རྣམ་པའོ། །དོན་དང་ཚུལ་དང་ཆོས་ཉིད་ཅེས་པ་ནི། དོན་ནི་མངོན་པར་བརྗོད་པར་བྱ། དེའི་ཚུལ་ནི་རྣམ་པར་དབྱེ་བ། དེ་ཉིད་ནི་ཆོས་ ཉིད་དོ། །འཇིག་རྟེན་དུ་རབ་ཏུ་བཤད་ཅེས་པ་ནི། བླ་མ་བརྒྱུད་པས་སློབ་མའི་གཟུང་བར་བྱ་བ་དང་འཛིན་པར་བྱེད་པའི་དངོས་པོར་རབ་ཏུ་འཇུག་པར་བསྟན་པའི་དབང་དུ་བྱས་ནས་གསུངས་སོ། །དེ་བཞིན་དུ་ནི་སློབ་མའི་རྒྱུད་ལ་སེམས་ཀྱི་དེ་ལྟ་བུའི་རྒྱུད་སྐྱེད་པར་བྱེད་པ་ནི་བླ་མའོ། ། གང་གིས་རྫོགས་པའི་རིམ་པ་སྒྲུབ་པར་བྱེད་པ་ཡང་། གཟུང་བ་དང་འཛིན་པའི་དངོས་པོར་རབ་ཏུ་བསྟན་པའོ་ཞེས་བྱ་བ་ལ་སོགས་པར་མངོན་པར་བརྗོད་པར་བྱའོ། །རབ་ཏུ་དགའ་བའི་ས་ཞེས་པ་ནི་ཐེག་པ་ཆེན་པོའི་ཚུལ་ལྟོས་ནས་གསུངས་སོ། །བླ་མའི་ཞལ་ནས་བླ་མའི་ཞལ་དུ་ཞེས་བྱ་བ་ ལ་སོགས་པས་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་རིང་དུ་ལོན་ཡང་བཅོམ་ལྡན་འདས་ཀྱི་སོ་སོ་རང་གིས་རིག་པ་ནི་དེའི་རིགས་ཅན་རྣམས་མཐའ་དྲུག་གི་ལམ་ལ་གནས་པའི་གསང་བ་འདུས་པ་པ་ད་ལྟ་བ་དེ་རྣམས་བརྒྱུད་ནས་བླ་མ་དང་སློབ་མའི་དངོས་པོས་རབ་ཏུ་འཇུག་པར་སྟོན་པར་བྱེད་དོ། །དེ་ 31-1-169a ཉིད་ཀྱི་ཕྱིར་འཕགས་པའི་ལམ་ལས་ཕྱི་རོལ་དུ་གྱུར་པ་རྣམས་ཀྱིས་ཞི་བ་མངོན་དུ་བྱེད་པའི་ཐབས་མེད་པ་ཉིད་དེ་གཞན་ནི་སྟོན་པ་བཅོམ་ལྡན་འདས་ཀྱི་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཉིད་ཀྱི་དོན་རྗེས་སུ་བརྙེས་པ་ཁོ་ན་རྡོ་རྗེ་ཐེག་པ་འདིར་རྫོགས་པའི་སངས་རྒྱས་ཉིད་སོ་སོ་རང་གི་ རིག་པ་ནི་ཡེ་ཤེས་ལ་རྟོན་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་གཤེགས་པ་ཁོ་ན་དེ་བཞིན་གཤེགས་པ་རྣམས་ཀྱི་སོ་སོ་རང་གིས་རིག་པའི་ཡེ་ཤེས་འཛིན་པར་བྱེད་དོ། །རྣམ་པ་གཞན་དུ་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་དག་མཉམ་པ་ཉིད་དུ་འགྱུར་རོ། །ས་བཅུའི་དབང་ཕྱུག་རྣམས་ ཀྱང་རྫོགས་པའི་སངས་རྒྱས་རྣམས་ཀྱི་ལྷན་ཅིག་ཏུ་ས་བཅུ་པ་ལ་སོགས་པར་མི་མཉམ་པར་བརྗོད་པར་བྱའོ། །ཉན་ཐོས་དང་། རང་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ཡང་རྫོགས་པ་ཉིད་དུ་འགྱུར་ཏེ། རྣམ་པ་གཞན་དུ་ན་རིགས་ཀྱི་བདག་ཉིད་ཆེན་པོ་ཙམ་གྱིས་ཉན་ཐོས་དང་རང་སངས་རྒྱས་ རྣམས། ས་དང་པོའི་དབང་ཕྱུག་རྣམས་ཀྱིས་ཟིལ་གྱིས་གནོན་པར་འགྱུར་བར་གསུངས་པ་དང་འགལ་བར་འགྱུར་རོ། །ཉན་ཐོས་དང་། རང་སངས་རྒྱས་ཀྱི་བསམ་གཏན་ལྷག་པའི་བསམ་པས་ལྷག་པར་ཟིལ་གྱིས་གནོན་ཞེས་བྱ་བ་ལ་སོགས་པ་ཡང་ངོ་། །དེ་ལྟར་ཞེས་བྱ་བ་ལ་ སོགས་པས་མ་འོངས་པའི་སེམས་ཅན་རྣམས་ལ་བསླབ་པ་གསུངས་ཏེ། རང་བཞིན་ཤེས་པས་རྫོགས་པའི་རིམ་པ་མཐར་ཐུག་པའི་འབྲས་བུར་གྱུར་པ་རྡོ་རྗེ་འཆང་ཉིད་དོ། །འདི་སྐད་ཅེས་བྱ་བ་ལ་སོགས་པས་སོགས་ཀྱི་ཚིག་ཕྱིས་པའོ། །མ་ལུས་ཞེས་བྱ་བ་ལ་སོགས་པས་སྡུད་པར་ བྱེད་པ་པོས་བསྟན་པའི་རིམ་པ་རབ་ཏུ་གསལ་བ་གང་ཡིན་པ་མ་འོངས་པའི་སེམས་ཅན་རྣམས་ལ་བསྟན་པའི་རིམ་པར་སྟོན་པར་བྱེད་དོ། །ཐོས་ནས་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་དང་མཚུངས་པ་ལས་སོ། །ཉན་པ་པོ་རྣམས་ལ་ཞེས་པ་ནི། དེའི་དུས་སུ་ཉེ་བར་གནས་པ་རྣམས་ཀྱིས་སོ། ། ཡང་དག་པར་བཤད་ནས་ཞེས་པ་ནི་རྒྱུད་ཀྱི་རྣམ་པ་ཉིད་དོ། །བརྩམས་པའི་དོན་ཞེས་པ་ནི། སྡུད་པར་བྱེད་པ་བརྩམས་པའི་ཆེད་ཀྱི་དོན་དེ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་སོ། །མདོར་བསྟན་ནས་ཞེས་པ་མཚོན་པར་བྱས་ནས་ 31-1-169b སོ། །ཞུགས་པ་ཞེས་པ་ནི། དེ་དག་སྟོན་པར་བྱེད་པ་པོ་ཉིད་ཡིན་པའི་ཕྱིར་རོ། །གསང་བ་རྣམས་ནི་དེ་བཞིན་གཤེགས་པ་དེ་རྣམས་ཉིད་ཀྱི་གསང་བ་རྣམས་སོ། །རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བ་ལ་སོགས་པས་སྟོན་པ་པོའི་མིང་གི་ཕྲེང་བ་སྟོན་པར་བྱེད་དོ། །དེ་སྟོན་པའི་ཞེས་བྱ་བ་ལ་སོགས་པས། འདི་ཉིད་ འདིར་བལྟ་བར་བྱའོ་ཞེས་སྟོན་པར་བྱེད་དོ། །སྔ་མ་ཞེས་བྱ་བ་འདིས་སྔར་བཤད་པའོ། །ལེའུའི་སྒྲ་ནི་གོས་ཇི་ལྟ་བ་བཞིན་དུ་ཆུ་སྦྲང་ལ་སོགས་པའི་ཉེ་བར་འཚེ་བ་འཇིག་པར་བྱེད་པ་དེ་བཞིན་དུ། ལས་དང་སྐྱེ་བ་ལ་སོགས་པའི་ཉེ་བར་འཚེ་བ་ལ་གོས་དང་འདྲ་བར་སྒྲིབ་པར་གནས་པ་ དེ་ལེན་པར་བྱེད་དོ། །འཛིན་པར་བྱེད་དོ་ཞེས་པས་ལེའུར་བརྗོད་པར་བྱའོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནི། སྔར་གསུངས་པའི་བྱེད་པ་པོ་རྡོ་རྗེ་སེམས་དཔའ་སྟེ། དེ་ཅི་ལྟར་རྒྱལ་བ་སྐྱེས་མཆོག་རྣམས་ཀྱིས་རྣམ་པར་བཤད་པ་ཡིན། མཐའ་དྲུག་གི་ལམ་ཡང་འདུས་ པ་ལས་གཞན་མ་ཡིན་ནོ། །གསུངས་པ་ཡང་རྣལ་འབྱོར་རྒྱུད་མཐའ་དྲུག་བྲལ་བར་ངེས་པར་ཞེས་སོ། །སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཅན་ཉིད་ཀྱི་ཕྱིར། རྡོ་རྗེ་འཆང་ཆེན་པོ་ཞེས་པ་ལ་ཉེས་པ་མེད་དེ་གང་གི་ཕྱིར་རྡོ་རྗེ་སེམས་དཔའ་ཉིད་སེམས་ཅན་དང་རྗེས་སུ་མཐུན་པར་སྟོབས་ རབ་ཏུ་འཇུག་པ་ཉིད་ཡིན་པའི་ཕྱིར་ཕྱི་རོལ་སྣ་ཚོགས་པ་དེ་བཞིན་གཤེགས་པའི་ངོ་བོས་རྣམ་པར་བཤད་པའོ། །དེ་ཉིད་ཀྱིས་ན་ཡང་འགལ་བ་མེད་དོ། །རིང་གནས་ཤིང་ཞེས་པ་ནི་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བསྐལ་པ་ཟད་པ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་སྔར་ རྒྱུད་ལ་རབ་ཏུ་འཇུག་པར་མངོན་པར་བརྗོད་པ་ལ་ལྟོས་ནས་གསུངས་སོ། །ཕྱི་ནས་ཞེས་པ་ནི་ཕྱིས་འབྱུང་བ་ནི་ཕྱིས་ནས་སོ། །རྡོ་རྗེའི་ཕྲེང་བ་ལ་སོགས་པ་ནི་བཤད་པའི་རྒྱུད་ཉིད་ཡིན་པའི་ཕྱིར། དེ་རྣམས་དང་མ་ལུས་པ་ནི་རྒྱུད་གཞན་དང་། གཞན་རྣམས་སུ་ཡང་ངོ་། །དེ་རྣམས་ཀྱི་བཤད་པ་ བྱས་པ་ནི་རྣམ་པར་ཕྱེ་བའོ། །མཁས་མཆོག་གིས་ནི། རྣལ་འབྱོར་གྱི་རྒྱུད་རྣམས་ཀྱིས་སོ། །ལེགས་པར་དྲང་ཞེས་པ་ནི། སྔར་གསུངས་པ་ཉིད་ཀྱི་ཕྱིར་རོ། །རྒྱུད་ཀྱི་མཐར་ཐུག་ཅེས་པ་ནི་རྒྱུད་རྣམས་ཀྱི་མཐར་ཐུག་པ་སྟེ། ཇི་ལྟར་བདག་ཉིད་ཀྱི་མཐར་ཐུག་པ་འདི་ལྟ་སྟེ། བསམ་པ་ཅན་ནོ་ཞེས་ 31-1-170a མཐར་ཐུག་པའི་སྒྲས་ནི་མཆོག་ཏུ་མངོན་པར་བརྗོད་པར་བྱའོ། །སྒྲོལ་མ་ནི་མཆོག་ཏུ་གསལ་བ་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ཡེ་ཤེས་རབ་ཏུ་གསལ་བར་བཤད་པ་ཡེ་ཤེས་ཁོང་དུ་མ་ཆུད་པའི་གཉེན་པོ་ཉིད་དུ་སྒྲོལ་མ་བཞིན་དུ་མཆོག་ཏུ་འབར་བར་བྱེད་པའོ། །དམ་པ་རྣམས་ཀྱང་ཡིན་ལ་བདེ་བ་ཡང་དེ་ཡིན་ པས་བདེ་བ་དམ་པ་སྟེ། མ་བཅོས་ཤིང་ཕྱིན་ཅི་མ་ལོག་པའི་ཆོས་ཉིད་དུ་གསུངས་སོ། །དེ་ཉིད་ནི་མཆོག་སྟེ། ཁམས་གསུམ་པས་མཆོད་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །ཟླ་བ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། ཟླ་བའི་བརྡ་ནི། ཡེ་ཤེས་གསུམ་ལས་སྐྱེས་པ་ཉིད་ཀྱི་ཕྱིར་དང་། དེའི་ཁ་དོག་ཉིད་ཀྱི་ཕྱིར་རོ། །དེ་ལ་རྟག་ཏུ་འབྲེལ་ པའི་བློ་གང་ཡིན་པ་ནི་འགྲོ་བ་རྣམས་གང་ཡིན་པ་སྟེ་དེ་དེ་བཞིན་ནོ། །དེ་དང་ནི་གྲགས་པ་ཡང་རྡོ་རྗེ་འཆང་ཆེན་པོ་དང་མཚུངས་པ་ཉིད་ཡིན་པའི་ཕྱིར་རོ། །བདག་ཉིད་ཀྱང་བཤད་པ་གསུམ་འབྲེལ་པར་བསྟན་པའི་ཕྱིར་རྒྱ་ཆེར་འགྲེལ་གྱི་རྣམ་པས་སྒྲ་མཚུངས་པས་མིང་རབ་ཏུ་བསྡུས་ཏེ་ཕྱོགས་གཅིག་གི་མིང་ངོ་། །འདི་ ནི་སློབ་དཔོན་དཔལ་ཐུགས་རྗེའི་དཔལ་གྱི་ཞབས་ཀྱིས་མཛད་པ་སྟེ། གཞུང་གི་ཚད་ནི་ཚིགས་བཅད་ཀྱི་གྲངས་སུམ་སྟོང་ལྔ་བརྒྱ་དང་གཉིས་སོ། །འདི་ནི་སྐད་གཉིས་སྨྲ་བ་ཆེན་པོ་ཐར་པ་ལོ་ཙཱ་བའི་ཞབས་ཀྱི་རྡུལ་སྤྱི་བོས་བླངས་ཤིང་གསུང་གི་བདུད་རྩིའི་རོ་མྱངས་པའི་དགེ་སློང་རིན་ཆེན་གྲུབ་ཀྱིས་ཉི་མའི་ལོ་མགོ་ཅན་གྱི་ཟླ་ བ་མར་ངོའི་ཚེས་བཅུ་གཉིས་ལ། ཞ་ལུ་རི་ཕུག་དགའ་ལྡན་གྱི་དབེན་གནས་སུ་བསྒྱུར་བའོ།། །།རྒྱལ་བ་གཉིས་པ་ཀླུ་སྒྲུབ་དགོངས་པའི་དོན། །མཁས་མཆོག་ཟླ་བས་གཞུང་གི་ཕྲེང་བར་བརྒྱུས། །ཐུགས་རྗེ་དཔལ་གྱི་ལེགས་བཤད་བྱི་དོར་བྱས། །གཞུང་འདི་བསྒྱུར་ལས་དགེ་བ་གང་ཐོབ་པ། །དེ་ཡིས་འགྲོ་བའི་ཚོགས་ རྣམས་མ་ལུས་པ། །སྒྲིབ་གཉིས་འཛིན་པའི་དྲི་མ་ཀུན་བྲལ་བའི། །རིན་ཆེན་རྡོ་རྗེ་འཆང་བར་གྲུབ་གྱུར་ཅིག །རྗོད་བྱེད་ལེགས་སྦྱར་སྒྲ་ལ་མ་བྱང་ཞིང་། །བརྗོད་བྱ་འདུས་པའི་དོན་ནི་རྟོགས་དཀའ་བས། །སྒྲ་དོན་ཇི་བཞིན་ལེགས་པར་མ་འགྱུར་བའི། །ཉེས་དེ་མཁས་པ་རྣམས་ཀྱིས་བཟོད་མཛད་ཅིང་། །ཕྱིས་འབྱུང་སྐད་གཉིས་སྨྲ་མཁས་བྱུང་གྱུར་ པ། །སྒྲ་དོན་བརྟགས་ནས་ལེགས་པར་འཆོས་པ་དང་། །གཟུར་གནས་དོན་གཉེར་མཁས་པའི་སྐྱེས་བུ་རྣམས། །མཉེས་བྱས་གཞུང་འདི་ཕྱོགས་བཅུར་རྒྱས་གྱུར་ཅིག །ཅེས་པ་འདིའི་ཡི་གེ་པ་ནི་དགེ་སློང་རིན་ཆེན་རྒྱལ་མཚན་ནོ། །འདིས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་མྱུར་དུ་སྐེམས་པར་གྱུར་ཅིག། །། 31-1-170b ༄༅༅། །རྒྱ་གར་སྐད་དུ། པྲ་དཱི་པོ་དཱི་པ་ཊིཔྤི་ཊ་ཀོ་ཧྲྀ་ད་ཡཱ་དཪྴ་ན་ནཱ་མ། བོད་སྐད་དུ། སྒྲོན་མ་གསལ་བ་མདོར་བཤད་པའི་ས་བཅད་སྙིང་གི་མེ་ལོང་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ལྔ་རྣམས་ལ། །གང་ཞིག་སྐུ་ཡིས་ཁྱབ་བྱེད་གནས། །རྡོ་རྗེ་འཆང་ བའི་གཙོ་བོ་ནི། །རྡོ་རྗེ་འཆང་ཆེན་དེ་ལ་འདུད། །མཐའ་དྲུག་ཅེས་བྱའི་འགྲེལ་པ་ནི། །དཔལ་ལྡན་ཟླ་བའི་གྲགས་པས་མཛད། །དཀའ་བའི་གནས་ལ་བདག་གིས་ནི། །རྣམ་པར་དབྱེ་བའི་རྣམ་འགྲེལ་བྱ། །དེ་ལ་དཔལ་ལྡན་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ་འདིས་ནི། འདོད་པའི་ལྷ་ལ་ཕྱག་འཚལ་བ་ཡིན་ནོ། །དེ་ལ་ རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བའི་ཚིག་གིས་ནི་རྒྱུད་གཞན་རྣམས་ལས་ཁྱད་པར་དུ་གྱུར་པའི་དོན་ཏོ། །ཤིན་ཏུ་གསལ་བར་རྣམ་པར་ཕྱེ། །ཞེས་བྱ་བ་ནི་རྣལ་འབྱོར་གྱི་རྒྱུད་ཀྱི་ཁྱད་པར་གྱིས་སོ། །གལ་ཏེ་དེ་ལྟ་ན་དེ་ཉིད་གྲུབ་པའི་ཕྱིར་འབད་པ་ཅི་ཞིག་དགོས་ཞེས་པ་ལ། མཐའ་དྲུག་གི་ནི་བཅིང་བས་བཅིངས་པས་ཞེས་ བྱ་བ་སྨོས་སོ། །འོ་ན་ཡང་དེ་ཉིད་ལས། ཁྱོད་ཀྱིས་རྟོགས་པར་འགྱུར་རོ་ཞེ་ན། ཡང་རྒོལ་བ་དེ་ཉིད་ཀྱིས་ན་རྒྱལ་སྲས་ཡུལ་གྱུར་ཞེས་གསུངས་སོ། །འདིས་ནི་མངོན་པར་ཤེས་པ་ཐོབ་པ་རྣམས་ཀྱིས་འགྲེལ་པ་བྱ་བར་འོས་པ་ཡིན་ནོ་ཞེས་བསམས་སོ། །དེ་ལྟར་ཡང་དུས་ཀྱི་འཁོར་ལོའི་མན་ངག་ལས་ བསྟན་ཏེ། མངོན་པར་ཤེས་པ་ཐོབ་པས་འགྲེལ་པ་བྱའོ་ཞེས་སོ། །དེའི་མཚན་ཅི་ཞིག་ཡིན་ཞེ་ན། རྒྱལ་བའི་འདུས་གང་ཡིན་ཞེས་གསུངས་སོ། །དོན་ནི་འདི་ཡིན་ཏེ། དེ་བཞིན་གཤེགས་པ་ལྔ་རྣམས་ཀྱི་འདུས་པ་ཞེས་བྱ་བའི་དོན་ཏོ། །འོ་ན་དེ་ལ་རེ་ཞིག་ཇི་ལྟར་ན་དེ་བཞིན་གཤེགས་པ་འདི་དག་ གི་ཚོགས་འདུས་པ་ཡིན་ཞེ་ན། བཤད་པའི་རིམ་པ་གཉིས་ཏེ། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའོ། །དེ་ལ་བསྐྱེད་པའི་རིམ་པ་ལ་ནི། ཟླ་བ་དང་། ཉི་མ་དང་། ས་བོན་དང་། ཕྱག་མཚན་དང་། སྤྲོ་བ་དང་། བསྡུ་བ་དང་། སྐུ་གྲུབ་པ་རྣམས་ཀྱི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་ནི། དེ་བཞིན་ གཤེགས་པ་ལྔའི་ངོ་བོ་ཉིད་འདུས་པ་ཡིན་ནོ། །ཡང་ན་སྐུ་གྲུབ་པ་ལ་གང་དེ་བཞིན་གཤེགས་པ་ཐམས་ཅད་རབ་ཏུ་ཞུགས་པ་ནི་འདུས་པའོ། །ཡང་རྫོགས་པའི་རིམ་པ་ལ་ཐབས་དང་ཤེས་རབ་སྙོམས་པར་ཞུགས་པ་ནི་དགའ་བ་དམ་པའི་ཆགས་པའི་སྒྲས་རྒྱལ་བའི་ཚོགས་མཐའ་དག་རབ་ཏུ་ཞུགས་པའི་འོག་ཏུ། 31-1-171a རྡོ་རྗེ་ནོར་བུའི་རྩེ་མོར་གཅིག་ཏུ་ཞུ་བའི་ངོ་བོ་བྱང་ཆུབ་ཀྱི་སེམས་ཐིག་ལེའི་རང་བཞིན་དུ་འདུས་པ་ཡིན་ནོ། །ཡང་ན་རྡོ་རྗེའི་ལམ་ནས་སྤྲོས་ནས། བྱང་ཆུབ་ཀྱི་སེམས་ཐིག་ལེའི་དཀྱིལ་འཁོར་ན་ཡོད་པའི་ལྷའི་གཟུགས་ཀྱི་པདྨའི་སྙིང་པོའི་ནང་ན་རབ་ཏུ་ཡོད་པ་ནི་འདུས་པའོ། །ཡང་ན་ཕྱིར་ མི་ལྡོག་པའི་དབང་བསྐུར་བའི་དུས་སུ་ཚངས་པའི་སྒོ་ནས་དེ་བཞིན་གཤེགས་པ་ཐམས་ཅད་སློབ་མ་ལ་ཞུགས་པར་བྱས་པ་དེ་ནི་འདུས་པའོ། །འདི་དག་ནི་མཚོན་པ་ཙམ་སྟེ། རྣམ་པ་གཞན་ནི་གཞུང་མངས་ཀྱིས་དོགས་པའི་འཇིགས་པས་མ་བསྟན་ནོ། །བརྒྱུད་པ་མ་གཏོགས་པར་ནི་དེ་ཁོ་ན་ཉིད་རྟོགས་ པ་མེད་པ་དེའི་ཕྱིར། དེ་ནི་དཔལ་ཀླུ་སྒྲུབ་ལས་ཐོས་པ་ཡིན་ནོ། །རིམ་པ་གཉིས་ལ་ཞེས་བྱ་བ་འདིས་ནི་འདུས་པ་ཉིད་ཀྱི་རྣམ་པར་འགྲེལ་པའོ། །གལ་ཏེ་ཡང་དཔལ་གསང་བ་འདུས་པ་ནི་རིམ་པ་རྣམ་པ་ལྔར་བསྟན་པ་ཡིན་ཏེ། འོན་ཀྱང་དེ་བསྡུ་བའི་དོན་དུ་ཡོངས་སུ་བརྟགས་པས་རིམ་པ་ གཉིས་སུ་བསྟན་པ་ཡིན་ནོ། །ཤིན་ཏུ་གསང་བ་ཉིད་དུ་བསྟན་པའི་ཕྱིར། སངས་རྒྱས་ཀུན་གྱི་རྒྱས་བཏབ་པ་ཡིན་ཏེ། རྒྱལ་པོ་རྣམས་ཀྱི་རང་གི་མཛོད་བཞིན་ནོ། །བཏུད་པ་ནི་ལུས་དང་ངག་དང་ཡིད་དེའི་བདག་ཉིད་ཀྱི་རྗེས་སུ་ཞུགས་པའོ། །ཁྱབ་བདག་ནི་རྡོ་རྗེ་སེམས་དཔའི་ཁྱད་པར་རོ། །རབ་ཏུ་གསལ་ བར་བཤད་པ་ནི་རབ་ཏུ་སྟོན་པར་བྱེད་པའོ། །ཟླ་བའི་གྲགས་པས་ཞེས་བྱ་བ་ནི་གཞུང་བྱེད་པའི་ཚིག་གོ། །འདི་དག་གི་ནི་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱི་སློབ་མ་ཡིན་པ་ཉིད་ཀྱིས་མན་ངག་དང་ལྡན་པ་ཉིད་དུ་རབ་ཏུ་བསྟན་ནོ། །རིམ་པ་ཞེས་བྱ་བ་ནི། བསྐྱེད་པ་ལ་སོགས་པའི་རིམ་པ་ཞེས་བྱ་བའི་དོན་ཏོ། །གསང་ སྔགས་སྐུ་ཞེས་བྱ་བ་ནས། །བདེན་པ་གཉིས་ཀྱི་སྦྱོར་བྱེད་གང་། །འདི་ནི་སྒྲུབ་པའི་ཡན་ལག་མཆོག །ཅེས་བྱ་བའི་བར་གྱི་ནི། རྡོ་རྗེ་བཟླས་པ་དང་། སེམས་རྣམ་པར་དག་པ་དང་། རང་བྱིན་གྱིས་བརླབ་པ་དང་། མངོན་པར་བྱང་ཆུབ་པ་དང་། ཟུང་དུ་འབྲེལ་པའི་རིམ་པ་རྣམས་རབ་ཏུ་བསྟན་ནོ། ། རྒྱུད་ཀུན་གྱི་ནི་དོན་བསྡུས་པའོ། །ཞེས་བྱ་བ་འདིས་ནི་རིམ་པ་ལྔ་ལས་ལྷག་པ་དང་ཆད་པ་ཉིད་རབ་ཏུ་དགག་པ་ཡིན་ནོ། །དབྱེ་བ་ཞེས་བྱ་བ་ནི་རྣམ་པར་སྤྲོས་པའོ། །དེ་ལ་རྡོ་རྗེ་བཟླས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དབྱེ་བས་རྣམ་པ་མང་པོ་ཡིན་ནོ། །སེམས་རྣམ་པར་དག་པའི་རིམ་པ་ནི་ཡེ་ཤེས་ 31-1-171b གསུམ་ལ་སོགས་པའི་དབྱེ་བས་སོ། །རང་བྱིན་གྱིས་བརླབ་པའི་རིམ་པ་ནི། མངོན་པར་བྱང་ཆུབ་པ་ལྔའི་དབྱེ་བས་སོ། །མངོན་པར་བྱང་ཆུབ་པའི་རིམ་པ་ནི་ཆགས་པ་དང་། ཆགས་པ་མེད་པ་དང་། ཆགས་པ་བར་མའི་དབྱེ་བས་སོ། །ཟུང་དུ་འབྲེལ་པའི་རིམ་པ་ནི་ཀུན་རྫོབ་དང་། དོན་དམ་ པའི་དབྱེ་བས་སོ། །དེ་རྣམས་ཡང་དག་པར་བསྡུས་པ་ནི་ཞེས་བྱ་བ་ནི་གང་ལྔ་པོ་གཅིག་ཏུ་ཟུང་དུ་འཇུག་པའི་རིམ་པར་ཡང་དག་པར་འདུ་བའོ། །རྒྱུད་རིག་སྟེ་ཞེས་བྱ་བ་ནི་འགྲོ་བའི་བླ་མ་ཁམས་གསུམ་ན་རྡོ་རྗེ་འཆང་གི་གོ་འཕང་སྟོན་པར་བྱེད་པའོ། །སྔགས་དང་ཞེས་བྱ་བ་ལ་སོགས་པས་ནི་རིམ་པ་རྣམས་ ཀྱི་བསྡུས་པའི་དོན་ནོ། །སྔགས་སྨོས་པས་ནི་སྔགས་ཐམས་ཅད་ཡི་གེ་གསུམ་གྱིས་ཡང་དག་པར་བསྡུས་པའི་ཚིག་གོ། །སེམས་ཀྱི་སྒྲས་ནི་སེམས་ལས་བྱུང་བ་བརྒྱ་དྲུག་ཅུའི་རང་བཞིན་བཟུང་བ་ཡིན་ནོ། །ལུས་ཀྱི་སྒྲས་ནི་ཆོས་དང་ལོངས་སྤྱོད་དང་སྤྲུལ་པའི་སྐུ་བཟུང་བ་ཡིན་ནོ། །རྣམ་པར་དག་པ་ སྨོས་པས་ནི་ཆགས་པ་ལ་སོགས་པ་དང་། དགའ་བ་ལ་སོགས་པ་བཟུང་བ་ཡིན་ནོ། །ཟུང་འཇུག་ལས་ཞེས་བྱ་བས་ནི་གཉིས་སུ་བྱར་མེད་པ་བཟུང་བ་ཡིན་ནོ། །མཐའ་དྲུག་ལ་འཇུག་གོ་ཞེས་བྱ་བ་ནི་འཆད་པར་འགྱུར་བའོ། །མཐའ་དྲུག་པོ་འདི་ཡང་དཔལ་འདུས་པའི་ཡུལ་ཅན་ཡིན་ནོ། །དེ་ ཡང་གཅིག་ཏུ་ཡི་གེ་གསུམ་གྱི་ངོ་བོ་ཉིད་དོ། །ཡི་གེ་གསུམ་པོ་ཡང་ཨཱ་ལི་དང་ཀཱ་ལིའི་སྔགས་ཐམས་ཅད་ཀྱི་ཡིག་འབྲུ་དང་ཚིག་ལ་སོགས་པ་དབྱེ་བ་རྣམས་ཀྱང་ཡང་དག་པར་བསྡུས་པ་ཡིན་ཏེ། དེས་ན། ཡ་ར་ལ་ཝ་ཧ་མཐའི་བར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རིམ་པ་ལས་རྣམ་པར་འདས་པའི་རྒྱུ་ནི་ བརྗོད་པར་མི་རིགས་སོ་ཞེ་ན། དང་པོ་ཡ་ར་ལ་ཝ་སྨོས་པས་ནི་ལས་ཀྱི་སྦྱོར་བའི་ནུས་པ་སྒྲུབ་པ་གཙོ་བའི་ཕྱིར་རོ། །དེ་ལྟར་ཡང་། དངོས་གྲུབ་འདོད་པས་བྱ་བ་ནི། །ར་ལ་སོགས་པ་གསུམ་ཉིད་ཀྱིས། །འགྲོ་བའི་དོན་ལ་རབ་ཏུ་འཇུག །ཅེས་བཤད་དོ། །ཅིའི་ཕྱིར་ཨ་ལ་སོགས་པ་མི་བཟུང་ཞེ་ན། བཤད་པ། རེ་ཞིག་གསལ་བྱ་རྣམས་ནི་གསལ་བྱེད་མེད་པར་བརྗོད་པར་མི་ནུས་པ་ཡིན་ཏེ། དེ་དག་ཉེ་བར་བཟུང་བས་དབྱངས་ཀྱི་ཡི་གེ་རྣམས་ཀྱང་ཡང་དག་པར་བཟུང་བ་ཡིན་ནོ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲིའི་ཞེས་བྱ་བ་ལ་སོགས་པ་ནི་རྟོགས་པར་སླའོ། །དེ་ལ་རྒྱུད་ཀྱི་རྩེ་མོ་ཞེས་བྱ་བ་འདིས་ནི་ 31-1-172a ཕན་ཡོན་བསྟན་ནོ། །གཞུང་ཉུང་ཞེས་བྱ་བ་ལ་སོགས་པ་འདིས་ནི་རྣལ་འབྱོར་གྱི་རྒྱུད་མཐའ་དག་གི་སྙིང་པོར་བསྟན་ཏོ། །དེ་ལ་རྙེད་དཀའ་ཤེས་པ་ཞེས་བྱ་བའི་ཚིག་གིས་ནི་བསྒྲུབ་པར་བྱ་བ་ཉིད་དུ་བསྟན་ཏོ། །རྒྱན་བདུན་ཞེས་བྱ་བ་ལ་སོགས་པས་ནི་གཏན་ཚིགས་བསྟན་ནོ། །དེ་བས་ཞེས་བྱ་ བ་ལ་སོགས་པས་ནི་བླ་མ་བརྒྱུད་པའི་རྒྱན་གྱི་རྣམ་པར་དབྱེ་བ་ལ་འགྲེལ་པ་བྱེད་པའི་སྙིང་རྗེ་གསལ་བར་བྱེད་པ་ཡིན་ནོ། །དེ་ལ་གླེང་བསླང་བ་ལ་སོགས་པ་རྒྱན་བདུན་ནི། མདོར་བསྟན་པ་དང་། མཚན་ཉིད་དང་། ཡོངས་སུ་རྟོགས་པ་ཡིན་ཏེ། དེ་ལྟར་ན་འདི་རྣམ་པ་གསུམ་གྱི་དབང་དུ་བྱས་པ་ཡིན་ནོ། །དེ་ ལ་དང་པོ་བསྟན་པ་ལ་གླེང་བསླང་བའི་གྲངས་ནི་རྣམ་པ་ལྔ་ཡིན་ཏེ། དེ་ལ་གནས་སྐབས་ཀྱི་ཚེ་དོན་བསྒྲུབ་པའི་ཕྱིར་བསམ་པ་ནི་གླེང་བསླང་བ་ཉིད་དུ་བསྟན་པ་ཡིན་ནོ། །ཇི་སྲིད་དེའི་རིགས་པས་སྒྲུབ་པ་མ་བྱས་པ་དེ་སྲིད་དུ་ནི་གླེང་བསླང་བ་དེ་ཡང་འགྲུབ་པར་མི་འགྱུར་ཏེ། དེའི་ཕྱིར་རིགས་པ་ཡང་རྣམ་པ་ བཞི་བསྟན་ནོ། །དེའི་འོག་ཏུ་སྒྲ་དང་། དོན་གྱི་རྣམ་པར་དབྱེ་བས་རྣམ་པར་བཤད་པ་སྨོས་པ་ཡིན་ནོ། །ལྔ་པ་ནི་སྨྲ་བ་པོའི་རྒྱན་ཡིན་ནོ། །དྲུག་པ་ནི་ཉན་པ་པོའི་རྒྱན་ཡིན་ནོ། །བདུན་པ་ནི་བརྗོད་པར་བྱ་བ་མ་ལུས་པ་མཐའ་དག་བསྡུས་པའི་རྒྱན་ཡིན་ནོ། །ཐམས་ཅད་བསྡུས་པ་ནི་དབྱེ་བ་ཉི་ཤུ་རྩ་བརྒྱད་དོ། ། འདིའི་མིང་ཅི་ཞེས་བྱ་བ་ལ་སོགས་པས་ནི་རྒྱན་དང་པོའི་མཚན་ཉིད་དེ། དེ་ཡང་དྲི་བ་སྔོན་དུ་འགྲོ་བའི་ལམ་ནི། རྒྱུད་ཀྱི་མཚན་ནི་ཞེས་བྱ་བ་ལ་སོགས་པའོ། །དོན་ནི་འདི་ཡིན་ཏེ། མིང་མེད་པར་ནི་ཐ་སྙད་ཆད་པའི་ཕྱིར་འགྲོ་བ་ཐམས་ཅད་འོན་པ་དང་ལྐུགས་པར་འགྱུར་ཏེ། དེ་བས་ན་མཚན་བཟུང་བ་ཡིན་ནོ། ། དེ་ཡང་འདུས་པ་ཞེས་བྱ་བའི་མཚན་ནོ། །དེའི་དོན་ནི་སྔར་གཏན་ལ་ཕབ་པ་ཉིད་དོ། །རྒྱུ་མཚན་གང་གི་དོན་དུ་ཞེས་བྱ་བ་ནི། འདོད་ཆགས་ཀྱི་རིགས་ཅན་གྱི་སེམས་ཅན་གྱི་སེམས་གཙོར་བྱས་ནས་དེ་རྣམ་པར་དག་པར་བྱེད་པའི་ཕྱིར་རོ། །བྱེད་པ་པོ་རྡོ་རྗེ་འཆང་ཆེན་པོ་ཉིད་ལ་ཉན་པ་པོས་གུས་པ་ཉིད་ཀྱི་ཕྱིར་ རབ་ཏུ་བསྒྲུབ་པར་འགྱུར་རོ། །ལེའུར་བཅད་པ་ལ་སོགས་པ་ཞེས་བྱ་བའི་ཚད་དོ། །དེ་ལྟར་ན་ཡོངས་སུ་འབད་པ་དང་། གཞལ་བྱ་མཐར་ཐུག་པར་གང་དུ་བྱས་པ་དེ་ནི་ལེའུར་བཅད་པའོ། །དུམ་བུ་ལ་སོགས་པའང་དེ་བཞིན་དུ་ཤེས་པར་བྱའོ། །གཞུང་དང་ཞེས་བྱ་བ་ལ་ཡི་གེ་དང་དོན་ལས་ 31-1-172b ཀྱང་ཤེས་པར་བྱ་སྟེ། དེ་གཉིས་ནི་འབྲེལ་པའི་ཕྱིར་རོ། །དགོས་པ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའོ། །དེ་ལ་དང་པོའི་ཕྱོགས་ཀྱང་རྣམ་པ་གཉིས་ཏེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ། །འཇིག་རྟེན་པའི་ཞི་བ་དང་། རྒྱས་པ་དང་། དབང་དུ་བྱ་བ་དང་། དགུག་པ་དང་། རྣམ་པར་དབྱེ་བ་དང་། གསད་པ་དང་། དགར་བ་དང་། མངོན་སྤྱོད་ལ་སོགས་པའོ། །འཇིག་རྟེན་ལས་འདས་པ་ནི་གྲུབ་པ་རྣམ་པ་བརྒྱད་དེ། དེ་ཡང་འོག་ནས་བཤད་ལ་ཇི་ལྟར་འཁོར་ལོའི་རིག་པ་འཛིན་པ་གྲུབ་པ་དང་། དེ་བཞིན་དུ་རིན་པོ་ཆེ་དང་། པདྨ་དང་། རྡོ་རྗེ་དང་། རལ་གྲི་དང་། མཛུབ་རིས་དང་། མིག་སྨན་དང་། རི་ལུའི་གྲུབ་པ་རྣམས་སོ། །འཇིག་རྟེན་དག་པའི་དགོས་པ་ནི་རྫོགས་པའི་རིམ་པ་ལའོ། །སངས་རྒྱས་ཀྱང་ནི་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་དོ། །གླེང་བ་ནི་འདས་སོ་ཞེས་བྱ་བ་ནི་མཇུག་སྡུད་པའོ། །རིགས་པ་གསུངས་པ་ནི། གཉིས་པ་ཡང་ནི་བཤད་པར་བྱ། །ཞེས་ བྱ་བ་ལ་སོགས་པ་ལ་རྒྱུད་ལ་སོགས་པ་ནི་བསྟན་པའོ། །མདོ་སྡེ་དང་འདུལ་བ་དང་མངོན་པ་རྣམས་ཀྱི་རིགས་པ་སྔར་རབ་ཏུ་བསྟན་ནས། ཕྱིས་རང་གི་གྲུབ་པའི་མཐར་སྟོན་ཏོ། །མི་ཡི་སྐྱེ་བར་འཁྲུངས་པ་ནི། །ཞེས་བྱ་བ་ལ་སོགས་པ་ལ། མི་གདུལ་བྱ་ཡིན་པའི་ཕྱིར་འདྲ་བའི་སྐྱེ་བ་བཟུང་བ་ནི་རིགས་པ་ཁོ་ ནའོ། །མིའི་སྐྱེ་བ་བཟུང་ན་ཡང་འདོད་ཆགས་དང་བྲལ་བ་ལ་མ་བརྟེན་པར་ནི་སེམས་ཅན་རྣམས་འདུལ་བར་མི་འགྱུར་ཏེ། དེ་བས་ན་དེའི་ཕྱིར་བཙུན་མོའི་འཁོར་གྱི་ནང་ནས་བྱུང་བ་ནི་གླེང་གཞི་སྟེ། གླེང་གཞི་ནི་སྔོན་བྱུང་བའོ། །གལ་ཏེ་དགོན་པ་ལ་སོགས་པ་ན་གནས་ན་ཡང་འདོད་ཆགས་ལ་སོགས་པ་ འབྱུང་བར་འགྱུར་བ་དེའི་ཚེ་ཁབ་ནས་བྱུང་བ་དོན་མེད་པ་ཡིན་ན། དེ་ཉིད་ཀྱི་ཕྱིར་འདུལ་བའི་སྡོམ་པ་བསྟན་པའི་ངེས་པའི་ཚིག་ནི་བསླབ་པའི་གཞི་རྣམ་པ་སྣ་ཚོགས་ཀྱི་སྤྱོད་པའོ། །འབྲས་བུ་བཞེད་པ་ཡོད་པས། བཅོམ་ལྡན་འདས་དཀའ་བ་སྤྱོད་པར་མཛད་པ་དེ་ནི་རྒྱུ་ཡིན་ཏེ། འབྲས་བུ་ཐོབ་པར་བྱ་ བ་ལ་ཐབས་ཡིན་པའི་ཕྱིར་རོ། །འདི་ནི་འདོད་ཆགས་དང་བྲལ་བའི་ཆོས་ཀྱི་ཞེས་བྱ་བ་ནི་མཇུག་བསྡུ་བའོ། །འདོད་ཆགས་ཀྱི་ཆོས་ཀྱི་རིགས་པའི་སྐབས་ནི་སངས་རྒྱས་ལྔ་ཞེས་གསུངས་སྟེ། ཉོན་མོངས་པ་ལྔ་དང་། རྣམ་པར་ཤེས་པ་ལྔ་དང་། ཕུང་པོ་ལྔ་དང་། རླུང་ལྔ་དང་། འབྱུང་བ་ཆེན་པོ་ལྔ་ 31-1-173a རྣམ་པར་དག་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་རིགས་ལྔའི་དེ་བཞིན་གཤེགས་པ་ལྔའི་རིགས་ཀྱི་སྐུར་བཟུང་བ་ཞེས་བྱ་བའི་དོན་ཏོ། །འདི་ནི་ཀུན་རྫོབ་ཀྱི་ཕྱོགས་སུ་བསྟན་པ་ཡིན་ཏེ། དེ་རྣམ་པར་བཟློག་པའི་ཕྱིར། རིགས་གཅིག་ཏུ་ཡང་འགྱུར་བ་ཡིན། །ཞེས་ གསུངས་ཏེ། རྡོ་རྗེ་འཆང་ཆེན་པོའི་རིགས་ཀྱི་ངོ་བོ་ཞེས་བྱ་བའི་དོན་ནོ། །འདི་ཡན་ཆད་ཀྱིས་ནི་རང་གི་དོན་ཕུན་སུམ་ཚོགས་པ་ཡིན་ནོ། །གཞན་གྱི་དོན་ཕུན་སུམ་ཚོགས་པ་ནི། རྡོ་རྗེ་ལ་སོགས་པ་བཟུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སེམས་ཅན་གྱི་ཁམས་མོས་པ་སྣ་ཚོགས་པ་ཡིན་པས་དེ་ དག་རྗེས་སུ་བཟུང་བའི་ཕྱིར་ནི། བཅོམ་ལྡན་འདས་རྡོ་རྗེ་ལ་སོགས་པའི་མཚོན་ཆ་བསྣམས་པ་ཡིན་ནོ། །དེ་དག་ཀྱང་ཡེ་ཤེས་ལ་སོགས་པ་རྣམ་པར་དག་པའི་ངོ་བོ་ཡིན་ནོ་ཞེས་བྱ་བ་ནི་ངེས་པའི་ཚིག་གི་དོན་ནོ། །ཡང་ན་དབང་བསྐུར་བའི་དུས་སུ་སློབ་མ་ལ་རྡོ་རྗེ་ལ་སོགས་པ་འཆང་བར་བྱེད་པ་ཡིན་ ནོ། །དེར་ཡང་རྣམ་པར་དག་པ་མངོན་དུ་བརྗོད་ནས་སྦྱིན་པར་བྱ་བ་ཡིན་ཏེ། ཇི་ལྟར། བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཡིན་པར་ཤེས། །ཞེས་གསུངས་པ་ལྟ་བུའོ། །དེ་བཞིན་དུ་བཅོམ་ལྡན་ནི་སྒེག་པ་ལ་སོགས་པའི་གར་སྟབས་དགུའི་ཉམས་ཀྱི་སྤྱོད་པ་མཛད་པ་ཡིན་ནོ། །གཞན་ དག་ལ་ཡང་དེ་ལྟར་སྟོན་པར་མཛད་དེ། དེ་ལ་སྒེག་པའི་ཉམས་ཀྱིས་སྤྱོད་པ་ནི་མཱ་མ་ཀཱི་ཆེན་པོ་དང་ལྷན་ཅིག་གཏུགས་པ་དང་། འཁྱུད་པ་དང་། སེན་མོ་དང་སོས་གདབ་པའི་མཚན་ཉིད་དོ། །དཔའ་བོའི་སྤྱོད་པ་ནི། ཇི་ལྟར་མཚན་མོ་དུར་ཁྲོད་ཀྱི་ཕྱོགས་སུ་རོ་སློང་བར་བྱེད་པའོ། །རྔམ་པའི་སྤྱོད་པ་ ནི་གོ་ཀུ་ད་ཧ་ན་ཟ་བར་བྱེད་པའོ། །སྨད་པ་དང་འཇིགས་པ་སྦྱིན་པར་བྱེད་པ་ནི་རྔམ་པ་ཞེས་བྱ་བར་བསྟན་ནོ། །དགོད་པའི་སྤྱོད་པ་ནི་ཇི་ལྟར་ཅུང་ཟད་འཛུམ་པ་ཉིད་ཀྱི་སྒོམ་པའམ། སྒེག་པའི་ཉམས་ཀྱི་བྱེ་བྲག་གམ། མཚན་མོ་རོ་ལངས་འཇིགས་པར་བྱ་བའི་ཕྱིར་གད་མོ་ཆེན་པོའོ། །དྲག་པོའི་སྤྱོད་པ་ནི་ ཇི་ལྟར་གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོའི་རྒྱལ་པོ་བསྒོམ་པའོ། །འཇིགས་སུ་རུང་བའི་སྤྱོད་པ་ནི་དེའི་ལུས་ཉིད་ཀྱིས་བགེགས་བསྐྲད་པའོ། །སྙིང་རྗེའི་སྤྱོད་པ་ནི་རང་བཞིན་གྱིས་གྲུབ་པ་ཉིད་དེ། དེ་བཞིན་གཤེགས་པ་རྣམས་ནི་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཕྱིར་རོ། །རྔམ་པའི་སྤྱོད་པ་ནི་ཇི་ལྟར་ 31-1-173b འཇིག་རྟེན་དང་འགལ་བར་གྱུར་པའི་རིམ་པས་ཀྱང་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པས་སོ། །དེ་ཡང་ལེའུ་དགུ་པའི་སྐབས་ནས་སྟོན་པར་འགྱུར་རོ། །ཞི་བའི་སྤྱོད་པ་ནི་རྣམ་པར་རྟོག་པ་མེད་པ་སྟེ། དེ་ཡང་འབྲས་བུའི་ངོ་བོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གཉིས་ནི་སྤྱིའི་རྒྱན་ཡིན་ཏེ། བསྟན་ བཅོས་མཐའ་དག་གི་དོན་ལ་ཁྱབ་པར་བྱེད་པའོ། །གཉིས་ནི་ཁྱད་པར་གྱི་རྒྱན་ཡིན་ནོ། །དེ་ལས་དང་པོ། རྒྱན་ནི་གསུམ་པ་ཉིད་ཀྱང་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། མཐའ་དྲུག་ཚིག་གི་ངེས་ཞེས་བྱ་བ་སྨོས་ཏེ། མཐའི་སྒྲ་ནི་བྱེ་བྲག་གི་རྣམ་གྲངས་སོ། །དེའི་ཚིག་གི་ངེས་ པ་ཞེས་བྱ་བ་ནི་མཚོན་པ་ཙམ་སྟེ། དོན་གྱི་ངེས་པ་ཡང་ངོ་། །དེ་ཉིད་ཀྱི་ཁྱད་པར་ནི་རྣལ་འབྱོར་རྒྱུད་ཀྱི་ཚུལ་གྱིས་བསྟན་པ་ཡིན་ཏེ། བྱ་བའི་རྒྱུད་དག་ལ་མེད་པའི་ཕྱིར་རོ་ཞེས་བསམས་སོ། །གལ་ཏེ་དེ་ལྟ་ན་རྣལ་འབྱོར་མའི་རྒྱུད་གང་ལ་ཡང་མེད་དོ་ཞེ་ན། དེ་སྐད་དུ་མ་ཟེར་ཅིག་ཅེས་བྱ་བ་ཡིན་ཏེ། རྣལ་འབྱོར་མའི་རྒྱུད་ནི་ཁྱད་པར་དུ་གྱུར་པ་ཡིན་ཏེ། རྣལ་འབྱོར་གྱི་རྒྱུད་ཀྱང་དེའི་ནང་དུ་འདུས་པ་ཡིན་ཏེ། དེ་དག་ལ་ཡང་ཡོད་པ་ཡིན་པས་སྐྱོན་མེད་དོ། །རྒྱས་བཏབ་དོན་ནི་རབ་རྟོགས་བྱ། །ཞེས་བྱ་བ་ནི་རྩ་བའི་རྒྱུད་དུ། བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་མཛོད་ལ་རྒྱས་བཏབ་པ་བཞིན་དུ། རྡོ་རྗེའི་ ཚིག་གི་རྒྱས་བཏབ་པ་དེ་ལ་ལྡེ་མིག་དང་འདྲ་བར་མཐའ་དྲུག་གི་རིམ་པ་གང་གི་རབ་ཏུ་སད་པར་བྱེད་པ་ཡིན་ནོ་ཞེས་བསམས་སོ། །དྲང་བ་དང་ནི་ཞེས་བྱ་བ་ལ་སོགས་པ་ནི་བསྟན་པའོ། །སྐལ་ངན་སྐྱོན་ནི་སྦེད་པ་ལ། །ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་སྦེད་པ་ནི་རྩོད་པའི་ངང་ཚུལ་ཅན་ཉིད་ཀྱི་ཕྱིར་ རོ། །སྐལ་ངན་རྣམས་ལ་ཞེས་བྱ་བ་ནི་མགུ་བར་དཀའ་བའི་ཕྱིར་རོ། །དེ་ལྟ་བུའི་སློབ་མའི་དོན་དུ་ནི་དྲང་བའི་དོན་དུ་ཞེས་གསུངས་ཏེ། དྲང་བ་ནི་རང་བཞིན་གྱི་དོན་ལས་གཞན་པ་ཉིད་དུ་ཁྲིད་པ་ཡིན་ཏེ། དེ་བཤད་པ་ནི་རྒྱལ་བ་སྟེ་རྡོ་རྗེ་འཆང་གིས་སོ། །དེ་དག་ལ་ནི་འདི་ཙམ་གྱིས་དོན་བྱེད་པ་ཉིད་ཀྱིས་ སོ། །དོན་ཞེས་བྱ་བ་ནི་དོན་གྱི་རྒྱན་ཉིད་དུ་བསྟན་པ་ཡིན་ནོ། །ཡང་དག་པ་ནི་བདེན་པ་སྟེ་དེ་ཁོ་ན་ཉིད་ཇི་ལྟ་བའི་དོན་རབ་ཏུ་སྟོན་པ་སྟེ་ངེས་པའི་དོན་ནི་གདོན་མི་ཟ་བའི་དོན་དུ་ཡང་གསུངས་པ་ཡིན་ལ། སྔར་གསུངས་པ་ལས་གཞན་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །འདི་ཡང་དོན་གྱི་རྒྱན་ཡིན་ནོ། །མཆོག་འདོད་ 31-1-174a ཅེས་བྱ་བ་ལ། མཆོག་ནི་འཇིག་རྟེན་ལས་འདས་པའི་རིམ་པ་ཡིན་ཏེ་རྫོགས་པའི་རིམ་པའོ། །དེ་ལ་འདོད་པ་ནི་གང་ལ་མངོན་པར་འདོད་པ་ཞེས་བྱ་བ་དེ་དག་ནི་དེ་ལྟ་བུའོ། །དེ་རྣམས་ལ་ཆོས་ཀྱི་དེ་ཉིད་ནི་ཚིག་ཐམས་ཅད་ཀྱི་དོན་གྱི་ངོ་བོ་ཉིད་ཀྱི་ཆོས་ཉིད་དོ། །གང་རབ་ཏུ་སྟོན་པ་དེ་ནི་རྡོ་རྗེ་འཆང་ངོ་། ། མོས་པ་སྣ་ཚོགས་པའི་འཁོར་གྱི་ནང་དུ་བརྗོད་པར་མི་རུང་བའི་ཕྱིར། རིགས་པའི་འགལ་བའི་ཚིག་གི་སྦྱོར་བ་ཡིན་ཞེས་བྱ་བ་ནི་འཇིག་རྟེན་དང་འགལ་བའི་སྒྲས་སོ། །ཡང་ན་བུམ་པའི་དོན་བསྒྲུབ་པའི་སྒྲས་བྱེད་པ་ལ་སྣམ་བུའི་སྒྲ་སྦྱོར་བ་འདྲ་བས་སོ། །དེ་ནི་དགོངས་པས་བཤད་ཅེས་བྱ་བ་འདིས་ནི་སྒྲའི་རྒྱན་ཡིན་ནོ། །དཀྱིལ་ འཁོར་སོགས་དང་རྟོག་པ་ལ། །ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར་གྱི་ཆོ་ག་སྒྲུབ་པའི་སྐབས་ལ་ནི་སྒྲ་ཇི་བཞིན་པ་དེ་བཞིན་གྱི་དོན་དེ་དཀྱིལ་འཁོར་ཁྲུ་བཅུ་གཉིས་པ་བྱའོ་ཞེས་བསྟན་པ་ལ་ནི་དེ་ལས་ཉུང་བ་དང་། ལྷག་པ་བྱ་བ་མ་ཡིན་ནོ། །དེ་བཞིན་དུ་ཆོ་ག་དང་རྟོག་པ་ལ་ཡང་ཤེས་པར་བྱའོ། །དོན་རྒྱས་ ཞེས་པ་ནི་ཟབ་པ་མ་ཡིན་པའི་དོན་བཤད་པའི་སྒྲ་གང་ཡིན་པའོ། །དེ་ནི་སྒྲ་ཇི་བཞིན་གྱི་སྒྲའི་རྒྱན་ཉིད་དུ་གསུངས་པའོ། །ཀོ་ཊཱ་ཀྵ་ལ་སོགས་པའི་སྒྲ་ཞེས་པ་ལ། ཇི་བཞིན་མ་ཡིན་པའི་སྒྲ་བསྟན་པ་ནི། འཇིག་རྟེན་བསྟན་བཅོས་ལ་མེད་ཅིང་། །ཞེས་བྱ་བ་ལ། སྒྲ་ནི་རྣམ་པ་གཉིས་ཏེ། འཇིག་ རྟེན་པ་དང་བསྟན་བཅོས་པའོ། །དེ་ལ་འཇིག་རྟེན་པའི་སྒྲ་ནི་བ་ལང་དང་། རྟ་དང་། སྐྱེས་པ་དང་། བུད་མེད་དང་། ཕྱུགས་དང་། བྱ་དང་། གླང་པོ་ཆེ་དང་། རི་དགས་དང་། བྲམ་ཟེ་ལ་སོགས་པའོ། །བསྟན་བཅོས་ཀྱི་སྒྲ་ནི། དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་། མྱ་ངན་ལས་འདས་པ་ དང་ལམ་དང་། སྟོང་པ་ཉིད་དང་། དཀོན་མཆོག་གསུམ་ལ་སོགས་པ་ནི། ཀོ་ཊཱ་ཀྵ་ལ་སོགས་པའི་སྒྲ་ནི་འཇིག་རྟེན་པ་དང་བསྟན་བཅོས་ཀྱི་སྒྲ་མ་ཡིན་ཏེ། དེ་ནི་དོན་མེད་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་གསུངས་ཤེ་ན། དེ་བཞིན་གཤེགས་པའི་ཞེས་བྱ་བ་ལ་ སོགས་པ་གསུངས་སོ། །དོན་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་རྟོག་གེ་པ་དང་། སྒྲ་པ་རྣམས་ཀྱི་རྟོགས་པར་དཀའ་བའི་དོན་དུ་དེ་བཞིན་གཤེགས་པ་ལྔའི་མཚན་འདི་དག་བྱས་པ་ཡིན་ནོ། །ཡང་ན་སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་ཀྱིས་སྤྱོད་པ་བསྡུས་པའི་སྒྲོན་མར་སྲོག་ཅེས་བྱ་བའི་ 31-1-174b རླུང་ལ་སོགས་པའི་མིང་དུ་གཞན་འདི་བཟུང་བ་ཡིན་ནོ། །འདི་ཡང་སྒྲའི་རྒྱན་ཡིན་ནོ། །དབང་པོ་དམན་པའི་སེམས་ཅན་རྣམས། །ཞེས་བྱ་བ་ལ་སོགས་པ་ལ། དོན་ནི་འདི་ཡིན་ཏེ། དབང་པོ་དམན་པ་ནི་རེ་ཞིག་ཉན་པ་པོའི་དབང་པོའི་ཁྱད་པར་ཐོབ་པ་མ་ཡིན་པའོ། །འོན་ཀྱང་བླ་མ་ལ་གུས་ཤིང་ བདེན་པ་དང་། དཀོན་མཆོག་གསུམ་ལ་སོགས་པའི་ཡུལ་ལ་གུས་པ་དང་བཅས་ཤིང་། སྦྱིན་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཚུལ་ཅན་དེ་ཁོ་ན་ཉིད་ཀྱི་སྣོད་དུ་རུང་བ་དེ་དག་ལ། མཆོག་ཏུ་གསལ་བ་བཅོམ་ལྡན་འདས་ཀྱིས་དེ་ཁོ་ན་ཉིད་སྟོན་པ་གང་ཡིན་པ་དེ་ནི་དགོངས་པ་མ་ཡིན་པའི་རྒྱན་ཡིན་ ནོ། །ཅི་སྟེ་དགོངས་པ་དང་དྲང་བའི་དོན་དུ་བཤད་པ་ལ་ཐ་དད་དུ་བྱ་བ་ཅི་ཡོད་ཅེ་ན། སྒྲ་དང་དོན་གྱི་བྱེ་བྲག་གིས་ཐ་དད་པ་ཡིན་ནོ་ཞེས་སྨྲས་སོ། །དགོངས་པ་དང་ཇི་བཞིན་མ་ཡིན་པའི་སྒྲས་བཤད་པ་ལ་ཐ་དད་དུ་བྱ་བ་ཅི་ཡོད་ཅེ་ན། འགལ་བ་དང་གྲགས་པ་མ་ཡིན་པའི་སྒྲའི་བྱེ་བྲག་གིས་སོ། །དགོངས་པ་དང་ ཇི་བཞིན་པའི་སྒྲ་བཤད་པ་ལ་ཐ་དད་དུ་བྱ་བ་ཅི་ཞིག་ཡོད་ཅེ་ན། འགལ་བ་དང་འགལ་བ་མ་ཡིན་པའི་བྱེ་བྲག་གིས་སོ། །ངེས་པའི་དོན་དང་དགོངས་པ་མ་ཡིན་པའི་དོན་ལ་ཐ་དད་དུ་བྱ་བ་ཅི་ཡོད་ཅེ་ན། དབང་པོ་རྣོ་བ་དང་། རྟུལ་པའི་བྱེ་བྲག་གིས་སོ། །དེ་བཞིན་དུ་དགོངས་པ་དང་། ཇི་བཞིན་པའི་སྒྲ་དང་། ཇི་ བཞིན་མ་ཡིན་པའི་སྒྲར་བཤད་པ་གསུམ་ནི་སྒྲའི་རྒྱན་ནོ། །དྲང་བའི་དོན་དང་ངེས་པའི་དོན་དང་། དགོངས་པ་མ་ཡིན་པས་བཤད་པ་གསུམ་ནི་དོན་གྱི་རྒྱན་ཡིན་ནོ། །བཤད་པའི་དབྱེ་བ་བཞི་བསྟན་པའི་ཕྱིར་ཚིག་གི་དོན་ཞེས་བྱ་བ་ལ་སོགས་པ་ནི་བསྟན་པའོ། །དང་པོ་གཅིག་པུ་ཁོ་ན་ཉིད། །ཅེས་བྱ་བ་ལ་ རབ་ཏུ་དབྱེ་བ་སྔོན་དུ་འགྲོ་བས་བཤད་པའོ། །ཐམས་ཅད་ཀྱི་སྤྱི་དོན་གྱི་དབྱེ་བ་ནི་རྣམ་པ་བརྒྱད་ཡིན་ནོ། །སྒྲ་ཙམ་ལ་ནི་རབ་གཞོལ་བའི། །ཞེས་བྱ་བ་ལ་སོགས་པ་ལ། ཚད་མ་དང་བརྡ་སྤྲོད་པ་ལ་མངོན་པར་ཞུགས་པ་རྣམས་ལ་ནི་རྣམ་པར་དབྱེ་བའི་ཚིག་དང་། བྱེད་པ་པོ་དང་། བསྡུ་བ་ལ་སོགས་པ་ བཤད་པ་ཙམ་གྱིས་དགའ་བར་འགྱུར་བ་ཡིན་ཏེ། དེ་བས་ན་དེའི་དོན་ཡི་གེའི་དོན་ཞེས་སྨོས་ཏེ། ཡི་གེ་འབྲུའི་དོན་གྱིས་ཞེས་པ་སྒྲའི་རྒྱན་ཡིན་ནོ། །མདོ་སོགས་ལ་ནི་ཞེས་བྱ་བ་ལ་སོགས་པ་ལ་གང་གི་ཚེ་མདོ་སྡེ་པ་ལ་སོགས་པ་དགེ་བའི་བཤེས་གཉེན་གྱི་དབང་གིས་སྔགས་ཀྱི་ལམ་ལ་རབ་ཏུ་ཞུགས་པ་ 31-1-175a དེའི་ཚེ། དམ་ཚིག་དང་སྤྱོད་པ་ལ་སོགས་པ་ཤིན་ཏུ་ཟབ་པ་རྣམས་མཐོང་ནས། སེམས་ལ་འགྱོད་པ་སྐྱེས་ཏེ། འབྱེར་བར་བྱེད་པ་དེའི་ཚེ། དམ་པའི་ཆོས་སྤོང་བའི་སྡིག་པའི་མེ་ལ་ཇི་སྲིད་བྱེ་བ་བཞིན་དུ་མ་ལྟུང་བ་དེའི་བར་དུ་དེ་དག་སྐྱོབ་པའི་ཕྱིར། དེ་དང་རྗེས་སུ་མཐུན་པ་ཉིད་དུ་བཅོམ་ ལྡན་འདས་ཀྱིས་སྟོན་པར་མཛད་པ་ནི། དེ་དག་གང་གི་འགྱོད་པ་ལས་ཟློག་པར་བྱེད་པ་ཞེས་བསམས་ཏེ། དཔེར་བརྗོད་པ་ནི་འོག་ནས་མང་དུ་འཆད་པར་འགྱུར་རོ། །དེ་བཞིན་དུ་བསྐྱེད་པའི་རིམ་པ་ཞེས་བྱ་བ་དབྱེ་བ་གཉིས་པ་ཡིན་ཏེ། འདི་ནི་དོན་གྱི་རྒྱན་ཡིན་ནོ། །སྦས་དང་ཞེས་བྱ་བ་ལ་སོགས་པ་ ལ། སྦས་པ་འདི་ལ་ཡོད་པས་ན་སྦས་པའོ་ཞེས་རང་ཉིད་ཀྱིས་སྨྲས་སོ། །སྦས་པ་ཇི་ལྟ་བུ་ཞེ་ན། འདོད་ཆགས་ཆོས་ནི་རབ་སྟོན་པ། །ཞེས་བྱ་བ་འདོད་ཆགས་རྣམ་པར་དག་པ་སྟོན་པ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ། ཀུན་རྫོབ་བདེན་པ་རྟོགས་པ་དང་། །ཞེས་བྱ་བ་འདིས་ནི་རང་བྱིན་གྱིས་བརླབ་པའི་རིམ་པ་ བསྟན་ཏོ། །ཡེ་ཤེས་གསུམ་པོ་རྣམ་བརྟགས་པའི། །ཞེས་བྱ་བ་འདིས་ནི་སེམས་རྣམ་པར་དག་པ་བསྟན་པ་ཡིན་ཏེ། འདི་ཡང་དོན་གྱི་རྒྱན་ཡིན་ནོ། །འོད་གསལ་བ་དང་རབ་ཏུ་ཞུགས་པ་ཞེས་བྱ་བ་ནི་མངོན་པར་བྱང་ཆུབ་པའི་རིམ་པ་སྟེ་བཞི་པའོ། །ཟུང་དུ་འཇུག་པ་རྟོགས་པ་སྟེ། །ཞེས་བྱ་བས་ནི་ རིམ་པ་ལྔ་པ་བསྟན་པའོ། །འདི་ཡང་དོན་གྱི་རྒྱན་ཡིན་ནོ། །དེ་ལ་ཡི་གེའི་དོན་གྱིས་ནི་དགོངས་པ་མ་ཡིན་པ་དང་། སྒྲ་ཇི་བཞིན་པ་གཉིས་བསྡུས་སོ། །སྤྱིའི་དོན་གྱིས་ནི་དྲང་བའི་དོན་དང་། ངེས་པའི་དོན་གཉིས་བསྡུས་པ་ཡིན་ནོ། །སྦས་པའི་དོན་གྱིས་ནི་དགོངས་པས་བཤད་པ་བསྡུས་པ་ཡིན་ ནོ། །མཐར་ཐུག་པའི་དོན་གྱིས་ནི་ཇི་བཞིན་མ་ཡིན་པའི་སྒྲ་བསྡུས་པ་ཡིན་ནོ། །ཡི་གེའི་དོན་དང་སྤྱིའི་དོན་གྱིས་ནི་བསྐྱེད་པའི་རིམ་པ་བསྡུས་སོ། །སྦས་པའི་དོན་གྱི་ཕྱོགས་གཅིག་གིས་ནི་རྡོ་རྗེ་བཟླས་པ་བསྡུས་སོ། །སྦས་པའི་དོན་གྱི་ཕྱོགས་གཉིས་པས་ནི་སེམས་རྣམ་པར་དག་པའི་རིམ་པ་དང་། རང་ བྱིན་གྱིས་བརླབ་པའི་རིམ་པ་བསྡུས་སོ། །མཐར་ཐུག་པའི་དོན་གྱིས་ནི་མངོན་པར་བྱང་ཆུབ་པའི་རིམ་པ་དང་། ཟུང་དུ་འཇུག་པའི་རིམ་པ་བསྡུས་ཏེ། འདི་ནི་བསྡུས་པའི་དོན་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་མཐར་ཐུག་པའི་ཚིག་གོ། །འཆད་པས་ཉན་པར་འདོད་པ་ལ། །ཞེས་བྱ་བ་ལ་སོགས་པ་ལ་འཆད་པ་པོའི་ 31-1-175b རྒྱན་བསྟན་པ་ཡིན་ཏེ། ཉན་པར་ཞེས་བྱ་བ་ལ་ཉན་པར་བྱེད་པའི་བྱ་བ་ལ་ལྟོས་ནས་བྱེད་པ་པོའི་རྐྱེན་ནི་ཙ་ཞེས་བྱའོ། །གང་དག་ཉན་པར་བྱེད་པ་དེ་དག་ལ་ནི་རྣམ་པ་གཉིས་སུ་བཤད་པར་བྱ་སྟེ། གཉིས་པོ་དེ་བཤད་པར་བྱ་བའི་ཕྱིར། ཚོགས་པ་ལ་བཤད་པ་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །ཚོགས་ནི་ འཁོར་གྱི་སྐྱེ་བོ་འདུས་པ་གསལ་བའོ། །དེ་ལ་བཤད་པ་ནི་བྱེད་པ་པོའི་རྐྱེན་ལཱུ་ཊ་ཞེས་བྱ་བ་ཡིན་ནོ། །སློབ་མ་ནི་རྗེས་སུ་བསྟན་པ་སྟེ། དམ་ཚིག་ལ་སོགས་པའི་ལམ་བསྟན་པ་སྟེ། དེ་དག་ནི་གསང་བ་ཡིན་ལ། བླ་མས་སློབ་མ་གང་དེ་དག་ལ་གང་བཤད་པ་དེ་ནི་ཞེས་བྱ་བའི་དོན་ཏོ། །སློབ་དཔོན་གྱིས་གང་ ལ་བརྟེན་ནས་བཤད་པ་བྱེད་པ་སྟེ་བསྟན་པ་ནི། ཇི་བཞིན་སྒྲ་དང་ཞེས་བྱ་བ་ལ་སོགས་པ་ལ་བསམ་པ་ནི་འདི་ཡིན་ཏེ། དགོངས་པ་མ་ཡིན་པ་དང་། དྲང་བའི་དོན་གཉིས་ནི་དོན་གྱི་རྒྱན་ཡིན་ནོ། །སྒྲ་ཇི་བཞིན་པ་ནི་སྒྲའི་རྒྱན་དང་། དེའི་འོག་ཏུ་ཡི་གེའི་དོན་དང་། སྤྱིའི་དོན་ཡང་བསྐྱེད་པའི་རིམ་ པ་གཙོར་བྱས་པས་ཚོགས་ལ་བཤད་པ་ཡིན་ཏེ། དེ་ལྟར་རྒྱན་རྣམ་པ་ལྔ་ནི་བཤད་པའི་རིམ་པ་དང་པོ་ཡིན་ནོ། །ཇི་བཞིན་མ་ཡིན་པ་དང་དགོངས་པས་བཤད་པ་ནི་སྒྲའི་རྒྱན་ནོ། །ངེས་པའི་དོན་དང་སྦས་པ་དང་མཐར་ཐུག་པ་ནི་དོན་གྱི་རྒྱན་ཏེ། རྫོགས་པའི་རིམ་པ་གཙོ་བོ་ཡིན་པའི་ཕྱིར། སློབ་ མ་ལ་བཤད་པར་འདོད་དོ། །དེ་ཉིད་ཀྱི་ཕྱིར་རིམ་པ་གཉིས་ཞེས་བྱ་བ་ལ་སོགས་པ་ལ་སྨོས་ཏེ། བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །ཞེས་བྱ་བ་འདིས་ནི་ལུང་ཚད་མར་བསྟན་པ་ཡིན་ནོ། །འཇིག་རྟེན་ངེས་པར་གྱུར་པ་ཡི། །ཞེས་བྱ་བ་འདིས་ནི་ཉན་པ་པོའི་རྒྱན་བསྟན་པ་ཡིན་ནོ། །སེམས་ཅན་གྱི་ ཁམས་མོས་པ་སྣ་ཚོགས་ཡོད་པའི་ཕྱིར། རིགས་སོ་སོར་ངེས་པར་གྱུར་པ་ཡིན་ཏེ། གསེར་དངུལ་ལ་སོགས་པའི་རིགས་བཞིན་ནོ། །བྱང་ཆུབ་སེམས་དཔའི་རིགས་ལ་ཕྱིར་མི་རྟེན་ཞེ་ན། རྣམ་པ་ཀུན་དུ་ཉན་འདོད་པའི། །ཞེས་གསུངས་ཏེ། ཉན་པའི་ཕྱིར་ཞུགས་པ་ལ་ནི་མི་བཤད་པས་ རིགས་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། བློ་ཡི་རྣམ་པ་དུ་མ་ལས། །ཞེས་བྱ་བ་ལ། བློ་རྣམ་པ་སྣ་ཚོགས་པ་ལས་སོ། །གང་ཟག་རྣམ་པ་ལྔར་འདོད་དོ། །ཞེས་བྱ་བ་ནི་རྣམ་པ་གཞན་ནི་མ་ཡིན་ནོ། །ཨུཏྤལ་ལ་སོགས་པ་ནི་བསྟན་པ་ཡིན་ནོ། །ཐམས་ཅད་མཁྱེན་པས་གསུངས་པ་ཡིན། །ཞེས་བྱ་བ་འདིས་ 31-1-176a ནི་ལུང་ཚད་མར་བསྟན་པ་ཡིན་ནོ། །དེ་ནི་མ་ལུས་ཐོས་གྱུར་ལ། །ཞེས་བྱ་བ་ལ་སོགས་པ་ལ། གང་ཟག་ཨུཏྤ་ལའི་མཚན་ཉིད་ནི་སློབ་དཔོན་འཆད་པ་ལ་ཉན་པར་ཞུགས་པ་ན། གཞལ་བྱའི་དངོས་པོ་མཐའ་དག་ཐོས་ཤིང་བཟུང་ལ་དེ་ལས་ལངས་ནས། རང་གི་གནས་སུ་ཕྱིན་པ་ ན་ཐམས་ཅད་བརྗེད་པའོ། །དེ་ཉིད་ཀྱི་ཕྱིར་ཨུཏྤལ་དང་འདྲ་བས་ཨུཏྤལ་སྟེ། ཨུཏྤལ་ནི་མཚོའི་ནང་ན་ཡོད་ན་ནི་དྲི་ཞིམ་ཞིང་རྙེད་པ་མེད་ལ། དེ་ལས་ཕྱུང་ན་ནི་དྲི་མེད་ཅིང་རྙེད་པ་ཡིན་ནོ། །གཟུང་བྱ་མང་དུའང་ཞེས་བྱ་བ་ལ་སོགས་པ་ནི་པདྨ་དཀར་པོ་ཞེས་བྱ་བའི་གང་ཟག་བསྟན་ཏེ། གཟུང་བར་བྱ་བ་ནི་ ཆོས་ཀྱི་དོན་ནོ། །ལྷག་མ་ནི་ཚངས་པ་མཚུངས་པར་སྤྱོད་པ་གཞན་ལས་ཁྱད་པར་དུ་གྱུར་པའོ། །དེ་ཉིད་ཀྱི་ཕྱིར་མང་ཞེས་བྱ་བ་སྨོས་ཏེ། མང་བ་ནི་མང་པོའོ། །ཐོས་པར་གྱུར་ཀྱང་ཞེས་བྱ་བ་ནི་རྟོགས་པ་དང་། འཛིན་པ་དང་། བྲལ་བར་གྱུར་ཀྱང་ངོ་། །འོན་ཀྱང་སྟོན་པ་ལ་འཇུག་པ་ན་ཚིག་གི་ ཕྱོགས་གཅིག་ཀྱང་རིགས་པས་སྨྲ་བར་ནུས་པ་མེད་དེ། ཚིག་ལ་སྐྱོན་ཡོད་པའི་ཕྱིར་ཏེ། དེ་ནི་པདྨ་དཀར་པོ་ཞེས་བྱ་བའི་གང་ཟག་ཡིན་ཏེ། བུམ་པའི་རས་བལ་གྱི་ས་བོན་དང་འདྲ་སྟེ། བུམ་པར་རས་བལ་གྱི་ས་བོན་བཞག་ན་འཕེལ་བར་མི་འགྱུར་ཏེ། དེ་ཁོ་ན་བཞིན་དུ་གནས་པར་འགྱུར་རོ། ། རས་བལ་གྱི་སྒྲ་ནི་རས་བལ་གྱི་ས་བོན་ལ་འཇུག་སྟེ། བུམ་པའི་ནང་ནས་འབྲས་བུ་སྐྱེ་བར་མི་འགྱུར་རོ་ཞེས་བསམས་སོ། །པདྨ་དཀར་པོའི་དྲི་ནི་རང་གི་སྦུ་བས་ལས་གཞན་དུ་དྲི་འཕྲོ་བ་མེད་པ་དེ་དང་འདྲའོ། །དད་དང་ལྡན་ཞིང་ཞེས་བྱ་བ་ལ་སོགས་པས་ནི་པདྨ་ཞེས་བྱ་བའི་གང་ཟག་བསྟན་ཏེ། དཔེར་ ན་རྒྱུ་བ་དང་མི་རྒྱུ་བའི་གནས་ནི་ས་ཡིན་ནོ། །དེ་བཞིན་དུ་ཡོན་ཏན་མཐའ་དག་གི་ཚོགས་ཀྱི་གཞི་ཡང་དད་པ་ཡིན་ནོ། །དེ་དང་གང་ལྡན་པ་ནི་དད་པ་དང་ལྡན་པའོ། །ཤེས་པས་ནི་ཡང་དག་པར་རྟོགས་པའོ། །དེའི་འབྲས་བུ་ནི་སྙིང་རྗེའོ། །ཐོས་ན་བློའི་ཁ་བྱེ་བ་དེ་ལ་དེ་སྐད་ཅེས་བྱའོ། །བླ་མ་ལས་ ཆོས་དང་། མདོ་སྡེ་དང་རྒྱུད་དང་གཞལ་བྱ་རྣམ་པ་སྣ་ཚོགས་ཐོས་ནས་གཏན་ཚིགས་དང་དཔེ་བརྗོད་པའི་ཚུལ་གྱིས་རྒྱ་ཆེར་འབྱེད་པར་ནུས་པའོ། །ཚིགས་མེད་འོད་མ་ནི་སྦུབས་སྟོང་པའི་བར་དུ་ཡིན་ནོ། །འོད་མ་ནི་གླིང་བུའོ། །དེ་ཇི་ལྟར་གསལ་བ་དང་སྙན་པར་ཐོས་པར་འགྱུར་བ་དེ་བཞིན་དུ། ཆོས་འཆད་ 31-1-176b པའི་དུས་སུ་སློབ་མས་ཐོས་པར་འགྱུར་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱི་ཕྱིར་པདྨ་དང་འདྲ་བས་པདྨ་ཡིན་ཏེ།རང་ཉིད་ཀྱང་དྲི་ཞིམ་པ་ཡིན་ལ་ཕྱོགས་ཐམས་ཅད་ཀྱང་དེ་བཞིན་དུ་དྲིས་ཁྱབ་པ་ཡིན་ནོ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱི་དེ་ལྟ་བུའོ། །ཐོས་པ་ཉུང་ཞིང་ཞེས་བྱ་བ་ལ་སོགས་པས་ ནི་ཙནྡན་ཞེས་བྱ་བའི་གང་ཟག་བསྟན་ཏེ། ཐོས་པ་ཉུང་བ་ནི་ཆོས་མང་པོ་འཛིན་པ་མ་ཡིན་པའོ། །གལ་ཏེ་བརྒྱ་ལམ་ན་སློབ་དཔོན་བརྩེ་བའི་དབང་གིས་དེ་བོས་ཏེ། ཀྱེ་བཞིན་བཟང་ཐོས་པ་ལ་གོམས་པར་གྱིས་ཤིག་དང་། ཇི་སྲིད་ཁྱོད་ཀྱི་དོན་དུ་བཤད་པ་ལ་བརྩོན་པར་བྱའོ། །དེས་དེ་ལ་སྨྲས་ པ། ཐམས་ཅད་ཀྱང་བདག་གིས་ཤེས་པ་ཡིན་ཏེ། དེ་བས་ན་བདག་གི་སྤྱོད་ཡུལ་དུ་མ་གྱུར་པ་ནི་གང་ཡང་མེད་དོ་ཞེས་ང་རྒྱལ་བྱེད་ཅིང་། དེ་སྤངས་ནས་གཞན་དུ་འགྲོ་བར་བྱེད་དོ། །རྩོད་པའི་དུས་སུ་ནི་མང་དུ་སྨྲ་ལ། གལ་ཏེ་རིགས་པ་སྨྲ་བའི་ཚེ་ནི་སྐྱོན་གང་ཡང་མེད་ན། འོན་ཀྱང་རྩ་བ་མེད་པ་ནི་ མདོ་དང་རིགས་པའི་ལུང་སྤངས་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱིས་ན་རྗེས་སུ་བཟུང་བར་མི་ནུས་པ་ཞེས་སྨོས་ཏེ། བླ་མས་མཁས་པ་ཉིད་དུ་བསྒྲུབ་པར་མི་ནུས་པ་ཡིན་ཏེ། ཇི་སྐད་དུ། མི་ཤེས་བདེ་བར་དགའ་བར་ནུས། །བྱེ་བྲག་ཤེས་པ་རབ་དགར་ནུས། །ཤེས་རབ་ཆ་ཙམ་ཤེས་ཉེས་པ། །སངས་ རྒྱས་ཀྱིས་ཀྱང་དགར་མི་འགྱུར། །ཞེས་གསུངས་པ་ལྟ་བུའོ། །དེ་ནི་ཙནྡན་དང་འདྲ་བས་ཙནྡན་ཞེས་བྱ་བའི་གང་ཟག་ཡིན་ཏེ། ཙནྡན་ནི་འབྲས་བུ་མེད་པའི་ཕྱིར་དང་། སོ་གདུག་པའི་སྦྲུལ་གྱིས་བསྐོར་བའི་ཕྱིར་དྲུང་དུ་འགའ་ཡང་ཉེ་བར་འགྲོ་བ་མ་ཡིན་ནོ། །ཚུལ་ཁྲིམས་དག་ཅིང་ཞེས་བྱ་བ་ལ་སོགས་པས་ནི་ རིན་ཆེན་ཞེས་བྱ་བའི་གང་ཟག་བསྟན་ཏེ། ཚུལ་ཁྲིམས་ནི་བརྟུལ་ཞུགས་མ་ཉམས་པའོ། །དག་པ་ནི་བསམ་པ་དག་པའོ། །མཁའ་ལ་སྒྲིན་པ་ནི་དགེ་བའི་ལས་ལ་སྤྲོ་བ་དང་བཅས་པའོ། །ཤེས་རབ་དང་ལྡན་པ་ནི་རང་བཞིན་གྱིས་བློ་རྣོ་བའོ། །དུས་གཅིག་ལ་ཞེས་བྱ་བ་ནི་ཤེས་བྱ་ལན་ཅིག་བརྗོད་པས་ ཇི་སྲིད་འཚོའི་བར་དུ་བཟུང་ནས་མི་བརྗེད་པ་ནི་དུས་གཅིག་པ་ཡིན་ཏེ། ཆོས་ཉིད་ཀྱིས་ཐོབ་པའི་ཤེས་རབ་དང་ལྡན་པའི་ཕྱིར་རོ། །ཐོས་ནས་ལེགས་པར་སྟོན་པ་ནི། །ཞེས་བྱ་བ་ནི། རང་གི་འདོད་པས་མ་ཡིན་ཞིང་ལྟ་བ་གཞན་གྱིས་འདྲེས་པ་མ་ཡིན་ཞིང་ཞེས་བྱ་བས་ནི། ཡིད་ཆེས་པའི་ལུང་ཉིད་དུ་སྟོན་ 31-1-177a པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རིན་པོ་ཆེ་བཞིན་དུ་རིན་ཐང་མེད་པའི་རིན་པོ་ཆེ་ཡིན་པའི་ཕྱིར་དང་། རེ་བ་རྫོགས་པར་བྱེད་པའི་ཕྱིར་རོ། །ཡང་ན་དེ་ལྟ་བུའི་ཡོན་ཏན་གྱི་ཚོགས་ཀྱི་རིན་པོ་ཆེ་རྣམས་གང་ལ་ཡོད་པ་དེ་ནི། རིན་པོ་ཆེ་ཞེས་འབྲུམ་བུ་ལ་སོགས་པ་དང་པོ་ན་ཡོད་པའི་གྲངས་ ལ་ཨ་ཙའི་རྐྱེན་བྱས་ཏེ། རིན་པོ་ཆེ་ལ་སོགས་པ་ནི། དབང་པོའི་བྱེ་བྲག་ཡིན་ནོ། །དེ་ལ་ཙནྡན་ནི་བེམས་པོའི་རིགས་ཡིན་ནོ། །ཨུཏྤལ་ནི་དབང་པོ་ཐ་མ་ཡིན་ནོ། །པདྨ་དཀར་པོ་ནི་འབྲིང་པོ་ཡིན་ནོ། །པདྨ་ནི་རབ་ཡིན་ནོ། །རིན་པོ་ཆེ་ནི་དབང་པོ་རབ་ཀྱི་ཡང་རབ་ཡིན་ནོ། །དེའི་ཕྱིར་གང་ཟག་བཞི་ པོ་ནི་ཚོགས་ལ་བཤད་པར་རུང་བ་ཡིན་ལ། གཅིག་ནི་སློབ་མ་ལ་བཤད་པའི་སྣོད་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ་ནི་ཨུཏྤལ་དེ་བཞིན་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །རྡོ་རྗེ་སློབ་དཔོན་མཁས་པས་ནི། །ཞེས་བྱ་བ་ལ། དེ་དག་གི་ཤེས་པའི་དབྱེ་བ་ཡིས་ཞེས་བྱ་བ་ཡིན་ཏེ། གཞན་དུ་ན་ཐམས་ཅད་ ཉེ་བར་འདྲེས་པར་འགྱུར་རོ། །བསྟན་བཅོས་མཐའ་དག་གི་དོན་བསྡུས་པའི་རྒྱན་བསྟན་པར་བྱ་བའི་ཕྱིར། རྒྱན་ནི་དྲུག་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱན་དྲུག་པོ་མཐར་ཕྱིན་ན་བསྟན་བཅོས་ཀྱི་ལུས་ཀྱི་རིམ་པ་གཉིས་སུ་ཕྱིན་པར་འགྱུར་རོ་ཞེས་བསམས་སོ། །དེ་ཉིད་ཀྱི་ཕྱིར། དེ་ནི་རྒྱན་ གྱུར་བདུན་པ་སྟེ། །ཞེས་གསུངས་སོ། །བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ན། །ཞེས་བྱ་བ་ནི་རང་གི་འདོད་པ་འགེགས་པ་ཡིན་ནོ། །ཤིན་ཏུ་རྙེད་པར་དཀའ་ཞེས་བྱ་བས་ནི་འགྲེལ་པ་བྱེད་པ་གཞན་གྱིས་རྙེད་པར་དགའ་བའི་ཕྱིར་རོ། །རྣལ་འབྱོར་གྱི་རྒྱུད་ཐམས་ཅད་ལ་ཡང་འདི་ཉིད་ཀྱི་བཤད་པར་རིགས་ཀྱི། གཞན་དུ་མ་ཡིན་ནོ་ཞེས་བྱ་བའི་སྒྲ་ཇི་བཞིན་ཙམ་གྱིས་ཏེ། འདིས་ནི་རིན་ཆེན་འབྱུང་གནས་ཞི་བ་ལ་སོགས་པས་འགྲེལ་པ་བྱས་པ་སུན་འབྱིན་པ་ཡིན་ནོ། །རྒྱན་འདི་དག་ཀྱང་གླེགས་བམ་མཐོང་བ་ཙམ་གྱིས་ཤེས་པ་མ་ཡིན་ཏེ། འོན་ཀྱང་བླ་མའི་ཞལ་ལ་སོགས་པ་ལས་རྙེད་པ་ཡིན་ནོ་ཞེས་བསྟན་པའི་ ཕྱིར། དེ་བས་རྡོ་རྗེ་སློབ་དཔོན་གྱིས། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། གླེང་གཞི་ནི་བསྐྱེད་པའི་རིམ་པའོ། །རིམ་པ་ནི་རྫོགས་པའི་རིམ་པའོ། །དེ་དག་གི་སྦྱོར་བ་ཞེས་བྱ་བར་སྦྱོར་རོ། །དག་ཅེས་བྱ་བ་ནི་བྱེད་པའི་གསུམ་པའོ། །བཤད་པའི་རྒྱུད་ལ་མཁས་པ་ཡིས། །ཞེས་བྱ་བ་ 31-1-177b ནི་རྡོ་རྗེ་སློབ་དཔོན་གྱི་ཁྱད་པར་རོ། །གཞན་དུ་ན་རྒྱན་རྣམ་པར་དབྱེ་བ་ཡོངས་སུ་མི་ཤེས་པའི་ཕྱིར་རོ། །འོ་ན་རིམ་པའི་སྒྲ་ནི་གཉི་གའི་ཚིག་ཡིན་ན། ཇི་ལྟར་རྫོགས་པའི་རིམ་པ་ལ་འཇུག་ཅེ་ན། གླེང་གཞིའི་སྒྲ་ནི་ཉེ་བ་ན་ཡོད་པས་སོ། །སྤྱིའི་སྒྲ་ནི་རིག་པ་རྣམ་པ་གསུམ་གྱི་ཁྱད་པར་ལ་འཇུག་སྟེ། དོན་གྱིས་དང་། སྐབས་དང་སྒྲ་གཞན་ཉེ་བ་ན་ཡོད་པས་སོ། །ཡང་ན་བ་གླང་ལ་གླང་གི་རིགས་པས་ངེས་པ་མེད་པ་ཡང་ཡིན་ནོ། །རྒྱན་བདུན་བཤད་པའི་རིགས་པ་ཞེས་བྱ་བ་འདིས་ནི་རྒྱན་རྣམ་པ་བདུན་བསྟན་པ་ཡོངས་སུ་རྫོགས་པ་ཡིན་ནོ། །ད་ནི་ཞེས་བྱ་ལ་སོགས་པས་ནི་བསྡུས་པའི་དོན་བཤད་ པར་བྱ་སྟེ། རྗོད་པ་དང་བརྗོད་པར་བྱ་བའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་ངག་འདིའི་དོན་ནི་འདི་ཡིན་ཏེ། རྡོ་རྗེ་འཆང་ཆེན་པོ་སྤྲོས་པ་མེད་པའི་ངོ་བོ་སྒྲ་དང་དོན་གྱི་ངོ་བོར་གྱུར་ནས་སྟོན་པར་མཛད་པ་དེ། གཞན་དུ་ན་བྱེ་བྲག་དང་ལྡན་པ་ཡིན་པའི་ཕྱིར། རྡོ་རྗེ་ཉིད་དུ་མི་འགྱུར་རོ། །སྤྲུལ་པའི་ དཀྱིལ་འཁོར་ན་སྤྲོ་བའི་དཀྱིལ་འཁོར་རོ། །རིག་པའི་དབང་བསྐུར་བ་ནི་རིག་པའི་པདྨའི་ནང་དུ་ཞེས་བྱ་བའི་དོན་ཏོ། །བརྟགས་པ་དང་རྫོགས་པའི་རིམ་པ་ཞེས་བྱ་བ་ལ་སོགས་པ་ལ། བརྟགས་པའི་རིམ་པ་ནི་བསྐྱེད་པའི་རིམ་པའོ། །རྫོགས་པའི་རིམ་པ་ནི་ཡོངས་སུ་རྫོགས་པའི་རིམ་ པའོ། །ལྷའི་རྣལ་འབྱོར་གཉིས་པ་ནི་ཡོངས་སུ་དག་པ་དང་། ཡོངས་སུ་མ་དག་པའི་ལྷའི་རྣལ་འབྱོར་རོ། །ལེའུ་བཅུ་དྲུག་པའི་དོན་གཞན་དག་ཀྱང་རྙེད་པས་ཞེས་བྱ་བས་ནི། དེར་ཡང་འདི་ཉིད་ཀྱི་དོན་ལ་ལར་གཏན་ལ་ཕབ་པ་ཡིན་ནོ། །ཐམས་ཅད་དུ་ནི་མ་ཡིན་ནོ། །གཞན་དུ་ལེའུ་བཅུ་དྲུག་པ་ལས་ནི། ལེའུ་བཞི་པ་ ལས་དཀྱིལ་འཁོར་གསུངས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་སྤྲོས་ཏེ་གསུངས་སོ་ཞེས་མི་སྟོན་པར་འགྱུར་རོ། །དེ་ལྟར་རེ་ཞིག་ལྷའི་རྣལ་འབྱོར་རྣམ་པ་གཉིས་ཀྱིས་རྒོད་པ་ཐོབ་པར་འགྱུར་བ་དེ་བཟློག་པའི་ཕྱིར། དོན་དམ་པའི་བདེན་པ་ལ་འཇུག་པར་བྱ་བའི་ཕྱིར་ལེའུ་གཉིས་པ་གསུངས་པ་ཡིན་ཏེ། དེ་ ཉིད་ཀྱི་ཕྱིར་དེ་ལ་ལེའུ་གཉིས་པ་ལས་ནི་རྫོགས་པའི་རིམ་པ་འབའ་ཞིག་ཉེ་བར་སྟོན་པ་ཡིན་ནོ། །དོན་དམ་པ་ལ་རབ་ཏུ་ཞུགས་པ་ལ་ནི་གཞན་གྱི་དོན་མེད་པས་སྨོན་ལམ་འབྲས་བུ་མེད་པའི་ཕྱིར། འདི་ཉིད་ཀྱི་ཉེས་པ་ལས་བཟློག་པའི་ཕྱིར། ལེའུ་གསུམ་པ་ལས་ནི་ཡོངས་སུ་དག་པའི་ལྷའི་རྣལ་ 31-1-178a འབྱོར་གསལ་བར་བྱེད་དོ། །ཡོངས་སུ་དག་པའི་སྒྲ་ནི་རྣམ་པ་གཉིས་ཏེ། གཅིག་ནི་བསྐྱེད་པའི་རིམ་པའི་ཚིག་གོ། །གཉིས་པ་ནི་རང་བྱིན་གྱིས་བརླབ་པའི་ཚིག་སྟེ་འདི་ནི་གཉི་ག་ཡང་བཟུང་བ་ཡིན་ནོ། །རིག་པའི་དབང་བསྐུར་བ་ཐོབ་ནས། ལེའུ་བཞི་པ་ལས་ནི་ཕྱིར་མི་ལྡོག་པའི་ དབང་བསྐུར་བའོ། །དབང་བསྐུར་བ་ཐོབ་ནས་ཡང་སྤྱོད་པ་བྱེད་དེ། དེ་བས་ན་སྤྱོད་པའི་ལེའུ་ལྔ་པ་ཡིན་ནོ། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་པ་མེད་པར་ནི་སྤྱོད་པ་མི་འགྲུབ་པས། སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་པ་ནི་ལེའུ་དྲུག་པའོ། །འདི་ནི་མཚོན་པ་ཙམ་ཡིན་ཏེ། གཞན་ཕྲ་བའི་ རྣལ་འབྱོར་ལ་སོགས་པ་ཡང་གསུངས་ཏེ། འདིའི་རྒྱུད་ཡིན་པའི་ཕྱིར། ལེའུ་བདུན་པ་ལ་ནི་ཁྱད་པར་ཅི་ཡང་མེད་དེ། འོན་ཀྱང་ལེའུ་ལྔ་པ་ལས་གསུངས་པའི་སྤྲོས་པ་ཡིན་ནོ། །རྒྱ་ཆེ་བའི་དོན་ཤེས་ན། བདེ་བླག་ཏུ་རྟོགས་པར་བྱའོ་ཞེས་བྱས་ནས་སོ། །དེ་ལྟར་བྱས་ཀྱང་གྲུབ་པ་མེད་ན་ཇི་སྲིད་རང་ བཞིན་གྱིས་རྣམ་པར་རྟོག་པ་གཙང་བ་དང་མི་གཙང་བ་ལ་སོགས་པ་ཉེ་བར་མ་ཞི་ན། དེའི་ཕྱིར་གསང་བའི་དབང་བསྐུར་བ་ལེའུ་བརྒྱད་པའོ། །གསང་བའི་དབང་བསྐུར་བ་ཐོབ་ན་དུས་དེ་ཉིད་དུ་གྲུབ་པར་བྱ་བའི་ཕྱིར། བཙན་ཐབས་སུ་ཏིང་ངེ་འཛིན་བསྒྲུབ་པར་བྱ་བའི་ཕྱིར་ལེའུ་དགུ་པའོ། །རྣལ་ འབྱོར་པ་སྔགས་ལ་མོས་པ་རྣམས་ལ་ནི་གསང་བའི་དབང་བསྐུར་བ་ཐོབ་པའི་འོག་ཏུ་སྔགས་ཡང་དག་པར་བསྐུལ་བས་རྡོ་རྗེ་འཆང་ཆེན་པོ་གྲུབ་པར་བྱ་བའི་ཕྱིར་ནི་ལེའུ་བཅུ་པའོ། །དེ་ལྟར་དགུ་པ་དང་བཅུ་པ་ནི་བརྒྱད་པའི་ཡན་ལག་ཏུ་གྱུར་པ་ཡིན་ནོ། །གཙོར་བྱེད་པ་དང་གཙོར་མི་བྱེད་པའི་སློབ་མའི་ བྱེ་བྲག་གིས་སོ། །གང་ཡང་བཙན་ཐབས་ཀྱི་སྦྱོར་བ་དང་། སྙིང་པོས་ཡང་དག་པར་བསྐུལ་བ་དག་གིས་རྡོ་རྗེ་འཆང་ཆེན་པོ་ཉིད་ཐོབ་པ་དེ་ལ་ནི་བྱེ་བྲག་རྣམ་པ་གཉིས་ཏེ། སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་བསྐྱེད་པ་ཡིན་ཏེ། དེ་སྔགས་ཀྱི་སྐུ་ནི་བསྐྱེད་པའི་རིམ་པས་སོ། །ཡེ་ཤེས་ཀྱི་སྐུ་ནི་ རྫོགས་པའི་རིམ་པ་ཡིན་ཏེ། དེའི་དོན་དུ་ལེའུ་བཅུ་གཅིག་པའོ། །ཡེ་ཤེས་ཀྱི་སྐུ་ལ་རབ་ཏུ་ཞུགས་པས་ནི་སེམས་ཅན་གྱི་དོན་ཡོད་པ་མ་ཡིན་ཏེ། དེ་བས་ན་དེའི་དོན་དུ་ཕྱག་རྒྱ་ཆེན་པོ་ཡོངས་སུ་གྱུར་པས་རང་བྱིན་གྱིས་བརླབ་པའི་ལེའུ་བཅུ་གཉིས་པའོ། །སྐྱེས་པའི་རྣམ་པ་ལས་སེམས་ཅན་རྗེས་ 31-1-178b སུ་བཟུང་བ་ཡིན་ཏེ།དེས་ཀྱང་ལས་ཀྱི་སྦྱོར་བ་སྣ་ཚོགས་བསྒྲུབ་པ་ཡིན་ནོ། །དེའི་ཕྱིར་ལེའུ་བཅུ་གསུམ་པ་དང་བཅུ་བཞི་པ་དག་ནི་ལས་ཀྱི་སྦྱོར་བའི་དོན་དུའོ། །གལ་ཏེ་ལས་ཀྱི་སྦྱོར་བའི་སྒོ་ནས་རིག་པ་ལ་མངོན་པར་ཞེན་པར་འགྱུར་ཏེ། དེ་བས་ན་དེ་སྤང་བར་བྱ་བའི་ཕྱིར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མངོན་ དུ་བྱ་བའི་ཕྱིར་ནི་ལེའུ་བཅོ་ལྔ་པའོ། །ལེའུ་བཅུ་དྲུག་པ་ནི་ལེའུ་བཞི་པའི་ཡན་ལག་ཏུ་གྱུར་པ་ཡིན་ནོ། །འདི་ནི་མཚོན་པ་ཙམ་ཡིན་ཏེ། ལེའུ་ཐམས་ཅད་ཀྱི་ཡན་ལག་ཏུ་གྱུར་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཕྱི་ནས་གསུངས་པ་ནི་བདག་དང་གཞན་གྱི་དོན་དུ་གྲུབ་པ་དམ་ཚིག་དང་སྡོམ་པའི་སྒོ་ནས་ཡིན་ཏེ། དེ་ བས་ན་དེའི་ཕྱིར་ལེའུ་བཅུ་བདུན་པ་ཡིན་ནོ། །འདི་ལས་གཞན་པའི་བྱ་བ་མེད་པས་ལེའུ་གཞན་མེད་དོ། །འོ་ན་ལེའུ་བཅོ་བརྒྱད་པོ་ནི་ཡོད་པ་ཁོ་ནའོ་ཞེ་ན། དེ་ནི་བདེན་མོད་ཀྱི་དེ་སྤྱིའི་འགྲེལ་པ་དང་འདྲ་བས་ཉེས་པ་མེད་དོ། །ད་ནི་ཞེས་བྱ་བ་ལ་སོགས་པ་ལེའུ་བཅུ་བདུན་གྱི་བཤད་པའི་བྱེ་བྲག་སྟོན་ པ་ཤིན་ཏུ་རྟོགས་པར་སླའོ། །འདི་དག་གི་དོན་ཚད་མར་བྱ་བའི་ཕྱིར་མདོའི་ཚིག་བཤད་པའི་རྒྱུད་ལས་བསྟན་ཏེ། དགོངས་པ་དང་དགོངས་པ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འོ་ན་རྣལ་འབྱོར་གྱི་རྒྱུད་ཀྱི་མཐའ་རྣམ་པ་དྲུག་ཏུ་ངེས་པ་ཡིན་ནོ་ཞེས་བྱ་བར་ནི་མི་རིགས་ཏེ། འདི་ནི་རྒྱན་ རྣམ་པ་བདུན་ཡིན་ནོ་ཞེས་བརྗོད་པར་བྱ་བ་ཁོ་ནའོ་ཞེ་ན། འདི་ནི་སྐྱོན་མེད་དེ། རེ་ཞིག་གླེང་བསླང་བ་དང་རིགས་པ་ནི་བསྟན་བཅོས་མཐའ་དག་ལ་ཁྱབ་པ་ཡིན་པའི་ཕྱིར། ཚིགས་བཅད་རེ་རེ་ལ་ནི་རྣམ་པར་དབྱེ་བ་མ་ཡིན་ཏེ། བ་གླང་ལ་གླང་ཉིད་ཅེས་སོ་སོའི་སྒྲར་བརྗོད་པ་ནི་མ་ཡིན་ལ། གླང་གི་ ཚོགས་མཐའ་དག་ལ་གླང་ཉིད་ཅེས་བྱ་བ་གཅིག་གིས་ཀྱང་ཁྱབ་པའི་ཕྱིར་རོ། །སྨྲ་བའི་རྒྱན་ནི་སོ་སོར་བརྗོད་པར་བྱ་བ་མ་ཡིན་ཏེ། ཇི་སྲིད་སྨྲ་བ་པོ་མེད་པ་དེ་སྲིད་དུ་སྒྲ་དང་དོན་བསྒྲུབ་པར་མི་ནུས་ཏེ། དེ་བས་ན་ཤུགས་ཀྱིས་སྨྲ་བ་པོའི་རྒྱན་གྲུབ་པ་ཡིན་ནོ། །དེ་ཡང་གཞི་མེད་པར་ནི་མ་ཡིན་ཏེ། མཐའ་དྲུག་ལ་དེ་བརྟེན་པའི་ཕྱིར་རོ། །མཐའ་དྲུག་ལ་དེ་བརྟེན་ནས་བཤད་པ་རྣམ་པ་གཉིས་སྨྲ་བ་པོ་བྱེད་པ་ཡིན་ནོ། །བཤད་པ་ཞེས་བྱ་བའི་ལས་ནི་བྱེད་པ་པོ་ལ་གནས་པ་ཡིན་ནོ། །ཉན་པ་པོའི་རྒྱན་ཡང་ཐ་དད་པར་ཡོད་པ་མ་ཡིན་ཏེ། གལ་ཏེ་ཐ་དད་པར་བརྗོད་ན་ནི་སྨྲ་བ་པོ་དོན་མེད་པ་ཡིན་ཏེ་དེ་ཡང་ 31-1-179a ཉན་པ་པོ་ལ་ལྟོས་པ་ཡིན་པའི་ཕྱིར་རོ། །བསྡུས་པའི་རྒྱན་ཡང་བསྟན་བཅོས་མཐའ་དག་ལ་ཁྱབ་པར་བྱེད་པ་ཁོ་ན། གླེང་བསླང་བ་སྔར་བསྟན་པ་དང་འདྲ་བ་ཉིད་དོ། །དེའི་ལྷག་མ་མཐའ་དྲུག་དང་བཤད་པ་དག་ནི་ཚིགས་བཅད་རེ་རེ་ལ་བརྗོད་པར་བྱའོ། །གལ་ཏེ་དེ་ལྟ་ན་མཐའ་དྲུག་ ཅེས་བྱ་བའི་འགྲེལ་པའི་མིང་ཅིའི་ཕྱིར་རབ་ཏུ་གྲགས། མཐའ་དྲུག་དང་བཤད་པ་ཞེས་བྱ་བར་རིགས་སོ་ཞེ་ན། དེ་ནི་ཉེས་པ་མེད་དོ། །གཉི་གས་ཀྱང་མིང་ཐོབ་པར་གྱུར་པ་དེ་ནི་གཞན་དང་གཞན་དག་ལ་ཡང་ཐ་སྙད་ཆགས་ཏེ། དཔེར་ན་མའི་བུ་ཕའི་བུ་ཞེས་བྱ་བ་ལྟ་བུའོ། །གསང་བའི་བདག་པོ་དོན་རྒྱས་པའི་ ཞེས་བྱ་བ་ནས་འདི་ནི་བསྡུས་པའི་དོན་བསྟན་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི། མཐའ་དྲུག་མི་ཤེས་པ་སྨད་པར་བསྟན་པ་ཡིན་ནོ། །དེ་རྗེས་སུ་གཟུང་བའི་ཕྱིར་འབྲེལ་པ་བརྩམས་པ་ཡིན་ནོ། །འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་དང་པོའི་ཚིག་གིས་ནི་བརྟགས་པའི་ལྷའི་རྣལ་འབྱོར་ནི་ཡི་ གེའི་དོན་གྱི་ཕྱོགས་སུ་བསྟན་ཏོ། །སྤྱིའི་དོན་གྱི་ཕྱོགས་ནི་ཕྱོགས་སྔ་མ་སེལ་བའི་སྒོ་ནས་སྐབས་སྟོན་པར་བྱེད་དོ། །དགོངས་པ་གང་གིས་སྡུད་པར་བྱེད་པ་ཞེས་བྱ་བ་ནས། མྱ་ངན་ལས་འདས་པ་ཉེ་བར་སྟོན་པ་ཞེས་བྱ་བའི་བར་གྱིས་སོ། །འདི་སྐད་ཅེས་བྱ་བའི་ཡི་གེ་གཉིས་ཀྱིས་ནི་ཤེས་རབ་ དང་ཐབས་ཀྱི་བདག་ཉིད་ཡིན་ནོ་ཞེས་བྱ་བ་ནས། ཐིག་ལེའི་གཟུགས་ཀྱིས་གནས་པའོ་ཞེས་བྱ་བའི་བར་གྱིས་ནི་འགྲོ་བ་ཐམས་ཅད་སྐྱེ་བའི་སྒོ་ནས་བསྡུས་པའི་དོན་ཡིན་ནོ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་གི་ནི་གྲངས་སྙེད་ཀྱི། །ཀུན་གྱི་གཞི་དང་ཕ་མ་ནི། །ཡི་གེ་གཉིས་སུ་དེ་བཞིན་ བསྟན། །ཞེས་བྱ་བས་ནི་མདོ་སྡེ་ལ་སོགས་པའི་ཉེས་པ་སེལ་བ་ཡིན་ནོ། །ཡི་གེ་ཨེ་ནི་མར་གྱུར་ལ། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཅིག་གིས་བསྙེན་པ་བསྟན་ཏོ། །ཨེ་ནི་པདྨ་ཞེས་བཤད་ལ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་ནི་ཉེ་བའི་བསྙན་པ་བསྟན་ཏོ། །ཨེ་ནི་ ཤེས་རབ་ཉིད་གྱུར་ལ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་ནི་སྒྲུབ་པ་དང་སྒྲུབ་པ་ཆེན་པོ་བསྟན་ཏོ། །ཆ་གཉིས་པ་ནི་ཡི་གེ་ཨའོ། །དགུ་པ་ནི་ཡི་གེ་ཨོཾ་ཡིན་ནོ། །སུམ་ཅུ་བཅུ་དང་ལྔ་པའི་ས་བོན་ནི་ཡི་གེ་ཧ་ཡིན་ནོ། །ཆ་གཉིས་པ་ནི་ཚེག་དྲག་གོ། །ལྔ་པ་ནི་ཡི་གེ་མའོ། ། 31-1-179b དེ་ཉིད་ཀླད་ཀོར་རོ། །དྲུག་པ་ནི་ཡི་གེ་ཨུ་ཡིན་ནོ། །ཐིག་ལེ་ནི་ཀླད་ཀོར་རོ། །དེ་ལྟར་ཨོཾ་ཨཱཿཧཱུཾ་ཡིན་ནོ། །ཡི་གེ་གསུམ་འབྱུང་བས་ཞུགས་སོ་ཞེས་བྱ་བར་སྦྱར་རོ། །ཁ་ཅིག་གཅིག་ནི་ཆ་གཉིས་མ་ཡིན་ཞེས་བྱ་བ་ལ་སོགས་པ་མཚམས་སྦྱར་གྱི་ཡི་གེ་ཨ་དགག་པའི་ཚིག་ཏུ་བྱས་ནས། ཐིག་ལེ་ཙམ་ཡིན་ནོ་ ཞེས་བརྗོད་དོ། །སྦས་པའི་བཤད་པ་ནི་རྡོ་རྗེ་ཕྲེང་བའི་རྒྱུད་ཀྱི་བཤད་པ་ཡིན་ཏེ། དེ་ཡང་ཚིགས་བཅད་དུ་ཤེས་པར་བྱའོ། །ཨེ་ནི་ཤེས་རབ་དམ་པ་ཉིད། །ཅེས་བྱ་བ་ནས། རྣམ་ཤེས་ཉིད་ནི་ལྔ་པའོ། །ཞེས་བྱ་བའི་བར་གྱིས་ནི། སེམས་རྣམ་པར་དག་པའི་རིམ་པ་ཡིན་ནོ། །ཡེ་ཤེས་གསུམ་རྣམ་པར་ འབྱེད་པ་ནི་གཅིག་ཏུ་སྦས་པའི་དོན་ནོ། །མཉམ་ཉིད་སོ་སོར་རྟོག་པ་དང་། །ཞེས་བྱ་བ་ནས། དེ་དང་དེར་རིགས་ལས་འབྱུང་བ། །ལྷ་དང་ལྷ་མོ་ཐ་དད་པ། །དེ་ནི་ཡོད་མིན་དེ་མེད་ཀྱང་། །འགྲོ་བའི་དོན་ཕྱིར་སྟོན་པ་ཡིན། །ཞེས་བྱ་བའི་བར་གྱིས་ནི། ལྷའི་སྐུ་རྣམ་པར་དག་པ་སྔོན་དུ་འགྲོ་བའི་ རྡོ་རྗེ་བཟླས་པའི་རིམ་པ་བསྟན་ཏོ། །དེའི་ནང་ནས་ཕྱག་རྒྱ་བཞིས་རྒྱས་གདབ་ཅིང་ཞེས་བྱ་བས་ནི་སངས་རྒྱས་སྤྱན་མ་ལ་སོགས་པའམ་དགུག་པ་དང་གཞུག་པ་ལ་སོགས་པའམ། ལས་ཀྱི་ཕྱག་རྒྱ་ལ་སོགས་པའོ། །དེ་ཉིད་འདོད་ཆགས་ཀྱི་ཆོས་སྟོན་པའི་སྦས་པའི་དོན་གཉིས་པའོ། །འདི་ལས་ གཉིས་མེད་མཐོང་བ་ཡི། །ཞེས་བྱ་བ་ནས། སྦས་པའོ་ཞེས་བྱ་བའི་བར་གྱིས་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བསྟན་པ་སྟེ། དེ་ཁོ་ན་རང་བྱིན་གྱིས་བརླབ་པའི་རིམ་པའོ། །ཀུན་རྫོབ་ཀྱི་བདེན་པ་ལ་དེ་མ་ཐག་མངོན་པར་བྱང་ཆུབ་པའི་རིམ་པ་ནི་སྦས་པའི་དོན་གསུམ་པའོ། །ཡང་ལུང་གི་བཤད་པ་གསུངས་ པ་ནི་ཞེས་བྱ་བ་ནས། གནས་མེད་གནས་པའོ་ཞེས་བྱའོ་ཞེས་བྱ་བའི་བར་གྱིས་ནི་ཟུང་དུ་འཇུག་པའི་རིམ་པ་མཐར་ཐུག་པའོ། །དོན་གཅིག་གོ། །ནམ་མཁའི་རང་བཞིན་འདི་ལ་ནི། །ཞེས་བྱ་བ་ནས། ཐུབ་པ་ཆེན་པོ་བཞུགས་པར་མཛད། །ཅེས་བྱ་བའི་བར་གྱིས་ནི་མངོན་པར་བྱང་ཆུབ་པའི་ རིམ་པ་བསྟན་ཏེ། དེ་ཉིད་འོད་གསལ་བ་ལ་འཇུག་པ་སྟེ་མཐར་ཐུག་པ་གཉིས་པའི་དོན་ཡིན་ནོ། །དེ་ལྟར་དང་པོའི་ངག་གི་ཡི་གེའི་དོན་དང་སྤྱིའི་དོན་གྱི་ཡན་ལག་བསྐྱེད་པའི་རིམ་པ་བསྟན་པ་ཡིན་ནོ། །སྦ་བ་དང་མཐར་ཐུག་པ་དག་གིས་ནི་རིམ་པ་ལྔའི་བདག་ཉིད་རྫོགས་པའི་རིམ་པ་བསྟན་ཏོ། །དེ་ 31-1-180a བས་ན་དང་པོའི་ངག་ནི་བསྟན་བཅོས་མཐའ་དག་གི་ལུས་ཡིན་ན། དེ་ཉིད་ཀྱི་ཕྱིར། དེ་ལྟར་བཞུགས་པའི་ཚིག་ཉིད་ཀྱི་རྒྱུད་མ་ལུས་པའི་དགོངས་པ་བསྟན་ནས་ཞེས་གསུངས་སོ། །དེའི་འོག་ཏུ་བརྗོད་ཀྱིས་མི་ལང་པའི་ཞེས་བྱ་བ་ནས། གཞལ་མེད་ཁང་གི་དབུས་སུ་ བཞུགས་པ་སྟེ། ངེས་པའི་དོན་ཞེས་བྱ་བའི་བར་གྱིས་ནི་འཁོར་ཕུན་སུམ་ཚོགས་པ་བསྟན་ཏེ།དེར་ནི་དྲང་བ་དང་ངེས་པའི་དོན་གྱི་རྒྱན་བསྟན་ཏོ། །དེ་ལྟར་སྟོན་པ་དང་གནས་དང་ཞེས་བྱ་བ་ལ་སོགས་པ་ནས་སྔ་མ་བཞིན་ཏེ་ངེས་པའི་དོན་ཏེ་ཞེས་བྱ་བའི་བར་གྱིས་ནི་སྤྲོ་བ་དང་བསྡུ་བའི་རིམ་པ་བསྟན་ཏོ། ། ད་ནི་འདོད་པའི་ཁམས་ན་གནས་པའི། །ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་བཅོམ་ལྡན་འདས་འདས་པའི་འོག་ཏུ་འདོད་པའི་ཁམས་བསྟན་བཅོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་ཀྱང་། འདོད་ཆགས་དང་བྲལ་བ་མེད་དེ་ཅིའི་ཕྱིར་ཞེ་ན། འདོད་པའི་ཁམས་ནི་དེ་ལྟ་བུའི་མཚན་ཉིད་ཡིན་པའི་ ཕྱིར་རོ། །དེས་ན་དེ་དག་གི་འདོད་ཆགས་ཀྱི་སྤང་བའི་ཕྱིར་ལྷའི་རྣམ་པར་སྤྲོས་པ་གསུངས་པ་ཡིན་ནོ། །དེ་ལྟར་གཟུངས་ཀྱི་དཀྱིལ་འཁོར་སྤྲུལ་པས་འདོད་པའི་དབང་ཕྱུག་ཏུ་བསྟན་ནས་ཞེས་པ་ནས། རྡོ་རྗེའི་སྐུ་ལ་བཞུགས་པར་གྱུར་ཏེ་ཞེས་བྱ་བ་སྟེ། དྲང་བའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི་མི་ བསྐྱོད་པའི་དཀྱིལ་འཁོར་གྱི་འཁོར་ལོས་ནི་དྲང་བའི་དོན་བསྟན་ཏོ། །དེ་བཞིན་གཤེགས་པ་མི་བསྐྱོད་པ་ནི་རྣམ་པར་ཤེས་པའི་བདག་ཉིད་ཅན་ནོ་ཞེས་པ་ནི། སྤྲུལ་པའི་སྐུ་འཛིན་པ་བསྟན་པར་མཛད་པ་ཡིན་ཏེ། ངེས་པའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྱི་ འོད་གསལ་བ་བསྟན་ཏེ། རྣལ་འབྱོར་པའི་བྱེ་བྲག་བརྟེན་ནས་ནང་དང་ཕྱི་རོལ་གྱི་དཀྱིལ་འཁོར་གྱི་བྱེ་བྲག་བསྟན་ཏོ། །ད་ནི་རྡོ་རྗེ་འཆང་ཆེན་པོ་བསྐྱེད་པའི་རིམ་པའི་དོན་དུ་དང་པོར་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་གྱུར་ཏོ། །དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་ནོན་པའི་རྡོ་ རྗེ་ཡིན་ནོ། །འགྲེལ་པ་བྱེད་པས་ནི་སྤྱིའི་དོན་བྱེ་བྲག་གསུམ་དུ་བཤད་དོ། །དོན་དེ་ཉིད་གསལ་བར་བྱ་བའི་ཕྱིར་ཞེས་པ་ནས་སྤྱིའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི། རང་བཞིན་གྱི་སེམས་ཅན་གྱི་ཁམས་དཀྱིལ་འཁོར་ལ་གནས་པའི་རྣམ་པར་བསྐྱེད་པའི་རིམ་པ་བསྟན་ཏོ། །དེ་བཞིན་གཤེགས་ 31-1-180b པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་ཞེས་པ་ནས་མཆོག་ཏུ་དགའ་བའི་བདེ་བ་མྱོང་བར་འགྱུར་ཏེ་ཞེས་བྱ་བའི་དོན་ཏེ། སྦས་པ་ཞེས་བྱ་བའི་བར་གྱིས་ནི་འདོད་ཆགས་ཀྱི་ཆོས་བསྟན་པ་སྟེ། སྦས་པའི་དོན་གྱི་ཕྱོགས་གཅིག་གོ། །འདོད་ཆགས་ཀྱི་ཆོས་ནི་འདོད་ཆགས་ཀྱི་ཆོས་ཉིད་དེ། དེ་ཡང་ལྷན་ཅིག་ སྐྱེས་པའི་ངོ་བོ་ཟག་པ་མེད་པའི་དོན་ཏོ། །འདིར་རྩ་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་ནི་ཁོང་སྟོང་ངོ་ཞེས་བྱ་བའི་བར་གྱིས་ནི་འདིར་ཕུང་པོ་ལྔའི་བདག་ཉིད་ཀྱི་ལུས་ལ་བ་སྤུ་ཇི་སྙེད་པ་དེ་སྙེད་ཀྱི་རྩ་ཕྲན་ཡོད་དོ་ཞེས་བསམ་པ་ཡིན་ནོ། །དེ་དག་གི་ཁོང་སྟོང་ནི་བ་སྤུའི་བུ་གའོ། །རྡོ་རྗེ་ནི་འདིར་ཐབས་ཀྱི་ཡེ་ཤེས་ ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་མིང་ངོ་། །དེའི་ངོ་བོ་ཉིད་ནི་གནས་པར་གྱུར་ཞེས་བྱ་བ་ནི་ཁྱབ་པར་གནས་སོ། །བསམ་པ་ནི་འདི་ཡིན་ཏེ། ཐབས་དང་ཤེས་རབ་སྙོམས་པར་ཞུགས་པའི་དུས་སུ་ཚངས་པའི་བུ་ག་ནས་བྱང་ཆུབ་སེམས་ཀྱི་ཏིལ་མར་གྱི་ཐིགས་པས་ཆུ་ལ་ཁྱབ་པ་བཞིན་དུ་རྩ་ཕྲན་ཐམས་ཅད་དུ་ཁྱབ་ པར་བྱེད་དོ། །དེ་ནས་མན་ངག་དང་ལྡན་པའི་རྣལ་འབྱོར་པས་རྡོ་རྗེའི་རྩེ་མོར་བརྟེན་པར་བྱ་བ་མཆོག་ཏུ་དགའ་བའི་བདེ་བ་མྱོང་བར་འགྱུར་བའི་བར་དུའོ། །མཆོག་ཏུ་དགའ་བའི་བདེ་བ་ལ་ཡང་རྣམ་པ་གཉིས་ཏེ། གཅིག་ནི་གཉིས་པའི་མིང་གི་རྣམ་གྲངས་སོ། །གཅིག་ནི་རྣལ་འབྱོར་པའི་ལྷན་ཅིག་སྐྱེས་པའི་ དགའ་བའི་མིང་དུ་ཆགས་པ་ལ་འཇུག་གོ། །ཡང་ན་མཆོག་ཀྱང་ཡིན་ལ། དགའ་བ་ཡང་ཡིན་པས་ན་ལྷན་ཅིག་སྐྱེས་པའི་དགའ་བའོ། །ཡང་ན་མཆོག་ནི་ཕ་རོལ་གྱི་དགའ་བ་ནི་མཆོག་ཏུ་དགའ་བ་སྟེ། ཚིག་བར་མ་མི་མངོན་པར་བྱས་པ་ནི་མར་གྱིས་གང་བའི་བུམ་པ་ལྟ་བུ་ཡིན་པས་ལྷན་ཅིག་སྐྱེས་ པ་ལ་འཇུག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པ་ནས། མཐར་ཐུག་པར་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི་འོད་གསལ་བ་ལ་འཇུག་པ་དང་། ཟུང་དུ་འཇུག་པའི་རིམ་པ་བསྟན་ཏེ། མཐར་ཐུག་པ་བསྟན་པ་ཡང་ཡིན་ནོ། །དེ་ལྟར་ལྷག་པར་མོས་པས་རྡོ་རྗེ་འཆང་ ཆེན་པོ་བསྐྱེད་ནས་ཞེས་བྱ་བ་ནས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནི་ངེས་པའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི་དྲང་བ་དང་ངེས་པའི་དོན་གྱི་བྱེ་བྲག་གིས་ལྷའི་གཟུགས་རྣམ་པ་གཉིས་འཛིན་པར་བསྟན་པ་ཡིན་ཏེ། ཆོས་སྟོན་པ་ནི་ཆེད་དུའོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །འདུས་པ་གསང་བ་ 31-1-181a བཤད་དུ་གསོལ། །ཞེས་པ་ནས། རྡོ་རྗེ་འཆང་ཆེན་པོ་སྟེ་མཐར་ཐུག་པའོ་ཞེས་བྱ་བའི་བར་གྱིས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྐུལ་བའོ། །འདུས་པ་ནི་བཤད་པ་བཞི་ལ་བརྟེན་ནས་བཤད་དོ། །དེ་ནས་ཞེས་བྱ་བ་ནི་འདས་མ་ཐག་པ་སྟེ་ཞེས་བྱ་བ་ནས། དགོངས་ པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི། བསྐུལ་ནས་དགོངས་པས་བཤད་པའི་བཅོམ་ལྡན་འདས་ཀྱི་ལན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ཞེས་བྱ་བ་ནས། ཡང་དག་པར་སྟོན་པར་མཛད་པ་སྟེ་མཐར་ཐུག་པའོ་ཞེས་བྱ་བའི་བར་གྱིས་ནི་དེ་ བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡང་འཆད་པར་བསྐུལ་བ་ཡིན་ཏེ་བཤད་པའི་རྒྱན་ཡིན་ནོ། །དེ་ལྟར་གསོལ་བ་བཏབ་པ་དང་ཞེས་བྱ་བ་ནས་མཐར་ཐུག་པའོ་ཞེས་བྱ་བའི་བར་གྱིས་ནི་བཅོམ་ལྡན་འདས་འདུས་པ་འཆད་པར་བཞེད་ནས། སྤྲུལ་པའི་འཁོར་ལོ་སྤྲོ་བའི་ཕྱིར་དང་པོའི་ ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་གྱུར་ཏོ། །རང་བཞིན་གྱིས་འོད་གསལ་བ་ཞེས་བྱ་བ་ནས། ཡང་དག་པར་འབྱིན་པར་མཛད་པ་སྟེ་སྒྲ་ཇི་བཞིན་པའོ་ཞེས་བྱ་བའི་བར་གྱིས་ནི་སྤྲོ་བ་བསྟན་ཏོ། །བཛྲ་དྷྲྀཀ་ཅེས་བྱ་བ་ནི་ཞེས་པ་ནས་དེ་ལྟར་སྒོ་རྣམ་པ་བཞིར་བཀོད་ནས་བྱ་བའི་བར་གྱིས་ནི། དྲང་བ་ དང་ངེས་པའི་དོན་གྱི་རིམ་པའི་སྔགས་ཀྱི་ཚིག་གིས་དཀྱིལ་འཁོར་མཐའ་དག་གི་འཁོར་ལོ་སྤྲོ་བ་བསྟན་ཅིང་ཏིང་ངེ་འཛིན་རྗེས་སུ་མཐུན་པ་ཡང་བསྟན་ཏོ། །ཅི་སྟེ་སྔགས་ཀྱི་ཚིག་འདི་དག་གིས་དཀྱིལ་འཁོར་བསྐྱེད་དམ། འོན་ཏེ་བཅོམ་ལྡན་འདས་ཀྱིས་བསྐྱེད་པ་ཡིན་ཞེ་ན། བཤད་པ་བཅོམ་ ལྡན་འདས་ཀྱིས་བསྐྱེད་པ་ཡིན་ཏེ། འོན་ཀྱང་ལྷ་མོའི་པདྨའི་སྙིང་པོར་ཐིག་ལེ་ལྷུང་བར་བྱས་ནས། སྔགས་ཀྱི་སྒྲའི་སྒོ་ནས་ལྷར་གྱུར་པ་ཡིན་ཏེ། དེ་བས་ན་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་བ་ཡིན་ནོ། །ཁ་ཅིག་ནི་ཞལ་གྱི་སྒོ་ནས་སྔགས་གསུངས་པ་ཡིན་ཞེས་ཟེར་ཏེ། དེ་ནི་རིགས་པ་མ་ཡིན་ ཏེ། ཡིག་འབྲུ་རྣམས་ནི་བརྗོད་མ་ཐག་ཏུ་རྣམ་པར་འཇིག་པ་ཡིན་པའི་ཕྱིར་ལ། བདེ་བ་ཆེན་པོ་རྗེས་སུ་མྱོང་བའི་དུས་སུ་སྔགས་བརྗོད་ཅིང་ཡང་དག་པར་བྱུང་བ་ནི་རིགས་པ་ཉིད་དེ། དེ་ནི་རྟག་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་རྡོ་རྗེའི་ལམ་ནས་སྤྲོས་པ་ནི་རིགས་པ་ཁོ་ནའོ། །ཤར་ཕྱོགས་ 31-1-181b མཚམས་ནས་བརྩམས་ཏེ་ཞེས་བྱ་བ་ནས། འདུས་པའི་དོན་ཐེ་ཚོམ་མེད་པ་ལ་འཇུག་པར་བྱ་སྟེ་ཞེས་བྱ་བའི་བར་གྱིས་ནི། སྐུའི་དཀྱིལ་འཁོར་བཞིན་དུ་སྤྲོ་བའི་དཀྱིལ་འཁོར་དགོད་པ་བསྟན་ཏོ། །སེམས་ཀྱིས་གཞན་ནི་མི་བསམ་པར། །ཞེས་བྱ་བ་ནས། རྡོ་རྗེའི་ཕྲེང་བ་ལས་གསུངས་སོ་ཞེས་ བྱ་བའི་བར་གྱིས་ནི་བཅོམ་ལྡན་འདས་ཀྱི་བཀའ་ཚད་མར་བསྟན་པ་ཡིན་ནོ། །རིགས་པ་འདིས་ནི་ཞེས་བྱ་བ་ལ་སོགས་པས་ནི་མཇུག་བསྡུས་པ་བསྟན་པ་ཡིན་ནོ། །གླེང་གཞིའི་དབང་དུ་མཛད་ནས་ཀྱང་། །དོན་གང་ཡིན་པ་བསྟན་པ་ཡིན། །རྒྱུད་ཀྱི་དོན་ནི་ལྷག་མ་རྣམས། །ཞར་ལ་ཡང་དག་བཤད་པ་ ཡིན། །ཞེས་བྱ་བ་ནི་འགྲེལ་པ་བྱེད་པ་རང་གི་ཚིགས་བཅད་ཡིན་ནོ། །འདིར་དོན་ནི་འདི་ཡིན་ཏེ། གླེང་གཞི་ནི་དང་པོའི་ངག་ཡིན་ནོ། །ཡང་ན་བཅོམ་ལྡན་འདས་ཀྱི་བཀའ་ཡིན་ནོ། །དབང་དུ་མཛད་པ་ནི་བརྟེན་ནས་སོ། །དོན་གང་ཡིན་པ་བསྟན་པ་ནི་ཡང་དག་པར་བསྟན་པ་ཡིན་ཏེ་དེ་ཉིད་དུ་རྒྱུད་ ཀྱི་དོན་མཐའ་དག་བསྟན་པ་ཡིན་ནོ། །དེའི་འོག་ཏུ་ཁྱད་པར་དང་ཐ་དད་པར་བཤད་པ་དེ་ནི་ལྷག་མ་ཡིན་ཏེ། ཞར་ལ་བཤད་པ་དང་སྤྲོས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་འགྲེལ་པ་བྱེད་པས་དེ་ལྟར་བཞུགས་པའི་ཚིག་ཉིད་ཀྱིས་རྒྱུད་མ་ལུས་པའི་དགོས་པ་བསྟན་ནས་ཞེས་པ་ལྟ་བུའོ། ། དེ་ལེན་ཅིང་འཛིན་པར་བྱེད་པས་ན་ཞེས་བྱ་བའི་སྒྲ་དགོད་པའི་རྒྱུ་མཚན་ཙམ་མོ། །སྒྲ་འཇུག་པའི་རྒྱུ་མཚན་ནི་གཞལ་བྱ་མཐར་ཐུག་པའི་ས་ཡིན་ནོ། །གཞན་དུ་ན་ལེའུར་བཅད་པ་ལ་སོགས་པའི་དོན་མེད་པར་འགྱུར་རོ། །དེའི་ཕྱིར་གཞུང་དང་དོན་རྫོགས་པ་ལས་ལེའུ་ལ་སོགས་པར་ངེས་པར་ བརྗོད་དོ། །སྒྲོན་མ་གསལ་བ་ཞེས་བྱ་བའི་ས་བཅད་པ་ལས། ལེའུ་དང་པོའོ།། །།དེ་ལྟར་ལེའུ་དང་པོར་ཐམས་ཅད་བསྐྱེད་ནས། སྒྲ་ཇི་བཞིན་པའོ་ཞེས་བྱ་བའི་བར་གྱིས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པ་དང་ལན་རྩོམ་པའོ། །ཁྱེད་ཀྱིས་ཞེས་བྱ་བ་ལ་སོགས་ པ་ནས། ངེས་པའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་དབྱེར་མེད་པར་བསྟན་ཏོ། །དེ་ལ་མན་ངག་ནི་འདི་ཡིན་ཏེ། རེ་ཞིག་སེམས་ནི་རང་བཞིན་གྱིས་འོད་གསལ་བ་ཡིན་ཏེ། རྩིབས་བརྒྱད་ཀྱི་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོའི་སྙིང་པོར་དེ་རྗེས་སུ་མྱོང་བས། 31-1-182a དེས་ན་དེ་ལས་དེའི་མོད་ལ་དབང་པོའི་གཞུ་བཞིན་དུ་རྣམ་པར་སྤྲོ་བ་ནི་སེམས་ལུས་ལྟ་བུར་གྱུར་པ་ཡིན་ནོ། །སེམས་ཚིག་ཏུ་བརྗོད་པ་ལྟ་བུ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་གནས་ནམ་མཁའ་ལས་ཨཱ་ལི་ཀཱ་ལི་འབྱུང་བ་ནི་སེམས་ཚིག་ཏུ་བརྗོད་པ་ལྟ་བུ་ཡིན་ནོ། །ལུས་སེམས་ལྟ་བུ་དང་ ཞེས་བྱ་བ་ནི་རང་བཞིན་གྱིས་འོད་གསལ་བ་དེར་ལུས་ཐིམ་པར་གྱུར་པ་ནི་ལུས་སེམས་ལྟ་བུ་ཡིན་ནོ། །ཨེ་མ་ཧོ་ཞེས་བྱ་བ་ལ་སོགས་པ་ལ་ཞེས་བྱ་བ་ནས། དགོངས་པ་མ་ཡིན་པའོ་ཞེས་བྱ་བའི་བར་གྱིས་ནི་དེ་བཞིན་གཤེགས་པ་རྣམས་ཆོས་བསྟན་པ་ལ་དད་པ་གཡོ་སྟེ། ཚིག་ཏུ་རྡོ་རྗེ་འཆང་ཆེན་པོ་ལས་ རྗེས་སུ་ཡི་རང་བར་བསྟོད་པ་ཡིན་ནོ། །དེ་བཞིན་གཤེགས་པ་དྲུག་པོ་རྣམས་ཀྱིས་ཞེས་བྱ་བ་ནས་མཐར་ཐུག་པའོ་ཞེས་བྱ་བའི་བར་གྱིས་རྡོ་རྗེ་འཆང་ཆེན་པོའི་བཀའ་ཡིན་ནོ། །ཡི་གེའི་དོན་གྱིས་ཕྱོགས་ལ་ནི་བསྒོམ་པར་བྱ་བ་ལ་མེད་པའི་ཕྱིར་ཞེས་བྱ་བའི་ཚིགས་བཅད་ཀྱིས་ནི་སྟོང་པ་ཉིད་ཙམ་དུ་སྟོན་ པ་ཡིན་ནོ། །སྤྱིའི་དོན་གྱི་ཕྱོགས་ལ་ནི་རྣམ་པར་ཐར་པ་སྒོ་གསུམ་གྱི་སྒོ་ནས་མདོ་སྡེ་པའི་འགྱོད་པ་བསལ་བར་བསྟན་པ་ཡིན་ནོ། །སྦས་པའི་ཕྱོགས་ལ་ནི་རང་བྱིན་གྱིས་བརླབ་པའི་རིམ་པ་བསྟན་ཏོ། །མཐར་ཐུག་པའི་ཕྱོགས་ལ་ནི་མངོན་པར་བྱང་ཆུབ་པའི་སེམས་དང་། ཟུང་དུ་འཇུག་པའི་རིམ་པ་བསྟན་ཏོ། ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཞེས་བྱ་བ་ནས། དགོངས་པ་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་རྣམ་པར་སྣང་མཛད་ཀྱིས་གསུངས་སོ། །དངོས་པོ་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཚིགས་སུ་བཅད་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་འགྲེལ་པ་རིམ་པར་བཤད་པ་ དེ་ལ་རྒྱ་ཆེར་བལྟ་བར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མི་ཟད་པའི་ཡང་དག་པའི་མཐའོ་ཞེས་བྱ་བ་ནས། དགོངས་པ་མ་ཡིན་པའོ་ཞེས་བྱ་བའི་བར་གྱིས་ནི་རིན་ཆེན་འབྱུང་ལྡན་ལ་སོགས་པ་དང་པོ་མི་སྨོས་པ་ཅི་ཞེ་ན། ལུས་ལ་གནས་སེལ་དགོས་སོ། །མི་བསྐྱོད་པས་གསུངས་ པའི་ཚིགས་སུ་བཅད་པ་ཡིན་ཏེ། རང་བཞིན་གྱིས་འོད་གསལ་བའི་དོན་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ཞེས་བྱ་བ་ནས། ཡང་དགོངས་པ་མ་ཡིན་པའོ་ཞེས་བྱ་བའི་བར་གྱིས་ནི་རིན་ཆེན་འབྱུང་ལྡན་གྱིས་གསུངས་པའི་ཚིགས་སུ་བཅད་པ་ཡིན་ཏེ། མངོན་པར་བྱང་ཆུབ་པ་དང་ 31-1-182b རང་བྱིན་གྱིས་བརླབཔའི་རིམ་པ་བསྟན་ཏོ། །དེ་ནས་ཞེས་བྱ་བ་ནི། ཡང་དགོངས་པ་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་འོད་དཔག་མེད་ཀྱིས་གསུངས་པའི་ཚིགས་སུ་བཅད་པ་ཡིན་ཏེ། ཟུང་དུ་འཇུག་པའི་དོན་དམ་པ་བསྟན་པ་ཡིན་ནོ། །ཡང་དེ་ནས་ཞེས་བྱ་བ་ལ་སོགས་པ་ནས། ཡང་དགོངས་ པ་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་དོན་ཡོད་གྲུབ་པས་གསུངས་པའི་ཚིགས་སུ་བཅད་པ་ཡིན་ཏེ། དེ་ཡང་ཟུང་དུ་འཇུག་པའི་རིམ་པ་བསྟན་ཏོ། །འོ་ན་དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་འཆང་ཆེན་པོ་ཡིན་པས་དེས་གསུངས་པར་རིགས་ན། ཅིའི་ཕྱིར་དེ་བཞིན་གཤེགས་པ་གཞན་རྣམས་ཀྱིས་ གསུངས་ཤེ་ན་དེ་ལ་ནི་ཉེས་པ་མེད་དོ། །རྡོ་རྗེ་འཆང་ཆེན་པོ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ལ། དེ་བཞིན་གཤེགས་པ་རྣམས་ནི་སྤྲུལ་པའི་སྐུ་ཡིན་པས་རྒྱུ་དང་འབྲས་བུ་ཐ་མི་དད་པའི་ཕྱིར་དེ་ལྟར་གསུངས་པ་ཡིན་ནོ། །དེ་ཡང་མཛད་པ་གཅིག་ཡིན་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་ པ་ཞེས་བྱ་བ་ནས། ཆོས་སྟོན་པར་མཛད་པའི་རྣམ་པར་བསྟོད་པའོ་ཞེས་བྱ་བའི་བར་གྱིས་ནི། བསྟོད་པའི་གླེང་བསླང་བ་བསྟན་ཏོ། །ཡང་དག་པའི་དེ་ཁོ་ནའི་དོན་ནི་འོད་གསལ་བའོ་ཞེས་བྱ་བ་ནས། རྒྱུ་དང་འབྲས་བུ་ཐ་མི་དད་པའི་ཕྱིར་དེ་ལྟར་གསུངས་པ་ཡིན་ནོ། །དེ་ཡང་མཛད་པ་གཅིག་ ཡིན་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བ་ནས། ཆོས་སྟོན་པར་མཛད་པའི་རྣམ་པར་བསྟོད་པའོ། །སྒྲ་ཇི་བཞིན་པར་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཚིགས་བཅད་གསུངས་པ་གང་ཡིན་པ་དེ་ཉིད་བསྟོད་པའི་སྒོ་ནས་མཇུག་སྡུད་པར་བསྟན་པ་ཡིན་ ནོ། །དེ་བས་ན་བསྟོད་པ་དང་། མཇུག་སྡུད་པར་བསྟན་པ་ནི། ཚིགས་བཅད་བཞིས་བསྟན་པར་ཤེས་པར་བྱའོ། །སྒྲོན་མ་གསལ་བ་ཞེས་བྱ་བའི་ས་བཅད་པ་ལས། ལེའུ་གཉིས་པའོ།། །།རྣལ་འབྱོར་པ་རྣམ་པ་གཉིས་ཀྱི་ཕྲ་མོ་བསྒོམ་པ་རྣམ་པ་གཉིས་བྱའོ་ཞེས་བྱ་བ་ལ། རྣལ་ འབྱོར་རྣམ་པ་གཉིས་ནི་བསྐྱེད་པ་དང་རྫོགས་པ་རྣམ་པ་གཉིས་སོ། །དང་པོ་སྟོང་པ་ཉིད་ཀྱི་བྱང་ཆུབ་རྣམ་པ་གཅིག་གོ། །སྐུའི་རྣམ་པ་རྫོགས་པ་དང་། སྣའི་རྩེ་མོ་ལ་སོགས་པའི་གནས་སུ་སྒོམ་པའི་ཕྲ་མོའི་སྒོམ་པ་ནི་གཉིས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གསུངས་པའོ་ཞེས་བྱ་བ་ནས། བསྐྱེད་ 31-1-183a པའི་རིམ་པའི་ཏིང་ངེ་འཛིན་ཏོ་ཞེས་བྱ་བའི་བར་གྱིས་ནི་བསྐྱེད་པའི་རིམ་པ་འབའ་ཞིག་བསྟན་ཏོ། །དེ་ཡང་དེ་བཞིན་གཤེགས་པ་ལྔའི་དཀྱིལ་འཁོར་གཙོར་བྱས་ནས་བསྟན་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནས། ངེས་པའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི་འོད་ གསལ་བ་ལ་ཞུགས་པའི་འོག་ཏུ་རང་བྱིན་གྱིས་བརླབ་པའི་རིམ་པ་བསྟན་ཏོ། །རིགས་ལྔའི་བྱེ་བྲག་ལ་བརྟེན་ནས་དེ་མ་ཐག་རང་བཞིན་གྱིས་འོད་གསལ་བ་ལས་ལངས་པའོ། །ད་ནི་རང་གི་སེམས་བསྟན་པར་བྱ་བའི་ཕྱིར་ཞེས་བྱ་བ་ནས། མཐར་ཐུག་པའོ་ཞེས་བྱ་བའི་བར་གྱིས་ནི་ཕྲ་མོར་སྦྱོར་བ་ རྣམ་པ་གསུམ་བསྟན་ཏོ། །སྤྱིའི་དོན་གྱི་ཕྱོགས་ལ་ནི་སྣའི་རྩེ་མོར་ཐིག་ལེ་བསྒོམ་པའོ། །སྦས་པའི་ཕྱོགས་ལ་ནི་རྡོ་རྗེ་དང་པདྨའི་སྙིང་པོ་ལ་ཐིག་ལེ་བསྒོམ་པའོ། །མཐར་ཐུག་པའི་ཕྱོགས་ལ་ནི་སྙིང་གི་པདྨའི་སྙིང་པོ་ལ་ཐིག་ལེ་བསྒོམ་པའོ། །དེ་ལྟར་འདི་དག་གི་དབྱེ་བའི་རྣམ་པ་ནི་གཏི་ མུག་དང་། འདོད་ཆགས་དང་། ཞེ་སྡང་ཅན་གྱི་སེམས་ཀྱི་དབྱེ་བས་བསྟན་པ་ཡིན་ནོ། །རྣམ་པར་སྣང་མཛད་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པ་ནས། དྲང་བའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི་ཕྲ་མོའི་སྦྱོར་བ་བསྟན་པར་གྱུར་ནས། དེ་བཞིན་གཤེགས་པ་ལྔའི་དཀྱིལ་འཁོར་སྤྲོ་བར་ བསྟན་ཏོ། །ནམ་མཁའི་དབྱིངས་ནི་ཞེས་བྱ་བ་ནས་ངེས་པའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི་དཀྱིལ་འཁོར་བཞི་པའི་རིམ་པས་དཀར་པོ་ལ་སོགས་པའི་འོད་ཟེར་སྤྲོ་བའི་སྔོན་དུ་འགྲོ་བས། ཞི་བ་ལ་སོགས་པ་བསྒྲུབ་ཅིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྲོས་ཤིང་བསྡུས་ ནས། རང་བཞིན་གྱིས་འོད་གསལ་བ་རྟོགས་པ་བསྟན་པ་ཡིན་ནོ། །མཐའ་དྲུག་གིས་བཤད་པའི་ལེའུ་གསུམ་པའོ།། །།ལྷ་ལ་དམིགས་པ་སྔོན་དུ་འགྲོ་བ་ཞེས་བྱ་བ་ནི་ལེའུའི་སྐབས་སྟོན་པ་ཡིན་ནོ། །དེ་ཉིད་ནས་དགོངས་པ་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་དེ་བཞིན་གཤེགས་ པ་ལྔས་རིགས་ལྔ་དང་རིགས་གསུམ་གྱི་རིམ་པས་རྡོ་རྗེ་འཆང་ཆེན་པོ་ལ་བསྟོད་པ་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་ཞེས་བྱ་བ་ནས། སྒྲ་ཇི་བཞིན་པའི་བར་གྱིས་ནི་སྡུད་པ་པོས་རྡོ་རྗེ་འཆང་ཆེན་པོའི་བཀའ་རྗེས་སུ་བརྗོད་པ་བསྟན་ཏོ། །རྡོ་རྗེ་འཆང་ཆེན་པོའི་གསུང་གིས་ཞེས་བྱ་བ་ནས། འདིར་ 31-1-183b ཡང་རྒྱ་ཆེར་ནི་དཀྱིལ་འཁོར་གྱི་ཆོ་ག་ལས་བལྟ་བར་བྱའོ་ཞེས་པའི་བར་གྱིས་ནི་ཐུགས་ཀྱི་དཀྱིལ་འཁོར་ཕྱག་མཚན་དང་། སྐུ་མདོག་དང་ཕྱག་རྒྱ་དང་། ཚད་དང་ལྡན་པ་ཇི་ལྟ་བ་བཞིན་དུ་བསྟན་ཏོ། །དཀྱིལ་འཁོར་གྱི་ཆོ་ག་ནི་རང་ཉིད་ཀྱིས་བྱས་པའོ། །གང་གི་ཕྱིར་སངས་རྒྱས་ཡེ་ཤེས་ཀྱི་ཞལ་ སྔ་ནས་ཀྱིས་ནི་དཀྱིལ་འཁོར་གྱི་ལྷ་བཅུ་དགུར་བཞེད་པ་ཡིན་ལ། ཟླ་གྲགས་ཀྱི་ཞལ་སྔ་ནས་ཀྱིས་ནི་དཀྱིལ་འཁོར་གྱི་ལྷ་སུམ་ཅུ་རྩ་གཉིས་སུ་བཞེད་པ་ཡིན་ནོ། །རྩ་བའི་རྒྱུད་ནས་ནི་དཀྱིལ་འཁོར་གྱི་ལྷ་བཅུ་གསུམ་ལ་བདག་ཉིད་དུ་གསུངས་ཏེ་དེའི་ཕྱིར་དཀྱིལ་འཁོར་གྱི་ཆོ་ག་ལས་བལྟ་བར་བྱའོ་ཞེས་བསྟན་ཏོ། །འདིར་ཡང་དཀྱིལ་འཁོར་གྱི་ཆོ་ག་གླེང་གཞིའི་དབང་དུ་བྱས་ནས་ཀྱང་དོན་འགྲེལ་པ་མཁན་གྱིས་མཛད་པ་ཡིན་པར་བལྟ་བར་བྱའོ། །ལུས་དང་ཞེས་བྱ་བ་ནས་དྲང་བའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི་དམ་ཚིག་གི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་དང་། བདུད་རྩི་ལྔ་ལ་ སྤྱོད་པར་བསྟན་པ་ཡིན་ཏེ། འདི་ཉིད་ནི་མཆོད་པ་རབ་མཆོག་ཡིན་ཏེ། འདི་ལྟ་སྟེ་གསང་བའི་མཆོད་པ་ཡིན་པས་སོ། །མེ་ཏོག་དང་སྤོས་ལ་སོགས་པ་ནི་བཅོས་མའི་མཆོད་པ་དང་། དེའི་ཡན་ལག་ཡིན་པའི་ཕྱིར་གཙོ་བོ་མ་ཡིན་ནོ་ཞེས་བསམས་སོ། །ལུང་གི་བཤད་པ་བརྗོད་པར་བྱ་སྟེ་ཞེས་བྱ་ བ་ནས་ངེས་པའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི་ནང་གི་དཀྱིལ་འཁོར་དང་། རང་བཞིན་གྱིས་འོད་གསལ་བ་ལ་འཇུག་པའི་མཆོད་པ་བསྟན་པ་ཡིན་ནོ། །དེ་ལ་དགུ་པའི་བདག་ཉིད་ནི་ཆགས་པ་དང་། ཆགས་པ་དང་བྲལ་བ་དང་། ཆགས་པ་འབྲིང་དང་། སྟོང་པ་དང་། ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོ་དང་། སྣང་བ་དང་། སྣང་བ་མཆེད་པ་དང་། སྣང་བ་ཐོབ་པ་དེའི་བདག་ཉིད་དོ། །ཁ་ཅིག་ནི་དམ་པའི་ཆོས་གསུང་རབ་ཡན་ལག་དགུ་ཡིན་ནོ་ཞེས་འཆད་དོ། །སྐད་ཅིག་སོགས་ཀྱི་དུས་དབྱེ་བས། །བཅུ་དྲུག་ལོ་ནི་མིང་དུ་གྱུར། །རྣམ་པ་སྣ་ཚོགས་པ་དང་། རྣམ་པར་སྨིན་པ་དང་། རྣམ་པར་ ཉེད་པ་དང་། དགའ་བ་དང་། མཆོག་ཏུ་དགའ་བ་དང་། ལྷན་ཅིག་སྐྱེས་པའི་དགའ་བ་དང་། དགའ་བྲལ་དང་། བསྙེན་པ་དང་། ཉེ་བའི་བསྙེན་པ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་དང་། སྟོང་པ་དང་། ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོ་དང་། ཐམས་ཅད་སྟོང་པོ་ནི། སྐད་ཅིག་མ་བཅུ་དྲུག་ཅེས་ 31-1-184a བྱའོ། །ཁ་ཅིག་སྟོང་པ་བཅུ་དྲུག་ཉིད་ཡིན་ནོ་ཞེས་འཆད་དོ། །གང་ཡང་འཇིག་རྟེན་པས་བརྟགས་པ་ཞེས་བྱ་བ་འདིས་ནི་དོན་དམ་པའི་ཕྱོགས་བསྟན་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནས། ཡང་ངེས་པའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི་ཀུན་རྫོབ་དང་དོན་དམ་ པའི་སྒོ་ནས་དཀྱིལ་འཁོར་གྱི་མཇུག་བསྡུ་བ་བསྟན་ཏོ། །མཐའ་དྲུག་གིས་བཤད་པའི་ལེའུ་བཞི་པའོ།། །།རིམ་པ་གཉིས་པ་རྟོགས་པ་ནི་ལེའུ་ལྔ་པའི་སྐབས་སྟོན་པར་བྱེད་པ་ཡིན་ནོ། །དབང་བསྐུར་བ་ཐོབ་པས་ཀྱང་ཞེས་བྱ་བ་ནས། སྒྲ་ཇི་བཞིན་པའོ་ཞེས་བྱ་བའི་བར་གྱིས་ནི་བཅོམ་ལྡན་ འདས་ཀྱིས་ཆོས་སྟོན་པའི་སྐབས་བསྟན་པ་ཡིན་ནོ། །རྣམ་པར་མི་རྟོག་ཅེས་བྱ་བ་ནས། དགོངས་པ་མ་ཡིན་པའོ་ཞེས་བྱ་བའི་བར་གྱིས་ནི་འོད་གསལ་བ་རྟོགས་པས་བྱང་ཆུབ་ཡིན་ནོ་ཞེས་བསྟན་ཏོ། །རང་བཞིན་ཡོངས་སུ་ཤེས་པ་ཉིད་ཅེས་བྱ་བ་ནས་སྒྲ་ཇི་བཞིན་པའོ་ཞེས་བྱ་བའི་བར་གྱིས་ནི་སྤྲོ་ བའི་སྤྱོད་པ་བསྟན་ཏོ། །རྒྱུད་ཀྱི་རྒྱལ་པོ་ཁྱད་པར་དུ་ཞེས་པ་ནས། དགོངས་པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི་སྤྲོས་པ་མེད་པའི་སྤྱོད་པ་བསྟན་ཏོ། །མ་དང་སྲིང་མོ་ཞེས་བྱ་བ་ནས། ངེས་པའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་བསྟན་ཏོ། །དེ་ནས་ཞེས་བྱ་ བ་ལ་སོགས་པ་ལ་ཞེས་བྱ་བ་ནས། ཅིའི་ཕྱིར་མཛད་ཅེས་བྱ་བའི་བར་གྱིས་ནི་སྒྲ་ཇི་བཞིན་པའི་དོན་འཛིན་པ་ཙམ་གྱིས་ནི་བྱང་ཆུབ་སེམས་དཔའ་རྣམས་སྐྱོ་བར་གྱུར་པ་བསྟན་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནས་སྒྲ་ཇི་བཞིན་པའོ་ཞེས་བྱ་བའི་བར་གྱིས་ནི་རྒྱན་ཁྱད་པར་ཅན་བསྟན་པས། བྱང་ ཆུབ་སེམས་དཔའ་རྣམས་ཀྱི་ཐེ་ཚོམ་སེལ་བ་ཡིན་ནོ། །དེ་ནས་ཡང་བརྗོད་ཀྱིས་མི་ལང་བ་ཞེས་བྱ་བ་ནས། དྲང་བའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི་དེ་ཁོ་ན་ཉིད་ཀྱི་བདུད་རྩི་མྱངས་པས།བྱང་ཆུབ་སེམས་དཔའ་རྣམས་གཡོ་བ་མེད་པའི་ཏིང་ངེ་འཛིན་ཐོབ་པར་བསྟན་ཏོ། །ཡང་ལུང་གིས་ བཤད་པ་ཞེས་བྱ་བ་ནས། ངེས་པའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི་ལྷན་ཅིག་སྐྱེས་པའི་དགའ་བ་རྟོགས་པའི་ཕྱིར། རྣམ་པར་རྟོག་པའི་དྲི་མ་ཐམས་ཅད་ཟད་པར་བསྟན་པ་ཡིན་ནོ། །མཁའ་དང་མཉམ་ཞིང་ཞེས་བྱ་བ་ནས། ངེས་པའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི། བྱང་ཆུབ་སེམས་ 31-1-184b དཔའ་རྣམས་དབུགས་ཕྱུང་བ་དང་། རང་བཞིན་གྱིས་འོད་གསལ་བ་དང་། རང་བྱིན་གྱིས་བརླབ་པ་བསྟན་ཏོ། །དེ་ནས་ཞེས་བྱ་བ་ནས། ལེའུ་རྫོགས་པ་དགོངས་པ་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་རྣམས་ངོ་མཚར་དུ་གྱུར་ནས། དེ་བཞིན་གཤེགས་པ་ལྔ་གཙོར་བྱས་ པའི་སྒོ་ནས། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་བསྟོད་པ་བྱེད་པར་སྟན་ཏོ། །མཐའ་དྲུག་གིས་བཤད་པའི་ལེའུ་ལྔ་པའོ།། །།བདག་བྱིན་གྱིས་བརླབ་པ་ཞེས་བྱ་བ་ལ་སོགས་པས་ནི་ལེའུ་དྲུག་པའི་སྐབས་སྟོན་པར་བྱེད་དོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བ་ནས། དྲང་བའི་དོན་ཏོ་ ཞེས་བྱ་བའི་བར་གྱིས་ནི་སྐུ་གསུང་ཐུགས་བྱིན་གྱིས་རློབ་པར་བྱེད་པའི་སྔགས་གསུམ་བསྟན་ཏེ། དེ་ཡང་མགོ་ལ་སོགས་པའི་གནས་དག་ཏུ་ལྷ་བཀོད་པ་སྔོན་དུ་འགྲོ་བས་བྱིན་གྱིས་བརླབ་པར་བྱའོ། །རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱིས་སྐུ་དང་གསུང་དང་ཐུགས་ཀྱིས་བྱིན་གྱིས་བརླབ་ པ་བཤད་པའི་རྒྱུད་ལས་བསྟན་པ་ལ་འཇུག་པར་བྱ་སྟེ་ཞེས་བྱ་བ་འདིས་ནི་ལུང་གི་བཤད་པ་བསྟན་ཏོ། །དེ་ནས་དཔལ་ཆེན་མི་བསྐྱོད་པ། །ཞེས་བྱ་ལ་སོགས་པའི་ཚིག་རྐང་དྲུག་ནི་མི་བསྐྱོད་པས་ཐུགས་བྱིན་གྱིས་བརླབ་པ་གསུངས་པ་ཡིན་ཏེ། ཨོཾ་ཞེས་བྱ་བ་དང་པོ་ཡིན། །ཞེས་བྱ་བ་དང་པོའི་སྒྲ་ནི་ དང་པོའི་སངས་རྒྱས་རྣམ་པར་སྣང་མཛད་ལ་འདོད་པ་ཡིན་ནོ། །སརྦ་ཏ་ཐཱ་ག་ཏ་ལ་ཐམས་ཅད་རིན་ཆེན་འབྱུང་ལྡན་ཏེ། ནམ་མཁའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ནི་འོད་དཔག་མེད་ཡིན་ཏེ། དེ་བཞིན་ནི་ཡང་དག་པ་གསུང་བ་ཡིན་པས་དེ་བཞིན་གཤེགས་པའོ། །ཡོན་ཏན་ མིང་དུ་ཞེས་བྱ་བ་ནི་སེམས་ཅན་དང་། རྡུལ་དང་མུན་པའོ། །དེ་དང་འདྲ་བའི་མིང་ནི་རྣམ་པར་སྣང་མཛད་ལ་སོགས་པ་གསུམ་གྱི་དོན་ཏོ། །སེམས་ཀྱི་རྡོ་རྗེ་གཉིས་ལྡན་ཞེས་བྱ་བ་ནི་སེམས་ཀྱི་རྡོ་རྗེ་ནི་ཚིག་གཉིས་དང་ལྡན་པ་སྟེ་དེས་ན་མི་བསྐྱོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྭ་བྷཱ་ཝ་དང་ཨཱཏྨ་ཀོ྅་ ཚིག་གཉིས་དང་ལྡན་པ་ནི་ལྔ་པ་དོན་ཡོད་པར་གྲུབ་པ་ཡིན་ཏེ། ཁམས་གསུམ་གྱི་རླུང་གི་བདག་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་ཡང་ཁམས་གསུམ་གྱི་འགྲོ་བ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཡིན་ཡང་རླུང་ཉིད་ཀྱང་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཏེ། རླུང་ནི་གཟུགས་སུ་མེད་ཀྱང་བདེ་བ་ཆེན་པོའི་དབང་གིས་ 31-1-185a གཟུགས་དང་ལྡན་པ་ཡིན་ནོ། །ཤིན་ཏུ་དྲང་བར་གྱུར་ན་ཆུ་བཞིན་དུ་སྲ་བ་ཡོད་པའི་ཕྱིར་རོ། །ཨ་ཧཾ་ཞེས་པ་དྲུག་པ་སྟེ་ཞེས་བྱ་བ་ནི་བདག་ཀྱང་དྲུག་པ་ཡིན་ཏེ། ཐམས་ཅད་ཀྱང་དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །འདི་ཡན་ཆད་ནི་སེམས་བྱིན་གྱིས་བརླབ་པ་ཡིན་ནོ། །དེ་ནས་ཞེས་བྱ་ བ་ལ་སོགས་པའི་ཚིགས་བཅད་གཅིག་གིས་ནི་རྣམ་པར་སྣང་མཛད་ཀྱི་སྐུ་བྱིན་གྱིས་བརླབ་པ་གསུངས་སོ། །ཨོཾ་ཞེས་བྱ་བ་ཚངས་པར་བཤད། །ཅེས་བྱ་བ་ལ་ཚངས་པ་གཉིས་སུ་མེད་ཅིང་གཅིག་ཡིན་ནོ། །ཡང་ན་ཚངས་པའི་དོན་ནི་དང་པོའི་དོན་ཏེ། དེ་ཡང་རྣམ་པར་སྣང་མཛད་ཡིན་ནོ། ། སརྦ་ཏ་ཐཱ་ག་ཏ་ཞེས་བྱ་བ་ཚིག་གཅིག་ཡིན་ཏེ། གཉིས་པ་ནི་རིན་ཆེན་འབྱུང་ལྡན་ནོ། །ཀཱ་ཡ་ཞེས་བྱ་བ་འདིས་ནི་འོད་དཔག་མེད་དོ། །ཆགས་གཏོགས་དབང་ཕྱུག་ཅེས་བྱ་བ་ནི། དེའི་ཁྱད་པར་རོ། །ཀེ་གེ་སྒྲའི་བཀོད་པས་ཀ་ཡའི་དོན་ནི་དག་གི་དོན་ཏོ། །དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཡང་འོད་ དཔག་མེད་དོ། །རྡོ་རྗེ་ནི་བཞི་པ་མི་བསྐྱོད་པ་ཡིན་ཏེ་བསྟན་པའི་ཕྱིར་རོ། །རིག་བྱེད་ནི་ངེས་བརྗོད་ཀྱི་རིག་བྱེད་དང་། མཆོད་སྦྱིན་གྱི་རིག་བྱེད་དང་། སྙན་ཚིག་གི་རིག་བྱེད་དང་། སྲིད་སྲུང་གི་རིག་བྱེད་དོ། །སྭ་བྷཱ་བ་ཨཱཏྨ་ཀོ྅་ནི་སྔ་མ་བཞིན་དུ་བཤད་པས་དོན་ཡོད་པར་གྲུབ་པའོ། །འདོད་ པའི་ལྷ་ནི་ལྔ་སྟེ། གང་གི་ཕྱིར་མྱོས་པར་བྱེད་པ་དང་། དགའ་བར་བྱེད་པ་དང་། རྨོངས་པར་བྱེད་པ་དང་། གདུང་བར་བྱེད་པ་དང་། སྐེམ་པར་བྱེད་པ་སྟེ། འདོད་པའི་ལྷའི་མདའ་ལྔ་ཡིན་ནོ། །ལྔ་པོ་དེ་མཚོན་པར་བྱེད་པས་འདོད་པ་ལྔའོ། །ཡང་ན་གཟུགས་དང་། སྒྲ་དང་། དྲི་དང་རོ་དང་ རེག་བྱ་ནི་འདོད་པའི་ལྷའོ། །ཨ་ཧཾ་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོ་དྲུག་པའོ། །སྨིན་དྲུག་བུ་ཞེས་བྱ་བ་ནི་གཞོན་ནུ་ལ་གདོང་དྲུག་ཡོད་པའི་ཕྱིར་རོ། །དེ་ནས་ཚེ་དཔག་མེད་ཅེས་བྱ་བ་ལ་སོགས་པའི་ཚིགས་བཅད་གཅིག་གིས་ནི་འོད་དཔག་མེད་ཀྱི་གསུང་བྱིན་གྱིས་བརླབ་པའི་སྔགས་ གསུང་བ་ཡིན་ནོ། །ཨོཾ་ནི་སྔ་མ་བཞིན་དུ་དང་པོའི་རྣམ་པར་སྣང་མཛད་རྟག་པ་ཡིན་ནོ། །སརྦ་ཏ་ཐཱ་ག་ཏ་ནི་རིན་ཆེན་མགོན་པོ་གཉིས་པ་ཡིན་ནོ། །ཝཱ་ཀ་ནི་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །ཡོན་ཏན་གསུམ་ནི་རྡུལ་དང་། མུན་པ་དང་སྙིང་སྟོབས་གསུམ་ཉིད་པས་གསུམ་པོ་འོད་དཔག་མེད་དོ། ། 31-1-185b རྡོ་རྗེ་ནི་མི་བསྐྱོད་པ་བཞི་པ་སྟེ། དུས་ནི་རྫོགས་ལྡན་དང་། གསུམ་ལྡན་དང་། གཉིས་ལྡན་དང་། རྩོད་པའི་དུས་སོ། །སྭ་བྷཱ་ཝ་ཨཱཏྨ་ཀོ྅་ནི་ལྔ་པ་སྟེ། དོན་ཡོད་པར་གྲུབ་པའོ། །ཨ་ཧཾ་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དྲུག་པ་ཡིན་ནོ། །དུས་ནི་དྲུག་སྟེ། དགུན་སྟོད་དང་། དགུན་སྨད་དང་། དཔྱིད་དང་། སོ་ག་དང་། དབྱར་དང་། སྟོན་གྱི་དུས་སོ། །གསུམ་འཆར་ཞེས་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པའོ། །རེ་རེ་ཞེས་བྱ་བ་ནི་དྲུག་གི་ངོ་བོར་ཤེས་པར་བྱའོ། །རིམ་པ་མིན་པ་ནི་རིམ་པ་མ་ཡིན་པ་སྟེ། སྐུ་དང་གསུང་དང་ཐུགས་ཞེས་བྱ་བར་བརྗོད་པ་ཡིན་ན། ཐུགས་སྐུ་དང་དེ་བཞིན་གསུང་ ཞེས་གསུངས་པས་སོ། །རྒྱུ་ནི་རང་འདོད་དགར་གླེགས་བམ་ལ་ལྟ་བ་རྨོངས་པར་བྱ་བའི་དོན་ཏོ། །རྡོ་རྗེ་གསུམ་ཞེས་བྱ་བ་ལས་ཞེས་པ་ནས། ངེས་པའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པ་བཞུགས་པ་བསྡུ་ བ་སྟོན་ཏོ། །དེ་ལྟར་བདག་ལ་སྐུ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས་ཞེས་བྱ་བ་ནས་དགོངས་པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི། ལྷ་མོའི་ལུས་ལ་དགོད་པ་དང་། །དེ་དང་སྙོམས་པར་ཞུགས་པ་དང་། །རྗེས་སུ་ཆགས་པའི་སྔགས་རྣམས་དང་། །མཆོད་པ་རྣམ་པ་གཉིས་བསྟན་ཏོ། ། རིགས་ལྔའི་ཆ་ནི་དགོད་བྱས་ལ། །ཞེས་བྱ་བ་ལ་རིགས་ལྔ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །དེའི་ཆ་ནི་ས་བོན་ཏེ་ཨོཾ་ཨཱཿཧཱུཾ་སྭཱ་ཧཱ་དེ་དག་དགོད་པར་བྱ་བ་ཡིན་ནོ། །ཡང་ན་རིགས་ལྔའི་ས་བོན་གྱི་ཚོགས་ཀྱི་གོ་ཆར་བྱས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་ཕྱི་དང་ནང་གི་ མཆོད་པ་བསྟན་ནས་ཞེས་བྱ་བ་ནས་དགོངས་པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི་བསྟན་པ་དང་བཤད་པའི་རིམ་པས་རྫོགས་པའི་རིམ་པ་བསྟན་ཏོ། །དེ་ཡང་རྡོ་རྗེ་འདས་པ་དང་། སེམས་རྣམ་པར་དག་པ་དང་། རང་བྱིན་གྱིས་བརླབ་པ་དང་། མངོན་པར་བྱང་ཆུབ་པ་དང་། ཟུང་དུ་སྦྱོར་བའི་ངོ་ བོ་ཡིན་ནོ། །བརྟགས་པའི་རིམ་པས་ནི་བྱང་ཆུབ་རྙེད་པར་དཀའ་བར་བསྟན་ཏོ། །ད་ནི་ལེའུ་གསུམ་པ་ལས་གསུངས་པ་ཞེས་པ་ནས། ངེས་པའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི་ཕྲ་མོའི་རྣལ་འབྱོར་གྱི་བསྒོམ་པ་གསུམ་ཡིན་ཏེ། དེ་ཡང་སྣའི་རྩེ་མོ་དང་། སྙིང་གི་སྙིང་པོ་དང་། གསང་བའི་ 31-1-186a སྙིང་པོ་རྣམས་ལ་རིམ་བཞིན་དུ་ཤེས་པར་བྱའོ། །ད་ནི་སྔགས་དང་རླུང་མཉམ་པར་སྦྱོར་བ་ནི་ཞེས་བྱ་བ་ནས། དགོངས་པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི་ནང་གི་དཀྱིལ་འཁོར་གྱི་རིམ་པ་བཞི་བསྒོམ་པས་སྤྲོ་བའི་རིམ་པས་སེམས་ཅན་གྱི་དོན་དུ་ཞི་བ་ལ་སོགས་པའི་ལས་ རྣམས་བསྟན་ཏོ། །ད་ནི་འདོད་པའི་ཡོན་ཏན་ལྔའི་སྒོ་ནས་ཞེས་པ་ནས། དྲང་བའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི། རྣལ་འབྱོར་པ་བདུད་རྩི་ལྔ་དང་ལྕགས་ཀྱུ་ལྔ་ལ་ཉེ་བར་སྤྱོད་པའོ་ཉེ་བར་སྤྱད་ན་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་ཐོབ་པར་བསྟན་ཏོ། །རྡོ་རྗེ་ཚིག་འདི་དག་བཤད་པའི་ཞེས་པ་ནས་ངེས་ པའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི་བདུད་རྩི་ལྔ་ལ་སོགས་པ་རྟོགས་ན། སངས་རྒྱས་ཀྱི་ཆོས་རྟོགས་པས་དེ་ཁོ་ན་ཉིད་མངོན་སུམ་དུ་བྱས་པར་བསྟན་པ་ཡིན་ནོ། །འདིར་སྐད་ཅིག་ནི་སེ་གོལ་ལོ། །ཐང་ཅིག་ནི་ཡུངས་ཀར་ལན་ཅིག་འཁོར་བའོ། །ཡུད་ཙམ་ནི་དབུགས་འབྱུང་རྔུབ་གཅིག་ གོ། །ཞག་བཅོ་ལྔ་ལ་ནི་ཟླ་བ་ཕྱེད་དོ། །དེ་གཉིས་ནི་ཟླ་བའོ། །ཟླ་བ་བཅུ་གཉིས་ནི་ལོ་གཅིག་གོ། །གཟུགས་ལ་སོགས་པ་ནི་ཕྱག་རྒྱའི་ཡུལ་ལ་རྣམ་པར་ཤེས་པར་བྱའོ། །འདི་སྐད་དུ་བསྟན་པར་འགྱུར་ཏེ་ཐབས་དང་ཤེས་རབ་སྙོམས་པར་ཞུགས་པས་རྣལ་འབྱོར་པས་ལྷན་ཅིག་སྐྱེས་པའི་དེ་ཁོ་ ན་ཉིད་ཐོབ་པ་ནི། སྐད་ཅིག་གིས་ཕྱག་རྒྱ་ཆེན་པོ་ཐོབ་པའོ་ཞེས་པའི་དོན་ཏོ། །ཤ་ཆེན་པོ་ལ་སོགས་པ་ནི་ཕུང་པོ་ལ་སོགས་པ་རྣམ་པར་དག་པ་ཕན་ཡོན་དང་བཅས་པ་བསྟན་ཏོ། །མཐའ་དྲུག་གིས་བཤད་པ་ལེའུ་དྲུག་པའོ།། །།དེ་ལྟར་རྣལ་འབྱོར་པ་ཐ་མལ་པ་དང་ཞེས་པས་ནི་ལེའུའི་ སྐབས་སྟོན་པར་བྱེད་དོ། །དེ་ནས་ཞེས་བྱ་བ་ནས། འདི་ཉིད་ལས་ངེས་པར་ཐོབ་པར་འགྱུར་བའོ་ཞེས་བྱ་བའི་བར་གྱིས་ནི་སྤྲོས་པའི་སྤྱོད་པ་བསྟན་ཏོ། །ཡན་ལག་དྲུག་ཅེས་བྱ་བ་ནི། སོ་སོར་རྗེས་སུ་སྤྱོད་པ་དང་། བསམ་གཏན་དང་། དབུགས་རིང་དུ་རྔུབ་པ་དང་། འཛིན་པ་དང་། རྗེས་སུ་དྲན་པ་ དང་། ཏིང་ངེ་འཛིན་ཏོ། །སྔགས་ཀྱི་སྤྱོད་པ་ནི་ཐུན་མོང་གི་སྒྲུབ་པ་སྟེ། བསྙེན་པ་ལ་སོགས་པའོ། །དེ་ལྟར་སྤྲོས་པ་དང་བཅས་པའི་སྤྱོད་པ་བསྟན་ནས་ཞེས་པ་ནས། སྒྲ་ཇི་བཞིན་པའོ་ཞེས་བྱ་བའི་བར་གྱིས་ནི་སྤྲོས་པ་མེད་པའི་སྤྱོད་པ་བསྟན་ཏོ། །དེ་ལ་རི་ལས་མཆོད་ཅིང་ཞེས་པ་ནི་སའི་རྣམ་པར་དག་ 31-1-186b པའོ། །མེར་འཇུག་པ་ནི་མེའི་ཁམས་རྣམ་པར་དག་པའོ། །སོགས་པའི་སྒྲས་ནི་ཆུར་འཇུག་པ་སྟེ། ཆུའི་ཁམས་རྣམ་པར་དག་པའོ། །ཟས་བཅད་པས་ནི་རླུང་འཁྲུགས་པར་འགྱུར་ཏེ། རླུང་གི་ཁམས་རྣམ་པར་དག་པའི་ཕྱིར་རོ། །གཞན་ཡང་རྒས་པ་དང་། ན་བ་བསད་པ་ནི་ཉོན་མོངས་པ་ལས་ ཐར་པར་བྱ་བའི་ཕྱིར་རོ། །དེ་དག་ནི་མུ་སྟེགས་ལྟ་བ་ངན་པ་རྣམས་ཀྱི་ཡིན་ནོ། །དེ་ལྟར་ལུས་གདུང་བའི་སྒོ་ནས་ཞེས་པ་ནས། ངེས་པའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་བསྟན་ཏེ། དེར་ཡང་དྲང་བ་དང་ངེས་པའི་དོན་གྱི་རྒྱན་ཡིན་ནོ། །ལྷའི་རྣལ་འབྱོར་དང་མི་ ཕྱེད་པའི་འདོད་པ་ཞེས་པས་ནི་ལྷ་དང་སྔགས་གཉིས་ཐ་མི་དད་པའོ། །འདས་པའི་ཡེ་ཤེས་ཅན་ཡང་ཞེས་པ་ནས། དགོངས་པ་མ་ཡིན་པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི་སྤྲོས་པ་མེད་པའི་སྤྱོད་པས་སྔོན་གྱི་སངས་རྒྱས་ཀྱང་གྲུབ་པར་བསྟན་ཏོ། །དེ་རྣམས་ཀྱིས་རྟེན་པར་གྱུར་པ་ཞེས་བྱ་བ་ནས། སྤྲོས་པ་དང་བཅས་པའི་སྤྱོད་པའོ་ཞེས་བྱ་བའི་བར་གྱིས་ནི་གཟུགས་ལ་སོགས་པས་དེ་བཞིན་གཤེགས་པ་དང་། ལྷ་མོའི་ངོ་བོར་ཤེས་ནས་རྣལ་འབྱོར་པས་ཉེ་བར་སྤྱད་པར་བྱ་བའི་ཕྱིར། སྤྲོས་པ་བསྟན་པ་ཡིན་ནོ། །གཟུགས་ལ་ཞེས་པ་ནས་འདི་ནི་སྤྲོས་པ་མེད་པའོ་ཞེས་བྱ་བའི་བར་གྱིས་ནི་ཡེ་ཤེས་ གསུམ་རྣམ་པར་འབྱེད་པའི་ངོ་བོ་ལ་བརྟེན་ནས། རྣལ་འབྱོར་པ་གཟུགས་ལ་སོགས་པ་ལ་ཉེ་བར་སྤྱོད་པ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པའོ། །དེ་ཉིད་སྤྲོས་པ་མེད་པའི་སྤྱོད་པ་བསྟན་ཏོ། །བརྒྱ་དྲུག་ཅུའི་ངོ་བོ་ཉིད་ཅེས་བྱ་བ་ནི་དེ་ལས་ཤེས་རབ་ཀྱི་ངོ་བོ་སུམ་ཅུ་རྩ་གསུམ་ཐབས་ཀྱི་ངོ་བོ་བཞི་བཅུ་ མ་རིག་པའི་ངོ་བོ་བདུན། དེ་དག་བསྡོམས་ན་བརྒྱད་ཅུ་སྟེ། ཉིན་ཞག་གཅིག་ལ་བརྒྱ་དྲུག་ཅུར་འགྱུར་རོ། །དེ་དག་གི་ངོ་བོ་ཉིད་ནི་འོད་གསལ་བའོ། །གཟུགས་ལ་ཞེས་བྱ་བ་ནས་མཐར་ཐུག་པའོ་ཞེས་བྱ་བའི་བར་གྱིས་ནི་རང་བཞིན་གྱི་འོད་གསལ་བ་ལ་ཞུགས་པའི་མཚན་ཉིད་ཀྱིས་ཤིན་ཏུ་སྤྲོས་ པ་མེད་པའི་སྤྱོད་པ་བསྟན་ཏོ། །ད་ནི་རྗེས་སུ་དྲན་པ་དྲུག་ཅེས་བྱ་བ་ནས། དགོངས་པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི་རྡོ་རྗེ་བཟླས་པ་ལ་སོགས་པའི་རིམ་པ་ལྔ་བསྟན་ཏོ། །དེ་ལྟར་རྗེས་སུ་དྲན་པ་དྲུག་གི་སྒོ་ནས་ཞེས་པ་ནས། དགོངས་པ་མ་ཡིན་པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ 31-1-187a ནི་རིགས་ལྔ་གཙོ་བོར་བྱས་པའི་སྒོ་ནས་དམ་ཚིག་གི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་བསྟན་ཏོ། །སྤྱོད་པ་རྣམ་པ་གསུམ་ནི་འདི་ཉིད་ཀྱི་ཡན་ལག་ཏུ་གྱུར་པ་བསྟན་པའོ། །སྔར་གསུངས་པའི་རྗེས་སུ་དྲན་པ་དྲུག་ཅེས་བྱ་བ་ནས། དགོངས་པས་བཤད་པའོ་ཞེས་བྱ་བ་ནི། རྡོ་རྗེ་འཆང་ཆེན་པོ་ ནས། དེ་བཞིན་གཤེགས་པ་ལྔའི་སྤྲོ་བ་བསྟན་ཏོ། །དྲུག་པའི་རྗེས་སུ་དྲན་པ་ནི་ཏིང་ངེ་འཛིན་གྱིས་སྐྱོན་བདུད་རྩིས་ཚིམ་པར་བྱ་བར་བསྟན་ཏོ། །སྦྱོར་བ་དང་རྗེས་སུ་སྦྱོར་བ་དང་ཞེས་པ་ནས། འདོད་པའི་དབང་ཕྱུག་གསལ་བར་སྟོན་པ་ཡིན་ཞེས་བྱ་བའི་བར་གྱིས་སྐུ་ལ་སོགས་པ་རྗེས་སུ་དྲན་པའི་སྒོ་ནས་ དོན་དམ་པའི་བདེན་པ་ལ་འཇུག་པ་བསྟན་ཏོ། །ལྔ་བཅུའི་ཕུང་པོ་ལ་སོགས་པ་བཏུང་བས་ཞེས་བྱ་བ་ལ་དོན་ནི་འདི་ཡིན་ཏེ། དེ་ལ་གཟུགས་ནི་ཁ་དོག་དང་དབྱིབས་ཀྱི་བྱེ་བྲག་གིས་རྣམ་པ་ཉི་ཤུའོ། །ཚོར་བ་ནི་བདེ་བ་ལ་སོགས་པའི་དབྱེ་བ་དང་། གཟུགས་ལ་སོགས་པ་ཡང་དག་པར་རེག་པའི་ དབྱེ་བས་བཅོ་བརྒྱད་དོ། །འདུ་ཤེས་ནི་གཅིག་འབའ་ཞིག་གོ། །འདུ་བྱེད་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་དབྱེ་བས་གསུམ་མོ། །ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པའི་དབྱེ་བས་ནི་བརྒྱད་དོ། །དེ་རྣམས་བསྡུས་པ་ནི་ལྔ་བཅུའོ། །པདྨ་སྤྱན་མ་ལ་སོགས་པ་རིགས་ བཞིའོ་ཞེས་བྱ་བ་ནི་པདྨ་ཅན་མ་ནི་པདྨ་རབ་ཏུ་ཡངས་པ་ཅན་མའོ། །སོགས་པའི་སྒྲས་ནི་དུང་ཅན་མ་ནི་པདྨ་ཡོན་པོ་ཅན་ནོ། །ཨུཏྤལ་ཅན་མ་ནི་པདྨ་ཅུང་ཟད་མའོ། །རི་དགས་ཅན་མ་ནི་པདྨ་ཐ་མལ་པ་ཅན་མའོ། །རི་དགས་མ་དང་། རྒོད་མ་མ་དང་། གླང་མ་སྟེ། བུད་མེད་ཀྱི་རིགས་རྣམ་པ་གསུམ་ མོ། །སྐྱེས་པ་ཡང་རྣམ་པ་གསུམ་སྟེ། རི་བོང་དང་། ཁྱུ་མཆོག་དང་། རྟའི་རིགས་ཏེ་རྣམ་པ་གསུམ་མོ། །འདི་ནི་འདོད་པའི་བསྟན་བཅོས་ཀྱི་ལུགས་སོ། །དེར་བྱས་པའི་རབ་ཏུ་དབྱེ་བའི་ལས་ཀྱིས་སོ་ཞེས་བྱ་བ་ནི་དཔེར་ན་པདྨ་ཅན་མའི་པདྨ་ཡངས་པ་བཟློག་ནས། རྣལ་འབྱོར་པའི་རྟགས་ཕྲ་བ་ཡོད་ན་ དོག་པར་བྱས་ཏེ། དེ་ལྟར་ལས་བྱའོ། །དེ་བཞིན་དུ་ཤེས་རབ་ཀྱི་པདྨ་ཅན་དོག་པར་ཡོད་ན་ཡངས་པར་བྱའོ་ཞེས་བརྟག་པར་བྱའོ། །རྗེས་སུ་དྲན་པའི་འབྲས་བུ་བསྟན་པར་བྱ་བའི་ཕྱིར་ཞེས་བྱ་བ་ནས། སྒྲ་ཇི་བཞིན་པའོ་ཞེས་བྱ་བའི་བར་གྱིས་ནི་རྣལ་འབྱོར་པ་ཏིང་ངེ་འཛིན་ཐོབ་པའི་བདག་ཉིད་ཆེན་ 31-1-187b པོའི་སྔགས་པ་དང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གྲུབ་པ་བསྟན་པ་ཡིན་ནོ། །མཐའ་དྲུག་གིས་བཤད་པའི་ལེའུ་བདུན་པའོ།། །།དེ་ལྟར་སྤྱོད་པ་ལ་གནས་པའི་རྣལ་འབྱོར་པས་ཞེས་བྱ་བ་ལ་སོགས་པས་ནི་ལེའུའི་སྐབས་སྟོན་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས། དགོངས་པ་མ་ཡིན་པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི། རྡོ་རྗེ་འཆང་ཆེན་པོ་ལ་རིན་ཆེན་འབྱུང་ལྡན་གྱི་ཡོན་ཏན་ཡང་དག་པའི་ཚོགས་ཡོངས་སུ་བརྗོད་པའི་སྒོ་ནས་བསྟོད་པར་བྱེད་པར་སྟོན་པ་ཡིན་ནོ། །འདིར་ནི་དྲང་བ་དང་ངེས་པའི་དོན་གྱི་རྒྱན་གྱི་དོན་ཡོད་པ་ཡིན་ནོ། །དེ་བཞིན་གཤེགས་པའི་ མཆོག་ཅེས་བྱ་བ་ནས་དགོངས་པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི། བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་མཆོད་པ་གསུངས་པ་ཡིན་ནོ། །དེ་བསྟན་པར་བྱ་བའི་ཕྱིར་ཞེས་བྱ་བ་ནས། ཡང་དགོངས་པར་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི་ཕྱག་རྒྱ་ཆེན་པོའི་བྱིན་གྱིས་བརླབ་པ་ བསྟན་ཏོ། །ཤིན་ཏུ་ཡང་འཇིག་རྟེན་ལས་འདས་པའི་ཡང་ཞེས་བྱ་བ་ནས། ཇི་ལྟ་ཇི་ལྟ་བར་བྱའོ་ཞེས་བྱ་བའི་བར་གྱིས་ནི། བསྐྱེད་པའི་རིམ་པ་ལ་གནས་པའི་རྣལ་འབྱོར་པའི་གནས་དང་། ཕྱག་རྒྱའི་རྣམ་པར་དག་པ་བསྟན་ཏོ། །ཇི་སྲིད་དུ་དེ་ལྟར་བྱས་པའི་ཞེས་པ་ནས། སྒྲ་ཇི་བཞིན་ པའོ་ཞེས་བྱ་བའི་བར་གྱིས་ནི། རྡོ་རྗེ་འཆང་ཆེན་པོའི་སྐུ་ལྷ་མོ་བཞིས་བསྐོར་བ་སློབ་མ་དབང་བསྐུར་བའི་དོན་དུ་གསུངས་པ་ཡིན་ནོ། །ད་ནི་རྣལ་འབྱོར་གཉི་གའི་ཞེས་པ་ནས། ངེས་པའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི་རིམ་པ་གཉིས་ཀྱི་རྣལ་འབྱོར་པའི་མཆོད་པ་འདྲ་བའི་རིམ་པ་བསྟན་ཏོ། ། གང་ཞིག་རླུང་ནི་བཅུར་གྲགས་པ། །དེ་ནི་པདྨ་ཨུཏྤལ་མིང་། །ཞེས་བྱ་བའི་གྲང་བའི་རེག་པ་དང་ལྡན་པའི་ཕྱིར་རོ། །དེ་ཉིད་ཅེས་གྲགས་རྡོ་རྗེ་གསུམ། །ཛཱ་ཏི་གཅིག་པོ་གསུམ་དུ་འདོད། །ཅེས་བྱ་བ་ལ་ཛཱ་ཏི་ནི་སྣ་མའི་མེ་ཏོག་སྟེ། དེ་གཅིག་པོ་དྲི་ཞིམ་པས་ཡིད་འཕྲོག་པར་བྱེད་པ་བཞིན་དུ། སྐུ་ལ་ སོགས་པའི་དེ་བཞིན་ཉིད་ཤེས་པ་ནི་རྡོ་རྗེ་གསུམ་ཡིན་ནོ། །དེ་བཞིན་དུ་ཀ་ར་ནི་ཀ་ལ་སོགས་པ་ནི་ལྕུག་མའི་ངོ་བོ་ཉིད་ཡིན་པའི་ཕྱིར། སྒེག་པ་དང་ལྡན་པའི་ཕྱིར་དང་། སྐྱེས་བུ་སྒེག་པ་རྣམས་དགའ་བར་བྱེད་པའི་ཕྱིར། སངས་རྒྱས་སྤྱན་ལ་སོགས་པའི་རྣམ་གྲངས་ཡིན་ནོ། །ད་ནི་རྣལ་འབྱོར་པ་ 31-1-188a གཉི་གའི་ཐུན་མོང་གི་ཞེས་པ་ནས་ཞེས་བྱ་བའི་བར་དུ་ཞེས་བྱ་བའི་བར་གྱིས་ནི་མོས་པའི་བྱེ་བྲག་གིས་དེ་བཞིན་གཤེགས་པ་ལྔའི་དཀྱིལ་འཁོར་བསྒོམ་པ་བསྟན་ཏོ། །དེ་ལྟར་བླ་མའི་བྱ་བ་བསྟན་པའི་འོག་ཏུ་ཞེས་བྱ་བ་ནས། བསམ་གཏན་གྱིས་ཀྱང་ཐམས་ཅད་བསྐྱེད་པར་བྱའོ་ ཞེས་བྱ་བའི་བར་གྱིས་ནི་ཕྱི་རོལ་དང་། གསང་བའི་མཆོད་པ་དང་། དཀྱིལ་འཁོར་དང་སློབ་དཔོན་ལ་སློབ་མས་བྱ་བ་གལ་ཏེ་མེད་ན་བསྒོམ་པར་བྱ་བ་བསྟན་ཏོ། །དེ་ལྟར་སློབ་མས་མཆོད་པའི་ཡོ་བྱད་ཐམས་ཅད་བསགས་ཞེས་པ་ནས། དེ་ཁོ་ན་ཉིད་ཀྱི་མཆོད་པ་བྱས་ཏེ་ཞེས་བྱ་བའི་བར་གྱིས་ནི་ དེ་ལྟར་བསྒོམ་པའི་སྔོན་དུ་འགྲོ་བས་དེ་བཞིན་གཤེགས་པ་རྣམས་བསྡུ་བར་བྱས་ནས་རྡོ་རྗེ་སློབ་མ་དམ་ཚིག་གི་ཕྱག་རྒྱ་དང་སྙོམས་པར་ཞུགས་པར་བསྟན་ཏོ། །ཆགས་པ་དང་། ཆགས་པ་དང་བྲལ་བ་ཞེས་པ་ནས། སློབ་མ་དབང་བསྐུར་བར་བྱའོ་ཞེས་བྱ་བའི་བར་གྱིས་ནི་སློབ་མ་ལ་གསང་བའི་ དབང་བསྐུར་བ་སྦྱིན་པར་བསྟན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཚིམ་པར་བྱའོ་ཞེས་བྱ་བ་ནི་མཚོན་པ་ཙམ་སྟེ། ཀྱེ་མའོ་བདེ་བ་ཆེ་ཞེས་ཀྱང་བརྗོད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ཞེས་བྱ་བ་ནི་ལུང་ཚད་མར་བྱས་པ་ཡིན་ནོ། །འདི་ནི་དེ་ཞེས་བྱ་བ་ནི་ཞེས་པ་ནས། སྒྲ་ཇི་ བཞིན་པའོ་ཞེས་བྱ་བའི་བར་གྱིས་ནི་གསང་བའི་དབང་བསྐུར་བའི་འབྲས་བུ་བསྟན་ནོ། །མཐའ་དྲུག་གིས་བཤད་པའི་ལེའུ་བརྒྱད་པའོ།། །།དབང་བསྐུར་བ་རྫོགས་པས་ཞེས་པ་ལ་སོགས་པ་ནི་ལེའུའི་སྐབས་སྟོན་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནས། སྒྲ་ཇི་བཞིན་པའོ་ཞེས་བྱ་བའི་བར་ གྱིས་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཆོས་སྟོན་པ་རྩོམ་པ་ཡིན་ནོ། །ནམ་མཁའ་བཞིའི་བདག་ཉིད་ཅན་གྱི་ཞེས་པ་ནི། སྟོང་པ་དང་། ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོ་དང་། ཐམས་ཅད་སྟོང་པའོ། །ཡང་ན་ལྐོག་མ་ལ་སོགས་པའི་དཀྱིལ་འཁོར་བཞི་རྣམས་སོ། །ཡང་ན་པདྨའི་ནང་ན་གནས་ པའི་རྩ་རྒྱུན་ཕྲ་མོའི་རྩེ་མོ་ཤར་ལ་སོགས་པའི་ཕྱོགས་ལ་རིམ་བཞིན་གནས་པའོ། །ལྔ་ཇི་ལྟར་དེར་ཡོད་པ་ཡིན་ཡང་གཅིག་ནི་ཐམས་ཅད་དུ་ཁྱབ་པའི་ཕྱིར་མ་བརྗོད་དོ། །དེ་ཡང་ཇི་སྐད་དུ་རྡོ་རྗེ་བདུད་རྩིའི་རྒྱུད་ལས། བྷ་ག་ཡི་ནི་སྟོང་པ་གང་། །ནམ་མཁའ་ལྔ་ཡིས་བརྒྱན་པ་ཡིན། །སྙིང་པོ་ཟེ་བ་དག་ལྡན་ 31-1-188b ཞིང་། །འདབ་མ་བརྒྱད་ཀྱིས་རྣམ་པར་བརྒྱན། །ཞེས་གསུངས་པ་ལྟ་བུའོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པ། །ཞེས་བྱ་བ་ནས། གཞན་དུ་སྡིགས་པའི་ཕུལ་ཡིན་ནོ། །ཞེས་གསུངས་པའི་བར་གྱིས་ནི་མི་བསྐྱོད་པའི་ཏིང་ངེ་འཛིན་གྱིས་མངོན་སྤྱོད་བསྟན་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་ སོགས་པས་ནི་ཞེས་པ་ནས། སེར་སྣ་ཅན་འཇུངས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ་ཞེས་བྱ་བའི་བར་གྱིས་ནི་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་གྱིས་སྔགས་དང་། ཕྱག་རྒྱའི་རིམ་པས་གཞན་གྱི་རྫས་འགུགས་པ་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་ཞེས་པ་ནས། སྒྲུབ་པ་ཉམས་སུ་བླང་ བར་བྱའོ་ཞེས་བྱ་བའི་བར་གྱིས་ནི་སྣང་བ་མཐའ་ཡས་ཀྱི་ཏིང་ངེ་འཛིན་གྱིས། བུད་མེད་ཐམས་ཅད་ལ་འདོད་པའི་སྒོ་ནས། ཐམས་ཅད་དུ་འདོད་པའི་དབང་ཕྱུག་ཏུ་སྟོན་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་ཞེས་བྱ་བ་ནས། རྟག་པར་བརྫུན་དུ་སྨྲ་བར་བྱ་ཞེས་གསུངས་སོ་ཞེས་བྱ་བའི་བར་ གྱིས་ནི་དོན་ཡོད་གྲུབ་པའི་ཏིང་ངེ་འཛིན་གྱིས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་ངོ་བོ་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་ཞེས་པ་ནས། དྲང་བའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི་རིན་ཆེན་འབྱུང་ལྡན་གྱི་ཏིང་ངེ་འཛིན་གྱིས། ངག་རྩུབ་པའི་ཐབས་ཀྱི་བདག་དང་གཞན་རྡོ་རྗེ་འཆང་ཆེན་པོ་ཉིད་ དུ་བསྒྲུབ་པར་བསྟན་པ་ཡིན་ནོ། །རྩུབ་པའི་ངག་ནི། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་བསྲེག་པར་འགྱུར། །ཞེས་པ་ཡིན་ནོ། །ཡང་བ་མ་སྤངས་པས་འཆི་བར་མི་འགྱུར་བའི་ཕྱིར་རོ། །ངག་རྩུབ་པ་ཡིན་ན་ཡང་རྩུབ་པ་མ་ཡིན་ཏེ། ནང་ན་ཕན་འདོགས་པའི་བསམ་པ་དང་ ལྡན་པ་བྱང་ཆུབ་སེམས་དཔའ་ལ་ཡོད་པས་སོ། །ལུང་གིས་བཤད་པ་བརྗོད་པར་བྱ་སྟེ་ཞེས་པ་ནས། ངེས་པའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི་འོད་གསལ་བ་ལ་འཇུག་པའི་མཚན་ཉིད་དམ་ཚིག་ལྔ་ཚིགས་སུ་བཅད་པས་བསྟན་ཏོ། །རྡོ་རྗེ་འཆང་ཆེན་པོའི་འཁོར་གྱི་ནང་ནས་ཞེས་པ་ནས་མ་གསུང་ ཅིག་ཅེས་བྱ་བའི་བར་གྱིས་ནི་མ་འོངས་པའི་སེམས་ཅན་གྱི་ཁམས་རྗེས་སུ་གཟུང་བར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔས་མ་རྟོགས་པ་ལྟ་བུའི་ཚུལ་གྱིས་རྡོ་རྗེ་འཆང་ཆེན་པོའི་བཀའ་ལ་མ་གུས་པ་སྟོན་པ་ཡིན་ནོ། །བཤད་མ་ཐག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྨྲས་པ་གསན་ནས་ཞེས་བྱ་བ་ 31-1-189a ནས། ཚེ་འདི་ཉིད་ལ་རང་གི་ངོ་བོ་ཉིད་རྗེ་བ་ཡིན་པས་སོ་ཞེས་བྱ་བའི་བར་གྱིས་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའི་སྤྱོད་པ་བསྟན་པ་ཡིན་ནོ། །དེ་ལྟར་སྤྱོད་པ་གཉིས་ཀྱིས་བསྟན་པ་བཤད་ནས་ཞེས་བྱ་བ་ནས། དེ་དག་རྗེས་སུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་བདེན་པ་གཉིས་གཉིས་སུ་མེད་པའི་དཔེས་དམ་ཚིག་གི་དེ་ཁོ་ན་ཉིད་དེ་བཞིན་གཤེགས་པས་བསྟན་ཏོ། །དེ་ལྟར་ཆོས་ཐམས་ཅད་ཀྱི་བདེན་པ་ཞེས་པ་ནས། རྫོགས་པ་ལ་ནི་འཇུག་པ་དང་ལྡང་བ་མེད་པའོ་ཞེས་བྱ་བའི་བར་གྱིས་ནི། གཙུབ་ཤིང་དང་གཙུབ་སྟན་ གྱི་དཔེས་དངོས་པོ་མེད་པར་བསྟན་ཏོ། །དེ་ལྟར་མཆོག་ཏུ་ཟབ་པའི་ཆོས་ཉིད་ཐོས་ཤིང་ཞེས་པ་ནས། དེ་ནི་ངོ་མཚར་ཆེའོ་ཞེས་བྱ་བའི་བར་དུའོ་ཞེས་བྱ་བའི་བར་གྱིས་ནི། བྱང་ཆུབ་སེམས་དཔས་དེ་ཁོ་ན་ཉིད་རྟོགས་པ་སྐྱོ་བས་དེ་ལ་དད་པ་སྐྱེས་པའི་ཚིག་ཏུ་བརྗོད་པ་བསྟན་ཏོ། །དོན་དམ་པ་ནི་འོད་ གསལ་བའོ་ཞེས་པ་ནས། དགོངས་པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི། ལེའུ་དོན་དང་ལྡན་པའི་མིང་བསྟན་ཏོ། །མཐའ་དྲུག་གིས་བཤད་པའི་ལེའུ་དགུ་པའོ།། །།སྒྲུབ་པ་མཆོག་དང་ཐ་མལ་པ་ལ་གནས་ཤིང་ཞེས་པ་ལ་སོགས་པས་ནི་ལེའུའི་སྐབས་སྟོན་ཏོ། །དེ་ནས་ཞེས་བྱ་བ་ལ་ སོགས་པ་ལེའུ་བཅུ་པ་ཞེས་བྱ་བ་ནས། རབ་ཏུ་བསྟན་དུ་གསོལ་ཞེས་གསོལ་བ་བཏབ་པའོ་ཞེས་བྱ་བའི་བར་གྱིས་ནི། དེ་བཞིན་གཤེགས་པ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཆོས་བཤད་པར་གསོལ་བ་བཏབ་པར་བསྟན་ཏོ། །དེ་ནས་ཞེས་བྱ་བ་ནས་ཞུས་པའི་འོག་ཏུའོ་ཞེས་པ་ནས། དེ་ལ་གཞོལ་ བར་མཛད་པའི་ཕྱིར་རོ་ཞེས་བྱ་བའི་བར་གྱིས་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པར་སྟོན་པ་ཡིན་ནོ། །ལུས་དང་སེམས་ཞེས་བྱ་བ་ལ་སོགས་པ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བའི་བར་གྱིས་ནི། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་སྒོ་ ནས་ལན་བཀའ་སྩལ་པ་བསྟན་ཏོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ་ཞེས་བྱ་བ་ནས་འོག་ནས་བཤད་པ་འདི་གསུངས་པའོ་ཞེས་བྱ་བའི་བར་གྱིས་ནི་རྣལ་འབྱོར་པ་སྔགས་ལ་གཞོལ་བ་རྣམས་ལ། དེ་བཞིན་གཤེགས་པས་རྗེས་སུ་གཟུང་བའི་ཕྱིར། བཅོམ་ལྡན་འདས་ཀྱི་ 31-1-189b སྔགས་གསུང་བར་རྩོམ་པ་བསྟན་པ་ཡིན་ནོ། །དེ་གང་ཞེ་ན་ཞེས་པ་ནས་གྱུར་པ་ཞེས་བྱ་བ་ནི་ཐོབ་པའོ་ཞེས་བྱ་བའི་བར་གྱིས་ནི། བཅོམ་ལྡན་འདས་ཀྱི་ཡི་གེ་གསུམ་གྱི་བདག་ཉིད་ཆེན་པོ་བཤད་པས། དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ཐམས་ཅད་རྗེས་སུ་གཟུང་ བའི་དོན་དུ་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་དྲན་པས་བརྒྱལ་བར་གྱུར་པ་བསྟན་ཏོ། །བུད་མེད་དང་། སྐྱེས་པ་དང་། མ་ནིང་གི་ངོ་བོ་ཉིད་ཀྱིས་ཡི་གེ་རྣམས་ཞེས་བྱ་བ་ནི། ཨའི་ཚར་དང་ཀའི་ཚར་གྱི་ཡི་གེ་བཞི་བཅུ་རྩ་དགུ་པོའི་མ་མོ་དེ་ལ། སྡེ་ཚན་བརྒྱད་ལ་ དབྱངས་ཀྱི་ཡི་གེ་སྡེ་ཚན་གཅིག །ཀ་ནས་མེའི་བར་ལ་ནི་སྡེ་ཚན་ལྔའོ། །མཐར་གནས་དང་། ཨུ་སྨན་དའི་སྡེ་ཚན་ནི་གཉིས་ཏེ་བརྒྱད་དོ། །ཁ་ཅིག་ནི་དབྱངས་ཀྱི་ཡི་གེ་ལ་ཐུང་བ་དང་རིང་བའི་སྡེ་ཚན་གཉིས་ཡོད་དེ། སྡེ་ཚན་བརྒྱད་དོ་ཞེས་ཟེར་རོ། །དེ་ལ་ཆ་རྣམ་པ་བཅུ་དྲུག་ནི་ཡི་གེ་དང་ པོ་ལ་བསྡུས་པ་ཡིན་ཏེ་ཨའོ། །སྡེ་ཚན་ལྔ་ནི་དང་པོའི་ཡི་གེ་ལ་བསྡུས་ཏེ་ཀའོ། །མཐའ་གནས་དང་དྲོ་བ་ནི་དང་པོའི་ཡི་གེ་ལ་བསྡུས་ཏེ་ཡ་དང་ཤའོ། །ཡི་གེ་བཞི་པོ་འདི་དག་ནི། ཡི་གེ་གསུམ་གྱི་ནང་དུ་འདུས་ཏེ། ཡི་གེ་ཨ་དང་ཀ་དང་ཡའི་ནང་དུའོ། །དེ་ལ་ཨའི་སྡེ་ཚན་གྱི་ཡི་གེ་ནི་བུད་མེད་ ཀྱི་ངོ་བོའོ། །ཀའི་སྡེ་ཚན་གྱི་ཡི་གེ་ནི་སྐྱེས་པའི་ངོ་བོའོ། །ཡ་ལ་སོགས་པ་ནི་མ་ནིང་གི་ཡི་གེའོ། །དབྱངས་ཀྱི་ཡི་གེའི་སྡེ་ཚན་ནི་ཡི་གེ་ཨ་ཡིས་བསྡུས་སོ། །གསལ་བྱེད་ཀྱི་ཡི་གེའི་སྡེ་ཚན་ནི་ཡི་གེ་ཧཱུཾ་གིས་བསྡུས་སོ། །ཡ་ལ་སོགས་པ་ནི་ཡི་གེ་ཨོཾ་གྱིས་བསྡུས་སོ། །འདི་ཉིད་ཀྱི་ཕྱིར་ཤེས་རབ་དང་། ཐབས་དང་གཉི་གའི་ངོ་བོ་ནི་ཡི་གེ་གསུམ་ཡིན་ནོ། །དེ་ནས་དྲན་པའི་འོག་ཏུ་ཞེས་པ་ནས། དེ་སྐད་ཅེས་བཀའ་སྩལ་པའོ་ཞེས་བྱ་བའི་བར་གྱིས་ནི། རྡོ་རྗེ་འཆང་ཆེན་པོས་སེམས་དཔའ་གསུམ་གྱི་བདག་ཉིད་སྤྲུལ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་སོགས་པའི་མཐུས་བླངས་ནས། བདག་ཉིད་མཐུ་ཐམས་ཅད་དང་ལྡན་པར་བསྟན་ཏོ། །སྐུ་དང་གསུང་དང་ཐུགས་ཀྱི་ནུས་པ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་སོགས་པའི་ས་བོན་རང་གི་འོད་ཟེར་གྱིས་ཕོག་པ་ལས། དེ་ལས་བྱུང་བའི་འོད་ཟེར་གྱིས་འོད་ཟེར་ཐམས་ཅད་དྲངས་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བསྡུས་ 31-1-190a པའི་དཀྱིལ་འཁོར་མངོན་པར་བསྡུས་པ་ཞེས་པ་ནས། སྒྲུབ་པའི་ཚུལ་གྱིས་ཡོངས་སུ་རྟོག་གོ་ཞེས་བྱ་བའི་བར་དུའོ་ཞེས་བྱ་བའི་བར་གྱིས་ནི། དཀྱིལ་འཁོར་ཐམས་ཅད་ཀྱི་སེམས་དཔའ་གསུམ་གྱི་བདག་ཉིད་ཐུགས་ལ་བསྐུལ་བའི་སྒོ་ནས། བདག་ཉིད་ཐམས་ཅད་ཀྱི་དབང་ ཕྱུག་ཏུ་བསྟན་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབྱེ་བས་བསྐྱེད་པའི་རིམ་པ་དང་། བཀའ་སྩལ་པའི་འཁོར་ལོ་བསྐོར་བ་ཡང་བསྟན་པ་ཡིན་ནོ། །བསྒྱུར་བ་ནི་ཆ་བྱད་ཀྱི་བཀོད་པའོ། །གར་མཁན་ནི་གར་བྱེད་པའོ། །ཐུགས་ཡང་དག་པར་བསྐུལ་བའི་ཆོ་ག་ཞེས་པ་ནས། རྗེས་སུ་ འཛིན་པར་མཛད་པའོ་ཞེས་བྱ་བའི་བར་གྱིས་ནི་སྒྲུབ་པ་པོ་ལ་སངས་རྒྱས་ཀྱི་དུས་ཀྱི་ཚད་ལ་བརྟེན་ནས་རྗེས་སུ་བཟུང་བར་མཛད་པ་བསྟན་ཏོ། །རྗེས་སུ་བཟུང་ནས་ཅི་ཞིག་མཛད་ཅེ་ན་ཞེས་པ་ལ་སྒྲ་ཇི་བཞིན་པའོ་ཞེས་བྱ་བའི་བར་གྱིས་ནི་སྒྲུབ་པ་པོ་ལ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་སྒྲུབ་པ་དེ་ བཞིན་གཤེགས་པས་གཏད་པའི་སྒོ་ནས་བྱིན་པ་དང་། དེ་ལ་བརྙས་པའམ། ལེ་ལོ་བྱས་ན་དུས་འདས་པ་འབྲས་བུ་མེད་པར་བསྟན་ཏོ། །དེ་ལྟར་ཐུན་མོང་གི་སྒྲུབ་པ་ལ་ཞུགས་པ་རྣམས་ཀྱི་སྙིང་པོ་ཞེས་པ་ནས། དེ་གང་ཞེ་ན་ཆོ་གའོ་ཞེས་བྱ་བའི་བར་གྱིས་ནི། རང་བྱིན་གྱིས་བརླབ་པ་དང་། འོད་གསལ་བའི་རིམ་པ་དག་གི་རྫོགས་པའི་རིམ་པ་ལ་གནས་པའི་རྣལ་འབྱོར་པས་ཐུགས་བསྐུལ་བར་བསྟན་པ་ཡིན་ནོ། །དེ་ལྟར་ཐབས་དང་བཅས་པ་ནི། །ཞེས་པ་ནས། དགོངས་པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི། རྫོགས་པའི་རྣལ་འབྱོར་པའི་སྤྲོ་བའི་རིམ་པས་འཇུག་པར་ བསྟན་ཏོ། །མཐའ་དྲུག་གིས་བཤད་པ་ལེའུ་བཅུ་པའོ།། །།དེ་ལྟར་རྣལ་འབྱོར་པ་གཉིས་ཀྱི་སྙིང་པོ་ཞེས་བྱ་བ་ལ་སོགས་པས་ནི་ལེའུའི་སྐབས་སྟོན་པར་བྱེད་དོ། །རྣལ་འབྱོར་པ་གཉིས་ནི་བརྟགས་པ་དང་། རྫོགས་པའི་རིམ་པའི་རྣལ་འབྱོར་པའོ། །དེ་ལ་བརྟགས་པའི་རྣལ་འབྱོར་ པ་ནི་སྔགས་ཀྱི་སྐུའོ། །རྫོགས་པའི་རིམ་པའི་རྣལ་འབྱོར་པ་ནི་ཡེ་ཤེས་ཀྱི་སྐུ་ཡིན་ཏེ། དེ་ལྟར་འདི་གཉིས་ཀྱི་བྱེ་བྲག་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནས། ཚེ་འདི་ཉིད་ལ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཉིད་ཐོབ་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བའི་བར་གྱིས་ནི་དེ་ 31-1-190b བཞིན་ཉིད་དང་། གཞལ་མེད་ཁང་དང་། པདྨ་དང་ཟླ་བ་དང་། ཉི་མའི་གདན་དང་ལྷན་ཅིག་སེམས་དཔའ་གསུམ་གྱི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་གཟུགས་བསྐྱེད་པའི་རིམ་པ་གསུངས་སོ། །དེ་ལྟར་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པའི་བསྐྱེད་པའི་རིམ་པ་བསྒྲུབ་པ་ཞེས་བྱ་བ་ནས་སྐུ་རྡོ་རྗེ་འོད་ཟེར་ བཀོད་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་རྣམ་པར་སྣང་མཛད་ཀྱི་སྔགས་ཀྱི་སྐུ་བསྟན་པ་ཡིན་ནོ། །ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ཞེས་པ་ནས་དམ་ཚིག་གང་དུ་འབྱུང་བའི་ཏིང་ངེ་འཛིན་དེ་ལ་འདི་སྐད་ཅེས་བྱའོ་ཞེས་བྱ་བའི་བར་གྱིས་ནི་འོད་དཔག་མེད་ཀྱི་སྐུ་བསྐྱེད་པ་བསྟན་པ་ཡིན་ནོ། ། རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ཞེས་པ་ནས། བྱ་བ་ནི་བསྐྱེད་པའོ་ཞེས་བྱ་བའི་བར་གྱིས་ནི་མི་བསྐྱོད་པའི་སྔགས་ཀྱི་སྐུ་བསྐྱེད་པ་བསྟན་ནོ། །དེ་ལྟར་བརྟག་པ་ཉིད་ཀྱིས་ཐུན་བཞིར་བསླབ་པ་བྱས་ནས་ཞེས་པ་ནས། སྒྲ་ཇི་བཞིན་པའོ་ཞེས་བྱ་བའི་བར་གྱིས་ནི་རིན་ཆེན་འབྱུང་ ལྡན་དང་། དོན་ཡོད་གྲུབ་པའི་སྔགས་ཀྱི་སྐུ་བསྐྱེད་པ་སྟེ། དེ་བཞིན་གཤེགས་པའི་སྐུར་གྲུབ་ན་ཁམས་གསུམ་གྱི་སྟོན་པ་གྲུབ་པ་ཡིན་ནོ། །དེ་ལྟར་རྟོགས་པའི་རྣལ་འབྱོར་གྱི་འབྲས་བུའི་ཚུལ་གྱིས་ཞེས་པ་ནས། དགོངས་པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི་འོད་གསལ་བ་ལ་ འཇུག་པའི་རིམ་པ་དང་། རང་བྱིན་གྱིས་བརླབ་པའི་རིམ་པས། རྡོ་རྗེ་འཆང་ཆེན་པོ་ལ་སོགས་པ་དེ་བཞིན་གཤེགས་པ་དྲུག་ཡེ་ཤེས་ཀྱི་སྐུར་བསྐྱེད་པ་བསྟན་ཏོ། །རྗེས་སུ་འབྱེད་པའི་རིམ་གྱིས་ཞེས་པ་ལ། ཆོས་ཀྱི་འཁོར་ལོ་རྩིབས་བརྒྱད་པའི་དབུས་སུ་ཡི་གེ་རཾ་འབར་བར་བསམས་ལ་ དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་བ་སྤུའི་བུ་ག་ཐམས་ཅད་ནས་བྱུང་ནས། ཁམས་གསུམ་ཐམས་ཅད་བསྲེགས་ཤིང་། དེ་ནས་བདག་ཉིད་བསྲེགས་པ་ནི་རྗེས་སུ་འཛིན་པའི་རིམ་གྱིས་སོ། །བཤད་མ་ཐག་པའི་རིམ་པས་ཞེས་བྱ་བ་ནས། ཏིང་ངེ་འཛིན་དང་ལྡན་པ་དེ་ལ་དེ་སྐད་ཅེས་ བྱའོ་ཞེས་བྱ་བའི་བར་གྱིས་ནི་དབང་པོ་དྲུག་སྟོང་པར་བྱས་ནས་ས་བོན་ནི་ཅི་རིགས་པ་བཀོད་དེ། སའི་སྙིང་པོ་ལ་སོགས་པའི་བསྐྱེད་པའི་རིམ་པ་དང་། དེའི་འབྲས་བུ་ལྷ་ལ་སོགས་པའི་མིག་གི་ཤེས་པ་དང་། རྡོ་རྗེ་འཆང་ཆེན་པོའི་ཏིང་ངེ་འཛིན་བསྟན་ཏོ། །རེག་བྱའི་དབང་པོ་ཞེས་བྱ་བ་ནི་རྡོ་ 31-1-191a རྗེའི་རྩེ་མོའི་ནང་ན་ཟླ་བ་ཕྱེད་པ་འདྲ་བ་ཡིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་མིག་ལ་སོགས་པར་བཀོད་པ་བསྟན་ནས་ཞེས་བྱ་བ་ནས། དགོངས་པ་མ་ཡིན་པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི་རྣམ་པར་སྣང་མཛད་ཀྱི་སྤྱན་བྱིན་གྱིས་བརླབ་པ་བསྟན་ཏོ། །རྣམ་པར་ དབེན་པའི་ཞེས་པ་ནས། ངེས་པའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི་རྣལ་འབྱོར་པའི་ཕྱི་རོལ་གྱི་གནས་དང་།དམ་ཚིག་གི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་བསྟན་ཏོ། །དེ་ལྟར་གནས་ཕུན་སུམ་ཚོགས་པ་བསྟན་ཅིང་ཞེས་པ་ནས། སྒྲ་ཇི་བཞིན་པའོ་ཞེས་བྱ་བའི་བར་གྱིས་ནི་མི་བསྐྱོད་པ་ དང་འོད་དཔག་མེད་དང་། རིན་ཆེན་དཔལ་དང་དོན་ཡོད་གྲུབ་པ་རྣམས་ཀྱི་ས་བོན་གྱི་རྣ་བ་ལ་སོགས་པ་བྱིན་གྱིས་བརླབ་པ་བསྟན་ཏོ། །བསྐྱེད་པའི་རིམ་པས་ས་བོན་རྣམ་པར་དགོད་པ་ཞེས་པ་ནས། དེ་དང་འདྲ་བར་འགྱུར་བའོ་ཞེས་བྱ་བའི་བར་གྱིས་ནི་རང་བཞིན་གྱིས་འོད་གསལ་བའི་ལམ་གྱིས་མིག་ ལ་སོགས་པའི་བྱིན་གྱིས་བརླབ་པ་བསྟན་ཏོ། །རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ཞེས་པ་ནས་རྡོ་རྗེ་གསུམ་གྱི་རྟོག་པ་དམ་ཚིག་སྟེ། རྡོ་རྗེ་འཆང་ཆེན་པོའོ་ཞེས་བྱ་བའི་བར་གྱིས་ནི་ཐམས་ཅད་བསྡུས་པའི་སྒོ་ནས་འགྲོ་བ་ཐམས་ཅད་ལ་ཁྱབ་པར་བྱེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ བསྟན་པ་ཡིན་ནོ། །སྐུ་གསུང་ཐུགས་ཞེས་བྱ་བ་ནས། དགོངས་པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི་རྣལ་འབྱོར་པ་སྐུ་རྣམ་པ་གཉིས་དང་ལྡན་པའི་ཕན་ཡོན་བསྟན་ཏོ། །ལེའུ་བཅུ་གཅིག་པ་མཐའ་དྲུག་གིས་བཤད་པ་ས་བཅད་པའོ།། །།དེ་ལྟར་ལས་ཀྱི་ལམ་རྣམ་པར་དག་པ་ བསྟན་ནས་ཞེས་བྱ་བ་ལ་སོགས་པས་ནི་ལེའུའི་སྐབས་བསྟན་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནས་འོག་ནས་བཤད་པའི་མཚན་ཉིད་བཀའ་སྩལ་པའོ་ཞེས་བྱ་བའི་བར་གྱིས་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཡིན་ནོ། །མཁའ་ནི་གོ་འབྱེད་པའོ་ཞེས་བྱ་བ་ནས། དགོངས་པ་མ་ཡིན་ པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི་ཆོས་སྟོན་པའི་གླེང་བསླང་བ་བསྟན་ཏོ། །དངོས་གྲུབ་ཐམས་ཅད་གྲུབ་པ་ཡིན། །ཞེས་པ་ནས། ངེས་པའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི་ནང་དང་ཕྱི་རོལ་ལ་བརྟེན་པའི་གྲུབ་པའི་གནས་བསྟན་པའོ། །མི་ཞེས་བྱ་བ་ནི་འོག་ནས་ཞེས་པ་ནས། དགོངས་ 31-1-191b པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི་འཇམ་དཔལ་གྱི་ཕྱག་རྒྱ་ཆེན་པོ་བསྟན་ཏོ། །དེ་ཉིད་རྡོ་རྗེ་འཆང་ཆེན་པོའི་སྐུ་ཡང་ཡིན་ནོ་ཞེས་བསྟན་ཏོ། །དེ་ལྟར་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱི་ཏིང་ངེ་འཛིན་ཉེ་བར་བསྟན་ནས་ཞེས་བྱ་བ་ནས། དེ་ནི་འཁོར་ལོའི་དམ་ཚིག་ཅེས་བྱ་བའི་ཏིང་ ངེ་འཛིན་ཏོ་ཞེས་བྱ་བའི་བར་གྱིས་ནི་འཁོར་ལོའི་རིག་པ་འཛིན་པའི་སྐུ་བསྟན་པ་ཡིན་ནོ། །དྲོ་བ་དང་དུ་བ་འཐུལ་བ་དང་རབ་ཏུ་འབར་བ་མཐོང་ན་ནི་གྲུབ་པར་རྗེས་སུ་དཔག་པར་སྦྱར་རོ། །རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་ཞེས་པ་ནས། དེའི་བདག་ཉིད་ཅན་དུ་འགྱུར་རོ་ཞེས་བྱ་བའི་བར་དུའོ་ཞེས་བྱ་ བའི་བར་གྱིས་ནི། པདྨའི་རིག་པ་འཛིན་པའི་སྐུ་བསྟན་ཏོ། །འོད་ཟེར་ལྔ་དང་ལྷག་པ་ལྔ་དང་ཞེས་པ་ནས་ཏིང་ངེ་འཛིན་ཀྱང་རལ་གྲི་ཐམས་ཅད་ཅེས་བྱ་བའི་བར་གྱིས་ནི། རལ་གྲིའི་རིག་པ་འཛིན་པའི་སྐུ་བསྟན་ཏོ། །དེ་ལྟར་འཁོར་ལོ་དང་རྡོ་རྗེ་ཞེས་པ་ནས་ལྡང་བའི་བདག་ཉིད་ཅན་དུ་བསམ་པར་བྱའོ་ཞེས་ བྱ་བའི་བར་གྱིས་ནི་རྡོ་རྗེ་བཟླས་པའི་རིམ་པ་བསྟན་ཏོ། །དགོས་པ་ནི་རིགས་པ་ལ་མངོན་པར་ཞེན་པ་སྤང་བར་བསྟན་ཏོ། །ད་ནི་ཕྱག་རྒྱ་ཆེན་པོ་ཞེས་པ་ནས། རབ་ཏུ་བྱེད་པ་ཉེ་བར་སྡུད་པའོ་ཞེས་བྱ་བའི་བར་གྱིས་ནི་རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་མེད་དང་། མི་ བསྐྱོད་པ་དང་། དོན་ཡོད་པར་གྲུབ་པའི་སྒོ་ནས་རིག་པའི་འཁོར་ལོས་སྒྱུར་བ་ལ་སོགས་པ་གྲུབ་པ་བསྟན་ཏོ། །དངོས་གྲུབ་སྒྲུབ་པའི་ཐབས་ཞེས་པ་ནས། དགོངས་པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི། དམ་ཚིག་གི་སེམས་དཔའ་དང་སྙོམས་པར་ཞུགས་པའི་དོན་དུ། དམ་ཚིག་གི་ཕྱག་ རྒྱའི་སྤྲོས་པ་བསྟན་ཏོ། །དེ་ལྟར་ཁྱད་པར་རྟོགས་པ་ཞེས་པ་ནས། དེའི་ལས་ནི་ཉམས་སུ་ལེན་པའི་བྱ་བ་སྟེ། དེ་བྱེད་པར་འབྱུང་བས་ན་ཞེས་བྱ་བའི་བར་གྱིས་ནི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་གཟུགས་ཀྱིས་གང་ལ་འོས་པའི་ཕྱག་མཚན་སྤྲོས་པས་དགུག་པ་བསྟན་ཏོ། །དགོས་པ་ནི་ སེམས་ཅན་གདུལ་བར་བྱ་བ་ཡིན་གྱི་གཞན་ནི་མ་ཡིན་ནོ། །གནས་ལ་བྱེད་པར་འགྱུར་ཞེས་བྱའོ་ཞེས་པ་ནས། དེ་སྐད་ཅེས་གསུངས་སོ་ཞེས་བྱ་བའི་སྡུད་པ་པོའི་ཚིག་གོ་ཞེས་བྱ་བའི་བར་གྱིས་ནི་རྣམ་པར་སྣང་མཛད་དང་། འོད་དཔག་མེད་དང་། མི་བསྐྱོད་པར་བྱེད་པ་དེའི་ངོ་བོ་ཉིད་ 31-1-192a ཡོངས་སུ་ཤེས་པ་ཙམ་བསྟན་ཏོ། །ལས་ཀྱི་དབྱེ་བ་ཉེ་བར་ཞེས་པ་ནས། མངོན་པར་འདོད་པའི་དོན་གྱི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། ཁ་ན་མ་ཐོ་བ་མེད་པའི་གོ་ཀུ་ད་ཧ་ནའི་ཟས་བཟའ་བའི་ཆོ་ག་བསྟན་པ་ཡིན་ནོ། །ལུས་རྒྱས་པར་བྱ་བའི་ཕྱིར། ཚིམ་ པར་བྱ་བའི་ཞེས་པ་ནས། །སྒྲ་ཇི་བཞིན་པའོ་ཞེས་བྱ་བའི་བར་གྱིས་ནི། རིགས་ཀྱི་བྱེ་བྲག་གིས་བཟའ་བའི་བྱ་བ་དང་། བདུད་རྩིས་ཚིམ་པར་བྱ་བ་བསྟན་ཏོ། །རྣལ་འབྱོར་པའི་བྱ་བའི་སྒོ་ནས་ཞེས་པ་ནས། འགྱུར་བ་ནི་དེར་འགྲུབ་པར་འགྱུར་བའོ་ཞེས་བྱ་བའི་བར་གྱིས་ནི་འོད་གསལ་ བ་ལས་རྣམ་པར་འབྱུང་བར་བསྟན་ཏོ། །དེ་ལྟར་རྫོགས་པའི་ཆོ་འཕྲུལ་ཞེས་པ་ནས། འབྲས་བུའི་ཕྱོགས་སོ་ཞེས་བྱ་བའི་བར་གྱིས་ནི་རྣལ་འབྱོར་པ་ཕྱག་རྒྱ་ཆེན་པོ་གྲུབ་ན་ཆོ་འཕྲུལ་དང་མངོན་པར་ཤེས་པ་དང་། གཞན་གྱི་དོན་ཕུན་སུམ་ཚོགས་པ་གྲུབ་པར་བསྟན་ཏོ། །གཅིག་ཏུ་བཞུགས་ པའི་ཚིག་ལས་བརྩམས་ནས་ཞེས་པ་ནས། སྒྲ་ཇི་བཞིན་པའོ་ཞེས་བྱ་བའི་བར་གྱིས་ནི་བསྙེན་པ་ལ་སོགས་པ་བསྐྱེད་པའི་རིམ་པའི་ཡན་ལག་ཏུ་གྱུར་པ་བསྟན་པ་དང་། བཤད་པའི་རིམ་པ་བསྟན་ཏོ། །ཇི་སྐད་དུ། དང་པོ་སྟོང་ཉིད་བྱང་ཆུབ་སྟེ། །གཉིས་པ་ས་བོན་བསམ་པ་ཡིན། །གསུམ་པ་ སྐུ་ནི་ཡོངས་བསྐྱེད་པ། །བཞི་པ་ཡི་གེ་དགོད་པའོ། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་སྦྱོར་བ་བཞིའི་རིམ་གྱིས་ཞེས་པ་ནས། རྫོགས་པའི་རྣལ་འབྱོར་ཞེས་བརྗོད་དོ་ཞེས་འབྱུང་བ་དང་ཞེས་བྱ་བའི་བར་གྱིས་ནི། ཡན་ལག་དྲུག་གི་སྦྱོར་བ་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་བསྟན་པ་དང་། བཤད་པ་དང་། རབ་ཏུ་བཤད་པ་བཞིན་དུ་འགྲེལ་པ་བྱེད་པས་རྒྱ་ཆེར་དབྱེ་བ་བྱས་པ་བསྟན་ཏོ། །འོན་ཀྱང་དེའི་སོ་སོར་བསྡུས་པ་དང་། བསམ་གཏན་གཉིས་ནི་སེམས་རྣམ་པར་དག་པའི་རིམ་པ་ཡིན་ནོ། །སྲོག་དང་རྩོལ་བ་ཞེས་བྱ་བས་ནི་རྡོ་རྗེ་བཟླས་པའི་རིམ་པ་བསྟན་ཏོ། །འཛིན་ པ་ཡིན་པར་ཞེས་བྱ་བ་ནི་མངོན་པར་བྱང་ཆུབ་པའི་རིམ་པའོ། །རྗེས་སུ་དྲན་པ་ནི་རང་བྱིན་གྱིས་བརླབ་པའི་རིམ་པ་ཡིན་ནོ། །ཏིང་ངེ་འཛིན་ཞེས་བྱ་བས་ནི་ཟུང་དུ་འཇུག་པའི་རིམ་པ་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར་ཡན་ལག་དྲུག་པ་ནི་རྫོགས་པའི་རིམ་པ་བསྟན་ཏོ། །རྣམ་པར་སྣང་མཛད་མངོན་ 31-1-192b པར་བྱང་ཆུབ་པ་ལས་ཀྱང་ཞེས་བྱ་བ་ནས། དགོངས་པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི་ལུང་ཚད་མར་བྱས་པ་བསྟན་ཏོ། །དེ་ལྟར་ལྷའི་རྣལ་འབྱོར་པ་ཞེས་པ་ནས། ངེས་པའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི་ཕྱི་རོལ་དང་ནང་གི་བསྐྱེད་པ་དང་རྫོགས་པའི་རིམ་པ་ལ་གནས་པའི་རྣལ་ འབྱོར་པའི་སྒྲུབ་པའི་གནས་བསྟན་ཏེ། དེ་ལྟར་རྣལ་འབྱོར་པ་གཉིས་ཀྱིས་གནས་ཞེས་པ་ནས། ངེས་པའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི་རྡོ་རྗེའི་གཞི་ཀུན་རྫོབ་དང་དོན་དམ་པའི་དབྱེ་བས་བསྟན་ཏོ། །དུས་བཞི་དག་ཏུ་ཞེས་བྱ་བ་ནས། སྦྱིན་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་འདི་དག་ ཐམས་ཅད་ཀྱང་དམ་ཚིག་གི་ཕྱག་རྒྱ་དང་ལྷན་ཅིག་བྱའོ་ཞེས་བསྟན་ཏོ། །དེ་ལྟར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་ཞེས་བྱ་བ་ནས། སྒྲ་ཇི་བཞིན་པའོ་ཞེས་བྱ་བའི་བར་གྱིས་ནི་དུས་ངེས་པར་ཆད་པ་ལས་རྣལ་འབྱོར་པའི་གྲུབ་པ་བསྟན་ཏོ། །ཟླ་བ་ཕྱེད་ནི་ཀུན་རྫོབ་དང་ཞེས་པ་ནས་དགོངས་པས་ བཤད་པའོ་ཞེས་བྱ་བའི་བར་གྱིས་ནི། འབྲས་བུ་ཐོབ་པའི་གྲུབ་པ་བསྟན་ཏོ། །བཤད་མ་ཐག་པའི་རིམ་པས་ཞེས་བྱ་བ་ནས། སྐུ་དང་གསུང་དང་ཐུགས་མཐར་ཐུག་པས་ཞེས་བྱ་བའི་བར་གྱིས་ནི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་སྐུ་རྡོ་རྗེ་ལ་སོགས་པ་བསྐུལ་བ་ཙམ་གྱིས་དབང་དུ་བྱ་སྟེ། བདག་ཉིད་ཀྱི་ལུས་བྱིན་གྱིས་བརླབ་པ་བསྟན་ཏོ། །ལྷའི་རྣལ་འབྱོར་རྒྱས་པ་ཞེས་པ་ནས། སྒྲ་ཇི་བཞིན་པའོ་ཞེས་བྱ་བའི་བར་གྱིས་ནི་སྔར་བཤད་པའི་ཕྱག་རྒྱ་ཆེན་པོ་ངེས་པར་བྱའོ། །དེ་མ་བྱས་ན་ནི་དོན་མེད་དོ། །ལེའུའི་ངེས་པའི་ཚིག་ཀྱང་བཤད་པ་ཡིན་ནོ། །ལེའུ་བཅུ་གཉིས་ པ་མཐའ་དྲུག་གིས་བཤད་པའི་ས་བཅད་པའོ།། །།རིམ་པ་གཉིས་ལ་བསླབ་པ་ལ་ཞེས་པ་ལ་སོགས་པས་ལེའུ་སྐབས་སྟོན་པར་བྱེད་དོ། །དེ་ནས་ཞེས་པ་ནས་སྒྲ་ཇི་བཞིན་པའོ་ཞེས་བྱ་བའི་བར་གྱིས་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ལྷ་མོ་རྣམས་ཀྱིས་མཆོད་ པ་སྔོན་དུ་འགྲོ་བའི་སྒོ་ནས། ཆོས་བཤད་པར་བཅོམ་ལྡན་འདས་ལ་བསྐུལ་བ་ཡིན་ནོ། །ཨེ་མའོ་ཞེས་པ་ནི་ཞེས་པ་ནས་དགོངས་པ་མ་ཡིན་པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི་སྔར་བཤད་པའི་ཡན་ལག་དྲུག་གི་སྦྱོར་བ་ལ་རྗེས་སུ་ཡི་རང་བའི་སྒོ་ནས། བཅོམ་ལྡན་འདས་ཆོས་ 31-1-193a སྟོན་པ་ལ་འཁོར་རྣམས་ཀྱིས་སྤྲོ་བ་བསྐྱེད་པར་བསྟན་པ་ཡིན་ནོ། །དེ་ལྟར་བསྟོད་པས་ཞེས་པ་ནས། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །ཞེས་གསོལ་བ་བཏབ་པའོ་ཞེས་བྱ་བའི་བར་གྱིས་ནི། དེ་བཞིན་གཤེགས་པ་རྣམས་ཀྱིས་བཅོམ་ལྡན་འདས་ལ་རྡོ་རྗེའི་ བཟླས་པ་བཤད་པར་བསྐུལ་བ་བསྟན་ཏོ། །གང་གི་ཕྱིར་ལས་ཀྱི་སྦྱོར་བ་ལ་ནི་བཟླས་པས་འགྲུབ་པ་ཡིན་ལ། དེའི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པའི་རྡོ་རྗེ་བཟླས་པ་ལ་ནི་དེ་བཞིན་གཤེགས་པ་རྣམས་གུས་པ་ཆེར་མཛད་པ་སྟེ། དེ་ཁོ་ན་ཉིད་ཤེས་པ་ལ་ནི་གྲུབ་པ་ཐམས་ཅད་ལག་ན་ ཡོད་པ་ཡིན་ནོ་ཞེས་པའི་རིགས་པས་སོ། །དེ་ནས་ནི་ཞེས་པ་ལས། ངེས་པའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི། མཆོད་པའི་རིམ་པ་དང་རྡོ་རྗེ་བཟླས་པའི་རིམ་པ་བཅུ་བསྟན་ཏོ། །ཁ་ཅིག་ནི་མོས་པའི་བྱེ་བྲག་གིས་སོ་ཞེས་བཅད་དོ། །བདག་གི་བླ་མ་ནི་གོང་ནས་གོང་དུ་ཁྱད་པར་ གྱི་གོ་འཕང་ཡིན་ནོ་ཞེས་འཆད་དོ། །དེ་ཉིད་ཀྱི་ཕྱི་མ་ནི་ཡི་གེ་བཟླས་པ་ཐ་མར་བཤད་དེ། དེ་ནི་འོད་གསལ་བའི་ངོ་བོ་ཡིན་པའི་ཕྱིར་རོ། །གཞན་ཡང་བསམ་གཏན་ཞེས་པ་ནས་བསྒོམ་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་དག་གི་སྔགས་ཀྱི་ རིམ་པས། ནད་ལ་སོགས་པ་ཞི་བ་ལ་སོགས་པའི་ལས་ཀྱི་སྦྱོར་བ་བསྟན་ཏོ། །འདི་ཉིད་ནི་ཆོ་གའི་ལྷག་མའི་ཞེས་པ་ནས་ལས་དང་པོ་པ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་དེ་ཁོ་ན་ཉིད་དོ་ཞེས་བྱ་བའི་བར་གྱིས་ནི་རྡོ་རྗེ་འཆང་ཆེན་པོ་བསྒོམས་པས། དཀྱིལ་འཁོར་བཞི་ལས་བྱུང་བའི་འོད་ཟེར་ དཀར་པོའི་ཚོགས་ཀྱིས། ཞི་བ་ལ་སོགས་པའི་ལས་ཀྱི་སྦྱོར་བ་བསྟན་ཏོ། །རྡོ་རྗེ་བཞི་པོ་འདི་དག་ཉིད་ལ་ཞེས་བྱ་བ་ནས་གསང་བ་པོའོ་ཞེས་བྱ་བར་སྦྱར་རོ་ཞེས་བྱ་བའི་བར་གྱིས་ནི་སྔར་བཤད་པའི་དཀྱིལ་འཁོར་བཞིའི་སྤྲོས་པ་བསྟན་ཏོ། །ལས་རྣམ་པ་བཞིའི་ནང་ནས་ཞེས་པ་ནས་ དེ་ཡོངས་སུ་གྱུར་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་སྔོན་དུ་འགྲོ་བས། ཁྲོ་བོའི་ཚོགས་སྤྲོས་པས་མངོན་སྤྱོད་ཀྱི་ལས་བསྟན་ཏོ། །འདིར་འབྲུ་མར་ནི་ཡུངས་མར་རོ། །དེའི་འཁོར་རྣམས་ཀྱིས་ཡང་བསྟན་པར་བྱ་བའི་ཕྱིར་ཞེས་བྱ་བ་ 31-1-193b ནས། སྒྲ་ཇི་བཞིན་པའོ་ཞེས་བྱ་བའི་བར་གྱིས་ནི། ལྷ་མོ་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཁྲོ་བོའམ། ཡང་ན་དེ་ལས་གྱུར་པའི་ཁྲོ་བོས་བཀའི་ཚོགས་སྤྲོས་པས་བསྟན་ཏོ། །ད་ནི་རྫོགས་པའི་རིམ་པ་ལ་གནས་པ་ཞེས་པ་ནས། དགོངས་པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི། རྫོགས་པའི་རིམ་པ་ལ་གནས་པ་རྣམས་ཀྱི་རྣལ་འབྱོར་པའི་མངོན་སྤྱོད་བསྟན་ཏོ། །རེངས་པར་བྱ་བའི་ཆོ་ག་བསྟན་པར་བྱ་བའི་ཕྱིར་ཞེས་པ་ནས། སྦྱོར་བ་ཡང་དག་པར་བསྟན་པའོ་ཞེས་བྱ་བའི་བར་གྱིས་ནི། ཆུ་དང་གཞན་རྒོལ་བའི་ཚིག་དང་ཕ་རོལ་གྱི་དམག་ཚོགས་རྣམས་ལ་རིམ་པ་གཉིས་ཀྱི་ རེངས་པ་བསྟན་ཏོ། །ཧཱུཾ་ཞེས་བྱ་བ་ལ་སོགས་པ་ལ་ཞེས་བྱ་བ་ནས། ཏིང་ངེ་འཛིན་གང་སྟོན་པ་དེ་ལ་དེ་སྐད་ཅེས་བྱའོ་ཞེས་བྱ་བའི་བར་གྱིས་ནི་ཕུར་བུའི་ཆོ་ག་བསྟན་ཏོ། །དེ་ཡང་ཁྱབ་པའི་ཕྱིར། བགེགས་ལ་བྱ་བ་བཞིན་དུ་དགྲ་ལ་ཡང་བྱ་བ་ཡིན་ནོ། །བདུད་ལ་སོགས་པའི་རྣམ་པར་ འཚེ་བ་ཞེས་པ་ནས་ཏིང་ངེ་འཛིན་དེ་ལ་ཡང་དེ་སྐད་ཅེས་བྱ་བའི་བར་གྱིས་ནི་ཞི་བ་ཆེན་པོར་བསྟན་ཏོ། །བསམ་གཏན་ཞེས་བྱ་བ་ལ་སོགས་པ་ནི་ཞེས་བྱ་བ་ནས། གང་དུ་དེ་སྟོན་པ་དེ་ལ་ཡང་དེ་སྐད་ཅེས་བྱ་བའི་བར་གྱིས་ནི་བགེགས་བསྐྲད་པ་བསྟན་ཏེ། སྔར་བཤད་པའི་སྤྲོས་པ་ཡིན་ནོ། །ཡང་ ན་སྔར་བསྟན་པ་ནི་ཏིང་ངེ་འཛིན་གྱི་ཡུལ་ལོ། །འདི་ནི་དཀྱིལ་འཁོར་གྱི་ཡུལ་ལོ། །ཞི་བའི་ཞེས་བྱ་བ་ལ་སོགས་པ་ནས། དེ་ལ་ཡང་དེ་སྐད་ཅེས་བྱའོ་ཞེས་བྱ་བའི་བར་གྱིས་ནི། ནམ་པར་སྣང་མཛད་ལ་སོགས་པའི་སྐུར་བྱས་ལ་བསྒྲུབ་བྱ་བསྡུ་བ་སྔོན་དུ་བྱས་ནས། ཞི་བ་ལ་སོགས་པའི་ ལས་ཀྱི་སྦྱོར་བ་བསྟན་པ་ཡིན་ནོ། །གཞན་ཡང་སྔར་བཤད་པའི་ལྷ་རྣམས་ཞེས་པ་ནས། ཏིང་ངེ་འཛིན་གྲངས་མེད་པ་བཤད་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི། རྣམ་པར་སྣང་མཛད་ལ་སོགས་པ་འཁོར་དང་བཅས་པའི་ཞལ་དང་། ཕྱག་ལ་སོགས་པའི་དབྱེ་བ་བསྟན་པ་ཡིན་ནོ། །ད་ནི་རྫོགས་ པའི་རིམ་པའི་ལྷ་རྣམས་བསྐྱེད་པར་བྱ་བའི་ཕྱིར་ཞེས་བྱ་བ་ནས། ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱའོ་ཞེས་བྱ་བའི་བར་གྱིས་ནི། རྣམ་པར་སྣང་མཛད་ལ་སོགས་པ་རང་བྱིན་གྱིས་བརླབ་པའི་རིམ་པ་བསྐྱེད་པ་བསྟན་ཏོ། །དེ་ལྟར་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་རིམ་པར་བསྟན་ནས་ཞེས་པ་ནས། 31-1-194a ངེས་པའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི། རིམ་པ་གཉིས་ཀྱི་མཇུག་བསྡུ་བ་བསྟན་ཏོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་ཞེས་པ་ནས། ལེའུའོ་ཞེས་བྱ་བའི་བར་གྱིས་ནི། དོན་དང་ལྡན་པའི་ལེའུ་བསྟན་ཏོ། །ལེའུ་བཅུ་གསུམ་པ་མཐའ་དྲུག་གིས་བཤད་པའི་ས་བཅད་ པའོ།། །།ད་ནི་སྔགས་སྨྲ་བ་རྣམ་པ་བཞིའི་རྗེས་སུ་འབྲངས་ནས་ཞེས་བྱ་བ་ལ་སོགས་པ་ནི། ལེའུའི་སྐབས་སྟོན་པ་ཡིན་ནོ། །དེ་ལ་དང་པོར་ལས་ཀྱི་ཚོགས་རྣམས་ཀྱི་གོ་རིམས་ནི་ཞེས་པ་ནས། ལས་རྣམས་བྱའོ་ཞེས་བྱ་བ་ནི། ཁྱད་པར་ཏེ་ཞེས་བྱ་བའི་བར་གྱིས་ནི་ཕྱོགས་དང་། དུས་ དང་། ཁ་དོག་དང་། སེམས་ཀྱི་གནས་སྐབས་ཀྱི་བྱེ་བྲག་ལུང་ཚད་མ་ཡིན་པར་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་བཤད་པའི་རྒྱུད་ལས་ཞེས་བྱ་བ་ནས། དེའི་ཚེ་དྲག་པོའི་ལས་བྱའོ་ཞེས་བྱ་བའི་བར་གྱིས་ནི་བཤད་པའི་རྒྱུད་ཀྱི་རིམ་པ་ཉིད་ཀྱིས་ནང་གི་དོན་ལ་དམིགས་ནས་ཞེས་པ་ལ་སོགས་ པ་བསྟན་ཏོ། །ད་ནི་ལེའུ་ལ་འཇུག་པར་བྱ་སྟེ་ཞེས་པ་ནས། བསྡུས་པ་ལས་ཕྱུང་ཞིང་བཀའ་སྩལ་པའོ་ཞེས་བྱ་བའི་བར་གྱིས་ནི་རྡོ་རྗེ་འཆང་ཆེན་པོ་ཆོས་སྟོན་པ་ལས་ཞུགས་པར་མཛད་པ་ཡིན་ནོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་ཞེས་པ་ནས། སྡུད་པར་བྱེད་པའི་ཚིག་གོ་ཞེས་བྱ་བའི་བར་ གྱིས་ནི། སངས་རྒྱས་སྤྱན་གྱི་སྔགས་ཀྱིས་དོན་དང་ལྡན་པའི་ཚིག་དང་། འོད་དང་བཅས་པ་དང་། ནུས་པ་དང་བཅས་པ་དང་། ཕན་ཡོན་དང་བཅས་པ་དང་། མིང་སྨོས་པ་དང་བཅས་པ་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནས། མཱ་མ་ཀཱི་ནི་རིགས་གཉི་གའི་ཐུན་མོང་ཡིན་པའི་ཕྱིར་ རོ་ཞེས་བྱ་བའི་བར་གྱིས་ནི། མཱ་མ་ཀཱིའི་སྔགས་ཀྱང་སྔ་མ་བཞིན་དུ་བསྟན་ཏོ། །དེའི་རིགས་གཉི་གའི་ཇི་ལྟ་བུ་ཞེ་ན། གང་གི་ཕྱིར་ཕྲག་དོག་རྣམ་པར་དག་པ་ནི་རིན་ཆེན་དཔལ་ལོ། །ཡོན་ཏན་སྐྱོན་དུ་སྟོན་པའི་མཚན་ཉིད་དོ། །དེ་ཡང་ཞེ་སྡང་གི་དབང་གིས་འབྱུང་ལ། ཕྲག་དོག་ནི་ཞེ་ སྡང་དུ་གཏོགས་པའི་ཕྱིར། མི་བསྐྱོད་པ་དང་རིན་ཆེན་དཔལ་གྱི་ལྷ་མོ་ནི་མཱ་མ་ཀཱི་གཅིག་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནས། སྒྲུབ་པ་པོས་བཟླས་ཤིང་བཏོན་པ་ཙམ་གྱིས་ཀྱང་བྱེད་པར་འགྱུར་བའོ་ཞེས་བྱ་བའི་བར་གྱིས་ནི། གོས་དཀར་མོའི་སྔགས་སྔ་མ་བཞིན་དུ་བསྟན་ཏོ། ། 31-1-194b ཡང་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཞེས་པ་ནས། སྡུད་པར་བྱེད་པའི་ཚིག་གོ་ཞེས་བྱ་བའི་བར་གྱིས་ནི། འཕགས་མ་སྒྲོལ་མའི་སྔགས་ཡིན་ཏེ། སྔ་མ་བཞིན་ནོ། །ཞི་བ་དང་། རྒྱས་པ་དང་། དབང་དུ་བྱ་བ་དང་། འགུགས་པའི་དོན་རྣམས་ལ་གྲངས་ཇི་ལྟ་བ་བཞིན་ནོ། །དེ་ནས་ཞེས་བྱ་བ་ལ་ སོགས་པ་ལ་ཞེས་པ་ནས། རྡོ་རྗེ་འཆང་ཆེན་པོས་སོ་ཞེས་བྱ་བའི་བར་གྱིས་ནི། གཤིན་རྗེ་གཤེད་ཀྱི་སྔགས་འགུགས་པ་ལ་གཙོར་སྟོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཞེས་པ་ནས། ངེས་པར་སྐྲོད་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། བདུད་རྩི་ཐབ་སྦྱོར་གྱི་སྔགས་སྐྲོད་པའི་སྦྱོར་ བ་ལྡན་པ་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཞེས་བྱ་བ་ནས། སྔགས་བརྗོད་ན་བདེ་བར་གནས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། ཁྲོ་བོ་གཞན་གྱིས་མི་ཐུབ་པའི་སྔགས་སྲིན་པོ་ལ་སོགས་པ་མ་རུངས་པ་སྲེག་པར་བྱེད་པ་སྔ་མ་བཞིན་དུ་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་ པ་ལ་ཞེས་པ་ནས། དུག་སེལ་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། རྟ་མགྲིན་གྱི་སྔགས་དུག་སེལ་བ་དང་ལྡན་པའི་སྦྱོར་བ་བསྟན་ཏོ། །ཧཾ་ཞེས་བྱ་བའི་ནི་བདུད་རྩིས་བོན་དུ་གྲགས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཞེས་པ་ནས། འཕྲལ་དུ་འཆི་བར་འགྱུར་རོ་ཞེས་བྱ་བའི་བར་ གྱིས་ནི། ཁྲོ་བོ་དབྱུག་སྔོན་གྱི་སྔགས་གསོད་པར་བསྟན་ཏེ། གལ་ཏེ་འཇིག་པར་མི་འགྱུར་ན་ཞེས་བྱ་བ་ནི་སྨྲས་པའི་ལས་ཀྱི་གྲོགས་བསྟན་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཞེས་བྱ་བ་ནས། ཀླུ་རྣམས་ཆར་འབེབས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་ཁྲོ་བོ་སྟོབས་པོ་ཆེའི་ སྔགས་ཀྱི་གཙོར་ཆར་འབེབས་པའི་ཆོ་ག་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཞེས་པ་ནས། དེ་རྣམས་འགུགས་པའི་བྱ་བ་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། ཁྲོ་བོ་འདོད་པའི་རྒྱལ་པོའི་སྔགས་ཏེ། འགུགས་པར་བྱེད་པ་ལ་གཙོར་བསྟན་ཏོ། །དེ་ནས་ཞེས་བྱ་བ་ ལ་སོགས་པ་ལ་ཞེས་པ་ནས། དུས་གསུམ་དུ་བཟླས་པས་འགུགས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། ཁྲོ་བོ་མི་གཡོ་བའི་སྔགས་ཀྱིས་འགུགས་པར་བྱེད་པ་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཞེས་པ་ནས། བུ་མོ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཙམ་མོ་ཞེས་བྱ་བའི་བར་ 31-1-195a གྱིས་ནི། ཁྲོ་བོ་གནོད་མཛེས་ཀྱི་སྔགས་ཡིན་ཏེ། སྔ་མ་བཞིན་དུ་འགུགས་པར་བྱེད་པ་བསྟན་ཏོ། །ད་ནི་ནང་གི་ལ་མཆོག་ཏུ་གཞོལ་བ་ཞེས་པ་ནས། མཇུག་བསྡུས་པའོ་ཞེས་བྱ་བའི་བར་གྱིས་ནི། རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་སྐུས་ཁྲོ་བོའི་ཚོགས་རྣམས་ལ་བསྒོ་སྟེ། ལྷའི་བུ་མོ་ལ་སོགས་པ་འགུགས་པར་ནང་གི་རིམ་པས་བསྟན་ཏོ། །ཕྱག་རྒྱའི་ཁྱད་པར་དང་ཞེས་པ་ནས། གནས་སྐབས་ཐམས་ཅད་དུ་དམིགས་པར་བྱའོ་ཞེས་བྱ་བའི་བར་གྱིས་ན། རྡོ་རྗེ་བཟླས་པ་དང་། ངག་གི་བཟླས་པས་ངེས་པར་བྱའོ་ཞེས་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ ལ་ཞེས་པ་ནས། ཀླུའི་བུ་མོ་མིག་དཀྱུས་རིང་བ་དག་བཀུག་ནས། ཉེ་བར་སྤྱད་པར་བྱའོ་ཞེས་གསུངས་སོ་ཞེས་བྱ་བའི་བར་གྱིས་ནི། ཁྲོ་མོ་རལ་པ་གཅིག་མའི་སྔགས་ཀྱིས་ཀླུའི་བུ་མོ་འགུགས་པ་བསྟན་ཏོ། །ཁྲོ་མོ་རལ་པ་གཅིག་མ་ནི་གཤིན་རྗེ་གཤེད་ཀྱི་ཤེས་རབ་གཅིག་མ་ཡིན་ནོ། །དེ་ནས་ ཞེས་བྱ་བ་ལ་སོགས་པ་ནས། མནན་ནས་སྔགས་བཟླས་ན་ཁུགས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། ཁྲོ་གཉེར་མའི་སྔགས་ཀྱིས་རིག་པ་འཛིན་པའི་བུ་མོ་འགུགས་པ་བསྟན་ནོ། །ཁྲོ་གཉེར་མ་ནི་རྟ་མགྲིན་གྱི་ཤེས་རབ་མ་ཡིན་ནོ། །འགོག་པའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་ ཞེས་བྱ་བ་ནས། དགོངས་པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི། རྡོ་རྗེ་བཟླས་པས་སྔར་བསྟན་པའི་སྔགས་གྲུབ་པར་བསྟན་ཏོ། །སྔགས་ལ་མཆོག་ཏུ་གཞོལ་བ་ཞེས་པ་ནས། དོན་ཐམས་ཅད་སྒྲུབ་པར་བྱེད་པ་བཤད་དོ་ཞེས་བྱ་བའི་བར་གྱིས་ནི། སྔར་བཤད་པའི་སྔགས་ རྣམས་འབུམ་དུ་བཟླས་པ་བྱས་ན་འགྲུབ་པར་འགྱུར་རོ་ཞེས་བསྟན་ཏོ། །མངོན་སྤྱོད་བྱ་བའི་ཡུལ་བསྟན་པར་བྱ་བའི་ཕྱིར་ཞེས་པ་ནས་འོག་མའི་སྡུད་པ་པོའི་ཚིག་གོ་ཞེས་བྱ་བའི་བར་གྱིས་ནི། དཀོན་མཆོག་གསུམ་ལ་གནོད་པ་ལ་གསད་པ་ཁོ་ནའོ་ཞེས་བྱ་བ་བསྟན་ཏོ། །དེ་ནས་ཞེས་བྱ་བ་ ལ་སོགས་པ་ཞེས་པ་ནས། མྱུར་ཞིང་རིངས་པར་འཆི་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། དེ་བཞིན་གཤེགས་པ་ལྔའི་སྐུར་བསྐྱེད་ནས། མ་རུངས་པ་རྣམས་ལ་བདུད་རྩི་ཐབ་སྦྱོར་དང་། གཤིན་རྗེ་གཤེད་དག་གིས་ཕུར་བུས་འདེབས་པར་བསྟན་ཏོ། །རྡོ་རྗེ་དང་པདྨ་མཉམ་པར་ 31-1-195b ཞེས་པ་ནས། སྡུད་པར་བྱེད་པའི་ཚིག་གོ་ཞེས་བྱ་བའི་བར་གྱིས་ནི། སྙོམས་པར་ཞུགས་པའི་སྒོ་ནས་བསྒྲུབ་བྱའི་ལུས་ངག་ཡིད་གསུམ་ལ་ཕུར་བུས་གདབ་པར་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཞེས་པ་ནས། སྡུད་པར་བྱེད་པའི་ཚིག་གོ་ཞེས་བྱ་བའི་བར་གྱིས་ནི། རྡོ་རྗེ་འཆང་ཆེན་ པོའི་ལས་ཀྱི་སྦྱོར་བ་གསུངས་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་རྗེས་སུ་ཡི་རང་བར་མཛད་པ་བསྟན་ཏེ། ཟུར་གྱི་མཇུག་བསྡུ་བ་བསྟན་ཏོ། །དེ་བཞིན་གཤེགས་པ་ཞེས་པ་ནས། དགོངས་པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི་ལེའུ་དོན་དང་ལྡན་པ་བསྟན་ ཏོ། །ལེའུ་བཅུ་བཞི་པ་མཐའ་དྲུག་གིས་བཤད་པའི་ས་བཅད་པའོ།། །།བཤད་ཟིན་པ་དང་མ་བཤད་པའི་ཞེས་བྱ་བ་ལ་སོགས་པས་ནི། ལེའུའི་སྐབས་སྟོན་པར་བྱེད་དོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ཞེས་པ་ནས། རྟོག་པའི་རྣལ་འབྱོར་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་བར་ གྱིས་ནི། བཅོམ་ལྡན་འདས་དང་པོའི་གནས་ལ་བརྟེན་ནས་རིགས་ལྔའི་རྣལ་འབྱོར་པས། དམ་ཚིག་གི་ཕྱག་རྒྱ་དང་སྙོམས་པར་ཞུགས་པས་མཆོད་པ་བསྟན་ཏོ། །དམ་ཚིག་གི་ཕྱག་རྒྱ་ཡང་རིགས་དང་ཁ་དོག་གིས་བསྟན་ཏོ། །དེ་ལྟར་རྟོག་པའི་རྣལ་འབྱོར་པ་རྣམས་ཀྱི་ཞེས་པ་ནས། དགོངས་ པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི་རྫོགས་པའི་རིམ་པ་ལ་ཞུགས་པའི་རྣལ་འབྱོར་པའི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་དང་མངོན་པར་བྱང་ཆུབ་པའི་རིམ་པ་དང་། རང་བྱིན་གྱིས་བརླབ་པའི་རིམ་པ་བསྟན་ཏོ། །དེ་ལྟར་རྡོ་རྗེ་འཆང་ཆེན་པོ་ཞེས་པ་ནས། །འདི་དག་ཐམས་ཅད་རྫོགས་ པར་བྱ། །ཞེས་བྱ་བའི་བར་གྱིས་ནི་གཤིན་རྗེ་གཤེད་ཀྱི་སྔགས་དང་། དེ་བསྒོམས་པས་དགྲ་གསད་པར་བསྟན་ཏོ། །ཧཱུཾ་ནི་ཞེས་བྱ་བ་ལ་སོགས་པ་ལ་ཞེས་པ་ནས་བསམ་གཏན་ཉིད་ཀྱིས་ཐམས་ཅད་རྫོགས་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། ཁྲོ་བོ་གནོད་མཛེས་ཀྱི་ཏིང་ངེ་འཛིན་གྱིས། མ་ ལུས་པ་འཇིག་པར་བྱེད་པའོ། །རྡོ་རྒྱུས་ཞེས་བྱ་བ་ལ་སོགས་པ་ལ་ཞེས་པ་ནས། འདི་ལ་གདོན་མི་ཟའོ་ཞེས་བྱ་བའི་བར་གྱིས་ནི་གཤིན་རྗེ་གཤེད་ཀྱི་སྐུར་བསྐྱེད་ནས། གསད་པ་བསྟན་ཏོ། །ལས་ཀྱི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་ཞེས་བྱ་བ་ནས་ཆར་གནོན་པ་ལ་མཆོག་ཏུ་ཁྱད་པར་ 31-1-196a དུ་འཕགས་པའོ་ཞེས་བྱ་བའི་བར་གྱིས་ནི་ཁྲོ་བོ་བདུད་རྩི་འཁྱིལ་པའི་བསྒོམས་པས་ཚར་གཅོད་པ་བསྟན་ཏོ། །དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ་ཞེས་བྱ་བ་ནས། ཕཊ་ནི་གསད་པའོ་ཞེས་བྱ་བའི་བར་གྱིས་ནི། ཁྲོ་བོ་རྟ་མགྲིན་བསྒོམས་པས་རླུང་ལ་སོགས་པའི་བགེགས་ བསྐྱེད་པར་བཟློག་པ་བསྟན་ཏོ། །ད་ནི་གསང་བ་ལྔའི་དེ་ཁོ་ན་ཉིད་ཅེས་བྱ་བ་ནས། དེ་ལ་སེམས་དཔའ་ཐམས་ཅད་བསྐྱེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་བྱའོ་ཞེས་བྱ་བའི་བར་གྱིས་ནི་རྣལ་འབྱོར་པའི་ཕྱག་རྒྱ་བཞིས་ཡོངས་སུ་བསྐོར་ཅིང་། སྙོམས་པར་ཞུགས་པའི་སྒོ་ནས་དེ་བཞིན་ གཤེགས་པ་ལྔ་གྲུབ་པར་བསྟན་ཏོ། །ད་ནི་ཕྱག་རྒྱ་གཅིག་དང་ཡང་ལྷན་ཅིག་སྤྱོད་པ་ཞེས་བྱ་བ་ནས། ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱིས་སེམས་ཅན་གྱི་དོན་རྫོགས་པར་བྱེད་དེ་ཞེས་བྱ་བའི་བར་གྱིས་ནི་ཕྱག་རྒྱ་གཅིག་པའི་རིམ་པས་རྣལ་འབྱོར་པ་རྡོ་རྗེ་འཆང་ཆེན་པོ་གྲུབ་པར་བསྟན་ཏོ། །ད་ ནི་སྒྲུབ་པ་པོ་ཟས་ཀྱི་བྱ་བ་ཞེས་པ་ནས། དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བའི་བར་གྱིས་ནི། སྒྲུབ་པ་པོའི་ཟས་བསང་བར་བྱ་བ་ཡིན་ནོ། །འོག་ནས་བཤད་པ་ལ་ལྟོས་པ་ཡིན་ནོ་ཞེས་པ་ནས། སྡུད་པར་བྱེད་པའི་ཚིག་གོ་ཞེས་བྱ་བའི་བར་གྱིས་ནི། རྣལ་འབྱོར་པས་རི་ལུའི་རིམ་པས་མི་ སྣང་བ་ལ་སོགས་པ་ཕན་ཡོན་དང་བཅས་པ་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཞེས་པ་ནས། དགོངས་པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་རྡོ་རྗེ་འཆང་ཆེན་པོས་གཞལ་བར་མཛད་པ་ལ་རྗེས་སུ་ཡི་རང་བ་མཛད་པའོ། །ད་ ནི་རིགས་ཀྱི་དབྱེ་བས་རང་གི་ལྷ་ཞེས་པ་ནས། དེ་སྒྲུབ་ཅིང་སྐྱེད་པར་བྱེད་པའོ་ཞེས་བྱ་བའི་བར་གྱིས་ནི། དེ་བཞིན་གཤེགས་པ་དང་ལྷ་མོ་དང་། ཁྲོ་བོ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་བསྐུར་བའི་རྟགས་ཅོད་པན་བྱ་བ་བསྟན་ཏོ། །ད་ནི་སྣོད་ལ་དབབ་པའི་ཆོ་ག་ཞེས་པ་ནས། ཆོ་ག་ལ་སོགས་པས་བསྲུང་བར་བྱའོ་ཞེས་བྱ་བའི་བར་གྱིས་ནི། རྣལ་འབྱོར་པ་རྡོ་རྗེ་སེམས་དཔའ་བསྒོམས་པས་སློབ་མ་ས་བོན་བཞི་རྣམ་པར་བཀོད་པའི་རིམ་པས། རྡོ་རྗེ་དབབ་པ་བསྟན་ཏོ། །འདིར་དགོས་པ་ནི་བདག་དང་གཞན་གྱི་དགོས་པ་གྲུབ་པ་ཡིན་ནོ། །དེ་ལྟར་གནད་ལ་དབབ་པ་ 31-1-196b ཞེས་པ་ནས། འུག་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ་ཞེས་བྱ་བའི་བར་གྱིས་ནི། སེམས་ཅན་མ་རུངས་པ་རྣམས་ལ་མངོན་སྤྱོད་ཀྱི་རྫས་གནོད་སྦྱིན་དང་། སྲིན་པོ་དུ་མ་གསོད་པར་བྱེད་པ་བསྟན་ཏོ། །སྦྲུལ་ནག་ཅེས་བྱ་བ་ལ་སོགས་པ་ཞེས་པ་ནས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ་ཞེས་བྱ་བའི་བར་ གྱིས་ནི་རྣལ་འབྱོར་པ་གཤིན་རྗེ་གཤེད་དུ་བསྐྱེད་ནས། སྦྲུལ་ལ་སོགས་པ་སྤྲོས་པས་མ་རུངས་པ་གསོད་པར་བསྟན་ཏོ། །གསོད་པའི་ཡུལ་འདི་ལ་ཞེས་པ་ནས། སྡུད་པར་བྱེད་པའི་ཚིག་གོ་ཞེས་བྱ་བའི་བར་གྱིས་ནི། རྣལ་འབྱོར་པ་རྫོགས་པའི་རིམ་པ་ལ་གནས་པས་ཀྱང་། གསོད་པ་ རྣམ་པར་དག་པས་ཀྱང་། གསོད་པར་བྱེད་པ་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཞེས་པ་ནས། དེའི་མཚན་ཉིད་ལ་མཁས་པ་ཞེས་བྱ་བའི་བར་གྱིས་ནི། སྦྲུལ་ལ་སོགས་པ་སྤྲོས་ནས་དུག་གི་ཟིན་པར་བྱས་ཏེ། མ་རུངས་པ་གསོད་པར་བྱེད་པ་བསྟན་ཏོ། །དེ་ལ་ཞེས་བྱ་བ་ལ་ སོགས་པ་ནི་ཞེས་པ་ནས། རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བའི་བར་གྱིས་ནི་དུག་འཕོ་བར་བསྟན་པ་ཡིན་ནོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ་ནི་ཞེས་པ་ནས། གསང་ཆེན་དེ་སངས་རྒྱས་རྣམས་ཀྱི་གསང་བའོ་ཞེས་བྱ་བའི་བར་གྱིས་ནི། དུག་དང་ཉེ་བའི་དུག་གི་གསོ་བ་བསྟན་ཏོ། །དང་པོར་གནས་སྐབས་ ཀྱི་འབྲེལ་པ་ཞེས་པ་ནས། དེ་ལྟར་བྱས་པས་ནད་ལས་ཐར་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། ནད་པའི་ནད་བསལ་ནས་སངས་རྒྱས་ཀྱིས་ཀྱང་བྱིན་གྱིས་བརླབ་པ་བསྟན་ཏོ། །རྫོགས་པའི་རིམ་པ་ལ་གནས་པ་རྣམས་ཀྱི་ཞེས་པ་ནས། རྡོ་རྗེ་སེམས་དཔས་བཀའ་སྩལ་པ་ཡིན་ནོ་ཞེས་བྱ་བའི་ བར་གྱིས་ནི། རྣལ་འབྱོར་པ་རྫོགས་པའི་རིམ་པ་ལ་གནས་པ་ཡང་། ནད་ཀྱི་གསོ་བ་བྱེད་པའམ་གསོད་པར་བྱེད་པ་བསྟན་ཏོ། །དེ་ལྟར་ལས་ཀྱི་ཚོགས་རྣམས་བཤད་ནས་ཞེས་པ་ནས་ཡང་བ་མ་སྤངས་པས་དུས་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ་ཞེས་བྱ་བའི་བར་གྱིས་ནི། ཏིང་ངེ་འཛིན་ལ་ ཞུགས་པའི་འདོད་པ་དང་། མི་འདོད་པའི་རྨི་ལམ་དུ་མཐོང་བ་དང་། དེའི་འབྲས་བུ་བསྟན་ཏོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལས་ཞེས་པ་ནས། དེ་ལས་དངོས་གྲུབ་ཐམས་ཅད་རྗེས་སུ་རྟོགས་པར་བྱ་ཞིང་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། རྨི་ལམ་དང་། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ 31-1-197a དཔེས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེ་ཚོམ་དུ་གྱུར་པ་ལ། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་གསུངས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཞེས་པ་ནས། སྡུད་པར་བྱེད་པའི་ཚིག་སྟེ་ཞེས་བྱ་བའི་བར་གྱིས་ནི། ཞུས་ པའི་ལན་གྱི་སྒོ་ནས་སྟོན་པ་པོས་སྔགས་དང་གྲུབ་པ་དང་། སངས་རྒྱས་ཀྱི་ཆོས་དང་། ལུས་ལ་སོགས་པ་དང་། ནམ་མཁའ་རྣམས་ཀྱི་རང་བཞིན་གྱིས་འོད་གསལ་བར་བསྟན་ཏོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་ངོ་མཚར་དུ་གྱུར་པ་ནི་ཞེས་པ་ནས་གྱུར་ཏོ་ཞེས་བྱ་བ་ནི་དེ་ལྟར་གྱུར་པའོ་ ཞེས་བྱ་བའི་བར་གྱིས་ནི་འཁོར་རྣམས་ཐེ་ཚོམ་ཆོད་པར་གྱུར་ནས་མི་སྨྲ་བར་འཁོད་པར་བསྟན་ཏོ། །རྒྱུ་བ་དང་མི་རྒྱུ་བ་ཞེས་པ་ནས། དགོངས་པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི་ལེའུའི་དོན་དང་ལྡན་པའི་མིང་བསྟན་ཏོ། །ལེའུ་བཅོ་ལྔ་པ་མཐའ་དྲུག་གིས་བཤད་པའི་ས་བཅད་ པའོ།། །།སྔར་བཤད་པའི་མཚན་ཉིད་ཅན་གྱི་ཞེས་བྱ་བ་ལ་སོགས་པས་ནི་ལེའུའི་རྩོམ་པ་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་ཞེས་པ་ནས་ལྷག་མའོ་ཞེས་བྱ་བའི་བར་གྱིས་ནི་མཆོད་པ་སྔོན་དུ་འགྲོ་བའི་བསྟོད་པ་ལ། དེ་བཞིན་གཤེགས་པ་རྣམས་ཀྱིས་བསྐུལ་བ་བསྟན་ ཏོ། །རྡོ་རྗེ་ཐམས་ཅད་ནི་ཞེས་པ་ནས། འོད་དཔག་མེད་ཀྱི་དཀྱིལ་འཁོར་རོ་ཞེས་བྱ་བའི་བར་གྱིས་ནི། ཁྲུ་བཅུ་དྲུག་དང་། ཁྲུ་ཉི་ཤུའི་སྐུ་དང་གསུང་གི་དཀྱིལ་འཁོར་གྱི་མཚན་ཉིད་ཐམས་ཅད་དང་ལྡན་པ་དང་། མཆོད་པར་བཅས་པ་བསྟན་ཏོ། །དེ་ལྟར་སྐུ་དང་གསུང་དང་ཐུགས་ཀྱི་ དཀྱིལ་འཁོར་ཞེས་པ་ནས། གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་བའི་བར་གྱིས་ནི། གཞན་དེ་བཞིན་གཤེགས་པ་གཉིས་ཀྱི་གཙོར་བྱས་པའི་དཀྱིལ་འཁོར་རམ། ཡང་དེར་འདུས་པར་བྱ་བའི་ཕྱིར། དཀྱིལ་འཁོར་གཉིས་བསྟན་ཏོ། །དཀྱིལ་འཁོར་གསུམ་གྱི་ཚིག་གིས་ནི་ལེའུ་བཞི་པ་ ལས་ཐུགས་ཀྱི་དཀྱིལ་འཁོར་སྨོས་པ་བརྗོད་པར་འདོད་པ་ཡིན་ནོ། །འགྲེལ་པ་བྱེད་པས་ཀྱང་ལེའུ་བཅུ་དྲུག་པའི་དཀྱིལ་འཁོར་དུ། ལེའུ་བཞི་པའི་དཀྱིལ་འཁོར་གྱི་རྣམ་པར་སྤྲོས་པ་ཡིན་ནོ་ཞེས་རང་ཉིད་ཀྱིས་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཞེས་པ་ནས།རིམ་གྱིས་ 31-1-197b རྣམ་པར་བརྟག་ཅིང་བསྒྲུབ་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། རྣལ་འབྱོར་པ་ཕྱག་རྒྱ་དང་བཅས་པས་ཐིག་གདབ་པ་དང་། ཚོན་གྱིས་བྲི་བ་བསྟན་པ་ཡིན་ནོ། །དེ་ལྟར་ཐུན་མོང་གི་ཆོ་ག་བསྟན་ནས་ཞེས་པ་ནས། སྡུད་པར་བྱེད་པའི་ཚིག་གོ་ཞེས་བྱ་བའི་བར་གྱིས་ནི། རྣམ་པར་སྣང་མཛད་ལ་ སོགས་པའི་རྣལ་འབྱོར་དང་། རང་རང་གི་ཕྱག་རྒྱ་དང་ལྡན་པས། དཀྱིལ་འཁོར་འདྲི་ན། སངས་རྒྱས་ཀྱིས་བྱིན་གྱིས་བརླབ་པ་བསྟན་ཏོ། །སྔགས་ཀྱི་སེམས་པ་ཞེས་བྱ་བ་ནས། ཚིམ་པར་བྱེད་པའོ་ཞེས་དགོངས་སོ་ཞེས་བྱ་བའི་བར་གྱིས་ནི་དཀྱིལ་འཁོར་རྣམས་ལ་མཆོད་པ་བསྟན་ཏོ། ། དེ་ལྟར་ལེགས་པར་བསླབས་པའི་ཞེས་པ་ནས། གསུང་གི་དཀྱིལ་འཁོར་ལ་ཡང་ཅི་རིགས་པར་ཤེས་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། ཕྱག་རྒྱ་མེད་ན་བླ་མ་དང་སློབ་དཔོན་གཉིས་ཀྱིས་དཀྱིལ་འཁོར་ཐིག་གདབ་པར་བྱའོ་ཞེས་བསྟན་ཏོ། །སངས་རྒྱས་རྒྱལ་ཆེན་ལྔ་རྣམས་ནི། ། ཞེས་པ་ནས། བྱང་ཆུབ་ཀྱི་ཡང་དག་པར་འགྲོ་བ་དམ་པའོ་ཞེས་བྱ་བའི་བར་གྱིས་ནི། ཚོན་སྣ་ལྔའི་བསྒོམ་པ་བསྟན་ཏོ། །དཀྱིལ་འཁོར་འདྲི་བའི་དུས་སུ་ཞེས་པ་ནས། བགེགས་བྱེད་པར་མི་ནུས་སོ་ཞེས་བྱ་བའི་བར་གྱིས་ནི། དཀྱིལ་འཁོར་འདྲི་བའི་དུས་སུ་བགེགས་བསལ་ བ་བསྟན་ཏོ། །རྡོ་རྗེ་བུམ་པ་གཞག་པ་ནི། །ཞེས་པ་ནས། སྒྲ་ཇི་བཞིན་པ་མ་ཡིན་པའོ་ཞེས་བཤད་པའི་བར་གྱིས་ནི་བུམ་པ་བྱིན་གྱིས་བརླབ་པ་དང་། ནང་དང་ཕྱི་རོལ་གྱི་སྦྱིན་སྲེག་བསྟན་ཏོ། །རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་ལ་ཞེས་བྱ་བ་ནས། ཡི་གེའི་བདག་ཉིད་ ཅན་གྱི་སྔགས་པ་རྡོ་རྗེ་འདི་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་སློབ་མ་དཀྱིལ་འཁོར་དུ་ཞུགས་པ་ལ་དབབ་པ་བསྟན་ཏོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ་ཞེས་པ་ནས། སློབ་མ་ལ་དབུགས་དབྱུང་བའོ་ཞེས་བྱ་བའི་བར་གྱིས་ནི། སློབ་མ་ནང་གི་རིམ་པས་དབང་བསྐུར་བ་དོན་དུ་ གཉིར་པས་དྲི་བའི་ཚིག་བསྟན་ཏོ། །དེ་ལ་རྡོ་རྗེ་སློབ་དཔོན་གྱིས་ཞེས་པ་ནས་ཞེས་ཀྱང་གསུངས་སོ་ཞེས་བྱ་བའི་བར་གྱིས་ནི། སློབ་མས་གསོལ་བ་བཏབ་པ་དང་། བླ་མ་དགྱེས་པས་སློབ་མ་དེའི་ལུས་ལ་སྔགས་ཀྱི་ས་བོན་དགོད་པ་དང་། དམ་ཚིག་དཔོག་པ་བསྟན་ཏོ། །སྔགས་ 31-1-198a ཀྱི་ཞེས་བྱ་བ་ལ་སོགས་པ་ལ་ཞེས་པ་ནས། སྦྱིན་པར་བྱའོ་ཞེས་བྱ་བར་སྦྱོར་རོ་ཞེས་བྱ་བའི་བར་གྱིས་ནི། སློབ་མའི་བསམ་པ་ཡོངས་སུ་བརྟགས་ཤིང་། དྲི་བ་སྔོན་དུ་འགྲོ་བས་སྔགས་དང་། དེའི་ལྷ་སྦྱིན་པ་བསྟན་ཏོ། །སྔགས་ཀྱི་རྒྱལ་པོའི་ཏིང་ངེ་འཛིན་ཞེས་པ་ནས། སྤྱན་ ལ་སོགས་པར་ཡོངས་སུ་གྱུར་ཏོ་ཞེས་བྱ་བའི་བར་གྱིས་ནི། གསང་བའི་དབང་བསྐུར་བ་གཏད་པ་དང་། ལྷའི་དེ་ཁོ་ན་ཉིད་བསྟན་ཏོ། །གནས་དང་གནས་པ་ཐ་མི་དད་པའི་ཕྱིར། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་མ་བསྟན་ཀྱང་བརྟག་པར་བྱ་བ་ཡིན་ཏེ། དཔེར་ན་དཔལ་མཆོག་དང་པོའི་རྒྱུད་ ལས། མི་མཉམ་པ་མེད་པ་ནི་གྲུ་བཞིའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །དེ་ལ་ཞེས་བྱ་བ་ནི་དམ་ཚིག་སྦྱིན་པའི་དུས་སུའོ་ཞེས་བྱ་བ་ནས་འདི་སྐད་ཅེས་ཀྱང་གསུངས་སོ་ཞེས་བྱ་བའི་བར་གྱིས་ནི། སློབ་མ་ལ་བདུད་རྩིའི་ཟས་དང་། ཉིན་པར་ལ་སོགས་པའི་དབྱེ་བས་རི་ལུ་བྱས་ཏེ། ལས་བྱས་པའི་ཟས་ཀྱི་དམ་ཚིག་སྦྱིན་ནོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་ནས། རྡོ་རྗེ་འཆང་ཆེན་པོའོ་ཞེས་བྱ་བའི་བར་གྱིས་ནི་དེ་བཞིན་གཤེགས་པ་ལྔའི་རིགས་སུ་སྐྱེས་པ་ལ་བརྟེན་ནས། མངག་གཞུག་བསྒྲུབ་པ་ཕན་ཡོན་དང་བཅས་པ་བསྟན་ཏོ། །དེ་ལ་འདི་ནི་ཞེས་བྱ་བ་ནས་ དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བའི་བར་གྱིས་ནི་སྔགས་ཀྱིས་ཀྱང་ལྷག་པར་མངག་གཞུག་ལ་བསྐུལ་བར་བསྟན་ཏོ། །ད་ནི་རྒྱལ་པོ་ལ་སོགས་པ་དབང་དུ་བྱ་བ་ཞེས་པ་ནས། གསུངས་ཤིང་བཤད་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི། འཇམ་པའི་རྡོ་རྗེ་བསྒོམ་པ་ལ་བརྟེན་ནས། རྒྱལ་ པོ་ལ་སོགས་པ་དབང་དུ་བྱ་བ་བསྟན་ཏོ། །གདུལ་བའི་དོན་གྱི་སྦྱོར་བ་ཞེས་པ་ནས། སྒྲུབ་པ་པོས་མཐོང་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། བསྒྲུབ་བྱ་ལ་ལྷའི་མིག་བསྐྱེད་པ་བསྟན་ཏོ། །བཀྲེས་སྐོམ་ལ་སོགས་པ་ཞེས་པ་ནས། རྡོ་རྗེ་འཆང་ཆེན་པོའོ་ཞེས་བྱ་བའི་བར་གྱིས་ ནི། རྣལ་འབྱོར་པའི་ཚིམ་ཞིང་བལྟ་བར་བྱེད་པའི་ཆོ་ག་བསྟན་ཏོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ་ཞེས་པ་ནས། དམིགས་པ་དེ་ལ་དེ་སྐད་ཅེས་བྱའོ་ཞེས་བྱ་བའི་བར་གྱིས་ནི། རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་བསྒོམས་པས། ཞི་བ་ལ་སོགས་པའི་ལས་བསྟན་ཏོ། །དེ་ནས་ 31-1-198b ཞེས་བྱ་བ་ལ་སོགས་པ་ལ་ཞེས་པ་ནས། དེ་ནི་དེ་སྐད་ཅེས་བྱའོ་ཞེས་བྱ་བའི་བར་གྱིས་ནི་སྐུལ་བྱེད་མ་བསྒོམས་པས་མ་རུངས་པ་འདུལ་བ་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ཞེས་པ་ནས། །དེ་ལ་དེ་སྐད་ཅེས་བྱའོ་ཞེས་བྱ་བའི་བར་གྱིས་ནི། ཕྱག་རྒྱ་དྲུག་དང་། སྙོམས་པར་ཞུགས་པའི་ ཛམྦྷ་ལ་བསྒོམས་པས་རྒྱས་པའི་ལས་གྲུབ་པ་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་ཞེས་པ་ནས། དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བའི་བར་གྱིས་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་མ་བསྒྲུབ་པ་བསྟན་ཏོ། །དེའི་དབང་གིས་འདོད་པ་དང་ཐར་ པའི་འབྲས་བུ་ཐོབ་པ་ཡིན་ནོ། །དེ་ལྟར་བྱ་བ་བྱས་པའི་ཞེས་པ་ནས། སྙོམས་པར་འཇུག་པར་རབ་ཏུ་བྱའོ་ཞེས་བྱ་བའི་བར་གྱིས་ནི། རིགས་ཀྱི་དབྱེ་བས་བཅོས་པའི་ཆ་བྱད་དང་། རང་དང་རང་གི་ཕྱག་རྒྱ་བྱས་ཏེ། དེ་དང་ལྷན་ཅིག་ཏུ་གནས་པར་བྱའོ། །ཟུར་གྱིས་རིག་པའི་བརྟུལ་ ཞུགས་བསྟན་པ་ཡིན་ནོ། །སྡོང་བུ་ཞེས་བྱ་བ་ལ་སོགས་པ་ནི་ཞེས་བྱ་བ་ནས་རིགས་ཞེས་པ་སྔགས་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི། ཇི་སྙེད་པའི་བསོད་སྙོམས་ཀྱི་ཆོ་ག་ཤེས་པ་དང་། ཕྱག་རྒྱ་ཡང་བགོ་བ་བསྟན་ཏོ། །བསམ་གཏན་ཞེས་བྱ་བ་ལ་སོགས་པ་ནི་ཞེས་པ་ནས། བུད་མེད་ལ་ལྟོས་ པ་མེད་པ་ལ་སྦྱིན་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། ཡེ་ཤེས་ཀྱི་ཕྱག་རྒྱ་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར་དེ་ལྟར་ཞེས་པ་ནས། ལེའུ་ཉེ་བར་སྡུད་པའོ་ཞེས་བྱ་བའི་བར་གྱིས་ནི། རྣལ་འབྱོར་པ་རྫོགས་པའི་རིམ་པ་ལ་གནས་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་ཕན་ཡོན་དང་བཅས་པ་བསྟན་ཏོ། །དངོས་ གྲུབ་ཐམས་ཅད་ནི་ཞེས་པ་ནས། སྒྲ་ཇི་བཞིན་པའོ་ཞེས་བྱ་བའི་བར་གྱིས་ནི། ལེའུ་དོན་དང་ལྡན་པའི་མིང་བསྟན་ཏོ། །ལེའུ་བཅུ་དྲུག་པ་མཐའ་དྲུག་གིས་བཤད་པའི་ས་བཅད་པའོ།། །།རིམ་པ་གཉིས་པོ་ཁོང་དུ་ཆུད་པས་ཀྱང་ཞེས་བྱ་བ་ལ་སོགས་པས་ནི་ལེའུ་རྩོམ་པ་ ཡིན་ནོ། །སྡུད་པར་བྱེད་པས་དེ་ནས་ཞེས་པ་ནས། སྒྲ་ཇི་བཞིན་པའོ་ཞེས་བྱ་བའི་བར་གྱིས་ནི། དེ་བཞིན་གཤེགས་པ་རྣམས་ཀྱིས་སྟོན་པ་པོ་ལ་ཕན་ཡོན་དང་བཅས་པའི་བསྟོད་པ་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་ཞེས་པ་ནས། དགོངས་པ་མ་ཡིན་པས་བཤད་པའོ་ཞེས་ 31-1-199a བྱ་བའི་བར་གྱིས་ནི། རྡོ་རྗེ་འཆང་ཆེན་པོ་དགྱེས་ནས་དེ་བཞིན་གཤེགས་པ་རྣམས་ལ་མངོན་དུ་ཕྱོགས་པར་བསྟན་ཏོ། །དེ་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱིས་ཞེས་པ་ནས། ཁྱབ་འཇུག་གི་དམ་ཚིག་གོ་ཞེས་བྱ་བའི་བར་གྱིས་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ དང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། ཚངས་པ་དང་། དྲག་པོ་དང་། ཁྱབ་འཇུག་གི་དམ་ཚིག་བསྟན་ཏོ། །དེ་ལྟར་ཚངས་པ་ལ་སོགས་པ་ཞེས་པ་ནས། གོ་སླའོ་ཞེས་བྱ་བའི་བར་གྱིས་ནི། ཚངས་པ་ལ་སོགས་པའི་དམ་ཚིག་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་ བོར་བསྟན་ཏོ། །དེ་ལྟར་གཙོ་བོ་རྣམས་ཀྱི་ཞེས་པ་དང་། བརྩམས་པའི་དོན་འགྲུབ་པའི་ཕྱིར་རོ་ཞེས་བྱ་བའི་བར་གྱིས་ནི། གནོད་སྦྱིན་མོ་དང་། ཀླུ་མོ་དང་། ལྷ་མིན་མོའི་དམ་ཚིག་བསྟན་ཏོ། །རྡོ་རྗེ་མཁའ་འགྲོ་མ་མཉེས་པར་བྱ་བའི་ཕྱིར་རོ་ཞེས་བྱ་བ་ནས། ཉེ་བར་སྡུད་པར་ བྱེད་དོ་ཞེས་བྱ་བའི་བར་གྱིས་ནི་རྡོ་རྗེ་མཁའ་འགྲོ་མ་རྣམས་ལ་ཇི་ལྟར་འདོད་པར་ཉེ་བར་ལོངས་སྤྱོད་པར་བསྟན་ཏོ། །ཁམས་གསུམ་དུ་འབྱུང་བ་ཞེས་པ་ནས། དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བའི་བར་གྱིས་ནི་རང་བཞིན་གྱིས་འོད་གསལ་བ་ལ་རབ་ཏུ་ཞུགས་པའི་སྒོ་ནས། ལས་ཀྱི་ལམ་ རྣམ་པར་དག་པ་བསྟན་ཏོ། །ད་ནི་བསྒྲུབ་པ་རྩོམ་པར་བྱེད་པའི་སྔགས་སོ་ཞེས་པ་ནས། རྡོ་རྗེ་འཆང་ཆེན་པོ་ཉིད་དུ་བསྐྱེད་པའི་སྤྱོད་པ་ཞེས་བྱ་བའི་བར་དུའོ་ཞེས་བྱ་བའི་བར་གྱིས་ནི། འདུས་པའི་རྣལ་འབྱོར་པའི་ཕྱག་འཚལ་བའི་བྱེ་བྲག་བསྟན་ཏོ། །བསྙེན་པ་ལ་སོགས་པ་ཞེས་པ་ནས། འདི་ནི་ཐོག་མ་མེད་པའི་དུས་ཅན་ནོ་ཞེས་བྱ་བའི་བར་གྱིས་ནི། དེ་བཞིན་གཤེགས་པ་རྣམས་སྙོམས་པར་ཞུགས་པའི་སྤྲོས་པའི་མཚན་ཉིད་ཀྱི་དམ་ཚིག་བསྟན་ཏོ། །དེ་ལྟར་དེ་ཁོ་ན་ཉིད་རྟོགས་པས་ཞེས་པ་ནས། དེ་བཞིན་གཤེགས་པ་མཉེས་པར་བྱེད་པའི་དམ་ཚིག་གོ་ཞེས་བྱ་བའི་བར་གྱིས་ནི། སྤྲོ་བ་དང་བསྡུ་བའི་རིམ་པ་བསྟན་ཏོ། །དེ་ཁོ་ན་ཉིད་རྟོགས་པ་རྣམས་ཞེས་པ་ནས། སེམས་ནི་མཉམ་པར་གཞག་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ་ཞེས་བྱ་བའི་བར་གྱིས་ནི། བདུད་རྩི་མྱང་བ་བསྟན་ཏོ། །དེ་ལྟར་ནང་གི་བདག་ཉིད་ལ་ཞེས་པ་ནས། དག་པ་རྡོ་རྗེས་དེ་སྐད་ཅེས་བཀའ་ 31-1-199b སྩལ་ཏོ་ཞེས་བྱ་བའི་བར་གྱིས་ནི། ཟས་དང་སྨྲ་བ་དང་། སེམས་པ་ལ་སོགས་པ་ལ་རྣམ་པར་སྣང་མཛད་ལ་སོགས་པའི་བསྒོམ་པ་བསྟན་ཏོ། །གང་སྔར་འདས་པ་དང་ཞེས་པ་ནས། ཅང་མི་གསུང་བར་གྱུར་ཏོ་ཞེས་བྱ་བའི་བར་གྱིས་ནི། ལས་ཀྱི་སྦྱོར་བ་ཐམས་ཅད་འོད་གསལ་བ་ཉིད་ལ་འཇུག་པ་ ཉིད་རྣམ་པར་དག་པར་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་ཞེས་པ་ནས་ཞེས་སྦྱར་བར་བྱའོ་ཞེས་བྱ་བའི་བར་གྱིས་ནི། དེ་བཞིན་གཤེགས་པ་རྣམས་ལ་བྱང་ཆུབ་སེམས་དཔས། ཞུ་བ་བྱས་པ་ན། རྡོ་རྗེ་འཆང་ཆེན་པོས་བཤད་པའི་སྒོ་ནས། དེ་དག་གི་ཐེ་ཚོམ་སེལ་བ་བསྟན་ཏོ། །དེ་ནས་ཞེས་ བྱ་བ་ལ་སོགས་པ་ལ་ཞེས་པ་ནས། འདྲ་བར་ཉེ་བར་གདགས་པར་མཛད་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི། རྡོ་རྗེ་འཆང་ཆེན་པོའི་དེ་ཁོ་ན་ཉིད་ནི་རྙེད་པར་དཀའ་སྟེ། འོན་ཀྱང་འགྲོ་བ་ཐམས་ཅད་ནི་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ་ཞེས་བསྟན་ཏོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དང་ཞེས་པ་ནས། རྣམ་ པར་བརྟག་པ་ནི་མ་རྙེད་པའི་ཕྱིར་རོ་ཞེས་བྱ་བའི་བར་གྱིས་ནི། བཅོམ་ལྡན་འདས་ཉིད་ཀྱི་ཏིང་ངེ་འཛིན་བསྟན་ཏོ། །དེ་ལྟར་རྡོ་རྗེ་འཆང་ཆེན་པོའི་ཏིང་ངེ་འཛིན་ངེས་པར་བྱས་ནས་ཞེས་པ་ནས། ངོ་མཚར་དུ་གྱུར་པའི་གནས་སྐབས་བསྟན་པར་བྱ་བའི་ཕྱིར་ཞེས་བྱ་བའི་བར་གྱིས་ནི། ཞུས་པ་ལ་ལན་ གདབ་པའི་སྒོ་ནས། རྡོ་རྗེ་འཆང་གི་དེ་ཁོ་ན་ཉིད་གཏན་ལ་ཕབ་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ཞེས་པ་ནས། ངོ་མཚར་གྱི་རྒྱུའོ་ཞེས་བྱ་བའི་བར་གྱིས་ནི་དེ་བཞིན་གཤེགས་པས་གསུངས་པའི་དེ་ཁོ་ན་ཉིད་ལ་འཁོར་རྣམས་ཀྱི་རྗེས་སུ་ཡི་རང་བར་བསྟན་ཏོ། །དེ་ལྟར་མཚན་མ་མེད་ པའི་ཏིང་ངེ་འཛིན་ངེས་པར་བྱས་ནས། ཞག་བདུན་གྱིས་རྩེ་གཅིག་པ་ཐོབ་པས་ཞེས་པ་ནི་ཞེས་བྱ་བའི་བར་གྱིས་ནི། ཐུགས་རྡོ་རྗེ་བསྒོམས་པས་དབང་པོ་གཉིས་ཀྱི་མཚོན་པས་སྙོམས་པར་ཞུགས་པ་བསྟན་ཏོ། །ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ནི་ཞེས་པ་ནས། དེ་སངས་རྒྱས་ ཉིད་ཐོབ་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་དམ་ཚིག་གི་ཕྱག་རྒྱ་དང་། ལྷན་ཅིག་སྙོམས་པར་ཞུགས་པ་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་མཉམ་པར་གཞག་པའི་ཞེས་པ་ནས། སྡུད་པར་བྱེད་པའི་ཚིག་གོ་ཞེས་བྱ་བའི་བར་གྱིས་ནི། ཕྱི་རོལ་གྱི་ཕྱག་རྒྱ་སྤངས་ནས། སྐུ་ 31-1-200a རྗོ་རྗེ་ལ་སོགས་པའི་དམ་ཚིག་གསུམ་བསྟན་ཏོ། །སྤྱོད་པ་གསུམ་ལ་གནས་པ་ཡི། །ཞེས་པ་ནས། དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བའི་བར་གྱིས་ནི། ཕྱི་རོལ་གྱི་དཀྱིལ་འཁོར་ལ་མངོན་པར་ཞེན་པ་བསལ་ནས། ཕུང་པོ་ལ་སོགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་དུ་ བསྟན་ཏོ། །དེ་ལྟར་རྣམ་པར་སྣང་མཛད་ལ་སོགས་པ་ཞེས་པ་ནས་དོན་དམ་པའི་བདེན་པ་ལ་ཞུགས་པར་གྱུར་ཏོ་ཞེས་བྱ་བའི་བར་དུའོ་ཞེས་བྱ་བའི་བར་གྱིས་ནི། བཅོམ་ལྡན་འདས་འོད་གསལ་བ་ཉིད་ལ་བཞུགས་པར་བསྟན་ཏོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་ཞེས་པ་ནས། དེའི་ཕྱིར་བྱམས་པ་ཅང་མི་གསུང་བར་གྱུར་ཏོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པ་ལ་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་ཞུས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོར་རྡོ་རྗེ་སློབ་དཔོན་བསྟན་ཏོ། །དེ་ལྟར་བྱམས་པ་ཅང་མི་སྨྲ་བར་གྱུར་པས་ཞེས་པ་ནས་ཞེས་ གསུངས་པའི་ཕྱིར་རོ་ཞེས་བྱ་བའི་བར་གྱིས་ནི། ཞུས་པའི་ལན་དང་དེ་བཞིན་དུ་རྡོ་རྗེ་སློབ་དཔོན་གྱི་ཕན་ཡོན་སྒྱུ་འཕྲུལ་དྲ་བ་ཞེས་བྱ་བའི་རྒྱུད་ཆེན་པོ་དང་། དེ་བཞིན་དུ་རིན་ཆེན་རྒྱལ་པོ་ཞེས་བྱ་བའི་མདོ་ཆེན་པོ་དང་། དེ་བཞིན་དུ་བཅོམ་ལྡན་འདས་མ་སྟོང་ཕྲག་བརྒྱ་པ་ཚད་མར་བྱས་ནས། རྡོ་རྗེ་ འཆང་ཆེན་པོས་གསུངས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནས། བསམ་གཏན་གྱི་དཀྱིལ་འཁོར་ཞེས་བྱ་བའི་བར་གྱིས་ནི། མི་བསྐྱོད་པ་ལ་སོགས་པའི་སྐུ་ལྷ་མོ་བཞིས་བསྐོར་བའི་ནང་དུ་རྡོ་རྗེ་འཆང་ཆེན་པོ་བཞུགས་པ་བསྐྱེད་ནས། སློབ་མ་ལ་དབང་བསྐུར་བ་ནང་གི་རིམ་པ་ཕན་ཡོན་དང་ བཅས་པ་གསུངས་སོ། །གཞན་ཡང་གདུག་པ་ཞེས་བྱ་བ་ནས། སྦྱོར་བའི་ཕུལ་དུ་བྱུང་བའི་ཁྱད་པར་བསྟན་པའོ་ཞེས་བྱ་བའི་བར་གྱིས་ནི། རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་དྲུག་པ་བསྒོམས་པས་མ་རུངས་པ་ཚར་བཅད་པར་བསྟན་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཞེས་པ་ནས། འདའ་བར་མི་བྱ་བའི་དམ་ཚིག་གོ་ཞེས་བྱ་བའི་བར་གྱིས་ནི་ནང་གི་སྦྱིན་སྲེག་དང་ཐུན་མོང་གི་མཆོད་པ་བསྟན་ཏོ། །དེ་ལྟར་ཐུན་མོང་གི་མཆོད་པ་བསྟན་ནས་ཞེས་པ་ནས། ཐོབ་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། བདག་དང་གཞན་གྱི་ཆེད་དུ་ཐུན་མོང་གི་མཆོད་པ་བསྟན་ཏོ། །དེ་ལྟར་ 31-1-200b བདག་དང་གཞན་ལ་མཆོད་པ་བསྟན་ནས་ཞེས་པ་ནས། ཕུལ་དུ་བྱུང་བའོ་ཞེས་བྱ་བའི་བར་གྱིས་ནི་སེམས་ཅན་གྱི་ནི་ཁམས་མཐའ་དག་ལ་མཆོད་པ་བསྟན་ཏོ། །དེ་ལྟར་མཆོད་པའི་རྣམ་པ་བསྟན་ནས་ཞེས་པ་ནས། དམིགས་པ་དང་བཅས་པའི་ཕྱིར་རོ་ཞེས་བྱ་བའི་བར་གྱིས་ནི། རྣལ་འབྱོར་ པའི་འཇུག་པ་བསྟན་ཏོ། །དེ་ལྟར་རྣལ་འབྱོར་པ་སེམས་ཅན་རྣམས་ཀྱི་ཡུལ་ལ་རབ་ཏུ་འཇུག་པ་བསྟན་ནས་ཞེས་པ་ནས་ཞེས་བྱ་བའི་ཕན་ཡོན་ནོ་ཞེས་བྱ་བའི་བར་གྱིས་ནི། རྣལ་འབྱོར་པ་སྐྱོ་བར་གྱུར་ན་བདུད་རྩིས་བདའ་ཞིང་ཚིམ་པར་བྱ་བ་བསྟན་ཏོ། །རྫོགས་པའི་རིམ་པ་རྟོགས་པར་ གྱུར་པ་ཞེས་པ་ནས། མངོན་པར་ཞེན་པ་མེད་པ་ལ་ནི་དགག་པ་མེད་དོ་ཞེས་བྱ་བའི་བར་གྱིས་ནི། འདུས་པའི་རྣལ་འབྱོར་པས་ཕྱི་རོལ་གྱི་མཆོད་རྟེན་ལ་ཕྱག་ལ་སོགས་པ་ལ་མངོན་པར་ཞེན་པ་སྤང་བར་བསྟན་ཏོ། །ལེའུ་བཅོ་ལྔ་པ་ལས་གསུངས་པ་ཞེས་པ་ནས། དེ་ཁོ་ན་ཉིད་ལ་ གནས་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། དུག་སེལ་བ་བསྟན་ཏོ། །དེ་ལྟར་དུག་བསལ་བ་ཞེས་པ་ནས། ཀུན་ཏུ་བཟང་པོས་གསུངས་སོ་ཞེས་བྱ་བའི་བར་གྱིས་ནི་ནད་གསོས་པའི་སྐྱེས་བུ་ལ་ཕྱི་ནས་ནད་ཡང་མི་སྐྱེ་བར་བྱ་བའི་ཕྱིར། བདུད་རྩི་ཐབ་སྦྱོར་སྲུང་བའི་འཁོར་ལོ་བསྟན་ ཏོ། །དེ་ནས་སྡུད་པར་བྱེད་པ་ཞེས་པ་ནས་ཅང་མི་གསུང་བར་གྱུར་ཏོ་ཞེས་བྱ་བའི་བར་གྱིས་ནི་འཁོར་གྱིས་ཞུས་པས་བཅོམ་ལྡན་འདས་ཀྱི་རྒྱུད་ཀྱི་བདག་ཉིད་བསྟན་ཏོ་ཞེས་བྱ་བ་ནི་དེ་ལྟར་ཐེ་ཚོམ་དང་བྲལ་བའི་ཞེས་པ་ནས། ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། སྔོན་ དུ་བྱུང་བའི་སྒོ་ནས་སྔོན་བྱུང་བ་རྙེད་པར་དཀའ་ལ་དེ་ལྟར་ནི་རྒྱུད་འདི་རྙེད་པར་སླ་བར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །གསང་བ་འདུས་པ་འདི་ལ་ཞེས་པ་ནས། དགོངས་པ་མ་ཡིན་པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི། བྱང་ཆུབ་སེམས་དཔའ་རྣམས་སྐྱེ་བ་ལ་ཐེ་ཚོམ་དུ་གྱུར་ པ་ལ། དེ་བཞིན་གཤེགས་པ་རྣམས་ཀྱིས་ཐེ་ཚོམ་སྤང་བ་བསྟན་ཏོ། །དེ་ལྟར་དེ་བཞིན་གཤེགས་པ་ཞེས་པ་ནས། འདིའི་དོན་ནི་བཤད་ཟིན་པའོ་ཞེས་བྱ་བའི་བར་གྱིས་ནི། དེ་བཞིན་གཤེགས་པའི་དོན་བྱས་ཟིན་པའི་ཕྱིར། བཅོམ་ལྡན་འདས་ལ་རབ་ཏུ་ཞུགས་པར་གྱུར་ཏོ། །དེ་ 31-1-201a ལྟར་འོད་གསལ་བའི་བདག་ཉིད་ཅན་ཞེས་པ་ནས། སྲོག་རྩོལ་བས་གསོན་པར་མཛོད་ཅིག་ཅེས་བྱ་བའི་བར་གྱིས་ལྷ་མོ་བཞི་པོས་ཚིགས་བཅད་བཞིས་བཅོམ་ལྡན་འདས་བཞེངས་པར་བསྟན་པ་ཡིན་ནོ། །དེ་ལྟར་ཚངས་པའི་གནས་བཞིའི་རང་བཞིན་གྱི་ལྷ་མོ་རྣམས་ཀྱིས་ཡང་ དག་པར་བསྐུལ་བར་གྱུར་པ་དང་ཞེས་པ་ནས་ཀུན་དུ་བཟང་པོ་ཞེས་སྔོན་མ་བྱུང་བའི་དོན་གྱི་མིང་ཅན་དུ་གྱུར་ཏོ་ཞེས་བྱ་བའི་བར་གྱིས་ནི་བཅོམ་ལྡན་འདས་ཀྱི་སྐུའི་རྣམ་པ་ཡོངས་སུ་བཟུང་བ་ནི། བདེ་བ་ཆེན་པོའི་རང་བཞིན་དུ་གྱུར་པ་བསྟན་ཏོ། །དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་ཡེ་ ཤེས་ཀྱི་དབང་བསྐུར་བས་དབང་བསྐུར་ནས་ཞེས་པ་ནས་ཞེས་བྱ་བ་ནི་རྡོ་རྗེའི་ཚིག་གི་དོན་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི། རྡོ་རྗེ་འཆང་ཆེན་པོ་འོད་གསལ་བ་ལས་བཞེངས་ནས་དེ་བཞིན་གཤེགས་པ་རྣམས་ལ་ཆོས་ཀྱི་དེ་ཁོ་ན་ཉིད་བསྟན་ཏོ། །དེ་ལྟར་གསང་བ་བསྟན་པ་ཡོངས་ སུ་རྫོགས་ནས་ཞེས་པ་ནས་དེ་བཞིན་གཤེགས་པའི་གསུང་ཇི་ལྟ་བ་བཞིན་དུ་ཁས་བླངས་པའི་ཕྱིར་རོ་ཞེས་བྱ་བའི་བར་གྱིས་ནི། ཕྱག་ན་རྡོ་རྗེ་འོས་སུ་གྱུར་པའི་ཕྱིར། རྡོ་རྗེ་འཆང་ཆེན་པོས་རྒྱུད་གཏད་པར་མཛད་པ་ཡིན་ནོ། །རྒྱུད་གཏད་པའི་འོག་ཏུ་ཞེས་པ་ནས་ཞེས་མཐར་ཐུག་ པ་གསུངས་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི། རྣམ་པར་སྣང་མཛད་དང་། འོད་དཔག་མེད་དང་། མི་བསྐྱོད་པ་རྣམས་སེམས་ཅན་གྱི་ཁམས་མཐའ་དག་གི་ལུས་དང་། ངག་དང་སེམས་ལ་དེའི་བདག་ཉིད་དུ་རྣམ་པར་ཞུ་ནས། འོད་གསལ་བ་ལ་དམིགས་པར་བསྟན་ཏོ། །སློབ་ དཔོན་གྱི་ཞལ་སྔ་ནས་ཀྱི་བཀའ་དྲིན་གྱིས་རྒྱུད་ཀྱི་དོན་དང་ཚུལ་ཞེས་པ་ནས་ཕ་རོལ་གྱི་མཐའ་ངེས་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་འཕགས་པ་ལང་ཀར་གཤེགས་པ་ལས། བཅོམ་ལྡན་འདས་ཀྱིས་འཕགས་པ་ཀླུ་སྒྲུབ་ལུང་བསྟན་པ། རང་གི་སློབ་དཔོན་ལ་དད་པས་ཕན་ཡོན་བསྟན་ པ་ཡིན་ནོ། །ད་ནི་རྒྱུད་ཉེ་བར་སྡུད་པར་བྱེད་དེ་ཞེས་པ་ནས། ལེའུ་ཞེས་བྱ་བའི་བར་གྱིས་ནི་སྡུད་པ་པོས་རྒྱུད་ཀྱི་མཇུག་བསྡུ་བ་དང་། དོན་དང་ལྡན་པའི་མིང་ལེའུ་བསྟན་ཏོ། །བདེ་བར་གཤེགས་པ་གསུང་ཤིན་ཏུ་ཕྲ་བའི་རྣལ་འབྱོར་རྒྱུད་ཅེས་པ་ནས། བདེ་བ་དམ་པའི་གནས་མཆོག་ 31-1-201b ཟླ་བའི་བློ་དང་འགྲོ་བ་རྣམས་ནི་ལྡན་པར་ཤོག །ཅེས་བྱ་བའི་བར་གྱིས་ནི། རང་གི་འགྲེལ་པའི་ཕན་ཡོན་དང་། །བསོད་ནམས་བསྔོ་བ་བསྟན་ཏོ། །མཐའ་དྲུག་ས་གཅོད་བྱས་པ་ཡིས། །དགེ་བ་བདག་གིས་གང་ཐོབ་པ། །དེས་ནི་འཇིག་རྟེན་མ་ལུས་པ། །འཇམ་པའི་གཞོན་ནུ་འདྲ་བར་ཤོག །འཇིག་ རྟེན་དབང་ཕྱུག་ལྷན་ཅིག་བདེ་བའི་ཏིང་འཛིན་གནས། །ས་སྟེང་གུས་པས་བརྟེན་པ་འཁོར་བའི་གདུང་བ་སེལ། །གང་གི་དྲིན་གྱི་དབང་གིས་བདག་གི་ངག་འབྱོར་པ། །ངག་གི་དབང་ཕྱུག་གོས་དཀར་མོ་དེ་རྒྱལ་གྱུར་ཅིག །སྒྲོན་མ་གསལ་བར་བྱེད་པའི་ལེའུ་བཅུ་བདུན་པའི་ས་བཅད་ པའོ།། །།སྒྲོན་མ་གསལ་བའི་མདོར་བཤད་པའི་ས་བཅད་སྙིང་གི་མེ་ལོང་ཞེས་བྱ་བ། དཔལ་ལཀྵྨཱི་ཀ་རིའི་ཞལ་སྔ་ནས་ཀྱི་སློབ་མ། པཎྜི་ཏ་མཁས་པ་ཆེན་པོ་ཀུ་མཱ་རས་མཛད་པ་རྫོགས།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་གཞོན་ནུ་བུམ་པ་ཅན་དང་། བོད་ཀྱི་ལོ་ཙཱ་བ་དགེ་ སློང་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །༄༅༅། །རྒྱ་གར་སྐད་དུ། པྲ་དཱེ་པོ་དྱོ་ཏ་ན་བི་ས་མ་པཉྩི་ཀཱ་ནཱ་མ། བོད་སྐད་དུ། སྒྲོན་མ་གསལ་བར་བྱེད་པའི་དཀའ་བ་བཏུས་པའི་འགྲེལ་པ་ཞེས་བྱ་བ། སངས་རྒྱས་ལ་ཕྱག་འཚལ་ལོ། །དེ་ལ་རིམ་པ་གཉིས་ པོ་ཞེས་བྱ་བ་ནི་བསྐྱེད་པ་དང་རྫོགས་པའི་རིམ་པ་གཉིས་པའོ། །ཇི་སྲིད་ཅེས་བྱ་བ་ནི་ཌྷ་ད་དྷ་ཡ་ར་ལ་རྣམས་ལན་གཉིས་སུ་བཀླགས་པ་དང་བཅས་པའི་ཀ་ཚོགས་རྣམས་སོ། །ཨི་ཐ་ཞེས་བྱ་བ་དེའི་དོན་ནི་ཨ་ཚོགས་རྣམས་སུ་ཤེས་པར་བྱའོ། །དེ་ཉིད་ནི་ལུས་ལ་སོགས་པ་འཛིན་པ་ཤེས་རབ་དང་ ཐབས་ཀྱི་རང་བཞིན་གྱིས་གཟུང་བའོ། །འདུལ་བའི་སྡོམ་པར་ལྡན་མཐོང་བ། །ཞེས་བྱ་བ་ནི་དགེ་སློང་ལ་སོགས་པའི་སྡོམ་པ་ཅན་དུ་གདུལ་བྱས་མཐོང་བའོ། །འབྲས་བུ་འདོད་པས་ཞེས་བྱ་བ་ནི་སྐྱེ་བོ་གདུལ་བ་ཅན་གྱི་དགོས་པ་ལ་བྱ་སྟེ། ཀུན་རྫོབ་ཀྱི་འབྲས་བུའོ། །སྙིང་པོ་སྦས་པ་འདི་ལ་ ཡོད་ཅེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་རང་བཞིན་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པས་གྲོལ་བར་འགྱུར་ཏེ། དེ་སྟོན་པར་བྱེད་པ། འདོད་ཆགས་ཆོས་ནི་རབ་སྟོན་དང་། །ཞེས་པ་གསུངས་སོ། །མ་ཞེས་བྱ་བ་ནི་ཆོས་རྣམས་རབ་ཏུ་མང་པོ་ཐོབ་པའོ། །ལྷག་པར་ཞེས་བྱ་བ་ནི་ལྷག་པར་ 31-1-202a གཟུང་བའོ། །བུམ་པའི་རས་བལ་ས་བོན་འདྲ། །ཞེས་བྱ་བ་ནི་བུམ་པ་ཆུང་ངུ་རས་བལ་གྱི་ས་བོན་གྱིས་གང་བར་བྱས་པ་བངས་ནས་ཤིན་ཏུ་འཕེལ་ན་སླར་མི་ཐོན་པ་ལྟར་གསལ་བར་སྟོན་མི་ནུས་པའོ། །བློ་ཁ་མི་འབྱེ་ལ་ཞེས་བྱ་བ་ནི་ཤེས་རབ་བརྟན་པ་ལ་སོགས་པས་སྙིང་སྟོང་ པའོ། །ཉན་ཞེས་བྱ་བ་ནི་ཐོས་པ་དྲི་མ་མེད་པའོ། །རྒྱུད་གཅིག་པ་ནི་ཟུང་དུ་འཇུག་པས་ཆོས་ཀྱི་དེ་ཁོ་ན་ཉིད་བཤད་པར་བྱ་སྟེ་ལས་དང་པོ་པ་ལ་བཤད་པ་དང་། སྤྲོས་པ་མེད་པའི་རྣལ་འབྱོར་བཤད་པའོ། །བཤད་པ་རྣམ་པ་གཉིས་བྱའོ་ཞེས་བྱ་བ་ནི་ཚོགས་པ་ལ་བཤད་པ་དང་། སློབ་ མ་ལ་བཤད་པའོ། །དེ་རྣམས་ཀྱིས་ཞེས་བྱ་བ་ནི་རྒྱན་དྲུག་པོ་རྣམས་ཀྱིས་བདེན་པ་གཉིས་པོ་ནི་ཚིག་ངེས་པར་བྱེད་པའོ། །དེ་ནི་རྒྱན་བདུན་པ་སྟེ། དེས་ཟུང་དུ་འཇུག་པ་མཐར་ཐུག་པ་སྒྲུབ་པའོ། །འདི་སྐད་བདག་གི་ཞེས་བྱ་བ་ལ་སོགས་པས་ནི། གླེང་གཞི་སྟོན་པ་ཡིན་ནོ། །རིམ་པ་ ཞེས་བྱ་བ་ནི་འདིར་རིམ་པ་ལྔ་པའོ། །བཤད་ཚུལ་རྣམ་པ་བཞི་པོ་ནི་ཚིག་གི་དོན་དང་། སྤྱིའི་དོན་དང་། སྦས་པ་དང་། མཐར་ཐུག་པ་སྟེ། བཅུ་པོ་ཙམ་གྱིས་སྤྱོད་པ་དོར་བར་བྱ་སྟེ། ཇི་ལྟ་བའི་བདེ་བར་མི་འགྱུར་བ་དང་། འཇིག་རྟེན་ན་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་བཅུ་པོ་ནི་ལྟུང་བར་བྱེད་པས་ སོ། །དེ་ལ་རབ་ཏུ་མ་ཆགས་པར་གྱུར་པ་དང་མི་དགེ་བ་བཅུ་པོ་བཅོམ་པ་ཡང་དག་པའི་སྐྱེ་བ་ལེན་ནོ། །ཆ་གཉིས་པ་ནི་ཡི་གེ་ཨཱཿརིང་པོའོ། །དགུ་པས་བརྗོད་པ་ནི་ཡི་གེ་ཨོ་ཡིན་ནོ། །དང་ནི་བསྡུ་བ་སྟེ་ཡི་གེ་ཨཾ་དང་ཨཱཿའོ། །སུམ་ཅུ་པ་དང་བཅུ་པ་ནི་ཡི་གེ་ཧ་ཡིན་ནོ། །ལྔ་པའི་ས་བོན་ནི་ཡི་གེ་ ཨུ་ཡིན་ནོ། །ཆ་གཉིས་པ་ལ་ལྔ་པ་དྲུག་པའི་ས་བོན་དུ་བྱས་པས་ཕྱེ་ན་དེར་འགྱུར་རོ། །ཁོང་པར་སྤྲོས་ཞེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་སུ་རྣམ་པར་སྤྲོས་པའོ། །ཨེ་ནི་ཤེས་རབ་ཅེས་བྱ་བ་ནི་བློ་དང་སྣང་བའི་ཤེས་པའོ། །སྣང་བ་མཆེད་པ་རང་ཉིད་ནི་རིག་ཆེན་ནོ། །རྩ་བ་ནི་སྣང་བ་ཉེ་བར་ ཐོབ་པའི་རྒྱུ་སྟེ། ཐོག་མའི་དུས་སོ། །དེ་དག་ཀྱང་སླར་བཟློག་པས་ཇི་ལྟ་བ་བཞིན་དུ་སྣང་བའི་འབྲས་བུ་གཉིས་པོར་སྦྱར་བས་རྣམ་པར་ཤེས་པ་གཉིས་པ་བལྟ་བར་བྱའོ། །རྟག་ཏུ་འགྲོ་ལ་གནས་པར་འགྱུར། །ཞེས་བྱ་བ་ནི་སྲོག་རྟག་ཏུ་གནས་པའོ། །གཟུགས་དང་ཆུ་དང་གཟུགས་ལས་ 31-1-202b ཚོར་བའོ། །ཚོར་བའི་ཕུང་པོ་དང་ལྡན་པ་ནི་རླུང་ངོ་། །རོལ་པས་ཞེས་བྱ་བ་ནི་འཇོམས་པའོ། །རྣམ་པར་རོལ་ཞེས་བྱ་བ་ནི་རྣམ་པར་སྤྲུལ་བར་བྱའོ། །རྣམ་པར་འཕྲུལ་ཞེས་བྱ་བ་ནི་སྤྲུལ་བར་བྱེད་པའོ། །རྡོ་རྗེ་གསུམ་པོ་དམ་ཚིག་མཆོག །ཅེས་བྱ་བ་ནི་བྷ་གའོ། །ཡེ་ཤེས་དེ་བཞིན་གཤེགས་པ་ ཀུན། །ཞེས་བྱ་བ་ནས། འགྲོ་སྙིང་རྣམ་དག་ཅེས་བྱ་བ་ནི་བྷ་གའི་ཁྱད་པར་རོ། །ནམ་མཁའི་སྐབས་འདི་ཉིད་ཅེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་ཏེ། རང་བཞིན་རྣམས་རང་བཞིན་མེད་པ་གནས་གཞིར་གྱུར་པ་ཤེས་རབ་ཀྱི་བྷ་གའོ། །སེམས་ཅན་ཐམས་ཅད་དཔལ་རྡོ་རྗེ་སེམས་དཔའ་ བཞུགས་པས་བཅུག་ནས་རྡོ་རྗེ་སེམས་དཔའ་ཉིད་ཐོབ་པའོ་ཞེས་བྱ་བ་ལ། སེམས་ཅན་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་དོ། །དཔལ་རྡོ་རྗེ་སེམས་དཔའ་བཞུགས་ཞེས་བྱ་བ་ནི་དབང་བསྐུར་བའི་ཡེ་ཤེས་བྱིན་པས་སོ། །བཅུག་པས་ཞེས་བྱ་བ་ནི་གཉིས་སུ་མེད་ པའི་སེམས་སུ་འཇུག་པས་བདེ་བ་དང་ཡིད་བདེ་བ་ཐོབ་པར་གྱུར་པའོ། །ཐབས་ཀྱི་ཡེ་ཤེས་ཤར་བས་སོ། །ཞེས་བྱ་བ་ནི་སྣང་བའི་ཡེ་ཤེས་ཤར་བས་སོ་ཞེས་བྱ་བའི་དོན་ཏོ། །སེམས་དཔའ་གསུམ་གྱི་མཐར་ཐུག་པ་ཞེས་བྱ་བ་ནི་དམ་ཚིག་སེམས་དཔའ་དང་། ཡེ་ཤེས་སེམས་དཔའ་ དང་། ཏིང་ངེ་འཛིན་སེམས་དཔའི་མཐར་ཐུག་པའོ། །ཉོན་མོངས་པ་ལྔ་ཞེས་བྱ་བ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་གོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི་ཟུང་དུ་འཇུག་པའོ། །ཁམས་ཕྲ་བ་ནི་རླུང་གི་ཁམས་སོ། །དེས་ཐབས་ཀྱི་ཡེ་ཤེས་ གཞོམ་དུ་མེད་པའི་ཐིག་ལེ་དྲངས་པའི་གླེང་གཞི་དང་པོའོ། །བཙུན་མོ་དང་འཁོར་གྱི་ནང་ནས་ངེས་པར་བྱུང་བར་གྱུར་པ་ནི་གླེང་གཞི་གཉིས་པའོ། །རབ་ཏུ་བྱུང་བ་ནི་གླེང་གཞི་གསུམ་པའོ། །རྡོ་རྗེའི་གདན་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཞུགས་པ་ནི་གླེང་གཞི་བཞི་པའོ། །དེ་ནི་གླེང་གཞིའི་ དབྱེ་བ་རྣམས་སོ། །རྡོ་རྗེ་ལ་སོགས་བཟུང་བ་ནི། །ཞེས་བྱ་བའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ལ་བྱ་བ་ཡིན་ནོ། །བྷ་ག་ལ་བཞུགས་སོ་ཞེས་བྱ་བ་ལ་སོགས་པས་ནི་དང་པོར་ཕྱི་རོལ་གྱི་དཀྱིལ་འཁོར་གྱི་གཟུགས་ལ་སོགས་པའི་འཁོར་རྣམས་ཉིད་ཀྱི་སྐུ་ལ་རབ་ཏུ་བཅུག་པས་མིག་ལ་སོགས་ 31-1-203a པ་རྣམས་ལ་ཐིམ་ནས་ལོངས་སྤྱོད་རྫོགས་པའི་སྐུར་གནས་པ་ལས་བྱང་ཆུབ་ཀྱི་སེམས་མཆོག་ཏུ་དགའ་བའི་རང་བཞིན་དུ་གྱུར་ནས། ཡུམ་གྱི་སྐྱེ་གནས་སུ་བྱུང་བ་ནི་བྷ་ག་ལ་བཞུགས་སོ་ཞེས་བྱ་བའི་དོན་ཡིན་ནོ། །དེ་ནས་ནི་ནུར་ནུར་པོ། དེ་ནས་མེར་མེར་པོ་ལ་སོགས་ པའོ། །དེ་ནས་ཟླ་བ་བཅུ་ལ་སོགས་པའི་རིམ་པས་མིག་ལ་སོགས་པའི་དབང་པོ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ནས་སྐྱེ་གནས་ཀྱི་སྒོ་ཁྱད་པར་ཅན་ནས། ཕྱི་རོལ་དུ་གཤེགས་ཏེ་ཡུལ་དང་ཡུལ་ཅན་གྱི་གཟུགས་ལ་སོགས་པར་སྤྲུལ་པ་ནི་འཁོར་ཕུན་སུམ་ ཚོགས་པར་གྱུར་པ་ཡིན་ནོ། །འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་དོན་ནི་བཙུན་མོ་དང་ལྡན་པར་བཞུགས་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །སྔགས་ཀྱི་ཡི་གེ་ནི་ཆོས་ཀྱི་ཕྱག་རྒྱའོ། །མཚན་ཐམས་ཅད་དང་ལྡན་པ་ནི་ཕྱག་རྒྱ་ཆེན་པོའོ། །དེས་འགྲོ་བའི་དོན་བྱེད་པ་ནི་ལས་ཀྱི་ ཕྱག་རྒྱའོ། །ཆོས་སྟོན་པའི་དུས་ན་ཕྱག་རྒྱ་དེ་དག་དང་ལྡན་པ་པོ་ཕྱག་གཉིས་པ་ལ་སོགས་པའི་རིམ་པས་སྲུང་བའི་འཁོར་ལོ་མདུན་དུ་དྲན་པར་མཛད་པ་དང་། དེ་ནས་ལྷ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་འཁོར་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ནས། བུད་མེད་ཕུན་སུམ་ཚོགས་པ་ ལ་མཆོད་པ་མཛད་པའི་ཚུལ་གྱིས་གདུལ་བྱ་འདོད་ཆགས་ཅན་རྣམས་ཀྱི་ཏིང་ངེ་འཛིན་བསྟན་ཏོ། །ལྷ་དེ་རྣམས་སོ་སོའི་གདན་དང་ལྡན་པའི་གནས་གཞལ་ཡས་ཁང་བརྩེགས་པ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་དཀྱིལ་འཁོར་པ་རྣམས་ཉིད་ཀྱི་སྙིང་ག་ལ་ སོགས་པའི་ཕུང་པོ་ལ་སོགས་པའི་ངོ་བོར་ཞུགས་ཏེ་འོད་གསལ་བར་གནས་པ་ལ། ཨོཾ་ཤཱུ་ནྱ་ཏཱ་ཞེས་བྱ་བའི་སྔགས་ཀྱི་བྱིན་གྱིས་བརླབ་པོ། །དེའི་དེ་མ་ཐག་པར་ཉི་མ་དང་། ཟླ་བ་དང་པདྨ་དང་། ཡི་གེ་གསུམ་དང་། དེ་དག་ཞུ་བའི་ཟླ་བ་ལ་སེམས་ཅན་རྣམས་ཞུགས་པ་ལ། ཨོཾ་ དྷརྨྨཱ་དྷཱ་ཏུ་སྭ་བྷཱ་ཝ་ཞེས་པ་ལ་སོགས་པའི་རིམ་པས་རྡོ་རྗེ་འཛིན་པ་སེམས་དཔའ་གསུམ་གྱི་མཐར་ཐུག་པའི་བར་དུ་བསམ་པར་བྱའོ། །དེ་ནས་ནམ་མཁའི་དབྱིངས་ནི་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ནི་རིགས་ལྔ་དང་ལྡན་པའི་ཤེས་རབ་ཀྱི་པདྨར་བྱང་ཆུབ་ཀྱི་སེམས་སྤྲོས་པས་གང་བའོ། །སེམས་ 31-1-203b ཅན་ཐམས་ཅད་ཅེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ། རྡོ་རྗེ་འཛིན་པའི་དཀྱིལ་འཁོར་པ་རྣམས་ཀྱི་དབྱེ་བ་དང་ཡིད་བདེ་བ་ཐོབ་པར་གྱུར་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ཕྱུང་ནས་རྗེས་སུ་ཞུགས་པས་ཞལ་གསུམ་པའི་རྣམ་པ་ལྟ་བུ་ལ་སོགས་པར་རྡོ་རྗེ་འཛིན་པའི་ གཟུགས་སུ་སྣང་བར་གྱུར་ཏོ། །དེ་ནས་སེམས་ཅན་རྣམས་ཀྱི་སྐལ་བ་ཇི་ལྟ་བ་བཞིན་དུ་མཁྱེན་ནས་སྟོན་པའི་རིམ་པ་ཇི་ལྟ་བུར་བཤད་པ་བཞིན་དུ་སྟོན་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་བླ་མ་ལ་སློབ་མ་རྣམས་ཀྱིས་གསོལ་བ་བཏབ་ནས་བླངས་ནས་འབྲས་བུ་ངེས་པས་ན་བསླབ་བ་དེ་ལ་ གནས་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་རྡོ་རྗེ་འཛིན་པ་ཉིད་ལ་ཉིད་གསོལ་བ་འདེབས་པར་བསྟན་པ་ཡིན་ནོ། །སྒྲོན་མ་གསལ་བར་བྱེད་པའི་ལེའུ་དང་པོའི་དཀའ་བ་བཏུས་ཏེ་བཤད་པའོ།། །།རྒྱུ་དང་འབྲས་བུའི་ཉེ་བར་གདགས་པ་ཞེས་བྱ་བའི་སྐུ་དང་གསུང་དང་ཐུགས་རྣམས་ཀྱི་ རང་གི་ངོ་བོ་དབྱེར་མི་ཕྱེད་པའི་བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ནི་རྒྱུ་ཡིན་ལ། དེས་རྡོ་རྗེ་འཛིན་པ་མཆོག་ལ་ཉེ་བར་སྤྱོད་པ་ནི་འབྲས་བུའོ། །སོག་ལས་ཞེས་བྱ་བ་ནི་རླུང་ལས་ཞོན་པའི་རྣམ་པར་ཤེས་པ་རྨི་ལམ་ལྟ་བུར་སྣང་བའོ། །ཁམས་གསུམ་གྱི་རྣམ་པར་གནས་པ་ནི། ཁམས་གསུམ་ པ་དེ་ཉིད་རླུང་རྨི་ལམ་ལྟ་བུར་གནས་པ་སྟེ། གནས་པ་ཞེས་པ་འདི་ཉིད་ཀྱང་ཁམས་གསུམ་པར་སྐྱེས་པའོ། །མཆོག་ཅེས་བྱ་བ་ནི་དམ་པ་སྟེ་སྲིད་པ་བར་མ་དོའི་མཚན་ཉིད་དང་འདྲ་བའོ། །གཅིག་ཏུ་ཞེས་པ་ནི་རླུང་དང་རྣམ་པར་ཤེས་པ་གཅིག་ཏུ་འདུས་པའོ། །མྱུར་དུ་ཞེས་པ་ནི་སེམས་ཙམ་ དུའོ། །མཐོང་བ་ནི་དེར་མཐོང་བའོ། །བདག་ཉིད་ཅེས་པ་ནི་རྣལ་འབྱོར་པར་བལྟའོ། །དེ་དག་ཉིད་ནི་རང་བྱིན་གྱིས་བརླབ་པའི་གནས་ཏེ། གཟུགས་ལ་སོགས་པ་ནས་ཡིད་ཀྱི་མཐར་ཐུག་པ་དེ་བཞིན་གཤེགས་པ་དྲུག་པོར་བྱིན་གྱིས་བརླབ་པ་ལ་སོགས་པ་བསྟན་ཏེ། །བརྟན་པ་དང་ གཡོ་བ་ཞེས་བྱ་བ་ལ་སོགས་པས་ནི་སྟོང་པ་ཉིད་ཁོ་ནར་བསྒོམ་པའི་མུ་སྟེགས་ཅན་ལ་སོགས་པའི་ཚུལ་འགེགས་པ་ཡིན་ནོ། །དེ་ཡང་། བསྒོམ་པར་བྱ་བ་སྒོམ་པ་མེད། །ཅེས་བྱ་བ་ལ་སོགས་པའོ། །དེ་གང་ཡོད་པར་བསྒོམ་ཞེས་བྱ་བའི་རྣམ་པ་དེ་ལྟ་བུ་ཉིད་ཀྱིས་ཡོད་དང་མེད་པར་བསྒོམ་པ་དག་ 31-1-204a མ་ཡིན་པར་དཔྱད་པའོ། །སྟེང་འོག་ཅེས་པ་ལ་སོགས་པ་ལས་ནི་ཉན་ཐོས་བྱེ་བྲག་ཏུ་སྨྲ་བའི་བསྒོམ་པ་འགེགས་པ་སྟེ། དེ་ཡང་གཞན་ལས་སྨྲས་པ། ནམ་མཁའ་གཉིས་པོ་འགེགས་པ་དང་། །དུས་གསུམ་རྟག་པ་འདུས་མ་བྱས། །ཞེས་པའི་ཚུལ་ལོ། །གང་ཡང་ རྒྱུ་དང་འབྲས་བུ་ཞེས་པ་ལ་སོགས་པས་ནི་མདོ་སྡེ་པའི་སྤྱིའི་དོན་བསྒོམ་པ་འགེགས་པ་ཡིན་ནོ། །ཕུང་པོ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་ཤེས་པ་ཙམ་དུ་སྨྲ་བའི་གཞུང་གི་བསྒོམ་ལུགས་འགེགས་པ་ཡིན་ནོ། །ཀུན་རྫོབ་ཀྱི་བདེན་པ་བཟློག་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ་ སོགས་པས་ནི་ཀུན་རྫོབ་ཏུ་སྣང་བ་དེར་བསྒོམ་པ་འགེགས་པ་ཡིན་ནོ། །བདེན་པ་གཉིས་ལྟ་བུར་ཞེས་པ་ལ་སོགས་པས་ནི་དོན་དམ་པའི་བདེན་པ་དང་། ཀུན་རྫོབ་ཀྱི་བདེན་པ་ལ་མངོན་པར་ཞེན་ནས་བསྒོམ་པ་འགེགས་པར་བྱེད་པ་ཡིན་ནོ། །མཐར་ཐུག་པའི་དོན་གྱིས་ནི་བསྒོམ་པ་མ་ནོར་བ་ ཡིན་པར་བསྟན་ཏེ། རང་བཞིན་དགའ་བ་དང་རང་བཞིན་གྱིས་འོད་གསལ་བར་རབ་ཏུ་གནས་པ་ཡིན་ནོ། །སྒྲོན་མ་གསལ་བར་བྱེད་པའི་ལེའུ་གཉིས་པའི་དཀའ་བ་བཏུས་ཏེ་བཤད་པའོ།། །།གནས་ཇི་ལྟ་བ་བཞིན་དུ་ཞེས་པ་ནི་དབུས་དང་ཤར་ལ་སོགས་པའི་གནས་རྣམས་སོ། །སྐུ་གསུང་ ཐུགས་ཀྱིས་མཚན་པ་ཞེས་པ་ནི་སྐུ་རྡོ་རྗེ་རྣམ་པར་སྣང་མཛད་ཀྱིས་དཀྱིལ་འཁོར་བ་རྣམས་ལ་ཡང་མཚན་པ་སྟེ། གཙོར་བྱས་པའི་རང་བཞིན་འདིས་ནི་ཐུགས་དང་གསུང་རྣམས་ལ་ཡང་གོ་བར་བྱའོ། །རྡོ་རྗེ་གསུམ་པོ་རྣམ་པ་རེ་རེ་ལ་ཡང་ནང་ཕན་ཚུན་དུ་ལྡན་པར་གསལ་བར་བསྟན་པའི་ཕྱིར་རོ། ། རྣམ་པར་སྣང་མཛད་ཐུགས་རྗེ་ཆེ། །སྐུ་གསུང་ཐུགས་ཀྱི་མཚན་མའམ། །ཞེས་གསུངས་པ་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་ཞེས་བྱ་བ་ལ་སོགས་པ་ནི་རིགས་དྲུག་དང་། རིགས་གསུམ་དང་། མཐར་རིགས་གཅིག་ཏུ་ཐུག་པར་བསྟན་ཏོ། །བཞི་བཞི་ཡི་ནི་སྦྱོར་བ་ཡིས། །ཞེས་པ་ལ་སོགས་པ་ནི་དཀྱིལ་ འཁོར་རེ་རེ་ཞིང་ཡང་དཀྱིལ་འཁོར་བཞི་བཞིའི་རང་བཞིན་ཡིན་པ་ལ་བྱའོ། །གོས་དཀར་ལ་སོགས་པའི་རང་བཞིན་དེ་ནི་ལྷ་སྟེ་རྣམ་པར་ཤེས་པའོ། །སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་ལེའུ་གསུམ་པའི་དཀའ་བ་བཏུས་པའི་བཤད་པའོ།། །།ཆོ་ག་ཞེས་པ་ལ་སོགས་པ་ནི་གཏོར་ 31-1-204b མ་དང་སྦྱིན་སྲེག་ལ་སོགས་པའི་ཆོ་ག་ཉི་ཤུ་པོ་རྣམས་སོ། །འདི་ནི་དགུག་པའི་བདག་ཉིད་མཆོག །ཅེས་བྱ་བ་ནི་ཕུང་པོ་ལྔ་དང་འབྱུང་བ་བཞིའི་བདག་ཉིད་དེ། དེ་ལྟ་བུའི་ཐིག་སྐུད་ཀྱིས་ལུས་ཀྱི་དཀྱིལ་འཁོར་རྣམས་ཀྱི་གནས་ཇི་ལྟ་བ་བཞིན་དུ་ཡང་དག་པར་བལྟ་བར་བྱའོ། །རྣམ་པ་ལྔའི་ཞེས་ བྱ་བ་ལ་སོགས་པ་ནི་ཡེ་ཤེས་ལྔ་རྣམས་ཀྱི་རང་བཞིན་གྱིས་མི་བསྐྱོད་པ་ལ་སོགས་པ་དབུས་ལ་སོགས་པར་བཀོད་པ་ཡིན་པར་སྟོན་ནོ། །དབྱིབས་ཀྱི་མཆོད་པ་ཞེས་པ་དང་། རྣམ་པ་གསུམ་ཞེས་པ་ནི་འཇུག་པ་དང་ལྡང་བ་དང་། གནས་པའི་རིམ་གྱིས་སོ། །སྐད་ཅིག་ཅེས་བྱ་བ་ལ་སོགས་ པ་ནི་སྣང་བ་རྣམས་ཀྱི་རང་བཞིན་གྱི་སྐད་ཅིག་གི་དུས་ལས་སྟོང་པ་བཅུ་དྲུག་ཏུ་ཕྱེ་བའོ། །ཞི་བའི་ཆོས་ནི་ཤིན་ཏུ་ཕྲ་བའི་ཁམས་སེམས་ཅན་གྱི་ཡོངས་སུ་ཤེས་པར་བྱས་པ་རྣམ་པར་ཤེས་པའི་རང་བཞིན་སྙིང་རྗེ་ཆེན་པོའི་བདག་ཉིད་དེ་ཞི་བར་ངེས་པར་སྦྱངས་པའོ། །མདངས་བཟངས་འོད་ནི་ཡིན་ པར་གསུངས། །ཞེས་པ་ནི་དེ་དག་ཉིད་ལ་བྱ་བར་གསུངས་སོ། །རྟེན་འབྲེལ་ཞེས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་སོ། །དྲི་ནི་ལུས་ལ་བྱའོ། །སྒྲོན་མ་གསལ་བར་བྱེད་པའི་ལེའུ་བཞི་པའི་དཀའ་བ་བཏུས་པའི་བཤད་པའོ།། །།དེ་ཞི་གནས་ལས་བྱུང་ཞེས་བྱ་བ་ཟུང་དུ་ འཇུག་པར་གྱུར་པ་ལས་བྱུང་བའོ། །མ་དང་སྲིང་མོ་བུ་མོ་ཞེས་བྱ་བ་ནི་མ་དང་སྲིང་མོ་ལྟར་རྗེས་སུ་ཕན་པར་འདོད་མའོ། །སྙིང་ལ་གནས་པའི་ལྷ་མོ་ཆེ། །ཞེས་བྱ་བ་ནི་ནང་གི་ཕྱག་རྒྱ་ཆེན་པོའོ། །མཉེས་པར་བྱས་ཀྱང་ཞེས་བྱ་བ་ནི་ཕྱི་རོལ་གྱི་ཕྱག་རྒྱ་ལའོ། །གནས་པའི་ཞེས་བྱ་བ་ནི་གང་ འགོག་པའི་ཏིང་ངེ་འཛིན་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་འགོག་པའི་ཏིང་ངེ་འཛིན་ལ་གནས་པ་དེའི་ཚེ་རང་གི་ཁམས་ཕྲ་མོའི་འོད་ཟེར་རྣམ་པར་ཤེས་པ་ལ་རེག་པས་བྱང་ཆུབ་སེམས་དཔའ་རྣམས་ལ་ངེས་པར་གྱུར་ནས་ཟུང་འཇུག་ཏུ་གནས་པ་ལ་བྱའོ། །སྒྲོན་མ་གསལ་བར་བྱེད་པའི་ ལེའུ་ལྔ་པའི་དཀའ་བ་བཏུས་པའི་བཤད་པའོ།། །།སྔགས་བསྟན་པས་ཞེས་བྱ་བ་ནི་མདོ་ཙམ་དུ་བསྟན་པར་བྱས་པའོ། །ཡང་དེ་གསལ་བར་བྱེད་པ་གསུངས་པ། རྡོ་རྗེ་གསུམ་པོ་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་གསུམ་ནི་རང་གི་ལུས་ལ་སྡུད་པ་དང་། གཞན་གྱི་སྐུ་ལ་སྤྲོས་པས་ 31-1-205a མཉེས་པར་བྱེད་པའི་བཀོད་པ་རྣམ་པ་གསུམ་སྟེ། དེ་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་མཚན་པའོ། །དེ་དག་ཉིད་ཀྱང་དེ་བཞིན་གཤེགས་པའོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ལ་དང་པོར་ནི་སྐུ་གཅིག་ཡིན་ནོ། །ཡོན་ཏན་གསུམ་ནི་དེ་བཞིན་གཤེགས་པ་གསུམ་སྟེ་ཐུགས་ རྡོ་རྗེ་དང་མི་གཉིས་པར་ལྡན་པའོ། །དེ་ལྟར་གསུངས་པའང་རིགས་དྲུག་གི་བདག་ཉིད་ཅན་གྱི་སྟེ། དེ་ལྟར་སྦྱར་བར་བཤད་དོ། །དུས་སུ་བཤད་ཅེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའོ། །བདག་པོའི་ཆོས་ཅན་གཅིག་པུ་ལས། །ཞེས་བྱ་བ་ནི་ཡིད་དང་ལྷན་ཅིག་ཏུ་སྐྱེས་པའི་སྤྱོད་ཡུལ་དུ་གྱུར་པའི་ དཀྱིལ་འཁོར་བར་གྱུར་པའོ། །གཉི་གའི་འཁོར་ལོ་རྗེས་སུ་མཉེས་པ་ཞེས་བྱ་བ་ནི་ཕྱི་ནང་གི་བདག་ཉིད་ཅན་གྱི་འཁོར་ལོའོ། །བཤད་མ་ཐག་པའི་ཆོ་ག་ཞེས་བྱ་བ་ནི་ལུས་ལ་སོགས་པའི་བྱིན་གྱིས་བརླབ་པའི་ཆོ་ག་སྟེ། དེ་ཉིད་ཀྱི་རྗེས་སུ་ཆགས་པ་ལ་སོགས་པ་བྱས་ནས། གཉིས་པ་ རྫོགས་པའི་རིམ་པ་ལ་གནས་པའོ། །རྡོ་རྗེ་བཞི་པོ་ནི་རྣལ་འབྱོར་བཞི་པའོ། །ཕྲ་མོའི་སྦྱོར་བ་ཀུན་དུ་བརྩམས། །ཞེས་བྱ་བ་ལ་སོགས་པ་ལ་སྦྱོར་བ་ནི་འོད་གསལ་བའོ། །འོད་གསལ་བ་དེའི་དེ་མ་ཐག་པར་ནི་པདྨ་དང་ཟླ་བ་དང་ཡི་གེ་གསུམ་ལ་སོགས་པའི་རིམ་པས་ལོངས་སྤྱོད་རྫོགས་པའི་སྐུར་ བསྐྱེད་པའོ། །རང་གི་རྡོ་རྗེའི་བུ་གར་ཞེས་བྱ་བ་ནི་ནོར་བུའི་བུ་གར་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱའོ། །ཡུམ་ནི་ཤེས་རབ་མ་སྟེ་དེའི་པདྨའི་ནང་གི་སྣ་རྩེར་ཐིག་ལེ་རྡོ་རྗེར་ནས་འབྲུ་ཙམ་ལ་སོགས་པ་རྣམས་བསམ་པའོ། །འགྲོ་ཉལ་ཟ་བ་ཙམ་གྱི་སྤྱོད་པ་ཞེས་བྱ་བ་ནི་ཟས་ཟ་བ་ཙམ་དང་། ཉལ་ བ་ཙམ་དང་། བཤད་དུ་འགྲོ་བ་ཙམ་ལས་མ་གཏོགས་པར་ཏིང་ངེ་འཛིན་ལ་དམིགས་པ་འབའ་ཞིག་གཞན་དུ་མི་གནས་པའོ། །ཡང་དག་སྔགས་ཀྱི་གསང་བ་ཞེས་པ་ནི་གསུངས་མ་ཐག་པའི་སྔགས་ཀྱི་དེ་ཁོ་ན་ཉིད་དོ། །རྣལ་འབྱོར་པ་རྣམས་ཀྱི་གསང་བ་བརྟག་པའོ། །སྐད་ཅིག་ཅེས་བྱ་བ་ལ་ སོགས་པའི་སྒྲས་ནི་རང་བཞིན་གྱིས་འོད་གསལ་བ་འབའ་ཞིག་སྟོན་ནོ། །སྔགས་པ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའོ། །སྒྲོན་མ་གསལ་བར་བྱེད་པའི་ལེའུ་དྲུག་པའི་དཀའ་བ་བཏུས་པའི་བཤད་པའོ།། །།ཡན་ལག་དྲུག་ཅེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་བསྐྱེད་པའི་རིམ་པ་དང་། 31-1-205b རྫོགས་པའི་རིམ་པ་དག་གིས་ཇི་ལྟ་བའི་སེམས་ཀྱི་ཡུལ་རྣམས་ལ་གནས་པའོ། །འདོད་པ་ནི་འཛིན་པའི་རྣམ་པའོ། །མིག་ལ་སོགས་པ་ཞེས་བྱ་བ་ནི་ཇི་ལྟ་བུའི་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ཀྱིས་ཡུལ་རྣམས་བླངས་ནས་ཡིད་ཀྱི་རྣམ་པར་ཤེས་པ་དང་ལྷན་ཅིག་ཏུ་ཡུལ་མཆོག་ཏུ་གྱུར་པ་ལ་སོགས་ པ་རྣམས་ལ་བདེ་བ་ཙམ་གྱིས་ཡུལ་དུ་རྣམ་པར་བྱེད་དོ། །དེ་བཞིན་དུ་རྣལ་འབྱོར་པས་ཀྱང་ཡོངས་སུ་མི་སྤང་བ་ཉིད་དུ་ལོངས་སྤྱད་པར་བྱའོ། །ཡིད་དུ་འོང་བ་ནི་མཆོག་ཏུ་གྱུར་པའོ། །ཡིད་དུ་མི་འོང་བ་ནི་རྣམ་པར་དམན་པ་དག་གོ། །ལུང་དུ་མ་བསྟན་པ་ནི་གཉི་ག་མ་ཡིན་པའོ། །ཁྲོ་བོ་ནི་ཐབས་ཀྱི་ཡེ་ཤེས་ སོ་ཞེས་བྱ་བ་ནི་ཁམས་ཕྲ་མོ་དང་འདྲེས་པའི་ཡེ་ཤེས་སོ། །རླུང་ལ་དགའ་བ་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་གིའོ། །རྐན་གྱི་པདྨ་དེ་དག་ཀྱང་ལྡན་པར་བྱའོ་ཞེས་བྱ་བ་ནི་ཡ་རྐན་གྱི་ལྕེའུ་ཆུང་དང་ངོ་། །ཆོས་དང་དོན་དང་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་བ་ནི་ཆོས་དང་དོན་ནི་བློས་རྣམ་པར་སྤྲོ་བར་བྱ་བའོ། ། སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི་རིགས་ལྔ་ལ་སོགས་པ་སོ་སོའི་རིམ་པར་རིགས་བརྒྱ་རྣམས་སུ་ཉེ་བར་མཚོན་ཏེ་སྤྲོ་བར་བྱའོ། །རང་བཞིན་བརྒྱད་ཅུ་དང་ལྡན་པ་རྣམས་ཞེས་པ་ནི་སྤྱི་མ་ལུས་པ་རྣམས་སོ། །མཐོང་བའི་ཆོས་ལ་ཞེས་བྱ་བ་ནི་ཆོས་རྟོགས་པ་ནའོ། །སྒྲོན་མ་གསལ་བར་བྱེད་པའི་ ལེའུ་བདུན་པའི་དཀའ་བ་བཏུས་པའི་བཤད་པའོ།། །།ལྷ་ཉི་ཤུ་རྩ་ལྔ་པོ་ཞེས་བྱ་བ་ནི་རང་བཞིན་གྱིས་རྣམ་པར་དག་པའི་ལྷ་ཉི་ཤུ་རྩ་ལྔ་པོ་རྣམས་སོ། །བདག་པོ་ལས་གཞན་པ་ཞེས་བྱ་བ་ནི་རིགས་གཞན་དུ་སྐྱེས་པ་ཡང་བརྟག་པའོ། །སྒྲོན་མ་གསལ་བར་བྱེད་པའི་ལེའུ་བརྒྱད་པའི་དཀའ་བ་ བཏུས་པའི་བཤད་པའོ། །ནམ་མཁའ་བཞི་ནི་སྟོང་པ་བཞིའི་བདག་ཉིད་དོ། །ཡང་ན་འབྱུང་བ་བཞི་དང་། ཕྱག་རྒྱ་བཞིའི་བདག་ཉིད་ཀྱིས་སོ། །གཞན་དུ་ན་ཞེས་བྱ་བ་ལ་སོགས་པ་ནི་སེམས་ཅན་རྣམས་གདུལ་བའི་དོན་དུ་བྱ་བ་ལས་གཞན་དུ་རང་དགར་སྲོག་གཅོད་པ་ལ་སོགས་པ་བྱེད་ན། དམྱལ་བ་མནར་མེད་པར་ལྟུང་བར་ངེས་སོ། །དེ་ནས་སྐད་ཅིག་དེ་ཉིད་ལ་ཞེས་པ་ནི་སྔར་ཕྱེ་བ་དེས་སྣང་བ་གསལ་བར་གྱུར་པ་ནའོ། །དུས་ཀྱི་ཚད་ནི་དུས་དེ་དག་ཏུ་བསམ་པ་ཤིན་ཏུ་བསྐྱེད་པའོ། །སྤྱན་ལ་སོགས་པ་ཞེས་པ་ནི་བཞི་པོ་ལས་གང་འདོད་པ་ཅིག་བཀུག་ལ་རང་གི་རིགས་ཀྱི་ས་ 31-1-206a བོན་གྱིས་རྫོགས་པར་བྱས་ཏེ། ཡེ་ཤེས་སེམས་དཔའ་དང་། ཏིང་ངེ་འཛིན་སེམས་དཔའ་དང་ལྡན་པར་བྱ་ཞིང་རིགས་ལྔ་པོ་རྣམས་ཀྱིས་གང་བར་བྱས་ནས་དཀྱིལ་འཁོར་བ་རྣམས་གོས་དཀར་མོ་ལ་སོགས་པའི་བུད་མེད་ཀྱི་གཟུགས་ཀྱིས་བཅུག་ལ། སྔོན་དུ་རྗེས་སུ་ཆགས་པར་ བྱས་ནས་སྣ་ཚོགས་པའི་དགའ་བས་གདུལ་བྱ་སྣ་ཚོགས་པའི་དོན་བྱ་བ་ཡིན་ནོ། །སྔགས་ཀྱི་མིང་ནི་ཡི་གེ་གསུམ་ལ་སོགས་པའོ། །སྔགས་ཀྱི་དོན་ནི་ཡི་གེ་གསུམ་པོ་རྣམས་ཀྱིས་སྔགས་ཀྱི་དོན་བརྗོད་པའོ། །སྔགས་སྤེལ་བ་ནི་ཞི་བ་ལ་སོགས་པའི་དོན་དང་སྔགས་སྤེལ་བ་སྟེ། སྭཱ་ཧཱ་ལ་ སོགས་པ་དང་རབ་ཏུ་སྦྱར་ཏེ་སྔགས་རྣམས་རབ་ཏུ་བརྗོད་པའོ། །རྡོ་རྗེ་ཚིག་སྒྲ་སྤངས་པ་ནི་རྡོ་རྗེ་བཟླས་པའོ། །གོ་རིམས་ནི་རིམ་པ་ལྔ་པོ་རྣམས་སོ། །སྐུ་དང་གསུང་དང་ཐུགས་ཀྱི་ནུས་པ་ནི་ཤེས་རབ་དང་ཡེ་ཤེས་ཀྱི་རང་བཞིན་ནོ། །བདག་པོ་ལ་སོགས་པ་སེམས་དཔའ་གསུམ་ཞེས་བྱ་བ་ནི་ དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་དང་ཏིང་ངེ་འཛིན་སེམས་དཔའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་བ་རྣམས་ཀྱིའོ། །གནོད་མཛེས་རྒྱལ་པོ་ཞེས་པ་ནི་གནོད་མཛེས་ཀྱི་རྒྱལ་པོས་ཀྱང་བཀུག་སྟེ་བསྐུལ་བའོ། །འདི་ནི་བདག་གིའོ་ཞེས་པ་ལ་འདི་ནི་ཞེས་པ་ནི་རྣལ་འབྱོར་པའོ། །བདག་ ཅག་གི་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱིའོ། །ཕའོ་ཞེས་བྱ་བ་ནི་རྣལ་འབྱོར་པ་བདག་སྟེ། བདག་ཉིད་ཚོགས་དང་བཅས་པ་ལ་སེམས་ཅན་གྱི་ཚོགས་རྣམ་པ་མང་པོ་རྣམས་གཅེས་པར་འཛིན་པར་མངོན་དུ་བསམ་པར་བྱའོ། །གང་ཡིན་ཞེ་ན་ཞེས་པ་ལ་སོགས་པ་ནི་ལྷའི་སྐུ་གཉིས་པོ་མཆོག་དང་དམ་པ་ ཡིན་པར་སྟོན་ཏོ། །སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་ལེའུ་བཅུ་པའི་དཀའ་བ་བཏུས་པའི་བཤད་པའོ། །ལེའུ་དང་པོ་ལས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པ་ལ་སོགས་པ་ལས་རྫོགས་པའི་རིམ་པ་སྟོན་ཏོ། །དེ་ནས་འདི་གསུངས་མ་ཐག་ཏུ་ཞེས་པ་ལ་ སོགས་པ་ནི་བསྐྱེད་པའི་རིམ་པ་སྟོན་ཏོ། །མཚན་མ་གསུམ་ཞེས་བྱ་བ་ནི་ཉི་མ་དང་ཟླ་བ་དང་པདྨ་རྣམས་གཅིག་ཏུ་གྱུར་པས་སྙིང་གར་ཡེ་ཤེས་སེམས་དཔའ་ཞལ་གཅིག་ཕྱག་གཉིས་པ་འཁོར་ལོ་དང་དྲིལ་བུ་འཛིན་པ་དང་། དེའི་ཐུགས་ཀར་ཡི་གེ་ཨོཾ་བསྒོམ་པ་ལ་བྱའོ། །དེ་ལྟར་འོད་དཔག་ཏུ་ 31-1-206b མེད་པ་ལ་སོགས་པ་རྣམས་ཀྱི་སྦྱོར་བ་ཡང་བསྒོམ་པར་བྱའོ། །དྲན་པ་གཅིག་པའི་ཏིང་ངེ་འཛིན། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པས་སྲུང་བའི་འཁོར་ལོ་ལ་སོགས་པའི་རིམ་གྱིས་རྡོ་རྗེ་འཛིན་པའི་བདག་ཉིད་ལྷ་སུམ་ཅུ་རྩ་གཉིས་པོ་སྐད་ཅིག་ཙམ་གྱི་རྣམ་པར་བསམ་མོ། ། དེ་ནས་ཨོཾ་ཤཱུ་ནྱ་ཏཱ་ལ་སོགས་པའི་སྔགས་ཀྱི་རིམ་གྱིས་རྣམ་པར་སྣང་མཛད་ལ་སོགས་པ་འཁོར་ལོ་ལྟ་བུར་བསམ་པར་བྱའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་རིམ་པ་སྒྲུབ་ཐབས་ཀྱི་ཡང་རྗེས་སུ་ཆགས་པས་གདོན་པ་ལ་སོགས་པ་བསྒོམ་པར་བྱ་བ་ཡིན་ནོ། །དེ་བཞིན་དུ་ཐམས་ཅད་ བསྐྱེད་ལ་ཞེས་བྱ་བ་ནི་ཧཱུཾ་ལས་སྐྱེས་པའི་ཉི་མ་དང་། ཨ་ལས་སྐྱེས་པའི་པདྨ་དང་། དེ་ལས་སྐྱེས་པའི་ཡི་གེ་གསུམ་པོ་བསྐྱེད་པའོ། །གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྣམས་དང་ཞེས་བྱ་བ་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་ལ་བྱང་ཆུབ་སེམས་དཔའ་རྣམས་ཞུགས་ཏེ། འོད་གསལ་བར་ གྱུར་པ་ནི་མཆོད་པ་ཡིན་ནོ། །དང་པོར་མིག་གི་སྦུ་བས་ཞེས་བྱ་བ་ནི་མིག་གི་རྡོག་མ་ལ་སོགས་པ་སྟོང་པར་བྱས་ནས་འོད་གསལ་བར་གནས་པ་ལ། ཡི་གེ་ཐླིཾ་ལ་སོགས་པ་ལས་སྐྱེས་པའི་སའི་སྙིང་པོ་ལ་སོགས་པ་བསམ་པར་བྱའོ། །རྡོ་རྗེ་ཨུཏྤ་ལ་ཞེས་བྱ་བ་ནི་གསང་བའི་རྡོ་རྗེ་ཉིད་ཨུཏྤ་ལའི་སྒྲར་ བརྗོད་དོ། །དེ་བཞིན་གཤེགས་པའི་བཀོད་པས་ཀྱང་བསྐྱེད་པར་བྱའོ་ཞེས་བྱ་བ་ནི། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་རང་གི་མིག་གི་གནས་སུ་རྣམ་པར་སྣང་མཛད་དམ་སའི་སྙིང་པོ་དགོད་པར་བྱའོ། །དེ་བཞིན་དུ་འོག་ནས་བཤད་པའི་མི་བསྐྱོད་པ་ལ་སོགས་པ་རྣམས་ཀྱི་རྣལ་འབྱོར་པས་ ཀྱང་རྣ་བ་ལ་སོགས་པ་ལ་མི་བསྐྱོད་པ་ལ་སོགས་པ་བསམ་པར་བྱའོ། །སྐུ་གསུམ་པོ་ཨོཾ་ཞེས་བྱ་བ་ནི་གཟུགས་དམན་པ་དང་འབྲིང་དང་མཆོག་རྣམས་བསྒྲུབ་པར་བཟུང་བའོ། །སྒྲོན་མ་གསལ་བར་བྱེད་པའི་ལེའུ་བཅུ་གཅིག་པའི་དཀའ་བ་བཏུས་པའི་བཤད་པའོ།། །།དེ་ ལྟར་ལམ་ཞེས་བྱ་བ་ནི་དབང་པོ་ལ་སོགས་པའི་རབ་ཏུ་འཇུག་པ་རྣམས་ཇི་ལྟ་བ་བཞིན་དུ་རྣམ་པར་དག་པའོ། །རིམ་པ་གཉིས་ཀྱི་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ཀུན་རྫོབ་དང་དོན་དམ་པ་སྟེ། རྣལ་འབྱོར་པའི་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའོ། །ཕྱག་རྒྱ་ཆེན་པོ་ཡོངས་ 31-1-207a སུ་གྱུར་པ་ནི་དེའི་འབྲས་བུ་སྟེ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བོ། །དང་པོར་རྣམ་པར་སྣང་མཛད་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་དང་པོར་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་དུ་བྱས་ལ་དེ་ནས་མདུན་གྱི་བར་སྣང་དུ་ཡི་གེ་ཨོཾ་གྱི་འཁོར་ལོ་ཇི་སྲིད་དུ་ དྲོད་སྐྱེས་པར་གྱུར་པ་དེ་སྲིད་དུ་བསྒོམ་མོ། །དེ་ནས་ལག་པས་བླངས་ན་འགྲུབ་པར་འགྱུར་རོ། །དེ་ལྟར་མི་བསྐྱོད་པ་ལ་སོགས་པའི་རྣལ་འབྱོར་པས་ཀྱང་རྡོ་རྗེ་ལ་སོགས་པ་མངོན་དུ་གྱུར་པའི་བར་དུ་བསྒོམས་ནས་ལག་པས་བླངས་ན་འགྲུབ་པར་འགྱུར་ཏེ། མིག་ཡངས་ཞེས་པ་འོག་ནས་འབྱུང་ བའི་འབྲས་བུ་རྣམས་དང་འབྲེལ་ཏེ། དེ་ལྟར་རི་ལུའི་དངོས་གྲུབ་རྣམས་ཀྱང་བལྟ་བར་བྱའོ། །མགོ་བོའི་སྒོར་ཞེས་བྱ་བ་ནི་སྤྱི་བོའི་སྟེང་གི་སྟེང་སྟེ་དེར་རི་ལུ་མངོན་དུ་གྱུར་པར་བྱས་ལ་ཚངས་པའི་སྒོ་དེ་ཉིད་དུ་རབ་ཏུ་ཞུགས་པར་བསྒོམས་ན་འགྲུབ་བོ། །རབ་ཏུ་མཉམ་པའི་ཆ་ལུགས་འཛིན་པ་ནི་ རང་གི་ལྷའི་སྦྱོར་བ་དང་མཐུན་པར་བརྗོད་པའོ། །ཡུལ་གཞན་དག་ཅེས་བྱ་བ་ནི་འདོད་ཆགས་ཀྱི་ཡུལ་ལོ། །ལུས་དང་ངག་དང་ཡིད་ཀྱི་ཞེས་བྱ་བ་ནི་སྐུ་ལ་སོགས་པའི་ལྕགས་ཀྱུས་དེ་བཞིན་གཤེགས་པ་རྣམས་དྲངས་ནས་ནང་དུ་བཅུག་སྟེ། རྣལ་འབྱོར་པའི་རིན་པོ་ཆེ་ལྟ་བུའི་གང་ཟག་རྣམས་ཀྱི་ བསྒྲུབ་བྱ་དགུག་པའི་དོན་ཏོ། །དེ་ཉིད་ཀྱི་སྦྱོར་བ་བསྟན་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་རླུང་གི་དཀྱིལ་འཁོར་ལས་ཕབ་ལ་དབང་ཆེན་ལ་གཞག་པར་བྱའོ། །སྐྱེ་བོ་སྐལ་བ་དང་ལྡན་པ་ཞེས་བྱ་བ་ནི་རྣལ་འབྱོར་པས་གཞན་གྱི་དོན་དུ་བྱའོ། །གཞན་དག་ཏུ་ཞེས་བྱ་བ་ནི་གདུག་པ་ཅན་ གྱི་སེམས་ཅན་ལའོ། །ཐུན་མོང་མ་ཡིན་པ་ཞེས་བྱ་བ་ནི་སྤྱོད་ཡུལ་མ་ཡིན་པའོ། །རྒྱས་གདབ་པར་བྱའོ་ཞེས་བྱ་བ་ནི་སྙོམས་པར་འཇུག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ལག་པར་གནས་པ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་བཀུག་ལ་ལག་པས་བཟུང་སྟེ། བཟླས་པའི་སྔགས་ཀྱི་ཡི་གེ་དེ་ལ་ དབང་དུ་བྱ་བ་ལ་སོགས་པའི་སྔགས་བཟླས་ཤིང་བསམ་གཏན་བྱ་བའོ། །སྒྲར་གྲག་པ་ཟིན་པ་དང་ཞེས་བྱ་བ་ནི་སེམས་ཅན་གྱི་འབྱུང་བས་བསྐྱེད་པའོ། །མ་ཟིན་པ་ནི་རྔ་དང་ཤིང་ལ་སོགས་པའི་སྒྲའོ། །གཉི་ག་ནི་སེམས་དང་སེམས་མེད་པས་བྱས་པའི་སྒྲའོ། །འབྲས་བུའི་ཕྱོགས་ 31-1-207b གཅིག་པོ་ཞེས་བྱ་བ་ནི་ཐ་མལ་པའི་དངོས་གྲུབ། །དེ་ནས་སའི་ཆ་ལ་སོགས་པ་ཞེས་བྱ་བ་ནི་གཞལ་ཡང་ཁང་བརྩེགས་པ་ལ་སོགས་པའོ། །རྒྱུ་དང་འབྲས་བུ་ཞེས་བྱ་བ་ནི་སྔ་མ་སྔ་མ་ནི་རྒྱུ་ཡིན་ལ་ཕྱི་མ་ཕྱི་མ་ནི་འབྲས་བུ་ཡིན་ནོ། །བདག་པོ་རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བ་ནི་མི་བསྐྱོད་པའོ། །གསང་ བ་གསུམ་ཞེས་བྱ་བ་ནི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་སྟེ། དམན་པ་དང་འབྲིང་པོ་དང་། མཆོག་གི་དབྱེ་བས་དབང་པོའི་རྣམ་པར་ཤེས་པས་ཡུལ་རྣམས་འཛིན་ཏོ། །དེ་ལ་རིམ་པ་བཞིན་དུ་རབ་ཏུ་སྦྱར་ནས་མཚན་མ་རྣམས་རབ་ཏུ་སྐྱེ་སྟེ། མཚན་མ་དབང་པོ་རྣམས་ཡང་དག་པར་ སྐྱེ་བར་འགྱུར་རོ། །རྡོ་རྗེའི་ལམ་ནི་འོད་གསལ་བ་ནས་སོ། །ཐབས་དང་ཤེས་རབ་སྙོམས་པར་འཇུག་པ་ཞེས་བྱ་བ་ནི་བདེན་པ་གཉིས་གཅིག་ཏུ་གྱུར་པའོ། །སྒྲོན་མ་གསལ་བར་བྱེད་པའི་ལེའུ་བཅུ་གཉིས་པའི་དཀའ་བ་བཏུས་པའི་བཤད་པའོ།། །།རིམ་པ་གཉིས་ནི་མ་རྫོགས་པ་ དང་རྫོགས་པའི་རིམ་པ་དག་ལ་བསླབ་པའོ། །མ་གནང་བའི་མངོན་སྤྱོད་ཅེས་བྱ་བ་ནི་སེམས་ཅན་གྱི་དོན་སྤངས་པའི་དབང་ཕྱུག་ཆེན་པོ་ལ་སོགས་པའི་དབང་དང་མངོན་སྤྱོད་ལ་སོགས་པའོ། །སྤྱོད་པ་ནི་ལས་དེ་དག་སྤྱོད་པར་མཛད་པ་བསྐྱེད་པའོ། །ཉེ་བར་ལེན་པའི་ཕྱག་རྒྱ་ཆེན་པོའི་སྐུ་ལ་ ཉེ་བར་ལེན་པ་ཞེས་བྱ་སྟེ་ཡི་གེ་གསུམ་པའོ། །དེ་སྨྲས་པ་ནི་སྤྲུལ་པའི་སྐུ་ཉེ་བར་ལེན་པའོ་ཞེས་པ་སྟེ། ཕྱག་རྒྱ་ཆེན་པོའི་སྐུར་སྦྱར་བས་རྡོ་རྗེ་བཟླས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་རྣམས་ཀྱི་ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་གཞན་རྣམས་ཀྱང་སྟེ། དེར་ཡི་ གེ་གསུམ་གྱིས་སངས་རྒྱས་ཀྱི་སྐུར་བསྐྱེད་པ་ལ་སངས་རྒྱས་སྤྱན་ལ་སོགས་པ་སྤྲོས་ནས་སྙོམས་པར་འཇུག་པ་ལ་སོགས་པ་ཁྱད་པར་ཅན་གྱི་མཚན་ཉིད་ཀྱིས་ཕན་ཚུན་དུ་མཆོད་པར་བྱའོ། །ཡང་སངས་རྒྱས་ཀྱི་ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ཀྱི་ཕྱག་རྒྱ་ཆེན་པོའི་སྐུ་རྣམས་ སོ། །རང་གི་ལུས་དང་ངག་དང་ཡིད་ཀྱི་ནང་ན་གནས་པའི་བཀོད་པའི་མཆོད་པས་སྐུ་གསུང་ཐུགས་ལ་མཆོད་པ་ནི་བླ་ན་ཡོད་པའི་མཆོད་པར་འགྱུར་རོ། །དེ་ལྟར་དབང་པོ་རབ་དང་ལྡན་པ་ཞེས་བྱ་བ་ནི་དབང་པོ་རབ་དང་ལྡན་པ་ཡི་ནི་དུས་གཅིག་ཏུ་སྤྲོས་པར་བརྗོད་དོ། །ཡང་ན་ཞེས་བྱ་བ་ནི་ 31-1-208a རིམ་པས་སྤྲོས་ལ་མཆོད་པ་བྱའོ་ཞེས་སྟོན་པ་ཡིན་ནོ། །ཡེ་ཤེས་ཀྱི་ཁྱད་པར་གྱིས་ཞེས་བྱ་བ་ནི་རླུང་དང་རྣམ་པར་ཤེས་པ་སྒྱུ་མའི་རང་བཞིན་ཅན་གྱིས་སོ། །སྐུ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་ཡི་གེ་གསུམ་རྣམ་པར་དག་པའི་སྒོ་ནས་རྡོ་རྗེ་བཟླས་པར་བྱ་བ་བརྗོད་པ་ཡིན་ནོ། །དོན་གྱི་ རྗེས་འགྲོ་ཞེས་བྱ་བ་ལ་སོགས་པ་ནི་གསལ་ལོ། །ལུས་ཏེ་ཞེས་བྱ་བ་ནི་རྣམ་པར་དག་པ་གང་གིས་གཤིན་རྗེ་གཤེད་ལ་སོགས་པ་སྐྱེས་པ་དང་བུད་མེད་ཀྱི་མཚན་ཉིད་ཅན་དུ་བྱ་བའོ། །མ་རིག་པའོ་ཞེས་བྱ་བ་ནི་སྟོང་པ་ཆེན་པོའོ། །དེས་དོན་དུ་གཉེར་ཞིང་གསལ་བ་ནི་ཧཱུཾ་གིས་བསྒྲུབ་བྱ་སྦར་བར་བྱ་བའོ། །འདི་ ཉིད་ཀྱི་ཆོ་ག་ཞེས་བྱ་བ་ནི་དཀྱིལ་འཁོར་པར་གྱུར་པས་ཞི་བ་ལ་སོགས་པ་བྱའོ། །ཁ་སྦྱར་དབྱེ་བ་ཞེས་བྱ་བ་ནི་བསྒྲུབ་བྱའི་མིག་ལ་སོགས་པ་ལུས་ལ་བཅུག་ལ་ལས་རྣམས་བྱ་བའོ། །རྣམ་པར་སྣང་མཛད་ཡོངས་སུ་གྱུར་པ་ལས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་རྣམ་པར་སྣང་ མཛད་ལས་སྐྱེས་པའི་རྡོ་རྗེ་སེམས་དཔའ་སྦྱོར་བ་དང་ལྡན་པ་མངོན་སྤྱོད་བྱ་བ་ཡིན་ནོ། །ཕུན་སུམ་ཚོགས་པ་ནི་བསྐྱེད་པའོ། །བདག་ནི་ཞེས་བྱ་བ་ནི་བདག་དེ་བཞིན་གཤེགས་པ་ཆེ་གེ་མོའི་ཞེས་ང་རྒྱལ་དང་ལྡན་པར་བྱའོ། །བསྒྲུབ་བྱའི་ལུས་རང་གི་གཞིར་གྱུར་པ་ཞེས་བྱ་བ་ནི་བཞི་པའི་བསྒྲུབ་ བྱའི་བདག་ཉིད་སྟོང་པར་བསམ་པའོ། །ནམ་མཁའི་དབྱིངས་ཀྱི་དབུས་ཏེ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་ཤེས་རབ་ཀྱི་ཆོས་འབྱུང་བ་ལའོ། །དེར་ཡི་གེ་ཨོཾ་བལྟས་ལ་རྡོ་རྗེ་སེམས་དཔའ་ནང་དུ་བཅུག་ནས་བདག་ཉིད་བསྒོམས་ཏེ། བདག་ཉིད་ཀྱི་སྙིང་གར་བསྒྲུབ་བྱ་དགོད་པར་བྱ་བའོ། །དེའི་ མདུན་དུ་སྟེ་ཞེས་བྱ་བ་ནི་སྣང་བ་མཐའ་ཡས་ཀྱི་མདུན་དུ་སྟེ། བྱང་ན་གནས་པའི་དོན་ཡོད་གྲུབ་པའོ། །དེ་དག་ལ་ཞེས་བྱ་བ་ནི་མི་བསྐྱོད་པ་དང་སྣང་བ་མཐའ་ཡས་དག་གི་གཙོ་བོ་དོན་ཡོད་གྲུབ་པ་སྟེ། དེ་མི་བསྐྱོད་པ་ལས་བྱུང་བའི་དོན་ཡོད་གྲུབ་པའོ། །དེའི་སྙིང་གར་འདོད་པ་དགོད་ དེ། ཟླ་བ་དང་རྡོ་རྗེ་ལ་སོགས་པ་ལ་ལྟོས་པ་མེད་པ་ནི་ཟླ་བ་དང་ཉི་མ་དང་ས་བོན་ལ་སོགས་པ་ལ་མི་ལྟོས་པར་ཟུང་དུ་འཇུག་པས་བསྐྱེད་པ་ལ་བཤད་དོ། །སྒྲོན་མ་གསལ་བར་བྱེད་པའི་ལེའུ་བཅུ་གསུམ་པའི་དཀའ་བ་བཏུས་པའི་བཤད་པའོ།། །།སྔགས་རྣམ་པ་བཞིའི་ཞེས་བྱ་བ་ 31-1-208b ནི་སྦྲུལ་ལ་སོགས་པའི་སྔགས་བཟླས་པས་དྲག་པོའི་ལས་དང་རིམས་ལ་སོགས་པ་ཞི་བར་བྱ་བའི་ལས་སོ། །སྙིང་གའི་ཕྱོགས་སུ་ཞེས་བྱ་བ་ནི་སྭཱ་ཧཱ་སྔོན་དུ་སོང་བའི་ཆེ་གེ་མོ་ཨཱ་ཀཱ་ཪྵ་ཡ་ཧྲི་ཞེས་བྱ་བའི་སྔགས་དང་སྤེལ་བ་བྲིས་ཏེ་སྙིང་གར་གཞུག་པའོ། །ཉི་མའི་དཀྱིལ་འཁོར་གཉིས་ཀྱི་ དབུས་སུ་ཚུད་པར་བྱས་ལ་ཞེས་པ་ནི་བསྒྲུབ་བྱ་སེམས་དཔའ་གསུམ་གྱི་བདག་ཉིད་དུ་བསྒོམས་ཏེ། དེའི་ཏིང་ངེ་འཛིན་གྱི་སེམས་དཔའི་འོད་ཟེར་གྱིས་བསྒྲུབ་བྱ་བཀྲུ་བར་བྱ་བར་བསམ་མོ། །ལག་མཐིལ་གཉིས་སུ་ཞེས་བྱ་བ་ལ་སོགས་པ་ནི་གསལ་ལོ། །དེའི་དེ་ཁོ་ན་ཉིད་ནི་གཞན་དུ་མི་ འགྱུར་བ་ཉིད་ཅེས་བྱ་བ་ནི་རྫས་དང་བཟླས་བརྗོད་ལ་ལྟོས་པ་མེད་པར་བསམ་གཏན་ཙམ་གྱིས་འགྲུབ་པ་ལ་བྱའོ། །སངས་རྒྱས་ནི་སྟོན་པའོ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ལ་སོགས་པའི་ཕྱག་རྒྱ་རྣམ་པ་གཉིས་པོའི་སྦྱོར་བ་ཅན་དག་སྟེ། བསྐྱེད་པ་དང་རྫོགས་པའི་རིམ་པ་རྣམ་པ་གཉིས་པོ་ཅན་ནོ། ། ལས་ཀྱི་ཚོགས་ལ་མཁས་པ་རྣམས་ཀྱང་ཞེས་བྱ་བ་ནི་རྒྱུད་གཞན་གྱི་ལས་ཀྱི་ཚོགས་རྣམས་མཐོང་ཞིང་བྱེད་པ་ལ་མཁས་པ་རྣམས་ཀྱང་ངོ་། །མིའི་རུས་པ་ཞེས་བྱ་བ་ལ་སོགས་པ་ལ་མིའི་རུས་པའི་ཕུང་པོ་ནི་རྣམ་པར་སྣང་མཛད་ཀྱིའོ། །སེང་ལྡེང་གི་ཕུར་པ་ནི་སྣང་བ་མཐའ་ཡས་ཀྱིའོ། ། ལྕགས་ཀྱི་ཕུར་པ་ནི་མི་བསྐྱོད་པའིའོ། །ཙནྡན་ལ་སོགས་པའི་ཕུར་པ་ནི་དོན་ཡོད་གྲུབ་པ་དང་། རིན་ཆེན་འབྱུང་ལྡན་གྱིའོ། །གནས་ལས་ཉམས་པར་འགྱུར་བ་ནི་གནས་འདོར་བའོ། །དེ་བཞིན་དུ་ངག་མནན་པ་དང་སེམས་མནན་པ་ཡང་བྱ་བ་ཡིན་ནོ། །ཡང་ན་གསད་པ་འགྲུབ་པར་འགྱུར་རོ། །སྒྲོན་མ་ གསལ་བར་བྱེད་པའི་ལེའུ་བཅུ་བཞི་པའི་དཀའ་བ་བཏུས་པའི་བཤད་པའོ།། །།དཀྱིལ་འཁོར་གྱི་དབུས་སུ་ཞེས་བྱ་བ་ནི་མི་བསྐྱོད་པའི་རྣལ་འབྱོར་པས་ཤེས་རབ་མ་དང་རིགས་ལྔ་དང་ལྡན་པར་བྱས་ཏེ་གནས་པའོ། །འཁྱུད་པར་བྱས་པ་ནི་དཀྱིལ་འཁོར་གྱི་དབུས་སུ་རོལ་པར་བྱ་བའོ། །ནུབ་ནས་ཞེས་བྱ་ བ་ནི་ཐུན་ཚོད་དག་འདས་ནས་ཟླ་བ་འཆར་བའི་དུས་ཏེ། ནམ་ཕྱེད་ཀྱི་དུས་སུ་དབང་བསྐུར་བ་ཐོབ་པར་བྱ་བའོ། །འགྲུབ་ཅེས་བྱ་བ་ནི་ཉི་མ་འཆར་བའི་དུས་སུ་སྟེ། ཕྱི་རོལ་གྱི་སྣང་བ་ལ་སོགས་པའི་ཡེ་ཤེས་ཀྱི་སྣོད་དུ་གྱུར་པའོ། །རང་བཞིན་གྱིས་འོད་གསལ་བར་སྔོན་དུ་འགྲོ་བས་ཞེས་བྱ་བ་ནི་འོད་གསལ་བ་མདུན་དུ་ 31-1-209a དྲན་པར་བྱས་ནས། ཐབས་དང་ཤེས་རབ་སྙོམས་པར་ཞུགས་ཏེ་སྣང་བ་ལ་སོགས་པ་ནང་གི་བདག་ཉིད་ཅན་རྣམས་ཡང་དག་པར་བསམ་པར་བྱ་བའོ། །ཉི་མ་ནི་སྣང་བ་ཉེ་བར་ཐོབ་པའོ། །འདི་སྤེལ་བ་ནི་བརྟན་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་སྭཱ་ཧཱ་སྔོན་དུ་འགྲོ་བའི་ཆེ་གེ་མོ་སྟྭཾ་བྷ་ཡ་ཕཊ་ཅེས་པའོ། །དམ་ ཚིག་ཆེན་པོའི་ཁྲོ་བོ་ཞེས་པ་ནི་གཤིན་རྗེ་མཐར་བྱེད་དོ། །སྒྲུབ་པོ་གཞན་ལས་ལེན་པ་ཞེས་པ་ལ་སྒྲུབ་པོ་ནི་དགུག་པ་ཤེས་པའི་སློབ་དཔོན་ལས་ཀྱང་ངོ་། །གནོད་པ་འདི་གཅོད་པར་འདོད་པ་ཡི་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དང་རྡོ་རྗེ་འཛིན་པ་ནས་ཁྲོ་བོའི་རྣལ་འབྱོར་པ་གང་ཡང་རུང་བའི་བར་གྱིས་དེ་ཟློག་པར་བྱེད་ན་ཚེ་ཟད་ ཅིང་གཏུགས་པར་འགྱུར་བ་ཡིན་ནོ། །ལས་དེ་བརྩམས་པ་ནས་ཞེས་བྱ་བ་ནི་བགེགས་བྱ་བའི་ལས་བརྩམས་ནས་སོ། །ཨི་དཾ་དི་བ་ཡ་ཞེས་བྱ་བ་ནི་གསེར་ལ་སོགས་པ་བྱིན་ཅིག་ཧྲི་སྭཱ་ཧཱ་ཞེས་བྱ་བའོ། །རླུང་ལ་སོགས་པ་ཞེས་བྱ་བ་ནི་རླུང་གི་དཀྱིལ་འཁོར་ལ་སོགས་པའོ། །གལ་ཏེ་བག་མེད་པས་བྱུང་བར་གྱུར་ན་དེའི་ ཚེ་མཆེ་བའི་ཕྱག་རྒྱ་ཞེས་པ་ལ། ཕྱག་རྒྱ་ནི་མཆེ་བ་ཚར་གཅོད་པའི་ཕྱག་རྒྱ་སྟེ་རྟ་མགྲིན་ནོ། །དེའི་སྦྱོར་བས་བགེགས་ཀྱི་ལས་རྣམས་མེད་པར་བྱའོ། །དེ་ལྟར་མ་བྱས་ན་བྱ་བ་རྣམས་མི་འགྲུབ་སྟེ། དེའི་ཚེ་དཀྱིལ་འཁོར་ལ་སོགས་པ་རྣམས་འཇིག་ཅིང་གཅོད་པར་འགྱུར་རོ། །ཕཊ་ནི་གསོད་པའོ་ཞེས་བྱ་བ་ནི་ཕཊ་ཆེ་གེ་མོ་མཱ་ ར་ཡ་ཕཊ་ཅེས་པའོ། །འདི་ནི་གསོད་པའི་སྔགས་ཏེ་ཞི་བ་ལ་སོགས་པའི་སྔགས་ལ་ཡང་ཐ་མར་གསད་པའི་སྔགས་བྱིན་ན་གང་གི་ཚེ་ཡི་གེ་ཕཊ་དེ། དེའི་ཚེ་གསོད་པའི་དོན་གྱི་བྱ་བ་བྱེད་དོ། །ཡེ་ཤེས་ཀྱི་རིམ་པ་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའ་བཅུག་པའི་རིམ་པས་རྡོ་རྗེ་མི་བསྐྱོད་པར་བསྒོམས་ནས། སྤྱན་ལ་སོགས་ པའི་ལྷ་མོ་བཞི་པོ་རྣམས་བཏོན་ཏོ། །དཀྱིལ་འཁོར་ལྔའི་བདག་ཉིད་དུ་སྐད་ཅིག་གིས་བསྐྱེད་ལ་རྣལ་འབྱོར་པར་བསྒོམ་པར་བྱའོ། །སྔགས་དང་ཕྱག་རྒྱས་ལེགས་པར་བརླབས་པའི་བུད་མེད་བཞི་ཞེས་བྱ་བ་ལ་སོགས་པས་ནི་རིག་པའི་བརྟུལ་ཞུགས་ཁོ་ན་བཤད་པ་ཡིན་ནོ། །རང་གི་སྙིང་གའི་པདྨོ་ལ་སོགས་པ་ཞེས་ བྱ་བ་ལ་སོགས་པ་ནི་པདྨའི་སྟེང་དུ་ཡེ་ཤེས་སེམས་དཔའོ། །དེའི་སྟེང་དུ་ཡི་གེ་ཧཱུཾ་གནས་པར་བསྒོམས་ཏེ། དེ་ཉིད་དཀྱིལ་འཁོར་གྱི་བདག་པོ་རྡོ་རྗེ་འཆང་དང་མི་ཕྱེད་པར་ལྷག་པར་མོས་པར་བྱས་ལ་དེ་ནས་གང་ཡང་རུང་བར་བྱས་ནས། ཡེ་ཤེས་སེམས་དཔའ་དགུག་པར་བྱ་སྟེ། ནང་གི་བདག་ཉིད་ཀྱིས་འབད་པར་བྱའོ། ། 31-1-209b དེ་ཡང་སེམས་དཔའ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་ལ་གནས་པའོ་གནས་འཆད་པའི་ཞལ་གྱི་པདྨ་བཞད་བག་ཅན་དུ་གྱུར་པའི་ཞལ་དང་ལྡན་པར་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ད་ནི་ཕྱག་རྒྱ་གཅིག་དང་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་འབའ་ཞིག་གི་རྣལ་འབྱོར་གྱི་ཕྱག་རྒྱ་གཅིག་ཙམ་ཞིག་དང་ལྷན་ཅིག་ཏུ་རིག་པའི་བརྟུལ་ཞུགས་ དཔྱད་པར་བྱ་བའོ། །ཛ་ནི་ཛར་ཡུ་སྟེ་བུད་མེད་ཀྱི་ཤ་མའོ། །སུ་ནི་སུ་བརྞ་སྟེ་གསེར་ཏི་ནི་ཏམ་པ་སྟེ་ཟངས་མའོ། །རུ་ནི་རུ་པ་ན་རུ་སྟེ་དེ་དག་གིས་བཀྲི་བར་བརྗོད་དོ། །ནུས་པ་བསྐྱེད་པའི་ཕྱིར་དང་ཞེས་བྱ་བ་ནི་མཐུ་ཆེན་པོ་བསྐྱེད་པའི་ཕྱིར་ནའོ། །དེ་ལྟར་མངོན་དུ་བྱས་པ་ལ་སྤྱོད་པའི་ཞེས་བྱ་བ་ནི་སྐྱིལ་མོ་ཀྲུང་བཅས་པའོ། །ཡང་དག་པར་ བསྐུལ་ལ་ཐབས་ཀྱི་ཡེ་ཤེས་འབྱུང་བར་བྱས་ན་ཞེས་བྱ་བ་ནི་སེམས་སྙིང་རྗེའི་རང་བཞིན་ཅན་ཡེ་ཤེས་སེམས་དཔའ་བསྐྱེད་དེ་བསྒོམ་པར་བྱས་ནས་ཡི་གེ་བཞི་པོ་སྣོད་ལ་གསལ་པོར་བསམ་ཤིང་བལྟའོ། །གསུང་གི་རྡོ་རྗེ་སྙིང་གའི་ཕྱོགས་སུ་བབས་ནས་ཞེས་བྱ་བ་ནི་གསུང་གི་རྡོ་རྗེའི་འོད་ཟེར་ཐུགས་རྡོ་རྗེ་ལ་བབས་ཏེ་བསྐུལ་ བས་སོ། །འདི་ལྟ་བུར་བསྒྲུབ་བྱ་དང་པོར་བསམས་ནས་ཞེས་བྱ་བ་ནི་བསྒྲུབ་བྱ་ཐོབ་པ་ལ་སོགས་པ་དང་ལྡན་པའི་མི་བསྐྱོད་པར་བསམས་པའི་བསྒྲུབ་བྱ་དེས་ཐོབ་པ་ལ་སོགས་པས་རང་སངས་རྒྱས་ལ་སོགས་པ་ལ་རབ་ཏུ་བསྣུན་པར་བལྟའོ། །དེ་ནས་བསྒྲུབ་བྱ་དེའི་མིག་ལ་སོགས་པ་རང་གི་སའི་སྙིང་པོ་ལ་སོགས་པ་ལ་ བཙུག་ལ་བསྒྲུབ་བྱ་དེ་བསྒྲུབ་པར་བྱའོ། །ཡི་གེ་ཧྲིའི་འོད་ཟེར་གྱིས་ཞེས་བྱ་བ་ནི་ཁ་ན་གནས་པའི་ཡི་གེ་ཁཾ་དེའི་སྟེང་གི་ནང་རོལ་དཔྲལ་བའི་ཐད་ཀར་ཡི་གེ་ཧྲི་བལྟས་ལ་དེའི་འོད་ཟེར་གྱིས་དུག་རྣམས་དྲངས་ཏེ་བྲིས་པའི་སྦྲུལ་གྱི་དཔྲལ་བར་ཞུགས་ནས། ཁ་ན་གནས་པའི་ཡི་གེ་ཁཾ་གི་ནང་དུ་དུག་དེ་འོང་བར་བསམ་མོ། ། བསྒྲུབ་པར་བྱ་བས་མཉེས་པར་བྱ་བ་ཞེས་བྱ་བ་ནི་བསྒྲུབ་བྱའི་རང་གི་ཡི་དམ་གྱི་ལྷ་སྟེ་དེ་ཕུར་བུས་གདབ་བོ། །སྣོད་ཀྱི་སྙིང་གར་གནས་པ་ཞེས་བྱ་བ་ནི་བསྒྲུབ་བྱ་གང་ཡིན་པའི་ལུས་སྤོ་ལ་དུག་སྤོ་བར་བྱས་པ་ལ་དེ་ནས་སྙིང་གར་རོ། །ཡི་གེ་ཧཱུཾ་ཞེས་བྱ་བ་ནི་སྔར་གྱི་སྐུ་རྡོ་རྗེའི་རང་བཞིན་ཡི་གེ་ཨོཾ་གྱིས་དུག་གསོ་ བར་བྱ་བ་དང་སྤོ་བ་དེ་བཞིན་དུ་འདིར་ཡང་ཐུགས་རྡོ་རྗེའི་རང་བཞིན་ཡི་གེ་ཧཱུཾ་གིས་བྱ་བར་བརྗོད་དོ། །རྐང་པའི་འོག་ནི་སྙིང་གའི་དབུས་དང་རྐང་མཐིལ་གྱི་དབུས་སོ། །དེ་ལྟར་སྡུད་པའི་ཚུལ་གྱིས་ཞེས་བྱ་བ་ནི་དེ་ལྟ་བུར་ཐམས་ཅད་འདིས་གཅིག་ཏུ་བསྡུས་པར་བྱས་ཏེ། སྐྱུགས་པར་བལྟ་བར་བྱའོ། །ཧྲི་ 31-1-210a བསྒོམས་ནས་ཞེས་བྱ་བར་ནི་འདབ་མ་རྣམས་ལ་གནས་པའི་ཡི་གེ་ཧྲིའི་འོད་ཟེར་གྱིས་དུག་རྣམས་མཉེས་ཤིང་བསྡུས་ནས་དྲངས་ཏེ། ཡི་གེ་ཨ་ལས་ཞུགས་པས་ཡི་གེ་ཨ་རྒྱས་པར་གྱུར་པས་བསྡུས་ནས་ས་ལ་བཏབ་པར་བྱའོ། །མཚན་མ་དང་བཅས་པས་ཞེས་བྱ་བ་ནི་སྔགས་ལ་མཆོག་ཏུ་ གཞོལ་བས་སྐྱེས་པ་དང་བུད་མེད་ལ་སོགས་པ་མཐོང་བའོ། །མཚན་མ་མེད་པ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་མཚན་མ་སྟེ་ནང་ལ་མཆོག་ཏུ་གཞོལ་བས་བྱང་ཆུབ་ཡེ་ཤེས་མཆོག་ཅེས་བྱ་བ་ལ་སོགས་པ་མཐོང་བར་འགྱུར་རོ། །དགའ་བ་ལྔ་ཞེས་བྱ་བ་ནི་དབང་པོ་ལྔ་པོ་དགའ་ཞིང་བདེ་ བའོ། །སྒྲོན་མ་གསལ་བར་བྱེད་པའི་ལེའུ་བཅོ་ལྔ་པའི་དཀའ་བ་བཏུས་པའི་བཤད་པའོ།། །།འབའ་ཞིག་ཏུ་བྲིས་ཤིང་གཞག་པར་བྱའོ་ཞེས་བྱ་བ་ནི་བདག་པོ་ཕྱག་རྒྱ་དང་ལྡན་པར་དབུས་སུ་གཞག་ལ་གཞན་མི་བསྐྱོད་པ་ལ་སོགས་པ་ནི་ཤར་ལ་སོགས་པའི་ཕྱོགས་སུ་ཕྱག་རྒྱ་ཡངས་པར་བྲིའོ་ཞེས་བྱ་ བའི་དོན་ཏོ། །པདྨས་བརྒྱན་པ་བྲིས་ལ་ཞེས་བྱ་བ་ནི་པདྨའི་དཀྱིལ་འཁོར་ཟླ་བའི་དབྱིབས་ལྟ་བུར་པདྨའི་ཕྲེང་བས་བརྒྱན་པ་སྟེ། ལྷ་དེ་ཁོ་ན་ཉིད་ཀྱི་ཕྱིར་ལྷའི་བདག་ཉིད་ཀྱི་དེ་ཁོ་ན་ཉིད་དུ་བྱའོ། །སྔགས་ལ་མཆོག་ཏུ་གཞོལ་བ་སྟེ་དེས་ནི་ཞེས་བྱ་བ་ནི་འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལས་གསུངས་པའི་ཚུལ་ཤེས་པས་ རྣལ་འབྱོར་ཙམ་བསྐྱེད་པ་ཡིན་ཡང་གསང་བ་འདུས་པ་དང་མཚུངས་པར་བྱ་བ་ནི་མ་ཡིན་ནོ། །ཡང་དབང་པོ་གཉིས་ཀྱི་སྦྱོར་བ་ཞེས་བྱ་བ་ནི་ཇི་ལྟ་བའི་ཕྱི་རོལ་གྱི་མེ་ལ་ལྷག་མ་ལ་སོགས་པའི་སྲེག་རྫས་རྣམས་ཕྱིའི་སྦྱིན་སྲེག་བྱེད་པ་དེ་བཞིན་དུ་སྙོམས་པར་འཇུག་པའི་སྦྱོར་བས་ཀྱང་ནང་གི་བདག་ཉིད་ཀྱི་སྦྱོར་བས་ནང་གི་སྦྱིན་ སྲེག་བྱ་སྟེ། དབབ་པའི་རྡོ་རྗེས་ཞེས་བྱ་བ་ནི་འོད་དཔག་མེད་ཀྱི་རང་གི་ངོ་བོས་ཕབ་ལ་གཟུང་ངོ་། །འདི་ཡིས་ནི་སྔོན་དུ་བརྗོད་པའི་དབབ་པའི་ཆོ་ག་གསལ་བར་བྱེད་དོ། །དབབ་པ་བྱས་ནས་མི་བསྐྱོད་པ་ལ་སོགས་པས་བསྒྲུབ་བྱའི་ལུས་དང་ངག་དང་ཡིད་ལ་བྱིན་གྱིས་བརླབ་པར་མཛད་དོ། །ཨ་ཁཾ་བི་ར་ཧཱུཾ་ཞེས་བྱ་བ འདིས་ནི་སློབ་མ་དཀྱིལ་འཁོར་དུ་གཞུག་པར་བྱའོ། །སངས་རྒྱས་ཀུན་གྱི་ཞེས་བྱ་བ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བསྒྲུབ་པ་བྱས་ནས་ནང་གི་མཆོད་པ་བྱ་བ་སྟོན་ཏོ། །ཡུངས་ཀར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་པ་སྔོན་དུ་འགྲོ་བའི་གསང་བའི་དབང་བསྐུར་བ་བརྗོད་པ་ཡིན་ནོ། ། 31-1-210b ཡང་ན་ཞེས་བྱ་བ་ལ་སོགས་པ་ནི་ལྷ་མོ་རྣམས་ཀྱིས་དབང་བསྐུར་བ་ནི་སློབ་མ་ལ་བསམ་པར་བྱའོ། །སློབ་དཔོན་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་ཐུགས་ཀྱི་དཀྱིལ་འཁོར་ལ་སོགས་པར་དབང་ལྔ་པ་ལ་སོགས་པའི་དབང་བླ་མས་བསྐུར་བར་བྱའོ། །དེ་ཡང་དབང་བསྐུར་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་ བཅད་པ་འདོན་ཅིང་སྦྱིན་ནོ། །ཤེས་རབ་དང་ལྡན་པ་ནི་མཱ་མ་ཀཱི་ལ་སོགས་པ་དང་སྙོམས་པར་འཇུག་པའི་སྦྱོར་བ་དང་ལྡན་པ་ལའོ། །དམ་ཚིག་དང་སྡོམ་པ་འཛིན་པ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་དང་བསྒོམ་པ་ལ་སོགས་པ་ལ་དངོས་གྲུབ་བསྒྲུབ་པའི་དོན་ཏོ། །ཇི་ལྟར་འདོད་པ་སྨྲ་བའི་སློབ་མ་ལ་རྗེས་སུ་གནང་བ་ སྦྱིན་པར་བྱ་བ་ནི་བསམ་པ་ཤེས་པར་བྱས་ལ་སྦྱིན་པར་བྱའོ་ཞེས་བྱ་བ་ཡིན་ནོ། །ཁུ་བ་ཞེས་བྱ་བ་ལ་སོགས་པ་ནི་གསང་བའི་དབང་བསྐུར་བ་ལ་སོགས་པ་སྦྱིན་པར་བྱ་བ་ཡིན་པར་སྟོན་ཏོ། །གནོད་སྦྱིན་གྱི་གཙོ་བོ་ནི་ཕྱག་ན་རྡོ་རྗེའོ། །བསྒྲུབ་བྱར་གྱུར་པའི་གདུག་པ་རྣམས་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ལྟ་བ་ཅན་དུ་སུན་འབྱིན་ པའི་བློ་ཅན་རྣམས་ལ་ནུས་མཐུ་གསལ་པོར་གྱུར་པའི་རྣལ་འབྱོར་པས་བརྟན་པར་བྱ་བའོ། །རྡོ་རྗེ་ཆེན་པོ་བསྒོམ་ཞིང་ཞེས་བྱ་བ་ལ་རྡོ་རྗེ་ནི་རྡོ་རྗེ་སེམས་དཔའོ། །བསྒོམ་པ་ནི་དེ་ཞུ་བ་ལས་བྱུང་བའི་ཡི་གེ་ཙུ་སྟེ། དེ་ལས་སྐྱེས་པའི་རྡོ་རྗེ་ཆེན་པོ་ནི་སྐུལ་བྱེད་མ་བསམ་པར་བྱ་བ་ཡིན་ནོ། །སྐུལ་བྱེད་མ་ཞེས་བྱ་བ་ནི་གདུག་པ་ཅན་གྱི་ ལུས་དང་ངག་དང་ཡིད་ལ་འཇོམས་ཤིང་འཇོམས་པར་བྱེད་པ་སྟེ། ལུས་ངག་ཡིད་ཅེས་བྱ་བ་ནི་བཞི་པའི་ཚིག་མང་པོ་བར་བལྟ་བར་བྱའོ། །དོན་ནི་འདི་ཡིན་ཏེ་གདུག་པ་ཅན་རྣམས་ཀྱི་ལུས་དང་ངག་དང་ཡིད་རྣམས་འཇོམས་སོ་ཞེས་པའི་དོན་ཏོ། །རྡོ་རྗེ་བདུད་རྩི་ཆུ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དུ་བསམས་ཏེ། སྤྱི་གཙུག་ཏུ་སྦྱིན་པར་བྱའོ། །སྒྲོན་མ་གསལ་བར་བྱེད་པའི་ལེའུ་བཅུ་དྲུག་པའི་དཀའ་བ་བཏུས་པའི་བཤད་པའོ།། །།ཆོ་འཕྲུལ་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ཀྱིས་ཤིང་ཨ་མྲ་ལ་སོགས་པར་སྤྲུལ་ནས་མཛད་པ་བསྟན་པ་ཇི་བཞིན་དུ་རང་སངས་རྒྱས་ཀྱང་ལུས་ཉེ་བར་སྤྲུལ་ནས་གདུལ་བྱ་དེ་ དག་སེམས་རངས་པར་བྱེད་པར་འདོད་དོ། །དེ་ལྟ་བུ་ཉིད་ནི་བཅོམ་ལྡན་འདས་ཀྱི་མཛད་པ་སྟེ། དེ་ཉིད་སྐུ་རྡོ་རྗེ་ལ་གནས་པའི་དམ་ཚིག་ཡིན་ལ། དེ་ཉིད་ཀྱི་རང་སངས་རྒྱས་ཀྱི་རིགས་ཅན་རྣལ་འབྱོར་པས་ཀྱང་དེ་དང་རྗེས་སུ་མཐུན་པའི་ཆོས་བསྟན་པར་བྱའོ། །དེ་བཞིན་དུ་ཉན་ཐོས་ལ་སོགས་པའི་དམ་ 31-1-211a ཚིག་གིས་ཀྱང་དེའི་རིགས་ཅན་ལ་དེ་དང་འཚམ་པའི་ཆོས་ཉིད་ཉེ་བར་བསྟན་པར་བྱའོ། །དེ་བཞིན་དུ་དབང་ཕྱུག་ཆེན་པོའི་གོ་འཕང་ཐོབ་པར་འདོད་པའི་འདོད་ཆགས་ཅན་རྣམས་ལ་འདོད་ཆགས་བསྟེན་པའི་སྒོ་ནས་ཆོས་སྟོན་པར་བྱེད་པ་ནི་དེའི་ཐ་ཚིག་གོ། །དེ་བཞིན་དུ་ཁྱབ་འཇུག་གི་གོ་འཕང་ འཐོབ་པར་འདོད་པ་ལ་ཡང་ཐམས་ཅད་སྟོང་པ་ཉི་ཚེ་བ་ཞེས་བྱ་བའི་ཆོས་སྟོན་པ་སྟེ་དེ་དག་ནི་སྐུ་རྡོ་རྗེ་ལ་སོགས་པའི་རང་བཞིན་ནོ། །གནོད་སྦྱིན་མོ་ལ་སོགས་པའི་དམ་ཚིག་ནི་ཤ་ལ་སོགས་པ་བཟའ་བ་དང་སེམས་ཁྲོ་བ་ལ་སོགས་པ་དང་ལྡན་པར་བྱས་པས་གནོད་སྦྱིན་མོ་ལ་སོགས་པ་བསྒྲུབས་པས་གཞན་དག་ དང་དེ་དག་ཉིད་དུ་བཅས་པ་ཡང་དག་པའི་ལམ་ལ་གཟུད་དོ། །གནས་ཀྱི་མཚན་ཉིད་ཅེས་བྱ་བ་ནི་རང་རང་གི་ཕྱག་རྒྱ་དང་སྔགས་གཟུང་མ་འཁྱུད་དེ་གསད་པ་ལ་སོགས་པའི་ལས་རྣམས་བྱའོ། །རྡོ་རྗེ་ལས་བྱུང་བ་ནི་འོད་གསལ་བའོ་ཞེས་བྱ་བ་ནི་དངོས་པོ་རྣམས་འོད་གསལ་ བའི་རང་བཞིན་འོད་གསལ་བར་བསྐྱེད་པར་བྱའོ། །ཆོས་ནི་མི་དགེ་བ་བཅུ་སྤངས་པའོ། །ཆོས་མ་ཡིན་པ་ནི་མི་དགེ་བ་བཅུ་པོའོ། །བླང་དོར་ལ་ལྟོས་པ་མེད་པར་ཉམས་སུ་ལེན་པ་ནི་འོད་གསལ་བའོ། །དེ་ཉམས་སུ་བླངས་པས་རྣལ་འབྱོར་པ་མི་གནས་པའི་མྱ་ངན་ལས་འདས་པར་འགྱུར་རོ། །དགོས་པའི་དབང་གིས་ཞེས་བྱ་བ་ནི་ སངས་རྒྱས་ལ་སོགས་པ་ལ་ལུས་དང་ངག་ཙམ་གྱིས་ཕྱག་འཚལ་ཞིང་ལུས་ངག་ཙམ་གྱིས་ཕྱག་བྱ་བ་ཡིན་ནོ། །ཕྱི་རོལ་གྱི་བཅུད་ཀྱིས་ལེན་གང་ཡིན་པ་དེ་ལ་ལྟོས་པ་མེད་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱིས་ལུས་བསྟན་པར་བྱེད་པའི་ཆོ་ག་སྟོན་ཏོ། །བདུད་རྩི་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལས་བདུད་རྩི་འཛག་ པའི་རང་བཞིན་དབུ་རྒྱན་གྱིས་གནས་ཏེ། སྤྱི་གཙུག་ཏུ་གནས་པར་བསམ་པར་བྱའོ། །རྡོ་རྗེ་ཕྲ་མོ་ནི་ལྕེ་སྟེ་ལྕེ་དེའི་རྩེ་མོ་ཁ་ལ་རེག་པ་ལས་སེམས་མཉམ་པར་གཞག་པར་འགྱུར་རོ། །རྣལ་འབྱོར་ཐམས་ཅད་ཅེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པའི་བདག་ཉིད་ཅན་གྱི་རྡོ་རྗེ་འཛིན་པ་སྟེ། བདག་དང་ཁམས་ གསུམ་པོ་དེར་མཉམ་པར་ལོངས་སྤྱོད་པར་བྱའོ། །ཉོན་མོངས་པ་ཅན་མ་ཡིན་པ་ནི་མངོན་སུམ་དུ་བྱེད་པའི་ཐབས་ཀྱི་སྦྱོར་བ་རིགས་པའོ། །སོམ་ཉིར་གྱུར་པ་ནི་དེའི་ཤེས་རབ་ཡིད་གཉིས་ཟོས་ནས་ཕན་ཚུན་དུ་གྲོས་སུ་འགྲོ་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །སྐུ་རྡོ་རྗེའི་རྒྱུར་གྱུར་པ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་ 31-1-211b པོའི་རྒྱུར་གྱུར་པ་ལ་བྱའོ། །སྤྱི་བོར་རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་རྩེ་ལྔ་པའོ། །དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེས་ཉེ་བར་མཚན་པའི་རྡོ་རྗེ་སེམས་དཔའོ། །རྡོ་རྗེ་སེམས་དཔའ་དེ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་ལ་སོགས་པར་བསྒོམ་པར་བྱའོ། །རིམ་པ་འདི་ཉིད་དང་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཡོངས་སུ་གྱུར་པ་ལས་མི་ བསྐྱོད་པ་ལ་སོགས་པར་གྱུར་པ་ཇི་ལྟ་བ་བཞིན་དུ་མི་བསྐྱོད་པ་ལ་སོགས་པར་གྱུར་པས་ཀྱང་འཇམ་དཔལ་ལ་སོགས་པ་རྣམས་སུ་གྱུར་ཏེ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ནི་ཤེས་རབ་མའི་རང་བཞིན་ནོ། །ཕྱི་རོལ་གྱི་ལྷ་ལ་ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པའོ། །དེ་རྣམས་ལས་མངོན་པར་ཞེན་པར་བྱེད་པའི་ལག་ པའི་ཕྱག་རྒྱ་མི་བཅིང་བའོ། །དྲེགས་པ་དང་གདུགས་ནི་མིའི་སྣའོ། །རྫོགས་པ་དང་ཟླ་བ་ནི་དེའི་ནང་གི་རྩ་ཟླུམ་པོའི་རྣམ་པར་དག་གོ། །རུས་སྦལ་མགྲིན་ནི་དེའི་ནང་ན་རྩ་པདྨའི་རྣམ་པ་ལྟ་བུར་གནས་པའོ། །ལྟ་བ་དེ་བཟློག་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཐ་མལ་པའི་ལྟ་བ་ལ་སོགས་པ་རྣམ་པར་དག་པའོ། །སློབ་དཔོན་དེ་ཞེས་ བྱ་བ་ནི་འདུས་པ་སྟོན་པ་པོ་སྟེ། དེ་བཞིན་གཤེགས་པའི་སྤྲུལ་པའི་གཟུགས་དེ་ལ་རབ་ཏུ་མཆོད་ཅིང་སྐུ་ལ་སོགས་པས་བྱིན་གྱིས་རློབ་པ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་རྗེས་སུ་གནང་བ་སྩོལ་བ་དང་བླ་ན་མེད་པའི་ཡང་བླ་ན་མེད་པའི་དབང་བསྐུར་བས་ན་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སློབ་དཔོན་ནོ། །དེ་ཉིད་ཀྱི་ཟུང་དུ་ འཇུག་པའི་བདག་ཉིད་ཡིན་པས་ན་རྡོ་རྗེ་འཛིན་ཆེན་པོ་དང་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་མི་བསྐྱོད་པའོ། །གསང་བ་ལྔའི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་སློབ་དཔོན་གྱི་ལུས་ལ་མཆོད་པའི་སྤྱི་ཀུན་བྱའོ། །རང་གི་སྙིང་གའི་པདྨ་ལ་ཞེས་བྱ་བ་ནི་ཤིན་ཏུ་སྤྲོས་པ་མེད་པ་ཤེས་པར་ འདོད་པ་ལ་སྔོན་དུ་དཀྱིལ་འཁོར་སྤྲུལ་ནས་ཡི་གེ་གསུམ་དང་སྲོག་དང་སྩོལ་བས་བྱང་ཆུབ་ཀྱི་སེམས་ངེས་པར་ཕབ་སྟེ། སློབ་མའི་སྤྱི་བོར་བླུགས་ལ་དེ་ནས་ཡང་དག་པའི་བདེན་པའི་ངོ་བོར་སློབ་མ་བསམས་ནས་ཆུ་ལ་སོགས་པའི་རིམ་པས་དབང་བསྐུར་བ་སྦྱིན་པར་བྱའོ། །ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་ ནི་སྤྲོས་པ་དང་བཅས་པ་ཤེས་པར་འདོད་པའི་དོན་སྟོན་པ་ཡིན་ནོ། །དེའི་འོག་ཏུ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །རབ་ཏུ་སྦྱངས་པ་འགྲོ་བ་ཞེས་བྱ་བ་ནི་ཤིན་ཏུ་ཡང་སྤྲོས་པ་མེད་པ་འདོད་པ་ལ་དེ་ལྟར་བུར་བྱ་བ་ཡིན་ནོ། །རང་གི་ལུས་ཞེས་བྱ་བ་ནི་ཐོག་མར་རྣལ་འབྱོར་པ་རང་གི་ལུས་ཀྱི་ཤ་དང་རུས་པ་ལ་སོགས་པ་འོད་ 31-1-212a གསལ་བར་བལྟ་བར་བྱའོ། །དེ་ནས་ཧཱུཾ་ཏྭི་ཁཾ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་མཁའ་འགྲོ་སྐྱེད་པར་བྱེད་པ་ཡིན་ནོ། །བུ་ནི་སངས་རྒྱས་རྣམས་སོ། །ཚ་བོ་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །པདྨ་དང་རྡོ་རྗེ་ཡང་སྦྱར་བས་དོན་སྐྱེ་བར་བྱེད་པར་ཤེས་པར་བྱའོ། །ས་ནི་སྤྱན་མ་སྟེ་ཤེས་རབ་ཀྱི་དངོས་ པོར་རོལ་པར་བྱའོ། །འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་ཡི་གེ་ཨོཾ་ལས་བྱུང་བའི་འཁོར་ལོའི་དབུས་སུ་བསྒྲུབ་བྱ་འོད་ཟེར་སེར་པོ་དང་ལྡན་པར་བཞག་ལ། དེའི་སྟེང་དུ་ཡང་འཁོར་ལོ་གནས་པར་བསམས་ཏེ་དུག་མེད་པར་བྱའོ། །སེར་པོ་ལྟ་བུར་བྱ་བ་ནི་མནན་པའི་དུས་སུ་ནི་ཐམས་ཅད་སེར་པོར་བསྒོམ་པར་བྱའོ། ། མཆོད་ཡོན་གྱི་ཤིང་ནི་ཤིང་དེའི་འབྲས་བུའི་ནང་ན་པདྨོའི་བལ་ཏེ་དེ་བསྒྲིལ་ལ་པདྨའི་སྐུད་པས་དཀྲིས་པའོ། །ནང་གི་མངོན་པར་བྱང་ཆུབ་པ་ནི་སྣང་བ་ལ་སོགས་པའོ། །ཤེས་རབ་ཀྱི་རབ་རིབ་ཀྱི་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་རྟོགས་པས་སེམས་ཞུ་བར་གྱུར་པའོ། །དྲུག་པའི་བདག་ཉིད་ནི་རྡོ་རྗེ་འཛིན་པའོ། །སྙོམས་པར་ཞུགས་ པའི་བདག་ཨཱ་ལི་ཀཱ་ལི་ཞེས་བྱ་བ་ནི་གཡས་དང་གཡོན་པའི་རྩའོ། །ནམ་མཁའི་གཏོས་ཞེས་བྱ་བ་ལ་སོགས་པས་ནི་མངོན་པར་རྟོགས་པའི་རིམ་པས་བསྟན་པ་ཡིན་པར་བརྗོད་དོ། །འདིའི་དོན་ནི་རྡོ་རྗེ་སེམས་དཔའ་ཆུར་ཞུ་བའི་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་ལ་རེག་པས་དེ་བཞིན་གཤེགས་པའི་ཡེ་ཤེས་ ཐོབ་པར་བྱས་པའི་ས་བསྐུལ་བའི་དེ་མ་ཐག་པར་ཀུན་བཞེངས་པར་གྱུར་ཏེ། དེ་བཞིན་གཤེགས་པ་རྡོ་རྗེ་འཛིན་པའི་སྤྱོད་པ་ལ་བཅོམ་ལྡན་འདས་ཉམས་སུ་བསྟར་ནས་བཞུགས་པ་ན་ངོ་མཚར་དུ་ཆེའོ་ཞེས་བྱ་བ་ལ་སོགས་པ་བརྗོད་པ་ཡིན་ནོ། །དེ་ལྟར་བསྟན་པ་མཛད་ནས་གསུང་གི་རྡོ་རྗེ་ལ་བསྟོད་པར་ མཛད་པ་རྡོ་རྗེ་ཆོས་ཞེས་བྱ་བ་ལ་སོགས་པ་སྟོན་ཏོ། །རྡོ་རྗེ་ཆོས་ཞེས་བྱ་བའི་ཚིག་ནི་ཕྱག་ན་རྡོ་རྗེ་ལ་བྱ་བ་ཡིན་ནོ། །སྒྲོན་མ་གསལ་བར་བྱེད་པའི་ལེའུ་བཅུ་བདུན་པའི་དཀའ་བ་བཏུས་པའི་བཤད་པའོ།། །།སློབ་དཔོན་ལེགས་ལྡན་བྱེད་ཀྱིས་མཛད་པ་སྒྲོན་མ་གསལ་བར་བྱེད་པའི་རྡོ་ རྗེའི་ཚིག་གི་དཀའ་བ་བཏུས་ཏེ་བཤད་པ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་རྒྱལ་བ་མཆོག་གི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་དཔལ་ཤཱཀྱ་བརྩོན་འགྲུས་ཀྱིས་མཉན་ནས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པ།། །། 31-1-212b