35-1-1a 35-1-1b ༄༅༅། །རྒྱ་གར་སྐད་དུ། པིཎྜ་བི་དྷི་སཱ་དྷ་ནཾ། བོད་སྐད་དུ། སྒྲུབ་པའི་ཐབས་མདོར་བྱས་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཁམས་གསུམ་སྤྱོད་པ་ལས་གྲོལ་ མཁའ་དང་མཉམ་གྱུར་དངོས་པོའི་ངོ་བོ་ཉིད། །དག་ཅིང་ཞི་ལ་རྣམ་དབེན་མཆོག་ཞི་རང་བཞིན་རྣལ་འབྱོར་པ་ཉིད་ཡུལ། །རྟོགས་དཀའ་བརྟག་པར་དཀའ་ལ་བདག་གཞན་རབ་ཕན་ཁྱབ་ཅིང་མཚན་མ་མེད། ། རྒྱལ་བའི་བདེ་བ་མཉམ་མེད་མཉམ་སྐུ་མི་རྟོག་ཚུལ་གཅིག་ལ་ཕྱག་འཚལ། །དཔལ་ལྡན་འདུས་པའི་རྒྱུད་ཀྱི་ནི། །མདོར་བསྡུས་རྟོགས་པར་བྱ་བའི་ཕྱིར། །སེམས་ཅན་ཀུན་ལ་ཕན་བསྐྱེད་པའི། །མདོར་ བསྡུས་བདག་གིས་བཤད་པར་བྱ། །རྣམ་རྟོག་བག་ཆགས་ཉེས་པ་ཡིས། །འགྲོ་བ་གསུམ་པོ་རྣམ་རྨོངས་ལ། །བློ་དང་ལྡན་པས་ལེགས་བལྟས་ཏེ། །རྣལ་འབྱོར་རྒྱུད་ཀྱིས་སྦྱང་བར་བྱ། །འདོད་པ་ལྔ་ནི་ ཡོངས་སྤངས་ནས། །དཀའ་ཐུབ་ཀྱིས་ནི་གདུང་མེད་པར། །རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲས་ལ། །བདེ་བས་བྱང་ཆུབ་བསྒྲུབ་པར་བྱ། །དེས་ན་འདི་ན་སྡོམ་གནས་ཡིན། །རྟག་ཏུ་མི་ཕྱེད་བརྟུལ་ཞུགས་ 35-1-2a གང་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །སྒྲུབ་པ་དག་ཀྱང་བརྩམ་པར་བྱ། །དགོན་པ་ཆེན་པོའི་ས་ཕྱོགས་ནི། །མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན། །རི་བོ་དབེན་པ་དག་ཏུ་ནི། །དངོས་གྲུབ་ཐམས་ ཅད་བསྡུས་པ་བསྒྲུབ། །འཇམ་པའི་སྟན་ལ་འདུག་ནས་ནི། །སེམས་དཔའི་སྐྱིལ་ཀྲུང་ལེགས་གནས་ཏེ། །ཞེ་སྡང་རྡོ་རྗེའི་ཏིང་འཛིན་གནས། །གནས་བསྲུང་བ་ནི་བསམ་པར་བྱ། །འབར་བའི་འོད་འཕྲོ་འཇིགས་པར་ བྱེད། །ཉི་མ་ལ་གནས་ཧཱུཾ་ལས་བྱུང་། །གཡོན་བརྐྱང་པ་ཡི་གནས་པས་གནས། །ཁྲོ་བོ་བཅུ་ནི་སྤྲོ་བར་བྱ། །ཕྱོགས་བཅུའི་དཀྱིལ་འཁོར་རྩེ་མོ་ནི། །རིམ་པ་བཞིན་དུ་བསམ་པར་བྱ། །བགེགས་ཀུན་རྣམ་པར་གཞིག་པའི་ ཕྱིར། །གནོད་མཛེས་བཀའ་སྩལ་ཕུར་བུས་གདབ། །ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞཱ་གྲྀཧྞཱ་ཧཱུཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། བྷ་ག་བཱན་བིརྱཱ་རཱ་ཛ་ཧཱུཾ་ཕཊ། ཁྲོ་བོའི་གཟུགས་ཅན་འདི་ཡིས་ནི། །བགེགས་ཀྱི་དབང་པོ་ ཉིད་བཀུག་ནས། །བློ་དང་ལྡན་པས་སྦྱོར་བ་ཡིས། །ཆོ་ག་བཞིན་དུ་ཕུར་བུས་གདབ། །རྡོ་རྗེ་བདུད་རྩི་རྒྱལ་པོ་ཆེ། །ཨུཏྤལ་སྔོན་པོ་འདབ་མའི་མདོག །འབར་ཕྲེང་འཁྲིགས་པའི་འོད་ལྡན་པ། །རྡོ་རྗེ་ཕུར་བུ་རྣམ་པར་བསྒོམ། །ལྟེ་ 35-1-2b བའི་ཕྱོགས་ནས་སྨད་ཀྱི་ཆ། །རྩེ་མོ་ལྟ་བུར་རྣམ་པར་བསམ། །སྟོད་ནི་ཁྲོ་བོའི་དབྱིབས་ཅན་ཏེ། །ཞལ་གསུམ་ཕྱག་དྲུག་ལྟ་བུར་བསྒོམ། །དེ་ཡི་གསང་སྔགས་ལེགས་བརྗོད་ལ། །བགེགས་ཀྱི་ཚོགས་ལ་འོག་གཟིགས་པས། །རྡོ་རྗེ་ཕུར་བུ་དེས་བཏབ་ན། །བགེགས་ཀྱི་ལུས་ ནི་མི་གཡོ་འགྱུར། །ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱཾ་ཕཊ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ་ཕཊ་ཧཱུཾ་ཧཱུཾ་ཧཱུཾ།བཛྲ་ཀཱི་ལ་ཡ། བཛྲ་དྷ་རོ་ཨཱ་ཛྙཱ་པ་ཡ་ཏི། སརྦ་བི་གྷཱན། ཀཱ་ཡ་ཝཱ་ཀ་ཙིཏྟ། བཛྲ་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། རྡོ་རྗེ་ཐོ་བ་ཕྱག་བསྣམས་པའི། །གནོད་མཛེས་རྒྱལ་པོ་ རྣམ་པར་བསམ། །རྡོ་རྗེ་མེ་ཡིས་ཀུན་དུ་ནི། །རྣམ་པར་འཕྲོ་བས་ངེས་པར་བསྒོམ། །གདུག་པ་ཚིག་པ་ཕན་ཚུན་དུ། །འབྲོས་པར་གྱུར་པར་རྣམ་པར་བསམ། །ཕྱོགས་བཅུར་ཕུར་བུས་བཏབ་ནས་ནི། །སྟེང་འོག་ཡང་དག་བྱིན་གྱིས་བརླབ། །དམ་པའི་དོན་དུ་དངོས་པོ་རྣམས། །སྲིད་ གསུམ་དངོས་པོ་མེད་པར་བསྒོམ། །དངོས་པོ་མེད་ལ་བསྒོམ་པའི་དངོས། །བསྒོམ་པར་བྱ་བ་བསྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་པའོ། །ཚིགས་བཅད་འདི་ཡིས་རྒྱུ་མི་རྒྱུའི། །བདག་ཉིད་ཅན་རྣམས་སྟོང་པར་བསྒོམ། །ཆོ་གའི་སྦྱོར་བ་འདི་ ཡིས་ནི། །ཡེ་ཤེས་ས་གཞིར་བྱིན་གྱིས་བརླབ། །ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། །ཧཱུ་གཉིས་ས་བོན་ཡཾ་ལས་བྱུང་། །རྡོ་རྗེ་གཉིས་དང་ཡང་དག་ལྡན། །རླུང་གི་དཀྱིལ་འཁོར་བསྒོམ་པར་བྱ། །ཧཱུཾ་གཉིས་ས་བོན་རཾ་ལས་བྱུང་། །རྡོ་རྗེ་གཉིས་དང་ཡང་དག་ལྡན། །མེ་ཡི་དཀྱིལ་ འཁོར་ཉིད་ཀྱང་ནི། །དེ་ཡི་སྟེང་དུ་རྣམ་པར་བསམ། །ཧཱུཾ་གཉིས་ས་བོན་བཾ་ལས་བྱུང་། །རྡོ་རྗེ་གཉིས་དང་ཡང་དག་ལྡན། །ཆུ་ཡི་དཀྱིལ་འཁོར་ཉིད་ཀྱང་ནི། །དེ་ཡི་སྟེང་དུ་རྣམ་པར་བསམ། །ཧཱུཾ་གཉིས་ས་བོན་ལཾ་ལས་བྱུང་། །རྡོ་རྗེ་གཉིས་དང་ཡང་དག་ལྡན། །ས་ཡི་དཀྱིལ་འཁོར་ ཉིད་དང་ནི། །དེ་ཡི་སྟེང་དུ་རྣམ་པར་བསམ། །དཀྱིལ་འཁོར་བཞི་པོ་ཡང་དག་བསྡུ། །རྡོ་རྗེ་ས་ཡི་དཀྱིལ་འཁོར་ལ། །དེར་ནི་བྷྲཱུཾ་ལས་བྱུང་བ་ཡི། །གཞལ་ཡས་ཁང་ནི་རྣམ་པར་བསྒོམ། །ཟུར་བཞི་དང་ནི་སྒོ་བཞི་དང་། །རྟ་བབས་བཞི་ཡིས་མཛེས་བྱས་པ། །ཐིག་བཞི་དང་ནི་ཡང་དག་ 35-1-3a ལྡན། །ཀ་བ་བརྒྱད་ཀྱིས་ཡང་དག་མཛེས། །དྲ་བ་དྲ་བ་ཕྱེད་པ་དང་། །རྡོ་རྗེ་ནོར་བུ་ཟླ་ཕྱེད་བརྒྱན། །གྲྭ་ཡི་མཚམས་ནི་ཐམས་ཅད་དང་། །སྒོ་དང་སྒོ་ཁྱུད་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་སྤྲས། །བུམ་པ་ཀ་བ་རྡོ་རྗེ་ཆེ། །བྲེ་ལ་ཕྲེང་བར་རིམ་ བཞིན་གནས། །བ་དན་དྲིལ་བུས་མཛེས་བྱས་ལ། །རྔ་ཡབ་སོགས་ཀྱིས་རྣམ་པར་བརྒྱན། །བདག་ཉིད་ཕྱག་རྒྱར་ལྡན་པ་ནི། །ཞལ་གསུམ་ཕྱག་དྲུག་རྣམ་པ་ཅན། །ཨིནྡྲ་ནཱི་ལའི་འོད་མཉམ་པ། །དཀྱིལ་འཁོར་དབུས་སུ་བསྒོམ་པར་བྱ། །རྣམ་སྣང་མཛད་དང་རིན་ཆེན་དང་། །འོད་ དཔག་མེད་དང་ལས་ཀྱི་རྒྱལ། །ཞལ་གསུམ་ཕྱག་དྲུག་ལྟ་བུར་ནི། །ཤར་ལ་སོགས་པའི་ཕྱོགས་སུ་བསམ། །གཏི་མུག་དགའ་སོགས་ལྷ་མོ་རྣམས། །ཞལ་གསུམ་ཕྱག་དྲུག་རྣམ་པ་ཅན། །མེ་ཡི་ཕྱོགས་ནས་བརྩམས་ནས་སུ། །རིམ་པ་ཇི་བཞིན་ངེས་པར་དགོད། །དེ་བཞིན་ གཟུགས་རྡོ་རྗེ་ལ་སོགས། །ཕྱི་ཡི་མཚམས་ནི་རྣམ་པ་བཞིར། །རེག་བྱ་རྡོ་རྗེ་ཉིད་ཀྱང་ནི། །རྡོ་རྗེ་སེམས་དཔའ་དང་ལྡན་གནས། བྱམས་པ་ས་ཡི་སྙིང་པོ་དག །ཤར་གྱི་སྣམ་བུར་དགོད་པར་བྱ། །ཕྱག་ན་རྡོ་རྗེ་མཁའ་སྙིང་པོ། །བརྟུལ་ཞུགས་ཅན་གྱིས་ལྷོ་རུ་དགོད། །འཇིག་རྟེན་དབང་ ཕྱུག་འཇམ་པའི་དབྱངས། །ནུབ་ཏུ་ཡང་ནི་དགོད་པར་བྱ། །སྒྲིབ་པ་ཐམས་ཅད་རྣམ་སེལ་དང་། །ཀུན་དུ་བཟང་པོ་བྱང་ཕྱོགས་སུ། །གཤིན་རྗེ་གཤེད་ནི་ཤར་གྱི་སྒོར། །གཞན་གྱིས་མི་ཐུབ་ལྷོ་ཕྱོགས་སུ། །ནུབ་ཕྱོགས་སུ་ནི་རྟ་མགྲིན་ཏེ། །བདུད་རྩི་འཁྱིལ་པ་བྱང་དུའོ། །མི་གཡོ་ འདོད་པའི་རྒྱལ་པོ་དང་། །དབྱུག་སྔོན་དང་ནི་སྟོབས་པོ་ཆེ། །ཤར་ལྷོ་མཚམས་སོགས་ནས་བརྩམས་ཏེ། །རིམ་པ་ཇི་བཞིན་བསྒོམ་པར་བྱ། །གནོད་མཛེས་རྒྱལ་པོ་ཁྲོ་བོ་ཆེ། །དེ་ཡི་འོག་ཏུ་རྣམ་པར་བསམ། །གཙུག་ཏོར་འཁོར་ལོས་སྒྱུར་རྒྱལ་ཡང་། །དེ་བཞིན་སྟེང་དུ་རྣམ་པར་ བསྒོམ། །ཆོ་ག་ཇི་བཞིན་དཀྱིལ་འཁོར་པ། །དེ་ལྟར་ལྷག་པར་མོས་བསམས་ནས། །སླར་ཡང་ཁ་སྦྱར་སྦྱོར་བ་ཡིས། །རང་གི་ལུས་ལ་དེ་རྣམས་གཞུག །ལུས་ཀྱི་འཁོར་ལོ་རྫོགས་སངས་རྒྱས། །རིམ་པ་ཇི་བཞིན་ཡང་དག་བསམ། །དོན་དམ་པ་ཡི་རྡོ་རྗེ་ཡིས། །དེ་བཞིན་ཉིད་ལ་ 35-1-3b གཞུག་བྱ་བས། །དེ་བཞིན་གཤེགས་པའི་ཚོགས་བསད་ན། །དངོས་གྲུབ་རབ་མཆོག་ཐོབ་པར་འགྱུར། །འདི་དོན་རྡོ་རྗེ་ཕྲེང་བ་ལས། །གསལ་བར་ཇི་བཞིན་རྣམ་ཕྱེ་སྟེ། །གཟུགས་ཕུང་རྟོག་དང་མེ་ལོང་དང་། །ས་ཁམས་མིག་གི་དབང་པོ་དང་། །གཟུགས་དང་རྣམ་ལྔར་གྱུར་པ་སྟེ། ། ཁྲོ་བོ་གཉིས་དང་ཡང་དག་ལྡན། །ཚོར་བའི་ཕུང་པོ་མཉམ་ཉིད་དང་། །ཆུ་ཁམས་རྣ་བའི་དབང་པོ་དང་། །སྒྲ་དང་རྣམ་ལྔར་གྱུར་པ་སྟེ། །ཁྲོ་བོ་གཉིས་དང་ཡང་དག་ལྡན། །འདུ་ཤེས་སོ་སོར་རྟོག་པ་དང་། །བྱིན་ཟ་སྣ་ཡི་དབང་པོ་དང་། །དྲི་དང་རྣམ་ལྔར་གྱུར་པ་སྟེ། །ཁྲོ་བོ་གཉིས་དང་ ཡང་དག་ལྡན། །འདུ་བྱེད་བྱ་བ་གྲུབ་པ་དང་། །རླུང་ཁམས་ལྕེ་ཡི་དབང་པོ་དང་། །རོ་དང་རྣམ་ལྔར་གྱུར་པ་སྟེ། །ཁྲོ་བོ་གཉིས་དང་ཡང་དག་ལྡན། །སྟེང་འོག་ཁྲོ་བོ་ཤིན་ཏུ་བཅས། །རང་བཞིན་གྱིས་ནི་སྣང་བ་ཉིད། །རྣམ་ཤེས་ཕུང་པོར་ཞུགས་པ་སྟེ། །རྣམ་ཤེས་ཀྱང་ནི་འོད་གསལ་ བའོ། །མྱ་ངན་འདས་བཅས་ཀུན་སྟོང་དང་། །ཆོས་ཀྱི་སྐུར་ཡང་བཤད་པ་ཡིན། །བརྟན་པར་བྱ་བའི་དོན་དུ་ནི། །གསང་སྔགས་འདི་ནི་བརྗོད་པར་བྱ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། འདི་ནི་དོན་དམ་དཀྱིལ་འཁོར་ཏེ། །སྣང་བ་མེད་ཅིང་མཚན་ཉིད་མེད། །དོན་དམ་བདེན་ པ་ཞེས་བྱ་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །འོད་གསལ་བར་ནི་རབ་ཞུགས་ནས། །ལྡང་བ་ཡང་ནི་བསྟན་པར་བྱ། །སྔགས་ཀྱི་སྐུ་ཡི་སྦྱོར་བ་ཡིས། །ལྷ་ཡི་གཟུགས་ལ་དམིགས་པར་འགྱུར། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཉི་མའི་དཀྱིལ་འཁོར་བསྒོམ་པར་ བྱ། །སྔགས་པས་དེ་ཡི་སྟེང་དུ་ཡང་། །ཟླ་བའི་དཀྱིལ་འཁོར་རྣམ་པར་བསམ། །དེར་ནི་པདྨ་འདབ་མ་བརྒྱད། །ཁ་དོག་དམར་པོ་བསྒོམ་པར་བྱ། །པདྨའི་སྟེང་དུ་སྔགས་ཆེན་པོ། །ཡི་གེ་གསུམ་ནི་དེ་ནས་བསམ། །སྔགས་དང་པདྨ་ཉི་མ་དག །ཟླ་བའི་དཀྱིལ་འཁོར་ལ་ཞུགས་པས། །ཟླ་ བའི་དཀྱིལ་འཁོར་ཀུན་རྫོགས་འགྱུར། །བྱང་ཆུབ་སེམས་སུ་རྣམ་པར་བརྟག །རྒྱུ་དང་མི་རྒྱུ་ཐམས་ཅད་ཀྱང་། །དེ་ཉིད་དུ་ནི་རྣམ་བསམ་ཞིང་། །བརྟན་པར་བྱ་བའི་དོན་དུ་ནི། །གསང་སྔགས་འདི་ནི་བརྗོད་པར་བྱ། །ཨོཾ་དྷ་རྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་ལྟར་སྦྱོར་བ་དམིགས་ 35-1-4a ནས་སུ། །རྗེས་སུ་སྦྱོར་བ་བརྩམ་པར་བྱ། །རྣལ་འབྱོར་པ་ཡིས་ཡིག་གསུམ་ཡང་། །ཟླ་བའི་དབུས་སུ་རྣམ་པར་བསམ། །དེ་ནས་ཡིག་གསུམ་ལས་བྱུང་བ། །ཀུན་ད་ཟླ་བ་དཀར་དང་མཚུངས། །དང་པོ་མགོན་པོ་བསམས་ནས་ཀྱང་། །ཤིན་ཏུ་ སྦྱོར་བ་ཡང་དག་བརྩམ། །མི་བསྐྱོད་པ་ནི་རྗེས་ཞུགས་པས། །ཞལ་གསུམ་ཕྱག་དྲུག་འབར་བ་དང་། །ཨིནྡྲ་ནཱི་ལའི་འོད་མཉམ་པའི། །རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ། །རྡོ་རྗེ་འཁོར་ལོ་པདྨ་ནི། །གཡས་པའི་ཕྱག་ཏུ་རྣམ་པར་བསམ། །དྲིལ་བུ་རིན་ཆེན་རལ་གྲི་ནི། །གཡོན་ པའི་ཕྱག་ཏུ་བསམ་པར་བྱ། །དེ་ནས་ཕུང་པོ་ལ་སོགས་པའི། །དབྱེ་བ་ཤེས་པས་སྣང་མཛད་སོགས། །གནོད་མཛེས་བར་དུ་ས་བོན་གྱིས། །དགོད་པས་ཡང་དག་ཉིད་དུ་དགོད། །རྣམ་སྣང་མཛད་ཀྱི་ས་བོན་ནི། །ཁ་དོག་དཀར་པོ་ཡི་གེ་ཨོཾ། །གཟུགས་ཕུང་ངོ་བོ་ཉིད་ཀྱིས་ནི། །སྔགས་ཤེས་ པས་ནི་སྤྱི་བོར་དགོད། །ཨཱཿནི་མགོན་པོ་འོད་དཔག་མེད། །འདུ་ཤེས་ཕུང་པོའི་ངོ་བོ་ཉིད། །མདོག་དམར་ཁ་ལ་བསམས་ནས་ནི། །ངག་གི་་དབང་ཕྱུག་ཉིད་ཐོབ་འགྱུར། །མི་བསྐྱོད་པ་ཡི་ཡི་གེ་ཧཱུཾ། །རབ་ཏུ་བཟང་པོའི་མཐིང་ཤུན་མདོག །རྣམ་ཤེས་ཕུང་པོའི་ངོ་བོ་ཉིད། །སྔགས་པས་ སྙིང་གར་རྣམ་པར་དགོད། །རིན་ཆེན་མགོན་པོའི་ཡི་གེ་སྭཱ། །ཚོར་བའི་ཕུང་པོའི་ངོ་བོ་ཉིད། །ཚོར་བ་དག་གི་རྒྱུ་ཅན་ནི། །ཁ་དོག་སེར་པོ་ལྟེ་བར་དགོད། །རྐང་པ་གཉིས་ལ་ཡི་གེ་ཧཱ། །འདུ་བྱེད་ཕུང་པོའི་ངོ་བོ་ཉིད། །ལས་ཀྱི་མགོན་པོ་དེ་ཉིད་ནི། །སྔགས་པས་ཁ་དོག་ལྗང་གུར་དགོད། ། གཏི་མུག་དགའ་སོགས་སྔགས་ཀྱིས་ནི། །ས་ལ་སོགས་ལ་རབ་ཏུ་གཞུག །སྲ་དང་གཤེར་དང་དྲོ་བ་དང་། །རླུང་སོགས་དེར་ནི་རིམ་པ་བཞིན། །ཐླིཾ་མིག་ཏུ་བཀོད་ནས་ནི། །ས་ཡི་སྙིང་པོ་རྣམ་པར་བསྒོམ། །ཨོཾ་ནི་རྣ་བ་དག་ལ་དགོད། །ཕྱག་ན་རྡོ་རྗེ་བསྒོམ་པར་བྱ། །ཨོཾ་ནི་སྣ་ལ་རབ་བཀོད་ དེ། །ནམ་མཁའི་སྙིང་པོ་རབ་ཏུ་བསྒོམ། །ཨཱཿནི་ལྕེ་ལ་བཀོད་ནས་ནི། །འཇིག་རྟེན་དབང་པོ་བརྟག་པར་བྱ། །ཡིད་ལ་ཧཱུཾ་ནི་བསམས་ནས་སུ། །འཇམ་པའི་དབྱངས་ནི་རབ་ཏུ་བསྒོམ། །ཡི་གེ་ཨོཾ་ནི་ལུས་ཀུན་ལ། །བསྒོམས་ནས་སྒྲིབ་སེལ་དྲན་པར་བྱ། །ཡི་གེ་མཻ་ནི་རྩར་བཞག་སྟེ། ། 35-1-4b བྱམས་པ་ཉིད་དུ་ཡོངས་སུ་བརྟག །ཚིགས་ཀུན་ལ་ནི་སཾ་བཀོད་དེ། །ཀུན་དུ་བཟང་པོ་བསམ་པར་བྱ། །ལག་པ་གཡས་པར་གཤིན་རྗེ་གཤེད། །གཡོན་པར་གཞན་གྱིས་མི་ཐུབ་པ། །རྟ་མགྲིན་ཁ་ལ་བསམ་པར་བྱ། །རྡོ་རྗེ་ལ་ནི་བདུད་རྩི་འཁྱིལ། །དཔུང་པ་གཡས་པར་མི་ གཡོ་མགོན། །གཡོན་པར་འདོད་པའི་རྒྱལ་པོའོ། །པུས་མོ་གཡས་པར་བསམ་པ་ནི། །དབྱུག་པ་སྔོན་པོ་ཆེར་འབར་བ། །པུས་མོ་གཡོན་པར་སྟོབས་པོ་ཆེ། །སྤྱི་བོར་གཙུག་ཏོར་འཁོར་ལོས་སྒྱུར། །གནོད་མཛེས་རྒྱལ་པོ་བསམ་པ་ནི། །རྐང་པ་གཉིས་ལ་དགོད་པར་བྱ། །དགོད་ བྱས་དེ་ནས་སྔགས་པ་ཡིས། །ཕུང་པོ་ལ་སོགས་ཆོ་ག་བཞིན། །སྐུ་ཡི་དཀྱིལ་འཁོར་རྫོགས་གྱུར་ནས། །སྦྱོར་བ་ཆེན་པོ་ཡང་དག་བརྩམ། །ཟླ་བའི་དཀྱིལ་འཁོར་ཡང་དག་རྫོགས། །སྤྱི་བོའི་དབུས་སུ་རྣམ་པར་བསམ། །དེར་ནི་ཡི་གེ་ཨོཾ་དཀར་པོ། །འོད་ཟེར་ལྔ་ནི་རབ་འཕྲོ་བའོ། ། དེ་ལས་ལྷ་མོ་དབྱུང་བ་ནི། །བདག་པོ་དང་ནི་རབ་སྦྱོར་བའི། །སྤྱན་ནི་དུ་མ་བསམས་ནས་ནི། །ནམ་མཁའ་ཐམས་ཅད་རབ་ཏུ་དགང་། །དེ་ནས་སྐུ་ཡི་རྡོ་རྗེ་ནི། །ནམ་མཁའ་གང་བར་ལེགས་གནས་པ། །དེ་དབུས་བདག་པོ་བསྒོམ་པ་ནི། །སུམ་ཅུ་རྩ་གཉིས་མཚན་འཆང་ཞིང་། །དཔེ་བྱད་ བཟང་པོ་བརྒྱད་ཅུས་བརྒྱན། །བདག་ཀྱང་དེ་ཡི་མདུན་གནས་ལ། །དེ་ནས་སྔགས་པས་ཚིགས་བཅད་འདི། །གཉིས་བརྗོད་ནས་ནི་གསོལ་བ་གདབ། །དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུ་ནི་མཛད་དུ་ གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུ་ནི་མཛད་དུ་གསོལ། །སྤྱན་དང་ལྷན་ཅིག་ལྡན་པ་ཡི། །རྣམ་པར་སྣང་མཛད་བསམས་ནས་སུ། །དེ་བཅུག་ནས་ནི་བྱིན་བརླབས་ཏེ། ། སྐུ་ཡི་བྱིན་གྱིས་བརླབ་པ་བརྩམ། །སངས་རྒྱས་ཀུན་གྱི་སྐུ་གང་ཡིན། །ཕུང་པོ་ལྔ་ཡིས་རབ་གང་བ། །སངས་རྒྱས་སྐུ་ཡི་ངོ་བོ་ཡིས། །བདག་ཀྱང་དེ་དང་འདྲ་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨཱཿནི་ཁ་དོག་དམར་ལྡན་པས། །ལྕེ་ཡི་པདྨར་རྣམ་ 35-1-5a བསམས་ཏེ། །གོས་དཀར་ཞེས་བྱ་ནམ་མཁའ་རུ། སྤྲོས་ནས་ནམ་མཁའི་ཁམས་རྣམས་དགང་། །གསུང་གི་རྡོ་རྗེའི་སྔགས་པ་ནི། །ནམ་མཁའི་དབུས་ན་བཞུགས་པ་ལ། །དེ་ནས་སྔགས་པས་ཚིགས་བཅད་འདི། །གཉིས་བརྗོད་ནས་ནི་གསོལ་བ་གདབ། ། ཆོས་ཀྱི་གསུང་ལམ་དཔལ་དང་ལྡན། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་གསུང་དུ་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ གསུང་དུ་མཛད་དུ་གསོལ། །གོས་དཀར་མོ་དང་ལྷན་ཅིག་ཉིད། །རང་གི་གཙོ་བོར་ཡང་དག་ལྡན། །ལྕེ་ལ་ཞུགས་པར་རབ་བསམས་ཏེ། །གསུང་གི་བྱིན་གྱིས་བརླབ་པ་བརྩམ། །རྡོ་རྗེ་ཆོས་ཀྱི་གསུང་གང་ཡིན། །ངེས་པའི་ཚིག་ནི་ཕུན་སུམ་ཚོགས། །བདག་གི་ཚིག་ཀྱང་དེ་འདྲ་ཞིང་། །ཆོས་ འཛིན་པ་དང་འདྲ་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྔགས་པས་སྙིང་གར་ཉི་མ་ཡི། །གཟུགས་བརྙན་འབར་བ་བསམ་བྱ་སྟེ། །དེར་ནི་མཐིང་ཤུན་ལྟ་བུ་ཡི། །འོད་ཟེར་ལྔར་ལྡན་ཧཱུཾ་དགོད་དོ། །དེ་ལས་ལྷ་མོ་མཱ་མ་ཀཱི། །ཚོགས་དང་བཅས་པ་དབྱུང་བར་བྱ། །དེ་བཞིན་ ཐུགས་ཀྱི་རྡོ་རྗེ་བསྒོམ། །དེ་ལ་སྔོན་བཞིན་གསོལ་བ་གདབ། །དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་སུ་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་ གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་སུ་མཛད་དུ་གསོལ། །མཱ་མ་ཀཱི་ཚོགས་མ་ལུས་པ། །རྡོ་རྗེ་ཐུགས་དང་ཡང་དག་ལྡན། །སྙིང་གར་ཡང་ནི་བཅུག་ནས་སུ། །ཐུགས་ཀྱི་བྱིན་གྱིས་བརླབ་པ་བརྩམ། །ཀུན་ཏུ་བཟང་པོའི་ཐུགས་གང་ཡིན། ། གསང་བའི་བདག་པོ་བློ་ལྡན་པ། །བདག་ཀྱང་དེ་དང་འདྲ་གྱུར་ཅིག །རྡོ་རྗེ་འཛིན་དང་མཚུངས་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཅི་ཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་ལྟར་རིགས་གསུམ་དབྱེ་བ་ཡིས། །སོ་སོར་བྱིན་གྱིས་བརླབས་ནས་ནི། །བློ་དང་ལྡན་པས་གསང་སྔགས་འདིས། །སླར་ཡང་ 35-1-5b ཐམས་ཅད་བདག་ཉིད་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་ལྟར་བདག་ཉིད་བྱིན་གྱིས་བརླབས། །ཟླ་བའི་དཀྱིལ་འཁོར་དབུས་གནས་པའི། །མཚན་མ་དྲུག་དང་ཡང་དག་ལྡན། །དམ་ཚིག་སེམས་དཔའ་བསྒོམ་པར་བྱ། །སྙིང་གའི་དབུས་སུ་ཕྲ་མོ་ ཡི། །ཡེ་ཤེས་སེམས་དཔའ་རྣམ་པར་བསྒོམ། །ཏིང་འཛིན་སེམས་དཔའ་ཞེས་བྱ་བའི། །ཡི་གེ་ཧཱུཾ་ནི་དེ་རུ་དགོད། །སེམས་དཔའ་གསུམ་གྱི་བདག་ཉིད་ཅན། །དེ་ལྟར་སྦྱོར་བ་ཆེར་བསྐྱེད་ནས། །ཆོ་གའི་སྦྱོར་བ་འདི་ཡིས་ནི། །སྒྲུབ་པ་ཆེན་པོ་བརྩམ་པར་བྱ། །གཟུགས་བཟང་ གཞོན་པས་བརྒྱན་པ་ནི། །སྨེ་ཤ་ཅན་ནི་བདག་ཉིད་ཆེ། །བུ་མོ་ཨུཏྤལ་མཐིང་གའི་མདོག །མིག་ཡངས་དམ་པ་རྙེད་ནས་ནི། །མཉམ་པར་བཞག་ཅིང་ལེགས་པར་བསླབ། །སྒྲུབ་པ་པོ་ལ་ཤིན་ཏུ་མོས། །ཨོཾ་ནི་སྤྱི་བོར་བསམ་པར་བྱ། །ཨཱཿནི་ངག་གི་ལམ་ལ་དགོད། །ཧཱུཾ་ནི་སྙིང་ གར་བསམ་བྱ་ཞིང་། །ལྟེ་བར་སྭཱ་དང་རྐང་གཉིས་ཧཱ། །སྤྱན་དང་མཱ་མ་ཀཱི་དང་ནི། །དེ་བཞིན་དུ་ནི་གོས་དཀར་མོ། །སྒྲོལ་མ་ཡང་ནི་སྔགས་པ་ཡིས། །ས་ལ་སོགས་ལ་རྣམ་པར་དགོད། །ལྷ་མོ་རྡོ་རྗེ་གཟུགས་ལ་སོགས། །དེ་ཉིད་ལ་ནི་རྣམ་བསམས་ལ། །ས་སྙིང་ལ་སོགས་དེ་ རྣམས་དང་། །སྙོམས་པར་འཇུག་པ་བསྒོམ་པར་བྱ། །ལག་གཡས་རྡོ་རྗེ་རོ་ལངས་མ། །གཡོན་ལ་གཞན་གྱིས་མི་ཐུབ་མ། །དེ་ཡི་ཁར་ནི་ཁྲོ་གཉེར་མ། །གསང་བར་རལ་པ་གཅིག་མའོ། །གཞན་ཡང་དཔུང་པ་གཡས་པར་ནི། །དེ་བཞིན་གཤེགས་ཡུམ་རྡོ་རྗེ་མ། །གཡོན་དུ་སྣ་ཚོགས་ རིན་ཆེན་གྱི། །ཕྱག་རྒྱ་དག་ནི་བསྒོམ་པར་བྱ། །པུས་མོ་གཡས་ལ་གནས་པར་ཡང་། །སྣ་ཚོགས་པདྨ་དེ་བཞིན་གཤེགས། །གཡོན་པ་ལ་ནི་སྣ་ཚོགས་ལས། །སྤྱི་བོར་ནམ་མཁའི་རྡོ་རྗེ་མ། །རྐང་པ་གཉིས་ལ་ས་ཡི་ནི། །ས་འཛིན་ལྷ་མོ་གཞག་པར་བྱ། །དེ་ལྟར་འདུས་བྱས་ རྣལ་འབྱོར་པས། །རྡོ་རྗེ་པདྨ་ཡང་དག་བརྩམ། །ཧཱུཾ་གི་སྔགས་སྐྱེས་རྡོ་རྗེ་ནི། །རྩེ་མོ་མངའ་བ་བསམ་པར་བྱ། །དེ་ཚེ་དེ་ཡི་རྩེ་དབུས་སུ། །ཨོཾ་ནི་རྣམ་པར་བསམ་པར་བྱ། །དེ་བཞིན་ཨ་ལས་བྱུང་བ་ཡི། །པདྨ་འདབ་མ་བརྒྱད་པ་ནི། །འོད་ཟེར་ལྔ་ཡིས་ཁྱབ་བསམས་ལ། །དེ་འོག་སྒྲུབ་པ་ 35-1-6a བརྩམ་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། རྡོ་རྗེ་འཛིན་པའི་ང་རྒྱལ་ལེགས་འཆང་སྟེ། །ཧཱུཾ་གི་གླུ་ཡིས་ཀྱང་ནི་བསྐྱོད་བྱ་ཞིང་། །རང་གི་བྱང་ཆུབ་སེམས་ཉིད་ཕྱུང་བའི་ཚེ། །དེས་ནི་ཕཊ་ཀྱི་གསང་སྔགས་བརྗོད་པར་བྱ། །ཕྱུང་ནས་སླར་ ཡང་སྔགས་པས་ནི། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །བྱང་ཆུབ་སེམས་ཀྱིས་མཆོད་ནས་ནི། །གསང་སྔགས་འདི་ནི་བརྗོད་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། རང་སྔགས་ཡི་གེ་ལས་དབྱུང་བ། །རྡོ་རྗེ་གསུམ་གྱིས་བྱིན་བརླབས་བདག ། པདྨའི་དབུས་སུ་བསྐྱེད་ནས་ནི། །སླར་ཡང་ཞེ་སྡང་རྡོ་རྗེར་གྱུར། །བཛྲ་དྷྲྀཀ་སྔགས་ཀྱིས་དབྱུང་བ། །མི་བསྐྱོད་རྡོ་རྗེ་བསམ་པ་ཡང་། །མགོན་པོ་རལ་པ་ཐོར་ཚུགས་ཅན། །མི་བསྐྱོད་པས་ནི་དབུ་རྒྱན་བྱས། །མཐིང་ཤུན་བཟང་པོའི་མདོག་ལྟར་སྣང་། །སྔོ་ནག་དཀར་དང་དམར་བའི་ ཞལ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཕྱག་དྲུག་པར་ནི་རྣམ་པར་བསྒོམ། །རྡོ་རྗེ་འཁོར་ལོ་པདྨ་ནི། །གཡས་པའི་ཕྱག་ཏུ་བསམ་བྱ་ཞིང་། །དྲིལ་བུ་རིན་ཆེན་རལ་གྲི་ནི། །དེ་ཡི་གཡོན་ལ་བསམ་པར་བྱ། །འདི་ནི་ཐུགས་ཀ་ལས་བྱུང་ནས། །ཕྱོགས་བཅུ་རྣམས་སུ་གཟིགས་ ནས་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །སངས་རྒྱས་མཛད་པ་ཀུན་མཛད་དེ། །སེམས་ཅན་མ་ལུས་ཀུན་སྦྱངས་ནས། །ཞེ་སྡང་རྡོ་རྗེ་གནས་ལ་འཇོག །སླར་བྱོན་རྡོ་རྗེ་མགོན་པོ་ཡི། །སྤྱན་སྔ་རུ་ནི་འདུག་པར་འགྱུར། །སྔགས་པས་དེ་ཡི་སྙིང་ག་རུ། །རྗེས་ཞུགས་བདག་ ཉིད་རྣམ་བསྒོམས་པས། །སྔ་མའི་གཟུགས་ནི་ཡོངས་གྱུར་ནས། །ཞེ་སྡང་རྡོ་རྗེ་གནས་སུ་ཞུགས། །ཨིནྡྲ་ནཱི་ལའི་འོད་འབར་བ། །ཉི་མའི་དཀྱིལ་འཁོར་དབུས་སུ་བཞུགས། །དཔའ་བོ་རང་གི་ཕྱག་རྒྱས་འཁྱུད། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །དྲག་པོ་ཞི་དང་འདོད་ ཆགས་ཆེ། །ཞལ་གསུམ་གྱིས་ནི་རྣམ་པར་མཛེས། །ཞེ་སྡང་རྡོ་རྗེ་ཏིང་འཛིན་གནས། །དཀྱིལ་འཁོར་ཐམས་ཅད་སྤྲོ་བར་མཛད། །ཛི་ན་ཛིཀ་སྔགས་ཀྱིས་དབྱུང་བ། །གཙོ་བོ་རྣམ་པར་སྣང་མཛད་དབྱུང་། །མི་བསྐྱོད་པས་ནི་དབུ་རྒྱན་བྱས། །སྟོན་ཀའི་ཟླ་ཟེར་ལྟར་སྣང་ཞིང་། །ཐོར་ཚུགས་ 35-1-6b ཅོད་པན་དག་གིས་བརྒྱན། །དཀར་དང་ནག་དང་དམར་བའི་ཞལ། །ཕྱག་དྲུག་ཞི་བའི་གཟུགས་ཅན་ཏེ། །འཁོར་ལོ་རྡོ་རྗེ་པདྨ་དག །གཡས་པ་ལ་ནི་རྣམ་པར་བསམ། །དྲིལ་བུ་རིན་ཆེན་རལ་གྲི་ནི། །འདི་ཡི་གཡོན་དུ་རྣམ་པར་བསྒོམ། །དེ་བཞིན་ཐུགས་ཀ་ལས་བྱུང་སྟེ། ། གཏི་མུག་སྤྱོད་ནས་སེམས་ཅན་རྣམས། །ཡང་དག་སྦྱངས་ཏེ་སླར་བྱོན་ནས། །ཤར་ཕྱོགས་ཀྱི་ནི་ཟླ་བར་བཞུགས། །རཏྣ་དྷྲྀཀ་སྔགས་ཀྱིས་དབྱུང་བ། །རིན་ཆེན་ཏོག་ནི་སྔགས་པས་དབྱུང་། །ཞི་བའི་ཐོར་ཚུགས་ཅོད་པན་འཆང་། །མི་བསྐྱོད་པས་ནི་དབུ་རྒྱན་བྱས། །སེར་དང་ གནག་དང་དཀར་བའི་ཞལ། །ཕྱག་དྲུག་པར་ནི་རྣམ་པར་བསྒོམ། །ཡིད་བཞིན་ནོར་བུ་རྡོ་རྗེ་དང་། །འཁོར་ལོ་དེ་ཡི་གཡས་སུ་བསྒོམ། །དྲིལ་བུ་པདྨ་སེར་པོ་དང་། །རལ་གྲི་གཡོན་དུ་བསྒོམ་པར་བྱ། །དེ་བཞིན་ཐུགས་ཀ་ནས་བྱུང་སྟེ། །ང་རྒྱལ་གནས་ལ་གནས་པ་རྣམས། ། ཡང་དག་སྦྱངས་ནས་ལྷོ་ཡི་ཆར། །རིན་ཆེན་དབུས་སུ་བཞུགས་པར་གསུངས། །ཨཱ་རོ་ལྀཀ་སྔགས་ཀྱིས་དབྱུང་བ། །མཐའ་ཡས་རྡོ་རྗེ་ཅན་དབྱུང་སྟེ། །ཞི་བ་པདྨ་རཱ་གའི་འོད། །མི་བསྐྱོད་པས་ནི་དབུ་རྒྱན་བྱས། །མགོན་པོ་རལ་པ་ཐོར་ཚུགས་ཅན། །དམར་དང་གནག་དང་ དཀར་བའི་ཞལ། །སྒེག་པའི་ཉམས་དང་ཡང་དག་ལྡན། །ཕྱག་དྲུག་པར་ནི་རྣམ་པར་བསྒོམ། །གཡོན་པའི་ཕྱག་གིས་དྲིལ་བུ་དང་། །པདྨ་སྡོང་བུ་འཛིན་པར་མཛད། །པདྨ་ཐུགས་ཀའི་ཕྱོགས་གནས་པ། །གཡས་པ་ཡིས་ནི་འབྱེད་པར་མཛད། །རྡོ་རྗེ་འཁོར་ལོ་གཡས་ གཉིས་ལ། །རིན་ཆེན་རལ་གྲི་གཡོན་གཉིས་ལ། །སྔོན་བཞིན་འདོད་ཆགས་ཅན་སྦྱངས་ནས། །རྒྱབ་ཀྱི་པདྨ་ལ་བཞུགས་འགྱུར། །པྲཛྙཱ་དྷྲྀཀ་སྔགས་ཀྱིས་དབྱུང་བ། །སྔགས་པས་དོན་ཡོད་རྡོ་རྗེ་ཅན། །མགོན་པོ་སྐུ་མདོག་ལྗང་གུར་དབྱུང་། །མི་བསྐྱོད་པས་ནི་དབུ་རྒྱན་བྱས། ། ཐོར་ཚུགས་ཅོད་པན་དག་གིས་བརྒྱན། །ལྗང་དང་གནག་དང་དཀར་བའི་ཞལ། །ཕྱག་དྲུག་འོད་ཟེར་རྣམ་པར་འཕྲོ། །རལ་གྲི་སྣ་ཚོགས་རྡོ་རྗེ་དང་། །འཁོར་ལོ་གཡས་སུ་བསྒོམ་པར་བྱ། །ཕྱག་གཡོན་ནི་དྲིལ་བུ་དང་། །དེ་བཞིན་པད་ལྗང་ནོར་བུའོ། །ལོག་པའི་ངང་ཅན་སེམས་ 35-1-7a ཅན་རྣམས། །རྣམ་པར་སྦྱངས་ནས་སླར་བྱོན་ཏེ། །དེ་བཞིན་བྱང་གི་ཕྱོགས་སུ་ནི། །སྣ་ཚོགས་རྡོ་རྗེ་དག་ལ་བཞུགས། །ཞེ་སྡང་གཏི་མུག་དེ་བཞིན་ཆགས། །ཡིད་བཞིན་ནོར་བུ་དམ་ཚིག་སྟེ། །རིགས་ནི་ལྔ་པོ་འདི་དག་ཉིད། །འདོད་དང་ཐར་པར་རབ་སྒྲུབ་པའོ། ། མོ་ཧ་ར་ཏི་སྔགས་ཀྱིས་དབྱུང་། །ལྷ་མོ་སྤྱན་ནི་དབྱུང་བར་བྱ། །དཀར་ཞིང་ཞི་བའི་ཉམས་དང་ལྡན། །རྣམ་སྣང་མཛད་ཀྱིས་སྤྱི་བོར་མཚན། །དཀར་དང་གནག་དང་དམར་བའི་ཞལ། །ཕྱག་དྲུག་པར་ནི་རྣམ་པར་བསྒོམ། །འཁོར་ལོ་རྡོ་རྗེ་དེ་བཞིན་དུ། །ཨུཏྤལ་དཀར་པོ་གཡས་སུ་ བསམ། །དྲིལ་བུ་དེ་བཞིན་རིན་ཆེན་དང་། །རལ་གྲི་གཡོན་དུ་བསྒོམ་པར་བྱ། །དེ་བཞིན་ཐུགས་ཀ་ནས་བྱུང་སྟེ། །ཕྱོགས་བཅུ་དག་ཏུ་གཟིགས་ནས་ནི། །གདོན་དང་ནད་གདུངས་འཇིགས་པ་རྣམས། །ཐུགས་རྗེ་ཆེན་པོས་ཞི་མཛད་དེ། །སླར་བྱོན་ནས་ནི་ཟླ་དཀྱིལ་དུ། །ཤར་ གྱི་མཚམས་སུ་བཞུགས་པར་གྱུར། །དྭེ་ཥ་ར་ཏིའི་སྔགས་ཀྱིས་དབྱུང་། །ལྷ་མོ་མཱ་མ་ཀཱི་དབྱུང་སྟེ། །ཨུཏྤ་ལ་སྔོན་པོའི་འདབ་ལྟར་སྔོ། །བཞིན་བཟངས་ཤིན་ཏུ་ཡིད་དུ་འོང་། །གནག་དང་དཀར་དང་དམར་བ་སྟེ། །མི་བསྐྱོད་པས་ནི་དབུ་རྒྱན་བྱས། །འཁོར་ལོ་རྡོ་རྗེ་དེ་བཞིན་དུ། ། ཨུཏྤལ་སྔོ་དམར་གཡས་པ་ལ། །དྲིལ་བུ་རིན་ཆེན་རལ་གྲི་ནི། །གཡོན་གྱི་ཕྱག་ན་བསྣམས་པར་མཛད། །བགེགས་ཆེན་འཇིགས་པས་གཟིར་བ་རྣམས། །ཐུགས་རྗེ་ཆེན་པོས་སྲུང་བར་མཛད། །བྱུང་ནས་སླར་ནི་བྱོན་ནས་སུ། ལྷོ་ནུབ་ཏུ་ནི་བཞུགས་པར་གྱུར། །རཱ་ག་ར་ཏིའི་སྔགས་ ཀྱིས་དབྱུང་། །གོས་དཀར་མོ་ནི་དབྱུང་བྱ་སྟེ། །ཞལ་ནི་དམར་དང་གནག་དང་དཀར། །པདྨ་རཱ་གའི་འོད་དང་ལྡན། །འོད་དཔག་མེད་བཅས་རལ་པའི་ཚོགས། །ཕྱག་དྲུག་པ་ནི་རྣམ་བསྒོམས་ཏེ། །གཡོན་པ་དྲིལ་བུར་བཅས་པ་ཡིས། །ཨུཏྤལ་སྡོང་བུ་འཛིན་མཛད་ལ། །ཐུགས་ ཀར་གནས་པའི་ཨུཏྤ་ལ། །དམར་པོ་གཡས་ཀྱིས་འབྱེད་པར་མཛད། །རྡོ་རྗེ་འཁོར་ལོ་གཡས་དག་ལ། །ནོར་བུ་རིན་ཆེན་རལ་གྲི་གཡོན། །བསྣམས་པར་མཛད་པ་ཕྱུང་ནས་ནི། །གདོན་གྱིས་ཉེན་པ་ཞི་མཛད་དེ། །སླར་བྱོན་པདྨའི་དབུས་ཉིད་དུ། །ནུབ་བྱང་མཚམས་སུ་བཞུགས་པར་ 35-1-7b འགྱུར། །བཛྲ་ར་ཏིའི་སྔགས་ཀྱིས་དབྱུང་། །ཡིད་འོང་སྒྲོལ་མ་དབྱུང་བྱ་སྟེ། །ལྗང་དང་གནག་དང་དཀར་བའི་ཞལ། །དཱུར་བའི་ལོ་མའི་མདངས་དང་ལྡན། །དོན་ཡོད་པས་ནི་གཙུག་ཏོར་བྱས། །ཕྱག་དྲུག་པར་ནི་རྣམ་པར་བསྒོམ། །སྣ་ཚོགས་རྡོ་རྗེ་འཁོར་ལོ་དང་། ། ཨུཏྤལ་དཀར་པོ་གཡས་པ་ན། །དྲིལ་བུ་རིན་ཆེན་རལ་གྲི་ནི། །བརྟུལ་ཞུགས་ཅན་གྱིས་གཡོན་དུ་བསམ། །སེམས་ཅན་ཐམས་ཅད་དབང་མཛད་དེ། །སྣ་ཚོགས་རྡོ་རྗེའི་གདན་ལ་ཡང་། །བྱུང་ནས་སླར་ནི་བྱོན་ནས་སུ། །བྱང་ཤར་མཚམས་སུ་བཞུགས་པར་འགྱུར། །རྣལ་འབྱོར་ པས་ནི་རིམ་གཉིས་པར། །གཟུགས་རྡོ་རྗེ་ལ་སོགས་པ་དབྱུང་། །མེ་ཡི་མཚམས་སུ་དགོད་བྱ་བ། །རྡོ་རྗེ་གཟུགས་ནི་ཡིད་འོང་བ། །ཞལ་གསུམ་ཕྱག་དྲུག་དཀར་བ་སྟེ། །དབུ་རྒྱན་རྣམ་པར་སྣང་མཛད་དཔལ། །གཉིས་ཀྱིས་མེ་ལོང་འཛིན་མཛད་དེ། །ལྷག་མ་གཏི་མུག་དག་ དང་མཚུངས། །བདེན་བྲལ་ཕྱོགས་དགོད་ལྷ་མོ་ནི། །རྡོ་རྗེ་སྒྲ་སྟེ་ཕྱག་དྲུག་མ། །ཞལ་གསུམ་སྐུ་མདོག་སེར་མོ་སྟེ། །དབུ་རྒྱན་རིན་ཆེན་འབྱུང་ལྡན་ཡིན། །ཕྱག་གཉིས་ཀྱིས་ནི་པི་ཝང་བསྣམས། །ལྷག་མ་མཱ་མ་ཀཱི་དང་མཚུངས། །རླུང་གི་ཕྱོགས་དགོད་ལྷ་མོ་ནི། །རྡོ་རྗེ་ དྲི་སྟེ་ཕྱག་དྲུག་མ། །ཞལ་གསུམ་སྐུ་མདོག་དམར་མོ་སྟེ། །སྣང་མཐའ་ཡས་ཀྱི་ཐོར་ཚུགས་ཅན། །ཕྱག་གཉིས་ཀྱིས་ནི་དུང་བསྣམས་ཏེ། །ལྷག་མ་གོས་དཀར་ཅན་དང་མཚུངས། །དབང་ལྡན་ཕྱོགས་དགོད་ལྷ་མོ་ནི། །རྡོ་རྗེ་རོ་སྟེ་ཕྱག་དྲུག་མ། །ཞལ་གསུམ་སྐུ་མདོག་ལྗང་ གུ་སྟེ། །དབུ་རྒྱན་ལ་ནི་རྔ་སྒྲ་བཞུགས། །ཕྱག་གཉིས་ལ་ནི་རོ་ཡི་སྣོད། །ལྷག་མ་སྒྲོལ་མ་ལྟ་བུ་ཡིན། །རྡོ་རྗེ་སེམས་དཔའ་ལེགས་འཁྱུད་དེ། །འཁོར་ལོའི་དབུས་ན་རབ་བཞུགས་པར། །རྡོ་རྗེ་རེག་བྱ་བསམ་བྱ་སྟེ། །ཞལ་སོགས་བདག་པོ་ལྟ་བུའོ། །རིམ་པ་གསུམ་པ་ ཤར་གྱི་ནི། །སྣམ་བུར་བརྟུལ་ཞུགས་ཅན་གྱིས་དབྱུང་། །མཻ་ཐླིཾ་ས་བོན་ལས་བྱུང་བ། །བྱམས་པ་ས་ཡི་སྙིང་པོ་གཉིས། །ཨོཾ་གྱི་ས་བོན་ལས་བྱུང་བ། །ཕྱག་ན་རྡོ་རྗེ་མཁའ་སྙིང་པོ། །ལྷོ་ཡི་ཕྱོགས་ཀྱི་སྣམ་བུ་ལ། །གོ་རིམས་བཞིན་དུ་དགོད་པར་བྱ། །ཨོཾ་དང་ཧཱུཾ་ལས་ཡང་དག་བྱུང་། །འཇིག་རྟེན་ 35-1-8a དབང་པོ་འཇམ་པའི་དབྱངས། །འདི་དག་ནུབ་ཏུ་དབྱུང་བར་བྱ། །བྱང་གི་ཕྱོགས་སུ་དབྱུང་བ་ནི། །ཨོཾ་དང་སཾ་ཀི་ས་བོན་སྐྱེས། །སྒྲིབ་སེལ་ཀུན་དུ་དབང་པོར་བཅས། །འདི་དག་དབུ་རྒྱན་རང་གི་མགོན། །སྐུ་མདོག་སོགས་པ་དེ་དང་མཚུངས། །ཕྱག་དང་མཚོན་ཆ་དག་ཀྱང་ནི། །རང་རང་གི་ནི་བདག་པོར་མཚུངས། ། བྱམས་པ་འབའ་ཞིག་གཡས་པ་ན། །ཀླུ་ཤིང་མེ་ཏོག་བསྣམས་པར་མཛད། །འདི་དག་སྐྱེ་མཆེད་རྣམ་སྦྱངས་ཤིང་། །ལྷ་ཡི་མིག་སོགས་སྩོལ་བ་པོ། །སེམས་ཅན་སྐྱེ་མཆེད་སྦྱངས་ནས་སུ། །སླར་བྱོན་ནས་ནི་སྟན་ལ་བཞུགས། །ཡ་མཱནྟ་ཀྲྀཏ་སྔགས་ཀྱིས་ནི། །སྔགས་པས་གཤིན་ རྗེ་གཤེད་དབྱུང་བ། །རྣམ་པར་སྣང་མཛད་དབུ་རྒྱན་ཅན། །ཞལ་ནི་གནག་དང་དཀར་དང་དམར། །འབར་བའི་ཚོགས་ཀྱིས་རྣམ་པར་འཁྲིགས། །དབྱུག་པ་རྡོ་རྗེ་འཁོར་ལོ་རྣམས། །ཕྱག་གཡས་ན་ནི་བསྣམས་པར་མཛད། །ཐུགས་ཀར་སྡིགས་མཛུབ་ཞགས་པ་དང་། །དྲིལ་བུ་དགྲ་སྟ་ གཡོན་པ་ན། །གཡོན་བརྐྱང་པ་ཡི་གནས་པ་ཡིས། །དབང་པོ་ལ་སོགས་ཚོགས་བཅས་དང་། །མི་བཟད་བགེགས་ཀྱང་སྐྲག་པར་མཛད། །པདྨ་ཉི་མ་མནན་ནས་ནི། །ཤར་གྱི་ཕྱོགས་སུ་བཞུགས་པར་གྱུར། །པྲཛྙཱ་ནྟ་ཀྲྀཏ་སྔགས་ཀྱིས་ནི། །རིན་ཆེན་འབྱུང་ལྡན་དབུ་རྒྱན་ཅན། ། སྐུ་མདོག་དཀར་ཞིང་ནོར་བུས་བརྒྱན། །གཞན་གྱིས་མི་ཐུབ་སྔགས་ཀྱིས་དབྱུང་། །གསུས་ཁྱིམ་ཆེ་ཞིང་སྤྱན་གསུམ་པ། །དཀར་དང་གནག་དང་དམར་བའི་ཞལ། །མཆེ་བ་གཙིགས་ཤིང་རྣམ་པར་འགྱུར། །འབར་བའི་ཚོགས་ཀྱིས་རྣམ་པར་འཁྲིགས། །རྡོ་རྗེ་དབྱུག་པ་རལ་གྲི་ ནི། །གཡས་ཀྱི་ཕྱག་ན་བསྣམས་པར་མཛད། །སྙིང་གར་སྡིགས་མཛུབ་ཞགས་པ་དང་། །དྲིལ་བུ་དགྲ་སྟ་གཡོན་པ་ན། །གཡོན་བརྐྱང་པ་ཡི་གནས་པ་ཡིས། །མི་བཟད་བགེགས་ནི་སྐྲག་པར་མཛད། །པདྨ་ཉི་མ་མནན་ནས་ནི། །ལྷོ་ཡི་ཕྱོགས་སུ་བཞུགས་པར་གྱུར། །པདྨཱནྟ་ ཀྲྀཏ་སྔགས་ཀྱིས་ནི། །བརྟུལ་ཞུགས་ཅན་གྱིས་རྟ་མགྲིན་དབྱུང་། །སྤྱན་གསུམ་པདྨ་རཱ་གའི་མདོག །ཞལ་ནི་དམར་དང་གནག་དང་དཀར། །ཞལ་གདངས་གསུས་ཁྱིམ་ཆེ་བ་དང་། །འོད་དཔག་མེད་པའི་ཅོད་པན་ཅན། །དཔའ་བོ་གཡོན་བརྐྱང་པ་ཡིས་གནས། །འབར་བའི་ཚོགས་ 35-1-8b ནི་རྣམ་པར་འཁྲུགས། །པདྨ་རལ་གྲི་གཏུན་ཤིང་ནི། །གཡས་ཀྱི་ཕྱག་ན་བསྣམས་པར་མཛད། །བསྙེམས་དང་བཅས་པས་དྲིལ་བུ་དང་། །དགྲ་སྟ་ཞགས་པ་གཡོན་ན་བསྣམས། །པདྨ་ཉི་མ་ལ་གནས་ཏེ། །ཕྱོགས་བཅུ་དག་ཏུ་གཟིགས་ནས་ནི། །ཀླུ་རྣམས་སྐྲག་པར་ མཛད་ནས་སུ། །ནུབ་ཀྱི་ཕྱོགས་སུ་བཞུགས་པར་འགྱུར། །བིགྷྣཱནྟ་ཀྲྀཏ་སྔགས་ཀྱིས་ནི། །རྔ་སྒྲའི་ཅོད་པན་ཡང་དག་ལྡན། །ཨུཏྤལ་སྔོན་པོའི་འདབ་ལྟར་ལྗང་། །བདུད་རྩི་འཁྱིལ་པ་དབྱུང་བར་བྱ། །ཞལ་ནི་སྔོ་དང་དམར་དང་དཀར། །ཞལ་གདངས་པ་ནི་རྣམ་པར་འགྱུར། གསུས་ཁྱིམ་ཆེ་ཞིང་སྤྱན་གསུམ་པ། །འབར་བའི་འོད་ཀྱིས་རྣམ་པར་བརྒྱན། །སྣ་ཚོགས་རྡོ་རྗེ་འཁོར་ལོ་དང་། །གཏུན་ཤིང་རྣམས་ནི་གཡས་པ་ན། །སྡིགས་མཛུབ་ཞགས་པར་བཅས་པ་དང་། །དྲིལ་བུ་དགྲ་སྟ་གཡོན་ན་བསྣམས། །གཡོན་བརྐྱང་པ་ཡི་གནས་པ་ཡིས། ། པདྨ་ཉི་མ་མནན་ནས་ནི། །བྱང་གི་ཕྱོགས་སུ་བཞུགས་པར་གྱུར། །རང་གི་སྔགས་ཀྱིས་བསྐྱེད་པ་ཡིས། །མི་གཡོ་བ་ཡང་དབྱུང་བར་བྱ། །སྤྱན་གསུམ་ཨིནྡྲ་ནཱི་ལའི་མདོག །དབུ་རྒྱན་རྣམ་པར་སྣང་མཛད་དཔལ། །མཆེ་བ་རྣམ་པར་གཙིགས་པའི་ཞལ། །ཞལ་ནི་གནག་ དང་དམར་དང་དཀར། །མི་བཟད་ཧ་ཧ་ཞེས་བཞད་སྒྲ། །གསུས་ཁྱིམ་ཆེ་ཞིང་སྟོབས་པོ་ཆེ། །རལ་གྲི་རྡོ་རྗེ་འཁོར་ལོ་རྣམས། །གཡས་པའི་ཕྱག་ན་བསྣམས་པར་མཛད། །སྡིགས་མཛུབ་དང་ནི་དགྲ་སྟ་དང་། །ཞགས་པ་གཡོན་པའི་ཕྱག་ན་བསྣམས། །རིམས་སོགས་འཇིགས་ པའི་གདོན་འཇོམས་ཏེ། །གཡོན་བརྐྱང་པ་ཡི་གནས་པ་ཡིས། །པདྨ་ཉི་མ་ལ་གནས་ནས། །ཤར་ལྷོ་མཚམས་སུ་བཞུགས་པར་གྱུར། །རང་གི་སྔགས་ཀྱིས་བསྐྱེད་པ་ཡི། །བརྟུལ་ཞུགས་ཅན་གྱིས་འདོད་རྒྱལ་དབྱུང་། །དྲག་པོ་ཨིནྡྲ་ནཱི་ལའི་མདོག །རིན་ཆེན་འབྱུང་ལྡན་ དབུ་རྒྱན་ཅན། །ཞལ་ནི་གནག་དང་དམར་དང་དཀར། །སྤྱན་གསུམ་མཆེ་བ་འཇིགས་སུ་རུང་། །ཕྱག་གཉིས་རྡོ་རྗེ་ཧཱུཾ་མཛད་ཀྱི། །ཕྱག་རྒྱ་དག་ནི་འཆིང་བར་མཛད། །རྡོ་རྗེ་རལ་གྲི་གཡས་དག་ན། །གཡོན་ན་ཞགས་པ་ལྕགས་ཀྱུའོ། །བདེན་བྲལ་བགེགས་ནི་འཇོམས་པའོ། །གཡོན་ 35-1-9a བརྐྱང་གནས་པས་ཉི་མར་བཞུགས། །རང་གི་སྔགས་ཀྱིས་བསྐྱེད་པ་ཡི། །བརྟུལ་ཞུགས་ཅན་གྱིས་དབྱུག་སྔོན་བསྐྱེད། །སྤྱན་གསུམ་སྤྲིན་སྔོན་ལྟ་བུ་སྟེ། །འོད་དཔག་མེད་པའི་དབུ་རྒྱན་ཅན། །ཞལ་ནི་སྔོ་དང་དཀར་དང་དམར། །གསུས་ཁྱིམ་ཆེ་ཞིང་ འཇིགས་པར་མཛད། །དབྱུག་པ་རལ་གྲི་འཁོར་ལོ་ནི། །གཡས་ཀྱི་ཕྱག་ན་བསྣམས་པར་མཛད། །སྙིང་གར་སྡིགས་མཛུབ་ཞགས་པ་དང་། །དགྲ་སྟ་རྣམས་ནི་གཡོན་ན་བསྣམས། །ཡམས་ཀྱི་འཇིགས་པ་བསལ་ནས་ནི། །གཏུམ་པོ་གཡོན་བརྐྱང་གནས་པ་ཡིས། །པདྨ་ ཉི་མ་ལ་གནས་ཏེ། །ནུབ་བྱང་མཚམས་སུ་བཞུགས་པར་གྱུར། །རང་གི་སྔགས་ཀྱིས་བསྐྱེད་པ་ཡི། །རྔ་སྒྲ་ཡིས་ནི་དབུ་རྒྱན་ཅན། །སྟོབས་པོ་ཆེ་ནི་སྔགས་པས་དབྱུང་། །ཨུཏྤལ་སྔོན་པོའི་མདོག་འདྲ་བ། །ཞལ་ནི་གནག་དང་དམར་དང་དཀར། །སྤྱན་གསུམ་འཇིགས་པའི་ སྒྲ་དང་ལྡན། །ཡན་ལག་ཐམས་ཅད་སྦྲུལ་གྱིས་བརྒྱན། །གསུས་ཁྱིམ་ཆེ་ཞིང་འཇིགས་པར་བྱེད། །དབྱུག་པ་རལ་གྲི་འཁོར་ལོ་ནི། །གཡས་ཀྱི་ཕྱག་ན་བསྣམས་པར་མཛད། །སྙིང་གར་སྡིགས་མཛུབ་ཞགས་པ་དང་། །དགྲ་སྟ་རྣམས་ནི་གཡོན་ན་བསྣམས། །གཡོན་ བརྐྱང་པ་ཡི་གནས་པ་ཡིས། །མཁའ་འགྲོ་ལ་སོགས་འཇིགས་པ་འཇོམས། །པདྨ་ཉི་མ་ལ་གནས་ཏེ། །བྱང་ཤར་མཚམས་སུ་བཞུགས་པར་གྱུར། །རང་གི་སྔགས་ཀྱིས་བསྐྱེད་པ་ཡི། །གཙུག་ཏོར་འཁོར་ལོས་སྒྱུར་བ་དབྱུང་། །མཁའ་ལྟར་སྔོ་བསངས་འཇིགས་པ་པོ། ། མི་བསྐྱོད་པས་ནི་དབུ་རྒྱན་བྱས། །ཞལ་ནི་སྔོ་དང་དམར་དང་དཀར། །གཙོ་བོ་སྤྱན་གསུམ་གསུས་པ་འཕྱང་། །གཡས་གཡོན་གཉིས་ཀྱི་ཕྱག་གཉིས་ཀྱིས། །སྤྱི་བོར་གཙུག་ཏོར་འཛིན་པར་མཛད། །རྡོ་རྗེ་པདྨ་གཡས་དག་ན། །སྡིགས་མཛུབ་རལ་གྲི་གཡོན་ན་བསྣམས། ། འཚེ་བ་ཐམས་ཅད་རྣམ་འཇིགས་ཅན། །གཏུམ་པོ་གཡོན་བརྐྱང་གནས་པ་ཡིས། །པདྨ་ཉི་མ་ལ་གནས་ཏེ། །ཚངས་པའི་གནས་སུ་དེ་བཞུགས་པའོ། །རང་གི་སྔགས་ཀྱིས་བསྐྱེད་པ་ཡི། །བརྟུལ་ཞུགས་ཅན་གྱིས་གནོད་མཛེས་དབྱུང་། །སྤྱན་གསུམ་ནམ་མཁའ་ལྟ་བུའི་མདོག ། 35-1-9b ཞལ་ནི་གནག་དང་དམར་དང་དཀར། །གསུས་ཁྱིམ་ཆེ་ཞིང་འཇིགས་པའི་ཞལ། །མི་བསྐྱོད་པས་ནི་དབུ་རྒྱན་བྱས། །རྡོ་རྗེ་འཁོར་ལོ་རིན་ཆེན་ནི། །གཡས་པའི་ཕྱག་ན་འཛིན་པར་མཛད། །སྙིང་གར་སྡིགས་མཛུབ་ཞགས་པ་དང་། །པདྨ་རལ་གྲི་གཡོན་ན་བསྣམས། །རྒྱུ་བ་ དང་ནི་གནས་པའི་དུག །ཀ་ལ་ཀུ་ཏ་སོགས་ཀུན་དང་། །བགེགས་ཀྱི་བདག་པོ་ཀུན་བཅོམ་སྟེ། །ཐམས་ཅད་ཞི་བར་མཛད་ནས་ནི། །མ་ལུས་བཀའ་ནི་རྫོགས་བྱས་ལ། །གཡོན་བརྐྱང་པ་ཡི་གནས་པ་ཡིས། །པདྨ་ཉི་མ་ལ་གནས་ཏེ། །ས་ཡི་འོག་ཏུ་དེ་བཞུགས་སོ། །ལྷ་ ནི་སུམ་ཅུ་གཉིས་རང་བཞིན། །དཀྱིལ་འཁོར་ཐམས་ཅད་བསྐྱེད་ནས་ནི། །འཁོར་ལོའི་དབུས་སུ་གནས་གྱུར་ན། །དེ་ནས་ཕྲ་མོའི་རྣལ་འབྱོར་བརྩམ། །སྣ་ཡི་རྩེ་མོར་ཡུངས་ཀར་བསམ། །འགྲོ་དང་མི་འགྲོ་ཡུངས་ཀར་ལ། །གསང་བའི་སྔགས་ཀྱིས་བརྟགས་པ་ཡི། ། ཡེ་ཤེས་མཆོག་གི་གནས་བསྒོམ་མོ། །རིན་ཆེན་ཁ་དོག་སྣ་ལྔ་ལ། །ཡུངས་ཀར་གྱི་ནི་འབྲུ་ཚོད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་རིག་པས་རྟག་ཏུ་བསྒོམ། །རིན་ཆེན་བརྟན་པར་གྱུར་ནས་སྤྲོ། །བརྟན་པར་མ་གྱུར་དེ་མི་སྤྲོ། །སངས་རྒྱས་འབར་བའི་འོད་མཉམ་པ། ། རབ་མཆོག་སྦྲིན་ནི་སྤྲོ་བར་བྱ། །སློང་མོ་ཟ་ཞིང་མི་བཟླས་ཏེ། །མ་བསླངས་པ་ལའང་ཆགས་མི་བྱ། །འདོད་པ་ཀུན་ལས་ལོངས་སྤྱོད་ཅིང་། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །བརྗོད་ནས་རྡོ་རྗེ་སྤྲོ་བ་ནི། །རྫོགས་ནས་རབ་ཏུ་བསྡུ་བར་བྱ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། ། དོན་དམ་པ་ཡི་བཟླས་པར་བཤད། །ཕྲ་མོའི་རྣལ་འབྱོར་བཟླས་པ་ཡང་། །ཅི་འདོད་པར་ནི་རྣམ་གཉིས་བྱ། །སླར་ཡང་སྔགས་པས་བདག་ཉིད་ནི། །དེ་བཞིན་ཉིད་ལ་གཞུག་པར་བྱ། །དེ་ནས་དཀྱིལ་འཁོར་གནས་པ་འདི། །ལྷ་མོས་བདག་པོ་མ་མཐོང་བས། །ཚིགས་སུ་བཅད་པ་ འདི་བཞི་ཡིས། །བདེ་བ་ཆེན་པོ་སྐུལ་བར་བྱེད། །སེམས་ཅན་ཁམས་ན་གནས་ཀྱི་དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས། །དགའ་བ་ཡིད་འོང་དོན་ཆེན་འདོད་པས་བདག་ལ་བསྐྱབ་ཏུ་གསོལ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །སེམས་ཅན་ཡབ་ཆེན་གཉེན་ 35-1-10a མཆོག་བདག་ལ་དགྱེས་པར་མཛད་དུ་གསོལ། །རྡོ་རྗེ་སྐུ་ཁྱོད་བཀའ་ཡི་འཁོར་ལོ་སེམས་ཅན་ཀུན་ལ་ཕན། །སངས་རྒྱས་དོན་དུ་བྱང་ཆུབ་མཆོག་བསྒྲུབ་རབ་ཏུ་ཕན་པར་གཟིགས། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། ། འདོད་ཆགས་དམ་ཚིག་ཆགས་པས་བདག་ལ་དགྱེས་པར་མཛད་དུ་གསོལ། །ཁྱོད་ནི་རྡོ་རྗེ་གསུང་སྟེ་ཀུན་ལ་ཕན་ཞིང་ཐུགས་བརྩེ་བ། །འཇིག་རྟེན་དག་གི་དགོས་པའི་དོན་མཛད་པ་ལ་རྟག་ཏུ་བརྩོན། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །སྤྱོད་ པ་དྲི་མེད་ཀུན་དུ་བཟང་པོས་བདག་ལ་དགྱེས་པར་མཛོད། །ཁྱོད་ནི་རྡོ་རྗེའི་ཐུགས་ཏེ་དམ་ཚིག་མཆོག་གི་ཕན་དོན་ཆེ། །ཡང་དག་རྫོགས་སངས་རྒྱས་ཀྱི་གདུང་མཆོག་མཉམ་པ་ཉིད་གཟིགས་པ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །ཡོན་ཏན་རིན་ཆེན་ མང་པོའི་གཏེར་གྱུར་བདག་ལ་དགྱེས་པར་མཛོད། །དེ་ལྟར་ཡང་དག་ཡོན་ཏན་ནི། །བརྗོད་པས་མགོན་པོ་དེ་བསྐུལ་ནས། །མི་བསྐྱོད་ལ་སོགས་ངོ་བོ་ཡིས། །དེ་བཞིན་གཤེགས་པ་བསྟོད་པར་མཛད། །མི་བསྐྱོད་པ་ནི་རྡོ་རྗེ་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་ གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བའི་དབྱངས་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་རབ་ཏུ་དག །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་གྱིས་ནི་འོད་གསལ་མཆོག །སྟོན་པ་རྡོ་རྗེ་ཕྱག་འཚལ་ལོ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་ མེད། །དངོས་ཉིད་དག་པ་གོས་མེད་པ། །གསང་བའི་གསུང་ལ་ཕྱག་འཚལ་ལོ། །རྡོ་རྗེ་མི་འཆི་འདོད་ཆགས་ཆེ། །མི་རྟོག་ནམ་མཁའི་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ། །རྡོ་རྗེ་དགའ་བ་གདོན་མི་ཟ། །བསམ་པ་ཐམས་ཅད་ ཡོངས་རྫོགས་པ། །སངས་རྒྱས་ངོ་བོ་ཉིད་ལས་བྱུང་། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ། །དེ་ནས་འཁོར་ལོ་སངས་རྒྱས་ཀྱིས་བསྟོད་གསོལ། །མཆོག་ཏུ་གསང་བ་ཇི་བཞིན་དོན་སྤྱད་ནས། །རང་གི་འཁོར་ལོ་ལ་ནི་འཁོར་ལོ་གཞུག །མགོན་པོ་བདེ་བ་ཆེན་པོ་གཅིག་པོ་བཞུགས། ། 35-1-10b དེ་ལྟར་རྣལ་འབྱོར་བཞི་བྱེད་རྣལ་འབྱོར་པ། །ཧཱུཾ་གི་སྙིང་པོས་འཇིག་རྟེན་རབ་ཏུ་བསྒོམ། །དེ་བྱུང་འགྲོ་ཀུན་རྡོ་རྗེ་སེམས་དཔར་བསམ། །ལངས་ནས་འགྲོ་ལ་བལྟས་ཏེ་ཇི་བཞིན་སྤྱད་པར་བྱ། །སྔགས་པས་ཏིང་འཛིན་དམིགས་པའི་ཚེ། །གང་ཚེ་ལུས་ནི་བསྐམས་གྱུར་ན། །ལུས་ངག་ ཡིད་ནི་ཚིམ་བྱེད་པའི། །སྦྱོར་བ་འདི་ནི་བསྒོམ་པར་བྱ། །མཐོ་གང་ཙམ་གྱིས་དཔགས་པ་རུ། །སྤྱི་བོར་དཀྱིལ་འཁོར་བསྒོམ་པར་བྱ། །བདུད་རྩི་ལྔ་ནི་ངེས་འབེབས་པའི། །ཨོཾ་ནི་དེ་རུ་བསམ་པར་བྱ། །རྡོ་རྗེ་སྦྱོར་བ་འདི་ཡིས་ནི། །སྐད་ཅིག་གིས་ནི་གཟི་ཅན་འགྱུར། །ལུས་ ངག་ཡིད་ནི་བདེ་བ་དག །ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །དེ་ལྟར་སློབ་པའི་སྔགས་པ་ཡིས། །སྦྱངས་དང་དེ་བཞིན་རྟོགས་པར་བྱ། །ལྐོག་མ་སྙིང་ག་ལེགས་སྦྱངས་ཤིང་། །དེ་བཞིན་གཤེགས་རྣམས་ཚིམ་པར་བྱ། །ཧཱུཾ་གིས་ལེགས་པར་སྦྱངས་བྱས་ལ། །ཡི་གེ་ཨཱཿཡིས་ རྟོགས་བྱས་ཏེ། །ཨོཾ་གྱིས་མནན་ནས་སྦར་བར་བྱ། །འདི་ནི་ཁ་ཟས་སྦྱང་བྱ་བའོ། །དང་པོ་མགྲིན་པའི་མཚམས་བསམ་པ། །དེར་ནི་ཧྲཱིཿལས་བྱུང་བ་ཡི། །པདྨ་འདབ་མ་བརྒྱད་པ་བསྒོམ། །ལྟེ་བའི་ནང་དུ་ཡི་གེ་ཧཱུཾ། །ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་ཆེ། །རྩེ་མོ་ལྔ་པ་རྣམ་པར་བསམ། ། རྩེ་མོ་དབུས་མའི་སྟེང་དུ་ནི། །ཨོཾ་བསམ་ལྐོག་མ་སྦྱང་བའོ། །སྤྲིན་གྱི་སྒྲ་ནི་སྙིང་གར་བས་མ། །རྩེ་གསུམ་མེ་ནི་དེ་ལ་སྤྲོ། །དེར་ནི་བཟའ་བ་བསྲེག་པ་དག །འདི་ནི་ནང་གི་སྦྱིན་སྲེག་ཡིན། །རླུང་གིས་མེ་ནི་སྦར་བྱེད་པ། །དེར་ནི་ཆུ་གང་འཚེད་པར་བྱེད། །དབང་ཆེན་དཀྱིལ་འཁོར་གནས་སུ་ནི། ། གང་དུ་མེ་ནི་རྒྱུ་བ་དག །བཟའ་བ་དང་ནི་བཏུང་བ་རྣམས། །གང་ཅི་རུང་བ་ཆུའི་དཀྱིལ་འཁོར། །བཟའ་བ་ཁ་ཡི་པདྨ་ལས། །སྙིང་གའི་པདྨར་ཡང་དག་གཞུག །ལྟེ་བའི་དཀྱིལ་འཁོར་ཕྱིན་འོག་ཏུ། །ཁ་སྦྱར་བ་ཡི་སྦྱོར་བ་ཡིས། །གསང་བའི་པདྨ་ལས་བྱུང་བ། །ཐལ་པའི་མཐར་ནི་ རྣམ་པར་བརྟག །རིམས་ནད་མེད་ཅིང་ནད་ཀྱང་མེད། །དུག་ལ་སོགས་པས་མི་འཆི་ལ། །དེ་ནི་དུས་མིན་འཆི་མི་འགྱུར། །འཚེ་བ་ཐམས་ཅད་རྣམ་འཇོམས་པའོ། །རྡོ་རྗེ་ཕྲེང་བ་དཔལ་མཆོག་སྲུབ་ཤིང་གིས། །གསང་འདུས་སྦས་ཆུའི་རྒྱ་མཚོ་བསྲུབས་པ་ལས། །སྒྲུབ་པའི་ཡན་ 35-1-11a ལག་བདུད་རྩི་གང་ཐོབ་དེས། །འཇིག་རྟེན་མ་ལུས་འཆི་མེད་མྱུར་ཐོབ་ཤོག །སྒྲུབ་པའི་ཐབས་མདོར་བྱས་པ་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་ཤྲདྡྷཱ་ཀ་ར་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་རིན་ཆེན་ བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།༄༅༅། །རྒྱ་གར་སྐད་དུ། ཤྲཱི་གུ་ཧྱ་ས་མཱ་ཛ་མ་ཧཱ་ཡོ་ག་ཏནྟྲ་ཨུཏྤཱ་ད་ཀྲ་མ་སཱ་དྷ་ན་སཱུ་ཏྲ་མེ་ཤྲ་ཕ་ཀ་ནཱ་མ། བོད་སྐད་དུ། རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་གསང་བ་འདུས་པའི་བསྐྱེད་པའི་རིམ་པ་ བསྒོམ་པའི་ཐབས་མདོ་དང་བསྲེས་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་གསང་བ་འདུས་པ་ལ་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་སྒྲུབ་པ་ལ་རབ་ཏུ་འཇུག་པ་རྣམས་ཀྱིས་བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་ངེས་པར་བྱ་བའི་ ཕྱིར་མདོ་དང་བསྲེས་པ་ཞེས་བྱ་བ་ལེའུ་བཅུ་བདུན་པ་ལས་བཏུས་ཏེ་བསྡུ་བར་བྱའོ། །དེ་ལ་སྒྲུབ་པ་པོས་ཇི་སྐད་དུ་ལེའུ་བཅུ་གཉིས་པ་ལས། དགོན་པ་ཆེན་པོའི་ས་ཕྱོགས་ནི། །མེ་ཏོག་འབྲས་བུ་སོགས་པས་བརྒྱན། །རི་བོ་དབེན་པའི་ས་ཕྱོགས་སུ། །དངོས་གྲུབ་ཐམས་ཅད་བསྡུས་པ་ འགྲུབ། །ཅེས་བྱ་བ་ལ་སོགས་པ་རྡོ་རྗེའི་ཚིག་གི་ཚུལ་གྱིས་རྗེས་སུ་མཐུན་པའི་གནས་སུ་སེམས་དཔའི་སྐྱིལ་མོ་ཀྲུང་དུ་འདུག་སྟེ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་དེ་ལེའུ་གསུམ་པ་ལས། ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། །སངས་རྒྱས་དཀྱིལ་ འཁོར་བསྒོམ་པ་ནི། །འོད་ཟེར་སྤྲིན་གྱི་ཚོགས་ཆེན་པོ། །སངས་རྒྱས་འབར་བའི་འོད་དང་ལྡན། །འོད་ཟེར་སྣ་ལྔས་ཀུན་དུ་ཁྱབ། །ཀུན་ནས་ཡོངས་སུ་ཟླུམ་པོ་སྟེ། །འདོད་པའི་ཡོན་ཏན་ལྔ་ཡིས་བརྒྱན། །མཆོད་པ་རྣམ་པ་ལྔས་བརྒྱན་པ། །མདོར་ན་དེ་ལྟར་བསྒོམས་ནས་སུ། ། གཟུགས་ནི་དབུས་སུ་བསྒོམ་པར་བྱ། །ཞེས་མདོར་བསྡུས་ཏེ་གསུངས་པ་དེ་ལ་དང་པོ་ཁོ་ནར་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་གཟུགས་ཅན་ཞེས་བྱ་བ་བསྐྱེད་པར་བྱ་བ་སྟེ། ལེའུ་བཅོ་ལྔ་པ་ལས། རྣམ་པར་སྣང་མཛད་འོད་འདྲ་ཞིང་། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །སངས་རྒྱས་རྡོ་རྗེ་ 35-1-11b གསུམ་འཛིན་འགྱུར། །ཞེས་གསུངས་པ་འདིས་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་དཀར་པོར་བདག་ཉིད་ཇི་ལྟ་བ་བཞིན་མོས་པར་བྱའོ། །དེ་ནས་ལེའུ་དང་པོ་ལས། ཡེ་ཤེས་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་གསུངས་པའི་ཚུལ་གྱིས་མི་བསྐྱོད་པ་བསྐྱེད་པས་ཞེ་སྡང་རྡོ་རྗེར་གྱུར་ནས་ལེའུ་ བཅུ་གསུམ་པ་ལས། ཁྲོ་བོ་ཞེ་སྡང་གནས་ལས་སྐྱེས། །གསོད་ལ་རྟག་ཏུ་བརྩོན་པ་དག །སྒྲུབ་པ་མཆོག་གི་ཆོས་ཅན་ལ། །གསོད་པའི་དོན་གྱིས་འགྲུབ་པར་འགྱུར། །ཞེས་གསུངས་པས་ཡི་གེ་ཧཱུཾ་རིང་པོ་ལས་ཁྲོ་བོའི་རྒྱལ་པོ་བཅུ་ཕྱུང་ལ་ལེའུ་བཅུ་བཞི་པ་ལས། ཨོཾ་སུམྦྷ་ ཞེས་བྱ་བ་ལ་སོགས་པ་གསུངས་པའི་སྔགས་ཀྱིས་ཁྲོ་བོའི་རྒྱལ་པོ་གནོད་མཛེས་ལ་བཀའ་བསྒོ་བས་ཕྱོགས་བཅུའི་བགེགས་ཀྱི་ཚོགས་བཀུག་ནས་ལེའུ་བཅུ་གསུམ་པ་ལས། ཡི་དམ་བཅས་པ་རྫོགས་ནས་ཀྱང་། །སྔགས་ཀྱི་གནས་ནི་བསྲུང་བར་བྱ། །བསམ་གཏན་སྦྱོར་བ་འདི་ ལ་ནི། །གནས་ནས་སངས་རྒྱས་བྱིན་གྱིས་རློབ། །རྡོ་རྗེ་བདུད་རྩི་རྒྱལ་ཆེན་པོ། །རྡོ་རྗེ་ཕུར་བུ་རྣམ་པར་བསྒོམ། །མེ་སྟག་འབར་བ་འདྲ་བ་ཡིས། །ཕྱོགས་བཅུའི་དཀྱིལ་འཁོར་གདབ་པར་བྱ། །ཞེས་གསུངས་པ་འདིས་ཁྲོ་བོ་བདུད་རྩི་ཐབ་སྦྱོར་གྱི་ཕུར་བུ་རྣམས་ཀྱིས་ཨོཾ་གྷ་གྷ་ཞེས་བྱ་བ་ ལ་སོགས་པའི་སྔགས་ཀྱིས་གནོད་མཛེས་ལ་བཀའ་བསྒོ་སྟེ་ཕུར་བུ་གདབ་བོ། །དེ་ནས་འདོད་པའི་རྒྱལ་པོའི་སྔགས་ཀྱིས་རྡོ་རྗེ་ར་བ་བསམ་པ་དང་། ཧཱུཾ་མཛད་ཀྱིས་རྡོ་རྗེའི་དྲ་བ་ཡི་གེ་ཧཱུཾ་གིས་སའི་ཆ་རྡོ་རྗེའི་རང་བཞིན་དུ་བསམ་ཞིང་ཡི་གེ་གསུམ་གྱིས་གོ་ཆ་ལ་སོགས་པ་བྱའོ། །དེ་ལྟར་ཕྱོགས་དང་ མཚམས་བཅིང་བ་དང་ར་བ་ལ་སོགས་པའི་ཆོ་ག་སྲུང་བའི་འཁོར་ལོ་བསྒོམས་ལ་ལེའུ་གཉིས་པ་ལས། དངོས་པོ་མེད་པ་སྒོམ་པའི་དངོས། །བསྒོམ་པར་བྱ་བ་བསྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པ། །བསྒོམ་པ་དམིགས་སུ་མེད་པའོ། །ཞེས་ཚིགས་སུ་བཅད་པའི་དོན་གྱིས་ སྟོང་པ་ཉིད་ཀྱི་རང་བཞིན་དུ་བསྒོམ་མོ། །དེ་ནས་ལེའུ་བཅུ་གཅིག་པ་ལས། དཀྱིལ་འཁོར་རྡོ་རྗེ་ཀུན་ལས་སྐྱེས། །ནམ་མཁའ་རྡོ་རྗེ་དབུས་སུ་བསྒོམ། །ཞེས་བྱ་བ་ལ་སོགས་པ་གསུངས་པས། རླུང་ལ་སོགས་པའི་དཀྱིལ་འཁོར་བཞི་བསྐྱེད་ནས། བསྡུ་བ་དག་ཀྱང་རབ་ཏུ་བྱ། །ཞེས་བྱ་ 35-1-12a བ་ལ་སོགས་པས་སའི་ཆ་བསྐྱེད་ལ་ལེའུ་བཅུ་གཅིག་པ་ལས། ཡི་གེ་བྷྲཱུཾ་གྱིས་གནས་བསྒོམ་སྟེ། །ཞེས་བྱ་བས་གཞལ་ཡས་ཁང་བསམས་ལ། དེར་ལེའུ་དང་པོ་ལས། གསལ་བ་ལ་སོགས་དཀྱིལ་འཁོར་ལྡན། །དེ་བཞིན་གཤེགས་པ་ཀུན་གྱི་གནས། ། ཞེས་གསུངས་པ་འདིས་སྣ་ཚོགས་པདྨའི་སྟེང་དུ་ཟླ་བ་ལ་སོགས་པའི་གདན་གྱིས་བརྒྱན་ལ་ལེའུ་བརྒྱད་པ་ལས། དཔག་ཚད་བྱེ་བའི་ཁྱོན་ཙམ་ལ། །གྲུ་བཞི་ཤིན་ཏུ་མཛེས་པ་ཡི། །མཆོད་རྟེན་རིན་ཆེན་སྣ་བཞི་པ། །གསལ་ཞིང་རང་བཞིན་དྲི་མ་མེད། །ཅེས་བྱ་བ་ལ་སོགས་པ་ གསུངས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཞུགས་གནས་ཇི་ལྟ་བ་བཞིན་དུ་བསྒོམ་མོ། །གནས་ནི་བསྐྱེད་པ་སྔོན་འགྲོ་བས། །རྡོ་རྗེ་གསུམ་བསྐྱེད་བསྒོམ་པར་བྱ། །ཞེས་གསུངས་པས་ལྷག་པར་མོས་པ་ཅན་གྱི་སེམས་ཀྱིས་བདག་ཉིད་རྡོ་རྗེ་འཆང་ཉིད་དུ་གྱུར་ནས། དབུས་ ཀྱི་གདན་ལ་སེམས་པའི་སྐྱིལ་མོ་ཀྲུང་གིས་གནས་པར་བསམས་ནས་ལེའུ་དང་པོ་ལས། གསལ་བ་དེ་ཡི་ངོ་བོ་ཉིད། །སྣ་ཚོགས་གཟུགས་ཀྱིས་ཀུན་དུ་ཁྱབ། །སངས་རྒྱས་ཚོགས་ཀྱིས་རབ་ཏུ་རྒྱས། །འོད་ཟེར་འཕྲོ་བ་མང་པོ་འཁྲུག །ཅེས་གསུངས་པ་འདིས་དཀྱིལ་འཁོར་གྱི་འཁོར་ལོ་ བཀོད་པའི་ཏིང་ངེ་འཛིན་གྱིས་དབང་དུ་བྱས་ཏེ་ལྷག་པར་མོས་པ་ལ་དམིགས་པར་སྟན་པ་ཡིན་ནོ། །ད་ནི་རྣལ་འབྱོར་བཞིའི་རིམ་པ་བརྩམ་པར་བྱ་སྟེ་དེ་ལ་ལེའུ་བདུན་པ་ལས། དམ་ཚིག་ཁུ་ཕྱུང་ཆོ་ག་བཞིན། །འབྲས་བུ་འདོད་པས་བཏུང་བར་བྱ། །དེ་བཞིན་གཤེགས་པའི་ཚོགས་བསད་ནས། ། དངོས་གྲུབ་རབ་མཆོག་ཐོབ་པར་འགྱུར། །ཞེས་གསུངས་པ་འདིས་ལྷག་པར་མོས་པའི་ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་གྱི་འཁོར་ལོ་བཀོད་པའི་དེ་བཞིན་གཤེགས་པ་རྣམས་ཕུང་པོ་ལ་སོགས་པར་བསྡུས་ཏེ། གཟུགས་ཕུང་གཏོགས་དང་ཞེས་བྱ་བ་ལ་སོགས་པས་དོན་དམ་པའི་དཀྱིལ་འཁོར་ དུ་ཞུགས་ལ། ལེའུ་གསུམ་པ་ལས། ཨོཾ་ཤཱུ་ནྱ་ཏཱ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་སྔགས་ཀྱིས་བྱིན་གྱིས་བརླབ་པའོ། །ལེའུ་བརྒྱད་པ་ལས། ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། །ཡེ་ཤེས་རྒྱ་མཚོ་བསྒོམ་པར་བྱ། །ཞེས་གསུངས་པ་འདིས་ཡེ་ཤེས་རྒྱ་མཚོའི་གཟུགས་སུ་ 35-1-12b ཡོངས་སུ་གྱུར་ནས། དེ་ནས་ལྡང་བར་གྱུར་པ་ནི་ཡེ་ཤེས་རྒྱ་མཚོ་ལས་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཡང་དེའི་སྟེང་དུ་པདྨ་དམར་པོ་འདབ་མ་བརྒྱད་པ་པདྨའི་སྟེང་དུ་ཡི་གེ་གསུམ་བཀོད་དེ། དེ་ཐམས་ཅད་བསྡུས་ཏེ་ཟླ་བའི་དཀྱིལ་འཁོར་འདྲ་བར་ཡོངས་སུ་གྱུར་པར་ བལྟས་ལ།དེ་ལས་བྱུང་བའི་འོད་ཟེར་གྱི་འཕྲོ་འདུ་བསྐྱེད་ནས་སེམས་ཅན་གྱི་ཁམས་རྣམས་ཡེ་ཤེས་ཀྱི་བདག་ཉིད་ཟླ་བའི་དཀྱིལ་འཁོར་དེ་ཉིད་དུ་རྗེས་སུ་བཅུག་ལ་ལེའུ་གསུམ་པ་ལས། ཨོཾ་དྷརྨ་དྷཱ་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་སྔགས་ཀྱིས་བརྟན་པར་བྱ་བ་འདི་ནི་རྣལ་ འབྱོར་ཏེ། དེ་བས་ན། ཡེ་ཤེས་ཙམ་ལ་སྙོམས་འཇུག་པ། །རྣལ་འབྱོར་ཡིན་པར་ཤེས་པར་བྱ། །ཞེས་གསུངས་པ་ཡིན་ནོ། །དེ་ལ་ལེའུ་བཅུ་གཅིག་པ་ལས། རྡོ་རྗེ་མཆོག་གསུམ་ཡི་གེ་སྔགས། །ཕྱག་རྒྱ་ཆེན་པོར་རྣམ་བསྒོམ་པ། །བྱང་ཆུབ་ཐམས་ཅད་ཐོབ་བྱའི་ཕྱིར། །ཡེ་ ཤེས་རྡོ་རྗེ་དག་གིས་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་པས། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་གསུམ་བཀོད་ལ་རྡོ་རྗེ་ང་རྒྱལ་དེ་ལས་བྱུང་བ། རྡོ་རྗེ་འཆང་ཆེན་པོར་བདག་ཉིད་ཇི་ལྟ་བ་བཞིན་བསྒོམ་པ་ནི་རྗེས་སུ་རྣལ་འབྱོར་རོ། །དེ་ནས་ལེའུ་དང་པོ་ལས་གསུངས་པའི་རིག་པའི་ སྐྱེས་བུ་གཟུགས་ཅན་ཡེ་ཤེས་ཀྱི་རང་བཞིན་གྱི་ལུས་ཀྱིས་སེམས་ཅན་གྱི་དོན་བྱ་བར་མི་ནུས་པས་ན་ལེའུ་བརྒྱད་པ་ལས། ནུ་མའི་བར་ནས་ཀླད་པའི་རྒྱ་བར་དུ། །ཆོ་ག་ཤེས་པས་རྐང་མཐིལ་བར་དུ་དགོད། །ལྟེ་བ་རྐེད་པ་གསང་བར་རྒྱལ་བའི་སྲས། །རིགས་ལྔ་རྣམས་ནི་དགོད་ པར་རབ་ཏུ་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་པའི་སྔགས་ཀྱིས་བྱིན་གྱིས་བརླབས་པས་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཡེ་ཤེས་ཀྱི་རང་བཞིན་ལུས་ལ་རྗེས་སུ་ཞུགས་པར་བྱའོ། །དེ་བས་ན་ལེའུ་བཅུ་བདུན་པ་ལས། ཕུང་པོ་ལྔ་ནི་མདོར་ བསྡུས་ན། །སངས་རྒྱས་ལྔར་ནི་རབ་ཏུ་བསྒྲགས། །རྡོ་རྗེ་སྐྱེ་མཆེད་ཉིད་དག་ཀྱང་། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་གསུངས་པ་ཡིན་ནོ། །ད་ནི་སྐུའི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་རྗེས་སུ་ཞུགས་པས་ཞལ་གསུམ་ལྟ་བུས་གདུལ་བྱ་རྣམས་ཀྱི་དོན་དུ་རྡོ་རྗེ་འཆང་གི་བདག་ 35-1-13a ཉིད་དུ་བསྒོམ་པར་བྱའོ། །དོན་འདི་ཉིད་བསྟན་པ་ནི་ལེའུ་དང་པོ་ལས། རིག་པའི་སྐྱེས་བུ་ཆེན་པོའི་གཟུགས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་སྔགས་ཀྱིས་བྱིན་གྱིས་བརླབས་སོ། །བྱིན་གྱིས་བརླབས་མ་ཐག་ཏུ་བཅོམ་ལྡན་འདས་བྱང་ཆུབ་ཀྱི་ སེམས་རྡོ་རྗེ་དེ་བཞིན་གཤེགས་པ་ཞལ་གསུམ་པ་ལྟ་བུར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཟིགས་པར་གྱུར་ཏེ་ཞེས་གསུངས་པ་ནི་ཤིན་ཏུ་རྣལ་འབྱོར་རོ། །དེ་ནས་རྣམ་པར་སྣང་མཛད་ལ་སོགས་པའི་ཡེ་ཤེས་སེམས་དཔའ་རྗེས་སུ་ཞུགས་པས་སྐུ་ལ་སོགས་པའི་རིམ་ པ་འདིས་བྱིན་གྱིས་བརླབ་པར་བྱའོ། །དེ་ལ་རིམ་པ་ནི་འདི་ཡིན་ཏེ་ལེའུ་བཅུ་གཅིག་པ་ལས། རྡོ་རྗེ་དཀྱིལ་འཁོར་དབུས་གནས་པར། །ཧཱུཾ་ཞེས་བྱ་བ་རབ་ཏུ་བསྒོམ། །གསལ་བའི་དཀྱིལ་འཁོར་དབུས་གནས་པར། །ཡི་གེ་ཨོཾ་ནི་རྣམ་པར་བསམ། །ཆོས་ཀྱི་དཀྱིལ་འཁོར་དབུས་ གནས་པར། །ཡི་གེ་ཨཱཿཞེས་རྣམ་པར་བསམ། །ཞེས་གསུངས་པ་འདིས་མགོ་བོ་དང་ལྐོག་མ་དང་སྙིང་གའི་ཕྱོགས་སུ་ཡི་གེ་གསུམ་རྣམ་པར་བཀོད་ལ། དེ་ལས་བྱུང་བའི་སྤྱན་ལ་སོགས་པའི་ཚོགས་ཀྱིས་སྐུ་རྡོ་རྗེ་ལ་སོགས་པ་བཀུག་ལ་ལེའུ་བཅུ་གཉིས་པ་ལས། སངས་རྒྱས་ སྐུ་འཛིན་དཔལ་དང་ལྡན། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་གསོལ་བ་བཏབ་ལ་རྗེས་སུ་ཞུགས་ནས་ལེའུ་བདུན་པ་ལས། སངས་རྒྱས་ཀུན་གྱི་སྐུ་གང་ཡིན། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་རིགས་གསུམ་གྱི་བདག་ཉིད་ ཅན་དུ་ང་རྒྱལ་བསྐྱེད་ལ་ལེའུ་དྲུག་པ་ལས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ། ཞེས་བྱ་བ་ལ་སོགས་པ་གསུངས་པའི་སྔགས་ཀྱིས་བྱིན་གྱིས་བརླབ་བོ། །ལེའུ་དང་པོ་ལས། རྡོ་རྗེ་དམ་ཚིག་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་གསུངས་པའི་ཚུལ་གྱིས་བསྐྱེད་པ་ནི་དམ་ཚིག་སེམས་ དཔའ་ཞེས་བྱའོ། །དེ་ནས་ལེའུ་བཅུ་གཉིས་པ་ལས།རྣམ་པ་མཆོག་རྣམས་ཀུན་ལྡན་པའི། །སྙིང་གར་ཡེ་ཤེས་དམ་ཚིག་དང་། །དབུ་རྒྱན་རྡོ་རྗེ་འཛིན་པའི་མཆོག །སངས་རྒྱས་ཐམས་ཅད་མཉེས་འགྱུར་བ། །འདི་ནི་དམ་ཚིག་མཆོག་ཡིན་ཏེ། །དངོས་གྲུབ་ཐམས་ 35-1-13b ཅད་འགྲུབ་པའི་མཆོག །དམ་ཚིག་མཆོག་གིས་རབ་ཏུ་བྱ། །ཞེས་གསུངས་པ་འདིས་དམ་ཚིག་སེམས་དཔའི་སྙིང་གར་ཡེ་ཤེས་སེམས་དཔའ་ས་བོན་གྱིས་དགུག་པ་དང་། དབུ་རྒྱན་ལ་རང་གི་བདག་པོ་བསྒོམ་མོ། །དེ་ནས་ལེའུ་བཅུ་གཅིག་པ་ལས། སྙིང་གར་ཡི་གེ་ཧཱུཾ་བསམས་ ནས། །སེམས་ནི་ཐིག་ལེར་གྱུར་པར་གཞག །ཅེས་གསུངས་པ་འདིས་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཡང་སྙིང་པོ་ཡི་གེ་ཧཱུཾ་ཏིང་ངེ་འཛིན་སེམས་དཔའ་བསྒོམ་མོ། །འདི་ལྟར་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་གོ་འཕང་ནི་འདོད་ཆགས་ལས་སྐྱེ་བར་འགྱུར་བར་རབ་ཏུ་ བསྟན་པའི་ཕྱིར། ལེའུ་དང་པོ་ལས། འདོད་ཆགས་ཆེན་པོའི་ཚུལ་རྡོ་རྗེ། །ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་མཛད་པ་དེ་བཞིན་དུ་བསྐྱེད་བཞིན་པ་ལ་གནས་པས་དང་པོའི་སྦྱོར་བ་བྱ་སྟེ། འདོད་ཆགས་ལ་སྤྱོད་པའི་སེམས་ཅན་རྣམས་ཀྱི་འདོད་པས་ཐར་པ་ རབ་ཏུ་བསྟན་པའི་ཕྱིར། ལེའུ་བཅུ་བདུན་པ་ལས། འདོད་པ་ཐམས་ཅད་ལོངས་སྤྱོད་པའི། །ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་གསུངས་པའི་རིམ་པ་འདིས་ལེའུ་བཅོ་ལྔ་པ་ལས་གསུངས་པའི་མཚན་དང་ལྡན་པའི་གདོལ་པའི་བུ་མོ་ལེགས་པར་བསླབས་པ་འམ། ཡང་ན་རང་གི་སྙིང་གནས་ཕྱུངས་ཏེ་མདུན་དུ་བཞག་ལ་ལེའུ་བརྒྱད་པ་ལས། ནུ་མའི་བར་ནས་ཀླད་པའི་རྒྱས་ཀྱི་བར། །ཞེས་བྱ་བ་ལ་སོགས་པ་གསུངས་པས་རིགས་ལྔ་དང་བསྲེ་བ་བྱས་ལ་རྡོ་རྗེ་དང་པདྨ་མངོན་པར་འདུས་བྱས་པས་དབང་པོ་གཉིས་ཀྱིས་སྙོམས་པར་འཇུག་པ་བྱ་སྟེ། ལེའུ་བདུན་པ་ལས་ཇི་སྐད་དུ། བུད་མེད་གཟུགས་ལྡན་མདངས་བཟང་བ། །ལོ་གྲངས་བཅུ་དྲུག་ལོན་པ་ལ། །བྱིན་གྱིས་བརླབས་ཀྱི་གནས་གསུམ་གྱིས། །དབེན་པར་མཆོད་པ་རབ་ཏུ་བརྩམ། །དེ་བཞིན་གཤེགས་པའི་བཙུན་མོའི་མཆོག །སྤྱན་ལ་སོགས་པ་བསྒོམ་པར་བྱ། ། དབང་པོ་གཉིས་ནི་མཉམ་སྦྱོར་བས། །སངས་རྒྱས་དངོས་གྲུབ་ཐོབ་པར་འགྱུར། །ཨོཾ་ཞེས་པ་དང་ཨཱཿཞེས་པས། །ཧཱུཾ་དང་ཕཊ་དུ་རྣམ་པར་བརྟག །འོད་ཟེར་སྣ་ལྔས་ཁྱབ་པ་ཡི། །པདྨ་རྡོ་རྗེ་བསྒོམ་པར་བྱ། །ཞེས་གསུངས་པ་འདིས་ཐ་མལ་པའི་ང་རྒྱལ་སྤངས་ལ། ཆགས་ཤིང་ 35-1-14a ཆགས་པའི་ལྟ་བས་བལྟ། །འདི་ནི་དམ་ཚིག་དཀྱིལ་འཁོར་རོ། །ཞེས་བྱ་བ་འདིས་ཐབས་ཀྱི་རྡོ་རྗེས་མཉེས་པར་བྱ་ཞིང་། རིན་ཆེན་འབྱུང་ལྡན་གྱི་ང་རྒྱལ་དང་ལྡན་པས་ལེའུ་དྲུག་པ་ལས་གསུངས་པའི་རྗེས་སུ་ཆགས་པའི་སྔགས་བརྗོད་ལ་འཁྱུད་པ་དང་འོ་བྱ་ བ་དང་། གཞིབ་པ་ལ་སོགས་པ་བྱས་ལ་ཡི་གེ་ཧཱུཾ་གི་གླུ་ལེན་ཅིང་ལས་ལ་གནས་པར་བསྒོམ་མོ། །འབྱིན་པའི་སྐབས་སུ་ཕཊ་ཅེས་བརྗོད་ལ། བྱང་ཆུབ་ཀྱི་སེམས་ཀྱི་རྡུལ་ཕྲ་རབ་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི་འབྱུང་གནས་སུ་བསྒོམས་ལ་སྔར་བཤད་པའི་ གཞལ་ཡས་ཁང་ན་གནས་པར་བྱའོ། །དེ་ནས་དོན་ཡོད་པའི་ང་རྒྱལ་དང་ལྡན་པས་ལེའུ་དྲུག་པ་ལས་གསུངས་པའི་མཆོད་པའི་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ་གཞུང་འདི་དག་གིས་ནི་དཀྱིལ་འཁོར་གསུམ་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་ཏེ། བདག་གི་དོན་ཕུན་སུམ་ ཚོགས་པ་དང་པོའི་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱ་བའི་ཕྱིར་ལེའུ་དང་པོ་ལས་གསུངས་པའི་ཡེ་ཤེས་སྒྲོན་མ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་གསུངས་པའི་ཚུལ་གྱིས་མི་བསྐྱོད་པ་ཕྱུང་ལ་དེས་ཞེ་སྡང་ལ་སྤྱོད་པའི་སེམས་ཅན་རྣམས་ཡང་དག་ པར་སྦྱངས་ལ་དེ་བཀུག་ནས་རང་གི་ལུས་ལ་བཅུག་ན་ཞེ་སྡང་རྡོ་རྗེར་འགྱུར་རོ། །དེ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་གི་ལྷ་རྣམས་ཕྱུང་ནས། དེ་རྣམས་ཀྱིས་གཏི་མུག་ལ་སོགས་པ་ལ་རྗེས་སུ་དགའ་བའི་སེམས་ཅན་རྣམས་ཡང་དག་པར་སྦྱངས་ནས་བསྡུས་ ཏེ། ཡེ་ཤེས་ཀྱི་འཁོར་ལོར་རྗེས་སུ་བཅུག་ལ་སླར་བཀུག་སྟེ་གནས་ཇི་ལྟ་བ་བཞིན་དུ་བཀོད་ནས་ཕྱག་རྒྱ་བཞིས་རྒྱས་བཏབ་པ་འདི་ནི་དཀྱིལ་འཁོར་གྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པའོ། །དེ་ནས་ལེའུ་གསུམ་པ་ལས། རིན་ཆེན་ཁ་དོག་སྣ་ལྔ་པ། །ཡུངས་ཀར་གྱི་ནི་ འབྲུ་ཚོད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་རིག་པས་རྟག་ཏུ་བསྒོམ། །ཞེས་བྱ་བ་ལ་སོགས་པ་ཕྲ་མོའི་སྦྱོར་བའོ། །ལེའུ་བདུན་པ་ལས། སློང་མོ་ཟ་ཞིང་མི་བཟླས་ཏེ། །མ་བསླངས་པ་ལ་ཆགས་མི་བྱ། །འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་། །སྔགས་ཀྱི་ཡན་ 35-1-14b ལག་མ་ཉམས་བཟླས། །ཞེས་གསུངས་པ་ལ་སོགས་པས་རྡོ་རྗེའི་བཟླས་པ་དྲན་པར་བྱ་སྟེ། ལེའུ་བཅུ་གསུམ་པ་ལས། བརྗོད་ནས་རྡོ་རྗེ་སྤྲོ་བ་ནི། །རྫོགས་ནས་རབ་ཏུ་བསྡུ་བར་བྱ། །ཞེས་བྱ་བ་དག་གི་བཟླས་བརྗོད་བྱས་ལ་ཉེ་བར་བསྡུ་བར་བྱ་སྟེ། ལེའུ་བཅུ་བདུན་པ་ལས། དེ་ ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བཙུན་མོའི་བྷ་ག་ལ་བཞུགས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོས་དེ་བཞིན་གཤིགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཛིན་ཆེན་པོ་ལ་དགའ་བས་བསྟོད་པ་ཞེས་བྱ་བ་འདི་ཐམས་ཅད་ བྱ་སྟེ། བདག་པོ་རང་ཉིད་དོན་དམ་པའི་བདེན་པ་ལ་ཞུགས་ལ། དེ་ནས་སྤྱན་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་རབ་ཏུ་བསྐུལ་བ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས། མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །ཞེས་བྱ་བའི་བསྟོད་པ་རྣམས་ཀྱིས་མངོན་པར་བསྟོད་པས་ཡང་ དག་པར་སད་པར་བྱ་སྟེ། ཆོ་ག་བཞིན་ལེགས་པར་མཆོད་ནས་རང་གི་སྐུ་ལ་ལེགས་པར་གཞུག་པར་བྱའོ། །དེ་ནས་ལེའུ་བཅུ་པ་ལས། ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། །བཀོད་པའི་དཀྱིལ་འཁོར་བསྒོམ་པར་བྱ། །དེ་ཡི་དབུས་གནས་ཡི་གེ་ཧཱུཾ། །རང་གི་གཟུགས་ སུ་རབ་ཏུ་བརྟག །རྡོ་རྗེ་འོད་ཟེར་རབ་ཏུ་འབར། །རྣམ་པར་འཕྲོ་བར་བསམ་པར་བྱ། །སངས་རྒྱས་ཀྱི་ནི་སྐུ་གསུང་ཐུགས། །སྙིང་ལ་དེ་ཡིས་རྣམ་བསྒོམས་ན། །དེ་མ་ཐག་ཏུ་དེ་འགྱུར་བ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཛིན། །ཞེས་གསུངས་པ་འདིས་ཡི་གེ་ཧཱུཾ་གིས་ནམ་མཁའི་ཁམས་ ཡོངས་སུ་གང་བ་ནི་རྡོ་རྗེ་སེམས་དཔའི་རང་བཞིན་དུ་རྣམ་པར་བསམས་ལ་ཉེ་བར་བསྡུ་བར་བྱའོ། །དེ་ལྟར་ལས་དང་པོ་པ་རྣམས་རབ་ཏུ་འཇུག་པའི་དམ་ཚིག་དང་སྡོམ་པ་དང་། དབང་བསྐུར་བ་ཐོབ་པས་ཐ་མལ་པའི་ང་རྒྱལ་དང་བྲལ་བས་ཐུན་བཞིར་ལྷའི་རྣལ་འབྱོར་ལ་གོམས་པས་བདག་ དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པའི་ཕྱིར་ལས་ཀྱི་རབ་ཏུ་དབྱེ་བ་རྣམས་ཀྱང་བྱའོ། །རིམ་པ་འདི་ཉིད་ཀྱིས་ལེའུ་བཅུ་བདུན་པ་ལས། ལུས་ཀྱི་རྡོ་རྗེ་ཁ་ཟས་དང་། །ཕྱི་རོལ་རྡོ་རྗེ་འཛིན་པ་དང་། །རྡོ་རྗེ་ཆོས་ལ་རྟག་པར་ནི། །སྔགས་བཏོན་ཆོ་ག་སྤྱད་པར་བྱ། །ཞེས་གསུངས་པའི་ 35-1-15a ཏིང་ངེ་འཛིན་འདིས་སྒྲུབ་པའི་ཐབས་ལས་བཤད་པའི་རིམ་པས་ཁ་ཟས་སྦྱང་བ་དང་། ལྐོག་མ་སྦྱང་བ་དང་། སྙིང་ག་སྦྱང་བ་དག་བྱས་ནས་བདུད་རྩི་ལྔ་ལ་སོགས་པའི་ཟས་ཀྱི་བྱ་བ་དག་ཀྱང་བྱའོ། །དེ་ནས་ལེའུ་བཅུ་པ་ལས། སྔགས་ཀྱི་སྐྱེས་བུ་ཇི་སྙེད་པ། །རྡོ་རྗེ་ གསུམ་གྱི་ཡེ་ཤེས་རྫོགས། །དབང་པོ་གཉིས་ནི་སྦྱོར་བ་ཡིས། །དངོས་པོ་ཐམས་ཅད་བརྟག་པར་བྱ། །ཞེས་གསུངས་པ་འདིས་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱར་བས་ཞི་བ་ལ་སོགས་པའི་ལས་ཐམས་ཅད་རབ་ཏུ་བསྒྲུབ་པའི་ཡི་གེ་གསུམ་གྱི་སྔགས་དང་། ཕྲེང་བའི་སྔགས་དང་། གསང་སྔགས་དང་། སྨན་དང་། ནང་གི་སྦྱིན་སྲེག་གིས་ཀྱང་ལས་ཐམས་ཅད་རབ་ཏུ་བསྒྲུབ་པར་བྱ་སྟེ། འདི་ནི་ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པའོ། །དེ་ལྟར་མདོ་དང་བསྲེས་པ་རྒྱས་པར་བསྟན་ནས། ད་ནི་མདོར་བསྡུས་ནས་བཤད་པར་བྱ་སྟེ། དེ་ལ་ཐོག་མར་གནས་ ངེས་པ་དང་། སྙིང་རྗེ་ཆེན་པོ་ལ་དམིགས་པ་དང་། སྲུང་བའི་འཁོར་ལོ་བསྒོམ་པ་དང་། སྟོང་པ་ཉིད་ལ་དམིགས་པ་དང་། སའི་ཆ་བསྐྱེད་པ་དང་། གཞལ་ཡས་ཁང་དང་། དཀྱིལ་འཁོར་དགོད་པ་དང་། དོན་དམ་པའི་དཀྱིལ་འཁོར་ལ་འཇུག་པ་དང་། ལྡང་བ་དང་། ཉི་མའི་དཀྱིལ་ འཁོར་ལ་དམིགས་པ་དང་། མཐར་ཟླ་བའི་དཀྱིལ་འཁོར་དང་། རྡོ་རྗེ་འཆང་ཆེན་པོ་བསྐྱེད་པ་དང་། སྔགས་ཀྱི་བྱིན་གྱིས་བརླབས་པས་ཕུང་པོ་ལ་སོགས་པ་དགང་བ་དང་། སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་པ་དང་ལྡན་པའི་འདུས་བྱས་པ་དང་། རྡོ་རྗེ་དང་པདྨ་འདུས་བྱས་པ་ དང་། རྗེས་སུ་ཆགས་པའི་རྡོ་རྗེ་བྱིན་གྱིས་བརླབས་པ་དང་། དཀྱིལ་འཁོར་ཕྱུང་བ་དང་། ཕྲ་མོའི་སྦྱོར་བ་དང་། རྡོ་རྗེའི་བཟླས་པ་དང་། ངག་གི་བཟླས་པ་དང་། དོན་དམ་པ་ལ་ཞུགས་པ་དང་། རབ་ཏུ་བསྐུལ་བས་བསླང་བ་དང་། བསྟོད་པ་བྱེད་པ་དང་། ཉེ་བར་བསྡུ་བ་དང་། ལས་ ཀྱི་རབ་ཏུ་དབྱེ་བ་རྣམས་སུ་ཤེས་པར་བྱའོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་གསང་བ་འདུས་པའི་བསྐྱེད་རིམ་གྱི་སྒྲུབ་པའི་ཐབས་མདོ་དང་བསྲེས་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་དགེ་སློང་ 35-1-15b རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།༄༅༅། །རྒྱ་གར་སྐད་དུ། ཤྲཱི་གུ་ཧྱ་ས་མཱ་ཛ་མཎྜ་ལ་པི་དྷི་ནཱ་མ། བོད་སྐད་དུ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཐོག་ མ་དབུས་མཐའ་ལས་གྲོལ་བའི། ཁྱབ་བདག་སྟོང་པ་བཞིའི་རང་བཞིན། །མགོན་པོ་རྡོ་རྗེ་སེམས་དཔའ་ལ། །བཏུད་ནས་དཀྱིལ་འཁོར་ཆོ་ག་བཤད། །དཔལ་ལྡན་འདུས་པའི་དཀྱིལ་འཁོར་དུ། །ཇི་སྲིད་ཕྲེང་བ་ཆུ་ལ་སོགས། །དེ་སྲིད་བླ་མའི་མན་ངག་མཐའ། །དབང་བསྐུར་བ་ནི་ཆོ་ག་ བཞིན། །བླ་མའི་བརྒྱུད་རིམ་ལས་འོངས་པ། །རྣལ་འབྱོར་རྣམ་གཉིས་མཐར་ཐུག་པའི། །བླ་མའི་ལུང་ནི་ངེས་ཐོབ་པ། །བཤད་རྒྱུད་བཞི་ཡི་དགོངས་པ་ཤེས། །བསྐྱེད་པ་དང་ནི་རྫོགས་པ་ཡི། །རིམ་པ་གཉིས་ཀྱི་དོན་ཤེས་དང་། །མཆོག་དང་ཐུན་མོང་སྒྲུབ་ལ་གནས། །དམ་ ཚིག་སྡོམ་ལ་གནས་པ་སྟེ། །རྩ་བའི་ལྟུང་བ་སྤོངས་དང་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །དེ་ཉིད་བཅུ་ནི་ཡོངས་ཤེས་ཤིང་། །དཀྱིལ་འཁོར་འདྲི་དང་རབ་གནས་མཁས། །ཉན་ཐོས་རྣམས་ཀྱི་མ་འགྲོ་མིན། ། ཕ་རོལ་ཕྱིན་བཅུའི་ཚུལ་ལ་གནས། །ཟབ་ཅིང་རྒྱ་ཆེའི་ཆོས་ལ་མོས། བདེན་གཉིས་ལ་ནི་རྣམ་པར་མཁས། །བླ་མེད་ཐེག་པ་གཙོར་བྱེད་པ། །འགྲོ་བའི་དོན་སྤྱོད་སྙིང་རྗེ་ཅན། །རིན་ཆེན་སྐྱེས་བུར་གང་གྱུར་པས། །སྔོན་དུ་བསྙེན་པ་བྱས་ནས་སུ། །དེ་ནས་དཀྱིལ་འཁོར་བྲི་བར་བྱ། །གང་ ཞིག་ཡིད་འོང་གནས་སུ་ནི། །དྲི་བཟང་ཙནྡ་ན་སོགས་ཀྱིས་བྱུག །དྲི་ཞིམ་མེ་ཏོག་མཆོག་བཀྲམ་ནས། །ཤར་ཕྱོགས་སུ་ནི་ཁ་བལྟས་ལ། །སེམས་དཔའི་སྐྱིལ་མོ་ཀྲུང་གནས་ཏེ། །འཁོར་བའི་འདམ་དུ་བྱིང་བ་ཡིས། །འགྲོ་ལ་ཕན་དང་བསྐྱབ་པའི་ཕྱིར། །སྙིང་རྗེ་ཆེན་པོས་དམིགས་ པར་བྱ། །བཀའ་ཡི་འཁོར་ལོ་སྔོན་འགྲོ་བའི། །བསྙེན་དང་ཉེར་སྒྲུབ་སྒྲུབ་པ་དང་། །སྒྲུབ་ཆེན་ལ་ནི་མཁས་པ་ཡིས། །སྦྱོར་བ་གསུམ་གྱི་མཐར་ཐུག་པས། །རྡོ་རྗེ་བཟླས་དང་རྗེས་མཐུན་པར། །ངག་གི་བཟླས་པའི་ཚུལ་ཉིད་ཀྱིས། །དཀྱིལ་འཁོར་གཙོ་བོའི་འབུམ་དུ་བཟླས། ། 35-1-16a དེ་ལས་གཞན་པའི་ཁྲི་རུ་བཟླས། །མཚན་མ་ངེས་པར་ཐོབ་པའམ། །ཡང་ན་བསྙེན་པའི་སྦྱོར་གོམས་པས། །དཀྱིལ་འཁོར་ཡོངས་སུ་བྲི་བར་བྱ། །དེ་ལ་དཀྱིལ་འཁོར་ཆོ་ག་ནི། །ཡན་ལག་རྣམ་ཕྱེ་ཉི་ཤུ་སྟེ། །ས་གཞི་སྦྱང་དང་བྱིན་བརླབ་དང་། ། ཡོངས་སུ་གཟུང་དང་བསྲུང་བ་དང་། །ས་ཡི་ལྷ་དང་དཀྱིལ་འཁོར་དང་། །བུམ་པ་རྣམས་དང་སློབ་མ་དག །སྟ་གོན་དུ་ནི་གནས་པ་དང་། །ཐིག་གདབ་པ་ཡི་ཆོ་ག་དང་། །དེ་བཞིན་རྡུལ་ཚོན་དགྱེ་བ་དང་། །དཀྱིལ་འཁོར་བྱིན་གྱིས་བརླབ་པ་དང་། །དེ་ལ་མཆོད་པའི་བྱེ་ བྲག་དང་། །སློབ་དཔོན་བདག་ཉིད་འཇུག་པ་དང་། །དེ་བཞིན་སློབ་མ་གཞུག་པ་དང་། །བུམ་པའི་དབང་དང་གསང་བ་དང་། །ཤེས་རབ་ཡེ་ཤེས་དབང་དང་ནི། །དེ་བཞིན་དུ་ནི་བཞི་པ་དང་། །རབ་གནས་དང་ནི་སྦྱིན་སྲེག་ཏེ། །དཀྱིལ་འཁོར་གྱི་ནི་ཡན་ལག་མཆོག །འདི་དག་ ཆོ་ག་ཉི་ཤུའོ།། །།དེ་ལ་རེ་ཞིག་དང་པོར་དཀྱིལ་འཁོར་བྲི་བར་མངོན་པར་འདོད་པའི་སའི་ཆའི་དབུས་སུ་མཎྜལ་གྲུ་བཞི་ཁྲུ་གང་བ་བྱ་སྟེ། མེ་ཏོག་སིལ་མ་བཀྲམ་ལ་ལྷའི་གནས་དང་གདན་ཇི་ལྟ་བ་བཞིན་བསམས་ཏེ། བླ་མ་དང་བཅས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་རྫོགས་པར་ བསྐྱེད་ལ་ཡེ་ཤེས་སེམས་དཔའ་དགུག་པ་དང་གཞུག་པ་དང་བཅིང་བ་དང་མཉེས་པར་བྱས་ཏེ། བྱིན་གྱིས་བརླབ་པ་དང་། དབང་བསྐུར་བའི་མཐར་ཐུག་པ་བྱ་ཞིང་། དེ་ལ་ཕྱི་ནང་གསང་བའི་མཆོད་པས་མཆོད་དེ། བསྟོད་པ་ཚུལ་བཞིན་བྱས་ལ། དགོངས་ཤིག་དུས་གསུམ་ མགོན་པོ་རྣམས། །སངས་རྒྱས་ཐམས་ཅད་མཆོད་པ་དང་། །སློབ་མ་རྣམས་ལ་སྨན་སླད་དུ། །བདག་མིང་འདི་ཞེས་བྱ་བ་ཡིས། །དཔལ་ལྡན་རྡོ་རྗེ་འཛིན་པ་ཡི། །དཀྱིལ་འཁོར་དམ་པ་བྲི་བར་འཚལ། །རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །བདག་ལ་བྱིན་གྱིས་བརླབ་ཏུ་ གསོལ། །ལན་གསུམ་བརྗོད་དེ་གསོལ་བ་གདབ་པར་བྱའོ། །དེ་ནས་ཕྱོགས་སྐྱོང་རྣམས་རང་རང་གི་གནས་སུ་ཇི་ལྟ་བ་བཞིན་བསྐྱེད་ལ་ཛཿ་ཧཱུཾ་བཾ་ཧོཿ། ཕྱག་རྒྱ་བཞིས་དགུག་པ་ལ་སོགས་པ་ཚུལ་བཞིན་དུ་བྱས་ཏེ། མཆོད་ཡོན་དང་། ཞལ་བསིལ་དང་། ཞབས་བསིལ་དང་། སྤོས་ 35-1-16b དང་། མེ་ཏོག་ལ་སོགས་པའི་མཆོད་པ་ལྔས་མཆོད་དེ། ཁ་ཟས་སྦྱར་བའི་ཏིང་ངེ་འཛིན་གྱིས་གཏོར་མ་བྱིན་གྱིས་བརླབས་ཏེ། ཨོཾ་ཨི་ནྡྲཱ་ཡ་སྭཱ་ཧཱ། ཨོཾ་ཡ་མཱ་ཡ་སྭཱ་ཧཱ། ཨོཾ་བ་རུ་ཎཱ་ཡ་སྭཱ་ཧཱ། ཨོཾ་ཀུ་བེ་རཱ་ཡ་སྭཱ་ཧཱ།ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཨོཾ་ནཻ་རྀ་ཏྱ་རཱཀྵཱ་ས་རཱཀྵཱ་དྷི་པ་ཏ་ཡེ་སྭཱ་ཧཱ། ཨོཾ་ བཱ་ཡ་བེ་སྭཱ་ཧཱ། ཨོཾ་ཨཱི་ཤཱ་ནཱ་ཡ་སྭཱ་ཧཱ། ཨོཾ་སཱུརྱཱ་ཡ་སྭཱ་ཧཱ། ཨོཾ་ཙནྡྲ་དི་ཏ་ཡ་སྭཱ་ཧཱ། ཨོཾ་པྲ་ཐི་བྱེ་སྭཱ་ཧཱ། ཞེས་པས་གཏོར་མ་དབུལ་ལོ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭ་ཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བཟླས་པས་མཉེས་པར་བྱ་སྟེ། ཁམས་གསུམ་གནས་པའི་ལྷ་ དང་ཀླུ། །གནོད་སྦྱིན་དྲི་ཟ་ལྷ་མ་ཡིན། །གང་དག་རྫུ་འཕྲུལ་ཆེར་ལྡན་རྣམས། །རྡོ་རྗེའི་སྤྱན་དང་སྙན་མངའ་བ། །ས་ལ་གནས་པའི་འབྱུང་པོ་ཀུན། །བདག་མིང་འདི་ཞེས་བགྱི་བ་ཡིས། །སངས་རྒྱས་རྣམས་ལ་མཆོད་པ་དང་། །སེམས་ཅན་རྣམས་ལ་ཕན་དོན་དུ། །ས་ཕྱོགས་དགེ་ གནས་འདི་ཉིད་དུ། །དམ་པའི་དཀྱིལ་འཁོར་ཆེར་འབྱུང་བ། །ཇི་ལྟར་བསམས་པའི་ལས་བྱེད་ན། །ཁྱེད་ཀྱིས་བར་ཆད་མ་བྱེད་པར། །དགེ་བའི་གྲོགས་པོ་ཉིད་དུ་མཛོད། །དེ་ལྟར་ཁྱེད་ལ་བདག་གིས་ནི། །བཟོད་པ་གསོལ་གྱིས་མི་སླུ་བར། །རྨི་ལམ་ལ་སོགས་མཚན་མ་རྣམས། ། ཉེས་ལེགས་ལྟས་རྣམས་བསྟན་དུ་གསོལ། །ཞེས་ལན་གསུམ་བརྗོད་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་ལྕོགས་ན་ལས་ཐམས་ཅད་པའི་ཐབ་ཁུང་དེར་དཀྱིལ་འཁོར་གྱི་ལྷ་དང་འཇིག་རྟེན་སྐྱོང་བ་རྣམས་ལ་སྦྱིན་སྲེག་བྱའོ། །དེ་ནས་མི་རུས་ཀྱི་ཕྱེ་མ་ལས་གནོད་མཛེས་ཀྱི་སྔགས་ཀྱིས་ བགེགས་ཉེ་བར་ཞི་བར་བྱ་བའི་ཕྱིར་སྦྱིན་སྲེག་བྱའོ། །མི་ལྕོགས་ན་ལས་ཐམས་ཅད་པའི་སྔགས་ཀྱི་ཆུས་བགེགས་ཉེ་བར་ཞི་བར་བྱའོ། །དེ་ནས་ཇི་ལྟར་ས་བརྟགས་པའི་དབུས་སུ་ལས་ཐམས་ཅད་པར་བྱིན་གྱིས་བརླབས་པའི་ལས་ཀྱི་རྡོ་རྗེས་གཡས་སྐོར་དུ་ཁྲུ་གང་ཟབས་སུ་བརྐོ། ཞོག་མ་དང་སོལ་དུམ་དང་རུས་པ་དང་སོ་ཕག་ལ་སོགས་པའི་སྐྱོན་བསལ་ལ། སྨན་ལྔ་དང་རིན་པོ་ཆེ་ལྔ་དང་འབྲུ་ལྔ་བླུགས་ལ་དྲི་ཞིམ་ཞིང་སྣུམ་པའི་སས་བཀང་ལ་གྲུ་བཞི་ལྷ་མ་པར་ས་གཞི་འཐས་པར་བྱས་ལ་བ་ཀོ་ཙམ་དུ་བའི་ལྕི་བ་ས་ལ་མ་ལྷུང་བས་བྱུག་གོ། །དྲི་ཞིམ་པོའི་ 35-1-17a ཆུས་ཀྱང་བྱུགས་ཏེ། མེ་ཏོག་སིལ་མ་དགྲམ་པ་ནི་ཕྱིའི་སྦྱང་བའོ། །དེའི་སྟེང་དུ་སྦྱོར་བ་གསུམ་གྱི་ཏིང་ངེ་འཛིན་རྫོགས་པར་བསྒོམས་པའི་མཐར་གནོད་མཛེས་ཀྱི་སྔགས་ཀྱིས་བགེགས་བསྐྲད་པ་ནི་ནང་གི་སྦྱང་བའོ། །འདི་དག་ནི་ས་སྦྱང་བའི་ཆོ་གའོ། །དེ་ ནས་ཧཱུཾ་ཁཾ་ཧཱུཾ། ཞེས་པས་རྣམ་པར་དག་པའི་ནམ་མཁའ་བསམས་ནས། དེ་ནས་ཧཱུཾ་སུཾ་ཧཱུཾ། ཞེས་པས་ནམ་མཁའ་ལ་གནས་པའི་རིན་པོ་ཆེ་སྣ་བཞིའི་རིའི་རྒྱལ་པོ་རི་རབ་བསྐྱེད་ལ། དེའི་སྟེང་དུ་ཧཱུཾ་ལཾ་ཧཱུཾ། ཞེས་པས་གསེར་གྱིས་གཞི་གྲུ་བཞི་པ་ལ་རྡོ་རྗེ་ཕྲེང་བས་བརྒྱན་པར་བསམ་ མོ། །དེའི་སྟེང་དུ་རྡོ་རྗེ་ཐལ་མོ་བཅིངས་པས་ཁ་སྦུབས་ལ། ཨོཾ་བཛྲ་མེ་དི་ནཱི་བཛྲཱ་བྷ་བ་བནྡྷ་ཧཱུཾ། ཞེས་པས་དེ་དག་བྱིན་གྱིས་བརླབ་བོ། །དེ་ནས་སྦྱོར་བ་གསུམ་གྱི་ཏིང་ངེ་འཛིན་བསྒོམ་པ་འདི་ནི་ས་གཞི་བྱིན་གྱིས་བརླབ་པའི་ཆོ་གའོ།། །།དེ་ནས་ཡང་བདག་ཉིད་དང་པོའི་སྦྱོར་ བས་ཞེ་སྡང་རྡོ་རྗེར་བསྒོམས་ལ། རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་བཞི་ཕྱོགས་བཞི་ན་གནས་པའི་ལས་ཀྱི་རྡོ་རྗེ་བཞི་དངོས་སུའམ་སེམས་ཀྱིས་བསམས་ཀྱང་རུང་སྟེ། དེ་ནས་དཀྱིལ་འཁོར་ཆེན་པོ་བྲི་བར་གསོལ་བ་གདབ་སྟེ། དེ་བཞིན་གཤེགས་པ་ ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་རྣམ་སྤངས་པ། །ཀུན་དུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་ བཤད་དུ་གསོལ། །ཞི་བའི་ཆོས་ནི་མཆོག་ལས་བྱུང་། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ། །ཀུན་དུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པ་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་བསྒྱུར། ། དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །དེ་ལྟར་ལན་གསུམ་དུ་གསོལ་བ་བཏབ་ནས། བདག་ཉིད་ཞེ་སྡང་རྡོ་རྗེ་ཁྲོ་བོ་ཆེན་པོར་བསྒོམས་ཏེ། མིག་གཡས་གཡོན་དུ་མ་དང་ཊ་ལས་ཉི་མ་དང་ཟླ་བའི་དཀྱིལ་འཁོར་བསྒོམས་ཏེ། དེའི་དབུས་སུ་མིག་འབྲས་ཧཱུཾ་ལས་གྱུར་པའི་རྡོ་རྗེ་ནག་པོ་དེ་ལས་ 35-1-17b ཁྲོ་བོའི་འོད་ཟེར་གྱི་སྣང་བ་ཕྱོགས་བཅུར་འཕྲོས་པས་ནམ་མཁའི་དབྱིངས་ཐམས་ཅད་དུ་ཁྲོ་བོའི་དཀྱིལ་འཁོར་གྱིས་ཁྱབ་པར་སྤྲུལ་པར་བྱའོ། །རྐང་པ་གཉིས་ལ་ཨ་ལས་སྣ་ཚོགས་རྡོ་རྗེ་འོད་འབར་བ་བསྒོམས་ལ་ལག་པ་གཡས་གཡོན་དུ་རྡོ་རྗེ་དང་དྲིལ་བུ་འགྱིང་བག་ཅན་དུ་འཛིན་པས་ དབང་ལྡན་ཕྱོགས་ནས་བརྩམས་ཏེ། སྟང་སྟབས་ཀྱིས་གཡས་སྐོར་དུ་དཀྱིལ་འཁོར་གྱི་ས་ལ་ལན་གསུམ་བསྐོར་བར་བྱའོ། །ཚིགས་སུ་བཅད་པ་འདི་དག་བརྗོད་ཅིང་བསྐོར་རོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །སངས་རྒྱས་ཐམས་ཅད་བདག་ལ་གསོན། །བདག་ནི་དཔལ་ ལྡན་རྡོ་རྗེ་འཛིན། །བཀའ་ཡི་འཁོར་ལོ་རབ་སྦྱོར་གྱིས། །ལྷ་དང་ལྷ་དབང་གསང་བ་པ། །བརྗེད་བྱེད་ལ་སོགས་བགེགས་ཀྱི་ཚོགས། །ས་འདིར་མ་གནས་གཞན་དུ་དེངས། །གལ་ཏེ་དམ་ཚིག་ལས་འདས་ན། །རྡོ་རྗེ་ཁྲོ་བོ་བཞིན་འབར་བའི། །རྡོ་རྗེ་རབ་ཏུ་འབར་བ་ཡིས། །མགོ་ ནི་ཚལ་པ་བརྒྱར་གཤེག་ཅིང་། །ཞིག་པར་འགྱུར་བ་གདོན་མི་ཟ། །ཞེས་བརྗོད་ནས་ས་གཞི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་བོ། །དེ་ནས་སེང་ལྡེང་གི་ཕུར་པ་དྲི་དམར་པོས་བྱུགས་ཤིང་སྲད་བུ་དམར་པོ་དང་མེ་ཏོག་གི་ཕྲེང་བ་བཏགས་པ་སྟོད་ཞལ་གསུམ་ཕྱག་དྲུག་པ་སྨད་ཟུར་གསུམ་ རྩེ་གཅིག་པར་བྱིན་གྱིས་བརླབས་པའམ། ཡང་ན་བཀའི་འཁོར་ལོའི་སྦྱོར་བས་ཕུར་བུ་གདབ་པར་བྱའོ། །འདི་དག་ནི་ས་ཡོངས་སུ་གཟུང་བའི་ཆོ་གའོ།། །།དེ་ནས་གནོད་མཛེས་དང་འདོད་པའི་རྒྱལ་པོས་ར་བ་དང་དྲ་བས་ཕྱོགས་བསྲུང་ཞིང་བཅིང་བར་བྱའོ། །འདི་དག་ནི་ས་བསྲུང་བའི་ཆོ་ གའོ།། །།དེ་ནས་མི་བསྐྱོད་པའི་ཕྱག་རྒྱ་ས་གནོན་དུ་བྱས་པས་དཀྱིལ་འཁོར་གྱི་ས་ལ་བཞག་སྟེ། ཨོཾ་ཊཀྐི་ཧཱུཾ་ཛཿ། ཞེས་བརྗོད་པས་སའི་ལྷ་མོ་སྐུ་མདོག་སེར་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སྤྱི་བོར་རྣམ་པར་སྣང་མཛད་ཀྱིས་མཚན་པ། ལག་པ་ན་གསེར་གྱི་བུམ་པ་འཛིན་པ། དཀྱིལ་ འཁོར་གྱི་སའི་དབུས་ནས་འཐོན་པར་བསམས་ཏེ། དེ་ལ་འདི་སྐད་དུ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱིས། །སྤྱོད་པའི་ཚུལ་དང་ཁྱད་པར་དང་། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་ 35-1-18a གིས་བདུད་ཀྱི་སྡེ། །ཕམ་པར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་ལན་གསུམ་དུ་གསོལ་བ་གདབ་པོ། །དེ་ནས་མཆོད་ཡོན་དང་ཞབས་བསིལ་དང་མཆོད་པ་ཕུལ་ཏེ་བཟོད་པར་གསོལ་ཏེ་དེ་ཉིད་དུ་ཐིམ་པར་བསམ་མོ། །དེ་དག་ནི་སའི་ལྷ་མོ་སྟ་གོན་ དུ་གནས་པའི་ཆོ་གའོ།། །།དེ་ནས་བདུད་རྩི་ལྔ་དང་དྲི་ཞིམ་པོའི་ཆུས་ལྷའི་གྲངས་དང་མཐུན་པའི་རིགས་སོ་སོའི་ཐིག་ལེ་བྱས་ལ། གདན་དང་གཞལ་ཡས་ཁང་ཇི་ལྟ་བ་བཞིན་བསམས་ལ། ཕྱག་རྒྱ་དང་གཉིས་སུ་མེད་པའི་ཁྱད་པར་ལས་དམ་ཚིག་གི་འཁོར་ལོ་ རྫོགས་པར་བཀོད་ལ། ཡེ་ཤེས་སེམས་དཔའ་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱས་ཏེ། ཇི་ལྟ་བ་བཞིན་དུ་བྱིན་གྱིས་བརླབ་པ་བྱས་ལ། ཕྱི་ནང་གསང་བ་གསུམ་གྱི་མཆོད་པས་མཆོད་ཅིང་བསྟོད་པ་བྱས་ཏེ་གསོལ་བ་ལན་གསུམ་དུ་གདབ་པར་བྱའོ། །ལག་ པས་བདུག་སྤོས་བླངས་ནས་པུས་མོ་ས་ལ་བཙུགས་ཏེ་འདི་སྐད་དུ། བཅོམ་ལྡན་རྡོ་རྗེ་འཛིན་པ་མཆོག །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་བདག་ཉིད་ཅན་དག་གི། །དཀྱིལ་འཁོར་བདག་ཉིད་བྲི་བར་འཚལ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ ཡང་མཆོད་པའི་ཕྱིར། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་ནི་གནང་བར་མཛད་པའི་རིགས། །སངས་རྒྱས་འགྲོ་འཁོར་བྱ་དོན་སྩོལ། །བྱང་ཆུབ་སེམས་དཔའ་འབྲས་གནས་དང་། །གཞན་ཡང་གསང་སྔགས་ལྷ་རྣམས་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །གང་ཡང་ འབྱུང་པོ་མཐུ་ཆེན་དང་། །གང་ཡང་རྡོ་རྗེ་སྤྱན་མངའ་བའི། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་མིང་འདི་ཞེས་བགྱི་བ་ཡིས། །རྡོ་རྗེ་འཛིན་གྱི་དཀྱིལ་འཁོར་ནི། །ཡོ་བྱད་ཅི་འབྱོར་པས་འདྲི་ན། །དེང་བདག་སློབ་མར་བཅས་པ་ལ། །ཐུགས་ནི་བརྩེ་བར་དགོངས་ནས་སུ། ། ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དེ་ལྟར་ལན་གསུམ་དུ་གསོལ་བ་བཏབ་ལ་མཆོད་པ་ལ་སོགས་པ་བྱས་ནས་ར་བ་དང་དྲ་བས་ཕྱོགས་དང་ཕྱོགས་མཚམས་བཅིང་བ་བྱས་ཏེ། འདི་དག་ནི་དཀྱིལ་འཁོར་གྱི་ལྷ་སྟ་གོན་དུ་གནས་པའི་ཆོ་གའོ།། །། 35-1-18b དེ་ནས་གསེར་ལ་སོགས་པའམ། སའི་ཁམས་ཀྱི་རྒྱུ་ལས་བྱས་པའི་བུམ་པ་ལྟོ་བ་ཆེ་བ་མགྲིན་པ་རིང་བ་ཁ་ཁྱེར་དང་ལྡན་ཞིང་མཆུ་འཕྱང་བ་ནག་ནོག་མེད་པ་ལྷའི་གྲངས་དང་མཐུན་པར་བྱས་ཏེ། ཙནྡ་ན་དཀར་པོས་བྱུགས་ཤིང་པདྨ་ལ་སོགས་པའི་གདན་ལ་སོ་སོ་རང་རང་གི་མཚན་མས་མཚན་པ་ བྲི། རས་ཁ་ཚར་མ་ཉམས་པས་མགུལ་པ་བཅིངས་ལ་ཙུ་ཏ་ལ་སོགས་པའི་འབྲས་བུ་ཅན་གྱི་ཤིང་གིས་ཁ་བརྒྱན་པ་སྔགས་ཀྱིས་བཏབ་པའི་དྲི་ཞིམ་པོའི་ཆུས་གང་བ། གྲོ་དང་ནས་དང་ཏིལ་དང་འབྲས་ས་བ་དང་མོན་སྲན་དྲེའུ་སྟེ་འབྲུ་ལྔ་དང་། བྱུ་རུ་དང་ས་ལེ་སྦྲམ་དང་དུང་དང་མུ་ཏིག་ དང་ནོར་བུ་སྟེ་རིན་པོ་ཆེ་ལྔ་དང་། སིཾ་ཧི་དང་། བྱཱ་གྲཱི་དང་། ཧ་ས་དང་། ཧ་ས་དེ་བ་དང་། ཀརྞི་ཀ་སྟེ་སྨན་ལྔ་བླུགས་ལ། མེ་ཏོག་གི་ཕྲེང་བས་བཅིངས་པའི་རྡོ་རྗེ་ཁར་བཞག་སྟེ་དཀྱིལ་འཁོར་གྱི་འཁོར་ལོའི་ཏིང་ངེ་འཛིན་ལ་གནས་ལ་བཟླས་པ་བྱ། ཡི་གེ་བཾ་ལས་གྱུར་པའི་གསེར་གྱི་བུམ་པ་ བསྒོམས་ལ། ཧྲཱིཿལས་གྱུར་པའི་པདྨ་དང་། ཨོཾ་དང་ཨཱཿལས་གྱུར་པའི་ཟླ་བ་དང་ཉི་མའི་གདན་ལ་རང་རང་གི་ས་བོན་ཡོངས་སུ་གྱུར་པ་ལས་སྐུ་རྫོགས་པ་ལ་ཡེ་ཤེས་ཀྱི་འཁོར་ལོ་བཀུག་ལ་བསྟིམ་པར་བྱ་སྟེ། མཆོད་ཡོན་དང་། མཆོད་པ་ལྔ་ཕུལ་ལ། གཏོར་མ་ཡང་ཁ་ཟས་སྦྱང་བའི་ཏིང་ ངེ་འཛིན་དུ་བྱས་ལ་ཐུན་མཚམས་བཞི་རུ་ཕུལ་ནས་སོ་སོའི་བཟླས་པས་མཉེས་པར་བྱའོ། །དེ་ཡང་གཡས་སུ་རྣམ་པར་རྒྱལ་བའི་བུམ་པ་བཞག་སྟེ་མི་གཡོ་བའི་ཏིང་ངེ་འཛིན་དུ་བྱའོ། །གཡོན་དུ་ལས་ཐམས་ཅད་པའི་བུམ་པ་བཞག་ལ་མཆོད་པ་དང་བཟླས་པས་མཉེས་པར་བྱས་ནས། དཀྱིལ་ འཁོར་གྱི་བགེགས་བསལ་དུ་གསོལ་ཞེས་ཕྲིན་ལས་བཅོལ་ལོ། །དཀྱིལ་འཁོར་ལ་མཆོད་པ་ཡང་བྱ་སྟེ་སྔ་མ་བཞིན་དུ་གསོལ་བ་གདབ་པ་ཡང་ལན་གསུམ་དུ་བྱའོ། །འདི་དག་ནི་བུམ་པ་སྟ་གོན་ལ་གནས་པའི་ཆོ་གའོ།། །།དེ་ནས་ཕྱི་རོལ་དུ་བྱུང་ནས་རང་གི་སློབ་མ་བརྟགས་ལ་གཟུང་བར་ བྱ་སྟེ། བློ་དང་ལྡན་པ་ཐེག་པ་ཆེན་པོ་ལ་དགའ་བ་བླ་མ་ལ་དད་ཅིང་སྙིང་རྗེ་ཆེ་བ། བཀའ་དྲིན་རྗེས་སུ་དྲན་པ་ང་རྒྱལ་མེད་པ་བསླབ་པ་ཡིད་ཆེས་པ་དང་ལྡན་པ། གསང་སྔགས་བསྒྲུབ་པ་དང་། སློབ་དཔོན་ལ་ལྷག་པར་མོས་པ་རིགས་དང་ལྡན་ཞིང་སྡོམ་པ་དང་དམ་ཚིག་ལ་གནས་པ་ནི་རིན་པོ་ 35-1-19a ཆེའི་སྐྱེས་བུ་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ། འདི་ནི་བརྟན་པས་མཆོག་ཏུ་གཟུང་བར་རྒྱལ་བ་རྣམས་ཀྱིས་གསུངས་སོ། །དེ་ལས་གཞན་པའི་སློབ་མ་ནི་དད་པ་སྔོན་དུ་འགྲོ་བས་བྱང་ཆུབ་ལ་དམིགས་ནས། དཀྱིལ་འཁོར་གྱི་ལྷ་དང་བླ་མ་ལ་དད་པ་རྒྱ་ཆེན་པོ་བྱེད་པ་ ཡང་ཅི་རིགས་པར་གཟུང་བར་བྱ་སྟེ་གང་ཟག་གི་རིམ་པ་བཞིན་སྦྱར་རོ། །དེ་ལས་གཞན་པ་ནི་སློབ་མ་དང་ཚོགས་པའི་བདག་ཉིད་གང་དང་ཡང་མི་ལྡན་པ་དེ་ནི་འདིར་མི་གནང་ཞིང་དགག་པར་བྱའོ། །དེ་ལྟར་སྣོད་དང་སྣོད་མ་ཡིན་པ་རྣམས་བརྟགས་ལ་སློབ་དཔོན་བདག་ཉིད་ཁང་པའི་ནང་དུ་ འཇུག་གོ། །དེ་ནས་སྐལ་བ་དང་ལྡན་པའི་སློབ་མས་ཀྱང་སྒོ་དྲུང་དུ་གནས་ཏེ། དགའ་ཆེན་ཁྱོད་བདག་སྟོན་པ་པོས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །བྱང་ཆུབ་སེམས་ ནི་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་འཇུག་པར་འཚལ། །དེ་ལྟར་ལན་གསུམ་གསོལ་བ་བཏབ་ནས་སློབ་དཔོན་འཁོར་ལོའི་གཙོ་བོའི་ཏིང་ངེ་འཛིན་ལ་གནས་པས་ ཚིག་འདིས་གནང་བ་སྦྱིན་ཏེ། བུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་སྤྱོད་ཡུལ་ཆོ་ག་དག །ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །རྡོ་རྗེ་གསང་སྔགས་བསྒོམ་པ་ཡིས། ། དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །འཇིག་རྟེན་རྗེས་འཇུག་པར་རྟོགས་ནས། །འཁོར་ལོ་ བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་བྱོས་ཤིག །ཅེས་སྨྲའོ། །དེ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། ཡོངས་སུ་བསྔོ་བ་དང་། བྱང་ཆུབ་ཏུ་ 35-1-19b སེམས་བསྐྱེད་པ་དང་། བདག་ཉིད་ཀྱི་ལུས་དབུལ་བ་དང་། སངས་རྒྱས་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང་། སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྡོམ་པ་བཟུང་བ་དང་སྨོན་ལམ་གདབ་པར་བྱའོ། །དཀོན་མཆོག་ གསུམ་ལ་སྐྱ་བས་སུ་འགྲོ་བ་ལ་སོགས་པ་ནི་སློབ་མས་ཚིགས་སུ་བཅད་པ་བརྗོད་ཅིང་བྱའོ། །སྡོམ་པ་གཟུང་བ་ནི་དང་པོ་སློབ་དཔོན་གྱིས་བསྒོ་སྟེ་འདི་སྐད་དུ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །འདི་ནི་སངས་རྒྱས་རིགས་དག་པའི། ། དམ་ཚིག་བརྟན་པར་གྱུར་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དག །བློ་ཆེན་ཁྱོད་ཀྱིས་གཟུང་བར་གྱིས། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་གྲགས་སོ། །སློབ་དཔོན་དག་ཀྱང་གཟུང་བར་གྱིས། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེ་རིགས་དག་པའི། །དམ་ཚིག་ སྡོམ་པ་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་གཟུང་བར་གྱིས། །འདི་ནི་པདྨའི་རིགས་དག་པའི། ། དམ་ཚིག་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བྱ། །མཆོད་པའི་ལས་ཀྱང་ཅི་ནུས་བྱ། །སྲོག་ཆགས་རྣམས་ནི་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ་། །འདོད་ཆགས་དག་ཀྱང་མི་བྱ་ཞིང་། ། བརྫུན་དུ་སྨྲ་བར་མི་བྱའོ། །ཉེས་པ་ཀུན་གྱི་རྩ་བ་སྟེ། །ཆང་ནི་རྣམ་པར་སྤང་བར་བྱ། །སེམས་ཅན་གདུལ་ཕྱིར་མ་གཏོགས་པར། །བྱ་བ་མ་ཡིན་ཐམས་ཅད་སྤང་། །དམ་པ་ཉེ་བར་བརྟེན་བྱ་ཞིང་། །རྣལ་འབྱོར་པ་ཀུན་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དག །ངག་གི་རྣམ་ པ་བཞི་དག་དང་། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཅི་ནུས་པར་ཡང་རྗེས་སུ་བསྲུང་། །སེམས་ཅན་དོན་ལ་མི་ཕྱོགས་དང་། །ཐེག་པ་དམན་ལ་དགོད་མི་བྱ། །འཁོར་བ་དག་ཀྱང་ཡོངས་མི་སྤོང་། །རྟག་ཏུ་མྱ་ངན་འདས་མི་ཆགས། །ལྷ་དང་ལྷ་མིན་གསང་བ་པ། །དེ་ལ་བརྙས་པར་མི་ 35-1-20a བྱ་ཞིང་། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང་། །མཚན་མ་འགོམ་པར་མི་བྱའོ། །དེ་ལྟར་དམ་ཚིག་གསུངས་པ་དག །བློ་ལྡན་ཁྱོད་ཀྱིས་རྟག་ཏུ་སྲུངས། །དེ་ནས་བླ་མ་དེས་གསུངས་པའི། །སྡོམ་པ་ལེགས་པར་གཟུང་བྱའོ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་ བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་གཟུང་བར་བགྱི། །རྡོ་རྗེ་རིགས་ མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དག །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། ། པདྨའི་རིགས་མཆོག་ཆེན་པོ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། ། དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་མ་ལུས་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་རྒལ་བ་དག་བསྒྲལ་བར་བགྱི། །མ་གྲོལ་བ་དག་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །མྱ་ངན་འདས་ལ་དགོད་པར་བགྱི། །ལུས་དང་ངག་དང་ ཡིད་དག་གིས། །མི་དགེ་བ་ནི་བཅུ་པོ་དག །བག་མེད་པ་ཡི་གནས་གྱུར་པ། །ཆང་ནི་རྣམ་པར་སྤང་བར་བྱ། །དེ་བཞིན་ལྷ་དང་ལྷ་མིན་དང་། །གསང་བ་པ་དག་བརྙས་པ་དང་། །མཚན་མ་ལ་སོགས་འགོམ་པ་རྣམས། །དུས་འདི་ནས་ནི་བཟུང་ནས་ནི། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། ། བདག་ནི་རབ་ཏུ་ལྡོག་པར་བགྱི། །དེ་ལྟར་སྡོམ་པ་བཟུང་བའི་སློབ་མ་ལ་སྙིང་ག་དང་མགྲིན་པ་དང་དཔྲལ་བར་རྡོ་རྗེ་ཁུ་ཚུར་གྱིས་དྲིའི་ཐིག་ལེ་གསུམ་བྱས་ཏེ། ཉི་མ་དང་པདྨ་དང་ཟླ་བ་ལ་ཡི་གེ་གསུམ་སོ་སོར་བཀོད་ལ་སྐུ་དང་གསུང་དང་ཐུགས་སུ་བྱིན་གྱིས་བརླབ་ཅིང་། ལས་ཐམས་ཅད་པའི་སྔགས་ 35-1-20b ཀྱིས་བསྲུང་བར་བྱའོ། །དེ་ནས་མཆོད་པ་བྱས་ཏེ་སྤྱི་བོར་མེ་ཏོག་དང་སྤོས་སོ། །མར་མེ་དང་དྲི་ནི་སྙིང་གར་རོ། །ལྷ་བཤོས་ནི་མདུན་དུའོ། །དེ་རེ་རེ་ལ་ཡང་ཚིག་འདི་སྔོན་དུ་འགྲོ་བས་སྦྱིན་ཏེ། དུས་འདི་ཉིད་ནས་བཟུང་ནས་ནི། །འཁོར་བའི་སྐྱོན་གྱིས་མ་གོས་པར། །མཆོད་པ་ཀུན་དང་ ལྡན་པ་ནི། །དུས་ཀུན་དུ་ནི་བདེ་བར་མནོས། །ཞེས་པས་སོ། །དེ་ནས་ལས་ཐམས་ཅད་པའི་སྔགས་ཀྱིས་མངོན་པར་བསྔགས་པའི་སོ་ཤིང་སོར་བཅུ་གཉིས་པ་ཤིང་དྲང་པོ་འོ་མ་ཅན་ལས་བྱུང་བ་སྲིན་བུས་མ་ཟོས་པ། བུ་ག་དང་མཛེར་པ་མེད་པ་དྲང་པོར་བྱས་པ་ལ་དྲི་ཞིམ་པོས་བྱུགས་ ཤིང་རྩེ་མོ་མེ་ཏོག་གི་ཕྲེང་བས་བརྒྱན་པ་སློབ་མ་ཤར་ཕྱོགས་སུ་ཁ་བལྟས་ཏེ་མི་སྨྲ་བར་སོ་ཤིང་བཅའོ། །བཟའ་བ་ཟིན་ནས་མདུན་དྲང་པོར་དོར་རོ། །དེ་ནས་ས་ཤིང་གི་རྩེ་མོའི་ལྟས་བལྟ་སྟེ། ཕྱོགས་མཚམས་ཀྱི་དབྱེ་བས་ཞི་བ་ལ་སོགས་པའི་ལས་བརྒྱད་འགྲུབ་པའམ། ཡང་ན་ བདག་ལ་ལྟ་བའམ་རྩེ་མོ་གྱེན་དུ་འགྲེང་ན་དངོས་གྲུབ་མཆོག་འགྲུབ་པོ། །དེ་བཞིན་དུ་ཤར་དུ་བལྟས་ན་དངོས་གྲུབ་འབྲིང་འགྲུབ་པོ། །མཚམས་དང་བྱང་དུ་བལྟས་ན་འཇིག་རྟེན་པའི་དངོས་གྲུབ་འགྲུབ་བོ། །ཐུར་དུ་བལྟས་ན་ས་འོག་གི་དངོས་གྲུབ་འགྲུབ་བོ། །དེ་ནས་ངག་གི་ཉེས་པ་སྦྱང་ བའི་ཕྱིར་འཐོར་འཐུང་བྱས་ཏེ་ཁ་བཀྲུས་ནས་ཧུབ་གསུམ་འཐུང་དུ་གཞུག་པའི་སྔགས་ནི། ཨོཾ་ཧྲཱིཿབི་ཤུདྡྷ་ཡ་སརྦྦ་དྷ་རྨཱ་ཡ་སརྦྦ་པཱ་པཾ་ནི་ཙ་སཾ་ཤོ་དྷཱ་ཡ། སརྦྦ་བི་ཀལྤ་ཨ་པ་ན་ཡ་ཧཱུཾ། ཞེས་བཟླས་ལ་ཆུ་ཁྱོར་བ་གསུམ་འཐུང་དུ་གཞུག་གོ། །འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམྦཱ་རའི་མེ་ ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ན་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་མ་དུ་མ་རུ། །སྡིག་པ་བྱས་པར་གྱུར་ པ་གང་། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་འབྱང་བར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་པ་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ 35-1-21a ཤིན་ཏུ་མི་གཡོ་བ། །དེ་དག་གིས་ནི་ངན་འགྲོའི་རྒྱུན། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་བཅད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་ལ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། །རང་འབྱུང་སྐལ་བ་ཆེན་པོ་ལ། །འཇིག་རྟེན་ ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པར་འགྱུར་བ་ཡིན། །ཡོད་དང་མེད་ལས་རྣམ་པར་འདས། །ནམ་མཁའ་བཞིན་དུ་དྲི་མ་མེད། །ཟབ་མོ་རྟོག་གེ་ཐམས་ཅད་ཀྱིས། །རབ་ཏུ་མི་རྟོགས་གནས་མེད་པ། །སྤྲོས་པ་ཀུན་དང་བྲལ་བ་སྟེ། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །ལས་ དང་བྱ་བ་ལ་སོགས་བྲལ། །བདེན་པ་གཉིས་ལ་གནས་པ་ཡི། །ཐེག་པ་རབ་ཀྱི་མཆོག་འདི་ཡི། །ཚུལ་ལ་གནས་ན་ཐོབ་པར་འགྱུར། །ཞེས་བྱ་བའི་ཚིག་འདི་དག་ནི་ཐེག་པ་ཆེན་པོའི་ཆོས་བཤད་པས་སྤྲོ་བ་ཡང་དག་པར་བསྐྱེད་པར་བྱའོ། །དེ་ནས་ལས་ཐམས་ཅད་པ་བཟླས་པའི་སྲུང་སྐུད་ མདུད་པ་གསུམ་བོར་བ་དཔུང་པ་གཡོན་པ་ལ་གདགས་སོ། །དེ་ནས་སྔགས་ཀྱིས་བཏབ་པའི་ཀུ་ཤ་ལ་སྔས་དང་སྟན་བྱས་ཏེ།རྨི་ལམ་གྱི་ལྟས་བལྟའོ། །རྨི་ལམ་གྱི་ལྟས་མཐོང་བ་དགེ་བའམ་མི་དགེ་བ་ནང་པར་དུས་སུ་ང་ལ་ཟློས་ཤིག་ཅེས་བསྒོའོ། །རྨི་ལམ་མི་དགེ་བ་ན་ལས་ཐམས་ཅད་པའི་སྔགས་ ཀྱིས་གཞོམ་མོ། །དེ་ནས་མཆོད་པ་དང་བསྟོད་པ་བྱས་ཏེ། ནམ་མཁའི་ཕྱོགས་སུ་དཀྱིལ་འཁོར་གྱི་འཁོར་ལོ་བཀོད་ལ་དྲ་བ་དང་ར་བས་ཁ་སྦྱར་གྱི་སྦྱོར་བས་བསྲུངས་ཏེ་གཞག་གོ། །དེ་དག་ནི་སྟ་གོན་ལ་གནས་པའི་ཆོ་གའོ།། །།དེ་ནས་སློབ་དཔོན་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ལ་གནས་པས་རང་ བཞིན་གྱིས་དཀྱིལ་འཁོར་བསྐུལ་བའི་ཕྱིར་ནམ་མཁའ་ལ་གདབ་པའི་སྐུད་པ་དང་ཚོན་གྱིས་དཀྱིལ་འཁོར་བྲི་བའི་ཕྱིར་ས་ལ་གདབ་པ་དང་གཉིས་བྱ་སྟེ། དེ་ལ་ཐོག་མར་རང་གི་ཕྱག་རྒྱ་མ་བསླབས་པ་འབྱོངས་པ་དང་ཐིག་སྐུད་བཀལ་ཏེ། དེ་ནས་ཚོན་ལྔ་སོ་སོར་བཙོས་ནས་བདུད་རྩི་ལྔ་དང་དྲི་ཞིམ་པོས་ 35-1-21b བྱུགས་ཤིང་གསེར་ལ་སོགས་པའི་སྣོད་གཙང་མར་བཞག་ལ། རིགས་རེ་རེ་ལ་ཡང་རང་རང་གཙོ་བོར་བྱས་པའི་ལྔ་ལྔ་ཡོད་པས་སྐུད་པ་རེ་རེ་ལ་ཡང་ལྔ་ལྔ་སྟེ་ཉི་ཤུ་རྩ་ལྔ་བྱའོ། །སྔགས་པས་བདག་ཉིད་ཀྱི་མིག་གཡས་གཡོན་ལ་ཛ་དཀར་དམར་ལས་བསྐྱེད་པའི་ཉི་ཟླ་བསྐྱེད་ལ། དེ་ཉིད་ལ་ཡང་ཛས་སོ་སོར་མཚོན་པ་མིག་གི་གཟི་མ་འདྲེན་པར་བྱེད་པའི་འབར་བའི་ལྟ་བས་ནམ་མཁའི་དབྱིངས་ཐམས་ཅད་དུ་བལྟས་ཏེ། ཛ་ལས་འཕྲོས་པའི་འོད་ཟེར་གྱི་ལྕགས་ཀྱུས་ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་སྐུད་པ་དྲངས་ཏེ། ཡི་གེ་ལྔས་དྲངས་པའི་དམ་ཚིག་གིས་ སྐུད་པ་ལ་ཐིམ་པར་བྱས་ནས། ལས་ཐམས་ཅད་པའི་དྲིའི་ཆུས་བསང་གཏོར་བྱས་པའི་དྲི་དང་མེ་ཏོག་ལ་སོགས་པ་ཕུལ་ནས། ཨོཾ་ཨཱཿཨོཾ་ཧཱུཾ། ཨོཾ་ཨཱཿསྭཱ་ཧཱུཾ། ཨོཾ་ཨཱཿཨཱཿཧཱུཾ།ཨོཾ་ཨཱཿཧཱ་ཧཱ་ཧཱུཾ། ཨོཾ་ཨཱཿཧཱུཾ་ཧཱུཾ། ཞེས་བཟླས་སོ། །འཁལ་ཞིང་སྒྲིལ་བའི་དུས་སུ་ཡང་། ཨོཾ་ཨ་ནྱོ་ནྱཱ་ནུ་ག་ཏ་ སརྦྦ་དྷ་རྨྨཱ་པ་རསྤ་ར་ཨ་ནུ་ག་ཏ་སརྦྦ་དྷ་རྨྨཱཿཨ་ཏྱ་ནྟཱ་ནུ་ག་ཏ་སརྦྦ་དྷརྨྨཱ་ནུ་པྲ་བེ་ཤ་ཡ་སརྦྦ་དྷརྨྨཱ་ཧཱུཾ། ཞེས་རྗེས་སུ་དྲན་པས་བཟླས་ཤིང་བསྒྲིལ་ལོ། །དེ་ནས་ཚོན་སྣ་གཅིག་པའི་ལས་ཐམས་ཅད་པའི་སྐུད་པ་བྱས་ཏེ་དྲི་ཞིམ་པོ་དང་བདུད་རྩི་ལྔ་དང་ལས་ཐམས་ཅད་པ་བཟླས་པའི་ཡུངས་ཀར་བསྲེས་པ་སྤངས་ ཏེ། ཙནྡན་དཀར་པོའི་ཆུས་བྱུག་པར་བྱའོ། །སྐུད་པ་ཡི་གེ་གསུམ་གྱི་ནང་དུ་ཆུད་པར་བྱའོ། །སྐུད་པ་བསྡོགས་ཤིང་བཟུང་ནས་ཛྫ་གསུམ་གྱིས་བཏོན་ལ་རང་རང་གི་ཕྱག་རྒྱ་མ་ལ་གཏད་པར་བྱའོ། །ཤེས་རབ་མེད་པར་བདག་ཉིད་གཅིག་པུ་སྤྱོད་ན་སློབ་དཔོན་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ལ་གནས་ལ་ སློབ་མ་རྣམ་པར་སྣང་མཛད་དམ་བདུད་རྩི་ཐབ་སྦྱོར་དུ་བསམས་ཏེ་ཤར་གྱི་སྒོར་གནས་པར་བྱའོ། །ནུབ་དང་ཤར་ན་གནས་པའི་སློབ་དཔོན་སློབ་མས་ཁུ་ཚུར་གཡོན་གྱིས་བཟུང་ནས། ཨོཾ་བཛྲ་ས་མཱ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུཾ། ཞེས་བརྗོད་པས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་གནས་པའི་དེ་ བཞིན་གཤེགས་པ་ཐམས་ཅད་འགྲོ་བ་སེམས་ཅན་གྱི་དོན་གྱི་ཕྱིར་གཤེགས་ཤིག་པར་ཐིག་གི་སྒྲས་བསྐུལ་བར་བསམ་པར་བྱའོ། །དེ་ནས་སློབ་དཔོན་གནོད་སྦྱིན་གྱི་ཕྱོགས་སུ་ཁ་བལྟས་ལ་སློབ་མ་གཤིན་རྗེའི་ཕྱོགས་སུ་ཁ་བལྟས་ཏེ་ནམ་མཁའ་ལ་ཐིག་གདབ་པར་བྱའོ། །དེ་བཞིན་དུ་ཀླུ་དང་ 35-1-22a བརྒྱ་བྱིན་གྱི་ཕྱོགས་སུ་ཁ་བལྟས་ལ་ཐིག་གཉིས་པ་གདབ་པར་བྱའོ། །དེ་བཞིན་དུ་གྲྭ་དང་ཕྱོགས་ལ་སོགས་པ་གདབ་པར་བྱའོ། །དེ་ལ་དང་པོ་ནི་ཚངས་པའི་ཐིག་གོ། །གཉིས་པ་ནི་གྲྭའི་ཐིག་གོ། །གསུམ་པ་ནི་ཕྱི་རོལ་གྱི་ཐིག་གོ། །བཞི་པ་ནི་སོ་སོར་ཆ་རྣམ་པར་དབྱེ་བའི་ ཐིག་གོ། །དེ་ནས་ནམ་མཁའ་ལ་བཏབ་པ་བཞིན་དུ་ས་ལ་གདབ་པར་བྱ་སྟེ། ཚངས་ཐིག་གི་གཡས་གཡོན་དུ་རི་མོ་དགུ་དགུ་བཏབ་པས་ཆ་བཅུ་བཅུར་འགྱུར་ཏེ། སྤྱིར་ཆ་ཆེན་པོ་ཉི་ཤུར་འགྱུར་རོ། །དེ་རེ་རེའི་ནང་དུ་ཐིག་གསུམ་གསུམ་བཏབ་པས་སྣམ་བུ་བཞི་བཞིར་འགྱུར་ཏེ། དེས་ཆ་ཕྲན་བརྒྱད་ ཅུར་འགྱུར་རོ། །དེ་བཞིན་དུ་ཚངས་ཐིག་གཉིས་པའི་གཡས་གཡོན་ཡང་གདབ་པར་ཤེས་པར་བྱའོ། །དེ་ལ་ལྔ་པའི་དང་པོས་ནི་ར་བའི་ཚོན་སྣ་ལྔའི་ས་བྱའོ། །ལྔ་པ་བཞི་པས་ནི་འགྲམ་གྱི་ཚོན་སྣ་ལྔའི་ས་བྱའོ། །དྲུག་པའི་གསུམ་པས་ནི་སྒོའི་སྟེང་ལོགས་ཀྱི་ཚོན་སྣ་ལྔའི་ས་བྱའོ། །དང་པོའི་ གསུམ་པས་ནི་སྒོ་ཁྱུད་ཀྱི་ཚོན་སྣ་ལྔའི་ས་བྱའོ། །གཉིས་པའི་གཉིས་པས་ནི་ལོགས་ཀྱི་ཚོན་སྣ་ལྔའི་ས་བྱའོ། །དང་པོའི་བཞི་པ་དང་གཉིས་པའི་དང་པོས་ནི་ཁྱམས་ཀྱི་ས་བྱའོ། །ལྔ་པའི་གཉིས་པ་དང་གསུམ་པས་ནི་ཁ་ཁྱེར་གྱི་ས་བྱའོ། །ལྔ་པའི་བཞི་པས་ཁ་ཁྱེར་གྱི་ས་བྱའོ། །དྲུག་པའི་དང་ པོ་དང་གཉིས་པས་དྲ་བ་དང་དྲ་ཕྱེད་ཀྱི་ས་བྱའོ། །དེས་ནི་དཀྱིལ་འཁོར་གྱི་གནས་བསྒྲུབ་པའོ། །དང་པོའི་བཞི་པས་ནི་ནང་གི་ཀ་བའི་ས་བྱའོ། །གཉིས་པའི་གསུམ་པས་ནི་ཕྱིའི་ཀ་བའི་ས་བྱའོ། །དེ་ནས་ཙནྡན་གྱི་ཕུར་བུ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ། ཞེས་ལན་བདུན་བཟླས་པས་ དབུས་ཀྱི་ལྟེ་བ་ལ་བཏབ་ལ་གསུམ་པའི་གསུམ་པ་ལ་རྡོ་རྗེ་ར་བའི་སར་རི་མོ་གཉིས་སུ་གཡས་སྐོར་དུ་ཟླུམ་པོར་བསྐོར་བར་བྱའོ། །དེ་ནས་དགུ་པའི་དང་པོ་དང་གཉིས་པ་དང་གསུམ་པ་གསུམ་རི་མོ་གཉིས་ཀྱིས་བསྐོར་བ་ཁོར་ཡུག་ཏེ་པདྨའི་ཕྲེང་བའི་ས་བྱའོ། །དེའི་འོག་གི་ཆ་གསུམ་ལ་ནང་གི་ཕྱེད་དང་ གཉིས་ཀྱིས་ནི་ཁོར་ཡུག་ཆེན་པོ་སྟེ་ཕྱི་རོལ་གྱི་རྡོ་རྗེ་ར་བའི་ས་བསྐོར་བར་བྱའོ། །དེ་དག་ཀྱང་དང་པོ་རི་མོ་ནང་ནས་བསྐོར་རོ། །དེ་ནས་ཕྱི་རོལ་ནས་བསྐོར་ཏེ། དེའི་ལྷག་མ་ཕྱེད་དང་གཉིས་ཀྱིས་ནི་འོད་ཀྱི་དཀྱིལ་འཁོར་རོ། །ཐ་མའི་ཆ་བྲན་སྟོང་པ་གཉིས་ཀྱིས་ནི་དཀྱིལ་འཁོར་གྱི་ཉེ་འཁོར་གྱི་ས་བྱའོ། ། 35-1-22b དེ་ནས་གསུམ་པའི་བཞི་པ་ལ་འདོད་པའི་ལྷ་མོའི་སྣམ་བུའོ། །བཞི་པའི་དང་པོ་དང་བཞི་པའི་གཉིས་པ་དང་བཞི་པའི་གསུམ་པ་དང་བཞི་པའི་བཞི་པ་རྣམས་གཅིག་ཏུ་བྱས་པ་ནི་སྒོ་དང་འབྲེལ་པའི་ཕྱིའི་སྣམ་བུའོ། །དེ་ནས་མིག་གཉིས་ལ་དྷི་ལས་ཉི་ཟླ་བསྐྱེད་པའི་ཁྲོ་བོའི་ལྟ་བས་ནང་གི་ ཐིག་གདབ་ནས་ཁྲོ་བོའི་མིག་གི་ལྟ་སྟངས་ཀྱི་འོད་ཟེར་གྱིས་བགེགས་བསལ་ལ་ཕྱིའི་ཐིག་གདབ་པར་བྱ་སྟེ། སྔར་བཏབ་པ་རྣམས་ལ་ཅི་རིགས་པར་སྦྱར་བར་བྱའོ། །དེ་ལ་ར་བའི་ཚོན་སྣ་ལྔ་དང་འགྲམ་གྱི་ཚོན་སྣ་ལྔ་སྒོ་དང་འབྲེལ་པ་ཕྱིའི་སྒོའི་ནང་དང་སྒོ་ཁྱུད་ཀྱི་ས་བྱའོ། །རྟ་བབས་བཞི་ནི་ ཆུར་སྒོའི་བཞི་འགྱུར་སྣམ་ཕྲན་བཅུ་དྲུག་གི་ཚད་དོ། །དེ་ལ་ཆུ་སྲིན་གྱི་མགོ་ལ་སོགས་པའི་རྒྱན་རྣམས་དགོད་པའི་ས་བྱའོ། །ར་བ་དང་འབྲེལ་པའི་སྣམ་ཕྲན་དང་པོ་དང་གཉིས་པ་ལ་གར་མཁན་གྱི་ལྷ་མོ་མཆོད་པས་ཕྱག་བྲེལ་པ་རྣམས་སོ། །གསུམ་པ་ལ་ནི་རིན་ཆེན་ཕ་གུའི་སའོ། །བཞི་པ་ དང་ལྔ་པ་ལ་ནི་དྲ་བ་དང་དྲ་བ་ཕྱེད་པ་དང་ཉི་ཟླའོ། །དྲུག་པ་ལ་རྡོ་རྗེ་ནོར་བུ་ཕྱེད་པའོ། །སྒོའི་ལོགས་དང་འགྲམ་རྣམས་སུ་རྔ་ཡབ་འབར་བ་དང་རྒྱལ་མཚན་དང་བ་དན་རླུང་གིས་བསྐྱོད་པའོ། །ཆོས་ཀྱི་འཁོར་ལོའི་གཡས་གཡོན་དུ་རི་དྭགས་ཀྱིས་མཚན་པ། ཕྱི་རོལ་གྱི་གྲྭ་བཞིར་གསེར་གྱི་ བུམ་པ་བརྒྱད་དང་མཆོད་པ་ལ་སོགས་པ་ཅི་རིགས་པར་བྲི་བར་བྱའོ། །དེ་ཡང་། ཐུགས་ཀྱི་དཀྱིལ་འཁོར་དམ་པ་ནི། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་རྣམ་པར་བརྒྱན། །ཐིག་བཞི་དང་ནི་ཡང་དག་ལྡན། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །དྲ་བ་དྲ་ཕྱེད་རྡོ་རྗེ་དང་། ། ནོར་བུ་ཟླ་བས་བརྒྱན་པའོ། །སྒོ་དང་སྒོ་ཁྱུད་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་སྤྲས། །བུམ་པ་ཀ་བ་རྡོ་རྗེ་ཕྱེད། །བྲེ་ཡི་ཕྲེང་ནི་རིམ་བཞིན་གནས། །བ་དན་དྲིལ་བུས་མཛེས་བྱས་ལ། །རྔ་ཡབ་རྣམས་ཀྱིས་རྣམ་པར་བརྒྱན། །འདོད་པའི་ཡོན་ཏན་ལྔ་དང་ནི། །མཆོད་ པ་རྣམ་པ་ལྔ་ཡིས་བརྒྱན། །ཁྲུ་ནི་བཅུ་གཉིས་ཚད་དང་ལྡན། །ཚོན་རྩི་ལྔ་དང་ཡང་དག་ལྡན། །བུམ་པ་བརྒྱད་དང་ལྡན་པ་བྲི། །ཀུན་ནས་ཡོངས་སུ་ཟླུམ་པོར་བྱ། །དེ་དག་ནི་ཐིག་གི་ཆོ་གའོ།། །།དེ་ནས་རྡུལ་ཚོན་བྱིན་གྱིས་བརླབ་པར་བྱ་སྟེ། ཁ་དོག་ལྔ་ལ་ཧཱུཾ་ལ་སོགས་པ་ཁ་དོག་ལྔ་དང་ 35-1-23a ལྡན་པ་སོ་སོར་བསྟིམས་ལ། ཡེ་ཤེས་ཀྱི་དཀྱིལ་འཁོར་བསྡུ་བ་ལ་སོགས་པ་ཐིག་གི་ཆོ་ག་བཞིན་བྱ་སྟེ། ཚོན་རྩི་འོད་འབར་བར་བསམས་ཏེ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་མ་ཏི་ཀྲ་མ་ཧཱུཾ། ཞེས་བརྗོད་པས་བྱིན་གྱིས་བརླབས་ཏེ། ཆོས་དབྱིངས་འདི་ནི་རྣམ་པར་དག ། སེམས་ཅན་ཁམས་ནི་རྣམ་གྲོལ་མཛད། །རྡོ་རྗེ་འཛིན་པ་རྒྱལ་པོ་ཆེ། །རྡུལ་ཚོན་མི་ཕྱེད་ངོ་བོ་ཉིད། །ཅེས་པའོ། །དེ་ནས་སློབ་མས་གཡོན་པའི་ཁུ་ཚུར་གྱིས་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ་སྒོའི་སྟེང་ལོགས་ཀྱི་ཚད་དུ་བྲི་བར་བྱའོ། །དེ་ཡང་ཕྱི་རོལ་ནས་བརྩམས་ཏེ་ཐོག་མར་ནི་ དཀར་པོའོ། །དེ་ནས་ནི་སེར་པོའོ། །དེ་ནས་ནི་དམར་པོའོ། །དེ་ནས་ནི་ལྗང་གུ་སྟེ་ནང་རོལ་ནི་ནག་པོའོ། །དེ་ཡང་སྦོམ་ཕྲ་དང་ཡོན་པོ་དང་གཡོན་སྐོར་ལ་སོགས་པའི་སྐྱོན་སྤངས་ཏེ་བྲིའོ། །དེ་ནས་དབུས་ནས་བྲིའོ། །དེ་ནས་ལས་ཀྱི་རྡོ་རྗེ་ལ་སོགས་པས་ཅི་བདེར་བྲིའོ། །དབུས་དང་ཤར་ལ་སོགས་ པའི་རེའུ་ཆ་རྣམས་ནི་ནག་པོ་དང་། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་གོ་རིམས་བཞིན་ནོ། །མཆོད་སྣམ་ནི་དམར་པོའོ། །སྒོ་དང་སྒོའི་སྣམ་བུ་ནི་ཕྱོགས་ཀྱི་སྣམ་བུའོ། །དེ་ནས་རྡུལ་ཚོན་གྱི་བགེགས་འབྱུང་བ་ལྔ་ལས་བྱུང་བ་རྣམས་ནི་སྐུའི་དཀྱིལ་འཁོར་ལ་ནི་གཤིན་རྗེ་གཤེད་ཀྱི་ སྦྱོར་བས་གཞོམ་མོ། །གསུང་གི་དཀྱིལ་འཁོར་ལ་ནི་རྟ་མགྲིན་གྱི་སྦྱོར་བས་སོ། །བདུད་རྩི་ཐབ་སྦྱོར་གྱི་སྦྱོར་བས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གང་ལ་ཡང་སྦྱར་དུ་རུང་ངོ་། །འདིར་ནི་རྡོ་རྗེ་འཆང་གི་དཀྱིལ་འཁོར་ཡིན་པས་ན་གནོད་མཛེས་ཀྱི་སྦྱོར་བས་བགེགས་གཞོམ་པར་བྱ་སྟེ། ཨོཾ་སུམྦྷ་ནི་ སུམྦྷ་ཧཱུཾ་ཕཊ། ཨོཾ་གྲྀ་ཧྞ་གྲྀ་ཧྞ་ཧཱུཾ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བཱན་བིདྱཱ་རཱ་ཛ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་གནོད་མཛེས་ཀྱི་ཚམ་ངམ་གྱིས་སྲུང་ཞིང་རྣམ་པར་འཕྲུལ་པས་བགེགས་ཀྱི་ཚོགས་འཇིག་པར་བྱེད་པ་འདི་ལ་སོམ་ཉི་མི་བྱའོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས་ དེ་ནས་ཕྱག་རྒྱ་དགོད་པར་བྱ་སྟེ། ཧཱུཾ་ལ་སོགས་པ་གསུང་གི་ཕྱག་རྒྱའམ། རྡོ་རྗེ་ལ་སོགས་པ་ཐུགས་ཀྱི་ཕྱག་རྒྱའམ། ཕྱག་དང་ཞབས་ལ་སོགས་པ་སྐུའི་ཕྱག་རྒྱ་བྲི་བར་བྱ་སྟེ། དེ་ལ་འདིར་རེ་ཞིག་ཐུགས་ཀྱི་མཚན་མའི་དབང་དུ་བྱས་ནས་བཤད་པ་གསུངས་ཏེ། དབུས་སུ་ནི་སྣ་ཚོགས་པདྨ་དང་ 35-1-23b ཉི་མའི་སྟེང་དུ་ཁ་དོག་སྔོན་པོའི་རྡོ་རྗེ་ཆེན་པོ་རྩེ་དགུ་པའོ། །ཤར་ལ་སོགས་པའི་ཕྱོགས་བཞིར་སྣ་ཚོགས་པདྨ་ལ་གནས་པའི་ཟླ་བ་དང་རིན་པོ་ཆེ་དང་། པདྨ་དང་རྒྱ་གྲམ་གྱི་གདན་གྱི་སྟེང་དུ་འཁོར་ལོ་དང་། རིན་པོ་ཆེ་དང་། པདྨ་དང་། རལ་གྲི་ཁ་དོག་སོ་སོར་བྲི་བར་བྱའོ། །མེའི་གྲྭ་ལ་སོགས་པའི་ མཚམས་བཞི་རུ་ནི་པདྨ་དང་ཟླ་བ་ལ་གནས་པའི་སྟེང་དུ་ཨུཏྤལ་དཀར་པོ་དང་། སྔོན་པོ་ཅུང་ཟད་རྩ་བ་དམར་བ་དང་། དམར་པོ་དང་། ལྗང་གུ་སྟེ། སྤྱན་ལ་སོགས་པའི་ཐུགས་ཀྱི་མཚན་མ་སོ་སོར་དགོད་པར་བྱའོ། །འདོད་པའི་ཡོན་ཏན་གྱི་སྣམ་བུའི་གྲྭ་བཞིར་མེ་ལོང་དང་། པི་ཝང་དང་། དྲིའི་ དུང་དང་། རོའི་སྣོད་ཐོད་པ་སྟེ། པདྨའི་སྟེང་ན་ཟླ་བ་ལ་གནས་པའི་གཟུགས་རྡོ་རྗེ་ལ་སོགས་པའི་མཚན་མ་རིམ་པ་བཞིན་དུ་དགོད་དོ། །སྣམ་བུ་གསུམ་པ་ལ་པདྨ་དང་ཟླ་བ་ལ་གནས་པའི་བྱམས་པའི་ཀླུ་ཤིང་དང་གཞན་སེམས་དཔའ་དག་ནི་གཙོ་བོའི་ཁ་དོག་དང་ཕྱག་མཚན་དང་མཐུན་པར་བྲིའོ། ། ཁྲོ་བོ་རྣམས་ནི་པདྨའི་སྟེང་ན་ཉི་མ་ལ་གནས་པའི་ཤར་སྒོར་གཤིན་རྗེ་གཤེད་ཀྱི་དབྱུག་ཏོའོ། །ལྷོའི་སྒོར་ནི་གཞན་གྱིས་མི་ཐུབ་པའི་རྡོ་རྗེའི་དབྱུག་ཏོའོ། །ནུབ་སྒོར་ནི་རྟ་མགྲིན་གྱི་པདྨ་འོད་རྣོན་པོ་དང་བཅས་པའོ། །བྱང་སྒོར་ནི་བདུད་རྩི་ཐབ་སྦྱོར་གྱི་རྡོ་རྗེ་རྒྱ་གྲམ་མོ། །ཤར་ལྷོ་མཚམས་ ནི་མི་གཡོ་མགོན་གྱི་རལ་གྲིའོ། །ལྷོ་ནུབ་མཚམས་སུ་ནི་འདོད་པའི་རྒྱལ་པོའི་ལྕགས་ཀྱུའོ། །ནུབ་བྱང་མཚམས་སུ་ནི་དབྱུག་སྔོན་གྱི་རྡོ་རྗེ་དབྱུག་པའོ། །བྱང་ཤར་མཚམས་སུ་ནི་སྟོབས་པོ་ཆེའི་ཏྲི་ཤཱུ་ལའོ། །ཤར་སྟོད་དུ་ནི་གཙུག་ཏོར་འཁོར་ལོས་སྒྱུར་བའི་འཁོར་ལོ་རྩིབས་བརྒྱད་པ་ གཙུག་ཏོར་གྱིས་མཚན་པའོ། །ནུབ་སྨད་དུ་ནི་གནོད་མཛེས་ཀྱི་རྡོ་རྗེའོ། །དེ་ཡང་རང་གི་སྔགས་བཟླས་ཤིང་ཐུན་མཚམས་སུ་བྲིའོ། །དེ་དག་ནི་ཚོན་དགྱེ་བའི་རིམ་པའོ། །དེ་ནས་ཕྱག་རྒྱ་མ་ལེགས་པར་འབྱོངས་པ་དང་། དང་པོ་སྦྱོར་བས་སྙོམས་པར་འཇུག་པའི་ཆོ་ག་བྱའོ། །ཤེས་རབ་ ཀྱི་ཆོས་འབྱུང་ནས། བཛྲ་དྷྲྀཀ་ལ་སོགས་པའི་ལྷ་སོ་སོའི་མཚན་གྱི་སྔགས་ཀྱིས་བཏོན་ནས་སོ་སོའི་གདན་ལ་རྫོགས་པར་བསྒོམ་ཞིང་། དེ་ནས་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་ལས་ཁྲོ་བོའི་རྒྱལ་པོ་གནོད་མཛེས་འཕྲོ་བས་ཕྱོགས་བཅུའི་ཡེ་ཤེས་ཀྱི་འཁོར་ལོ་དམ་ཚིག་གི་འཁོར་ལོ་ལ་སྤྱན་ 35-1-24a དྲངས་ལ་ཕྱི་ནང་གསང་བའི་མཆོད་པས་མཆོད་དེ། གཤིན་རྗེ་གཤེད་ལ་སོགས་པས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ཏེ། དཀྱིལ་འཁོར་གྱི་གཙོ་བོ་ལ་ནི་རྣམ་པར་སྣང་མཛད་ནས་གནོད་མཛེས་ཀྱི་བར་གྱིས་སྤྱི་བོ་ནས་རྐང་པའི་བར་དུ་ དགོད་པའོ། །གནས་གསུམ་དུ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་པོ་དགོད་པ་དང་། སེམས་དཔའ་གསུམ་གྱི་མཐར་ཐུག་པ་དགོད་ཅིང་བྱིན་གྱིས་བརླབ་པོ། །འཁོར་གྱི་ལྷ་རྣམས་ལ་ནི་སྐྲུ་གསུང་ཐུགས་རྡོ་རྗེ་དང་། ཡེ་ཤེས་སེམས་དཔའ་དང་བཞི་སྟེ་ཕྱག་རྒྱ་ཆེན་པོ་དང་། ཆོས་དང་། ལས་དང་། དམ་ཚིག་གི་ཕྱག་རྒྱས་གདབ་པར་བྱའོ། །འདི་དག་ནི་དཀྱིལ་འཁོར་བྱིན་གྱིས་བརླབ་པའི་ཆོ་གའོ།། །།དེ་ནས་ཕྱི་ནང་གསང་བའི་མཆོད་པས་དཀྱིལ་འཁོར་གྱི་ལྷ་རྣམས་མཉེས་པར་བྱ་སྟེ། མེ་ཏོག་གི་ཆར་གྱིས་ནི་ལྷ་རྣམས་ཀྱི་དབུ་ལའོ། །དྲི་དང་བདུག་སྤོས་ཀྱིས་ནི་ ཤངས་ལའོ། །བྱུག་སྤོས་ཀྱིས་ཐུགས་ལའོ། །མར་མེ་ནི་སྤྱན་ལའོ། །ལྷ་བཤོས་ནི་ལྗགས་ལའོ། །དྲིལ་བུ་ནི་སྙན་ལའོ། །ཡོན་ཆབ་དང་ཞབས་བསིལ་ནི་ཕྱག་དང་ཞབས་ལའོ། །དེ་དག་ཀྱང་། མཆོད་པ་རྣམ་པ་ལྔ་མཆོག་བསྟན། །ཞེས་གསུངས་པས་འཇིག་རྟེན་པ་དང་ཐུན་མོང་མ་ ཡིན་པ་ཏིང་ངེ་འཛིན་སེམས་པའི་འོད་ཟེར་ལས་བྱུང་བས་ན་ནམ་མཁའི་དབྱིངས་ཀྱི་དབུས་སུ་གཏོགས་པའི་སངས་རྒྱས་ཐམས་ཅད་ལ་མཆོད་པའི་སྤྲིན་གྱི་ཆར་བྱུང་བར་བསམ་མོ། །དེ་ནས་ནང་གི་མཆོད་པ་བྱས་ཏེ། ཕྱག་རྒྱ་དང་སྙོམས་པར་འཇུག་པ་ལས་བླ་ན་མེད་པའི་མཆོད་པ་བརྩམ་སྟེ། བྱང་ཆུབ་སེམས་ཀྱི་ཕྲ་རབ་བསགས་པ་ལས་ནམ་མཁའི་ཁམས་ཐམས་ཅད་དེ་བཞིན་གཤེགས་པས་གང་བར་བསམས་ལ། དེ་དག་ཀྱང་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་མཆོད་པས་མཉེས་པ་འདི་ནི་ནང་གི་མཆོད་པའོ། །དེ་ནས་བདུད་རྩི་ལྔ་དང་། དཔའ་བོ་ལྔ་ཁ་ཟས་སྦྱང་ བའི་ཏིང་ངེ་འཛིན་གྱིས་སྦྱངས་ལ་དཀྱིལ་འཁོར་གྱི་ལྷ་རྣམས་ལ་དབུལ་བར་བྱ་ཞིང་བདག་ཉིད་ཀྱང་ཚིམ་པར་བྱ་བ་འདི་ཉིད་ནི་གསང་བའི་མཆོད་པའོ། །དེ་ནས་བསྟོད་པ་དང་བཟླས་པས་མཉེས་པར་བྱས་ཏེ། དེའི་རྗེས་ལ་ཕྱིར་བྱུང་ལ་གཏོར་མ་དང་མཆོད་པས་ཕྱོགས་སྐྱོང་རྣམས་སོ་སོར་མཉེས་པར་ 35-1-24b བྱའོ། །དེ་ནས་དཀྱིལ་འཁོར་གྱི་ནང་དུ་སོང་སྟེ། སྟོད་གཡོགས་དང་སྨད་གཡོགས་དང་གཙུག་ཏོར་ལ་སོགས་པའི་རྒྱན་ཐམས་ཅད་དང་ལྡན་པའི་ཧཱུཾ་མཛད་ཀྱི་སྐུར་བསྒྱུར་ལ་དཀྱིལ་འཁོར་གྱི་གཡས་ཕྱོགས་ནས་བསྐོར་བ་ལན་གསུམ་བྱས་ཏེ། ཕྱག་བྱས་ནས་མེ་ཏོག་གི་ཕྲེང་བ་ སྔོན་པོ་དཀྱིལ་འཁོར་གྱི་གཙོ་བོ་ལ་ཕུལ་ཏེ། སླར་བླངས་ནས་བདག་གི་མགོ་བོ་ལ་བཅིངས་ནས་ལྷས་གནང་བར་བསམས་པ་འདིས་ནི་རྫས་དང་ཡོ་བྱད་ལ་སོགས་པའི་དྲི་མ་ཐམས་ཅད་དག་པར་འགྱུར་རོ། །འདི་དག་ནི་མཆོད་པའི་ཆོ་གའོ།། །།དེ་ནས་ཤར་ཕྱོགས་སུ་ཁ་བལྟས་ཏེ། རྒྱས་པའི་ལས་དང་འབྲེལ་པས་དཀྱིལ་འཁོར་གྱི་ལྷ་རྣམས་མཉེས་པར་བྱའོ། །སྦྱིན་སྲེག་གི་ཆོ་ག་ནི་འོག་ནས་སྟོན་པས་འདིར་མ་བསྟན་ནོ། །དེ་ནས་བདག་ཉིད་འཇུག་པར་བྱ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་ལ་མེ་ཏོག་འཐོར་བའི་བར་གྱིས་ཞུགས་ལ་ཕྲེང་བ་ནས་རྗེས་སུ་གནང་བའི་བར་ གྱིས་བཀའི་གནང་བ་ཐོབ་པར་བྱས་ལ་སློབ་མ་གཞུག་པར་བྱ་བའི་ཆེད་དུ་བདེན་པའི་བྱིན་གྱིས་བརླབས་པ་བརྗོད་པར་བྱ་སྟེ། ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །རྡོ་རྗེ་སེམས་དཔའ་བདག་གྲུབ་མཛོད། །ཀུན་མཆོག་དངོས་གྲུབ་ ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད། །ཉེས་པ་མི་མངའ་རྟག་པ་ཁྱོད། །འདོད་ཆགས་ཀུན་གྱི་རྗེས་ཆགས་པ། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་ཀྱིས་གྲུབ་མཛོད། །ཤིན་ཏུ་དག་པ་ ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔར་བདག་གྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ཕྱག་རྒྱའི་མཆོག །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པ། །རྡོ་རྗེ་སྙེམས་པ་བདག་མཛོད་ཅིག ། སེམས་ཅན་ཀུན་གྱི་ཡིད་ཁྱབ་ཅིང་། །སེམས་ཅན་ཀུན་གྱི་སྙིང་ལ་ཞུགས། །སེམས་ཅན་ཀུན་གྱི་ཡབ་གྱུར་ཅིང་། །འདོད་ཆགས་དམ་ཚིག་མཆོག་གྱུར་པའོ། །བདེན་པ་འདི་ཡིས་ཡེ་ཤེས་མཆོག །ཤེས་རབ་ཐབས་བདག་དཀྱིལ་འཁོར་ཡིན། །བདེན་པ་དེ་ཡིས་མགོན་བདག་ལ། ། 35-1-25a ཁྱོད་ཀྱིས་འདོད་པ་རབ་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་འབྱུང་། །དེ་བཞིན་ཉིད་ལས་ངེས་པར་སྐྱེས། །བདེན་པ་འདི་ཡིས་དཀྱིལ་འཁོར་ དུ། །གཟུགས་བརྙན་གསལ་བར་སློབ་མ་ནི། །ཀུན་གྱིས་དྲི་མ་མེད་མཐོང་ཤོག །ཅེས་ལན་གསུམ་བརྗོད་དོ། །འདི་དག་ནི་སློབ་དཔོན་འཇུག་པའི་ཆོ་གའོ།། །།དེ་ནས་དཀྱིལ་འཁོར་ཆེན་པོ་དང་སློབ་མའི་བར་དུ་ཡོལ་བས་བཅད་ནས་ལས་ཐམས་ཅད་པའི་ཆུས་བཀྲུས་པའི་རས་ དམར་པོའི་གདོང་གཡོགས་ཀྱིས་བཀབ་ལ། སྡུག་པ་ཁྱོད་སུ་ཡིན་ཞེས་ལན་གསུམ་དྲིའོ། །དེས་ཀྱང་སྡུག་པ་བདག་ནི་སྐལ་བ་བཟང་པོའོ། །ཞེས་ལན་གསུམ་བརྗོད་པར་བྱའོ། །དེ་ནས་མེ་ཏོག་ཕྲེང་བ་འཛིན་པས་སྒོར་ཡང་དག་པར་མཆོད་པར་བྱའོ། །དེ་བཞིན་དུ། ཡུལ་འཁོར་ ཁྱིམ་དང་གླང་པོ་རྟ། །གསེར་དང་མུ་ཏིག་བྱུ་རུ་དང་། །ནོར་བུ་དང་ནི་ཁྱད་པར་རྫས། །བུ་དང་ཆུང་མ་བདག་ཉིད་དང་། །བྲན་ཕོ་བྲན་མོ་བཅས་རྣམས་ཀུན། །དེང་ནས་བརྩམས་ཏེ་དབུལ་བར་བགྱི། །ཞེས་ཡོན་གྱི་བྱེ་བྲག་དབུལ་བར་བྱའོ། །དེ་ནས་སྙིང་གར་རྡོ་རྗེ་བཞག་ལ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་དཱ་ཡཱ་མི། སུ་ར་ཏ་ས་མ་ཡ་སྟྭཾ་ཧོ། །ཞེས་པས་བྱང་ཆུབ་ཏུ་སེམས་བསྐྱེད་ལ། སིདྡྷི་བཛྲཱ་ཡ་ཐ་སུ་ཁཾ། ཞེས་པས་འཁོར་ལོ་བསྐོར་བར་བྱའོ། །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱིས། ཁྱོད་དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་མ་མཐོང་བ་རྣམས་ལ་སྨྲ་བར་མ་བྱེད་ཅིག །དད་པ་དང་མི་ལྡན་པ་རྣམས་ལ་ཡང་མ་ཡིན་ནོ་ཞེས་བརྗོད་པར་བྱའོ། །དེ་ནས་གཤིན་རྗེ་གཤེད་ལ་སོགས་པའི་གསང་སྔགས་ཀྱིས་ཡོལ་བའི་ནང་དུ་བཀུག་ཅིང་ཚུད་པར་བྱས་ནས་སམ་ཡང་ན། ཨ་ཁཾ་ བཱི་ར་ཧཱུཾ། ཞེས་བྱ་བའི་ཡི་གེ་ལྔ་ཡིས་ནང་དུ་ཆུད་པར་བྱས་ལ་དེ་ནས་སྔ་མ་བཞིན་དུ་སྡོམ་པ་འཛིན་དུ་གཞུག་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི། ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱང་ཐོབ་ན། དངོས་གྲུབ་ 35-1-25b གཞན་ལྟ་ཅི་སྨོས་ཏེ། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱ་ཡི། དངོས་གྲུབ་འདི་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་མ་སྨྲ་ཤིག་དམ་ཚིག་ཉམས་པར་གྱུར་ཏ་རེ་ཞེས་བརྗོད་པར་བྱའོ། །དེ་ནས་སློབ་མའི་སྙིང་གར་རྡོ་རྗེ་བཞག་ལ། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད། །སྙིང་ལ་ཡང་ དག་ཞུགས་པར་གྱུར། །ཨོཾ་བཛྲ་ས་ཏྭ་ཧཱུཾ། གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་བརྗོད་དོ། །དེ་ནས་ཐོད་པ་ན་གནས་པའི་བདུད་རྩི་འཐུང་དུ་གཞུག་སྟེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་ གྲུབ་སྟེར། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཤིག །ཨོཾ་བཛྲ་ཨུད་ཀ་ཋཿ། དེ་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །དེང་ཕྱིན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས་ངས་འདི་བྱོས་ཤིག་ཅེས་བརྗོད་པ་གང་ཡིན་པ་དེ་ཡང་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག །མི་བདེ་བ་མ་སྤངས་ པས་ཁྱོད་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་བརྗོད་དོ། །དེ་ནས་དེ་སྐད་སྨྲས་པ་ལ། སློབ་མས་འདི་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རློབས་ཤིག །རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག་ཅེས་གསོལ་བ་ལན་གསུམ་གདབ་པར་བྱའོ། ། དེ་ནས་དབབ་སྣོད་སློབ་མ་དེ་སྣང་བ་མཐའ་ཡས་སུ་བསམས་ལ། ཡན་ལག་ཐམས་ཅད་ལ་ཡི་གེ་ཨ་དམར་པོ་བཀོད་ལ་སྙིང་གར་ལཾ་ཡོངས་སུ་གྱུར་པ་ལས་དབང་ཆེན་སེར་པོ་གྲུ་བཞི་གྲྭ་བཞི་ལ་རྡོ་རྗེ་རྩེ་གསུམ་པས་མཚན་པ་དེའི་དབུས་སུ་ཡི་གེ་ཧཱུཾ་ངོ་། །བཾ་ཡོངས་སུ་གྱུར་པ་ལས་ཆུའི་ དཀྱིལ་འཁོར་ཟླུམ་པོ་བུམ་པས་མཚན་པ་ལྟེ་བར་བསམ། ཡཾ་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་གཞུ་འདྲ་བ་བ་དན་གྱིས་མཚན་པ་རྐང་པའི་འོག་ཏུའོ། །རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་མདོམས་སུ་བསམ། མགྲིན་པར་ཨཱཿ། སྤྱི་བོར་ཧ། དེ་ནས་འོད་ཟེར་འབར་བའི་ཛྷཻཾ་ རྐང་མཐིལ་ནས་རྐང་གི་བུ་ག་ནས་རླུང་གིས་མེ་སྦར་བ་ལ་སོགས་པའོ། །བཛྲ་ཨ་བེ་ཤ་ཡ་སྟཾ་བྷ་ཡ་ར་ར་ར་ར། །ཙ་ལ་ཡ་ཙ་ལ་ཡ། ཧཱུཾ་ཨ་ཧ་ཛྷཻཾ། ཞེས་དྲིལ་བུའི་སྒྲ་དང་བཅས་པས་དབབ་པར་བྱའོ། །ཕེབས་པ་དང་ཏིཥྛ་བཛྲ། ཞེས་པས་བརྟན་པར་བྱ་སྟེ། དེ་ནས་ལྕེ་ལ་ཡི་གེ་ཨ་དམར་པོ་ 35-1-26a བསམས་ལ། དགེ་བ་དང་མི་དགེ་བའི་གཏམ་ཡོངས་སུ་སྨྲོས་ཤིག་ཅེས་དྲིའོ། །དེ་ནས་མེ་ཏོག་གི་ཕྲེང་བ། པྲ་ཏཱིཙྪ་བཛྲ་ཧོ། །ཞེས་བརྗོད་ལ་དཀྱིལ་འཁོར་དུ་དོར་རོ། །མེ་ཏོག་གང་ལ་བབ་པ་དེ་ནི་དེའི་ལྷའོ། །མེ་ཏོག་བབ་པའི་མཚན་མ་ནི་ལྷའི་རེའུ་ཆའི་གནས་ ལས་ཤེས་པར་བྱའོ། །དེ་ཡང་སྐུ་སྟོད་དང་སྤྱི་གཙུག་ཏུ་བབ་ན་དངོས་གྲུབ་མཆོག་འགྲུབ་བོ། །ཞལ་ལ་བབ་ན་སྔགས་ཀྱི་དངོས་གྲུབ་འགྲུབ་བོ། །སྐུའི་དབུས་སུ་བབ་ན་དངོས་གྲུབ་བརྒྱད་དོ། །སྐུ་སྨད་དུ་བབ་ན་ཞི་བ་ལ་སོགས་པའི་དངོས་གྲུབ་པོ། །སྐུ་དང་ཉེ་ན་ནི་དངོས་གྲུབ་ཉེ་བའོ། །རིང་ ན་ནི་དངོས་གྲུབ་རིང་ངོ་། །གཉིས་ཀྱི་བར་དུ་ལྷུང་ན་ནི་གང་ཉེ་བའི་རིགས་སོ། །དཀྱིལ་འཁོར་གྱི་ལྷའི་གནས་ལས་ཕྱི་རོལ་དུ་རྒལ་ན་དད་པ་ཆུང་སྟེ་དམན་པའི་དངོས་གྲུབ་འགྲུབ་བོ། །རེ་ཁཱ་ལ་ཕོག་ན་སྐྱར་ལ་དོར་རོ། །སྙིང་པོ་ལ་ཕོག་ན་གང་ཡང་རུང་བ་འགྲུབ་བོ། །བར་མཉམ་པོའམ་བདག་ གི་མདུན་དུ་ལྷུང་ན་ལན་གསུམ་སྤོགས་ཏེ་དོར་རོ། །དེས་ཀྱང་ནང་དུ་མ་ཕོག་ན་སྐལ་བ་མེད་པས་སླར་གཏང་ངོ་། །དེ་དག་ནི་སློབ་མ་གཞུག་པའི་ཆོ་གའོ།། །།དེ་ནས་བབས་པའི་ལྷ་དེ་རྣམས་ཀྱིས་ཕྲེང་བ་མགོ་ལ་བཅིང་ཞིང་། ཨོཾ་པྲ་ཏི་གྲྀ་ཧྞ་སྭ་མི་མཾ་སཏྭ་མ་ཧཱ་བ་ལ། ཞེས་བརྗོད་པས་ཕྲེང་ བས་དབང་བསྐུར་རོ། །དེ་ནས་མིག་གིས་ཇི་ལྟར་མཐོང་ཞེས་དྲིའོ། །དཀར་པོ་མཐོང་ན་དངོས་གྲུབ་མཆོག་འགྲུབ་པའོ། །སེར་པོ་མཐོང་ན་རྒྱས་པའི་ཡེ་ཤེས་སོ། །ནག་པོ་མཐོང་ན་མངོན་སྤྱོད་ཀྱི་ཡེ་ཤེས་སོ། །སྣ་ཚོགས་པ་མཐོང་ན་གང་ཡང་རུང་བའི་དངོས་གྲུབ་བོ། །དེ་ནས། རྡོ་རྗེ་ སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །མིག་ནི་ཐམས་ཅད་འབྱེད་མཛད་པ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཅེས་བརྗོད་ལ་སྔགས་འདི་བརྗོད་དོ། །ཨོཾ་བཛྲ་སཏྭ་ས་མནྟ་ཙ་ཀྵཱུ་དྒྷ་ཊ་ན་ཏ་ད་པ་ར། ཨུ་དྒྷ་ཊ་ཡ་ཏི་སརྦྦ་ཀྵོ་བཛྲ་ཙཀྵུ་ཨ་ནུཏྟ་ར། ཞེས་བརྗོད་ལ་ གདོང་གཡོགས་བཀྲོལ་ཏེ། དེ་ནས་གནོད་མཛེས་ནས་བརྩམས་ཏེ་རྡོ་རྗེ་འཆང་ཆེན་པོའི་བར་དུ་ལྷ་རྣམས་བསྟན་ཏོ། །དེ་ནས་ཕྱག་རྒྱ་མ་དང་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་ཉུངས་ཀར་ལྟ་བུས་ནམ་མཁའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་དབབ་ཅིང་བསྐུལ་ཏེ། 35-1-26b བུམ་པ་ན་གནས་པའི་མི་བསྐྱོད་པ་ཡབ་ཡུམ་ལ་ཐིམ་ནས། དེ་ཡོངས་སུ་གྱུར་པའི་ཆུས་སྤྱི་བོར་ཆུའི་དབང་བསྐུར་ཏེ་ཚིགས་བཅད་དང་སྔགས་འདིས་སྦྱིན་ནོ། །གསང་གསུམ་དམ་ཚིག་ལས་བྱུང་བའི། །ཡེ་ཤེས་བདུད་རྩི་དྲི་མ་མེད། །ལྷ་ཡི་ཆུ་ཡིས་དག་པ་ཡི། །མི་བསྐྱོད་པ་ཡི་ དབང་བསྐུར་རོ། །ཨོཾ་བཛྲ་ཨཱ་དརྴ་ཛྙཱ་ན་ཨ་བྷི་ཥིཉྩ། ཞེས་པའོ། །དེ་བཞིན་དུ་བྲིས་པས་སམ་ལུགས་མའི་དབུ་རྒྱན་ལ་དར་གྱི་ཅོད་པན་གྱིས་མཚན་པ་ལ་རིན་ཆེན་འབྱུང་ལྡན་ཡབ་ཡུམ་བསྒོམས་ལ། སྔ་མ་བཞིན་དུ་ནམ་མཁའི་དབྱིངས་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ ཅད་ཕབ་པས་དེ་ཡོངས་སུ་གྱུར་པའི་དབུ་རྒྱན་གྱིས་དབང་བསྐུར་རོ། །འདི་སྐད་དུ། སངས་རྒྱས་ཀུན་གྱི་རྒྱལ་སྲིད་ཆེ། །དབུ་རྒྱན་རིན་ཆེན་དམ་པ་སྟེ། །རིན་ཆེན་ཀུན་གྱི་མཆོག་འགྲོ་བས། །རྫོགས་སངས་རྒྱས་སུ་དབང་བསྐུར་རོ། །ཨོཾ་བཛྲ་ས་མནྟཱ་ཛྙཱ་ན་རཏྣ་མ་ཀུ་ཊི་ཨ་བྷི་ཥིཉྩ། ཞེས་པས་སོ། །རྡོ་རྗེ་འོད་དཔག་མེད་པ་ཡབ་ཡུམ་གྱིས་དབང་བསྐུར་བར་བསྒོམས་ཏེ། སྔ་མའི་ཆོ་གས་ཡེ་ཤེས་སེམས་དཔའ་ཕབ་སྟེ། དེ་ཡོངས་སུ་གྱུར་པའི་རྡོ་རྗེས་དབང་བསྐུར་རོ། །འདི་སྐད་དུ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །མི་ཕྱེད་རྡོ་རྗེའི་འོད་གསལ་བ། །དམ་ཆོས་ འབྱུང་བའི་སྒོར་གྱུར་པས། །རྡོ་རྗེ་ཆོས་ཀྱི་དབང་བསྐུར་རོ། །ཨོཾ་པྲ་ཏི་ཨ་བི་ཤ་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ། ཞེས་པས་སོ། །དྲིལ་བུ་ལ་དོན་ཡོད་གྲུབ་པ་ཡབ་ཡུམ་རྫོགས་པར་བསྒོམས་ཏེ། སྔ་མ་བཞིན་དུ་ཕབ་པའི་ཆོ་ག་བྱས་ལ་དེ་ཡོངས་སུ་གྱུར་པའི་རྡོ་རྗེ་དང་དྲིལ་བུའོ། །རྡོ་རྗེ་དང་དྲིལ་བུ་ བསྣོལ་ལ་བདག་པོའི་དབང་བསྐུར་རོ། །འདི་སྐད་དུ། ཐབས་དང་ཤེས་རབ་ལྡན་པ་ཡི། །འགྲོ་དོན་མཉམ་མེད་བྱེད་པ་དང་། །མཆོད་པའི་ལས་ཀུན་རྫོགས་བྱེད་པས། །རྡོ་རྗེ་ལས་ཀྱི་དབང་བསྐུར་རོ། །ཨོཾ་བཛྲ་ཀྲི་ཏ་ཨ་ནུཥྛཱ་ན་གཱ་ན་བཛྲ་བ་ཏེ་ཨ་བྷི་ཥིཉྩ། ཞེས་པའོ། །དེ་ནས་སྔ་མ་ བཞིན་དུ་མེ་ལོང་གི་གཟུགས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐུ་ཕབ་ལ། དེ་ཡོངས་སུ་གྱུར་པ་མེ་ལོང་དུ་བྱས་ཏེ། མེ་ལོང་གི་གཟུགས་སློབ་མ་ལ་བསྟན་ཏེ་འདི་སྐད་དུ་བརྗོད་དོ། །གཟུང་དང་འཛིན་པ་རྣམ་སྤངས་པའི། །དག་ཅིང་གསལ་ལ་དྲི་མ་མེད། །མེ་ལོང་ནང་གི་གཟུགས་ 35-1-27a བརྙན་བཞིན། །རང་ལྷའི་གཟུགས་ནི་ཤེས་པར་གྱིས། །ཨོཾ་པྲ་ཏི་བི་མ་ལ་ཨཱ་དརྴ་བི་མ་ལ་ཨ་བྷི་ཥིཉྩ། ཞེས་པས་སོ། །དེ་བཞིན་དུ་སྤྱི་བོར་རྣམ་པར་སྣང་མཛད་ཡབ་ཡུམ་བསྒོམས་ལ་སྔ་མ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཕབ་ལ་དེ་ཡོངས་སུ་གྱུར་པ་ ལས་སྤྱི་བོ་ནས་རྐང་པའི་མཐར་ཐུག་པའི་བར་དུ་ལུས་ལ་ཁྱབ་པར་བསྟིམས་ལ་བབ་པའི་ལྷའི་ཆ་ལས་མིང་བཏགས་ཏེ། མིང་ནི་ཐོག་མར་དཔལ་ཐ་མར་རྡོ་རྗེའོ། །དེའི་འོག་ཏུ་གནང་བའི་ཕྱིར་དེ་ནི་ཀྱེ་ཡིས་བོད་པའོ། །འདི་སྐད་དུ། རྡོ་རྗེ་མིང་གིས་དབང་བསྐུར་བས། །བྱང་ཆུབ་ སྙིང་པོའི་བར་དུ་ནི། །ཅིས་ཀྱང་མི་ཤིག་མི་གཡོ་བས། །རྡོ་རྗེའི་མིང་དུ་རབ་ཏུ་གྲགས། །ཨོཾ་བི་ཤུདྡྷ་དྷརྨ་དྷཱ་ཏུ་ཛྙཱ་ན་ནཱ་མ་ཨ་བྷི་ཥིཉྩ། ཞེས་པས་སོ། །དེ་ནས་རྡོ་རྗེ་རིགས་ཀྱི་དམ་ཚིག་མེད་པར་ནི་སློབ་དཔོན་གྱི་དབང་བསྐུར་བའི་སྣོད་མ་ཡིན་པས། རྡོ་རྗེ་རིགས་ཀྱི་དམ་ཚིག་གི་ ཁྱད་པར་གྱི་དམ་ཚིག་དབོག་སྟེ། ཧཱུཾ་ཡོངས་སུ་གྱུར་པའི་རྡོ་རྗེ་ལག་ཏུ་གཏད་ལ་འདི་སྐད་དུ། འདི་ཉིད་ཀྱི་ས་ནི་རྡོ་རྗེ་གཟུང་། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག ། ཅེས་པ་ནི་རྡོ་རྗེའི་དམ་ཚིག་གོ། །དེ་བཞིན་དུ་ཨཿཡོངས་སུ་གྱུར་པ་ལས་དྲིལ་བུ་བྱིན་ལ། འདི་སྐད་དུ། དྲིལ་བུ་དེ་ཉིད་ཀྱིས་ཟུང་ལ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་སྒྲ་ཡི་རྗེས་འགྲོ་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་ང་རྒྱལ་རྡོ་རྗེ་བཞེད། །ཆོས་ ཀྱི་དྲིལ་བུ་དཀྲོལ་བར་བྱ། །སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག །སྲིད་པ་མཆོག་ནི་མཛད་པ་ཡིན། །ཞེས་པ་ནི་དྲིལ་བུའི་དམ་ཚིག་གོ། །དེ་བཞིན་དུ་ཨོཾ་དེའི་ལུས་ལ་བསྟིམས་ལ། འདི་སྐད་དུ། སྙིང་པོ་བསྙེན་པ་སོགས་ སྤྱད་པས། །ཕྱག་རྒྱ་ཆེན་པོར་བྱིན་བརླབས་ལ། །གཟུགས་སོགས་འདོད་པའི་དམ་ཚིག་གིས། །གསང་སྔགས་མ་ཚང་མེད་པར་བཟླས། །རང་རིག་པ་ཡི་ངོ་བོ་ཉིད། །ཕྱོགས་བཅུ་དུས་གསུམ་བཞུགས་པ་སྟེ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་གྱིས། ། 35-1-27b དཀའ་ཐུབ་སྡོམ་པ་མི་བཟད་པས། །བསྟེན་ནས་མི་སྣང་མངོན་ཤེས་དང་། །མཁའ་ལ་རྒྱུ་དང་ལུས་ངག་ཡིད། །ལས་བྱུང་དངོས་གྲུབ་འགྲུབ་མི་འགྱུར། །དེ་བས་སངས་རྒྱས་སེམས་དཔའ་མཆོག །སྔགས་ཀྱི་སྤྱོད་མཆོག་སྤྱོད་པ་རྣམས། །འདོད་པ་ཐམས་ཅད་བསྟེན་པ་ཡིས། ། ཆོས་ཀྱི་ཡི་གེ་མཆོག་ཉིད་བརྙེས། །བདེ་དང་སྡུག་བསྔལ་བདེ་བདག་མིན། །འདོད་པའི་ཡོན་ཏན་ལྔ་རྣམས་བསྟེན། །ཡེ་ཤེས་དོན་གཉེར་འདོད་ཆགས་ཅན། སྦྱོར་བས་བསྒྲུབས་ན་མྱུར་དུ་འགྲུབ། །སྐུ་གསུང་ཐུགས་ནི་ཡང་དག་འགྲུབ། །གང་གཞན་དམན་པར་བཤད་པ་ནི། །སྔགས་ཀྱི་བཟླས་པས་ འགྲུབ་པར་འགྱུར། །སྐུ་གསུང་ཐུགས་ནི་བསྒོམས་པས་སོ། །ཞེས་བྱ་བ་ནི་ཕྱག་རྒྱའི་དམ་ཚིག་གོ། །དེ་ལྟར་ལྡོམ་པ་བཟུང་བའི་སློབ་མས་དེ་བཞིན་དུ་ཡོན་གྱིས་སློབ་དཔོན་མཉེས་པར་བྱས་ལ། བླ་མ་ལ་ཕྱག་བཙལ་ལ་ཚིགས་སུ་བཅད་པ་འདིས་དབང་ནོད་པའི་དོན་དུ་གསོལ་བ་གདབ་པར་བྱའོ། །བྱང་ཆུབ་རྡོ་རྗེས་ སངས་རྒྱས་ལ། །ཇི་ལྟར་མཆོད་ཆེན་གསོལ་མཛད་པ། །བདག་ལ་བསྲུང་བའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་གསོལ་བ་གདབ་པོ། །དེ་ནས་ཤར་གྱི་ཕྱོགས་སུ་དཀྱིལ་འཁོར་ཆེན་པོ་དང་བར་དུ་ཁྲུ་འམ་འདོམ་གྱིས་ཆོད་པར་དཀྱིལ་འཁོར་ཚུལ་བཞིན་དུ་ བྲིས་ལ། དེའི་སྟེང་དུ་དབང་སྟེགས་ཀྱི་ཁྲི་བྱ་སྟེ། རས་ལ་གདན་པདྨ་འདབ་མ་བརྒྱད་པ་གཡས་དང་གཡོན་དུ་སེང་གེས་མཚན་པ་བཞག་སྟེ་སྟེང་དུ་ཡང་གདུགས་དང་བླ་རེས་བཀབ་པ་དང་། གཡས་གཡོན་དུ་ཡང་རྒྱལ་མཚན་དང་བ་དན་གྱིས་བཀླུབས་ལ། དེ་ནས་སློབ་དཔོན་སྦྱོར་ བ་གསུམ་རྫོགས་པར་བསྒོམས་ནས་སྔ་མ་བཞིན་དུ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་གྱིས་ནམ་མཁའི་དེ་བཞིན་གཤེགས་པ་ཐམས་ཅད་བསྐུལ་ནས་བུམ་པའི་ནང་དུ་ཆུད་པར་བྱས་ཏེ། དེ་དག་ཀྱང་སྤྱན་ལ་སོགས་པའི་ལྷ་མོའི་ཚོགས་ཀྱིས་བཟུང་ ནས། གཟུགས་དང་། སྒྲ་དང་དྲི་དང་རོ་དང་རེག་ལ་སོགས་པས་ནམ་མཁའི་ཁམས་གང་སྟེ་དེ་དག་གི་རིག་པའི་དབང་བསྐུར་བའི་ཚིགས་བཅད་ནི་འདི་ཡིན་ཏེ། རྡོ་རྗེ་ཆེན་པོའི་དབང་བསྐུར་བ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །གསང་གསུམ་གནས་ལས་བྱུང་བ་ཡི། ། 35-1-28a སངས་རྒྱས་ཀུན་གྱི་སྦྱིན་པར་བྱ། །ཞེས་སོ། །དེ་ནས་རྡོ་རྗེ་བརྟུལ་ཞུགས་དང་། ལུང་བསྟན་པ་དང་། རྡོ་རྗེ་འཛིན་པས་དབུགས་དབྱུང་བ་ལ་སོགས་པ་བྱིན་ལ། དེ་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་བསྟན་ཏེ། དེ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་ དག་པ་ནི་ཁྲུ་བཅུ་གཉིས་སོ། །ཚངས་པའི་གནས་བཞི་རྣམ་པར་དག་པ་ཟུར་བཞིའོ། །འཕགས་པའི་བདེན་པ་བཞི་རྣམ་པར་དག་པ་ངོས་བཞིའོ། །དྲན་པ་ཉེ་བར་གཞག་པ་བཞི་རྣམ་པར་དག་པ་ནི་ཤར་ཕྱོགས་ཀྱི་སྒོའོ། །ཡང་དག་པར་སྤོང་བ་བཞི་རྣམ་པར་དག་པ་ནི་ལྷོའི་སྒོའོ། །རྫུ་འཕྲུལ་ གྱི་རྐང་པ་བཞི་རྣམ་པར་དག་པ་ནི་ནུབ་ཕྱོགས་ཀྱི་སྒོའོ། །དབང་པོ་ལྔ་དང་སྟོབས་ལྔ་དག་པ་ནི་བྱང་ཕྱོགས་ཀྱི་སྒོའོ། །བསམ་གཏན་བཞི་རྣམ་པར་དག་པ་ནི་སྒོ་བཞིའོ། །རྣམ་པར་ཐར་པ་བརྒྱད་དག་པ་ནི་ཀ་བ་བརྒྱད་དོ། །རྡོ་རྗེ་ཐེག་པའི་སྒོ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བས་ན་རྡོ་རྗེའི་ཐེག་པ་ དང་ལྡན་པའོ། །ཚོན་སྣ་ལྔ་ནི་སངས་རྒྱས་ལྔའི་རང་བཞིན་ནོ། །ཡང་དག་པའི་ཡེ་ཤེས་ཀྱིས་ཀུན་ནས་ཡོངས་སུ་བསྐོར་བའི་ཕྱིར་དབུས་ཀྱི་ཕོ་བྲང་ཟླུམ་པོ་རྡོ་རྗེའི་ཕྲེང་བ་ཟླུམ་པོས་བསྐོར་བའོ། །ཏིང་ངེ་འཛིན་བཞི་རྣམ་པར་དག་པ་ནི་ཁ་ཁྱེར་རོ། །གཟུངས་ཀྱི་སྒོ་བཞི་རྣམ་པར་དག་པ་ནི་ལྷ་མོའི་ ཚོགས་མཆོད་པས་ཕྱག་བྲེལ་བའོ། །དྲ་བ་དང་དྲ་བ་ཕྱེད་པ་ལ་སོགས་པས་བརྒྱན་པ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ནོ། །དེ་ལས་གཞན་དང་གཞན་པའི་རྒྱན་དང་རྒྱལ་མཚན་དང་བ་དན་དང་དྲིལ་བུས་མཚན་པ་ནི་གསུང་རབ་ཡན་ལག་བཅུ་གཉིས་པའོ། །ཐབས་ཀྱི་བྱེ་བྲག་མ་འདྲེས་པར་སོ་ སོར་སྣང་བ་ནི་བར་བར་གྱི་ཚོན་སྣ་གཅིག་པའོ། །སྤོས་དང་མེ་ཏོག་ལ་སོགས་པ་མཆོད་པའི་བྱེ་བྲག་དང་གར་དང་དབྱངས་ལ་སོགས་པ་ནི་བདེ་བ་ཆེན་པོའི་དཀྱིལ་འཁོར་བླ་ན་མེད་པའི་མཆོད་པ་ཉམས་དགའ་བའོ། །གསེར་གྱི་བུམ་པ་བརྒྱད་པོ་ནི་ཚོགས་རྣམ་པ་གཉིས་རྫོགས་པའོ། །བདེ་བ་ཆེན་པོའི་གཞལ་ཡས་ ཁང་ཡིན་པས་གཞལ་ཡས་ཁང་ངོ་། །དཀྱིལ་ནི་སྙིང་པོའི་དོན་ཏོ། །འཁོར་ནི་རྫོགས་པའི་དོན་ཏོ། །དེ་ནི་དཀྱིལ་འཁོར་རོ། །དེ་དག་ཀུན་ཀྱང་ཚིག་གི་དོན་དང་རྒྱ་ཆེར་སྦྱར་རོ། །དེ་ནས་ལྷའི་དེ་ཁོ་ན་ཉིད་བསྟན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལྔ་ 35-1-28b ནི་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་དང་སོ་སོར་རྟོག་པ་དང་བྱ་བ་གྲུབ་པ་དང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་གྲུབ་པ་དང་། མི་བསྐྱོད་པ་སྟེ་གོ་རིམས་བཞིན་དུ་རྣམ་པར་དག་པའོ། །ས་དང་ཆུ་དང་མེ་དང་ རླུང་གི་ཁམས་ནི་སྤྱན་དང་མཱ་མ་ཀཱི་དང་གོས་དཀར་མོ་དང་སྒྲོལ་མ་སྟེ་གོ་རིམས་བཞིན་དུ་རྣམ་པར་དག་པ་ཡིན་ཏེ། དེ་ཚད་མེད་པ་བཞིའི་རང་བཞིན་ནོ། །གཟུགས་དང་། །སྒྲ་དང་། དྲི་དང་། རོ་དང་། རེག་ནི་གཟུགས་རྡོ་རྗེ་དང་། སྒྲ་རྡོ་རྗེ་དང་། དྲི་རྡོ་རྗེ་དང་། རོ་རྡོ་རྗེ་དང་། རེག་རྡོ་རྗེ་རྣམས་ གོ་རིམས་བཞིན་དུ་རྣམ་པར་དག་པའོ། །ཐབས་དང་། སྨོན་ལམ་དང་། སྟོབས་དང་། ཡེ་ཤེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནོ། །མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་དབང་པོ་དང་། རྩ་རྒྱུས་དང་། ཆོས་ནི་སའི་སྙིང་པོ་དང་། ནམ་ མཁའི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་དང་། འཇིག་རྟེན་དབང་ཕྱུག་དང་། འཇམ་དཔལ་དང་། སྒྲིབ་པ་རྣམ་པར་སེལ་བ་དང་། བྱམས་པ་དང་། ཀུན་དུ་བཟང་པོ་སྟེ་གོ་རིམས་བཞིན་དུ་རྣམ་པར་དག་པ་ཡིན་ཏེ། གཙོ་བོའི་ཡོན་ཏན་གྱི་ཆའི་ཡེ་ཤེས་ཀྱི་རང་བཞིན་ནོ། །སེར་སྣ་དང་། མི་སྙན་པ་ དང་། དོན་མི་མཐུན་པ་དང་། དོན་མི་སྤྱོད་པ་ནི་གཤིན་རྗེ་གཤེད་དང་། གཞན་གྱིས་མི་ཐུབ་པ་དང་། རྟ་མགྲིན་དང་། བདུད་རྩི་འཁྱིལ་པ་དང་གོ་རིམས་བཞིན་དུ་དག་པ་ཡིན་ཏེ། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་མཐུན་པ་དང་། དོན་སྤྱོད་པའི་རང་བཞིན་ནོ། །མིག་ལ་སོགས་པའི་རྣམ་ པར་ཤེས་པ་དྲུག་ནི། མི་གཡོ་མགོན་པོ་དང་། འདོད་པའི་རྒྱལ་པོ་དང་།དབྱུག་སྔོན་ཅན་དང་། སྟོབས་པོ་ཆེ་དང་། གཙུག་ཏོར་འཁོར་ལོས་སྒྱུར་བ་དང་། གནོད་མཛེས་ཏེ་གོ་རིམས་བཞིན་དུ་དག་པ་ཡིན་ནོ། །དེ་དག་ཀྱང་རང་རང་གི་གཙོ་བོའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་ལ་ངེས་པར་ཟད་པ་ དང་མི་སྐྱེ་བའི་ཡེ་ཤེས་ཀྱི་ཡོན་ཏན་དུ་བསྟན་ཏོ། །འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་སྟེ། ལྷ་ཐམས་ཅད་ཀྱི་ངོ་བོར་བསྟན་ཏོ། །དེ་དག་ནི་ལྷའི་དེ་ཁོ་ན་ཉིད་དོ། །དེ་ནས་རྗེས་སུ་གནང་ 35-1-29a བ་སྦྱིན་ཏེ། འདི་སྐད་དུ། ངོ་བོ་ཉིད་ཀྱི་སེམས་ཅན་རྣམས། །ཇི་ལྟ་ཇི་ལྟར་འདུལ་འགྱུར་བ། །དེ་ལྟ་དེ་ལྟར་ཆགས་ལ་སོགས། །གཙང་བས་སེམས་ཅན་དོན་བྱའོ། །ཉིན་རེ་བཞིན་དུ་ཐུན་བཞི་རུ། །ཏིང་འཛིན་གསུམ་གྱི་སྦྱོར་ལྡན་པར། །གྱུར་ནས་ཐུན་མོང་ཅིག་ ཤོས་ཀྱི། །དངོས་གྲུབ་ཐོབ་པའང་འགྲུབ་པར་འགྱུར། །མི་སྣང་བ་ནི་སྟོང་ཡིན་ཏེ། །མངོན་ཤེས་ལྡན་པ་ཉིས་སྟོང་ཡིན། །རིག་པ་འཛིན་པ་སུམ་སྟོང་སྟེ། །རྡོ་རྗེ་ཅན་ནི་འགྲོ་ཀུན་བདག །ཞི་དང་རྒྱས་ལ་སོགས་གང་དང་། །དེ་ལས་གཞན་པ་ཅི་འདོད་པ། །འཁོར་ལོ་རྗེས་མཉམ་སྦྱོར་ བ་ཡིས། །བསྒྲུབས་ན་འགྲུབ་པར་མྱུར་དུ་འགྱུར། །ཞེས་གསུངས་པས་རྒྱུད་ཉན་པ་དང་། འཆད་པ་དང་། མཆོག་དང་ཐུན་མོང་སྒྲུབ་པ་དང་། ཞི་བ་ལ་སོགས་པས་སེམས་ཅན་གྱི་དོན་བྱེད་པ་སྟེ། དེ་དག་ཐམས་ཅད་བྱེད་པར་རྗེས་སུ་གནང་བ་སྦྱིན་ནོ། །དེ་ལྟར་ཕྲེང་བ་ལ་སོགས་པ་དགུ་པོ་ དེས་ནི་རྡོ་རྗེ་འཆང་ཆེན་པོའི་སྤྲུལ་པའི་དཀྱིལ་འཁོར་དུ་རིག་པའི་དབང་བསྐུར་བ་སྟེ་བུམ་པའི་དབང་གི་ཆོ་གའོ།། །།དེ་ནས་གསང་བའི་དབང་བསྐུར་བ་སྔར་གྱི་རི་མོའི་དཀྱིལ་འཁོར་ཕྱིས་པ་ལ་བའི་ཆུས་བྱུགས་པ་དང་། བདུད་རྩི་རྣམ་པ་ལྔ་དང་དྲིའི་ཆུས་བྱུགས་པ་སྟེ། མེ་ཏོག་སིལ་མ་བཀྲམ་ལ་དེ་ ནས་སྔར་ལོའམ་ཟླ་བར་མཉེས་པར་བྱས་བའི་སློབ་མ་དེས་པདྨ་རཱ་ག་དང་། ནོར་བུ་དང་རྡོ་རྗེ་ལ་སོགས་པའི་རིན་པོ་ཆེ་སྣ་བདུན་དང་། འཁོར་ལོ་ལ་སོགས་པ་རྒྱལ་སྲིད་སྣ་བདུན་དང་། གཟུགས་སྡུ་གུའི་བྱེ་བྲག་སྣ་ཚོགས་དང་། སྒྲ་སྙན་པའི་བྱེ་བྲག་སྣ་ཚོགས་དང་། དྲི་ཞིམ་པའི་བྱེ་བྲག་སྣ་ ཚོགས་དང་། བཟའ་བཏུང་ལ་སོགས་པའི་རོ་ཞིམ་པའི་བྱེ་བྲག་སྣ་ཚོགས་པ་དང་། གཟུགས་ཀྱི་མཆོག་པདྨ་ཅན་མཚན་ཐམས་ཅད་དང་ལྡན་པའི་ལོ་གྲངས་བཅུ་དྲུག་ལོན་པ་ལོགས་པར་བསླབས་པ་ལ་སོགས་པའི་ཚོགས་ཀྱི་ཡོ་བྱད་ཚོགས་པར་བཤམས་ཏེ། ཚོགས་ཀྱི་དཀྱིལ་འཁོར་གྱི་དབུས་ སུ་ཕྱག་རྒྱ་ཕུལ་ཏེ། འདོད་པའི་ཡོན་ཏན་ལྔས་ཆོ་ག་ཇི་ལྟ་བར་མཆོད་པར་བྱའོ། །དེ་ནས་གསང་བའི་དབང་ལ་ཚིག་འདིས་གསོལ་བ་གདབ་པར་བྱའོ། །རྡོ་རྗེ་སེམས་ཁྱོད་སངས་རྒྱས་རྣམས་ཀྱི་བདེ་བ་འགྲུབ་པ་སྟེ། །རྣམ་དག་བྱང་ཆུབ་སེམས་དཔའ་རྒྱ་ཆེན་སྲས་སུ་བཅས་པ་རྣམས། །ཡུན་ 35-1-29b རིང་སྟོང་པ་ཉིད་བསྒོམས་པས་ནི་གདུངས་པ་ལ། །དགའ་བའི་ཡིད་འོང་བདེ་བ་ཆེན་པོ་ཉིད་ཀྱིས་མཉེས་པར་མཛོད། །ཀྱེ་འདོད་ཆགས་དེ་ནི་དྲི་མེད་ཀུན་དུ་བཟང་པོའི་སྤྱོད་པ་སྟེ། །དགའ་བའི་འདོད་ཆགས་རྡོ་རྗེ་དམ་ཚིག་ལ་ནི་ཕྱེ་མཛད་ནས། །དཀའ་བ་རྣམ་པ་དྲུག་པོ་སྤྱད་པས་ཤིན་ཏུ་གདུངས་ པ་ཡི། །རབ་ཏུ་དགྱེས་དབང་འདོད་པའི་བདེ་བ་ཉིད་ཀྱིས་འཇོག་པར་མཛོད། །བྱང་ཆུབ་སེམས་ནི་རིན་ཆེན་འབར་ཕྱུང་བས། །མ་ལུས་རྒྱལ་བ་རྣམས་ནི་ལུས་བསྐམས་ལ། །རྣམ་དག་རྡོ་རྗེ་ལས་བྱུང་ཡེ་ཤེས་ཆུ། །དྲི་མེད་དྲི་ཡི་རིན་ཆེན་དབང་བསྐུར་སྩོལ། །མཉམ་དང་མི་མཉམ་ འདོད་ཆགས་ཚུལ་དག་པས། །པདྨའི་གནས་སུ་རྡོ་རྗེ་མཛོད་གཏོང་བའི། །སྣ་ཚོགས་སེམས་དཔའ་སེམས་ཅན་རླག་འགྱུར་བ། །སྦྱོར་བ་གཞན་མིན་མ་ཐོགས་བཤད་པར་གསོལ། །རྡོ་རྗེ་སེམས་ཁྱོད་སྣ་ཚོགས་བདེ་བར་བྱེད་པ་ཡི། །རྡོ་རྗེ་པདྨ་ཕྱེ་བའི་ཚུལ་གྱིས་སྦྱོར་མཛད་དེ། །རྒྱལ་ བ་ཀུན་གྱི་གཟུགས་ཀྱི་སྐུ་ནི་རབ་སྟོན་ནས། །ཐམས་ཅད་བདེ་འགྲུབ་ཉིད་ཀྱིས་བདག་ལ་དགྱེས་པར་མཛོད། །དེ་ནས་སྔར་ཚོགས་ཀྱི་མཆོད་པའི་སྔོན་དུ་བླ་མས་ཀྱང་ཡིད་ཀྱིས་སམ། བྲིས་པས་ཀྱང་ཚོགས་ཀྱི་དཀྱིལ་འཁོར་བསྐྱེད་ལ། བདག་པོའི་ཕྱག་རྒྱར་མཉམ་པར་གཞག་པས་ སྙོམས་པར་འཇུག་པའི་ཆོ་གས་བྱང་ཆུབ་ཀྱི་སེམས་པདྨའི་སྣོད་དམ་དུང་ཆོས་སུ་བཞག་སྟེ། རོལ་མོ་དང་གླུ་དབྱངས་དང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པའི་སྒྲ་དང་བཅས་པས་བརྩེ་བས་ནམ་ཕྱེད་ཀྱི་དུས་སུ་རྡོ་རྗེ་ཅན་གཉིས་པ་ལྟ་བུར་དམིགས་ལ་དམ་ཚིག་གི་ཕྱག་རྒྱས་སློབ་མའི་ལྕེ་ལ་སྦྱིན་ནོ། །སློབ་ མས་ཀྱང་བློ་བརྟན་པས་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱིས་རང་གི་ལུས་ལ་གནས་པའི་ལྷ་རྣམས་མཉེས་པར་བྱའོ་ཞེས་བསམས་ཏེ། ཨ་ཧོ་མ་ཧཱ་སུ་ཁ། ཞེས་པས་བཏུང་བར་བྱའོ། །དེ་ནས་བསྟོད་པ་འདིས་བསྟོད་དེ། ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ཤ་དང་རུས་པ་ཁྲག་མེད་ཀྱང་། ། ནམ་མཁའ་ལ་ནི་འཇའ་ཚོན་ལྟར། །ཁྱོད་ཀྱི་སྐུ་ནི་སྟོན་པར་མཛད། །སྐུ་ལ་སྙུན་མེད་མི་གཙང་མེད། །བཀྲེས་དང་སྐོམ་པ་བྱུང་མེད་ཀྱང་། །ཁྱོད་ནི་འཇིག་རྟེན་རྗེས་འཇུག་ཕྱིར། །འཇིག་རྟེན་བྱ་བ་སྟོན་པར་མཛད། །ཆུ་ཟླ་བཞིན་དུ་གཟུང་དུ་མེད། །ཆོས་རྣམས་ཀུན་ལ་གནས་པ་མེད། ། 35-1-30a ང་རྒྱལ་མེད་ཅིང་རྨོངས་མི་མངའ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །གཤེགས་དང་བཞུགས་དང་དེ་བཞིན་གཟིམས། །སྤྱོད་ལམ་དག་ནི་ཐམས་ཅད་དུ། །ཁྱོད་ནི་རྟག་ཏུ་མཉམ་གཞག་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །སྒྱུ་མ་ལྟ་བུའི་ཏིང་ འཛིན་གྱིས། །རྫུ་འཕྲུལ་ཆེ་ལ་རྣམ་འཕྲུལ་ཞིང་། །སྣ་ཚོགས་མིན་ལ་སྙོམས་འཇུག་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པ་བྱས་ཏེ། དེའི་འོག་ཏུ་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་བཤད་པར་གསོལ་བ་གདབ་པར་བྱ་སྟེ། འདི་སྐད་དུ། ཀུན་མཁྱེན་ཡེ་ ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གྱིས། །གཙོ་བོས་བདག་ལ་བཀའ་དྲིན་གསོལ། །ཁྱོད་ཞབས་པདྨ་སྤངས་ནས་ནི། །གཙོ་བོ་གཞན་ལ་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་ཐུབ་ཆེན་གྱིས། །དེ་བས་སློབ་མ་མཉེས་པར་མཛོད། །ཅེས་ གསོལ་བ་གདབ་བོ། །བླ་མས་ཀྱང་སངས་རྒྱས་ཐམས་ཅད་ཀྱི་མན་ངག་བརྒྱུད་པ་ལས་འོངས་པའི་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་ཉེ་བར་མཚོན་པའི་ཀུན་རྫོབ་ཀྱི་བདེན་པའི་མན་ངག་ཇི་ལྟ་བ་བཞིན་བསྟན་ཏོ། །དེ་དག་ནི་གསང་བའི་དབང་བསྐུར་བའི་ཆོ་གའོ། །དེ་ནས་དབང་བསྐུར་བ་ཡང་དག་པར་ ཐོབ་པའི་སློབ་མས་ཐལ་མོ་སྦྱར་ལ་མཆོད་ཅིང་བསྟོད་པས་མཉེས་པར་བྱ་སྟེ། འདི་སྐད་དུ། ཁམས་གསུམ་ལས་ནི་རྣམ་གྲོལ་ཞིང་། །ནམ་མཁའ་དང་ནི་མཉམ་གྱུར་པ། །འདོད་པ་རྣམས་ཀྱིས་མ་གོས་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཕུང་པོ་རྣམས་དང་ཁམས་རྣམས་དང་། ། སྐྱེ་མཆེད་རྣམས་ལ་མི་བརྟེན་ཅིང་། །ཕྱིན་ཅི་ལོག་ལས་རྣམ་གྲོལ་བ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །རྣམ་རྟོག་མེད་ཅིང་ཀུན་རྟོག་མེད། །ཐུགས་ནི་རབ་ཏུ་མི་གནས་པ། །བསམ་གྱིས་མི་ཁྱབ་པ་ཡི་གནས། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཇི་ལྟར་ནམ་མཁའ་ གནས་མེད་ཅིང་། །སྤྲོས་མེད་གོས་པ་མེད་པ་ལྟར། །མཁའ་ལ་མཉམ་པའི་ཐུགས་མངའ་བ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཐམས་ཅད་སྟོང་པའི་རང་བཞིན་ཅན། །མངོན་པར་བྱང་ཆུབ་བལྟ་བར་འཚལ། །སློབ་མས་ཐལ་སྦྱར་བླ་མ་ལ། །བསྟོད་ནས་སླར་ཡང་བསྐུལ་བར་ 35-1-30b བྱ། །ལས་དང་སྐྱེ་ལས་རྣམ་གྲོལ་ཞིང་། །སྣང་བ་གསུམ་པོ་སྤངས་པ་ཡིས། །མངོན་པར་བྱང་ཆུབ་མཐོང་བར་ནི། །མགོན་པོ་ཆེན་པོ་བདག་འཚལ་ལོ། །སངས་རྒྱས་ཀུན་གྱི་ཡེ་ཤེས་ཆེ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྡོ་རྗེ་ཡེ་ཤེས་བླ་ན་མེད། །མགོན་པོ་ཆེན་པོ་བདག་ འཚལ་ལོ། །ཐོག་མཐའ་མེད་ཅིང་ཞི་བ་དང་། །ཉོན་མོངས་ཐམས་ཅད་རྣམ་སྦྱོང་ཞིང་། །ལུས་དང་ངག་སེམས་རྣམ་སྦྱོང་བ། །རྡོ་རྗེ་སེམས་དཔའ་བདག་འཚལ་ལོ། །དེ་ལྟར་ཡང་དག་པའི་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བ་ཚིགས་སུ་བཅད་པ་དག་གིས་ཡང་དང་ཡང་དུ་བསྟོད་པས་མཉེས་ པར་བྱས་ཏེ། དེའི་འོག་ཏུ་སློབ་མ་ལ་སྙིང་རྗེ་བསྐྱེད་དེ། ཕྱིའི་མངོན་པར་བྱང་ཆུབ་པ་དང་ནང་གི་མངོན་པར་བྱང་ཆུབ་པའི་མན་ངག་གིས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་། དེ་དག་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་ཆོ་གའོ།། །།དེ་ལྟར་མན་ངག་ཐོབ་པའི་སློབ་མ་ལ་རིལ་པོར་ འཛིན་པའི་རྣལ་འབྱོར་དང་། རྗེས་སུ་གཞིག་པའི་རྣལ་འབྱོར་རྣམ་པ་གཉིས་ལེགས་པར་བསླབ་པར་བྱའོ། །དེ་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དམ་ཚིག་དང་སྡོམ་པ་གཉིས་བསླབ་པར་བྱ་སྟེ། དབང་བསྐུར་འདིར་ནི་བལྟ་བར་བྱ། །བྱང་ཆུབ་སྤྱོད་གཞན་དེ་བཞིན་དུ། །དགེ་བའི་ཚུལ་ ནི་གཞན་གསུངས་པར། །སངས་རྒྱས་ཀུན་ཚོགས་ཐོབ་མི་འགྱུར། །བུ་ཡིས་དམ་ཚིག་བསྲུང་བ་དང་། །རྟག་ཏུ་སྡོམ་པ་བསྐྱང་བ་དང་། །བཅུ་ཕྱེད་སྒྲོན་མ་མི་འཆི་སྤྱད། །དམ་ཚིག་གཞན་ཡང་བསྲུང་བ་ནི། །དཀོན་མཆོག་གནོད་བྱེད་གཞོམ་བྱ་སྟེ། །ཤེས་རབ་ཐམས་ཅད་སད་པར་བྱ། ། གཞན་གྱི་ནོར་ཡང་བླང་བར་བྱ། །རྟག་ཏུ་བརྫུན་དུ་སྨྲ་བར་བྱ། །དེ་ལས་གཞན་ཡང་དམ་ཚིག་ནི། །ཇི་བཞིན་དོན་ལྡན་བཅུ་བཞི་དག །ཕས་ཕམ་པར་ནི་རབ་ཏུ་གྲགས། །སྤང་ཞིང་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བར་ཤེས་པར་བྱ། །སློབ་དཔོན་ལ་ནི་བརྙས་པ་དང་། །བདེ་གཤེགས་བཀའ་ ལས་འདས་པ་དང་། །སྡང་བས་སྤུན་གྱིས་བསྔགས་མིན་སྨྲ། །བྱམས་པ་ཆེན་པོ་རྣམ་སྤོང་དང་། །བྱང་ཆུབ་སེམས་ནི་འདོར་བ་དང་། །ཐེག་པ་གསུམ་ནི་སྨོད་པ་དང་། །སྐལ་མིན་གསང་བ་སྒྲོགས་པ་དང་། །རྒྱལ་བའི་ཕུང་པོ་བདག་ཉིད་སྨོད། །དག་པའི་ཆོས་ལ་ཡིད་གཉིས་དང་། །གདུག་ 35-1-31a ལ་བྱམས་དང་ཆགས་བྲལ་དང་། །ཆོས་ལ་གཉིས་སུ་དབྱེ་བ་དང་། །དད་པའི་སེམས་ལ་རབ་ཏུ་བཏུད། །དམ་ཚིག་བསྙེན་ཚེ་ཇི་སྙེད་པའི། །བརྟགས་པའི་ཤེས་རབ་སྨོད་པ་སྟེ། །སྔགས་པས་འདི་དག་བྱས་ན་ནི། །ཁ་ན་མཐོ་སྦོམ་པོར་འགྱུར། །རྩ་བའི་ལྟུང་བ་ ཡིན་པར་བཤད། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་བཞིན་དུ་བཟླས་པར་བྱ། །ཁ་ན་མཐོ་ཆེར་འགྱུར་བས། །ཡན་ལག་དམ་ཚིག་བཤད་པར་བྱ། །དམ་ཚིག་མི་ལྡན་སྣོད་མིན་ལ། །རིག་མ་བསྟེན་པར་དགའ་བ་དང་། །ཚོགས་ཀྱི་འཁོར་ལོ་རྩོད་པ་དང་། །གསང་བའི་ཆོས་ནི་ སྟོན་པ་དང་། །སེམས་ཅན་དད་དང་ལྡན་ལ་ཆོས། །གཞན་དུ་སྟོན་པར་འགྱུར་བ་དང་། །ཉན་ཐོས་དག་ཏུ་རློམ་བྱེད་པའི། །ནང་དུ་ཞག་བདུན་གནས་པ་དང་། །སྦྱོར་བ་ངེས་པར་མ་བྱས་པའི། །སྣོད་མིན་གསང་བ་བསྒྲགས་པ་དང་། །ཁ་ན་མཐོ་ཆེར་གྱུར་པའི། །སྔགས་པ་དམ་ཚིག་ ཉམས་པར་འགྱུར། །ནད་དང་སྡུག་བསྔལ་རབ་ཏུ་འཕེལ། །དེ་བས་དམ་ཚིག་བུས་སྲུངས་ཤིག །ཅེས་པས་སྡོམ་པ་སྦྱིན་ནོ། །དེ་ནས་སྐད་ཅིག་གིས་ཡི་གེ་ཨ་དེ་ལས་ཤཱཀྱ་ཐུབ་པའི་ཆ་ལུགས་སུ་བསྒྱུར་ཏེ། གཡས་པ་ལ་ལུང་སྟོན་པའི་ཕྱག་རྒྱ་མགོ་བོར་བཞག་སྟེ་ལུང་བསྟན་པར་བྱའོ། ། ཨོཾ་ང་ཡིས་འདི་ལྟར་ལུང་བསྟན་ཏེ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པའི་མཆོག་ནི་བསྒྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་ཉིད་ལས་བཏོན། །ཀྱེ་དེ་བཞིན་གཤེགས་པ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བ་སིདྡྷི་བྷུར་བྷུ་བ་སྭཿ། འདི་ཡིས་དབང་བསྐུར་གྱུར་པ་ཡི། །སྔགས་ལ་འགྲོ་བ་ ཀུན་གྱིས་བདག །བླ་ན་མེད་པའི་བྱང་ཆུབ་ཏུ། །བདེ་གཤེགས་ཀྱིས་ཀྱང་ལུང་བསྟན་མཛད། །ཅེས་པས་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་ལུང་བསྟན་པའོ། །དེའི་རྗེས་སུ་བརྟུལ་ཞུགས་སྦྱིན་པར་བྱ་སྟེ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། ཕྱག་ན་རྡོ་རྗེའི་ལག་ཏུ་འདུག །ཁྱོད་ཀྱིས་ ཀྱང་ནི་རྟག་ཏུ་བཅང་། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏྭཾ་དྷ་ར་ཡ་མི་བཛྲ་སཏྭ་ཧི་ཧི་ཧི་ཧི་ཧཱུཾ། ཞེས་པས་སྦྱིན་ནོ། །དེ་ནས། མཆོག་གསང་དཀྱིལ་འཁོར་དམ་པ་སྟེ། །མཐོང་བའམ་ནི་ཞུགས་གྱུར་པས། །སྲིད་པ་ཀུན་ལས་ངེས་གྲོལ་བར། ། 35-1-31b དེ་རྣམས་དེ་ཉིད་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །སླར་ཁྱོད་འཆི་བ་ཡོང་མེད་དེ། །མི་ཐུབ་པ་དང་མི་སོད་པས། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་དག་པས་ན། །སྟོན་ པའི་མཆོག་ཏུ་གྱུར་པ་ཡིན། །སྲིད་དང་གཏན་དུ་དངོས་གྲུབ་བོ། །དམ་ཚིག་སྡོམ་པ་གྲུབ་པ་འདི། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །དམ་པ་རྟག་པའི་བཀའ་ཡིན་ནོ། །བྱང་ཆུབ་སེམས་ནི་གཏང་མི་བྱ། །ཕྱག་རྒྱ་རྡོ་རྗེ་གང་ཡིན་པའོ། །གང་ ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །དམ་པའི་ཆོས་ནི་མི་སྤང་ཞིང་། །ནམ་ཡང་དོར་བར་མི་བྱའོ། །མི་ཤེས་པའམ་རྨོངས་པ་ཡི། །ཚུལ་ཆེན་བསྟན་པར་མི་བྱའོ། །བདག་ཉིད་ཡོངས་སུ་སྤངས་ནས་ནི། །དཀའ་ཐུབ་ཀྱིས་ནི་མི་གདུངས་པར། །ཅི་བདེ་བར་ནི་ བདེ་བར་གཟུང་། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་རྣམས། །ནམ་ཡང་ཡོངས་སུ་མི་འདོར་ཞིང་། །སློབ་དཔོན་སྨད་པར་མི་བྱའོ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །སངས་རྒྱས་ཀུན་མཚུངས་བླ་མ་ཡི། །སློབ་དཔོན་ལ་ནི་གང་སྨོད་པ། །དེ་ནི་སངས་རྒྱས་ ཀུན་སྨད་པས། །རྟག་ཏུ་སྡུག་བསྔལ་ཐོབ་པར་འགྱུར། །རིམས་དང་དགྲ་དང་དུག་དང་ནད། །མཁའ་ལ་འགྲོ་རྣམས་གཙེས་པ་དང་། །གདོན་དང་ལོག་འདྲེན་གཏུམ་པོ་ཡིས། །བསད་ནས་སེམས་ཅན་དམྱལ་བར་ལྟུང་། །དེ་བས་ནན་ཏན་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ། ། དགེ་བ་རབ་ཏུ་མི་སྤྱོམས་པ། །ནམ་ཡང་སྨད་པར་མི་བྱའོ། །བླ་མ་ལ་ནི་གུས་པས་ཡོན། །རྗེས་སུ་མཐུན་པ་སྦྱིན་པར་བྱ། །དེ་ནས་རིམས་སོགས་གནོད་པ་རྣམས། །ཕྱིར་ཞིང་འབྱུང་བར་མི་འགྱུར་རོ། །རྟག་ཏུ་རང་གི་དམ་ཚིག་བསྲུང་། །རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །རྟག་ ཏུ་བླ་མ་ལ་ཡང་དབུལ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །དེ་སྦྱིན་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །གང་ཕྱིར་འདི་ནི་ལེགས་གནས་པས། །དེང་ཁྱོད་སྐྱེ་བ་འབྲས་བུར་ 35-1-32a བཅས། །ལྷ་དང་དམ་ཚིག་མཉམ་པ་རུ། །དེང་ཁྱོད་གྱུར་པར་ཐེ་ཚོམ་མེད། །སངས་རྒྱས་རྡོ་རྗེ་འཛིན་བཅས་པར། །ཀུན་གྱིས་དེང་ཁྱོད་དབང་བསྐུར་བས། །ཁམས་གསུམ་གྱི་ནི་རྒྱལ་པོ་ཆེ། །རྒྱལ་བའི་བདག་པོར་བསྟན་པ་ཡིན། །དེ་ནི་བདུད་ལས་རྣམ་ རྒྱལ་ཏེ། །གྲོང་ཁྱེར་མཆོག་ཏུ་རབ་ཏུ་ཞུགས། །ཁྱེད་རྣམས་ཀྱིས་ཀྱང་་སངས་རྒྱས་ཉིད། །དེ་ཉིད་ཐོབ་པར་ཐེ་ཚོམ་མེད། །དེ་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་བཟད་བདེ་སྐྱེད་བསྟེན་པར་གྱིས། །དེང་ནི་འགྲོ་བ་མྱུར་དུ་རྡོ་རྗེ་སེམས་དཔའ་དང་། །རབ་ཏུ་མཉམ་ ཞིང་རྟག་པ་ཉིད་དུ་རྟོགས་པར་གྱིས། །ཞེས་པས་རྡོ་རྗེ་སེམས་དཔའི་ས་ལ་དབུགས་དབྱུང་བའོ། །དེ་ནས་སྔར་བསྟན་པའི་རྗེས་སུ་གནང་བ་སྦྱིན་ནོ། །དེ་ནས། བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཇི་ལྟར་བཀའ་སྩལ་པ་ལྟར་བགྱིའོ། །ཞེས་ལན་གསུམ་གསོལ་ལོ། །དེ་ནས། རིན་ཆེན་ ཁྱིམ་དང་གླང་པོ་རྟ། །ཡུལ་དང་མལ་སྟན་རྣམས་དང་ནི། །བྲན་དང་བྲན་མོ་ཆུང་མ་སྡུག །བུ་མོ་ཤིན་ཏུ་ཡིད་འོང་དང་། །གང་གིས་བདག་ཀྱང་དབུལ་བྱ་ན །།ལྷག་མ་རྣམས་ལྟ་ཅི་ཞིག་སྨོས། །ཞེས་པས་མཉེས་པར་བྱའོ། །དེས་ནི་དབང་བཞི་པ་ཡོན་དང་བཅས་པའི་ཆོ་གའོ།། །།དེ་ནས་སྦྱིན་སྲེག་ གི་ཆོ་ག་བྱ་སྟེ། དེ་ལ་ལས་སོ་སོའི་སྦྱིན་སྲེག་དང་། ལས་ཐམས་ཅད་པའི་སྦྱིན་སྲེག་གོ། །དེ་ལ་ལས་སོ་སོའི་སྦྱིན་སྲེག་ནི་དེ་ལ་ཞི་བ་ལ་ནི་ཟླུམ་པོ་རྒྱར་ཁྲུ་གང་ཟབས་སུ་དེའི་ཕྱེད་དོ། །རྒྱས་པ་ལ་ནི་གྲུ་བཞི་རྒྱར་ཁྲུ་དོ། །ཟབས་སུ་ཁྲུ་གང་ངོ་། །དབང་ལ་ནི་ཟླ་གམ་རྒྱ་དང་ཟབས་ཞི་བ་དང་མཐུན་ནོ། ། མངོན་སྤྱོད་ལ་ནི་གྲུ་གསུམ་རྒྱར་སོར་ཉི་ཤུ་ཟབས་སུ་དེའི་ཕྱེད་དོ། །དེ་དག་ཀྱང་གྲུ་བཞི་སྒོ་བཞི་དང་ལྡན་པ། གྲྭ་བཞིར་ཟླ་བ་ཕྱེད་པ་ལ་རྡོ་རྗེ་ཕྱེད་པས་མཚན་པ་སྒོ་བཞིར་ལྕགས་ཀྱུ་ལ་སོགས་པའི་ཕྱག་རྒྱ་བཞིས་མཚན་པ་ཐབ་ཀྱི་དབུས་ཁ་ཁྱེར་ལ་ཡང་ཞི་བ་ལ་ནི་འཁོར་ལོ་དང་འཁོར་ལོའི་ཕྲེང་བ། རྒྱས་ པ་ལ་ནི་རིན་པོ་ཆེ་དང་རིན་པོ་ཆེའི་ཕྲེང་བ། དབང་ལ་ནི་པདྨ་དང་པདྨའི་ཕྲེང་བའོ། །མངོན་སྤྱོད་ལ་ནི་ཁྲོ་བོའི་རྡོ་རྗེ་གདེངས་པ་དང་དེ་ཉིད་ཀྱི་ཕྲེང་བའོ། །ཞི་བ་ལ་ནི་ཁ་དོག་དཀར་པོའོ། །རྒྱས་པ་ལ་ནི་སེར་པོའོ། །དབང་ལ་ནི་དམར་པོའོ། །མངོན་སྤྱོད་ལ་ནི་ནག་པོའོ། །ཡམ་ཤིང་ཡང་ཞི་བ་ལ་ཨུ་དུམྺཱ་ 35-1-32b ར་ལ་སོགས་པ་འོ་མ་ཅན་གྱི་ཤིང་ལས་བྱས་པ་མཐོ་གང་རྩེ་མོར་མཉམ་པར་བཅད་པ་རྩེ་མོ་གཉིས་པ་ལ་ལོ་མ་དང་ལྡན་པའོ། །དེ་བཞིན་དུ་རྒྱས་པ་ལ་ཡང་ཡམ་ཤིང་དེ་ཉིད་ལ་ཡང་སྦོམས་སུ་ཆང་གང་སྲིད་ཁྲུ་གང་བྱའོ། །དབང་ལ་ནི་ཨ་ཤྭ་ཀ་དང་ཕྲི་ཡང་ཀུ་ལ་སོགས་པའི་ཤིང་ལ་ཡང་ཡམ་ ཤིང་ལ་སོགས་ཞི་བའི་ཚད་དུ་བྱའོ། །མངོན་སྤྱོད་ལ་སེང་ལྡེང་དང་པོ་སོན་ཆའི་ཤིང་ལ་སོ་སོར་བརྒྱད་པའི་ཚད་དུ་བྱའོ། །ཞི་བ་ལ་ནི་ཏིལ་ལ་སོགས་པའོ། །རྒྱས་པ་ལ་ནི་ཞོ་དང་འབྲས་ལ་སོགས་པའོ། །དབང་ལ་ནི་མེ་ཏོག་གིས་སོ། །དགུག་པ་ལ་ནི་བ་ལང་གི་ཤ་ཡིས་སོ། །མངོན་སྤྱོད་ ལ་ནི་ཤ་ཆེན་གྱིས་སོ། །ཚེ་བསྲིང་བ་ལ་ནི་དཱུར་བས་སོ། །བསྲུང་བ་ལ་ནི་ཀུ་ཤ་མར་དུ་སྦགས་པས་སོ། །ཧོམ་གཟར་ལ་ཡང་ལས་དང་མཐུན་པའི་ཕྱག་མཚན་གྱིས་མཚན་པའོ། །ཧོམ་གཟར་དང་དགང་གཟར་དང་སྲེག་རྫས་དང་མཆོད་ཡོན་ལ་སོགས་པ་དང་། སྔགས་པའི་རྒྱན་ལ་སོགས་པ་ ཐམས་ཅད་ལས་དང་རྗེས་སུ་མཐུན་པར་ཁ་དོག་བསྒྱུར་རོ། །སྔགས་པའི་སྟང་སྟབས་ཀྱང་ཞི་བ་ལ་ནི་བྱང་དུ་བལྟའོ། །རྒྱས་པ་ལ་ནི་ཤར་དུ་བལྟའོ། །མངོན་སྤྱོད་ལ་ནི་ལྷོར་བལྟའོ། །དབང་ལ་ནི་ནུབ་ཏུ་བལྟའོ། །གསད་པ་ལ་ནི་ཤར་ལྷོར་རོ། །བསྐམ་པའམ་ཞེ་སྡང་ལ་ནི་ལྷོ་ནུབ་ཏུའོ། །བསྐྲད་པ་ དང་དབྱེ་བ་ལ་ནི་ནུབ་བྱང་དུའོ། །རྨོངས་པ་དང་རེངས་པ་ལ་ནི་བྱང་ཤར་དུའོ། །ཞི་བ་ལ་ནི་འཇམ་ཞིང་འབོལ་བའི་སྟན་ནང་ཚངས་ཅན་ནོ། །རྒྱས་པ་ལ་ནི་ཀུ་ཤའི་སྟན་རྒྱ་དང་དཔངས་སུ་ཁྲུ་གང་སོར་བཞི་པའོ། །དབང་ལ་ནི་པདྨའི་སྟན་ནོ། །མངོན་སྤྱོད་ལ་ནི་སྟན་མེད་པའམ་དུར་ཁྲོད་ཀྱི་རས་སོ། །ལས་ སོ་སོའི་མེ་ལྷ་ཡང་ཞི་བ་ལ་ནི་པ་བ་ཀ་སྐུ་མདོག་དཀར་པོའི་འོད་ཀྱིས་གཟི་བརྗིད་ཀྱང་དཀར་པོ་འཕྲོ་བའོ། །རྒྱས་པ་ལ་ནི་མེ་ལྷ་དབང་ཆེན་ཞེས་བྱ་བ་འོད་དང་ཁ་དོག་སེར་པོའོ། །དབང་ལ་ནི་མེ་ལྷ་དམར་པོ་ཞེས་བྱ་བ་འོད་དང་ཁ་དོག་དམར་པོའོ། །མངོན་སྤྱོད་ལ་ནི་མེ་ལྷ་རླུང་ཞེས་བྱ་བ་འོད་དང་ཁ་དོག་ ནག་པོའོ། །དེ་དག་ཀྱང་སྤྱན་གསུམ་པ་ཕྱག་བཞི་པ་མཆོད་ཕྱིར་ཐོགས་པ་དང་རལ་པའི་ཐོར་ཚུགས་དང་ལྡན་པ་ཞི་བ་དང་རྒྱས་པའི་མེ་ལྷ་ནི་གཡས་གཉིས་ན་དབྱུག་ཏོ་དང་སྐྱབས་སྦྱིན། གཡོན་གཉིས་ན་གུནྡྷེ་དང་བགྲང་ཕྲེང་། དབང་གི་མེ་ལྷ་ནི་གཡས་པ་ན་དབྱུག་པ་དང་ལྕགས་ཀྱུ། གཡོན་པ་ན་ 35-1-33a བགྲང་ཕྲེང་དང་ཞགས་པ། མངོན་སྤྱོད་ཀྱི་མེ་ལྷ་ནི་གཡས་དང་པོ་ན་རལ་གྲི། གཉིས་པ་ན་དབྱུག་པ། གཡོན་དང་པོ་ན་ཞགས་པ། གཉིས་པ་ན་ཕྲེང་བའོ། །ལས་སོ་སོའི་དཀྱིལ་འཁོར་གྱི་ལྷ་ཡང་ཞི་བ་ལ་ནི་རྣམ་པར་སྣང་མཛད་གཙོ་བོར་གྱུར་པ་ཐམས་ཅད་སྐུ་མདོག་དཀར་ པོའོ། །རྒྱས་པ་ལ་ནི་རིན་ཆེན་འབྱུང་ལྡན་གཙོ་བོར་གྱུར་པ་ཐམས་ཅད་སྐུ་མདོག་སེར་པོའོ། །དབང་ལ་ནི་འོད་དཔག་མེད་གཙོ་བོར་གྱུར་པ་ཐམས་ཅད་སྐུ་མདོག་དམར་པོའོ། །མངོན་སྤྱོད་ལ་ནི་མི་བསྐྱོད་པ་གཙོ་བོར་གྱུར་པ་ཐམས་ཅད་སྐུ་མདོག་ནག་པོའོ། །གཞན་ཡང་གཤིན་རྗེ་གཤེད་ཀྱིས་སྐྱེས་པ་ དགུག་པ་ལ་སོགས་པ་ཁྲོ་བོ་བཅུའི་ལས་སོ་སོ་ནི་རང་རང་གི་ལས་གཙོ་བོར་བྱས་པའི་ལས་དང་རྗེས་སུ་དཔག་པར་བྱའོ། །སྤྱན་གྱིས་ཞི་བར་བྱ་བ་དང་ཤུ་ལི་ནིས་ཀླུའི་བུ་མོ་དགུག་པ་དང་། གནོད་མཛེས་ཀྱིས་ལྷ་མ་ཡིན་གྱི་བུ་མོ་དགུག་པ་ལ་སོགས་པ་ཕལ་ཆེར་ཕྱག་རྒྱ་རེ་རེ་ལ་སྦྱིན་སྲེག་བྱའོ། །དེ་ཡང་ དགུག་པ་ནི་དབང་གི་ཁོངས་སུ་བསྡུས་ནས་བསྟན་ནོ། །བསྐྲད་པ་དང་དབྱེ་བ་དང་གསད་པ་དང་རེངས་པ་དང་རྨུགས་པ་ནི་མངོན་སྤྱོད་ཀྱི་ཁོངས་སུ་བསྡུས་ནས་བསྟན་པའོ། །ཨོཾ་ཊཀྐི་ནི་པཱ་པ་ཀ་ཨགྣ་ཡེ་ཊཀྐི་ཧཱུཾ་ཛཿ། ཞི་བའི་མེ་ལྷ་སྤྱན་དྲང་བའི་སྔགས་སོ། །ཨོཾ་ཊཀྐི་ནི་མ་ཧི་ན་ཀྲ་ཨ་གྣ་ཡེ་ཊཀྐི་ཧཱུཾ་ཛཿ། རྒྱས་ པའི་མེ་ལྷ་སྤྱན་དྲང་བའི་སྔགས་སོ། །ཨོཾ་ཊཀྐི་ནི་ཛ་ཀཱ་མ་ཨགྣ་ཡེ་ཊཀྐི་ནི་ཧཱུཾ་ཛཿ། དབང་གི་མེ་ལྷ་སྤྱན་དྲང་བའི་སྔགས་སོ། །ཨོཾ་ཊཀྐི་ནི་ཛཿ་ཧཱུཾ་བཾ་ཧོཿཧཱུཾ་ཀྲོདྷ་ཏེ་ཛ་ཨགྣ་ཡེ་ཧཱུཾ་ཛཿ། མངོན་སྤྱོད་ཀྱི་མེ་ལྷ་སྤྱན་དྲང་བའི་སྔགས་སོ། །དེ་དག་ནི་ལས་སོ་སོའི་སྦྱིན་སྲེག་གོ། །ད་ནི་ལས་ཐམས་ཅད་པའི་སྦྱིན་སྲེག་ བཤད་དེ། དེ་ཡང་པདྨའི་དབྱིབས་ལྟ་བུའི་ཐབ་ཁུང་བྱ་སྟེ། རྒྱར་ཁྲུ་གང་སོར་བཞི་ཟབས་སུ་དེའི་ཕྱེད། ཐབ་ཁུང་གི་ཕྱི་རོལ་དུ་སོར་བཞི་དོར་བ་ཁ་ཁྱེར་གྱི་རྒྱ་དང་དཔངས་སུ་སོར་བཞི་ཡོད་པ། ཐབ་ཀྱི་ནང་དུ་པདྨ་འདབ་མ་བརྒྱད་ཡོད་པ། དབུས་ཀྱི་ལྟེ་བ་ལ་རྡོ་རྗེ་སྔོན་པོ་རྩེ་ལྔ་པའམ་རྩེ་དགུ་པས་མཚན་པའོ། ། ཤར་ལ་སོགས་པའི་པདྨ་ལ་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་རལ་གྲིའོ། །མཚམས་ཀྱི་པདྨ་དག་ལ་ཨུཏྤལ་དཀར་པོ་དང་སྔོན་པོ་དང་དམར་པོ་དང་ལྗང་གུ་བྲིའོ། །ཁ་ཁྱེར་གྱི་ནང་དུ་སོར་བཞི་དོར་བ་ལ་ལས་དང་རྗེས་སུ་མཐུན་པའི་ཁ་དོག་ཅན་པདྨའི་ཕྲེང་བ་ལྟ་བུས་བསྐོར་རོ། །དེ་ཉིད་ལ་པདྨའི་དབྱིབས་ 35-1-33b ལྟ་བུ་ཞེས་བྱའོ། །ནང་དུ་ཡང་མཐའ་སྐོར་དུ་རྡོ་རྗེ་ཕྲེང་བས་བསྐོར་རོ། །ཕྱི་རོལ་དུ་ཡང་ཁ་ཁྱེར་ལ་རྡོ་རྗེ་ཕྲེང་བས་བསྐོར་རོ། །གྲྭ་བཞིར་རྡོ་རྗེ་བཞིས་བརྒྱན་པས་ཐབ་ཁུང་ཉིད་སྣ་ཚོགས་རྡོ་རྗེ་ལ་གནས་པ་ལྟ་བུར་བརྟག་གོ། །སྔར་བསྟན་པའི་ལས་སོ་སོའི་ཐབ་ཁུང་ནི་རེའུ་མིག་བརྒྱད་དུ་བརྟག་པར་བྱ་སྟེ། དེ་ ཡང་ཕྱག་རྒྱ་དགོད་པ་ནི་དཀྱིལ་འཁོར་བསྒྱུར་བའི་དབང་གིས་ཅི་རིགས་སུ་སྦྱར་རོ། །འདིར་ལས་ཐམས་ཅད་པའི་མེ་ལྷ་ནི་ལྔ་པ་མི་ཏ་ཞེས་བྱ་བ་ཡིན་ཏེ་ལས་དང་རྗེས་སུ་མཐུན་པར་བསྐྱེད་དོ། །ལས་ཐམས་ཅད་པའི་ལྷ་ནི་ལྷ་ཐམས་ཅད་པའི་བདག་ཉིད་ཡིན་པས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཉིད་ དོ། །དེ་ཡང་ཐབ་ཀྱི་ཁོར་ཡུག་ཏུ་ཡང་ཤིང་ལོ་སྔོན་པོས་གཡོགས་ལ་དེའི་སྟེང་དུ་རྩྭ་ཀུ་ཤ་སྔོན་པོ་གཙང་མའི་བསང་གཏོར་གྱིས་བསངས་ལ། མགོ་རྩ་ཕན་ཚུན་དུ་ནོན་པས་གཡས་སྐོར་དུ་འཁོར་བར་དགྲམ་མོ། །མཆོད་རྫས་ནི་གཡོན་དུ་དགྲམ། སྲེག་རྫས་གཡས་སུ་དགྲམ། དེ་དག་ཀུན་ལ། ཨོཾ་བཛྲ་ ས་ཏྭ་ཨ། ཞེས་པ་ལན་གསུམ་བཟླས་པས་བྱིན་གྱིས་བརླབ་པར་བྱའོ། །ཧོམ་གཟར་ཡང་ཡུ་བ་ཁྲུ་གང་སོར་བཞི་ཟབས་སུ་སོར་གཉིས་བླུགས་གཟར་རྒྱར་སོར་བཞི་ཟབས་སུ་སོར་གཉིས་མཆུ་ལ་སོར་བཞི་རིན་པོ་ཆེའམ་པདྨའི་དབྱིབས་སུ་བྱས་པའི་དཀྱིལ་དུ་རྡོ་རྗེ་སོར་གཉིས་པས་མཚན་པའོ། །དགང་གཟར་ སོར་གཉིས་ཟབས་སུ་སོར་གཅིག་མཆུ་ལ་སོར་གཉིས་བྱའོ། །གཉིས་ཀའི་དབུས་སུ་ཡེ་ཤེས་ཀྱི་ལྷའི་ཡིག་འབྲུ་གཅིག་བསམ་མོ། །དེ་ལ་འདི་ནི་རྫས་དབུལ་བའི་སྔགས་ཏེ། ཨོཾ་ན་མཿས་མནྟ་བུདྡྷཱ་ནཱན་ཨགྣ་ཡེ་སྭཱ་ཧཱ། དགང་བླུགས་ཀྱི་སྔགས་སོ། །ཨོཾ་ཨགྣ་ཡེ་སྭཱ་ཧཱ། མར་གྱིའོ། །ཨོཾ་སརྦྦ་པཱ་པཾ་ ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཏིལ་གྱིའོ། །ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ། སོ་བའིའོ། །ཨོཾ་བཛྲ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ནས་ཀྱིའོ། །ཨོཾ་བཛྲ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། འབྲས་ཀྱིའོ། །ཨོཾ་བཛྲ་གྷ་སྨ་ར་ཡེ་སྭཱ་ཧཱ། གྲོའིའོ། །ཨོཾ་བཛྲ་ཨཛྙཱ་ཡ་སྭཱ་ཧཱ། ཨུ་དུ་མྺཱ་རའི་འོ། །ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཨ་ཤྭདྠ་འིའོ། །ཨོཾ་བཛྲ་ལ་ཏཱ་ཡ་ སྭཱ་ཧཱ། བླཀྴའིའོ། །ཨོཾ་བཛྲ་ཀུ་བེ་རཱ་ཡ་སྭཱ་ཧཱ། ནྱ་གྲོ་དྷའི་འོ། །ཨོཾ་བཛྲ་ཧ་ས་ཀ་རཱ་ཡ་སྭཱ་ཧཱ། ཨ་མྲའིའོ། །ཡམ་ཤིང་དེ་དག་ནི་ཨརྫུ་ན་ལ་སོགས་པའི་ཤིང་ལེགས་པ་གང་རྙེད་པ་ལ་བཟླས་པ་བྱས་ལ་མངོན་པར་བསྔགས་ཏེ་སྦྱིན་སྲེག་བྱའོ། །ལས་ཀྱི་བྱེ་བྲག་ལ་ཞི་བ་ལ་ནི་སྭཱ་ཧཱའི་མཐའ་དང་ 35-1-34a བཅས་པའོ། །རྒྱས་པ་ལ་ནི་པཽ་ཥཊ་ཧེའི་མཐའ་དང་བཅས་པའོ། །དབང་ལ་ནི་ན་མ་ཧིའི་མཐའ་དང་བཅས་པའོ། །དགུག་པ་ལ་ནི་ཛའི་མཐའ་དང་བཅས་པའོ། །མངོན་སྤྱོད་ལ་ནི་ཧཱུཾ་གི་མཐའ་དང་བཅས་པའོ། །སྲེག་རྫས་དབུལ་བའི་རིམ་པ་ནི་མར་ལ་སོགས་པ་ཞུ་ བའི་རྫས་ནི་ཞལ་དུའོ། །ཡམ་ཤིང་དང་མི་རུས་བསྲེས་པའི་ཕྱེ་མ་དང་བདུག་སྤོས་ནི་འོད་ཀྱི་དཀྱིལ་འཁོར་དུ་དབུལ་ལོ། །ཞོ་དང་འབྲས་ལ་སོགས་པའི་ཁ་ཟས་དང་ཏིལ་དང་འཐོར་འཐུང་ནི་ཕྱག་ཏུ་དབུལ་ལོ། །དྲི་ནི་ཐུགས་ཀར་རོ། །མེ་ཏོག་ནི་སྤྱི་བོ་རུའོ། །ཞབས་བསིལ་ནི་ཞབས་ལའོ། ། མཆོད་ཡོན་དང་མར་མེ་ནི་མདུན་དུའོ། །དེ་ལ་སྔགས་པ་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་དུ་གནས་པ་ལས་དང་རྗེས་སུ་མཐུན་པས་རཾ་ལས་བསྐྱེད་པའི་མེའོ། །དཀྱིལ་འཁོར་གྱི་དབུས་སུ་ཨ་ལས་གྱུར་པའི་སྣ་ཚོགས་པདྨའི་སྟེང་དུ་གདུ་གདན་ཞི་བ་ལ་ཆུའི་དཀྱིལ་འཁོར་རོ། །རྒྱས་པ་ལ་གསེར་གྱི་ ས་གཞི། དབང་ལ་ནི་མེའི་དཀྱིལ་འཁོར། མངོན་སྤྱོད་ལ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་ལས་དང་མཐུན་པའི་མེ་ལྷ་དམ་ཚིག་སེམས་དཔའ་ཇི་ལྟ་བ་བཞིན་བསྐྱེད་ལ། དེ་ནས། ཨོཾ་ཨགྣ་ཡེ་མ་ཧཱ་ཏེ་ཛ་སརྦ་ཀརྨྨ་མ་ཧཱ་སཏྭ་ཀཿ། ཀཱ་རུ་ཎ་ཀྲྀ་ཏ་ས་ཏྭ་ཨརྠ་སཱ་དྷ་ཡཱསྨིཾ་སནྣི་བྷ་བ། ཞེས་བྱ་བ་འདིས་ནམ་ མཁའི་སྤྱོད་ཡུལ་ནས་ཡེ་ཤེས་ཀྱི་མེ་ལྷ་ཐབ་ཀྱི་གཡས་ཕྱོགས་སུ་སྤྱན་དྲངས་ལ་ལས་ཐམས་ཅད་པའི་ཆུ་ཡིས་བསང་གཏོར་བྱས་ལ། མཆོད་ཡོན་གྱི་སྣོད་དུ་མཆོད་ཡོན་དང་། ཞབས་བསིལ་དང་། མཆོད་པ་དང་བསྟོད་པ་ཚུལ་བཞིན་དུ་བྱས་ཏེ། དེ་ལ་ཨོཾ་ཛཿ་ཧཱུཾ་བཾ་ཧོཿཁཾ་རཾ། མཆོད་ཡོན་གྱི་སྔགས་ སོ། །ཨོཾ་ནི་རི་ཏི་ཧཱུཾ་ཁཾ། ཞབས་བསིལ་གྱི་སྔགས་སོ། །ཨོཾ་ཨཱཿབཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། མེ་ཏོག་གི་སྔགས་སོ། །ཨོཾ་ཨཱཿབཛྲ་དྷཱུ་པེ་ཧཱུཾ་སྭཱ་ཧཱ། སྤོས་ཀྱི་སྔགས་སོ། །ཨོཾ་ཨཱཿབཛྲ་གནྡྷེ་ཧཱུཾ་སྭཱ་ཧཱ། དྲི་ཆབ་ཀྱི་སྔགས་སོ། །ཨོཾ་ཨཱཿ་བཛྲ་དཱི་པེ་ཧཱུཾ་སྭཱ་ཧཱ། མར་མེའི་སྔགས་སོ། །ཨོཾ་ཨཱཿབཛྲ་ནཻ་བིདྱེ་ཧཱུཾ་སྭཱ་ཧཱ། ། ལྷ་བཤོས་ཀྱི་སྔགས་སོ། །དེ་ནས་དགང་བླུགས་ཀྱི་སྔགས་ཀྱིས་མར་དགང་བླུགས་གསུམ་གསུམ་དབུལ་ལོ། །དྲག་པོ་ཡིན་ན་ཤིང་མར་གྱི་དགང་བླུགས་གསུམ་གསུམ་དབུལ་ལོ། །དེ་ལྟར་ཞལ་དུ་ཕུལ་ཡང་སྤྱན་གྱི་འོད་ཟེར་གྱིས་རེག་པ་ཙམ་གྱིས་མཉེས་པར་འགྱུར་བའི་དོན་གྱིས་ན་སྤྱན་ལ་ 35-1-34b དབུལ་ལོ། །དེ་ནི་སྤྱིར་མཉེས་པར་བྱ་བའོ། །དེ་ནས་བྱེ་བྲག་ཏུ་མཉེས་པར་བྱ་སྟེ། དེ་ནས་ཤིང་ཁྲུ་གང་ལ་རས་ཀྱིས་དཀྲིས་ལ་རྒྱལ་པོ་དང་། བྲམ་ཟེ་དང་། རྗེའུ་རིགས་དང་། གདོལ་པའི་ཁྱིམ་ནས་ལས་དང་མཐུན་པར་མེ་བླངས་ལ་དེ་སྦར་ཏེ་བཙུགས་ནས་རླུང་ཡབ་ཀྱིས་གཡབ་ཅིང་། ཨོཾ་བཛྲ་ཛྭ་ལ་ ཛྭ་ལ་ཧཱུཾ་ཕཊ། ཅེས་སྦར་རོ། །ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུཏ་ཛྭ་ལ་ཡ་སརྦྦ་དུཥྚཱན་ཧཱུཾ་ཕཊ་སྭཱ་ཧཱ། དྲྀ་ཤྱ་ཧོ་ཛཿ་ཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ། ཞེས་པས་དམ་ཚིག་སེམས་དཔའ་ལ་བསྟིམས་ལ་སྤྱི་བོ་ནས་རྐང་པའི་བར་དུ་རྣམ་པར་སྣང་མཛད་ནས་གནོད་མཛེས་ཀྱི་མཐར་ཐུག་པའི་བར་བྱིན་གྱིས་བརླབ་པ་དང་། གནས་གསུམ་དུ་སྐུ་གསུང་ཐུགས་རྡོ་རྗེར་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ལ། དེ་ནས་མཆོད་པ་སྔོན་དུ་འགྲོ་བའི་མར་དགང་བླུགས་གསུམ་མམ་བདུན་དབུལ་ལོ། །དེ་ནས་བཀྲ་ཤིས་ཀྱི་ཡམ་ཤིང་ངོ་། །དེ་ནས་མར་དང་། ཏིལ་དང་། ཞོ་དང་། འབྲས་དང་། ཀུ་ཤ་རིམ་པ་བཞིན་དུ་དབུལ་ ལོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་མེ་ལྷ་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་ངེས་པར་བྱུང་བའི་འཁོར་ལོ་ཡོངས་སུ་རྫོགས་པར་བསྒོམས་ལ། དེ་ནས། ཨོཾ་ཨེ་ཧྱེ་ཧི་བྷ་ག་བཱན་སནྣི་ད་པཉྩ་ན་ས་མ་ཡེ་ན་ཙ་ཨཱ་ཀཱ་ས་པྲ་ཏཱིཙྪ་ཨཱ་ཧུ་པཱུ་ཛ་ནཱ་དམ་པྲ་སིདྡྷ་མེ། ཞེས་བྱ་བས་ བདུད་རྩི་རྣམ་པ་ལྔས་མཉེས་པར་བྱ་བ་དང་། དེ་ལྟར་བསྟན་པའི་ལྷའི་དཀྱིལ་འཁོར་དེ་ལ་ཡེ་ཤེས་སེམས་དཔའ་དགུག་པ་ལ་སོགས་པ་བྱིན་གྱིས་བརླབ་པའི་ཆོ་ག་བཞིན་དུ་བྱས་པ་དེ་ལ་མཆོད་པ་དང་། བསྟོད་པ་དང་། སྦྱིན་སྲེག་གི་ཁྱད་པར་གྱིས་མཉེས་པར་བྱས་ལ་ཡི་གེ་གསུམ་གྱིས་བདག་གི་ཐུགས་ ཀར་བསྡུའོ། །དེ་ནས་འཇིག་རྟེན་སྐྱོང་བ་རྣམས་ལ་མཆོད་པ་སྔོན་དུ་འགྲོ་བའི་སྦྱིན་སྲེག་གི་ཆོ་གས་ཇི་ལྟ་བ་བཞིན་དུ་མཉེས་པར་བྱ་སྟེ་བཟོད་པ་གསོལ་ལ། ལས་བཅོལ་ལ་རང་རང་གི་གནས་སུ་གཏང་ངོ་། །དེ་ནས་མེ་ལྷ་ཡེ་ཤེས་སེམས་དཔའ་ལ་མཆོད་ཡོན་དང་། ཞབས་བསིལ་དང་། མཆོད་ པ་དང་བསྟོད་པས་མཉེས་པར་བྱས་ལ་མར་དགང་བླུགས་གསུམ་ཕུལ་ཏེ་སྔགས་འདིས་གཤེགས་སུ་གསོལ་ལོ། །ཨོཾ་ཀྲྀ་ཏོ་བ་སརྦྦ་སཏྭཱརྠ། །སིདྡྷི་མ་དཏྟཱ་ཡ་ཐཱ་ནུ་ག །གཙྪ་ཏཾ་བུདྡྷ་བི་ཥ་ཡཾ། །པུ་ན་ར་ག་མ་ན་ཡཙྪ་མུཿ། །ཞེས་པའོ། །དེ་ནས་མེ་ལྷ་དམ་ཚིག་སེམས་དཔའ་ལ་ཚོགས་ཀྱི་ལྷག་མ་དང་སྦྱིན་སྲེག་གི་ 35-1-35a ལྷག་མས་ཅི་ནུས་ཀྱིས་སྦྱིན་སྲེག་གི་ཆོ་ག་རྫོགས་པར་བྱའོ། །དེ་ལ་དཀྱིལ་འཁོར་གྱི་སྔོན་དུ་བགེགས་ཞི་བར་བྱེད་ན། མི་རུས་ཕྱེ་མས་གནོད་མཛེས་ཀྱི་སྔགས་ཀྱི་ཕྲེང་བས་བྱའོ། །སློབ་མའི་སྡིག་པ་ཞི་བར་བྱ་བའི་ཕྱིར་གཡོན་ཕྱོགས་སུ་ཙོག་པུར་འདུག་ལ། སློབ་མའི་སོར་ མོ་གུང་མོ་སློབ་དཔོན་གྱི་མཐེབ་སྲིན་གྱིས་བཟུང་ལ་ཏིལ་དང་དེའི་སྔགས་ཅི་ནུས་ཀྱིས་ཞི་བར་བྱའོ། །དེ་ནས་མེ་ལྷ་དེ་ཉིད་ཐུགས་ཀར་བསྡུ་སྦྱིན་སྲེག་གི་ཡོ་བྱད་དེ་དག་སློབ་དཔོན་གྱི་ཡིན་པས་གཞན་གྱིས་སྤྱད་དུ་མི་རུང་ངོ་། །སློབ་དཔོན་གྱིས་ཀྱང་ཅི་རིགས་སུ་སྤྱད་པར་བྱའོ། །དེ་ནས་དགེ་བའི་ རྩ་བ་བསྔོ་བ་དང་། སྨོན་ལམ་བཏབ་སྟེ་ཐབ་ཀྱི་ནང་ཆུས་བཀྲུ་བར་བྱའོ། །དེ་དག་ནི་སྦྱིན་སྲེག་གི་ཆོ་གའོ།། །།དེ་ནས་དཀྱིལ་འཁོར་གྱི་མཐར་རབ་གནས་ཀྱི་ཆོ་ག་བྱ་སྟེ། སྔ་དྲོའི་དུས་སུ་སློབ་དཔོན་མཚན་ཉིད་ཐམས་ཅད་དང་ལྡན་པས་བླ་རེ་དང་རྒྱལ་མཚན་དང་སྤོས་དང་མེ་ཏོག་ལ་ སོགས་པའི་མཆོད་པའི་ཡོ་བྱད་ཚོགས་པར་བྱ་སྟེ། མཆོད་རྟེན་དང་། ཚ་ཚ་དང་། རི་མོར་བྲིས་པ་དང་། ལུགས་སུ་བླུགས་པ་དང་། འབུར་དུ་བརྐོས་པ་ལ་སོགས་པ་ལ་དཀྱིལ་འཁོར་ཆེན་པོའི་བྱིན་གྱིས་བརླབ་པའི་ཆོ་གས་ཇི་ལྟ་བ་བཞིན་དུ་བྱིན་གྱིས་བརླབས་ཏེ། མཆོད་པ་ཐམས་ཅད་ཀྱིས་ མཉེས་པར་བྱས་ལ། འཁོར་བ་ཇི་སྲིད་ཀྱི་བར་དུ་སེམས་ཅན་གྱི་དོན་གྱི་ཕྱིར་རབ་ཏུ་བཞུགས་པར་གསོལ་བ་བཏབ་སྟེ། དེ་ནས་སྦྱིན་སྲེག་གིས་མཉེས་པར་བྱས་ནས་བཀྲ་ཤིས་པར་བྱིན་གྱིས་བརླབ་པ་འདི་ནི་རབ་གནས་ཀྱི་ཆོ་གའོ། །ཐམས་ཅད་སྟོང་པ་ཟབ་ཅིང་ཕྲ་བས་ན། །རྟོག་གེའི་ཡུལ་མིན་ འཁྲུལ་པས་ཤེས་མི་ནུས། །དེས་ན་དེ་ལ་འཇུག་པར་བྱ་བའི་ཕྱིར། །རིམ་གཉིས་ཐབས་ཀྱི་སྔོན་འགྲོའི་ཆོ་ག་ཡིན། །དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་བྷཱ་ཥི་ཏ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་ སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།༄༅༅། །རྒྱ་གར་སྐད་དུ། ཥེ་ཀ་ཙ་ཏུར་པྲ་ཀཱ་ར་ཎ། བོད་སྐད་དུ། དབང་བཞི་པའི་རབ་ཏུ་བྱེད་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་ 35-1-35b འཚལ་ལོ། །དངོས་ཀུན་རྣམ་དག་འོད་གསལ་རང་བཞིན་བདེ་བ་ཆེན་པོའི་སྐུ། །འགྲོ་བ་འདི་ཀུན་ཐུགས་རྗེས་ཁྱབ་མཛད་ཅིར་ཡང་སྣང་བའི་སྐུ། །མ་ལུས་ཡུལ་དུ་གྱུར་པས་ཁམས་གསུམ་རོ་མཉམ་གཉིས་སུ་མེད། །ཟུང་འཇུག་གཟོད་ནས་དབྱེར་མེད་རྡོ་རྗེ་འཆང་བ་དེ་ལ་འདུད། །དེ་ཡི་དངོས་གྲུབ་ ཐོབ་པའི་ཐབས་སྟོན་པ། །རྡོ་རྗེ་འཆང་དང་ཐ་དད་མེད་པ་ཡི། །ལུང་དང་མན་ངག་བརྒྱུད་པ་མ་ཉམས་པའི། །བླ་མ་རྗེ་བཙུན་དེ་ལ་ཕྱག་འཚལ་ནས། །དབང་བཞིའི་རབ་ཏུ་བྱེད་པའི་གདམས་ངག་བྲི། །རྙེད་དང་བཀུར་སྟི་གྲགས་སྤངས་བྱམས་དང་ལྡན། །འཁོར་བའི་སྡུག་བསྔལ་སྒྲོལ་བའི་ ཐུགས་རྗེ་ཅན། །རྒྱུད་དག་གྲོལ་བར་སྟོན་པར་དགྱེས་པ་པོ། །མཐོ་དམན་མེད་པར་ཀུན་ལ་མཉམ་པོར་གཟིགས། །དད་ལྡན་གཡོ་སྒྱུ་མེད་ཅིང་གཏང་དཀའ་གཏོང་། །འཁོར་བས་ཡིད་བྱུང་མྱ་ངན་འདས་པ་སྒྲུབ། །སྨན་བཅུད་མི་འབད་དུས་ཀྱི་བདུད་རྣམས་སྤོང་། །ལས་ཀྱི་རྐྱེན་ཐུབ་རྩེ་གཅིག་ བསམ་གཏན་བྱེད། །རྟེན་དང་བརྟེན་མེད་ངོ་བོ་ཉིད། །བདག་བྱིན་བརླབ་པའི་མན་ངག་གོ། །དང་པོར་མཎྜལ་ལྔ་བྱས་ཏེ། །གདུགས་སོགས་མེ་ཏོག་རིན་པོ་ཆེ། །ཁ་དང་མངར་སོགས་རོ་དྲུག་དང་། །གླང་པོ་རྟ་དང་རིན་ཆེན་ཁྱིམ། །བརྒྱད་ཁྲི་བཞི་སྟོང་ཆོས་ཕུང་པོ། །ལྷ་མི་ཀླུ་སོགས་བུ་མོ་ སྡུག །གནས་ལྔ་དག་ཏུ་དབུལ་བར་བྱ། །བདག་བྱིན་རློབས་ཤིག་གསོལ་བ་གདབ། །ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །བྱ་བ་ལ་སོགས་ཚིགས་བཅད་ཀྱིས། །གསོལ་བ་གདབ་ཅིང་གནང་བ་སྦྱིན། །སྲུང་བའི་འཁོར་ལོ་སྔོན་འགྲོ་བས། །བྱང་ཆུབ་མཆོག་ཏུ་སེམས་ཀྱང་བསྐྱེད། །གཟུགས་ བརྙན་ལུས་དང་བྱང་ཆུབ་སེམས། །མཚན་མ་དབྱིབས་དང་སྦས་པ་ཡུམ། །ཞལ་གྱིས་བུམ་པས་དབང་བསྐུར་ཏེ། །ཕྱི་ཡི་བཞི་པ་གྲངས་ཀྱི་བཞི། །སྦས་པའི་བཞི་པ་དགའ་བྲལ་བཞི། །བདེ་ཆེན་བཞི་པ་འབྲས་བུའི་བཞི། །དེ་ལྟར་དེ་བཞིན་བཞི་པ་ཡང་། །ཡང་གི་སྒྲ་དོན་ཀྱང་ལྡན་ཕྱིར། ། འདི་ནི་བདེ་ཆེན་བཞི་པ་སྟེ། །དང་པོར་ང་རྒྱལ་སྒོམ་དུ་གཞུག །ང་ནི་ཡེ་ནས་རྡོ་རྗེ་འཆང་། །གནས་སྐབས་གློ་བུར་གྱིས་བསྒྲིབས་ཤིང་། །རང་གི་མཚན་ཉིད་ངོ་མ་ཤེས། །དམ་པའི་དྲིན་གྱིས་དེ་མཐོང་ནས། །རང་གི་ལུས་ལ་དེ་ཉིད་གནས། །ཆུ་ཁམས་གསེར་དང་ནམ་མཁའ་འདྲ། ། 35-1-36a དེ་ལྟར་མོས་ལྡན་བློ་བཟང་ལ། །སྤྲོ་བ་སྐྱེད་པའི་བུམ་པ་ཞལ། །དང་པོ་ལུས་འདི་གྲུབ་པ་ནི། །ཆོ་ག་གསུམ་དང་བྱང་ཆུབ་ལྔའོ། །ཕ་མའི་ས་བོན་བར་དོའི་སེམས། །ལས་ཀྱི་རླུང་ལ་ཞོན་ནས་ནི། །མ་རིག་པ་ཡིས་ལེན་པར་བྱེད། །ཆགས་དང་ཕྲག་དོག་དབང་ གིས་ཞུགས། །མེར་མེར་ལྟར་ལྟར་ཡི་གེ་ལྔ། །གོར་གོར་མཁྲང་གྱུར་མཚན་མ་ལྔ། །ཡན་ལག་རྫོགས་པ་རིགས་ལྔའི་སྐུ། །སྔོན་དུ་ཤི་བ་ཆོས་སྐུ་སྟེ། །བར་དོ་ལོངས་སྤྱོད་རྫོགས་པའོ། །ས་བོན་གསུམ་འདྲེས་ཟླ་བ་ཡིན། །གནས་སྐབས་གཉིས་ནི་ཡི་གེ་སྟེ། །གནས་སྐབས་ གཉིས་ནི་མཚན་མ་ཡིན། །གཅིག་ནི་སྤྲུལ་པའི་སྐུ་རྫོགས་པའོ། །རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་བསྲུང་། །མགོ་ཟླུམ་དཔུང་ཟླུམ་ཆོས་གོས་གྱོན། །ཁམ་ཟས་སྤངས་ཤིང་བཅུད་ཀྱིས་འཚོ། །ཐལ་སྦྱར་གུས་པས་མདོ་ཟློས་བྱེད། །ས་བཅུའི་བར་དུ་དཀའ་ཐུབ་བསྲུང་། །དེ་ནས་སྔགས་ ཀྱི་སྤྱད་པ་སྤྱོད། །དབང་ཐོབ་དོན་དུ་གསོལ་འདེབས་པ། །སྒྱུར་བྱེད་རླུང་གིས་ཟློག་པར་བྱེད། །བཅོམ་ལྡན་དཀྱིལ་འཁོར་སྒོར་བལྟས་ཏེ། །ཐལ་སྦྱར་གདོང་གཡོགས་བཀྲོལ་བར་བྱེད། །ཨ་ཧཾ་སྒྲ་སྒྲོགས་གསོལ་བ་འདེབས། །ང་རྒྱལ་བྱེད་པའི་ལྷ་ཡིས་ཏེ། །སྦས་པའི་ཡུམ་ནི་བུམ་པའོ། ། ཀུ་ཤ་སྲུང་སྐུད་ཤིས་པ་བརྗོད། །ལྷན་ཅིག་སྐྱེས་པའི་གཉིད་ཀྱིས་ཉལ། །བཀྲ་ཤིས་རྫས་རྣམས་ལག་ཐོགས་ཤིང་། །ནམ་མཁའ་ཅ་ཅོའི་སྒྲས་བཀང་ནས། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །བདེ་ལེགས་ཕུན་སུམ་ཚོགས་པ་བརྗོད། །ཆུ་དང་ཅོད་པན་རྡོ་རྗེ་དང་། །དྲིལ་བུ་མིང་གི་དབང་ རྣམས་བསྐུར། །དེ་ཉིད་ཡང་ནི་ལན་གཉིས་བརྗོད། །ཟས་དང་མལ་སྟན་ནུ་མ་དང་། །བཤང་གཅི་ལ་སོགས་བརྟུལ་ཞུགས་ཡིན། །ཕ་དང་མ་ཡི་ལོངས་སྤྱོད་ལ། །འདི་ཡིས་བདག་པོ་བྱེད་པ་ཡིན། །ཕ་དང་མ་དང་གཞན་པ་ལ། །རག་མ་ལུས་པར་རང་སྟོབས་ལྡན། །རིན་ཆེན་རྟ་ དང་གླང་པོ་ཁྱིམ། །རྗེས་སུ་གནས་ནས་རང་དབང་ཐོབ། །འདི་ནི་བུམ་པའི་བཞི་པའོ། །སྨེ་ཤ་ཅན་སོགས་བུ་མོ་རྣམས། །རྒྱས་ཤིང་སྨིན་པར་གྱུར་པ་ལ། །གཞན་གྱིས་སྤྲོ་བ་སྐྱེད་བྱེད་ཅིང་། །གཞན་དག་སྙོམས་པར་འཇུག་པ་ལ། །དགའ་དང་མོས་པས་འཇུག་བྱེད་ཅིང་། །སྐྱེ་འོ་ཅོག་ཅེས་ 35-1-36b མོས་སྐྱེད་པ། །འདི་ནི་གསང་བའི་བཞི་པ་ཡིན། །ཕྱག་རྒྱ་དང་ནི་ལྷན་ཅིག་ཏུ། །འོ་དང་འཁྱུད་པ་འཇིབ་པར་བྱེད། །སྙོམས་པར་ཞུགས་ནས་སྲུབ་པར་བྱེད། །སྣང་བ་རང་བཞིན་བཅས་པ་ནུབ། །སྟོང་པ་ཞེས་ནི་བརྗོད་པ་ཡིན། །སེམས་ལ་དམིགས་པ་དང་པོའོ། །རྩ་རྣམས་ཀུན་ ཀྱང་དུང་ཁང་ནས། །འདོད་ཆགས་ཆེན་པོའི་མེས་བཞུ་སྟེ། །ཨ་བ་དྷཱུ་ཏཱིའི་སྒོར་ཞུགས་ཤིང་། །ཀྵ་ཡི་སྒོ་ནི་མ་ཕྱེ་བར། །མཆེད་པ་རང་བཞིན་བཅས་པ་ནུབ། །ཤིན་ཏུ་སྟོང་པ་ཞེས་བརྗོད་དོ། །སེམས་ལ་དམིགས་པ་གཉིས་པ་ཡིན། །ཡེ་ཤེས་ཙམ་ལ་སྙོམས་འཇུག་ཅིང་། །ཡི་གེ་ཀྵ་ ཡི་སྒོ་ཕྱེ་བ། །བདེ་ཆེན་བདེ་བ་ཆེན་པོ་ནི། །སྐད་ཅིག་ཙམ་ལ་ཉམས་མྱོང་བ། །དཔལ་དུ་ཡིད་ཆེས་བྱེད་པ་ཡིན། །ལོག་རྟོག་མཚན་མ་མ་ལུས་འགོག །ཉེར་ཐོབ་རང་བཞིན་དང་བཅས་ནུབ། །སྟོང་པ་ཆེན་པོ་ཞེས་བརྗོད་དོ། །སེམས་ལ་དམིགས་པ་གསུམ་པའོ། །གོང་མ་དེ་ལ་ རྟོག་དཔྱོད་བྱེད། །གླང་པོ་ཆེ་ཡི་ལྕགས་ཀྱུ་འདྲ། །མཆོག་དང་དགའ་བྲལ་དབུས་དག་ཏུ། །མཚན་ཉིད་དམིགས་ལ་བརྟན་པར་གྱིས། །ཐུན་ནམ་ཟླ་ཕྱེད་ཟླ་བ་ལོར། །བསྐལ་པར་ཡེ་ཤེས་ཆེ་ལ་སྦྱོར། །སྟོང་པ་གསུམ་ནི་རོ་མཉམ་པ། །ཐམས་ཅད་སྟོང་པ་འོད་གསལ་བ། །སེམས་ལ་ དམིགས་པ་བཞི་པའོ། །འདི་ནི་གསུམ་པའི་བཞི་པ་ཡིན། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །དབུགས་གཏོང་རྔུབ་པ་མ་ཡིན་ཏེ། །སྤྱན་ཕྱེ་བཙུམས་པ་མ་ཡིན་ནོ། །དགྱེ་བ་མ་ཡིན་སྒུ་བ་མིན། །གསུང་བ་མ་ཡིན་མི་གསུང་མིན། །ཕྱིར་ནི་ཡུལ་ལ་ མི་དཔྱོད་ཅིང་། །ནང་དུ་སེམས་ལ་མི་རྟོག་གོ། །སེམས་གང་གིས་ནི་བྱིས་པ་རྣམས། །འཁོར་བའི་བཅིང་བས་འཆིང་བར་འགྱུར། །སེམས་གང་གིས་ནི་རྣལ་འབྱོར་པ། །བདེ་གཤེགས་གནས་སུ་སྐྱེ་བར་འགྱུར། །བྱ་བ་ཐམས་ཅད་བློས་བཏང་ལ། །གང་ལྟར་གནས་པའི་དོན་ལ་གཞག །མ་བཅོས་ པ་ཉིད་མ་ནོར་བ། །བདེ་བ་ཆེན་པོ་རང་སོ་ཉིད། །དོན་དུ་སྣང་བ་རང་བཞིན་མེད། །དངོས་པོར་གསལ་བ་རྟོག་པ་མེད། །ཆུ་དང་རྙོག་མ་དེ་བཞིན་ནོ། །བྱིང་ཞིང་ལྕི་བ་གཟེངས་བསྟོད་ཅིང་། །འཐོར་ཞིང་འཕྱར་བ་རང་སོར་གཞག །ཅུང་ཟད་ཅུང་ཟད་གོམས་བྱས་པས། །གོང་ནས་གོང་དུ་ཁྱད་པར་ 35-1-37a འགྲོ། །མཐར་ནི་མི་རྟོག་ཏིང་འཛིན་དག །ལྷུན་གྱིས་གྲུབ་པ་ཐོབ་པར་འགྱུར། སེམས་ཀྱི་འཇུར་བུ་བཏང་ལ་གཞག །བླ་མ་ཉིད་ཀྱང་མཉམ་བཞག་ལ། །སློབ་མ་བྱིན་གྱིས་བརླབ་པར་བྱ། །ཐུན་གྱི་ངེས་པ་ཡོད་མིན་ཏེ། །ཇི་ཙམ་གནས་ཀྱི་བར་དུ་གཞག །འདོད་ པའི་ལོངས་སྤྱོད་ཀུན་བསྟེན་ཅིང་། །ལུས་ཀྱི་འབྱུང་བ་རོ་ཡང་མཉམ། །བཞི་པའི་དབང་བསྐུར་ཆོ་གའོ། །དེ་ཡི་དོན་ནི་བཤད་བྱ་སྟེ། །ཨེ་ཝཾ་མ་ཡཱའི་ཡི་གེ་བཞིན། །དོན་བཞི་དང་ནི་སྦྱར་བར་བྱ། །རྒྱུད་རྣམས་ཀུན་གྱི་དོན་བསྡུས་པའོ། །ཨེ་ནི་འཇུག་པ་ཝཾ་ནི་གནས། །མ་ནི་སྲུང་བ་ཡཱ་ནི་ གྲོགས། །ཨེ་ནི་ལས་དང་ཝཾ་ནི་ཆོས། །མ་ནི་མུ་དྲ་ཡཱ་དམ་ཚིག །ཨེ་ནི་སྣང་བ་སྟོང་པ་སྟེ། །ཝཾ་ནི་མཆེད་པ་ཤིན་ཏུ་སྟོང་། །མ་ནི་ཉེར་ཐོབ་ཆེན་པོ་སྟོང་། །ཡཱ་ནི་རོ་མཉམ་ཐམས་ཅད་སྟོང་། །ཨེ་ནི་མ་ཐོབ་ཐོབ་པར་བྱེད། །ཝཾ་ནི་ཐོབ་པ་བརྟན་པར་བྱེད། །མ་ནི་གོང་ནས་གོང་དུ་འགྲོ། ། ཡཱ་ནི་ཚེ་འདིར་རྫོགས་སངས་རྒྱས། །ཨེ་ནི་རྒན་པོ་དར་མ་དང་། །གཞོན་དང་ལང་ཚོ་བབ་པའོ། །དེ་བཞིན་བད་ཀན་མཁྲིས་པ་དང་། །རླུང་དང་འདུ་བ་ཆ་མཉམ་པའོ། །དེ་བཞིན་གཏི་མུག་ཞེ་སྡང་དང་། །འདོད་ཆགས་དུག་གསུམ་ཆ་མཉམ་པའོ། །ཏི་བ་སྐྱེས་བུ་ལས་ཟིན་དང་། །གཞོན་པའི་ དོན་དང་དཔྱང་ཐག་ཆད། །གོ་རིམས་བཞིན་དུ་ཤེས་པར་བྱ། །ཨེ་ཀ་ཀ་ལ་ཞེས་པ་སྟེ། །རང་གི་རྒྱུད་ལ་ཆེར་ཏེ་ལྟོས། །སྐྱེས་བུ་མ་བཅོས་ངང་དུ་གནས། །བླ་མ་དམ་པས་མི་རྟ་སྦྱར། །རང་དབང་མེད་པར་རྣམ་རྟོག་ཕྲོགས། །ཝཾ་ནི་མར་མེ་རྒྱ་མཚོ་དང་། །དིག་པའི་རྨི་ལམ་ཁྱུང་ཆེན་འདྲ། ། བརྟན་པར་ཟུང་ལ་མཉམ་པར་ཞོག །རྗེས་ཐོབ་བཞི་ནི་སྒྱུ་མ་བཞིན། །མ་ནི་ནོར་བུ་སོ་གའི་བེའུ། །རྒྱལ་པོའི་བཙུན་མོ་འཁོར་ལོ་འདྲ། །ལེགས་པར་སྤྱོད་ལ་རྟག་ཏུ་བསྲུང་། །ཡ་ནི་སེང་གེ་གླང་ཆེན་དང་། །སྨྱོན་པའམ་ལྕེབ་པ་ལྟ་བུ་ཡིན། །མགོན་པོའི་ཙརྱ་དུས་དང་སྦྱར། །སྔགས་ཀྱི་ཙརྱ་ གདོད་ནས་སྤྱོད། །བཞི་པའི་ཆོ་གའི་གདམས་པ་སྟེ། །རིགས་དང་དུས་དང་གནས་དང་ནི། །བྱ་བ་སྤྱོད་པ་འདི་མ་ངེས། །རིན་ཆེན་ལྟ་བུའི་གང་ཟག་ལ། །ན་སོ་འདུ་བ་ཉོན་མོངས་སྦྱར། །ལོ་ནི་ཟླ་བ་བཅུ་གཉིས་པའོ། །བཅོ་ལྔ་ན་ནི་མངོན་སངས་རྒྱས། །རྟེན་ཅན་ལས་ལ་བརྟེན་པ་སྟེ། །ལས་ 35-1-37b ནི་ལུས་ངག་ཡིད་ཀྱི་ལས། །དེ་ལ་རྒྱས་འདེབས་ཕྱག་རྒྱ་ཡིན། །དགའ་བྲལ་ལ་ནི་བཞི་པ་བརྗོད། །སེམས་ལ་དམིགས་པ་ཇི་བཞིན་དུ། །སྒོམ་པ་སེམས་ལ་དམིགས་པ་སྟེ། །རྟེན་ཅན་ཞེས་ནི་བརྗོད་པ་ཡིན། །རྟེན་མེད་རང་ལུས་ཐབས་ལྡན་ནམ། །འཁོར་ལོ་བཞི་དང་འཁོར་ལོ་གཉིས། ། རྡོ་རྗེ་སེམས་དཔའི་དབབ་ཐབས་སམ། །རྣམ་པར་ཤེས་པ་ཐོད་སྦྱོར་རམ། །ཡི་གེ་ཧཱུཾ་གི་དབབ་ཐབས་སམ། །གཏུམ་པོའམ་མཁའ་འགྲོའི་བྱིན་རླབས་སམ། །བླ་མ་དུས་ཐབས་བསྟེན་པས་སོ། །ཉམས་སུ་མྱོང་བ་བཞི་པ་སྟེ། །རྣམ་ཤེས་རླུང་དང་རོ་གཅིག་པའོ། །ངོ་བོ་ཉིད་ནི་རྡོ་རྗེ་འཆང་། ། ཡན་ལག་བདུན་དང་ལྡན་པ་སྟེ། །ལོངས་སྤྱོད་རྫོགས་པ་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ངེས་གང་རྒྱུན་མི་འཆད་ཅིང་འགོག་པ་མེད། །ལྷ་ལ་དམིགས་ཤིང་འདོད་ལ་སྤྱོད། །ལོངས་སྤྱོད་རྫོགས་པའི་རྒྱུ་རུ་བཤད། །ལས་ཀྱི་ཕྱག་རྒྱ་རང་འོད་ཡུམ། །ཡེ་ཤེས་ཕྱག་ རྒྱས་རྒྱས་བཏབ་ཅིང་། །དཀྱིལ་འཁོར་སྒྲུབ་དང་དབང་གཉིས་དུས། །ཚོགས་དང་སྤྱོད་པ་རོ་མཉམ་དུས། །ཡུམ་དང་བཅས་པའི་རྒྱུ་རུ་བཤད། །བདེ་ལ་སྟོང་པས་རྒྱས་བཏབ་ཅིང་། །ཡེ་ཤེས་ཙམ་ལ་སྙོམས་འཇུག་པ། །ལྷ་དང་མི་ཡི་བདེ་བ་ལས། །བསྡུས་བྱས་རྡོ་རྗེ་འཛིན་པ་ཡི། ། བཅུ་དྲུག་ཆར་ཡང་མི་ཕོད་དོ། །དངོས་དོན་རང་གི་མཚན་ཉིད་ལས། །གུད་ན་ཡོད་པ་མ་ཡིན་ན། །ལྷ་སོགས་ཡེ་ཤེས་སྣང་བ་ལས། །གཞན་དུ་དམིགས་པ་སྨོས་ཅི་དགོས། །ཆུ་ཡི་ནང་གི་ཟླ་བ་ནི། །བདེན་པ་མ་ཡིན་བརྫུན་པ་མིན། །དེ་བཞིན་དཀྱིལ་འཁོར་འཁོར་ལོ་ཡང་། །རང་ བཞིན་མེད་ལུགས་དེ་ལྟར་སྣང་། །རྣམ་དག་ཚངས་པའི་གནས་བཞི་དང་། །སྨོན་ལམ་སྙིང་རྗེ་གང་བའི་རྒྱུ། །ཐོག་མཐའ་མེད་པའི་རྡོ་རྗེ་སེམས། །དུས་དང་ཕྱོགས་རིས་རྣམ་པར་སྤངས། །ཆུ་བོའི་གཞུང་ལྟར་རྒྱུན་མི་འཆད། །འདི་དང་འདི་ལ་བྱ་མིན་བྲལ། །ཉོན་མོངས་ལ་སོགས་འདོད་ལྔ་ རྣམས། །མ་བཀག་བདེ་ཆེན་རྒྱན་དུ་ཤེས། །གསེར་འགྱུར་རྩི་བཞིན་ཤེས་པས་འགྲུབ། །བདེ་ཆེན་བདེ་བ་ཆེན་པོའི་སྐུ། །རང་སྣང་རིག་མས་ཉེར་བརྒྱན་པ། །འོག་མིན་གནས་སུ་དུས་རྟག་ཏུ། །མཚན་དང་དཔེ་བྱད་འབར་བས་བཞུགས། །གང་དང་གང་གིས་འདུལ་འགྱུར་བ། །དེ་དེ་ 35-1-38a བཞིན་དུ་སོ་སོར་སྣང་། །མོས་པའི་དབང་གིས་ཐ་དད་པ། །སེམས་ཅན་རྣམས་ནི་འདུལ་བར་མཛད། རྒྱུད་གཞན་དག་ལས་བཤད་པ་ནི། །སྤང་བྱ་གསུམ་དང་མ་རིག་པ། །སྦྱོང་བྱེད་སྨིན་བྱེད་དབང་བཞིའོ། །གྲོལ་བྱེད་རྒྱུད་དང་སྔགས་དང་ཆོས། །གསང་བའི་རིམ་པས་ བཞི་པར་འདོད། །འདི་ཉིད་ཡི་གེ་སྤྱི་དང་སྦས། །མཐར་ཐུག་ཡིན་པས་བཞི་པར་འདོད། །མཁའ་འདྲ་ཆོས་སྐུ་སྟོང་པ་ལས། །རྟོག་མེད་ཡེ་ཤེས་འཇའ་འདྲ་བ། །རླུང་དང་ཡེ་ཤེས་ཏིང་འཛིན་གྱིས། །འབད་དང་བྲལ་བས་ལྷུན་གྱིས་གྲུབ། །དཀའ་ཐུབ་དཀའ་སྤྱད་འདིར་མི་དགོས། །དཀའ་ ཐུབ་སྡོམ་པ་མི་བཟད་པ། །ལུས་སྐམས་ནས་ནི་སེམས་གདུངས་ནས། །སྡུག་བསྔལ་འབའ་ཞིག་བྱེད་པར་ཟད། །ཁྲུས་དང་གཙང་སྦྲས་གདུང་བ་སྐྱེད། །འདོད་པ་ལྔ་ནི་མ་སྤངས་པར། །དཀའ་ཐུབ་ཀྱིས་ནི་མ་གདུངས་པར། །བདེ་བས་བྱང་ཆུབ་ཚེ་འདིར་འཐོབ། །བསྐལ་པ་གྲངས་མེད་ གསུམ་དུ་ནི། །ལུས་དང་སྲོག་ལ་མ་བལྟས་ཀྱང་། །བདེ་བ་ཆེན་པོ་རྙེད་པར་དཀའ། །ཕྱག་རྒྱ་ཆེན་པོ་རྡོ་རྗེ་ཡེ་ཤེས་ཀྱི། །དབང་བསྐུར་བཞི་པའི་གདམས་པ་བྱས་པ་ཡིན། །འགྲོ་ཀུན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཐོང་ནས་ནི། །ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་ཤོག །དབང་ བཞི་པའི་རབ་ཏུ་བྱེད་པ་སློབ་དཔོན་ནཱ་གཱརྫུ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱནྟི་གརྦྷ་དང་བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་བསྒྱུར་བའོ།།༄༅༅། །རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་བི་བ་ར་ཎ་ནཱ་མ། བོད་སྐད་དུ། བྱང་ཆུབ་སེམས་ཀྱི་འགྲེལ་ པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་ བྱ་བ་འབྱུང་ངོ་། །སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་དེ་རྣམས་ཀྱིས་ཇི་ལྟར་བྱང་ཆུབ་ཆེན་པོར་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་གིས་ཀྱང་སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བ་དང་། མ་གྲོལ་བ་རྣམས་དགྲོལ་བ་དང་། དབུགས་མ་ཕྱུང་བ་རྣམས་ 35-1-38b དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་དུས་འདི་ནས་བཟུང་ནས་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པར་བགྱིའོ། །བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོར་སྤྱད་པ་སྤྱོད་པ་རྣམས་ ཀྱིས་དེ་ལྟར་ཀུན་རྫོབ་ཀྱི་རྣམ་པས་བྱང་ཆུབ་ཀྱི་སེམས་སྨོན་པའི་རང་བཞིན་ཅན་བསྐྱེད་ནས། དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པའི་སྟོབས་ཀྱིས་བསྐྱེད་པར་བྱ་བ་ཡིན་པས་དེའི་ཕྱིར་དེའི་རང་བཞིན་བཤད་པར་བྱའོ། །བྱང་ཆུབ་སེམས་ཀྱི་བདག་ཉིད་དངོས། །དཔལ་ལྡན་རྡོ་རྗེ་རྣམས་ བཏུད་དེ། །བྱང་ཆུབ་སེམས་ཀྱི་བསྒོམ་པ་ནི། །སྲིད་པ་འཇིག་རྟེན་བདག་གིས་བཤད། །སངས་རྒྱས་རྣམས་ཀྱི་བྱང་ཆུབ་སེམས། །བདག་དང་ཕུང་སོགས་རྣམ་རིག་གི། །རྟོག་པ་རྣམས་ཀྱིས་མ་བསྒྲིབས་པ། །རྟག་ཏུ་སྟོང་ཉིད་མཚན་ཉིད་བཞེད། །སྙིང་རྗེས་བརླན་པའི་སེམས་ཀྱིས་ནི། ། འབད་པས་བསྒོམ་པར་བྱ་བ་ཡིན། །ཐུགས་རྗེའི་བདག་ཉིད་སངས་རྒྱས་ཀྱི། །བྱང་ཆུབ་སེམས་འདི་རྟག་ཏུ་བསྒོམ། །མུ་སྟེགས་ཅན་གྱིས་གང་བརྟགས་པ། །བདག་དེ་རིགས་པས་རྣམ་དཔྱད་ན། །ཕུང་རྣམས་ཀུན་གྱི་ནང་རྣམས་ནི། །གང་ཞིག་གནས་ཀྱང་རྙེད་མ་ཡིན། །ཕུང་རྣམས་ ཡོད་ཀྱི་དེ་རྟག་མིན། །དེ་ཡང་བདག་གི་ངོ་བོ་མིན། །གང་ཡང་རྟག་དང་མི་རྟག་གཉིས། །རྟེན་དང་བརྟེན་པའི་དངོས་པོ་མེད། །བདག་ཅེས་བྱ་སྟེ་ཡོད་མིན་ན། །བྱེད་པོ་ཞེས་བྱ་ག་ལ་རྟག །ཆོས་ཅན་ཡོད་ན་ཆོས་རྣམས་ལ། །འཇིག་རྟེན་ན་ནི་སྤྱོད་པ་འཇུག །གང་ཕྱིར་རྟག་པ་དོན་བྱེད་པ། ། རིམ་དང་ཅིག་ཅར་གྱིས་མིན་པ། །དེ་ཕྱིར་ཕྱི་རོལ་ནང་དུ་ནི། །རྟག་པའི་དངོས་དེ་མེད་པ་ཉིད། །གལ་ཏེ་ནུས་ན་ཅི་སྟེ་ལྟོས། །དེ་ནི་ཅིག་ཅར་དངོས་འབྱིན་འགྱུར། །གང་ཞིག་དངོས་གཞན་ལ་ལྟོས་ལ། །དེ་ནི་རྟག་དང་ནུས་ལྡན་མིན། །གལ་ཏེ་དངོས་ན་རྟག་མིན་ཏེ། །དངོས་རྣམས་ རྟག་ཏུ་སྐད་ཅིག་ཕྱིར། །གང་ཕྱིར་མི་རྟག་དངོས་པོ་ལ། །བྱེད་པ་པོ་ཉིད་བཀག་པ་མེད། །བདག་སོགས་བྲལ་བའི་འཇིག་རྟེན་འདི། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་འཛིན་བློ་ཡིས་འཇོམས་པར་འགྱུར། །ཕན་པར་བཞེང་པ་རྣམས་ཀྱིས་ནི། །གཟུགས་དང་ཚོར་བ་འདུ་ 35-1-39a ཤེས་དང་། །འདུ་བྱེད་རྣམ་ཤེས་ཕུང་པོ་ལྔ། །དེ་ལྟར་ཉན་ཐོས་རྣམས་ལ་གསུངས། །རྐང་གཉིས་མཆོག་གིས་རྟག་ཏུ་ཡང་། །གཟུགས་ནི་དབུ་བ་རྡོས་འདྲར་སྣང་། །ཚོར་བ་ཆུ་ཡི་ཆུ་བུར་འདྲ། །འདུ་ཤེས་སྨིག་རྒྱུ་དང་མཚུངས་ཤིང་། །འདུ་བྱེད་ཆུ་ཤིང་ དང་འདྲ་ལ། །རྣམ་ཤེས་སྒྱུ་མ་ལྟ་བུ་ཞེས། །ཕུང་པོ་བསྟན་པ་འདི་ལྟ་བུ། །བྱང་ཆུབ་སེམས་དཔའ་རྣམས་ལ་གསུངས། །འབྱུང་ཆེན་བཞི་ཡི་རང་བཞིན་ཅན། །གཟུགས་ཀྱི་ཕུང་པོར་རབ་ཏུ་བཤད། །ལྷག་མ་གཟུགས་མེད་ཉིད་དུ་ནི། །མེད་ན་མི་འབྱུང་ཕྱིར་ན་འགྲུབ། །དེ་དག་རྣམས་ ཀྱི་མིག་གཟུགས་སོགས། །ཁམས་རྣམས་བཤད་པ་དེ་དག་ཉིད། །སྐྱེ་མཆེད་དག་ནི་གཟུང་བ་དང་། །འཛིན་པར་ཡང་ནི་ཤེས་པར་བྱ། །གཟུགས་རྡུལ་དབང་ཤེས་སྐྱེད་མིན་ཏེ། །དེ་ནི་དབང་པོ་ལས་འདས་ཡིན། །འདུས་པས་དེ་རྣམས་སྐྱེད་བྱེད་ན། །ཚོགས་པ་དེ་ཡང་མི་འདོད་དོ། ། ཕྱོགས་ཀྱི་དབྱེ་བས་ཕྱེ་བ་ཡིས། །རྡུལ་ཕྲན་ལ་ཡང་དབྱེ་བ་མཐོང་། །གང་ལ་ཆ་ཤས་ཀྱིས་བརྟགས་པ། །དེར་ནི་རྡུལ་ཕྲན་ཇི་ལྟར་འཐད། །ཕྱི་རོལ་དོན་ནི་རྣམ་གཅིག་ལ། །ཐ་དད་ཤེས་པ་འཇུག་པར་འགྱུར། །ཡིད་འོང་གཟུགས་ནི་གང་ཡིན་པ། །དེ་ཉིད་གཞན་ལ་གཞན་དུ་འགྱུར། བུད་མེད་གཟུགས་ནི་གཅིག་པུ་ལ། །རོ་དང་འདོད་བྱ་བཟའ་བ་ལ། །ཀུན་རྒྱུ་ཆགས་ཅན་ཁྱི་རྣམས་བཞིན། །རྣམ་པར་རྟོག་པ་གསུམ་ཡིན་ནོ། །དོན་མཚུངས་པ་ཡིས་དོན་བྱེད་པ། །རྨི་ལམ་གནོད་པ་བཞིན་མིན་ནམ། །རྨི་ལམ་སད་པའི་གནས་སྐབས་ལ། །དོན་བྱེད་པ་ལ་ཁྱད་པར་མེད། ། གཟུང་དང་འཛིན་པའི་ངོ་བོ་ཡིས། །རྣམ་ཤེས་སྣང་བ་གང་ཡིན་པ། །རྣམ་ཤེས་ལས་ནི་ཐ་དད་པར། །ཕྱི་རོལ་དོན་ནི་འགའ་ཡང་མེད། །དེ་ཕྱིར་དངོས་པོའི་ངོ་བོར་ནི། །ཕྱི་དོན་རྣམ་པ་ཀུན་དུ་མེད། །རྣམ་ཤེས་སོ་སོར་སྣང་བ་འདི། །གཟུགས་ཀྱི་རྣམ་པར་སྣང་བར་འགྱུར། །ཇི་ལྟར་སྐྱེ་ བོ་སེམས་རྨོངས་པས། །སྒྱུ་མ་སྨིག་རྒྱུ་དྲི་ཟ་ཡི། །གྲོང་ཁྱེར་ལ་སོགས་མཐོང་བ་ལྟར། །དེ་བཞིན་གཟུགས་སོགས་སྣང་བ་ཡིན། །བདག་ཏུ་འཛིན་པ་བཟློག་པའི་ཕྱིར། །ཕུང་པོ་ཁམས་སོགས་བསྟན་པ་ཡིན། །སེམས་ཙམ་པོ་ལ་གནས་ནས་ནི། །སྐལ་ཆེན་རྣམས་ཀྱིས་དེ་ཡང་ 35-1-39b སྤངས། །རྣམ་པར་ཤེས་པར་སྨྲ་བ་ལ། །སྣ་ཚོགས་འདི་ནི་སེམས་སུ་གྲུབ། །རྣམ་ཤེས་རང་བཞིན་གང་ཞེ་ན། །ད་ནི་དེ་ཉིད་བཤད་བྱ་སྟེ། །འདི་དག་ཐམས་ཅད་སེམས་ཙམ་ཞེས། །ཐུབ་པས་བསྟན་པ་གང་མཛད་དེ། །བྱིས་པ་རྣམས་ཀྱིས་སྐྲག་པ་ནི། །སྤང་བའི་ཕྱིར་ཡིན་དེ་ཉིད་མིན། ། ཀུན་བརྟགས་དང་ནི་གཞན་དབང་དང་། །ཡོངས་སུ་གྲུབ་པ་འདི་ཉིད་ནི། །སྟོང་ཉིད་བདག་ཉིད་གཅིག་པུ་ཡི། །ངོ་བོ་སེམས་ལ་བརྟག་པ་ཡིན། །ཐེག་ཆེན་དགའ་བའི་བདག་ཉིད་ལ། །ཆོས་ལ་བདག་མེད་མཉམ་པ་ཉིད། །སེམས་ནི་གདོད་ནས་མ་སྐྱེས་ཏེ། །སངས་རྒྱས་ཀྱིས་ནི་ མདོར་བསྡུས་གསུངས། །རྣལ་འབྱོར་སྤྱོད་པ་པ་རྣམས་ཀྱིས། །རང་གི་སེམས་ཀྱི་དབང་བྱས་ཏེ། །གནས་ཡོངས་གྱུར་ནས་དག་པའི་སེམས། །སོ་སོ་རང་རིག་སྤྱོད་ཡུལ་བརྗོད། །འདས་པ་གང་ཡིན་དེ་ནི་མེད། །མ་འོངས་པ་ནི་ཐོབ་པ་མིན། །གནས་ཕྱིར་གནས་ནི་ཡོངས་གྱུར་ པ། །ད་ལྟ་བ་ལ་ག་ལ་ཡོད། །དེ་ཇི་ལྟར་དེ་ལྟར་སྣང་མིན། །ཇི་ལྟར་སྣང་དེ་དེ་ལྟར་མིན། །རྣམ་ཤེས་བདག་མེད་ངོ་བོ་སྟེ། །རྟེན་གཞན་རྣམ་པར་ཤེས་པ་མེད། །ཇི་ལྟར་ཁབ་ལེན་དང་ཉེ་བས། །ལྕགས་ནི་མྱུར་དུ་ཡོངས་སུ་འཁོར། །དེ་ལ་སེམས་ནི་ཡོད་མིན་ཏེ། །སེམས་ དང་ལྡན་ཞིང་སྣང་བར་འགྱུར། །དེ་བཞིན་ཀུན་གཞིའི་རྣམ་ཤེས་ནི། །བདེན་མིན་བདེན་པ་བཞིན་དུ་ནི། །གང་ཚེ་འགྲོ་འོང་གཡོ་བར་འགྱུར། །དེ་ཚེ་སྲིད་པ་འཛིན་པར་བྱེད། །ཇི་ལྟར་རྒྱ་མཚོ་དང་ནི་ཤིང་། །སེམས་ནི་མེད་ཀྱང་གཡོ་བར་འགྱུར། །དེ་བཞིན་ཀུན་གཞིའི་རྣམ་ཤེས་ནི། ། ལུས་བརྟེན་ནས་ནི་གཡོ་བ་ཡིན། །ལུས་མེད་ན་ནི་རྣམ་པར་ཤེས། །ཡོད་པ་མིན་ཞེས་ཡོངས་རྟོག་ན། །དེ་ཡི་སོ་སོ་རང་རིག་ཉིད། །ཅི་འདྲ་ཞེས་ཀྱང་བརྗོད་པར་གྱིས། །སོ་སོ་རང་རིག་ཉིད་བརྗོད་པས། །དེ་ནི་དངོས་པོ་ཉིད་དུ་བརྗོད། །འདི་དེ་ཡིན་ཞེས་བརྗོད་པ་ནི། །ནུས་མིན་ ཞེས་ཀྱང་བརྗོད་པ་ཡིན། །རང་ལ་ངེས་བཞིན་གཞན་དག་ལ། །ངེས་པ་བསྐྱེད་པར་བྱ་བའི་ཕྱིར། །རྟག་ཏུ་འཁྲུལ་པ་མེད་པར་ནི། །མཁས་རྣམས་རབ་ཏུ་འཇུག་པ་ཡིན། །ཤེས་པས་ཤེས་བྱ་རྟོགས་པ་སྟེ། །ཤེས་བྱ་མེད་པར་ཤེས་པ་མེད། །དེ་ལྟར་ན་ནི་རིག་བྱ་དང་། །རིག་བྱེད་ 35-1-40a མེད་ཅེས་ཅིས་མི་འདོད། །སེམས་ནི་མིང་ཙམ་ཡིན་པ་སྟེ། །མིང་ལས་གཞན་དུ་འགའ་ཡང་མེད། །མིང་ཙམ་དུ་ནི་རྣམ་རིག་བལྟ། །མིང་ཡང་རང་བཞིན་མེད་པ་ཡིན། །ནང་ངམ་དེ་བཞིན་ཕྱི་རོལ་ལམ། །ཡང་ན་གཉིས་ཀའི་བར་དག་ཏུ། །རྒྱལ་བ་ རྣམས་ཀྱིས་སེམས་མ་རྙེད། །དེ་ཕྱིར་སྒྱུ་མའི་རང་བཞིན་སེམས། །ཁ་དོག་དབྱིབས་ཀྱི་དབྱེ་བའམ། །གཟུང་བ་དང་ནི་འཛིན་པའམ། །སྐྱེས་པ་བུད་མེད་མ་ནིང་སོགས། །ངོ་བོ་སེམས་ནི་གནས་པ་མིན། །མདོར་ན་སངས་རྒྱས་རྣམས་ཀྱིས་ནི། །གཟིགས་པར་མ་གྱུར་གཟིགས་ མི་འགྱུར། །རང་བཞིན་མེད་པའི་རང་བཞིན་ཅན། །ཇི་ལྟ་བུར་ན་གཟིགས་པར་འགྱུར། །དངོས་པོ་ཞེས་བྱ་རྣམ་རྟོག་ཡིན། །རྣམ་རྟོག་མེད་པ་སྟོང་པ་ཡིན། །གང་དུ་རྣམ་རྟོག་སྣང་གྱུར་པ། །དེར་ནི་སྟོང་ཉིད་ག་ལ་ཡོད། །རྟོག་བྱ་རྟོག་བྱེད་རྣམ་པའི་སེམས། །དེ་བཞིན་གཤེགས་ རྣམས་ཀྱིས་མ་གཟིགས། །གང་ན་རྟོག་བྱ་རྟོག་བྱེད་ཡོད། །དེར་ནི་བྱང་ཆུབ་ཡོད་མ་ཡིན། །མཚན་ཉིད་མེད་ཅིང་སྐྱེ་བ་མེད། །ཡོད་གྱུར་མ་ཡིན་ངག་ལམ་བྲལ། །མཁའ་དང་བྱང་ཆུབ་སེམས་དང་ནི། །བྱང་ཆུབ་གཉིས་མེད་མཚན་ཉིད་ཅན། །བྱང་ཆུབ་སྙིང་པོ་ལ་བཞུགས་པའི། ། བདག་ཉིད་ཆེན་པོའི་སངས་རྒྱས་དང་། །བརྩེ་ལྡན་ཀུན་གྱིས་དུས་ཀུན་དུ། །སྟོང་པ་མཁའ་དང་མཚུངས་པར་མཁྱེན། །དེ་ཕྱིར་ཆོས་རྣམས་ཀུན་གྱི་གཞི། །ཞི་ཞིང་སྒྱུ་མ་དང་མཚུངས་པར། །གཞི་མེད་སྲིད་པ་འཇིག་བྱེད་པའི། །སྟོང་པ་ཉིད་འདི་རྟག་ཏུ་བསྒོམ། །སྐྱེ་མེད་དང་ནི་སྟོང་ ཉིད་དང་། །བདག་མེད་ཅེས་བྱར་སྟོང་པ་ཉིད། །བདག་ཉིད་དམན་པ་གང་སྒོམ་པ། །དེ་དེ་སྒོམ་པར་བྱེད་པ་མིན། །དགེ་དང་མི་དགེའི་རྣམ་རྟོག་གི། །རྒྱུན་ཆད་པ་ཡི་མཚན་ཉིད་ཅན། །སྟོང་ཉིད་སངས་རྒྱས་ཀྱིས་གསུངས་གཞན། །དེ་དག་སྟོང་པ་ཉིད་མི་བཞེད། །སེམས་ལ་དམིགས་ པ་མེད་པ་ཡི། །གནས་པ་ནམ་མཁའི་མཚན་ཉིད་ཡིན། །དེ་དག་སྟོང་ཉིད་བསྒོམ་པ་ནི། །ནམ་མཁའ་བསྒོམ་པར་བཞེད་པ་ཡིན། །སྟོང་ཉིད་སེང་གེའི་སྒྲ་ཡིས་ནི། །སྨྲ་བ་ཐམས་ཅད་སྐྲག་པར་མཛད། །གང་དང་གང་དུ་དེ་དག་བཞུགས། །དེ་དང་དེར་ནི་སྟོང་ཉིད་འགྱུར། །གང་གི་རྣམ་ 35-1-40b ཤེས་སྐད་ཅིག་མ། །དེ་ཡི་དེ་ནི་རྟག་མ་ཡིན། །སེམས་ནི་མི་རྟག་ཉིད་ཡིན་ན། །སྟོང་པ་ཉིད་དུ་ཇི་ལྟར་འགལ། །མདོར་ན་སངས་རྒྱས་རྣམས་ཀྱིས་ནི། །སེམས་ནི་མི་རྟག་ཉིད་བཞེད་ན། །དེ་དག་སེམས་ནི་སྟོང་ཉིད་དུ། །ཅི་ཡི་ཕྱིར་ན་བཞེད་མི་འགྱུར། །ཐོག་མ་ཉིད་ནས་སེམས་ཀྱི་ནི། ། རང་བཞིན་རྟག་ཏུ་མེད་པར་འགྱུར། །དངོས་པོ་རང་བཞིན་གྱིས་གྲུབ་པ། །རང་བཞིན་མེད་ཉིད་བརྗོད་པ་མིན། །དེ་སྐད་བརྗོད་ན་སེམས་ཀྱི་ནི། །བདག་གི་གནས་པ་སྤངས་པ་ཡིན། །རང་གི་རང་བཞིན་ལས་འདས་པ། །དེ་ནི་ཆོས་རྣམས་ཆོས་མ་ཡིན། །ཇི་ལྟར་བུ་རམ་མངར་བ་དང་། ། མེ་ཡི་རང་བཞིན་ཚ་བ་བཞིན། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་འདོད། །སྟོང་ཉིད་རང་བཞིན་དུ་བརྗོད་པས། །གང་ཞིག་ཆད་པར་སྨྲ་བ་མིན། །དེས་ནི་རྟག་པ་ཉིད་དུ་ཡང་། །འགའ་ཞིག་སྨྲས་པ་མ་ཡིན་ནོ། །མ་རིག་ནས་བརྩམས་རྒ་བ་ཡི། །མཐར་ ཐུག་ཡན་ལག་བཅུ་གཉིས་ཀྱི། བརྟེན་ནས་བྱུང་བའི་བྱ་བ་ནི། །ཁོ་བོ་རྨི་ལམ་སྒྱུ་འདྲར་འདོད། །ཡན་ལག་བཅུ་གཉིས་འཁོར་ལོ་འདི། །སྲིད་པའི་ལམ་དུ་འཁོར་བ་སྟེ། །དེ་ལས་གཞན་དུ་སེམས་ཅན་གང་། །ལས་འབྲས་སྤྱོད་པར་འདོད་པ་མེད། །ཇི་ལྟར་མེ་ལོང་ལ་བརྟེན་ནས། ། བཞིན་གྱི་དཀྱིལ་འཁོར་སྣང་གྱུར་པ། །དེ་ནི་དེར་འཕོ་མ་ཡིན་ཞིང་། །དེ་མེད་པར་ཡང་དེ་ཡོད་མིན། །དེ་བཞིན་ཕུང་པོ་ཉིང་མཚམས་སྦྱོར། །སྲིད་པ་གཞན་དུ་སྐྱེ་བ་དང་། །འཕོ་བ་མེད་པར་མཁས་རྣམས་ཀྱིས། །རྟག་ཏུ་ངེས་པར་བྱ་བ་ཡིན། །མདོར་ན་སྟོང་པའི་ཆོས་རྣམས་ལ། །ཆོས་རྣམས་ སྟོང་པ་སྐྱེ་བར་འགྱུར། །བྱེད་པོ་ལས་འབྲས་ལོངས་སྤྱོད་པ། །ཀུན་རྫོབ་ཏུ་ནི་རྒྱལ་བས་བསྟན། །ཇི་ལྟར་རྔ་ཡི་སྒྲ་དང་ནི། །དེ་བཞིན་མྱུ་གུ་ཚོགས་པས་བསྐྱེད། །ཕྱི་ཡི་རྟེན་ཅིང་འབྲེལ་འབྱུང་བ། །རྨི་ལམ་སྒྱུ་མ་དང་མཚུངས་འདོད། །ཆོས་རྣམས་རྒྱུ་ལས་སྐྱེས་པ་ནི། །ནམ་ཡང་འགལ་ བར་མི་འགྱུར་ཏེ། །རྒྱུ་ནི་རྒྱུ་ཉིད་ཀྱིས་སྟོང་པས། །དེ་ནི་སྐྱེ་བ་མེད་པར་རྟོགས། །ཆོས་རྣམས་ཀྱི་ནི་སྐྱེ་བ་མེད། །སྟོང་ཉིད་ཡིན་པར་རབ་ཏུ་བཤད། །མདོར་ན་ཕུང་པོ་ལྔ་རྣམས་ནི། །ཆོས་ཀུན་ཞེས་ནི་བཤད་པ་ཡིན། །དེ་ཉིད་ཇི་བཞིན་བཤད་པས་ན། །ཀུན་རྫོབ་རྒྱུན་ནི་འཆད་མི་འགྱུར། །ཀུན་ 35-1-41a རྫོབ་ལས་ནི་ཐ་དད་པར། །དེ་ཉིད་དམིགས་པ་མ་ཡིན་ཏེ། །ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་པ་ཁོ་ན་ཀུན་རྫོབ་ཡིན། །མེད་ན་མི་འབྱུང་ངེས་པའི་ཕྱིར། །བྱས་དང་མི་རྟག་ཇི་བཞིན་ནོ། །ཀུན་རྫོབ་ཉོན་མོངས་ལས་ལས་བྱུང་། །ལས་ནི་སེམས་ལས་བྱུང་བ་ ཡིན། །སེམས་ནི་བག་ཆགས་རྣམས་ཀྱིས་བསགས། །བག་ཆགས་བྲལ་ན་བདེ་བ་སྟེ། །བདེ་བའི་སེམས་ནི་ཞི་བ་ཉིད། །སེམས་ཞི་བ་ནི་རྨོངས་མི་འགྱུར། །རྨོངས་མེད་དེ་ཉིད་རྟོགས་པ་སྟེ། །དེ་ཉིད་རྟོགས་པས་གྲོལ་ཐོབ་འགྱུར། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་ མ་མེད་དང་དོན་དམ་ཉིད། །བྱང་ཆུབ་སེམས་མཆོག་དེ་ཉིད་དང་། །སྟོང་ཉིད་དུ་ཡང་བཤད་པ་ཡིན། །གང་དག་སྟོང་ཉིད་མི་ཤེས་པ། །དེ་དག་ཐར་པའི་རྟེན་མ་ཡིན། །འགྲོ་དྲུག་སྲིད་པའི་བཙོན་རར་ནི། །རྨོངས་པ་དེ་དག་འཁོར་བར་འགྱུར། །དེ་ལྟར་སྟོང་པ་ཉིད་འདི་ནི། །རྣལ་ འབྱོར་པ་ཡིས་བསྒོམ་བྱས་ན། །གཞན་གྱི་དོན་ལ་ཆགས་པའི་བློ། །འབྱུང་བར་འགྱུར་བར་ཐེ་ཚོམ་མེད། །གང་དག་ཕ་དང་མ་དང་ནི། །གཉེན་བཤེས་གྱུར་པས་བདག་ལ་སྔོན། །ཕན་པ་བྱས་པར་གྱུར་པ་ཡི། །སེམས་ཅན་དེ་དག་རྣམས་ལ་ནི། །བྱས་པ་གཟོ་བར་གྱུར་པར་བྱ། །སྲིད་པའི་ བཙོན་རར་སེམས་ཅན་ནི། །ཉོན་མོངས་མེ་ཡིས་གདུངས་རྣམས་ལ། །བདག་གིས་སྡུག་བསྔལ་བྱིན་པ་ལྟར། །དེ་བཞིན་བདེ་བ་སྦྱིན་པར་རིགས། །འཇིག་རྟེན་བདེ་འགྲོ་ངན་འགྲོ་ཡིས། །འདོད་དང་མི་འདོད་འབྲས་བུ་དེ། །སེམས་ཅན་རྣམས་ལ་ཕན་པ་དང་། །གནོད་པ་ལས་ནི་འབྱུང་ བར་འགྱུར། །སེམས་ཅན་བསྟེན་པས་སངས་རྒྱས་ཀྱི། །གོ་འཕང་བླ་མེད་ཉིད་འགྱུར་ན། །ལྷ་དང་མི་ཡི་ལོངས་སྤྱོད་གང་། །ཚངས་དང་དབང་པོ་དྲག་པོ་དང་། །འཇིག་རྟེན་སྐྱོང་བས་བསྟེན་དེ་དག །སེམས་ཅན་ཕན་པ་ཙམ་ཞིག་གིས། །མ་དྲངས་པ་ནི་འགྲོ་གསུམ་འདིར། །འགའ་ཡང་མེད་ ལ་མཚར་ཅི་ཡོད། །སེམས་དམྱལ་དུད་འགྲོ་ཡི་དྭགས་སུ། །སྡུག་བསྔལ་རྣམ་པ་དུ་མའི་དངོས། །སེམས་ཅན་རྣམས་ཀྱིས་མྱོང་བ་གང་། །དེ་ནི་སེམས་ཅན་གནོད་ལས་བྱུང་། །བཀྲེས་སྐོམ་ཕན་ཚུན་རྡེག་པ་དང་། །གཟིར་བ་ཡི་ནི་སྡུག་བསྔལ་ཉིད། །བཟློག་པར་དཀའ་ཞིང་ཟད་མེད་དེ། ། 35-1-41b སེམས་ཅན་གནོད་པའི་འབྲས་བུ་ཡིན། །སངས་རྒྱས་བྱང་ཆུབ་སེམས་ཉིད་དང་། །བདེ་འགྲོ་དང་ནི་ངན་འགྲོ་གང་། །སེམས་ཅན་དག་གི་རྣམ་སྨིན་ཀྱང་། །ངོ་བོ་གཉིས་སུ་ཤེས་པར་བྱ། །དངོས་པོ་ཀུན་གྱིས་བསྟེན་བྱ་ཞིང་། །རང་གི་ལུས་བཞིན་བསྲུང་བར་བྱ། །སེམས་ཅན་རྣམས་ལ་ ཆགས་བྲལ་བ། །དུག་བཞིན་འབད་པས་སྤང་བར་བྱ། །ཉན་ཐོས་རྣམས་ནི་ཆགས་བྲལ་བས། །བྱང་ཆུབ་དམན་པ་ཐོབ་མིན་ནམ། །སེམས་ཅན་ཡོངས་སུ་མ་དོར་བས། །རྫོགས་སངས་རྒྱས་ཀྱིས་བྱང་ཆུབ་ཐོབ། །དེ་ལྟར་ཕན་དང་མི་ཕན་པའི། འབྲས་བུ་འབྱུང་བར་དཔྱད་པ་ན། །དེ་དག་ སྐད་ཅིག་གཅིག་ཀྱང་ནི། །རང་དོན་ཆགས་ཤིང་ཇི་ལྟར་གནས། །སྙིང་རྗེས་བརྟན་པའི་རྩ་བ་ཅན། །བྱང་སེམས་མྱུ་གུ་ལས་བྱུང་བ། །གཞན་དོན་གཅིག་འབྲས་བྱང་ཆུབ་ནི། །རྒྱལ་བའི་སྲས་རྣམས་སྒོམ་པར་བྱེད། །གང་ཞིག་བསྒོམས་པས་བརྟན་པ་ནི། །གཞན་གྱི་སྡུག་བསྔལ་གྱིས་བྱེད་ ནས། །བསམ་གཏན་བདེ་བ་དོར་ནས་ཀྱང་། །མནར་མེད་པར་ཡང་འཇུག་པར་བྱེད། །འདི་ནི་ངོ་མཚར་འདི་བསྔགས་འོས། །འདི་ནི་དམ་པའི་ཚུལ་ལུགས་མཆོག །དེ་དག་རྣམས་ཀྱི་རང་ལུས་དང་། །ནོར་རྣམས་བྱིན་པ་ངོ་མཚར་མིན། །ཆོས་རྣམས་སྟོང་པ་འདི་ཤེས་ནས། །ལས་དང་འབྲས་བུ་སྟེན་པ་གང་། ། དེ་ནི་ངོ་མཚར་བས་ངོ་མཚར། །རྨད་དུ་བྱུང་བས་རྨད་དུ་བྱུང་། །སེམས་ཅན་བསྐྱབ་པའི་བསམ་པ་ཅན། །དེ་དག་སྲིད་པའི་འདམ་སྐྱེས་ཀྱང་། །དེ་བྱུང་ཉེས་པས་མ་གོས་པ། །ཆུ་ཡི་པདྨའི་འདབ་མ་བཞིན། །ཀུན་བཟང་ལ་སོགས་རྒྱལ་བའི་སྲས། །ཉོན་མོངས་བུད་ཤིང་བསྲེགས་མོད་ ཀྱི། །དེ་ལྟར་སྙིང་རྗེས་བརླན་གྱུར་ཅིང་། །སྙིང་རྗེའི་དབང་དུ་གྱུར་པ་རྣམས། །གཤེགས་དང་བལྟམས་དང་རོལ་བ་དང་། །ཁབ་ནས་འབྱུང་དང་དཀའ་བ་སྤྱོད། །བྱང་ཆུབ་ཆེ་དང་བདུད་སྡེ་འཇོམས། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །ལྷ་རྣམས་ཀུན་ལ་ཞུགས་པ་དང་། །དེ་བཞིན་དུ་ནི་མྱ་ ངན་ལས། །འདས་པ་སྟོན་པར་མཛད་པ་ཡིན། །ཚངས་དང་དབང་པོ་ཁྱབ་འཇུག་དང་། །དྲག་སོགས་གཟུགས་སུ་སྤྲུལ་མཛད་ནས། །འགྲོ་བ་འདུལ་བའི་སྦྱོར་བ་ཡིས། །ཐུགས་རྗེའི་རང་བཞིན་ཅན་གར་མཛད། །སྲིད་པའི་ལམ་ལ་སྐྱོ་རྣམས་ལ། །ངལ་སོའི་དོན་དུ་ཐེག་པ་ཆེ། །འབྱུང་ 35-1-42a བའི་ཡེ་ཤེས་གཉིས་པོ་ཡང་། །གསུངས་པ་ཡིན་ཏེ་དོན་དམ་མིན། །ཇི་སྲིད་སངས་རྒྱས་ཀྱིས་མ་བསྐུལ། །དེ་སྲིད་ཡེ་ཤེས་ལུས་དངོས་ཅན། །ཏིང་འཛིན་མྱོས་པས་རྒྱལ་འགྱུར་བ། །ཉན་ཐོས་དེ་དག་གནས་པར་འགྱུར། །བསྐུལ་ན་སྣ་ཚོགས་གཟུགས་ ཀྱིས་ནི། །སེམས་ཅན་དོན་ལ་ཆགས་གྱུར་ཅིང་། །བསོད་ནམས་ཡེ་ཤེས་ཚོགས་བསགས་ན། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །གཉིས་ཀྱི་བག་ཆགས་ཡོད་པའི་ཕྱིར། །བག་ཆགས་ས་བོན་བརྗོད་པ་ཡིན། །ས་བོན་དེ་དངོས་ཚོགས་པ་ནི། །སྲིད་པའི་མྱུ་གུ་སྐྱེད་པར་བྱེད། ། འཇིག་རྟེན་མགོན་རྣམས་ཀྱིས་བསྟན་པ། །སེམས་ཅན་བསམ་དབང་རྗེས་འགྲོ་བ། །འཇིག་རྟེན་དུ་ནི་ཐབས་མང་པོ། །རྣམ་པ་མང་པོ་ཐ་དད་འགྱུར། །ཟབ་ཅིང་རྒྱ་ཆེའི་དབྱེ་བ་དང་། །ལ་ལར་གཉིས་ཀའི་མཚན་ཉིད་ཅན། །ཐ་དད་བསྟན་པ་ཡིན་ཡང་ནི། །སྟོང་དང་གཉིས་མེད་ཐ་དད་མིན། ། གཟུངས་རྣམས་དང་ནི་ས་རྣམས་དང་། །སངས་རྒྱས་ཕ་རོལ་ཕྱིན་གང་དག །དེ་དག་བྱང་ཆུབ་སེམས་ཀྱི་ཆར། །ཀུན་མཁྱེན་རྣམས་ཀྱིས་གསུངས་པ་ཡིན། །ལུས་ངག་ཡིད་ཀྱིས་རྟག་པར་ནི། །དེ་ལྟར་སེམས་ཅན་དོན་བྱེད་པ། །སྟོང་ཉིད་རྩོད་པར་སྨྲ་རྣམས་ལ། །ཆད་པའི་རྩོད་པ་ཉིད་ཡོད་ མིན། །འཁོར་བ་མྱ་ངན་འདས་པ་ལ། །བདག་ཉིད་ཆེ་དེ་མི་གནས་པ། །དེ་ཕྱིར་སངས་རྒྱས་རྣམས་ཀྱིས་ནི། །མི་གནས་མྱ་ངན་འདས་འདིར་བཤད། །སྙིང་རྗེ་རོ་གཅིག་བསོད་ནམས་གྱུར། །སྟོང་ཉིད་རོ་ནི་མཆོག་གྱུར་པ། །བདག་དང་གཞན་དོན་བསྒྲུབ་དོན་དུ། །གང་འཐུང་དེ་དག་རྒྱལ་ སྲས་ཡིན། །དངོས་པོ་ཀུན་གྱིས་དེ་ལ་འདུད། །སྲིད་པ་གསུམ་ན་རྟག་མཆོད་འོས། །སངས་རྒྱས་གདུང་ནི་འཚོ་བ་དོན་དུ། །འཇིག་རྟེན་འདྲེན་པ་དེ་དག་བཞུགས། །བྱང་ཆུབ་སེམས་འདི་ཐེག་ཆེན་པོ། །མཆོག་ནི་ཡིན་པར་བཤད་པ་སྟེ། །མཉམ་པར་གཞག་པའི་འབད་པ་ཡིས། ། བྱང་ཆུབ་སེམས་ནི་བསྐྱེད་པར་གྱིས། །རང་དང་གཞན་དོན་བསྒྲུབ་དོན་དུ། །སྲིད་ན་ཐབས་གཞན་ཡོད་མ་ཡིན། །བྱང་ཆུབ་སེམས་ནི་མ་གཏོགས་པར། །སངས་རྒྱས་ཀྱིས་སྔར་ཐབས་མ་གཟིགས། །བྱང་ཆུབ་སེམས་བསྐྱེད་ཙམ་གྱིས་ནི། །བསོད་ནམས་ཕུང་པོ་གང་ཐོབ་པ། །གལ་ཏེ་ 35-1-42b གཟུགས་ཅན་ཡིན་ན་ནི། །ནམ་མཁའ་གང་བ་ལས་ནི་ལྷག །སྐྱེས་བུ་གང་ཞིག་སྐད་ཅིག་ཙམ། །བྱང་ཆུབ་སེམས་ནི་སྒོམ་བྱེད་པ། །དེ་ཡི་བསོད་ནམས་ཕུང་པོ་ནི། །རྒྱལ་བ་ཡིས་ཀྱང་བགྲང་མི་སྤྱོད། །ཉོན་མོངས་མེད་པའི་རིན་ཆེན་སེམས། །འདི་ནི་ནོར་མཆོག་གཅིག་པུ་སྟེ། །ཉོན་ མོངས་བདུད་སོགས་ཆོམ་རྐུན་གྱིས། །གནོད་མིན་འཕྲོག་པར་བྱ་བ་མིན། །ཇི་ལྟར་འཁོར་བར་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའི་སྨོན་ལམ་ནི། །མི་གཡོ་དེ་ལྟར་བློ་ཉིད་ནི། །བྱང་ཆུབ་སེམས་གཞོལ་རྣམས་ཀྱིས་བྱ། །ངོ་མཚར་གྱིས་ཀྱང་ཁྱེད་ཅག་གིས། །ཇི་ལྟར་བཤད་པ་ལ་ འབད་ཀྱི། །དེ་རྗེས་ཀུན་བཟང་སྤྱོད་པ་ནི། །རང་ཉིད་ཀྱིས་ནི་རྟོགས་པར་འགྱུར། །རྒྱལ་མཆོག་རྣམས་ཀྱིས་བསྟོད་པའི་བྱང་ཆུབ་སེམས་ནི་བསྟོད་བྱས་པའི། །བསོད་ནམས་མཚུངས་མེད་དེང་དུ་བདག་གིས་ཐོབ་པ་གང་ཡིན་པ། །དེ་ཡིས་སྲིད་པའི་རྒྱ་མཚོ་དབའ་ཀློང་ནང་དུ་ནུབ་པ་ཡི། །སེམས་ ཅན་རྐང་གཉིས་དབང་པོས་བསྟེན་པའི་ལམ་དུ་འགྲོ་བར་ཤོག །བྱང་ཆུབ་སེམས་ཀྱི་འགྲེལ་པ་སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་གུ་ཎ་ཨཱ་ཀ་ར་དང་། ལོ་ཙཱ་བ་རབ་ཞི་བཤེས་གཉེན་གྱིས་བསྒྱུར་ཅིང་ཞུས། སླད་ཀྱི་རྒྱ་གར་གྱི་ མཁན་པོ་ཀ་ན་ཀ་ཝརྨ་དང་། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་བཅོས་པའོ།།༄༅༅། །རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་བི་བ་ར་ཎ། བོད་སྐད་དུ། བྱང་ཆུབ་སེམས་ཀྱི་འགྲེལ་པ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །དེ་ནས་བྱང་ཆུབ་ཀྱི་སེམས་སྒོམ་པའི་འགྲེལ་ པ་བཤད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་སེམས་ཀྱིས་རྣམ་པར་བརྟགས་པའོ་ཞེས་གསུངས་པས་རེ་ཞིག་སེམས་ནི་དེ་ཉིད་ཀྱི་རང་བཞིན་ཅི་ཞིག་ཅེས་ངེས་པར་རྟོག་པ་ན། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་པར་ སྤངས། །ཆོས་བདག་མེད་པར་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་གསུངས་སོ། །སྨྲས་པ་འདི་ཡི་དོན་ཅི་ཡིན་ཞེ་ན། བརྗོད་པ། དངོས་པོ་ཐམས་ཅད་དང་བྲལ་བ། །ཞེས་ཏེ་དངོས་པོའི་སྒྲས་བདག་ལ་སོགས་པ་མངོན་པར་བརྗོད་དོ། ། 35-1-43a འདི་སྐད་དུ་སེམས་དེ་ནི་བདག་དང་། སེམས་ཅན་དང་།སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ལས་སྐྱེས་དང་། ཤེད་བུ་དང་། བྱེད་པ་པོ་ལ་སོགས་པའི་རང་བཞིན་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་དག་ལ་བྱ་བའི་མཚན་ཉིད་ཅན་ཡོད་པ་མ་ཡིན་པའི་ ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བདག་ལ་སོགས་པའི་དངོས་པོ་ཡོད་པ་མ་ཡིན་ན། སེམས་དེའི་རང་བཞིན་དུ་གྱུར་པ་ལྟ་ག་ལ་ཡོད་ཅེས་སྨྲས་པར་འགྱུར་རོ། །དེའི་ཕྱིར་དངོས་པོ་ཐམས་ཅད་དང་བྲལ་ཞིང་བདག་ཏུ་འཛིན་པ་ཙམ་གྱིས་ཡང་དག་པར་བསྐྱེད་པའོ། །ཉོན་མོངས་པ་ཐམས་ཅད་བདག་ཏུ་འཛིན་ པས་ཡང་དག་པར་བསྐྱེད་པའི་ཕྱིར་སེམས་ནི་དེའི་རང་བཞིན་དུ་འགྱུར་རོ་ཞེ་ན། སེམས་དེ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རང་བཞིན་མ་ཡིན་པའི་ཕྱིར། ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཞེས་གསུངས་སོ། །འདི་ལྟར་རེ་ཞིག་ཕུང་པོ་ལ་ སོགས་པ་ཉིད་ཀྱི་དངོས་པོ་དོན་དམ་པར་མ་དམིགས་ན། སེམས་དེའི་རང་བཞིན་དུ་འགྱུར་བ་ལྟ་ག་ལ་ཡོད། ཇི་ལྟར་ཞེ་ན། རེ་ཞིག་གཟུགས་ལ་སོགས་པའི་ཕུང་པོ་རྣམས་དངོས་པོ་མེད་པ་ཉིད་དེ། གཟུགས་ཀྱི་ཕུང་པོ་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་ཚོགས་སོ། །འབྱུང་བ་ནི་བཞི་སྟེ། ས་ དང་། ཆུ་དང་། མེ་དང་། རླུང་ངོ་། །འབྱུང་བ་ལས་གྱུར་པ་ལྔ་སྟེ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱའོ། །ས་ལ་སོགས་པ་འབྱུང་བ་རྣམས་དང་། གཟུགས་ལ་སོགས་པ་འབྱུང་བ་ལས་གྱུར་པ་དེ་དག་རེ་རེ་ཞིང་ཐ་དད་པའི་དངོས་པོ་ཉིད་དུ་མ་དམིགས་ཏེ། གང་དུ་གཅིག་ཏུ་ ཡོད་པ་དེར་གཞན་ཡང་ཡོད་པའི་ཕྱིར་རོ། །དེའི་ཕྱིར་གཟུགས་ནི་མིང་ཙམ་དུ་ཀུན་དུ་བརྟགས་པའོ། །གཟུགས་ཀྱི་ཕུང་པོ་ནི་གཟུགས་ཀྱི་ཕུང་པོས་སྟོང་ཞེས་གསུངས་པ་ལས་ནི་གཟུགས་ཀྱི་ཕུང་པོ་ཡང་ཡོངས་སུ་མ་གྲུབ་པའོ། །དེ་བཞིན་དུ་ཚོར་བའི་ཕུང་པོ་ཡོངས་སུ་མ་གྲུབ་སྟེ། ཇི་ལྟ་ཞེ་ན། ཚོར་བ་རྣམ་པ་གསུམ་མོ། །བདེ་བ་དང་། སྡུག་བསྔལ་བ་དང་། སྡུག་བསྔལ་མ་ཡིན་ཞིང་བདེ་བ་ཡང་མ་ཡིན་པ་དེ་དག་ཕན་ཚུན་ལྟོས་པའི་ཕྱིར་ཏེ། སྡུག་བསྔལ་ལྟོས་ནས་བདེ་བ་དང་། བདེ་བ་ལ་ལྟོས་ནས་སྡུག་བསྔལ་དུ་འདོགས་པར་བྱེད་དོ། །ཆོས་གང་ཞིག་གཅིག་པུར་གནས་པ་དམིགས་ 35-1-43b པ་མེད་པ་དེ་ནི་རྫས་ཉིད་དུ་ཡོད་པ་ཡིན་ཏེ། རིང་པོ་དང་ཐུང་ངུ་བཞིན་ནོ། །གཞན་དུ་ཚོར་བ་ནི་རྣམ་པ་གཉིས་ཏེ། ལུས་ལས་བྱུང་བ་དང་། སེམས་ལས་བྱུང་བའོ་ཞེས་པར་ཡང་རེ་ཞིག་ལུས་ནི་གཟུགས་ཀྱི་ཕུང་པོས་བསྡུས་པའི་ཕྱིར་མ་དམིགས་སོ། །དེའི་ཕྱིར་ལུས་མེད་པའི་ཕྱིར་ལུས་ལས་ བྱུང་བའི་ཚོར་བ་མ་གྲུབ་བོ། །སེམས་ཀྱང་ཡུལ་ན་མི་གནས་པ། ཕྱོགས་ན་མི་གནས་པ། གཟུགས་མེད་པ། བསྟན་དུ་མེད་པ། རབ་ཏུ་མི་གནས་པ། སྣང་བ་མེད་པ། རྣམ་པར་མི་རིག་པར་གསུངས་ན། ཚོར་བ་དེ་ནི་ཅི་འདྲ་ཞིག་དེའི་ཕྱིར་སེམས་ལས་བྱུང་བ་ཡང་མ་གྲུབ་བོ། །དེའི་ ཕྱིར་ཚོར་བའི་ཕུང་པོ་ནི་ཚོར་བའི་ཕུང་པོས་སྟོང་ངོ་ཞེས་གསུངས་པ་ལས་ན། ཚོར་བའི་ཕུང་པོ་ཡང་ཡོངས་སུ་མ་གྲུབ་བོ། །འདུ་ཤེས་ཀྱི་ཕུང་པོ་ཡང་མིང་ཙམ་གྱིས་དངོས་པོ་ཉིད་དེ། འདུ་ཤེས་ནི་མཚན་མར་འཛིན་པའི་བདག་ཉིད་ཅན་ཡིན་ལ། དེ་ལྟར་རེ་ཞིག་གང་དག་ལ་མཚན་མར་གཟུང་བར་བྱ་བའི་ དངོས་པོ་ཡོད་པ་མ་ཡིན་པ་དེའི་ཕྱིར་མཚན་མ་མེད་པས་མཚན་མ་ཅན་ཡང་ཡོད་པ་མ་ཡིན་ནོ། །འདུ་ཤེས་ཀྱི་ཕུང་པོ་ནི་འདུ་ཤེས་ཀྱི་ཕུང་པོས་སྟོང་ངོ་ཞེས་གསུངས་པ་ལས་ན་འདུ་ཤེས་ཀྱི་ཕུང་པོ་ཡང་ཡོངས་སུ་མ་གྲུབ་བོ། །འདུ་བྱེད་ཀྱི་ཕུང་པོ་ཡང་ཡོངས་སུ་མ་གྲུབ་སྟེ་ཚོགས་པ་ཙམ་གྱི་ཕྱིར་ རོ། །འདུ་བྱེད་ཀྱི་ཕུང་པོ་ནི་ཚོར་བ་དང་། སེམས་པ་དང་འདུ་ཤེས་དང་འདུན་པ་དང་རེག་པ་དང་བློ་དང་། དྲན་པ་དང་ཡིད་ལ་བྱེད་པ་དང་མོས་པ་ལ་སོགས་པ་མཚུངས་པར་ལྡན་པ་རྣམས་དང་། ས་དང་ཆུ་དང་མེ་དང་རླུང་ལ་སོགས་པའི་སྐྱེ་བ་ལ་སོགས་པ་མཚུངས་པར་མི་ལྡན་པ་དག་ལ་བརྗོད་ན། སེམས་ལས་བྱུང་བའི་ཆོས་རྣམས་དང་སྐྱེ་བ་ལ་སོགས་པ་དག་ཀྱང་རེ་རེ་ཞིང་ལ་སྐྱེ་བ་ཡོད་པ་མ་ཡིན་ནོ། །འདུ་བྱེད་ཀྱི་ཕུང་པོ་ནི་ལས་ཀྱི་མཚན་ཉིད་ཅན་ཡིན་པའི་ཕྱིར་ཡང་མེད་པ་ཉིད་དོ། །བྱེད་པ་པོ་མེད་པའི་ཕྱིར་བྱ་བ་ཡང་དངོས་པོ་མེད་དོ། །འདུ་བྱེད་ཀྱི་ཕུང་པོ་ནི་འདུ་བྱེད་ཀྱི་ཕུང་པོའི་དངོས་ པོས་སྟོང་ངོ་ཞེས་གསུངས་པ་ལས་ན་འདུ་བྱེད་ཀྱི་ཕུང་པོ་ཡོངས་སུ་གྲུབ་པ་མེད་དོ། །རྣམ་པར་ཤེས་པའི་ཕུང་པོ་ཡང་ཡོངས་སུ་མ་གྲུབ་སྟེ། འདི་ལྟར་རྣམ་པར་ཤེས་པའི་ཕུང་པོ་ཉིད་ནི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པ་རྣམས་ཡིན་ལ། 35-1-44a མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དེ་དག་ཀྱང་རེ་རེ་ཞིང་རང་གི་ངོ་བོ་མ་དམིགས་སོ། །ཅིའི་ཕྱིར་ཞེ་ན། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ཞིང་མེད་ན་མི་འབྱུང་སྟེ། མིག་དང་གཟུགས་མེད་ན་མིག་གི་རྣམ་པར་ཤེས་པ་ཇི་ལྟར་འབྱུང་ བར་འགྱུར། དེ་ལྟར་ན་རེ་ཞིག་མིག་གི་རྣམ་པར་ཤེས་པ་ཡོངས་སུ་མ་གྲུབ་བོ། །ཚིག་དེ་ཉིད་ཀྱིས་རྣ་བ་དང་། སྣ་དང་། ལྕེ་དང་ལུས་ཀྱི་རྣམ་པར་ཤེས་པ་ཡང་ཡིད་འདས་པ་དང་མ་འོངས་པའི་ཆོས་ཐམས་ཅད་ཀྱི་རྟེན་ཅན་ཡིན་ན། ཅི་ལྟར་འདས་པ་དང་མ་འོངས་པའི་ཆོས་རྣམས་ཡིད་ཀྱི་རྣམ་ པར་ཤེས་པ་སྐྱེད་པའི་རྐྱེན་དུ་འགྱུར། བཅོམ་ལྡན་འདས་ཀྱིས་རེ་ཞིག་འདས་པ་ནི་དེ་ཉིད་དང་། ལྷན་ཅིག་འགགས་ཤིང་མ་འོངས་པ་ནི་མ་ཐོབ་པ་ཡིན་ལ། ད་ལྟར་བྱུང་བ་རྣམ་པར་ཤེས་པ་དང་ལྷན་ཅིག་པ་ཡང་གནས་པ་ཡོད་པ་མ་ཡིན་ཞེས་གསུངས་སོ། །རྣམ་པར་ཤེས་པའི་ཕུང་པོ་ ཡང་རྣམ་པར་ཤེས་པའི་ཕུང་པོས་སྟོང་ངོ་ཞེས་པ་ལས་རྣམ་པར་ཤེས་པའི་ཕུང་པོ་ཡང་ཡོངས་སུ་མ་གྲུབ་བོ། །དེ་ལྟར་ཕུང་པོ་དེ་ཉིད་ཁམས་དང་སྐྱེ་མཆེད་དུ་བསྟན་པའི་ཕྱིར་ལོགས་སུ་དགག་པར་མི་བྱ་སྟེ། ས་བོན་མེད་པས་མྱུ་གུ་མེད་པ་བཞིན་དུ་ཕུང་པོ་རང་བཞིན་མེད་པ་ཉིད་ཀྱིས་དེ་རྣམས་ ཀྱང་རང་བཞིན་མེད་པར་གྲུབ་བོ། །དེའི་ཕྱིར་སེམས་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་བྲལ་བ་ཞེས་བྱའོ། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས། སེམས་ནི་སྔོན་པོ་དང་། སེར་ པོ་དང་། དམར་པོ་དང་། བཙོད་ཁ་དང་། ཤེལ་དང་། དངུལ་གྱི་ཁ་དོག་དང་། རིང་པོ་དང་། ཐུང་ངུ་དང་། ཟླུམ་པོ་དང་། གྲུ་གསུམ་དང་། གྲུ་བཞི་ལ་སོགས་པའི་རྣམ་པ་དང་། སྐྱེས་པ་དང་བུད་མེད་དང་། མ་ནིང་གི་རྣམ་པ་མ་མཐོང་ངོ་ཞེས་པ་དང་། གསང་བའི་བདག་པོ་སེམས་ ནི་འདོད་པའི་ཁམས་ཀྱི་རང་བཞིན་མ་ཡིན། གཟུགས་ཀྱི་ཁམས་ཀྱི་རང་བཞིན་མ་ཡིན། གཟུགས་མེད་པའི་ཁམས་ཀྱི་རང་བཞིན་མ་ཡིན། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པའི་ 35-1-44b འགྲོ་བའི་རང་བཞིན་མ་ཡིན་ནོ་ཞེས་པ་ནས། རྣམ་པ་ཐམས་ཅད་དུ་ཡོངས་སུ་བཙལ་ན་མ་དམིགས་སོ་ཞེས་བྱ་བའི་བར་དུ་གསུངས་སོ། །དེ་ལྟར་ན་རེ་ཞིག་སེམས་དེ་ནི་གཟུང་བ་མ་ཡིན་ནོ། །ཇི་ལྟར་འཛིན་པ་ཡང་མ་ཡིན་པ་དེ་ལྟར་བརྗོད་པར་བྱ་སྟེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་གསང་ བའི་བདག་པོ་སེམས་དེ་ནི་ནང་ན་ཡང་མ་ཡིན་ཕྱི་རོལ་ན་ཡང་མ་ཡིན། གཉིས་ཀའི་བར་དུ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གསང་བའི་བདག་པོ་སེམས་དེ་ནི་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་རོ། །དེའི་ཕྱིར་གང་རྣམ་པ་ཐམས་ཅད་ཀྱིས་ཡོངས་སུ་བཙལ་ནམ་དམིགས་པ་ དེ་ཇི་ལྟར་གཟུང་བ་དང་འཛིན་པ་ཡིན་པར་འགྱུར། དེ་ལྟར་ན་སེམས་དེ་ནི་གཟུང་བ་དང་འཛིན་པ་དང་བྲལ་བ་ཞེས་བྱའོ། །ཆོས་བདག་མེད་པར་མཉམ་ཉིད་པས། །ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་ཐམས་ཅད་བདག་མེད་པ་དེ་བཞིན་དུ་སེམས་དེ་ཡང་ངོ་། །དེ་སྐད་དུ་བཅོམ་ལྡན་འདས་ཀྱིས་ ཆོས་ཐམས་ཅད་སྟོང་པ་དེ་བཞིན་དུ་སེམས་ཀྱང་སྟོང་པའི་མཚན་ཉིད་དོ། །ཆོས་ཐམས་ཅད་བདག་མེད་པ་དེ་བཞིན་དུ་སེམས་དེ་ཡང་བདག་མེད་པའི་མཚན་ཉིད་དོ། །ཆོས་ཐམས་ཅད་རྣམ་པར་དབེན་པ་སྟེ། དེ་བཞིན་དུ་སེམས་དེ་ཡང་རྣམ་པར་དབེན་པའི་མཚན་ཉིད་དོ། །དེའི་ཕྱིར་ཆོས་བདག་ མེད་པར་མཉམ་པ་ཉིད་ཀྱིས་སེམས་དེ་མཉམ་པ་ཡིན་པའི་ཕྱིར་རང་གི་སེམས་གདོད་མ་ནས་མ་སྐྱེས་པའོ། །དེའི་ཕྱིར་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །སྟོང་པ་ཉིད་ཀྱི་རང་བཞིན་ཅི་ཞེ་ན། སྟོང་པ་ཉིད་ནི་ནམ་མཁའི་རང་བཞིན་ནོ། །དེ་སྐད་དུའང་ནམ་མཁའ་སྟོང་པའོ། །ཆོས་ཐམས་ཅད་ནམ་མཁའི་རང་བཞིན་ནོ། །བྱང་ཆུབ་ ཀྱང་དེའི་རང་བཞིན་ནོ། །སེམས་ཀྱང་དེའི་རང་བཞིན་ནོ་ཞེས་གསུངས་སོ། །དེ་བཞིན་དུ་ནམ་མཁའ་རང་བཞིན་མེད་པ་མིང་ཙམ་མོ། །དེ་བཞིན་དུ་སེམས་ཀྱང་རང་བཞིན་མེད་པ་མིང་ཙམ་ཡིན། གང་ཡང་སེམས་མ་སྐྱེས་མ་འགགས་པར་ཁོང་དུ་ཆུད་པ་དེ་ནི་བྱང་ཆུབ་བོ། །དེ་སྐད་དུ་ཡང་བཅོམ་ ལྡན་འདས་ཀྱིས་བྱང་ཆུབ་གང་ཞེ་ན། གང་སེམས་ཀྱི་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་སྟེ། དེ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །གསང་བའི་བདག་པོ་ཆོས་ཕྲ་བ་ཡང་ཡོད་པ་མ་ཡིན་ཞིང་དམིགས་པ་མེད་པ་དེས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ 35-1-45a བྱང་ཆུབ་ཅེས་བརྗོད་དོ། །ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་ནམ་མཁའི་མཚན་ཉིད་དེ། རྟོགས་པ་པོ་དང་རྟོགས་པར་བྱ་བ་འགའ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་ནམ་མཁའི་མཚན་ཉིད་ཀྱི་ཕྱིར་རོ་ཞེས་གསུངས་སོ། །དེའི་ཕྱིར་གང་ཞིག་རང་གི་སེམས་ཡང་དག་པ་ཇི་ལྟ་བ་ བཞིན་རིག་པ་དེ་ལ་བརྩེ་བའི་ཐབས་ཀྱིས། ཀྱེ་མ་ཀྱི་ཧུད་སེམས་ཅན་འདི་དག་ནི་སྡུག་བསྔལ་བ། འདི་དག་ནི་རང་གི་སེམས་ཀྱི་ཆོས་ཉིད་ཀྱི་རང་བཞིན་མ་གཏོགས་པ་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་ཕྱིན་ཅི་ལོག་གི་གདོན་གྱིས་བཟུང་བ། འཁོར་བ་ན་སྡུག་བསྔལ་སྣ་ཚོགས་ཉམས་ སུ་མྱོང་བ་ཡིན་ཞིང་། ཇི་ལྟར་དེ་དག་རང་གི་སེམས་ཀྱི་ཆོས་ཉིད་ཀྱི་རང་བཞིན་རྟོགས་པར་འགྱུར་བ་དེ་བཞིན་དུ་བདག་གིས་འབད་པར་བྱའོ་ཞེས་སེམས་ཅན་ལ་དམིགས་པའི་སེམས་སྐྱེ་བར་འགྱུར་རོ། །གང་སྙིང་རྗེ་ཆེན་པོས་ཡོངས་སུ་བཟུང་བའི་སེམས་བསྐྱེད་པ་དེ་ནི་བྱང་ཆུབ་ཀྱི་སེམས་དང་། སེམས་ཅན་ཐམས་ཅད་ལ་ཕན་པའི་སེམས་དང་། སེམས་ཅན་ཐམས་ཅད་ལ་བདེ་བའི་སེམས་དང་། བླ་ན་མེད་པའི་སེམས་དང་། ཆོས་ཀྱི་དབྱིངས་ལ་འཇུག་པའི་སེམས་དང་། སེམས་ཅན་ཐམས་ཅད་ལ་བརྟེན་ནས་སྐྱེས་པའི་བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །བྱང་ཆུབ་སེམས་ཀྱི་འགྲེལ་ པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།ཁ་ཆེའི་པཎྜི་ཏ་ཛ་ཡ་ཨ་ནནྟ་དང་། བོད་ཀྱི་ལོ་ཙཱ་བ་ཁུ་མདོ་སྡེ་འབར་གྱིས་བསྒྱུར་བའོ།།༄༅༅། །རྒྱ་གར་སྐད་དུ། པཉྩ་ཀྲ་མ། བོད་སྐད་དུ། རིམ་པ་ལྔ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མགོན་ པོ་སངས་རྒྱས་ཀུན་བདག་ཉིད། །དཔལ་ལྡན་བདེ་ཆེན་ལ་བཏུད་དེ། །རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ནས། །རྡོ་རྗེ་བཟླས་པའི་རིམ་བཤད་བྱ། །བསྐྱེད་པའི་རིམ་ལ་ལེགས་གནས་ཤིང་། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། ། སྐས་ཀྱི་རིམ་པ་ལྟ་བུར་གསུངས། །སེམས་ཅན་རྣམས་ཀྱི་སྲོག་གྱུར་པ། །རླུང་ཞེས་བྱ་བ་ལས་ཀུན་བྱེད། །འདི་ནི་རྣམ་ཤེས་བཞོན་པ་སྟེ། །ལྔ་ཡི་བདག་ཉིད་བཅུ་མིང་ཅན། །རླུང་གི་དེ་ཉིད་རིམ་གྱིས་ནི། །སྔགས་ཀྱི་དེ་ཉིད་ཡང་དག་འཇུག །སྔགས་ཀྱི་དམིགས་པ་རྟོགས་ནས་ནི། །རྡོ་རྗེ་ 35-1-45b བཟླས་པ་རྣམས་ལ་སློབ། །རྡོ་རྗེ་བཟླས་ནས་རྣལ་འབྱོར་པ། །སེམས་ལ་དམིགས་པ་ཐོབ་པར་འགྱུར། །སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཡང་དག་མཐས་ནི་རྣམ་པར་སྦྱང་། །ཡང་དག་མཐའ་ལས་ལངས་ནས་ནི། །གཉིས་མེད་ཡེ་ཤེས་འཐོབ་པར་འགྱུར། །ཟུང་འཇུག་ཏིང་འཛིན་ ལ་གནས་ནས། །སླར་ཞིང་གང་ལའང་མི་སློབ་བོ། །འདི་ནི་རྫོགས་པའི་རྣལ་འབྱོར་པ། །རྡོ་རྗེ་འཛིན་པ་ཆེན་པོའང་དེ། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཐམས་ཅད་མཁྱེན་པར་དེ་ནས་འགྱུར། །འདས་པ་དང་ནི་མ་འོངས་དང་། །དེ་ལྟར་བྱུང་བའི་སྲིད་གསུམ་ནི། །འོད་གསལ་བས་ ནི་རྣམ་དག་པས། །སྐད་ཅིག་དེ་ལ་མ་ལུས་མཐོང་། །དཔལ་ལྡན་འདུས་པའི་རྒྱུད་དུ་ནི། །དེ་ཉིད་འདི་དག་རྒྱས་བཏབ་ནས། །བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །བླ་མའི་ཁ་ལས་རྟོགས་པར་བྱ། །དེ་ལ་དང་པོ་ཁོ་ནར་རླུང་གི་དེ་ཁོ་ན་ཉིད་བསྟན་པའི་ཚིག་རྩ་བའི་རྒྱུད་ལ་འཇུག་པར་བྱ་ སྟེ། སྣ་ཡི་རྩེ་མོར་ཡུངས་ཀར་བསམ། །འགྲོ་དང་མི་འགྲོ་ཡུངས་ཀར་ལ། །གསང་བའི་སྔགས་ཀྱིས་བརྟགས་པ་ཡིས། །ཡེ་ཤེས་མཆོག་གི་གནས་བསྒོམ་མོ། །རིན་ཆེན་ཁ་དོག་སྣ་ལྔ་པ། །ཡུངས་ཀར་གྱི་ནི་འབྲུ་ཚོད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་རིག་པས་ རྟག་ཏུ་བསྒོམ། །ཞེས་བྱ་བ་སྟེ། འདི་ནི་དགོངས་པས་བཤད་པའོ། །རྡོ་རྗེའི་ཚིག་འདིའི་བཤད་པ་ལྷ་མོ་བཞིས་ཞུས་པ་ཞེས་བྱ་བའི་བཤད་པའི་རྒྱུད་ལས། སྙིང་པོ་ལས་ནི་སྙིང་པོ་མཆོག །སངས་རྒྱས་ཀུན་གྱི་གསང་བ་ནི། །གང་དེ་ཐམས་ཅད་བདག་ཉིད་གནས། །དེ་ནི་ལྷ་མོ་ བཤད་པར་བྱ། །ཡེ་ཤེས་ལྔ་ཡི་དངོས་དེ་ཉིད། །ཡུངས་ཀར་གྱི་ནི་འབྲུ་ཚོད་ཙམ། །དེ་ཡི་དབུས་ན་གནས་པའི་ལྷ། །མི་གསལ་གསལ་བའི་བདག་ཉིད་ཅན། །ཞེས་གསུངས་པ་དང་། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་ཀྱང་དོན་འདི་ཉིད་གསལ་བར་གསུངས་ཏེ། ཡེ་ཤེས་ལྔ་ ཡི་རང་བཞིན་དབུགས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་རབ་ཏུ་བརྟག །རིན་ཆེན་ཁ་དོག་སྣ་ལྔ་པ། །སྲོག་དང་རྩོལ་བ་ཞེས་བྱར་བཤད། །རང་སྔགས་སྙིང་གར་བསམས་ནས་ནི། །སྲོག་ནི་ཐིག་ལེར་གནས་པར་གཞག །ཅེས་གསུངས་ 35-1-46a པ་དང་། འདི་ཉིད་ཡང་སླར་བཤད་པ་རྡོ་རྗེ་ཕྲེང་བ་ཞེས་བྱ་བ་བཤད་པའི་རྒྱུད་ལས། སྣ་རྩེར་ཡུངས་ཀར་ཞེས་བྱ་བ། །སྲོག་དང་རྩོལ་བའི་བརྟག་པ་སྟེ། །སྲོག་དང་རྩོལ་བ་ལ་གནས་པ། །འོད་ལྔ་སངས་རྒྱས་རྣམས་སུ་བསྒོམ། །སྟེང་གི་སྣ་ལས་ངེས་འབྱུང་བ། །གཡོན་ དང་གཡས་དང་གཉིས་ཀ་དང་། །དལ་བར་རྒྱུ་དང་རྣམ་བཞིར་འགྱུར། །ནང་གི་དུས་ནི་ཡིན་པར་བཤད། །ལྐོག་མ་སྙིང་ག་ལྟེ་བ་དང་། །གསང་བའི་པདྨར་འགྲོ་འོང་སྟོན། །ཐུན་ཕྱེད་ཀྱི་ནི་དུས་རྟག་ཏུ། །གོ་རིམས་ཇི་བཞིན་གནས་པར་བསྟན། །གཡས་པ་ནས་ནི་འབྱུང་བའི་ཁམས། །མེ་ ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །ཁ་དོག་དམར་ཞིང་གསལ་བ་འདི། །པདྨ་མགོན་པོའི་རྒྱུ་བའོ། །གཡོན་པ་ལས་ནི་འབྱུང་བའི་ཁམས། །རླུང་གི་དཀྱིལ་འཁོར་ཞེས་བྱ་བ། །ལྗང་སེར་དག་ཏུ་སྣང་བ་སྟེ། །ལས་ཀྱི་མགོན་པོའི་རྒྱུ་བའོ། །གཉི་ག་ལས་ནི་བྱུང་བའི་ཁམས། །མདངས་ ཆེན་ཁ་དོག་སེར་པོ་སྟེ། །དབང་ཆེན་གྱི་ནི་དཀྱིལ་འཁོར་ཉིད། །རིན་ཆེན་མགོན་པོའི་རྒྱུ་བའོ། །དལ་ཞིང་རྒྱུ་བ་མེད་པའི་ཁམས། །དག་ཅིང་ཤེལ་ལྟར་སྣང་བ་ནི། །ཆུ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །རྡོ་རྗེ་མགོན་པོའི་རྒྱུ་བའོ། །ལུས་ཀུན་ལ་ནི་གནས་པའི་རླུང་། །བྱ་བ་ཀུན་ལ་འཇུག་པ་པོ། ། འདི་ནི་རྣམ་སྣང་ངོ་བོ་སྟེ། །འཆི་བའི་ལུས་ལས་འབྱུང་བར་འགྱུར། །རླུང་གི་དེ་ཉིད་གསལ་བ་འདི། །ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །རྣལ་འབྱོར་བྱིས་པའི་ཡུལ་མིན་ཞིང་། །རྟོག་གེ་པ་ཡིས་མི་ཤེས་སོ། །དེ་ལྟར་རླུང་གི་དེ་ཁོ་ན་ཉིད་བསྟན་ནས། ད་ནི་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་པའི་ཚིག་རྩ་བའི་ རྒྱུད་ཉིད་ལ་འཇུག་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་སྔགས་ཐམས་ཅད་ཀྱི་སྙིང་པོ་ཀུན་དུ་སྐུལ་བར་བྱེད་པ་ཞེས་བྱ་བ་མཆོག་ཏུ་གསང་བ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཚིག་གི་ལམ་ངེས་པར་བརྗོད་པས་སྔགས་བསྡུས་པ་འདི་ལྟ་བུ་ གསུངས་སོ། །ཨོཾ་ཨཱཿཧཱུཾ། དོན་རྟོགས་པ་ཡི་བཟླས་པ་ནི། །ངོ་བོ་ཉིད་མེད་བཟང་པོ་ལས། །དུས་གསུམ་སངས་རྒྱས་ཀྱིས་བརྟགས་པ། །རྡོ་རྗེ་བཟླས་པར་དེ་བཤད་དོ། །སློང་མོ་ཟ་ཞིང་མི་བཟླས་ཏེ། །མ་བསླངས་པ་ལའང་ཆགས་མི་བྱ། །འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་། །སྔགས་ 35-1-46b ཀྱི་ཡན་ལག་མ་ཉམས་བཟླས། །བཤད་པ་འདི་ཉིད་སླར་བཤད་པ། །དགོངས་པ་ལུང་བསྟན་པའི་རྒྱུད་ལས་གསུངས་པས་དེ་ལ་འཇུག་པར་བྱ་སྟེ། དེ་ནས་དཔལ་ལྡན་སྣང་མཛད་ཆེ། །ཁྱབ་བདག་ལ་ནི་སླར་གསོལ་པ། །སེམས་ཅན་ཐམས་ཅད་སྐྱེད་པ་པོ། །སྣ་ཚོགས་གཟུགས་ ཅན་སེམས་འདི་ནི། །དེ་བས་དངོས་པོ་མེད་གྱུར་ཀྱང་། །སྲིད་པ་དག་ཏུ་རབ་ཏུ་གྲགས། །བྱང་ཆུབ་སེམས་ནི་མཁའ་མཉམ་པ། །ལེགས་པར་རྗེས་སུ་མྱོང་མཛད་པ། །འགྲོ་བའི་དོན་ནི་མཛད་པ་པོ། །སྐྱེ་བོ་མཆོག་ལ་དེ་བསྟན་གསོལ། །སྒྲུབ་པ་ཡི་ནི་ཐབས་ཙམ་ཞིག །ཤེས་ ནས་རྒྱུད་རྣམས་འཆད་པར་བྱེད། །འདི་ལྟར་བདག་ནི་སློབ་དཔོན་ཞེས། །མ་འོངས་པ་ན་སྨྲ་བར་འགྱུར། །བདག་གི་ཚིག་ནི་འདི་ཉིད་དག །ཡིན་ཞེས་སྨྲ་ཞིང་བྱིས་པ་འཇིག །དེ་ནི་དགོངས་པའི་བྱང་ཆུབ་སེམས། །ཇི་བཞིན་དོན་དུ་མི་ཤེས་སོ། །དེ་ནས་བདག་པོ་བཅོམ་ལྡན་འདས། ། རྣམ་པར་སྣང་མཛད་ཐུབ་ཆེན་གྱིས། །ལེགས་ཞེས་ལན་གསུམ་གསུངས་མཛད་ནས། །ལག་ན་རྡོ་རྗེ་ལ་འདི་གསུངས། །མི་རྟོག་དོན་གྱི་དེ་ཉིད་ནི། །རབ་ཏུ་ཕྱེ་ནས་བཤད་པར་བྱ། །བརྗོད་དང་དམིགས་པར་བཅས་པ་དང་། །བརྡར་གྱུར་དང་ནི་དོན་དམ་མོ། །ཚིག་གི་བརྗོད་པ་ཐུན་མོང་སྟེ། ། དམིགས་པར་བཅས་པ་སངས་རྒྱས་ཉིད། །སྔགས་ཀྱི་དེ་ཉིད་བརྡ་རུ་བཤད། །དོན་དམ་དེ་བཞིན་ཉིད་ཡིན་ནོ། །དང་པོ་གཅིག་ནི་དགུ་དབུས་ན། །གང་ཞིག་བཅུ་ཡིས་མ་བཅིངས་པ། །དེ་ཉིད་བཅིང་མེད་ཅེས་བྱ་སྟེ། །དེ་ཤེས་པ་ནི་མཆོག་གི་གནས། །དབྱངས་དང་གསལ་བྱེད་ཡི་གེ་སྟེ། ། གྲངས་དགུ་ཡི་ནི་རྗེས་འཇུག་པ། །ཨས་བཅིངས་ཕན་ཚུན་ཡང་དག་སྦྱོར། །གང་གིས་ཤེས་དེ་འགྲོ་བའི་བླ། །འབྱུང་བའི་མཐའ་དང་ཡང་དག་ལྡན། །ཆ་ལ་སོགས་པ་བཅུ་དྲུག་གནས། །ལྔ་པ་ལྔ་དང་ཡང་དག་ལྡན། །བཞི་ནི་གསུམ་དུ་ངེས་པར་སྦྱར། །ཡི་གེ་ཨཱཾ་བཅས་རིང་པོར་ བཅས། །ཡོན་ཏན་སྦྱོར་སོགས་ཕྱོགས་དང་མཚུངས། །ཐུང་ངུ་མ་ལས་དག་ཏུ་འགྱུར། །གཅིག་མིན་དུ་མའང་མ་ཡིན་ན། །ཡི་གེ་གང་ཞིག་སྔར་བཤད་པ། །གང་ཡང་མངོན་པར་ཕྱོགས་པ་རྣམས། །བུད་མེད་སྐྱེས་པ་མ་ནིང་སྟེ། །ཁམས་ལ་སོགས་པར་རབ་ཏུ་བརྟག །འོག་དང་སྟེང་ 35-1-47a དུ་བཅས་པར་ནི། །ཤེས་ནས་བློས་ནི་ངེས་པར་སྦྱར། །བརྗོད་པ་ཡི་ནི་སྔགས་འདི་དག །དངོས་མེད་ངོ་བོ་ལས་བྱུང་བའོ། །དེ་ནི་ཡོངས་སུ་གྱུར་པའི་གཟུགས། །ལྷ་རུ་ཉེ་བར་མཚོན་པ་གང་། །དེ་ནི་ཉེ་བར་དམིགས་པའོ། །བརྡ་ནི་དེ་ཉིད་གསུམ་གནས་པ། །རང་ བཞིན་བཟླས་པའི་མཚན་ཉིད་དོ། །ཨ་ཡིག་བཤད་པའི་ཡེ་ཤེས་ནི། །སངས་རྒྱས་ཀུན་གྱི་སྙིང་པོར་གྱུར། །ཨོཾ་གྱིས་སེམས་ཅན་ཡང་དག་སྡུད། །སངས་རྒྱས་སྐུར་ནི་རབ་ཏུ་བརྟག །ཧཱུྃ་གིས་སེམས་ཅན་ཡང་དག་སྤྲོ། །སངས་རྒྱས་ཐུགས་སུ་རབ་ཏུ་བརྟག །ཨཱཿནི་གནས་པར་ གྱུར་པའོ། །སངས་རྒྱས་གསུང་དུ་རབ་ཏུ་བརྟག །འཇུག་པ་ཉིད་དང་གནས་པ་དང་། །ལྡང་བ་ཡི་ནི་རིམ་གྱིས་ཀྱང་། །ཤེས་རབ་ཐབས་ཀྱི་གཞིར་གནས་ཏེ། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །གོས་དཀར་ལ་སོགས་བཟླས་བཤད་པ། །བརྒྱ་ཕྲག་གཉིས་དང་ཉི་ཤུ་ལྔ། །བཞི་ པོ་ལེགས་པར་བསྡུས་པ་ནི། །སྦྱོར་བཞི་བསྡུས་པ་བརྒྱ་ཕྲག་དགུ། །དགུ་བརྒྱ་དག་ཏུ་གང་བསྟན་པ། །ཉི་ཤུ་རྩ་བཞིའི་རིམ་གྱིས་ནི། །དེ་ནི་སོ་སོར་འབྱུང་བ་ལས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །ནང་གི་དུས་འདི་ཉིད་གསལ་བར་བྱ་བའི་ཕྱིར་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། རིག་ པའི་ཆོ་ག་འདི་ཡིས་ནི། །ཐུན་མཚམས་བཞི་ནི་རབ་སྦྱོར་བས། །གྲངས་འབུམ་གྱི་ནི་མཚན་ཉིད་ཅན། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །ཞེས་གསུངས་པ་དང་། བསྒོམ་པ་ཡི་ནི་བར་ཆད་ཅན། །རྣལ་འབྱོར་ཕྱི་རོལ་བཟླས་པ་སྤང་། །སྔགས་དོན་བཅོམ་ལྡན་རྡོ་རྗེ་ཅན། །རྡོ་རྗེ་བདག་ ཉིད་ཇི་ལྟར་བཟླས། །གླང་པོ་སྔོན་དུ་རྙེད་གྱུར་ནས། །གླང་པོའི་རྗེས་ནི་ཚོལ་བྱེད་ལྟར། །སྔགས་ལུས་རང་ཉིད་མངོན་གྱུར་ནས། །གཞན་དག་ཇི་ག་ཚོལ་བྱེད་དམ། །གཞན་ཡང་རྡོ་རྗེ་འཛིན་གང་ཞིག །སྦྱོར་བ་གསུམ་དང་ལྡན་པ་ཡིས། །སྤྱན་དྲངས་གཤེགས་སུ་གསོལ་གྱུར་དང་། ། དེ་བཞིན་བཞུགས་སུ་གསོལ་བ་དང་། །བཞུགས་པ་ཡིས་ནི་སྤྱན་དྲངས་ཏེ། །མྱུར་བ་ཡིས་ནི་གཤེགས་སུ་གསོལ། །གཉིས་ཀ་མིན་པས་བཞུགས་སུ་གསོལ། །སྣ་ཚོགས་གནས་གྲུབ་བླ་མེད་པའོ། །མྱུར་བ་དང་ནི་རྣམ་བསྡུས་དང་། །དལ་བཅན་དང་སྔགས་སྦྱོར་བ། །བླ་ 35-1-47b མས་སློབ་མའི་རྣ་དྲུང་དུ། །རབ་ཏུ་འབད་དེ་བཤད་པར་བྱ། །དེ་ནས་རྣལ་འབྱོར་དབང་ཕྱུག་གི། །ཐབས་ཀྱི་དམ་པ་བསྟན་པའི་ཕྱིར། །རྣལ་འབྱོར་འབྲས་བུ་རབ་སྟེར་བའི། །གསང་བའི་ཡི་གེ་བཤད་པར་བྱ། །གང་ཞིག་བསམས་པ་ཙམ་གྱིས་ནི། །རྣལ་འབྱོར་ཅན་ལ་མཆོག་སྟེར་གྱུར། ། དང་པོའི་ཡི་གེའི་སྦྱོར་བ་ཡིས། །རྟག་ཏུ་དབུགས་ནི་རྔུབ་པར་བྱ། །བརྒྱད་པའི་མཐའ་དང་ལྡན་པ་ཡི། །ཡི་གེ་ཨུ་ནི་ཐིག་ལེར་བཅས། །རྣལ་འབྱོར་པ་ནི་དབུགས་གཏོང་བྱེད། །འདི་ནི་ཅི་དགའི་བཟླས་པར་བཤད། །ཁྲི་ཕྲག་གཉིས་དང་ཆིག་སྟོང་དང་། །དེ་བཞིན་དུ་ནི་བརྒྱ་ཕྲག་དྲུག ། རྣལ་འབྱོར་དབང་པོ་ཉིན་མཚན་གྱི། །བཟླས་བརྗོད་ཀྱི་ནི་གྲངས་བྱེད་དོ། །དེ་འདིར་གསང་ཞིང་དགོངས་པ་ཡིས། །ཕྲ་མོའི་སྦྱོར་བ་བཤད་པ་ཡིན། །ཀློག་དང་ཁ་ཏོན་མེད་མོད་ཀྱི། །འོན་ཀྱང་བཟླས་པར་བཤད་པ་ཡིན། །རྡོ་རྗེ་བཟླས་པ་འདི་ཡིས་ནི། །ཆོ་ག་ཇི་བཞིན་བསྟེན་བྱ་ཞིང་། ། སྔ་མ་ལྟ་བུའི་ཏིང་འཛིན་གྱིས། །ལས་རྣམས་ཐམས་ཅད་བསྒྲུབ་པར་བྱ། །དེ་བས་ན་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་། མཉམ་མེད་སྔགས་ནི་བཟླས་ནས་སུ། །སྒྲུབ་པའི་བདག་ཉིད་ཅན་གྱིས་བསྒྲུབ། །དེ་ཡིས་ཟླ་བ་གཅིག་གིས་ ནི། །ཁམས་གསུམ་འགྲུབ་པར་གདོན་མི་ཟ། །རྣམ་ཤེས་ལས་ནི་འབྱུང་བའི་སྔགས། །མཚན་ཉིད་དྲུག་ལྡན་བཟས་ནས་ཀྱང་། །རྡོ་རྗེ་སེམས་དཔའ་ཕྱག་བྱས་ན། །ཟླ་བ་ཉ་ལ་དེ་འགྲུབ་འགྱུར། །དེ་ལས་བརྟུལ་ཞུགས་བཤད་པ་མེད། །ཕྲེང་བ་མི་དགོས་སྔགས་མི་དགོས། །གཟུང་དང་ སྦྱིན་སྲེག་ལས་རྣམས་དག །གཅིག་ནས་གཅིག་ཏུ་ལྡོག་པར་འགྱུར། །ཡ་ཡི་དོན་གྱིས་གང་ཅིའང་རུང་། །དངོས་གྲུབ་འདོད་པས་བྱ་བ་ནི། །ར་ལ་སོགས་པ་གསུམ་ཉིད་ཀྱིས། །འགྲོ་བའི་དོན་ལ་འཇུག་པར་བྱ། །མེ་དང་རླུང་དང་དབང་ཆེན་དང་། །ཆུ་སྟེ་སོ་སོའི་དཀྱིལ་འཁོར་དུ། ། ཐུན་ནི་ཕྱེད་ཕྱེད་དུས་སུ་ནི། །ལས་ནི་གཉིས་གཉིས་གནས་པར་འགྱུར། །མཆོད་ལ་བརྩོན་པས་མཆོད་པར་འགྱུར། །བཟླས་ལ་བརྩོན་པས་རྣམ་པར་དག །མེ་ལ་སྦྱིན་སྲེག་བརྩོན་པས་འབྱོར། །བསམ་གཏན་བརྩོན་པས་ཐར་པ་འཐོབ། །སྔགས་པས་དེ་ལྟར་ཤེས་ནས་ནི། །འགྲོ་ན་བྱིས་པ་བཞིན་ 35-1-48a དུ་སྤྱོད། །དེས་ནི་མི་རྟོག་ཆོས་ཅན་གྱིས། །གསང་སྔགས་རྣམས་ནི་འགྲུབ་པར་འགྱུར། །གསུང་གི་རྡོ་རྗེ་སྒྲུབ་པ་སྟེ། །འདི་ནི་སྔགས་ཀྱི་དེ་ཉིད་གསལ། །ཡེ་ཤེས་གསུམ་གྱི་དབྱེ་བ་ཡིས། །སེམས་ཙམ་ལ་ནི་ངེས་པར་སྦྱར། །བླ་མ་ལ་བརྙས་སྒྱུ་ཅན་དད་པ་མེད། །སྔགས་ཀྱིས་རློན་ ཞིང་གླེགས་བམ་མཐོང་བས་ཁེངས། །དད་པ་མེད་ཅིང་དབང་བསྐུར་དམན་པ་ལ། །གཏམ་གྱི་རིམ་པའང་དེ་ལ་བརྗོད་མི་བྱ། །གང་ཞིག་བླ་མ་ལ་གུས་དད་དང་ལྡན། །མོས་པས་བསྙེན་བཀུར་ལ་ནི་རྟག་ཏུ་བརྩོན། །ཐོས་པ་འཛིན་གང་སློབ་མའི་དམ་པ་ཡིས། །དེ་ལ་བླ་མའི་དྲིན་སྦྱིན་བརྟག་ མི་དགོས། །རི་དབང་རྩེ་ནས་འགའ་ཞིག་ལྷུང་གྱུར་ན། །ལྟུང་བར་མི་བྱ་སྙམ་ཡང་ལྟུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་འགྱུར་སྙམ་ཡང་གྲོལ་བར་འགྱུར། །རྡོ་རྗེ་བཟླས་པའི་རིམ་པ་སྟེ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་མཛད་པའི་རིམ་པ་དང་ པོའོ།། །།ཕྱག་འཚལ་འདུད་ཅིང་ཕྱག་འཚལ་འདུད། །ཕྱག་འཚལ་ཕྱག་འཚལ་ཕྱག་འཚལ་འདུད། །ཇི་ལྟར་བསྟོད་ཅིང་ཕྱག་འཚལ་བ། །གང་ལ་བསྟོད་ཅིང་གང་གིས་བསྟོད། །ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞིན་དུ། །རང་གིས་རང་གི་ཡེ་ཤེས་ནི། །ལེགས་ མཐོང་གང་ཡིན་འདིར་ཕྱག་ཡིན། །འོན་ཀྱང་ཀུན་མཁྱེན་མ་ཐོབ་པར། །དེ་ནི་ཉེ་བར་དམིགས་མི་འགྱུར། །མུན་ནག་རབ་རིབ་ཀྱིས་ཁེབས་པ། །དྲིན་གྱིས་སྣང་བ་ཐོབ་པར་འགྱུར། །སྟོང་ཉིད་ཤིན་ཏུ་སྟོང་པ་དང་། །གསུམ་པ་ཆེན་པོ་སྟོང་པ་དང་། །བཞི་པ་ཐམས་ཅད་སྟོང་པ་ནི། །རྒྱུ་ དང་འབྲས་བུའི་བྱེ་བྲག་གོ། །ཤེས་རབ་ཐབས་སུ་སྦྱོར་བ་ལས། །རྫོགས་པ་ཉེ་བར་ཐོབ་པར་འགྱུར། །རྫོགས་པ་ཉེ་བར་ཐོབ་གྱུར་ནས། །ཐམས་ཅད་སྟོང་པ་འོད་གསལ་བ། །རྒྱུ་ཡི་རིམ་པ་རྣམ་དག་པ། །རྣམ་ཤེས་གསུམ་པོ་སྦྱོར་བ་དང་། །སྟོང་པ་གསུམ་ནི་མཉམ་སྦྱོར་བས། །བླ་ མེད་གོ་འཕང་ཐོབ་པར་འགྱུར། །སྣང་བ་སྟོང་པ་ཤེས་རབ་དང་། །སེམས་དང་གཞན་གྱི་དབང་དག་སྟེ། །དེ་ཡི་རང་བཞིན་འཕྲོ་གསལ་བ། །ད་ནི་རབ་ཏུ་བཤད་པར་བྱ། །ཆགས་བྲལ་དང་ནི་བར་མ་ཉིད། །དེ་བཞིན་དུ་ནི་ཆེན་པོ་དག །ཡིད་ལ་འགྲོ་ཞིང་འོང་བ་དང་། །མྱ་ངན་ལ་སོགས་ 35-1-48b གསུམ་དེ་བཞིན། །ཞི་དང་རྣམ་རྟོག་འཇིགས་པ་དང་། །འཇིགས་པ་བར་དང་ཤིན་ཏུ་འཇིགས། །སྲེད་དང་སྲེད་པ་བར་མ་དང་། །ཤིན་ཏུ་སྲེད་དང་ཉེར་ལེན་པ། །མི་དགེ་བཀྲེས་དང་སྐོམ་ཉིད་དང་། །ཚོར་དང་ཚོར་བ་བར་མ་དང་། །ཤིན་ཏུ་ཚོར་བའི་སྐད་ཅིག་དང་། །རིག་པ་པོ་དང་རིག་འཛིན་ བཞི། །སོ་སོར་རྟོག་དང་ངོ་ཚ་ཤེས། །སྙིང་རྗེ་དང་ནི་བརྩེ་བ་གསུམ། །དོགས་དང་བསམ་པ་ཉིད་དང་ནི། །ཕྲག་དོག་ཅེས་ནི་བྱ་བར་གྲགས། །རང་བཞིན་སུམ་ཅུ་རྩ་གསུམ་གང་། །ལུས་ཅན་རྣམས་ཀྱི་རང་རིག་སྟེ། །ཀུན་རྫོབ་གསལ་བའི་གཟུགས་ཀྱིས་ནི། །མཚན་མོའི་ མིང་དུ་ངེས་པར་བཤད། །དེ་བཞིན་བུད་མེད་མིང་དུ་བརྗོད། །འཇམ་པོ་ལྟ་བུའང་དེ་བཞིན་ནོ། །གཡོན་པའི་མིང་ཡང་དེ་ཉིད་དེ། །ཟླ་བའི་དཀྱིལ་འཁོར་པདྨ་ཅན། །བརྟན་པར་བྱ་བའི་རྒྱུར་གྱུར་པ། །དང་པོའི་ཡི་གེ་ཐིག་ལེར་བཅས། །ཟླ་བའི་འོད་ཟེར་ལྟར་སྣང་ཞིང་། །སྣང་བའི་ ཡེ་ཤེས་ཡང་དག་འབྱུང་། །ཤིན་ཏུ་སྟོང་པ་ཐབས་ལྡན་པ། །སྣང་བ་མཆེད་པ་ཞེས་བརྗོད་དེ། །དེ་བཞིན་དུ་ནི་ཀུན་བརྟགས་དང་། །དེ་བཞིན་སེམས་ལས་བྱུང་བར་བཤད། །ཆགས་དང་ཞེན་དང་དེ་བཞིན་དགའ། །དགའ་བ་བར་མ་ཤིན་ཏུ་དགའ། །རངས་དང་རབ་ཏུ་མགུ་བ་དང་། །ངོ་ མཚར་དེ་བཞིན་དགོད་པ་དང་། །ཚིམ་དང་དེ་བཞིན་འཁྱུད་པ་དང་། །འོ་བྱེད་དེ་བཞིན་འཇིབ་པ་དང་། །བརྟན་དང་བརྩོན་དང་ང་རྒྱལ་དང་། །བྱ་དང་འཕྲོག་དང་སྟོབས་དང་ནི། །སྤྲོ་དང་ལྷན་ཅིག་སྐྱེས་ཉིད་དང་། །དེ་བཞིན་ལྷན་སྐྱེས་བར་མ་དང་། །ཤིན་ཏུ་ལྷན་ཅིག་སྐྱེས་དང་གྲག །རྣམ་པར་སྒེག་ དང་ཞེ་འགྲས་ཉིད། །དགེ་དང་ཚིག་གསལ་བདེན་པ་དང་། །མི་བདེན་པ་དང་དེ་བཞིན་ངེས། །ཉེ་བར་མི་ལེན་སྦྱིན་པའོ། །སྐུལ་དང་དེ་བཞིན་དཔའ་བོ་དང་། །ངོ་ཚ་མེད་དང་སྒྱུ་དང་གདུག །མི་སྲུན་པ་དང་གྱ་གྱུ་ཉིད། །མཚན་ཉིད་བཞི་བཅུ་གང་ཡིན་པ། །ཤིན་ཏུ་སྟོང་པའི་སྐད་ཅིག་སྟེ། ། ཉིན་མོ་སྐྱེས་པའི་མིང་དང་ནི། །རྩུབ་མོ་གཡས་པར་བསྟན་པ་ཡིན། །ཉི་མའི་དཀྱིལ་འཁོར་མིང་དང་ནི། །དེ་བཞིན་དུ་ནི་རྡོ་རྗེའི་མིང་། །ཐིག་ལེ་གཉིས་ཀྱིས་བརྒྱན་པ་ཡི། །ཆ་རུ་དེ་ཉིད་ཤེས་པར་བྱ། །ཉི་མའི་འོད་ཟེར་འདྲ་བ་ཡང་། །སྣང་བ་མཆེད་པའི་སྦྱོར་ལས་བྱུང་། །སྣང་བ་ཐོབ་པ་ 35-1-49a དག་དང་ནི། །ཉེ་བར་ཐོབ་པ་དེ་བཞིན་ཏེ། །ཡོངས་སུ་གྲུབ་པ་ཉིད་དང་ནི། །མ་རིག་པ་ནི་ཉིད་ཅེས་བྱ། །སྟོང་པ་ཆེན་པོའི་ཚིག་གིས་ནི། །རྣམ་གྲངས་འདི་དག་རྒྱལ་བས་གསུངས། །ཆགས་པ་བར་མའི་སྐད་ཅིག་དང་། །བརྗེད་ངས་པ་དང་འཁྲུལ་པ་དང་། །མི་སྨྲ་གྱུར་ དང་སྐྱོ་བ་དང་། །ལེ་ལོ་དེ་བཞིན་ཐེ་ཚོམ་སྟེ། །མ་རིག་སྐད་ཅིག་བདུན་པོ་ནི། །ཕྲ་མོའི་རྣལ་འབྱོར་པས་ཤེས་བྱ། །ས་བོན་ཐིག་ལེ་ལྡན་མིན་ལ། །རླུང་གི་སྒོ་ནས་འབྱུང་བ་མིན། །གང་ཞིག་སྣང་བ་ཐོབ་པ་ནི། །ཡོངས་སུ་རྫོགས་པའི་མཚན་ཉིད་དོ། །རང་བཞིན་ཕྲ་བ་བརྒྱ་དང་ནི། ། དྲུག་ཅུ་ཐམ་པ་འདི་དག་ཉིད། །རླུང་གི་བཞོན་པའི་རྒྱུ་ཡིས་ནི། །ཉིན་དང་མཚན་དུ་བྱུང་བ་ཡིན། །སྐད་ཅིག་ཐང་ཅིག་ཡུད་ཙམ་དང་། །མིག་བཙུམས་དེ་བཞིན་ཐལ་མོ་སྟེ། །སྐད་ཅིག་སེ་གོལ་གཏོགས་པར་བཤད། །ཐང་ཅིག་ཡུངས་ཀར་བསྐོར་བ་དང་། །ཡུད་ཙམ་དབུགས་ རྔུབ་འབྱུང་བ་ཙམ། །མིག་བཙུམས་མིག་ནི་བཙུམས་པའི་བར། །ཐལ་མོ་ལག་གཉིས་བརྡབས་པ་སྟེ། །སྐད་ཅིག་ལ་སོགས་མཚན་ཉིད་དོ། །རང་རིག་ཙམ་གྱི་ཡེ་ཤེས་ནི། །ནམ་མཁའ་ལྟ་བུར་མཚན་ཉིད་མེད། །འོན་ཀྱང་དེ་ཡི་དབྱེ་ཡོད་དེ། །མཚན་མོ་ཉིན་མོ་མཚམས་བདག་ ཉིད། །སྣང་དང་སྣང་བ་མཆེད་པ་དང་། །དེ་བཞིན་སྣང་བ་ཉེར་ཐོབ་དང་། །སེམས་ནི་རྣམ་པ་གསུམ་བཤད་ནས། །དེ་ཡི་སྒྲུབ་པ་བརྗོད་པར་བྱ། །རླུང་རྣམས་ཕྲ་བའི་གཟུགས་ཀྱིས་ནི། །ཤེས་དང་ཡང་དག་འདྲེས་གྱུར་ནས། །དབང་པོའི་ལམ་ནས་བྱུང་ནས་ནི། །ཡུལ་ རྣམས་ལ་ནི་དམིགས་པར་བྱེད། །གང་ཚེ་སྣང་བ་ལྡན་གྱུར་ཅིང་། །རླུང་ནི་བཞོན་པ་ཉིད་གྱུར་པ། །དེ་ཚེ་རང་བཞིན་དེ་དག་ཀུན། །མ་ལུས་ལུས་པ་མེད་པར་འབྱུང་། །རླུང་ནི་གང་དང་གར་གནས་པ། །རང་བཞིན་དེ་དང་དེ་འབྱུང་འགྱུར། །ཇི་སྲིད་རླུང་ནི་མི་རྒྱུ་དང་། །སྣང་བ་མི་ གཡོ་བར་གྱུར་པ། །སྣང་བ་གཉིས་ཀྱི་རྒྱུར་གྱུར་པས། །བདག་གི་དངོས་པོ་རྣམ་པར་བརྟག །ཇི་ལྟར་སྣང་བ་ཐོབ་པ་ལྟར། །གཉིས་ཀའི་ཡན་ལག་ཉིད་དུ་འགྱུར། །སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ནི། །གསལ་ 35-1-49b བར་འདི་ལས་མཚོན་པར་འགྱུར། །འདོད་ཆགས་ཉིད་དང་ཆགས་བྲལ་དང་། །དེ་ཡི་བར་དེ་གསུམ་པོ་ནི། །དབང་པོ་གཉིས་ནི་མཉམ་སྦྱོར་བའི། །རྡོ་རྗེ་པདྨ་འདུས་ལས་སོ། །ཡེ་ཤེས་གཉིས་ནི་མཉམ་སྦྱོར་ལས། །སྙོམས་པར་འཇུག་པར་བཤད་པ་ཡིན། །ཡེ་ཤེས་གཉིས་ ཀྱི་མཉམ་སྦྱོར་དང་། །ཇི་སྐད་བཤད་པའི་བྱ་བ་ཡིས། །འབད་པས་ཡེ་ཤེས་གང་ཐོབ་པ། །དེ་ནི་སྣང་བ་ཐོབ་པའོ། །གང་ཞིག་ཆུ་སྐྱེས་རྡོ་རྗེ་སྦྱོར། །ཀུན་རྫོབ་ཏུ་ཡང་མེད་གྱུར་ན། །ལན་ཅིག་ཙམ་ཞིག་མྱོང་ནས་ཀྱང་། །རྣལ་འབྱོར་སྟོབས་ཀྱིས་འགྲུབ་པར་འགྱུར། །ཡེ་ཤེས་ འཇུག་པའི་ངོ་བོ་ཡི། །དབྱེ་བ་ཇི་བཞིན་ཤེས་བྱས་ལ། །རང་བཞིན་དེ་ཉིད་སླར་ཡང་ནི། །རྟག་ཏུ་རྣལ་འབྱོར་པས་མཚོན་བྱ། །ཇི་ལྟར་སྤྲིན་ནི་སྣ་ཚོགས་ཤིང་། །མདོག་དང་དབྱིབས་ནི་ཐ་དད་པ། །ནམ་མཁའི་དབྱིངས་སུ་བྱུང་ནས་ནི། །དེ་ཉིད་དུ་ནི་ཐིམ་པར་འགྱུར། །དེ་བཞིན་རང་ བཞིན་ཐམས་ཅད་ནི། །སྣང་བ་གསུམ་ནི་རྒྱུ་ཅན་ཏེ། །མ་ལུས་ཡུལ་ལ་ཞུགས་ནས་ནི། །འོད་གསལ་པར་ནི་ཞུགས་པར་འགྱུར། །དེ་འདྲའི་རང་བཞིན་མ་ཤེས་པས། །མི་ཤེས་མུན་པས་ཁེབས་པ་ནི། །དགེ་དང་མི་དགེའི་ལས་བྱས་ནས། །འགྲོ་བ་ལྔར་ནི་འཁོར་བར་འགྱུར། ། མཚམས་མེད་ལ་སོགས་བྱས་ནས་ནི། །དམྱལ་ལ་སོགས་པར་འཚེད་པར་བྱེད། །སྦྱིན་སོགས་དགེ་བ་བྱས་ནས་ནི། །མཐོ་རིས་ལ་སོགས་དག་ཏུ་མཆོད། །སྐྱེ་བ་དཔག་མེད་སྟོང་ཕྲག་ནི། །འདིར་ནི་ཡང་དང་ཡང་འཐོབ་པ། །འདི་ནི་སྔོན་ལས་རྣམ་སྨིན་ཞེས། །རྨོངས་པ་རྣམས་ནི་མྱ་ ངན་བྱེད། །རང་བཞིན་སྣང་བའི་ཚུལ་གྱིས་ནི། །གང་གིས་སྐྱེ་བོ་ཉོན་མོངས་པ། །དེ་ཉིད་ཤེས་ནས་ཡེ་ཤེས་ཅན། །སྲིད་པའི་གཟེབ་ལས་རྣམ་གྲོལ་འགྱུར། །ཤེས་རབ་ངོ་བོ་ཉིད་འདི་ནི། །ཟླ་བའི་དཀྱིལ་འཁོར་དག་ཏུ་བརྟག །སེམས་ཉིད་རང་གིས་མཐོང་འགྱུར་ཏེ། ། རང་ཉིད་ཟླ་བའི་གཟུགས་བཞིན་ནོ། །དེ་ནས་ཟླ་བ་ལ་དམིགས་པ། །རྡོ་རྗེའི་མཚན་མར་རབ་ཏུ་བརྟག །འདི་ནི་རྡོ་རྗེ་ལས་བྱུང་བའི། །རྣལ་འབྱོར་པ་ཡི་ཐབས་སུ་བཤད། །ཟླ་བ་རྡོ་རྗེ་སོགས་མཉམ་སྦྱོར། །སེམས་དང་སེམས་བྱུང་འདུས་པ་སྟེ། །ཤེས་རབ་ཐབས་སུ་འདུས་པ་ལས། ། 35-1-50a ལྷ་ཡི་གཟུགས་ནི་འབྱུང་བར་འགྱུར། །ཕྱག་རྒྱ་བཞིས་ནི་རྒྱས་བཏབ་ཅིང་། །ལྷ་ཡི་ང་རྒྱལ་འཆང་བྱེད་དེ། །བསྐྱེད་པའི་རིམ་དང་ལྡན་པར་ནི། །སྔགས་པ་རྟག་ཏུ་སྤྱོད་པར་འགྱུར། །ཇི་སྐད་དཔལ་ལྡན་འདུས་སོགས་པར། །དེ་དང་དེར་ནི་རྒྱས་གསུངས་པའི། ། ཇི་སྲིད་སྒོམ་ལ་སྦྱོར་གྱུར་པ། །དེ་སྲིད་དང་པོའི་ལས་ཅན་ཡིན། །ད་ནི་ཡོངས་རྫོགས་རྣལ་འབྱོར་གྱི། །གསལ་བ་རུ་ནི་བཤད་བྱ་སྟེ། །སྟོང་པ་གསུམ་གྱི་རྣམ་དག་གང་། །འོད་གསལ་བར་ནི་འདིར་བཤད་དོ། །ཐམས་ཅད་སྟོང་པར་དེ་བརྗོད་དེ། །ཡེ་ཤེས་གསུམ་ནི་རྣམ་དག་པ། །ཡེ་ ཤེས་དག་ནས་དེ་ཉིད་རྟོགས། །ཐམས་ཅད་མཁྱེན་པ་བླ་ན་མེད། །འགྱུར་བ་མེད་ཅིང་སྣང་བ་མེད། །གཉིས་མེད་མཆོག་ཏུ་ཞི་བ་ཉིད། །ཡོད་དང་དེ་བཞིན་མེད་པ་དང་། །དེ་ནི་ཚིག་གི་སྤྱོད་ཡུལ་མིན། །དེ་ནས་འོད་གསལ་དག་པ་ལ། །ཡེ་ཤེས་གསུམ་ནི་འབྱུང་འགྱུར་ཏེ། །སུམ་ ཅུ་རྩ་གཉིས་མཚན་འཆང་ཞིང་། །དཔེ་བྱད་བཟང་པོ་བརྒྱད་ཅུར་གྱུར། །རྣམ་པ་ཀུན་དུ་མཆོག་ལྡན་པའི། །ཐམས་ཅད་མཁྱེན་པར་དེ་ནས་འགྱུར། །དེ་སྐད་དུ་རྒྱ་ཆེར་རོལ་པའི་མདོ་ལས། ཤཱ་ཀྱ་ཐུབ་པ་དེ་བཞིན་གཤེགས། །མངོན་པར་བྱང་ཆུབ་འདི་བཞེད་ནས། །སྟོང་པ་ཆེན་པོ་ སངས་རྒྱས་ཉིད། །ཐོབ་པར་བྱ་ཞེས་མངོན་པར་དགོངས། །ནཻ་རཉྫ་ནའི་ཆུ་འགྲམ་དུ། །མི་གཡོའི་ཏིང་འཛིན་ལ་བཞུགས་ལ། །དེའི་ཚེ་རྒྱལ་བ་མཁའ་རྡོ་རྗེ། །ཏིལ་གྱི་གང་བུ་གང་བཞིན་བཞུགས། །རྒྱལ་བའི་སྲས་ལ་སེ་གོལ་གཏོགས། །དེ་ལ་དབྱངས་གཅིག་གིས་གསུངས་པ། ། བསམ་གཏན་འདི་ནི་རྣམ་དག་མིན། །འདིས་ནི་མཐར་ཐུག་མི་འཐོབ་སྟེ། །ནམ་མཁའི་ངོས་ལྟར་མཆོག་གྱུར་པ། །འོད་གསལ་བ་ནི་དེ་དམིགས་ཤིང་། །འོད་གསལ་བ་ཡི་གནས་ཐོབ་ནས། །རབ་དགའི་གཟུགས་སུ་སྐྱེ་བར་འགྱུར། །དེ་ཚེ་རབ་དགའི་རྡོ་རྗེའི་སྐུ། །ཀུན་གྱི་མཆོག་ནི་ཐོབ་ པར་འགྱུར། །འདི་ལྟར་སྒྲ་དེ་གསན་པ་དང་། །དེ་ནས་ཏིང་འཛིན་མི་གཡོ་བཏང་། །འདི་ལྟར་ནམ་ཕྱེད་དུས་སུ་ནི། །རྒྱལ་བའི་སྲས་ཀྱིས་དེ་ཉིད་དམིགས། །སྐུ་ནི་དྲང་པོ་མ་ཡིན་ཞིང་། །མི་དྲང་བ་ཡང་མ་ཡིན་ལ། །དབུགས་གཏོང་བ་དང་རྔུབ་པ་ཡིས། །གསུང་བ་མ་ཡིན་མི་གསུང་ 35-1-50b མིན། །སྤྱན་བཟང་བཙུམས་པ་མ་ཡིན་ཞིང་། །སྤྱན་ཕྱེ་བ་ཡང་མ་ཡིན་པས། །ཐམས་ཅད་སྟོང་པ་རྨད་ཆེན་པོ། །དང་ཞིང་གསལ་བའི་ཡེ་ཤེས་ཆེ། །བླ་མ་ཉིད་ཀྱི་དྲིན་གྱིས་ནི། །དེ་ནས་དེ་ནི་གསལ་མཐོང་གྱུར། །འདས་པ་དང་ནི་མ་འོངས་དང་། །ད་ལྟར་བྱུང་བའི་སྲིད་པ་གསུམ། ། སྐད་ཅིག་དེ་ལ་མ་ལུས་མཐོང་། །འོད་གསལ་བ་ནི་རྣམ་དག་འཆང་། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །སྐྱ་རེངས་འཆར་བའི་དུས་སུ་ནི། །ཆུ་ཟླ་དང་ནི་སྨིག་རྒྱུ་སོགས། །སྒྱུ་མའི་ཡོན་ཏན་རྣམས་ཀྱིས་བརྒྱན། །བྱང་ཆུབ་སྙིང་པོར་བཞུགས་ནས་ནི། །དེ་ནི་བདུད་རྣམས་བཅོམ་པར་ མཛད། །ཤཱཀྱ་མགོན་པོས་ཡང་དག་པའི། །ཡེ་ཤེས་བླ་མེད་ལེགས་ཐོབ་ནས། །འགྲོ་བ་གསུམ་ལ་ཕན་པའི་ཕྱིར། །དེ་ཉིད་འདིར་ནི་སྟོན་པར་མཛད། །མངོན་པར་བྱང་ཆུབ་སྟོན་པ་ནི། །དེ་ཉིད་ཡེ་ཤེས་ཞེས་བྱར་བཤད། །མཚམས་མེད་ལྔ་ཡི་ལས་ཅན་དང་། །མི་གང་ བསོད་ནམས་དམན་པས་ཀྱང་། །ཡིད་བཞིན་ནོར་དང་འདྲ་བ་གཞན། །བླ་མའི་དྲིན་གྱིས་ཐོབ་པར་འགྱུར། །སྤྱོད་པ་ཅི་དགར་སྤྱོད་བྱེད་དེ། །འདི་ནི་མ་འོངས་རྫོགས་སངས་རྒྱས། །ཆགས་མིན་ཆགས་དང་བྲལ་བ་མིན། །དབུ་མར་ཡང་ནི་མི་དམིགས་སོ། །སྟོང་པ་མ་ཡིན་མི་སྟོང་ མིན། །དབུ་མར་ཡང་ནི་མི་དམིགས་སོ། །སངས་རྒྱས་ཀུན་གྱི་མཉམ་སྦྱོར་བ། །འདི་ཉིད་ལྟར་ནི་རབ་སྟོན་ཏེ། །ཡེ་ཤེས་གསུམ་བྲལ་དེ་ཉིད་གང་། །དགོངས་པ་ཡིས་ནི་གསུངས་པ་ཡིན། །དེ་བཞིན་དཔལ་ལྡན་གསང་འདུས་ཀྱི། །བྱང་ཆུབ་སེམས་ཀྱི་ལེའུ་ལས། ། དངོས་མེད་ལ་སོགས་ཚིགས་བཅད་ཀྱི། །མངོན་པར་བྱང་ཆུབ་མཚན་ཉིད་གསུངས། །འདོད་ཆགས་ལ་སོགས་རྣམ་དག་གང་། །དཔལ་མཆོག་ལས་ཀྱང་གསུངས་པ་ཡིན། །དེ་ཉིད་དེ་བཞིན་གཤེགས་པས་ཀྱང་། །ཐམས་ཅད་སྟོང་པར་གསུངས་པ་ཡིན། །སྣ་ཚོགས་མདོ་དང་རྒྱུད་ ལས་ནི། །དེ་ཉིད་གང་ཞིག་ཉེར་བསྟན་པ། །ཐམས་ཅད་སྟོང་གནས་འདི་ཉིད་ལས། །དེར་ནི་གཞན་དག་མ་གསུངས་སོ། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ནི། །ཐུབ་པ་ཆེན་པོས་གསུངས་པ་ལས། །མངོན་པར་བྱང་ཆུབ་མཚན་ཉིད་ནི། །སྙིང་པོ་ལས་ནི་སྙིང་པོར་གསུངས། །རལ་པ་ 35-1-51a གཅེར་བུ་མགོ་རེག་གམ། །ཅོད་པན་འདུས་པ་སྤོང་འཇུག་སྟེ། །སྣ་ཚོགས་རྟགས་ཅན་དེ་དག་ནི། །མངོན་པར་བྱང་ཆུབ་འདོད་པ་རྣམས། །དེ་ཉིད་དམན་པ་དེ་རྣམས་ཀྱིས། །བརྟུལ་ཞུགས་སྤྱོད་པ་ལ་སོགས་རིམ། །དེ་ཉིད་ཡེ་ཤེས་དམན་པས་ན། །དེས་ ནི་གྲོལ་བ་རྙེད་མི་འགྱུར། །དང་པོ་ལས་ཀྱི་སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་འགྱུར། །སྣང་བ་གསུམ་པོས་མཐོང་བ་དག །ས་བཅུ་ལ་ནི་རབ་ཏུ་གནས། །མངོན་པར་བྱང་ཆུབ་ལེགས་ཐོབ་ནས། །གཙང་མའི་གནས་སུ་ཉེ་བར་འགྲོ། །སངས་རྒྱས་ཞིང་ནས་མི་ལྡོག་ པས། །ཚེ་འདི་ཉིད་ཀྱི་ཐམས་ཅད་མཁྱེན། །ཆོས་འབྱུང་མངོན་པར་བྱང་ཆུབ་པའི། །ཆགས་སོགས་རོལ་མོ་རྒྱ་ཆེན་པོ། །ཆོས་དབྱིངས་མངོན་པར་བྱང་ཆུབ་པ། །ཇི་ལྟར་རྙེད་པའི་སྤྱོད་པས་སོ། །མངོན་པར་རྟོགས་པ་གང་འབྱུང་བ། །བླ་མེད་མངོན་པར་བྱང་ཆུབ་པ། །སྤྲོས་བཅས་ ལ་སོགས་སྤྱོད་པ་ཡིས། །རྣལ་འབྱོར་པ་ནི་འདིར་སློབ་པོ། །གཟོད་ནས་དག་པའི་རང་བཞིན་ཅན། །ངོ་བོ་ཉིད་ཀྱིས་དེ་གྲུབ་ན། །བསླབ་པའི་སྦྱོར་བས་ཅི་ཞིག་བྱ། །རྟོག་ལས་དེ་བཞིན་ཉིད་མི་སྐྱེ། །གང་ཞིག་དེ་ལྟར་འདིར་རྟོག་ན། །ཡེ་ཤེས་རིམ་པ་སྤངས་པ་ཉིད། །དེ་ཡི་དབྱེ་བ་མི་ ཤེས་པས། །སླར་ཡང་སློབ་པར་འགྱུར་བ་ཡིན། །རང་བཞིན་སྣང་བའི་དབྱེ་ཤེས་ཤིང་། །དེ་ཉིད་བཞི་པ་ལ་བརྟེན་ཀྱང་། །གང་ཞིག་རྣམ་གསུམ་མི་སློབ་ན། །དེས་ནི་འབྲས་བུ་ཐོབ་མི་འགྱུར། །ཇི་ལྟར་ཤིང་ལ་མེ་གནས་པ། །མ་གཙུབས་པར་ནི་འབྱུང་མི་འགྱུར། །དེ་བཞིན་བྱང་ཆུབ་ བསླབ་བྲལ་བས། །ཚེ་འདི་ཉིད་ལ་འབྱུང་མི་འགྱུར། །གང་ཞིག་གཡོ་སྒྱུའི་བློ་ཅན་ལེ་ལོ་ཅན་དག་དང་། །བླ་མ་ལ་སྨོད་དབང་བསྐུར་ཐོབ་ཅེས་རློམ་སེམས་འགྱུར། །བློ་དམན་སེམས་ལྡན་ཀུན་མཁྱེན་ཡང་དག་ཐོབ་མི་འགྱུར། །ཉོན་མོངས་བླ་མའི་སྐྱོན་རྣམས་མཐོང་གི་ཡོན་ཏན་མིན། ། བསྙེན་བཀུར་མེད་པར་མྱུར་དུ་དེ་ཉིད་ཐོབ་པར་འདོད། །ཡང་དག་ཚིག་མ་ཡིན་ཞེས་ཁྲོ་བཅས་གཡོ་བར་འགྱུར། །ཚོགས་ནང་བླ་མ་མཐོང་ན་རྒྱབ་ཀྱིས་ཕྱོགས་པར་བྱེད། །དེ་ནས་དེ་ནི་དབེན་པར་སོང་ནས་ཕྱག་བྱེད་འགྱུར། །དེ་ལྟར་རང་བཞིན་ངན་གྱུར་དམན་པའི་སློབ་མ་ནི། །རང་གི་སློབ་བུ་ 35-1-51b ཡིན་ཡང་གཞན་བཞིན་ཡོངས་སུ་སྤང་། །རྒྱལ་རིགས་རྗེའུ་རིགས་མཆོག་ལས་སྐྱེས་པར་གྱུར་པ་ཡང་། །བརྟན་པར་ནམ་ཡང་དེ་ནས་དྲུང་དུ་གཞག་མི་བྱ། །ཡོན་ཏན་མཆོག་ལྡན་ཡེ་ཤེས་བརྩོན་པར་བཅས་པ་དང་། །ཡང་ན་བླ་མ་ལ་གུས་སངས་རྒྱས་དང་མཉམ་ལྟ། །རྒྱལ་བའི་ཆོས་ རྣམས་རྟོགས་ཤིང་བསྟན་ལ་ཤིན་ཏུ་དད། །དེ་འདིར་སྣོད་གྱུར་ཡིན་ཕྱིར་དེ་ལ་དྲིན་སྦྱིན་བྱ། །རྒྱུད་མང་རབ་ཏུ་ཐོས་ཤིང་ལུང་ལ་ལེགས་སྦྱངས་ཀྱང་། །བླ་མའི་བསྙེན་བཀུར་དམན་ཕྱིར་ལུང་ཐོབ་མ་གྱུར་པ། དེ་ནི་བདག་ཕན་ཙམ་ལའང་དབང་མེད་བསྟན་པའི་མཆུ། །དེ་ཡི་བསྟན་བཅོས་ སྐྱོ་བའི་རྒྱུ་ཙམ་འབའ་ཞིག་ཡིན། །སྐལ་ལྡན་གྱུར་ཅིང་དེ་ཉིད་མན་ངག་ཐོབ་གྱུར་ཀྱང་། །གང་ཞིག་བློ་གྲོས་བླུན་མིན་དོན་ནི་སྦྱོར་ནུས་པ། །གཞན་དོན་བྱ་བའི་བློ་ཡིས་སྟོན་ལ་རབ་ཏུ་འཇུག །ཚིག་གི་ཡོན་ཏན་མེད་ན་དེ་ཡང་བརྙས་བཅས་འགྱུར། །རྒྱུད་མང་ཐོས་ཤིང་ཤེས་ལྡན་གནས་ དྲུག་ཤེས་པ་དང་། །དྲན་དང་བློ་གྲོས་བརྟན་བློ་བརྩོན་པ་ཕུན་ཚོགས་ལྡན། །བླ་མའི་ཞབས་བཀུར་བཅས་ཤིང་དེ་ཉིད་ལུང་ཐོབ་པ། །རྒྱུད་རྒྱལ་མན་ངག་དེ་ལ་བསྟན་པར་འོས་པ་ཡིན། །འཕགས་པ་རྡོ་རྗེའི་དྲིན་གྱིས་རྒྱུད་རྣམས་མང་པོ་ཐོས། །གསལ་བ་རྣམ་སྤྲས་ཚིག་གིས་བྱང་ ཆུབ་ལམ་ནི་རྣམ་ཕྱེ་བས། །ཤཱ་ཀྱ་བཤེས་གཉེན་གྱིས་ནི་དགེ་བ་གང་བསགས་དེས། །མཁས་ཤིང་གསལ་བའི་རྣམ་སྨིན་བྱང་ཆུབ་སྣོད་གྱུར་ཤོག །མིང་གི་ཁྱད་པར་གཞན་ཡང་བླ་ན་མེད་པའི་དགོངས་པ་ཞེས་བྱ་བ་ཐམས་ཅད་དག་ཅིང་རྣམ་པར་དག་པའི་རིམ་པ་སློབ་དཔོན་ཤཱཀྱ་བཤེས་ གཉེན་གྱིས་མཛད་པ་སྟེ་རིམ་པ་གཉིས་པའོ།། །།རྡོ་རྗེ་ཅན་རྣམས་ཀུན་གྱི་གཙོ། །རྡོ་རྗེ་ཆེ་ལ་ཕྱག་འཚལ་ཏེ། །བདག་ལ་བྱིན་གྱིས་བརླབ་པའི་རིམ། །བརྩེ་བས་བདག་གིས་བཤད་པར་བྱ། །དེ་ལ་དང་པོར་བསྐྱེད་པའི་རིམ་པའི་རྗེས་སུ་འབྲང་བས་དབང་བསྐུར་བ་ཐོབ་ཅིང་། རྒྱུད་ རྣམ་པ་བཞིའི་དགོངས་པ་ཤེས་པ། ཤེས་རབ་དང་ལྡན་ཞིང་ལུས་དང་། ངག་དང་། ཡིད་རྣམ་པར་དབེན་པའི་ཐོས་པ་འཛིན་པ། བདེན་པ་རྣམ་པ་གཉིས་ལ་ལྷག་པར་མོས་པས་རྡོ་རྗེ་སློབ་དཔོན་ཡང་དག་པར་མཉེས་པར་བྱས་ཏེ་དེའི་འོག་ཏུ་བླ་མ་མཉེས་པར་གྱུར་ནས་ཚོགས་ཀྱི་མཆོད་པ་ཆེན་ 35-1-52a པོ་བྱས་ལ་ལོ་བཅུ་དྲུག་མ་རྡོ་རྗེ་སློབ་དཔོན་ཆེན་པོ་ལ་ཕུལ་ཏེ། དེའི་འོག་ཏུ་བླ་མའི་ཞལ་སྔ་ནས་བདག་ལ་བྱིན་གྱིས་བརླབ་པའི་རིམ་པའི་མན་ངག་ཐོབ་ནས། དེའི་འོག་ཏུ་ཕྲེང་བ་དང་ཆུ་དང་རྫོགས་པའི་སངས་རྒྱས་དང་རྡོ་རྗེ་དང་དྲིལ་བུ་སྦྱིན་པ་མེ་ལོང་དང་མིང་དང་སློབ་དཔོན་ དང་རྗེས་སུ་གནང་བ་སྟེ། དེ་དག་དང་བཅས་པར་གསང་བའི་དབང་བསྐུར་བ་ཐོབ་ནས་བསྟོད་པ་འདིས་བླ་མ་ལ་བསྟོད་པར་བྱའོ། །ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ཤ་དང་རུས་པ་ཁྲག་མེད་ཀྱང་། །ནམ་མཁའ་ལ་ནི་འཇའ་ཚོན་ལྟར། །ཁྱོད་ཀྱི་སྐུ་ནི་སྟོན་པར་མཛད། །སྐུ་ལ་བསྙུན་མེད་མི་ གཙང་མེད། །བཀྲེས་དང་སྐོམ་པ་འབྱུང་མེད་ཀྱང་། །ཁྱོད་ནི་འཇིག་རྟེན་རྗེས་འཇུག་ཕྱིར། །འཇིག་རྟེན་བྱ་བ་སྟོན་པར་མཛད། །ཆུ་ཟླ་བཞིན་དུ་གཟུང་དུ་མེད་། །ཆོས་རྣམས་ཀུན་ལ་གནས་པ་མེད། །ང་རྒྱལ་མེད་ཅིང་རྨོངས་མི་མངའ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །གཤེགས་ དང་བཞུགས་དང་དེ་བཞིན་གཟིམས། །སྤྱོད་ལམ་དག་ནི་ཐམས་ཅད་དུ། །ཁྱེད་ནི་རྟག་ཏུ་མཉམ་འཇོག་པ། །མི་དམིགས་ཁྱོད་ལ་ཕྱག་འཚལ་ལོ། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །རྫུ་འཕྲུལ་ཆེ་ལ་རྣམ་འཕྲུལ་ཞིང་། །སྣ་ཚོགས་མིན་ལ་སྙོམས་འཇུག་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ ལོ། །དེ་ལྟར་རྡོ་རྗེ་སློབ་དཔོན་ལ་ཡང་དག་པའི་བསྟོད་པས་བསྟོད་ནས་ཚིགས་སུ་བཅད་པ་འདིས་མཉན་པར་བྱ་བའི་ཕྱིར་གསོལ་བ་གདབ་པར་བྱའོ། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གྱིས། །གཙོ་བོ་བདག་ལ་བཀའ་དྲིན་ སྩོལ། །ཁྱོད་ཞབས་པདྨ་སྤངས་ནས་ནི། །གཙོ་བོ་གཞན་ལ་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་ཐུབ་ཆེན་གྱིས། །དེ་བས་བློ་མཆོག་མཉེས་པར་མཛོད། །དེ་ལྟར་འཇིགས་མེད་གསོལ་འདེབས་པའི། །ཚིག་དག་ཐོས་པར་གྱུར་ནས་ནི། །སྙིང་རྗེ་སློབ་མ་ལ་བསྐྱེད་དེ། །དེ་ནས་ བདག་ལ་བྱིན་བརླབ་བརྩམ། །བདག་བྱིན་བརླབ་པའི་རིམ་ཞེས་པ། །ཀུན་རྫོབ་བདེན་པ་བསྟན་པ་སྟེ། །དེ་ནི་བླ་མའི་དྲིན་དག་གིས། །འཐོབ་པར་འགྱུར་གྱི་གཞན་དུ་མིན། །བདག་ལ་བྱིན་གྱིས་བརླབ་པའི་རིམ། །གང་གིས་རྙེད་པར་མ་གྱུར་པས། །མདོ་སྡེ་རྒྱུད་དང་རྟོག་པ་ལ། །དེ་ཡི་ངལ་བ་ 35-1-52b དོན་མེད་འགྱུར། །བདག་ལ་བྱིན་བརླབ་རིམ་ཐོབ་པའི། །གཙོ་བོ་སངས་རྒྱས་ཀུན་བདག་ཉིད། །ཚེ་འདི་ཉིད་དུ་སངས་རྒྱས་ནི། །ཐེ་ཚོམ་མེད་པར་ཐོབ་པར་འགྱུར། །བདག་བྱིན་བརླབ་པའི་ཏིང་འཛིན་དང་། །དེ་བཞིན་འོད་གསལ་བ་ཡི་གནས། །རྒྱུ་དང་འབྲས་བུའི་ཁྱད་པར་ གྱིས། །བདེན་པ་གཉིས་སུ་བསྟན་པ་ཡིན། །བདག་བྱིན་བརླབ་པའི་རིམ་གྱིས་ནི། །འོད་གསལ་བ་ནི་ཐོབ་པར་འགྱུར། །དེ་བས་རྡོ་རྗེ་སློབ་དཔོན་གྱིས། །དང་པོར་བདག་ལ་བྱིན་བརླབ་བསྟན། །འགྲོ་ཀུན་རང་དབང་མེད་པ་སྟེ། །རང་དབང་དུ་ནི་འབྱུང་མ་ཡིན། །དེ་ཡི་རྒྱུ་ནི་ འོད་གསལ་བ། །འོད་གསལ་ཐམས་ཅད་སྟོང་པའོ། །སེམས་གང་གིས་ནི་བྱིས་པ་རྣམས། །འཁོར་བར་འཆིང་བས་བཅིངས་གྱུར་པ། །སེམས་དེ་ཉིད་ཀྱིས་རྣལ་འབྱོར་པ། །བདེ་གཤེགས་གནས་སུ་འགྲོ་བར་འགྱུར། །འདིར་ནི་གང་ཡང་སྐྱེ་བ་མེད། །གང་ཡང་འཆི་བ་ཡོད་མ་ཡིན། །སེམས་ཀྱི་ རང་བཞིན་རྣམ་གནས་པར། །འཁོར་བ་ཉིད་ནི་ཤེས་པར་བྱ། །རླུང་གི་སྦྱོར་བ་མེད་པར་ནི། །སེམས་ཀྱི་རང་བཞིན་གཟུང་དུ་མེད། །སེམས་ཀྱི་རང་བཞིན་རྒྱུར་གྱུར་པ། །ལས་དང་སྐྱེ་བ་ཀུན་དུ་འབྱུང་། །དེ་ཉིད་རླུང་དང་ཡང་དག་ལྡན། །རྣམ་ཤེས་གསུམ་པོ་སླར་ཡང་ནི། །རྣལ་འབྱོར་པ་ ཡི་ལུས་སུ་འབྱུང་། །སྒྱུ་མའི་ལུས་ཞེས་དེ་ལ་བཤད། །དེ་བས་འདི་ལྟར་འགྲོ་བ་ཀུན། །སྒྱུ་མ་ལྟ་བུར་འདིར་བཤད་དེ། །སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཐམས་ཅད་དེ་དང་འདྲ་བར་མཐོང་། །གཟུགས་དང་ཚོར་བ་ཉིད་དང་ནི། །འདུ་ཤེས་དང་ནི་འདུ་བྱེད་རྣམས། །ལྔ་པ་རྣམ་པར་ཤེས་ པ་དང་། །དེ་བཞིན་ཁམས་ནི་བཞི་པོ་དང་། །མིག་ལ་སོགས་དང་ཡུལ་རྣམས་ཉིད། །ཤེས་པ་ལྔ་པོ་ཉིད་དག་སྟེ། །ཕྱི་དང་ནང་དུ་རྣམ་ཕྱེ་བ། །ཐམས་ཅད་སྒྱུ་མ་ལས་གཞན་མིན། །མེ་ལོང་ནང་གི་གཟུགས་བརྙན་གྱིས། །སྒྱུ་མའི་ལུས་ནི་ཤེས་པར་བྱ། །ཁ་དོག་རྣམས་ནི་འཇའ་ ལྟ་བུ། །ཁྱབ་པ་ཆུ་ཡི་ཟླ་བས་སོ། །དངོས་དང་དངོས་མིན་ལས་གྲོལ་བ། །རྡོ་རྗེ་སེམས་དཔའ་ལེགས་བྲིས་པ། །མེ་ལོང་དྲི་མ་མེད་པ་ལ། །གཟུགས་བརྙན་གསལ་བར་སྣང་དང་མཚུངས། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྐུ་ནི་བལྟ་བས་མི་ངོམས་པ། །སློབ་མ་བཟང་པོ་དེ་ལ་བསྟན། ། 35-1-53a བདག་བྱིན་བརླབ་ཅེས་དེ་བཤད་དོ། །སྒྱུ་མར་བསྟན་པའི་མཚན་ཉིད་ཀྱིས། །འདི་ཉིད་ཉེ་བར་མཚོན་པ་སྟེ། །ཀུན་རྫོབ་བདེན་པའི་སྒྱུ་མ་ཉིད། །ལོངས་སྤྱོད་རྫོགས་པའི་སྐུ་ཡང་དེ། །དེ་ཉིད་དྲི་ཟའི་སེམས་ཅན་གྱུར། །རྡོ་རྗེའི་སྐུ་ཡང་དེ་ཉིད་ཡིན། །རྡོ་རྗེ་སེམས་ དཔའ་བདག་ཉིད་དེ། །དེ་བས་བདག་ཉིད་མཆོད་ལ་འཇུག །བདག་ཉིད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཉིད། །དེ་བས་ཀུན་ནས་འབད་པ་ཡིས། །བདག་ཉིད་རྟག་ཏུ་མཆོད་པར་བྱ། །སྔགས་དང་ཕྱག་རྒྱའི་སྦྱོར་བ་དང་། །དཀྱིལ་འཁོར་ལ་ སོགས་རྣམ་རྟོག་དང་། །སྦྱིན་སྲེག་གཏོར་མ་ལ་སོགས་ཀུན། །རྟག་ཏུ་སྒྱུ་མ་བཞིན་དུ་བྱ། །ཞི་བ་དང་ནི་རྒྱས་པ་དང་། །དེ་བཞིན་དབང་དང་མངོན་སྤྱོད་དང་། །དགུག་སོགས་གང་ཅིའང་རུང་བ་ཀུན། །དབང་པོའི་གཞུ་དང་མཚུངས་པར་བྱ། །སྒེག་དང་ཉེ་བར་ལོངས་སྤྱོད་དང་། །གླུ་ དང་རོལ་མོ་སོགས་བསྟེན་དང་། །སྒྱུ་རྩལ་རྣམས་ལ་རབ་འཇུག་པ། །ཆུ་ཟླ་དག་དང་མཚུངས་པར་བྱ། །གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱ་ཉིད་དག་ལ། །མིག་ལ་སོགས་པ་འཇུག་འགྱུར་བ། །སྒྱུ་མ་ལྟ་བུར་ཉེ་བར་བརྟག །རྡོ་རྗེ་ཐེག་པ་དེ་ཉིད་དུ། །འདིར་ནི་མང་དུ་བཤད་ ཅི་དགོས། །རྣལ་འབྱོར་པས་ནི་གང་གང་དམིགས། །དེ་དེ་སྒྱུ་མ་བཞིན་དུ་བརྟག །མེ་ལོང་གི་ནི་གཟུགས་བརྙན་དང་། །རྨི་ལམ་སྒྱུ་མ་ཆུ་བུར་དང་། །མིག་འཕྲུལ་མཚུངས་པར་གང་གིས་མཐོང་། །དེ་ནི་གཙོ་བོ་ཡིན་པར་བཤད། །མཐོང་བ་དང་ནི་རེག་པ་ཉིད། །འགྲོ་བ་སྒྱུ་མ་ཇི་བཞིན་ ཏེ། །དམིགས་མེད་ཀུན་རྫོབ་དག་ཏུ་ནི། །སྒྱུ་མ་ལྟ་བུར་རབ་ཏུ་བཤད། །དབང་པོ་གང་དང་གང་ལམ་གྱུར། །དེ་དང་དེ་ཡི་ངོ་བོར་བྱ། །མཉམ་པར་མ་གཞག་སྦྱོར་བ་ཡིས། །སངས་རྒྱས་ཀུན་དང་མཉམ་པར་སྦྱོར། །ཀུན་དུ་ཀུན་ནས་ཐམས་ཅད་དང་། །བདག་ཉིད་རྟག་ ཏུ་རྣམ་པ་ཀུན། །སངས་རྒྱས་ཀུན་བདག་དངོས་གྲུབ་ནི། །རང་ཉིད་ཀྱིས་ནི་དེ་མཐོང་འགྱུར། །གཙོ་བོ་བདེ་བ་ཀུན་རང་བཞིན། །སེམས་དཔའ་ཆེན་པོ་འགྲོ་དང་བཞུགས། །གནས་དང་ཟས་དང་གོས་ལ་སོགས། །མཁའ་ལ་སྐད་ཅིག་དག་གིས་རྙེད། །སྲིད་པ་གཅོད་པར་ 35-1-53b འགྱུར་བ་དང་། །འགྲོ་ལ་རབ་མཆོག་སྟོན་པར་འགྱུར། །ལྷ་དང་བཅས་པ་ཀུན་གྱིས་མཆོད། །ཡང་དང་ཡང་དུ་ཕྱག་བྱེད་འགྱུར། །ཇི་ལྟར་སྟོན་པ་རྫོགས་སངས་རྒྱས། །འཇིག་རྟེན་ཕན་པར་བཞེད་པས་གཤེགས། །དེ་བཞིན་རྣལ་འབྱོར་ཆེན་པོ་ནི། །སྣ་ཚོགས་ཡེ་ཤེས་རྗེས་སུ་སྡུད། ། རྡོ་རྗེ་སེམས་དཔའ་མཚོན་པས་ན། །བསྒྲུབ་པར་མི་བྱ་ཅི་ཡང་མེད། །བདེ་ཆེན་ཕྱག་རྒྱ་ཆེན་པོ་ནི། །རང་ཉིད་རྗེས་སུ་འགྲུབ་པར་འགྱུར། །ལས་དང་ཉོན་མོངས་ལས་ཅན་ལུས། །བྱེད་པ་པོ་དང་འབྲས་བུ་ཉིད། །སྨིག་རྒྱུ་རྨི་ལམ་ལྟ་བུ་དང་། །དྲི་ཟའི་གྲོང་ཁྱེར་དག་དང་མཚུངས། །འདི་ འདྲའི་ཏིང་འཛིན་མི་ཤེས་པས། །དངོས་པོ་ལ་ནི་ཉེར་དམིགས་ཏེ། །འདོད་ཆགས་སྣ་ཚོགས་སྐྱེས་པ་རྣམས། །དེ་དག་སྒྱུ་མའི་སྨན་གྱིས་གསོ། །བདག་བྱིན་བརླབ་པའི་མན་ངག་དག །གང་གིས་བླ་མ་ལས་མ་བསྒྲུབས། །རྟག་དང་ཆད་པ་ལ་དམིགས་པས། །མི་དེ་ཕྱིར་ལྡོག་འགྱུར་བ་ཡིན། ། མཆོད་པ་ཐམས་ཅད་སྤངས་ནས་ནི། །བླ་མ་ལ་མཆོད་ཡང་དག་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །བླ་མེད་བྱེད་པ་སློབ་དཔོན་གྱི། །རྡོ་རྗེ་སེམས་དཔའ་མཆོད་བྱས་ནས། །དེ་ཡི་བསོད་ནམས་མ་བྱས་ཅི། །དཀའ་ཐུབ་མ་བསྟེན་གང་ཞིག་ཡོད། ། དེ་ཉིད་མི་ཟད་འདོད་པ་ཡིས། །ཤིན་ཏུ་དགའ་བ་གང་དང་གང་། །ཤིན་ཏུ་ཁྱད་པར་ཅན་ཉིད་དེ། །དེ་དང་དེ་ནི་བླ་མར་སྦྱིན། །སློབ་དཔོན་གྱིས་ནི་སྡིག་པ་འཕྲོག །སློབ་དཔོན་གྱིས་ནི་འཇིགས་པ་སེལ། །སློབ་དཔོན་གྱིས་ནི་སྡུག་བསྔལ་གྱི། །རྒྱ་མཚོའི་འཇིགས་ལས་ཕ་རོལ་བསྒྲལ། །གང་ཞིག་ ང་རྒྱལ་གྱིས་སྦགས་ཤིང་། །ཡང་དག་རིམ་པ་སུན་འབྱིན་དང་། །དེ་ཉིད་ཆོས་ལ་བརྙས་བཅས་པ། །དེ་ལས་དེ་ཉིད་བསྟན་མི་བྱ། །བླ་མ་ལ་གུས་བདེན་པར་སྨྲ། །རྣམ་པར་མཁས་ཤིང་རྒྱུད་གཅིག་ལ། །དམ་ཚིག་སྤྱོད་པ་བསྲུང་བ་དག །རིམ་པ་དེ་ལ་བསྟན་པར་བྱ། །བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་ སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་སྟེ་རིམ་པ་གསུམ་པའོ།། །།ཐམས་ཅད་སྟོང་པ་ཉིད་སྟོན་པས། །རྡོ་རྗེ་སེམས་དཔའ་ཕྱག་བྱས་ཏེ། །བཞི་པ་མངོན་པར་བྱང་ཆུབ་པའི། །རིམ་འདི་བདག་གིས་བཤད་པར་བྱ། །འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་བདག་ཉིད་ 35-1-54a ཆེ་བའི་ལྷ། །མན་ངག་རྣམས་ནི་རབ་སྟེར་བས། །རྡོ་རྗེ་སློབ་དཔོན་དེ་བས་ལྷག །དེ་ནི་ཡང་དག་མཉེས་བྱས་ཏེ། །ལོའམ་ཡང་ན་ཟླ་བ་ལ། །བླ་མ་དེ་ནི་མཉེས་བྱས་ལ། །ཅི་ནུས་པས་ནི་མཆོད་པར་བྱ། །ཅི་འབྱོར་པ་ཡི་ཕྱག་རྒྱ་ནི། །ལེགས་པར་བསླབས་ ལ་དབུལ་བྱ་ཞིང་། །ཚོགས་ཀྱི་དཀྱིལ་འཁོར་དབུས་སུ་ནི། །ཆོ་ག་ཇི་བཞིན་མཆོད་པར་བྱ། །དེ་ནས་འདོད་ཡོན་ལྔ་སྤྱོད་པས། །རྣལ་འབྱོར་ཆེན་པོ་མཉེས་གྱུར་ཏེ། །སྙོམས་པར་འཇུག་པའི་ཆོ་ག་ཡིས། །སྣང་བ་དག་ནི་བསྐྱེད་པར་བྱ། །བྱང་ཆུབ་སེམས་ནི་རབ་འབད་པས། །ཀ་ ལ་ཤ་སོགས་དག་ཏུ་གཞག །སློབ་མ་བཟང་ལ་བླ་མ་ཡིས། །བརྩེ་བས་ནམ་ཕྱེད་དུས་དབང་བསྐུར། །དབང་བསྐུར་ཡང་དག་ཐོབ་ནས་ནི། །ཐོ་རངས་ཀྱི་ནི་དུས་སུ་ཡང་། །སློབ་མས་ཐལ་སྦྱར་བླ་མ་ལ། །མཆོད་ཅིང་བསྟོད་པས་མཉེས་པར་བྱ། །ཁམས་གསུམ་ལས་ནི་རྣམ་གྲོལ་ཞིང་། ། ནམ་མཁའ་དང་ནི་མཉམ་གྱུར་ལ། །འདོད་པ་རྣམས་ཀྱིས་མ་གོས་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཕུང་པོ་རྣམས་དང་ཁམས་རྣམས་དང་། །སྐྱེ་མཆེད་རྣམས་ལ་མི་བརྟེན་ཅིང་། །ཕྱིན་ཅི་ལོག་ལས་རྣམ་གྲོལ་བ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །རྣམ་རྟོག་ མེད་ཅིང་ཀུན་རྟོག་མེད། །ཐུགས་ནི་རབ་ཏུ་མི་གནས་པ། །བསམ་གྱིས་མི་ཁྱབ་པ་ཡི་ཐུགས། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཇི་ལྟར་ནམ་མཁའ་གནས་མེད་ཅིང་། །སྤྲོས་མེད་གོས་པ་མེད་པ་ལྟར། །མཁའ་དང་མཉམ་པའི་ཐུགས་མངའ་བ། །དམིགས་མེད་ཁྱོད་ལ་ ཕྱག་འཚལ་ཁོ། །ཐམས་ཅད་སྟོང་པའི་རང་བཞིན་ཅན། །མངོན་པར་བྱང་ཆུབ་ལྟ་བར་འཚལ། །སློབ་མས་ཐལ་སྦྱར་བླ་མ་ལ། །བསྟོད་ནས་སླར་ཡང་བསྐུལ་བར་བྱ། །ལས་དང་སྐྱེ་ལས་རྣམ་གྲོལ་ཞིང་། །སྣང་བ་གསུམ་པོ་སྤངས་པ་ཡི། །མངོན་པར་བྱང་ཆུབ་མཐོང་བར་ནི། ། མགོན་པོ་ཆེན་པོ་བདག་འཚལ་ལོ། །སངས་རྒྱས་ཀུན་གྱི་ཡེ་ཤེས་ཆེ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྡོ་རྗེ་ཡེ་ཤེས་བླ་ན་མེད། །སློབ་དཔོན་ཆེན་པོ་བདག་འཚལ་ལོ། །ཐོག་མཐའ་མེད་ཅིང་ཞི་བ་དང་། །ཉོན་མོངས་ཐམས་ཅད་རྣམ་སྦྱོང་ཞིང་། །ལུས་དང་ངག་དང་ 35-1-54b སེམས་སྦྱོང་བ། །རྡོ་རྗེ་ཆེན་པོ་བདག་འཚལ་ལོ། །དེ་ལྟར་ཡོན་ཏན་ཡང་དག་པ། །བརྗོད་པས་རྣལ་འབྱོར་པས་མཉེས་བྱ། །སྙིང་རྗེ་སློབ་མ་ལ་བསྐྱེད་དེ། །དེ་ནས་རིམ་པ་འདི་ཉིད་བརྩམ། །མཚན་མོ་སྣང་བའི་ཆ་སྟེ་གསལ་བ་ཉི་མའི་ཟེར་འགྱེད་སྣང་བ་མཆེད་པ་ཡིན། །མཚམས་ནི་སྣང་བ་ཐོབ་ པར་རང་གི་རང་བཞིན་རྣམས་ཀྱིས་ལན་ཅིག་མིན་པར་འགྲོ། །མཚན་མིན་ཉིན་པར་མ་ཡིན་མཚམས་མིན་གང་ཞིག་རང་བཞིན་རྣམས་དང་རྣམ་བྲལ་བ། །དེ་ནི་བྱང་ཆུབ་སྐད་ཅིག་ཡིན་པར་བླ་མ་མཆོག་བཤད་རྣལ་འབྱོར་པ་ཉིད་ཡུལ། །མཚམས་ཀྱི་མཐའ་ནི་འཇིག་མིན་མུན་ནག་ཚོགས་ནི་མ་ལུས་ གང་དུ་འདས་པ་དང་། །ཇི་སྲིད་ཉི་མ་མ་ཤར་སྐད་ཅིག་འདིར་ནི་དྲི་མེད་ཡང་དག་མཐའ་རུ་བཤད། །སློབ་དཔོན་མཆོག་ནི་རབ་རིབ་བྲལ་བས་སློབ་མ་ལ་ནི་ཕྱི་རོལ་བྱང་ཆུབ་བསྟན། །ནང་གི་བདེ་བ་རྙོག་བྲལ་སངས་རྒྱས་བྱང་ཆུབ་སྐད་ཅིག་དག་གིས་ཐོབ་པར་འགྱུར། །ཐ་མར་འབྱུང་དང་ཐོག་ མར་འབྱུང་བའམ། །དབུས་མིན་འབྱུང་བའམ་དབུས་སུ་འབྱུང་བའམ། །མཐའ་མིན་འབྱུང་བའམ་མཐར་ནི་འབྱུང་བ་རྣམས། །དེ་དག་ཐམས་ཅད་སྟོང་པར་དམ་པས་གསུངས། །གང་དུ་འགྲོ་བ་དང་ནི་འོང་མེད་ཅིང་། །ཟད་དང་འཕེལ་མེད་དངོས་དང་དངོས་མེད་མིན། །ངོ་མཚར་གཟུགས་ཅན་ ཡིན་ཞིང་ངོ་མཚར་མིན། །གནས་པར་འགྱུར་མིན་མྱུར་དུ་འགྲོ་བ་མིན། །གང་ཞིག་ཡོད་དང་མེད་པའི་ཐ་སྙད་རྣམས་དང་བྲལ། །བསོད་ནམས་གཟུགས་མིན་སྡིག་པའི་གཟུགས་མ་ཡིན། །བསོད་ནམས་སྡིག་གི་བདག་མིན་མཆོག་གྱུར་པ། །དེ་ནི་ཐམས་ཅད་སྟོང་པར་སངས་རྒྱས་རྣམས་ ཀྱིས་གསུངས། །རྣལ་འབྱོར་པས་ནི་དེ་ལྟའི་དེ་ཉིད་ཐོབ། །རྒྱུ་དང་མི་རྒྱུའི་བདག་ཉིད་འགྲོ་གཉེན་གཅིག །ཡེ་ཤེས་རང་བཞིན་མི་ཡི་སེང་གེ་གང་། །མི་ཟད་ལུས་ཐོབ་མ་ལུས་འགྲོ་བའི་རྒྱུ། །དེ་ནི་ཡོན་པོའི་ལུས་ཀྱང་དྲང་པོ་ཡིན། །སྟན་ལ་གནས་མེད་གྱུར་ཀྱང་གནས་པ་ཡིན། ། དེ་ནི་མིག་བཙུམས་གྱུར་ཀྱང་རྣམ་རྒྱས་ཡིན། །དེ་ནི་མཉམ་མ་བཞག་ཀྱང་མཉམ་གཞག་ཡིན། །དེ་ནི་ཚིག་དང་ལྡན་ཡང་བརྗོད་བྲལ་ཡིན། །དེ་ནི་ལོངས་སྤྱོད་ལྡན་ཡང་གཟུང་བྲལ་ཡིན། །དེ་ནི་འཇིག་རྟེན་མགོན་ཡང་གཞན་བྲལ་འགྱུར། །གང་ཞིག་དེ་ཉིད་རྟོགས་ཤིང་ཉེས་ཀུན་ཟད། ། 35-1-55a མན་ངག་ཐོབ་པའི་སློབ་མ་ཡིས། །དེ་ནས་རྣལ་འབྱོར་རྣམ་གཉིས་བསླབ། །རིལ་པོར་འཛིན་པའི་རིམ་པ་དང་། །དེ་བཞིན་རྗེས་སུ་གཞིག་པའོ། །མགོ་བོ་ནས་ནི་རྐང་པའི་བར། །ཇི་སྲིད་སྙིང་གར་ཕྱིན་པའི་བར། །རྣལ་འབྱོར་ཡང་དག་མཐའ་ལ་འཇུག །རིལ་ པོར་འཛིན་པ་ཞེས་བཤད་དོ། །རྒྱུ་བ་དང་ནི་མི་རྒྱུ་ཉིད། །དང་པོ་འོད་གསལ་བར་བྱ་སྟེ། །ཕྱི་ནས་དེ་བཞིན་བདག་ཉིད་བྱེད། །རྗེས་སུ་གཞག་པའི་རིམ་པ་ཡིན། །དབུགས་ཀྱི་རླུང་ནི་མེ་ལོང་ལ། །ཇི་ལྟར་ཀུན་དུ་ཐིམ་གྱུར་པ། །དེ་བཞིན་རྣལ་འབྱོར་ཡང་དག་མཐར། །ཡང་དང་ཡང་ དུ་འཇུག་པར་བྱེད། །འགྲོ་དང་འདུག་དང་ཉལ་དང་ཟ། །མིག་བཙུམས་འབྱེད་དང་དགོད་པ་ན། །བསམ་གཏན་སྦྱོར་བ་འདི་ཡིས་ནི། །དེ་ཉིད་རིག་པ་རྟག་ཏུ་གནས། །གཟུགས་བཅས་འོད་ཟེར་དེ་དང་དེ། །རྣམ་ཤེས་རླུང་དང་ལྡན་པ་ཡི། །བདག་བྱིན་བརླབ་པའི་རིམ་གྱིས་ཀྱང་། ། སེམས་ཅན་དོན་དུའང་ལན་འགའ་འགྱུར། །ཇི་ལྟར་དང་བའི་ཆུ་ཀླུང་ལས། །ཉ་དག་མྱུར་དུ་ལྡང་བ་ལྟར། །དེ་བཞིན་ཐམས་ཅད་སྟོང་གསལ་ལས། །སྒྱུ་འཕྲུལ་དྲ་བ་འབྱུང་བར་འགྱུར། །རིགས་ལྔའི་སངས་རྒྱས་ལ་ལྟོས་པའི། །ཕྱག་རྒྱ་ཆེན་པོར་བརྟག་པ་ནི། །འོད་ཟེར་ལྔ་ཡི་འབྱུང་ བ་དག །ནམ་མཁའི་འཇའ་ཚོན་དག་དང་མཚུངས། །ཕྱག་རྒྱ་འཆིང་བར་བྱེད་པའམ། །གལ་ཏེ་གསང་སྔགས་ཟློས་པའམ། །གང་གཞན་ཐམས་ཅད་བྱེད་པ་ན། །ཐམས་ཅད་སྟོང་པའི་གཞི་ལ་གནས། །ཐམས་ཅད་ཟ་ཞིང་ཀུན་ལ་ལྟ། །ཀུན་ལ་ཕྱག་བྱེད་ཀུན་དུ་འགྲོ། །ཐམས་ཅད་བྱེད་པའི་ མཚན་མ་ཅན། །ཐམས་ཅད་སྟོང་པས་འགྲུབ་པར་འགྱུར། །བྱང་ཆུབ་སེམས་ནི་དོན་དམ་ཞེས་བྱ་བ། །སྐལ་བཟང་སློབ་མ་བཟང་པོས་མན་ངག་ཐོབ། །ཐལ་མོ་སྦྱར་ནས་མེ་ཏོག་འཛིན་པ་ཡི། །བླ་མ་ལས་ནི་སླར་ཡང་བླང་བར་བྱ། །དངོས་པོ་ཀུན་དང་རྣམ་བྲལ་ཞིང་། །ཕུང་པོ་ཁམས་དང་སྐྱེ་མཆེད་ དང་། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་དང་མཉམ་མེད་པ། །རང་སེམས་གཟོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་ངོ་བོ་ཉིད། །དེ་ནས་རྗེས་སུ་མཐུན་པའི་ཡོན། །བླ་མ་ལ་ནི་དབུལ་བྱ་སྟེ། །རིན་ཆེན་ཁྱིམ་དང་གླང་པོ་རྟ། །ཡུལ་དང་མལ་སྟན་དག་དང་ནི། །བྲན་ཕོ་བྲན་ 35-1-55b ཆུང་མ་སྡུག །བུ་མོ་ཤིན་ཏུ་ཡིད་འོང་དང་། །གང་གིས་བདག་ཀྱང་དབུལ་བྱ་ན། །ལྷག་མ་རྣམས་ལྟ་སྨོས་ཅི་དགོས། །སློབ་དཔོན་ལ་ནི་དྲིན་ཐོབ་དྲི་མེད་བརྟན་པའི་བློ་ལྡན་དངོས་ཀུན་བདག །གསལ་དག་ཤིན་ཏུ་ཕྲ་བ་མཆོག་ཞིའི་རང་བཞིན་སངས་རྒྱས་མྱ་ངན་འདས་པའི་ཁམས། །གཉིས་ མེད་རྟོག་བྲལ་རྟག་ཏུ་བདེ་བའི་རང་བཞིན་དེ་ཉིད་རྣལ་འབྱོར་པས་བསྒོམ་བྱ། །བསོད་ནམས་བསོད་ནམས་མིན་གྲོལ་རང་ཉིད་འདིར་ནི་བཅོམ་ལྡན་རྡོ་རྗེ་སེམས་དཔར་འགྱུར། །མཆོག་ཏུ་གསང་བའི་བདེ་བ་མངོན་པར་བྱང་ཆུབ་པའི་རིམ་པ་སྟེ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་སྟེ་རིམ་པ་ བཞི་པའོ།། །།མགོན་པོ་སངས་རྒྱས་ཀུན་བདག་ཉིད། །གཉིས་པ་ཐམས་ཅད་རྣམ་སྤངས་ལ། །ཕྱག་འཚལ་ནས་ནི་ཟུང་འཇུག་པའི། །རིམ་པ་ཐ་མ་བྲི་བར་བྱ། །འཁོར་བ་དང་ནི་མྱ་ངན་འདས། །རྟོག་པ་གཉིས་པོ་སྤངས་པས་ན། །གང་དུ་དངོས་པོ་གཅིག་གྱུར་པ། །ཟུང་དུ་ འཇུག་ཅེས་དེ་ལ་བཤད། །ཀུན་ཉོན་མོངས་དང་རྣམ་པར་བྱང་། །དོན་དམ་ཉིད་དུ་ཤེས་ནས་ནི། །གང་གིས་གཅིག་ཏུ་ཤེས་གྱུར་པ། །དེ་ཡིས་ཟུང་དུ་འཇུག་པར་ཤེས། །དངོས་པོ་རྣམ་བཅས་ཀུན་རྟོག་དང་། །དངོས་པོ་མེད་པར་རྟོག་པ་དག །རྣལ་འབྱོར་པས་ནི་ཅིག་ཅར་སྤྱོད། །དེ་ནི་ ཟུང་འཇུག་ཤེས་པའོ། །གཟུང་བ་དང་ནི་འཛིན་པ་ཞེས། །རྣམ་གཉིས་བློ་ནི་ཡོད་མིན་གྱི། །གང་དུ་མི་ཕྱེད་བློ་ཡོད་པ། །དེ་ནི་ཟུང་འཇུག་ཅེས་བྱར་བཤད། །རྟག་དང་ཆད་པའི་བློ་དག་ནི། །གང་གིས་སྤངས་ནས་གནས་པ་ཡི། །ཟུང་དུ་འཇུག་པའི་རིམ་འདི་ཡི། །དེ་ཉིད་ཤེས་ཏེ་ མཁས་པ་ཡིན། །ཤེས་རབ་སྙིང་རྗེ་གཅིག་པར་ནི། །ཤེས་ནས་གང་དུ་འཇུག་གྱུར་པ། །ཟུང་འཇུག་ཅེས་བྱར་བཤད་པ་སྟེ། །རིམ་འདི་སངས་རྒྱས་སྤྱོད་ཡུལ་ལོ། །ཐབས་དང་ཤེས་རབ་སྙོམས་འཇུག་པར། །ཐམས་ཅད་བསྡུས་ལས་ཤེས་གྱུར་པ། །རྣལ་འབྱོར་ཆེན་པོ་གང་དུ་གནས། །དེ་ནི་ཟུང་དུ་འཇུག་པར་ འགྱུར། །གང་དུ་ལྷག་མར་བཅས་པ་དང་། །དེ་བཞིན་ལྷག་མ་མེད་པ་ཞེས། །འདི་ལྟའི་རྟོག་པ་མེད་གྱུར་པ། །དེ་ནི་ཟུང་དུ་འཇུག་པའོ། །གང་དུ་གང་ཟག་བདག་མེད་དང་། །ཆོས་ལ་བདག་མེད་པ་དག་གི། །རྟོག་པ་གཉིས་ལས་རྣམ་གྲོལ་བ། །ཟུང་དུ་འཇུག་པའི་མཚན་ཉིད་དོ། །དེ་ཉིད་ཤེས་པའི་རིམ་ཤེས་ནས། ། 35-1-56a བདག་བྱིན་བརླབ་པའི་འོད་གསལ་ལ། །དེ་ཉིད་ལ་ནི་འདུས་པ་གང་། །ཟུང་དུ་འཇུག་པའི་རིམ་འདི་ཡིན། །རིལ་པོར་འཛིན་དང་རྗེས་ཞིག་དང་། །འཇུག་དང་དེ་བཞིན་གནས་པ་དང་། །དེ་ནས་གང་དུ་ལྡང་གྱུར་པ། །མཉམ་གྱུར་ཟུང་དུ་འཇུག་པའོ། །ཀུན་རྫོབ་དང་ནི་ དོན་དམ་དག །སོ་སོའི་ཆར་ནི་ཤེས་གྱུར་པ། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེ་བཤད་དོ། །དེ་བཞིན་ཉིད་ལ་དམིགས་ཉིད་དང་། །གང་དུ་ལྡང་བར་གྱུར་པ་ནི། །ཟུང་དུ་འཇུག་པ་དེ་ཡིན་ཏེ། །མི་ཟད་རྣལ་འབྱོར་པ་ཡི་གནས། །གཉིད་ལོག་དང་ནི་སད་པ་སྟེ། །གནས་ སྐབས་དེ་གཉིས་སྤངས་པ་ནི། །གཉིད་ལོག་སད་དང་རྣམ་བྲལ་བ། །ཟུང་འཇུག་ཡིན་པར་སྟོན་པས་གསུངས། །མཉམ་པར་བཞག་དང་མ་བཞག་པ། །གང་ལ་འདི་དག་ཐམས་ཅད་མེད། །དངོས་དང་དངོས་མེད་རྣམ་སྤངས་པ། །རྣལ་འབྱོར་པ་ནི་ཟུང་འཇུག་གནས། །དྲན་དང་ མི་དྲན་ལས་གྲོལ་ཞིང་། །རྟག་ཏུ་འབྱུང་བའི་མཚན་ཉིད་ཅན། །རྣལ་འབྱོར་པ་ནི་འདོད་བཞིན་སྤྱོད། །ཟུང་འཇུག་རིམ་པ་ལ་གནས་པའོ། །ཆགས་དང་ཆགས་མིན་ལས་གྲོལ་ཞིང་། །མཆོག་ཏུ་དགའ་བའི་ལུས་དང་ལྡན། །འཁོར་བ་སྲིད་དུ་གནས་བྱེད་པ། །ཟུང་འཇུག་རྣམ་པར་བསྒོམ་ པའོ། །བྱ་བ་དང་ནི་བྱེད་པ་དང་། །མི་ཕྱེད་པ་ཡི་ངོ་བོ་ཉིད། །གནས་གང་རྣལ་འབྱོར་པས་ཤེས་པ། །ཟུང་དུ་འཇུག་པར་དེ་བཤད་དོ། །བསྐྱེད་པའི་རིམ་པ་འདི་གཅིག་ཡིན། །གཞན་ཡང་རྫོགས་པའི་རིམ་པ་དག །གཉིས་པོ་གང་དུ་གཅིག་གྱུར་པ། །དེ་ནི་ཟུང་དུ་འཇུག་པར་བཤད། ། ཡོངས་སུ་དག་པའི་ལྷ་དང་ནི། །འདིར་ནི་མ་དག་པར་གྱུར་ཞེས། །གང་ཞིག་མི་ཕྱེད་པར་རྟོག་པ། །གང་ཡིན་དེ་ནི་ཟུང་འཇུག་པའོ། །གཟུགས་ཅན་དང་ནི་གཟུགས་མེད་ཅེས། །རྟོག་པ་གཉིས་པོ་སྤངས་པས་ན། །གང་ཞིག་ཞི་རྟོགས་རྣལ་འབྱོར་དབང་། །དེ་ནི་ཟུང་འཇུག་ཐོབ་པའོ། །ད་ལྟར་ གང་གནས་རྣལ་འབྱོར་པའོ། །ཟུང་འཇུག་རིམ་ལ་གནས་པ་སྟེ། །དེ་ནི་ཀུན་མཁྱེན་དེ་ཉིད་མཐོང་། །སྣ་ཚོགས་འཛིན་ཅེས་བརྗོད་པ་ཡིན། །སྒྱུ་འཕྲུལ་དྲ་བས་མངོན་སངས་རྒྱས། །འཁོར་བའི་རྒྱ་མཚོའི་ཕ་རོལ་སོན། །བྱ་བ་བྱས་པའི་རྣལ་འབྱོར་ཆེ། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །དེ་ 35-1-56b ཉིད་གཉིས་མེད་ཡེ་ཤེས་ཏེ། །མི་གནས་མྱ་ངན་འདས་པ་ཡིན། །སངས་རྒྱས་རྡོ་རྗེ་སེམས་དཔའ་ཉིད། །དེ་བཞིན་ཀུན་གྱི་དབང་ཕྱུག་ཡིན། །རྡོ་རྗེ་ལྟ་བུའི་ཏིང་འཛིན་ཡང་། །རྫོགས་པའི་རིམ་གནས་དེ་ཉིད་དེ། །སྒྱུ་མ་ལྟ་བུའི་ཏིང་འཛིན་དང་། །གཉིས་སུ་མེད་པར་དེ་བཤད་དོ། །སྒྲ་གང་ སྐྱེ་མེད་ལ་སོགས་པ། །གཉིས་མེད་ཡེ་ཤེས་སྟོན་པ་རྣམས། །ཐམས་ཅད་འདི་ཡི་ཚིག་ཡིན་ཏེ། །དེར་ནི་གཞན་དག་མེད་པར་བཤད། །གངྒཱ་ཀླུང་གི་བྱེ་སྙེད། །སངས་རྒྱས་རྣམས་ཀྱིས་འདི་དག་ཉིད། །ཐུགས་ཆུད་ཡོད་མེད་ཕྱོགས་སྤངས་པ། །ཕྱག་རྒྱ་ཆེན་པོའི་བདག་ཉིད་སྒྲུབ། །ཟུང་ འཇུག་གོ་འཕང་ལ་གནས་པའི། །སློབ་བཞིན་པ་ཡི་རྣལ་འབྱོར་ཆེ། །ཟུང་དུ་འཇུག་པ་བསྒོམས་གྱུར་པས། །སྤྱོད་པའང་དེ་དང་གཉིས་སུ་མེད། །ཇི་ལྟར་བདག་ཉིད་དེ་བཞིན་དགྲ། །ཆུང་མ་དེ་བཞིན་མནའ་མ་དང་། །ཇི་ལྟར་སྨད་འཚོང་དེ་བཞིན་མ། །ཇི་ལྟར་བྲམ་ཟེ་དེ་བཞིན་གདོལ། ། ཇི་ལྟར་པགས་པ་དེ་བཞིན་གོས། །ཇི་ལྟར་རིན་ཆེན་ཕུབ་མ་དང་། །ཇི་ལྟར་ཆང་དང་དེ་བཞིན་གཅི། །ཇི་ལྟར་བཟའ་བ་དེ་བཞིན་བཤང་། །ཇི་ལྟར་དྲི་བཟང་ག་བུར་དག །དེ་བཞིན་བཤང་ལས་བྱུང་བའི་དྲི། །ཇི་ལྟར་བསྟོད་པ་བྱེད་པའི་ཚིག །དེ་བཞིན་དུ་ནི་སྨོད་པའི་ཚིག །དྲག་པོ་རྡོ་རྗེ་ཅན་དེ་ བཞིན། །ཇི་ལྟར་ཉིན་མོ་དེ་བཞིན་མཚན། །ཇི་ལྟར་རྨི་ལམ་དེ་བཞིན་མཐོང་། །ཇི་ལྟར་འཇིག་པ་དེ་བཞིན་གནས། །ཇི་ལྟར་བདེ་བ་དེ་བཞིན་སྡུག །ཇི་ལྟར་སྡང་བ་དེ་བཞིན་བུ། །མནར་མེད་མཐོ་རིས་དེ་བཞིན་ཏེ། །དེ་བཞིན་སྡིག་དང་བསོད་ནམས་སོ། །དེ་ལྟར་ཤེས་ནས་ཡེ་ཤེས་ཅན། ། རྟོག་པ་མེད་པར་ཐམས་ཅད་བྱེད། །སྦས་པའི་བརྟུལ་ཞུགས་ཀུན་བསྒྲུབས་ན། །ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ། །མཆོག་གྱུར་རིམ་པ་ལྔ་པ་འདི། །བཤད་ནས་བསོད་ནམས་གང་ཐོབ་པས། །ཟུང་དུ་འཇུག་པའི་ཏིང་ངེ་འཛིན། །འདི་ཡིས་འཇིག་རྟེན་རོལ་པར་ཤོག །ཟུང་དུ་འཇུག་ པའི་རིམ་པ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་སྟེ་རིམ་པ་ལྔ་པ་རྫོགས་སོ།། །།འཕགས་པས་མཛད་པའི་རྫོགས་ཚུལ་རིམ་པ་ལྔ། །ལམ་ལྔ་སྦྱང་ཕྱིར་བླ་མའི་བཀའ་བསྒྱུར་བས། །སྒྲིབ་པ་ལྔ་བྲལ་ཡེ་ཤེས་ལྔ་ཐོབ་སྟེ། །སྐུ་ལྔ་མངོན་ཤེས་ལྔར་ལྡན་སངས་རྒྱས་ཤོག ། 35-1-57a རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་ཤྲདྡྷཱ་ཀ་ར་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ། སླད་ཀྱི་རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུཔྟ་དང་། ལོ་ཙཱ་བ་རིན་ཆེན་བཟང་པོས་ཡུལ་དབུས་ཀྱི་དཔེ་དང་ཡང་གཏུགས་ཏེ་གཏན་ལ་ཕབ་པའོ།། །།༄༅༅། །རྒྱ་གར་སྐད་དུ། ཅཱ་རྱ་མེ་ལཱ་པ་ན་པྲ་དཱི་པཾ། བོད་སྐད་དུ། སྤྱོད་པ་བསྡུས་པའི་སྒྲོན་མ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །དངོས་མེད་རྣམ་དག་ནམ་མཁའ་མཉམ་ལ་ཕྱག་འཚལ་ལོ། །མ་ལུས་ ཚིག་མེད་ཡི་གེ་བྲལ་ལ་ཕྱག་འཚལ་ལོ། །འདས་དང་མ་བྱོན་ཀུན་དུ་སོན་ལ་ཕྱག་འཚལ་ལོ། །ཀུན་དུ་མ་ལུས་ཐམས་ཅད་སྟོང་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཐེག་པ་འདི་ལ་སྔགས་ཀྱི་སྒོར་སྤྱོད་པ་ནི་རྣམ་པ་གཉིས་ཏེ། སློབ་དཔོན་གསང་སྔགས་ལ་མཆོག་ཏུ་གཞོལ་བ་དང་། ནང་ལ་མཆོག་ ཏུ་གཞོལ་བ་སྟེ། ཐོས་པའི་ཕ་རོལ་ཏུ་སོན་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་རྗེས་སུ་གཟུང་བར་བྱ་བའི་དོན་དུ། མདོ་སྡེ་དང་རྒྱུད་དང་རྟོགས་པ་དག་ལས་ཡང་དག་པར་གསུངས་པའི་ལུང་གི་ཚིག་རྣམ་པར་གསལ་བར་བྱ་བའི་ཕྱིར་ཚིག་སྙན་ཅིང་རྒྱ་ཆེ་བ་དུ་མ་དག་བལྟས་ནས་ཚིགས་སུ་བཅད་ པ་དང་རྐྱང་པ་ལ་སོགས་པ་སྒྲ་སྦས་པ་རྣམས་དང་སྤེལ་ཞིང་རབ་ཏུ་སྤེལ་བ་རྣམས་ཀྱི་རྒྱུད་ཡང་དག་པ་རྣམས་ལས་བཏུས་ཏེ། བྱིས་པའི་སྐྱེ་བོ་རྣམས་ཀྱིས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྒྲུབ་པའི་ཐབས་ཀྱི་ཡན་ལག་མར་མེ་ལྟ་བུ་བྱེད་པ་དག་སྔོན་བྱུང་བར་གྱུར་པ་ནི་མི་རིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རྫོགས་ ལྡན་དང་གསུམ་ལྡན་དང་གཉིས་ལྡན་གྱི་དུས་ན་ནི་འཇིག་རྟེན་པ་རྣམས་ཚེ་དང་ནད་མེད་པ་ཕུན་སུམ་ཚོགས་ཤིང་། སྦྱིན་པ་དང་། ཚུལ་ཁྲིམས་ལ་སྤྱོད་པ་ལ་སོགས་པ་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་རྣམས་ནི་བསྟན་བཅོས་ལ་གནས་ཤིང་ཡོངས་སུ་ཚོལ་བས་དེ་ཁོ་ན་ཉིད་ཤེས་པ་ལ་ མངོན་པར་ཞུགས་ཤིང་ཚིག་རྒྱ་ཆེ་བ་ལ་སོགས་པ་རྣམས་དང་། སྦས་པའི་སྒྲའི་སྒོ་ནས་དེ་ཁོ་ན་ཉིད་སྟོན་ལ། དེ་རྣམས་ཀྱིས་ཀྱང་ཁོང་དུ་ཆུད་པ་ཡིན་ནོ། །ད་ལྟར་ནི་རྩོད་པའི་དུས་ཏེ་འཇིག་རྟེན་པ་རྣམས་ཚེ་དང་ནད་མེད་པ་དང་། ཕུན་སུམ་ཚོགས་པ་དམན་ཞིང་གཡོ་དང་སྒྱུ་དང་དྲེགས་པ་དང་། 35-1-57b ཕྲག་དོག་དང་ལྡན་ལ། ཤེས་རབ་ཞན་ཅིང་ལོག་པར་ལྟ་བས་ལས་ངན་པ་ལ་སོགས་པ་ལ་དགའ་བས་ཇི་སྲིད་དུ་ཚིག་རྒྱ་ཆེ་བ་ལ་སོགས་པ་སྦས་པའི་སྒྲའི་དོན་རྣམས་ལ་ངེས་པར་མི་དགའ་བས་དེ་ཁོ་ན་ཉིད་ཚོལ་བར་མི་བྱེད་དོ། །དེའི་ཕྱིར་ན་དང་པོའི་བསྟན་བཅོས་ཡོངས་སུ་ཚོལ་བ་སྤངས་པས་དེ་ཁོ་ན་ ཉིད་མི་རྟོགས་ཤིང་དགེ་བ་དང་མི་དགེ་བའི་ལས་ལ་མངོན་པར་གཞོལ་བས་དུས་བྱེད་པར་འགྱུར་རོ། །དེ་བས་ན་ཐར་པ་ཐོབ་པར་འདོད་པ་རྣམས་ལ་དགོས་པ་མེད་པར་འགྱུར་ཏེ། ཚིག་སྙན་པ་དང་རྒྱ་ཆེ་བ་ལ་སོགས་པའི་ཚིག་གི་སྒོ་ལ་གནས་པའི་སྒྲ་རྣམས་ནི་གཟིངས་དང་འདྲ་བ་ཡིན་པའི་ཕྱིར་ རོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཇི་སྐད་དུ་དོན་གྱི་རྗེས་སུ་འབྲང་བར་བྱའི་སྒྲ་ཇི་བཞིན་པར་མ་ཡིན་ནོ་ཞེས་གསུངས་སོ། །དོན་གྱི་དབང་འདི་མཐོང་ནས་བདག་གི་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱི་མན་ངག་ལས་བསྐྱེད་པའི་གོ་རིམས་ཀྱིས་རྫོགས་པའི་གོ་རིམས་ཀྱི་ཏིང་ངེ་འཛིན་ཐོབ་ནས་ འདུས་བྱས་པ་དང་འདུས་མ་བྱས་པའི་སློབ་མ་རྣམས་ཀྱི་ཐུན་མོང་དུ་བཤད་པའི་སྒྲའི་སྒོ་ནས། སྔགས་ཀྱི་དེ་ཁོ་ན་ཉིད་དང་། ཕྱག་རྒྱའི་དེ་ཁོ་ན་ཉིད་དང་། བདག་གི་དེ་ཁོ་ན་ཉིད་དང་། ཆོས་ཀྱི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་དེ། གོ་རིམས་རྣམ་པ་ལྔ་རྣམ་པར་གསལ་བར་བྱ་བའི་ཕྱིར་མདོ་སྡེ་དང་། རྒྱུད་དང་། རྟོག་པ་རྣམས་བསྲེས་ནས་བཤད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལ་སོགས་པ་བཤད་པའི་གསུང་རབ་ཀུན་ལས། བསྐལ་པ་བྱེ་བ་རྣམས་སུ་ཡང་། །དེ་ཉིད་བྲལ་ན་འགྲུབ་མི་འགྱུར། །ཞེས་གསུངས་ཏེ། ཇི་སྐད་དུ། བཅོམ་ལྡན་འདས་ལ་ལྷ་མོ་བཞིས་ཞུས་པ་ ཞེས་བྱ་བའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས། ཐུབ་པ་ཆེན་པོའི་ཆོས་རྣམས། །ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ། །གང་གིས་དེ་ཉིད་མི་ཤེས་པ། །དེ་ཡི་ཐམས་ཅད་འབྲས་བུ་མེད། །ཅེས་གསུངས་པས་སོ། །རྡོ་རྗེ་སློབ་མས་གསོལ་པ། དེ་ཁོ་ན་ཉིད་མི་ཤེས་པར་འཚང་རྒྱ་བར་མི་འགྱུར་རོ་ ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ན། ཡང་དེ་ཁོ་ན་ཉིད་ཅེས་བྱ་བའི་རང་གི་མཚན་ཉིད་གསུང་རབ་ཀྱི་སྒོ་ནས་ཉན་པར་འཚལ་ལོ། །གང་གི་ཕྱིར་ཐེག་པ་ཆེན་པོ་པ་དང་། རྟོག་གེ་པ་ལ་སོགས་པ་རྣམས་ནི་དོན་འདི་ཉིད་ལ་གནས་ནས་རྣམ་པ་སྣ་ཚོགས་པས་དེ་ཁོ་ན་ཉིད་རྟོགས་པར་བགྱིད་ན། དེ་རྣམས་ 35-1-58a བསྡུ་བར་བྱ་བའི་ཕྱིར་དེ་ཁོ་ན་ཉིད་ཅེས་བྱ་བ་འདི་གང་ཡིན་པ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། ཡང་དག་པ་གང་ཡིན་པ་དེ་ནི་དེ་ཁོ་ན་ཉིད་དོ། །གསོལ་པ། བཅོམ་ལྡན་འདས་ཡང་དག་པ་ཞེས་བགྱི་བ་དེ་ཇི་ལྟ་བུ་ལགས། སྨྲས་པ། གང་མི་སླུ་བ་ཞེས་ བྱ་བ་དེ་ནི་ཡང་དག་པ་ཞེས་བྱའོ། །གསོལ་པ། མི་སླུ་བ་ཞེས་བྱ་བ་དེ་ཇི་ལྟ་བུ་ལགས། སྨྲས་པ། ཤིན་ཏུ་ཡང་དག་པའི་ཚུལ་གྱི་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་དེ་ནི་མི་སླུ་བ་ཞེས་བྱའོ། །གསོལ་པ། ཡང་དག་པའི་ཚུལ་གྱི་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་ཅེས་པ་དེ་གང་ལགས། སྨྲས་ པ། གང་བདེན་པ་གཉིས་གཉིས་སུ་མེད་པའི་རྣམ་པའི་མཚན་ཉིད་ཅན་དེ་ནི་ཡང་དག་པའི་ཚུལ་གྱི་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་བདེན་པ་གཉིས་ཞེས་བགྱི་བ་དེ་གང་ལགས། སྨྲས་པ། དང་པོ་ནི་ཀུན་རྫོབ་ཀྱི་བདེན་པ་དང་། གཉིས་པ་ནི་དོན་དམ་པའི་བདེན་པའོ། ། གསོལ་པ། བཅོམ་ལྡན་འདས་བདེན་པ་གཉིས་ཀྱི་མཚན་ཉིད་ཇི་ལྟ་བུ་ལགས། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། བཅོམ་ལྡན་འདས་ཀྱིས་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ལས་བཀའ་སྩལ་ཏེ། ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་གནས་དོན་དམ་པའི་བདེན་པ་ཇི་ལྟ་བུ་ ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་ཆོས་ཐམས་ཅད་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་དང་། འགྲོ་བ་རྒྱུ་བ་དང་མི་རྒྱུ་བ་རྣམས་ཏེ། དེ་ཡང་དོན་དམ་པའི་བདེན་པ་ལ་གནས་པས་གནས་མེད་པའི་ཚུལ་གྱིས་དོན་དམ་པའི་བདེན་པ་ནི་བདག་མེད་པ་ཟིལ་ གྱིས་མི་ནོན་པ་ཐམས་ཅད་སྟོང་པ་སྟེ། འཕེལ་བ་མེད་པ། འགྲིབ་པ་མེད་པ། རྣམ་པར་དག་པ། ནམ་མཁའ་དང་མཉམ་པ་དང་དྲི་མ་མེད་པའི་ངོ་བོ་ཉིད། ཡི་གེ་མེད་པ། ཚིག་མེད་པ། ལུས་དང་ངག་དང་ཡིད་དང་བྲལ་བ། ཡོད་པ་མ་ཡིན། མེད་པ་མ་ཡིན། རྒྱུ་བ་མ་ཡི་ནེ། མི་རྒྱུ་ བ་མ་ཡིན། ཐག་རིང་བ་མ་ཡིན། ཐག་ཉེ་བ་མ་ཡིན། སྟོང་པ་མ་ཡིན། མི་སྟོང་པ་མ་ཡིན། དབུ་མ་ཡང་མ་ཡིན་པ་འདི་ནི་དོན་དམ་པའི་བདེན་པའོ། །དེ་བས་ན་དེ་ནི་མཆོག་ཏུ་ཟབ་པ་དང་། འཇུག་པར་དཀའ་བ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པའོ། །རྒྱུ་རྐྱེན་གྱིས བྱུང་ 35-1-58b བ་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། དེ་ནི་ཇི་སྲིད་དུ་རྨི་ལམ་དང་། མིག་འཕྲུལ་དང་། གཟུགས་བརྙན་ལྟར་སྣང་བ་དང་ལྡན་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཏེ། རང་གི་མཚན་ཉིད་ཀྱིས་ཚངས་པའི་གནས་པ་བཞིའི་རྒྱུར་གྱུར་པ་ནི་ཀུན་རྫོབ་ཀྱི་བདེན་པའོ། །དེ་གཉིས་ཟུང་དུ་འབྲེལ་པར་འཇུག་པའི་ རིམ་པ་འདི་ནི་ཡང་དག་པའི་ཚུལ་གྱི་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་ཏེ། དམིགས་པ་ཐམས་ཅད་ཉེ་བར་ཞི་བ་གང་ཡིན་པ་དེ་ནི་དེ་ཁོ་ན་ཉིད་ཅེས་བྱའོ། །རྡོ་རྗེ་སློབ་མས་གསོལ་པ། བདག་ཅག་ལྟ་བུའི་སོ་སོའི་སྐྱེ་བོ་ཐོག་མ་མེད་པ་ནས་ཕྱི་རོལ་གྱི་དངོས་པོ་རྣམ་པ་སྣ་ཚོགས་པ་ལ་མངོན་པར་ཞེན་པས་ཡོད་ པ་དང་མེད་པ་དང་། གཅིག་དང་། དུ་མ་དང་། གཉིས་དང་། གཉིས་ཀ་མ་ཡིན་པ་དང་། ཡོད་པ་མ་ཡིན། མེད་པ་ཡང་མ་ཡིན་པ་དང་། རྟག་པ་དང་ཆད་པ་ལ་སོགས་པའི་རང་བཞིན་གྱི་བག་ཆགས་ཀྱི་རྒྱུས་རྣམ་པར་རྟོག་པ་ལ་མངོན་པར་ཞེན་པ་ལ་ཞུགས་པ་རྣམས་ཀྱིས་རྫོགས་པའི་ རིམ་པའི་གོ་རིམས་ཀྱི་ཏིང་ངེ་འཛིན་ལ་སློབ་པ་ན་གོ་རིམས་ཇི་ལྟ་བ་བཞིན་དུ་བསླབ་པར་བགྱི་འམ། ཡང་ན་བླ་མའི་མན་ངག་ཙམ་གྱིས་དེ་དག་སྐད་ཅིག་ཙམ་གྱིས་སོ་སོར་སྣང་བར་བགྱི། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། རིམ་གྱིས་འཇུག་པས་བསླབ་པར་བྱའི་ཅིག་ཅར་ནི་མ་ཡིན་ནོ། །བཅོམ་ ལྡན་འདས་ཉིད་ཀྱིས་ཀྱང་ལང་ཀར་གཤེགས་པའི་མདོ་ལས་གསུངས་ཏེ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་རང་གི་སེམས་སྣང་བའི་རྒྱུད་རྣམ་པར་དག་པར་བྱ་བའི་ཕྱིར་ཡང་གསོལ་བ་བཏབ་པ། བཅོམ་ལྡན་འདས་རང་གི་སེམས་ སྣང་བའི་རྒྱུད་ཅིག་ཅར་རམ། རིམ་གྱིས་འཇུག་པས་སམ། ཇི་ལྟར་རྣམ་པར་དག་པར་འགྱུར། བཅོམ་ལྡན་འདས་ཀྱེས་བཀའ་སྩལ་པ། བློ་གྲོས་ཆེན་པོ་རང་གི་སེམས་སྣང་བའི་རྒྱུད་ནི་རིམ་གྱིས་འཇུག་པས་རྣམ་པར་དག་སྟེ་ཅིག་ཅར་ནི་མ་ཡིན་ནོ། །འདི་ལྟ་སྟེ། བློ་གྲོས་ཆེན་པོ་ཤིང་ཨ་མྲའི་ འབྲས་བུ་ནི་རིམ་གྱིས་སྨིན་པར་འགྱུར་གྱི་ཅིག་ཅར་ནི་མ་ཡིན་ནོ། །བློ་གྲོས་ཆེན་པོ་དེ་བཞིན་དུ་སེམས་ཅན་རྣམས་ཀྱི་རང་གི་སེམས་སྣང་བའི་རྒྱུད་ཀྱང་རིམ་གྱིས་རྣམ་པར་དག་སྟེ་ཅིག་ཅར་ནི་མ་ཡིན་ནོ། །བློ་གྲོས་ཆེན་པོ་འདི་ལྟ་སྟེ། རྫ་མཁན་གྱི་སྣོད་རྣམས་ནི་རིམ་གྱིས་བྱེད་ཀྱི་ཅིག་ཅར་ནི་མ་ཡིན་ 35-1-59a ནོ། །བློ་གྲོས་ཆེན་པོ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་སེམས་ཅན་རྣམས་ཀྱི་རང་གི་སེམས་སྣང་བའི་རྒྱུད་ཀྱང་རིམ་གྱིས་རྣམ་པར་སྦྱོང་སྟེ་ཅིག་ཅར་ནི་མ་ཡིན་ནོ། །བློ་གྲོས་ཆེན་པོ་འདི་ལྟ་སྟེ་ས་ཆེན་པོ་ལས་རྩྭ་དང་། ཤིང་གེལ་བ་དང་། སྨན་དང་ནགས་ཚལ་ རྣམས་རིམ་གྱིས་འཇུག་པས་སྐྱེའི་ཅིག་ཅར་ནི་མ་ཡིན་ནོ། །བློ་གྲོས་ཆེན་པོ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་སེམས་ཅན་ཐམས་ཅད་ཀྱི་རང་གི་སེམས་སྣང་བའི་རྒྱུད་རིམ་གྱིས་སྦྱོང་སྟེ་ཅིག་ཅར་ནི་མ་ཡིན་ནོ། །བློ་གྲོས་ཆེན་པོ་འདི་ལྟ་སྟེ་བཞད་གད་དང་། རོལ་མོ་དང་། གླུ་དང་། པི་ཝང་དང་། སིལ་སྙན་དང་། རོལ་མོ་དག་ལ་མཁས་པ་ནི་རིམ་གྱིས་འབྱུང་གི་ཅིག་ཅར་ནི་མ་ཡིན་ནོ། །བློ་གྲོས་ཆེན་པོ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་སེམས་ཅན་ཐམས་ཅད་ཀྱི་རང་གི་སེམས་སྣང་བའི་རྒྱུད་རིམ་གྱིས་རྣམ་པར་སྦྱོང་སྟེ་ཅིག་ཅར་ནི་མ་ཡིན་ནོ། །རིམ་པ་འདི་ཉིད་ནི་དཔའ་ བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས་ཀྱང་གསལ་བར་གསུངས་ཏེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་བརྟན་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་སློབ་ན་བྱང་ཆུབ་སེམས་དཔའ་བསླབ་པ་ཐམས་ཅད་ལ་རློམ་སེམས་མ་མཆིས་པར་དཔའ་ བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་སློབ་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་བརྟན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བློ་གྲོས་བརྟན་པ་འདི་ལྟ་སྟེ་དཔེར་ན་འཕོང་གི་སློབ་དཔོན་ནམ། འཕོང་གི་སློབ་མ་ནི་ ཐོག་མར་བ་ལང་གི་ཀོ་བ་ལ་ཕོག་པར་བྱེད་དོ། །གང་གི་ཚེ་བ་ལང་གི་ཀོ་བ་ལ་ལོབས་པ་དེའི་ཚེ་ཤིང་ལེབ་ལ་ཕོག་པར་བྱེད་དོ། །གང་གི་ཚེ་ཤིང་ལེབ་ལ་ལོབས་པ་དེའི་ཚེ་འབེན་ལ་ཕོག་པར་བྱེད་དོ། །གང་གི་ཚེ་འབེན་ལ་ལོབས་པ་དེའི་ཚེ་དེའི་དབྱུ་གུ་ལ་ཕོག་པར་བྱེད་དོ། །གང་གི་ཚེ་དབྱུ་གུ་ལ་ལོབས་པ་དེའི་ཚེ་སྐྲ་བརྒྱ་ལ་ཕོག་ པར་བྱེད་དོ། །གང་གི་ཚེ་སྐྲ་བརྒྱ་ལ་ལོབས་པ་དེའི་ཚེ་སྐྲ་བཅུ་ལ་ཕོག་པར་བྱེད་དོ། །གང་གི་ཚེ་སྐྲ་བཅུ་ལ་ལོབས་པ་དེའི་ཚེ་སྐྲ་གཅིག་ལ་ཕོག་པར་བྱེད་དོ། །གང་གི་ཚེ་སྐྲ་གཅིག་ལ་ལོབས་པ་དེའི་ཚེ་སྒྲས་མཚོན་པ་ལ་ཕོག་པར་བྱེད་དོ། །གང་གི་ཚེ་སྒྲས་མཚོན་པ་ལ་ཕོག་པ་དེའི་ཚེ་མི་འཆོར་བར་ཕོག་ 35-1-59b པར་འགྱུར་རོ། །གང་གི་ཚེ་མི་འཆོར་བར་ཕོག་པ་དེའི་ཚེ་འཕོང་སློབ་པ་མཐར་ཕྱིན་པ་ཡིན་ཏེ། དེ་འདོད་ན་ནུབ་མོ་མུན་པ་མུན་ནག་གི་ནང་ན་ཡང་མི་དང་མི་མ་ཡིན་པ་གང་དང་གང་གི་སྒྲ་གྲག་པ་དེ་དང་དེར་ལྷུན་གྱིས་གྲུབ་ཅིང་མི་འཆོར་བ་ཉིད་དུ་མདའ་འགྲོའོ། །སྒྲས་མཚོན་པ་ལ་ཕོག་པར་བྱེད་པ་ལོབས་ པས་ཕྱིས་གང་དུ་ཡང་མི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། སྔོན་ལེགས་པར་བསླབས་པའི་ཕྱིར་ཕོག་པར་བྱ་བ་ཐམས་ཅད་དེ་ལ་མངོན་སུམ་དུ་འགྱུར་རོ། །བློ་གྲོས་བརྟན་པ་དེ་བཞིན་དུ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཕྱིས་ཆོས་གང་ལ་ཡང་བསླབ་པར་ མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་དེ་ཉིད་ལ་སྔོན་ལེགས་པར་བསླབས་པའི་ཕྱིར་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་ཆོས་ཐམས་ཅད་དེ་ལ་མངོན་སུམ་དུ་འགྱུར་རོ། །ཡང་ཚུལ་འདི་ཉིད་ཀྱིས་རྡོ་རྗེའི་ཐེག་པ་ལ་གནས་པའི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སློབ་པར་འདོད་པས་ཀྱང་རིམ་ པ་འདི་ཉིད་ཀྱིས་བ་སླབ་པར་བྱའོ། །དེའི་རིམ་པ་ཡང་འདི་ཡིན་ཏེ། ཐོག་མ་ཉིད་དུ་ནི་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་སློབ་བོ། །གང་གི་ཚེ་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་ལོབས་པར་གྱུར་པ་དེའི་ཚེ་ཐེག་པ་སར་པ་དྲན་པ་གཅིག་པའི་ཏིང་ངེ་འཛིན་ལ་སློབ་བོ། །གང་གི་ཚེ་ཐེག་པ་གསར་ ལ་དྲན་པ་གཅིག་པའི་ཏིང་ངེ་འཛིན་ལ་ལོབས་པ་དེའི་ཚེ་རྟོག་པའི་རྣལ་འབྱོར་ལ་སློབ་བོ། །གང་གི་ཚེ་རྟོག་པའི་རྣལ་འབྱོར་ལ་ལོབས་པ་དེའི་ཚེ་ལས་དང་པོ་པའི་ཏིང་ངེ་འཛིན་ལ་རབ་ཏུ་གནས་པར་འགྱུར་རོ། །གང་གི་ཚེ་ལས་དང་པོ་པའི་ཏིང་ངེ་འཛིན་ལ་གནས་པ་དེའི་ཚེ་རིགས་བརྒྱའི་དབྱེ་བ་ལ་འཇུག་གོ། ། གང་གི་ཚེ་རིགས་བརྒྱའི་དབྱེ་བ་ལ་མཁས་པས་ལུས་རྣམ་པར་དབེན་པ་ཤེས་པ་དེའི་ཚེ་སྐུ་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་པར་འགྱུར་རོ། །ལུས་རྣམ་པར་དབེན་པ་ལ་གནས་ནས། ཨཱ་ལི་ཀཱ་ལིའི་སྒོ་ནས་ངག་རྣམ་པར་དབེན་པ་ལ་འཇུག་གོ། །གང་གི་ཚེ་རྡོ་རྗེ་བཟླས་པའི་རིམ་གྱིས་སྲོག་དང་རྩོལ་བ་ཤེས་ པར་གྱུར་པ་དེའི་ཚེ་གསུང་རྡོ་རྗེའི་ཏིང་ངེ་འཛིན་ལ་རབ་ཏུ་གནས་པར་འགྱུར་རོ། །ངག་རྣམ་པར་དབེན་པ་ལ་གནས་ནས་རང་བཞིན་གྱིས་སྣང་བའི་རིམ་གྱིས་སེམས་རྣམ་པར་དབེན་པ་ལ་འཇུག་གོ། །གང་གི་ཚེ་རང་བཞིན་གྱིས་སྣང་བ་ལ་རླུང་གི་བཞོན་པའི་རབ་ཏུ་དབྱེ་བས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ 35-1-60a ལོབས་པ་དེའི་ཚེ་སེམས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་འགྱུར་རོ། །སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ལ་གནས་ནས་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་ཀུན་རྫོབ་ཀྱི་བདེན་པ་ལ་འཇུག་པར་འགྱུར་རོ། །གང་གི་ཚེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་ པར་འཇུག་པ་དེའི་ཚེ་སངས་རྒྱས་ཀྱི་དབང་བསྐུར་བ་ཐོབ་བོ། །གང་གི་ཚེ་དབང་བསྐུར་བ་ཐོབ་པ་དེའི་ཚེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་ནས་སྟོང་པ་ཆེན་པོ་བཅོ་བརྒྱད་ཀྱི་རིམ་གྱིས་དོན་དམ་པའི་བདེན་པ་ལ་འཇུག་གོ། །གང་གི་ཚེ་རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་གྱིས་ཡང་ དག་པའི་མཐའ་ལ་འཇུག་པ་དེའི་ཚེ་ཉོན་མོངས་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །གང་གི་ཚེ་ཡེ་ཤེས་ཀྱིས་རིམ་གྱིས་ལྡང་བའི་ཕྱིར་རང་བཞིན་གྱིས་འོད་གསལ་བའི་བདེན་པ་གཉིས་ལ་གཉིས་སུ་མེད་པའི་རྣམ་པས་བདག་ཉིད་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་རྫོགས་པའི་ཏིང་ངེ་ འཛིན་ལ་ལོབས་པར་གྱུར་པ་ཡིན་ནོ། །གང་གི་ཚེ་རྫོགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་རྣལ་འབྱོར་པས་ནི་ཕྱིས་ཆོས་གང་ལ་ཡང་མི་སློབ་བོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་ལེགས་པར་བསླབས་པའི་ཕྱིར་ཏེ་ཇི་ལྟར་འཕོང་གི་སློབ་དཔོན་ནི་སྒྲས་མཚོན་པ་ལ་ཕོག་པར་བྱེད་པར་གནས་པས་ ཕྱིས་གང་དུ་ཡང་མི་སློབ་བོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་ལེགས་པར་བསླབས་པའི་ཕྱིར་དེའི་སྔོན་གྱི་འཕེན་ཤུགས་ཀྱི་སྟོབས་ཀྱིས་མངོན་དུ་འགྱུར་རོ། །དེ་བཞིན་དུ་རྫོགས་པའི་ཏིང་ངེ་འཛིན་ལ་རབ་ཏུ་གནས་པ་ནི་ཕྱིས་གང་ལ་ཡང་སློབ་པར་མི་འགྱུར་ཏེ། སྔོན་ཤིན་ཏུ་ལེགས་པར་བསླབས་པའི་ཕྱིར། དེའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་དག་ནི་ལྷུན་གྱིས་གྲུབ་པ་ཉིད་དུ་མངོན་སུམ་དུ་འགྱུར་རོ། །དེ་བཞིན་དུ་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ལ་སློབ་པར་བྱེད་པས་ཀྱང་རིམ་གྱིས་འཇུག་པས་བསླབ་པར་བྱའི་ཅིག་ཅར་ནི་མ་ཡིན་ནོ། །དེ་བས་ན་ལུས་རྣམ་པར་དབེན་པ་མེད་པར་ དག་རྣམ་པར་དབེན་པ་ཤེས་པར་མི་ནུས་སོ། །ངག་རྣམ་པར་དབེན་པ་དང་བྲལ་བས་ནི་སེམས་རྣམ་པར་དབེན་པ་རྟོགས་པར་མི་ནུས་སོ། །སེམས་ཀྱི་རང་བཞིན་གྱི་སྣང་བའི་ཏིང་ངེ་འཛིན་མེད་པར་ཀུན་རྫོབ་ཀྱི་བདེན་པ་མངོན་སུམ་དུ་བྱ་བར་མི་ནུས་སོ། །ཀུན་རྫོབ་ཀྱི་བདེན་པ་རྟོགས་པ་དང་བྲལ་ 35-1-60b བས་ནི་དོན་དམ་པའི་བདེན་པ་མངོན་སུམ་དུ་བྱ་བར་མི་ནུས་སོ། །དོན་དམ་པའི་བདེན་པ་རྟོགས་པ་མེད་པར་ནི་ཟུང་དུ་འཇུག་པའི་རིམ་པ་མངོན་སུམ་དུ་བྱ་བར་མི་ནུས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་དོན་གྱི་དབང་འདི་གཟིགས་ནས་རིམ་གྱིས་འཇུག་པར་བསླབ་པར་བྱའི་ཅིག་ཅར་ནི་མ་ཡིན་ནོ། ། རིམ་གྱིས་འཇུག་པས་རྫོགས་པའི་རིམ་པ་ལ་བསླབས་པས་ཅིག་ཅར་རང་གི་རྒྱུད་རྣམ་པར་དག་པར་འགྱུར་ཏེ། བཅོམ་ལྡན་འདས་ཉིད་ཀྱིས་ཀྱང་ལང་ཀར་གཤེགས་པའི་མདོ་ལས། བློ་གྲོས་ཆེན་པོ་འདི་ལྟ་སྟེ། མེ་ལོང་གི་ནང་དུ་གཟུགས་ཀྱི་གཟུགས་སུ་སྣང་བ་ཐམས་ཅད་རྣམ་པར་རྟོག་པ་མེད་ པས་ཅིག་ཅར་སྣང་ངོ་། །དེ་བཞིན་དུ་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་ཡང་སེམས་ཅན་ཐམས་ཅད་ཀྱི་རང་གི་སེམས་སྣང་བའི་རྒྱུད་རྣམ་པར་མི་རྟོག་ཅིང་སྣང་བ་མེད་པའི་སྤྱོད་ཡུལ་རྣམས་ཅིག་ཅར་རྣམ་པར་སྦྱོང་ངོ་། །བློ་གྲོས་ཆེན་པོ་འདི་ལྟ་སྟེ། ཟླ་བ་དང་ཉི་མའི་དཀྱིལ་འཁོར་ནི་འོད་ ཟེར་རྣམས་ཀྱིས་གཟུགས་སུ་སྣང་བ་ཐམས་ཅད་ཅིག་ཅར་མངོན་པར་བྱེད་དོ། །དེ་བཞིན་དུ་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་ཡང་སེམས་ཅན་ཐམས་ཅད་ཀྱི་རང་གི་སེམས་སྣང་བའི་གནས་ངན་ལེན་གྱི་བག་ཆགས་དང་བྲལ་བ་རྣམས་ལས་རྒྱལ་བའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ དང་སྤྱོད་ཡུལ་ཡང་དག་པར་སྟོན་ཏོ། །འདིར་བཤད་པ། སེམས་ཅན་དང་པོའི་ལས་ཅན་རྣམས། །དམ་པའི་དོན་ལ་འཇུག་པ་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གཞག །ཅེས་བྱ་བའི་རིམ་པ་ལྔའི་གོ་རིམས་དང་བྲལ་བས་ནི་རྫོགས་པའི་ ཏིང་ངེ་འཛིན་རྟོགས་པར་མི་ནུས་སོ་ཞེས་ཁོང་དུ་ཆུད་པར་བྱའོ། །སྤྱོད་པ་བསྡུས་པ་ལས་ཐེ་ཚོམ་ཡོངས་སུ་གཅོད་པ་སྟེ་ལེའུ་དང་པོའོ།། །།རྡོ་རྗེ་སློབ་མས་གསོལ་པ། བཅོམ་ལྡན་འདས་དང་པོར་རང་གི་ལུས་རྣམ་པར་དབེན་པ་ལ་ཇི་ལྟར་སློབ་པར་བགྱི། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། སེམས་ཅན་ཆེན་པོ་ལེགས་སོ་ལེགས་སོ། །ལུས་རྣམ་པར་དབེན་པ་རྒྱ་ཆེར་ཁོང་དུ་ཆུད་པར་བྱའོ། །དེ་ལ་ཁམས་བཞི་པོས་ལུས་མངོན་པར་བསྐྱེད་པ་ལས་ལུས་སུ་གྲུབ་པ་འདི་ནི་སྤུངས་པ་བཞིན་དུ་གནས་ཏེ། ཤའི་ཁམ་ཚད་དང་། རྩ་དང་། རྒྱུས་པ་དང་། མགོ་བོ་དང་། ཀླད་པ་དང་། ཀླད་ 35-1-61a རྒྱས་དང་། རུས་པ་དང་། རྐང་དང་། རྒྱུ་མ་དང་། གཉེ་མ་དང་། མཁལ་མ་དང་། སྙིང་དང་། ལྟོ་དང་། གློ་བ་དང་། མཆེར་པ་དང་། གཅིན་དང་། ཕྱི་ས་དང་། ལྒང་པ་དང་། ཕོ་བ་དང་། ལོང་ཀ་དང་། ཞག་དང་། ཆུ་སེར་དང་། རྣག་དང་། ཁྲག་དང་། མཁྲིས་པ་དང་། བད་ཀན་དང་། ངར་སྣབས་དང་། སྐྲ་དང་། ཁ་སྤུ་དང་། སེན་མོ་དང་། སྤུ་དང་། པགས་པ་དང་། ལག་པ་དང་། རྐང་པ་དང་། མིག་དང་། ཡན་ལག་ལ་སོགས་པ་ཚོགས་པ་ལ་སྤུངས་པ་ཞེས་བྱའོ། །ཡང་དེ་ལ་ཕུང་པོ་ལྔ་དང་། ཁམས་བཞི་དང་། སྐྱེ་མཆེད་ དྲུག་དང་། ཡུལ་ལྔ་དང་། ཤེས་པ་ལྔ་ནི་སྤུངས་པ་ཞེས་བྱ་སྟེ། དཔེར་ན་འབྲས་དང་། ནས་དང་། ཏིལ་དང་། གྲོ་དང་། མོན་སྲན་སྡེའུ་མང་པོ་ལ་སྤུངས་པ་ཞེས་བྱའོ། །དེ་བཞིན་དུ་ལུས་ཀྱི་ཡན་ལག་དང་། ཉིང་ལག་ཏུ་གཏོགས་པ་ཚོགས་པ་ལ་སྤུངས་པ་ཞེས་བྱའོ། །ཁམས་ རྣམས་ཚོགས་པ་ལས་ཤེས་རབ་དང་། ལྟ་བ་དང་། ཡིད་དང་། མ་རིག་པ་དང་། བག་ཆགས་དང་། སྲེད་པ་དང་། ཉོན་མོངས་པའི་རྒྱུན་ལ་ནི་བསགས་པ་ཞེས་བྱའོ། །རྣམ་པར་ཤེས་པའི་ཚོགས་པ་སྤུངས་པ་ནི་ཉེ་བར་དམིགས་པར་མི་འགྱུར་ཏེ་གནས་མེད་པའི་ཕྱིར་རོ། །ཇི་སྐད་དུ། བཟང་སྐྱོང་གིས་ཞུས་པ་ལས་ཀྱང་། ལུས་འདི་ལ་རྣམ་པར་ཤེས་པ་གང་ན་ཡང་མི་གནས་ཏེ། རྣམ་པར་ཤེས་པ་མེད་ན་ཡང་ལུས་སྐྱེ་བར་མི་འགྱུར་རོ། །བཟང་སྐྱོང་དེའི་ཕྱིར་ཉོན་ཅིག་བདེན་པ་མ་མཐོང་བས་ནི་རྣམ་པར་ཤེས་པ་མི་ཤེས་མི་མཐོང་སྟེ། དེ་ནི་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་ དུ་མཐོང་བར་མི་འགྱུར་རོ་ཞེས་གསུངས་སོ། །ཡང་འདི་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཐོག་མ་མེད་པ་ནས་ཐ་མལ་པའི་ང་རྒྱལ་གྱིས་གནས་པ་རྣམས་ཀྱིས་ནི་ད་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡུལ་ཕྲ་རབ་ལས་བསྒྲུབས་པའི་ངོ་བོ་ཉིད་དུ་བསྟན་ཏེ། གསང་བ་འདུས་ པ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་བསྒྲགས། །རྡོ་རྗེ་སྐྱེ་མཆེད་ཉིད་དག་ཀྱང་། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ས་ནི་སྤྱན་ཞེས་བྱ་བ་ཡིན། །ཆུ་ཡི་ཁམས་ནི་མཱ་མ་ཀཱི། །མེ་ཡི་ཁམས་ནི་གོས་ 35-1-61b དཀར་མོ། །སྒྲོལ་མ་རླུང་དུ་རབ་ཏུ་བསྒྲགས། །གཟུགས་དང་སྒྲ་སོགས་སྔགས་པ་ཡིས། །ལྷ་ཉིད་དུ་ནི་རྟག་ཏུ་བསྒོམ། །ཞེས་གསུངས་པ་དང་། ཡང་ཕུང་པོ་ལ་སོགས་པ་དེ་དག་རེ་རེ་ཞིང་ཡང་ལྔ་ལྔར་རྣམ་པར་ཕྱེ་ན་བརྒྱར་འགྱུར་ཏེ། ཟླ་གསང་ཐིག་ལེ་ལས། རིགས་ནི་རྣམ་པ་བརྒྱར་ བསྟན་ཏེ། །མདོ་རུ་བསྡུས་ན་རྣམ་པ་ལྔ། །ལུས་དང་ངག་ཡིད་སྦྱོར་བ་ཡིས། །གསུམ་དུ་ཡང་ནི་འགྱུར་བ་ཡིན། །ཞེས་གསུངས་པས་དེ་ལ་དང་པོ་ཉིད་དུ་རིགས་བརྒྱའི་རབ་ཏུ་དབྱེ་བ་བསྟན་པར་བྱའོ། །དེ་ལ་གཟུགས་ཀྱི་ཕུང་པོའི་ཚོགས་ནི་རྣམ་པར་སྣང་མཛད་དོ། །དེ་ཡང་རྣམ་པ་ལྔར་ ཕྱེ་བ་ལ། དེ་བཞིན་གཤེགས་པ་རྣམ་པ་ལྔས་བྱིན་གྱིས་བརླབས་པ་ཡིན་ཏེ། དེ་ལ་རིང་པོ་དང་ཐུང་ངུ་ལ་སོགས་ཕྱི་དང་ནང་དང་གཉི་གའི་དབྱིབས་ཀྱི་གཟུགས་ནི་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབས་པའོ། །བདག་དང་གཞན་གཉིས་ཀ་ལ་སོགས་པའི་རྣམ་པའི་གཟུགས་ནི་རིན་ཆེན་འབྱུང་ ལྡན་གྱིས་སོ། །ཕྱི་ནང་གི་སྔོན་པོ་ལ་སོགས་པ་ཁ་དོག་ལྔའི་གཟུགས་ནི་སྣང་བ་མཐའ་ཡས་ཀྱིས་སོ། །ཕྱི་དང་ནང་གི་ཟླ་བ་དང་། ཉི་མ་ལ་སོགས་པ་སྣང་བའི་རྣམ་པ་ནི་དོན་ཡོད་གྲུབ་པས་སོ། །རང་རིག་པ་ཙམ་འབའ་ཞིག་གི་རྣམ་པར་རིག་བྱེད་མ་ཡིན་པ་ནི་མི་བསྐྱོད་པས་བྱིན་གྱིས་ བརླབས་པ་སྟེ། གཟུགས་ཀྱི་ཕུང་པོ་རྣམ་པ་ལྔར་བཤད་དོ། །རིན་ཆེན་འབྱུང་ལྡན་གྱི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ་བཤད་པ། ཚོར་བའི་ཕུང་པོའི་ཚོགས་ནི་རིན་ཆེན་འབྱུང་ལྡན་ནོ། །དེ་ཡང་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པ་ཡིན་ཏེ། དེ་ལ་འདུས་པ་དང་མཁྲིས་ པ་ལས་བྱུང་བའི་ཚོར་བ་ནི་མི་བསྐྱོད་པས་སོ། །བད་ཀན་དང་རླུང་ལས་སྐྱེས་པའི་ཚོར་བ་ནི་རིན་ཆེན་འབྱུང་ལྡན་གྱིས་སོ། །བདེ་བའི་ཚོར་བ་ནི་འོད་དཔག་མེད་ཀྱིས་སོ། །སྡུག་བསྔལ་གྱི་ཚོར་བ་ནི་དོན་ཡོད་གྲུབ་པས་སོ། །ཚོར་བ་མཉམ་པ་ཉིད་ནི་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབས་ པ་ཞེས་བྱ་སྟེ། ཚོར་བའི་ཕུང་པོ་རྣམ་པ་ལྔར་བཤད་དོ། །སྣང་བ་མཐའ་ཡས་ཀྱི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ་བཤད་པ། འདུ་ཤེས་ཀྱི་ཕུང་པོའི་ཚོགས་ནི་སྣང་བ་མཐའ་ཡས་ཏེ། འདི་ནི་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་རྣམས་སྐྱེས་པ་རྣམས་ཀྱི་འདུས་བྱས་པ་ཉིད་ཀྱང་རྐང་གཉིས་དང་རྐང་མེད་ 35-1-62a ལ་སོགས་པའི་དབྱེ་བས་ཕྱེ་ན་མིང་ཐ་དད་པའི་དངོས་པོར་ཡོད་པ་རྣམས་ལ་དེ་རྣམ་པར་ཤེས་པས་ཉེ་བར་བཟུང་ནས་ཡོངས་སུ་གཅོད་པར་བྱེད་ལ་མཚན་མ་དེའི་འདུ་ཤེས་ཀྱི་ཕུང་པོ་ཞེས་བྱ་བར་ཐ་དད་པར་རྣམ་པར་འཇོག་པར་འགྱུར་རོ། །འདུ་ཤེས་དེ་ཡང་དེ་བཞིན་གཤེགས་ པ་ལྔས་བྱིན་གྱིས་བརླབས་པ་ཡིན་ཏེ། དེ་ལ་རྐང་གཉིས་པའི་འདུ་ཤེས་ནི་མི་བསྐྱོད་པའི་འོ། །རྐང་བཞི་པའི་འདུ་ཤེས་ནི་རིན་ཆེན་འབྱུང་ལྡན་གྱིའོ། །རྐང་མེད་ཀྱི་འདུ་ཤེས་ནི་འོད་དཔག་ཏུ་མེད་པའི་འོ། །རྐང་མངས་ཀྱི་འདུ་ཤེས་ནི་དོན་ཡོད་གྲུབ་པའིའོ། །མི་གཡོ་ཞིང་མི་འགྱུར་བའི་ འདུ་ཤེས་ནི་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབས་པ་སྟེ་འདུ་ཤེས་ཀྱི་ཕུང་པོ་རྣམ་པ་ལྔར་བཤད་དོ། །དོན་ཡོད་གྲུབ་པའི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ་བཤད་པ། འདུ་བྱེད་ཀྱི་ཕུང་པོའི་ཚོགས་ནི་དོན་ཡོད་གྲུབ་པའོ། །དེ་ཡང་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་ པ་ཡིན་ཏེ། ལུས་ཀྱི་འདུ་བྱེད་ནི་རྣམ་པར་སྣང་མཛད་ཀྱིའོ། །ངག་གི་འདུ་བྱེད་ནི་འོད་དཔག་ཏུ་མེད་པའི་འོ། །ཡིད་ཀྱི་འདུ་བྱེད་ནི་མི་བསྐྱོད་པའི་འོ། །ཁམས་གསུམ་གྱི་འདུ་བྱེད་ནི་རིན་ཆེན་འབྱུང་ལྡན་གྱིའོ། །ཐར་པའི་འདུ་བྱེད་ནི་དོན་ཡོད་གྲུབ་པས་བྱིན་གྱིས་བརླབས་པ་སྟེ། འདུ་ བྱེད་ཀྱི་ཕུང་པོ་རྣམ་པ་ལྔར་བཤད་དོ། །མི་བསྐྱོད་པའི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ་བཤད་པ། གང་དོན་གཟུང་བ་དང་། དོན་ཡོངས་སུ་གཅོད་པ་དང་། དོན་ཁོང་དུ་ཆུད་པ་དེ་ནི་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པ་ལ་གནས་པས་ཀྱང་ཕྱིའི་དོན་གྱི་རྣམ་པར་རབ་ཏུ་བརྟགས་ལ། ཕྱིའི་ དོན་གྱིས་ཀྱང་རྣམ་པར་ཤེས་པར་བརྟགས་ཏེ། དེ་ལྟར་ཕན་ཚུན་ལྟོས་པས་ཤེས་པ་དང་། ཤེས་པར་བྱ་བ་གཉིས་གྲུབ་བོ། །རྣམ་པར་ཤེས་པ་དེ་ཡང་རྣམ་པ་ལྔར་ཕྱེ་བ་ལ་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པ་ཡིན་པར་ཤེས་པར་བྱའོ། །དེ་ལ་རྣམ་པར་ཤེས་པའི་ཕུང་པོའི་ཚོགས་ ནི་མི་བསྐྱོད་པ་སྟེ། མིག་གི་རྣམ་པར་ཤེས་པ་ནི་རྣམ་པར་སྣང་མཛད་ཀྱིའོ། །རྣ་བའི་རྣམ་པར་ཤེས་པ་ནི་རིན་ཆེན་འབྱུང་ལྡན་གྱིའོ། །སྣའི་རྣམ་པར་ཤེས་པ་ནི་འོད་དཔག་ཏུ་མེད་པའི་འོ། །ལྕེའི་རྣམ་པར་ཤེས་པ་ནི་དོན་ཡོད་གྲུབ་པའིའོ། །ལུས་ཀྱི་རྣམ་པར་ཤེས་པ་ནི་མི་བསྐྱོད་པས་བྱིན་གྱིས་ 35-1-62b བརླབས་པ་སྟེ། རྣམ་པར་ཤེས་པའི་ཕུང་པོ་རྣམ་པ་ལྔར་བཤད་དོ། །མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་བསྒྲགས། །ཞེས་བྱ་བའི་མདོའི་དོན་བཤད་ཟིན་ཏོ། །ཁམས་རྣམ་པ་བཞིའི་དབང་དུ་བྱས་ཏེ་བཤད་པ། སའི་ཁམས་གང་ཞེ་ན། གང་ལྕི་བ་ཉིད་དང་སྲ་ བ་ཉིད་དེ། དེ་ཡང་ལས་ནི་བརྟན་པའོ། །ཆུའི་ཁམས་གང་ཞེ་ན། གང་གཤེར་བ་ཉིད་དང་རླན་པ་ཉིད་དེ། དེ་ཡང་ལས་ནི་སྡུད་པའོ། །དེ་ལ་མེའི་ཁམས་གང་ཞེ་ན། གང་དྲོ་བ་ཉིད་དང་ཡོངས་སུ་སྨིན་པ་ཉིད་དེ་དེ་ཡང་ལས་ནི་སྐེམས་པའོ། །དེ་ལ་རླུང་གི་ཁམས་གང་ཞེ་ན་གང་བརྐྱང་ བ་དང་། བསྐུམ་པ་དང་། དབུགས་རྔུབ་པ་དང་། དབུགས་འབྱིན་པ་ཉིད་དེ། ལས་ནི་ཡང་ཞིང་གཡོ་བའོ། །དེ་ལྟར་ཐེག་པ་ཆེན་པོའི་རིམ་པས་ཁམས་རྣམ་པ་བཞིའི་རང་རང་གི་མཚན་ཉིད་རྣམ་པར་བཞག་ནས། ད་ནི་ཐ་མལ་པའི་ང་རྒྱལ་རྣམ་པར་སྤང་བར་བྱ་བའི་ཕྱིར་རྡོ་རྗེ་ཐེག་པའི་རིམ་པས་ སངས་རྒྱས་ལྔའི་རང་བཞིན་དུ་བྱ་སྟེ། དེ་ལ་སའི་ཁམས་ཀྱི་ཚོགས་ནི་སངས་རྒྱས་སྤྱན་ནོ། །དེ་ཡང་ཁམས་རྣམ་པ་ལྔར་ཕྱེ་བ་ལ་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པ་ཡིན་ཏེ། སྐྲ་དང་རུས་པ་དང་། ཕྱི་ས་དང་མཆིན་པ་དང་སྙིང་ནི་རྣམ་པར་སྣང་མཛད་ཀྱིའོ། །སྤུ་དང་སེན་མོ་དང་རྣག་ དང་སྙིང་ནི་རིན་ཆེན་འབྱུང་ལྡན་གྱིའོ། །སོ་དང་པགས་པ་དང་ཤ་དང་སྙིང་ནི་འོད་དཔག་ཏུ་མེད་པའོ། །རྒྱུས་པ་དང་ཤ་དང་རྩིབ་མ་དང་སྙིང་ནི་དོན་ཡོད་གྲུབ་པའོ། །དྲི་མ་དང་རྒྱུ་མ་དང་མཁྲིས་པ་དང་སྙིང་ནི་མི་བསྐྱོད་པ་སྟེ་ཇི་སྐད་དུ་རྡོ་རྗེ་ཕྲེང་བ་ལས་ཀྱང་། སྙིང་ནི་ལྔ་ལ་ངེས་གནས་ཏེ། །རྒྱུད་ལྔར་ རྣམ་པར་འབྱུང་བ་ནི། །རླུང་ལྔ་དང་ནི་ལྡན་པ་རུ། །འདོད་པ་ལྔ་རྣམས་སྤྱོད་པར་བྱེད། །ཅེས་གསུངས་པས་སོ། །དེ་བཞིན་དུ་ཡང་ཕྱི་རོལ་གྱི་སའི་ཁམས་ཀྱང་རྣམ་པ་ལྔར་དབྱེ་སྟེ། དེ་ཡང་གླིང་བཞི་དང་ནི་རི་རབ་པོ། །དེ་ལ་རིའི་རྒྱལ་པོ་རི་རབ་ནི་རྣམ་པར་སྣང་མཛད་ཀྱེས་བྱིན་གྱིས་བརླབས་ པའོ། །ལུས་འཕགས་པོ་ནི་མི་བསྐྱོད་པས་བྱིན་གྱིས་བརླབས་པའོ། །འཛམ་བུ་གླིང་ནི་རིན་ཆེན་འབྱུང་ལྡན་གྱིས་བྱིན་གྱིས་བརླབས་པའོ། །བ་ལང་སྤྱོད་ནི་འོད་དཔག་མེད་ཀྱིས་བྱིན་གྱིས་བརླབས་པའོ། །སྒྲ་མི་སྙན་ནི་དོན་ཡོད་གྲུབ་པས་བྱིན་གྱིས་བརླབས་པའོ། །སའི་ཁམས་རྣམ་པ་ལྔར 35-1-63a བཤད་དོ། །མཱ་མ་ཀཱིའི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ་བཤད་པ། དེ་ལ་ཆུའི་ཁམས་ཀྱི་ཚོགས་ནི་མཱ་མ་ཀཱིའོ། །དེ་ཡང་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པ་སྟེ། བད་ཀན་དང་མཆི་མ་ནི་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབ་པའོ། །གཅིན་ནི་མི་ བསྐྱོད་པས་བྱིན་གྱིས་བརླབས་པའོ། །རྡུལ་ནི་རིན་ཆེན་འབྱུང་ལྡན་གྱིས་བྱིན་གྱིས་བརླབས་པའོ། །ཁྲག་ནི་འོད་དཔག་མེད་ཀྱིས་བྱིན་གྱིས་བརླབས་པའོ། །ཁ་ཆུ་ནི་དོན་ཡོད་གྲུབ་པས་བྱིན་གྱིས་བརླབས་པའོ། །ཕྱི་རོལ་གྱི་ཡང་རྣམ་པ་ལྔར་བལྟས་ཏེ། དེ་ཡང་རྒྱ་མཚོའི་ཆུ་ནི་མི་བསྐྱོད་པའོ། ། ཆུ་བོའི་ཆུ་ནི་རིན་ཆེན་འབྱུང་ལྡན་གྱིའོ། །བཀོད་མའི་ཆུ་ནི་འོད་དཔག་ཏུ་མེད་པའི་འོ། །ལྟེང་ཀའི་ཆུ་ནི་དོན་ཡོད་གྲུབ་པའི་འོ། །འབབ་ཆུའི་ཆུ་ནི་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབས་པ་སྟེ་ཆུའི་ཁམས་རྣམ་པ་ལྔར་བཤད་དོ། །གོས་དཀར་མོའི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ་བཤད་པ། མེའི་ཁམས་ཀྱི་ཚོགས་ནི་གོས་དཀར་མོའོ། །དེ་ཡང་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པ་སྟེ། མགོ་བོའི་དྲོད་ནི་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབས་པའོ། །སྙིང་གའི་དྲོད་ནི་མི་བསྐྱོད་པའི་འོ། །ལྟེ་བའི་དྲོད་ནི་རིན་ཆེན་འབྱུང་ལྡན་གྱིའོ། །ཡན་ལག་ཐམས་ཅད་ཀྱི་ དྲོད་ནི་འོད་དཔག་ཏུ་མེད་པའི་འོ། །ལྟོ་བའི་དྲོད་ནི་དོན་ཡོད་གྲུབ་པས་བྱིན་གྱིས་བརླབས་པའོ། །ཕྱི་རོལ་གྱི་ཡང་རྣམ་པ་ལྔར་བསྟན་ཏེ། དེ་ལ་རྒྱུན་བཞག་གི་མེ་ནི་མི་བསྐྱོད་པའི་འོ། །རྡོ་ལས་བྱུང་བའི་མེ་ནི་རྣམ་པར་སྣང་མཛད་ཀྱིའོ། །མེ་ཤེལ་ལས་བྱུང་བའི་མེ་ནི་རིན་ཆེན་འབྱུང་ལྡན་གྱིའོ། ། ཤིང་ལས་བྱུང་བའི་མེ་ནི་འོད་དཔག་ཏུ་མེད་པའི་འོ། །ནགས་ཀྱི་མེ་ནི་དོན་ཡོད་པར་གྲུབ་པས་བྱིན་གྱིས་བརླབས་པ་སྟེ། མེའི་ཁམས་རྣམ་པ་ལྔར་བཤད་དོ། །སྒྲོལ་མའི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ་བཤད་པ། དེ་ཡང་རླུང་གི་ཁམས་ཀྱི་ཚོགས་ནི་སྒྲོལ་མའོ། །དེ་ཡང་དེ་བཞིན་གཤེགས་ པ་ལྔས་བྱིན་གྱིས་བརླབས་པ་ཡིན་ཏེ། དེ་ལ་སྲོག་ཅེས་བྱ་བ་སྙིང་ལ་གནས་པ་ནི་མི་བསྐྱོད་པའི་འོ། །ཐུར་དུ་སེལ་བ་ཞེས་བྱ་བ་མདོམས་ན་གནས་པ་ནི་རིན་ཆེན་འབྱུང་ལྡན་གྱིའོ། །སྟེང་དུ་རྒྱུ་བ་ཞེས་བྱ་བ་ལྐོག་མར་གནས་པ་ནི་འོད་དཔག་མེད་ཀྱིའོ། །མེ་དང་མཉམ་དུ་གནས་པ་ཞེས་བྱ་བ་ལྟེ་བར་ 35-1-63b གནས་པ་ནི་དོན་ཡོད་གྲུབ་པའི་འོ། །ཁྱབ་བྱེད་ཅེས་བྱ་བ་ཚིགས་ཐམས་ཅད་ལ་གནས་པ་ནི་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབས་པའོ། །ཡང་དེ་རྣམས་རེ་རེའི་ལས་བཤད་པ། དབང་པོའི་སྒོ་ཡི་རྒྱུན་ལས་ནི། །སྲོག་དང་རྩོལ་བ་རྒྱུ་བ་དང་། །རྟག་པའི་དུས་སུ་རྒྱུ་བ་ནི། །སྲོག་ ཅེས་བྱ་བ་ཡིན་པར་བ་ཤད། །རླུང་དང་གཅིན་དང་ཕྱི་ས་དང་། །དེ་བཞིན་དུ་ནི་ཁུ་བ་རྣམས། །འོག་འདྲེན་འདི་ནི་ཐུར་སེལ་བར། །རྟག་ཏུ་རྣལ་འབྱོར་པས་ཤེས་བྱ། །མྱང་དང་ཟ་དང་བལྡག་པ་དང་། །ཀུན་དུ་འཐུང་དང་འཇིབ་པར་ནི། །གང་ཞིག་རྟག་ཏུ་མཉམ་གནས་པར། །མཉམ་དུ་ གནས་ཞེས་བྱ་བ་ཡིན། །གྱེན་དུ་འགྲོ་ཞིང་སྡུད་པ་དང་། །བཟའ་དང་མྱང་སོགས་ཟ་བ་ནི། །ཤེས་དང་ལྷན་ཅིག་འབྱོར་པ་དག །གྱེན་རྒྱུའི་ལས་སུ་ཤེས་པར་བྱ། །ཁྱབ་དང་འཛིན་པ་ཉིད་དང་ནི། །འགྲོ་དང་དེ་བཞིན་ལྡོག་པ་དང་། །ཚིགས་རྣམས་ཀུན་ལ་ཁྱབ་པས་ན། །ཁྱབ་བྱེད་ཅེས་ནི་ བྱ་བར་བཤད། །ཕྱི་རོལ་གྱི་ཡང་རྣམ་པ་ལྔར་བལྟ་སྟེ། །ཤར་གྱི་རླུང་ནི་མི་བསྐྱོད་པའི་འོ། །ལྷོའི་རླུང་ནི་རིན་ཆེན་འབྱུང་ལྡན་གྱིའོ། །ནུབ་ཀྱི་རླུང་ནི་འོད་དཔག་ཏུ་མེད་པའི་འོ། །བྱང་གི་རླུང་ནི་དོན་ཡོད་གྲུབ་པའི་འོ། །སྟེང་གི་རླུང་ནི་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབས་པ་སྟེ་རླུང་གི་ཁམས་ རྣམ་པ་ལྔར་བཤད་དོ། །འབྱུང་བ་ཆེན་པོ་བཞི་པོ་འདི་རྣམས་ནི་གང་དུ་གཅིག་ཡོད་པ་དེར་བཞི་ཆར་ཡོད་དེ། དེ་བས་ན་འདི་རྣམས་ནི་ཕན་ཚུན་ལྟོས་པ་མེད་པར་ངོ་བོ་ཉིད་ཀྱིས་རང་གྲུབ་པ་ནི་མེད་དོ། །ནམ་མཁའ་ནི་དབང་པོ་ལས་འདས་ཤིང་འདུས་མ་བྱས་པའི་ཕྱིར་འབྱུང་བ་ཆེན་པོ་མ་ཡིན་ཏེ། གོ་འབྱེད་པར་བྱེད་པས་ན་ནམ་མཁའ་ནི་དངོས་པོ་ཐམས་ཅད་ལ་མི་སྒྲིབ་པའི་བྱ་བ་བྱེད་དོ་ཞེས་བྱ་བའི་བར་དུའོ། །ས་ནི་སྤྱན་ཞེས་བྱ་བ་ཡིན། །ཆུ་ཡི་ཁམས་ནི་མཱ་མ་ཀཱི། །མེ་ནི་གོས་དཀར་མོ་ཡིན་ནོ། །རླུང་ནི་སྒྲོལ་མར་རབ་ཏུ་བསྒྲགས། །ཞེས་བྱ་བའི་མདོའི་ཚིག་བཤད་ཟིན་ཏོ། །ད་ནི་སའི་ སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ་བཤད་པ། དེ་ལ་མིག་གི་སྐྱེ་མཆེད་ཀྱི་ཚོགས་ནི་སའི་སྙིང་པོའོ། །དེ་ཡང་རྣམ་པ་ལྔར་ཕྱེ་བ་ལ་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པ་ཡིན་ཏེ། དེ་ལ་མིག་གི་འབྲས་བུའི་ནང་ 35-1-64a ན་རྒུན་འབྲུའི་འབྲས་བུའི་ཚད་ཙམ་གྱི་མིག་གི་དབང་པོ་དེ་ནི་མི་བསྐྱོད་པའི་འོ། །མིག་འབྲས་དཀར་པོའི་རང་བཞིན་ནི་རིན་ཆེན་འབྱུང་ལྡན་གྱིའོ། །ཟུར་གྱིས་ལྟ་བའི་གཟུགས་ནི་འོད་དཔག་ཏུ་མེད་པའི་འོ། །མིག་རྣམ་པར་གཡོ་བ་ནི་དོན་ཡོད་གྲུབ་པའི་འོ། །གཟུགས་གསུམ་ འཛིན་པ་ནི་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ཏེ་མིག་གི་སྐྱེ་མཆེད་རྣམ་པ་ལྔར་བཤད་དོ། །དེ་བཞིན་དུ་རྣ་བའི་སྐྱེ་མཆེད་ཀྱི་ཚོགས་ནི་ཕྱག་ན་རྡོ་རྗེ་སྟེ། འདི་ལ་རྣ་བའི་ནང་ན་གྲོ་ག་གཅུས་ཏེ་བཅད་པ་ལྟ་བུའི་རྣམ་པའི་རྡུལ་ཕྲ་རབ་བསགས་པའི་གཟུགས་ཅན་རྣ་བའི་དབང་པོ་ནི་མི་ བསྐྱོད་པའི་འོ། །རྣ་བའི་རང་བཞིན་ནི་རྣམ་པར་སྣང་མཛད་ཀྱིའོ། །རྣ་བའི་བུ་ག་ནི་འོད་དཔག་ཏུ་མེད་པའི་འོ། །རྣ་བའི་རྩ་བ་ནི་དོན་ཡོད་གྲུབ་པའི་འོ། །སྒྲ་གསུམ་འཛིན་པ་ནི་རིན་ཆེན་འབྱུང་ལྡན་གྱིས་བྱིན་གྱིས་བརླབས་པ་ཡིན་ཏེ་རྣ་བའི་སྐྱེ་མཆེད་རྣམ་པ་ལྔར་བཤད་དོ། །སྣའི་སྐྱེ་མཆེད་ ཀྱི་ཚོགས་ནི་ནམ་མཁའི་སྙིང་པོ་སྟེ། སྣའི་ནང་གི་མིག་སྨན་གྱི་ཐུར་མ་ཕྲ་བ་ལྟ་བུའི་རྡུལ་ཕྲ་རབ་བསགས་པའི་གཟུགས་ཅན་སྣའི་དབང་པོ་དེ་ནི་མི་བསྐྱོད་པའིའོ། །སྣའི་རང་བཞིན་ནི་རྣམ་པར་སྣང་མཛད་ཀྱིའོ། །ནང་གི་དབུས་ནི་རིན་ཆེན་འབྱུང་ལྡན་གྱིའོ། །སྣ་བུག་ནི་དོན་ཡོད་པར་གྲུབ་པའི་འོ། ། དྲི་གསུམ་འཛིན་པ་ནི་སྣང་བ་མཐའ་ཡས་ཀྱི་བྱིན་གྱིས་བརླབས་པ་ཡིན་ཏེ། སྣའི་སྐྱེ་མཆེད་རྣམ་པ་ལྔར་བཤད་དོ། །ལྕེའི་སྐྱེ་མཆེད་ཀྱི་ཚོགས་ནི་འཇིག་རྟེན་དབང་ཕྱུག་སྟེ། དེ་ལ་རྡུལ་ཕྲ་རབ་བསགས་པའི་གཟུགས་ཅན་ཟླ་བ་ཕྱེད་པའི་དབྱིབས་ལྟ་བུའི་ལྕེའི་དབང་པོ་ནི་མི་བསྐྱོད་པའི་འོ། །ལྕེའི་ རང་བཞིན་ནི་རྣམ་པར་སྣང་མཛད་ཀྱིའོ། །ལྕེའི་རྩ་བ་ནི་རིན་ཆེན་འབྱུང་ལྡན་གྱིའོ། །ལྕེའི་རྩེ་མོ་ནི་འོད་དཔག་ཏུ་མེད་པའི་འོ། །རོ་གསུམ་འཛིན་པ་ནི་དོན་ཡོད་པར་གྲུབ་པས་བྱིན་གྱིས་བརླབས་པ་ཡིན་ཏེ། ལྕེའི་སྐྱེ་མཆེད་རྣམ་པ་ལྔར་བཤད་དོ། །ལུས་ཀྱི་སྐྱེ་མཆེད་ཀྱི་ཚོགས་ནི་སྒྲིབ་པ་ཐམས་ ཅད་རྣམ་པར་སེལ་བ་སྟེ། དེ་ལ་ལུས་ཀྱི་རྡུལ་ཕྲ་རབ་བསགས་པའི་མ་ལུས་པའི་གཟུགས་ཀྱི་ལུས་དབང་པོ་དེ་ནི་རྣམ་པར་སྣང་མཛད་ཀྱིའོ། །རུས་པའི་རང་བཞིན་ནི་རིན་ཆེན་འབྱུང་ལྡན་གྱིའོ། །ཤའི་རང་བཞིན་ནི་འོད་དཔག་ཏུ་མེད་པའི་འོ། །པགས་པའི་རང་བཞིན་ནི་དོན་ཡོད་གྲུབ་པའི་འོ། ། 35-1-64b རེག་པ་གསུམ་འཛིན་པ་ནི་མི་བསྐྱོད་པས་བྱིན་གྱིས་བརླབས་པ་ཡིན་ཏེ། ལུས་ཀྱི་སྐྱེ་མཆེད་རྣམ་པ་ལྔར་བཤད་དོ། །འཇམ་དཔལ་གྱི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ་བཤད་པ། འདི་ན་ལུས་ཀྱི་ནང་ན་སྣང་བའི་རྣམ་པར་ཤེས་པ་གསུམ་པོ་དེ་ནི་ཡིད་ཀྱི་དབང་པོ་སྟེ། དབང་པོ་ཐམས་ཅད་ཀྱི་ བདག་པོ་ཡིན་ཞིང་སོ་སོར་རང་རིག་པ་ཡིན་པས་ཕྱིའི་ཡུལ་ནི་མེད་ཀྱི་ཆོས་ཀྱི་དབྱིངས་ཡུལ་དུ་བྱས་ནས་སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་གྱིས་བདག་ཉིད་རྫོགས་པར་བྱས་ནས་སངས་རྒྱས་ཀྱི་ཡོན་ཏན་མ་ལུས་པ་དང་ལྡན་པས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ ཞིང་དུ་འགྲོ་བའོ། །འཇམ་དཔལ་གྱི་ཏིང་ངེ་འཛིན་བཤད་ཟིན་ཏོ། །རྡོ་རྗེ་སྐྱེ་མཆེད་ཉིད་དག་ཀྱང་། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་བྱ་བའི་མདོའི་དོན་བཤད་ཟིན་ཏོ། །ཡུལ་རྣམས་ལྷ་མོའི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ་བཤད་པ། རྡོ་རྗེ་སྒོ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ རླུང་བཅུ་གསུངས་ཏེ། འདི་ལྟ་སྟེ། སྲོག་དང་། ཐུར་དུ་སེལ་བ་དང་། གྱེན་དུ་རྒྱུ་བ་དང་། མཉམ་དུ་གནས་པ་དང་། ཁྱབ་བྱེད་དང་། ལྡང་ཞིང་རྒྱུ་བ་དང་། རྣམ་པར་རྒྱུ་བ་དང་། ཡང་དག་པར་རྒྱུ་བ་དང་། རབ་ཏུ་རྒྱུ་བ་དང་། ངེས་པར་རྒྱུ་བའོ། །དེ་ལ་སྲོག་ལ་སོགས་པའི་རླུང་ལྔ་ནི་ཕུང་པོ་ལྔ་ལ་ བརྟེན་ཏེ་ཕུང་པོའི་བྱ་བ་རྣམས་བྱེད་དོ། །ལྡང་ཞིང་རྒྱུ་བ་ལ་སོགས་པའི་རླུང་ལྔ་ནི་དབང་པོ་རྣམས་ལ་གནས་ནས་ཕྱི་རོལ་གྱི་བྱ་བ་རྣམས་བྱེད་དོ། །དེ་ལ་ལྡང་ཞིང་རྒྱུ་བ་ཞེས་བྱ་བའི་རླུང་མིག་གི་སྐྱེ་མཆེད་ལ་བརྟེན་ནས་གཟུགས་རྣམ་པ་ལྔའི་བྱ་བ་རྫོགས་པར་བྱེད་དོ། །དེ་ཡང་སྣང་བ་དང་སྒྲིབ་གཡོགས་ མེད་པ་དང་། ཡིད་ལ་བྱེད་པ་དང་། མིག་གི་དབང་པོ་ཚོགས་པ་དང་ལྡན་པའི་རྒྱུས་གཟུགས་ཀྱི་ཡུལ་རྣམས་མཐོང་སྟེ། དེ་ནི་རྣམ་པར་སྣང་མཛད་ཀྱིའོ། །འགྱིང་བག་དང་རྣམ་པར་རོལ་པ་དང་སྟེག་པའི་གཟུགས་ནི་མི་བསྐྱོད་པའི་འོ། །རྗེས་སུ་ཆགས་པའི་གཟུགས་ནི་རིན་ཆེན་འབྱུང་ ལྡན་གྱིའོ། །ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་དང་བཏང་སྙོམས་ཀྱི་འདུ་ཤེས་ཅན་གྱི་གཟུགས་ནི་འོད་དཔག་ཏུ་མེད་པའི་འོ། །བྱ་བ་ཐམས་ཅད་སྒྲུབ་པའི་གཟུགས་ནི་དོན་ཡོད་པར་གྲུབ་པས་བྱིན་གྱིས་བརླབས་པ་སྟེ། གཟུགས་ཀྱི་ཡུལ་རྣམ་པ་ལྔར་བཤད་དོ། །རྣམ་པར་རྒྱུ་བ་ཞེས་བྱ་བའི་རླུང་ནི་རྣ་ 35-1-65a བའི་སྐྱེ་མཆེད་ལ་བརྟེན་ནས་སྒྲ་རྣམ་པ་ལྔའི་བྱ་བ་བྱེད་དེ། དེ་ལ་རྣ་བའི་ནང་གི་སྒྲ་དང་མགོ་དང་སྐྲའི་སྒྲ་ནི་རྣམ་པར་སྣང་མཛད་ཀྱིའོ། །གླུ་དང་རྒྱུན་གྱི་སྒྲ་ནི་རིན་ཆེན་འབྱུང་ལྡན་གྱིའོ། །རྐན་དང་མཆུ་དང་ངག་གི་སྒྲ་ནི་འོད་དཔག་ཏུ་མེད་པའི་འོ། །ནགས་ཚལ་དང་ཆུ་བོ་དང་སེ་ གོལ་དང་ཐལ་མོ་དང་རྫ་རྔ་ལ་སོགས་པའི་རོལ་མོའི་སྒྲ་ནི་དོན་ཡོད་པར་གྲུབ་པའི་འོ། །ཡི་གེ་ཧཱུཾ་གི་ཞི་བ་དང་དྲག་པོའི་སྒྲ་ནི་མི་བསྐྱོད་པའི་བྱིན་གྱིས་བརླབས་པ་ཡིན་ཏེ་སྒྲའི་ཡུལ་རྣམ་པ་ལྔར་བཤད་དོ། །ཡང་དག་པར་རྒྱུ་བ་ཞེས་བྱ་བའི་རླུང་ནི་སྣའི་སྐྱེ་མཆེད་ལ་བརྟེན་ནས་དྲི་རྣམ་པ་ལྔའི་བྱ་བ་བྱེད་དོ། ། དེ་ལ་དྲི་མ་ལུས་པ་ནི་རྣམ་པར་སྣང་མཛད་ཀྱིའོ། །ཡན་ལག་ཐམས་ཅད་ཀྱི་དྲི་ནི་རིན་ཆེན་འབྱུང་ལྡན་གྱིའོ། །དྲི་གསུམ་གྱི་བྱེ་བྲག་འཛིན་པ་ནི་འོད་དཔག་ཏུ་མེད་པའི་འོ། །རོའི་དྲི་ནི་དོན་ཡོད་པར་གྲུབ་པའིའོ། །དྲི་མི་ཟད་པ་ནི་མི་བསྐྱོད་པས་བྱིན་གྱིས་བརླབས་པ་སྟེ་དྲིའི་སྐྱེ་མཆེད་རྣམ་པ་ལྔར་བཤད་དོ། ། རབ་ཏུ་རྒྱུ་བ་ཞེས་བྱ་བའི་རླུང་ནི་ལྕེའི་སྐྱེ་མཆེད་ལ་བརྟེན་ནས་རོ་རྣམ་པ་ལྔ་སྐྱོང་བར་བྱེད་དེ། དེ་ལ་རོ་མངར་བ་ནི་རྣམ་པར་སྣང་མཛད་ཀྱིའོ། །རོ་བསྐ་བ་ནི་རིན་ཆེན་འབྱུང་ལྡན་གྱིའོ། །ལན་ཚྭའི་རོ་ནི་འོད་དཔག་ཏུ་མེད་པའི་འོ། །རོ་ཁ་བ་ནི་མི་བསྐྱོད་པའི་འོ། །རོ་ཚ་བ་དང་སྐྱུར་བ་ལ་སོགས་པའི་རོ་དྲུག་ གི་བྱེ་བྲག་ནི་དོན་ཡོད་པར་གྲུབ་པར་བྱིན་གྱིས་བརླབས་པ་ཡིན་ཏེ་རོའི་སྐྱེ་མཆེད་རྣམ་པ་ལྔར་བཤད་དོ། །ངེས་པར་རྒྱུ་བ་ཞེས་བྱ་བ་ནི་ལུས་ཀྱི་སྐྱེ་མཆེད་ལ་བརྟེན་ནས་སྟོབས་འགྱེད་པ་ལ་སོགས་བ་སྟོབས་དང་སྤྲོ་བ་རྣམས་ཏེ། དེ་ཡང་རེག་བྱའི་བྱ་བ་ལྔ་རྗེས་སུ་སྐྱོང་བར་བྱེད་དོ། །དེ་ལ་སྟན་གཅིག་ ལ་གནས་པའི་རེག་བྱ་ནི་རྣམ་པར་སྣང་མཛད་ཀྱིའོ། །འཁྱུད་པའི་རེག་བྱ་ནི་རིན་ཆེན་འབྱུང་ལྡན་གྱིའོ། །འོ་བྱེད་པའི་རེག་བྱ་ནི་འོད་དཔག་ཏུ་མེད་པའི་འོ། །རྔུབ་པའི་རེག་བྱ་ནི་དོན་ཡོད་པར་གྲུབ་པའི་འོ། །བྷ་ག་དང་ལིངྒའི་སྦྱོར་བའི་རེག་བྱ་ཆགས་པ་དང་བྲལ་བ་དང་། དབུ་མའི་ཆགས་ པའི་ངོ་བོ་ཉིད་ཉེ་བར་དམིགས་པ་ནི་མི་བསྐྱོད་པས་བྱིན་གྱིས་བརླབས་པ་སྟེ་རེག་བྱའི་ཡུལ་རྣམ་པ་ལྔར་བཤད་དོ། །གཟུགས་སྒྲ་ལ་སོགས་སྔགས་པ་ཡིས། །ལྷ་ཉིད་དུ་ནི་རྟག་ཏུ་བསྒོམ། །ཞེས་བྱ་བའི་མདོའི་དོན་བཤད་ཟིན་ཏོ། །ཡེ་ཤེས་ལྔའི་དབང་དུ་བྱ་སྟེ་བཤད་པ། མེ་ལོང་ལ་ 35-1-65b གཟུགས་བརྙན་སྣང་བ་བཞིན་དུ་དངོས་པོ་མ་ལུས་པ་རྣམས་ཅིག་ཅར་ཡོངས་སུ་ཤེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་དེ་ནི་རྣམ་པར་སྣང་མཛད་ཀྱིའོ། །རྐང་མེད་དང་རྐང་གཉིས་དང་རྐང་བཞི་དང་། རྐང་མངས་ཀྱི་སེམས་ཅན་རྣམས་ཀྱང་སེམས་ཙམ་མོ་ཞེས་རྣམ་པ་གཅིག་ཏུ་རྟོགས་པ་ནི་མཉམ་ པ་ཉིད་ཀྱི་ཡེ་ཤེས་ཏེ་དེ་ནི་རིན་ཆེན་འབྱུང་ལྡན་གྱིའོ། །ཕུང་པོ་དང་ཁམས་ལ་སོགས་པའི་ཕྱི་དང་ནང་གི་དངོས་པོ་རྣམས་སོ་སོར་རྣམ་པར་ཕྱེ་སྟེ་རྣམ་པར་བརྟགས་ན་ཐམས་ཅད་ཀྱང་སངས་རྒྱས་ཀྱི་རང་བཞིན་ནོ་ཞེས་ཤེས་ནས་ཆོས་ཐམས་ཅད་ཀྱི་ཆ་ཤས་ནི་འདི་དག་གོ་ཞེས་པདྨའི་འདབ་མ་ལྟར་སོ་སོར་ རྟོག་ཅིང་རྟོག་པ་མེད་པས་གནས་པ་དེ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ་དེ་ནི་འོད་དཔག་ཏུ་མེད་པའི་འོ། །བདག་དང་གཞན་གྱི་བྱ་བ་ལུས་དང་ངག་དང་ཡིད་ཀྱི་ལས་རྫོགས་པར་བྱེད་པའི་ངོ་བོ་ཉིད་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ཏེ་དེ་ནི་དོན་ཡོད་པར་གྲུབ་པའི་འོ། །ལུས་དང་ངག་དང་ཡིད་ཀྱི་སྒྲིབ་པ་དག་ ཅིང་ལས་དང་ཉོན་མོངས་པ་ལས་གྲོལ་ཏེ། དགེ་བ་དང་མི་དགེ་བའི་རྣམ་པར་རྟོག་པའི་བག་ཆགས་རྣམ་པར་སྦྱངས་པ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཏེ་དེ་ནི་མི་བསྐྱོད་པས་བྱིན་གྱིས་བརླབས་པའོ། །དེ་བས་ན། ཕུང་པོ་ཁམས་དང་དེ་བཞིན་སྐྱེ་མཆེད་རྣམས། །ལྔ་པོ་ དབྱེ་བ་ལྔ་རུ་བྱས་པ་ལ། །དེ་བཞིན་གཤེགས་པས་སོ་སོར་བྱིན་བརླབས་ན། །འཁོར་བའི་ལས་རྣམས་དག་ནི་ག་ལས་འབྱུང་། །དེ་བཞིན་དབང་པོ་ཕྱི་རོལ་ཡུལ་བཅས་ལྔ། །རེ་རེ་ཞིང་ཡང་བདེར་གཤེགས་ལྔ་རྣམས་ཀྱིས། །དེ་ལ་རང་རང་རྟག་ཏུ་བྱིན་ལོབ་ཅིང་། །ཡེ་ཤེས་ལྔ་དང་ གསུམ་དུའང་ཡང་དག་གནས། །ཞེས་གསུངས་པའི་ཕྱིར་རོ། །རིགས་ནི་རྣམ་པ་བརྒྱར་བཤད་པ། །ཞེས་བྱ་བའི་མདོའི་དོན་བཤད་ཟིན་ཏོ། །རྡོ་རྗེ་སློབ་མས་གསོལ་པ། རིགས་བརྒྱའི་རིམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཡོངས་སུ་བསགས་པ་ལས་ གྲུབ་པའི་ལུས་ཡིན་པར་སོམ་ཉི་མ་མཆིས་ན། ཡང་ཇི་ལྟར་ན་དེ་ནི་མདོར་བསྡུས་ན་རྣམ་པ་ལྔར་འགྱུར་བ་ལགས། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། ཁམས་བཞི་པོ་དག་ལས་ལུས་ཀྱི་ཕུང་པོ་མངོན་པར་འགྲུབ་པར་འགྱུར་ཏེ། ཁམས་རྣམས་ཚོགས་པའི་ཕྱིར་འབྱུང་བ་ལས་གྱུར་པ་འབྱུང་ 35-1-66a བ་སྟེ། དེ་བས་ན་གང་གཟུགས་ཀྱི་ཕུང་པོ་ལ་སོགས་པ་འབྱུང་བ་ལས་གྱུར་པ་ནི་དེ་བཞིན་གཤེགས་པའི་རིགས་ཅན་ཏེ། དེ་ནི་སའི་ཁམས་སྡུད་པར་བྱེད་པས་ཉེ་བར་འགྲོའོ། །དེ་བཞིན་དུ་རིན་པོ་ཆེའི་རིགས་ཅན་རྣམས་ནི་ཆུའི་ཁམས་སོ། །པདྨའི་རིགས་ ཅན་རྣམས་ནི་མེའི་ཁམས་སོ། །ལས་ཀྱི་རིགས་ཅན་རྣམས་ནི་རླུང་གི་ཁམས་སོ། །རྡོ་རྗེའི་རིགས་ཅན་རྣམས་ནི་རྣམ་པར་ཤེས་པའི་ཁམས་སུ་བསྡུས་པར་གྱུར་པ་ཡིན་ནོ། །ཚུལ་འདིས་ན་རང་གི་ལུས་ཀྱི་དཀྱིལ་འཁོར་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་དབྱེ་བས་ཕུང་པོ་ལྔ་རྣམས་ བརྒྱར་གྱུར་པ་ཡང་གསང་བ་ལྔའི་དེ་ཁོ་ན་ཉིད་འབྱུང་བ་ཆེན་པོ་ལྔའི་དེ་ཁོ་ན་ཉིད་དུ་འགྱུར་ཏེ། འདིར་གསང་བ་འདུས་པ་ལས། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །དཀྱིལ་འཁོར་རྡོ་རྗེ་ཀུན་ལས་སྐྱེས། །ཞི་བ་རྡོ་རྗེ་འཛིན་འདོད་ན། །བསྡུ་བ་དག་ཀྱང་རབ་ཏུ་བྱ། །ཞེས་གསུངས་པ་ དང་། དོན་དེ་ཉིད་གསལ་བར་བྱ་བའི་ཕྱིར་ཐམས་ཅད་གསང་བའི་རྒྱུད་ལས། འབྱུང་བ་ལྔ་ཡི་བདག་ཉིད་ལྔར། །མི་ཡི་ལུས་ནི་བརྟག་བྱ་སྟེ། །དངོས་དེ་ངེས་པར་བསྒོམས་པ་ཡིས། །རང་སེམས་མཐུ་ཡིས་སངས་རྒྱས་འགྱུར། །ཞེས་བཤད་པ་ད་ང་། ནམ་མཁའ་དང་མཉམ་པའི་ རྒྱུད་ལས་ཀྱང་། འགྲོ་བ་འདི་ཀུན་སངས་རྒྱས་ལྔ་བདག་ཉིད། །གར་མཁན་དག་དང་རི་མོ་བཟང་ལྟར་སྣང་། །གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུ་ཉམས་ནི་དུ་མར་གར་མཛད་དོ། །ཞེས་གསུངས་པས་སོ། །མདོར་བསྡུ་ན་རྣམ་པ་ལྔ་ཞེས་བྱ་བའི་མདོའི་དོན་བཤད་ཟིན་ ཏོ། །རྡོ་རྗེ་སློབ་མས་གསོལ་པ། རྣམ་པ་ལྔ་ལས་ཇི་ལྟར་རྣམ་པ་གསུམ་དུ་འགྱུར་བ་ལགས། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། རིན་ཆེན་འབྱུང་ལྡན་ནི་སྐུ་རྡོ་རྗེ་དང་ལྷན་ཅིག་གཉིས་སུ་མེད་པར་འགྱུར་རོ། །དོན་ཡོད་གྲུབ་པ་ནི་གསུང་རྡོ་རྗེ་དང་ལྷན་ཅིག་གཉིས་སུ་མེད་པར་འགྱུར་རོ། ། མི་བསྐྱོད་པ་ནི་དྲུག་པ་དེ་བཞིན་གཤེགས་པ་དང་ལྷན་ཅིག་གཉིས་སུ་མེད་པར་འགྱུར་ཏེ། དེ་ལྟར་རིགས་བརྒྱ་ནས་བརྩམས་ཏེ། རིགས་ལྔའི་བར་གྱི་བདག་ཉིད་ཅན་གྱི་སངས་རྒྱས་དང་བྱབ་ཆུབ་སེམས་དཔའ་རྣམས་ནི་རང་གི་ལུས་དང་ངག་དང་ཡིད་ཀྱིས་བསྡུས་པར་གྱུར་པ་ཡིན་ནོ། །ཇི་ 35-1-66b སྐད་དུ་བཅོམ་ལྡན་འདས་ཀྱིས་གསང་བ་འདུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་མི་ཟད་པའི་རྡོ་རྗེ་གསུམ་གྱིས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ལ་རབ་ཏུ་ཞུགས་པར་འགྱུར་རོ་ཞེས་བྱ་བ་དང་། ལུས་དང་ངག་དང་སེམས་དམིགས་ན། །ངོ་ བོ་ཉིད་ཀྱིས་དམིགས་སུ་མེད། །སྔགས་ཀྱི་ལུས་སུ་སྦྱོར་བ་ལ། །བྱང་ཆུབ་མེད་ཅིང་བསྒོམ་པའང་མེད། །ལུས་དང་ངག་སེམས་མཚན་ཉིད་དུ། །མདོར་ན་རྣམ་པར་དཔྱད་ནས་སུ། །སྔགས་ཀྱིས་བརྟགས་པའི་ཏིང་ངེ་འཛིན། །སྦྱོར་བའི་ཆོ་ག་བསྒོམ་པར་བྱ། །ཞེས་གསུངས་པ་དང་། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་ལས་ཀྱང་དོན་འདི་གསལ་བར་བསྟན་ཏེ། གཟུགས་བརྙན་ལུགས་མ་སོགས་པ་ལས། །རྣལ་འབྱོར་འབྱུང་བར་མི་འགྱུར་གྱི། །བྱང་ཆུབ་སེམས་ལ་རབ་བརྩོན་ན། །དེ་ལས་རྣལ་འབྱོར་ལྷར་འགྱུར་རོ། ། བདག་ཉིད་སངས་རྒྱས་ཐམས་ཅད་དང་། དཔའ་བོ་ཐམས་ཅད་བདག་ཡིན་ནོ། །དེ་བས་བདག་ཉིད་ལྷར་སྦྱོར་བས། །བདག་ཉིད་རབ་ཏུ་བསྒྲུབ་པར་བྱ། །ཞེས་གསུངས་པས་ཏེ། ལུས་དང་ངག་སེམས་སྦྱོར་བ་ཡིས། །གསུམ་དུ་ཡང་ནི་འགྱུར་བ་ཡིན། །ཞེས་བྱ་བའི་མདོའི་ དོན་བཤད་ཟིན་ཏོ། །རྡོ་རྗེ་སློབ་མས་གསོལ་པ། རྟོགས་པ་ཐམས་ཅད་ཀྱི་བདག་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་རང་གི་ལུས་དང་ངག་དང་ཡིད་ཀྱིས་ཡང་དག་པར་བསྡུས་པ་ལ་ནི་སོམ་ཉི་མ་མཆིས་ན་རིགས་གསུམ་པོ་དེ་ཡང་ཇི་ལྟར་ན་རྡོ་རྗེ་གསུམ་མི་ཕྱེད་པའི་བདག་ ཉིད་ཅན་གྱི་སྐུ་རྡོ་རྗེར་འགྱུར་བ་ལགས། བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་སྟོན་པས་བཤད་དུ་གསོལ། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། སེམས་ཅན་ཆེན་པོ་འདུས་པའི་དོན་ལ་ཞུགས་པ་རྣམས་ལ་ཕན་པར་བྱ་བའི་ཕྱིར་ལུས་རྣམ་པར་དབེན་པའི་མཐར་ཐུག་པ་འདྲི་བར་བྱེད་པ་ལེགས་སོ་ ལེགས་སོ། །དེ་བས་ན་ངས་ལུས་དང་ངག་དང་ཡིད་དང་ཕན་ཚུན་གཅིག་ལ་གཅིག་རྒྱུར་གྱུར་པ་བསྟན་ནས་སྐུ་རྡོ་རྗེའི་ཏིང་ངེ་འཛིན་ལ་རབ་ཏུ་གཞག་པར་བྱ་ཡིས་ཉོན་ཅིག །དོན་ལ་དམིགས་པའི་ལུས་དང་ནི། །ངག་ཀྱང་ཡིད་ཀྱིས་བསྐུལ་བྱ་ཞིང་། །ཡིད་ནི་དགའ་བར་བྱེད་པ་ཡིན། ། 35-1-67a དངོས་གྲུབ་རབ་མཆོག་བསྒྲུབ་པར་བྱ། །ཞེས་བཅོམ་ལྡན་འདས་ཀྱིས་གསང་བ་འདུས་པ་ལས་གསུངས་ཏེ། འདིའི་དགོངས་པ་ནི་འདི་ཡིན་ཏེ། དེ་ལ་སྐུ་རྡོ་རྗེར་གྱུར་ནས་རྐན་དང་མཆུ་སྦྱར་བ་དང་། ལྕེའི་ཚོགས་རྣམ་པར་གྱུར་པ་ལས་གསུང་རྡོ་རྗེ་ལ་འཇུག་པར་ འགྱུར་རོ། །ཐུགས་རྡོ་རྗེ་ནི་དེ་ལ་སྐུལ་བར་བྱེད་པ་ཡིན་ཏེ་དེ་ལྟར་གསུམ་ཚོགས་པ་ལས་ཡིད་དགའ་ཞིང་ཚིམ་པར་བྱེད་པའི་དངོས་གྲུབ་རྫོགས་པར་བྱེད་དོ་ཞེས་པའི་དོན་ཏོ། །དེ་ལྟར་ལུས་དང་ངག་དང་ཡིད་ལ་སོགས་པའི་བསྒོམ་པའི་མཚན་ཉིད་བརྟགས་ནས་ད་ནི་རྡོ་རྗེ་གསུམ་མི་ཕྱེད་ པའི་མཚན་ཉིད་གཞག་པར་བྱ་སྟེ། གསང་བ་འདུས་པ་ལས་ཁྱེད་ཀྱི་སེམས་ལུས་ལྟ་བུ་དང་། ལུས་སེམས་ལྟ་བུ་དང་། སེམས་ཚིག་ཏུ་བརྗོད་པ་ལྟ་བུ་སྐྱེད་ཅིག་ཅེས་གསུངས་པས་བདག་ནི་རང་བཞིན་གྱི་བདག་པོའོ་ཞེས་བདག་ཉིད་བརྟན་པ་བསྐྱེད་ལ་རྡོ་རྗེ་གསུམ་གྱི་བདག་ཉིད་རྡོ་རྗེ་ འཆང་ཆེན་པོར་ལྷག་པར་མོས་པར་བྱས་པ་ནི་བྱིན་གྱིས་བརླབས་པའི་རྣལ་འབྱོར་ཅེས་བྱ་བར་བཤད་དོ། །ལུས་རྣམ་པར་དབེན་པ་བསྡུས་པའི་ཐེ་ཚོམ་གཅོད་པ་སྟེ་ལེའུ་གཉིས་པའོ།། །།རྡོ་རྗེ་སློབ་མས་གསོལ་པ། ལུས་རྣམ་པར་དབེན་པ་ལ་བསླབ་པ་ལ་ནི་སོམ་ཉི་མ་ མཆིས་ན། བཅོམ་ལྡན་འདས་ངག་རྣམ་པར་དབེན་པ་ལ་ཇི་ལྟར་བསླབ་པར་བགྱི། ཇི་ལྟར་རབ་ཏུ་བསྒྲུབ་པར་བགྱི། བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་སྟོན་པས་བཤད་དུ་གསོལ། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། སེམས་ཅན་ཆེན་པོ་ལེགས་སོ་ལེགས་སོ་ཕུང་པོ་དང་ཁམས་དང་སྐྱེ་ མཆེད་ལ་སོགས་པ་བཤད་མ་ཐག་པ་ནི་ལུས་རྣམ་པར་དབེན་པ་སྟེ། དེ་ལ་ལྷ་རྣམ་པར་དགོད་པ་ནི་ཐམས་ཅད་ཀྱི་ཐུན་མོང་སྟེ། རགས་པའི་རྣལ་འབྱོར་ཡིན་པའི་ཕྱིར་རོ། །ངག་རྣམ་པར་དབེན་པ་དེ་ཡང་རྣལ་འབྱོར་པའི་ཡེ་ཤེས་ཏེ། ཤིན་ཏུ་ཕྲ་བ་ཐེག་པ་ཆེན་པོ་པ་རྣམས་ཀྱི་ཡུལ་མ་ཡིན་ པ་རྡོ་རྗེའི་ཐེག་པ་རྣམས་ལས་ཀྱང་བསྐྱེད་པའི་རིམ་པ་ལ་སྤྱོད་པ་རྣམས་ཀྱི་ཡུལ་མ་ཡིན་ཏེ་ཤིན་ཏུ་ཕྲ་བའི་ཕྱིར་རོ། །དེ་བས་ན་ངས་ཁྱོད་ལ་བཤད་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་གསུང་རྡོ་རྗེའི་ཏིང་ངེ་འཛིན་རྒྱ་ཆེར་སོ་སོར་རྟོགས་པར་བྱ་ཡིས་ཤིན་ཏུ་འབད་དེ་ཉོན་ཅིག །དེ་ལ་རིགས་ནི་རྣམ་པ་ 35-1-67b བརྒྱར་གསུངས་ཏེ་ཞེས་བྱ་བ་ལ་སོགས་པ་སྔར་བཤད་པའི་ཚིགས་སུ་བཅད་པའི་མདོ་ནི་ལུས་དང་ངག་དང་སེམས་རྣམ་པར་དབེན་པའི་ཡང་ཐུན་མོང་ཡིན་ནོ། །དེ་ལ་ངག་རྣམ་པར་དབེན་པ་ཞེས་བྱ་བ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་དོ། །དེ་ཡང་རླུང་གི་དེ་ཁོ་ན་ཉིད་ཀྱི་རིམ་པ་དང་བྲལ་བས་ནི་དེ་ཤེས་པར་ མི་འགྱུར་རོ། །རླུང་གི་དེ་ཁོ་ན་ཉིད་ཅེས་བྱ་བ་ནི་སྲོག་དང་རྩོལ་བའོ། །དེ་བས་ན་རླུང་གི་དེ་ཁོ་ན་ཉིད་བསྟན་པའི་ཚིག་དཔལ་གསང་བ་འདུས་པ་ལས། རིན་ཆེན་ཁ་དོག་སྣ་ལྔ་པ། །ཡུངས་ཀར་གྱི་ནི་འབྲུ་ཚད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །དེ་ཉིད་སྦྱོར་བས་རྟག་ཏུ་བསྒོམ། །ཞེས་ གསུངས་ཏེ། རྡོ་རྗེའི་ཚིག་འདི་ངེས་པ་དང་དྲང་བའི་དོན་གྱི་དབྱེ་བས་ལྷའི་རྣལ་འབྱོར་རྣམ་པ་གཉིས་ལ་ཡང་སྦྱར་ཏེ། དེ་ལ་བསྐྱེད་པའི་རིམ་པ་སྒོམ་པར་བྱེད་པས་ནི་སྣའི་རྩེ་མོར་ཡུངས་ཀར་གྱི་འབྲུ་ཚོད་ཙམ་གྱི་རང་གི་ལྷའི་མཚན་མ་རང་སེམས་བརྟན་པར་བྱ་བའི་ཕྱིར་བསྒོམ་པར་བྱའོ་ཞེས་བསྟན་ པ་འདི་ནི་ཕྲ་མོའི་རྣལ་འབྱོར་བཤད་པ་ཡིན་ནོ། །འདི་ཉིད་རྫོགས་པའི་རིམ་པ་ལ་གནས་པ་རྣམས་ཀྱི་ཕྲ་མོའི་རྣལ་འབྱོར་བཤད་པ་ནི་ཨཱ་ལི་ཀཱ་ལི་རྣམས་ཀྱི་བུད་མེད་དང་སྐྱེས་པ་དང་མ་ནིང་གི་ཚུལ་གྱི་ཡི་གེ་གསུམ་བསྐྱེད་ལ་ཡི་གེ་གསུམ་ཡང་འཇུག་པ་དང་གནས་པ་དང་ལྡང་བར་ངེས་པར་སྦྱར་ལ་ དཀྱིལ་འཁོར་བཞིའི་རིམ་གྱིས་སྲོག་དང་རྩོལ་བའི་བདག་ཉིད་ཅན་གྱི་རྡོ་རྗེའི་བཟླས་པ་བྱའོ། །དོན་འདི་ཉིད་བསྟན་པར་བྱ་བའི་ཕྱིར་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །སྣ་ཡི་རྩེ་ མོར་རབ་ཏུ་བརྟག །རིན་ཆེན་ཁ་དོག་སྣ་ལྔ་པ། །སྲོག་དང་རྩོལ་བ་ཞེས་བྱར་བཤད། །ཅེས་གསུངས་པའོ། །མདོར་བསྟན་པ་འདིའི་བཤད་པ་གསང་བ་འདུས་པའི་བཤད་པའི་རྒྱུད་དགོངས་པ་ལུང་སྟོན་པ་ལས་བཤད་དེ། དེ་ནས་བཅོམ་ལྡན་རྡོ་རྗེ་ཅན། །རྡོ་རྗེ་སྙིང་པོའི་དོན་གསུངས་ པ། །འགྲོ་བའི་བླ་མ་གཅིག་པུ་ལ། །ཕྱག་འཚལ་ནས་ནི་སླར་གསོལ་པ། །འཇིག་རྟེན་པ་ཡི་ལུང་ཉིད་ཀྱིས། །བྱང་ཆུབ་སེམས་ནི་རབ་གསུངས་ན། །ཇི་ལྟར་འཇིག་རྟེན་ལས་འདས་པ། །མ་འོངས་པ་ཡིས་ཇི་ལྟར་རྟོགས། །ལྟ་བ་ཐམས་ཅད་རབ་སྤང་ཕྱིར། །ཁྱེད་ནི་ཆོས་རྣམས་ 35-1-68a སྟོན་མཛད་ན། །ཇི་ལྟར་བྱང་ཆུབ་སེམས་དེ་ཉིད། །ལྟ་བ་དེ་ནི་རབ་བསྟན་འགྱུར། །དགོངས་པའི་ཚིག་ལ་རྨོངས་པ་རྣམས། །གསུངས་པའི་དོན་ནི་མ་རྟོགས་ནས། །གསུངས་པ་འདི་ལས་གཞན་མིན་ཞེས། །དེ་ནི་ཇི་བཞིན་སྒྲར་འཛིན་ཏོ། །དེ་ནས་བཅོམ་ལྡན་སྣ་ཚོགས་ པས། །ལག་ན་རྡོ་རྗེ་ལ་གསུངས་པ། །ཁྱེད་གསང་དགོངས་པ་མ་རྟོགས་པ། །འདྲི་བར་བྱེད་པ་ལེགས་སོ་ལེགས། །བྱང་ཆུབ་སེམས་ནི་རླུང་འགྱུར་ཞིང་། །ནམ་མཁའ་ལ་ནི་རྣམ་གནས་པ། །སེམས་ཅན་ཀུན་གྱི་སྲོག་གྱུར་ཡིན། །ལྔ་ཡི་བདག་ཉིད་བཅུ་མིང་ཅན། །རྟེན་འབྲེལ་བཅུ་གཉིས་ཞེས་ གྲགས་པ། །ངོ་བོ་ཉིད་རྣམས་གསུམ་དུ་འགྱུར། །རླུང་ཞེས་བྱ་བའི་བྱང་ཆུབ་སེམས། །དབང་པོ་ཀུན་གྱི་གཙོ་འདི་ཡིན། །འདི་ལྟར་མི་མངོན་ཕྲ་བ་ལས། །རྟག་ཏུ་གསལ་བར་བརྗོད་པ་ཡིན། །འགྲོ་བ་ཡུལ་སོགས་ལས་བྱེད་པ། །འདིར་ནི་དེ་ལ་བརྟེན་པ་ཡིན། །ཞི་བ་དང་ནི་རྒྱས་པ་དང་། ། དབང་དང་དེ་བཞིན་མངོན་སྤྱོད་རྣམས། །དེ་ཉིད་གསུམ་གནས་ལ་བརྟེན་ནས། །དེ་ཀུན་བྱང་ཆུབ་སེམས་ཀྱིས་བྱེད། །ཇི་སྲིད་འཇིག་རྟེན་བརྟག་པ་དང་། །དེ་བཞིན་བརྟག་པ་སྣ་ཚོགས་རྣམས། །རྣམ་རྟོག་བྱང་ཆུབ་སེམས་ཞེས་པའི། །རླུང་ལས་རྟག་ཏུ་འབྱུང་བ་ཡིན། །བདེ་སྡུག་ལ་སོགས་ ཆོས་རྣམས་ཀྱི། །ས་བོན་ལྟ་བུར་བཤད་པ་ཡིན། །བྱང་ཆུབ་སེམས་ཀྱི་ངོ་བོ་འདི། །ཕུང་སོགས་གཉིས་མེད་མཁའ་དང་མཉམ། །ཤིས་རབ་ཐབས་གཅིག་སྦྱོར་བ་ཡིས། །བྱང་ཆུབ་སེམས་ནི་འགྲོ་བར་འགྱུར། །ཀློག་དང་བསམ་གཏན་རྣམས་སྤངས་པར། །བདག་པོ་རང་ཉིད་ཟློས་པ་ སྟེ། །ཉིན་དང་མཚན་མོ་དབྱེ་བ་ཡིས། །ཉི་ཟླ་རབ་ཏུ་སྦྱོར་བ་ཡིན། དངོས་པོ་མེད་པས་འགྲོ་ཁྱབ་པའི། །བྱང་ཆུབ་སེམས་ཀྱི་རླུང་གཅིག་པུ། །དགེ་དང་མི་དགེའི་འབྲས་སྤངས་ན། །ནམ་མཁའ་འདྲ་བར་འགྱུར་བ་ཡིན། །ཞེས་གསུངས་པས་སོ། །རྡོ་རྗེ་སློབ་མས་གསོལ་པ། རླུང་ལྔའི་ བདག་ཉིད་བཅུ་མིང་ཅན། །ཞེས་གསུངས་པ། བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བ་ཉེ་བར་བཞག་སྟེ། རེ་རེའི་མིང་གི་དབྱེ་བ་གཞན་བཤད་དུ་གསོལ། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། བཤད་མ་ཐག་པའི་བཤད་པའི་རྒྱུད་ཉིད་ལས་བསྟན་པ་དེ་དགྲོལ་བར་བྱའོ། །དེ་ནས་དེ་བཞིན་གཤེགས་ 35-1-68b ཀུན་དང་། །དེ་བཞིན་བྱང་ཆུབ་སེམས་དཔའ་རྣམས། །དེ་བཞིན་གཤེགས་པ་བདག་པོ་དེ། །མཉེས་བྱའི་ཕྱིར་ནི་ཞུགས་པར་འགྱུར། །སྲོག་དང་ཐུར་སེལ་གྱེན་རྒྱུ་དང་། །ཁྱབ་དང་མཉམ་གནས་ཞེས་བཤད་དང་། །ཀླུ་དང་རུས་སྦལ་རྩངས་པ་དང་། །ལྷ་སྦྱིན་དང་ནི་གཞུ་ལས་རྒྱལ། །དེ་དག་ བདག་གཟུགས་བུད་མེད་དུ། །སླར་ཡང་སྤྲུལ་པར་མཛད་པ་ཡིན། །རླུང་བཅུ་པོ་འདི་དག་ནི་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་བདེ་བའི་མཆོག་གི་ཚུལ་ལས་ནི་སྒྲ་ཇི་བཞིན་མ་ཡིན་པས་གསུངས་ཏེ། ཀོ་ཊ་ཁྱ། ཀོ་ཊ་བ། ཀོ་ཊ། ཀོ་ཊ་བཤྩ་ཤ། ཀོ་ཊཱི་ར་གཿ། ཀོ་ལ་ ཁྱ། ཀོ་ལ་བཱ། ཀོ་ལ། ཀོ་ལ་བཤྩ། ཀོ་ལ་ཏ་ཐཱ། མིང་བཅུ་པོ་དེ་དག་ནི་རྡོ་རྗེའི་སྒོ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་སྒྲ་ཇི་བཞིན་པའི་དོན་གྱིས་རླུང་བཅུར་གསུངས་ཏེ། སྲོག་དང་ཐུར་དུ་སེལ་བ་དང་། མེ་དང་མཉམ་དུ་གནས་པ་དང་། གྱེན་དུ་རྒྱུ་བ་དང་། ཁྱབ་བྱེད་དང་། རྒྱུ་བ་དང་། རྣམ་པར་རྒྱུ་བ་དང་། ཡང་དག་པར་རྒྱུ་བ་དང་། རབ་ཏུ་རྒྱུ་བ་དང་། ངེས་པར་རྒྱུ་བ་ཞེས་བྱའོ། །རྡོ་རྗེ་སློབ་མས་གསོལ་པ། སྲོག་ཅེས་བྱ་བ་ལ་སོགས་པ་རླུང་བཅུ་པོ་ལུས་འདི་ལ་གང་ཞིག་རབ་ཏུ་གནས་ནས་ཅི་ཞིག་བགྱིད་པ་བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་སྟོན་པས་བཤད་དུ་ གསོལ། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། རླུང་ལྔ་ནི་ལུས་ཀྱི་ཆ་ལ་གནས་ནས་ལུས་ཀྱི་བྱ་བ་རྣམས་བྱེད་དོ། །རླུང་ལྔ་ནི་མིག་ལ་སོགས་པའི་སྐྱེ་མཆེད་ལ་གནས་ནས་དབང་པོ་རྣམས་ཀྱི་བྱ་བ་རྣམས་བྱེད་དོ། །དེ་ལ་སྲོག་ཅེས་བྱ་བའི་རླུང་སྙིང་གར་གནས་པ་ནི་དེ་བཞིན་གཤེགས་པ་མི་བསྐྱོད་པའོ། ། ཐུར་དུ་སེལ་བ་མདོམས་ན་གནས་པ་ནི་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་ནོ། །གྱེན་དུ་རྒྱུ་བ་ལྐོག་མར་གནས་པ་ནི་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པའོ། །མེ་དང་མཉམ་དུ་གནས་པ་ལྟེ་བར་གནས་པ་ནི་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པའོ། །ཁྱབ་བྱེད་ཚིགས་ཐམས་ ཅད་ལ་གནས་པ་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དོ། །རྒྱུ་བའི་རླུང་ནི་གཟུགས་སོ། །རྣམ་པར་རྒྱུ་བ་ནི་སྒྲའོ། །ཡང་དག་པར་རྒྱུ་བ་ནི་དྲིའོ། །རབ་ཏུ་རྒྱུ་བ་ནི་རོའོ། །ངེས་པར་རྒྱུ་བ་ནི་རེག་བྱའོ། །ཡང་རླུང་བཅུ་པོ་འདི་དག་ནི་དབུགས་འབྱུང་བ་དང་རྔུབ་པར་འགྱུར་བ་དང་། དེ་རྣམས་ 35-1-69a ཀྱང་རླུང་ལ་སོགས་པའི་དཀྱིལ་འཁོར་བཞིའི་བདག་ཉིད་ཅན་དུ་འགྱུར་བ་དང་།ཡང་དེ་རྣམས་ལྷ་མོ་བཞིའི་བདག་ཉིད་ཅན་དུ་འགྱུར་བ་དང་། ཡང་དེ་རྣམས་འབྱུང་བ་རྣམ་པ་ལྔར་འགྱུར་བ་དང་། ཡང་དེ་རྣམས་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་རྣམ་པ་ ལྔར་འགྱུར་བ་དང་། ཡང་དེ་རྣམས་དཀར་པོ་ལ་སོགས་པ་འོད་ཟེར་རྣམ་པ་ལྔའི་བདག་ཉིད་ཅན་དུ་འགྱུར་བ་དང་། ཡང་དེ་རྣམས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་དུ་འགྱུར་བ་དང་། ཡང་དེ་རྣམས་ཡི་གེ་གསུམ་གྱི་གཞིར་གྱུར་ནས་འཇུག་པ་དང་གནས་པ་དང་ལྡང་བའི་ རིམ་གྱིས་རྡོ་རྗེ་བཟླས་པ་བྱེད་པར་འགྱུར་བ་དང་། ཡང་རླུང་དེ་རྣམས་ཡི་གེ་ཨའི་གཞིར་གྱུར་ནས་ཚིག་མ་ལུས་པར་སྨྲ་བར་བྱེད་པ་དང་། ཡང་དེ་རྣམས་མི་ཤིགས་པ་ཐོབ་ན་དངོས་པོ་མེད་པར་འགྱུར་རོ། །རྡོ་རྗེ་སློབ་མས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རླུང་བཅུ་པོ་འདི་དག་ གཅིག་དང་དུ་མའི་ངོ་བོས་རང་གི་ལུས་ལ་ཉིན་དང་མཚན་དུ་སྤྲོ་བ་དང་སྡུད་པར་བགྱིད། བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་སྟོན་པས་བཤད་དུ་གསོལ། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། སེམས་དཔའ་ཆེན་པོ་ལེགས་སོ་ལེགས་སོ། །དཔལ་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་རྩ་བའི་རྒྱུད་ བླ་མ་ལས་ཇི་ལྟར་རླུང་གི་དེ་ཁོ་ན་ཉིད་དགོངས་པར་བཤད་ཀྱིས་གསལ་བར་མ་གསུངས་ལ། དེ་བཤད་པའི་རྒྱུད་ལས་སྒྲ་ཇི་བཞིན་པར་གསུངས་པས་དེ་ལ་འཇུག་པར་བྱའོ། །སངས་རྒྱས་ལྔ་ཡི་རིགས་གནས་པ། །སྣ་རྩེའི་བུ་ག་ལས་བྱུང་ཞིང་། །རླུང་ལྔ་སྟེང་དུ་ཡང་དག་རྒྱུ། །ལུས་ལ་ རྟག་ཏུ་སྤྱོད་པར་འགྱུར། །ཀུན་རྫོབ་སྣར་ནི་སྤྱོད་པ་ཡི། །སྒོ་དེ་ལས་ནི་རྣམ་པར་འབྱུང་། །གཡོན་དང་གཡས་དང་གཉིས་ཀ་དང་། །དལ་བར་རྒྱུ་དང་རྣམ་པ་བཞི། །གཡས་པ་ནས་ནི་འབྱུང་བའི་ཁམས། །མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །ཁ་དོག་དམར་བའི་མཆོག་འདི་ནི། ། པདྨ་མགོན་པོ་རྒྱུ་བའོ། །གཡོན་པ་ནས་ནི་འབྱུང་བའི་ཁམས། །རླུང་གི་དཀྱིལ་འཁོར་འབྱུང་བ་དག །ལྗང་སེར་དག་ཏུ་སྣང་བ་སྟེ། །ལས་ཀྱི་མགོན་པོ་རྒྱུ་བའོ། །གཉིས་ཀ་ལས་ནི་འབྱུང་བའི་ཁམས། །གསེར་གྱི་མདོག་ཏུ་སྣང་བ་སྟེ། །དབང་ཆེན་གྱི་ནི་དཀྱིལ་འཁོར་ཉིད། །རིན་ཆེན་ 35-1-69b མགོན་པོ་རྒྱུ་བའོ། །དལ་ཞིང་རྒྱུ་བ་མེད་པའི་ཁམས། །དག་པའི་ཤེལ་ལྟར་སྣང་བ་སྟེ། །སྐད་ཅིག་ཆུ་ཡི་དཀྱིལ་འཁོར་ཏེ། །རྡོ་རྗེ་མགོན་པོ་རྒྱུ་བའོ། །ཁམས་ཀུན་ཡང་དག་འབྱུང་བ་ནི། །རྟེན་དང་བརྟེན་པར་བཟུང་བ་ནི། །རྣམ་སྣང་མཛད་ཆེན་སྐུ་ཡིན་ནོ། །འཆི་བའི་མཐར་ནི་འབྱུང་བར་འགྱུར། ། དཀྱིལ་འཁོར་བཞི་པོ་འདི་དག་ནི། །མཉམ་པར་གཞག་པས་རྟག་ཏུ་ཟློས། །སྔགས་བཟླས་པ་ཡི་གྲངས་ཀྱིས་ནི། །ཉིན་དང་མཚན་དུ་རྟག་པར་ཟློས། །ཞེས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ཕྲེང་བ་ཞེས་བྱ་བ་རྣལ་འབྱོར་གྱི་རྒྱུད་ཆེན་པོ་ལས་གསུངས་སོ། །འདིའི་དོན་ནི་འདི་ཡིན་ཏེ། པདྨ་ དང་རྡོ་རྗེའི་སྣ་དག་ལས་འོད་ཟེར་རྣམས་བྱུང་ནས་སྟེང་དུ་སོང་སྟེ། ཀུན་རྫོབ་ཀྱི་སྣའི་སྒོ་ལས་གཡོན་པ་དང་གཡས་པ་དང་གཉིས་ཀ་དང་དལ་གྱིས་རྒྱུ་བའི་རིམ་གྱིས་འབྱུང་ངོ་། །དེའི་རིམ་པ་ནི་འདི་ཡིན་ཏེ། སྣ་གཡོན་པ་ནས་ངེས་པར་འབྱུང་བའི་རླུང་ནི་དེ་བཞིན་གཤེགས་པ་དོན་ཡོད་པར་ གྲུབ་པའི་རླུང་གི་ངོ་བོ་སྟེ། རླུང་གི་དཀྱིལ་འཁོར་མདོག་ལྗང་སེར་འོད་ཟེར་ནག་པོའི་ངོ་བོ་ཉིད་དོ། །སྣ་གཡས་ནས་རྒྱུ་བའི་རླུང་ནི་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པ་སྟེ་མེའི་རང་བཞིན་མེའི་དཀྱིལ་འཁོར་འོད་ཟེར་དམར་པོའི་ངོ་བོ་ཉིད་དོ། །སྣ་གཉི་ག་ལས་བྱུང་བའི་རླུང་ནི་རིན་ཆེན་འབྱུང་ལྡན་ཏེ་ དབང་ཆེན་གྱི་དཀྱིལ་འཁོར་འོད་ཟེར་སེར་པོའི་ངོ་བོ་ཉིད་དོ། །དལ་ཞིང་རྒྱུ་བ་བུལ་བའི་རླུང་ནི་མི་བསྐྱོད་པའི་ངོ་བོ་ཉིད་དོ། །གསལ་བའི་རང་བཞིན་ཆུའི་དཀྱིལ་འཁོར་འོད་ཟེར་དཀར་པོའི་ངོ་བོ་ཉིད་དོ། །ཁྱབ་བྱེད་ཀྱིས་ནི་ཁམས་ཀྱི་དཀྱིལ་འཁོར་བཞི་ཆར་ལ་ཁྱབ་པའི་རླུང་སྟེ་མི་འབྱུང་ཞིང་ཁྱབ་པའི་འོད་ཟེར་ ཅན་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དེ་དེ་ནམ་མཁའ་དང་མཉམ་པའི་ངོ་བོ་ཉིད་དོ། །དེ་ལྟ་མོད་ཀྱི་འོད་ཟེར་རེ་རེ་འབྱུང་བ་ན་ཡང་འོད་ཟེར་ལྔ་ལྔ་ངེས་པར་འབྱུང་སྟེ། ཁམས་ཀྱི་དཀྱིལ་འཁོར་གཅིག་གིས་ཀྱང་ཁམས་བཞི་ཆར་ལ་ཁྱབ་པ་ཡིན་ནོ། །དཀྱིལ་འཁོར་རེ་རེ་ལ་ཡི་གེ་གསུམ་གྱི་ སྔགས་ཀྱི་བདག་པོ་འཇུག་པ་ལ་སོགས་པའི་རིམ་གྱིས་རྟག་ཏུ་རང་ཉིད་ཟློས་པ་ཡིན་ཏེ། འདི་རླུང་གི་དེ་ཁོ་ན་ཉིད་མདོར་བསྡུས་ནས་བཤད་པ་ཡིན་ནོ། །རྡོ་རྗེ་སློབ་མས་གསོལ་པ། བླ་མའི་ཞལ་སྔ་ནས་ཀྱི་བཀའ་དྲིན་གྱིས་རླུང་གི་དེ་ཁོ་ན་ཉིད་ལུང་དང་རྟོགས་པ་དག་གིས་ལེགས་པར་བསླབས་ཏེ། 35-1-70a ད་ནི་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་རང་གི་མཚན་ཉིད་ཤེས་པར་འཚལ་ན་ཐུགས་བརྩེ་བ་ཉེ་བར་བཞག་སྟེ། བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་སྟོན་པས་བཤད་དུ་གསོལ། སློབ་དཔོན་གྱིས་སྨྲས་པ། སེམས་ཅན་ཆེན་པོ་ལེགས་སོ་ལེགས་སོ། །སྔགས་ཀྱི་དེ་ཁོ་ན་ ཉིད་ཅེས་བྱ་བ་གང་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པའི་རྩ་བའི་རྒྱུད་དང་རྒྱུད་བླ་མ་ལས་སྔགས་ཙམ་གསུངས་ཀྱི་སྔགས་བཏུ་བ་ནི་མ་བསྟན་ཏོ། །བཤད་པའི་རྒྱུད་ལས་ནི་སྔགས་བཏུ་བ་དང་། སྔགས་ཀྱི་བརྡ་དང་། སྔགས་ཀྱི་དོན་དང་། སྔགས་ཀྱི་དེ་ཁོ་ན་ཉིད་བཅོམ་ལྡན་འདས་ཀྱིས་བདེན་ པ་ཁོ་ནར་གསུངས་སོ། །དེ་ནས་བཤད་པའི་རྒྱུད་མ་རྟོགས་ན་ཕྱི་རོལ་གྱི་སྔགས་ལ་མངོན་པར་ཞེན་པ་རྣམས་ཀྱིས་ཤེས་པར་མི་འགྱུར་ཏེ། དེ་བས་ན་འབད་པས་ཉོན་ཅིག །བཤད་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་སྔགས་ཀྱི་དེ་ཁོ་ན་ཉིད་འབའ་ཞིག་ཁོང་དུ་ཆུད་པར་བྱའོ། །དེ་ལ་སྦྲུལ་ ལ་སོགས་པའི་སྔགས་རྣམས་ནི་ཨཱ་ལི་ཀཱ་ལི་ལས་ཡང་དག་པར་བྱུང་བ་རྣམས་སོ། །དེ་རྣམས་ཀྱི་དེ་ཁོ་ན་ཉིད་ནི་མི་ཤིགས་པ་ལས་བྱུང་བའི་ཡི་གེ་གསུམ་སྟེ། གང་གི་ཕྱིར་སྔགས་ཐམས་ཅད་ནི་བུད་མེད་དང་སྐྱེས་པ་དང་མ་ནིང་གི་ངོ་བོ་ཉིད་ཀྱི་མན་ངག་ཇི་ལྟར་ཐོས་པས་ཡི་གེ་གསུམ་ལ་རབ་ཏུ་ འཇུག་གོ། །དེ་བས་ན་ཡི་གེ་གསུམ་ནི་སྔགས་ཐམས་ཅད་ཀྱི་བདག་པོའོ། །དེ་ནི་ཡང་རེ་རེ་ཞིང་མི་ཤིགས་པ་དང་ལྷན་ཅིག་ཡི་གེ་གསུམ་གསུམ་ལས་འབྱུང་བ་ཡིན་ནོ། །ད་ནི་ཡི་གེ་གསུམ་གྱི་བྱ་བ་བསྟན་པར་བྱ་སྟེ། དེ་ལ་དང་པོར་གསུམ་ཡང་དག་པར་སྦྱོར་བ་ལས་ལྷའི་སྐུ་འབྱུང་བར་ འགྱུར་རོ། །དེ་ཉིད་འཇུག་པ་དང་གནས་པ་དང་ལྡང་བའི་རིམ་གྱིས་ལུས་ཉིན་མཚན་དུ་འཛིན་པར་བྱེད་དོ། །དེ་ཉིད་ཨཱ་ལི་ཀཱ་ལི་རྣམས་དང་ལྷན་ཅིག་དབང་པོ་གཉིས་མཉམ་པར་སྦྱོར་བའི་དུས་སུ་ཁ་ཐུར་དུ་བལྟས་པར་གྱུར་པས་གསང་བའི་སྣའི་བུ་ག་ནས་ས་བོན་གྱི་གཟུགས་ཀྱིས་བྱུང་ནས་སེམས་ ཅན་གྱི་ཁམས་རྣམས་སྐྱེད་པར་བྱེད་དོ། །དེ་ཉིད་སྲོག་དང་རྩོལ་བ་དང་ལྷན་ཅིག་ཡང་སྟེང་དུ་སོང་ནས་དབང་པོའི་སྒོ་རྣམས་སད་པར་བྱེད་ཅིང་ཀུན་རྫོབ་ཀྱི་སྣའི་སྒོ་ནས་གཡོན་དང་གཡས་ལ་སོགས་པའི་རིམ་པས་བྱུང་ནས་ལྷུན་གྱིས་གྲུབ་པས་རྡོ་རྗེ་བཟླས་པ་བྱ་སྟེ། སྔོན་གྱི་ལས་ཀྱི་སྒྲིབ་པ་རྣམ་ 35-1-70b པར་སྦྱོང་བར་བྱེད་དོ། །དེ་ཉིད་ཉིན་མོ་དང་མཚན་མོའི་རིམ་གྱིས་བཟླས་པའི་གྲངས་ཉེ་བར་བཟུང་ནས་ཆུ་ལ་སོགས་པའི་དཀྱིལ་འཁོར་དུ་བྱུང་སྟེ། དཀར་པོ་ལ་སོགས་པའི་ཁ་དོག་ལ་གནས་ནས་ཞི་བ་ལ་སོགས་པའི་ལས་རྣམས་བྱེད་དོ། །དེ་ཉིད་ཡི་གེའི་གཟུགས་སུ་ཡོངས་སུ་བརྟགས་ལ་ལྕེ་ རྩེ་ཤིན་ཏུ་མི་བསྐྱོད་ཅིང་། །ཞེས་བྱ་བ་ལ་སོགས་པའི་ངག་གི་བཟླས་བརྗོད་ཀྱི་མཚན་ཉིད་ཀྱིས་བཟླས་བརྗོད་བྱས་ནས་ཕྱིའི་ཁ་དོག་ལ་སོགས་པའི་བྱ་བ་ལ་བརྟེན་ཏེ་ཞི་བ་ལ་སོགས་པའི་ལས་རྣམས་བྱེད་དོ། །ཡི་གེ་གསུམ་པོ་དེ་ཉིད་ནི་སྦྱང་བར་བྱ་བ་དང་། རྟོགས་པར་བྱ་བ་དང་། འབར་བར་བྱ་བ་ བའི་རིམ་གྱིས་ཁ་ཟས་རྣམ་པར་སྦྱངས་ཏེ་སྐྱོན་མེད་པར་བྱེད་དོ། །དེ་ལྟར་ལུས་ལ་གནས་པའི་སྐབས་སུ་ཐམས་ཅད་བྱ་སྟེ། མཐར་མི་ཤིགས་པར་ཞུགས་ནས་ཡང་ཐ་མལ་པའི་ལུས་ལ་བརྟེན་ཏེ། དེ་བཞིན་དུ་ཐམས་ཅད་བྱེད་དོ། །ད་ནི་ཡི་གེ་གསུམ་བསྐྱེད་པ་དགོངས་པ་ལུང་སྟོན་པ་ཞེས་བྱ་ བའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་གསུངས་པ། དང་པོ་གཅིག་ནི་དགུ་དབུས་ན། །གང་ཞིག་བཅུ་ཡིས་མ་བཅིངས་པ། །དེ་ནི་བཅིང་མེད་ཅེས་བྱ་སྟེ། །དེ་ཤེས་པ་ནི་མཆོག་གི་གནས། །དབྱངས་དང་གསལ་བྱེད་ཡི་གེ་སྟེ། །གྲངས་དགུ་ཡི་ནི་རྗེས་འཇུག་པ། །ཨས་བཅིངས་ཕན་ཚུན་ སྦྱོར་བ་ལ། །གང་གིས་དེ་ཤེས་འགྲོ་བའི་བླ། །གང་ཞིག་ཤེས་ནས་རྣམ་གྲོལ་བའི། །འབྲས་བུ་ཕུན་ཚོགས་གྲུབ་འདོད་པ། །དེ་ནི་དེ་ཉིད་འགྲུབ་འགྱུར་ཏེ། །དངོས་མེད་པས་ནི་དངོས་སྤངས་པ། །འབྱུང་བའི་མཐའ་ནི་ཡང་དག་ལྡན། །ཆ་ལ་སོགས་པ་བཅུ་དྲུག་གནས། །ལྔ་པ་ལྔ་དང་ཡང་དག་ ལྡན། །བཞི་ནི་གསུམ་དུ་ངེས་པར་སྦྱར། །ཡི་གེ་ཨཱཾ་བཅས་རིང་པོར་བཅས། །ཡོན་ཏན་སྦྱོར་སོགས་ཕྱིས་དང་ལྡན། །ཐུང་ངུ་མ་ལུས་དག་ཏུ་འགྱུར། །གཅིག་མིན་དུ་མ་མ་ཡིན་ནོ། །ཡ་ཡི་དོན་གྱིས་གང་ཅིའང་རུང་། །བྱ་བའི་དངོས་གྲུབ་འདོད་གྱུར་པས། །ར་ལ་སོགས་པ་གསུམ་ཉིད་ཀྱིས། ། འགྲོ་བའི་དོན་ལ་རབ་ཏུ་འཇུག །ཡི་གེ་གང་ཞིག་སྔར་བཤད་དང་། །གང་ཡང་མངོན་པར་ཕྱོགས་པ་རྣམས། །བུད་མེད་སྐྱེས་པ་མ་ནིང་སྟེ། །ཁམས་ལ་སོགས་པར་རབ་ཏུ་བརྟག །འོག་ནས་སྟེང་དུ་བཅས་པར་ནི། །ཤེས་ནས་བློས་ནི་ངེས་པར་སྦྱར། །དྲུག་བཤད་བཞི་དང་གསུམ་དང་ 35-1-71a གཅིག །དངོས་མེད་ངོ་བོ་གཅིག་ལས་བྱུང་། །དེ་ནི་ཡང་སོགས་དོན་སྦྱར་ནས། །དུས་གསུམ་ཤེས་པའང་འབྱུང་བར་འགྱུར། །མཁས་པས་སྒྱུ་མ་མིག་འཕྲུལ་བཞིན། །འགྲོ་བ་རྣམས་ནི་རྒྱུ་མཐར་བྱ། །བརྗོད་པ་ཡི་ནི་སྔགས་འདི་དག །དངོས་མེད་ངོ་བོ་ལས་ བྱུང་བ། །དེ་ནི་ཡོངས་སུ་གྱུར་པའི་གཟུགས། །ལྷ་རུ་ཉེ་བར་དམིགས་པ་གང་། །བརྡ་ཡིས་དེ་ཉིད་གསུམ་གནས་པ། །རང་བཞིན་བཟླས་པའི་མཚན་ཉིད་དོ། །མིང་མེད་བརྗོད་དུ་མེད་པ་སྟེ། །བྱང་ཆུབ་སེམས་མཆོག་འདི་ཡིན་ནོ། །གསུམ་པོ་དེ་ཉིད་གཅིག་གྱུར་པ། །འགྲོ་བ་ མེད་ཅིང་འོང་བ་མེད། །འགག་མེད་རབ་ཏུ་ཞི་བ་ཉིད། །རྟག་དང་ཆད་པ་རྣམ་སྤངས་པ། །དུས་གསུམ་མཁྱེན་པས་མ་བྱས་པའི། །རྟོག་པ་ནམ་མཁའ་དབྱེར་མེད་མཚན། །འདི་ཉིད་ཁོ་ན་དོན་དམ་སྟེ། །སོ་སོ་རང་རིག་མཚན་ཉིད་དོ། །བྱ་བ་ཐམས་ཅད་ཉིད་དུ་ཡང་། །རྣལ་འབྱོར་ རིག་པ་ཉལ་སོགས་ལ། །མིང་མེད་བརྗོད་དུ་མེད་པ་དང་། །དུས་གསུམ་བཟླས་པ་རྟག་ཏུ་བཟླ། །གོས་དཀར་ལ་སོགས་བཟླས་བཤད་པ། །བརྒྱ་ཕྲག་གཉིས་དང་ཉི་ཤུ་ལྔ། །བཞི་པོ་ལེགས་པར་བསྡུས་པ་ཡིས། །སྦྱོར་བཞི་བསྡུས་པས་བརྒྱ་ཕྲག་དགུ། །དགུ་བརྒྱ་དག་ཏུ་གང་བསྟན་པ། ། ཉི་ཤུ་རྩ་བཞི་རིམ་གྱིས་ནི། །དེ་ནི་སོ་སོར་འབྱུང་བ་ལས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །དེ་འདིར་གསང་བ་དགོངས་པ་ཡིས། །ཕྲ་མོ་རྣལ་འབྱོར་བསྟན་པ་ཡིན། །ཀློག་དང་བསམ་གཏན་མེད་མོད་ཀྱི། །འོན་ཀྱང་བཟླས་པ་ཡིན་པར་བཤད། །ཅེས་གསུངས་ཏེ། དེ་ནི་སྔགས་ཀྱི་ དེ་ཁོ་ན་ཉིད་ཡིན་པར་བཤད་དོ། །རྡོ་རྗེ་སློབ་མས་གསོལ་པ། ནང་གི་བདག་ཉིད་ཅན་གྱི་ངག་གི་ཡི་གེ་ལ་འཇུག་པར་བྱ་བ་ལ་ནི་སོམ་ཉི་མ་མཆིས་ན། གཞན་ཡང་། ཐུང་ངུ་མ་ལུས་ཚིག་ཏུ་འགྱུར། །ཞེས་གསུངས་པ། བཅོམ་ལྡན་འདས་དེ་ཇི་ལྟར་ན་ཐུང་ངུ་ཞེས་བྱ་བ་ཡི་གེ་ཨ་ཚིག་ མ་ལུས་པ་ལ་རབ་ཏུ་འཇུག་པའི་རྒྱུར་འགྱུར། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། སེམས་དཔའ་ཆེན་པོ་ལེགས་སོ་ལེགས་སོ། །འདི་ན་གསུང་རབ་འཆད་པ་དག་ནི་བྱཱ་ཀ་ར་ཎའི་ཚིག་སྔོན་དུ་བྱས་ནས་སྒྲའི་དོན་འབའ་ཞིག་གི་རྗེས་སུ་འབྲང་གི།ཡང་ཡི་གེས་བརྗོད་པ་གང་དུ་གང་གི་ཕྱིར་ཇི་ 35-1-71b ལྟར་རབ་ཏུ་འཇུག་པར་ཤེས་པ་ནི་མ་ཡིན་ནོ། །ཡི་གེའི་དོན་དེ་ཁོ་ན་ཉིད་ཇི་ལྟ་བ་ཉིད་མི་ཤེས་ཏེ། སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །བསྟན་པའི་རིམ་གྱིས་དེ་ཁོང་དུ་ཆུད་པར་བྱ་ཡིས་ཉོན་ཅིག །དེ་ལ་སྒྲ་ནི་ཨཱ་ལཱི་ཀཱ་ལི་རྣམས་ཀྱི་རང་བཞིན་ཏེ། ཨཱ་ལི་ནི་ཨ་ ལ་སོགས་པ་དབྱངས་ཀྱི་ཡི་གེ་བཅུ་དྲུག་གོ། །ཀཱ་ལི་ཞེས་བྱ་བ་ནི་ཡི་གེ་ཀ་ལ་སོགས་པ་ཡི་གེ་སུམ་ཅུ་རྩ་གསུམ་སྟེ། དབྱངས་ཀྱི་ཡི་གེ་བཅུ་དྲུག་དང་ལྡན་པའི་ཡི་གེ་བཞི་བཅུ་རྩ་དགུ་པོ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་དེ་དབྱངས་ཀྱི་ཡི་གེ་དང་། གསལ་བྱེད་དང་། ཐིག་ ལེ་དང་། ཚེག་དྲག་དང་བཅས་པ་དང་སྐད་ཀྱི་བྱིངས་དང་། རྣམ་པར་འབྱེད་པའི་ཚིག་དང་། མཚམས་སྦྱར་བ་དང་། ཚིག་རྣམ་པར་སྦྱར་བ་དང་། རྟགས་གསུམ་དང་། བརྟག་ཐབས་གསུམ་དང་། བྱ་བ་དང་དེ་ལ་ཕན་པའི་རྐྱེན་ལ་སོགས་པ་ནས་བཤད་པའི་མཐར་ཐུག་པ་ནི་བྱཱ་ཀ་ར་ཎ་ ཞེས་པའི་མིང་གི་བརྡས་ཡོངས་སུ་བཤད་པས་ཤེས་པར་འགྱུར་རོ། །དེ་བས་ན་དེའི་ཚིག་དང་ངག་དང་སྡེབ་སྦྱོར་དང་། འགྲེལ་པ་དང་། ཚིགས་སུ་བཅད་པ་དང་། རྐྱང་པ་དང་རྒྱུན་ཆགས་ལ་སོགས་པས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་མདོ་སྡེ་དང་། རྒྱུད་དང་། རྟོག་པ་དང་། སྡེ་སྣོད་གསུམ་དང་། སྙན་དངགས་དང་། གར་གྱི་བསྟན་བཅོས་ལ་སོགས་པ་འཇིག་རྟེན་ལས་འདས་པའི་བསྟན་བཅོས་རྣམས་ཡང་དག་པར་འབྱུང་སྟེ། བསྟན་བཅོས་ལ་བརྟེན་ནས་དངོས་གྲུབ་ཐམས་ཅད་རྫོགས་པར་འགྱུར་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ལང་ཀར་གཤེགས་ པའི་མདོ་ལས་ཀྱང་བློ་གྲོས་ཆེན་པོ་འདི་ལྟ་སྟེ། སྐྱེས་བུ་ལ་ལ་ཞིག་མར་མེ་ཐོགས་ནས་ཕྱོགས་འདི་ན་ངའི་ནོར་འདི་ལྟ་བུ་འདི་ཡོད་དོ་ཞེས་ནོར་ལྟ་བ་དེ་བཞིན་དུ་བློ་གྲོས་ཆེན་པོ་ཚིག་ཏུ་རྣམ་པར་རྟོག་པའི་སྒྲའི་མར་མེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཚིག་གི་རྣམ་པར་རྟོག་པ་ དང་བྲལ་བ་སོ་སོ་རང་གིས་རིག་པའི་དོན་གྱི་ཡུལ་ལ་རྗེས་སུ་འཇུག་གོ་ཞེས་གསུངས་སོ། །འོན་ཀྱང་ཚིག་དེ་རྣམས་ཀྱི་ཚིག་དང་ངག་ལ་སོགས་པར་གཏོགས་པའི་ཡི་གེ་རྣམས་ཀྱི་བྱེ་བྲག་རྣམ་པར་ཤེས་པར་འགྱུར་བ་ནི་ཨ་ཞེས་བྱ་བ་འདི་ཡིན་ཏེ། གང་གི་ཕྱིར་ཨ་དང་ཡང་དག་པར་ལྡན་པར་མ་ 35-1-72a གྱུར་པའི་ཀ་ལ་སོགས་པའི་ཡི་གེ་ནི་ཡོད་པ་མ་ཡིན་ཏེ། མཐའ་ཅན་ཡིན་པའི་ཕྱིར་ཚིག་ཏུ་མི་འགྱུར་རོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་མཚན་ཡང་དག་པར་བརྗོད་པ་ལས། ཨ་ནི་ཡིག་འབྲུ་རྣམས་ཀྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་འབྱུང་ བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་གསུངས་ཏེ་དེ་བས་ན་བཅོམ་ལྡན་འདས་ཀྱིས་བསམ་གཏན་མ་ལུས་པའི་སྒོའི་ས་བོན་གྱི་ཚིག་ཨ་ནི་སྐྱེ་བ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་ གསུངས་པ་དང་། ལྷན་ཅིག་སྐྱེས་པའི་ཡི་གེ་ཡིན་པར་ཡང་གསུངས་ཏེ། རྡོ་རྗེ་དཀྱིལ་འཁོར་རྒྱན་ཞེས་བྱ་བའི་རྒྱུད་ལས། ཨ་ནི་གསལ་བར་བསྟན་པའི་ཕྱིར། །སྙིང་གི་དབུས་ན་མི་ཤིགས་པ། །འབར་ཞིང་མར་མེ་དག་དང་མཚུངས། །མི་འགྱུར་མཆོག་ཏུ་ཕྲ་བ་སྟེ། །ཨ་ ནི་གཙོ་བོ་དམ་པའོ། །ཞེས་གསུངས་སོ། །དེ་ལྟར་ན་དེ་བཞིན་གཤེགས་པ་ཐམས་ཅད་ཨའི་རིགས་སུ་གྱུར་པ་དང་། ཨ་རྒྱུར་གྱུར་པ་དང་། ཨ་ལས་ངེས་པར་འབྱུང་བ་སྟེ། བརྗོད་བཞིན་པ་ན་འགག་པའི་ངོ་བོ་ཉིད་ངག་གི་རྣམ་པར་རྟོག་པའི་མཚན་ཉིད་ཅན་ཡང་དག་པ་ཇི་ལྟ་བ་ཉིད་ ཤེས་ན་སྒྲ་དང་སྒྲ་མ་ཡིན་པ་ལ་ལྟོས་པ་མེད་པར་སེམས་ཅན་གྱི་བསམ་པའི་དབྱེ་བས་གདུལ་བྱའི་སྐྱེ་བོ་རྣམས་ལ་ཆོས་སྟོན་པར་མཛད་པ་ཡིན་ནོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་ལང་ཀར་གཤེགས་པའི་མདོ་ལས། བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོས་དོན་ལ་རྟོན་པར་བྱའི་ཡི་གེ་ལ་རྟོན་པར་མི་བྱའོ། །བློ་གྲོས་ཆེན་པོ་ཡི་གེའི་ཕྱིར་འབྲང་བའི་རིགས་ཀྱི་བུ་ཕོའམ། རིགས་ཀྱི་བུ་མོ་ནི་བདག་ཀྱང་དོན་དམ་པ་ལས་ཉམས་པར་བྱེད་ཅིང་གཞན་ཡང་ཁོང་དུ་ཆུད་པར་མི་བྱེད་དོ། །འདི་ལྟ་སྟེ་བློ་གྲོས་ཆེན་པོ་ལ་ལས་གཅིག་གིས་གཅིག་ ལ་སོར་མོའི་རྩེ་མོས་ཅི་ཞིག་བསྟན་ན་སོར་མོའི་རྩེ་མོ་ཉིད་ལ་ལྟ་ཞིང་འབྲང་བ་དེ་བཞིན་དུ་བློ་གྲོས་ཆེན་པོ་བྱིས་པ་སོ་སོའི་སྐྱེ་བོའི་སྡེ་རྣམས་ཀྱིས་བྱིས་པའི་རང་བཞིན་ཅན་ལྟ་བུ་སྒྲ་ཇི་བཞིན་གྱི་སོར་མོའི་རྩེ་མོ་ལ་མངོན་པར་ཆགས་ཤིང་ཞེན་ཏོ། །མངོན་པར་ཞེན་ཅིང་དུས་བྱེད་དེ་སྒྲ་ཇི་བཞིན་པའི་ 35-1-72b སོར་མོའི་རྩེ་མོ་ལྟ་བུའི་དོན་སྤངས་ནས་དོན་དམ་པ་ལ་ཚོལ་བར་མི་བྱེད་དོ། །དེ་བས་ན་དོན་འདོད་པས་དེ་བསྟེན་པར་བྱའོ། །དེའི་ཕྱིར་ན་གང་སྒྲ་ཇི་བཞིན་པའི་ཕྱིན་ཅི་ལོག་ལ་མངོན་པར་ཞེན་པ་དེ་ནི་སྤང་བར་བྱའོ། །དོན་བཙལ་བར་བྱའོ་ཞེས་བྱ་བའི་ཚིག་ལ་འཇུག་པ་ཡང་རྣམ་པ་བཞིར་བཅོམ་ལྡན་ འདས་ཀྱིས་མདོ་སྡེ་འདི་ཉིད་ལས་གསུངས་ཏེ། བློ་གྲོས་ཆེན་པོ་ཚིག་གི་རྣམ་པར་རྟོག་པའི་མཚན་ཉིད་རྣམ་པ་བཞི་ཡོད་དེ། འདི་ལྟར་མཚན་ཉིད་ཀྱི་ཚིག་དང་། རྨི་ལམ་གྱི་ཚིག་དང་། གནས་ངན་ལེན་ལ་མངོན་པར་ཞེན་པའི་ཚིག་དང་། ཐོག་མ་མེད་པའི་དུས་ཀྱི་རྣམ་པར་རྟོག་པའི་ཚིག་གོ། ། བློ་གྲོས་ཆེན་པོ་དེ་ལ་མཚན་ཉིད་ཀྱི་ཚིག་ནི་རང་གི་རྣམ་པར་རྟོག་པའི་གཟུགས་ལ་མཚན་མར་མངོན་པར་ཞེན་པ་ལས་བྱུང་ངོ་། །བློ་གྲོས་ཆེན་པོ་རྨི་ལམ་གྱི་ཚིག་ནི་སྔོན་མྱོང་བའི་ཡུལ་རྗེས་སུ་དྲན་ནས་རྟོག་པའི་ཡུལ་མེད་བཞིན་དུ་འབྱུང་བའོ། །ཡང་བློ་གྲོས་ཆེན་པོ་གནས་ངན་ལེན་གྱི་རྣམ་པར་རྟོག་པ་ ལ་མངོན་པར་ཞེན་པའི་ཚིག་ནི་སྔོན་སྒྲས་བྱས་པའི་ལས་རྗེས་སུ་དྲན་པ་ལས་འབྱུང་ངོ་། །བློ་གྲོས་ཆེན་པོ་ཐོག་མ་མེད་པའི་དུས་ནས་རྣམ་པར་རྟོག་པའི་ཚིག་ནི་ཐོག་མ་མེད་པའི་དུས་ཀྱི་སྤྲོས་པ་ལ་མངོན་པར་ཞེན་པའི་གནས་ངན་ལེན་གྱི་རང་གི་ས་བོན་ལས་འབྱུང་སྟེ། འདི་ནི་བློ་གྲོས་ཆེན་པོ་ཚིག་གི་ རྣམ་པར་རྟོག་པའི་མཚན་ཉིད་རྣམ་པ་བཞིའོ་ཞེས་གང་བརྗོད་པ་དེའི་ཕྱིར་བཤད་པའོ། །རིགས་པ་འདིས་ན་སྒྲ་རྣམས་ནི་ཡི་གེ་ཨ་ལས་བྱུང་བས་ན་མི་འགྱུར་བ་སྟེ། འགྱུར་བ་ནི་འཇིག་པའོ། །མི་འགྱུར་བ་ནི་མི་འཇིག་པ་སྟེ། མི་བདེན་པའི་ངོ་བོ་ཉིད་ཀྱི་སྒྲའི་སྒོ་ནས་རབ་ཏུ་བསྟན་པ་དེ་ཡང་མ་བཅོས་ པའི་ཐོག་མ་དང་ཐ་མ་མེད་པའི་ངོ་བོ་ཉིད་དོ། །ཇི་སྐད་དུ་ཚུལ་གཅིག་པར་བསྟན་པའི་མདོ་ལས། ཆོས་འདི་སྒྲ་སྐད་དག་གིས་ལུང་བསྟན་ཏེ། །ཆོས་དང་སྒྲ་དག་འདིར་ནི་སྣང་མི་འགྱུར། །ཆོས་ཉིད་ཚུལ་གཅིག་དངོས་ལའང་འཇུག་བྱེད་པ། །བཟོད་མཆོག་བླ་ན་མེད་ལ་རེག་པར་འགྱུར། །ཞེས་ གསུངས་པ་དང་། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ཞེས་བྱ་བ་སྤྱོད་པའི་རྒྱུད་ལས། གསང་བའི་བདག་པོ་གཞན་ཡང་གསང་སྔགས་ཀྱི་མཚན་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མ་བྱས་བྱེད་དུ་མ་བཅུག །རྗེས་སུ་ཡི་རང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་ཆོས་ཐམས་ 35-1-73a ཅད་ཀྱི་ཆོས་ཉིད་དོ། །འདི་ལྟ་སྟེ་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་དེ་ནི་ཡེ་ནས་གནས་པ་སྟེ། དེ་ཡང་འདི་ལྟར་གསང་སྔགས་རྣམས་ཀྱི་གསང་སྔགས་ཀྱི་ཆོས་ཉིད་དོ། །དེ་ལ་གསང་བའི་བདག་པོ་འདོད་པའི་ཁམས་ཀྱི་དབང་ཕྱུག་ལ་མྱོས་པར་ བྱེད་པ་ཞེས་བྱ་བའི་རིག་སྔགས་ཡོད་དེ། དེས་འདོད་པ་ན་སྤྱོད་པའི་ལྷའི་བུ་ཐམས་ཅད་མྱོས་པས་བརྒྱལ་བར་བྱེད་ཅིང་། མེ་ཏོག་མང་པོ་སྣ་ཚོགས་དང་ལྡན་པའི་ས་ཕྱོགས་ཉམས་དགའ་བ་སྣ་ཚོགས་ཀྱང་སྟོན་ལ། ཡོངས་སུ་སྤྱད་པ་དང་། ཉེ་བར་སྤྱད་པ་རྣམ་པ་ཐ་དད་པ་སྣ་ཚོགས་པ་རྣམས་ ཀྱང་མངོན་པར་སྤྲུལ་ནས། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ལ་ཡང་སྦྱིན་ལ། བདག་ཉིད་ཀྱང་ཡོངས་སུ་སྤྱོད་དོ། །འདི་ལྟ་སྟེ་ལྷའི་བུ་དབང་ཕྱུག་ཆེན་པོ་ལ་ཡིད་མགྱོགས་ཞེས་བྱ་བའི་གསང་སྔགས་ཡོད་དེ། དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་སེམས་ཅན་གྱི་ དགོས་པ་བྱེད་ཅིང་ཉེ་བར་སྤྱོད་པ་དང་། ཡོངས་སུ་སྤྱད་པ་ཐམས་ཅད་ཀྱང་མངོན་པར་སྤྲུལ་ནས་གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་ལ་ཡང་སྦྱིན་ལ། བདག་ཉིད་ཀྱང་ཀུན་དུ་སྤྱོད་དོ། །འདི་ལྟ་སྟེ་དཔེར་ན་མིག་འཕྲུལ་མཁན་གྱིས་གསང་སྔགས་ཀྱིས་ཀུན་དགའི་ར་བ་དང་། མཚོ་དང་ འབབ་ཆུ་དང་། མི་ལ་སོགས་པ་རྣམ་པ་ཐ་དད་པ་སྣ་ཚོགས་སྟོན་ཏོ། །འདི་ལྟ་སྟེ་དཔེར་ན་ལྷ་མ་ཡིན་རྣམས་ནི་གསང་སྔགས་ཀྱིས་སྒྱུ་མ་རྣམས་སྟོན་ཏོ། །འདི་ལྟ་སྟེ་དཔེར་ན་གསང་སྔགས་དག་གིས་ནི་དུག་དང་རིམས་ལ་སོགས་པ་མེད་པར་འགྱུར་རོ། །འདི་ལྟ་སྟེ་མ་མོ་ཞེས་བྱ་བའི་ལྷ་མོ་རྣམས་ ནི་གསང་སྔགས་ཀྱིས་ནད་འགོ་བ་གཏོང་ངོ་། །འདི་ལྟ་སྟེ་དཔེར་ན་གསང་སྔགས་ཀྱིས་མེའི་ཚ་བ་མེད་པར་བྱས་ནས་གྲང་བར་བྱེད་པར་འགྱུར་རོ། །རིགས་ཀྱི་བུ་དག་དཔེའི་ཚིག་འདི་རྣམས་ཀྱིས་གསང་སྔགས་ཀྱི་མཐུ་ལ་མངོན་པར་དད་པར་བྱའོ། །གསང་སྔགས་ཀྱི་མཐུ་དེ་ཡང་གསང་སྔགས་ རྣམས་ལས་བྱུང་བ་མ་ཡིན། རྫས་ལས་འཇུག་པ་ཡང་མ་ཡིན། སྦྱོར་བ་པོ་ལས་དམིགས་པ་ཡང་མ་ཡིན་མོད་ཀྱི། རིགས་ཀྱི་བུ་དག་འོན་ཀྱང་གསང་སྔགས་ཀྱི་བྱིན་གྱི་རླབས་ཀྱིས་ཆོས་ཉིད་འབྱུང་བ་ལས་འདའ་བར་མི་འགྱུར་ཏེ། དུས་གསུམ་ལས་འདས་པའི་ཕྱིར་དང་། རྟེན་ཅིང་འབྲེལ་ 35-1-73b པར་འབྱུང་བ་ཟབ་མོ་བསམ་གྱིས་མི་ཁྱབ་པ་ལས་མངོན་པར་གྲུབ་པའི་ཕྱིར་རོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་ཆོས་བསམ་གྱིས་མི་ཁྱབ་པའི་ངོ་བོ་ཉིད་རྟོགས་པ་ཁོང་དུ་ཆུད་པས་རྟག་ཏུ་རྒྱུན་མི་འཆད་པར་གསང་སྔགས་ཀྱི་ཚུལ་གྱི་རྗེས་སུ་འཇུག་པར་བྱའོ་ཞེས་གསུངས་སོ། །དེ་ལྟར་ཕྱི་དང་ ནང་གི་སྔགས་དང་། ནོར་བུ་དང་སྨན་རྣམས་ཀྱི་བསམ་གྱིས་མི་ཁྱབ་པའི་མཐུ་རྟོགས་པ་དག་བསྟན་ནས། ད་ནི་རྫོགས་པ་དང་མ་རྫོགས་པའི་སེམས་ཅན་རྣམས་ཀྱི་ཁམས་རྣམས་ཀྱི་ངག་རྣམ་པར་དག་པ་ཇི་ལྟ་བ་ཉིད་བསྟན་པར་བྱ་བའི་ཕྱིར་བཤད་པ། མིའམ་ཅིའི་རྒྱལ་པོས་ཞུས་པའི་མདོ་ལས་གསུངས་ པ། མིའམ་ཅིའི་བདག་པོ་སེམས་ཅན་ཐམས་ཅད་ཀྱི་སྒྲ་སྐད་གང་ལས་བྱུང་སྨྲས་པ། རིགས་ཀྱི་བུ་སེམས་ཅན་ཐམས་ཅད་ཀྱི་སྒྲ་སྐད་ནི་ནམ་མཁའ་ལས་བྱུང་ངོ་། །སྨྲས་པ། མིའམ་ཅིའི་བདག་པོ་སེམས་ཅན་ཐམས་ཅད་ཀྱི་སྒྲ་སྐད་ཁོང་པའི་ནང་ནས་མི་འབྱུང་ངམ། སྨྲས་པ། རིགས་ ཀྱི་བུ་ཇི་སྙམ་དུ་སེམས། སེམས་ཅན་ཐམས་ཅད་ཀྱི་སྒྲ་སྐད་ལུས་ཀྱི་ནང་ཁོང་ནས་འབྱུང་ངམ། འོན་ཏེ་སེམས་ལས་འབྱུང་། སྨྲས་པ། མིའམ་ཅིའི་བདག་པོ་ལུས་ལས་ཀྱང་མ་ཡིན། སེམས་ལས་ཀྱང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ལུས་ནི་བེམས་པོ་གཡོ་བ་མེད་པ་བྱེད་པ་མེད་པ། རྩྭ་དང་བོང་བ་དང་། རྩིག་པ་དང་། ཤིང་དང་། མིག་ཡོར་ལྟ་བུའོ། །སེམས་ནི་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། རྣམ་པར་རིག་པ་མེད་པ་སྟེ་སྒྱུ་མ་ལྟ་བུའོ། །སྨྲས་པ། རིགས་ཀྱི་བུ་ལུས་དང་སེམས་མ་གཏོགས་པར་གཞན་གང་ནས་སྒྲ་འབྱུང་བར་འགྱུར། སྨྲས་ པ། མིའམ་ཅིའི་བདག་པོ་སེམས་ཅན་རྣམས་ཀྱི་སྒྲ་ནི་ནམ་མཁའ་ལས་འབྱུང་བར་རྟོགས་སོ། །སྨྲས་པ། གལ་ཏེ་ནམ་མཁའ་མེད་ན་སྒྲ་གང་ལས་འབྱུང་། སྨྲས་པ། མིའམ་ཅིའི་བདག་པོ་ནམ་མཁའ་མ་གཏོགས་པར་གཞན་གང་ནས་སྒྲ་འབྱུང་བར་འགྱུར། སྨྲས་པ། རིགས་ཀྱི་བུ་དེའི་ ཕྱིར་རྣམ་གྲངས་འདིས་སྒྲའི་ཐ་སྙད་གང་ཇི་སྙེད་འབྱུང་བ་དེ་དག་ཐམས་ཅད་ནི་ནམ་མཁའ་ལས་འབྱུང་བར་རིག་པར་བྱའོ། །ནམ་མཁའི་ངོ་བོ་ཉིད་ནི་སྒྲ་སྟེ། རྣམ་པར་རིག་མ་ཐག་ཏུ་འགག་གོ། །འགགས་ནས་ནམ་མཁའི་ངོ་བོ་ཉིད་དུ་ཡང་དག་པར་གནས་སོ། །དེའི་ཕྱིར་ཆོས་ཐམས་ཅད་ནི་ནམ་ 35-1-74a མཁའ་དང་མཉམ་ཞེས་བྱ་སྟེ། རྣམ་པར་རིག་པ་མེད་པ་དེ་རྣམ་པར་ཤེས་པར་བྱ་བ་མ་ཡིན་མོད་ཀྱི་སྒྲ་དང་སྒྲའི་བརྡས་བརྗོད་དོ། །བརྗོད་པ་དེ་ཡང་ཐ་སྙད་དོ། །གང་སྒྲས་བརྗོད་པ་འདི་འདྲ་བར་རབ་ཏུ་ཤེས་པ་དེ་ནི་ཆོས་གང་ལ་ཡང་མངོན་པར་མི་ཆགས་སོ། །གང་ མངོན་པར་མི་ཆགས་པ་དེ་རྣམ་པར་མི་འཕྲོ། གང་རྣམ་པར་མི་འཕྲོ་བ་དེ་མི་འཁོར་རོ། །གང་མི་འཁོར་བ་དེ་ནི་མི་ཕྱེད་པའོ། །གང་མི་ཕྱེད་པ་དེ་ནི་མི་སྐྱེ་བའོ། །གང་མི་སྐྱེ་བ་དེ་ནི་མི་འཇིག་པར་འདོད་དོ། །གང་མི་འཇིག་པ་དེ་དང་བའོ། །གང་དང་བ་དེ་དག་པའོ། །གང་དག་པ་དེ་དྲི་མ་ མེད་པའོ། །གང་དྲི་མ་མེད་པ་དེ་འོད་གསལ་བའོ། །གང་འོད་གསལ་བ་དེ་སེམས་ཀྱི་རང་བཞིན་ནོ། །སེམས་ཀྱི་རང་བཞིན་གང་ཡིན་པ་དེ་འཇུག་པའོ། །གང་འཇུག་པ་དེ་མཚན་མ་ཐམས་ཅད་གནོན་པའོ། །གང་མཚན་མ་ཐམས་ཅད་གནོན་པ་དེ་སྐྱོན་མེད་པ་ལ་འཇུག་པ་ཞེས་བྱའོ། །བྱང་ཆུབ་ སེམས་དཔའི་སྐྱོན་མེད་པ་ལ་འཇུག་པ་གང་ཡིན་པ་དེ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་སྟེ། དེས་ན་སྐྱོན་མེད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་བྱའོ། །གང་བཟོད་པ་ཐོབ་པ་དེས་ཐམས་ཅད་བཟོད་དོ། །དེས་སྟོང་པར་ཡང་བཟོད། གང་ ཟག་ཏུ་ཡང་བཟད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་ཟག་ལས་སྟོང་པ་གཞན་མ་ཡིན་ཏེ། གང་ཟག་ཉིད་སྟོང་པའོ། །དེ་མཚན་མར་ཡང་བཟོད་དོ། །མཚན་མ་མེད་པར་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། མཚན་མའི་ངོ་བོ་ཉིད་མཚན་མ་མེད་པའོ། །དེ་སྨོན་པར་ཡང་བཟོད། སྨོན་པ་མེད་པར་ཡང་ བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། སྨོན་ལམ་གྱི་ངོ་བོ་ཉིད་ཀྱི་མཚན་ཉིད་ནི་སྨོན་པ་མེད་པའོ། །དེ་སེམས་ཅན་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་ཡང་བཟོད། དེ་སེམས་ཅན་རྣམས་འཆི་འཕོ་དང་སྐྱེ་བར་ཡང་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། འཆི་འཕོ་དང་སྐྱེ་བ་ནི་ སྒྱུ་མའི་ངོ་བོ་ཉིད་དོ། །རིགས་ཀྱི་བུ་དེ་ལྟར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་འགལ་བ་མེད་པ་སྟེ། ཆོས་ཐམས་ཅད་དང་འགལ་བ་མེད་པ་ཡིན་ནོ། །དེ་ལྟར་གསུང་གི་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པ་ཆེན་པོས་རྫོགས་པ་དང་མ་རྫོགས་པའི་སེམས་ 35-1-74b ཅན་གྱི་ཁམས་རྣམས་ཀྱི་ཉེས་པ་དང་ཡོན་ཏན་བརྗོད་པའི་ཚིག་ཐོས་ནས་རྗེས་སུ་ཆགས་པར་མི་བྱ། ཡང་དག་པར་དགའ་བར་མི་བྱ། སྐྲག་པར་མི་བྱ། ཀུན་དུ་སྐྲག་པར་མི་བྱ། སྨོད་པར་མི་བྱའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསྟན་བཅོས་རྒྱུན་ཆགས་དང་རྐྱང་པ་ལ་སོགས་ པའི་སྒྲ་རྣམ་པར་དགོད་པའི་ཁྱད་པར་ཐོས་ནས་ཞེན་པར་མི་བྱ། སྨད་པར་མི་བྱ། རྨོངས་པར་མི་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱི་འགྲོ་བ་རྟོགས་པར་འགྱུར་བའི་ཕྱིར་དང་། སྒྲའི་དེ་ཁོ་ན་ཉིད་ཡིན་པའི་ཕྱིར། ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་རབ་ཏུ་འཇུག་པ་ བསྟན་པར་བྱ་བའི་མདོ་ལས། ལྷའི་བུ་སྒྲ་གྲག་པ་ལ་འཇུག་པས་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་གལ་ཏེ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་མི་བདེན་ཞིང་བསྙེན་བཀུར་མ་ཡིན་པའི་ཚིག་སྨྲས་པར་གྱུར་ཅིང་། ཡོངས་སུ་བརྗོད་པར་གྱུར་ཀྱང་དེ་དེ་ལ་ཁོང་ཁྲོ་བར་མི་འགྱུར་རོ། ། གལ་ཏེ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བསྙེན་བཀུར་བྱེད། བླ་མར་བྱེད་ཅིང་། བདེ་བའི་ཡོ་བྱད་ཐམས་ཅད་དང་ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་མཆོད་ཅིང་རྗེད་ཀྱང་དེ་ལ་རྗེས་སུ་ཆགས་པའི་སེམས་སྐྱེ་བར་མི་འགྱུར་རོ་ཞེས་ གསུངས་སོ། །དེ་བཞིན་དུ་གསུང་གི་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་པའི་སྔགས་པ་ས་བརྒྱད་པའི་དབང་ཕྱུག་ནི་རྙེད་པ་དང་། མ་རྙེད་པ་དང་། གྲགས་པ་དང་། མ་གྲགས་པ་དང་། བསྟོད་པ་དང་། སྨད་པ་དང་། བདེ་བ་དང་སྡུག་བསྔལ་བ་ཐམས་ཅད་ཀྱིས་འཆིང་བར་མི་འགྱུར་རོ། །ཡང་དག་ པར་དགའ་བར་མི་འགྱུར་རོ། །དེ་བས་ན་འཇིག་རྟེན་པའི་ཆོས་ཐམས་ཅད་ཟིལ་གྱིས་མནན་ནས་བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་ལས་འདས་པ་སེམས་རྣམ་པར་དབེན་པ་ཚོལ་བར་འདོད་པས་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱའོ། །ངག་རྣམ་པར་དབེན་པ་བསྡུས་པའི་ཐེ་ཚོམ་གཅོད་པ་ སྟེ་ལེའུ་གསུམ་པའོ།། །།རྡོ་རྗེ་སློབ་མས་གསོལ་པ། སློབ་དཔོན་གྱི་ཞལ་སྔ་ནས་ཀྱི་བཀའ་དྲིན་གྱིས་རླུང་གི་དེ་ཁོ་ན་ཉིད་ཀྱི་རིམ་པས་སྔགས་ཀྱི་དེ་ཁོ་ན་ཉིད་དང་། ངག་རྣམ་པར་དབེན་པ་ལ་ཡང་སོམ་ཉི་མ་མཆིས་ཏེ། ད་ནི་སེམས་རྣམ་པར་དབེན་པ་ལ་སློབ་པར་འཚལ་ན་ཇི་ལྟར་ 35-1-75a བསླབ་པར་བགྱི། ཟབ་མོ་ལ་ལྷག་པར་མོས་པ་རྣམས་ལ་ཕན་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་སྟོན་པས་བཤད་དུ་གསོལ། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། སེམས་ཅན་ཆེན་པོ་ལེགས་སོ་ལེགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ མན་ངག་ཡང་དག་པར་འགྲོ་བ་ལས་ཁ་ཕྱིར་བལྟས་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ། ཤིན་ཏུ་ཟབ་པ། མཆོག་ཏུ་གཟུང་བར་དཀའ་བ། སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཡོངས་སུ་དྲིས་པའི་སེམས་གང་ཡིན་པ་དེའི་ངོ་བོ་ཉིད་ནི་རྩ་བ་མེད་པ། གནས་མེད་པ། གཞི་མེད་པ། མཚན་ མ་མེད་པ། དབྱིབས་དང་ཁ་དོག་མེད་པ། དབང་པོ་ལས་འདས་པ།རྟོག་གེ་རྣམས་ཀྱི་ཡུལ་མ་ཡིན་པའོ་ཞེས་བཅོམ་ལྡན་འདས་ཀྱིས་རྒྱུད་ཐམས་ཅད་ལས་བསྟན་པའི་ཚིག་ལ་གསུངས་པའོ། །དེ་ལྟ་བས་ན་རྡོ་རྗེ་ཐེག་པ་ལ་གནས་ནས་སངས་རྒྱས་ཉིད་ཐོབ་པར་འདོད་པས་དགེ་བའི་ བཤེས་གཉེན་མཉེས་པར་བྱས་ནས་རང་གི་སེམས་ཀྱི་ངོ་བོ་ཉིད་བཙལ་བར་བྱའོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས། རིགས་ཀྱི་བུ་མཉམ་པར་གཞག་པས་རང་གི་སེམས་སོ་སོར་རྟོགས་ཤིག་ཅེས་གསུངས་པ་དང་། དཔལ་རྣམ་པར་སྣང་མཛད་ མངོན་པར་བྱང་ཆུབ་པའི་རྒྱུད་ལས་ཀྱང་བྱང་ཆུབ་ནི་རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའོ་ཞེས་གསུངས་པ་དང་། སྡེ་སྣོད་གསུམ་གྱི་ཚུལ་ལས་ཀྱང་། གཅིག་པུ་འགྲོ་ཞིང་རིང་དུ་རྒྱུ། །ལུས་མེད་དབང་པོའི་ཕུག་ན་གནས། །གདུལ་བར་དཀའ་བའི་སེམས་ འདུལ་བྱེད། །དེ་ནི་བྲམ་ཟེར་ངས་བཤད་དོ། །བདུད་ཀྱི་བཅིང་བ་ལས་གྲོལ་འགྱུར། །ཞེས་གསུངས་སོ། །དེ་བས་ན་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མངོན་སུམ་དུ་བྱེད་པར་འདོད་པས་གཡེང་བ་དང་སྒྲིབ་པ་ཐམས་ཅད་སྤངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མན་ངག་ཡང་དག་པར་ ཐོབ་པའི་རྡོ་རྗེ་སློབ་དཔོན་མཉེས་པར་བྱས་ལ་དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ཞེས་བྱ་བ་ལ་སོགས་པ་བཤད་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་རྣམ་པར་ཤེས་པ་གསུམ་གྱི་རང་བཞིན་སྣང་བ་རྟོགས་པར་བྱའོ། །ཇི་སྐད་དུ་ལང་ཀར་གཤེགས་པའི་མདོ་ལས་ཀྱང་། ཡང་བློ་གྲོས་ཆེན་པོ་གཞན་ 35-1-75b ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རང་གི་སེམས་ཀྱི་སྣང་བའི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་སྤྱོད་ཡུལ་ཡོངས་སུ་ཤེས་པར་འདོད་པས་འདུ་བ་དང་། འདུ་འཛི་དང་། གཉིད་དང་། སྒྲིབ་པ་མེད་པར་བྱའོ། །དེ་ལ་རྣམ་པར་ཤེས་པ་གསུམ་ནི་དངོས་པོ་ཐམས་ ཅད་ཀྱི་རྒྱུར་གྱུར་པ་ཡིན་ཏེ། འདི་ལྟ་སྟེ། མཐོ་རིས་དང་། ངན་འགྲོ་དང་། རྒྱུ་བ་དང་། མི་རྒྱུ་བ་དང་། གཟུང་བ་དང་། འཛིན་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱི་འཁོར་ལོ་དང་། དགེ་བ་དང་། མི་དགེ་བ་དང་། རྣམ་པར་རྟོག་པ་དང་། སྣང་བ་དང་། མུན་པ་ དང་། སྐྱེས་པ་དང་། བུད་མེད་དང་། མ་ནིང་ལ་སོགས་པའི་བདག་ཉིད་ཅན་དང་། སྐྱེ་བ་དང་། གནས་པ་དང་། འཇིག་པ་སྟེ། མདོར་ན་ཁམས་གསུམ་པོའི་དབང་པོའི་སྤྱོད་ཡུལ་རྣམས་ནི་རྣམ་པར་ཤེས་པ་གསུམ་ཡིན་ནོ་ཞེས་གསུངས་པ་དང་། ཇི་སྐད་དུ་བཅོམ་ལྡན་འདས་ལ་བཟང་ སྐྱོང་གིས་ཞུས་པའི་མདོ་ལས་ཀྱང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང་འཁྲུལ་འཁོར་དེ་ནི་ལས་ཀྱི་དབང་གིས་འཇུག་སྟེ། ལས་དེ་ཡང་གཟུགས་ཅན་མ་ཡིན་ཞིང་རྣམ་པར་ཤེས་པ་ལས་མངོན་པར་གྲུབ་པའོ། །དེ་བཞིན་དུ་ལུས་ཀྱི་འཁྲུལ་འཁོར་འདི་ཡང་རྣམ་པར་ཤེས་ པའི་དབང་གིས་འབྱུང་སྟེ། རྣམ་པར་ཤེས་པའི་ཁམས་འདི་ནི་ལུས་སྣ་ཚོགས་ལ་འཇུག་པ་ཡིན་ནོ། །རྣམ་པར་ཤེས་པའི་ཁམས་འདི་ནི་ལུས་སྐྱེད་པར་བྱེད་པའི་ཕྱིར་བྱེད་པ་པོ་ཡང་ཡིན་ནོ། །རྣམ་པར་ཤེས་པའི་ཁམས་འདི་ནི་ཆོས་ཀྱི་དབྱིངས་ལ་བརྟེན་པའི་ཕྱིར་མི་ཟད་པ་ཡང་ཡིན་ནོ། ། རྣམ་པར་ཤེས་པའི་ཁམས་འདི་ནི་སྔོན་གྱི་ལུས་ཀྱི་གནས་རྗེས་སུ་དྲན་པའི་ཕྱིར་བློ་གྲོས་ཕུན་སུམ་ཚོགས་པ་ཡང་ཡིན་ནོ། །རྣམ་པར་ཤེས་པའི་ཁམས་འདི་ནི་ཉི་མའི་འོད་ཟེར་དང་འདྲ་བར་བལྟ་བར་བྱ་སྟེ། དཔེར་ན་ཉི་མའི་འོད་ཟེར་ནི་དྲི་ང་བ་དག་དང་མི་གཙང་བ་དག་དང་། རོ་དག་ལ་ཡང་འབབ་ པ་སྟེ། འོན་ཀྱང་དྲི་དེས་གོས་པར་ཡང་མི་འགྱུར་ལ། ཉི་མ་ཡང་དྲི་ང་བ་བོར་ཏེ་ཡང་མི་འགྲོའོ། །དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདི་ཡང་ཕྱི་ས་དང་། སྙག་སྙིག་ཟ་བའི་ཁྱི་དང་ཕག་གི་སྐྱེ་བ་དག་ཏུ་ཡང་སྐྱེ་བ་ཡོངས་སུ་འཛིན་ཏེ། འོན་ཀྱང་རྣམ་པར་ཤེས་པའི་ཁམས་ལ་སྤྱོད་པ་ངན་པ་ 35-1-76a དེ་དག་གིས་གོས་པ་མེད་དོ། །དེ་ནས་སྨན་ཆེན་གྱིས་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །རྣམ་པར་ཤེས་པ་ལུས་ལས་འཕོ་བ་དེའི་རང་བཞིན་ཇི་ལྟ་བུ་ཞིག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། སྨན་ཆེན་ད་ལྟར་ཁྱོད་ཀྱིས་ང་ལ་ཇི་སྐད་དུ་བསྐུལ་བ་དེ་ནི་དེ་བཞིན་ཏེ། ལེགས་སོ་ལེགས་སོ། །དྲི་བ་དེ་ནི་མཆོག་ཏུ་ཟབ་པོ། །དྲི་བ་འདི་ནི་དེ་བཞིན་གཤེགས་པས་བསྟན་པར་བྱ་བ་ཡིན་ཏེ། རྣམ་པར་ཤེས་པ་དེ་སྟོན་པ་ནི་དེ་བཞིན་གཤེགས་པ་མ་གཏོགས་པ་གཞན་མེད་དོ། །དེ་ ནས་བཅོམ་ལྡན་འདས་ལ་བཟང་སྐྱོང་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྒྱལ་པོའི་བུ་གཞོན་ནུ་སྨན་ཆེན་ནི་ཟབ་མོའི་དོན་ཞུ་བ་ལ་མཁས་ལགས་ཏེ། བློ་ཞིབ་ཅིང་མཛངས་ལ་མཁས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང་དེ་དེ་བཞིན་ཏེ། རྒྱལ་པོའི་བུ་གཞོན་ནུ་སྨན་ཆེན་འདི་ནི་བཅོམ་ལྡན་འདས་ནམ་པར་གཟིགས་ལ་དགེ་བའི་རྩ་བ་བསྐྱེད་པ་ཡིན་ནོ། །བཟང་སྐྱོང་རྒྱལ་པོའི་བུ་གཞོན་ནུ་སྨན་ཆེན་འདི་ནི་ཚེ་རབས་ལྔ་བརྒྱའི་བར་དུ་གཞན་མུ་སྟེགས་ཅན་དུ་གྱུར་ནས་དེ་འདི་སྙམ་དུ་སེམས་ཏེ། རྣམ་པར་ཤེས་པའི་ཁམས་འདི་ཅི་ཡིན། རྣམ་ པར་ཤེས་པའི་ཁམས་འདི་གང་ཡིན། རྣམ་པར་ཤེས་པའི་ཁམས་འདི་ཇི་ལྟ་བུ་ཞིག་སྙམ་མོ། །བཟང་སྐྱོང་འོན་ཀྱང་རྣམ་པར་ཤེས་པའི་འགྲོ་བ་དང་འོང་བ་ཁོང་དུ་མ་ཆུད་དེ་བས་འདིའི་ཐེ་ཚོམ་བསལ་བར་བྱའོ། །གཞན་ཡང་རྣམ་པར་ཤེས་པ་ཞེས་བྱ་བའི་དོན་ཅི་ཞེ་ན། ས་བོན་གྱིས་ལུས་ཀྱི་མྱུ་ གུ་མངོན་པར་གྲུབ་པར་བྱེད་ལ། སེམས་པས་ཤེས་པ་དྲན་པ་ཐོབ་པར་འགྱུར་ཏེ། དེ་བས་ན་ས་བོན་དང་ཤེས་པ་ལ་རྣམ་པར་ཤེས་པ་ཞེས་བྱའོ། །དཔེར་ན་རྒྱ་ཤུག་དང་། འབྲ་གོ་དང་། ཨ་མྲ་དང་། ཉོ་ཏིང་དང་། སེའུ་དང་། བིལ་བ་དང་། ཀ་པིཏྟ་ལ་སོགས་པའི་འབྲས་བུ་རྣམས་ནི་རོ་ དུ་མར་འགྲུབ་སྟེ། ཚ་བ་དང་། ཁ་བ་དང་། སྐྱུར་བ་དང་། མངར་བ་དང་། ལན་ཚྭའི་རོ་དང་། བསྐ་བ་ལ་སོགས་པའི་རོ་རེ་རེར་རྣམ་པར་སྨིན་པར་འགྱུར་ཏེ། ལ་ལ་ནི་རོ་ཚ་བར་འགྱུར། ལ་ལ་ནི་སྐྱུར། ལ་ལ་ནི་མངར་རོ། །འབྲས་བུ་དེ་དག་མེད་པར་གྱུར་པའི་ས་བོན་གང་དང་གང་དུ་འཕོ་ 35-1-76b བར་གྱུར་པ་དེ་དང་དེར་རོ་ཡང་འཕོ་བར་འགྱུར་རོ། །དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདི་གང་དང་གང་དུ་འཕོ་བ་དེ་དང་དེར་ཚོར་བ་ཡང་འཕོ་བར་འགྱུར་རོ། །བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་དྲན་པ་ཡང་འཕོ་བར་འགྱུར་རོ། །གཞན་ཡང་རྣམ་པར་ཤེས་པའི་ཁམས་འདིས་ ནི་ལུས་ཡོངས་སུ་བཏང་ནས་བདག་གི་ལུས་འདི་ཡོངས་སུ་གཏོང་ངོ་སྙམ་དུ་རབ་ཏུ་ཤེས་ཏེ། དེ་བས་ན་འདི་ལ་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། །དགེ་བའི་ལས་ཀྱང་རབ་ཏུ་ཤེས་སོ། །མི་དགེ་བའི་ལས་ཀྱང་རབ་ཏུ་ཤེས་སོ། །ལས་འདི་དག་ནི་བདག་གི་ཕྱི་བཞིན་འབྲང་ངོ་། ། བདག་ཀྱང་འདི་དག་གི་ཕྱི་བཞིན་འབྲང་ངོ་སྙམ་དུ་དེ་ལྟར་རབ་ཏུ་ཤེས་ཏེ་དེ་བས་ན་རྣམ་པར་ཤེས་པ་ཞེས་བྱའོ། །གཞན་ཡང་ལུས་འདིའི་བྱ་བ་ཐམས་ཅད་རབ་ཏུ་ཤེས་ཏེ་དེ་བས་ན་རྣམ་པར་ཤེས་པ་ཞེས་བྱའོ། །ལུས་འདི་ལ་རྣམ་པར་ཤེས་པ་གང་ན་ཡང་མི་གནས་ཏེ། རྣམ་པར་ཤེས་པ་ མེད་ན་ཡང་ལུས་སྐྱེ་བར་མི་འགྱུར་རོ། །བཟང་སྐྱོང་དེའི་ཕྱིར་ཉོན་ཅིག །བདེན་པ་མ་མཐོང་བས་ནི་རྣམ་པར་ཤེས་པ་འདི་མི་ཤེས་སོ་ཞེས་གསུངས་ཏེ། དེ་ལྟར་ན་རྣམ་པར་ཤེས་པ་ནི་ཁ་དོག་མེད་པ། མཚན་མ་མེད་པ། དབྱིབས་མེད་པའི་བདག་ཉིད་ཅན་རང་རིག་པའི་ཡེ་ཤེས་ཙམ་དུ་ ཐེག་པ་ཆེན་པོའི་མདོ་སྡེ་ལས་བསྟན་ཏོ། །གཞན་ཡང་རྡོ་རྗེའི་ཐེག་པ་གསང་བ་འདུས་པ་ལ་སོགས་པ་རྣལ་འབྱོར་ཆེན་པོའི་རྒྱུད་ལ་མ་ཞུགས་པར་གངྒཱའི་ཀླུང་གི་བྱེ་མ་དང་མཉམ་པ་སྙེད་ཀྱི་བསྐལ་པ་ཐམས་ཅད་ཀྱིས་ཀྱང་རང་གི་སེམས་ཀྱི་ཡང་དག་པ་ཇི་ལྟ་བ་ཉིད་ཤེས་པར་བྱ་བར་མི་ནུས་ཤིང་ ཀུན་རྫོབ་ཀྱི་བདེན་པ་མཐོང་བར་མི་འགྱུར་རོ་ཞེས་སོ། །དེ་བས་ན་དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས། བླ་མའི་ཞལ་སྔ་ནས་ཀྱི་བཀའ་དྲིན་ལས་རྣམ་པར་ཤེས་པ་གསུམ་གྱི་ཡང་དག་པ་ཇི་ལྟ་བར་ཤེས་པར་བྱའོ། །རྒྱུད་དེ་ ལས་རྡོ་རྗེ་ལྟ་བུའི་ཚིག་བཤད་པ་ཅུང་ཟད་གཅིག་ལ་འཇུག་པར་བྱ་སྟེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་བཏུད་ནས་སླར་ཡང་ཞུས་པ། ཨེ་མའོ་སྟོན་པ་རྣམ་པར་ཤེས་པ་གསུམ་ནི་རྟོགས་ 35-1-77a པར་དཀའ་ཞིང་མཆོག་ཏུ་རྟོགས་པར་དཀའ་སྟེ། རྣམ་པར་ཤེས་པ་གསུམ་གྱི་དབྱེ་བ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བདེ་བར་གཤེགས་པ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པར་ཤེས་པ་ནི་འོད་གསལ་བ་ལས་ བྱུང་བའོ། །དེ་ཉིད་ནི་སེམས་དང་ཡིད་ཅེས་བྱ་སྟེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་བདག་ཉིད་ཅན་གྱི་ཆོས་ཐམས་ཅད་ནི་དེའི་རྩ་བ་ཅན་ཡིན་ནོ། །དེ་ལས་བདག་དང་གཞན་དུ་རྟོག་པ་རྣམ་པ་གཉིས་འབྱུང་བར་འགྱུར་རོ། །རྣམ་པར་ཤེས་པ་དེ་རླུང་ལ་ཞོན་ཏེ་བྱུང་། རླུང་ལས་ ནི་མེའོ། །མེ་ལས་ནི་ཆུའོ། །ཆུ་ལས་ནི་སའོ། །དེ་རྣམས་ལས་ནི་ཕུང་པོ་ལྔ་དང་། སྐྱེ་མཆེད་དྲུག་དང་། དབང་པོ་ལྔ་རྣམས་ཏེ། དེ་དག་ཐམས་ཅད་ནི་རླུང་དང་རྣམ་པར་ཤེས་པ་ཡང་དག་པར་འདྲེ་འོ། །དེ་ནས་རྣམ་པར་ཤེས་པ་གསུམ་གྱི་རང་བཞིན་སྣང་བ་ལ་རབ་ཏུ་སྤྱོད་པ་ཡོངས་ སུ་གསལ་བར་ཉམས་སུ་མྱོང་བར་འགྱུར་ཞིང་སྣང་བའི་རྒྱུས་རང་བཞིན་རྣམས་འབྱུང་བར་འགྱུར་རོ། །མདོར་བསྟན་པའི་ཚིག་དེ་རྣམས་ཀྱིས་རྒྱས་པར་བཤད་པའི་བསྡུས་པ་བསྟན་པར་བྱ་སྟེ། དེ་ལ་དང་པོ་ཁོ་ནར་རྣམ་པར་ཤེས་པ་གསུམ་གྱི་རྣམ་གྲངས་དག་བཤད་པར་བྱའོ། །དེ་ཡང་ བཅོམ་ལྡན་འདས་ཀྱིས་ཤེས་རབ་དང་ཐབས་ཞེས་བྱ་བའི་མིང་གསལ་བའི་དགོངས་པས་བཤད་པ་འདིས་མ་ནིང་གི་ཚིག་ནི་ཉེ་བར་མཚོན་པ་ཡིན་ལ། ཉེ་བར་ཐོབ་པའི་ཡེ་ཤེས་ནི་གསལ་བ་མ་ཡིན་ནོ། །དེ་བས་ན་སེམས་དང་ཡིད་དང་རྣམ་པར་ཤེས་པ་ཞེས་བྱ་བ་དང་། ཀུན་བརྟགས་པ་ དང་། གཞན་དབང་དང་། ཡོངས་སུ་གྲུབ་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཅེས་བྱ་བ་དང་། ངོ་བོ་ཉིད་གསུམ་ཞེས་བྱ་བ་ལ་སོགས་པའི་རྣམ་གྲངས་ཐེག་པ་ཆེན་པོ་དང་ཐུན་མོང་དུ་གྱུར་པའོ། །རྡོ་རྗེ་ཐེག་པ་འདིར་རྣམ་གྲངས་གསུངས་པ། སྣང་བ་དང་། སྣང་བ་མཆེད་པ་དང་། སྣང་བ་ཐོབ་པ་དང་། སྟོང་པ་དང་། ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོ་དང་། སེམས་དང་སེམས་ལས་བྱུང་བ་དང་། མ་རིག་པ་དང་། འདོད་ཆགས་དང་། འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་བར་མ་ཞེས་བྱའོ། །དེ་ལྟར་སེམས་ཀྱི་ 35-1-77b རྣམ་གྲངས་བསྟན་ནས། ད་ནི་སོ་སོ་རང་རིག་པའི་ངོ་བོ་ཉིད་ཀྱི་རང་གི་མཚན་ཉིད་དག་གི་སྒོ་ལ་བརྟེན་ནས་བསྟན་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་སེམས་ནི་དབྱིབས་དང་ཁ་དོག་དང་བྲལ་བ་ནམ་མཁའི་མཚན་ཉིད་ཅན་ནོ་ཞེས་གསུངས་པ་དང་། ཡང་བཅོམ་ལྡན་འདས་ཀྱིས་སྣང་ བའི་མཚན་ཉིད་ཅན་དང་། རྗེས་སུ་མྱོང་བའི་མཚན་ཉིད་དུ་སོ་སོར་རྟོགས་པར་བྱའོ་ཞེས་ལུང་ལས་བསྟན་ཏོ། །དེ་བས་ན་དེའི་མན་ངག་ལ་འཇུག་པར་བྱ་སྟེ། འདི་ལྟ་སྟེ། དང་པོ་ཀུན་དུ་སྣང་བ་དང་། ཕྱི་ནས་རང་བཞིན་ནོ། །དེ་ལ་སྣང་བ་དང་།སྣང་བ་མཆེད་པ་དང་། སྣང་བ་ཐོབ་པ་ ཞེས་བྱ་བ་སྟེ་སྣང་བ་གསུམ་མོ། །དེ་ལ་སྣང་བའི་མཚན་ཉིད་གང་ཞེ་ན། རྣམ་པ་མེད་པའི་རང་བཞིན་ལུས་དང་ངག་མེད་པ་སྟེ། ཇི་ལྟར་སྟོན་གྱི་དུས་སུ་ནམ་མཁའ་དྲི་མ་མེད་པ་ལ་ཟླ་བའི་དཀྱིལ་འཁོར་གྱི་འོད་ཟེར་སྣང་བར་བྱེད་པས་ཁྱབ་པར་བྱེད་པ་བཞིན་དུ་རང་བཞིན་གྱིས་གསལ་བའི་ རྣམ་པར་དངོས་པོ་མ་ལུས་པ་ཐམས་ཅད་ལ་དམིགས་པས་ན་སྣང་བ་སྟེ། འདི་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཤེས་རབ་ཀྱི་སྣང་བ་སྟོང་པ་དང་པོ་སྟེ། ཨཾ་ཞེས་བྱ་བ་ངག་གི་སྒོ་ལ་བརྟེན་པའི་ས་བོན་བརྟན་པར་བྱེད་པའི་རྒྱུ་སྟེ། མོས་པ་ཆུང་བའི་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་ པས་དགོངས་ཏེ་གསུངས་པ་རྟོགས་པར་མི་འགྱུར་བས་དེ་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་སོ་ཞེས་དམིགས་པར་བྱེད་ཅིང་པདྨའམ། བུད་མེད་ཀྱི་གཟུགས་སམ། གཡོན་པའི་མིང་ངམ། མཚན་མོའི་མིང་དང་། འཇམ་པའི་དངོས་པོར་སེམས་ཀྱི་ཀུན་རྫོབ་ཀྱི་གཟུགས་གསལ་བའོ། ། སྣང་བ་མཆེད་པའི་མཚན་ཉིད་གང་ཞེ་ན། དེ་ཡང་གཟུང་བ་དང་འཛིན་པ་དང་བྲལ་བའི་རྣམ་པ་མེད་པའི་རང་བཞིན་ཅན་ལུས་དང་ངག་མེད་པ་སྟེ། ཇི་ལྟར་སྟོན་ཀའི་དུས་སུ་ཉི་མའི་འོད་ཟེར་གྱིས་ཁྱབ་པ་བཞིན་དུ་ཤིན་ཏུ་གསལ་ཞིང་དྲི་མ་མེད་པའི་ངོ་བོ་ཉིད་དུ་དངོས་པོ་མ་ལུས་པར་དམིགས་པ་བྱང་ཆུབ་ ཀྱི་སེམས་ཀུན་དུ་བཟང་པོ་གཉིས་པ་སྟེ། རིམ་པ་གཉིས་པ་ཤིན་ཏུ་སྟོང་པའི་མཚན་ཉིད་ཅན་ཨཱཿཞེས་བྱ་བ་ངག་གི་སྒོ་ལ་བརྟེན་པའི་ས་བོན་བརྟན་པར་བྱེད་པའི་རྒྱུ་སྟེ། མོས་པ་ཆུང་བའི་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་རྟོགས་པར་མི་འགྱུར་བས་ཉི་མའི་ 35-1-78a དཀྱིལ་འཁོར་ལ་བརྟེན་ནས་དམིགས་པར་བྱེད་ཅིང་རྡོ་རྗེ་རྩེ་ལྔ་པའམ། རིན་པོ་ཆེ་འམ། ཉིན་མོའམ། སྐྱེས་པའི་གཟུགས་སམ། གཡས་པ་ཞེས་བྱ་བའམ། རྩུབ་པའི་རྣམ་པ་ནི་སེམས་ལས་བྱུང་བའི་ཀུན་རྫོབ་ཀྱི་གཟུགས་སོ། །སྣང་བ་ཐོབ་པ་གང་ཞེ་ན། དེ་བཞིན་དུ་ནམ་མཁའི་ མཚན་ཉིད་དངོས་པོ་མེད་པའི་གཟུགས་ཅན་ལུས་དང་ངག་མེད་པ་སྟེ། ཇི་ལྟར་མཚམས་ཀྱི་སྨག་ལ་བབ་པའི་ངོ་བོར་ཁྱབ་པ་ཕྲ་ཞིང་བདག་མེད་པ་སྲོག་དང་རྩོལ་བ་མི་རྒྱུ་བས་རྒྱུ་བ་མེད་པ་སྟེ། སེམས་མེད་པ་མི་གཡོ་བ་ངག་གི་ས་བོན་ལ་བརྟེན་པའི་སྒོ་ཡོངས་སུ་གྲུབ་པ་ཞེས་བྱ་བ་འདི་ནི་སྣང་བ་ཐོབ་ པ་མ་རིག་པའི་མཚན་ཉིད་ཅན་སྟོང་པ་ཆེན་པོ་སྟེ་རྣམ་པར་ཤེས་པ་གསུམ་དུ་བཤད་དོ། །དེ་ལྟར་སངས་རྒྱས་ཐམས་ཅད་ཀྱི་མན་ངག་སྟོང་པ་གསུམ་གྱི་མཚན་ཉིད་བསྟན་ནས། ད་ནི་ཡེ་ཤེས་རེ་རེ་འབྱུང་བ་ལ་རང་བཞིན་འབྱུང་བར་རྣམ་པར་གཞག་པར་བྱ་སྟེ། དེ་ལ་ཤེས་རབ་ཀྱི་ཡེ་ཤེས་ཀྱི་ རང་བཞིན་ནི་འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་དང་བྲལ་བ་བར་མ་དང་། ཤིན་ཏུ་འདོད་ཆགས་དང་བྲལ་བ་དང་གང་ཡིད་ཀྱིས་འགྲོ་བ་དང་འོང་བ་དག་དང་མྱ་ངན་དང་མྱ་ངན་བར་མ་དང་། ཤིན་ཏུ་མྱ་ངན་དུ་གྱུར་པ་དང་། ཞི་བ་དང་། རྣམ་པར་རྟོག་པ་དང་། འཇིགས་པ་དང་། འཇིགས་ པ་བར་མ་དང་། ཤིན་ཏུ་འཇིགས་པ་དང་། སྲེད་པ་དང་། སྲེད་པ་བར་མ་དང་། ཤིན་ཏུ་སྲེད་པ་དང་། ཉེ་བར་ལེན་པ་དང་། མི་དགེ་བ་དང་། བཀྲེས་པ་དང་། སྐོམ་པ་དང་། ཚོར་བ་དང་། ཚོར་བ་བར་མ་དང་། ཤིན་ཏུ་ཚོར་བ་དང་། རིག་པ་པོ་དང་། རིག་པ་དང་། འཛིན་ པའི་གཞི་དང་། སོ་སོར་རྟོག་པ་དང་། ངོ་ཚ་ཤེས་པ་དང་། སྙིང་རྗེ་དང་། བརྩེ་བ་དང་། བརྩེ་བ་བར་མ་དང་། ཤིན་ཏུ་བརྩེ་བ་དང་། དོགས་པ་དང་བཅས་པ་དང་། སྡུད་པ་དང་། ཕྲག་དོག་སྟེ། མཚན་ཉིད་སུམ་ཅུ་རྩ་གསུམ་མོ། །ཐབས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནི་ཆགས་པ་དང་། ཀུན་དུ་ཆགས་པ་དང་། དགའ་བ་དང་། དགའ་བ་བར་མ་དང་། ཤིན་ཏུ་དགའ་བ་དང་། རངས་པ་དང་། རབ་ཏུ་མགུ་བ་དང་། ངོ་མཚར་བ་དང་། དགོད་པ་དང་། ཚིམ་པ་དང་། འཁྱུད་པ་དང་། འོ་བྱེད་པ་དང་། འཇིབ་པ་དང་། བརྟན་པ་དང་། བརྩོན་པ་དང་། ཁེངས་པ་དང་། བྱ་བ་ 35-1-78b དང་། དབྲོག་པ་དང་། སྟོབས་དང་། སྤྲོ་བ་དང་། དཀའ་བ་ལ་སྦྱོར་བ་དང་། དཀའ་བ་ལ་སྦྱོར་བ་བར་མ་དང་། ཤིན་ཏུ་དཀའ་བ་ལ་སྦྱོར་བ་དང་། དྲག་པ་དང་། རྣམ་པར་སྒེག་པ་དང་། འགྲས་པ་དང་། དགེ་བ་དང་། ཚིག་གསལ་བ་དང་། བདེན་པ་དང་། མི་བདེན་པ་དང་། ངེས་ པ་དང་། ཉེ་བར་མི་ལེན་པ་དང་། སྦྱིན་པ་པོ་དང་། བསྐུལ་པ་དང་། དཔའ་བ་དང་། ངོ་ཚ་མེད་པ་དང་། སྒྱུ་ཟིན་པ་དང་། གདུག་པ་དང་། མི་སྲུན་པ་དང་། གྱ་གྱུ་ཆེ་བ་སྟེ། མཚན་ཉིད་བཞི་བཅུ་ཐམ་པའོ། །སྣང་བ་ཐོབ་པའི་ཡེ་ཤེས་ཀྱི་རང་བཞིན་ནི་འདི་ལྟ་སྟེ། ཆགས་པ་བར་ མ་དང་། བརྗེད་ངས་པ་དང་། འཁྲུལ་པ་དང་། མི་སྨྲ་བ་དང་། སྐྱོ་བ་དང་། ལེ་ལོ་དང་། ཐེ་ཚོམ་དང་བཅས་པ་སྟེ། འདིའི་རང་བཞིན་གྱི་མཚན་ཉིད་ནི་བདུན་པོ་འདི་དག་གོ། །རང་བཞིན་རྣམ་པ་བརྒྱད་ཅུ་པོ་དེ་དག་གི་མཚན་ཉིད་ནི་མངོན་སུམ་དུ་ཕྱེ་བར་གྱུར་ན་བརྒྱ་དྲུག་ཅུ་སྟེ། ཉིན་ དང་མཚན་དུ་སྒོ་ང་ལས་སྐྱེས་པ་ལ་སོགས་པ་རྣམས་ཀྱང་ཉིན་དང་མཚན་དུ་སྤྱོད་དེ་ཕོ་དང་མོའི་སྐྱེ་གནས་ཀྱི་དབྱེ་བས་ཕྱེ་བའི་ཕྱིར་ནི་མ་ཡིན་ནོ། །རྡོ་རྗེ་སློབ་མས་གསོལ་པ། རང་བཞིན་རྣམ་པ་བརྒྱད་ཅུའི་སེམས་ཉིན་དང་མཚན་དུ་རབ་ཏུ་རྒྱུ་བ་བདག་དང་གཞན་རྣམས་ཀྱི་སོ་སོ་རང་རིག་པ་ཡིན་ པ་ནི་སོམ་ཉི་མ་མཆིས་ན་འོན་ཀྱང་ལུང་གིས་ཡིད་ཆེས་པར་བགྱི་བ་བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་སྟོན་པས་བཤད་དུ་གསོལ། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། སྔགས་ཀྱི་སྒྲའི་ངེས་པའི་ཚིག་བཅོམ་ལྡན་འདས་ཀྱིས་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་གསུངས་ཏེ། རྐྱེན་ལས་བྱུང་བ་ གང་དང་གང་། །དབང་པོ་དང་ནི་ཡུལ་གྱིས་ཡིད། །ཡིད་དེ་མན་ཞེས་བྱ་བར་བཤད། །ཏྲ་ནི་གསལ་བར་བྱེད་པའི་དོན། །ཞེས་བྱའོ། །རང་བཞིན་རྣམ་པ་བརྒྱད་ཅུ་ལས། ཉོན་མོངས་པ་དགུ་བཅུ་རྩ་བརྒྱད་འབྱུང་བ་དང་། ཡང་ལྟ་བ་དྲུག་ཅུ་རྩ་གཉིས་ལ་སོགས་པ་འབྱུང་བར་འགྱུར་ རོ། །རྡོ་རྗེ་སློབ་མས་གསོལ་པ། ཤེས་རབ་དང་སྟོང་པའི་ཡེ་ཤེས་ནི་ཟླ་བ་ལྟ་བུ་སྣང་བ་སྟོང་པ་ཉིད་ཙམ་མོ། །ཐབས་ཀྱི་ཡེ་ཤེས་ཀྱང་ཉི་མའི་སྣང་བ་ལྟ་བུ་ཤིན་ཏུ་སྟོང་པ་ཉིད་ཙམ་མོ། །དེ་བཞིན་དུ་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་ནི་མུན་ནག་ལྟ་བུ་སྟེ། སྟོང་པ་ཆེན་པོའི་མཚན་ཉིད་ཡིན་ལ། 35-1-79a རྣམ་པར་ཤེས་པ་གསུམ་པོ་དེ་དག་ནི་ནམ་མཁའི་མཚན་ཉིད་ཅན་རྣམ་པ་མེད་པའི་ངོ་བོར་ཁྱབ་པ་འགྲོ་བ་དང་འོང་བ་དང་བྲལ་བའོ་ཞེས་བཤད་ན། ཇི་ལྟར་ན་ཉིན་དང་མཚན་དུ་ལུས་ལས་སྤྲོ་ཞིང་སྡུད་པར་བྱེད། གང་ཞིག་འདིར་མེ་ལ་ཚེ་བྱེད། སུ་ཞིག་ནི་སེམས་ པ་མེད་པར་བྱེད། འདོད་ཆགས་དང་། འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་བར་མ་ལ་སོགས་པ་རང་བཞིན་བརྒྱ་དྲུག་ཅུ་གང་ལས་ཉམས་སུ་མྱོང་བར་འགྱུར་བའི་རྒྱུ་འདིར་བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་སྟོན་པས་བཤད་དུ་གསོལ། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། རྣམ་པར་ཤེས་པ་གསུམ་ནི་རྩ་བ་མེད་པ། གནས་པ་མེད་པ། གཞི་མེད་པ། མཚན་ཉིད་མེད་པ། ཁ་དོག་དང་དབྱིབས་མེད་པ། དབང་པོ་ལས་འདས་པ་ཡིན་པར་ནི་བདེན་ཏེ། དེ་ལྟ་མོད་ཀྱི་སྣང་བ་དང་བཅས་པ་ཡིན་ལ་དེས་ན་རླུང་གི་ཁམས་དང་ལྷན་ཅིག་མེ་ལ་ཚེ་བྱེད་དེ་གང་གི་ ཕྱིར་རླུང་གི་ཁམས་ནི་གཟུགས་མེད་ཀྱང་གཡོ་ཞིང་བསྐྱོད་པ་ལ་སོགས་པའི་བྱ་བ་སྟོན་པས་རྗེས་སུ་དཔག་པ་ལས་ཤེས་པར་བྱའོ། །དེ་བཞིན་དུ་རྣམ་པར་ཤེས་པ་སྣང་བ་ཡང་གཟུགས་མེད་པ་ལ་འདོད་ཆགས་དང་། འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་བར་མ་ལ་སོགས་པའི་ རང་བཞིན་རྣམས་ལས་རྗེས་སུ་དཔག་པར་བྱ་བ་ཡིན་པས་ན་རྗེས་སུ་དཔག་པར་བྱ་བའོ། །ཇི་སྐད་དུ་རྣམ་པར་ཤེས་པ་འཕོ་བའི་མདོ་ལས། བཟང་སྐྱོང་དཔེར་ན་རླུང་གི་ཁམས་གཟུགས་ཅན་མ་ཡིན་ཡང་བསྟན་དུ་ཡོད་ཅིང་གཟུང་དུ་མེད་པ་ལས་གཟུགས་སུ་སྣང་ངོ་། །དེ་ལ་བསྟན་དུ་ཡོད་ པ་ནི་ཤིང་འགུལ་ཞིང་གཡོ་བ་དང་སྒྲ་སྐད་འུར་འུར་པོའི་སྒྲ་སྐད་འབྱིན་པ་དང་། གྲང་བ་དང་དྲོ་བའི་རེག་པས་ཚོར་བ་སྐྱེད་པ་ཡིན་ཡང་དེ་ལ་རྐང་ལག་དང་མིག་དང་གདོང་དམིགས་པར་མི་འགྱུར་ཏེ། སྔོ་བསངས་དང་དཀར་བ་ཞེས་ཁ་དོག་ལྷག་པར་མི་དམིགས་སོ། །བཟང་ སྐྱོང་དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདི་ཡང་གཟུགས་སུ་མི་དམིགས་ཤིང་གཟུགས་སུ་སྣང་བར་མི་འགྱུར་ཏེ། ཁྱོད་ཀྱི་རྒྱུའི་བྱེ་བྲག་དག་གིས་རྣམ་པར་ཤེས་པའི་ཁམས་རྟོགས་པར་བྱའོ་ཞེས་གསུངས་པས་སོ། །གཏན་ཚིགས་དེས་ན་ཁམས་ཕྲ་བ་དང་། རྣམ་པར་ 35-1-79b ཤེས་པ་སྣང་བ་དག་ནི་གཟུགས་མེད་པས་མར་གྱི་ནང་དུ་མར་བཅུག་པ་དང་འདྲ་བར་འདྲེས་པར་གྱུར་ནས་འཇིག་རྟེན་ལས་འདས་པའི་བྱ་བ་ཐམས་ཅད་རྫོགས་པར་བྱའོ། །ཇི་སྐད་དུ་དགོངས་པ་བླ་ན་མེད་པ་ལས། རང་རིག་ཙམ་གྱི་ཡེ་ཤེས་ནི། །ནམ་མཁའ་འདྲ་བར་མཚན་ཉིད་ མེད། །འོན་ཀྱང་དེ་ལ་དབྱེ་ཡོད་དེ། །བར་མཚམས་ཉིན་དང་མཚན་མོའི་བདག །སྣང་བ་དང་ནི་སྣང་བ་མཆེད། །དེ་བཞིན་སྣང་བ་ཐོབ་པ་ཅན། །སེམས་ནི་རྣམ་པ་གསུམ་དུ་བཤད། །དེ་ཡི་གཞི་ནི་བཤད་པར་བྱ། །ཕྲ་བའི་གཟུགས་ཅན་རླུང་དང་ནི། །ཡེ་ཤེས་དག་ནི་ འདྲེས་གྱུར་པ། །དབང་པོའི་ལམ་ནས་བྱུང་ནས་ནི། །ཡུལ་རྣམས་ལ་ནི་དམིགས་པར་འགྱུར། །གང་ཚེ་སྣང་བ་ལྡན་གྱུར་པ། །རླུང་གི་བཞོན་པར་གྱུར་པ་ཡིན། །དེ་ཚེ་རང་བཞིན་དེ་ཐམས་ཅད། །མ་ལུས་ལུས་པ་མེད་པར་འབྱུང་། །རླུང་ནི་གང་དང་གར་གནས་པ། །རང་ བཞིན་དེ་དང་དེར་རྗེས་སྤྱོད། །ཅེས་གསུངས་པ་དང་། དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར་ཡེ་ཤེས་སྐད་ཅིག་མར་ཡང་དག་པ་འབྱུང་བ་ནམ་མཁའ་སྣང་བྱེད་ལྟ་བུ་ཕྱོགས་བཅུ་ཁྱབ་པར་རབ་ཏུ་འབར་བའོ་ཞེས་དགོངས་པས་བཤད་པ་གསུངས་པས་སོ། །ཇི་ལྟར་ན་ཡེ་ཤེས་སྐད་ ཅིག་མར་འབྱུང་བ་ཡིན་ཞེ་ན། སྐད་ཅིག་དང་ཐང་ཅིག་དང་། ཡུད་ཙམ་དང་། མིག་བཙུམས་དང་། ཐལ་མོ་བརྡབས་པ་ཙམ་དུ་སྣང་བ་འབྱུང་བ་ཞེས་བྱ་བའི་དོན་ཏོ། །ནམ་མཁའ་སྣང་བྱེད་ལྟ་བུ་ཞེས་བྱ་བ་ནི་ནམ་མཁའ་ནི་གསལ་བར་བྱེད་པས་ནམ་མཁའ་གསལ་བར་བྱེད་ པ་སྟེ། དོན་དེ་དང་འདྲ་བའི་དོན་གྱིས་ཕྱོགས་བཅུ་ཁྱབ་ཅིང་རབ་ཏུ་འབར་བའི་སྣང་བ་གསུམ་དུ་སྣང་སྟེ། མཁའ་སྣང་ཞེས་བྱ་བ་ནི་སྲིན་བུ་མེ་ཁྱེར་ནི་མ་ཡིན་ནོ། །དེ་བས་ན་ཁམས་ཕྲ་བ་ལ་འཇུག་པ་ལས་སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་དང་། མིག་བཙུམས་དང་། ཐལ་ མོ་བརྡབས་པར་སྣང་བ་གཡོ་བའོ། །དེ་ནས་སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་དང་། མིག་བཙུམས་དང་། ཐལ་མོ་བརྡབས་པ་ལས་རང་བཞིན་རྣམས་རྗེས་སུ་མྱོང་བར་འགྱུར་རོ། །སེམས་པ་མེད་པ་གང་ཡིན་ཞེ་ན། མ་རིག་པ་སྟེ། དེ་བས་ན་མ་ལུས་པར་འབྱུང་བར་འགྱུར་ 35-1-80a རོ། །དེ་ནས་རླུང་གི་ཁམས་ཀྱི་རྒྱུས་རང་བཞིན་རྣམས་ཕན་ཚུན་གཅིག་ལ་གཅིག་ཡུལ་གྱི་ལོངས་སྤྱོད་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཉིན་དང་མཚན་དུ་རང་དང་གཞན་གྱི་རྒྱུད་ལ་རྗེས་སུ་མྱོང་བར་འགྱུར་རོ། །དེ་ལྟར་ན་རང་བཞིན་གྱི་སྣང་བ་རླུང་གི་བཞོན་པ་དང་ བཅས་པའི་དབྱེ་བ་རྟོགས་པར་གྱུར་པའི་རྣལ་འབྱོར་པས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རྣམ་པར་གཡོ་བ་ཤེས་པར་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་མིའམ་ཅིའི་རྒྱལ་པོ་ལྗོན་པས་ཞུས་པའི་མདོ་ལས། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཐོགས་པ་མེད་པའི་ཡེ་ཤེས་མཐོང་བ་དང་ལྡན་ནོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་གང་སེམས་ཅན་ཐམས་ཅད་ཀྱི་འདས་པའི་སེམས་ཀྱི་རྒྱུད་ཟད་པ་དང་། འགགས་པ་དང་། བྲལ་བ་དང་། རྣམ་པར་འགྱུར་བ་ཐམས་ཅད་ནི་དེ་བཞིན་གཤེགས་ པས་རབ་ཏུ་མཁྱེན་ཏེ། རྒྱུ་གང་དག་ལས་སེམས་ཀྱི་རྒྱུད་དེ་དག་འབྱུང་བ་དང་། རྒྱུ་གང་དག་མེད་པས་ཟད་ཅིང་བྲལ་བར་བསྟན་པ་དགེ་བའམ། མི་དགེ་བའམ། ལུང་དུ་བསྟན་པའམ། ལུང་དུ་མ་བསྟན་པ་དེ་དག་ཐམས་ཅད་རྣམ་པ་དང་བཅས། གཞི་དང་བཅས། གཏན་ཚིགས་དང་བཅས་པར་དེ་བཞིན་ གཤེགས་པས་རབ་ཏུ་ཤེས་སོ། །ད་ལྟར་བྱུང་བའི་དུས་ཀྱི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་དུ་འབྱུང་བ་དགེ་བའམ། མི་དགེ་བའམ། ལུང་དུ་བསྟན་པའམ། ལུང་དུ་མ་བསྟན་པ་ཡང་རུང་སྟེ། སེམས་གང་གི་འོག་ཏུ་སེམས་གང་འབྱུང་བ་དེ་དག་ཐམས་ཅད་ཀྱང་རྣམ་པ་དང་ བཅས། ཡུལ་ཕྱོགས་དང་བཅས། གཞི་ཅི་ལས་གྱུར་པ་དང་བཅས་པར་དེ་བཞིན་གཤེགས་པས་རབ་ཏུ་ཤེས་སོ། །གང་མ་འོངས་པའི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་དང་། སེམས་ལས་བྱུང་བའི་ཆོས་དགེ་བའམ། མི་དགེ་བའམ། ལུང་དུ་བསྟན་པའམ། ལུང་ དུ་མ་བསྟན་པ་ཡང་རུང་སྟེ། སེམས་གང་གི་འོག་ཏུ་སེམས་གང་འབྱུང་བར་འགྱུར་བ་དེ་དག་ཐམས་ཅད་ཀྱང་རྣམ་པ་དང་བཅས་ཡུལ་ཕྱོགས་དང་བཅས། གཞི་ཅི་ལས་གྱུར་པ་དང་བཅས་པར་དེ་བཞིན་གཤེགས་པས་རབ་ཏུ་ཤེས་སོ། །རིགས་ཀྱི་བུ་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་ 35-1-80b བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཐོགས་པ་མེད་པའི་ཡེ་ཤེས་དང་ནི་ལྡན་པ་ཡིན་ནོ་ཞེས་གསུངས་པས་སོ། །རིགས་པ་འདིས་ན་ཐུགས་ཀྱི་ཏིང་ངེ་འཛིན་ལ་གནས་པའི་ཡེ་ཤེས་ཅན་གྱིས་སྨོན་པ་པོ་དང་། སྨོན་ལམ་དང་། སྨོན་པར་བྱ་བ་ལ་སོགས་པའི་ཕྱི་རོལ་གྱི་དངོས་ པོ་སྣ་ཚོགས་ལ་མངོན་པར་ཞེན་པ་སྤངས་ནས་བདག་ལ་བྱིན་གྱིས་བརླབ་པའི་སྒོ་ལ་མངོན་པར་ཕྱོགས་པར་འགྱུར་ཏེ། རྩ་བའི་རྒྱུད་ལས་རིགས་ཀྱི་བུ་མཉམ་པར་གཞག་པས་རང་གི་སེམས་ལ་སོ་སོར་རྟོགས་ཤིག་ཅེས་གསུངས་པས་སོ། །དེ་ལྟར་བཤད་པའི་རྒྱུད་ལ་བརྟེན་ནས་རང་གི་རང་བཞིན་སྣང་བའི་ རྗེས་སུ་འབྲངས་ནས་རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་རྟོགས་པར་ལས་སུ་སྨྲ་བའི་སེམས་ཅན་རྣམས། འཁོར་བ་ཐོག་མ་མེད་པ་ནས་རང་གི་སེམས་རྣམ་པར་རྟོག་པ་ལས་བྱུང་བའི་ལས་དང་ཉོན་མོངས་པའི་འཆིང་བས་དར་གྱི་སྲིན་བུ་བཞིན་དུ་རང་ཉིད་ཀྱིས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་ མངོན་པར་འདུས་བྱས་ནས་སྐྱེ་བ་གཅིག་ནས་གཅིག་ཏུ་ཉེ་བར་བསགས་པའི་དགེ་བ་དང་། མི་དགེ་བའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མྱོང་ནས་ཡང་དོན་དམ་པའི་བདེན་པའི་དཀྱིལ་འཁོར་ལ་འཇུག་པའི་རིམ་གྱིས་ཕུང་པོ་ཡོངས་སུ་སྤངས་ཏེ། རླུང་གི་ཁམས་ཀྱིས་བླངས་ནས་ཚོར་བ་དང་ ལྡན་ཞིང་སྲེད་པས་རྗེས་སུ་བཅིངས་ལ། ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ལས་བྱུང་བའི་དྲན་པས་ཡོངས་སུ་བཟུང་བ། དགེ་བ་དང་མི་དགེ་བའི་རྣམ་པའི་ཡིད་དང་ལྡན་པ། བྱིས་པ་ལོ་ལྔ་པ་དང་མཉམ་པ་ཐམས་ཅད་མཐོང་བ། དབང་པོ་ཐམས་ཅད་ཚང་བ། དྲིའི་ཟས་ལ་སྤྱོད་པ། རྡོ་རྗེ་ལ་ སོགས་པས་ཀྱང་མི་བཟློགས་ལ་མཚན་ཉིད་ཐམས་ཅད་དང་ལྡན་པ། ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པ། ཉི་མ་བདུན་གྱིས་འོང་བའི་བར་ལ་གནས་ནས་རང་གི་རྣམ་པར་རྟོག་པ་ལས་བྱུང་བའི་ལས་དགེ་བ་དང་མི་དགེ་བས་བསྐལ་པར་གྱུར་པས་རྒྱུ་དང་རྐྱེན་ཐོབ་ནས་འགྲོ་བ་ལྔ་རྣམས་སུ། ཟོ་ཆུན་ གྱི་འཁྲུལ་འཁོར་གྱི་ཚུལ་གྱིས་ཡང་དང་ཡང་དུ་ཉིང་མཚམས་སྦྱོར་བ་ལེན་པར་བྱེད་ཅིང་། འཁོར་བའི་སྡུག་བསྔལ་རྗེས་སུ་མྱོང་བར་འགྱུར་རོ། །སེམས་རྣམ་པར་དབེན་པ་བསྡུས་པའི་ཐེ་ཚོམ་གཅོད་པ་ཞེས་བྱ་བ་སྟེ་ལེའུ་བཞི་པའོ།། །།རྡོ་རྗེ་སློབ་མས་གསོལ་པ། བཅོམ་ལྡན་ 35-1-81a འདས་རྣམ་པར་ཤེས་པ་སྣ་ཚོགས་པ་གཞན་དག་ཀྱང་ཞུ་བར་འཚལ་ལོ། །བཅོམ་ལྡན་འདས་གལ་ཏེ་རྣམ་པར་ཤེས་པ་གསུམ་གྱི་སྣང་བ་ནི་གཟུགས་མེད་པ་ཡིན་ལ་རླུང་གི་ཁམས་ཀྱང་གཟུགས་མེད་པ་ཡིན་ཞིང་ལས་ཀྱང་གཟུགས་མེད་པ་སྟེ། དེ་བཞིན་དུ་འདི་རྣམས་ཀྱི་ཕན་ཚུན་ཤེས་པ་མེད་པས། བཅོམ་ལྡན་འདས་ཀྱིས་ལུང་གི་ཚིག་ལས་སྟོང་པ་ཉིད་དུ་གསུངས་ན། དེ་ཇི་ལྟར་ན་ལས་དགེ་བ་དང་མི་དགེ་བས་འཁོར་བ་ཐོག་མ་མེད་པ་ནས་ཡིད་ཀྱི་རང་བཞིན་གྱི་ལུས་དེ་བཅིངས་པར་མ་གྱུར། དེ་བཞིན་དུ་རང་ བཞིན་བརྒྱ་དྲུག་ཅུ་པོ་འདི་རྣམས་ཀྱི་དགེ་བ་དང་མི་དགེ་བ་རྣམས་ཉེ་བར་བསགས་ནས་དེ་འདི་ཉིད་སྐད་ཅིག་ཐང་ཅིག་ཏུ་སྐྱེ་ཞིང་རབ་ཏུ་འཇིག་པར་འགྱུར་ན་དེས་ཇི་ལྟར་ན་ཡང་ནས་ཡང་དུ་འཇིག་རྟེན་ཕ་རོལ་ཏུ་ཉེ་བར་དམིགས་པར་འགྱུར། ཡང་ན་དགེ་བ་དང་མི་དགེ་བ་དེ་དག་གཞན་དག་ལས་ མཆི་བར་འགྱུར། ཡང་ན་རང་གི་སེམས་ཀྱི་བག་ཆགས་ལས་འབྱུང་བར་འགྱུར་བ་ལགས། བདག་གི་འགྱོད་པ་འདི་དག་བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་སྟོན་པས་རྣམ་པར་བསལ་དུ་གསོལ། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། སེམས་ཅན་ཆེན་པོ་ལེགས་སོ་ལེགས་སོ། ། ལས་རྣམ་པར་དག་པ་ཡོངས་སུ་ཤེས་པར་བྱ་བ་ཤིན་ཏུ་ཡང་ཟབ་པ་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཏེ། རིགས་ཀྱི་བུ་འདི་ནི་ལས་དང་པོ་པ་རྣམས་དང་ལས་སུ་སྨྲ་བ་རྣམས་ཀྱིས་མ་ཡིན་ནོ། །དེ་བས་ན་ལུང་དང་རིགས་པ་དག་གིས་ལས་རྣམ་པར་དག་པ་སོ་སོར་རྟོགས་པར་བྱ་ཡིས་ རབ་ཏུ་འབད་པས་ཉོན་ཅིག །དེ་ལ་དང་པོ་ཁོ་ནར་ལས་དགེ་བ་དང་མི་དགེ་བ་རྣམས་ཀྱི་རང་གི་མཚན་ཉིད་གཞག་པར་བྱའོ། །དེ་ལ་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་དང་། དེ་ལས་བཟློག་པ་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཏེ། ལས་ཀྱི་ལམ་འདི་རྣམས་ནི་ལུས་དང་ངག་ དང་ཡིད་ལས་ཀུན་དུ་བྱུང་བའོ་ཞེས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ལས་གསུངས་པས་དེ་ལ་འཇུག་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་ཉོན་ཅིག །ལུས་ཀྱི་ཉེས་པར་སྤྱོད་པ་ནི་རྣམ་པ་གསུམ་མོ། །ངག་གི་ཉེས་པར་ 35-1-81b སྤྱོད་པ་ནི་རྣམ་པ་བཞིའོ། །ཡིད་ཀྱི་ཉེས་པར་སྤྱོད་པ་ནི་རྣམ་པ་གསུམ་སྟེ། དེ་དག་གིས་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །ཕྱག་ན་རྡོ་རྗེས་གསོལ་པ། ལུས་ཀྱི་ཉེས་པར་སྤྱོད་པ་དང་ངག་གི་ཉེས་པར་སྤྱོད་པའི་རབ་ཏུ་དབྱེ་བ་དང་། ཡིད་ཀྱི་ཉེས་པར་སྤྱོད་པ་དུ་ ཞིག་མཆིས་པ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བདེ་བར་གཤེགས་པ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་ཉེས་པར་སྤྱོད་པ་དེ་ཉིད་ནི་ལྕི་བར་གྱུར་པ་དང་། ཐ་མལ་པ་རྣམས་ཏེ། དེ་ལ་ཕ་དང་མ་དང་། བླ་མར་གྱུར་ པ་ལ་སོགས་པ་ལ་གསོད་པ་དང་བརྡེག་པ་ལ་སོགས་པ་ནི་ཉེས་པར་སྤྱོད་པ་ལྕི་བའོ། །སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་ཀྱི་ལམ་རྣམས་ནི་ཉེས་པར་སྤྱོད་པ་ཐ་མལ་པའོ། །ངག་གིས་ཉེས་པར་སྤྱོད་པ་གང་ཞེ་ན། དམ་པའི་ཆོས་སྤོང་བའི་ཚིག་སྨྲ་བ་ཉིད་ཀྱིས་ངག་ གི་ཉེས་པར་སྤྱོད་པའི་ཚིག་ཉིད་དང་། ཕ་དང་མ་དང་བླ་མར་གྱུར་པ་ལ་སོགས་པ་རྣམས་ལ་ཚིག་ངན་པར་སྨྲས་པ་ནི་ངག་གི་ཉེས་པར་སྤྱོད་པ་ལྕི་བའོ། །སྐྱེས་བུ་འགའ་ཞིག་གང་ཟག་དད་པ་ཅན་གཞན་དག་ནན་ཏན་ཉམས་སུ་ལེན་ཅིང་དགེ་བ་རྩོམ་པའི་གཏམ་གྱི་སྐབས་སུ་འཇིག་ རྟེན་ཕ་རོལ་མེད་དོ་ཞེས་བྱ་བའི་རྒྱ་ཆེ་བའི་ཚིག་འཇིག་རྟེན་ལས་འདས་པའི་བརྫུན་སྨྲ་བས་དགེ་བའི་ལས་ཀྱི་བར་ཆད་བྱེད་པ་དང་། ཚིག་འཁྱལ་པར་སྨྲ་བ་དང་། ལྐོག་འཕྱས་བྱེད་པ་དང་། མི་དགེ་བའི་ལས་ཀྱི་གཏམ་རྣམས་ནི་ངག་གི་ཉེས་པར་སྤྱོད་པ་ཐ་མལ་པའོ། །ཡིད་ཀྱི་ཉེས་པར་སྤྱོད་ པ་ནི། གང་དང་པོར་ནི་རྨུགས་པ་སྟེ། དེ་ཉིད་ཀྱི་རང་བཞིན་ནི་ཡིད་ཀྱི་རང་བཞིན་གྱི་སེམས་ཀྱི་ཉེས་པར་སྤྱོད་པ་དང་། སེམས་ལས་བྱུང་བའི་རང་བཞིན་གྱི་ཉེས་པར་སྤྱོད་པ་དང་། མ་རིག་པའི་རང་བཞིན་གྱི་ཉེས་པར་སྤྱོད་པའོ། །ཕྱག་ན་རྡོ་རྗེས་གསོལ་པ། སེམས་དང་སེམས་ལས་བྱུང་བ་དང་། མ་རིག་པའི་ཉེས་པར་སྤྱོད་པ་རྣམས་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བདེ་བར་གཤེགས་པ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་ཉོན་ཅིག །རྣམ་པར་གསོད་པའི་སེམས་དང་མ་ཆགས་པའི་སེམས་དེ་དང་དགེ་བ་ 35-1-82a བཅུའི་ལས་ཀྱི་ལམ་རྣམས་ལ་མ་ཆགས་པ་དེ་ཉིད་ནི་སེམས་ཀྱི་ཉེས་པར་སྤྱོད་པའོ། །རྒྱགས་པ་དང་། དྲེགས་པ་དང་། ང་རྒྱལ་དང་། ཁྲོ་བ་དང་། སེམས་ཅན་རྣམ་པར་འཇིག་པ་དང་། འདོད་ཆགས་ཀྱི་སེམས་ཀྱིས་གཞན་གྱི་བུད་མེད་ལ་ཆགས་པ་ དང་། གཞན་གྱི་ནོར་འཕྲོག་པ་དང་། བླ་མར་གྱུར་པ་ལ་སེམས་གྱ་གྱུ་ཞིང་རབ་ཏུ་སྡང་བ་ནི་སེམས་ལས་བྱུང་བའི་ཉེས་པར་སྤྱོད་པའོ། །དགེ་བ་བཅུའི་ལས་ཀྱི་ལམ་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་འདོར་ཞིང་བརྗེད་ངས་པ་དང་། སོམ་ཉི་མཚན་མའི་གདོང་དང་། ཡིད་ཤིན་ཏུ་རྨོངས་པར་གྱུར་པས་ན་མ་རིག་པའི་ཉེས་པར་སྤྱོད་པ་ཐ་མལ་པའོ། །དེ་ལྟར་འདི་དག་ནི་ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པའོ་ཞེས་མི་ཤིས་ཤིང་རང་ཉིད་ཀྱིས་རང་བཞིན་གྱི་སྣང་བ་རླུང་གི་བཞོན་པའི་རང་བཞིན་ཅན་མ་ཤེས་ནས་ངའི་ལུས་དང་། ངའི་ སེམས་ཡིན་ནོ་ཞེས་བདག་ཏུ་རློམ་པ་དང་། ངར་སེམས་པས་ལས་དགེ་བ་དང་མི་དགེ་བ་རྣམས་བྱས་ནས་བདེ་འགྲོ་དང་ངན་འགྲོར་མཆོག་ཏུ་གཞོལ་བར་འགྱུར་རོ། །རང་བཞིན་སྣང་བའི་རིམ་གྱིས་སེམས་རྣམ་པར་དབེན་པ་རྟོགས་པའི་ཡེ་ཤེས་ཅན་ནི་ལུས་དང་། ངག་དང་། ཡིད་ ཀྱི་ལེགས་པར་སྤྱོད་པ་དང་། ཉེས་པར་སྤྱོད་པར་སེམས་པར་མི་བྱེད་ཅིང་རྟོགས་པར་མི་བྱེད་དེ། གང་གི་ཕྱིར་ཞེ་ན། དགེ་བ་དང་མི་དགེ་བའི་རང་བཞིན་ནི་སྟོང་པ་གསུམ་ལས་ཀུན་དུ་བྱུང་བ་རླུང་གི་བཞོན་པའི་དབང་གིས་སྐད་ཅིག་ཐང་ཅིག་ལ་འབྱུང་ཞིང་། ཡུལ་རྣམས་རྗེས་སུ་མྱོང་ནས་ཡོང་ ནས་ཡང་དུ་འོད་གསལ་བར་འཇུག་པར་འགྱུར་རོ། །ཇི་སྐད་དུ། དགོངས་པ་བླ་ན་མེད་པ་ལས། ཇི་ལྟར་སྤྲིན་ནི་སྣ་ཚོགས་ཤིང་། །མདོག་དང་དབྱིབས་ནི་ཐ་དད་པ། །ནམ་མཁའི་དབྱིངས་སུ་བྱུང་ནས་ནི། །དེ་ཉིད་དུ་ནི་ཐིམ་པར་འགྱུར། །དེ་བཞིན་རང་བཞིན་ཐམས་ཅད་ནི། །སྣང་ བ་གསུམ་གྱི་རྒྱུ་ཅན་ཏེ། །མ་ལུས་ཡུལ་ལ་ཞུགས་ནས་ནི། །འོད་གསལ་བར་ནི་འཇུག་པར་འགྱུར། །དེ་འདྲའི་རང་བཞིན་མ་ཤེས་པས། །མི་ཤེས་མུན་པས་ཁེབས་པ་རྣམས། །དགེ་དང་མི་དགེའི་ལས་བྱས་ནས། །འགྲོ་བ་ལྔར་ནི་འཁོར་བར་འགྱུར། །མཚམས་མེད་ལ་སོགས་ 35-1-82b བྱས་ནས་ནི། །དམྱལ་ལ་སོགས་པར་འཚེད་པར་འགྱུར། །སྦྱིན་སོགས་དགེ་བ་བྱས་ནས་ནི། མཐོ་རིས་ལ་སོགས་དག་ཏུ་མཆོད། །སྐྱེ་བ་དཔག་མེད་སྟོང་ཕྲག་ནི། །འདི་ནི་ཡང་དང་ཡང་ཐོབ་པ། །འདི་ནི་སྔོན་ལས་རྣམ་སྨིན་ཞེས། །རྨོངས་པ་རྣམས་ནི་མྱ་ངན་བྱེད། །རང་བཞིན་སྣང་ བའི་ཚུལ་གྱིས་ནི། །གང་གིས་སྐྱེ་བོ་ཉོན་མོངས་པ། །དེ་ཉིད་ཤེས་ནས་ཡེ་ཤེས་ཅན། །སྲིད་པའི་གཟེབ་ལས་གྲོལ་བར་འགྱུར། །ཞེས་གསུངས་པ་དང་། དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར་མི་འམ་ཅིའི་རྒྱལ་པོ་ལྗོན་པས་ཞུས་པའི་མདོ་ལས་ཀྱང་། སེམས་ཀྱི་སྤྱོད་པ་རྣམས་ ནི་འདུས་མ་བྱས་པ་གཟུགས་ཅན་མ་ཡིན་པ་ལས་ཇི་ལྟ་བ་བཞིན་གྱི་དབྱེ་བས་རླུང་ཡང་ཐོགས་པ་མེད་པ་སྟེ། འཇིག་རྟེན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་ཤེས་པ་དེ་ནི་རྣམ་པར་དག་པ་ཡིན་པས་ན་ཉོན་མོངས་པར་འབྱུང་བར་འགྱུར་བ་མི་སྲིད་དོ་ཞེས་གསུངས་པས་སོ། །ཡང་རིགས་པ་འདིས་ སེམས་རྣམ་པར་དབེན་པ་མངོན་པར་རྟོགས་པའི་རྣལ་འབྱོར་པ་ཆེན་པོས་དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་ལ་ལྟོས་པ་མེད་པར་ཐར་པ་ལ་མངོན་པར་ཕྱོགས་པར་འགྱུར་རོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་གཅོད་པ་ལས། ཆོས་ཀྱང་སྤང་བར་བྱ་ན་ཆོས་མ་ཡིན་པ་ལྟ་སྨོས་ ཀྱང་ཅི་དགོས་ཞེས་གསུངས་པ་དང་། གསང་བ་འདུས་པ་ཞེས་བྱ་བ་རྣལ་འབྱོར་གྱི་རྒྱུད་ཆེན་པོ་ལས་ཀྱང་། དགེ་བ་བཅུ་ཡི་ལས་ཀྱི་ལམ། །བྱེད་པ་ཡེ་ཤེས་སྤངས་པའོ། །ཞེས་གསུངས་པའོ། །དེ་ལྟར་ན་སེམས་ཅན་དགེ་བའི་བཤེས་གཉེན་དང་བྲལ་བས་རང་གི་སེམས་ཇི་ལྟ་བ་ཉིད་ ཡོངས་སུ་ཤེས་པ་མ་རྟོགས་པས་ངར་འཛིན་པ་དང་། ང་ཡིར་འཛིན་པ་དང་། གསོ་བ་དང་། གསོག་ལ་བརྟགས་ནས་དགེ་བ་དང་མི་དགེ་བ་ལ་སོགས་པར་བརྟགས་པས་འཁོར་བ་ཐོག་མ་མེད་པ་ནས་སྡུག་བསྔལ་ཉམས་སུ་མྱོང་བ་ཡིན་ནོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དགེ་བའི་བཤེས་གཉེན་གྱི་ལེའུ་ལས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་དབེན་པ་དང་སྟོང་པ་ལགས་ན། བཅོམ་ལྡན་འདས་ཇི་ལྟར་ན་སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་གདའ་བར་འགྱུར། ཇི་ལྟར་རྣམ་པར་ 35-1-83a བྱང་བར་འགྱུར། བཅོམ་ལྡན་འདས་དབེན་པ་ནི་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར། རྣམ་པར་བྱང་བར་ཡང་མི་འགྱུར་རོ། །བཅོམ་ལྡན་འདས་སྟོང་པ་ནི་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར། རྣམ་པར་བྱང་བར་ཡང་མི་འགྱུར་རོ། །བཅོམ་ལྡན་འདས་ དབེན་པའམ་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་ལ། བཅོམ་ལྡན་འདས་དབེན་པ་དང་། སྟོང་པ་ཉིད་ལས་གུད་ན་ཆོས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའམ། མངོན་པར་ རྫོགས་པར་འཚང་རྒྱ་བའམ། མངོན་པར་རྫོགས་པར་འཚང་རྒྱ་བའི་ཆོས་དེ་དམིགས་སུམ་མཆིས་ན། བཅོམ་ལྡན་འདས་བཤད་པ་དེའི་དོན་ཇི་ལྟ་བུར་འཚལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། བདེ་བར་གཤེགས་པ་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། སེམས་ཅན་རྣམས་ནི་ཡུན་རིང་པོ་ནས་ངར་འཛིན་པ་དང་། ང་ཡིར་འཛིན་པ་ལ་སྤྱོད་དམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་དེ་བཞིན་ནོ། །བདེ་བར་ གཤེགས་པ་དེ་དེ་བཞིན་ཏེ། སེམས་ཅན་རྣམས་ནི་ངར་འཛིན་པ་དང་། ང་ཡིར་འཛིན་པ་ལ་སྤྱོད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། འོན་ཀྱང་ངར་འཛིན་པ་དང་། ང་ཡིར་འཛིན་པ་སྟོང་པ་ཡིན་མོད། རབ་འབྱོར་གྱིས་གསོལ་པ། བཅོམ་ ལྡན་འདས་སྟོང་པ་ལགས་སོ། །བདེ་བར་གཤེགས་པ་སྟོང་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས་ངར་འཛིན་པ་དང་། ང་ཡིར་འཛིན་པས་སེམས་ཅན་རྣམས་འཁོར་བ་ན་འཁོར་རམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་དེ་ བཞིན་ནོ། །བདེ་བར་གཤེགས་པ་དེ་དེ་བཞིན་ཏེ། ངར་འཛིན་པ་དང་། ང་ཡིར་འཛིན་པས་སེམས་ཅན་རྣམས་འཁོར་བ་ན་འཁོར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་ན་སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པར་ཡང་སྣང་ངོ་། །རྣམ་པར་བྱང་བར་ 35-1-83b ཡང་སྣང་ངོ་ཞེས་གསུངས་པ་དང་། དེ་བཞིན་དུ་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་མདོ་ལས་ཀྱང་། དགེ་སློང་འདི་ཇི་སྙམ་དུ་སེམས། ཅི་སྐྱེ་བ་མེད་པ་སྐྱེ་བའམ། འགག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་འགྱུར་རམ། གསོལ་པ། བཅོམ་ ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་འདི་ཇི་སྙམ་དུ་སེམས། ཅི་སྐྱེ་བ་མེད་པའི་ཆོས་རྣམས་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རམ། དུད་འགྲོའི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་སྐྱེ་བ་མ་མཆིས་པ་ཉིད་ཀྱང་མ་མཆིས་པ་ལགས་ན། ངན་འགྲོར་མཆི་བར་འགྱུར་བ་ལྟ་ག་ལ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དེ་ལྟར་ཆོས་ཐམས་ཅད་ནི་དེ་ལྟར་འོད་གསལ་བ་ཡིན་ན་ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་ཡང་དག་པ་མ་ཡིན་ པའི་ཆོས་རྣམས་ལ་བརྟགས ། ཕྱིན་ཅི་ལོག་ལ་བརྟགས། གསོབ་དང་། གསོག་ལྟ་བུའི་ཆོས་ཐམས་ཅད་ལ་བརྟགས་པས། སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་དུ་འགྲོ་བར་འགྱུར་རོ། །དགེ་སློང་ཅི་དེ་ལྟར་སེམས་ཀུན་ནས་ཉོན་མོངས་པས་སེམས་ཅན་རྣམས་ཀུན་ ནས་ཉོན་མོངས་པ་ཅན་དུ་འགྱུར་རམ། སེམས་རྣམ་པར་དག་པས་སེམས་ཅན་རྣམ་པར་འགྱུར་རོ་ཞེས་གསུངས་པ་དང་། དེ་བཞིན་གཤེགས་པའི་མཛོད་ཀྱི་མདོ་ལས་ཀྱང་། ཆོས་ཐམས་ཅད་ལ་དད་པ་མེད་པས་མངོན་པར་དད་ཅིང་ལྷག་པར་མོས་ན་དེས་ནི་སེམས་ཅན་དེ་ངན་འགྲོར་འགྲོ་བར་མི་སྨྲའོ། ། དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་རྣམས་ལ་ཕུང་པོ་མེད་པའི་ཕྱིར་རོ། །ཉོན་མོངས་པ་ཐམས་ཅད་རྣམ་པར་དབེན་པ་ལས་རྒྱུ་དང་རྐྱེན་ཚོགས་པ་དང་ཕྲད་པ་ལས་སྐྱེ་བར་འགྱུར་ལ། སྐྱེས་པ་ཙམ་གྱིས་འགག་པར་འགྱུར་ཏེ། གང་སྐྱེ་བ་དང་འཇིག་པ་དེ་ནི་ཉོན་མོངས་པ་རྣམས་ཀྱིས་འཇིག་པའོ་ ཞེས་གསུངས་པ་དང་། ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་དོན་འདི་གསལ་བར་བྱ་བའི་ཕྱིར། གལ་ཏེ་འདི་ཀུན་སྟོང་པ་དང་། །སྐྱེ་མེད་ངོ་བོ་ཉིད་ཡིན་ན། །བདེ་དང་སྡུག་བསྔལ་སོགས་འཇུག་འདིར། །ཇི་ལྟར་ལས་ཀྱིས་འཁོར་བར་འགྱུར། །བདག་ཏུ་རློམ་པར་གྱུར་མ་ཐག །དེ་ 35-1-84a བཞིན་འདོད་ཆགས་སོགས་དྲི་མ། །བརྟགས་པས་གཞན་གྱི་དབང་གྱུར་པས། །བྱིས་པ་སྡུག་བསྔལ་གྱིས་ཉོན་མོངས། །འདི་དག་ཐམས་ཅད་སེམས་ཙམ་སྟེ། །སྒྱུ་མའི་རྣམ་པར་ཡང་དག་འབྱུང་། །དེ་ནས་དགེ་དང་མི་དགེའི་ལས། །དེས་ནི་བདེ་འགྲོ་ངན་འགྲོར་ སྐྱེ། ཞེས་གསུངས་པས་སོ། །དེ་ལྟར་ན་རིགས་པ་འདིས་ལུང་དང་རིགས་པ་དག་གིས་དེ་བཞིན་གཤེགས་པ་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་དབའ་ཀློང་དུ་ལྷུང་བར་གྱུར་ཅིང་སྐྱབས་མེད་པ་དཔུང་གཉེན་མེད་པ་རྣམས་ལ་གཟིགས་ ནས་ཀུན་རྫོབ་ཀྱི་བདེན་པའི་ཚུལ་གྱིས་ཉོན་མོངས་པའི་ངོ་བོ་ཉིད་ཡོངས་སུ་ཤེས་པས་ཉོན་མོངས་པ་རྣམ་པར་དག་པར་མཛད་ཅིང་། ཀུན་རྫོབ་ཀྱི་བདེན་པ་ཡང་དོན་དམ་པའི་བདེན་པས་རྣམ་པར་སྦྱངས་ནས་ཡང་དག་པའི་ཚུལ་གྱི་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་ལ་ཡང་དག་པར་འཇོག་པར་མཛད་པ་ ཡིན་ནོ། །ལས་ཀྱི་མཐའ་རྣམ་པར་འབྱེད་པའི་བསྡུས་པའི་ཐེ་ཚོམ་གཅོད་པ་སྟེ་ལེའུ་ལྔ་པའོ།། །།རྡོ་རྗེ་སློབ་མས་གསོལ་པ། ཁྱེད་ཀྱི་ཞལ་སྔ་ནས་ཀྱི་བཀའ་དྲིན་གྱིས་བཤད་མ་ཐག་པའི་གསུང་རབ་ཀྱི་རྗེས་སུ་འབྲངས་ནས་ལུས་དང་ངག་དང་སེམས་ཀྱི་མཚན་ཉིད་ལ་སོ་སོར་བརྟགས་ པས་ངེས་པར་འཚལ་ཏེ། ཏིང་ངེ་འཛིན་གཞན་གྱི་ཁྱད་པར་ཡང་རྗེ་བཙུན་གྱི་ཞལ་སྔ་ནས་གསོལ་ནས་གོང་ནས་གོང་དུ་ཏིང་ངེ་འཛིན་གྱི་ཁྱད་པར་ཞུ་བར་འཚལ་ལོ། །བསྐྱེད་པའི་རིམ་པ་ནས་བརྩམས་ཏེ་ལུས་རྣམ་པར་དབེན་པའི་མཐར་ཐུག་པའི་བར་དུ་རྡོ་རྗེ་གསུམ་ལ་སོགས་པས་ཀྱང་མཚན་ ཉིད་ལ་ལྷག་པར་མོས་པ་ཙམ་ལགས་ཏེ། དེ་བས་ན་ལུས་རྣམ་པར་དབེན་པ་ལ་ཡང་ལྷའི་གཟུགས་མེད་དེ། ལུས་ནི་རྡུལ་ཕྲ་རབ་བསགས་པ་ཙམ་ཡིན་པའི་ཕྱིར་རོ། །ངག་རྣམ་པར་དབེན་པའི་མཐར་ཐུག་པ་ཡང་འཇུག་པ་ལ་སོགས་པའི་རིམ་གྱིས་རྡོ་རྗེ་བཟླས་པ་ཙམ་ཡོངས་སུ་ཤེས་ པ་སྟེ། དེ་ལ་ཡང་ལྷའི་རྣམ་པ་མེད་དེ་སྒྲ་རྣམས་ནི་བྲག་ཅ་ལྟ་བུ་ཡིན་པའི་ཕྱིར་རོ། །སེམས་རྣམ་པར་དབེན་པའི་མཐར་ཐུག་པ་ཡང་རང་བཞིན་གྱིས་སྣང་བ་ཙམ་ཡོངས་སུ་ཤེས་པ་ཙམ་དུ་ཟད་པས་དེར་ཡང་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ལྷའི་སྐུའི་ངོ་བོ་རྙེད་པར་མི་འགྱུར་ཏེ། 35-1-84b སེམས་ནི་སྣང་བ་ཙམ་ཡིན་པའི་ཕྱིར་རོ། །རིགས་པ་འདིས་ནི་ཀུན་རྫོབ་ལ་བརྟེན་ནས་གནས་པ་རྙེད་པར་མི་འགྱུར་རོ། །དེ་བས་ན་ཡེ་ཤེས་ཙམ་གྱིས་ལྷ་ཉིད་དུ་བསྐྱེད་པ་སློབ་དཔོན་གྱི་ཞལ་སྔ་ལས་རྟོགས་པར་བགྱིད་འཚལ་ལོ། །རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། སེམས་ཅན་ཆེན་པོ་ལེགས་ སོ་ལེགས་སོ། །ལྷའི་དེ་ཁོ་ན་ཉིད་བསམ་གྱིས་མི་ཁྱབ་པ་སངས་རྒྱས་ཐམས་ཅད་ཀྱིས་བཤད་པ་བླ་མ་བརྒྱུད་པའི་རིམ་པ་ལས་འོངས་པ། ས་བཅུའི་དབང་ཕྱུག་རྣམས་ཀྱི་ཡང་ཡུལ་མ་ཡིན་པ་དེ་ངས་ཁོང་དུ་ཆུད་པར་བྱའོ། །རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་ པ་ཞེས་བྱ་བ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་ཡང་མེད་པ། ཡེ་ཤེས་ཙམ་དུ་ཡོངས་སུ་སྣང་བ་ཙམ་གྱིས་མཚན་ཐམས་ཅད་དང་ལྡན་པའི་ལྷའི་སྐུར་གཟུང་བ་དེ་ཡང་སྒྱུ་མ་དང་། རྨི་ལམ་ལ་སོགས་པའི་དཔེ་རྣམ་པ་བཅུ་གཉིས་ཀྱིས་ཉེ་བར་མཚོན་པ་འདི་ནི་སངས་རྒྱས་རྣམས་ཀྱི་ ཡིད་ཀྱི་རང་བཞིན་གྱི་སྐུ་ཡིན་ནོ། །རྡོ་རྗེ་སློབ་མས་གསོལ་པ། བརྟེན་པའི་ལུས་མེད་པར་སེམས་ཀྱི་རང་བཞིན་ཡང་མེད་པ། སེམས་མེད་པར་ཡང་ལུས་དམིགས་སུ་མེད་དོ་ཞེས་ལུང་གི་ཚིག་ལས་གསུངས་ན། དེ་ཇི་ལྟར་ན་སེམས་འབའ་ཞིག་ཙམ་གྱིས་ཕྱག་དང་ཞབས་ལ་སོགས་ པ་མཚན་ཐམས་ཅད་དང་ལྡན་པའི་ལྷའི་སྐུ་རྫོགས་པར་འགྱུར། དམིགས་པའི་ལྟ་བ་ཅན་རྣམས་ནི་ལུང་དང་རྟོགས་པ་མེད་པར་ཡིད་ཆེས་པར་མི་འགྱུར་རོ། །དེ་བས་ན་དེ་རྣམས་དམིགས་སུ་མེད་པའི་ལྷའི་དེ་ཁོ་ན་ཉིད་བདེ་བླག་ཏུ་མངོན་དུ་བྱ་བའི་ཐབས་བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་ སྟོན་པས་བཤད་དུ་གསོལ། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། སེམས་ཅན་ཆེན་པོ་ལེགས་སོ་ལེགས་སོ། །གང་མདོ་སྡེ་ལ་སོགས་པའི་ཚུལ་ལ་ཞུགས་པ་དང་། བསྐྱེད་པའི་རིམ་པ་ལ་གནས་པའི་སྒོམ་པ་པོ་རྣམས་ཀྱང་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུ་དང་། གཟུགས་བརྙན་ ལྟ་བུ་ཞེས་དཔེར་བརྗོད་ཅིང་ལྷག་པར་མོས་ཀྱང་དེ་རྣམས་དཔེས་བདག་ལ་བྱིན་གྱིས་བརླབ་པའི་མན་ངག་ཤེས་ཙམ་གྱིས་ཡིད་ཀྱི་རང་བཞིན་གྱི་ལྷའི་སྐུ་རྫོགས་པར་འགྱུར་བ་ཤེས་པར་ནི་མི་འགྱུར་རོ། །དེ་བས་ན་ངས་རྣལ་འབྱོར་གྱི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་རྡོ་རྗེ་སེམས་དཔའ་རྫོགས་པར་འགྱུར་བའི་ 35-1-85a རྒྱུ་དང་རྐྱེན་ཁྱོད་ལ་ཁོང་དུ་ཆུད་པར་བྱའོ། །བདེན་པར་ན་སེམས་ནི་དབྱིབས་དང་ཁ་དོག་དང་བྲལ་བ་སྣང་བ་ཙམ་ནམ་མཁའ་དང་མཉམ་པའི་ངོ་བོ་ཉིད་དོན་དམ་པའི་བདེན་པ་དང་འདྲ་བར་རེག་པར་དཀའ་བའོ། །དེ་ལྟ་མོད་ཀྱི་སྣང་བ་ཙམ་གྱི་སྣང་བ་གསུམ་པོ་རླུང་ལ་བརྟེན་པར་གྱུར་ པ་དང་། ཐུན་མོང་དུ་གྱུར་པས་ཡང་བ་སྟེ། དེ་བས་ན་རླུང་གིས་རྣམ་པར་ཤེས་པ་བཅིངས་པ་ཡིན་ནོ། །དེ་ནས་ཤེས་རབ་དང་ཐབས་ཀྱི་སྣང་བ་གཉིས་འོད་ཟེར་ལྔ་དང་བཅས་ཤིང་སྣ་ཚོགས་པའི་ཡོན་ཏན་ཐམས་ཅད་དང་ལྡན་པའི་སྒྱུ་མ་ལྟ་བུའི་ལྷའི་སྐུ་འབྱུང་བར་འགྱུར་རོ། །འདིའི་བཞོན་པ་གང་ཡིན་ ཞེ་ན། རླུང་ཞེས་བྱ་བ་སྟེ་སེམས་རྡོ་རྗེ་གང་ཡིན་པ་དེ་ལྟ་བུའི་རླུང་ལ་ཞོན་ནས། གང་དུ་འདོད་པ་དེར་འཕོ་བར་འགྱུར་རོ། །རྣམ་པར་ཤེས་པ་འཕོ་བའི་མདོ་ལས་ཀྱང་གསལ་བར་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་ཆེན་ངས་ཚིགས་སུ་བཅད་པ་ཕྱེད་ཀྱི་དོན་གྱི་ཕྱིར་བྲག་གི་ རྩེ་མོ་ནས་ལུས་བོར་ཏེ་དཀའ་བ་རྣམ་པ་བརྒྱ་སྟོང་དུ་མ་ཉམས་སུ་མྱོང་ངོ་། །སྨན་ཆེན་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ངས་ཁྱོད་ལ་ལན་གདབ་བོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་སྨན་ཆེན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྣམ་པར་ཤེས་པ་ འདིའི་རང་བཞིན་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་ཆེན་སྒྱུ་མ་མཁན་གྱི་མིའི་རང་བཞིན་གང་ཡིན་པ་དང་། མིའི་གྲིབ་མ་ཆུའི་ནང་དུ་འབྱུང་བ་གསལ་བ་མ་ཡིན་ཞིང་མི་གསལ་བའི་རང་བཞིན་གང་ཡིན་པ་དང་། མིག་དང་ནམ་མཁའི་རང་བཞིན་གང་ཡིན་པ་ དང་། སྲིད་པའི་རང་བཞིན་གང་ཡིན་པ་དེ་བཞིན་ནོ། །གང་ཡང་སྨན་ཆེན་ཁྱོད་ཀྱིས་སྐྱེ་བ་མེད་པ་ཉིད་ཀྱིས་ཇི་ལྟར་ཐོག་མར་འཆི་བས་བྱས་པའི་གཟུགས་བལྟ་བར་བྱ་ཞེས་བྱ་བ་བཤད་པར་བྱའོ། །འདི་ལྟ་སྟེ། ཆུའི་ནང་དུ་བྱུང་བའི་སྐྱེས་བུའི་གྲིབ་མའི་གཟུགས་བཞིན་དུ་བལྟ་བར་བྱའི་དེའི་ནང་ དུ་བྱུང་བའི་སྣང་བ་བཞིན་དུ་ནི་བལྟ་བར་མི་བྱའོ། །ཡང་སྨན་ཆེན་དེའི་མགོ་བོ་དང་ལག་པ་དང་རྐང་པ་དང་ལྡན་པར་གྱུར་པ་ཡང་ཆུའི་ནང་དུ་བྱུང་བའི་སྐྱེས་བུ་ཉིད་བཞིན་ནོ། །དེ་ལ་ནི་གྲང་བའམ་དྲོ་བའམ་ལུས་དུབ་པ་ལ་སོགས་པ་མེད་དེ། དེ་ལ་ཤ་དང་ཉ་ཤ་ལ་སོགས་པ་མི་སྲིད་པའི་ཕྱིར་དང་། 35-1-85b གྲིབ་མ་ནི་ཁམས་ཀྱིས་རྣམ་པར་གཞིག་མི་ནུས་པའི་ཕྱིར་རོ། །དེ་ན་ཆུའི་ནང་དུ་བྱུང་བའི་སྐྱེས་བུའི་གཟུགས་བརྙན་ནི་བདེ་བའི་སྒྲའམ་སྡུག་བསྔལ་བའི་སྒྲ་བརྗོད་པར་མི་འགྱུར་རོ། །དེ་བཞིན་དུ་རྣམ་པར་ཤེས་པ་འདི་ཡང་ཐོག་མར་འཆི་བའི་ལུས་ཀྱི་རང་བཞིན་ཡོངས་སུ་སྤངས་ནས་དེས་བྱས་ པའི་གཟུགས་སུ་གྱུར་པའོ། །དེ་ལྟར་བྱིས་པ་སོ་སོའི་སྐྱེ་བོ་སྲིད་པ་བར་མ་པ་ཞེས་བྱ་བའི་འཁོར་བའི་རྒྱུར་འགྱུར་རོ། །དེ་ཉིད་བླ་མ་བརྒྱུད་པའི་རིམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མན་ངག་ཐོབ་པ་རྣམས་ནི་བདག་ལ་བྱིན་གྱིས་བརླབ་པ་ཞེས་བྱ་བ་འདི་ལྟར་རྩིག་པའི་རས་རིས་མེ་ལོང་གི་ ནང་དུ་ཉེ་བར་སྣང་བ་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྐུའི་ངོ་བོ་ཉིད་ཀྱིས་བདག་ཉིད་སྤྲུལ་ཏེ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་སྐུ་བལྟ་བས་ཆོག་མི་ཤིས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པས་ལུས་ལ་བརྒྱན་པ་སྟེ། མདོར་ན་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱིས་ བརྒྱན་པ་ཞེས་པའི་བར་དུའོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། འཇའ་ཚོན་ལྟ་བུའི་ལུས་དག་ནི། །དེ་ཉིད་བསྒོམས་པས་ཐོབ་པར་འགྱུར། །ཞེས་གསུངས་སོ། །འདིའི་དོན་ནི་འདི་ཡིན་ཏེ། འཇའ་ཚོན་ཞེས་བྱ་བ་ནི་ལྷའི་དབང་པོའི་ གཞུ་སྟེ། དེ་ཡང་གང་ཞེ་ན། དངོས་སུ་འོད་ཟེར་ལྔས་ཉེ་བར་མཚོན་པ་སྟེ། ཇི་ལྟར་འཇའ་ཚོན་ནམ་མཁའི་དཀྱིལ་ན་ཁ་དོག་ལྔའི་དབྱེ་བ་ཡོངས་སུ་གསལ་བ་ཡིན་ཏེ། ལུས་ཀྱང་དེ་དང་འདྲ་བར་ཉེ་བར་མཚོན་པའི་ཕྱིར། འཇའ་ཚོན་ལྟ་བུའི་ལུས་དག་ནི། །ཞེས་བྱ་བའི་དོན་ཏོ། །དེ་ ཉིད་བསྒོམས་པས་ཐོབ་པར་འགྱུར། །ཞེས་བྱ་བ་ནི་བླ་མ་ལས་མན་ངག་ཡང་དག་པར་ཐོབ་ནས་དེ་ཁོ་ན་ཉིད་བསྒོམ་ཞིང་དོན་དམ་པའི་བདེན་པ་ལ་དམིགས་པས་འཐོབ་པའི་དོན་ཏོ། །རྡོ་རྗེ་སློབ་མས་གསོལ་པ། བཅོམ་ལྡན་འདས་སོམ་ཉིར་གྱུར་པ་གཞན་འགའ་ཞིག་བདག་ལ་མཆིས་ཏེ། ཅིའི་ཕྱིར་ཡུན་རིང་པོར་གཉིད་ལོག་ནས་ཅིའི་ཕྱིར་ལུས་ཀྱི་ཁོག་པ་བོར་ཏེ། རྨི་ལམ་དུ་སུམ་ཅུ་རྩ་གསུམ་པའི་གནས་སམ། ཡུལ་ཕྱོགས་གཞན་དག་ཏུ་སོང་ནས་འདོད་པའི་ཡོན་ཏན་ལྔ་ཉམས་སུ་མྱོང་སྟེ། ཡང་ཡུལ་འདིར་འོངས་ནས་ཅིའི་ཕྱིར་རྨི་ལམ་ན་དགེ་བ་དང་མི་དགེ་བ་ 35-1-86a མཐོང་བའི་འབྲས་བུ་ཐོབ་པར་འགྱུར། དེ་བཞིན་དུ་གཉིད་ལོག་པའམ། གཉིད་མ་ལོག་པའི་གནས་སྐབས་དག་ཅི་ཐ་དད་པར་མཆིས་སམ། འོན་ཏེ་མ་མཆིས། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། སེམས་ཅན་ཆེན་ པོ་ལེགས་སོ་ལེགས་སོ། །ཐོག་མ་མེད་པའི་རང་བཞིན་ཅན་གྱི་ལུས་ལ་དངོས་པོར་བལྟས་ནས་འཛིན་པ་རྣམས་ཀྱི་ཐེ་ཚོམ་བསལ་བའི་ཕྱིར་དང་། བདག་ལ་བྱིན་གྱིས་བརླབ་པར་བཤད་པ་རྣམ་པར་གསལ་བར་བྱ་བའི་ཕྱིར་རྨི་ལམ་གྱི་མཚན་ཉིད་ཡོངས་སུ་འདྲི་བར་བྱེད་པ་ ལེགས་སོ་ལེགས་སོ། །དེ་བས་ན་རྨི་ལམ་གྱི་སྒོ་ནས་གཟུགས་བརྙན་དུ་བཤད་པའི་ལྷའི་སྐུ་ཐམས་ཅད་ཀྱི་སོ་སོ་རང་རིག་པར་གྱུར་པ་རྒྱུད་དང་མདོ་སྡེ་རྣམས་ཀྱི་རྗེས་སུ་འབྲངས་ནས་རབ་ཏུ་རྟོགས་པར་བྱ་ཡིས་རྩེ་གཅིག་པའི་སེམས་ཀྱིས་ཉོན་ཅིག །ཕུང་པོ་ཁམས་དང་སྐྱེ་མཆེད་ དབང་སོགས་ལ། །ཤེས་པ་གཉིས་པོ་དེ་འདིར་རབ་འདུས་ནས། །སྟོང་ཆེན་གྱུར་པ་གང་ཞིག་གཉིད་ལོག་པ། །རླུང་གི་ཤུགས་ཀྱིས་རྨི་ལམ་མཐོང་བར་འགྱུར། །རྨི་ལམ་སད་ལ་བྱེ་བྲག་གཞན་མེད་པར། །ཀུན་དུ་རྟོག་པས་རྨི་ལམ་འབྲས་འདོད་པས། །འགྲོ་བ་ཉིན་མཚན་ ཉེ་བར་གཉིད་ལོག་ཅིང་། །ས་མཐུག་གྱུར་པས་རབ་ཏུ་རིང་གཉིད་ལོག །འབྲས་བུ་མ་སྨིན་བྱས་པའི་ལས་རྣམས་ཀྱིས། །སྐྱེ་འདིར་རླུང་ནི་སླར་ཡང་འཇུག་པར་འགྱུར། །འབྲས་བུ་སྨིན་པར་གྱུར་ན་རླུང་འདི་ཉིད། །འཇིག་རྟེན་འཆི་བ་གཞན་དུ་མྱུར་འགྲོར་འགྱུར། །ཇི་ལྟར་ ཕྱོགས་བཅུར་བཞུགས་པའི་རྒྱལ་དབང་པོ། །དེ་ཡི་སྐུ་ལ་རྐང་རུས་ཤ་མེད་ཀྱང་། །སེམས་ཅན་ཕན་ཕྱིར་ཁམས་ལ་འཇུག་མཛད་ཅིང་། །སྤྲུལ་པའི་སྐུ་ཡིས་བྱ་བ་མཛད་པ་ཡིན། །རིམ་པ་དེ་བཞིན་གཉིད་ལོག་སད་པའི་སེམས། །འབྲས་བུ་འདོད་པའི་རྣམ་རྟོག་དྲ་བ་ཅན། །དེ་ བས་ཆོས་ཀུན་རྨི་ལམ་ལྟ་བུ་སྟེ། །བདེན་དང་བརྫུན་པ་དག་ཀྱང་ཡོད་མ་ཡིན། །ཞེས་བྱའོ། །དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་མདོ་ལས་ཀྱང་། དགེ་སློང་འདི་ཇི་སྙམ་དུ་སེམས། ཅི་ཁྱོད་ཀྱིས་གཉིད་ལོག་པའི་རྨི་ལམ་ན་ཀུན་དུ་རྟོག་ 35-1-86b པའི་ཚེ་འདོད་ཆགས་སྤྱོད་པ་མྱོང་ངམ། གསོལ་པ། བཅོམ་ལྡན་འདས་མྱོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་སེམས་ཀྱིས་འདོད་ཆགས་སྤྱད་པར་ཁྱོད་ཀྱིས་མི་ཤེས་སམ། གསོལ་པ། བཅོམ་ལྡན་འདས་དེ་ནི་དེ་ལྟ་བུ་ལགས་སོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ཅི་ཁྱོད་ཀྱིས་རྨི་ལམ་གྱི་སེམས་དང་། གཉིད་མ་ལོག་པའི་སེམས་འདི་ལ་བྱེ་བྲག་དང་ཐ་དད་དུ་བྱ་བ་ཞིག་ཡོད་པར་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་བདག་གིས་ནི་རྨི་ལམ་གྱི་སེམས་དང་གཉིད་མ་ལོག་པའི་སེམས་ ལ་ཐ་དད་དུ་བགྱི་བ་ཅུང་ཟད་ཀྱང་མ་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་འདི་སྙམ་དུ་སེམས། ཆོས་ཐམས་ཅད་ནི་རྨི་ལམ་ལྟ་བུའོ་ཞེས་ངས་མ་བསྟན་ཏམ། གསོལ་པ། བཅོམ་ལྡན་འདས་དེ་ནི་དེ་ལྟར་ལགས་སོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར་གསང་བ་འདུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་། ཀྱེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འདི་ལྟ་སྟེ། དཔེར་ན་བྱང་ཆུབ་ཀྱི་སེམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་འབྱུང་ བར་བྱེད་པ་རྡོ་རྗེའི་གནས་ལྟ་བུ་སྟེ། བྱང་ཆུབ་ཀྱི་སེམས་དེ་ཡང་ལུས་ལ་མི་གནས། ངག་ལ་མི་གནས། སེམས་ལ་མི་གནས་སོ། །ཆོས་གང་ཁམས་གསུམ་ན་མི་གནས་པ་དེ་ལ་སྐྱེ་བ་ཡང་མེད་དེ། འདི་ནི་ཡེ་ཤེས་འབྱུང་བའི་རྡོ་རྗེའི་གནས་དེ་ཡིན་ནོ། །ཀྱེ་བཅོམ་ལྡན་ འདས་དེ་བཞིན་གཤིགས་པ་ཐམས་ཅད་རྨི་ལམ་འདི་ནི་བདག་གིས་ཁམས་གསུམ་དུ་རྨི་ལམ་མཐོང་བར་བྱའོ་སྙམ་དུ་མི་སེམས་སོ། །མི་ཡང་བདག་གིས་རྨི་ལམ་མཐོང་ངོ་སྙམ་དུ་མི་སེམས་ཏེ། ཁམས་གསུམ་གྱི་བྱ་བ་དེ་རྣམས་ཀྱང་རྨི་ལམ་ལྟ་བུ་རྨི་ལམ་དང་འདྲ་བ་རྨི་ལམ་ལས་ བྱུང་བའོ། །དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཇི་སྙེད་པ་རྣམས་དང་། སེམས་ཅན་ཇི་སྙེད་པ་ཐམས་ཅད་ཀྱང་རྨི་ལམ་ལྟར་བདག་མེད་པའི་གནས་སུ་རིག་པར་བྱའོ་ཞེས་ 35-1-87a གསུངས་པ་དང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་འདི་ཉིད་གསལ་བར་བྱ་བའི་ཕྱིར་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་། སེམས་དང་སེམས་ལས་བྱུང་བའི་རྣལ་འབྱོར་ཆེན་པོ་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ཏོ། །དེ་ ནི་སྒྱུ་མའི་དཔེས་ཉེ་བར་མཚོན་པ་སྟེ། དེ་བས་ན་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ནི་སྒྱུ་མ་ལྟ་བུ་དང་། ཆུ་ཟླ་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། རྨི་ལམ་ལྟ་བུ་དང་། བྲག་ཅ་དང་། དྲི་ཟའི་གྲོང་ཁྱེར་དང་། མིག་འཕྲུལ་དང་། འཇའ་ཚོན་དང་། གློག་དང་། ཆུའི་ཆུ་བུར་དང་། མེ་ལོང་གི་གཟུགས་བརྙན་ཏེ། སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ཉེ་བར་མཚོན་པར་འགྱུར་བ་ཡིན་ཏེ། དེ་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་གནས་པའི་དེ་བཞིན་གཤེགས་ པ་ཐམས་ཅད་འཁོར་བ་ཇི་སྲིད་པའི་བར་དུ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཞུགས་ནས་འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས་རོལ་པར་མཛད་ཅིང་དགའ་བར་མཛད་པས་ཡོངས་སུ་སྤྱོད་པར་མཛད་ལ། ཐམས་ཅད་མཁྱེན་པའི་ཡོན་ཏན་དང་ལྡན་པས་བདག་ཉིད་བཞེད་པ་ཙམ་གྱིས་སངས་ རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་གཤེགས་པར་མཛད་དོ། །དེ་ལྟར་དུས་གསུམ་གྱི་འཁོར་བའི་སྡུག་བསྔལ་རྗེས་སུ་དྲན་ནས་རྣམ་པར་གྲོལ་བར་འདོད་པས་རྡོ་རྗེ་སློབ་དཔོན་འབད་པས་མཉེས་པར་བྱས་ལ་བདག་ལ་བྱིན་གྱིས་བརླབ་པའི་རིམ་པའི་མན་ངག་ཐོབ་ནས། དེ་རྣམ་ པར་དག་པའི་ཐབས་བཙལ་བར་བྱའོ། །ཀུན་རྫོབ་ཀྱི་བདེན་པ་བསྡུས་པའི་ཐེ་ཚོམ་གཅོད་པ་སྟེ་ལེའུ་དྲུག་པའོ།། །།རྡོ་རྗེ་སློབ་མས་གསོལ་པ། ཀུན་རྫོབ་ཀྱི་བདེན་པ་ལ་ནི་སོམ་ཉི་མ་མཆིས་ན། ད་ནི་སྣང་བ་རྣམ་པར་དག་པའི་གནས་དོན་དམ་པའི་བདེན་པའི་ཆ་བླ་མའི་ཞལ་ སྔ་ནས་ཀྱི་བཀའ་དྲིན་གྱིས་ཆེས་ཤེས་པར་འཚལ་ལོ། །རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་བ་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་གྱིས་རྡོ་རྗེ་སེམས་དཔའི་སྐུར་རྫོགས་པ་ནི་སྒྱུ་མའི་དཔེ་བཅུ་གཉིས་ཀྱེས་རབ་ཏུ་བསྟན་པར་ནུས་ཀྱི་དོན་དམ་པའི་བདེན་ 35-1-87b པ་ནི་ཡང་ལུས་མེད་པ། དཔེ་མེད་པ།རྩོམ་པ་ཐམས་ཅད་དང་བྲལ་བ་སོ་སོ་རང་གིས་རིག་པ་སྟེ། དེ་བས་ན་བླ་མའི་ཁ་ལས་བསྟན་པ་མེད་པར་ཤེས་པར་མི་འགྱུར་རོ། །ཇི་སྐད་དུ་གསུངས་པའི་ཚིག་ལས་ཀྱང་། ཇི་ལྟར་མར་མེ་བུམ་ནང་གནས། །ཕྱི་རོལ་དུ་ནི་སྣང་མི་ འགྱུར། །བུམ་པ་དེ་ཉིད་བཅག་གྱུར་ན། །དེ་འོག་མར་མེ་འོད་སྣང་འགྱུར། །དེ་བཞིན་བུམ་པ་རང་ལུས་ཉིད། །དེ་ཉིད་མར་མེ་ལྟ་བུ་ཉིད། །བླ་མའི་ཁ་ཡིས་ལེགས་བཅག་ན། །སངས་རྒྱས་ཡེ་ཤེས་གསལ་བར་འགྱུར། །ནམ་མཁའ་ལས་ནི་ནམ་མཁའ་འབྱུང་། །མཁའ་ ཡིས་ནམ་མཁའ་མཐོང་འགྱུར་བའི། །དེ་ཉིད་བླ་མའི་ཁ་ཉིད་ལས། །སྦྱོར་བ་ལེགས་པར་སྟོན་པ་ཡིན། །ཞེས་གསུངས་ཏེ། རིགས་པ་འདིས་ན་སྒྲའི་རྣམ་པ་ལས་བྱུང་བ་ཡིན་པས་ཐོག་མ་དང་ཐ་མ་མེད་ཅིང་། དངོས་པོ་མེད་པའི་ངོ་བོ་ཉིད་གཟུང་བ་དང་འཛིན་པ་དང་བྲལ་བ་ནི་ ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ཀྱི་སྒྲ་གང་ཡིན་པའི་སྒོ་ནས་རབ་ཏུ་བསྟན་པའོ། །དོན་དམ་པའི་བདེན་པ་དེ་ཡང་མ་བཅོས་པའི་ནམ་མཁའ་དང་མཉམ་པ་དྲི་མ་མེད་པའི་ངོ་བོ་ཉིད་དེ་དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར་ཚུལ་གཅིག་པར་བསྟན་པའི་མདོ་ལས། ཆོས་འདི་སྒྲ་སྐད་ དག་གིས་ལུང་བསྟན་ཏེ། །ཆོས་དང་སྒྲ་དག་འདིར་ནི་རྙེད་མི་འགྱུར། །ཆོས་ཉིད་ཚུལ་གཅིག་དངོས་ལའང་འཇུག་བྱེད་པ། །བཟོད་མཆོག་བླ་ན་མེད་ལ་རེག་པར་འགྱུར། །ཞེས་གསུངས་སོ། །དེ་ལྟར་རྒྱུ་དང་འབྲས་བུ་གཉིས་སུ་མེད་པར་ཁོང་དུ་ཆུད་པའི་སློབ་མས་བླ་མས་ བསྟན་པའི་ལུང་ཐོབ་ནས་རྒྱུད་ལས་ཇི་སྐད་བཤད་པའི་ཆོ་ག་དང་། འབྱོར་པ་ཅི་ཡོད་པས་ཚོགས་ཀྱི་དཀྱིལ་འཁོར་བྱས་ལ་ནམ་ཕྱེད་ན་ལེགས་པར་བསླབས་པའི་ཕྱག་རྒྱ་ལུས་དྲི་ཞིམ་པོས་བྱུགས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བླ་མ་ལ་ཕུལ་ཏེ། གསང་བ་དང་དེ་ལས་གཞན་ པའི་མཆོད་པས་ཡང་དག་པར་མཆོད་ལ་བླ་མའི་མདུན་དུ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་བ་བྱས་ལ་འཁོར་བ་ལས་སྐྱོབ་པའི་ཡིད་ཀྱིས་སློབ་དཔོན་ལ་དེ་བཞིན་གཤེགས་པ་མངོན་སུམ་བཞིན་དུ་ལྷག་པར་མོས་པ་དང་། བསྟོད་པའི་མཆོད་པ་འདིས་ 35-1-88a མངོན་པར་བྱང་ཆུབ་པར་གསོལ་བ་གདབ་པར་བྱའོ། །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐའ་གྱུར་ཁྱོད་ལ་འདུད། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཕྱག་འཚལ་འདུད། །མངོན་པར་བྱང་ཆུབ་མཐོང་བ་ནི། །སློབ་དཔོན་ ཆེན་པོ་བདག་འཚལ་ལོ། །སངས་རྒྱས་ཀུན་གྱི་ཡེ་ཤེས་ཆེ། །ཐམས་ཅད་སྟོང་པ་བླ་ན་མེད། །རང་མྱོང་མཚན་ཉིད་གཅིག་པ་ཉིད། །སེམས་དཔའ་ཆེན་པོ་སྩལ་དུ་གསོལ། །ལས་དང་སྐྱེ་ལས་རྣམ་གྲོལ་བའི། །ཚེ་འདིར་བྱང་ཆུབ་ཉིད་འཐོབ་པ། །ཁྱེད་ཞབས་པདྨ་ སྤངས་ནས་ནི། །གཙོ་བོ་གཞན་དུ་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་ཐུབ་ཆེན་པོ། །དེ་བས་སངས་རྒྱས་མཆོག་མཉེས་མཛོད། །དེ་ལྟར་གསོལ་བའི་ཆོ་ག་མཆོག །དམ་པ་དེ་ནི་ཐོས་གྱུར་ནས། །བླ་མ་དཔལ་ལྡན་ཡོན་ཏན་མཚོ། །སྙིང་རྗེས་སློབ་མ་ལ་སྐྱེད་ལ། ། བཞིན་ནི་རབ་ཏུ་དང་གྱུར་པས། །རང་གི་བརྩེ་བས་རབ་དགའ་ཞིང་། །རྣལ་འབྱོར་རྒྱུད་ལས་བྱུང་བའི་མཆོག །དམ་ཚིག་བཟང་པོ་བསྟན་པར་བྱ། །དེ་ནས་སློབ་དཔོན་སྙོམས་ཞུགས་ནས། །བུམ་པའམ་ཡང་ན་དུང་ཆོས་སུ། །བྱང་ཆུབ་སེམས་ནི་གཞག་པར་བྱ། །དེ་ནས་སློབ་ མ་དེ་བོས་ཏེ། །སངས་རྒྱས་ཀུན་གྱིས་བྱིན་བརླབས་ལ། །རྒྱལ་བའི་ཕྱག་རྒྱར་བཅས་པ་ཡིས། །དམ་ཚིག་དག་ནི་བསྟན་པར་བྱ། །རྡོ་རྗེ་ཅན་ནི་གཉིས་པ་ཡིས། །དབང་བསྐུར་བ་ནི་སྦྱིན་པར་བྱ། །བཀྲ་ཤིས་སྒྲ་ནི་བསྒྲགས་པ་དང་། །རོལ་མོའི་སྒྲ་སྐད་སྣ་ཚོགས་ཀྱིས། །ཁམས་ གསུམ་པ་ཡི་དབང་བསྐུར་བས། །སློབ་མ་འདུད་ཅིང་ཐལ་སྦྱར་བ། །དེར་ནི་རབ་ཏུ་བསྐུལ་བ་ཡིས། །རྗེས་སུ་གནང་བ་དེ་ནས་སྦྱིན། །ཕྲེང་བ་ཆུ་དང་རྫོགས་སངས་རྒྱས། །རྡོ་རྗེ་དྲིལ་བུ་མེ་ལོང་དང་། །མིང་དང་སློབ་དཔོན་རྗེས་གནང་སྟེ། །དབང་བསྐུར་རིམ་པ་འདི་ཡིན་ནོ། །དེ་ནས་ བྱང་ཆུབ་མཚན་ཉིད་ནི། །བླ་མ་བརྒྱུད་རིམ་ལས་འོངས་པ། །མན་ངག་གི་ནི་གཞི་ཐོབ་པ། །དེ་ནས་དེ་ལ་སྦྱིན་པར་བྱ། །དེ་ལ་མངོན་པར་བྱང་ཆུབ་པའི་རིམ་པ་ནི་རྣམ་པ་གཉིས་ཏེ། འདི་ལྟ་སྟེ་ཕྱི་དང་ནང་གིའོ། །དེ་ལ་དང་པོར་ཕྱིའི་བསྟན་པར་བྱ་སྟེ། ཐོ་རངས་ཀྱི་ཐུན་མཚམས་སུ་ 35-1-88b མ་རིག་པའི་སྣང་བ་འདས་ནས་ཇི་སྲིད་ཉི་མ་གསལ་བར་མ་གྱུར་པ་སྟེ། འདི་ལ་ནི་འོད་གསལ་བ་དྲི་མ་མེད་པའི་རྣམ་པ་གསལ་ཞིང་ལུས་དང་ངག་དང་ཡིད་དང་བྲལ་བ་ཐམས་ཅད་སྟོང་པའི་མཚན་ཉིད་ཅན་ནོ། །ཉི་མ་ཤར་བ་ནི་སྣང་བ་མཆེད་པའོ། །ཉི་མ་ནུབ་པའི་ཐུན་མཚམས་སུ་མ་ རིག་པའོ། །ཟླ་བ་ཤར་བའི་ཚེ་ནི་སྣང་བའོ། །དེ་ལྟར་སྟོང་པ་ཉིད་རྣམ་པ་བཞི་ཕྱི་རོལ་ལ་ངེས་པར་བསྟན་པ་བཤད་ནས། ད་ནི་ནང་གི་མངོན་པར་བྱང་ཆུབ་པ་སོ་སོ་རང་གིས་རིག་པའི་མཚན་ཉིད་ཅན་རིམ་པ་འདིས་བསྟན་པར་བྱ་སྟེ། དང་པོར་སྨིག་རྒྱུ་ལྟ་བུ་ལ་འོད་ཟེར་ལྔའི་ ཚོགས་དང་ལྡན་པར་མཐོང་ངོ་། །གཉིས་པ་ནི་སྣང་བ་སྟེ། ཟླ་བའི་འོད་ཟེར་ལྟ་བུའོ། །གསུམ་པ་ནི་སྣང་བ་མཆེད་པ་སྟེ་ཉི་མའི་འོད་ཟེར་ལྟ་བུའོ། །བཞི་པ་ནི་སྣང་བ་ཐོབ་པ་སྟེ་མུན་པ་ལྟ་བུའོ། །དེ་ནས་མུན་པ་དང་བྲལ་བའི་སྐད་ཅིག་ལ་འོད་གསལ་བ་སྟེ། ཤིན་ཏུ་གསལ་བ་རྟག་ཏུ་ སྣང་བའི་མཚན་ཉིད་ཅན་དོན་དམ་པའི་བདེན་པའི་རང་གི་མཚན་ཉིད་ཡེ་ཤེས་ཀྱི་མིག་གིས་མཐོང་ངོ་། །དེ་ལྟར་ཐམས་ཅད་སྟོང་པ་ཉིད་མངོན་སུམ་དུ་བྱས་ནས་རིམ་པ་འདིས་བསམ་གཏན་རྣམ་པ་ཉིད་ལ་དམིགས་པར་བྱེད་དོ། །དེའི་རིམ་པ་ནི་འདི་ཡིན་ཏེ། ཆུ་བོའམ་ལྟེང་ཀའི་ཆུ་ནི་དྲི་མེད་ དག་ལ་གོར་བུ་གནས་པ་ལྟར། །དེ་བཞིན་དེ་ལ་རིམ་གྱིས་རྗེས་སུ་གཞིག་པར་བྱེད་པས་རྣལ་འབྱོར་པས་ནི་རྟག་ཏུ་བསམ། །མེ་ལོང་ལ་ནི་རླུང་དག་རིམ་གྱིས་ཟད་པར་བྱེད་པ་བཞིན་དུའང་བལྟ་བྱ་སྟེ། །རིལ་པོར་འཛིན་ལའང་བྱ་བའི་རིམ་པ་འདིར་ནི་དེ་བཞིན་ཡང་དག་བརྟག །ད་ནི་ མིང་ལ་མངོན་པར་ཞེན་པ་རྣམས་ཀྱིས་འཁྲུལ་པ་བསལ་བར་བྱ་བའི་ཕྱིར་དོན་དམ་པའི་བདེན་པའི་མིང་གི་རྣམ་གྲངས་འགའ་ཞིག་ལ་འཇུག་པར་བྱ་སྟེ། དེ་ལ་དང་པོར་ནི་འོད་གསལ་བ་དང་། ཐམས་ཅད་སྟོང་པ་དང་། སངས་རྒྱས་ཡེ་ཤེས་དང་། རྡོ་རྗེའི་ཡེ་ཤེས་དང་། བླ་ན་ མེད་པའི་ཡེ་ཤེས་དང་། དྲི་མ་མེད་པ་དང་། དངོས་པོ་མེད་པ་དང་། སྣང་བ་མེད་པ་དང་། བདག་མེད་པ་དང་། མྱ་ངན་ལས་འདས་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པ་དང་། གསོ་བ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། 35-1-89a ཡི་གེ་མེད་པ་དང་། ཚིག་མེད་པ་དང་། དམིགས་སུ་མེད་པ་དང་། བླ་ན་མེད་པ་དང་། བརྗོད་དུ་མེད་པ་དང་། བསམ་གྱིས་མི་ཁྱབ་པ་དང་། མཐའ་ཡས་པ་དང་། གྲངས་མེད་པ་དང་། དབང་པོ་ལས་འདས་པ་དང་། གནས་མེད་པ་དང་། མཚན་ཉིད་མེད་པ་ དང་། འདུས་མ་བྱས་པ་དང་། མཚན་མ་མེད་པ་དང་། མི་གཡོ་བ་དང་། དམིགས་པ་དང་བྲལ་བ་དང་། རྣམ་པར་མི་ཤེས་པ་དང་། བརྟག་ཏུ་མེད་པ་དང་། ཟད་པ་མེད་པ་དང་། འཕེལ་བ་མེད་པ་དང་། ཚིག་མེད་པ་དང་། སྒྲིབ་པ་མེད་པ་དང་། ཚུལ་གཅིག་པ་དང་། ཞི་ བ་དང་། ཞི་བ་ཉིད་དང་། ནམ་མཁའ་དང་མཉམ་པ་དང་། རང་བཞིན་གྱིས་དག་པ་དང་། ཐོག་མ་མེད་པ་དང་། དབུས་མེད་པ་དང་། ཐ་མ་མེད་པ་དང་། འགྲོ་བ་མེད་པ་དང་། འོང་བ་མེད་པ་དང་།རིང་བ་མ་ཡིན་པ་དང་། ཉེ་བ་མ་ཡིན་པ་དང་། གཅིག་པ་མ་ཡིན་པ་དང་། ཐ་ དད་པ་མ་ཡིན་པ་དང་། རེག་པར་དཀའ་བ་དང་། རྣམ་པར་བསྒོམ་པར་དཀའ་བ་དང་། བསམ་གཏན་ཉིད་དང་། ཡང་དག་པ་དང་། ཆོས་ཀྱི་སྐུ་དང་། ཡང་དག་པའི་མཐའ་དང་། ཆགས་པ་མེད་པའི་མཐའ་དང་། ཆོས་ཀྱི་དབྱིངས་དང་། ལུས་མེད་པ་དང་། རྡུལ་མེད་པ་དང་། མཐའ་ མེད་པ་དང་། གྲུབ་པ་དང་། གསང་བ་གྲུབ་པ་དང་། ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང་། ལྟ་བ་རྣམ་པར་དག་པ་དང་། རྒྱུ་རྣམ་པར་དག་པ་དང་། འབྲས་བུ་རྣམ་པར་དག་པ་དང་། ཁམས་གསུམ་རྣམ་པར་དག་པ་དང་། བསོད་ནམས་རྣམ་པར་དག་པ་དང་། སྡིག་པ་རྣམ་པར་དག་པ་དང་། ཉོན་ མོངས་པ་རྣམ་པར་དག་པ་དང་། ལས་རྣམ་པར་དག་པ་དང་། སྐྱེ་བ་རྣམ་པར་དག་པ་དང་། དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སངས་རྒྱས་ཐམས་ཅད་ཀྱི་ཡུམ་དང་། ཐམས་ཅད་མཁྱེན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་དང་། ལམ་གྱི་རྣམ་པ་ཐམས་ཅད་མཁྱེན་པ་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། མཉམ་པ་ཉིད་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མི་ཟད་པ་ཉིད་དང་། ཡེ་ཤེས་འབའ་ཞིག་པ་ཉིད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་བསྐྱེད་པ་དང་། ཉན་ཐོས་ཐམས་ཅད་ཀྱི་ཡུམ་དང་། རང་སངས་རྒྱས་ཐམས་ཅད་བསྐྲུན་ 35-1-89b པ་དང་། འཇིག་རྟེན་ཐམས་ཅད་འབྱིན་པ་དང་། ལྷའི་མིག་རྣམ་པར་དག་པར་བྱེད་པ་དང་། ལྷའི་རྣ་བ་རབ་ཏུ་སྟེར་བར་བྱེད་པ་དང་། གཞན་གྱི་སེམས་ཤེས་པར་བྱེད་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པར་བྱེད་པ་དང་། རྫུ་འཕྲུལ་དཔག་ཏུ་མེད་པར་བྱེད་པ་དང་། ཉོན་མོངས་པ་ཐམས་ཅད་ ཟད་པར་བྱེད་པ་ཞེས་བྱའོ། །དེ་བཞིན་དུ་གསང་བ་འདུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་། དངོས་པོ་མེད་པ་སྒོམ་པའི་དངོས། །ཞེས་བྱ་བ་ལ་སོགས་པ་བྱང་ཆུབ་ཀྱི་སེམས་དྲུག་གི་ཚིགས་སུ་བཅད་པ་རྣམས་ཀྱིས་མངོན་པར་བྱང་ཆུབ་པའི་མཚན་ཉིད་གསུངས་པ་དང་། རྣལ་འབྱོར་ཆེན་པོའི་རྒྱུད་གཞན་དག་ལས་ཀྱང་། ཡན་ལག་ཀུན་བསྒོམ་ལས་འདས་ཤིང་། །རྟོག་དང་རྣམ་རྟོག་སྤངས་ནས་ཀྱང་། །གུག་སྐྱེད་ཐིག་ལེ་ལས་འདས་པ། །འདི་ནི་དཀྱིལ་འཁོར་མཆོག་ཡིན་ནོ། །སེམས་ཅན་ཐམས་ཅད་འཇུག་པ་ནི། །གཟུགས་དང་གཟུགས་ མེད་དྲི་མེད་ལ། །སེམས་ནི་བསྐུལ་ཞིང་རྟོགས་བྱས་པའི། །དཀྱིལ་འཁོར་དཀྱིལ་འཁོར་ལྟ་བུའོ། །ཡོད་དང་མེད་པ་གཉི་ག་མཐའ་ཡིན་ཏེ། །དག་དང་མ་དག་འདི་ཡང་མཐའ་ཉིད་ཡིན། །དེ་བས་མཐའ་གཉིས་རྣམ་པར་སྤངས་ནས་ནི། །མཁས་པ་དབུས་ལ་གནས་པར་མི་ བྱེད་དོ། །ཞེས་གསུངས་པ་དང་། ནམ་མཁའ་མཐའ་མེད་བརྟག་པའི་དོན། །སེམས་ཅན་ཀུན་གྱི་གནས་ཆེན་པོ། །དཔལ་གྱི་འབྱོར་པས་འབྱོར་པའི་རྒྱལ། །བསམ་པ་ཐམས་ཅད་རྫོགས་བྱེད་པ། །ཞེས་བྱ་བ་གསུངས་སོ། །དགོངས་པས་བཤད་པའི་ཚིག་མང་པོའི་མིང་གི་ རྣམ་གྲངས་བསྡུས་པས་ཅི་ཞིག་བྱ་ཞེ་ན། ཇི་སྲིད་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་སྒྲའི་དོན་དཀའ་བ་དང་། མཚན་ངེས་པ་མེད་པའི་ཚིག་འདི་དག་ནི་དོན་དམ་པའི་བདེན་པ་ལ་བརྟེན་པར་གྲགས་སོ། །དེ་ནས་རྡོ་རྗེ་སློབ་མས་མངོན་པར་བྱང་ཆུབ་པའི་རིམ་པ་རྣམ་པ་གཉིས་དང་། བསམ་ གཏན་རྣམ་པ་གཉིས་རྟོགས་པར་གྱུར་ཅིང་དོན་དམ་པའི་བདེན་པའི་མིང་གི་རྣམ་གྲངས་ཐོས་ནས་མངོན་པར་ཞེན་པ་སྤངས་ཏེ། བཞིན་རབ་ཏུ་དང་བ་དང་། ཐལ་མོ་སྦྱར་བ་བྱས་ཏེ་ཆེད་དུ་བརྗོད་པའི་ཚིག་འདི་སྨྲས་སོ། །ཨེ་མའོ་སངས་རྒྱས་ཨེ་སངས་རྒྱས། །ཆོས་བཤད་པ་ནི་ངོ་མཚར་ཆེ། ། 35-1-90a ཡང་དག་དོན་ནི་དག་པའི་དོན། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །སློབ་དཔོན་གཉིས་པ་ལྟར་བལྟས་ནས། །དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་སྤངས་ པ། །ཆོས་ལ་བདག་མེད་མཉམ་ཉིད་པས། །རང་སེམས་གཟོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་བྱ་བའི་ཚིགས་སུ་བཅད་པ་བརྗོད་ནས་གཉིས་སུ་མེད་པར་དམིགས་ཏེ། ཤེས་རབ་དང་ཡེ་ཤེས་ཀྱི་དབང་བསྐུར་བ་སྦྱིན་པར་བྱའོ། །རིམ་པ་འདི་ཉིད་ཀྱིས་ བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སེ་གོལ་གྱི་སྒྲས་བསྐུལ་བར་གྱུར་པས་མི་གཡོ་བའི་ཏིང་ངེ་འཛིན་ལས་བཞེངས་ཏེ། བྱང་ཆུབ་ཀྱི་ཤིང་དྲུང་ལ་བཞུགས་ནས་མཚན་ཕྱེད་ཀྱི་དུས་སུ་འོད་གསལ་བ་མངོན་དུ་མཛད་དེ། སྒྱུ་མ་ལྟ་བུའི་ཏིང་ངེ་ འཛིན་ལས་བཞེངས་ནས། འགྲོ་བ་རྣམས་ལ་ཆོས་སྟོན་པར་མཛད་པ་ཡིན་ནོ། །དེང་ནས་བརྩམས་ཏེ་དམ་པའི་ཆོས་ཇི་སྲིད་གནས་པ་དེ་སྲིད་དུ་བླ་མའི་ཁ་ནས་བླ་མའི་ཁར་བརྒྱུད་པ་ཡིན་ནོ། །རྣལ་འབྱོར་གཉིས་རྣམ་པར་དག་པ་ལ་དགའ་བ་རྣམས་ཀྱི་མངོན་པར་བྱང་ཆུབ་པའི་རིམ་པ་དོན་ དམ་པའི་བདེན་པ་བསྡུས་པའི་ཐེ་ཚོམ་གཅོད་པ་སྟེ་ལེའུ་བདུན་པའོ།། །།རྡོ་རྗེ་སློབ་མས་གསོལ་པ། དོན་དམ་པའི་བདེན་པ་རྟོགས་པ་ལ་ནི་སོམ་ཉི་མ་མཆིས་ན་བཅོམ་ལྡན་འདས་ཇི་ལྟར་ན་དོན་དམ་པའི་བདེན་པ་ལ་ཞུགས་ཏེ་དངོས་པོ་མེད་པར་གྱུར་ནས་ལྡང་བར་བགྱིད། འདིར་ མངོན་དུ་ཕྱོགས་པ་ཉམས་སུ་མྱོང་བ་ནི་གང་ཞིག་ལགས། མི་ལྡོག་པར་གྱུར་པ་ནི་གང་ཞིག་ལགས། ཐར་པའི་དོན་ནི་གང་ཞིག་ལགས། ཅིའི་ཕྱིར་ན་གྲོལ་བར་འགྱུར། གྲོལ་བ་ནི་སུ་ཞིག་ལགས། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། སེམས་ཅན་ཆེན་པོ་ལེགས་སོ་ལེགས་སོ། །འོད་གསལ་བ་ ལས་ལྡང་བའི་རིམ་པ་དེ་བཞིན་གཤེགས་པའི་མན་ངག་ལས་ཁ་ཕྱིར་བལྟས་པ་རྣམས་ཀྱི་ཡུལ་མ་ཡིན་པ་གསང་བ་འདུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་ཁྱོད་ལ་ཁོང་དུ་ཆུད་པར་བྱ་ཡིས། རྩེ་གཅིག་པའི་ཡིད་ཀྱིས་ཉོན་ཅིག །རྡོ་རྗེ་ཐེག་པ་འདི་ལ་བསྐྱེད་པའི་རིམ་ 35-1-90b པ་ལ་བསླབས་ནས་ས་བརྒྱད་པ་ཐོབ་སྟེ། ཡང་ནས་ཡང་དུ་བདེ་འགྲོར་སྐྱེ་ཞིང་ཇི་སྲིད་རྫོགས་པའི་རིམ་པ་མ་ཐོབ་པ་དེ་སྲིད་དུ་དགེ་བའི་བཤེས་གཉེན་མཉེས་པར་བྱའོ། །སྐུ་དང་གསུང་དང་ཐུགས་མངོན་པར་རྟོགས་ནས་ཀྱང་ས་བཅུ་ཐོབ་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་སོ་སོར་ཐོབ་ཅིང་སྒྱུ་མ་ལྟ་བུའི་ ཏིང་ངེ་འཛིན་ཡང་དག་པར་རྟོགས་ནས་སྣང་བ་རྣམ་པར་དག་པ་སོ་སོར་ཐོབ་སྟེ། སྣང་བ་མེད་པ་ལས་ལངས་ནས་ཟུང་དུ་འཇུག་པར་གནས་པའི་རིམ་གྱིས་སངས་རྒྱས་ཀྱི་བྱ་བ་མངོན་སུམ་དུ་བྱས་ནས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་ནས་གནས་པར་འགྱུར་རོ། ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ལང་ཀར་གཤེགས་པའི་མདོ་ལས་ཀྱང་། བློ་གྲོས་ཆེན་པོ་སྙིང་རྗེ་ཆེན་པོ་དང་ཐབས་ལ་མཁས་པའི་ལྷུན་གྱིས་གྲུབ་པའི་སྦྱོར་བ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་སྒྱུ་མ་དང་། གཟུགས་བརྙན་དང་། མཉམ་པ་ཉིད་དང་། རྐྱེན་གྱིས་མ་བརྩམས་པས་ ཕྱི་དང་ནང་གི་ཡུལ་རྣམ་པར་དབེན་པ་དང་། སེམས་ཕྱི་རོལ་དུ་ལྟ་བས་མཚན་མ་མེད་པའི་བྱིན་གྱི་རླབས་དང་ལྡན་པ་རྣམས་རིམ་གྱིས་སའི་རིམ་པའི་ཏིང་ངེ་འཛིན་གྱི་ཡུལ་ལ་རྗེས་སུ་འཇུག་ན། ཁམས་གསུམ་དག་གི་སེམས་སྒྱུ་མར་ཤིན་ཏུ་མོས་པར་རབ་ཏུ་བསྒོམ་པ་སྒྱུ་མ་ལྟ་བུའི་ཏིང་ ངེ་འཛིན་རབ་ཏུ་ཐོབ་པར་འགྱུར་རོ། །བློ་གྲོས་ཆན་པོ་དེ་ལྟ་བས་ན་བདག་གི་སེམས་སྣང་བ་མེད་པ་ཙམ་ལ་འཇུག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་རྗེས་སུ་ཐོབ་པ་སྐྱེ་བ་དང་། བྱ་བ་དང་བྲལ་བའི་བྱང་ཆུབ་སེམས་དཔའ་རྣམས་ཏིང་ངེ་འཛིན་རྡོ་རྗེའི་གཟུགས་ལྟ་བུ་དེ་བཞིན་གཤེགས་པའི་ སྐུའི་རྗེས་སུ་སོང་བ་དེ་བཞིན་ཉིད་ཀྱི་སྤྲུལ་པ་དང་ལྡན་པའི་སྟོབས་དང་། མངོན་པར་ཤེས་པ་དང་། དབང་དང་། སྙིང་བརྩེ་བ་དང་། སྙིང་རྗེ་དང་། ཐབས་ཀྱིས་བརྒྱན་པ་སངས་རྒྱས་ཐམས་ཅད་ཀྱི་ཞིང་གི་མུ་སྟེགས་ཅན་གྱི་གནས་སུ་ཉེ་བར་འགྲོ་བའི་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་ པར་ཤེས་པ་དང་བྲལ་ནས་རིམ་གྱིས་གནས་འཕོས་པའི་དེ་བཞིན་གཤེགས་པའི་སྐུ་རབ་ཏུ་ཐོབ་པར་འགྱུར་རོ། །བློ་གྲོས་ཆེན་པོ་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་སྐུའི་རྗེས་སུ་འབྲང་བ་རབ་ཏུ་ཐོབ་པ་རྣམས་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་ 35-1-91a མཆེད་དང་། སེམས་དང་། རྒྱུ་དང་། རྐྱེན་དང་། བྱ་བ་དང་ལྡན་པ་དང་། སྐྱེ་བ་དང་། གནས་པ་དང་། འཇིག་པའི་རྣམ་པར་རྟོག་པའི་སྤྲོས་པ་དང་བྲལ་བར་སེམས་ཙམ་གྱི་རྗེས་སུ་འབྲང་བར་བྱའོ་ཞེས་གསུངས་པས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ པ་རྣམས་ཀྱིས་ཀྱང་ཇི་སྲིད་དུ་དོན་དམ་པའི་བདེན་པ་མངོན་པར་རྟོགས་པ་ཐོབ་པ་མ་ཡིན་པ་དེ་སྲིད་ཀྱི་བར་དུ་ནི་ཕྱིར་ལྡོག་པར་འགྱུར་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཇི་སྲིད་དུ་སྣང་བ་གསུམ་རྣམ་པར་དག་པར་མ་གྱུར་པ་དེ་སྲིད་དུ་ནི་རྣམ་པར་ཤེས་པའི་ཀུན་དུ་རྟོག་པའོ། །ཇི་སྲིད་དུ་ཀུན་དུ་རྟོག་པ་ དེ་སྲིད་དུ་ནི་ཉོན་མོངས་པའི་བག་ཆགས་ཀྱི་རྒྱུན་ནོ། །ཉོན་མོངས་པའི་བག་ཆགས་ཀྱི་རྒྱུན་གྱིས་ནི་ཡང་སྲིད་པར་འགྱུར་བ་ཡིན་ལ། གང་སེམས་དཔའ་གཞན་དག་དང་བྲལ་བ་དེ་ནི་རྣམ་པར་དག་པའི་གནས་ཏེ། ཇི་སྐད་དུ་དཔལ་མཆོག་དང་པོ་ཞེས་བྱ་བའི་རྣལ་འབྱོར་གྱི་རྒྱུད་ལས་ཀྱང་འདི་ ལྟ་སྟེ་འདོད་ཆགས་རྣམ་པར་དག་པའི་གནས་དེ་ནི་བྱང་ཆུབ་སེམས་དཔའི་གནས་སོ། །འདི་ལྟ་སྟེ། ཞེ་སྡང་རྣམ་པར་དག་པའི་གནས་དེ་ནི་བྱང་ཆུབ་སེམས་དཔའི་གནས་སོ། །འདི་ལྟ་སྟེ་གཏི་མུག་རྣམ་པར་དག་པའི་གནས་དེ་ནི་བྱང་ཆུབ་སེམས་དཔའི་གནས་སོ་ཞེས་གསུངས་པ་དང་། རྡོ་རྗེ་ སློབ་དཔོན་ཀམྦ་ལའི་ཞལ་སྔ་ནས་ཀྱིས་ཀྱང་ནང་གི་བདག་ཉིད་སྒྲུབ་ཐབས་ལས་སྒྲ་ཇི་བཞིན་པའི་རང་བཞིན་སྦོམ་པོར་བཤད་ལ། དེ་བཞིན་དུ་སེམས་དཔའི་རང་བཞིན་ནི་ཕྲ་བ་སྟེ། སེམས་དཔའ་དང་བྲལ་བ་ནི་རྣལ་འབྱོར་པ་རྣམས་ཀྱི་མཆོག་གི་གནས་སོ་ཞེས་བཤད་པའི་ཕྱིར་རོ། །གང་ རིགས་པ་འདིས་མངོན་པར་བྱང་ཆུབ་པའི་རིམ་པ་འདིས་འོད་གསལ་བ་ཡང་དག་པ་ཐོབ་པར་གྱུར་པ་དེའི་ལུས་དང་ངག་དང་སེམས་དྲི་མ་མེད་པའི་ངོ་བོ་ཉིད་ཐམས་ཅད་སྟོང་པ་ཉིད་ཡིན་པས་རྣམ་པར་ཤེས་པ་གསུམ་རྣམ་པར་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ལ་ནི་སེམས་པ་མེད་ཅིང་ སྨྲ་བ་མེད་པ་གང་ཡིན་པ་འདི་ནི་མྱ་ངན་ལས་འདས་པའི་ཁམས་ཏེ། གཟུགས་མེད་པ། རེག་པར་དཀའ་བ། ལས་དང་སྐྱེ་བ་ལས་རྣམ་པར་གྲོལ་བ། ཉི་མ་དང་། ཟླ་བ་དང་། མེ་དང་། ནོར་བུའི་འོད་ཀྱིས་ངོ་བོ་ཉིད་བཞིན་དུ་གསལ་བའོ། །དེ་ལས་ནི་མུན་པའི་སྣང་བ་སྟེ་སྣང་བ་ཉེ་བར་ཐོབ་ 35-1-91b པ་ལ་སོགས་པར་འགྱུར་རོ། །སྣང་བ་ཉེ་བར་ཐོབ་པ་ལས་གསལ་བའི་ཉི་མའི་འོད་ཀྱི་སྣང་བའི་ཚ་བའི་ངོ་བོ་སྣང་བ་མཆེད་པ་འབྱུང་བར་འགྱུར་རོ། །དེ་ལས་ནི་གསལ་བ་ཟླ་བའི་འོད་ཟེར་བསིལ་བའི་ངོ་བོ་ཉིད་ཀྱི་སྣང་བས་ཁྱབ་པ་ཤེས་རབ་ཀྱི་ཡེ་ཤེས་འབྱུང་བར་འགྱུར་རོ། །དཔལ་མཆོག་ དང་པོ་ལས་ཀྱང་། ནམ་མཁའ་ལས་ནི་ནམ་མཁའ་འབྱུང་། །ཐམས་ཅད་སྟོང་པ་ནམ་མཁའ་ཆེ། །ཞེས་གསུངས་སོ། །དེ་བས་ན་སྟོང་པ་ཉིད་གཞི་གཅིག་ཏུ་གྱུར་པའི་སྣང་བའི་ཚོགས་ནམ་མཁའ་སྣང་བྱེད་ལྟ་བུས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ཏེ། ཁམས་ཕྲ་བ་ དང་ལྷན་ཅིག་ཏུ་གྲིབ་མ་དང་འདྲ་བར་གཅད་དུ་མེད་པ་དང་གཞིག་ཏུ་མེད་པའི་རྡོ་རྗེའི་སྐུའི་ངོ་བོ་ཉིད་འཕོ་བ་མེད་ཅིང་ཟག་པ་མེད་པས་ཉོན་མོངས་པའི་བག་ཆགས་ཐམས་ཅད་ལས་རྣམ་པར་གྲོལ་བ་འདོད་པ་ཙམ་གྱིས་དབང་དུ་གྱུར་པ་ཐོབ་པ་ཆུ་ལས་ཉ་ལྟ་བུའམ། མྱུར་བར་གཉིད་ལོག་ཅིང་ སད་པ་བཞིན་དུ་མཆོག་ཏུ་དགའ་བའི་ལུས་ཀྱི་ངོ་བོ་ཉིད་ཀྱི་གཟུགས་འབྱུང་བར་འགྱུར་བའི་གཟུགས་ཀྱི་བདག་ཉིད་ཅན་གྱི་མིང་ནི་རྡོ་རྗེ་འཆང་ཆེན་པོ་ཞེས་བྱའོ། །འཁོར་བའི་འཆིང་བ་ལས་ངེས་པར་གྲོལ་བས་ན་ཐར་པ་ཞེས་བྱའོ། །དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར་དཔལ་གསང་བ་ གྲུབ་པ་ལས། རང་གིས་རིག་པའི་དེ་ཁོ་ན། །གཞན་གྱིས་བརྗོད་ལས་མི་འབྱུང་སྟེ། །མོས་དང་བསྒོམས་པས་རྟོགས་འགྱུར་གྱི། །དམ་ཚིག་དེ་ནི་གཞན་དུ་མིན། །དེ་ཉིད་དེ་ཉིད་མིན་སྤངས་ཏེ། །མོས་པའི་བསམ་པས་ཉིན་མཚན་དུ། །ཞི་བའི་གོ་འཕང་བླ་ན་མེད། །མཆོག་ཏུ་ མྱ་ངན་འདས་པ་དེར། །དེ་དང་དེ་མོས་པ་ཡི་མཐུས། །བསྒོམས་པའི་སྟོབས་ཀྱིས་གང་སྤྲུལ་པ། །དེར་ནི་སྐྱེ་བར་འགྱུར་བའི་གཟུགས། །ཀུན་དགའ་ལས་འབྱུང་མཆོག་སྐྱེས་པའང་། །སྐད་ཅིག་ཙམ་གྱིས་འབྱུང་བ་སྟེ། །སྤྲོ་དང་སྡུད་པར་བྱེད་པའོ། །ཁམས་གསུམ་འདི་དག་ ཐམས་ཅད་ཀྱི། །འགྲོ་དང་མི་འགྲོ་བཅས་སྣང་བྱེད། །བསྒོམ་པའི་དེ་ཉིད་མཐུ་ཡིས་ནི། །ཐབས་ཤེས་བདག་ཉིད་ཅན་ཞི་བ། །ཉོན་མོངས་ཀུན་ལས་རྣམ་གྲོལ་ཞིང་། །མཚན་རྣམས་ཀུན་གྱིས་རབ་བརྒྱན་པར། །སྟོང་ཉིད་ཡེ་ཤེས་ལས་བྱུང་བ། །གཉིས་མེད་མཆོག་ཏུ་ཞི་བ་ཉིད། །རྣམ་ 35-1-92a པ་ཀུན་གྱི་མཆོག་ལྡན་ཞིང་། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཡེ་ཤེས་སྒྱུ་མ་འདྲ་ཞིང་དག །འོད་གསལ་རང་བཞིན་དྲི་མ་མེད། །སྒྲ་དང་དྲི་དང་རོ་ལས་འདས། །དེ་བཞིན་རེག་པ་རྣམ་སྤངས་པ། །ཏིང་འཛིན་ཡེ་ཤེས་མིག་ཅན་གྱི། །མཆོག་གཅིག་ གིས་ནི་མཐོང་བར་འགྱུར། །གྲིབ་མ་སྒྱུ་མ་ལྟ་བུའི་མཆོག །མཆོག་གི་དབྱིབས་དང་ཡང་དག་ལྡན། །ཡེ་ཤེས་ཆུ་རླབས་འཕྲོས་པ་ཡིས། །རྣམ་པ་སྣ་ཚོགས་དཔག་མེད་གཟུགས། །འཇའ་ཚོན་ལྟ་བུའི་ལུས་ཉིད་ནི། །དེ་ཉིད་བསྒོམས་པས་ཐོབ་པར་འགྱུར། །བསྒོམ་པའི་ སྦྱོར་བའི་སྟོབས་ཀྱིས་ནི། །དམ་ཚིག་དག་ནི་བསྲུངས་པ་ཡིས། །རྒྱལ་བས་ཀྱང་ནི་བརྗོད་མེད་པའི། །འདི་འདྲའི་གཟུགས་ནི་ཐོབ་པར་འགྱུར། །གང་དུ་སེར་སྣའི་གནས་གྱུར་པའི། །ལུས་ངག་ཡིད་དང་བྲལ་བའི་མཆོག །དེར་ནི་ཡང་དག་བསྟན་དབང་གིས། །རང་གི་གཟུགས་ནི་རྣམ་ པར་བསྒོམ། །ཨེ་མའོ་ཤིན་ཏུ་རྨད་བྱེད་པ། །ཨེ་མའོ་ཞི་བ་དབང་པོ་འདས། །ཨེ་མའོ་མཆོག་ཏུ་ཟབ་པ་ཉིད། །སངས་རྒྱས་ཉིད་ཀྱི་གནས་མཆོག་ཡིན། །ཞེས་བཤད་པ་དང་། ལྡང་བའི་རིམ་པ་འདི་ཉིད་གསང་བ་འདུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་དེ་བཞིན་གཤེགས་པ་ རྣམས་ཀྱིས་གསུངས་ཏེ། ཨེ་མའོ་རྡོ་རྗེ་ཨེ་རྡོ་རྗེ། །ཨེ་མའོ་རྡོ་རྗེ་ཆོས་བསྟན་པ། །གང་དུ་ལུས་ངག་སེམས་མེད་པ། །དེར་ནི་གཟུགས་སུ་རྣམ་པར་བསྒོམ། །ཞེས་གསུངས་པ་དང་། རྗེ་བཙུན་གྱི་ཞལ་སྔ་ནས་ཀྱིས་ཀྱང་། ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ཤ་དང་རུས་པ་ཁྲག་ཀྱང་ མེད། །ནམ་མཁའ་ལ་ནི་འཇའ་ཚོན་ལྟར། །ཁྱེད་ཀྱི་སྐུ་ནི་སྟོན་པར་མཛད། །སྐུ་ལ་བསྙུན་མེད་མི་གཙང་མེད། །བཀྲེས་དང་སྐོམ་པ་འབྱུང་མེད་ཀྱང་། །ཁྱེད་ནི་འཇིག་རྟེན་འཇུག་པའི་ཕྱིར། །འཇིག་རྟེན་བྱ་བ་སྟོན་པར་བྱེད། །ཅེས་བཤད་པ་དང་། རྟོག་པ་ཀུན་ལས་བཏུས་པ་ལས་ ཀྱང་། དག་པའི་སེམས་ནི་གཟུང་གྱུར་ན། །རྡོ་རྗེ་ལུས་ནི་རྣམ་བསྒོམས་པས། །བརྟན་ལུས་ཁོང་སྟོང་མ་ཡིན་པ། །རྡོ་རྗེའི་སྐུ་ནི་དེས་ཐོབ་འགྱུར། །ཞེས་གསུངས་པ་དང་། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ཟླ་འོད་གཞོན་ནུར་གྱུར་པས་ཀྱང་དེ་བཞིན་གཤེགས་པའི་སྐུར་བཤད་དེ། 35-1-92b ནམ་མཁའ་འདྲ་ཞིང་རྡུལ་བྲལ་གཟུགས་བཟང་འཆང་། །ཤེས་རབ་སྲས་པོ་ལུས་དང་མཚན་མི་མངའ། །ཡོན་ཏན་རྒྱ་མཚོ་རབ་ཟབ་ཐུགས་རྗེ་ཅན། །མཚུངས་མེད་ཕྱག་ནི་བདག་གི་སྤྱི་བོར་ཞོག །ཅེས་གསུངས་པ་དང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ བརྒྱད་སྟོང་པ་ལས་ཀྱང་རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུར་སྨྲའོ། །མྱ་ངན་ལས་འདས་པ་ལས་ཆེས་ལྷག་པའི་ཆོས་གཞན་ཞིག་ཡོད་ཀྱང་དེ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུར་སྨྲའོ་ཞེས་གསུངས་པས་སོ། །དེ་ནས་ དེ་ཉིད་ཀྱི་ཁྱད་པར་ནི་གཟུགས་ཅན་མ་ཡིན་པ་དང་། གཟུགས་མེད་པ་མ་ཡིན་པ་དང་། བདེན་པ་མ་ཡིན་པ་དང་། བརྫུན་པ་མ་ཡིན་པ་དང་། དངོས་པོ་མ་ཡིན་པ་དང་། དངོས་པོ་མེད་པ་མ་ཡིན་པ་དང་། རྟག་པ་མེད་པ་དང་། ཆད་པ་མེད་པ་དང་། རྣམ་པ་དང་བཅས་པ་ མ་ཡིན་པ་དང་། རྣམ་པ་མེད་པ་མ་ཡིན་པ་དང་། ཆོས་མ་ཡིན་པ་དང་། ཆོས་མ་ཡིན་པའང་མ་ཡིན་པ་དང་། ཀུན་ནས་ཉོན་མོངས་པ་མ་ཡིན་པ་དང་། རྣམ་པར་བྱང་བ་མ་ཡིན་པ་དང་། འཁོར་བ་མ་ཡིན་པ་དང་། མྱ་ངན་ལས་འདས་པ་མ་ཡིན་པ་དང་། རྟག་པ་མ་ཡིན་པ་དང་། མི་ རྟག་པ་མ་ཡིན་པ་དང་། བདག་མ་ཡིན་པ་དང་། གཞན་གྱི་བདག་ཉིད་མ་ཡིན་པ་དང་། ནང་མ་ཡིན་པ་དང་། ཕྱི་རོལ་མ་ཡིན་པ་དང་། འཇིག་རྟེན་པ་ཡིན་པ་དང་། འཇིག་རྟེན་ལས་འདས་པ་མ་ཡིན་པ་དང་། གཉིས་པ་མ་ཡིན་པ་དང་། གཉིས་སུ་མེད་པ་མ་ཡིན་པ་ཞེས་བྱ་ བའོ། །ཟུང་དུ་འཇུག་པའི་སྐུ་ཡོངས་སུ་རྫོགས་པ་འདི་མིང་གི་རྣམ་གྲངས་འགའ་ཞིག་ལ་འཇུག་པར་བྱ་སྟེ། རིག་པ་ཆེན་པོའི་སྐྱེས་བུའི་གཟུགས་དང་། བདེན་པ་གཉིས་ཀྱི་ཚུལ་ལ་གནས་པ་དང་། རང་བཞིན་གྱིས་འོད་གསལ་བའི་བདག་ཉིད་ཅན་དང་། ཐབས་དང་ཤེས་རབ་ ཀྱི་བདག་ཉིད་ཅན་དང་། འཇིག་རྟེན་གསུམ་གྱི་བདག་ཉིད་ཅན་དང་། དུས་གསུམ་གྱི་བདག་ཉིད་ཅན་དང་། ཐེག་པ་གསུམ་གྱི་བདག་ཉིད་ཅན་དང་། དཀྱིལ་འཁོར་གསུམ་གྱི་བདག་ཉིད་ཅན་དང་། ཐབས་ཀྱི་བདག་ཉིད་ཅན་དང་། དེ་བཞིན་དུ་སྐྱེས་བུ་དམ་པ་དང་། སྐྱེས་ 35-1-93a བུ་མཆོག་དང་། སྐྱེས་བུ་ཆེན་པོ་དང་། སྐྱེས་བུ་ཅང་ཤེས་དང་། སྐྱེས་བུ་དཔའ་བོ་དང་། སྐྱེས་བུ་བརྟན་པོ་དང་། སྐྱེས་བུ་འདུལ་བ་དང་། སྐྱེས་བུ་འདུལ་བ་པོ་དང་། སྐྱེས་བུ་མཆོག་དང་། སྐྱེས་བུ་ཁ་ལོ་སྒྱུར་བ་དང་། སྐྱེས་བུ་སེང་གེ་དང་། སྐྱེས་བུ་ནམ་ མཁའ་དང་། སྐྱེས་བུ་ཐམས་ཅད་ཀྱི་བདག་ཉིད་ཅན་དང་། སྐྱེས་བུ་དག་པའི་བདག་ཉིད་ཅན་ཞེས་བྱ་བ་དང་། དེ་བཞིན་དུ་འཁོར་བ་ལས་རྒལ་བ་དང་། སྐམ་སར་ཕྱིན་པ་དང་། བདེ་བ་ཐོབ་པ་དང་། འཇིགས་པ་མེད་པ་ཐོབ་པ་དང་། ཕ་རོལ་ཏུ་འགྲོ་བས་འབར་བ་དང་། ཚེར་ མ་དཀྲུགས་པ་དང་། སྤྲོས་པ་མེད་པ་དང་། དགེ་སློང་དང་། དགྲ་བཅོམ་པ་དང་། ཟག་པ་ཟད་པ་དང་། ཅི་ཡང་མེད་པ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། སངས་རྒྱས་ཀྱི་སྲས་དང་། ཉོན་མོངས་པ་མེད་པ་དང་། དབང་དུ་གྱུར་པ་དང་། སེམས་རྣམ་ པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བ་དང་། ཀུན་ཤེས་པ་དང་། གླང་པོ་ཆེན་པོ་དང་། བྱ་བ་བྱས་པ་དང་། བྱེད་པ་བྱས་པ་དང་། ཁུར་བོར་བ་དང་། བདག་གི་དོན་རྗེས་སུ་ཐོབ་པ་དང་། སྲིད་པ་སྦྱོར་བ་ཡོངས་སུ་ཟད་པ་དང་། ཡང་དག་པའི་བཀས་སེམས་རྣམ་པར་གྲོལ་བ་ དང་། སེམས་ཐམས་ཅད་ལ་དབང་ཐོབ་པ་དང་། མཆོག་ཏུ་ཕ་རོལ་ཏུ་ཕྱིན་པ་དང་། འཁོར་བའི་ཕ་རོལ་གྱི་མཐའ་ལ་གནས་པ་དང་། ཡེ་ཤེས་ཀྱི་སྐུ་དང་། རང་བྱུང་ཞེས་བཤད་དོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་འདི་ཉིད་ཀྱི་ཁྱད་པར་བཅོམ་ལྡན་འདས་ཀྱིས་དཔའ་བར་འགྲོ་བའི་ཏིང་ ངེ་འཛིན་གྱི་མདོ་ལས་ཀྱང་། གང་གི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་དག་ཐོབ་པའི་སྐྱེས་བུ་དམ་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡུལ་དུ་མཆིས་པ་ལགས་སོ། །རང་དབང་གི་ཡེ་ཤེས་ལ་དབང་བགྱིད་པ་ལགས་སོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་མ་ཐོབ་པའི་ཕྱིར་བྱང་ ཆུབ་སེམས་དཔའ་དེ་ལ་ནི་བྱང་ཆུབ་སེམས་དཔའ་ཞེས་ང་མི་སྨྲའོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་མ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ལ་ནི་མངོན་པར་ཤེས་པ་ཐོབ་པའོ་ཞེས་ང་མི་སྨྲའོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་མ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་ 35-1-93b དེ་ལ་ནི་སྦྱང་བ་བྱས་པའོ་ཞེས་ང་མི་སྨྲའོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་མ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ལ་ནི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་དང་ལྡན་པའོ་ཞེས་ང་མི་སྨྲའོ། ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་མ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ལ་ནི་མང་དུ་ཐོས་པ་ཞེས་ང་མི་སྨྲའོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་མ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ལ་ནི་སྤོབས་པ་དང་ལྡན་པའོ་ཞེས་ང་མི་སྨྲའོ། །རིགས་ཀྱི་བུ་དག་དེ་བས་ན་ངེས་ པར་འབྱུང་བའི་ལམ་ཐམས་ཅད་དུ་ངེས་པར་འབྱུང་བར་འདོད་པའི་བྱང་ཆུབ་སེམས་དཔའ་རློམ་སེམས་ཐམས་ཅད་མེད་པའི་ཕྱིར་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་བསླབ་པར་བྱའོ་ཞེས་གསུངས་སོ། །མི་གནས་པའི་མྱ་ངན་ལས་འདས་པའི་ཁམས་བསྡུས་པའི་ཐེ་ཚོམ་གཅོད་པ་ སྟེ་ལེའུ་བརྒྱད་པའོ།། །།རྡོ་རྗེ་སློབ་མས་གསོལ་པ། ཐོས་པ་དང་བསམ་པའི་རང་བཞིན་གྱིས་འབྲས་བུ་དང་བཅས་པའི་རིམ་པས་དེ་ཁོ་ན་ཉིད་རྟོགས་པ་ཡོངས་སུ་གཅོད་པ་བླ་མས་རྗེས་སུ་གནང་བ་བྱས་པས་ཐམས་ཅད་མཁྱེན་པའི་ཕུན་སུམ་ཚོགས་པ་ལ་སློབ་པར་འདོད་པའི་ རྣལ་འབྱོར་པས་རྒྱུའི་གནས་སྐབས་སུ་ཇི་ལྟར་གནས་པར་བགྱི། ཇི་ལྟར་བསྒོམ་པར་བགྱི། ཇི་ལྟར་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱད་པར་བགྱི་བ་བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་སྟོན་པས་ལུང་བསྟན་དུ་གསོལ། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། སེམས་དཔའ་ཆེན་པོ་ལེགས་སོ་ ལེགས་སོ། །ཁྱད་པར་གྱི་རྒྱུ་ཐོབ་ཅིང་བརྩོན་འགྲུས་འབར་བ་རྣམས་དང་། ལུས་དང་སྲོག་ལ་ལྟོས་པ་མེད་པ་རྣམས་ཀྱིས་ཚེ་འདི་ཉིད་ལ་རང་གི་གཟུགས་སུ་འཛིན་པ་ལས་ཡོངས་སུ་ལོག་ནས། ཡོན་ཏན་གྱི་དབང་ཕྱུག་བརྒྱད་ཀྱི་འབྲས་བུ་རྫོགས་པར་བྱེད་པར་འདོད་པ་རྣམས་ཀྱི་ཐེ་ཚོམ་མེད་ པར་བྱ་བའི་ཕྱིར་ཡོངས་སུ་འདྲི་བར་བྱེད་པ་ལེགས་སོ་ལེགས་སོ། །དངོས་པོར་འཛིན་པ་རྣམ་པར་བསལ་ནས་ཐར་པ་འདོད་པ་རྣམས་ཀྱི་སྒོམ་པ་རྣམ་པར་དག་པ་དང་། སྤྱོད་པ་རྣམ་པར་དག་པ་ཁྱེད་ལ་རིམ་བཞིན་དུ་བཤད་ཀྱིས་ཉོན་ཅིག །འདི་ལ་བདེན་པ་རྣམ་པ་གཉིས་གཉིས་སུ་མེད་ 35-1-94a པས་རྒྱུ་དང་འབྲས་བུ་དག་ཀྱང་གཉིས་སུ་མེད་པ་ཡིན་ལ། རྒྱུ་དང་འབྲས་བུ་གཉིས་སུ་མེད་པས་ཐོབ་པ་དང་ཐོབ་པར་བྱ་བ་དག་ཀྱང་གཉིས་སུ་མེད་པ་ཡིན་ལ། ཐོབ་པ་དང་ཐོབ་པར་བྱ་བ་གཉིས་སུ་མེད་པས་སྒོམ་པ་དང་བསྒོམ་པར་བྱ་བ་དག་ཀྱང་གཉིས་སུ་མེད་ པ་སྟེ། གཉིས་སུ་མེད་པ་ལ་ནི་སྒྲུབ་པ་པོ་དང་། སྒྲུབ་པ་དང་། བསྒྲུབ་པར་བྱ་བ་དམིགས་པར་མི་འགྱུར་རོ། །དེ་དམིགས་པར་མི་འགྱུར་བས་འདིས་གང་ཞིག་ལ་ནི་བསྒོམ་པར་བྱ་བའམ། སུ་ཞིག་སྤྱོད་པ་སྤྱད་པར་འགྱུར་ཞེས་རྣམ་པར་བརྟགས་ནས་སློབ་པར་བྱེད་པ་དང་། ཡོངས་སུ་རྫོགས་པ་དག་ལ་ཁྱད་པར་མེད་དེ། མཐོང་བའི་ཆོས་ལ་མྱ་ངན་འདས། །བྱ་བ་བྱས་པའང་དེ་ཉིད་ཡིན། །ཞེས་བཤད་པའི་ཕྱིར་རོ། །འོན་ཀྱང་གནས་སྐབས་ཀྱི་ཁྱད་པར་ཐོབ་པ་ན་ནི་རྒྱུ་དང་འབྲས་བུ་དག་ཀྱང་འཇིག་རྟེན་དུ་སྣང་སྟེ། གཞན་དུ་རྒྱུ་མེད་པའི་ཉེས་པ་དང་བཅས་ པར་ཐལ་བར་འགྱུར་རོ། །དེ་བས་ན་སློབ་བཞིན་པའི་གནས་སྐབས་སུ་ནི་སྒོམ་པ་པོ་དང་སྒོམ་པ་དང་བསྒོམ་པར་བྱ་བ་དང་། སྒྲུབ་པ་པོ་དང་། སྒྲུབ་པ་དང་། བསྒྲུབ་པར་བྱ་བའི་སྤྱོད་པ་རྣམས་ཀྱང་ཡོད་དོ་ཞེས་པའམ། མེད་དོ་ཞེས་སོམ་ཉིར་མི་བྱ་སྟེ། འདིར་སྒྲུབ་པ་པོ་ནི་ཀུན་རྫོབ་ཀྱི་བདེན་པ་ རྟོགས་པའོ། །སྒྲུབ་པ་ནི་དོན་དམ་པའི་བདེན་པའོ། །བསྒྲུབ་པར་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་བས་ན་རྒྱུ་དང་འབྲས་བུ་དག་གཉིས་སུ་མེད་པར་བྱ་བ་ཡོངས་སུ་ཤེས་པ་ནི་འདིར་སྒོམ་པ་ཉིད་དུ་བཤད་དོ། །ཇི་སྐད་དུ་ཐམས་ཅད་གསང་བའི་རྒྱུད་ལས། འབྲས་བུས་རྒྱུ་ནི་ རྒྱས་བཏབ་ཅིང་། །རྒྱུ་ཡང་འབྲས་བུས་རྒྱས་བཏབ་པར། །བསྒོམ་གྱི་གཞན་དུ་དངོས་གྲུབ་ནི། །བསྐལ་པ་བྱེ་བར་འབྱུང་མི་འགྱུར། །ཞེས་གསུངས་པས་སོ། །སྤྱོད་པ་རྣམ་པར་དག་པ་བཤད་པ་ནི། གཉིས་སུ་མེད་པའི་ཡེ་ཤེས་རྟོགས་པར་གྱུར་ནས་མཉམ་པར་གཞག་པ་ དང་། མཉམ་པར་མ་བཞག་པའི་གནས་སྐབས་སུ་གཉིས་སུ་མེད་པར་འགྱུར་ལ། དེ་གཉིས་སུ་མེད་ན་སུ་ཞིག་སྤྱོད་པ་རྣམས་སྤྱོད་དེ། ཇི་ལྟར་བྱེད་པ་པོ་མེད་པར་གྱུར་པས་བྱ་བ་རྣམས་ཀྱང་མེད་པར་འགྱུར་བ་ནི་འཇིག་རྟེན་ན་ངེས་པ་ཡིན་ནོ། །ཡང་བརྟུལ་ཞུགས་ཀྱི་སྤྱོད་པ་མེད་པར་ 35-1-94b ཐོག་མ་མེད་པའི་ཉོན་མོངས་པའི་བག་ཆགས་ཟད་པར་བྱ་བར་ནི་མི་ནུས་སོ། །ཞེས་ལུང་ལས་བཤད་པ་དང་འཇིག་རྟེན་དུ་གྲགས་སོ། །ཇི་སྐད་དུ་གསང་བ་འདུས་པའི་རྒྱུད་ལས། རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཡང་དང་ཡང་དུ་བསྐུལ་བར་བྱ། །ཞེས་གསུངས་པ་དང་། ཇི་སྐད་དུ་གསང་ བ་གྲུབ་པ་ལས་ཀྱང་། རྐང་བརྒྱད་བྱ་བ་སྤངས་ན་ནི། །འཁོར་བའི་ཚོགས་ནི་དོར་ནས་སུ། །རྟག་ཏུ་བརྩོན་དང་ལྡན་ཡིད་ཀྱིས། །རྡོ་རྗེ་སེམས་མཆོག་བསྒྲུབ་པར་བྱ། །འགྱོད་དང་གཉིད་དང་རྨུགས་ལ་སོགས། །རབ་ཏུ་འབད་དེ་སྤང་བར་བྱ། །གཞན་དུ་བསྐལ་པ་བྱེ་བར་ནི། །བརྒྱར་ཡང་ འགྲུབ་པར་མི་འགྱུར་རོ། །ཞེས་གསུངས་སོ། །དེ་བས་ན་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་ཐོག་མ་མེད་པའི་ཉོན་མོངས་པའི་བག་ཆགས་ཀྱི་སྟོབས་སྤངས་ནས། ལྷུན་གྱིས་གྲུབ་པའི་འབྲས་བུ་ཐོབ་པར་འདོད་པས་སྤྱོད་པ་སྤྱད་ན་སྤྱོད་དོ་ཞེའམ་མི་སྤྱོད་དོ་ཞེས་བྱ་བའི་ ཡིད་ལ་བྱེད་པ་སྤངས་ནས་འཇིག་རྟེན་གྱི་ཆོས་བརྒྱད་ཟིལ་གྱིས་མནན་ཏེ། ཇི་སྐད་དུ་བཤད་པའི་རྣལ་འབྱོར་གྱི་སྤྱོད་པ་ལ་སྤྱད་པར་བྱའོ། །དེ་བས་ན་ཡང་དག་པར་གྱུར་པའི་སྤྱོད་པ་དེ་བླ་མའི་ཞལ་སྔ་ནས་ཀྱི་དྲིན་གྱིས་ཅི་ནུས་པར་རྣམ་པར་དབྱེ་བར་བྱའོ། །དེ་ལ་ཐོག་མ་ཁོ་ནར་བཅོམ་ལྡན་འདས་ སྤྱོད་པ་མཛད་པའི་སྤྱོད་པ་བྱང་ཆུབ་སེམས་དཔའི་གནས་སྐབས་སུ་གླིང་ལ་སོགས་པ་ལ་གཟིགས་པར་མཛད་དེ་དགའ་ལྡན་གྱི་གནས་ནས་བབ་པར་མཛད་ནས་རྒྱུད་ལ་སོགས་པའི་ཚུལ་རྣམ་པ་བཞིར་བསྟན་ཏེ། འདོད་ཆགས་དང་བྲལ་བའི་གཟུགས་སུ་མངོན་པར་སྤྲུལ་ནས། དམན་པ་ལ་མོས་པ་ རྣམས་ལ་འཕགས་པའི་བདེན་པ་རྣམ་པ་བཞི་རྟོགས་པར་མཛད་ཅིང་འདོད་ཆགས་དང་བྲལ་བའི་སྤྱོད་པ་བསྟན་པ་དང་། ཡང་རྒྱ་ཆེན་པོ་ལ་མངོན་པར་ཞེན་པ་རྣམས་ལ་རྣམ་པར་ཤེས་པའི་ཚོགས་བརྒྱད་ལ་སོགས་པ་ཆོས་བདག་མེད་པ་རྟོགས་པར་མཛད་ཅིང་ས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་ པ་སྟོན་པར་མཛད་པ་དང་། ཡང་འཁོར་ལོས་སྒྱུར་བའི་གཟུགས་སུ་མངོན་པར་སྤྲུལ་ནས། ཟབ་མོ་ལ་ལྷག་པར་མོས་པ་རྣམས་ལ་འདོད་ཆགས་ཀྱིས་བདེན་པ་གཉིས་རྟོགས་པར་བྱ་བའི་ཕྱིར་འདོད་ཆགས་ཀྱི་ཆོས་སྟོན་པར་མཛད་པ་ཡིན་ནོ། །དེ་བས་ན་བདེན་པ་གཉིས་ཡོངས་སུ་གཟུང་བའི་ལུས་ 35-1-95a དངོས་པོའི་དོན་མ་ལུས་པ་ཡོངས་སུ་གཅོད་པར་བྱེད་ཅིང་བདེ་བ་ཆེན་པོའི་འབྲས་བུའི་མཆོག་ལ་མངོན་པར་དགའ་བ་རྣམས་ལ་ཉན་ཐོས་དང་མདོ་སྡེའི་ཚུལ་དང་ལྡན་པའི་སྤྱོད་པ་མ་གསུངས་ཏེ། གང་གི་ཕྱིར་ཉན་ཐོས་ལ་སོགས་པ་ནི་དམན་པ་ལ་ལྷག་པར་མོས་ཤིང་རྣམ་ པར་རྟོག་པ་ལ་སྤྱོད་པ། བདག་ལ་བསྒྲུབ་པ་དང་བྲལ་བ། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་བྱ་བའི་ལམ་ལ་ཞུགས་པ། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ལ་དད་པ་མེད་པ། ཐར་པ་དང་རྒྱང་རིང་བ་ཞེས་བྱ་བ་བདེ་བའི་ཐབས་མ་རྟོགས་པ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་སོགས་པ་སྤྱོད་ པ་དགའ་བ་རྣམས་ཀྱིས་དུས་རིང་པོར་བྱང་ཆུབ་ཚོལ་བར་བྱེད་མོད། འོན་ཀྱང་ཐོབ་པར་མི་བྱེད་དེ། རྫོགས་པའི་རིམ་པ་མ་རྟོགས་ཤིང་ཁོང་དུ་མ་ཆུད་པའི་ཕྱིར་རོ། །དེ་བས་ན་འདི་ལྟར་བཅོམ་ལྡན་འདས་ཀྱིས། གང་ཞིག་དགེ་སློང་དངོས་གནས་དང་། །གང་ཡང་རྟོག་ལ་དགའ་ བའི་མི། །གང་ཞིག་རྒན་པོར་གནས་གྱུར་པ། །དེ་ལ་དེ་ཉིད་མི་བསྟན་ཏོ། །ཞེས་གསུངས་པ་དང་། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་སྤྱོད་པའི་རྒྱུད་ལས་ཀྱང་། ཐབས་དང་མི་ལྡན་ཡེ་ཤེས་དང་། །བསླབ་པ་དག་ཀྱང་བཤད་པ་ནི། །དཔའ་བོ་ཆེན་པོས་ཉན་ཐོས་ རྣམས། །དེ་ལ་གཟུད་པའི་ཕྱིར་བཤད་དོ། །ཞེས་གསུངས་པ་དང་། རྩ་བའི་མདོ་ལས་ཀྱང་། དགེ་བ་བཅུ་ཡི་ལས་ཀྱི་ལམ། །བྱེད་པ་ཡེ་ཤེས་སྤངས་པའོ། །ཞེས་གསུངས་པ་དང་། དེ་བས་ན་བཅོམ་ལྡན་འདས་ཀྱིས། དགེ་སློང་ཉན་ཐོས་ཐེག་པ་ལ་མི་བསླབ། །བྱང་ཆུབ་སྤྱོད་ པ་དེ་ལ་བསླབ་བྱ་སྟེ། །བྱང་ཆུབ་སྤྱོད་པ་སངས་རྒྱས་ཡོན་ཏན་དང་། །གླེང་གཞི་འདི་ལས་རང་འབྱུང་དག་ཏུ་འགྱུར། །ཞེས་གསུངས་སོ། །དེ་བས་ན་ཁྱད་པར་གྱི་རྒྱུ་ལས་ཁྱད་པར་གྱི་འབྲས་བུ་འབྱུང་བར་འགྱུར་རོ། །དེ་བཞིན་དུ་གཟུགས་ལ་སོགས་པའི་འདོད་པ་ལྔའི་ཡུལ་རྣམས་ལ་ཁྱད་ པར་གྱི་ལོངས་སྤྱོད་ཀྱི་ངོ་བོར་གྱུར་པས་ཁྱད་པར་གྱི་འབྲས་བུ་ཐོབ་པར་འགྱུར་བ་ཡིན་པར་ཤེས་པར་བྱའོ། །གཞན་དུ་སྤྱོད་པ་དཀའ་བ་རྣམས་ཀྱིས་སེམས་རྩེ་གཅིག་པ་འཐོབ་པར་མི་འགྱུར་ཏེ། དབང་པོ་ལྔ་ཚར་བཅད་པའི་ཕྱིར་རོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་དཔལ་མཆོག་དང་པོའི་ 35-1-95b རྒྱུད་ལས། དཀའ་ཐུབ་སྡོམ་པ་མི་བཟད་པས། །ལུས་སྐམ་འགྱུར་ཞིང་སྡུག་བསྔལ་ལ། །སྡུག་བསྔལ་གྱིས་ནི་སེམས་གཡེངས་པས། །གཡེངས་པས་དངོས་གྲུབ་གཞན་དུ་འགྱུར། །ཞེས་གསུངས་པ་དང་། རྩ་བའི་རྒྱུད་ལས་ཀྱང་། དཀའ་ཐུབ་དཀའ་སྤྱད་མི་བཟད་པས། ། བསྟེན་ན་འགྲུབ་པར་མི་འགྱུར་གྱི། །འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་། །བསྟེན་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་གསུངས་པས་སོ། །རྡོ་རྗེ་སློབ་མས་གསོལ་པ། འདོད་ཆགས་ཞེ་སྡང་གཏི་མུག་སྟེ། །འདི་དག་འཇིག་རྟེན་དུག་གསུམ་མོ། །ཞེས་གསུངས་པ་དང་། དེ་བཞིན་དུ་ གཟུགས་ལ་སོགས་པའི་ཡུལ་རྣམས་ནི་ཉོན་མོངས་པ་རབ་ཏུ་སྐྱེ་བའི་རྒྱུར་གྱུར་པ་ཡིན་པས་ངན་སོང་གི་རྒྱུ་ཡིན་པར་བཅོམ་ལྡན་འདས་ཀྱིས་གསུངས་ན། ཇི་ལྟར་ན་ཡང་དེ་དག་བསྟེན་པར་གྱུར་པས་བླ་ན་མེད་པའི་གོ་འཕང་འགྲུབ་པར་འགྱུར་རོ་ཞེས་བགྱི་བ་ཕན་ཚུན་འགལ་བར་མི་འགྱུར་ལགས་ སམ། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། རྡོ་རྗེ་སློབ་མ་ཁྱོད་གང་འདོད་ཆགས་ལ་སྤྱོད་པ་རྣམས་ཀྱི་ཐེ་ཚོམ་མེད་པར་བྱ་བའི་ཕྱིར། ཡོངས་སུ་འདྲི་བར་བྱེད་པ་ལེགས་སོ་ལེགས་སོ། །དེ་བས་ན་དོན་ཆེན་པོ་བསྟན་པར་བྱ་ཡིས་ཉོན་ཅིག །ཉོན་མོངས་པ་རྣམས་ནི་ཉན་ཐོས་ལ་སོགས་པ་ དམིགས་པར་ལྟ་བ་རྣམས་ཀྱི་ཉོན་མོངས་པ་རྣམས་ཀྱི་རྐྱེན་དུ་འགྱུར་ཏེ། ཉོན་མོངས་པའི་ངོ་བོ་ཉིད་ཡོངས་སུ་མ་ཤེས་པའི་ཕྱིར་རོ། །ངོ་བོ་ཉིད་ཡོངས་སུ་ཤེས་ན་ནི་བྱང་ཆུབ་ཀྱི་རྒྱུར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་མདོ་སྡེ་དག་ལས་གསུངས་ཏེ། ཇི་སྐད་དུ་དཔལ་མཆོག་དང་པོ་ ཞེས་བྱ་བའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འཛིན་པས་དུག་ཏུ་འགྱུར་བ་ཡིན། །དུག་ཉིད་ཉེ་བར་ཞི་གྱུར་ན། །དུག་ནི་དུག་མེད་བྱས་པ་ཡིན། །བདུད་རྩི་རིམ་གྱིས་བརྟེན་ནས་ནི། །བདུད་རྩི་ཉིད་དུ་འགྱུར་བའང་ཡིན། །ཞེས་གསུངས་ པ་དང་། དཀོན་མཆོག་བརྩེགས་པའི་མདོ་ལས་ཀྱང་། འོད་སྲུངས་འདི་ལྟ་སྟེ། དཔེར་ན་གྲོང་ཁྱེར་ཆེན་པོའི་ལུད་གང་ཡིན་པ་དེ་ནི་བུ་རམ་ཤིང་གི་ཞིང་དག་དང་། འབྲས་ཀྱི་ཞིང་དག་དང་། རྒུན་འབྲུམ་གྱི་ཞིང་དག་ལ་ཕན་པར་འགྱུར་བ་ཡིན་ནོ། །འོད་སྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ 35-1-96a ཉོན་མོངས་པའི་ལུད་གང་ཡིན་པ་དེ་ཡང་ཐམས་ཅད་མཁྱེན་པ་ཉིད་ལ་ཕན་པར་འགྱུར་བ་ཡིན་ནོ། །འོད་སྲུངས་འདི་ལྟ་སྟེ་དཔེར་ན་སྔགས་དང་སྨན་གྱིས་ཡོངས་སུ་ཟིན་པའི་དུག་གིས་འཆི་བར་བྱེད་མི་ནུས་སོ། །འོད་སྲུངས་དེ་བཞིན་དུ་ཤེས་རབ་དང་ཐབས་མཁས་པས་ ཡོངས་སུ་ཟིན་པའི་ཉོན་མོངས་པའི་དུག་གིས་ཀྱང་ལོག་པར་ལྟུང་བར་བྱེད་མི་ནུས་སོ་ཞེས་གསུངས་པ་དང་། གཞན་ཡང་འདུལ་བ་དོན་ཡོད་པར་གྲུབ་པ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་། གང་གིས་བླུན་པོ་འཆིང་གྱུར་པ། །དེ་ཡིས་མཁས་པ་ཡོངས་གྲོལ་ཞེས། །བྱང་ཆུབ་རྣམ་ པར་བསྒོམས་ནས་ནི། །འདི་དག་ཐམས་ཅད་ཕྱིན་ཅི་ལོག །གང་གིས་རྨོངས་པ་འཆིང་འགྱུར་ཞིང་། །ངུ་འབོད་མཐར་ནི་ངེས་འགྱུར་བ། །དེ་ཉིད་ཀྱིས་ནི་གྲོལ་འགྱུར་ཞིང་། །ཤེས་རབ་སྟོབས་ཀྱིས་བདེ་བ་ཐོབ། །ཅེས་གསུངས་ཏེ། རིགས་པ་འདིས་ནི་ཁྱད་པར་ཅན་བསྐུལ་བར་ འགྱུར་བ་དང་། ཁྱད་པར་ཅན་གྱིས་ཡོངས་སུ་བསྐུལ་བར་གྱུར་པས་ཁྱད་པར་ཅན་གྱི་འབྲས་བུ་ཡིད་དུ་འོང་བ་སྐྱེད་པའི་རྒྱུར་གྱུར་པར་ཞུགས་པའི་བླ་ན་མེད་པའི་བདེ་བ་ཆེན་པོའི་འབྲས་བུ་ཐོབ་པར་བྱ་བ་ལ་སྒྲུབ་པ་གཞན་མེད་དེ། དེའི་དོན་དུ་དེ་ཉིད་ཀྱིས་བཟའ་བ་དང་གནས་ལ་སོགས་ པ་བདེ་བ་རྣམས་ཀྱིས་ཡོན་ཏན་གྱི་དབང་ཕྱུག་བརྒྱད་ལ་སོགས་པ་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཕུན་སུམ་ཚོགས་པ་མངོན་སུམ་དུ་བྱེད་པར་འགྱུར་རོ། །བདེ་མཆོག་ལས་ཀྱང་། དེས་ན་བདེ་བ་བདེ་ཉིད་ཀྱིས། །སངས་རྒྱས་ཐམས་ཅད་ཉིད་ཐོབ་འགྱུར། །ཞེས་གསུངས་སོ། །དེ་ལ་ འདོད་ཆགས་ལས་བྱུང་བའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མེད་པ་དང་། ཤིན་ཏུ་སྤྲོས་པ་མེད་པ་ཞེས་བྱ་བའོ། །དེ་ལ་སྤྲོས་པ་དང་བཅས་པའི་སྤྱོད་པ་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་དབུགས་དབྱུང་ བ་དང་། རྡོ་རྗེ་འཆང་བའི་དབུགས་དབྱུང་བ་ཇི་སྐད་དུ་བསྟན་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཨ་ར་ལི་རྒྱས་པ་དེ་ནི་སྤྲོས་པ་དང་བཅས་པའོ། །དེ་ལ་སྤྲོས་པ་མེད་པ་ནི་གང་ཡིན་ཞེ་ན། རྟག་ཏུ་ཁྱབ་པ་ལས་དགོས་པའི་དབང་དུ་འགའ་ཞིག་ལ་རོལ་པ་དེ་ནི་སྤྲོས་པ་མེད་པའོ། །ཤིན་ཏུ་སྤྲོས་ 35-1-96b པ་མེད་པ་གང་ཡིན་ཞེ་ན། འདུ་འཛི་ཐམས་ཅད་རྣམ་པར་སྤངས་ནས་བསམ་གཏན་གྱི་ཟས་དང་། གནས་པ་འབའ་ཞིག་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་དང་། སྙོམས་པར་འཇུག་པ་ལས་གོམས་པ་དེ་ནི་ཤིན་ཏུ་སྤྲོས་པ་མེད་པ་སྟེ། དཔེར་ན་ཤིང་ཚིག་པར་གྱུར་ཀྱང་ཐལ་བར་འགྱུར་རོ། །ཏཱ་ལའི་ ལོ་མ་ཚིག་པར་གྱུར་ཀྱང་ཐལ་བར་འགྱུར་རོ། །རས་བལ་གྱི་ལོ་མ་ཚིག་པར་གྱུར་ཀྱང་ཐལ་བར་འགྱུར་ཏེ་ཐམས་ཅད་ཀྱང་ཐལ་བར་འགྱུར་རོ། །དེ་བཞིན་དུ་སྤྱོད་པ་གསུམ་ཆར་གྱིས་ཀྱང་རྡོ་རྗེ་འཛིན་པའི་གོ་འཕང་མངོན་པར་འདོད་པ་ཉིད་སྐྱེ་བར་འགྱུར་རོ། །ཡང་སྒྲུབ་པ་པོ་ལ་ནི་དེ་ཁོ་ན་ཉིད་ བསྡུས་པ་ལ་སོགས་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་ལག་པའི་ཕྱག་རྒྱ་དང་། གླུའི་མཆོད་པ་དང་། སྟང་སྟབས་ལ་སོགས་པའི་ཚུལ་དང་། གར་ལ་སོགས་པའི་སྦྱོར་བ་རྟག་ཏུ་བརྩོན་པའི་ཡིད་དང་། ཉིན་དང་མཚན་དུ་སྤྲོས་པ་དང་བཅས་པའི་མཆོད་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པར་བྱེད་དོ། ། དེ་བཞིན་དུ་ལ་ལ་ནི་དཔལ་མཆོག་དང་པོ་ལ་སོགས་པ་རྣལ་འབྱོར་ཆེན་པོའི་རྒྱུད་ལ་བརྟེན་ནས་སྐྱིལ་མོ་ཀྲུང་གི་འདུག་སྟངས་དང་། ཉམས་རྣམ་པ་དགུ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རོལ་མོ་སྤྲོས་པ་དང་བཅས་པའི་སྤྱོད་པས་ཕྱག་རྒྱ་ཆེན་པོའི་གོ་འཕང་ཐོབ་པར་བྱེད་དོ། །གསང་བ་ འདུས་པའི་རྒྱུད་འདི་ལས་ནི་སྤྲོས་པ་མེད་པ་དང་ཤིན་ཏུ་སྤྲོས་པ་མེད་པའི་གནས་འབའ་ཞིག་སྟོན་ཏོ། །ད་ནི་སྤྲོས་པ་དང་བཅས་པའི་སྤྱོད་པ་དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་ཅེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལ་འཇུག་པར་བྱ་སྟེ། དེ་ནས་ཡང་ དག་བཤད་བྱ་བ། །རྣམ་པ་སྣ་ཚོགས་མཆོག་གྱུར་པ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །དཔལ་ལྡན་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའི་བདེ་ འབྱུང་བ། །དེ་བཞིན་གཤེགས་པའི་ལྷ་རྫས་མཆོག །རིན་ཆེན་རྒྱན་ལ་སོགས་པས་སྤྲས། །དྲིལ་བུ་རྒྱལ་མཚན་མཆོག་ལྡན་པའི། །བླ་རེ་དམ་པ་བྲེས་པ་ན། །རྡོ་རྗེ་གླུ་དང་མཆོད་ལ་སོགས། །གླུ་དང་སིལ་སྙན་རྣམ་པར་འཕྲུལ། །མེ་ཏོག་བདུག་པའི་སྦྱོར་བ་དང་། །མར་མེ་དྲི་དང་སོགས་ལྡན་ 35-1-97a པར། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་མཆོག་བསྒྲུབ། །ཡང་ན་སྲིད་པ་གསུམ་དག་གམ། །ཡང་ན་བདག་གི་གནས་དག་གམ། །སྐྱེད་མོས་ཚལ་ལ་སོགས་པར་བསྒྲུབ། །དེར་ནི་དང་པོར་གདན་བཤམ་སྟེ། །འཇམ་ཞིང་ རེག་ན་བདེ་འགྱུར་བ། །སྣ་ཚོགས་པདྨོ་རས་ཀྱིས་གཡོགས། །དེར་ནི་ཐམས་ཅད་དག་པའི་གདན། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བས། །སྦྱོར་བའི་དབང་ཕྱུག་རྣམ་འཕྲུལ་བས། །རྡོ་རྗེ་སེམས་དཔའ་དཔལ་གྱི་ལྷ། །དེ་ནི་རྣམ་པར་འཕྲུལ་པར་མཛད། །ཁམས་ཀྱི་རང་ བཞིན་ཐམས་ཅད་དང་། །དེ་བཞིན་སྲོག་དང་རྩོལ་ལས་བྱུང་། །རང་གི་ལྷ་ལ་མངོན་ཕྱོགས་པའི། །གྲུབ་པའི་ཕྱག་རྒྱས་རབ་ཏུ་བསྐོར། །ལུགས་མའམ་ཡང་ན་འབུར་དང་ནི། །མངོན་པར་འདུས་བྱས་ལེགས་བྲིས་པ། །རྣམ་པ་སྣ་ཚོགས་གཟུགས་བརྙན་ནི། །མཚན་མའི་ཕྱག་ རྒྱ་རབ་ཏུ་བརྟག །སྟན་དེ་དག་ནི་ཐམས་ཅད་ལ། །ཇི་ལྟར་གནས་པ་བཞིན་དུ་དགོད། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་མཛེས་པར་བྱས། །རྡོ་རྗེ་རིན་ཆེན་པདྨ་སོགས། །སྒོ་སྲུང་དང་ནི་ལྡན་པར་བྱ། །རང་གི་ལྷ་དང་ལྡན་པ་ཡི། །བུད་མེད་དག་ནི་ལེགས་བསླབས་པ། ། སྐལ་བཟང་རང་བཞིན་ཕྱག་རྒྱས་མཚན། །ཚོགས་ཀྱི་དཀྱིལ་འཁོར་བརྟག་པར་བྱ། །ཞེས་གསུངས་པའོ། །མདོའི་ཚིག་དེ་རྣམས་ཀྱི་དོན་རྒྱ་ཆེར་དགྲོལ་བར་བྱ་སྟེ། དེ་ལ་དང་པོ་ཁོ་ནས་སྐྱེད་མོས་ཚལ་ལ་སོགས་པ་ཡིད་དང་རྗེས་སུ་མཐུན་པ་རྣམ་པར་དབེན་པའི་གནས་སུ་ཚུལ་དང་མི་ མཐུན་པ་ལ་སོགས་པ་སྐལ་བ་ངན་པ་རྣམས་དང་བྲལ་བའི་གནས་དག་ཏུ་སོ་ཕག་ལས་བྱས་པའི་ཁང་པ་སུམ་བརྩེགས་ལ་རྒྱན་རྣམ་པ་སྣ་ཚོགས་དང་ལྡན་པར་བྱེད་དུ་གཞུག་གོ། །དེ་ལ་ཁང་པ་དང་པོར་ནི་ཚང་མང་གཞག་པར་བྱའོ། །ཁང་པ་གཉིས་པར་ནི་པི་ཝང་ལ་སོགས་པ་གླུ་གར་དང་ རོལ་མོའི་མཆོད་པའི་ཡོ་བྱད་རྣམས་གཞག་པར་བྱའོ། །ཁང་པ་གསུམ་པར་ནི་རྣལ་འབྱོར་མ་རྣམས་དང་ལྷན་ཅིག་ཏུ་དཔལ་སྣ་ཚོགས་སྐལ་བ་བཟང་པོའི་མཆོག་གནས་པར་བྱའོ། །ཡང་ན་སའི་ཁང་པར་རབ་ཏུ་བརྟན་པ་ལ་སོགས་པ་དང་ཡང་དག་པར་ལྡན་པ་རྒྱན་རྣམ་པ་སྣ་ཚོགས་དང་། རྡོ་རྗེའི་ 35-1-97b རང་བཞིན་གྱི་སའི་ཆ་ལ་ཤེལ་དང་། བཻ་ཌཱུཪྻ་དང་། ཨིནྡྲ་ནཱི་ལ་དང་། མ་རྒད་དང་། པདྨ་རཱ་གའི་རང་བཞིན་ཅན་རིའི་རྒྱལ་པོ་རི་རབ་ལ་རྡོ་རྗེ་རྩེ་མོ་ཅན་གྱི་གཞལ་ཡས་ཁང་དུ་རྣམ་པར་བསམས་ཏེ། གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་མཛེས་པར་བྱས། །ཐིག་བཞི་དང་ནི་ ཡང་དག་ལྡན། །ཀ་བ་བརྒྱད་ཀྱིས་མཛེས་བྱས་པ། །དྲ་བ་དྲ་བ་ཕྱེད་པས་སྤྲས། །དར་དང་མེ་ཏོག་ཕྲེང་བས་བརྒྱན། །དྲིལ་བུ་བ་དན་ལེགས་པར་མཛེས། །རྔ་ཡབ་ལ་སོགས་རྣམས་ཀྱིས་བརྒྱན། །སྒོ་ཡི་མཚམས་ནི་ཐམས་ཅད་དང་། །མཚམས་སུ་ཟླ་ཕྱེད་རྡོ་རྗེར་ལྡན། ། སྐས་དང་རྟ་བབས་སྒོ་ལ་སོགས། །སྣ་ཚོགས་པདྨས་མཛེས་བྱས་པ། །ཞེས་བྱ་བ་བསྟན་ཏེ། དེར་སྒྲུབ་པོ་བླ་མ་ལས་གནང་བ་ཐོབ་པས་རྫོགས་པ་དང་མ་རྫོགས་པའི་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ལེགས་པར་མཆོད་པ་ལྷན་ཅིག་སྤྱོད་པ་དང་། རྗེས་སུ་སྤྱོད་པ་རྣམས་དང་ ལྷན་ཅིག་ཏུ་ཐ་མལ་པའི་ང་རྒྱལ་བསལ་བ་རྣམས་དང་ལྷན་ཅིག་ཏུ་འཛེམ་པ་མེད་པར་གྱུར་པའི་སེམས་ཀྱིས་སེམས་སེང་གེ་འདྲ་བས་རིམ་པ་འདིས་ཕྱག་རྒྱ་ཆེན་པོ་སྒྲུབ་པ་ལ་འཇུག་པར་བྱའོ། །དེ་ལ་རིམ་པ་ནི་འདི་ཡིན་ཏེ། དོན་དམ་པའི་བདེན་པ་ལ་དམིགས་པ་སྔོན་དུ་འགྲོ་བས་བདག་ལ་བྱིན་ གྱིས་བརླབ་པའི་རིམ་གྱིས་རྡོ་རྗེ་སེམས་དཔའི་སྐུར་བདག་ཉིད་བསྐྱེད་ལ་དཀྱིལ་འཁོར་གྱི་བདག་པོའི་ཚུལ་གྱིས་འདུག་ནས་གཟུགས་ཀྱི་ཡུལ་ལ་སྤྱོད་པར་བྱེད་དོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་བུད་མེད་ཀྱི་སྒྱུ་མ་ལྟ་བུར་རབ་ཏུ་བསྟན་པར་བྱ་བའི་ཕྱིར་ལ་ལ་ནི་བདེ་མཆོག་སྒྱུ་མ་ལྟ་བུས་ འདོད་ཆགས་ཀྱི་རྒྱུད་ཀྱི་ངོ་བོ་ཉིད་ཀྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ལ། ལ་ལ་ནི་ཨེ་མའོ་བདེ་བ་ལྟ་བུས་རབ་ཏུ་དགའ་བའི་རྒྱུད་ཀྱི་ངོ་བོ་ཉིད་ཀྱིས་གཡས་ཕྱོགས་སུ་གནས་སོ། །ལ་ལ་ནི་སྒྲོན་མ་ལྟ་བུས་དྲག་པོའི་རྒྱུད་ཀྱི་ངོ་བོ་ཉིད་ཀྱིས་ནུབ་ཕྱོགས་སུ་གནས་སོ། །ལ་ལ་ནི་ཤ་ཤི་ ལྟ་བུས་སྲོག་གི་རྒྱུད་ཀྱི་ངོ་བོ་ཉིད་ཀྱིས་བྱང་ཕྱོགས་སུ་གནས་ཏེ་འདི་དག་ནི་ལྷན་ཅིག་སྤྱོད་པའོ། །ལ་ལ་ནི་སངས་རྒྱས་ཀྱི་བྱང་ཆུབ་ལྟ་བུས་གཏི་མུག་རྣམ་པར་སྤྱོད་པའི་ཕྱིར་ཤར་ལྷོའི་མཚམས་སུ་གནས་སོ། །ལ་ལ་ནི་ཆོས་ཀྱི་འཁོར་ལོ་ལྟ་བུས་ཁམས་གསུམ་རྒལ་ཅིང་གནོན་པའི་གནས་རྣམ་ 35-1-98a པར་སྦྱོང་བས་ལྷོ་ནུབ་མཚམས་སུ་གནས། ལ་ལ་ནི་ཁམས་གསུམ་རྣམ་པར་རྒྱལ་མ་ལྟ་བུས་ཞེ་སྡང་རྣམ་པར་བསལ་བའི་ཕྱིར་ནུབ་བྱང་མཚམས་སུ་གནས་སོ། །ལ་ལ་ནི་འདོད་པའི་ལྕུག་མ་ལྟ་བུས་འདོད་ཆགས་ཀྱི་མུན་པ་བསལ་བའི་ཕྱིར་བྱང་ཤར་གྱི་ མཚམས་སུ་གནས་སོ། །ལ་ལ་ནི་གླིང་བུ་མ་ལྟ་བུས་ཕྱི་རོལ་གྱི་མེའི་ཕྱོགས་སུ་གནས་སོ། །ལ་ལ་ནི་རྒྱུད་མངས་ལྟ་བུས་སྒེག་ཅིང་པི་ཝང་ལེན་པས་ཁམས་གསུམ་དབང་དུ་བྱེད་ཅིང་ཕྱི་རོལ་གྱི་བདེན་བྲལ་གྱི་ཕྱོགས་སུ་གནས་སོ། །ལ་ལ་ནི་རྒྱུད་གཅིག་པ་ལྟ་བུས་རྔ་བོ་ཆེ་རྡུང་ཞིང་དུག་ དང་རིམས་རྣམ་པར་སེལ་བས་ཕྱི་རོལ་གྱི་རླུང་གི་ཕྱོགས་སུ་གནས་སོ། །ལ་ལ་ནི་རྒྱུད་སྟུག་པོ་ལྟ་བུས་རྫ་རྔ་རྡུང་ཞིང་ཕྱི་རོལ་གྱི་དབང་ལྡན་གྱི་ཕྱོགས་སུ་གནས་སོ། །ལ་ལ་ནི་རྡོ་རྗེ་མེ་ཏོག་མ་ལྟ་བུས་ལག་ན་མེ་ཏོག་ཐོགས་ཏེ་ཕྱི་རོལ་གྱི་ཤར་ལྷོའི་མཚམས་སུ་གནས་སོ། །ལ་ལ་ནི་རྡོ་རྗེ་བདུག་ པ་མ་ལྟ་བུས་སྤོས་ཁང་ཐོགས་ནས་ལྷོ་ནུབ་ཀྱི་མཚམས་སུ་གནས་སོ། །ལ་ལ་ནི་རྡོ་རྗེ་མར་མེ་མ་ལྟ་བུས་མར་མེ་ཆེན་པོ་ཐོགས་ནས་ནུབ་བྱང་གི་མཚམས་སུ་གནས་སོ། །ལ་ལ་ནི་རྡོ་རྗེ་བྱུག་པ་མ་ལྟ་བུས་དྲིས་ཡོངས་སུ་གང་བའི་དུང་ཕོར་ཐོགས་ནས་ཕྱི་རོལ་གྱི་སྣམ་བུའི་བྱང་ཤར་མཚམས་སུ་ གནས་སོ། །ལ་ལ་ནི་རྟ་གདོང་ལྟ་བུས་རྟ་མཆོག་གི་ཁ་ནས་འབྱུང་བའི་དབུགས་ཀྱིས་སྲིད་པ་གསུམ་སྐེམས་ཤིང་ཤར་ཕྱོགས་ཀྱི་སྒོ་སྲུང་བྱེད་པར་གནས་སོ། །ལ་ལ་ནི་རྡོ་རྗེ་ཕག་གདོང་ལྟ་བུས་ཁམས་གསུམ་ཐམས་ཅད་སྡུད་ཅིང་ལྷོ་ཕྱོགས་ཀྱི་སྒོ་སྲུང་བྱེད་པར་གནས་སོ། །ལ་ལ་ནི་རྡོ་རྗེ་ སྣང་བའི་གཟུགས་ཀྱིས་ཁམས་གསུམ་ལ་ལྟ་ཞིང་ནུབ་ཕྱོགས་ཀྱི་སྒོ་སྲུང་བྱེད་པར་གནས་སོ། །ལ་ལ་ནི་ཐལ་བ་རབ་ཏུ་འཇིགས་པའི་རོ་ལངས་མ་ལྟ་བུས་ས་འོག་དང་ས་སྟེང་དང་མཐོ་རིས་སུ་དབུགས་འབྱིན་ཅིང་ཐལ་བར་གྱུར་པ་ཡང་འཚོ་བར་བྱེད་དེ་བྱང་ཕྱོགས་ཀྱི་སྒོ་སྲུང་བྱེད་པས་གནས་སོ། ། དེ་ལ་བཅོམ་ལྡན་འདས་བདེ་བ་ཆེན་པོ་འཁོར་ལོས་སྒྱུར་བ་ནི་སྔོན་བྱུང་བའི་ཚུལ་གྱི་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་ལ་དགོངས་པ་སྔོན་དུ་འགྲོ་བས་རང་གི་སྐུའི་དཀྱིལ་འཁོར་ལ་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཚིམ་པར་བྱའོ་ཞེས་ཁྱད་པར་གྱི་ང་རྒྱལ་བསྐྱེད་ལ། དང་པོ་གཟུགས་ལ་ 35-1-98b སོགས་པ་ཡུལ་རྣམ་པ་གསུམ་ཉམས་སུ་མྱོང་ནས་དེའི་རྗེས་སུ་སྦྱོང་བ་ལ་སོགས་པ་ཆོ་ག་རྣམ་པ་གསུམ་གྱིས་ཟས་ཐམས་ཅད་མངོན་པར་སྦྱངས་ལ་རང་བཞིན་གྱིས་གྲུབ་པའི་ནང་གི་ཐབ་ཁུང་རྗེས་སུ་དྲན་ཏེ། ཏིང་ངེ་འཛིན་སེམས་དཔའི་ཞལ་དུ་རྩེ་གསུམ་པའི་མེའི་ནང་དུ་སྦྱིན་སྲེག་དབུལ་ ལོ་ཞེས་བྱ་བའི་ང་རྒྱལ་བསྐྱེད་ནས་ཟས་ལ་སྤྱད་པར་བྱ་སྟེ། དེའི་འོག་ཏུ་བདེ་བར་ཡོངས་སུ་ཞུ་ནས་ར་ས་ཡ་ནར་འགྱུར་རོ། །དེ་ལྟར་སྒྲུབ་པ་པོས་བཟའ་བ་དང་། བཅའ་བ་དང་། བཏུང་བ་རྣམས་ཀྱིས་སྐུ་རྡོ་རྗེ་ཡང་དག་པར་ཚིམ་པར་བྱས་ལ། མཐར་རིམ་པ་འདིས་ལྔ་པ་རེག་བྱའི་ཡུལ་ ལ་སྤྱོད་པར་བྱ་སྟེ། ལྷན་ཅིག་སྤྱོད་པ་ལ་སོགས་པ་ལྷ་མོའི་ཚོགས་རྗེས་སུ་མཉེས་པར་བྱེད་པ་ལ་སོགས་པ་མཁས་པ་ལ་བརྟེན་ནས་ཇི་ལྟར་མངོན་པར་འདོད་པའི་ཕྱག་རྒྱ་བླངས་ནས་ཉེ་བར་བཞག་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རྫོགས་པར་བྱའོ་ཞེས་ལྷག་པར་མོས་པ་བརྟན་པ་བསྐྱེད་ ནས། ཨཱ་ལིངྒ་ཎ་དང་། ཙུམྦ་ན་དང་། ཙུ་ཤ་ན་དང་། ན་ག་པྲ་ཧ་ར་ཎ་དང་། སཱི་ཏ་ཀ་ར་དང་། ཀོ་ཀི་ལ་དང་། བུང་བའི་སྒྲ་དང་། ནཱ་ལི་ཡང་དག་པར་བསྐུལ་བ་ལ་སོགས་པ་བྱས་ནས། དེ་བཞིན་གཤེགས་པའི་སྐྱིལ་མོ་ཀྲུང་དང་། རྡོ་རྗེའི་སྐྱིལ་མོ་ཀྲུང་དང་། རིན་པོ་ཆེའི་སྐྱིལ་ མོ་ཀྲུང་དང་། པདྨའི་སྐྱིལ་མོ་ཀྲུང་དང་། ལས་ཀྱི་སྐྱིལ་མོ་ཀྲུང་ལ་སོགས་པ་བཅས་ནས་ལས་ལ་གནས་པར་འགྱུར་རོ། །དེ་ནས་རྡོ་རྗེ་དང་པདྨ་ཡང་དག་པར་འདུས་པ་ལས་ཐབས་དང་ཤེས་རབ་སྙོམས་པར་ཞུགས་པས་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི་སྤྱི་བོ་ནས་བརྩམས་ཏེ། ནཱ་ལི་བདུན་ཅུ་རྩ་གཉིས་ལས་དྲི་མ་མེད་པའི་ཆུ་རྒྱུན་ལྟ་བུས་ཨཱ་ལི་ཀཱ་ལི་འཇུ་བར་གྱུར་པས་འདོད་ཆགས་དང་། འདོད་ཆགས་དང་བྲལ་བ་དང་། ཆགས་པ་བར་མའི་རིམ་གྱིས་འབབ་པོ། །དེ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་སོ་སོ་རང་གིས་རིག་པ་ རྫོགས་པར་བྱེད་དོ། །དེ་ལྟར་དཔལ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ལ་སློབ་པའི་མཆོག་ཐོབ་པའི་རྣལ་འབྱོར་པས་ཚོགས་ཀྱི་དཀྱིལ་འཁོར་དེ་ཉིད་དུ་རྗེས་སུ་གཟུང་བ་དང་། ཚར་གཅོད་པས་སེམས་ཅན་རྣམས་སྨིན་པར་བྱེད་དོ། །གདུལ་བྱ་སྟོང་པ་ཉིད་ཀྱི་ལྟ་བ་ཅན་ལ་ལ་དག་ལ་བཅོམ་ལྡན་ 35-1-99a འདས་དཔལ་བདེ་བ་ཆེན་པོ་དེ་ཉིད་རྣམ་པར་སྣང་མཛད་ཀྱི་གཟུགས་ཀྱིས་ཞི་བ་ཆེན་པོའི་ཏིང་ངེ་འཛིན་དང་། སྟོང་པ་མ་ཡིན་མི་སྟོང་མིན། །ཞེས་བྱ་བ་མི་གནས་པའི་མྱ་ངན་ལས་འདས་པའི་མཚན་ཉིད་ཅན་རབ་ཏུ་བསྟན་ནས་སྟོང་པ་ཉིད་ཀྱི་ལྟ་བ་ཅན་ཚར་ གཅོད་པར་མཛད་དོ། །དེ་བཞིན་དུ་ཤིན་ཏུ་གདུག་ཅིང་གདུལ་བར་དཀའ་བ་རྣམས་ལ་དཔལ་རྡོ་རྗེ་ཧེ་རུ་ཀའི་ཁྲོ་བོའི་རྒྱལ་པོའི་ཏིང་ངེ་འཛིན་གྱིས་ལྟ་བ་ངན་པ་ཚར་བཅད་ནས་ཕན་འདོགས་པར་མཛད་དོ། །ལོག་པར་ལྟ་བ་རྣམས་ནི་པདྨ་གར་གྱི་དབང་ཕྱུག་གི་གཟུགས་ཀྱིས་དོན་དམ་པའི་ བདེན་པ་བསྟན་ནས་དབང་དུ་མཛད་དོ། །ཤིན་ཏུ་དམན་ཞིང་སེར་སྣ་ཅན་བརྐམ་པ་རྣམས་ལ་དཔལ་རྡོ་རྗེ་ཉི་མའི་གཟུགས་དང་། རྒྱས་པ་ཆེན་པོའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པའི་ལྟ་བ་ཚར་གཅོད་པར་མཛད་དོ། །བརྩོན་འགྲུས་ཤིན་ཏུ་དམན་པ་རྣམས་ལ་ནི་རྟ་མཆོག་གི་གཟུགས་དང་། དྲག་པོའི་སྦྱོར་བའི་ཏིང་ངེ་འཛིན་གྱིས་ཕ་རོལ་གནོན་པས་བརྩོན་འགྲུས་ཞན་པ་རྣམས་ཚར་གཅོད་པར་མཛད་དོ། །དེ་ལ་བཅོམ་ལྡན་འདས་དཔལ་བདེ་བ་ཆེན་པོ་ནི་ཆོས་འབྱུང་བའི་ཨ་ར་ལི་ཆེན་པོའི་རོལ་པའི་ངོ་བོ་ཉིད་རབ་ཏུ་བརྟན་པར་བྱ་བའི་ཕྱིར་ཐུགས་གཞན་དུ་མི་འགྱུར་བ་དང་། ཕན་ཚུན་ རབ་ཏུ་དགའ་བར་བྱ་བའི་ཕྱིར་རིམ་པ་འདིས་སངས་རྒྱས་ཀྱི་རོལ་མོ་མཛད་དེ། ཕྱག་རྒྱ་དང་། ཕྱག་རྒྱའི་ལན་དང་། ཕྱག་དང་། ཕྱག་གི་ལན་དང་། མཆོད་པ་དང་། མཆོད་པའི་ལན་དང་། གར་དང་། གར་གྱི་ལན་དང་། གླུ་དང་། གླུའི་ལན་དང་། ལུས་ཀྱི་བརྡ་དང་། ངག་ གི་བརྡ་ཐ་སྙད་རྣམས་སུ་བྱེད་པ་ཡིན་ནོ། །དེ་ལ་ངག་གི་བརྡ་བསྟན་པར་བྱ་སྟེ། ཨོཾ་ཨ་ཏི་ཧོ་ཞེས་པ་ནི་བརྡའི་ཕྱག་འཚལ་ལོ་ཞེས་སྟོན་པ་ཡིན་ནོ། །ཨོཾ་པྲ་ཏི་ཀ་ཞེས་པ་ནི་སླར་ཕྱག་ལན་ཏོ། །ཙྪེཾ་ཙྪེཾ་ཞེས་བྱ་བ་ནི་སློབ་དཔོན་ལ་ཕྱག་བྱ་བའོ། །བྷཀྵ་ནི་ཞུགས་ཤིག་པའོ། །ཙྪོཾ་ནི་ལེགས་ པར་འོངས་སམ་ཞེས་པའོ། །ཙྪ་ནི་འདུག་ཤིག་ཞེས་པའོ། །ཁཾ་ནི་ཟོ་ཤིག་པའོ། །ཁ་ནི་རབ་ཏུ་ཟོ་ཤིག་པའོ། །ཏྲོཾ་ཏྲོཾ་ནི་ཤའོ། །ཤྲཾ་ཤྲཾ་ནི་ཁྲག་གོ། །དྲེཾ་དྲེཾ་ནི་ཤ་ཟོ་ཤིག་པའོ། །ཛཾ་ཕཾ་ནི་རྡོ་རྗེའི་ཆུའོ། །སོ་མ་ནི་བདུད་རྩིའི་ཆུའོ། །ཨི་ད་ཡ་ནི་ཆང་ངོ་། །ཤཾ་པ་རི་ནི་བཏུང་ 35-1-99b པའོ། །སཾ་པ་རི་ནི་ཆུའོ། །སུ་ཕྲི་ཡཾ་ནི་མེ་ཏོག་གོ། །སན་ཚ་ཡཾ་ནི་འབྲས་བུའོ། །ཛ་ལ་ཀཾ་ནི་གོས་སོ། །སྐཾ་ནི་ཁྱིམ་མོ། །ཀྵོ་རྣམས་ནི་རང་གི་ཁྱིམ་མོ། །ཀ་མ་དཾ་ནི་ལྷའི་ཁང་པའོ། །ཀྵེ་པ་ན་ནི་དཀྱིལ་འཁོར་རོ། །བྷོ་ད་ན་ནི་དཀྱིལ་འཁོར་གྱི་སློབ་དཔོན་ནོ། །ཨུ་པཱ་ཡ་ནི་སློབ་ མའོ། །མི་ཏྲ་ཏ་རཾ་ནི་སྤུན་ནོ། །རཉྫི་ན་ནི་ལྷ་མོའོ། །ཀོ་བི་ཏ་ནི་རྡོ་རྗེ་རྣལ་འབྱོར་མའོ། །ཏརྨ་རི་ནི་མཁའ་འགྲོ་མའོ། །བི་གླ་བ་ནི་མའོ། །སྭ་མུ་ཁ་ནི་ཕའོ། །ཀ་ཡོ་ཀྱ་ནི་བུའོ། །པྲིཾ་པྲིཾ་ནི་བུ་མོའོ། །བ་ཧུ་ལ་ནི་གཟུགས་བཟང་མའོ། །ལོ་ཊ་ཊ་ནི་འགྲོ་བ་དང་འོང་བའོ། །བ་ཧ་ རི་ནི་ཟོ་ཤིག་པའོ། །དྷ་ནུ་ད་ནི་རྫས་བྱིན་ཅིག་པའོ། །ཤེ་ཤེ་ནི་སོང་ཤིག་པའོ། །པྲེ་པྲེ་ནི་ཤོག་ཤིག་པའོ། །ཏྲོཾ་ནི་མེད་པའོ། །བི་ཏྲུ་མོ་ནི་ཁྲོས་པའོ། །ཚོ་ར་ནི་གསད་པའོ། །ཛི་བ་ནི་བསྲུང་བའོ། །ནཱི་ར་ནི་ཆགས་པ་དང་བྲལ་བའོ། །ཧྲི་ནི་ཆགས་པའོ། །དྲ་བ་ནི་རྫས་སོ། །རིམ་པ་ བཞིན་དུ་མཆོད་པ་ནི་སུ་ར་ཏ་སྟྭཾ་ཞེས་བརྗོད་པར་བྱའོ། །རང་གི་ལྷ་རྗེས་སུ་དྲན་པ་ལ་སུ་ར་ཏོ་ཧཾ་ཞེས་བརྗོད་པར་བྱའོ། །ཨ་ནུ་ཏ་རཱ་ག་ཡཱ་མི་ཞེས་བྱ་བ་ནི་ལན་ཏེ་རྡོ་རྗེ་སེམས་དཔའི་སྒྲུབ་པ་ལའོ། །དཔལ་རྡོ་རྗེ་རྣམ་པར་སྣང་མཛད་ཀྱི་སྒྲུབ་པ་ལ་ནི་ཨ་ནུ་བོ་ད་ཡཱ་མི་ཞེས་བྱ་བ་ལན་ཡིན་ནོ། །དཔལ་ ཧེ་རུ་ཀའི་རྡོ་རྗེ་སྒྲུབ་པ་ནི་ཨ་ནུ་མོ་ད་ཡཱ་མི་ཞེས་བྱ་བ་ལན་ཡིན་ནོ། །དཔལ་པདྨ་གར་གྱི་དབང་ཕྱུག་གི་སྒྲུབ་པ་ལ་ནི་ཡང་ཨ་ནུ་རཱ་ག་ཡཱ་མི་ཞེས་བྱ་བ་ལན་ཡིན་ནོ། །རྟ་མཆོག་གི་སྒྲུབ་པ་ལ་ནི་ཨ་ནུ་བཪྵ་ཡཱ་མི་ཞེས་བྱ་བ་ལན་ཡིན་ནོ། །ལྷ་མོ་གང་ཡིན་པ་རྣམས་ཀྱི་མཆོད་པའི་ལན་ཡིན་ ཏེ། ས་མ་ཡ་སྟྭཾ་ཞེས་བྱ་བའི་ཚིག་ལྔས་སོ། །རང་གི་ལྷ་རྗེས་སུ་དྲན་པར་བྱ་བ་ལ་ནི་ས་མ་ཡོ་ཧཾ་ཞེས་བྱ་བའི་ཚིག་གིས་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཏེ་ཚོགས་ཀྱི་མཆོད་པའོ། །ངག་གི་བརྡའི་ལེའུའི་རིམ་པའོ། །ད་ནི་ལུས་ཀྱི་བརྡ་བསྟན་པར་བྱ་སྟེ། སྤྱི་བོར་ཉུག་པ་ནི་ཕྱག་འཚལ་བའོ། །དཔྲལ་ བར་རེག་པ་ནི་ཕྱག་གི་ལན་ནོ། །གཡས་པའི་སྨིན་མ་བསྐྱོད་པ་ནི་སྐུའི་དངོས་གྲུབ་པོ། །གཡོན་པས་ནི་རྣམ་པར་རྒྱལ་བའོ། །མིག་གཡོན་པ་ལ་རེག་པ་ནི་བུད་མེད་བཟང་མོ་ཡིན་ཞེས་པའོ། །གཡས་པས་ནི་སྐྱེས་པ་བཟང་པོའོ། །རྣ་བ་གཡོན་པ་ལ་རེག་པ་ནི་ལེགས་པར་འོངས་པའོ། ། 35-1-100a གཡས་པས་ནི་ལེགས་པར་སྨྲས་པའོ། །སྣ་ཁུང་གཡས་པ་ལ་རེག་པ་ནི་སྤོས་སོ། །གཡོན་པ་ལ་ནི་དྲི་སློང་བའོ། །ལྕེ་གཡས་སུ་སྒུལ་བ་ནི་ཤའོ། །གཡོན་དུ་ནི་ཆང་སློང་བའོ། །མཆན་ཁུང་གཡོན་པར་རེག་པ་ནི་ཟས་སོ། །གཡས་པར་རེག་པ་ནི་ཚོད་ མོ་སློང་བའོ། །ལུས་ཀྱི་བརྡའི་ལེའུའི་རིམ་པའོ། །དེ་ལྟར་འཇིག་རྟེན་པའི་བསམ་གཏན་རྣམ་པར་བསལ་ཞིང་ཡིད་ལ་རེ་བ་རྣམས་སྤངས་ནས་རྟག་ཏུ་དགའ་བའི་ཡིད་ཅན་གྱི་རྣལ་འབྱོར་པ་རྣམས་དང་ལྷན་ཅིག་དགའ་བཞིན་པས་ནི་ཇི་ལྟར་རྒྱལ་པོ་ཨིནྡྲ་བྷཱུ་ཏི་དང་འདྲ་བར་ཕུང་ པོའི་ཁོག་པ་བརྗེས་ཏེ། རྡོ་རྗེའི་ལུས་སུ་གྱུར་ནས་བཙུན་མོའི་ཚོགས་དང་ལྷན་ཅིག་ཏུ་མི་སྣང་བར་གྱུར་ཏེ། ཡོན་ཏན་བརྒྱད་དང་ལྡན་པས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་སྟེ་ཇི་སྐད་དུ་རྩ་བའི་མདོ་ལས། ལྷ་མོ་ཀུན་གྱི་ལོངས་སྤྱོད་ལ། །ཅི་བདེ་བར་ནི་བརྟེན་བྱ་བ། །བདག་ ནི་ཆེ་བའི་ལྷར་སྦྱོར་བས། །བདག་ལ་བདག་གིས་རབ་ཏུ་མཆོད། །རྣལ་འབྱོར་ཐམས་ཅད་བདེ་བ་ཡི། །རྗེས་སུ་སྦྱོར་བས་མཆོད་བྱེད་ཅིང་། །རྟག་ཏུ་མྱོང་བར་བྱེད་པ་ན། །ཤིན་ཏུ་སྦྱོར་བས་རབ་འགྲུབ་འགྱུར། །སངས་རྒྱས་ཐམས་ཅད་བདག་ཉིད་ཀྱི། །ར་ས་ཡ་ནའི་བདེ་བ་དེས། །རྡོ་རྗེ་ སེམས་དཔའི་དཔལ་ཚེ་དང་། །ལང་ཚོ་ནད་མེད་བདེ་མཆོག་འགྲུབ། །སངས་རྒྱས་ཀུན་གྱི་སྐུ་ཆེན་དང་། །སངས་རྒྱས་ཀུན་གྱི་གསུང་སྙན་དང་། །སངས་རྒྱས་ཀུན་གྱི་ཐུགས་ཆེན་པོ། །སངས་རྒྱས་ཀུན་གྱི་མཆོད་པ་ཆེ། །སངས་རྒྱས་ཀུན་གྱི་རྒྱལ་ཆེན་པོ། །རྡོ་རྗེ་འཛིན་པ་ཀུན་གྱི་ བདག །འཇིག་རྟེན་དབང་ཕྱུག་ཀུན་གྱི་གཙོ། །རིན་ཆེན་དབང་ཕྱུག་ཀུན་གྱི་བདག །དེ་དག་དང་ནི་དགའ་སྤྱོད་ན། །འདོད་པ་བཞིན་དུ་འགྲོ་འོང་ལྡིང་། །ལྷ་མོ་ཐམས་ཅད་གྲུབ་ཆེན་པོ། །འཁོར་ལོས་སྒྱུར་བ་རབ་ཏུ་འགྲུབ། །ཅེས་གསུངས་པའི་ཕྱིར་རོ། །ཡང་ན་འབྱོར་པ་ཆུང་བ་རྣམས་ ཀྱིས་བཤད་མ་ཐག་པའི་རིམ་པས་རོལ་མོའི་སྤྲོས་པ་རྒྱ་ཆེ་བ་དང་། རྟག་ཏུ་ཕུན་སུམ་ཚོགས་པར་མི་ནུས་པ་དེས་ནི་སྤྲོས་པ་མེད་པ་དང་ཤིན་ཏུ་སྤྲོས་པ་མེད་པ་འདི་ཉིད་བདེ་མཆོག་ཏུ་བསྟན་པའི་སྤྱོད་པ་བཤད་པར་བྱ་སྟེ། ཉིན་རེའམ་ཡང་ན་ཟླ་རེའམ། །ཡང་ན་དེ་བཞིན་ལོ་རེར་ནི། །ཇི་བཞིན་བྱིན་གྱིས་ 35-1-100b བརླབས་ནས་ཀྱང་། །སངས་རྒྱས་བདེ་མཆོག་གར་བྱའོ། །ཞེས་བྱ་བ་དང་། ལངས་པའམ་ནི་འདུག་པའམ། །འཆག་གམ་ཇི་ལྟར་གནས་པ་དང་། །དགོད་དམ་རབ་ཏུ་སྨྲ་ཡང་རུང་། །གང་ན་ཇི་ལྟར་སྤྱོད་ཀྱང་རུང་། །ཞེས་བྱ་བ་དང་། དབང་པོ་གང་དང་གང་ལམ་གྱུར། །དེ་དང་དེ་ ཡི་ངོ་བོར་བྱ། །མཉམ་པར་མ་བཞག་སྦྱོར་བ་ཡིས། །ཐམས་ཅད་སངས་རྒྱས་རང་བཞིན་བྱ། །ཞེས་གསུངས་པའི་ཕྱིར་རོ། །འདོད་ཆགས་ཆོས་ཀྱི་ཚུལ་བསྟན་པའི། །རྣམ་པར་རོལ་པ་སྤྲོས་པ་ནི། །ནམ་མཁའ་མཉམ་པས་མཁའ་ལྟ་བུ། །མཐའ་མེད་རྒྱ་མཚོ་དག་དང་ མཚུངས། །སློབ་མས་ཁོང་དུ་ཆུད་པའི་ཕྱིར། །དངོས་པོ་ཙམ་ཞིག་བླངས་པ་ཡིན། །འདོད་ཆགས་བསྟན་པར་བྱ་བ་ནི། །སྐྱེ་བ་དུ་མས་བཤད་ནུས་སམ། །དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་གི་ཚུལ་ལས། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོའི་སྤྱོད་པ་ཆོས་འབྱུང་བའི་མངོན་པར་བྱང་ཆུབ་པའི་སྤྲོས་པ་དང་བཅས་པ་བསྡུས་པའི་ཐེ་ཚོམ་གཅོད་པ་སྟེ་ལེའུ་དགུ་པའོ།། །།རྡོ་རྗེ་སློབ་མས་གསོལ་པ། སྤྲོས་པ་དང་བཅས་པའི་སྤྱོད་པ་ནི་ཡོངས་སུ་གསལ་བར་གྱུར་ལགས་ན། སྤྲོས་པ་ མེད་པའི་སྤྱོད་པ་བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་སྟོན་པས་བཤད་དུ་གསོལ། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། སེམས་ཅན་ཆེན་པོ་ལེགས་སོ་ལེགས་སོ། །དཔལ་གསང་བ་འདུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་མན་ངག་གིས་རབ་ཏུ་བསྟན་པར་བྱ་ཡིས། རྩེ་གཅིག་པའི་ཡིད་ ཀྱིས་ཉོན་ཅིག །རི་བོ་ཤིན་ཏུ་དབེན་པ་དང་། །དགོན་པ་ཆེན་པོའི་ས་ཕྱོགས་ན། །འབྲས་བུ་མེ་ཏོག་རྣམས་ཀྱིས་བརྒྱན། །འདིར་ནི་བསམ་གཏན་བསྡུས་པའོ། །ཞེས་བྱ་བ་ལ་སོགས་པ་རྒྱུད་ལས་གསུངས་པའི་ཡིད་དང་རྗེས་སུ་མཐུན་པའི་ས་ཕྱོགས་སུ་སའི་ཁང་པ་ཇི་སྐད་དུ་ བཤད་པ་བཞིན་མངོན་པར་སྦྱངས་ལ་དེར་ཟུར་བ་ཞི་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་རྡོ་རྗེ་ནོར་བུའི་རྩེ་མོ་ཅན་གྱི་གཞལ་ཡས་ཁང་བསྐྱེད་ལ། དེའི་འོག་ཏུ་ཐ་མལ་པའི་ང་རྒྱལ་དང་བྲལ་བའི་རྣལ་འབྱོར་པ་ཆེན་པོས་ཕྱི་རོལ་གྱི་ཕྱག་རྒྱ་མངོན་པར་སྦྱངས་ལ་རིགས་གཅིག་ཏུ་གཏོགས་པའི་ 35-1-101a རང་གི་སློབ་མ་དང་ལྷན་ཅིག་ཏུ་འོག་ནས་བཤད་པའི་རིམ་གྱིས་ཕྱག་རྒྱ་ཆེན་པོ་སྒྲུབ་པ་བརྩམ་པར་བྱའོ། །དེའི་རིམ་པ་ནི་འདི་ཡིན་ཏེ། དང་པོ་ཁོ་ནར་དོན་དམ་པའི་བདེན་པ་ལ་དམིགས་ནས་བདག་ལ་བྱིན་གྱིས་བརླབ་པའི་རིམ་གྱིས་མི་བསྐྱོད་པ་ཕྱུང་སྟེ་རྗེས་སུ་བཅུག་ནས་དཀྱིལ་ འཁོར་གྱི་བདག་པོ་ཉིད་དུ་གནས་ལ། དེ་ནས་ཐ་མལ་པའི་ང་རྒྱལ་བསལ་ཏེ། མི་ཕྱེད་པའི་འཁོར་རྣམས་རང་གི་སྐུའི་དཀྱིལ་འཁོར་ལྟ་བུའི་ཡན་ལག་ཏུ་གྱུར་པའི་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་སུ་ལྷག་པར་མོས་པས་དཀྱིལ་འཁོར་གྱི་འཁོར་ལོའི་ ལྷ་མ་ལུས་པ་རྗེས་སུ་མཉེས་པར་བྱས་ལ་རང་གི་ཕྱག་རྒྱ་དང་ལྷན་ཅིག་རིལ་པོར་འཛིན་པའམ། གཞིག་པའི་རིམ་གྱིས་དོན་དམ་པའི་བདེན་པ་ལ་འཇུག་གོ། །དེ་ནས་སྤྱན་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་ཚངས་པའི་གནས་བཞིའི་དོན་གྱི་རྡོ་རྗེ་སེམས་ཁྱོད་ཅེས་བྱ་བ་ལ་སོགས་པའི་ ཚིགས་སུ་བཅད་པ་རྣམས་ཀྱིས་ཡང་དག་པར་བསྐུལ་བས་བདག་ལ་བྱིན་གྱིས་བརླབ་པའི་རིམ་གྱིས་སྐད་ཅིག་གིས་ལངས་ནས་མཆོག་ཏུ་དགའ་བའི་རོ་མྱང་བར་བྱ་བའི་ཕྱིར་ཉམས་རྣམ་པ་དགུས་རོལ་པ་མཛད་དོ། །དེ་ལྟར་ཡང་ནས་ཡང་དུ་ཡང་དག་པའི་མཐའ་ལ་རབ་ཏུ་ཞུགས་ནས་ ཡང་ནས་ཡང་དུ་བཞེངས་ཏེ། དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཉིད་དུ་གྱུར་པས་འདོད་པའི་ཡོན་ཏན་ལྔ་རྣམས་མྱོང་བར་མཛད་དེ། ཇི་ལྟར་ཡིད་ཞུམ་པར་མི་འགྱུར་བ་དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཨ་ར་ལི་རྫོགས་པར་བྱེད་དེ། དེ་ལ་རང་གི་གཟུགས་ལ་སོགས་ པ་གཟུགས་ཀྱི་ཡུལ་རྣམ་པ་གསུམ་ལ་རྗེས་སུ་སྤྱོད་པ་བྱེད་པ་དང་། གླུ་དང་པི་ཝང་ལ་སོགས་པའི་སྒྲའི་ཡུལ་རྣམ་པ་གསུམ་ལ་རྗེས་སུ་སྤྱོད་པར་བྱེད་པ་དང་། སྤོས་དང་མེ་ཏོག་ལ་སོགས་པ་དྲི་རྣམ་པ་གསུམ་ལ་རྗེས་སུ་སྤྱོད་པར་བྱེད་པ་དང་། ཁ་བ་དང་། ཚ་བ་དང་། བསྐ་བ་ དང་། སྐྱུར་བ་དང་། ལན་ཚྭ་ལ་སོགས་པའི་རོ་རྣམ་པ་གསུམ་ལ་རྗེས་སུ་སྤྱོད་པར་བྱེད་དོ། །དེ་ནས་ལོ་བཅུ་དྲུག་མ་སྐྱེ་གནས་མ་ཉམས་ཤིང་ནུ་མ་མཁྲང་ཞིང་རྒྱས་པའི་ན་ཆུང་ཇི་ལྟ་བུའི་སྨེ་ཤ་ཅན་དང་། བཙོ་བླག་མཁན་དང་། གར་མཁན་མ་དང་། ཕྲེང་བརྒྱུད་མ་དང་། མདའ་ 35-1-101b མཁན་མའམ། བཟོ་བྱེད་མའམ། གཞན་གང་ཡང་རུང་ཡན་ལག་མི་དམན་པའམ། རྩ་ལག་ཏུ་གྱུར་པའི་བུད་མེད་དང་གཞན་ལའང་དེས་བགྲོད་པར་བྱ་སྟེ། དེ་ནས་རྣམ་པར་མི་རྟོག་པའི་བདག་ཉིད་ཅན་གྱི་རྣལ་འབྱོར་པས་བདག་ཉིད་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་དུ་བསྟན་ པར་བྱ་བའི་ཕྱིར། འཇིག་རྟེན་པས་སྨད་པའི་དམ་ཚིག་རྣམས་གང་ཡིན་པ་ལ་སྤྱད་པ་ལ་སོགས་པའི་རིམ་གྱིས་མངོན་པར་འདུས་བྱས་ལ་འཇིག་རྟེན་པའི་མཚན་མ་དམིགས་པ་སྤངས་ཏེ་རབ་ཏུ་གསང་བའི་གནས་ན་འདུག་སྟེ་ལོངས་སྤྱད་པར་བྱའོ། །དེ་བཞིན་དུ་ཕྱག་རྒྱ་མི་བཅིང་ བ་དང་། དཀྱིལ་འཁོར་མེད་པ་དང་། ཐབ་ཁུང་མེད་པ་དང་། མཆོད་རྟེན་གྱི་ལས་མི་བྱ་བ་དང་། གླེགས་བམ་མི་ཀླག་པ་དང་། ལུས་ཀྱི་ངལ་དུབ་སྤང་བ་དང་། རས་རིས་དང་ཤིང་དང་རྡོའི་གཟུགས་བརྙན་ལ་ཕྱག་མི་བྱ་བ་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་སྐྱབས་སུ་མི་ འགྲོ་བ་དང་། ཚེས་གྲངས་དང་བྱེད་པ་དང་ཐང་ཅིག་དང་། སྐད་ཅིག་མའི་དུས་ལ་ལྟོས་པར་མི་བྱེད་དེ། འདི་དག་ཐམས་ཅད་ནི་ནང་གི་བདག་ཉིད་ཁོ་ནས་རྫོགས་པར་བྱེད་དོ། །གལ་ཏེ་འབྱོར་པ་མ་ཚང་བས་བསྡུས་པའི་དཀྱིལ་འཁོར་རྫོགས་པར་བྱ་བར་མི་ནུས་པར་གྱུར་ན་སྒྲུབ་པ་ པོ་དེས་དེ་ཁོ་ན་ཉིད་རྣམ་པ་ལྔས་ཀྱང་སྤྲོས་པ་མེད་པའི་སྤྱོད་པ་ལ་རིམ་པ་འདིས་བསླབ་པར་བྱའོ། །དེའི་རིམ་པ་ནི་འདི་ཡིན་ཏེ། ལ་ལ་ནི་གཟུགས་རྡོ་རྗེ་མ་ལྟ་བུས་ལག་པའི་པདྨ་འཇམ་པ་དང་། མེ་ལོང་ཐོགས་ནས་ཞི་བའི་མིག་གིས་ལྟ་ཞིང་མུ་ཏིག་གི་ཆུན་འཕྱང་མ་ལུས་ པར་འཁྲོལ་ཞིང་རྣམ་པར་ཕྱེ་བ་དང་། ནུ་མ་རྒྱས་ཤིང་ཅུང་ཟད་མཉེན་པ་དང་། གོས་གྲོལ་ཞིང་རོ་སྨད་ཅུང་ཟད་སྟོན་པས་བདེ་བ་ཆེན་པོས་རྗེས་སུ་མཉེས་པར་བྱ་བའི་ཕྱིར་ཤར་ལྷོའི་མཚམས་སུ་གནས་སོ། །ལ་ལ་ནི་སྒྲ་རྡོ་རྗེ་མ་ལྟ་བུས་མིག་རྣམ་པར་འབྱེད་ཅིང་ལྟ་བ་དང་། སྒེག་ པའི་ཉམས་དང་ལྡན་པས་རོལ་ཅིང་འགྱིང་བག་དང་བཅས་པས་འདོད་ཆགས་ལ་སྤྱོད་པའི་ཆོས་སྟོན་པ་འཆད་པ་ལ་མཁས་ཤིང་དགེ་བའི་གཏམ་སྨྲ་ཞིང་རབ་ཏུ་གླུ་ལེན་ལ་ཀོ་ཀི་ལའི་གླུའི་རྗེས་སུ་པི་ཝང་གི་རོལ་མོ་རབ་ཏུ་རྡུང་བས་ལྷོ་ནུབ་གྱི་མཚམས་སུ་གནས་སོ། །ལ་ལ་ནི་ 35-1-102a དྲི་རྡོ་རྗེ་མ་ལྟ་བུས་འཛུམ་པ་དང་བཅས་པའི་མིག་གིས་ལྟ་བར་བྱེད་ཅིང་སོར་མོ་མཐོན་པོ་བིམྦ་ལྟ་བུའི་འོད་ཀྱིས་རྣམ་པར་མཛེས་པ་ཟངས་ལྟར་དམར་ཞིང་དྲ་བས་འབྲེལ་པའི་ལག་པའི་རྩེ་མོས་གར་བྱེད་པ་ལྟ་བུས་ནོར་བུའི་རང་བཞིན་གྱི་སྣོད་འཛིན་ཅིང་གུར་ཀུམ་ དང་། ཨ་ག་རུ་དང་། གླ་རྩི་དང་། ཙནྡན་སྦྲུལ་གྱི་སྙིང་པོ་དང་། ག་པུར་ལ་གོགས་པའི་དྲི་རྣམས་ཀྱིས་བསྒོས་པས་ཕྱོགས་བཅུ་མ་ལུས་པ་དྲིས་ཁྱབ་པར་བྱེད་པའི་དྲིའི་སྣོད་ཐོགས་ཏེ་ནུབ་བྱང་གི་མཚམས་སུ་གནས་སོ། །ལ་ལ་ནི་རོ་རྡོ་རྗེ་མ་ལྟ་བུས་བརྩེ་བ་དང་བཅས་པའི་ མིག་གིས་ལྟ་བར་བྱེད་ཅིང་གསེར་དང་དངུལ་ལ་སོགས་པ་དང་། རིན་པོ་ཆེ་དཔག་ཏུ་མེད་པའི་སྣོད་ཐོགས་ཏེ། ཚོད་མ་རྣམ་པ་སྣ་ཚོགས་ཀྱིས་བཀང་བའི་རོའི་མཆོག་རྣམས་དང་། ལྷའི་ཁ་ཟས་བདུད་རྩི་ཆེན་པོ་དང་བཅས་པ་མཐུན་པའི་ཁ་ཟས་ཐོགས་ནས་བྱང་ཤར་མཚམས་ སུ་གནས་སོ། །ལ་ལ་ནི་རེག་རྡོ་རྗེ་མ་ལྟ་བུས་ལུས་མཚན་ཐམས་ཅད་ཀྱིས་བརྒྱན་པ་ཁྲོ་གཉེར་གསུམ་གྱིས་མངོན་པར་མཛེས་པ། དབུས་ཤིན་ཏུ་ཕྲ་བ་རྒྱལ་མཚན་ལྟར་ལྟེ་བ་རྒྱ་ཆེ་ཞིང་གཡས་ཕྱོགས་སུ་འཁྱིལ་ཞིང་ཟབ་པ་སྐུ་སྨད་ལྕི་བ་འགྲོས་དལ་ཞིང་ཤིན་ཏུ་སྒེག་པ་བཞིན་འཛུམ་པ་ དང་བཅས་ཤིང་ཞི་བས་ལྟ་བ་བདེ་བ་ཆེན་པོ་རྗེས་སུ་མཉེས་པར་བྱ་བའི་ཕྱིར་ཕང་པར་ཉེ་བར་བཞག་ནས་གནས་སོ། །དེ་ནས་བདེ་བ་ཆེན་པོའི་དཔལ་རབ་ཏུ་དགའ་བའི་སྤྱོད་པ་བསྟན་པར་བྱ་བའི་ཕྱིར། ཨཱ་ལིངྒ་ན་དང་། ཙུམྦ་ན་དང་། ཙུ་ཤ་ན་དང་། ཀུ་ཙ་ཀྲ་ཧ་ན་དང་། པུ་ལ་ཀ་ཏཱ་ ཌ་ན་དང་། ད་ཤ་ན་ཁ་ད་ན་དང་། མརྡ་ན་དང་། དོ་ལ་དང་། སཱུ་ཅི་དང་། ཀུར་པ་ར་ལ་སོགས་པའི་ཀ་ར་ན་དང་། རབ་ཏུ་རྨོངས་པས་མུ་ཏིག་གི་ཆུན་འཕྱང་བསྐྱེད་ཅིང་གདུ་བུ་དང་། དབུ་རྒྱན་དང་། རྐང་གདུབ་ཀྱི་སྒྲ་དང་ལྡན་པར་ཡུལ་དང་། དབང་པོ་དང་། རྡོ་རྗེ་དང་། པདྨ་ དང་། ཐབས་དང་། ཤེས་རབ་དང་། ཡེ་ཤེས་དང་།ཤེས་བྱ་ལ་སྙོམས་པར་ཞུགས་ཤིང་ཨཱ་ལཱི་ཀཱ་ལི་དང་། མ་ད་ན་བ་ཏྲ་དང་། ཀུརྨ་ཀཎྛ་དང་། ཤ་ཤཱངྐ་སྟེ། ནཱ་ཌི་གསུམ་ཏྲྱཾ་ཀུ་ལས་རབ་ཏུ་བསྐུལ་བས་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ 35-1-102b དྲི་མ་མེད་པའི་རྒྱུན་ལྟ་བུས་ཞུ་བར་གྱུར་ནས་ཡེ་ཤེས་ཀྱི་ས་ཐོབ་ནས་མཆོག་ཏུ་བདེ་བ་ཆེན་པོའི་གནས་ཡང་དག་པར་རིག་པར་འགྱུར་རོ། །དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར། རྩ་བའི་མདོ་ལས། ཆགས་ཅན་ཡེ་ཤེས་འདོད་པ་ཡིས། །རྟག་ཏུ་འདོད་པའི་ཡོན་ཏན་བསྟེན། །ཞེས་ གསུངས་པས་སོ། །གལ་ཏེ་གཟུགས་རྡོ་རྗེ་ལ་སོགས་པ་དག་ཀྱང་མེད་ན་དེའི་ཚེ་རེག་བྱ་རྡོ་རྗེ་གཅིག་པུ་དང་ལྷན་ཅིག་པའི་ཀུན་དུ་སྦྱོར་བས་ཀྱང་བསྒྲུབ་པར་བྱ་སྟེ། གང་གི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ནི་སྒྲུབ་པ་པོའི་ལུས་ཀྱི་དཀྱིལ་འཁོར་གྱི་ནང་དུ་འདུས་པ་ཡིན་ལ་ལྷ་མོ་ཐམས་ ཅད་ནི་རེག་བྱ་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་གྱི་ནང་དུ་འདུས་པ་ཡིན་ཏེ། དེ་བས་ན་མི་ཕྱེད་པའི་ང་རྒྱལ་གྱིས་རྣམ་པར་མི་རྟོག་པར་བསླབ་པར་བྱའོ་ཞེས་རབ་ཏུ་བསྟན་པར་བྱ་བའི་ཕྱིར། རྩ་བའི་རྒྱུད་ལས་ཀྱང་། དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་རིག་པའི་བརྟུལ་ཞུགས་ཡང་དག་པར་ལེན་པའི་སྤྱོད་པ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས། །ལུས་དང་ངག་སེམས་བསྒོམས་པས་ནི། །རང་གི་ངོ་བོར་དེ་བྱས་ན། །མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། ། དེ་ལ་འདི་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་རིག་པའི་བརྟུལ་ཞུགས་སོ། །ཐོར་ཚུགས་དབུ་རྒྱན་ཅན་གྱི་གཟུགས། །ཆེན་པོ་ཁ་དོག་དཀར་པོ་འདྲ། །སྔགས་ཀྱི་སྡོམ་པས་ཀུན་ཏུ་བསྡམས། །ཆོ་ག་བཞིན་དུ་ཐམས་ཅད་བྱ། །ལོ་གྲངས་བཅུ་དྲུག་ལོན་པ་ནི། །རྒྱན་རྣམས་ཀུན་གྱིས་རྣམ་ པར་བཀླུབས། །བཞིན་སྡུག་མིག་ནི་དཀྱུས་རིང་པ། །རྙེད་ནས་རིག་པའི་བརྟུལ་ཞུགས་སྤྱད། །སྤྱན་གྱི་གོ་འཕང་ལོངས་སྤྱོད་པས། །རྡོ་རྗེ་མཚན་མས་བསྒོམ་པར་བྱ། །ཕྱག་རྒྱ་སྔགས་ཀྱི་ཆོ་ག་ཤེས། །སྔགས་དང་རྒྱུད་ནི་ལེགས་པར་བསླབས། །དེ་བཞིན་གཤེགས་པའི་བཙུན་ མོར་བྱ། །སངས་རྒྱས་བྱང་ཆུབ་རབ་གནས་པ། །བརྟུལ་ཞུགས་ཆེན་པོ་དུས་བཞིར་ནི། །གསང་བའི་མཆོད་པ་རབ་ཏུ་བྱ། །སྡོང་བུ་རྩ་བ་འབྲས་བུ་ཡི། །བཟའ་དང་བཅའ་བ་སྤྱད་པར་བྱ། །འོན་ཀྱང་མྱུར་དུ་སངས་རྒྱས་འགྱུར། །བདག་པོ་ཡེ་ཤེས་རྒྱ་མཚོ་ཆེ། །ཟླ་བ་དྲུག་གིས་དེ་དག་ 35-1-103a ཀུན། །གདོན་མི་ཟ་བར་འགྲུབ་པར་འགྱུར། །སྒྲུབ་པ་པོ་ནི་བློ་བརྟན་པས། །ནགས་ཚལ་རྟག་ཏུ་བསོད་སྙོམས་བསླབ། །ཁ་ཟས་བཟང་པོ་བསྟར་བ་དག །སྐྲག་ནས་དེ་དག་སྟེར་བར་འགྱུར། །འདས་ན་རྡོ་རྗེ་གསུམ་བདག་ཉིད། །རྡོ་རྗེ་མི་འགྱུར་མ་རུང་ འགྱུར། །ལྷ་མོ་ཀླུ་མོ་གནོད་སྦྱིན་མོ། །ལྷ་མ་ཡིན་ནམ་མི་མོའང་རུང་། །རྙེད་ནས་རིག་པའི་བརྟུལ་ཞུགས་སྤྱད། །རྡོ་རྗེ་གསུམ་གྱི་ཡེ་ཤེས་བསྟེན། །ཞེས་གསུངས་ཏེ། དེ་ལྟར་འདོད་པ་ན་སྤྱོད་པ་དྲུག་སྟེ། གཉིས་གཉིས་འཁྱུད་པ་དང་། ལག་པ་བཅངས་པ་དང་། བལྟས་པ་ དང་། དགོད་པའི་འཁྲིག་པས་མཆོག་ཏུ་དགའ་བའི་བདེ་བ་སྐད་ཅིག་སྐད་ཅིག་ལ་ཉམས་སུ་མྱོང་བར་བྱེད་དོ། །རྫོགས་པའི་གནས་སྐབས་ན་ཡང་འཁོར་བ་དག་ལས་རྟག་ཏུ་དགའ་བའི་གཟུགས་ཅན་དུ་འགྱུར་རོ། །དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར་ལྷ་ཐམས་ཅད་ཡང་དག་པར་འདུས་པའི་རྒྱུད་ ལས། དབང་པོ་གཉིས་ནི་མཉམ་སྦྱར་ཏེ། །རྩོལ་བའི་ཆོ་གའི་འོག་ཏུ་ནི། །དགའ་བའི་སེམས་ཀྱིས་ཐུགས་འགྲུབ་པ། །བདེ་བ་ཆེན་པོ་ཞེས་བྱའོ། །སྤྲོས་པ་མེད་པའི་སྤྱོད་པ་བསྡུས་པའི་ཐེ་ཚོམ་གཅོད་པ་སྟེ་ལེའུ་བཅུ་པའོ།། །།ད་ནི་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་ལ་འཇུག་ པར་བྱ་སྟེ། རི་བོ་ཤིན་ཏུ་དབེན་པའམ། །ཆུ་ངོགས་འབབ་ཆུའི་གནས་རྣམས་དང་། །དུར་ཁྲོད་ལ་སོགས་གནས་རྣམས་སུ། །བསམ་གཏན་བསྡུས་པ་འདི་བྱའོ། །ཞེས་རྒྱུད་ལས་གསུངས་པའི་ཡིད་དང་རྗེས་སུ་མཐུན་པའི་ས་ཕྱོགས་སུ་ཁ་ཟས་སྦྱོར་བའི་ཕྱིར་གནོད་སྦྱིན་མོ་མངག་ གཞུག་མོ་ལ་སོགས་པ་བསྒྲུབ་པར་བྱའོ། །ཡང་ན་སྒྲུབ་པའི་གྲོགས་མཆོག་གམ། །ཚོགས་ཆེན་པོའི་ཁ་ཟས་ཙམ་བསྒྲུབས་ནས་རིམ་པ་འདིས་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་ལ་འཇུག་པར་བྱའོ། །དེའི་རིམ་པ་ནི་འདི་ཡིན་ཏེ། དེ་ལ་དང་པོ་ཁོ་ནར་སྒྲུབ་པ་པོས་འཁོར་བ་ཐོག་མ་མེད་པ་ཅན་ གྱི་སྡུག་བསྔལ་དྲན་པར་བྱས་ལ། མྱ་ངན་ལས་འདས་པའི་བདེ་བ་འདོད་པས་འདུ་འཛི་ཐམས་ཅད་ཡོངས་སུ་སྤང་པར་བྱ་ཞིང་ཐ་ན་རྒྱལ་སྲིད་ཀྱི་དབང་ཕྱུག་ལའང་སྡུག་བསྔལ་གྱི་འདུ་ཤེས་བསྒོམ་པར་བྱའོ། །གཉིས་པ་ཏིལ་འབྲུ་ཙམ་ལའང་དངོས་པོར་འཛིན་པའི་བློ་སྤང་བར་བྱའོ། །གསུམ་པ་དོན་ 35-1-103b དམ་པའི་བདེན་པ་ལ་དད་པས་ལུས་དང་སྲོག་ལའང་ལྟོས་པ་མེད་པར་བྱའོ། །ཇི་སྐད་དུ་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། རིགས་ཀྱི་བུ་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འདོད་ཅིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་ རྫོགས་པར་འཚང་རྒྱ་བར་འདོད་པས་ལུས་དང་སྲོག་ལ་ལྟོས་པ་མེད་པར་བྱའོ་ཞེས་གསུངས་པས་སོ། །དེ་བཞིན་དུ་འཇིག་རྟེན་པའི་དངོས་གྲུབ་ཕྲ་མོ་དང་། གྲུབ་པ་ཆེན་པོ་བརྒྱད་ལ་དོན་དུ་གཉེར་བར་མི་བྱ་སྟེ། རྣམ་པར་གཡེང་བར་འགྱུར་བ་དང་། ཕྱིར་ལྡོག་པར་འགྱུར་བའི་ཕྱིར་རོ། །ཇི་ སྐད་དུ་ཐུན་མོང་མ་ཡིན་པའི་གསང་བ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས། དེ་ནས་གཞན་ཡང་ཐམས་ཅད་མཁྱེན་པའི་དངོས་གྲུབ་ཐོབ་པའི་ཕྱིར་དངོས་གྲུབ་གང་ཅི་ཡང་རུང་བ་ལ་ཚོལ་བར་མི་བྱེད་དེ། འཇིག་རྟེན་རྒྱང་ཕན་པའི་ངག་གི་དངོས་གྲུབ་དང་། མངག་གཞུག་པའི་དངོས་གྲུབ་དང་། བུམ་པ་བཟང་ པོའི་དངོས་གྲུབ་དང་། ས་འོག་གི་དངོས་གྲུབ་དང་། རྒྱལ་སྲིད་ཀྱི་དངོས་གྲུབ་དང་། རྒྱས་པའི་དངོས་གྲུབ་དང་། དབང་དུ་བྱ་བའི་དངོས་གྲུབ་དང་། མངོན་སྤྱོད་ཀྱི་དངོས་གྲུབ་རྣམས་དོན་དུ་གཉེར་བར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དངོས་གྲུབ་ཆེན་པོའི་དོན་དུ་དངོས་གྲུབ་ཕྲ་མོ་ལ་འདོད་པ་ བསྐྱེད་པར་མི་བྱའོ། །རྣམ་པར་མི་རྟོག་པའི་དངོས་གྲུབ་འབའ་ཞིག་ལ་སེམས་རྩེ་གཅིག་པར་གྱུར་པར་བྱའོ། །དེ་སྐད་དུ་གསང་བ་གྲུབ་པ་ལས་ཀྱང་། སྦྱོར་བ་ལ་སོགས་འབད་པ་ནི། །དེ་ཉིད་རིག་པས་སྤང་བར་བྱ། །རྡོ་རྗེ་སེམས་དཔའ་ངེས་འཇུག་པ། །སྤངས་ནས་གཞན་དུ་མི་བྱའོ། ། དག་པའི་དེ་ཉིད་ལ་གནས་པས། །སྦྱོར་བ་རྣམས་ཀྱང་མི་བྱ་སྟེ། །བདག་ཉིད་གནས་པའི་སྦྱོར་བ་ཡིས། །ཇི་སྲིད་བར་དུ་སོ་སོར་བརྟག །དངོས་མེད་གོ་འཕང་ལ་གནས་དང་། །ཐབས་བཟང་དག་དང་ལྡན་པ་ཡིས། །རྟོག་ལས་གང་ཅིའང་འབྱུང་བ་རྣམས། །མ་བརྟགས་པར་ནི་ འགྲུབ་པར་འགྱུར། །བསྒོམ་པའི་སྦྱོར་བའི་སྟོབས་ཀྱིས་ནི། །དངོས་གྲུབ་མཚན་ཉིད་གང་ཅི་འང་རུང་། །དེ་ཀུན་སྐད་ཅིག་ཙམ་ལ་ནི། །རང་ཉིད་གནས་པར་འགྱུར་བ་ཡིན། །དེ་བས་ན་ཕྱི་རོལ་གྱི་བུད་མེད་རྣམ་པར་སྤངས་ནས་སྙིང་གར་གནས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་ 35-1-104a སྙོམས་པར་འཇུག་པས་ཤིན་ཏུ་མྱུར་བར་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་རྫོགས་པར་བྱའོ་ཞེས་སྤྲོས་པས་དམིགས་ཏེ། གཅིག་པུ་ཁོ་ནར་འོག་ནས་བཤད་པའི་རིམ་པ་བཞིན་དུ་བསམ་པར་བྱའོ། །དེ་ཡི་རིམ་པ་ནི་འདི་ཡིན་ཏེ། ཇི་སྲིད་ཕུང་པོའི་ཟ་མ་ཏོག་ཡོད་པ་ དེ་སྲིད་ཀྱི་བར་དུ་ནི་རྣམ་པར་ཤེས་པ་གསུམ་གྱི་ངོ་བོ་སྟེ། རང་བཞིན་གྱིས་སྣང་བ་འགྲོ་བ་དག་དང་གཞན་ལ་སྣང་བར་འགྱུར་རོ། །ཇི་ལྟ་ཞེ་ན། དང་པོ་ནི་སྣང་བའོ། །གཉིས་པ་ནི་རང་བཞིན་ནོ། །དེ་རླུང་དང་བཅས་པས་གང་ཕྱོགས་བཅུར་འཁོར་བ་སྟེ། གང་གིས་ཤེ་ན། འདོད་ཆགས་ དང་བྲལ་བ་དང་། འདོད་ཆགས་བར་མ་ལ་སོགས་པ་དང་། གཞན་ཡང་དྲག་པོ་དང་། ཞི་བ་དང་། དགའ་བ་དང་། མྱ་ངན་དང་། བཀྲེས་པ་དང་། སྐོམ་པ་དང་། ཚོར་བ་ཞེས་བྱ་བ་ལ་སོགས་པ་རང་བཞིན་བརྒྱ་དྲུག་ཅུ་ཉིན་མཚན་དུ་ཡིད་ལ་བྱས་ནས་མ་རིག་པ་རང་འགགས་ཤིང་ཡང་ལངས་ ནས་རླུང་གི་དབང་གིས་འཁོར་བར་འགྱུར་བ་སྟེ། དེས་ལུས་དཀྲུགས་ནས་ཇི་སྲིད་དུ་མིག་ལ་སོགས་པའི་དབང་པོ་ཡུལ་ལ་དམིགས་པ་དེ་སྲིད་དུ་དེ་ཉིད་དུ་དམིགས་པར་འགྱུར་ཏེ། ཐོག་མ་མེད་པའི་དུས་ནས་གོམས་པའི་ཕྱིར་རོ། །དེ་ནས་སྐྱེ་བ་གཅིག་ནས་གཅིག་ཏུ་གོམས་པས་བདག་མེད་པའི་ ཆོས་ལ་བསླབས་པས་རྣམ་པར་བསྲེས་པའི་སྦྱོར་བ་ཁོང་དུ་ཆུད་ནས་རང་བཞིན་གྱིས་སྣང་བ་དང་གཅིག་ཏུ་འདྲེ་བར་བྱ་སྟེ། རིམ་པ་འདིས་དོན་དམ་པའི་བདེན་པ་ལ་དམིགས་པར་བྱའོ། །དེའི་རིམ་པ་ནི་འདི་ཡིན་ཏེ། ཕུང་པོ་ལ་སོགས་པ་ནི་ཁམས་ཕྲ་བ་ལ་གཞུག་གོ། །ཁམས་ཕྲ་བ་ནི་ཡང་ སེམས་ལ་གཞུག་གོ། །སེམས་ནི་ཡང་མ་རིག་པ་ལ་གཞུག་སྟེ། དེ་ལྟར་སྦྱར་ནས་གཉིད་ལོག་པར་བྱེད་དོ། །དེ་ལ་དུས་འདིར་ནི་སེམས་དང་སེམས་པ་མ་རིག་པ་ལ་རབ་ཏུ་ཞུགས་པའི་སྐད་ཅིག་ལ་དྲན་པ་བརྗེད་པའོ། །ཕྱིས་ནི་བརྗོད་པ་ཡང་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ནི་འོད་གསལ་ བའོ། །ཡང་གྲོལ་བ་ན་རླུང་གི་རང་བཞིན་རྙེད་དེ། གང་གི་ཚེ་རྨི་ལམ་གཞན་དག་འབྱུང་བ་ནི་ཇི་སྲིད་དུ་རྣམ་པར་ཤེས་པ་མི་གཡོ་བ་དེ་སྲིད་དུ་གཉིད་ལོག་ནས་འོད་གསལ་བ་ལ་བལྟ་སྟེ། དེ་ནི་སོ་སོ་རང་གིས་རིག་པ་ལུས་དང་ངག་དང་སེམས་དང་བྲལ་བའི་དོན་དམ་པའི་བདེན་པ་ནང་གི་མངོན་པར་བྱང་ཆུབ་ 35-1-104b པ་ཞེས་བྱའོ། །རིམ་པ་འདིས་ལུས་ཀྱི་དཀྱིལ་འཁོར་ལ་གནས་པའི་དེ་བཞིན་གཤེགས་པའི་ཚོགས་རྣམས་གསད་པར་བྱ་ཞིང་དེ་བཞིན་ཉིད་ལ་གཞུག་པར་བྱས་ནས་སྐལ་བ་བཟང་པོའི་དངོས་གྲུབ་ཐོབ་པར་འགྱུར་ཏེ། སྤྲོས་པ་དང་བཅས་པ་དང་སྤྲོས་པ་མེད་པའི་སྤྱོད་པ་ལ་ལྟོས་པ་མེད་པས་ཤིན་ཏུ་མྱུར་ བར་འདིར་རང་གི་གཟུགས་ཡོངས་སུ་བརྗེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏེ། དོན་འདི་ཉིད་དགོངས་པ་ལུང་བསྟན་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། གཟུགས་སོགས་ནང་གི་ཆོས་རྣམས་ནི། །མཐོང་བ་ལྷག་མཐོང་ཞེས་བརྗོད་ལ། །མི་བསྐྱོད་ལ་སོགས་གྲངས་བཞིན་དུ། །བརྟགས་ པ་དག་ནི་ཞི་གནས་ཡིན། །འདི་དག་དངོས་མེད་གྱུར་པ་ཡི། །དེ་བཞིན་ཉིད་ནི་ཞི་བར་བཤད། །དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་དུ། །རྣལ་འབྱོར་པ་ཡིས་སངས་རྒྱས་གཞུག །ཅེས་གསུངས་པ་དང་། ཡང་ལྷ་ཐམས་ཅད་ཡང་དག་པར་འདུས་པའི་རྒྱུད་ལས་ཀྱང་། མྱ་ངན་འདས་པའི་མི་ བཟད་མེས། །ཐལ་བའང་ལུས་པར་མི་འགྱུར་ཏེ། །དེས་ན་དེར་ནི་དབང་དོན་དང་། །ཁམས་རྣམས་འདིར་ནི་ཡོད་མ་ཡིན། །ཞེས་གསུངས་སོ། །རིམ་པ་འདིས་ནི་ལུང་དང་རིགས་པ་དག་གིས་མངོན་པར་རྟོགས་པའི་ངོ་བོ་ཉིད་སངས་རྒྱས་ཐམས་ཅད་ཀྱི་ཡུམ་ངེས་པར་བྱས་ནས། ཡུལ་ལ་ཞེན་ པ་དང་རོལ་པ་ཐམས་ཅད་སྤངས་ཏེ། རིམ་པ་འདིས་བྷུ་སུ་ཀུ་ཙམ་གྱི་སྤྱོད་པ་ལ་སྤྱད་དེ། དེའི་རིམ་པ་ནི་འདིའོ། །བྷུ་ཞེས་བྱ་བ་ནི་ཟས་ལ་སྤྱོད་པ་སྟེ་དེ་ཙམ་ཞིག་རྗེས་སུ་དྲན་པ་དང་འདུ་འཛི་སྤོང་བར་བྱེད་ཅིང་དཀའ་ཐུབ་དང་བརྟུལ་ཞུགས་སོ་ཞེས་གང་ལའང་བསམ་པར་མི་བྱའོ། །སུ་ཞེས་བྱ་བ་ནི་ གཉིད་ལོག་པ་སྟེ་རྣམ་པར་ཤེས་པ་འདི་དག་མ་རིག་པས་ཉེ་བར་མཚོན་པས་མངོན་སུམ་དུ་བྱེད་དོ། །མ་རིག་པ་ལྕགས་ཀྱུ་ལྟ་བུ་དེ་ཉིད་ཀྱིས་རྣམ་པར་ཤེས་པ་གང་ལའང་འདྲེ་བར་མི་བྱེད་དེ། འོད་གསལ་བ་ཉིད་མངོན་པར་འདུ་བྱེད་ཅིང་དྲི་མ་མེད་པའི་ངོ་བོ་ཉིད་དོ། །ཀུ་ཞེས་བྱ་བ་ནི་བཤང་སར་འགྲོ་བ་ སྟེ། བཤང་བ་དང་གཅི་བ་འདོར་བའི་ཕྱིར་དེ་ཙམ་ཞིག་རྗེས་སུ་དྲན་པར་བྱེད་ཅིང་འདུ་འཛི་སྤོང་བར་བྱེད་ལ། ལུས་དང་ཚོར་བ་དང་ཡུལ་དང་དབང་པོའི་ངོ་བོ་ཉིད་ལ་སེམས་པར་མི་བྱེད་དོ། །ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་སྨྱོན་པའི་བརྟུལ་ཞུགས་བཤད་པའི་མདོ་ལས་གསུངས་པའི་རིམ་པས་ 35-1-105a ཀྱང་བཤད་པར་བྱའོ། །དེ་ཡི་རིམ་པ་ནི་འདི་ཡིན་ཏེ། གང་ཚེ་བརྟན་པར་མི་རྟོག་ལ། །གནས་ཤིང་འཇིག་རྟེན་པ་སྤངས་ཏེ། །སྤྱོད་པ་ཐམས་ཅད་བསྡུས་བྱས་ན། །དེ་ལ་དེ་ཚེ་སངས་རྒྱས་གཟིགས། །ཀུན་དུ་ཐེ་ཚོམ་གཅོད་པ་ཡིས། །རིགས་པས་བྱིས་པ་ཇི་བཞིན་ སྤྱད། །གང་ཚེ་ཆགས་མེད་རྣལ་འབྱོར་པ། །དེ་ཚེ་ཕུན་སུམ་ཚོགས་འཕེལ་འགྱུར། །སྡིག་པ་མ་ལུས་ལྡན་པ་དང་། །གཏི་མུག་སྡིག་ལ་རབ་གནས་ན། །སྨྱོན་པའི་བརྟུལ་ཞུགས་སྦྱོར་བ་ཡིས། །ཟླ་བ་དྲུག་གིས་དོན་ཡོད་འགྲུབ། །རང་ཉིད་སངས་རྒྱས་ཀུན་མཐོང་ཞིང་། །འདོད་པ་ ཀུན་གྱིས་རབ་ཏུ་འགེངས། །ཟད་མེད་གཞོམ་དུ་མེད་པ་དང་། །དང་བའི་ཚེ་ལུས་འབྱུང་བར་འགྱུར། །བླ་ན་མེད་པའི་བྱང་ཆུབ་མཆོག །འབད་པ་མེད་པར་ཡང་དག་འཐོབ། །འདོད་པ་ཀུན་གྱི་དགའ་མོས་རྣམས། །འབད་དང་བྲལ་བས་འགྲུབ་པར་འགྱུར། །འགྲོ་དང་འདུག་དང་གནས་ པ་ན། །མཆོག་ཏུ་ཟབ་པའི་གནས་ལ་བརྟག །འོད་གསལ་ཡེ་ཤེས་ལ་མཁས་པ། །མཚན་ཉིད་རྟག་པར་རྣལ་འབྱོར་པའི། །བསམ་གཏན་སྦྱོར་བ་འདི་ཡིས་ནི། །སེམས་ཀྱི་རིན་ཆེན་བརྟན་པར་འགྱུར། །སངས་རྒྱས་བྱང་ཆུབ་རབ་ཞུགས་པ། །བྱིན་གྱི་བརླབ་པ་མཛད་པར་ འགྱུར། །དེ་ལྟར་གྱུར་པར་ཞུགས་ནས་ཀྱང་།ཇི་སྲིད་སེམས་ནི་མི་སྐྱོའི་ཕྱིར། །མཉམ་གཞག་ཡིད་ནི་བཟང་པོ་ཡིས། །དེ་ལ་འབད་པས་བསྒོམ་པར་བྱ། །དེ་ཡི་འོག་ཏུ་ཅི་དགའ་བའི། །སྤྱོད་པ་ཡིས་ནི་སྤྱད་བྱས་ནས། །ཅུང་ཟད་སྤྱན་ཕྱེའི་མཚན་ཉིད་ཅན། །བྱང་ཆུབ་རྒྱ་ཆེན་ འཐོབ་པར་འགྱུར། །དགོད་དམ་སྨྲའམ་འདུག་པ་དང་། །ལ་ལ་རབ་ཏུ་གར་བྱེད་པར། །ཇི་སྲིད་སྐྱེ་བར་མི་འགྱུར་བར། །སྒོམ་པའི་སེམས་ལ་ཞེན་པར་བྱ། །དེ་ལྟའི་དམ་ཚིག་ལྡན་འགྱུར་ཞིང་། །རྣམ་པར་མི་རྟོག་སྔགས་པ་ཡིས། །དུས་ཀྱི་ངེས་པ་ཡོངས་སྤངས་ནས། །བླ་མེད་ གོ་འཕང་ཐོབ་པར་འགྱུར། །དེ་ལྟར་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་དབྱེ་བ་དང་། ན་ཚོད་དང་རྗེས་སུ་མཐུན་པས་སྤྱོད་པ་རྣམ་པ་གསུམ་ཟླ་བ་ཕྱེད་དམ། ཟླ་བ་གཅིག་གམ་ཟླ་བ་དྲུག་བཟླས་པར་འགྱུར་བས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའི་མཚན་མ་ཉེ་བར་འབྱུང་བར་འགྱུར་ཏེ། དེ་ལ་ 35-1-105b མཚན་མ་ནི་འདི་དག་ཡིན་ནོ། །གཟུགས་ཕྲ་བ་དང་། རེག་པ་ཡང་བ་དང་། ཁྱབ་པ་དང་། ཡང་དག་པ་ཐོབ་པ་ཉིད་དང་། རབ་ཏུ་སྣང་བ་ཉིད་དང་། བརྟན་པ་དང་། དབང་དུ་གྱུར་པ་དང་། འདོད་དགུར་སྒྱུར་བ་ཞེས་བྱའོ། །ཡང་རྨི་ལམ་གྱི་མཚན་མ་གསང་བ་འདུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་ པོའི་རྒྱུད་ལས། བྱང་ཆུབ་ཡེ་ཤེས་མཆོག་ཐོབ་པས། །སངས་རྒྱས་སྐུ་དང་མཚུངས་པར་མཐོང་། །སངས་རྒྱས་རྫོགས་ལོངས་སྤྱོད་པའི་སྐུ། །བདག་མེད་པ་ནི་མྱུར་དུ་མཐོང་། །སེམས་དཔའ་ཆེན་པོ་ཁམས་གསུམ་པས། །མཆོད་པ་བྱེད་པ་དེས་མཐོང་ངོ་། །ཡེ་ཤེས་ཆེན་པོ་འདི་ཡི་ གཟུག །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས། །རྟག་ཏུ་མཆོད་པ་བྱེད་པ་མཐོང་། །རྡོ་རྗེ་སེམས་དཔའི་ག་ཆེན་དང་། །གྲགས་ཆེན་རྡོ་རྗེ་མཆོག་དག་ཏུ། །རྨི་ལམ་དག་ན་རང་གཟུགས་མཐོང་། །གྲགས་ཆེན་རྡོ་རྗེ་གསང་བ་དང་། ། བྱང་ཆུབ་སེམས་དཔའ་རྡོ་རྗེ་ཅན། །སངས་རྒྱས་ཆེན་པོ་ཕྱག་འཚལ་བའི། །རྨི་ལམ་འདི་འདྲ་མཐོང་འགྱུར་བ། །ལུས་ངག་སེམས་ཀྱི་མཐུ་ལས་སྐྱེས། །རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་པའི། །ལྷ་ཡི་བུ་མོ་ཡིད་འོང་དང་། །ཁྱེའུ་དང་བུ་མོ་དག་མཐོང་ན། །དེ་ནི་དངོས་གྲུབ་ཐོབ་ པར་འགྱུར། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་རྣམས། །ཞིང་ན་གནས་པ་ངེས་པར་མཐོང་། །ཐུགས་ནི་དགྱེས་པར་གྱུར་ནས་ཀྱང་། །ཆོས་མཛོད་ཡིད་དུ་འོང་བ་སྩོལ། །ཆོས་ཀྱི་འཁོར་ལོས་སྒྱུར་བའི་སྐུ། །སེམས་ཅན་ཀུན་གྱིས་ཡོངས་བསྐོར་བ། །བསམ་གཏན་རྡོ་རྗེ་ ལ་གནས་པའི། །དམ་ཚིག་སྦྱོར་བས་མཐོང་བར་འགྱུར། །རྡོ་རྗེ་སློབ་མས་གསོལ་པ། གལ་ཏེ་སྒྲུབ་པ་པོ་བདེན་པ་མཐོང་ཡང་སྔོན་གྱི་བག་ཆགས་ལ་གོམས་པའི་སྟོབས་ཀྱིས་ཞིང་དང་། ལས་དང་། ཚོང་དང་། བསྙེན་བཀུར་ལ་སོགས་པས་གཡེངས་ནས་སྤྱོད་པ་རྣམ་པ་ གསུམ་སྤྱོད་པ་མི་བྱེད་པ་དང་། སྒྲུབ་པ་པོ་གཞན་དག་འབྱོར་བ་མ་ཚང་བས་རྒྱུད་ལས་ཇི་སྐད་གསུངས་པའི་ཆོ་ག་རྫོགས་པར་བྱེད་མི་ནུས་པའི་ཕྱིར་མི་སྤྱོད་པ་དེ་དག་ནི་འཆི་བའི་དུས་བྱས་ན་ཡང་སྲིད་པ་གཞན་དུ་འགྲོ་བར་འགྱུར་རམ། ཡང་ན་རྡོ་རྗེ་འཆང་བ་ཉིད་ཐོབ་པར་འགྱུར། རྡོ་རྗེ་སློབ་ 35-1-106a དཔོན་གྱིས་སྨྲས་པ། འདི་ལ་བསལ་བྱ་གང་ཡང་མེད། །གཞག་པར་བྱ་བ་ཅི་ཡང་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་བྱ་བ་ནི་རྫོགས་པའི་རིམ་པ་ལ་གནས་པའི་དབང་དུ་བྱས་པའི་ཚིག་སྟེ། འདི་ལྟ་སྟེ། ཡང་དག་པ་མཐོང་བ་ཞེས་བྱ་བ་ནི་ཡང་དག་པའི་མཐོང་བས་རྟག་པ་དང་། ཆད་པ་དང་། འཕོ་བ་ལ་སོགས་པའི་ལྟ་བ་ངན་པ་འགག་པར་འགྱུར་རོ། །འོན་ཀྱང་ཐ་སྙད་ལ་བརྟེན་ནས་འཕོ་བ་རྣམ་པར་དག་པ་ངེས་པར་སྤྱད་པ་བྱ་སྟེ། །འདི་ནི་ཕུང་པོ་ལ་སོགས་པ་ནི་འཇིག་རྟེན་ཕ་ རོལ་ཏུ་འཕོ་བར་མི་བྱེད་དེ། རྟག་པའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འཇིག་རྟེན་ཕ་རོལ་འཆི་བ་ལས་གཞན་པ་ཉིད་ལས་ཀྱང་འབྱུང་བ་མ་ཡིན་ཏེ། རྒྱུ་མེད་པའི་ཉེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ལྟ་སྟེ། མར་མེ་ལས་མར་མེ་དང་། རྒྱ་ལས་རྒྱ་དང་། སྒྲ་ལས་བྲག་ཅ་དག་ ནི་དེ་ཉིད་དམ་དེ་ལས་གཞན་པ་ཞེས་བརྗོད་པར་མི་ནུས་སོ། །དེ་བས་ན་གསེར་འོད་དམ་པའི་མདོ་ལས་ཀྱང་། སངས་རྒྱས་མྱ་ངན་མི་འདའ་ཞིང་། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །སེམས་ཅན་རྣམས་ནི་གདུལ་བའི་ཕྱིར། །མྱ་ངན་འདའ་བར་བསྟན་པ་ཡིན། །ཞེས་གསུངས་པ་དང་། ལང་ཀར་གཤེགས་པའི་མདོ་ལས་ཀྱང་། འདི་ལ་གང་ཡང་རྐྱེན་རྣམས་ཀྱིས། །སྐྱེ་བ་མེད་ཅིང་འགག་པ་མེད། །བཏགས་པའི་རྐྱེན་རྣམས་ཁོ་ན་ནི། །སྐྱེ་ཞིང་འགག་པར་འགྱུར་བ་ཡིན། །ཞེས་གསུངས་པས་སོ། །རིགས་པ་འདིས་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་མཛད་པ་ ཐམས་ཅད་མཛད་ནས་མྱ་ངན་ལས་འདས་པ་ཉེ་བར་སྟོན་པར་མཛད་པ་ཡིན་ནོ། །དེ་བཞིན་དུ་རྫོགས་པའི་རིམ་པ་རྟོགས་པར་གྱུར་པས་ཀྱང་ཐམས་ཅད་བྱས་ནས་འཇིག་རྟེན་དུ་མྱ་ངན་ལས་འདའ་བར་འགྱུར་བ་འདི་ལ་སོམ་ཉི་མི་བྱའོ། །དེ་བས་ན་དེ་ཁོ་ན་ཉིད་ཤེས་པ་ནི་རྐྱེན་མ་ཚང་བས་ཇི་སྐད་དུ་བཤད་ པའི་སྤྱོད་པ་གལ་ཏེ་མ་སྤྱད་དུ་ཟིན་ཀྱང་། ལྟ་བ་ཐམས་ཅད་རྣམ་པར་སྤངས་ནས་འཆི་བར་འགྱུར་བ་ནི་དོན་དམ་པའི་བདེན་པ་ཡིན་ལ། སྐྱེ་བ་ནི་ཀུན་རྫོབ་ཀྱི་བདེན་པའོ་ཞེས་ཡང་དག་པར་མངོན་པར་རྟོགས་ནས་བརྒྱ་ལམ་ན་འོད་གསལ་བར་ཞུགས་ནས། ཐ་མལ་པའི་ཕུང་པོ་བོར་ནས་བདག་ལ་ 35-1-106b བྱིན་གྱིས་བརླབ་པའི་རིམ་གྱིས་ལྡང་བར་བྱའོ་ཞེས་བརྟན་པའི་སེམས་བསྐྱེད་དེ། དེ་ཡིད་ལ་བྱེད་པས་གནས་པར་བྱེད་ན། དེ་སྐྱེ་བ་གཞན་དུ་ཡིད་ལ་བྱེད་པ་དེ་འདོར་བར་མི་འགྱུར་ཏེ། དེ་བས་ན་ཐམས་ཅད་མཁྱེན་པར་འགྱུར་རོ། །དེ་བས་ན། བསམ་པ་གང་དང་གང་གིས་ནི། །མི་རྣམས་ ཡིད་ནི་ཡང་དག་སྦྱོར། །དེས་ནི་དེ་ཡི་རང་བཞིན་འགྱུར། །སྣ་ཚོགས་ནོར་བུ་ཇི་བཞིན་ནོ། །ཞེས་གསུངས་སོ། །དེ་བས་ན་འདི་དག་ཐམས་ཅད་ནི་ཁྱད་པར་ཅན་དུ་ཡོངས་སུ་བསྒྱུར་བས་ཡོངས་སུ་འགྱུར་བཞིན་པས་ཁྱད་པར་ཅན་གྱི་འབྲས་བུ་འབྱུང་བར་འགྱུར་རོ། །འདིར་བཤད་ པ། གང་ཞིག་སྐྱེ་བ་ཀུན་རྫོབ་བདེན་ཞེས་བྱ། །འཆི་བའི་མིང་ཡང་དོན་དམ་བདེན་པ་ཡིན། །རིམ་གཉིས་དེ་དག་བླ་མའི་དྲིན་གྱིས་ནི། །རྙེད་པ་འདི་ནི་མ་འོངས་སངས་རྒྱས་ཡིན། །བདེན་གཉིས་དེ་ལ་ཟུང་དུ་འཇུག་པ་ནི། །མི་འཆད་བཞིན་དུ་དེ་དག་ཁྱད་པར་མེད། །མི་གཉིས་ མཐའ་མ་གཅིག་པུ་ཁོ་ནར་ནི། །ཤེས་པ་དེ་འདིར་བཅིངས་ནས་གྲོལ་བ་ཡིན། །རི་དབང་རྩེ་ལས་འགའ་ཞིག་ལྷུང་གྱུར་ན། །ལྟུང་བར་མི་འདོད་ཀྱང་ནི་ལྟུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་འདོད་ཀྱང་ནི་གྲོལ་བར་འགྱུར། །འཇིག་རྟེན་དག་ན་དོན་ ཡོད་གསུང་གི་དེ་ཉིད་རྟོགས་མཐུ་འགྲོ་བ་ལ་མེད་དེ། །མཚོ་ཆེན་ཆུ་ལ་དྲག་པོའི་རླུང་གིས་ཀུན་དུ་གཡེངས་པའི་ཏིལ་མར་ཐིགས་པ་འདྲ། །དེས་ན་བདག་གིས་ཅུང་ཟད་ཙམ་ཞིག་བླངས་ནས་བསྡུ་བར་བྱས་པ་ནི། །མཐར་ཐུག་ཀུན་རྫོབ་ཀྱིས་འཇིགས་སྐལ་ལྡན་སྐྱེ་བོའི་བློ་ལ་སྒྲོན་མ་ལྟ་བུ་ ཡིན། །ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་བསྡུས་པའི་ཐེ་ཚོམ་གཅོད་པ་སྟེ་ལེའུ་བཅུ་གཅིག་པའོ།། །།སྤྱོད་པ་བསྡུས་པའི་སྒྲོན་མ་སློབ་དཔོན་ཆེན་པོ་ཨཱརྱ་དེ་བའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲདྡྷ་ཀ་ར་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།༄༅༅། །རྒྱ་གར་སྐད་དུ། ཙིཏྟཱ་བ་ར་ཎ་བི་ཤོ་དྷ་ནཱ་མ་པྲ་ཀཱ་ར་ཎཾ། བོད་སྐད་དུ། སེམས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བ་ཞེས་བྱ་བའི་རབ་ཏུ་བྱེད་པ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། ། 35-1-107a འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཐོག་མ་མཐའ་མ་མེད་ཞི་བ། །དངོས་དང་དངོས་མེད་རྣམ་པར་སྤངས། །རྣམ་པར་རྟོག་མེད་དམིགས་དང་བྲལ། །གནས་པ་མེད་པ་གཉིས་མེད་པ། །འགྲོ་བ་མེད་པ་དཔེ་མེད་པ། །བརྗོད་དུ་མེད་པ་བལྟར་མེད་ པ། །གནས་པ་མེད་པ་གནས་མེད་པ། །འགྱུར་བ་མེད་པས་འདུས་མ་བྱས། །སངས་རྒྱས་ཐམས་ཅད་ཀྱི་ནི་གནས། །སྐུ་ནི་སྙིང་རྗེའི་རང་བཞིན་ཉིད། །སེམས་ཅན་མོས་པ་སྣ་ཚོགས་ལ། །ཐབས་རྣམས་སྣ་ཚོགས་རབ་སྟོན་པའོ། །འདོད་ཆགས་ཆེན་པོ་ཚུལ་ཕྱག་འཚལ། །པདྨ་གར་ དབང་ཁྱོད་ཕྱག་འཚལ། །རང་གི་སེམས་ནི་རྟོགས་བྱའི་ཕྱིར། །ཅུང་ཞིག་ཙམ་ཞིག་བརྗོད་པར་བྱ། །རྣལ་འབྱོར་སྤྱོད་པའི་ཚོགས་ཀྱི་ནི། །ཐམས་ཅད་ཉིད་དུ་རབ་ངེས་པ། །བརྗོད་པར་བྱ་བ་འདི་དག་ཉིད། །དེ་ཕྱིར་འདི་དག་སྤྱད་པར་བྱ། །ལས་དྲག་གང་གིས་འགྲོ་བ་རྣམས། །གང་དང་ གང་དུ་འཆིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་ལས་གྲོལ་བར་འགྱུར། །སེམས་ཙམ་རྣམ་པར་དག་པའི་ཕྱིར། །འབྲས་བུ་རྣམ་པར་དག་པར་འགྱུར། །འདི་དག་ཤིན་ཏུ་རྒྱས་པར་ནི། །ཐེག་པ་ཆེན་པོར་གསལ་བར་བསྟན། །ཆོས་དང་གང་ཟག་དབྱེར་ མེད་པ། །ཡེ་ཤེས་ཙམ་དུ་ཐུབ་པས་གསུངས། །དེ་ལྟ་ན་ཡང་འདི་ལྟར་འབྱུང་། །རིགས་པ་དང་ཡང་རབ་ཏུ་མཐུན། །དངོས་འཛིན་གདོན་གྱིས་ཟིན་པ་ཡི། །ཞེན་པ་རབ་ཏུ་བསལ་བྱའི་ཕྱིར། །ལུང་ལས་ཀྱང་ནི་གསལ་པོ་རུ། །རྒྱས་པར་སྙིང་རྗེའི་བདག་ཉིད་གསུངས། །ཆོས་ རྣམས་སྔོན་དུ་འགྲོ་བའི་ཡིད། །ཡིད་གཙོ་ཡིད་ནི་མགྱོགས་པ་སྟེ། །ཡིད་གཉིས་ཀྱིས་ནི་འབད་པ་ཡང་། །སྨྲ་བའམ་ནི་བྱེད་པའོ། །དགེ་སློང་རང་གི་ཕ་རྒན་གྱིས། །མྱུར་འདོད་ཅེས་ནི་བསྐུལ་གྱུར་ནས། །བསྐུལ་བས་དེ་ཉིད་ཤི་གྱུར་ཀྱང་། །མཚམས་མེད་སྦྱོར་བ་མ་ཡིན་ནོ། ། ཤིན་ཏུ་ན་བའི་དགྲ་བཅོམ་པས། །དགེ་སློང་ནད་གཡོག་བྱེད་པ་ལ། །ང་ཡིས་མགྲིན་པ་སྡོམས་ཞེས་བསྟན། །དེ་ནི་ཤི་ཡང་སྐྱོན་མེད་བསྟན། །འདུ་ཤེས་གཞན་གྱིས་གཞན་དག་ནི། །ཤི་ཡང་ཉེས་ཏེ་མི་སྤྱོད་པར། །འདི་འདྲ་ལུང་ལས་གསལ་པོར་བསྟན། །དེ་ཕྱིར་སེམས་དགེ་ 35-1-107b ཉེས་པ་མེད། །དེ་འདུས་བྱས་པའི་བློ་ཡིས་ནི། །མཆོད་རྟེན་བཤིག་ཀྱང་ཉེས་མེད་དེ། །ཉེ་བའི་མཚམས་མེད་བྱས་པས་ཀྱང་། །བསོད་ནམས་ཕུང་པོ་འབའ་ཞིག་གོ། །བསམ་པ་བཟང་པོས་མཆིལ་ལྷམ་གཉིས། །ཐུབ་པའི་དབུ་ལ་བཞག་པ་དང་། །དེ་ཉིད་གཞན་གྱིས་བསལ་ བྱས་པ། །གཉིས་ཀས་རྒྱལ་སྲིད་ཐོབ་པར་འགྱུར། །དེ་ཕྱིར་བསམ་པའི་རྩ་བ་ལས། །བསོད་ནམས་སྡིག་པ་རྣམ་པར་གནས། །ལུང་ལས་འདི་ལྟར་གསུངས་པའི་ཕྱིར། །སེམས་དགེ་བ་ལ་ཉེས་པ་མེད། །རང་ལྷར་སྦྱོར་བའི་བདག་ཉིད་ཀྱིས། །འགྲོ་བའི་དོན་ནི་བྱེད་བརྩོན་ པས། །རྣལ་འབྱོར་འདོད་ཡུལ་ལོངས་སྤྱད་ཀྱང་། །གྲོལ་འགྱུར་གོས་པར་མི་འགྱུར་རོ། །ཇི་ལྟར་དུག་གི་དེ་ཉིད་ཤེས། །དུག་ལ་སྤྱད་ནས་ཟ་བར་བྱེད། །འདི་ནི་བརྒྱ་ལ་བར་མི་འགྱུར་ཞིང་། །ནད་ལས་ཐར་པ་འབའ་ཞིག་འགྱུར། །སྒྱུ་མ་སྨིག་རྒྱུ་དྲི་ཟ་ཡི། །གྲོང་དང་རྨི་ལམ་ཇི་ བཞིན་དུ། །འགྲོ་བ་ཐམས་ཅད་རྣམ་བལྟས་ལ། །ཅི་ཞིག་ཇི་ལྟར་སུ་ཞིག་སྤྱོད། །བྱིས་པ་རྣམས་ནི་གཟུགས་ལ་ཆགས། །འབྲིང་པོ་རྣམས་ནི་ཆགས་བྲལ་འགྱུར། །གཟུགས་སོགས་ངོ་བོ་ཉིད་ཤེས་ན། །བློ་མཆོག་རྣམས་ནི་གྲོལ་བར་འགྱུར། །དམ་ཚིག་ཐམས་ཅད་རྣམ་བསམས་ལ། ། ལྷ་ལ་མཆོད་པའི་ཆོ་ག་ཡིས། །ཐེ་ཚོམ་མེད་པར་བཟང་པོར་བལྟ། །སྔགས་ཀྱིས་བསྐུལ་ལ་ལོངས་སྤྱོད་བྱ། །ཡི་གེ་གསུམ་གྱི་སྦྱོར་བ་ཡིས། །སྦྱང་དང་རྟོགས་དང་དེ་བཞིན་སྦར། །སྲིན་ལག་མཐེ་བོང་རྩེ་མོ་ཡིས། །དེ་བཞིན་གཤེགས་རྣམས་ཚིམ་པར་བྱ། །བྱིས་པ་རྣམས་ལ་འདི་ བདེན་པ། །དེ་ནི་རྣལ་འབྱོར་པ་ལ་བརྫུན། །དེ་ཙམ་ཞིག་ཏུ་ལོངས་སྤྱད་པ། །བཅིངས་པ་མེད་ཅིང་གྲོལ་བ་མེད། །འཁོར་བ་མྱ་ངན་འདས་པ་ཞེས། །དེ་ཉིད་མ་མཐོང་བ་ཡི་སེམས། །འཁོར་མེད་མྱ་ངན་འདས་མེད་ཅེས། །དེ་ཉིད་མཐོང་བ་རྣམས་ཀྱི་སེམས། །རྣམ་པར་རྟོག་ པའི་གདོན་ཆེན་པོ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །རྣམ་པར་མི་རྟོག་བདག་ཉིད་ཆེས། །སྲིད་པའི་འཆིང་ལས་གྲོལ་བར་འགྱུར། །ཐེ་ཚོམ་དུག་གིས་གནོད་པ་ནི། །སྐྱེ་བོ་དུག་གིས་གནོད་པ་བཞིན། །དེ་ཉིད་རྩ་བ་ནས་བཏོན་ལ། །སྙིང་རྗེའི་བདག་ཉིད་ཅན་གྱིས་ 35-1-108a སྤྱད། །དཔེར་ན་ཤེལ་སྒོང་དག་པ་ནི། །ཁ་དོག་གཞན་གྱིས་སྒྱུར་བར་བྱེད། །དེ་བཞིན་རིན་ཆེན་སེམས་འདི་ཡང་། །རྟོག་པའི་ཚོན་གྱིས་བསྒྱུར་བ་ཉིད། །ཐ་མལ་རྟོག་པའི་ཚོན་གྱིས་ནི། །རིན་ཆེན་སེམས་ནི་དབེན་འགྱུར་ན། །ཐོག་མ་ནས་ དག་མ་སྐྱེས་པ། །གཉུག་མའི་རང་བཞིན་དྲི་མེད་གང་། །བྱིས་པས་གང་དང་གང་སྨད་པ། །དེ་དང་དེ་ལ་འབད་པས་སྤྱད། །རང་གི་ལྷ་ཡི་སྦྱོར་བ་ཡིས། །སེམས་ནི་དྲི་མེད་བྱ་བའི་ཕྱིར། །རྣལ་འབྱོར་དགེ་བའི་སེམས་ཀྱིས་ནི། །ཆགས་མེད་དུག་གིས་རྨོངས་པ་ཡིས། ། འདོད་ཅན་མ་ལ་འདོད་སྤྱད་པས། །འདོད་པས་ཐར་པ་ཐོབ་པར་འགྱུར། །དཔེར་ན་བདག་ཉིད་མཁའ་ལྡིང་དུ། །བསྒོམས་ནས་དུག་ཀུན་འཐུང་བྱེད་པ། །བསྒྲུབ་བྱའི་དུག་ཀྱང་མེད་པར་བྱེད། །དུག་གིས་ཟིལ་གྱིས་མི་ནོན་ནོ། །འཁོར་ལོ་དཔག་ཚད་བཅུ་གཉིས་པ། །ལྕགས་བྱས་ མགོ་ལ་འཁོར་བ་ཡང་། །བྱང་ཆུབ་སེམས་ནི་བསྐྱེད་མ་ཐག །མེད་པར་གྱུར་ཅེས་ཐོས་པ་ཡིན། །བྱང་ཆུབ་སེམས་ནི་ཡང་དག་བསྐྱེད། །རྫོགས་པའི་བྱང་ཆུབ་སེམས་བྱས་པ། །དེ་ཡིས་མི་བྱ་གང་ཡང་མེད། །འགྲོ་བ་བཟུང་བའི་བསམ་པ་ཡིས། །ཐོག་མ་ནས་དག་མ་སྐྱེས་ པ། །དངོས་པོ་མེད་པ་དྲི་མེད་པ། །འགྲོ་བ་བསམ་པས་ཡང་དག་མཐོང་། །བཅིངས་པ་མེད་ཅིང་གྲོལ་བ་མེད། །ལྷ་ཡི་ཡོན་ཏན་རྒྱས་པར་ནི། །རྣལ་འབྱོར་ཆོ་ག་བཞིན་བསམས་ནས། །ཆགས་པའི་སེམས་ཀྱིས་ཆགས་པའམ། །ཆགས་པ་སྤྱད་ནས་གྲོལ་བར་ འགྱུར། །ཅི་བྱ་གང་ལ་དམིགས་ཤེ་ན། །དངོས་པོ་ནུས་པ་སྣ་ཚོགས་པ། །ཇི་ལྟར་དུག་གིས་ཟིན་པ་འགའ། །དུག་ཉིད་ཀྱིས་ནི་དུག་མེད་བྱེད། །རྣ་བའི་ཆུ་ལ་ཆུ་ཉིད་དང་། །ཚེར་མ་ཟུགས་ལ་ཚེར་མ་ལྟར། །དེ་བཞིན་ཆགས་ལ་ཆགས་ཉིད་ཀྱིས། །མཁས་པ་རྣམས་ཀྱིས་ འཛིན་པར་བྱེད། །དཔེར་ན་ཁྲུས་མཁན་དྲི་མ་ཡིས། །གོས་ཀྱིས་དྲི་མ་མེད་པར་བྱེད། །མཁས་པས་དེ་བཞིན་བདག་ཉིད་ཀྱི། །དྲི་ལས་དྲི་མ་མེད་པར་བྱ། །ཇི་ལྟར་རྡུལ་གྱིས་མེ་ལོང་གི། །དྲི་མ་འདག་པར་འགྱུར་བ་བཞིན། །དེ་བཞིན་མཁས་པས་ཉེས་པ་དག །ཉེས་པ་སྦྱང་ཕྱིར་བསྟེན་ 35-1-108b པར་བྱ། །ལྕགས་ཀྱི་གོང་བུ་ཆུ་ནང་དུ། །ཇི་ལྟར་གཏིང་དུ་འགྲོ་བར་འགྱུར། །དེ་ཉིད་སྣོད་དུ་བྱས་པས་སུ། །བདག་དང་གཞན་ཡང་སྒྲོལ་བར་བྱེད། །དེ་བཞིན་སྣོད་དུ་བྱས་པའི་སེམས། །ཤེས་རབ་ཐབས་ཀྱི་ཆོ་ག་ཡིས། །འདོད་པས་སྤྱོད་བཞིན་གྲོལ་བར་འགྱུར། །གཞན་དག་ ཀྱང་ནི་གྲོལ་བར་བྱེད། །རྣམ་ཤེས་ངན་པས་བསྟེན་བྱས་ན། །འདོད་པ་འཆིང་བ་ཉིད་དུ་འགྱུར། །དེ་ཉིད་མཁས་པས་བསྟེན་བྱས་ན། །འདོད་པས་ཐར་པ་རབ་ཏུ་སྒྲུབ། །འོ་མས་དུག་ནི་ཞི་འགྱུར་བ། །འཇིག་རྟེན་ཀུན་ལ་རབ་ཏུ་གྲགས། །དེ་ཉིད་སྦྲུལ་གྱིས་འཐུངས་ན་ནི། །དུག་ ནི་ཤིན་ཏུ་འཕེལ་བར་བྱེད། །ཇི་ལྟར་ངང་པས་འོ་མ་ནི། །ཆུ་ལས་འཐུང་བར་བྱེད་པ་ལྟར། །དེ་བཞིན་མཁས་པས་དུག་བཅས་ཡུལ། །སྦྱངས་ནས་སྤྱད་པས་གྲོལ་བར་འགྱུར། །ཇི་ལྟར་ཆོ་ག་བཞིན་སྤྱད་ན། །དུག་ཀྱང་བདུད་རྩིར་འགྱུར་བ་ཡིན། །བྱིས་པ་ རྣམས་ཀྱིས་མར་ཁམ་སོགས། །བཟའ་མ་ལེགས་པ་དུག་ཏུ་འགྱུར། །དེ་ལྟར་སེམས་ནི་འདི་ཉིད་ཀྱང་། །གཏན་ཚིགས་བཟང་པོས་སྦྱངས་བྱས་ན། །རྣམ་པར་མི་རྟོག་དམིགས་མེད་པ། །རང་བཞིན་དྲི་མེད་རབ་ཏུ་སྣང་། །ཇི་ལྟར་མེ་ནི་ཆུང་ངུ་ཡང་། །མར་དང་སྙིང་ སོགས་འདུས་བྱས་པས། །སྣང་བ་དྲི་མེད་མི་གཡོ་བ། །བསྟན་པའི་མུན་པ་རྣམ་འཇིག་འགྱུར། །ཇི་ལྟར་ཕྲ་བའི་སྡོང་པོ་ལས། །ཇི་ལྟར་ལོ་མ་འབྲས་བུ་ཡིས། །བརྒྱན་པའི་ཤིང་ཆེན་འབྱུང་བར་འགྱུར། །ཡུང་དང་རྡོ་ཐལ་སྦྱར་བ་ལས། །ཁ་དོག་གཞན་ཞིག་འབྱུང་བར་འགྱུར། ། ཤེས་རབ་ཐབས་ཀྱི་ཆོ་ག་ཡིས། །ཆོས་དབྱིངས་མཁས་པ་དེ་ལྟར་ཤེས། །མར་དང་སྦྲང་རྩི་མཉམ་ལྡན་པས། །དུག་ཉིད་དུ་ནི་འགྱུར་བ་ཡིན། །དེ་ཉིད་ཆོ་ག་བཞིན་སྤྱད་ན། །བཅུད་ཀྱིས་ལེན་གྱི་མཆོག་ཏུ་འགྱུར། །དངུལ་ཆུས་རེག་པའི་ཟངས་མ་ནི། །ཇི་ལྟར་སྐྱོན་མེད་ གསེར་དུ་འགྱུར། །དེ་བཞིན་ཡང་དག་ཡེ་ཤེས་ནི། །སྦྱངས་པས་ཉོན་མོངས་བཟང་པོར་བྱེད། །ཐེག་པ་དམན་ལ་ཞོན་པ་རྣམས། །སྐད་ཅིག་སྐད་ཅིག་འཆིང་བར་བྱེད། །གཡུལ་ལས་རྒྱལ་བར་བྱེད་པའི་སེམས། །རིང་བ་ཉིད་དུ་རྣམ་པར་གནས། །ཐེག་པ་ཆེ་ལ་ཞོན་ནས་ནི། ། 35-1-109a སྙིང་རྗེའི་གོ་ཆ་བགོ་བྱས་ནས། །ཤེས་རབ་རྒྱུད་བཅས་མདའ་དང་གཞུས། །འགྲོ་བ་གཟུང་བའི་བསམ་པ་ཡིས། །སེམས་དཔའ་ཆེ་དང་ཐབས་ཆེ་བ། །བརྟན་པའི་བློ་ནི་གཉིད་སངས་ནས། །རྒལ་དཀའི་གཡུལ་ལས་རྒྱལ་བྱས་ནས། ། གཞན་དག་ཀྱང་ནི་སྒྲོལ་བར་བྱེད། །རང་དོན་ཙམ་ལ་གཞོལ་བས་ནི། །བྱོལ་སོང་རྣམས་ཀྱང་ཉོན་མོངས་བྱེད། །འགྲོ་བའི་དོན་ནི་བྱེད་པ་པོ། །འགྲོ་བ་དེ་གཏོར་གངྒཱ་ན། །གྲང་དང་རླུང་སོགས་སྡུག་བསྔལ་རྣམས། །རང་དོན་ཞུགས་ལས་ཀྱང་བཟོད་ན། །འགྲོ་ བའི་དོན་ལ་ཞུགས་རྣམས་ལྟ། །དེ་མི་བཟོད་པ་ཇི་ལྟ་བུ། །དམྱལ་བ་ལ་སོགས་སྡུག་བསྔལ་ཡང་། །སྙིང་རྗེ་ཅན་གྱིས་བཟོད་བྱས་ན། །གྲང་དང་རླུང་སོགས་སྡུག་བསྔལ་དག །ད་ལྟར་གྱི་ལ་བསམ་ཅི་དགོས། །དཀའ་ཐུབ་བརྟག་པ་མི་བྱ་ཞིང་། །སྨྱུང་བ་ཡང་ནི་བྱ་བ་ མེད། །འདིར་ནི་ཁྲུས་དང་གཙང་སྦྲ་མེད། །གྲོང་བའི་ཆོས་ནི་སྤང་བར་བྱ། །སེན་མོ་རྐང་དང་རུས་པ་སོ། །ཕ་ཡི་ཁུ་བའི་རྒྱུ་ལས་སྐྱེས། །ཤ་དང་ཁྲག་དང་སྐྲ་ལ་སོགས། །མ་ཡི་ཁྲག་ལས་ཡང་དག་བྱུང་། །འདི་ལྟར་མི་གཙང་ལས་བྱུང་ཞིང་། །མི་གཙང་བས་གང་རིལ་པོ་ གང་། །དེ་ལྟ་བུ་ཡི་ལུས་འདི་ཉིད། །གངྒཱར་བཀྲུས་ཀྱང་ཇི་ལྟར་འདག །མི་གཙང་ཕུར་མ་ཆུ་དག་གིས། །ཡང་ཡང་བཀྲུས་ཀྱང་དག་མི་འགྱུར། །དེ་བཞིན་མི་གཙང་བས་གང་བའི། །ཕུར་མ་འདི་ཡང་འདག་མི་འགྱུར། །གངྒཱའི་ཀླུང་ལ་ཁྱི་དག་གིས། །རྐྱལ་ཞིང་འཕྱོ་ཡང་དག་ མི་འགྱུར། །དེ་ཕྱིར་ཆོས་འདོད་སྐྱེས་བུ་དག །འབབ་སྟེགས་ཁྲུས་བྱེད་འབྲས་བུ་མེད། །ཁྲུས་ཀྱིས་གལ་ཏེ་དག་འགྱུར་ན། །ཉ་པ་རྣམས་ཀྱང་དོན་བྱས་འགྱུར། །ཉིན་དང་མཚན་དུ་གནས་པ་ཡི། །ཉ་ལ་སོགས་པ་སྨོས་ཅི་དགོས། །ཁྲུས་ཀྱིས་སྡིག་པ་ཟད་པ་ཡང་། །ངེས་ པར་ཡོད་པ་མ་ཡིན་ཏེ། །ཇི་ལྟར་འབབ་སྟེགས་བསྟེན་པ་ལ། །འདོད་ཆགས་ལ་སོགས་འཕེལ་བར་མཐོང་། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ལྟ་བ་ཐེ་ཚོམ་རྣམས། །སྡིག་པའི་རྩ་བར་རབ་ཏུ་གྲགས། །འདི་དག་སྦྱང་བྱ་ཁྲུས་ཀྱིས་མིན། །བདག་དང་ 35-1-109b བདག་གིར་འཛིན་པ་ལས། །སྲོག་ཆགས་རྣམས་ལས་བྱུང་བ་ཡིན། །དེ་ཡང་མ་རིག་རྩ་བ་ལས། །མ་རིག་དེ་ཡང་འཁྲུལ་པར་འདོད། །དེ་ལྟར་ཉ་ཕྱིས་ལ་དངུལ་བློ། །ཉ་ཕྱིས་མཐོང་བས་ལྡོག་པར་འགྱུར། །བདག་མེད་མཐོང་བས་དེ་ཡང་ནི། །རྩ་བ་ཉིད་ནས་མེད་པར་འགྱུར། དཔེར་ན་ཐག་པ་སྦྲུལ་གྱི་བློ། །ཐག་པར་ཤེས་ན་ལྡོག་པར་འགྱུར། །དེ་ལས་སྦྲུལ་གྱི་བློ་ཡི་རབ། །སྐྱེ་བ་དེ་ལས་ཡང་མི་འབྱུང་། །དེ་བཞིན་འདི་ལ་བདེན་པའི་བློ། །ཡེ་ཤེས་རྡོ་རྗེས ལྡོག་པར་འགྱུར། །དེ་ནི་འབྱུང་བར་མི་འགྱུར་རོ། །ས་བོན་བསྲེགས་པའི་མྱུ་གུ་བཞིན། ། བདག་ཉིད་མི་གཙང་འདུས་པ་ཡི། །གོང་བུ་ས་ཡི་རང་བཞིན་ཉིད། །དེ་འདུས་པ་ཡི་ཆོས་འགྱུར་བར། །བྱིས་པ་དགའ་བར་རྣམ་བརྟགས་པས། །ཟླ་བ་འཕེལ་དང་འགྲིབ་པ་ལ། །བལྟས་ནས་ཚེས་གྲངས་བརྟག་པ་ལ། །ཉི་མ་འཕེལ་དང་འགྲིབ་པས་ཀྱང་། །ཉིན་དང་མཚན་མོར་ རྟག་པར་བརྟག །ཤར་ལ་སོགས་པའི་ཐ་སྙད་ཀྱང་། །རྟགས་ལ་ལྟོས་ནས་བྱས་པ་ཡིན། །གཟའ་དང་རྒྱུ་སྐར་ཁྱིམ་ལ་སོགས། །འཇིག་རྟེན་ཀུན་གྱིས་རྣམ་པར་བརྟག །གྲང་དང་ཚ་དང་ཆར་འབབ་པ། །ལྟོས་ནས་དེ་བཞིན་དུས་རྣམས་བརྟག །རང་གི་ལས་ཀྱི་ འབྲས་སྤྱོད་པ། །བཟང་དང་ངན་པའི་གཟར་བསྟན་ཏོ། །མ་རིག་འདམ་གྱིས་གཏུམས་པ་ཡི། །སེམས་ཀྱི་ཡིད་བཞིན་ནོར་བུ་ཉིད། །སྐྱེས་བུ་མཁས་པས་བཀྲུས་བྱས་ནས། །མ་རིག་གང་གིས་ཡང་དག་བསྐྱེད། །གཟའ་དང་རྒྱུ་སྐར་ཚེས་གྲངས་དང་། །ཡུལ་ དང་དུས་ལ་ལྟོས་མེད་པར། །མཚམས་མེད་ཐེ་ཚོམ་མེད་པར་ནི། །རྟོག་པ་མེད་པར་སྤྱད་པར་བྱ། །དབང་པོ་ལམ་དགུར་གང་དང་གང་། །དེ་ནི་དེ་ཡི་ངོ་བོ་ཉིད། །མཉམ་པར་མ་བཞག་སྦྱོར་བ་ཡིས། །ཐམས་ཅད་སངས་རྒྱས་རང་བཞིན་བྱ། །མིག་ནི་རྣམ་པར་སྣང་མཛད་གཙོ། །རྣ་བ་ རྡོ་རྗེ་ཉི་མའོ། །སྣ་ནི་རྟ་མཆོག་ཉིད་ཡིན་ནོ། །ཁ་ནི་པདྨ་གར་དབང་ཕྱུག །དཔལ་ལྡན་ཧེ་རུ་ཀ་རྒྱལ་ལུས། །ཡིད་ནི་རྡོ་རྗེ་སེམས་དཔའ་སྟེ། །དེ་ལྟར་ཡང་དག་སྦྱོར་བ་ཡིས། །སྙིང་རྗེའི་བདག་ཉིད་ཅན་གྱིས་སྤྱད། །མཁས་པས་སེམས་ནི་བརྟན་གྱུར་ནས། །མི་རྟོག་པ་ཡིས་འགྲུབ་པར་ 35-1-110a འགྱུར། །ཇི་ལྟར་འདོད་པའི་བྱ་བ་ཡིས། །ཀུན་བཟང་ཀུན་བྱེད་དེ་བཞིན་ནོ། །ལས་དང་བྱ་བ་ཀུན་བྱེད་ན། །ཇི་ལྟར་འདོད་པའི་བྱ་བ་ཡིས། །ལངས་དང་འདུག་པར་བྱེད་པ་དང་། །ཇི་ལྟར་འཆག་ནའང་དེ་བཞིན་ནོ། །དགོད་དང་སྨྲ་བར་བྱེད་པ་དང་། །ཇི་ལྟར་དེ་ལྟར་གང་ དེ་བཞིན། །དཀྱིལ་འཁོར་དུ་ནི་མ་ཞུགས་པ། །སྒྲིབ་པ་ཀུན་དང་ལྡན་པས་ཀྱང་། །རང་གི་ལྷ་སྦྱོར་བདག་ཉིད་ཀྱིས། །བསོད་ནམས་ཆུང་ཡང་འགྲུབ་པར་འགྱུར། །འདིས་ནི་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་དག་ནི་ཐམས་ཅད་ཉིད། །ཚེ་འདི་ཉིད་ལ་ཡང་འདི་རིག །ཐོབ་ འགྱུར་འདི་ལ་ཐེ་ཚོམ་མེད། །ཇི་ལྟར་འཇིག་རྟེན་ཕལ་པ་ལས། །རྣལ་འབྱོར་པ་ཡི་ཏིང་འཛིན་རྒྱལ། །གོང་མ་གོང་མའི་བློ་ཁྱད་ཀྱིས། །རྣལ་འབྱོར་པ་ཡང་རྒྱལ་བར་འགྱུར། །ཤེས་རབ་ཆེ་དང་ཐབས་ཆེ་དད། །བརྩེ་བ་ཆེ་དང་མོས་པ་ཉིད། །ཐེག་པ་ཆེན་པོར་ཡང་དག་བསྟན། །སེམས་ཅན་ཆེན་པོའི་ སྤྱོད་ཡུལ་ཡིན། །གང་ཞིག་བསྐལ་པ་གྲངས་མེད་ནི། །མང་པོས་མི་འཐོབ་པར་འདོད་པའི། །སངས་རྒྱས་ཚེ་འདི་ཉིད་ཀྱིས་ནི། །ཐོབ་པ་འདི་ལ་ཐེ་ཚོམ་མེད། །ཐེག་པ་ཆེན་པོ་བདག་ཉིད་ཆེ། །བསོད་ནམས་ཡེ་ཤེས་ཚོགས་ཀྱིས་ནི། །ཀུན་མཁྱེན་གོ་འཕང་ཉམས་དགའ་བ། །ཚེ་འདི་ ཉིད་ལ་ཐོབ་པར་འགྱུར། །ལུང་ལས་མཉམ་པར་གསུངས་པ་གང་། །ཐེག་པ་ཆེ་ལ་མི་རིགས་ཏེ། །བསམ་པ་ལྷག་བསམ་བྱེ་བྲག་གིས། །ཐེག་པའི་ཁྱད་པར་རབ་ཏུ་བསྟན། །གཞན་ཉིད་དུ་ནི་མོས་པ་ཡང་། །བྱང་ཆུབ་སྤྱོད་པ་དེ་བཞིན་གཞན། །སེམས་ཀྱི་རྣམ་དག་གཞན་ཉིད་ཀྱིས། ། འདིར་ནི་འབྲས་བུ་གཞན་མཐོང་མེད། །ཇི་ལྟར་མེ་ལོང་དྲི་མེད་ལ། །དྲི་མ་མེད་པའི་མིག་གིས་གཟུགས། །དང་བའི་རང་བཞིན་དྲི་མེད་ལ། །ཤིན་ཏུ་གསལ་བར་སྣང་བ་ལྟར། །དེ་བཞིན་རྣལ་འབྱོར་ཡེ་ཤེས་ཀྱང་། །དྲི་མེད་ཡེ་ཤེས་མེ་ལོང་ལ། །རྟོག་པའི་དྲ་བ་རྣམ་སྦྱངས་པའི། །སེམས་ དགེ་བ་ལ་རྣམ་པར་གསལ། །ཇི་ལྟར་ནོར་བུ་མེ་ཤེལ་ལ། །ཉི་མའི་འོད་ཀྱིས་ཀུན་རེག་པས། །དེ་མ་ཐག་ཏུ་མེ་འབར་བས། །རང་གི་དོན་ནི་འགྲུབ་པར་ནུས། །རྟོག་པའི་དྲ་བ་རྣམ་སྤངས་པའི། །ནོར་བུ་མེ་ཤེལ་འདྲ་བའི་ཡིད། །ཤེས་རབ་ཉི་མའི་འོད་ཕོག་པས། །རྣལ་འབྱོར་ 35-1-110b དེ་བཞིན་འབར་བར་འགྱུར། །ཤིང་གཉིས་དྲག་ཏུ་དྲུད་པ་ལས། །ཇི་ལྟར་མེ་ནི་འབར་འགྱུར་བ། །ཐོག་མ་བར་དང་མཐའ་དག་ལ། །དངོས་པོ་མ་ལུས་རབ་སྣང་བྱེད། །ཤེས་རབ་ཐབས་སུ་སྦྱོར་བ་ལས། །རྣལ་འབྱོར་པ་ཡིས་དེ་བཞིན་ཤེས། །དཔེར་ན་མར་མེ་གཅིག་ཉིད་ལ། །སྙིང་ པོ་གཞན་དག་ལ་བརྟེན་ནས། །ཇི་བཞིན་གནས་སུ་རང་དོན་གཞན། །མཐོན་པོའི་གནས་ནས་སྣང་བར་བྱེད། །ཤེས་རབ་ཐབས་བདག་རྣམ་བསྒོམས་ཤིང་། །དཔག་ཏུ་མེད་པའི་ལུས་སྤྲོས་ནས། །སེམས་ཅན་མོས་པ་སྣ་ཚོགས་ལ། །མཛད་པ་ཇི་བཞིན་ཉམས་སུ་བླངས། །ཇི་ལྟར་ ཆོ་ག་ཤེས་པ་འགས། །ཉེས་པ་མེད་པའི་བསིལ་ཉམས་དགའ། །ནད་རྣམས་ཐམས་ཅད་ཟད་བྱེད་པའོ། །བདུད་རྩི་འོ་མ་དག་ལས་བླང་། །ཤེས་རབ་འོ་མ་ཐབས་ཆེན་པོས། །ཆོ་ག་བཞིན་དུ་བསྒྲུབ་ལས་སྐྱེས། །ཆོས་དབྱིངས་ཤིན་ཏུ་རྣམ་དག་པས། །བདེ་བ་དམ་པས་སྡུག་བསྔལ་ འཇིག །ས་བོན་སྐྱེས་བུ་ལྡན་པ་ལས། །མེ་ཏོག་འབྲས་བུ་ལྡན་པ་ཡི། །འཁྲི་ཤིང་ཀུན་དུ་འབྱུང་བ་ལྟར། །དེ་བཞིན་ཚོགས་གཉིས་དང་ལྡན་པའི། །སྐད་ཅིག་གཅིག་གིས་མངོན་བྱང་ཆུབ། །དབང་དང་སྡང་དང་འགྲོ་བ་རེངས། །ཆར་དབབ་དགུག་པ་ལ་སོགས་པ། །ཤ་ཆང་དགའ་ བའི་རྣལ་འབྱོར་པས། །བྱས་པར་གྱུར་ཀྱང་མཐོང་བར་འགྱུར། །ལག་པའི་གདུ་བུ་ལྟ་བ་ལ། །མེ་ལོང་དག་ནི་དགོས་སམ་ཅི། །ཐེག་པ་ཆེན་པོ་དེ་སོང་ཡང་། །སྔགས་ཀྱི་ནུས་པ་བརྟན་པ་ཡིན། །ཕ་མ་བུ་མོ་འབྲེལ་པ་ནི། །འདིར་ནི་དེ་ཉིད་མེད་པར་བརྟགས། །ལྕགས་ཀྱི་རེང་བུ་བཤིག་ པ་ལྟར། །འགྲོ་བ་དེ་བཞིན་བདེ་གཤེགས་གསུངས། །འབྱུང་ལྔའི་བདག་ཉིད་ཁུ་བ་དང་། །ཁྲག་ཀྱང་དེ་དང་འདྲ་བ་དང་། །དེ་ཡི་རང་བཞིན་གོང་བུ་ལྔ། །བྲམ་ཟེ་གང་ཡིན་མཐར་སྐྱེས་གང་། །དགེ་སློང་དག་གི་ལུས་འདི་ནི། །ཐམས་ཅད་ཕུང་པོ་ལྔ་བདག་ཉིད། །མི་རྟག་སྡུག་བསྔལ་ སྟོབ་པ་ལ། །རིགས་མེད་རིགས་དང་ལྡན་པ་གང་། །ཉ་པའི་མངལ་དུ་སྐྱེ་བ་གང་། །ཁ་ཅིག་གདོལ་པའི་སྐྱེ་ལྡན་པས། །དཀའ་ཐུབ་སྤྱད་པ་བྲམ་ཟེར་སྐྱེས། །དེ་ཕྱིར་རིགས་ནི་སྒྱུ་མ་ཡིན། །མ་དང་སྲིང་མོ་བུ་མོ་དང་། །སྒྱུག་མོ་དང་ནི་ཚ་མོ་དང་། །བྲམ་ཟེ་རྒྱལ་རིགས་རྗེའུ་རིགས 35-1-111a མོ། །ཆོ་ག་ཤེས་པ་དམངས་རིགས་མོ། །ཡན་ལག་གཅིག་ནི་ཉམས་པ་དང་། །དམན་དང་སྨོད་དང་མཐར་སྐྱེས་ཀྱི། །བཙུན་མོ་རྟག་ཏུ་མཆོད་པར་བྱ། །རྡོ་རྗེ་ཡེ་ཤེས་རྣམ་བསྒོམས་པས། །སྔགས་པས་སྤྱན་ནི་རྒྱས་གྱུར་ན། །ཞལ་ནི་རབ་ཏུ་བཞད་གྱུར་ཅིང་། ། རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ནས། །རང་གི་ལྷ་ཡི་ཡིད་ཀྱིས་ནི། །བསྟན་པས་སྐད་ཅིག་མཐོང་དང་ལྟ། །ཐོས་དང་ཉིན་པར་བྱེད་པ་ཡང་། །མྱོང་ཞིང་བདེ་ལ་སྤྱོད་པར་ལྡན། །གསལ་བའི་ངག་ཀྱང་སྨྲ་བར་བྱ། །ཁྲུས་དང་བསྐུ་མཉེ་གོས་ལ་སོགས། །བཟའ་བཏུང་ལ་སོགས་འབད་པ་ ཉིད། །རང་འདོད་ལྷ་ཡི་བདག་ཉིད་དུ། །བསམས་ལ་ཆོ་གས་མཆོད་པར་བྱ། །གླུ་དང་བརྡུང་བ་དེ་བཞིན་གར། །ཐམས་ཅད་བརྟུལ་ཞུགས་ཅན་གྱིས་སྤྱད། །འདིར་ནི་དངོས་པོ་ཐམས་ཅད་ལ། །ལྷག་པར་ཆགས་པར་མི་བྱའོ། །རང་གི་བདག་ཉིད་ཡོངས་སྤངས་ནས། །དཀའ་ ཐུབ་ཀྱིས་ནི་གདུང་མི་བྱ། །ཇི་ལྟར་བདེ་བས་བདེ་བ་གཟུང་། །འདི་ནི་མ་འོངས་རྫོགས་སངས་རྒྱས། །རྣལ་འབྱོར་ཐམས་ཅད་ལོངས་སྤྱོད་ཅིང་། །གང་ལའང་འཇིགས་མེད་རོལ་མོ་བྱ། །སྡིག་པ་མེད་ཀྱིས་ཁྱོད་མ་འཇིགས། །དམ་ཚིག་ཤིན་ཏུ་འདའ་བར་དཀའ། །སྔགས་ཀྱིས་ སྦྱངས་ན་ཤིང་ལ་སོགས། །བེམས་པོ་རྨོངས་བཅས་རབ་དཀའ་ཡང་། །ལྷ་ཉིད་དུ་ནི་འགྱུར་བ་ཡིན། །ཤེས་དང་ལྡན་པའི་ལུས་ཅི་སྨོས། །ཐ་མལ་པ་ཡི་ང་རྒྱལ་ཉིད། །མཉམ་པར་གཞག་པས་ཡོངས་སུ་བཏང་། །ཤེས་རབ་ཐབས་ཀྱི་སྦྱོར་བ་ཡིས། །ཐམས་ཅད་མཉམ་པར་སྤྱད་ པར་བྱ། །དཔེར་ན་པདྨ་འདམ་སྐྱེས་ཀྱང་། །འདམ་གྱི་སྐྱོན་གྱིས་གོས་པ་མེད། །དེ་བཞིན་བག་ཆགས་སྣ་ཚོགས་ཀྱི། །སྐྱོན་གྱིས་རྣལ་འབྱོར་པ་མི་གོས། །དཔེར་ན་ཆུ་ཡི་ཟླ་བ་ལ། །ཆུ་ཡིས་མངོན་པར་གོས་པ་མེད། །སྣ་ཚོགས་གཟུགས་བརྙན་འདྲ་བ་ནི། །མཐོང་བའི་སྐྱོན་གྱིས་གོས་ མི་འགྱུར། །ཐོག་མེད་བག་ཆགས་འདམ་གྱིས་ནི། །རིན་ཆེན་སེམས་ནི་རབ་ཏུ་གོས། །ཤེས་རབ་ཐབས་ཀྱི་ཆུ་ཉིད་ཀྱིས། །བཀྲུས་ན་རབ་ཏུ་གསལ་བར་འགྱུར། །རང་གི་ལྷ་ཡི་རྣལ་འབྱོར་གྱིས། །བློ་ལྡན་སེམས་ནི་བརྟན་འགྱུར་ན། །ལྟ་ངན་སྤྲིན་ལས་གྲོལ་བར་འགྱུར། །སེམས་ཀྱི་ཉི་ 35-1-111b མ་གསལ་བར་འགྱུར། །དོན་དམ་ངེས་པར་བྱས་ནས་ནི། །ཤེས་རབ་མཚོན་གྱིས་ཀུན་གཏུབས་ལ། །མ་རིག་སྦུབས་ཀྱིས་བཀབ་པ་ཡིས། །ཆོས་ཀྱི་དབྱིངས་ནི་བླང་བར་བྱ། །བརྟགས་པའི་བུམ་པ་སྐད་ཅིག་གིས། །ཤེས་རབ་ཐོ་བས་བཅག་ནས་ནི། །རང་བཞིན་དྲི་མེད་གསལ་འགྱུར་བ། ། ཡེ་ཤེས་སྒྲོན་མ་རབ་ཏུ་གསལ། །རབ་ཏུ་གསལ་བའི་འབྱུང་བ་རྣམས། །ས་དང་ཆུ་དང་མེ་དང་རླུང་། །སྔགས་ཀྱི་སྦྱོར་བ་ནུས་པ་ཡིས། །གཞན་ཉིད་དུ་ནི་འབྱུང་བར་བྱེད། །བརྗོད་པ་ཐམས་ཅད་ཡོངས་སྤངས་ལ། །སྔགས་ཀྱི་བརྗོད་པ་ཡང་དག་སྤྱོད། །བདེ་བའི་དངོས་གྲུབ་སྦྱིན་ པ་ཡི། །སྔགས་ཀྱི་ནུས་པ་འདི་ལ་ལྟོས། །དཀོན་མཆོག་གསུམ་ནི་མི་སྤང་ཞིང་། །དེ་བཞིན་བླ་མ་བྱང་ཆུབ་སེམས། །སྲོག་ཆགས་རྣམས་ཀྱང་གསད་མི་བྱ། །དམ་ཚིག་དག་ཀྱང་བྱིན་གྱིས་བརླབས། །རིན་ཆེན་དང་ནི་ག་བུར་བཅས། །ཙནྡན་དམར་པོ་དང་སྦྱར་བ། །ཐུབ་པ་ རྡོ་རྗེ་ཆུ་ཞེས་བྱ། །ལྔ་པོ་དག་ཀྱང་བྱིན་གྱིས་བརླབ། །ལྷ་ཡི་དམ་ཚིག་གཞན་དག་ཀྱང་། །སེམས་ནི་སྤྲོ་བར་བྱེད་པ་ཅན། །རླུང་དང་མེ་ནི་ཞི་བྱའི་ཕྱིར། །སེམས་ཀྱི་རྡོ་རྗེ་ཚིམ་པར་བྱ། །མཚམས་མེད་ཐེ་ཚོམ་མེད་པར་ནི། །རྣལ་འབྱོར་རྣམ་རྟོག་མེད་བརྩོན་པས། །སེམས་ནི་མཉམ་པར་ སྦྱོར་བ་ཡིས། །སྔགས་པས་ཐམས་ཅད་མཉམ་པར་སྦྱོད། །སྦྲང་མའི་རྐང་པ་ཙམ་གྱི་ནི། །དུག་གིས་ཟིལ་གྱིས་ནོན་པར་འགྱུར། །མཚམས་དང་ཐེ་ཚོམ་ཆུང་དུས་ཀྱང་། །དེ་ལ་སྡུག་བསྔལ་སྐྱེད་པར་བྱེད། །མཁས་པས་ལེགས་པར་འཐབ་པའམ། །ཡང་ན་ལེགས་པར་འགྲོས་པར་ བྱ། །བར་མ་དོ་ཡི་དངོས་པོ་ནི། །དོན་མེད་པ་རུ་ལྟུང་བར་འགྱུར། །བླ་མའི་བཀའ་དང་ཕྱག་རྒྱ་དང་། །གྲིབ་མ་ཡང་ནི་འགོམ་མི་བྱ། །དེ་ཡི་ཡོན་ཏན་གཟུང་བར་བྱ། །སྐྱོན་ནི་ནམ་ཡང་མ་ཡིན་ནོ། །སློབ་དཔོན་ལྷ་ཡི་མཆོག་ཡིན་ཏེ། །འབད་པས་མཆོད་པར་བྱ་བ་ཡིན། །དེ་ཉིད་རྡོ་རྗེ་ འཛིན་རྒྱལ་པོ། །མངོན་སུམ་གཟུགས་ཀྱིས་རྣམ་པར་གནས། །ཇི་ལྟར་ནོར་བུ་ཆུ་དང་གིས། །རྙོག་མ་ཐམས་ཅད་དངས་བྱེད་པ། །དེ་བཞིན་དང་བའི་ནོར་བུ་ཡིས། །སེམས་ཀྱི་རིན་ཆེན་རྣམ་པར་སྦྱང་། །ཤེས་རབ་མིག་དང་བྲལ་གྱུར་ན། །དད་པའི་བདག་ཉིད་ཅན་རྨོངས་འགྱུར། ། 35-1-112a དེ་ཕྱིར་ལུང་རྟོགས་བདག་ཉིད་ཅན། །ཤེས་རབ་ཉེ་བར་བསྐྱེད་པར་བྱ། །དད་ལྡན་ཐོས་མང་ཤེས་རབ་ལྡན། །རང་བཞིན་སྙིང་རྗེའི་བདག་ཉིད་ཅན། །འགྲོ་བའི་སྡུག་བསྔལ་བསལ་བའི་ཕྱིར། །དེ་ཡི་བདེ་བའི་ཐབས་ཤེས་བྱ། །སེམས་རྣམ་དག་པ་འདི་བྱས་པས། ། བདག་གིས་དགེ་བ་གང་བསགས་པ། །རྣམ་པར་དག་པའི་སེམས་ཐོབ་ནས། །དེས་ནི་འགྲོ་བ་བདེ་ཐོབ་ཤོག །སེམས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བ་ཞེས་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་ཨཱརྱ་དེ་བས་མཛད་པ་རྫོགས་སོ།། །།ཨཱ་ཅཱརྱ་ཛྙཱ་ན་ཀ་ར་དང་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་ བསྒྱུར་བའོ།།༄༅༅། །རྒྱ་གར་སྐད་དུ། སྭཱ་དྷིཥྛཱ་ན་ཀྲ་མ་པྲ་བྷེ་དཾ། བོད་སྐད་དུ། བདག་བྱིན་གྱིས་བརླབ་པའི་རིམ་པ་རྣམ་པར་དབྱེ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ལྟ་བ་ཐམས་ཅད་རབ་བཅོམ་པའི། །ཡེ་ཤེས་སྐུ་ལ་ཕྱག་འཚལ་ལོ། ། བདག་བྱིན་བརླབ་པའི་རྣམ་དབྱེ་འདི། །བརྩེ་བས་བདག་གིས་བཤད་པར་བྱ། །ཡོད་ཅེས་རྟོག་པ་ཇི་སྙེད་པ། །དེ་སྙེད་རྟག་པའི་ལྟ་བ་སྟེ། །རྟག་པར་མངོན་པར་ཞེན་པས་ན། །འདི་ནི་སྒྱུ་མའི་མཚན་ཉིད་མིན། །མེད་ཅེས་རྟོག་པ་ཇི་སྙེད་པ། །དེ་སྙེད་ཆད་པའི་ལྟ་བ་སྟེ། །ཆད་པར་མངོན་པར་ཞེན་ པས་ན། །འདི་ཡང་སྒྱུ་མའི་མཚན་ཉིད་མིན། །ཡོད་ཅེས་པ་དང་མེད་ཅེས་པའི། །དེ་དབུས་སུ་གང་རྟོག་པ་ནི། །དབུས་སུ་མངོན་པར་ཞེན་པས་ན། །འདི་ཡང་སྒྱུ་མའི་མཚན་ཉིད་མིན། །ཀུན་རྫོབ་བདེན་པར་གང་གསུངས་པའི། །སངས་རྒྱས་རྣམས་ཀྱི་སྐུ་མཚན་ཉིད། །དེ་འདིར་སྒྱུ་མར་ བསྟན་པ་སྟེ། །བདག་བྱིན་བརླབ་པ་ཞེས་བརྗོད་དོ། །རྒྱུ་དང་མི་རྒྱུའི་འཇིག་རྟེན་གསུམ། །གང་ཞིག་གིས་ནི་ཐམས་ཅད་ཁྱབ། །བསོད་ནམས་དམན་པས་མི་རྙེད་དེ། །ལུང་བསྟན་ཉིད་ཀྱིས་རྙེད་པར་འགྱུར། །གཙང་སྦྲ་སྡོམ་པ་འདིར་མི་དགོས། །དཀའ་ཐུབ་དཀའ་སྤྱད་མི་དགོས་ཏེ། །དཀའ་ ཐུབ་སྡོམ་པ་མེད་པར་ཡང་། །དགའ་དང་བདེ་བས་འགྲུབ་པར་འགྱུར། །གང་ཞིག་དེ་ལྟར་ཤེས་ནས་ནི། །དེ་ཉིད་གང་ཞིག་རྟག་དྲན་ན། །ཐམས་ཅད་སྒྱུ་མའི་རྣམ་འཕྲུལ་གྱིས། །དེ་ཡིས་སངས་རྒྱས་འགྲུབ་པར་འགྱུར། །སྒྱུ་མས་གནས་པའི་རྣལ་འབྱོར་པ། །འདི་ལ་ལྷས་ཀྱང་རྟག་ཏུ་སྐྱོང་། ། 35-1-112b སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །ཐམས་ཅད་མཁྱེན་པ་དེ་ནས་འགྱུར། །རྡོ་རྗེ་ཆེ་དང་སྟོབས་པོ་ཆེ། །ལང་ཚོ་ནད་མེད་བདེ་བའི་མཆོག །སངས་རྒྱས་རྫུ་འཕྲུལ་ཐོབ་ནས་ནི། །སྐྱེ་བ་འབྱུང་བ་རང་དགས་སོ། །མཐོང་བ་ཉིད་ཀྱིས་བསྐུལ་མེད་པར། །སེམས་ཅན་རྣམས་ནི་དབང་དུ་འོང་། ། སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །འདོད་དོན་ཐམས་ཅད་རྙེད་པར་འགྱུར། །ཆོས་ཀུན་རྨི་ལམ་སྒྱུ་འདྲ་སྟེ། །སངས་རྒྱས་པ་ཀུན་སྨྲ་མོད་ཀྱི། །བདག་བྱིན་བརླབ་ལས་ཕྱིར་བལྟས་པས། །དེས་ནི་བདེན་པ་མཐོང་མི་ནུས། །གཞུ་ཡི་རྣམ་པའི་ཡིད་རང་བཞིན། །རྣམ་ཤེས་རླུང་དང་ཡང་དག་ ལྡན། །སྒྱུ་མའི་དཔེ་ལ་རྨོངས་པས་ནི། །རང་གི་ཡེ་ཤེས་དེས་མི་མཐོང་། །བསྐལ་བ་བྱེ་པ་མཐའ་ཡས་པར། །ཐོས་པའི་ཕ་རོལ་སོན་གྱུར་ཀྱང་། །བླ་མའི་ལུང་དང་བྲལ་བ་ཡིས། །བདག་བྱིན་བརླབ་པ་རྙེད་མི་འགྱུར། །དེ་བས་ང་རྒྱལ་ཡོངས་སྤངས་ནས། །སངས་རྒྱས་འབྲས་བུ་འདོད་ པ་ཡི། །རྡོ་རྗེ་ཐེག་པ་ཞོན་པ་ཡིས། །བླ་མ་བསྒྲིམས་ཏེ་མཉེས་པར་བྱ། །ཤིན་ཏུ་རྙེད་དཀའི་རིམ་དབྱེ་བས། །འདི་ནི་རབ་ཏུ་བཤད་པར་བྱ། །གང་ཞིག་ཤེས་ནས་རྣམ་སྤྱད་པ། །སྒྲུབ་པོ་སངས་རྒྱས་ཀུན་དངོས་འགྱུར། །ས་ལ་སོགས་པ་རྣམ་བཞི་དང་། །དེ་བཞིན་དུ་ནི་སྟོང་པ་ བཞི། །གནས་ནི་རྣམ་པ་བརྒྱད་པོ་དང་། །སྐྱེ་དང་འཇིག་པའི་རྒྱུར་ཤེས་བྱ། །འོད་གསལ་ལས་ནི་སྟོང་ཆེན་ཏེ། །དེ་ལ་ཐབས་ནི་ཡང་དག་འབྱུང་། །དེ་ལས་སྐྱེས་པ་ཤེས་རབ་ཏེ། །དེ་ལས་རླུང་ནི་འབྱུང་བར་འགྱུར། །རླུང་ལས་མེ་ནི་ཡང་དག་སྐྱེས། །མེ་ལས་ཆུ་ནི་ འབྱུང་བར་འགྱུར། །ཆུ་ལས་སྐྱེས་པ་ས་ཡིན་ཏེ། །དེ་རྣམས་ལ་ནི་སེམས་ཅན་འབྱུང་། །ས་ནི་ཆུ་ལ་ཐིམ་འགྱུར་ཏེ། །ཆུ་ནི་མེ་ལ་ཐིམ་པར་འགྱུར། །མེ་ནི་ཕྲ་བའི་ཁམས་སུ་ཞུགས། །རླུང་ཡང་སེམས་ལ་ཐིམ་འགྱུར་ཏེ། །སེམས་ནི་སེམས་ལས་བྱུང་ལས་འགྱུར། །སེམས་བྱུང་མ་ རིག་པར་ཞུགས་ནས། །དེ་ཡང་འོད་གསལ་བར་སོང་སྟེ། །སྲིད་པ་གསུམ་པོ་འགག་པར་འགྱུར། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །ཇི་སྲིད་བདག་ཉིད་མ་མཐོང་བ། །དེ་སྲིད་ཐོག་མའི་དུས་ཅན་གྱི། །སྲིད་པའི་འཁོར་ལོར་འཇུག་པར་འགྱུར། །རང་རིག་སྒྱུ་མ་ལྟ་བུ་སྟེ། །རྟོག་གེ་པ་ཡི་ 35-1-113a ཡུལ་མིན་ཞིང་། །རང་གི་ལུས་ལ་གནས་མོད་ཀྱི། །བསོད་ནམས་དམན་པས་རྙེད་མི་འགྱུར། །རང་ལུས་འགྱུར་བ་མེད་པ་དེ། །མཆོག་གཅིག་གིས་ནི་ཤེས་བྱས་ཏེ། །དེ་ནི་དཔེ་ཡིས་ཉེར་མཚོན་ནས། །བླ་མའི་ཞལ་གྱི་དྲིན་གྱིས་སོ། །ས་དང་དེ་བཞིན་ཆུ་ལ་ སོགས། །གཏེར་དང་ནོར་བུ་སྦས་པ་ལྟར། །དེ་བཞིན་ལུས་ལ་ཀུན་མཁྱེན་པའང་། །རྨོངས་དང་ལྡན་པས་མཐོང་མི་འགྱུར། །སྒྱུ་མ་སྨིག་རྒྱུ་དྲི་ཟ་ཡི། །གྲོང་ཁྱེར་དང་ནི་བརྒྱ་བྱིན་གཞུ། །མེ་ལོང་གི་ནི་གཟུགས་བརྙན་དང་། །ཆུ་ཟླ་དང་ནི་བྲག་ཅ་དང་། །རྨི་ལམ་མིག་ཡོར་སྤྲིན་དང་གློག ། ཆུ་ཡི་ཆུ་བུར་ཞེས་བྱ་བ། །སྒྱུ་མའི་དཔེ་ནི་བཅུ་དང་གཉིས། །རྣམ་པ་དུ་མར་ཡོངས་མཚོན་པ། །དེས་འདི་ཤིན་ཏུ་གསལ་བའི་གཟུགས། །ལྟ་བའི་གཟུགས་ལ་དམིགས་པར་བྱེད། །སྒྱུ་མ་གསུམ་དུ་བསྟན་པ་ཡིས། །ནན་ཏན་དུ་ནི་རབ་ཏུ་བསྒྲགས། །མེ་ལོང་གི་ནི་གཟུགས་བརྙན་ དང་། །འཇའ་ཚོན་དང་ནི་དེ་ལས་གཞན། །གསུམ་པ་ཆུ་ཟླ་ལྟ་བུ་ཡིས། །དེ་ཡི་སྐུ་ནི་བསྒོམ་པར་བྱ། །སྤྱོད་པ་བསྡུས་ལས་གང་བསྟན་པའི། །རིགས་ལྔའི་སངས་རྒྱས་བདག་ཉིད་ཆེ། །ལྷ་དང་ལྷ་མོ་ཐ་དད་པ། །རིགས་ལྔ་ལས་ནི་ཡང་དག་འབྱུང་། །ཁྲོ་བོ་ཕོ་ཉ་ཕོ་ཉ་མོ། །བྲན་ ཕོ་བྲན་མོ་མངག་པ་སོགས། །དེ་ནི་ཡོད་མིན་དེ་མེད་ཀྱང་། །འགྲོ་བའི་དོན་ཕྱིར་རབ་ཏུ་བསྟན། །དེ་ལྟར་རྣལ་འབྱོར་བདག་ཉིད་ཀྱིས། །ཐམས་ཅད་སྤྲོ་ཞིང་བསྡུས་པས་ཏེ། །དཀྱིལ་འཁོར་ཚུལ་ནི་རབ་རྒྱས་པའང་། །སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །རྣམ་པ་སྣ་ཚོགས་ཁ་དོག་ཀྱང་། ། སྒྱུ་མ་ལྟ་བུར་རབ་ཏུ་སྦྱར། །མྱ་ངན་འཇིགས་དང་ཆགས་བྲལ་དང་། །སྐྲག་དང་དེ་བཞིན་རྨོངས་པ་དང་། །སྡུག་བསྔལ་བ་དེ་ཡོད་མིན་པས། །དེ་བཞིན་མི་སྡུག་མཐོང་ཐོས་དང་། །ཡིད་དུ་མི་འོང་དྲི་རོ་དང་། །རེག་བྱ་རྩུབ་སོགས་གང་གྱུར་པ། །ཚུལ་དང་མི་མཐུན་རང་བཞིན་རྣམས། །སྒྱུ་ མ་ལྟ་བུས་དག་པར་བྱ། །བཤང་དང་གཅི་སོགས་འཇུག་པ་དང་། །གྲང་དང་རིམས་སོགས་ནད་དང་ནི། །རྒས་ལ་སོགས་པའི་རང་བཞིན་རྣམས། །དེ་རྣམས་སྒྱུ་མའི་སྨན་གྱིས་གསོ། །ཆོས་གང་གིས་ནི་བྱིས་པ་རྣམས། །འཁོར་བའི་གནས་སུ་འཇུག་འགྱུར་བ། །ཆོས་དེ་ཉིད་ཀྱིས་རྣལ་ 35-1-113b འབྱོར་པ། །བདེ་བ་ཆེན་པོའི་གནས་ལ་འཇུག །འདོད་ཡོན་ལྔ་ཡི་བདེ་བ་ཡིས། །བྱིས་པ་རྣམས་ནི་འཆིང་བརྗོད་དེ། །ཆོས་དེ་ཉིད་ཀྱིས་རྣལ་འབྱོར་པ། །སངས་རྒྱས་ཉིད་ཀྱང་འགྲུབ་པར་འགྱུར། །ཆགས་དང་རྒྱགས་དང་སྲེད་པ་དང་། །དེ་བཞིན་བྱམས་དང་སྙིང་རྗེ་དང་། ། དགའ་དང་བཏང་སྙོམས་ཉིད་དང་ནི། །སྟོབས་དང་དེ་བཞིན་སྤྲོ་བ་དང་། །དཔའ་དང་མི་སྲུན་གདུག་པ་དང་། །དྲག་ཤུལ་དེ་བཞིན་དཀའ་བར་སྦྱོར། །སྣང་བའི་རང་བཞིན་གཞན་དག་ཀྱང་། །བདག་བྱིན་བརླབ་པའི་བདེན་པས་བསྡུ། །ཕྱག་རྒྱ་གཅིག་དང་ལྡན་པའམ། །ཡང་ ན་ཕྱག་རྒྱ་བཞི་དང་ལྡན། །བཙུན་མོའི་འཁོར་ན་བཞུགས་པས་ཀྱང་། །བདག་བྱིན་བརླབ་པ་རྗེས་དྲན་བྱ། །གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱ་སྡུག་པ་རྣམས། །བདེ་ཆེན་གོ་འཕང་གནས་ནས་ཀྱང་། །རྣལ་འབྱོར་པ་ཡིས་རྟག་ཏུ་མྱོང་། །རྒྱུད་མངས་དང་ནི་རྒྱུད་ གཅིག་དང་། །སྟུག་པ་དང་ནི་གླིང་བུ་ཉིད། །རོལ་མོ་རྣམ་བཞི་རྣལ་འབྱོར་པས། །བདག་བྱིན་བརླབ་པས་རབ་ཏུ་འཇུག །རྟག་ཏུ་སྒེག་ལ་སོགས་པ་ཡི། །གར་གྱི་རོ་དགུར་ཡང་དག་འབྱུང་། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །རྣལ་འབྱོར་པ་ཡི་ལོངས་སྤྱོད་བྱ། །རྣལ་འབྱོར་རྒྱུད་ལས་ གང་གསུངས་པའི། །བརྡ་སོགས་ཆོ་ག་རྒྱས་པ་དག །སྒྱུ་མ་ལྟ་བུར་དམིགས་པ་ཡིས། །རྣལ་འབྱོར་པས་ནི་དེ་ལ་འཇུག །འབྱེད་པ་དང་ནི་འཛུམས་པ་དང་། །དགོད་དམ་དེ་བཞིན་སྨྲ་བ་དང་། །འགྲོ་འོང་ཉལ་ལམ་ཟ་ན་ཡང་། །སྒྱུ་མའི་ལུས་སུ་དྲན་པར་བྱ། །སྣ་ཚོགས་རྟོག་པས་བརྟགས་ པ་ཡི། །འགྲོ་བའི་བདག་པོས་རོལ་པ་གང་། །འདོད་ཆགས་ཆེན་པོའི་ཚུལ་གནས་ནས། །དེ་ཉིད་རིག་པས་རྣམ་པར་སྤྱད། །ལྟ་བ་ཐམས་ཅད་སྤངས་པ་ཡི། །བདག་བྱིན་བརླབ་པ་འདི་ཐོས་ནས། །ལས་རྣམས་ཐམས་ཅད་བྱ་བའམ། །ཇི་ལྟར་འདོད་པ་བཞིན་དུ་རྒྱུ། །མཆོད་རྟེན་ ལས་ནི་མི་བྱ་ཞིང་། །གླེགས་བམ་བཀླག་པར་མི་བྱ་སྟེ། །བདག་བྱིན་བརླབ་པའི་རིམ་གྱིས་ཀྱང་། །བྱ་བ་དང་ནི་བཀླག་པའང་བྱ། །ལྷ་ལ་འདུད་པར་མི་བྱ་ཞིང་། །དགེ་སློང་རྣམས་ལ་ཕྱག་མི་བྱ། །བདག་བྱིན་བརླབ་པའི་རིམ་ཉིད་ཀྱིས། །ཡང་ན་ཀུན་ལ་ཕྱག་བྱའོ། །སྔགས་དགོད་པ་ནི་མི་བྱ་ཞིང་། ། 35-1-114a ཕྱག་རྒྱ་འཆང་བའང་དེ་བཞིན་ནོ། །སྔགས་ཀྱི་བཟླས་བརྗོད་མི་བྱ་སྟེ། །ཡང་ན་གཟུགས་བརྙན་ལྡན་པར་བྱ། །ཕྱི་རོལ་དོན་ནི་ཡོད་མིན་པས། །འདི་དག་རང་གི་སེམས་སུ་བལྟ། །དེ་བཞིན་སྒྱུ་མར་བསྒོམས་ནས་ནི། །དེ་ཉིད་ཀྱང་ནི་རྗེས་དྲན་བྱ། །བསམ་ གཏན་ཆོ་ག་དཔག་མེད་དང་། །སྔགས་ཀྱི་སྐུ་ཡི་ཏིང་འཛིན་རྣམས། །ཇི་སྲིད་སྒྱུ་མ་རྙེད་མེད་ན། །ཀུན་ཀྱང་ས་ཡི་འབྲས་དོན་ཙམ། །ལུས་དང་གནས་དང་ལོངས་སྤྱོད་དང་། །ས་དང་ཕ་རོལ་ཕྱིན་ལ་སོགས། །སངས་རྒྱས་རྫུ་འཕྲུལ་རྣམ་རོལ་པ། །ཐམས་ཅད་སྒྱུ་མའི་རྣམ་འཕྲུལ་ ཡིན། །ཇི་ལྟར་མེ་ལོང་དྲི་མ་མེད་པ་ལ། །ཡན་ལག་ཀུན་དང་ལྡན་གཟུགས་སྣང་བ་ལྟར། །དཔེ་བྱད་བརྒྱད་ཅུ་མཚན་ཆེན་སུམ་ཅུ་གཉིས། །དེ་བཞིན་རྟག་ཏུ་རྡོ་རྗེ་འཛིན་ལུས་ཉིད། །མཁའ་དབྱིངས་དབང་པོའི་མཚོན་ཆ་ཁ་དོག་སྣང་བ་ལྟར། །དེ་བཞིན་རྡོ་རྗེ་འཛིན་པའང་ཁ་དོག་དཀར་ པོ་ལ་སོགས་པས། །དགེ་སོགས་ལས་རྣམས་ཇི་བཞིན་དེ་བཞིན་དུ་ནི་འཇིག་རྟེན་ལ། །ཡན་ལག་མ་ཉམས་ཕུན་སུམ་ཚོགས་པའི་གཟུགས་ནི་སྟོན་པར་མཛད། །གང་ཞིག་གསེར་དངུལ་དང་ནི་ནོར་བུ་དུང་དང་ཤེལ་བྱི་རུ། །བཻ་ཌཱུ་རྱ་དང་ཟངས་དང་འཇོན་མོ་སྟེང་སོགས་ཡང་དག་གནས། ། ནམ་མཁའི་ངོས་ནས་རི་བོང་ཅན་གྱི་གཟུགས་ནི་གཅིག་ཤར་པས། །དེ་ལ་རྣམ་པར་འཇུག་པས་ཤིན་ཏུ་གསལ་བར་གང་བྱས་ལྟར། །རང་དངོས་སྣ་ཚོགས་གཟུགས་ཅན་ཟག་མེད་གང་། །འཇིག་རྟེན་ཀུན་ཁྱབ་སྒྱུ་མའི་རང་བཞིན་ཉིད། །རྣམ་པ་སྣ་ཚོགས་འགྲོ་བའི་སྡེར་གནས་པའི། །སེམས་ མགོན་རྡོ་རྗེ་དེ་ཡང་དེ་བཞིན་ནོ། །གཟུགས་སོགས་རྣམ་པ་ལྔ་དང་གང་ཡང་སྐྱེ་མཆེད་རྣམས་དེ་ནས། །བཅོ་བརྒྱད་ཅེས་བྱར་གསུངས་དང་ཁམས་ནི་རྣམ་པ་ལྔ་དང་ཡང་། །ཡེ་ཤེས་ལྔ་པོ་དང་ནི་ཡུལ་དེ་འགྲོ་བ་མ་ལུས་ཀུན། །སྒྱུ་མ་ལས་བྱུང་དེ་འདིར་རྡོ་རྗེ་འཛིན་དེ་གཞན་མ་ཡིན། ། རི་རྣམས་དང་ནི་རྒྱ་མཚོ་ཆེན་པོ་བརྒྱད་གང་ཡིན། །གླིང་རྣམས་དང་ནི་དམྱལ་བ་ལ་སོགས་དབྱེ་བ་རྣམས། །རྒྱུ་བ་དང་ནི་མི་རྒྱུ་བ་ཉིད་གང་ཡིན་པ། དེ་དེའི་རང་བཞིན་རྡོ་རྗེ་འཛིན་ཏེ་གཞན་མིན་བལྟ། །དེ་ལྟར་འགྲོ་བ་མ་ལུས་རང་གི་སེམས་ལས་བྱུང་བ་སྟེ། །སྲིད་དང་ཐར་པ་རྟོག་དང་ཡང་ 35-1-114b དག་ལྡན་པའི་རྣམ་པར་ཤེས། །གང་གིས་སྲིད་པའི་རྒྱ་མཚོ་སྡུག་བསྔལ་རྒྱ་མཚོར་འཁོར་འགྱུར་ལས། །ལེགས་སྦྱངས་ཕ་རོལ་སོན་པའི་འབྲས་ལྡན་དེ་ལ་བསྟོད་ཕྱག་འཚལ། །སློབ་དཔོན་ཆེན་པོ་ཨཱརྱ་དེ་བས་མཛད་པའི་བདག་བྱིན་གྱིས་བརླབ་པའི་རིམ་པ་རྫོགས་སོ།། །།༄༅༅། །རྒྱ་གར་སྐད་དུ། ཨ་བྷི་བོ་དྷི་ཀྲ་མ་ཨུ་པ་དེ་ཤ །བོད་སྐད་དུ། མངོན་པར་བྱང་ཆུབ་པའི་རིམ་པའི་མན་ངག །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ཏེ། །མངོན་པར་བྱང་ཆུབ་རིམ་བཤད་བྱ། །ཐུབ་པ་ཆེན་པོས་ཆོས་ རྣམས་ནི། །བརྒྱད་ཁྲི་བཞི་སྟོང་གསུངས་པ་ལས། །མངོན་པར་བྱང་ཆུབ་མཚན་ཉིད་ནི། །སྙིང་པོ་ལས་ཀྱང་སྙིང་པོར་གསུངས། །མངོན་པར་བྱང་ཆུབ་རྣམ་གཉིས་ཏེ། །ཕྱི་དང་ནང་གི་ཞེས་སུ་བཤད། །ཕྱི་ནི་མདོ་སྡེ་རྣལ་འབྱོར་རྒྱུད། །ཐུབ་པ་མི་གཡོ་ལ་ཞུགས་ལ། །རྒྱལ་བ་ ཀུན་གྱིས་འདི་སྐད་བསྐུལ། །འདིས་ནི་མཐར་ཐུག་མི་ཐོབ་སྟེ། །ནམ་མཁའི་དཀྱིལ་ལྟར་མཆོག་གྱུར་པ། །འོད་གསལ་བ་ཡི་གནས་ཐོབ་ནས། །རབ་འགའ་གཟུགས་སུ་སྐྱེ་འགྱུར་གསུངས། །དེ་ལྟར་ཐམས་ཅད་སྟོང་བསྒོམས་པས། །བྱང་ཆུབ་སྙིང་པོར་མངོན་སངས་རྒྱས། །བྱང་ཆུབ་སེམས་ དཔའ་དོན་གྲུབ་ལ། །རིགས་བཞིའི་བདེ་བར་གཤེགས་པ་ཡིས། །མངོན་པར་བྱང་ཆུབ་ལྔ་བརྟགས་པས། །དེ་བཞིན་བྱང་ཆུབ་སེམས་དཔའ་དེས། །མངོན་པར་བྱང་ཆུབ་ལྔ་བསྒོམས་པས། །འོག་མིན་གནས་དང་རི་རབ་རྩེར། །རྣམ་པར་སྣང་མཛད་རྡོར་དབྱིངས་སུ། །མངོན་པར་སངས་ རྒྱས་ཕྱི་ཡི་ཚུལ། །ནང་ནི་གསང་སྔགས་ནང་ཚུལ་ཏེ། །སྐྱེ་བོ་འདོད་ཆགས་ཅན་དོན་དུ། །བཅོམ་ལྡན་རྣམ་པར་སྣང་མཛད་ཀྱིས། །འདོད་ཆགས་ཆེན་པོའི་ཚུལ་ཉིད་ཀྱི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། །ཉིད་ཀྱིས་འཁོར་བསྡུས་གཟུགས་སྤྲུལ་ཏེ། །བདེ་བའི་རྣམ་པ་སྣང་བ་ གསུམ། །ཟིལ་མནན་འོད་གསལ་མི་རྟོག་པས། །བདག་བྱིན་བརླབ་པའི་གཞལ་ཡས་བསྐྱེད། །སྔགས་ཀྱི་བདག་པོར་བྱིན་བརླབས་ཏེ། །ཞལ་གསུམ་ལྟ་བུར་དབུས་སུ་བཞུགས། །ཆོས་བཤད་འཁོར་རྣམས་རིམ་ཕྱུང་བ། །དེ་ནི་ནང་གི་མངོན་བྱང་ཆུབ། །ཡང་ན་ནང་གི་ཕྱི་ 35-1-115a ཉིད་ནི། །ཕྱག་རྒྱ་མོ་ལ་རབ་བརྟེན་ཏེ། །སྣང་གསུམ་རིམ་མྱོང་ལས་འདས་པའོ། །ཐམས་ཅད་སྟོང་པའི་འོད་གསལ་བ། །བླ་མའི་མན་ངག་ལས་རྙེད་པ། །དེ་ནི་ནང་གི་ཕྱི་ཞེས་བཤད། །ནང་གི་ནང་ནི་ཕྱག་རྒྱ་བྲལ། །དང་པོ་སྨིག་རྒྱུ་འོད་ལྔའི་ཚུལ། །བདེ་ བ་རྟོག་བྲལ་ཉམས་མྱོང་གསུམ། །གསུམ་པོ་ལས་འདས་གསུམ་པོ་ཉིད། །ཐམས་ཅད་སྟོང་པའི་རང་བཞིན་དག །བླ་མའི་མན་ངག་ལས་རྙེད་པའོ། །དེ་བཞིན་རྗེས་འཇུག་རྣལ་འབྱོར་པའི། །ཉམས་སུ་བླང་བའི་བསམ་གཏན་ནི། །སྟོང་པ་གསུམ་གྱི་རྣམ་དག་གང་། །འོད་གསལ་ ཐམས་ཅད་སྟོང་པ་སྟེ། །རྒྱུ་བ་དང་ནི་མི་རྒྱུ་བ། །ལུང་དང་རིགས་པའི་གཏན་ཚིགས་ཀྱིས། །གཞིགས་ཏེ་འོད་གསལ་བར་བྱས་ནས། །ཕྱི་ནས་རང་ཉིད་དེ་བཞིན་བྱེད། རྗེས་གཞིག་རིམ་གྱིས་ཐུན་མོང་ངོ་། །མངོན་པར་བྱང་ཆུབ་ལྔ་བསྒོམས་པས། །དེ་ཡང་རྗེས་འཇུག་བསམ་གཏན་ནོ། །ཁྱད་པར་རྗེས་ འཇུག་བསམ་གཏན་ནི །།གཟུང་འཛིན་བྲལ་བའི་སྣང་གསུམ་ཉིད། །ལྷ་ཡི་དེ་ཉིད་སྒྱུ་མའི་སྐུ། །བདག་བྱིན་བརླབ་པའི་རིམ་དུ་བཤད། །དེ་ཉིད་རིལ་པོར་འཛིན་རྣམས་ཀྱིས། །མགོ་བོ་ནས་ནི་རྐང་པའི་བར། །ཇི་སྲིད་སྙིང་གར་ཕྱིན་གྱི་བར། །དབུགས་ཀྱི་རླུང་ནི་མེ་ལོང་ལ། །ཇི་ལྟར་ཀུན་དུ་ཐིམ་གྱུར་ལྟར། །རྣལ་ འབྱོར་ཡང་དག་མཐའ་ལ་འཇུག །ཐམས་ཅད་སྟོང་པ་གང་ཡང་མིན། །རིལ་པོར་འཛིན་པ་ཞེས་སུ་བཤད། །ཡང་ན་ཡང་དག་སྣང་གསུམ་ཡིན། །ཆོས་བདག་མེད་པའི་རིགས་པ་ཡིས། །གཞིགས་པའི་སྒྱུ་མའི་སྣང་བ་གསུམ། །དེ་ཉིད་རིགས་པས་ཡང་གཞིགས་པས། །འོད་ གསལ་ཐམས་ཅད་སྟོང་པ་ཉིད། །དེ་ཉིད་རྗེས་གཞིག་ཐུན་མོང་ངོ་། །ཡང་ན་ཁྱད་པར་སྣང་བ་གསུམ། །འབྱུང་བའི་རིམ་གྱིས་སྒྱུ་མའི་སྐུ། །སྨིག་རྒྱུ་ལྟ་བུའི་ཡིད་ཀྱི་ལུས། །བདག་ལ་བྱིན་གྱིས་བརླབས་པ་ཉིད། །མགོ་བོ་ནས་ནི་རྐང་པའི་བར། །སྙིང་གའི་བར་ལ་སྣང་བ་གསུམ། ། འདུས་པའི་ཐིག་ལེའང་ཇེ་ཆུང་ནས། །མེ་ལོང་གི་ནི་རང་བཞིན་དུ། །མི་དམིགས་འོད་གསལ་ཐམས་ཅད་སྟོང་། །རིལ་པོར་འཛིན་པ་ཞེས་སུ་བཤད། །ཇི་ལྟར་མར་མེ་བུམ་ནང་གནས། །ཕྱི་རོལ་དུ་ནི་སྣང་མི་འགྱུར། །བུམ་པ་དེ་ཉིད་བཅག་གྱུར་ན། །དེ་འོག་མར་མེའི་འོད་སྣང་འགྱུར། ། 35-1-115b དེ་བཞིན་བུམ་པ་རང་ལུས་ཉིད། །དེ་ཉིད་མར་མེ་ལྟ་བུ་ཡིན། །བླ་མའི་ཞལ་གྱིས་ལེགས་བཅག་ནས། །སངས་རྒྱས་ཡེ་ཤེས་གསལ་བར་འགྱུར། །སྣང་བ་གསལ་ཏེ་མི་དམིགས་ལ། །ཆད་པར་ལྟ་བར་འགྱུར་ཞེ་ན། །སྣང་བ་མི་སྣང་ཡོད་མེད་སོགས། །དེ་ཀུན་ལྟོས་པའི་རིགས་ པ་ཡིས། །སྣང་ཡོད་ལ་སོགས་བསྒྲུབས་གྱུར་ན། །མི་སྣང་མེད་སོགས་འགྲུབ་པར་འགྱུར། །སྣང་ཡོད་ལ་སོགས་མ་གྲུབ་ན། །མི་སྣང་མེད་སོགས་ག་ལ་འགྲུབ། །མཐའ་བྲལ་དབུས་ཀྱང་མི་དམིགས་ཏེ། །ཐམས་ཅད་སྟོང་པ་འོད་གསལ་བ། །སྤྲོས་པ་ཀུན་བྲལ་གང་ཡང་མིན། ། ཆད་པར་ལྟ་བ་ག་ལ་ཡིན། །དེ་ཡི་མཚན་ཉིད་ཡོད་མེད་དང་། །སྣང་དང་མི་སྣང་རྟག་ཆད་སོགས། །ཕོ་མོ་མ་ནིང་ཁ་དོག་དབྱིབས། །སྐྱེད་དང་སྔགས་དང་སེམས་ལ་དམིགས། །བདེན་གཉིས་འཁོར་འདས་ལ་སོགས་དང་། །བསོད་ནམས་གཟུགས་དང་སྡིག་གཟུགས་མིན། ། སྐུ་དང་ཡོན་ཏན་གང་ཡང་མིན། །བརྗོད་པའི་ཐ་སྙད་ཀུན་དང་བྲལ། །ཨེ་མའོ་ཀུན་དུ་བཟང་པོ་ཡི། །རྡོ་རྗེ་སྐུ་དང་གསུང་ཐུགས་སོགས། །སྐྱེ་བ་མེད་པའི་ཚུལ་གྱིས་ནི། །སྐྱེ་བ་དག་ཏུ་རབ་ཏུ་བསྒྲགས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །སྐྱེས་དང་མ་སྐྱེས་གཉིས་སུ་མེད། །དངོས་པོ་ མེད་པ་བསྒོམ་པའི་དངོས། །བསྒོམ་པར་བྱ་བ་བསྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་པའོ། །དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པ་མཉམ་ ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །དངོས་པོ་འདི་རྣམས་མ་སྐྱེས་པས། །ཆོས་དང་ཆོས་ཉིད་མེད་པ་སྟེ། །ནམ་མཁའ་ལྟ་བུར་བདག་མེད་པ། །བྱང་ཆུབ་ཚུལ་ནི་བརྟན་པའོ། །ཆོས་རྣམས་ཐམས་ཅད་དངོས་མེད་པས། །ཆོས་ ཀྱི་མཚན་ཉིད་རྣམ་པར་སྤངས། །བདག་མེད་ཆོས་ལས་ཀུན་དུ་འབྱུང་། །བྱང་ཆུབ་ཚུལ་འདི་བརྟན་པའོ། །མ་སྐྱེས་པ་ཡི་ཆོས་རྣམས་ལ། །ངོ་བོ་མེད་དེ་བསྒོམ་པའང་མེད། །ནམ་མཁའི་ཚུལ་དུ་སྦྱོར་བ་ཡིས། །དངོས་པོ་དག་ཏུ་རབ་ཏུ་གྲགས། །ཆོས་རྣམས་རང་བཞིན་འོད་གསལ་བ། །གདོད་ནས་ 35-1-116a དག་པ་ནམ་མཁའ་བཞིན། །བྱང་ཆུབ་མེད་ཅིང་རྟོག་པ་མེད། །བྱང་ཆུབ་ཚུལ་འདི་བརྟན་པའོ། །མངོན་པར་བྱང་ཆུབ་མངོན་སངས་རྒྱས། །བདག་གི་དེ་ཉིད་ཆོས་ཀྱི་དབྱིངས། །དེ་བཞིན་ཉིད་ལ་སོགས་པའི་ཚིག །ཐམས་ཅད་དེ་ཡི་རྣམ་གྲངས་སོ། །སུས་ཀྱང་མ་བྱས་ མ་བཅོས་པ། །མ་བསླད་མི་འགྱུར་དེ་བཞིན་ཉིད། །བྱང་ཆུབ་ནམ་མཁའི་མཚན་ཉིད་པས། །མངོན་པར་བྱང་ཆུབ་ཅེས་བརྗོད་དོ། །དེ་ཉིད་རྟོགས་ཏེ་མཐོང་སྒོམ་ཚེ། །གཞན་གྱི་དོན་དུ་ལན་འགའ་ཞིག །ཆུ་ལས་ཉ་ལྡང་ཇི་བཞིན་དུ། །བདག་བྱིན་བརླབ་པའི་རིམ་གྱིས་ནི། །རྩོལ་ བས་སྐུར་བཞེངས་དོན་མཛད་དེ། །ད་དུང་བདེན་གཉིས་ཕྲ་མོར་སྣང་། །དེ་ནས་ཟུང་འཇུག་ཡེ་ཤེས་སྐྱེ། །ཆོས་རྣམས་གང་ལའང་མི་བཟོད་དང་། །འཇིགས་སྐྲག་ཉམ་ངའི་རྟོག་པ་མེད། །གཉིས་པ་ཐམས་ཅད་རྣམ་སྤངས་པའི། །དབྱེར་མེད་ཟུང་དུ་འཇུག་པ་ཉིད། །དེ་ལྟར་ རྟོགས་པས་ཐམས་ཅད་དེ། །སྤྱོད་པའང་དེ་བཞིན་གཉིས་མེད་པའོ། །སྔགས་པས་སེང་གེ་བཞིན་དུ་སྤྱོད། །ཟུང་འཇུག་ཏིང་ངེ་འཛིན་བསླབས་པས། །མི་སློབ་ཟུང་འཇུག་ཆོས་སྐུ་ཐོབ། །ཡིད་བཞིན་ནོར་བུ་རིན་ཆེན་ལྟར། །མི་རྟོག་སྨོན་ལམ་དབང་གིས་ན། །གཟུགས་སྐུ་ ལ་སོགས་ཡོན་ཏན་རྣམས། །གདུལ་བྱ་དག་པའི་ངོ་ལ་སྣང་། །མ་རུངས་ཕྱི་མའི་དུས་སུ་ནི། །ལུང་ཟབ་མན་ངག་མི་བསྟེན་པར། །འཐད་སྒྲུབ་རིགས་པ་གཙོར་བྱེད་པས། །རང་རང་གྲུབ་མཐའ་དམ་པར་འཛིན། །སྦས་དོན་ཙམ་གྱིས་ཆོག་བྱེད་ཅིང་། །མཐར་ཐུག་ལྟ་ བ་ཟབ་མོ་ལ། །མི་མོས་སླར་ཡང་སུན་འབྱིན་བྱེད། །དེས་ནི་བདག་གཞན་དོན་བརླག་འགྱུར། །གླང་ཆེན་མྱོས་པ་རང་ཡན་ནི། །གླང་རྫི་ལྕགས་ཀྱུ་ལྡན་པ་ཡིས། །གླང་ཆེན་གཞན་ཡང་སུན་འབྱིན་རླག །གླང་རྫི་ལྕགས་ཀྱུ་ཉིད་ཀྱང་འཇོམས། །དེ་ནི་རྒྱལ་པོའི་དཀོར་མིན་ཏེ། །རང་གཞན་ གཉིས་ཀའི་དོན་རླག་བྱེད། །དེ་བཞིན་གཉིས་དང་མི་ལྡན་པའི། །རིགས་པའི་གླང་པོ་རང་ཡན་གྱིས། །གཉིས་ལྡན་རིགས་པའང་སུན་འབྱིན་ཞིང་། །གཉིས་པ་ཉིད་ཀྱང་འཇོམས་པར་བྱེད། །དེ་ནི་གསང་སྔགས་ལ་མིན་ཏེ། །བདག་གཞན་གསང་བའི་དོན་རླག་བྱེད། །སེང་གེའི་ 35-1-116b གཟུགས་ཅན་ང་རྒྱལ་གྱིས། །ཝ་ཡི་ཚིག་གིས་ཟབ་མོ་ཡི། །མཉམ་ཉིད་གང་ཡང་མ་ཡིན་པ། །སྟོང་ཉིད་ལྟ་བ་སུན་འབྱིན་འཇོམས། །རིན་ཆེན་རྫབ་ཏུ་བསྣུབས་གྱུར་ཀྱང་། །འོད་དང་ཡོན་ཏན་རང་སྣང་བཞིན། །མཐར་ཐུག་ལྟ་སྨན་རྫས་བསྣུབས་ཀྱང་། །རྩལ་ཅན་བློ་ལ་འབར་ཞིང་ སྣང་། །འདུལ་འཛིན་དམན་དང་རྩོད་དུས་སུ། །འཐད་སྒྲུབ་རིགས་པ་གཉིས་གཙོ་སྟེ། །འཇིག་རྟེན་གྲགས་ཏེ་གཙོར་བྱེད་པས། །གོང་མའི་ལུང་དག་མི་ཚད་ཀྱང་། །གསང་སྔགས་མཐར་ཐུག་ལྟ་དུས་སུ། །ཡིད་དང་དབང་པོ་མངོན་སུམ་དང་། །རྗེས་སུ་དཔག་པ་མི་ཚད་དེ། །ལུང་ ཟབ་མན་ངག་ཚད་མར་བྱ། །གང་ཞིག་ང་རྒྱལ་གྱིས་སྦགས་ཤིང་། །དེ་ཉིད་ཆོས་ལ་བརྙས་བྱས་ཏེ། །ཡང་དག་རིམ་པ་སུན་འབྱིན་པ། །མནར་མེད་སེམས་ཅན་དམྱལ་བར་ལྟུང་། །གང་ཞིག་སློབ་དཔོན་སྨོད་པ་དང་། །ཐེག་པ་ཆེན་པོ་སུན་འབྱིན་དང་། །མི་གང་གསང་སྔགས་རྒྱུད་ དག་གི། །སྦྱོར་བ་ལ་ནི་འཕྱ་བྱེད་པ། །དེས་ནི་དངོས་གྲུབ་ཐོབ་མི་འགྱུར། །དེ་ནི་རྟག་ཏུ་གདོན་གྱིས་འཛིན། །ཁབ་ལེན་རྡོ་ལ་ལྕགས་འདུ་ལྟར། །མི་འདོད་ཡིད་དུ་མི་འོང་བ། །ཚེ་འདིར་མི་འདོད་སྣ་ཚོགས་འདུ། །ཕྱི་མར་ངན་སོང་གསུམ་མཐར་ལྟུང་། །དངོས་པོ་དོན་དམ་མི་ཤེས་ པར། །ཕྱི་རོལ་དངོས་ལ་མངོན་ཞེན་པས། །ངན་པར་རྟོག་པའི་རྣམ་རྟོག་གིས། །རིན་ཆེན་སེམས་ནི་དྲི་མར་བྱས། །སྒྱུ་མར་འཛིན་ལ་མངོན་ཞེན་ཅིང་། །དོན་དམ་ཕྱི་རོལ་བྱས་པ་ཡི། །ལྟ་བ་དམན་པ་པ་རྣམས་ཀྱིས། །བླ་མེད་བྱང་ཆུབ་ཇི་ལྟར་ཐོབ། །ཐ་སྙད་ཚིག་གི་ང་རྒྱལ་གྱིས། ། བླ་མ་མི་བསྟེན་བསྙེན་བཀུར་མེད། །དམན་པའི་ལྟ་བ་ལ་མོས་ཏེ། །སྦས་གསུམ་ལྟ་ཞེན་མི་གཏོང་ཞིང་། །མཐར་ཐུག་དོན་ལ་མི་མོས་ཏེ། །རིགས་པ་གཙོར་བྱེད་ཤེས་རབ་ཀྱིས། །མཐར་ཐུག་ཟབ་མོ་སུན་འབྱིན་པ། །དེ་ལ་དེ་ཉིད་བསྟན་མི་བྱ། །གང་ཞིག་བླ་མ་བསྙེན་བཀུར་ཞིང་། ། ཐམས་ཅད་སྟོང་པས་མི་སྐྲག་བཟོད། །མཐར་ཐུག་དོན་ལ་དད་མོས་ལ། །དེ་ལ་བླ་མའི་དྲིན་སྦྱིན་བྱ། །འཕགས་པ་ཀླུ་སྒྲུབ་མན་ངག་ལ་བརྟེན་ནས། །བདག་གིས་མཆོག་ཏུ་གསང་བ་འདི་བཤད་པས། །ཀུན་གྱི་ཀུན་རྫོབ་བདེན་པ་དག་གྱུར་ནས། །མཐར་ཐུག་དོན་རྟོགས་བྱང་ཆུབ་མི་ 35-1-117a དམིགས་བསྔོ། །མངོན་པར་བྱང་ཆུབ་པའི་རིམ་པ་འབྲས་བུ་དང་བཅས་པ་སློབ་དཔོན་འཕགས་པ་ལྷས་མཛད་པའི་མན་ངག་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀ་ར་བརྨ་དང་། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ནས་ཞུས་ཏེ་གཏན་ལ་ ཕབ་པའོ།།༄༅༅། །རྒྱ་གར་སྐད་དུ། མ་ཧོ་མ་བི་དྷིཿ། བོད་སྐད་དུ། རོ་བསྲེག་པའི་ཆོ་ག །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཐམས་ཅད་སྟོང་པ་འོད་གསལ་བ། །གཉིས་མེད་ཞེ་སྡང་རྡོ་རྗེ་གཙོ། །སྲིད་པའི་རྒྱ་མཚོའི་གྲུར་གྱུར་ལ། །གུས་པས་རབ་ཏུ་ ཕྱག་འཚལ་ལོ། །ལས་ལས་སྐྱེས་པའི་སེམས་ཅན་རྣམས། །ཚེ་འདས་སྡིག་པ་སྦྱང་བ་དང་། །སྲིད་པའི་གཟེབ་ལས་བསྒྲལ་བའི་ཕྱིར། །དཔལ་ལྡན་འདུས་པའི་རོ་བསྲེག་བརྩམ། །དགོན་པ་ཆེན་པོའི་ས་ཕྱོགས་སམ། །མེ་ཏོག་འབྲས་བུ་སོགས་པས་བརྒྱན། །རི་བོ་དབེན་པའི་ས་ ཕྱོགས་གང་། །སློབ་དཔོན་ལས་ལ་མཁས་པ་དང་། །ལས་ཀྱི་རྡོ་རྗེ་དག་གིས་ནི། །དེ་རུ་བསྲེག་པ་དག་ཏུ་གསུངས། །དང་པོར་ལས་ཀྱི་རིམ་པ་དག །བླ་མ་ཉིད་ཀྱི་ཞལ་སྔ་ནས། །ཆོ་ག་ཉི་ཤུར་རྒྱས་མཛད་པས། །རིམ་པ་བདག་གིས་འདིར་མ་བྲིས། །དེ་ལྟར་རིམ་པར་བྱས་ནས་ཀྱང་། ། སྟ་གོན་གནས་པའི་དུས་དག་ཏུ། །དག་ཅིང་བྱིན་བརླབ་གནང་བྱའི་ཕྱིར། །དྲི་དང་བདུད་རྩིས་བཀྲུ་བ་དང་། །སྲུང་སྐུད་བྱིན་རླབས་ཚུལ་བཞིན་བྱ། །བདེ་གཤེགས་ས་བོན་རྣམས་ཀྱང་དགོད། །དེ་ནས་དཀྱིལ་འཁོར་ཐིག་གདབ་ནི། །ཆོ་ག་ཉི་ཤུའི་ཚུལ་དག་ཏུ། །བཏབ་ནས་མེ་ཐབ་བཅའ་ བར་བྱ། །མེ་ཐབ་ཚད་ནི་ཕོ་བྲང་ཚད། །ཕོ་བྲང་དཀྱིལ་འཁོར་ཚད་དག་ནི། །བདག་ཉིད་ཇི་ཙམ་འདོད་ཀྱི་བར། །དེ་སྲིད་དུ་ནི་བདག་གིས་བྱ། །རྡོ་རྗེ་ར་བའི་ཞིང་ཚད་དུ། །དཔངས་ཀྱང་དེ་བཞིན་ཤེས་པར་བྱ། །ཟབས་སུ་ཁྲུ་གང་སོར་བཞི་བྲུ། །བ་ཡི་ལྕི་བས་བྱུགས་པ་དང་། །དེ་ལྟར་ བྱི་དོར་བྱས་ནས་ཀྱང་། །དང་པོའི་ཐིག་སོ་བཟུང་ནས་ནི། །དེ་བཞིན་དུ་ནི་གདབ་པར་བྱ། །དེ་ནས་ལྷ་ནི་སུམ་ཅུ་གཉིས། །ཚུལ་བཞིན་དུ་ནི་བྲི་བར་བྱ། །ཤིང་བུ་དག་ཀྱང་བརྩིག་པར་བྱ། །སློབ་དཔོན་རིག་མར་བཅས་པ་འམ། །ཡང་ན་ཐུགས་ཀ་ལས་ཕྱུང་སྟེ། །རིམ་པ་བཞིན་དུ་བསྐྱེད་ནས་ 35-1-117b ཀྱང་། །དམ་ཚིག་ལྷ་རྣམས་དབྱུང་བར་བྱ། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲང་དང་། །གཞུག་དང་བཅིང་དང་དགྱེས་བསྐྱེད་ནས། །མཆོད་དབུལ་བསྟོད་པ་བྱ་བ་དང་། །ཞུ་གནས་གསོལ་བ་ལ་སོགས་བྱ། །རྫོགས་ནས་རོ་ནི་དྲང་བའོ། །གདུགས་དང་རྒྱལ་མཚན་བ་དན་དང་། ། སྣ་ཚོགས་པ་ཡིས་བརྒྱན་བྱས་ནས། །ཤར་སྒོར་བཅུག་སྟེ་ལན་གསུམ་བསྐོར། །དེ་ནས་རིམ་བཞིན་དབང་བསྐུར་བྱ། །དབང་བསྐུར་ཟིན་དང་གནས་སུ་གཞག །བདག་གིས་བྱང་དུ་ཁ་བལྟས་ཏེ། །ཆོ་ག་ཉི་ཤུའི་ཚུལ་དག་ཏུ། །མཆོད་རྫས་ལ་སོགས་ཚུལ་བཞིན་གཞག །བདུད་རྩི་ འཁྱིལ་པས་བསང་གཏོར་བྱ། །བསིལ་ཡབ་ཀྱིས་ནི་མེ་སྦར་རོ། །ཨོཾ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། གཙོ་བོ་སྤྱན་དྲངས་མེ་ལྷ་བསྐྱེད། །རཾ་ལས་བྱུང་བའི་མེ་ལྷ་ནི། །ཁ་དོག་དཀར་པོ་འོད་ཟེར་འབར། །སྤྱན་གསུམ་རལ་པའི་ཐོར་ཚུགས་ཅན། །ཕྱག་བཞི་མཆོད་ཕྱིར་ཐོགས་འཆང་བ། ། གཡས་པས་ཐོ་བ་མཆོག་སྦྱིན་བྱ། །གཡོན་པ་གུནྡྷེ་བགྲང་ཕྲེང་འཛིན། །དེ་ལྟར་ཚུལ་བཞིན་བྱས་ནས་ཀྱང་། །ཡེ་ཤེས་མེ་ལྷ་སྤྱན་དྲང་བ། །ཨོཾ་ཊཀྐི་ཏི་ནི་པཱ་པ་ཀ་ཨགྣ་ཡེ་ཊཀྐི་ནི་ཧཱུཾ་ཛཿ། གཞུག་དང་བཅིང་དང་དགྱེས་པ་བསྐྱེད། །དེ་ལ་ཞལ་བསིལ་མཆོད་ཡོན་དང་། །སྲེག་རྫས་ ལྔའམ་བདུན་དུ་དབུལ། །ཨོཾ་ཛཿཧཱུཾ་བཾ་ཧོཿཁཾ་རཾ། མཆོད་ཡོན་གྱི་སྔགས་སོ། །ཨོཾ་ནི་རི་ཏི་ཧཱུཾ་ཁཾ། ཞལ་བསིལ་གྱིའོ། །ཨོཾ་ཨཱཿབཛྲ་པུཥྤེ་སྭཱ་ཧཱ། མེ་ཏོག་གིའོ། །ཨོཾ་ཨཱཿབཛྲ་དྷཱུཔྤེ་ཧཱུཾ་སྭཱ་ཧཱ། སྤོས་མེའི་འོ། །ཨོཾ་ཨཱཿབཛྲ་གནྡྷེ་ཧཱུཾ་སྭཱ་ཧཱ། དྲི་ཆབ་ཀྱིའོ། །ཨོཾ་ཨཱཿབཛྲ་དཱི་པེ་ཧཱུཾ་སྭཱ་ཧཱ། མར་ མེའིའོ། །ཨོཾ་ཨཱཿབཛྲ་ནཻ་བི་ཏྱེ་ཧཱུཾ་སྭཱ་ཧཱ། ལྷ་བཤོས་ཀྱིའོ། །ཨོཾ་ཨགྣ་ཡེ་སྭཱ་ཧཱ། མར་གྱིའོ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཏིལ་གྱིའོ། །ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ། དཱུར་བའི་འོ། །ཨོཾ་བཛྲ་མ་ཧཱ་བཻ་གཱ་ཡ་སྭཱ་ཧཱ། ཞོའིའོ། །ཨོཾ་བཛྲ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། འབྲས་ཀྱིའོ། །ཨོཾ་བཛྲ་ གྷསྨ་རི་སྭཱ་ཧཱ། ཀུ་ཤའི་འོ། །ཨོཾ་བཛྲ་ཨཱཛྙཱ་པ་ཡ་སྭཱ་ཧཱ། ཨུ་དུམྺཱ་རའི་འོ། །ཨོཾ་བོ་དྷི་བྷྲྀཀྵ་ཡེ་སྭཱ་ཧཱ། ཨ་ཤྭརྠའི་འོ། །ཨོཾ་བཛྲ་ལ་ཏཱ་ཡ་སྭཱ་ཧཱ། པ་ལ་ཤའི་འོ། །ཨོཾ་བཛྲ་ཀུ་བེ་རཱ་ཡ་སྭཱ་ཧཱ། ནྱ་གྲོ་དྷའི་འོ། །ཨོཾ་བཛྲ་ཧ་ས་ཀ་རཱ་ཡ་སྭཱ་ཧཱ། ཨ་མྲའི་འོ། །མེ་ལྷའི་རྒྱལ་པོ་ལས་ཀྱི་གཙོ། ། 35-1-118a ཕྲིན་ལས་ཀུན་ལ་སྙོམས་མཛད་པ། །ཐམས་ཅད་ཀུན་གྱི་བདག་པོ་སྟེ། །མཉམ་སྙོམས་ཁྱོད་ལ་ཕྱག་འཚལ་ལོ། །བསྟོད་ནས་མེ་ལྷར་གསོལ་བ་གདབ། །མེ་ལྷ་རྡོ་རྗེ་ལས་ཀྱི་གཙོ། །ཚེ་འདས་སེམས་ཅན་སྦྱང་བ་དང་། །ལྷ་རྣམས་ཚིམ་པར་བྱ་བའི་ཕྱིར། །དེ་ ཉིད་དུ་ནི་ཕྲིན་ལས་མཛོད། །ཕྲིན་ལས་རྣམ་པ་གཉིས་ཞེས་བྱ། །མེ་ལྷའི་རྒྱལ་པོའི་ཐུགས་ཀ་ནས། །ཡེ་ཤེས་འབར་བའི་མེ་ཕྱུང་སྟེ། །ཚེ་འདས་སེམས་ཅན་མི་མཐུན་ཕྱོགས། །རྣམ་རྟོག་བག་ཆགས་བསྲེག་པ་དང་། །ལྷ་རྣམས་ཚིམ་པར་བྱ་བའོ། །རྟོག་པའི་དངོས་པོ་ བསྲེགས་ནས་ཀྱང་། །སྒྱུ་མ་ཆུ་ཟླ་ལྟ་བུ་ཡི། །རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབ། །རྡོ་རྗེ་སེམས་དཔའ་ལྷ་རྣམས། །ཐུགས་ཀར་ཡེ་ཤེས་ཚུལ་དུ་བཞུགས། །ཚིམ་པར་བྱ་བའི་རིམ་པ་དག །རང་ལ་མཆོད་ཡོན་དབུལ་བ་དང་། །སྲེག་རྫས་རིམ་པ་བཞིན་དུ་ནི། །རྣལ་ འབྱོར་པ་ཡིས་གྲུབ་ཚད་དབུལ། །སྔགས་ཀྱི་ཐོག་མར་རང་སྔགས་གཞུག །ཐལ་བར་གྱུར་པའི་ཕུང་པོ་དག །བཤང་གཅིའི་མཐར་ནི་རྣམ་པར་བརྟག །དེ་ནས་བསྟོད་དང་བསྡུ་བ་བྱ། །ཡི་གེ་གསུམ་གྱིས་བསྡུ་བའོ། །ཚེ་འདས་དོན་དུ་བདག་གིས་ནི། །རོ་བསྲེག་ཆོ་ག་འདི་བྱས་པས། ། འདི་ལས་དགེ་བ་གང་ཐོབ་པས། །ཐམས་ཅད་གཉིས་མེད་ཐོབ་པར་ཤོག །ཚེ་འདས་པ་ཡི་སེམས་ཅན་འདི། །དབང་བསྐུར་བྱང་ཆུབ་སེམས་བསྐྱེད་ནས། །ལྷ་རྣམས་ཚིམ་པར་བྱས་པ་དང་། །རྟོག་པའི་དངོས་པོ་བསྲེགས་པ་ཡིས། །བསྐྱེད་པའི་རིམ་པ་མཐར་ཕྱུང་སྟེ། །རྡོ་རྗེ་བཟླས་པ་ ཐོབ་པར་ཤོག །རྡོ་རྗེ་བཟླས་ནས་རྣལ་འབྱོར་པས། །སེམས་ལ་དམིགས་པ་ཐོབ་པར་ཤོག །སེམས་ལ་དམིགས་པ་ཐོབ་གྱུར་ནས། །བདག་བྱིན་བརླབ་པའི་རིམ་ཐོབ་ཤོག །བདག་བྱིན་བརླབ་པའི་རིམ་ཐོབ་ནས། །འོད་གསལ་བ་ནི་ཐོབ་གྱུར་ཅིག །འོད་གསལ་བ་ནི་ཐོབ་གྱུར་ནས། །ཆོས་སྐུ་མཁའ་དང་འདྲ་ བ་ལས། །ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ། །སྤྲིན་ལྟ་བུ་ནི་འབྱུང་གྱུར་ཅིག །དེ་ལས་སྤྲུལ་སྐུ་ཆར་ལྟ་བུས། །སྲིད་པའི་རྒྱ་མཚོར་སྤྲུལ་གྱུར་ནས། །སེམས་ཅན་ཐམས་ཅད་སྒྲོལ་བར་ཤོག །གསང་བ་འདུས་པའི་རོ་བསྲེག་གི་ཆོ་ག་འཕགས་པ་ལྷས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་ 35-1-118b མཁན་པོ་ཤྲདྡྷཱ་ཀ་ར་ཝ་རྨ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄།དཔལ་གསང་བ་འདུས་པའི་རྫོགས་རིམ་མཐར་ཕྱིན་པ་བཞུགས། ༄༅༅། །བཅོམ་ལྡན་འདས་གསུང་གི་དབང་ཕྱུག་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །ཇི་སྲིད་ཡ་ར་ལ་ཧའི་བར། །ཀ་ཁ་གྷ་ མཐའ་ན་ཛའི་མཐའ། །ད་དྷའི་མཐའ་དང་མ་མཐར་བཅས། །དེ་དེའི་རྩ་བ་ཡི་གེ་གསུམ། །ཞེས་གསུངས་པས་ནི་རྒྱུད་ཁྱད་པར་དུ་གྱུར་པར་སྟོན་ཏེ། དེ་ལ་ཡའི་མཐའ་ཅན་ནི་ཨ་དྭ་ཡ་བི་ཛཱ་ཡ་ཞེས་པ་སྟེ་གཉིས་སུ་མེད་པ་རྣམ་པར་རྒྱལ་བའོ། །རའི་མཐའ་ཅན་ནི་བཛྲ་ཤི་ཁ་ར་ཏེ་ རྡོ་རྗེ་རྩེ་མོའོ། །ལའི་མཐའ་ཅན་ནི་བཛྲ་མཱ་ལ་སྟེ་རྡོ་རྗེ་ཕྲེང་བའོ། །ཧའི་མཐའ་ཅན་ནི་ཨ་ས་དར་གུ་ཧ་སྟེ་ཐུན་མོང་མ་ཡིན་པའི་གསང་བའོ། །ཀའི་མཐའ་ཅན་ནི་སརྦ་དེ་བ་མི་ལ་ཀ་སྟེ་ལྷ་ཐམས་ཅད་འདུས་པའོ། །ཁའི་མཐའ་ཅན་ནི་བཛྲ་མུ་ཁ་སྟེ་རྡོ་རྗེའི་སྒོའོ། །གྷའི་མཐའ་ཅན་ནི་བི་ན་ཡ་ ཨ་མོ་གྷ་སྟེ་འདུལ་བའི་དོན་ཡོད་པའོ། །ནའི་མཐའ་ཅན་ནི་སནྡྷི་བྱཱ་ཀ་ར་ཎ་སྟེ་དགོངས་པས་ལུང་སྟོན་པའོ། །ཛའི་མཐའ་ཅན་ནི་ཏྭཏྟ་ས་ཧ་ཛ་སྟེ་དེ་ཉིད་ལྷན་ཅིག་སྐྱེས་པའོ། །དའི་མཐའ་ཅན་ནི་ཀལྤ་ཙྪི་ད་སྟེ་རྟོག་པ་གཅོདཔའོ། །དྷའི་མཐའ་ནི་ཨཱ་དི་བུདྡྷ་སྟེ་དང་པོའི་སངས་རྒྱས་སོ། ། སའི་མཐའ་ཅན་ནི་སརྦ་སམྱཀ་ག་མ་སྟེ་ཐམས་ཅད་ཡང་དག་པར་འགྲོ་བའོ། །དེ་དག་ནི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་རྩ་བའི་རྒྱུད་འབའ་ཞིག་སྟེ། སྤྱིར་རྣལ་འབྱོར་ཆེན་པོའི་རྒྱུད་ཡི་གེ་སུམ་ཅུ་རྩ་གསུམ་གྱི་མཐའ་ཅན་སྟོང་ཕྲ་གཟུགས་སུམ་ཅུ་རྩ་གསུམ་དུ་ངེས་སོ། །དེ་ནས་དེ་དག་ཐམས་ཅད་ ཀྱི་རྩ་བར་གྱུར་པ་ནི་ས་མ་ཛ་སྟེ་འདུས་པའོ། །དེའི་ཕྱིར། ཐུབ་པ་ཆེན་པོས་ཆོས་ཕུང་པོ། །བརྒྱད་ཁྲི་བཞི་སྟོང་གསུངས་པ་ལས། །དཔལ་ལྡན་འདུས་འདི་སྣོད་ཡིན་ཏེ། །དེ་བས་འདི་ནི་རྒྱུད་ཀྱི་རྩེ། །ཞེས་གསུངས་སོ། །རེ་ཞིག་དེ་ནི་ཡི་གེའི་དོན་ཏོ། །ད་ནི་སྤྱིའི་དོན་བཤད་པ། ཡའི་སྒྲ་ ལས་དྲངས་ན་བ་སྤུ་སྟེ་རླུང་ངོ་། །ར་ར་གི་ནིའམ་རཱ་ག་ཏ་སྟེ་མེའམ་ཆགས་པའོ། །ལ་ལ་ཏི་སྟེ་སའི་ཁམས་འབྱུང་བ་རྣམས་ཀྱི་རྟེན་བྱེད་ཅིང་འཛིན་པའོ། །བ་བིནྡུ་སྟེ་ཆུའི་ཁམས་སོ། །ཧ་ཨ་ན་ཧ་ཏ་སྟེ། མི་ཤིགས་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སོ། །ཀ་ཀ་པཱ་ལ་སྟེ་བདེ་བ་སྐྱོང་བའོ། ། 35-1-119a ཁ་ཁ་ག་ན་སྟེ་ནམ་མཁའ་ལྟར་ཐ་མལ་པའི་རྟོག་པས་སྟོང་པའོ། །དེ་ཡང་ཇི་སྐད་དུ། སྲ་བས་ས་ཡི་ཁམས་ཡིན་ཏེ། །ཞུ་བས་ཆུ་ཡི་ཁམས་སུ་འདོད། །དྲོ་བས་མེ་ཡི་ཁམས་ཡིན་ཏེ། །རྒྱུ་བས་རླུང་དུ་རབ་ཏུ་གྲགས། །མི་ཤིགས་ཐིག་ལེར་གསུངས་ པ་སྟེ། །བདེ་བ་ནམ་མཁའི་ཁམས་ཡིན་ནོ། །ཞེས་གསུངས་པ་དང་། ཡང་། རེག་པ་ལས་ནི་ལྷ་མོ་སྤྱན། །དྲོ་བ་གོས་དཀར་མོ་ཞེས་བྱ། །ཆུ་ནི་མཱ་མ་ཀཱི་ཉིད་དོ། །སྒྲོལ་མ་རླུང་དུ་རབ་ཏུ་བསྒྲགས། །བདེ་བས་རྡོ་རྗེ་དབྱིངས་ཕྱུག་མ། །ཐིག་ལེ་བདུན་སྣང་བདེ་སྐྱོང་མ། །ཞེས་སོ། ། གྷ་ཨ་པྲ་ཏི་ག་སྟེ་ཐོགས་པ་མེད་པའི་བདེ་བ་ཆེན་པོ་མྱོང་བའོ། །དེ་ཡང་། བདེ་ཆེན་བདེ་བ་ཆེན་པོ་ནི། །སྐད་ཅིག་ཙམ་དུ་མྱོང་བས་ན། །འཕྲལ་དུ་ཡིད་ཆེས་བྱེད་པ་སྟེ། །ལོག་རྟོག་མ་ལུས་མཐའ་དག་འགོག །ཅེས་པའོ། །ན་ནི་ཤེ་ཏ་སྟེ་རྟོག་པ་ཐ་མལ་རྣམས་འགགས་པའོ། །དེ་ ཡང་། དངོས་དང་དངོས་མེད་ལོག་རྟོག་དག །བཀག་ནས་རྣམ་པར་མི་རྟོག་པས། །བསྐལ་པ་སྟོང་ཕྲག་དུ་མར་ཡང་། །གནས་ནས་ཡེ་ཤེས་སྦྱོར་བར་བྱེད། །ཅེས་སོ། །ཛ་ཛ་ན་མ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་གོང་ནས་གོང་དུ་ཁྱད་པར་ཅན་དུ་འགྲོ་བའོ། །དེ་ཡང་། ཅུང་ཟད་ཅུང་ཟད་ གོམས་བྱས་པས། །གོང་ནས་གོང་དུ་ཁྱད་པར་འགྲོ། །མཐར་ནི་མི་རྟོག་ཏིང་འཛིན་དག །ལྷུན་གྱིས་གྲུབ་པ་ཐོབ་པར་འགྱུར། །ཞེས་སོ། །ད་ད་ད་སྟེ་ཐུན་མོང་དང་མཆོག་གི་དངོས་གྲུབ་སྟེར་བའི་ཕྱིར་རོ། །དེ་ཡང་། མི་རྟོག་ཏིང་འཛིན་ལ་གནས་ན། །དཔའ་བོ་དང་ནི་དཔའ་མོ་རྣམས། །རིང་ན་ བཞུགས་ཀྱང་གཟིགས་འགྱུར་ཏེ། །དོན་ཀུན་གྲུབ་པར་བྱེད་པའོ། །ཞེས་སོ། །དྷ་དྷ་ར་སྟེ་བྱང་ཆུབ་ཀྱི་སེམས་གཟུངས་ཉིད་དུ་ཟིན་པའོ། །དེ་ཡང་། དགའ་དང་དགའ་བྲལ་དག་གི་དབུས། །མཚན་ཉིད་དམིགས་པ་བརྟན་བྱས་པས། །ཐུན་ནམ་ཟླ་ཕྱེད་ཟླ་བ་ལོ། །བསྐལ་པར་ཡེ་ཤེས་ ཆེ་ལ་སྦྱོར། །ཞེས་སོ། །མ་མ་ནོ་ཧ་ར་སྟེ་ཀུན་དུ་རྟོག་པ་ཡིད་ཀྱི་གནས་འཕྲོག་པའོ། །དེ་ཡང་། མི་རྟོག་པ་ཡི་ཏིང་འཛིན་གྱིས། །སྒྲིབ་པ་ལྔ་སྤངས་ལྷུན་གྲུབ་པའི། །བདེ་བ་ཆེན་པོ་མངོན་བྱས་ནས། །སྟོབས་སོགས་ཡོན་ཏན་རྣམས་ཀྱིས་བརྒྱན། །ཞེས་སོ། །ཡང་སྦས་པའི་དོན་དུ་ 35-1-119b བཤད་པ་ལ། ཡ་ཡ་བ་ཏ་ན་སྟེ་གཟུང་འཛིན་སྤངས་པའི་བྱང་ཆུབ་ཀྱི་སེམས་དང་པོའི་ཡེ་ཤེས་སྐྱེ་ཞིང་མཆེད་པའོ། །དེ་ཡང་། སྟོན་ཀའི་སྤྲིན་མེད་ནམ་མཁའ་ལ། །ཟླ་བའི་འོད་ཟེར་ཀུན་གསལ་ལྟར། །གཟུང་འཛིན་སྤངས་པའི་ཡེ་ཤེས་ནི། །བདག་གཞན་བཅས་སྣང་གསལ་ བྱེད་་པའོ། །ཞེས་སོ། །ར་རཱ་ག་སྟེ་ཡེ་ཤེས་དེ་ཉིད་ཁྱད་པར་འགྱུར་བའི་ཆགས་པ་ཆེན་པོར་རང་བཞིན་གཟུང་འཛིན་གཉིས་མེད་པའི་ཡེ་ཤེས་བྱང་ཆུབ་ཀྱི་སེམས་ཀུན་དུ་བཟང་པོ་གཉིས་པའོ། །དེ་ཡང་། སྟོན་ཀའི་སྤྲིན་མེད་ནམ་མཁའ་ལ། །ཉི་མའི་འོད་ཟེར་ཤར་བ་ལྟར། །ཐབས་ ཀྱི་ཡེ་ཤེས་གཉིས་པ་ནི། །དོན་དང་སེམས་ཅན་བཅས་སྣང་བྱེད། །ཅེས་སོ། །ལ་ལ་ཏི་སྟེ་གཟུང་བ་དང་འཛིན་པ་གཉིས་སྤངས་པའི་ཡེ་ཤེས་ལེན་ཅིང་གཟུང་འཛིན་གྱི་རྣམ་པར་རྟོག་པའི་སྒོ་འགགས་ཤིང་ནམ་མཁའ་ལྟར་རམ་མུན་པ་ལྟར་མི་རྟོག་དངོས་པོའི་སྣང་བ་རྣམས་ནུབ་པའོ། ། དེ་ཡང་ཇི་སྐད་དུ། སྤྲིན་མེད་མཁའ་དང་མུན་ལྟ་བུའི། །སྣང་མེད་ཡེ་ཤེས་གོམས་བྱས་པས། །རང་རིག་ཙམ་ལས་གྲུབ་པ་ཡིས། །སྒྱུ་མའི་ལུས་ནི་ལེན་པར་བྱེད། །ཅེས་སོ། །ཧ་ཨ་ན་ཧ་ཏ་སྟེ་མི་ཤིགས་པའི་ཡེ་ཤེས་དེ་ཉིད་ཀྱིས་ཡིད་ཀྱི་ལུས་ཀྱི་རང་བཞིན་འབྱུང་བའོ། །དེ་ ཡང་། རང་རིག་ཙམ་དུ་འོད་གསལ་བ། །རླུང་དང་ལྡན་པའི་རྣམ་ཤེས་ཀྱིས། །ཆུ་ཟླ་འདྲ་བར་གཟུགས་མེད་པའི། །ཆགས་མེད་ལུས་ནི་འགྲུབ་པར་འགྱུར། །ཞེས་སོ། །ཀ་ཀ་པཱ་ལ་སྟེ་དེ་ལྟ་བུའི་ཡིད་ཀྱི་ལུས་རང་སྣང་བའི་བདེ་བས་གང་ཞིག་རྫོགས་པ་ནི་བདེ་སྐྱོང་ཞེས་བྱའོ། །དེ་ ཡང་། ཡིད་ཀྱི་ལུས་དང་ལྡན་པ་ཡི། །རྣལ་འབྱོར་པས་ནི་ཁམས་གསུམ་དུ། །བདག་དང་གཞན་གྱི་དོན་བྱས་ནས། །མཐར་ནི་རང་གནས་བདེ་བར་འགྲོ། །ཞེས་སོ། །ཁ་ཁ་ག་ན་སྟེ་སྒྱུ་མའི་ལུས་ལས་བརྟེན་ནས་རིལ་པོར་འཛིན་པའམ་རྗེས་སུ་གཞིག་པའི་སྒོ་ནས་དོན་དམ་པའི་ བདེན་པ་མངོན་དུ་བྱེད་པའོ། །དེ་ཡང་། སྒྱུ་མའི་ལུས་ལ་བརྟེན་བྱས་ནས། །རིལ་པོར་འཛིན་དང་རྗེས་གཞིག་གིས། །དངོས་པོ་ཐམས་ཅད་བཤིགས་ནས་ནི། །དེ་ནས་སྣང་བ་མེད་པར་འགྲོ། །ཞེས་སོ། །གྷ་ཨ་པྲ་ཏི་ག་སྟེ་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་ནམ་མཁའ་ལྟ་བུའི་ཆོས་དོན་ 35-1-120a དམ་པའི་བདེན་པའི་བདེན་པ་རྟོགས་པར་འགྱུར་རོ། །དེ་ཡང་། ཐོགས་པ་མེད་པའི་ཡེ་ཤེས་ཀྱིས། །སྣང་བ་ཐམས་ཅད་ནུབ་བྱས་ནས། །རང་ཙམ་ལ་ཡང་ཆགས་མེད་པའི། །སྣང་བ་མེད་པའི་དབྱིངས་སུ་འགྲོ། །ཞེས་སོ། །ན་ནི་ཤེ་ཏ་སྟེ་བདག་ དང་གཞན་ལ་སོགས་པའི་མཐའ་འགོག་པ་སྟེ། དེ་ཡང་། བདག་དང་གཞན་དུ་རྟོག་པ་ཡི། །རྣམ་རྟོག་དྲ་བ་བསལ་ནས་ནི། །མཐའ་མེད་དམིགས་པ་མེད་པ་རུ། །སྣང་བ་མེད་པའི་ཚུལ་དུ་འགྲོ། །ཞེས་སོ། །ཛ་ཛ་ན་མ་སྟེ་སྒྱུ་མ་ལྟ་བུའི་ལུས་དེ་ཉིད་ལས་སྣང་བ་མེད་པར་ གོང་ནས་གོང་དུ་འགྲོ་བའོ། །དེ་ཡང་། སྣང་བ་མེད་པའི་ཏིང་འཛིན་གྱིས། །སྣང་བ་ཙམ་ཡང་འཛིན་སྤངས་ཏེ། །ཡང་དང་ཡང་དུ་དོན་དམ་པའི། །བདེན་པ་མངོན་དུ་བྱས་ནས་འགྲོ། །ཞེས་སོ། །ད་ད་ད་སྟེ་སྒྱུ་མ་ལྟ་བུའི་ལུས་ཀྱིས་འབད་པ་མེད་པར་འདོད་པ་ཐམས་ཅད་ནམ་ མཁའ་མཛོད་ཀྱིས་སྟེར་བའོ། །དེ་ཡང་། སྒྱུ་མའི་ལུས་ཀྱིས་འབད་མེད་པར། །འདོད་པ་ཐམས་ཅད་ནམ་མཁའ་ལ། །འབད་པ་མེད་པར་རྙེད་འགྱུར་ཏེ། །བདག་དང་གཞན་རྣམས་བདེ་བར་འཚོ། །ཞེས་སོ། །དྷ་དྷ་ར་སྟེ་ཡིད་ཀྱི་ལུས་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་བསྒྲུབ་པ་འཛིན་ པའོ། །དེ་ཡང་། ཡིད་ཀྱིས་ལུས་ཙམ་བཟུང་ནས་ནི། །བདག་དང་གཞན་གྱི་དོན་སྒྲུབ་ཅིང་། །དམིགས་པ་ཐམས་ཅད་ཟད་བྱེད་པས། །འགྲོ་མེད་གནས་སུ་ནམ་ཞིག་འགྲོ། །ཞེས་སོ། །མ་མ་ནོ་ཧ་ར་སྟེ་ཡིད་ཀྱི་ལུང་སྣང་བ་གསུམ་གྱི་བདག་ཉིད་རླུང་དང་ལྡན་པ་ལས་གྲུབ་པའི་ སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་ཉེ་བར་མཚོན་པའོ། །དེ་ཡང་། རང་སྣང་རླུང་དང་ལྡན་པ་ཡི། །འཇའ་ཚོན་བཞིན་དུ་མཐའ་མེད་པའི། །སྟོང་པ་གསུམ་དུ་གོམས་བྱེད་པས། །ཐོགས་པ་མེད་པར་འབྱུང་བར་འགྱུར། །ཞེས་སོ། །ཡང་མཐར་ཐུག་པའི་དོན་དུ་བཤད་པར་བྱ་སྟེ། སྒྱུ་ མ་ལྟ་བུའི་ལུས་ལ་བརྟེན་ཏེ་དོན་དམ་པའི་བདེན་པ་མངོན་དུ་བྱེད་དོ། །དེ་ཡང་ཆོས་བདུན་དང་ལྡན་པ་ཡིན་ཏེ་སྒྱུ་མ་ལྟ་བུའི་ལུས་དང་། ཐབས་རིལ་འཛིན་དང་། རྗེས་གཞིག་དང་། ཐ་མལ་པའི་ཆོས་འགོག་པ་དང་། རྟགས་མངོན་དུ་སྐྱེ་བ་དང་། དེ་འདྲ་བར་རྟོགས་པ་དང་། དབང་ 35-1-120b གི་རིམ་པ་ལ་སྦྱར་བ་དང་། ཉམས་སུ་བླང་ཞིང་བསླབ་པའི་གོ་རིམས་དང་བདུན་ནོ། །དེ་ལ་ལ་སྟེ་ས་ཆུ་ལ་ཐིམ་པ་ལས་སྨིག་རྒྱུ་འདྲ་བར་སྐྱེ་བ་དང་། བ་སྟེ་ཆུ་མེ་ལ་ཐིམ་པ་ལས་དུ་བ་ལྟ་བུ་དང་། ར་སྟེ་མེ་རླུང་ལ་ཐིམ་པ་ལས་མཁའ་སྣང་ལྟ་བུ་དང་། ཡ་སྟེ་རླུང་རྣམ་པར་ཤེས་པ་ལ་ཐིམ་པ་ ལས་མར་མེ་ལྟ་བུའོ། །ཧ་སྟེ་རྣམ་པར་ཤེས་པ་འོད་གསལ་བ་ལ་ཐིམ་པ་ལས་ནམ་མཁའ་ལྟ་བུར་སྣང་བའོ། །དེ་ཡང་། དང་པོ་ས་ནི་ཆུ་ལ་ཐིམ། །ཆུ་ཡང་མེ་ལ་ཐིམ་པར་འགྱུར། །མེ་ནི་རླུང་ལ་ཐིམ་པར་འགྱུར། །རླུང་ཡང་རྣམ་པར་ཤེས་ལ་འཇུག །རྣམ་ཤེས་འཛིན་པ་དེ་ཉིད་ ནི། །འོད་གསལ་བར་ནི་འཇུག་པར་འགྱུར། །ཞེས་སོ། །གཞན་ཡང་ཕུང་པོ་ལ་སོགས་པ་ནི་ཁམས་ཕྲ་བ་ལ་གཞུག་གོ། །ཁམས་ཕྲ་བ་ནི་རྣམ་པར་ཤེས་པ་ལའོ། །རྣམ་པར་ཤེས་པ་ནི་སེམས་པ་ལའོ། །སེམས་པ་ནི་མ་རིག་པ་ལའོ། །མ་རིག་པ་ནི་འོད་གསལ་བ་ལའོ་ཞེས་ པའི་རིམ་པས་ཀྱང་དང་པོ་ནི་སྒྱུ་མ་ལྟ་བུ་ལ་འོད་ཟེར་ལྔ་དང་ལྡན་པར་མཐོང་ངོ་། །གཉིས་པར་ཟླ་བ་ལྟ་བུ་དང་། གསུམ་པར་ཉི་མ་ལྟ་བུ་དང་། བཞི་པར་མུན་པ་ལྟ་བུ་དང་། ལྔ་པར་ནི་སྣང་བ་མེད་པ་ནམ་མཁའ་ལྟ་བུ་མཐོང་ངོ་ཞེས་ཀྱང་གསུངས་པའི་ཕྱིར་རོ། །ཀ་སུ་ཀ་སྟེ་སྣང་བ་མེད་ པའི་བདེ་བ་ཆེན་པོ་དམིགས་པ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །དེ་ཡང་། སྟོབས་དང་མི་འཇིགས་ལ་སོགས་པའི། །ཆེ་བའི་ཡོན་ཏན་རྣམ་བརྒྱན་པ། །བདེན་གཉིས་སྦྱོར་བའི་ཟུང་འཇུག་སྐུ། །བདེ་བ་ཆེན་པོ་དེས་ཐོབ་འགྱུར། །ཞེས་སོ། །ཁ་ཁ་ག་སྟེ་ནམ་ མཁའ་ལྟ་བུའི་ཆོས་ཀྱི་སྐུ་སྣང་བའི་ཚོགས་ཐམས་ཅད་ནུབ་པའི་རང་བཞིན་ལས་རྣམ་པར་རྟོག་པ་མེད་བཞིན་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའི་དབང་གིས་ཆུ་ཀླུང་དང་བ་ལས་ཉ་འཕར་བ་དང་གཉིད་ལོག་པ་ལས་མྱུར་དུ་སད་པ་བཞིན་དུ་ཟུང་དུ་འཇུག་པའི་སྐུར་ལྡང་བར་འགྱུར་རོ། ། དེ་ཡང་། མཁའ་དང་འདྲ་ཆོས་སྟོང་པ་ལས། །རྟོག་མེད་ཡེ་ཤེས་འཇའ་འདྲ་བ། །ཚོགས་དང་སྨོན་ལམ་སྟོབས་དག་གིས། །འབད་པ་མེད་པར་ལྷུན་གྱིས་གྲུབ། །ཅེས་སོ། །ན་ནི་ཤེ་ཏ་སྟེ་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་ལ་སོགས་པའི་ 35-1-121a སྒྲིབ་པ་རྣམ་པ་དྲུག་གཏན་སྤངས་པའོ། །དེ་ཡང་། ཟུང་དུ་འཇུག་པའི་ཏིང་འཛིན་གྱིས། །ཉོན་མོངས་སྒྲིབ་སོགས་རྣམ་སྤངས་ཤིང་། །ཕུན་སུམ་ཚོགས་པ་འཐོབ་འགྱུར་ཏེ། །འདོད་པ་ཙམ་གྱིས་འགྲོ་འོང་སྟོན། །ཞེས་སོ། །དེ་ཡང་། འཇའ་ཚོན་འདྲ་བའི་ ལོངས་སྐུ་ལས། །འབད་པ་མེད་པ་སྤྲུལ་པའི་སྐུ། །མཐའ་ཡས་རྡུལ་ཕྲན་ཇི་བཞིན་དུ། །སེམས་ཅན་དོན་ཀུན་གྲུབ་པར་མཛད། །ཅེས་སོ། །ཛ་ཛ་ན་མ་ཏེ་ཟུང་དུ་འཇུག་པའི་སྐུ་རྡོ་རྗེ་འཆང་ཆེན་པོ་ལས་སྤྲུལ་པའི་སྐུ་དུ་མ་སྐྱེ་ཞིང་འབྱུང་བའོ། །ད་ད་ད་སྟེ་སེམས་ཅན་རྣམས་ལ་གང་ དང་གང་གིས་འདུལ་བ་ལ་དེ་དང་དེ་ལྟར་སྐལ་བ་དང་མཐུན་པར་སྣང་ཞིང་འདོད་པའི་དངོས་གྲུབ་སྟེར་བར་འགྱུར་རོ། །དེ་ཡང་། གང་དང་གང་གིས་འདུལ་འགྱུར་བ། །དེ་དེ་བཞིན་དུ་སོ་སོར་སྣང་། །མོས་པའི་དབང་གིས་ཐ་དད་པར། །སེམས་ཅན་རྣམས་ནི་འདུལ་བར་འགྱུར། །ཞེས་ སོ། །དྷ་དྷ་ར་སྟེ་ལྷུན་གྱིས་གྲུབ་པའི་སྐུ་རྒྱུན་གྱིས་རྟག་པར་སྟུག་པོ་བཀོད་པའི་འཇིག་རྟེན་གྱི་ཁམས་ན་རང་བཞིན་གྱིས་བཙུན་མོ་ལ་འཁྱུད་པའི་བདག་ཉིད་དུས་རྟག་ཏུ་འཛིན་པའོ། །དེ་ཡང་། ལྷུན་གྲུབ་བདེ་བ་ཆེན་པོའི་སྐུ། །རང་སྣང་རིག་མས་ཉེར་བརྒྱན་པ། །འོག་མིན་གནས་སུ་དུས་རྟག་ཏུ། ། མཚན་དང་དཔེ་བྱད་བརྒྱན་པས་བཞུགས། །ཞེས་སོ། །མ་ཙིནྟ་མ་ཎི་སྟེ་ཡིད་བཞིན་གྱི་ནོར་བུ་ལྟར་འབད་པ་མེད་པར་བདག་དང་གཞན་གྱི་དོན་སྒྲུབ་པར་མཛད་པའོ། །དེ་ཡང་། ཡིད་བཞིན་ནོར་ལྟར་བསམས་ཙམ་གྱིས། །འབད་མེད་བདག་དང་གཞན་གྱི་དོན། །ཆེ་བའི་ཡོན་ཏན་རྣམ་བརྒྱན་ སྐུ། །བདེ་བ་ཆེ་ལས་འབྱུང་བར་འགྱུར། །ཞེས་སོ། །དེ་ལྟར་ཚུལ་བཞིའི་བཤད་པའོ། །དཔལ་གསང་བ་འདུས་པའི་རྫོགས་རིམ་མཐར་ཕྱིན་པ་སློབ་དཔོན་ཨཱརྱ་དེ་བས་མཛད་པ་རྫོགས་སོ།། །།༄༅༅། །རྒྱ་གར་སྐད་དུ། ས་མ་ཛ་སཱ་དྷ་ནཾ་བྱ་བསྠོ་ལེ་ནཱ་མ། བོད་སྐད་དུ། འདུས་པའི་སྒྲུབ་པའི་ཐབས་རྣམ་པར་གཞག་པའི་རིམ་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྡོ་རྗེ་གསུམ་པོ་མི་ཕྱེད་སྐུ། །རྡོ་རྗེ་སེམས་དཔའ་ཕྱག་བྱས་ཏེ། །འདུས་པའི་སྒྲུབ་ཐབས་ཡན་ལག་གི། །རྣམ་གཞག་རིམ་པ་བཤད་པར་བྱ། །དེ་ལ་ 35-1-121b དང་པོར་རེ་ཞིག་དངོས་པོ་མེད་ལ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བརྗོད་ནས་སྣོད་ལ་སོགས་པའི་དངོས་པོ་རྣམས་སྟོང་པ་ཉིད་དུ་གཞུག་པར་བྱའོ། །དེ་ནས། ནམ་མཁའི་དབྱིངས་ཀྱི་དབུས་གནས་པ་ར། །རླུང་གི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་བྱ་བ་ལ་སོགས་པས་དཀྱིལ་ འཁོར་བཞིའི་རིམ་གྱིས་སའི་ཆ་བསྒྲུབས་ཏེ། དེའི་སྟེང་དུ་བྷྲཱུཾ་ལས་གཞལ་ཡས་ཁང་བསྐྱེད་ལ། དེར་མི་བསྐྱོད་པ་ལ་སོགས་པའི་ལྷའི་འཁོར་ལོ་ཐམས་ཅད་ལྷག་པར་མོས་པས་དགོད་པར་བྱའོ། །དེའི་འོག་ཏུ་རྣལ་འབྱོར་དང་། རྗེས་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོའི་རིམ་པས་རྡོ་རྗེ་འཆང་ཆེན་པོའི་བདག་ཉིད་དུ་བསྐྱེད་དེ། དབང་པོ་གཉིས་མཉམ་པར་སྦྱར་བ་ལས་དཀྱིལ་འཁོར་གྱི་ལྷ་རྣམས་ཕྱུང་སྟེ། བསྒོམ་པ་དང་བཟླས་པ་བྱས་ནས་གཤེགས་སུ་གསོལ་བ་འདི་བསྒོམ་པ་བསྡུས་ཏེ་བསྟན་པའོ། །རྣམ་པར་གཞག་པ་ དང་པོ་ཉེ་བར་བསྟན་པ་བརྗོད་པར་བྱ་སྟེ། གང་གི་ཚེ་འདིར་འཇིག་རྟེན་དུ་འཇིག་པ་ཐོབ་པར་གྱུར་ཅིང་། ཁམས་གསུམ་པའི་སེམས་ཅན་གཅིག་ཀྱང་མ་ལུས་པར་གྱུར་ནས་སྣོད་ཀྱི་འཇིག་རྟེན་འབའ་ཞིག་ལུས་པ་དེའི་ཚེ་རིམ་གྱིས་རིམ་གྱིས་ཉི་མ་བདུན་གྱི་འོད་ཟེར་རྣམས་རབ་ཏུ་བཀླགས་པས་ ཁམས་གསུམ་པ་བསྲེགས་ཏེ་ནམ་མཁའི་རང་བཞིན་དུ་བྱེད་དོ། །དོན་འདི་ལྟར་བསྐྱེད་པའི་རིམ་པ་སྒོམ་པ་པོས། དངོས་པོ་མེད་ལ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་ཅིང་བསམ་པར་བྱའོ། །དེ་ནས་ཡང་རྟེན་ཅིང་འབྲེལ་བར་འབྱུང་བའི་རྒྱུན་གྱི་སྟོབས་ལས་ཁད་ཀྱིས་ཁད་ ཀྱིས་རླུང་རྣམས་གཡོས་ཏེ། རླུང་དེ་རྣམས་འཕེལ་བར་གྱུར་པ་ནི། རྔམས་སུ་ནི་དཔག་ཚད་འབུམ་ཕྲག་བཅུ་དྲུག་གོ། །རྒྱར་གྲངས་མེད་པའི་རླུང་གི་དཀྱིལ་འཁོར་དེ་ནམ་མཁའི་སྟེང་དུ་ཆགས་པར་གྱུར་ནས་རླུང་གི་དཀྱིལ་འཁོར་དེ་ལས་བྱུང་བ་ཤིང་རྟའི་འཕང་ལོ་ཙམ་གྱི་ཆར་གྱི་རྒྱུན་བབ་པར་གྱུར་ཏེ། དེ་ལས་ཆུའི་དཀྱིལ་འཁོར་དུ་གྱུར་ཏེ། དེའི་ཚད་ནི་རྔམས་སུ་འབུམ་ཕྲག་བཅུ་གཅིག་དང་སྟོང་ཕྲག་ཉི་ཤུའོ། །དེ་ཡང་སླར་ཆུ་ལ་རླུང་གིས་བསྲུབས་པས་གསེར་གྱི་རང་བཞིན་གྱི་ས་གཞི་ཆུའི་སྟེང་དུ་ཆགས་ཏེ། དེའི་ཚད་ནི་འབུམ་ཕྲག་གསུམ་དང་སྟོང་ཕྲག་ཉི་ཤུའོ། །མེའི་དཀྱིལ་འཁོར་ཡང་དེ་དག་གི་ 35-1-122a ནང་ཉིད་དུ་གནས་སོ། །དེ་ལྟར་ཡང་དག་པར་བསྒྲུབ་ཅིང་བསྐྱེད་པའི་རྣལ་འབྱོར་པས། ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། །རླུང་གི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་བྱ་བ་ལ་གོགས་པས་དཀྱིལ་འཁོར་བཞིའི་རིམ་པས་སའི་ཆ་བསྐྱེད་པར་བྱའོ། ། དེ་ལྟར་སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས་ཡང་དག་པར་བྱུང་བའི་རླུང་རྣམས་ཀྱིས་ཡང་དག་པར་བསྲུབས་པས་གསེར་ལ་སོགས་པའི་ཚོགས་ཀྱིས་བྱས་པའི་རི་རབ་ལ་སོགས་པའི་རི་དང་། ལྷའི་གཞལ་མེད་ཁང་དང་། གླིང་ལྕགས་རིས་བསྐོར་བ་ཚུན་ཆད་དུ་ཤིང་དང་ ལྗོན་པ་དང་ལྕུག་མ་ལ་སོགས་པ་འབྱུང་བར་འགྱུར་རོ། །སྲེད་པའི་རིམ་པ་དེ་ལྟར་སྒོམ་པར་བྱེད་པ་རྣམས་ཀྱིས་དེར་ནི་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་སྟོང་པ་ཉིད་དམིགས་པ་སྔོན་དུ་སོང་བས་དཀྱིལ་འཁོར་བཞིའི་རིམ་པས་སའི་ཆ་བསྐྱེད་ལ། དེའི་སྟེང་དུ་གཞལ་ཡས་ཁང་བསྐྱེད་ པར་བྱའོ་ཞེས་བསྟན་པར་འགྱུར་རོ། །དེ་ནས་རྣམ་པར་ཤེས་པའི་བདག་པོ་རྡོ་རྗེ་འཆང་ཆེན་པོ་སེམས་ཅན་སྐྱེད་པར་མཛད་པ་པོས་སྣོད་ཀྱི་འཇིག་རྟེན་བསྐྱེད་ཀྱི་འོག་ཏུ་སེམས་ཅན་གྱི་ཁམས་ངེས་པར་སྤྲུལ་པར་མཛད་དེ། གནས་ནི་བསྒོམ་པ་སྔོན་འགྲོ་བས། །རྡོ་རྗེ་གསུམ་བསྐྱེད་བསྒོམ་ པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །དེར་སྐྱེ་གནས་བཞི་པོ་འདི་ལྟ་སྟེ། སྒོ་ང་ལས་སྐྱེས་པ་དང་། མངལ་ལས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པ་དང་། རྫུས་ཏེ་སྐྱེས་པའོ། །སྐྱེ་གནས་ནི་སྐྱེ་བའོ། །སྒོ་ང་ལས་སྐྱེས་པ་གང་ཞེ་ན། སེམས་ཅན་གང་དག་སྒོ་ང་ ལས་སྐྱེ་བར་འགྱུར་བའོ། །དེ་དག་ཀྱང་གང་ཞེ་ན། ངང་པ་དང་། ཁྲུང་ཁྲུང་དང་། རྨ་བྱ་དང་། ནེ་ཙོ་དང་། ཤ་རི་ཀ་ལ་སོགས་པའོ། །མངལ་ནས་སྐྱེ་བ་གང་ཞེ་ན། སེམས་ཅན་གང་དག་མངལ་ནས་སྐྱེ་བ་སྟེ། དེ་དག་ཀྱང་གང་ཞེ་ན། གླང་པོ་དང་། རྟ་དང་། བ་ལང་དང་། མ་ ཧེ་དང་། བོང་བུ་དང་། ཕག་དང་། མི་ལ་སོགས་པའོ། །དྲོད་གཤེར་ལས་སྐྱེས་པ་གང་ཞེ་ན། སེམས་ཅན་གང་དག་འབྱུང་བའི་དྲོད་ལས་སྐྱེས་པ་སྟེ། དེ་དག་ཀྱང་གང་ཞེ་ན། སྲིན་བུ་དང་། ཕྱེ་མ་ལེབ་དང་། མཆུ་སྦྲང་ལ་སོགས་པའོ། །རྫུས་ཏེ་སྐྱེས་པ་གང་ཞེ་ན། སེམས་ཅན་གང་ 35-1-122b དག་དབང་པོ་མ་ཚང་བ་མེད་ཅིང་མ་རྫོགས་པ་མེད་པ་ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པར་ཅིག་ཅར་སྐྱེས་པ་སྟེ། དེ་དག་ཀྱང་གང་ཞེ་ན། ལྷ་དང་། དམྱལ་བ་དང་། སྲིད་པ་བར་མ་དང་། བསྐལ་པ་དང་པོ་པའི་མི་ལ་སོགས་པའོ། །འདིར་གསོལ་པ། གླིང་ གསུམ་པའི་མི་རྣམས་ཀྱང་སོ་སོར་གནས་པ་མ་ལགས་སམ། ཅིའི་སླད་དུ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་ལྡན་གྱི་གནས་མཆོག་ནས་དེར་འཇུག་པར་མི་མཛད་པར་འདིར་ངེས་པ་ཁོ་ནར་འཛམ་བུའི་གླིང་དུ་འཇུག་ཅིང་མི་རྣམས་ལ་ཆོས་ སྟོན་པའི་རྒྱུ་ཉིད་བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་སྟོན་པས་བཤད་དུ་གསོལ། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། ཤར་གྱི་ལུས་འཕགས་དང་། ནུབ་ཀྱི་བ་ལང་སྤྱོད་དང་། བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ལོངས་སྤྱོད་ཆེན་པོ་དང་ལྡན་ཏེ། དེ་ལྟ་མོད་ཀྱི་བླུན་ཞིང་རྨོངས་པས་མི་སྤྱོད་ཅིང་མི་ འབྱེད་དོ། །འཛམ་བུའི་གླིང་པ་འདི་ནི་ལས་ཀྱིས་པ་ཡིན་ཏེ། དེ་ན་ལེགས་པར་སྤྱད་པ་དང་། ཉེས་པར་སྤྱད་པས་མཆོག་དང་འབྲིང་དང་ཐ་མའི་སེམས་ཅན་རྣམས་སུ་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པས་འདིར་སྣང་བར་འགྱུར་རོ། །འདི་ལྟ་སྟེ་འཛམ་བུའི་གླིང་པའི་མི་རྣམས་གཡོ་དང་། སྒྱུ་དང་། དྲེགས་པ་དང་། ཕྲག་དོག་དང་གདུག་པའི་བསམ་པས་རིམས་ནད་ལ་སོགས་པས་ཡོངས་སུ་གཟིར་བར་འགྱུར་རོ། །འོན་ཀྱང་མགོ་སྨོས་པས་གོ་བ་དང་། དབང་པོ་རྣོ་ཞིང་སྒྲིན་པ་སྟེ། དེས་ན་བྱང་ཆུབ་སེམས་དཔའ་རྣམས་འཛམ་བུའི་གླིང་གི་སྐྱེ་བོའི་གནས་ཀྱིས་དབུས་ སུ་སྐུ་འཁྲུངས་ཤིང་ཆོས་སྟོན་པར་འགྱུར་རོ། །དེའི་ཕྱིར་གསུངས་པ། མི་རུ་འཁྲུངས་པ་ངེས་ཚུལ་དང་པོ་སྟེ། །རབ་ཏུ་བྱུང་བ་ཚུལ་ནི་གཉིས་པའོ། །འདུལ་བ་སྲུང་བ་ཚུལ་ཆེན་གསུམ་པ་སྟེ། །ཏིང་འཛིན་བརྙེས་པ་ཚུལ་མཆོག་བཞི་པ་ཡིན། །ཞེས་བྱ་བ་ཐུན་མོང་མ་ཡིན་པའི་ གསང་བ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་གསུངས་པས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་མིའི་བདག་ཉིད་ཀྱི་སྲིད་པར་ཞུགས་ཏེ་ཐམས་ཅད་མཁྱེན་པའི་དངོས་གྲུབ་ཀྱི་གོ་འཕང་བརྙེས་པ་དང་ལྡན་པར་འགྱུར་རོ། །རྒྱུ་དེས་ན་འདིར་མིའི་ 35-1-123a སྲིད་པའི་སྐྱེ་བའི་རིམ་པ་བསྟན་ཏོ། །དེ་ལ་བསྐལ་པ་དང་པོ་པའི་མི་རྣམས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་ཅིང་ཡིད་ཀྱི་རང་བཞིན་གྱི་ལུས་ཅན་ཡན་ལག་དང་ཉིང་ལག་ཐམས་ཅད་ཀྱིས་མཚན་པ། དབང་པོ་མ་ཚང་བ་མེད་ཅིང་མ་རྫོགས་ པ་མེད་པ། ཁ་དོག་གསལ་བའི་ལུས་ཅན། རང་གི་མཐུས་ནམ་མཁར་འགྲོ་བ། ཚེ་རིང་ཞིང་དགའ་བ་ལ་སྤྱོད་པ། ཡེ་ཤེས་ཀྱི་ལུས་ཅན་ཡིན་ཡང་དེ་རྣམས་ཀྱིས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མི་ཤེས་ཤིང་མ་ཤེས་པས་ན་ཐོག་མ་མེད་པའི་དུས་ནས་མི་ཤེས་པའི་བག་ཆགས་ཀྱི་རྒྱུན་ གྱི་སྟོབས་ལས་རིམ་གྱིས་རང་གི་སེམས་ལས་བྱུང་བའི་ལས་དང་ཉོན་མོངས་པ་རྣམས་ཀྱིས་མངོན་པར་ཟིལ་གྱིས་མནན་པར་འགྱུར་རོ། །དེ་ནས་དེ་དག་གིས་ཡིད་ཀྱི་རང་བཞིན་གྱི་ལུས་སྤངས་ཏེ། ཉོན་མོངས་པའི་རྒྱུན་གྱི་རིམ་གྱིས་ཐ་མལ་པའི་མིའི་བདག་ཉིད་ཀྱི་དངོས་པོར་ཡོངས་སུ་ འཛིན་ཏོ། །དེ་ལྟ་བུའི་ཐུགས་རྡོ་རྗེ་དགེ་བའི་བཤེས་གཉེན་དང་བྲལ་བས་རང་གི་རང་བཞིན་ཡོངས་སུ་མ་ཤེས་པས་སེམས་ཅན་གྱི་རིས་ནས་འཕོ་ཞིང་། ཇི་སྲིད་དུ་སྐྱེ་བའི་ཚོགས་པ་མ་རྙེད་པ་དེ་སྲིད་དུ་ཉིན་ཞག་བདུན་དུ་སྲིད་པ་བར་མ་དོར་གནས་སོ་ཞེས་ངེས་པར་བཤད་དོ། །སྲིད་པ་བར་ མའི་རང་བཞིན་ཇི་ལྟ་བུ་ལགས། སྨྲས་པ། འཆི་བའི་སྲིད་པ་དང་སྐྱེ་བའི་སྲིད་པའི་བར་ན་བདག་གི་ངོ་བོ་མངོན་པར་གྲུབ་ཅིང་ཡུལ་གཞན་དུ་སྐྱེ་བ་གྲུབ་པ་དེ་ལ་སྲིད་པ་བར་མ་ཞེས་བྱའོ། །དེ་ཡང་དབང་པོ་རྣོ་བར་འགྱུར་ཏེ། ཇི་ལྟར་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་མཚན་ ཐམས་ཅད་དང་དཔེ་བྱད་དང་ལང་ཚོ་ཡོངས་སུ་རྫོགས་པ་དེ་བཞིན་དུ་སྲིད་པ་བར་མ་ན་གནས་པ་ཡང་མའི་རུམ་དུ་རབ་ཏུ་འཇུག་པའོ། །བྱེ་བ་བརྒྱ་ཡང་འདིའི་འོད་ཀྱི་སྣང་བས་གསལ་བར་བྱེད་དོ། །ཇི་སྐད་དུ་བཟང་སྐྱོང་གིས་ཞུས་པའི་མདོ་ལས་གསུངས་ཏེ། དེ་ཡང་འབྱུང་བ་ཆེན་པོ་རྣམས་རབ་ཏུ་ སྤངས་ཏེ་ལྷའི་དྲན་པ་རབ་ཏུ་ཐོབ་ཅིང་འདོད་པ་དྲུག་ལ་སྤྱོད་པའི་ལྷ་མཐོང་བ་དང་དམྱལ་བ་བཅུ་དྲུག་མཐོང་ངོ་། །དེ་ཡང་རྐང་པ་དང་ལག་པ་མ་ཚང་བ་མེད་ཅིང་རང་གི་ངོ་བོར་སྣང་བར་འགྱུར་རོ། །འདི་ལྟར་ཡང་བདག་གི་ལུས་དེ་དང་དེ་ནི་འདི་ཡིན་ནོ་ཞེས་རབ་ཏུ་ཤེས་སོ། །དེ་ཡང་ཇི་སྐད་དུ་མཛོད་ 35-1-123b ཀྱི་ཚིག་ལེའུར་བྱས་པ་ལས། སྔོན་དུས་སྲིད་པའི་ཤ་ཚུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་ལྡན། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །རིས་མཐུན་ལྷ་མིག་དག་པས་མཐོང་། །ཞེས་གསུངས་པའོ། །འདིས་བསྐྱེད་པའི་རིམ་པ་སྒོམ་པར་བྱེད་པ་རྣམས་ཀྱིས་ཀྱང་རྣལ་ འབྱོར་དང་རྗེས་སུ་རྣལ་འབྱོར་གྱི་རིམ་པས་ལྷའི་སྐུ་བསྐྱེད་པ་བསྟན་ཏེ། ཇི་ལྟར་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལོངས་སྤྱོད་རྫོགས་པའི་སྐུས་མི་རྣམས་ཀྱི་དོན་མཛད་པར་མི་སྤྱོད་པས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རྗེས་སུ་ཞུགས་པས་ སྤྲུལ་པའི་སྐུ་འཛིན་པའི་དོན་དུ་མངལ་དུ་འཇུག་པ་ཉེ་བར་བསྟན་པ་དེ་བཞིན་དུ་སྲིད་པ་བར་མ་ན་གནས་པ་ཡང་ཉིན་ཞག་བདུན་པ་དོར་ཏེ། ཐོག་མ་མེད་པའི་རང་གི་རྣམ་པར་རྟོག་པའི་བག་ཆགས་ལས་བྱུང་བའི་ལས་ཀྱིས་ཡང་དག་པར་བསྐུལ་ཏེ་རིམ་པ་འདིས་སྐྱེ་བ་ལེན་ཏོ། །དེ་ལ་རིམ་པ་ ནི་འདི་ཡིན་ཏེ། དང་པོའི་བསྐལ་པའི་མི་རྣམས་བདུད་རྩི་ཟ་བ་ནས་ཇི་སྲིད་དུ་འབྲས་ཆན་ཟ་བ་ཡན་ཆད་ཀྱིས་ལུས་སྲ་བ་དང་ལྕི་བ་ཉིད་ཀྱིས་ནོན་ཏེ། འོད་མི་སྣང་བར་འགྱུར་རོ། །དེའི་འོག་ཏུ་མུན་པ་སྐྱེས་པས་ཉི་མ་དང་ཟླ་བ་དག་འཇིག་རྟེན་དུ་རབ་ཏུ་བྱུང་བའོ། །དེ་ནས་ཐབས་དང་ཤེས་ རབ་ཀྱི་རྣམ་པར་དབྱེ་བ་བསྟན་པའི་ཆེད་དུ་དེ་དག་གི་ཕོ་དང་མོའི་དབང་པོ་རབ་ཏུ་དོད་ཅིང་དབྱིབས་ཐ་དད་ཅིང་། དེ་དག་སྔོན་གོམས་པའི་དབང་གིས་གཅིག་ལ་གཅིག་ལྟ་ཞིང་ཕན་ཚུན་དུ་ཆགས་པའི་སེམས་སྐྱེའོ། །གང་གི་ཕྱིར་ལོག་པར་ཞུགས་པ་དེ་ནས་བརྩམས་ཏེ་ཕོ་དང་མོ་ཞེས་བྱ་ བའི་མིང་དུ་འཇིག་རྟེན་དུ་གྲགས་སོ། །དེ་ནས་དྲི་ཟ་ཉེ་བར་འཁོར་བའི་སེམས་ཅན་གནས་སྐབས་གསུམ་ཉེ་བར་གྱུར་པས་མའི་རུམ་དུ་མངལ་དུ་འཇུག་པར་འགྱུར་ཏེ། མོ་ནད་མེད་པ་དང་། ཁྲག་དང་ལྡན་པ་དང་། མ་དང་ཕ་རྗེས་སུ་ཆགས་པར་འགྱུར་བའོ། །དེ་ནས་དེ་དག་ཕན་ཚུན་རྗེས་ སུ་ཆགས་པས་རྡོ་རྗེ་བྱིན་གྱིས་བརླབས་ནས་འཁྱུད་པ་དང་འོ་བྱ་བ་ལ་སོགས་པའི་བྱ་བས་དབང་པོ་གཉིས་མཉམ་པར་སྦྱོར་བ་མཐོང་བས་འདོད་པ་ཉེ་བར་ལེན་པའི་ཕྱིར་སྲིད་པ་བར་མ་སྤངས་ཏེ་རྟ་ཞོན་པ་བཞིན་རྣམ་པར་ཤེས་པའི་བདག་པོ་ཐུགས་རྡོ་རྗེ་རླུང་གི་བཞོན་པ་ལ་ཡང་དག་པར་ 35-1-124a ཞོན་ནས་ཤིན་ཏུ་མྱུར་བར་འོང་ཞིང་སྐད་ཅིག་ཐང་ཅིག་གམ་ཡུད་ཙམ་གྱིས་ཡེ་ཤེས་སེམས་དཔའ་ལྟར་རྣམ་པར་སྣང་མཛད་ཀྱི་སྒོ་ནས་ཞུགས་ཏེ། ཡེ་ཤེས་ཀྱི་ས་ཐོབ་ནས་ཐབས་ཀྱི་ཡེ་ཤེས་དང་ལྷན་ཅིག་གཉིས་སུ་མེད་པར་གྱུར་ནས་ཤིན་ཏུ་དགའ་བར་ཆུད་པའི་ སྙིང་པོ་ཡིན་ཏེ། རྒྱུད་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་གསུངས་པའི་རིགས་པ་དང་། ཤེས་རབ་ཀྱི་མདོ་ལས་གཉིས་ཀ་མཆོག་ཏུ་དགའ་བའི་བདེ་བས་ཚིམ་པར་བྱས་པས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཡང་དག་པར་བསྐུལ་ ཏེ། གཉི་གའང་མཆོག་ཏུ་དགའ་བའི་བདེ་བས་ཚིམ་པར་བྱའོ། །ཨཱ་ལི་དང་ཀཱ་ལི་རྣམས་གཅིག་ཏུ་གྱུར་ནས་ཁམས་ཕྲ་བ་ལ་ཞུགས་པས་ཤེས་རབ་དང་། ཡེ་ཤེས་ཀྱི་འོད་ཟེར་ཤར་བས་གཉི་ག་ཡང་ཞུ་བར་གྱུར་ཏེ་ཁུ་བ་དང་ཁྲག་ཡང་དག་པར་འདྲེས་ནས་སྐྱེ་གནས་ཀྱི་དབུས་ སུ་ཐིག་ལེའི་གཟུགས་སུ་བབས་སོ་ཞེས་གསུངས་སོ། །འདིའི་དོན་གསལ་བར་གསུངས་པ། རྩ་བའི་རྒྱུད་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བཙུན་མོའི་བྷ་ག་ལ་ཞུགས་སོ་ཞེས་གསུངས་སོ། །དེའི་འོག་ཏུ་རིམ་གྱིས་འཕེལ་ཏེ། དང་པོར་ མེར་མེར་པོའི་རྣམ་པའོ། །མེར་མེར་པོ་ལས་ལྟར་ལྟར་པོར་འགྱུར། ལྟར་ལྟར་པོ་ལས་གོར་གོར་པོའོ། །གོར་གོར་པོ་ལས་མཁྲང་གྱུར། མཁྲང་གྱུར་ལ ཡང་རླུང་གིས་བསྐུལ་ཏེ། དེས་རྐང་ལག་འགྱུས་ཏེ་གནས་སྐབས་ལྔ་གསལ་བར་འགྱུར་རོ། །དེའི་འོག་ཏུ་སྐྲ་དང་། ཁ་སྤུ་དང་། སེན་མོ་ལ་སོགས་པ་དང་། དབང་པོ་རྣམས་དང་། གཟུགས་དང་མཚན་མ་རྣམས་རིམ་གྱིས་སྐྱེའོ། །དེ་ཡང་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པ་ལས་ས་བོན་གྱི་གནས་སྐབས་ནས་བརྩམས་ཏེ་གནས་སྐབས་ལྔ་ངེས་པར་སྐྱེའོ། །དེ་ལ་མེར་མེར་པོ་ནི་མི་བསྐྱོད་ པའོ། །ལྟར་ལྟར་པོ་ནི་རིན་ཆེན་འབྱུང་ལྡན་གྱིའོ། །གོར་གོར་ནི་འོད་དཔག་མེད་ཀྱིའོ། །མཁྲང་གྱུར་ནི་དོན་ཡོད་གྲུབ་པའིའོ། །རྐང་ལག་འགྱུས་པ་ནི་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབས་པའོ། །ཁྲག་གི་ཡང་གནས་སྐབས་ལྔར་བསྟན་པར་བྱ་སྟེ། དེ་ལ་ཞུ་བ་ནི་མི་བསྐྱོད་ 35-1-124b པའོ། །དམར་པོ་ནི་འོད་དཔག་མེད་ཀྱིའོ། །གོར་གོར་པོ་ནི་རིན་ཆེན་འབྱུང་ལྡན་གྱིའོ། །མཁྲང་གྱུར་ནི་དོན་ཡོད་པར་གྲུབ་པའོ། །ཡང་དག་པར་འདྲེས་པ་ནི་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབས་པའོ། །དེ་ཡང་། སྐྱེ་གནས་དབུས་ཀྱི་རྩ་གཉིས་ནི། །གཡས་དང་གཡོན་ན་ དེ་བཞིན་གནས། །གཡོན་ན་ཁུ་བ་ཤེས་པར་བྱ། །གཡས་པ་ན་ནི་ཁྲག་ཉིད་དེ། །དེ་དག་གཅིག་ཏུ་འདྲེས་པ་ཉིད། །ཆོས་ཀྱི་དབྱིངས་སུ་བསྡུས་པ་ཡིན། །ཞེས་གསུངས་སོ། །དེ་ལྟར་ན་མེར་མེར་པོ་ལ་སོགས་པས་ས་བོན་དང་མྱུ་གུ་བཞིན་ཡོངས་སུ་སྨིན་པ་ཐོབ་སྟེ། མངལ་ གྱི་སྣོད་ཀྱི་ནང་དུ་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་རླུང་རྒྱུ་བ་གང་དག་གིས་མངལ་གྱི་སྣོད་ཡོངས་སུ་བསྒྱུར་ནས་མའི་རུམ་ནས་ཆོས་ཀྱི་འབྱུང་གནས་ཀྱི་སྒོར་མངོན་པར་ཕྱོགས་ཤིང་གནས་པར་འགྱུར་རོ། །དེ་ཡང་ཕོ་ཞིག་ཡིན་ན་མའི་རུམ་གྱི་གཡས་སུ་བརྟེན་ཅིང་རྒྱབ་ཏུ་མངོན་ པར་བལྟས་ཏེ་ཙོག་ཙོག་པོར་གནས་སོ། །གལ་ཏེ་མོ་ཞིག་ན་དེའི་ཕྱིར་མངལ་གྱི་གཡོན་དུ་བརྟེན་ཏེ་ལྟེ་བར་མངོན་པར་བལྟས་ཏེ་གནས་སོ། །དེའི་འོག་ཏུ་ཟླ་བ་བཅུའི་ཐ་མར་རྩ་བའི་རྒྱུད་ལས་གསུངས་པའི་དམ་ཚིག་འབྱུང་བའི་རྡོ་རྗེའི་ཏིང་ངེ་འཛིན་ལ་ཡང་དག་པར་བསྟན་པའི་རིམ་པས་ མའི་མངལ་ནས་འཐོན་པར་གྱུར་ཏེ། དེའི་ཕྱིར་དྲི་ཟ་ཉེ་བར་འཁོར་གྱི་སེམས་ཅན་ཤའི་མིག་གི་ཡུལ་དུ་གྱུར་ཏོ། །དེ་ལྟར་རྩ་བའི་རྒྱུད་ལས་གསུངས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཞལ་གསུམ་པ་ལྟ་བུར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡང་ དག་པར་གཟིགས་པར་གྱུར་ཏོ་ཞེས་གསུངས་སོ། །འདིར་གསུངས་པ། ཆུ་ཡི་ཁམས་ནི་ཕ་ཡིན་ཏེ། །མེ་ཡི་ཁམས་ནི་མ་ཞེས་བྱ། །པགས་པ་ཤ་དང་ཁྲག་རྣམས་ནི། །མ་ཞེས་སུ་ནི་བསྟན་པ་ཡིན། །རུས་པ་རྐང་དང་ཁུ་བ་རྣམས། །ཕ་ཞེས་སུ་ཡང་བསྟན་པ་ཡིན། །དེ་ཙམ་ཞིག་ཏུ་བསྟན་པ་ཡིན། ། ལུས་ཀྱི་གོང་བུ་བསྡུས་པའོ། །གཟུགས་དང་ཚོར་བ་འདུ་ཤེས་དང་། །འདུ་བྱེད་རྣམ་པར་ཤེས་པ་ཉིད། །ཕུང་པོ་ལ་སོགས་སངས་རྒྱས་ལྔའི། རང་བཞིན་དངོས་ཞེས་བསྟན་པ་ཡིན། །ཞེས་བཅོམ་ལྡན་འདས་ཀྱིས་ལྷ་མོ་བཞིས་ཞུས་པའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་གསུངས་སོ། །གཞུང་ 35-1-125a འདིས་རྣལ་འབྱོར་བཞི་ལས་བསྒྲུབས་པ་ནི་བདག་ཡིན་ནོ་ཞེས་སྔགས་པས་ང་རྒྱལ་བསྐྱེད་པར་བྱའོ་ཞེས་བསྟན་ཏོ། །རྣམ་པར་དགོད་པ་བསྟན་པའི་རིམ་པར་ཕྱེ་བ་སྟེ་དང་པོའོ།། །།ད་ནི་རྣམ་པར་གཞག་པའི་རིམ་པ་གཉིས་པ་ཉེ་བར་བསྟན་པའི་ ཕྱིར་དང་པོ་ཁོ་ནར་སྐུའི་དཀྱིལ་འཁོར་རྣམ་པར་བཤད་པར་བྱ་སྟེ། ཚངས་པའི་ཐིག་ནས་ཡང་དག་བརྩམ། །གྲུ་བཞི་པ་རུ་རྣམ་པར་དབྱེ། །གཞལ་ཡས་ཁང་ལྟར་སྣང་བ་ཡིས། །རྣལ་འབྱོར་པ་ཡི་སྐུ་དཀྱིལ་འཁོར། །དེ་སྐད་དུ། བྷ་གའི་དཀྱིལ་འཁོར་ཞེས་བྱ་དང་། ། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་། །དཀྱིལ་འཁོར་ལུས་སུ་གསུངས་པ་སྟེ། །དཀྱིལ་འཁོར་རྣམ་པ་གསུམ་དུ་བརྟགས། །ཞེས་འདུས་པའི་རྒྱུད་ཕྱི་མ་ལས་གསུངས་སོ། །དེ་ལྟར་གྱུར་པའི་རང་གི་ལུས་ཀྱི་དཀྱིལ་འཁོར་ལ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རང་བཞིན་ གྱིས་ལྷ་རྣམས་དགོད་པའི་རྒྱུ་དང་འབྲས་བུ་གསུངས་པ། དེ་ལ་གཟུགས་ཀྱི་ཕུང་པོ་ནི་རྣམ་པར་སྣང་མཛད་། ཚོར་བའི་ཕུང་པོ་ནི་རིན་ཆེན་འབྱུང་ལྡན། འདུ་ཤེས་ཀྱི་ཕུང་པོ་ནི་འོད་དཔག་མེད། འདུ་བྱེད་ཀྱི་ཕུང་པོ་ནི་དོན་ཡོད་གྲུབ་པ། རྣམ་པར་ཤེས་པ་ནི་མི་བསྐྱོད་པའོ། །དེའི་ཕྱིར་ རྩ་བའི་རྒྱུད་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔ་རུ་རབ་ཏུ་བསྒྲགས། །ཞེས་གསུངས་སོ། །དེས་ན་ཕུང་པོ་ལ་སོགས་པའི་མཚན་ཉིད་ཤེས་པར་བྱ་སྟེ། དེ་བཞིན་གཤེགས་པ་ལྔ་དགོད་པ་ལས། ཕུང་པོ་ལྔ་བྱང་ཆུབ་ཀྱི་རྒྱུར་འགྱུར་ཏེ། ཇི་སྐད་དུ་རྩ་བའི་རྒྱུད་ ལས། གཏི་མུག་ཞེ་སྡང་ཆགས་པ་དང་། །ཡིད་བཞིན་ནོར་བུ་དམ་ཚིག་རྣམས། །དེ་ལྟར་རིགས་ནི་ལྔ་ཉིད་དེ། །འདོད་དང་ཐར་པ་རབ་སྒྲུབ་བྱེད། །ཅེས་གསུངས་སོ། །ལྷ་མོ་རྣམས་རྣམ་པར་གཞག་པ་གསུངས་པ། གཏི་མུག་དགའ་མ་སྤྱན་མ་ནི་སའི་ཁམས་སོ། །ཞེ་སྡང་ དགའ་མ་མཱ་མ་ཀཱི་ནི་ཆུའི་ཁམས་སོ། །འདོད་ཆགས་དགའ་མ་གོས་དཀར་མོ་ནི་མེའི་ཁམས་སོ། །རྡོ་རྗེ་དགའ་མ་སྒྲོལ་མ་ནི་རླུང་གི་ཁམས་སོ། །དོན་དེ་ཉིད་གསལ་བར་བྱ་བའི་ཕྱིར་རྩ་བའི་རྒྱུད་ལས། ས་ཡི་ཁམས་ནི་སྤྱན་མར་བཤད། །ཆུ་ཡི་ཁམས་ནི་མཱ་མ་ཀཱི། །མེ་ནི་གོས་ 35-1-125b དཀར་མོར་བཤད་དེ། །རླུང་ནི་སྒྲོལ་མར་རབ་ཏུ་གྲགས། །ཞེས་གསུངས་སོ། །དེ་ལྟར་ཁམས་རྣམས་ཀྱི་ཡང་རང་གི་མཚན་ཉིད་ཤེས་པར་བྱ་སྟེ། ལྷ་མོ་རྣམས་བཀོད་པས་ཁམས་རྣམས་ཀྱིས་སངས་རྒྱས་ཉིད་སྩོལ་བར་འགྱུར་རོ། །མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ལ་བྱང་ཆུབ་ སེམས་དཔའ་རྣམས་དགོད་པའི་རྒྱུ་དང་འབྲས་བུ་གསུངས་པ། བཅོམ་ལྡན་འདས་ཐུགས་རྡོ་རྗེ་དེ་ཉིད་ཀྱིས་སའི་སྙིང་པོའི་ཏིང་ངེ་འཛིན་མིག་གི་དབང་པོ་ལ་བཀོད་པས་གཟུགས་གསུམ་ལ་འོད་གསལ་བས་ཐོགས་པ་མེད་པའི་རྡོ་རྗེའི་མིག་གི་དབང་པོ་སྩོལ་བར་འགྱུར་རོ། །དེ་བཞིན་དུ་ཕྱག་ན་རྡོ་རྗེ་ རྣ་བ་ལ་བཀོད་པས་སྒྲ་གསུམ་ལ་དེ་བཞིན་དུ་ཐོགས་པ་མེད་པའི་རྡོ་རྗེའི་རྣ་བའི་དབང་པོ་རབ་ཏུ་སྩོལ་ལོ། །ནམ་མཁའི་སྙིང་པོ་སྣ་ལ་བཀོད་པས་དྲི་གསུམ་ལ་ཐོགས་པ་མེད་པའི་རྡོ་རྗེ་སྣའི་དབང་པོ་རབ་ཏུ་སྩོལ་ལོ། །འཇིག་རྟེན་དབང་ཕྱུག་ལྕེ་ལ་བཀོད་པས་རོ་གསུམ་ལ་ཐོགས་པ་མེད་པའི་རྡོ་རྗེ་ ལྕེའི་དབང་པོ་རབ་ཏུ་སྟེར་རོ། །བཅོམ་ལྡན་འདས་འཇམ་དཔལ་འཇུག་པའི་རྣམ་པར་ཤེས་པ་མཐའ་དྲུག་ལ་བཀོད་པས་ཡེ་ཤེས་གསུམ་ལ་ཐོགས་པ་མེད་པའི་གཞན་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་རབ་ཏུ་སྩོལ་ལོ། །བཅོམ་ལྡན་འདས་སྒྲིབ་པ་རྣམ་པར་སེལ་བ་ལུས་ཀྱི་དབང་ པོ་ལ་བཀོད་པས་སྒྲིབ་པ་མེད་པར་ནང་གི་ཁམས་རྣམས་གཅིག་ལ་གཅིག་བསྡུས་ཏེ་སྐྱེ་བ་ལ་རབ་ཏུ་ཞུགས་ནས་རྡོ་རྗེའི་སྐུ་རབ་ཏུ་བསྒྲུབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀུན་དུ་བཟང་པོ་ཚིགས་ཐམས་ཅད་ལ་བཀོད་པས་འོད་གསལ་དུ་ཚིགས་ཐམས་ཅད་གཟིགས་པར་འགྱུར་རོ། ། བཅོམ་ལྡན་འདས་བྱམས་པ་རྒྱུས་པའི་རང་བཞིན་ལ་བཀོད་པས་རྒྱུས་པའི་རང་བཞིན་འོད་གསལ་བར་རབ་ཏུ་འཇུག་གོ། །བཅོམ་ལྡན་འདས་དེ་ཉིད་གཟུགས་གསུམ་གྱི་རྣམ་པས་ཕྱི་རོལ་ལྟ་བུར་སྣང་བས་མིག་གི་དབང་པོ་ལ་བདེ་བ་སྩོལ་བའི་གཟུགས་རྡོ་རྗེའོ། །དེ་ལྟར་སྒྲ་རྡོ་རྗེ་ལ་སོགས་ པ་རྣམས་ཀྱང་ཁོང་དུ་ཆུད་པར་བྱའོ། །ཇི་སྐད་དུ། རྣལ་འབྱོར་ཐམས་ཅད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཁམས་གསུམ་པ་ནི་མ་ལུས་ཀུན། །དེ་ཡི་ཉེ་བར་ལོངས་སྤྱོད་ཉིད། །ཅེས་བདེ་མཆོག་ལས་གསུངས་ཏེ་འདིས་ལྷ་མོ་རྣམས་དགོད་པའི་རང་བཞིན་ 35-1-126a ཡོངས་སུ་ཤེས་པས་ཡུལ་རྣམ་པར་དག་པ་བསྒྲུབ་པར་འགྱུར་རོ། །དོན་འདི་ཉིད་གསལ་བར་རྩ་བའི་རྒྱུད་ལས། རྡོ་རྗེ་སྐྱེ་མཆེད་ཉིད་དག་ཀྱང་། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་པ་དང་། གཟུགས་སྒྲ་དྲི་རོ་སྔགས་པ་ཡིས། །ལྷ་རྣམས་སུ་ ནི་རྟག་པར་བསྒོམ། །ཞེས་གསུངས་པས་སོ། །ཡན་ལག་ཐམས་ཅད་ལ་ཁྲོ་བོ་རྣམས་བཀོད་པའི་རྒྱུ་དང་འབྲས་བུ་གསུངས་པ། ལག་པ་གཡས་ལ་གཤིན་རྗེ་གཤེད། །གཡོན་ལ་གཞན་གྱིས་མི་ཐུབ་པ། །ཁ་ཡི་པདྨར་རྟ་མགྲིན་བསམ། །རྡོ་རྗེར་བདུད་རྩི་འཁྱིལ་པ་སྟེ། །དཔུང་པ་ གཡས་པར་མི་གཡོ་བ། །གཡོན་པར་འདོད་པའི་རྒྱལ་པོའོ། །པུས་མོ་གཡས་པར་བསམ་བྱ་བ། །དབྱུག་པ་སྔོན་པོ་འབར་ཆེན་པོ། །པུས་མོ་གཡོན་ལ་སྟོབས་པོ་ཆེ། །སྤྱི་བོར་གཙུག་ཏོར་འཁོར་ལོས་སྒྱུར། །རྐང་མཐིལ་གཉིས་སུ་བསམ་བྱ་བ། །གནོད་མཛེས་རྒྱལ་པོ་རྣམ་པར་ བསམ། །ཁྲོ་བོའི་རྒྱལ་པོ་འདི་དག་ནི་སྒྲུབ་པ་པོའི་ཡན་ལག་ལ་བཀོད་པས་འབད་པ་མེད་པར་ཞལ་གསུམ་ཕྱག་དྲུག་པའི་རྣམ་པ་ལྟ་བུ་ཉིད་ཀྱི་སྐུའི་དཀྱིལ་འཁོར་ལས་བྱུང་ནས་ཕྱོགས་བཅུའི་བགེགས་ཀྱི་ཚོགས་ལ་བསྡིགས་པར་མཛད་དོ། །འདིར་རྩ་བའི་རྒྱུད་ལས། ཁྲོ་བོ་ཞེ་སྡང་ གནས་ལས་སྐྱེས། །རྟག་ཏུ་གསོད་ལ་བརྩོན་པ་སྟེ། །གསོད་པའི་དོན་གྱིས་འགྲུབ་པར་འགྱུར། །སྒྲུབ་པའི་མཆོག་ལ་ཆོས་ཅན་ཡིན། །ཞེས་གསུངས་སོ། །སྐུའི་དཀྱིལ་འཁོར་རྣམ་པར་གཞག་པའི་རིམ་པར་ཕྱེ་བ་སྟེ་གཉིས་པའོ།། །།སྐུའི་དཀྱིལ་འཁོར་ལ་ལྷ་ རྣམས་དགོད་པའི་རྒྱུ་དང་འབྲས་བུ་རྟོགས་པའི་སྔགས་པས་གཞན་གྱི་དོན་བསྒྲུབ་པའི་ཕྱིར་སྐུའི་དཀྱིལ་འཁོར་ལས་ཕྱུང་བའི་དཀྱིལ་འཁོར་རིམ་པ་འདིས་སྤྲུལ་པར་བྱ་སྟེ། དེའི་རིམ་པ་ནི་འདི་ཡིན་ཏེ། སེམས་ལས་རང་གི་རིགས་ཀྱི་བུ་མོ་སྤྲོ་བ་འམ། ཡང་ན་ཕྱི་རོལ་གྱི་བུ་མོ་བླངས་ལ་སྒྲུབ་ ཐབས་ལས་གསུངས་པའི་རིམ་པས་དབང་པོ་གཉིས་མཉམ་པར་སྦྱོར་བ་བྱས་ཏེ། སྔོན་དུ་གསུངས་པའི་རིམ་པས་གཞལ་ཡས་ཁང་བསྒྲུབས་ལ་བྱང་ཆུབ་ཀྱི་སེམས་ལས་སྒྲུབ་ཅིང་བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པའི་སྔགས་བརྗོད་དེ་ལྷ་ཐམས་ཅད་ཀྱི་འཁོར་ལོ་སྤྲོ་བར་བྱའོ། །ཕྱུང་ 35-1-126b བའི་དཀྱིལ་འཁོར་བའི་སྔགས་བསྟན་པར་བྱ་སྟེ། མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་སྟོན་པའི་རྡོ་རྗེ་བསྣམས་པས་ན་རྡོ་རྗེ་འཆང་ངོ་། །འདིས་ཉོན་མོངས་པ་ཞེ་སྡང་རྣམ་པར་སྦྱངས་ནས་སླར་བྱོན་ཏེ་རྡོ་རྗེ་འཆང་ཆེན་པོ་དང་གཉིས་སུ་མེད་པར་གྱུར་ཏེ། ཁ་སྦྱར་གྱི་སྦྱོར་བས་མི་བསྐྱོད་པའི་གཟུགས་ ཀྱིས་བཞུགས་སོ། །དེ་བཞིན་དུ་རྩིབས་བཅུ་གཉིས་པའི་ཆོས་ཀྱི་འཁོར་ལོས་བདུད་བཞི་ལས་རྒྱལ་བས་ན་རྒྱལ་བའི་རྒྱལ་བའོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་རིན་པོ་ཆེ་འཛིན་པས་ན་རིན་ཆེན་འཆང་ངོ་། །ཨཱ་ནི་མ་ལུས་པའོ། །རོ་ནི་འཁོར་བ་སྟེ་འཁོར་བ་ལས་འདས་ ཤིང་འགྲོ་བས་ན་འཁོར་འདས་སོ། །རྣམ་པར་འབྱེད་པའི་མཚན་ཉིད་ནི་ཤེས་རབ་སྟེ། དེ་འཛིན་པས་ན་ཤེས་རབ་འཆང་ངོ་། །གཏི་མུག་ནི་རྣམ་པར་སྣང་མཛད་དེ། དེ་ལ་དགའ་བས་ན་གཏི་མུག་དགའ་མའོ། །ཞེ་སྡང་ནི་མི་བསྐྱོད་པ་སྟེ། དེ་ལ་དགའ་བས་ན་ཞེ་སྡང་དགའ་མའོ། ། འདོད་ཆགས་ནི་འོད་དཔག་མེད་དོ། །དེ་ལ་དགའ་བས་ན་འདོད་ཆགས་དགའ་མའོ། །རྡོ་རྗེ་ནི་དོན་ཡོད་པར་གྲུབ་པ་སྟེ། དེ་ལ་དགའ་བས་ན་རྡོ་རྗེ་དགའ་མའོ། །ས་ལྟར་མི་གཡོ་བའི་ཏིང་ངེ་འཛིན་དེ་ཉིད་སྙིང་པོ་སྟེ། ནང་གི་བདག་ཉིད་གང་ལ་ཡོད་པ་དེ་ནི་སའི་སྙིང་པོའོ། །ཡེ་ཤེས་ལྔའི་རང་ བཞིན་གྱི་རྡོ་རྗེ་འཆང་བར་མཛད་པས་ན་ཕྱག་ན་རྡོ་རྗེའོ། །ནམ་མཁའ་ནི་སྒྲིབ་པ་དང་བྲལ་བའི་ཡེ་ཤེས་ཏེ་དེ་ཉིད་སྙིང་པོ་སྟེ་ནམ་མཁའི་སྙིང་པོའོ། །ཏིང་ངེ་འཛིན་གྱི་སྟོབས་ཀྱིས་འཇིག་རྟེན་རྣམས་དབང་དུ་བྱེད་པས་ན་འཇིག་རྟེན་དབང་ཕྱུག་གོ། །འོད་གསལ་ཞིང་ཡིད་དུ་འོང་བའི་ཏིང་ངེ་འཛིན་ གྱིས་བསྐུལ་བའི་དཔལ་ཡོད་པས་ན་འཇམ་དཔལ་ལོ། །སྒྲིབ་པ་ཐམས་ཅད་ནི་ཉོན་མོངས་པ་རྣམས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་མནན་པས་ན་སྒྲིབ་པ་ཐམས་ཅད་སེལ་བའོ། །ཀུན་ནས་མཛེས་པས་ན་ཀུན་དུ་བཟང་པོའོ། །བྱམས་པའི་ཡོན་ཏན་གང་ལ་ཡོད་པ་ནི་བྱམས་པའོ། ། བལྟ་བར་བྱ་བས་ན་གཟུགས་སོ། །མཉན་པར་བྱ་བས་ན་སྒྲའོ། །བསྣམ་པར་བྱ་བས་ན་དྲིའོ། །མྱང་བར་བྱ་བས་ན་རོའོ། །རེག་པར་བྱ་བས་ན་རེག་བྱའོ། །རྡོ་རྗེའི་སྒྲས་ནི་དེ་དག་གི་ཏིང་ངེ་འཛིན་གྱིས་གཟུགས་ལ་སོགས་པ་རྣམ་པར་དག་པ་བསྟན་ཏོ། །གཤིན་རྗེ་ནི་དམྱལ་བ་སྟེ་དེ་ 35-1-127a འཇོམས་པ་དང་ལྡན་པའི་ཕྱིར་ཏེ། ཁྲོ་བོ་ཆེན་པོའི་ཏིང་ངེ་འཛིན་གྱིས་མཐར་བྱེད་པས་ན་གཤིན་རྗེ་མཐར་བྱེད་དོ། །ཤེས་རབ་ཀྱིས་འཆིང་བ་རྣམས་མཐར་བྱེད་པས་ན་ཤེས་རབ་མཐར་བྱེད་དོ། །པདྨ་ལྟར་འདོད་ཆགས་ལ་སོགས་པ་རྣམ་པར་དག་པས་ན་པདྨ་མཐར་བྱེད་དོ། ། བགེགས་ནི་བདུད་བཞི་སྟེ་དེ་འཇོམས་པ་དང་ལྡན་པས་ན་ཁྲོ་བོ་ཆེན་པོའི་ཏིང་ངེ་འཛིན་གྱིས་དེ་རྣམས་མཐར་བྱེད་པས་ན་བགེགས་མཐར་བྱེད་དོ། །འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་རྟག་ཏུ་སེམས་རབ་ཏུ་བསྐྱོད་པ་རྣམས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་མནན་ཅིང་བཅོམ་པས་ན་མི་གཡོ་བའོ། ། ཊཀྐི་ནི་འདོད་པའི་འདོད་ཆགས་ཏེ། དེ་བསལ་བར་བྱེད་ཅིང་རྣམ་པར་དག་པར་བྱེད་པས་ན་འདོད་པའི་རྒྱལ་པོའོ། །སྔོན་པོ་ནི་སེམས་ཅན་རྣམས་ཀྱི་སྡིག་པའི་ལས་སོ། །དབྱིག་པ་ནི་དེ་ཆད་པས་ཚར་གཅོད་པ་སྟེ། དེ་བྱེད་པས་ན་དབྱུག་སྔོན་ནོ། །དོན་དམ་པའི་སྟོབས་ཀྱིས་སེམས་ཅན་ རྣམས་ཀྱི་ཉེ་བའི་ཉོན་མོངས་པ་འཇོམས་པར་བྱེད་པས་ན་སྟོབས་པོ་ཆེའོ། །སེམས་ཅན་རྣམས་ལ་ཁམས་གསུམ་ལས་རྣམ་པར་སྒྲོལ་བའི་ཡེ་ཤེས་སྩོལ་བས་ན་གཙུག་ཏོར་འཁོར་ལོས་སྒྱུར་བའོ། །ཕྱོགས་བཅུའི་བགེགས་ཀྱི་ཚོགས་ངེས་པར་བཀུག་ནས་ཕུར་བུས་འདེབས་པས་ན་གནོད་ མཛེས་རྒྱལ་པོའོ། །ལྷ་སུམ་ཅུ་རྩ་གཉིས་པོ་འདི་དག་གི་སྤྲུལ་པའི་སྐུ་ཞལ་གསུམ་ཕྱག་དྲུག་པ་མཚན་མའི་ཕྱག་མཚན་སྣ་ཚོགས་ཕྱག་ན་བསྣམས་པ་རྣམས་བྱང་ཆུབ་ཀྱི་སེམས་ལས་སྔགས་ཀྱི་གཟུགས་ཀྱིས་སྤྲུལ་པ་ཡང་འབད་པ་མེད་པ་ཉིད་ཀྱིས་སྒྲུབ་པ་པོའི་ལུས་ཀྱི་དཀྱིལ་ འཁོར་ལས་ཕྱུང་སྟེ། བསོད་ནམས་ཀྱི་ཚོགས་འཕེལ་བར་བྱ་བའི་དོན་དུ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སྤྱོད་པའི་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་སྒྲིབ་པ་རྣམས་ཏིང་ངེ་འཛིན་དེ་དང་དེས་སྦྱངས་ནས་སླར་བྱོན་ཏེ་རང་རང་གི་སྟན་ལ་བཞུགས་པར་གྱུར་ཏོ། །རྡོ་རྗེ་དང་། འཁོར་ ལོ་དང་། རིན་པོ་ཆེ་དང་། པདྨ་དང་། རལ་གྲི་དང་། དྲིལ་བུ་རྣམ་གྲངས་བཞིན་དུ་དེ་བཞིན་གཤེགས་པ་དྲུག་གི་མཚན་མར་གསུངས་ཏེ། དེ་ཉིད་ནི་མཚོན་ཆ་ལྟ་བུར་བསྣམས་སོ། །ཞི་བ་དང་རྒྱས་པ་ལ་སོགས་པའི་ལས་ཀྱི་དབྱེ་བས་ཁ་དོག་སོ་སོར་བྱའོ། །རིན་པོ་ཆེ་ཐམས་ཅད་དང་ 35-1-127b ལྡན་པའི་ཕྱིར་མདོག་ཨིནྡྲ་ནཱི་ལ་ལྟ་བུའོ། །ཕྱུང་བའི་དཀྱིལ་འཁོར་འདི་ཉིད་བཤད་པའི་ཕྱིར་རྩ་བའི་རྒྱུད་ལས། དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པ་དེ་བཞིན་གཤེགས་པ་ཐམས་ཅད་བཙུན་མོའི་བྷ་ག་ལ་རྡུལ་དང་བྲལ་བའི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་བྱིན་གྱིས་བརླབས་པ་ ནི། གསལ་བ་དེ་ཡི་ངོ་བོ་ཉིད། །སྣ་ཚོགས་གཟུགས་ཀྱིས་ཀུན་དུ་མཚན། །སངས་རྒྱས་སྤྲིན་གྱིས་ཀུན་དུ་ཁྱབ། །འོད་ཟེར་འཕྲོ་བ་མང་པོ་འཁྲུག །གསལ་བ་ལ་སོགས་དཀྱིལ་འཁོར་ལྡན། །དེ་བཞིན་གཤེགས་པ་ཀུན་གྱི་གཞི། །ཞེས་གསུངས་སོ། །གསོལ་པ། གལ་ཏེ་རྒྱུད་ འདི་ལ་ལག་པའི་ཕྱག་རྒྱ་མེད་ན་འདི་ལྟར་ཕྱག་རྒྱ་བཞིས་རྒྱས་བཏབ་པའི་ལྷའི་སྐྲུ་བསྐྱེད་པར་འགྱུར། བཀའ་སྩལ་པ། སངས་རྒྱས་ཀྱི་ཡོན་ཏན་མ་ལུས་པས་བརྒྱན་པའི་གཞིར་གྱུར་པའི་ལྷའི་སྐུ་ནི་ཕྱག་རྒྱ་ཆེན་པོའོ། །བཙུན་མོ་ནི་དམ་ཚིག་གི་ཕྱག་རྒྱའོ། །སྔགས་ཀྱི་ཡི་གེ་ནི་ཆོས་ཀྱི་ཕྱག་ རྒྱའོ། །གཟུགས་སྣ་ཚོགས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་ཅིང་སྒྲུབ་པ་ནི་ལས་ཀྱི་ཕྱག་རྒྱའོ། །གསོལ་པ། དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་དང་། གཉི་གའི་རྒྱུད་ལས་ནི་ཞལ་གཅིག་པར་རབ་ཏུ་གྲགས་ན། ཅིའི་ཕྱིར་འདིར་ཞལ་གསུམ་པ་ལྟ་བུར་སྣང་བར་འགྱུར། བཀའ་སྩལ་པ། བཅོམ་ལྡན་འདས་ཉིད་ཀྱིས་འདིའི་དོན་བཤད་པའི་རྒྱུད་དགོངས་པ་ལུང་སྟོན་པའི་རྒྱུད་ལས། གང་ཞིག་ཕྱི་ནང་བདག་གྱུར་དང་། །དེ་ཉིད་གཉིས་ཀའི་རྟོག་པ་རྣམས། །གཉིས་སུ་མེད་པར་བཤད་པ་སྟེ། །འདི་ཡི་དེ་ཉིད་ཆེན་པོ་ཡིན། །ལག་པ་གཡོན་པར་རབ་ གྲགས་པའི། །མཐེའུ་ཆུང་ཐ་ལྟག་གུང་མོ་དང་། །དེ་བཞིན་མཛུབ་མོ་མཐེ་བོང་ནི། །རིམ་བཞིན་གཟུགས་ལ་སོགས་པར་གཟུང་། །དེ་རྣམས་དངོས་པོ་མེད་པ་ཡི། །ཤེས་རབ་རྣམ་པར་འབྱེད་མཚན་ཉིད། །ཆོས་ཀྱི་སྐུ་རུ་རྣམ་པར་བཤད། །དེ་བཞིན་ཉིད་དང་གཉིས་མེད་ མིང་། །མི་བསྐྱོད་རིན་ཆེན་དཔག་མེད་དང་། །དོན་ཡོད་རྣམ་སྣང་དེ་བཞིན་གཤེགས། །འདི་དག་ལག་པ་གཡས་པ་ཡི། །མཐེའུ་ཆུང་ལ་སོགས་རིམ་བཞིན་གནས། །གཉིས་ཀ་གཅིག་ཏུ་སྦྱར་བ་ཡི། །འདི་ཡི་དེ་ཉིད་སྐྱབས་གསུམ་པ། །སངས་རྒྱས་ཆོས་དང་དགེ་འདུན་ 35-1-128a ཏེ། །གཅིག་ཀྱང་གསུམ་དུ་བརྟགས་པ་ཡིན། །ཕན་ཚུན་སྦྱོར་བས་རྡོ་རྗེ་སེམས། །ཤེས་རབ་ཐབས་ཀྱི་གོ་འཕང་མཆོག །ཐལ་མོ་སྦྱོར་བ་ཙམ་གྱིས་ནི། །སངས་རྒྱས་ཐམས་ཅད་ཡང་དག་འགུགས། །སྐྱབས་གསུམ་དེ་ཉིད་གསུམ་ཡིན་ཏེ། །སྐུ་ གསུམ་རྣམ་པར་ཐར་གསུམ་གྱི། །ཞལ་གསུམ་ཡིན་ཏེ་མདོག་གསུམ་ཡང་། །སྦྱོར་གསུམ་དམ་ཚིག་གསུམ་སྦྱོར་བས། །ཁམས་གསུམ་དུ་ནི་ལྷ་གསུམ་གྱི། །དཀྱིལ་འཁོར་གསུམ་གྱིས་དུས་གསུམ་དུ། །ལམ་གསུམ་གྱིས་ནི་མཆོག་གསུམ་གྱི། །ཇི་སྙེད་དུ་ནི་རྟོགས་པས་ བསྐུལ། །གསོལ་བ་འདེབས་པ་ཡིད་ལ་བྱེད། །འཇིག་རྟེན་རྣམས་ཀྱི་དོན་རྣམས་བྱེད། །ཡང་དག་སངས་རྒྱས་དེ་མཉེས་འགྱུར། །དེ་ཉིད་འདིར་ནི་ཐལ་མོར་གནས། །སེམས་ཅན་གང་དེ་སངས་རྒྱས་ཡིན། །དེ་བཞིན་ཉིད་དང་གཉིས་མེད་ཆོས། །གནས་མེད་གནས་པའི་སྦྱོར་བ་ ཡིས། །སངས་རྒྱས་ཐམས་ཅད་རྣམ་པར་བཞུགས། །ཞེས་གསུངས་སོ། །གསོལ་པ། འདིར་གསང་བ་འདུས་པའི་དཀྱིལ་འཁོར་ལ་ལྷ་རྣམས་དགོད་པ་སློབ་དཔོན་སྣ་ཚོགས་པའི་གཞུང་འཇིག་རྟེན་དུ་རབ་ཏུ་འཇུག་པར་འགྱུར་ཏེ། དེ་ཇི་ལྟར་སྒྲུབ་པ་པོ་རྣམས་སོམ་ཉི་མ་ མཆིས་པར་འགྱུར། སེམས་དཔའ་ཆེན་པོ་ལེགས་སོ་ལེགས་སོ། །ལུང་དང་རིགས་པས་སོ་སོར་བཤད་པར་བྱའོ། །ཇི་ལྟར་སྐུའི་དཀྱིལ་འཁོར་ལ་ཕུང་པོ་ལ་སོགས་པའི་རང་བཞིན་གྱི་ལྷ་རྣམས་མིང་གིས་དགོད་པ་དེ་བཞིན་དུ་ཕྱུང་བའི་དཀྱིལ་འཁོར་ལ་ཡང་ལྷ་རྣམས་དགོད་ པར་འགྱུར་རོ། །དེ་ལྟ་མོད་ཀྱི་རྩ་བའི་རྒྱུད་ལས་ལྷ་དགོད་པ་རྫོགས་པར་མ་བསྟན་པ་ནི་འདི་ལྟར་སློབ་དཔོན་མེད་པར་འཇུག་པར་མ་གྱུར་ཅིག་སྙམ་དུ་དགོངས་སོ། །དཀྱིལ་འཁོར་དགོད་པ་ཡང་གཅིག་ཏུ་ཡོངས་སུ་རྫོགས་པར་བཅོམ་ལྡན་འདས་ཀྱིས་དཔལ་རྡོ་རྗེ་ཕྲེང་བ་ཞེས་བྱ་བའི་བཤད་ པའི་རྒྱུད་ལས་ཡང་དག་པར་གསུངས་ཏེ་དེ་ལ་འཇུག་པར་བྱའོ། །སེམས་ཀྱིས་གཞན་ནི་མི་བསམ་པར། །སེམས་དཔའ་ཆེན་པོ་མཉན་པར་གྱིས། །རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་ནི་རིམ་བཞིན་གནས། །དང་པོ་སྐུ་ཡི་རྡོ་རྗེ་ནི། །གཟུགས་ཕུང་ལ་ནི་རབ་ཏུ་བཞུགས། ། 35-1-128b རྗེས་སུ་ཆགས་པའི་རྡོ་རྗེ་ནི། །ཚོར་བའི་ཕུང་པོར་རབ་ཏུ་བཞུགས། །བཅོམ་ལྡན་གསུང་གི་རྡོ་རྗེ་ནི། །འདུ་ཤེས་ཀྱི་ནི་ཕུང་པོར་བཞུགས། །མཆོད་པ་ཀུན་གྱི་རྡོ་རྗེ་ནི། །འདུ་བྱེད་ཀྱི་ནི་ཕུང་པོར་བཞུགས། །བཅོམ་ལྡན་ཐུགས་ཀྱི་རྡོ་རྗེ་ནི། །རྣམ་ཤེས་ཕུང་པོར་ཡང་དག་བཞུགས། ། འདི་ཡི་ཤ་སོགས་ས་ཁམས་ལ། །བཅོམ་ལྡན་འདས་ཡུམ་སྤྱན་མ་བཞུགས། །ཁྲག་སོགས་ཆུ་ཡི་ཁམས་ལ་ནི། །བཅོམ་ལྡན་འདས་ཡུམ་མཱ་མ་བཞུགས། །དྲོ་བ་ལ་སོགས་མེ་ཁམས་ལ། །བཅོམ་ལྡན་འདས་ཡུམ་གོས་དཀར་བཞུགས། །བསྐྱོད་པ་ལ་སོགས་རླུང་ཁམས་ ལ། །བཅོམ་ལྡན་འདས་ཡུམ་སྒྲོལ་མ་བཞུགས། །དི་ཡི་མིག་གི་དབང་གཉིས་ལ། །དེ་བཞིན་གཤེགས་པ་ས་སྙིང་པོ། །དེ་ཡི་རྣ་བའི་དབང་གཉིས་ལ། །བདེ་གཤེགས་ཕྱག་ན་རྡོ་རྗེའོ། །དེ་ཡི་སྣ་ཡི་དབང་གཉིས་ལ། །དེ་བཞིན་གཤེགས་པ་མཁའ་སྙིང་བཞུགས། །དེ་ལྕེ་དབང་ ལ་བཞུགས་པ་ནི། །དེ་བཞིན་གཤེགས་པ་འཇིག་རྟེན་དབང་། །ཁམས་བཞིའི་རང་བཞིན་གོང་བུ་ནི། །རང་གི་ལུས་ཞེས་བྱ་མིང་ལ། །སྒྲིབ་པ་ཐམས་ཅད་རྣམས་སེལ་བ། །དེ་བཞིན་གཤེགས་པ་འདིར་བཞུགས་སོ། །དེ་ཡི་ཡིད་ཀྱི་དབང་པོ་ལ། །དེ་བཞིན་གཤེགས་པ་འཇམ་དབྱངས་ བཞུགས། །ལུས་ཀྱི་ཚིགས་ནི་ཐམས་ཅད་ལ། །དེ་བཞིན་གཤེགས་པ་བྱམས་པའོ། །ལག་པ་གཡས་པའི་རྩ་བར་ནི། །དེ་བཞིན་གཤེགས་པ་གཤིན་རྗེ་གཤེད། །ལག་པ་གཡོན་པའི་རྩ་བར་ནི། །བདེར་གཤེགས་གཞན་གྱིས་མི་ཐུབ་པ། །ཁ་ཡི་པདྨར་བཞུགས་པ་ནི། ། དེ་བཞིན་གཤེགས་པ་རྟ་མགྲིན་ནོ། །གསང་བའི་གནས་སུ་བཞུགས་པ་ནི། །དེ་བཞིན་གཤེགས་པ་བདུད་རྩི་འཁྱིལ། །དཔུང་པ་གཡས་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་མི་གཡོ་བ། །དཔུང་པ་གཡོན་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་འདོད་པའི་ རྒྱལ། །པུས་མོ་གཡས་ན་བཞུགས་པ་ནི། །དེ་བཞིན་གཤེགས་པ་དབྱུག་པ་སྔོན། །པུས་མོ་གཡོན་ལ་བཞུགས་པ་ནི། །དེ་བཞིན་གཤེགས་པ་སྟོབས་པོ་ཆེ། །རང་གི་སྤྱི་བོར་བཞུགས་པ་ནི། །དེ་བཞིན་གཤེགས་པ་འཁོར་ལོས་སྒྱུར། །རྐང་པའི་མཐིལ་དུ་བཞུགས་པ་ནི། །དེ་ 35-1-129a བཞིན་གཤེགས་པ་གནོད་མཛེས་ཏེ། །ལུས་ནི་འདི་ཉིད་ཀུན་ལ་འདིར། །སྐུ་ཡི་དཀྱིལ་འཁོར་ཞེས་བརྗོད་པ། །རྡོ་རྗེ་སློབ་དཔོན་ཉིད་ཀྱི་ལུས། །སངས་རྒྱས་རྣམས་ཀྱི་སྐུ་རྫོགས་པ། །འདི་དག་མ་ལུས་རྫོགས་སངས་རྒྱས། །རྡོ་རྗེ་ལེགས་བྱས་བསྟན་པ་ནི། ། མྱ་ངན་འདས་ལ་འཇུག་པར་འགྱུར། །བཅོམ་ལྡན་མྱ་ངན་འདས་འགྱུར་ཐོབ། །ཁྱོད་ཀྱི་དགེ་བ་ཡོངས་སུ་སྨིན། །དེ་ནི་རྡོ་རྗེ་སློབ་དཔོན་གྱི། །ལུས་ལ་རྒྱལ་བ་ཐམས་ཅད་བཞུགས། །ཉོན་ཅིག་མཐོང་བ་དོན་ཡོད་ཀྱེ། ཕྱི་མའི་དུས་ན་སེམས་དཔའ་ཆེ། །དང་པོའི་ལས་ཀྱི་སེམས་ ཅན་གྱི། །རབ་ཏུ་འབད་དེ་བླ་མ་བསྟེན། །དེ་ཚེ་མཐོང་བ་དོན་ཡོད་བཅས། །བྱང་ཆུབ་སེམས་དཔའ་གྲགས་པ་ཆེ། །དགའ་ཞིང་མགུ་ལ་རབ་དང་ལྡན། །ཕྱག་འཚལ་ནས་ནི་མཆི་མ་བླགས། །ཞེས་གསུངས་སོ། །གསོལ་པ། ཉོན་མོངས་པ་ཐམས་ཅད་སྤངས་པའི་སངས་རྒྱས་དང་བྱང་ ཆུབ་སེམས་དཔའ་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་བརྙེས་པ་རྣམས་འདིར་ཐ་མལ་པའི་ལུས་ལ་དགོད་པ་མི་འགལ་ལགས་སམ། བཀའ་སྩལ་པ། ཇི་སྲིད་དུ་བཀྲུ་བཤལ་གྱི་སྣོད་ཡིན་པའི་གནས་སྐབས་སུ་ནི་མཆིལ་མ་འདོར་ལ་གཞོང་པའི་གནས་ སྐབས་སུ་འཇིག་རྟེན་པ་རྣམས་ཟས་ཟའོ། །གཟུགས་བརྙན་གྱི་གནས་སྐབས་སུ་མཆོད་པར་བྱེད་དོ། །དེ་བཞིན་དུ་ཐ་མལ་པའི་ལུས་ལ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པས་བརླན་པའི་སྔོན་གྱི་གནས་སྐབས་སུ་འཁོར་བའི་རྒྱུ་ཡིན་ལ་ཕྱིས་རང་བཞིན་ཡོངས་སུ་ཤེས་ ཤིང་ཡོངས་སུ་དག་པས་ཐམས་ཅད་མཁྱེན་པ་གྲུབ་པའི་རྒྱུར་འགྱུར་བ་ལ་སྐྱོན་མེད་དོ། །དེ་ཡང་གསུངས་པ། ཤིན་ཏུ་མི་གཙང་གཟུགས་འདི་གཟུང་བྱས་ལ། །རྒྱལ་བའི་རིན་ཆེན་གཟུགས་བྱས་རིན་ཐང་མེད། །རྩི་ཡིས་སྦྱངས་པ་ལྟ་བུར་བསྐྱེད་པ་འདི། །བྱང་ཆུབ་སེམས་ནི་རབ་ཏུ་ བརྟན་པར་གཟུང་། །ཞེས་བྱ་བ་དང་། དེ་བཞིན་དུ་ཡང་དཀོན་མཆོག་བརྩེགས་པའི་མདོ་ལས། འོད་སྲུངས་འདི་ལྟ་སྟེ་ལུད་ཀྱིས་གཡོགས་པའི་ས་གཞི་ལ་ས་བོན་ཐམས་ཅད་སྐྱེ་བར་འགྱུར་རོ། །འོད་སྲུངས་དེ་བཞིན་དུ་ཉོན་མོངས་པའི་ལུད་ཀྱིས་ཁྱབ་པའི་འཇིག་རྟེན་པ་རྣམས་ལ་བྱང་ཆུབ་ 35-1-129b སེམས་དཔའི་སངས་རྒྱས་ཀྱི་ཆོས་རྣམས་སྐྱེ་བར་འགྱུར་རོ་ཞེས་གསུངས་པ་དང་། དགོངས་པ་ལུང་སྟོན་པ་ཞེས་བྱ་བའི་རྒྱུད་ལས་ཀྱང་། ཕྲ་མོའི་སྦྱོར་དོན་དེ་ཉིད་ཤེས། །ཕྱག་ན་རྡོ་རྗེ་གྲགས་ཆེན་ལ། །འགྲོ་བ་གཉིས་མེད་སྦྱོར་བ་ཡི། །ཕྲ་མོའི་དེ་ཉིད་དགོངས་པས་གསུངས། །མངོན་ པར་བྱང་ཆུབ་རྣམ་ལྔ་འདི། །མ་འོངས་སྐྱ་བོའི་རྒྱུ་ཅན་ཡིན། །ཆོས་རྣམས་ཡང་དག་བརྗོད་པའི་སྐུ། །ཇི་ལྟ་ཇི་ལྟར་ཡིན་གསུངས་པ། །ཕུང་པོ་འདི་དག་སངས་རྒྱས་ཡིན། །རྫོགས་པའི་བྱང་ཆུབ་རྐྱེན་དུ་འགྱུར། །གཉིས་མེད་དེ་བཞིན་ཉིད་འཇུག་པས། །དེ་ཡང་དེ་བཞིན་གཤེགས་ པར་གསུངས། །ཞེས་སོ། །ཕྱུང་བའི་དཀྱིལ་འཁོར་གྱི་རིམ་པར་ཕྱེ་བ་སྟེ་གསུམ་པའོ།། །།ད་ནི་དོན་དམ་པའི་དཀྱིལ་འཁོར་གྱི་རྣམ་པར་གཞག་པ་བསྟན་པའི་ཕྱིར། མདོར་བསྟན་པའི་ཚིག་རྩ་བའི་རྒྱུད་ལ་འཇུག་པར་བྱ་སྟེ། དམ་ཚིག་ཁུ་ཕྱུང་ཆོ་ག་བཞིན། །འབྲས་བུ་འདོད་པས་ བཏུང་བར་བྱ། །དེ་བཞིན་གཤེགས་པའི་ཚོགས་བསད་ནས། །དངོས་གྲུབ་རབ་མཆོག་ཐོབ་པར་འགྱུར། །ཞེས་ལེའུ་བདུན་པ་ལས་མདོར་བསྟན་ཏེ། འདིའི་བཤད་པ་དགོངས་པ་ལུང་སྟོན་པ་ཞེས་བྱ་བའི་བཤད་པའི་རྒྱུད་ལས་གསུངས་ཏེ། གཟུགས་སོགས་ནང་གི་ཆོས་རྣམས་ནི། །མཐོང་བ་ ལྷག་མཐོང་ཞེས་བཤད་དེ། །མི་བསྐྱོད་པ་སོགས་གྲངས་བཞིན་དུ། །བརྟགས་པ་དག་ནི་ཞིག་གནས་བྱ། །འདི་དག་དངོས་པོ་མེད་འགྱུར་བའི། །དེ་བཞིན་ཉིད་ནི་ཞི་མིང་ཅན། །དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་དུ། །རྣལ་འབྱོར་པས་ནི་སངས་རྒྱས་གཞུག །འདི་ཡང་སླར་བཤད་པ་རྡོ་རྗེ་ཕྲེང་ བ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་གསུངས་ཏེ། དེ་ལ་འཇུག་པར་བྱའོ། །གཟུགས་ཕུང་རྟོགས་ལ་མེ་ལོང་དང་། །ས་ཁམས་མིག་གི་དབང་པོ་དང་། །གཟུགས་དང་རྣམ་ལྔར་གྱུར་པ་སྟེ། །ཁྲོ་བོ་བྱམས་པར་ཡང་དག་ལྡན། །ཚོར་བའི་ཕུང་པོ་མཉམ་ཉིད་དང་། །ཆུ་ཁམས་རྣ་བའི་ དབང་པོ་དང་། །སྒྲ་དང་རྣམ་ལྔར་གྱུར་པ་སྟེ། །ཁྲོ་བོ་གཉིས་དང་ཡང་དག་ལྡན། །འདུ་ཤེས་སོ་སོར་རྟོག་པ་དང་། །བྱིན་ཟ་སྣ་ཡི་དབང་པོ་དང་། །དྲི་དང་རྣམ་ལྔར་གྱུར་པ་སྟེ། །ཁྲོ་བོ་གཉིས་དང་ཡང་དག་ལྡན། །འདུ་བྱེད་བྱ་བ་གྲུབ་པ་དང་། །རླུང་ཁམས་ལྕེ་ཡི་དབང་པོ་དང་། །རོ་དང་རྣམ་ 35-1-130a ལྔར་གྱུར་པ་སྟེ། །ཁྲོ་བོ་གཉིས་དང་ཡང་དག་ལྡན། །སྟེང་འོག་ཁྲོ་བོ་ཤིན་ཏུ་བཅས། །རང་བཞིན་གྱིས་ནི་སྣང་བ་ཉིད། །རྣམ་ཤེས་ཕུང་པོར་བཞུགས་པ་སྟེ། །རྣམ་ཤེས་ཀྱང་ནི་འོད་གསལ་བའོ། །མྱ་ངན་འདས་བཅས་ཀུན་སྟོང་དང་། །ཆོས་ཀྱི་སྐུར་ཡང་བཤད་ པ་ཡིན། །བརྟན་པར་བྱ་བའི་དོན་དུ་ནི། །གསང་སྔགས་འདི་ནི་བརྗོད་པར་བྱ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་པར་བྱའོ། །རྣམ་པར་གཞག་པ་བཞི་པ་འདི་ཉིད་ཀྱིས་རྫོགས་པ་ལ་གནས་པ་ཉེ་བར་བཤད་པར་བྱ་སྟེ། དེ་ལས་གཟུགས་ཀྱི་ཕུང་པོ་འོད་གསལ་དུ་ཞུགས་པའི་ མཚན་མ་མཁས་པས་ཤེས་པར་བྱ་སྟེ། ཡན་ལག་ཐམས་ཅད་ཕྲ་བ་དང་། ལུས་ཀྱི་ཉམ་ཆུང་ཞིང་ལྷོད་པར་འགྱུར་རོ། །མེ་ལོང་ལྟ་བུའི་ཡེ་ཤེས་ཐིམ་པ་ན་རབ་རིབ་ཏུ་འགྱུར་རོ། །སའི་ཁམས་འགགས་པ་ན་ལུས་ཐམས་ཅད་སྐམས་པར་འགྱུར་རོ། །མིག་གི་དབང་པོ་འགགས་པ་ན་མིག་ འགྱུར་ཞིང་ཟུམ་པར་འགྱུར་རོ། །གཟུགས་ཀྱི་ཡུལ་འགགས་པ་ན་རང་གི་ལུས་ཀྱི་མདངས་མེད་ཅིང་ཉམས་ཟད་པ་ཉིད་དུ་འགྱུར་རོ། །དེ་ལྟར་འཁོར་བ་ཐོག་མ་མེད་པ་ནས་རྐང་མེད་དང་། རྐང་གཉིས་དང་། རྐང་བཞི་དང་། རྐང་མངས་ལ་སོགས་པའི་སེམས་ཅན་རྣམ་པར་སྣང་མཛད་ཀྱི་རིགས་ཅན་ རྣམས་སྐུའི་དཀྱིལ་འཁོར་ལ་གནས་ཏེ། དོན་དམ་པའི་དཀྱིལ་འཁོར་དུ་སྐད་ཅིག་པའི་རིམ་གྱིས་འཇུག་གོ། །གང་དག་ཆ་ཤས་ལ་གནས་པ་དེ་དག་གི་ནི་འདིར་རྣམ་པར་གཞག་པ་མེད་མོད་ཀྱི། འོན་ཀྱང་རིམ་གྱིས་དོན་དམ་པའི་བདེན་པར་རབ་ཏུ་འཇུག་གོ། །དེ་བཞིན་དུ་གཉིས་པ་རིན་པོ་ཆེའི་ རིགས་ཀྱི་ལྷ་རྣམས་དོན་དམ་པའི་བདེན་པར་འཇུག་པ་དེའི་ཚེ་མཚན་མ་མཁས་པས་ཤེས་པར་བྱ་སྟེ། ཚོར་བའི་ཕུང་པོ་ཐིམ་པ་ན་རླུང་དང་མཁྲིས་པ་དང་བད་ཀན་དང་འདུས་པ་ལ་སོགས་པ་ལུས་ཚོར་བ་ཉམས་སུ་མྱོང་བར་མི་འགྱུར་རོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཐིམ་པ་ན་ཡིད་ཀྱི་ཚོར་བ་རྣམ་པ་གསུམ་ དྲན་པར་མི་འགྱུར་རོ། །ཆུའི་ཁམས་སྐམས་པ་ན་རང་གི་ལུས་ལ་ཁ་ཆུ་དང་ཁྲག་དང་ཁུ་བ་ལ་སོགས་པ་སྐམས་པར་འགྱུར་རོ། །རྣ་བའི་དབང་པོ་ཐིམ་པ་ན་ཕྱི་དང་ནང་དུ་བཅས་པའི་སྒྲ་ཐོས་པར་མི་འགྱུར་རོ། །སྒྲའི་ཡུལ་ཐིམ་པ་ན་རང་གི་ལུས་ཀྱི་སྒྲ་ཐོས་པར་མི་འགྱུར་རོ། །གཉིས་པ་རིན་པོ་ཆེའི་རིགས་ 35-1-130b ཀྱི་ལྷ་རྗེས་སུ་གཞུག་པའོ། །གསུམ་པ་པདྨའི་རིགས་ཀྱི་ལྷ་རྣམས་འཇུག་པའི་དུས་སུ་མཚན་མ་མཁས་པས་ཤེས་པར་བྱ་སྟེ། འདུ་ཤེས་ཀྱི་ཕུང་པོ་ཐིམ་པ་ན་རྐང་གཉིས་པ་ལ་སོགས་པའི་སེམས་ཅན་རྣམས་དྲན་པར་མི་འགྱུར་རོ། །སོ་སོར་རྟོག་པའི་ཡེ་ཤེས་ཐིམ་པ་ན་ཕ་དང་མ་དང་བུ་དང་ གཉེན་ལ་སོགས་པ་རྣམས་དང་འགྲོ་བ་ཐམས་ཅད་ཀྱི་མིང་མི་དྲན་ནོ། །མེའི་ཁམས་ཐིམ་པ་ན་བཟའ་བ་ཐམས་ཅད་མི་འཇུའོ། །སྣའི་དབང་པོ་ཐིམ་པ་ན་སྟེང་གི་རླུང་རྩེག་ཅིང་རྩེག་ཅིང་སར་འགྲོ་བར་འགྱུར་རོ། །དྲིའི་ཡུལ་ཐིམ་པ་ན་རང་གི་ལུས་ལ་དྲིའི་ཡུལ་བྲོ་བར་མི་འགྱུར་རོ། །གསུམ་ པ་པདྨའི་རིགས་ཀྱི་ལྷ་རྗེས་སུ་གཞུག་པའོ། །བཞི་པ་ལས་ཀྱི་རིགས་ཀྱི་ལྷ་རྣམས་ཀྱི་ཡང་དག་པའི་མཐར་འཇུག་པའི་མཚན་མ་མཁས་པས་ཤེས་པར་བྱ་སྟེ། དེ་ལ་འདུ་བྱེད་ཀྱི་ཕུང་པོ་ཐིམ་པ་ན་ལུས་ཀྱི་བྱ་བ་ཐམས་ཅད་ལ་འཇུག་པར་མི་འགྱུར་རོ། །བྱ་བ་གྲུབ་པའི་ཡེ་ཤེས་ཐིམ་པ་ན་འཇིག་ རྟེན་པའི་བྱ་བ་དང་དགོས་པ་དྲན་པར་མི་འགྱུར་རོ། །རླུང་གི་ཁམས་ཐིམ་པ་ན་སྲོག་ལ་སོགས་པའི་རླུང་བཅུ་རང་གི་གནས་ནས་འཕོའོ། །ལྕེའི་དབང་པོ་ཐིམ་པ་ན་ལྕེ་སྦོམ་པ་དང་ཐུང་བ་དང་རྩ་བ་སྔོན་པོར་འགྱུར་རོ། །རོའི་ལུས་ཐིམ་པ་ན་རོ་དྲུག་ཉམས་སུ་མི་མྱོང་ངོ་། །བཞི་པ་ལས་ཀྱི་རིགས་ཀྱི་ལྷ་ རྣམས་རྗེས་སུ་གཞུག་པའོ། །ལྷག་མ་རང་བཞིན་གྱི་སྣང་བ་འཇམ་དཔལ་གྱི་ཡེ་ཤེས་རིམ་པ་གཉིས་པར་བྱ་སྟེ། དེ་ཡང་སྲོག་དང་རྩོལ་བ་དང་བཅས་པར་རྡོ་རྗེ་བཟླས་པའི་རིམ་པས་གནས་ཏེ། རིལ་པོར་འཛིན་པ་དང་། རྗེས་སུ་གཞིག་པའི་རིམ་པས་མི་ཤིགས་པ་མངོན་སུམ་དུ་བྱ་སྟེ། འཛིན་ པ་ཉེ་བར་བསྡུས་ནས་དེའི་ཚེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བའི་སྔགས་ཀྱིས་དོན་མངོན་སུམ་བྱེད་པར་འགྱུར་རོ། །གསོལ་པ། སྔགས་འདིའི་དོན་བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་སྟོན་པས་བཤད་དུ་གསོལ། རྡོ་རྗེ་སློབ་དཔོན་གྱིས་གསུངས་པ། བཅོམ་ལྡན་འདས་ཀྱིས་ བཤད་པའི་རྒྱུད་ལས་གསུངས་ཏེ། དེ་བཤད་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཀུན། །ཕྲ་མོའི་སྦྱོར་བ་རྣམ་པར་གཞུག །ཨོཾ་ཞེས་པས་ནི་གཅིག་དང་ལྡན། །ཤཱུ་ནྱ་ཏཱ་ནི་གཉིས་པ་ཡིན། །ཛྙཱ་ན་ཞེས་པ་གསུམ་པ་ཡིན། །བཞི་པ་བཛྲ་མིང་ཅན་ཏེ། །སྭ་བྷཱ་ཝ་ཨཱཏྨ་ཀོ་ལྔ་པ། ། 35-1-131a དྲུག་པ་ཨ་ཧཾ་ཞེས་སུ་བརྗོད། །དེ་ལྟར་དེ་བཞིན་གཤེགས་པ་དྲུག །སྐྱེ་བོ་མཆོག་ལ་བསྟན་པ་ཡིན། །ཨོཾ་ཤཱུ་ནྱ་ཏཱ་ཟུང་དང་པོའོ། །ཛྙཱ་ན་བཛྲ་གཉིས་པ་ཡིན། །སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ་གསུམ་པ་ཡིན། །དེ་ཉིད་གསུམ་དུ་འདི་རུ་བསྟན། །དེ་ཉིད་གསུམ་ ནི་གཅིག་ཏུ་འགྱུར། །གསལ་དང་མི་གསལ་མིང་ཅན་ཏེ། །གཞན་ཡང་རྡོ་རྗེ་འཛིན་གང་ཞིག །གསུམ་གྱི་བརྡ་དང་ལྡན་པའི་མི། །སྤྱན་དྲངས་གཤེགས་སུ་གསོལ་བ་དང་། །དེ་བཞིན་དུ་ནི་བཞུགས་པའོ། །འཇུག་པ་ཡིས་ནི་སྤྱན་དྲངས་ཏེ། །མྱུར་བ་ཡིས་ནི་གཤེགས་སུ་ གསོལ། །དལ་བ་ཡིས་ནི་དེ་བཞུགས་འགྱུར། །དག་པ་ལས་ནི་དངོས་གྲུབ་མཆོག །སྐྱེས་བུ་དེ་དེའི་སྦྱོར་བ་ཡིས། །ཕྱག་རྒྱ་ཆེན་པོ་གཅིག་ཏུ་འགྱུར། །མྱུར་བ་ལ་སོགས་གསུམ་ལྡན་པ། །ཕྱག་རྒྱ་སྒྲུབ་པར་བཤད་པ་ཡིན། །མྱུར་དང་རྣམ་བསྡུས་དལ་བ་ཅན། །སྔགས་སུ་ངེས་པར་ སྦྱོར་བ་ཡི། །སློབ་དཔོན་གྱིས་ནི་འབད་པ་ཡིས། །སློབ་མའི་རྣ་བའི་དྲུང་དུ་བརྗོད། །དཔལ་གསང་བ་འདུས་པ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་དོན་དམ་པའི་དཀྱིལ་འཁོར་གྱི་རྣམ་པར་གཞག་པའི་རིམ་པར་ཕྱེ་བ་སྟེ་བཞི་པའོ།། །།གྲུབ་པའི་སློབ་དཔོན་ཀླུའི་བློའི་ཞལ་ སྔ་ནས་མཛད་པ་རྣམ་པར་གཞག་པའི་རིམ་པ་བཞི་པ་རྫོགས་སོ།། །།༄༅༅། །རྒྱ་གར་སྐད་དུ། ཤྲཱི་གུ་ཧྱ་ས་མཱ་ཛ་མཎྜ་ལ་ཨུ་པཱ་ཡི་ཀ་བིཾ་ཤ་ཏ་བི་དྷི་ནཱ་མ། བོད་སྐད་དུ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཉི་ཤུ་པ་ཞེས་བྱ་བ། དཔལ་རྡོ་རྗེ་ སེམས་དཔའ་ལ་ཕྱག་འཚལ་ལོ། །གཉིས་མེད་ཡེ་ཤེས་སྐུ་མངའ་བ། །དང་པོའི་མགོན་ལ་ཕྱག་འཚལ་ནས། །རྡོ་རྗེ་སློབ་མར་ཕན་འབྱུང་བ། །དཀྱིལ་འཁོར་ཡན་ལག་བདག་གིས་བཤད། །བྱ་རྒྱུད་ཆོ་ག་མ་གཏོགས་པར། །སྤྱོད་དང་གཉི་གའི་རྣལ་འབྱོར་གྱིས། །གྲུབ་པའི་ དཀྱིལ་འཁོར་སངས་རྒྱས་ནི། །ཀུན་ལུགས་ལས་འོངས་ཡང་དག་བསྔགས། །དང་པོར་ས་ནི་སྦྱང་བ་དང་། །དེ་ནས་ས་ཡོངས་འཛིན་པ་དང་། །ཕྱི་ནས་བགེགས་ནི་ཉེར་ཞི་དང་། །ཐོད་ལེ་ཀོར་གྱིས་ཐིག་གདབ་དང་། །དེ་ནས་ས་ལྷ་སོགས་ལྷག་པར། །གནས་དང་དེ་ནས་ 35-1-131b གསོལ་གདབ་དང་། །ཕྱི་ནས་སློབ་མ་ལྷག་གནས་དང་། །ནམ་མཁར་ཐིག་ནི་གདབ་པ་དང་། །ཚོན་སྣ་ལྔ་ཡི་ཆོ་ག་དང་། །ཚོན་རྩི་རྣམས་ནི་དགྱེ་བ་དང་། །ལྷ་རྣམས་སྤྱན་དྲང་ཉིད་དང་ནི། །དེ་ནས་སློབ་མ་གཞུག་པ་དང་། །ཁྲུས་ཀྱི་དཀྱིལ་འཁོར་ཆོ་ག་དང་། །དེ་ནས་སངས་རྒྱས་དབང་ བསྐུར་དང་། །དེ་ནས་ཕྱག་མཚན་དབང་བསྐུར་དང་། །བླ་མ་ལྷ་དང་ཡོན་གཉིས་དང་། །རྗེས་སུ་གནང་བ་སྦྱིན་པ་དང་། །དེ་ནས་གཤེགས་གསོལ་ཆོ་ག་དང་། །དཀྱིལ་འཁོར་ལས་ཆེད་ཕུར་པ་དང་། །སྐུད་པ་བསྡུ་བ་ཉིད་ཀྱང་སྟེ། །རབ་བཤད་ཆོ་ག་ཉི་ཤུ་ཡིས། །ཇི་ལྟ་ཇི་ལྟར་རྒྱས་ ཤེས་པའི། །རྡོ་རྗེ་སློབ་དཔོན་མཁས་པ་ཡིས། །རྡུལ་ཚོན་དཀྱིལ་འཁོར་བྲི་བར་བྱ། །ཁ་ཅིག་གྲུབ་པ་བརྒྱད་འདོད་པས། །དཀྱིལ་འཁོར་འདི་ལ་འཇུག་པར་འགྱུར། །དེ་བཞིན་བདེན་མཐོང་དེ་བཞིན་དུ། །དཔའ་བོ་སྔགས་པ་བརྟག་པ་སྟེ། །དེ་དག་སྦྱོར་བ་བླ་མ་ཡིས། །རིག་ནས་བླ་མ་ མཁས་པ་ཡིས། །སློབ་མའི་དོན་དུ་བསྒྲུབ་བྱའི་ཕྱིར། །འཁོར་ལོ་རྣམ་བརྒྱད་བྲི་བར་བྱ། །རིན་ཆེན་ས་བོན་དེ་བཞིན་དང་། །མེ་ཏོག་ཚོན་དང་དེ་བཞིན་དུ། །བྱེ་མ་གཡོ་དང་ཕྱེ་མ་སྟེ། །དེ་བཞིན་ཡིད་ཀྱི་དཀྱིལ་འཁོར་བདེན། །ས་བོན་དགོད་དང་ཕྱག་མཚན་དང་། །ཡང་ན་ལྷ་ཡི་སྐུ་ཉིད་ནི། ། འབུར་དུ་བཏོད་དང་ལུགས་མ་ནི། །སྟོབས་བཞིན་དཀྱིལ་འཁོར་ལ་དགོད་བྱ། །ཕྲེང་བ་ཆུ་དང་རྫོགས་སངས་རྒྱས། །རྡོ་རྗེ་དྲིལ་བུ་མེ་ལོང་དང་། །མིང་དང་སློབ་དཔོན་རྗེས་གནང་ཞེས། །བྱ་བ་འདི་ནི་དབང་བསྐུར་རིམ། །དེ་བཞིན་གཤེགས་པས་རྡོ་རྗེ་ཡི། །ཐེག་པར་སློབ་དཔོན་རྣམ་ གཉིས་གསུངས། །གཅིག་ནི་གསང་སྔགས་གཙོར་བྱེད་འགྱུར། །གཅིག་ནི་བསམ་གཏན་ལ་གཞོལ་བ། །གསང་སྔགས་སྨྲར་གནས་རྣལ་འབྱོར་པ། །ལྷ་ལ་དམིགས་པ་ལྷུར་ལེན་པས། །དེ་ལས་མཚན་མ་རྙེད་གྱུར་ཏེ། །རྡུལ་ཚོན་དཀྱིལ་འཁོར་བྲི་བར་བྱ། །གསང་སྔགས་ ཚུལ་གནས་རྣལ་འབྱོར་པ། །གཉིས་མེད་ཡེ་ཤེས་སྦྱོར་ལྡན་པས། །སྒྱུ་མ་ལྟ་བུའི་ལུས་ཀྱིས་ནི། །འཁོར་ལོ་སྒྱུ་མ་ལྟ་བུ་བྲི། །གྲོང་ཁྱེར་གྲོང་དང་གྲོང་རྡལ་དང་། །ཀུན་དགའ་ཚོང་འདུས་གཙུག་ལག་ནི། །ཁང་དུ་པུས་ནུབ་ཙམ་བརྐོས་ནས། །རིམ་གྱིས་ས་ནི་སྦྱང་བར་བྱ། །ཤིང་ 35-1-132a དང་གྱོ་མོ་གསེག་མ་དང་། །དེ་བཞིན་རུས་པ་སོལ་བ་དང་། །སྐྲ་ལ་སོགས་པ་བསལ་བྱས་ནས། །དེ་ནས་ས་ནི་སྦྱང་བྱ་སྟེ། །ཀུན་ནས་སྟེང་ནི་ཡང་དག་པར། །བསྙམས་ཏེ་བ་ལང་ལྕི་བས་བྱུག །དྲི་ཡི་ཆུ་ཡིས་བསངས་ནས་ནི། །ཕྱི་ནས་དྲག་པོའི་སྦྱིན་སྲེག་བྱ། །སྔགས་པ་ རྡོ་རྗེ་སེམས་ཟློས་ཤིང་། །རྡོ་རྗེའི་ལྟ་བས་བལྟ་བར་བྱ། །དཀྱིལ་འཁོར་གྱི་ནི་ས་ཡི་ཆ། །སྐྱོན་དང་ལྡན་ཡང་སྤྱོད་པར་འགྱུར། །གསང་དབང་རྟོག་པ་ལ་གནས་ཤིང་། །བྱང་ཆུབ་སེམས་ནི་རྣམ་སྤངས་པའི། །སྔགས་པ་གང་ཞིག་ས་སྦྱང་བར། །བྱེད་པ་དེ་ཡིས་འགྲུབ་མི་འགྱུར། །ས་ སྦྱང་བའི་ཆོ་གའོ།། །།དེ་ནས་བླ་རེ་སོགས་བརྒྱན་ཅིང་། །མཆོད་པ་ལྔ་དང་བཅས་པ་ཡི། །འཁོར་ལོའི་ཁྱིམ་དུ་ཕྱིན་ནས་སུ། །ས་ནི་ཡོངས་སུ་གཟུང་བར་བྱ། །དཀར་ལ་མ་ཉམས་གོས་འཆང་ཞིང་། །གཙུག་ཏོར་དག་པ་ཡིས་བརྒྱན་ལ། །རྒྱན་རྣམས་ཐམས་ཅད་ཀྱིས་སྤུད་ཅིང་། །དྲི་ བཟངས་བྱུག་པའི་ཆ་ལ་འཐོར་བས། །ཉི་མ་གསུམ་དུ་ཐུན་གསུམ་དུ། །ཆོ་ག་ཇི་བཞིན་གཏོར་མ་དབུལ། །དེ་ནས་བགེགས་རྣམས་ཞི་བར་ནི། །བྱ་ཕྱིར་ཕྱོགས་སྐྱོང་བཅུ་ལའོ། །བརྟུལ་ཞུགས་བརྟན་པས་ཞི་བ་ཡི། །སྦྱིན་སྲེག་ཚུལ་བཞིན་སྔར་བྱས་ནས། །ཕྱི་ནས་དབང་བསྐུར་རབ་གྲུབ་ཕྱིར། ། སློབ་མས་ཀྱང་ནི་བྱེད་དུ་གཞུག །ས་ཡོངས་སུ་གཟུང་བའི་ཆོ་གའོ།། །།ཞེ་སྡང་རྡོ་རྗེའི་ཏིང་འཛིན་ལ། །གནས་ཤིང་ཁྲོ་བོས་ཡོངས་བསྐོར་བའི། །རྣལ་འབྱོར་པ་ཡིས་ཐབས་བྱུང་ཚེ། །བགེགས་ནི་ངེས་པར་བསལ་བར་བྱ། །རྐང་མཐིལ་རྡོ་རྗེ་བསམ་བྱས་ནས། །རྡོ་རྗེ་གསོར་བ་ལྷུར་ལེན་ ཞིང་། །རྡོ་རྗེའི་རྣམ་སྒེག་གར་བྱེད་བཞིན། །ཧཱུཾ་ཡིག་དྲག་པོ་ཆེ་བར་བཅས། །ཡི་གེ་ཊ་ཡིས་མིག་གཡོན་ཟླ་བར་བྱས། །ཡི་གེ་མ་ཡིས་མིག་གཡས་ཉི་མ་བཀོད། །རྡོ་རྗེ་འཛིན་གྱི་བསྙེམས་ལ་འཆང་བ་ཡིས། །དཀྱིལ་འཁོར་ས་ཡི་ཆ་ལ་འགྲོ་བྱེད་ཅིང་། །མངའ་བདག་བརྩེ་བའི་བདག་ཉིད་ ཀྱིས། །བརྒྱ་བྱིན་ལ་སོགས་གདུག་པ་ཡི། །ཚོགས་བཅས་ས་དང་བར་སྣང་དང་། །ཕྱོགས་ནས་བསལ་བྱ་འདི་སྐད་བརྗོད། །ཨ་པ་ས་རནྟུ་བྷ་བནྟོ་ཡི་གེ་ཙིཏ་དེ་བ་ཨ་སུ་ར་ཡཀྵ་རཱཀྵ་ས་པྲེ་ཏ་པི་ཤཱ་ཙ་ཨ་པསྨཱ་ར་བྷཱུ་ཏ་ཌཱ་ཀི་ནྱ་ཨོཾ་སྟ་ར་ཀ་མཱ་ཧལླི་ཀ་མ་ཧལླི་ཀ་ཨ་ནུ་ར་ས་པ་རི་ཁ་ཏ་ག་རུ་ཌ་ཀིཾ་པུ་རུ་ 35-1-132b ཥ་མནྟྲ་སིདྡྷི། བདག་གིས་ས་ཕྱོགས་འདིར་སློབ་མ་ཆེ་གེ་མོའི་རྫོགས་པའི་བྱང་ཆུབ་རྫོགས་པར་བྱ་བའི་ཕྱིར་དང་། སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་བྲི་བར་བྱའོ། །རྡོ་རྗེ་འཛིན་པ་ཆེན་པོའི་བཀའ་སྩལ་པ་འདི་ཐོས་ནས་ མྱུར་དུ་དེངས་ཤིག །གང་ཞིག་མི་དེངས་པ་དེའི་མགོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་ཆེན་པོ་འབར་བ་དག་ཧཱུཾ་གི་རྡོ་རྗེ་འབར་ཞིང་རབ་ཏུ་འབར་བ་འདིས་ཚལ་པ་བརྒྱར་འགས་པར་བྱའོ། །དེ་སྐད་ལན་གསུམ་བརྗོད་ནས་དེ་ནས་ནི། །སྔགས་པ་ཁྲོ་བར་གྱུར་ཅིང་ཤར་ཕྱོགས་ན། །གནས་པས་ཧཱུཾ་ཡིག་ཕྱག་ རྒྱ་དང་བཅས་པར། །གཡས་བརྐྱང་སྔོན་འགྲོའི་སྦྱོར་བ་ཚུལ་བཞིན་བྱ། །གཡས་བརྐྱང་དང་། གཡོན་བརྐྱང་དང་། ས་ག་དང་། ཟླུམ་པོ་དང་། མཉམ་པའི་སྟང་སྟབས་དང་། རུས་སྦལ་གྱི་སྟང་སྟབས་དང་། རྡོ་རྗེ་ཕུལ་བྱུང་དང་། རྡོ་རྗེ་སྒེག་པ་དང་།རྐང་གཅིག་གིས་འཕུར་སྟངས་ དང་། བུང་བའི་འཕུར་སྟངས་དང་། སེང་གེའི་སྟང་སྟབས་དང་། སེང་གེའི་གལ་པ་དང་། རྡོ་རྗེ་ལྕགས་སྒྲོག་དང་། རྡོ་རྗེ་སྐོར་འཛིན་དང་། རྡོ་རྗེ་འཕེན་པ་དང་། རྡོ་རྗེའི་གར་སྟབས་དང་། རྡོ་རྗེ་འཇིགས་བྱེད་དང་། རྡོ་རྗེ་རོ་ལངས་དང་། རྡོ་རྗེ་ཐོ་བ་དང་། གདོང་བཞི་བྱིན་གྱིས་བརླབ་པ་ དང་། རྡོ་རྗེ་འཁྱིལ་བ་དང་། བུད་མེད་ལྟར་སྒྱུ་འཕྲུལ་བྱེད་པ་དང་། རྡོ་རྗེ་ལྕགས་སྒྲོག་དང་། སྟོབས་པོ་ཆེ་ཕུལ་བྱུང་དང་། རྡོ་རྗེ་མཆེ་བ་དང་། རྡོ་རྗེ་བཞད་པ་དང་། རྡོ་རྗེ་སྒྲོགས་པ་དང་། རལ་གྲིའི་ཚུལ་དང་། རྡོ་རྗེའི་ཚུལ་དང་། འཁོར་ལོའི་ཚུལ་དང་། གཏུན་ཤིང་གི་ཚུལ་དང་། བ་དན་ གྱི་ཚུལ་དང་། ཞགས་པའི་ཚུལ་དང་། པདྨའི་ཚུལ་དང་། གཏུམ་པོའི་ཚུལ་དང་། མི་འཇིགས་པའི་ཚུལ་དང་། ལྕགས་ཀྱུའི་ཚུལ་དང་། ཐོང་གཤོལ་གྱི་ཚུལ་དང་། འཕང་མདུང་གི་ཚུལ་དང་། མདའ་འགེངས་པའི་ཚུལ་དང་། མདའ་འདྲེན་པའི་ཚུལ་དང་། མདའ་འཕེན་ པའི་ཚུལ་དང་། ཐག་མདུང་འཕེན་པའི་ཚུལ་དང་། མཆོག་སྦྱིན་པའི་ཚུལ་དང་། མདུང་ཐུང་གི་ཚུལ་དང་། ཆུའི་ཚུལ་དང་། ཕྱག་འཚལ་བའི་ཚུལ་དང་། རྡོ་རྗེའི་འདུག་ཚུལ་དང་། བསམ་གཏན་པའི་ཚུལ་དང་། རྡོ་རྗེའི་སྐྱིལ་ཀྲུང་དང་། པདྨའི་འདུག་ཚུལ་དང་། སེམས་དཔའི་སྐྱིལ་ 35-1-133a ཀྲུང་དང་། དཔའ་བོའི་འདུག་ཚུལ་དང་། བཟང་པོའི་འདུག་ཚུལ་དང་། ཙོག་ཙོག་པོར་འདུག་ཚུལ་དང་། རོལ་པའི་འདུག་ཚུལ་དང་། མངོན་དུ་ཕྱོགས་པའི་ཚུལ་དང་། རྒྱབ་ཀྱིས་ཕྱོགས་པའི་ཚུལ་ཞེས་བྱ་བའོ། །སྔགས་པ་རང་བཞིན་ཤེས་པ་ཡིས། །སྟང་ སྟབས་དེ་ལྟར་དབང་པོ་སོགས། །ཚོགས་བཟང་བསྡིགས་ནས་ཕྱོགས་སྐྱོང་རྣམས། །ཇི་བཞིན་ཕུར་བུས་ཡང་དག་གདབ། །སེང་ལྡེང་ཕུར་བ་སོར་བརྒྱད་པའི། །ཚད་དང་ལྡན་པ་བླངས་ནས་ནི། །ཚོན་སྣ་ལྔ་པའི་སྐུད་པ་ཡིས། །དེ་ནི་གོ་རིམས་བཞིན་དུ་དཀྲི། །དྲི་དང་མེ་ཏོག་ སོགས་རྣམས་ཀྱིས། །མཆོད་ནས་སྣོད་ནི་སར་པར་གཞག །ལག་པར་རེག་ཅིང་ཕུར་བུ་ལ། །ཡི་གེ་གསུམ་གྱིས་མངོན་པར་བསྔགས། །དེ་ལྟར་འདུས་བྱས་ཕུར་པ་ནི། །ཀུན་རྫོབ་རང་བཞིན་མཐོན་པོ་ལས། །བློ་དང་ལྡན་པས་རིམ་པ་འདིས། །སླར་ཡང་བསམ་གཏན་རང་བཞིན་བྱ། ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྣ་གྲྀཧྣ་ཧཱུཾ། གྲྀཧྣ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱཱ་རཱ་ཛ་ཧཱུཾ་ཕཊ། ཁྲོ་བོའི་གཟུགས་ཅན་འདི་ཡིས་ནི། །དེ་ལྟར་ལོག་འདྲེན་ཀུན་བཀུག་སྟེ། །བློ་དང་ལྡན་པས་སྦྱོར་བ་ཡིས། །ཆོ་ག་བཞིན་དུ་ཕུར་བུས་གདབ། །རྡོ་རྗེ་བདུད་རྩི་རྒྱལ་པོ་ཆེ། །ཨུཏྤ་ལ་ སྔོན་པོའི་འདབ་ལྟར་སྔོ། །འབར་བའི་ཕྲེང་བས་འཁྲིགས་འོད་ཅན། །རྡོ་རྗེ་ཕུར་བུ་རྣམ་པར་བསྒོམ། །ལྟེ་བའི་ཕྱོགས་ནས་སྨད་ཀྱི་ཆ། །རྩེ་མོའི་རྣམ་པར་རབ་ཏུ་བསྒོམ། །སྟོང་ནི་ཁྲོ་བོའི་རྣམ་པ་དང་། །ཞལ་གསུམ་རྣམ་པ་ཕྱག་དྲུག་ཏུའོ། །གནོད་མཛེས་གཟུགས་འཛིན་རྡོ་རྗེ་ཅན། ། གཅིག་གིས་རྡོ་རྗེ་ཐོ་བ་སྟེ། །གཡོན་པས་ཕུར་པ་འཛིན་བྱེད་ཅིང་། །གསང་སྔགས་འདི་ཡིས་ཕུར་བུས་གདབ། །ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱན་ཕཊ་ཕཊ། ཀཱི་ལ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ། བཛྲ་དྷ་རོ་ཨཱཛྙཱ་པ་ཡ་ཏི། སརྦ་བིགྷྣཱན། ཀཱ་ཡ་ཝཱཀ་ཙིཏྟ་ བཛྲ་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་ལྟར་རྟོགས་པའི་རྣལ་འབྱོར་གྱིས། །བགེགས་རྣམས་བསལ་ནས་སྔགས་རིག་པས། །བདེ་མཆོག་དཔལ་གསུངས་ཆོ་ག་ཡིས། །སླར་ཡང་བགེགས་རྣམས་སྦྱང་བར་བྱ། །རྒྱལ་བ་རྣམས་ཀྱིས་རྣམ་པར་སྦྱོང་མཛད་པ། །སེམས་ཅན་ཕྱིར་ཡིན་ལས་ 35-1-133b སྦྱང་བྱ་ཕྱིར་མིན། །འདི་ན་བགེགས་ཡོད་མ་ཡིན་བདུད་རྣམས་སམ། །རྟོག་པས་འཕེལ་མེད་བྱིན་རླབས་འགྲུབ་མེད་ཉིད། །བདག་བདུད་ཉིད་དམ་བརྟན་པ་ཉིད་མི་འགྲོ། །བརྟན་པ་ཉིད་ཕྱིར་རྗེས་སུ་བསྟན་མི་བྱ། །རང་བདེས་བསྒྲུབ་ཀྱི་སྡུག་བསྔལ་གྱིས་མིན་གང་། །བྱང་ཆུབ་ མཆོག་རབ་མྱུར་ཕྱིར་བརྟན་པར་བྱ། །བགེགས་ཉེ་བར་ཞི་བའི་ཆོ་གའོ།། །།དེ་ནས་ལེགས་པར་མཉམ་གཞག་པའི། །སློབ་དཔོན་བླ་མ་ཐབས་ཅིག་པ། །བློ་དང་ལྡན་པས་རིམ་པ་འདིས། །ཐོད་ལེ་ཀོར་གྱིས་ཐིག་གདབ་བྱ། །སློབ་དཔོན་ཆུ་ལྷའི་ཕྱོགས་གནས་དང་། །སློབ་མ་ མངོན་དུ་ཕྱོགས་གྱུར་པ། །དབང་པོའི་ཕྱོགས་ན་གནས་པ་ཡིས། །ཚངས་པའི་ཐིག་ནི་གདབ་པར་བྱ། །སྔགས་རིག་གཤིན་རྗེའི་ཕྱོགས་གནས་པ། །སློབ་མ་ལུས་ངན་ཕྱོགས་གནས་དང་། །ལྷན་ཅིག་ཚངས་པའི་ཐིག་གཉིས་པ། །ཡང་དག་པར་ནི་གདབ་པར་བྱ། །སློབ་དཔོན་མེ་ ལྷར་གནས་པ་དང་། །སློབ་མ་མངོན་དུ་ཕྱོགས་གྱུར་པ། །དབང་ལྡན་དུ་ནི་གནས་ཉིད་ཀྱིས། །རྩ་བའི་ཐིག་ནི་གདབ་པར་བྱ། །དེ་ཉིད་དུ་གནས་རྡོ་རྗེ་ཅན། །ཐིག་ཤེས་པ་ལ་མཁས་པ་དང་། །བདེན་བྲལ་ལ་གནས་བུ་ཡིས་ནི། །ལྷོ་ཕྱོགས་ཀྱི་ནི་ཐིག་གདབ་བྱ། །དེ་ཉིད་དུ་གནས་ སློབ་མ་དང་། །རླུང་ལྷར་གནས་པའི་སློབ་མ་ཡིས། །བདེན་བྲལ་རླུང་ལྷ་ལ་གནས་པའི། །ཐིག་ནི་གསུམ་པ་གདབ་པར་བྱ། །དེ་ཉིད་དུ་གནས་རྣམ་འབྱོར་པ། །ལས་ཤེས་པ་དང་ཞི་ཕྱོགས་སུ། །གནས་པའི་བུ་ཡིས་ཕྱི་ནས་ནི། །རྩ་ཐིག་བཞི་པ་གདབ་པར་བྱ། །མེ་ལྷར་ གནས་པའི་སློབ་དཔོན་ནི། །རང་གི་ལྷ་ཡི་སྦྱོར་ལྡན་དང་། །རླུང་ལྷར་གནས་པའི་སྔགས་པ་ཡིས། །མཚམས་ཀྱི་ཐིག་ཀྱང་གདབ་པར་བྱ། །བླ་མ་དབང་ལྡན་ཕྱོགས་སུ་ནི། །གནས་ནས་སློབ་མ་བདེན་བྲལ་དུ། །གནས་པ་ཡིས་ནི་མཚམས་ཀྱི་ཐིག །གཉིས་པ་ཡང་དག་གདབ་ པར་བྱ། །སྒྱུ་མའི་ལུས་ནི་དྲན་བཞིན་དུ། །དེ་ནས་སྒོ་ནི་རྣམ་པར་དབྱེ། །སྒོ་ནི་འཁོར་ལོའི་བརྒྱད་ཆ་སྟེ། །ལྷ་ཡི་སྣམ་བུ་དེ་བཞིན་ནོ། །སྒོ་ཁྱུད་སྒོ་ཡི་ཚད་དུ་སྟེ། །དེ་བཞིན་འགྲམ་དང་ངོས་ཀྱང་ངོ་། །དེ་ཡི་ཕྱེད་དུ་ཁ་ཁྱེར་རོ། །ཁ་ཁྱེར་ཕྱེད་དུ་ཚོན་གྱི་ས། །རྩ་བའི་ཐིག་གི་ཕྱེད་ཀྱིས་ནི། 35-1-134a ནང་གི་དཀྱིལ་འཁོར་ཚད་ཡིན་ཏེ། །འོད་ཟེར་ལྔ་ཡིས་རྣམ་བརྒྱན་ཅིང་། །རྡོ་རྗེ་ཕྲེང་བས་འབར་བར་བྱ། །ནང་གི་དཀྱིལ་འཁོར་ཕྱི་རོལ་དུ། །ཐིག་བཞི་ཡང་དག་བྲི་བར་བྱ། །ནང་དུ་ཀ་བ་བརྒྱད་པོ་ནི། །འཁོར་ལོས་མཚན་ཅིང་ལེགས་མཛེས་བྲི། །རྡོ་རྗེ་ཀ་བའི་བར་དང་ བར། །དེ་ཉིད་དུ་ནི་རེའུ་མིག་དགུ། །དྲ་བ་ཁ་ཁྱེར་ཚད་དུ་འགྱུར། །རིན་ཆེན་ཕ་གུ་དེ་ཕྱེད་དུ། །འབབ་ལི་དང་ནི་མདའ་ཡབ་དང་། །ཕྱི་རོལ་ཀ་བའི་ས་དེ་བཞིན། །བུམ་པ་ཀ་བའི་སྟེང་གནས་པ། །རྟ་བབས་སྒོ་ཡི་སུམ་འགྱུར་ཏེ། །མདའ་ཡབ་དང་ནི་བྱ་འདབ་དང་། །ལྡན་ཞིང་དྲིལ་ བུ་ངེས་པར་འཁྲོལ། །བ་དན་དག་དང་རྔ་ཡབ་དང་། །མེ་ཏོག་ཆུན་འཕྱང་སོགས་མཛེས་པའོ། །དཀྱིལ་འཁོར་གྱི་ནི་ཟུར་བཞི་པོ། །ཟླ་ཕྱེད་ནོར་བུ་རྡོ་རྗེ་འཛིན། །སྒོ་ཁྱུད་ཀྱི་ནི་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་སྤྲས། །རྟ་བབས་རྡོ་རྗེའི་རྩེ་མོ་ཅན། །དེ་ཡི་ ཕྱི་རོལ་ཁོར་ཡུག་སྟེ། །རྡོ་རྗེའི་ཕྲེང་བ་འོད་ཟེར་རྒྱས། །ཐིག་བཏབ་པ་ལས་གྲུབ་འགྱུར་བའོ། །གཞན་རྣམས་འཁོར་ལོའི་རྗེས་མཐུན་པར། །ཇི་ལྟར་མཛེས་པར་རབ་ཏུ་བརྟག །སྔགས་པས་སློབ་མའི་ནུས་པ་དང་། །རྗེས་སུ་བསྟུན་ནས་དཀྱིལ་འཁོར་དེ། །ཁྲུ་གང་པ་ནས་བརྩམས་ བྱས་ནས། །ཁྲུ་སྟོང་བར་དུ་བྲི་བར་བྱ། །ཐོད་ལེ་ཀོར་གྱིས་ཐིག་གདབ་པའི་ཆོ་གའོ།། །།བགེགས་རྣམས་ཕུར་པས་བཏབ་བྱས་ཏེ། །དེ་ནས་ར་བ་དྲ་བ་སོགས། །བསམས་ནས་རྡོ་རྗེའི་རང་བཞིན་ས། །ཐིག་བཏབ་ལྷག་པར་གནས་པར་བྱ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱིས། ། སྐྱོད་པའི་ཚུལ་གྱི་ཁྱད་པར་དང་། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དཔང་དུ་འགྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་དཔུང་བཅོམ་ལྟར། །དེ་བཞིན་བདག་གིས་བདུད་ཀྱི་དཔུང་། །ཕམ་པར་བྱས་ཏེ་དཀྱིལ་འཁོར་བྲི། །དྲི་ཞིམ་སོགས་ཀྱིས་ས་བྱུགས་ཏེ། ། མེ་ཏོག་སྣ་ཚོགས་ཀྱིས་བཀྲམ་ནས། །ཙནྡན་སོགས་ཀྱིས་ལྷ་གནས་སུ། །མཁས་པས་མཎྜལ་རབ་ཏུ་བྱ། །གསེར་གྱིའམ་ཡང་ན་དངུལ་གྱིའམ། །ཟངས་སམ་ས་ཡི་རང་བཞིན་ཉིད། །ཇི་ལྟར་རྙེད་པ་བཟུང་ནས་ནི། །བརྟུལ་ཞུགས་ཅན་གྱིས་བུམ་པ་གཞག །བྱི་རུ་དངུལ་དང་གསེར་ 35-1-134b ནི། །པདྨ་རཱ་ག་མུ་ཏིག་སྟེ། །རིན་ཆེན་ཤིས་པ་ལྔ་པོ་རྣམས། །བུམ་པའི་ཆུ་ཡི་ནང་དུ་གཞུག །ནས་དང་གྲོ་དང་མོ་སྲན་གྲེའུ། །ཏིལ་དང་དེ་བཞིན་མོན་སྲན་སྡེའུ། །འབྲུ་ནི་ཤིས་པ་ལྔ་པོ་རྣམས། །བུམ་པའི་ནང་དུ་གཞུག་པར་བྱ། །ཆེན་པོ་ཚེར་མའི་དགྲ་དང་ནི། །ལྷར་བཅས་གཞན་གྱིས་མི་ཐུབ་དང་། །དཎྜོ་ཏ་ ཨུཏྤལ་རྩ་བ་སྟེ། །སྨན་ལྔ་པོ་ནི་གཞུག་པར་བྱ། །ཨ་མྲ་ཨུ་དུམྺཱ་ར་དང་། །མྱ་ངན་འཚང་དང་ཨ་ཤྭ་ཀ །དེ་བཞིན་ཀླུ་ཤིང་སྐྱེས་ཡལ་ག །བུམ་པའི་ཁ་མཛེས་ལྔ་གཟུགས་སོ། །གོས་ནི་དཀར་པོ་ཆེན་པོ་ཡིས། །བུམ་པའི་མགྲིན་པ་བཅིང་བར་བྱ། །གོས་ཀྱི་སྟེང་དུ་སྲད་བུ་དག ། དཀར་པོ་ཆོ་ག་མཁས་པས་དགོད། །མཁས་པས་གུར་ཀུམ་ལ་སོགས་པ། །མངོན་འདུས་བྱས་པས་དཀྱིལ་འཁོར་པ། །ཀུན་གྱི་ས་བོན་ནམ་མཚན་མ། །བུམ་པའི་ངོས་ལ་ངེས་པར་བྲི། །རིན་པོ་ཆེ་ལ་སོགས་ལྡན་ཞིང་། །རང་གི་སྔགས་ཀྱིས་མངོན་བསྔགས་པ། །ཆུ་བཅས་འདི་ རྣམས་བློ་ལྡན་གྱིས། །ལྷ་ཡི་གྲངས་ཀྱིས་གཞག་པར་བྱ། །དཀྱིལ་འཁོར་གྱི་ནི་གྲྭ་བཞི་དང་། །འཁོར་ཡུག་གི་ནི་ནང་དག་ཏུ། །བློ་དང་ལྡན་པས་བུམ་པ་གཞག །གཅིག་ནི་སྒོ་ལ་གཞག་པར་བྱ། །སའི་ལྷ་མོ་དང་བུམ་པ་ལྷག་པར་གནས་པའི་ཆོ་གའོ།། །།ཕྱི་ནས་གོས་དམར་ འཛིན་ཅིང་རྒྱན། །ཐམས་ཅད་ཀྱིས་ནི་བརྒྱན་གྱུར་ཅིང་། །དྲིལ་བུ་དང་བཅས་བླ་མ་ཡིས། །བསྙེམས་བཅས་རྡོ་རྗེ་གསོར་བྱས་ཏེ། །བར་སྙང་ལ་གནས་སངས་རྒྱས་དང་། །དཀྱིལ་འཁོར་པ་རྣམས་གོ་རིམས་བཞིན། །བལྟས་ནས་མིག་རྒྱས་འགྱུར་བ་ཡིས། །ཚིག་འདི་དག་ནི་ གསལ་བར་བརྗོད། །དེང་དུ་བདག་ཚེ་འབྲས་བུར་བཅས། །བདག་གི་གསོན་པ་འབྲས་བུར་བཅས། །བདག་ནི་དམ་ཚིག་ལྷ་རྣམས་དང་། །མཉམ་པར་གྱུར་པ་ཐེ་ཚོམ་མེད། །བྱང་ཆུབ་སེམས་དཔའ་སེམས་གཅིག་པ། །བདག་ནི་ཕྱིར་མི་ལྡོག་པར་འགྱུར། །བདག་དེང་དེ་བཞིན་གཤེགས་ པ་ཡི། །རིས་སུ་སྐྱེ་བར་གདོན་མི་ཟ། །སངས་རྒྱས་ཐམས་ཅད་སྤྱན་དྲངས་པས། །དེང་དུ་བདག་གི་ཉི་མ་མཆོག །དེང་བདག་མཆོད་སྦྱིན་བླ་ན་མེད། །དེང་དུ་བདག་གི་འདུས་པ་མཆོག །དེ་ནས་སངས་རྒྱས་དེ་དག་ལ། །བཏུད་དེ་མཆོད་ཡོན་ཕུལ་ནས་ནི། །བློ་དང་ལྡན་པས་ཕྱི་ནང་གི། ། 35-1-135a མཆོད་པས་མཆོད་དེ་འདི་སྐད་བརྗོད། །མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །རྡོ་རྗེ་ཅན་བདག་ཆེ་གེ་མོ། །ཞེས་ནི་བགྱི་བའི་དཀྱིལ་འཁོར་འདྲི། །སངས་རྒྱས་ཀུན་དེང་གཤེགས་སུ་གསོལ། །དངོས་གྲུབ་འདི་ནི་སྩལ་ དུ་གསོལ། །དཀྱིལ་འཁོར་ཆེན་པོའི་ལས་ལ་ནི། །ཅི་ནུས་བཞིན་དུ་རབ་ཏུ་བགྱི། །དེ་ནས་བསྙེམས་བཅས་ལངས་ནས་ནི། །རྫོགས་རིམས་རྣལ་འབྱོར་དང་ལྡན་པའི། །བརྟུལ་ཞུགས་ཅན་གྱིས་འགྲོ་བྱེད་ཅིང་། །དྲིལ་བུ་དཀྲོལ་བཞིན་འདི་སྐད་བརྗོད། །བདག་ནི་རང་ཉིད་རྡོ་རྗེ་ཅན། །རྡོ་རྗེ་ སེམས་དཔའ་བདག་རང་ཉིད། །བདག་ནི་སངས་རྒྱས་རྒྱལ་པོ་ཆེ། །བདག་ནི་རྣལ་འབྱོར་དབང་ཕྱུག་རྒྱལ། །བདག་ནི་ཕྱག་ན་རྡོ་རྗེ་བརྟན། །བདག་ནི་བདག་པོ་རྡོ་རྗེ་ཆེ། །དེང་བདག་རྡོ་རྗེ་སེམས་དཔར་གྲུབ། །དེ་ནས་སངས་རྒྱས་སངས་རྒྱས་ལྔའི། །རིགས་འབྱུང་རྣམས་ལ་གསོལ་བ་ གདབ། །དེ་དག་བར་སྣང་གནས་བསམས་ནས། །འདི་སྐད་བརྗོད་ཅིང་བསྐུལ་བར་བྱ། །ཐུགས་རྗེ་ཡི་ནི་བདག་ཅན་བདག །སློབ་མ་རྣམས་ལ་རྗེས་བརྩེ་དང་། །ཁྱེད་ཅག་ལ་ཡང་མཆོད་སླད་དུ། །སང་ནི་དཀྱིལ་འཁོར་བྲི་བར་འཚལ། །བཅོམ་ལྡན་གུས་པས་བདག་ལ་ནི། །དེའི་ ཕྱིར་བཀའ་དྲིན་མཛད་པར་འོས། །རྡོ་རྗེ་ཅན་བདག་ཆེ་གེ་མོ། །ཞེས་བགྱིའི་དཀྱིལ་འཁོར་མཛེས་པ་ཆི། །ཆེ་གེ་ཅི་ནུས་ཡོ་བྱད་ཀྱིས། །སང་ནི་ཡང་དག་འདྲི་བར་འགྱུར། །དེ་ཕྱིར་སློབ་མར་བཅས་བདག་ལ། །རྗེས་སུ་བརྩེ་བས་ཉེར་བཟུང་ནས། །འཁོར་བཅས་ཀུན་གྱིས་དཀྱིལ་ འཁོར་ལ། །བྱིན་གྱིས་བརླབ་པར་མཛད་པར་འོས། །འགྲོ་བ་འདོན་པའི་བསམ་ལྡན་པས། །འཁོར་ལོས་སྒྱུར་བའི་སྒེག་པ་ཡིས། །བསྒྲུབས་ནས་གདུལ་བར་བྱ་བ་རྣམས། །ཤར་སྒོར་ལྷག་པར་གནས་པར་བྱ། །དེ་ནས་འཁོར་ལོ་ཅན་མཆོད་ནས། །བླ་མ་བྱང་ཆུབ་གསོལ་བ་ལ། ། སློབ་མས་མེ་ཏོག་ཐལ་མོ་ནི། །སྙིང་གར་སྦྱར་བྱས་གསོལ་བ་གདབ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །བྱང་ཆུབ་ཆེན་པོའི་ཚུལ་བརྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་གསོལ། །བྱང་ཆུབ་སེམས་ 35-1-135b ཀྱང་བདག་ལ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་བདག་ལ་སྩལ་དུ་གསོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་འཇུག་ཏུ་གསོལ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཆེ་གེ་ མོ་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ། བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །དེང་ནས་བཟུང་སྟེ་སྡོམ་པ་ནི། །སངས་རྒྱས་རྣལ་འབྱོར་འབྱུང་བ་གཟུང་། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་ བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉི་མ་རེ་རེ་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། །པདྨའི་རིགས་ཆེན་དག་པ་ནི། །བྱང་ཆུབ་ཆེན་པོ་འབྱུང་བ་ ལ། །ཕྱི་དང་གསང་བ་ཐེག་གསུམ་པ། །དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བསྐྱེད་པར་བགྱིས་ ནས་ནི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སྡོམ་པ་མ་ལུས་གཟུང་བར་བགྱི། །མ་རྒལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་རྣམས་དབུགས་དབྱུང་ཞིང་། །མྱ་ངན་འདས་ལ་དགོད་པར་བགྱི། །སློབ་མ་དང་ནི་བླ་མ་ཡིས། །དང་ པོར་ལན་གསུམ་བརྗོད་ནས་ནི། །དེ་ནས་གསང་སྔགས་རིག་པ་ཡིན། །སོ་ཤིང་ལ་སོགས་སྦྱིན་པར་བྱ། །སྲིད་དུ་སོར་ནི་བཅུ་གཉིས་པ། །འོ་མའི་ཤིང་ལས་བྱུང་ཞིང་སར། །མ་གས་རྩེ་མོར་མེ་ཏོག་བཅས། །གསང་སྔགས་འདི་ཡིས་འཆའ་རུ་གཞུག །ཨོཾ་བཛྲ་ཧཱ་ས་ཧཿ། ཤར་ དང་བྱང་གི་ཕྱོགས་གནས་ནས། །བཅས་ཏེ་དེ་ནི་འདོར་དུ་གཞུག །དེ་ནས་བླ་མས་ཕྱོགས་ཀྱི་ནི། །རྣམ་དབྱེས་ཞི་སོགས་བསྟན་པར་བྱ། །དེ་ནས་ཀུ་ཤ་རྩར་བཅས་ཤིང་། །སྐྱོན་སྤངས་པ་རྣམས་བླངས་ནས་ནི། །སྟན་དང་སྔས་ཕྱིར་སློབ་མ་ལ། །སྔགས་འདི་ཡིས་ནི་སྟེང་དུ་གཞུག ། 35-1-136a ཨོཾ་བཛྲ་ཏཱིཀྵྞ་བཾ། བུ་མོས་སྐུད་པ་སུམ་བསྒྲིལ་པ། །མདུད་གསུམ་མངོན་པར་ལེགས་བསྔགས་པའི། །གསང་སྔགས་འདི་ཡིས་རང་ཉིད་ཀྱིས། །དཔུང་པ་གཡས་ལ་བཅིང་བར་བྱ། །ཨོཾ་བུདྡྷ་མཻ་ཏྲི་རཀྵ་རཀྵ་སརྦན་སྭཱ་ཧཱ། དེ་ནས་བླ་མས་དེའི་ སྙིང་ག །ལྐོག་མ་སྤྱི་བོ་རིམ་བཞིན་དུ། །རྡོ་རྗེ་དེ་བཞིན་པད་འཁོར་ལོ། །ཡི་གེ་གསུམ་གྱིས་སྤྲུལ་པ་བསམ། །སླར་ཡང་དྲི་ཆུ་ཡིག་གསུམ་གྱིས། །བཟླས་ཤིང་ལེགས་པར་འདུས་བྱས་པ། །དེ་ཉིད་རིག་པས་གསང་སྔགས་འདིས། །སྡིག་པ་སྦྱང་ཕྱིར་འཐུང་དུ་གཞུག ། ཨོཾ་ཤུདྡྷ་དྷ་རྨཱ་སརྦ་པཱ་པཾ་ན་ཨ་སྱ་བི་ཤོ་དྷ་ཡ་སརྦཱ་བི་ཀལྤཱན་ཨ་པ་ན་ཡ་ཧཱུཾ། དེ་ནས་སློབ་མ་དེ་ཉིད་ནི། །དེ་ཉིད་རྟོགས་ལ་དེ་ཉིད་དོན། །དྲན་བྱའི་ཕྱིར་དང་རྣམ་གཡེངས་པ། །ཞི་བར་བྱ་ཕྱིར་དམ་ཆོས་བསྟན། །སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། ། འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །ཟབ་མོ་ཉིད་ནི་རྣམ་མི་རྟོག །རྒྱ་ཆེ་སངས་རྒྱས་རྣམས་ཀྱི་སྐུ། །ཟབ་དང་རྒྱ་ཆེ་ཞེས་གྲགས་པ། །བདེན་པ་གཉིས་ཞེས་བྱ་བར་བ་ཤད། །ཀུན་རྫོབ་དང་ནི་དམ་པའི་དོན། །རྣམ་དབྱེ་སོ་སོར་ཤེས་ནས་ནི། །ཕྱི་ནས་སླར་ ཡང་བསྲེག་བྱ་སྟེ། །གོ་འཕང་ཟད་པ་མེད་པར་བསྒོམ། །དེ་ཡིས་ཀུན་དུ་ཀུན་ལས་ཀུན། །རྣམ་ཀུན་ཀུན་ཚེ་རང་ཉིད་ནི། །སངས་རྒྱས་ཐམས་ཅད་རང་བཞིན་དུ། །གྲུབ་པར་རང་ཉིད་ཀྱིས་མཐོང་འགྱུར། །བྱང་ཆུབ་སུས་ཀྱང་བྱིན་མ་ཡིན། །སུ་ཡིས་ཀྱང་ནི་བཟུང་མ་ཡིན། །རང་ ཆོས་ཡོངས་སུ་ཤེས་པ་ལས། །དེ་ལ་སངས་རྒྱས་སངས་རྒྱས་བརྗོད། །སེམས་ཅན་བག་ལ་ཉལ་བྱེད་པ། །ཡང་དག་མགོན་པོས་དེ་ཉིད་ནི། །འབད་པས་སྦས་ནས་ཕུང་པོ་ནི། །རིན་ཆེན་ཟ་མ་ཏོག་ཏུ་བཞག །དེ་ཕྱིར་བླ་མའི་ཞབས་ཀྱི་ནི། །དྲིན་གྱིས་འབད་པས་རྟོགས་བྱས་ ཏེ། །དེ་ཉིད་ཀྱིས་ཡིད་གསལ་གྱུར་པས། །དེ་ནས་སྤྱོད་པ་རབ་ཏུ་བྱ། །འདི་ན་གཙང་སྦྲ་ངེས་སྡོམ་མེད། །དཀའ་ཐུབ་མེད་ཅིང་དཀའ་སྤྱད་མེད། །དཀའ་སྤྱད་མེད་ཅིང་ངེས་མེད་ལ། །བདེ་བ་བསྟེན་པས་འགྲུབ་པར་འགྱུར། །དཀྱིལ་འཁོར་དམ་པ་མཐོང་ནས་ནི། །བསྐལ་ 35-1-136b པ་བྱེ་བ་མཐའ་ཡས་སུ། །སྔོན་ཆད་སྡིག་པ་གང་བྱས་པ། །དེ་དག་ཐམས་ཅད་ཟད་པར་འགྱུར། །དེ་སྐད་ཡང་དག་བསྟན་བྱས་ནས། །ཀུ་ཤ་བཏིང་བར་ཉལ་དུ་གཞུག །མཚན་མོ་མཐོང་བ་གང་དེ་ཀུན། །བདག་ལ་སྨྲོས་ཤིག་ཅེས་བསྟན་བྱ། །ནང་པར་དགེ་མི་དགེ་ཐོས་ ནས། །དགེ་བ་སླར་ཡང་སྤེལ་བར་བྱ། །མི་དགེ་དགེ་ནི་རྨི་ལམ་བདག །མེད་པའི་གཏམ་གྱིས་རྣམ་པར་སྦྱང་། །སློབ་མ་ལྷག་པར་གནས་པའི་ཆོ་གའོ།། །།ལུས་དང་ངག་སེམས་གོམས་པ་ཡི། །ཤེས་རབ་ཅན་གྱིས་ཐིག་སྐུད་ནི། །སར་པ་ལེགས་པར་བསྒྲིལ་ གྱུར་པ། །ཚད་ལེགས་མཛེས་པས་ཐིག་གདབ་བྱ། །ཞེས་བྱ་བ་ནི་བསྟན་པའི་ཚིག་གོ། །མདོ་འདིའི་བཤད་པ་རྒྱས་པར་བརྗོད་པར་བྱ་སྟེ། ཐིག་སྐུད་དཀྱིལ་འཁོར་གཉིས་འགྱུར་ཏེ། །སྦོམ་མིན་དེ་བཞིན་ཕྲ་བ་མིན། །ཇི་ལྟ་ཇི་ལྟར་སངས་རྒྱས་ལྔའི། །བདག་ཅན་མདོག་ལྔས་ ཁ་བསྒྱུར་བ། །ས་བོན་དེ་དེས་བཟླས་གྱུར་པ། །སྣོད་ནི་གད་ཙང་མར་གཞག་པར་བྱ། །སྔགས་པ་མི་བསྐྱོད་སྦྱོར་ལྡན་པས། །རྟག་པའི་རྣལ་འབྱོར་པ་ལ་སྦྱིན། །ས་བོན་ལྔ་ཡིས་བཟླས་པ་དེ། །སློབ་མས་བླངས་ནས་འགྲོ་བར་བྱ། །ཧཱུཾ་ཨོཾ་སྭཱ་ཨཱཿཧཱ་ས་བོན་ལྔ་ཡིས་བཀུག་ནས་ ནི། །ཐིག་ཤེས་བླ་མས་ཐིག་རྣམས་ནི། །ཟེར་ལྔའི་བདག་ཉིད་ཅན་བསྒོམས་ནས། །སྔགས་དང་ལྡན་པས་བསྒྲིལ་བར་བྱ། །ཨོཾ་དཱིཔྟ་དྲྀཥྚི་ཨཾ་ཀུ་ཤ་ཛཿ། ཨོཾ་ཨ་ནྱོ་ནྱཱ་ནུ་ག་ཏཿ སརྦ་དྷ་རྨྨཱཿཔ་ར་སྤ་ར་ཨ་ནུ་པྲ་བིཥྚཿ་སརྦ་དྷརྨཱ་ཨོཾ་ཨཱཿཧཱུཾ། བསྒྲིལ་བ་ཟིན་ནས་ཐིག་སྐུད་ནི། །གཙང་ མའི་སྣོད་དུ་བཞག་པ་ལ། །དྲི་དང་མེ་ཏོག་སོགས་མཆོད་ནས། །ཡི་གེ་གསུམ་གྱིས་མངོན་པར་བསྔགས། །དེ་ནས་ལངས་ཏེ་རྣལ་འབྱོར་པ། །འཁོར་ལོས་སྒྱུར་སྒེག་ལྡན་སློབ་མར། །བཅས་པས་འཁོར་ལོ་མཆོད་པའི་མཐར། །སླར་ཡང་མཁའ་ལ་ཐིག་གདབ་བྱ། །སློབ་ དཔོན་རང་རྣལ་འབྱོར་ཅན་ཛཿ། །ཡིག་ལས་ཉི་ཟླའི་མིག་ཅན་གྱུར། །ཛཿཡིག་ལས་གསུམ་བརྗོད་ནས་ནི། །ལྟེ་གནས་ཐིག་སྐུད་དྲངས་བྱས་ཏེ། །ཁུ་ཚུར་གཡོན་པས་གཟུང་བྱས་ནས། །སྔགས་འདིས་སླར་བཞིན་ཚངས་སྐུད་སོགས། །དེ་ནི་རིམ་བཞིན་མཁའ་ལ་གདབ། ། 35-1-137a ཨོཾ་བཛྲ་ས་མ་ཡ་སཱུ་ཏྲོཾ་མཱ་ཏི་ཀྲ་མ་ཧཱུཾ། ཧཱུཾ་ཨོཾ་སྭཱ་ཨཱཿཧཱ། དྲངས་ནས་སྔགས་པ་ཆོ་ག་ཤེས་པས་ནི། །སློབ་བཅས་རྡོ་རྗེའི་འགྲོས་ཀྱིས་འགྲོས་དལ་བ། །བྱས་པས་མཁར་གནས་ཐིག་ནི་ཇི་ལྟ་བ། །དེ་བཞིན་ས་ལ་གནས་པ་གདབ་པར་བྱ། །ཟུར་བཞི་པ་ ལ་སྒོ་བཞི་བ། །རྟ་བབས་བཞིས་ནི་བརྒྱན་གྱུར་པ། །ཐིག་བཞི་དང་ནི་ཡང་དག་ལྡན། །ཀ་བ་བརྒྱད་ཀྱིས་ཉེར་མཛེས་ཤིང་། །དྲ་བ་དྲ་བ་ཕྱེད་པས་སྤྲས། །རྡོ་རྗེ་ནོར་བུ་ཟླ་ཕྱེད་ཅན། །སྒོ་ཁྱུད་ཀྱི་ནི་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་སྤྲས། །ཀ་བུམ་རྡོ་རྗེ་ཆེན་པོ་ཅན། ། མདའ་ཡབ་ལ་གནས་བྱ་དང་ལྡན། །དྲིལ་བུ་བ་དན་གྱིས་མཛེས་ལ། །རྔ་ཡབ་སོགས་ཀྱིས་རྣམ་བརྒྱན་པའོ། །ནམ་མཁའ་ལ་ཐིག་གདབ་པའི་ཆོ་གའོ།། །།དེ་ནས་ཚོན་རྩི་ཁ་དོག་ལྔ། །ལེགས་པར་འདུས་བྱས་བླངས་ནས་ནི། །ཛཿཡིག་ལས་ནི་རྡོ་རྗེ་ཡི། །ལྟ་བས་དེ་རྗེས་ སྦར་བར་བྱ། །རྟག་པ་ལ་སོགས་སོ་སོར་ནི། །རིམ་བཞིན་དཀར་ལ་སོགས་མདོག་ཅན། །ཕྱག་རྒྱ་བཞི་དང་ལྡན་པ་རྣམས། །བལྟས་ནས་རང་ཡིག་གིས་བསྔགས་ཏེ། །ཆོ་ག་ཤེས་པས་གསང་སྔགས་ནི། །འདི་ཡིས་སླར་ཡང་མངོན་བསྔགས་ནས། །དྲི་དང་མེ་ཏོག་སོགས་ མཆོད་དོ། །སྣོད་ནི་སར་པར་གཞག་པར་བྱ། །ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ཚོན་སྣ་ལྔའི་ཆོ་གའོ།། །།དེ་ནས་ནང་པར་དུས་སུ་ནི། །རང་གི་ལྷ་ཡི་སྦྱོར་ལྡན་དང་། །རྡོ་རྗེ་ཅན་གྱིས་དབང་ལྡན་ཕྱོགས། །བརྩམས་ནས་ཁུ་ཚུར་གཡོན་པ་ཡིས། །རི་མོ་སྒོ་ཡི་ཉི་ཤུའི་ཆ། །དཀར་ དང་དེ་བཞིན་སེར་དང་དམར། །ལྗང་དང་དེ་བཞིན་སྔོན་པོ་ནི། །སྙོམས་པར་ཡང་དག་དགྱེ་བར་བྱ། །ཤར་ཕྱོགས་རེའུ་མིག་དཀར་པོ་སྟེ། །ལྷོ་ནི་སེར་པོ་རུ་འགྱུར་རོ། །ནུབ་ནི་དམར་པོར་རིག་པར་བྱ། །བྱང་ནི་ལྗང་གུར་འགྱུར་བ་སྟེ། །དབུས་ཀྱི་རེའུ་མིག་གང་ཡིན་ཏེ། །ཨནྡ་ རྙིལ་མཚུངས་འོད་ཅན་འགྱུར། །རྣམ་དག་བློ་ཡིས་བྱང་ཆུབ་ཏུ། །སེམས་བསྐྱེད་ནས་ནི་ཐམས་ཅད་བྱ། །སྒོ་དང་མདའ་ཡབ་ལ་སོགས་པའི། །ཐོད་ལེ་ཀོར་གྱི་ཐིག་བཤད་པ། །ཀུན་ནི་ཚོན་འགྱེད་རིམ་པ་ཡིས། །སྣ་ཚོགས་ཚོན་གྱིས་དགྱེ་བར་བྱ། །ཕྲས་པ་ཡིས་ནི་མུ་ 35-1-137b གེ་བྱེད། །དེ་བཞིན་ཆད་པས་ཚེ་ཟད་པའོ། །ཡོན་པོས་ཡུལ་ནས་འབྱུང་བ་སྟེ། །ཤིན་ཏུ་སྦོམ་པས་དེ་བཞིན་ནོ། །དེ་ཉིད་བསམ་མིན་སྦྱོར་ལྡན་ལ། །ཚོན་རྩི་འགྱེད་པའི་སྦྱོར་གང་དག །དེ་ཉིད་བཟང་བསམ་སྦྱོར་ལྡན་ལ། །ནམ་ཡང་བགེགས་བྱེད་ནུས་མ་ཡིན། །དཀྱིལ་ འཁོར་ཡང་དག་ཇི་བཞིན་དུ། །རབ་ཏུ་བརྟག་པར་སུ་ཡིས་ནུས། །རང་ལྷག་ལྷ་ཡི་རྣལ་འབྱོར་གྱིས། །དཀྱིལ་འཁོར་བརྟགས་པས་འགྲུབ་པར་འགྱུར། །ཚོན་འགྱེད་པའི་ཆོ་གའོ།། །།རང་ལྷག་ལྷ་ཡི་སྦྱོར་བ་ཡིས། །རྡུལ་ཚོན་བྱ་བ་རྫོགས་ནས་ནི། །དེ་ནས་ཆོ་ག་མཐོང་བ་ ཡིས། །ལས་ཀྱི་ཕྱག་རྒྱ་དགོད་པར་བྱ། །དེ་ཡི་དབུས་སུ་རྡོ་རྗེ་ནི། །ཨནྡ་རྙིལ་མཚུངས་འོད་ཅན་བྲི། །ཤར་དུ་འཁོར་ལོ་ཆེན་པོ་ནི། །རྡོ་རྗེ་འབར་བས་བརྒྱན་པའོ། །ལྷོ་རུ་རིན་ཆེན་ཆེན་པོ་ནི། །མེ་སྟག་འཐིབས་པ་འཁྲུགས་པའོ། །ནུབ་ཏུ་པདྨ་ཆེན་པོ་ནི། །པདྨ་རཱ་ག་མཚུངས་འོད་ ཅན། །བྱང་དུ་རལ་གྲི་ཆེན་པོ་ནི། །འོད་ཟེར་འབར་མཚུངས་གསལ་བའོ། །ཤར་གྱི་གྲྭ་རུ་མིག་སྤྲིན་གྱི། །དབུས་དང་མཚུངས་པའི་འོད་ཅན་བྲི། །ལྷོ་ཡི་གྲྭ་རུ་རྡོ་རྗེ་ནི། །མཱ་མ་ཀཱིའི་རིགས་བྱུང་བའོ། །ནུབ་ཀྱི་གྲྭ་རུ་པདྨ་ནི། །ཁ་བྱེ་ལྡོང་བུར་བཅས་པ་བྲི། །བྱང་གི་གྲྭ་རུ་ཨུཏྤ་ལ། ། སྤྲིན་སྔོན་ལྟ་བུར་མཛེས་པ་བྲི། །ཕྱི་རོལ་གྱི་ནི་མཚམས་བཞི་རུ། །བློ་དང་ལྡན་པས་རིམ་གྱིས་ནི། །མེ་ལོང་དེ་བཞིན་པི་ཝང་དང་། །དྲི་ཡི་དུང་ཕོར་རོ་སྣོད་དགོད། །ཤར་གྱི་སྣམ་བུར་ཀླུ་ཤིང་གི། །མེ་ཏོག་དང་ནི་འཁོར་ལོ་དགོད། །བརྟུལ་ཞུགས་ཅན་གྱིས་ལྷོར་རིན་ཆེན། །དེ་བཞིན་ རིན་ཆེན་སེར་པོ་དགོད། །ཕྱི་ནས་ནུབ་ཏུ་པདྨ་དང་། །དེ་བཞིན་པདྨ་དམར་པོ་དགོད། །བྱང་དུ་མཁས་པས་རལ་གྲི་དང་། །རལ་གྲི་སྔོ་བསངས་དགོད་པར་བྱ། །ཤར་གྱི་སྒོ་རུ་ཐོ་བ་ནི། །འབར་བ་འོད་བཟང་བྲི་བར་བྱ། །ལྷོ་རུ་དབྱུག་པ་རྡོ་རྗེ་ནི། །འབར་བ་འོད་བཟང་བྲི་བར་བྱ། །ནུབ་ ཏུ་པདྨ་རལ་གྲི་ནི། །འབར་བའི་འོད་ཀྱི་འབྱུང་གནས་བྲི། །བྱང་དུ་རྡོ་རྗེ་འཁྱིལ་པ་ནི། །རྡོ་རྗེ་ཅན་གྱི་རྡོ་རྗེ་བྲི། །མེ་ཡི་མཚམས་སུ་རལ་གྲི་བྲི། །བདེན་བྲལ་དུ་ནི་ཞགས་པ་བྲི། །རླུང་དུ་རལ་གྲི་བྲི་བར་བྱ། །དབང་ལྡན་དུ་ནི་རལ་གྲི་བྲི། །སྟེང་དུ་གཙུག་ཏོར་མཚན་མ་ནི། །བྲིས་ནས་འོག་ཏུ་ 35-1-138a ཞགས་པ་བྲི། །ཐུགས་ཀྱི་དཀྱིལ་འཁོར་དམ་པ་ནི། །ཡོངས་སུ་གསལ་བར་ཤེས་པར་བྱ། །ལུས་དང་ངག་དང་སེམས་དག་གི། །མཆོད་པས་འབད་དེ་མཆོད་པར་བྱ། །བུ་མོ་མདངས་འོད་ལེགས་ཆགས་པ། །ལོ་ནི་བཅུ་དྲུག་ལོན་རྙེད་ནས། །དྲི་དང་མེ་ཏོག་ དཀྲིས་བྱས་ཏེ། །དེ་དབུས་སུ་ནི་འདོད་པ་བྱ། །ཤེས་རབ་ཅན་གྱིས་མཱ་མ་ཀཱི། །ཡོན་ཏན་སྐ་རགས་ཅན་དེ་བྱིན། །བརླབས་ནས་སངས་རྒྱས་གནས་ཞི་མཁའི། །དབྱིངས་ནི་རྒྱན་པ་དབྱུང་བར་བྱ། །མི་བསྐྱོད་ལ་སོགས་དེ་བཞིན་གཤེགས། །བྱང་ཆུབ་སེམས་ལས་བསྒྲུབས་པ་ ནི། །ཐུགས་རྗེའི་བདག་གིས་སྡང་རྨོངས་སོགས། །སྤྱོད་པའི་སེམས་ཅན་གཟིགས་ནས་ནི། །སངས་རྒྱས་རྫུ་འཕྲུལ་སྐ་རགས་ཅན། །མཛད་དེ་ཆོས་འཁོར་རབ་བསྐོར་ནས། །ཏིང་ངེ་འཛིན་དེས་དེ་དག་གི། །ཞེ་སྡང་ལ་སོགས་ཡོངས་སྦྱངས་ཏེ། །མཆོག་ཏུ་དགའ་བའི་སྐུ་མངའ་ རྣམས། །རང་རང་བཞིན་དུ་གཤེགས་ནས་ནི། །སླར་ཡང་བྱོན་པར་བཞེད་པ་རྣམས། །ཇི་ལྟར་བཞེད་པ་བཞིན་དུ་བཞུགས། །དེ་ནས་རང་བཞིན་ཤེས་རྣལ་འབྱོར། །པ་ཡིས་སློབ་མ་དབང་བསྐུར་ཕྱིར། །གུས་པས་རྒྱལ་བ་དེ་དག་ཀུན། །སླར་བྱོན་ཆེད་དུ་བསྐུལ་བར་བྱ། །ལྷ་ ཡི་ཐུགས་ཀར་ཡེ་ཤེས་ཀྱི། །རྡོ་རྗེ་ཕྲ་མོ་བསྒོམས་བྱས་ནས། །སླར་ཡང་དེ་ཡི་ཐུགས་ཀར་ནི། །ཏིང་འཛིན་ཞེས་བྱ་རྣམ་པར་བསྒོམ། །བདག་ཉིད་སེམས་དཔའ་གསུམ་ལས་བྱུང་། །འོད་ཟེར་ལྕགས་ཀྱུའི་རྣམ་པ་ཡིས། །སེམས་དཔའ་གསུམ་པོ་བཀུག་ནས་ནི། །རིམ་པ་ བཞིན་དུ་ལྷ་རྣམས་ལའོ། །དེ་ལྟར་ཐུགས་ནི་བསྐུལ་བྱས་ནས། །དེ་བཞིན་གཤེགས་རྣམས་དྲང་བྱས་ཏེ། །ཐམས་ཅད་མཁའ་ལ་གནས་བྱས་ནས། །ཚིགས་བཅད་འདིས་ནི་གསོལ་བ་གདབ། །ཁམས་ཀྱི་སྙིང་པོ་གཅིག་པུ་མ་རུངས་བདུད། །རབ་ཏུ་བཅོམ་ཞིང་འགྲོ་བ་མ་ལུས་ པའི། །རང་བཞིན་མངོན་སུམ་མཛད་པ་རང་བཞིན་ནི། །འགྲོ་བ་མཐའ་ཡས་རང་བཞིན་ཀུན་གཤེགས་ཤིག །དེ་ནས་སེ་གོལ་རྡོ་རྗེ་ཡིས། །ཕྱག་རྒྱ་ཆེན་པོའི་རང་བཞིན་རྣམས། །གསང་སྔགས་འདི་ཡིས་བཀུག་ནས་ནི། །ཨོཾ་བཛྲ་ས་མ་ཡ་ཛཿཛཿཛཿཛཿ་དམ་ཚིག་ལྕགས་ཀྱུས་བསྐུལ་ 35-1-138b གྱུར་པའི། །སངས་རྒྱས་ཐམས་ཅད་བྱོན་ནས་ནི། །སེམས་ཅན་དབང་རྣམས་བསྐུར་སླད་དུ། །དཀྱིལ་འཁོར་འདི་ལ་བཞུགས་པར་གྱུར། །དེ་ནས་རྣལ་འབྱོར་དབང་དགའ་བས། །དངོས་སུ་སངས་རྒྱས་རྣམས་མཐོང་ནས། །རྒྱས་བཏབ་མཆོད་ཡོན་གྱིས་མཆོད་དེ། །དྲིལ་བུར་ བཅས་པས་བསྟོད་པར་བྱ། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ཏེ་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བ་སྒྲོགས་ཁྱོད་ལ་ཕྱག་འཚལ། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགྱེས་ཆེན་པོ། །རྡོ་རྗེ་རང་བཞིན་གྱིས་འོད་གསལ། ། ཆོས་སྟོན་ཁྱོད་ལ་ཕྱག་འཚལ་ལོ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །ནམ་མཁའ་རྡོ་རྗེ་མཁའ་དྲི་མེད། །རང་བཞིན་གྱིས་དག་གོས་པ་མེད། །གསང་བ་གསུམ་ལ་ཕྱག་འཚལ་ལོ། །རྡོ་རྗེ་མི་འཆི་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་ པ་བརྙེས། །གསང་བ་གསུམ་ཁྱོད་ལ་ཕྱག་འཚལ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །རེ་བ་ཐམས་ཅད་ཡོངས་སྐོང་མཛད། །རང་བཞིན་དག་པ་ལས་བྱུང་བ། །རྡོ་རྗེ་སེམས་དཔའ་ཁྱོད་ཕྱག་འཚལ། །གང་ཞིག་བསྟོད་པའི་རྒྱལ་པོ་འདིས། །དེ་བཞིན་གཤེགས་རྣམས་ལ་ བསྟོད་པ། །དེ་ལ་སངས་རྒྱས་རྡོ་རྗེ་སེམས། །རང་ཉིད་གྲོགས་པོར་ཉེ་བར་གནས། །དེ་ནས་རྣལ་འབྱོར་པ་ཡིས་ནི། །འདོད་ཡོན་ལྔ་ཡིས་མཉེས་པར་བྱ། །ནང་གི་སྦྱིན་སྲེག་བྱས་ནས་ནི། །འདི་སྐད་བརྗོད་ཅིང་གཏོར་མ་གཏང་། །ཨོཾ་ད་ཤ་དིཀ་བྱ་བསྠི་ཏེ་བྷྱཿཙ་དེ་བ་ནཱག་ཡཀྵ་གནྡྷ་རྦ་ ཨ་སུ་ར་ག་རུ་ཌ་ཀིནྣ་ར་མ་ཧོ་རཱ་ག་བྷཱུ་ཏ་པྲ་ཏ་པི་ཤཱ་ཙ་ཨུནྨཱནྡ་ཨ་པ་སྨཱ་ར་ཨོསྟཱ་རཱ་ཀ་ཨ་ཏི་བྷྱོ་བ་ལིཾ་ཏ་པ་ཡཱ་མི་གྲྀ་ཧཱི་ཏོ་སུ་ཁ་སོོ་མ་ན་ཏྱ་ལ་བི་ནོ་བྷ་བན་སྠཱ་ནཾ་ཙ་ནི་རཱུ་པ་ཏྲ་བཾ་ཀུརྦནྟུ་སརྦ་བུདྡྷ་ཨ་དྷིཥྛཱ་ནེ་ན། ཨོཾ་ཨཱཿཧཱུཾ་ཨི་དཾ་ཨ་མྲྀ་ཏ་པིཎྜཾ་བྷུ་ཀྟྭ་མ་མ་ས་པ་རི་བཱ་ར་སྱ་ཤཱནྟིཾ་ཀུརྦནྟུ་སྭ་སྟི་སྭཱ་ཧཱ། སྤྱན་དྲང་ བའི་ཆོ་གའོ།། །།དེ་ནས་མིག་ཕྱེ་གསལ་བ་ཡི། །རྣལ་འབྱོར་དབང་གིས་ལངས་ནས་ནི། །བསྐོར་བ་བྱས་ནས་འཁོར་ལོ་ཡི། །སྒོ་ནི་དབྱེ་བ་བརྩམ་པར་བྱ། །ནུབ་ཕྱོགས་ཀྱི་ནི་སྒོར་གནས་ཏེ། །གཡོན་བརྐྱང་སྟབས་ཀྱིས་རོལ་བཞིན་དུ། །ཟློས་ཤིང་རྡོ་རྗེ་ཧཱུཾ་མཛད་ཀྱི། ཕྱག་རྒྱས་ཤར་ 35-1-139a སྒོ་དབྱེ་བར་བྱ། །ཨོཾ་བཛྲ་ཨུདྒྷ་ཊཱ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། དེ་བཞིན་བྱང་གི་ཕྱོགས་གནས་ཤིང་། །ཁྲོ་བོའི་ལྟ་བས་དེ་བཞིན་དུ། །ཟློས་ཤིང་ལྷོ་སྒོ་ཕྱེ་ནས་ནི། །སྔར་གྱི་ཕྱག་རྒྱ་དགྲོལ་བར་བྱ། །ཤར་གྱི་ཕྱོགས་གནས་རྣལ་འབྱོར་པ། །དེ་བཞིན་ནུབ་ཏུ་མངོན་ ཕྱོགས་པས། །ཆུ་ལྷའི་སྒོ་ནི་ཕྱེ་བྱས་ནས། །ཁྲོ་བོའི་ཕྱག་རྒྱ་དགྲོལ་བར་བྱ། །དེ་བཞིན་ལྷོ་ཕྱོགས་སུ་གནས་ཤིང་། །བྱང་ཕྱོགས་ལ་ནི་སྔར་བཞིན་པས། །ནོར་བྱིན་གྱིས་བྱིན་བརླབས་པའི་སྒོ། །ཕྱེ་ནས་དེ་བཞིན་གཟུང་བ་དང་། །དེ་ནས་སློབ་མ་གཟུང་བྱའི་ཕྱིར། །རང་ཉིད་ཐལ་ མོ་སྦྱར་བ་ཡིས། །བདེན་པའི་བྱིན་རླབས་སྔོན་འགྲོ་བས། །འཁོར་ལོ་ཆེ་ལ་གསོལ་བ་གདབ། །རང་བཞིན་འོད་གསལ་ལས་བྱུང་བའི། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །གཟུགས་བརྙན་དང་ཡང་འདྲ་བ་ཉིད། །དཀྱིལ་འཁོར་ཡང་ནི་དེ་དང་འདྲ། །དེ་ལྟར་བདེན་པས་སློབ་མ་ ནི། །སེམས་ཀྱི་དཀྱིལ་འཁོར་ལ་ཞུགས་ཤིང་། །སྡིག་དང་བྲལ་རྣམས་འཁོར་ལོ་ལས། །རྫུ་འཕྲུལ་མ་ལུས་མཐོང་བར་འགྱུར། །འདི་དེ་རྡོ་རྗེ་སྙིང་པོ་སྟེ། །རྡོ་རྗེ་ཡེ་ཤེས་སྒྲུབ་བྱེད་པ། །དེ་བཞིན་གཤེགས་ཀུན་ཕོ་བྲང་དུ། །བདག་གིས་སློབ་མ་གཞུག་པར་བགྱི། །ཞུགས་ ལ་དེ་བཞིན་གཤེགས་རྣམས་ཀྱིས། །ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང་། །དམ་ཚིག་ཀྱང་ནི་སྤྲོས་པ་ལས། །ཕུན་སུམ་ཚོགས་ཀུན་སྩལ་དུ་གསོལ། །ཤར་གྱི་སྒོ་རུ་བཀུག་ནས་ནི། །བུམ་པའི་ཆུ་ཡིས་ཡང་དག་པར། །བྱས་ཏེ་གདོང་གཡོགས་བླངས་ནས་ནི། །གསང་ སྔགས་འདི་ཡིས་དེ་བཅིང་བྱ། །ཨོཾ་ཙཀྵུ་བྷནྡྷ་བ་ར་མ་ན་ཡ་ཧཱུཾ།། །།ཨོཾ་པྲ་བེ་ཤ་བྷ་ག་ཝཱ་ན་མ་ཧཱ་སུ་ཁ་མོཀྵ་སུ་རཾ་སརྦ་སིདྡྷི་སུ་ཁཾ་པྲ་དམྤ་ར་མ་སུ་ཁ་ཨུཏྟ་མ་སིདྦྷྱ་ཛཿཧཱུཾ་བཾ་ཧོཿཔྲ་སིདྡྷྱ་སྭཱ་ཧཱ། དེ་ནས་སློབ་མ་ལ་དྲི་བྱ། །ཀྱེ་རབ་ཏུ་དགའ་ལ་དགའ་ཁྱོད་སུ། །དེ་ནས་སློབ་མས་ཀྱང་ བརྗོད་བྱ། །བདེ་བ་ཆེན་པོ་བདག་སྐལ་བཟང་། །རྐང་པ་མཉམ་པས་འདུག་གྱུར་ཅིང་། །ཐལ་མོ་སྦྱོར་བའི་སློབ་མ་ལ། །ཚིགས་སུ་བཅད་པ་འདི་བརྗོད་ཅིང་། །སླར་ཡང་སེམས་བསྐྱེད་སྦྱིན་པར་བྱ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་ 35-1-139b བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ལ་གཟུང་། །དེ་ནས་སློབ་མ་དེ་ཉིད་ལ། །ཕྱག་བཞི་བྱེད་དུ་གཞུག་པར་བྱ། །དང་པོ་མི་བསྐྱོད་དབང་བྱས་ནས། །རྡོ་རྗེ་ཐལ་མོ་མཛེས་སྦྱར་ཏེ། །གསང་སྔགས་འདི་ནི་བརྗོད་བཞིན་དུ། །ལྷག་པ་བརྒྱད་ནས་ཕྱག་ བྱའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨུ་པསྠ་ནཱ་ཡ་ཨཱཏྨ་ནཱཾ་ནི་རྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་བཛྲ་ས་ཏྭ་ཨ་དྷི་ཏིཥྛ་མཾ། རིན་ཆེན་འབྱུང་ལྡན་དབང་བྱ་སྟེ། །ཐལ་མོ་སྙིང་གར་སླར་ཕབ་ནས། །སྔགས་པས་གསང་སྔགས་འདི་ཡིས་བུ། །རབ་ཏུ་ཕྱག་ནི་འཚལ་དུ་གཞུག །ཨོཾ་སརྦྦ་ཏ་ཐཱ་ག་ཏ་པུ་ཛ་ཨ་ བྷི་ཥེ་ཀ་ཡ་ཨཱཏྨ་ནཱཾ་ནི་རྱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཾ། དེ་ནས་འོད་དཔག་མེད་པ་ཡི། །དབང་དུ་བྱས་ནས་བླ་མ་ཡིས། །སློབ་མ་དཔྲལ་བར་ཐལ་སྦྱར་བ། །གསུམ་པའི་སྔགས་ཟློས་འདུད་དུ་གཞུག །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བརྟ་ནཱ་ཡ་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་ བཛྲ་དྷརྨཱ་པྲ་བརྟ་ཡཱ་མཾ། དེ་ནས་དོན་ཡོད་ཅེས་བྱ་བའི། །དབང་བྱས་ཐལ་མོ་སྙིང་ག་རུ། །ཕབ་ནས་བློ་ལྡན་གྱིས་སྔགས་འདིས། །ཕྱག་འཚལ་བཞི་པ་བྱེད་དུ་གཞུག །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ཎེ་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཾ། དེང་ཁྱོད་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། དེའི་ཕྱིར་ངས་ཁྱོད་ལ་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱ་ཡིས་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་དཀྱིལ་འཁོར་མ་ མཐོང་བའི་མདུན་དུ་བརྗོད་པར་མི་བྱའོ། །ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ་ཞེས་པ་དང་། ས་མ་ཡ་སྟྭཾ་ཞེས་བརྗོད་ནས། སེམས་མ་རྡོ་རྗེ་འཛིན་བྱེད་ཅིང་། །མེ་ཏོག་ཕྲེང་རྩེར་འཛིན་དེ་ལ། །མནའ་ནི་དང་པོར་བསྒག་པར་བྱ། །དེ་ནས་ཕྱག་རྒྱ་དེ་ཉིད་ནི། །སློབ་མའི་སྤྱི་བོར་ བཞག་བྱས་ཏེ། །སླར་ཡང་རྡོ་རྗེ་མནའ་ཡིས་ནི། །འདི་སྐད་བརྗོད་ཅིང་བསྟན་པར་བྱ། །འདི་ནི་ཁྱོད་ཀྱི་དམ་ཚིག་གི་རྡོ་རྗེ་སྟེ། གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ་སྨྲས་ན་སྤྱི་བོ་འགས་པར་བྱེད་དོ། །སླར་ཡང་བླ་མས་སློབ་མ་ཡི། །སྙིང་གར་ཕྱག་རྒྱ་བཀོད་ནས་ནི། །ལན་གསུམ་བར་ 35-1-140a དུ་སླར་རྡོ་རྗེ། །མནའ་དང་སྔགས་འདིས་བསྐུལ་བར་བྱ། །རྡོ་རྗེ་སེམས་དཔའ་ཉིད་རང་དེང་། །ཁྱོད་ཀྱི་སྙིང་ལ་ཡང་དག་བཞུགས། །གལ་ཏེ་ཚུལ་འདི་སྨྲས་གྱུར་ན། །དྲལ་ནས་སྐད་ཅིག་དེ་ལ་གཤེགས། །དེ་ཚེ་རྡོ་རྗེ་ཆུ་དུང་ཆེན། །གནས་ཤིང་ཡིག་ གསུམ་འདུས་བྱས་པ། །དེ་བླངས་མནའ་ཡིས་འཐུང་དུ་གཞུག །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེར། །བདུད་རྩི་ལྔ་ཡི་ཆུ་འཐུངས་ཤིག །ཨོཾ་བཛྲ་ཨུ་ད་ཀ་ཋཿ། སློབ་མ་རྡོ་རྗེ་ཆུ་འཐུངས་པ། །འབད་ པས་ལག་པ་ནས་བཟུང་སྟེ། །ཚིག་གསལ་སྨྲ་ཞིང་འདི་སྐད་དུ། །མནའ་སྔོན་འགྲོ་བས་བསྒྲག་པར་བྱ། །དེང་ནས་གཟུང་ནས་ང་ཁྱོད་ཀྱི་རྡོ་རྗེ་སེམས་དཔའ་ཡིན་གྱི། གང་ངས་འདི་གྱིས་ཤིག་ཅེས་སྨྲས་པ་དེ་ཐམས་ཅད་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ ཅིག །ཁྱོད་ཡ་ང་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ། དེ་ནས་སློབ་མ་མཉམ་གཞག་པས། །དངོས་གྲུབ་ཐམས་ཅད་རབ་བསྒྲུབ་ཅིང་། །རང་ལ་དབབ་ཕྱིར་སློབ་དཔོན་གྱིས། །གསུངས་པའི་ཚིག་ནི་རྗེས་སུ་བཟླ། །དེ་བཞིན་གཤེགས་པ་ ཐམས་ཅད་ཀྱིས་ཀྱང་བྱིན་གྱིས་རློབས་ཤིག །རྡོ་རྗེ་སེམས་དཔའ་དབབ་པར་མཛད་དུ་གསོལ། སྤྱི་བོ་ནས་ནི་རྐང་པའི་བར། །ལུས་ཅན་ཁོང་སྟོང་དུ་བསམས་ནས། །དེ་ཡི་འོག་ཏུ་རླུང་དང་ནི། །བཅས་པ་མེ་ཡི་དཀྱིལ་འཁོར་བསྒོམ། །དེ་ཡི་སྟེང་དུ་ཡི་གེ་ཛྷཻཾ། །ཁ་དོག་དམར་པོ་རྣམ་ པར་བསྒོམ། །དེ་བྱུང་འོད་ཟེར་ཚོགས་ཀྱིས་ནི། །བརྟུལ་ཞུགས་ཅན་གྱིས་ལུས་པོ་སྦྱང་། །དེ་ལྟར་འོད་གསལ་བར་བྱས་ནས། །ལྡང་བར་བྱ་ཕྱིར་མཁས་པ་ཡིས། །སྣོད་ཀྱི་སྙིང་མགྲིན་མགོ་བོ་ལ། །ཧཱུཾ་ཨཱཿཧཱཿཞེས་བྱ་བ་དགོད། །དེ་བཞིན་གཤེགས་པ་དབབ་དོན་དུ། །འབེབས་ བྱེད་ཕྱག་རྒྱ་བཅས་ནས་ནི། །སྣོད་ཀྱི་སྙིང་གར་གཞག་བྱས་ཏེ། །གསང་སྔགས་འདི་ནི་བརྗོད་པར་བྱ། །འདི་ཁྱོད་དམ་ཚིག་རྡོ་རྗེ་སྟེ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ། །འབབ་མཛད་དེང་དུ་ཁྱོད་ལ་ནི། །རྡོ་རྗེའི་ཡེ་ཤེས་བླ་མེད་འབྱུང་། །ཨོཾ་བཛྲ་ཨཱ་ཝེ་ཤ་ཡཿཨཿཨཿཨཿ། དེ་ 35-1-140b ལྟའང་གལ་ཏེ་མི་འབབ་ན། །གསང་སྔགས་བརྟན་པོ་འདི་བརྗོད་ཅིང་། །དེ་ནས་ཡི་གེ་ཨ་ཟེར་གྱིས། །ཡེ་ཤེས་ཆེན་པོ་བསྐུལ་བར་བྱ། །ཨཱ་ཝེ་ཤ་ཡ་སྟཾ་བྷ་ཡ་ར་ར་ར་ར་ཅཱ་ལ་ཡ་ཧཱུཾ་ཧ་ཨ་ཛྷཻཾ། སྙིང་འདར་དགའ་བ་ཆེ་བ་དང་། །བརྒྱལ་བ་དང་ནི་གར་བྱེད་དང་། །འགྱེལ་དང་གྱེན་དུ་ འཕར་བ་ནི། །བབས་པའི་མཚན་ཉིད་དུ་ཤེས་བྱ། །སྣོད་ནི་རྒྱས་པར་མཐོང་ནས་སུ། །ཨ་ཡིག་ལྕེ་ལ་དགོད་པར་བྱ། །ཡི་གེ་བརྒྱ་པས་བརྟན་བྱས་ཏེ། །སྔགས་ཀྱིས་མེ་ཏོག་ཕྲེང་བ་དོར། །ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་ཝ་ཧྲྀ་ད་ཡ་མེ་ཨ་དྷི་ཏིཥྛ་སརྦ་སིདྡྷིཾ་མེ་པྲ་ཡཙྪ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿ ཨོཾ་ཨ་ཁཾ་ཝཱི་ ར་ཧཱུཾ་པྲ་ཏཱི་ཙྪ་ཀུ་སུ་མ་ཨཉྫ་ལི་ནཱ་ཐ་ཧོཿ། རིགས་ཀྱི་དབྱེ་བ་མཁས་པ་ཡིས། །མེ་ཏོག་བབས་པ་ཤེས་གྱུར་ནས། །སྔགས་དང་བཅས་པར་བྱས་ནས་མགོར། །ཕྲེང་བ་དགོད་པ་སྦྱིན་པར་བྱ། །ཨོཾ་པྲ་ཏི་གྲྀཧྞ་སྟྭཾ་ཨི་མཾ་སཏྭ་མ་ཧཱ་བ་ལ། ཨོཾ་གྱིས་མནན་པའི་མིག་ལ་ནི། །སློབ་མ་སྡིག་ དང་བྲལ་བ་ལ། །བརྟུལ་ཞུགས་བཟང་པོས་སྔགས་འདི་ཡིས། །གདོང་གཡོགས་རབ་ཏུ་དགྲོལ་བར་བྱ། །རྡོ་རྗེ་སེམས་དཔའ་རང་ཉིད་དེང་། །ཁྱོད་ཀྱི་མིག་ནི་འབྱེད་པར་བརྩོན། །རྡོ་རྗེའི་མིག་ནི་བླ་མེད་པ། །ཐམས་ཅད་སྤྱན་གྱིས་འབྱེད་པར་མཛད། །དེ་རིང་དད་པའི་ཤུགས་ཀྱིས་ནི། ། དཀྱིལ་འཁོར་འདི་ལ་བལྟ་བར་གྱིས། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །གསང་སྔགས་ཆེན་པོས་བྱིན་གྱིས་བརླབས། །ཧེ་བཛྲ་པཱ་ཤྱ། དེ་ནས་བློ་དང་ལྡན་པ་ཡིས། །དཀྱིལ་འཁོར་རིམ་བཞིན་བསྟན་པར་བྱ། །ལྷ་ནི་སུམ་ཅུ་གཉིས་རྣམས་ཀྱི། །རང་གི་ངོ་བོའང་བསྟན་པར་བྱ། ། འཕགས་པའི་བདེན་བཞི་ངོས་བཞིར་འགྱུར། །ཚངས་པའི་གནས་ནི་གྲྭ་ཡིན་ནོ། །བསྡུ་བའི་དངོས་པོ་ཞེས་བྱ་སྒོ། །བཞི་ཡི་མིང་ཅན་རེ་རེ་སྟེ། །དད་པའི་དབང་པོ་ལ་སོགས་སེམས། །རྣམ་པ་ལྔ་པོ་ཡང་དག་འབྱུང་། །རྫུ་འཕྲུལ་རྐང་པ་སྒོ་ཁྱུད་ནི། །བཞི་སྟེ་དེ་ཡང་རྣམ་ པ་བཞི། །དེ་ཡི་དབུས་ཀྱི་འཁོར་ལོ་གང་། །དཀྱིལ་འཁོར་བརྒྱད་ཀྱིས་གཞལ་བ་ནི། །རྣམ་པར་ཐར་པ་བརྒྱད་ཡིན་ཏེ། །དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་པའོ། །འཕགས་ལམ་ཡན་ལག་བརྒྱད་པ་ནི། །ཀ་བ་བརྒྱད་ཅེས་བྱ་བར་བཤད། །སངས་རྒྱས་ཀུན་གྱི་ཁང་ཆེན་དུ། ། 35-1-141a ཐམས་ཅད་ཚེ་ན་ཀ་བར་འགྱུར། །ཆོས་དང་དེ་ཉིད་དོན་གྱི་བརྡ། །འཁོར་ལོའི་ནང་གི་དཀྱིལ་འཁོར་རོ། །ཐུགས་ཀྱི་དཀྱིལ་འཁོར་འདི་དེ་ནི། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །དེ་ནས་འཁོར་ལོའི་བདག་པོ་ནས། །བརྩམས་ཏེ་གནོད་མཛེས་མཐར་ཐུག་ལྷ། ། ཇི་བཞིན་དེ་ཉིད་དུ་གནས་རྣམས། །རྡོ་རྗེ་ཅན་གྱིས་སློབ་ལ་བཤད། །ཕུང་པོ་ལྔ་ཡི་རང་བཞིན་དུ། །སངས་རྒྱས་ལྔ་རྣམས་རབ་བསྟན་བྱ། །སྤྱན་མ་ལ་སོགས་ལྷ་མོ་བཞི། །ས་ལ་སོགས་པའི་རང་བཞིན་ནོ། །དེ་བཞིན་འདོད་ཡོན་ལྔའི་ངོ་བོར། །གཟུགས་རྡོ་རྗེ་ལ་སོགས་པའོ། ། མིག་ལ་སོགས་པའི་རང་བཞིན་དུ། །ས་ཡི་སྙིང་པོ་ལ་སོགས་སོ། །ལག་སོགས་ངོ་བོར་ཁྲོ་དབང་པོ། །གཤིན་རྗེའི་དགྲ་སོགས་བསྟན་པར་བྱ། །དེ་ནས་ལུས་འཁོར་ལ་གནས་པ། །སངས་རྒྱས་མི་བསྐྱོད་སོགས་རིམ་བཞིན། །ཕྱི་རོལ་འཁོར་ལོ་བསྟན་ནས་ནི། །སློབ་མ་ དབང་བསྐུར་ཡང་དག་བརྩམ། །སློབ་མ་གཞུག་པའི་ཆོ་གའོ།། །།ཆུ་ཡི་དབང་བསྐུར་གྲུབ་བྱའི་ཕྱིར། །ཤར་གྱི་ཕྱོགས་དང་དབང་ལྡན་དུ། །སྔགས་པས་དཀྱིལ་འཁོར་ཁྲུ་དོ་པ། །གྲུ་བཞི་པ་ལ་སྒོ་བཞི་པ། །རིམ་གཉིས་པ་བྲི་དེ་ནས་དེའི། །དབུས་སུ་སྣ་ཚོགས་པདྨ་ནི། ། ཚོན་དཀར་བ་དང་དེ་བཞིན་དུ། །དམར་དང་ནག་པོ་དག་གིས་བྱ། །ར་བ་གསུམ་ནི་བྱས་ནས་སུ། །ཕྱག་རྒྱ་བཞི་དག་དགོད་པར་བྱ། །ལྟེ་བར་རྡོ་རྗེ་སྤྲིན་ནག་དང་། །མཚུངས་པའི་འོད་ཅན་བྲི་བར་བྱ། །ཤར་དུ་འཁོར་ལོ་གཤིན་རྗེར་ནི། །རིན་ཆེན་ནུབ་ཏུ་པདྨ་ནི། །གེ་སར་བཟང་པོ་ ནོར་སྦྱིན་དུ། །རལ་གྲི་བྲིས་ནས་བུམ་པ་དགོད། །ཁྲུས་ཀྱི་དཀྱིལ་འཁོར་ཆོ་གའོ། །ལྷ་ཡི་སྙེམས་པ་འཛིན་པ་ཡི། །སློབ་མ་ཕྲེང་བའི་དབང་བསྐུར་བ། །བྱས་ཏེ་དཀྱིལ་འཁོར་དྲུང་བཀུག་ནས། །པདྨའི་དབུས་སུ་གཞག་བྱས་ཏེ། །སློབ་དཔོན་ཚོགས་དང་བཅས་པ་ཡིས། །བཀྲ་ ཤིས་ཚིགས་སུ་བཅད་པ་ནི། །འདོད་ཅིང་བུམ་པ་རྣམས་བླངས་ལ། །རྡོ་རྗེ་སློབ་མས་དབང་བསྐུར་བྱ། །ཏིལ་གྱི་གང་བུ་ལྟར་གང་བའི། །རྒྱལ་བ་བུམ་པ་འཛིན་རྣམས་ཀྱིས། །དེ་རིང་ཁྱོད་ལ་དབང་བསྐུར་གྱི། །དེ་ལྟར་ཤེས་ནས་ཡིད་བདེར་གྱིས། །དབང་བསྐུར་བ་ནི་རྡོ་རྗེ་ 35-1-141b ཆེ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་བྷི་ཥིཉྩཱ་མི་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་ཏྭེ་ནོ་པ་དྲྀ་ཌྷོ་མེ་བྷ་ཝ། རྡོ་རྗེའི་རིགས་མཆོག་བདག་པོ་ཀུན་གྱི་བདག་ཉིད་ཅན། །འགྲོ་བ་ མ་ལུས་སྐྱེད་པར་མཛད་ཅིང་བདེ་བ་ཆེ། །འགྲོ་བ་མཐའ་དག་སྙིང་ལ་ཞུགས་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེ་ནི་དེང་དུ་དབང་བསྐུར་མཆོག་ཚེ་ཁྱོད་ལ་ཤོག །མགོན་པོ་མི་བསྐྱོད་པ་ཞེས་བྱ་བར་མཚན་འཛིན་པ། །སྐྱེ་ཚོགས་ཞེ་སྡང་ཟིལ་གྱིས་མནན་པ་སྤྱོད་མཛད་ཅིང་། ། རྡོ་རྗེ་རིགས་མཐའ་དག་དང་ལྡན་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེ་ནི་དེང་དུ་དབང་བསྐུར་མཆོག་ཚེ་ཁྱོད་ལ་ཤོག །རྣམ་པར་སྣང་མཛད་རྟག་ཏུ་སྲིད་པའི་སྡུག་བསྔལ་སེལ། །སྐྱེ་ཚོགས་གཏི་མུག་གིས་ཟིལ་མནན་པ་སྤྱོད་མཛད་ཅིང་། །གཏི་མུག་རིགས་མཐའ་དག་དང་ ལྡན་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེ་ནི་དེང་དུ་དབང་བསྐུར་མཆོག་ཚེ་ཁྱོད་ལ་ཤོག །དབུལ་བའི་སྡུག་བསྔལ་ལས་ནི་ཡོངས་སུ་ཐར་ལྷུར་ལེན། །སྐྱེ་ཚོགས་ང་རྒྱལ་གྱིས་ཟིལ་མནན་པ་སྦྱང་མཛད་ཅིང་། །རིན་ཆེན་རིགས་མཐའ་དག་དང་ལྡན་པའི་བཀྲ་ཤིས་གང་། །བཀྲ་ ཤིས་དེ་ནི་དེང་དུ་དབང་བསྐུར་མཆོག་ཚེ་ཁྱོད་ལ་ཤོག །འཇིག་རྟེན་དབང་ཕྱུག་སྲིད་པའི་གཟེབ་ནི་འཇོམས་མཛད་པ། །སྐྱེ་ཚོགས་འདོད་ཆགས་ཀྱིས་ཟིལ་མནན་པ་སྦྱོང་མཛད་ཅིང་། །པདྨའི་རིགས་མཐའ་དག་དང་ལྡན་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེ་ནི་དེང་དུ་དབང་བསྐུར་ མཆོག་ཚེ་ཁྱོད་ལ་ཤོག །བརྫུན་སྨྲ་དགའ་བ་རྣམས་ལ་བརྩེ་བའི་བདག་ཉིད་ཅན། །དེ་སྦྱོར་ཐབས་གསུང་བ་ཡིས་དེ་དག་མི་སླུ་བ། །ལས་ཀྱི་རིགས་མཐའ་དག་དང་ལྡན་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེ་ནི་དེང་དུ་དབང་བསྐུར་མཆོག་ཚེ་ཁྱོད་ལ་ཤོག །རྡོ་རྗེ་ཁྱོད་དེང་ སངས་རྒྱས་ནི། །རྣམས་ཀྱིས་དབང་བསྐུར་བས་དབང་བསྐུར། །ཨོཾ་ཨཱཿབཛྲ་ཨ་བྷི་ཥིཉྩ་ཧཱུཾ། སུ་ར་ཏ་སྟྭཾ། ཆུའི་དབང་བསྐུར་བའོ། །ཆུ་ཡི་དབང་བསྐུར་ཐོབ་གྱུར་ཅིང་། །ཁྲུས་ཀྱི་དཀྱིལ་འཁོར་ནས་བྱུང་སྟེ། །དཀྱིལ་འཁོར་ཆེན་པོའི་ངོས་ནས་ནི། །རྒྱན་ནི་རབ་ཏུ་བླང་བར་བྱ། ། 35-1-142a གོས་དམར་འཛིན་པར་གྱུར་ནས་ནི། །རྒྱལ་པོའི་རྒྱན་གྱིས་བརྒྱན་གྱུར་ཅིང་། །གདུགས་ནི་དཀར་པོ་བཟུང་གྱུར་པ། །གླུ་འདིས་དགའ་བ་སྐྱེ་བར་འགྱུར། །བདེ་བ་ཆེན་པོ་ཆགས་ཆེན་པོ། །རྡོ་རྗེ་ཆེན་པོ་ནོར་པོ་ཆེ། །ཤེས་རབ་ཆེན་པོ་བཀའ་བོ་ཆེ། །རྡོ་རྗེ་ སེམས་བདག་དེང་འགྲུབ་ཤོག །སངས་རྒྱས་ཀུན་གྱི་འཁོར་ལོ་ཆེ། །དངོས་གྲུབ་ཀུན་གྱི་བདེ་བ་སྩོལ། །དབང་བསྐུར་ཐམས་ཅད་དོན་ཐམས་ཅད། །རྡོ་རྗེ་དབང་བསྐུར་བླ་ན་མེད། །དང་པོའི་སངས་རྒྱས་དོན་དམ་སྐུ་མངའ་རྒྱལ་གྱུར་ཅིག །འདོད་ཁར་ནོར་དང་ཆོས་གསོལ་ མཛད་པ་རྒྱལ་གྱུར་ཅིག །ཡེ་ཤེས་ལྔ་ཡིས་རབ་དགའི་བདེ་ཆེན་རྒྱལ་གྱུར་ཅིག །མགོན་པོ་ཕྱག་ན་རྡོ་རྗེ་བདེ་ཆེན་རྒྱལ་གྱུར་ཅིག །ཕྱི་ནས་བླ་མས་དཀྱིལ་འཁོར་ནི། །འདི་ལ་བསྐོར་བ་ལན་གསུམ་བྱ། །དེ་ནས་ཤར་དུ་དེ་ཡིས་བསྐོར། །འབོལ་སྟན་འཇམ་ལ་བཞུགས་པ་ཡི། ། སློབ་ལ་སངས་རྒྱས་ཀུན་དབང་བསྐུར། །བྱ་ཕྱིར་བླ་མས་མཆོད་པ་བྱས། །སྤྱི་བོའི་གཙུག་དང་དཔྲལ་བ་དང་། །དེ་བཞིན་མགོ་བོའི་ངོས་གཉིས་དང་། །རྒྱབ་ཏུ་ཕྱག་རྒྱ་བཞག་ནས་ནི། །གསང་སྔགས་འདི་དག་བརྗོད་པར་བྱ། །ཨོཾ་བཛྲ་དྷཱ་ཏཱི་ཤྭ་རི་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་སཏྭ་བཛྲི་ཨ་བྷི་ཥིཉྩ་ བྷྲཱུཾ། ཨོཾ་རཏྣ་བཛྲི་ཨ་བྷི་ཥིཉྩ་ཨཱཾཿ། ཨོཾ་དྷརྨྨ་བཛྲི་ཨ་བྷི་ཥིཉྩ་ཧྲཱིཿ། ཨོཾ་ཀརྨ་བཛྲི་ཨ་བྷི་ཥིཉྩ་ཏྲཱཾ། དབང་བསྐུར་རིམ་པས་སངས་རྒྱས་ལྔའི། །ཅོད་པན་ཅན་ལ་དར་དཔྱངས་དང་། །བྱས་ནས་མཉམ་པར་གྱུར་པ་ཡི། །ཐལ་མོ་ཡིས་ནི་མཉེས་པར་བྱ། །བཛྲ་ཏུ་ཥྱ་ཧོ། །ཅོད་པན་གྱི་དབང་བསྐུར་ བའོ། །དེ་ནས་རྡོ་རྗེའི་དབང་བསྐུར་བ། །སྦྱིན་ཕྱིར་ཚིགས་བཅད་འདི་བརྗོད་ཅིང་། །རྡོ་རྗེ་བྱིན་ནས་དྲིལ་བུ་དང་། །ལྷན་ཅིག་རྡོ་རྗེ་བརྟུལ་ཞུགས་སྦྱིན། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །དངོས་གྲུབ་མཆོག་ཕྱིར་རྡོ་རྗེ་ལོང་། །སངས་རྒྱས་ཀུན་གྱིས་ཁྱོད་ལ་སྩོལ། །རྡོ་རྗེའི་བརྟུལ་ ཞུགས་འགྲུབ་པར་འགྱུར། །ཨོཾ་བཛྲ་ཨ་དྷི་པ་ཏི་ཏྭཾ་ཨ་བྷི་ཥིཉྩ་མི་ཏིཥྠ་བཛྲ་ས་མ་ཡ་སྟྭཾ། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །སློབ་མ་རྡོ་རྗེ་སྙེམས་འཛིན་ཅིང་། །ལྷ་ཡི་ 35-1-142b སྙེམས་པ་འཛིན་པ་ཡིས། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །འདི་ལྟར་རྡོ་རྗེ་གསོར་བར་བྱ། །ཐོག་མཐའ་མེད་པའི་སེམས་དཔལ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་མའི་བདག་པོ་བདག །རྡོ་རྗེ་འཛིན་པས་དེ་སྐད་ དུ། །བརྗོད་ནས་རྡོ་རྗེ་སྙིང་གར་གཞག །སླར་ཡང་བརྟན་པར་བྱེད་པའི་རྒྱུ། །གསང་སྔགས་འདི་སྐད་བརྗོད་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྠ་ཨེ་ཥ་ཏྭཾ་དྷ་ར་ཡཱ་མི་བཛྲ་ས་ཏྭ་ཧི་ཧི་ཧི་ཧི་ཧཱུཾ། རྡོ་རྗེའི་དབང་ངོ་། །དེ་ནས་བླ་མས་བཀའ་སྩལ་པ། །མདུན་དུ་དྲིལ་བུ་ བླངས་ནས་སུ། །ཚིགས་སུ་བཅད་པ་འདི་འདོན་ཅིང་། །རང་གི་ལག་གིས་འདི་ལྟར་དཀྲོལ། །ཟླ་འདྲའི་ཡེ་ཤེས་སྐུ་མངའ་རྒྱལ་རྣམས་ཅོད་པན་འཛིན་ཅིང་པདྨ་ཟླ་བའི་གདན་ལ་བཞུགས། །གདུག་པ་རྣམས་ནི་གདུལ་བར་བྱ་ཕྱིར་བསྡིགས་ཤིང་ཁམས་གསུམ་འདུལ་མཛད་དེ་ཉིད་རྡོ་རྗེ་ཅན། ། སངས་རྒྱས་རྣམས་སད་བྱ་ཕྱིར་སྒྲ་བརྙན་དེ་བཞིན་ཉིད་དང་ཆོས་ཉིད་སྒྲོགས་པའི་དྲིལ་བུ་ཅན། །གང་ལ་ལུས་པ་མེད་པ་སྟོང་ཞིང་བཅོམ་ལྡན་དངོས་པོ་ཀུན་གྱི་རང་བཞིན་དེ་ནི་རྒྱལ། །མེ་ལོང་གི་ནི་གཟུགས་བརྙན་དང་། །རྨི་ལམ་སྒྱུ་མ་ཆུ་བུར་དང་། །མིག་འཕྲུལ་འདྲ་བར་སུས་མཐོང་བ། །དེ་ནི་ མངའ་བདག་ཏུ་བཤད་དོ། །དེ་ནས་སླར་ཡང་དཀུའི་ཕྱོགས་སུ། །ཁྱེར་ནས་གནས་པ་རྡོ་རྗེ་ནི། །འཛིན་པའི་རོལ་པ་འཆད་བཞིན་དུ། །གསང་སྔགས་འདི་ནི་བརྗོད་པར་བྱ། །ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་ བྷ་ཝ།སུ་པོ་ཥྱོ་མེ་བྷ་ཝ་སརྦ་སིདྡྷི་མྨེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། །བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ། ཨོཾ་བཛྲ་གྷཎྚ་ཨཿཨཿ། བཅོམ་ལྡན་ཁྱོད་ནི་གཟུང་གྱུར་གྱིས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ། རྡོ་རྗེ་དྲིལ་བུའི་དབང་ངོ་། །གསེར་རམ་ཡང་ན་དངུལ་ཡང་རུང་། །སྣོད་དུ་བཞག་པའི་མིག་སྨན་ནི། །དེ་ཡི་རང་བཞིན་ཅན་ཐུར་མས། །དེ་ཉིད་ཤེས་པས་སྔགས་འདིས་བྱུག །ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲིཿ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་གྱི་ནི་རབ་རིབ་ལྟར། ། 35-1-143a བུ་གཅིག་ཁྱོད་ཀྱིས་མི་ཤེས་པའི། །ལིང་ཏོག་རྒྱལ་བ་རྣམས་ཀྱིས་བསལ། །དེ་ནས་མེ་ལོང་ཡི་གེ་ཨས། །མངོན་པར་བསྔགས་པ་བླངས་ནས་སུ། །ཚིགས་སུ་བཅད་པ་འདི་བརྗོད་ཅིང་། །རྡོ་རྗེ་སློབ་མ་ལ་བསྟན་བྱ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་ སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང་། །རང་བཞིན་མེད་ཅིང་གནས་མེད་པའི། །ཆོས་རྣམས་དེ་ལྟར་ཤེས་ནས་ནི། །སེམས་ཅན་དོན་ནི་མཚུངས་མེད་ཀྱིས། །རྒྱལ་བ་རྣམས་ཀྱི་ཐུགས་ལས་སྐྱེས། ། མེ་ལོང་གི་དབང་ངོ་། །མཆོག་སྦྱིན་བླ་མས་སློབ་མ་ལ། །དེ་ནས་མཆོག་སྦྱིན་གྱིས་ལུང་བསྟན། །རང་ཉིད་དེ་བཞིན་གཤེགས་གྱུར་ནས། །སློབ་མ་རྡོ་རྗེ་འཛིན་བདག་ཏུའོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་། །ཐབས་ཅིག་ཚིགས་བཅད་འདི་བརྗོད་ཅིང་། །གཡོན་པས་ཆོས་གོས་ འཛིན་ཚུལ་ཏེ། །གཡས་པ་མཆོག་སྦྱིན་ཕྱག་རྒྱར་ལྡན། །སྲིད་པའི་ངན་འགྲོ་ལས་བཏོན་ནས། །སྲིད་པ་ཤིན་ཏུ་དག་བྱའི་ཕྱིར། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བདག་འདིས་ཁྱོད་ལུང་བསྟན་པར་བྱ། །ཐེག་པ་བདེ་ཆེན་འདི་ལས་ནི། །ཁྱེད་ལ་སླར་ཡང་འཆི་བ་མེད། ། དེ་རིང་བདུད་རྣམས་ཕམ་བྱས་ནས། །གྲོང་ཁྱེར་དམ་པར་རབ་ཏུ་ཞུགས། །དེང་དུ་ཁྱོད་ཀྱིས་སངས་རྒྱས་ཉིད། །ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །གསང་སྔགས་རིག་པས་སྔགས་འདི་ཡིས། །སློབ་མ་རྡོ་རྗེའི་མིང་གི་དབང་། །སླར་ཡང་དེ་བཞིན་གཤེགས་རྣམས་ཀྱིས། །གསུང་ གཅིག་གིས་ནི་སྦྱིན་པར་བྱ། །ཨོཾ་བཛྲ་སཏྭ་ཏྭཱཾ་ཨ་བྷི་ཥིཉྩ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏཿ། ཤྲཱི་ཨ་ནུ་རཀྟོ་བཛྲ་ཏ་ཐཱ་ག་ཏ་ས་མ་ཡ་སིདྡྷི་ས་མ་ཡ་སྟྭཾ་བྷུར་བྷུ་བ་སྭཿཨཿ། མིག་གི་དབང་ངོ་། །ཚིགས་སུ་བཅད་པ་འདི་བརྗོད་ཅིང་། །འཁོར་ལོ་དེ་བཞིན་རིན་ཆེན་དང་། །པདྨ་དང་ནི་རྡོ་རྗེ་ཡི། །ཕྱག་མཚན་ དབང་བསྐུར་སྦྱིན་པར་བྱ། །སེམས་ཅན་ཀུན་ལ་ཕན་དོན་པ། །འཇིག་རྟེན་ཀུན་དུ་ཐམས་ཅད་ནས། །གདུལ་བྱ་ཇི་བཞིན་ཆོས་ཀྱི་ནི། །འཁོར་ལོ་སྣ་ཚོགས་བསྐོར་བར་གྱིས། །ཨོཾ་བཛྲ་རཏྣ་སརྦ་དྷ་རྨཱ་བི་ཤུདྡྷ་ཛྙཱ་ན་ཨ་བྷི་ཥེ་ཀ་པྲ་པ་ཏ་ཨོཾ་ཨོཾ་ཨོཾ། སེམས་ཅན་ཀུན་ལ་ཕན་དོན་དུ། །འཇིག་ 35-1-143b རྟེན་ཀུན་དུ་ཐམས་ཅད་ནས། །གདུལ་བྱ་ཇི་བཞིན་འདོད་ཆགས་ནི། །སྤྱོད་པ་སྣ་ཚོགས་བསྟན་པར་གྱིས། །ཨོཾ་བཛྲ་དྷ་རྨཱཿསརྦ་དྷརྨྨཱ་བི་ཤུདྡྷ་ཛྙཱ་ན་རཱ་ག་པདྨ་ད་ལ་སྭ་བྷཱ་ཝ་ཧྲཱིཿཨཱཿ། སེམས་ཅན་ཀུན་ལ་ཕན་དོན་དུ། །འཇིག་རྟེན་ཀུན་དུ་ཐམས་ཅད་ནས། །གདུལ་བྱ་ཇི་བཞིན་རྡོ་རྗེ་ཡི། །མཆོད་པ་ སྣ་ཚོགས་འཇུག་པར་གྱིས། །ཨོཾ་བཛྲ་ཀརྨ་སརྦ་དྷ་རྨྨཱ་བི་ཤུདྡྷ་ཛྙཱ་ན་སརྦ་པཱུ་ཛ་སྭ་བྷ་ཝ་ཨཿ། ཕྱག་མཚན་དབང་བསྐུར་བྱིན་ནས་ནི། །བླ་མ་དམ་ཚིག་སྤྱོད་ཤེས་པས། །ཕྱི་ནས་སངས་རྒྱས་ཀུན་གྱིས་ནི། །གསུངས་པའི་དམ་ཚིག་བསྒྲག་པར་བྱ། །ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། ། བརྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པར་ཡང་ཁྱོད་ཀྱིས་བླང་། །གཞན་གྱི་ཆུང་མ་བསྟེན་པར་བྱ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ནི། །ནམ་ཡང་དོར་བར་མི་བྱའོ། །སློབ་དཔོན་བརྙས་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །བླ་མ་སངས་རྒྱས་ཀུན་མཉམ་པས། །སློབ་ དཔོན་ལ་ནི་གང་བརྙས་པ། །དེས་ནི་སངས་རྒྱས་ཀུན་བརྙས་པས། །རྟག་ཏུ་སྡུག་བསྔལ་འཐོབ་པར་འགྱུར། །དེ་ཕྱིར་སངས་རྒྱས་འབྲས་འདོད་ཅིང་། །གུས་དང་ལྡན་པའི་སེམས་ཅན་གྱིས། །བསམ་ཡས་འབྲས་བུ་སྩོལ་བ་པོ། །འདི་ལ་འབད་པ་ཀུན་གྱིས་མཆོད། །བྱང་ཆུབ་གོ་ འཕང་སླ་འམ་ཅི། །སྲིད་པ་སེལ་བར་སུ་ཡིས་ནུས། །གང་ལ་སྐྱེ་ཤིང་འཆི་བ་མེད།། གང་ཞིག་ལས་གཉིས་ལ་ནུས་ལྡན། །རྡོ་རྗེ་སློབ་དཔོན་མེད་པར་ནི། །ཉོན་མོངས་ཐམས་ཅད་སྤོང་བ་དང་། །མྱ་ངན་འདས་ཞི་གོ་འཕང་དང་། །ཕྱིར་མི་ལྡོག་པ་ཐོབ་མི་འགྱུར། །རང་གི་དམ་ཚིག་ རྟག་ཏུ་བསྒྲུབ། །རྟག་ཏུ་དེ་བཞིན་གཤེགས་རྣམས་མཆོད། །རྟག་ཏུ་བླ་མ་ལ་དབུལ་བྱ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །ཐབས་དང་ཤེས་རབ་ལྡན་སེམས་ཀྱིས། །མི་བྱ་བ་ནི་ཅི་ཡང་མེད། །རྟག་ཏུ་རྣམ་རྟོག་མེད་གྱུར་ནས། །ཁྱེད་ཀྱིས་འདོད་པ་ལྔ་རྣམས་སྤྱོད། །སངས་ རྒྱས་ཀུན་གྱིས་མཐུན་གསུངས་ཤིང་། །བཀའ་ལུང་དམ་པ་བརྟག་པ་ཡི། །དམ་ཚིག་དང་ནི་སྡོམ་པ་འདི། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །དེ་ནི་ཕྱག་མཚན་གྱི་དབང་བསྐུར་བའི་ཆོ་གའོ།། །།དེ་ལྟར་ཕྱག་མཚན་དབང་བསྐུར་བས། །ནོར་ཇི་བཞིན་དུ་ཡོན་མཆོག་དང་། །འབྲིང་ 35-1-144a པོ་དང་ནི་དམན་པ་སྟེ། །རྣམ་གསུམ་ལྷ་ལ་དབུལ་བར་བྱ། །ན་བཟའ་རིན་ཆེན་བཅས་མཆོག་དང་། །འབྲིང་པོ་ནམ་བཟའ་ཡི་ནི་ཟུང་། །ལྷ་ཡི་གྲངས་ཀྱིས་དབུལ་བར་བྱ། །ཐ་མ་ཀུན་ལ་ཟུང་གཅིག་གོ། །དད་དང་ལྡན་པའི་ཆོ་ག་ནི། །སྔོན་འགྲོ་གསང་ སྔགས་འདིས་ཕུལ་ནས། །དེ་དག་ཡིད་ཀྱིས་ཀྱང་བྱ་སྟེ། །གླུ་ལ་སོགས་པས་མངོན་མཆོད་བྱ། །ཨོཾ་ཨ་ནུཏྟ་ར་སརྦ་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་ཧཱུཾ་ཕཊ་སྭཱ་ཧཱ། དེ་ནས་གསང་བའི་མཆོད་པ་དང་། །གླུ་དང་རོལ་སོགས་གར་དག་དང་། །བཟའ་དང་བཏུང་བ་ སྣ་ཚོགས་ཀྱིས། །ཚོགས་ཀྱི་དཀྱིལ་འཁོར་མཆོད་པར་བྱ། །ལྷ་ལ་ཡོན་འབུལ་བའི་ཆོ་གའོ།། །།དེ་ནས་བྱང་ཆུབ་གསོལ་བ་ཡི། །བླ་མ་ལ་ནི་ཡོན་དབུལ་བྱ། །ཡུལ་དང་ཡིད་འོང་ཆུང་མ་དང་། །རིན་པོ་ཆེ་དང་གསེར་འབར་དང་། །ནོར་བུ་མུ་ཏིག་བྱུ་རུ་དང་། །ལུས་པོ་ཡང་ ནི་དབུལ་བས་སོ། །དེ་ཉིད་མི་ཟད་པར་འདོད་པས། །གང་གང་ཅི་ཡང་ཆེས་ཡིད་དུ། །འོང་དང་ཆེས་ཁྱད་འཕགས་པ་ཉིད། །དེ་དེ་བླ་མ་ལ་དབུལ་བྱ། །སློབ་དཔོན་ལ་ནི་དམ་པ་སྟེ། །འབད་པའི་སྒོ་ནས་མཆོད་པར་འོས། །འཇིག་རྟེན་རྗེས་གཟུང་རྒྱུ་ཉིད་ཀྱིས། །དེ་ཉིད་དེ་ལྟའི་གཟུགས་ཅན་ ནོ། །གང་གིས་བླ་མ་རྡོ་རྗེ་འཛིན། །ཐ་དད་ཉིད་དུ་མཐོང་གྱུར་པ། །དེ་ཡིས་དེ་ཉིད་དངོས་གྲུབ་ནི། །ཚོགས་པའི་མཚན་ཉིད་ཅན་མི་འཐོབ། །མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པས་ཡང་དག་འབྱུང་། །དེ་མཉེས་པས་ནི་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་དེ་ཐོབ་པར་ འགྱུར། །གང་ཞིག་བསྐལ་པ་བྱེ་བ་ནི། །བརྒྱ་ཕྲག་ཏུ་ཡང་རྙེད་དཀའ་བ། །དེ་ཉིད་སངས་རྒྱས་བརྩོན་ལྡན་ལ། །སྐྱེ་བ་འདི་ལ་སྩོལ་བར་མཛད། །བླ་མ་ལ་ཡོན་དབུལ་བའི་ཆོ་གའོ།། །།དེ་ལྟར་ཡོན་ནི་བླངས་ནས་སུ། །བླ་མ་ཡི་དམ་མཉེས་གྱུར་པས། །སློབ་མ་ལ་ནི་རྗེས་གནང་བ། ། མ་ཆོད་པ་ཀུན་གྱིས་མངོན་མཆོད་སྦྱིན། །སངས་རྒྱས་ཀུན་གྱི་སྤྱན་སྔ་རུ། །བསྡད་ནས་སྡིག་པ་ཀུན་སྤངས་པ། །ཁྱོད་ལ་ངས་དེང་ཕྲེང་བ་སོགས། །དབང་བསྐུར་བ་ཡིས་དབང་བསྐུར་ཏོ། །ད་ཁྱོད་སྔགས་དང་རྒྱུད་འཛིན་ཅིང་། །དཀྱིལ་འཁོར་གྱི་ནི་སློབ་དཔོན་དུ། །སངས་རྒྱས་བྱང་ 35-1-144b ཆུབ་སེམས་རྣམས་དང་། །ལྷ་རྣམས་ཀྱིས་ཀྱང་ཡང་དག་བཞེད། །ཁྱོད་ཀྱིས་དེ་ཉིད་བདུད་རྣམས་ཕམ། །ཁྱོད་ཀྱིས་སངས་རྒྱས་ཐམས་ཅད་བཅོམ། །སེང་གེའི་སྤྱོད་པ་སྤྱོད་བཞིན་དུ། །ཁྱོད་ཀྱིས་སེམས་ཅན་ཀུན་དོན་གྱིས། །ཡང་དག་པ་ནི་རྣམས་ལ་ཡང་། །ཆོས་རྣམས་ཀུན་ལ་སེར་ སྣ་དང་། །སེམས་ཅན་ཀུན་ལ་མི་ཕན་གང་། །དེ་ནི་བུ་ཁྱོད་ཀྱིས་མི་བྱ། །ཇི་ལྟ་ཇི་ལྟར་ལམ་འདི་ལ། །སོམ་ཉི་ཟ་བར་མི་བྱའོ། །སྔགས་ཀྱི་སྤྱོད་ཚུལ་དམ་པ་ནི། །མཚུངས་མེད་ཁྱོད་ཀྱིས་བསྟན་པར་གྱིས། །དཀྱིལ་འཁོར་བྲི་བར་བྱས་ནས་ནི། །སློབ་མ་ཡོངས་སུ་བསྡུ་བར་གྱིས། ། དོགས་པ་མེད་པའི་སེམས་ཀྱིས་ནི། །སློབ་མ་ལ་དབང་བསྐུར་བར་གྱིས། །འཇིག་རྟེན་འཇིག་རྟེན་འདས་དངོས་གྲུབ། །བརྟུལ་ཞུགས་བརྟན་པར་ཁྱོད་ཀྱིས་སྒྲུབས། །དེ་ཉིད་རྟོགས་པའི་སེམས་ལྡན་པས། །དེ་དག་ཐམས་ཅད་འགྲུབ་པར་འགྱུར། །ཆོས་དབྱིངས་བྱིན་གྱིས་བརླབས་པ་དང་། ། དམ་ཚིག་རྣམས་ཡོངས་བསྐྱང་བ་ལས། །རྟག་ཏུ་བླ་མ་གུས་ཁྱོད་ལ། །ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར། །དེ་ལྟར་བྱས་པས་ཤེས་པ་ནི། །སངས་རྒྱས་ལ་ཕན་འདོགས་ཞེས་སྒྲོགས། །དེ་ཕྱིར་སངས་རྒྱས་ཀུན་མཁྱེན་པས། །ཁྱོད་ནི་མངོན་པར་སྲུང་བར་འགྱུར། །དེ་ནས་ སློབ་མ་ལུས་བཏུད་ཅིང་། །སྙིང་གའི་རྟེན་ལ་ཐལ་སྦྱར་བས། །བླ་མ་ལ་ནི་ཕྱག་བྱས་ཏེ། །དེ་ཀུན་དེ་བཞིན་ནོ་ཞེས་བརྗོད། །སློབ་མ་ལ་རྗེས་སུ་གནང་བ་སྦྱིན་པའི་ཆོ་གའོ།། །།ལྷ་རྣམས་དཀྱིལ་འཁོར་སྐྱེས་པ་དང་། །བུད་མེད་དངོས་པོས་སྤྲུལ་པ་ཡི། །ངོ་བོ་རུ་ནི་རྣམ་ པར་གནས། །སླར་ཡང་རང་གི་ལུས་ཀྱིས་ནི། །འཁོར་ལོ་རབ་ཏུ་གཞུག་པར་བྱ། །གཟུགས་སོགས་ཕུང་པོའི་ངོ་བོ་རུ། །རྟག་པ་ལ་སོགས་རབ་ཏུ་གཞུག །ས་ལ་སོགས་པའི་རང་བཞིན་དུ། །སྤྱན་མ་ལ་གོགས་གཞུག་པར་བྱ། །མིག་སོགས་སྦྱོར་བ་ཆེས་རིག་པས། ། ས་སྙིང་སོགས་དང་ཐབས་ཅིག་ཏུ། །གཟུགས་རྡོ་རྗེ་ལ་སོགས་པ་ཡང་། །རང་གི་སྐྱེ་མཆེད་ལ་དགོད་བྱ། །ལག་སོགས་གཤིན་རྗེ་མཐར་བྱེད་སོགས་བཀོད་ནས། །དེ་ཉིད་ཇི་བཞིན་ཆོ་ག་བཞིན་བསྟན་ཏེ། །འགྲོ་བ་ཐམས་ཅད་འཁོར་ལོའི་བདག་ཉིད་དུ། །མངོན་སུམ་བལྟས་ 35-1-145a ནས་ཉེར་བསྡུའི་ཆོ་ག་བྱ། །ཉེ་བར་བསྡུ་བའི་ཆོ་གའོ།། །།མཚན་མོ་ཉེར་བསྡུ་བྱས་པ་ཡིས། །སླར་ཡང་ནང་པར་དུས་སུ་ནི། །རྡུལ་ཚོན་ཐམས་ཅད་ཕྱགས་བྱས་ཏེ། །མཆོད་བྱས་ཆུ་ཀླུང་ལ་དོར་བྱ། །དེ་ནས་གཡོན་བརྐྱང་ཞབས་གནས་པས། །གསང་སྔགས་ བརྗོད་ཅིང་ཕྱོགས་བརྒྱད་། གནས་པའི་ཕུར་བུ་སྐམ་པ་ཡི། །ཕྱག་རྒྱ་ཡིས་ནི་དབྱུང་བར་བྱ། །ཨོཾ་བཛྲ་ཀཱི་ལ་ཡ་ཨུད་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཧོཿ། ཕྱུང་སྟེ་ཕྱི་ནས་དེའི་སྐུད་པ། །སྣོད་ཀྱི་ནང་དུ་བསང་བར་བྱ། །དེ་ནས་ཆུ་དང་ཙནྡན་གྱིས། །གསང་སྔགས་ འདི་ཡིས་གཞག་པར་བྱ། །ཨོཾ་ཨཱཿཧཱུཾ་སཏྭ་ཀུ་རུ་སྭ་སྟི་སྭཱ་ཧཱ། །དེ་ནས་སྔགས་པས་ཁྲོ་རྒྱལ་རྣམས། །ཕྱི་དང་ནང་གི་མཆོད་པ་ཡིས། །མཆོད་བྱ་གླུ་དང་གར་སོགས་ཀྱིས། །གཏོར་མ་གཏང་བྱ་གཤེགས་སུ་གསོལ། །དེ་ནས་དཀྱིལ་འཁོར་ས་དེ་ནི། །བ་ལང་ལྕི་བས་བྱུགས་ནས་ནི། ། སེམས་ཅན་དང་ནི་སློབ་མ་ལ། །ཕན་ཕྱིར་ཞི་བའི་སྦྱིན་སྲེག་བྱ། །ཕུར་བུ་དབྱུང་བའི་ཆོ་གའོ།། །།དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཀུན་དུ་བཟང་པོ་སྐྲུ་ཡི་མཆོག ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས། །མཚན་ཉིད་མིན་པ་ཐམས་ཅད་སྤངས། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཀུན་དུ་བཟང་པོ་གསུང་གི་མཆོག །ཞི་བའི་ཆོས་ནི་མཆོག་ལས་བྱུང་། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་ ཅན་ཀུན་གྱི་སེམས་ཆེན་པོ། །དག་ཅིང་རང་བཞིན་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་བསྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཁྱོད་ཞབས་པདྨ་མ་གཏོགས་པར། །གཙོ་བོ་གཞན་ལ་སྐྱབས་མ་མཆིས། །འཁོར་བ་ལས་ནི་བསྒྲལ་བའི་ཕྱིར། །བདག་གིས་དཀྱིལ་ འཁོར་བྲི་བར་བྱ། །གང་ཚེ་བསྟོད་པའི་རྒྱལ་པོ་འདིས། །རྡོ་རྗེ་སེམས་བདག་བླ་མ་ལ། །རྡོ་རྗེ་སློབ་མས་གསོལ་བ་ནི། །འདེབས་ཚེ་དཀྱིལ་འཁོར་བྲི་བར་བྱ། །གསོལ་བ་འདེབས་པའི་ཆོ་གའོ།། །།བླ་མའི་དྲིན་གྱིས་རྒྱུད་རྣམས་མཐོང་གྱུར་ཏེ། །དེ་ཤེས་རྣམས་དང་ཡང་དག་རྣམ་དཔྱད་ 35-1-145b ནས། །ཆོ་ག་རྣམ་པ་ཉི་ཤུར་རྣམ་ཕྱེ་སྟེ། །གསལ་ཞིང་མདོར་བསྡུས་ཚིག་རྒྱུན་འདིས་བཤད་ནས། །དེང་དུ་བསོད་ནམས་ཕུང་པོ་དཔག་ཏུ་མེད་པ་གང་བསགས་པ། །དེས་ནི་སྐྱེ་ཚོགས་རྡོ་རྗེ་འཛིན་པ་མཆོག་ཉིད་དུ་གྱུར་ཅིང་། །དེ་ཉིད་ཀྱིས་ན་བདག་གི་གྲགས་དང་ལྷན་ཅིག་ཀླུ་ཡི་ནི། །བྱང་ཆུབ་ཀྱིས་ བྱས་རིན་ཆེན་རྡོ་རྗེ་མཆོག་འདི་རིང་གནས་ཤོག །དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཉི་ཤུ་པ་ཞེས་བྱ་བ་སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་པ་རྫོགས་སོ།། །།བྱ་སའི་གཙུག་ལག་ཁང་དུ་ཤུད་ཀྱི་སྟོན་པ་དར་མ་རྡོ་རྗེས་ཞུས་ནས་རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ་ཏི་ ལ་ཀ་ཀ་ལ་ཤ་ཞེས་བྱ་བ་ཕ་རོལ་ཏུ་ཕྱིན་པ་གསང་སྔགས་ཀྱི་ཐེག་པ་ལ་སོགས་པ་མཐའ་དག་ཆུབ་པའི་ཞལ་སྔ་ནས་དང་། བོད་ཀྱི་སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཆེན་པོ་བནྡེ་པ་ཚ་བ་ཉི་མ་གྲགས་ཀྱིས་བསྒྱུར་བའོ།།༄༅༅། །རྒྱ་གར་སྐད་དུ། ཀརྨ་ཨནྟ་བི་བྷངྒ་ནཱ་མ། བོད་སྐད་དུ། ལས་ཀྱི་མཐའ་རྣམ་པར་འབྱེད་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཐོག་མ་དབུས་མཐའ་སྤངས་པ་ཡི། །སྟོང་པ་བཞི་ལ་ཕྱག་འཚལ་ནས། །ཐམས་ཅད་དག་ཅིང་རྣམ་དག་པའི། །རིམ་པའི་དབྱེ་བས་ངེས་སྦྱར་བྱ། །ཡེ་ཤེས་རྣམ་གསུམ་ལས་བྱུང་བ། །ཁམས་ བཞི་དང་ནི་དབང་པོ་དྲུག །ཕུང་པོ་ལྔ་དང་སྒོ་དགུ་དང་། །འགྲོ་བ་གསུམ་པོ་ཕལ་ཆེར་ནི། །སྐྱེ་གནས་རྣམ་པ་བཞི་ཡིན་ཏེ། །སྒོང་སྐྱེས་དང་ནི་མངལ་སྐྱེས་དང་། །དྲོད་གཤེར་སྐྱེས་ནི་གསུམ་པ་ཡིན། །བཞི་པ་ཡང་ནི་རྫུས་སྐྱེས་སོ། །ཐོག་མེད་སངས་རྒྱས་ཀྱིས་གསུངས་པ། །རྣམ་ ཤེས་གསུམ་པོ་བསྒོམས་པས་ནི། །དུས་གསུམ་དུ་ནི་སྤྱད་པའི་ལས། །རྣམ་ཤེས་གསུམ་གྱི་རྒྱུ་ཅན་ནོ། །ཡེ་ཤེས་གསུམ་པོ་ཞེས་བརྗོད་པ། །དེ་ཡང་སྣང་བ་ཙམ་ཉིད་དེ། །དང་པོ་མ་རིག་ཤེས་པར་བྱ། །གཉིས་པ་དེ་བཞིན་སེམས་ལས་བྱུང་། །གསུམ་པ་སེམས་ཞེས་བྱ་འདི་རྣམས། ། སྟོང་ཉིད་གསུམ་དུ་བརྗོད་པ་ཡིན། །སྟོང་ཉིད་གསུམ་ལས་བྱུང་བའི་རླུང་། །དེ་ཉིད་དང་ནི་ཀུན་དུ་གནས། །དེ་ཡི་བཞོན་པ་ཉིད་འགྱུར་ཏེ། །བདག་ཉིད་ཀྱང་ནི་སྟོང་པའི་ཕྱིར། །རྣམ་ཤེས་ལས་ནི་རླུང་འབྱུང་སྟེ། །དེ་ལས་མེ་ནི་ཡང་དག་འབྱུང་། །དེ་ལས་ཆུ་ནི་འབྱུང་བར་འགྱུར། །དེ་ལས་ཡང་ནི་ས་འབྱུང་ངོ་། ། 35-1-146a དེ་རྣམས་ལས་ནི་ཕུང་པོ་འབྱུང་། །དེ་ལས་ཡང་ནི་སྐྱེ་མཆེད་འབྱུང་། །དེ་ལས་ཡེ་ཤེས་རང་བཞིན་རྣམས། །བརྒྱ་ནི་དྲུག་ཅུ་དང་བཅས་སླར། །སྐད་ཅིག་འདོད་ཆགས་བྲལ་དང་འཇིགས། །ལ་ལར་མྱ་ངན་ཞི་བ་ཉིད། །ལ་ལར་བྱམས་དང་སྙིང་རྗེ་དང་། །སོ་སོར་ རྟོག་དང་ཡིད་གང་དང་། །ལ་ལར་སྲེད་པ་རྣམ་རྟོག་དང་། །རིག་བྱ་རིག་དང་ངོ་ཚ་ཤེས། །དལ་དང་མི་དགེ་རང་བཞིན་མེད། །ཉེ་བར་ལེན་དང་སོགས་པ་དང་། །ལ་ལར་བཀྲེས་སྐོམ་སེར་སྣ་དང་། །ལ་ལར་དོགས་དང་ཚོར་པ་སྟེ། །སེམས་ཀྱི་རང་བཞིན་འདི་རྣམས་ནི། །སྣང་བའི་ ཡེ་ཤེས་རྒྱུ་ཅན་ནོ། །སྐད་ཅིག་འདོད་ཆགས་དེ་བཞིན་དགའ། །ལ་ལར་གདུག་པ་ནུས་པ་དང་། །ལ་ལར་ང་རྒྱལ་དེ་བཞིན་སྤྲོ། །ལ་ལར་རངས་པ་བཙན་ཐབས་འགར། །ལ་ལར་བརྟན་དང་སྟོབས་ཅན་ཉིད། །ལ་ལར་ངག་ནི་གསལ་བར་འགྱུར། །ལ་ལར་བདེན་དང་མི་བདེན་དང་། ། ལ་ལར་སྤྲོ་བྱེད་བྱེད་པོ་ཡང་། །ལ་ལར་དཔའ་བོ་བརྩོན་འགྲུས་དང་། །ངོ་ཚ་མེད་དང་བསྐུལ་བ་འགར། །འགར་ཡང་ངོ་མཚར་དྲག་པོ་དང་། །ཞེ་འགྲས་སྦྱིན་པ་པོ་ཉིད་དང་། །མི་སྲུན་པ་ཉིད་གྱ་གྱུ་ཉིད། །རྣམ་པར་སྒེག་པའང་སེམས་ལས་བྱུང་། །བརྗེད་ངས་པ་དང་ལ་ལར་ འཁྲུལ། །ལ་ལར་རྣམ་པར་གཡེང་བ་ཉིད། །ལེ་ལོ་ཉིད་དང་ལ་ལར་ངལ། །ལ་ལར་མི་སྨྲའི་དངོས་པོར་འགྱུར། །ལ་ལར་ཐེ་ཚོམ་ཉིད་ཤེས་བྱ། །མ་རིག་པ་ཡི་དུས་སུ་འབྱུང་། །ཡེ་ཤེས་རང་བཞིན་འདི་རྣམས་ནི། །ལྔ་བཅུ་རྩ་བཞི་དག་ཏུ་བཤད། །མཚན་མོ་ཉིན་མོའི་དབྱེ་བ་ ཡིས། །ཡང་ནས་ཡང་དུ་རབ་ཏུ་འཇུག །བཞི་རྣམས་སོ་སོའི་དོར་སོན་པ། །དེ་བཞིན་ཕུང་པོ་དབང་པོ་ལའོ། །སྔོན་ནི་ཇི་ལྟར་འོངས་པ་བཞིན། །རིམ་པ་འདི་ཡིས་ཐིམ་འགྱུར་ཏེ། །དང་པོ་ས་ནི་ཆུ་ལ་འཇུག །ཆུ་ནི་མེ་ལ་ཐིམ་འགྱུར་ཞིང་། །མེ་ནི་རླུང་ལ་ཐིམ་པར་འགྱུར། ། རླུང་ནི་རྣམ་པར་ཤེས་ལ་འཇུག །རྣམ་ཤེས་འཛིན་པར་གཤེགས་ནས་སུ། །འོད་གསལ་བར་ནི་དེ་ནས་ཞུགས། །དེ་ལས་དྲི་ཟ་ཉིད་གྱུར་ནས། །ལས་ཀྱིས་བསྐུལ་ལས་སྐྱེ་བར་འགྱུར། །དེ་ལྟར་སྐྱེ་བ་སྟོང་རྣམས་སུ། །སྐྱེས་ཤིང་སྐྱེས་ནས་ཡང་དང་ཡང་། །རང་བཞིན་ 35-1-146b བསྐོར་ཞིང་ཀུན་དུ་འཁྲུལ། །རྟོག་གེ་རྣམས་ཀྱི་ཡུལ་མིན་ལ། །སྣང་བ་ཡོངས་སུ་ཤེས་པ་ནི། །འགྲོ་བས་མ་རྙེད་པར་དུའོ། །སྣང་བ་རྙེད་པ་དག་ཀྱང་ནི། །སླར་ཡང་རྙེད་པ་ཤིན་ཏུ་དཀའ། །རྡུལ་དང་མུན་པ་སྙིང་སྟོབས་ཤེས། །འདི་ནི་གཞན་གྱིས་ཀུན་དུ་བརྟགས། །སྣང་བ་གསུམ་ པོ་འདི་ཉིད་ཀྱི། །རང་བཞིན་ཤེས་པ་སྤངས་པའི་ཕྱིར། །སྲིད་དང་མྱ་ངན་འདས་པའི་རྒྱུ། །ཡེ་ཤེས་གསུམ་པོ་འདི་རུ་བཞེད། །སྣང་བའི་རང་བཞིན་གང་དུ་གནས། །དེ་རུ་སྡིག་དད་བསོད་ནམས་དག །སྣང་བ་གསུམ་པོ་དག་པ་ནི། །ངེས་པར་བདེ་བར་གཤེགས་པའི་གནས། ། ཚངས་པ་ཁྱབ་འཇུག་དྲག་པོ་དང་། །གང་གཞན་སེར་སྐྱ་ལ་སོགས་རྣམས། །རང་བཞིན་སྣང་བ་ཀུན་དུ་རྨོངས། །རྣམ་དག་ལ་ཡང་རྣམ་ཀུན་དུ། །བསྐལ་བ་མཐའ་ཡས་རྣམས་སུ་ཡང་། །མགོ་དང་རིན་ཆེན་སོགས་སྦྱིན་པས། །སྣང་བ་རྣམ་པར་མ་དག་ན། །བྱང་ཆུབ་འབྲས་བུ་ ཐོབ་མི་འགྱུར། །མཐའ་ཡས་བསྐལ་པ་རྣམས་སུ་ཡང་། །དེ་བཞིན་ཚུལ་ཁྲིམས་བཟོད་སོགས་ཀྱིས། །སྣང་བ་རྣམ་པར་མ་དག་ན། །བྱང་ཆུབ་འབྲས་བུ་ཐོབ་མི་འགྱུར། །མཐའ་ཡས་བསྐལ་པ་རྣམས་སུ་ཡང་། །སྔགས་ཀྱི་སྐུ་ཡི་ཏིང་འཛིན་གྱིས། །སྣང་བ་རྣམ་པར་མ་དག་ན། །བྱང་ ཆུབ་འབྲས་བུ་ཐོབ་མི་འགྱུར། །སྣང་བ་གསུམ་པོ་དག་པ་ནི། །ཐམས་ཅད་མཁྱེན་ཉིད་ཐེ་ཚོམ་མེད། །བླ་མ་བརྒྱུད་པའི་རིམ་ཉིད་ཀྱིས། །དེ་ནི་ཐོབ་འགྱུར་གཞན་གྱིས་མིན། །སྤྲིན་ནི་འབྲུག་སྒྲའི་རྣམ་པ་དང་ལྡན་ནམ། །ནམ་མཁའི་ཁོང་ནས་ཀུན་དུ་འབྱུང་བ་རྣམས། །ཕྱོགས་བཅུ་ བསྐོར་ནས་གནས་ཤིང་དེ་ཉིད་དུ། །སླར་ཡང་ཡལ་བར་མཐོང་བ་ཇི་ལྟ་བ། །དེ་ལྟར་རྣམ་ཤེས་རྣམས་ནི་འོད་གསལ་གནས་ལས་འཐོན་ཞིང་སླར་ཡང་ཞིག་གྱུར་ནས། །རང་བཞིན་རྣམ་པ་སྣ་ཚོགས་རྣམས་སུ་གནས་ཤིང་དེ་ཉིད་དུ་ནི་ཡལ་བར་འགྱུར། །ལས་ཀྱི་མཐའ་རྣམ་པར་འབྱེད་ པ་ཞེས་བྱ་བ་རྗེ་བཙུན་འཕགས་པ་ཀླུའི་བློའི་ཞབས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བླ་མ་རྗེ་བཙུན་མ་ཎི་ཀ་ཤྲཱི་ཛྙཱ་ན་དང་། བླ་མ་རྗེ་བཙུན་ཆེན་པོ་རེ་བེནྟྲའི་ཞལ་སྔ་ནས་གུས་པར་མཉན་ནས་ཆག་ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཆོས་རྗེ་དཔལ་གྱིས་བསྒྱུར་ཅིང་ཞུས་ཏེ་ 35-1-147a གཏན་ལ་ཕབ་པའོ།། །།༄༅༅། །རྒྱ་གར་སྐད་དུ། ཀྲ་མ་ཨནྟ་ར་བྷཱ་བ་ཨུ་པ་དེ་ཤ་ནཱ་མ་པྲ་ཀ་ར་ཎཾ། བོད་སྐད་དུ། རིམ་པ་ཁོངས་སུ་བསྡུ་བའི་མན་ངག་ཅེས་བྱ་བའི་རབ་ཏུ་བྱེད་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ ལོ། །མཐའ་རྣམས་ཐམས་ཅད་འཇིགས་མཛད་པ། །རྡོ་རྗེ་ཆེ་ལ་ཕྱག་བྱས་ནས། །རིམ་པ་དྲུག་པའི་ཕན་ཚུན་ནི། །དེ་ཚིག་རྣམས་དང་སྦྱར་བ་བརྗོད། །མི་ཕམ་འཕགས་པས་སྦྱིན་སོགས་ལ། །དབྱེ་བ་སུམ་ཅུ་དྲུག་བདག་ཉིད། །ཇི་སྐད་གསུངས་པ་དེ་བཞིན་འདིར། །རིམ་རྣམས་ དབྱེ་གསལ་འདིར་བརྗོད་བྱ། །དེ་ལ་དང་པོར་བསྐྱེད་པའི་རིམ་པར་ཕྲ་མོའི་རྣལ་འབྱོར་གྱི་དུས་སུ་སྣའི་རྩེ་མོར་ཞེས་བྱ་བ་ལ་སོགས་པས་བསྐྱེད་པའི་རིམ་པའི་རྡོ་རྗེའི་བཟླས་པའོ། །རང་བཞིན་སྣང་བ་ཞེས་བྱ་བ་འདིས་ནི་བསྐྱེད་པའི་རིམ་པའི་སེམས་ལ་ངེས་པར་རྟོག་པའོ། །དེ་ཁོ་ན་ཉིད་དྲུག་ གི་ནང་དུ་ནི་བསྐྱེད་པའི་རིམ་པའི་བདག་བྱིན་གྱིས་བརླབ་པའོ། །དོན་དམ་བདེན་པ་ཞེས་ཀྱང་བྱ་བ་ལ་སོགས་པས་ནི་བསྐྱེད་པའི་རིམ་པའི་མངོན་པར་བྱང་ཆུབ་པའོ། །ཡོངས་སུ་དག་པའི་ལྷའི་དེ་ཁོ་ན་ཉིད་འཆད་པ་ལས་ནི་བསྐྱེད་པའི་རིམ་པའི་ཟུང་འཇུག་གོ། །གཞན་ཡང་རྡོ་རྗེ་འཛིན་པའི་ མི། །འགའ་ཞིག་སྦྱོར་བ་གསུམ་ལྡན་པས། སྤྱན་འདྲེན་གཤེགས་སུ་གསོལ་བ་དང་། །དེ་བཞིན་བཞུགས་སུ་གསོལ་བར་འགྱུར། །ཞེས་བྱ་བ་འདིས་ནི་རྡོ་རྗེའི་བཟླས་པ་ལས་བསྐྱེད་པའི་རིམ་པ་གསུངས་པའོ། །རང་ཉིད་ནི་རྡོ་རྗེའི་བཟླས་པའོ། །རྣམ་ཤེས་ལས་ནི་འབྱུང་བའི་སྔགས། ། འབུམ་ཕྲག་དྲུག་ལྡན་བཟླས་ནས་ནི། །རྡོ་རྗེ་སེམས་དཔའ་ཕྱག་བྱས་ཏེ། །ཟླ་བ་ཉ་ལ་དེ་འགྲུབ་འགྱུར། །ཞེས་བྱ་བ་འདིས་ནི་རྡོ་རྗེའི་བཟླས་པའི་སེམས་ལ་ངེས་པར་རྟོག་པའོ། །རྡོ་རྗེ་བཟླས་པ་འདི་ཡིས་ནི། །ཆོ་ག་ཇི་བཞིན་བསྙེན་བྱས་ནས། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །ལས་རྣམས་ ཐམས་ཅད་བསྒྲུབ་པར་བྱ། །ཞེས་བྱ་བ་འདིས་ནི་རྡོ་རྗེ་བཟླས་པའི་བདག་ལ་བྱིན་གྱིས་བརླབ་པའོ། །ཡི་གེ་ཨས་བསྟན་ཡེ་ཤེས་ནི། །སངས་རྒྱས་ཀྱི་ནི་ཐུགས་སུ་གྱུར། །ཅེས་བྱ་བ་འདིས་ནི་རྡོ་རྗེ་བཟླས་པའི་མངོན་པར་བྱང་ཆུབ་པའོ། །མ་ནིང་གི་བཟླས་པ་འབྲས་བུར་གྱུར་པ་ལས་ནི་རྡོ་རྗེ་ 35-1-147b བཟླས་པའི་ཟུང་འཇུག་གོ། །ཤེས་རབ་རང་བཞིན་འདི་ཉིད་ནི། །ཟླ་བའི་དཀྱིལ་འཁོར་དུ་བརྟག་སྟེ། །རང་གི་སེམས་ནི་མཐོང་འགྱུར་ཏེ། །རང་གི་ཟླ་བའི་གཟུགས་བཞིན་ནོ། །དེ་ནས་ཟླ་བ་ལ་དམིགས་ནས། །རྡོ་རྗེའི་མཚན་མ་རབ་བརྟག་བྱ། །འདི་ནི་རྡོ་རྗེ་ལ་སོགས་པ། །བྱུང་ བའི་རྣལ་འབྱོར་པ་རྣམས་གྱིས། །ཐབས་ནི་སྟོན་པར་བྱེད་པའོ། །ཟླ་བ་རྡོ་རྗེ་སོགས་སྦྱོར་བས། །སེམས་དང་སེམས་བྱུང་འདུས་པ་སྟེ། །ཐབས་དང་ཤེས་རབ་མཉམ་སྦྱོར་ལས། །ཕྱག་རྒྱ་བཞི་ཡིས་རྒྱས་བཏབ་ལ། །སྔགས་པས་བསྐྱེད་རིམ་རྣལ་འབྱོར་དང་། །ལྡན་ པའི་ལྷ་ཡི་ང་རྒྱལ་ནི། །འཆང་ཞིང་རྟག་ཏུ་རྒྱུ་བར་བྱ། །ཞེས་བྱ་བ་འདིས་ནི་སེམས་ལ་དམིགས་པའི་བསྐྱེད་པའི་རིམ་པའོ། །རླུང་ནི་ཕྲ་བའི་ངོ་བོ་དང་། །རྣམ་ཤེས་ཡང་དག་འདྲེས་གྱུར་པ། །དབང་པོའི་ལམ་ནས་བྱུང་ནས་ནི། །ཡུལ་རྣམས་ལ་ནི་དམིགས་པར་འགྱུར། ། གང་དང་གང་དུ་རླུང་གནས་པས། །རང་བཞིན་དེ་དང་དེ་འབྱུང་བྱེད། །རླུང་ནི་རྒྱུ་བ་དེ་སྲིད་དུ། །སྣང་བ་གཡོ་མིན་མི་འགྱུར་རོ། །ཞེས་བྱ་བ་འདིས་ནི་སེམས་ལ་ངེས་པར་རྟོག་པའི་རྡོ་རྗེའི་བཟླས་པའོ། །རང་གི་ངོ་བོ་ལས་ནི་སེམས་ལ་ངེས་པར་རྟོག་པའོ། །ཆུ་ཟླ་དང་ནི་སྨིག་རྒྱུ་སོགས། ། སྒྱུ་མའི་ཡོན་ཏན་གྱིས་བརྒྱན་ཏེ། །ཞེས་བྱ་བས་ནི་རྗེས་སུ་སྙེགས་པར་ལྷག་པར་མོས་པས་སྒྱུ་མའི་ལུས་འདིས་ནི་སེམས་ལ་ངེས་པར་རྟོག་པའི་བདག་ལ་བྱིན་གྱིས་བརླབ་པའོ། །དཔལ་གསང་བ་འདུས་པའི་བྱང་ཆུབ་སེམས་ཀྱི་ལེའུ་ལས། དངོས་པོ་མེད་སོགས་ཚིགས་བཅད་ཀྱིས། ། མངོན་པར་བྱང་ཆུབ་མཚན་ཉིད་གསུངས། །ཞེས་བྱ་བ་ལ་སོགས་པས་ནི་སེམས་ལ་ངེས་པར་རྟོག་པའི་མངོན་པར་བྱང་ཆུབ་པའོ། །ཆགས་མིན་ཆགས་དང་བྲལ་བ་མིན། །དབུ་མར་ཡང་ནི་མི་དམིགས་སོ། །ཞེས་བྱ་བ་འདིས་ནི་སེམས་ལ་ངེས་པར་རྟོག་པའི་ཟུང་འཇུག་གོ། །སྔགས་ དང་ཕྱག་རྒྱའི་སྦྱོར་བ་དང་། །དཀྱིལ་འཁོར་ལ་སོགས་རྣམ་རྟོག་དང་། །སྦྱིན་སྲེག་གཏོར་མའི་བྱ་བ་ཀུན། །རྟག་ཏུ་སྒྱུ་མ་བཞིན་དུ་བྱ། །ཞེས་བྱ་བ་འདིས་ནི་བདག་ལ་བྱིན་གྱིས་བརླབ་པའི་བསྐྱེད་པའི་རིམ་པའོ། །རླུང་གི་སྦྱོར་བ་མེད་པར་ནི། །སེམས་ཀྱི་རང་བཞིན་དམིགས་སུ་མེད། ། 35-1-148a ཅེས་བྱ་བ་འདིས་ནི་བདག་ལ་བྱིན་གྱིས་བརླབ་པའི་རྡོ་རྗེ་བཟླས་པ་དང་། བདག་ལ་བྱིན་གྱིས་བརླབ་པའི་སེམས་ལ་ངེས་པར་རྟོག་པ་དང་། དངོས་སུ་བདག་ལ་བྱིན་གྱིས་བརླབ་པ་རྣམས་གསུང་བར་འགྱུར་རོ། །འགྲོ་ཀུན་རང་བཞིན་དབང་མེད་དེ། །རང་དབང་དུ་ནི་འབྱུང་ ཉིད་མིན། །དེ་ཡི་རྒྱུ་ནི་འོད་གསལ་ཏེ། །འོད་གསལ་ཐམས་ཅད་སྟོང་པ་ནི། །ཞེས་བྱ་བ་འདིས་ནི་བདག་ལ་བྱིན་གྱིས་བརླབ་པའི་མངོན་པར་བྱང་ཆུབ་པའོ། །དེ་ཉིད་དྲི་ཟའི་སེམས་ཅན་འགྱུར། །རྡོ་རྗེའི་སྐུ་ཡང་དེ་ཉིད་ཡིན། །ཞེས་བྱ་བ་འདིས་ནི་བདག་ལ་བྱིན་གྱིས་བརླབ་པའི་ཟུང་འཇུག་གོ། ། ཕྱག་རྒྱ་ཆེན་པོ་རྣམ་དག་ནི། །སངས་རྒྱས་ལྔ་རིགས་རག་ལས་པའོ། །འོད་ཟེར་ལྔ་ནི་འབྱུང་བ་འདི། །ནམ་མཁའ་ལ་ནི་འཇའ་ཚོན་བཞིན། །ཕྱག་རྒྱ་འཆང་བར་བྱེད་པ་དང་། །གལ་ཏེ་གསང་སྔགས་ཟློས་པའམ། །གཞན་རྣམས་ཐམས་ཅད་བྱེད་ཀྱང་རུང་། །ཀུན་སྟོང་གཞི་ལ་གནས་ པས་སོ། །ཞེས་བྱ་བ་འདིས་ནི་མངོན་པར་བྱང་ཆུབ་པའི་རིམ་པའོ། །དེ་ནི་ཚིག་དང་ལྡན་པའི་ངག་བསྡམས་ཡིན། །ཞེས་བྱ་བ་ལ་སོགས་པས་ནི་མངོན་པར་བྱང་ཆུབ་པའི་རྡོ་རྗེའི་བཟླས་པའོ། །འདི་ནི་རང་གི་རང་བཞིན་རྣམས་དང་ལྷན་ཅིག་མ་ཡིན་ལྡན། །ཞེས་བྱ་བ་འདིས་ནི་མངོན་པར་བྱང་ ཆུབ་པའི་སེམས་ལ་ངེས་པར་རྟོག་པའོ། །ཇི་ལྟར་ཆུ་ཀླུང་དང་བ་ལས། །ཉ་དག་མྱུར་དུ་འཕར་བ་ལྟར། །དེ་བཞིན་ཐམས་ཅད་སྟོང་གསལ་ལས། །སྒྱུ་འཕྲུལ་དྲ་བ་འབྱུང་བར་བཤད། །ཅེས་བྱ་བ་འདིས་ནི་མངོན་པར་བྱང་ཆུབ་པའི་བདག་ལ་བྱིན་གྱིས་བརླབ་པའོ། །དངོས་སུ་ནི་མངོན་པར་ བྱང་ཆུབ་པའོ། །སློབ་དཔོན་དག་ལས་བཀའ་དྲིན་ཐོབ་ཅིང་བློ་གྲོས་དྲི་མེད་བརྟན་ལྡན་དངོས་པོ་ཀུན། །རང་བཞིན་དེ་ཉིད་རྣལ་འབྱོར་པ་ཡི་དག་གཞི་ཤིན་ཏུ་ཕྲ་བ་མཆོག་སྦྱིན་རང་བཞིན་སངས་རྒྱས་ཀྱི། །མྱ་ངན་འདས་ཁམས་གཉིས་མེད་རྟོགས་པ་རྟག་ཏུ་བདེ་བའི་རང་བཞིན་བསྒོམ་པར་བྱ། ། འདི་ནི་བསོད་ནམས་བསོད་ནམས་མིན་ལས་རྣམ་གྲོལ་བཅོམ་ལྡན་རྡོ་རྗེ་སེམས་དཔར་འགྱུར། །ཞེས་བྱ་བ་འདིས་ནི་མངོན་པར་བྱང་ཆུབ་པའི་ཟུང་འཇུག་གོ། །གཅིག་པོ་བསྐྱེད་པའི་རིམ་པ་འདི་དང་ཞེས་བྱ་བ་དང་། དེ་བཞིན་དུ་འདི་ནི་མ་དག་པར་འགྱུར་རོ་ཞེས་བྱ་བ་འདིས་ནི་ཟུང་དུ་འཇུག་པའི་ 35-1-148b བསྐྱེད་པའི་རིམ་པའོ། །རྫོགས་པའི་རིམ་པ་ཞེས་བྱ་བ་འདིས་ནི་ཟུང་དུ་འཇུག་པའི་རྡོ་རྗེ་བཟླས་པའོ། །ཆགས་དང་ཆགས་མེད་ལས་གྲོལ་ཞིང་། །ཞེས་བྱ་བ་འདིས་ནི་ཟུང་དུ་འཇུག་པའི་སེམས་ལ་ངེས་པར་རྟོག་པའོ། །བདག་བྱིན་བརླབ་དང་འོད་གསལ་གཉིས། །དེ་ཉིད་ཤེས་པས་རིམ་ ཤེས་ནས། །ཞེས་བྱ་བ་འདིས་ནི་ཟུང་དུ་འཇུག་པའི་བདག་ལ་བྱིན་གྱིས་བརླབ་པ་དང་འོད་གསལ་བའོ། །དངོས་སུ་ནི་ཟུང་དུ་འཇུག་པའོ། །ཡན་ལག་སྦྱོར་བ་འདི་བྱས་ནས། །བསོད་ནམས་གང་བསགས་དེ་ཡིས་ནི། །རྡོ་རྗེ་འཛིན་དང་ལྷན་ཅིག་ཏུ། །འགྲོ་བ་མྱུར་དུ་སྦྱོར་བར་ཤོག །རིམ་ པ་ཁོངས་སུ་བསྡུ་བའི་མན་ངག་གི་རིམ་པའི་རབ་ཏུ་བྱེད་པ་སློབ་དཔོན་ཆེན་པོ་ཀླུའི་བློ་རིག་པ་འཛིན་པའི་དངོས་གྲུབ་བརྙེས་ནས་ད་དུང་དཔལ་གྱི་རི་ལ་བཞུགས་པའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།ཆོས་ཀྱི་གཞི་དཀོན་མཆོག་གསུམ་གྱི་རྟེན་དཔལ་ཚངས་པ་འབྱུང་བའི་གཙུག་ལག་ཁང་ དུ། རྒྱ་གར་གྱི་མཁན་པོ་ཨཱ་ལངྐ་ཀ་ལ་ཤའི་ཞལ་སྔ་ནས་དང་། བོད་ཀྱི་སྒྲ་སྒྱུར་གྱི་ལོ་ཙཱ་བ་བནྡེ་ཉི་མ་གྲགས་ཀྱིས་བསྒྱུར་རོ།།༄༅༅། །རྒྱ་གར་སྐད་དུ། པཉྩ་ཀྲ་མ་སྱཱརྠ་ཡོ་གི་མ་ནོ་ཧ་རཱ་ཊིཔྤ་ཎཱི་ནཱ་མ། བོད་སྐད་དུ། རིམ་པ་ལྔའི་དོན་མདོར་བཤད་པ་རྣལ་འབྱོར་ པའི་ཡིད་འཕྲོག་ཅེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ས་དང་པོ་ནི་བརྙེས་གྱུར་པའི། །འཕགས་པ་ཀླུ་སྒྲུབ་ལ་བཏུད་ནས། །རིམ་པར་རྣལ་འབྱོར་ཡིད་འཕྲོག་པ། །དོན་མདོར་བཤད་པ་བདག་གིས་བྱ། །འཕགས་པའི་གསུང་རབ་རྣམ་བརྟག་པ། །ཚད་མ་དེ་ནི་ བྲི་བར་བྱ། །བདག་གི་གཞུང་གི་ཚད་འདི་ནི། །སྐྱེ་བོས་རྟག་ཏུ་སྙིང་ལ་ཟུང་། །འདིར་ཡང་དཔལ་འདུས་པ་ལ་སོགས་པའི་རྒྱུད་དུ་ཡོད་པའི་ཚིགས་སུ་བཅད་པ་འཁྲུགས་པས་གནས་པ་དེ་རྣམས་ཐམས་ཅད་བླངས་ནས་དཔལ་ལྡན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་ཐུགས་རྗེ་གཞན་དབང་གི་ཐུགས་ ཀྱིས་བློ་ཞན་པའི་འཇིག་རྟེན་ལ་རྣམ་པར་གཟིགས་ནས། རིམ་པ་ལྔའི་གོ་རིམས་ཀྱི་མདོ་སུམ་ཅུ་རྩ་གཉིས་རྗེས་སུ་རྟོགས་པས་གསུངས་པ། མདོར་བྱས་ཀྱི་རིམ་པ་བྱེད་པར་འདོད་པས་ཕྱག་བྱ་བ་སྔོན་དུ་འགྲོ་བ་ཅན་མངོན་པར་བརྗོད་པར་བྱ་བ་འབྲས་བུའི་ངོ་བོ་བསྟན་པར་འདོད་པས། འཇིག་ 35-1-149a རྟེན་གསུམ་སྤྱོད་ལས་གྲོལ་ཞེས་བྱ་བ་ལ་སོགས་པས་གསུངས་པ། གསུང་རྣམས་ཀྱི་དང་འཇིག་རྟེན་རྣམས་ཀྱི་ཡང་དག་པར་བསྡུས་པ་ནི་འཇིག་རྟེན་གསུམ་པ་སྟེ། འཇིག་རྟེན་གསུམ་ཉིད་འཇིག་རྟེན་གསུམ་པ་སྟེ་རང་གི་དོན་ལ་ཥུཉའོ། །འདོད་པ་དང་གཟུགས་ དང་གཟུགས་མེད་ཀྱི་ཁམས་གསུམ་པའོ། །འདིར་སེམས་ཅན་གྱི་རྒྱུད་གང་ཡིན་པ་དེ་རྣམས་ཀྱི་ཕུང་པོ་ལྔ་ལ་སོགས་པ་རྣམས་སུ་བརྟན་ཞིང་སྲ་བའི་རྣམ་པའི་དངོས་པོ་ཉིད་ལ་མངོན་པར་ཞེན་པ་ཁོ་ན་རྣམ་པར་རྟོག་པ་སྟེ། དེ་ཁོ་ན་ཀུན་དུ་སྤྱོད་པའི་ཐ་སྙད་དོ། །དེས་གྲོལ་བ་ནི་བྲལ་བ་ཞེས་བྱ་བའི་ དོན་ཏོ། །དེ་ཅི་དམ་པ་རྣམ་པར་ཤེས་པའི་ངོ་བོ་ཡིན་ནམ་ཞེ་ན། དེ་དག་པའི་ཕྱིར་དུས་གསུངས་པ། མཁའ་དང་མཉམ་གྱུར་ཏེ། ནམ་མཁའ་དང་མཉམ་པར་གྱུར་པ་ནི་ཡེ་ཤེས་གང་ཡིན་པ་དེའོ། །འདི་དེ་ལྟ་མོད་ཀྱི། ཉེ་བར་དམིགས་པ་ཐམས་ཅད་གཞག་ཅིང་བཅད་དེ་མེད་པའི་ཕྱིར་རོ་ཞེས་པ། སྟོང་པ་ཉིད་ལ་མངོན་པར་ཞེན་པའི་ལྟ་བའི་གཡང་སར་ལྷུང་བ་རྣམས་ཀྱི་དེ་བསལ་བའི་ཆེད་དུ་དངོས་པོ་རྣམས་ལས་སྟོང་པ་ཉིད་གཞན་མ་ཡིན་ཞིང་། དངོས་པོ་ཡོད་པ་ཉིད་ཀྱང་མ་ཡིན་ལ། ཤིན་ཏུ་ཕལ་ཆེ་བ་མ་ཡིན་པ་དང་བྲལ་བས་གཟུགས་ལ་སོགས་པ་ཚིག་གི་དོན་རྣམས་ཐམས་ཅད་ཀྱི་རང་ གི་ངོ་བོ་ནི་དངོས་ཀུན་རང་བཞིན་ནོ། །དག་ཅིང་ནི་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རམ་སེམས་ཅན་རྣམས་རྗེས་སུ་གཟུང་བའི་ཆེད་དུ་དག་པ་ཆོས་ཀྱི་སྐུ་ལས་འདི་རྣམས་སྤྲོ་བར་བྱེད་དོ་ཞེས་རབ་ཏུ་གསུངས་པའི་ཕྱིར་རོ། །ཞི་ལ་ནི་སྡུག་བསྔལ་ཐམས་ཅད་ཉེ་ བར་ཞི་བའི་མཚན་ཉིད་ཀྱི་ཕྱིར་རམ་ཞི་བའི་ཉམས་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །རྣམ་དབེན་ནི་སྲིད་པ་དང་མྱ་ངན་ལས་འདས་པའི་རྣམ་པར་རྟོག་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །མཆོག་ཞི་འདི་ནི་རྟག་པ་ཁོ་ནར་བརྟན་པའི་རང་བཞིན་ཉིད་ཀྱི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར་དགེ་ལེགས་ཐོབ་པར་བྱེད་པའོ། ། སྐྱེ་བ་མེད་པའི་དེ་ཉིད་དེའི་རང་གི་ངོ་བོ་རྣལ་འབྱོར་པ་ཉིད་སེམས་དེས་རྟོགས་པར་བྱ་བ་སྟེ་སྤྲུལ་པའི་སྐུའོ། །དེ་ཉིད་ཀྱི་ཕྱིར་ཉན་ཐོས་ལ་སོགས་པ་རྣམས་ཀྱི་རྟོགས་བྱ་མ་ཡིན་པའོ། །གོ་དཀའ་བ་ནི་མཆོག་ཏུ་ཟབ་པ་སྟེ། དེ་བཞིན་ཉིད་བདེ་བ་གཅིག་པུའི་རང་བཞིན་ཉིད་ཀྱི་ཕྱིར་རོ། ། 35-1-149b སྡུག་བསྔལ་བས་ཀྱང་རྣམ་པར་སྤྱོད་པར་བྱེད་པ་དང་སོ་སོར་བསྟན་པར་བྱེད་མི་ནུས་པ་ཉིད་ཀྱི་ཕྱིར་རོ་ཞེས་ཤེས་ནས་བརྟག་པར་དཀའ་བའོ། །རང་གི་དང་གཞན་རྣམས་ཀྱི་ཕན་པ་མཐའ་ཀླས་པ་རབ་ཏུ་རྫོགས་པར་བྱེད་པ་ཉིད་ཀྱི་ཕྱིར་བདག་གཞན་རབ་ཕན་ནོ། །འདིས་རང་གི་དོན་ཕུན་ སུམ་ཚོགས་པ་ཡང་མངོན་པར་བརྗོད་པས་ཁྱབ་པའོ། །ཐམས་ཅད་དུ་གདུལ་བྱའི་སྐྱེ་བོའི་རྒྱུད་རྣམས་སུ་དེ་བཞིན་དུ་སོ་སོར་སྣང་བར་བྱེད་པའི་ཕྱིར་རོ། །གང་དུ་ནུབ་པར་གྱུར་པ་དང་དྲོ་བ་ལ་སོགས་པའི་མཚན་མ་ལུས་པ་མེད་པར་སྤངས་པ་དེ་ནི་མཚན་མ་མེད་པའོ། །ཡང་ན་རང་གི་ངང་ གིས་འཇུག་པས་རྒྱུ་གཞན་གྱི་སྐད་ཅིག་གིས་སེམས་བརྟན་པའི་སྤྲུལ་པའི་སྐུ་ཀུན་དུ་སྤྲོ་བར་བྱེད་པས་མཚན་མ་མེད་པའོ། །ཕྱག་འཚལ་བ་ནི་བཏུད་པར་བྱེད་པའོ། །སྐུ་ནི་ལུས་སོ། །ཅི་རྣམས་ཀྱི་ཞེ་ན་རྒྱལ་བ་རྣམས་ཀྱི་ཞེས་མང་པོའི་ཚིག་ངེས་པར་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་ལྔ་པོ་ རྣམས་ཀྱི་སྐུ་ལ་ཕྱག་འཚལ་བའོ། །གང་ལ་ཕྱག་འཚལ་ན་འདུས་པའི་ཚུལ་གྱིས་རྒྱུད་དུ་བརྗོད་པ་ཉིད་ཀྱི་ཕྱིར་བདེ་བ་ལ་སྟེ། སྟོང་པ་བཞིའི་བདག་ཉིད་ཅན་གྱི་ཕྱིར་རོ། །མཉམ་མེད་མཉམ་པ་ནི། ཐམས་ཅད་སྟོང་པ་ནི་མཉམ་མེད་དེ་མཉམ་པ་ནི་དེའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །ཡང་ན་མཉམ་ མེད་ནི་སངས་རྒྱས་རྣམས་སོ། །དེ་རྣམས་ཀྱིས་མཉམ་པ་ནི་མཚུངས་པའོ། །དེ་ཉིད་ཀྱི་ཕྱིར་མི་རྟོག་སྐུ་གཅིག་སྟེ་མི་རྟོག་པ་ནི་རྣམ་པར་རྟོག་པ་དང་བྲལ་བའོ། །གཅིག་ནི་གཉིས་པ་མེད་པའོ། །སྐུ་ནི་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པས་བརྒྱན་པའི་ལུས་གང་ཡིན་པ་དེའོ། །ད་ནི་རྗོད་བྱེད་ དང་བརྗོད་བྱ་དང་དགོས་པ་བརྗོད་པ། དཔལ་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུད་ཀྱི་ཚིགས་སུ་བཅད་པ་དུ་མ་རྣམས་ཕུང་པོ་གཅིག་ཏུ་གྱུར་པའི་དངོས་པོ་ནི་མདོར་བསྡུས་པ་ཡིན་ལ། ཤིན་ཏུ་ཆུང་བ་ཉིད་ཀྱི་ཕྱིར་མདོར་བྱས་ཅན་ནོ། །དེའི་རིམ་པ་ནི་གོ་རིམས་སོ། །དེ་བདག་ གིས་བཤད་པར་བྱ་སྟེ་བསྟན་པར་བྱའོ། །སེམས་ཅན་ཀུན་ལ་ཕན་སྐྱེད་པ་ནི་འཇིག་རྟེན་གྱི་ཕན་པ་མངོན་པར་འདོད་པ་ནི་སངས་རྒྱས་ཉིད་དེ། དེ་སྐྱེད་པ་ནི་མངོན་པར་སྐྱེད་པའོ། །འདིར་ཞེས་པ་ནི་དེ་དེ་བཞིན་ནོ། །རྒྱུད་གཞན་རྣམ་པར་གཅོད་པའི་དོན་དུ། དཔལ་ལྡན་འདུས་ 35-1-150a པའི་རྒྱུད་འདི་ཡིས། །ཞེས་གསུངས་ཏེ། འདུས་པར་བྱེད་པ་ནི་འདུས་པ་སྟེ། ལྷ་སུམ་ཅུ་རྩ་གཉིས་པོ་རྣམས་གཅིག་ཏུ་འདུས་པའོ། །ཡང་ན་སྟོང་པ་ཉིད་དང་སྙིང་རྗེའོ། །འདུས་པ་ཕྱི་མར་གསུངས་པ་ཡང་། །འདུས་པ་སྦྱོར་བར་རབ་གསུངས་ཏེ། །སངས་ རྒྱས་ཐམས་ཅད་མངོན་བརྗོད་བྱེད། །ཅེས་སོ། །དཔལ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་དེ་འདི་ལ་ཡོད་དོ་ཞེས་པས་དཔལ་ལྡན་ནོ། །རྒྱུད་ཏེ་གཞུང་རྒྱུན་ཆགས་པའི་མཚན་ཉིད་ཀྱང་ཡིན་ལ། དཔལ་ལྡན་འདུས་པའི་རྒྱུད་ཀྱང་ངོ་། །ཞེས་ཚིག་རྣམ་པར་ སྦྱར་རོ། །དེ་རྟོགས་པར་དཀའ་བ་ཉིད་ཀྱི་ཕྱིར་མཐའ་དྲུག་གི་དོན་འདི་དང་འདི་དག་ཁོང་དུ་ཆུད་པ་ལས་ཏེ་དྲང་བ་དང་ངེས་པ་དང་། དགོངས་པ་དང་སྒྲ་ཇི་བཞིན་པ་དང་། སྒྲ་ཇི་བཞིན་པ་མིན་པ་དང་།དགོངས་པ་མ་ཡིན་པ་ཀུན་དུ་རྟོག་པ་ལས་སོ། །མཐའ་དྲུག་གི་དོན་ཉིད་ལྷག་པར་མ་རྟོགས་ པ་དེའི་དོན་དུ་བདག་གིས་དཔལ་ལྡན་འདུས་པའི་རྒྱུད་ཀྱི་སྒྲོན་མ་གསལ་བར་བྱེད་པའི་རྒྱ་ཆེར་བཤད་པར་གང་འདི་མཐའ་དྲུག་གི་དོན་གྱི་བཤད་པ་ཡོད་པ་འདི་ཉིད་ལ་འདིར་འཇུག་པར་བྱ་སྟེ། སྐལ་ངན་རྣམས་ལ་རྒྱལ་བ་ཡིས། །སྤངས་ཏེ་བཤད་པ་དྲང་བའི་དོན། །ཡང་དག་དོན་ནི་རབ་སྟོན་ཕྱིར། །ངེས་པའི་དོན་ ཡང་གསུངས་པ་ཡིན། །མཆོག་འདོད་སེམས་ཅན་རྣམས་ལ་ནི། །ཆོས་ཀྱི་དེ་ཉིད་རབ་སྟོན་པ། །འགལ་བའི་ཚིག་གི་སྦྱོར་བ་ཡིས། །གསུངས་པ་གང་དེ་དགོངས་བཤད་དོ། །དཀྱིལ་འཁོར་སོགས་དང་རྟོག་པ་བསྡུ། །སྤྱོད་པ་ཇི་ལྟ་ཇི་ལྟ་བར། །དོན་རྒྱས་པར་ནི་གསུངས་པ་ནི། །དེ་ནི་ ཇི་ལྟ་བཞིན་སྒྲར་གསུངས། །ཀོ་ཊཱ་ཀྵ་ཀ་ལ་སོགས་སྒྲ། །འཇིག་རྟེན་བསྟན་བཅོས་ཕྱི་རོལ་བྱས། །དེ་བཞིན་གཤེགས་རྣམས་བརྡར་གྱུར་པ། །དེ་ནི་ཇི་ལྟ་བཞིན་མིན་སྒྲར། །བསྒྲགས་དབང་རྟུལ་པོའི་སེམས་ཅན་གྱིས། །རྟོགས་པའི་དོན་ཕྱིར་གསལ་བ་རུ། །དེ་ཉིད་གསལ་བར་གསུངས་ པ་ནི། །དགོངས་པ་མིན་པར་གསུངས་པ་ཡིན། །མཐའ་དྲུག་གི་རྣམ་པར་བཤད་པའི་ནང་དུ་རྣལ་འབྱོར་པའི་ཡིད་འཕྲོག་པར་བྱེད་པའི་དོན་མདོར་བཤད་པར། དྲང་བ་དང་ངེས་པའི་དོན་གྱི་དབྱེ་བས་བཤད་པ་རྣམ་པ་གཉིས་སུ་ཁོང་དུ་ཆུད་པར་བྱ་སྟེ་དམན་པའི་སྒོམ་པ་པོས་སོ། །འདིས་ 35-1-150b ནི་མངོན་པར་བརྗོད་པར་བྱ་བའི་དགོས་པ་གསུངས་སོ། །དགོས་པ་དེ་རྣམ་པར་རྟོག་པ་བསལ་བ་ཞེས་བྱ་བ་དེའི་སྒོ་ནས་འབྲས་བུ་ཁོང་དུ་ཆུད་དོ་ཞེས་ཡིད་ལ་བཞག་ནས་རྣམ་རྟོག་བག་ཆགས་ཞེས་བྱ་བ་ལ་སོགས་ཏེ། རྣམ་པ་སྣ་ཚོགས་པའི་འདོད་ཆགས་ལ་སོགས་པ་ཕྱིན་ཅི་ལོག་ཏུ་ མངོན་པར་ཞེན་པ་སེམས་ཅན་གྱིས་སྒྲོ་བཏགས་པ་ནི་རྣམ་པར་རྟོག་པ་ཡང་འདི་ཡིན་ལ་བག་ཆགས་ཀྱང་ངོ་ཞེས་ཚིག་རྣམ་པར་སྦྱར་རོ། །རྣམ་རྟོག་བག་ཆགས་གཉིས་པ་སྟེ། །དེ་རྣམས་ལ་ཅིར་གྱུར་ན། འགྲོ་བ་གསུམ་པོ་རྣམས་རྨོངས་ལ། །བློ་དང་ལྡན་པ་སྟེ་རྣལ་འབྱོར་པ་ལེགས་ ཏེ་ཡང་དག་པར་མངོན་པར་བལྟས་ནས་ཏེ་མཐོང་ནས་སོ། །དེ་ཉིད་ཀྱི་ཕྱིར། རྣལ་འབྱོར་རྒྱུད་ཀྱིས་སྦྱང་བར་བྱ། །ཞེས་གསུངས་ཏེ། རྣལ་འབྱོར་ཤེས་རབ་དང་ཐབས་སྙོམས་པར་ཞུགས་པའི་ཟུང་དུ་འཇུག་པའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའོ། །དེ་གང་དུ་རྒྱུད་དུ་བྱེ་ཞིང་བྱེ་བྲག་ཏུ་ རྟོགས་པར་བྱ་བ་དེས་སེམས་ཀྱི་ཉེས་པ་རྣམས་སྦྱང་བར་བྱ་སྟེ། རང་གི་ངོ་བོ་ཡོངས་སུ་དག་པར་བྱའོ། །ལུང་དུ་གསུངས་པ་ཡང་། སྲིད་པ་ཉིད་ཀྱི་ཡོངས་ཤེས་པ། །མྱ་ངན་འདས་པ་ཞེས་གསུངས་སོ། །ཞེས་སོ། །རྣལ་འབྱོར་གྱི་སྤྱོད་པ་གསུངས་པ། འདོད་པ་ལྔ་རྣམས་ཞེས་ པ་ལ་སོགས་པ་སྟེ། ལྔ་ཡང་ཡིན་ལ་འདོད་པ་རྣམས་ཀྱང་ངོ་ཞེས་པས་འདོད་པ་ལྔ་རྣམས་ཏེ་འཇིག་རྟེན་གྱི་འདོད་པར་བྱ་བ་མངོན་པར་འདོད་པར་བྱ་བ་སྟེ། གཟུགས་དང་སྒྲ་ལ་སོགས་པའི་ཡུལ་རྣམས་སོ། །དེ་རྣམས་ཡོངས་སུ་མ་སྤངས་ཏེ་མ་དོར་ཞིང་། དཀའ་ཐུབ་ཀྱིས་ཀྱང་མ་ གདུངས་པར་ཏེ་དཀའ་ཐུབ་རྣམས་ཀྱིས་ནི་ཐེག་པ་གཞན་ལ་བརྟེན་ནས་བྱ་དཀའ་བ་དང་། སྡོམ་པ་དང་། བརྟུལ་ཞུགས་མི་བཟད་པ་རྣམས་ཀྱིས་སོ། །བྱ་དཀའ་བ་ལ་སོགས་པ་འདི་རྣམས་ཀྱི་དོན་རྣམ་པར་བཤད་པར་བྱ་སྟེ། ལུས་དུབ་པའི་སྦྱོར་བས་གཙུག་ལག་ཁང་ལ་སོགས་པ་བཞེངས་ པར་བྱེད་པ་ནི་བྱ་དཀའ་བ་རྣམས་སོ། །ཤིང་དྲུང་པ་ལ་སོགས་པ་སྦྱངས་པའི་ཡོན་ཏན་རྣམས་ནི་སྡོམ་པ་རྣམས་སོ། །རི་ལས་མཆོང་བ་དང་མེ་ལ་རབ་ཏུ་འཇུག་པ་ལ་སོགས་པ་རྣམས་ནི་མི་བཟད་པ་རྣམས་སོ། །འདི་རྣམས་སྟེན་པར་བྱེད་བཞིན་པས་གདུང་བར་ཡང་མི་བྱ་སྟེ། གདུང་བཞིན་ 35-1-151a པ་ལ་གྲུབ་པར་མི་འགྱུར་ཏེ་བྱང་ཆུབ་མི་ཐོབ་པོ། །དེ་ཉིད་ཀྱི་ཕྱིར། དེ་ལྟར་ཁོང་དུ་ཆུད་ནས་རྣལ་འབྱོར་པའི་སེམས་ཀྱི་རྒྱལ་པོ་སྡུག་བསྔལ་བས་མི་བྱའོ། །དེ་ལྟ་མོད་ཀྱི་ཅི་ལྟར་ཞེ་ན་གསུངས་པ། འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་པ་ཉིད་ཀྱི་བདེ་བས་བྱང་ཆུབ་སྟེ་སངས་ རྒྱས་ཉིད་བསྒྲུབ་པར་བྱའོ། །གང་ལས་རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ནས་ཏེ། རྣལ་འབྱོར་རྒྱུད་ནི་དཔལ་འདུས་པའི་རྒྱུད་དོ། །དེའི་རྗེས་སུ་འབྲངས་ནས་ནི་དེའི་དོན་ལྷག་པར་རྟོགས་པ་ལས་སོ། །རྒྱུད་གཞན་དུ་གསུངས་པ་ཡང་། དཀའ་ཐུབ་སྡོམ་པ་མི་བཟད་པས། །སྡུག་བསྔལ་གྱིས་ ནི་ལུས་སྐམ་བྱེད། །སྡུག་བསྔལ་བ་ལས་སེམས་གཡེང་འགྱུར། །གཡེངས་པས་དངོས་གྲུབ་གཞན་དུའོ། །ཞེས་སོ། །དེས་ན་ཞེས་བྱ་བ་ལ་སོགས་པ་ལ། འདིར་སྒོམ་པར་བྱེད་པ་དེས་ན་སྔར་གསུངས་པའི་གཟུགས་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་ལ་ཉེ་བར་ལོངས་སྤྱད་པ་ཉིད་ ཀྱི་སྡོམ་པས་བསྡོམས་ནས་སོ། །གང་གིས་ཀྱང་དབྱེ་བར་ནུས་པ་མ་ཡིན་པ་ཉིད་ཀྱི་ཕྱིར་མི་ཕྱེད་པར་ནི་འགྱུར། འདི་ནི་རྣལ་འབྱོར་པའི་བརྟུལ་ཞུགས་ཏེ་རྟག་ཏུ་སྟེ་དུས་ཐམས་ཅད་དུའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །སྒྲུབ་པ་དག་ཏུ་ཞེས་པ་ནི་གལ་ཏེ་ཡང་། གཞན་དུ་བཀོད་པའི་ རིམ་པ་ལྔའི་དོན་གང་མདོར་བྱས་ཀྱི་རིམ་པ་སྟེ། དེ་བཞིན་དུ་ཡང་མདོར་བྱས་ཀྱི་རིམ་པར་ལུས་རྣམ་པར་དབེན་པ་དངོས་སུ་གསུངས་ཏེ། ཅི་ལྟར་འདིར་སྒྲུབ་ཅིང་རྫོགས་པ་ཡིན་ཞེས་འདྲི་ན་བདེན་ཏེ་ལུས་རྣམ་པར་དབེན་པ་གསུངས་པས་ངག་དང་སེམས་ཀྱང་སོ་སོར་སྒྲུབ་པར་བྱེད་དོ། །ཅི་ལྟར་ སེམས་ཀྱི་ངོ་བོ་ལས་གཞན་མེད་པའི་ཕྱིར་སེམས་ཀྱི་སྤྲུལ་པ་ལུས་ཏེ། ལུས་ཉིད་སེམས་དང་སེམས་ཀྱི་རྟེན་ཡིན་པའི་ཕྱིར་ཚིག་ཏུ་བརྗོད་པ་སྟེ་ཚིག་ཉིད་སེམས་ཏེ། འདི་དང་བྲལ་བའི་དངོས་པོ་མེད་པར་གསལ་ལོ། །རྒྱུད་དུ་གསུངས་པ་ཡང་། ཁྱོད་ཀྱིས་སེམས་ལུས་ལྟ་བུ་དང་ལུས་ སེམས་ལྟ་བུ་དང་སེམས་ཚིག་ཏུ་བརྗོད་པ་ལྟ་བུ་དང་སྐྱེད་ཅིག་ཅེས་སོ། །རྡོ་རྗེ་འཆང་གི་དངོས་གྲུབ་སྒྲུབ་པའི་གནས། །དགོན་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགོན་པ་ཆེན་པོའི་ས་ཕྱོགས་སུ་སྟེ། མཆོག་ཏུ་གྱུར་པའི་ཕྱོགས་སུ་ཆུ་དང་། ལ་སོགས་པས་ཡིད་འཕྲོག་པ་ཉིད་ 35-1-151b ཀྱི་ཕྱིར་རོ། །མེ་ཏོག་འབྲས་བུ་སོགས་པས་བརྒྱན། །རི་བོ་དབེན་པ་དག་ཏུ་ནི། །འདིར་ཡང་རྣམ་པ་དབེན་པ་རུ། །དངོས་གྲུབ་ཐམས་ཅད་བསྡུས་པ་ནི། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་དངོས་གྲུབ་དག་འདིར་ཀུན་ནས་བསྡུ་བར་བྱ་བས་ན་བསྡུས་པར་ གྱུར་པ་སྟེ། དེ་ནི་དངོས་གྲུབ་ཐམས་ཅད་བསྡུས་པ་སྟེ། སངས་རྒྱས་ཉིད་བསྒྲུབ་སྟེ་བསྒྲུབ་པར་བྱའོ། །ཡང་ན། ནམ་མཁའ་རྟག་པའི་སྦྱོར་རྣམས་ཀྱི། །ཕུང་པོ་དགོན་པ་ཆེན་པོར་འདོད། །གནས་མེད་གནས་པའི་ཚུལ་གྱིས་ནི། །གནས་ཆེན་པོར་ནི་ས་ཕྱོགས་ཡིན། །ལོངས་སྤྱོད་རྫོགས་ འདིར་དཔག་བསམ་ཤིང་། །དངོས་གྲུབ་སྣ་ཚོགས་མེ་ཏོག་མཛེས། །སྤྲུལ་པའི་འབྲས་བུ་ཡང་དག་མཛེས། །ཡང་དག་རྫོགས་པའི་བྱང་ཆུབ་རི། །རང་བཞིན་མེད་དབེན་ཉམས་དགའ་བ། །རྡོ་རྗེའི་མིང་ཅན་དེར་བསྒྲུབ་བྱ། །ཞེས་སོ། །གསུང་རབ་འདིའི་དོན་འདི་ཡིན་ཏེ། ནམ་མཁའ་ ཞེས་བྱ་བ་ལ་སོགས་པ་ནས་དགོན་པ་ཆེན་པོར་འདོད་ཅེས་བྱ་བའི་མཐར་ཐུག་པས་དེ་བཞིན་ཉིད་བཤད་པ་གསུངས་ཏེ། དེ་ལ་ཕུང་པོ་ལ་སོགས་པ་བརྟགས་པས་ཕུང་པོ་སོགས་བསྐྱེད་པའོ། །དེའི་སྦྱོར་བ་ལས་ཕུང་པོ་ལ་སོགས་པ་རྣམས་དགོན་པ་ཆེན་པོར་འདོད་དེ་རབ་ཏུ་གྲགས་པའི་ ནམ་མཁའ་ལྟ་བུའོ། །དགོན་པ་ཆེན་པོར་ཞེས་པ་དེ་ལྟ་བུའི་ཐ་མལ་པའི་ཕུང་པོ་ལ་སོགས་པ་སྒོམ་པར་བྱེད་པའི་གནས་སོ། །ཐ་མལ་པའི་ཕུང་པོ་ལ་སོགས་པ་ལ་བརྟེན་ནས་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྒྲུབ་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །གནས་མེད་ཅེས་བྱ་བ་ལ་སོགས་པ་ནས་ གནས་ཆེན་པོ་ཞེས་པའི་མཐར་ཐུག་པའི་བརྡ་སྤྲད་པར་བྱ་སྟེ་འོད་གསལ་བའི་བདག་ཉིད་ཅན་གཞན་སྒྲུབ་པར་བྱེད་པའི་གནས་སོ། །ལོངས་སྤྱོད་རྫོགས་པའི་བདག་ཉིད་དུ་ལྡང་བ་ནི། ལོངས་སྤྱོད་རྫོགས་ཞེས་པ་ལ་སོགས་པ་མེ་ཏོག་མཛེས་ཞེས་བྱ་བ་ནས་བརྩམས་ནས་ལོངས་ སྤྱོད་རྫོགས་པ་གསུངས་སོ། །ལོངས་སྤྱོད་རྫོགས་པ་ཡང་སྤྲུལ་པའི་སྐུ་སྒྲུབ་པར་བྱེད་པའི་གནས་སུ་སྤྲུལ་པ་ཞེས་བྱ་བ་ལ་སོགས་པ་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་རི་ཞེས་པའི་བར་གྱིས་གསུངས་སོ། །རང་བཞིན་མེད་ཅེས་པ་ལ་སོགས་པ་ནས་རྡོ་རྗེའི་མིང་ཅན་ཞེས་པའི་མཐར་ 35-1-152a ཐུག་པ་ཐམས་ཅད་ཀྱི་རྣམ་པར་དག་པ་སྟོན་པ་གསུངས་སོ། །འཇམ་པའི་སྟན་ལ་ཞེས་བྱ་བ་ནི་ཐོག་མར་ཡིད་དང་མཐུན་པའི་གནས་སུ་ཁ་ཤར་དུ་མངོན་པར་ཕྱོགས་ནས་ནང་ཚངས་ཅན་གྱི་སྟན་འཇམ་པ་ལ་སོགས་པའི་སྟེང་དུ། སེམས་དཔའི་སྐྱིལ་ཀྲུང་གིས་ ཉེ་བར་འདུག་སྟེ་དཔལ་འདུས་པ་ང་ཡིན་ནོ་ཞེས་ང་རྒྱལ་བྱའོ། །དེའི་རྗེས་སུ་རང་གི་སྙིང་གར་ཉི་མའི་སྟེང་དུ་ཧཱུཾ་ཡིག་ལས་སྐྱེས་པའི་རྡོ་རྗེ། སླར་ཡང་རྡོ་རྗེའི་སྟེང་དུ་ཧཱུཾ་ཡིག་བལྟས་ནས། དེའི་ས་བོན་གྱི་འོད་ཟེར་གྱིས་ཕྱི་རོལ་ཏུ་ལྕགས་ཀྱུའི་རྣམ་པས་བཅོམ་ལྡན་འདས་འཆད་པར་འགྱུར་བའི་ ཡེ་ཤེས་ཀྱི་འཁོར་ལོ་བཀུག་ནས་མདུན་གྱི་ནམ་མཁར་རྣམ་པར་བསྒོམས་ནས་ཐོག་མར་མཆོད་ཡོན་དབུལ་བར་བྱའོ། །དེའི་འོག་ཉིད་དུ་ས་བོན་ལས་བྱུང་བའི་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས། ཕྱག་འཚལ་བ་དང་སྡིག་པ་བཤགས་པ་ལ་སོགས་པ་ཡང་དག་པར་ བསྒྲུབས་ནས། སེམས་ཅན་ཐམས་ཅད་ལ་ཚངས་པའི་གནས་གཞིའི་རང་བཞིན་བྱམས་པ་ལ་སོགས་པའི་སེམས་བསྐྱེད་པར་བྱའོ། །དེ་མ་ཐག་ཏུ་སྒྲུབ་པ་པོ་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པས་ཐ་མལ་པའི་ང་རྒྱལ་བསལ་ལ་སྐད་ཅིག་གིས་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་གཟུགས་ཁ་དོག་དཀར་པོ་ཕྱག་ གཉིས་པ་ཞལ་གཅིག་པ། པདྨ་དང་ཟླ་བའི་གདན་ལ་བཞུགས་པ་འོད་ཀྱི་དཀྱིལ་འཁོར་གྱིས་རྣམ་པར་མཛེས་པ། མཚན་སུམ་ཅུ་རྩ་གཉིས་འཆང་བ། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་འཁྱུད་པ། སྒྱུ་མ་ལྟ་བུའི་སྐུར་བསམ་པར་བྱའོ། །ཡེ་ཤེས་སྒྲོན་མ་རྡོ་རྗེའི་ ཏིང་ངེ་འཛིན་གྱི་ཚུལ་གྱིས་སོ། །འདིའི་དོན་རྣམ་པར་བཤད་པའི་སྒོ་ནས་ངེས་པར་བཤད་པར་བྱ་སྟེ། ཛྙཱ་རྟོགས་པ་ལའོ། །ན་ནི་དགག་པ་ལ་འཇུག་པ་སྟེ། གང་ལ་རྟོགས་པ་མེད་པ་དེ་ཡེ་ཤེས་ཏེ་འོན་ཀྱང་དོན་དམ་པའི་བདེན་པ་དེ་མངོན་པར་བརྗོད་པར་བྱ་བ་མ་ཡིན་ནོ། །སྣང་བ་མ་ལུས་པ་ཟིལ་ གྱིས་མནན་ནས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ཀུན་དུ་སྣང་བར་བྱེད་པ་དེ་ཉིད་སྒྲོན་མའོ། །མི་ཕྱེད་པ་ཉིད་ཀྱི་ཕྱིར་རྡོ་རྗེའོ། །རིམ་པ་འདིས་དེ་ནས་སྙིང་གར་སྐད་ཅིག་གིས་ཞེ་སྡང་རྡོ་རྗེ་འཆང་བར་འགྱུར་བར་བསམས་ནས། རང་གི་རིག་མ་དང་ལྷན་ཅིག་འདོད་ཆགས་ཆེན་པོས་རྗེས་སུ་ཆགས་ 35-1-152b པ་ལས་དེ་ཞུ་ནས་ཨ་བ་དྷཱུ་ཏཱིའི་ལམ་གྱི་པདྨའི་དབུས་སུ་ཡང་དག་པར་སྤྲོ་བར་བྱའོ། །དེ་ནས་བཛྲ་དྷྲྀཀ་ཅེས་པའི་སྔགས་ཀྱིས་ཕྱི་རོལ་དུ་ཕྱུང་ནས་མི་བསྐྱོད་པའི་གཟུགས་ཁ་དོག་ནག་པོ་ཞལ་གསུམ་པ་ཕྱག་དྲུག་པར་བསམས་ནས་བདག་གི་མདུན་དུ་འདུག་པར་བལྟ་སྟེ། སླར་ཡང་དེ་རང་གི་ ལུས་ལ་འོ་མ་དང་ཆུའི་ཚུལ་གྱིས་རྗེས་སུ་ཞུགས་ནས་བདག་ཉིད་ཨིནྡྲ་ནཱི་ལའི་ཁ་དོག་མཆེ་བ་ཅུང་ཟད་གཙིགས་པས་འཇིགས་པར་བྱེད་པ་དང་མཚུངས་པའི་རྣམ་པ་རེག་བྱ་རྡོ་རྗེ་མས་འཁྱུད་པ་སྒྱུ་མ་ལྟ་བུའི་སྐུ། ཉི་མའི་གདན་ལ་ཞེ་སྡང་རྡོ་རྗེའི་གཟུགས་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་དུ་བསམ་ པར་བྱའོ། །དེ་ལྟ་བུ་ནི་ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་ཏེ་སྔགས་པའོ། །བཤད་མ་ཐག་པ་འདི་དག་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཀྱི་དགོངས་པ་བླངས་པའོ། །གནས་བསྲུང་བ་ནི་བསམ་པར་བྱ། །ཞེས་པ་ནི་རིམ་པ་འདིས་སོ། །དེ་ལ་རིམ་པ་ནི་འདི་ ཡིན་ཏེ། ཧཱུཾ་ཡིག་རིང་པོ་བརྗོད་ནས་དེ་ལས་སྐྱེས་པའི་གཤིན་རྗེའི་གཤེད་ལ་སོགས་པའི་ཁྲོ་བོ་བཅུ་པོ་རྣམས་ཡང་དག་པར་ཕྱུང་སྟེ། གཡོན་བརྐྱང་གི་སྟབས་ཀྱིས་ཉི་མའི་དཀྱིལ་འཁོར་ལ་གནས་པ་འཆད་པར་འགྱུར་བའི་མཚན་མ་ལ་སོགས་པ་དང་ལྡན་པ་རྣམས། ཕྱོགས་བཅུའི་དཀྱིལ་འཁོར་རྩེ་མོར་ ནི་རྣམ་པར་བསམ་པར་བྱའོ། །རྒྱུད་དུ་གསུངས་པ་ཡང་། ཁྲོ་བོ་ཞེ་སྡང་གནས་ལས་སྐྱེས། །རྟག་ཏུ་གསོད་ལ་བརྩོན་པ་རྣམས། །སྒྲུབ་པོ་མཆོག་གི་ཆོས་ཅན་གྱིས། །གསོདཔའི་དོན་གྱིས་འགྲུབ་པར་བྱེད། །ཅེས་བྱ་བའི་གསུང་རབ་འདིའི་དོན་འདི་ཡིན་ཏེ། ཁྲོ་བོ་ནི་གཤིན་རྗེ་མཐར་བྱེད་ལ་ སོགས་པ་རྣམས་སོ། །ཞེ་སྡང་གནས་ནི་ཧཱུཾ་ཡིག་གོ། །དེ་ལས་སྐྱེས་པ་ནི་དེ་ལས་རྫོགས་པའོ། །གསོད་ལ་བརྩོན་པ་ནི་གདུལ་དཀའ་འདུལ་བར་བྱེད་པའི་ལས་སོ། །བགེགས་རྣམས་གསོད་པའི་དོན་གྱིས་དྲག་པོའི་ལས་རྣམས་འགྲུབ་པར་བྱེད་དེ་མངོན་པར་འདོད་པའི་དོན་རྫོགས་པར་བྱེད་པའོ། །མཆོག་ གི་ཆོས་ཅན་ནི་ཤིན་ཏུ་མཆོག་ཏུ་གསོད་པའི་རང་བཞིན་ཅན་གྱི་ཞེས་པའོ། །བགེགས་ཀུན་རྣམ་པར་གཞིག་དོན་དུ། །ཞེས་པ་ལ་སོགས་པ་ལ། གནོད་མཛེས་འོག་ཏུ་གནས་པ་ལ་རྣམ་པར་བལྟས་པས་སྤྲུལ་པའི་གནོད་མཛེས་གཉིས་པ་བཀུག་ནས་རང་གི་མདུན་ན་གནས་ཏེ་ཅི་བགྱིའི་གཟུགས་ 35-1-153a ཀྱིས་བཀའ་ནོད་པར་རྣམ་པར་བསམས་ནས། ཧཱུཾ་ཡིག་བཞི་པའི་སྔགས་ཀྱིས་ཁྲོ་བོའི་གཟུགས་ཅན་འདི་ཡིས་ནི་ཞེས་པ་ཞེ་སྡང་རྡོ་རྗེ་ཁྲོས་པས་བཀའ་སྦྱིན་པར་བྱའོ། །ཕྱི་ནས་གནོད་མཛེས་རྒྱལ་པོས་བཀའ་ཐོབ་ནས་ཕྱོགས་བཅུར་སོང་སྟེ། དབང་པོ་ལ་སོགས་པའི་ བགེགས་ཀྱི་གཙོ་བོ་རྣམས་ལྕགས་ཀྱུས་སྙིང་གར་ཕུག་ནས་བཀུག་སྟེ་ཞགས་པས་མགུལ་པ་བཅིངས་ནས་ཁྲོ་བོའི་རྒྱལ་པོ་བཅུ་ལ་ཡང་དག་པར་གཏད་ནས་སླར་ཡང་ངེས་པར་གནོད་མཛེས་མདུན་དུ་གནས་སོ། །བཀུག་པའི་བགེགས་ཀྱི་གཙོ་བོ་རྣམས་ཀྱི་ཁ་དོག་དང་མཚན་མ་ལ་སོགས་པའི་རིམ་ པ་བཤད་པར་བྱ་སྟེ། དེ་ལ་རིམ་པ་ནི་འདི་ཡིན་ཏེ། དབང་པོ་ནི་ཤར་གྱི་ཕྱོགས་ན་གནས་པ་སེར་པོ་མིག་སྟོང་པ་ལག་པ་གཉིས་པ་ཞལ་གཅིག་པ། གཡས་པ་དང་གཡོན་པའི་ལག་པ་དག་གིས་རྡོ་རྗེ་སྒེག་པས་འཛིན་པ་རིན་པོ་ཆེའི་ཅོད་པན་ཅན། ས་སྲུང་དཀར་པོ་ལ་ཞོན་པ་གཤིན་རྗེ་མཐར་བྱེད་ཀྱིས་སོ་ སོར་གནོན་བཞིན་པར་བསམ་པར་བྱའོ། །དེ་བཞིན་དུ་ཤེས་རབ་མཐར་བྱེད་ནི་གཤིན་རྗེའི་ཕྱོགས་སུ་གཤིན་རྗེ་ནག་པོ་ཆེན་པོ་ཞལ་གཅིག་པ་ལག་པ་གཉིས་པ་གཡས་པ་དང་ཅིག་ཤོས་ཀྱི་ལག་པ་དག་གིས་དབྱུག་པ་དང་སྡིགས་མཛུབ་འཆང་བ་སྐྲ་དམར་སེར་འབར་བ་གྱེན་དུ་བརྗེས་པ། གཡོན་བརྐྱང་གི་ མ་ཧེའི་སྟན་ལའོ། །དེ་བཞིན་དུ་པདྨ་མཐར་བྱེད་ཀྱི་ནི་ནུབ་ཀྱི་ཕྱོགས་སུ་ཆུ་ལྷ་དཀར་པོ་ཞལ་གཅིག་པ་ལག་པ་གཉིས་པ་གཡས་པ་དང་གཡོན་པའི་ལག་པ་དག་གིས་ཀླུའི་ཞགས་པ་འགྱིང་བས་འཛིན་པ། རུས་སྦལ་ལ་ཞོན་པའོ། །དེ་བཞིན་དུ་བགེགས་མཐར་བྱེད་ཀྱི་ནི་ལུས་ངན་གྱི་ཕྱོགས་སུ་ལུས་ ངན་སེར་པོ་མི་ལ་ཞོན་པ་ཚོན་པོ་ཞལ་གཅིག་པ་ཕྱག་གཉིས་པ་གཡས་ཀྱི་ལག་པས་ནེའུ་ལེ་དང་གཡོན་གྱི་ས་བོན་གྱིས་གང་བ་ཅན་འཛིན་པ་རིན་པོ་ཆེའི་ཅོད་པན་ཅན་ནོ། །དེ་བཞིན་དུ་མི་གཡོ་བའི་མེའི་ཕྱོགས་སུ་མེ་ལྷ་ཚོན་པོ། དམར་པོ་འབར་བས་བརྒྱན་པ་དམར་པོ་ལག་པ་བཞི་པ་གཡས་པས་ མི་འཇིགས་པ་དང་བགྲང་ཕྲེང་འཕྱང་བ། གཡོན་པས་དབྱུག་པ་དང་རིལ་བ་སྤྱི་བླུགས་འཆང་བ། ར་སྐྱེས་ཀྱི་སྟན་ལའོ། །དེ་བཞིན་དུ་འདོད་པའི་རྒྱལ་པོའི་བདེན་བྲལ་གྱི་ཕྱོགས་སུ་སྲིན་པོ་ནག་པོ་ཞལ་གཅིག་པ་ཕྱག་གཉིས་པ་གཅེར་བུ་ཆ་ལུགས་ངན་པ། མཆེ་བ་གཙིགས་པའི་ཞལ་སྐྲ་གྲོལ་བ་གཡས་ 35-1-153b ན་གྲི་འཆང་བ། གཡོན་ན་ཐོད་པ་འཆང་བ། གཡོན་བརྐྱང་པས་རོའི་སྟན་ལའོ། །དེ་བཞིན་དུ་དབྱུག་པ་སྔོན་པོའི་རླུང་གི་ཕྱོགས་སུ་རླུང་ལྷ་ལྗང་གུ་ཞལ་གཅིག་པ་ཕྱག་གཉིས་པ་རླུང་རས་འཆང་བ་རིན་པོ་ཆེའི་ཅོད་པན་ཅན་ཤ་བ་སེར་པོའི་སྟན་ལའོ། །དེ་བཞིན་དུ་སྟོབས་པོ་ཆེའི་དབང་ལྡན་གྱི་ ཕྱོགས་སུ་དབང་ཕྱུག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་ན་ཌམ་རུ་འཛིན་པ། གཡོན་ན་ཁ་ཊྭཱཾ་ག་འཛིན་པ། རལ་པ་རུས་པའི་ཕྲེང་བ་དང་རི་བོང་ཅན་གྱིས་བརྒྱན་པ་ཁྱུ་མཆོག་ལ་ཞོན་པའོ། །དེ་བཞིན་དུ་གཙུག་ཏོར་འཁོར་ལོས་སྒྱུར་བའི་སྟེང་དུ་མེས་པོ་སེར་པོ་ཆེན་པོ། ཞལ་ བཞི་པ་ཕྱག་གཉིས་པ་གཡས་པ་དང་གཡོན་པའི་ཕྱག་དག་གིས་བགྲང་ཕྲེང་དང་དབྱུ་གུ་གསུམ་པ་འཛིན་པ། བོང་ཐུང་བ་མཆོད་ཕྱིར་ཐོགས་པ་ཅན་རལ་པས་བརྒྱན་པ་ངང་པ་ལ་ཞོན་པའོ། །དེ་བཞིན་དུ་གནོད་མཛེས་རྒྱལ་པོའི་འོག་ཕྱོགས་སུ་སའི་ལྷ་མོ་སེར་མོ་ཞལ་གཅིག་པ་འདམ་སྐྱེས་ལ་ གནས་པ། གཡས་ན་སོ་བའི་སྙེ་མ་ཐོགས་པ་གཡོན་ན་བུམ་པ་ཐོགས་པ་རིན་པོ་ཆེའི་ཅོད་པན་ཅན་ནོ། །དོ་རྗེ་བདུད་རྩི་རྒྱ་ཆེན་པོ། །ཞེས་བྱ་བ་ལ་སོགས་པ་ལ་སྒྲུབ་པ་པོ་ངེས་པར་རྟོག་པར་བྱེད་པ་ལ། དེ་ནས་བདུད་རྩི་འཁྱིལ་པ་བྱང་སྒོར་སྤྲུལ་པ་གཉིས་པ་བཞག་ནས་འོངས་ཏེ་ཕྱི་ནས་ཕུར་ པ་བཅུའི་རྣམ་པར་བསྒོམ་པར་བྱའོ། །ཨུཏྤལ་སྔོན་པོའི་འདབ་མ་སྔོ། །ཞེས་བྱ་བ་ལ་སོགས་པ་ནས། ཞལ་གསུམ་ཕྱག་དྲུག་རྣམ་པ་ཞེས་བྱ་བའི་མཐའ་ཐུག་པ་རྩ་བ་ཉིད་ལས་བདུད་རྩི་འཁྱིལ་པའི་ཁྱད་པར་ཐམས་ཅད་གསལ་ལོ། །འོག་ཅེས་བྱ་བ་ལ་སོགས་པ་ལ་བགེགས་ཀྱི་གཙོ་བོ་ བཅུ་པོ་རྣམས་ཀྱི་སྤྱི་བོར་གདབ་ཅིང་འོག་ཇི་སྲིད་པར་རྣམ་པར་བསམ་པར་བྱའོ། །རྡོ་རྗེ་ཐོ་བ་ཕྱག་བསྣམས་པའི། །ཞེས་བྱ་བ་ལ་སོགས་པ་ལ་གནོད་མཛེས་རྒྱལ་པོ་ལངས་ནས་གཤིན་རྗེ་གཤེད་ཀྱི་བྱིན་པའི་ཐོ་བས་སམ་ཡང་ན་རང་གི་མཚན་མ་ངེས་པར་སྤྲུལ་པས་ཨོཾ་གྷ་གྷ་ཞེས་བྱ་བ་ལ་སོགས་ པའི་སྔགས་བརྗོད་ཅིང་བརྡུང་བར་བསམ་པར་བྱའོ། །བརྡུང་བར་བྱེད་པ་དང་དུས་མཚུངས་པ་རུ་རྡོ་རྗེའི་ཕུར་བུ་དང་རྡོ་རྗེའི་ཐོ་བ་དག་ལས་འཕྲོས་པའི་རྡོ་རྗེའི་མེས་དབང་པོ་ལ་སོགས་པའི་འཁོར་རྣམས་ཀུན་ནས་འབྲོས་པར་འགྱུར་བར་རྣམ་པར་བསམས་ཏེ། གདུག་པ་རྣམས་ཚིག་བཞིན་པས་ 35-1-154a ཕན་ཚུན་དེ་དང་དེའོ་ཞེས་བྱ་བ་འདིས། ཕྱོགས་བཅུར་ཕུར་བུས་བཏབ་ནས་ནི། །དེ་ནས་སྟེང་འོག་བྱིན་གྱིས་བརླབ། །ཅེས་བྱ་བ་ནི་ཊཀྐི་ཧཱུཾ་ཛཿཞེས་པའི་ཡི་གེ་བཞི་ཡིས་ལྕགས་དང་ཆུ་དང་མེ་དང་རླུང་གི་ར་བ་བཞི་པོ་རིམ་པ་ཇི་ལྟ་བ་བཞིན་དུ་གྲུ་བཞི་ལ་སོགས་པའི་དབྱེ་བས་ ཕྱི་རོལ་དུ་རྣམ་པར་བསམ་པར་བྱའོ། །དེའི་སྟེང་དུ་བྷྲཱུཾ་ཡིག་གིས་རྡོ་རྗེའི་གུར་རོ། །ཡི་གེ་གསུམ་གྱི་གོ་ཆའོ། །ཧཱུཾ་ཡིག་གིས་སྣ་ཚོགས་རྡོ་རྗེའི་རང་བཞིན་གྱི་སའི་ཆ་བསྒོམ་པར་བྱའོ། །དེའི་རྗེས་སུ་དོན་དམ་པར་སྟོང་པ་ཉིད་ཁོ་ན་དོན་དམ་པའི་བསྲུང་བ་ཞེས་པ་འདི་གསལ་དུ་འཇུག་པ་ནི། དངོས་ པོ་མེད་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པའི་དོན་གྱིས་སོ། །བརྟན་པ་དང་གཡོ་བའི་དངོས་པོ་མེད་པ་ལ་སྒོམ་པར་བྱེད་པ་མེད་པས་སྒོམ་པ་མེད་པ་སྟེ། བསྒོམ་པར་བྱ་བ་མེད་པའི་ཕྱིར་རོ། །སྒོམ་པ་བསྒོམ་པ་ཉིད་མ་ཡིན། །ཞེས་པ་ནི་གང་ཡོད་པ་དེ་ཡང་སྒོམ་པ་མ་ཡིན་ཏེ། སྒོམ་ པ་དང་བྲལ་དུ་ཟིན་ཡང་ཡོད་པ་ཉིད་ཀྱི་ཕྱིར་རོ་ཞེས་པའོ། །དེ་ལྟར་དངོས་པོ་དང་དངོས་པོ་མེད་པ་དང་ལྡན་པ་གང་ཡིན་པ་དེ་ནི་དངོས་པོ་ཡོད་པར་མི་འགྱུར་རོ། །དེའི་ཕྱིར་བསྒོམ་པར་བྱ་བ་དང་སྒོམ་པ་པོ་དང་། སྒོམ་པ་དམིགས་སུ་མེད་པའོ། །ཡང་ན་དོན་དམ་པའི་བདེན་པ་ལ་སྒོམ་པ་མེད་པ་ སྟེ། གཟོད་མ་ནས་དག་པ་ཉིད་ཀྱི་ཕྱིར་རོ། །གང་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་ཅན་དུ་བསྒོམ་པ་དེ་ཡང་། བསྒོམ་པར་བྱ་བ་མ་ཡིན་ཏེ་བདེན་པའི་ཕྱིར་རོ་ཞེས་བྱ་བའི་རྣམ་པ་འདིས་བདེན་པ་གཉིས་ཀྱི་བདག་ཉིད་ཅན་གྱིས་དངོས་པོ་བསྒོམ་པར་བྱ་བར་མི་འགྱུར་ཏེ། བདེན་པ་ གཉིས་གཉིས་སུ་མེད་པར་མཐོང་བ་ཙམ་གྱིས་གྲོལ་བའི་ཕྱིར་རོ། །དེས་ན་སྒོམ་པ་པོ་དང་སྒོམ་པ་དང་བསྒོམ་པར་བྱའོ་ཞེས་འདི་རྣམས་ལ་མངོན་པར་ཞེན་པ་ཟུང་འཇུག་གི་རིམ་པ་ལྷག་པར་རྟོགས་པ་རྣམས་ལ་དམིགས་སུ་མེད་དེ་ཡོད་པ་མ་ཡིན་ནོ། །འདིས་སྲུང་བའི་འཁོར་ལོ་ལ་སོགས་ པའི་དངོས་པོ་རྣམས་ཐམས་ཅད་སྟོང་པ་ཉིད་དུ་གསུངས་སོ། །དེ་ནས་སྔོན་གྱི་སྨོན་ལམ་གྱི་ནུས་པ་ལས་ལྡང་བར་བྱེད་པའི་དོན་དུ་སོ་སོར་དང་པོར་སྲིད་པ་བསྐྱེད་པའི་རིམ་པས་རྟེན་གྱི་དཀྱིལ་འཁོར་བསྐྱེད་པར་བྱའོ། །རྣམ་གཞག་རིམ་པར་གསུངས་པ་ཡང་། །གནས་ནི་བསྐྱེད་པ་སྔོན་ 35-1-154b འགྲོ་བས། །རྡོ་རྗེ་གསུམ་བསྐྱེད་བསྒོམ་པར་བྱ། །ཞེས་སོ། །ཡེ་ཤེས་ས་ནི་བྱིན་གྱིས་བརླབ། །ཅེས་པ་ནི། སེམས་ཀྱི་ས་གཞི་ཡེ་ཤེས་ཀྱི་སར་བྱིན་གྱིས་བརླབ་པར་བྱ་ཞིང་བསྐྱེད་པར་བྱའོ་ཞེས་པའི་དོན་ཏོ། །ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། །རླུང་གི་དཀྱིལ་འཁོར་བསྒོམ་པར་བྱ། ། ཞེས་པ་ལ་སོགས་པ་ལ། ས་བོན་ཧཱུཾ་གཉིས་ཡཾ་ལས་བྱུང་ནི། ཧཱུཾ་གཉིས་གཉིས་ཀྱི་དབུས་སུ་ཆུད་པའི་ཡཾ་ཡིག་གོ། །དེ་ལ་ཡཾ་ཡིག་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་རོ། །རྡོ་རྗེ་གཉིས་དང་ཡང་དག་ལྡན། །ཞེས་བྱ་བ་ནི་གཞོགས་དག་ཏུ་ཧཱུཾ་ཡིག་གཉིས་ལས་སྐྱེས་པའི་རྡོ་རྗེ་ གཉིས་ཀྱིས་མཚན་པའོ། །དེ་བཞིན་དུ་གཞན་དུ་ཡང་དཀྱིལ་འཁོར་གསུམ་ལ་ཡང་མཁས་པས་རིག་པར་བྱའོ། །དཀྱིལ་འཁོར་བཞི་པོ་ཡང་དག་བསྡུས། །རྡོ་རྗེ་ས་ཆའི་དཀྱིལ་འཁོར་ལ། །ཞེས་པ་ནི་དཀྱིལ་འཁོར་བཞི་པོ་ཡང་དག་པར་བསྡུས་ནས་རྡོ་རྗེའི་རང་བཞིན་སའི་ཆར་ བསམ་ཞིང་བསྒོམ་པར་བྱའོ། །ཡང་ན་རླུང་ལ་སོགས་པའི་དཀྱིལ་འཁོར་བཞི་ལ་གནས་པའི་རྡོ་རྗེ་ཡོངས་སུ་གྱུར་པས་སའི་དཀྱིལ་འཁོར་གྱི་སྟེང་དུ་སྣ་ཚོགས་རྡོ་རྗེའོ། །ཁ་ཅིག་ན་རེ། ནམ་མཁའི་དབྱིངས་ནི་ཆོས་ཀྱི་འབྱུང་གནས་བྲིའོ། །དེའི་དབུས་སུ་སྣ་ཚོགས་ཆུ་སྐྱེས་ཀྱི་ཟེ་འབྲུའི་སྟེང་དུ་ཡཾ་ ཡིག་ལ་སོགས་པ་ལས་སྐྱེས་པའི་རླུང་ལ་སོགས་པའི་དཀྱིལ་འཁོར་ཡང་དག་པར་བསྡུས་ཏེ། སྣ་ཚོགས་རྡོ་རྗེའི་རང་བཞིན་གྱི་སའི་ཆར་སྒོམ་པ་པོས་རྣམ་པར་བསྒོམ་པར་བྱའོ་ཞེས་སོ། །དེར་ནི་ཞེས་པ་ནི་སྣ་ཚོགས་རྡོ་རྗེའི་སྣམ་བུའི་དབུས་སུ་བྷྲཱུཾ་ཡིག་ཁ་དོག་དཀར་པོ་རྣམ་པར་སྣང་མཛད་ཀྱི་ རང་བཞིན། དེ་ཡོངས་སུ་གྱུར་པས་གྲུ་བཞི་ལ་སོགས་པའི་ཡོན་ཏན་དང་ལྡན་པ། གསལ་བ་སྒྱུ་མ་ལྟ་བུ་སྣ་ཚོགས་པདྨའི་སྟེང་དུ་ཟླ་བ་དང་ཉི་མ་ལ་སོགས་པའི་གདན་དང་ལྡན་པའི་ཁང་པ་བརྩེགས་པ་བརྟུལ་ཞུགས་ཅན་གྱིས་བསྒོམ་པར་བྱའོ། །དེ་བཞིན་དུ་ཡང་རྒྱུད་དུ་གསུངས་པ། གསལ་ བ་ལ་སོགས་དཀྱིལ་འཁོར་ལྡན། །དེ་བཞིན་གཤེགས་པ་ཀུན་གྱི་གྲོང་། །ཞེས་སོ། །འདིའི་དབུས་སུ་ས་བོན་དང་བྲལ་བས་སྐད་ཅིག་གི་བདག་ཉིད་ཞལ་གསུམ་པ་ལ་སོགས་པ་རྡོ་རྗེ་འཆང་ཆེན་པོའི་གཟུགས་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་པས་ཡོངས་སུ་བསྐོར་བ་ཡང་ 35-1-155a བསམ་པར་བྱའོ་ཞེས་པ་ནི་ལྷག་པར་མོས་པ་སྟེ་རྒྱུའི་དཀྱིལ་འཁོར་རོ། །སླར་ཡང་ཁ་སྦྱར་སྦྱོར་བ་ཡིས། །ཞེས་པ་ལ་སོགས་པ་ནི་རྒྱུའི་དཀྱིལ་འཁོར་ལ་གནས་པའི་ལྷ་སུམ་ཅུ་སོ་གཉིས་ཀྱི་རང་བཞིན་རྣམས་ཁ་སྦྱར་སྦྱོར་བ་ཡིས་ཏེ། གཉིས་སུ་མེད་པའི་སྦྱོར་ བས་རང་གི་ལུས་ཀྱི་དཀྱིལ་འཁོར་དུ་རབ་ཏུ་གཞུག་པར་བྱའོ་ཞེས་པའི་དོན་ཏོ། །སླར་ཡང་དེ་རྣམས་ལུས་སུ་གཏོགས་པ་སངས་རྒྱས་རྣམས་ཏེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རང་བཞིན་རྣམས་སུ་ཡང་དག་པར་བསམས་ཏེ། རྣམ་པར་བསྒོམ་པར་བྱའོ། །རིམ་པ་ཇི་བཞིན་ཏེ་གནས་ ཇི་ལྟ་བར་དོན་དམ་པའི་འཁོར་ལོ་ཡིས་ཏེ། དཀྱིལ་འཁོར་གྱི་འཁོར་ལོ་ཞུ་བའི་གོ་རིམས་ཀྱིས་དེ་བཞིན་ཉིད་ལ་སྟེ། འོད་གསལ་དུ་རབ་ཏུ་གཞུག་པར་བྱ་སྟེ། འཆད་པར་འགྱུར་བའི་གཟུགས་ཕུང་དུ་གཏོགས་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་སོ། །བསད་ནས་ཞེས་བྱ་བ་ ལ་སོགས་པས་ནི་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་རང་བཞིན་མེད་པ་ཅན་དུ་བྱ་བའོ། །དེ་བཞིན་གཤེགས་པའི་སྟེ་དེ་བཞིན་གཤེགས་པ་འདི་དག་གོ། །དེ་ཅི་ཞེ་ན་དེའི་ཚོགས་ཏེ་སྐུའི་དཀྱིལ་འཁོར་དུ་གཏོགས་པའི་ལྷའི་འཁོར་ལོ་ཞེས་མངོན་པར་དགོངས་སོ། །འདིས་རབ་མཆོག་སྟེ་མཆོག་ཏུ་ ཁྱད་པར་དུ་འཕགས་པའི་ཕྱག་རྒྱ་ཆེན་པོའི་མཚན་ཉིད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་ཏེ། བློ་དང་ལྡན་པས་སོ་སོར་རྙེད་པར་འགྱུར་རོ། །གཟུགས་ཕུང་ཞེས་བྱ་བ་ལ་སོགས་པ་ལ་གཟུགས་ཀྱི་ཕུང་པོ་ནི་རྣམ་པར་སྣང་མཛད་དོ། །རྟོག་པ་མེ་ལོང་ནི་མེ་ལོང་ཡེ་ཤེས་ཀྱི་རང་བཞིན་ནོ། །ས་ཁམས་ ནི་སྲ་བ་ཉིད་ཀྱི་རང་བཞིན་སྤྱན་མའོ། །མིག་གི་དབང་པོ་ནི་སའི་སྙིང་པོའོ། །གཟུགས་ཀྱང་ནི་གཟུགས་རྡོ་རྗེའོ། །ཁྲོ་བོ་ཡང་དག་ལྡན་ནི་ཁྲོ་བོའི་རིགས་དང་བཅས་པ་སྟེ་གཤིན་རྗེ་མཐར་བྱེད་དང་མི་གཡོ་བ་དང་བཅས་པའོ། །བྱམས་པ་ཡང་ལྔ་པར་ཏེ་རྣམ་པར་ཤེས་པའི་ཕུང་པོར་འགྱུར་རོ། ། དེ་ལྟར་ཚིགས་སུ་བཅད་པའི་མཐར་ཐམས་ཅད་དུ་ཡང་རྣལ་འབྱོར་པས་བརྟག་པར་བྱའོ། །ཚོར་བ་ཞེས་བྱ་བ་ལ་སོགས་པ་ལ་ཚོར་བའི་ཕུང་པོ་ནི་རིན་ཆེན་འབྱུང་ལྡན་ནོ། །མཉམ་ཉིད་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡོངས་སུ་ཐོབ་པའོ། །ཆུ་ཁམས་ནི་གཤེར་བའི་རང་བཞིན་མཱ་མ་ཀཱིའོ། ། 35-1-155b རྣ་བའི་དབང་པོ་ནི་ཕྱག་ན་རྡོ་རྗེའོ། །སྒྲ་ཡང་སྟེ་སྒྲ་རྡོ་རྗེ་མའོ། །ཁྲོ་བོ་གཉིས་དང་ཡང་དག་ལྡན་ནི་ཤེས་རབ་མཐར་བྱེད་དང་བཅས་པའོ། །འདུ་ཤེས་ཞེས་བྱ་བ་ལ་སོགས་པ་ནི་འདུ་ཤེས་ཀྱི་ཕུང་པོ་ནི་འོད་དཔག་མེད་དོ། །སོ་སོར་རྟོག་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཡང་ ངོ་། །བྱིན་ཟ་ནི་མེའི་ཁམས་ཀྱི་རང་བཞིན་དཀར་མོའོ། །སྣའི་དབང་པོ་ནི་ནམ་མཁའི་སྙིང་པོའོ། །དྲི་ཡང་སྟེ་དྲི་རྡོ་རྗེ་མའོ། །ཁྲོ་བོ་གཉིས་དང་ཡང་དག་ལྡན་ནི་པདྨ་མཐར་བྱེད་དང་དབྱུག་པ་སྔོན་པོ་དང་བཅས་པའོ། །གཞན་གྱི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་གཞན་དུ་ རབ་ཏུ་འཇུག་པར་བྱེད་པ་ནི་ཡུལ་དང་ཡུལ་ཅན་ཡིན་པའི་ཕྱིར་རོ། །འདུ་བྱེད་ཅེས་བྱ་བ་ལ་སོགས་པ་ནི་འདུ་བྱེད་ཀྱི་ཕུང་པོ་ནི་དོན་ཡོད་གྲུབ་པའོ། །བྱ་བ་སྒྲུབ་པ་ནི་བྱ་བ་རྗེས་སུ་སྒྲུབ་པའི་ཡེ་ཤེས་ཡོངས་སུ་ཐོབ་པ་ཡང་ངོ་། །རླུང་ནི་རླུང་གི་རང་བཞིན་སྒྲོལ་མའོ། །ལྕེའི་དབང་པོ་ནི་འཇིག་ རྟེན་དབང་ཕྱུག་གོ། །རོ་ཡང་རོ་རྡོ་རྗེ་མའོ། །ཁྲོ་བོ་གཉིས་དང་ཡང་དག་ལྡན་ནི་བགེགས་མཐར་བྱེད་དང་སྟོབས་པོ་ཆེ་དང་བཅས་པའོ། །སྟེང་འོག་ཁྲོ་བོར་ཡང་དག་ལྡན། །ཞེས་བྱ་བ་ལ་སོགས་པ་ནི་གཙུག་ཏོར་ཅན་དང་གནོད་མཛེས་རྒྱལ་པོ་དག་དང་ཡང་དག་པར་ལྡན་པའོ། །རང་བཞིན་ ནི་རེག་བྱ་རྡོ་རྗེ་མའོ། །སྣང་བའི་སྒྲས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་ཀུན་དུ་བཟང་པོ་དང་འཇམ་དཔལ་རྣམས་གཟུང་བར་བྱའོ། །སྣང་བ་ལ་སོགས་པ་ཡེ་ཤེས་གསུམ་གྱི་རང་བཞིན་དང་བཅས་པ་རྣམ་ཤེས་ཕུང་པོར་ཞུགས་པ་སྟེ་བཅོམ་ལྡན་འདས་མི་བསྐྱོད་པའི་སྐུའི་ནང་དུ་ཆུད་ པའོ། །རྣམ་ཤེས་ཡང་ནི་འོད་གསལ་ལའོ། །ཞེས་པ་ནི་བཅོམ་ལྡན་འདས་ཀྱི་སྐུ་ནི། མགོ་བོའམ་ནི་རྐང་པའམ། །ཇི་སྲིད་སྙིང་གར་ཕྱིན་པའི་བར། །ཞེས་པའི་རིམ་པ་འདིས་སྟོང་པ་ཉིད་ཀྱི་མཐར་ཐུག་པར་འགྱུར་བ་ཞེས་པའོ། །འདིའི་རྣམ་གྲངས་སྟོན་པར་བྱེད་པས་མྱ་ངན་ འདས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དམན་པ་ནི་མི་བརྟན་ནོ་ཞེས་པའི་རིགས་པ་ལས་དེའི་ང་རྒྱལ་བརྟན་པར། ཨོཾ་ཤཱུ་ནྱ་ཏཱ་ཛྷཱ་ན་ཞེས་བྱ་བ་ལ་སོགས་པས་བྱའོ། །འདི་ཉིད་ཀྱི་རང་གི་ངོ་བོ་སྟོན་པར་བྱེད་པ་དོན་དམ་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ཀྱིས་སོ། ། 35-1-156a འོད་གསལ་བར་ནི་རབ་ཞུགས་པའི་ནི་རྣལ་འབྱོར་པ་འོད་གསལ་བ་ལ་དམིགས་པས་ཉོན་མོངས་པའི་དྲི་མ་མཐའ་དག་རབ་ཏུ་བཀྲུས་ཏེ་དེའི་འོག་ཏུ། ལྡང་བར་ཡང་དག་རབ་བལྟ་བྱ། །སྔགས་ཀྱི་སྐུ་ཡི་རབ་སྦྱོར་གྱིས། །ཞེས་པ་ལ་སོགས་པ་ནི་ཡི་གེ་གསུམ་གྱི་ སྔགས་ཀྱིས་བསྐྱེད་ཅིང་རྫོགས་པའི་སྐུ་དེའི་རབ་སྦྱོར་ནི་རྡོ་རྗེ་བཞི་སྟེ་འདིའི་དོན་ནི། དང་པོ་སྟོང་ཉིད་བྱང་ཆུབ་སྟེ། །གཉིས་པ་ལ་ནི་ས་བོན་བསྡུ། །གསུམ་པ་གཟུགས་ནི་རྫོགས་པ་སྟེ། །བཞི་པ་ཡི་གེ་དགོད་པའོ། །འཆད་པར་འགྱུར་བའི་རིམ་པ་འདིས་ལྷ་ལ་དམིགས་པ་སོ་སོར་ རྟོགས་པ་སྦྲེལ་བར་བྱའོ། །ནམ་མཁའི་ཁམས་ནི་སེམས་ཉིད་འོད་གསལ་བ་སྟེ། དེའི་ཕྱིར་ཧཱུཾ་ཡིག་ཡོངས་སུ་གྱུར་པའི་ཐབས་ཀྱི་ངོ་བོ་ཉི་མའི་དཀྱིལ་འཁོར་རོ། །སླར་ཡང་སྔགས་པས་ཏེ་རྣལ་འབྱོར་པས་དེའི་སྟེང་དུ་ཨོཾ་ཡིག་ཡོངས་སུ་གྱུར་པའི་ཟླ་བའི་གཟུགས་སོ། །དེར་ཏེ་ ཟླ་བའི་གཟུགས་ཀྱི་དབུས་སུ་ཨཱཿཡིག་ཡོངས་སུ་གྱུར་པའི་པདྨ་འདབ་མ་བརྒྱད་པ་ཁ་དོག་དམར་པོའོ། །པདྨའི་ཟེའུ་འབྲུའི་སྟེང་དུ་སྟེང་ནས་སྟེང་དུ་འབྱུང་བའི་ཨོཾ་ཨཱཿཧཱུཾ་ཞེས་པའི་ཡི་གེ་གསུམ་རྣམ་པར་བསམས་ནས། འདིའི་བར་མ་ཆོད་པར་ཉི་མ་ལ་སོགས་པ་ཡོངས་སུ་གྱུར་པའི་ཟླ་ བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་སེམས་ཙམ་མཆོག་ཏུ་གསལ་བ་ཤེས་རབ་སྣང་བའི་རང་བཞིན་བསྒོམ་པར་བྱ་སྟེ་དམན་པའི་སྒོམ་པ་པོའོ། །དེ་ཉིད་དུ་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ནང་དུ་ཆུད་ནས་རང་གི་སེམས་ཀྱི་རིན་པོ་ཆེ། ཨོཾ་དྷ་རྨ་དྷཱ་ཏུ་ཞེས་བྱ་བ་ལ་སོགས་ པའི་སྔགས་ཀྱིས་བརྟན་པར་བྱའོ། །དེ་བཞིན་དུ་ཡང་གསུངས་པ། ཡེ་ཤེས་ཙམ་ལ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་པ་མངོན་བརྗོད་བྱ། །ཞེས་ཏེ་རྣལ་འབྱོར་རོ།། །།སླར་ཡང་ཞེས་བྱ་བ་ལ་སོགས་པ་ནི། རྣལ་འབྱོར་པ་ཡིས་ཟླ་དབུས་སུ་སྟེ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ ཡི་གེ་གསུམ་རྣམ་པར་བསམ་པར་བྱའོ། །ཡི་གེ་གསུམ་ཡོངས་སུ་གྱུར་པ་ལས་ཡང་དག་པར་སྐྱེས་པའི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་སྟོན་པར་བྱེད་པའི་རྡོ་རྗེ་དཀར་པོ་རྩེ་མོ་ལྔ་པའོ། །རྡོ་རྗེའི་སྟེང་དུ་སླར་ཡང་ཡི་གེ་གསུམ་ཐབས་ཀྱི་ཡེ་ཤེས་ཀུན་དུ་སྣང་བ་སྣང་བ་མཆེད་པའི་རང་ 35-1-156b གི་ངོ་བོའོ། །ཤེས་རབ་ཐབས་སུ་མཉམ་སྦྱོར་ལས། །ལྷ་ཡི་གཟུགས་སུ་འབྱུང་བར་འགྱུར། །ཞེས་དགོངས་པ་བླ་ན་མེད་པའི་རིགས་པས་ཡེ་ཤེས་གཉིས་པོ་འདི་དག་ཡོངས་སུ་གྱུར་པས་ཀུན་ད་ཟླ་བ་དཀར་དང་མཚུངས་ཏེ་ལོངས་སྤྱོད་རྫོགས་པའི་སྐུ་སྣང་བ་ཉེ་བར་ཐོབ་པ་སྟེ་ཕྱག་ གཉིས་པ་ཞལ་གཅིག་པ་དང་པོའི་མགོན་པོར་བདག་ཉིད་རྣམ་པར་བསམ་པར་བྱའོ། །དེ་ཁོ་ན་ཉིད་གྲུབ་པར་ཀླུའི་བློའི་ཞབས་ཀྱིས་གསུངས་པ་ཡང་། ཇི་ལྟར་འདོད་པའི་ཕྱོགས་གནས་ཏེ། །སྐད་ཅིག་ཉིད་ལ་ལྷ་བཟང་པོ། །ཞལ་གཅིག་ཕྱག་ནི་གཉིས་པར་ནི། །ལྷ་འདི་བསྒོམ་པར་བྱ་བ་ ཡིན། །ཞེས་སོ། །དེ་བཞིན་དུ་གལ་ཏེ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་གཙོ་བོ་ཉིད་ཀྱི་སྒོམ་པར་འདོད་ན་དེའི་ཚེ་དེ་རྣམས་ཡི་གེ་གསུམ་ཡོངས་སུ་གྱུར་པ་ལས་འཁོར་ལོ་ལ་སོགས་པ་དང་། དེ་ལས་རྡོ་རྗེ་འཆང་ཆེན་པོའི་གཟུགས་སུ་བསྒོམ་པར་བྱའོ་ཞེས་པ་རྗེས་སུ་རྣལ་འབྱོར་ རོ། །མི་བསྐྱོད་པ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་པོ་གང་ཡིན་པའི་རྣམ་པར་བཤད་པ། དགོད་པའི་དེ་མ་ཐག་ཏུ་བལྟ་བར་བྱ་སྟེ་དགོད་པ་བྱ་བཞིན་པ་ནི་དང་པོའི་མགོན་པོ་སྤྲུལ་པའི་སྐུ་འཛིན་པའི་དོན་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་རྗེས་སུ་ཞུགས་པར་ བྱའོ། །དེ་བཞིན་དུ་ཡང་རྒྱུད་དུ་གསུངས་པ། སྐྱེས་བུ་ཆེན་པོའི་གཟུགས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱིས་བྱིན་གྱིས་བརླབ་བོ། །དེ་མ་ཐག་ཏུ་བྱིན་གྱིས་བརླབས་པ་ཙམ་གྱིས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུམ་པ་ལྟ་བུར་ མཐོང་བར་གྱུར་ཏོ་ཞེས་སོ། །སླར་ཡང་གསུངས་པ་ཡང་། ཇི་ལྟར་ཕྱོགས་བཅུར་བཞུགས་པའི་རྒྱལ་དབང་པོ། །དེ་ཡི་སྐུ་ལ་ཤ་རུས་ཁྲག་མེད་ཀྱང་། །སེམས་ཅན་ཕན་ཆེད་ཁམས་ནི་རབ་འཇུག་བྱེད། །སྤྲུལ་པའི་སྐུ་ཡི་མཛད་པ་མཛད་པར་བྱེད། །ཅེས་སོ། །དེ་ནས་དགོད་པ་ཡང་ དག་བྱ། །ཞེས་པ་ལ་སོགས་པ་ནི་རྣམ་པར་སྣང་མཛད་སོགས། གནོད་མཛེས་ཀྱི་མཐར་ཐུག་ཅེས་པ་སྟེ་ས་བོན་དགོད་པ་ནི་གནས་ཇི་ལྟ་བར་སྟོང་པར་ཁོང་དུ་ཆུད་པར་བྱའོ། །ས་བོན་གྱི་གནས་ལ་སོགས་པ་ནི་རྩ་བ་ཉིད་ལས་གསལ་ལོ། །འོན་ཀྱང་ཁྱད་པར་ཡོད་པ་ནི། གཏི་མུག་ 35-1-157a དགའ་མ་ལ་སོགས་པ་རྣམས་ཀྱི་དགོད་པ་ལ། ལཾ་མཱཾ་པཾ་ཏཱཾ་ངོ་། །ཡུལ་གྱི་ལྷ་མོ་རྣམས་ཀྱི་ཡང་ཛཿ་ཧཱུཾ་བཾ་ཧོཿ། ཞེས་པ་ས་བོན་གྱི་ཡི་གེ་ཁ་ཅིག་ཡང་བྲི་བར་བྱེད་དེ། བཤད་པ་འདི་ནི་བསམ་པར་བྱ་སྟེ། གང་ལས་ན་རང་གི་མིང་གི་ཡི་གེ་ཉིད་ས་བོན་དུ་རྩ་བའི་རྒྱུད་དུ་ མཐོང་བ་ཉིད་ཀྱི་ཕྱིར་རོ། །དེས་ན་མོ་ཧ་རཱ་ཏི་ལ་སོགས་པའི་སྔགས་ས་བོན་དུ་གྱུར་པ་རྒྱུད་དུ་ཉེ་བར་བསྟན་པའི་ཕྱིར་ས་ལ་སོགས་པའི་རང་བཞིན་ལ་དགོད་དོ་ཞེས་སོ། །དེ་བཞིན་དུ་ཡུལ་གཟུགས་རྣམ་པ་གསུམ་ལ་སོགས་པ་རྣམས་ཀྱང་གཟུགས་རྡོ་རྗེ་མ་ལ་སོགས་པའོ་ཞེས་སོ། ། འདི་རྣམས་འདིར་ཉེ་བར་བླངས་པ་མེད་པའི་ཕྱིར་ཅི་ལྟར་དགོད་ཅེས་འདྲི་ན་བདེན་ཏེ་སྒྲུབ་པ་ཆེན་པོར་ས་སྙིང་ལ་སོགས་རྣམས་ཀྱིས་ཞེས་པ་ལ་སོགས་པས་གསལ་བར་འགྱུར་རོ་ཞེས་ཕྱི་མར་རོ། །ད་ནི་མི་བསྐྱོད་པ་རྗེས་སུ་ཞུགས་པས་སྔར་གསུངས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་ ལྷན་ཅིག་སྦྲེལ་ལོ། །དེ་ནས་དགོད་པ་ཞེས་བྱ་བ་ལ་སོགས་པ་ནི། ཕུང་པོ་ལ་སོགས་ཇི་བཞིན་རིམ། །ཞེས་པའི་མཐར་ཐུག་པའི་གཞུང་མཐར་གྱིས་ཐམས་ཅད་བདག་གིས་རྣམ་པར་བཤད་དོ། །འདིས་སྐུའི་དཀྱིལ་འཁོར་རྫོགས་པར་འགྱུར་ཞེས་ཏེ་ཤིན་ཏུ་རྣལ་འབྱོར་རོ། །ད་ནི་རྣལ་ འབྱོར་ཆེན་པོ་བསྟན་པར་འདོད་ནས། སྤྱི་བོའི་དབུས་སུ་གནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་པོ་རབ་ཏུ་སྦྱོར་བ་ཡི། །ཞེས་བྱ་བ་ནི་བཤད་མ་ཐག་པ་ལས་སྤྱི་བོའི་དབུས་སུ་གནས་པའི་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཨོཾ་ཡིག་དེ་ལས་སྤྱན་མ་རྣམ་པ་སྣ་ཚོགས་པ་ དང་སྐུའི་རྡོ་རྗེ་བསམ་པར་བྱའོ་ཞེས་སྦྲེལ་ལོ། །དེ་དབུས་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་སྣང་མཛད་ཀྱི་ཚོགས་ཀྱི་དབུས་སུ་བདག་པོ་སྟེ་གཅོ་བོ་གཅིག་ཏུ་གྱུར་པ་བསམ་པར་བྱའོ་ཞེས་པ་ནི་གོ་སླའོ། །སངས་རྒྱས་སྐུ་འཆང་བ་ཞེས་བྱ་བ་ལ་སོགས་པ་ནི་སངས་རྒྱས་ནི་དུས་གསུམ་དུ་ བཞུགས་པའི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱི་སྐུ་དེའི་བདག་ཉིད་ཀྱིས་འཛིན་པར་བྱེད་དོ་ཞེས་པས་སངས་རྒྱས་སྐུ་འཆང་བ། དཔལ་ནི་སྤྱན་མ་སྟེ་དེ་གང་ལ་ཡོད་པ་དེ་ནི་དཔལ་ལྡན་ནོ། །རྡོ་རྗེ་གསུམ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེས་དབྱེར་མི་ཕྱེད་པ་ཉིད་ཀྱི་བདག་ཉིད་གཅིག་ 35-1-157b ཏུ་གྱུར་པའོ། །བདག་ལ་སྟེ་བདག་གི་ལུས་ལ་བྱིན་གྱི་རླབས་ཀྱིས་གནས་ཏེ་སོ་སོར་གནས་པར་མཛད་དུ་གསོལ། སྐུའི་རྡོ་རྗེ་ཅན་ཞེས་པ་ནི་དང་པོའི་གཅིག་གི་ཚིག་གི་དོན་ལ་མང་པོའི་ཚིག་ནི་ལུང་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གཞན་དུ་ཡང་ཚིགས་སུ་བཅད་པ་གཉིས་ལ་ ཤེས་པར་བྱའོ་ཞེས་སོ། །ཕྱོགས་བཅུར་ཞེས་པའི་ཚིགས་སུ་བཅད་པ་འདིས། །རྣམ་པར་སྣང་མཛད་ཀྱི་ཚོགས་མཐའ་དག་ལ་སྒོམ་པ་པོས་གསོལ་བ་གདབ་པར་བྱའོ། །དེ་བཞིན་དུ་འཆད་པར་འགྱུར་བའི་གསུང་དང་ཐུགས་དག་ལ་ཡང་སྟེ། ལྷག་མ་ནི་སྔར་བཞིན་ནོ། །སྤྱན་མ་ ཞེས་བྱ་བ་ལ་སོགས་པ་ནི་གསོལ་བ་བཏབ་མ་ཐག་ཏུ་ལྷའི་ཚོགས་གཉིས་ཕན་ཚུན་སྙོམས་པར་ཞུགས་པ་སྔོན་མ་ཅན་གྱི་མཆོག་ཏུ་དགའ་བའི་བདེ་བ་ཉམས་སུ་མྱོང་བས་ཁུ་བ་དཀར་པོའི་རང་བཞིན་གྱི་རྣམ་པར་སྣང་མཛད་ཀྱི་སྒོ་ནས་ཞུགས་ཏེ་ཡེ་ཤེས་ཀྱི་ས་ཐོབ་ནས་འདོད་པ་མཐའ་དག་རྫོགས་ ཤིང་དགྱེས་པར་གྱུར་པར་རྣམ་པར་བསམ་པར་བྱའོ། །སྐུ་གང་ཡིན་ཞེས་བྱ་བ་ལ་སོགས་པ་ནས། ཨོཾ་ཞེས་པའི་མཐར་ཐུག་པ་གཉིས་སུ་མེད་པའི་ང་རྒྱལ་བརྟན་པར་བྱའོ་ཞེས་པ་ནི་བསྡུས་པའི་དོན་ཏོ། །དེ་བཞིན་དུ་གསུང་དང་ཐུགས་བྱིན་གྱིས་བརླབ་པ་དག་ལ་རིམ་པ་ཇི་ལྟ་བར་དམར་པོ་དང་ ནག་པོའི་ཁུ་བའི་རང་བཞིན་གྱིས་གནས་ཇི་ལྟ་བར་རབ་ཏུ་ཞུགས་པར་རྟོགས་པར་བྱའོ། །ལྕེའི་ཆུ་སྐྱེས་པ་ལ་སོགས་པ་ནི་རྩ་བ་ཉིད་ལས་གསལ་ལོ། །ཆོས་ཞེས་བྱ་བ་ལ་སོགས་པ་ལ་ཆོས་ནི་འོད་དཔག་མེད་དོ། །གསུང་ལམ་ནི་གསུང་གི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དཔལ་ནི་གོས་དཀར་ མོ་སྟེ་དེ་དང་ལྡན་པ་ཉིད་ཀྱི་ཕྱིར་དཔལ་ལྡན་ནོ། །རྡོ་རྗེ་གསུམ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་ཆོས་གང་ཉིད་ཅེས་བྱ་བ་ལ་སོགས་པ་ལ། གང་ཞེས་པ་ནི་གང་ཞིག་ཅེས་ཐོབ་པ་ལ་ཚིག་ཚིག་མ་ཡིན་པའོ། །ཅི་འདྲ་བ་ངེས་པར་བརྗོད་པ་ནི་ངེས་པའི་ཚིག་སྟེ། དེའི་ཕུན་སུམ་ ཚོགས་པའི་རྒྱུན་གང་ཡིན་པ་ནི་ངེས་ཚིག་ཕུན་སུམ་ཚོགས་པ་སྟེ། ངེས་ཚིག་སྨོས་པ་ཉེ་བར་མཚོན་པ་དེས་ཆོས་དང་དོན་དང་སྤོབས་པ་རྣམས་ཀྱང་གཟུང་ངོ་། །བདག་གི་ཚིག་ཀྱང་དེ་འདྲ་ཞིང་ནི་དེ་དང་འདྲ་བའི་གསུང་ངོ་། །ཆོས་འཛིན་པ་དང་འདྲ་བ་ཞེས་པ་ནི་ཆོས་འཛིན་པ་ལྟ་བུར་ཤོག་ནི་གྱུར་ཅིག་ 35-1-158a གོ། །འདིས་སྒྲ་མ་ལུས་པ་རྣམས་རྗོད་པར་བྱེད་པས་ཕུན་སུམ་ཚོགས་པ་ཞེས་བསྟན་ནོ། །སྙིང་གར་དགོད་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེར་ནི་ཞེས་པ་ནི་རི་བོང་ཅན་གྱི་གཟུགས་ལ་ཧཱུཾ་ཡིག་ལས་སྐྱེས་པའི་རྡོ་རྗེ་ཟེའུ་འབྲུར་སླར་ཡང་ས་བོན་འོད་ཟེར་ལྔ་དང་ ལྡན་པ་ཞེས་པ་མན་ངག་གོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སླར་ཡང་གོ་སླའོ། །རྡོ་རྗེ་ཐུགས་འཆང་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ལྟ་བུའི་ཐུགས་ནི་རྡོ་རྗེའི་ཐུགས་ཏེ་འཁོར་བ་དང་མྱ་ངན་ལས་འདས་པ་དག་ཏུ་མ་འདྲེས་པ་ཉིད་ཀྱི་ཕྱིར་དེ་ལྟ་བུར་གྱུར་པའི་ཐུགས་འཆང་བར་ བྱེད་དོ་ཞེས་པས་རྡོ་རྗེ་ཐུགས་འཆང་སྟེ་མི་བསྐྱོད་པའོ། །མཱ་མ་ཀཱི་དང་ཡང་དག་པར་ལྡན་པ་ཉིད་ཀྱི་ཕྱིར་དཔལ་ལྡན་ནོ། །རྡོ་རྗེ་གསུམ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཀུན་དུ་བཟང་པོའི་ཐུགས་གང་ཡིན། །གསང་བ་པའི་དབང་ཞེས་བྱ་བ་ལ་སོགས་པ་ལ་གསང་བ་ནི་གཉིས་སུ་མེད་པའི་ ཡེ་ཤེས་སོ། །དེ་སྒྲོགས་པར་བྱེད་དོ་སྟོན་པར་བྱེད་དོ་ཞེས་པས་གསང་བ་པ་སྟེ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་སོ། །དབང་པོར་བྱེད་དོ་ཞེས་པས་དབང་པོ་སྟེ་གསང་བ་པ་རྣམས་ཀྱི་དབང་པོ་དེ་ཁོ་ན་ཉིད་སྟོན་པ་པོ་རྣམས་ཀྱི་གཙོ་བོར་གྱུར་པ་ཞེས་པའི་དོན་ཏོ། །བློ་ལྡན་པ་ནི་བློ་ནི་རེག་བྱ་རྡོ་རྗེ་ མའོ། །དེ་གང་ལ་ཡོད་པ་དེ་ནི་བློ་ལྡན་ཏེ་རྣམ་པ་འདི་ལྟ་བུའི་མི་བསྐྱོད་པའི་ཐུགས་གང་ཡིན་པའོ། །བདག་གི་སེམས་ཀྱང་དེ་འདྲ་ཞིང་། །རྡོ་རྗེ་འཛིན་དང་མཚུངས་པར་ཤོག་ནི་རྡོ་རྗེ་འཆང་ལྟ་བུའི་འོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཙིཏྟ་ཞེས་བྱ་བ་ལ་སོགས་པ་ནས། དམ་ཚིག་སེམས་དཔའ་བསམ་པར་བྱ། །ཞེས་ པའི་མཐར་ཐུག་པ་རྩ་བ་ཉིད་ལས་རྟོགས་སླ་བར་བཤད་དོ། །སྙིང་གའི་དབུས་གནས་ཕྲ་མོ་ཡི། །ཡེ་ཤེས་སེམས་དཔའ་རྣམ་བསྒོམ་བྱ། །ཞེས་པ་ལ་སོགས་པ་ལ་སྙིང་གའི་དབུས་སུ་གནས་པའི་སྟེ་རྫོགས་པ་དམ་ཚིག་སེམས་དཔའི་ཐུགས་ཀར་ཕྲ་མོ་སྟེ་ནས་འབྲུའི་ཚད་ཙམ་ཁ་དོག་དམར་པོ་ ཕྱག་གཉིས་པ་ཞལ་གཅིག་པ་རང་སྣང་གི་ཤེས་རབ་མ་ལ་འཁྱུད་པ། རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་འཛིན་པ། སྣ་ཚོགས་པདྨའི་སྟེང་དུ་ཟླ་བའི་གདན་ལ་ཡེ་ཤེས་སེམས་དཔའ་བསྒོམས་ནས་དེའི་ཐུགས་ཀར་དགོད་ཅེས་པ་ནི་དེའི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་ལ་ནི་ཧཱུཾ་གི་ཡི་གེ་ཨོཾ་ 35-1-158b ཡིག་ལ་སོགས་པས་ཡོངས་སུ་བསྐོར་བ་ཏིང་ངེ་འཛིན་སེམས་དཔའི་མིང་ཅན་བསྒོམ་པར་བྱའོ། །དེ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པས། ཨོཾ་ཡིག་ལ་སོགས་པ་ལས་སྐྱེས་པའི་རང་གི་སྟན་གྱི་སྟེང་དུ། ཨོཾ་ཡིག་ལ་སོགས་པ་ལས་སྐྱེས་པ་རང་གི་མཚན་མའི་ དབུས་སུ་ཨོཾ་ཡིག་ལ་སོགས་པ་བསམ་པར་བྱའོ་ཞེས་པའོ། །དེའི་རྗེས་སུ་སླར་ཡང་དབུ་རྒྱན་ལ་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་པ་ཕྱག་གཉིས་པ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་ལྷན་ཅིག་ཁ་སྦྱོར་གྱི་སྦྱོར་བས་བྱང་ཆུབ་ཀྱི་སེམས་འཛག་པའི་རྒྱུན་རྣམས་ཀྱིས་ལུས་ ཐམས་ཅད་ཚིམ་པར་བྱེད་པར་བསམ་པར་བྱའོ་ཞེས་པ་ནི་མན་ངག་གོ། །རྣལ་འབྱོར་ཆེན་པོ་སྟེ་འདིས་རང་གི་དོན་ཕུན་སུམ་ཚོགས་པ་མངོན་པར་བརྗོད་དོ། །ད་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཆེད་དུ་ཕྱག་རྒྱ་སྒྲུབ་པ་བརྩམ་པར་བྱ་སྟེ། བུ་མོ་རྙེད་ནས་ཞེས་བྱ་བ་ལ་སོགས་ པ་ལ། འདོད་པར་བྱ་བའི་གཟུགས་ཉིད་ཀྱི་ཕྱིར་བུ་མོ་ཡངས་པ་བདེན་པ་གཉིས་ཀྱི་བདག་ཉིད་ཅན་གྱི་མིག་སྟེ། ཕྱག་རྒྱ་ཆེན་པོ་གང་ཡིན་པ་དེ་ནི་མིག་ཡངས་སོ། །འདི་ཉིད་ཀྱི་ཁྱད་པར་གཟུགས་དང་ལང་ཚོས་བརྒྱན། སྡོ་བསངས་ཨུཏྤ་ལ་སྔོན་པོའི་འདབ། །ཅེས་སོ། །བཙོ་ བླག་མཁན་ནི་ཞེས་པ་ནི་ཆོས་ཀྱི་སྦྱིན་པས་གདུལ་བྱའི་དཀྱིལ་འཁོར་པ་རྣམས་ལ་མི་བསྐྱོད་པའི་རང་གི་རིགས་ཀྱི་ཡན་ལག་ཅན་མས་རྗེས་སུ་ཞེན་པར་བྱེད་དོ་ཞེས་པའི་དོན་ཏོ། །ལེགས་པར་བསླབས་པ་ནི་སྐལ་ལྡན་མའི་འོ། །དེ་ཉིད་ཀྱི་ཕྱིར་སྒྲུབ་པ་པོ་ལ་གུས་ཏེ་མཉེས་གཤིན་ པའོ། །དེ་ལྟར་ཁྱད་པར་དུ་འཕགས་པའི་ཕྱི་རོལ་གྱི་ལུས་ཅན་མ་བླངས་པ་སྟེ། ཡང་དག་པར་བཟུང་ནས་མདུན་དུ་བཞག་སྟེ། དེར་ཐ་མལ་བའི་དངོས་པོ་བསལ་ནས་འཆད་པར་འགྱུར་བའི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་འདྲ་བར་ཞལ་གཅིག་པ་ཕྱག་གཉིས་པ་སྐུ་མདོག་དཀར་མོར་རྣམ་པར་ བསྒོམ་པར་བྱའོ། །ཡེ་ཤེས་ཀྱི་ཡན་ལག་ཅན་མ་ཉིད་དེ་འདྲ་བ་ནི། སྙིང་ལ་གནས་པའི་ལྷ་མོ་ཆེ། །རྣལ་འབྱོར་པ་ཡི་རྣལ་འབྱོར་འབེབས། །སངས་རྒྱས་ཀུན་གྱི་སྐྱེད་མཛད་མ། །རྡོ་རྗེ་དབྱིངས་ཀྱི་དབང་མོར་བཤད། །ཅེས་སོ། །ཕྱི་དང་ནང་གི་བདག་ཉིད་ཅན་གྱི་ཕྱག་རྒྱ་མ་ངེས་པར་ 35-1-159a བསམས་ནས། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་ལ་རྣམ་པར་སྣང་མཛད་ལ་སོགས་པའི་ས་བོན་ཨོཾ་ཡིག་ལ་སོགས་པ་དགོད་པར་བྱའོ། །འདིར་ནི་ཁྱད་པར་ཡོད་དེ་ལག་པ་ལ་སོགས་པའི་ཡན་ལག་རྣམས་ལ་ཧཱུཾ་ཡིག་ལས་སྐྱེས་པའི་ ཁྲོ་བོའི་རྒྱལ་པོ་རྣམས་རྣམ་པར་དགོད་པར་བྱའོ། །རེག་བྱ་རྡོ་རྗེ་མ་ལ་རྗེས་སུ་ཞུགས་པས་བདག་ཉིད་ཀྱི་གཟུགས་ཀྱི་ཕྱག་རྒྱར་བསྒོམས་ནས་རྡོ་རྗེ་པདྨ་འདུ་བྱ་བ་སྔོན་དུ་འགྲོ་བས་རྗེས་སུ་ཆགས་པའི་ང་རྒྱལ་གྱིས་འཁྱུད་པ་དང་འོ་བྱ་བ་ལ་སོགས་པས་བྱས་ནས་ཧཱུཾ་ཡིག་བརྗོད་ཅིང་། མཆོག་གི་རྣལ་ འབྱོར་པ་འོད་དཔག་མེད་ཀྱི་སྦྱོར་བས་བཙུན་མོའི་ལས་ལ་གནས་པར་འགྱུར་རོ། །དེ་ནས་སྣང་བ་ལ་སོགས་པ་ཡེ་ཤེས་གསུམ་པོ་གསལ་བར་ཉམས་སུ་མྱོང་བས་རང་གི་ལུས་ལ་གནས་པའི་དེ་བཞིན་གཤེགས་པ་རྣམས་ཡང་དག་པར་བསྐུལ་ཏེ་བདེ་བ་ཆེན་པོའི་ངོ་བོ་བྱང་ཆུབ་ཀྱི་སེམས་འཛག་ པའི་གནས་སྐབས་སུ་རྡོ་རྗེའི་ཁའི་བུ་གར་ཕཊ་ཡིག་སེར་པོའི་སྔགས་ཀྱིས་བྱང་ཆུབ་ཀྱི་སེམས་པདྨའི་དབུས་སུ་ཕྱུང་སྟེ། དེ་མ་ཐག་དོན་ཡོད་གྲུབ་པའི་ང་རྒྱལ་གྱིས་རང་གི་ལུས་ལ་གནས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཆོད་པར་བྱ་སྟེ་ནམ་མཁའ་ལྡིང་གི་ཕྱག་རྒྱས་སོ། ། རྒྱུད་གཞན་དུ་ཡང་གསུངས་པ། བདུད་རྩི་ལྕེ་ཡིས་བླངས་ནས་ནི། །གཙང་མའི་ཆེད་དུ་སྟོབས་ཀྱི་ཡང་། །ཞེས་སོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཞེས་བྱ་བ་ལ་སོགས་པ་ནི་རྩ་བ་ཉིད་ལས་གོ་སླའོ། །འདིས་ནི་འདི་སྐད་བརྗོད་པ་ཡིན་ཏེ། ཨོཾ་ཡིག་སྤྱི་བོར་བསམ་པར་བྱ། ཞེས་བྱ་བ་ནས་བརྩམས་ ཏེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་པཱུ་ཛ་ཞེས་བྱ་བའི་མཐར་ཐུག་པ་རྩ་བའི་གཞུང་གི་གོ་རིམས་ཀྱིས་བདག་གིས་ཐམས་ཅད་རྣམ་པར་བཤད་དོ། །འདིས་དགའ་བ་དང་བདེ་བའི་མཐར་ཐུག་པས་ཏིང་ངེ་འཛིན་རྒྱལ་པོ་མཆོག་ཅེས་བྱ་བ་དང་པོའི་ཏིང་ངེ་འཛིན་ཏོ། །ད་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཆེད་ དུ་སྲིད་པ་སྐྱེད་པའི་རིམ་པ་སྒོམ་པ་པོས་དཀྱིལ་འཁོར་གྱི་འཁོར་ལོ་ཡང་དག་པར་དབྱུང་བར་བྱའོ། །ཇི་ལྟར་ཇི་སྙེད་ཉིད་ལུས་ལ་དགོད་པ་དེ་ཉིད་ཆུང་བས་བསྒོམ་པར་བྱའོ་ཞེས་བཤད་པའི་རྒྱུད་རྡོ་རྗེ་ཕྲེང་བར་བཤད་པ་ཉིད་ཀྱི་ཕྱིར་རོ། །རང་སྔགས་ཡི་གེ་ལས་རྫོགས་པ། །ཞེས་བྱ་བ་སོགས་ 35-1-159b པ་འདིའི་དོན་ནི་ཤེས་རབ་ཀྱི་པདྨའི་དབུས་སུ་ས་བོན་སུམ་ཅུ་སོ་གཉིས་ཀྱི་བདག་ཉིད་ཅན་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཧཱུཾ་ཡིག་ལ་སོགས་པ་བལྟས་ནས་དེ་ནས་རང་གི་སྔགས་ཀྱི་ཡི་གེ་ཧཱུཾ་ཡིག་དེས་རྫོགས་པའོ། །རྡོ་རྗེ་གསུམ་གྱིས་བྱིན་བརླབས་བདག །ཅེས་པ་བདག་གི་བའི་སྐུ་དང་ གསུང་དང་ཐུགས་བྱིན་གྱིས་བརླབས་པ་ནི་རྡོ་རྗེ་གསུམ་གྱི་བདག་ཉིད་ཞེ་སྡང་རྡོ་རྗེའི་གཟུགས་སུ་མངལ་དུ་བསྐྱེད་པར་བྱ་སྟེ་ཐུགས་རྡོ་རྗེའོ། །ཡང་ན་ཡེ་ཤེས་ཀྱི་ཡན་ལག་ཅན་མའི་ཕྱོགས་ལ་ནི་དངོས་སུ་བྱང་ཆུབ་ཀྱི་སེམས་བྱིན་པ་ཉིད་ཡང་དག་པར་འབྱུང་བ་མ་ཡིན་ནོ་ཞེས་བྱས་ནས། སྔགས་ གཅིག་པུས་སྤྲུལ་པ་ཉིད་ཀྱི་ལྷ་སུམ་ཅུ་སོ་གཉིས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པས་རྫོགས་པར་བྱའོ། །རྣམ་པར་གཞག་པར་གསུངས་པ་ཡང་བྱང་ཆུབ་ཀྱི་སེམས་སམ། སྔགས་གཅིག་པུས་སྤྲུལ་པ་ལས་ཤེས་སོ། །འདིར་གསུངས་པ་ཡང་། སྒྲ་ཐ་དད་མ་ཡིན་པའི་རིམ་པ་ ལའོ། །བཛྲ་དྷྲྀཀ་སྔགས་ལས་རྫོགས་པའི། །ཞེས་བྱ་བ་ལ་སོགས་པ་ལ་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་སྟོན་པར་བྱེད་པའི་རྡོ་རྗེ་འཆང་བར་བྱེད་པས་བཛྲ་དྷྲྀཀ་གོ། །ཡང་ན་བདེན་པ་གཉིས་ཀྱི་བདག་ཉིད་ཅན་གྱི་རྡོ་རྗེའི་ཡེ་ཤེས་འཛིན་པར་བྱེད་དོ་ཞེས་པས། བཛྲ་དྷྲྀཀ་སྟེ་འབྱིན་པའི་ སྔགས་ནི། སྔགས་ཉིད་མཚོན་པར་བྱའོ། །དེས་རྫོགས་པའོ་ཞེས་པའོ། །གང་ལས་ན་ཐོག་མར་ཤེས་རབ་ཀྱི་པདྨ་རང་གི་སྔགས་ཀྱི་ཡི་གེ་མི་བསྐྱོད་རྡོ་རྗེ་ཅན་དུ་རྫོགས་པའི་གཟུགས་གང་ཡིན་པ་དེ་མདོར་བསྟན་པ་དང་དེ་རྒྱས་པར་བཤད་པས་སླར་ཡང་རྫོགས་པའོ་ཞེས་གསོལ་ ལོ། །དེའི་སླད་དུ་འཆད་པར་འགྱུར་བའི་ཐུགས་ཀ་ནས་ཏེ། ལྷ་མོའི་མངལ་ནས་བཤད་མ་ཐག་པའི་སྔགས་ཀྱིས་ཕྱི་རོལ་དུ་དབྱུང་བར་བྱའོ་ཞེས་སྦྲེལ་ལོ། །དེ་བཞིན་དུ་འཆད་པར་འགྱུར་བའི། ཛི་ན་ཛི ཀ་སྔགས་ལས་རྫོགས་པ། །ཞེས་བྱ་བ་ལ་སོགས་པ་རྣམས་སུ་བཤད་པ་འདིའི་རིམ་པ་ མཁས་པས་རྣམ་པར་ཤེས་པར་བྱའོ། །ཁ་ཅིག་རང་སྔགས་ཡི་གེ་བཛྲ་དྷྲྀཀ་ལ་སོགས་པའི་སྔགས་ཏེ་དེས་མི་བསྐྱོད་པ་ལ་སོགས་པ་རྣམས་རྫོགས་པར་འགྱུར་རོ་ཞེས་གང་འདྲི་བར་བྱེད་པ་དེ་བསམ་པར་བྱའོ། །ཅིའི་ཕྱིར་ན་རེ་ཞིག་རྣམ་པར་གཞག་པ་ལས་བཛྲ་དྷྲྀཀ་ལ་སོགས་པའི་སྔགས་ 35-1-160a འབྱིན་པའི་སྔགས་ཀྱི་རྣམ་པར་གཞག་པ་གསུངས་པ་ཞེས་ཀླུའི་བློའི་ཞབས་ཀྱིས་བསྟན་པ་ཉིད་ཀྱི་ཕྱིར་རོ། །ཡང་ན་འདི་ཉིད་དུ། མཻཾ་ཐླིཾ་ས་བོན་ལས་རྫོགས་པ། །བྱམས་པ་ས་ཡི་སྙིང་པོ་དག །ཅེས་གསུངས་པའི་ཕྱིར་རོ་ཞེས་སེམས་སོ། །མི་བསྐྱོད་རྡོ་རྗེ་ཅན་ ཞེས་བྱ་བ་ལ་སོགས་པ་ནི་ཞེ་སྡང་རྡོ་རྗེ་ཅན་ནོ། །རལ་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །མི་བསྐྱོད་པས་ནི་དབུ་རྒྱན་བྱས། །ཞེས་པ་ནི་ཚིག་འདིའི་ལྷག་མ་མེད་པར་བདག་ཅག་གི་བཤད་པ་ནི་འཆད་པར་འགྱུར་བའི་ཡེ་ཤེས་འཁོར་ལོའི་དེ་མ་ཐག་ཏུ་འཆད་པར་འགྱུར་བས་བདག་གིས་ འདིར་མ་བཤད་དེ་རང་བཞིན་མེད་པ་ཉིད་ཀྱི་ཕྱིར་རོ། །མི་བདག་འཁྱིལ་བ་ལྟ་བུ་ཞེས་པ་ནི་མུ་མེན་ལྟ་བུའོ། །གནག་དང་དམར་དང་དཀར་བའི་ཞལ། །ཞེས་པ་ནི་ཇི་ལྟར་རིགས་པས་སྐུ་གསུམ་རྣམ་པར་དག་པའི་དྲག་པོ་དང་ཞི་བ་དང་འདོད་ཆགས་ཆེན་པོའི་ཞལ་གསུམ་རྣམ་པར་མཛེས་པའོ། །རྒྱན་རྣམས་ ཐམས་ཅད་ཡང་དག་རྫོགས། །ཞེས་པ་ནི་འཁོར་ལོས་སྒྱུར་བའི་ཆ་བྱད་འཆང་བ་ཉིད་ཀྱི་ཕྱིར་རོ། །ཕྱག་དྲུག་ཅེས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པ་ཉིད་ཀྱི་ཕྱིར་རོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་གཤེགས་པ་དྲུག་གི་མཚན་མ་རྣམས་ཏེ། དེའི་བདག་ཉིད་ཀྱི་འཆང་བ་རྣམས་ནི་དེ་ བཞིན་གཤེགས་པ་དྲུག་གི་རང་གི་ངོ་བོ་སོ་སོར་སྒྲུབ་པའི་ཆེད་དུ་དཀྱིལ་འཁོར་གྱི་བདག་པོ་ཉིད་ཡིན་པའི་ཕྱིར་ཞེས་པ་འདིས་འདི་གསུངས་སོ། །ཅི་སྟེ་ཡང་པདྨ་ནག་པོའི་བཤད་པ་བྱེད་པར་འདོད་པ་ནི། འཕགས་པ་ཀླུའི་བློའི་ཞབས་ཀྱིས་སྦྱར་བའི་རྣམ་པར་གཞག་པའི་གཞུང་གི་བཤད་པ་རབ་ ཏུ་སྦྱིན་པས་དེ་མི་གནས་པ་ཉིད་དོ་ཞེས་དགོངས། །འདི་ནི་ལྷ་མོའི་མངལ་དུ་གནས་པའི་ཞེ་སྡང་རྡོ་རྗེ་དེ་ཁྱད་པར་དུ་ཐམས་ཅད་བྱའོ། །རྣམ་པར་གཟིགས་ནས་ནི་ཞེས་བྱ་བ་ནས། སྤྱན་སྔ་ནས་ནི་འདུག་པར་འགྱུར། །ཞེས་པའི་མཐར་ཐུག་པ་ནི་རྩ་བ་ལས་ཆེས་གསལ་བར་བཤད་དོ། ། རྗེས་སུ་ཞུགས་ཞེས་བྱ་བ་ལ་སོགས་པ་ལ་མདུན་དུ་འཁོད་པའི་ཞེ་སྡང་རྡོ་རྗེ་དེ་རྣམ་པར་སྣང་མཛད་ཀྱི་ལམ་ནས་སྙིང་གར་རྗེས་སུ་ཞུགས་ཏེ། རང་གི་ལུས་ཞེ་སྡང་རྡོ་རྗེའི་གཟུགས་བསྒོམ་པར་བྱའོ། །སྔར་གྱི་གཟུགས་མི་བསྐྱོད་པའི་གཟུགས་སུ་ཡོངས་སུ་གྱུར་ཏེ། ཨིནྡྲ་ནཱི་ལའི་འོད་འབར་ 35-1-160b བ་ནི་རིན་པོ་ཆེ་ཐམས་ཅད་ཀྱི་རང་བཞིན་དང་ལྡན་པའི་ཕྱིར་རོ། །ཉི་མའི་དཀྱིལ་འཁོར་དབུས་ན་བཞུགས་ཏེ་ཞེ་སྡང་རྡོ་རྗེའོ། །རྒྱུ་འདིས་ཧཱུཾ་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་ནག་པོ་རྟག་ཏུ་འཆར་བའི་མར་མེ་ཆེན་པོ་ལྟ་བུ་མི་ཤེས་པའི་མུན་པ་རྣམ་པར་འཇོམས་པར་ བྱེད་པའི་དོན་དུ་སྣང་བའི་ཕུང་པོའི་རྣམ་པ་ཏིང་ངེ་འཛིན་སེམས་དཔའ་ཞེས་བྱ་བ། དེ་བཞིན་གཤེགས་པ་ལྔའི་ས་བོན་དང་ཡང་དག་པར་ལྡན་པ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་མན་ངག་གོ། །དཔའ་བོ་རང་གི་ཕྱག་རྒྱས་འཁྱུད། །ཅེས་བྱ་བ་ནི་རེག་བྱ་རྡོ་རྗེས་འཁྱུད་པའོ། །འདིས་ཞེ་ སྡང་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པས། རྣམ་པར་སྣང་མཛད་ལ་སོགས་པའི། །དཀྱིལ་འཁོར་ཐམས་ཅད་སྤྲོ་བར་བྱ། །ཞེས་སྦྲེལ་ལོ། །ཛི་ན་ཛིཀ་ཅེས་པ་ནི་རྒྱལ་བར་བྱེད་པའི་ངང་ཚུལ་ནི་རྒྱལ་བ་སྟེ་རྣམ་པ་བཅུ་གཉིས་པའི་ཆོས་ཀྱི་འཁོར་ལོས་བདུད་རྣམས་ ལས་རྒྱལ་བར་བྱེད་དོ་ཞེས་པས་རྒྱལ་བ་རྒྱལ་ལོ། །ཡང་ན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བདུད་བཞི་ཟིལ་གྱིས་གནོན་པའི་ཕྱིར་རྒྱལ་བ་རྒྱལ་ལོ། །དཀར་དང་གནག་དང་དམར་པོའི་ཞལ། །ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་དེ་ཉིད་མདུན་དུ་ཟླ་བའི་འཁོར་ལོར་བཞུགས་པར་ བྱེད་དེ་བཞུགས་སོ་ཞེས་བྱ་བ་དང་སྦྲེལ་ལོ། །རཏྣ་དྷྲྀཀ་ཅེས་བྱ་བ་ནི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་རིན་པོ་ཆེ་འཆང་བར་བྱེད་དོ་ཞེས་པས་རིན་ཆེན་འཆང་ངོ་། །ཡང་ན་ཡང་དག་པའི་མཐའི་རིན་པོ་ཆེ་འཆང་བར་བྱེད་དོ་ཞེས་པས་རིན་ཆེན་འཆང་ངོ་། །སེར་ དང་གནག་དང་དཀར་པོའི་ཞལ། །ཞེས་པ་ནི་རྟོགས་པར་སླའོ། །ང་རྒྱལ་གནས་ལ་གནས་པ་རྣམས། །ཞེས་བྱ་བ་ནི་ནོར་གྱིས་དྲེགས་ཤིང་སྙེམས་པའི་སེམས་ཅན་རྣམས་སྦྱིན་པས་དུལ་བར་བྱས་ནས་ང་རྒྱལ་རྣམ་པར་དག་པའི་གོ་འཕང་ལ་ཡང་དག་པར་བཞག་སྟེ་བཅོམ་ལྡན་འདས་ ཀྱི་གཡས་ཀྱི་ངོས་སུ་བཞུགས་སོ། །ཨཱ་རོ་ལྀཀ་ཅེས་པ་ནི། ཨཱ་ནི་ཀུན་ནས་སོ། །རོ་ནི་འཁོར་འགྲོ་བར་བྱེད་དོ་ཞེས་པས་ཨཱ་རོ་ལྀཀ་གོ། །ཡང་ན་རོ་ཞེས་པ་ཡེ་ཤེས་གསུམ་མོ། །དེ་ལས་དོན་དམ་པའི་བདེན་པར་བགྲོད་པར་གྱུར་པའོ་ཞེས་པས་ཨཱ་རོ་ལྀཀ་གོ། །དམར་དང་གནག་དང་ 35-1-161a དཀར་བའི་ཞལ། །ཞེས་པ་ནི་གསལ་ལོ། །སྙིང་གའི་ཕྱོགས་གནས་པ། གཡས་པ་ཡི་ནི་འབྱེད་པར་མཛད། །ཅེས་པ་ནི་ཁྱད་པར་པདྨའི་སྒྲ་ཉེ་བར་བླངས་པའི་ཕྱིར་པདྨ་དམར་པོ་ཉིད་དུ་རྟོགས་པར་བྱའོ། །པྲཛྙཱ་དྷྲྀ་ཀ་ཅེས་པ་ནི་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ནི་ ཤིས་རབ་བོ། །དེ་འཛིན་པར་བྱེད་དོ་ཞེས་པས་ཤེས་རབ་འཆང་ངོ་། །ཡང་ན་ཤེས་རབ་ནི་ཟླ་བར་སྣང་བའོ། །དེ་ཁམས་ཕྲ་བས་ནམ་མཁར་འཛིན་པར་བྱེད་དོ་ཞེས་པས་ཤེས་རབ་འཆང་ངོ་། །ལྗང་དང་གནག་དང་དཀར་བའི་ཞལ། །ཞེས་པ་དང་། ཕྱག་དྲུག་ཅེས་པ་ལ་སོགས་པ་ནི་གོ་ སླའོ། །འོད་ཟེར་རྣམ་པར་འཕྲོ་ཞེས་པ་ནི་འདི་འབར་བ་དང་ལྡན་པའོ་ཞེས་བརྡ་སྤྲོད་པར་བྱེད་དོ། །རིགས་ནི་ལྔ་པོ་འདི་རྣམས་འབྱུང་། །འདོད་དང་ཐར་པ་རབ་སྒྲུབ་བྱེད། །ཅེས་པ་ནི་ཕུང་པོ་ལྔའི་རང་བཞིན་རིགས་འདི་རྣམས་འདོད་པ་ཉེ་བར་ལོངས་སྤྱོད་པས་ཐར་པ་རབ་ཏུ་སྒྲུབ་པར་བྱེད་ པ་པོ་རྣམས་སུ་འགྱུར་རོ། །སླར་ཡང་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱི་ཉེ་བར་ལོངས་སྤྱོད་པའི་ཆེད་དུ་ལྷ་མོ་བཞི་པོ་འབྱིན་པར་བྱེད་དེ་དེའི་ཕྱིར་གསུངས་པ་མོ་ཧ་ར་ཏི་ཞེས་པ་ནི་གཏི་མུག་ནི་རྣམ་པར་སྣང་མཛད་དོ། །དེ་ལ་དགའ་བས་གཏི་མུག་དགའ་མའོ། །ཡང་ན་གཏི་ མུག་རྣམ་པར་དག་པ་ལ་དགའ་བས་གཏི་མུག་དགའ་མའོ། །དབྱུང་བར་བྱ་ཞེས་པ་ནི་མངལ་དུ་རྫོགས་པར་བྱའོ། །སྤྱི་བོར་རྣམ་པར་སྣང་མཛད་ཀྱིས་མཚན་ཞེས་བྱ་བ་ལ་ཅི་ལྟར་རེ་ཞིག་འཁོར་ལོའི་དབང་ཕྱུག་གིས་སྤྲུལ་པའི་སྤྱན་མ་ལ་སོགས་པ་རྣམས་འཁོར་ལོའི་དབང་ཕྱུ་ག་ཉིད་ ཀྱིས་རྒྱས་འདེབས་པར་བྱེད་པར་རིགས་ཏེ། ཕ་དང་བུའི་རིགས་ལས་སོ། །ཕ་ཡང་བཅོམ་ལྡན་འདས་དཀྱིལ་འཁོར་གྱི་བདག་པོ་རྡོ་རྗེ་འཆང་ཆེན་པོ་ཉིད་དོ་ཞེ་ན། བདེན་ཏེ་རིགས་ཀྱི་དབང་པོ་རྣམས་ཀྱིའང་བདག་པོར་གྱུར་པ་ཉིད་ནི་བཅོམ་ལྡན་འདས་ཏེ། དེ་བཞིན་དུ་ཡང་རིགས་ཀྱི་ དབང་པོ་ཉིད་ཀྱིས་རྒྱས་འདེབས་པར་བརྗོད་དེ། རིགས་འཆོལ་བསྒོམ་པའི་སྦྱོར་བར་དངོས་གྲུབ་ཏུ་མི་འགྱུར་བའི་ཕྱིར་རོ། །ཤར་གྱི་གྲྭར་ནི་མེའི་མཚམས་སུ་བཞུགས་པར་གྱུར་པ་ནི་ཉེ་བར་འཁོད་པའོ། །དྭེ་ཥ་ར་ཏི་ཞེས་པ་ནི་མི་བསྐྱོད་པ་སྟེ་དེ་ལ་དགའ་བས་ཞེ་སྡང་དགའ་མའོ། ། 35-1-161b ཡང་ན་ཉོན་མོངས་པ་ཞེ་སྡང་རྣམ་པར་དག་པ་ལ་དགའ་བས་ཞེ་སྡང་དགའ་མའོ། །གནག་དང་དཀར་དང་དམར་བའི་ཞལ། །ཞེས་པ་ནི་གོ་སླའོ། །བདེན་བྲལ་དུ་ནི་བཞུགས་པར་གྱུར། །ཅེས་ཏེ་འདིར་གདན་མ་བརྗོད་པ་ཅི་ཞེ་ན། མཱ་མ་ཀཱི་ངེས་པ་མེད་པའི་ཕྱིར་ཏེ་གང་གི་ཚེ་རིན་པོ་ ཆེའི་རིགས་ཡིན་པ་དེའི་ཚེ་རིན་པོ་ཆེའི་སྟན་ནོ། །ད་ལྟ་ནི་རྡོ་རྗེའི་རིགས་ཡིན་པ་དེའི་ཚེ་ཉི་མའི་སྟན་ཁོ་ནའོ། །རྭ་གར་ཏི་ཞེས་པ་ནི་འདོད་ཆགས་ནི་འོད་དཔག་མེད། དེ་ལ་དགའ་བས་འདོད་ཆགས་དགའ་མའོ། །ཡང་ན་འདོད་ཆགས་རྣམ་པར་དག་པ་ལ་དགའ་བས་འདོད་ཆགས་དགའ་ མའོ། །དམར་དང་གནག་དང་དཀར་བའི་ཞལ། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བཛྲ་ར་ཏི་ཞེས་པ་ནི་རྡོ་རྗེ་ནི་དོན་ཡོད་གྲུབ་པའོ། །དེ་ལ་དགའ་བས་རྡོ་རྗེ་དགའ་མའོ། །ཡང་ན་རྡོ་རྗེ་ཡེ་ཤེས་ལ་དགའ་བས་རྡོ་རྗེ་དགའ་མའོ། །ལྗང་དང་གནག་དང་དཀར་བའི་ཞལ། །ཞེས་ པ་ལ་སོགས་པ་ནི་གོ་སླའོ། །རྣལ་འབྱོར་པས་ནི་རིམ་གཉིས་པར། །གཟུགས་རྡོ་རྗེ་མ་ལ་སོགས་པ་དབྱུང་ཞེས་པ་ལ་སོགས་པ་ནི། གཟུགས་སུ་གཟུགས་བརྙན་དུ་བྱ་ཞེས་པ་འདིས་གཟུགས་སོ། །མཉན་པར་བྱ་ཞེས་པས་སྒྲའོ། །བསྣམ་པར་བྱ་ཞེས་པས་དྲིའོ། །མྱང་བར་བྱ་ཞེས་པས་ རོའོ། །རེག་པར་བྱ་ཞེས་པས་རེག་བྱའོ། །རྡོ་རྗེའི་སྒྲས་ནི་ཏིང་ངེ་འཛིན་གྱི་གཟུགས་ལསོགས་པ་རྣམས་རྣམ་པར་དག་པ་ཉིད་ཀྱི་ཕྱིར་གཟུགས་རྡོ་རྗེ་ལ་སོགས་པ་རྣམས་སོ། །ད་ནི་གཟུགས་ལ་སོགས་པའི་ཡུལ་ཉམས་སུ་མྱོང་བའི་ཆེད་དུ་རང་གི་མིང་ཁོ་ནས་གཟུགས་རྡོ་རྗེ་ལ་སོགས་པའི་ལྷ་མོ་ བཞི་པོ་རྣམས་ཕྱུང་ངོ་། །འདིར་ནི་སྒྲ་རྡོ་རྗེ་ལ་རིན་ཆེན་འབྱུང་ལྡན་གྱིས་རྒྱས་བཏབ་པ་ཉིད་ཀྱི་ཕྱིར་རིན་པོ་ཆེའི་གདན་ཉིད་དོ། །དེ་བཞིན་དུ་རིམ་པ་གསུམ་པར་ཡང་ཤར་གྱི་ནི། སྣམ་བུར་ཞེས་བྱ་བ་ལ་སོགས་པ་ནས་ཀུན་དུ་བཟང་པོ་དག་ཅེས་པ་འདིའི་བཤད་པ་ནི་མིག་གི་སྐྱེ་མཆེད་ ལ་སོགས་པའི་རང་བཞིན་གྱིས་སོ། །བྱམས་པ་ས་ཡི་སྙིང་པོ་དག །ཅེས་བྱ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རང་རང་གི་ས་བོན་ལས་རྫོགས་པ་རྣམས་ཀྱིས་དབྱུང་བའོ། །འདི་རྣམས་ཀྱི་ས་བོན་ནི་རྩ་བ་ཉིད་ལས་རྟོགས་པར་སླའོ། །རྐང་མེད་དང་རྐང་གཉིས་དང་ 35-1-162a རྐང་བཞི་ལ་སོགས་པའི་སེམས་ཅན་རྣམས་ལ་བྱམས་པས་དམིགས་པ་ཉིད་ཀྱིས་བྱམས་པའོ། །ས་བཞིན་དུ་གཡོ་བ་མེད་པའི་ཏིང་ངེ་འཛིན། དེ་ཉིད་སྙིང་པོ་སྟེ་ནང་གང་གི་ཡིན་པ་དེ་སའི་སྙིང་པོའོ། །ཡེ་ཤེས་ལྔའི་རང་བཞིན་གྱི་རྡོ་རྗེ་འཛིན་པར་བྱེད་དོ་ཞེས་ པས་ཕྱག་ན་རྡོ་རྗེའོ། །ནམ་མཁའ་སྒྲིབ་པ་མེད་པའི་ཡེ་ཤེས་དེ་ཉིད་སྙིང་པོ་ཡིན་པས་ནམ་མཁའི་སྙིང་པོའོ། །ཏིང་ངེ་འཛིན་གྱི་དབང་ལས་འཇིག་རྟེན་རྣམས་ཀྱི་དབང་ཕྱུག་ཡིན་པས་འཇིག་རྟེན་དབང་ཕྱུག་གོ། །འོད་གསལ་བའི་ཏིང་ངེ་འཛིན་ལས་ལངས་ནས་ཡིད་དུ་འོང་བའི་ དཔལ་ནི་འཇམ་དཔལ་ལོ། །སྒྲིབ་པ་ནི་ཉོན་མོངས་པའོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་སྟོབས་ལས་རྣམ་པར་སེལ་བར་བྱེད་དོ་ཞེས་པས་སྒྲིབ་པ་ཐམས་ཅད་རྣམ་སེལ་ལོ། །ཀུན་ནས་མཛེས་པར་བྱེད་ཅིང་བཟང་པོ་ནི་ཀུན་དུ་བཟང་པོའོ། །འདི་རྣམས་དབུ་རྒྱན་རང་གི་མགོན། །ཞེས་ བྱ་བ་ལ་སོགས་པ་ལ། འདི་རྣམས་ཏེ་བཤད་ཟིན་པའི་བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པ་གང་ཡིན་པ་དེ་རྣམས་ཀྱི་རང་གི་མགོན་པོའི་སྒྲས་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་མངོན་པར་འདོད་དེ་དེ་རྣམས་ཀྱིས་རྒྱས་བཏབ་པའོ། །སྐུ་མདོག་ལ་སོགས་ཏེ། དཀར་ པོ་ལ་སོགས་པའི་ཁ་དོག་དང་ལྡན་པ་ནི་དེ་དང་མཚུངས་པར་སླར་ཡང་བལྟ་བར་བྱའོ། །ཕྱག་དང་མཚོན་ཆ་རྣམས་ཀྱང་ནི། །ཞེས་བྱ་བ་ལ་སོགས་པ་ལ་དང་ནི་འདིར་ཀུན་ནས་བསྡུས་པ་ལའོ། །ཀྱང་གི་སྒྲས་གདན་ཟུང་ངོ་། །རང་རང་གི་ནི་བདག་པོ་མཚུངས་ནི་བྱམས་པ་ལ་སོགས་པའི་ བྱང་ཆུབ་སེམས་དཔའ་རྣམས་མཚུངས་པར་འགྱུར་རོ། །ཅི་ལས་ན་དེའི་ས་ལ་སོན་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་མན་ངག་གོ། །བྱམས་པ་འབའ་ཞིག་གཡས་ན་ཞེས་བྱ་བ་ལ་སོགས་པ་ལ་གཡས་ན་སྟེ་ཕྱག་གཡས་པའི་འཁོར་ལོའི་གནས་སུ་ཀླུ་ཤིང་གི་མེ་ཏོག་བསྣམས་པར་མཛད་དོ་ཞེས་ པའི་དོན་ཏོ། །སྐྱེ་མཆེད་རྣམ་སྦྱོང་མཛད་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ལག་པ་ལ་སོགས་པའི་ཡན་ལག་གི་རང་བཞིན་གྱིས་ཁྲོ་བོ་བཅུ་པོ་རྣམས་དབྱུང་བ་ནི། ཡ་མཱནྟ་ཀྲྀཏ་སྔགས་ལས་བྱུང་། །ཞེས་བྱ་བ་ལ་སོགས་པ་ནས། ས་འོག་ཏུ་དེ་བཞུགས་སོ་ཞེས་པའི་མཐར་ཐུག་ 35-1-162b པའི་གཞུང་གི་དུམ་བུ་དག་གི་ནང་དུ་ཁྲོ་བོ་བཅུ་པོ་རྣམས་ཀྱི་ཁྱད་པར་གྱི་ཚིག་ཆེས་མང་པོ་ཡོད་དེ། ཆེས་མང་པའི་ཚིག་དེ་རྣམས་ལ་ཚིག་ཅུང་ཟད་ཅུང་ཟད་རྣམ་པར་དབྱེ་བ་འཕགས་པའི་རྗེས་སུ་འབྲངས་ནས་བདག་གིས་བྲི་བར་བྱ་སྟེ་དེ་ནི་བློ་བྱང་བ་མཁས་པས་ཁོང་དུ་ཆུད་པར་བྱའི། ཚིག་གཞན་རྣམས་ཀྱི་རྣམ་པར་བཤད་པ་གང་ཡིན་པ་དེ་ནི་རྩ་བ་ཉིད་ལས་རྟོགས་སླ་བར་མཐོང་ནས་མ་བྱས་སོ། །གཤིན་རྗེ་ནི་དམྱལ་བའོ། །དེ་བཅོམ་ལྡན་འདས་ཀྱི་ཁྲོ་བོ་ཆེན་པོའི་ཏིང་ངེ་འཛིན་གྱིས་མཐར་བྱེད་དོ་འཇོམས་པར་བྱེད་དོ་ཞེས་པས་ཡ་མཱནྟ་ཀྲྀཏ་དོ། །ཡང་ན་གཤིན་རྗེ་ནི་ རྨོངས་པའི་མུན་པ་སྟེ་མ་རིག་པའི་བདག་ཉིད་དོ། །དེ་དོན་དམ་པའི་བདེན་པས་མཐར་བྱེད་དེ་འཇོམས་པར་བྱེད་དོ་ཞེས་པས་གཤིན་རྗེ་མཐར་བྱེད་དོ། །གནག་དང་དམར་དང་དཀར་བའི་ཞལ། །ཞེས་པ་ལ་སོགས་པ་ནི་དང་པོའི་ཞལ་ནི་ནག་པོའོ། །གཡོན་པའི་ཞལ་ནི་དམར་པོའོ། །གཡས་ པའི་ཞལ་ནི་དཀར་པོའི་ཞལ་ལོ། །ཤར་ཕྱོགས་སུ་བཞུགས་པར་བྱེད་ཅེས་པ་ནི་ཤར་སྒོར་གནས་པར་གྱུར་པའོ། །པྲཛྙཱནྟ་ཀྲྀཏ་ཅེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱིས་ཉོན་མོངས་པ་འཇོམས་པར་བྱེད་དོ་ཞེས་པས་ཤེས་རབ་མཐར་བྱེད་དོ། །ཡང་ན་ཤེས་རབ་ནི་རྣམ་པར་རྟོག་པའི་བདག་ ཉིད་དོ། །དེ་འོད་གསལ་དུ་ཞུགས་པས་མཐར་བྱེད་དོ། །ཤེས་པས་ཤེས་རབ་མཐར་བྱེད་དོ། །སྦྲུལ་གྱིས་བརྒྱན་ཞེས་པ་ནི་བཤད་ཟིན་པ་དང་འཆད་པར་འགྱུར་བའི་ཁྲོ་བོ་རྣམས་ཀྱིའང་འདི་ཁྱད་པར་དུ་ཁོང་དུ་ཆུད་པར་བྱའོ། །གཤིན་རྗེའི་ཕྱོགས་སུ་བཞུགས་པར་བྱེད། ། ཅེས་བྱ་བ་ནི་ལྷོའི་སྒོར་བཞུགས་པར་འགྱུར་རོ། །པདྨཱནྟ་ཀྲྀཏ་ཅེས་པ་ནི་པདྨ་ཆུས་མ་གོས་པ་བཞིན་དུ་ཉོན་མོངས་པས་གོས་པར་གྱུར་པ་ཉིད་མ་ཡིན་པའི་ཕྱིར་དེ་ཉིད་ཀྱིས་འཇོམས་པར་བྱེད་དོ་ཞེས་པས་པདྨ་མཐར་བྱེད་དོ། །ཡང་ན་པདྨ་ནི་སྐྱེ་གནས་སོ། །མཐའ་ནི་ནང་སྟེ་ དེར་དབང་པོ་གཉིས་ཀྱིས་སྙོམས་པར་འཇུག་པའི་ཐབས་ཀྱི་མཆོག་ཏུ་དགའ་བའི་བདེ་བ་བྱེད་དོ་ཞེས་པ་སྐྱེད་པར་བྱེད་དོ་ཞེས་པ་སྟེ་པདྨ་མཐར་བྱེད་དོ། །ཆུ་ལྷའི་ཕྱོགས་སུ་བཞུགས་པར་བྱེད། །ཅེས་པ་ནི་ནུབ་ཀྱི་སྒོར་བཞུགས་པར་གྱུར་པའོ། །བིགྷྣཱནྟ་ཀྲྀཏ་ཅེས་བྱ་བ་ལ་ 35-1-163a སོགས་པ་ནི་བགེགས་རྣམས་མཐར་བྱེད་དོ་ཞེས་པ་རྣམ་པར་འཇོམས་པར་བྱེད་དོ་ཞེས་པས་བགེགས་མཐར་བྱེད་དོ། །ཡང་ན་བགེགས་ནི་ཁམས་བཞི་པོ་རྣམས་སོ། །དེ་རྣམས་ཟད་པ་དང་འཕེལ་བདག་གིས་ལུས་ལ་གཟིར་བར་བྱེད་པའི་ཕྱིར་བགེགས་ རྣམས་ཏེ་དེ་རྣམས་ཐབས་ཀྱི་ཡེ་ཤེས་ཤར་བས་རྣམ་པར་འཇོམས་པར་བྱེད་དོ་ཞེས་པས་བགེགས་མཐར་བྱེད་དོ། །སྔོ་དང་དམར་དང་དཀར་བའི་ཞལ། །ཞེས་བྱ་བ་ལ་སོགས་པ་ནི་ཞལ་དང་པོ་སྔོན་པོའོ། །གཡོན་པ་དམར་པོ་ཉིད་དོ། །ཐམས་ཅད་ཀྱི་ཚེ་གཡས་པའི་ཞལ་ནི་དཀར་ པོར་ཡང་ཁོང་དུ་ཆུད་པར་བྱའོ་ཞེས་པ་འདིའི་དོན་ཡོངས་སུ་བཤད་པར་བྱའོ། །ལུས་ངན་ཕྱོགས་སུ་བཞུགས་པར་བྱེད། །ཅེས་པ་ནི་བྱང་གི་སྒོར་བཞུགས་པར་གྱུར་པའོ། །མི་གཡོ་བ་ཡང་ཞེས་བྱ་བ་ལ་སོགས་པ་ལ་འཇིག་རྟེན་གྱི་ཀུན་དུ་སྤྱོད་པ་བརྒྱད་རྣམས་ལ་རྟག་ཏུ་རབ་ཏུ་ གཡོས་པའི་ཐུགས་རྣམས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ངེས་པར་སེམས་པར་བྱེད་དོ་ཞེས་པས་མི་གཡོ་བའོ། །ཨིནྡྲ་ནཱི་ལའི་འོད་ཅེས་པ་ལ་སོགས་པ་ནི་དཔེར་ན་ནོར་བུ་ཨིནྡྲ་ནཱི་ལའི་འོད་འབར་བ་དེ་བཞིན་ནོ། །ཊཀྐི་རཱ་ཛ་ཞེས་པ་ནི་ཊཀྐི་ནི་འདོད་པའི་འོ། །དེས་མཛེས་པར་བྱ་འབར་བར་ བྱ་རྣམ་པར་དག་པར་བྱའོ་ཞེས་པས་ཊཀྐི་རཱ་ཛའོ། །ཕྱག་གཉིས་རྡོ་རྗེ་ཧཱུཾ་མཛད་ཀྱི། ཕྱག་རྒྱ་དག་ནི་འཆིང་བར་མཛད། །ཅེས་པ་ནི་འདིར་གསུངས་པ་ཤེས་རབ་ལ་འཁྱུད་པའི་ཚུལ་གྱིས་ཁུ་ཚུར་གཉིས་བཅིངས་ནས་མཐེའུ་ཆུང་གཉིས་རབ་ཏུ་བརྐྱང་སྟེ་ཕན་ཚུན་འདུད་ནས་སྡིགས་ མཛུབ་གཉིས་རབ་ཏུ་བརྐྱང་པར་བྱའོ། །དེའི་རྗེས་སུ་མཐེ་བོ་གཉིས་པོ་དག་གི་སྟེང་ནས་གུང་མོ་དང་མིང་མེད་གཉིས་ཀྱིས་མནན་པ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱར་འགྱུར་རོ། །ནཱི་ལ་དཎྜཾ་ཞེས་པ་ནི་ནཱི་ལ་སེམས་ཅན་རྣམས་ཀྱི་སྡིག་པའོ། །དཎྜ་ནི་དེར་ཚར་གཅོད་པར་བྱེད་དོ་ཞེས་ པས་ནཱི་ལ་དཎྜའོ། །རླུང་གི་ཕྱོགས་སུ་བཞུགས་པར་བྱེད། །ཅེས་པ་ནི་རླུང་གི་གྲྭར་བཞུགས་པར་གྱུར་པའོ། །མ་ཧཱ་བ་ལཾ་ཞེས་པ་ནི་དོན་དམ་པའི་བདེན་པའི་སྟོབས་ལས་སེམས་ཅན་རྣམས་ཀྱི་ཉེ་བའི་ཉོན་མོངས་པ་ཉེད་པར་བྱེད་དོ་ཞེས་པས་ན་སྟོབས་པོ་ཆེའོ། །ཨུཥྞཱི་ཥ་ཙཀྲཾ། ། 35-1-163b ཞེས་པ་ནི་སེམས་ཅན་རྣམས་ཀྱི་ཁམས་གསུམ་པ་ལས་འདས་པའི་ཡེ་ཤེས་རབ་ཏུ་སྦྱིན་པའི་ཕྱིར་གཙུག་ཏོར་འཁོར་ལོས་སྒྱུར་བའོ། །ཚངས་པའི་གནས་སུ་དེ་བཞུགས་པར་བྱེད་དོ། །སུམྦྷ་རཱ་ཛ་ཞེས་པ་ནི་ཕྱོགས་བཅུའི་བགེགས་ཀྱི་ཚོགས་རྣམས་དྲངས་ཤིང་ཕུར་བུས་ བཏབ་སྟེ་ངེས་པར་གདུལ་བར་བྱེད་པས་ན་ངེས་པར་གནོད་མཛེས་སོ། །ལྷ་ནི་སུམ་ཅུ་གཉིས་རང་བཞིན། །ཀུན་གྱི་དཀྱིལ་འཁོར་ཕྱུང་ནས་ནི། །ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་གྱི་དཀྱིལ་འཁོར་གྱི་འཁོར་ལོ་གཞུག་པ་དང་། མངོན་པར་དབང་ བསྐུར་བ་ལ་སོགས་པ་རིམ་པ་འདིས་ནན་ཏན་དུ་བྱའོ། །དེ་ལ་རིམ་པ་ནི་འདི་ཡིན་ཏེ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་བཀུག་སྟེ། མདུན་གྱི་ནམ་མཁར་བལྟས་ནས་ཞབས་བསིལ་ལ་སོགས་པ་ཕུལ་ཏེ་ཡང་དག་པར་མཆོད་ནས་ཛཿཧཱུཾ་བཾ་ཧོཿཞེས་པའི་ སྔགས་ཀྱིས་ཚུལ་བཞིན་དུ་དགུག་པ་དང་གཞུག་པ་ལ་སོགས་པ་བྱས་ནས་དམ་ཚིག་གི་འཁོར་ལོ་ལ་ཡེ་ཤེས་ཀྱི་འཁོར་ལོ་ཆུ་དང་འོ་མ་བཞིན་དུ་ངེས་པར་གཞུག་པར་བྱའོ། །སླར་ཡང་དེ་བཞིན་ཉིད་དུ་རང་གི་སྙིང་གར་གནས་པའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་སྤྱན་དྲངས་པའི་དེ་བཞིན་གཤེགས་ པ་ལྔ་རྣམས་ཡེ་ཤེས་ཀྱི་ཆུས་གང་བའི་བུམ་པ་ཐོགས་པ་རྣམས་དང་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱང་ནམ་མཁར་བལྟས་ནས་མངོན་པར་དབང་བསྐུར་བར་སྔགས་པས་གསོལ་བ་གདབ་པར་བྱའོ། །དེ་ཡི་རྗེས་སུ་སངས་རྒྱས་ལྔ། །མངོན་པར་དབང་བསྐུར་རིན་ཆེན་ཆེ། ། ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ཀློག་པར་བྱེད་ཅིང་། ཙུ་ཏ་ལ་སོགས་པའི་ཡལ་འདབ་ཀྱིས་མངོན་པར་དབང་བསྐུར་བར་བྱའོ། །དེ་ཉིད་དུ་སྐུ་གཅིག་ལ་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་བཀྲ་ཤིས་པར་བྱེད་དོ། །དབང་ བསྐུར་བའི་དེ་མ་ཐག་ཏུ་མེ་ཏོག་གི་ཆར་དང་། རྔ་བོ་ཆེའི་སྒྲ་སྒྲོགས་པར་བྱེད་པས་དགའ་བར་བྱེད་དོ། །ཕྱི་ནས་ལྷ་སུམ་ཅུ་སོ་གཉིས་པོ་རྣམས་ཀྱི་རིགས་ཀྱི་དབང་ཕྱུག་གང་དང་གང་ཡིན་པའི་རྒྱས་འདེབས་པ་དེ་དང་དེས་དབུ་ལ་མཚོན་པར་ཁོང་དུ་ཆུད་པར་བྱའོ་ཞེས་སོ། །འོན་ཏེ་ཕྱུང་ 35-1-164a བའི་དཀྱིལ་འཁོར་དུ་འཕགས་པས་རྒྱས་བཏབ་པར་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ཉིད་དུ་ཐོས་པའི་ཡོངས་སུ་རྫོགས་པའི་ལྷའི་སྐུ་ཐོབ་ནས་མི་འགྱུར་བའི་མངོན་པའི་ང་རྒྱལ་ཅན་མན་ངག་ལོག་པ་བསྲུང་བར་མངོན་པར་བརྗོད་དོ། །དེས་རྒྱས་འདེབས་ པ་འཕགས་པའི་དགོང་པས་མངོན་པར་དབང་བསྐུར་མ་ཐག་ཏུ་གང་རྒྱས་འདེབས་ཤེས་སོ། །འདིའི་བར་མ་ཆད་པར་ལྷའི་དེ་ཁོ་ན་ཉིད་ཕྲ་མོའི་སྦྱོར་བ་བརྗོད་པས་སྣའི་རྩེ་མོར་ཡུངས་ཀར་ཞེས་བྱ་བ་ལ་སོགས་པ་གསུངས་པ། སྣའི་རྩེ་མོར་ཏེ་རང་གི་རྡོ་རྗེའི་བུག་པར་ཡུངས་ ཀར་ཏེ་ཐིག་ལེ་དཀར་པོ་བསམ་པར་བྱའོ། །དེ་ཉིད་དུ་ཡུངས་ཀར་ལ་སྟེ་ཐིག་ལེ་དཀར་པོའི་དབུས་སུ་བཏགས་པ་སྟེ་རྣལ་འབྱོར་གོམས་པར་བྱེད་པ་པོས་འགྲོ་དང་མི་འགྲོ་བཅས་ཏེ་ཁང་པ་བརྩེགས་པ་དང་ལྷན་ཅིག་པའི་དཀྱིལ་འཁོར་འཁོར་ལོ་སྒྱུ་མ་ལྟ་བུ་ཉིད་ཡིན་པའི་ཕྱིར་མ་འདྲེས་པར་ བསྒོམ་པར་བྱའོ། །འདིའི་དོན་ཐེག་པ་ཆེན་པོའི་མདོ་སྡེར་ཡང་དགོངས་པས་བཤད་དེ་ངེས་པར་བསྟན་པར་གྱུར་པ་ནི། སྐྲ་ཡི་ཁྱོན་གཅིག་ལ་གང་སངས་རྒྱས་ནི། །རྣམ་མང་གངྒཱའི་རླུང་གི་བྱེ་སྙེད་བཞུགས། །ཞེས་བྱ་བ་དང་། བཟང་པོ་སྤྱོད་པར་ཡང་། རྡུལ་གཅིག་སྟེང་ན་རྡུལ་ སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །ཅེས་སོ། །ཡང་ན་ཨུཏྤ་ལ་སྔོན་པོའི་ཁ་དོག་ཅན་གྱི་རྡོ་རྗེ་ནས་འབྲུའི་ཚད་ཙམ་དེ་ཉིད་དུ་མི་བསྐྱོད་པའི་རྣལ་འབྱོར་པས་བསྒོམ་པར་བྱའོ། །དེ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་ པའི་སྣའི་རྩེ་མོ་དང་ལྷ་མོའི་པདྨའི་སྣའི་རྩེ་མོར་བཤད་མ་ཐག་པ་བསམ་པར་བྱའོ། །ཡང་ན་ཙ་ན་ཀའི་འབྲུའི་ཚད་ཀྱིས་འཁོར་ལོ་ལ་སོགས་པའི་མཚན་མ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་མན་ངག་གོ། །ཡེ་ཤེས་གནས་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྒྱུར་གྱུར་པའོ། །ཉམས་ དགའ་བ་ནི་དགའ་བར་བྱ་བ་སྟེ་དབང་པོའི་གཞུ་ལྟར་དཀར་པོ་ལ་སོགས་པའི་ཁ་དོག་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །གསང་ཆེན་ནི་གཞན་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའོ། །ཡེ་ཤེས་ཀྱིས་བརྟགས་པ་ནི་མདོར་བྱས་ཀྱི་རིམ་པ་སྒོམ་པ་པོའི་ཡེ་ཤེས་ཙམ་གྱིས་རང་གི་ངོ་བོ་ཁ་དོག་ལྔ་ཞེས་ 35-1-164b བྱ་བ་ལ་སོགས་པ་ནི་རིགས་ལྔ་ལས་རབ་ཏུ་བྱུང་བའོ། །རིན་ཆེན་ཆེན་པོ་ཞེས་པ་ནི་རྡོ་རྗེ་ལ་སོགས་པའི་མཚན་མ་རིན་པོ་ཆེ་ལྟར་རིན་ཆེ་བའོ། །ཡེ་ཤེས་གནས་ཞེས་བྱ་བ་ལ་སོགས་པས་རྒྱུ་བ་དང་བཅས་པའམ་མི་རྒྱུ་བ་ཉིད་ཀྱི་ཁྱད་པར་ཐམས་ཅད་ལ་བྱའོ། །དེ་ཉིད་ཀྱི་ཕྱིར་རྣམ་ པར་གཞག་པར་ཡང་གསུངས་པ་ཡང་། དེ་ཉིད་མཐོང་བ་ཞེས་སོ། །བསྒོམ་པར་བྱ་བ་ནི་རྣལ་འབྱོར་པས་སྙོམས་པར་ཞུགས་པ་ལས་སོ། །ཏིང་ངེ་འཛིན་འདི་ཉིད་ཀྱི་འབྲས་བུ་གསུངས་པ། རིན་ཆེན་བརྟན་པར་གྱུར་ནས་སྤྲོ། །ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཚེ་མཐོང་བའི་ མཚན་མ་དང་གཟུང་བའི་མཚན་མ་ཉེ་བར་སྐྱེས་པ་ལས་ཤེས་པའོ། །དེ་ལ་མཐོང་བའི་མཚན་མ་ནི་སེམས་བརྟན་པ་ཉིད་དོ། །གཟུང་བའི་མཚན་མ་ནི་དངོས་གྲུབ་ཀྱི་མཚན་མའོ། །དེའི་ཚེ་རྡོ་རྗེ་ལ་སོགས་པ་བསྒོམས་པས་མི་གཡོ་བར་ཤེས་ནས་སྒོམ་པ་དབང་དུ་གྱུར་པ་བསྐྱེད་པའི་ཆེད་དུ་སྤྲོ་ བར་བྱའོ། །བརྟན་པར་མ་གྱུར་ཡོངས་མི་སྤྲོ། །ཞེས་བྱ་བ་ནི་བསྒོམ་པར་བྱ་བཞིན་པ་ན་སྤྲོ་བར་མི་བྱའོ། །རབ་མཆོག་སྤྲིན་རྣམས་སྤྲོ་བར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་ལ་སོགས་པ་སྤྲོ་བས་བརྟན་པར་བྱས་པར་གྱུར་པ་ལ་སངས་རྒྱས་སྤྲིན་རྣམས་ཀྱང་སྤྲོ་བར་བྱའོ། །སངས་རྒྱས་འབར་བ་ མཚུངས་འོད་ཀྱིས། །ཞེས་བྱ་བ་ནི་དཀར་པོ་ལ་སོགས་པའི་ཁ་དོག་དང་ལྡན་པ་རྣམས་ཀྱིས་སོ། །འདིའི་སྒོམ་པའི་ཐབས་གསུངས་པ། སློང་མོ་ཟ་བས་བཟླས་མི་བྱ། །ཞེས་ཏེ། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་སྤྱད་པའི་རྣལ་འབྱོར་པས་སློང་མོའི་དོན་དུ་སློང་མོ་ བྱིན་ཅིག་ཅེས་སོ་སོར་འཛིན་པ་རབ་ཏུ་བརྗོད་པར་མི་བྱ་སྟེ་མངོན་པར་བརྩོན་པས་སོ། །སློང་བ་ལའང་དགའ་བར་མི་བྱའོ་ཞེས་པ་ནི་ཟས་ལ་རབ་ཏུ་ཞེན་པར་མ་གྱུར་ཅིང་ཇི་ཙམ་དུ་ལུས་གནས་པ་ཙམ་དུ་འགྱུར་བ་དེ་ཙམ་གྱིས་ཆོག་ཤེས་པར་འགྱུར་བར་བྱའོ། །ཡང་ན་དབྱེ་བ་ནི་སློང་མོའོ། ། དེ་ལ་དེས་བཟླས་པར་མི་བྱའོ། །ཅི་རྣམ་པ་ཐམས་ཅད་དུ་དབྱེ་བར་དགའ་བར་འགྱུར་བར་བྱ་ཞེ་ན། དེའི་དོན་གསུངས་པ། སློང་ལའང་དགའ་བར་མི་བྱའོ། །ཞེས་ཏེ་འདིའི་དོན་ནི་ལན་གཅིག་གམ་གཉིས་སམ་གསུམ་དུ་རྣམ་པར་རྟོག་པའི་བགྲོད་པ་གང་གི་ཚེ་དཀྱིལ་འཁོར་གྱི་ 35-1-165a འཁོར་ལོ་ཆེས་གསལ་བར་མཐོང་བ་དེའི་ཚེ་དེར་སོན་པའི་སེམས་ཉིད་ཀྱིས་གཞག་པར་བྱའོ། །གནས་གཞན་དུ་གསུངས་པ་ཡང་། དངོས་པོ་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་ཡང་དག་སྦྱར། །དེས་དེའི་རང་བཞིན་ཉིད་འགྱུར་ཏེ། །ནོར་བུ་ སྣ་ཚོགས་གཟུགས་ཇི་བཞིན། །ཞེས་སོ། །དེ་ཉིད་ཀྱི་ཕྱིར། སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །ཞེས་སོ། །འདིས་སེམས་བརྟན་པ་ཉིད་ལས་ཕྱི་རོལ་གྱི་རྣམ་པར་རྟོག་པ་མ་ལུས་པ་སྟོང་པ་དཀྱིལ་འཁོར་གྱི་འཁོར་ལོར་སྒྱུ་མ་ལྟ་བུ་མངོན་སུམ་དུ་བྱས་པའི་སྔགས་པས་ སོ། །རྒྱུད་གཞན་དུ་ཡང་གསུངས་པ། ཛི་མ་ཛ་ལ་མཛྫྷེ་ཙནྡྲ་ས་ཧི་ན་ཨུ་སོ་སཙྪ་ན་མིཙྪ། ཏི་མ་སོ་མཎྜ་ལ་ཙཀྐཱ་ཊཱ་ཏཎྜ་ཨ་ས་ཧཱ་བེཾ་སཙྪ་ཞེས་སོ། །འདིས་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པའོ། །ད་ནི་ཡི་གེ་གསུམ་གྱི་ངག་གི་བཟླས་པའི་དབྱེ་བ་རྣམ་ པ་གཉིས་བརྗོད་པར་འདོད་ནས། བརྗོད་ནས་རྡོ་རྗེ་སྤྲོ་བ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྗོད་ནས་ནི་ངག་གི་སྒོས་ཏིང་ངེ་འཛིན་སེམས་དཔའི་ནཱ་ད་ལས་བླངས་ནས་སོ། །རྡོ་རྗེ་ནི་ཡི་གེ་གསུམ་མོ། །སྤྲོ་བར་བྱ་ནི་ཕྱི་རོལ་ཏུ་དབྱུང་བའོ། །འཇུག་པའི་རླུང་གིས་དེ་ཉིད་དུ། ། ཡང་དག་བཟླས་པར་བྱ་ཞེས་པ་ནི་གོང་བུའི་བཟླས་པའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ནི་དེ་བཞིན་གཤེགས་པ་ལྔ་པོ་རྣམས་ཀྱི་ཡང་དེ་ཁོ་ན་ཉིད་ལས་འདི་ཉིད་སྔགས་ཀྱི་བཟླས་པའོ། །འདིས་ནི། ཕྲ་མོའི་རྣལ་འབྱོར་བཟླས་པ་ཡང་། །རྣམ་གཉིས་བྱ་ཞེས་རྣམ་པར་བཤད་པའོ། ། དེ་བཞིན་ཉིད་ལ་གཞུག་པར་བྱ། །ཞེས་བྱ་བ་ནི་སོ་སོར་བརྟན་པའི་ཕྲ་མོའི་སྦྱོར་བས་གང་སེམས་ཙམ་ཉིད་དུ་རྟོགས་པ་དེ་ཉིད་འདིའི་དེ་བཞིན་ཉིད་ལ་དམིགས་པའོ། །དེ་ལྟར་རྡོ་རྗེ་འཆང་ཆེན་པོ་འོད་གསལ་བའི་བདག་ཉིད་དུ་མཐོང་ནས། བྱམས་པ་ལ་སོགས་པའི་རང་བཞིན་གྱིས་སྤྱན་མ་ལ་ སོགས་པ་བཞིར་བྱུང་བ་དེ་དང་བྲལ་བས་གདུངས་པའི་ཡིད་ཀྱིས་བལྟ་བར་འདོད་ནས་སྙིང་རྗེ་དང་བཅས་པས་ཇི་ལྟར་སྨྲེ་བར་བྱེད་པ་དེ་བསྟན་པའི་ཆེད་དུ། དཀྱིལ་འཁོར་གནས་པའི་ལྷ་མོ་བཞི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིགས་སུ་བཅད་པ་བཞིས་ནི་དྲུག་ལྡན་ལ་སོགས་པ་ 35-1-165b སྒེག་ཅིང་སྙན་པའི་སྣ་གླུའི་དབྱངས་ཀྱིས་བསྟོད་པ་སྔོན་དུ་འགྲོ་བས་ཁྱོད་ཅེས་མདུན་ན་གནས་པ་བཞིན་དུ་བལྟས་ནས་སད་པར་བྱེད་དོ་ནི་སློང་བར་བྱེད་པའོ། །རྡོ་རྗེའི་ཐུགས་ཞེས་བྱ་བ་ལ་སོགས་པ་ནི་སེམས་དབང་དུ་གྱུར་པ་བརྙེས་པའོ། །ཁམས་གསུམ་པའི་ཆོས་ཀྱི་རྒྱལ་སྲིད་བརྙེས་ པ་ཉིད་ཀྱི་ཕྱིར་གནས་ཀྱི་དབང་ཕྱུག་གོ། །སེམས་ཅན་ཁམས་ནི་སེམས་ཅན་དུ་གྱུར་པའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་རོ། །དགའ་བ་ནི་རོལ་པའོ། །དེའི་ཡིད་དུ་འོང་བ་ནི་ཚིམ་པ་བསྐྱེད་པའི་ཕྱིར་ཏེ་དགའ་བ་ཡིད་འོང་ངོ་། །དོན་ཆེན་ནི་མཆོག་ཏུ་དགའ་བའོ། །དེ་འདོད་པར་བྱེད་དོ་རྫོགས་ པར་བྱེད་དོ་ཞེས་པས་དོན་ཆེན་འདོད་པའོ། །རྣམ་པ་དེ་ལྟ་བུའི་དགའ་བ་ཡིད་འོང་དོན་འདོད་པས་འཁྱུད་པ་ལ་སོགས་པ་རྣམས་ཀྱིས་བདག་ལ་འདོད་པར་མཛོད་དེ་རོལ་པར་གྱིས་སོ། །སེམས་ཅན་ཐམས་ཅད་སྐྱེད་པའི་རྒྱུ་ཉིད་ཀྱི་ཕྱིར་ཡབ་བོ། །སེམས་ཅན་རྣམས་ཀྱི་ཕན་པ་དང་ བདེ་བ་བྱེད་པའི་ཕྱིར་སེམས་ཅན་གཉེན་མཆོག་ཆེན་པོའོ། །བདག་ལ་སྟེ་བདག་གི་སོན་པར་རོ། །མགོན་པོ་ནི་བདག་པོའོ། །གལ་ཏེ་བཞེད་ནའོ། །རྡོ་རྗེ་སྐུ་ཁྱོད་ཅེས་བྱ་བ་སོགས་པ་ནི་མི་འཇིག་པའི་སྐུ་ཉིད་ཀྱི་ཕྱིར་རྡོ་རྗེའི་སྐུའོ། །སེམས་ཅན་མང་པོ་དགའ་བའི་བཀའི་འཁོར་ ལོ་ཞེས་བྱ་བ་ནི་ཁྱོད་ནི་སེམས་ཅན་མང་པོ་ལ་རྗེས་སུ་ཕན་པར་མཛད་པའི་བཀའི་འཁོར་ལོ་རབ་ཏུ་བསྐོར་བར་མཛད་པ་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་དོན་དུ་བྱང་ཆུབ་དོན་དམ་ཕན་པ་རྗེས་སུ་སྟོན་པ་ཞེས་པ་ནི་སངས་རྒྱས་ནི་ཕུང་པོ་ལྔ་རྣམས་སོ། །དེ་རྣམས་ཀྱི་དོན་ནི་ཀུན་རྫོབ་ཀྱི་ བདེན་པའོ། །བྱང་ཆུབ་ནི་དོན་དམ་པའི་བདེན་པའོ། །དེ་དག་ཡང་དག་པར་སྦྱོར་བ་ལས་བྱུང་བའི་བདེ་བ་ཆེན་པོའི་སྐུ་ནི་དོན་དམ་པའོ། །དེས་སེམས་ཅན་རྣམས་ལ་ཕན་པའི་དགོངས་པས་རབ་ཏུ་སྟོན་པའི་ཕྱིར་ཕན་པ་རྗེས་སུ་སྟོན་པའོ། །འདོད་ཆགས་ཀྱིས་འདོད་ཆགས་རྣམ་པར་ སྤྱོད་པར་བྱེད་པས་འདོད་ཆགས་དམ་ཚིག །འདོད་ཆགས་སྤྱོད་པའི་ངོ་བོ་ཉིད་བདག་ལ་དགེས་པར་མཛད་དུ་གསོལ་ཏེ་རོལ་པར་མཛོད་ཅིག་གོ། །ཁྱོད་ནི་རྡོ་རྗེའི་གསུང་ཞེས་པ་ནི། ངག་གི་དབང་ཕྱུག་བརྙེས་པ་ཉིད་ཀྱི་ཕྱིར་རོ། །སེམས་ཅན་གྱི་ཁམས་ཀུན་ལ་ཕན་ཞིང་རྗེས་བརྩེ་བ་ཞེས་པ་ནི་ 35-1-166a ཕུལ་དུ་བྱུང་བའི་ཐུགས་རྗེའི་བདག་ཉིད་དོ། །དེ་ཉིད་ཀྱི་ཕྱིར་ཚངས་པའི་གནས་བཞིས་སེམས་ཅན་རྣམས་ཀྱི་དོན་མཛད་པའི་ཆེད་དུ་རྟག་ཏུ་སྟེ་དུས་ཐམས་ཅད་དུ་ཡང་དག་པར་རབ་ཏུ་འཇུག་པའོ། །བདག་ལ་དགེས་པར་མཛོད་ཅིག་ནི་ཤིན་ཏུ་དགའ་བའི་སྤྱོད་ པས་བརྟེན་པའོ། །ཀུན་ནས་ནི་སེམས་ཅན་གྱི་ཁམས་ཀྱིས་སོ། །བཟང་པོ་ནི་དགེ་བ་ཐོབ་པར་བྱེད་དོ་ཞེས་པ་ཀུན་དུ་བཟང་པོའོ། །གཞན་ནི་རྣམ་པར་ཕྱེས་ཟིན་ཏོ། །ཁྱོད་ནི་རྡོ་རྗེའི་འདོད་པ་ཞེས་བྱ་བ་ནི་དོན་ཡོད་གྲུབ་པའི་སྒོ་ནས་བོད་པ་སྟེ་རྡོ་རྗེ་དང་པདྨ་མཉམ་པར་སྦྱར་བ་ལས་ བྱུང་བའི་དཀྱིལ་འཁོར་པའི་ལྷ་རྣམས་ཀྱིས་ཞེ་སྡང་ལ་སོགས་པ་སྤྱོད་པའི་སེམས་ཅན་གྱི་ཁམས་རྣམ་པར་སྦྱོང་བར་བྱེད་པའི་ཕྱིར་རྡོ་རྗེའི་འདོད་པའོ། །ལས་ཀྱི་རིགས་ཀྱི་བདག་པོ་ཉིད་ཡིན་པའི་ཕྱིར་དམ་ཚིག་མཆོག་གོ། །འདོད་ཆགས་སྤྱོད་པའི་སེམས་ཅན་རྣམས་ཀྱི་འདོད་ཆགས་ རྣམ་པར་དག་པའི་ཐབས་ཀྱིས་ཐར་པ་རབ་ཏུ་རྩོལ་བའི་ཕྱིར་ཕན་དོན་ཆེའོ། །ཤཱཀྱའི་རིགས་ལས་བྱུང་བ་རྣམས་ཀྱི་མཆོག་ཏུ་གྱུར་པ་ཉིད་ཀྱི་ཕྱིར་ཡང་དག་རྫོགས་སངས་རྒྱས་ཀྱི་གདུང་མཆོག །ཡང་ན་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་རང་བཞིན་གྱིས་འགྲོ་བ་མ་ལུས་པའི་དོན་མཛད་པའི་ ཕྱིར་ཡང་དག་རྫོགས་སངས་རྒྱས་ཀྱི་གདུང་མཆོག་གོ། །རང་དང་གཞན་གྱི་རྣམ་པར་དབྱེ་བ་ཉེ་བར་དམིགས་པ་དང་བྲལ་བའི་དེ་ཁོ་ན་ཉིད་ཡིན་ཡང་སེམས་ཅན་རྣམས་ལ་རྗེས་སུ་བརྩེ་བ་ཉིད་ཀྱི་ཕྱིར་མཉམ་ཉིད་རྗེས་སུ་བརྩེ་བའོ། །དེ་ལྟ་བུའི་ཡོན་ཏན་ཁྱད་པར་དུ་འཕགས་པས་ཡོན་ ཏན་རིན་ཆེན་མང་པོའི་གཏེར་གྱུར་བདག་ལ་དགྱེས་པར་མཛོད་དེ་བརྟེན་པར་མཛོད་ཅིག་གོ། །གང་གི་ཕྱིར་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དང་འདོད་ཆགས་བར་མ་དང་འོད་གསལ་བའི་ཡེ་ཤེས་སྐྱེད་པར་བྱེད་པའོ་ཞེས་བདག་ཉིད་བསྔགས་པར་བྱེད་པའོ། །མགོན་པོ་གལ་ཏེ་ དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །ཞེས་པ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམ་པར་དག་པའི་ཐབས་ཀྱིས་རྡོ་རྗེ་སེམས་དཔའི་ཚེ་དང་ལང་ཚོ་སྩོལ་བས་གསོན་པར་མཛོད་ཅིག་ཅེས་མངོན་པར་དགོངས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་ཚངས་པའི་གནས་ 35-1-166b བཞིའི་རང་བཞིན་གྱི་ལྷ་མོ་རྣམས་ཀྱིས་ཡང་དག་པའི་ཡོན་ཏན་བརྗོད་པས་ཡང་དག་པར་སྐུལ་བར་བྱེད་བཞིན་པ་སྔོན་གྱི་སྨོན་ལམ་གྱི་རྒྱུན་གྱི་ཤུགས་ལས་གཉིད་རབ་ཏུ་སད་པ་བཞིན་དུ་སྟོང་པ་ཉིད་ཀྱི་རྣལ་འབྱོར་ལས་རྣམ་པར་བསླང་བར་གྱུར་པས་བཞེངས་པའོ། །མགོན་པོ་ནི་བདག་ པོ་མི་བསྐྱོད་ལ་སོགས་ངོ་བོའི་དེ་བཞིན་གཤེགས་པ་རྣམས་ཏེ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་འཆད་བཞིན་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་བསྟོད་པར་མཛད་དོ། །མི་བསྐྱོད་ཅེས་བྱ་བ་ལ་སོགས་པ་ནི་ཉོན་མོངས་པའི་ཚོགས་ཐམས་ཅད་ཀྱིས་མི་གཡོ་བས་མི་བསྐྱོད་པའོ། ། རྡོ་རྗེ་ནི་ཐུགས་གང་ཡིན་པ་བོད་པར་བྱེད་པ་མི་བསྐྱོད་རྡོ་རྗེའོ། །དེ་བཞིན་དུ་ཡེ་ཤེས་ཆེ་ཞེས་བྱ་བ་ལ་སོགས་པ་ཡང་བལྟ་བར་བྱའོ། །སྟོང་པ་བཞིའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་ཡེ་ཤེས་ཆེའོ། །རྡོ་རྗེ་ནི་མི་བསྐྱོད་པ་ལ་སོགས་པ་རྣམས་སོ། །དེ་རྣམས་ལ་འཛིན་པར་བྱེད་དོ་ཞེས་པས་རྡོ་རྗེ་ དབྱིངས་སོ། །བདེན་པ་གཉིས་ཀྱི་རྣམ་པར་དབྱེ་བ་ཡོངས་སུ་ཤེས་པ་ཉིད་ཀྱི་ཕྱིར། མཁས་པ་ཆེའོ། །སྐུའི་དཀྱིལ་འཁོར་དང་། ཕྱུང་བའི་དཀྱིལ་འཁོར་དང་། དོན་དམ་པའི་དཀྱིལ་འཁོར་གྱི་རང་བཞིན་རྣམས་ནི་དཀྱིལ་འཁོར་གསུམ་མོ། །སྐུ་ལ་སོགས་པའི་རྡོ་རྗེ་རྣམས་ཀྱི་ནང་ན་གཙོ་བོ་ཉིད་ ཡིན་པའི་ཕྱིར་རྡོ་རྗེ་གསུམ་མཆོག་གོ། །གསང་བའི་དབྱངས་ནི་དམ་ཚིག་གི་དེ་ཁོ་ན་ཉིད་བདག་ལ་རབ་ཏུ་སྟོན་ཅིག་ཅེས་མི་བསྐྱོད་པའི་སྒོ་ནས་བསྟོད་པར་གྱུར་པའོ། །རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་འོད་གསལ་བའི་མེ་འབར་བར་གྱུར་པའི་ཕྱིར་རྣམ་པར་སྣང་མཛད་དོ། །དེ་ཉིད་ཀྱི་ཕྱིར་ དག་པ་ཆེའོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱི་རྣམ་པར་དག་པའི་ངོ་བོས་དྲུག་པ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་ཞི་བའོ། །མཆོག་ཏུ་དགའ་བའི་བདག་ཉིད་ཅན་ཡིན་པའི་ཕྱིར་དགའ་བ་ཆེའོ། །རང་བཞིན་འོད་གསལ་བ་རྣམས་སྟོན་ཅིང་འཆད་པར་མཛད་པའོ། ། རྡོ་རྗེ་ཞེས་བྱ་བ་ནི་བོད་པར་བྱེད་པའོ། །རིན་ཆེན་རྒྱལ་པོ་ཞེས་བྱ་བ་ལ་སོགས་པ་ནི་དོན་ཡོད་པའི་ཤེས་རབ་སྩོལ་བ་ཉིད་ཀྱི་ཕྱིར་དོན་ཡོད་རྡོ་རྗེའོ། །དོན་ཡོད་པའི་རིགས་རྣམས་སོ། །དེ་རྣམས་ཀྱིས་རྫོགས་པའི་སངས་རྒྱས་མདུན་དུ་བྱས་སོ་ཞེས་པ་དོན་ཡོད་རྡོ་རྗེ་རྫོགས་པའི་ 35-1-167a སངས་རྒྱས་སོ། །སྒྲུབ་པ་པོའི་འགྲོ་བ་རྣམས་ཀྱི་ཞི་བ་ལ་སོགས་པའི་ལས་རྣམས་ཀྱིས་མངོན་པར་འདོད་པ་རྫོགས་པར་བྱེད་པའི་ཕྱིར་བསམ་པ་ཐམས་ཅད་རྫོགས་མཛད་པའོ། །དག་པའི་ངོ་བོ་ཉིད་ནི་འོད་གསལ་བའོ། །དེ་ལས་རབ་ཏུ་བྱུང་བའི་ངོ་བོ་ཉིད་ཀྱི་ ཕྱིར་དག་པ་ངོ་བོ་ཉིད་བྱུང་བའོ། །དེ་ལྟ་བུར་གྱུར་པའི་རྡོ་རྗེ་སེམས་དཔའ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པ་ཉེ་བར་སྡུད་པའོ། །བསྟོད་ནས། དེ་ནས་སངས་རྒྱས་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་རྣམས་ནི། སངས་རྒྱས་རྣམས་ཀྱིས་ནི་རྣམ་པར་སྣང་མཛད་ལ་སོགས་པ་ རྣམས་ཀྱིས་བྱེད་པར་གྱུར་པ་རྣམས་ཀྱིས་བདག་ཉིད་བསྟོད་ནས། བདེ་བ་ཆེན་པོའི་རང་བཞིན་གྱིས་ལྷ་མོའི་འཁོར་ལོ་རྗེས་སུ་མཉེས་ནས་གསང་བ་ནི་བསྲུང་བར་བྱ་བ་དང་བཟའ་བར་བྱ་བ་ལ་སོགས་པ་རྣམས་བཤད་ནས། ཞི་བ་ལ་སོགས་པའི་ལས་ཀྱི་དབྱེ་བས་གསུངས་ཏེ། སྔགས་ ཀྱི་བཟླས་པ་རྣམ་པ་གཉིས་བྱ་སྟེ་རང་གི་སྐུའི་འཁོར་ལོ་ལ་ཕྱི་རོལ་གྱི་འཁོར་ལོ་གཟུགས་ཕུང་རྟོགས་པ་ཞེས་བྱ་བ་ལ་སོགས་པའི་རིགས་པས་རྗེས་སུ་བཅུག་ནས་བདེ་བ་ཆེན་པོའི་གཟུགས་ཀྱིས་ཐམས་ཅད་དུ་མངོན་པར་ཞེན་པ་མེད་པས་བཞུགས་སོ་ཞེས་པའོ། །ལས་ཀྱི་རྒྱལ་པོ་ མཆོག་ཅེས་བྱ་བ་ཏིང་ངེ་འཛིན་གསུམ་པའོ། །ད་ནི་བསྡུ་བའི་དོན་ལ་སློབ་པར་བྱེད་པ། དེ་ལྟར་རྣལ་འབྱོར་བཞི་བྱེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་དེ་བརྗོད་པའི་རིམ་པས་རྣལ་འབྱོར་པ་ཏིང་ངེ་འཛིན་ནི་གསུམ་དང་ལྡན་པ་དེས་བསྡུ་བ་བྱའོ། །སྣ་ཚོགས་ཞེས་པ་ནི་དངོས་ པོའོ། །ཧཱུཾ་ཡིག་སྙིང་པོར་ཞེས་པ་ནི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས་སེམས་ཅན་རྣམས་ཐམས་ཅད་བཀུག་ནས་འདི་ཉིད་དུ་རབ་ཏུ་བཅུག་སྟེ། སླར་ཡང་དེ་ལས་རྡོ་རྗེ་སེམས་དཔའི་གཟུགས་ཀྱི་ཀུན་དུ་སྤྲོས་ནས། དེའི་གཟུགས་ཉིད་ཀྱིས་དེ་བློ་ཞེས་པ་དེའི་ཡིད་ལ་བསྡུ་བར་ བྱའོ། །འཕགས་པས་གསུངས་པ་ཡང་། འདི་ནི་ས་གསུམ་མ་ཡིན་གཞལ་ཡས་ཁང་མིན་སྲོག་ཆགས་མ་ཡིན་འདི་རྒྱལ་རྣམས། །མི་མིན་འདིར་ནི་འཁོར་ལོའི་དབང་ཕྱུག་ཡུལ་མིན་དབང་པོ་མ་ཡིན་ས་སོགས་མིན། །གཟུགས་ལ་སོགས་པ་ཡང་མིན་ཆོས་ཉིད་བདག་ཉིད་ཕྱིར་ 35-1-167b ན་དེ་རྣམས་དཀྱིལ་འཁོར་བ། །སྣ་ཚོགས་འདི་རྣམས་དཀྱིལ་འཁོར་འཁོར་ལོར་ཤེས་པར་གྱིས་དང་སེམས་ཁྱོད་ཅི་ལ་འཁྲུལ། །ཞེས་སོ། །དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པར་བྱེད་པའི་སྔགས་པ་གང་གི་ཚེ་ལུས་སྐམས་པར་གྱུར་པ་དེའི་ཚེ་བསམ་གཏན་གཞན་གྱིས་ལུས་ ཚིམ་པར་བྱེད་པ་བསྟན་པའི་ཕྱིར་མཐོ་གང་ཙམ་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྱི་བོའི་སྟེང་དུ་ནམ་མཁའ་ལ་ཝཾ་ཡིག་ཡོངས་སུ་གྱུར་པ་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་བརྟག་པ་སྟེ་སྒོམ་པར་བྱེད་པ་དེ་སྲིད་དུ་བྱའོ། །དེ་ནས་ཨོཾ་ཡིག་རབ་ཏུ་འཇུག་པའི་བདག་ཉིད་ཅན་ ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་སོན་པར་བསམས་ནས་བདུད་རྩི་ལྔ་ནི་ངེས་པར་དབབ་པར་བྱ་སྟེ་འདི་རྣམས་ཀྱིས་འཆི་བ་མེད་པར་བྱེད་དོ། །ཞེས་པས་བདུད་རྩི་ལྔ་རྣམས་ཏེ་དེ་བཞིན་གཤེགས་པ་ལྔ་པོ་དེ་རྣམས་འོད་ཟེར་ལྔའི་རང་བཞིན་གྱིས་སྤྱི་བོ་ནས་རྐང་པའི་མཐིལ་གྱི་བར་དུ་ མངོན་པར་དབང་བསྐུར་བར་བྱའོ། །བརྗོད་པར་མཚན་ཉིད་རྡོ་རྗེའི་སྦྱོར་བ་སྟེ་དེ་བཞིན་གཤེགས་པ་དམིགས་པར་བྱེད་པ་འདིས་ནི་གཟི་བརྗིད་དང་ལྡན་པའི་ལུས་ཡང་དག་པར་སྐྱེའོ། །སྐད་ཅིག་ལས་ཏེ་རིང་པོར་མི་ཐོགས་པར་ལུས་ལ་སོགས་པ་བདེ་བར་གནས་པ་ཉིད་ཀྱང་ཐོབ་པ་སྟེ་རྙེད་དོ་ ཞེས་པ་ཕན་ཡོན་ནོ། །ཡང་ན་ནང་གི་བདག་ཉིད་ཅན་ཉིད་ཀྱིས་ཚིམ་པར་བྱེད་པའི་ཆོ་ག་གསུངས་པ། ལྕེ་ནི་རྐན་ལ་སོན་བྱས་ནས། །རྡོ་རྗེ་ཕྲ་མོ་བདེ་རེག་ལས། །སེམས་ནི་མཉམ་པར་འཇོག་པར་འགྱུར། །ཞེས་སོ། །དེ་ལྟར་གོམས་ལས་རྣལ་འབྱོར་པ། །ཞེས་བྱ་བ་ལ་སོགས་ པ་ནི་མདོར་བསྟན་པའི་ཚིག་གོ། །ཧཱུཾ་ཡིག་གིས་ནི་ཞེས་བྱ་བ་ལ་སོགས་པས་འདི་ཉིད་ཀྱིས་རྒྱས་པར་བསྟན་པའི་ཚིག་གོ། །ཧཱུཾ་ཡིག་གིས་ཞེས་བྱ་བ་ལ་སོགས་པ་འདིའི་དོན་ནི་དང་པོར་ཧཱུཾ་གཉིས་དང་ཡཾ་གི་ས་བོན་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་ལྗང་སྔོན་གཞུའི་དབྱིབས་ཅན་རྡོ་རྗེ་ གཉིས་ཀྱིས་མཚན་པ་འབར་བར་བྱེད་པ་རྣམ་པར་བསྒོམ་པར་བྱའོ། །དེའི་སྟེང་དུ་ཧཱུཾ་གཉིས་དང་རཾ་ལས་བྱུང་བའི་གདུང་བར་བྱེད་པ་མེའི་དཀྱིལ་འཁོར་ཁ་དོག་དམར་པོ་ཟུར་གསུམ་པ་རྡོ་རྗེ་གཉིས་ཀྱིས་མཚན་པའོ། །དེའི་སྟེང་དུ་ཨ་ཡིག་ཡོངས་སུ་གྱུར་པ་ལས་པདྨའི་སྣོད་ཕྱི་དཀར་པོ་ 35-1-168a ནང་དམར་པོ་ཨ་ཡིག་གིས་བྱིན་གྱིས་བརླབས་པར་ཡང་བལྟས་ནས། དེའི་དབུས་སུ་བཟའ་བར་བྱ་བ་ཟན་ལ་སོགས་པ་ལ་བྷྲཱུཾ་ཨཱཾ་ཛྲཱྀཾ་ཁཾ་ཧཱུཾ་ཞེས་པའི་ས་བོན་ཡོངས་སུ་གྱུར་པས་གོ་ཀུ་ལ་སོགས་པ་སྒྲོན་མ་ལྔ་དང་བདུད་རྩི་ལྔ་ཡེ་ཤེས་ལྔའི་བདག་ཉིད་ ཅན་ཨོཾ་ཡིག་གིས་མཚན་པའོ། །དེའི་བར་སྣང་དུ་ཧཱུཾ་ཡིག་ལས་སྐྱེས་པའི་རྡོ་རྗེ་དཀར་པོས་དཀྲུགས་པར་བྱའོ་ཞེས་པ། ཧཱུཾ་ཡིག་གིས་སྦྱོང་བར་བྱེད་པ་སྟེ་རྡོ་རྗེ་དང་པདྨའི་སྣོད་མཉམ་པར་སྦྱོར་བ་ལས་རྡོ་རྗེ་དེ་ཉིད་དུ་རོ་མཉམ་པར་གྱུར་ཏེ་ཞེས་པའོ། །ཨཱཿཡིག་གིས་ནི་རྟོགས་ པར་བྱའོ། །ཡེ་ཤེས་ཀྱི་ཉི་མ་དང་མཚུངས་པར་འབར་བའི་ཨཾ་ཡིག་གིས་རབ་ཏུ་འབར་བར་བྱེད་པ་སྟེ་འདིས་དམ་ཚིག་གི་བདུད་རྩི་རྫོགས་པར་བྱེད་པའོ། །དེར་གནས་པའི་ཡི་གེ་གསུམ་ལས་སྤྲོས་པའི་འོད་ཟེར་ངེས་པར་བབ་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་གནས་པའི་ དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས། དམ་ཚིག་གི་བདུད་རྩི་ལ་རབ་ཏུ་བཅུག་སྟེ་ཡི་གེ་གསུམ་གྱིས་ལན་བདུན་དུ་བྱིན་གྱིས་བརླབ་པར་བྱའོ། །ཞེས་པ་ཁ་ཟས་སྦྱང་བའོ། །མགྲིན་པར་དུང་ཞེས་བྱ་བ་ལ་སོགས་པ་ནས། ལྐོག་མ་སྤྱད་པའོ་ཞེས་པའི་མཐར་ ཐུག་པའི་མི་བསྐྱོད་པའི་རྣལ་འབྱོར་པ་ལ་ལྟས་པ་སྟེ་རྩ་བ་ཉིད་ལས་གསལ་ལོ། །སྤྲིན་གྱི་སྒྲ་ཞེས་བྱ་བ་ལ་སོགས་པ་ལ་སྤྲིན་གྱི་སྒྲ་སྟེ་ཧཱུཾ་ཡིག་སྙིང་གར་བསམས་ནས། རྩེ་གསུམ་མེ་ནི་དེ་ལས་སྤྲོ། །དེར་ནི་བཟའ་བ་བསྲེག་པ་དག །འདི་ནི་ནང་གི་སྦྱིན་སྲེག་ཡིན། །དེ་ལྟར་རྣམ་ པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པས་མགྲིན་པར་དུང་དང་པདྨའི་སྟེང་དུ་རང་རང་གི་ས་བོན་ཡོངས་སུ་གྱུར་པའི་འཁོར་ལོ་ལ་སོགས་པའི་མཚན་མ་ཨོཾ་ཡིག་ལ་སོགས་པས་བྱིན་གྱིས་བརླབས་པ་བསྐྱེད་ནས་ཞི་བ་ཅན་ལ་སོགས་པའི་ལས་ཀྱི་དབྱེ་བ་རང་རང་གི་ཏིང་ངེ་འཛིན་སེམས་ དཔའི་རྩེ་གསུམ་གྱི་མེ་ལ་བཟའ་བ་སྦྱིན་སྲེག་གྱིས་ཤིག་པ་ནི་མན་ངག་གོ། །རླུང་ཞེས་བྱ་བ་ལ་སོགས་པ་ནས། །འཚེ་བ་ཐམས་ཅད་འཇིག་བྱེད་པ། །ཞེས་པའི་མཐར་ཐུག་པ་ནི་གོ་སླའོ། །འདི་ཉིད་ཀྱི་ནང་དུ་ཁ་སྦྱར་བྱེད་པའི་སྦྱོར་བ་ལས་ཞེས་པའི་རྐང་པ་ཡོད་དེ། འདིའི་བཤད་པ་ནི་སྟེང་ 35-1-168b འོག་གི་རླུང་གི་འཁྲུལ་འཁོར་ལས་སོ། །དཔལ་རྡོ་རྗེ་ཕྲེང་བ་ཞེས་བྱ་བ་ལ་སོགས་པར་ཡང་ཆེས་གསལ་བར་བཤད་དོ་ཞེས་པ་མདོར་བྱས་ཀྱི་རིམ་པའི་དོན་མདོར་བཤད་པ་རྣལ་འབྱོར་ཡིད་འཕྲོག་རྫོགས་སོ། །མདོར་བྱས་ཀྱི་རིམ་པར་ལུས་རྣམ་པར་དབེན་པ་སོ་སོར་བསྟན་ནས་དོན་ རྡོ་རྗེ་བཟླས་པའི་རྣམ་པར་བཤད་པ་ཉེ་བར་བསྟན་པར་འདོད་ནས་སེམས་ཅན་ཀུན་བདག་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མགོན་པོ་ནི་སྐྱོབ་པར་གྱུར་པའོ། །ཅིར་འགྱུར་ཞེ་ན་སེམས་ཅན་ཀུན་བདག་ཉིད་དེ། ཀུན་ཡང་དེ་ཡིན་ལ་སེམས་ཅན་རྣམས་ཀྱང་ངོ་ཞེས་པས་ སེམས་ཅན་ཀུན་ནོ། །ས་མ་ལུས་པར་ངེས་པར་གནས་པའི་སྲོག་ཆགས་ངེས་པར་སྐྱེས་པ་དེ་རྣམས་ཀྱི་བདག་ཉིད་རླུང་དང་རྣམ་པར་ཤེས་པ་ཡང་དག་པར་ལྡན་པའི་ཐུགས་རྡོ་རྗེའོ། །དེ་ནི་དཔལ་ལྡན་བདེ་ཆེན་ཏེ་དཔལ་དང་ལྡན་པ་དང་བདེ་བ་ཆེན་པོ་གཉིས་ཀ་འདིའོ། །འདུད་ནས་ནི་ཕྱག་བྱས་ ནས་སོ། །རྡོ་རྗེ་བཟླས་པའི་རིམ་བཤད་བྱ་ནི་བརྗོད་པར་བྱའོ། །གང་ལས་ན་རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ནས་ཏེ་རྣལ་འབྱོར་རྒྱུད་ནི་དཔལ་འདུས་པ་ལ་སོགས་པའི་རྒྱུད་དོ། །དེའི་རྗེས་སུ་འབྲངས་ནས་ནི་དེའི་དོན་ལྷག་པར་རྟོགས་པ་ལས་སོ། །རྡོ་རྗེ་བཟླས་པ་ལ་འཇུག་པར་ བྱེད་པའི་རིམ་པ་རབ་ཏུ་བསྟན་པར་འདོད་ནས། བསྐྱེད་པའི་རིམ་ལ་ལེགས་གནས་རྣམས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་བསྐྱེད་པའི་རིམ་ལ་ལེགས་གནས་རྣམས་ནི་མདོར་བྱས་ཀྱི་རིམ་པ་སྒོམ་པར་བྱེད་པ་རྣམས་ཀྱིའོ། །རྫོགས་པའི་རིམ་པ་ནི་ཟུང་འཇུག་གི་གཟུགས་ འདོད་པ་རྣམས་ཀྱིའོ། །ཀུན་ནས་ཐོབ་པར་འདོད་པའི་ངང་ཚུལ་འདི་རྣམས་ནི་རྫོགས་པའི་རིམ་པ་འདོད་པའི་རྣལ་འབྱོར་རྣམས་ཀྱིའོ། །འདི་སྟེ་རྡོ་རྗེ་བཟླས་པ། ཐབས་ཏེ་རྒྱུར་གྱུར་པ་དེ་ཡང་འཆད་བཞིན་པའོ། །རྫོགས་པའི་སངས་རྒྱས་ཀྱེས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ རྣམས་ཀྱི་གསུངས་ནི་རབ་ཏུ་སྟོན་པའོ། །ཅི་ལྟ་བུར་ན་སྐས་ཀྱི་རིམ་པ་ལྟ་བུར་རོ། །སྲོག་གྱུར་པའང་ཞེས་བྱ་བ་ལ་སོགས་པ་ནི་རླུང་བཤད་དོ། །རླུང་ཞེས་པ་ཞེས་བྱ་བ་ནི་རབ་ཏུ་བསྟན་པ་གང་ཡིན་པ་དེ་རླུང་ཞེས་བྱ་བའོ། །སེམས་ཅན་རྣམས་ཀྱི་ནི་འཇིག་རྟེན་རྣམས་ཀྱེའོ། །སྲོག་གྱུར་ 35-1-169a པ་ནི་འཚོ་བར་གྱུར་པའོ། །ལས་ཀུན་རྣམས་ནི་བསྐུམ་པ་དང་བརྐྱང་བ་ལ་སོགས་པ་ངེས་པར་བྱེད་དོ་ཞེས་པས་ལས་ཀུན་བྱེད་དོ། །རྣམ་ཤེས་བཞོན་པ་ནི་རྣམ་པར་ཤེས་པའི་བཞོན་པར་གྱུར་པ་སྟེ། རྟ་ལ་ཞོན་པ་བཞིན་ནོ། །དེ་ལྟ་མོད་ཀྱི་རླུང་དང་རྣམ་པར་ ཤེས་པ་དག་ཅི་ལྟར་སྣང་བ་དང་བཅས་པ་མ་ཡིན་ནམ་ཞེ་ན་རླུང་གི་ཁམས་ནི་གཟུགས་མེད་པ་ཅན་རྣམ་པར་ཤེས་པ་ཡང་གཟུགས་མེད་པ་ཅན་ཏེ། འདི་དག་གི་རེ་རེ་ནས་རང་ལས་རང་དངོས་པོ་མེད་ཅན་ཡུལ་དུ་གྲུབ་པར་ཉེ་བར་བསྟན་པར་བྱ་བ་མ་ཡིན་ནོ་ཞེས་དྲི་བའོ། །འདི་ལ་ལན་རླུང་དང་ རྣམ་པར་ཤེས་པ་གཅིག་ཏུ་གྱུར་པས་སླར་ཡང་ཡུལ་རྣམས་སུ་དམིགས་པའི་ཕྱིར་རོ་ཞེས་བྱས་ནས་སྣང་བ་དང་བཅས་པའོ། །དེ་བཞིན་དུ་ཡང་དགོངས་པ་བླ་ན་མེད་པར་གསུངས་པ། གང་ཚེ་སྣང་བ་ལྡན་འགྱུར་བ། །རླུང་གི་བཞོན་པ་ཉིད་གྱུར་པ། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་རོ། །དེ་ ཉིད་རླུང་ཞེས་བྱ་བ་ལྔའི་བདག་ཉིད་དེ་རྣམ་པ་ལྔར་འགྱུར་རོ། །ཅི་ལྟར་ན་སྙིང་གར་སྲོག་གོ། །བཤང་སྒོར་ཐུར་སེལ་ལོ། །མཉམ་གནས་ལྟེ་བར་ཡང་དག་པར་གནས་སོ། །གྱེན་རྒྱུ་མགྲིན་པའི་ཕྱོགས་སུའོ། །ཁྱབ་བྱེད་ལུས་ཐམས་ཅད་དུ་གནས་པའི་རིགས་པ་ལས་སོ། །དེ་ཉིད་སླར་ ཡང་ལྔའི་བདག་ཉིད་རྣམ་པ་བཅུར་འགྱུར་ཏེ་མིག་ལ་སོགས་པ་ལ་གནས་པ་ཀླུ་དང་རུས་སྦལ་དང་རྩངས་པ་དང་ལྷ་སྦྱིན་དང་ནོར་ལས་རྒྱལ་བ་རྣམས་ཀྱི་ལྷན་ཅིག་པའོ། །རླུང་གི་དེ་ཉིད་རིམ་གྱིས་ནི། །ཞེས་བྱ་བ་ལ་སོགས་པ་ནས། འོད་གསལ་བས་ནི་རྣམ་པར་སྦྱངས། །ཞེས་བྱ་ བའི་མཐར་ཐུག་པ་ནས་བརྩམས་ཏེ་རིམ་པ་བཞིའི་ཆ་ཤས་ཀྱི་དོན་རྣམ་པར་དབྱེ་བར་བྱའོ། །རླུང་གི་དེ་ཉིད་རིམ་གྱིས་ནི། །ཞེས་པ་དང་བྲལ་བར་སྔགས་ཀྱི་དེ་ཉིད་ལ་ཡང་དག་པར་འཇུག་པ་སྟེ་རབ་ཏུ་འཇུག་པར་མི་འགྱུར་རོ། །སྔགས་ནི་ཡི་གེ་གསུམ་པོ་རྣམས་སོ། །དེ་རྣམས་ཀྱི་འཇུག་ པ་དང་གནས་པ་དང་ལྡང་བའི་རང་བཞིན་ཡོངས་སུ་ཤེས་པས་སྔགས་ངེས་པར་སེམས་པར་བྱེད་དོ་དེ་རྣམས་རྟོགས་ནས་ནི་ཡོངས་སུ་ཐོབ་ནས་རྡོ་རྗེ་བཟླས་པ་ལ་ལེགས་པར་སློབ་པར་འགྱུར་རོ། །རྡོ་རྗེ་བཟླས་གནས་ཞེས་པ་དོན་ཅི་ཡིན་པ་མངོན་སུམ་དུ་བྱས་པ་རྡོ་རྗེ་བཟླས་པའི་ཏིང་ངེ་ 35-1-169b འཛིན་ལ་གནས་པའི་རྣལ་འབྱོར་པ་སྟེ་སྔགས་པ་སེམས་ལ་དམིགས་པ་ཐོབ་པར་འགྱུར་ཏེ་སོ་སོར་རྙེད་པའོ། །རྟེན་དང་བརྟེན་པའི་ངོ་བོས་ངག་དང་སེམས་དག་གིས་གཅིག་ཏུ་ཀུན་དུ་གནས་པའི་ཕྱིར་སེམས་ལ་དམིགས་པ་རིམ་པ་གཉིས་པ་ཉིད་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་ དུ་ཡོངས་སུ་ཤེས་པ་ཅི་ལྟར་ཞེ་ན། ཇི་ལྟར་འདིས་ཁ་ཅིག་འདི་སྐད་སྨྲ་སྟེ་རྡོ་རྗེ་བཟླས་པ་ནི་ངག་རྣམ་པར་དབེན་པ་ཁོ་ན་སྟེ་གཞན་ནོ། །དགོངས་པ་བླ་ན་མེད་པས་སེམས་རྣམ་པར་དབེན་པའོ་ཞེས་སོ། །དེ་ནི་འཐད་པ་མ་ཡིན་ཏེ། ཅིའི་ཕྱིར་ན། སེམས་ལ་དམིགས་པ་ཙམ་ཞིག་ནི། ། རིམ་པ་གཉིས་པར་བརྗོད་པར་བྱ། །ཞེས་སློབ་དཔོན་ཟླ་བ་གྲགས་པའི་ཞབས་ཀྱིས་ངེས་པར་གསུངས་པའི་ཕྱིར་དང་། འདི་ཉིད་དུ་བདག་བྱིན་གྱིས་བརླབ་པའི་རིམ་པས་ཀྱང་ལུས་དང་ངག་དང་སེམས་རྣམ་པར་དབེན་པ་ཐོབ་པ་ཞེས་གསུངས་སོ། །དེའི་ཕྱིར་རིམ་པ་གཉིས་པ་ཉིད་ཀྱིས་ངག་ དང་སེམས་ལ་དམིགས་པ་རང་བཞིན་མེད་པ་ཉིད་ཀྱི་ཡེ་ཤེས་གཉིས་ནི་བརྫུན་པའོ་ཞེས་སོ། །སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཞེས་པ་ནི་ལྔ་པོ་བྱས་པའི་རབ་ཏུ་དབྱེ་བས་མདོར་བྱས་ཀྱི་རིམ་པར་ལུས་བརྫུན་པ་ཉིད་དང་། རྡོ་རྗེ་བཟླས་པ་དག་དང་སེམས་དག་བརྫུན་པ་ཉིད་དོ་ཞེས་ སོ་སོ་སོ་སོར་ཤེས་པ་གསུམ་པོ་འདི་རྣམས་ཀྱི་ཡང་དག་པར་སྦྱོར་བ་སྟེ་གཅིག་ཏུ་གྱུར་པ་གང་ཡིན་པ་དེ་གསུམ་ཡང་དག་པར་སྦྱོར་བ་ཞེས་རྡོ་རྗེ་གསུམ་དང་བྲལ་བས་མ་ནོར་བར་གྱུར་པ་ནི་བདག་བྱིན་གྱིས་བརླབ་པའི་མཚན་ཉིད་སྒྱུ་མ་ལྟ་བུའི་ལྷའི་གཟུགས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནོ། ། དེ་ལ་གནས་པ་རྣལ་འབྱོར་པའོ། །ཡང་དག་མཐས་ནི་རྣམ་པར་སྦྱངས། །ཞེས་བྱ་བས་ནི། འོད་གསལ་བ་ནི་ཐོབ་པར་འགྱུར། །ཞེས་པའི་རིགས་པ་ལའོ། །ལུས་དང་ངག་དང་སེམས་དམིགས་པ་ངེས་པར་རྟོགས་པའི་ཚུལ་ཐོབ་པ་ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་ཉེ་བར་མི་ དམིགས་པ་དེ་ཐམས་ཅད་ཀྱི་དོན་དམ་པའི་བདེན་པའི་རྟོག་པ་བླངས་པས་མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་པ་བསྟན་ཏོ། །ཡང་དག་མཐའ་ཡས་ལངས་ནས་ནི། །ཞེས་པ་ནི་དེ་ལས་སྤྲུལ་པ་ཉིད་ཀྱིས་ཡང་དག་པར་ལངས་པའོ། །གཉིས་མེད་ཡེ་ཤེས་ནི་གཉིས་དང་བྲལ་བའི་ཡེ་ཤེས་ 35-1-170a སོ། །ཐོབ་པར་འགྱུར་ནི་སོ་སོར་རྙེད་པ་ཉིད་དོ། །དེ་བཞིན་དུ་ཡང་འཕགས་པས་གསུངས་པ། ཇི་ལྟར་དངས་པའི་ཆུ་ཀླུང་ལས། །ཉ་དག་མྱུར་དུ་འཕར་བར་བྱེད་། །དེ་བཞིན་འོད་གསལ་དངས་པ་ལས། །སྒྱུ་འཕྲུལ་དྲ་བ་བཞེངས་པར་བྱེད། །ཅེས་པའི་ རིགས་པ་ལས་སོ། །ཟུང་དུ་འཇུག་པའི་ཏིང་འཛིན་གནས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པའོ། །གང་ལ་ཡང་མི་སློབ་པོ་ནི་སློབ་པར་བྱེད་པར་མི་འགྱུར་རོ། །རིམ་པ་འདི་ཉིད་ཀྱིས། འདི་ནི་རྫོགས་རིམ་རྣལ་འབྱོར་ཞེས་བྱ་ལ་དེ་ནི་རྡོ་རྗེ་ འཛིན་པ་ཆེན་པོར་འགྱུར་རོ། །གཞན་རྣམ་པ་ཀུན་གྱི་མཆོག་ལྡན་པ་ལ་སོགས་པ་ཐམས་ཅད་རྡོ་རྗེ་འཛིན་པ་ཆེན་པོ་ཉིད་ཀྱི་ཁྱད་པར་རོ་ཞེས་པའོ། །དེ་ཉིད་འདི་དག་རྒྱས་བཏབ་གནས། །ཞེས་པ་ལ་སོགས་པ་ལ་འདི་དག་སྟེ་རྣམ་པར་བཤད་པ་གསུངས་པ་གང་ཡིན་པ་དེ་ཉིད་དོ། ། རྒྱུད་དུ་ལེགས་པར་རྒྱས་བཏབ་པ་ནི་དགོངས་པའི་སྐད་ཀྱིས་སྦས་པར་བྱས་པའོ། །དེ་བཤད་པའི་རྒྱུད་རྡོ་རྗེ་ཕྲེང་བ་ལ་སོགས་པའི་རྗེས་སུ་འབྲངས་པས་ཏེ། དེའི་རྗེས་སུ་འགྲོ་བས་བླ་མའི་ཞལ་ལས་རྟོགས་པར་བྱ་ནི་བླ་མ་ལས་དངོས་སུའོ། །དེ་ལ་ཞེས་པ་ནི་རླུང་རྣམ་པ་ལྔ་པོ་དེ་ལ་ཆེས་ དང་པོར་ཞེས་བྱ་བ་ནི་འོད་གསལ་བ་ལ་སོགས་པ་རྣམས་ཀྱི་དང་པོར་བདག་བྱིན་གྱིས་བརླབ་པའི་རིམ་པ་བདག་བྱིན་གྱིས་བརླབ་པ་ལ་སོགས་པའི་དང་པོར་རྡོ་རྗེ་བཟླས་པ་འདིའོ། །འདི་དག་གི་ནང་དུ་རྡོ་རྗེ་བཟླས་པ་ཆེས་མཆོག་གོ། །རླུང་གི་དེ་ཁོ་ན་ཉིད་དེ་མདོར་བསྟན་པའི་ཚིག་རྩ་བའི་རྒྱུད་ལ་ འཇུག་པར་བྱ་སྟེ་ནི་བཤད་པར་བྱ་སྟེའོ། །འདི་ཉིད་ཀྱི་རྒྱས་པར་བཤད་པ་དང་སོ་སོར་རྒྱས་པར་བཤད་པའི་བཤད་པ་ནི་འཆད་བཞིན་པའི་གཞུང་དུ་འགྱུར་རོ། །རྩ་བའི་རྒྱུད་ལས་ནི་དཔལ་འདུས་པའི་རྒྱུད་ལས་སོ། །སྣ་རྩེར་ཡུངས་ཀར་བསམ་པར་བྱ། །ཞེས་བྱ་བ་ལ་སོགས་པ་ ནི་སྣའི་རྩེ་མོ་ནི་སྟེང་གི་སྣའི་བུ་གར་རོ། །ཡུངས་ཀར་ནི་རླུང་ཕྲ་མོའོ། །དེ་བསམ་པར་བྱ་བ་ནི་མཚོན་པར་བྱའོ། །ཅི་ལྟར་ཡུངས་ཀར་གྱི་སྒྲས་རླུང་གི་ཁམས་མངོན་པར་བརྗོད་པར་བྱ་ཞེ་ན། འདིར་གསུངས་པ། རྒྱུ་བར་བྱེད་དོ་འགྲོ་བར་བྱེད་དོ་ཞེས་བྱས་ནས་ཨུ་ཎ་ལ་སོགས་པར་སིརྟྟི་ 35-1-170b ལས་ཨ་པ་ཥའི་མཐའ་ཡང་ངོ་། །དེས་ཡུངས་ཀར་ཏེ་རླུང་ཕྲ་མོ་ཉིད་དེའི་ཆོས་ཅན་ཡིན་པའི་ཕྱིར་རོ། །འགྲོ་དང་མི་འགྲོ་ཡུངས་ཀར་ལ་ནི་ཡུངས་ཀར་ལ་སྟེ་ཕྲ་མོའི་ཁམས་ལའོ། །འགྲོ་བ་དང་བཅས་པའི་མི་འགྲོ་བ་ནི་རྟེན་དང་བརྟེན་པར་གྱུར་པའི་ཡི་གེ་གསུམ་རླུང་དང་ལྷན་ཅིག་ པས་འཇུག་པ་དང་གནས་པ་དང་ལྡང་བ་རྣམས་གཅིག་ཏུ་བསྒོམ་པར་བྱའོ། །ཡེ་ཤེས་གནས་ནི་ཡེ་ཤེས་གསུམ་པོ་དེའི་གནས་ཏེ་རབ་ཏུ་གནས་པ་སྟེ་རྟེན་ཞེས་པའི་རྣམ་གྲངས་སོ། །ཉམས་དགའ་བ་ནི་ཉམས་དགའ་བར་བྱ་བ་སྟེ། ཅིའི་ཕྱིར་ན་རླུང་ལ་སོགས་པའི་དཀྱིལ་འཁོར་ དང་ལྷན་ཅིག་པའི་ལྗང་གུ་ལ་སོགས་པའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །གསང་ཆེན་ནི་ཤིན་ཏུ་དགའ་བ་སྟེ་རྡོ་རྗེ་བཟླས་པའི་རྣལ་འབྱོར་པ་ཉིད་རྣམས་ཀྱིའོ། །ཡེ་ཤེས་ཀྱིས་བརྟགས་པ་ནི་འཇུག་པ་དང་གནས་པ་དང་འབྱུང་བས་རླུང་ལ་ཡེ་ཤེས་ཀྱིས་ངོ་བོ་ཡི་གེ་གསུམ་དུ་རྣམ་པར་བརྟགས་ པའོ། །ཁ་དོག་ལྔ་ཞེས་བྱ་བ་ལ་སོགས་པ་ནི་ཕྲ་མོ་རླུང་གི་ཁམས་དེ་ཉིད་དཀར་པོ་ལ་སོགས་པའི་ཁ་དོག་དང་ལྡན་པའོ། །རིན་ཆེན་ཆེན་པོ་ནི་རིན་པོ་ཆེ་ཆེན་པོ་ལྟར་རིན་ཐང་མེད་པའོ། །ཡུངས་ཀར་སྦོམ་པོའི་ཚད་ཙམ་དུ་ནི་ཡུངས་ཀར་ལྟར་ཕྲ་མོའི་རླུང་གི་ཁམས་ཙམ་མོ། །སྣའི་རྩེ་ མོར་ནི་སྔར་བཤད་པས་གསལ་ལོ། །ནན་ཏན་གྱིས་ནི་འབད་པ་ཕུལ་དུ་བྱུང་བས་སོ། །བསྒོམ་པར་བྱ་ནི་རྣལ་འབྱོར་ལ་སྟེ་རླུང་ལ་སོགས་པའི་དཀྱིལ་འཁོར་བཞིའི་རང་བཞིན་ལས་སམ། སྐད་ཅིག་གིས་ཞལ་གསུམ་པ་ཕྱག་དྲུག་པར་དམིགས་པ་ལས་སོ། །རྟག་ཏུ་ནི་དུས་ ཐམས་ཅད་དུའོ། །འདི་ནི་དགོངས་པ་བཤད་པའོ། །ཚིག་འདིའི་རྒྱས་པར་བཤད་པ་ལྷ་མོ་བཞིས་ཡོངས་སུ་ཞུས་པའི་བཤད་པའི་རྒྱུད་དུ་གསུངས་པ། དེ་ནི་ལྷ་མོ་ཞེས་བྱ་བ་ལ་སོགས་པ་སྟེ། ལྷ་མོ་ཞེས་པ་ནི་ལྷ་མོ་རྣམས་ཞེས་བོད་པའོ། །ཡང་དག་རབ་བཤད་བྱའོ་ནི་བསྟན་ པར་བྱའོ་སྟེ་བཅོམ་ལྡན་འདས་ཀྱི་གསུང་ངོ་། །སྙིང་པོ་ལས་ནི་མདོར་བྱས་ཀྱི་རིམ་པ་ལས་སོ། །ཆེས་སྙིང་པོ་ནི་རྡོ་རྗེ་བཟླས་པའི་རིམ་པའོ། །མཆོག་ནི་དམ་པའོ། །གསང་ཆེན་ནི་ཤིན་ཏུ་སྦས་པའོ། །སངས་རྒྱས་ཀུན་གྱི་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་རྣམས་ཀྱིའོ། ། 35-1-171a གང་ནི་རྡོ་རྗེ་བཟླས་པའི་མཚན་ཉིད་དོ། །དེ་ཐམས་ཅད་བདག་ཉིད་ནི་ཁམས་གསུམ་པའི་སེམས་ཅན་ཐམས་ཅད་ཀྱི་བདག་ཉིད་རླུང་རྣམ་པར་ཤེས་པ་དང་ཡང་དག་པར་ལྡན་པའོ། །གནས་པ་ནི་འགྱུར་བའོ། །ཡེ་ཤེས་ལྔའི་དངོས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་ གཤེགས་པ་ལྔའི་བདག་ཉིད་ཀྱི་ཕྱིར་མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔའི་བདག་ཉིད་ཅན་ནོ། །དེ་ཉིད་ནི་རླུང་གི་རང་བཞིན་ཅན་ནོ། །ཡུངས་ཀར་སྦོམ་པོའི་ཚད་ཙམ་ནི་སྔར་བཤད་པ་ཉིད་ཀྱིས་གསལ་ལོ། །དེའི་ནི་རླུང་གིའོ། །དབུས་ན་གནས་པའི་ལྷ་ནི་ཡི་གེ་གསུམ་གྱི་རང་བཞིན་ གྱིས་ཀུན་དུ་གནས་པ་སྟེ་དེའི་བདག་ཉིད་ཀྱིས་སྔགས་དང་ལྷ་དག་དབྱེར་མེད་པའི་ཕྱིར་རོ། །མི་གསལ་བ་ནི་གཉིས་སྐྱེས་ཀྱི་ཕྱིར་དང་ཕྲ་མོའི་གཟུགས་ཉིད་ཀྱི་ཕྱིར་རོ། །གསལ་བའི་གཟུགས་དང་ལྡན་ཞེས་པ་ནི་བསྐུམ་པ་དང་བརྐྱང་བ་དང་འགྲོ་བ་ལ་སོགས་པའི་བྱ་བ་རྗེས་སུ་ རྟོགས་པར་བྱ་བཞིན་པ་ཉིད་ཀྱི་ཕྱིར་རོ། །ཡང་ན་མི་གསལ་བ་ནི་ས་ལ་སོགས་པའི་ངོ་བོས་གསལ་བ་ནི་རླུང་གི་ངོ་བོས་སོ། །འདུས་པའི་རྒྱུད་ཕྱི་མར་ཡང་དོན་འདི་ཉིད་གསལ་བར་གསུངས་ཏེ། ཡེ་ཤེས་ལྔའི་རང་བཞིན་ཞེས་བྱ་བ་ལ་སོགས་པ་ལ་སྟེང་དུ་གནས་པ་ཡེ་ཤེས་ལྔའི་ རང་བཞིན་གྱི་དབུགས་སོ། །འདི་དག་གང་གི་ཚེ་འོག་ཏུ་རབ་ཏུ་རྒྱུ་བར་གྱུར་པ་དེ་ཉིད་འབྱུང་བ་ལྔའི་རང་བཞིན་ཏེ། ས་ལ་སོགས་པའི་བདག་ཉིད་ཅན་ཏེ། དབང་པོ་གཉིས་མཉམ་པར་སྦྱོར་བ་ལ་ནང་གི་བདག་ཉིད་ཅན་གྱི་ཤེས་རབ་དང་ཐབས་སྙོམས་པར་ཞུགས་པའི་དགའ་བས་མཆོག་ཏུ་ བསྐུལ་བས་ཡན་ལག་མཐའ་དག་འདོད་ཆགས་ཆེན་པོའི་མེས་ཞུ་བར་གྱུར་པའི་རང་བཞིན་རྡོ་རྗེའི་བུ་གནས་གོང་བུའི་གཟུགས་ཀྱིས་ཕྱུང་ནས་ཏེ། བྱང་ཆུབ་ཀྱི་སེམས་ཐིག་ལེའི་གཟུགས་ཀྱིས་པདྨའི་སྣའི་རྩེ་མོར་ལྟུང་བར་བྱེད་དོ། །འདི་ནི་སྲིད་པ་སྐྱེ་བའི་རིམ་པ་སྒོམ་པར་བྱེད་པ་པོ་ རྣམས་ཀྱི་དེ་བཞིན་གཤེགས་པས་ཡུངས་ཀར་གྱིས་སྒྲས་བརྡར་བྱས་པའོ། །རྒྱུད་དུ་གསུངས་པ་ཡང་། བདུད་རྩི་ཁུ་བ་ཞེས་བཤད་དེ། །དེ་ལས་འགྲོ་བ་གསུམ་རྣམས་སྐྱེས། །ཞེས་སོ། །ཁ་དོག་ལྔ་ཞེས་བྱ་བ་ལ་སོགས་པ་ནི་དེ་ཉིད་སྟེང་དུ་རབ་ཏུ་འཇུག་པའི་དབུགས་དེ་བཞིན་གཤེགས་ 35-1-171b པ་ལྔའི་བདག་ཉིད་ཅན་ནོ། །དེ་ཉིད་ཀྱི་ཕྱིར་རིན་ཆེན་ཆེན་པོའོ། །སྲོག་ནི་འཚོ་བའོ། །རྩོལ་བར་བྱེད་ཅིང་རིང་དུ་སྤྲོ་བར་བྱེད་པ་གང་ཡིན་པ་དེ་ནི་སྲོག་གི་རྩོལ་བའི་རླུང་ཞེས་བྱ་བར་བཤད་དེ་ལྷག་པར་རྟོགས་པའོ། །དེ་ཉིད་འཇུག་པ་ལ་སོགས་པའི་རང་བཞིན་གྱིས་ཉིན་མཚན་དུ་ཟློས་བཞིན་པ་ཉིད་ཀྱི་ཕྱིར་ རང་སྔགས་ཞེས་པ་ཧཱུཾ་ཡིག་སྙིང་གར་བསམས་ནས་ཧཱུཾ་ཡིག་ལས་བྱུང་བའི་ནཱ་ད་མི་ཤིགས་པ་ཞེས་བྱ་བ་ཨ་ཡིག་ཕྲ་མོ་ཐིག་ལེའི་རྣམ་པའོ། །སེམས་ནི་ཐིག་ལེར་གྱུར་པར་དགོད། །ཅེས་པ་ནི་སེམས་དེར་གྱུར་པར་བྱས་ནས་བསྒོམ་པར་བྱའོ་ཞེས་དགོངས་སོ། །འདིར་ཇི་ལྟར་སྲོག་ གི་སྒྲས་སེམས་རྣམ་པར་བརྗོད་པར་བྱ་ཞེན་སྲོག་དང་སེམས་དང་འཚོ་བ་ཞེས་པ་རྣམ་གྲངས་སོ། །གང་གི་ཕྱིར་སྲོག་སེམས་གང་ཡིན་པ་ལས་བློ་གྲོས་སུ་རྒྱུད་དུ་གསུངས་པའི་ཕྱིར་རོ། །འདིས་སྦྱོར་བ་ཡན་ལག་དྲུག་གི་ནང་ནས་ནི་སྲོག་རྩོལ་གྱི་ཡན་ལག་ཅེས་བྱ་བར་གསུངས་པ་ ཉིད་རྡོ་རྗེ་བཟླས་པའི་རིམ་པར་རོ། །རིམ་པ་གཞན་རྣམས་སུ་ཡང་སོ་སོར་སྡུད་པ་ལ་སོགས་པའི་སྦྱོར་བ་ཡན་ལག་ལྔའི་བཤད་པ་སྦྱོར་བར་བྱེད་པ་མངོན་པར་མ་བརྗོད་པ་ནི་གཞུང་རྒྱས་པས་འཇིགས་པའི་ཕྱིར་རོ། །གལ་ཏེ་དེ་རྣམས་སུ་སྦྱོར་བ་མངོན་དུ་འདོད་པ་ཡོད་པ་ན། དེའི་ཚེ་ སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པར་དེ་མ་ལུས་པའི་བཤད་པ་གསུངས་པས་རྣལ་འབྱོར་པ་རྣམས་ཀྱིས་དེ་ལས་རྟོགས་པར་བྱས་ནས་སྦྱར་བར་བྱའོ། །འདིའི་ཡང་སླར་རྒྱས་པར་བཤད་པ་རྡོ་རྗེ་ཕྲེང་བ་ཞེས་བྱ་བའི་བཤད་པའི་རྒྱུད་དུ་གསུངས་ཏེ། སྣ་རྩེ་ཞེས་ བྱ་བ་ལ་སོགས་པ་ནས། ནང་གི་དུས་ནི་ཡིན་པར་བཤད། །ཅེས་པའི་མཐར་ཐུག་པར་རོ། །འདི་ནི་སྔར་རྒྱས་པར་བཤད་པའི་རྣམ་པར་བཤད་པར་སླར་རྒྱས་པར་བཤད་པས་རྣམ་པར་བཤད་པར་བྱ་སྟེ། སྣ་རྩེར་ཡུངས་ཀར་ཞེས་བྱ་བ་ལ་སྲོག་གི་རྩོལ་བའི་རླུང་གི་བརྟག་པའོ། ། སངས་རྒྱས་ལྔའི་རང་བཞིན་ལས་སྲོག་གི་རྩོལ་བའི་རླུང་ལ་གནས་པ་དེ་ཉིད་འོད་ལྔ་རྣམས་སྲོག་གི་རྩོལ་བར་གྱུར་ནས་སྟེང་གི་སྣ་ལས་ཏེ་སྟེང་གི་སྣའི་རྩེ་མོར་སྲོག་གི་རྩོལ་བའི་བུ་གནས་ངེས་པར་བྱུང་སྟེ་ལྡང་བ་ལ་སོགས་པའི་རིམ་པ་ངེས་པར་འབྱུང་བ་གཡོན་པ་དང་གཡས་པ་ལ་ 35-1-172a སོགས་པའི་དབྱེ་བ་ལས་རྣམ་བཞིར་འགྱུར་ཞེས་པ་དེ་ཉིད་རྣམ་པ་བཞིར་འགྱུར་རོ། །འདིས་ནང་གི་དུས་ཀྱང་ཡིན་པར་བཤད་དེ་ལྷག་པར་རྟོགས་སོ། །སྣ་རྩེར་ཡུངས་ཀར་བརྟན་པར་བྱ་ནི་མདོར་བསྟན་པའི་ཚིགས་སུ་བཅད་པའི་སྔ་མས་བཤད་པ་གཅིག་མངོན་ པར་བརྗོད་དོ། །བཤད་པ་གཉིས་པ་དེ་རུ་དྲངས་ནས་བར་མའི་སྒོམ་པ་པོས་ཁོང་དུ་ཆུད་པར་བྱའོ། །དེ་གསུངས་པ། སྣ་རྩེར་ཡུངས་ཀར་བསམ་པར་བྱ། །ཞེས་བྱ་བའི་རྡོ་རྗེའི་ཚིག་འདིའི་དོན་ནོ། །འདིས་རླུང་གི་དེ་ཁོ་ན་ཉིད་དང་སྔགས་ཀྱི་དེ་ཁོ་ན་ཉིད་བསྟན་པར་འགྱུར་རོ། །འགྲོ་ མི་འགྲོ་བཅས་ཡུངས་ཀར་ལ། །ཞེས་པ་ནི་ཡུངས་ཀར་ལ་སྟེ་ཕྲ་མོ་རླུང་གི་ཁམས་ལ་རྟེན་དང་བརྟེན་པར་གྱུར་པ་འགྲོ་བ་དང་མི་འགྲོ་བ་དང་བཅས་པ་ནི་རྣམ་པར་ཤེས་པ་གསུམ་བྱང་ཆུབ་ཀྱི་བདག་ཉིད་བསམ་པར་བྱ་སྟེ་རྣམ་པར་ཤེས་པར་བྱའོ། །འདི་ནི་དེ་ཁོ་ན་ཉིད་བསྒོམ་པར་བྱའོ། ། ཡེ་ཤེས་གནས་ནི་ཉམས་དགའ་བ། །གསང་ཆེན་ཡེ་ཤེས་ཀྱིས་བརྟགས་པ། །ཞེས་པ་ནི་ཡེ་ཤེས་གནས་ཏེ་རླུང་དང་རྣམ་པར་ཤེས་པའི་ལུས་འདི་ཉིད་གནས་མཐར་ཐུག་པའི་ཉམས་དགའ་བ་སྟེ་རྟོག་པའི་རྣལ་འབྱོར་པ་རྣམས་ཀྱི་ཡུལ་མ་ཡིན་པ་འོད་གསལ་བའི་ཡེ་ཤེས་ཀྱི་རང་བཞིན་ ཡིན་པའི་ཕྱིར་རོ། །ཡེ་ཤེས་ཀྱིས་བརྟགས་པ་ཞེས་པ་འདིས་ལྷའི་དེ་ཁོ་ན་ཉིད་གསུངས་སོ། །བཤད་མ་ཐག་པའི་ཡེ་ཤེས་ལྔའི་རང་བཞིན་འོད་ཟེར་ལྔ་རྣམས་གང་ཡིན་པ་དེ་རྣམས་ཅི་ལས་འོངས་ནས་སྟེང་གི་སྣ་ལ་རྒྱུ་བར་བྱེད་དོ་ཞེས་མི་ཤེས་ཏེ། དེའི་དོན་དུ་ལྐོག་མ་ཞེས་བྱ་བ་ལ་ སོགས་པ་གསུངས་ཏེ་གོ་སླའོ། །འོན་ཀྱང་འདིར་ལྐོག་མ་ལ་སོགས་པ་དཀྱིལ་འཁོར་བཞིའི་རླུང་རྒྱུ་བའི་རྣམ་གཞག་བསྟན་པ་ནི་ལུས་ལ་ལྟོས་པས་མི་རྒྱུ་བའི་རིམ་པས་རྒྱུ་བའི་རིམ་པ་ནི་གཞན་དང་འདྲ་བ་ཉིད་དོ། །སློབ་དཔོན་ཟླ་བ་གྲགས་པའི་ཞབས་ཀྱིས་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པར་ བཤད་དེ་གསུངས་པ། སྙིང་གར་ཆུ་ཡི་དཀྱིལ་འཁོར་རོ། །ལྐོག་མར་མེ་ཡི་དཀྱིལ་འཁོར་རོ། །གསང་བར་དབང་ཆེན་དཀྱིལ་འཁོར་རོ། །ལྟེ་བར་རླུང་གི་དཀྱིལ་འཁོར་ཏེ། །འདི་རྣམས་ཆུའི་དཀྱིལ་འཁོར་ལ་སོགས་པའི་འོད་ཟེར་དང་ལྡན་པ་ལུས་ཐམས་ཅད་ལ་གནས་པའོ། །འདི་ 35-1-172b རྣམས་འབྱུང་བ་ན་ནི་ཞི་བ་ལ་སོགས་པའི་རིམ་པའི་དབྱེ་བ་ལ་བརྟེན་ནས་དབུགས་འབྱུང་བ་དང་རྔུབ་པའི་རིམ་པས་འགྲོ་བ་དང་འོང་བ་ཁྱད་པར་དུ་སྟོན་ཅིང་དཀྱིལ་འཁོར་བཞིའི་འཇུག་པའི་རིམ་པ་ནི་གོ་རིམས་ཇི་བཞིན་ཏེ་རིམ་པའི་རིམ་པ་ལས་མ་འདས་པས་ཐུན་ཕྱེད་ཀྱི་དུས་སུ་གནས་པ་ སྟེ་རྣམ་པར་རྒྱུའོ། །ད་ནི་དཀྱིལ་འཁོར་འབབ་པའི་ཁ་དོག་གི་དབྱེ་བས་ལྷའི་ངེས་པ་ནི་རྩ་བ་ཉིད་ལས་གསལ་ལོ། །གཡས་པ་ཞེས་བྱ་བ་ལ་སོགས་པ་ནས། རྣལ་འབྱོར་བྱིས་པས་རྟོགས་བྱ་མིན། །ཞེས་པའི་མཐར་ཐུག་པ་ནི་གོ་སླའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི། དེ་ལྟར་མདོར་བསྟན་པ་དང་རྒྱས་པར་བཤད་པ་ལ་སོགས་པའི་རིམ་པས་རླུང་གི་དེ་ཉིད་སོ་སོར་བསྟན་ནས་ད་ནི་སྔགས་ཀྱི་དེ་ཉིད་བསྟན་པར་བྱ་སྟེ། དེ་ལ་ཐོག་མར་རེ་ཞིག་སྔགས་རྣམ་པ་བཞིའི་དེ་ཉིད་མདོར་བསྟན་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ ཀྱི་གསང་ཆེན་ཞེས་པ་ནི་ཨོཾ་ཨཱཿཧཱུཾ་ཞེས་སོ། །ཡི་གེ་གསུམ་པོ་གང་ཡིན་པ་འདི་ལས་བྱུང་བ་ཉིད་ཀྱི་ཕྱིར་ཉེ་བར་དམིགས་པ་ཞེས་པ་ལྷའི་གཟུགས་སོ། །སྔགས་ཐམས་ཅད་ཀྱི་སྙིང་པོ་ཀུན་དུ་སྐུལ་བར་བྱེད་པ་ཞེས་བྱ་བའོ། །མཆོག་ཏུ་གསང་བ་ཞེས་བྱ་བ་ནི་སྔགས་དེ་ཉིད་ཀྱི་རང་བཞིན་མེད་པ་ བསྟན་པ་ལས་རང་བཞིན་མེད་པ་དོན་དམ་པ་བྱང་ཆུབ་ཀྱི་སེམས་སོ། །ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཚིག་གི་ལམ་ངེས་པར་བརྗོད་པས་སྔགས་བསྡུས་པ་འདི་ལྟ་བུ་གསུངས་སོ་ཞེས་པ་ནི། ཨོཾ་ཨཱཿཧཱུཾ་ཞེས་པ་འདི་བརྗོད་པ་ལས་ཚིག་གིས་བརྗོད་པའོ། །དོན་རྟོགས་པའི་ཞེས་ བྱ་བ་ལ་སོགས་པ་ནི་ཨོཾ་ཡིག་ལ་སོགས་པ་རྣམས་ཀྱི་དོན་འཇུག་པ་ལ་སོགས་པའོ། །དེའི་རྗེས་སུ་རྟོགས་པས་ནི་དེའི་རྗེས་སུ་འབྲངས་པས་བཟླས་པ་བྱས་པ་གང་ཡིན་པའོ། །རྒྱུ་དེས་ན་ངོ་བོ་ཉིད་མེད་པ་སྟེ་མི་ཤིགས་པས་མཛེས་པ་བར་ཆད་མེད་པར་སྤྲོ་བའི་གཟུགས་ཀྱིས་སོ། །དུས་ གསུམ་སངས་རྒྱས་ཀྱི་ནི་དུས་གསུམ་དུ་བཞུགས་པའི་སངས་རྒྱས་དེ་བཞིན་གཤེགས་པ་རྣམས་ཀྱིའོ། །བརྟགས་པ་ནི་ངེས་པར་བརྟགས་པས་ཡོངས་སུ་ཤེས་པ་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མི་ཤིགས་པའི་ངོ་བོས་ཁོང་དུ་ཆུད་པའོ། །འདིས་སྔགས་ཀྱི་དེ་ཉིད་མཚོན་པས་ 35-1-173a བསྟན་པར་འགྱུར་རོ། །སྔགས་རྣམ་པ་བཞིའི་ནང་དུ་ནི་དངོས་སུ་མཚོན་པའི་སྔགས་སྟོན་པར་བྱེད་དོ། །ཅི་ལྟར་ཞེ་ན་ངག་རྣམ་པར་དབེན་པའི་སྐབས་ཡིན་པའི་ཕྱིར་རོ། །སྤྱོད་བསྡུས་སུ་གསུངས་པ་ཡང་། ངག་རྣམ་པར་དབེན་པའི་མཐར་ཐུག་རྡོ་རྗེ་ བཟླས་པ་ཙམ་ཡོངས་སུ་ཤེས་པ་ཞེས་སོ། །རྡོ་རྗེ་ནི་རླུང་ངོ་། །དེའི་བཟླས་པའོ། །ཡང་ན་རང་བཞིན་གྱིས་བཟླས་པ་ཉིད་ཡིན་པའི་ཕྱིར་གཞན་རྣམས་ཀྱིས་མཉན་པར་བྱ་བཞིན་པ་མ་ཡིན་པའི་བཟླས་པ་ནི་རྡོ་རྗེ་བཟླས་པ་དེ་བརྗོད་པར་བྱ་སྟེ། སློང་མོ་ཟ་ཞིང་ཞེས་བྱ་བ་ལ་སོགས་པ་ ལ་སློང་མོ་ཟ་བར་བྱེད་པའི་ངང་ཚུལ་གྱིས་བཟླས་པར་མི་བྱ་སྟེ་རྣམ་པར་བལྟ་བར་མི་བྱའོ། །སློང་མོ་ཟ་བ་ནི་ཉེ་བར་མཚོན་པའི་དོན་ཡིན་ཏེ། དེའི་ཕྱིར་སློང་དུ་འགྲོ་བ་དང་འདྲ་བར། ཡོངས་སུ་ཚོལ་བ་ལ་སོགས་པ་དམན་པ་ལ་འཇུག་པའི་དོན་དུ་གཉེར་བ་གཞན་རྣམས་ཀྱང་བཟླས་པར་ མི་བྱའོ། །སློང་ལའང་དགའ་བར་མི་བྱའོ། །སློང་བ་ཞེས་པ་ནི་ཟས་ཉེ་བར་མཚོན་པ་སྟེ། སློང་ལ་དགའ་བར་མི་བྱ་སྟེ་ཟས་ལ་རབ་ཏུ་ཆགས་པར་མ་གྱུར་པར་ཇི་ཙམ་དུ་ལུས་གནས་པར་འགྱུར་བ་དེ་ཙམ་དུ་ཆོག་ཤེས་དང་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་སྤྱད་པར་བྱའོ། །དེ་ལྟ་བུར་ གྱུར་པའི་སྤྱོད་པ་ལ་གནས་པའི་རྣལ་འབྱོར་པས་ཅི་ཞིག་བྱ་ཞེ་ན། བཟླས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ནི་ཡི་གེ་གསུམ་མོ། །ཡན་ལག་མ་ཉམས་པ་ཞེས་པ་ནི་ལྷའི་རྣལ་འབྱོར་མ་ཉམས་པའོ། །འདོད་པ་ཀུན་ལ་ལོངས་སྤྱོད་པར་བྱེད་པའི་སྔགས་པས་བཟླས་ པར་བྱའོ་ཞེས་པའོ། །ཡང་ན་སྔགས་ཀྱི་ངོ་བོ་ཉིད་ཀྱིས་རླུང་ངེས་པར་རྒྱུ་བར་བྱེད་པ་ནི། སླར་ཡང་སོ་སོར་འདི་ནི་རླུང་ངོ་འདི་ནི་སྔགས་སོ་ཞེས་དབྱེ་བས་རྣམ་པར་བརྟག་པར་བྱ་བ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །ཞེས་སོ། །མདོར་བསྟན་ པའི་ཆིག་གིས་རྒྱས་པར་བཤད་པ་སླར་རྒྱས་པར་བཤད་པ་དགོངས་པ་ལུང་སྟོན་པ་བཤད་པའི་རྒྱུད་དུ་གསུངས་ཏེ། དེ་ནས་སླར་གསོལ་བ་ཞེས་བྱ་བ་ལ་སོགས་པ་སླར་གསོལ་བ་འདེབས་པར་བྱེད་པའོ། །དཔལ་ལྡན་ནི་ཕྱག་ན་རྡོ་རྗེའོ། །རྣམ་པར་སྣང་མཛད་ཁྱབ་བདག་ཆེ། །ཞེས་ 35-1-173b བྱ་བ་ནི་རྡོ་རྗེ་སེམས་དཔའོ། །སྣ་ཚོགས་གཟུགས་ཅན་སེམས་འདི་ནི། །ཞེས་པ་འགྲོ་བའི་རང་བཞིན་གྱི་སེམས་སོ། །སེམས་ཅན་ཐམས་ཅད་ཉེ་བར་སྐྱེད་ནི་སེམས་ཅན་མཐའ་དག་སྐྱེད་པར་བྱེད་པའི་ཕྱིར་རོ། །སྐྱེས་པ་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟ་བུར་གྱུར་པའི་སེམས་རང་བཞིན་ མེད་པར་གྱུར་ཀྱང་སྐྱེས་པ་ནི་དང་པོར་སྐྱེས་པའོ། །ཅི་ལས་ན་བརྟེན་ནས་ཏེ་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་སོ། །དཔེར་ན་མེ་ལོང་གི་གཟུགས་བརྙན་བཞིན་ནོ། །འདིས་བྱ་བ་དང་བྱེད་པའི་དངོས་པོ་བཤད་པར་འགྱུར་རོ། །དེ་ལྟ་བུར་གྱུར་པའི་སེམས་ཉིད་ཀྱིས་རྗེས་སུ་མྱོང་བ་ ནི་རང་ཉིད་ཀྱིས་ལེགས་པར་མྱོང་བར་བྱས་ནས་ཡང་དག་པའི་བྱང་ཆུབ་ཀྱི་སེམས་ནི་བྱང་ཆུབ་ཀྱི་རང་བཞིན་ནོ། །མཁའ་དང་མཉམ་ནི་འདིར་ནམ་མཁའ་དང་མཚུངས་པའི་རྣམ་པར་བྱ་བའོ། །འགྲོ་བའི་དོན་ནི་མཛད་པ་པོ། །སྐྱེ་བོ་མཆོག་ལ་དེ་བསྟན་གསོལ། །ཞེས་བྱ་བ་ལ་ སོགས་པ་ནས། རབ་ཏུ་ཕྱེ་ནས་བཤད་པར་བྱ། །ཞེས་པའི་མཐར་ཐུག་པ་གོ་སླའོ། །མི་རྟོག་དོན་གྱི་དེ་ཉིད་ལས། །ཞེས་པ་ནི་བཅོམ་ལྡན་འདས་རང་ཉིད་ཀྱི་སྔགས་ཀྱི་རྒྱལ་པོ་བཞིར་བསྟན་པ་གང་ཡིན་པ་ནི། མི་རྟོག་དོན་གྱི་དེ་ཉིད་ལ་སྟེ་དོན་དམ་པ་ལས་སོ། །སྔར་མདོར་ བསྟན་པ་གང་ཡིན་པ་དེ་རྒྱས་པར་འཆད་པར་བྱེད་དོ་ཞེས། བརྗོད་དང་དམིགས་པར་བསྟན་པ་དང་། །བརྡར་གྱུར་དང་ནི་དོན་དམ་མོ། །ཞེས་གསུངས་སོ། །སླར་ཡང་འདི་ཉིད་ཀྱིས་བཤད་པ་ནི། ཚིག་བརྗོད་པ་ནི་ཐུན་མོང་སྟེ་ཞེས་བྱ་བ་ལ་སོགས་པར་རྒྱས་པར་རོ། །ཐུན་ མོང་ནི་རྗོད་པར་བྱེད་པར་རོ། །ཚིག་གཞན་གྱི་ནི་སྔགས་བཏུ་བའི་བར་མ་ཆད་པས་སླར་ཡང་རྒྱས་པར་འཆད་པར་འགྱུར་རོ། །དེར་དྲངས་ནས་ཆེས་གསལ་བར་མཁས་པས་ཁོང་དུ་ཆུད་པར་བྱའོ། །ད་ནི་བརྗོད་པའི་ཚིག་གིས་བཟླས་པ་བཏུ་བ་གསུངས་པ། དང་པོ་གཅིག་ཅེས་ བྱ་བ་ལ་སོགས་པ་སྟེ། ཨ་ཡིག་ལ་སོགས་པ་དབྱངས་བཅུ་དྲུག་པོ་རྣམས་ཀྱིས་ཞེས་པ་སྡེ་ཚན་གཅིག་གོ། །ང་ཉ་ཎ་ན་མ་ཞེས་པ་ནི་གཉིས་པའོ། །ང་ཉ་ཎ་ན་མ་སྤངས་ནས་ཀ་ལ་སོགས་པའི་ཡི་གེ་བཞིའི་སྡེ་ཚན་བདུན་དུ་གཟུང་བར་བྱའོ། །སྡེ་པ་དགུ་པོ་འདི་རྣམས་ཀྱི་དབུས་ན་ 35-1-174a འཇུག་བཞིན་པའི་དང་པོ་གཅིག་གི་ཡི་གེ་གང་ཡིན་པ་དེ་གཟུང་བར་བྱའོ། །གཅིག་ཀྱང་འདི་ཡིན་ཏེ། དེའི་རིགས་ཀྱི་ནང་དུ་གཏོགས་པའི་ཕྱིར་རོ། །དང་པོ་ཡང་ངོ་ཞེས་པས་དང་པོ་གཅིག་གི་དབྱངས་ཏེ་ཨི་ཡིག་གོ། །དང་པོར་བཀླག་པ་ཉིད་ཀྱི་ཕྱིར་རོ། །དེ་རྣམ་ པར་ཤེས་པར་བྱས་ནས་གཞན་གྱིས་ལྷན་ཅིག་ཡང་དག་པར་སྦྲེལ་ལོ། །འདི་སྡེ་ཚན་རྣམས་ཀྱི་དང་པོར་གྱུར་པའོ། །ཅི་ལྟར་ཞེ་ན་དེའི་དབུས་སུ་བཟུང་བ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་དང་པོར་བྱས་པ་ཟུང་དང་ཟུང་རྣམས་ཀྱི་དབུས་སུ་བྱས་སོ་ཞེས་པའི་དོན་ཏོ། །ནིའི་སྒྲ་ནི་རྐང་པ་རྫོགས་ པར་བྱེད་པ་ལའོ། །བཅུ་ཡིས་ཞེས་བྱ་བ་ལ་སོགས་པ་ནི་བཅུའི་སྒྲ་ནི་བཅུ་པོ་རྣམས་སུ་མངོན་པར་བརྗོད་པར་བྱའོ། །དེ་ལ་ཨ་ཡིག་ལ་སོགས་པ་ནས་ཧ་ཡིག་གི་མཐར་ཐུག་པ་དམན་པའི་ཡི་གེ་ལྔ་བཅུ་གཟུང་བར་བྱའོ། །བཅུ་པ་བཞི་རྣམས་གཅིག་ཉིད་དུ་བྱས་ནས་བཞི་བཅུར་ འགྱུར་རོ། །བཏུས་པའི་ཡི་གེ་དགུའོ། །བཅུ་པོ་འདི་རྣམས་ཀྱིས་མ་བཅིངས་པ་གང་ཡིན་པ་ནི་བཅིང་མེད་དོ། །ཡང་ན་བཅུའི་ནི་སྡེ་ཚན་བཅུ་རྣམས་ཀྱིས་མ་བཅིངས་པ་གང་ཡིན་པ་དེ་ནི་ཧ་ཡིག་ཏུ་ཤེས་པར་བྱའོ། །དེ་ཤེས་ཞེས་པ་ནི་གོ་སླའོ། །ད་ནི་དགུ་དབུས་ཞེས་པ་འདི་ ལ་དགུའི་སྒྲས་སྡེ་པར་འགྱུར་བ་ཨ་ཡིག་ལ་སོགས་པ་རྣམས་མངོན་པར་འདོད་དོ། །ཁ་ཅིག་གཞན་ཉིད་དོ་ཞེས་ཐེ་ཚོམ་ཟ་བ་བསལ་བར་འདོད་པས་གསལ་བར་བྱེད་པ་དབྱངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབྱངས་ནི་ཨ་ཡིག་ལ་སོགས་པ་རྣམས་སོ། །གསལ་བྱེད་ རྣམས་ནི་ང་ཉ་ཎ་ན་མ་རྣམས་དང་། དེའི་ལྷག་མ་རྣམས་གཟུང་བར་བྱའོ། །དང་ཡིག་ནི་ངེས་པར་གཟུང་བ་ལའོ། །དེ་ཉིད་ཀྱི་ཕྱིར་གྲངས་དགུས་ནི་རྗེས་སུ་འཇུག་པར་ཁོང་དུ་ཆུད་པར་བྱའོ། །དགུའི་སྒྲས་གང་ཡིན་པ་བརྗོད་དེ་དེའི་རྗེས་སུ་འགྲོ་བས་དགུའི་སྒྲ་ཀུན་དུ་སོགས་པ་ཞེས་ པའི་དོན་ཏོ། །ཅི་ཨ་ཡིག་དང་ཧ་ཡིག་འདི་དག་འབའ་ཞིག་ཏུ་ཟད་དམ་འོན་ཏེ་ཡི་གེ་གཞན་གྱིས་ཡང་དག་པར་བཅིངས་པ་ཡིན་ཞེ་ན། དེ་ཕྱིར་ཨས་བཅིངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨ་ཡིག་གིས་ཡང་དག་པར་བཅིངས་པ་ནི་ཨ་ཡིག་ཡང་དག་པར་ལྡན་པའི་ཀ་ལ་སོགས་ 35-1-174b པའི་ཡི་གེ་རྣམས་སོ། །ཕན་ཚུན་ཡང་དག་སྦྱོར་ལས་ནི་རྒྱུ་ལས་སོ། །འབྱུང་བའི་མཐའ་ཡིས་ཞེས་བྱ་བ་ལ་སོགས་པ་ནི་འབྱུང་བ་ཆེན་པོ་ལྔ་པོ་རྣམས་ནི་འབྱུང་བ་རྣམས་སོ། །འདིར་འབྱུང་བའི་སྒྲའི་རིམ་པའི་མཐའ་སྟེ་རིམ་པར་ཐ་སྙད་འདོགས་པ་བཞིན་ནོ། །དེས་ན་ཨུའི་ ཡི་གེ་ཐུང་དུ་ནི་འབྱུང་བའོ། །མཐའི་སྒྲ་ནི་གང་འབྱུང་བ་དང་ཉེ་བའི་དངོས་པོ་མངོན་པར་བརྗོད་པར་བྱ་བའི་རང་བཞིན་ཉིད་ཡིན་པའི་ཕྱིར་འབྱུང་བའོ་ཞེས་རྟོགས་པར་བྱའོ། །བརྗོད་པར་མངོན་པར་འདོད་པའི་ཕྱིར་མ་བསྒྲུབས་པས་ཀྱང་སྒྲ་རྣམས་ཀྱིས་རབ་ཏུ་འཇུག་སྟེ། ཨཱུའི་ཡི་གེ་རིང་པོ་ མཐའི་སྒྲས་གཟུང་བར་བྱའོ། །ཨཱི་ཡིག་ནི་མ་ཡིན་ནོ། །འབྱུང་བ་ཡང་དེ་ཡིན་ལ་མཐའ་ཡང་ངོ་ཞེས་འབྱུང་བའི་མཐའ་སྟེ། དེས་ཡང་དག་པར་ལྡན་པའོ། །བར་མ་ཆད་པར་འབྱུང་བའི་ཡི་གེ་གཉིས་ཀྱི་ཕ་རོལ་ལས་ཞེས་པ་ལྷག་མའོ། །ཆ་ཡི་དང་པོ་ཞེས་བྱ་བ་ལ་སོགས་པའི་ཆ་ ཡང་འདི་ཡིན་ལ་དང་པོ་ཡང་ངོ་ཞེས་པས་ཆའི་དང་པོའོ། །ཆ་ནི་ཆ་ཤས་བཅུ་དྲུག་སྟེ་རྣམ་པར་དག་པས་དབྱངས་བཅུ་དྲུག་གོ། །ཆ་དེ་རྣམས་ཀྱི་དང་པོར་བྱུང་བའི་ཡི་གེ་ནི་ཨ་ཡིག་གོ། །ཆའི་དང་པོ་བཅུ་དྲུག་འབའ་ཞིག་ཏུ་མ་ཟད་ཀྱི་གནས་པ་སྟེ་བཅུ་དྲུག་པོ་རྣམས་རྫོགས་པ་བཅུ་ དྲུག་གི་ཕ་རོལ་དུ་ཀུན་དུ་གནས་པའི་ཨཿཡིག་ཅེས་པའི་དོན་ཏོ། །ལྔ་པ་ལྔ་དང་ཡང་དག་ལྡན། །ཞེས་པ་ནི་ལྔ་གཅིག་གི་སྒྲས་ཡི་གེ་ལྔ་ལྔས་སྡེ་པ་ལྔར་བྱས་ནས་ལྔ་པ་གཟུང་བར་བྱ་སྟེ། སྡེ་པ་ལྔ་པ་དེའི་ལྔ་པ་མ་ཡིག་གོ། །དེས་ཡང་དག་པར་ལྡན་པ་ནི་ཀུན་དུ་འཁྱུད་པའོ། ། ཡང་ན་ལྔ་པ་ཕྱི་མའི་སྒྲས་ང་ཉ་ཎ་ན་མའི་སྡེ་པའི་མ་ཡིག་ལྔ་པར་འགྱུར་རོ། །དེས་ཡང་དག་པར་ལྡན་པའོ། །བཞི་ནི་གསུམ་དུ་ངེས་པར་སྦྱར། །ཞེས་པ་ནི་གསུམ་དང་གསུམ་ནི་གསུམ་དུ་སྟེ་གཅིག་ལྷག་མའོ། །བཞི་ཡང་ཡིན་ལ་གསུམ་དུ་ཡང་ཡིན་པ་ནི་བཞི་ནི་གསུམ་དུའོ། ། དེ་རྣམས་ཀྱིས་ངེས་པར་སྦྱར་བ་ནི་ངེས་པར་བཅིངས་པ་སྟེ་གནས་གསུམ་དུ་ཇི་ལྟར་རིགས་པར་ཞེས་པ་ལྷག་མའོ། །ཨ་ཧ་མཱི་ཡི་གེ་རྣམས་ནི་གསུམ་རྣམས་སོ། །དབུས་སུ་ཨ་ཡིག་གཉིས་དང་རྣམ་པར་བཅད་པ་མ་ཡིག་ཅེས་པ་བཞི་པོ་མཐའ་ཧ་ཡིག་དང་ཨུ་ཡིག་དང་མ་ 35-1-175a ཡིག་རྣམས་ནི་གསུམ་རྣམས་སོ། །ཡང་ན་ཨ་ཡིག་གཉིས་ལས་ཧ་ཡིག་གང་ཡིན་པ་ཡང་ངོ་། །འདི་རྣམས་ནི་ཡི་གེ་གསུམ་རྣམས་སོ། །འདི་རྣམས་ཀྱི་བར་རྣམས་སུ་ཡི་གེ་བཞི་རྣམས་ངེས་པར་སྦྱར་བར་བྱའོ། །ཨུ་ཡིག་དང་། ཨ་ཡིག་དང་། སུ་ཡིག་དང་ མ་ཡིག་དེ་རྣམས་ཅི་ཞིག་ཡིན་མ་ཡིག་གཉིས་ཀྱིས་སྐྱེད་པར་བྱེད་པ་མ་ཡིན་ནོ། །འདིར་ཇི་ལྟར་གཅིག་གིས་ཐ་སྙད་དུ་བྱ་ཞེ་ན། མ་ཡིག་ནི་དེའི་རང་བཞིན་ཅན་ཉིད་ཀྱི་ཕྱིར་རྗེས་སུ་དབྱངས་བཅས་ཞེས་ཏེ་དང་པོ་དང་ལྷག་མ་དག་གི་མ་ཡིག་གི་ནི་རྗེས་སུ་ང་རོའོ། །རིང་པོར་ བཅས་ནི་གཉིས་པའི་གནས་སུ་ཨ་ཡིག་གི་ཕ་རོལ་གྱི་ཨ་ཡིག་ལ་རིང་པོའོ། །ཡོན་ཏན་སྦྱོར་བ་ཕྱིས་དང་མཚུངས་ནི་ཨ་ཡིག་ནི་ཨུ་ཡིག་གིས་ལྷན་ཅིག་ཡོན་ཏན་ཨོ་ཡིག་གོ། །དང་པོར་རྗེས་སུ་ང་རོས་དང་པོ་རྣམས་སོ། །གསུམ་པའི་སྦྱོར་བ་ནི་ཧ་ཡིག་གིས་ཨུ་ཡིག་གིས་ཀྱང་ ངོ་གཉིས་པ་ལ་ནི་རྣམ་བཅད་ལས་ཕ་རོལ་མ་ཡིག་གི་དབྱིའོ། །ཡང་ན། ཡོན་ཏན་སྦྱོར་བ་ཕྱིས་དང་མཚུངས། །ཞེས་བྱ་བ་ནི་འདིར་ཕྱིས་པས་ཨུ་ཡིག་གི་དབྱི་བའོ། །ཅི་ལྟར་ཞེ་ན། ཨུ་ཡིག་ལ་ཨོའོ། །ཨའི་ཡི་གེ་ཨུའི་ཡི་གེ་ལ་ཨོ་སྟེ་ཕ་རོལ་ཡང་དབྱིའོ་ཞེས་པས་ཨུའི་ཡི་གེ་ དབྱིའོ། །ཨ་ཡིག་གིས་ཡི་གེའི་མཆོག་ཉིད་དུ་སོ་སོར་རྟོགས་པར་བྱེད་པ་ཐུང་ངུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཐུང་ངུ་ནི་ཨོའིའོ། །མ་ལུས་རབ་ཏུ་ངག་འཇུག་ལས་ནི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །དེ་དང་བྲལ་བས་ཅི་ཡང་བརྗོད་པར་མི་ནུས་སོ། །གཅིག་མིན་དུ་མའང་མ་ཡིན་ནོ། ། ཞེས་པ་ནི་ཡི་གེ་དུ་མ་རྣམས་སུ་སོན་པ་ཉིད་ཀྱི་ཕྱིར། གཅིག་པུ་ཅན་ཡང་མ་ཡིན་ནོ། །ཅི་ལྟར་གཅིག་ཡིན་ཞེ་ན། ཨ་ཡིག་ཙམ་གྱིས་རིགས་ཉིད་ཡིན་པའི་ཕྱིར་དུ་མའང་མ་ཡིན་ནོ། །ཡི་གེ་གང་ཞིག་ཅེས་བྱ་བ་ལ་སོགས་པ་ནི། ཨཱ་ལིའི་དེ་མ་ཐག་ཏུ་ཀཱ་ལིའི་རྗོད་པར་བྱེད་པའི་དོན་གྱི་ དབང་ལས་རྗོད་པར་བྱེད་པའི་ཕྱིར་རྒྱབ་དང་མངོན་དུ་ཕྱོགས་པར་འགྱུར་རོ། །ཡང་ན་གཉིས་ཀའི་ཨ་ཨཱ་ཀ་ཁ་ཞེས་པ་ཡང་བྱས་ནས་རིམ་པར་འཇུག་ཅིང་རྗོད་པར་བྱེད་པའི་ཕྱིར་རོ། །བུད་མེད་སྐྱེས་པ་མ་ནིང་སྟེ། །ཞེས་པ་ནི། རྀ་རཱྀ་ལྀ་ལཱྀ་སྤངས་པའི་ཨཱ་ལི་ནི་བུད་མེད་ཀྱི་མིང་ངོ་། །ང་ཉ་ཎ་ན་མ་ 35-1-175b སྤངས་པའི་ཀཱ་ལི་ནི་སྐྱེས་པའི་མིང་ངོ་། །ཨཱ་ལི་ཀཱ་ལི་དག་སྤངས་པ་གང་ཡིན་པ་དེ་ནི་མ་ནིང་ངོ་། །དེ་རྣམས་ཀྱང་ཞེས་པ་ནི་བརྗོད་པའི་ཡི་གེ་གང་ཡིན་པ་དེ་རྣམས་སླར་ཡང་མདོ་དང་ཁམས་ལ་སོགས་པའི་རིམ་པས་ཡོངས་སུ་བརྟག་གོ། །འོག་དང་སྟེང་དུ་ཡང་དག་ལྡན། །ཞེས་ བྱ་བ་ལ་སོགས་པ་ནི་འོག་ནི་མཐའི་ཧཱུཾ་ཡིག་གོ། །སྟེང་ནི་དང་པོའི་ཨོཾ་ཡིག་གོ། །དེ་དག་གིས་ཡང་དག་པར་ལྡན་པ་ནི་དོན་གྱི་དབང་ལས་བར་གྱི་ཨཱཿཡིག་གོ། །ཡི་གེ་གསུམ་པོ་འདི་དག་ཀློག་པའི་རིམ་པས་དང་པོ་དང་བར་དང་མཐར་གནས་སོ། །ཤེས་ནས་བློས་ནི་ངེས་སྦྱར་བྱ་ནི་བརྗོད་ པར་བྱ་བའོ། །སྔར་རྒྱས་པར་བཤད་པ་གང་ཡིན་པ་དེའི་སླར་ཡང་རྒྱས་པར་བཤད་པ་གསུངས་པ། བརྗོད་པ་ཡི་ནི་སྔགས་འདི་དག །དངོས་མེད་ངོ་བོ་ལས་འབྱུང་བའི། །དེ་ལས་ཡོངས་སུ་གྱུར་པའི་གཟུགས། །ལྷ་རུ་ཉེ་བར་དམིགས་པ་གང་། །བརྡ་ཡིས་དེ་ཉིད་གསུམ་ གནས་པ། །རང་བཞིན་བཟླས་པའི་མཚན་ཉིད་དོ། །ཨ་ཡིག་བསྟན་པ་ཞེས་བྱ་བ་ལ་སོགས་པ་སྟེ་འདི་ནི་འདིར་མན་ངག་སྟེ། ཨའི་ཡི་གེ་དེ་བཞིན་ཉིད་མི་ཤིགས་པ་སྒྲ་གསལ་བར་བྱེད་པ་སངས་རྒྱས་རྣམས་ཀྱི་སྙིང་པོ་གསང་ཆེན་དེ་ཁོ་ན་ཉིད་དུ་འགྱུར་རོ། །མཚན་ཡང་དག་པར་ བརྗོད་པར་ཡང་གསུངས་པ། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཞེས་སོ། །ཚིག་ཏུ་བརྗོད་པའི་སྔགས་འདི་དག །ཅེས་བྱ་བ་ལ་སོགས་པ་ནི། སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །ཞེས་པའི་མཐར་ཐུག་པ་འདི་དག་ཐམས་ཅད་དགོངས་པས་ བྱང་ཆུབ་ཀྱི་སེམས་མདོར་བསྟན་པའི་ཚིགས་སུ་བཅད་པ་སྟེ། རྣམ་པ་བཞིའི་སྔགས་ཀྱི་དེ་ཉིད་བཤད་པ་གང་ཡིན་པ་དེ་དྲངས་ནས་ཁོང་དུ་ཆུད་པར་བྱའོ། །དེས་ན་རྡོ་རྗེ་བཟླས་པ་འདིའི་ཉིན་མཚན་དུ་བཟླས་པའི་གྲངས་ལ་འཇུག་པར་བྱ་སྟེ། གོས་དཀར་ལ་སོགས་བཟླས་བཤད་པ། ། ཞེས་བྱ་བ་ལ་སོགས་པ་ལ་བྱིན་ཟ་ལ་སོགས་པའི་དཀྱིལ་འཁོར་ལ་བརྟེན་ནས་གལ་ཏེ་ཡང་རྗེ་བཙུན་གྱི་ཞབས་ཀྱིས་བཟླས་པ་བསྟན་ནོ། །དེ་བཞིན་དུ་ཡང་འཕགས་པ་ལྷའི་ཞབས་ཀྱིས་བཤད་པའི་སྤྱོད་པ་བསྡུས་པར་གསུངས་པ་ཡང་དག་པར་རབ་ཏུ་སྦྱིན་པའི་ཆེད་དུ་ཐོག་མར་རླུང་ 35-1-176a གི་དཀྱིལ་འཁོར་ལ་རིམ་པས་རྣལ་འབྱོར་པས་བསྒོམ་པར་བྱ་བ་ཅི་ཞེ་ན། དེ་ལ་རིམ་པ་ནི་འདི་ཡིན་ཏེ་སྣ་གཡོན་པ་ནས་ངེས་པར་འབྱུང་བའི་རླུང་གི་དཀྱིལ་འཁོར་དུ་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་བ་རླུང་གི་རང་བཞིན་རླུང་གི་དཀྱིལ་འཁོར་ལྗང་གུ་སྟེ་སྔོ་ བསངས་འོད་ཟེར་ནག་པོའི་རང་གི་ངོ་བོ་ཞེས་སོ། །འདིར་ཁྱད་པར་བརྗོད་པར་བྱ་སྟེ་ཟླ་བ་དང་ཉི་མ་དག་གི་འཕོ་བ་གཉིས་ཀྱི་གོ་རིམས་ཀྱིས་འཕོ་བར་བྱེད་པ་མཐོང་སྟེ། དེས་ན་སྐར་རྩིས་པའི་བསྟན་བཅོས་སུ་དབྱུ་གུ་དྲུག་ཅུས་འཇིག་རྟེན་རྣམས་ཀྱི་ཐ་སྙད་དོ། །དེ་ལ་བརྟེན་ནས་དབྱུ་ གུ་གཅིག་གི་བཞི་ཆས་རྐང་པ་གཅིག་ཏུ་འགྱུར་རོ། །ཆུ་སྲང་བཅོ་ལྔ་པོ་འདི་བཞི་འགྱུར་དུ་བྱས་ནས་ཆུ་སྲང་དྲུག་ཅུར་འགྱུར་རོ། །འདིས་དབྱུ་གུ་གཅིག་ཏུ་རྣམ་པར་གཞག་གོ། །ཆུ་སྲང་གཅིག་གིས་དབུགས་དྲུག་རྣམས་སོ། །དེ་བཞིན་དུ་རྐང་པ་གཅིག་གིས་དབུགས་དགུ་བཅུ་རྣམས་ སོ། །འདིར་སླར་ཡང་བཞི་འགྱུར་དུ་བྱས་ནས་དབྱུ་གུ་གཅིག་གིས་དྲུག་ཅུ་ལྷག་པའི་སུམ་བརྒྱའི་དབུགས་སུ་འགྱུར་རོ། །རྣམ་པར་དབྱེ་བ་འདིས་ཕྱེད་དང་བཅས་པའི་དབྱུ་གུ་གཉིས་འཕོ་བར་རྣམ་པར་གཞག་པའི་གྲངས་ཀྱིས་ཡོངས་སུ་འཕོ་བའི་ཡན་ལག་བཞིས་ཕྱེད་དང་བཅས་པའི་རྐང་ པ་གཉིས་སུ་བྱས་ནས་གོས་དཀར་མོ་ལ་སོགས་པའི་བརྒྱ་ཕྲག་གཉིས་དང་ཉི་ཤུ་ལྔའི་དབུགས་སུ་འགྱུར་རོ། །འདི་ཉིད་ཀྱིས་ཆུ་སྲང་ཇི་སྙེད་ཅིག་ཏུ་འགྱུར་ན། གང་དུ་ཆུ་སྲང་སུམ་ཅུ་སོ་བདུན་ཆུ་སྲང་གི་རྐང་པ་གཉིས་འདི་རྣམས་བཞི་འགྱུར་དུ་བསྒྲེས་པས། ཡང་དག་སྦྱོར་བཞིས་བརྒྱ་ ཕྲག་དགུ། །ཞེས་པ་བསྡུས་པའི་ཚད་ཀྱིས་སོ་སོར་བསྐྱེད་པའི་ཡོན་ཏན་དུ་རྣམ་པར་གཞག་པ་འཕོ་བ་ཉི་ཤུ་རྩ་བཞིའི་རིམ་གྱིས་ནི་འཕོ་བ་ཉི་ཤུ་རྩ་བཞི། དེས་ན་དཀྱིལ་འཁོར་དགུ་བཅུ་རྩ་དྲུག་ཏུ་འདུས་པ་རྣམས་ཀྱིས་མངོན་པར་འདོད་པའོ་ཞེས་སོ། །དྲང་བའི་དོན་གྱིས་སོ། །རྡོ་རྗེ་ བཟླས་པ་ཐོབ་ནས་ཀྱཻ་རྡོ་རྗེའི་རྒྱུད་དུ། མཚན་མོ་ལ་དབྱུ་གུ་མཉམ་པར་ཉིན་མོ་ལ་སྟེ་དབྱུ་གུ་དྲུག་ཅུ་རྩ་བཞིར་བཅོམ་ལྡན་འདས་ཀྱིས་བསྟན་པ་མ་ཡིན་ནམ། འདིར་དབྱུ་གུའི་སྒྲ་ནི་དཀྱིལ་འཁོར་དང་རྣམ་གྲངས་ཏེ། འཁོར་ལོ་བཞི་ལ་སྦྱོར་བར་བྱེད་པས་མངོན་པར་དགོངས་པས་དབྱུ་ 35-1-176b གུ་དྲུག་ཅུ་རྩ་བཞིར་ཡང་བཤད་པར་བྱའོ། །དཔལ་འདུས་པར་ནི་གཡོ་བ་ཉི་ཤུ་རྩ་བཞིའི་དབྱེ་བས་ལྷན་ཅིག་ཏུ་ཇི་ལྟར་མཚུངས་པར་རྣམ་པར་འཇོག་ཅེས་དྲིས་པའོ། །ཀྱེ་རྡོར་པ་རྣམས་ཀྱིས་མངོན་པར་འདོད་པའི་ལན་ནི་མཁས་པ་སྒོམ་པ་པོས་དཀྱིལ་འཁོར་བཞིའི་དབུས་སུ་ཡོངས་ སུ་འཕོ་བ་ནི་དཀྱིལ་འཁོར་ཡོངས་སུ་བརྗེ་བ་སྟེ་རིམ་པ་ཞེས་པ་དང་རྣམ་གྲངས་སུ་རྣམ་པར་གཞག་པར་རྟོགས་པར་བྱའོ། །ཅི་ལྟར་བྱས་པས་ཤེ་ན་འདིར་གསུངས་པ། ཕྱེད་དང་བཅས་པའི་དབྱུ་གུ་གཉིས་ཀྱི་འཕོ་བ་ནི་དབུགས་དགུ་བརྒྱར་འགྱུར་བ་ཉིད་དོ། །དབུགས་དགུ་བརྒྱས་འཕོ་བ་ ཞེས་བྱ་བ་སྟེ། ཐལ་བ་དེར་མི་འགྱུར་རོ། །ཅི་ལས་ན་ཇི་ལྟར་དབྱུ་གུའི་ཕྱི་རོལ་དུ་རྣམ་པར་གཞག་པ་དེ་བཞིན་དུ་ནང་ཞེས་པའི་རིགས་པ་ལས་སོ། །འཕོ་བའི་རིམ་པ་ནི་གཞན་དང་འདྲ་བ་ཉིད་དོ། །དེ་བརྗོད་པར་བྱ་སྟེ། དབྱུ་གུ་གཅིག་པ་ཆུ་སྲང་དྲུག་ཅུ་རྣམས་སུ་རྐང་པས་དམན་པའི་ཆུ་ སྲང་བཞི་མེད་པ་དེ་ངེས་པར་འདིའི་རྐང་པ་གཅིག་དང་ལྡན་པ་ཆུ་སྲང་དྲུག་ཅུ་ལྷག་པའི་ལྔ་བཅུ་ནི་ཆུ་སྲང་གཅིག་དཀྱིལ་འཁོར་དུ་གནས་སོ། །གང་དུ་ལྔ་བཅུ་དྲུག་དང་རྐང་པ་གཅིག་འདི་དག་བཞི་འགྱུར་དུ་བྱས་ནས་བརྒྱ་ཕྲག་གཉིས་དང་གཉིས་ཀྱི་ཆུ་སྲང་ངོ་། །ངེས་པའི་དོན་གྱིས་སོ། ། གང་དུ་ཉིས་བརྒྱ་ཉི་ཤུ་རྩ་ལྔའོ། །འདི་ཉིད་དབུགས་དྲུག་ཏུ་བྱས་ནས་སོ་སོར་བསྐྱེད་པས་བསྒྲེ་བའི་རིགས་པས་བསྒྲེས་པར་གྱུར་པ་ནི་ཕྱེད་དང་བཅས་པའི་བརྒྱ་ཕྲག་བཅུ་གསུམ་གྱི་དབུགས་སུ་འགྱུར་ཞེས་པ་བསྡུས་པའོ། །འདུས་པའི་ཕྱེད་དང་བཅས་པའི་འཕོ་བ་རྐང་པས་དམན་པའི་དབྱུ་ གུ་བཞིར་འགྱུར་རོ། །ཀྱཻ་རྡོ་རྗེ་བའིའོ། །བཞི་པོ་འདིའི་རྣམ་པར་དབྱེ་བས་རྐང་པ་ནི། རྐང་པས་དམན་པའི་དབྱུ་གུ་གཅིག་གི་དཀྱིལ་འཁོར་གྱི་དབུགས་གསུམ་གསུམ་བདུན་རྐང་པ་གཉིས་སོ། །གཞུང་འདི་ཙམ་གྱིས་ཐུན་ཕྱེད་ཀྱི་དུས་སུ་ཡོངས་སུ་ཐོབ་ནས་དཀྱིལ་འཁོར་བཞི་པོ་རྣམས་ཀྱི་རླུང་ འབབ་པ་སྣའི་བུ་ག་གཅིག་ཏུ་འཕོ་བས་འཕོ་བ་བཅུ་དྲུག་ཏུ་རྣམ་པར་གཞག་པ་ནི་ཀྱེའི་རྡོ་རྗེ་བ་རྣམས་ཀྱིའོ་ཞེས་འདོད་དོ། །འདི་ཉིད་ཀྱི་གཞན་སྣའི་བུ་ག་གཉིས་པ་ཉིད་དུ་དེ་འདྲ་བའི་རྣམ་པར་གཞག་པ་རྡོ་རྗེ་བཟླས་པའི་རྣལ་འབྱོར་པས་ཁོང་དུ་ཆུད་པར་བྱའོ། །འདིས་ཐུན་གཅིག་ཏུ་འགྱུར་རོ། །ཐུན་ 35-1-177a གཅིག་ལ་ནི་བཤད་པ་བྱས་པ་གང་ཡིན་པ་དེ་གཞན་ཐུན་བདུན་པོ་རྣམས་སུའང་མཁས་པས་ཁོང་དུ་ཆུད་པར་བྱའོ། །དགུ་བརྒྱད་དག་ཏུ་གང་བསྟན་པ། །ཉི་ཤུ་རྩ་བཞིར་རིམ་གྱིས་ནི། །དེར་ནི་སོ་སོར་བསྐྱེད་འབྱུང་བ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །ཞེས་ཏེ་དགུ་བརྒྱ་ཉིད་དུ་བསྟན་པ་ཉི་ཤུ་རྩ་བཞིའི་རིམ་པས་བསྒྲེ་བའི་རིགས་པས་བསྒྲེས་པར་འགྱུར་བ་ནི་ཁྲི་ཕྲག་གཉིས་དང་བརྒྱ་ཕྲག་བཅུ་དྲུག་ཏུ་འགྱུར་རོ། །གང་དུ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །འདིའི་ཆུ་སྲང་ནི་གང་དུ་སུམ་སྟོང་དྲུག་བརྒྱའོ། །དབྱུ་གུ་གཅིག་ཉིད་ལ་ཐུན་དུ་བསྒྲེ་བའི་རྣམ་པར་གཞག་ པས་དབྱུ་གུ་དྲུག་ཅུར་འགྱུར་རོ། །དཔལ་འདུས་པར་དབྱུ་གུ་ལྔར་བྱས་ནས་ཉིན་མོ་ལ་ཐུན་དྲུག་དང་མཚན་མོ་ལ་ཡང་ཐུན་དྲུག་རྣམས་སོ། །འདི་རྣམས་ཀྱིས་ཐུན་ཕྱེད་དུ་བྱས་ནས་ཉིན་མཚན་གྱི་ཉི་ཤུ་རྩ་བཞིའི་རིམ་པ་རྣམས་ཡང་དག་པར་བསྟན་པ་གང་ཡིན་པ་དེ་རྣམས་ཞི་བ་ཅན་ལ་སོགས་ པའི་ལས་རབ་འབྱམས་ཀྱི་དབྱེ་བས་ཁོང་དུ་ཆུད་པར་བྱའོ། །རྣལ་འབྱོར་གྱི་རྒྱུད་དུ་འཕོ་བའི་དབྱེ་བ་སྟོན་པར་བྱེད་པ་རྣམ་པ་སྣ་ཚོགས་པའི་ཚད་དུ་བཅོམ་ལྡན་འདས་ཀྱིས་བསྟན་ནོ། །རྣལ་འབྱོར་མའི་རྒྱུད་ཀྱིས་ལྷན་ཅིག་པའི་རྡོ་རྗེ་བཟླས་པའི་སོ་སོའི་བྱེ་བྲག་མེད་དོ། །ཕྱི་དང་ནང་གི་དུས་ཚོད་ རྣམ་པར་གཞག་པ་འདི་ལས་སླར་ཡང་དབྱུ་གུ་དྲུག་ཅུ་རྣམས་ཀྱི་ཕྱེད་དང་བཅས་པའི་དབྱུ་གུ་བདུན་གྱིས་ཐུན་དུ་བྱས་ནས་ཉིན་མཚན་གྱི་ཐུན་བརྒྱད་དུ་འགྱུར་རོ། །ཕྱེད་དང་བཅས་པའི་དབྱུ་གུ་བདུན་གྱིས་དབུགས་སུ་འགྱུར་ཞེ་ན་གང་དུ་ཉིས་སྟོང་བདུན་བརྒྱའོ། །འདིའི་ཆུ་སྲང་ནི་གང་དུ་བཞི་ཀའོ། ། འདི་ཉིད་བརྒྱད་པོ་རྣམས་ཀྱིས་བསྒྲེས་པས་གང་དུ་སུམ་སྟོང་དྲུག་བརྒྱའོ། །འདིར་ནི་ཁྱད་པར་བརྗོད་པར་བྱ་སྟེ་རྟེན་ཅིང་འབྲེལ་པར་འབྱུང་བར་དབྱུ་གུའི་རིམ་པས་གྲོ་བཞིན་གྱི་ཟླ་བ་ནས་རྒྱལ་གྱི་ཟླ་བའི་མཐར་ཐུག་པར་ལྷོར་བགྲོད་པའི་འཕོ་བས་ཀུན་དུ་ཁྱབ་པའོ། །དེས་དབྱུ་གུ་གཉིས་བྱས་ནས་ མཚན་མོའི་འཕེལ་བ་དང་ཉིན་མོ་ཡང་ཉམས་པའོ། །དེའི་རྗེས་སུ་མཆུའི་ཟླ་བ་ནས་ཆུ་སྟོད་ཀྱི་ཟླ་བའི་མཐར་ཐུག་པར་བྱང་དུ་བགྲོད་པའི་འཕོ་བས་ཀུན་ནས་ཁྱབ་པོ། །དེས་འདིར་དབྱུ་གུ་གཉིས་སུ་བྱས་ནས་ཉིན་མོའི་འཕེལ་བ་དང་མཚན་མོ་ཡང་ཉམས་པར་བལྟ་བར་བྱའོ། །འཇིག་རྟེན་དུ་ 35-1-177b འཕོ་བ་གཉིས་ཀྱི་དབུས་སུ་ནི་ཐ་སྐར་དང་ནག་པའི་ཟླ་བ་གཉིས་ལ་རབ་ཞུགས་པས། འདི་རོ་མཉམ་པ་ཉིད་ཀྱི་དབྱུ་གུ་གཉིས་ཀྱིས་འགྲོ་བ་པ་མེད་ཅིང་འཕེལ་བ་མེད་དོ་ཞེས་སོ། །འདི་དག་ཐམས་ཅད་གལ་ཏེ་ཡང་དབྱུ་གུའི་རིམ་པས་དོན་མདོར་བཤད་པའོ། །དེ་བཞིན་དུ་ཡང་ཉིན་ མཚན་གྱིས་ཁྲི་ཕྲག་གཉིས་དང་བརྒྱ་ཕྲག་བཅུ་དྲུག་གི་དབུགས་ཀྱིས་བྲལ་བར་ཡང་དག་པར་ཡོངས་སུ་ཤེས་པ་ནི་ཕྱི་རོལ་ལས་རྟོགས་པར་བྱ་བ་མ་ཡིན་ནོ་ཞེས་བསྟན་པའི་རྣམ་པར་གཞག་གོ། །འདིས་འདི་དག་གསུང་བར་འགྱུར་ཏེ། སྐར་རྩིས་པའི་བཏང་སྙོམས་སུ་དབྱུ་གུའི་རིམ་ པས་དུས་ཚོད་ཡོངས་སུ་ཤེས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་དབྱུ་གུའི་རིམ་པས་དུས་ཚོད་ཡོངས་སུ་ཤེས་པའོ། །གང་གཉི་གས་རྒྱུད་ཀྱི་ནང་གི་དུས་ཚོད་ཡོངས་སུ་ཤེས་པས་ལྷན་ཅིག་ཙམ་ཡང་མ་ཡིན་པ་ནི་འགལ་བར་འགྱུར་བ་མ་ཡིན་ནོ། །གཞན་དུ་ནི་རྣམ་པ་གཞན་དུ་གསུངས་ པ། དཀྱིལ་འཁོར་དྲུག་ལ་ལྟོས་ནས་བུ་ག་གཅིག་ཏུ་ཕྱེད་དང་བཅས་པའི་འཕོ་བ་འབབ་སྟེ། དེའི་རྗེས་སུ་འཕོས་ནས་བུ་ག་གཉིས་པར་དཀྱིལ་འཁོར་དྲུག་ལ་ལྟོས་ནས་ཕྱེད་དང་བཅས་པའི་འཕོ་བ་ཡང་ངོ་ཞེས་པ་ཉིན་མཚན་ཁ་སྦྱོར་གྱི་འཕོ་བ་རྣམ་པ་བཅུ་དྲུག་ཉིད་དུ་འགྱུར་རོ་ཞེས་པ་འདི་དག་རྣམ་པར་ བཤད་པའི་རིམ་པས་ནང་དང་ཕྱི་རོལ་ཡོངས་སུ་ཤེས་པ་མངོན་པར་བགྲོད་པས་ཡོངས་སུ་ངལ་བའོ་ཞེས་པ་ནི་གང་ཡིན་པ་འདི་དག་ནི་ཁ་ཅིག་གོ། །དཀྱིལ་འཁོར་རེ་རེ་ཀུན་དུ་སྤྱོད་པ་ལ་སླར་ཡང་ཐུན་མཚམས་བཞིའི་སྐད་ཅིག །འདུས་པ་ཕྱི་མར་བསྟན་པར་འདོད་ནས་རིག་པའི་ཞེས་བྱ་བ་ ལ་སོགས་པ་གསུངས་ཏེ། རིག་པ་ནི་གོས་དཀར་མོའི་བྱིན་ཟའི་དཀྱིལ་འཁོར་རོ་ཞེས་པའི་དོན་ཏོ། །འདིའི་གོ་རིམས་ཞེས་པ་ནི་ཚུལ་ལོ། །ཆོ་ག་འདིའི་ནི་ཇི་ལྟ་བ་བཞིན་དུ་ནན་ཏན་བྱེད་པ་དེས། ཐུན་མཚམས་བཞིར་ནི་རབ་སྦྱོར་ལས། །ཞེས་པ་འདིའི་དོན་ནི། སྣའི་བུ་གར་རླུང་གི་དཀྱིལ་ འཁོར་འབབ་པ་དང་བྲལ་བར་གྱུར་པ་ན། ཕྱི་ནས་མེའི་དཀྱིལ་འཁོར་རབ་ཏུ་འཇུག་སྟེ་འདི་དག་གི་དབུས་སུ་ཕྲ་མོའི་སྐད་ཅིག་ལྷག་པར་རྟོགས་པས་དཀྱིལ་འཁོར་བཞིའི་ཐུན་མཚམས་བཞི་ཞེས་བརྗོད་པར་བྱ་སྟེ་རབ་སྦྱོར་ལ་སྟེ་ལྷག་པར་རྟོགས་པ་ལས་སོ། །དེ་ཉིད་ཀྱི་ཕྱིར་སྔགས་ཡི་གེ་ 35-1-178a གསུམ་རླུང་གིས་ལྷན་ཅིག་པ་ཡན་ལག་མ་ཉམས་པ་སྟེ་སྔགས་ཀྱི་དབྱེ་བ་མི་བྱེད་པར་བཟླས་པར་བྱའོ་ཞེས་གནས་སོ། །ཡིག་གྲངས་འབུམ་གྱི་མཚན་ཉིད་ཅན། །ཞེས་ཏེ་གྲངས་རྣམ་པར་རྟོག་པ་བགྲང་བར་བྱའོ་ཞེས་པ་ཇི་སྲིད་པར་རོ། །ཕྱི་རོལ་བཟླས་པ་ ཞེས་བྱ་བ་ལ་སོགས་པ་ལ་ཕྱི་རོལ་བཟླས་པ་ནི་ངག་གི་བཟླས་པའོ། །སྤང་ནི་ཡོངས་སུ་སྤང་བར་བྱའོ། །རྣལ་འབྱོར་སྒོམ་པ་པོ་ཡི་ནི། །བར་ཆད་ཅན་ནི་རྡོ་རྗེ་བཟླས་པ་སྒོམ་པ་པོའི་བར་དུ་གཅོད་པའི་རྒྱུར་གྱུར་པའོ། །སྔགས་དོན་བཅོམ་ལྡན་རྡོ་རྗེ་ཅན། །སྔགས་དོན་ནི་རྡོ་རྗེ་བཟླས་ པའོ། །དེས་ན་རང་ཉིད་བཅོམ་ལྡན་ནོ། །རྡོ་རྗེ་ཅན་ནི་རྡོ་རྗེ་སེམས་དཔའི་རང་བཞིན་ནོ། །རྡོ་རྗེའི་བདག་ཉིད་ནི་སྔགས་དང་ལྷ་དག་དབྱེར་མི་ཕྱེད་པའི་ཕྱིར་རོ། །ནིའི་སྒྲ་ཡང་ནི་སླར་ཡང་གི་དོན་ལའོ། །ཅི་ལྟར་ཟློས་ནི་ངག་གི་བཟླས་པ་སྔགས་ཚིག་ཏུ་བརྗོད་པར་མི་བྱེད་དེ་ཞེས་མངོན་པར་ འདོད་དོ། །འདི་དག་ཉིད་དཔེའི་སྒོ་ནས་སོ་སོར་བསྟན་པར་བྱ་བའི་ཕྱིར་གླང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གླང་པོ་རྙེད་པ་སྟེ་ཐོབ་པའི་མོད་ལ་སྟེ་སྐད་ཅིག་ལས་གླང་པོའི་རྗེས་ནི་ཚོལ་བར་བྱེད་དེ་གང་གིས་གླང་པོ་ཆེ་རྙེད་པ་དེས་གླང་པོའི་རྗེས་ཅི་ཞིག་ཚོལ་བར་བྱེད་ཅེ་ན་བདེན་ཏེ་ ཚོལ་བར་མི་བྱེད་དོ། །དེའི་ཕྱིར་སྔགས་ལུས་ཏེ་སྔགས་ཡི་གེ་གསུམ་བསྐྱེད་ཅིང་རྫོགས་པའི་སྐུ་ནི་སྔགས་ལུས་སོ། །དེ་ཉིད་ཀྱི་ཕྱིར་ཉེ་བར་དམིགས་པར་བཤད་པའི་རྡོ་རྗེ་བཟླས་པ་དང་ལྡན་པའོ། །རང་ཉིད་ནི་རྣལ་འབྱོར་པའོ། །མངོན་གྱུར་ནས་གཞན་ཅི་ཞིག་ཚོལ་བར་བྱེད་ དེ་སྔགས་ཚིག་ཏུ་རྗོད་པར་མི་བྱེད་དོ་ཞེས་གནས་སོ། །འདིར་ཡང་ནིའི་སྒྲ་ནི་སླར་ཡང་གི་དོན་ལའོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པ་ལས་མི་ཟད་པའི་སྒྲ་ནི་ངེས་པས་གཟུང་བ་ལ་འཇུག་གོ། །རྡོ་རྗེ་འཛིན་གང་ཞིག་སྦྱོར་གསུམ་དོན་དང་ལྡན་པའི་མི་ནི་སེམས་དཔའ་གསུམ་དང་ལྡན་ པའི་སྔགས་པ་རླུང་གི་འཇུག་པ་དང་གནས་པ་དང་འབྱུང་བ་རྣམ་པར་བལྟ་བར་བྱ་སྟེ། གུས་པ་དང་བཅས་པས་བར་ཆད་མེད་པར་དུས་ཡུན་རིང་པོར་གོམས་པའི་སྦྱོར་བས་སོ། །ཅི་ཞིག་ནི་མི་སྟེ་རྡོ་རྗེ་འཆང་ཉིད་དུ་འགྱུར་རོ། །སྤྱན་དྲང་ཞེས་བྱ་བ་ལ་སོགས་པ་ནི་མདོར་བསྟན་པའོ། ། 35-1-178b རབ་ཏུ་འཇུག་པར་སྤྱན་དྲངས་ཏེ། །ཞེས་བྱ་བ་ལ་སོགས་པས་རྒྱས་པར་བཤད་པས་གསལ་ལོ། །མྱུར་བ་དང་ནི་རྣམ་སྡུད་དང་། །ངལ་བར་བཤད་དང་སྔགས་སྦྱོར་བ། །ཞེས་པ་ནི་ཚིག་གསུམ་པོ་རྣམས་སུ་ཇི་ལྟར་རིགས་པས་ཡི་གེ་གསུམ་སྦྱོར་བ་བྱེད་པར་བྱའོ། །རྣ་དྲུང་དུ་ ནི་ཞེས་བྱ་བ་ལ་སོགས་པ་ནས། དེ་འདིར་གསང་ཞིང་དགོངས་པ་ཡིས། །ཕྲ་མོའི་སྦྱོར་བ་བཤད་པ་ཡིན། །ཞེས་པའི་མཐར་ཐུག་པ་ནི་རྩ་བ་ཉིད་ལས་རྟོགས་པར་སླའོ། །བསམ་གཏན་ཁ་ཏོན་མེད་མོད། །ཞེས་པ་ལ་བསམ་གཏན་ནི་རླུང་ལ་རྣམ་པར་ལྟ་བར་བྱེད་པས་མཉམ་ པར་གཞག་པའི་སེམས་སོ། །ཁ་ཏོན་ནི་ཚིག་ཏུ་བརྗོད་པའི་བཟླས་པའོ། །འདི་དག་དང་བྲལ་བའི་འཇིག་རྟེན་ནི་རང་བཞིན་བཟླས་པའི་མཚན་ཉིད་ཡིན་པ་ཉིད་ཀྱི་ཕྱིར་རོ། །འདིས་ནི་ཞེས་བྱ་བ་ལ་སོགས་པ་ནི་བརྗོད་པའི་རྡོ་རྗེ་བཟླས་པའི་རིམ་པ་འདིས་ནི་ཆོ་ག་ཇི་བཞིན་ཏེ། རིམ་པ་ ལས་མ་འདས་པས་བསྟེན་པ་སྟེ་གོམས་པར་བྱས་ནས་ཞི་བ་ཅན་ལ་སོགས་པའི་ལས་རྣམས་ཐམས་ཅད་རྡོ་རྗེ་བཟླས་པའི་སྒོམ་པ་པོས་རྡོ་རྗེ་བཟླས་པའི་ཏིང་ངེ་འཛིན་གྱིས་བསྒྲུབ་པར་བྱའོ། །འདི་དག་སླར་ཡང་གསལ་བར་གསུངས་པ། གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་ བ་རྣལ་འབྱོར་ཆེན་པོའི་རྒྱུད་དུ། མཉམ་མེད་སྔགས་ནི་བཟླས་ནས་ནི། །ཞེས་བྱ་བ་ལ་སོགས་པ་སྟེ། གང་དང་མཚུངས་པ་ཡོད་པ་མ་ཡིན་པ་དེར་འགྱུར་བ་ནི་མཉམ་མེད་དོ། །གུས་པ་དང་བཅས་པས་གོམས་པའི་སྦྱོར་བས་མཉམ་མེད་སྔགས་བཟླས་ནས་སོ། །དེའི་ཚེ་ཅིར་འགྱུར་ཞེ་ན། བརྒྱ་ཕྲག་བཅུ་དྲུག་གི་རླུང་སེམས་ལ་ཐིམ་པར་འགྱུར་རོ། །གང་གི་ཚེ་སེམས་ལ་རླུང་ཐིམ་པ་དེའི་ཚེ་སྣའི་བུ་གར་འཇུག་པ་ལ་སོགས་པའི་གོ་རིམས་ཀྱིས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན། དཀྱིལ་འཁོར་བཞི་པོ་ཆེས་གསལ་བར་མཐོང་ཞིང་ཡང་དག་པར་རྟོགས་པ་ལས་སོ་ཞེས་ བསྒྲུབ་པར་བྱའོ། །སྒྲུབ་པའི་བདག་ཉིད་ཅན་ནི་སྒོམ་པ་པོ་རྣལ་འབྱོར་པ་དེའི་ཁམས་གསུམ་ཉིད་དེ་ལུས་དང་ངག་དང་སེམས་བརྫུན་པ་འགྲུབ་པར་གདོན་མི་ཟའོ་ཞེས་སོ། །དཀྱིལ་འཁོར་བཞི་པོ་ཆེས་གསལ་བར་བསྟན་པ་མངོན་པར་བརྗོད་ནས། ད་ནི་ལྷག་མ་དབུགས་ཁྲི་ཕྲག་གཉིས་ 35-1-179a སེམས་ལ་སླར་ཡང་ཟིམ་པ་བསྟན་པར་འདོད་ནས། དྲུག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ཡི་གེ་གསུམ་རླུང་གི་རང་བཞིན་ཁ་དོག་ལྔ་ཡེ་ཤེས་ལྔའི་བདག་ཉིད་ཅན་ཉིད་དཀྱིལ་འཁོར་བཞི་པོ་ཡེ་ཤེས་གཉིས་བརྫུན་པའི་རྒྱུར་གྱུར་པའོ། །འདིའི་ ཕྱིར་ཡེ་ཤེས་ལས་ནི་བྱུང་བ་ཞེས་པ་ཡང་དག་པར་བྱུང་བའོ། །དབུགས་ལྷག་མ་གང་ཡིན་པ་དེ་དག་ཟླ་བ་གཅིག་གིས་ཁྲི་ཕྲག་གཉིས་བཟླས་ནས་ནི་ཞེས་པ་འབུམ་ཕྲག་དྲུག་ཏུ་འགྱུར་རོ། །རྡོ་རྗེ་སེམས་དཔར་ཕྱག་བྱས་ནས། །ཞེས་པའི་དོན་ཅི། ཡི་གེ་གསུམ་གྱི་རང་བཞིན་རྡོ་རྗེ་སེམས་ དཔའ་དེ་མཉེས་པར་བྱས་ཤིང་བསྒོམ་པར་བྱས་ན་རྣལ་འབྱོར་པ་དེས་འགྲུབ་འགྱུར་ཏེ། ལུས་དང་ངག་དང་སེམས་བརྫུན་པའི་རང་བཞིན་ཐོབ་པ་རྡོ་རྗེ་འཆང་དང་མཚུངས་པ་ཐོབ་པར་འགྱུར་རོ། །ཅི་ལ་ཞེ་ན་ཟླ་བ་ཉ་ལ་ཞེས་པའི་དོན་ཏོ། །དེ་ལྟར་ཞུགས་པའི་རྣལ་འབྱོར་པས་ཅི་བརྟུལ་ ཞུགས་ལ་སོགས་པ་ཀུན་དུ་སྤྱད་པར་བྱའམ་འོན་ཏེ་མ་ཡིན་ཞེས་དོགས་པ་ལ་དེ་ལ་མེད་ཅེས་བྱ་བ་ལ་སོགས་པ་སྟེ། ཚིག་བརྗོད་པའི་བདག་ཉིད་ཅན་གྱི་སྔགས་མི་དགོས་སོ། །གཟུངས་ནི་བཙན་ཐབས་ཀྱི་སྦྱོར་བས་རླུང་གི་འཁྲུལ་འཁོར་རོ། །གཅིག་ནས་གཅིག་ཏུ་ལྡོག་པར་འགྱུར། ། ཞེས་པ་ནི་གཞན་དང་གཞན་དུ་ཡང་བྱ་བ་ཁྲུས་དང་ཟ་བ་ལ་སོགས་པ་ཡང་མི་བྱའོ། །འོན་ཀྱང་རྡོ་རྗེ་བཟླས་པ་ཉིད་ལས་འགྲུབ་པར་འགྱུར་རོ་ཞེས་པའི་དོན་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡཾ་ཡིག་ཡོངས་སུ་གྱུར་པ་རླུང་གི་དཀྱིལ་འཁོར་འབབ་པར་གྱུར་པ་ལ་རྣམ་པར་ཤེས་པ་གང་ ཅུང་ཟད་ཅིག་བྱ་བ་ཞི་བ་ཅན་ལ་སོགས་པའི་ལས་བཞི་པོ། ར་སོགས་གསུམ་ལས་གང་ཉིད་ཀྱིས། །འགྲོ་བའི་དོན་ལ་ཞེས་པ་ནི་སྔ་མ་ཁོ་ནའི་དོན་ནོ། །མི་ཞེས་བྱ་བ་ལ་སོགས་པ་ལ་ཐུན་ཚོད་ཕྱེད་ཀྱི་དུས་སུ་ནི་སྟེ། ཐུན་ཕྱེད་ཀྱི་དུས་སུ། ལས་ནི་གཉི་ག་གནས་པ་ལ། །ཞེས་པ་ ནི་རླུང་གི་དཀྱིལ་འཁོར་འབབ་བཞིན་པ་ལ་གཙོ་བོས་ལས་གཉིས་ཉེ་བར་བླངས་པ་དེ་ལ། གཞན་དཀྱིལ་འཁོར་གསུམ་ཡང་དག་པར་འབྱུང་བ་ལས་ཀྱང་ལས་གཉིས་སུ་བྱས་ནས་ཡང་དག་པར་འབྱུང་ངོ་། །ཅི་ལས་ཤེ་ན་ཕལ་པ་དང་གཙོ་བོའི་དངོས་པོས་གང་དུ་གཅིག་ཡིན་པ་དེར་བཞི་ 35-1-179b པོ་ཞེས་པའི་རིགས་པ་ལས་ངེས་པ་མེད་དོ། །འབྲས་བུ་གསུངས་པ། མཆོད་པ་བརྩོན་པས་ཞེས་བྱ་བ་ལ་སོགས་པ་ནས། རྣམ་པར་མི་རྟོག་གཅིག་བློ་ལྡན། །ཞེས་པའི་མཐར་ཐུག་པ་ནི་རྩ་བ་ཉིད་ལས་ཁོང་དུ་ཆུད་པར་སླའོ། །གསུང་གི་རྡོ་རྗེའི་ཞེས་སོགས་ནི་གསུང་གི་རྡོ་རྗེ་རླུང་ གི་སྒྲུབ་པ་ལ་རྣམ་པར་ལྟ་བར་བྱེད་པ་བྱས་ནས། ཡེ་ཤེས་གསུམ་གྱི་དབྱེ་བ་ཡིས། །ཞེས་པ་ནི་འདིའི་དོན་ངེས་པར་བཤད་པར་བྱ་སྟེ། སྣའི་བུ་གའི་རླུང་བརྟགས་ལ་ཡི་གེ་གསུམ་རླུང་དང་ལྡན་པ་ཐུགས་རྡོ་རྗེ་མངོན་སུམ་དུ་བྱེད་པའི་ཐབས་རྡོ་རྗེ་བཟླས་པ་རྒྱུར་གྱུར་པའི་འཇུག་ པ་དང་གནས་པ་དང་ལྡན་པའི་མཚན་ཉིད་ཡེ་ཤེས་གསུམ་གྱི་རབ་ཏུ་དབྱེ་བས། སེམས་ཙམ་ལ་ནི་ངེས་སྦྱར་བྱ། །ཞེས་པ་ནི་ཙམ་གྱི་སྒྲ་ནི་ངེས་པས་གཟུང་བ་ལ་སྟེ་ལྷག་པ་མེད་པར་སྦྱར་བར་བྱའོ། །ཡང་ན་སེམས་ཙམ་དུ་ཐིམ་པར་འགྱུར་རོ། །འདིས་སེམས་བརྟན་པ་ཉིད་དུ་གྱུར་ པ་ལ་སྒོམ་པ་པོ་དག་ལ་དམིགས་པ་དང་སེམས་ལ་དམིགས་པ་ཡང་ཐོབ་པར་བྱེད་དོ། །འདིས་འདི་སྐད་དུ་གསུང་བར་འགྱུར་ཏེ། སེམས་ལ་དམིགས་པ་ཡོངས་སུ་ཐོབ་ནས་ས་བརྒྱད་པའི་དབང་ཕྱུག་ཏུ་འགྱུར་རོ། །དགོངས་པ་བླ་ན་མེད་པར་གསུངས་པ་ཡང་། དང་པོ་ལས་ ཀྱི་སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་འགྱུར། །ཞེས་སོ། །དེ་ནས་དང་པོར་རྡོ་རྗེ་བཟླས་པ་སྒོམ་པ་པོ་རྣམས་ཀྱིས་འདི་ཉིད་མན་ངག་ཡིན་པས་ཀྱང་འདིར་བྲིས་པའོ། །སློབ་མ་ངེས་པར་རྟོགས་པར་བྱེད་པ་གསུངས་པ། བླ་མ་ལ་བརྙས་སྒྱུ་ཅན་ཞེས་བྱ་བ་སོགས་པ་ལ་ སྔགས་ཀྱིས་རློམ་པ་ནི་ངག་གི་བཟླས་པ་འཆལ་པ་ཉིད་ཡིན་པའི་ཕྱིར་རོ། །འཛིན་པ་ནི་རྡོ་རྗེ་བཟླས་པའི་མན་ངག་གིས་རྗེས་སུ་འཛིན་པའོ། །ཚིག་གཞན་ཐམས་ཅད་གོ་སླའོ། །རི་དབང་ཞེས་བྱ་བ་ལ་སོགས་པ་ནི་བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། དེ་གྲོལ་བར་མི་འགྱུར་བ་ལས་ཅི་ལུང་ ཐོབ་པ་ཙམ་གྱིས་གྲོལ་བ་སངས་རྒྱས་སུ་འགྱུར་ན་ངན་སོང་གི་འགྲོ་བ་རྣམས་སུ་མི་འགྲོ་བར་ལྟ་སྨོས་ཀྱང་ཅི་དགོས། འདིས་མ་གྲོལ་བ་ཡང་གྲོལ་ལོ་ཞེས་མངོན་པར་བརྗོད་པར་བྱའོ་ཞེས་པ་རྡོ་རྗེ་བཟླས་པའི་དོན་མདོར་བཤད་པ་རྣལ་འབྱོར་པའི་ཡིད་འཕྲོག་པ་རྫོགས་སོ།། །། 35-1-180a མདོར་བྱས་ཀྱི་རིམ་པ་དང་རྡོ་རྗེ་བཟླས་པའི་རིམ་པ་ཡང་ཡེ་ཤེས་གསུམ་བརྫུན་པ་ཉིད་དུ་སོ་སོ་སོ་སོར་བསྟན་ནས། ད་ནི་དེ་དང་ཐ་མི་དད་པའི་སྐུ་སོ་སོར་བསྟན་པར་འདོད་པས་གསུངས་པ། རྡོ་རྗེ་ཆེ་ལ་ཕྱག་འཚལ་ནས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆེན་པོ་ཡང་འདི་ཡིན་ལ་རྡོ་རྗེ་ཡང་ངོ་ཞེས་པས་རྡོ་རྗེ་ཆེན་པོ་སྟེ་རྡོ་རྗེ་ཆེན་པོ་སྟོང་པ་ཆེན་པོའི་ངོ་བོ་དེ་ལ་ཕྱག་འཚལ་ལོ་ཞེས་སྤྲེལ་ལོ། །དེ་ཉིད་ཀྱི་ཕྱིར་རྡོ་རྗེ་སེམས་དཔའ་ལ་སོགས་གཙོ་སྟེ། རྡོ་རྗེ་སྟོང་པ་ཉིད་དེ་ལ་སེམས་ཤིང་མངོན་པར་འདོད་པ་གང་ཡིན་པ་ནི་སེམས་དཔའ་དེ་ཉིད་སྟོང་ པ་ཆེན་པོའི་རང་བཞིན་ནོ། །སོགས་ཀྱི་སྒྲས་མི་བསྐྱོད་པ་ལ་སོགས་པ་གཟུང་ངོ་། །འདི་རྣམས་ཀྱི་ཕར་གྱུར་པ་ཉིད་ཀྱིས་གཙོ་བོའོ། །བདག་བྱིན་བརླབ་པའི་རིམ་པར་འདི། །སོ་སོར་བསྟན་པ་ནི་བརྫུན་པའི་ལུས་དང་ངག་དང་སེམས་རྣམས་ནི་བདག་གི་སྒྲས་མངོན་པར་ བརྗོད་པར་བྱའོ། །དེ་རྣམས་ཀྱིས་བྱིན་གྱིས་བརླབས་པ་ནི་ཕན་ཚུན་ཐ་དད་པའི་དངོས་པོས་མི་དམིགས་པར་བདེ་བའི་རྣམ་པ་རྫོགས་པར་བྱེད་པའོ། །རིམ་པ་གང་གིས་བདག་བྱིན་གྱིས་བརླབ་པ་དེའི། འང་གི་སྒྲས་ནི་རྐང་པ་རྫོགས་པར་བྱེད་པའོ། །བདག་གིས་ནི་ཀླུ་སྒྲུབ་ ཀྱིས་སོ། །བཤད་པར་བྱ་ནི་བསྟན་པར་བྱ་བའོ། །བརྩེ་བས་ནི་ཆོས་ལ་དམིགས་པའི་སྙིང་རྗེས་སོ། །དང་པོ་རེ་ཞིག་བསྐྱེད་པའི་རིམ་པའི་རྗེས་སུ་འབྲངས་ནས་ཞེས་པ་ལ་སོགས་པ་ནི་ཐམས་ཅད་ཀྱི་དང་པོར་རོ། །དབང་བསྐུར་བ་ཡང་དག་པར་ཐོབ་ཅིང་ནི་སློབ་དཔོན་དུ་དབང་བསྐུར་ བ་ལ་སོགས་པས་ཆོ་གའི་རིམ་པ་ཇི་ལྟ་བ་བཞིན་དུ་མངོན་པར་དབང་བསྐུར་བའོ། །རྒྱུད་རྣམ་པ་བཞིའི་དགོངས་པ་ཤེས་པ་ནི་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་དང་། རྣལ་འབྱོར་མའི་རྒྱུད་ཤེས་པའོ། །ཐོབ་པ་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་བཟླས་པའི་རིམ་པས་ལུས་དང་ངག་དང་ སེམས་རྣམ་པར་དག་པ་ཐོབ་པའོ། །དེ་ཉིད་ཀྱི་ཕྱིར་ཐོས་པ་འཛིན་པའོ། །ཐོས་པ་འཛིན་པ་ཉིད་ཀྱིས་རིན་པོ་ཆེའི་གང་ཟག་ཏུ་གཟུང་ངོ་། །བདེན་པ་གཉིས་ལ་ལྷག་པར་མོས། །ཞེས་པ་ནི་ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་གྱི་བདེན་པ་གཉིས་ལ་ལྷག་པར་མོས་པའོ། །རྡོ་རྗེ་སློབ་དཔོན་ཡང་ 35-1-180b དག་པར་མཉེས་པར་བྱས་ནས་ཞེས་བྱ་བ་ལ་སོགས་པ་ལ་འདིའི་དོན་འདི་ཡིན་ཏེ། འདིར་བཤད་པས་བདག་བྱིན་གྱིས་བརླབ་པའི་རིམ་པའི་མན་ངག་སྔོན་ཐོས་པ་དེ་ནི་སློབ་མ་ལ་བཤད་པས་དེ་ལྷག་པར་རྟོགས་པར་འདོད་པའི་རྡོ་རྗེ་སློབ་དཔོན་ཡང་དག་པར་མཉེས་པར་བྱས་ནས་ ཞེས་སྦྲེལ་ལོ། །དེའི་འོག་ཏུ་ཞེས་པ་ནི་བསྙེན་བཀུར་བ་དེ་ལ་ཡང་དག་པར་མཉེས་པར་བྱས་པ་ལས་བླ་མ་ཡང་དག་པར་དགའ་བར་འགྱུར་རོ། །བླ་མ་ལ་རབ་ཏུ་དད་པ་དང་ཡང་དག་མགུ་བའི་ཆེད་དུ་ཞེས་པའོ། །སླར་ཡང་འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་པས་འཁོར་ལོའི་དབུས་སུ་བླ་མ་ ལ་མངོན་པར་དང་བར་བྱའོ་ཞེས་གསུངས་པ། ཚོགས་ཀྱི་མཆོད་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་སོ། །དེའི་བར་མ་ཆད་པར་ཞེས་བྱ་བ་ལ་སོགས་པ་ནི་འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་པའི་བར་མ་ཆད་པར་རོ། །བླ་མའི་ཞལ་སྔ་ནས་ནི་བླ་མ་བརྒྱུད་པའི་ཞལ་སྔ་ནས་ གསུངས་པ་ལས་བླ་མས་ཐོབ་པ་རབ་ཏུ་ཐོབ་པའི་བདག་བྱིན་གྱིས་བརླབ་པའི་མན་ངག་དེ་སློབ་མའི་ཆེད་དུ་བསྟན་པར་བྱའོ། །དེ་ལྟ་མོད་ཀྱི་རིམ་པ་ཅིས་ཤེ་ན། དེའི་འོག་ཏུ་ཞེས་བྱ་བ་ལ་སོགས་པ་ལ་ཕྲེང་བ་དང་ཆུ་ལ་སོགས་པ་འདི་རྣམས་དང་བཅས་པའི་གསང་བའི་དབང་བསྡུར་བའི་ མཐར་ཐུག་པ་ཐོས་པའི་ཕྱི་ནས་འདིའི་དབང་བསྐུར་བ་གཉིས་པ་འཆད་བཞིན་པའི་ཤེས་རབ་ཀྱི་དབང་བསྐུར་བ་ཡང་རྡོ་རྗེ་ནོར་བུར་དེ་ཁོ་ན་ཉིད་སོ་སོར་བསྟན་པར་བྱའོ། །རྡོ་རྗེ་སློབ་དཔོན་ཅི་ལས་ཤེ་ན་དབང་བསྐུར་ནས་དེ་ཉིད་སོ་སོར་བསྟན་པར་བྱའོ་ཞེས་པའི་གསུང་ལས་སོ་ཞེས་ ཡོངས་སུ་བཤད་པ་འདི་ཡང་འདི་ཉིད་ཀྱིས་འཆད་བཞིན་པའི་མངོན་པར་བྱང་ཆུབ་པའི་རིམ་པས་རྗེས་སུ་འཇུག་པས་རྗེས་སུ་རྟོགས་པར་བྱའོ། །སོ་སོར་སྟེན་པར་བྱེད་པ་ནི་ལས་ཀྱི་ཕྱག་རྒྱ་ཁོ་ན་ལའོ། །དགོངས་པ་བླ་ན་མེད་པར་གསུངས་པ་ཡང་། སྒྱུ་མ་རྣམས་ནི་ཐམས་ཅད་ ཀྱིའང་། །བུད་མེད་སྒྱུ་མ་ཉིད་ཁྱད་འཕགས། །ཡེ་ཤེས་གསུམ་གྱི་རབ་དབྱེ་འདི། །འདི་ཉིད་ལ་ནི་གསལ་པར་མཚོན། །ཞེས་སོ། །དེའི་ཕྱིར་སློབ་དཔོན་གྱི་དབང་བསྐུར་བ་སྨོས་པས་ཡེ་ཤིས་བསྟན་ཏོ། །འདི་ནི་སྣང་བའི་ཡེ་ཤེས་ཀྱི་གཉེན་པོའོ། །གསང་བའི་དབང་བསྐུར་བ་ 35-1-181a སྨོས་པས་ཡེ་ཤེས་སོ། །འདི་ནི་སྣང་བ་མཆེད་པའི་གཉེན་པོའོ་ཞེས་སོ། །མཐར་གྱིས་མཚན་མོར་ཡེ་ཤེས་གཉིས་སོ་སོར་རྟོགས་ནས་བདག་བྱིན་གྱིས་བརླབ་པའི་མན་ངག་ཀྱང་འདིར་སོ་སོར་བསྟན་པར་བྱའོ་ཞེས་བྱས་ནས་ཤེས་རབ་ཀྱི་དབང་བསྐུར་བ་ སྦྱོར་བ་མ་ཡིན་ནམ་ཅི་ལྟར་དབང་བསྐུར་བ་གཉིས་དང་འདི་དག་གི་དེ་ཁོ་ན་ཉིད་ཀྱང་སྟོན་པར་བྱེད་ཅེ་ན་བདེན་ཏེ་མཐར་གྱིས་དང་བྲལ་བས་དེ་ཡང་སོ་སོར་བསྟན་པར་མི་ནུས་སོ་ཞེས། དེའི་འོག་ཏུ་གསུངས་པ། ཤེས་རབ་ཡེ་ཤེས་མངོན་བརྗོད་བྱ། །བདག་བྱིན་བརླབ་པའི་མཚན་ ཉིད་དོ། །སོ་སོར་སྟོན་པར་གྱུར་པ་ནི། །བླ་མ་སློབ་མའི་ཆེད་དུའོ། །འདིའི་དོན་སོ་སོར་འདི་རྣམས་ཀྱིས་ཞེས་སོ། །འདི་རྣམས་ཀྱིས་འཆད་བཞིན་པའི་ཁོང་སྟོང་མེད་ཅེས་བྱ་བ་ལ་སོགས་པ་ནས། སྣ་ཚོགས་མིན་ལ་སྙོམས་འཇུག་ལ། །དམིགས་འཇུག་ལ། དམིགས་ མེད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པའི་མཐར་ཐུག་པའི་བསྟོད་པ་རྣམས་ཀྱིས་བླ་མ་ལ་ཡེ་ཤེས་གསུམ་ཐ་མི་དད་པའི་རང་བཞིན་དུ་བསྟོད་པར་བྱའོ། །ཁོང་སྟོང་མེད་ཅེས་བྱ་བ་ལ་སོགས་པ་ནི། ཁྱོད་ཀྱི་སྐུ་ལ་ཁོང་སྟོང་ཡོད་པ་མ་ཡིན་པའོ། །ནམ་མཁའ་ལ་ནི་འཇའ་ཚོན་ ལྟར། །ཞེས་པ་ནི་འོད་ཟེར་ལྔའི་ཁ་དོག་དང་ལྡན་པ་ཉིད་ཀྱི་དཔེའོ། །སྙུན་མེད་ཅེས་བྱ་བ་ལ་སོགས་པ་ལ་སྙུན་ནི་ནད་དོ། །མི་གཙང་མེད་ཅེས་པ་ལ་སོགས་པ་ནི་གོ་སླའོ། །ཆུ་ཟླ་བཞིན་དུ་གཟུང་དུ་མེད། །ཅེས་བྱ་བ་ལ་སོགས་པ་ནི་རྣམ་པར་བསྐྱོད་པ་དང་བཅས་པ་ཉིད་ཀྱི་ཕྱིར་མི་ བདེན་པའི་ངོ་བོའོ། །མངོན་སུམ་ཚད་མའི་སྤྱོད་ཡུལ་ཡིན་པའི་ཕྱིར་བརྫུན་པ་ཉིད་མ་ཡིན་ནོ། །འདིས་ནི་ཆུ་ཟླ་བཞིན་དུ་གཟུང་བར་བྱའོ། །དེ་བཞིན་དུ་ཆོས་རྣམས་ཀུན་ལའང་ངེས་པ་མེད་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཞེས་པའི་དོན་ཏོ། །ང་རྒྱལ་མི་མངའ་རྨོངས་མི་མངའོ། །ཞེས་ པའི་དོན་ནི་ཁོང་དུ་ཆུད་པར་སླའོ། །དེ་ཉིད་ཀྱི་ཕྱིར་སྣང་བ་གཉིས་ཀྱི་རྣམ་པར་རྟོག་པ་སྤང་བའི་ཕྱིར། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ཏེ་ཕྱག་འཚལ་བར་བྱེད་པར་གྱུར་ཅིག་གོ། །རིམ་པ་འདི་ཉིད་ཀྱིས་དམིགས་པ་མེད་པའི་ཚིག་གིས་བཤད་པར་བྱ་བཞིན་པའི་ཚིགས་སུ་ 35-1-181b བཅད་པ་རྣམས་ལ་ཡང་མཁས་པས་རྟོགས་པར་བྱའོ། །རྟག་ཏུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རྣམ་འཕྲུལ་བྱེད་ཅེས་པ་ནི་སྤྲོས་པའི་རྣམ་པར་རྟོག་པ་སྣ་ཚོགས་པ་ཉིད་ངེས་པར་སྤངས་པ་དེ་ལ་སྙོམས་པར་ཞུགས་པའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་རྡོ་རྗེ་སློབ་ དཔོན་ཡང་དག་པའི་ཡོན་ཏན་གྱིས་ཏེ་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཡོན་ཏན་གྱིས་བསྟོད་ནས། སྙད་པའི་དོན་དུ་བཤད་པར་བྱ་བཞིན་པའི་ཚིགས་སུ་བཅད་པ་འདིས་གསོལ་བ་གདབ་པར་བྱའོ། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །ཞེས་བྱ་བ་ལ་སོགས་པ་ལ་ཕུང་པོ་ནི་ཚོགས་ པའོ། །སྲིད་པའི་འཁོར་ལོ་ཞེས་པ་ནི་སྲིད་པ་ཉིད་འཁོར་ལོ་སྟེ། ཅི་ལྟར་ཞེ་ན་འགྲོ་བ་ལྔ་རྣམས་སུ་འཁོར་ལོའི་ཚུལ་གྱིས་འཁོར་བའི་ཕྱིར་རོ། །དེ་རྣམ་པར་སྤྱོན་པའོ། །དེ་རིང་བཤད་པའི་རིན་ཆེན་གྱིས་ནི་དེ་རིང་ནི་ཉི་མ་འདི་ལ་སྟེ་དང་ངོ་། །བཤད་པའི་རིན་ཆེན་གྱིས་ནི་ཀུན་རྫོབ་ཀྱི་ བདེན་པ་བཤད་པའི་རིན་ཆེན་གྱིས་བཀའ་དྲིན་མཛོད་ཅིག །བདག་ལ་ནི་བདག་གིའོ། །གཙོ་བོ་ནི་ཁྱབ་བདག་གོ། །ཁྱོད་ཞབས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་སློབ་མའི་ཚིག་དེ་ཐོས་ནས་ཅིར་འགྱུར་ཞེ་ན། ཡང་དག་པར་གསོལ་བ་ འདེབས་པའོ། །འཇིགས་མེད་གསོལ་འདེབས་པ་ནི་གཙོ་བོ་མཐར་ཐུག་པ་ལའོ། །སྙིང་རྗེ་ཞེས་པ་ནི་ཁོང་དུ་ཆུད་པར་སླའོ། །དེ་ལས་བདག་བྱིན་བརླབ་པ་བརྩམ། །ཞེས་པ་ནི། བདག་ལ་བྱིན་གྱིས་བརླབ་པ་བཤད་པར་འདོད་པས་བླ་མས་རིམ་པ་ཉེ་བར་བྱའོ། ། བདག་བྱིན་བརླབ་པ་ཞེས་བྱ་བ་ལ་སོགས་པ་ལ་ཀུན་རྫོབ་བདེན་པ་བསྟན་པ་ནི་སྟེ། དེ་ཅི་ལྟ་ཞེ་ན། ཤིང་དང་རི་དང་ཆུ་བོ་དང་རྒྱ་མཚོ་ལ་སོགས་པ་དངོས་པོའི་གྲོང་ཁྱེར་ནི་ཀུན་རྫོབ་བོ། །འདི་དང་འབྲལ་བས་བདེན་པ་ཁོང་དུ་ཆུད་པར་མི་འགྱུར་བ་ཉིད་དོ། །དེ་བཞིན་དུ་སློབ་དཔོན་ ཟླ་བ་གྲགས་པའི་ཞབས་ཀྱིས་ཀུན་རྫོབ་ཀྱི་བདེན་པ་ཉམས་པས་འཇིག་རྟེན་པའི་དངོས་གྲུབ་མེད་དོ་ཞེས་བཤད་དོ། །བདེན་པ་བསྟན་པ་འདི་ནི་ཡེ་ཤེས་གསུམ་པོ་ཐ་དད་པ་ལས་འདས་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་ལུས་བསྟན་པའི་བླ་མའི་ཞབས་ཞེས་བྱ་བ་ལ་སོགས་པ་ནི་གོ་ 35-1-182a སླའོ། །གང་གིས་ཞེས་བྱ་བ་ལ་སོགས་པ་ལ་སྒྲུབ་པ་པོ་གང་གིས་བླ་མ་ལས་དངོས་སུ་བདག་བྱིན་གྱིས་བརླབ་པའི་རིམ་པའི་མན་ངག་གཉུག་མའི་ལུས་སུ་གནས་པ་རྙེད་པར་མི་འགྱུར་ཏེ་ཐོབ་པར་མི་འགྱུར་བའོ། །མདོ་སྡེ་རྒྱུད་དང་རྟོག་པ་ལ་སྟེ་ཆོས་ ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རྣམས་སུ་རྣལ་འབྱོར་པ་དེའི་ངལ་བ་ནི་དུབ་པ་ཞེས་པའི་རྣམ་གྲངས་ཏེ། དོན་དེ་འབྲས་བུ་མེད་པའམ་ཕྱིན་ཅི་ལོག་ཏུ་འགྱུར་རོ། །ལྷ་མོ་བཞིས་ཡོངས་སུ་ཞུས་པ་རྣལ་འབྱོར་ཆེན་པོའི་རྒྱུད་དུ་གསུངས་པ་ཡང་། ཐུབ་པ་ཆེན་པོའི་ཆོས་ ཕུང་པོ། །སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཡི། །དེ་ཉིད་མི་ཤེས་གང་ཡིན་ནའོ། །དེ་རྣམས་ཀུན་ཀྱང་འབྲས་བུ་མེད། །ཅེས་སོ། །བདག་བྱིན་བརླབ་པའི་རིམ་པ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱིས་དབང་བསྐུར་བ་རྣམས་སོ་སོར་བསྟན་པ་གང་ཡིན་པ་ནི་སྟོང་པ་ཆེན་ པོའི་ཡེ་ཤེས་གང་ཡིན་པ་དེ་སློབ་མས་བཤད་པ་ཐོས་པའི་སྒོ་ནས་ཀྱང་རྡོ་རྗེ་བླ་མ་ལས། བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་ཐོབ་པ་སྟེ་རྙེད་ནས་སངས་རྒྱས་ཀུན་རང་བཞིན་ཏེ་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དུ་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་མངའ་བདག་གོ་སྟེ་འགྲོ་བ་གསུམ་ པོ་ཡིའོ། །ཚེ་འདི་ཉིད་ལ་ནི་སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཉིད་ཐེ་ཚོམ་མེད་པར་ཇི་ལྟར་འགྱུར་བ་དེ་བཞིན་དུ་རབ་ཏུ་རྟོགས་པར་བྱ་བའི་ཕྱིར་ཞེས་པས་ཐོབ་པར་བྱའོ། །བདག་བྱིན་བརླབ་པའི་ཏིང་འཛིན་དང་། དེ་བཞིན་འོད་གསལ་བའི་གནས་པའི་ཞེས་བྱ་བ་ལ་སོགས་པ་ལ་དང་ གི་སྒྲ་ནི་རྐང་པ་རྫོགས་པར་བྱེད་པ་ལའོ། །ཇི་ལྟར་ཀུན་རྫོབ་ཀྱི་བདེན་པའི་གནས་དེ་བཞིན་དུ་དོན་དམ་པའི་བདེན་པས་གནས་སོ་ཞེས་བདེན་པ་གཉིས་སུ་རྣལ་འབྱོར་པ་འཇིག་རྟེན་པ་རྣམས་ལ་བསྟན་པ་ཡིན་ནོ། །འདིས་ནི་གསུངས་པའི་བདེན་པ་གཉིས་པོ་ལུགས་དང་མཐུན་ པ་དང་ལུགས་དང་མི་མཐུན་པས་རྒྱུ་དང་འབྲས་བུའི་དངོས་པོར་རབ་ཏུ་བསྟན་པར་འདོད་པས་རྒྱུ་དང་འབྲས་བུའི་ཁྱད་པར་ལས་ཞེས་གསུངས་ཏེ་ཀུན་རྫོབ་ཀྱི་བདེན་པའི་འབྲས་བུའོ། །འོད་གསལ་བ་འདི་དག་དེ་སྲིད་དུ་མངོན་པར་བརྗོད་པར་བྱའོ། །བདག་བྱིན་བརླབ་པའི་རིམ་གྱིས་ 35-1-182b ནི། །འོད་གསལ་བ་ནི་ཐོབ་པར་བྱ། །དེ་བས་རྡོ་རྗེ་བླ་མ་ཡིས། །སྔོན་དུ་བདག་བྱིན་བརླབ་པར་འགྱུར་བ་བསྟན་པར་བྱ་སྟེ་བཤད་པར་བྱ་ཞེས་པ་རིམ་པ་འདི་ཉིད་ཀྱིས་སོ་སོའི་སྐྱེ་བོ་རྣམས་ཀྱི་ཡང་ས་ལ་སོགས་པའི་སྒོ་ནས་རྒྱུ་དང་འབྲས་བུའི་དངོས་པོ་བསྟན་པར་འདོད་ནས་ གསུངས་པ། ས་ཡི་ཁམས་ནི་ཆུ་ལ་ཐིམ། །ཆུ་ནི་མེ་ལ་ཐིམ་པ་སྟེ། །མེ་ཡང་ཕྲ་མོའི་ཁམས་ལ་ཡང་། །རླུང་ནི་སེམས་ལ་རྣམ་པར་ཐིམ། །སེམས་ཀྱང་སེམས་བྱུང་ལ་ཐིམ་བྱ། །སེམས་ལས་བྱུང་ནི་མ་རིག་ལའོ། །དེ་ཡང་འོད་གསལ་བར་འགྲོའོ། །སྲིད་པ་གསུམ་པོ་ འདིར་འགག་གོ། །དེ་བཞིན་དུ་འདི་དག་ལུགས་དང་མི་མཐུན་པས་སྟོང་པ་བཞིས་རྒྱུ་དང་འབྲས་བུའི་དངོས་པོའོ། །དེ་ཡང་བཤད་པར་བྱ་བཞིན་པ། རང་དབང་མེད་ཅེས་བྱ་བ་ལ་སོགས་པ་སྟེ། རང་དབང་མེད་པ་ནི་རྒྱུ་དང་རྐྱེན་ལ་རག་ལས་པའོ། །འགྲོ་ཀུན་ནི་སོ་སོ་སྐྱེ་ བོའི་སེམས་ལས་གཞན་པའི་དངོས་པོ་མེད་པ་སྟོང་པ་ཆེན་པོའི་འབྲས་བུའི་ངོ་བོའོ། །དེའི་རྒྱུ་ནི་འོད་གསལ་བའོ། །འོད་གསལ་བ་ཅིར་འགྱུར་བ་ཞེ་ན། ཐམས་ཅད་སྟོང་པའི་མཚན་ཉིད་དོ། །བདག་བྱིན་གྱིས་བརླབ་པ་འབྲས་བུའི་ངོ་བོའི་རྒྱུ་ཅི་ལྟར་འོད་གསལ་ཡིན། འོད་གསལ་ལས་ནི་སྟོང་ཆེན་ཏེ། ། དེ་ལས་ཀྱང་ནི་ཐབས་འབྱུང་ངོ་། །དེ་ལས་ཤེས་རབ་སྐྱེ་བར་བྱེད། །དེ་ལས་རླུང་ནི་ཡང་དག་འབྱུང་། །རླུང་ལས་མེ་ནི་ཡང་དག་འབྱུང་། །མེ་ལས་ཆུ་ནི་ཡང་དག་འབྱུང་། །ཆུ་ལས་ཀྱང་ནི་ས་སྐྱེའོ། །འདི་ནི་སེམས་ཅན་རྣམས་འབྱུང་བའོ། །འཁོར་བར་འགྱུར་བ་མ་ཡིན་ ནོ། །ཞེས་གནས་པ་མ་ཡིན་ནམ། དེ་བཞིན་དུ་འཕགས་པ་ལྷའི་ཞབས་ཀྱིས་ཀྱང་། ས་ལ་སོགས་པ་བཞི་པོ་དང་། །དེ་བཞིན་སྟོང་པ་བཞི་པོ་སྟེ། །ཚིག་དོན་བརྒྱད་པོ་སྐྱེ་བ་དང་། །འཇིག་པའི་རྒྱུར་ནི་རྣམ་ཤེས་བྱ། །ཞེས་སོ། །འདིར་ནི་འདི་སྐད་དག་གསུང་བར་འགྱུར་ ཏེ། སོ་སོའི་སྐྱེ་བོ་དང་སྒྱུ་མ་ལྟ་བུའི་རྣལ་འབྱོར་པ་དག་གི་ཁྱད་པར་ཅི་ཡིན་ཞེས་མི་ཤེས་ཏེ་ཁྱད་པར་རོ། །རྣལ་འབྱོར་པ་རྣམས་ཀྱི་སོ་སོ་སྐྱེ་བོ་རྣམས་ལ་གང་གི་ཕྱིར་དེ་རྣམས་སྒྱུ་མའི་རྣམ་པ་བཞིན། དེ་རྣམས་སུ་ཉེ་བར་དམིགས་པ་དང་ལྡན་པའི་དངོས་པོ་རྣམས་ལ་བདེན་ 35-1-183a པ་ཉིད་དུ་མངོན་པར་ཞེན་པ་མེད་པ་འདི་ནི་དེ་རྣམས་ལ་བྱིས་པའི་སྐྱེ་བོ་བཞིན་དུ་བདེན་པ་ཉིད་ཀྱིས་མངོན་པར་ཞེན་པ་གང་ཡིན་པ་དེ་རྣམས་ནི་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པའི་ཕྱིར་བྱིས་པར་བརྗོད་པར་བྱའོ། །གནས་གཞན་དུ་གསུངས་པ་ཡང་། འདི་ལས་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་སོ། །ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པས་རྒྱུ་དང་འབྲས་བུའི་དངོས་པོར་མཚུངས་པ་ཉིད་དོ། །དེ་བཞིན་ དུ་ཡང་བག་ཆགས་དང་བཅས་པ་བག་ཆགས་མེད་པ་ཐོབ་ནས་རང་གི་རྟོག་པས་འདྲི་བར་བྱེད་པ་སོ་སོའི་སྐྱེ་བོའོ། །འདི་ཉིད་སླར་ཡང་བསྟན་པར་བྱ་བའི་ཕྱིར། གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྱུ་མ་ལྟ་བུའི་ཏིང་འཛིན་ཡོངས་སུ་མི་ཤེས་པའི་སེམས་གང་ གིས་བྱིས་པ་རྣམས་དངོས་པོ་རྣམས་སུ་མངོན་པར་ཞེན་པས་བཅིངས་པར་གྱུར་པའོ། །གང་དུ་ཞེ་ན་འཁོར་བ་སྟེ་ཀུན་དུ་འཁོར་བར་བྱེད་པས་ན་འཁོར་བ་སྟེ་འགྲོ་བ་ནས་འགྲོ་བ་གཞན་དུ་ཞེས་པ་ཇི་སྲིད་པར་རོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་དངོས་པོའི་རང་བཞིན་ ཡོངས་སུ་ཤེས་པའི་སེམས་དེས་རྣལ་འབྱོར་པ་བདེ་གཤེགས་གནས་སུ་འགྲོ་བར་འགྱུར་རོ། །དེ་ལྟ་བུའི་ཁྱད་པར་དུ་འཕགས་པའི། སེམས་འདི་གང་ཡང་སྐྱེ་བ་མེད། །འཆི་བའང་ཡང་དག་ཡོད་མ་ཡིན། །ཞེས་བྱ་བ་ལ་སོགས་པ་གོ་འཕང་གཉིས་རྫོགས་པའི་རྣལ་ འབྱོར་པའི་སེམས་ལ་ལྟོས་ནས་གསུངས་སོ། །སེམས་ཀྱི་ངོ་བོ་རྣམ་གནས་པར། །འཁོར་བ་ཉིད་ཀྱིས་ཤེས་པར་བྱ། །ཞེས་བྱ་བ་ལ་སོགས་པ་ནི་མ་རྫོགས་པའི་རྣལ་འབྱོར་པའི་སེམས་ལ་ལྟོས་པའི་ཚིག་གོ། །འདི་དག་གོ་འཕང་གཉིས་གཉིས་བསྟན་པ་དེ་ཚིགས་སུ་ བཅད་པ་གཉིས་ཀྱིས་རྣམ་པར་གསལ་བར་བསྟན་པའི་ཕྱིར་རླུང་གི་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་བཟླས་པའི་རྒྱུ་དང་བྲལ་བས་སེམས་ཀྱི་བསྟན་པ་ཉིད་ཀྱི་རང་བཞིན་གཟུང་དུ་མེད་དེ་ཐོབ་པར་བྱར་མེད་དོ། །འོན་ཀྱང་སྦྱོར་བ་ཉིད་ལས་བདག་བྱིན་གྱིས་ 35-1-183b བརླབས་པའི་འབྲས་བུ་རྣལ་འབྱོར་པས་ཐོབ་པོ། །འདི་ཡེ་ཤེས་གསུམ་ཐ་མི་དད་པ་སྟོང་པ་ཆེན་པོའི་ངོ་བོ་མངོན་པར་བརྗོད་དོ། །སེམས་ལས་ཞེས་པ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་ཡོངས་སུ་འདྲིས་པ་མ་ཡིན་པ་ལས་རླུང་དང་རྣམ་པར་ཤེས་པ་ཡང་དག་པར་སྦྱོར་བ་ལས་འདོད་ ཆགས་དང་འདོད་ཆགས་བྲལ་བ་ལ་སོགས་པའི་མཚན་ཉིད་མི་དགེ་བའི་རང་བཞིན་རྣམས་ཡང་དག་པར་འབྱུང་བར་འགྱུར་རོ། །ཅི་ལས་ཤེ་ན་རང་བཞིན་རྒྱུར་གྱུར་པ་ལ་སྟེ་དེའི་རང་བཞིན་དེ་ལས་དང་སྐྱེ་བ་ཀུན་དུ་འབྱུང་ངོ་། །རིགས་པ་འདིས་དངོས་པོའི་རང་བཞིན་མ་ཤེས་ནས་སོ་སོའི་ སྐྱེ་བོའི་སེམས་སྐྱེ་བ་ཡོངས་སུ་འཛིན་པར་བྱེད་དོ། །དེ་བཞིན་དུ་ཡང་རྒྱུད་དུ་གསུངས་པ། དགེ་བ་བཅུ་ཡི་ལས་ཀྱི་ལམ། །བྱེད་པ་ཡེ་ཤེས་སྤངས་པ་རྣམས། །ཞེས་སོ། །འདིའི་དོན་བཤད་པ་སྤྱོད་བསྡུས་མཛད་པས། དེ་བཞིན་དུ་སེམས་ཅན་རྣམས་དགེ་བའི་བཤེས་གཉེན་དང་ བྲལ་བ་རང་གི་སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ཁོང་དུ་མ་ཆུད་ནས། ངར་འཛིན་པ་དང་། ང་ཡིར་འཛིན་པ། གསོབ་གསོག་སྟོང་པ་ལ་དགེ་བ་དང་མི་དགེ་བ་ལ་སོགས་པར་བརྟགས་ནས་ཐོག་མ་མེད་པའི་འཁོར་བར་སྡུག་བསྔལ་ཉམས་སུ་མྱོང་ བར་འགྱུར་རོ་ཞེས་སོ། །དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ། སྒྱུ་མ་ལྟ་བུའི་སེམས་གང་ཡིན་པ་དེ་རྣམ་ཤེས་གསུམ་ཡིད་ཀྱིས་ཐ་དད་ཅེས་པ་ནི། སྣང་བ་གཉིས་ལས་སྐྱེས་པ་སྣང་བ་མཆེད་པ་གཉིས་དང་བྲལ་བ་ཉིད་སྣང་བ་ཉེ་བར་ཐོབ་པའོ། །ལྷའི་རྣམ་པ་སྔར་སོ་སོར་ བསྟན་པ་ཁྱད་པར་གྱིས་དགའ་བའི་དགའ་བས་དབང་བསྐུར་བའི་མཚན་ཉིད་དོ། །བདེ་བ་ཆེན་པོའི་ངོ་བོ་རྣལ་འབྱོར་པས་འབྱུང་སྟེ་བསྐྱེད་པར་བྱའོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པ་ནི། དེ་བས་འདི་ལྟར་འགྲོ་བ་ཀུན་ནི་སེམས་ཅན་གྱི་འཇིག་རྟེན་དང་སྣོད་ཀྱི་འཇིག་རྟེན་དང་བཅས་ པའི་ཁམས་གསུམ་པ་སྒྱུ་མ་ལྟ་བུར་འདིར་བཤད་པར་བྱའོ། །སྒྱུ་མ་ལྟ་བུའི་ཏིང་འཛིན་གནས་ཏེ་སྒོམ་པ་པོ་ཐམས་ཅད་དེ་བརྗོད་པའི་ཁམས་གསུམ་པ་གང་ཡིན་པ་དེ་དང་འདྲ་བ་སྟེ་སྒྱུ་མ་ལྟ་བུ་དང་མཚུངས་པར་མཐོང་ངོ་། །དགོངས་པ་བླ་ན་མེད་པར་གསུངས་པ་ཡང་། སྣང་ 35-1-184a བ་གསུམ་པོ་མཐོང་བ་དང་། །ས་བཅུ་ལ་ནི་རབ་ཏུ་གནས། །ཞེས་སོ། །གཟུགས་དང་ཚོར་བ་ཉིད་དང་ནི། །ཞེས་བྱ་བ་ལ་སོགས་པ་ལ་གཟུགས་ནི་ནང་དང་ཕྱི་རོལ་ཉིད་ཐ་དད་པ་མིན་པར་ཐམས་ཅད་སྒྱུ་མ་ཉིད་གཞན་མིན་ཞེས་པའི་མཐར་ཐུག་པ་སྔར་ བཤད་པ་ཉིད་ཀྱིས་གསལ་ལོ། །སོ་སོར་བསྟན་པའི་སྒྱུ་མའི་ལུས་ཅི་ལྟར་མཚོན་པར་བྱ་ཞེ་ན། འདི་ནི་དོན་སླར་ཡང་གསུངས་པ་མེ་ལོང་གཟུགས་བརྙན་ལ་སོགས་པའི་དཔེས་སྔགས་པས་སྒྱུ་མའི་ལུས་ནི་མཚོན་པར་བྱའོ། །ཁ་དོག་རྣམས་ནི་འཇའ་ཉིད་དེ་དཀར་པོ་ལ་སོགས་པའི་ འོད་ཟེར་དང་ལྡན་པ་ཉིད་ཀྱིས་སོ། །ཁྱབ་པ་ཆུ་ཡི་ཟླ་བས་སོ་ནི་ཇི་ལྟར་རི་བོང་ཅན་གཅིག་ཉིད་ཆུ་དང་བཅས་པའི་སྣོད་སྣ་ཚོགས་སུ་མཐོང་ངོ་། །དེ་བཞིན་དུ་སྒྱུ་མའི་ལུས་ཀྱིས་ཁྱབ་པ་ཉིད་དོ། །གང་དུ་མེ་ལོང་དྲི་མ་མེད་པ་ལ་སྟེ་དྲི་མ་དང་བྲལ་བ་ལ་སོགས་པ་ནི་རྟོགས་པར་སླའོ། །རྡོ་རྗེ་སེམས་དཔའ་ ལེགས་བྲིས་པ། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཁྱད་པར་ཅི་ཡིན་པ་ལེགས་བྲིས་པ་སྟེ་མཛེས་པར་བྲིས་པའོ། །ཅི་ལྟར་ཞེ་ན་དཔེར་ན་རས་ལ་རི་མོའི་ཐ་དད་པའི་དངོས་པོ་ལས་རྣམ་པ་གཅིག་ཏུ་ཤེས་པ་སྐྱེའོ། །དེ་བཞིན་དུ་རྡོ་རྗེ་སེམས་དཔའ་ལེགས་བྲིས་པ་ཞེས་སོ། །དེ་ཡང་ཅི་ལྟར་ གྱུར་པ་ཞེ་ན་རྣམ་པ་ཀུན་གྱི་མཆོག་ལྡན་པ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་རོ། །འདི་དག་གི་ངོ་བོ་ནི་གལ་ཏེ་ཡང་ཆེས་བསལ་བར་འཕགས་པས་བྲིས་པ་དེ་བཞིན་དུ་ཡང་བློ་ཞན་པ་དག་གིས་མཐའ་དག་བདག་བྱིན་གྱིས་བརླབ་པའི་མན་ངག་བསྡུས་པའི་དོན་དུ་མངོན་པར་བརྗོད་པར་བྱའོ། །འདིར་ སྨྲས་པ། པདྨ་དཀར་པོ་དང་ཟླ་བའི་སྟན་ལ་དེའི་སྟེང་དུ་སྐུ་མདོག་དཀར་པོ་ཕྱག་གཉིས་པ་ཞལ་གཅིག་པ་སེམས་དཔའི་སྐྱིལ་ཀྲུང་ཅན། དབུ་ལ་རལ་པས་བརྒྱན་པའི་ཏིང་ངེ་འཛིན་གྱི་ཕྱག་རྒྱས་གནས་པ། ཕྱག་གི་ཡལ་འདབ་ཀྱིས་རྡོ་རྗེ་དབྱིངས་ཕྱུག་མ་ལ་འཁྱུད་པའོ། །ཡང་ན་རྡོ་རྗེ་ གསུམ་དང་བྲལ་བར་འགྱུར་རོ། །བདག་བྱིན་གྱིས་བརླབ་པའི་ངོ་བོ་དབང་པོའི་གཞུ་ལྟ་བུའི་ངོ་བོ་འོད་ཟེར་ལྔའི་རང་བཞིན་བརྫུན་པའི་བག་ཆགས་དང་ལྡན་པའི་ཡིད་ལས་བྱུང་བའི་ལུས་གསལ་བ། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་སོ་སོར་རྟོགས་པ་རྣམ་པར་ཉེད་པའི་སྐད་ཅིག་ 35-1-184b མར་ཐོབ་པའོ། །སྣང་བ་ཉེ་བར་ཐོབ་པའི་ངོ་བོ་རྣལ་འབྱོར་པ་རབ་རྣམས་ལ་སྐད་ཅིག་གིས་རྣམ་པའི་སྦྱོར་བས་སོ་སོར་རང་གིས་རིག་པར་བྱ་བ་སྟོང་པ་ཆེན་པོའི་ཡེ་ཤེས་སངས་རྒྱས་རྣམས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་འཆང་བ་དཔེ་བྱད་བཟང་པོ་བརྒྱད་ ཅུས་རྣམ་པར་མཛེས་པའི་ལུས་རྡོ་རྗེ་བླ་མས་བསྟན་པར་བྱའོ། །གང་དུ་ན་མེ་ལོང་དུའོ། །ཅིའི་ཆེད་དུ་ན་སློབ་མ་བཟང་པོའི་ཆེད་དུའོ། །འདི་ཉིད་ཀྱིས་བདག་བྱིན་གྱིས་བརླབ་པ་མངོན་པར་བརྗོད་པའི་མཚན་ཉིད་དེ་བརྗོད་པར་བྱའོ། །འཕགས་པ་ལྷའི་ཞབས་ཀྱིས་གསུངས་པ་ཡང་། ཇི་ལྟར་མེ་ལོང་གཟུགས་བརྙན་ཆ་ཤས་མཐའ་དག་དང་། །ལྡན་པའི་གཟུགས་ནི་ཆེས་གསལ་རྣམ་པར་སྣང་བར་བྱེད། །དེ་བཞིན་རྡོ་རྗེ་འཆང་གི་སྐུ་ནི་བརྟགས་པ་ཉིད། །དཔེ་བྱད་བརྒྱད་ཅུ་དང་ནི་མཚན་ལ་སོགས་པ་རྣམས། །ཞེས་སོ། །འདི་ཉིད་གང་ཞེས་བྱ་བ་ལ་སོགས་པ་ནི། ངེས་ པར་མཚོན་ནི་སྒྱུ་མ་ཡང་དག་པར་མཚོན་པར་བྱ་བ་སྟེ་སྒྱུ་མ་ལས་བྱུང་བ་ཡེ་ཤེས་ཀྱི་སྐུའི་རང་བཞིན་ནོ། །ལོངས་སྤྱོད་རྫོགས་པའི་སྐུ་ཡང་སྒྱུ་མ་ལྟ་བུའི་ལུས་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་ས་བཅུའི་དབང་ཕྱུག་རྣམས་ཀྱིས་རྟོགས་པར་བྱའོ། །དེ་ཉིད་ཅེས་བྱ་བ་ལ་སོགས་པ་ནི་ ལོངས་སྤྱོད་རྫོགས་པའི་སྐུར་བསྟན་པའོ། །འོན་ཀྱང་སོ་སོ་སོ་སོར་འགྲོ་བ་རྣམས་སུ་སྐྱེ་བོ་ཞེས་བྱས་ནས་སོ་སོའི་སྐྱེ་བོའི་སེམས་ལ་ལྟོས་ནས་དྲི་ཟའི་སེམས་ཅན་དུ་མངོན་པར་བརྗོད་པར་བྱའོ། །རྡོ་རྗེའི་སྐུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བདག་ཉིད་ཅེས་པ་ལ་སོགས་པ་ ནི་ལྷ་སྲས་ཐམས་ཅད་ཉིད་ནི་གཙོ་བོ་ཐམས་ཅད་ཉིད་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་ཞེས་པའི་དོན་ཏེ། དེ་བས་ཞེས་བྱ་བ་ལ་སོགས་པ་ནི་རྟོགས་པར་སླའོ། །སྒྱུ་མ་ལྟ་བུའི་ལུས་ཀྱིས་ཐམས་ཅད་བྱའོ། །ཞེས་བསྟན་པར་བྱ་བའི་ཕྱིར། སྔགས་དང་ཕྱག་རྒྱའི་རབ་སྦྱོར་དང་། །ཞེས་བྱ་བ་ ལ་སོགས་པ་གསུངས་ཏེ། སྔགས་དང་ཕྱག་རྒྱའི་རབ་སྦྱོར་དང་། །དཀྱིལ་འཁོར་ལ་སོགས་རྣམ་རྟོག་པ་ནི་དཀྱིལ་འཁོར་ལ་སོགས་པ་བྱེད་པར་འདོད་པས་ཀུན་རྫོབ་ལ་བརྟེན་ནས་གལ་ཏེ་ཡང་དག་པར་བསྒྲུབ་པར་བྱའོ། །སྦྱིན་སྲེག་གཏོར་མའི་བྱ་བའང་ཀུན། །དེའི་ཚེ་ 35-1-185a སྒྱུ་མ་ལྟ་བུའི་གཟུགས་ཀྱིས་དུས་ཐམས་ཅད་དུ་བྱའོ་ཞེས་པ་ལས་ཉེས་པ་མེད་དོ། །ཞི་བ་ཅན་དང་རྒྱས་ཅན་ཡང་། །དེ་བཞིན་དབང་དང་མངོན་སྤྱོད་ཅན། །དབང་པོའི་གཞུ་དང་མཚུངས་པ་ཉིད་ཀྱིས་ཐམས་ཅད་བྱའོ་དེ་བཞིན་དུ་ཡང་བཅོམ་ལྡན་འདས་ཀྱིས་ རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་དུ་གསུངས་པ།དབང་པོའི་མཚོན་ཆ་ལྟ་བུའི་སྐུ། །དེ་ཉིད་བསྒོམས་པས་ཐོབ་པར་བྱེད། །ཅེས་སོ། །འདིའི་དོན་འདི་ཡིན་ཏེ། དབང་པོ་ཞེས་པ་ནི་བརྒྱ་བྱིན་ནོ། །མཚོན་ཆ་ཞེས་པ་ནི་གཞུ་སྟེ་བརྡ་ལས་བརྒྱ་བྱིན་གྱི་གཞུ་ཞེས་པའི་དོན་ཏོ། །དབང་ པོའི་གཞུ་ཅི་ཞེ་ན། དེ་ནི་འོད་ཟེར་ལྔའི་ཁ་དོག་ཉེ་བར་མཚོན་པ་སྟེ། དཔེར་ན་དབང་པོའི་གཞུ་ནམ་མཁའི་མཐིལ་དུ་ཁ་དོག་གི་དབྱེ་བས་ཡོངས་སུ་གསལ་བ་དེ་བཞིན་ཁོ་ནར་ལོངས་སྤྱོད་རྫོགས་པའི་སྐུར་ཉེ་བར་མཚོན་ནོ་ཞེས་པའི་དོན་ཏོ། །སྒེག་པ་ལ་སོགས་ཞེས་བྱ་བ་ལ་སོགས་པ་ལ་སྒེག་ སོགས་ཉེ་བར་ལོངས་སྤྱོད་དང་། གླུ་དང་རོལ་མོ་སོགས་བརྟེན་པ་གང་གི་ཚེ་བྱེད་པ་དེའི་ཚེ་ཆུ་ཟླ་བཞིན་དུའོ། །འདིའི་དོན་ནི་སྔ་མ་ཁོ་ནས་བཤད་དེ་དེས་ན་གོ་སླའོ། །གཟུགས་དང་སྒྲ་དང་ཞེས་བྱ་བ་ལ་སོགས་པ་ལ་གཟུགས་ལ་དང་སྒྲ་ལ། མིག་ལ་སོགས་པ་རབ་ཏུ་འཇུག་པ་ཡང་མིག་ གི་གཟུང་བར་བྱ་བ་ནི་གཟུགས་སོ་ཞེས་བྱས་ནས་མིག་ལ་སོགས་པའི་ཡུལ་ལ་སོགས་པ་རྣམས་སྒྱུ་མ་ལྟ་བུར་ཏེ་དེ་དང་འདྲ་བར་ཏེ་སྒྱུ་མའི་ལུས་དང་འདྲ་བར་བལྟ་བར་བྱའོ་ཞེས་པའི་དོན་ཏོ། །མང་དུ་ཅི་ཞེས་བྱ་བ་ལ་སོགས་པ་ནི་རྟོགས་པར་སླའོ། །མེ་ལོང་གི་ནི་གཟུགས་བརྙན་དང་། །ཞེས་ བྱ་བ་ལ་སོགས་པ་ལ་མེ་ལོང་ལ་སོགས་པའི་དཔེ་བཅུ་གཉིས་པོ་རྣམས་ཀྱིས་སྒྱུ་མའི་ལུས་ཁོང་དུ་ཆུད་པར་བྱ་སྟེ། ཅིས་ཤེ་ན་རབ་ཏུ་གྱུར་པ་དེ་རྙེད་ཀྱིས་སོ། །མིག་འཕྲུལ་དང་མཚུངས་ནི། དཔེར་ན་མིག་འཕྲུལ་མཁན་སྐྱེས་པ་དང་ལག་ལྡན་དང་རྟ་ལ་སོགས་པ་སྒྱུ་མས་སྤྲུལ་པར་བྱེད་དོ། ། དེ་བཞིན་དུ་མིག་འཕྲུལ་དང་མཚུངས་པ་སྒྱུ་མའི་ལུས་གང་ཡིན་པ་རྣལ་འབྱོར་པས་མཐོང་སྟེ། དེ་འཇིག་རྟེན་རྣམས་ཀྱི་མངའ་བདག་ཡིན་པར་བཤད་དེ་ལྷག་པར་རྟོགས་སོ་ཞེས་པའོ། །དེ་བཞིན་དུ་ཡང་སྤྱོད་བསྡུས་སོ། །ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་རྣལ་འབྱོར་ཆེན་པོའི་རྒྱུད་དུ་ཡང་ 35-1-185b གསུངས་པ་འདི་ཉིད་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་འདི་གསལ་བར་བྱ་བའི་ཕྱིར་གསུངས་པ། སེམས་དང་སེམས་ལས་བྱུང་བ་མཉམ་པར་སྦྱོར་བ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་དེ་སྒྱུ་མ་ལ་སོགས་པའི་དཔེ་རྣམས་ཀྱིས་ཉེ་བར་མཚོན་པ། དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ ཀྱི་སངས་རྒྱས་ཀྱི་ཞིང་དུ་སྒྱུ་མ་ལྟ་བུ་དང་ཆུ་ཟླ་ལྟ་བུ་དང་སྣང་བརྙན་ལྟ་བུ་དང་སྨིག་རྒྱུ་དང་རྨི་ལམ་དང་སྒྲ་བརྙན་དང་དྲི་ཟའི་གྲོང་ཁྱེར་དང་མིག་འཕྲུལ་དང་བརྒྱ་བྱིན་གྱི་གཞུ་དང་ལོག་དང་ཆུའི་ཆུ་བུར་དང་མེ་ལོང་གི་གཟུགས་བརྙན་ཞེས་པ། སྒྱུ་མའི་དཔེ་བཅུ་གཉིས་རྣམས་ཀྱིས་བདེ་བ་ཆེན་ པོའི་ཏིང་ངེ་འཛིན་ཉེ་བར་མཚོན་པར་འགྱུར་རོ། །དཔེ་བཅུ་གཉིས་པོའི་དོན་བཤད་པར་བྱ་སྟེ། སྒྱུ་མའི་དོན་ནི་བྱ་བས་སོ། །སྨིག་རྒྱུའི་དོན་ནི་བརྫུན་པ་ཉིད་ཀྱིས་སོ། །དྲི་ཟའི་གྲོང་ཁྱེར་ནི་ཡུལ་ངེས་པ་མེད་པ་སོ་སོར་སྣང་བ་ཉིད་ཀྱིས་སོ། །བརྒྱ་བྱིན་གྱི་གཞུ་ནི་ཁ་དོག་དུ་ མ་ཉིད་ཀྱིས། །མེ་ལོང་གི་གཟུགས་བརྙན་ནི་གསལ་བ་ཉིད་ཀྱིས་སོ། །ཆུའི་ཟླ་བ་ནི་ཁྱབ་པ་ཉིད་ཀྱིས་སོ། །སྒྲ་བརྙན་ནི་ཡུལ་གཞན་དུ་སོ་སོར་སྨྲས་པ་ཉིད་ཀྱིས་སོ། །རྨི་ལམ་ནི་ཤེས་པ་ཙམ་ཉིད་ཀྱིས་སོ། །གྲིབ་མ་ནི་ཤ་དང་བྲལ་བ་ཉིད་ཀྱིས་སོ། །སྤྲིན་ནི་སྒྲིབ་པས་ ཀུན་དུ་གཡོགས་པའི་རྒྱུ་ཉིད་ཀྱིས་སོ། །ཀློག་ནི་སྐད་ཅིག་ཙམ་ལ་གནས་པ་ཉིད་ཀྱིས་སོ། །ཆུའི་ཆུ་བུར་ནི་སྐྱེས་པ་དང་རྣམ་པར་ཐིམ་པ་ཉིད་ལས་སོ། །མཐོང་བ་ཞེས་བྱ་བ་ལ་སོགས་པ་ལ་མིག་འཕྲུལ་མཐོང་བ་དང་རེག་པ་ཉིད་འགྲོ་བ་རྟག་ཏུ་སྒྱུ་མ་ཇི་བཞིན་པ་དེ་བཞིན་དུ་ཐམས་ ཅད་ཀྱི་ཚེ་འགྲོ་བ་ཡང་གཟུགས་དང་རེག་པ་ལ་སོགས་པ་སྒྱུ་མ་ལྟ་བུ་ཉིད་ཀྱིས་ཡོངས་སུ་གྲགས་སོ། །དམིགས་མེད་ཀུན་རྫོབ་དག་ཏུ་ཡང་སྟེ་བདེན་པ་བཅུ་ལ་དངོས་པོའི་གྲོང་དུ་ཉེ་བར་དམིགས་པར་ཡང་མི་འགྱུར་ཏེ། ཆོས་ཉིད་དུ་འགྱུར་བར་བྱས་པར་གྱུར་པའི་བདེན་ པའི་རང་བཞིན་ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་གྱི་ཆོས་ཉིད་དེ་མངོན་པར་བརྗོད་དོ། །དམིགས་མེད་གྱི་སྒྲས་ནི་ཐེག་ཆེན་ཉི་ཤུ་པར་གསུངས་པ་ཡང་། སྒྱུ་མས་བསྒྲུབས་པའི་སྒྱུ་མའི་བྱ། །རྟག་ཏུ་ཉེ་བར་སྡུད་བྱེད་པ། །དེ་ཚེ་སྒྱུ་མ་ཡོད་མ་ཡིན། །དེས་ན་ཆོས་རྣམས་ 35-1-186a ཆོས་ཉིད་དོ། །ཞེས་སོ་འདི་དག་རྟོགས་པར་བྱ་བ་ཀུན་རྫོབ་ཀྱི་བདེན་པའི་ངོ་བོ་དེ་སྒྱུ་མ་ལྟ་བུར་ཡོངས་སུ་བསྒྲགས་སོ། །ཐ་སྙད་ཡང་དག་པ་ལ་བརྟེན་ནས་འགྲོ་བ་སྒྱུ་མ་ལྟ་བུར་བསྟན་པར་བྱས་པ་ནི། བཅོམ་ལྡན་འདས་ཀྱིས་དོན་དམ་པའི་བདེན་པ་བཅུ་ ལ་ནི་བསྟན་པར་བྱ་བ་དང་། སྟོན་པ་པོ་དང་། བསྟན་པའི་ཐ་སྙད་ཉིད་མེད་དོ། །ཞེས་གནས་སོ། །སླར་ཡང་འདི་དག་ཉིད་བསྟན་པར་འདོད་ནས་གང་དང་གང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་དང་སྒྲ་ལ་སོགས་པ་གང་དང་གང་དབང་པོའི་ལམ་ཉིད་དེ་མིག་ལ་ སོགས་པའི་ཡུལ་གྱིས་རང་བཞིན་ལམ་འདིའི་རང་བཞིན་གྱི་ཐབས་ཐོབ་པར་བྱའོ། །དེ་དང་དེའི་རང་བཞིན་ལ་སྟེ་ཀུན་རྫོབ་ཀྱི་བདེན་པ་སྒྱུ་མ་ལྟ་བུའི་ལོངས་སྤྱོད་རྫོགས་པའི་ལུས་ཀྱི་རང་བཞིན་ལས་སོ། །མཉམ་པར་མ་གཞག་སྦྱོར་བ་ཡིས། །ཞེས་བྱ་བ་ནི་མཉམ་པར་མ་གཞག་ པའི་གནས་སྐབས་སུ་མཉམ་པར་གཞག་པ་ནི་འདིའོ། །ཡང་ན་མི་མཉམ་པས་གཟུང་བ་ལ་སོགས་པའི་གཉེན་པོ་སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་གྱིས་གཞག་པ་སྟེ་བསྐྱེད་པའི་སྦྱོར་བས་རྡོ་རྗེ་གསུམ་དང་བྲལ་བར་གྱུར་པའི་བདག་བྱིན་གྱིས་བརླབ་པའི་མཚན་ཉིད་ དོ། །འདིས་ནི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་སྒྱུ་མའི་ལུས་ཀྱིས་ངོ་བོ་ཉིད་བསྐྱེད་ཅིང་ཐོབ་པར་བྱེད་དོ། །བདག་བྱིན་གྱིས་བརླབ་པའི་མཚན་ཉིད་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དུ་ཅི་ལྟར་འགྱུར། གལ་ཏེ་ས་བཅུའི་དབང་ཕྱུག་གང་ཡིན་པ་དེས་རྟོགས་པར་བྱའོ་ཞེས་ བྱས་ནས། དེ་ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་དཔའི་ངོ་བོར་བརྗོད་པར་རིགས་སོ་ཞེ་ན་བདེན་ཏེ་ས་བཅུ་པ་ལ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཁོ་ན་སྟེ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །ཀུན་དུ་ཀུན་ནས་ཞེས་བྱ་བ་ལ་སོགས་པའི་ཚིག་ རྣམས་ལ་བཤད་པ་ནི་རྟོགས་པར་སླའོ། །དེ་ནི་སྒྱུ་མའི་ལུས་ཀྱི་ཁྱབ་པ་ཉིད་བསྟན་པར་བྱ་བའི་ཕྱིར། འགྲོ་དང་བཞུགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་པ་དེ་ཆེན་པོ་ཉིད་ཡིན་པའི་ཕྱིར་སེམས་དཔའ་ཆེན་པོའོ། །མངའ་བདག་བདེ་བ་ཀུན་རང་བཞིན་ནི་འཁོར་ 35-1-186b བའི་སྡུག་བསྔལ་གྱི་བག་ཆགས་ཐམས་ཅད་དང་བྲལ་བའི་ཕྱིར་བདེ་བ་ཀུན་རང་བཞིན་ནོ། །ཁམས་གསུམ་པར་རབ་ཏུ་འབྱུང་བར་བྱེད་དོ་ཞེས་པས་མངའ་བདག་སྟེ་རྡོ་རྗེ་སེམས་དཔའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མཁའ་ལས་སྐད་ཅིག་ཉིད་ལ་སྟེ་རིང་པོར་མི་ཐོགས་ པར་གནས་དང་ཟས་དང་བཏུང་བ་ལ་སོགས་རྣམས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་རྣལ་འབྱོར་པས་རྙེད་པར་ཏེ་ཐོབ་པར་བྱེད་དོ། །འགྱུར་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་གྱི་སྔགས་པ་གང་ཡིན་པ་རྣམས་རྣམ་པར་རྟོག་པའི་ དྲ་བ་སྲིད་པ་མཐའ་ཡས་དག་གཅོད་པར་འགྱུར་རོ། །འགྲོ་ལ་རབ་མཆོག་སྟོན་པ་དང་། །ཞེས་པ་ནི་རབ་མཆོག་ནི་ཕུལ་དུ་བྱུང་བ་ལའོ། །འགྲོ་ལ་ནི་འགྲོ་བ་ལ་སྟོན་པའོ། །རྣལ་འབྱོར་པ་དེ་མཆོད་པར་བྱེད་དོ་ཅི་ཞིག་རྣམས་ཀྱིས་ཤེ་ན། ལྷ་རྣམས་ཀྱིས་ཏེ་ཐམས་ཅད་ ཀྱིས་ཞེས་བྱ་བའི་དོན་ཏོ། །ཅི་བྱས་ན་ཡང་དང་ཡང་དུ་ཕྱག་བྱས་ནས་ཏེ་ཐམས་ཅད་ཀྱི་ཆའོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ལ་དཔེ་གསུངས་པ། སྟོན་པ་རྫོགས་སངས་རྒྱས་སོ། །ཅིར་གྱུར་པས་སོ་ཞེ་ན། ཕན་པར་བཞེད་པ་འཇིག་རྟེན་འདིར་རབ་ཏུ་འཇུག་པ་ཇི་ལྟ་བ་དེ་ བཞིན་ཉིད་དུ་རྣལ་འབྱོར་ཆེན་པོ་ནི་སྣ་ཚོགས་པའི་རང་བཞིན་གྱི་ཡེ་ཤེས་རྗེས་སུ་སྡུད་པའི་ཕྱིར་ཏེ། འགྲོ་བའི་བདག་ཉིད་ཅན་གྱིས་ཡེ་ཤེས་ཀྱི་རང་བཞིན་གྱི་ལུས་དེ་སྡུད་པ་ཉིད་ཀྱི་ཕྱིར་རོ། །མེད་ཅེས་བྱ་བ་ལ་སོགས་པ་ལ་སྣ་ཚོགས་སྐྱེས་པ་ནི་ཆིག་གི་དོན་ཐམས་ཅད་ལ་སོགས་པ་ ལ་བསྒྲུབ་པར་མི་བྱ་བ་རྟག་ཏུ་ཅུང་ཟད་ཀྱང་མེད་དོ་ཞེས་པའོ། །རྡོ་རྗེ་སེམས་དཔས་ནི་སྒྱུ་མའི་ལུས་ཀྱིས་སོ། །མཚན་པ་ནི་ངེས་པར་རྟོགས་པའོ། །གང་དེ་ལྟ་མོད་ཀྱི་ཐམས་ཅད་བསྒྲུབ་པར་བྱ་བ་ཁོ་ནའོ། །ཕྱག་རྒྱ་ཐམས་ཅད་ནི་ཐམས་ཅད་ཡོད་པ་སྟེ་བདེ་བ་ཆེན་པོ་གང་ཡིན་པའོ། ། བདེ་བ་ཆེན་པོའི་རང་བཞིན་དེ་ལས་འདི་དག་ཐམས་ཅད་ཀུན་རྫོབ་བདེན་པའི་རྣམ་པ་བསྟེན་པ་རྣལ་འབྱོར་པས་ཤེས་པ་ལས། རང་ཉིད་རྗེས་སུ་འགྲུབ་པར་འགྱུར། །ཞེས་བརྗོད་པར་བྱེད་པའི་དོན་ཏོ། །ཉོན་མོངས་ཞེས་བྱ་བ་ལ་སོགས་པ་ལ། ལས་ཀྱི་ལམ་ནི་དགེ་བ་བཅུ་ལ་ 35-1-187a སོགས་པ་རྣམས་སོ། །ལུས་ཀྱི་སྒྲས་ནི་སྐྱེ་བར་མངོན་པར་འདོད་དོ། །ཅི་ལྟར་ཞེ་ན་གསུངས་པ་ཡང་ཉོན་མོངས་པ་ལས་སོ། །དེ་ལས་སྐྱེ་བའོ། །དེ་ཉིད་ཀྱི་ཕྱིར་བྱེད་པ་པོ་དང་འབྲས་བུ་ཡང་ནའོ་ཞེས་སོ། །འོད་གསལ་བ་ལས་སྟོང་པ་ཆེན་པོ་དེ་ལས་ འགྲོ་བ་སྐྱེད་དོ་ཞེས་བྱས་ནས་བྱེད་པ་པོའོ། །འདི་རྣམས་ཀྱི་བདེན་པ་ངེས་པར་རྟོགས་པས་འབྲས་བུ་ཡང་སྟེ། གང་གི་ཚེ་ངེས་པ་དེའི་ཚེ་རྣལ་འབྱོར་པ་རྣམས་ཀྱི་སྒྱུ་མའི་ལུས་ཀྱི་དཔེ་སྨིག་རྒྱུ་དང་མཚུངས་པ་དང་། རྨི་ལམ་དང་འདྲ་བ་དང་། དྲི་ཟའི་གྲོང་ཁྱེར་ལྟ་བུར་ཁོང་དུ་ཆུད་པར་ བྱའོ། །འདི་ཞེས་བྱ་བ་ལ་སོགས་པ་ལ། དེ་རྣམས་སྒྱུ་མའི་སྨན་གྱིས་གསོ། །ཞེས་པ་ནི་དེ་རྣམས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མ་རྟོགས་པའི་རྣལ་འབྱོར་པ་རྣམས་ཀྱི་རྣམ་པ་སྣ་ཚོགས་པའི་ནད་སྐྱེ་སྟེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རྟོགས་པ་རྣམས་ཀྱི་སྒྱུ་མའི་སྨན་པས་ནད་ལས་རྒྱལ་ བར་བྱེད་དོ་ཞེས་པའི་དོན་ཏོ། །བདག་བྱིན་བརླབ་པའི་མན་ངག་དག །ཅེས་པ་ལ་སོགས་པ་ནས། སྡུག་བསྔལ་རྒྱ་མཚོ་འཇིགས་ཆེན་ལས། །ཞེས་པའི་མཐར་ཐུག་པ་རྩ་བ་ཉིད་ལས་རྟོགས་པར་སླའོ། །སློབ་མ་ངེས་པར་རྟོགས་པར་བྱེད་པ་གསུངས་པ། གང་ཞིག་ ང་རྒྱལ་དྲི་མས་སྦགས། །ཞེས་བྱ་བ་ལ་སོགས་པ་ཡང་གསལ་ལོ། །བདེན་པར་སྨྲ་ཞེས་བྱ་བ་བདེན་པའི་ཚིག་གོ། །རྣམ་པར་མཁས་པ་ནི་རྣམ་པར་དཔྱོད་པ་པོའོ། །གཅིག་པ་ནི་བླ་མ་ལ་མཉན་པ་དང་ཀློག་པ་ལ་སོགས་པ་བྱེད་པ་པོ་གང་ཡིན་པའོ། །ཁ་ཅིག་སེམས་ དཔའ་ཅན་ཞེས་ཀློག་སྟེ་བསམ་པ་རྫོགས་པ་ཞེས་པའོ་ཞེས་པས། བདག་བྱིན་གྱིས་བརླབ་པའི་རིམ་པའི་དོན་མདོར་བཤད་པ་རྣལ་འབྱོར་པའི་ཡིད་འཕྲོག་རྫོགས་སོ།། །།བདག་བྱིན་བརླབ་པ་མ་གཏོགས་པ། །རིན་ཆེན་གཞན་དག་འདི་ནའང་མེད། །མེ་ཡི་ སྦྱངས་པའི་ནོར་བུ་བཞིན། །འོད་གསལ་རྣམ་དག་ཉིད་ལས་སོ། །དེ་བཞིན་དུ་བདག་བྱིན་གྱིས་བརླབ་པ་ལ་དམིགས་པ་སྔོན་དུ་འགྲོ་བས་འོད་གསལ་བ་ལ་འཇུག་པར་བྱའོ་ཞེས་ཤེས་ནས། སྟོང་པ་བཞིའི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་བར་བྱེད་པ་སྔོན་དུ་ 35-1-187b འགྲོ་བའི་རྒྱུད་ཉིད་བསྟན་པར་འདོད་ནས། རྡོ་རྗེ་སེམས་དཔར་ཕྱག་བྱས་ཏེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཡང་འདི་ཡིན་ལ་སེམས་དཔའ་ཡང་ངོ་ཞེས་པས་རྡོ་རྗེ་སེམས་དཔའ་སྟེ་སྟོང་པ་ཉིད་དང་སྙིང་རྗེ་ཐ་མི་དད་པའི་ངོ་བོ་དེ་ལ་ཕྱག་བྱས་ནས་ཞེས་སྦྲེལ་ལོ། །ཅིར་ གྱུར་པ་ལས་ཞེ་ན་ཐམས་ཅད་སྟོང་པ་སྟོན་པ་པོ་སྟེ་ཐམས་ཅད་སྟོང་པ་འོད་གསལ་བ་ཉེ་བར་སྟོན་པར་བྱེད་དོ་ཞེས་པས་ཐམས་ཅད་སྟོང་ཉིད་སྟོན་པ་པོའོ། །དེ་ཉིད་ཀྱི་ཕྱིར། སྟོང་པ་ཉིད་བཞིའི་བདག་ཉིད་ཅན། །རྡོ་རྗེ་སེམས་དཔའ་ཉིད་ཀྱི་ངོ་བོ་བཞི་པ་མངོན་པར་བྱང་ཆུབ་པའི་རིམ་པ་སྟེ་ མངོན་པར་ཏེ་ཐམས་ཅད་ལས་ཡང་དག་རྟོགས་པར་བྱའོ་ཞེས་པས་རྫོགས་པའི་བྱང་ཆུབ་སྟེ་འོད་གསལ་བའོ། །དེ་སོ་སོར་རྟོགས་པར་བྱེད་པའི་རིམ་པ་ནི་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་པའི་རིམ་པ་བཞི་པའོ། །བཤད་པར་བྱ་ནི་བསྟན་པར་བྱའོ། །བདག་གིས་ནི་ཀླུ་སྒྲུབ་ ཀྱིས་སོ། །དེ་ནི་རྡོ་རྗེ་སེམས་དཔའ་དང་རྡོ་རྗེ་སློབ་དཔོན་དག་གི་རང་བཞིན་འདི་ནི་རང་འབྱུང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པོ་ཐམས་ཅད་རང་བཞིན་མེད་པར་ཡོངས་སུ་ཤེས་པ་ལས་རང་ཉིད་འབྱུང་བར་བྱེད་དོ་ཞེས་པས་རང་འབྱུང་སྟེ་བཅོམ་ལྡན་འདས་སོ། །གཅིག་ པུ་ཉིད་ནི་རྡོ་རྗེ་སེམས་དཔའོ། །ཁམས་གསུམ་རྣམས་ཀྱི་ལྷག་པའི་ལྷ་ནི་རྡོ་རྗེ་སློབ་དཔོན་ཏེ་དེ་དང་དེ་ལས་རྡོ་རྗེ་སེམས་དཔའ་རྡོ་རྗེ་སློབ་དཔོན་ལྷག་གོ། །ཅིའི་ཕྱིར་ཞེ་ན་མན་ངག་རྣམས་ནི་རབ་སྟེར་བའི་ཕྱིར་རོ། །དེ་ནི་ཡང་དག་མཉེས་བྱས་ཞེས་བྱ་བ་ལ་སོགས་པ་ནས། འདོད་ པ་ལྔ་ལ་ཉེར་ལོངས་སྤྱོད། །ཅེས་པའི་མཐར་ཐུག་པ་ནི་རྩ་བ་ཉིད་ལས་རྟོགས་སླ་བར་བཤད་དོ། །སྣང་བ་དག་ནི་བསྐྱེད་པར་བྱ། །ཞེས་པ་ནི་སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་པོ་བསྐྱེད་ཅིང་ཉམས་སུ་མྱོང་བར་བྱ་སྟེ། བླ་མ་ལས་ཀྱི་ཕྱག་རྒྱ་ལའོ། །ཅི་ལས་ན་སྙོམས་པར་ འཇུག་པའི་ཆོ་ག་ལས་ཏེ། རྡོ་རྗེ་པདྨ་འདུ་བྱ་བ་སྔོན་དུ་འགྲོ་བས་དབང་པོ་གཉིས་མཉམ་པར་སྦྱོར་བ་ལས་ཞེས་པ་ནི་ཆོ་གའི་སྒྲ་དོན་ཏོ། །དེ་བཞིན་དུ་ཡང་དགོངས་པ་བླ་ན་མེད་པར་གསུངས་པ། འདོད་ཆགས་ཉིད་དང་ཆགས་བྲལ་དང་། །དེ་དག་པར་ཞེས་གསུམ་པོ་ 35-1-188a ཡང་། །རྡོ་རྗེ་པདྨ་འདུས་པ་ཡི། །དབང་པོ་གཉིས་ཀྱི་མཉམ་སྦྱོར་ལས། །ཞེས་སོ། །བུམ་པ་ལ་སོགས་སུ་ཞེས་པ་ལ་སོགས་པ་ནི་བྱང་ཆུབ་སེམས་ནི་ཀུན་རྫོབ་པའི་འོ། །རབ་སྟེ་དང་པོ་ནས་འབད་པ་ཕུལ་དུ་བྱུང་བ་ལས། བུམ་པ་ལ་སོགས་ སུ་ལེགས་པར་བཞག་ནས་ཏེ་གསང་བའི་དབང་བསྐུར་བའི་དོན་དུའོ། །ལ་སོགས་ཀྱི་སྒྲས་པདྨའི་སྣོད་དང་། སུ་ཀ་ཏི་ཀ་དང་དུང་ཆོས་ལ་སོགས་པ་རྣམས་གཟུང་ངོ་། །མཚན་ཕྱེད་ན་དབང་བསྐུར་ཞེས་བྱ་བ་ལ་སོགས་པ་ནི། སྲོད་ལ་ཕྱོགས་པ་ནས་བརྩམས་ནས་མཚན་ མོའི་ཆུ་ཚོད་བདུན་པའི་མཐར་ཐུག་པས་སློབ་དཔོན་དུ་དབང་བསྐུར་བ་དང་གསང་བའི་དབང་བསྐུར་བ་བྱིན་ནས། སྣང་བ་དང་པོའི་ཡེ་ཤེས་རྡོ་རྗེ་ནོར་བུའི་རྩ་བ་རུའོ། །དེ་ལས་ལྷག་པ་ཡེ་ཤེས་གཉིས་པ་ཉམས་སུ་མྱོང་བར་བྱེད་དུ་བཅུག་ནས་ཕྱི་ནས་ཤེས་རབ་ཡེ་ཤིས་ཀྱི་དབང་ བསྐུར་བ་སྦྱིན་པར་བྱའོ། །སླར་ཡང་བཞི་པའི་མངོན་པར་དབང་བསྐུར་བ་དེ་ཡང་ངོ་། །འདི་དག་གི་ཉམས་སུ་མྱོང་བའི་ངོ་བོ་བཤད་པར་བྱ་སྟེ། ཤེས་རབ་ཀྱི་དབང་བསྐུར་བ་སྨོས་པ་ནི་གཉེན་པོ་སྣང་བ་ཉེ་བར་ཐོབ་པའོ། །རིན་པོ་ཆེ་སྐྱེས་པ་རྡོ་རྗེ་ནོར་བུའི་དབུས་སུ་ བདེ་བ་ཆེན་པོ་རིག་པར་བྱེད་པ་བརྫུན་པའི་བག་ཆགས་ཀྱིས་གོས་པ་གང་ཡིན་པའི་ངོ་བོ་བླ་མས་མཚན་མོའི་ཐུན་གསུམ་པའི་ལྷག་མ་ལ་བསྟན་པ་དེ་ཉམས་སུ་མྱོང་བའི་ངོ་བོ་ཞེས་པ་ནི་བཤད་པ་ཕྱོགས་གཅིག་ལས་སོ། །གཞན་བཞི་པའི་དབང་བསྐུར་བ་མཚན་ཉིད་དང་བྲལ་ བའི་ཕྱོགས་མངོན་པར་བརྗོད་པར་བྱ་སྟེ། ཤེས་རབ་གང་ལ་བདག་བྱིན་གྱིས་བརླབ་པའི་མཚན་ཉིད་ཉམས་སུ་མྱོང་བ་བསྟན་པའི་ཤེས་རབ་དེ་ལ་བཞི་པའི་དབང་བསྐུར་བ་སྦྱིན་པར་བྱའོ། །འོན་ཀྱང་བཞི་པའི་དབང་བསྐུར་བ་ཉམས་སུ་མྱོང་བའི་ཡེ་ཤེས་རྡོ་རྗེ་ནོར་བུའི་རྩེ་མོར་གསུམ་ པ་ཉིད་བཞི་པར་འགྱུར་རོ། །ཤེས་རབ་ཡེ་ཤེས་སུ་ཅི་ལྟར་འགྱུར་ཞེ་ན། ནོར་བུའི་དབུས་སུ་སོ་སོར་རྟོགས་པ་གང་ཡིན་པ་དེ་ཉིད་ནོར་བུའི་རྩེ་མོར་བསམ་པར་བྱའོ། །ཚིག་ཏུ་བརྗོད་པར་བྱ་བ་མ་ཡིན་པའི་བདེ་བ་འོད་གསལ་བའི་རང་བཞིན་བག་ཆགས་དང་བྲལ་བའི་ཡེ་ཤེས་ 35-1-188b ནི་དཔེ་ཅན་ནོ་ཞེས་པ་དབང་བཞི་པའི་དོན་ཏོ། །ཕྱེད་དང་བཅས་པའི་བརྒྱ་པར་གསུངས་པ། ཡང་བག་ཆགས་དང་བཅས་པ་དེ་རྣམས་ཀྱང་ཉེས་པ་ཡོད་པ་མ་ཡིན་ཏེ་གཅིག་ཏུ་སྐྱོབ་པར་བྱེད་པ་ཞེས་སོ། །རིམ་པ་འདིས་དབང་བསྐུར་བར་བྱེད་པ་རྡོ་རྗེ་བླ་མས་སློབ་མ་བཟང་ལ་ཞེས་སྦྲེལ་ ལོ། །དབང་བསྐུར་ཡང་དག་ཐོབ་ནས་ནི། །ཞེས་བྱ་བ་ལ་སོགས་པ་ལ་དབང་བསྐུར་བ་རྣམ་བཞི་ཉམས་སུ་མྱོང་བའི་ངོ་བོ་ཡང་དག་པར་ཐོབ་ནས་ཏེ། དེ་ཡང་ཚིག་གིས་སོ་སོར་བསྟན་པར་བྱ་བ་བཤད་པར་བྱ་བཞིན་པའི་རིམ་པས་ཐོབ་ནས་སོ། །ཐོ་རངས་དུས་སུ་ཡང་སྟེ་མཚན་མོའི་ལྷག་ མ་ལ་འོད་གསལ་བའི་མན་ངག་གི་ཁྱད་པར་སླར་ཡང་འོད་གསལ་བའི་རང་བཞིན་གྱིས་སོ། །ཡང་དག་མཆོད་ནས་མཉེས་བྱ་སྟེ་བཤད་པར་བྱ་བཞིན་པའི་བསྟོད་པ་རྣམས་ཀྱིས་བླ་མ་ལའོ། །སློབ་མས་ཐལ་སྦྱར་བྱས་པས་སོ། །ཁམས་གསུམ་པ་ལས་ངེས་པར་གྲོལ། །ཞེས་བྱ་བ་ ལ་སོགས་པ་ནི་ཁམས་གསུམ་པའི་སྒྲས་གཟུང་བ་ལ་སོགས་པའི་སེམས་ཀྱི་གཉེན་པོ་སྣང་བ་ཡེ་ཤེས་གསུམ་མངོན་པར་བརྗོད་ལ། འདིས་རྣམ་པར་གྲོལ་ཏེ་བྲལ་བ་སྟེ་བག་ཆགས་མེད་པའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ནམ་མཁའ་མཉམ་པ་ཉིད་གྱུར་པའོ། །འདོད་ པས་མ་གོས་པ་རྣམས་ལ་ནི་སྲེད་པས་ཡང་དག་པར་རྗེས་སུ་བཅིངས་པར་གྱུར་པ་མ་ཡིན་པའོ། །དམིགས་པའི་རྣམ་པར་རྟོག་པ་ངེས་པར་སངས་པས་ན་དམིགས་མེད་ཅེས་བདེ་བའི་ཚིག་གོ། །ཁྱོད་ལ་ཕྱག་འཚལ་གྱུར་ནི་ཁྱེད་ཀྱི་ཆེད་དུ་ཕྱག་འཚལ་གྱུར་པ་སྟེ་ཕྱག་འཚལ་བར་ བྱེད་པར་གྱུར་ཅིག་གོ། །དམིགས་མེད་ཀྱི་ཚིག་རྣམས་ལ་འདི་འདྲ་བའི་ཚིག་སྦྱོར་བ་ཚིགས་བཅད་གཞན་ལ་ཡང་མཁས་པར་བརྟག་པར་བྱའོ། །མི་བརྟེན་པ་ཞེས་བྱ་བ་ལ་སོགས་པ་ལ། ཕུང་པོ་རྣམས་ལ་སྟེ་གཟུགས་ལ་སོགས་པའི་ཕུང་པོ་ལྔ་པོ་རྣམས་ལའོ། །ཁམས་ རྣམས་ལ་སྟེ་ཁམས་བཞི་ལ་སོགས་པ་ནས་ཆོས་ཀྱི་ཁམས་ཀྱི་མཐར་ཐུག་པ་བླངས་ནས་དེས་ཁམས་བཅོ་བརྒྱད་པོ་རྣམས་ཡོངས་སུ་ཤེས་པར་བྱའོ། །སྐྱེ་མཆེད་རྣམས་ལའང་སྟེ་མིག་གི་སྐྱེ་མཆེད་ལ་སོགས་པ་ནས་ཆོས་ཀྱི་སྐྱེ་མཆེད་མཐར་ཐུག་པ་བསྡུས་ནས་སྐྱེ་མཆེད་བཅུ་གཉིས་ 35-1-189a པོ་རྣམས་ལ་རང་ངེས་པར་རྟོགས་པར་བསྒྲུབ་པར་བྱའོ་ཞེས་པ་འདི་རྣམས་མི་བརྟན་པ་སྟེ་ཁྱེད་བརྟན་པར་མི་འགྱུར་ཏེ་འོད་གསལ་བའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཕྱིན་ཅི་ལོག་ལས་རྣམ་གྲོལ་པའོ། །རྣམ་རྟོག་མེད་ཅེས་བྱ་བ་ལ་སོགས་ པ་ནི་རྣམ་པར་རྟོག་པ་དང་བྲལ་བའོ། །དེ་ཉིད་ཀུན་རྟོག་མེད་དོ། །ཐུགས་ནི་རབ་ཏུ་མི་གནས་ནི་རབ་ཏུ་མི་གནས་པའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བསམ་གྱིས་མི་ཁྱབ་ཡིད་ལ་བྱེད་དེ་བསམ་པར་བྱ་བ་མ་ཡིན་པ་ནི་ཀུན་དུ་རྟོག་པའོ། །གནས་མེད་ཅེས་བྱ་བ་ལ་སོགས་པ་ནས་ སློབ་མས་ཐལ་སྦྱར་བླ་མ་ལ། བསྟོད་ནས་ཞེས་བྱ་བའི་མཐར་ཐུག་པ་རྩ་བ་ཉིད་ལས་གོ་སླའོ། །བསྟོད་མ་ཐག་ཏུ་སླར་ཡང་ཆེས་ཏེ་སླར་ཡང་ནན་ཏན་དུ་གསོལ་བ་གདབ་པ་གསུངས་པ། མགོན་པོ་ཆེན་པོ་བདག་ལ་སྩོལ། །ཞེས་བྱ་བ་ལ་སོགས་པ་ནས། ཡོན་ཏན་ དམ་པ་ཡང་དག་བརྗོད། །ཅེས་པའི་མཐར་ཐུག་པ་ཡང་གསལ་ལོ། །སྙིང་རྗེ་སློབ་མ་ལ་སྐྱེ་ནས། དེ་ནས་རིམ་པ་འདི་ཉིད་བརྩམ་ནི་རིམ་པ་མངོན་པར་བྱང་ཆུབ་པའི་སྒོ་ནས་ནང་གི་མངོན་པར་བྱང་ཆུབ་པའི་རིམ་པ་བརྗོད་པ་བརྩམ་པར་བྱའོ། །ཕྱི་རོལ་གྱི་མངོན་པར་བྱང་ ཆུབ་པ་དེ་སྲིད་དུ་བསྟན་པར་བྱའོ། །སྣང་བ་མཚན་མོ་འཆི་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་རང་བཞིན་སྣང་བ་ནི་མཚན་མོའི་ཆའོ། །གསལ་བ་ཉིན་མོའི་ཟེར་འགྱེད་འགྱུར་བ་ཉིན་མོ་ནི་ཐབས་ཀྱི་ཡེ་ཤེས་ཀྱི་རང་བཞིན་སྣང་བ་མཆེད་པའོ། །སྣང་བ་མཆེད་པ་དང་འབྲེལ་ པའི་མཚམས་ནི་སྣང་བ་ཉེ་བར་ཐོབ་པའི་ངོ་བོའོ། །ཡེ་ཤེས་གསུམ་པོ་འདི་དག་རང་གི་རང་བཞིན་རྣམས་ཀྱི་ལྷན་ཅིག་ལན་ཅིག་མིན་པར་ཏེ་ཐམས་ཅད་ཀྱི་ཚེ་སྦྱར་ཏེ་ཡང་དག་པར་འབྲེལ་པར་བྱའོ་ཞེས་པའི་དོན་ཏོ། །མཚན་མོའི་ཆ་མིན་ཞེས་བྱ་བ་ལ་སོགས་པ་ནི་གཟུང་ བྱའི་གཉེན་པོར་བསྟན་པ་སྣང་བ་ལ་སོགས་པ་རིག་པའི་བླ་མ་མཚན་མོ་དང་། ཉིན་མོ་དང་། ཐུན་མཚམས་ཀྱི་ཆ་འདི་དག་ཡེ་ཤེས་གསུམ་དུ་མི་འགྱུར་བ་དེ་སྲིད་དུ་འདིར་འོད་གསལ་བའི་རང་བཞིན་དུ་བརྗོད་པར་བྱའོ། །དེ་ལྟ་མོད་ཀྱི་འོད་གསལ་བའི་རང་བཞིན་ཅི་ཡིན་ཞེས་ 35-1-189b དགོངས་པ་ལ། གང་ཞིག་རང་བཞིན་རྣམས་ལས་རྣམ་གྲོལ་བ། །ཞེས་གསུངས་ཏེ། རང་བཞིན་དང་འབྲེལ་པའི་ཀུན་དུ་སྣང་བའི་ཡེ་ཤེས་གསུམ་པོ་འདི་དག་དང་བྲལ་བ་སྟེ་ཡོངས་སུ་བཏང་བའོ། །དེ་ཅི་ཞེ་ན། དོན་དམ་པའི་བདེན་པ་དབང་བཞི་པར་བརྗོད་པར་བྱ་བ་བདེ་བ་ ཆེན་པོའི་ངོ་བོ་ཐམས་ཅད་སྟོང་པའི་མཚན་ཉིད་དོ་ཞེས་སོ། །དེ་འདིར་བྱང་ཆུབ་སྐད་ཅིག་འགྱུར་བར་བླ་མ་མཆོག་བཤད་རྣལ་འབྱོར་པ་ཉིད་ཡུལ། །མཚན་བྱུང་ཞེས་བྱ་བ་ལ་སོགས་པ་ནི་མཚན་མོ་ལས་བྱུང་བས་མཚན་བྱུང་སྟེ། ཨ་ཎའི་རྐྱེན་ནོ། །མཚན་བྱུང་མུན་པ་ནི་སྣང་བ་ ལ་སོགས་པའི་ཡེ་ཤེས་རྣམ་པར་ཉམས་པའོ། །མུན་ནག་མ་ལུས་ཏེ་མཐའ་དག་རྣམ་པར་བྲལ་བར་གྱུར་ཏེ་ཐུན་མཚམས་ཀྱི་སྣང་བ་ཡང་སྐད་ཅིག་མ་གང་ཡིན་པ་དེ་འདིར་བཤད་པར་བྱའོ། །ཅི་ཐུན་མཚམས་ཀྱི་སྣང་བའི་རང་བཞིན་ནམ། འོན་ཏེ་གཞན་ཡང་ཡོད་ཅེས་འདྲི་ བར་དགོངས་པ་ལ་ལན་གསུངས་པ། འདི་དག་རྣམ་པར་ཉམས་པའི་ངོ་བོ་སྔ་མ་ཉིད་ཀྱིས་ནུབ་པའོ། །དེ་ལྟ་མོད་ཀྱི་སྐད་ཅིག་གི་ཁྱད་པར་ནི་ཇི་སྲིད་ཉི་མ་མ་ཤར་བ་དེ་འདིར་སྐད་ཅིག་ཏུ་བཤད་པར་བྱ་སྟེ། དྲི་མེད་དེ་དྲི་མ་དང་བྲལ་བ་ཐམས་ཅད་སྟོང་བ་འོད་གསལ་བའི་སྐད་ཅིག་ལ་ ཡང་དག་པའི་མཐའ་རུ་བསྟན་པར་བྱའོ། །སློབ་མ་ལ་ཡང་སློབ་དཔོན་མཆོག་སྟེ་གཙོ་བོའི་བླ་མ་ཁྱད་པར་ཅི་ལྟ་བུ་ཞེ་ན། རབ་རིབ་རྣམ་པར་བཅོམ་པ་སྟེ་སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་པོ་ཉིད་རབ་རིབ་སྟེ་དེ་སྤངས་པའོ། །དགོངས་པ་བླ་ན་མེད་པར་ཡང་དེ་གསུངས་པ། སྐྱ་རེངས་ འཆར་བའི་དུས་སུ་ནི། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། བྱང་ཆུབ་རྩ་བར་བཞུགས་ནས་ནི། །དེར་ནི་བདུད་རྣམས་འཇོམས་པར་མཛད། །དེ་ཉིད་ཡེ་ཤེས་བླ་ན་མེད། །ཤཱཀྱའི་མགོན་པོས་བརྙེས་ནས་ནི། །འགྲོ་བ་གསུམ་ལ་ཕན་དོན་དུ། །དེ་ཉིད་འདིར་ནི་སྟོན་པར་ མཛད། །ཅེས་བྱ་བ་ལ་སོགས་པ་རྒྱས་པར་རོ། །ཕྱི་རོལ་བྱང་ཆུབ་བསྟན་ཞེས་པ་ནི་སྟོན་པར་བྱེད་པས་སོ། །ཐོབ་པར་བྱེད་ཅེས་བྱ་བ་ལ་སོགས་པ་ནི་ནང་གི་མངོན་པར་བྱང་ཆུབ་པའི་རིམ་པ་འདིས་མངོན་པར་བརྗོད་པར་བྱ་སྟེ། བདེ་བ་ཡང་དག་པར་རིག་པར་བྱས་པས་དང་པོ་ཉིད་ནས་སྨིག་ 35-1-190a རྒྱུའི་རྣམ་པའི་ཡེ་ཤེས་གཅིག་པུ་བསྐྱེད་པར་བྱ་སྟེ་ཕྱི་ནས་སྣང་བའི་ཡེ་ཤེས་གསུམ་གྱི་རིམ་པའི་མཐར་ཐུག་པ་བསྐྱེད་པར་བྱའོ། །ཡེ་ཤེས་བཞི་པོ་འདི་དག་བག་ཆགས་དང་བཅས་པ་མིན་པའི་ངོ་བོ་དེ་ལ་ནི། དེ་རྣམས་བཞི་པའི་སྐད་ཅིག་ཏུ་བླ་མས་ བསྟན་ཏོ། །འོད་གསལ་བའི་སྐད་ཅིག་མ་གང་ཡིན་པའི་སྐད་ཅིག་མ་དེས་སངས་རྒྱས་ཀྱི་བྱང་ཆུབ་སྟེ་སངས་རྒྱས་ཉིད་སློབ་མ་དེས་ཐོབ་པར་བྱེད་དོ། །སངས་རྒྱས་ཉིད་ཅི་ལྟ་བུར་གྱུར་པ་ཞེ་ན། ནང་གི་བདེ་བ་ཉིད་རྣོ་བའི་རྣམ་པར་བྱུང་བའི་ངོ་བོ་ཐམས་ཅད་སྟོང་པའི་མཚན་ཉིད། རྙོག་མ་དང་བྲལ་བ་སྟེ་ཉོན་མོངས་པ་དང་བྲལ་བའོ་ཞེས་པས་འདི་དག་ཉིད་སྐྱེ་བ་མེད་པའི་ངོ་བོར་ཡང་མངོན་པར་བརྗོད་དོ། །དེ་བཞིན་དུ་ཡང་སྤྱོད་བསྡུས་སུ་གསུངས་པ། དང་པོར་སྨིག་རྒྱུའི་རྣམ་པར་འོད་ཟེར་ལྔའི་ཚོགས་དང་ལྡན་པར་མཐོང་ངོ་། །གཉིས་པར་སྣང་བ་སྟེ་ཟླ་བའི་ འོད་ཟེར་ལྟ་བུའོ། །གསུམ་པར་སྣང་བ་མཆེད་པ་སྟེ་ཉི་མའི་འོད་ཟེར་ལྟ་བུའོ། །བཞི་པར་སྣང་བ་ཉེ་བར་ཐོབ་པ་སྟེ་མུན་པའི་རྣམ་པའོ། །དེ་ནས་མུན་པ་དང་བྲལ་བའི་སྐད་ཅིག་ལ་འོད་གསལ་བ་ཤིན་ཏུ་གསལ་བ་རྟག་ཏུ་སྣང་བའི་རང་བཞིན། དོན་དམ་པའི་བདེན་པའི་མཚན་ ཉིད་ཡེ་ཤེས་ཀྱི་མིག་གིས་མཐོང་ངོ་ཞེས་སོ། །ད་ནི་འོད་གསལ་བའི་རང་གི་ངོ་བོ་སོ་སོར་བསྟན་པ་གསུངས་པ། ཐོག་མེད་བྱུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་འདི་རྣམས་ཀྱི་ཆོས་ཉིད་དུ་གནས་པ་ཉིད་དོ་ཞེས་བྱས་ནས་ཐོག་མེད་བྱུང་བའོ། །འོད་གསལ་བའི་རིམ་པ་ ལས་མཐའ་མར་བྱུང་བའོ། །ཟུང་འཇུག་གི་རིམ་པར་དབུས་མིན་བྱུང་བར་འགྱུར་རོ། །བདག་བྱིན་གྱིས་བརླབ་པ་ནི་དང་པོར་ཟུང་འཇུག་གི་རིམ་པ་ནི་མཐའ་མ་འདི་དག་གིས་དབུས་སུ་ངེས་པར་གནས་པའི་འོད་གསལ་ལོ་ཞེས་པས་དབུས་སུ་བྱུང་བའོ། །ཟུང་འཇུག་གི་རིམ་པ་ཉིད་ སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཅན་གྱི་ཕྱིར་མཐའ་མེད་བྱུང་བའོ། །ཡེ་ཤེས་གཟུགས་སུམ་གྱི་རྣམ་པར་རྟོག་པ་སེལ་བར་བྱས་ནས་མཐར་བྱུང་བ་སྟེ་འོད་གསལ་བ་དབང་བཞི་པའི་མཚན་ཉིད་དུ་མངོན་པར་བརྗོད་པར་བྱའོ་ཞེས་སོ། །འདིར་ཚིགས་སུ་བཅད་པ་ལ་ནི་ཡང་ན་དེ་ལྟ་ལ་ 35-1-190b ཡང་། སྒྲ་གསུམ་པོ་འདི་རྣམས་ནི་དོན་གསུམ་པོ་རྣམས་ལ་སླར་ཡང་དོན་གྱིས་ཕྱོགས་བླ་ན་མེད་པ་ལ་འཇུག་པ་རྣམས་སུ་འཇུག་པར་བྱེད་པ་རྣམས་སོ་ཞེས་སོ། །དེ་ལྟར་གྱུར་པའི་ཡེ་ཤེས་དེ་ཐམས་ཅད་སྟོང་པར་མཁས་པ་རྣམས་རྒྱུན་དུ་སྨྲ་བར་བྱེད་དོ། །ཡེ་ཤེས་འདི་ཉིད་ཀྱིས་ རང་བཞིན་གསུངས་པ། འགྲོ་དང་འོང་བ་ཞེས་བྱ་བ་ལ་སོགས་པ་ལ། གདོད་ནས་མ་སྐྱེས་པའི་ངོ་བོ་ལ་འགྲོ་བ་དང་འོང་བ་ལ་སོགས་པའི་ཐ་སྙད་མི་འབྱུང་བའོ། །ཤིན་ཏུ་ངོ་མཚར་བའི་གཟུགས་ཏེ་ཆོས་ཀྱི་སྐུའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །ངོ་མཚར་མིན་ནི་རྣམ་པ་སྣ་ཚོགས་པའི་དངོས་ པོར་ཞེན་པ་རྣམས་ཞེས་གསུངས་པའི་ཕྱིར་རོ། །གནས་པ་མིན་ཡང་ནི་གཅིག་ཏུ་གནས་པས་གནས་པའོ། །ཐམས་ཅད་དུ་ཁྱབ་པ་ཉིད་ཀྱི་ཕྱིར་མྱུར་དུ་འགྲོ་བའང་མིན་ཏེ་སྔར་བཤད་པ་ཉིད་ཀྱིས་གསལ་ལོ། །གང་ཞིག་ཡོད་དང་ཞེས་བྱ་བ་ལ་སོགས་པ་ལ་གང་ཞིག་རྣམ་པར་རྟོག་པ་མེད་ པ་ཅན་གྱི་ཡེ་ཤེས་ཡོད་པ་དང་མེད་པ་ཉིད་ཀྱི་ཐ་སྙད་གྲོལ་ཏེ་ཡོངས་སུ་བཏང་བའོ། །དེ་ལྟ་མོད་ཀྱི་དེ་ལ་ཡོད་པ་ཉིད་དང་མེད་པ་ཉིད་ཀྱང་ཅི་ལྟར་ཞེ་ན་འབྱུང་བར་བྱེད་པ་རྣམས་ཀུན་རྫོབ་ཏུ་འདིར་མངོན་པར་བརྗོད་པར་བྱའོ། །བསོད་ནམས་གཟུགས་མིན་ཞེས་བྱ་བའི་ཚིག་རྣམས་ལ་འདི་དག་དང་ འདྲ་བར་བཤད་པར་རྣལ་འབྱོར་པས་རྟོགས་པར་བྱའོ། །འདིར་བྱུང་བ་ནི་བསོད་ནམས་དང་སྡིག་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །དེ་ཅི་ཞེ་ན་ཐམས་ཅད་སྟོང་པའོ། །དེ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་དེ་བཞིན་ཉིད་ཀྱི་རང་བཞིན་གྱི་ཡེ་ཤེས་སོ། །འདི་ཐམས་ཅད་སྟོང་པར་ སངས་རྒྱས་རྣམས་ཏེ་ཡང་དག་པར་རྟོགས་པའི་སངས་རྒྱས་རྣམས་རབ་ཏུ་གསུང་བར་བྱེད་དོ་ཞེས་སོ། །ལུང་དུ་ཡང་གསུངས་པ། དེ་བཞིན་ཉིད་གང་ཡིན་པ་རྣམས་ནི་དབུ་མའི་དོན་གྱི་རྗེས་སུ་འབྲངས་ནས་མཐོང་སྟེ། དེ་རྣམས་ཉིད་ནི་དེ་ཁོ་ན་ཉིད་རིག་པ་རྣམས་ལ་མངོན་སུམ་སྟེ་གལ་ ཏེ་ཡང་དག་པར་རིག་པས་སོ། །ཇི་སྲིད་དུ་ཐམས་ཅད་ཀུན་དུ་སྒྲོ་བཏགས་པ་དེ་ཐམས་ཅད་དུ་མེད་དོ། །དབུ་མའི་སྒྲོ་བཏགས་པ་མེད་པ་དེ་ལ་སེལ་བ་དང་སྒྲུབ་པ་ཅི་ལས་ཞེས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པ་དེ་ལྟ་བུའི་སྐྱེ་བ་མེད་པའི་ངོ་བོ་དེ་ཉིད་ཐོབ་པ་སྟེ་རྙེད་ནས་རྒྱུ་དང་མི་ 35-1-191a རྒྱུའི་བདག་ཉིད་དེ་བརྟན་པ་དང་འགྲོ་བའི་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་དེ་བཞིན་ཉིད་དུ་རོ་གཅིག་པ་ཉིད་ཀྱི་ཕྱིར་རོ། །འགྲོ་གཉེན་གཅིག་ནི་དམིགས་པ་མེད་པའི་ཐུགས་རྗེས་རང་བཞིན་ཉིད་ཀྱི་ཕྱིར་རོ། །གང་གི་རྣལ་འབྱོར་པ་ཡེ་ཤེས་རང་བཞིན་མིའི་སེང་གེའོ། ། ཡོངས་སུ་རྒྱུ་བར་བྱེད་པ་ནི་འཁྱམས་པར་བྱེད་པའོ། །འགྲོ་བ་མ་ལུས་པ་ནི་མཐའ་དག་གོ། །དེ་ནི་མི་ཟད་པ་སྟེ་ཟད་པ་མེད་པའི་ལུས་ཐོབ་པར་བྱས་པར་འགྱུར་རོ། །དེ་ནི་ཡོན་པོའི་ལུས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་ཉིད་ཀྱི་ནུས་པས་བསྲུབས་པས་ཡོན་པོ་མིན་པའི་ལུས་སོ། །ཐུགས་ རྗེས་བཀུར་བར་བྱེད་བཞིན་པས་སེམས་ཅན་གྱི་དོན་ལ་རབ་ཏུ་འཇུག་པ་ཉིད་ཀྱི་ཕྱིར་རོ། །དེ་ནི་སྟན་ལ་མི་ཞེས་པ་སོ་སོར་ངེས་པའི་སྟན་མེད་པ་ཉིད་ཀྱི་ཕྱིར་རོ། །སྟན་གྱི་འཆིང་བ་བསྟན་པའོ། །སྟན་ལ་བཅིངས་པར་མི་འགྱུར་རོ། །འོད་གསལ་བའི་རང་བཞིན་ཉིད་ཀྱི་ཕྱིར་དེ་ནི་མིག་ བཙུམས་པའོ། །སྟོང་པ་ཉིད་ཀྱི་ནུས་པས་བརླན་པ་ཉིད་ཀྱི་ཕྱིར་རྣམ་རྒྱས་མིག་སྟེ་དགའ་བ་ཕུལ་དུ་བྱུང་བ་ཉིད་ཀྱི་ཕྱིར་རོ། །མཉམ་གཞག་ཡིན་ནི་དེ་བཞིན་ཉིད་ལ་རྟོག་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །འདི་ནི་མཉམ་པར་མ་གཞག་པ་སྟེ་དངོས་པོ་ཐམས་ཅད་ཀྱི་དོན་དེ་བཞིན་ཉིད་ ཀྱི་བདག་ཉིད་དུ་ངེས་པར་རྟོག་པར་བྱེད་པའི་ཕྱིར་རོ། །སྟོང་པ་ཉིད་ཙམ་གྱི་མཐར་ཐུག་པ་ཉིད་ཀྱི་ཕྱིར་བརྗོད་བྲལ་ཡིན་ནོ། །སེམས་ཅན་གྱི་དོན་བྱེད་པ་ཉིད་ཀྱི་ཕྱིར་ཚིག་དང་ཡང་དག་པར་ལྡན་པའོ། །ལོངས་སྤྱོད་ལྡན་པ་སྟེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་ པའི་ངེས་པ་སྟེར་བ་རྙེད་པའི་ཕྱིར་རོ། །གཟུགས་ངན་གྱུར་པ་སྟེ་འཇིག་རྟེན་པའི་ཆོས་བརྒྱད་རྣམས་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ། །དེ་ནི་འཇིག་རྟེན་མགོན་ཏེ་སངས་རྒྱས་རྣམས་ཀྱི་དེ་བཞིན་ཉིད་རྟོགས་པའི་ཕྱིར་རོ། །གཞན་བྲན་གྱུར་པ་དེ་ང་རྒྱལ་མེད་པ་ཉིད་ཀྱི་ཕྱིར་རོ། །རབ་འབྱོར་ པ་གང་ཞིག་དེ་ཉིད་རིག་ཅིང་ཉེས་ཀུན་ཟད་པར་འགྱུར་རོ། །མན་ངག་ཐོབ་པའི་སློབ་མ་ཞེས་བྱ་བ་ལ་སོགས་པ་ནི། རིམ་པ་འདིས་བསམ་གཏན་རྣམ་པ་གཉིས་ལ་དམིགས་པར་བྱ་ཞིང་གོམས་པར་བྱའོ། །རིལ་པོར་འཛིན་པའི་རིམ་ཉིད་དང་། དེ་བཞིན་ཉིད་དུ་ 35-1-191b འང་རྗེས་གཞིག་ལ་སྟེ་རིལ་པོ་སྟེ་ཕུང་པོ་སྟོང་པ་ཉིད་ཀྱིས་འཛིན་པས་རིལ་པོར་འཛིན་པའོ། །འདིའི་རིམ་པ་ངེས་སོ། །དེ་བཞིན་ཉིད་དུ་རྗེས་སུ་སྟེ་ཕྱི་ནས་འབྱེད་པ་ནི་རྗེས་སུ་གཞིག་པའོ། །རེ་ཞིག་རིལ་པོར་འཛིན་པའི་རིམ་པ་བསྟན་པར་བྱ་སྟེ། མགོ་བོ་རྐང་པའི་བར་དུ་ཡང་། །ཞེས་བྱ་ བ་ལ་སོགས་པའི་ཚིགས་སུ་བཅད་པས་སོ། །རྗེས་སུ་གཞིག་པའི་རིམ་པ་ཡང་གོམས་པར་བྱེད་པ་དེ་ལ་རིམ་པ་འདི་ཡིན་ཏེ་བརྟན་པ་ཞེས་བྱ་བ་ལ་སོགས་པ་ནི། བརྟན་པ་དང་ནི་གཡོ་བ་ཉིད། །དང་པོར་འོད་གསལ་བར་བྱས་ནས་ཏེ་ཀླུང་ངམ་ལྡེང་ཀའི་ཆུ་ནི་དྲི་མེད་ལའང་། ཐིག་ལེ་གང་ ཞིག་ཐིམ་པར་བྱེད་ཅེས་པའི་མན་ངག་གིས་ཕྱི་ནས་བདག་ཀྱང་འོད་གསལ་བའི་རང་བཞིན་དུ་བྱེད་པ་རྗེས་སུ་གཞིག་པའི་རིམ་པ་སྟེ། འདི་བྲིས་པ་ལ་ནི་འདིར་དགོངས་པ་ཡིད་ལ་མི་བྱའོ། །ཅི་རྣལ་འབྱོར་པ་གཅིག་གིས་རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པར་བྱའམ་འོན་ཏེ་ཐ་ དད་པས་ཤེ་ན། འདིར་སྒྲུབ་པ་སོ་སོར་གསུངས་པ། རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པ་དག་གི་བར་དུ་སྦྱོར་བ་གཅིག་པ་འདི་འདོད་དེ་དེ་ལ་གོམས་པར་བྱེད་དོ། །ཅི་ལྟར་སོ་སོར་རྟོགས་པར་བྱ་ཞེ་ན། འདིའི་དོན་དཔེ་སོ་སོས་གསུངས་པ། དབུགས་ཀྱི་རླུང་ནི་མེ་ལོང་ ལ། །ཀུན་ནས་ཐིམ་འགྲོ་ཇི་ལྟ་བར། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པའི་རྐང་པ་སྦྱོར་བ་རྣམས་མ་བྱས་པ་ནི་རྩ་བར་མཆོག་ཏུ་ཆེས་གསལ་བ་ཉིད་ཀྱི་ཕྱིར་རོ། །འཕགས་པ་ལྷའི་ཞབས་ཀྱིས་སྤྱོད་བསྡུས་སུ་གསུངས་པ་ཡང་། ཀླུང་ངམ་ལྡེང་ཀ་དྲི་མ་མེད་པའི་ཆུ་ལ་ ཐིག་ལེའང་གང་ཞིག་ཐིམ་པར་བྱེད། །དེ་བཞིན་དེ་དག་རིམ་མཐར་རྗེས་གཞིག་པར་གསུངས་རྣལ་འབྱོར་པ་ནི་རྟགས་མཐར་དྲན། །མེ་ལོང་ལ་ནི་རླུང་དག་རིམ་པར་སོན་པས་ཟད་པ་དེ་བཞིན་ཡང་དག་བལྟ། །རིལ་པོར་འཛིན་ལ་བྱ་བའི་རིམ་པར་འདོད་པ་འདི་ནི་དེ་ བཞིན་ཡང་དག་བརྟག །ཅེས་སོ། །འགྲོ་དང་ཞེས་བྱ་བ་ལ་སོགས་པ་ནས་དེ་ཉིད་རིག་པ་ཞེས་པའི་མཐར་ཐུག་པ་རྩ་བ་ཉིད་ལས་རྟོགས་པར་སླའོ། །སེམས་ཅན་དོན་དུ་ལན་འགའ་འགྱུར། །ཞེས་བྱ་བ་ལས་སེམས་ཅན་གྱི་དོན་ཡང་བྱ་བཞིན་པའོ། །གཟུགས་ 35-1-192a བཅས་འོད་ཟེར་དེ་དང་དེ་སྟེ་འོད་ཟེར་ལྔ་དང་ལྡན་པའི་རྡོ་རྗེ་སེམས་དཔའི་རང་བཞིན་གྱིས་གལ་ཏེ་བྱེད་ན་དེའི་ཚེ་ཡུད་ཙམ་གྱིས་ཁྱད་པར་གྱི་བདག་བྱིན་གྱིས་བརླབ་པའི་རིམ་པས་ཞི་བ་ལ་སོགས་པའི་ལས་ཀྱང་དགའ་བས་ཐམས་ཅད་རྫོགས་པར་ བྱེད་དོ། །ནིའི་སྒྲ་ནི་རྐང་པ་རྫོགས་པར་བྱེད་པ་ལའོ། །འདིའི་དོན་གྱི་དཔེ་གསུངས་པ། ཇི་ལྟར་དང་བའི་ཆུ་ཀླུང་ལས། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་སོ། །འདིས་ཟུང་འཇུག་གི་རིམ་པར་འཕགས་པ་ཀླུ་སྒྲུབ་ཀྱི་ཞབས་ཉིད་ཀྱིས་སོ་སོར་བསྟན་ ནོ། །འདི་ཉིད་སླར་ཡང་ལྡང་བར་བྱེད་པའི་བདག་ཉིད་ཅན་གྱི་ལྷའི་ལུས་སུ་གསུངས་པ། རིགས་ལྔའི་སངས་རྒྱས་ལ་ལྟོས་པ། །ཞེས་བྱ་བ་ལ་སོགས་པ་སྟེ་སངས་རྒྱས་རིགས་ལྔ་ལ་ལྟོས་པ་གང་ཡིན་པའི་ཕྱག་རྒྱ་ཆེན་པོ་དེ་དེ་བཞིན་དུ་གསུངས་སོ། །མེ་ལོང་ལ་ སོགས་པའི་ཡེ་ཤེས་ལྔ་ཡོངས་སུ་བསྐྱེད་པའི་ལྷའི་རྣམ་པ་ནི་ཕྱག་རྒྱ་ཆེན་པོ་སྟེ། དེ་སླར་ཡང་རྡོ་རྗེ་འཆང་ཆེན་པོའི་སྐུའོ། །དེ་ཉིད་ཀྱི་ཕྱིར་ཕྱག་རྒྱ་ཆེན་པོ་ནི་སངས་རྒྱས་ལྔ་པོ་རྣམས་ཀྱི་མངའ་བདག་ཉིད་ཀྱི་ཕྱིར་རོ། །དོན་འདི་ལ་ལྷག་པར་མོས་པ་ནི་བརྟག་པའི་སྒྲའི་བརྗོད་ པར་བྱའི། ཁ་ཅིག་ཏུ་རྣམ་པར་རྟོག་པ་ཀུན་དུ་གནས་པར་བྱེད་པ་ཉིད་ནི་མ་ཡིན་ནོ། །འདི་ཙམ་ལ་ལྷག་པར་མོས་པར་བྱེད་པ་ལས་ཀྱི་ངོ་བོས་ཁྱད་པར་དུ་འཕགས་པའི་ལྷའི་ལུས་ཉམས་སུ་མྱོང་བར་བྱེད་དོ། །དེ་བཞིན་དུ་ཡང་གསུངས་པ་ཟུང་དུ་འཇུག་པའི་ལམ་མོ། །ཟུང་ དུ་འཇུག་པ་ཅན་ནི་འབྲས་བུའོ་ཞེས་གསུངས་ལས་སོ། །སོགས་པའི་སྒྲས་ལས་དང་ཆོས་དང་ཕྱག་རྒྱ་ཆེན་པོ་རྣམས་གཟུང་ངོ་། །འོད་ལྔ་ཀུན་ནས་ལྡང་བ་ཡི་སྟེ་འོད་ཟེར་ཁ་དོག་ལྔ་དང་ལྡན་པའི་ཕྱག་རྒྱ་ཆེན་པོ་ཀུན་ནས་ལྡང་བ་སྟེ། ཡང་དག་པར་བསླང་བར་འགྱུར་རོ། །གང་ དུ་ནམ་མཁའ་ལའོ། །ཅི་ལྟ་བུ་ཞེ་ན་བརྒྱ་བྱིན་གྱི་གཞུ་ལྟར་རོ། །འདི་དངོས་པོ་གཅིག་གི་རང་བཞིན་གྱི་དངོས་པོ་ཐམས་ཅད་ལ་ངེས་པར་སྦྱར་བར་བྱ་བའི་ཕྱིར་གསུངས་པ། ཕྱག་རྒྱ་འཆིང་བ་ཞེས་པ་ལ་སོགས་པ་ནས། ཐམས་ཅད་སྟོང་པས་དག་པར་བྱེད། ། 35-1-192b ཅེས་པའི་མཐར་ཐུག་པའི་བཤད་པ་མངོན་དུ་བརྗོད་པར་བྱའོ། །ཐམས་ཅད་སྟོང་པས་ཏེ་རྣམ་པར་རྟོག་པའི་བག་ཆགས་ཀྱི་སྒྲིབ་པ་མཐའ་དག་རབ་ཏུ་སྤངས་པའི་ངོ་བོ་ཉིད་ཀྱིས་རང་བཞིན་མེད་པ་བསྒོམ་པར་བྱ་བཞིན་པས་དག་པར་བྱེད་དོ་ཞེས་ངག་གི་བསྡུས་པའི་དོན་གྱི་བཤད་ པའོ། །སློབ་མ་བཟང་པོ་སྐལ་བཟང་མན་ངག་ཐོབ། །ཅེས་བྱ་བ་ལ་སོགས་པ་ལ་བྱང་ཆུབ་ལ་ནི་སེམས་ཏེ་དོན་གང་གི་ཕྱིར་དུ་བྱང་ཆུབ་ལ་སེམས་དཔའ་དོན་དམ་བདེན་པར་མངོན་པར་བརྗོད་པ་ནི་ཞེས་བྱ་བའོ། །འདི་བླ་མའི་སྤྱན་སྔ་ནས་སླར་ཡང་ལག་པ་མེ་ཏོག་ འཛིན་པ་ཐལ་མོ་སྦྱར་བ་བྱས་པས་བླང་བར་བྱ་ནི་ལིང་ངའི་ལ་མིག་གི་གཟུགས་ཕྱིས་པ་མཐའ་ཡིས་སོ། །ཅི་ལྟར་བྱས་ནས་རྟོགས་པར་བྱ་ཞེ་ན། འདིའི་དོན་གཞུང་སོ་སོའི་མཐར་གྱིས་བཤད་པ་ལ་འཇུག་པར་བྱ་སྟེ། ཐོག་མར་ཤེས་རབ་ཉི་མ་ཉིན་མོའི་ལྷག་མའི་ཡེ་ཤེས་ སྐད་ཅིག་བཞི་པར་མངོན་པར་བརྗོད་པར་བྱ་བ་བླ་མས་སླར་ཡང་བསྟན་པ་གང་ཡིན་པ་དེ་ནི་ཚིག་གི་སྒོ་ཉིད་ཀྱིས་བླང་བར་བྱ་བ་ཐོབ་པའི་སློབ་མ་བཟང་པོ་ཡང་དག་པའི་མན་ངག་གིས་བསྡུས་པའི་དོན་བླང་བར་བྱའོ་ཞེས་བྱ་བ་ལ་སོགས་པའོ། །དངོས་པོ་ཐམས་ཅད་རྣམ་ བྲལ་བ། །ཞེས་པ་དངོས་པོ་ཐམས་ཅད་རྣམ་པར་བྲལ་བ་ཕུང་པོ་ཁམས་དང་སྐྱེ་མཆེད་དང་གཟུང་དང་འཛིན་པ་པོ་སྤངས་པ་ནི་རང་ཡང་དག་པར་རིག་པའི་ངོ་བོ་དེ། རབ་ཀྱི་སྒོམ་པ་པོས་ཤེས་པར་བྱའོ། །ཆོས་བདག་མེད་པ་མཉམ་ཉིད་པས་ཏེ། ཇི་ ལྟར་ཤིང་དང་རི་དང་འབབ་ཆུ་དང་། རྒྱ་མཚོ་ལ་སོགས་པའི་ཆོས་རྣམས་གདོད་ནས་མ་སྐྱེས་པའི་རང་གི་ངོ་བོ་ཉིད་དེ་བཞིན་ཉིད་ཀྱི་རང་བཞིན་ཡིན་པ་དེ་བཞིན་དུ། རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་སོ། །སློབ་ མའི་ཆེད་དུ་བླ་མ་མཆོག་སོ་སོར་རྟོག་པར་བྱེད་དོ། །འདིས་འདི་བཤད་དེ། ཟབ་ཅིང་རྒྱ་ཆེ་བའི་ཐེག་པ་ལ་ལྷག་པར་མོས་པ་ལ་དབང་བསྐུར་རིན་ཆེན་ཚིག་ཉིད་དུ་བྱིན་ཅིག་ཅེས་འདིའི་དོན་བསྟན་པ་དེ་ནི་སླར་ཡང་དེ་བཞིན་བཞི་པའི་དབང་བསྐུར་བའི་སྒྲར་མངོན་ 35-1-193a པར་བརྗོད་པར་བྱ་བ་ལྷན་ཅིག་སྐྱེས་པའི་དགའ་བ་བསྟན་པར་འགྱུར་རོ་ཞེས་པ་དེ་ཁོ་ན་ཉིད་དོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་བླ་མའི་ཆེད་དུ་རྗེས་སུ་མཐུན་པའི་ཡོན་དབུལ་བར་བྱ་སྟེ། རིན་ཆེན་ཞེས་བྱ་བ་ལ་སོགས་པ་ནས། སློབ་མ་ལ་གཞན་ལྟ་ཅི་སྨོས། །ཞེས་པའི་མཐར་ཐུག་པ་གོ་སླའོ། །ཅི་ལྟ་བུར་ངོ་བོར་གྱུར་པའི་ཡེ་ཤེས་ཐོབ་པ་དེའི་འབྲས་བུ་གསུངས་པ། སློབ་དཔོན་ལས་ནི་དྲིན་ཐོབ་ཅེས་བྱ་བ་ལ་སོགས་པ་སྟེ། ཐོབ་པ་ནི་ཉིད་ཀྱི་མན་ངག་རྙེད་པའོ། །སློབ་དཔོན་ གྱི་དྲིན་ནི་བླ་མའི་བཀའ་དྲིན་ནོ། །དྲི་མེད་ནི་དྲི་མ་དང་བྲལ་བ་བློ་གྲོས་བརྟན་པ་གང་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་ཁོ་ན་ཉིད་ཀྱི་ལམ་ལ་གནས་པའི་རྣལ་འབྱོར་པས་དེ་ཁོ་ན་ཉིད་བསྒོམ་པར་བྱ་ཞེས་པ་དངོས་སུ་སྦྲེལ་ལོ། །དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ་ཅི་ ལྟ་བུར་གྱུར་པ་ཞེ་ན། དངོས་ཀུན་རང་བཞིན་དེ་ཉིད་དོ། །ཅི་ལྟར་གྱུར་པ་ཞེ་ན། ཐོགས་པ་མེད་པ་ཉིད་ཀྱི་ཕྱིར་གསལ་བའོ། །སྒྲིབ་པ་གཉིས་དང་བྲལ་བ་ཉིད་ཀྱི་ཕྱིར་དག་པའོ། །མཚོན་པར་དཀའ་བ་ཉིད་ཀྱི་ཕྱིར་ཤིན་ཏུ་ཕྲ་བའོ། །མཆོག་ཏུ་ཞི་བའི་ རང་བཞིན་ནི་དགེ་ལེགས་སྐྱེད་པ་པོ་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་ཀྱི་མྱང་འདས་སྐྱེད་པར་བྱེད་པའི་ཕྱིར་ཐར་པའོ། །དེ་འཛིན་པར་བྱེད་པའི་ཞེས་པས་ཁམས་ཏེ་སངས་རྒྱས་མྱ་ངན་འདས་པའི་ཁམས་སོ། །སྲིད་པ་དང་མྱ་ངན་ལས་འདས་པ་གཉིས་དང་ བྲལ་བའི་ཕྱིར་གཉིས་མེད་དོ། །རྟོག་པ་ཐམས་ཅད་ལས་འདས་པ་ཉིད་ཀྱི་ཕྱིར་རྟོག་བྲལ་ལོ། །ཐམས་ཅད་ཀྱི་ཚེ་བདེ་བའི་རྣམ་པ་ཉམས་སུ་མྱོང་བའི་ངོ་བོ་ཉིད་ཀྱི་ཕྱིར་རྟག་ཏུ་བདེ་བའི་རང་བཞིན་ནོ། །དེ་ཉིད་མངོན་སུམ་དུ་བྱས་པ་ནི་རྣལ་འབྱོར་པའོ། །བསོད་ ནམས་མིན་པ་དག་ལས་རྣམ་གྲོལ་ཏེ་བྲལ་བ་རང་ཉིད་འདིར་ཏེ། དེ་ཁོ་ན་ཉིད་སྒོམ་པར་བྱེད་པ་རྣམས་ལ་བཅོམ་ལྡན་འདས་སུ་འགྱུར་རོ། །རྡོ་རྗེ་སེམས་དཔའ་སྟེ་རྡོ་རྗེའི་རང་བཞིན་དུ་འགྱུར་རོ་ཞེས་གནས་སོ། །མཆོག་ཏུ་གསང་བའི་བདེ་བ་མངོན་པར་ 35-1-193b བྱང་ཆུབ་པའི་རིམ་པ་ཞེས་པ་ནི་མཆོག་ཀྱང་དེ་ཡིན་ལ་གསང་བ་ཡང་དེ་ཡིན་ནོ་ཞེས་དང་། བདེ་བ་ཡང་དེ་ཡིན་ལ་མངོན་པར་བྱང་ཆུབ་པ་ཡང་དེ་ཡིན་ནོ་ཞེས་པས་ཏེ་མཆོག་ཏུ་གསང་བ་ཡང་འདི་ཡིན་ལ་བདེ་བ་མངོན་པར་བྱང་ཆུབ་པ་ཡང་ངོ་ཞེས་པས་མཆོག་ཏུ་གསང་བའི་ བདེ་བ་མངོན་པར་བྱང་ཆུབ་པ་སྟེ་འོད་གསལ་བ་དེའི་རིམ་པའོ་ཞེས་འོད་གསལ་གྱི་རིམ་པའི་དོན་མདོར་བཤད་པ་རྣལ་འབྱོར་པའི་ཡིད་འཕྲོག་རྫོགས་སོ།། །།སེམས་ཅན་གྱི་དོན་དུ་མངོན་པར་དགོངས་ནས་སྔོན་གྱི་སྨོན་ལམ་གྱི་དབང་གིས་འོད་ གསལ་ལས་ཟུང་འཇུག་གི་རིམ་པར་ལྡང་བར་བྱེད་པ་ཕྱག་བྱེད་པ་སྔོན་དུ་འགྲོ་བ་ཅན་ཉིད་ཀྱིས་བསྟན་པར་འདོད་ནས་རྒྱུ་དང་འབྲས་བདག་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མགོན་པོ་ནི་འཇིག་རྟེན་རྣམས་ཀྱི་སྐྱོ་བ་པར་གྱུར་པའོ། །ཕྱག་འཚལ་ནས་ནི་ རབ་ཏུ་བཏུད་ནས་སོ། །ཡང་དག་པར་ངེས་པའི་དོན་ཟུང་དུ་འཇུག་པའི་རིམ་པ་ཐ་མ་བྲི་བར་བྱ་ཞེས་སྦྲེལ་ལོ། །ཅི་ལྟར་གྱུར་པ་ཞེ་ན། མགོན་པོ་རྒྱུ་དང་འབྲས་བདག་ཉིད་དོ། །འབྲས་བུ་ནི་འོད་གསལ་ལོ། །རྒྱུ་ནི་སྒྱུ་ལུས་ཏེ་བདག་བྱིན་གྱིས་བརླབ་པའི་སྒྲས་ མངོན་པར་བརྗོད་པར་བྱའོ། །འདི་དག་གཅིག་པ་ཉིད་ནི་འབྲས་བུ་དང་རྒྱུའི་བདག་ཉིད་ཅན་ཟུང་འཇུག་གོ། །དེ་ཉིད་ཀྱི་ཕྱིར་གཉིས་པ་ཐམས་ཅད་རྣམ་སྤངས་པའོ། །ཟུང་འཇུག་རིམ་པ་ཐ་མ་ནི་ཟུང་ནི་རྒྱུ་དང་འབྲས་བུའོ། །འཇུག་ནི་གཅིག་ཏུ་འདྲེས་པར་ གྱུར་པའོ། །སྣ་ཧ་འཆིང་བ་ལའོ་ཞེས་པ་འདིའི་བྱིངས་ལས། གྷའི་ས་རབ་ཏུ་སྦྱོར་རོ། །འོད་གསལ་གྱི་རིམ་པ་ལས་ཕྱི་མ་སྟེ་ཁྱད་པར་དུ་འཕགས་པའོ། །འཁོར་བ་ཞེས་བྱ་བ་ལ་སོགས་པ་ལ་འཁོར་བ་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ་བདག་བྱིན་གྱིས་བརླབ་ པའི་སྒྲར་བརྗོད་པར་བྱའོ། །མྱ་ངན་ལས་འདས་པ་ནི་དོན་དམ་པའི་བདེན་པ་སྟེ་འོད་གསལ་ལོ། །རྟོག་པ་གཉིས་པོ་སྤང་བ་ལ་སྟེ་གསུངས་པ་ཡང་བདེན་པ་གཉིས་ཀྱི་རྟོག་པ་སྤངས་པ་ལས་རྟོག་པ་གཉིས་དང་བྲལ་བ་ནི་ཟུང་འཇུག་གི་རིམ་པ་ཞེས་པའི་དོན་ 35-1-194a ཏོ། །གང་དུ་དངོས་པོ་གཅིག་གྱུར་པ་ནི་ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པ་གཉི་ག་དག་གང་དུ་སྟེ་ངོ་བོ་གང་དུ་དངོས་པོ་གཅིག་ཏུ་གྱུར་ཏེ་རོ་མཉམ་ཞིང་གཅིག་པ་ཉིད་དུ་ཐོབ་པར་བྱེད་དོ་ཞེས་པས་ཟུང་དུ་འཇུག་པར་དེ་ བརྗོད་པར་བྱའོ། །རིམ་པ་འདི་ཉིད་ཀྱིས་ཚིགས་སུ་བཅད་པ་གཞན་ལ་ཡང་གཅིག་གྱུར་པ་ཟུང་དུ་འཇུག་པའི་ཚིག་དག་གིས་བཤད་པར་བརྟག་པར་བྱའོ། །ཅི་ཤེས་པ་རྣམས་ཀྱིས་ཤེ་ན། ཀུན་ནས་ཉོན་མོངས་རྣམ་པར་བྱང་། །ཤེས་ནས་ཞེས་བྱ་ བ་ལ་སོགས་པ་ལ་ཀུན་ནས་ཉོན་མོངས་པ་ཡོངས་སུ་དག་པ་སྒྱུ་མའི་ལུས་སོ། །རྣམ་པར་བྱང་བ་ནི་འོད་གསལ་ལོ། །ཤེས་ནས་ནི་བློས་སོ་སོར་རྟོགས་ནས་སོ། །འདི་དག་དངོས་པོ་གཅིག་ཉིད་དུ་གྱུར་པ་ནི་གཅིག་ཉིད་དོ། །གང་གིས་རིག་པ་ནི་ ཤེས་པའོ། །རྣམ་བཅས་དངོས་པོ་ཀུན་བཏགས་ནས། །ཞེས་པ་ནི། རྣམ་པ་དང་བཅས་པའི་དངོས་པོ་ཀུན་བཏགས་པ་ནི་བདག་བྱིན་གྱིས་བརླབ་པའོ། །རྣམ་མེད་ཉིད་དུ་རྟོགས་པ་ནི་འོད་གསལ་ལོ། །འདི་དག་གཅིག་ཉིད་དུ་བྱས་ནས་སྤྱོད་པ་ནི་ཐ་ སྙད་དུ་བྱེད་པའོ། །རྣལ་འབྱོར་པ་དེས་རིག་པ་ནི་ཤེས་པར་བྱེད་པའོ། །གཟུང་དང་འཛིན་པ་ཞེས་བྱ་བ་ལ་སོགས་པ་ལ་གཟུང་བྱ་ནི་འོད་གསལ་ལོ། །འཛིན་པ་ནི་ཡོངས་སུ་མ་དག་པའི་སྒྱུ་ལུས་སོ་ཞེས་པའི་རྣམ་གཉིས་བློ་ནི་བློའི་རྣམ་ པའོ། །ཡོད་མིན་ཏེ་ནི་བསྐྱེད་པར་མི་བྱ་བའོ། །གང་དུ་ནི་ཡེ་ཤེས་ལའོ། །མི་ཕྱེད་པ་ཉིད་དུ་འགྱུར་བ་དེའི་ཚེ་བཤད་པ་སྟེ་སྨྲས་པའོ། །རྟག་དང་ཆད་པའི་བློ་དག་ནི། །ཞེས་བྱ་བ་ལ་སོགས་པ་ལ་རྟག་པ་ནི་ཡོངས་སུ་མ་དག་པའི་སྒྱུ་ལུས་སོ། ། ཆད་པ་ནི་འོད་གསལ་ལོ། །ཤེས་རབ་སྙིང་རྗེ་གཅིག་ཉིད་དུ། །ཞེས་བྱ་བ་ལ་སོགས་པ་ལ་ཤེས་རབ་ནི་འོད་གསལ་ལོ། །སྙིང་རྗེ་ནི་ཡོངས་སུ་མ་དག་པའི་སྒྱུ་ལུས་སོ། །ཐབས་དང་ཤེས་རབ་སྙོམས་འཇུག་པ། །ཞེས་པ་ནི་ཤེས་རབ་ནི་སྟོང་པ་ 35-1-194b ཉིད་དོ། །ཐབས་ནི་སྒྱུ་ལུས་སོ། །གང་དུ་ཕུང་པོ་ལྷག་བཅས་དང་། །དེ་བཞིན་ཕུང་པོ་ལྷག་མེད་པ། །ཞེས་བྱ་བ་ལ་སོགས་པ་ལ་ཕུང་པོ་ལྷག་མ་དང་བཅས་པ་ནི་སྒྱུ་ལུས་སོ། །ཕུང་པོ་ལྷག་མ་མེད་པ་ནི་མྱ་ངན་ལས་འདས་པའོ། །གང་དུ་གང་ཟག་བདག་མེད་ ཅེས་པ་ཡང་། །ཞེས་བྱ་བ་ལ་སོགས་པ་ལ། གང་ཟག་གི་བདག་མེད་པ་ནི་བདག་བྱིན་གྱིས་བརླབ་པའི་ངོ་བོའོ། །ཆོས་ཀྱི་བདག་མེད་པ་ནི་འོད་གསལ་ལོ། །ཤེས་ནས་ཞེས་བྱ་བ་ལ་སོགས་པ་ནས། མི་ཟད་རྣལ་འབྱོར་པ་ཡི་གནས། །ཞེས་བྱ་བའི་མཐར་ཐུག་ པ་ནི་རྟོགས་པར་སླའོ། །གཉིད་ལོག་པ་དང་རབ་སད་པ། །གནས་སྐབས་འདི་ཉིད་སྤངས་པ་ལས། །ཞེས་བྱ་བ་ལ་སོགས་པ་ལས་གཉིད་ལོག་པའི་གནས་སྐབས་ནི་འོད་གསལ་ལོ། །རབ་ཏུ་སད་པའི་གནས་སྐབས་ནི་སྒྱུ་ལུས་སོ། །མཉམ་པར་ གཞག་དང་མ་བཞག་པ། །ཞེས་བྱ་བ་ལ་སོགས་པ་ལ་མཉམ་པར་གཞག་པ་ནི་འོད་གསལ་ལོ། །མཉམ་པར་མ་བཞག་པ་ནི་སྒྱུ་ལུས་སོ། །དྲན་དང་དྲན་མིན་རྣམ་པར་གྲོལ། །ཞེས་པ་ལ་སོགས་པ་ལ་དྲན་མིན་ནི་འོད་གསལ་ལོ། །དྲན་པ་ནི་སྒྱུ་ལུས་ སོ། །ཆགས་དང་ཆགས་བྲལ་རྣམ་པར་གྲོལ། །ཞེས་བྱ་བ་ལ་སོགས་པ་ལ་ཆགས་པ་ནི་སྒྱུ་ལུས་སོ། །ཆགས་བྲལ་ནི་འོད་གསལ་ལོ། །བྱ་བ་དང་ནི་བྱེད་པ་དག །ཅེས་བྱ་བ་ལ་སོགས་པ་ལ་བྱ་བ་ནི་འོད་གསལ་ལོ། །བྱེད་པ་ནི་སྒྱུ་ལུས་ སོ། །བསྐྱེད་པའི་རིམ་པ་འདི་གཅིག་དང་། །ཞེས་བྱ་བ་ལ་སོགས་པ་ནས་གངྒཱའི་བྱེ་མ་ལྟ་བུ་ཞེས་པའི་བར་རྣམས་ལ་ཀུན་རྫོབ་ཀྱི་བདེན་པ་མངོན་པར་རྫོད་པར་བྱེད་པའི་ཚིག་ཀྱང་ཡོད། དོན་དམ་པའི་བདེན་པ་མངོན་པར་རྫོད་པར་ བྱེད་པའི་ཚིག་ཀྱང་ཡོད་པས་འདི་དག་ཉིད་དུ་མངོན་པར་ཤེས་ནས་ཟུང་འཇུག་གི་ངོ་བོར་བརྗོད་པའི་རིམ་པས་མཁས་པས་རྣམ་གྲངས་པའི་སྒྲར་བྱའོ། །སློབ་བཞིན་པ་ཞེས་བྱ་བ་ལ་སོགས་པ་ལ་སློབ་བཞིན་པ་ནི་འབད་པ་བྱེད་བཞིན་པའོ། །རྣལ་ 35-1-195a འབྱོར་ཆེན་པོ་ནི་ཟུང་འཇུག་གི་གོ་འཕང་ལ་གནས་པས་ཟུང་དུ་འཇུག་པ་སྒོམ་པར་བྱེད་དོ། །སྤྱོད་པའང་དེའི་དོན་དུའོ། །འདིར་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་བྱའོ་ཞེས་པ་ལྷག་མའོ། །འདིར་ནི་མན་ངག་གི་ ཁྱད་པར་ལས་སྤྲོས་པ་མེད་པ་དང་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པའང་མདོར་བྱས་ཀྱི་རིམ་པར་བསྟན་ཏེ་དེ་ནི་འདིར་མ་བརྗོད་དོ། །སྤྱོད་བསྡུས་སུ་གསུངས་པ་ཡང་། ཤིང་ཡང་བསྲེགས་ན་ཐལ་བར་འགྱུར་རོ། །ཏཱ་ལའི་འདབ་མ་ ཡང་བསྲེགས་ན་ཐལ་བར་འགྱུར་རོ། །ཤིང་བལ་ཡང་བསྲེགས་ན་ཐལ་བར་འགྱུར་ཞེས་སོ། །ཐམས་ཅད་དུ་རང་བཞིན་གཅིག་ཉིད་ཀྱི་ང་རྒྱལ་གྱིས་སྤྱད་པར་བྱའོ་ཞེས་བསྟན་པར་འདོད་ནས་གསུངས་པ། ཇི་ལྟར་བདག་ཉིད་ཅེས་བྱ་བ་ལ་ སོགས་པ་ནས། ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ། །ཅེས་པའི་མཐར་ཐུག་པ་རྩ་བ་ཉིད་ལས་གོ་སླའོ། །འདི་དག་ཀྱང་སྤྱོད་བསྡུས་སུ་གསུངས་པ། རྣལ་འབྱོར་པ་ཐམས་ཅད་ནས་ཐེ་ཚོམ་མ་ཆོད་པ་རྩོལ་བ་མེད་པར་བྱིས་པ་བཞིན་ དུ་སྤྱོད་པར་བྱེད་དེ། དེའི་ཚེ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་ཆར་འབེབས་གོ། །དཔལ་འདུས་པའི་རྒྱ་ཆེར་འགྲེལ་པར་ཡང་གསུངས་པ། རྡོ་རྗེ་པདྨ་མཉམ་སྦྱོར་བས། །ཡེ་ཤེས་གསུམ་གྱིས་ཆ་རིག་པ། །བློ་ལ་གོས་དང་མ་གོས་པ། ། དེར་ནི་བདེ་བས་རྟག་ཏུ་གནས། །བཀག་པ་རྣམས་ཀྱང་བྱས་ནའོ། །བྱ་དང་བྱ་མིན་རྣམས་སྤངས་པ། །རང་བཞིན་ཤེས་པས་མི་གོས་ཏེ། །པདྨའི་འདབ་མ་ཆུ་ཡིས་བཞིན། །ཞེས་སོ། །བཤད་ནས་བསོད་ནམས་ཞེས་བྱ་བའི་མཐར་ ཐུག་པའི་ཚིགས་སུ་བཅད་པའི་བཤད་པ་ནི། ཆེས་གསལ་ལོ་ཞེས་པ་ཟུང་དུ་འཇུག་པའི་རིམ་པའི་དོན་མདོར་བཤད་པ་རྣལ་འབྱོར་པའི་ཡིད་འཕྲོག་ཅེས་བྱ་བ་རྫོགས་སོ།། །།སྐྱབས་གསུམ་བླ་མར་བཏུད་ནས་ 35-1-195b ཤིན་ཏུ་བགྲོད་དཀའ་ངེས་པར་རིང་། །ཟབ་མོ་གསང་སྔགས་ཚུལ་ནི་རྒྱ་མཚོ་མན་དཱ་ར་ཡི་རི། །རིམ་ལྔར་རྣམ་པར་སྦྱར་ཞིང་བསྒྲུབས་པའི་བདག་གི་བསོད་ནམས་ནི། །གང་ཡིན་དེས་ནི་འགྲོ་རྣམས་མཆོག་གི་བྱང་ཆུབ་གྲུབ་གྱུར་ཅིག །དོན་ མདོར་བཤད་པ་འདི་ཡི་ཚིག་གི་ཆུ་སྐྱེས་བུང་བ་སྦྱོར་བ་སྦྲང་ཚོགས་འཕྲོ་བཞིན་པ། །སློབ་དཔོན་སློབ་མ་གཏམས་པ་སཱ་ལ་མཆོག་གི་རི་མོར་ཤེས་རབ་སྟོབས་ཀྱིས་བསྐུལ་པ་ལས། །བརྟེན་པའི་ཡིད་འཕྲོག་ཅེས་བྱ་བླ་མ་མང་པོ་མཉེས་པར་བྱས་ ཤིང་རིང་ནས་འགྲོ་ལ་བརྩེ། །བློ་གྲོས་ཆེན་པོ་འཕྲོག་པའི་དམ་པ་དགེ་སློང་ཐུབ་པ་དཔལ་བཟང་པོ་ཡིས་བྱས་པ་ཡིན། །མ་བརྗོད་གཞན་དུ་བྱས་པ་ཉེས་པའི་ཆ་ཤས་གང་། །མཆོག་གི་ཡོན་ཏན་གནད་ཀྱིས་ཡོངས་དུ་རྗེས་སུ་ཆགས། །བཅུད་ ཀྱི་རང་བཞིན་བློ་ལྡན་རྣམས་ཀྱི་ཡོན་ཏན་ཆུར། །ཉེས་པའི་འཁྲི་ཤིང་མི་ཤེས་བདག་ཀྱང་འཇུག་པར་བྱེད། །འདི་ནི་ཡུལ་མ་ག་དྷཱ་པའི་པཎྜི་ཏ་ཐུབ་པ་དཔལ་བཟང་པོས་མཛད་པའོ།། །།རིམ་ལྔའི་འགྲེལ་པ་རྣལ་འབྱོར་ པའི་ཡིད་འཕྲོག་ཅེས་བྱ་བ་རྫོགས་སོ།། །།འདི་ནི་དཔྱལ་ལོ་ཙཱ་ཆོས་ཀྱི་བཟང་པོའི་ཕྱག་དཔེའི་རྒྱ་དཔེ་ལས་བོད་ཀྱི་སྐད་དུ། དགེ་སློང་རིན་ཆེན་གྲུབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའི་ཡི་གེ་པ་དགེ་སློང་སྒྲ་ཚད་ པའོ།།༄༅༅། །རྒྱ་གར་སྐད་དུ། བཛྲ་སཏྭ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀྱི་ཐེག་པ་མངོན་པར་རྟོགས་པའི་རིགས་ ཅན། གསུང་རབ་འཆད་པའི་དགེ་བའི་བཤེས་གཉེན་དང་ཕྲད་པ་ལས་རྡོ་རྗེ་ཐེག་པར་ཞུགས་ནས། རྟོགས་པའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཅིང་། མཐའ་དྲུག་གི་བཤད་པ་ལས་ཁ་ཕྱིར་བལྟས་པའི་རྡོ་རྗེ་སློབ་དཔོན་བསྙེན་བཀུར་ 35-1-196a བྱས་ན་སྒྲ་ཇི་བཞིན་པའི་དོན་གྱི་སྒོ་ནས། དཔལ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོའི་རྒྱུད་ཐོས་ནས་བྱིས་པས་རྟོགས་པར་བྱ་བའི་དོན་དུ་རྒྱུད་ནས་བཏུས་ནས། ཇི་ལྟར་ཐོབ་པའི་མན་ངག་གི་རྗེས་སུ་འབྲངས་ནས་རྟོག་པ་ལྷའི་རྣལ་ འབྱོར་གྱི་སྒྲུབ་ཐབས་ལ་སོགས་པ་སྒྲ་སྣ་ཚོགས་བཀོད་པའི་ཁྱད་པར་གྱི་ལུང་གི་རྗེས་སུ་བྱེད་དོ། །དེ་ལ་སློབ་དཔོན་ཁ་ཅིག་ཟླ་བ་དང་རྡོ་རྗེའི་རིམ་པས་རྡོ་རྗེ་སེམས་དཔའ་རྫོགས་པར་རྟོག་གོ། །ཁ་ཅིག་ནི་སྲིད་པ་སྐྱེ་བའི་རིམ་པས་སོ། །ཁ་ཅིག་ནི་ མངོན་པར་བྱང་ཆུབ་པ་ལྔའི་རིམ་པས་སོ། །ཁ་ཅིག་ནི་སྐད་ཅིག་བཞིའི་རིམ་པས་རྡོ་རྗེ་སེམས་དཔའ་རྫོགས་པར་རྟོག་གོ། །དཀྱིལ་འཁོར་པའི་ལྷ་ཡང་ཁ་ཅིག་ནི་བཅུ་གསུམ་པར་འདོད་དོ། །ཁ་ཅིག་ནི་བཅུ་དགུར་འདོད་དོ། །ཁ་ཅིག་ནི་ལྷ་ ཉི་ཤུ་རྩ་ལྔར་དགོད་པར་འདོད་དོ། །དེ་ལྟར་རྒྱུད་འདིར་རྒྱུད་སྣ་ཚོགས་པ་ལ་བརྟེན་ནས། རྡོ་རྗེ་སེམས་དཔའ་ལ་སོགས་པ་ལྷའི་སྐུ་རྫོགས་པར་བྱེད་དོ། །དེའི་རྗེས་སུ་འབྲངས་ནས་ཡང་འགྲེལ་བཤད་དང་། དཀའ་འགྲེལ་ལ་སོགས་པ་བྱས་ ནས་གདུལ་བར་བྱ་བའི་སྐྱེ་བོའི་དོན་དུ་སྟོན་པར་བྱེད་དོ། །དེ་ལ་རྡོ་རྗེ་ཐེག་པ་ལ་མངོན་པར་མོས་པ་དང་དད་པའི་རྗེས་སུ་འབྲང་བས་དེ་ཁོ་ན་ཉིད་ཀྱི་བརྒྱུད་པ་ཐོབ་ནས། ཐོས་པ་དང་། བསམ་པ་དང་། བསྒོམ་པའི་རིམ་པས་རྟོག་པའི་ལྷའི་རྣལ་ འབྱོར་ལ་གོམས་པར་བྱེད་དོ། །དོན་གྱི་དབང་འདི་དག་རྟོགས་ནས་བདག་གིས་འཕགས་པ་དཔལ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱི་བརྒྱུད་པ་ལས་འདུས་པ་བཤད་པའི་རྒྱུད་ཀྱི་རྗེས་སུ་འབྲངས་པའི་མཐའ་དྲུག་གི་བཤད་པའི་སྒོ་ནས་རྒྱུད་ཐོས་ཤིང་རིམ་ པ་གཉིས་རྟོགས་ནས། སྣ་ཚོགས་པའི་བསྐྱེད་པའི་རིམ་པ་ལ་མངོན་པར་ཞེན་པ་རྣམས་ཀྱི་རིམ་པའི་སྒྲུབ་པའི་ཐབས་ལ་ཐེ་ཚོམ་མེད་པར་བྱ་བའི་དོན་དུ། རྡོ་རྗེ་སེམས་དཔའ་བསྐྱེད་པ་ནས་ལེའུ་བཅུ་བདུན་པ་ལ་ཐུག་པ་མདོ་རིམ་པར་བཏུས་ཤིང་བསྡུ་ 35-1-196b བར་བྱའོ། །དེ་ལ་རེ་ཞིག་སྒྲུབ་པའི་རིམ་པ་བསྟན་ཏེ། སྔགས་ཀྱི་ངེས་པ་དང་པོ་སྟེ། །གཉིས་པ་དགོད་པ་བསྟན་པའོ། །རྣམ་པར་གཞག་པ་ཡང་གསུམ་སྟེ། །བཞི་པ་དེ་ཉིད་བསྟན་པའོ། །ཞེས་བྱ་བའི་རིམ་པས་སྒྲུབ་པའི་ཐབས་ ཐོས་ནས། །རྡོ་རྗེ་བླ་མའི་གནང་བ་ཐོབ་ནས་རང་གི་འདོད་པའི་ལྷའི་མདུན་དུ་ཨརྒ་ཕུལ་ཏེ། དེ་ནས་སྒྲུབ་པ་པོས་དགོན་པ་ཆེན་པོ་ལ་སོགས་པའི་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་ཤར་དུ་མངོན་པར་ཕྱོགས་པས་སེམས་དཔའི་སྐྱིལ་ཀྲུང་གིས་མཉམ་པར་གནས་ཏེ་སེམས་ཅན་ཐམས་ཅད་ ལ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་ལ་འཆད་པར་འགྱུར་བའི་རིམ་པས་བདག་དང་གཞན་ལ་ཕན་པའི་རྡོ་རྗེ་སེམས་དཔའི་གོ་འཕང་བསྒྲུབ་པར་བྱའོ། །དེའི་དོན་ནི་ལེའུ་བཅུ་གཉིས་པ་ལས། དགོན་པ་ཆེན་པོའི་ས་ཕྱོགས་ནི། །མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན། །རི་བོ་དབེན་པ་དག་ཏུ་ ནི། །དངོས་གྲུབ་ཐམས་ཅད་བསྡུས་པ་འགྲུབ། །ཅེས་བྱ་བའོ། །དེའི་རྗེས་ལ་སྒྲུབ་པ་པོས་སྟོང་པ་ཉིད་དུ་མོས་པས་ཐ་མལ་པའི་ང་རྒྱལ་བསལ་ལ་སྐད་ཅིག་གིས་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་གཟུགས་སུ་ཁ་དོག་དཀར་པོར་ལྷག་པར་མོས་པར་བྱའོ། །འདིའི་མདོ་ནི་ལེའུ་གསུམ་པ་ལས། ནམ་མཁའི་ཁམས་ཀྱི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ། །འོད་ཟེར་སྤྲིན་གྱི་ཚོགས་ཆེན་པོ། །སངས་རྒྱས་འབར་བར་འདྲ་བའི་འོད། །ཅེས་བྱའོ། །དེ་ནས་ལེའུ་དང་པོ་ལས་གསུངས་པ། ཡེ་ཤེས་སྒྲོན་མ་རྡོ་རྗེའི་ཏིང་ངེ་འཛིན་གྱི་ཚུལ་གྱིས་བཛྲ་དྷྲྀཀ་ཅེས་བྱ་བའི་ སྔགས་བརྗོད་ལ་དེས་མི་བསྐྱོད་པའི་སྐུ་ནག་པོ་ཞལ་གསུམ་པ། ཕྱག་དྲུག་པ། བདག་ཉིད་ཀྱི་མདུན་དུ་གནས་པར་བལྟས་ནས། བདག་ཉིད་ཀྱི་ལུས་ལ་ཆུ་དང་འོ་མའི་ཚུལ་གྱིས་རྗེས་སུ་ཞུགས་པས་བདག་ཉིད་ཨིནྡྲ་ནཱི་ལའི་མདོག་ཅན་ཞེ་སྡང་རྡོ་རྗེའི་སྐུར་བསྒོམས་ཏེ། འདིའི་མདོ་ནི་ ལེའུ་དང་པོ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རིག་པའི་སྐྱེས་བུ་མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོར་སྦྱོར་བའི་གོ་འཕང་མཆོག་གིས་ནག་པོ་དཀར་པོ་དམར་པོའི་རྣམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དེ་ 35-1-197a བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་ཐུགས་རྡོ་རྗེ་ལ་བཞུགས་ཏེ་ཞེས་བྱའོ། །དེ་བཞིན་དུ་ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་ནས་སྔགས་པས་ཧཱུཾ་རིང་པོ་བརྗོད་ནས་དེས་བསྐྱེད་པའི་གཤིན་རྗེ་གཤེད་ལ་སོགས་པ་ཁྲོ་བོ་བཅུ་ཞལ་གསུམ་པ། ཕྱག་དྲུག་ པ། མཚོན་ཆ་སྣ་ཚོགས་པས་བྲེལ་པའི་ཕྱག་ཅན། ཕྱོགས་བཅུ་ན་རྣམ་པར་གནས་པའི་གདུག་པ་ལ་བསྡིགས་པར་བརྩོན་པའི་རྣམ་པར་བསམ་པར་བྱའོ། །འདིའི་མདོ་ནི་ལེའུ་བཅུ་གསུམ་པ་ལས། ཁྲོ་བོ་ཞེ་སྡང་གནས་ལ་སྐྱེས། །རྟག་ཏུ་གསོད་ལ་དོན་དུ་གཉེར། །སྒྲུབ་པ་ མཆོག་གི་ཆོས་ཅན་གྱི། །གསོད་དོན་གཉེར་བས་འགྲུབ་པར་འགྱུར། །ཞེས་བྱའོ། །དེ་ནས་འོག་ན་གནས་པའི་གནོད་མཛེས་ལས་གནོད་མཛེས་རྒྱལ་པོ་སྤྲུལ་པ་གཉིས་པ་འོངས་ནས་གནོད་མཛེས་ཀྱི་གཟུགས་ཀྱིས་མདུན་དུ་གནས་ཏེ་བཀའ་ནོད་པར་བསམས་ནས། ལེའུ་བཅུ་ བཞི་པ་ལས་གསུངས་པའི་ཧཱུྃ་བཞི་པའི་སྔགས་ཀྱིས་བཀའ་བསྒོ་སྟེ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞཱ་གྲྀཧྞཱ་ཧཱུཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་བཱ་ན་བིདྱཱ་རཱ་ཛཱ་ཡ་ཧཱུཾ་ཕཊ། དེ་ནས་གནོད་མཛེས་ཀྱི་རྒྱལ་པོ་ཕྱོགས་བཅུར་སོང་སྟེ། ལྷ་ལ་སོགས་པའི་བགེགས་ཀྱི་བདག་པོ་རྣམས་ ལྕགས་ཀྱུས་བཀུག་སྟེ་སྐེ་ལ་ཞགས་པས་བཅིངས་ནས་འོངས་ནས་ཁྲོ་བོ་བཅུ་ལ་སོ་སོར་གཏང་བར་བསམ་པར་བྱའོ། །དེ་ནས་བདུད་རྩི་འཁྱིལ་པ་གཉིས་པ་བྱང་ཕྱོགས་ཀྱི་སྒོར་སྤྲུལ་ཏེ་བཞག་ནས་རང་ཉིད་ཕུར་པའི་རྣམ་པ་བཅུ་མངོན་པར་སྤྲུལ་ཏེ་བགེགས་ཀྱི་བདག་པོ་བཅུའི་ མགོ་བོར་གནས་པར་བསམ་པར་བྱའོ། །དེ་ནས་གནོད་མཛེས་རྒྱལ་པོ་ལ་ངས་ནས་སྔགས་བརྗོད་ཅིང་རྡོ་རྗེ་ཐོ་བས་བརྡུང་བར་བསམ་པར་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་གྷ་གྷ། གྷཱ་ཏ་ཡ། གྷཱ་ཏ་ཡ། སརྦ་དུཥྚཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པཾ་ ཧཱུཾ་ཧཱུཾ་ཕཊ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ། བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི།སརྦ་དུཥྚཱཾ་བིགྷྣཾ། ཀཱ་ཡ་བཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། འདིའི་མདོ་ནི་ལེའུ་བཅུ་གསུམ་པ་ལས། རྡོ་རྗེ་བདུད་རྩི་ཁྲོ་བོ་ཆེ། །རྡོ་རྗེ་ཕུར་བུ་རབ་བསྒོམ་བྱ། །ཤིན་ཏུ་འབར་ཞིང་ལེགས་པའི་འོད། །ཕྱོགས་ 35-1-197b བཅུའི་རྩེ་མོར་སྤྲོ་བར་བྱ། །ཞེས་བྱའོ། །དེ་ནས་འདོད་པའི་རྒྱལ་པོའི་སྔགས་ཀྱིས་ལྕགས་དང་། ཆུ་དང་མེ་དང་རླུང་རྣམས་ཀྱི་ར་བ་བཞི་རིམ་པ་བཞིན་དུ་ཕྱི་རོལ་དུ་བསམ་པར་བྱའོ། །དེ་ལ་སྔགས་འདི་ཡིན་ཏེ། ཊཀྐི་ཧཱུཾ་ཛཿ། དེ་ནས་ཧཱུཾ་གི་སྟེང་དུ་རྡོ་རྗེའི་གུར་མཆོད་རྟེན་ལྟ་བུ་ལྕགས་ཀྱི་ར་བའི་ སྟེང་དུ་གནས་པའོ། །ཡི་གེ་གསུམ་གྱིས་གོ་ཆ་ལའོ། །ཧཱུཾ་གིས་སའི་ཆ་ལ་སྣ་ཚོགས་རྡོ་རྗེའི་རང་བཞིན་དུ་བསམ་པར་བྱའོ། །དེ་ལྟར་ཕྱོགས་མཚམས་བཅིང་བ་ནི་རྡོ་རྗེའི་ར་བ་དང་། གུར་ལ་སོགས་པའི་ཆོ་ག་སྔོན་དུ་འགྲོ་བའི་སྲུང་བའི་འཁོར་ལོ་བསམ་པར་བྱའོ། །འདིའི་ ཕན་ཡོན་གྱི་མདོ་ནི་ལེའུ་བཅུ་གསུམ་པ་ལས། བསམ་གཏན་གང་གིས་ཡི་དམ་ནི། །གནས་གང་དུ་ནི་མཉམ་སྤྱོད་པ། །བསམ་གཏན་སྦྱོར་བ་འདི་ཡིས་ནི། །གནས་ནས་སངས་རྒྱས་བྱིན་གྱིས་རློབ། །ཅེས་བྱའོ། །དེ་ནས་ལེའུ་གཉིས་པ་ལས་གསུངས་པའི་བྱང་ཆུབ་སེམས་ཀྱི་ཚིགས་ བཅད་ཀྱིས་སྲུང་བའི་འཁོར་ལོ་དང་། ཁམས་གསུམ་ཡང་དེ་བཞིན་ཉིད་དུ་གཞུག་པར་བྱའོ། །དེ་ལ་ཚིགས་བཅད་འདི་ཡིན་ཏེ། དངོས་པོ་མེད་པ་སྒོམ་དུ་མེད། །བསྒོམ་པར་བྱ་བ་བསྒོམ་པ་མེད། །དེ་ལྟར་དངོས་དང་དངོས་མེད་པའི། །བསྒོམ་པ་དམིགས་སུ་མེད་པའོ། །ཞེས་ བྱའོ། །འདི་ཡང་དོན་དམ་པའི་སྲུང་བའོ། །དེ་ནས་ནམ་མཁའི་ཁམས་ཀྱི་དབུས་སུ་ཡཾ་ལས་གཞུའི་རྣམ་པའི་རླུང་གི་དཀྱིལ་འཁོར་ཏེ། ཧཱུཾ་གཉིས་ཀྱི་ལོགས་གཉིས་ལ་རྡོ་རྗེ་གཉིས་ཀྱིས་མཚན་པ་བསམས་ནས་དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་པ་རྡོ་རྗེ་གཉིས་ ཀྱིས་མཚན་པའོ། །དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་རྡོ་རྗེ་གཉིས་ཀྱིས་མཚན་པའོ། །དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་པ་རྡོ་རྗེ་གཉིས་ཀྱིས་མཚན་པར་བསམས་ནས། དཀྱིལ་འཁོར་བཞི་ཆར་བསྡུས་པ་ལས་སའི་དཀྱིལ་འཁོར་འབབ་པ་ཞིག་ བསམ་མོ། །འདིའི་མདོ་ནི་ལེའུ་བཅུ་གཅིག་པ་ལས། དཀྱིལ་འཁོར་རྡོ་རྗེ་ཀུན་ལས་སྐྱེས། །ནམ་མཁའི་ཁམས་ཀྱི་དབུས་གནས་བསམ། །དེར་ནི་བྷྲཱུྃ་ཡིག་བསྒོམ་པར་བྱ། །རྡོ་རྗེའི་སྤྲིན་ནི་མཉམ་འཕྲོའོ། །དེ་ལྟར་རྟེན་གྱི་དཀྱིལ་འཁོར་བསྐྱེད་ནས། །བྷྲཱུྃ་ལས་ 35-1-198a གཞལ་ཡས་ཁང་པ་སྟེ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་རབ་བརྒྱན་ནས། །ཐིག་ལེ་བཞི་དང་ཡང་དག་ལྡན། །ཀ་བ་བརྒྱད་ཀྱིས་ཉེར་བརྒྱན་པ། །དྲ་བ་དྲ་བ་ཕྱེད་པས་སྤྲས། །རྡོ་རྗེ་ནོར་བུ་ཟླ་ཕྱེད་དང་། །སྒོ་དང་སྒོ་ཁྱུད་མཚམས་རྣམས་སུ། ། རྡོ་རྗེ་རིན་ཆེན་རྣམས་ཀྱིས་བརྒྱན། །བུམ་པ་ཀ་བ་རྡོ་རྗེ་ཆེ། །མདའ་ཡབ་དང་ནི་བྱ་ཅན་དང་། །བ་དན་དྲིལ་བུར་ལྡན་པ་ཡི། །རྔ་ཡབ་སོགས་ཀྱིས་ཉེར་བརྒྱན་པའོ། །འདིའི་མདོ་ནི་ལེའུ་བརྒྱད་པ་ལས། །དཔག་ཚད་བརྒྱ་ཡི་ཁྱོན་ཙམ་ལ། །ལེགས་པར་མཛེས་ཤིང་གྲུ་བཞི་པ། །རིན་ཆེན་བཞི་ དངོས་མཆོད་རྟེན་འདྲ། །གསལ་ཞིང་རང་བཞིན་དྲི་མེད་པའོ། །དེ་ལྟ་བུའི་ལྷ་དང་མི་ལས་ཡོན་ཏན་ཁྱད་པར་དུ་འཕགས་པའི་ཁང་བཟངས་དམ་པ་སའི་དཀྱིལ་འཁོར་གྱི་སྟེང་དུ་བསམས་ཤིང་ཟླ་བ་དང་ཉི་མའི་གདན་རྣམ་པར་བཀོད་ནས། བདག་གི་རང་བཞིན་གྱིས་ཐ་མལ་པའི་ང་རྒྱལ་བསལ་ ལ་སྐད་ཅིག་གིས་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་གཟུགས་ཨིནྡྲ་ནཱི་ལའི་མདོག་ཅན་ཞལ་གསུམ་ཕྱག་དྲུག་པ། གཡས་ཀྱིས་རྡོ་རྗེ་དང་འཁོར་ལོ་དང་པདྨ། གཡོན་གྱིས་དྲིལ་བུ་དང་ཡིད་བཞིན་གྱི་ནོར་བུ་དང་རལ་གྲི་འཛིན་པ། ཁ་སྦྱོར་གྱི་སྦྱོར་བས་དཀྱིལ་འཁོར་གྱི་དབུས་སུ་པདྨ་དང་ཉི་མའི་ གདན་ལ་སེམས་དཔའི་སྐྱིལ་ཀྲུང་གིས་ཉེ་བར་གནས་པར་བསམ་མོ། །དེ་ནས་ཤར་དུ་རྣམ་པར་སྣང་མཛད། ལྷོར་རིན་ཆེན་འབྱུང་ལྡན། ནུབ་ཏུ་འོད་དཔག་མེད། བྱང་དུ་དོན་ཡོད་གྲུབ་པའོ། །མེའི་མཚམས་སུ་སྤྱན་མ། བདེན་བྲལ་དུ་མཱ་མ་ཀཱི། རླུང་དུ་གོས་དཀར་མོ། །དབང་ལྡན་དུ་ སྒྲོལ་མ་རྣམས་སྙིང་པོའི་དཀྱིལ་འཁོར་བསམས་ནས། རིམ་པ་གཉིས་ལ་མེའི་མཚམས་སུ་གཟུགས་རྡོ་རྗེ་མ། བདེན་བྲལ་དུ་སྒྲ་རྡོ་རྗེ་མ། རླུང་དུ་དྲི་རྡོ་རྗེ་མ། དབང་ལྡན་དུ་རོ་རྡོ་རྗེ་མ། དབུས་སུ་རེག་རྡོ་རྗེ་མ། རྡོ་རྗེ་སེམས་དཔའ་དང་ཡང་དག་པར་འཁྱུད་ནས་གནས་པར་བསམ་མོ། །དེ་ བཞིན་དུ་རིམ་པ་གསུམ་པའི་ཤར་གྱི་སྣམ་བུ་ལ་བྱམས་པ་དང་སའི་སྙིང་པོ། ལྷོའི་སྣམ་བུ་ལ་ཕྱག་ན་རྡོ་རྗེ་དང་ནམ་མཁའི་སྙིང་པོ། ནུབ་ཀྱི་སྣམ་བུ་ལ་འཇིག་རྟེན་དབང་ཕྱུག་དང་འཇམ་པའི་དབྱངས། བྱང་གི་སྣམ་བུ་ལ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་ཀུན་དུ་བཟང་པོ། ཤར་ 35-1-198b གྱི་སྒོར་གཤིན་རྗེ་གཤེད་པོ། ལྷོའི་སྒོར་གཞན་གྱིས་མི་ཐུབ་པ། ནུབ་ཀྱི་སྒོར་རྟ་མགྲིན། བྱང་གི་སྒོར་བདུད་རྩི་འཁྱིལ་པ། མེ་མཚམས་སུ་མི་གཡོ་བ། བདེན་བྲལ་དུ་འདོད་པའི་རྒྱལ་པོ། རླུང་དུ་དབྱུག་པ་སྔོན་པོ། དབང་ལྡན་དུ་སྟོབས་པོ་ཆེ། སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་ བ། འོག་ཏུ་གནོད་མཛེས་རྒྱལ་པོ་བསམ་མོ། །འདིའི་མདོ་ནི་ལེའུ་དང་པོ་ལས། གསལ་བ་དེ་ཡི་ངོ་བོ་ཉིད། །ཀུན་ནས་སྣ་ཚོགས་གཟུགས་ལྡན་པར། །སངས་རྒྱས་སྤྲིན་དང་ཡང་དག་ལྡན། །འོད་ཟེར་འབར་ཞིང་འཁྲུགས་པ་པོ། །གསལ་བ་ལ་སོགས་དཀྱིལ་འཁོར་ལྡན། ། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་བྱའོ། །དེ་ལྟར་ཕྱི་རོལ་གྱི་དཀྱིལ་འཁོར་དུ་ལྷ་སུམ་ཅུ་རྩ་གཉིས་སྤྲུལ་པར་མོས་པར་བྱས་ནས། ཡང་འདི་རྣམས་རང་གི་ལུས་ཀྱི་དཀྱིལ་འཁོར་ལ་ཕུང་པོའི་རང་བཞིན་གྱི་སངས་རྒྱས་ལྔ་དང་། ཁམས་ཀྱི་རང་བཞིན་རིག་པའི་ལྷ་མོ་རྣམས་དང་། སྐྱེ་མཆེད་ཀྱི་རང་བཞིན་གྱི་བྱང་ཆུབ་སེམས་དཔའ་རྣམས་དང་ཡན་ལག་གི་རང་བཞིན་གྱི་ཁྲོ་བོའི་རྒྱལ་པོ་རྣམས་རྣམ་པར་དགོད་པར་བྱའོ། །འདིའི་མདོ་ནི་ལེའུ་བཅུ་བདུན་པ་ལས། ཕུང་པོ་ལྔ་ནི་མདོར་བསྡུས་ན། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །རྡོ་རྗེ་སྐྱེ་མཆེད་ཉིད་ཀྱང་ནི། །བྱང་ ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ས་ནི་སྤྱན་མ་ཞེས་སུ་གྲགས། །ཆུ་ཁམས་མཱ་མ་ཀཱི་རུ་དྲན། །མེ་ནི་གོས་དཀར་མོ་ཞེས་བྱ། །རླུང་ནི་སྒྲོལ་མར་རབ་ཏུ་གྲགས། །གཟུགས་དང་སྒྲ་ལ་སོགས་པ་ཡིས། །ལྷ་ཉིད་དུ་ནི་རྟག་ཏུ་བསྒོམ། །ཞེས་གསུངས་སོ། །དོན་གྱི་དབང་འདི་ མཁྱེན་ནས་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་དྲ་བ་སྡོམ་པ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། བཅོམ་ལྡན་འདས་ཀྱིས་གསུངས་པ། །དེ་ཉིད་མི་སེམས་རྣལ་འབྱོར་བདག །ལྷ་ཉིད་དུ་ནི་དམིགས་པ་ཡི། །གཟུགས་བརྙན་རང་བཞིན་རྣལ་འབྱོར་ནི། །ལུགས་ མ་སོགས་ལས་སྐྱེ་འགྱུར་རམ། །དེ་ཉིད་ལེགས་སེམས་རྣལ་འབྱོར་ལ། །ལྷ་རུ་དམིགས་པས་ཅི་ཞིག་བྱ། །བདག་ཉིད་སྦྱོར་པའི་དམ་ཚིག་ལས། །མི་འགྱུར་མཆོག་ནི་འགྲུབ་པར་འགྱུར། །བདག་ཉིད་སངས་རྒྱས་ཐམས་ཅད་ཉིད། །ཀུན་གྱི་མཆོག་ཉིད་ཀྱང་ཡིན་ནོ། ། 35-1-199a དེ་བས་འབད་པ་ཐམས་ཅད་ཀྱིས། །བདག་ཉིད་རྟག་ཏུ་མཆོད་པར་བྱ། །ཞེས་གསུངས་སོ། །དེ་ལྟར་ཕྱི་རོལ་གྱི་དཀྱིལ་འཁོར་ལུས་ཀྱི་དཀྱིལ་འཁོར་ལ་རྗེས་སུ་བཅུག་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ལས་གྲུབ་པར་བདག་ཉིད་ལུས་ཀྱི་ དཀྱིལ་འཁོར་ལྷག་པར་མོས་པར་བྱས་ནས། ཡང་སྐུའི་དཀྱིལ་འཁོར་གྱི་ལྷ་རྣམས་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ཀྱི་རང་བཞིན་རྣམས་རིམ་པ་བཞིན་ཐིམ་པས་དོན་དམ་པའི་དཀྱིལ་འཁོར་དུ་གཞུག་སྟེ། ལེའུ་གསུམ་པ་ལས་གསུངས་པའི། ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ ཨཱཏྨ་ཀོ྅ཧཾ་ཞེས་བྱ་བའི་སྔགས་ཀྱིས་ཆོས་སྐུར་བསྟན་པར་བྱའོ། །འདིའི་མདོ་ནི་ལེའུ་བདུན་པ་ལས། དམ་ཚིག་ལས་བྱུང་ཁུ་བ་ནི། །འབྲས་བུ་འདོད་པས་ཆོས་བཞིན་བཏུང་། །དེ་བཞིན་གཤེགས་པའི་ཚོགས་བསད་ན། །དངོས་གྲུབ་རབ་མཆོག་འགྲུབ་པར་འགྱུར། །དེ་ལྟར་ སྟོང་པ་ཉིད་དུ་དམིགས་པས་ཉོན་མོངས་པའི་དྲི་མ་ཐམས་ཅད་བསལ་ནས། དེ་ནས་བདག་ཉིད་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་གཟུགས་སུ་བསྐྱེད་པར་བྱ་སྟེ། རིམ་པ་འདིས་དོན་དམ་པའི་བདེན་པ་ལས་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་པདྨ་ དམར་པོ་འདབ་མ་བརྒྱད་པའི་སྟེང་དུ་ཨོཾ་ཨཱཿཧཱུཾ་ཞེས་པའི་ཡི་གེ་གསུམ་གོང་ནས་གོང་དུ་དགོད་དེ་ཐམས་ཅད་བསྡུས་པ་ལས་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གྱུར་ཏེ། སེམས་ཙམ་དུ་བསམས་ནས་དེ་གཉིས་བརྟན་པ་དང་གཡོ་བའི་འགྲོ་བ་ནང་དུ་འདུས་ཏེ། ལེའུ་ གསུམ་པ་ལས་གསུངས་པའི་ཨོཾ་དྷ་རྨྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བའི་རང་གི་སྔགས་ཀྱིས་རང་གི་སེམས་རིན་པོ་ཆེ་བརྟན་པར་བྱའོ་ཞེས་བྱ་བ་འདི་ནི་དང་པོའི་རྣལ་འབྱོར་རོ། །དོན་འདི་གསལ་བར་འཁོར་ལོ་སྡོམ་པ་ལས་གསུངས་ཏེ། ཡེ་ཤེས་ཙམ་ལ་སྙོམས་འཇུག་པ། །རྣལ་ འབྱོར་ཞེས་ནི་མངོན་པར་བརྗོད། །ཅེས་བྱའོ། །དེ་ནས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་གསུམ་མོ། །དེ་ལས་རྡོ་རྗེའོ། །རྡོ་རྗེ་ལས་བདག་ཉིད་རྡོ་རྗེ་འཆང་ཆེན་པོ་སྐུ་ཁ་དོག་དཀར་པོར་བསམ་མོ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །རྣམ་པར་སྣང་མཛད་མཚུངས་པའི་ 35-1-199b འོད། །ཅེས་ལེའུ་བཅོ་ལྔ་པ་ལས་གསུངས་པའི་ཕྱིར་ཏེ། གཉིས་པ་རྗེས་སུ་རྣལ་འབྱོར་རོ། །འདིའི་མདོ་ནི་ལེའུ་བཅུ་གཅིག་པ་ལས། རྡོ་རྗེ་གསུམ་ཡིག་སྔགས་མཆོག་གིས། །ཕྱག་རྒྱ་ཆེན་པོ་བསྒོམ་པ་ནི། །ཡེ་ཤེས་རྡོ་རྗེ་བྱ་བ་སྟེ། །བྱང་ཆུབ་ཐམས་ཅད་མཉམ་བསྐྱེད་ པའི། །ཞེས་གསུངས་སོ། །དེ་ལྟར་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་གྱི་རིམ་པས་བདག་ཉིད་ལོངས་སྤྱོད་རྫོགས་པའི་སྐུར་བསྐྱེད་ནས། སྲིད་པ་ཐ་མལ་པའི་སེམས་ཅན་གྱི་དོན་གྱི་ཕྱིར་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་དང་རྗེས་སུ་ཞུགས་པའི་རིམ་པ་འདིས་བདག་ ཉིད་སྤྲུལ་པའི་སྐུར་བསྐྱེད་པར་བྱའོ། །རིམ་པ་འདི་ཡིན་ཏེ། རྣམ་པར་སྣང་མཛད་ཀྱི་རང་བཞིན་ཨོཾ་དཀར་པོ་སྤྱི་བོར་བཀོད་ནས། གཟུགས་ཀྱི་ཕུང་པོ་ལ་གཞུག་པར་བྱའོ། །འོད་དཔག་ཏུ་མེད་པའི་རང་བཞིན་ཨཱཿདམར་པོ་མགྲིན་པར་བཀོད་ནས་འདུ་ཤེས་ཀྱི་ ཕུང་པོ་ལ་གཞུག་པར་བྱའོ། །མི་བསྐྱོད་པའི་རང་བཞིན་ཧཱུཾ་ནག་པོ་སྙིང་གར་བཀོད་ནས་རྣམ་པར་ཤེས་པའི་ཕུང་པོ་ལ་གཞུག་པར་བྱའོ། །རིན་ཆེན་འབྱུང་ལྡན་གྱི་རང་བཞིན་སྭཱ་སེར་པོ་ལྟེ་བ་ལ་བཀོད་ནས་ཚོར་བའི་ཕུང་པོ་ལ་གཞུག་པར་བྱའོ། །དོན་ཡོད་གྲུབ་པའི་རང་ བཞིན་ཧཱ་ལྗང་གུ་རྐང་པ་གཉིས་ལ་བཀོད་ནས་འདུ་བྱེད་ཀྱི་ཕུང་པོ་ལ་གཞུག་པར་བྱའོ། །མོ་ཧ་རཱ་ཏི་ཞེས་བྱ་བས་སྤྱན་མ་སའི་ཁམས་ཀྱི་རང་བཞིན་གྱིས་སོ། །དེ་ཥ་རཱ་ཏི་ཞེས་བྱ་བས་མཱ་མ་ཀཱི་ཆུའི་ཁམས་ཀྱི་རང་བཞིན་གྱིས་སོ། །རཱ་ག་རཱ་ཏི་ཞེས་བྱ་བས་གོས་དཀར་མོ་ མེའི་ཁམས་ཀྱི་རང་བཞིན་གྱིས་སོ། །བཛྲ་རཱ་ཏི་ཞེས་བྱ་བས་སྒྲོལ་མ་རླུང་གི་ཁམས་ཀྱི་རང་བཞིན་གྱིས་སོ། །བཀོད་ནས་སྲ་བ་ཉིད་དང་། གཤེར་བ་ཉིད་དང་། དྲོ་བ་ཉིད་དང་གཡོ་བ་ཉིད་དུ་རབ་ཏུ་བསམ་པར་བྱའོ། །ཨོཾ་སའི་སྙིང་པོའི་ས་བོན་མིག་གི་སྐྱེ་མཆེད་ཀྱི་རང་ བཞིན་དང་། ཨོཾ་ཕྱག་ན་རྡོ་རྗེའི་ས་བོན་རྣ་བའི་སྐྱེ་མཆེད་ཀྱི་རང་བཞིན་དང་། ཨོཾ་ནམ་མཁའི་སྙིང་པོའི་ས་བོན་སྣའི་སྐྱེ་མཆེད་ཀྱི་རང་བཞིན་དང་། ཨོཾ་འཇིག་རྟེན་དབང་ཕྱུག་གི་ས་བོན་ལྕེའི་སྐྱེ་མཆེད་ཀྱི་རང་བཞིན་དང་། ཧཱུཾ་འཇམ་དཔལ་གྱི་ས་བོན་ཡིད་ཀྱི་སྐྱེ་མཆེད་ཀྱི་རང་ 35-1-200a བཞིན་དང་། ཨོཾ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་ས་བོན་ལུས་ཀྱི་སྐྱེ་མཆེད་ཀྱི་རང་བཞིན་ལ་བཀོད་ནས། ལྷའི་མིག་ལ་སོགས་པ་རབ་ཏུ་བརྟག་པར་བྱའོ། །བྱམས་པའི་ས་བོན་མེེཾ་རྒྱུས་པའི་རང་བཞིན་ལ་དགོད་པར་བྱའོ། །ཀུན་དུ་བཟང་པོའི་ས་ བོན་སཾ་ལུས་ཀྱི་ཚིགས་ཐམས་ཅད་ལ་དགོད་པར་བྱའོ། །དེ་ལྟར་སྔགས་ཀྱིས་བྱིན་གྱིས་བརླབས་པ་ལས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་བཀང་ནས་ཧཱུཾ་རིང་པོར་ཁྲོ་བོ་བཅུ་ལག་པ་ལ་སོགས་པའི་ཡན་ལག་རྣམས་ལ་རིམ་པ་འདིས་དགོད་པར་བྱས་ཏེ། དེ་ལ་ལག་པ་གཡས་པར་ གཤིན་རྗེ་གཤེད། ལག་པ་གཡོན་པ་ལ་གཞན་གྱིས་མི་ཐུབ་པ། ཁར་རྟ་མགྲིན་གསང་བར་ནི་བདུད་རྩི་འཁྱིལ་པ། རྩིབ་མ་གཡས་པར་མི་གཡོ་བ། གཡོན་པར་འདོད་པའི་རྒྱལ་པོ། པུས་མོ་གཡས་པ་ལ་དབྱུག་སྔོན་ཅན། པུས་མོ་གཡོན་པ་ལ་སྟོབས་པོ་ཆེ། སྤྱི་ བོར་གཙུག་ཏོར་འཁོར་ལོས་སྒྱུར་བ། རྐང་པ་གཉིས་ལ་གནོད་མཛེས་རྒྱལ་པོ་བཀོད་ནས་ཕྱོགས་བཅུར་རྗེས་སུ་གཞུག་པར་བྱའོ། །འདིའི་མདོ་ནི་ལེའུ་དང་པོ་ལས། རིག་པའི་སྐྱེས་བུ་ཆེན་པོའི་སྐུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱིས་བྱིན་གྱིས་བརླབས་ནས་དེ་མ་ཐག་ ཏུ་བྱིན་གྱིས་བརླབས་པ་ཙམ་གྱིས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་ཉིད་དེ་བཞིན་གཤེགས་པ་རྣམས་ཀྱི་ཞལ་གསུམ་གྱི་རྣམ་པར་མཐོང་བར་གྱུར་ཏོ་ཞེས་བྱ་བ་ནི་གསུམ་པ་ཤིན་ཏུ་རྣལ་འབྱོར་རོ། །དེ་ལྟར་སྒྲུབ་པ་པོས་རྣལ་འབྱོར་གསུམ་གྱི་བདག་ཉིད་ཀྱིས་ཐ་མལ་པའི་ང་རྒྱལ་བསལ་ཏེ། དཔལ་རྡོ་རྗེ་སེམས་དཔའི་སྐུར་ཡང་བསྐྱེད་ནས། ཡང་བྱ་བ་ནི་ཡོངས་སུ་རྫོགས་པའི་ལྷའི་རྣམ་རྟོག་བསལ་བའི་ཕྱིར་བཞི་པ་རྣལ་འབྱོར་ཆེན་པོ་བྱ་སྟེ། དེ་ལ་ཨོཾ་ཁ་དོག་དཀར་པོ་སྤྱི་བོར་བསམས་ནས་དེ་ལས་སྐྱེས་པའི་སྤྱན་གྱི་ཚོགས་བདག་པོའི་སྦྱོར་བས་ནམ་མཁའི་དབྱིངས་སུ་རྣམ་ པར་བསམས་ཏེ། དེ་ནས་སྐད་ཅིག་གིས་རྣམ་པར་སྣང་མཛད་ཀྱི་ཚོགས་བདག་པོ་དང་སྦྱོར་བ་བར་སྣང་ལ་བསམས་ནས། ལེའུ་གཉིས་པ་ལས་གསུངས་པའི་ཚིགས་བཅད་གཉིས་ཀྱིས་གསོལ་བ་གདབ་པར་བྱའོ། །དེ་ལ་ཚིགས་བཅད་ནི་འདི་ཡིན་ཏེ། སངས་རྒྱས་སྐུ་ 35-1-200b འཆང་དཔལ་དང་ལྡན། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུ་ཡིས་མཛད་དུ་གསོལ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །དེང་བདག་བྱིན་བརླབས་གོམས་པ་ནི། །རྡོ་རྗེ་སྐུས་ ནི་མཛད་དུ་གསོལ། །གསོལ་བ་བཏབ་མ་ཐག་ཏུ་ལྷའི་ཚོགས་ཕན་ཚུན་རྗེས་སུ་ཆགས་པ་སྔོན་དུ་འགྲོ་བས་མཆོག་ཏུ་དགའ་བའི་བདེ་བ་ཉམས་སུ་མྱོང་བས་འོད་ཟེར་དཀར་པོའི་རང་བཞིན་གྱིས་ཡེ་ཤེས་སེམས་དཔའི་རང་བཞིན་དུ་རྣམ་པར་སྣང་མཛད་ཀྱི་སྒོ་ནས་ཞུགས་ནས་ཡེ་ཤེས་ཐོབ་ པས་ལུས་ཐམས་ཅད་བཀང་སྟེ་ཚིམ་པར་བསམས་ནས་ལེའུ་བདུན་པ་ལས་གསུངས་པའི་ཚིགས་སུ་བཅད་པས་བརྟན་པར་བྱའོ། །ཚིགས་སུ་བཅད་པ་འདི་ཡིན་ཏེ། སངས་རྒྱས་ཀུན་གྱི་སྐུ་གང་གིས། །ཕུང་པོ་ལྔ་ནི་རབ་བཀང་བ། །སངས་རྒྱས་སྐུ་ཡི་རང་བཞིན་གྱིས། །བདག་ཀྱང་དེ་ དང་འདྲ་བར་ཤོག །དེ་ནས་ལེའུ་དྲུག་པ་ལས་གསུངས་པའི་སྔགས་ཀྱིས་གཉིས་སུ་མེད་པའི་ང་རྒྱལ་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བས་སོ། །སྐུ་དང་གསུང་དང་ཐུགས་ཀྱི་རིམ་པ་འདིས་བྱིན་གྱིས་བརླབ་པར་བྱའོ། །དེ་ལ་རིམ་པ་ནི་འདི་ཡིན་ཏེ། ཨཱཿ ཁ་དོག་དམར་པོ་མགྲིན་པའི་པདྨའི་སྟེང་དུ་བཀོད་ནས། དེ་ལས་བྱུང་བའི་གོས་དཀར་མོའི་ཚོགས་ཀྱིས་ནམ་མཁའ་བཀང་ནས། སྔར་བཞིན་དུ་འོད་དཔག་མེད་ཀྱི་ཚོགས་བལྟས་ནས་ཚིགས་བཅད་འདིས་གསོལ་བ་གདབ་པར་བྱའོ། །ཆོས་ཀྱི་གསུང་ལམ་དཔལ་དང་ལྡན། །རྡོ་རྗེ་མི་ ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། ། དེ་ལྟར་གསོལ་བ་བཏབ་ནས། སྔར་བཞིན་དབང་པོ་གཉིས་མཉམ་པར་སྦྱོར་བས་འདོད་ཆགས་ཆེན་པོའི་མེས་ཚོགས་གཉིས་ཞུ་བ་ལས་འོད་ཟེར་དམར་པོའི་གཟུགས་ཀྱིས་ཞལ་དུ་ཞུགས་པ་ལས་ངག་གི་དབང་ཕྱུག་ཐོབ་པར་བསམས་ནས། ཚིགས་སུ་བཅད་པ་འདིས་བརྟན་པར་ 35-1-201a བྱའོ། །གང་ཞིག་རྡོ་རྗེ་ཆོས་ཀྱི་ནི། །ངེས་ཚིག་ཕུན་སུམ་ཚོགས་པའི་ངག །བདག་གི་ཚིག་ཀྱང་དེ་འདྲ་ཞིང་། །ཆོས་འཛིན་པ་དང་འདྲ་བར་ཤོག །ཅེས་གསུངས་སོ། །སྔགས་འདིས་གཉིས་སུ་མེད་པའི་རྣམ་པའི་ང་རྒྱལ་བྱ་སྟེ། དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཱ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱའོ། །དེ་ནས་ཡང་རང་གི་སྙིང་གའི་རྡོ་རྗེའི་ལྟེ་བར་ཧཱུཾ་ཁ་དོག་ནག་པོ་བསམས་ནས། དེ་ལས་སྐྱེས་པའི་མཱ་མ་ཀཱིའི་ཚོགས་ནམ་མཁའ་ལ་བསམས་ཏེ། སྔ་མ་བཞིན་དུ་སྐད་ཅིག་གིས་མི་བསྐྱོད་པའི་ཚོགས་བར་སྣང་ལ་བལྟས་ ནས་ཚིགས་སུ་བཅད་པ་འདིས་གསོལ་བ་གདབ་པར་བྱའོ། །དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་བརླབས་གོམས་པ་ནི། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་ གསུམ་བསྒོམས་པས། །དེང་བདག་བྱིན་བརླབས་གོམས་པ་ནི། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་མ་ཐག་ཏུ་སྔར་བསྟན་པ་བཞིན་དུ་གཉིས་སུ་མེད་པའི་འདོད་ཆགས་ཆེན་པོའི་མེས་ཞུ་བས་འོད་ཟེར་ནག་པོའི་གཟུགས་ཀྱིས་ཐུགས་ཀར་ཞུགས་པས་ཐུགས་ ཀྱི་དབང་ཕྱུག་ཐོབ་པར་བསམས་ནས་ཚིགས་སུ་བཅད་པ་འདིས་བརྟན་པར་བྱའོ། །ཀུན་དུ་བཟང་པོའི་ཐུགས་གང་ཡིན། །གསང་བའི་དབང་པོ་བློ་ལྡན་པ། །བདག་ཀྱང་དེ་དང་འདྲ་གྱུར་ཏེ། །ཐུགས་འཛིན་པ་དང་འདྲ་བར་ཤོག །ཅེས་བྱའོ། །དེ་ནས་སྔགས་འདིས་གཉིས་སུ་མེད་ པའི་རྣམ་པའི་ང་རྒྱལ་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བའོ། །དེ་ལྟ་བུའི་རིགས་གསུམ་བཅུག་པས་སྐུ་གསུང་ཐུགས་སོ་སོའི་བྱིན་གྱིས་བརླབས་ནས། ཡང་རྡོ་རྗེ་གསུམ་མི་ཕྱེད་པའི་རང་བཞིན་གྱིས་རྡོ་རྗེ་འཆང་ཆེན་པོར་བྱིན་གྱིས་བརླབ་པ་འདིས་ བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱའོ། །འདིའི་མདོ་ནི་ལེའུ་གཉིས་པ་ལས། བཅོམ་ལྡན་འདས་སེམས་ལུས་ཀྱི་རྣམ་པ་དང་། ལུས་སེམས་ཀྱི་རྣམ་པ་དང་། སེམས་ངག་གི་བརྗོད་པའི་རྣམ་པ་ལྟ་བུ་བསྐྱེད་པར་བྱའོ་ཞེས་གསུངས་ 35-1-201b སོ། །ལེའུ་དང་པོ་ལས་གསུངས་པའི་དམ་ཚིག་ལས་བྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་གྱི་ཚུལ་གྱིས་བསྐྱེད་པའི་ཕྱིར་དམ་ཚིག་སེམས་དཔའ་ཞེས་བརྗོད་དོ། །དེ་ལྟར་ཞལ་གསུམ་ཕྱག་དྲུག་པར་དམ་ཚིག་སེམས་དཔའ་བསྐྱེད་ནས། དེའི་སྙིང་གར་ཡེ་ཤེས་སེམས་དཔའ་ཕྱག་གཉིས་པ། མདོག་དམར་པོ་ཁ་སྦྱོར་གྱི་སྦྱོར་བས་ལུས་ཐམས་ཅད་ཚིམ་པར་བསམས་ནས་རང་གི་ཅོད་པན་ལ་བདག་པོ་བསམ་མོ། །འདིའི་མདོ་ནི་ལེའུ་བཅུ་གཉིས་པ་ལས། རྣམ་པ་ཀུན་གྱི་མཆོག་ལྡན་པའི། །བདག་ཉིད་སྐུ་གསུང་ཐུགས་རྡོ་རྗེའི། །དམ་ཚིག་ཐུགས་ཀར་ཡེ་ཤེས་དང་། ། རྡོ་རྗེ་མཆོག་འཛིན་ཅོད་པན་ལའོ། །སངས་རྒྱས་རྣམས་ནི་ཚིམ་བྱེད་པའི། །དམ་ཚིག་འདི་ནི་དམ་པའོ། །དམ་ཚིག་ཀུན་གྱི་བྱ་བ་སྟེ། །དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་པ། །ཞེས་གསུངས་སོ། །དེ་ལྟར་དམ་ཚིག་སེམས་དཔའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་བསམས་ ནས། ཡེ་ཤེས་སེམས་དཔའི་ཐུགས་ཀར་ཡི་གེ་ཧཱུཾ་ཏིང་ངེ་འཛིན་སེམས་དཔའ་ཞེས་བྱ་བ་རྟག་ཏུ་འཆར་བ་མར་མེ་ཆེན་པོ་ལྟ་བུ་མི་ཤེས་པའི་མུན་པ་འཇོམས་པའི་དོན་དུ་སྣང་བའི་ཕུང་པོ་ལྟ་བུ་བསམ་པར་བྱའོ། །འདིའི་མདོ་ནི་ལེའུ་བཅུ་གཅིག་པ་ལས། སངས་རྒྱས་དཀྱིལ་འཁོར་ དབུས་གནས་པ། །མི་བསྐྱོད་རྡོ་རྗེ་རབ་བསྒོམ་བྱ། །ཧཱུཾ་ཡིག་སྙིང་གར་བསྒོམས་ནས་ནི། །སེམས་ནི་ཐིག་ལེར་གནས་པར་བཞག །ཅེས་བྱ་བ་ནི་རྣལ་འབྱོར་ཆེན་པོའོ། །དེ་ལྟར་རྣལ་འབྱོར་བཞིས་བདག་ཉིད་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་གྱི་བདག་གི་དོན་ ཕུན་སུམ་ཚོགས་པའི་རང་བཞིན་ཏིང་ངེ་འཛིན་རྒྱལ་པོ་མཆོག་བསྐྱེད་ནས། ད་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཕྱིར་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་བསྟན་པའི་སྐབས་ལ་འཇུག་པར་བྱ་སྟེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཐམས་ཅད་མཛད་དེ་ དགའ་ལྡན་གྱི་གནས་མཆོག་ནས་བབས་ཏེ། ཐམས་ཅད་མཁྱེན་པ་མཛད་ནས་འདོད་ཆགས་དང་བྲལ་བར་མངོན་པར་སྤྲུལ་ཏེ། ཉན་ཐོས་ཀྱི་རིགས་ཅན་རྣམས་ཉན་ཐོས་ཀྱི་ས་ལ་བཀོད་དོ། །ཡང་ཐེག་པ་ཆེན་པོའི་སེམས་ཅན་རྣམས་ལ་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཐམས་ཅད་ 35-1-202a གསལ་བར་མཛད་ནས་ཟབ་མོ་ལ་ལྷག་པར་མོས་པ་རྣམས་ལ་འདོད་ཆགས་ལས་སྐྱེས་པའི་བྱང་ཆུབ་འདི་བསྟན་པའི་དོན་དུ་དེ་ལས་ལེའུ་དང་པོ་ལས་གསུངས་པའི་འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་དེ་བཞིན་དུ་སློབ་ བཞིན་པའི་རྣལ་འབྱོར་པས་ཀྱང་དང་པོ་སྦྱོར་བ་བྱས་ནས་འདོད་ཆགས་ལ་སྤྱོད་པའི་སེམས་ཅན་རྣམས་འདོད་པས་ཐར་པར་རབ་ཏུ་བསྟན་པའི་ཕྱིར། ལེའུ་བཅུ་བདུན་པ་ལས་གསུངས་པའི་རིམ་པ་འདིས་འདོད་པ་ཀུན་ལས་ལོངས་སྤྱོད་པའི་ཏིང་ངེ་འཛིན་འདི་ཡིས་གནས་པར་བྱ། དེ་ལ་རིམ་པ་འདི་ཡིན་ཏེ། མཚན་མ་ཐམས་ཅད་དང་ལྡན་པའི་ཕྱིའི་ཕྱག་རྒྱ་སྔགས་དང་རྒྱུད་ལ་ལེགས་པར་བསླབས་པ་རྙེད་ནས་མདུན་དུ་བཞག་སྟེ་རིགས་ལྔ་བརྟག་པར་བྱའོ། །དེ་ནས་རྡོ་རྗེ་པདྨ་འདུས་བྱས་པ་སྔོན་དུ་འགྲོ་བས་དབང་པོ་གཉིས་མཉམ་དུ་སྦྱར་བར་བྱས་ ནས། བྱང་ཆུབ་ཀྱི་སེམས་ལས་མི་བསྐྱོད་པ་ལ་སོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་མངོན་པར་སྤྲུལ་ཏེ། དེ་དང་དེའི་ཏིང་ངེ་འཛིན་གྱིས་སེམས་ཅན་རྣམས་ཀྱི་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་སྦྱངས་ནས་ཡང་སླར་བསྡུས་ཏེ། རང་གི་ལུས་ཀྱི་དཀྱིལ་འཁོར་ལ་ གཞུག་པར་བྱའོ། །ཡང་ན་སྙིང་གར་ཡེ་ཤེས་ཀྱི་ཕྱག་རྒྱ་མངོན་པར་སྤྲུལ་ཏེ། དེ་དང་ལྷན་ཅིག་སྙོམས་པར་འཇུག་པར་བྱས་ནས་སྔགས་ཅིག་སྤྲུལ་པས་སེམས་ཅན་གྱི་དོན་བྱའོ། །སྙིང་གར་གནས་པའི་ལྷ་མོ་ཆེ། །རྣལ་འབྱོར་རྣལ་འབྱོར་འབེབས་བྱེད་མ། །སངས་ རྒྱས་རྣམས་ཀྱི་སྦྱོར་སྐྱེད་མ། །རྡོ་རྗེ་དབྱིངས་ཀྱི་དབང་མོར་གྲགས། །ཞེས་བྱ་བ་ཐམས་ཅད་གསང་བའི་རྒྱུད་ལས་གསུངས་པའི་ཕྱིར་རོ། །འདིའི་མདོ་ནི་ལེའུ་བདུན་པ་ལས་གསུངས་པ། བཙུན་མོ་ཤིན་ཏུ་ཡིད་འོང་མ། །བཅུ་དྲུག་ལོ་ལོན་རྙེད་ནས་ནི། །བྱིན་བརླབས་ གོ་འཕང་གསུམ་གྱིས་ནི། །དབེན་པར་མཆོད་པ་བརྩམ་པར་བྱ། །དེ་བཞིན་གཤེགས་པའི་བཙུན་མོ་མཆོག །སྤྱན་མ་རྣམ་པར་བསྒོམ་བྱ་སྟེ། །དབང་པོ་གཉིས་ནི་མཉམ་སྦྱོར་བས། །སངས་རྒྱས་དངོས་གྲུབ་ཐོབ་པར་བྱེད། །ཅེས་བྱ་བ་དེ་ལྟར་ཕྱི་ནང་ 35-1-202b གི་བདག་ཉིད་ཅན་གྱི་ཕྱག་རྒྱ་ལ་ངེས་པར་བྱས་ནས་ད་ནི་རིགས་ལྔའི་བརྟག་པའི་རིམ་པ་བརྟན་པར་བྱ་སྟེ། ཨོཾ་ནི་སྤྱི་བོར་རོ། །ཨཱཿནི་ཁ་ལའོ། །ཧཱུཾ་ནི་སྙིང་གར་རོ། །སྭཱ་ལྟེ་བར་རོ། །ཧཱ་རྐང་པ་གཉིས་ལ་དགོད་དོ། །ཁམས་བཞིའི་རང་བཞིན་གྱི་སྤྱན་མ་ལ་སོགས་པ་ རྣམས་དགོད་དོ། །མིག་ལ་སོགས་པའི་སྐྱེ་མཆེད་ཀྱི་རང་བཞིན་གྱི་གཟུགས་རྡོ་རྗེ་མ་ལ་སོགས་པ་དགོད་དོ། །ཡང་དེའི་ལག་པ་ལ་སོགས་པ་ཡན་ལག་རྣམས་ལ་ཁྲོ་མོའི་རྒྱལ་མོ་རྣམས་དགོད་དེ། དེའི་ལག་པ་གཡས་པ་ལ་རོ་ལངས་མའོ། །ལག་པ་གཡོན་པ་ལ་ གཞན་གྱིས་མི་ཐུབ་མའོ། །ཁར་ནི་ཁྲོ་གཉེར་མའོ། །གསང་བར་རལ་གཅིག་མའོ། །ཡང་གཡས་ཀྱི་ཆ་ལ་སྣ་ཚོགས་རྡོ་རྗེ་མའོ། །གཡོན་གྱི་ཆ་ལ་སྣ་ཚོགས་རིན་ཆེན་མའོ། །པུས་མོ་གཡས་པར་སྣ་ཚོགས་པདྨའོ། །པུས་མོ་གཡོན་པར་སྣ་ཚོགས་ལས་མའོ། །སྤྱི་བོར་ ནམ་མཁའི་རྡོ་རྗེ་མའོ། །རྐང་པ་གཉིས་ལས་འཛིན་གྱི་ལྷ་མོ་དགོད་པར་བྱའོ་ཞེས་གསུངས་པ་འདིའི་མདོ་ནི་ལེའུ་བརྒྱད་པ་ལས། ནུ་མ་གཉིས་ཀྱི་བར་དང་ཇི་སྲིད་སྤྱི་བོར་ཕྱིན་གྱི་བར། །རྐང་པར་ཐུག་གི་བར་དུ་ཡང་ནི་ཆོ་ག་ཤེས་པས་དགོད། །རྐེད་པ་ལྟེ་བར་གསང་བའི་རྒྱལ་ བའི་སྲས། །རིགས་ལྔ་རྣམས་ནི་དགོད་པར་རབ་ཏུ་བྱ། །ཞེས་གསུངས་སོ། །དེ་ལྟར་མངོན་པར་འདུས་བྱས་ནས་ཐ་མལ་པའི་བུད་མེད་ཀྱི་རང་བཞིན་བསལ་ཏེ་རིམ་པ་འདིས་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པར་བྱའོ། །ཧཱུྃ་གིས་རང་གི་རྟགས་རྡོ་རྗེ་རྩེ་ལྔ་པར་བསམས་ནས། དབུས་ ཀྱི་རྩེ་མོ་ལ་ཨོཾ་དགོད་པ་ནི་རྡོ་རྗེ་འདུས་བྱ་བའོ། །དེའི་ཆོས་འབྱུང་ཨཱཿབསམས་ནས་དེ་ལས་སྐྱེས་པའི་པདྨ་འདབ་མ་བརྒྱད་པ་དམར་པོ་བསམ་པ་ནི་པདྨ་འདུས་བྱས་པའོ། །འདིའི་མདོ་ནི་ལེའུ་བདུན་པ་ལས། ཡི་གེ་ཧཱུཾ་དང་ཡི་གེ་ཨོཾ། །ཡི་གེ་ཕཊ་ཀྱང་རྣམ་བརྟགས་ཏེ། ། འོད་ཟེར་ལྔ་ནི་རྣམ་འཕྲོ་བའི། །རྡོ་རྗེ་པདྨ་བསྒོམ་པར་བྱ། །ཞེས་གསུངས་སོ། །དེ་ལ་རིན་ཆེན་འབྱུང་ལྡན་གྱི་ང་རྒྱལ་དང་ལྡན་པས་ཕན་ཚུན་རྗེས་སུ་ཆགས་པ་སྔོན་དུ་འགྲོ་བས་འཁྱུད་པ་དང་འོ་བྱ་བ་ལ་སོགས་པ་བྱས་ནས་ལེའུ་དྲུག་པ་ལས་གསུངས་པའི་སྔགས་ཀྱིས་ 35-1-203a གཉིས་སུ་མེད་པའི་ང་རྒྱལ་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བ་རིན་ཆེན་འབྱུང་ལྡན་གྱི་ང་རྒྱལ་གྱིས་བྱའོ། །དེ་ནས་ཧཱུཾ་གི་གླུ་བླངས་པས་ལས་ལ་གནས་པར་འགྱུར་རོ། །འཇིག་པའི་གནས་སྐབས་སུ་ ཕཊ་ཀྱི་ཡི་གེ་བརྗོད་པར་བྱའོ། །དེ་ནས་ལུས་ཀྱི་དཀྱིལ་འཁོར་བའི་ལྷ་རྣམས་མཆོག་ཏུ་དགའ་བའི་བདེ་བ་ཉམས་སུ་མྱོང་བས་རྩའི་བུ་གནས་ཐིག་ལེའི་གཟུགས་ཀྱེས་པདྨའི་དབུས་སུ་འབབ་པའོ། །འདིའི་མདོ་ནི་ལེའུ་དང་པོ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། ། གསུང་དང་། ཐུགས་རྡོ་རྗེའི་བཙུན་མོའི་བྷ་ག་ལ་བཞུགས་སོ་ཞེས་གསུངས་སོ། །དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཀྱི་གནས་སྐབས་སུ་དོན་ཡོད་གྲུབ་པའི་བྱིན་གྱིས་བརླབས་ལ་ལྷག་པར་མོས་པ་བྱས་ནས་ལེའུ་དྲུག་པ་ལས་གསུངས་པའི་མཆོད་པའི་རིམ་པས་གཉིས་སུ་མེད་པའི་ ང་རྒྱལ་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ལྔའི་རྗེས་སུ་ཞུགས་པས་བདག་ཉིད་བྱིན་གྱིས་བརླབས་ནས་ཏིང་ངེ་འཛིན་དང་དབང་བསྐུར་བ་དང་། མཆོད་པ་མཐར་ཐུག་པའི་ རིགས་ཐམས་ཅད་ཀྱི་བདག་ཉིད་ཀྱི་ང་རྒྱལ་བྱས་ནས། གཞན་གྱི་དོན་ཕུན་སུམ་ཚོགས་པའི་དོན་དུ་སྲིད་པ་སྐྱེ་བའི་རིམ་པས་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོ་བར་བྱའོ། །དེ་ལ་མི་བསྐྱོད་པའི་ཏིང་ངེ་འཛིན་གྱིས་སེམས་ཅན་རྣམས་ཀྱི་ཞེ་སྡང་གི་ཉོན་མོངས་པ་སྦྱོང་བར་བྱེད་དོ། ། དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་གྱིས་གཏི་མུག་རྣམ་པར་སྦྱོང་བར་བྱེད་དོ། །རིན་ཆེན་འབྱུང་ལྡན་གྱི་ཏིང་ངེ་འཛིན་གྱིས་ང་རྒྱལ་རྣམ་པར་སྦྱོང་ངོ་། །འོད་དཔག་ཏུ་མེད་པའི་ཏིང་ངེ་འཛིན་གྱིས་འདོད་ཆགས་རྣམ་པར་སྦྱོང་ངོ་། །དོན་ཡོད་གྲུབ་པའི་ཏིང་ངེ་འཛིན་ གྱིས་ཕྲག་དོག་རྣམ་པར་སྦྱོང་ངོ་། །བཅོམ་ལྡན་འདས་དེ་ཉིད་སྤྱན་མའི་ཏིང་ངེ་འཛིན་གྱིས་སེམས་ཅན་རྣམས་ཀྱི་ནད་ལ་སོགས་པ་ཞི་བར་བྱེད་པའོ། །མཱ་མ་ཀཱིའི་ཏིང་ངེ་འཛིན་གྱིས་རྒྱས་པར་བྱེད་པའོ། །གོས་དཀར་མོའི་ཏིང་ངེ་འཛིན་གྱིས་སྲུང་བར་བྱེད་དོ། ། 35-1-203b སྒྲོལ་མའི་ཏིང་ངེ་འཛིན་གྱིས་དབང་དུ་བྱེད་དོ། །བཅོམ་ལྡན་འདས་དེ་ཉིད་གཟུགས་རྡོ་རྗེ་ལ་སོགས་པར་གྱུར་ནས། སེམས་ཅན་རྣམས་ཀྱི་བདེ་བ་དང་ཡིད་བདེ་བ་སྐྱེད་པར་བྱེད་དོ། །དེ་བཞིན་དུ་བཅོམ་ལྡན་འདས་དེ་ཉིད་སའི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་ཏིང་ངེ་འཛིན་གྱིས་སེམས་ཅན་རྣམས་ཀྱི་སྐྱེ་མཆེད་རྣམས་དག་པར་བྱེད་དོ། །བཅོམ་ལྡན་འདས་དེ་ཉིད་གཤིན་རྗེ་གཤེད་པོ་ལ་སོགས་པའི་ཁྲོ་བོ་རྣམས་ཀྱི་ཏིང་ངེ་འཛིན་གྱིས་ཕྱོགས་བཅུའི་བགེགས་ཀྱི་ཚོགས་རྣམས་སྡིགས་པར་བྱེད་དོ། །བཅོམ་ལྡན་རྡོ་རྗེ་རྣལ་ འབྱོར་ཀུན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དེ་ཡི་ཉེ་བར་ལོངས་སྤྱོད་ཀུན། །ཁམས་གསུམ་དག་ནི་མ་ལུས་པའོ། །ཞེས་གསུངས་པའི་ཕྱིར་རོ། །དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པའོ། །དེ་ལྟར་སུམ་ཅུ་རྩ་གཉིས་ཀྱི་ འཁོར་ལོ་མངོན་པར་སྤྲུལ་ནས་ཕྲ་མོའི་རྣལ་འབྱོར་དང་། ཕྱི་ནང་གི་བདག་ཉིད་ཅན་གྱི་བཟླས་པ་བྱ་སྟེ། ཡང་སླར་བདག་ཉིད་དེ་བཞིན་ཉིད་དུ་གཞུག་པར་བྱའོ། །དེ་ནས་སྤྱན་མ་ལ་སོགས་པའི་ལྷ་མོ་བཞིས་དཀྱིལ་འཁོར་གྱི་དབུས་ན་བདེ་བ་ཆེན་པོ་མ་མཐོང་བས་བྲལ་བས་སྐྱོ་བའི་ དབང་གིས་རྡོ་རྗེ་ཐུགས་ཁྱོད་ཅེས་བྱ་བ་ལ་སོགས་པའི་གླུ་རྣམས་ཀྱིས་བདེ་བ་ཆེན་པོ་སད་པར་བྱེད་དོ། །དེ་ལ་གླུ་ནི་འདི་ཡིན་ཏེ། སེམས་ཅན་ཁམས་ན་གནས་ཀྱི་དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས། །དགའ་བ་ཡིད་འོང་དོན་ཆེན་འདོད་པས་བདག་ལ་བསྐྱབ་ཏུ་གསོལ། །མགོན་པོ་ གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །སེམས་ཅན་ཡབ་ཆེན་གཉེན་མཆོག་བདག་ལ་དགྱེས་པར་མཛད་དུ་གསོལ། །རྡོ་རྗེ་སྐུ་ཁྱོད་བཀའ་ཡི་འཁོར་ལོ་སེམས་ཅན་ཀུན་ལ་ཕན། །སངས་རྒྱས་དོན་དུ་བྱང་ཆུབ་དོན་དམ་རབ་ཏུ་ཕན་པར་གཟིགས། །མགོན་པོ་ གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །འདོད་ཆགས་དམ་ཚིག་ཆགས་པས་བདག་ལ་དགྱེས་པར་མཛད་དུ་གསོལ། །ཁྱོད་ནི་རྡོ་རྗེ་གསུང་སྟེ་སེམས་ཅན་ཀུན་ལ་ཕན་ཞིང་ཐུགས་བརྩེ་བ། །འཇིག་རྟེན་དག་གི་དགོས་པའི་དོན་མཛད་པ་ལ་རྟག་ཏུ་བརྩོན། ། 35-1-204a མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །སྤྱོད་པ་དྲི་མེད་ཀུན་དུ་བཟང་པོ་བདག་ལ་དགྱེས་པར་མཛོད། །ཁྱོད་ནི་རྡོ་རྗེ་འདོད་པ་དམ་ཚིག་མཆོག་གི་ཕན་དོན་ཆེ། །ཡང་དག་རྫོགས་སངས་རྒྱས་ཀྱི་གདུང་མཆོག་མཉམ་པ་རྗེས་བརྩེ་བ། ། མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་བདག་ལ་དགྱེས་པར་མཛོད། །དེ་ལྟར་ཡང་དག་པའི་ཡོན་ཏན་གྱིས་བསྟོད་ནས་སྔོན་གྱི་སྨོན་ལམ་གྱི་དབང་གིས་བཞེངས་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་མི་བསྐྱོད་པ་ ཞེས་བྱ་བ་ལ་སོགས་པའི་བསྟོད་པའི་རྒྱལ་པོ་རྣམས་ཀྱིས་བསྟོད་དེ། དེ་ལ་བསྟོད་པ་ནི་འདི་ཡིན་ཏེ། །མི་བསྐྱོད་པ་ནི་རྡོ་རྗེ་ཆེ། །རྡོ་རྗེ་དབྱིངས་ནི་མཁས་ཆེན་པོ། །རྡོ་རྗེ་མཆོག་གསུམ་དཀྱིལ་འཁོར་གསུམ། །གསང་བའི་དབྱངས་ལ་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་ བ་དགའ་བ་ཆེ། །རང་བཞིན་གྱི་ནི་འོད་གསལ་མཆོག །སྟོན་པ་རྡོ་རྗེ་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པས་གོས་པ་མེད། །གསང་བའི་དབྱངས་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། ། མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དག་པ་ངོ་བོ་ཉིད་ལས་བྱུང་། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་བསྟོད། ། དེའི་རྗེས་ལ་སངས་རྒྱས་ཀྱི་ཡེ་ཤེས་ཡང་དག་པར་གསལ་བར་བྱས་ནས་དཀྱིལ་འཁོར་ལ་རྗེས་སུ་ཆགས་པར་བྱས་ལ་སྔར་བཞིན་དུ་རང་གི་ལུས་ཀྱི་དཀྱིལ་འཁོར་ལ་བཅུག་ནས་རིམ་པ་འདིས་ཉེ་བར་བསྡུ་བར་བྱའོ། །རང་གི་སྙིང་གར་གནས་པའི་ཧཱུཾ་བརྗོད་ནས་དེས་སེམས་ཅན་ གྱི་ཁམས་ཐམས་ཅད་རྡོ་རྗེ་འཆང་ཆེན་པོའི་གཟུགས་ཀྱིས་ཡོངས་སུ་གྱུར་པར་བསམས་ནས་དེ་ཡིད་ལ་བྱེད་པར་གནས་པར་བྱའོ། །འདིའི་མདོ་ནི་ལེའུ་བཅུ་གཉིས་པ་ལས། ནམ་མཁའི་ཁམས་ཀྱི་དབུས་གནས་པར། །བཀོད་པའི་དཀྱིལ་འཁོར་བསྒོམ་པར་བྱ། ། 35-1-204b ཧཱུཾ་ནི་དེ་ཡི་དབུས་གནས་པར། །རང་གི་གཟུགས་བརྙན་དག་ཏུ་བརྟག །ཅེས་གསུངས་སོ། །དེ་ལྟར་ལས་དང་པོ་པ་དམ་ཚིག་དང་སྡོམ་པ་ལ་གནས་ཤིང་དབང་ཐོབ་པས་ཐ་མལ་པའི་ང་རྒྱལ་བསལ་ལ་ཐུན་བཞིར་ལྷའི་རྣལ་འབྱོར་གོམས་པར་བྱེད་པས་བདག་དང་གཞན་གྱི་དོན་ ཕུན་སུམ་ཚོགས་པ་ལ་མོས་པས་ཞི་བའི་ལས་ལ་སོགས་པ་ཤིན་ཏུ་ཁྱད་པར་ཅན་ཡང་བྱའོ། །སྒྲུབ་ཐབས་ལས་གསུངས་པའི་རིམ་པས་ཁ་ཟས་སྦྱང་བ་དང་སྙིང་ག་སྦྱང་བ་དང་། ལྐོག་མ་སྦྱང་བ་དང་། ཁ་ཟས་ཀྱི་བྱ་བ་བྱས་ནས་བདེ་བར་འཇུག་པར་འགྱུར་རོ། །ཕྱི་དང་ནང་ གི་བདག་ཉིད་ཅན་གྱི་སྦྱིན་སྲེག་ཡི་གེ་གསུམ་མམ། ཕྲེང་བའི་སྔགས་སམ། སྔགས་དང་སྨན་གྱི་སྦྱོར་བས་ཀྱང་རྡོ་རྗེ་དང་པདྨ་མཉམ་པར་སྦྱར་བ་བྱས་ནས་ལས་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པའོ། །དཔལ་ གསང་བ་འདུས་པ་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་སྲིད་པ་སྐྱེ་བའི་རིམ་པས་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་སློབ་དཔོན་ཟླ་བ་གྲགས་པས་མཛད་པ་རྫོགས་སོ།། །།གཞུང་འདིའི་ཚད་ནི་རྐང་པ་དང་བཅས་པའི་བརྒྱ་ཕྲག་གཉིས་པའོ། །དཔལ་བི་ཀྲ་མ་ཤཱི་ལའི་ གཙུག་ལག་ཁང་ཆེན་པོར་པཎྜི་ཏ་མཁས་པ་ཆེན་པོ་ཏ་ཐཱ་ག་ཏ་རཀྵི་ཏའི་ཞལ་སྔ་ནས་དང་། ལོ་ཙཱ་བ་ཀློག་སྐྱ་གཞོན་ནུ་འབར་གྱིས་བསྒྱུར་རོ། །སླད་ཀྱིས་དཔལ་ཐོ་ལིང་དཔེ་མེད་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་དཱི་པཾ་ཀཱ་ར་རཀྵི་ཏ་དང་། ཁམས་ པ་དགེ་སློང་ལོ་ཙཱ་བ་བ་རིས་བཅོས་ཤིང་བཤད་དེ་ཞུས་ནས་གཏན་ལ་ཕབ་པའོ།།༄༅༅། །རྒྱ་གར་སྐད་དུ། བཛྲ་སཏྭ་སཱ་དྷ་ནཾ་ནི་བཾ་དྷ། བོད་སྐད་དུ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཀྱི་འགྲེལ་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྒྱལ་བ་རྒྱལ་སྲས་ཀླུ་ སྒྲུབ་མདུན་གནས་ལ། །དང་ཞིང་གུས་པ་ཆེན་པོས་མགོས་བཏུད་ནས། །ཟླ་བ་གྲགས་པས་མཛད་མདོ་རབ་རྟོགས་པའི། །རྟོགས་དཀའི་སྒྲ་རིག་འབད་པས་རྣམ་འགྲེལ་བརྗོད། །སངས་རྒྱས་ཀྱི་ཐེག་པ་པའོ། །རྟོག་པ་ཞེས་པ་ནི་འོད་གསལ་སྒོམ་པ་དང་བྲལ་ནས། 35-1-205a བསྐྱེད་པའི་རིམ་པའི་ལྷ་སྒོམ་པར་བྱེད་པ་ལ་བྱང་བའོ། །མཐའ་དྲུག་ཅེས་པ་ནི་ངེས་པའི་དོན་དང་དྲང་བའི་དོན་ལ་སོགས་པའི་བཤད་པའི་ཁྱད་པར་དང་བྲལ་བའོ། །ཇི་བཞིན་པའི་ཞེས་པ་ནི་ཟབ་མོའི་དོན་ཤེས་པ་མེད་པ་ཉིད་ཀྱི་ཕྱིར་ཇི་བཞིན་པ་རབ་ཏུ་གྲགས་པའི་སྒྲའི་ དོན་གྱི་ཐབས་ཀྱིས་སོ། །ཟླ་བ་ཞེས་པ་ནི་ཟླ་བ་དང་རྡོ་རྗེ་དག་ཅིང་སྒོ་ནས་བསྐྱེད་པའོ། །སྲིད་པ་ཞེས་པ་ནི་མངལ་ནས་སྐྱེ་བའི་རིམ་པས་སོ། །རྣམ་པ་ལྔ་ཞེས་པ་ནི། ཟླ་བ་དང་ཉི་མ་དང་ས་བོན་དང་མཚན་མ་དང་། སྤྲོ་བ་དང་བསྡུ་བའི་རིམ་པས་སོ། །སྐད་ཅིག་ཅེས་པ་ནི་ས་བོན་དང་ མཚན་མ་དག་སྤངས་པའོ། །བཅུ་གསུམ་ཞེས་པ་ནི་སྙིང་པོའི་དཀྱིལ་འཁོར་དུ་སྤྱན་མ་ལ་སོགས་པ་བཞི་དང་། མི་བསྐྱོད་པ་ལ་སོགས་པ་ལྔའོ། །ཞེས་པས་དགུའོ། །ཕྱིའི་སྒོ་རྣམས་སུ་གཤིན་རྗེ་མཐར་བྱེད་ལ་སོགས་པ་བཞིའོ་ཞེས་པས་བཅུ་གསུམ་མོ། །བཅུ་དགུ་ ཞེས་པ་ནི་སློབ་དཔོན་ཤཱི་མཱ་ཤཱ་ལི་འདོད་པ་ལ་སོགས་པའི་རིམ་པས་སོ། །ཉི་ཤུ་རྩ་ལྔ་ཞེས་པ་ནི། སྔར་བཞིན་དུ་སྙིང་པོའི་དཀྱིལ་འཁོར་དུ་དགུ། །ཕྱི་རུ་གཟུགས་རྡོ་རྗེ་མ་ལ་སོགས་པའི་རྣལ་འབྱོར་མ་དྲུག་དང་། དེའི་ཕྱི་རུ་ཕྱོགས་དང་། ཕྱོགས་བྲལ་དུ་གཤིན་རྗེ་མཐར་བྱེད་ལ་སོགས་ པ་བཅུའོ་ཞེས་པས་སོ། །རིམ་པ་གཉིས་རྟོགས་ནས་ཞེས་པ་ནི། ཐོས་པའི་སྒོ་ནས་རིམ་པ་གཉིས་ཀྱི་དོན་སོ་སོར་རྟོགས་ནས་སོ། །སྔགས་ཀྱི་ཞེས་པ་ནི་ལྷག་པར་མོས་པའི་དཀྱིལ་འཁོར་དང་། སྐུའི་དཀྱིལ་འཁོར་འོད་གསལ་དུ་ཞུགས་པ་ལས་བར་མ་ཆད་པར་སྐྱེས་པའི་སྔགས་ལས་ བྱུང་བའི་རྡོ་རྗེ་སེམས་དཔའི་གཟུགས་སུ་ངེས་པའོ། །དགོངས་པ་བསྟན་པ་ཞེས་པ་ནི་རྡོ་རྗེ་སེམས་དཔའི་སྐུ་ལ། ཨོཾ་ལ་སོགས་པའི་ས་བོན་ཀུན་དུ་བརྟགས་པས་རབ་ཏུ་སྣང་བའོ། །རྣམ་པར་བཞག་པ་ཞེས་པ་ནི། དེའི་འོག་ཏུ་བར་མ་ཆད་པར་འདི་བསྒོམ་པར་བྱའོ་ཞེས་རྣམ་ པར་གཞག་པར་བྱ་བའི་མངོན་པར་དགོངས་པ་ངེས་པའོ། །དེ་ཉིད་བསྟན་པ་ཞེས་པ་ནི། སྐབས་ཇི་ལྟ་བར་འོད་གསལ་དུ་འཇུག་པའོ། །སེམས་ཅན་ཐམས་ཅད་ཅེས་པ་ནི། དང་པོར་མན་ངག་ཇི་ལྟ་བ་བཞིན། བཅོམ་ལྡན་འདས་ལ་མངོན་པར་ཡང་དག་པར་མཆོད་དེ། 35-1-205b དེའི་མདུན་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས། སྡུག་བསྔལ་དང་ལྡན་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བསྒོམ་པར་བྱའོ་ཞེས་པའི་དོན་ནོ། །དགོན་པ་ཆེན་པོ་ཞེས་པ་ནི། དགོན་པ་ཆེན་པོའི་ས་ཕྱོགས་ནི་མཆོག་ཏུ་གྱུར་པའི་ས་ཕྱོགས་སོ། །འབྲས་བུ་ཞེས་པ་ནི་འབྲས་བུ་ དང་མེ་ཏོག་དང་། ཆུ་ལ་སོགས་པས་ཁྱད་པར་དུ་འཕགས་ཤིང་ཡིད་དུ་འོང་བའི་རི་བོའི་ཕྱོགས་གཅིག་གོ། །སྐྱེ་བོ་དང་བྲལ་བ་ནི་འདིར་རྣམ་པར་དབེན་པར་འདོད་དོ། །ཐམས་ཅད་ཅེས་པ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་དོ། །དེ་རྣམས་བསྡུས་ པ་ནི། ཡང་དག་པ་རབ་ཏུས་ཤིང་བསགས་པ་སྟེ། རྡོ་རྗེ་སེམས་དཔའི་སྐུ་གང་ཡིན་པ་དེའོ། །དཀར་པོ་ཞེས་པ་ནི་དེ་ནས་འཁོར་ལོ་རྩིབས་བཅུ་པའི་ལྟེ་བར་གནས་པའོ་ཞེས་པ་ལྷག་མའོ། །ནམ་མཁའ་ཞེས་པ་ནི་སྐད་ཅིག་གིས་འོད་གསལ་བ་ལས་བསྐྱེད་པའོ། །དེའི་དབུས་ གནས་པར་སངས་རྒྱས་དཀྱིལ་འཁོར་ནི་རྡོ་རྗེ་སེམས་དཔའོ། །འོད་ཟེར་སྤྲིན་གྱི་ཚོགས་ཆེན་པོ་ནི་ཀུན་དུ་སྣང་བའི་ཕུང་པོའོ། །སངས་རྒྱས་འབར་བ་འདྲ་བའི་འི་འོད། །ཅེས་པ་ནི་དབང་པོའི་གཞུ་ལྟ་བུ་འོད་ཟེར་ལྔས་བརྒྱན་པའོ། །དང་པོ་ཞེས་པ་ནི། ཡེ་ཤེས་སྒྲོན་མ་མི་བསྐྱོད་ པ་སྟེ། དེ་ཉིད་ནི་མི་ཕྱེད་པ་ཉིད་ཀྱི་ཕྱིར་རྡོ་རྗེ་སྟེ་དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པ་སྟེ་དེ་མངོན་དུ་མཛད་ནས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་ པོའོ། །རིག་པའི་སྐྱེས་བུ་ནི་བདེན་པ་གཉིས་ཀྱི་བདག་ཉིད་ཅན་ནོ། །མི་བསྐྱོད་པ་ཞེས་པ་ནི། མི་བསྐྱོད་པའི་སྐུའི་རྣམ་པས་སོ། །ཐམས་ཅད་ཅེས་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །ཧཱུཾ་རིང་པོ་ཞེས་པ་ནི་རིག་མའི་པདྨའི་ཁོངས་སུ་ལྷུང་བའི་བྱང་ཆུབ་ཀྱི་སེམས་ཡོངས་སུ་གྱུར་པའི་ཧཱུཾ་ཡིག་ བཅུར་དམིགས་པར་བྱའོ། །ཕྱོགས་བཅུ་ནས་ཞེས་པ་ནི། ཕྱོགས་བཅུར་རྣམ་པར་གནས་པའི་རྩིབས་བཅུ་ལ་གནས་སོ་ཞེས་པའི་དོན་ནོ། །ཁྲོ་བོ་ཞེས་པ་ལ་ཞེ་སྡང་ནི་མི་བསྐྱོད་པ་སྟེ་དེའི་གནས་ལས་སྐྱེས་པ་ནི་ས་བོན་ཧཱུཾ་དེ་ལས་སྐྱེས་པའོ། །གསོད་པ་ཞེས་པ་ནི་གསོད་པར་བྱེད་ 35-1-206a པའི་ངོ་བོ་དགོས་པ་སྟེ་དེ་རྣམས་སྒོམ་པར་བྱེད་པའི་སྒོ་ནས་སོ། །རྡོ་རྗེ་ཞེས་པ་ལ། རྡོ་རྗེ་བདུད་རྩི་ནི་བདུད་རྩི་འཁྱིལ་པའོ། །རྡོ་རྗེ་ཕུར་བུ་ནི་ཕུར་བུ་བཅུའི་རྣམ་པའོ། །ཕྱོགས་བཅུའི་རྩེ་མོར་ཞེས་པ་ནི་ཕྱོགས་བཅུ་རྣམས་སུའོ། །སྤྲོ་བར་བྱ་ཞེས་པ་ནི། འོད་ཟེར་འབར་བ་ རྣམས་ཀྱིས་འབར་བར་བྱེད་བཞིན་པའོ། །དེ་ནས་འདོད་པའི་ཞེས་པ་ནི། ཕྱོགས་བཞི་རྣམས་སུ་གནས་པས་སོ། །བསམ་གཏན་ཞེས་པ་ལ་བསམ་གཏན་གང་གིས་ཞེས་པ་ནི། གདུག་པ་ཅན་རྣམས་ཕུར་བུས་འདེབས་པས་སོ། །ཡི་དམ་ཞེས་པ་ནི་ཐུན་མཚམས་བཞིར་ཉམས་སུ་བླངས་པས་ སོ། །གང་དུ་ཞེས་པ་ནི། གང་དུ་ཡིད་དང་རྗེས་སུ་མཐུན་པའི་གནས་དེ་རུ་མཉམ་པར་སྤྱོད་པའོ། །བསམ་གཏན་འདི་ཡིས་ཞེས་པ་སྲུང་བའི་ཆོ་ག་སྒོམ་པར་བྱེད་པས་སོ། །སངས་རྒྱས་ཞེས་པ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ལྷའི་རྣལ་འབྱོར་གོམས་པར་བྱེད་པ་ལ། རང་གི་ ལྷའི་བྱིན་གྱིས་རློབ་སྟེ་གཅིག་ཏུ་འགྱུར་རོ། །དངོས་པོ་མེད་པ་ཞེས་པ་ནི། མདོར་བྱས་ཅན་གྱི་རིམ་པར་གསལ་ལོ། །ནམ་མཁའི་རྡོ་རྗེ་ཞེས་པ་ནི་ནམ་མཁའོ། །དེའི་དབུས་སུ་གནས་པ་ནི་དེའི་ནང་དུ་གནས་པའོ། །རྡོ་རྗེ་ཀུན་ལས་སྐྱེས་ནི་རླུང་གི་རྡོ་རྗེ་ལ་སོགས་པ་དཀྱིལ་འཁོར་ ཐམས་ཅད་ཡོངས་སུ་གྱུར་པའོ། །བྷྲཱུཾ་ཡིག་ཅེས་པ་ནི། དེ་ལ་སའི་ཆའི་སྟེང་དུ་ཁང་པ་བརྩེགས་པའི་ས་བོན་བྷྲཱུཾ་གྱི་ཡི་གེའོ། །རྡོ་རྗེ་ཞེས་པ་ནི་ཕྱོགས་བཅུ་རྣམས་སུ་དེ་བཞིན་གཤེགས་པའི་ཚོགས་འཕྲོ་ཞིང་རྫོགས་པར་བྱེད་པའོ། །དཔག་ཚད་བརྒྱའི་ཁྱོན་ཞེས་པ་ནི། གཞོགས་ སོ་སོར་དཔག་ཚད་ཉི་ཤུ་རྩ་ལྔའི་ཚད་ཉིད་དོ། །འོན་ཀྱང་འདི་ལྷ་ལ་སོགས་པའི་དཔག་ཚད་དུ་བྱ་བར་རྣམ་པར་གཞག་པར་བྱའོ་ཞེས་པས་དཔག་ཚད་ཙམ་མོ། །དེའི་རྒྱ་ནི་ཚངས་པའི་ཐིག་ལ་སོགས་པ་སྒོའི་མཚམས་སོ་སོ་ཐ་དད་དུ་དཔག་ཚད་ཉི་ཤུའོ་ཞེས་བྱས་ནས་རྒྱ་ལ་ནང་དུ་བརྒྱད་ ཀྱི་ཚད་དུ་འགྱུར་རོ། །གྲུ་བཞི་ཞེས་པ་ནི་གྲྭ་བཞི་དང་ལྡན་པའི་ཕྱིར་རོ། །ལེགས་པར་མཛེས་ཞེས་པ་ནི། ལྷ་དང་མི་ལས་འདས་པའི་ཕྱིར་རོ། །རིན་ཆེན་བཞི་དངོས་ནི། ཁ་དོག་བཞི་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །མཆོད་རྟེན་འདྲ་བས། མཆོད་རྟེན་ཏེ་མཆོད་པར་བྱ་བ་ཉིད་ཀྱི་ཕྱིར་རོ། ། 35-1-206b གསལ་བ་ནི་ཤེལ་ལྟ་བུའོ། །རང་བཞིན་དྲི་མ་མེད་པ་ནི་ཉེས་པ་མ་ལུས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །གང་གསལ་བ་ནི་ཤེལ་ཏེ་དེའི་ངོ་བོ་ཉིད་ཀྱི་ཁང་པ་བརྩེགས་པ་ལ། ཕྱི་ན་གནས་པ་རྣམས་ཀྱི་ཡང་། །དཀྱིལ་འཁོར་བའི་ལྷ་རབ་ཏུ་སྣང་བའི་ཕྱིར་རོ། །སྣ་ཚོགས་གཟུགས་ནི་ ཨིནྡྲ་ནཱི་ལ་ལ་སོགས་པའི་ཁ་དོག་ཏུ་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་ཞེས་པ་བྱུང་བའི་དཀྱིལ་འཁོར་བའི་ལྷ་རྣམས་ཀྱིས་ཁྱབ་པའོ། །འོད་ཟེར་འཕྲོ་བ་ཕྱོགས་བཅུར་ཁྲོ་བོའི་འོད་ཟེར་རབ་ཏུ་འབར་བས་འཁྲུགས་པའི་དཀྱིལ་འཁོར་རོ། །དཀྱིལ་འཁོར་ནི་ཟླ་བ་དང་ཉི་མའི་ གདན་དང་ལྡན་པའོ། །ཀུན་ཞེས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གནས་ཀྱི་ཁང་པ་བརྩེགས་པའོ། །ཁམས་ཞེས་པས་རིག་པའི་ལྷ་མོ་རྣམས་ཏེ། དེའི་རྗེས་སུ་ཡུལ་གཟུགས་ལ་སོགས་པའི་རང་བཞིན་གྱིས་གཟུགས་རྡོ་རྗེ་ལ་སོགས་པ་རྣམས་སོ། །ལུགས་མ་ ཞེས་པས་ཤིང་ལ་སོགས་པ་ལས་བྱས་པའོ། །དམ་ཚིག་ལས་འཛག་ཁུ་བ་ཞེས་པ་ནི་ཤེས་རབ་དང་ཐབས་སྙོམས་པར་ཞུགས་པ་ལས་སྐྱེས་པའི་ཞུ་བའི་རང་གི་ངོ་བོ་དཀྱིལ་འཁོར་བའི་ལྷ་ཉིད་དུ་སྐད་ཅིག་གིས་དཀྱིལ་འཁོར་དུ་གནས་ཇི་ལྟ་བ་བཞིན་དུ་བརྟག་པར་བྱའོ། །ཆོ་ག་ ཡིས། །འབྲས་བུ་འདོད་པས་བཏུང་བར་བྱ། །ཞེས་པ་ནི། གཟུགས་ཕུང་གཏོགས་པ་མེ་ལོང་དང་། །ཞེས་པ་ལ་སོགས་པའི་ཆོ་གས། སངས་རྒྱས་ཉིད་ཀྱི་འབྲས་བུ་དོན་དུ་གཉེར་བས་རང་གི་ཕུང་པོ་ལ་ཇི་ལྟར་གནས་པ་བཞིན་ནང་དུ་ཆུད་པར་བྱའོ། །དེ་བཞིན་གཤེགས་ པའི་ཚོགས་བསད་ན། །ཞེས་པ་ནི། རང་གི་ཕུང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པས་ཡོངས་སུ་བསྒྲུབས་པའི་གཟུགས་རིམ་གྱིས་མཐར་སྟོང་པ་ཉིད་ལ་གཞུག་པར་བྱའོ། །དོན་དམ་པའི་ཞེས་པ་ནི། ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར། ཨོཾ་ཡིག་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར། ཨཱཿཡིག་ལས་སྐྱེས་པའི་པདྨའོ། །ཡེ་ཤེས་ཞེས་པ་ནི། སེམས་ཙམ་ལ་སྙོམས་པར་ཞུགས་པས་བརྟན་པ་དང་། སྐྱེ་འགྲོ་ཡིད་ཀྱི་ནང་དུ་ཆུད་པར་གྱུར་པའོ། །གསུམ་ཞེས་པ་ནི་སྔགས་ཐམས་ཅད་ཀྱི་མཐར་ 35-1-207a ཐུག་པ་གཙོ་བོར་གྱུར་པ་ཡི་གེ་གསུམ་གྱིས་སོ། །ཆེན་པོ་ཞེས་པ་རྡོ་རྗེ་སེམས་དཔའི་སྐུ་སྒོམ་པར་བྱེད་པའོ། །ཐ་མ་ཞེས་པ་ནི། སྲིད་པ་གང་ལས་བར་མ་ཆད་པར་བྱང་ཆུབ་ཏུ་འགྱུར་བ་སྟེ། དེའི་མཐར་ཐུག་པར་གྱུར་པ་ཉིད་ཀྱི་ཕྱིར་ཐ་མར་བརྗོད་པར་བྱའོ། ། དེ་ལ་གང་ཞིག་གནས་པ་ནི་ས་བཅུའི་དབང་ཕྱུག་རྣམས་ཏེ། མཆོད་པར་འོས་པ་བཅུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་འམ་སོ་སོའི་སྐྱེ་བོའི་སྔགས་ལས་བྱུང་བའི་རིམ་པ་སྒོམ་པར་བྱེད་པའི་སྒོ་ནས་དགོད་པ་ཆེན་པོ་ཐོབ་པས་སྲིད་པ་ཐ་མ་དེའི་རྒྱུ་མཚན་ནོ། །ཕུང་པོ་ཞེས་པ་ལས་ ཡེ་ཤེས་ཀྱི་རང་བཞིན་གྱི་ལུས་ཡོངས་སུ་བརྗེས་ནས་འབྱུང་བ་ལས་གྱུར་པའི་ལུས་ཡོངས་སུ་འཛིན་པའོ། །གཞུག་པར་བྱའོ་ཞེས་པས་དེའི་རྗེས་སུ་ཛཿཧཱུཾ་བཾ་ཧོཿ། ཞེས་པ་བཞི་ལས་གཟུགས་རྡོ་རྗེ་མ་ལ་སོགས་པ་ལྷ་མོའི་རང་བཞིན་ལུས་ལ་གནས་པའི་གཟུགས་ལ་སོགས་པ་ རྣམས་སུ་དགོད་པར་བྱའོ། །ཆེན་པོ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །ཐམས་ཅད་ཀྱི་བདག་ཉིད་ནི་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ཀྱི་ས་བོན་བསམ་ཤིང་བརྟགས་པའི་མཐར་བྱས་པ་དང་ལྡན་པའོ། །ཐམས་ཅད་ཀྱིས་ནི་དེ་བཞིན་གཤེགས་པ་དང་མཚུངས་ པའི་རིན་པོ་ཆེ་ལྟ་བུའི་གང་ཟག་རྣམས་ཀྱིས་སོ། །སངས་རྒྱས་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དེའི་བདག་ཉིད་ཀྱིས་འཆང་བའོ། །དཔལ་ལྡན་ནི་སྤྱན་མ་ལ་སོགས་པ་དང་ལྷན་ཅིག་ཏུའོ། །རྡོ་རྗེ་གསུམ་ནི་རྡོ་རྗེ་འཆང་སྟེ། དེ་མི་ཕྱེད་པ་ཉིད་ཀྱི་བསྒོམ་པས་ སོ། །བདག་གི་ལུས་ལ་བྱིན་གྱིས་བརླབས་གནས་ནི། །རབ་ཏུ་གནས་པའི་གནས་སུ་མཛད་དུ་གསོལ། །སྐྲུ་ཡི་རྡོ་རྗེ་ཅན་རྣམས་ཞེས་པ་ནི། །སྐུ་ཡི་རྡོ་རྗེ་ཅན་ཞེས་ཐོབ་པའོ། །དེ་ལྟར་གཙོ་བོ་ལ་གསོལ་བ་བཏབ་ནས། དེའི་འཁོར་ལོ་ལ་གསོལ་བ་འདེབས་པར་བྱེད་པ་བཅུ་ཞེས་པ་ལ་ སོགས་པ་ནི་རྟོགས་པར་སླའོ། །སྐུ་གང་ཡིན་ནི་གང་གི་སྐུའོ། །ཕུང་པོ་ལྔ་ནི་བདག་ཉིད་ཀྱིའོ། །དེའི་རང་བཞིན་ཏེ་སྐུར་འགྱུར་རོ་ཞེས་བསམས་པའོ། །ཆོས་ནི་འོད་དཔག་མེད་དོ། །གསུང་ལམ་ནི་ངག་གི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དཔལ་ལྡན་ནི་གོས་དཀར་མོ་དང་ལྡན་ 35-1-207b པའོ། །རྡོ་རྗེ་གསུམ་ཞེས་པ་ལ་སོགས་པ་ནི་སྔར་བཞིན་ནོ། །འདོད་ཆགས་ཆེན་པོའི་ཚུལ་དང་ལྡན་པས་འོད་དཔག་མེད་དང་གོས་དཀར་མོའི་ཚོགས་གཉིས་སོ། །གང་ཞིག་ཁོ་ན་ཞེས་པ་ནི། གང་ཁོ་ན་ངེས་པའི་ཚིག་ནི་སྒྲ་རྣམས་ཀྱི་ཁྱད་པར་ངེས་པ་རྗོད་པར་བྱེད་པས་ཕུན་སུམ་ཚོགས་ པའོ། །ཆོས་འཛིན་པ་དང་མཚུངས་པ་ནི་འོད་དཔག་མེད་དང་མཚུངས་པའོ། །ཐུགས་ཞེས་པ་ནི་རྡོ་རྗེའི་རང་བཞིན་གྱི་ཐུགས་འཆང་བ་གང་ཡིན་པ་དེའོ། །དཔལ་ལྡན་ནི་མཱ་མ་ཀཱི་དང་ལྡན་པའོ། །རྡོ་རྗེ་གསུམ་ཞེས་པ་ལ་སོགས་པ་ནི་སྔར་བཞིན་ནོ། །ཀུན་དུ་ནི་སེམས་ཅན་རྣམས་སོ། ། བཟང་པོ་ནི་དགེ་བ་ཉིད་ཀྱི་ཕྱིར་མི་བསྐྱོད་པ་སྟེ། དེའི་གསང་བ་ནི་གསང་ཆེན་ཏེ། སྐུ་རུ་བྱེད་དོ། །སྟོན་པར་བྱེད་དོ་ཞེས་པས། རང་རིགས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་དབང་པོ་དེའིའོ། །བློ་ལྡན་པ་ཞེས་པ་ནི། མཱ་མ་ཀཱི་དང་ལྡན་པའོ། །རྡོ་རྗེ་འཆང་དང་འདྲ་བ་ ཞེས་པ་ནི་མི་བསྐྱོད་པ་དང་མཚུངས་པའོ། །དེ་ནས་ཞེས་པ་ནི་དམ་ཚིག་གསུམ་གྱི་ཡི་གེ་དེ་དང་དེ་ལས་བསྐྱེད་པའི་རྡོ་རྗེ་འཆང་དེ་ལ་དམིགས་པའི་ཏིང་ངེ་འཛིན་གྱི་སྒོ་ནས་སོ། །རང་ཞེས་པ་ནི་མི་བསྐྱོད་པས་སྤྱི་བོར་དབང་བསྐུར་བའོ། །ཡེ་ཤེས་ཞེས་པ་ནི་ཡེ་ཤེས་སེམས་དཔའོ། ། ཧཱུཾ་ཞེས་པ་ནི་ནག་པོའོ། །སངས་རྒྱས་དཀྱིལ་འཁོར་ནི་རྡོ་རྗེ་སེམས་དཔའི་ལུས་སོ། །དེའི་དབུས་སུ་གནས་པ་ནི། དེའི་ཐུགས་ཀར་གནས་པའོ། །རྡོ་རྗེ་ཞེས་པ་ཡེ་ཤེས་སེམས་དཔའོ། །ཧཱུཾ་ཏིང་ངེ་འཛིན་སེམས་དཔར་བཤད་དོ། །ཐམས་ཅད་ཅེས་པ་ནི་ཐོག་མ་ཉིད་དུ་སྟུག་ པོ་བཀོད་པར་ཆོས་ཀྱི་སྐུ་མངོན་སུམ་དུ་མཛད་ནས། དེ་ནས་བབས་ཏེ་སྤྲུལ་པའི་སྐུས་དགའ་ལྡན་ན་གནས་ཏེ། བསམ་པ་ཇི་ལྟ་བར་ཆོས་སྟོན་པ་དང་ལྡན་པར་མཛད་དོ། །དགའ་ལྡན་ཞེས་བྱ་བ་ནི་དེ་ནས་ཀྱང་བབས་ཏེ་ས་ལ་སྐྱེ་བ་དང་བྱང་ཆུབ་པ་ལ་སོགས་པ་ཐམས་ཅད་ལ་ སྟོན་པ་དང་ལྡན་པའོ། །འདོད་ཆགས་ཞེས་བྱ་བ་ནི་འདི་ཉིད་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན། རྡོ་རྗེ་སེམས་དཔའི་གཟུགས་སུ་སྤྲུལ་པ་དང་ལྡན་པའོ། །འདོད་ཆགས་ཆེན་པོ་ཞེས་བྱ་བ་ནི། འདོད་ཆགས་ཆེན་པོ་ཅན་གྱིས་སེམས་ཅན་རྣམས་སྨིན་པར་བྱེད་པ་དང་ 35-1-208a གྲོལ་བར་བྱེད་པ་ཡུལ་རྣམས་ལ་ཀུན་དུ་ཆགས་པའི་ཚུལ་གང་ཡིན་པ་དེ་ཉིད་ཀྱི་ཏིང་ངེ་འཛིན་དེ་མངོན་སུམ་དུ་མཛད་ནས་སོ། །དང་པོ་ཞེས་པ་ནི་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་དུ་བདག་ཉིད་རྫོགས་པའོ། །གནས་ཞེས་པ་ནི་སོ་སོར་སྤྱད་པར་བྱ་བ་སྤྱོད་ པར་བྱེད་པའོ། །སྤྱད་བྱ་སྤྱོད་པ་མེད་པ་ལ་ཕྱོགས་གཞན་གསུངས་པ། དེ་ནས་ཞེས་བྱ་བ་ལ་སྔགས་གཅིག་སྤྲུལ་པ་ལས་སེམས་ཅན་གྱི་དོན་ཞེས་པ་ནི། བྱང་ཆུབ་ཀྱི་སེམས་ལས་སྙིང་པོའམ་སྔགས་ལས་དཀྱིལ་འཁོར་གྱི་འཁོར་ལོ་སྤྲུལ་པས་སེམས་ཅན་གྱི་དོན་བྱས་ནས་ གནས་ཇི་ལྟ་བར་གཞུག་པར་བྱའོ། །ཡུལ་རྣམས་ལ་བྱིན་གྱིས་བརླབ་པར་བྱའོ་ཞེས་པས་བྱིན་གྱིས་བརླབ་པ་སྟེ། གསུམ་ནི་འདོད་ཆགས་ལ་སོགས་པའི་རང་བཞིན་ནོ། །དེའི་གོ་འཕང་ནི་ཡིད་དུ་འོང་བ་ལ་སོགས་པའི་ཡུལ་ཏེ། ཡུལ་དེ་དང་དེ་རྣམས་ལ་མཆོག་ཏུ་གྱུར་ པས་ཀྱང་ངོ་། །གཟུགས་རྡོ་རྗེ་མ་སོགས་པ་བཞི་པོ་ལ་སའི་སྙིང་པོ་ལ་སོགས་པ་བཞི་པོས་སྙོམས་པར་འཇུག་པར་བཀོད་པར་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་བཞི་པོ་གནས་ཇི་ལྟ་བ་བཞིན་གཞུག་པར་བྱའོ། །ནུ་མའི་བར་ནི་སྙིང་ག་སྟེ་དེ་ལ་ཧཱུཾ་ཡིག་གོ། །གཙུག་ ཕུད་མཐར་ནི་མགོ་བོར་ཏེ་ཨོཾ་ཡིག་གོ། །བར་དུ་སྟེ་མགྲིན་པར་ཨཱཿཡིག་གོ། །རྐང་པ་ཞེས་པ་ནི་རྐང་པ་གཉིས་ལ་ཧཱ་ཡིག་གོ། །ལྟེ་བ་རྐེད་པ་གསང་བ་ཞེས་པ་ནི། དེ་རྣམས་ཉེ་བའི་བརླའི་ཕྱོགས་སུ་སྭཱ་ཡིག་གོ། །རྒྱལ་བ་ཞེས་པ་རིགས་ལྔ་དང་སོ་སོར་འབྲེལ་བའི་ བྱང་ཆུབ་སེམས་དཔའ་ལ་སོགས་པ་གཞན་རྣམས་ཀྱང་གནས་ཇི་ལྟ་བ་བཞིན་དུ་དགོད་པར་བྱའོ། །ཕཊ་ཅེས་བྱ་ནི་རྡོ་རྗེ་དང་པདྨའི་སྒོ་ལ་ཕཊ་ཡིག་བསྒོམ་པར་བྱའོ། །ཏིང་ངེ་འཛིན་ཞེས་པ་ཡེ་ཤེས་སེམས་དཔའ་གཞུག་པའི་ཏིང་ངེ་འཛིན་གྱི་བར་མ་ཆད་པར་དབང་བསྐུར་བའོ། ། མཆོད་པ་ཞེས་པ་གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་མཆོད་པ་བྱས་ནས་སོ། །ཐམས་ཅད་ཅེས་པ་ནི་དེ་ལ་མི་བསྐྱོད་པའི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་འཆད་པར་འགྱུར་བའི་རིམ་པས་སེམས་ཅན་རྣམས་ཀྱི་ཞེ་སྡང་རྣམ་པར་དག་པ་ལ་སོགས་པ་ཅན་ 35-1-208b གྱི་དགོས་པ་ཐུགས་ལ་བཞག་པའོ། །ཕྱི་དང་ཞེས་བྱ་བ་ནི། ངག་གི་བཟླས་པ་དང་རྡོ་རྗེའི་བཟླས་པའོ། །སྔོན་གྱི་ཞེས་བྱ་བ་ནི་མཉམ་པར་མ་བཞག་པའི་རྣལ་འབྱོར་གྱི་དོན་དུ་སྔར་གྱི་རིམ་པས་ཕྱིའི་དཀྱིལ་འཁོར་བདག་ཉིད་ལ་ཇི་ལྟར་གནས་པ་བཞིན་དུ་བརྟག་པར་བྱའོ། །ནམ་ མཁའ་ཞེས་བྱ་བ་ནི་འཇིག་རྟེན་གསུམ་གྱི་དབུས་སུ་འཇུག་པའི་བདག་ཉིད་ཅན་གྱི་ལྷའི་བཀོད་པ་དང་ལྡན་པར་བསྒོམ་པར་བྱའོ། །དེའི་རྗེས་སུ་ཧཱུཾ་ཡིག་དེ་ཡི་དབུས་གནས་པར་ནི། ཧཱུཾ་ཡིག་སྙིང་གར་གནས་པར་བལྟས་ནས་དེས་ཀྱང་བརྟན་པ་དང་གཡོ་བ་ཐམས་ཅད་རྡོ་རྗེ་སེམས་ དཔའི་གཟུགས་བརྙན་གྱི་རྣམ་པར་བལྟ་བར་བྱའོ། །ཕྱི་རོལ་ཞེས་པ་ནི་ཕྱིའི་མེ་ལ་མར་ལ་སོགས་པའི་སྲེག་བླུགས་ཀྱིས་སོ། །ནང་གི་ལྷ་རྣམས་ལ་བཟའ་བ་ལ་སོགས་པ་རྣམས་ཀྱིས་ཚིམ་པར་བྱས་པས་སོ། །ཞི་བ་ཅན་ལ་སོགས་པ་ལ་ལྟོས་ཏེ་རྣམ་པར་གཞག་གོ། ། ཡི་གེ་གསུམ་ཞེས་བྱ་བ་ནི། རྡོ་རྗེ་བཟླས་པའི་སྒོ་ནས་སོ། །ཕྲེང་བའི་སྔགས་ཞེས་པ་ནི་རྒྱུད་ལས་གསུངས་པའི་ཁྲོ་བོ་ལ་སོགས་པ་རྣམས་ཀྱི་སྔགས་རྒྱས་པའོ། །སྔགས་དང་ཞེས་བྱ་བ་ནི། མངོན་པར་བསྔགས་པའི་སྨན་རབ་ཏུ་བྱིན་པས་སོ། །རྡོ་རྗེ་ཞེས་པ་ནི་རྫོགས་ པའི་རིམ་པ་ལ་གནས་ཏེ། ཡང་དག་པར་སྦྱོར་བ་ལ་གནས་པའི་སྒྱུ་མའི་ལུས་མངོན་དུ་བྱེད་པའོ། །དྲན་པའི་དོན་དུ་འགྲེལ་བྱས་ནས། །བསོད་ནམས་ཡང་དག་ཉེར་བསགས་གང་། །དེ་ཡིས་མྱུར་དུ་འགྲོ་བ་ཀུན། །རྫོགས་པའི་བྱང་ཆུབ་བརྩོན་པར་ཤོག །རྡོ་རྗེ་སེམས་དཔའི་ སྒྲུབ་ཐབས་ཀྱི་འགྲེལ་པ་རྫོགས་སོ།། །།ལཱི་ལ་བཛྲ་ཞབས་ཀྱིས་མཛད་པའོ། །བི་བྷཱུ་ཏི་ཙནྡྲའི་རྒྱ་དཔེ་ལ་བལྟས་ནས་དགེ་སློང་རིན་ཆེན་གྲུབ་ཀྱིས་དཔའ་བོའི་ལོ་སྨིན་དྲུག་ཅན་གྱི་ཟླ་བའི་ཚེས་ཉེར་བཞི་ལ་བསྒྱུར་བའོ།། །།ཡི་གེ་པ་ནི་དགེ་སློང་རིན་ཆེན་རྒྱལ་མཚན་ནོ། །སྔགས་ཀྱེ་ ངེས་པ་ཐོག་མ་སྟེ། གཉིས་ལས་དགོད་པ་བསྟན་པའོ། །རྣམ་པར་གཞག་པ་ཡང་གསུམ་སྟེ།བཞི་པ་དེ་ཉིད་བསྟན་ཞེས་པ་སྒྲུབ་ཐབས་ཀྱི་གོ་རིམས་ཏེ། འདིའི་དོན་ནི་དང་པོར་སྔགས་ཀྱི་ཚིག་སྒྲུབ་ཐབས་ལས་ཕྱུང་ནས་སེམས་ཀྱི་ཀུན་དུ་བརྟགས་པ་ངེས་པར་འགྱུར་རོ། །དེ་ནས་ཕུང་པོ་ལ་ 35-1-209a སོགས་པ་རྣམས་སུ་རྣམ་པར་སྣང་མཛད་ལ་སོགས་པའི་རྣམ་པས་དགོད་པའོ། །བཀོད་པའི་ལྷ་རྣམས་རེ་རེའི་མཐར་གྱིས་རང་གི་མཚན་ཉིད་ཡོངས་སུ་ཤེས་ཤིང་ངེས་པར་རྟོགས་པའི་ལྷའི་འཁོར་ལོའོ་ཞེས་པ་ནི་རྣམ་པར་གཞག་པའོ། །ཕྲ་མོའི་རྣལ་འབྱོར་གྱིས་ གཅིག་ཏུ་བྱས་ནས་རབ་ཏུ་ཞུགས་ཏེ་གནས་པ་ལས་ལངས་ཏེ། ངེས་པར་བྱུང་བའི་སྔགས་ལས་དགོད་པར་འགྱུར་རོ་ཞེས་སོ། །ངེས་པའི་སྔགས་ནི། བཛྲ་དྷྲྀཀ་ཧཱུཾ་ཨོཾ་སུམྦྷ་ཞེས་པ་ལ་སོགས་པའོ། །འདིའང་སྔར་གྱི་རྒྱ་དཔེའི་རྗེས་སུ་འབྱུང་ངོ་། །འདིས་འཁོར་བ་སྡུག་བསྔལ་གྱི་རྒྱ་ མཚོ་ཆེན་པོ་མྱུར་དུ་སྐེམས་པར་གྱུར་ཅིག། །།༄༅༅། །རྒྱ་གར་སྐད་དུ། ཨ་མྲྀ་ཏ་ཀུཎྜ་ལི་སཱ་དྷ་ན། བོད་སྐད་དུ། བདུད་རྩི་འཁྱིལ་པའི་སྒྲུབ་ཐབས། བགེགས་ཀྱི་དགྲ་ལ་ཕྱག་འཚལ་ལོ། །བདུད་རྩི་འཁྱིལ་པའི་རྣལ་འབྱོར་དང་བཟླས་པས་བར་དུ་གཅོད་པའི་ བགེགས་ཞི་བར་འདོད་པ་དེས། དང་པོ་སྙིང་རྗེ་ཆེན་པོ་བསྒོམ་པར་བྱའོ། །དེ་ནས་བརྟན་པ་དང་གཡོ་བ་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །དེ་ནས་རང་གི་སེམས་ཉིད་ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེའི་སྟེང་དུ་ཡི་གེ་ཧཱུཾ་སྔོན་པོ་བསྒོམ་པར་བྱའོ། །དེ་ལས་ཁྲོ་བོའི་ རྡོ་རྗེ་ཧཱུཾ་གིས་མཚན་པ་བསྒོམ་པར་བྱའོ། །དེ་ལས་འོད་ཟེར་འཕྲོས་ཏེ་གདུག་པ་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་ནས་སླར་དེ་ཉིད་དུ་བསྡུའོ། །དེ་ནས་དེ་རྣམས་གྱུར་པ་ལས། །བགེགས་ཀྱི་དགྲ་ནི་སྔགས་པས་བསྒོམ། །ཨུཏྤ་ལ་སྔོན་པོའི་འདབ་ལྟར་སྔོ། །ཞལ་གསུམ་པ་ལ་ཕྱག་ དྲུག་པ། །ཞལ་ནི་སྔོ་དང་དཀར་དང་དམར། །ཞལ་གདངས་པ་ནི་རྣམ་པར་འགྱུར། །གསུས་ཁྱིམ་ཆེ་ཞིང་སྤྱན་གསུམ་པ། །འབར་བའི་འོད་ཀྱིས་རྣམ་པར་བརྒྱན། །སྣ་ཚོགས་རྡོ་རྗེ་འཁོར་ལོ་དང་། །གཏུན་ཤིང་རྣམས་ནི་གཡས་པ་ན། །སྡིགས་མཛུབ་ཞགས་པར་བཅས་པ་དང་། །དྲིལ་བུ་དགྲ་སྟ་ གཡོན་ན་བསྣམས། གཡོན་བརྐྱང་པ་ཡི་གནས་པ་ཡིས། །པདྨ་ཉི་མ་ལ་གནས་པའོ། །དེ་ནས་སྙིང་གར་ཨ་ལས་པདྨ་འདབ་མ་བརྒྱད་པ་བསྒོམ་པར་བྱ། དེའི་སྟེང་དུ་ཧཱུཾ་ལས་ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེའི་སྟེང་དུ་ཧཱུཾ་ལས་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ་ཆ་ 35-1-209b ལྔ་ལ་བསྒོམ་པར་བྱའོ། །དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཏིང་ངེ་འཛིན་སེམས་དཔའ་ཡི་གེ་ཧཱུཾ་བསྒོམ་པར་བྱའོ། །དེ་ལས་འོད་ཟེར་འཕྲོས་ཏེ་རང་བཞིན་གྱི་གནས་ནས་ཁྲོ་བོའི་རྒྱལ་པོ་སྤྱན་དྲངས་ལ་མཆོད་པ་དང་བསྟོད་པ་བྱའོ། །སྤྱན་བགྲད་མཆེ་གཙིགས་སྨིན་མ་བསྡུས། །ཐུགས་ནི་མི་ རྟོག་པ་ལ་བཞུགས། །མགུར་གྱི་ཕྱོགས་ནི་ཧཱུཾ་སྒྲས་འགེངས། །ཁྲོ་རྒྱལ་བདུད་རྩི་འཁྱིལ་ལ་བསྟོད། །ཅེས་བྱ་བའོ། །དེ་ལ་ཛཿཧཱུཾ་བཾ་ཧོཿ བཞིས། །དགུག་པ་དང་ནི་གཞུག་པ་དང་། །བཅིང་པ་དང་ནི་མཉེས་པར་བྱ། །དེ་ནས་གནས་གསུམ་དུ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་པར་བྱའོ། ། དེ་ནས་རགས་པ་དང་ཕྲ་བའི་རྣལ་འབྱོར་བསྒོམ་པར་བྱའོ། །དེ་ལ་དང་པོ་ཡི་གེ་ཉི་ཤུ་དྲུག་པའི་སྔགས་ཀྱིས་བསྲུང་བར་བྱའོ། །དེའི་སྔགས་ནི། ཨོཾ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། ཨ་མྲྀ་ཏེ་ཧཱུཾ་ཕཊ། འབྱུང་པོ་ཆེ་གེ་མོ་མཱ་ར་ཡ། དེའི་འཁོར་ལོ་ནི་གྲོག་ལ་ སོགས་པ་ལ་སྣ་ཚོགས་རྡོ་རྗེ་ལྟེ་བར་རྒྱ་ཆེར་བྲི་བར་བྱའོ། །འཁོར་ལོའི་དབུས་སུ་ཡི་གེ་ཧཾ་བྲི་བར་བྱའོ། །དེའི་ནང་དུ་བསྲུང་བར་བྱ་བའི་ཡི་གེ་བྲི་བར་བྱའོ། །དེ་ནས་འཁོར་ལོའི་རྩིབས་དང་པོ་ལ་ཨོཾ། གཉིས་པ་ལ་ཧུ་ལུ་ཧུ་ལུ། གསུམ་པ་ལ་ཏིཥྛ་ཏིཥྛ། བཞི་པ་ལ་བྷནྡྷ་བྷནྡྷ།ལྔ་པ་ལ་ཧ་ན་ཧ་ན། དྲུག་པ་ ལ་ད་ཧ་ད་ཧ། བདུན་པ་ལ་ཨ་མྲྀ་ཏ། རྩིབས་བརྒྱད་པ་ལ་ཧཱུཾ་ཕཊ་ཅེས་བྱ་བ་རྣམས་བྲི་བར་བྱའོ། །འདི་ནི་སྔགས་ཀྱི་ཡི་གེ་དགོད་པའོ། །དེ་ནས་རང་གི་མདུན་དུ་ཟ་མ་ཏོག་ལ་སོགས་པ་ལེགས་པར་བཞག་ལ་མཆོད་པ་བྱའོ། །དེ་ནས་སྔ་མ་བཞིན་དུ་རང་ཉིད་ལྷའི་སྐུ་བསྐྱེད་དེ། སྔགས་སྔ་མ་ཉིད་འབུམ་ཕྲག་གཅིག་བཟླས་ པར་བྱའོ། །དེ་ནས་འཁོར་ལོ་དེ་ཉིད་ལུས་ལ་བཏགས་ན། ལུས་ངག་ཡིད་གསུམ་གྱི་ཕྱི་དང་ནང་གི་འཚེ་བ་ཐམས་ཅད་ལས་བསྲུང་བར་འགྱུར་རོ། །དེ་ལྟར་བདག་ཉིད་སྔོན་དུ་སྲུང་བ་བྱས་ལ་དེ་ནས་གནོད་པར་བྱ་བའི་འབྱུང་པོ་བསྐྲད་པར་བྱའོ། །དེའི་སྔགས་ནི་འདི་ཡིན་ནོ། །ན་མཿས་མནྟ་ཀཱ་ཡ་བཱཀ་ཙིཏྟ་བཛྲཱ་ཎཱཾ། ཨོཾ་ཨ་མྲྀ་ ཏ་ཀུཎྜ་ལི། ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫ་གརྫ། པི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བིགྷྣཱ། པི་ན་ཡ་ཀཾ། །མ་ཧཱ་བཛྲ་ཀྲོ་དྷ། མ་ཧཱ་དོཾ་ཥྚྲོདྐ་ཊ་བྷཻ་ར་བ་ཡ། ཨ་སི་མུ་ས་ལ་བ་ར་ཤུ་པཱ་ཤ་ཧསྟ་ཡ། མ་ཧཱ་ག་ཎ་པ་ཏི་ཛྲི་བི་ཏཱ་ནནྟ། ཀཱ་ར་ཡ་ཧཱུཾ་ཕཊ་སྭཱ་ཧཱའི་སྔོན་དུ་འགྲོ་བས་བདག་ལ་གནོད་པར་བྱེད་པའི་འབྱུང་པོ་ 35-1-210a ཆེ་གེ་མོ་ཨུཙྪ་ཏ་ཡ་ཞེས་བཟླས་ཤིང་ཉུངས་ཀར་གྱི་རྒྱལ་པོ་ཡི་གེ་ཧཱུཾ་དུ་བསམས་ཏེ་དེ་ལས་བྱུང་བའི་ཕུར་བུ་སྟོད་བདུད་རྩི་འཁྱིལ་པའི་དབྱིབས་ཅན་ལྟེ་བ་མན་ཆད་ཕུར་བུ་རྩེ་གཅིག་པར་བསམས་ལ་བརྡེག་པར་བྱའོ། །བསྙེན་པའི་དུས་སུ་འབུམ་ཕྲག་གསུམ་བཟླས་པར་བྱའོ། །བསྐྲད་པའི་ལམ་ གྱི་དུས་སུ་སྐེ་ཚེ་དང་། ལན་ཚྭ་དང་། དུག་དང་། ད་དུ་རའི་ཁུ་བ་དང་། མཛུབ་མོའི་ཁྲག་རྣམས་བསྲེས་ཏེ་དུར་ཁྲོད་ཀྱི་རས་ལ་རླུང་གི་དཀྱིལ་འཁོར་ཟླ་གམ་ངོས་ལ་རྡོ་རྗེས་མཚན་པ་བྲིས་ལ། དེའི་དབུས་སུ་སྔགས་འབྱུང་པོའི་མིང་དང་སྤེལ་བ་བྲིས་ནས་རྣམ་པར་ཤེས་པ་དགུག་པ་སྔོན་དུ་འགྲོ་བས་མནན་ལ་སྔ་མ་བཞིན་དུ་ བཟླས་ནས་དུར་ཁྲོད་དུ་སྦས་ན་ངེས་པར་འཆི་བར་འགྱུར་རོ། །དེ་ལྟར་བསྐྲད་ཀྱང་མི་འགྲོ་ན་དེ་ལ་མངོན་སྤྱོད་བྱའོ། །དེ་ལ་དང་པོར་བསྙེན་པའི་དུས་སུ་སྔགས་འབུམ་དུ་བཟླས་པར་བྱའོ། །ན་མཿས་མནྟ་ཀཱ་ཡ་བཱ་ཀ་ཙིཏྟ་བཛྲཱ་ཎཱཾ། ཨོཾ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫ་གརྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བིགྷྣཱཾ། བི་ན་ཡ་ཀན། མ་ཧཱ་ག་ཎ་བ་ཏི་ཋཱི་བི་ཏ་ཨནྟ་ཀཱ་ར་ཡ་ཧཱུཾ་ཕཊ། བདག་ལ་གནོད་པར་བྱེད་པའི་འབྱུང་པོ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་པ་བཟླས་སོ། །དེ་ནས་ལས་སྦྱོར་གྱི་དུས་སུ་རོ་བསྲེགས་ཐལ་བ་ཡུངས་ཀར་དང་བསྲེས་པ་ལས་འབྱུང་པོའི་ གཟུག་བྱས་ལ། རྣམ་པར་ཤེས་པ་ནང་དུ་བཅུག་ལ། ཁྲོ་བོའི་སྔགས་སྟོང་རྩ་བརྒྱད་བཟླས་ན་འཆིང་བར་འགྱུར་རོ། །གཟུགས་བརྙན་ལ་རྣམ་པར་ཤེས་པ་དགུག་པའི་མན་ངག་ནི། འབྱུང་པོའི་རྣམ་པར་ཤེས་པའི་སྙིང་ག་ན་ཉི་མའི་དཀྱིལ་འཁོར་གྱི་སྟེང་ན། ཡི་གེ་ཧཱུཾ་གི་ གཟུགས་གནས་པ་ལ་ལྟེ་བར་རླུང་གི་དཀྱིལ་འཁོར་གྱིས་བཏེག་པར་བསམ་མོ། །དེ་རང་གི་ཏིང་ངེ་འཛིན་སེམས་དཔའ་ལས་འོད་སྤྲོས་ཏེ། གཟུགས་བརྙན་གྱི་སྙིང་གར་ཞུགས་པར་བསམ་མོ། །དེ་ལྟར་གནོད་བྱེད་འབྱུང་པོ་ལ། །བདག་ཉིད་སྲུང་བར་བྱས་ནས་ནི། །བསྐྲད་དང་ མངོན་སྤྱོད་ལས་བྱ་བ། །འདུས་པའི་རྒྱུད་ཀྱི་མན་ངག་ནི། །སློབ་དཔོན་ཀླུ་སྒྲུབ་ལས་རྙེད་པ། །ཟླ་བ་གྲགས་པ་ཞེས་བྱས་བཤད། །བདུད་རྩི་འཁྱིལ་པའི་རྣལ་འབྱོར་དང་བགེགས་བསལ་བའི་ཆོ་ག་རྫོགས་སོ།། །།སློབ་དཔོན་ཤྲདྡྷཱ་ཀ་ར་ཝརྨ་དང་། ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བའོ།། །། 35-1-210b ༄༅༅། །རྒྱ་གར་སྐད་དུ། ས་མཱ་ཛཿཨ་བྷི་ས་མ་ཡ་ཨཱ་ལངྐ་ར་བྲྀཏྟི། བོད་སྐད་དུ། གསང་བ་འདུས་པའི་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གང་ཞིག་མུན་འདྲས་གཏིབས་ཤིང་ཡང་དག་སྒྲོན་མ་མེད། །དེ་ཡི་ སྒྲོན་མ་བྱ་ཕྱིར་རྟག་ཏུ་དགའ་བའི་མཆོག་སྐྱེས་ནས། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་དེ་ལ་རབ་བཏུད་དེ། །མངོན་པར་རྟོགས་པའི་དོན་ནི་ཟླ་བ་གྲགས་པས་བཤད། །གསང་སྔགས་ཐམས་ཅད་ནི་བསྡུ་ན་རྣམ་པ་གཉིས་ཏེ། དེ་བས་ན་དེ་བསྟན་པའི་ཕྱིར་ལམ་དང་འབྲས་བུར་བཅས་པའོ་ཞེས་ལམ་ དང་འབྲས་བུ་དག་ནི་གཉིས་ཁོ་ནའོ། །འོ་ན་རྣལ་འབྱོར་གྱི་མཚན་ཉིད་དང་གསུམ་དུ་མི་འགྱུར་རམ་ཞེ་ན། མི་འགྱུར་ཏེ། འདི་ལྟར་ཐེག་པ་ཆེན་པོའི་རིགས་ཅན་ནི་ས་བོན་ཐོབ་པར་བྱེད་པས་ཐབས་སུ་བསྡུའོ། །ལམ་དང་འབྲས་བུ་ཞེས་བྱ་བ་འདི་ཡང་གང་ཡིན་དེ་ཉིད་མི་ཤེས་སོ་ཞེ་ན། འདི་ལྟར་ རྟེན་དུ་གྱུར་པས་ན་ལམ་སྟེ། གང་ལ་གང་གིས་བརྟེན་པར་བྱ་བས་ལམ་སྟེ། ཤེས་རབ་དང་ཏིང་ངེ་འཛིན་ནོ། །ཤེས་རབ་ནི་སྨིན་པ་དང་གྲོལ་བའི་ལམ་ཇི་ལྟ་བ་བཞིན་དུ་ཤེས་པའོ། །ཤེས་རབ་ཀྱིས་རབ་ཏུ་རྣམ་པར་ཕྱེ་བ་དེ་ལ་རྩེ་གཅིག་པ་ནི་ཏིང་ངེ་འཛིན་ནོ། །འབྲས་བུ་ཞེས་བྱ་བ་ནི་སྐུ་གསུམ་ ལ་སོགས་པའོ། །ལམ་ཞེས་བྱ་བ་ཡང་དུ་ཞིག་ཅེ་ན། དེ་བཤད་པ། ལམ་ནི་གཉིས་སུ་ཤེས་བྱ་སྟེ། །ཞེས་པ་ལམ་ཡང་ཡིན་གཉིས་ཀྱང་ཡིན་པས་གཉིས་ཏེ། འདི་ལ་གཉིས་ཡོད་པས་ལམ་གཉིས་སོ། །དེ་ཡང་འདི་ལྟར་ཞུགས་པ་ཉིད་དང་། བརྟེན་པ་ཉིད་དང་། བདེ་བ་ཉིད་དང་། སྡུག་ བསྔལ་སྤངས་པ་ཉིད་དང་། གཅིག་དང་གསུམ་གྱི་སྦྱོར་བ་སྤངས་པ་ཉིད་དང་། ཐོབ་པར་བྱེད་པ་དང་། སྤོང་བར་བྱེད་པ་ཉིད་ཀྱི་ཡང་ཕྱིར་རོ། །གཉིས་པོ་དེ་ཡང་གང་ཞེ་ན། སྨིན་པ་དང་ནི་གྲོལ་བའོ། །ཞེས་པ་གང་གིས་སྨིན་པ་སྟེ་རྒྱུད་འོས་སུ་བྱེད་པ་ཉིད་ཀྱི་ཕྱིར་སྨིན་པའི་ལམ་མོ། །གྲོལ་ བའི་ལམ་ནི་གང་གིས་སྡུག་བསྔལ་གྱི་ཕུང་པོ་ལས་རྣམ་པར་གྲོལ་བར་བྱེད་པ་ཉིད་དོ། །སྨིན་པར་བྱེད་པ་ཡང་གང་ཞིག་ཅེ་ན། སྨིན་པར་བྱེད་པ་ཞེས་བྱ་བ་ནི་གཉིས་ཏེ་འདི་ལ་གཉིས་ཡོད་པས་འདི་ནི་གཉིས་སོ། །གཉིས་པོ་ཡང་གང་ཞེ་ན། དངོས་དང་དེ་ཡི་གྲོགས་སུ་འདོད། །ཅེས་པ་ 35-1-211a གང་སྨིན་པར་བྱེད་པ་ནི་གཉིས་ཏེ། སྨིན་པར་བྱེད་པ་དངོས་དང་། དེའི་གྲོགས་སྤྱོད་པའོ། །དེ་ལ་སྨིན་པར་བྱེད་པ་དངོས་ནི་གཙོ་བོའོ། །དེ་ལ་ཕན་པར་བྱེད་པ་ནི་དེའི་གྲོགས་སོ། །དངོས་ཞེས་བྱ་བའང་དུ་ཞིག་ཅེ་ན། སྨིན་པ་དངོས་ནི་རྣམ་པ་བཞི་སྟེ་ཞེས་པ་འདི་ལ་བཞི་ཡོད་པས་འདི་ ནི་རྣམ་པ་བཞིའོ། །བཞི་པོ་ཉིད་གང་ཡིན་ཞེ་ན། བུམ་པ་དང་ནི་གསང་བ་དང་། །ཤེས་རབ་ཡེ་ཤེས་བཞི་པའོ། །ཞེས་པ་བུམ་པ་ནི་བུམ་པའི་དབང་ངོ་། །དེ་བཞིན་ཀུན་ལ་རང་དབང་ཞེས་སྦྱར་རོ། །དེ་ལྟར་བཞི་ཡོད་པ་ཉིད་ཅིའི་ཕྱིར་ཞེ་ན། འདི་ལྟར་གནས་གསུམ་འབྲས་བུ་དང་བཅས་པའམ་ ཡང་ན་དུས་ལ་སོགས་པ་བཞི་ཉིད་ཀྱི་ཡང་ཕྱིར་རོ། །དེ་ལ་བུམ་པའི་དབང་ལ་ཡང་དུ་ཡོད་ཅེ་ན། དེ་ལ་བུམ་པའི་དབང་ལའང་། རྣམ་པར་དབྱེ་བ་སུམ་ཅུ་སྟེ། །ཞེས་པ་ནི་འདི་ལ་སུམ་ཅུ་ཡོད་པས་སུམ་ཅུའོ། །བུམ་པའི་དབང་ཡང་ཡིན་ལ་སུམ་ཅུའང་ཡིན་པས་སུམ་ཅུ་སྟེ། ཅི་ སྲིད་དུ་བུམ་པ་ལ་ཡོད་པ་དེ་སྲིད་དུ་གསང་བ་དང་ཤེས་རབ་ཡེ་ཤེས་ལའང་སྦྱར་རོ། །དེ་ཉིད་གང་དང་གང་ཞེ་ན་ཞེས་འདྲི་ན། ལན་དུ། ངོ་བོ་ཉིད་དང་རྣམ་དབྱེ་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོར་ལས་དང་པོ་པའི་གང་ཟག་ཁ་ཅིག་ངོ་བོ་མེད་པ་དང་མ་ཡིན་པ་དང་། ཐེ་ཚོམ་ ཟ་སྟེ། འདི་ལྟར་འདི་ལ་ནི་ངོ་བོ་མེད་དོ་སྙམ་པ་དང་། འདི་ནི་ངོ་བོ་ཡོད་ཀྱང་འདིའི་ངོ་བོ་མ་ཡིན་སྙམ་པ་དང་། འདི་ལ་ངོ་བོ་ཡོད་པ་ཡིན་ནམ་མ་ཡིན་སྙམ་པ་དེའི་གཉེན་པོ་ལ་ངོ་བོ་སྨོས་སོ། །དེ་ལྟར་ངོ་བོ་ཡོད་ཀྱང་ངེས་པ་མ་སྐྱེས་པའི་གཉེན་པོར་ངེས་པའི་ཚིག་བསྙད་དོ། །དེའང་འདི་ཁོ་ན་ ཡིན་གྱི་གཞན་མ་ཡིན་སྙམ་པའི་གཉེན་པོར་དབྱེ་བ་བསྙད་དོ། །འདི་དག་ནི་ཐ་དད་པ་ཡིན་ནོ་སྙམ་པའི་གཉེན་པོར་རྣམ་གྲངས་བསྙད་དོ། །རྣམ་པ་གཞན་དུ་ཐལ་བའི་གཉེན་པོར་ཆོས་དུ་དང་ལྡན་པ་བསྙད་དོ། །གཞན་དུ་ཐལ་བའི་གཉེན་པོར་གཞན་སེལ་བ་བསྙད་དོ། །རྒྱུ་མེད་སྙམ་པའི་གཉེན་ པོར་རྒྱུ་བསྙད་དོ། །སྔོན་གྱི་དུས་ན་བུམ་པ་དང་བུམ་པའི་འབྲས་བུ་མེད་དོ་སྙམ་པའི་གཉེན་པོར་གླེང་གཞི་བསྙད་དོ། །གང་དུ་བྱ་བའི་ས་མི་ཤེས་པའི་གཉེན་པོར་གནས་བསྙད་དོ། །དུས་ཅི་ཙམ་ན་བྱ་བ་མི་ཤེས་པའི་གཉེན་པོར་དུས་བསྙད་དོ། །གང་ཟག་གང་གིས་བྱ་བ་མི་ཤེས་པའི་གཉེན་པོར་ 35-1-211b སློབ་དཔོན་བསྙད་དོ། །དེས་གང་ལ་བྱ་བ་མི་ཤེས་པའི་གཉེན་པོར་སློབ་མ་བསྙད་དོ། །རྫས་གང་ལ་བྱ་བ་མི་ཤེས་པའི་གཉེན་པོར་རྫས་བསྙད་དོ། །དེའང་གང་ལ་གང་གིས་བསྐུར་བ་མི་ཤེས་པའི་གཉེན་པོར་དབང་གི་རིམ་པ་བསྙད་དོ། །ཚུལ་ཇི་ལྟ་བུ་ཞིག་གིས་བསྐུར་བ་མི་ཤེས་པའི་གཉེན་པོར་ ཐབས་བསྙད་དོ། །དེའང་གང་དུ་བསྐུར་བའི་ས་མི་ཤེས་པའི་གཉེན་པོར་གནས་བསྙད་དོ། །དེའི་དཀྱིལ་འཁོར་མི་ཤེས་པའི་གཉེན་པོར་དཀྱིལ་འཁོར་བསྙད་དོ། །དཀྱིལ་འཁོར་དུའང་ཐོག་མ་ནས་ཐ་མའི་བར་གྱི་ལས་མི་ཤེས་པའི་གཉེན་པོར་འཇུག་པའི་རིམ་པ་བསྙད་དོ། །དེའང་སྔོན་དུ་བྱ་བ་མི་ ཤེས་པའི་གཉེན་པོར་ས་དང་སྟ་གོན་བཤད་དོ། །དེ་ལའང་རྟགས་ཇི་ལྟ་བུ་འབྱུང་བ་མི་ཤེས་པའི་གཉེན་པོར་རྟགས་བསྙད་དོ། །ཉན་ཐོས་དང་མུ་སྟེགས་ལ་སོགས་པས་ཐོས་ནས་ཉམས་པར་འགྱུར་བའི་ཕྱིར་བརྡ་བཤད་དོ། །བསམ་གཏན་མེད་ན་ནུས་པ་མི་འབྱུང་བས་བསམ་གཏན་བཤད་ དོ། །དེས་བག་ཆགས་དྲི་མ་གང་འཁྲུ་བ་མི་ཤེས་པའི་གཉེན་པོར་ནུས་པ་བསྙད་དོ། །དེ་ལ་མན་ངག་གང་བསྟན་པ་མི་ཤེས་པའི་གཉེན་པོར་དེ་དང་འབྲེལ་པའི་མན་ངག་བསྟན་ཏོ། །དེའང་ཚོགས་གང་དང་འབྲེལ་པ་མི་ཤེས་པའི་གཉེན་པོར་ཚོགས་ཀྱི་འབྲེལ་པ་བཤད་དོ། །དེའང་དངོས་གྲུབ་གང་ དང་འབྲེལ་པ་མི་ཤེས་པའི་གཉེན་པོར་དངོས་གྲུབ་ཀྱི་འབྲེལ་པ་བསྙད་དོ། །དེས་འབྲས་བུ་ཇི་ལྟ་བུ་ཞིག་ཐོབ་པ་མི་ཤེས་པའི་གཉེན་པོར་འབྲས་བུ་བསྙད་དོ། །དེའང་རྣལ་འབྱོར་གང་ཡིན་པ་མི་ཤེས་པའི་གཉེན་པོར་རྣལ་འབྱོར་དངོས་བསྟན་ཏོ། །དེའང་རྒྱུ་དང་སྦྱོར་བ་མི་ཤེས་པའི་གཉེན་པོར་ཐུན་མོང་ གི་སྦྱོར་བ་བསྟན་ཏོ། །གང་ཟག་གང་ལ་བསྟན་པ་མི་ཤེས་པའི་གཉེན་པོར་གང་ཟག་གི་དབྱེ་བ་བསྟན་ཏོ། །དེ་ལྟར་མདོར་བསྡུས་པ་བསྟན་ནས། ད་ནི་དེ་ཉིད་ཀྱི་མཚན་ཉིད་བཤད་པར་བྱ་སྟེ། དེ་ལ་ངོ་བོ་ཞེས་བྱ་བ་འང་གང་ཞིག་ཡིན་ཞེ་ན། འདི་ཡི་ངོ་བོ་ནུས་པ་སྟེ། །ཞེས་པ་གང་གིས་གང་ནུས་པ་ དེ་ནུས་པའོ། །ནུས་པ་ཞེས་བྱ་བའང་ཅི་ཞིག་བྱེད་པ་ཡིན་ཞེ་ན། ས་ཐོབ་པ་དང་དྲི་མ་འཁྲུད་པར་ནུས་པ་དེ་ཉིད་ནུས་པའོ། །ནུས་པ་ཞེས་བྱ་བ་འདིའང་གཉིས་ཏེ། ས་བོན་དང་ཐོབ་པ་ཞེས་བརྟགས་ན། རེ་ཞིག་ས་བོན་ནི་མ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་སྙིང་པོ་ཡོད་པའི་ཕྱིར་རོ། ། 35-1-212a ཐོབ་པ་ཞེས་བྱ་བའང་འབྲས་བུ་མཆོག་དང་ཐུན་མོང་གི་ཐོབ་པ་དེ་ནི་ཐོབ་པ་ཡིན་ན། འདི་ནི་དེ་མ་ཡིན་ནོ་ཞེ་ན། འདི་ནི་ཡིན་ཏེ། འདི་ལྟར་ས་བོན་ཁྱད་པར་ཅན་དུ་བྱས་པ་ཉིད་ཀྱི་ཕྱིར་རོ། །ངེས་པའི་ཚིག་འདི་ཉིད་བཤད་པ། འདི་ཅིའི་ཕྱིར་བུམ་པའི་དབང་ཞེ་ན། འདིས་དངོས་ གྲུབ་ཀྱི་བདག་པོར་བསྟབས་པའི་ཕྱིར་དང་། དྲི་མ་འཁྲུ་བར་བྱེད་པ་ཉིད་ཀྱི་ཕྱིར་ཡང་ངོ་། །འོ་ན་རྡོ་རྗེ་ལ་སོགས་པ་འདི་ལ་ཅིའི་ཕྱིར་བུམ་པའི་དབང་ཞེས་གྲགས་ཤེ་ན། འདི་དག་ལའང་གནས་མཐུན་པ་ཉིད་དང་། ཐོབ་པ་མཐུན་པ་ཉིད་དང་། སེལ་བ་མཐུན་པ་ཉིད་དང་། ཐམས་ཅད་ ལས་བུམ་པའི་ཆུས་འཁྲུ་བ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱའོ། །དབྱེ་བའང་དུ་ཞིག་ཅེ་ན། བུམ་པའི་དབང་ནི་རྣམ་པ་གསུམ། །ཕྱི་དང་ནང་དང་སྦས་པའོ། །དེ་ལྟར་རྣམ་པ་གསུམ་མོ། །ཕྱིའི་བུམ་པའི་དབང་གང་ཡིན་ཞེ་ན། གསེར་དངུལ་རྫས་བཅས་ཕྱི་ཡིན་ཏེ། །ཞེས་པ་ནི་རིན་པོ་ཆེ་སྣ་ ལྔའི་བུམ་པ་ཐུན་མོང་གི་རྫས་དང་ལྡན་པ་ནི་ཕྱིའི་བུམ་པའོ། །ནང་གི་བདུད་རྩི་ལྔ་དང་ལྡན། །ཞེས་པ་ནི་ནང་གི་བུམ་པ་ནི་ཐུན་མོང་གི་རྫས་ཀྱི་སྟེང་དུ་བདུད་རྩི་ལྔ་བླུགས་ཏེ་བྱིན་གྱིས་བརླབས་པའོ། །སྦས་པའི་བུམ་པ་འདིའང་གང་ཡིན་དུ་ཞིག་ཅེ་ན། གཉིས་ཡོད་པའི་ཕྱིར། སྦས་པ་དག་ནི་རྣམ་ པ་གཉིས། །ཐབས་དང་ཤེས་རབ་བུམ་པའོ། །སྦས་པ་ཐབས་ཀྱི་བུམ་པ་ནི། །བླ་མའི་ཁ་ནས་ཆུ་འབྱུང་བའོ། །སྦས་པ་ཤེས་རབ་བུམ་པ་ནི་ཤེས་རབ་མའི་པདྨ་ནས་ཆུ་འབྱུང་བའོ། །དེ་ལྟར་ཡང་གསུངས་པ། བླ་མ་ཡི་ནི་ཐོད་རློན་ལ། །རྣམ་ཤེས་ལྔ་ནི་སངས་རྒྱས་ཏེ། །ཀླད་པ་ བྱང་ཆུབ་སེམས་ཀྱི་ཆུ། །དབང་པོ་ལྔ་དང་རྟེན་ལྔ་ནི། །གང་དུ་སྨན་དང་འབྲུ་ཞེས་བཤད། །ཀླད་པའི་སྤྲིས་མ་རས་ཀྱིས་དཀྲིས། །སྐྲ་ནི་བུམ་པའི་ཁ་རྒྱན་ནོ། །དེ་ཡི་ཁ་ནས་ཆུ་བྱུང་བ། །ཡེ་ཤེས་བདུད་རྩི་དྲི་མ་མེད། །ལུས་ཀྱི་སྡིག་པ་དག་པར་བྱེད། །ཅེས་གསུངས་པ་དང་ གཞན་ཡང་། །ཤེས་རབ་ལུས་ཀྱི་བུམ་པ་ནི། །བྱང་ཆུབ་སེམས་ཀྱི་ཆུས་བཀང་ནས། །གསང་བའི་པདྨར་དབབ་བྱས་ཏེ། །ཐབས་ཀྱི་རྡོ་རྗེ་དག་པར་བྱེད། །ཅེས་འབྱུང་བ་ལྟ་བུའོ། །དེའི་རྣམ་གྲངས་བཤད་པ། ཕྱི་དང་བུམ་པ་རིག་པའི་དབང་། །ཐུན་མོང་དག་ནི་རྣམ་གྲངས་སོ། ། 35-1-212b ཞེས་པ་ནི་ཕྱིའི་དབང་དང་ཐུན་མོང་གི་དབང་དང་། བུམ་པའི་དབང་དང་། རིག་པའི་དབང་དང་། ཐུན་མོང་གི་ནུས་པ་ནི་རྣམ་གྲངས་ཏེ། བསྟན་དུ་ཡོད་པ་ཉིད་དང་། ཀུན་ལ་བྱ་བ་ཉིད་དང་། འཁྲུ་བར་བྱེད་པ་ཉིད་དང་། སྐལ་བར་དབང་བ་ཉིད་དང་། ཐུན་མོང་གི་དངོས་གྲུབ་འགྲུབ་པ་ཉིད་ ཀྱི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །དེའང་ཆོས་དུ་དང་ལྡན་པ་ཡིན་ཞེ་ན། སྤྱི་བོར་བསྐུར་དང་ལུས་འཁྲུ་དང་། །ཆུ་ཡིས་འཁྲུ་བར་བྱེད་པ་དང་། །གཞན་དང་ཐུན་མོང་གྲུབ་པ་དང་། །ཀུན་ལ་བྱ་བས་དེ་སྐད་དོ། །བུམ་པའི་དབང་ནི་དང་པོ་སྤྱི་བོར་བསྐུར་བ་དང་། དེ་ནས་ལུས་ཀྱི་དྲི་མ་ འཁྲུ་བ་དང་། ཕལ་ཆེར་ཆུས་འཁྲུ་བ་དང་ཐུན་མོང་གི་དངོས་གྲུབ་འགྲུབ་པར་བྱེད་པ་དང་། ཚོགས་ལ་སོགས་པ་དང་ཐུན་མོང་དུ་གྱུར་པའི་ཕྱིར་རོ། །དེ་དག་ལས་གཅིག་གམ་གཉིས་ཀྱིས་ཀྱང་དེ་མ་ཡིན་ནོ། །དེ་ཉིད་ནི་གཞན་སེལ་བའང་ཡིན་ཏེ། སྤྱི་བོར་འཁྲུ་བ་ལ་སོགས་པས། གཞན་པའི་ཡུལ་དུ་འགྱུར་བ་སེལ། །ཞེས་པ་འཁྲུ་བ་ཞེས་བྱ་བ་ནི་བྱེ་བྲག་མེད་པའི་ཕྱིར་གསང་བ་ལ་སོགས་པ་ལ་ཐལ་བར་འགྱུར་བས་དེའི་གཉེན་པོར་སྤྱི་བོར་ཞེས་བྱ་བ་སྨོས་སོ། །དེ་བས་ན་འདི་ནི་སྤྱི་བོའང་ཡིན་ལ་དེར་འཁྲུ་བ་ཡང་ཡིན་པས་ན་འདི་ནི་བུམ་པ་ཁོ་ནའོ་ཞེས་བསྙད་དོ། །སྤྱི་ བོར་འཁྲུ་བའང་ཡིན་ལ་ལུས་ཀྱི་དྲི་མ་འཁྲུ་བའང་ཡིན་པས་འདི་ནི་བུམ་པའི་དབང་ཡིན་པ་ཁོ་ནའོ་ཞེས་བསྙད་དོ། །འོ་ན་བུམ་པའི་དབང་གི་རྒྱུ་གང་ཡིན་སྙམ་པ་ལ་དེའི་ཕྱིར། ཏིང་འཛིན་ཤེས་རབ་ཁྱད་པར་ཅན། །ཞེས་པ་ཤེས་རབ་ཁྱད་པར་ཅན་དང་། ཏིང་ངེ་འཛིན་ཁྱད་པར་ཅན་གང་ ཡིན་པ་དེ་ནི་བུམ་པའི་དབང་གི་རྒྱུ་ཡིན་ནོ། །དེ་ཉིད་རྒྱུ་ཡིན་པ་ཅིའི་ཕྱིར་ཞེ་ན། གང་ཞིག་མེད་ན་གང་མི་འབྱུང་བ་དེ་ནི་མེད་པའི་ཕྱིར་རྒྱུ་མེད་པ་ཡིན་ལ། གང་ཞིག་ཡོད་ན་གང་འབྱུང་བ་དེ་ནི་དེའི་རྒྱུ་ཡིན་ཏེ། དཔེར་ན་ས་བོན་དང་འབྲས་བུ་ལྟ་བུའོ། །ཤེས་རབ་ཀྱིས་ཀྱང་བུམ་པ་ལ་སོགས་པའི་ མཚན་ཉིད་ཤེས་ནས་ཕྱིས་དེ་ལ་དམིགས་པའི་ཏིང་ངེ་འཛིན་ཏེ་འདི་གཉིས་མེད་ན་བུམ་པའི་དབང་བསྐུར་བ་ནམ་ཡང་ནུས་པ་མ་ཡིན་ནོ། །དེ་བས་ན་འདི་ནི་རྒྱུའོ། །འོ་ན་བུམ་པའི་དབང་འདིའི་གླེང་གཞིའང་གང་ཞིག་ཡིན་ཞེ་ན། ཤཱཀྱ་སེང་གེ་སྐྱོབ་པ་ལ། །ཇི་ལྟར་དབང་བསྐུར་གླེང་གཞི་ 35-1-213a ཡིན། །ཞེས་པ་ཤཱཀྱ་ཐུབ་པ་སྐུ་བལྟམས་པའི་དུས་སུ་ཀླུའི་རྒྱལ་པོ་རྣམས་ཀྱིས་དབང་བསྐུར་བ་དང་མངོན་པར་སངས་རྒྱས་པའི་དུས་སུ་སའི་ལྷ་མོས་དབང་བསྐུར་བ་ལ་སོགས་པ་སྔོན་བྱུང་བ་དེ་དག་ནི་བུམ་པའི་དབང་གི་གླེང་གཞིར་བཤད་དོ། །གནས་གང་དང་གང་དུ་སྒྲུབ་ཅེ་ན། རི་དང་ཡུལ་ཁམས་དགོན་པ་རུ། །བུམ་པའི་ཆོ་ག་བྱ་བར་གསུངས། །ཞེས་པ་བུམ་པའི་དབང་བསྐུར་བའི་གནས་ཀྱང་བཀྲ་ཤིས་པ་དང་བྱིན་ཆེ་བ་དང་། མི་ལ་སོགས་པས་དབེན་པ་དང་། ཤར་བདལ་བ་འདྲ་བ་དང་། ལྷོ་བྲེས་པ་ལྟ་བུ་དང་། ནུབ་མཐོ་བ་ལྟ་བུ་དང་། བྱང་སྐྱོབ་པ་ལྟ་བུ་དང་། མདུན་ན་མེ་ཏོག་གི་གཅལ་བརཡོད་པ་ལྟ་བུ་དང་། གཟུགས་དང་སྒྲ་ལ་སོགས་པ་ཡོན་ཏན་ཐམས་ཅད་དང་ལྡན་པ་དང་། ཁྱད་པར་དུ་སློབ་མའི་ལས་དང་རྗེས་སུ་མཐུན་པ་ཁ་དོག་དང་དབྱིབས་དང་ནུས་པ་ཕུན་སུམ་ཚོགས་པ་དང་། མཚན་ཉིད་དང་ཚད་ལ་སོགས་པ་དང་ལྡན་པའི་གནས་སོ། ། གནས་དེར་བུམ་པའི་དབང་བྱ་བ་ཡང་དུས་གང་གི་ཚེ་བྱ་སྙམ་པ་ལ། དུས་ནི་དམ་ཆོས་འབྱུང་བ་དང་། །སློབ་མ་དད་དང་སློབ་དཔོན་གནང་། །ཐུན་མོང་སྒྲུབ་དང་མཆོག་སྒྲུབ་པའོ། །ཞེས་པ་ནི། གང་གི་ཚེ་དམ་པའི་ཆོས་འཆད་པ་དང་ཉན་པའི་དུས་སུ་དབང་མ་བསྐུར་ན་རུང་བར་མི་འགྱུར་ བས་དེའི་དུས་དང་། ཡང་ན་སློབ་མ་དད་པ་དང་ལྡན་པ་དམ་ཚིག་དང་ཤེས་རབ་ལ་སོགས་པ་དང་ལྡན་པ་དང་བླ་མ་དམ་པ་རྣམས་ཀྱིས་གནང་བ་དང་། ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་དུས་སུའང་དབང་མེད་ན་མན་ངག་མེད་པ་དང་། མཆོག་སྒྲུབ་པའི་དུས་ན་གསང་བ་དང་ཤེས་རབ་ ཡེ་ཤེས་ལ་བརྟེན་པ་དེའང་བུམ་པའི་དབང་མ་བསྐུར་ན་མི་འབྱུང་བས་དེའི་ཕྱིར་བུམ་པའི་དབང་གི་དུས་བསྟན་ཏོ། །གཞན་ཡང་། ཚོགས་དང་གཏོར་མའི་འཁོར་ལོ་དང་། །སྦྱིན་སྲེག་སཱཙྪ་བྱེད་པ་དང་། །ཞི་སོགས་ཆོ་གའི་ལས་བྱེད་པ། །བུམ་པའི་དབང་ནི་བསྐུར་བ་ཡིན། ། གསང་བ་ལ་སོགས་དབང་དག་གིས། །འབྲས་བུ་བསྐྱེད་པར་འགྱུར་བ་ལ། །འདི་ནི་སྔོན་དུ་འགྲོ་བ་ཡིན། །ཞེས་འབྱུང་བ་ལྟ་བུའོ། །དུས་དེར་སློབ་དཔོན་ཡང་ཇི་ལྟ་བུ་ཞིག་གིས་བསྐུར་ཞེ་ན། དེའི་ཕྱིར། ལྟ་སྤྱོད་དབང་དང་དམ་ཚིག་ལྡན། །ཉོན་མོངས་ཉེ་བའི་ཉོན་མོངས་མེད། ། 35-1-213b གཟུགས་བཟང་རིགས་མཐོ་སྙན་པར་གྲགས། །དགེ་བའི་ཆོས་ཀྱིས་རྣམ་པར་བརྒྱན། །ས་ནོན་སྤྱོད་དང་ལས་ལ་མཁས། །ཡོན་ཏན་མཆོག་དང་ལྡན་པའོ། །ཞེས་པ་དུས་དེར་སློབ་དཔོན་ལྟ་བ་དང་སྤྱོད་པ་དང་དབང་དང་དམ་ཚིག་དང་ལྡན་པ། ཉོན་མོངས་པ་མེད་པ། ཤིན་ཏུ་ཉོན་མོངས་པ་ མེད་པ། གཟུགས་མཆོག་ཏུ་བཟང་བ། རིགས་མཐོ་བ། སྐད་སྙན་པ། སྙན་པར་གྲགས་པ། ཐམས་ཅད་ཀྱིས་བསྟོད་པ། ཡང་དག་པའི་ཚོར་བ་དང་། དྲན་པ་དང་། དད་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་། རྣམ་པར་མི་འཚེ་བ་དང་། ཤིན་ཏུ་སྦྱངས་པ་དང་། བག་ཡོད་པ་དང་། བརྩོན་འགྲུས་ལ་སོགས་པ་དང་ལྡན་པ་དང་། མོས་པའི་ས་དང་། དྲོད་དང་། རྩེ་མོ་དང་། བཟོད་པ་དང་། ཆོས་ཀྱི་མཆོག་བཅུ་གཉིས་ལ་གནས་པ་དང་རབ་ཏུ་དགའ་བ་དང་། དྲི་མ་མེད་པ་དང་། འོད་འཕྲོ་བ་དང་། འོད་བྱེད་ པ་ནས། ཀུན་ཏུ་འོད་ཀྱི་བར་ལ་གནས་པ། བརྡ་དང་བརྡའི་ལན་ལ་མཁས་པ། གར་དང་ཕྱག་རྒྱ་དང་། མཆོད་པ་དང་། གཡབ་མོ་དང་། གླུ་དང་གླུའི་ལན་ལ་མཁས་པ། ཞི་བ་དང་། རྒྱས་པ་དང་། དབང་དང་། རེངས་པ་དང་། བཅུག་པ་དང་། བསད་པ་དང་། དབྱེ་བ་དང་། གསོ་བ་ དང་། དགུག་པ་དང་། སྲེག་པ་དང་། འབར་བ་དང་། སྟེག་པ་དང་། འཁྱུད་པ་དང་། འཇིབ་པ་དང་། དེ་ལ་སོགས་པ་འདོད་ཆགས་ཀྱི་སྤྱོད་པ་དང་། འདོད་ཆགས་དང་བྲལ་བའི་སྤྱོད་པ་ལ་མཁས་པ། རིག་པའི་གནས་དང་གསོ་བའི་ཆོ་གལ་མཁས་པའོ། །སློབ་དཔོན་དེས་སློབ་མ་ཅི་འདྲ་ བ་ཅིག་ལ་བསྐུར་བ་མི་ཤེས་ནས་དྲིས་པ་དང་། ལན་དུ། སློབ་མའང་དགེ་བས་བརྒྱན་པ་དང་། །གསང་བ་འཇིགས་མེད་ཚོད་རིག་ཅིང་། །བླ་མའི་ཡིད་དུ་འོང་བ་དང་། །ཐེག་ཆེན་སྣོད་དུ་རུང་བའོ། །ཞེས་པ་བུམ་པའི་དབང་བསྐུར་བའི་སློབ་མའང་དད་པ་དང་དམ་ཚིག་དང་མོས་པ་དང་དྲན་ པ་ལ་སོགས་པས་བརྒྱན་པ་གསང་བ་ལ་འཇིགས་པ་མེད་ཅིང་མཆོག་ཏུ་དེ་ལ་དད་པ་དང་།སྦྱོར་བ་ལ་སོགས་པ་ཚོད་རིག་པ། བླ་མ་ལ་ཚུལ་མ་ཡིན་པའི་སྤྱོད་པ་མི་བྱེད་པ་ཐེག་པ་ཆེན་པོའི་རིགས་ཅན་ཡིན་པ། གསང་བ་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་སྐལ་བ་དང་ལྡན་པ་ 35-1-214a སྟེ། མཚན་ཉིད་མདོར་བསྡུས་པ་འདི་རྣམས་དང་ལྡན་པ་ལ་སློབ་དཔོན་གྱིས་དབང་བསྐུར་བར་གསུངས་སོ། །རྫས་གང་ལ་བྱ་བའང་གང་ཞིག་ཡིན་ཞེ་ན། དེའི་ཕྱིར། རྫས་ནི་ཐུན་མོང་ཁྱད་པར་གྱིས། །རྣམ་པ་གཉིས་སུ་ཤེས་པར་བྱ། །ཞེས་པ་ནི་ཕྱིའི་བུམ་པའི་རྫས་ནི་སྨན་དང་འབྲུ་དང་དྲི་ དང་རིན་པོ་ཆེ་དང་མར་དང་ལན་ཚྭ་ལ་སོགས་པ་ལ་བྱའོ། །ནང་གི་བུམ་པའི་རྫས་གང་ཡིན་ཞེ་ན། དེའི་སྟེང་དུ་བདུད་རྩི་ལྔ་དང་། ཤ་ལྔའོ། །སྦས་པ་ཐབས་ཀྱི་བུམ་པའི་རྫས་གང་ཞེ་ན། སློབ་དཔོན་གྱི་ཆུའོ། །ཤེས་རབ་ཀྱིའང་དེ་ཉིད་དོ། །གཞན་ཡང་བསྟན་པ། དབུ་རྒྱན་རྡོ་རྗེ་དྲིལ་བུ་དང་། །ཕྲེང་བ་མིང་ ཡང་རྫས་སུ་འདོད། །ཅེས་པ་ནི་རྡོ་རྗེ་དང་དྲིལ་བུ་དང་ཕྲེང་བ་དང་མིང་ཡང་རྫས་སུ་ཤེས་པར་བྱའོ། །དབང་འདིའི་རིམ་པའང་ཇི་ལྟར་བསྐུར་ཞེ་ན། འདི་ཡང་། ཕྲེང་བ་ཆུ་ལ་སོགས་པ་རྣམས། །ཅི་རིགས་བསྐུར་བ་རིམ་པ་ཡིན། །ཞེས་པ་ནི་དང་པོར་སློབ་མ་ལ་ཕྲེང་བའི་དབང་བྱིན་པས་སྣོད་དུ་རུང་བར་བྱས་ནས་ཕྱིས་ནི་ ཆུའི་དབང་བསྐུར་བར་བྱ་སྟེ། དེའང་དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། གསོལ་བ་གདབ་པ་དང་། གནང་བ་སྦྱིན་པ་དང་། ནམ་མཁའི་ལྷ་མོ་བསྐུལ་བ་དང་། ཆུའི་དབང་བསྐུར་བ་དང་། བསམ་པ་དང་། འབྲས་བུ་དང་། ལམ་གྱིས་ཤེས་པར་བྱའོ། །ཆུ་ལ་ཇི་ལྟ་བ་དེ་ལྟར་དབུ་རྒྱན་དང་། རྡོ་རྗེ་དང་། དྲིལ་བུ་དང་། མིང་གི་དབང་ལའང་ཤེས་པར་བྱ་སྟེ། དེ་དག་གི་ཡང་རྫས་དང་སྔགས་དང་ལྷའི་ཁ་དོག་ལ་སོགས་པ་ཤེས་པར་བྱའོ། །ཐབས་ཀྱང་ཇི་ལྟ་བུ་ཞིག་གིས་བསྐུར་ཞེ་ན། སློབ་དཔོན་དང་ནི་སློབ་མ་ཡི། །བསམ་མཐུན་དེ་ཐབས་དམ་པའོ། །གར་དང་ཕྱག་རྒྱ་གླུ་ལ་སོགས། ། དེ་ཡང་ཐབས་སུ་ཡང་དག་འདོད། །ཅེས་པ་ནི་གང་གི་ཚེ་ཆུ་ལ་སོགས་པས་དབང་བསྐུར་བའི་དུས་སུའང་སློབ་དཔོན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་སློབ་མས་ཀྱང་དེ་ལྟར་བྱེད་པ་འདི་ཡང་ཐབས་སོ། །གཞན་ཡང་བུམ་པའི་ཆུ་བླུགས་པ་ལ་སོགས་པའི་དུས་སུ། གར་བསྒྱུར་བ་དང་། ཕྱག་རྒྱ་བྱེད་པ་དང་། རྡོ་རྗེའི་གླུ་ལེན་པ་དང་། དུང་དང་པི་ཝང་དང་། གླིང་བུ་དང་། ཁར་རྔ་དང་། པ་ཊ་ཧའི་རྔ་ལ་སོགས་པ་བརྡུང་ཞིང་། མཆོད་པའི་ཚོགས་ཆེན་པོ་དང་ལྡན་པར་བྱེད་པ་འདིའང་ཐབས་སོ། །ཐབས་མེད་འབྲས་བུ་མེད་གྱུར་ཀྱང་། སྤོང་མེད་དེ་ཡི་རྒྱུ་མེད་ཕྱིར། །མཁས་པ་རྣམས་ནི་གང་ཞིག་གིས། །ཐབས་ 35-1-214b ནི་བསྙད་པར་བྱ་བ་ཡིན། །གནས་ཀྱང་གང་དང་གང་དུ་བསྐུར་ཞེ་ན། ཆུ་ནི་སྤྱི་བོར་བསྐུར་བྱ་སྟེ། །བཞི་ནི་ཕྱོགས་བཞིར་བསྐུར་བར་བྱ། །ཕྲེང་བའི་དབང་ཡང་སྤྱི་བོར་ཏེ། །མཁས་པས་འདི་དག་གནས་སུ་གསུངས། །ཞེས་པ་ལས་དང་པོ་ཕྲེང་བའི་དབང་ནི་སྤྱི་བོར་ཏེ། འདིས་སྣོད་དུ་རུང་བར་ བྱས་ནས་ཆུ་ནི་སྤྱི་བོར་བསྐུར་བར་བྱའོ། །དབུ་རྒྱན་ནི་རྣ་ལྟག་གཡས་སུའོ། །རྡོ་རྗེ་ནི་ལྟག་པར་བསྐུར་བར་བྱའོ། །དྲིལ་བུ་ནི་ལྟག་པ་གཡོན་དུ་བསྐུར་བར་བྱའོ། །མིང་ནི་དཔྲལ་བར་བསྐུར་བར་བྱའོ། །དཀྱིལ་འཁོར་ཡང་གང་དུ་བསྐུར་ཞེ་ན། དཀྱིལ་འཁོར་སློབ་མ་རབ་འབྲིང་གིས། །མེ་ཏོག་རྡུལ་ ཚོན་ཕྱིར་དུ་གསུངས། །ཞེས་པ་སློབ་མ་རབ་དང་ལྡན་པ་ནི་མེ་ཏོག་གི་དཀྱིལ་འཁོར་དུའོ། །འབྲིང་ནི་སྐུའོ། །ཐ་མ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་རོ། །ཡང་ན་སློབ་དཔོན་གྱི་དབང་དུ་སྟེ། རབ་དང་འབྲིང་དང་ཐ་མའི་སློབ་དཔོན་གྱིས། །དཀྱིལ་འཁོར་གསུམ་དུ་དབང་བསྐུར་བར་བྱའོ། ། དཀྱིལ་འཁོར་ཉིད་ཀྱང་སའི་ཆ་མཉམ་པ་ལ། བྱི་དོར་བྱས་ཏེ་མེ་ཏོག་བཀྲམ་པ་འདི་ནི་མེ་ཏོག་གི་དཀྱིལ་འཁོར་རོ། །ཆག་ཆག་བཏབ་སྟེ་སོ་སོའི་གནས་སུ་དྲིའི་ཐིག་ལེ་བྱས་པ་ལ། རས་ལ་སོགས་པ་ལ་ཁ་དོག་དང་དབྱིབས་དང་རྒྱན་དང་ལྡན་པའི་སྐུ་བྲིས་ཏེ། ལྷག་པར་གནས་པ་བྱས་ནས་སོ་སོའི་ གནས་སུ་བཀོད་པ་འདི་ནི་སྐུའིའོ། །ཡི་གེ་དང་ཕྱག་མཚན་དུ་བྱ་བའང་ཅི་རིགས་པའོ། །རྡུལ་ཚོན་གྱི་དཀྱིལ་འཁོར་ཡང་སའི་ཆ་མཉམ་པ་ལ་ཐིག་བཏབ་སྟེ། དཀར་པོ་ལ་སོགས་པའི་ཚོན་རིན་པོ་ཆེ་ལས་བྱུང་བའམ། འབྲུ་ལས་བྱུང་བའམ། སའི་ཁམས་ལས་བྱུང་བ་བྱིན་གྱིས་བརླབས་ཏེ། དེས་མ་འདྲེས་ཤིང་སྐྱོན་དང་བྲལ་བ་བྲིས་ལ། སྐུ་གསུང་ཐུགས་གང་ཡང་རུང་བའི་ལྷ་བཀོད་དེ། དེར་དབང་བསྐུར་བ་འདི་ནི་དཀྱིལ་འཁོར་དུ་ཤེས་པར་བྱའོ། །དཀྱིལ་འཁོར་དེར་འཇུག་པའང་ཇི་ལྟར་འཇུག་ཅེ་ན། དེར་འཇུག་པ་ནི་རྣམ་པ་གཉིས། །སློབ་དཔོན་དང་ནི་སློབ་མའོ། །ཞེས་པ་ དཀྱིལ་འཁོར་དུའང་ལྷའི་འཁོར་ལོ་ཡོངས་སུ་རྫོགས་པར་བྱས་ཏེ། དང་པོར་སློབ་དཔོན་འཇུག་པར་བྱའོ། །དེའང་དང་པོར་སེམས་བསྐྱེད་པ་དང་། ཁྲུས་བྱ་བ་དང་། གསོལ་བ་གདབ་པ་དང་། གནང་བ་ནོད་པ་དང་། ཕྱག་འཚལ་བ་དང་། མཆོད་པ་དང་། བསྟོད་པ་དང་། སྡིག་པ་ 35-1-215a བཤགས་པ་དང་། སྡོམ་པ་གཟུང་བ་དང་། རྗེས་སུ་ཡི་རང་བ་དང་། བསྐུལ་བ་དང་། གསོལ་བ་གདབ་པ་དང་། སྐྱབས་སུ་འགྲོ་བ་དང་། སྨོན་ལམ་གདབ་པ་དང་། སྲས་སུ་བྱ་བ་དང་། བྱང་ཆུབ་སེམས་བསྡུ་བ་དང་། གནང་བ་ནོད་པ་ལ་སོགས་པ་འདིས་ དང་པོར་བདག་ཉིད་འཇུག་པར་བྱའོ། །དེ་ནས་ཕྱིས་སློབ་མ་འཇུག་པ་བརྩམ་པར་བྱ་སྟེ། སྨོན་ལམ་བཏབ་པའི་རྗེས་ལ་བུར་བྱས་ཏེ། གནས་ཀུན་བྱིན་གྱིས་བརླབ་པ་དང་། མཆོད་པ་དབུལ་བ་དང་། གདམས་ངག་བྱ་བ་དང་། ཆུ་བླུད་པ་དང་།བཀའ་བསྒོ་བ་དང་། ཡེ་ཤེས་དབབ་ པ་དང་། མེ་ཏོག་དོར་བ་དང་། མིག་དབྱེ་བ་དང་། དཀྱིལ་འཁོར་བལྟ་བ་དང་། དེ་ཁོ་ན་ཉིད་བསྟན་པར་བྱ་བ་ལ་སོགས་པ་འདི་ནི་སློབ་མ་འཇུག་པའི་རིམ་པའོ། །འདི་དག་གི་འང་སྔོན་དུ་བྱ་བའི་རིམ་པ་གང་ཡིན་ཞེ་ན། དང་པོར་སའི་ཆོ་ག་དང་། །སྟ་གོན་ཚོགས་ནི་བྱེ་བྲག་སྟེ། །བསྙེན་པ་སྤྱིའི་ སྔོན་དུའོ། །ཞེས་པ་འདི་ནི་མདོར་བསྟན་པའོ། །སའི་ཆོ་ག་གང་དང་གང་ཡིན་ཞེ་ན། དང་པོར་བརྟག་དང་བསླང་བ་དང་། །བྱིན་དང་མ་བྱིན་བརྟག་པ་དང་། །སྦྱང་དང་བྱིན་བརླབ་གཟུང་དང་བསྲུང་། །ཞེས་པའོ། །དང་པོར་བརྟག་པ་ནི་སྟེང་དང་འོག་ཏུ་སྟེ། ལས་གང་དང་རྗེས་སུ་མཐུན་པའི་ ཁ་དོག་དང་དབྱིབས་དང་ཚད་དང་ལས་དང་མཚན་ཉིད་རྟོག་པ་འདི་ནི་ས་བརྟག་པའོ། །དི་ནས་མཎྜལ་བྱི་དོར་བྱས་ཏེ་དཀྱིལ་འཁོར་གྱི་ལྷ་དང་སའི་ལྷ་མོ་དང་ཕྱོགས་སྐྱོང་ལ་སོགས་པ་ལ་གཏོར་མ་བྱིན་ནས་ལས་བཅོལ་བ་འདི་ནི་ས་བསླང་བའོ། །དེའི་ནུབ་མོ་རྨི་ལམ་དང་ཆུ་དང་མེ་ལ་རྟོག་པ་དང་རོ་ལ་རྟོག་ པ་འདི་ནི་བྱིན་ནམ་མ་བྱིན་བརྟག་པའོ། །སྔགས་དང་ཕྱག་རྒྱ་དང་བསམ་གཏན་དང་། རྫས་ལ་སོགས་པས་རིན་པོ་ཆེ་ཁ་དོག་སྣ་ཚོགས་པའམ། ཡི་གེའམ་རང་བཞིན་མེད་པར་བྱེད་པ་འདི་ནི་ས་སྦྱང་བའི་རིམ་པའོ། །དེ་ལ་རླུང་དང་ཆུ་དང་ས་གཞི་རི་རབ་དང་བཅས་པ་ཁ་དོག་སྣ་ལྔ་དང་ལྡན་པ། གཞི་རིན་ པོ་ཆེ་སྣ་ལྔ་ལས་གྲུབ་པར་བྱེད་པ་འདི་ནི་བྱིན་གྱིས་བརླབ་པའོ། །དེའི་སྟེང་དུ་བདག་ཉིད་འདུག་པ་དང་། གཞལ་ཡས་ཁང་བསྐྱེད་པ་དང་། ལྷ་བསྐྱེད་པ་དང་། སྤྱན་དྲང་བ་དང་། དགུག་པ་དང་། མཆོད་པ་དགྲམ་པ་དང་། མཆོད་པ་དབུལ་བ་དང་། རྫས་ཁྱད་པར་ཅན་གཞན་དགྲམ་པ་དང་། 35-1-215b རྣལ་འབྱོར་པ་སོ་སོར་གནས་པ་དང་། མེ་ཏོག་གི་ཚོམ་བུ་དང་། གདན་དང་། དབང་བླང་བ་དང་། སྙོམས་པར་འཇུག་པ་དང་། གསོལ་བ་གདབ་པ་དང་། བཀའ་བསྒོ་བ་དང་། ཐོག་ཕུབ་པ་ལ་སོགས་པ་འདི་ནི་ས་གཟུང་བའི་རིམ་པའོ། །གཞན་ཡང་སྔགས་དང་ཕྱག་རྒྱ་ལ་སོགས་པའི་སྦྱོར་བས་ འཁོར་ལོ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། རལ་གྲི་དང་། རྒྱ་གྲམ་དང་། ཕུར་བུ་དང་། མེའི་ཁང་པ་བྱེད་པ་འདི་ནི་ས་བསྲུང་བའི་རིམ་པའོ། །སྟ་གོན་གྱི་ཆོ་ག་ཞེས་བྱ་བ་འདི་ཡང་གང་ཡིན་དུ་ཡོད་ཅེ་ན། ས་ཡི་ལྷ་དང་དཀྱིལ་འཁོར་ལྷ། །སློབ་མ་བུམ་པ་ལ་སོགས་པ། །ཇི་ལྟར་སྟ་གོན་བྱ་བ་ དང་། །ཞེས་པ་ནི་དང་པོར་སའི་ལྷ་མོ་སྟ་གོན་ལ་གནས་པ་ནི་གདན་བྱ་བ་དང་། ལྷ་མོ་སྦྲན་པ་དང་། བལྟ་བ་དང་། བྱིན་གྱིས་བརླབ་པ་དང་། མཆོད་པ་དབུལ་བ་དང་། གསོལ་བ་གདབ་པ་དང་། གནང་བ་སྟེར་བ་དང་། ཐིམ་པ་དང་། ས་གཞི་འོད་དུ་འབར་བ་འདི་ནི་སའི་ལྷ་མོ་སྟ་གོན་ལ་ གནས་པའི་རིམ་པའོ། །ཐིག་ལེ་བྱ་བ་དང་། ལྷ་བསྐྱེད་པ་དང་། ལྷ་སྤྱན་དྲང་བ་དང་། བསྟིམ་པ་དང་། དབང་བསྐུར་བ་དང་། བྱིན་གྱིས་བརླབ་པ་དང་། མཆོད་པ་དབུལ་བ་དང་། བསྟོད་པ་བྱ་བ་དང་། གསོལ་བ་གདབ་པ་དང་། གནང་བ་སྟེར་བ་དང་། བསྡུ་བའམ་གཤེགས་ པ་འདི་ནི་དཀྱིལ་འཁོར་གྱི་ལྷ་སྟ་གོན་ལ་གནས་པའོ། །ཁྲུས་བྱ་བ་ལ་སོགས་པ་གོང་མ་བཞིན་ཏེ། སྐུད་པ་སྦྱིན་པ་དང་། སོ་ཤིང་དོར་བ་དང་། ཆོས་བཤད་པ་དང་། ཀུ་ཤ་སྦྱིན་པ་དང་། རྨི་ལམ་བརྟག་པ་དང་། ངན་ན་སྤོགས་པ་ནི་གོང་མ་ལས་ཤེས་པར་བྱ་སྟེ། འདི་ནི་སློབ་མ་སྟ་ གོན་ལ་གནས་པའོ། །བུམ་པ་སྟ་གོན་ཆོ་ག་ཡང་། །རྒྱུ་དང་ཚད་དང་དབྱིབས་དང་ནི། །ཞེས་པ་བྱིན་གྱིས་བརླབས་པ་དང་། ལྷ་བསྐྱེད་པ་དང་། དགུག་གཞུག་བྱ་བ་དང་། དབང་བསྐུར་བ་དང་། མཆོད་པ་དང་། བསྟོད་པ་དང་། གསོལ་བ་གདབ་པ་དང་། རྫས་བསྒྲུབ་པའོ། །ནང་ པར་སྔར་ནི་བློ་ཅན་ལངས། །མཚན་ཉིད་ཀུན་དང་ལྡན་པ་ཡི། །སྐུད་པ་བྱིན་གྱིས་བརླབ་བྱ་སྟེ། །དང་པོར་ནམ་མཁར་ཐིག་གདབ་སྟེ། །དེ་ནས་ས་ལ་ཐིག་གདབ་བོ། །དེ་རྗེས་ཚོན་རྣམས་བྱིན་བརླབས་ནས། །དཀྱིལ་འཁོར་སྡུ་གུར་བྲི་བར་བྱ། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་ 35-1-216a བཅད་པའོ། །རྟགས་ཀྱང་གང་དང་གང་ལ་བརྟག་ཅེ་ན། །ཀུ་ཤ་སོ་ཤིང་སྐུད་པ་དང་། །དབབ་དང་དྲི་དང་མེ་ཏོག་དོར། །འདི་ནི་རྟགས་ཀྱི་རྣམ་པ་སྟེ། །མཁས་པ་ཡིས་ནི་བརྟག་པར་བྱ། །ཞེས་པ་དང་པོར་རྨི་ལམ་བརྟག་པ་དང་སོ་ཤིང་ལ་འཇུག་པ་དང་། དངོས་གྲུབ་ བརྟག་པ་དང་། སྐུད་པ་ལས་ནི་ཆད་པ་དང་མ་ཆད་པ་བརྟག་པའོ། །དབབ་པ་ནི་འདར་བ་དང་འཕར་བ་དང་། སྨྲ་བ་ལ་བརྟག་པའོ། །དྲི་བ་ནི་དཀར་པོ་ལ་སོགས་པ་བརྟག་པའོ། །མེ་ཏོག་ནི་སྐུའི་སྟོད་དང་སྨད་དང་གཙོ་བོ་དང་འཁོར་ལ་ཕོག་པ་དང་མ་ཕོག་པ་བརྟག་པའོ། །བརྡ་ཡང་གང་ ཡིན་ཞེ་ན། བུམ་པའི་དབང་དང་ལྡན་རྣམས་ཀྱིས། །ལྔ་བསྡུས་ཕྱག་རྒྱ་བསྟན་པར་བྱ། །ཞེས་པ་ནི་བུམ་པའི་དབང་ཐོབ་པ་རྣམས་ཀྱིས་ཉན་ཐོས་དང་མུ་སྟེགས་ལ་སོགས་པ་འདྲི་བ་ལ་གཡོན་གྱི་སོར་མོ་བསྡུས་པའི་སྟེང་དུ་གཡས་ཀྱི་སྲིན་ལག་གམ་གུང་མོ་བཞག་པའམ་ཡང་ན་དེའི་སྟེང་དུ་ ལྔ་བཞག་པ་འདི་ནི་བུམ་པའི་དབང་གི་བརྡ་ཡིན་ནོ། །ཞེས་གསུངས་སོ། །བསམ་གཏན་ཡང་ཇི་ལྟར་བྱ་ཞེ་ན། བྱང་ཆུབ་སེམས་ཀྱིས་རྒྱས་པ་དང་། །ལྷ་མོས་རྫས་སྟེར་ལ་སོགས་པ། །ཇི་ལྟར་བསྒོམས་པ་བསམ་གཏན་ཏེ། །དམ་པ་རྣམས་ཀྱིས་དེ་བཞིན་བཤད། །ཅེས་པ་ནི་ནམ་མཁའ་ལས་ ལྷ་མོ་བྱུང་བ་དང་། སློབ་དཔོན་གྱིས་བསྐུལ་བ་དང་། ལུས་ལ་བྱང་ཆུབ་ཀྱི་སེམས་ཀྱིས་རྒྱས་པ་དང་། གནས་གང་དུ་རྫས་གང་གིས་དབང་བསྐུར་བ་དང་། དྲི་མ་ཐོན་པ་དང་།རིགས་ལྔའི་སྐུར་ལངས་པ་ལ་སོགས་པ་ལ་དམིགས་པའི་ཏིང་ངེ་འཛིན་འདི་ནི་བསམ་གཏན་ནོ། །དེས་ཀྱང་ནུས་པ་ཅི་ ཡོད་ཅེ་ན། བག་ཆགས་སྦྱོང་བར་བྱེད་པ་དང་། །དྲི་མ་འཁྲུ་བར་བྱེད་པའོ། །ཞེས་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་དང་། ཕྲག་དོག་གི་དྲི་མ་འཁྲུ་ཞིང་དེའི་བག་ཆགས་སྦྱོང་བར་བྱེད་པ་སྟེ། ཡང་ན་རེ་རེ་ལ་རིམ་པ་བཞིན་དུ་སྦྱར་རོ། །དེ་ལ་བུམ་པའི་དབང་བསྐུར་ནས་དེ་དང་ འབྲེལ་བའི་མན་ངག་ཀྱང་གང་བསྟན་ཞེ་ན། ཞི་བ་ལ་སོགས་ལས་རྣམས་དང་། །བསྐྱེད་པ་དང་ནི་དེ་མཐུན་གཞན། །ཞེས་བྱ་བར་སྦྱར་རོ། །དེའི་དོན་ཡང་བསྐྱེད་པའི་རིམ་པས་སེམས་གཟུང་བ་དང་། བཅས་པ་དང་། དེའི་སྒོ་ནས་ཞི་བ་ལ་སོགས་པའི་ཆོ་གས་ས་འོག་དང་རི་ལུ་ལ་སོགས་ 35-1-216b པའི་དངོས་གྲུབ་གང་འགྲུབ་པའི་ཐབས་དང་། གཞན་ཡང་བུམ་པ་ལ་སོགས་པའི་དབང་བསྐུར་བའི་དཀྱིལ་འཁོར་གྱི་ཆོ་གལ་སོགས་པ་རྒྱས་པར་ཐམས་ཅད་བསྟན་པར་བྱའོ། །དེའང་ཚོགས་གང་དང་འབྲེལ་ཞེ་ན། ཐུན་མོང་ཚོགས་དང་དེ་བཞིན་དུ། །ཞི་ལ་སོགས་པའི་སྦྱོར་ བའོ། །ཞེས་པ་ཐུན་མོང་གི་ཚོགས་དང་། རེངས་པ་དང་བཀུག་པ་དང་། རྨོངས་པ་ལ་སོགས་པའི་ཚོགས་ཀྱི་འཁོར་ལོ་དང་། མཆོད་པ་དང་འབྲེལ་པར་ཤེས་པར་བྱའོ། །འོ་ན་དངོས་གྲུབ་ཀྱང་གང་དང་འབྲེལ་ཞེ་ན། གང་ཞིག་བུམ་པའི་དབང་ཐོབ་ནས། །ཅི་སྲིད་ཐུན་མོང་ དངོས་གྲུབ་འགྱུར། །ཞེས་པ་གང་ཞིག་གིས་གང་ལ་བུམ་པའི་དབང་བསྐུར་ནས་གང་གིས་ཐོབ་པ་དེས་ནི་ཞི་བ་ལ་སོགས་པའི་དངོས་གྲུབ་གང་ཡང་ཐོགས་པ་མེད་པར་འགྱུར་རོ། །འོ་ན་འབྲས་བུའང་གང་ཞིག་ཐོབ་པར་འགྱུར་ཞེ་ན། བདེ་གཤེགས་སྐུ་ཡི་དངོས་གྲུབ་ནི། །གང་ཚེ་ འདི་ཡིས་ཐོབ་པར་འགྱུར། །ཞེས་པ་གང་ཞིག་གི་གང་ལ་གང་ཐོབ་པར་འགྱུར་བ་དེས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་དངོས་གྲུབ་རྡོ་རྗེ་བཞིན་ཐོགས་པ་མེད་པར་འགྱུར་རོ། །འོ་ན་རྒྱུད་གང་དང་འབྲེལ་པ་ཡིན་ཞེ་ན། ཐུན་མོང་མན་ངག་སྟོན་པ་ཡི། །རྒྱུད་དང་འབྲེལ་ ལོ་ཞེས་པ་གང་ལ་ཐུན་མོང་གི་སྦྱོར་བ་སྟོན་པའི་རྒྱུད་དང་འབྲེལ་པར་བྱའོ། །འོ་ན་རྣལ་འབྱོར་གང་དང་འབྲེལ་པ་ཡིན་ཞེ་ན། བསྐྱེད་པ་ཡི་ནི་རྣལ་འབྱོར་ལ། །བུམ་པའི་སྦྱོར་བས་འགྲུབ་པ་ཡིན། །ཞེས་པ་གང་ལ་བུམ་པའི་དབང་བསྐུར་བ་དེས་ནི་བསྐྱེད་པའི་རིམ་པའི་ ཏིང་ངེ་འཛིན་ལ་གནས་པར་བྱའོ། །མན་ངག་དེའང་གང་ཟག་གང་ལ་བསྟན་ཞེ་ན། བུམ་པ་དང་འབྲེལ་མན་ངག་ནི། །གང་ཟག་གཉི་གའི་ཐུན་མོང་ངོ་། །ཞེས་པ་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཐབས་དང་བསྐྱེད་པའི་རིམ་པ་ནི་ཚོགས་དང་སློབ་མ་གཉི་གའི་ཐུན་མོང་དུ་ གྱུར་པའོ།། །།དེ་ལྟར་བུམ་པའི་དབང་བསྐུར་བའི་ཐབས་ལ་སོགས་པ་རྒྱས་པར་བཤད་ནས། ད་ནི་སློབ་མའི་དབང་དུ་བྱས་ཏེ། གསང་བའི་དབང་བསྐུར་བཤད་པར་བྱ་སྟེ། དེ་ལ་གསང་བའི་དབང་གི་ངོ་བོའང་གང་ཞིག་ཡིན་ཞེ་ན། དེའི་ཕྱིར་བཤད་པ། གང་ཞིག་ 35-1-217a གསང་བ་བྱང་ཆུབ་སེམས། །ཞེས་པ་ལ་གསང་བའི་དབང་གི་ངོ་བོ་ནི་ཁྱད་པར་ཅན་གྱི་བྱང་ཆུབ་སེམས་སོ། །འོ་ན་བྱང་ཆུབ་སེམས་ཞེས་བྱ་བ་ནི་ཅི་ཞིག །ནུས་པ་ཞེས་བྱ་བ་མ་ཡིན་ནམ་ཞེ་ན། བསམ་གཏན་ལས་བྱུང་བྱང་ཆུབ་སེམས། །གཞན་ གྱིས་ནུས་པ་མ་སྤངས་པའོ། །ཞེས་པ་གང་བསམ་གཏན་དང་ལྡན་པ་ལས་བྱུང་བའི་བྱང་ཆུབ་སེམས་འཐོར་བ་ལ་སོགས་པའི་ཉེས་པ་དང་བྲལ་བ་སྟེ། དེས་ནི་ངག་གི་སྡིག་པ་སྦྱོང་བར་བྱེད་པ་ཉིད་ཀྱི་ནུས་པ་ཡོད་པས་ནུས་པ་ཞེས་བྱ་བ་ནི་འདིར་མ་སྤངས་པའོ། །ངེས་ པའི་ཚིག་བསྙད་པ་འདི་ཅིའི་ཕྱིར་གསང་བའི་དབང་ཡིན་སྙམ་པ་ལ། གང་ཞིག་གསང་ལ་བྱང་ཆུབ་སེམས། །ངག་ལ་བསྐུར་བར་བྱེད་ཕྱིར་རོ། །ཞེས་པ་ལ་གསང་བར་བྱ་བ་ཉིད་དང་། བྱང་ཆུབ་སེམས་ཡིན་པ་ཉིད་དང་། ངག་གི་རྟོག་པ་སྦྱོང་བར་བྱེད་པ་ཉིད་ཀྱི་ཕྱིར་དེ་སྐད་ ཅེས་བྱའོ། །གསང་བའི་དབང་ཞེས་བྱ་བའང་དུ་ཞིག་ཅེ་ན། ཕྱི་དང་ནང་དང་སྦས་པ་དང་། །གསང་བའི་དབང་ནི་གསུམ་དུ་ཤེས། །ཞེས་པ་ཕྱིའི་གསང་བའི་དབང་ནི་དུང་གི་ནང་དུ་གསང་བའི་བྱང་ཆུབ་སེམས་བསྐུར་བའོ། །ནང་གི་གསང་བ་ནི་བེའུ་བཞིན་པའམ་བུང་བ་ བཞིན་གྱི་སྦྱོར་བ་བྱང་ཆུབ་སེམས་ལེན་པའོ། །སྦས་པའི་གསང་བ་ནི་གཉིས་སུ་མེད་པའི་སྦྱོར་མཚམས་ཀྱི་འོག་གི་ཕྱོགས་ལེན་པར་བྱེད་པའོ། །གང་གིས་ཁ་ཡི་ཐད་ཀར་ནི། །གཉི་ག་སྦྱོར་བའི་བྱིན་རླབས་ལས། །ཟླ་བ་ཉི་མ་འདྲེས་པ་ཡིས། །ཁ་ཡི་བུ་གར་འབྱུང་བར་ བྱེད། །ཅེས་པ་འདི་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །འདིའི་རྣམ་གྲངས་ཀྱང་གང་ཡིན་ཞེ་ན། གསང་བ་དང་ནི་སྦས་པ་དང་། །ཐུན་མོང་མིན་དང་མི་བསྟན་པའི། །སྦྱོར་བ་འདི་ནི་རྣམ་གྲངས་སོ། །ཞེས་པ་ཀུན་ལ་མི་བསྟན་པའི་ཕྱིར་དང་། དེ་རྒྱལ་བ་ཀུན་ གྱིས་སྦས་པ་དང་། ཚོགས་ལ་སོགས་པ་དང་ཐུན་མོང་མ་ཡིན་པ་ཉིད་དང་། དེ་དག་ལ་མི་བསྟན་པ་ཉིད་ཀྱིས་འདི་དག་ནི་རྣམ་གྲངས་སུ་ཤེས་པར་བྱའོ། །གསང་བའི་དབང་ཞེས་པའང་ཆོས་དུ་དང་ལྡན་པ་ཡིན་ཞེ་ན། བྱང་ཆུབ་སེམས་དང་ཏིང་འཛིན་དང་། །རོ་མྱང་དག་ 35-1-217b གི་སྡིག་པ་སྦྱོང་། །འདི་ནི་གསང་བའི་དབང་དུ་འདོད། །ཅེས་པ་གསང་བའི་དབང་ཞེས་བྱ་བའང་དང་པོར་བྱང་ཆུབ་ཀྱི་སེམས་དཀར་དམར་ཡིན་པ་ཉིད་དང་། དེའང་ཏིང་ངེ་འཛིན་ཡིན་པ་ཉིད་དང་། སློབ་མའི་ལྕེས་རོ་མྱང་བ་ཉིད་དང་། ངག་གི་སྡིག་པ་སྦྱོང་བ་ཞེས་བྱ་བ་འདི་དག་དང་ལྡན་པ་ ལ་གསང་བའི་དབང་ཞེས་བཤད་དོ། །འདིས་ཅི་ཞིག་བྱེད་ཅེ་ན། གང་ཞིག་གཞན་ལ་ཐལ་འགྱུར་བ། །འདི་ཡིས་སེལ་བར་བྱེད་པ་ཡིན། །ཞེས་པ་འདི་ནི་གང་ཞིག་གིས། །གང་ཞིག་ཐལ་བར་བྱེད་པའོ། །འོ་ན་གཅིག་གིས་འགྱུར་མོད་ཅེ་ན། ངག་གི་སྡིག་པ་སྦྱོང་བ་ནི་བཟླས་པས་ ཀྱང་འགྱུར་བས་བྱང་ཆུབ་སེམས་ཡིན་ནོ། །གཞན་ཡང་བྱང་ཆུབ་སེམས་ཞེས་བྱ་བ་ལས་གཞན་མ་སྨོས་ན། ཐ་མལ་པའི་བྱང་ཆུབ་སེམས་ཀྱིས་ཀྱང་འགྱུར་བས་དེ་བསལ་བའི་ཕྱིར་ཏིང་ངེ་འཛིན་ནོ། །གཞན་ལའང་ཅི་རིགས་སུ་སྦྱར་རོ། །གསང་བ་ཞེས་བྱ་བ་འདིའི་སློབ་དཔོན་ཡང་གང་ ཞིག་ཡིན་ཞེ་ན། གང་ཞིག་དབབ་དང་བཟློག་ཤེས་དང་། །རིག་མ་ཡོན་ཏན་ལྡན་པ་དབུལ། །ཞེས་པ་སློབ་དཔོན་ཞེས་སྦྱར་རོ། །གང་ཞིག་བྱང་ཆུབ་སེམས་དབབ་པ་དང་བཟློག་པ་ཤེས་པ་དང་། རིག་མ་རྟོག་པའི་སྦྱོར་བ་ལ་མཁས་པ་རིག་མའང་ཡོན་ཏན་དང་ལྡན་པ་སྟེ། འདི་དག་ ཀྱང་འབྲས་བུ་བདེ་བ་སྟེར་བའི་ཕྱིར་སློབ་དཔོན་ཞེའོ། །སློབ་དཔོན་དེས་ཀྱང་སློབ་མ་ཇི་ལྟ་བུ་ལ་བསྐུར་ཞེ་ན། བུམ་པའི་དབང་རྫོགས་རྟོག་པ་ཆུང་། །གསང་ལ་དད་པས་གཞན་ལ་མིན། །ཞེས་པ་དང་པོར་སློབ་དཔོན་ལས་ལེགས་པར་སྦྱངས་པའི་བུམ་པའི་དབང་ཐོབ་པ་དང་། རྫས་ ལ་སོགས་པ་ལ་རྟོག་པ་ཆུང་ཞིང་དངོས་སུ་འཇུག་ནུས་པ་དང་། གསང་བའི་དོན་ལ་མི་སྐྲག་མི་དངངས་ཤིང་ཤིན་ཏུ་དད་པ་དང་། གཞན་ཡང་སྐད་སྙན་པ་དང་། བདེན་པར་སྨྲ་བ་དང་། ཚོད་རིག་པ་དང་། ལུས་ངག་གཟོབ་པ་འོང་ངོ་། །དེ་ལ་དབང་བསྐུར་བའི་རྒྱུ་ཅི་ཞེ་ན། གཉི་གའི་ སྦྱོར་བ་ལས་བྱུང་བའི། །ཤེས་རབ་ཏིང་འཛིན་འདི་ཁོ་ན། །ཞེས་པ་གསང་བའི་དབང་བསྐུར་བའི་རྒྱུའང་སློབ་དཔོན་དང་ཕྱག་རྒྱ་མའི་ཤེས་རབ་དང་ཏིང་ངེ་འཛིན་ཏེ་འདིས་དབང་ལ་ཕན་པར་བྱེད་པ་དང་། མེད་ན་མི་འབྱུང་བའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །འོ་ན་འདི་དུས་གང་གི་ 35-1-218a དུས་སུ་བསྐུར་ཞེ་ན། སློབ་དཔོན་གཉིས་ཡོད་གནང་བ་དང་། །རྫས་རྣམས་ཕུན་སུམ་ཚོགས་པ་དུས། །ཞེས་པ་གསང་བའི་དབང་བསྐུར་བའི་དུས་ནི་དང་པོར་སློབ་དཔོན་ཁྱད་པར་ཅན་དང་། རིག་མ་ཡོན་ཏན་དང་ལྡན་པ་རྙེད་པ་དང་། དེ་ཉིད་ཀྱིས་གནང་བ་བྱིན་པ་ དང་། ཁུ་བ་དང་རཀྟ་རྒྱས་ཤིང་འབབ་པ་དང་། རང་གི་ཡོན་ཏན་དང་རྫས་དང་གཟུགས་ལ་སོགས་པ་ཕུན་སུམ་ཚོགས་པའི་དུས་སོ། །འོ་ན་གསང་བའི་དབང་གི་གླེང་གཞི་ཞེས་བྱ་བའང་གང་ཡིན་ཞེ་ན། གང་ཚེ་རྩ་བའི་རྒྱུད་དག་ཏུ། །བདུད་རྩིའི་རོ་ལ་བརྒྱལ་བསླང་བའོ། །ཞེས་པ་རྩ་ བའི་རྒྱུད་གསང་བ་འདུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་དཀྱིལ་འཁོར་དུ་དེ་བཞིན་གཤེགས་པ་རྣམས་ཀྱིས་བདུད་རྩི་ལྔ་ལ་དངོས་སུ་སྤྱད་པའི་སྟོབས་ཀྱིས་འཁོར་བ་ན་གནས་པའི་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་འདོད་ཆགས་དང་བྲལ་བ་རྣམས་ཤིན་ཏུ་སྐྲག་པའི་སྟོབས་ཀྱིས་ དངངས་པ་དང་ངུས་པ་དང་བརྒྱལ་བ་ལ། མི་བསྐྱོད་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླངས་ནས་དེ་དག་གི་དོན་བསྟན་པ་འདི་ནི་བྱང་ཆུབ་སེམས་དཔའི་གསང་བའི་དབང་གི་གླེང་གཞིའོ། །དེ་ལ་གསང་བའི་དབང་གི་རྫས་གང་ལ་བྱ་ཞེ་ན། རྫས་ནི་དཀར་དམར་བཅུ་ཕྱེད་ལྡན། ། གང་དུ་འདི་ཡི་སྦྱོར་བ་བྱེད། །ཅེས་པ་ནི་བྱང་ཆུབ་ཀྱི་སེམས་དཀར་དམར་དང་། དེ་ལས་གཞན་པའི་དྲི་ཆེན་དང་། དྲི་ཆུ་དང་། ཤ་ཆེན་དང་། ཤེལ་ལ་སོགས་པ་འདི་དག་ནི་རྫས་ཏེ། འདི་ལ་བརྟེན་ནས་ངག་གི་རྣམ་པར་རྟོག་པ་ལྡོག་པར་བྱེད་དོ། །དེ་ཡང་གནས་གང་དུ་བསྐུར་ཞེ་ན། གནས་ ནི་སློབ་མའི་ལྕེ་གསུམ་ལ། །སྦོམ་པོ་དབང་མོས་བླངས་ཏེ་སྦྱིན། །ཞེས་པ། མགྲིན་པ་དང་སྙིང་ག་དང་ལྟེ་བ་སྟེ། གང་གི་རོ་མྱོང་བར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདིའི་རིམ་པའང་ཅི་ལྟར་ཡིན་ཞེ་ན།རྡོ་རྗེ་པདྨ་སྙོམས་འཇུག་སྒྲ། །ནོར་བུའི་ཆ་རྟེན་ངག་ལ་སྦྱིན། །ལྔའམ་དྲུག་ དང་ལྡན་པ་ནི། །གསང་བའི་དབང་གི་རིམ་པའོ། །ཞེས་པ་ནི་བདག་ཉིད་སྦྱོར་བའི་དབང་དུ་བྱས་ཏེ། ཤེས་རབ་མའི་ཆུས་རྡོ་རྗེ་བཀྲུས་པ་ནི་ཆུའི་དབང་ངོ་། །ནོར་བུའི་ཆ་ལ་བརྟེན་པ་ནི་དབུ་རྒྱན་གྱི་དབང་ངོ་། །རྡོ་རྗེ་འཇུག་པ་ནི་རྡོ་རྗེའི་དབང་ངོ་། །ཅག་སྒྲ་ནི་དྲིལ་བུའི་དབང་ངོ་། །ཨ་ཧ་ 35-1-218b ཨ་ཧ་ཞེས་བྱ་བ་ནི་མིང་གི་དབང་ངོ་། །ཡང་ནི་དཀར་དམར་སྤེལ་བ་ནི་ཕྲེང་བའི་དབང་ངོ་། །བུམ་པ་གཉིས་ནས་འབྱུང་བས་ཆུའི་དབང་ངོ་། །ནོར་བུ་ལ་བརྟེན་པས་དབུ་རྒྱན་གྱི་དབང་ངོ་། །རྡོ་རྗེ་ལ་རེག་པས་རྡོ་རྗེའི་དབང་ངོ་། །ཨ་ཧོ་སུ་ཁ་ཞེས་པ་དྲིལ་བུའི་དབང་ངོ་། །བབས་པའི་ཡི་ གེ་ལ་མིང་བཏགས་པ་ནི་མིང་གི་དབང་ངོ་། །ཡང་ན་འབྲལ་བ་མ་ཡིན་པ་ཕྲེང་བའོ། །ཆུའི་ངོ་བོ་ཉིད་ཀྱིས་ཆུའི་དབང་ངོ་། །དགོས་པ་ཐམས་ཅད་འབྱུང་བར་བྱེད་པས་དབུ་རྒྱན་ནོ། །སེལ་བར་བྱེད་པ་ཉིད་ཀྱིས་རྡོ་རྗེའོ། །སྒྲ་ཐམས་ཅད་དབང་བསྐུར་བར་བྱེད་པས་དྲིལ་བུའོ། །བདག་པོར་བསྟབས་ པས་མིང་གི་དབང་ངོ་། །དེ་ལའང་ཐབས་ཇི་ལྟ་བུ་ཞིག་གིས་བསྐུར་ཞེ་ན། གང་གིས་བཀྲ་ཤིས་བསྟོད་པ་ཡིས། །ནམ་ཕྱེད་དུས་སུ་བསྐུར་བར་བྱེད། །ཅེས་པ་རྣལ་འབྱོར་པ་དང་ཕྱག་རྒྱ་མ་གཉིས་སྙོམས་པར་ཞུགས་པའི་བྱང་སེམས་དཀར་དམར་ཕབ་སྟེ་ཚོགས་ཀྱི་འཁོར་ལོ་ཆེན་པོ་བྱས་ལ། ནམ་ཕྱེད་ཀྱི་དུས་སུ་བརྩེ་བས་བྱང་སེམས་རྡོ་རྗེའི་ཆ་ལ་བརྟེན་ནས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པའི་བསྟོད་པས་སྨོན་ལམ་བཏབ་སྟེ། སློབ་མའི་ངག་ལ་བྱིན་ལ། སློབ་མས་ཀྱང་ཨ་ཧོ་མ་ཧཱ་སུ་ཁ་ཞེས་བཏུང་བར་བྱའོ། །དེ་ནས་སློབ་དཔོན་ལ་བསྟོད་པ་བྱས་པ་འདི་ནི་གསང་བའི་དབང་གི་ ཐབས་སོ། །འོ་ན་དབང་བསྐུར་བའི་དཀྱིལ་འཁོར་ཡང་ཇི་ལྟ་བུ་ཡིན་ཞེ་ན། དཀྱིལ་འཁོར་ལུས་ཀྱི་སྦྱོར་བ་ལས། །རྩ་ལ་སོགས་པ་ཚོགས་པའོ། །ཞེས་པ་ཕྱག་རྒྱ་མ་དང་རྡོ་རྗེ་སློབ་དཔོན་གྱི་ལུས་ལ་རྩ་ནི་ཐིག་གི་ངོ་བོ་འོ། །རྐང་བརྒྱད་ནི་ཀ་བའོ། །སོ་དང་སེན་མོ་དང་བ་སྤུ་ནི་ཏྭ་ར་ནའོ། །ཁྲག་ ལ་སོགས་པ་ནི་ས་ཚོན་གྱི་རང་བཞིན་དུ་ཤེས་པར་བྱའོ། །དེ་བས་ན་གསང་བའི་དཀྱིལ་འཁོར་ནི་གཉིས་སུ་ཤེས་པར་བྱའོ། །དེར་འཇུག་པའི་རིམ་པའང་ཇི་ལྟར་བྱ་ཞེ་ན། རས་ཀྱིས་ངོ་ཡང་དག་པ་བྱ་སྟེ། རང་གི་བྱ་བ་རྫོགས་པར་བྱ། །ཞེས་པ་གང་གིས་སློབ་དཔོན་དང་ཕྱག་རྒྱ་མ་གཉིས་སྙོམས་ པར་འཇུག་པའི་དུས་སུ། བར་དུ་ཡོལ་བས་བཅད་དེ། རས་དམར་པོས་མིག་བཀབ་ལ། དང་པོར་གསོལ་བ་གདབ་པ་དང་། ཕྱག་འཚལ་བ་ནས། ལུས་ཀྱི་དཀྱིལ་འཁོར་བསྟན་པ་དང་། དེ་ཁོ་ན་ཉིད་ཀྱི་རིམ་པ་བསྟན་པའི་བར་དུའོ། །དེའི་སྔོན་དུ་བྱ་བའང་གང་ཞིག་ཅེ་ན། གང་གི་ 35-1-219a བུམ་པའི་དབང་བསྐུར་ནས། །ཞེས་པ་ནི་བུམ་པའི་དབང་འདི་ནི་སྤྱིའི་སྔོན་དུ་འགྲོ་བའོ། །བྱེ་བྲག་གི་སྔོན་དུ་འགྲོ་བ་གང་ཡིན་ཞེ་ན། རིག་མ་བརྟག་དང་བསླང་བ་དང་། བྱིན་ནམ་མ་བྱིན་བརྟག་པ་དང་། །སྦྱང་དང་སྐྱེ་དང་གཟུང་བ་དང་། །བསྲུང་དང་གསང་བ་བརྟག་པ་ དང་། །དེ་ཡི་བགེགས་རྣམས་བསྐྲད་པ་དང་། །བྱིན་རླབས་དེ་ཡི་སྦྱོར་བ་ལ། །སྟ་གོན་ཆོ་ག་རྫོགས་བྱས་ནས། །རིག་མ་དབང་བསྐུར་སྦྱོར་བ་དང་། །བདག་གིས་གནང་བ་ནོད་པ་དང་། །ཕྱི་རོལ་དུ་ནི་སློབ་མ་ལ། །གསང་བའི་དམ་ཚིག་སྦྱིན་པ་དང་། །གསང་བའི་ལྷ་དང་རྫས་རྣམས་ ཀུན། །ཇི་ལྟར་སྟ་གོན་བྱ་བ་དང་། །གང་ཞིག་དངོས་གྲུབ་ཆོ་ག་ཡི། །སྦྱོར་བ་མཆོག་ནི་འདིར་ཤེས་བྱ། །ཞེས་པ་འདིས་ནི་ས་གཞི་བརྟག་པ་ལ་སོགས་པའི་སྦྱོར་བ་བཞིན་དུ་ཕྱག་རྒྱ་མའང་དུང་མོ་དང་དྲུག་མོ་ལ་སོགས་པ་བརྟག་པ་དང་། ཡུལ་གྱི་རྒྱལ་པོ་དང་ཕ་ལ་སོགས་པ་ལ་བསླང་བ་དང་། གཞན་ཡང་ཕྱིས་དངོས་གྲུབ་ཀྱི་སྦྱོར་བའང་རྨི་ལམ་དུ་བརྟག་པ་དང་། མཎྜལ་ལ་མེ་ཏོག་གི་གཅལ་བཀྲམ་ལ་བརྟག་པ་དང་། དེ་ཉིད་ཡུམ་རྡོ་རྗེ་ཀུན་དུ་བཟང་མོའི་ངོ་བོར་བསྐྱེད་པ་ལ་སོགས་པ་འདི་དག་ནི་སྔོན་དུ་བྱ་བའི་རིམ་པའོ། །རྟགས་ཀྱི་སྦྱོར་བའང་གང་ཡིན་ཞེ་ན། གང་གིས་མེ་ཏོག་དེར་ འདོར་དང་། །དེ་བཞིན་གཞན་ལའང་ལྟོས་པའོ། །ཞེས་པ་ནི་གསང་བའི་དུས་སུ་མཐོང་བའི་འདྲི་བ་དང་མེ་ཏོག་དོར་བ་དང་། ཡེ་ཤེས་དབབ་པའི་སྦྱོར་བས་སྨྲ་བ་ལ་སོགས་པ་འབྱུང་བར་ཤེས་པར་བྱའོ། །འདིའི་དུས་ཀྱི་བརྡའང་གང་ཡིན་ཞེ་ན། སྦོམ་པོས་དབང་མོ་མནན་པ་ནི། །ཟླ་བ་ ཉི་མའི་སྦྱོར་བའོ། །ཞེས་པ་གང་གིས་སྦོམ་པོས་དབང་མོ་མནན་པ་ནི་གསང་བའི་དབང་གི་བརྡ་ཡིན་པར་ཤེས་པར་བྱའོ། །གཞན་མ་གཡས་ཀྱི་སྦྱོར་བས་གཡོན་པ་ལ་བྱེད་པས་ཡང་ལ་ལ་དག་འདོད་དོ། །དེའི་དུས་སུའང་བསམ་གཏན་ཇི་ལྟར་བྱ་ཞེ་ན། སློབ་དཔོན་རིག་མ་ལྟར་ བསྒོམ་དང་། །གང་གིས་བདེ་སྟེར་བསམ་གཏན་ཡིན། །ཞེས་པ་གསང་བའི་དབང་བསྐུར་བའི་དུས་ཀྱི་བསམ་གཏན་ཡང་དང་པོར་སློབ་དཔོན་རིག་མ་དང་བཅས་པ་ཐབས་དང་ཤེས་རབ་ཀྱི་སྐུར་གནས་པར་བྱ་སྟེ། དེ་ལས་བྱང་ཆུབ་སེམས་ཀྱི་ཆུས་བཀང་བའི་བུམ་པ་ཐོགས་ 35-1-219b པ་བསམ་གྱིས་མི་ཁྱབ་པ་བྱུང་ནས་སློབ་མའི་ལྕེ་ལ་དབང་བསྐུར་བ་བྱའོ། །འོ་ན་དེས་བག་ཆགས་སམ་དྲི་མ་གང་འཁྲུ་བར་བྱེད་ན། ངག་གི་རྟོག་དང་དྲི་མར་བཅས། །སྦྱོང་བར་བྱེད་པ་ནུས་པའོ། །ཞེས་པ་ཚིག་འཁྱལ་པ་ལ་སོགས་པའི་དྲི་མ་ཐམས་ཅད་གང་གིས་འཁྲུ་བར་ ནུས་པ་དེ་ལ་དེ་སྐད་ཅེས་བྱའོ། །གསང་བའི་དབང་བསྐུར་བའི་སློབ་མ་དེ་ལའང་གང་གི་མན་ངག་བསྟན་པར་བྱ་ཞེ་ན། སྤྲོས་བཅས་དང་ནི་སྤྲོས་མེད་དང་། །ཤིན་ཏུ་སྤྲོས་མེད་དེ་ལ་བསྟན། །ཞེས་པ་སྦྱིན་པ་ལ་སོགས་པ་དང་། གང་གིས་བུད་མེད་བསྟེན་པ་ལ་སོགས་པ་དུས་དང་བྱ་བ་དང་བསམ་ པ་ལ་ལྟོས་པའི་སྤྲོས་བཅས་དང་། སྤྲོས་མེད་དང་། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པའི་མན་ངག་བསྟན་པར་བྱའོ། །དེའང་ཚོགས་གང་དང་འབྲེལ་པ་ཡིན་ཞེ་ན། གསང་བའི་དབང་ནི་བསྐུར་བྱས་ནས། །ཟབ་པ་ཕྱི་ཡི་ཚོགས་རྣམས་བྱ། །ཞེས་པ་གང་གསང་བའི་དབང་ཐོབ་པ་དེ་དག་གིས་ནི་ དང་པོར་བསྐྱེད་པའི་རིམ་པ་ལ་སོགས་པའི་དུས་ནས་ཟབ་པ་ཕྱིའི་འཁོར་ལོ་བུད་མེད་ཉི་ཤུ་རྩ་ལྔ་ལ་སོགས་པ་ལ་བརྟེན་པར་བྱའོ། །འོ་ན་གསང་བའི་དབང་ཡང་དངོས་གྲུབ་གང་དང་འབྲེལ་པ་ཡིན་ཞེ་ན། འདིར་ཡང་། ཐུན་མོང་ས་འོག་ལ་སོགས་པ། །མྱུར་དུ་འགྲུབ་པར་བྱེད་པ་ཡིན། །ཞེས་པ་འདིའི་ སྦྱོར་བས་ས་འོག་དང་རི་ལུ་དང་བུད་མེད་ཀྱི་སྦྱོར་བ་ལ་བརྟེན་པ་ལས་བྱུང་བའི་བཅུད་ཀྱིས་ལེན་དང་། མངོན་ཤེས་ལ་སོགས་པ་མྱུར་དུ་འབྱུང་བར་འགྱུར་རོ། །འབྲས་བུའང་གང་ཡིན་ཞེ་ན། གང་གིས་དེ་དང་དེ་ལས་གཞན། །ཐོབ་པར་འགྱུར་བ་འབྲས་བུའོ། །ཞེས་པ་གང་གིས་གང་ལ་བརྟེན་ནས་ ཐུན་མོང་དང་མཆོག་གི་དངོས་གྲུབ་དངོས་སུ་དང་། བརྒྱུད་ནས་འགྲུབ་པའམ་ཐོབ་པ་འདི་ནི་འབྲས་བུའོ། །ཡང་ན་འབྲས་བུ་ནི་མགྲིན་པར་སྣང་བ་མཐའ་ཡས་སུ་གྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་དག་གིས་ནི་གསང་བའི་དབང་བསྐུར་བ་བསྟན་ཏོ། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་ དབང་བསྐུར་བཤད་པར་བྱ་སྟེ། འདིའི་ཡང་ངོ་བོ་ཉིད་གང་ཡིན་ཞེ་ན། བཤད་པ། བྱང་ཆུབ་སེམས་ཀྱི་བདེ་བ་ནི། །གསུམ་པའི་དབང་གི་ངོ་བོའོ། །ཞེས་པ་རང་གི་བྱང་ཆུབ་སེམས་ཀྱི་བདེ་བ་ཉམས་སུ་མྱོང་བ་འདི་ནི་ཤེས་རབ་ཡེ་ཤེས་ཀྱི་ངོ་བོ་བཤད་དོ། །འདི་ལའང་ནུས་པ་ཞེས་པ་མ་སྨྲས་ 35-1-220a སམ་ཞེ་ན། འདི་ཉིད་ནི་ནུས་པ་ཞེས་བྱ་བ་ཁོ་ན་སྟེ།གོང་བཞིན་ནོ། །ཡེ་ཤེས་ཞེས་བྱ་བ་འདི་འང་དུ་ཞེ་ན། ཕྱི་ནང་སྦས་པའི་བྱེ་བྲག་གིས། །གསུམ་པའི་དབང་གིས་དབྱེ་བ་ཡིན། །ཞེས་པ་རིག་མ་གཏད་པ་ནི་ཕྱིའི་འོ། །དེ་ལ་བྱང་ཆུབ་སེམས་བསྐྱོད་པས་འབྱུང་བ་ ནི་ནང་གིའོ། །དེ་བཟློག་པའི་སྟོབས་ཀྱིས་འབྱུང་བ་ནི་སྦས་པའོ། །འདི་ལའང་ཅིའི་ཕྱིར་ཤེས་རབ་ཡེ་ཤེས་ཞེས་བྱ་ཞེ་ན། ཤེས་རབ་ལ་བརྟེན་ཡེ་ཤེས་ཏེ། །ཡེ་ཤེས་ཐོབ་པར་བྱེད་ཕྱིར་རོ། །ཞེས་པ་ཡེ་ཤེས་བསྐྱེད་པའི་རྒྱུའི་ཕྱིར་དང་། ཡེ་ཤེས་དང་ཉེ་བ་ཉིད་འདྲ་བ་ཉིད་ཀྱི་ཕྱིར་ཏེ། གོ་རིམས་ བཞིན་དུ་སྦྱར་བར་བྱའོ། །རྣམ་གྲངས་ཀྱང་གང་དང་གང་ཡིན་ཞེ་ན། ཤེས་རབ་ཡེ་ཤེས་བླ་ན་མེད། །ཐབས་ཀྱི་དམ་པ་ཉེ་བའི་རྒྱུ། །ཞེས་པ་ཤེས་རབ་མ་ལ་བརྟེན་ནས་ཡེ་ཤེས་སྐྱེ་བ་ཉིད་དང་། གོང་ན་གཞན་མེད་པ་ཉིད་དང་། མཆོག་དམ་པ་ཉིད་འགྲུབ་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །འོ་ན་ཤེས་རབ་ཡེ་ ཤེས་ཀྱི་དབང་ཞེས་བྱ་བ་འདི་ཡང་ཆོས་དུ་དང་ལྡན་པ་ཡིན་ཞེ་ན། ཤེས་རབ་ལ་བརྟེན་ཡེ་ཤེས་སྐྱེ། །ཏིང་ངེ་འཛིན་དམིགས་བདག་གིས་འཇུག །བྱང་ཆུབ་སེམས་སྤྱོད་ཉེ་བའི་རྒྱུ། །ཞེས་པ་ཤེས་རབ་དམ་པ་བསྐྱེད་པ་ཉིད་དང་། ཡེ་ཤེས་དམ་པ་དང་། ཏིང་ངེ་འཛིན་དམ་པ་ལ་དམིགས་པ་ཉིད་ དང་ཐབས་བདེན་པའི་རྣལ་འབྱོར་པ་བདག་ཉིད་ཀྱི་འཇུག་པ་དང་། ཞུ་བ་བྱང་ཆུབ་སེམས་ལ་སྤྱོད་པ་དང་། དེ་འང་ཉེ་བའི་རྒྱུར་འདུག་པ་སྟེ། འདི་ལྟར་དྲུག་དང་ལྡན་པ་ཁོ་ན་ཡིན་ནོ་ཞེའོ། །འོ་ན་དེ་སྨོས་པས་ཅི་བྱེད་ན། བུམ་པ་དང་ནི་གསང་བ་དང་། །ཐོབ་བྱ་བཞི་པ་སེལ་བར་བྱེད། །ཅེས་ པ་ཤེས་རབ་མ་མ་སྨོས་ན་ནི་ཕྱི་དང་ནང་གི་བུམ་པ་ལའང་ཐལ་བར་འགྱུར་ལ། ཏིང་ངེ་འཛིན་མ་སྨོས་ན་ནི་སོ་སོ་སྐྱེ་བོ་ལའང་ཐལ་བར་འགྱུར་རོ། །དེའང་བདག་ཉིད་ཀྱིས་འཇུག་པ་ཞེས་མ་སྨོས་ན། གསང་བ་ལའང་ཐལ་བར་འགྱུར་རོ། །བྱང་ཆུབ་སེམས་ལ་སྤྱོད་པ་མ་སྨོས་ན་བཞི་པ་དང་ གཡོན་གྱི་ཡུམ་བསྐྱེད་པའི་རིམ་པ་ལའང་ཐལ་བར་འགྱུར་རོ། །ཉེ་བའི་རྒྱུ་ཞེས་པ་མ་སྨོས་ན་འགྲུབ་པ་མ་ཡིན་པའི་ལོག་པར་རྟོག་བའང་ལྡོག་པར་མི་འགྱུར་རོ། །འོ་ན་དབང་གསུམ་པའི་རྒྱུ་གང་ཡིན་ཞེ་ན། ཤེས་རབ་ཏིང་འཛིན་དམིགས་པ་ཡིས། །བྱེ་བྲག་དང་བཅས་དེ་ཡི་ 35-1-220b རྒྱུ། །ཞེས་པ་བཤད་ཟིན་ཏོ། །འོ་ན་དུས་གང་གི་ཚེ་བསྐུར་ཞེ་ན། དབང་གཉིས་རྫོགས་དང་གང་མ་རྣམས། །གསུམ་པའི་དབང་གིས་དུས་ཞེས་བཤད། །ཅེས་པ་དང་པོར་བུམ་པའི་དབང་ཐོབ་པའི་སྟེང་ལ་ཕྱི་ནས་གསང་བའི་དབང་ཐོབ་པ་བླ་མ་གཉིས་ཀྱིས་གནང་བ་དང་། བྱང་ཆུབ་ སེམས་གཉིས་རྒྱས་པ་དང་། མཆོག་འདོད་པའི་དུས་ནའོ། །གསུམ་པའི་གླེང་གཞིའང་གང་ཞེ་ན། རྒྱལ་བ་ཡུམ་དང་མཉམ་སྦྱར་ཚེ། །འཁོར་རྣམས་ངུས་སོགས་གླེང་གཞི་ཡིན། །ཞེས་གསང་བ་འདུས་པའི་དཀྱིལ་འཁོར་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཡུམ་དང་གཉིས་སུ་མེད་པར་ སྙོམས་པར་ཞུགས་པ་དང་གཉིས་སུ་མེད་པའི་བདེ་བ་ཆེན་པོ་རྒྱས་པར་གྱུར་པ་གང་ཡིན་པ་དེའི་དུས་སུ། འཁོར་ན་གནས་པའི་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་འདོད་ཆགས་དང་བྲལ་བ་ཐམས་ཅད་གསང་བའི་སྤྱོད་པའི་ཚུལ་དེ་མཐོང་ནས་དངངས་པ་དང་། ངུས་པ་དང་། བརྒྱལ་བ་དང་། དེ་ལས་ བསླང་བ་ལ་སོགས་པའི་སྦྱོར་བ་འདི་ནི་གསུམ་པའི་དབང་གི་གླེང་གཞི་ཡིན་པར་ཤེས་པར་བྱའོ། །དེའང་གནས་གང་དུ་བསྐུར་ཞེ་ན། ས་ཕུག་རིམ་པ་གསུམ་པའམ། །པདྨའི་ནང་དུ་བསྐུར་བ་ཡིན། །ཞེས་པ་ས་ཕུག་རིམ་པ་གསུམ་པ་ནི་ཕྱི་སྟེ་ཐུན་མོང་གི་གནས་སོ། །དེའི་ཁྱད་པར་གྱི་གནས་ ནི་ཤེས་རབ་མའི་པདྨའི་ནང་དུ་བསྐུར་བ་འདི་ནི་ཤེས་རབ་ཡེ་ཤེས་ཀྱི་གནས་སོ། །སློབ་དཔོན་ཡང་ཇི་ལྟ་བུ་ཡིན་ཞེ་ན། བླ་མ་རིག་མ་དམ་པ་སྟེ། །ཞེས་གང་རིག་མ་དམ་པ་དེ་ནི་ཡང་དག་པའི་བླ་མ་སྟེ་མཆོག་སྟེར་བར་བྱེད་པའི་ཕྱིར་རོ། །ཡང་ན་རང་སེམས་བྱང་ཆུབ་སེམས། །ཐབས་ཀྱི་རྡོ་རྗེ་ གསང་བའི་རྩ། །ཐོས་པ་ཀུན་གོམས་ཡོན་ཏན་ལྡན། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེས་སློབ་མ་གང་ལ་བསྐུར་ཞེ་ན། དབང་གཉིས་རྫོགས་ཤིང་ཡོན་ཏན་ལྡན། །དེ་ལ་མཁས་པས་གསུམ་པ་སྦྱིན། །ཞེས་པ་ནི་གོ་སླའོ། །འོ་ན་ཤེས་རབ་ཡེ་ཤེས་ཀྱི་རྒྱུའང་གང་ཞིག་ ཡིན་ཞེ་ན། །ཤེས་རབ་ཏིང་འཛིན་འདི་ཁོ་ན། །ཞེས་བཤད་ཟིན་ཏོ། །དེའི་འང་དུས་གང་ཞིག་ཡིན་ཞེ་ན། སློབ་དཔོན་ཡོན་ཏན་ལྡན་པས་གནང་། །བླ་མ་དང་མཐུན་ཁུ་བ་འབབ། །ཅེས་པ། གང་ཞིག་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་འདོད་པས་དང་པོར་དེའི་སྦྱོར་བ་བཤད་ཟིན་ཏོ། ། 35-1-221a དེའི་རྫས་གང་ཞིག་ཡིན་ཞེ་ན། དཀར་དམར་བྱང་ཆུབ་སེམས་དག་དང་། །ཏིང་འཛིན་སྦྱོར་བ་བསྐྱེད་ཕྱིར་རྒྱུ། །ཞེས་པ་གང་གིས་གང་ལ་ཕན་པ་ཡོད་པ་དེ་ནི་རྫས་ཏེ། བྱང་ཆུབ་སེམས་དཀར་དམར་དང་མ་མཆུའི་རོ་མྱོང་བ་ལ་སོགས་པ་འདི་ཡང་ངོ་། །འདིའི་རིམ་ པ་ཡང་གང་ཞིག་ཡིན་ཞེ་ན། དཀར་དམར་སྤེལ་དང་འཁྲུ་བ་དང་། །དངོས་པོ་འབྱུང་དང་མི་འགྱུར་ཞིང་། །རེག་པར་བྱེད་དང་གང་ཞིག་བསྟབས། །འདི་ཡི་སྦྱོར་བས་འབྱུང་བ་ཡིན། །ཞེས་པ་དཀར་དམར་སྤེལ་བ་ནི་ཕྲེང་བའི་དབང་ངོ་། །འཁྲུ་བ་ནི་བྱང་ཆུབ་སེམས་ཀྱི་ཆུའི་དབང་ངོ་། །ལྟེ་ བ་ལ་རེག་པ་ནི་དབུ་རྒྱན་གྱི་དབང་ངོ་། །གཞན་འཇོམས་པ་ནི་རྡོ་རྗེའི་དབང་ངོ་། །གང་ཞིག་ཁ་གོང་མལ་སྒྲ་འབྱུང་བ་ནི་མིང་གིའོ། །འོག་གི་སྒྲ་ནི་དྲིལ་བུའོ། །ཡང་ན་ཧཱུཾ་གི་སྒྲ་ནི་དྲིལ་བུའོ། །ཧ་ཧ་ཞེས་པ་ནི་མིང་གི་དབང་དུ་ཤེས་པར་བྱའོ། །དེའི་ཐབས་ཀྱང་གང་ཡིན་ཞེ་ན། དབབ་དང་བཟློག་དང་ རོལ་མོའི་ཚོགས། །འདི་ནི་ཐབས་ཀྱི་དམ་པར་འདོད། །ཅེས་པ་བསྐྱོད་པའི་སྟོབས་ཀྱིས་དབབ་པ་དང་རླུང་གི་སྦྱོར་བས་བཟློག་པ་ལ་སོགས་པ་འདི་དང་གཞན་ཡང་རོལ་མོ་དང་། པི་ཝང་ལ་སོགས་པའི་སྦྱོར་བ་འདི་ཡང་ཐབས་ཀྱི་དམ་པའོ། །དཀྱིལ་འཁོར་ཡང་གང་དུ་ཞེ་ན། དཀྱིལ་འཁོར་ ལུས་དང་བྷ་གར་སྦྱོར། །རྒྱལ་བའི་ཡུམ་གྱི་ཚུལ་འཆང་བའོ། །ཞེས་པ་དཀྱིལ་འཁོར་ལུས་སུ་བྱས་པ་ནི། གསང་བའི་དབང་བཞིན་ནོ། །བྷ་ག་ལ་ནི་རྩ་དང་བྱང་ཆུབ་སེམས་རྟེན་དང་བརྟེན་པའི་ཚུལ་དུ་དཀྱིལ་འཁོར་རོ། །དེར་འཇུག་པའི་རིམ་པ་ཡང་། གང་ཞིག་རས་དམར་པོ་གཡོགས་ ནས། །གསོལ་གདབ་སྡོམ་པ་སྦྱིན་པ་དང་། །གང་ཞིག་ལུས་ཀྱི་དཀྱིལ་འཁོར་བསྟན། །སྦྱོར་བ་ཡེ་ཤེས་དབབ་པ་དང་། །མཐོང་བ་དྲི་བ་ལ་སོགས་པ། །སྦྱོར་བ་འདིས་ནི་འཇུག་པར་བྱེད། །ཅེས་པ་འདི་ནི་བཤད་ཟིན་ཏོ། །འདིའི་ཡང་སྔོན་དུ་འགྲོ་བའི་རིམ་པ་གང་ཡིན་ཞེ་ན། གང་གིས་ རིག་མ་སྦྱང་བ་དང་། །བསླང་དང་བྱིན་གྱིས་བརླབ་ལ་སོགས། །སྦྱོར་བ་འདས་པ་ཇི་བཞིན་ཏེ། །གང་གིས་གསང་བའི་པདྨ་ནས། །གླང་པོའི་ལག་པས་རྩ་རྣམས་བསླང་། །གང་གིས་ནམ་མཁའ་གང་གྱུར་ནས། །སྦྱོར་བ་བཟློག་པའི་བདག་ཉིད་ཅན། །དགའ་བ་ལ་སོགས་རིམ་གྱིས་ 35-1-221b སྐྱེ། །ཞེས་པ་འདི་ནི་བཤད་ཟིན་ཏོ། །འདིའི་རྟགས་ཀྱང་གང་ཡིན་ཞེ་ན། སྨིག་རྒྱུ་དུ་བ་སྲིན་བུ་མེ། །མར་མེ་མཁའ་སྣང་རྣམ་པ་ལྔ། །ཞེས་པ་དབབ་པ་དང་བཟློག་པའི་དུས་སུ། ལས་དང་པོ་པས་ནི་སྨིག་རྒྱུ་ལྟ་བུའོ། །གཉིས་པ་ལ་ནི་དུ་བ་ལྟ་བུ་འབྱུང་ངོ་། །གསུམ་པ་ལ་ ནི་སྲིན་བུ་མེ་ཁྱེར་ལྟ་བུ་འབྱུང་ངོ་། །བཞི་པ་ལ་ནི་མེ་ལྟ་བུ་འབྱུང་ངོ་། །ལྔ་པ་ལ་ནི་མཁའ་སྣང་ལྟ་བུ་འབྱུང་ངོ་། །དེ་བས་ན། མཁས་པས་རྟགས་ལ་བརྟེན་ནས་ནི། །བླ་མེད་དངོས་གྲུབ་འགྲུབ་པར་བྱེད། །ཅེས་འབྱུང་བ་ལྟ་བུའོ། །འོ་ན་འདིའི་བརྡ་ཡང་གང་ཡིན་ཞེ་ན། སྦོམ་པོས་དབང་ མོ་མནན་པ་ནི། །གསུམ་པའི་བརྡ་རུ་ཤེས་པར་བྱ། །ཞེས་པ་ལ་སྦོམ་པོ་ནི་མཐེ་བོའོ། །དབང་མོ་ནི་སྲིན་ལག་གོ། །གང་གིས་དེ་མནན་པ་ནི་དེའི་བརྡའོ། །གཞན་ཡང་། གང་གིས་གཡས་པའི་སོར་མོ་ཡིས། །གཡོན་པའི་སྟེང་དུ་གཞག་པ་ནི། །གང་ཞིག་གསུམ་པའི་སྦྱོར་བ་ཡིས། ། ཐབས་མཆོག་འདི་ཡིན་གཞན་དུ་མིན། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །འདིའི་དུས་ཀྱི་བསམ་གཏན་ཇི་ལྟར་བྱ་ཞེ་ན། བསྐྱོད་པའི་སྟོབས་ཀྱིས་མེ་སྦར་བས། །བདེ་ཆེན་ས་བོན་འགུགས་པའོ། །ཞེས་པ་གང་གིས་རིག་མ་དང་གཉིས་སུ་མེད་པར་བྱས་ཏེ། ལག་པ་ སྟེང་འོག་འདོད་ཆགས་ཀྱི་ཆོས་དང་། ལྟེ་བ་ནས་མེ་སྦར་བའི་སྟོབས་ཀྱིས་བདེ་བ་ཆེན་པོའི་གནས་ནས་བྱང་ཆུབ་ཀྱི་སེམས་དབབ་སྟེ། དགའ་བ་བཞི་རིམ་གྱིས་སྐྱེ་བ་ནི་གང་གི་སྦྱོར་བ་བྱེད་པ་སྟེ་འདི་ནི་དགོས་པའོ། །འོ་ན་ནུས་པ་ཅི་ཡོད་ཅེ་ན། སེམས་ཀྱི་དྲི་མ་འཁྲུ་བ་དང་། །སྡིག་པ་དག་པ་ ནུས་པའོ། །ཞེས་པ། ཤེས་རབ་ཡེ་ཤེས་ཀྱི་ནུས་པའང་སེམས་ཀྱི་དྲི་མ་འཁྲུ་བར་བྱེད་པའོ། །གཞན་ཡང་། ས་ལ་མངོན་དུ་ཕྱོགས་པ་དང་། །འོག་མའི་སྡིག་པ་སྦྱོང་བ་དང་། །གོང་དང་གོང་ལ་གནས་བྱེད་པ། །འདི་ནི་ནུས་པ་ཞེས་སུ་བཤད། །ཅེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་ པའོ། །འོ་ན་དེ་ལ་མན་ངག་བསྟན་པར་བྱ་བ་གང་ཡིན་ཞེ་ན། འཁོར་ལོ་ཕོ་ཉའི་སྦྱོར་བ་རྣམས། །མཁས་པས་གང་འཕྲོད་དེ་ལ་བསྟན། །ཞེས་པ་འདི་ནི་འཁོར་ལོ་ལ་སོགས་པ་གང་ཞིག་གིས་སྣོད་བརྟགས་ཏེ། དེ་ལ་དེ་དང་འཕྲོད་པའི་མན་ངག་སྦྱིན་པར་བྱའོ། །འདི་ལྟ་སྟེ་འཁོར་ལོ་ 35-1-222a གཅིག་དང་གཉིས་དང་བཅུ་དང་བཅུ་དྲུག་གི་བར་དུ་དང་། ཕོ་ཉ་མོའི་རིགས་དུ་མ་ལ་བརྟེན་ནས། བྱང་ཆུབ་སེམས་ཀྱི་བདེ་བ་ཉམས་སུ་མྱོང་བར་བྱེད་པ་འདི་ལྟ་བུའི་མན་ངག་བསྟན་པར་བྱའོ། །དེ་འང་ཚོགས་གང་དང་འབྲེལ་པ་ཡིན་ཞེ་ན། འདི་ཡིས་ཟབ་པའི་ཚོགས་རྣམས་ ལ། །བརྟེན་ནས་ཡེ་ཤེས་སྐྱེ་བ་ཡིན། །ཞེས་པ་ཟབ་པའི་ཚོགས་ནི་རིག་མ་ལ་བརྟེན་པ་སྟེ། འདི་ཡིས་དེའི་དགའ་བ་ལ་སོགས་པ་ཇི་བཞིན་དུ་འབྱུང་བའི་ཚོགས་ཀྱི་མན་ངག་བརྟེན་པར་བྱའོ། །འོ་ན་དངོས་གྲུབ་གང་དང་འབྲེལ་ཞེ་ན། གསུམ་པ་ལ་ནི་མཆོག་འགྲུབ་པ། །གང་ཞིག་འདི་ ཡིས་བྱེད་པ་ཡིན། །ཞེས་ཤེས་རབ་ཡེ་ཤེས་ཀྱི་དབང་དང་མན་ངག་ཏུ་འབྲེལ་པ་འདི་ནི་འབྲས་བུ་མཆོག་འགྲུབ་པ་དང་། བླ་ན་མེད་པ་འགྲུབ་པར་བྱེད་པའོ། །དེ་འང་རྣལ་འབྱོར་གང་དང་འབྲེལ་བ་ཡིན་ཞེ་ན། གང་ཞིག་འདི་ལ་རྟག་གནས་པ། །ཉེ་བས་རྫོགས་པའི་རྣལ་འབྱོར་རོ། །ཞེས་པ་གང་ ཞིག་རྫོགས་པའི་རིམ་པ་དང་ཉེ་བས་འདི་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་རོ། །དེའང་རྒྱུད་གང་དང་འབྲེལ་པ་ཡིན་ཞེ་ན། འདི་ཡིས་ཟབ་པ་སྟོན་པ་ཡི། །རྒྱུད་རྣམས་ཀུན་ལ་བརྟེན་པར་བྱ། །ཞེས་པ་གང་ཞིག་གིས་འདི་ལ་གནས་ནས་འདི་ཐོབ་པར་འདོད་པས། འདི་ཉེ་བར་སྟོན་པའི་རྒྱུད་ རྣམས་ལ་བརྟེན་པ་དང་གནས་པར་བྱའོ། །འདི་ལ་གནས་པའི་གང་ཟག་གིས། །ཐབས་དང་ཤེས་རབ་ལ་སོགས་པ། །ཟབ་པ་སྟོན་པའི་རྒྱུད་རྣམས་ལ། །བརྟེན་དང་མཉན་དང་བཤད་པར་བྱ། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ལྟར་ཤེས་རབ་ཡེ་ཤེས་དབང་བསྐུར་བ་ རྒྱས་པར་བཤད་ནས། ད་ནི་བཞི་པ་བཤད་པར་བྱ་སྟེ། དེ་ལ་བཞི་པའི་ངོ་བོ་གང་ཡིན་ཞེ་ན། གང་ཞིག་བཞི་པའི་ངོ་བོ་ནི། །རྣམ་པར་མི་རྟོག་ཡེ་ཤེས་སོ། །ཞེས་པ་དབང་བཞི་པའི་ངོ་བོ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། ཤེས་རབ་ཡེ་ཤེས་དབང་བསྐུར་བའི་འབྲས་བུར་གྱུར་པ་གང་ ཡིན་པ་དེ་བཞི་པའོ། །འདིའི་དབྱེ་བའང་དུ་ཞིག་ཅེ་ན།རྟེན་ཅན་དང་ནི་རྟེན་མེད་ཀྱི། །བཞི་པའི་དབང་ནི་གཉིས་སུ་ཤེས། །ཞེས་པ་གང་རིག་མ་དང་མ་བྲལ་བའི་དུས་ན་ཡེ་ཤེས་སྐྱེས་པ་དེ་ནི་རྟེན་ཅན་གྱི་བཞི་པའོ། །རྟེན་མེད་ཀྱི་བཞི་པ་ནི་རིག་མ་ལ་བརྟེན་པའི་ཕྱིས་གང་གི་མན་ངག་ལས་ 35-1-222b སྐྱེས་པའི་ཡེ་ཤེས་ཏེ། འདི་ལྟར་གཉིས་པ་ཁོ་ནའོ། །འདི་ཅིའི་ཕྱིར་བཞི་པ་ཞེ་ན། གང་དུ་གསུམ་པ་ལས་གཞན་ཕྱིར། །དེ་ནི་བཞི་པའི་དབང་ཞེས་གྲགས། །ཞེས་གསུམ་པ་ལས་འདས་པའི་ཕྱིར་རོ། །བཞི་པ་དང་ནི་མཐར་ཐུག་པ། །མཆོག་དང་བླ་མེད་རྣམ་གྲངས་སོ། །ཞེས་པ་གསུམ་པ་ལས་ འདས་པ་ཉིད་དང་། ཁྱད་པར་ཅན་ཡིན་པའི་ཕྱིར་དང་། གོང་ན་མེད་པ་ཉིད་འདི་ནི་རྣམ་གྲངས་སོ། །འོ་ན་ཆོས་གང་དུ་དང་ལྡན་ཞེ་ན། གང་ཞིག །སངས་རྒྱས་ཡོན་ཏན་ཐམས་ཅད་དང་། །ལྡན་པ་འདི་ནི་བཞི་པའི་དབང་། །ཞེས་བཤད་པ་སྤྱིའི་ཆོས་སོ། །བྱེ་བྲག་གི་ཆོས་ནི་གསལ་བ་དང་བདེ་ བ་དང་མི་རྟོག་པ་དང་ལྡན་པ་ཉིད་ཀྱི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །གཞན་སེལ་བ་ཞེས་བྱ་བའང་གང་ཡིན་ཞེ་ན། དངོས་པོའི་རྟོག་ལས་བྱུང་བའི་ཆོས། །ཐམས་ཅད་འདིས་ནི་སེལ་བར་བྱེད། །ཅེས་པ་གསལ་བ་ལ་སོགས་པ་འདིས་ནི་གང་ཞིག་མི་གསལ་བ་དང་། སྡུག་བསྔལ་བ་དང་། རྟོག་པ་སེལ་ བར་བྱེད་དོ། །འོ་ན་འདིའི་གླེང་གཞི་འང་གང་ཡིན་ཞེ་ན། གང་ཞིག་གསང་བའི་ཡི་གེ་ལ། །མཐོང་མེད་ངུས་ལས་བསླང་གྱུར་ནས། །ཡི་གེ་རང་བཞིན་མེད་གསུངས་པ། །འདི་ནི་བཞི་པའི་གླེང་གཞི་ཡིན། །ཞེས་པ། གང་གི་འཁོར་ན་གནས་པ་གང་ཞིག་གིས། །རང་བྱུང་ཡི་གེ་མཐོང་བའི་སྐལ་བ་མེད། །ཅེས་ གསུངས་པ་དང་བཅས་ནས་ངུས་པ་དང་། རིགས་དྲུག་པ་རྡོ་རྗེ་འཆང་གིས་བརྒྱལ་བ་བསླང་སྟེ། ཡི་གེ་ཐམས་ཅད་དབེན་པ་ཉིད་དང་། སྟོང་པ་ཉིད་དང་། ཞི་བ་ཉིད་དང་། གྱ་ནོམ་པ་ཉིད་ལ་སོགས་པ་བསྟན་པ་ནི་གླེང་གཞིའོ། །གནས་ཀྱང་གང་ཡིན་ཞེ་ན། མི་རྟོག་རྟོག་བྲལ་འདུས་མ་བྱས། །རྒྱལ་བ་ཐམས་ ཅད་རྟེན་ཕྱིར་གནས། །ཞེས་པ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་འདི་ལ་གང་དང་གང་གིས་བརྟེན་པར་བྱ་བ་ཡིན་པས་གནས་སུ་ཤེས་པར་བྱའོ། །དེའི་དུས་ཀྱང་གང་ཞེ་ན། བླང་དོར་མེད་པ་དུས་ཀྱི་མཆོག །སྔོན་མེད་ཕྱིས་མེད་གདོད་ནས་བྱུང་། །ཞེས་པ་ཆོས་ཐམས་ཅད་གཅིག་ དང་དུ་མ་དང་བྲལ་བ་རང་བཞིན་གྱིས་རྣམ་པར་དག་པ་གང་གིས་རྟོགས་པ་དེ་ནི་འདས་པའི་དུས་ཀྱང་མི་དམིགས། མ་འོངས་པ་དང་། ད་ལྟར་གྱི་དུས་མི་དམིགས། དུས་གསུམ་པོ་བླང་བ་མ་ཡིན། སྤང་བ་མ་ཡིན། གཉིས་ཀ་མ་ཡིན་པའང་མ་ཡིན་པ་འདི་ནི་ཡང་དག་པའི་དུས་སོ། །གང་ 35-1-223a གིས་བདེ་སྟེར་སློབ་དཔོན་མཆོག །ཅེས་པ་ནི་གང་ལ་གང་གིས་བདེ་བ་སྟེར་བ་འདི་ནི་སློབ་དཔོན་ཏེ་ཀླུ་སྒྲུབ་བཞིན་ནོ། །མི་རྟོག་པའི་ཤེས་པས་ཀྱང་གང་ཞིག་གི་རགས་པ་དང་ཕྲ་བའི་རྟོག་པ་བཟློག་ནས་དེས་བདེ་བ་ཐོབ་པར་བྱེད་པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །ཅིའི་ཕྱིར་སློབ་མར་བརྟག་ཅེ་ན། ཀུན་གྱི་ཐུགས་ཀྱི་སྲས་གྱུར་ཕྱིར། །བསླབ་པར་བྱ་བའི་སློབ་མ་ཡིན། །ཞེས་པ་གང་ལ་ཡེ་ཤེས་དྲི་མ་མེད་པ་ཡོད་པ་དེ་ནི་དེ་བཞིན་གཤིགས་པ་ཐམས་ཅད་ཀྱི་སྲས་ཡིན་ཏེ། རྡོ་རྗེ་ཆོས་བཞིན་ནོ། །འདིའི་རྒྱུའང་གང་ཞིག་ཡིན་ཞེ་ན། ཏིང་འཛིན་ཤེས་རབ་ཁྱད་པར་ཅན། །མི་རྟོག་ཤེས་པ་བསྐྱེད་ཕྱིར་རྒྱུ། །ཞེས་པ་ནི་ གོང་དུ་བཤད་ཟིན་ཏོ། །དཀྱིལ་འཁོར་ཡང་གང་ཞིག་ཡིན་ཞེ་ན། སྙིང་པོ་ལེན་པར་བྱེད་པའི་ཕྱིར། །ཡེ་ཤེས་རྒྱུར་བཅས་དཀྱིལ་འཁོར་རོ། །ཞེས་པ་སྙིང་པོ་ནི་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཏེ་འདིས་ལེན་པར་བྱེད་པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །གང་གིས་སྔོན་དུ་གྱུར་པ་ཡིས། །སྦྱོར་བ་འདི་རུ་ཞུགས་པ་ཡིན། ། ཞེས་པ་གང་གིས་རྟོག་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཁོང་དུ་ཆུད་པ་དེ་ནི་དཀྱིལ་འཁོར་དུ་ཞུགས་པའོ། །གང་གིས་ཟབ་པའི་མན་ངག་རྣམས། །མཉན་པ་དང་ནི་བསམ་པ་དང་། །བསྒོམ་པ་ཡི་ནི་རིམ་གྱིས་ཀྱང་། །བླ་མེད་དཀྱིལ་འཁོར་ནང་དུ་འཇུག །ཅེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་ པའོ། །འདིའི་སྔོན་དུ་འགྲོ་བའང་གང་ཡིན་ཞེ་ན། དབང་གསུམ་མན་ངག་དང་བཅས་དང་། །སློབ་པ་སྔོན་དུ་འགྲོ་བ་ཡིན། །ཞེས་པ་བུམ་པ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་དང་། དེ་དང་འབྲེལ་བའི་མན་ངག་ནི་སྤྱིའི་སྔོན་དུ་འགྲོ་བའོ། །གང་གིས་ཟབ་མོའི་མན་ངག་འདི་ནི་བྱེ་བྲག་གི་སྔོན་དུ་ འགྲོ་བ་ཡིན་ནོ། །དབང་བསྐུར་བའི་རིམ་པ་ནི། རིམ་དང་རིམ་མིན་གཉིས་དང་བྲལ། །འདི་ནི་དོན་དམ་རིམ་པའོ། །ཞེས་པ་རིམ་པ་གང་དང་གང་གི་རྣམ་པ་དང་བྲལ་ཞིང་རིམ་པ་མེད་པའང་དམིགས་སུ་མེད་དེ་འདི་ནི་ཡང་དག་པའི་རིམ་པའོ། །ལོག་པའི་རྟོག་པ་ཀུན་དང་བྲལ། །ཐམས་ཅད་སྤྲོས་པ་ཉེ་ བར་ཞི། །ཞེས་པ་གཟུགས་ལ་སོགས་པ་ཐམས་ཅད་ཀྱི་སྤྲོས་པ་དང་བྲལ་ནས་རྣམ་པར་རྟོག་པ་གང་ལའང་མི་གནས་པར་བྱེད་པ་འདི་ནི་ཐབས་སོ། །སྟེང་སོགས་རང་བྱུང་ཡི་གེ་ལ། །འབར་བའི་མེ་ཡིས་བཞུ་བྱས་ཏེ། །གང་ཞིག་དགའ་བར་རབ་ཏུ་སྐྱེ། །རྟོག་བྲལ་ཐབས་ཀྱི་དམ་པའོ། །གང་ཞིག་དབང་ 35-1-223b གསུམ་རྫོགས་བྱས་ནས། །མཚན་ལྡན་བུ་མོ་བསྟེན་པ་དང་། །འདི་ལས་བདེ་བ་མྱོང་བའང་། །རྒྱལ་བས་ཐབས་སུ་བཤད་པ་ཡིན། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །འདིའི་རྫས་ཀྱང་གང་ཡིན་ཞེ་ན། རྒྱུ་ལ་བྱང་ཆུབ་སེམས་ཡིན་ཏེ། །རྟེན་མེད་རྫས་རྣམས་ཀུན་དང་བྲལ། །ཞེས་པ་ནི་གོ་སླའོ། །གང་གིས་གང་ ལ་མི་གཡོ་བར། །དེ་ཉིད་ལ་དམིགས་དགོས་པ་ཡིན། །ཞེས་པ་ནི་གང་གིས་རྟོག་པ་ཐམས་ཅད་སྤངས་ཏེ། མི་རྟོག་པའི་ཤེས་པ་འདི་ལ་ཡང་དང་ཡང་དུ་སེམས་གཏོད་པ་ནི་འདིའི་དགོས་པའོ། །གང་གིས་གང་ལ་གནས་པ་འདིའི་རྟགས་ཀྱང་གང་ཞིག་ཡིན་ཞེ་ན། ནམ་མཁའ་བཞིན་དང་མྱུར་བ་དང་། །དལ་དང་མི་གཡོ་ལ་ སོགས་རྟགས། །ཞེས་པ་ལས་དང་པོ་པ་ལ་བརྟེན་པ་གཞན་འགགས་ཏེ་སྟེང་གི་ནམ་མཁའ་བཞིན་དུ་འགྱུར་རོ། །ཁ་ཅིག་ལ་ནི་སྨིག་རྒྱུ་བཞིན། །ཞེས་པ་མྱུར་ལ་རྟོག་པ་མེད་པ་འབྱུང་ངོ་། །ཁ་ཅིག་ལ་ནི་དལ་བ་དང་མི་གཡོ་བ་ལ་རྟོག་པ་མེད་པར་འབྱུང་བ་འདི་ནི་རྟགས་སོ། །སློབ་པ་སྨིག་རྒྱུ་ལ་སོགས་དང་། །འདར་དང་ རྡུལ་དང་འཕྱར་བ་དང་། །རྟག་ཏུ་བདེ་བ་ཁ་བ་འདྲ། །འདི་ལ་སོགས་པའི་རྟགས་རྣམས་འབྱུང་། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །མཛུབ་མོས་ཟླ་བསྟན་ཇི་བཞིན་དུ། །རྒྱལ་བའི་བཀའ་ནི་དོན་གྱི་བརྡ། །ཞེས་པ་མིང་དང་ཚིག་དང་ཡི་གེའི་རྣམ་པ་འདི་ནི་བརྡ་ཙམ་གྱི་སྒོ་ནས་དོན་སྟོན་པར་བྱེད་པ་ཡིན་ཏེ། དཔེར་ན་མཛུབ་མོས་ཟླ་བ་བསྟན་པ་བཞིན་ནོ། །འདི་ལ་ནུས་པའང་ཇི་ཞིག་ཡོད་ཅེས་དྲིས་པ་དང་། རབ་ཏུ་དགའ་ནས་ཆོས་ཀྱི་སྤྲིན། །རྗེས་ཐོབ་སྔོན་བཞིན་ཡེ་ཤེས་སྐྱེ། །ཞེས་པ་ནི་སློབ་པའི་དབང་དུ་ཟུང་དུ་འཇུག་པའི་ཚུལ་གྱིས་ཡེ་ཤེས་བརྟན་པ་དང་ཡུན་རིང་པར་བྱེད་ལ། དེའི་རྗེས་ལ་སྐྱེ་བའི་རྟོག་པ་ཡང་དང་ ཡང་དུ་ཟིལ་གྱིས་གནོན་པར་བྱེད་པའི་ཕྱིར་རོ། །གོང་ནས་གོང་དུ་ཕྱིན་ནས་ནི། །འོག་མའི་ས་ལ་གནས་མི་འགྱུར། །རང་གི་ས་ཡི་རྟོག་པ་སྤོང་། །གོང་མའི་ས་ལ་མངོན་དུ་ཕྱོགས། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གང་ཞིག་སྤྲོས་པ་ཀུན་བྲལ་བའི། །མན་ངག་བླང་དང་སྦྱིན་པར་ནུས། །ཞེས་པ་ ནི་གོ་སླའོ། །འདི་ལ་གནས་པའི་རྣལ་འབྱོར་པས། །བླ་མེད་ཚོགས་ཀྱི་འཁོར་ལོ་ལྡན། །གང་དུ་བླ་མེད་རྣལ་འབྱོར་ནི། །རྣལ་འབྱོར་མཆོག་ཏུ་འགྱུར་བ་ཡིན། །དངོས་སུ་མཆོག་གི་དངོས་གྲུབ་བདག །བདེ་གཤེགས་རབ་འབྱམས་དཔག་མེད་ཀྱི། །བཀའ་ལ་དབང་བསྐུར་དམ་པ་ཡིན། །ཞེས་པ་འདི་ནི་ཚོགས་གང་དང་ 35-1-224a འབྲེལ་པ་དང་རྣལ་འབྱོར་གང་དང་འབྲེལ་པ་དང་། རྒྱུད་གང་དང་འབྲེལ་པ་དང་། དེ་དག་གི་གོ་རིམས་ཇི་ལྟ་བ་བཞིན་དུ་བསྟན་ཏོ། །ཕྱི་དང་ནང་དང་གསང་བ་དང་། །མཐར་ཐུག་བཤད་པ་རྣམ་པ་བཞི། །དབང་བཞི་རྫོགས་པའི་གང་ཟག་ལ། །ཚུལ་བཞིན་སོ་སོར་སྦྱིན་པར་བྱ། །ལས་བཞིའི་ཐབ་ཁུང་སྲེག་པ་དང་། །སྙིང་ནང་ ལྷ་ལ་དབུལ་བ་དང་། །བུད་མེད་བྷ་གར་བསྟེན་པ་དང་། །ལྟེ་བའི་འཁོར་ལོ་སྦྱོར་བྱེད་པ། །སྦྱིན་སྲེག་རྣམ་པ་བཞི་པོའང་། །ཚུལ་བཞིན་རིམ་པ་བཞི་དང་སྦྱར། །བཟོད་པ་འབྲིང་དང་ཆོས་མཆོག་བར། །དང་པོ་དང་ནི་བཅུ་པའི་བར། །ས་ཡི་ཁྱད་ནི་བགྲོད་པ་སྟེ། །ལུས་དང་ངག་ཡིད་རྟོག་པ་སྤོང་། །ཐོབ་པ་འབྲས་བུ་མངོན་བྱེད་པ། །དབང་བཞི་ལ་ནི་གོ་ རིམས་བཞིན། །ཞེས་པ་འདི་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།དེ་ལྟར་སྨིན་པར་བྱེད་པ་རྒྱས་པར་བཤད་ནས། ད་ནི་གྲོལ་བར་བྱེད་པའི་ལམ་བཤད་པར་བྱ་སྟེ། གྲོལ་བར་བྱེད་པའི་ལམ་ཡང་གང་ཡིན་དུ་ཞིག་ཅེ་ན། གྲོལ་བའི་ལམ་ནི་རྣམ་པ་གཉིས། །བསྐྱེད་པ་དང་ནི་རྫོགས་པའོ། །ཞེས་པ་གང་ཞིག་གང་ལས་གྲོལ་ བར་འདོད་པ་དེའི་ལམ་ནི་བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའོ། །དེ་གཉིས་ཀྱིས་ཅི་བྱེད་ཅེ་ན། འདི་ལྟར་རགས་པ་དང་ཕྲ་བའི་རྣམ་པར་རྟོག་པ་ལྡོག་པར་བྱེད་དོ། །བསྐྱེད་པའང་དུ་ཞིག་ཅིའི་ཕྱིར་ཞེ་ན། གང་ཞིག་བསྐྱེད་པའི་སྦྱོར་བ་ལ། །ངོ་བོ་དང་ནི་རྣམ་དབྱེ་དང་། །ངེས་པའི་ཚིག་དང་རྣམ་གྲངས་དང་། །ཆོས་རྣམ་ གྲངས་དང་ལྡན་པ་དང་། །གཞན་སེལ་གླེང་གཞི་དམིགས་པ་དང་། །རྒྱུ་དང་དུས་དང་འབྲས་བུ་དང་། །སྔོན་འགྲོ་རྟེན་གྱི་གང་ཟག་དང་། །གནས་དང་གྲོགས་དང་སེམས་གཟུང་དང་། །གོམས་པའི་ཚད་དང་མཐར་ཕྱིན་ཚད། །དངོས་གྲུབ་གང་དང་འབྲེལ་པ་དང་། །རྟོག་པ་སྤོང་ཞིང་ས་བོན་གསོ། །འདི་ནི་བསྐྱེད་པའི་རིམ་པའོ། །ཞེས་བྱ་བ་ལ་སོགས་པ་ མདོར་བསྟན་ནས་ད་ནི་རང་རང་གི་ཡན་ལག་བཤད་པ། ངོ་བོ་ཞེས་བྱ་བ་འདི་གང་ཞིག་ཡིན་ཞེ་ན། བསྐྱེད་པའི་རིམ་པའི་ངོ་བོ་ནི། །རགས་ལ་དམིགས་པའི་ཏིང་ངེ་འཛིན། །ཞེས་པ་རགས་པའི་སྐུ་ལ་དམིགས་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་བསྐྱེད་པའི་རིམ་པའི་ངོ་བོའོ། །གཞན་དུ་ནི་ངོ་བོ་ཉིད་ཡིན་པ་དང་མ་ཡིན་པ་དང་ཐེ་ཚོམ་ཟ་བ་ལ་སོགས་ པའི་ཉེས་པར་ཐལ་བར་འགྱུར་རོ། །འདི་ལ་དབྱེ་བ་ནི་དུ་ཞིག་ཅེ་ན། བསྐྱེད་པ་རྣམ་པ་གཉིས་ཡིན་ཏེ། །སྦྱང་བྱ་དང་ནི་སྦྱོང་བྱེད་དོ། །ཞེས་པ་གང་སྦྱང་བར་བྱ་བ་འདི་ཡང་གང་ཡིན་ཞེ་ན། སྦྱང་བྱ་སྣོད་བཅུད་རྣམ་པ་སྟེ། །ཞེས་པ་སྦྱང་བར་བྱ་བའི་བསྐྱེད་པ་ནི་ལས་ལས་སྐྱེས་པའི་སྣོད་བཅུད་ཀྱི་འཇིག་རྟེན་ནོ། །སྦྱོང་བྱེད་ཅེས་པའང་གང་ཡིན་ཞེ་ན། 35-1-224b སྦྱོང་བར་བྱེད་པ་རྣམ་པ་གཉིས། །རྟེན་དང་བརྟེན་པའི་བསྐྱེད་པའོ། །ཞེས་པ་རྟེན་ནི་འོག་གི་ཕྱོགས་ནས་འབྱུང་བ་གཞལ་ཡས་ཁང་དང་བཅས་པའོ། །བརྟེན་པ་ལ་ནི་རྣམ་པ་གཉིས། །གཙོ་བོ་དང་ནི་འཁོར་བསྐྱེད་པའོ། །ཞེས་པ་གཙོ་བོ་བསྐྱེད་པའི་རིམ་པ་དང་། །འཁོར་བསྐྱེད་པའི་རིམ་པ་སྐད་ཅིག་པའམ། རིམ་གྱིས་བསྐྱེད་པ་འདི་ནི་ བསྐྱེད་པའི་རིམ་པའོ། །འདི་ལའང་ཅིའི་ཕྱིར་ཞེ་ན། སེམས་ཅན་སྐྱེ་དང་མཐུན་ཕྱིར་དང་། །རྣམ་པར་རྟོག་བློས་བསྐྱེད་ཕྱིར་རོ། །ཞེས་པ་སེམས་ཅན་གང་དག་མངལ་ནས་སྐྱེ་བ་ལ་སོགས་པ་དང་མཐུན་པ་དང་། རྣམ་པར་རྟོག་པའི་བློས་བསྐྱེད་པའི་ཕྱིར་རོ། །བསྐྱེད་དང་རགས་པ་ལ་སོགས་པ། །རྣམ་གྲངས་ཡིན་པར་ཤེས་ པར་བྱ། །ཞེས་པ་བསྐྱེད་པའི་རིམ་པ་ཞེས་བྱ་བ་དང་། རགས་པའི་རྟོག་པ་བཟློག་པའི་གཉེན་པོ་ཞེས་བྱ་བ་དང་། རིང་པའི་རྒྱུ་དང་ཐུན་མོང་གི་རྒྱུ་དང་། འདི་དག་ནི་རྣམ་གྲངས་སུ་ཤེས་པར་བྱའོ། །ཆོས་དུ་དང་ལྡན་པ་ཡིན་ཞེ་ན། རགས་པའི་སྐུ་ལ་དམིགས་ལ་སོགས། །ལྔ་དྲུག་ལྡན་པ་དེ་ཉིད་དོ། །ཞེས་པ་རགས་པའི་སྐུ་ལ་ དམིགས་པ་ཏིང་ངེ་འཛིན་ཡིན་པ་རྣམ་གྲངས་དང་ངེས་པའི་ཚིག་ཏུ་བཅས་པའོ། །དེ་ཇི་ལྟར་གཞན་སེལ་བ་ཡིན་ཞེ་ན། གང་དུ་གཞན་དུ་ཐལ་འགྱུར་བ། །སེལ་བར་བྱེད་ཕྱིར་དེ་སྐད་དོ། །ཞེས་པ་ནི་གོང་བཞིན་དུ་ཤེས་པར་བྱའོ། །འདིའི་གླེང་གཞི་ཡང་གང་ཡིན་ཞེ་ན། གསང་བ་ལས་ནི་གཞན་དོན་དུ། །ཇི་ལྟར་རིམ་འབྱུང་གླེང་གཞི་ ཡིན། །ཞེས་པ་སེམས་ཅན་འདོད་ཆགས་ཅན་འདུལ་བ་དང་བྲལ་བ་དང་བར་མ་བསྐྱེད་པའི་རིམ་པ་ལ་འཕྲོད་པའི་དབང་དུ་ཟླ་བ་དང་རྡོ་རྗེ་ལ་སོགས་པ་འབྱུང་བར་འགྱུར་བ་གླེང་གཞིའོ། །འོ་ན་བསྐྱེད་པའི་དམིགས་པའང་གང་ཡིན་ཞེ་ན། དམིགས་པ་བསྐྱེད་པ་ལྷ་དང་གནས། །མང་བའམ་ནི་ཉུང་བའོ། །ཞེས་པ་རིམ་པའམ་ ཅིག་ཅར་གྱིས་ལྷའི་སྐུ་དང་གཞལ་ཡས་ཁང་གི་རྣམ་པ་དང་། དེ་ཉིད་མང་བའམ་ཉུང་བའམ། ཆེ་བ་འམ་ཆུང་བ་ལ་དམིགས་པ་གང་ཡིན་པ་འདི་ནི་དམིགས་པ་ཞེའོ། །དམིགས་པའང་ཐོབ་པའི་རྒྱུ་གང་ཡིན་ཞེ་ན། ས་བོན་ཟས་དང་སྐོམ་ལ་སོགས། །འབྲས་བུ་ཐོབ་ཕྱིར་རྒྱུ་རུ་བཤད། །ཅེས་པ་གང་གི་རྒྱུད་ལ་བསྐྱེད་ པའི་ས་བོན་ཡོད་བ་དང་། ཟས་དང་སྐོམ་དང་སྨན་དང་། གནས་དང་ཡུལ་དང་གྲོགས་ལ་སོགས་པ་འབྲས་བུ་ཐོབ་པ་ལ་ཕན་པ་རྒྱུ་ཡིན་ཞེས་བྱའོ། །དུས་གང་གི་ཚེ་སྒོམ་ཞེ་ན། མཆོག་འདོད་པ་དང་དབང་བསྐུར་བ་དང་། །ཚོགས་དང་གཏོར་མ་སྦྱིན་སྲེག་དང་། །ཉམས་པ་བསྐང་དང་ཐུན་མོང་འདོད། ། 35-1-225a འདི་ཡི་དུས་ན་བསྒོམ་པར་བྱ། །ཞེས་པ་གང་མཆོག་འདོད་པའི་རྒྱུ་དག་དང་། སློབ་མ་དབང་བསྐུར་བའི་དུས་དང་། ཚོགས་ཀྱི་འཁོར་ལོ་ཆེན་པོ་དང་། འདི་དག་གི་སྦྱོར་བ་གང་ཡིན་པའི་དུས་སུ་བསྐྱེད་པའི་རིམ་པ་ཉམས་སུ་བླང་བར་བྱའོ། །འོ་ན་འབྲས་བུ་གང་ཡིན་ཞེ་ ན། འབྲས་བུ་ཐུན་མོང་དངོས་གྲུབ་འབྱུང་། །ཞེས་པ་འབྲས་བུའང་གང་གིས་ཐུན་མོང་གི་དངོས་གྲུབ་བརྒྱད་ལ་སོགས་པ་འགྲུབ་པར་འགྱུར་གྱི་གཞན་འོག་མ་རྣམས་ཀྱིས་ནི་མ་ཡིན་ཞེས་དགོངས་སོ། །འདི་དག་གི་སྔོན་དུ་འགྲོ་བའང་གང་ཡིན་ཞེ་ན། མཚམས་བཅད་ཚོགས་གཉིས་ བསགས་པ་ནི། །འདི་ཡི་སྔོན་དུ་འགྲོ་བ་ཡིན། །ཞེས་པ། གང་གིས་བསྐྱེད་པའི་རིམ་པའི་སྔོན་དུ་ནི་དང་པོར་མཚམས་བཅད་པ་དང་། བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་ཀྱི་ཡན་ལག་བསྒོམ་པར་བྱའོ། །རྟེན་གྱི་གང་ཟག་ཀྱང་གང་ཡིན་ཞེ་ན། གང་འདི་ཚོགས་དང་ སློབ་མ་ཡིས། །འདི་ནི་བསླབ་པར་བྱ་བ་ཡིན། །ཞེས་པ་འདི་ནི་ཐུན་མོང་སྒྲུབ་པའི་དབང་དུ་བྱས་ཏེ་དེ་ཉིད་དོ། །གཞན་གྱི་དབང་དུ་བྱས་ཏེ་སློབ་མས་ཀྱང་ངོ་། །གནས་ཀྱང་གང་དུ་ཞེ་ན། གནས་ནི་ཡིད་མཐུན་ཉམས་དགའ་བར། །རྣལ་འབྱོར་པ་ཡིས་བསམ་གཏན་བསྒོམ། །ཞེས་ པ་ནི་སྨིན་པར་བྱེད་པའི་སྐབས་སུ་ཤེས་པར་བྱའོ། །གྲོགས་ཀྱང་གང་ཡིན་ཞེ་ན། དད་དང་ངོ་ཚ་ཤེས་ལ་སོགས། །བསྐྱེད་པ་ཡི་ནི་གྲོགས་སུ་འགྱུར། །ཞེས་པ་དད་པ་ལ་སོགས་པ་དགེ་བའི་ཆོས་དང་། སྤྱོད་པ་རྣམས་སུ་ཤེས་པར་བྱའོ། །སེམས་གཟུང་བའང་ཇི་ལྟར་བྱ་ཞེ་ན། གང་ འཕྲོད་དེ་ལ་དམིགས་ལ་སྦྱོང་། །འདི་ནི་སེམས་གཟུང་མན་ངག་གོ། །ཞེས་པ་གང་གིས་གང་གསལ་བ་དེ་ལ་དམིགས་པ་འདི་ནི་སེམས་གཟུང་བའོ། །དེའང་གྲོགས་ཀྱི་མན་ངག་ནི་འདིར་སྦྱར་བར་བྱའོ། །འོ་ན་འདིའི་གོམས་པའི་ཚད་ཀྱང་ཇི་ལྟར་ཞེ་ན། གང་ཞིག་འདི་ལ་ གོམས་པ་ནི། །བསྒྱུར་བར་ནུས་དང་དམིགས་པ་གསལ། །ཞེས་པ་ནི་ལྷའི་སྐུ་ཁ་དོག་དང་། དབྱིབས་ལ་སོགས་པ་གཞན་ལས་གཞན་དུ་བསྒྱུར་ནུས་པ་འདི་ནི་འདིའི་གོམས་པའི་ཚད་དོ། །མཐར་ཕྱིན་པའི་ཚད་ཀྱང་ཇི་ལྟར་ཞེ་ན། ཇི་ལྟར་སྣང་བ་འདི་ཁོ་ན། །ལྷ་ 35-1-225b ལས་གཞན་གྱི་སྦྱོར་བ་མིན། །ཞེས་པ་ཇི་ལྟར་སྣང་ཞིང་སྲིད་པས་བསྡུས་པ་ཐམས་ཅད་ལྷ་དང་། གཞལ་ཡས་ཁང་དང་། དེ་ལས་གཞན་པའི་རྣམ་པ་དང་བྲལ་བའོ། །འདིའི་དངོས་གྲུབ་གང་དང་འབྲེལ་བ་ཡིན་ཞེ་ན། ཐུན་མོང་དངོས་གྲུབ་ཐམས་ཅད་ཀུན། །བསྐྱེད་པའི་ རིམ་དང་འབྲེལ་པ་ཡིན། །ཞེས་པ་ས་འོག་དང་། རི་ལུ་དང་། རྐང་མགྱོགས་དང་། མིག་རྣོན་ལ་སོགས་པ་འདི་ནི་བསྐྱེད་པའི་རིམ་པ་དང་འབྲེལ་བའོ། །འདི་དག་གིས་ནི་དང་པོའི་སྦྱོར་བ་བསྟན་ཏེ། འདིས་རྟོག་པའང་གང་སྤོང་ཞེ་ན། གང་དུ་རགས་པའི་རྟོག་པ་རྣམས། ། བསྐྱེད་པ་ཡིས་ནི་སྤོང་བར་བྱེད། །ཅེས་པ་བསྐྱེད་པའི་རིམ་པས་ནི་རགས་པའི་རྟོག་པའམ། ཉོན་མོངས་པ་མངོན་དུ་གྱུར་པ་སྤོང་བར་བྱེད་དོ། །འདིས་ཀྱང་ས་བོན་གང་ལ་ཕན་ཞེ་ན། ལོངས་སྤྱོད་རྫོགས་དང་སྤྲུལ་སྐུ་ཡི། །ས་བོན་ཁྱད་པར་ཅན་དུ་བྱེད། ། ཅེས་པ་བསྐྱེད་པའི་རིམ་པ་བསྒོམས་པས་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་ཐོབ་པའི་ས་བོན་གསོས་པ་འདེབས་པར་བྱེད་དོ། །དེ་ལྟར་བསྐྱེད་པའི་རིམ་པ་རྒྱས་པར་བསྟན་ནས། ད་ནི་རྫོགས་པའི་རིམ་པའི་སྦྱོར་བའང་དུ་ཞིག་ཅེ་ན། རྫོགས་པའི་རིམ་ པའི་སྦྱོར་བ་ནི། །རྣམ་པ་ལྔ་རུ་ཤེས་པར་བྱ། །ཞེས་པ་ལ། འདི་རྫོགས་པའི་རིམ་པའང་ཡིན་ལ། རྣམ་པ་ལྔའང་ཡིན་པས་འདི་ནི་རིམ་པ་ལྔའོ། །དེའང་གང་ཞེ་ན། དོ་རྗེ་བཟླས་དང་སེམས་ལ་དམིགས། །སྒྱུ་མ་འོད་གསལ་ཟུང་དུ་འཇུག །ཅེས་པ་འོད་གསལ་ལ་ སོགས་པ་འོག་ནས་བསྟན་ཏོ། །རྣལ་འབྱོར་པ་གང་ཞིག་རྡོ་རྗེ་བཟླས་པ་ལ་སོགས་པ་དུ་ཡོད་པའང་མི་ཤེས་ནས་དྲིས་པ་རྫོགས་པའི་རིམ་པའང་གང་ཡིན་དུ་ཞེ་ན། རྡོ་རྗེ་བཟླས་ལ་སོགས་པའང་། །རྣམ་པ་ལྔ་རུ་ཤེས་པར་བྱ། །ཞེས་པ་ནི་རྡོ་རྗེ་བཟླས་པ་ནས་ཟུང་དུ་འཇུག་ པའི་བར་དུའོ། །དེ་ལ་རྡོ་རྗེ་བཟླས་པའི་རིམ་པ་ཞེས་བྱ་བའང་དུ་ཞེ་ན། དེའི་ཕྱིར་བཤད་པ། ངོ་བོ་དང་ནི་རྣམ་དབྱེ་དང་། །ངེས་པའི་ཚིག་དང་རྣམ་གྲངས་དང་། །ཆོས་རྣམས་གང་དང་ལྡན་པ་དང་། །གཞན་སེལ་བ་དང་རྒྱུད་དང་དུས། །མཚན་ཉིད་དང་ནི་དམིགས་པ་དང་། །གྲོགས་ 35-1-226a དང་གནས་དང་སྔོན་འགྲོ་དང་། །རྟེན་དང་མི་མཐུན་གཉེན་པོ་དང་། །ས་དང་སྤོང་བའི་ཁྱད་པར་དང་། །རང་བཞིན་དངོས་གྲུབ་སྤྱོད་པ་དང་། །ས་མཚམས་དང་ནི་གོམས་ཚད་དང་། །མཐར་ཕྱིན་ཚད་དང་ངོས་བཟུང་དང་། །ཁྱད་པར་དང་ནི་འབྲས་བུའོ། །དེ་ལ་ངོ་བོ་ཞེས་བྱ་བའང་གང་ཞིག་ཡིན། དེ་ཉིད་ མི་ཤེས་སོ་ཞེ་ན། འབྱུང་འཇུག་ཡུལ་ཅན་ཏིང་འཛིན་ནི། །གང་དུ་དང་པོའི་ངོ་བོར་འདོད། །ཅེས་པ་འབྱུང་བ་དང་། འཇུག་པ་དང་གནས་པ་ལ་དམིགས་པའི་ཏིང་ངེ་འཛིན་འདི་ནི་དེའི་ངོ་བོར་བསམ་པའོ། །གཞན་ཤེས་རབ་ལ་སོགས་པ་དང་། ཐིག་ལེ་གཅིག་པ་དང་འོད་གསལ་བ་ལ་སོགས་པ་ནི་འདིར་ཤུགས་ཀྱིས་གསལ་ ལོ། །དབྱེ་བའང་དུ་ཞིག་ཅེ་ན། སྟེང་དང་འོག་དང་བར་གྱི་དབང་དུ་གསུམ་སྟེ། འདི་ལྟར་སྟེང་ལ་དམིགས་པ་ནི་སྟེང་གི་རྡོ་རྗེ་བཟླས་པའོ། །འོག་ལ་དམིགས་པ་ནི་འོག་གི་རྡོ་རྗེ་བཟླས་པའོ། །སྙིང་ག་ལ་དམིགས་པ་ནི་བར་གྱི་རྡོ་རྗེ་བཟླས་པའོ། །དེ་ལ་སྟེང་གི་རྡོ་རྗེ་བཟླས་པའང་གང་ཡིན་དུ་ཞིག་ཅེ་ན་དང་ པོ་ནི་བཤད་ཟིན་ཏོ། །འོག་མའི་དབང་དུ་བཤད་པ།དབུགས་དང་དབང་པོ་འགྱུར་བའི་དབང་། །འདི་ནི་གཉིས་སུ་ཤེས་པར་བྱ། །ཞེས་པ་ལ་གང་གིས་དབུགས་ལ་སློབ་པ་དང་། དེ་བཞིན་དུ་མིག་ལ་སོགས་པ་གཞན་ལ་ཡང་སློབ་པ་འདི་ནི་གཉིས་པའོ། །དབང་པོའང་དུ་ཞིག་ཅེ་ན། མིག་ ལ་སོགས་པའི་སྦྱོར་བ་ལ། །ཡི་གེ་ཐིག་ལེ་མེད་པར་བྱ། །ཞེས་པ་མིག་གི་དབང་པོ་དང་། རྣ་བའི་དབང་པོ་དང་། སྣའི་དབང་པོ་དང་། ལྕེའི་དབང་པོ་དང་། ལུས་ཀྱི་དབང་པོ་དང་། དེ་ལ་སོགས་པ་ལ་སློབ་པ་སྟེ། དེ་རེ་རེ་ལའང་སྐུ་དང་། ཕྱག་མཚན་དང་། ཐིག་ལེ་དང་། ཡི་ གེ་ལ་སོགས་པ་ལ་སློབ་པའོ། །དེའི་རྟེན་ཡང་གང་ཡིན་ཞེ་ན། མིག་ལ་སོགས་པ་ལ་གནས་པའི་ཁ་དོག་དཀར་པོའམ། དེ་ལས་གཞན་པ་དང་། ལྡན་པའི་རྩ་པདྨ་ཁ་བྱེ་བའི་ཚུལ་ཅན་ལ་བརྟེན་པར་བྱེད་པ་སྟེ། པདྨ་ཁ་བྱེའི་ཚུལ་ཅན་ལ། །བརྟེན་ནས་དེ་ཡི་རྣམ་པ་བསམ། ། ཞེས་པས་བསྟན་ཏོ། །ཅིའི་ཕྱིར་དེའི་དབང་པོའི་རྒྱུ་བ་འགོག་པ་ཡིན་སྙམ་པ་ལ། གང་གིས་མིག་ལ་སོགས་པ་རྣམས། །གཟུགས་ལ་སོགས་པའི་རྣམ་པ་ལ། །མིག་ལས་རྒྱུ་བར་མི་བྱེད་པ། །དེའི་ཕྱིར་དེ་ལ་དེ་སྐད་བྱ། །ཞེས་པ་མིག་ནས་ལུས་ཀྱི་བར་དུ་ཡུལ་གྱི་རྣམ་པ་ལ་དམིགས་པའི་ཞེན་པ་འགོག་ 35-1-226b པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཡང་ཇི་ལྟར་བྱེད་སྙམ་པ་ལ། དེ་ལ་དམིགས་ནས་འབྱུང་བ་དང་། །འཇུག་དང་གནས་པར་བྱེད་པ་ཡིན། །ཞེས་པ། དབང་པོ་ལྔ་ལ་ཐིག་ལེ་ལ་སོགས་པ་དམིགས་ནས། དེ་ལ་སེམས་གཏད་དེ། འབྱུང་བ་དང་འཇུག་པ་དང་གནས་པ་གཉིས་ལ་བསླབ་པར་བྱའོ། །གནས་ པ་གཉིས་ཞེས་བྱ་བ་འདི་ཡང་གང་ཞིག་ཡིན་ཞེ་ན། འབྱུང་དང་འཇུག་པའི་ཆ་ལ་གནས། །རྩ་བ་དང་ནི་རྩེ་མོ་གཉིས། །ཞེས་པ་གང་འབྱུང་བའི་ཆ་ལ་བརྟེན་པ་དེ་ཉིད་རྩེ་མོར་གནས་པ་ནི་དང་པོར་རྩ་བའི་ས་བོན་ལ་དམིགས་ནས་དེ་ལས་དབུགས་འབྱུང་བའི་སྟོབས་ཀྱིས། བ་ཐག་གམ་ཕྲེང་བའམ་ འོད་ཀྱི་ཚུལ་དུ་རྩེ་མོ་ལ་བསྟིམས་ཏེ། འབྱུང་བ་རྒྱུན་ཆད་པ་དང་། ཇི་སྲིད་དུ་དེ་ཉིད་ཀྱི་རྣམ་པ་ལ་དམིགས་པ་ནི་འབྱུང་བའི་ཆ་ལ་བརྟེན་པའི་གནས་པའོ། །དེ་ལས་གང་གི་ཚུལ་དུ་འདུས་ནས་རང་གི་སར་བསྟན་པ་ནི་འཇུག་པའི་ས་ལ་བརྟེན་པའི་གནས་པའོ། །མིག་དང་ རྣ་བ་དང་ནི་ལྕེ། །ལུས་ཀྱི་སྤྱི་བོ་ལ་སོགས་མཐར། །གང་ཞིག་དབང་པོ་ཁ་ཕྱེ་བའི། །རྩ་ནི་དད་པའི་ཁ་དོག་ཅན། །རྩེ་མོར་སོ་སོའི་རིགས་མཐུན་པའི། །རྡོ་རྗེ་རིན་ཆེན་པདྨ་གྲི། །རྒྱ་གྲམ་འཁོར་ལོའི་རྣམ་པའམ། །ཨོཾ་ཨཱཿཧཱུཾ་དང་སྭཱ་ཧཱ་ཧཾ། །རྩེ་མོ་ལ་ནི་ལེགས་གནས་ པའོ། །ཡང་ནི་ཕྲེང་བའི་ཐིག་ལེར་བཅས། །ཞེས་པ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །གཞན་ཡང་དབུགས་ཀྱི་རྒྱུ་བ་འགོག་པ་ཞེས་བྱ་བ་འདི་གང་ཞིག་ཡིན་ཞེ་ན། གང་གི་རྣ་བའི་བུ་ག་ནས། །དབུགས་རྣམས་རབ་ཏུ་རྒྱུ་འགྱུར་བ། །དེ་ལ་དམིགས་ཕྱིར་དེ་སྐད་དོ། ། ཞེས་པ་གང་གིས་སྣའི་རྩེ་མོ་ལ་དམིགས་ཏེ་ལུས་ཀྱི་གནས་ནས་རླུང་ཐམས་ཅད་འདུས་ནས། སྣའི་རྩེ་མོ་ལ་འཛིན་པ་འདི་ནི་དབུགས་ཀྱི་འགོག་པའོ། །འོ་ན་དབུགས་ཀྱང་ཇི་ལྟ་བུ་དམིགས་ཤེ་ན། དཀར་པོ་ལ་སོགས་རྣམ་པ་ལ། །ཡི་གེ་དང་བཅས་དེ་ཉིད་དམ། །སྒྱུ་མ་ཙམ་དུ་དམིགས་པའོ། ། ཞེས་པ་གང་ཞིག་གིས་སྙིང་ལ་སོགས་པ་ནས་འོད་ཟེར་ཁ་དོག་སྣ་ལྔ་དང་ཁ་དོག་སྣ་གསུམ་དང་། གཅིག་པ་དང་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་གང་གནས་པ་དེ་ལས་དང་པོ་པས་ནི་ཡི་གེའི་ཕྲེང་བ་དང་བཅས་པའོ། །ཕྱི་ནས་ནི་ཕྲེང་བ་དང་བྲལ་བའི་འོད་ལ་དམིགས་པའོ། །དེ་ནས་འོད་ཀྱང་སྒྱུ་མ་ཙམ་དུ་དམིགས་པའོ། ། 35-1-227a ཕྲེང་བ་དང་བཅས་པ་ཞེས་བྱ་བའང་གང་ཞིག་གིས་ཇི་ལྟར་བཟླས་ཤེ་ན། འབྱུང་བ་ཀཱ་ལིའི་ཕྲེང་བ་སྟེ། །འཇུག་པ་ཨཱ་ལིའི་ཕྲེང་བ་ཡིན། །འབྱུང་དང་འཇུག་པ་གང་ཡིན་པ། །ཨོཾ་དང་ཧཱུཾ་ནི་རྩེ་མོར་འབར། །ཞེས་པ་གང་ཞིག་རླུང་འབྱུང་བའི་དུས་སུ་ཁ་དོག་ ལྔ་དང་ལྡན་པའི་རླུང་ལ་ཀཱ་ལིའི་ཕྲེང་བ་རྒྱུ་བར་བྱས་ཏེ། དེའི་རྩེ་མོ་ལ་ཧཱུཾ་བསམ་པའམ། ཡང་ན་ངལ་བའི་དབང་དུ་ཨོཾ་བསམ་པའོ། །རླུང་འཇུག་པའི་དུས་སུ་འོད་ཟེར་ཁ་དོག་སྣ་ལྔ་ལ་ཨཱ་ལིའི་ཕྲེང་བ་སྟེ། རྩེ་མོ་གོང་བཞིན་དུ་ཤེས་པར་བྱའོ། །དེ་ལའང་དུ་ཡོད་ཅེ་ན། སྐུ་དང་ཡི་གེ་ལ་ སོགས་པས། །བཟླས་པ་དུ་མའི་བདག་ཉིད་ཅན། །ཞེས་པ་བཟླས་པ་ནི་རིགས་དང་དམིགས་པའི་དབང་དུ་སྣ་ཚོགས་ཤིང་དཔག་ཏུ་མེད་པ་བསྟན་པར་ཤེས་པར་བྱའོ། །འོ་ན་རྡོ་རྗེ་བཟླས་པ་ཞེས་བྱ་བ། འདིར་གང་ལ་བརྟེན་ཞེ་ན། གང་གི་སྣ་ཡི་སྦྱོར་བ་ལ། །བརྟེན་ནས་ མཁས་པ་རྣམས་ཀྱིས་འགྲུབ། །ཅེས་པ་དབུགས་ཀྱི་རྒྱུ་བ་འགོག་པའི་བཟླས་པ་འདི་ནི་རྣལ་འབྱོར་པས་རང་གི་སྣའི་བུ་ག་ལ་བརྟེན་ནས་འགྲུབ་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལམ་ཡིན་པ་ཉིད་དང་། བརྟེན་པར་བྱེད་པ་ཉིད་དང་། དགག་པར་ རུང་བ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱའོ། །འོ་ན་འོག་གི་བཟླས་པ་ཞེས་བྱ་བ་འདི་གང་ཞིག་ཡིན་ཞེ་ན། བཤད་པ། རྡོ་རྗེ་རྩེ་ལ་གང་ཞིག་གིས། །དམིགས་པ་འོག་གི་དབང་དུ་གསུངས། །ཞེས་པ་ཐབས་ཀྱི་རྡོ་རྗེ་བྱིན་གྱིས་བརླབས་ཏེ། དེ་ལ་བརྟེན་ནས་འབྱུང་བ་དང་། འཇུག་པ་ དང་གནས་པ་ལ་སློབ་པར་བྱེད་དོ། །དེའང་ཅིའི་ཕྱིར་ན། འདོད་ཆགས་ཅན་རྣམས་འདུལ་བྱེད་ཕྱིར། །སྦྱོར་བ་འདི་ནི་བསྟན་པ་ཡིན། །ཞེས་པ་སེམས་ཅན་འདོད་ཆགས་ཅན་ཁ་ཅིག་འདོད་པ་ལ་མངོན་པར་ཞེན་པ་དང་། ས་བོན་ལ་ཆགས་པ་དང་། འདུ་བའི་སྟོབས་ཅན་ ལ་དེའི་སྦྱོར་བ་བསྟན་པར་བྱའོ། །གཞན་ཡང་འདོད་ཆགས་ཅན་ཞེས་བྱ་བ་ནི། འདོད་པའི་ཡོན་ཏན་ལྔ་ལ་ལྷག་པར་ཞེན་ཅིང་ཆགས་པ་སྟེ། དེའི་གཉེན་པོ་ནི་དབང་པོའི་རྒྱུ་བ་འགོག་པའང་ཡིན་པས་དེ་དོན་མེད་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། བུད་མེད་བརྟེན་ལ་དགའ་བ་རྣམས། ། 35-1-227b འདོད་ཆགས་ཅན་ཞེས་ཡང་དག་བཤད། །ཅེའོ། །འོ་ན་དེ་ལྟ་ན་ནི་བུད་མེད་ལ་མ་བརྟེན་པར་འགྲུབ་པར་མི་འགྱུར་ཞེ་ན་བདེན་ཏེ། གང་ཞིག་མཚན་ལྡན་བུད་མེད་ལ། །བརྟེན་ནས་བཟླས་པར་བྱ་བ་ཡིན། །ཞེས་པ་གང་གིས་རྡོ་རྗེ་དང་། གསང་བའི་རྩའི་ཡི་གེ་ལ་སོགས་པ་ལ་བརྟེན་ ནས་འབྱུང་བ་དང་འཇུག་པ་དང་གནས་པ་ལ་བསླབས་ཏེ་གོང་བཞིན་ནོ། །དབུ་མ་ལ་བརྟེན་པའི་བཟླས་པ་ཞེས་བྱ་བའང་གང་ཡིན་ཞེ་ན། སྙིང་གི་དབུས་ཀྱི་ས་བོན་ལས། །གང་ཞིག་འབྱུང་དང་འཇུག་པ་དག །གཞན་དུ་མི་འཕྲོ་དེ་ཉིད་དུ། །གསལ་བ་ནང་གི་བཟླས་པ་ཡིན། །ཞེས་ པ་སྙིང་གི་དབུས་སུ་ས་བོན་བསམས་ཏེ། དེ་ལས་རླུང་འབྱུང་བ་དང་འཇུག་པ་དང་། གནས་པ་ལ་བརྟེན་པར་བྱ་ཞིང་བསླབ་པར་བྱའོ། །དེ་ཡང་དང་པོ་དང་བར་མ་དང་ཐ་མའི་རིམ་པ་ནི་གོང་བཞིན་དུ་ཤེས་པར་བྱའོ། །འདི་དག་ལའང་ཅིའི་ཕྱིར། རྡོ་རྗེ་བཟླས་པ་སྙམ་པ་ལ། །རྡོ་རྗེས་བཟླས་ དང་རྡོ་རྗེར་བཟླས། །རྡོ་རྗེ་ལ་ནི་དམིགས་པ་དང་། །རྡོ་རྗེ་ཡིས་དང་རྡོ་རྗེའི་ཕྱིར། །རྡོ་རྗེ་འབྱུང་དང་རྡོ་རྗེ་སྤོང་། །རྡོ་རྗེ་འཇོམས་དང་རྡོ་རྗེ་བྲལ། །ཞེས་པ་རྡོ་རྗེ་བཟླས་པ་ནི་འོད་ལྔའི་སྦྱོར་བས་སོ། །རྡོ་རྗེར་ཞེས་པ་གང་ཡིན་ཞེ་ན། དངོས་པོ་ཐམས་ཅད་རྡོ་རྗེ་ཡི། །ངོ་བོར་བྱས་ཏེ་ཟློས་ཕྱིར་དང་། ། ཞེས་པ་ནི་གཟུང་བ་དང་འཛིན་པའི་རྣམ་པ་ཐམས་ཅད་རྡོ་རྗེའི་བཟླས་པའི་ངོ་བོར་བྱས་པའི་ཕྱིར་རོ། །རྡོ་རྗེ་ལ་དམིགས་པ་ཞེས་བྱ་བའང་གང་ཞེ་ན། གང་ཚེ་སྐུ་གསུང་ཐུགས་དག་ལ། །དམིགས་པ་དེ་ལ་དེ་སྐད་དོ། །ཞེས་པ་སྐུ་གསུང་ཐུགས་རྡོ་རྗེ་དང་འདྲ་བ་ལ། དམིགས་པ་གང་ཡིན་ པ་དང་། གཞན་ཡང་འོག་གི་དབང་དུའང་དེ་བཞིན་ནོ། །རྡོ་རྗེ་ཡིས་ཞེས་པ་བཤད་པ། རྡོ་རྗེའི་འོད་ཟེར་འབར་བ་ཡིས། །གང་དུ་འབྲས་ཐོབ་དེ་ཕྱིར་རོ། །ཞེས་པ་འོད་ཟེར་དང་བ་ཐག་དང་ཕྲེང་བ་འདི་ནི་རྡོ་རྗེ་དང་འདྲ་བ་སྟེ། དེས་འབྲས་བུ་ཐོབ་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། ། རྡོ་རྗེ་ཡི་ཕྱིར་ཞེས་བཤད་པ། གང་ཞིག་མཆོག་ནི་ཐོབ་བྱའི་ཕྱིར། །བཟླས་པ་གང་ཡིན་དེ་ཁོ་ན། །ཞེས་པ་ནི། རྡོ་རྗེ་ནི་ཆོས་ཀྱི་དབྱིངས་ཏེ། དེ་ཐོབ་པར་བྱེད་པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་ལས་བྱུང་བ་ནི། སྙིང་ག་དང་ནི་རྩ་བ་ནས། །གང་ཞིག་འབྱུང་བར་བྱེད་པ་དང་། །ཞེས་པ་ 35-1-228a སྙིང་གའི་ས་བོན་དང་། རྡོ་རྗེ་རྩ་བའི་ས་བོན་དེ་དག་ལས་བྱུང་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་སྤོང་བ་དང་རྡོ་རྗེ་འཇོམས་པ་བཤད་པ། རྟོག་པ་རྡོ་རྗེ་དང་འདྲ་བ། །གང་གིས་འཇོམས་པར་བྱེད་པ་དང་། །ཞེས་པ་རྣམ་པར་རྟོག་པའང་འཇིག་པར་དཀའ་བ་ཉིད་ཀྱི་ཕྱིར་ཏེ། དེ་འཇོམས་པའི་བཟླས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འདིའི་བཟླས་པའང་གང་ཡིན་དུ་ཞེ་ན། རྡོ་རྗེ་བཟླས་དང་ནང་གི་དང་། །ཟབ་མོ་གསང་བའི་བཟླས་པ་ནི། །རྣམ་གྲངས་ཡིན་པར་ཤེས་པར་བྱ། །ཞེས་པ་ངེས་པའི་ཚིག་དང་། མི་བརྟན་པའི་ཕྱིར་དང་། རྟོགས་པར་དཀའ་བ་ཉིད་ དང་། བྱང་ཆུབ་སེམས་དང་ལྡན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འདིའང་ཆོས་དུ་དང་ལྡན་ཞེ་ན། ངེས་པའི་ཚིག་རྣམས་ངག་གི་རྟོག་པ་སྦྱོང་། །ཞེས་པ་བཤད་ཟིན་ཏོ། །འདི་ཡིས་གཞན་ལ་ཐལ་འགྱུར་བ། །སེལ་ཕྱིར་དེ་དག་བརྗོད་པར་བྱ། །ཞེས་པ་ནི་ཅི་རིགས་སུ་བཤད་ དོ། །རྒྱུའང་གང་ཡིན་ཞེ་ན། ཏིང་འཛིན་ཟས་ལ་སོགས་པ་རྣམས། །འབྲས་བུ་སྐྱེད་པར་བྱེད་ཕྱིར་རྒྱུ། །ཞེས་པ་གང་དུ་ཏིང་ངེ་འཛིན་ཟས་སྐོམ་དང་། དུས་ཉིད་དང་། ཡུལ་ལ་སོགས་པ་དག་གིས་འབྲས་བུ་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །དུས་གང་གི་ཚེ་ན། བསྐྱེད་ པ་མཐར་ཕྱིན་སེམས་ལ་དམིགས། །འདི་ལ་གཞོལ་བ་དེ་ཡི་དུས། །ཞེས་པ་གང་གིས་བསྐྱེད་པའི་རིམ་པ་མཐར་ཕྱིན་པ་དང་སེམས་ལ་དམིགས་པ་མཐར་ཕྱིན་པ་ལས་གཞོལ་བའི་དུས་སུའོ། །འདིའི་མཚན་ཉིད་ཀྱང་གང་ཞེ་ན། སྐྱོན་རྣམས་སྤངས་ཤིང་ཡོན་ཏན་ལྡན། །འདི་ནི་ མཚན་ཉིད་ཅེས་སུ་བཤད། །ཅེས་པ་གང་གིས་སྤང་བ་དང་བླང་བ་དག་དང་བྲལ་ཞིང་ལྡན་པ་འདི་ནི་འདིའི་མཚན་ཉིད་དོ། །དམིགས་པ་གང་ཡིན་ཞེ་ན། གང་ཞིག་དབྱེ་བའི་རྣམ་པ་བཞིན། །འོད་དང་བ་ཐག་ཕྲེང་བ་དང་། །ཡི་གེ་གསུམ་གྱི་རྣམ་པའམ། །ཡང་ན་ཐབས་དང་ཤེས་ རབ་བོ། །ཞེས་པ་གང་གིས་འོད་དང་བ་ཐག་ཐིག་ལེའི་ཕྲེང་བ་དང་། རྩེ་མོ་ལ་ཨོཾ་ཨཱཿཧཱུཾ་དང་། ཨཱ་ལི་ཀཱ་ལིའི་ཕྲེང་བ་ལ་དམིགས་པ་འདི་ནི་འདིའི་དམིགས་པའོ། །དམིགས་པ་ལ་སེམས་འཛིན་པའི་རྒྱུའམ་གྲོགས་གང་ཡིན་ཞེ་ན། གང་དུ་ཚོགས་ལ་སོགས་པ་རྣམས། །འདི་ཡི་ 35-1-228b སྒྲུབ་པའི་གྲོགས་སུ་འགྱུར། །ཞེས་པ་གོ་སླའོ། །སྔོན་དུ་འགྲོ་བ་གང་ཡིན་ཞེ་ན། བསྐྱེད་པ་ཁམས་བཅོས་སྔོན་དུ་འགྲོ། །ཞེས་པ་རྡོ་རྗེ་བཟླས་པའི་སྔོན་དུ་ཁམས་བཅོས་པ་དང་། བསྐྱེད་པའི་རིམ་པ་ལ་བསླབ་པར་བྱ་བ་འདི་ནི་སྔོན་དུ་འགྲོ་བའོ། །འདིའི་རྟེན་ཡང་གང་ཡིན་ཞེ་ན། བསྐྱེད་པ་ཡི་ནི་སྦྱོར་བ་ལ། །བརྟེན་ནས་བཟླས་པར་བྱ་བ་ཡིན། །ཞེས་པ་རྡོ་རྗེ་བཟླས་པའི་རྟེན་ནི་བསྐྱེད་པའི་རིམ་པ་སྟེ། འདི་ལ་བརྟེན་ནས་འདི་བྱེད་པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །ཚིག་འཁྱལ་ལ་སོགས་མི་མཐུན་ཕྱོགས། །ཞེས་པ་ཚིག་ཀྱལ་པ་དང་། ངག་རྩུབ་མོ་ དང་ཕྲ་མ་དང་བརྫུན་ལ་སོགས་པ་འདི་ནི་བཟླས་པ་མི་མཐུན་པའི་ཕྱོགས་སོ། །དེའི་གཉེན་པོ་ནི་འདི་ཉིད་དེའི་གཉེན་པོའོ་ཞེས་པ་འགལ་བ་ཡིན་པའི་ཕྱིར་རོ། །སའི་ཁྱད་པར་ཡང་གང་ཡིན་ཞེ་ན།གང་ཞིག་འདི་ལ་རྟག་གནས་ནས། །ས་བརྒྱད་པ་ལ་གནས་པར་བྱེད། །ཅེས་པ་ རྡོ་རྗེ་བཟླས་པ་ལ་གནས་པའི་རྣལ་འབྱོར་པ་ས་བརྒྱད་པ་བཟོད་པ་འབྲིང་ལ་གནས་པའོ། །དེ་དང་འབྲེལ་བའི་དངོས་གྲུབ་ཀྱང་གང་ཡིན་ཞེ་ན། ཁ་དོག་ལྔ་ལ་དམིགས་པ་ཡིས། །ལས་བཞི་དེ་དང་འབྲེལ་པ་འགྲུབ། །ཅེས་པ་ཞི་བ་ལ་སོགས་པའི་ལས་དང་བསྲུང་བ་དང་། འཕེལ་ བ་ལ་སོགས་པ་འབྱུང་བར་འགྱུར་རོ། །འབྱུང་ལ་གང་ཞིག་གནས་པ་ཡིས། །ཐུན་མོང་གཞན་ནི་འགྲུབ་འགྱུར་ཏེ། །འཇུག་དང་གནས་པའི་སྦྱོར་བ་ཡིས། །འདི་ཡི་སྲིད་པ་འགྲུབ་པར་འགྱུར། །ཞེས་པ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ཡང་སྤྱོད་པ་གང་དང་ འབྲེལ་པ་ཡིན་ཞེ་ན། བྱུག་པ་དང་ནི་དེར་འབྲེལ་ལོ། །བསླབ་པ་སྤྱོད་པར་འབྲེལ་པ་ཡིན། །ཞེས་པ་ཤ་ཆེན་པོ་ལ་སོགས་པ་བྱིན་གྱིས་བརླབས་ཏེ་བཟའ་བ་དང་། འདི་དག་གིས་བྱུག་པ་བྱའོ། །ས་མཚམས་ཀྱང་གང་ནས་གང་དུ་ཡིན་ཞེ་ན། བསྐྱེད་ལ་བརྟེན་ནས་སེམས་ལ་ དམིགས། །བར་དུ་རྡོ་རྗེ་བཟླས་པ་ཡིན། །ཞེས་པ་དང་པོ་བསྐྱེད་པའི་རིམ་པ་ནས་བརྩམས་ནས་དེ་གོམས་ནས་སེམས་ལ་དམིགས་པའི་བར་དུ་རྡོ་རྗེ་བཟླས་པའོ། །འབྲས་བུ་གང་འབྱུང་ཞེ་ན། ངག་གི་དབང་ཕྱུག་སྦྱོར་བ་ཡང་། །རྡོ་རྗེ་བཟླས་པ་འདི་ཡིས་འགྲུབ། །ཅེས་པ་འདི་ 35-1-229a ཡིས་ངག་གི་དབང་ཕྱུག་ཡན་ལག་རྒྱ་མཚོའམ། ཡན་ལག་དྲུག་ཅུའི་དབྱངས་ལ་སོགས་པ་ཐོབ་པར་འགྱུར་རོ། །གོམས་པའི་ཚད་ཅི་ཞེ་ན། གང་གིས་རླུང་རྣམས་གསལ་བ་ནི། །ཉམས་སུ་མྱོང་བ་གོམས་པའི་ཚད། །ཅེས་པ་ཁ་དོག་དང་དབྱིབས་ དང་གྲངས་གང་དུ་གསལ་བ་དེ་ནི་གོམས་པའི་ཚད་དོ། །མཐར་ཕྱིན་པའི་ཚད་ཀྱང་གང་ཡིན་ཞེ་ན། གནས་འཕོ་བ་དང་དུ་མར་བྱེད། །འདི་ནི་མཐར་ཕྱིན་ཚད་ཡིན་ནོ། །ཞེས་པ་ཕྲ་བའི་རླུང་རགས་པ་དང་། རགས་པའི་རླུང་ཕྲ་བར་བྱེད་པ་དང་། ཕྲ་བའི་རླུང་དང་རགས་པ་ བཞིན་དུ་མ་དང་དེ་ལས་བཟློག་པ་ཤེས་པ་འདིའི་དུས་སུ་དབུགས་ནང་དུ་བསྡུས་ན་གནོད་པ་མི་འབྱུང་བའོ། །གཞན་ནི། གང་ཞིག་དང་པོ་གཉིས་པ་དང་། །གསུམ་པའི་གང་ཟག་དབང་དག་ཏུ། །དབྱིབས་དང་རླུང་དང་སྒྱུ་མར་དམིགས། །རིགས་ཅན་ལ་ནི་འབྲས་བུ་སྐྱེ། ། ཀློག་དང་ཁ་དོག་སྦྱོར་བ་མེད། །ཕྲེང་བ་མི་དགོས་བགྲང་མི་དགོས། །འོན་ཀྱང་རླུང་ལ་བརྟེན་པའི་ཕྱིར། །འདི་ནི་བཟླས་པར་བཤད་པ་སྟེ། །གང་ཞིག་སྦྱོར་བ་འདི་ལ་གནས། །ངག་གི་དབང་ཕྱུག་ཐོབ་པར་འགྱུར། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། ། དེ་ལྟར་རྡོ་རྗེ་བཟླས་པ་རྒྱས་པར་བསྟན་ནས། ད་ནི་སེམས་ལ་དམིགས་པ་བཤད་པར་བྱ་སྟེ། དེ་ལ་སེམས་ལ་དམིགས་པ་དུ་ཞིག་ཅེ་ན་བཤད་པ། གང་དུ་སེམས་ལ་དམིགས་པ་ལ། །ངོ་བོ་དང་ནི་རྣམ་དབྱེ་དང་། །ངེས་པའི་ཚིག་དང་རྣམ་གྲངས་དང་། །ཆོས་རྣམས་གང་དང་ ལྡན་པ་དང་། །གཞན་སེལ་རྒྱུ་དུས་ནུས་པའོ། །ངོ་བོ་ཡང་གང་ཡིན་ཞེ་ན། སེམས་ལ་དམིགས་པའི་ཏིང་འཛིན་ནི། །རང་གི་ངོ་བོར་ཡང་དག་འདོད། །ཅེས་པ་གང་དུ་སེམས་ལ་དམིགས་པའི་ཏིང་ངེ་འཛིན་ནི་དེའི་རང་གི་ངོ་བོའོ། །ཅིའི་ཕྱིར་སེམས་ལ་དམིགས་པ་ཞེ་ན། སྐུ་གསུང་ཐུགས་ཀྱི་སེམས་དཔའ་འམ། །བྱང་ཆུབ་སེམས་ལ་དམིགས་པའམ། །སེམས་སྣང་ཕྱིར་ནི་དེ་སྐད་བརྗོད། །ཅེས་འོག་ནས་སྟོན་ཏོ། །དབྱེ་བའང་དུ་ཞིག་ཅེ་ན། རང་བཞིན་འཁྲུལ་པ་ལམ་དག་དང་། །འབྲས་བུའི་རྣམ་པ་བཅུ་གཉིས་སོ། །ཞེས་པ་རང་བཞིན་སྣང་བ་ 35-1-229b གསུམ་དང་། འཁྲུལ་པའི་སྣང་བ་གསུམ་དང་། ལམ་གྱི་སྣང་བ་གསུམ་དང་། འབྲས་བུའི་སྣང་བ་གསུམ་མོ། །རྣམ་གྲངས་ནི། སེམས་དཔའ་ལ་དམིགས་སེམས་ལ་དམིགས། །ཡིད་དང་རྣམ་ཤེས་རྣམ་གྲངས་སོ། །ཞེས་པ་གོ་སླའོ། །ཆོས་དུ་གཞན་སེལ་སྦྱོར་བ་ ནི། །ཐལ་འགྱུར་གཉེན་པོར་བརྗོད་པ་ཡིན། །ཞེས་བཤད་ཟིན་ཏོ། །རྒྱུ་ནི་བྱང་ཆུབ་སེམས་ཡིན་ཏེ། །ཤེས་རབ་དང་ནི་སྙིང་རྗེའོ། །ཞེས་པ་གང་གིས་རྡོ་རྗེ་བཟླས་པ་མཐར་ཕྱིན་ནས། དེའི་ཡེ་ཤེས་བསྐྱེད་པ་གང་ཡིན་པ་དེ་ནི་དེའི་རྒྱུའོ། །དུས་ནི་བཟླས་པ་མཐར་ཕྱིན་པའོ། །ཞེས་ པ་གང་གི་ཚེ་རྡོ་རྗེ་བཟླས་པ་མཐར་ཕྱིན་ནས། དེའི་དུས་སུ་བྱེད་པ་གང་ཡིན་པ་དེ་ནུས་སོ། །ནུས་པའང་ཅི་ཡོད་ཅེ་ན། སེམས་ཀྱི་དྲི་མ་འཁྲུ་བར་བྱེད། །ཅེས་པ་སེམས་ཀྱི་འཁྲུལ་པ་གང་གིས་སྤོང་བར་ནུས་པ་དེ་ནི་ནུས་པའོ། །གཞན་ཡང་། བསྐྱེད་པའི་སྐུ་ལ་རྟག་གནས་ཤིང་། །རྡོ་རྗེ་ བཟླས་པ་མཐར་ཕྱིན་ནས། །སྙིང་གར་སེམས་གསུམ་མཚན་མའམ། །འོད་ཀྱི་ཐིག་ལེ་གསལ་བ་ནི། །སྣང་བ་ཟླ་བ་ལྟ་བུའོ། །དེ་ལས་འོད་བྱུང་བདག་དང་བཅས། །ཞུ་བ་སྣང་བ་མཆེད་པ་སྟེ། །ཉི་མ་ལྟ་བུའོ་འདུས་པ་ནི། །སྣང་བ་ཐོབ་པ་ཞེས་སུ་བཤད། །དམིགས་པའི་དབང་དུ་ བཤད་པའོ། །སྤྱི་བོ་མགྲིན་པ་སྙིང་གའམ། །ཡང་ན་གསང་བའི་ཆ་ལ་གནས། །གནས་ཀྱི་རྣམ་པར་གནས་པའོ། །སྐད་ཅིག་ལ་སོགས་རྣམ་པ་ལ། །གནས་པ་དུས་ཀྱི་སྣང་བའོ། །ཟླ་བ་ཉི་མ་ནུབ་པའི་ཚུལ། །དཔེ་ཡི་དབང་དུ་བྱས་པའོ། །མངལ་ལ་སོགས་པའི་རིམ་པ་ལ། །ཤེས་ པ་འཕེལ་བར་གྱུར་པ་དང་། །གང་ཞིག་དམིགས་པ་ལ་སོགས་པ། །དུས་ལས་འཁྲུལ་པ་འབྱུང་བར་འགྱུར། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཞན་ཡང་། འཁྲུལ་བ་རྣམས་ལ་རྒྱུ་དང་རྐྱེན། །འབྲས་བུ་སྐྱེ་བའི་རིམ་པ་དང་། །གང་ཞིག་སྣང་བ་གསུམ་པོ་དག ། འབྱུང་ངོ་འོད་གསལ་ངང་ལས་དང་། །ཐོབ་པས་ལུགས་ལས་བཟློག་པ་དང་། །འདི་དག་འབྲས་བུའི་སྣང་བའོ། །སེམས་ནི་རླུང་ལ་ཞོན་པ་ཡིས། །རང་བཞིན་འདི་དག་འབྱུང་བ་ཡིན། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ལྟར་སེམས་ལ་དམིགས་པ་རྒྱས་པར་ 35-1-230a བཤད་ནས། ད་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བཤད་པར་བྱ་སྟེ། དེ་ལ། སེམས་དམིགས་སྦྱོར་བ་གོང་བཞིན་ཏེ། །ཞེས་པ་ངོ་བོ་ལ་སོགས་པ་གོང་བཞིན་ནོ། །རྒྱས་པར་བཤད་པ། སྒྱུ་མ་ལ་དམིགས་ངོ་བོ་སྟེ། །ཞེས་པ་གང་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་འདི་ ནི་ངོ་བོའོ། །ཅིའི་ཕྱིར་ཞེ་ན། སྒྱུ་མའི་དཔེ་ཡིས་ཉེར་མཚོན་ཕྱིར། །སྒྱུ་མ་ལྟ་བུའི་སྐུ་ཞེས་བཤད། །ཅེས་པ་གང་ལ་སྒྱུ་མ་ལྟ་བུ་སྟེ། །སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་ཉེ་བར་མཚོན་པའི་ཕྱིར་སྒྱུ་མ་ལྟ་བུའི་སྐུའོ། །དབྱེ་བའང་དུ་ཞིག་ཅེ་ན། གང་དུ་རིམ་དང་ཅིག་ཅར་བའམ། ། མང་བ་དང་ནི་ཉུང་བའོ། །ཞེས་པ་བསྐྱེད་པ་བཞིན་ཏེ་གོང་བཞིན་ནོ། །ཀུན་རྫོབ་བདེན་དང་སྒྱུ་མ་དང་། །ཡིད་ཀྱིས་གཟུགས་ནི་རྣམ་གྲངས་སོ། །ཞེས་པ་སྒྱུ་མ་ལྟ་བུ་དང་ཀུན་རྫོབ་ཀྱི་བདེན་པ་དང་། ཡིད་ཀྱི་རང་བཞིན་གྱི་གཟུགས་ནི་རྣམ་གྲངས་སོ། །ཆོས་དུ་དང་ལྡན་ཞེ་ན། སྐུ་ དང་སྒྱུ་འདྲ་ཡིད་གཟུགས་དང་། །ཏིང་ངེ་འཛིན་དམིགས་འདི་རྣམས་སོ། །ཞེས་པ་གང་ལ་འདི་དག་དང་ལྡན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། འདིས་ནི་གཞན་སེལ་བའང་བསྙད་དོ། །རྒྱུ་གང་ཡིན་ཞེ་ན། ཐོབ་པ་ལས་བྱུང་འདི་ནི་རྒྱུ། །ཞེས་པ་སྣང་བ་ཐོབ་པའི་ཡེ་ཤེས་འདི་ནི་སྒྱུ་མ་ལྟ་བུའི་ རྒྱུའོ། །དུས་གང་གི་ཚེ་བསྒོམ་ཞེ་ན། སེམས་ལ་དམིགས་པ་མཐར་ཕྱིན་ནས། །སྒྱུ་མ་ལྟ་བུར་ཡང་དག་གནས། །ཞེས་པ་གང་གིས་བསྐྱེད་པ་སྒྱུ་མ་ལྟ་བུ་བསྒོམ་པ་ནི་སེམས་ལ་དམིགས་ནས་སོ། །ནུས་པའང་ཅི་ཡོད་ཅེ་ན། འདི་ཡིས་སྐུ་གཉིས་ཐོབ་པར་བྱེད། །ཅེས་པ་ སྒྱུ་མ་ལྟ་བུ་འདིས་སྦྱངས་ནས། ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་ཐོབ་པར་བྱེད་དོ་ཞེའོ། །དེ་ལས་གཞན་ཡང་བཤད་པ། གང་ཞིག་གིས་ནི་དངོས་པོ་རྣམས། །སྒྱུ་མའི་དཔེས་ནི་ཉེར་མཚོན་ནས། །ཕྱིས་ནི་དེ་ཡི་རྣམ་པ་ལས། །གཞན་དུ་མི་མཐོང་མཐར་ཕྱིན་ཚད། ། ལུས་དང་ངག་ཡིད་སྦྱོར་བ་ཡིས། །འདི་ཡི་སྦྱོར་བ་འགྲུབ་པ་ཡིན། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ནས་འོད་གསལ་བ་བཤད་པར་བྱ་སྟེ། དེའི་ངོ་བོ་བཤད་པ། གང་ཞིག་རྟོག་པ་དང་བྲལ་བ། །དེ་ནི་འོད་གསལ་ངོ་བོའོ། །ཞེས་པ་གཟུང་བ་དང་འཛིན་ 35-1-230b པའི་རྟོག་པ་དང་བྲལ་བ་དེ་ནི་འོད་གསལ་བའི་ངོ་བོའོ། །འདི་ལ་ཅིའི་ཕྱིར་ཞེ་ན། རང་བཞིན་འོད་གསལ་རྟོག་སེལ་ཕྱིར། །འོད་གསལ་ཞེས་ནི་རྣམ་པར་བཤད། །ཅེས་པ་རང་བཞིན་གྱིས་འོད་གསལ་བའི་ཕྱིར་དང་། གང་གིས་རྟོག་པ་ཐམས་ཅད་སེལ་བའི་ཕྱིར་དེ་ལ་དེ་སྐད་ཅེས་ བྱའོ། །དབྱེ་བའང་དུ་ཞིག་ཅེ་ན། ཤེས་པ་དང་ནི་ཤེས་བྱ་ཡི། །འོད་གསལ་བ་ནི་འདིར་བཤད་དོ། །ཞེས་པ་ཤེས་བྱ་འོད་གསལ་ནི་དབྱིངས་སོ། །ཤེས་པ་འོད་གསལ་ནི་ཡེ་ཤེས་སོ། །དེའང་གཉིས་ཏེ། རང་བཞིན་འོད་གསལ་གློ་བུར་གྱི། །དྲི་མ་དང་བྲལ་རྣམ་གཉིས་ནི། །ཞེས་ པ་བཤད་ཟིན་ཏོ། །རྣམ་གྲངས་བཤད་པ། འོད་གསལ་རྟག་བྲལ་འདུས་མ་བྱས། །རྣམ་གྲངས་ཡིན་པར་ཤེས་པར་བྱ། །ཞེས་པ་གོ་སླའོ། །ཡང་བཤད་པ། སློབ་པ་དང་ནི་མི་སློབ་པས། །འོད་གསལ་གཉིས་སུ་ཤེས་པར་བྱ། །རིལ་པོར་འཛིན་དང་རྗེས་སུ་གཞིག །སློབ་ པའི་འོད་གསལ་ཞེས་སུ་བཤད། །མི་སློབ་པ་ནི་རྟོག་དང་བྲལ། །དམིགས་མེད་རྣམ་དག་གདོད་ནས་དག །རྣམ་གྲངས་དཔག་ཏུ་མེད་པ་དག །རྒྱལ་བ་སྲས་ཀྱིས་གསུངས་པ་ཡིན། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཞན་ཡང་། རྒྱུ་ནི་ཤེས་རབ་ཏིང་འཛིན་ ཏེ། །ཀུན་རྫོབ་བདེན་ལ་བརྟན་འགྱུར་བ། །འདི་ནི་དུས་ཞེས་བཤད་པ་ཡིན། །གང་ཚེ་ཐམས་ཅད་རང་བཞིན་མེད། །མཐར་ཕྱིན་ཚད་ནི་བཤད་པའོ། །འདི་ཡི་རབ་ཏུ་དགའ་བ་ཡི། །ས་ལ་ཡང་དག་གནས་པའོ། །དེ་ཡི་རྟོག་པ་སྤོང་བ་སྟེ། །གོང་མ་ལ་ནི་མངོན་དུ་ཕྱོགས། །གང་ གིས་མཚན་མ་མེད་པ་ལ། །མཆོག་ཏུ་གཞོལ་བའི་གང་ཟག་གིས། །གཅིག་གིས་སྦྱོར་བས་ཡང་དག་འབྱུང་། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །མཉམ་ལ་གནས་པར་གྱུར་པ་ལ། །འོད་གསལ་ལུང་བསྟན་གླེང་གཞི་ཡིན། །དེ་བས་འོད་གསལ་མངོན་དུ་བྱ། །ཞེས་པ་ནི་བར་ སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ལྟར་འོད་གསལ་བ་རྒྱས་པར་བསྟན་ནས། ད་ནི་ཟུང་དུ་འཇུག་པ་བསྟན་པར་བྱ་སྟེ། དེ་ལ་ཟུང་དུ་འཇུག་པའི་ངོ་བོའང་གང་ཡིན་ཞེ་ན། གཉིས་མེད་ཡེ་ཤེས་གང་ཡིན་པ། །ཟུང་དུ་འཇུག་པའི་ངོ་བོའོ། །ཞེས་པ་གང་རྟོག་པའི་རྣམ་པ་ཐམས་ཅད་དང་ 35-1-231a བྲལ་བའི་ཡེ་ཤེས་དེ་ནི་ཟུང་དུ་འཇུག་པའི་ངོ་བོའོ། །འདི་ལའང་ཅིའི་ཕྱིར་ཟུང་དུ་འཇུག་པ་ཞེས་བྱ་ཞེ་ན། གཉིས་སུ་མེད་ཕྱིར་མི་གནས་ཕྱིར། །གཉིས་དང་བྲལ་ཕྱིར་གཉིས་དམིགས་ཕྱིར། །ཟུང་འཇུག་ཅེས་ནི་བཤད་པ་ཡིན། །ཞེས་པ་གཉིས་སུ་མེད་པའི་ཕྱིར་དང་། གཉིས་སུ་མི་གནས་པའི་ཕྱིར་དང་། གཉིས་དང་བྲལ་བའི་ཕྱིར་དང་། གཉིས་ལ་དུས་གཅིག་ཏུ་དམིགས་པའི་ཕྱིར་ཟུང་དུ་འཇུག་པའོ། །འདིའི་དབྱེ་བའང་དུ་ཞིག་ཅེ་ན། སློབ་པ་དང་ནི་མི་སློབ་པས། །ཟུང་དུ་འཇུག་པ་གཉིས་སུ་ཤེས། །ཞེས་པ་གང་ལ་སློབ་པ་དེ་ནི་སློབ་པའི་ཟུང་དུ་འཇུག་པའོ། ། སློབ་པའི་འབྲས་བུ་ཡོངས་སུ་རྫོགས་པ་འདི་ནི་མི་སློབ་པའི་ཟུང་འཇུག་གོ། །རྣམ་གྲངས་ཀྱང་གང་ཡིན་ཞེས་བཤད་པ། མི་སློབ་པ་དང་མཐར་ཕྱིན་དང་། །ཟུང་འཇུག་གཉིས་མེད་རྣམ་གྲངས་སོ། །ཞེས་པ་ནི་མི་སློབ་པའི་དབང་དུ་བྱས་པའོ། །ཆོས་དུ་དང་ལྡན་ཞེ་ན། ཏིང་འཛིན་ཡིན་དང་ གཉིས་ལ་དམིགས། །སྐད་ཅིག་དམིགས་དང་ཐོགས་པ་མེད། །ཅེས་པ་རྣམ་པ་བཞི་པོ་འདི་དང་ལྡན་པ་ནི་ཟུང་དུ་འཇུག་པའོ། །གཞན་ལ་ཐལ་འགྱུར་སེལ་བ་ནི། །འདི་ཡིས་འགྲུབ་ཀྱིས་གཞན་དུ་མིན། །ཞེས་པ་ནི་གཞན་སེལ་བའོ། །འོ་ན་ཟུང་དུ་འཇུག་པ་ཞེས་བྱ་བའི་རྒྱུའང་གང་ ཡིན་ཞེ་ན། འོད་གསལ་བ་དང་རྣམ་པ་གཉིས། །སློབ་པའི་ཟུང་དུ་འཇུག་པའི་རྒྱུ། །ཞེས་པ་འོད་གསལ་བ་དང་། ཤེས་རབ་དང་ཏིང་ངེ་འཛིན་ནི་སློབ་པའི་ཟུང་དུ་འཇུག་པའི་རྒྱུའོ། །འོ་ན་མི་སློབ་པའི་ཟུང་དུ་འཇུག་པའི་རྒྱུའང་གང་ཡིན་ཞེ་ན། །བྱང་ཆུབ་སེམས་དང་སྙིང་རྗེ་དང་། །སྨོན་ལམ་ དང་ནི་དེ་ཡི་རྒྱུ། །ཞེས་པ་སེམས་ཅན་ལ་ཕན་གདགས་པའི་བསམ་པ་དང་། སྙིང་རྗེ་དང་སེམས་ཅན་གྱི་དོན་ལ་དམིགས་པའི་སྨོན་ལམ་འདི་ནི་མི་སློབ་པའི་དབང་དུ་བྱས་པའོ། །འདི་ལའང་ཅིའི་ཕྱིར་རྒྱུ་ཞེ་ན། གང་ཞིག་ཡོད་ན་གང་འབྱུང་བ་དེ་ནི་དེའི་རྒྱུའོ། །དུས་ཀྱང་གང་གི་ཚེ་འབྱུང་ཞེ་ན། འོད་གསལ་བ་ནི་མཐར་ཕྱིན་པ། །དེ་ཚེ་ཟུང་འཇུག་བསྒོམ་པར་བྱ། །ཞེས་པ་གང་གི་ཚེ་འོད་གསལ་བ་མཐར་ཕྱིན་པ་དེའི་ཚེ་ཟུང་དུ་འཇུག་པ་བསྒོམ་པར་བྱའོ་ཞེས་བྱ་བར་དགོངས་སོ། །སྔོན་དུ་འགྲོ་བའང་གང་ཡིན་ཞེ་ན། རིམ་པ་བཞི་ནི་སྔོན་སོང་ནས། །གང་ཞིག་འདི་ལ་གནས་པར་བྱ། །ཞེས་ 35-1-231b པ་གོ་སླའོ། །དེ་ལྟར་ལམ་དངོས་བཤད་ནས། ད་ནི་དེའི་གྲོགས་སྤྱོད་པ་བསྟན་པར་བྱ་སྟེ། དེ་བཤད་པ། སྤྱོད་པ་དག་གི་སྦྱོར་བ་ལ། །ངོ་བོ་དང་ནི་རྣམ་དབྱེ་དང་། །ངེས་པའི་ཚིག་དང་རྣམ་གྲངས་དང་། །རྒྱུ་དང་དུས་དང་གནས་དང་གྲོགས། །ཞེས་པ་ལ་སོགས་པ་བཤད་པ་ལ། ཁྱད་པར་འདོད་ཡོན་ལྔ་ལ་སྤྱོད། །ཅེས་པ་ཁྱད་ པར་ཅན་གྱི་སེམས་ཀྱིས་ཟིན་པའི་ཡོན་ཏན་ལྔ་ལ་སྤྱོད་པ་འདི་ནི་རང་གི་ངོ་བོའོ། །དུས་དང་བྱ་བ་བསམ་པ་ལ། །ལྟོས་པའི་དབང་དུ་སྤྱོད་པ་དགུ། །ཞེས་པ་འདི་ནི་དུས་ཀྱི་ཁྱད་པར་ལ་ལྟོས་པའི་སྤྱོད་པ་གསུམ་མོ། །བྱ་བ་དང་བསམ་པ་ལའང་དེ་བཞིན་ནོ། །གསུམ་པོ་ཉིད་གང་ཞེ་ན། སྤྲོས་ པ་དང་བཅས་པ་དང་། སྤྲོས་པ་མེད་པ་དང་། ཤིན་ཏུ་སྤྲོས་པ་མེད་པའོ། །འདི་ལ་ཅིའི་ཕྱིར་ཞེ་ན། ཚིག་དང་སྤྱད་དུ་ཡོད་ཕྱིར་ཏེ། །ཞེས་པ་གོ་སླའོ། །སྤྱོད་དང་ཀུན་རྫོབ་ལ་སོགས་པའི་རྒྱུ་ནི་བཤད་ཟིན་ཏོ། །དུས་གང་གི་ཚེ་བྱ་ཞེ་ན། བསམ་གཏན་ལས་སུ་རུང་བའི་ཚེ། །སྤྱོད་པ་དག་ ནི་སྤྱད་པར་བྱ། །ཞེས་པ་རླུང་ལ་དབང་ཐོབ་པ། བྱང་ཆུབ་སེམས་དབབ་པ་དང་བཟློག་པ་ཤེས་པ་དང་། རིག་མ་རྟོག་པའི་སྦྱོར་བ་ལ་མཁས་པ་འདིའི་ཚེའོ། །གནས་གང་དུ་ཞེ་ན། ས་ཕུག་རིམ་པ་གསུམ་པ་རུ། །ཡང་དག་སྤྱོད་པ་སྤྱད་པར་བྱ། །ཞེས་པ་སྤྱོད་པའི་དབང་དུས་ ཕུག་གི་རིམ་པ་གསུམ་པར་སྤྱོད་པ་བྱའོ་ཞེའོ། །དགེ་བ་གང་ཡིན་འདི་ཡི་གྲོགས། །ཞེས་པ་དད་པ་ལ་སོགས་པ་མཚུངས་པར་ལྡན་པ་དང་། ངོ་བོ་ཉིད་ལ་སོགས་པའི་སྦྱོར་བས་འདིའི་གྲོགས་སུའོ། །གང་གིས་གང་ཞིག་གང་ལས་གྲོལ་བྱེད་པ། །དེ་ཡི་རིགས་ཅན་དབང་དུ་བྱས་པའོ། ། གང་ཞིག་གིས་ནི་སྤྱོད་པ་ལྷུར་ལེན་དང་། །སྤྱོད་པ་གྲོགས་ཙམ་དབང་དུ་བསྟན་པ་ཡིན། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཞན་ཡང་འབྲས་བུ་ཞེས་བྱ་བ་གང་ཞིག་ཅེ་ན། ཐུན་མོང་མཆོག་གི་འབྲས་བུའོ། །ཞེས་པ་གང་ཞིག་གིས་གང་ཐོབ་པར་བྱ་བ་དེ་ནི་འབྲས་ བུའོ། །གང་ཡིན་ཞེ་ན། ཐུན་མོང་དང་མཆོག་གི་དངོས་གྲུབ་ཅེས་བྱའོ། །ལ་ལ་དག་ན་རེ། རྒྱུ་དང་ཐབས་དང་འབྲས་བུ་དང་། །རྣམ་པ་གསུམ་པོ་འདི་ཁོ་ན། །ཞེས་པ་ནི། རྒྱུ་ནི་བྲེག་པ་ཆེན་པོའི་རིགས་ཅན་ནོ། །ཐབས་ནི་རྣམ་པ་གཉིས་སོ། །འབྲས་བུ་ནི་སྐུ་དང་ཡེ་ཤེས་ 35-1-232a སོ། །གཞན་ཡང་། རྒྱུ་དང་ཐབས་དང་འབྲས་བུ་སྤང་བྱ་དང་། །གོ་རིམས་གྲངས་ངེས་རྣམ་པ་དྲུག་ཁོ་ན། །ཞེས་པ་ནི། སྤང་བྱ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའོ། །གྲངས་ངེས་པ་ནི་དངོས་པོ་འམ་བསམ་པའི་དབང་དུའོ། །གོ་རིམས་ནི་ཐོབ་བྱའི་དབང་དུ་ སྟེ་འདི་ལྟར་དྲུག་ཁོ་ནའོ། །གཞན་ཡང་། མིང་དང་དགོས་པ་བྱེད་པའོ། །ཚད་དེ་རྣམ་པ་བཞི་ཁོ་ནའོ། །ཞེས་པ་ལ་མིང་ནི་གསང་བ་འདུས་པའོ། །དགོས་པ་སྐྱེ་བོ་འདོད་ཆགས་ཅན་ལ་སོགས་པ་འདུལ་བ་དང་དངོས་གྲུབ་གཉིས་ཐོབ་པའོ། །བྱེད་པ་པོ་ནི་དྲུག་པ་རྡོ་རྗེ་འཆང་ཆེན་པོའོ། ། ཚད་ནི་ལེའུ་བཅུ་བདུན་དང་། དུམ་བུ་བཅུ་བདུན་དང་། རིམ་པ་དྲུག་གམ་ལྔའོ།། །།ཡང་ན་སྨིན་པ་དང་གྲོལ་བའི་རིམ་པའོ། །ཡང་ན། དཀྱིལ་འཁོར་སྒྲུབ་པ་དབང་དག་དང་། །དམ་ཚིག་ཕྲིན་ལས་འབྲས་བུའོ། །ཞེས་པ་རྡུལ་ཚོན་ལ་སོགས་པའི་དཀྱིལ་འཁོར་དང་། སྒྲུབ་པ་ཞེས་ བྱ་བ་ཡན་ལག་བཞི་གྲོགས་དང་བཅས་པའམ། སྦྱོར་བའི་ཡན་ལག་དྲུག་གྲོགས་དང་བཅས་པའོ། །དབང་ནི་བུམ་པ་ལ་སོགས་པ་བཞིའོ། །དམ་ཚིག་ནི་གཞི་དང་སྤྱི་དང་ཁྱད་པར་གྱི་གསུམ་མོ། །ཕྲིན་ལས་ནི་ཞི་བ་ལ་སོགས་པའོ། །ཐོབ་པའི་འབྲས་བུ་ནི་དངོས་གྲུབ་རྣམ་པ་ གཉིས་སོ། །ཁོངས་སུ་རྟེན་གྱི་གང་ཟག་བསྟན་པ་སྟེ། རྣམ་པ་བདུན་ཁོ་ནའོ། །དེ་ལྟར་རྩ་བའི་དོན་ཕྱིན་ཅི་མ་ལོག་པར་བསྟན་ཏོ།། །།གང་ཞིག་མུན་པ་འདྲ་བའི་སྒྲོན་བྱེད་ལོག་རྟོག་དྲ་བ་གཅོད། །ཉོན་མོངས་ཀུན་བྲལ་རྟག་ཏུ་དགེ་བའི་ཆོས་ཀྱིས་བརྒྱན། །སེམས་ཅན་མ་ལུས་ཉོན་མོངས་ ཉམ་ཐག་གནས་ནས་འདྲེན། །དམ་པ་ཀླུ་ཞེས་དེ་ལ་རྟག་ཏུ་དང་བས་ཕྱག་འཚལ་ལོ། །ཀུན་གྱིས་བསྟོད་ཅིང་ཉོན་མོངས་སྐྱེ་བའི་བདག་པོའི་རྐྱེན་མ་ཡིན། །རྒྱལ་བ་ཡིས་ནི་ས་རབ་དགའ་བའི་བདག །ཅེས་ལུང་བསྟན་ཏེ།དམ་པའི་མཆོག་གྱུར་རྒྱལ་བ་གཉིས་པར་འཇིག་རྟེན་ གྲགས། །ཉོན་མོངས་སྐྱོན་བྲལ་ཀླུ་སྒྲུབ་མཆོག་ལ་ཕྱག་འཚལ་ལོ། །ཟླ་གྲགས་ཉོན་མོངས་ལོག་རྟོག་ཐམས་ཅད་གཅོད་བྱེད་པ། །སྨྲ་མཆོག་རལ་གྲི་ལྟ་བུའི་མངའ་བརྙེས་བདག་པོ་སྟེ། །རྒྱལ་བས་ལུང་བསྟན་ཀུན་གྱི་སྣོད་གྱུར་དམ་པ་ལ། །རབ་ཏུ་དང་བས་རྟག་ཏུ་ཕྱག་འཚལ་བདེ་ཕྱག་ 35-1-232b འཚལ། །དབུ་མ་ཆེན་པོ་ནམ་མཁའ་དྲི་མེད་བཞིན་དུ་མངོན་གྱུར་ནས། །ཐུགས་རྗེའི་ཉི་མའི་འོད་ཀྱིས་སེམས་ཅན་ཀུན་ལ་ཕན་བྱེད་ཅིང་། །ཡོན་ཏན་འོད་ཀྱིས་བདེ་ཐོབ་དབུགས་ཕྱུང་དྲི་མེད་དགའ་བའི་མཆོག །དབུ་མའི་དོན་ལ་ཐོགས་མེད་དེ་ལ་རྟག་ཏུ་ཕྱག་འཚལ་ལོ། །ཚེ་ཡི་དབང་ཐོབ་ཡུན་ རིངས་དུས་ན་གནས་པའི་མཐུ་བརྙེས་ཤིང་། །སྙིང་རྗེའི་སྟོབས་ཀྱིས་དབང་པོ་མིག་སོགས་ཕོངས་པ་མེད་གཏོང་བ། །ཉོན་མོངས་སྐྱོན་བྲལ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །སྤྱོད་པ་རླབས་ཆེན་དག་ལ་དང་བས་ཕྱག་འཚལ་ལོ། །བྱང་ཆུབ་སེམས་ཀྱི་བདེ་བ་མཆོག་ལ་རབ་ཏུ་ གནས་གྱུར་ཅིང་། །རྒྱལ་བ་དྲི་མེད་བལྟ་བས་མི་ངོམས་སྐུ་ལ་མངའ་མཛད་ནས། །རྒྱལ་བ་དེ་དག་ཀུན་གྱིས་ལུང་བསྟན་མ་ལུས་ཐོབ་གྱུར་ནས། །བདེ་ཆེན་སར་གནས་དངོས་གྲུབ་ཀུན་བདག་ཀླུ་ལ་ཕྱག་འཚལ་ལོ། །བདག་གིས་རྟག་ཏུ་དམ་པའི་དོན་རྟོག་མེད་ཅིང་ཉོན་མོངས་ཀླུང་ཆེན་ན། ། འཁོར་བའི་རྒྱ་མཚོ་མ་རྒལ་ཕྱིར་ནི་མ་རིག་འཐོམས་གྱུར་པས། །ཤེས་རབ་ཞན་ཕྱིར་བརྩམ་པར་མི་རིགས་གྱུར་ཀྱང་བློ་དམན་ལ། །ཕན་ཕྱིར་བརྩམས་ལ་ཉེས་གྱུར་འགལ་པ་ཅི་མཆིས་བཟོད་པར་གསོལ། །བདག་གིས་འདི་ལ་དགེ་བའི་རྩ་བ་ཅི་ཐོབ་པ། །དེས་ནི་འཇིག་རྟེན་ཁམས་ འདིར་སེམས་ཅན་ཐམས་ཅད་ལ། །དམ་པས་མཛད་པའི་བཀའ་འདི་རྟག་ཏུ་ཡུན་རིང་གནས་གྱུར་ཅིང་། །འདི་ལ་བརྟེན་ནས་ཀུན་གྱིས་བླ་མེད་འབྲས་བུ་ཐོབ་པར་ཤོག །དཔལ་གསང་བ་འདུས་པའི་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ་ རྫོགས་སོ།། །།༄༅༅། །རྒྱ་གར་སྐད་དུ། ཡུ་ག་ཏ་ན་དྷ་པྲ་ཀཱ་ཤ་ནཱ་མ་ཥེ་ཀ་པྲ་ཀྲི་ཡ། བོད་སྐད་དུ། ཟུང་དུ་འཇུག་པ་གསལ་བ་ཞེས་བྱ་བའི་དབང་གི་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཀུན་དུ་སྟོང་པའི་ངོ་བོ་ཉིད། །རྡོ་རྗེ་སེམས་ དཔའ་ལ་བཏུད་དེ། །འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི། །དབང་གི་ཆོ་ག་གསལ་བར་བཤད། །དེ་ལ་འདི་ཡི་རིམ་པ་ནི། །ཚེས་དང་རྒྱུ་སྐར་སོགས་དགའི་ཚེ། །སློབ་མས་ཐལ་སྦྱར་བཏུད་པ་ཡིས། །སྡིག་པ་ཐམས་ཅད་བཤགས་བྱ་སྟེ། །སྐྱབས་གསུམ་གཟུང་བ་ཉིད་དུ་བྱ། །བྱང་ 35-1-233a ཆུབ་སེམས་ནི་ལེགས་བསྟན་ཏེ། །དགེ་བསྙེན་སྡོམ་པ་ཉིད་དང་ཡང་། །བྱང་ཆུབ་སེམས་དཔའི་སྡོམ་པ་དང་། །དེ་ནས་གསོ་སྦྱོང་ཉིད་ཀྱང་བླང་། །འདི་ཡི་རྗེས་མཐུན་རིམ་པ་ཡང་། །རྡོ་རྗེ་སློབ་དཔོན་ཚུལ་དམ་པར། །བསྟེན་ཏེ་འདིར་ནི་གཞུངས་མངས་ པས། །འཇིགས་པའི་ཕྱིར་ནི་མ་བྲིས་སོ། །དེ་ལྟར་བྱས་ནས་བླ་མ་ལ། །བདག་ལ་དབང་བསྐུར་སྩོལ་ཞེས་གསོལ། །དེ་ལ་དབང་གི་མདོར་བྱ་བའམ། །དཔལ་འདུས་ཕྱི་མ་ཇི་བཞིན་ཏེ། །དབང་ནི་རྣམ་གསུམ་ཐ་དད་དུ། །རྒྱུ་འདི་རུ་ནི་རབ་ཏུ་བརྟག །དང་པོ་བུམ་པའི་དབང་བསྐུར་ ཏེ། །གཉིས་པ་ལ་ནི་གསང་བའི་དབང་། །གསུམ་པར་ཤེས་རབ་ཡེ་ཤེས་ཏེ། །བཞི་པ་དེ་ཡང་དེ་བཞིན་ནོ། །དེ་ལ་ཕྲེང་བ་དང་། ཆུ་དང་། རྫོགས་པའི་སངས་རྒྱས་དང་། རྡོ་རྗེ་དང་། དྲིལ་བུ་དང་། མེ་ལོང་དང་། མིང་དང་། སློབ་དཔོན་གྱི་དབང་བསྐུར་བ་རྣམས་ནི་བུམ་པའི་དབང་སྟེ་དང་ པོའོ། །ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་སྦྱིན་པ་ནི་གསང་བའི་དབང་སྟེ་གཉིས་པའོ། །རང་བྱིན་གྱིས་བརླབ་པ་མཚོན་པའི་ཕྱིར་ཤེས་རབ་མཚོན་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་སྟེ་གསུམ་པའོ། །འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་བདག་བྱིན་གྱིས་བརླབ་པའི་རིམ་པར་ཕྲེང་བ་དང་། ཆུ་ དང་། རྫོགས་པའི་སངས་རྒྱས་དང་། རྡོ་རྗེ་དང་། དྲིལ་བུ་དང་། མེ་ལོང་དང་། མིང་དང་། སློབ་དཔོན་དང་། རྗེས་སུ་གནང་བ་སྟེ་འདི་རྣམས་དང་ལྷན་ཅིག་གསང་བའི་དབང་ཐོབ་ནས། བདག་བྱིན་གྱིས་བརླབ་པ་ཉེ་བར་བསྟན་པའི་ཕྱིར། གསུམ་པ་ཤེས་རབ་ཡེ་ཤེས་བླང་བར་བྱའོ། །འོད་གསལ་ བ་མཚོན་པར་བྱ་བའི་ཕྱིར་སླར་ཡང་ཤེས་རབ་དེ་ཉིད་གཏད་པའི་ཤེས་རབ་ཡེ་ཤེས་ནི་བཞི་པའོ། །དེ་དག་ཉིད་སློབ་དཔོན་གྱིས་སླར་ཡང་མངོན་པར་བྱང་ཆུབ་པའི་རིམ་པར། བྱང་ཆུབ་སེམས་ནི་རབ་འབད་པས། །བུམ་པ་ལ་སོགས་སུ་གཞག་སྟེ། །བླ་མས་སློབ་མ་མཆོག་ལ་དབང་། ། མཚན་མོ་ཕྱེད་ནས་བརྩེ་བས་སྦྱིན། །ཞེས་གསུངས་སོ། །དབང་བསྐུར་བ་འདི་རྣམས་ཀྱང་དཀྱིལ་འཁོར་དུ་བཅུག་ལ་སྦྱིན་པར་བྱ་སྟེ། རྡོ་རྗེ་སློབ་དཔོན་གྱི་ཚུལ་དམ་པའི་དཀྱིལ་འཁོར་ཆོ་གའི་རིམ་པས་རྡུལ་ཚོན་གྱི་དཀྱིལ་འཁོར་རམ་བྲིས་སྐུ་ལ་སོགས་པ་ཡང་རུང་སྟེ། སློབ་དཔོན་སྙིང་ 35-1-233b རྗེ་དང་ལྡན་པས་སློབ་མ་དམ་པ་གཞུག་པར་འདོད་པས་ཏིང་ངེ་འཛིན་གསུམ་ལ་གནས་ཏེ་ཕྱི་འཕྲེད་ཀྱི་དུས་སུ་བུམ་པ་ལྷག་པར་གནས་པར་བྱའོ། །དེ་ལ་གསེར་རམ་ཡང་ན་དངུལ། །ཟངས་སམ་འཇིམ་པའི་ངོ་བོའང་རུང་། །ཇི་ལྟར་རྙེད་པའི་བུམ་པ་ཞིག །བླངས་ཏེ་བརྟུལ་ཞུགས་ཅན་ གྱིས་གཞག །བུམ་པ་དེ་དག་ནང་ནས་ནི། །རྣམ་རྒྱལ་མཚན་ཉིད་ལྡན་པར་བྱ། །སོར་མོ་བརྒྱད་ཀྱི་ཚད་ཀྱིས་ནི། །མགྲིན་པ་མཐོ་ཞིང་རྣམ་པར་མཛེས། །སོར་མོ་གཉིས་ཀྱིས་མཆུ་འཕྱང་བ། །ལྟོ་བའི་རྒྱར་ནི་སོར་ལྔའོ། །གལ་ཏེ་དེ་ལས་ཚད་གཞན་ན། །ཡོན་བདག་དགེ་བར་འགྱུར་ མ་ཡིན། །ནག་པོ་རྣམ་པར་སྤངས་པ་དང་། །རྩ་བ་དོར་ཞིང་མ་འབྱར་བ། །བུ་ག་རྣམ་པར་སྤངས་པ་དང་། །དེ་བཞིན་གས་པ་མེད་པ་གཟུང་། །བཾ་གྱི་ཡི་གེ་ལས་བྱུང་བ། །རིན་ཆེན་རྣམ་པ་ཆེར་འབར་བའོ། །གཞན་པ་རྣམས་ལ་ངེས་མེད་དེ། །ཇི་ལྟར་མཛེས་པ་རབ་ཏུ་ བརྟག །རྡུལ་ཚོན་ལ་ནི་ལྷ་གྲངས་སམ། །ཡང་ན་བུམ་པ་ལྔ་བརྒྱད་དགུ། །དེ་སྐད་དུ་ཡང་། སངས་རྒྱས་ཐམས་ཅད་ཀྱི་དམ་ཚིག་རབ་ཏུ་གནས་པའི་རྒྱུད་ལས། བུམ་པ་ལྔའམ་ཡང་ན་བརྒྱད་དགུ་སྟེ། །ཙནྡན་སོགས་ཀྱིས་མངོན་པར་བྱུགས་ནས་ནི། །སྣ་ཚོགས་དྲི་ཡི་ཆུ་ ཡིས་གཏམས་པ་ལ། །ཟླུམ་པོར་བྱས་ཏེ་མངོན་པར་བསྔགས་པར་བྱ། །ཞེས་གསུངས་པས་སོ། །བྲིས་སྐུའི་དཀྱིལ་འཁོར་ལ་ནི་བུམ་པ་གཅིག་ཉིད་ཡོངས་སུ་གཟུང་སྟེ། དེའི་གདོང་ལ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་མི་བསྐྱོད་པའི་རིགས་ཀྱི་བདག་པོ་རྡོ་རྗེ་བྲི་བར་བྱའོ། །དེ་ བཞིན་དུ་ངོས་བཞི་པོ་རྣམས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་འཁོར་ལོ་དང་། རིན་པོ་ཆེའི་སྟེང་དུ་རིན་པོ་ཆེ་དང་། པདྨ་དམར་པོའི་སྟེང་དུ་པདྨ་དམར་པོ་དང་། སྣ་ཚོགས་རྡོ་རྗེའི་སྟེང་དུ་རལ་གྲི་རྣམས་སོ། །ཡང་ན་བགེགས་དགྲ་ལ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་སྣ་ཚོགས་རྡོ་རྗེ་བྲི་བར་བྱའོ། ། བུམ་པ་ལྔའམ་བརྒྱད་དམ་དགུ་པོ་རྣམས་ལ་གོ་རིམས་བཞིན་དུ་དཀྱིལ་འཁོར་གྱི་ཆོ་གར་བཤད་པའི་མཚན་ཉིད་ཀྱིས་མཚན་པར་བྱའོ། །བྱི་རུ་དང་ནི་དངུལ་དང་གསེར། །པདྨ་རཱ་ག་ཉ་ཕྱིས་སྐྱེས། །བསྔགས་པའི་རིན་ཆེན་རྣམ་པ་ལྔ། །བུམ་པའི་ལྟོ་བར་རབ་ཏུ་གཞུག །ནས་གྲོ་མ་ 35-1-234a ཤའི་སྲན་མ་དང་། །དེ་བཞིན་ཏིལ་དང་མུངྒ་རྣམས། །སོ་བ་ལྔ་པོར་བསྔགས་པ་སྟེ། །བུམ་པའི་ལྟོ་བར་གཞུག་པར་བྱ། །བྲྀ་ཧ་ཏི་དང་ཚེར་མ་བྱེད། །གཞན་གྱི་མི་ཐུབ་ལྷར་བཅས་པ། །ཨུཏྤལ་སྡོང་བུ་རྩ་བ་ཡི། །སྨན་ལྔ་རབ་ཏུ་གཞུག་པར་བྱ། །ཨ་མྲ་ཨུ་དུམྺཱ་ར་དང་། མྱ་ངན་འཚང་དང་ཨ་ཤྭདྠ། །དེ་བཞིན་ཀླུ་སྐྱེས་ལོ་འདབ་ལྔས། །བུམ་པ་རྣམས་ཀྱི་ཁ་མཛེས་པའོ། །བུམ་པ་རྣམས་ཀྱི་མགྲིན་པ་ནི། །ཆེ་ཞིང་དཀར་བའི་རས་ཀྱིས་དཀྲི། །ཆོ་ག་མཁས་པས་མགུལ་བཅིངས་ཏེ། །མཛེས་ཤིང་དཀར་བའི་སྲད་བུ་དགོད། །དེ་རྗེས་ཆོ་ག་བཞིན་དུ་རྣལ་ འབྱོར་པས། །བསྲུང་བའི་འཁོར་ལོར་གནས་ཏེ་གཏོར་མ་སྦྱིན། །ཡེ་ཤེས་འཁོར་ལོ་སྤྱན་དྲངས་ཏེ། །བསང་གཏོར་ལ་སོགས་དབུལ་བར་བྱ། །དགུག་ཅིང་གཞུག་པར་བྱ་བ་དང་། །དེ་བཞིན་བཅིང་དང་མཉེས་པར་བྱ། །ཛཿ་ཧཱུཾ་བཾ་ཧོཿའི་སྒྲ་བརྗོད་དེ། །མཚན་མའི་ནང་དུ་ཡོངས་སུ་གཞུག །བུམ་ པར་གནས་པའི་རྫ་ཕོར་གྱི། །སྟེང་དུ་རྡོ་རྗེ་གཞག་པར་བྱ། །མེ་ཏོག་ཕྲེང་བ་ཡང་དག་ལྡན། །མཉམ་པར་གཞག་སྟེ་གསང་སྔགས་བཟླ། །མེ་ཏོག་ཕྲེང་བ་དང་བཅས་པའི། །མཐའ་མར་དྲིལ་བུ་གཟུང་བར་བྱ། །གཙུག་ཏོར་རྣམ་རྒྱལ་ཞེས་བྱའམ། །ཡང་ན་ཕྱིར་བཟློག་བློ་གྲོས་བཟང་། ། རང་གི་ལྷག་པའི་ལྷ་ཡང་རུང་། །བརྒྱ་རྩ་བརྒྱད་ཡིན་དེ་བཞིན་དུ། །ལས་ཀུན་བྱེད་པའི་སྔགས་ཀྱིས་ཀྱང་། །བུམ་པ་ལྷག་པར་གནས་པར་བྱ། །དེ་སྐད་དུ་ཡང་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་དམ་ཚིག་རབ་ཏུ་གནས་པའི་རྒྱུད་ལས། གཙུག་ཏོར་རྣམ་རྒྱལ་ཞེས་ བྱ་བའམ། །ཡང་ན་ཕྱིར་བཟློག་པ་ཡང་རུང་། །དགེ་ཞིང་ཞི་བར་བྱེད་པའི་སྔགས། །ཁྲུས་ཀྱི་དོན་དུ་མངོན་པར་བསྔགས། །ཞེས་གསུངས་སོ། །འདི་ནི་བུམ་པ་ལྷག་པར་གནས་པའི་ཆོ་གའོ། །དེའི་རྗེས་སུ། སློབ་མ་དད་ལྡན་བློ་གྲོས་ཅན། །དོན་དུ་གཉེར་ཞིང་རིགས་ལས་བྱུང་། །ང་རྒྱལ་ མེད་ཅིང་འདོད་བྲལ་བ། །སྔགས་ཀྱི་སྐལ་བར་ལྡན་རྣམས་ལ། །ལག་ཏུ་མེ་ཏོག་ཕྲེང་གཏད་དེ། །པུས་མོའི་ལྷ་ང་བཙུགས་ནས་སུ། །དཀྱིལ་འཁོར་མངོན་དུ་བྱས་ནས་ཀྱང་། །སྔ་མ་བཞིན་དུ་ལྷག་གནས་བྱ། །གསོལ་བ་གདབ་པ་བྱས་ནས་ཀྱང་། །ལེགས་པར་བཤད་པ་ཉན་དུ་གཞུག ། 35-1-234b སློབ་དཔོན་སྦྱོར་བ་རབ་མཁས་པས། །ཚིགས་སུ་བཅད་པ་བཤད་པར་བྱ། །དེ་ལ་འདིས་གསོལ་བ་གདབ་སྟེ། །མཱ་མ་ཀཱི་དང་རབ་སྦྱོར་བའི། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་ གསོལ། །བྱང་ཆུབ་སེམས་ཀྱང་བདག་ལ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་གསོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །དེ་སྐད་གསོལ་ཏེ་སློབ་མ་ལ། །ལེགས་བཤད་འདི་ནི་བརྗོད་ པར་བྱ། །སྔགས་ཀྱི་དངོས་གྲུབ་དོན་གཉེར་གང་། །དཀྱིལ་འཁོར་འདིར་ནི་གཞུག་བྱ་སྟེ། །བསོད་ནམས་འདོད་པས་དེ་ལས་གཞན། །གཞན་དག་འཇིག་རྟེན་ཕ་རོལ་གཉེར། །དད་པ་ཆེན་པོ་ལྡན་བྱ་སྟེ། །འཇིག་རྟེན་ཕ་རོལ་དོན་གཉེར་ན། །བློ་ལྡན་དཀྱིལ་འཁོར་གཞུག་བྱ་ སྟེ། །འདི་ཡིས་འབྲས་བུ་འདོད་མི་བྱ། །གལ་ཏེ་འདི་ལ་དམིགས་གྱུར་ན། །འཇིག་རྟེན་ཕ་རོལ་འབྱུང་མ་ཡིན། །འཇིག་རྟེན་ཕ་རོལ་དོན་གཉེར་བའི། །མི་ལ་འདི་འབྲས་མ་ལུས་འགྲུབ། །ཅེས་བརྗོད་ལ་དེའི་རྗེས་སུ། །སྔགས་པས་མི་བསྐྱོད་སྦྱོར་ལྡན་པས། །ཏིང་འཛིན་སེམས་ དཔའི་འོད་ཟེར་གྱིས། །སློབ་མ་བཀུག་སྟེ་དེ་ཉིད་ལ། །བློ་གྲོས་ལྡན་པས་བཅུག་ནས་ནི། །རྡོ་རྗེའི་ལམ་ནས་ཕྱུང་ནས་སུ། །ལྷ་མོའི་པད་ནང་བྱང་སེམས་ཀྱི། ཞུ་བ་ཡིས་ནི་དབང་བསྐུར་ཏེ། །ཤར་གྱི་སྒོ་རུའང་གཞག་པར་བྱ། །སློབ་མ་ཐམས་ཅད་ཕྱོགས་པ་ལ། །སློབ་མ་གཅིག་ ནི་གཙོར་བྱས་ཏེ། །རྡོ་རྗེ་སློབ་དཔོན་མཁས་པ་ཡིས། །སླར་ཡང་ཚིག་འདི་བསྒྲག་པར་བྱ། །བུ་ཚུར་ཐེག་པ་ཆེན་པོ་ལ། །ཁྱེད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བཤད་པར་བྱ། །དུས་གསུམ་དུ་ནི་ལེགས་འབྱུང་བའི། །སྐུ་གསུང་ ཐུགས་ཀྱི་རྡོ་རྗེ་ཅན། །སངས་རྒྱས་ཡེ་ཤེས་མཉམ་མེད་པ། །རྡོ་རྗེ་སྔགས་ཀྱི་སྟོབས་ཀྱིས་ཐོབ། །སྔགས་ཀྱི་སྦྱོར་བ་མཉམ་མེད་པ། །དྲེགས་པ་ཆེན་པོ་བདུད་ཀྱི་སྡེ། །སྟོབས་ཆེན་དག་ཀྱང་དེ་ཡིས་བཅོམ། །ཤཱཀྱ་སེང་གེ་མཆོག་ལ་སོགས། །འཇིག་རྟེན་མཐུན་པར་གཤེགས་ 35-1-235a ནས་ཀྱང་། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །དེ་ནས་བློ་གྲོས་ལྡན་པ་ཡིས། །བྱང་ཆུབ་སེམས་སོགས་སློབ་མ་ལ། །དེ་ཚེ་རིམ་པ་འདི་ཉིད་ནི། །ལན་གསུམ་བརྗོད་དེ་སྦྱིན་པར་བྱ། ། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བྱ་བ་ནི། །དུས་འདི་ནས་ནི་བཟུང་ནས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་ མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བདག་གིས་གཟུང་། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། ། སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བདག་གིས་གཟུང་། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ ལ། །ཉིན་རེ་ཞིང་ནི་དུས་དྲུག་ཏུ། །ཟང་ཟིང་མི་འཇིགས་དམ་ཆོས་དང་། །བྱམས་པ་རིན་ཆེན་རིགས་མཆོག་གི། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་ བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་སོ་སོར་གཟུང་། །མཆོད་པའི་ལས་ནི་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ ལུས་གཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་ནི་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་སོ། །དེ་ནས་བིགྷྣཱནྟ་ཀྲྀཏ་ཅེས་བྱ་བའི་སྔགས་ཀྱིས་བསྲུངས་ལ། དེ་རྣམས་ཀྱིས་མགོ་བོ་དང་། 35-1-235b མགྲིན་པ་དང་། སྙིང་གའི་ཕྱོགས་སུ་གནས་པའི་འཁོར་ལོ་དཀར་པོ་དང་། པདྨ་དམར་པོ་དང་། རྡོ་རྗེ་ནག་པོ་རྣམས་ཀྱི་དབུས་སུ་ཨོཾ་ཨཱཿཧཱུཾ་ཞེས་བྱ་བའི་ཡི་གེ་བསྒོམ་པར་བྱའོ། །དེ་ལས་ལངས་ཏེ་སློབ་དཔོན་གྱིས་དེའི་མགོ་བོ་དང་། མགྲིན་པ་དང་། སྙིང་གའི་ཕྱོགས་སུ་རྡོ་རྗེ་ཡོངས་ སུ་གཏུགས་ཏེ། ཨོཾ་ཨཱཿཧཱུཾ་ཞེས་བརྗོད་ལ་སྤྱི་བོར་མེ་ཏོག་དང་མདུན་དུ་བདུག་སྤོས་དང་མར་མེའོ། །སྙིང་གར་དྲི་ཡིས་བྱུག་པར་བྱའོ། །དེའི་རྗེས་ལ་ཆུ་རུ་སོར་མོ་བཅུ་གཉིས་ལ་འོ་མ་ཅན་གྱི་ཤིང་ལས་བྱུང་བ། མ་གས་རྩེ་མོ་མེ་ཏོག་བཟང་། །སར་པ་སྔགས་འདིས་བཟའ་བར་བྱ། ། ཨོཾ་བཛྲ་ཧཱ་ས་ཧཱཿ། དང་པོར་བྱང་དུ་མངོན་ཕྱོགས་ལ། །ས་ལ་བགེགས་དགྲས་མངོན་བསྔགས་ནས། །བ་ལང་ཀོ་ལྤགས་ཙམ་བྱུགས་ཏེ། །དེ་ནས་སོ་ཤིང་རྨ་མེད་པར། །ཟོས་ཏེ་ཕྱི་ནས་དོར་བར་བྱ། །བླ་མས་ཕྱོགས་ཀྱི་ཆ་དབྱེ་བས། །ཞི་ལ་སོགས་པ་རྗེས་སུ་བསྟན། །གལ་ཏེ་ དེ་ནི་སྟེང་ཕྱོགས་ཏེ། །གནས་ན་རིག་འཛིན་འགྲུབ་པར་འགྱུར། །དེ་ལ་བླ་མས་ཡང་དག་བསྟན། །ག་ལ་ཏེ་མངོན་པར་ཕྱོགས་ལྷུང་ན། །མཆོག་འགྲུབ་པར་ནི་ཤེས་པར་བྱ། །སོ་ཤིང་དོར་བ་བརྒྱ་ལམ་ན། །གལ་ཏེ་ཐུར་དུ་བལྟས་ལྷུང་ན། །དེ་ནི་ངེས་པར་ས་འོག་གི། །དངོས་གྲུབ་ འབྱུང་ལ་བརྟག་མི་དགོས། །དེ་ནས་བཾ་གྱི་ཡི་གེ་ལས་བྱུང་བའི་ཆུས་སྔགས་འདིས་འཐོར་འཐུང་བྱ་སྟེ། ཨོཾ་ཧྲཱིཿསུ་བི་ཤུདྡྷ་དྷརྨཱཿསརྦ་པཱ་པ་ནིཤྩཱ་སྱ་བི་ཤོ་དྷ་ཡ་སརྦ་བི་ཀལྤཱན་ཨ་པ་ན་ཡ་ཧཱུཾ། དེ་ནས་ཀུ་ཤ་ཁ་བ་ཅན། །ཉེས་པ་སྤངས་པ་བླངས་ནས་སུ། །མལ་སྟན་དང་ནི་སྔས་ ཀྱི་ཕྱིར། །སློབ་མ་ལ་ནི་སྔགས་འདིས་སྦྱིན། །ཨོཾ་བཛྲ་ཏིཀྵྞ་བཾ། བུ་མོས་བཀལ་བའི་སྐུད་པ་ནི། །གསུམ་སྒྲིལ་མདུད་པ་གསུམ་པ་ལ། །སྔགས་འདིས་མངོན་པར་བསྔགས་ནས་སུ། །རང་གི་དཔུང་པ་གཡས་པར་བཅིང་། །ཨོཾ་བུདྡྷ་མཻ་ཏྲི་རཀྵ་རཀྵ་སརྦ་ན་སྭཱ་ཧཱ། དེ་ནས་དེ་ ཡི་སྙིང་ག་མགྲིན། །མགོ་ལ་རིམ་བཞིན་བླ་མ་ཡིས། །རྡོ་རྗེ་ཆུ་སྐྱེས་འཁོར་ལོ་རྣམས། །ཡི་གེ་གསུམ་ལས་བྱུང་བ་བསྒོམ། །སླར་ཡང་ཡི་གེ་གསུམ་བཟླས་པའི། །དྲི་ཡི་ཆུ་ནི་ལེགས་སྦྱངས་པ། །དེ་ཉིད་རིག་པས་སྔགས་འདི་ཡིས། །སྡིག་པ་སྦྱང་ཕྱིར་བླུད་པར་བྱ། །ཨོཾ་ 35-1-236a ཧྲཱིཿསུ་བི་ཤུདྡྷ་དྷརྨཱཿསརྦ་པཱ་པ་ནིཤྩཱ་སྱ་བི་ཤུནྡྷ་སརྦ་བི་ཀལྤཱ་ན་ཨ་པ་ན་ཡ་ཧཱུཾ། དེ་ནས་དེ་ཉིད་རིག་པ་ཡིས། །དེ་ཉིད་དོན་ནི་དྲན་པ་དང་། །སེམས་ཀྱི་གཡེང་བ་ཞི་བྱའི་ཕྱིར། །སློབ་མ་ལ་ནི་དམ་ཆོས་བཤད། །འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམྺཱ་རའི་མེ་ ཏོག་ལྟར། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །སངས་རྒྱས་རྣམས་ཀྱི་ཆོས་བསྟན་ པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །ཟབ་ཅིང་རྒྱ་ཆེ་ཞེས་བཤད་པ། །རྣམ་པར་རྟོག་མེད་ཟབ་པ་སྟེ། །རྒྱ་ཆེ་སངས་རྒྱས་རྣམས་ཀྱི་སྐུ། །འདི་ནི་བདེན་པ་གཉིས་སུ་བཤད། །ཀུན་རྫོབ་དང་ ནི་དམ་པའི་དོན། །ཕྱེ་སྟེ་སོ་སོར་ཤེས་ནས་སུ། །དེ་ནས་གཅིག་ཏུ་འདྲེས་བྱས་པའི། །ཟག་མེད་གོ་འཕང་བསྒོམ་པར་བྱ། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང་། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཐམས་ཅད་ཟད་པར་འགྱུར། །གང་གིས་ སྤྱོད་པའི་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་དྲི་མེད་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་བླ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པས། །བསྟན་པ་འདི་ལ་ཁྱེད་རྣམས་ ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པར། །བདག་ཉིད་ཆེན་པོ་ཁྱེད་གནས་ཏེ། །གང་གིས་ཁྱེད་རྣམས་ཐེག་ཆེན་དུ། །སང་ནི་རབ་ཏུ་སྐྱེ་འགྱུར་བ། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། །དེ་བཞིན་གཤེགས་ པ་རྣམས་སུ་འགྱུར། །དེ་ལྟར་ཡང་དག་བསྟན་བྱས་ནས། །ཀུ་ཤ་བཀྲམ་ལ་ཉལ་དུ་གཞུག །མཚན་མ་མཐོང་བ་གང་ཡིན་པ། །དེ་ཀུན་སྔ་དྲོ་ང་ལ་སྨྲོས། །འདི་ནི་སློབ་མ་ལྷག་པར་གནས་པའི་ཆོ་གའོ།། །།སྔ་དྲོ་དགེ་མི་དགེ་ཐོས་ཏེ། །དགེ་བར་གྱུར་ན་དགའ་བ་ 35-1-236b སྤེལ། །རྨི་ལམ་དགེ་བ་མ་ཡིན་པ། །བདག་མེད་བཤད་དེ་རྣམ་པར་སྦྱང་། །དེ་ནས་སློབ་དཔོན་རང་གི་ལྷག་པའི་ལྷའི་ང་རྒྱལ་དང་ལྡན་པས་གཏོར་མ་བྱིན་ལ་བིགྷྣཱནྟ་ཀྲྀཏ་ཅེས་བྱ་བའི་སྔགས་ཀྱིས་སློབ་མ་བསྲུངས་ཏེ། རས་རིས་ལ་སོགས་པ་དཀྱིལ་འཁོར་ལ་བགེགས་ཉེ་བར་ཞི་བའི་དོན་ དུ་རྒྱ་ཆེན་པོའི་མཆོད་པ་རྣམས་ཀྱིས་མཆོད་ལ། རང་ཉིད་དཀྱིལ་འཁོར་དུ་འཇུག་པའི་ཆོ་གས་ཞུགས་ཏེ། འཆད་པར་འགྱུར་བའི་ཕྲེང་བ་དང་། ཆུ་ལ་སོགས་པའི་དབང་བསྐུར་བ་རྣམས་བཅོམ་ལྡན་འདས་དཀྱིལ་འཁོར་གྱི་བདག་པོ་ལས་བླང་བར་བྱའོ། །དེ་ནས་སློབ་མ་གཞུག་དོན་དུ། ། རང་ཉིད་ཀྱིས་ནི་ཐལ་སྦྱར་ཏེ། །བདེན་པའི་བྱིན་རླབས་སྔོན་འགྲོ་བས། །འཁོར་ལོ་ཆེ་ལ་མཁྱེན་པར་གསོལ། །འོད་གསལ་བ་ལས་ཡང་དག་བྱུང་། །རྡོ་རྗེ་སེམས་དཔའ་བདེ་ཆེན་པོ། །གཟུགས་བརྙན་གྱིས་ནི་དཔེ་ཡང་སྟེ། །དཀྱིལ་འཁོར་ཡང་ནི་དེ་དང་མཚུངས། །བདེན་པ་འདི་ ཡིས་སློབ་མ་རྣམས། །ཐུགས་ཀྱི་དཀྱིལ་འཁོར་དག་ཏུ་གཞུག །འཁོར་ལོ་རྫུ་འཕྲུལ་མ་ལུས་པ། །མཐོང་ན་སྡིག་པ་མཐའ་དག་སྤོང་། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྡོ་རྗེ་ཡེ་ཤེས་སྒྲུབ་བྱེད་པ། །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་ པར་བགྱི། །ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང་། །དམ་ཚིག་དྲན་པར་བྱས་པ་ལས། །ཞུགས་པས་དེ་བཞིན་གཤེགས་པ་ཀུན། །ཕུན་སུམ་ཚོགས་པ་ཐམས་ཅད་གསོལ། །སློབ་མ་ཤར་སྒོར་བཀུག་ནས་ཀྱང་། །བུམ་པའི་ཆུ་ཡིས་བཀང་ནས་སུ། །གདོང་དར་བླངས་ཏེ་སྔགས་ འདི་ཡིས། །དེ་ལ་བཅིང་བ་ཉིད་དུ་བྱ། །ཨོཾ་ཙཀྵུར་བནྡྷ་བ་ར་མཱ་ན་ཡེ་ཧཱུཾ། ཨོཾ་པྲ་བི་ཤ་བྷ་ག་ཝཱ་ན་མ་ཧཱ་སུ་ཁ་མོ་ཀྵ་སུ་རཾ་སརྦ་སིདྡྷི་སུ་ཁཾ་པྲ་དཾ་པ་ར་མ་སུ་ཁཾ་ཨུདྡྷ་མ་སིདྡྷྱ་ཛཿཧཱུཾ་བཾ་ཧོཿཔྲ་སིདྡྷ་སྭ། ཕྱི་རོལ་ཡོལ་བས་གཡོགས་པ་ལ། །སློབ་མ་ཡིས་ནི་ཡོན་ཕུལ་ཏེ། །བླ་མས་རབ་ཏུ་དང་ སེམས་ཀྱིས། །རྟག་པའི་གཟུགས་སུ་རྣམ་པར་བསམ། །དེ་ལ་ཨཱཿཁཾ་བཱི་ར་ཧཱུཾ་སྔགས་ཀྱིས། །མེ་ཏོག་ཕྲེང་བ་རབ་བཟང་པོ། །གུས་པས་མེ་ཏོག་དོར་དོན་དུ། །འབད་པས་བློ་ལྡན་འཛིན་དུ་གཞུག །དེ་ནས་སློབ་མ་བཟང་པོ་ལ། །ཁྱོད་སུ་ཅི་ལ་དགའ་ཞེས་དྲི། །སློབ་མ་ 35-1-237a ཡིས་ཀྱང་དེ་རྗེས་སུ། །སྐལ་བཟང་བདག་ཡིན་བདེ་ཆེན་ལའོ། །ཞེས་སྨྲས་སློབ་མས་ཐལ་སྦྱར་ཏེ། །མཉམ་པའི་རྐང་པས་གནས་པ་ལ། །ཚིགས་སུ་བཅད་པ་འདི་བརྗོད་པས། །བྱང་ཆུབ་སེམས་ནི་སླར་ཡང་སྦྱིན། །དཀོན་མཆོག་གསུམ་ལ་བདག་སྐྱབས་ མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །དེ་ནས་སློབ་མ་དེ་ཉིད་ནི། །སྔོན་དུ་མི་བསྐྱོད་པར་མོས་ཏེ། །རྡོ་རྗེ་ཐལ་སྦྱར་དགེ་བ་ཡིས། །ལག་པ་བརྐྱང་སྟེ་གསང་སྔགས་འདི། །བརྗོད་དེ་རབ་ཏུ་ འདུད་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པུ་ཛོ་པསྠ་ནཱ་ཡ་ཨཱཏྨ་ནཱཾ་ནི་རྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨ་དྷི་ཏིཥྛ་སྭ་མཱཾ། རིན་ཆེན་འབྱུང་བར་བསམ་ནས་ནི། །སླར་ཡང་ཐལ་མོ་སྙིང་གར་དགུག །གསང་སྔགས་འདི་ནི་འདོན་པ་ཡིས། །སྔགས་ལས་འདུད་པ་བྱེད་དུ་གཞུག །ཨོཾ་སརྦ་ ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀཱ་ཡ་ཨཱཏྨ་ནཱཾ་ནི་རྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨཾ་བྷི་ཥིཉྩ་མཱཾ། དེ་ནས་འོད་དཔག་མེད་བསམས་ཏེ། །ཐལ་མོ་དཔྲལ་བར་སྦྱར་ནས་སུ། །སྔགས་བརྗོད་བླ་མས་སློབ་མ་ནི། །ཕྱག་འཚལ་གསུམ་པ་བྱེད་དུ་གཞུག །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་པྲ་བརྟཱ་ན་ ཡ་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨཱ་པྲ་བརྟ་ཡ་མཾ། དེ་ནས་དོན་ཡོད་བསམ་པ་ཡིས། །བཏུད་དེ་སྙིང་གར་ཐལ་སྦྱར་ཏེ། །བློ་དང་ལྡན་པས་གསང་སྔགས་འདིས། །ཕྱག་འཚལ་བཞི་པ་བྱེད་དུ་གཞུག །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ཎ་ཨཱཏྨ་ནཱཾ་ནི་རྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ ག་ཏ་བཛྲ་ཀརྨ་ཀུ་རུ་མཱཾ། སེམས་མ་རྡོ་རྗེ་བསྡམས་པ་ཡིས། །མེ་ཏོག་ཕྲེང་བ་མཆོག་བཟུང་ནས། །ས་མ་ཡ་སྟྭཾ་ཞེས་བརྗོད་དེ། །བརྟན་པའི་མནའ་ནི་རབ་ཏུ་སྦྱིན། །རྡོ་རྗེ་བསྡམས་པ་ལས་དབུ་མ་གཙོ་མོར་སྦྱར་བ་ནི་སེམས་མ་རྡོ་རྗེའི་ཕྱག་རྒྱའོ། །ཨོཾ་སཏྭ་བཛྲི་ཨ་དྷི་ཏིཥྛ་སྭ་ མཱཾ་ཧཱུཾ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བུའི་རྡོ་རྗེ་ཡེ་ཤེས་ངས་ཁྱོད་ལ་བསྐྱེད་པར་བྱས། ཁྱོད་ 35-1-237b ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མ་བྱེད་ཅིག །ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། ཞེས་བརྗོད་དོ། །ཡང་བླ་མས་ཕྱག་རྒྱ་དེ་ཉིད་སློབ་མའི་སྤྱི་བོར་གཏུགས་ཏེ། སླར་ཡང་འདི་སྐད་ཅེས་བརྗོད་ལ་རྡོ་རྗེའི་མནའ་བརྟན་པར་བྱའོ། །འདི་ནི་ཁྱོད་ཀྱི་དམ་ ཚིག་གི་རྡོ་རྗེ་སྟེ། གལ་ཏེ་ཚུལ་འདི་སུ་འང་རུང་བ་ལ་སྨྲས་ན་འདིས་ཁྱོད་ཀྱི་མགོ་བོ་འགེམས་པར་འགྱུར་རོ། །སླར་ཡང་བླ་མས་སློབ་མ་ཡི། །སྙིང་གར་ཕྱག་རྒྱ་བཞག་ནས་ནི། །ད་དུང་དུ་ཡང་རྡོ་རྗེའི་མནའ། །གསང་སྔགས་འདི་ཡིས་བསྐུལ་བར་བྱ། །རྡོ་རྗེ་སེམས་དཔའ་དེང་ ཁྱོད་ཀྱི། །སྙིང་ལ་ཡང་དག་གནས་པར་འགྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །དེ་ནས་དུང་ཆེན་པོར་བཞག་པ། །ཡི་གེ་གསུམ་གྱིས་རྡོ་རྗེའི་ཆུ། །མངོན་པར་བསྔགས་ཏེ་བྱིན་ནས་ནི། །མནའ་ཡི་བཏུང་བ་ཉིད་དུ་བྱ། །འདི་ནི་ཁྱོད་ཀྱི་དམྱལ་ བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་འགྲུབ་པ་ཡི། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཤིག །ཨོཾ་བཇྲོད་ཀ་ཋཿ། སློབ་མས་རྡོ་རྗེའི་ཆུ་འཐུངས་ཏེ། །གུས་བཅས་ལག་པ་བཟུང་ནས་ནི། །དབྱངས་འདི་གསལ་བར་བརྗོད་པ་ཡིས། །མནའ་ཡི་དམ་པ་ ཉན་དུ་གཞུག །དེང་ཕྱིན་ཆད་ཁྱེད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས་ངས་འདི་བྱོས་ཤིག་བྱ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག །བྱས་ན་ཁྱོད་ཡང་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་བརྗོད་དོ། །འདི་ནི་དམ་ཚིག་གི་ཆུ་ སྦྱིན་པའོ། །དེ་ནས་གལ་ཏེ་སློབ་དཔོན་གྱིས་འབེབས་པའི་ཆོ་གའི་ནུས་པ་ཐོབ་པར་གྱུར་ན། དེ་ལྟ་ན་གྲུབ་པའི་སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་རྣམ་པར་སྤེལ་བའི་དཀྱིལ་འཁོར་གྱི་ཆོ་གས་དབབ་སྟེ། དེ་ནས་འདིར་ནི་མ་སྨྲས་སོ། །དེ་ནས་དཀྱིལ་འཁོར་དུ་གཞུག་པར་འདོད་པས། ཁྱོད་ཀྱི་མིག་ལམ་ན་སྣང་བ་ཇི་ལྟ་བུ་ཞེས་དྲིས་ཏེ། དེས་དཀར་པོ་དང་། སེར་པོ་དང་། དམར་པོ་དང་ནག་པོར་སྣང་ངོ་ཞེས་སྨྲ་ན། ཞི་བ་ལ་སོགས་པ་འགྲུབ་པའི་སྐལ་བ་དང་ལྡན་པར་བཤད་དེ། གཡས་ནས་བསྐོར་བ་ཡང་བྱེད་དུ་བཅུག་ལ་བདེན་པའི་བྱིན་རླབས་བརྗོད་པར་བྱ་ 35-1-238a སྟེ། ཡང་དག་དཀྱིལ་འཁོར་འདི་རུ་ནི། །བདག་གི་སློབ་མ་གཞུག་པར་བགྱི། །བསོད་ནམས་ཇི་བཞིན་ལྷ་རྣམས་ཀྱི། །རིགས་ཀྱི་རིམ་པའང་དེ་བཞིན་ཤོག །ཇི་ལྟར་འདིར་ནི་འགྲུབ་འགྱུར་བའི། །གང་གི་རིགས་ཀྱི་སྣོད་གྱུར་དང་། །ཇི་ལྟའི་ བསོད་ནམས་མཐུ་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །ཅེས་བརྗོད་དོ། །དེ་ནས་མེ་ཏོག་གི་ཕྲེང་བ་སྔགས་འདིས་དཀྱིལ་འཁོར་དུ་དོར་བར་བྱ་སྟེ། ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷཱ་བ་ཤཱ་ཤྭ་ཏོ་མེ་བྷཱ་བ་ཧྲྀ་ད་ཡཾ་མེ་ཨ་དྷི་ཏིཥྛ་སརྦ་སིདྡྷིམྨེ་པྲ་ཡཙྪ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿ། །ཨོཾ་ཨཱ་ཁཾ་བཱི་ར་ཧཱུཾ་པྲ་ཏཱིཙྪ་གུ་ སུ་མཱཉྫ་ལ་ནཱི་ཐ་ཧོ། །མེ་ཏོག་དོར་ནས་མཆོག་དང་ཐ་མའི་དངོས་གྲུབ་མཚོན་པར་བྱ་སྟེ། དེ་ལ་གང་གི་ཚེ་སངས་རྒྱས་རྣམས་ཀྱི་དབུའམ་མཛོད་སྤུའི་གཙུག་ཏོར་ལ་ལྷུང་ན་ནི་དེའི་ཚེ་ཕྱག་རྒྱ་ཆེན་པོ་འགྲུབ་བོ། །གང་གི་ཚེ་སྤྱན་ནམ་ཞལ་ལྷུང་ན་དེའི་ཚེ་གསང་སྔགས་འགྲུབ་བོ། །སྐུའི་སྟོད་ཀྱིས་ མཆོག་དང་། སྐུའི་དབུས་ཀྱིས་འབྲིང་དང་། སྐུའི་སྨད་ཀྱིས་ཐ་མ་དང་། གཟུགས་བརྙན་ལས་འགྱངས་ན་རིང་ལ། ཉེ་ན་མྱུར་དུ་འགྲུབ་པ་རྣམས་དང་། ལྷ་རྣམས་ཀྱི་རང་གི་གནས་དང་རེ་མིག་ལ་སོགས་པར་རྣམ་པར་བཅད་དེ་ཤེས་པར་བྱའོ། །གང་གི་ཚེ་ལྷ་གཉིས་ཀྱི་བར་དུ་ལྷུང་ན་དེའི་ཚེ་ གང་ལ་ཉེ་བ་དེའི་རིགས་སུ་འགྱུར་རོ། །དཀྱིལ་འཁོར་གྱི་ཕ་རོལ་དུ་ལྷུང་ན་དངོས་གྲུབ་ཕྲ་མོ་འགྲུབ་བོ། །གང་གི་ཚེ་རྩིག་པ་ལ་ལྷུང་ན་སླར་ཡང་དོར་བར་བྱའོ། །ལན་གསུམ་གྱི་བར་དུ་དོར་ཀྱང་དེ་ཉིད་དུ་ལྷུང་ན་འགྲུབ་པར་མི་འགྱུར་རོ། །ཕྱི་རོལ་གྱི་རྡོ་རྗེའི་ར་བའི་ཕ་རོལ་དུ་ལྷུང་ན་དངོས་གྲུབ་ འགྲུབ་པར་མི་འགྱུར་རོ། །ལྟེ་བ་ལ་ལྷུང་ན་ཤིན་ཏུ་དགའ་བས་འགྲུབ་པའོ། །འདི་ནི་མེ་ཏོག་དོར་བའི་ཆོ་གའོ། །དེ་ནས་དེའི་མིག་ལ་ཕྲེང་བ་སྔགས་འདིས་བཅིང་བར་བྱ་སྟེ། པྲ་ཏི་གྲྀཧྞ་ཏྭ་མི་མེཾ་སཏྭ་མ་ཧཱ་བ་ལཾ། འདི་ནི་ཕྲེང་བའི་དབང་བསྐུར་རོ། །དེ་སྐད་དུའང་གྲུབ་པའི་སློབ་དཔོན་ ཀླུའི་བྱང་ཆུབ་ཀྱི་ཞལ་སྔ་ནས་ཀྱིས། མཁས་པས་རིགས་ཀྱི་བྱེ་བྲག་དག །མེ་ཏོག་དོར་ལ་ཤེས་པར་བྱ། །སྔགས་དང་བཅས་པས་ཕྲེང་བ་ཡི། །དབང་བསྐུར་བ་ནི་སྤྱི་བོར་སྦྱིན། །ཞེས་གསུངས་སོ། །སློབ་མ་སྡིག་པ་རྣམ་སྤངས་པའི། །མིག་གཉིས་ཨོཾ་ཡིག་གིས་མནན་ཏེ། 35-1-238b བརྟུལ་ཞུགས་བཟང་པོས་སྔགས་འདི་ཡིས། །གདོང་གཡོགས་རབ་ཏུ་དགྲོལ་བར་བྱ། །རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བ། །རྡོ་རྗེའི་མིག་ནི་བླ་ན་མེད། །དཀྱིལ་འཁོར་འདི་ལ་ལྟོས་ཤིག་དང་། །ད་ནི་དད་ པ་རབ་ཏུ་བསྐྱེད། །ཁྱེད་ནི་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླ་བས། །ཧེ་བཛྲ་པཱ་ཤྱ། དཀྱིལ་འཁོར་གྱི་ནི་གོ་རིམས་བཞིན། །དེ་ནས་དེ་ཉིད་རབ་ཏུ་བཤད། །དེ་ན་ས་སུམ་ཅུ་རྩ་གཉིས་ཀྱི། རང་གི་ངོ་བོའང་ཉེ་བར་བསྟན། །ལོགས་བཞི་འཕགས་ པའི་བདེན་པ་སྟེ། །ཚངས་པའི་གནས་པ་གྲུ་བཞིའོ། །སྒོ་རྣམས་བསྡུ་བའི་དངོས་པོ་སྟེ། །རེ་རེའང་རྣམ་པ་བཞིར་ཤེས་བྱ། །དད་པའི་དབང་པོ་ལ་སོགས་སེམས། །རྩིག་པ་ལྔར་ནི་འགྱུར་བའོ། །རྫུ་འཕྲུལ་རྐང་པ་བཞི་པོ་ནི། །སྒོ་ཁྱུད་རྣམ་པ་བཞི་ཡིན་ནོ། །དེ་ཡི་དབུས་ ཀྱི་འཁོར་ལོ་གང་། །དཀྱིལ་འཁོར་བརྒྱད་པ་ལྟ་བུ་སྟེ། །དེ་ཉིད་རྣམ་པར་ཐར་པ་བརྒྱད། །དངོས་གྲུབ་ཐམས་ཅད་རབ་སྒྲུབ་བྱེད། །སངས་རྒྱས་ཀུན་གྱི་ཁང་ཆེན་གྱི། །ཀ་བར་གྱུར་པ་ཐམས་ཅད་དུ། །འཕགས་པའི་ལམ་གྱི་ཡན་ལག་བརྒྱད། །ཀ་བ་བརྒྱད་ཅེས་བྱ་བར་བཤད། ། ཆོས་ཀྱི་དེ་ཉིད་དོན་གྱི་བརྡ། །འཁོར་ལོའི་ནང་གི་དོན་གྱིའོ། །སེམས་ཀྱི་དཀྱིལ་འཁོར་གང་ཡིན་ཉིད། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །ཅེས་བྱ་བ་དང་། དེ་ནས་འཁོར་ལོའི་གཙོ་བོ་ནས། །བརྩམས་ཏེ་གནོད་མཛེས་བར་གྱི་ལྷ། །རྡོ་རྗེ་ཅན་གྱིས་སློབ་མ་ལ། །དེ་ཉིད་ རྣམ་བཞི་ཇི་བཞིན་བསྟན། །དེ་ལ་དབུས་ཀྱི་མི་བསྐྱོད་པ་ནི་རྣམ་པར་ཤེས་པའི་ཕུང་པོའོ། །ཤར་ལ་སོགས་པའི་ཕྱོགས་རྣམས་སུ་གཟུགས་ཀྱི་ཕུང་པོ་ནི་རྣམ་པར་སྣང་མཛད་དོ། །ཚོར་བ་ནི་རིན་ཆེན་འབྱུང་ལྡན་ནོ། །འདུ་ཤེས་ནི་འོད་དཔག་ཏུ་མེད་པའོ། །འདུ་བྱེད་ནི་དོན་ཡོད་ གྲུབ་པའོ། །མེ་ལ་སོགས་པའི་མཚམས་ནི་སའི་ཁམས་ནི་སྤྱན་ནོ། །ཆུ་ནི་མཱ་མ་ཀཱིའོ། །མེ་ནི་གོས་དཀར་མོའོ། །རླུང་ནི་སྒྲོལ་མའོ། །འཕར་མ་གཉིས་པའི་མེ་ལ་སོགས་པའི་མཚམས་རྣམས་སུ་ཡུལ་གཟུགས་ནི་གཟུགས་རྡོ་རྗེ་མའོ། །སྒྲ་ནི་སྒྲ་རྡོ་རྗེ་མའོ། །དྲི་ནི་དྲི་རྡོ་རྗེ་མའོ། ། 35-1-239a རོ་ནི་རོ་རྡོ་རྗེ་མའོ། །རེག་ནི་རེག་རྡོ་རྗེ་མའོ། །འཕར་མ་གསུམ་པ་ལ་མིག་སའི་སྙིང་པོའོ། །རྣ་བ་ཕྱག་ན་རྡོ་རྗེའོ། །སྣ་ནམ་མཁའི་སྙིང་པོའོ། །ལྕེ་འཇིག་རྟེན་དབང་ཕྱུག་གོ། །ཡིད་འཇམ་པའི་དབྱངས་སོ། །ལུས་སྒྲིབ་པ་ཐམས་ཅད་རྣམ་པར་ སེལ་བའོ། །མགོ་བྱམས་པའོ། །ཚིགས་ཐམས་ཅད་ཀུན་དུ་བཟང་པོའོ། །ལག་པ་གཡས་པ་གཤིན་རྗེའི་གཤེད་དོ། །གཡོན་པ་གཞན་གྱིས་མི་ཐུབ་པའོ། །ཁ་རྟ་མགྲིན་ནོ། །རྡོ་རྗེ་བདུད་རྩི་འཁྱིལ་པའོ། །དཔུང་པ་གཡས་པ་མི་གཡོ་བའོ། །གཡོན་པ་འདོད་ པའི་རྒྱལ་པོའོ། །རྗེ་ངར་གཡས་པ་དབྱིག་སྔོན་ཅན་ནོ། །གཡོན་པ་སྟོབས་པོ་ཆེའོ། །སྤྱི་གཙུག་གཙུག་ཏོར་འཁོར་ལོས་སྒྱུར་བའོ། །རྐང་པའི་མཐའ་ནི་གནོད་མཛེས་རྒྱལ་པོའོ། །མི་བསྐྱོད་ལ་སོགས་གོ་རིམས་བཞིན། །ལུས་ཀྱི་འཁོར་ལོར་སོན་པ་སྟེ། །དེ་ནས་ཕྱི་ ཡི་འཁོར་ལོ་ནི། །སློབ་མ་གཅིག་ནས་བརྩམས་ཏེ་བསྟན། །འདི་ནི་དཀྱིལ་འཁོར་དུ་འཇུག་པའི་ཆོ་གའོ།། །།ཆུའི་དབང་ནི་རབ་བསྒྲུབ་ཕྱིར། །སྔགས་པ་ཡིས་ནི་ཤར་ཕྱོགས་སམ། །དབང་ལྡན་དུ་ཡང་དཀྱིལ་འཁོར་བྲི། །གྲུ་བཞི་པ་དང་སྒོ་བཞི་པ། །ཁྲུ་དོ་ བ་དང་འཕར་མ་གཉིས། །དེ་དབུས་སྣ་ཚོགས་པདྨ་ནི། །རྡུལ་ཚོན་དཀར་པོ་དམར་པོ་དང་། །དེ་བཞིན་ནག་པོ་རྣམས་ཀྱིས་བྱ། །ར་བ་རྣམ་པ་གསུམ་བྱས་ཏེ། །ཕྱག་རྒྱ་བཞི་པོ་དགོད་པར་བྱ། །ཤར་དུ་རྡོ་རྗེ་ལྷོར་རིན་ཆེན། །ནུབ་ཏུ་ཆུ་སྐྱེས་གེ་སར་བཟང་། །སྣ་ཚོགས་རྡོ་རྗེ་ ནོར་སྦྱིན་དུ། །ལེགས་པར་བཀོད་དེ་བུམ་པ་གཞག །འདི་ནི་ཁྲུས་ཀྱི་དཀྱིལ་འཁོར་གྱི་ཆོ་གའོ།། །།དེ་ནས་ཆུ་ཡི་དབང་བསྐུར་ཕྱིར། །པུས་མོ་གཡས་པའི་ལྷ་ང་ནི། །ས་ལ་ལེགས་པར་བཙུགས་ནས་ཀྱང་། །མེ་ཏོག་སྙིམ་པ་དང་བཅས་ཏེ། །ཚིགས་སུ་བཅད་ པ་འདི་ཡིས་ནི། །བླ་མ་རྡོ་རྗེ་གསོལ་བ་གདབ། །བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་གསོལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་གསོལ། །ཕྲེང་བའི་དབང་བསྐུར་བྱས་པ་ཡི། །སློབ་མ་དཀྱིལ་འཁོར་དུ་ 35-1-239b བཀུག་སྟེ། །རྟག་པའི་ང་རྒྱལ་འཛིན་པ་ཡིས། །དཀྱིལ་འཁོར་དབུས་སུ་བཞག་ནས་ནི། །སློབ་དཔོན་ཚོགས་པ་དང་བཅས་པས། །རྡོ་རྗེ་སློབ་མ་དབང་བསྐུར་བྱ། །བུམ་པ་བཟུང་སྟེ་བཀྲ་ཤིས་པའི། །ཚིགས་སུ་བཅད་པ་ཐོག་མར་བཀླག །ཏིལ་གྱི་གཟུགས་བརྙན ལྟར་གང་བའི། །རྒྱལ་བ་བུམ་པ་འཛིན་པ་ཡིས། །དེ་རིང་ཁྱོད་ལ་དབང་རབ་བསྐུར། །དེ་ལྟར་ཤེས་ནས་ཡིད་བདེར་གྱིས། །རྡོ་རྗེ་ཁུ་ཚུར་དང་བཅས་པའི། །ལོ་འདབ་བུམ་པའི་ཆུ་ཡིས་བླུགས། །དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། ། སངས་རྒྱས་ཀུན་གྱི་གསང་གསུམ་པའི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་བྷི་ཥེ་ཀེ་ཎ་ཏཱཾ་ཨ་བྷི་ཥིཉྩཱ་མི་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་ཏྭེ་ནོ་པ་དྲྀ་ཌྷོ་བྷ་བ། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་དམ་པའི་རིགས་རྣམས་ཀྱི་ནི་ རྗེ། །མ་ལུས་སེམས་ཅན་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མ་ལུས་རྡོ་རྗེའི་རིགས་དང་ལྡན། །སྡང་བས་ཟིལ་མནན་སྐྱེ་བོ་རྣམ་པར་སྦྱོང་བྱེད་པ། །མི་བསྐྱོད་མགོན་པོ་ཞེས་བྱར་མཚན་གསོལ་དེ་ཡི་ནི། །བཀྲ་ཤིས་ དེས་ནི་དེ་རིང་ཁྱེད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མཐའ་དག་འཁོར་ལོའི་རིགས་དང་ལྡན། །རྣམ་པར་སྣང་མཛད་འཁོར་བའི་སྡུག་བསྔལ་རྟག་འཕྲོག་ཅིང་། །རྨོངས་པས་ཟིལ་མནན་སྐྱེ་བོ་ཡོངས་སུ་སྦྱོང་མཛད་པ། །བཀྲ་ཤིས་དེས་ནི་དེ་རིང་ཁྱེད་ལ་དབང་རབ་བསྐུར། །བཀྲ་ ཤིས་གང་ཞིག་མ་ལུས་རིན་ཆེན་རིགས་དང་ལྡན། །ཕོངས་པའི་སྡུག་བསྔལ་འགྲོལ་བར་ཡོངས་སུ་རབ་བརྩོན་ཞིང་། །ཁེངས་པས་ཟིལ་མནན་འགྲོ་བ་ཡོངས་སུ་སྦྱོང་མཛད་པ། །བཀྲ་ཤིས་དེས་ནི་དེ་རིང་ཁྱེད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མ་ལུས་པདྨའི་རིགས་དང་ ལྡན། །འཇིག་རྟེན་དབང་ཕྱུག་སྲིད་པའི་དྲ་བ་འཇོམས་པ་པོ། །ཆགས་པས་ཟིལ་མནན་འགྲོ་བ་ཡོངས་སུ་སྦྱོང་མཛད་པ། །བཀྲ་ཤིས་དེས་ནི་དེ་རིང་ཁྱེད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མ་ལུས་ལས་ཀྱི་རིགས་དང་ལྡན། །བརྩེ་བའི་བདག་ཉིད་ལོག་པར་ལྟ་བ་ 35-1-240a ངེས་པར་སྤོང་། །དེ་སྦྱོང་ཐབས་སྟོན་དེ་ནི་ཀུན་ནས་སེལ་མཛད་པ། །བཀྲ་ཤིས་དེས་ནི་དེ་རིང་ཁྱེད་ལ་དབང་རབ་བསྐུར། །སངས་རྒྱས་རྡོ་རྗེའི་དབང་བསྐུར་བས། །དེ་རིང་ཁྱེད་ལ་དབང་བསྐུར་རོ། །ཨོཾ་ཨཱཿབཛྲ་ཨ་བྷི་ཥིཉྩ་ཧཱུཾ་སུ་ར་ཏ་སྟྭཾ་ཨ་ཧཾ། འདི་ནི་ཆུའི་ དབང་བསྐུར་བ་སྟེ་མེ་ལོངལྟ་བུའི་ཡེ་ཤེས་སོ། །ཆུ་ཡི་དབང་བསྐུར་ཐོབ་པ་ཡིས། །ཁྲུས་ཀྱི་དཀྱིལ་འཁོར་ལས་བརྒལ་ཏེ། །རྒྱན་རྣམས་ཐམས་ཅད་རབ་བཟུང་བས། །དཀྱིལ་འཁོར་ཆེན་པོའི་འགྲམ་ཉིད་དུ། །རྒྱལ་པོའི་རྒྱན་གྱིས་རྣམ་བརྒྱན་ཏེ། །གདུགས་དཀར་པོ་ནི་ བཟུང་བ་ལ། །དབྱངས་འདི་ཡིས་ནི་དགའ་བར་བྱ། །བདེ་བ་ཆེན་པོ་འདོད་ཆགས་ཆེ། །རྡོ་རྗེ་ཆེན་པོ་ནོར་ཆེ་བ། །ཤེས་རབ་ཆེན་པོ་ཡེ་ཤེས་ཆེ། །རྡོ་རྗེ་སེམས་དཔའ་དེང་བདག་བསྒྲུབས། །སངས་རྒྱས་ཀུན་གྱི་རྡོ་རྗེ་ཆེ། །དངོས་གྲུབ་ཀུན་གྱི་བདེ་སྟེར་བ། །ཀུན་གྱི་དབང་ནི་ བསྐུར་དོན་དུ། །རྡོ་རྗེ་དབང་ཕྱུག་བླ་ན་མེད། །ཛ་ཨ་ཨཱ་ཨི་བུདྡྷ་པ་ར་མརྠ་དེ་ཧ་ཨོ། །ཛ་ཨ་ཀཱ་མ་མོ་ཀྵ་དྷརྨཱ་དྷ་ཨ་ཨོ། །ཛ་ཨ་པཉྩ་ཛྙཱ་ན་སུ་ར་ཨ་ས་མཱ་ཧ་ཨ་ཨོ། །ཛ་ཨ་བཛྫ་པཱ་ཎི་མ་ཧཱ་སུ་ཧ་ཎ་ཧ་ཨོ། །ཕྱི་ནས་བླ་མ་དཀྱིལ་འཁོར་ལ། །འདིར་ནི་བསྐོར་བ་ལན་གསུམ་ བྱ། །གསེར་སོགས་ལས་ནི་བསྒྲུབས་པ་ཡི། །ཅོད་པན་གཙོ་བོ་ལ་བཞག་སྟེ། །དེ་ཡི་ཕྱག་རྒྱའི་གོས་ཀྱིས་ཀྱང་། །རིན་ཆེན་འབྱུང་བའི་སྦྱོར་ལྡན་པས། །དེ་ནས་ཤར་གྱི་སྒོ་དྲུང་དྲུ། །འཇམ་པའི་སྟན་ལ་རབ་བསྡད་དེ། །སངས་རྒྱས་ཀུན་གྱིས་དབང་བསྐུར་ བས། །བླ་མས་སློབ་མ་དབང་བསྐུར་བྱ། །མགོ་བོའི་དབུས་དང་དཔྲལ་བ་དང་། །དེ་བཞིན་མགོ་བོའི་ལོགས་གཉིས་དང་། །རྒྱབ་ཏུའང་ཕྱག་རྒྱ་བཞག་ནས་ནི། །གསང་སྔགས་འདི་ནི་བརྗོད་པར་བྱ། །རྡོ་རྗེ་ཐལ་སྦྱར་མཐེ་བོ་དག །དཔའ་བོའི་སྐྱིལ་ཀྲུང་ཉིད་ དུ་བསྐུམ། །རྩེ་མོ་རྩེ་མོ་མཉམ་པར་སྦྱར། །བར་མ་མཆོག་གི་ཡན་ལག་ཀྱང་། །རྡོ་རྗེ་དབྱིངས་ཀྱི་ཕྱག་རྒྱར་བཤད། །དེའི་སྔགས་ནི། ཨོཾ་བཛྲོད་དྷཱ་ཏཱི་ཤྭ་རི་ཨ་བྷི་ཥིཉྩ་ཨཿ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །ལག་གཉིས་རྡོ་རྗེ་བསྡམས་པའི་རྒྱ། །དེ་ཡི་ 35-1-240b དབུས་མ་རྩེ་སྦྱར་བྱ། །སེམས་མ་རྡོ་རྗེའི་ཕྱག་རྒྱ་ཡིན། །དེའི་སྔགས་ནི། ཨོཾ་སཏྭ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། དེ་ཉིད་ལས་གུང་མོའི་ཚིགས་དབུས་མ་བཅག་པ་ནི་རིན་ཆེན་རྡོ་རྗེ་མའི་ཕྱག་རྒྱའོ། །དེའི་སྔགས་ནི། ཨོཾ་རཏྣ་བཛྲི་ཨ་བྷི་ཥིཉྩ་ཏཱཾ། དེ་ཉིད་ལས་གུང་མོ་པདྨའི་རྣམ་པ་ལྟར་ བྱས་པ་ནི་ཆོས་ཀྱི་རྡོ་རྗེ་མའི་ཕྱག་རྒྱའོ། །དེའི་སྔགས་ནི། ཨོཾ་དྷརྨཱ་བཛྲི་ཨ་བྷི་ཥིཉྩ་ཧྲཱིཿ། དེ་ཉིད་ལས་དབུས་མའི་རྩེ་མོ་བཅག་པ་རལ་གྲི་སྟེ། ལས་ཀྱི་རྡོ་རྗེ་མའི་ཕྱག་རྒྱའོ། །དེའི་སྔགས་ནི། ཨོཾ་ཀརྨ་བཛྲི་ཨ་བྷི་ཥིཉྩ་ཏཾ། དབང་བསྐུར་བ་ཡི་རིམ་འདི་ཡིས། །སངས་རྒྱས་ ལྔ་ཡི་ཅོད་པན་ལ། །དར་དཔྱངས་མངོན་པར་དཔྱངས་ནས་སུ། །མཉམ་པའི་ཐལ་མོས་མཉེས་པར་བྱ། །བཛྲ་ཏུ་ཥྱ་ཧོཿ། །འདི་ནི་ཅོད་པན་གྱི་དབང་བསྐུར་བ་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་རྗེས་འོད་དཔག་མེད་བདག་ཏུ། །དམིགས་ཏེ་སློབ་མའི་སྙིང་ག་རུ། ། རྡོ་རྗེ་གཏད་དེ་རྡོ་རྗེ་ཡིས། །མགྲིན་གཙུག་གཏུགས་ཏེ་འདི་སྐད་བརྗོད། །སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །ལེགས་པར་གྲུབ་ཕྱིར་རྡོ་རྗེ་ཟུང་། །རྡོ་རྗེ་ལག་པ་གཡས་པར་སྦྱིན། །བླ་མ་རྡོ་རྗེ་ འཛིན་བདག་གི། །དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། །ཞེས་སོགས་བརྗོད་པ་སྔོན་འགྲོ་བས། །ལྷ་ཡི་ང་རྒྱལ་དང་བཅས་པའི། །སློབ་མས་རྡོ་རྗེ་བསྒྱིངས་ཏེ་གཟུང་། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །རྡོ་རྗེ་དེ་ཉིད་གསོར་བར་བྱ། །འདི་ནི་རྡོ་རྗེའི་དབང་སྟེ་སོ་སོར་རྟོག་ པའི་ཡེ་ཤེས་སོ། །དོན་ཡོད་གྲུབ་པའི་གཟུགས་སུ་ནི། །སློབ་མཆོག་བཞིན་དུ་བསམ། །ཨཱཿཡིག་ལས་བྱུང་དྲིལ་བུ་སླར། །སློབ་མ་ལ་ནི་འབད་པས་སྦྱིན། །དེ་ནས་བླ་མས་བྱིན་བརླབས་པའི། །དྲིལ་བུ་བླངས་ནས་དང་པོར་ནི། །རང་གི་ལག་ཉིད་ཀྱིས་དཀྲོལ་ ཏེ། །ཚིགས་བཅད་འདི་ནི་བརྗོད་པར་བྱ། །ཟླ་བའི་འོད་ཅན་ཡེ་ཤེས་སྐུ་མངའ་རྒྱལ་བའི་ཅོད་པན་འཛིན་པ་པད་ཟླའི་གདན་ལ་བཞུགས། །གདུག་པ་རྣམས་ནི་འདུལ་བའི་དོན་དུ་སྲིད་གསུམ་འདུལ་མཛད་བསྡིགས་པའི་དེ་ཉིད་རྡོ་རྗེ་ཅན། །སངས་རྒྱས་རྣམས་ནི་བསྐུལ་ 35-1-241a ཕྱིར་དེ་ཁོ་ན་ཉིད་སོ་སོར་སྒྲོགས་པའི་ཆོས་ཉིད་དྲིལ་བུ་འཁྲོལ། །དངོས་པོ་ཀུན་གྱི་ངོ་བོ་མ་ལུས་སྟོང་པའི་བཅོམ་ལྡན་གང་ཡིན་དེ་ནི་རྒྱལ་གྱུར་ཅིག །དེ་ནས་སླར་ཡང་ཕབ་ནས་སུ། །རྐེད་པའི་ཕྱོགས་སུ་རྣམ་གཞག་སྟེ། །སྙེམས་པས་རྡོ་རྗེ་བཟུང་ནས་ ཀྱང་། །ཚིགས་སུ་བཅད་པ་འདི་བརྗོད་བྱ། ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོཥྱོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་རྐརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿབྷ་ག་ ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ། ཨོཾ་བཛྲ་གྷཎྜེ་ཨཿ། བདག་གིས་བཅོམ་ལྡན་བཟུང་ལགས་ཀྱིས། །བཅོམ་ལྡན་བདག་ལ་ཉེ་བར་གྱུར། །སློབ་དཔོན་གྱིས་ཨོཾ་བཛྲ་ཨ་དྷི་པ་ཏི་ཏྭཾ་ཨ་བྷི་ཥིཉྩཱ་མི་ཏིཥྛ་བཛྲ་ཧཱི། ས་མ་ཡ་སྟྭཾ་ཞེས་བརྗོད་པར་བྱའོ། །འདི་ ནི་དྲིལ་བུའི་དབང་བསྐུར་བ་སྟེ་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེའི་རྗེས་ལ། གསེར་རམ་ཡང་ན་དངུལ་གྱི་ནི། །སྣོད་དུ་མིག་སྨན་བཞག་པ་ལ། །ཐུར་མའང་དེ་ཡི་རང་བཞིན་གྱིས། །དེ་ཉིད་རིག་པས་སྔགས་འདི་བརྗོད། །བཛྲ་ནེ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿ། ཇི་ལྟར་སྨན་པའི་རྒྱལ་ པོ་ཡིས། །ཐུར་མས་འཇིག་རྟེན་ལིང་ཏོག་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །སྒྲིབ་གཡོགས་རྒྱལ་བ་རྣམས་ཀྱིས་བསལ། །དེ་ནས་ཨཿཡི་ཡི་གེ་ཡིས། །མངོན་པར་བསྔགས་པའི་མེ་ལོང་བླངས། །ཚིགས་སུ་བཅད་པ་འདི་བརྗོད་དེ། །རྡོ་རྗེ་སློབ་མ་ལ་བསྟན་ བྱ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་འབྱུང་། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་བླ་མེད་བྱོས། །འོན་ཀྱང་ སྐྱོབ་པའི་སྲས་སུ་སྐྱེས། །འདི་ནི་མེ་ལོང་གི་དབང་བསྐུར་བའོ། །མི་བསྐྱོད་གཟུགས་སུ་དམིགས་ནས་སུ། །དེ་ནས་རྡོ་རྗེ་དྲིལ་བུ་སྦྱིན། །དེ་ཡི་མགོ་ལ་གཏུགས་ནས་སུ། །རྡོ་རྗེ་མིང་གི་དབང་བསྐུར་ཏེ། །ཨོཾ་བཛྲ་སཏྭ་ཏྭཾ་ཨ་བྷི་ཥིཉྩ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་དཔལ་ 35-1-241b ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པ་ས་མ་ཡ་སིདྡྷི་ས་མ་ཡ་སྟྭཾ་བྷུར་བྷུ་བ་སྭཿཨཿ། དེ་ལ་རིགས་དང་རྗེས་སུ་མཐུན་པའི་མིང་དུ་བྱ་སྟེ། མི་བསྐྱོད་པའི་རྣམས་ནི་བཞད་པའི་རྡོ་རྗེ་དང་། སྒེག་པའི་རྡོ་རྗེ་དང་། གཉིས་མེད་རྡོ་རྗེ་དང་། མི་ཕྱེད་རྡོ་རྗེ་དང་། དགའ་རབ་རྡོ་རྗེ་ དང་། རོལ་པའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་རྣམས་སོ། །རྣམ་པར་སྣང་མཛད་ཀྱི་མིང་རྣམས་ནི་གཏི་མུག་རྡོ་རྗེ་དང་། ཨོཾ་མཛད་རྡོ་རྗེ་དང་། རྟག་པའི་རྡོ་རྗེ་དང་། སྒྱུ་འཕྲུལ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་རྣམས་སོ། །རིན་ཆེན་འབྱུང་ལྡན་གྱི་མིང་རྣམས་ནི་ཡིད་བཞིན་ནོར་བུ་རྡོ་རྗེ་ དང་། མཁའ་རྡོ་རྗེ་དང་། གཟི་བརྗིད་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་རྣམས་སོ། །འོད་དཔག་ཏུ་མེད་པའི་མིང་རྣམས་ནི་འདོད་ཆགས་རྡོ་རྗེ་དང་། སྤྱན་རས་གཟིགས་རྡོ་རྗེ་དང་། ཆོས་ཀྱི་རྡོ་རྗེ་དང་། པདྨ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་རྣམས་སོ། །དོན་ཡོད་གྲུབ་པའི་མིང་རྣམས་ནི་ རྟ་མཆོག་རྡོ་རྗེ་དང་། དམ་ཆིག་རྡོ་རྗེ་དང་། ལས་ཀྱི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་རྣམས་སོ། །མི་བསྐྱོད་པའི་རིགས་ཀྱི་ལྷ་མོའི་མིང་རྣམས་ནི་རྡོ་རྗེ་བདག་མེད་མ་དང་། རྡོ་རྗེ་ལག་པ་མ་དང་། རྡོ་རྗེ་ཕྲེང་བ་མ་དང་། རྡོ་རྗེ་འབྱུང་གནས་མ་ཞེས་བྱ་བ་ལ་སོགས་པ་རྣམས་སོ། །རྣམ་ པར་སྣང་མཛད་ཀྱི་ལྷ་མོ་རྣམས་ཀྱི་མིང་ནི་རྡོ་རྗེ་མཁའ་འགྲོ་མ་དང་། རྡོ་རྗེ་སྒེག་མོ་ཞེས་བྱ་བ་ལ་སོགས་པ་རྣམས་སོ། །རིན་པོ་ཆེའི་ལྷ་མོ་རྣམས་ཀྱི་མིང་ནི་རྡོ་རྗེ་དོ་ཤལ་མ་དང་། རྡོ་རྗེ་དབུགས་དབྱུང་མ་དང་། རྡོ་རྗེ་འབར་མ་དང་། རྡོ་རྗེ་ཕྲེང་བ་མ་ལ་སོགས་པ་རྣམས་སོ། །འོད་ དཔག་ཏུ་མེད་པའི་རིགས་ཀྱི་ལྷ་མོ་རྣམས་ནི་རྡོ་རྗེ་ཆགས་པ་མ་དང་། རྡོ་རྗེ་དབྱངས་མ་དང་། རྡོ་རྗེ་བློ་གྲོས་མ་དང་། རྡོ་རྗེ་གོས་དཀར་མོ་ཞེས་བྱ་བ་ལ་སོགས་པ་རྣམས་སོ། །དོན་ཡོད་གྲུབ་པའི་རིགས་ཀྱི་ལྷ་མོ་རྣམས་ཀྱི་རྡོ་རྗེ་སྙེམས་མ་དང་། རྡོ་རྗེ་སྒྱུ་འཕྲུལ་མ་དང་། རྡོ་རྗེ་དགོད་མ་ དང་། རྡོ་རྗེ་གྲོལ་མ་ལ་སོགས་པ་རྣམས་སོ། །འདི་ནི་མིང་གི་དབང་བསྐུར་བ་སྟེ། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །འཁོར་ལོ་དང་ནི་རིན་ཆེན་དང་། །དེ་བཞིན་པདྨ་རྡོ་རྗེ་རྣམས། །ཚིགས་བཅད་འདི་དག་བརྗོད་པ་ཡིས། །མཚན་མའི་དབང་ 35-1-242a བསྐུར་སྦྱིན་པར་བྱ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག །དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་བདག་པོ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ཅིག །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །ཇི་ལྟར་སྣ་ཚོགས་འདུལ་བ་ཡི། །སངས་རྒྱས་རིན་ཆེན་རབ་ཏུ་སྟོན། །ཨོཾ་བཛྲ་རཏྣ་སརྦ་དྷརྨཱ་བི་ཤུདྡྷ་ཛྙཱ་ན་ཨ་བྷི་ཥེ་ཀ་པྲཱཔྟ་ ཨོཾ་ཨོཾ་ཨོཾ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །ཇི་ལྟར་སྣ་ཚོགས་འདུལ་བ་ཡི། །འདོད་ཆགས་དག་པ་རབ་ཏུ་སྟོན། །ཨོཾ་བཛྲ་དྷརྨཱ་སརྦ་དྷརྨཱ་བི་ཤུདྡྷ་ཛྙཱ་ན་རཱ་ག་པདྨ་ད་ལ་སྭ་བྷཱ་ཝ་ཧྲཱིཿཨཿ། སེམས་ཅན་ཀུན་ལ་ཕན་པའི་ ཕྱིར། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའི། །རྡོ་རྗེ་མཆོད་པ་རབ་ཏུ་བསྐོར། །ཨོཾ་བཛྲ་ཀརྨ་སརྦ་དྷརྨཱ་བི་ཤུདྡྷ་ཛྙཱ་ན་སརྦ་པཱུ་ཛ་སྭ་བྷཱ་ཝ་ཨཿ། དེའི་རྗེས་སུ་སློབ་དཔོན་རང་གི་སྙིང་གའི་ས་བོན་ལས་བྱུང་བའི་ལྷའི་ཚོགས་ནམ་ མཁའ་ལ་གནས་པ་རྣམས་ཀྱི་དབང་བསྐུར་བ་དང་ལྡན་པའི་སློབ་མ་རྒྱན་ཐམས་ཅད་ཀྱིས་བཀླུབས་ཏེ། གདུགས་དང་། རྒྱལ་མཚན་དང་། བ་དན་བསྒྲེང་བས་བརྒྱན་ལ་ཤར་གྱི་སྒོར་སེང་གེའི་ཁྲི་ལ་བཞག་སྟེ། སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་སྟེང་དུ། རྡོ་རྗེ་སེམས་ དཔའི་གཟུགས་སུ་རྣམ་པར་བསམས་ལ། རྡོ་རྗེའང་ཧཱུཾ་གི་ཡི་གེ་ལས་བྱུང་བར་བསྒོམས་ཏེ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་པའི་བདག་པོའི་བདག །བཅོམ་ལྡན་འདས་དང་ པོ་མཆོག་གི་སྐྱེས་བུའོ་ཞེས་བྱ་བའི་དེ་ཁོ་ན་ཉིད་ཀྱིས་གཟུང་བར་བྱའོ། །དེའི་རྗེས་སུ་ཨཿའི་ཡི་གེ་ལས་བྱུང་བའི་དྲིལ་བུ་ལག་པ་གཡོན་པར་བྱིན་ཏེ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ 35-1-242b གཟུང་། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེས། །སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ལྡན་པའི། །སྲིད་པ་དམ་པ་བྱེད་པར་འགྱུར། །ཞེས་བརྗོད་ལ་སློབ་མས་ཀྱང་དཀྲོལ་བར་བྱའོ། །དེའི་རྗེས་སུ་ཡིད་ཀྱི་ ལུས་ནི་བརྟན་བྱའི་ཕྱིར། ཕྱག་རྒྱ་དམ་ཚིག་ཞེས་སུ་བཤད། །ལུས་ཀུན་བརྟན་པར་བྱེད་པས་ན། །དེ་ཕྱིར་ཕྱག་རྒྱ་ཞེས་སུ་བསྒྲགས། །ཞེས་བྱ་བ་འདིས་རང་འདོད་པའི་ལྷའི་གཟུགས་ནང་གི་བདག་ཉིད་ཀྱི་ཕྱག་རྒྱ་ཆེན་པོ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་འཁྱུད་ པར་བསམས་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཞེས་བརྗོད་དོ། །དེ་སྐད་དུ་ཡང་། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་ ལ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་དབང་དུ་ཡང་དག་འདོད། །ཅེས་གསུངས་སོ། །དེ་ལྟར་རྡོ་རྗེ་སློབ་དཔོན་གྱི་དབང་གི་མཐར་ཐུག་པ་ནི། ཐམས་ཅད་དུ་བུམ་པའི་བྱ་བ་ཁོ་ན་འཇུག་པས་ན་བུམ་པའི་དབང་ཞེས་བྱ་སྟེ་དང་ པོའོ།། །།རྡོ་རྗེ་སློབ་དཔོན་གྱི་དབང་ནི་ཕྱིར་མི་ལྡོག་པའི་དབང་ཞེས་ཀྱང་བརྗོད་དོ། །དབང་བསྐུར་བ་དེ་དག་གིས་ཀྱང་སྔགས་དང་རྒྱུད་ཉན་པ་དང་། བཤད་པ་དང་། གསང་སྔགས་སྒྲུབ་པ་ལ་དབང་བར་འགྱུར་རོ། །དེ་རྗེས་བླ་མས་རྟག་པ་ཡི། །གཟུགས་སུ་ ལེགས་པར་རབ་དམིགས་ཏེ། །སངས་རྒྱས་ཀུན་གྱིས་མངོན་མཆོད་པའི། །རྗེས་སུ་གནང་བ་སློབ་མར་སྦྱིན། །ཕྲེང་བ་ལ་སོགས་དབང་རྣམས་ཀྱི། དབང་བསྐུར་ང་ཡིས་བྱིན་པ་ཡིས། །སྡིག་པ་ཐམས་ཅད་རྣམ་སྤངས་ཏེ། །སངས་རྒྱས་ཀུན་གྱི་མདུན་ན་ གནས། །ད་ནི་དཀྱིལ་འཁོར་སློབ་དཔོན་ཏེ། །སྔགས་དང་རྒྱུད་རྣམས་འཛིན་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀྱིས་ཀྱང་མཐུན་པར་བསམ། །ཁྱོད་ནི་བདུད་རྣམས་ལས་རྒྱལ་ཏེ། །སངས་རྒྱས་ཐམས་ཅད་འཐོབ་པར་ 35-1-243a འགྱུར། །སེང་གེའི་སྤྱོད་པ་ལེགས་སྤྱད་པས། །ཁྱོད་ཀྱིས་སེམས་ཅན་དོན་རྣམས་བྱོས། །ཆོས་རྣམས་ཀུན་ལ་སེར་སྣ་དང་། །སེམས་ཅན་རྣམས་ལ་མི་ཕན་གང་། །ཉམ་ང་ཤིན་ཏུ་ཆེ་ན་ཡང་། །བུ་ཁྱོད་ཀྱིས་ནི་དེ་མི་བྱ། །འདི་ལ་ཐེ་ཚོམ་ མི་བྱ་སྟེ། །གསང་སྔགས་སྤྱོད་པའི་ཚུལ་གྱི་མཆོག །མཉམ་མེད་ཁྱེད་ཀྱིས་བསྒྲག་པར་བྱ། །དཀྱིལ་འཁོར་ལེགས་པར་བྲི་བྱ་སྟེ། །སློབ་མ་ཡོངས་སུ་བསྡུ་བར་གྱིས། །དོགས་པ་མེད་པའི་སེམས་ཀྱིས་སུ། །སློབ་མ་རྣམས་ལ་དབང་བསྐུར་ཡང་། །བརྟུལ་ཞུགས་ བརྟན་པས་འཇིག་རྟེན་དང་། །འཇིག་རྟེན་འདས་པའི་དངོས་གྲུབ་བསྒྲུབས། །དེ་ཉིད་རིག་པའི་སེམས་ཀྱིས་ནི། །དངོས་གྲུབ་དེ་རྣམས་ཐམས་ཅད་འབྱུང་། །ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང་། །དམ་ཚིག་རྣམས་ཀྱང་བསྐྱངས་པ་དང་། །ཁྱོད་རྟག་བླ་མ་ལ་གུས་ པས། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བརྗོད། །དེས་ན་བྱས་པ་གཟོ་བ་ཡིན། །སངས་རྒྱས་རྣམས་ཀྱང་ཁྱོད་ལ་བསྲུང་། །དེ་ནས་སློབ་མས་བླ་མ་ལ། །ལུས་བཏུད་ནས་ནི་ཕྱག་འཚལ་ཏེ། །སྙིང་གར་ཐལ་མོ་སྦྱར་བ་ཡིས། །དེ་ཀུན་བགྱི་ཞེས་ བརྗོད་པར་བྱ། །སློབ་མ་རྗེས་སུ་གནང་བའི་ཆོ་གའོ།། །།དེ་ནས་སློབ་མ་མི་བསྐྱོད་པའི་གཟུགས་སུ་ལྷག་པར་མོས་ལ། རྡོ་རྗེའི་བརྟུལ་ཞུགས་སྦྱིན་པར་བྱ་སྟེ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་བསྣམས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང་། ། ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཞེས་བྱ་བ་ནི། འདིས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་བྱིན་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཨ་དྷི་ཏིཥྛ་ཨེ་ཥ་ཏྭཾ་དྷ་ར་ཡཱ་མི་ཧི་ཧི་ཧི་ཧི་ཧཱུཾ། ཞེས་བརྗོད་དེ་སློབ་མ་རྡོ་རྗེའི་བརྟུལ་ཞུགས་འཛིན་དུ་གཞུག་གོ། །འདི་ནི་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པའོ། །དེ་ ནས་བླ་མས་མཆོག་སྦྱིན་པས། །སློབ་མ་སྤྲོ་བས་ལུང་བསྟན་བྱ། །རང་ཉིད་དེ་བཞིན་གཤེགས་པར་འགྱུར། །སློབ་མ་རྡོ་རྗེ་འཛིན་པའི་བདག །གཡོན་པ་ཡིས་ནི་ཆོས་གོས་གཟུང་། །གཡས་པ་མཆོག་སྦྱིན་ལྡན་པ་ཡིས། །དེ་བཞིན་གཤེགས་པ་ཐམས་ཅད་དང་། །ལྷན་ 35-1-243b ཅིག་ཚིགས་བཅད་འདི་བརྗོད་པས། །འདིར་ནི་ཁྱོད་ལ་ངས་ལུང་བསྟན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱེ་དཔལ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པ་སིདྡྷི་ས་མ་ཡ་སྟྭཾ་བྷུར་བྷུ་ཝ་སྭཿ། ཞེས་ལུང་བསྟན་ཏོ། །གང་ལ་ཕྱག་རྒྱ་འདིས་ལུང་བསྟན་པར་བྱས་པ་དེ་ལ། དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པའི་དཀྱིལ་འཁོར་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་ མཛད་དེ། ཕྱག་རྒྱ་འདི་ཉིད་ཀྱི་མཐུ་དང་སྔགས་འདིའི་སྟོབས་ཡིན་ནོ་ཞེས་སློབ་མ་ལ་བརྗོད་པར་བྱའོ། །འདི་ནི་ལུང་བསྟན་པའོ། །དེའི་རྗེས་སུ་མི་འཇིགས་པའི་ཕྱག་རྒྱས། མ་ཧཱ་ས་མ་ཡ་ཧ་ན་ཧཱུཾ་ཕཊ། ཅེས་བརྗོད་ལ་དབུགས་དབྱུང་བར་བྱ་སྟེ། མཆོག་ཏུ་གསང་བའི་དཀྱིལ་ འཁོར་འདིར། །ཞུགས་པ་དང་ནི་མཐོང་བ་ཡིས། །སྡིག་པ་ཀུན་ལས་རྣམ་གྲོལ་ཏེ། །དེ་རིང་ཁྱེད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱི་ནས་འཆི་བ་ཡོད་མ་ཡིན། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་སྡུག་བསྔལ་རྣམས་ལས་ གྲོལ། །བྱང་ཆུབ་སེམས་ནི་རྣམ་མི་སྤང་། །རྡོ་རྗེ་ཞེས་བྱའི་ཕྱག་རྒྱ་ནི། །གང་ཞིག་བསྐྱེད་པ་ཉིད་ཙམ་གྱིས། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །དམ་པའི་ཆོས་ལ་སྨད་མི་བྱ། །ནམ་ཡང་དོར་བར་མི་བྱ་སྟེ། །མི་ཤེས་པའམ་གཏི་མུག་གིས། །རྣམ་ པར་བསྟན་པར་བྱ་མ་ཡིན། །རྡོ་རྗེ་དང་ནི་དྲིལ་བུ་དང་། །ཕྱག་རྒྱའང་ནམ་ཡང་སྨད་མི་བྱ། །སློབ་དཔོན་སྨད་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །རང་གི་བདག་ཉིད་ཡོངས་གཏང་སྟེ། །དཀའ་ཐུབ་ཀྱིས་ཀྱང་གདུང་མི་བྱ། །ཇི་ལྟར་བདེ་ བས་བདེ་བཟུང་ན། །འདི་ནི་མ་འོངས་རྫོགས་སངས་རྒྱས། །འདི་ནི་དབུགས་དབྱུང་སྦྱིན་པའོ། །འདིར་ཕྲེང་བ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་གི་བར་བྱ་བའི་རྒྱུད་རྣམས་སུ་ཡང་མི་འགལ་ཏེ། འཇམ་དཔལ་གྱི་རྒྱུད་ལ་སོགས་པ་རྣམས་སུ་ཡང་དག་པར་རྫོགས་ 35-1-244a པའི་སངས་རྒྱས་ཀྱིས་གསུངས་པའི་ཕྱིར་རོ། །དེ་དག་ཀྱང་རྗེས་སུ་གནང་བ་ལ་སོགས་པ་བཞི་པོ་སློབ་དཔོན་གྱི་དབང་གི་དོན་དུ་སྔོན་ནམ། ཕྱི་ནས་ཀྱང་སྦྱིན་དུ་རུང་སྟེ། དེ་ཡང་རྣལ་འབྱོར་མིའི་རྒྱུད་རྣམས་ལ་མི་འགལ་ལོ། །དེ་ལྟ་བུ་བུམ་པའི་ དབང་བསྐུར་བས། སྐུ་རྡོ་རྗེ་རྣམ་པར་སྦྱངས་ནས། དེའི་རྗེས་སུ་དབང་བསྐུར་བ་གཉིས་པ་དང་། གསུམ་པ་དང་། བཞི་པའི་རིམ་པ་བཤད་པར་བྱ་སྟེ། རྨོངས་པ་ལ་མིན་མུ་སྟེགས་ཅན་ལ་མིན། །རྒྱལ་པོ་ལ་མིན་གཞོན་ནུ་རྣམས་ལའང་མིན། ། མ་ནིང་ལ་མིན་རྒན་པོ་རྣམས་ལ་མིན། །གཅིག་ཏུ་རྟོག་གེ་ལ་དགའ་རྣམས་ལ་མིན། །བྱང་ཆུབ་སེམས་ནི་བུ་ལ་མ་ཡིན་ཏེ། །དད་པ་མེད་པ་རྣམས་ལའང་དེ་མ་ཡིན། །ངག་དང་ཡིད་ཀྱི་རྡོ་རྗེ་སྦྱོང་བྱེད་པ། །ཉན་ཐོས་རྣམས་ལ་སྦྱིན་པར་བྱ་མ་ཡིན། །དེ་ནས་དབེན་ པའི་ཕྱོགས་སུ་ཡོལ་བ་ལ་སོགས་པས་བསྒྲིབས་ཏེ། སློབ་མ་དང་བཅས་པའི་བླ་མ་རྡོ་རྗེ་ཆེན་པོ་ལ་གཟུགས་དང་། སྒྲ་དང་། དྲི་དང་། རོ་རྣམས་དབུལ་ཞིང་། ལྔ་པ་རེག་བྱའི་ཡུལ་ཡང་དབུལ་བར་བྱའོ། །སློབ་མ་རང་གི་ཡིད་དགའ་བ། །གཟུགས་ལ་ལང་ ཚོས་རྣམ་པར་བརྒྱན། །དམ་ཚིག་སྡོམ་པའི་སྐལ་ལྡན་པའི། །ཤེས་རབ་དེ་ལ་དབུལ་བར་བྱ། །གསང་བའི་དབང་གི་དོན་དུའོ། །བླ་མས་ཀྱང་སེམས་དཔའ་གསུམ་གྱི་བདག་ཉིད་ཀྱི་རྡོ་རྗེ་འཆང་ཆེན་པོའི་ངོ་བོར་བསྐྱེད་ལ། དེའང་རིགས་ལྔའི་ཚོགས་སུ་བྱས་ ཏེ། རྡོ་རྗེ་པདྨ་འདུ་བྱེད་པ་སྔོན་དུ་འགྲོ་བས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བའི་སྔགས་བརྗོད་དོ། །རིན་ཆེན་འབྱུང་ལྡན་གྱི་ང་རྒྱལ་དང་ལྡན་པས་ཧཱུཾ་གི་ཡི་གེའི་དབྱངས་ཀྱིས། ནི་ར་ཏཿས་མ་པཏྟི་བྱས་ལ་ཀུན་དུ་བསྐྱོད་པས་སྟོང་པ་ལ་སོགས་ པའི་ཡེ་ཤེས་གསུམ་པོ་འོད་གསལ་བའི་ཡེ་ཤེས་ཀྱི་ངོ་བོ་མཆོག་ཏུ་དགའ་བའི་རང་བཞིན་ཉམས་སུ་མྱོང་ནས་ཕཊ་ཅེས་བྱ་བའི་གསང་སྔགས་བརྗོད་དེ། ཤེས་རབ་ཀྱི་ཆུ་བྱང་ཆུབ་ཀྱི་སེམས་སྦྱིན་པར་བྱའོ། །དེ་བཏོན་ཏེ་རྒན་པོ་དང་མིང་མེད་དག་གིས་སློབ་མའི་ཁར་ 35-1-244b ལྟུང་བར་བྱའོ། །སློབ་མ་རྣམ་པར་སྣང་མཛད་ཀྱི་བདག་ཉིད་དུ་བསམས་ཏེ། རང་གི་ལུས་ལ་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱ་བའི་ཕྱིར། ཨ་ཧོ་སུ་ཁ་ཞེས་བརྗོད་ལ་ལོངས་སྤྱད་པར་བྱའོ། །སླར་ཡང་བྱང་ཆུབ་ཀྱི་སེམས་དུང་ཆོས་ ལ་སོགས་པར་བཞག་ནས་དྲིའི་ཆུས་སྦངས་ཏེ། བཀྲ་ཤིས་ཀྱི་ཚིགས་བཅད་སྔོན་དུ་འགྲོ་བས་རྡོ་རྗེ་བླ་མས་སློབ་མ་ལ་དབང་བསྐུར་བར་བྱའོ། །ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་ཟླ་གསང་ཐིག་ལེ་ལས། པདྨའི་དབུས་ནས་རིན་ཆེན་འབར་བ་རབ་ཕྱུང་ ཏེ། །རྒྱལ་བ་རྣམས་ཀྱི་དབུ་ནི་ཤིན་ཏུ་སྐམས་པ་ལ། །རྣམ་དག་རྡོ་རྗེ་ལས་ནི་བྱུང་བའི་ཡེ་ཤེས་ཆུ། །དྲི་མེད་ཆར་གྱིས་སྤྱི་བོར་དབང་བསྐུར་ཅིག །ཅེས་གསུངས་སོ། །གསང་བའི་དབང་བསྐུར་བས་གསུང་གི་རྡོ་རྗེ་དང་། ཐུགས་ཀྱི་རྡོ་རྗེ་དག་རྣམ་པར་སྦྱངས་ སྟེ། དེའང་། རླུང་རྣམས་ཕྲ་བའི་གཟུགས་ཀྱིས་ནི། །སེམས་དང་ཡང་དག་འདྲེས་པར་འགྱུར། །ཞེས་གསུངས་སོ། །འདི་ནི་གསང་བའི་དབང་བསྐུར་བའི་ཆོ་གའོ།། །།དེ་ལྟར་གསང་བའི་དབང་བསྐུར་བའི་བར་གྱིས་རྡོ་རྗེ་སློབ་མས་ལུས་དང་། ངག་དང་། སེམས་ དབེན་པ་ཐོབ་ནས་རྡོ་རྗེ་གསུམ་མེད་ན་མི་འབྱུང་བའི་བདེ་བའི་རང་བཞིན་བདག་བྱིན་གྱིས་བརླབས་པ་རྟོགས་པར་བྱ་བའི་དོན་དུ། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ལ་འཇུག་པར་བྱ་སྟེ། དེ་ལ། དམ་ཚིག་སྡོམ་པའི་སྐལ་ལྡན་པ། །ན་ཚོད་བཅུ་གཉིས་ ལོན་པའམ། །ཡང་ན་ལོ་ནི་བཅུ་དྲུག་སྟེ། །ཉི་ཤུ་ལོན་ཡང་མཛེས་པ་ནི། །ཤེས་རབ་སྒྲུབ་པོ་ལ་དགའ་སྟེ། །གསོལ་བ་བཏབ་ནས་གཏད་པར་བྱ། །སློབ་མ་རིན་ཆེན་གང་ཟག་ལ། །རྡོ་རྗེ་སྔར་བཤད་ཚིགས་བཅད་ཀྱིས། །དེ་ཡི་ལག་ཏུ་བླ་མ་ཡི། ། ལག་པས་འབད་དེ་གཏད་ནས་སུ། །རྡོ་རྗེ་སློབ་དཔོན་མཁས་པ་ཡིས། །དམ་ཚིག་རྡོ་རྗེ་རབ་ཏུ་སྦྱིན། སྤྱི་བོར་རྡོ་རྗེ་ལེགས་བཞག་སྟེ། །དེ་བཞིན་གཤེགས་རྣམས་དཔང་དུ་གཟུགས། །དེ་བཞིན་རྡོ་རྗེ་འཛིན་པ་ཡང་། །བླ་མ་རྡོ་རྗེ་འཛིན་གྱིས་ 35-1-245a བརྗོད། །ཁྱོད་ཀྱིས་དགའ་མ་འདི་ཟུང་ཤིག །བསྟེན་པར་སངས་རྒྱས་རྣམས་ཀྱིས་དགོངས། །འཁོར་ལོའི་རིམ་པའི་སྦྱོར་བ་ཡིས། །སྲིད་པ་གསུམ་ན་དགའ་འདི་ལས། །གཞན་པའི་ཐབས་ཀྱིས་སངས་རྒྱས་མིན། །དེས་ན་འདི་དང་ ནམ་དུ་ཡང་། །ཁྱོད་ཀྱིས་འབྲལ་བར་མ་བྱེད་ཅིག །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རིག་མའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད་པ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་བརྗོད་ལ་རེག་རྡོ་རྗེ་སྦྱིན་པར་བྱའོ། །དེའང་གུར་ ཀུམ་དང་ཙནྡན་ལ་སོགས་པས་བྱུགས་ཏེ། དྲི་ཞིམ་པོའི་མེ་ཏོག་གི་ཕྲེང་བས་ཉེ་བར་སྤུད་ལ། ཕྱོགས་ཀྱི་གོས་ཀྱིས་རང་གི་ཆུ་སྐྱེས་གསལ་བར་བྱས་སྟེ་འདི་སྐད་ཅེས་བརྗོད་དོ། །ཨེ་མ་ང་ཡི་པདྨ་འདི། །བདེ་བ་ཐམས་ཅད་ཡང་དག་ལྡན། །གང་ཞིག་ཆོ་ག་བཞིན་ བསྟེན་ན། །དེ་ཡི་མདུན་ན་ང་འདུག་སྟེ། །སངས་རྒྱས་བསྙེན་ལ་སོགས་པ་ཡི། །བྱ་བ་པདྨར་ཇི་བཞིན་བྱེད། །བདེ་ཆེན་རྒྱལ་པོ་རང་ཉིད་དེ། །འདི་ཉིད་དུ་ནི་ཡང་དག་གནས། །དེ་ནས་ཏྭཾ་བྷཉྫ་མོཀྵ་ཧོཿ། ཞེས་བྱ་བའི་སྔགས་ཀྱིས་སྦྱིན་པར་བྱའོ། །དེ་ནས་ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བའི་སྔགས་འདིས་དེའང་རིན་ཆེན་འབྱུང་ལྡན་གྱི་ང་རྒྱལ་དང་ལྡན་པས། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་ཤེས་རབ་རིགས་ལྔའི་ཚོགས་སུ་བྱ་སྟེ། ཧཱུཾ་གི་ཡི་གེ་ལས་བྱུང་བའི་རྡོ་རྗེ་རྩེ་ མོ་ལྔ་པ་ལ་དབུ་མའི་རྩེ་མོར་ཨོཾ་གྱི་ཡི་གེ་བསམས་ལ། དེའི་ཨའི་ཡི་གེ་ལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པ་འོད་ཟེར་ལྔས་ཀུན་དུ་དཀྲིགས་པའོ། །དེ་ནས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་གཡོན་གྱི་ཆ་ལ་གནས་པ་སོར་མོས་བསྐུལ་ཏེ། དེ་ལས་ ཅུང་ཟད་མྱོང་བའི་བདེ་བ་འདོད་པ་ལ་སོགས་པའི་བྱ་བས། ཧཱུཾ་ཞེས་བྱ་བའི་དབྱངས་ཀྱིས་བདེ་བ་བསྒྲུབ་པ་བརྩམ་པར་བྱའོ། །དེ་ནས་བླ་མའི་ཞལ་ནས་རྡོ་རྗེ་ནོར་བུའི་བྱང་ཆུབ་ཀྱི་སེམས་ཡོངས་སུ་གང་བའི་མཚན་ཉིད་གསུམ་པ་དགའ་བྲལ་སྣང་བ་ཉེ་བར་ཐོབ་པ་ཞེས་བྱ་བ་རང་ 35-1-245b གིས་ཉམས་སུ་མྱོང་བར་བྱའོ། །དེ་སྐད་དུ་ཡང་། རྡོ་རྗེ་པདྨར་རབ་གནས་ཏེ། །བྱང་ཆུབ་སེམས་ཀྱང་སྤང་མི་བྱ། །བསྐྱོད་བྱ་དེ་ཡི་དགའ་བ་ཡིས། །སེམས་ནི་ཀུན་དུ་གང་བར་བསྒོམ། །རྣལ་འབྱོར་པས་ནི་བྱང་ཆུབ་སེམས། །ཇི་སྲིད་མ་དོར་དེ་སྲིད་དུ། །རྒྱུན་ མི་འཆད་པར་དགའ་བ་ལས། །བྱུང་བའི་བདེ་བ་ཅིས་མི་ཐོབ། །ཅེས་གསུངས་སོ། །དེའི་རྗེས་སུ་ཕཊ། ཅེས་བྱ་བའི་སྔགས་བརྗོད་ཅིང་བྱང་ཆུབ་ཀྱི་སེམས་ཡང་དག་པར་བཏོན་ལ། དོན་ཡོད་གྲུབ་པའི་ང་རྒྱལ་དང་ལྡན་པས་ཡང་དེ་ཉིད་ཕྱོགས་བཅུ་ན་བཞུགས་པའི་ སངས་རྒྱས་ཐམས་ཅད་ལ་སྔགས་འདིས་ཡང་དག་པར་མཆོད་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་དོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དཔེས་བདེ་བ་ཆེན་པོའི་རང་བཞིན་ལོངས་སྤྱོད་རྫོགས་པའི་སྐུ་རྟོགས་པར་བྱའོ། ། ད་ནི་ཆོས་ཀྱི་སྐུ་རྟོགས་པར་བྱ་སྟེ། བཞི་པ་ཡང་ནི་དེ་བཞིན་ནོ། །ཞེས་གསུངས་པས། གང་གི་ཚེ་མྱ་ངན་ལས་འདས་པ་ཐམས་ཅད་སྟོང་པ་སོ་སོ་རང་གིས་རིག་པར་བྱ་བའི་མཚན་ཉིད་རྟོགས་པར་བྱ་བ་དེའི་ཚེ། དེ་བཞིན་ཞེས་བྱ་བའི་སྒྲས་སྔ་མའི་དངོས་པོ་ལ་ དཔྱོད་པའི་ཕྱིར། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གང་ཡིན་པ་དེ་ཉིད་བཞི་པར་འགྱུར་རོ། །ཇི་ལྟར་སྔོན་དུ་གསུངས་པའི་མཚན་ཉིད་རྟོགས་པའི་གསུམ་པ་ཤེས་རབ་ཀྱི་དབང་ལ་དེ་ཉིད་ཡིན་ན་གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་དུ་འགྱུར་རོ། །དེ་བཞིན་དུ་འདིར་ཡང་ དབང་བཞི་པ་མཚོན་པར་བྱ་བའི་ཕྱིར་ཤེས་རབ་ནི་བཞི་པར་འགྱུར་ཏེ། དེ་ཉིད་ཤེས་རབ་ཡེ་ཤེས་ཡིན་ནོ། །དེས་ན་ཤེས་རབ་ཀྱི་དཔེས་རྡོ་རྗེ་བླ་མའི་ཞལ་ལས་ཆོས་ཀྱི་སྐུའི་དོན་རྟོགས་པར་བྱའོ། །དེ་ཉིད་ཀྱིས་ན་རྡོ་རྗེ་སློབ་མའི་ངག་གིས་དྲིས་ལ། དངོས་གྲུབ་ཀུན་གྱི་གཏེར་གྱུར་པའི། །བྱང་ཆུབ་ སེམས་ནི་ལྟུང་གྱུར་ན། །རྣམ་ཤེས་ཕུང་པོ་བརྒྱལ་འགྱུར་བས། །མ་སྨད་དངོས་གྲུབ་ག་ལ་ཡོད། །མཁའ་དབྱིངས་རྡོ་རྗེའི་སྦྱོར་བ་ཡིས། །རེག་པ་ལས་ཀྱང་ཆེས་མཚར་བའི། །བདེ་བ་སྐྱེ་འགྱུར་གང་ཡིན་ཏེ། །མཆོག་ཏུ་དགའ་བར་བྱེད་པའོ། །ཁྱབ་པ་གཟུང་བྱས་དུས་སུ་ཡང་། །ཕུང་པོ་ལ་སོགས་ 35-1-246a བརྒྱལ་འགྱུར་བས། །ཕྱག་རྒྱ་ཆེ་བདག་དངོས་གྲུབ་ནི། །གང་ལས་དེ་ཉིད་འབྱུང་བ་ལགས། །མཆོག་ཏུ་དགའ་དང་འོད་གསལ་ལས། །ཞེས་གསུངས་སོ། །གང་གི་ཚེ་བདག་བྱིན་གྱིས་བརླབ་པའི་རིམ་པས་འོད་གསལ་བ་ཐོབ་སྟེ། ཡེ་ཤེས་གསུམ་ལས་ཐ་མི་དད་པའི་ འོད་གསལ་བ་བསྒོམས་པའི་སྟོབས་ཀྱིས་ཇི་སྲིད་ཕུང་པོ་དང་བྲལ་བའི་མཆོག་ཏུ་བདེ་བར་མ་གྱུར་པ་དེ་སྲིད་དུ་རྣལ་འབྱོར་པ་ཟུང་དུ་འཇུག་པའི་བདག་ཉིད་ཀྱི་དངོས་གྲུབ་མངོན་སུམ་དུ་མི་བྱེད་དོ། །བཅོམ་ལྡན་འདས་ཀྱིས་ཀྱང་། ཕུང་པོ་མེད་པའི་བདེ་བའི་མཆོག །ཅེས་གསུངས་སོ། །དེ་ཡང་ བཞི་པ་ལྷན་ཅིག་སྐྱེས་པའོ། །དགྱེས་པའི་རྡོ་རྗེ་ལས་ཀྱང་། ཇི་ལྟར་ཕ་ལས་བདེ་ཐོབ་པ། །དེ་ཡི་བདེ་བ་རང་གིས་བཟའ། །བདེ་བ་གང་གིས་འཆིང་བ་འདིར། །དེ་ཡི་བདེ་བ་བསམ་གཏན་བརྗོད། །དང་པོ་དགའ་བ་ཙམ་ཉིད་དེ། །གཉིས་པའི་གྲངས་ལ་མཆོག་དགའ་ཉིད། ། གསུམ་པ་ལ་ནི་དགའ་བྲལ་བཤད། །བཞི་པ་ལྷན་ཅིག་སྐྱེས་པར་བརྗོད། །དགའ་བ་བདེ་བ་ཅུང་ཟད་དེ། །མཆོག་ཏུ་དགའ་བ་དེ་བས་ལྷག །དགའ་བྲལ་དགའ་བས་ཆགས་བྲལ་འགྱུར། །ལྷག་མས་ལྷན་ཅིག་སྐྱེས་དགའ་སྟེ། །འདོད་ཆགས་མེད་ཅིང་ཆགས་བྲལ་མེད། །དབུ་ མར་དམིགས་པར་མི་འགྱུར་ཏེ། །གསུམ་པོ་སྤངས་པ་ཉིད་ཀྱི་ཕྱིར། །ལྷན་ཅིག་སྐྱེས་པ་བྱང་ཆུབ་བརྗོད། །ཅེས་གསུངས་ལ། རྒྱ་ཆེར་རོལ་པ་ལས་ཀྱང་། མ་དག་པ་ཡི་བསམ་གཏན་འདི། །འདོད་པ་སྒྲུབ་པར་བྱེད་པའང་མིན། །ནམ་མཁའི་དབྱིངས་དང་འདྲ་བའི་མཆོག ། འོད་གསལ་ཉིད་ལ་དམིགས་ནས་ནི། །འོད་གསལ་གོ་འཕང་ཐོབ་ནས་སུ། །རང་འདོད་པ་ཡི་གཟུགས་སུ་འགྱུར། །དེ་ཚེ་འབྱོར་པ་ཀུན་ཐོབ་སྟེ། །རྡོ་རྗེའི་སྐུ་ནི་རབ་དགར་འགྱུར། །ཞེས་གསུངས་སོ། །དགོངས་པ་བླ་ན་མེད་པ་ལས་ཀྱང་། སྟོང་ཉིད་གསུམ་པོ་རྣམ་དག་གང་། ། དེ་ཉིད་འོད་གསལ་བ་ཞེས་བཤད། །ཐམས་ཅད་སྟོང་པའི་གོ་འཕང་ཡང་། །ཡེ་ཤེས་གསུམ་པོ་རྣམ་དག་ལས། །ཡེ་ཤེས་དགའ་བཞི་དེ་ཁོ་ན། །ཐམས་ཅད་མཁྱེན་ཉིད་བླ་ན་མེད། །རྣམ་འགྱུར་མེད་ཅིང་སྣང་བ་མེད། །གཉིས་སུ་མེད་ཅིང་མཆོག་ཏུ་ཞི། །ཡོད་དང་མེད་པ་མ་ 35-1-246b ཡིན་ལ། །དེ་ནི་ངག་གི་སྤྱོད་ཡུལ་མིན། །དེས་ན་འོད་གསལ་དག་པ་ལས། །འདུ་ཤེས་གསུམ་པོ་ཡང་དག་བྱུང་། །སུམ་ཅུ་རྩ་གཉིས་མཚན་འཛིན་ཅིང་། །དཔེ་བྱད་བརྒྱད་ཅུ་དག་དང་ལྡན། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཐམས་ཅད་མཁྱེན་པར་དེ་ནས་འགྱུར། ། ཞེས་གསུངས་ལ། འཕགས་པ་ལྷའི་ཞལ་སྔ་ནས་ཀྱང་། འོད་གསལ་བ་དང་སྟོང་པ་ཆེ། །ཞེས་གསུངས་པས་ཟུང་དུ་འཇུག་པའི་མཚན་ཉིད་གྲུབ་བོ། །དགོངས་པ་བླ་ན་མེད་པ་ལས་ཀྱང་། །སྟོང་པ་ཉིད་དང་ཤིན་ཏུ་སྟོང་། །གསུམ་པ་སྟོང་པ་ཆེན་པོ་སྟེ། །བཞི་པ་ཐམས་ ཅད་སྟོང་པ་ཡང་། །རྒྱུ་དང་འབྲས་བུར་རབ་ཏུ་དབྱེ། །ཤེས་རབ་ཐབས་ཀྱི་སྦྱོར་བ་ཡིས། །རྫོགས་པ་ཉེ་བར་ཐོབ་པ་ལས། །ཐམས་ཅད་སྟོང་པ་འོད་གསལ་ཡིན། །རྒྱུ་ཡི་གོ་རིམས་དག་པ་ཡང་། །རྣམ་ཤེས་རིམ་པའི་སྦྱོར་བས་སོ། །སྟོང་ཉིད་གསུམ་པོ་རབ་སྦྱོར་ལས། ། གོ་འཕང་བླ་ན་མེད་པ་འཐོབ། །ཅེས་གསུངས་སོ། །དེ་བཞིན་དུ་དགྱེས་པའི་རྡོ་རྗེ་ལས་ཀྱང་། སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོར་དཔེ་བྱད་བརྒྱད་ཅུར་ལྡན། །བཙུན་མོའི་བྷ་ག་བདེ་ཅན་དུ། །ཁུ་བ་ཞེས་བྱས་རྣམ་པར་གནས། །དེ་མེད་པས་ན་བདེ་མེད་འགྱུར། །ནུས་ པ་མེད་ཕྱིར་ལྟོས་དང་བཅས། །ལྷ་ཡི་རྣལ་འབྱོར་བདེ་བ་ལས། །དེ་ཕྱིར་སངས་རྒྱས་དངོས་པོ་མིན། །དེ་ཉིད་དངོས་མེད་ཚུལ་ཡང་མིན། །ཞལ་ཕྱག་རྣམ་པའི་གཟུགས་ཅན་དང་། །མཆོག་ཏུ་བདེ་བ་གཟུགས་མེད་པ། །དེ་ཕྱིར་འགྲོ་ཀུན་ལྷན་ཅིག་སྐྱེས། །རང་བཞིན་ ལྷན་ཅིག་སྐྱེས་ཞེས་བརྗོད། །རྣམ་དག་དམ་པའི་སེམས་ཀྱིས་ནི། །རང་བཞིན་མྱ་ངན་འདས་པ་ཉིད། །ལྷ་ཡི་རྣམ་པའི་གཟུགས་ཀྱིས་ནི། །བཞིན་དང་ཁ་དོག་གནས་པ་ནི། །སྐྱེས་པ་ཙམ་གྱིས་རྣམ་པར་གནས། །འོན་ཀྱང་བག་ཆགས་ཕལ་པས་སོ། །ཞེས་གསུངས་སོ། །གལ་ཏེ་གཉིས་ པ་གསང་བའི་དབང་བསྐུར་བའི་རྗེས་ཐོགས་ཁོ་ན་ལ། གསུམ་པ་ཤེས་རབ་དང་ཡེ་ཤེས་ཀྱི་དབང་གིས་ཆོས་ཀྱི་སྐུ་མཚོན་པ་ཡིན་གྱི། བདག་བྱིན་གྱིས་བརླབ་པས་མ་ཡིན་ནོ་ཞེ་ན། དེ་དག་གིས་དེ་ལྟར་བརྟགས་པ་དེ་བརྟགས་པ་ཉིད་མ་ཡིན་ཏེ། རང་བྱིན་གྱིས་བརླབས་པའི་རིམ་པ་མེད་པའི་ཕྱིར་རོ། །དེ་ནས་ 35-1-247a རྡོ་རྗེ་ནོར་བུའི་རང་བཞིན་བྱིན་གྱིས་བརླབས་པའི་དཔེས་ཤེས་རབ་ཡེ་ཤེས་སུ་བརྗོད་པར་བྱའོ། །དེའི་རྗེས་ཐོགས་ཉིད་ལ་ཆོས་ཀྱི་སྐུ་ཐམས་ཅད་སྟོང་པའི་མཚན་ཉིད་བདེ་བླག་ཏུ་རྟོགས་པར་ནུས་ཏེ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། བདག་བྱིན་བརླབ་པའི་རིམ་པ་ཡིས། །འོད་ གསལ་བ་ཉིད་ཐོབ་པར་འགྱུར། །དེ་ནས་རྡོ་རྗེ་བླ་མ་ཡིས། །ཐོག་མར་བདག་བྱིན་བརླབ་པ་བསྟན། །ཞེས་གསུངས་སོ། །དེ་བཞིན་དུ་གསུམ་པ་དང་བཞི་པའི་ཤེས་རབ་དང་ཡེ་ཤེས་ཀྱི་དབང་གིས་རྟོགས་པའི་དོན་ཉིད་ཚིག་གིས་བརྗོད་པར་བྱའོ། །དེ་སྐད་དུ་ཡང་། སློབ་མའི་མོས་པ་ཡིད་ཀྱིས་ ལེགས་བརྟགས་ནས། །ཇི་ལྟར་གསུངས་པའི་ཆོ་གས་དབང་བསྐུར་ཏེ། །ཟབ་ཅིང་རྒྱ་ཆེའི་ཚུལ་ལ་མོས་པ་ལ། །རིན་ཆེན་ཚིག་གི་དབང་ཉིད་སྦྱིན་པར་བྱ། །ཞེས་གསུངས་སོ། །གལ་ཏེ་ཟབ་ཅིང་རྒྱ་ཆེ་བའི་ཚུལ་ལ་མོས་པ་ཉིད་དུ་གང་ལས་ཤེས་ཤེ་ན། མཚན་མ་ལས་ཏེ། དེ་སྐད་དུ་ཡང་། དུ་བ་ལས་ནི་མེར་ཤེས་ཏེ། །ཆུ་སྐྱར་ལས་ནི་ཆུར་ཤེས་བཞིན། །བློ་ལྡན་བྱང་ཆུབ་སེམས་དཔའ་ཡི། །རིགས་ནི་མཚན་མ་དག་ལས་ཤེས། །གདོང་གི་ཆུ་སྐྱེས་རབ་དང་ཞིང་། །དགའ་བས་ལུས་ཀྱི་སྤུ་ལྡང་བའི། །སློབ་མ་དམ་པ་དེ་ཁོ་ན། །མཐོང་ནས་མཁས་པས་རྗེས་སུ་གཟུང་། །ཞེས་གསུངས་པས་ སོ། །དཔལ་ལྡན་འདུས་པར་ཇི་ལྟར་གསུངས་ཉིད་བཞིན། །དབང་བཞིའི་རིམ་པ་རྣམ་པར་ཕྱེ་བ་ལས། །བདག་གིས་བསོད་ནམས་བསྒྲུབས་པ་གང་ཡོད་དེས། །འགྲོ་ཀུན་རྟག་ཏུ་དབང་དོན་ལྡན་པར་ཤོག །ཇི་ལྟར་མཁས་པ་དུ་མ་དག་གིས་མཛད་པ་ཡི། །དབང་གི་དོན་འབྱེད་ཆོ་ག་ཡོད་མོད་དེ་ལྟ་ནའང་། ། ཀླུ་སྒྲུབ་ཞབས་ཀྱི་པདྨོའི་སྦྲང་རྩི་ཐོབ་པས་ན། །དེ་ཡི་དགོངས་པ་འདིར་ནི་བདག་གིས་གསལ་བར་སྤེལ། །ཟུང་དུ་འཇུག་པ་གསལ་བ་ཞེས་བྱ་བ་དབང་གི་ཆོ་ག །དཀྱིལ་འཁོར་ཆེན་པོའི་དངོས་གྲུབ་བརྙེས་པའི་མཁས་པ་ཆེན་པོ་སྒྲ་གཅན་འཛིན་དཔལ་བཤེས་གཉེན་གྱིས་མཛད་པ་རྫོགས་ སོ།། །།མཁས་པ་ཆེན་པོ་བསོད་སྙོམས་པ། ཤཱཀྱ་ཤྲཱི་བྷ་དྲའི་ཞལ་སྔ་ནས་དང་། ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་ཐོབ་སྟེ། ཐོས་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདི་ལ་ལོ་ཀ་ཕྱེད་དང་བརྒྱད་བརྒྱའོ།། །། 35-1-247b ༄༅༅། །རྒྱ་གར་སྐད་དུ། ཤྲཱི་གུ་ཧྱ་ས་མཱ་ཛ་མཎྜ་ལ་ནོ་པི་ཀ །བོད་སྐད་དུ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག །ཨོཾ་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཛིན་འདི་ཡོན་ཏན་གྱི། །རིན་ཆེན་འབྱུང་གནས་ལ་བཏུད་ནས། །མན་ ངག་ཇི་ལྟར་རྙེད་པ་བཞིན། །དཀྱིལ་འཁོར་ཆོ་ག་བྲི་བར་བྱ། །དང་པོ་རེ་ཞིག་སློབ་དཔོན་སྔགས་ཀྱི་ཚུལ་རིག་ཅིང་སེམས་ཅན་གྱི་དོན་ལ་གཅིག་ཏུ་གཞོལ་བ། སྔགས་ཟློས་པ་དང་ལྡན་པ་ལ་སློབ་མས་དཀྱིལ་འཁོར་བྲི་བའི་ཕྱིར་ལན་གསུམ་དུ་གསོལ་བ་གདབ་པར་བྱའོ། ། དེ་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སློབ་མའི་སེམས་ལས་བྱུང་བའི་བགེགས་བསལ་ལ་བདུད་རྩི་འཁྱིལ་པའི་ཕྲེང་བའི་སྔགས་སམ་མཚན་གྱི་སྔགས་ལན་བདུན་བཟླས་པས་བསྲུང་བར་བྱའོ། །དེ་ནས་བདག་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས་དཀྱིལ་འཁོར་གྱི་ གཙོ་བོའི་སྔགས་འབུམ་ཕྲག་བཟླས་པར་བྱས་ལ།དཀྱིལ་འཁོར་པ་རྣམས་ཀྱི་ནི་ཁྲི་ཕྲག་རེ་རེ་བཟླས་པས་སྔོན་དུ་བསྙེན་པ་བྱའོ། །དེ་ལྟར་མི་ནུས་ན་ཚེས་དང་སྐར་མ་བཟང་པོ་ལ་ཁྲུས་བྱས་ལ་གོས་སར་པ་བསྒོས་ཏེ། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་སྤྱན་སྔར་ མཎྜལ་བྱས་ནས་མཆོད་པ་ཕུལ་ཏེ། ཨོཾ་མུ་ཙི་ལི་སྭཱ་ཧཱ། ཨོཾ་མོ་ཧཱི་ནི་སྭཱ་ཧཱ། ཨོཾ་དནྟི་ལི་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཁྲི་ཕྲག་གཅིག་བཟླས་ལ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཉལ་ལོ། །དེ་ནས་རྨི་ལམ་དགེ་བ་དང་སྡིག་པ་བལྟས་ཏེ། གལ་ཏེ་དགེ་བ་མཐོང་ན་ནི་དཀྱིལ་འཁོར་ བྲིའོ། །དེ་ཡང་རི་ལ་སོགས་པ་ཉམས་དགའ་ཞིང་སློབ་མ་དང་རྗེས་སུ་མཐུན་པའི་གནས་སུ་སོང་སྟེ་བྱང་དང་ཤར་དུ་གཞོལ་བའི་སའི་ཆ་བརྟགས་ལ་ལྕི་བའི་མཎྜལ་བྱས་ཏེ། དྲི་ཞིམ་པོའི་ཆུས་བསང་གཏོར་བྱས་ལ་བདུད་རྩི་འཁྱིལ་པའི་སྔགས་ཟློས་ཤིང་མཐོ་གང་ཙམ་དུ་སའི་དོང་ བརྐོས་ལ་ལྕི་བས་བྱུགས་ཏེ་སྔགས་དེ་ཉིད་བཟླས་པའི་ཆུས་དགང་ངོ་། །དེ་ནས་ཡི་གེ་གསུམ་གྱི་སྔགས་ཟློས་ཤིང་ཤར་ཕྱོགས་སུ་གོམ་པ་བརྒྱར་ཕྱིན་ནས་སླར་ལོག་ནས་བལྟའོ། །གལ་ཏེ་ཆུ་སྐམས་པར་གྱུར་ན་དེར་མི་བྱ་སྟེ་གཞན་དུ་སྤོའོ། །ཅི་སྟེ་གང་བར་གནས་ན་ནི་དགེ་བའི་ 35-1-248a མཚན་མ་ཡིན་ནོ། །དེ་ལས་བྲི་བར་གྱུར་ན་ནི་དེར་གནས་ཏེ་ཁྲོ་བོའི་དཀྱིལ་འཁོར་བསྒོམས་ལ་གནོད་མཛེས་ལ་བཀའ་བསྒོ་བས་ཕྱོགས་སྐྱོང་རྣམས་བཀུག་སྟེ་གཏོར་མ་བྱིན་ནས་མངོན་པར་རྟོགས་པ་ཇི་ལྟ་བ་བཞིན་དུ་བདུད་རྩི་འཁྱིལ་པའི་ཕུར་པས་གདབ་པོ། ། དེ་ནས་ཕུར་པ་ལས་བྱུང་བའི་འོད་ཀྱིས་རྡོ་རྗེའི་ས་གཞི་དང་། སྟེང་དུ་རྡོ་རྗེའི་དྲ་བ་དང་། ཕྱོགས་མཚམས་སུ་རྡོ་རྗེའི་ར་བ་དང་། ཕྱི་རོལ་དུ་མེ་ལྕེའི་ཕྲེང་བས་བསྐོར་བར་བྱས་ལ་སའི་ལྷ་མོ་སྐུ་མདོག་སེར་མོ་ཕྱག་གཉིས་ན་གསེར་གྱི་བུམ་པ་བསྣམས་པ་བློས་བཀུག་ལ་མེ་ཏོག་ལ་ སོགས་པས་མཆོད་དེ། སློབ་དཔོན་གྱིས་གསོལ་བ་གདབ་པར་བྱ་སྟེ། སྐྱོབ་པ་སངས་རྒྱས་ཐམས་ཅད་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །རིན་ཆེན་སྣ་ཚོགས་འཛིན་པ་ཡིས། །ས་འདིར་དཀྱིལ་འཁོར་བྲི་བར་བྱ། །ཞེས་བརྗོད་དེ། ནམ་མཁའ་ལ་ཡིད་ཀྱིས་ བཏེག་སྟེ་གཞག་གོ། །དེ་ནས་ལས་བྱེད་པ་བདུད་རྩི་འཁྱིལ་པར་བསྒོམས་ལ་དེའི་སྔགས་བཟླས་པའི་ཆུས་བསང་གཏོར་བྱས་ཏེ། དཀྱིལ་འཁོར་གྱིས་པུས་ནུབ་ཙམ་བརྐོས་ནས་གྱོ་མོ་དང་སོལ་བ་ལ་སོགས་པའི་སའི་ནད་རྣམས་བསལ་ཏེ། དྲི་ཞིམ་པོ་དང་བཅས་པའི་ས་དེ་ ཉིད་ཀྱིས་དགང་ངོ་། །དེ་སྐད་དུ་ཡང་གསུངས་པ། པུས་མོ་ནུབ་ཙམ་བརྐོས་ནས་སུ། །ས་དེ་ཉིད་ཀྱིས་དགང་བར་བྱས། །གལ་ཏེ་ལྷག་པར་གྱུར་ན་ནི། །དེར་ནི་དངོས་གྲུབ་ཡོད་པར་བཤད། །ཅེས་པའོ། །དེ་ནས་མཚན་ཉིད་དང་ལྡན་པར་བཅགས་ཏེ། དེར་དཀྱིལ་འཁོར་ གྱི་ཁང་པ་བྱའོ། །སློབ་དཔོན་གྱིས་ནི་རིག་སྔགས་བཟླ་བར་བྱའོ། །ཁང་པ་ཟིན་ནས་དེར་སློབ་དཔོན་རང་གི་ལྷའི་རྣལ་འབྱོར་དང་ལྡན་པས། ཨོཾ་བྷུ་ཁཾ་ཞེས་བྱ་བས་ས་གཞི་ནམ་མཁའི་རང་བཞིན་དུ་བྱས་ལ། ཨོཾ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་བྱ་བས་ས་གཞི་རྡོ་རྗེའི་རང་བཞིན་དུ་བསྒོམས་ལ། ཨོཾ་མེ་དི་ནཱི་བཛྲཱི་བྷ་བ་བཛྲ་བནྡྷ་ཧཱུཾ་ཞེས་བྱ་བས་བྱིན་གྱིས་བརླབས་ཏེ། འདི་ནི་ས་སྦྱང་བའི་ཆོ་གའོ། །དེ་ནས་རྡོ་རྗེ་དྲིལ་བུ་ཐོགས་པའི་སློབ་མ་བཞི་དཀྱིལ་འཁོར་གྱི་སའི་ཕྱོགས་བཞིར་བཞག་ལ་སློབ་དཔོན་རྡོ་རྗེ་དང་དྲིལ་བུ་ཐོགས་པ་དབུས་སུ་འདུག་སྟེ། དཀྱིལ་འཁོར་གྱི་ 35-1-248b འཁོར་ལོའི་ཏིང་ངེ་འཛིན་རྫོགས་པར་བྱས་ལ་གོས་སར་པ་བགོས་ཤིང་མེ་ཏོག་གི་ཕྲེང་བ་དང་ཅོད་པན་ལ་སོགས་པ་དང་ལྡན་པའི་སློབ་མ་བཞིས་ཤར་ཕྱོགས་ནས་བརྩམས་ཏེ། རིམ་བཞིན་དུ་གསོལ་བ་གདབ་བོ། །དེ་ལ་ཤར་ཕྱོགས་ནས་གསོལ་བ་གདབ་པའི་ཚིག་ནི། དེ་བཞིན་ གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །གཉིས་པའི་ནི། མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་རྣམ་པར་སྤངས། །ཀུན་དུ་བཟང་པོ་སྐུ་ཡི་ མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །གསུམ་པའི་ནི། ཞི་བའི་ཆོས་ནི་མཆོག་ལས་བྱུང་། །ཡེ་ཤེས་སྤྱོད་པས་རྣམ་སྦྱང་བ། །ཀུན་དུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་སྙིང་པོ་བཤད་དུ་གསོལ། །བཞི་པའི་ནི། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་ བཞིན་དག་པ་དྲི་མ་མེད། །ཀུན་དུ་བཟང་པོ་ཐུགས་ཀྱི་མཆོག །དཀྱིལ་འཁོར་སྙིང་པོ་བཤད་དུ་གསོལ། །དེ་ལྟར་གསོལ་བ་བཏབ་པའི་མཐར་ལངས་ཏེ་བསྒོམས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ནམ་མཁའ་ལ་བཏེག་ལ་བདག་ཉིད་བདུད་རྩི་འཁྱིལ་བར་བསྒོམས་ནས། མིག་གཡས་ པ་དང་གཡོན་པར་མ་དང་ཊ་ལས་ཉི་མ་དང་ཟླ་བའི་དཀྱིལ་འཁོར་བསམས་ཏེ། རྐང་མཐིལ་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་གདེངས་པ་བལྟས་ལ་དབང་ལྡན་ནས་བརྩམས་ཏེ་ཧཱུཾ་ཞེས་བརྗོད་ཅིང་རྡོ་རྗེ་འགྲོས་ཀྱིས་དཀྱིལ་འཁོར་གྱི་ས་གཞི་ཀུན་དུ་བསྐོར་ལས་དེ་ན་གནས་པའི་བགེགས་རྣམས་ལ་ འདི་སྐད་ཅེས་བསྒོའོ། །ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་ཀུན་ང་ལ་ཉོན། །ང་ནི་དཔལ་ལྡན་རྡོ་རྗེ་འཛིན། །བཀའ་ཡི་འཁོར་ལོ་སྦྱོར་བ་ཡི། །རྡོ་རྗེ་རབ་ཏུ་འབར་བ་འདིས། །སྐུ་གསུམ་ལས་བྱུང་དགས་པར་བྱ། །གལ་ཏེ་དམ་ཚིག་ལས་འདས་ན། །ཚལ་ པར་འགས་པར་གདོན་མི་ཟ། །ཞེས་བྱ་བ་འདིས་བགེགས་རྣམས་བསྐྲད་ལ་སླར་ཡང་སྒྲུབ་ཐབས་ལས་འབྱུང་བ་བཞིན་དུ་གནོད་མཛེས་ལ་བཀའ་བསྒོ་བས་བགེགས་རྣམས་ལ་ཕུར་བུས་གདབ་པ་དང་། ས་གཞི་དང་ར་བ་ལ་སོགས་པ་བསྒོམས་ལ། སླར་ཡང་སའི་ལྷ་མོ་ 35-1-249a བཀུག་སྟེ་མཆོད་པ་བྱས་ནས་དཀྱིལ་འཁོར་བྲི་བར་བྱ་བའི་ཕྱིར་གསོལ་བ་གདབ་པར་བྱའོ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་གྱི་ཁྱད་པར་ནི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། ། ཇི་ལྟར་བདུད་ཀྱི་སྟོབས་བཅོམ་པ། །དེ་བཞིན་བདག་གིས་བདུད་ལས་ནི། །རྒྱལ་བར་བྱས་ནས་དཀྱིལ་འཁོར་བྲི། །ཞེས་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སའི་ཆར་དྲི་ཞིམ་པོས་བྱུགས་ཏེ། མེ་ཏོག་དྲི་ཞིམ་པོས་གཏོར་བ་འདི་ནི་ས་གཟུང་བའི་ཆོ་གའོ། །དེ་ནས་དཀྱིལ་འཁོར་ གྱི་སའི་ཆ་སོ་སོའི་གནས་སུ་བདུད་རྩི་ལྔ་ས་མཎྜལ་ཚོམ་བུ་སུམ་ཅུ་རྩ་གཉིས་བྱས་ལ་ནམ་མཁའ་ལ་གནས་པའི་ལྷའི་འཁོར་ལོ་སྤྱན་དྲངས་ཏེ། སོ་སོའི་གནས་སུ་བཞུགས་སུ་གསོལ་བ་ལ་མེ་ཏོག་ལ་སོགས་པའི་མཆོད་པའི་ཡོ་བྱད་རྣམས་ཀྱིས་མཆོད་དེ་བདུག་སྤོས་ཀྱིས་ བདུག་ཅིང་དྲིལ་བུ་དཀྲོལ་ནས་བསྟོད་པ་འདིས་བསྟོད་པར་བྱའོ། །མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །ཆོས་ཀྱི་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེའི་དབྱིངས་ལ་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་རབ་ཏུ་དག །རྡོ་རྗེ་ཞི་བ་དགའ་བ་ ཆེ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་པ་རྡོ་རྗེ་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པས་གོས་པ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་ འཛིན། །འདོད་ཆགས་ཕ་རོལ་བྱིན་པ་བརྙེས། །རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །རང་བཞིན་དག་པ་ཉིད་ལས་བྱུང་། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་བསྟོད། །ཅེས་བྱ་བས་བསྟོད་ལ་ ཕྱག་བྱས་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཐལ་མོ་སྦྱར་བ་བཏུད་དེ་འོག་ནས་འབྱུང་བ་འདིས་ལྷ་རྣམས་ལ་སྙན་གསན་དབབ་པར་བྱའོ། །བཅོམ་ལྡན་རྡོ་རྗེ་ཆེ་གེ་མོ། །རིག་པའི་རྒྱལ་པོ་ཕྱག་འཚལ་བསྟོད། །ཁྱེད་རྣམས་ལ་ནི་མཆོད་པ་དང་། །སློབ་མ་ 35-1-249b རྣམས་ལ་བརྩེ་བའི་ཕྱིར། །མགོན་པོ་ཐུགས་རྗེའི་བདག་ཉིད་ཀྱིས། །དཀྱིལ་འཁོར་འདིར་ནི་བྲི་བར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་བས་བཀའ་དྲིན་མཛད་པར་འོས། །འགྲོ་བའི་འཁོར་ལོ་དོན་མཛད་པའི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། ། བྱང་ཆུབ་སེམས་དཔའི་དགྲ་བཅོམ་དང་། །གང་གཞན་གསང་སྔགས་ལྷ་རྣམས་དང་། །འཇིག་རྟེན་སྐྱོང་བའི་ལྷ་གང་ཡིན། །འབྱུང་པོ་གང་དག་མཐུ་ཆེན་དང་། །བསྟན་ལ་དགའ་བའི་སེམས་ཅན་ནི། །གང་སུ་རྡོ་རྗེའི་མིག་ལྡན་རྣམས། །རྡོ་རྗེ་ཅན་བདག་ཆེ་གེ་མོས། །ཆེ་གེ་འབྱུང་ བའི་དཀྱིལ་འཁོར་ནི། །ཡོ་བྱད་ཇི་ལྟར་འབྱོར་པ་ཡིས། །འགྲོ་བ་དག་ཕྱིར་བདག་འདྲི་ན། །ཐུགས་རྗེས་ཉེ་བར་དགོངས་ནས་ནི། །བདག་དང་སློབ་མར་བཅས་པ་ཡི། །ཚོགས་པ་ཀུན་ལ་དཀྱིལ་འཁོར་དུ། །ཁྱོད་ཀྱིས་བྱིན་བརླབ་མཛད་པར་འོས། །ཞེས་བྱ་བ་འདི་ལན་གསུམ་ བརྗོད་དེ། །འདི་ནི་ལྷ་སྟ་གོན་ལ་གནས་པའི་ཆོ་གའོ། །དེ་ནས་དཀྱིལ་འཁོར་གྱི་གཙོ་བོ་དང་དཀྱིལ་འཁོར་པའི་སྔགས་ཀྱང་ཅི་ནུས་པར་བཟླས་ལ་གཤེགས་སུ་གསོལ་བའི་ཕྱིར་སླར་ཡང་མཆོད་པ་དང་གཏོར་མ་ཕུལ་ལ། དྲིའི་མཎྜལ་ལ་བཞུགས་པ་རྣམས་ཡིད་ཀྱིས་ནམ་མཁའ་ལ་ བཏེག་སྟེ།བཀོད་ནས་རིམ་པ་འདིས་དཀྱིལ་འཁོར་ཐིག་གདབ་བོ། །ཚངས་པའི་ཐིག་གཉིས་བཏབ་ནས་སུ། །མཚམས་ཀྱི་ཐིག་གཉིས་བྲི་བར་བྱ། །གྲུ་བཞི་དང་ནི་སྐུད་པ་བཞི། །དཀྱིལ་འཁོར་ཚད་བཞིན་གཞལ་ཏེ་གདབ། །སྒོ་ནི་འཁོར་ལོའི་བརྒྱད་ཆ་རུ། །ཚངས་སྐུད་ གཉིས་ཀྱི་ངོས་སུ་བྱ། །སྒོ་ཡི་ངོས་སུ་ཚོན་རྩིའི་ས། །དེ་ཕྱེད་སྐུད་པ་གཉིས་ཀྱིས་བྲི། །སྒོ་ཡི་བཞི་ཆར་ཡང་བཏབ་ནས། །སྒོ་ཕྱེད་གསུམ་ཡང་དེ་ནས་གདབ། །མཚམས་སུ་སྒོ་ཡི་ཐད་དུ་ནི། །ལྷ་ཡི་སྣམ་བུའི་ཐིག་གདབ་བྱ། །རི་མོ་ལྔ་ཡི་ས་ཡི་ཆ། །སྒོ་ཡི་བཞི་ཆར་གདབ་པར་ བྱ། །ཁ་ཁྱེར་སྒོ་ཡི་ཕྱེད་དུ་སྟེ། །དེ་ཡི་ཕྱེད་ནི་རིན་ཆེན་ས། །དྲ་བ་དང་ནི་དྲ་ཕྱེད་གནས། །ཁ་ཁྱེར་དང་ནི་མཉམ་པར་བྱ། །དེ་ཕྱེད་བ་གམ་ས་ཡིན་ཏེ། །འདི་ནི་ཐིག་སྐུད་བྲི་བ་ཡིན། །སོ་སོའི་གནས་སུ་ཐིག་བྲི་བ། །སྐྱེ་བོ་རང་གིས་ཤེས་སླ་ཞིང་། །གཞན་དུ་ལྟ་བར་སླ་བས་ན། །འདིར་ 35-1-250a ནི་སྤྲོས་ཏེ་མ་བཤད་དོ། །དབང་ལྡན་མཚམས་ནས་བརྩམས་ནས་ནི། །མཚམས་སུ་སོ་སོར་བོར་བ་ལ། །པདྨ་རྡོ་རྗེ་ཕྲེང་བ་དག །ཟླུམ་པོར་ཀུན་དུ་བསྐོར་བར་བྱ། །སྙིང་པོའི་དཀྱིལ་འཁོར་བསྐོར་བའོ། །རྡོ་རྗེ་ཕྲེང་བ་དེ་བཞིན་བྱ། །སྒོ་ཡི་སུམ་འགྱུར་ཏྭ་ར་ ཎ། །ཤེས་རབ་ཅན་གྱིས་བྲི་བྱ་སྟེ། །སྣམ་བུ་བཅུ་གཅིག་ཕྱེ་བ་ལ། །ཅི་ལྟར་མཛེས་པར་བརྟག་པར་བྱ། །དེ་ནས་ཡེ་ཤེས་ཀྱི་སྐུད་པ་ཚོན་རྩི་ལྔས་ཁ་བསྒྱུར་ཞིང་དཀྱིལ་འཁོར་གྱི་ཉིས་འགྱུར་དང་ལྡན་པ་སྣོད་དྲི་ཞིམ་པར་གཞག་སྟེ་འབར་བའི་ལྟ་བས་དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཐིག་སྐུད་དྲངས་ཏེ་དེར་བསྟིམས་ནས་བདུད་རྩི་རྣམ་པ་ལྔས་བྱུགས་ཏེ། ཡི་གེ་གསུམ་མངོན་པར་བཟླས་པས་བྱིན་གྱིས་བརླབ་པོ། །དེ་ནས་ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་པྲ་ཡཙྪ་ཤ་ཤ་ཏ་སཱུ་ཏྲཾ་ས་ཙཀྲ་སཱུ་ཏྲ་ནཱ་ཡ་སྭཱ་ཧཱ་ཧཱུཾ་ཞེས་བྱ་བས་ནམ་མཁའ་ལ་བཞུགས་ པའི་དཀྱིལ་འཁོར་ལ་ཐིག་སྐུད་བསླང་བར་བྱའོ། །དེ་ནས་ཨོཾ་ཨ་ནཱོ་ནྱཱ་ནུ་ག་ཏ་སརྦ་དྷརྨ་ཧཱུཾ། ཨོཾ་ཨ་ནྱོ་ནྱཱ་ནུ་པྲ་བེ་ཤ་སརྦ་དྷརྨ་ཧཱུཾ། ཞེས་བྱ་བས་སློབ་མ་བདུད་རྩི་འཁྱིལ་པར་བསྒོམས་པ་དང་། ལན་ཅིག་ཏུ་སྐུད་པ་བསྒྲིལ་ནས་བདག་དང་སློབ་མ་གཉིས་ཀ་ཡི་གེ་ཛྫ་གསུམ་བཟླས་པས་ བསྐུལ་ལ་གཡོན་པ་རྡོ་རྗེ་ཁུ་ཚུར་ལྟེ་བར་བཞག་ལ་སྐུད་པ་བཟུང་སྟེ། སློབ་དཔོན་ནུབ་སྒོར་གནས་ལ། སློབ་མ་ཤར་སྒོར་གནས་པ་དང་། ཨོཾ་བཛྲ་སཱུ་ཏྲ་ས་མ་ཡ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་བརྗོད་དེ་གནམ་ཐིག་དང་ས་ཐིག་གདབ་བོ། །དེ་ཡང་སེམས་ཅན་གྱི་དུས་སུ་ནི། ནམ་མཁའ་ ཁྱབ་པའི་དེ་བཞིན་གཤེགས། །ཐིག་སྐུད་སྒྲ་ཡིས་བསྐུལ་ནས་སུ། །དེ་དག་འདིར་ནི་གཤེགས་པར་མཛད། །དེ་ནས་སྐོར་ཕྱོགས་ཀྱིས་གཤིན་རྗེའི་ཕྱོགས་སུ་སོང་སྟེ་བྱང་ཕྱོགས་ན་གནས་པའི་སློབ་མ་དེ་བཞིན་དུ་ཐིག་གདབ་བོ། །དེ་ནས་མེའི་མཚམས་སུ་སོང་སྟེ་དབང་ལྡན་ གྱི་མཚམས་ན་གནས་པ་དང་། ཤར་ཕྱོགས་ཀྱི་ཐིག་གདབ་བོ། །ཡང་རླུང་མཚམས་སུ་སོང་སྟེ་བདེན་བྲལ་གྱི་མཚམས་ན་གནས་པ་དང་། ནུབ་ལོགས་ཀྱི་ཐིག་གདབ་བོ། །དེ་ནས་དེ་ཉིད་དུ་བསྒྱུར་ཏེ་དབང་ལྡན་གྱི་མཚམས་ན་གནས་པ་དང་བྱང་ལོགས་ཀྱི་ཐིག་གདབ་བོ། །ཡང་ 35-1-250b མེའི་མཚམས་སུ་སོང་སྟེ་བདེན་བྲལ་གྱི་མཚམས་ན་གནས་པ་དང་ལྷོ་ངོས་ཀྱི་ཐིག་གདབ་བོ། །དེ་ཉིད་དུ་གནས་ནས་རླུང་མཚམས་སུ་གནས་པ་དང་མཚམས་ཀྱི་ཐིག་གདབ་བོ། །བདེན་བྲལ་གྱི་མཚམས་སུ་སོང་སྟེ་དབང་ལྡན་གྱི་མཚམས་ན་གནས་པ་དང་། མཚམས་ཀྱི་ཐིག་ གཉིས་པ་གདབ་བོ། །དེ་ནས་ཐིག་སྐུད་ཉིས་འགྱུར་དུ་བྱས་ཏེ་སློབ་དཔོན་དབུས་སུ་འདུག་ནས་སློབ་མས་དབང་ལྡན་གྱི་མཚམས་ནས་ཕྱི་ནང་གི་འཁོར་ལོ་བསྐོར་བར་བྱའོ། །དེ་ལྟར་ཡེ་ཤེས་ཀྱི་ཐིག་བཏབ་ནས་བདག་ཉིད་ཁྲོ་ཞིང་བསྒྱིངས་པ་དང་བཅས་པས་སྨིན་མ་བཅུམ་པའི་ཁྲོ་བོའི་ ལྟ་བས་བལྟས་ཏེ་སྒོ་ཕྱེ་ལ་ཕྱི་རོལ་དུ་ཕྱུང་སྟེ། ཨོཾ་ཨཱཿམུཿཞེས་བྱ་བས་ཡེ་ཤེས་ཀྱི་སྐུད་པ་གཤེགས་སུ་གསོལ་ལོ། །འདི་ནི་ཡེ་ཤེས་ཀྱི་ཐིག་གདབ་པའི་ཆོ་གའོ། །དེ་ནས་དེ་བཞིན་གཤེགས་པ་ལྔའི་ཁ་དོག་ཏུ་བཙོས་པའི་ཚོན་རྩི་སྔ་མ་ལྟར་སྣོད་བཟང་པོར་བཞག་ལ་འབར་བའི་ ལྟ་བས་དེ་བཞིན་གཤེགས་པ་རྣམས་ལས་ཚོན་རྩི་བཀུག་སྟེ། སོ་སོའི་ཁ་དོག་ཇི་ལྟ་བ་བཞིན་དུ་བསྟིམས་ལ་ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ཞེས་བྱ་བས་མངོན་པར་བསྔགས་པས་བྱིན་གྱིས་བརླབ་བོ། །དེ་ནས་ཨོཾ་བཛྲ་བེ་ག་ཞེས་བྱ་བས་ཡེ་ཤེས་ཀྱི་སྐུད་པ་ཡིད་ཀྱིས་བཏེག་སྟེ། ཚོན་རྩི་རྣམས་བཟུང་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །ཆོས་དབྱིངས་འདི་ནི་རྣམ་པར་དག །སེམས་ཅན་ཁམས་ནི་རབ་སྒྲོལ་བ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །དཀྱིལ་འཁོར་རང་གིས་བྲི་བར་བྱ། །དེ་ནས་ཚོན་རྩི་ཁུ་ཚུར་གཡོན་པས་བཟུང་སྟེ། དབང་ལྡན་གྱི་ མཚམས་ནས་བརྩམས་ཏེ་རི་མོ་རྣམས་མ་འབྱར་ཞིང་དྲང་ལ་མཐོ་བ་གཡས་སྐོར་དུ་བྲིའོ། །རིམ་པ་ནི་སྔོན་པོ་དང་། དཀར་པོ་དང་། སེར་པོ་ད་ང་། དམར་པོ་དང་། ལྗང་གུ་རྣམས་ཏེ་སློབ་དཔོན་རང་གིས་དེ་ལྟར་བྲིས་ལ་ཁམ་ཕོར་ལ་སོགས་པས་བཀབ་སྟེ། རྡོ་རྗེ་ཤུགས་ཀྱིས་འཇུག་ པ་དང་འབྱུང་བ་བྱའོ། །དེའི་འོག་ཏུ་གཞན་གྱིས་ཅི་དགའ་བར་བྲིའོ། །འདི་ནི་ཚོན་བྲི་བའི་དམ་ཚིག་གོ། །དེ་ལ་མི་བསྐྱོད་པ་གཙོ་བོར་གྱུར་པའི་དཀྱིལ་འཁོར་ལ་ནི་རྡོ་རྗེ་ཕྲེང་བའི་ནང་གི་ས་གཞི་སྔོན་པོར་བྱས་ལ། ཤར་གྱི་ཆར་ནི་དཀར་པོའོ། །ལྷོར་ནི་སེར་པོའོ། །ནུབ་ནི་དམར་ 35-1-251a པོའོ། །བྱང་ནི་ལྗང་གུའོ། །སྙིང་པོའི་དཀྱིལ་འཁོར་གྱི་དབུས་སུ་ནི་སྣ་ཚོགས་པདྨ་དང་རྡོ་རྗེའི་གདན་ལ་རྡོ་རྗེ་རྩེ་ལྔ་པ་སྔོན་པོ་ཕྱག་རྒྱ་དང་བཅས་པས་བྲིའོ། །ཤར་དུ་ནི་འཁོར་ལོ་དང་བཅས་པའི་པདྨ་ལ་འཁོར་ལོ་དཀར་པོའོ། །དེ་བཞིན་དུ་ལྷོར་ནི་རིན་པོ་ཆེ་ལ་གནས་པའི་ རིན་པོ་ཆེ་སེར་པོའོ། །ནུབ་ཏུ་ནི་པདྨ་ལ་གནས་པའི་པདྨ་དམར་པོའོ། །བྱང་དུ་ནི་སྣ་ཚོགས་རྡོ་རྗེ་ལ་གནས་པའི་རྡོ་རྗེ་ལྗང་གུའོ། །མཚམས་རྣམས་སུ་ནི་གདན་དེ་དག་ཉིད་ལ་འཁོར་ལོ་དང་རྡོ་རྗེ་དང་པདྨ་དང་སྣ་ཚོགས་རྡོ་རྗེ་རྣམས་སོ། །རིམ་པ་གཉིས་པར་གདན་དེ་དག་ཉིད་ལ་མེ་ མཚམས་ལ་སོགས་པར་མེ་ལོང་དང་། པི་ཝང་དང་དྲིའི་དུང་ཆོས་དང་རོ་སྣོད་རྣམས་སོ། །ཁ་དོག་རྣམས་ཀྱང་སྔར་བཤད་པ་བཞིན་ནོ། །དེའི་སྣམ་བུའི་ཤར་ཕྱོགས་ཀྱི་ངོས་གཉིས་སུ་ནི་གདན་དེ་ཉིད་ལ་ནཱ་ག་པུཥྤ་དཀར་པོ་དང་། འཁོར་ལོ་དཀར་པོའོ། །ལྷོར་ནི་རིན་པོ་ཆེ་སེར་པོ་ གཉིས་སོ། །ནུབ་ཏུ་ནི་པདྨ་དམར་པོ་གཉིས་སོ། །བྱང་དུ་ནི་རལ་གྲི་ལྗང་གུ་གཉིས་སོ། །ཤར་ལ་སོགས་པའི་སྒོ་བཞིར་ནི་པདྨ་དང་ཉི་མའི་གདན་ལ་རྡོ་རྗེ་ཐོ་བ་སྔོན་པོ་དང་། རྡོ་རྗེ་དབྱིག་པ་དཀར་པོ་དང་། སྡོང་བུ་དང་བཅས་པའི་པདྨ་དམར་པོ་དང་། སྣ་ཚོགས་རྡོ་རྗེ་ལྗང་ གུའོ། །དབང་ལྡན་ལ་སོགས་པའི་མཚམས་སུ་ནི་པདྨ་དང་ཉི་མ་ལ་རལ་གྲི་སྔོན་པོ་དང་། རྡོ་རྗེ་དང་། རྡོ་རྗེ་སྔོན་པོས་མཚན་པའི་དབྱིག་པ་དང་། ཡང་དབྱིག་པའོ། །སྟེང་འོག་ཏུ་པདྨ་དང་ཉི་མ་ལ་རྡོ་རྗེ་ནག་པོ་དང་སྔོན་པོའོ། །དེ་ནས་བུམ་པ་མགྲིན་པ་རིང་ཞིང་མཆུ་འཕྱང་ པ་ལྟོ་བ་ཡངས་པ་རྣམས་ནས་དང་གྲོ་དང་མོན་སྲན་གྲེའུ་དང་། འབྲས་ཀྱི་སོ་བ་དང་། ཏིལ་ཏེ་འབྲུ་ལྔ་དང་། བྲྀ་ཧ་ཏི་དང་། ཀཎྜ་ཀ་རི་དང་། ཨ་པ་རཱ་ཛི་ཏ་དཀར་པོ་དང་། ཧ་ས་དང་། ཧ་ས་དེ་བ་སྟེ་སྨན་ལྔ་དང་། གསེར་དང་། དངུལ་དང་། བྱི་རུ་དང་། མུ་ཏིག་དང་མུ་མེན་ཏེ་ རིན་པོ་ཆེ་ལྔ་རྣམས་དེའི་ནང་དུ་བླུགས་ལ་དྲི་ཞིམ་པོའི་ཆུས་བཀང་སྟེ། སྣམ་བུ་སར་པས་མགྲིན་པ་བཅིངས་ལ་ཤིང་ལོས་ཁ་བརྒྱན་པའི་བུམ་པ་རིམ་པ་འདིས་སྟ་གོན་ལ་གནས་པར་བྱའོ། །བདག་ཉིད་དཀྱིལ་འཁོར་གྱི་རྣལ་འབྱོར་ལ་གནས་ནས་རྣམ་པར་རྒྱལ་བའི་བུམ་པའི་ནང་དུ་དཀྱིལ་ 35-1-251b འཁོར་གྱི་བདག་པོ་ས་བོན་ལས་བསྐྱེད་ལ། བུམ་པ་གཞན་རྣམས་སུ་ཡང་དཀྱིལ་འཁོར་པའི་ལྷ་རྣམས་སོ་སོའི་ས་བོན་ལས་བསྐྱེད་དེ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ནས་གཉིས་སུ་མེད་པར་བྱས་ལ། མཆོད་ཡོན་དང་ཞབས་བཀྲུ་དང་ཞལ་བསིལ་ལ་སོགས་པ་ཕུལ་ལ་སོ་ སོའི་སྔགས་ཡི་གེ་གསུམ་དང་སྤེལ་བ་ཅི་ནུས་སུ་བཟླས་སོ། །གཞན་ཡང་སྐྱེ་བོ་ཐམས་ཅད་ལ་བསང་གཏོར་བྱ་བའི་ཕྱིར་བགེགས་མཐར་བྱེད་ཀྱི་སྔགས་ཡི་གེ་གསུམ་དང་སྤེལ་བ་ལན་མང་དུ་བཟླས་པའི་བུམ་པ་རྩ་བའི་སྒོ་དྲུང་དུ་གཞག་གོ། །རྣམ་པར་རྒྱལ་བའི་བུམ་པ་ནི་མདུན་ ལོགས་སུ་བཞག་ལ། ལྷག་མ་ནི་ཅི་རིགས་པར་གཞག་སྟེ་བུམ་པ་སྟ་གོན་ལ་གནས་པའི་ཆོ་གའོ། །དེའི་འོག་ཏུ་སློབ་མ་མེ་ཏོག་འཛིན་ཅིང་ཕན་པ་དོན་དུ་གཉེར་བ་བདེ་བར་གཤེགས་པའི་བསྟན་པ་ལ་དགའ་བས་དཀྱིལ་འཁོར་གྱི་ཁང་པའི་སྒོར་མཎྜལ་བྱས་ལ། སློབ་དཔོན་ གྱིས་འདི་སྐད་བརྗོད་པར་བྱའོ། །སྔགས་ཀྱི་དངོས་གྲུབ་དོན་གཉེར་གང་། །དཀྱིལ་འཁོར་འདིར་ནི་གཞུག་པར་བྱ། །བསོད་ནམས་འདོད་པས་དེ་ལས་གཞན། །གཞན་དག་འཇིག་རྟེན་ཕ་རོལ་གཉེར། །དད་པ་ཆེན་པོ་ལྡན་པ་དག །འཇིག་རྟེན་ཕ་རོལ་ལ་དམིགས་ནས། ། བློ་ལྡན་དཀྱིལ་འཁོར་གཞུག་བྱ་སྟེ། །འདི་ཡི་འབྲས་བུ་གཉེར་མི་བྱ། །གལ་ཏེ་འབྲས་བུ་དོན་གཉེར་ན། །འཇིག་རྟེན་ཕ་རོལ་མི་འགྲུབ་འགྱུར། །འཇིག་རྟེན་ཕ་རོལ་ལ་དམིགས་ན། །འབད་པ་མེད་པར་འདི་འབྲས་འགྲུབ། །དེ་ནས་སློབ་མ་རྣམས་ཀྱིས་ཚིགས་སུ་བཅད་པ་ འདིས་གསོལ་བ་གདབ་པར་བྱ་སྟེ། དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །བྱང་ཆུབ་སེམས་ཀྱང་བདག་ལ་ སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །དེ་ནས་སློབ་དཔོན་གྱིས་སློབ་མའི་གཙོ་བོ་ལ་དམིགས་ཏེ། འདི་སྐད་ཅེས་བརྗོད་པར་བྱའོ། །ཁྱོད་ 35-1-252a ནི་ཚུལ་ཆེན་སྣོད་ཡིན་པས། །ཁྱོད་ལ་ཡང་དག་བསྟན་པར་བྱ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དུས་གསུམ་སངས་རྒྱས་འབྱུང་བ་རྣམས། །གསང་སྔགས་རྡོ་རྗེའི་མཐུ་ཡིས་ནི། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །གསང་སྔགས་སྦྱོར་བ་ མཉམ་མེད་པ། །ཤཱཀྱ་སེང་སོགས་མཆོག་གིས་ནི། །དྲག་པོ་ཆེན་པོ་བདུད་ཀྱི་སྡེ། །སྟོབས་ཆེན་དག་ཀྱང་དེས་བཅོམ་མོ། །འཇིག་རྟེན་མཐུན་པར་གཤེགས་ནས་སུ། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་ གྱིས་ཤིག །དེ་ནས་སློབ་མ་རྣམས་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་ལ་རང་གི་འོད་ཀྱིས་ཤེས་རབ་ཀྱི་པདྨར་ཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བར་བསྒོམས་ལ་ཕྱུང་ནས་སློབ་དཔོན་རང་ཉིད་ཀྱིས། དཀོན་མཆོག་གསུམ་ལ་སྐྱབས་སུ་ མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་ཡི་རང་སྟེ། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཞེས་ལན་གསུམ་བརྗོད་ལ། དེ་ནས་སློབ་མ་རྣམས་ཀྱི་མགོ་བོར་ལག་པ་བཞག་སྟེ། བདུད་རྩི་འཁྱིལ་བའི་སྔགས་ལན་བདུན་བཟླས་པས་བསྲུངས་ ཏེ། དེ་རྣམས་ཀྱི་སྙིང་ག་དང་མགྲིན་པ་དང་མགོ་བོ་རྣམས་སུ་རྡོ་རྗེ་དང་པདྨ་དང་འཁོར་ལོ་བསམས་ཏེ། དེ་དག་གི་ལྟེ་བ་ལ་ཧཱུཾ་ཨཱཿཨོཾ་ཞེས་བྱ་བར་བསྒོམས་ཏེ། སྤྱི་བོར་མེ་ཏོག །མདུན་དུ་སྤོས་དང་མར་མེ་དང་སྙིང་གར་དྲི་བྱིན་ལ་སོ་ཤིང་སོར་བཅུ་གཉིས་པ་རྩེ་མོར་མེ་ཏོག་གི་ ཕྲེང་བ་བཏགས་ལ་དྲི་ཞིམ་པོས་བྱུགས་ཏེ་བགེགས་མཐར་བྱེད་ཀྱི་སྔགས་བརྗོད་ལ་བྱིན་ནོ། །དེ་རྣམས་ཀྱིས་ཀྱང་ཁ་ཤར་རམ་བྱང་དུ་བལྟས་ཏེ་ཟོས་ལ་ལྕི་བས་མཎྡལ་བའི་ཀོ་བ་ཙམ་བྱུགས་ཏེ་དེར་བོར་རོ། །དེ་ལ་ཤར་དང་ལྷོ་དང་ནུབ་དང་བྱང་དུ་རྩེ་མོ་བལྟས་པའི་བྱེ་བྲག་གིས་ཞི་བ་དང་ རྒྱས་པ་དང་དབང་དང་མངོན་སྤྱོད་ཀྱི་སྣོད་ཡིན་པར་རིམ་པ་བཞིན་དུ་བསྟན་པར་བྱའོ། །དེ་ནས་སྔགས་འདི་བཟླས་པའི་ཆུས་ཁ་བཀྲུ་བ་སྦྱིན་པར་བྱ་སྟེ། ཨོཾ་ཧྲཱིཿབི་ཤུདྡྷ་དྷརྨ་སརྦ་པཱ་པཾ་ནིཤྩ་ཤོ་དྷ་ཡ། སརྦ་བི་ཀལྤ་ན་ཨ་པ་ན་ཡ་ཧཱུཾ་ཞེས་བྱ་བ་ནི་སྔགས་སོ། །དེ་ནས་སྐུད་པ་མདུད་ 35-1-252b པ་གསུམ་དང་ལྡན་པ་ལ་བགེགས་མཐར་བྱེད་ཀྱི་སྔགས་བཟླས་པས་དཔུང་པ་གཡས་པར་བཅིངས་ནས་དེ་ཉིད་བཟླས་པའི་ཀུ་ཤ་སྟན་དང་སྔས་ཀྱི་ཕྱིར་ལག་པ་གཡོན་པར་བྱིན་ལ་ཆོས་ཉན་དུ་གཞུག་པར་བྱ་སྟེ། འཇིག་རྟེན་དུ་ནི་ཀུན་མཁྱེན་པ། །ཨུ་དུམྺཱ་རའི་མེ་ཏོག་ བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ན་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་ པ་བྱས་པ་གང་། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ནས་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་གི་སྤྱོད་པ་ མཆོག་འདི་ལ། །བློ་གྲོས་ཤིན་དུ་དྲི་མེད་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པའི། །བདག་ཉིད་ཆེན་པོ་ཐམས་ཅད་ཀྱིས། ། བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །ལེགས་པ་ཉིད་དུ་འགྲོ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་འདིར་ནི་འདོད་པས་ན། །རང་བྱུང་ སྐལ་བ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །ཞེས་བརྗོད་དེ། བཞིན་བཟངས་དག་སོང་ལ་རྨི་ལམ་ཅི་བྱུང་བ་ནང་པར་ང་ལ་སྨྲོས་ཤིག་ཅེས་བསྒོ་ནས་ཁྱད་པར་གྱི་སྡོམ་པ་འཛིན་དུ་གཞུག་སྟེ། ཕྱིར་མི་ལྡོག་པའི་དཀྱིལ་འཁོར་ དུ། །བྱིན་ནས་མགོན་པོ་བདག་ལ་གསུངས། །དཀྱིལ་འཁོར་ལྷ་ཡི་དེ་ཉིད་དང་། །སློབ་དཔོན་ཡོངས་སུ་ཕྲིན་ལས་རྣམས། །སངས་རྒྱས་ཀུན་གྱི་དམ་ཚིག་དང་། །གསང་བའི་སྡོམ་པ་བླ་ན་མེད། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྟག་ཏུ་བདག་ཉིད་སློབ་དཔོན་གྱུར། ། 35-1-253a ཞེས་བྱ་སྟེ། འདི་ནི་སློབ་མ་སྟ་གོན་ལ་གནས་པའི་ཆོ་གའོ། །དེ་ནས་དཀྱིལ་འཁོར་གྱི་ཁང་པར་ཞུགས་ཏེ་སློབ་མ་ལ་སོགས་པ་བསྲུང་བའི་ཕྱིར་བདུད་རྩི་འཁྱིལ་པའི་སྔགས་བཟླས་སོ། །ནང་པར་སློབ་མ་རྣམས་བོས་ལ། དགེ་བ་དང་སྡིག་པའི་མཚན་མ་ རྣམས་བལྟས་ཏེ། གལ་ཏེ་སྡིག་པ་མཐོང་ན་སྔགས་བཟླས་པ་ལ་སོགས་པ་བྱས་ལ་རྡུལ་ཚོན་བྲི་བར་ཟིན་ནས་དཀྱིལ་འཁོར་གྱི་ཕྱི་རོལ་དྲི་ཞིམ་པོའི་ཆུས་བྱུགས་ལ་མེ་ཏོག་ལ་སོགས་པ་བཀྲམ་སྟེ། རྡུལ་ཚོན་ལྷག་མ་རྣམས་ཡི་གེ་གསུམ་གྱི་མཐར་མུཿབཟླས་པས་གཤེགས་ སུ་གསོལ་ལ་གནས་གཙང་མར་གཞག་གོ། །དེ་ནས་མཆོད་པའི་ཡོ་བྱད་རྣམས་བཤམས་ཏེ་མངོན་པར་འདུ་བྱས་ཏེ་བུམ་པ་རྣམས་བཤམས་པའི་གནས་རྣམས་སུ་གཞག་སྟེ་སློབ་དཔོན་བདག་ཉིད་སྒོ་སྐྱོང་གི་སྔགས་ཀྱིས་ལུས་ཁྲུས་བྱས་ལ་གོས་སར་པ་བགོས་ཏེ། བ་དན་ལ་སོགས་པས་བརྒྱན་པ་དང་། ཙནྡན་ལ་སོགས་པས་ལུས་བྱུགས་ནས་མེ་ཏོག་གི་ཕྲེང་བ་དང་དབུ་རྒྱན་བཅིངས་ཏེ་སྟན་བདེ་བ་ལ་འདུག་སྟེ། དཀྱིལ་འཁོར་གྱི་འཁོར་ལོའི་རྣལ་འབྱོར་དང་ལྡན་པས་དགའ་བའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ་ཁའི་ ལམ་ནས་ཞུགས་ཏེ་ཞུ་ནས་ཤེས་རབ་ཀྱི་པདྨར་ཕབ་ལ་དཀྱིལ་འཁོར་གྱི་འཁོར་ལོའི་ཚུལ་དུ་སྤྲོས་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བསྟིམས་ཏེ། ཨརྒྷ་དང་ཞབས་བཀྲུ་དང་། ཞལ་བསིལ་དང་། བདུག་སྤོས་ཕུལ་ཏེ། དྲིལ་བུ་གསིལ་ཞིང་། མི་བསྐྱོད་པ་ཞེས་བྱ་བ་ལ་སོགས་ པས་བསྟོད་པར་བྱའོ། །དེ་ནས་བདུད་རྩི་ལྔའི་དཀྱིལ་འཁོར་དུ་གཏོར་ཏེ་བདག་ཉིད་ཀྱང་མྱང་ངོ་། །སྒྲུབ་པའི་གྲོགས་དཀྱིལ་འཁོར་དུ་གཞག་སྟེ་བདག་ཉིད་ཕྱིར་བྱུང་ནས་ཕྱོགས་སྐྱོང་རྣམས་ལ་གཏོར་མ་རྒྱ་ཆེན་པོ་སྦྱིན་པར་བྱ་སྟེ། འདི་ནི་དཀྱིལ་འཁོར་བསྒྲུབ་པའི་ཐབས་སོ། ། དེ་ནས་སླར་ཡང་དཀྱིལ་འཁོར་དུ་ཞུགས་ཏེ། དྲིལ་བུ་གསིལ་ཞིང་དཀྱིལ་འཁོར་ལ་བསྐོར་བ་བྱས་ལ་བདག་ཉིད་དཀྱིལ་འཁོར་དུ་འཇུག་པའི་ཕྱིར། བྱང་ཆུབ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་འོག་ནས་འབྱུང་བའི་ཚིགས་བཅད་ཀྱིས་དཀྱིལ་འཁོར་གྱི་བདག་པོ་ལ་གསོལ་བ་བཏབ་སྟེ་ 35-1-253b ཡོལ་བའི་ཕྱི་རོལ་དུ་བྱུང་ལ་དཀྱིལ་འཁོར་གྱི་བདག་པོས་དཀྱིལ་འཁོར་དུ་ཞུགས་པ་ནས་རྗེས་སུ་གནང་བའི་དབང་བསྐུར་བ་བྱིན་པར་བསྒོམས་ཏེ། ཆགས་ཆེན་ལས་བྱུང་དེ་ཉིད་ནི། །འཁོར་ལོ་གཟུགས་བརྙན་ལྟ་བུ་སྟེ། །ཞེས་བྱ་བས་དཀྱིལ་འཁོར་གཟུགས་བརྙན་དང་ འདྲ་བར་བལྟས་ལ། སློབ་མ་རྣམས་གཞུག་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པ་འདིས་གསོལ་བ་གདབ་པར་བྱ་སྟེ། ནམ་མཁའ་ལས་བྱུང་མཚན་མའི་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །རྡོ་རྗེ་སེམས་དཔའ་བདག་སྒྲུབས་ཤིག ། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་སྒྲུབས་ཤིག །ཉེས་པ་མི་འདའ་རྟག་པ་སྟེ། །འདོད་ཆགས་ཀུན་གྱི་རྗེས་སུ་ཆགས། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ ཉིད་ཀྱིས་སྒྲུབས་ཤིག །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔའ་བདག་སྒྲུབས་ཤིག །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ཕྱག་རྒྱའི་མཆོག །གྲུབ་ པའི་རྡོ་རྗེ་ཆེར་བསྟོད་པ། །རྡོ་རྗེ་སྙེམས་བདག་བདག་པོའི་བདག །སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཉིད་དེ། །འདོད་ཆགས་མཉམ་པའི་དམ་ཚིག་མཆོག །ཅེས་བྱ་བའི་དམ་ཚིག་གི་གླུ་བླངས་ནས་བདེན་ པའི་ཚིག་འདི་བསྒྲགས་པར་བྱ་སྟེ། ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པའི་བྱིན་རླབས་གང་ཡིན་པ། །བདེན་པ་དེ་ཡིས་མགོན་ཁྱོད་ཀྱིས། །བདག་གི་འདོད་པ་སྐོང་བྱེད་ཤོག །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་ མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་བྱུང་བ་དང་། །དེ་བཞིན་དེ་ཁོ་ན་ལས་བྱུང་། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སེམས་ཅན་རྣམས། །དྲི་མེད་ཐམས་ཅད་མཐོང་བར་ཤོག །ཅེས་བརྗོད་ལ་ཕྱག་བྱས་ཏེ། 35-1-254a དྲིལ་བུ་གསིལ་ལོ། །འདི་ནི་སློབ་དཔོན་འཇུག་པའི་ཆོ་གའོ། །དེ་ནས་སློབ་མ་ཁྲུས་བྱས་ཤིང་གོས་སར་པ་བགོས་ལ་བཀུག་ལ། ཚིག་འདིས་གསོལ་བ་འདེབས་སུ་གཞུག་སྟེ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བགྱིས་པ་བཞིན། ། བདག་ཀྱང་བསྒྲལ་བའི་དོན་དུ་ནི། །ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །ཞེས་བརྗོད་ནས་མཎྜལ་བྱེད་དུ་བཅུག་སྟེ། ཡོན་དབུལ་བར་བྱའོ། །དེ་ནས་བགེགས་མཐར་བྱེད་ཀྱི་སྔགས་བཟླས་པའི་ཆུས་བསང་གཏོར་བྱས་ལ། ཡི་གེ་གསུམ་བཟླས་པའི་སྣམ་བུས་གདོང་ གཡོགས། དཀྱིལ་འཁོར་དུ་གཞུག་པའི་ཕྱིར། འདོད་པར་དགའ་བ་གང་ཡིན་སྨྲོས། །ཞེས་དྲིའོ། །དེས་ཀྱང་། སྐལ་བ་བཟང་པོ་ལ་དགའོ། །ཞེས་སྨྲའོ། །དེའི་རྗེས་ལ་ཨཱ་ཁཾ་བཱི་ར་ཧཱུཾ་ཞེས་བྱ་བས་མེ་ཏོག་གི་ཕྲེང་བ་བྱིན་ལ་རྡོ་རྗེ་སྙིང་གར་བཞག་སྟེ། ཨོཾ་བཛྲ་ཡོ་ག་ཙིཏྟོཏྤཱ་ད་ཡཱ་མི། ཞེས་བྱ་བས་བྱང་ཆུབ་ཏུ་སེམས་བསྐྱེད་ལ། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ། བཛྲ་སིདྡྷི་ཡ་ཐཱ་སུ་ཁཾ། ཞེས་བརྗོད་ལ། དེ་རིང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་གྱུར་གྱིས་གསང་ཆེན་དམ་པ་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་ པ་རྣམས་ལ་སྨྲ་བར་མི་བྱ་ཞིང་མ་དད་པ་རྣམས་ལ་ཡང་མ་ཡིན་ནོ་ཞེས་བསྒོ་ནས། ཨཱ་ཁཾ་བཱི་ར་ཧཱུཾ་ཞེས་བྱ་བས་ཡོལ་བའི་ནང་དུ་བཅུག་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེ་རིང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཏེ། གཞན་ཡང་ཁྱོད་ལ་ཡེ་ཤེས་གང་གིས་ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་འགྲུབ་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱའི། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། དེ་ནས་སྤྱི་བོར་རྡོ་རྗེ་བཞག་ལ་འདི་ནི་ཁྱོད་ཀྱི་དམ་ཚིག་གི་རྡོ་རྗེ་སྟེ། གལ་ཏེ་ཚུལ་འདི་སུ་ཡང་རུང་བ་ལ་སྨྲས་ན་འདིས་ཁྱོད་ཀྱི་མགོ་འགེམས་པར་བྱེད་དོ་ཞེས་བརྗོད་ལ་སླར་ཡང་སྙིང་གར་རྡོ་རྗེ་བཞག་སྟེ། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་དེ་རིང་ཡང་དག་ཞུགས། །གལ་ 35-1-254b ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་བརྗོད་ནས་མནའ་བསྒག་པར་བྱ་སྟེ། རྣམ་པར་རྒྱལ་བའི་བུམ་པའི་སྟེང་ན་གནས་པའི་པདྨའི་ནང་དུ་སོང་བའི་བདུད་རྩི་ལྔ་ལ། ཨོཾ་བཛྲ་ཨ་མྲྀ་ཏོ་ད་ཀ་ཋ། ཞེས་བྱ་བ་མངོན་པར་བཟླས་ལ། འདི་ནི་ཁྱོད་ཀྱི་དམྱལ་ བའི་ཆུ། དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་འཐོབ། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཤིག །ཅེས་བརྗོད་དེ་བླུད་ལ་དེ་རིང་ཕྱིན་ཆད་ཁྱོད་ཀྱི་རྡོ་རྗེ་སེམས་དཔའ་ང་ཡིན་གྱིས། ངས་དེ་རིང་ཕན་ཆད་འདི་གྱིས་ཤིག་ཅེས་བསྒོ་བ་རྣམས་བུ་ཁྱོད་ཀྱིས་བྱ་ དགོས་སོ། །ང་ལ་བརྙས་པ་མ་བྱེད་ཅིག །བྱས་ན་ཡང་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་སེམས་ཅན་དམྱལ་བ་ཆེན་པོར་ལྷུང་བར་གྱུར་ཏ་རེ་ཞེས་བརྗོད་དོ། །དེ་ནས་བདེན་པའི་བྱིན་གྱི་རླབས་བརྗོད་པར་བྱ་སྟེ། སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་ གཞུག་པར་བྱ། །ལྷ་ཡི་རིགས་ཀྱི་རིམ་པ་དག །བསོད་ནམས་ཇི་བཞིན་དེ་བཞིན་ཤོག །འདིས་ནི་དངོས་གྲུབ་གང་འགྲུབ་དང་། །རིགས་ནི་གང་གི་སྣོད་དུ་གྱུར། །འདི་ནི་བསོད་ནམས་ཅི་ཡོད་ལས། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །ཅེས་པས་བདེན་པའི་བྱིན་གྱི་ རླབས་བྱས་ལ། དེ་ནས་ཕྱག་བྱས་ལ་མིག་ཏུ་ཅི་ཞིག་སྣང་ཞེས་དྲིས་ལ། དེས་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། སྔོན་པོའི་ཁ་དོག་རྣམས་བསྟན་པ་ལས། ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་ཀྱི་ལས་རྣམས་སོ་སོར་བསྟན་པར་བྱའོ། །དེ་ནས་ཨོཾ་ པྲ་ཏཱིཙྪ་བཛྲ་ཧོ། ཞེས་བྱ་བའི་སྔགས་ཀྱིས་སློབ་མས་དཀྱིལ་འཁོར་དུ་མེ་ཏོག་ཕུལ་ཏེ། གང་ལ་བབ་པ་དེའི་རིགས་སོ། །ཅི་སྟེ་ལྷ་གཉིས་ཀྱི་བར་དུ་ལྷུང་ན་གང་ལ་ཉེ་བ་དེའི་རིགས་སོ། །གལ་ཏེ་རི་མོ་ལ་བབ་ན་སླར་བསྐྱར་ཏེ་དོར་རོ། །ལན་གསུམ་དུ་བསྐྱར་ཏེ་དོར་ཡང་རི་མོ་ལ་ཕོག་ན་ནི་དེ་ ལ་དངོས་གྲུབ་མེད་དོ། །རྡོ་རྗེ་ར་བའི་ཕྱི་རོལ་དུ་ལྷུང་ན་ཡང་དེ་བཞིན་ནོ། །གལ་ཏེ་གཙོ་བོ་ལ་ཕོག་ན། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ། མེ་ཏོག་དོར་བའི་ཆོ་གའོ། །དེ་ནས་དབང་ནོད་པའི་ཕྱིར་སློབ་དཔོན་ལ་ཡོན་ཕུལ་ལ་བྱང་ཆུབ་རྡོ་རྗེ་ཞེས་བྱ་བའི་ཚིགས་བཅད་ཀྱིས་གསོལ་བ་བཏབ་ 35-1-255a སྟེ་ཕྱག་བྱའོ། །སློབ་དཔོན་གྱིས་ཀྱང་སློབ་མ་དེ་དབང་བསྐུར་བའི་ཕྱིར་རྩ་བའི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་སྙིང་པོའི་དཀྱིལ་འཁོར་གྱི་ཚད་ཙམ་པའི་གྲུ་བཞི་སྒོ་བཞི་པའི་དཀྱིལ་འཁོར་བྲིས་ལ། དེའི་དབུས་སུ་པདྨ་འདབ་བརྒྱད་བྲིས་ཏེ། སྒོ་དང་མཚམས་རྣམས་སུ་ དེ་བཞིན་གཤེགས་པ་རྣམས་དང་། ལྷ་མོའི་མཚན་མས་མཚན་པར་བྱའོ། །སློབ་མ་ལ་ཁྲུས་བྱས་ཤིང་གོས་སར་པ་བགོས་པ་བཞག་ལ་ཤིས་པའི་ཆོ་ག་བྱས་ཏེ། ཉུངས་ཀར་བདུད་རྩི་འཁྱིལ་པའི་སྔགས་བཟླས་པ། ལག་པ་གཡས་གཡོན་གྱིས་ལན་གཉིས་གཉིས་བསྐོར་ ཏེ། ཁོམ་ཕོར་གྱི་མེའི་ནང་དུ་བླུགས་སོ། །དེ་ལྟར་ལན་གསུམ་དུ་བྱས་ལ། དེ་ནས་ཆུའི་ཤིས་པ་ཡང་དེ་ལྟར་བྱའོ། །དེ་ནས་སྔགས་དེ་ཉིད་བཟླས་པས་བསྲུངས་ཏེ། ཉེ་རེག་བྱས་ལ། ཡང་དྲི་ཞིམ་པོ་སྔགས་བཟླས་པས་བྱུགས་ལ། སྔགས་བཟླས་པའི་མེ་ཏོག་གི་ཕྲེང་བ་མགོ་ ལ་བཅིངས་ཏེ། མར་མེ་མདུན་དུ་བཀོར་ཞིང་བདུག་སྤོས་ཀྱིས་ཀྱང་བདུགས་ཏེ། ཤིས་པའི་ཆོ་གའོ། །དེ་ནས་མེ་ཏོག་གི་ཕྲེང་བས་དབང་བསྐུར་ལ་རྡོ་རྗེ་འཛིན་པའི་སྐུར་བསྒོམས་ནས་མིག་ལ་སོགས་པ་བྱིན་གྱིས་བརླབས་ཏེ། སྟེང་དུ་བླ་རེ་བྲེས་ལ་ཧཱུཾ་ལས་བྱུང་བའི་གསེར་གྱི་ཡུ་ བ་ཅན་གྱི་གདུགས་དཀར་པོ་སྟེང་དུ་བཟུང་ནས་གཡོན་ཕྱོགས་སུ་བ་དན་དང་རྒྱལ་མཚན་བྲེས་ཏེ་དུང་དང་། ཟངས་དུང་དང་རྔ་བོ་ཆེ་ལ་སོགས་པའི་སྒྲས་ནམ་མཁའ་གང་བར་བསམས་ལ་དྲིལ་བུ་གསིལ་ཞིང་ཁྲུས་བྱ་སྟེ། ཇི་ལྟར་བལྟམས་པ་ཙམ་གྱིས་ཀྱང་། །དེ་བཞིན་གཤེགས་ ཀུན་ཁྲུས་གསོལ་བ། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་ཁྲུས་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུཾ། དང་པོ་རྣམ་པར་རྒྱལ་བའི་བུམ་པས་བཀྲུས་ལ་དེའི་འོག་ཏུ་གཞན་གྱིས་བཀྲུའོ། །དེ་ལྟར་ཕྱི་རོལ་དུ་དབང་བསྐུར་ནས་རང་གི་སྙིང་གའི་ ས་བོན་གྱི་འོད་ཟེར་གྱིས་མཐའ་ཡས་པའི་ཕྱོགས་ནས་འཁོར་ལོས་སྒྱུར་བའི་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་ཏེ། དེ་རྣམས་ཀྱི་འོད་ཟེར་ལས་བྱུང་བའི་དབང་བསྐུར་བའི་ཡོ་བྱད་ཐམས་ཅད་ཀྱིས་དབང་བསྐུར་བར་བསྒོམས་ལ། བདག་ཉིད་ཀྱིས་ཀྱང་། ཨོཾ་སངས་རྒྱས་རྣམས་ནི་ 35-1-255b ཐམས་ཅད་ཀྱི། རྡོ་རྗེ་གསང་བ་གསུམ་ལས་བྱུང་། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །རྡོ་རྗེ་དབང་བསྐུར་ཆེན་པོ་སྦྱིན། །ཞེས་བརྗོད་དོ། །མི་བསྐྱོད་པའི་རང་བཞིན་གྱི་ཆུའི་དབང་ངོ་། །དེ་ནས་གསེར་ལ་སོགས་པ་ལས་བརྡུངས་པའམ་དེ་མེད་ན་རས་ལ་སོགས་པ་ལས་བྱས་པའང་རུང་སྟེ། སྔར་བསྟན་པའི་ཚིགས་བཅད་ཀྱིས་སློབ་མའི་སྤྱི་བོར་བཅིངས་ལ་ནམ་མཁའི་དབུས་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་རིན་ཆེན་འབྱུང་ལྡན་གྱི་གཟུགས་ཀྱིས་དེར་ཐིམ་སྟེ་བྱིན་གྱིས་བརླབ་བོ། །རིན་ཆེན་འབྱུང་ལྡན་གྱི་རང་བཞིན་གྱི་ཅོད་པན་གྱི་དབང་ངམ་རྫོགས་པའི་སངས་རྒྱས་ ཀྱི་དབང་ངོ་། །དེའི་འོག་ཏུ་ཧཱུཾ་ལས་བསྐྱེད་པའི་རྡོ་རྗེ་རྩེ་ལྔ་པ་བཟུང་སྟེ། སློབ་མའི་སྙིང་གཟུགས་ལ་སོགས་པར་གཏུགས་ལ། སངས་རྒྱས་ཀྱི་ནི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རབ་ཏུ་གྲུབ་ཕྱིར་རྡོ་རྗེ་ཟུང་། །ཞེས་པས་སློབ་མའི་ལག་པ་གཡས་ པར་རྡོ་རྗེ་སྦྱིན་ཏེ། སྣང་བ་མཐའ་ཡས་ཀྱི་རང་བཞིན་རྡོ་རྗེའི་དབང་ངོ་། །དེ་ནས་ཨ་ལས་བསྐྱེད་པའི་དྲིལ་བུ་ལག་པ་གཡོན་པར་བྱིན་ལ། ལག་པ་གཡས་གཡོན་གཉིས་ཀ་བསྣོལ་ཏེ། ཨོཾ་བཛྲ་ཨ་དྷི་པ་དྷི་སྟྭཾ་ཨ་བྷི་ཥིཉྩཱ་མི་བཛྲ་ས་མ་ཡ་སྟྭཾ་ཞེས་བརྗོད་དེ། དམ་ཚིག་རྡོ་རྗེའི་རང་བཞིན་བདག་ པོའི་དབང་ངོ་། །དེ་ནས་མེ་ལོང་ལ། ཨོཾ་ཨ་བཛྲ་སཏྭ་ཞེས་བཟླས་ལ་ཚིགས་སུ་བཅད་པ་འདིས་བསྟན་པར་བྱ་སྟེ། རྡོ་རྗེ་སེམས་དཔའ་མེ་ལོང་ལྟར། །གསལ་ཞིང་དག་ལ་རྙོག་པ་མེད། །བུ་ཁྱོད་ཀྱི་ནི་སྙིང་ལ་གནས། །སངས་རྒྱས་ཀུན་བདག་རང་ཉིད་ཡིན། །དེ་བཞིན་གཤེགས་པ་ཀུན་བདག་ གང་། །བྱང་ཆུབ་སེམས་འདི་ཤེས་པར་གྱིས། །རྡོ་རྗེ་སེམས་དཔའི་རང་བཞིན་གྱི་མེ་ལོང་གི་དབང་ངོ་། །དེའི་རྗེས་ལ་རྡོ་རྗེ་དྲིལ་བུ་སློབ་མའི་སྤྱི་བོར་བཞག་ལ། ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩཱ་མི་བཛྲ་ནཱ་མཱ་བྷི་ཥེ་ཀ་ཏ་ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་རིགས་མཐུན་པའི་མིང་བཏགས་ལ། གང་གང་སྣང་བ་ དེ་དང་དེ། །རྡོ་རྗེ་འཛིན་པ་རང་ཉིད་གཙོ། །གང་ཕྱིར་ཆོས་རྣམས་རྣམ་དག་པས། །སངས་རྒྱས་ཡེ་ཤེས་རང་བཞིན་ཡིན། །ཞེས་བསྒྲགས་ཏེ། རྣམ་པར་སྣང་མཛད་ཀྱི་རང་བཞིན་གྱི་མིང་གི་དབང་ངོ་། །དེ་ནས་སླར་ཡང་སློབ་མས། བདག་དང་གཞན་གྱི་དོན་གྱི་ཕྱིར། །རྡོ་རྗེ་སློབ་དཔོན་དབང་བསྐུར་ 35-1-256a བ། །ཐུགས་རྗེ་ཅན་ཁྱོད་བཀའ་དྲིན་གྱིས། །བདག་ལ་དེ་རིང་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པ་དང་ནམ་མཁའ་ཁྱབ་པའི་དེ་བཞིན་གཤེགས་པ་ལྷ་མོ་རྣམས་ཀྱིས་དབང་བསྐུར་བར་བསྒོམས་ལ། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུང་ཤིག་རྡོ་རྗེར་བྱིན་གྱིས་བརླབས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མ་རྣམས་ ནི་བསྡུ་བར་གྱིས། །ཞེས་པས་སློབ་མ་བསྐུལ་ལ། དམ་ཚིག་གསུམ་པོ་འཛིན་དུ་གཞུག་སྟེ་ཧཱུཾ་གིས་རྡོ་རྗེ་བསྒོམས་ལ། འདི་ནི་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །རྟག་ཏུ་ཁྱོད་ཀྱིས་ཀྱང་གཟུང་སྟེ། །ཕྱག་ན་རྡོ་རྗེ་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཤ་སྟྭཾ་དྷ་ར་ ཡ་མི་ཧི་ཧི་ཧི་ཧི་ཧེ་ཞེས་པ་སྟེ་འདིས་སློབ་མ་རྡོ་རྗེ་བཟུང་ལ་དེ་ཁོ་ན་ཉིད་འདི་བརྗོད་དེ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཐམས་ཅད་བདག །རྡོ་རྗེ་སྙིང་པོ་བདག་པོའི་གཙོ། །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ། །ཨོཾ་མ་ཧཱ་བཛྲ་ཧཱུཾ། དེ་ནས་ཨ་ལས་ བསྐྱེད་པའི་དྲིལ་བུ་བཟུང་ལ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བརྗོད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཅེས་པ་འདིར་དྲིལ་བུ་བྱིན་ལ། སྲིད་པའི་རང་བཞིན་དག་པའི་ཕྱིར། །རང་བཞིན་གྱིས་ནི་དངོས་མེད་བྱས། །རང་བཞིན་དག་པའི་སེམས་ ལྡན་པས། །སྲིད་པ་དམ་པ་མཆོག་ཏུ་བྱེད། །ཅེས་བྱ་བའི་ཆོས་ཀྱིས་དཀྲོལ་བར་བྱ་སྟེ། ཨོཾ་བཛྲ་གྷཎྚེ་ཨ། ཞེས་བརྗོད་དོ། །དེ་ཡང་ཡིད་ཀྱི་ལུས་ནི་བརྟན་པའི་ཕྱིར། །དམ་ཚིག་ཕྱག་རྒྱ་ཤེས་རབ་བརྗོད། །གང་གི་ལུས་ཀུན་རྟེན་བྱེད་པ། །དེ་ནས་ཕྱག་རྒྱ་རབ་ཏུ་གྲགས། །ཞེས་བྱ་བའི་མངོན་པར་རྟོགས་པས་ བསྐྱེད་ལ། རྡོ་རྗེ་སེམས་དཔའི་རྣམ་པར་བལྟས་ཏེ། མེ་ཏོག་ལ་སོགས་པས་མཆོད་ཅིང་ཀུན་དུ་བསྟོད་པར་བྱས་ཏེ། སྙེམས་པ་དང་བཅས་པས་མེ་ཏོག་ཅིག་སློབ་མ་ལ་བསྣུན་ལ།དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །སྲས་དང་བཅས་པས་རྣམ་རོལ་ཅིང་། །རྡོ་རྗེ་སྙེམས་པས་རབ་སྦྱོར་གྱིས། །དགའ་སྟོན་བདེ་བ་མཆོད་པ་ གྱིས། །ཨ། སྒེག་དང་བཅས་པས་ཕྲེང་བ་འཕང་། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །དེ་ནི་བཅོམ་ལྡན་འབྲལ་མི་འགྱུར། །ཕྲེང་བ་དེ་ནི་རྒྱན་ཡིན་ནོ། །ཨོཾ། ལུས་ཅན་ཀུན་ལ་དམ་ཆོས་ཀྱི། །ཁྱོད་ཀྱིས་གླུ་ནི་བླང་བར་བྱ། །དེ་ཡི་བདེར་གཤེགས་དངོས་གྲུབ་ནི། །མྱུར་དུ་བདེ་བ་མྱོང་བར་འགྱུར། །གི། དེ་ཉིད་ཐལ་མོའི་གར་གྱིས་ནི། ། 35-1-256b སངས་རྒྱས་ཐམས་ཅད་ཆགས་པར་བྱོས། །སངས་རྒྱས་འདུལ་བའི་ཕྲིན་ལས་ཀྱིས། །གར་མཁན་ཚུལ་དུ་བསྒྱུར་བར་གྱིས། །ཧོཿརྫོགས་སངས་རྒྱས་ལ་སྤོས་ཕུལ་བས། །བརྟུལ་ཞུགས་བཟང་པོས་ལེགས་ཚིམ་གྱིས། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱིས་ནི་ཚིམ་པར་གྱིས། །ཨཿསངས་རྒྱས་ རྣམས་ལ་མེ་ཏོག་གཏོར། །བྱང་ཆུབ་ཡན་ལག་ཚོགས་འགྱུར་བས། །མཚན་དང་དཔེ་བྱད་ལྡན་པ་ཡི། །བདེ་གཤེགས་སྐུ་ནི་ཐོབ་པར་གྱིས། །བྷྲཱུཾ་ཆོས་ཀྱི་མེ་ནི་ལེགས་སྦར་བས། །རྡོ་རྗེ་ཆོས་དང་འདྲ་བར་འགྱུར། །སེམས་ཅན་མ་རིག་མདོངས་པ་ལ། །ཡེ་ཤེས་སྒྲོན་མ་སྦར་བར་གྱིས། །པྲ། །རྒྱལ་བ་རྣམས་ལ་དྲི་ཕུལ་ལ། །ཚུལ་ ཁྲིམས་དེ་བཞིན་ཤེས་རབ་དང་། །རྣམ་གྲོལ་ཡེ་ཤེས་མཐོང་བ་ཡི། །བྱང་ཆུབ་ལུས་ཅན་རྣམས་ལ་བསྒོ། །གྷཿདེའི་འོག་ཏུ་གསེར་གྱི་ཐུར་མ་ལ་བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་བཟླས། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །ལིང་ཏོག་རྒྱལ་བ་ རྣམས་ཀྱིས་བསལ། །ཨོཾ་བཛྲ་ནེེ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿཞེས་པས་མིག་ལ་བྱུགས་ཏེ་དག་པར་བྱའོ། །དེ་ནས་མེ་ལོང་བསྟན་ཏེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་བྱུང་། །རང་བཞིན་དག་ཅིང་བདག་མེད་པ། །དེ་ལྟར་ཆོས་འདི་ ཤེས་བྱས་ནས། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ། །དེ་ནས་ཨ་ལས་བསྐྱེད་པའི་དྲིལ་བུ་བྱིན་ཏེ། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཞེས་པས་ དཀྲོལ་བར་བྱའོ། །ཡང་ཧོཿཞེས་བྱ་བས་མདའ་གཞུ་བྱིན་ལ། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཆགས་པར་བྱོས་ཤིག་ཅེས་བསྒོ་ལ། ཕྱོགས་བཞིར་མདའ་བཞི་འཕང་བ་དང་། སྟེང་དང་འོག་ཏུ་ཡང་རེ་རེ་འཕེན་དུ་གཞུག་གོ། །ཨོཾ་ཨ་བཛྲ་སཏྭ་ཞེས་བྱ་བ་འདིས་མེ་ལོང་བསྟན་ལ། རྡོ་རྗེ་སེམས་དཔའ་ མེ་ལོང་ལྟར། །གསལ་ཞིང་དག་ལ་རྙོག་པ་མེད། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །རྡོ་རྗེ་སེམས་དཔའ་རང་ཉིད་གཙོ། །ཞེས་བྱ་བ་དང་། གང་ཡང་སངས་རྒྱས་ཐམས་ཅད་ཀྱི་བདག་པོ་བྱང་ཆུབ་ཀྱི་སེམས་འདི་ཉིད་ཡིན་པར་ཤེས་པར་གྱིས་ཤིག་ཅེས་བརྗོད་དོ། །ཨོཾ་བཛྲ་ཧེ་ཏུ་ཞེས་བྱ་བས་འཁོར་ལོ་རྐང་པའི་བར་དུ་ 35-1-257a བཅུག་ལ། ཨོཾ་བཛྲ་བྷ་ཥ་རཾ་ཞེས་བྱ་བས་ལག་པ་གཡས་སུ་དུང་བྱིན་ལ། གཡོན་པར་ཡི་གེ་ཨ་ལས་གསང་བ་འདུས་པའི་པོ་ཏི་བྱིན་ལ། དྲིལ་བུ་ཡང་དཀྲོལ་ཞིང་། དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར། །ཁྱོད་ཀྱིས་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་ པའི་སེམས་ཀྱིས་སུ། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་དུ་གང་བར་གྱིས། །སྔགས་ཀྱི་ཚུལ་གྱི་ཆོ་ག་རྣམས། །སྐྱེ་བོ་རྣམས་ལ་རྟག་ཏུ་ཤོད། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང་། །ཁྱོད་ལ་རྟག་ཏུ་སྲུང་བར་མཛད། །དེ་ནས་སོ་སོའི་འཁོར་ལོས་སྒྱུར་བའི་རྣལ་ འབྱོར་བྱས་ལ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སེམས་ཅན་མ་ལུས་ཐམས་ཅད་ལ། །ཇི་ལྟར་འདུལ་བ་སྣ་ཚོགས་པའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བྱ་བ་དང་། ཆོས་ཀྱི་གནས་སུ་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་ཚིག་བཅུག་ལ་ཚིགས་སུ་བཅད་པ་ལྔས་རྗེས་སུ་གནང་བ་བྱིན་ལ་བདག་ཉིད་ ལངས་ཏེ་སངས་རྒྱས་ཀྱི་གཟུགས་སུ་དམིགས་ལ་གཡོན་པ་སྙིང་གར་ཆོས་གོས་འཛིན་པའི་ཚུལ་དུ་བྱས་ཏེ། གཡས་པ་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱར་བྱས་ལ། རྡོ་རྗེ་མིང་གི་དབང་བསྐུར་བས་ལུང་བསྟན་ཏོ། །འདི་ནི་ཁྱོད་ལ་ངས་ལུང་བསྟན། །རྡོ་རྗེ་སློབ་དཔོན་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། ། སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱེ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པ་བྷུར་བྷུ་བ་སྭཿ། གང་ལ་འདི་ལྟར་ལུང་བསྟན་པ་དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་བྱང་ཆུབ་ཆེན་པོར་ལུང་སྟོན་པར་མཛད་དེ། ཕྱག་རྒྱ་ཆེན་པོ་དང་ སྔགས་འདིའི་མཐུ་ཡིན་ནོ་ཞེས་དད་པ་བསྐྱེད་པར་བྱའོ། །དེ་ནས་གསང་བ་བསྒྲགས་ཏེ། འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བ། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །མ་ཧཱ་ས་མ་ཡ་ཧ་ན་ཧ་ན་ཧཱུཾ་ཕཊ། དེ་ནས་སློབ་མའི་སྤྱི་བོར་གདུགས་བཟུང་ལ་བསྐོར་བ་བྱས་ནས་ ཐལ་མོ་སྦྱར་ཏེ། གདུགས་དང་བཅས་པས་དཀྱིལ་འཁོར་གྱི་སྒོ་དྲུང་དུ་ས་ལ་འདུག་ལ། སྔགས་རྣམས་འཛིན་པར་གྱུར་པ་ཡི། །སློབ་མ་འདི་ནི་ཕུལ་བ་ལགས། །དེ་ནས་གདུགས་གཞན་དུ་བཞག་ལ། སློབ་མའི་སྙིང་ལ་གདབ་པའི་ཚིག་འདི་དག་བརྗོད་དོ། །དེ་རིང་དཀྱིལ་འཁོར་སློབ་དཔོན་གྱུར། །གསང་སྔགས་རྒྱུད་ 35-1-257b རྣམས་འཛིན་གྱུར་པས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀུན་ཀྱིས་མཐུན་པར་གསུངས། །སེམས་ཅན་ཀུན་ལ་སེམས་བརྩེ་བས། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྲི། །ཁྱོད་ཀྱིས་ནན་ཏན་བསྐྱེད་ནས་སུ། །སྒྲུབ་པ་པོ་རྣམས་སྔགས་ལ་སྦྱོར། །དེ་ནས་སླར་ཡང་བསྟོད་པར་བྱ་སྟེ། མཆོག་ཏུ་གསང་བའི་ དཀྱིལ་འཁོར་འདིར། །བཅུག་པ་དང་ནི་མཐོང་བ་ཡིས། །དེ་རིང་སྡིག་ལས་རྣམ་གྲོལ་ནས། །དེ་རིང་ཁྱེད་རྣམས་དགེ་བར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཡོད་མིན་ཞིང་། །ཐུབ་པ་ཚུགས་པ་ཡོད་མིན་པས། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྔིག་པ་ཤིན་ཏུ་དག་པས་ན། །སྲིད་པའི་སྡིག་པ་ལས་འདས་ པའོ། །བྱང་ཆུབ་སེམས་ནི་ཡོངས་མི་སྤོང་། །རྡོ་རྗེ་ཞེས་བྱའི་ཕྱག་རྒྱ་དེ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་འགྱུར་ཐེ་ཚོམ་མེད། །དམ་པའི་ཆོས་ནི་སྨད་མི་བྱ། །ནམ་ཡང་བོར་བར་ཡང་མི་རུང་། །མི་ཤེས་པའམ་རྨོངས་པ་ལ། །དེ་ནི་བསྟན་པར་མི་བྱའོ། །རྡོ་རྗེ་དྲིལ་བུ་མི་སྤང་སྟེ། །སློབ་དཔོན་ནམ་ཡང་སྨད་མི་བྱ། །སངས་རྒྱས་ཀུན་ དང་མཚུངས་པ་ཡིན། །རང་བདག་ཡོངས་སུ་སྤངས་ནས་སུ། །དཀའ་ཐུབ་ཀྱིས་ནི་གདུང་མི་བྱ། །ཇི་ལྟར་བདེ་བ་བདེ་བཟུང་ནས། །འདི་ནི་མ་འོངས་རྫོགས་སངས་རྒྱས། །ཞེས་བྱ་བས་དབུགས་དབྱུང་ངོ་། །སློབ་མས་ཀྱང་ཕྱག་བྱས་ཏེ། གཙོ་བོས་ཅི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་ཁས་བླང་ངོ་། །སློབ་དཔོན་གྱི་དབང་ བསྐུར་བའི་ཆོ་གའོ།། །།དེའི་རྗེས་ལ་སློབ་མ་ཡིད་དུ་འོང་བའི་གནས་དབེན་པར་ཡོལ་བ་ལ་སོགས་པས་བྲེས་ལ། གཟུགས་ལ་སོགས་པ་ཡོན་ཏན་དང་ལྡན་པ་དམ་ཚིག་ཅན་གྱི་བུ་མོ་རྡོ་རྗེ་སློབ་དཔོན་ལ་ཕུལ་ཏེ། བཟའ་དང་བཅའ་བ་དང་བཏུང་བ་ཞིམ་པོ་རྣམས་ཀྱིས་བླ་མ་མཉེས་པར་བྱས་ལ་མཎྜལ་བྱས་ཏེ། ཚིགས་སུ་བཅད་པ་ འདིས་གསང་བ་ནོད་པའི་དོན་དུ་གསོལ་བ་གདབ་བོ། །ཁྱོད་ཀྱི་བཀའ་དྲིན་གང་གིས་བདག །བདག་དང་གཞན་དོན་བྱེད་ནུས་པ། །ཡང་དག་གསང་བའི་དབང་བསྐུར་ནི། །སྙིང་རྗེའི་གཏེར་གྱིས་བདག་ལ་སྩོལ། །ཞེས་བྱའོ། །དེ་ལྟར་གསོལ་བ་བཏབ་པའི་མཐར་བླ་མས་སློབ་མ་ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ་སྒྲུབ་ཐབས་ལས་འབྱུང་བའི་རིམ་པ་ བཞིན་བདག་ཉིད་དང་ཤེས་རབ་གསུང་རྡོ་རྗེའི་གཟུགས་སུ་མངོན་པར་འདུས་བྱས་ལ་སྙོམས་པར་འཇུག་པར་བྱའོ། །དེ་ལས་བྱུང་བའི་བདུད་རྩི་དང་བདུད་རྩི་ལྔ་བསྲེས་ལ་ཚིགས་སུ་བཅད་པ་འདིས་སློབ་མའི་ཁར་སྦྱིན་ནོ། །ཇི་ལྟར་འཕགས་པ་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་ལ་དབང་བསྐུར་བ། །དེ་བཞིན་གཤེགས་པའི་དབང་ 35-1-258a བསྐུར་ནི། །སེམས་ཀྱི་རྒྱུན་གྱིས་དབང་བསྐུར་རོ། །དེས་ཀྱང་ཨ་ཧོ་སུ་ཁ་ཞེས་བརྗོད་དེ་ལོངས་སྤྱོད་རྫོགས་པའི་རྒྱུན་དུ་གཞུག་གོ། །དེ་ནས་དེ་སྣང་བ་མཐའ་ཡས་སུ་དམིགས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དབང་བསྐུར་བར་བསྒོམ་མོ། །གསང་བའི་དབང་བསྐུར་བའི་ཆོ་གའོ།། །།དེའི་འོག་ཏུ་ ཁྱེད་ཀྱི་བཀའ་དྲིན་གང་གིས་བདག །བདག་དང་གཞན་གྱི་དོན་བྱེད་པས། །ཤེས་རབ་ཡེ་ཤེས་དབང་བསྐུར་ནི། །སྙིང་རྗེའི་གཏེར་གྱིས་བདག་ལ་སྩོལ། །ཞེས་སློབ་མས་གསོལ་བ་བཏབ་པ་དང་། སློབ་མའི་ལག་པར་ཤེས་རབ་ཀྱི་ལག་པ་བྱིན་ལ། རྡོ་རྗེ་སེམས་དཔའི་གཟུགས་སུ་བསྒོམས་ཏེ། གཟུངས་མ་འདི་ནི་ཡིད་འོང་མ། ། སངས་རྒྱས་རྣམས་ཀྱིས་བསྟེན་པར་གནང་། །འཁོར་ལོ་རིམ་གྱི་སྦྱོར་བ་ཡིས། །བདེ་བ་དམ་པ་མྱང་བར་གྱིས། །ཐབས་གཞན་གྱིས་ནི་འཚང་མི་རྒྱ། །འགྲོ་བ་གསུམ་པོ་འདི་ཡིས་བདག །དེ་བས་འདི་དང་བྲལ་བར་ནི། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་ མེད། །བླུན་པོ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་བརྗོད་ལ་སྦྱིན་ནོ། །དེ་ནས་ཤེས་རབ་ཀྱིས་འདི་སྐད་བརྗོད་པར་བྱ་སྟེ། བཤང་དང་གཅི་བ་བཟའ་བ་དང་། །ཤ་དང་ཁུ་ཁྲག་དེ་བཞིན་ནོ། །བུ་ཁྱོད་ཅི་དགར་སྤྲོ་གྱུར་ཏམ། །བུད་མེད་རྟག་ཏུ་གུས་པ་དང་། །བྷ་གའི་པདྨར་འོ་བྱེད་པ། །བུ་ཁྱོད་ཅི་བཞེད་ བདེན་པར་སྨྲོས། །སློབ་མས་ཀྱང་འདི་སྐད་བརྗོད་པར་བྱ་སྟེ། །ཁུ་ཁྲག་ལ་སོགས་བཟའ་བ་དང་། །བུད་མེད་རྣམས་ལ་རྟག་གུས་པས། །བྷ་གའི་པདྨར་འོ་བྱེད་པ། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །ཞེས་བརྗོད་པ་དང་། སླར་ཡང་ཤེས་རབ་ཀྱིས་འདི་སྐད་བརྗོད་པར་བྱ་སྟེ། ཨེ་མ་ང་ཡི་པདྨ་འདི། །བདེ་བ་ཀུན་དང་ཡང་དག་ལྡན། །བླུན་པོ་ གང་ཞིག་འདའ་བྱེད་པ། །དེ་ལ་མཆོག་གི་དངོས་གྲུབ་མེད། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་གནས། །བྷཉྫ་མོ་ཀྵ་ཧོ་ཞེས་བྱའོ། །དེའི་འོག་ཏུ་ཇི་ལྟར་བསྟན་པའི་ཀ་ར་ནས་སྙོམས་པར་འཇུག་པར་བྱས་ལ་བླ་མའི་མན་ངག་གིས་དེའི་སྐད་ཅིག་མ་མཚོན་པར་བྱའོ། །བྱང་ཆུབ་ཀྱིས་སེམས་ཕྱུང་ནས་རོ་ འཛིན་གྱིས་བླང་བར་བྱ་སྟེ། འདི་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་ཆོ་གའོ།། །།དཀྱིལ་འཁོར་ཆོ་ག་ཇི་ལྟ་བར། །ཇི་བཞིན་དུ་ནི་བྱས་པ་ལས། །བསོད་ནམས་གང་ཞིག་ཐོབ་པ་དེས། །འགྲོ་ཀུན་རྡོ་རྗེ་འཛིན་གྱུར་ཅིག །སློབ་དཔོན་ནག་པོ་པའི་ཞལ་སྔ་ནས་བླ་མའི་མན་ངག་ལ་བརྟེན་ཏེ་མཛད་པའི་དཔལ་ 35-1-258b གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་རྒྱ་གར་གྱི་མཁན་པོ་ནག་པོ་པའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙཱ་བ་ཆེན་པོ་འགོས་ལྷས་བཙས་ཀྱིས་བསྒྱུར་ཅིང་ཞུས་པ་རྫོགས་སོ།། །།༄༅༅། །རྒྱ་གར་སྐད་དུ། བཛྲ་སཏྭ་པུ་ཛ་བི་དྷིཿ། བོད་སྐད་དུ། རྡོ་རྗེ་སེམས་དཔའ་མཆོད་པའི་ཆོ་ག །དཔལ་རྡོ་རྗེ་སེམས་ དཔའ་ལ་ཕྱག་འཚལ་ལོ། །རི་བོང་འཛིན་འོད་ལྟར་དཀར་རེག་བྱ་རྡོ་རྗེ་མས་འཁྱུད་སྐུ། །མཉམ་མེད་ཡོན་ཏན་གཏེར་གྱུར་སངས་རྒྱས་ལྔ་ཡི་གཙོར་གྱུར་པ། །མ་རིག་མུན་པའི་ཚོགས་ཀུན་མ་ལུས་ཀུན་ནས་བཅོམ་པ་ཡིས། །ཕྱག་ན་རྡོ་རྗེ་ནམ་མཁའི་མཐར་ཐུག་ཇི་སྲིད་རྒྱལ་གྱུར་ཅིག །མདོར་བསྡུས་རིམ་ལས་གསུངས་དོན་རྟོགས་དཀའ་ བ། །བྱིས་པ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར། །རྡོ་རྗེ་སེམས་མཆོད་ཆོ་ག་ནུས་པ་བཞིན། །བླ་མའི་ལུང་ལས་ཆོ་ག་བཞིན་བཤད་བྱ། །འདིར་རྡོ་རྗེ་སེམས་དཔའ་མཆོད་པའི་ཆོ་ག་ལ་དབང་བའི་རྣལ་འབྱོར་པས་དང་པོར་མལ་ནས་ལངས་ནས་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་གི་འོད་ཟེར་གྱིས་བདག་ཉིད་དྲི་མ་མེད་པར་ བྱས་ལ། ཨོཾ་ཨཱཿཧཱུཾ་བཛྲ་སཏྭ་ཞེས་བྱ་བ་རྗེས་སུ་དྲན་པས་སྒོ་རྣམས་སྦྱང་བ་ལ་སོགས་པ་དམ་པའི་སྤྱོད་པ་རྗེས་སུ་བསྐྱང་བར་བྱ་བ་རྣམས་བྱས་ལ། མཆོད་པའི་ཡོ་བྱད་རྣམས་བསགས་ནས་མཆོད་པའི་ཁང་པར་ཞུགས་ལ་སྟན་བདེ་བ་ལ་གནས་ཏེ་རང་གི་ལག་མཐིལ་གཉིས་སུ་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ ཧཱུཾ་ལས་བྱུང་བའི་རྡོ་རྗེ་འབར་བ་བསམས་ལ། ཨོཾ་ཤུདྡྷ་དྷརྨ་ཏཱ་སིདྡྷ་བཛྲ་ཧཱུཾ་ཞེས་བརྗོད་པས་བྱིན་གྱིས་བརླབ་བོ། །དེ་ནས་ལྐོག་མའི་ཕྱོགས་སུ་ཧྲཱིཿལས་བྱུང་བའི་པདྨ་ལ་ཧཱུཾ་ལས་གྱུར་པའི་རྡོ་རྗེ་བསམས་ལ། བཛྲ་ཛི་ཧྭ་བྷེ་ཧཱུཾ་ཞེས་བྱ་བས་བྱིན་གྱིས་བརླབས་ཏེ། མཆོད་ཡོན་གྱི་སྣོད་དུ་མེ་ཏོག་དང་འབྲུ་དང་ལྡན་པའི་ཆུས་བཀང་ལ། ཨོཾ་ ཨཱཿ་བིགྷཱནྟ་ཀྲྀཏ་ཧཱུཾ་ཞེས་བྱ་བ་ལན་བདུན་བཟླས་པ་མདུན་དུ་བཞག་ནས་ལག་པ་ཐལ་མོ་སྦྱར་ཏེ་རྡོ་རྗེ་འཛིན་པ་བློས་དམིགས་ལ། ཕྱག་འཚལ་བསྟོད་ཅིང་ཕྱག་འཚལ་བསྟོད། །ཕྱག་འཚལ་བསྟོད་དེ་ཕྱག་འཚལ་འདུད། །གུས་པས་ཁྱེད་ལ་བདག་གསོལ་འདེབས། །རྡོ་རྗེ་སེམས་དཔར་བདག་སྒྲུབས་ཤིག །ཅེས་བརྗོད་ལ། ཨོཾ་ སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿ། སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་བཟླས་ནས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མངོན་དུ་བྱས་ཏེ། ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ་ཞེས་བྱ་བ་ལན་གསུམ་བརྗོད་ལ། ཨོཾ་ཨཱཿཧཱུཾ་བཛྲ་སཏྭ་མ་ནུ་སྨ་ར་ས་མ་ཡེ་ཏིཥྛ་ཨེ་ཥ་ཏྭཱཾ་དྷཱ་ར་ཡཱ་མི་བཛྲ་སཏྭ་ཧི་ཧི་ཧི་ཧི་ཧི་ཧཱུཾ་ཞེས་བརྗོད་ནས་བདག་ཉིད་རྡོ་རྗེ་སེམས་དཔའ་ 35-1-259a ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་སྟོན་ཀའི་ཟླ་བ་དངས་པ་ལྟར་དཀར་ཞིང་ཕྱག་ན་རྡོ་རྗེ་དང་དྲིལ་བུ་བསྣམས་པ་རལ་པའི་ཐོར་ཚུགས་ཅན་ཞི་ཞིང་སྒེག་པའི་ཉམས་དང་ལྡན་པ་རང་གི་བཙུན་མོས་མགུལ་པ་ནས་འཁྱུད་པ་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་གདན་ལ་སེམས་དཔའི་སྐྱིལ་ ཀྲུང་གིས་བཞུགས་པར་བསྒོམས་ལ། དེའི་སྤྱི་བོར་ནི་ཨོཾ། མགྲིན་པར་ནི་ཨཱཿ། སྙིང་གར་ནི་ཧཱུཾ་ཞེས་བྱ་བའི་ཡི་གེ་གསུམ་དགོད་པར་བྱའོ། །དེ་ནས་ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བཱན་བིདྱཱ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། ཅེས་བྱ་བ་དང་། ཕྱོགས་བཅུར་སེ་གོལ་གཏོགས་པས་ཕྱོགས་སྐྱོང་བ་རྣམས་གནོད་མཛེས་ཀྱིས་བཀུག་ལ། ཡང་སྙིང་གའི་ས་བོན་ལས་སྤྲོས་པའི་བདུད་རྩི་འཁྱིལ་པའི་ཕུར་བུ་སྐུ་སྟོད་ཁྲོ་བོའི་གཟུགས་ཅན་ལ་འོག་གི་ཆ་ཕུར་བུའི་དབྱིབས་ཅན་རྣམས་སྤྲོས་ཏེ་གནོད་མཛེས་ཀྱིས་བཀུག་པའི་བགེགས་རྣམས་ཀྱི་སྤྱི་བོར་ཨོཾ་གྷ་གྷ་གྷཱ་ ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱཾ་ཕཊ་ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སརྦ་བིགྷྣཱཾ་ཀཱ་ཡ་བཱཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཅེས་བྱ་བས་མི་གཡོ་བར་བྱས་ལ། ཨོཾ་བཛྲ་མུངྒ་ར་བཛྲ་ཀཱི་ལ་ཡ་ཨཱ་ཀོ་ཊ་ཡ་ཧཱུཾ་ཕཊ། ཅེས་བྱ་བས་འདིས་རྡོ་རྗེ་ཐོ་བ་ཕྱག་ན་བསྣམས་པའི་གནོད་མཛེས་ཀྱིས་བརྡུང་ བར་བྱའོ། །དེ་ནས་ཕུར་བུའི་འོད་འབར་བ་ལས་འོག་ཏུ་རྡོ་རྗེའི་ས་གཞི་སྟེང་དུ་རྡོ་རྗེའི་དྲ་བ། ཕྱོགས་ཀུན་དུ་རྡོ་རྗེའི་ར་བ། ཕྱི་རོལ་མེ་རི་འབར་བས་བསྐོར་བར་བསམས་ལ། ཧཱུཾ་བཟླས་པའི་ལྕི་བ་ལ་སོགས་པ་དང་། སྔར་བསྟན་པའི་ཆུས་ཨོཾ་བཛྲ་རེ་ཁེ་ཧཱུཾ་ཞེས་བརྗོད་ཅིང་མདུན་དུ་མཎྜལ་བྱའོ། །མཎྜལ་བྱུག་ པའི་དུས་སུ་མཎྜལ་གྱི་ཕན་ཡོན་ཀྱང་བཟླས་པར་བྱ་སྟེ། ཆུ་བཅས་ལྕི་བ་སྦྱིན་པ་སྟེ། །སྐྱང་ནུལ་བྱས་པ་ཚུལ་ཁྲིམས་ཡིན། །གྲོག་མ་སོགས་བསལ་བཟོད་ཡིན་ཏེ། །བྱ་བ་སྤྲོ་བ་བརྩོན་འགྲུས་སོ། །སྐད་ཅིག་དེ་སེམས་རྩེ་གཅིག་པ། །བསམ་གཏན་ཡིན་ཏེ་རི་མོ་དག །སྙོམས་པ་ཤེས་རབ་ཡིན་ པར་གསུངས། །མཎྜལ་བྱས་པས་ཕ་རོལ་ཕྱིན་དྲུག་བརྙེས་པར་འགྱུར། །ལྷ་མི་ཁྱད་པར་ཅན་སྐྱེ་ཟླ་ལྟར་གཟི་འཕགས་ཤིང་། །ནད་ཀུན་ལས་གྲོལ་གསེར་གྱི་མདོག་དང་འདྲ་བར་འགྱུར། །རྒྱལ་རིགས་འབྲུ་དང་གསེར་སོགས་འབྱོར་པས་གང་བར་སྐྱེ། །དེས་ན་བདེ་གཤེགས་མཆོག་གི་ཁྱིམ་དུ་ལུས་ 35-1-259b ལས་བྱ། །ཞེས་བྱ་བའོ། །དེ་ནས་ལག་པ་བཀྲུས་ཏེ་མཎྜལ་གྱི་དབུས་སུ་ལག་པ་བཞག་ལ་སའི་ལྷ་མོ་བློས་དམིགས་ཏེ་གསོལ་བ་གདབ་པར་བྱའོ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་ནི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ ཡིས། །ཇི་ལྟར་བདུད་ཀྱི་སྟོབས་བཅོམ་པ། །དེ་བཞིན་བདག་གིས་བདུད་ལས་ནི། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ཨོཾ་མེ་དི་ནཱི་བཛྲཱི་བྷ་བ་བཛྲ་བནྡྷ་ཧཱུཾ། ཞེས་བྱ་བས་བྱིན་གྱིས་བརླབས་ལ་ཡིད་ཀྱིས་སམ་ལག་པའི་མེ་ཏོག་གིས་རིམ་པ་གསུམ་དང་ལྡན་པའི་ཁང་བུ་བརྩེགས་པ་བྲིའོ། །དེ་ནས་རིམ་ པ་དབུས་མའི་དབུས་སུ་པདྨ་འདབ་མ་བརྒྱད་ཀྱི་ལྟེ་བ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་བྲིའོ། །ཤར་གྱི་ཆའི་པདྨར་ཟླ་བ་ལ་ཨོཾ་ལྷོར་རིན་པོ་ཆེ་ལ་སྭཱ། ནུབ་ཏུ་པདྨ་ལ་ཨཱཿབྱང་དུ་སྣ་ཚོགས་རྡོ་རྗེ་ལ་ཧཱ། མེའི་མཚམས་ལ་སོགས་པ་རྣམས་སུ་ནི་མཚན་མ་དེ་དག་ཉིད་དམ་ཟླ་བ་ལ་ལཾ་མཱཾ་པཾ་ཏཱཾ། རིམ་པ་གཉིས་པའི་ མེ་མཚམས་ལ་སོགས་པར་གདན་དེ་དག་ཉིད་ལ་རཾ་ཤཾ་གཾ་རཾ། རིམ་པ་གསུམ་པ་སྣམ་བུའི་ཤར་ལ་སོགས་པའི་ངོས་གཉིས་གཉིས་སུ་གདན་དེ་དག་ཉིད་མཻཾ་ཐླྷིཾ། ལྷོར་ཨོཾ་ཨཾ། ནུབ་ཏུ་ཨོཾ་ཧཱུཾ། བྱང་དུ་ཨོཾ་སཾ་ངོ་། །སྒོ་རྣམས་དང་མཚམས་སུ་ཉི་མ་ལ་གནས་པའི་ཧཱུཾ་བྲིའོ། །འོག་གི་ཆ་ཤར་གྱི་སྒོ་སྔོན་དུའང་ཧཱུཾ་ངོ་། ། སྟེང་གི་ཆ་ནུབ་ཀྱི་སྒོ་སྔོན་དུ་ཡང་ཉི་མ་ལ་གནས་པའི་ཧཱུཾ་ངོ་། །དེ་ལྟར་ས་བོན་རྣམས་བྲིས་ནས་བགེགས་མཐར་བྱེད་ཀྱི་སྔགས་བཟླས་པའི་ཆུས་བསང་གཏོར་བྱས་ཏེ། མཆོད་པ་ལ་ཡང་བསང་གཏོར་ལན་གསུམ་བྱས་ནས་ས་བོན་རྣམས་འོད་འབར་བ་དང་བཅས་པར་བསྒོམ་མོ། །དེ་ནས་ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་ ཞེས་བྱ་བའམ། ཡི་གེ་འབྲུ་གསུམ་བཟླས་པས་མེ་ཏོག་བྱིན་གྱིས་བརླབ་པར་བྱའོ། །མཆོད་པའི་རིམ་པ་ནི་འདི་ཡིན་ཏེ། ཨོཾ་ཧཱུཾ་བཛྲ་སཏྭ་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨ་ཛི་ན་ཛིཀ་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་སྭཱ་རཏྣ་དྷྲྀཀ་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨཱཿཨཱ་རོ་ལྀཀ་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཧཱ་པྲཛྙཱ་དྷྲྀཀ་པུཥྤཾ་པྲ་ཏཱིཙྪ་ སྭཱ་ཧཱ། ཨོཾ་ལཾ་མོ་ཧ་རཱ་ཏི་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་མཾ་དྭེ་ཥ་ར་ཏི་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་པཾ་རཱ་ག་ར་ཏི་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཏཱཾ་བཛྲ་ར་ཏི་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། རིམ་པ་དང་པོའོ། །ཨོཾ་རཾ་རཱུ་པ་བཛྲ་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཤཾ་ཤཔྟ་བཛྲ་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་གཾ་གནྡྷ་བཛྲ་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་རཾ་ར་ས་བཛྲ་པུཥྤཾ་ 35-1-260a པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་པཾ་སྤརྴ་བཛྲ་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། རིམ་པ་གཉིས་པའོ། །ཨོཾ་མཻ་ཏྲི་ཡ་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཐླྷིཾ་ཀྵི་ཏི་གརྦྷ་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨོཾ་བཛྲ་པཱ་ཎི་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨོཾ་ཁ་གརྦྷ་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨོཾ་ལོ་ཀེ་ཤྭ་ར་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཧཱུཾ་མཉྫུ་གྷོ་ཥ་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨོཾ་སརྦ་ཎི་བ་ར་ནི་བི་སྐཾ་བི་ནི་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་སཾ་ས་མནྟ་བྷ་དྲ་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཧཱུཾ་ཡ་མཱནྟ་ཀྲྀཏ་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཧཱུཾ་པྲཛྙཱནྟ་ཀྲྀ་ཏ་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཧཱུཾ་པདྨཱནྟ་ཀྲྀཏ་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཧཱུཾ་བིགྷྣཱནྟ་ཀྲྀཏ་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཧཱུཾ་ཨ་ཙ་ལ་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཧཱུཾ་ཊཀྐི་རཱ་ཛ་པུཥྤཾ་ པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཧཱུཾ་ནཱི་ལ་དཎྜ་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཧཱུཾ་མ་ཧཱ་བ་ལ་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཧཱུཾ་སུམྦྷ་རཱ་ཛ་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཧཱུཾ་ཨུཥྞཱི་ཥ་ཙཀྲ་ཝརྟི་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། རིམ་པ་གསུམ་པའོ། །དེ་ལྟར་ཐམས་ཅད་ལ་སྦྱར་བར་བྱ་སྟེ། ཁྱད་པར་དུ་གྷནྡྷ་པྲ་ཏཱིཙྪ་སྭཱ་ཧཱ། དྷཱུ་པ་པྲ་ཏཱིཙྪ་སྭཱ་ཧཱ། དཱི་པ་པྲ་ཏཱིཙྪ་ སྭཱ་ཧཱ། ནཻ་བི་དྱ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་བྱ་བ་སྦྱར་བར་བྱའོ། །དེ་ལྟར་མཆོད་ནས་སྐད་ཅིག་ཙམ་གྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་བཀུག་སྟེ། ཨོཾ་ཛཿཧཱུཾ་བཾ་ཧོཿཞེས་བྱ་བའི་སྔགས་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ་བསྟིམས་ཏེ། གཉིས་སུ་མེད་པའི་དཀྱིལ་འཁོར་ལེགས་པར་བལྟས་ལ། ཨོཾ་ བཛྲ་སཏྭ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་ས་ཏྭ་པ་ཏྱཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་སཏྭ་ཨཉྫ་མ་ནཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་ལ་ཨརྒྷཾ་དང་ཞལ་བསིལ་ནི་སྣོད་ཉིད་ཀྱིས་དབུལ་ལོ། །ཞབས་བཀྲུ་བ་ནི་ཁུ་ཚུར་གྱི་སོར་མོ་བཀྲོལ་བ་རོལ་པ་དང་བཅས་པར་དབུལ་ལོ། །ཡང་ཞལ་བསིལ་མེ་ཏོག་གམ་ལག་པས་ཀྱང་དབུལ་ལོ། །དེ་ནས་ ཡང་སྔ་མ་ལྟར་རིམ་པ་བཞིན་དུ་མཆོད་ལ་བསྐོར་བ་ལན་གསུམ་བྱ་སྟེ། ཨརྒྷའི་སྣོད་ཀྱི་ཆུ་ལས་བསང་གཏོར་བྱས་ལ་ཐལ་མོ་སྦྱར་ཏེ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། ། ཞེས་ལན་གསུམ་བརྗོད་ལ་ཕྱག་ལན་གསུམ་བྱ་སྟེ་བསྟོད་པ་འདིས་བསྟོད་པར་བྱའོ། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བའི་དབྱིངས་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་རབ་ཏུ་དག །རྡོ་རྗེ་ཞི་བ་དགའ་བ་ཆེ། ། 35-1-260b རང་བཞིན་གྱིས་ནི་འོད་གསལ་མཆོག །སྟོན་པ་རྡོ་རྗེ་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །དངོས་ཉིད་དག་པས་གོས་པ་མེད། །གསང་བའི་གསུང་ལ་ཕྱག་འཚལ་ལོ། །རྡོ་རྗེ་མི་འཆི་འདོད་ཆགས་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ ཆགས་ཕ་རོལ་ཕྱིན་བརྙེས་པ། །རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ། །རྡོ་རྗེ་དག་པ་གདོན་མི་ཟ། །བསམ་པ་ཐམས་ཅད་ཡོངས་རྫོགས་པ། །སངས་རྒྱས་ངོ་བོ་ཉིད་ལས་བྱུང་། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ། །ཞེས་པའི་ཚིགས་སུ་བཅད་པ་ལྔས་བསྟོད་ལ། ཡི་གེ་གསུམ་པོ་ཅི་ནུས་ཀྱིས་མི་ གཡེང་བས་བཟླས་བརྗོད་བྱའོ། །དེ་ནས་ཨོཾ་ཨཱཿཧཱུཾ་བཾ་ཧོཿཞེས་བྱ་བ་འདིས་ཡེ་ཤེས་ཀྱི་འཁོར་ལོ་རང་གི་ལུས་ལ་བསྡུས་ལ་རིམ་པ་འདིས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་བོ། །དེ་ལ་སྤྱི་བོར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་དཀར་པོ་བསྒོམས་ལ། དཔལ་ལྡན་སངས་རྒྱས་སྐུ་འཛིན་པ། །རྡོ་རྗེ་མི་ ཕྱེད་གསུམ་གྱི་དངོས། །དེང་བདག་བྱིན་གྱིས་བརླབ་པའི་གནས། །རྡོ་རྗེ་སྐུར་ནི་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་གྱི་དངོས། །དེང་བདག་བྱིན་གྱིས་བརླབ་པའི་གནས། །རྡོ་རྗེ་སྐུར་ནི་མཛད་དུ་གསོལ། །སངས་རྒྱས་རྣམས་ཀྱི་སྐུ་གང་ཡིན། །ཕུང་པོ་ ལྔ་ཡིས་རབ་གང་བ། །སངས་རྒྱས་སྐུ་ཡི་ངོ་བོ་ཡིས། །བདག་ཀྱང་དེ་དང་འདྲར་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེའི་རྗེས་ལ་མགྲིན་པར་པདྨའི་སྟེང་དུ་ཨཱཿདམར་པོ་བསྒོམས་ལ། ཆོས་ཀྱི་གསུང་ལམ་དཔལ་དང་ལྡན། །རྡོ་རྗེ་མི་ཕྱེད་གསུམ་གྱི་དངོས། །དེང་བདག་བྱིན་གྱིས་བརླབ་ པའི་གནས། །རྡོ་རྗེའི་གསུང་དུ་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་གྱི་དངོས། །དེང་བདག་བྱིན་གྱིས་བརླབ་པའི་གནས། །རྡོ་རྗེ་གསུང་དུ་མཛད་དུ་གསོལ། །རྡོ་རྗེ་ཆོས་ཀྱི་གསུང་གང་ཡིན། །གསུང་དེ་ངེས་ཚིག་ཕུན་སུམ་ཚོགས། །བདག་གི་ ཚིག་ཀྱང་དེ་འདྲ་བར། །ཆོས་འཛིན་པ་དང་མཚུངས་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ནས་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཧཱུཾ་སྔོན་པོ་བསྒོམས་ལ། རྡོ་རྗེ་ཐུགས་འཛིན་དཔལ་དང་ལྡན། །རྡོ་རྗེ་མི་ཕྱེད་གསུམ་གྱི་དངོས། །དེང་བདག་བྱིན་གྱིས་བརླབ་པའི་གནས། །རྡོ་རྗེ་ 35-1-261a ཐུགས་སུ་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་གྱི་དངོས། །དེང་བདག་བྱིན་གྱིས་བརླབ་པའི་གནས། །རྡོ་རྗེ་ཐུགས་སུ་མཛད་དུ་གསོལ། །ཀུན་དུ་བཟང་པོའི་ཐུགས་གང་ཡིན། །གསང་བའི་བདག་པོ་བློ་ལྡན་པ། །བདག་གི་སེམས་ཀྱང་དེ་ འདྲ་བར། །རྡོ་རྗེ་འཛིན་དང་མཚུངས་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཡང་ཐམས་ཅད་དུ་ལྷག་པར་མོས་པར་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དོ། །དེ་ལྟར་བདག་ཉིད་བྱིན་གྱིས་བརླབས་ནས། སླར་ཡང་ཡི་གེ་བརྒྱ་པས་བརྟན་པར་བྱ་ སྟེ། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ། བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ། དེ་ནས་ཨརྒྷའི་ཆུས་ མཎྜལ་ལ་བསང་གཏོར་ལན་གསུམ་བྱས་ཏེ་ཡང་ཆུ་གཏོར་ལ་མཎྜལ་གྱི་ཐོག་ཏུ་ལག་པ་བཞག་སྟེ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་གསོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་སུ། །སླར་ཡང་འབྱོན་པར་མཛད་དུ་གསོལ། །མུཿ་ཞེས་བྱ་བས་གཤེགས་སུ་གསོལ་ལ། དེ་ནས་མེ་ཏོག་ལ་སོགས་པ་བསལ་ཏེ། ཡང་ལེགས་པར་བྱུགས་ལ་མེ་ཏོག་ཅིག་ཕུལ་ཏེ་བཟོད་པར་མཛོད་ཅིག་ཅེས་བརྗོད་ལ་ལངས་ཏེ་ཇི་ལྟར་དགའ་བར་བྱའོ། །ཐུན་མཚམས་གཞན་ལ་ཡང་དེ་ལྟར་བྱས་ཏེ་ཟླ་བ་གཅིག་གམ་ལོ་ཕྱེད་དམ་ལོ་གཅིག་ཏུ་ཆོ་ག་དེས་རྡོ་རྗེ་སེམས་དཔའ་མཉེས་པར་བྱས་ན་ཇི་ལྟར་འདོད་པའི་ དངོས་གྲུབ་ཀྱི་མཚན་མ་འབྱུང་བར་འགྱུར་རོ། །དེ་ནས་རྒྱུད་ནས་གསུངས་པ་བཞིན་དུ་བསྒྲུབ་པར་བྱའོ། །དུས་གསུམ་རྒྱལ་བའི་རང་བཞིན་ཀུན་གྱི་གཙོ། །ཡེ་ཤེས་སྐུ་མཆོག་རྡོ་རྗེ་སེམས་དཔའ་ཡི། །མཆོད་པའི་ཆོ་ག་བདག་གིས་བྱས་པ་དེས། །ཕྱག་རྒྱ་ཆེན་པོའི་གོ་འཕང་ཐོབ་པར་ཤོག །རྡོ་རྗེ་སེམས་དཔའ་མཆོད་པའི་ཆོ་ག ། སློབ་དཔོན་ཆེན་པོ་ནག་པོ་པའི་ཞལ་སྔ་ནས་བླ་མའི་མན་ངག་ལས་བཟུང་སྟེ་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སློབ་དཔོན་ནག་པོ་པའི་ཞལ་སྔ་ནས། བོད་ཀྱི་ལོ་ཙཱ་བ་འགོས་ཁུག་པ་ལྷས་བཙས་ཀྱིས་བསྒྱུར་བ།། ༄།།གཏོར་མའི་ཆོ་ག་བཞུགས་སོ།། ༄༅༅། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །བླ་མ་དམ་ 35-1-261b པ་ལ་བཏུད་དེ། །དེ་ཡི་མན་ངག་ཇི་བཞིན་དུ། །གཏོར་མའི་ཆོ་ག་བྲི་བར་བྱ། །དེ་ལ་ཚོགས་བསགས་པ་དང་། ལས་བསྒྲུབ་པར་བྱ་བ་དང་། བར་དུ་གཅོད་པ་རྣམས་ཞི་བར་བྱ་བའི་ཕྱིར་གཏོར་མ་ནར་མར་བྱེད་པར་འདོད་པས་སྲོད་ཀྱི་དུས་སུ་ཤ་ལྔ་དང་། བདུད་རྩི་ལྔའི་རི་ལུ་དང་ལྡན་པའི་གཏོར་མས་སྣོད་མཛེས་པར་བཀང་སྟེ། སེམས་ཅན་ཐམས་ཅད་ལ་ སྙིང་རྗེ་ཆེན་པོ་བསྐྱེད་ལ། དེ་ནས་སྟོང་པ་ཉིད་དུ་མོས་པར་བྱ་སྟེ། དེའི་འོག་ཏུ་ཧཱུཾ་ཞེས་བརྗོད་པས་རྡོ་རྗེའི་ས་གཞི་དང་། ར་བ་དང་། དྲ་བ་དང་། ཕྱི་རོལ་དུ་མེ་ལྕེ་འབར་བ་དང་། རྣམ་པར་འཁྲིགས་པར་བསམས་ཤིང་ནང་དུ་རིན་པོ་ཆེའི་ཁང་པ་ཉམས་དགའ་བ་བསམ་པར་བྱའོ། །དེར་བདག་ཉིད་སྐད་ཅིག་ཙམ་གྱིས་ལྷག་པའི་ལྷར་བསྒོམས་ཏེ་རྡོ་རྗེ་ གསུམ་དང་། ཡེ་ཤེས་སེམས་དཔའ་དང་། ཅོད་པན་གྱི་ལྷ་དྲན་པས་བསྲུང་བར་བྱའོ། །དེ་ནས་རྡོ་རྗེ་ཐལ་མོ་སྙིང་གར་ཕྱེ་ལ་གཏོར་མར་ཧཱུཾ་ཨཱཿཨོཾ་བཾ་བསམས་ཏེ། ཧཱུཾ་ཆུ་ལྟར་ཞུ་བས་ཁ་དོག་ཕུན་སུམ་ཚོགས་པ་དང་། ཨཱ་ཞུ་བས་དྲི་ཕུན་སུམ་ཚོགས་པ་དང་། ཨོཾ་ཞུ་བ་རོ་ཕུན་སུམ་ཚོགས་པར་བསམ་པར་བྱའོ། །དེ་ནས་ཨོཾ་གྱི་འོད་ཟེར་ གྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་གཉིས་སུ་མེད་པར་བྱས་ལ་འབྲུ་གསུམ་བརྗོད་པས་བརྟན་པར་བྱའོ། །དེ་ནས་བདག་གི་སྙིང་གའི་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་དམ་ཡི་དྭགས་ཀྱི་ཚོགས་བཀུག་སྟེ། དེ་དག་གི་སྙིང་ག་དང་སྤྱི་བོར་ལྷ་དང་བླ་མ་རིགས་ཀྱི་བདག་པོ་བསྒོམ་པར་བྱའོ། །དེ་ནས་ནང་དུ་བཀུག་ལ་ཐམས་ཅད་ཀྱི་ལྕེ་ལ་ཧཱུཾ་ ལས་རྡོ་རྗེ་བསྐྱེད། ཨོཾ་གྱིས་ནོར་བུ་བསྐྱེད་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷ་རྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཞེས་བརྗོད་ནས་ནོར་བུ་འོད་ཟེར་གྱིས་ལྗགས་ཀྱི་ལྕེའུ་ཆུང་དྲངས་པ་བཞིན་དུ་སོ་སོར་ཐིམ་པས་ཐམས་ཅད་གཉིས་མེད་ཀྱི་ཡེ་ཤེས་དང་ལྡན་པར་བསམས་ཏེ། ཡིད་ལ་བྱུང་བའི་མཆོད་པའི་ཚོགས་ཀྱིས་ཀྱང་མཆོད་པར་བྱའོ། ། དེ་ནས་མཆོད་སྦྱིན་གྱི་ཕྱག་རྒྱ་དང་བཅས་ལ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་བྱུང་། །ངོ་བོ་གཉིས་མེད་གནས་མེད་པར། །དེ་ལྟར་ཆོས་རྣམས་ཤེས་ནས་ཀྱང་། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སངས་རྒྱས་རིགས་ སུ་སྐྱེ། །ཞེས་བྱ་བ་ལ་སོགས་པས་ཆོས་བཤད་པར་བྱའོ། །དེ་ནས་ཨོཾ་ཨཱཿཧཱུཾ། ཡུལ་ཕྱོགས་འདི་ལ་སོགས་པའི། སརྦ་ཀྵེ་ཏྲ་པཱ་ལ། སརྦ་རཱཀྵ་ས། ཡཀྵ། ཨུནྨ་ནྡ། ཨ་པསྨ་ར། སརྦ་དེ་བ། སརྦ་ནཱ་ག །སརྦ་ཡམ། སརྦ་ཌཱ་ཀི་ནྱ། སརྦ་སཏྭ། སརྦ་བྷཱུ་ཏ། ཨ་ཏ་ཡ། ཨི་དཾ་བ་ལིཾ། གྲྀཧྞཱ་གྲྀཧྞཱ། མ་མ་སརྦ་ས་པ་རི་ཝ་ར་ན་སརྦ་སཏྭ་ནཉྩ། སརྦ་པཱ་པཾ་ 35-1-262a བྷྱ་ཏི། བིགྷྣཱཾ། ཤཱནྟིཾ་ཀུ་རུ། དྷ་ན་དྷ་ན། ཨཱ་ཡུ་ཨ་རོཀྵ། ཨ་ཏི་པུཥྤ་ཀུ་རུ། སརྦ་པྲ་ཡ་རཀྵ་ཀུ་རུ་སྭཱ་ཧཱ། སརྦ་སིདྡྷི་ཀ་རི། ཤུ་པ་ཙིཏྟ་ཀ་ར། ཞེས་བརྗོད་ལ། གཞན་ཡང་། ཁྱེད་རྣམས་ཀུན་ལ་གསོལ་བ་ནི། །བདག་ཅག་འཁོར་དང་བཅས་པ་དང་། །གནས་ཀྱི་དབང་ཕྱུག་སྐྱེ་བོར་བཅས། །གདོན་ནད་ལ་སོགས་ཞི་བ་དང་། །ཚེ་དང་ ལོངས་སྤྱོད་འཕེལ་བ་དང་། །བཀྲ་ཤིས་ཕུན་སུམ་ཚོགས་པ་དང་། །གཞན་ཡང་ཅི་འདོད་ལྷུན་འགྲུབ་ཤོག །ཅེས་འདོད་པའི་དོན་ལ་གསོལ་བ་གདབ་སྟེ། སེམས་ཅན་ཐམས་ཅད་སྡིག་མེད་ཅིང་། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སངས་རྒྱས་ཉིད་དུ་འགྲུབ་བྱེད་པའི། །ལམ་དེ་ཉིད་དུ་ཞུགས་ནས་ཀྱང་། །རྣལ་འབྱོར་བརྟུལ་ཞུགས་གནས་ལ་ནི། །ད་ལྟ་ ཉིད་དུ་གནས་པར་ཤོག །ཅེས་པས་དགེ་བ་ཡོངས་སུ་བསྔོས་ལ། །ཨོཾ་ཨཱཿཧཱུཾ་མུཿཞེས་པས་གཤེགས་སུ་གསོལ། །བདག་དྲིན་བླ་མའི་རྒྱུད་དང་ནི། །བློ་དམན་རྣམས་ལ་ཕན་གདགས་ཕྱིར། །བླ་མ་དམ་པའི་མན་ངག་བཞིན། །གཏོར་མའི་ཆོ་ག་བྲིས་པ་ཡིན། །དཔལ་ལྡན་གསང་འདུས་གཏོར་མ་འདི། །ལམ་ལ་གནས་དང་འབྲས་མྱང་གིས། ། ཚོགས་རྫོགས་སྡུག་བསྔལ་བསལ་བའི་ཕྱིར། །སློབ་དཔོན་ནག་པོས་མཛད་པ་ཡིན། །རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། པྲ་ཏིཥྛ་བི་དྷི་ཀྲ་མ། བོད་སྐད་དུ། རབ་ཏུ་གནས་པའི་ཆོ་གའི་རིམ་པ། རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ལྷན་ཅིག་སྐྱེས་པའི་བདེ་བ་ཡི། །བདུད་རྩིའི་རོས་ནི་ངེས་གང་ པའི། །རྡོ་རྗེ་འཛིན་ལ་རབ་བཏུད་ནས། །རབ་གནས་ཆོ་ག་བཤད་པར་བྱ། །བདེ་གཤེགས་རྣམས་ཀྱིས་སྔར་གསུངས་པའི། །སྣ་ཚོགས་ལུང་གི་གཞུང་དག་ཏུ། །དཀྱིལ་འཁོར་ཆེན་པོ་བཀོད་སོགས་པའི། །རབ་གནས་ཆོ་ག་རྒྱས་གསུངས་དང་། །རྒྱུད་རྣམས་དེ་དང་དེ་དག་ཏུ། །རྡོ་རྗེ་འཛིན་གྱི་རྒྱས་གསུངས་དང་། །དེ་བཞིན་གྲུབ་ པའི་སློབ་དཔོན་གྱིས། །རབ་གནས་གཞུང་དང་མཐུན་མཛད་པ། །དེ་དག་ཀུན་གྱི་གཞུང་བསྡུས་ཏེ། །ངེས་པའི་ཚིག་དང་རྣམ་དབྱེ་དང་། །ཆོ་གའི་རིམ་པ་གསུམ་དུ་བསྟན། །དེ་ལ་ངེས་པའི་ཚིག་གིས་ནི། པྲ་ཀན་ཤ་ནེ་ན་ཏིཥྛ་ཞེས་པ་སྟེ་མཆོག་ཏུ་གྱུར་པ་དང་། ཡུན་རིང་བས་རབ་གནས་ཞེས་བྱ་སྟེ། དེ་ལ་མཆོག་ཏུ་གྱུར་པ་ནི་ཡེ་ཤེས་ སེམས་དཔའི་བདག་ཉིད་དུ་བསྒྲུབ་པ་ལ་བྱ་ལ། ཡུན་རིང་བ་ནི་འཁོར་བ་ཇི་སྲིད་དུ་བཞུགས་པ་ལ་བྱའོ། །རྣམ་པར་དབྱེ་བ་ལ་གཉིས་ཏེ། གཞི་རྣམ་པར་དབྱེ་བ་དང་། སྒྲུབ་ཐབས་རྣམ་པར་དབྱེ་བའོ། །གཞི་རྣམ་པར་དབྱེ་བ་ནི་གཙུག་ལག་ཁང་དང་། མཆོད་རྟེན་དང་། ལྷའི་སྐུ་དང་། རས་བྲིས་ལ་སོགས་པ་དང་རྟ་བབས་དང་། 35-1-262b རྡོ་རིངས་དང་། ཤིང་ལྗོན་པ་དང་། ཁྲོན་པ་དང་། ཆུ་མིག་ལ་སོགས་པ་སྐུའི་བདག་ཉིད་དུ་བྱ་བའི་གཞིའོ། །བགྲང་ཕྲེང་དང་། འཇིག་རྟེན་པའི་བསྟན་བཅོས་དང་། འཇིག་རྟེན་ལས་འདས་པའི་གླེགས་བམ་ལ་སོགས་པ་ནི་གསུང་གི་བདག་ཉིད་དུ་བྱ་བའི་གཞིའོ། །རྡོ་རྗེ་དང་འཁོར་ལོ་ལ་སོགས་པ་ལྷའི་མཚན་མ་ཐམས་ཅད་ནི་ ཐུགས་ཀྱི་བདག་ཉིད་དུ་བྱ་བའི་གཞིའོ། །སྒྲུབ་ཐབས་རྣམ་པར་དབྱེ་བ་ནི། གཙུག་ལག་ཁང་ལ་སོགས་པ་སྐུའི་གཞི་གང་ཡིན་པ་དེ་སྟོང་པ་ཉིད་དུ་བསྒོམས་ལ། དེ་ལས་བྷྲཱུཾ། བྷྲཱུཾ་ལས་འཁོར་ལོ། དེ་ལས་སྐུ་རྣམ་པར་སྣང་མཛད་དུ་བསྒྲུབས་ལ། རབ་ཏུ་གནས་པར་བྱའོ། །བགྲང་ཕྲེང་དང་གླེགས་བམ་ལ་སོགས་པ་གསུང་གི་གཞི་ ནི་སྟོང་པ་ཉིད་ལས་གསུང་རྡོ་རྗེ་ཆོས་སུ་བསྒྲུབས་ལ་རབ་ཏུ་གནས་པར་བྱའོ། །རྡོ་རྗེ་ལ་སོགས་པ་ཐུགས་ཀྱི་གཞི་ནི་ཐུགས་མི་བསྐྱོད་པར་བསྒྲུབས་ལ་རབ་ཏུ་གནས་པར་བྱའོ། །ཆོ་གའི་རིམ་པ་བསྟན་པ་ནི་རྒྱས་པ་དང་བསྡུས་པའོ། །དེ་ལ་རྒྱས་པ་ནི་རབ་གནས་བྱ་བའི་སློབ་དཔོན་ཡང་ཇི་ལྟ་བུ་ཞེ་ན། དེ་ཉིད་བཅུ་ཡི་ཚུལ་རིག་ ཅིང་། །ཟབ་ཅིང་རྒྱ་ཆེའི་ཆོས་དག་དང་། །དཀྱིལ་འཁོར་བྲི་བའི་ལས་ལ་མཁས། །སྦྱིན་སྲེག་ལས་དང་རབ་གནས་རིག །གསང་སྔགས་ཚུལ་གྱིས་རིམ་ལ་གུས། །ཉན་ཐོས་སྤྱོད་པ་སྤོང་བྱེད་པ། །མཁས་པ་ཞི་བ་རིག་པར་ལྡན། །ཁྲོ་བ་ཆུང་ཞིང་འདོད་པ་ཆུང་། །ང་རྒྱལ་སྤངས་ཤིང་དབང་པོ་དུལ། །རྩ་བའི་ལྟུང་བ་སྲུང་ བྱེད་ཅིང་། །སྔགས་དང་བསམ་གཏན་ལས་ལ་བརྩོན། །སེར་སྣ་ཡི་ནི་དྲི་མ་སྤངས། །དམ་པའི་རིགས་ལས་སྐྱེས་པ་སྟེ། །སེམས་ཅན་རྣམས་ལ་རྗེས་བརྩེ་བ། །དེས་ནི་རབ་གནས་བྱ་བར་འོས། །སློབ་མ་ཡང་ཇི་ལྟ་བུ་ཞེ་ན། དད་དང་ལྡན་ཞིང་གཏོང་ལ་དགའ། །བསླབ་པ་ཡི་ནི་གནས་ཚུལ་འཛིན། །སྒྱུ་དང་གཡོ་ནི་རྣམ་ པར་སྤངས། །བླ་མ་ལ་གུས་རྗེས་བརྩེར་ལྡན། །དགེ་བའི་ཆོས་ལ་རབ་ཏུ་བརྩོན། །དམ་པ་དེ་ནི་སློབ་མར་གཟུང་། །དེ་ནས་རབ་གནས་ལ་སོགས་པའི་དམ་པའི་སྒྲུབ་པ་ལ་འཇུག་པར་བྱ། དེ་ནས་རབ་ཏུ་གནས་པའི་བསྒྲུབ་པ་ལ་འཇུག་སྟེ། དེ་ཡང་བསྙེན་པ་དང་། ལྷག་པར་གནས་པ་དང་། རབ་ཏུ་གནས་པའོ། །དེ་ལ་བསྙེན་ པ་བྱ་བ་ལ། །ཟླ་བ་དྲུག་དང་གཟའ་བཞི་དང་། །རྒྱུ་སྐར་བཅུ་བཞི་གང་ཡིན་དང་། །ཚེས་གྲངས་བདུན་གྱི་གྲངས་ཉིད་ལ། །རྒྱལ་བ་ལ་སོགས་རབ་གནས་བྱ། །དེ་བས་ན་དུས་དེ་དག་ལ་བསྙེན་པ་བྱ་སྟེ། དེ་ཡང་ཡིད་དུ་འོང་བའི་གནས། གཙུག་ལག་ཁང་དང་ཁང་བཟངས་ལ་སོགས་པ་ཟུག་རྔུའི་ཉེས་པ་སྤངས་ལ་དྲི་གཙང་ཁང་དུ་བྱས་ལ། བླ་རེ་དང་། 35-1-263a གདུགས་དང་། བ་དན་དང་། ཡོལ་བ་དང་། རྒྱལ་མཚན་དང་། རྔ་ཡབ་ལ་སོགས་པས་བརྒྱན་ལ། མཎྜལ་དང་མཆོད་པ་དང་། གཏོར་མ་གཞུང་བཞིན་བྱས་ཏེ། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྲུལ་ལ་མཆོད་པ་དང་བསྟོད་པ་སྔོན་དུ་འགྲོ་བས་ཟླ་བའམ་ཟླ་བ་ཕྱེད་ལ་སོགས་པར་སྔོན་དུ་བསྙེན་པ་བྱའོ། །དེ་ནས་ རབ་གནས་ཀྱི་དབང་དུ་དཀྱིལ་འཁོར་བཞེངས་ན། སའི་ཆོ་ག་སྔོན་དུ་སོང་བས་གཞུང་གང་ཡིན་པའི་དཀྱིལ་འཁོར་བྱའོ། །དེ་ནས་ལྷག་པར་གནས་པ་བྱ་སྟེ། དེ་ལ་ཁྲུས་སའི་སྟེགས་བུ་གྲུ་བཞི་པ་ལ་དཔངས་ཁྲུ་དོ་བ། སོ་ཕག་ལ་སོགས་པ་ལ་ལེགས་པར་བརྩིགས་པ། རྡོ་ཐལ་གྱིས་དཀར་པོར་བྱུག་གོ། །དེ་ནས་རབ་ གནས་གང་བྱེད་པ་དེ་ཕྱོགས་གཅིག་ཏུ་བཞུགས་ལ། དེའི་འོག་ཏུ་སློབ་མ་ལྷག་པར་གནས་པ་དང་། བུམ་པ་ལྷག་པར་གནས་པ་བྱའོ། །དེ་ནས་མཆོད་པ་དང་གཏོར་མ་དང་ཁྲུས་ཀྱི་ཡོ་བྱད་ལ་སོགས་པ་ཀུན་ཚོགས་པར་བཤམས་ལ་བདག་ཉིད་ལྷ་གང་ཡིན་པའི་སྐུར་བསྒོམས་ལ། སྲུང་བའི་འཁོར་ལོ་ཡན་ཆད་གཞུང་བཞིན་དུ་ བསྒོམས་ཏེ། དང་པོ་རབ་གནས་བྱ་བའི་ལྷ་ལ་ཁྲུས་བྱའོ། །དེ་ཡང་སྐུ་གཟུགས་ཡིན་ན་ཞལ་ཤར་ཕྱོགས་སུ་བསྟན་ལ་རས་ལ་སོགས་པའི་ན་བཟའ་སེར་པོ་གསོལ་ཏེ། ཨོཾ་བཛྲ་བསྟ་ཧཱུཾ་ཞེས་པས་སོ། །དེ་ནས་ཧཱུཾ་བཟླས་པའི་ཉུངས་ཀར་དང་། ཨོཾ་བཟླས་པའི་ཆུ་ལག་པ་གཡས་གཡོན་གྱིས་ལན་གསུམ་བསྐོར་ཏེ། གཉིས་ ཀ་མེར་བོར་ཏེ་ཤིས་པའི་ཆོ་ག་བྱའོ། །དེ་ནས་བའི་རྣམ་ལྔ་དང་བདུད་རྩི་ལྔ་དང་བཅས་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་བརྗོད་ཅིང་དཱུར་བའི་པིར་གྱིས་བསྐུའོ། །དེ་ནས་ཏིལ་མར་དྲི་ཞིམ་པས་བསྒོས་པ་མཁར་བའི་སྣོད་དུ་བཞག་སྟེ། ཨོཾ་ཧཱུཾ་ཏྲཾ་ཧྲི་ཁཾ་ཞེས་བརྗོད་ཅིང་དཱུར་བའི་པིར་གྱིས་ཁྱབ་ པར་བྱུག་གོ། །དེ་ནས་ཏིལ་མར་གསལ་བའི་ཕྱིར་ཤིང་ཤུན་དྲི་ཞིམ་པ་དང་སྦྱར་བའི་ཆུས་བཀྲུའོ། །དེ་ནས་དཀར་གསུམ་མངར་གསུམ་སྦྱར་བའི་ཆུས་བཀྲུའོ། །དེ་ནས་སྐྱུ་རུ་རའི་འདག་ཆལ་གྱིས་བཀྲུའོ། །དེ་ནས་བུམ་པའི་ཆུས་དབང་བསྐུར་ཞིང་བཀྲུ་སྟེ། རོལ་མོའི་སྒྲ་དང་། བཀྲ་ཤིས་ཀྱི་ཚིགས་སུ་ བཅད་པ་བརྗོད་ཅིང་བུམ་པའི་ཆུས་བཀྲུའོ། །དེའི་ཚེ་ནམ་མཁའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིག་པའི་ཚོགས་དང་བཅས་པ་རྣམས་ཀྱིས་བདུད་རྩིའི་ཆུ་རྒྱུན་གྱི་བུམ་པས་དབང་བསྐུར་ཞིང་བཀྲུ་བར་བསམ་མོ། །ཇི་ལྟར་བལྟམས་པ་ཙམ་གྱིས་ཀྱང་། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ 35-1-263b བ། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ་སྭཱ་ཧཱ། ཞེས་བརྗོད་ཅིང་བཀྲུའོ། །དེ་ནས་རས་དམར་པོས་སྐུ་ལ་ཆགས་པའི་ཆུ་ལེགས་པར་ཕྱིའོ། །འདི་ནི་ཁྲུས་ཀྱི་ཆོ་གའོ། །དེ་ནས་ཙནྡན་དང་གུར་ཀུམ་ལ་སོགས་པའི་དྲིས་ལྷའི་ཐུགས་ཀར་བྱུག་ སྟེ། བཛྲ་གནྡྷེ་ཨ་ཞེས་པས་སོ། །དེ་ནས་མེ་ཏོག་དང་། སྤོས་དང་། མར་མེ་དང་། བཤོས་རྣམས་རང་རང་གི་སྔགས་ཀྱིས་ཕུལ་ལ། རྡོ་རྗེ་དང་བཅས་པའི་ལག་པ་ཆུ་ལ་རེག་པས་ཐུགས་ཀ་དང་། མགུར་དང་། སྤྱི་བོ་དང་། དཔྲལ་བར་ཉེ་རེག་བྱའོ། །དེ་ནས་པུས་མོ་གཡས་པ་ས་ལ་བཙུགས་ཏེ། ལག་པ་གཡས་པས་སྤོས་ ཕོར་ཐོགས་ཏེ། གཡོན་པས་དྲིལ་བུ་གསིལ་ཞིང་། ལྕེ་ཧཱུཾ་ལས་རྡོ་རྗེ་བསམས་ལ། འདི་སྐད་ཅེས་སྙན་གསན་དབབ་ཅིང་གསོལ་བ་གདབ་བོ། །ཧཱུཾ་བཅོམ་ལྡན་རྡོ་རྗེ་ཆེ་གེ་མོ། །རིག་པའི་རྒྱལ་པོ་ཕྱག་འཚལ་བསྟོད། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །མགོན་པོ་ཐུགས་རྗེའི་ བདག་ཉིད་ཀྱིས། །རབ་གནས་ནང་པར་བགྱིད་པར་འཚལ། །གུས་པས་བདག་དང་འདི་ལ་ནི། །བཀའ་དྲིན་དག་ནི་མཛད་པར་རིགས། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །འཇིག་རྟེན་མགོན་པོ་བརྩེ་བ་ཅན། །དགྲ་བཅོམ་བྱང་ཆུབ་སེམས་དཔའ་དང་། །གང་ཡང་གསང་སྔགས་ལྷ་རྣམས་དང་། །ལྷ་དང་འཇིག་ རྟེན་སྐྱོང་བ་དང་། །གང་ཡང་འབྱུང་པོ་མཐུ་ཆེན་རྣམས། །བསྟན་པ་འདི་ལ་མངོན་དགའ་ཞིང་། །བྱང་ཆུབ་སེམས་དཔའི་རྟེན་བྱུང་བའི། །རྡོ་རྗེ་ཡི་ནི་སྤྱན་ལྡན་རྣམས། །རྡོ་རྗེ་འཆང་ཆེན་ཆེ་གེ་བདག །རིག་པའི་རྒྱལ་པོ་འདི་ཡིས་ནི། །རབ་གནས་དག་ནི་བགྱིད་པར་འཚལ། །དེ་བས་བདག་དང་སློབ་མ་ལ། །ཐུགས་བརྩེར་ལྡན་པས་ བྱིན་རླབས་མཛོད། །ས་མ་ཡ་སྟྭཾ་ཨ་ཧཾ། དེ་སྐད་ལན་གསུམ་དུ་བརྗོད་དོ། །སྙན་གསན་ཕབ་ཅིང་གསོལ་བ་བཏབ་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁའ་ལ་བྱོན་ཏེ་དགོངས་པར་བསམ་མོ། །དེ་ནས་རབ་གནས་བྱ་བའི་གཞི་དེ་སྟོང་པ་ཉིད་དུ་བསྒོམས་ལ་དེ་ཆོ་གའི་ རིམ་པས་གང་ཡིན་པ་དེར་བསྐྱེད་པའམ། ཡང་ན་ཡིག་འབྲུ་ཙམ་ལས་སྐད་ཅིག་ཙམ་ལས་བསྐྱེད་ལ་སྙིང་གའི་ས་བོན་གྱིས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། ནམ་མཁའ་ལ་བཞུགས་པ་ལ་ཨོཾ་ཨརྒྷཾ་པྲ་ཏཱིཙྪ་ཞེས་པས་ཡོན་ཆབ་དབ་དབུལ། ཨོཾ་ནི་རི་ཏི་ཁཾ་ཞེས་པས་ཞབས་བསིལ་དབུལ། ཨོཾ་སརྦཱ་ཤོ་དྷ་ནེ་ཧཱུཾ་ 35-1-264a ཞེས་པས་ཞབས་བསིལ་དབུལ་ལོ། །དེ་ནས་མེ་ཏོག་ནས་སྒྲ་བརྙན་གྱི་བར་དུ་དབུལ་ལོ། །ཛཿཧཱུཾ་བཾ་ཧོཿཞེས་པས་དམ་ཚིག་པ་ལ་བསྟིམས་ལ། ཡང་མཆོད་པ་རྣམས་རིམ་པར་ཕུལ་ཏེ། ལྷ་གང་ཡིན་པ་དེའི་སྔགས་ཅི་ནུས་ཀྱིས་བཟླས་ལ། མཐར་ཡི་གེ་བརྒྱ་པ་མུཿདང་བཅས་པས་ གཤེགས་སུ་གསོལ་ཏེ། འདི་ནི་སྟ་གོན་ལ་གནས་པའི་ཆོ་གའོ། །དེ་ནས་ནང་པར་དཀྱིལ་འཁོར་རམ་སྟེགས་བུའི་གནས་དེར་མཆོད་པའི་ཡོ་བྱད་ཅི་འབྱོར་པ་ཐམས་ཅད་བཤམས་ལ། དེ་ནས་བདག་ཉིད་ལྷ་གང་ཡིན་པར་བསྒོམས་ཏེ། མཆོད་པ་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བའི་མཆོད་པ་ཡན་ཆད་ བྱས་ལ། དེ་ནས་བགེགས་བསྲུང་བའི་འཁོར་ལོ་བསྒོམས་ཏེ། གཞལ་ཡས་ཁང་སྤྲུལ་པ་ལ་སོགས་པ་གནས་སྐབས་དང་སྦྱར་ལ་བྱ། དེ་ནས་གང་རབ་གནས་བྱ་བའི་ལྷ་བསྐྱེད་ལ། དེའི་རྗེས་ལ་ལག་པ་གཡས་པ་སྤོས་སྣོད་ཐོགས་ལ་གཡོན་པ་དྲིལ་བུ་གསིལ་ཞིང་། པུས་མོ་གཡས་པ་ས་ལ་ བཙུགས་ནས་ལྕེ་ཧཱུཾ་ལས་རྡོ་རྗེར་བསམས་ཏེ། ཧཱུཾ་བཅོམ་ལྡན་ཞེས་བྱ་བ་ནས་རླབས་མཛོད་ཅེས་བརྗོད་ནས། ལྷ་རྣམས་བསྐུལ་ཏེ། སང་ནི་ཞེས་བྱ་བའི་སྐབས་སུ་དི་རིང་ཞེས་བྱ་བ་བཅུག་ལ་སྙན་གསན་དབབ་བོ། །དེ་ནས་ཡེ་ཤེས་སེམས་དཔའ་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ནམ་མཁའ་ལ་སྤྱན་ དྲངས་ལ་ཡོན་ཆབ་ལ་སོགས་པས་མཆོད་དེ། ཛཿ་ཧཱུཾ་བཾ་ཧོཿས་དགུག་གཞུག་བྱས་ཏེ་དབྱེར་མེད་པར་བསྟིམས་ལ། སྔར་གྱི་ཁྲུས་ཀྱི་ཆོ་གས་ཁྲུས་བྱ་སྟེ། དེ་ཡང་སྐུ་གཟུགས་ལ་ནི་དངོས་སུ་ཁྲུས་བྱ་ལ། རས་རིས་དང་གླེགས་བམ་ལ་སོགས་པ་ལ་ནི་མེ་ལོང་གི་གཟུགས་བརྙན་ལ་ཁྲུས་བྱའོ། །དེ་ཡང་ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོས་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ་དེ་ལ་ཡོ་བྱད་ཐམས་ཅད་དང་ལྡན་པའི་ཁྲུས་འདི་གསོལ་ལོ། །རི་བོ་ ལྟ་བུར་མཛེས་པ་ཡི། །ཡོན་ཏན་དམ་པའི་རྒྱན་ལྡན་པ། །མཆོད་གནས་རིན་ཆེན་འདི་དག་ལ། །བདག་གིས་ཁྲུས་ནི་གསོལ་བར་བགྱི། །མ་རིག་འཛོམས་པའི་ཉི་མ་སྟེ། །སྲིད་པའི་ནད་ནི་སེལ་བའི་སྨན། །དམ་ཆོས་རིན་ཆེན་འདི་ལ་ནི། །བདག་གིས་ཁྲུས་ནི་གསོལ་བར་གྱི། །བསྐལ་ 35-1-264b བའི་མཐའ་ཡི་དངོས་འཇོམས་པ། །འཇིགས་བྱེད་མེ་ཡི་ཆ་བྱད་ཅན། །མགོན་པོ་སྙིང་རྗེའི་སྟོབས་ལྡན་ལ། །བདག་གིས་ཁྲུས་ནི་གསོལ་བར་བགྱི། །མཆོག་ཏུ་ཚིམ་ཞིང་སྐལ་བཟང་བ། །དམ་པའི་བདུད་རྩི་མཛེས་ཆ་བྱད། །ཆེ་གེ་མོ་དཔལ་རྡོ་རྗེ་ལ། །བདག་གིས་ཁྲུས་ནི་གསོལ་བར་བགྱི། །གདུལ་བྱའི་ སེམས་ཅན་གང་དག་ལ། །རྒྱལ་བའི་སྤྲུལ་སྐུ་མང་པོ་ཡི། །ཆ་བྱད་ལྷ་ཡི་རྣམ་པ་ལ། །བདག་གིས་ཁྲུས་ནི་གསོལ་བར་བགྱི། །སྙིང་རྗེ་ཡིས་ནི་དེས་གང་རྣམས། །རྟག་ཏུ་ཕན་དང་བདེ་མཛད་པའི། །མཆོག་ཏུ་དུལ་བ་དེ་དག་ལ། །བདག་གིས་ཁྲུས་ནི་གསོལ་བར་བགྱི། །སངས་རྒྱས་གཟུགས་བརྙན་ གནས་དང་ནི། །སློབ་པའི་དགེ་འདུན་གནས་ཀྱིས། །གཙུག་ལག་ཁང་དང་གནས་གཞན་ལ། །བདག་གིས་ཁྲུས་ནི་གསོལ་བར་བགྱི། །དེ་ནས་ཡོན་ཆབ་ལ་སོགས་པས་མཆོད་ལ། ཨོཾ་བཛྲ་ཨ་བྷཱ་ར་ཎ་ཝ་པུ་ཥ་ཎེ་སྭཱ་ཧཱ། ཞེས་པས་རྒྱན་ཅི་འབྱོར་པ་དབུལ་ལོ། །དེ་ནས་གང་ཡིན་པའི་བསྟོད་པ་བྱའོ། །དེ་ ནས་འདི་སྐད་བརྗོད་དོ། །གང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོས་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་དེ་རྒྱུ་དང་འབྲས་བུ་ ཕུན་སུམ་ཚོགས་པ་གསུང་བ། ཆོས་ཐམས་ཅད་ཐུགས་སུ་ཆུད་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་རབ་ཏུ་གནས་པར་བགྱིའོ། །གང་བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ཡང་དག་པར་རྟོགས་ཤིང་མི་དགེ་བ་བཅུ་སྤངས་པ། མི་འཇིགས་པ་བཞི་དང་། མ་འདྲེས་ པའི་ཆོས་གསུམ་དང་། དྲན་པ་ཉེ་བར་གཞག་པ་དང་། སྙིང་རྗེ་ཆེན་པོ་ལ་སོགས་པ་རྣམས་ཡང་དག་པར་རྗེས་སུ་རྟོགས་པ། མ་ལུས་པའི་བསླབ་པ་རྒྱས་པར་བྱེད་པའི་ཆོས་རྣམས་ཡང་དག་པར་རྗེས་སུ་རྟོགས་པ་བདེ་བར་གཤེགས་པ་གཞལ་དུ་མེད་པའི་ཡོན་ཏན་གྱི་ཆོས་དང་ལྡན་པའི་སངས་རྒྱས་ བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་བགྱིའོ། །གང་བཅོམ་ལྡན་འདས་བླ་ན་མེད་པའི་ཚུལ་ཁྲིམས་ལ་སོགས་པ་ཕུང་པོ་ལྔ་ཡང་དག་པར་རྗེས་སུ་རྟོགས་པ། ཆོ་འཕྲུལ་གསུམ་དང་། ཚངས་པའི་གནས་བཞི་དང་། འཕགས་པའི་བདེན་པ་བཞི་ཡང་དག་པར་རྗེས་སུ་རྟོགས་པ། ཕྱིན་ཅི་མ་ 35-1-265a ལོག་པའི་ཤེས་བྱ་དང་། ཡེ་ཤེས་ལ་དབང་བརྙེས་པས་ཉོན་མོངས་པ་ལ་སོགས་པ་བདུད་བཞི་སྤངས་པའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་བྱའོ། །གང་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་བཅུ་དང་། དཔག་ཏུ་མེད་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ ལྡན་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་ཞིང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། སྐུ་ལྟ་བས་ཆོག་མི་ཤེས་པ། མཐོང་ན་མི་མཐུན་པ་མེད་པ་སྟེ། རིགས་སོ་སོར་དེའི་སྐུ་གཅིག་ཏུ་མཐར་ཐུག་པ་ཐོབ་པ། འགྲོ་བ་ཐམས་ཅད་ཀྱི་གཉེན། སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་ རབ་ཏུ་གནས་པར་བགྱིའོ། །དེ་ནས་གསེར་གྱི་ཐུར་མ་ཨཉྫ་ནས་བྱུགས་པས་སྤྱན་དབྱེ་སྟེ། ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ན་བཛྲ་སྭཱ་ཧཱ། ཞེས་བཟླས་ཤིང་དབྱེའོ། །དེ་ནས་ཡང་མཆོད་པའི་ཁྱད་པར་ཀུན་གྱིས་མཆོད་དེ། དང་པོར་བུམ་པས་དབང་བསྐུར་ཞིང་ཁྲུས་ཆབ་གསོལ། དེ་ནས་མེ་ཏོག་དབུལ་ཏེ། འདི་ ནི་མཆོག་གི་མེ་ཏོག་སྟེ། །ཆུ་ལས་སྐྱེས་དང་ཐང་ལས་སྐྱེས། །མཆོག་ཏུ་གུས་པས་དབུལ་བར་བགྱི། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་བཛྲ་པུཥྤེ་ཧཱུཾ། འདི་ནི་མཆོག་གི་བདུག་སྤོས་ཏེ། །ལྷན་ཅིག་སྐྱེས་དང་སྦྱར་བའི་སྤོས། །མཆོག་ཏུ་གུས་པས་དབུལ་བར་བགྱི། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་བཛྲ་དྷཱུཔྤེ་ཧཱུཾ། མར་མེ་འདི་ནི་ཕྱོགས་ཀུན་དུ། །འབར་ཏེ་མུན་པ་ཐམས་ཅད་སེལ། །མི་ཤེས་རབ་རིབ་སེལ་བའི་ཕྱིར། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་བཛྲ་དཱི་པེ་ཧཱུཾ། འདི་ནི་མཆོག་གི་དྲི་ཡིན་ཏེ། །ཙནྡན་གུར་གུམ་ལ་སོགས་པ། །མཆོག་ཏུ་དད་པས་བདག་འབུལ་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་བཛྲ་གནྡྷེ་ཧཱུཾ། འདི་ནི་མཆོག་ གི་ལྷ་བཤོས་ཏེ། །ཁ་དོག་དྲི་དང་རོར་ལྡན་པའི། །བཟའ་དང་བཅའ་བར་ཡང་དག་ལྡན། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་བཛྲ་ནཻ་ཝི་ཏེ་ཧཱུཾ། དེ་ནས་འདོད་པ་ལྔའི་ལོངས་སྤྱོད་དབུལ་ཏེ། གཟུགས་སྒྲ་དྲི་རོ་རེག་ལྡན་པའི། །མཆོག་ཏུ་གྱུར་པའི་ཟས་མཆོག་འདི། །བདག་གི་དད་པས་དབུལ་བར་བགྱི། །ཅི་བདེ་བར་ནི་བཞེས་སུ་ གསོལ། །ཨོཾ་བཛྲ་དི་པྱ་ཨན་ནཾ་མཱ་དྷི་དྷྱ་ན་པྲཱི་ཎ་ཎེ་སྭཱ་ཧཱ། དེ་ནས་རབ་གནས་ཀྱི་གཞི་གང་ཡིན་པའི་གནས་སྐབས་དང་སྦྱར་ལ། ལྷ་ཁང་དང་མཆོད་རྟེན་ལ་སོགས་པ་ནི་རྣམ་པར་སྣང་མཛད་དུ་སྤྲུལ་ལ་བྷྲཱུཾ་ཞེས་པས་ལྷ་ཁང་དང་མཆོད་རྟེན་དུ་གྱུར་པར་བྱས་ལ། གླེགས་བམ་ལ་ནི་ཡུམ་མམ། རྡོ་རྗེ་ཆོས་སུ་བྱས་པ་དེ་ཨ་ཞེས་ 35-1-265b པས་ཡི་གེའི་རྣམ་པར་གྱུར་ཏེ། ཡི་གེ་དེའི་སྒོ་ནས་འཁོར་བའི་མཐའི་བར་དུ་འགྲོ་བའི་དོན་བྱེད་པར་བསམ་མོ། །དེ་ནས་བདུད་རྩི་འཁྱིལ་བའི་སྔགས་བཟླས་ཤིང་གཡས་པས། རྡོ་རྗེ་བཟུང་སྟེ་སྐུ་ལ་སོགས་པའི་དབུ་དང་སྐེད་པ་ཞབས་སུ་ལན་གསུམ་གསུམ་བསྐོར་ཏེ། སྐུའི་སུམ་ཆའི་ཚད་ཀྱི་སྟེགས་བུའི་ཁྲི་ ལ་ཡ་ཡོ་མེད་པར་ཅི་མཛེས་སུ་བཞུགས་ཏེ། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་པས་བརྟན་པར་བཞུགས་སུ་གསོལ་ལོ། །དེ་ནས་གནས་པའི་ལྷ་དེ་དག་བྱིན་ཆེ་ཞིང་བཀྲ་ཤིས་པ་དང་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཆོས་སྐྱོང་ལ་གཏོར་མ་བྱིན་ལ་གསོལ་བ་གདབ། ཁྱད་པར་དུ་མ་ཧཱ་ཀཱ་ལ་ལ་གཏོར་མ་བྱིན་ལ། དེང་ནས་བཟུང་སྟེ་ཁྱོད་ཀྱིས་ངའི་བཀའ་དྲན་པར་གྱིས་ལ། གནས་དང་བཅས་པ་འདི་ཇི་སྲིད་པའི་བར་དུ་སྲུང་ཞིང་མགོན་དང་སྐྱབས་མཛོད་ཅིག་པར་དབང་བསྐུར་ཞིང་རབ་ཏུ་གནས་པར་བྱའོ། །དེ་ནས་རྒྱས་པའི་སྦྱིན་སྲེག་ཙཱ་རུ་དང་བཅས་པ་བྱའོ། །དེ་ནས་བདེན་པའི་བྱིན་རླབས་བརྗོད་དེ། ཨོཾ་སངས་རྒྱས་དང་ ཆོས་དང་དགེ་འདུན་གྱི་བདེན་པ་དང་། རིག་སྔགས་དང་། གསང་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་ཕྱག་རྒྱ་དང་། རིག་པའི་ལྷ་ཐམས་ཅད་ཀྱི་བཀའ་བདེན་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་བསམ་གྱིས་མི་ཁྱབ་པའི་བདེན་པ་དང་། བདེན་པའི་བྱིན་རླབས་ཀྱིས་བདེ་བར་གཤེགས་པའི་སྐུ་ གསུང་ཐུགས་ཀྱི་རྟེན་འདི་ཞེས་བྱ་བ་མཆོད་པ་དང་། བསྟོད་པ་དང་། བཟླས་པ་ལ་སོགས་པའི་སྒོ་ནས་རབ་ཏུ་གནས་པར་བྱ་བས། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་ངོ་བོ་འདི་དུས་འདི་ནས་བཟུང་ནས་འཁོར་བ་མ་སྟོངས་ཀྱི་བར་དུ་བདག་དང་ཡོན་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཕྱག་གི་གནས་མཆོད་པའི་རྟེན། བསོད་ནམས་བསགས་པའི་དཔལ་མགོན་དུ་གྱུར་ཏེ། ཞལ་དྲོ་བྱིན་ཆེ་འགྲོ་བ་སྐྱོབས་པའི་མཐུ་སྦྱིན་དང་ལྡན་ནས། བདག་དང་སེམས་ཅན་ཐམས་ཅད་ཚེ་དང་། སྟོབས་དང་། མདོག་དང་། བདེ་བ་དང་། ལོངས་སྤྱོད་དང་། དབང་ཕྱུག་དང་། རིགས་དང་། གཟུགས་དང་། དཔལ་བཟང་པོ་དཔག་ཏུ་མེད་པ་དང་ལྡན་པར་ གྱུར་ཅིག །ངན་འགྲོ་ལས་ཐར་ཏེ་བདེ་བའི་གོ་འཕང་ཐོབ་པར་གྱུར་ཅིག །ལོངས་སྤྱོད་ཀྱི་མཆོག་ཐོབ་པ་དང་སེམས་ཅན་ཐམས་ཅད་ཀྱི་དཔལ་མགོན་དུ་གྱུར་ཅིག །ལུས་དང་སེམས་ཀྱི་སྡུག་བསྔལ་དང་། ཡིད་མི་བདེ་བ་ལས་ངེས་པར་གྲོལ་བར་གྱུར་ཅིག །བསམ་པ་ཐམས་ཅད་ཕུན་སུམ་ཚོགས་ཤིང་ 35-1-266a བྱང་ཆུབ་སེམས་ལ་མཆོག་ཏུ་གཞོལ་པར་གྱུར་ཅིག །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། དྲེགས་པ་དང་། ཕྲག་དོག་དང་། སེར་སྣ་ལ་སོགས་པ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམ་པར་སྤངས་པར་གྱུར་ཅིག །ཉན་ཐོས་དང་རང་སངས་རྒྱས་དང་བླ་ན་མེད་ པའི་བྱང་ཆུབ་ཀྱི་འབྲས་བུ་ཐོབ་ཅིང་མྱུར་དུ་མི་གནས་པའི་མྱ་ངན་ལས་འདས་པའི་གོ་འཕང་ཐོབ་པར་གྱུར་ཅིག །དེ་ནས་བསྐོར་བའི་ཚིགས་སུ་བཅད་པ་ལ་སོགས་པའི་མདོ་འདོན་ཞིང་བསྐོར་བ་བྱས་ལ་ཕྱག་བྱའོ། །དེ་ཕྱིན་ཆད་བསོད་ནམས་ཀྱི་རྟེན་བཙུགས་པའོ། །དེ་ནས་སློབ་མའི་དགེ་བ་སྤེལ་བའི་ཕྱིར་སློབ་དཔོན་གྱིས་ཡོན་ བླང་བར་བྱའོ། །ཁྱོད་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ཡི། །རབ་གནས་གཞུང་ལས་འབྱུང་བ་བཞིན། །བརྩེ་བའི་སེམས་ཀྱིས་ཡང་དག་བྱས། །དེ་བས་ཅི་འབྱོར་པས་མཆོད་གྱིས། །དེ་ནས་སློབ་མས་མ་ཆགས་པའི་སེམས་ཀྱིས་ཅི་འབྱོར་བ་བླ་མ་ལ་དབུལ་ཞིང་མཆོད་པ་བྱས་ཏེ། ཕྱག་བྱས་ལ་བསྐོར་བ་བྱའོ། །དེ་ནི་ཆོ་ག་རྒྱས་པར་བསྟན་ པའོ། །ཆོ་ག་མདོར་བསྡུས་པ་ནི་བསྙེན་པ་སྔོན་དུ་སོང་བས་ལྷག་པར་གནས་པ་མ་བྱས་པར་ཉི་མ་གཅིག་ལ་ཁྲུས་ལ་སོགས་པ་ཀུན་རྫོགས་པར་སྔ་མ་ལྟར་རབ་ཏུ་གནས་པར་བྱའོ། །རབ་གནས་ཀྱི་ཆེད་དུ་དཀྱིལ་འཁོར་བྲི་ན་རབ་གནས་གང་བྱེད་པའི་ལྷ་དེས་གཙོ་བོ་བྱའོ། །ལྷ་ཁང་ལ་སོགས་པ་ནི་རྣམ་ པར་སྣང་མཛད་ཀྱིས་བྱའོ། །འཚེ་བའི་དོན་གྱིས་རྣལ་འབྱོར་ཕོ་མོའི་བགྲང་ཕྲེང་ལ་སོགས་པ་ནི་སྔགས་ཀྱི་ཡི་གེ་འབྲུ་གསུམ་ཙམ་གྱིས་བརླབས་ལ་སྦྱིན་ནོ། །གལ་ཏེ་རབ་གནས་མ་བྱས་པའི་སྐྱོན་ནི། རིགས་དང་མི་ལྡན་སྐྱེས་བུ་ལ། །མི་རྣམས་ཀུན་གྱིས་མཆོད་མི་བྱེད། །དེ་བཞིན་རབ་གནས་མ་བྱས་པའི། །སྐུ་ གསུང་ཐུགས་ཀྱི་རྟེན་དག་ལ། །ཕྱག་འཚལ་མཆོད་པ་འབྲས་བུ་མེད། །སྔགས་དང་བྲལ་བས་ཐལ་བ་ལ། །སྦྱིན་སྲེག་བྱས་བཞིན་འབྲས་བུ་མེད། །དེ་བས་སྐུ་གསུང་ཐུགས་ཀྱི་རྟེན། །བཞེངས་ནས་རིང་པོར་གཞག་མི་བྱ། །དཔལ་དང་འབྱོར་པ་ཉམས་འགྱུར་བས། །དེ་བས་མྱུར་དུ་རབ་གནས་བྱ། །བདེ་གཤེགས་བླ་ མའི་བཀའ་དང་ལུང་། །མདོ་རྒྱས་ཀུན་གྱི་གཞུང་བསྡུས་པ། །བྱིས་པས་ཚེགས་མེད་རྟོགས་བྱའི་ཕྱིར། །གསལ་བ་ཙམ་ཞིག་བྲིས་པ་ཡིན། །རབ་ཏུ་གནས་པའི་ཆོ་གའི་རིམ་པ་སློབ་དཔོན་ནག་པོ་པས་མཛད་པ་རྫོགས་སོ།། །།དེ་ཉིད་དང་འགོས་ལྷས་བཙས་ཀྱིས་བསྒྱུར་བའོ།། །། 35-1-266b ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་བཛྲ་དྷཱ་རོ་མ་ཐཱ་ཀྲ་མོ་པ་དེ་ཤ་ཨ་མྲྀ་ཏ་གུ་ཧྱ། བོད་སྐད། རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པའི་མན་ངག་བདུད་རྩི་གསང་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །མངོན་པར་བྱང་ཆུབ་བདེ་བ་ཆེ། ། རྡོ་རྗེ་ལྟ་བུའི་ཏིང་འཛིན་དང་། །ཡེ་ཤེས་ལྔ་ཡི་དངོས་གྱུར་པ། །རྡོ་རྗེ་འཆང་ལ་ཕྱག་འཚལ་ཏེ། །པདྨ་ལྟ་བུ་དམ་པའི་ཆོས། །སྐྱོན་མེད་སྟོན་པ་རྡོ་རྗེ་འཆང་། །གཉིས་པ་རྣམ་པར་སྣང་མཛད་རིགས། །དཀོན་མཆོག་ཐོག་མར་འབྱུང་ལ་འདུད། །དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི། །མན་ངག་བླ་མ་བརྒྱུད་པ་ཡི། །རིམ་པ་འབབ་པ་རྨི་ལམ་ན། །རིན་ཆེན་གཏེར་དང་ཕྲད་པ་བཞིན། །འགྱུར་གྱིས་དོགས་པའི་འཇིགས་པ་དང་། །གསང་བ་ཤེས་རབ་ཡེ་ཤེས་དབང་། །བསྐུར་བའི་སློབ་མ་སྙིང་རྗེ་ཡིས། །གཟུང་བའི་ཕྱིར་ན་བྲི་བར་བྱ། །དེ་ལ་འབྱུང་བ་དང་ འབྱུང་བ་ལས་འགྱུར་བའི་ལུས་སུ་གྱུར་ནས། རྡོ་རྗེ་འཆང་ཆེན་པོའི་ཡེ་ཤེས་ཀྱི་ལུས་ཐོབ་པར་འགྱུར་བ་ལ་ལམ་རྣམ་པ་གསུམ་སྟེ། སེམས་དང་པོ་བསྐྱེད་པའི་ལམ་གྱི་རིམ་པ་དང་། ཐེག་པ་ལ་གསར་དུ་ཞུགས་པའི་ལམ་གྱི་རིམ་པ་དང་། རྣལ་འབྱོར་པའི་ལམ་གྱི་རིམ་པའོ། ། སེམས་དང་པོ་བསྐྱེད་པའི་ལམ་གྱི་རིམ་པ་ལ་དྲུག་སྟེ། དགེ་བའི་བཤེས་གཉེན་དམ་པ་མཉེས་པར་བྱ་བ་དང་། དབང་ནོད་པ་དང་དམ་པའི་ཆོས་ཉན་པ་དང་། གྲོགས་མཐུན་པ་དང་། མཆོད་པའི་མངོན་སྤྱོད་དང་། མཐུན་པའི་གནས་སོ། །ཐེག་པ་ལ་གསར་དུ་ཞུགས་ པའི་ལམ་གྱི་རིམ་པ་ལ་རྣམ་པ་བཞི་སྟེ། སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་དང་། བཀའི་འཁོར་ལོའི་ཏིང་ངེ་འཛིན་དང་། སྲུང་བའི་འཁོར་ལོའི་ཏིང་ངེ་འཛིན་དང་། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏོ། །རྣལ་འབྱོར་གྱི་ལམ་གྱི་རིམ་པ་ལ་རྣམ་པ་གཉིས་ཏེ། ཐུན་མོང་གི་ལམ་དང་། མཆོག་ གི་ལམ་མོ། །ཐུན་མོང་གི་ལམ་ནི་རྡོ་རྗེ་རྣམ་པ་བཞིའོ། །མཆོག་གི་ལམ་ནི་ཡན་ལག་དྲུག་གོ། །དེ་སྐད་དུ་རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། ཐུན་མོང་མཆོག་གི་དབྱེ་བ་ཡིས། །སྒྲུབ་ཐབས་རྣམ་པ་གཉིས་སུ་འགྱུར། །ཐུན་མོང་རྡོ་རྗེ་རྣམ་ 35-1-267a བཞི་སྟེ། །མཆོག་ནི་ཡན་ལག་དྲུག་ཡིན་ནོ། །ཞེས་གསུངས་པ་ཡིན་ནོ། །རྡོ་རྗེ་རྣམ་པ་བཞི་གང་ཞེ་ན། རྒྱུད་དེ་ཉིད་ལས། དང་པོ་སྟོང་ཉིད་བྱང་ཆུབ་ཆེ། །གཉིས་པ་ས་བོན་འབྱུང་བའོ། །གསུམ་པ་གཟུགས་རྣམས་རྫོགས་པ་སྟེ། །བཞི་པ་ཡི་གེ་དགོད་ པའོ། །རྡོ་རྗེ་རྣམ་བཞི་དེ་དག་ནི། །ཐུན་མོང་སྒྲུབ་པའི་ཐབས་ཡིན་ནོ། །ཞེས་གསུངས་པ་སྟེ། དེ་དག་གིས་ནི་བསྙེན་པ་དང་། ཉེ་བར་སྒྲུབ་པ་དང་། སྒྲུབ་པ་དང་སྒྲུབ་པ་ཆེན་པོ་བཞི་གོ་རིམས་བཞིན་དུ་གསུངས་པ་ཡིན་ནོ། །དེ་ཇི་ལྟར་གསུངས་ཤེ་ན། འདི་ལྟར་སའི་ཆ་བསྐྱེད་ནས་དོན་ དམ་པའི་དཀྱིལ་འཁོར་བསྒོམ་པའི་བར་ནི་བྱང་ཆུབ་ལ་དམིགས་ཤིང་སྒྲུབ་པ་ལ་བསྙེན་པའི་ཕྱིར་བསྙེན་པ་ཞེས་བྱ་ལ། ཉེ་བར་སྒྲུབ་པ་ལ་སོགས་པ་གསུམ་གྱི་སྔོན་དུ་དོན་དམ་པའི་དཀྱིལ་འཁོར་བསྒོམ་པ་ཡིན་པས་ན་དང་པོ་སྟོང་པའི་བྱང་ཆུབ་སྟེ་ཞེས་ཀྱང་གསུངས་སོ། །ལྡང་བར་བྱ་བ་ནས་ རྡོ་རྗེ་འཆང་ཆེན་པོའི་དམ་ཚིག་སེམས་དཔའ་བསྐྱེད་པའི་བར་ནི་སྒྲུབ་ཅིང་བསྐྱེད་པའི་ཕྱིར་ཉེ་བར་སྒྲུབ་པ་ཞེས་བྱ་བ་ལ། བསྙེན་པའི་འོག་ཏུ་ཡིག་འབྲུ་གསུམ་གྱི་རྒྱུ་ལས་ལྷའི་སྐུ་བྱུང་བ་ཡིན་པས་ན་གཉིས་པ་ས་བོན་བྱུང་བའོ་ཞེས་ཀྱང་གསུངས་སོ། །རྡོ་རྗེ་འཆང་ཆེན་པོའི་སྐུ་དེ་ལ་རྣམ་པར་ སྣང་མཛད་སྤྱི་བོར་དགོད་པ་ནས་ཏིང་ངེ་འཛིན་སེམས་དཔའ་བསྒོམ་པའི་བར་ནི་བདག་གི་དོན་སྒྲུབ་པ་ཡིན་པའི་ཕྱིར་སྒྲུབ་པ་ཞེས་བྱ་ལ། ཉེ་བར་སྒྲུབ་པའི་འོག་ཏུ་རྡོ་རྗེ་འཆང་གི་སྐུ་བསྒོམ་པར་བྱ་བའི་ལྷའི་སྐུ་རྫོགས་པ་ཡིན་པས་ན་གསུམ་པ་གཟུགས་རྣམ་པར་རྫོགས་པ་སྟེ་ཞེས་ཀྱང་གསུངས་སོ། ། དང་པོ་སྦྱོར་བ་ནས་ལས་རྒྱལ་མཆོག་གི་མཐར་ཐུག་གི་བར་ནི་གཞན་གྱི་དོན་ཆེན་པོ་སྒྲུབ་པའི་ཕྱིར་སྒྲུབ་པ་ཆེན་པོ་ཞེས་བྱ་ལ། བསྒྲུབས་པའི་འོག་ཏུ་སྔགས་ཀྱི་དཀྱིལ་འཁོར་དུ་དབྱུང་བ་ཡིན་པས་ན་བཞི་པ་ཡི་གེ་དགོད་པའོ་ཞེས་ཀྱང་གསུངས་པ་ཡིན་ནོ། །ཡན་ལག་དྲུག་གང་ཡིན་ཞེ་ན་ཡང་ རྒྱུད་དེ་ཉིད་ལས། སོ་སོར་སྡུད་དང་བསམ་གཏན་དང་། སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་འཛིན་རྣམས། །སྦྱོར་བའི་ཡན་ལག་དྲུག་ཅེས་བྱ། །ཞེས་ཀྱང་གསུངས་པ་ཡིན་ནོ། །དེ་དག་ཀྱང་རྒྱུད་དེ་ཉིད་ལས་བཤད་པ་ནི། དབང་པོ་རྣམ་པ་བཅུ་རྣམས་ཀྱི། །རང་གི་འཇུག་ 35-1-267b གནས་ཐམས་ཅད་དུ། །འདོད་པ་སོ་སོར་སྡུད་པས་ན། །སོ་སོར་བསྡུས་པ་ཞེས་བྱའོ། །འདོད་པ་ལྔ་ནི་མདོར་བསྡུས་ན། །སངས་རྒྱས་ལྔ་རུ་སྦྱོར་བ་ཡིས། །བརྟག་པ་བསམ་གཏན་ཞེས་བཤད་དེ། །བསམ་གཏན་དེ་ལས་རྣམ་ལྔར་འགྱུར། །རྟོག་དང་དཔྱོད་དང་དགའ་བ་དང་། །དེ་བཞིན་ བདེ་བ་ཉིད་དང་ཡང་། །སེམས་ནི་རྩེ་གཅིག་གྱུར་པ་སྟེ། །ལྔ་པོ་དེར་ནི་བསམ་གཏན་བསྡུས། །གསང་བ་གསུམ་འབྱུང་རྟོག་པ་སྟེ། །དེ་ཉིད་རབ་རྟོགས་དཔྱོད་པའོ། །གསལ་བ་དགའ་བ་གསུམ་པ་སྟེ། །བདེ་བས་བསྡུས་པ་བཞི་པའོ། །ཤེས་དང་ཤེས་བྱ་བྱུང་ཟད་པའི། །རང་སེམས་ ལྔ་པར་ཤེས་པར་བྱ། །སངས་རྒྱས་ཀུན་དངོས་ཞི་བ་ནི། །འགྲོ་བ་ཀུན་ལ་རང་བཞིན་གནས། །ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །གོང་བུའི་གཟུགས་ཀྱིས་བྱུང་ནས་ནི། །སྣ་ཡི་རྩེ་མོར་རབ་ཏུ་བརྟག །རིན་ཆེན་ཁ་དོག་སྣ་ལྔ་པ། །སྲོག་དང་རྩོལ་ བ་ཞེས་བྱར་བཤད། །རང་སྔགས་སྙིང་གར་བསམས་ནས་ནི། །སྲོག་ནི་ཐིག་ལེར་གྱུར་པར་གཞག །རང་དབང་རིན་ཆེན་བཀག་པ་ཡི། །གཟུང་བ་འཛིན་པ་ཡིན་པར་བཤད། །སེམས་ནི་འགོག་པའི་རྡོ་རྗེར་གྱུར། །མཚན་མ་ཉེར་འཛིན་འབྱུང་བར་འགྱུར། །མཚན་མའི་ཁམས་ ནི་རྣམ་པ་ལྔར། །བྱང་ཆུབ་རྡོ་རྗེས་གསུངས་པ་ཡིན། །སྨིག་རྒྱུ་འདྲ་བ་དང་པོ་སྟེ། །དུ་བ་ལྟ་བུ་གཉིས་པ་ཡིན། །མཁའ་སྣང་འདྲ་བ་གསུམ་པ་སྟེ། །མར་མེ་ལྟར་འབར་བཞི་པའོ། །སྤྲིན་མེད་ནམ་མཁའ་ལྟ་བུ་ནི། །རྟག་ཏུ་སྣང་བ་ལྔ་པའོ། །བརྟན་འགྱུར་རྡོ་རྗེའི་ལམ་ནས་ནི། །ནམ་ མཁའི་ཁམས་སུ་སྤྲོ་བར་བྱ། །རྗེས་དྲན་གང་ཞིག་རྣམ་བསྒོམ་པ། །དེ་དང་འདྲ་བར་བསྒོམ་པར་བྱ། །རྗེས་སུ་འདྲ་བ་ཞེས་བརྗོད་དོ། །སོ་སོར་སྣང་བ་དེ་ལས་སྐྱེས། །ཐབས་དང་ཤེས་རབ་སྙོམས་འཇུག་པས། །དངོས་པོ་ཐམས་ཅད་མདོར་བསྡུས་ནས། །གོང་བུའི་ཚུལ་གྱིས་ བསྡུས་ནས་ནི། །དབུས་ནི་གཟུགས་སུ་རྣམ་པར་བསྒོམ། །ཡུད་ཀྱིས་ཡེ་ཤེས་རྫོགས་བྱེད་པ། །ཏིང་ངེ་འཛིན་ཞེས་བརྟགས་པ་ཡིན། །ཞེས་གསུངས་པ་སྟེ། དེ་དག་གིས་ནི་ལུས་རྣམ་པར་དབེན་པ་དང་། ངག་རྣམ་པར་དབེན་པ་དང་། སེམས་རྣམ་པར་དབེན་པ་དང་། ཀུན་རྫོབ་ཀྱི་བདེན་པ་དང་། 35-1-268a དོན་དམ་པའི་བདེན་པ་དང་། ཟུང་འཇུག་དང་། ལྷུན་གྱིས་གྲུབ་པའི་ལམ་རྣམས་གསུངས་པ་ཡིན་ནོ། །དང་པོར་ལུས་རྣམ་པར་དབེན་པའི་གཞིར་གྱུར་པ་སྟེ། གཟུང་འཛིན་གྱི་ང་རྒྱལ་གྱིས་གནས་པའི་ལུས་ཐ་མལ་པ་ལས་དབེན་པ་བསྟན་པར་བྱ་བའི་ཕྱིར་དབང་པོ་རྣམ་པ་བཅུ་ཞེས་བྱ་བ་ ལ་སོགས་པ་གསུངས་ཏེ། དབང་པོ་ལྔ་དང་ཡུལ་ལྔ་ནི་དབང་པོ་རྣམ་པ་བཅུ་སྟེ། ཡུལ་ཅན་གྱི་མིང་ཡུལ་ལ་བཏགས་པའི་ཕྱིར་རོ། །དེ་རྣམས་ཀྱི་རང་གི་འཇུག་པ་ནི་རང་གི་གཟུང་འཛིན་གྱི་རང་བཞིན་གྱིས་བདག་གི་གཟུགས་ལ་སོགས་པར་འཇུག་ཅིང་གནས་པ་ནི་འཇུག་གནས་སོ། ། ཐམས་ཅད་དུ་ནི་ཤའི་ཁམ་ཚད་དང་། རྩ་དང་རྒྱུས་པ་ལ་སོགས་པ་ཚོགས་པའོ། །འདོད་པ་ནི་བདག་གི་གཟུགས་ལ་སོགས་པ་ཡུལ་ཏེ། དབང་པོ་རྣམས་ཀྱི་འདོད་ཅིང་ཆགས་པར་བྱ་བའི་ཡུལ་ཡིན་པའི་ཕྱིར་རོ། །དེ་བས་ན་དེ་རྣམས་དབང་པོ་རྣམས་ཀྱིས་སོ་སོར་རང་རང་གིས་སྡུད་ཅིང་ལེན་ པས་ན་སོ་སོར་སྡུད་པ་ཞེས་བཤད་དོ། །ལུས་རྣམ་པར་དབེན་པའི་གཞི་བཤད་པ་སྟེ་ཡན་ལག་དང་པོའོ།། །།ཐ་མལ་པ་ལས་རྣམ་པར་དབེན་པ་བསྟན་པར་བྱ་བའི་ཕྱིར། འདོད་པ་ལྔ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་པ་ལྔ་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་ཕུང་པོ་ལྔའོ། །ཕུང་ པོ་དེ་རེ་རེ་ལ་ཡང་ནང་གི་དབྱེ་བ་ཐ་དད་པ་དུ་མ་ཡོད་པ་ཐམས་ཅད་ཀྱང་ལྔར་བསྡུས་པས་ན། མདོར་བསྡུས་ནའོ། །དེ་དག་རྣམ་པར་སྣང་མཛད་ལ་སོགས་པ་སངས་རྒྱས་ལྔའི་རང་བཞིན་དུ་སྦྱོར་བས་ན་སངས་རྒྱས་ལྔ་རུ་སྦྱོར་བ་ཡིན་ཏེ། དེ་ལྟར་ལྷར་བརྟགས་པ་དེ་ནི་བསམ་གཏན་ཞེས་བཤད་ དོ། །བསམ་གཏན་དེ་ལས་དབྱེ་བ་རྣམ་པ་ལྔ་རུ་འགྱུར་ཏེ། རྟོག་དང་ཞེས་པ་ལ་སོགས་པ་ནི་དེ་ལས་དབྱེ་བ་སྟེ་གོ་སླའོ། །གསང་བ་གསུམ་ནི་ཁམས་དང་སྐྱེ་མཆེད་དང་ཡུལ་ཏེ། གསང་བ་གསུམ་པོ་དེ་རྣམས་ཀྱང་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཡིན་ནོ་ཞེས་གང་རྟོག་པ་དེ་ནི་རྟོག་ པ་ཡིན་ནོ། །དེ་ཉིད་ལས་རབ་ཏུ་ཕྱེ་སྟེ་རྟོག་པ་འདི་ནི་དཔྱོད་པའོ། །དེ་ལྟར་དཔྱད་པས་ཤིན་ཏུ་གསལ་བར་མཐོང་བ་ནི་དགའ་བ་གསུམ་པ་སྟེ། དེ་ལྟ་བུའི་རྣལ་འབྱོར་ལ་ཞུགས་པས་ལུས་ཤིན་ཏུ་སྦྱངས་པ་ལ་སོགས་པའི་བདེ་བ་གང་ཐོབ་པ་དེ་ནི་བདེ་བས་བསྡུས་པ་བཞི་པའོ། །དེ་ཡང་ 35-1-268b དཔལ་གསང་བ་འདུས་པ་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །རྡོ་རྗེ་སྐྱེ་མཆེད་ཉིད་དག་ཀྱང་། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ས་ཡི་ཁམས་ནི་སངས་རྒྱས་སྤྱན། །ཆུ་ཡི་ཁམས་ནི་མཱ་མ་ཀཱི། །མེ་ཡི་ཁམས་ནི་གོས་དཀར་མོ། །སྒྲོལ་མ་ རླུང་དུ་རབ་ཏུ་གྲགས། །གཟུགས་དང་སྒྲ་སོགས་སྔགས་པ་ཡིས། །ལྷ་ཉིད་དུ་ནི་རྟག་ཏུ་བསྒོམ། །ཞེས་གསུངས་པ་ཡིན་ནོ། །རྣལ་འབྱོར་པ་ལ་དབེན་པ་བསྟན་པའི་ཕྱིར་ཤེས་དང་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་དང་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་སྟེ་འཛིན་པའོ། །ཤེས་ བྱ་ནི་ཕུང་པོ་ལ་སོགས་པའི་ལྷ་སྟེ་གཟུང་བའོ། །བྱུར་བ་ནི་དེ་དག་རྟོགས་པའོ། །ཟད་པ་ནི་གཟུང་བ་དང་འཛིན་པས་སྟོང་པ་ཉིད་དུ་ཤེས་པ་སྟེ། དེ་ལྟ་བུའི་ཡེ་ཤེས་ཀྱི་མཚན་ཉིད་སེམས་རྩེ་གཅིག་པ་ལས་རང་སེམས་ལྔ་པར་ཤེས་པར་བྱ་ཞེས་བྱའོ། །རང་སེམས་ནི་སངས་རྒྱས་ཀུན་གྱི་དངོས་པོ་ ཞི་བ་ཡིན་ཏེ། སྐུ་དང་གསུང་དང་ཐུགས་མི་ཕྱེད་པར་གྱུར་པའི་ཕྱིར་རོ། །དེ་ལྟ་བུའི་དབེན་པ་གཉིས་ནི་འགྲོ་བ་ཀུན་ལ་རང་བཞིན་གྱིས་གྲུབ་ནས་གནས་སོ། །དེ་ཡང་དཔལ་གསང་བ་འདུས་པ་ལས་ཁྱེད་ཀྱིས་སེམས་ལུས་ལྟ་བུ་དང་ངག་སེམས་ལྟ་བུ་དང་། སེམས་ཚིག་ཏུ་བརྗོད་པ་ལྟ་བུར་ སྐྱེད་ཅིག་ཅེས་གསུངས་པ་ཡིན་ནོ། །ལུས་རྣམ་པར་དབེན་པའི་བཤད་པ་སྟེ་ཡན་ལག་གཉིས་པའོ།། །།ངག་རྣམ་པར་དབེན་པ་ལ་རྣམ་པ་གཉིས་ཏེ། ཐ་མལ་པ་ལས་དབེན་པ་དང་རྣལ་འབྱོར་པ་ལས་དབེན་པའོ། །ཐ་མལ་པ་ལས་དབེན་པ་བསྟན་པའི་ཕྱིར་ཡེ་ཤེས་ལྔ་ཞེས་བྱ་བ་ལ་སོགས་པ་ གསུངས་ཏེ། སྤྱིར་སེམས་ཅན་གྱི་ལུས་ལ་རྩ་བའི་རླུང་ལྔ་དང་ཡན་ལག་གི་རླུང་ལྔ་སྟེ་བཅུ་གནས་སོ། །དེ་ཡང་རྡོ་རྗེ་སྒོ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། སྲོག་དང་ཐུར་དུ་སེལ་བ་དང་། མེ་དང་མཉམ་དུ་གནས་པ་དང་། གྱེན་དུ་རྒྱུ་དང་། ཁྱབ་བྱེད་དང་། རྒྱུ་བ་དང་། རྣམ་པར་རྒྱུ་བ་དང་། ཡང་དག་པར་རྒྱུ་ བ་དང་། རབ་ཏུ་རྒྱུ་བ་དང་། ངེས་པར་རྒྱུ་བ་དང་ཞེས་གསུངས་པ་ཡིན་ནོ། །རླུང་བཅུ་པོ་དེ་དག་ནི་དབུགས་དབྱུང་བ་དང་། རྔུབ་པར་འགྱུར་བ་དང་། མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་རང་བཞིན་དུ་འགྱུར་བ་ཡིན་པས་ན་ཡེ་ཤེས་ལྔའི་རང་བཞིན་དབུགས་ཞེས་བྱའོ། །རླུང་ལ་སོགས་ 35-1-269a པ་འབྱུང་བ་ལྔའི་བདག་ཉིད་དུ་གྱུར་པ་ཡིན་པས་ན་འབྱུང་བ་ལྔའི་ངོ་བོ་ཉིད་དུའོ། །རླུང་དེ་རྣམས་འཇུག་པ་དང་གནས་པ་དང་ལྡང་བ་གསུམ་དུ་འགྱུར་བས་ན་གོང་བུའོ། །དེ་ཡང་ཨོཾ་ཨཱཿཧཱུཾ་གསུམ་གྱི་གཟུགས་སུ་གྱུར་ནས་མེའི་དཀྱིལ་འཁོར་ལ་སོགས་པ་ནས་ གཟུགས་ཀྱིས་བྱུང་ནས་སོ། །བྱུང་ནས། སྣ་ཡི་རྩེ་མོར་རབ་ཏུ་བརྟག །ཅེས་པ་སྟེ། ཀུན་རྫོབ་ཀྱི་སྣ་སྒོ་གཡས་པ་ལ་སོགས་པའི་རིམ་གྱིས་བྱུང་བར་རྟག་ཅེས་པའི་དོན་ཏོ། །དེ་དག་ཇི་ལྟར་བརྟག་ཅེ་ན། རིན་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇུག་གནས་ལྡང་བ་དང་དབྱེར་མེད་པའི་ ཡི་གེ་གསུམ་ནི་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཡིན་པའི་ཕྱིར་ན་རིན་ཆེན་ནོ། །སྐུ་མདོག་གི་བྱེ་བྲག་གིས་དཀར་པོ་ལ་སོགས་པའི་འོད་ཟེར་ལྔ་དང་ལྡན་པས་ཁ་དོག་སྣ་ལྔ་པའོ། །འཚོ་བར་བྱེད་པའི་ཕྱིར་དེ་ཉིད་ལ་སྲོག་ཅེས་བྱ་ལ། ལྷུན་གྱིས་གྲུབ་པའི་ཚུལ་གྱིས་ཉིན་དང་མཚན་དུ་སྤྲོ་ཞིང་ སྡུད་པས་ན་རྩོལ་བ་ཞེས་བྱ་བར་ཡང་བཤད་པ་སྟེ། དེ་ལྟ་བུའི་རྡོ་རྗེ་བཟླས་པ་བྱེད་པར་བརྟག་ཅིང་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་གྱེན་དུ་རྒྱུ་བའི་རླུང་ལྐོག་མ་ན་གོས་དཀར་མོའི་རང་བཞིན་གྱིས་མེའི་དཀྱིལ་འཁོར་ལ་གནས་ཤིང་ཀུན་རྫོབ་ཀྱི་སྣ་སྒོ་གཡས་ནས་རྒྱུ་བ་ནི་དེ་བཞིན་གཤེགས་ པ་འོད་དཔག་ཏུ་མེད་པའི་བདག་ཉིད་འོད་ཟེར་དམར་པོའི་ངོ་བོ་ཉིད་དེ། ལས་ཀྱི་རླུང་རྣམས་དབང་པོའི་སྒོར་སྤྲོ་བ་དང་། བཟའ་བ་ལ་སོགས་པ་ལྕེའི་རྣམ་པར་ཤེས་པས་ཉམས་སུ་མྱོང་བར་བྱེད་དོ། །མེ་དང་མཉམ་དུ་གནས་པ་ལྟེ་བ་ན་སྒྲོལ་མའི་རང་བཞིན་གྱི་རླུང་གི་དཀྱིལ་འཁོར་ལ་ གནས་ཤིང་སྣ་གཡོན་ནས་རྒྱུ་བ་ནི་དོན་ཡོད་གྲུབ་པའི་བདག་ཉིད་འོད་ཟེར་ནག་པོའི་ངོ་བོ་ཉིད་དེ། ལས་ནི་བཟའ་བ་ལ་སོགས་པ་དུས་མཉམ་དུ་འཇུ་བར་བྱེད་དོ། །ཐུར་དུ་སེལ་བ་གསང་བ་ན་སྤྱན་མའི་རང་བཞིན་གྱི་སའི་དཀྱིལ་འཁོར་ལ་གནས་ཤིང་སྣ་སྒོ་གཉིས་ཀ་ལས་རྒྱུ་བ་རིན་ ཆེན་འབྱུང་ལྡན་གྱི་བདག་ཉིད་འོད་ཟེར་སེར་པོའི་ངོ་བོ་སྟེ། རླུང་དང་བཤང་གཅི་ལ་སོགས་པ་ཐུར་དུ་སེལ་བའི་ལས་བྱེད་དོ། །སྲོག་སྙིང་ག་ན་མཱ་མ་ཀཱིའི་རང་བཞིན་གྱི་ཆུའི་དཀྱིལ་འཁོར་ལ་གནས་ཤིང་དལ་ཞིང་རྒྱུ་བ་བུལ་བ་ནི་མི་བསྐྱོད་པའི་བདག་ཉིད་འོད་ཟེར་དཀར་པོའི་ངོ་བོ་ཉིད་ 35-1-269b དག་པ་སྟེ། རླུང་རྣམས་དབང་པོའི་སྒོར་སྤྲོ་བ་དང་ནང་དུ་སྡུད་པའི་ལས་བྱེད་དོ། །ཁྱབ་བྱེད་ཚིགས་ཐམས་ཅད་ལ་གནས་པ་ནི་དེ་བཞིན་གཤེགས་པ་རྣམ་པ་སྣང་མཛད་ཀྱི་བདག་ཉིད་ཀུན་ལ་ཁྱབ་པའི་འོད་ཟེར་ཅན་ནམ་མཁའི་ངོ་བོ་ཉིད་དེ། གང་དང་གང་བྱུང་བ་དེ་དང་དེའི་དཀྱིལ་ འཁོར་གྱི་ཚུལ་དུ་འབྱུང་ལ་འཆི་བའི་ཚེ་གཙོ་བོའི་ཚུལ་གྱིས་འབྱུང་བ་སྟེ། ལུས་ཀྱི་འགྲེང་གུག་དང་བསྐྱོད་པ་ལ་སོགས་པའི་བྱ་བ་བྱེད་དོ། །རླུང་དེ་དག་གི་ཐུན་མོང་གི་ལས་ནི་རྣམ་པར་ཤེས་པའི་བཞོན་པ་བྱེད་དོ། །རྒྱུ་བ་ལ་སོགས་པའི་ཡན་ལག་གི་རླུང་ལྔ་ནི་མིག་ལ་སོགས་པའི་ དབང་པོ་ལྔ་གོ་རིམས་བཞིན་དུ་གནས་ནས་ཕྱི་རོལ་གྱི་གཟུགས་ལ་སོགས་པའི་ཡུལ་གྱི་བྱ་བ་བྱེད་དོ། །དེ་ལྟ་བུའི་རླུང་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ནི་འཇུག་གནས་ལྡང་བ་གསུམ་ཡིན་ལ། འཇུག་གནས་ལྡང་བ་གསུམ་ནི་ཨོཾ་ཨཱཿཧཱུཾ་གསུམ་གྱི་བཞོན་པར་གྱུར་ནས་མི་ཕྱེད་པའི་ཚུལ་གྱི་སྙིང་གི་ དཀྱིལ་འཁོར་གྱི་པདྨའི་ལྟེ་བ་ལ་གནས་པའི་མི་ཤིགས་པའི་ཐིག་ལེ་ལས་ལྡང་བ་ཧཱུཾ་དང་འཇུག་པ་ཨོཾ་དང་གནས་པ་ཨཱཿའི་རང་བཞིན་ཆུའི་དཀྱིལ་འཁོར་ལ་གོགས་པའི་མཚན་ཉིད་ཅན་ཁ་དོག་དཀར་པོ་ལ་སོགས་པ་ལ་བརྟེན་ཏེ། ཀུན་རྫོབ་ཀྱི་སྣ་སྒོ་གཡས་པ་ལ་སོགས་པའི་རིམ་ གྱིས་ཕྱུང་ནས་ཞི་བ་ལ་སོགས་པའི་ལས་ལྷུན་གྱིས་གྲུབ་པས་རྡོ་རྗེ་བཟླས་པ་བྱས་ཏེ། སྔོན་གྱི་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་བྱེད་དོ། །གཞན་ཡང་ཡི་གེ་གསུམ་པོ་དེ་ཉིད་ཀྱིས་བསྐྱེད་པའི་རིམ་པའི་སྐབས་སུ་སྔགས་ཀྱི་ལུས་སྐྱེད་པར་བྱེད་དོ། །ཐ་མལ་པའི་དུས་སུ་འཇུག་པ་དང་ གནས་པ་དང་ལྡང་བའི་རིམ་གྱིས་ལུས་འཛིན་པར་བྱེད་དོ། །དབང་པོ་གཉིས་སྦྱོར་བའི་དུས་སུ་ཁ་ཐུར་དུ་བལྟས་ནས་གསང་བའི་སྣའི་བུ་ག་ནས་ས་བོན་གྱི་གཟུགས་ཀྱིས་བྱུང་ནས་སེམས་ཅན་ཐམས་ཅད་སྐྱེད་པར་བྱེད་དོ། །ལས་དང་པོ་པའི་དུས་སུ་ཡི་གེའི་གཟུགས་སུ་བརྟགས་ནས་ ངག་གི་བཟླས་པ་བྱས་ཏེ། ཕྱིའི་ཁ་དོག་ལ་སོགས་པ་ལ་བརྟེན་ནས་ཞི་བ་ལ་སོགས་པའི་ལས་བྱེད་དོ། །རྣལ་འབྱོར་པ་ཁ་ཟས་ཟ་བའི་དུས་སུ་སྦྱང་བ་དང་རྟོགས་པ་དང་འབར་བར་བྱས་ཏེ་བདུད་རྩིར་བྱེད་དོ། །དེ་དག་ཀྱང་རྣལ་འབྱོར་ཆེན་པོའི་རྒྱུད་རྡོ་རྗེ་ཕྲེང་བ་ལས། སངས་རྒྱས་ 35-1-270a ལྔ་ཡི་རང་བཞིན་གནས། །སྣ་རྩེའི་བུ་ག་ལས་བྱུང་བའི། །རླུང་ལྔ་སྟེང་དུ་ཡང་དག་རྒྱུ། །ལུས་ལ་རྟག་ཏུ་སྦྱོར་བར་འགྱུར། །ཀུན་རྫོབ་སྣ་ལས་ངེས་འབྱུང་བ། །གཡོན་དང་གཡས་དང་གཉི་ག་དང་། །དལ་བར་རྒྱུ་དང་རྣམ་པ་བཞི། །ནང་གི་དུས་ནི་ཡིན་པར་ བཤད། །གཡས་པ་ནས་ནི་འབྱུང་བའི་ཁམས། །མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །ཁ་དོག་དམར་པོའི་མཆོག་འདི་ནི། །པདྨའི་མགོན་པོ་རྒྱུ་བའོ། །གཡོན་པ་ནས་ནི་འབྱུང་བའི་ཁམས། །རླུང་གི་དཀྱིལ་འཁོར་འབྱུང་བ་དག །ལྗང་སེར་དག་ཏུ་སྣང་བ་སྟེ། །ལས་ཀྱི་ མགོན་པོ་རྒྱུ་བའོ། །གཉིས་ཀ་ལས་ནི་འབྱུང་བའི་ཁམས། །གསེར་གྱི་མདོག་ཏུ་སྣང་བ་སྟེ། །དབང་ཆེན་གྱི་དཀྱིལ་འཁོར་ཉིད། །རིན་ཆེན་མགོན་པོ་རྒྱུ་བའོ། །དལ་ཞིང་རྒྱུ་བ་མེད་པའི་ཁམས། །དག་པ་ཤེལ་ལྟར་སྣང་བ་ནི། །ཆུ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །རྡོ་རྗེ་མགོན་པོ་ རྒྱུ་བའོ། །ལུས་ཀུན་ལ་ནི་གནས་པའི་རླུང་། །ཁམས་འདི་ཀུན་གྱི་འཁོར་འབྱུང་བ། །རྣམ་སྣང་མཛད་ཆེན་སྐུ་ཡིན་ཏེ། །འཆི་བའི་ཚེ་ན་གཙོ་བོར་འབྱུང་། །ལྐོག་མ་སྙིང་ག་ལྟེ་བ་དང་། །གསང་བའི་པདྨར་འགྲོ་འོང་སྟོན། །ཐུན་ཕྱེད་ཀྱི་ནི་དུས་དག་ཏུ། །གོ་རིམས་ཇི་བཞིན་གནས་པར་ བསྟན། །དཀྱིལ་འཁོར་བཞི་པོ་འདི་དག་ཉིད། །མཉམ་པར་གཞག་པས་རང་ཉིད་ཀྱིས། །ཟློས་པའི་སྔགས་བཞི་སྦྱོར་བ་ནི། །ཉིན་དང་མཚན་དུ་རྟག་པར་ཟློས། །ཞེས་གསུངས་པ་ཡིན་ནོ། །སྔགས་ཟློས་པའི་གྲངས་ནི་ཉིན་ཞག་གཅིག་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཟློས་སོ། ། དེ་ལ་ཐུན་ཕྱེད་པ་ཉི་ཤུ་རྩ་བཞིའོ། །ཐུན་ཆེན་པོ་བཅུ་གཉིས་སོ། །དབྱུག་སྐོར་དྲུག་གོ། །དེ་ཡང་རྣལ་འབྱོར་ཆེན་པོའི་རྒྱུད་དགོངས་པ་ལུང་སྟོན་པ་ལས། གོས་དཀར་ལ་སོགས་བཟླས་བཤད་པ། །བརྒྱ་ཕྲག་གཉིས་དང་ཉི་ཤུ་ལྔ། །བཞི་པ་ལེགས་པར་བསྒྲེས་པ་ཡིས། །སྦྱོར་བཞི་ བསྡུས་པས་བརྒྱ་ཕྲག་དགུ། །དགུ་བརྒྱ་དག་ཏུ་གང་བསྟན་པ། །ཉི་ཤུ་རྩ་བཞིའི་རིམ་གྱིས་ནི། །དེ་ནི་སོ་སོར་འབྱུང་བ་ལས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །ཞེས་གསུངས་པ་ཡིན་ནོ། །ཨཱ་ལི་དང་ཀཱ་ལི་ལས་བྱུང་བའི་སྦྲུལ་ལ་སོགས་པའི་སྔགས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ནི་ 35-1-270b ཨོཾ་ཨཱཿཧཱུཾ་གསུམ་ཡིན་ཏེ་སྔགས་ཐམས་ཅད་བུད་མེད་དང་སྐྱེས་པ་དང་མ་ནིང་གི་ཚུལ་གྱིས་ཡི་གེ་གསུམ་པོ་དེར་འདུ་བའི་ཕྱིར་རོ། །དེ་ཡང་དཔལ་གསང་བ་འདུས་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་སྔགས་ཐམས་ཅད་ཀྱི་སྙིང་པོ་ སྐུལ་བར་བྱེད་པ་ཞེས་བྱ་བ་མཆོག་ཏུ་གསང་བ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཚིག་མ་ངེས་པར་བརྗོད་པས་སྔགས་བསྡུས་པ་འདི་ལྟ་བུ་གསུངས་སོ། །ཨོཾ་ཨཱཿཧཱུཾ་ཞེས་གསུངས་པ་ཡིན་ནོ། །རྣལ་འབྱོར་ལས་དབེན་པ་བསྟན་པའི་ཕྱིར་རང་སྔགས་ཞེས་པ་ལ་སོགས་ པ་གསུངས་ཏེ། རང་སྔགས་ནི་ཨོཾ་ཨཱཿཧཱུཾ་ངོ་། །སྙིང་གར་བསམ་པ་ནི་ཨོཾ་ཨཱཿཧཱུཾ་གསུམ་འཇུག་གནས་ལྡང་བ་གསུམ་ལ་ཐིམ། དེ་གསུམ་ཡང་སྙིང་གའི་སྲོག་ཅེས་བྱ་བའི་རླུང་ལ་ཐིམ་པར་བསྒོམ་པ་ནི་རང་སྔགས་སྙིང་གར་བསམ་པའོ། །དེ་ནས་ནི་སྲོག་ཅེས་བྱ་བའི་རླུང་ཡང་མི་ ཤིགས་པའི་ཐིག་ལེ་ལ་ཐིམ་པར་བསྒོམ་པར་བྱ་བ་ཡིན་པས་ན། སྲོག་ནི་ཐིག་ལེར་གྱུར་པར་གཞག །ཅེས་བྱའོ། །ངག་རྣམ་པར་དབེན་པ་བཤད་པ་སྟེ་ཡན་ལག་གསུམ་པའོ།། །།སེམས་རྣམ་པར་དབེན་པ་ལ་རྣམ་པ་གསུམ་སྟེ། སེམས་རྣམ་པར་དབེན་པ་མ་རྟོགས་ པའི་སྐྱོན་དང་། ཐ་མལ་པ་ལས་དབེན་པ་དང་། ནལ་འབྱོར་ལས་དབེན་པའོ། །སེམས་རྣམ་པར་དབེན་པ་མ་རྟོགས་པའི་སྐྱོན་བསྟན་པའི་ཕྱིར་རང་དབང་ཞེས་གསུངས་སོ། །རང་ནི་གཟུགས་ལ་སོགས་པའི་ཡུལ་གཟུང་བར་སྣང་བའོ། །དང་པོ་ནི་མིག་ལ་སོགས་པའི་རྣམ་པར་ ཤེས་པ་སྟེ། །རྟེན་གྱི་མིང་རྟེན་ཅན་ལ་བཏགས་པའི་ཕྱིར་རོ། །དེ་ནི་འཛིན་པར་སྣང་བའོ། །གཟུང་བ་དང་འཛིན་པར་སྣང་བའི་ངོ་བོ་ཉིད་ནི་སྟོང་ཞིང་དབེན་པ་ཡིན་པ་ལ། དེ་ལྟར་མ་ཤེས་པས་གཟུང་བ་དང་འཛིན་པ་རང་གི་རྣམ་པར་རྟོག་པ་ལས་བྱུང་བས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོར་ མངོན་པར་གྲུབ་ནས་ངའི་ལུས་དང་ངའི་ངག་དང་ངའི་སེམས་སོ་ཞེས་བདག་ཏུ་རློམ་པ་དང་། ངར་སེམས་པ་ལས་དགེ་བ་དང་མི་དགེ་བ་བྱས་ཏེ། དེའི་འབྲས་བུ་རྣམ་པར་སྨིན་པ་ཉམས་སུ་མྱོང་ནས་འོད་གསལ་དུ་འཇུག་པའི་རིམ་གྱིས་ཕུང་པོ་སྤངས་ཏེ། རླུང་གི་ཁམས་ 35-1-271a ཀྱིས་འཕངས་ནས་སྲིད་པ་བར་མ་ཞེས་བྱ་བར་གྱུར་ནས་འགྲོ་བ་ལྔ་རྣམས་སུ་གཅིག་ནས་གཅིག་ཏུ་ཉིང་མཚམས་སྦྱོར་བས་ལུས་བླངས་ཤིང་འཁོར་བའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །དེ་ཡང་། དགོངས་པ་བླ་ན་མེད་པ་ལས། དེ་འདྲའི་རང་ བཞིན་མ་ཤེས་པས། །མི་ཤེས་མུན་པས་ཁེབས་པ་རྣམས། །དགེ་དང་མི་དགེའི་ལས་བྱས་ནས། །འགྲོ་བ་ལྔར་ནི་འཁོར་བར་འགྱུར། །མཚམས་མེད་ལ་སོགས་བྱས་ནས་ནི། །དམྱལ་བ་ལ་སོགས་འཚེད་པར་འགྱུར། །སྦྱིན་སོགས་དགེ་བ་བྱས་ནས་ནི། ། མཐོ་རིས་ལ་སོགས་དག་ཏུ་འགྱུར། །སྐྱེ་བ་དཔག་མེད་སྟོང་ཕྲག་ནི། །དུ་མར་ཡང་དང་ཡང་ཐོབ་པ། །འདི་ནི་སྔོན་ལས་རྣམ་སྨིན་ཞེས། །རྨོངས་པ་རྣམས་ནི་མྱ་ངན་བྱེད། །ཅེས་གསུངས་པ་ཡིན་ནོ། །ཐ་མལ་པ་ལས་དབེན་པ་བསྟན་པའི་ཕྱིར་རིན་ཆེན་ཞེས་ གསུངས་ཏེ། སེམས་དབེན་པར་ཤེས་ན་སངས་རྒྱས་ཀྱི་ཡེ་ཤེས་རིན་པོ་ཆེ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་སེམས་ལ་རིན་ཆེན་ཞེས་བྱའོ། །དེ་ཡང་འདའ་ཀ་ཡེ་ཤེས་ཀྱི་མདོ་ལས། སེམས་ནི་ཡེ་ཤེས་འབྱུང་བའི་རྒྱུ། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །ཅེས་ གསུངས་པ་ཡིན་ནོ། །སེམས་དེའི་ངོ་བོ་ཇི་ལྟ་བུར་ཞེ་ན། དེ་ནི་རང་རིག་པ་ཙམ་མཚན་མ་ཐམས་ཅད་དང་བྲལ་བ་དམིགས་སུ་མེད་པའོ། །དེ་ཡང་དཀོན་མཆོག་བརྩེགས་པ་ཆeནཔོའི་མདོ་ལས། འོད་སྲུངས་སེམས་ནི་ཡོངས་སུ་བཙལ་ན་མི་རྙེད། མི་རྙེད་པ་དེ་མི་ དམིགས་སོ། །གང་མི་དམིགས་པ་དེ་འདས་པ་མ་ཡིན། མ་འོངས་པ་མ་ཡིན་ད་ལྟར་བྱུང་བ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལྟ་བུའི་སེམས་དེ་ཡང་དབྱེ་ན་རྣམ་པ་གསུམ་དུ་གྱུར་ཏེ། སྣང་བ་དང་སྣང་བ་མཆེད་པ་དང་སྣང་བ་ཐོབ་པའམ། སེམས་དང་སེམས་ལས་བྱུང་བ་དང་མ་རིག་པའམ། སྟོང་པ་དང་ཤིན་ཏུ་སྟོང་པ་དང་ཤིན་ཏུ་སྟོང་པ་ཆེན་པོའམ། འདོད་ཆགས་དང་འདོད་ཆགས་བར་མ་དང་འདོད་ཆགས་དང་བྲལ་བ་ཞེས་བྱའོ། །དེ་གསུམ་རླུང་ལ་ཞོན་ཏེ་རླུང་དང་དབྱེར་མེད་པར་གྱུར་ནས་དབང་པོའི་ལམ་ 35-1-271b ནས་སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་དང་མིག་བཙུམས་པ་དང་ཐལ་མོ་བརྡབས་པ་ཙམ་དུ་བྱུང་ནས། ཡུལ་ཐམས་ཅད་ལ་དམིགས་པར་འགྱུར་རོ། །དེ་ཁོ་ན་ཉིད་ཀྱི་ཚེ་ན་འདོད་ཆགས་ཞེས་བྱ་བ་ལ་སོགས་པའི་རང་བཞིན་བརྒྱད་ཅུའི་སེམས་དེ་བཞིན་དུ་འབྱུང་ འགྱུར་རོ། །དེ་ཡང་། དགོངས་པ་བླ་ན་མེད་པ་ལས། རང་རིག་ཙམ་གྱི་ཡེ་ཤེས་ནི། །ནམ་མཁའ་འདྲ་བར་མཚན་ཉིད་མེད། །འོན་ཀྱང་དེ་ལ་དབྱེ་ཡོད་དེ། །མཚན་མོ་ཉིན་མོ་མཚམས་བདག་ཉིད། །སྣང་བ་དང་ནི་སྣང་བ་མཆེད། །དེ་བཞིན་སྣང་བ་ཉེར་ཐོབ་པ། ། སེམས་ནི་རྣམ་པ་གསུམ་བཤད་ནས། །དེ་ཡི་རང་བཞིན་བཤད་པར་བྱ། །ཕྲ་བའི་གཟུགས་ཅན་རླུང་དང་ནི། །ཡེ་ཤེས་དག་ནི་འདྲེས་གྱུར་པ། །ཡུལ་རྣམས་ལ་ནི་དམིགས་པར་འགྱུར། །གང་ཚེ་སྣང་བ་ལྡན་གྱུར་པ། །རླུང་གི་བཞོན་པར་གྱུར་པ་ཡིན། ། དེ་ཚེ་རང་བཞིན་དེ་ཐམས་ཅད། །མ་ལུས་ལུས་པ་མེད་པར་གྱུར། །རླུང་ནི་གང་དང་གང་གནས་པ། །རང་བཞིན་དེ་དང་དེ་རྗེས་སྤྱོད། །ཅེས་གསུངས་པ་ཡིན་ནོ། །སྣང་བ་ལ་སོགས་པ་དེ་དག་གི་མཚན་ཉིད་ཀྱང་ཇི་ལྟ་བུ་ཞེ་ན། སྟོན་གྱི་ཟླ་བའི་དཀྱིལ་འཁོར་འོད་ཟེར་ནམ་ མཁའ་དྲི་མ་མེད་པ་ལ་ཁྱབ་སྟེ་གསལ་བ་ལྟར་རང་བཞིན་གྱིས་གསལ་བའི་རྣམ་པར་དངོས་པོ་མ་ལུས་པ་ཐམས་ཅད་ལ་དམིགས་པས་ན་སྣང་བ་སྟེ། དེ་ལ་ནི་སེམས་དང་སྟོང་པ་ཞེས་ཀྱང་བྱའོ། །སྟོན་གྱི་ཉི་མའི་འོད་ཟེར་གྱིས་ནམ་མཁའ་དྲི་མ་མེད་པ་ལ་ཁྱབ་པ་ ལྟར་ཤིན་ཏུ་གསལ་ཞིང་དྲི་མ་མེད་པའི་ངོ་བོ་ཉིད་དུ་དངོས་པོ་མ་ལུས་པ་ལ་དམིགས་པས་ན་སྣང་བ་མཆེད་པ་སྟེ། སེམས་ལས་བྱུང་བ་དང་ཤིན་ཏུ་སྟོང་པ་ཞེས་ཀྱང་བྱའོ། །མཚམས་ཀྱི་སྨག་ལ་བབ་པ་ལྟར་མཚན་མོའི་དངོས་པོ་ཐམས་ཅད་མི་སྣང་བར་ནུབ་ པ་ཕྲ་ཞིང་བདག་མེད་པ་སྲོག་དང་རྩོལ་བ་རྒྱུ་བ་མེད་པས་ན་སྣང་བ་ཐོབ་པ་མ་རིག་པ་སྟེ། སྟོང་པ་ཆེན་པོ་ཞེས་ཀྱང་བྱའོ། །དེ་ལྟ་མོད་ཀྱི་དེ་གསུམ་ཆར་ཡང་ལུས་དང་ངག་དང་སེམས་མེད་པ་མཚན་མའི་དངོས་པོ་ཐམས་ཅད་དང་བྲལ་བ་ཉིད་དུ་རིག་པར་བྱའོ། ། 35-1-272a དེ་ཡང་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། སེམས་དེ་ནི་རང་བཞིན་གྱིས་ཡོངས་སུ་དག་པ་ཡིན་ཏེ། དེ་ནི་ནང་ན་ཡང་མེད་ཕྱི་རོལ་ན་ཡང་མེད། གཉིས་ཀྱི་བར་ན་ཡང་མི་གནས་སོ། །གསང་བའི་བདག་པོ་ སེམས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་མ་གཟིགས་གཟིགས་པར་མི་འགྱུར་ཏེ། སྔོན་པོར་མ་ཡིན། སེར་པོར་མ་ཡིན།དམར་པོར་མ་ཡིན། དཀར་པོར་མ་ཡིན། ལེ་བརྒན་དུ་མ་ཡིན། ཤེལ་གྱི་ཁ་ དོག་ཏུ་མ་ཡིན། ཐུང་ངུར་མ་ཡིན། རིང་པོར་མ་ཡིན། ཟླུམ་པོར་མ་ཡིན། གྲུ་བཞིར་མ་ཡིན། སྣང་བར་མ་ཡིན། མུན་པར་མ་ཡིན། བུད་མེད་དུ་མ་ཡིན། སྐྱེས་པར་མ་ཡིན། མ་ནིང་དུ་མ་ཡིན། གསང་བའི་བདག་པོ་སེམས་དེ་ནི་འདོད་པའི་ཁམས་ཀྱི་རང་ བཞིན་དུ་མ་ཡིན། གཟུགས་ཀྱི་ཁམས་ཀྱི་རང་བཞིན་དུ་མ་ཡིན། གཟུགས་མེད་པའི་ཁམས་ཀྱི་རང་བཞིན་དུ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རྣལ་འབྱོར་ལས་དབེན་པ་བསྟན་པའི་ཕྱིར། འགོག་པ་ཡིས། གཟུང་བ་འཛིན་པ་ཡིན་པར་ བཤད། །ཅེས་གསུངས་ཏེ། དེ་ཡང་དང་པོར་རྡོ་རྗེ་དང་པདྨའི་སྦྱོར་བ་མེད་པར་རྣམ་པར་ཤེས་པ་གསུམ་མངོན་དུ་བྱ་བར་མི་ནུས་ཏེ། དེ་སྐད་དུ་རྣལ་འབྱོར་ཆེན་པོའི་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། སྔགས་དང་ཕྱག་རྒྱས་སྔོན་དུ་འདུས་བྱས་པའི་རྡོ་རྗེ་དང་ པདྨ་མཉམ་པར་སྦྱོར་བ་མེད་པར་རྣམ་པར་ཤེས་པ་གསུམ་ཉེ་བར་བརྟག་པར་མི་ནུས་སོ་ཞེས་གསུངས་སོ། །དེ་བས་ན་རྡོ་རྗེ་དང་པདྨ་སྦྱོར་བ་ལས་རྩ་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་ནས་བྱང་ཆུབ་ཀྱི་སེམས་རླུང་གིས་བསྐྱོད་ནས་རྩ་ཐམས་ཅད་འདུས་པའི་རྡོ་རྗེའི་རྩ་བར་ ཕྱིན་པའི་ཚེ་སྣང་བའི་ཡེ་ཤེས་སྐྱེ། རྡོ་རྗེའི་སྐེད་པར་ཕྱིན་པའི་ཚེ་སྣང་བ་མཆེད་པའི་ཡེ་ཤེས་སྐྱེ། བྱང་ཆུབ་ཀྱི་སེམས་རྡོ་རྗེའི་རྩེ་མོར་ཕྱིན་པའི་ཚེ་སྣང་བ་ཐོབ་པའི་ཡེ་ཤེས་སྐྱེ་བས་གང་དང་གང་སྐྱེ་བ་དེ་དང་དེ་ལ་མངོན་སུམ་དུ་བྱའོ། །དེ་ཡང་འདས་མ་ཐག་པའི་རྒྱུད་ 35-1-272b དེ་ཉིད་ལས་རྡོ་རྗེ་དང་པདྨ་སྦྱོར་བའི་ཆགས་པ་ལས་འདོད་ཆགས་དང་། འདོད་ཆགས་བར་མ་དང་། འདོད་ཆགས་དང་བྲལ་བའི་ཡེ་ཤེས་སུ་ཤེས་པར་བྱ་སྟེ། དེའི་ཕྱིར་རྣམ་པར་ཤེས་པ་གསུམ་དུ་གསུངས་སོ་ཞེས་བྱ་བ་ཡིན་ནོ། །སེམས་གང་སྐྱེས་པ་དེ་ཐམས་ཅད་ འོད་གསལ་གྱི་བདེ་བར་བཅུག་པ་ནི་འགོག་པའི་ཞེས་བྱའོ། །བདེ་བ་དེར་སེམས་གཟུང་བར་བྱ་བ་ཡིན་པས་ན་གཟུང་བའོ། །བདེ་བ་དེས་སེམས་འཛིན་པ་དེ་ཉིད་གཟུང་བ་འཛིན་པ་ཡིན་པར་བཤད་ཅེས་བྱའོ། །དེ་ཡང་། དགོངས་པ་བླ་ན་མེད་པ་ལས། །ཇི་ལྟར་ སྤྲིན་ནི་སྣ་ཚོགས་ཤིང་། །མདོག་དང་དབྱིབས་ནི་ཐ་དད་པ། །ནམ་མཁའི་དབྱིངས་སུ་བྱུང་ནས་ནི། །དེ་ཉིད་དུ་ནི་ཐིམ་པར་འགྱུར། །དེ་བཞིན་རང་བཞིན་ཐམས་ཅད་ནི། །སྣང་བ་གསུམ་གྱི་རྒྱུ་བབས་པ། །མ་ལུས་ཡུལ་ལ་ཞུགས་ནས་ནི། །འོད་གསལ་བར་ནི་ འཇུག་པར་འགྱུར། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་སེམས་ཀྱི་བདེ་བ་སྔོན་དུ་བྱ་བའི་ཐབས་ཤེས་ན་འཁོར་བ་ལས་མྱུར་དུ་གྲོལ་བར་འགྱུར་ཏེ། དེ་ཡང་རྒྱུད་དེ་ཉིད་ལས། རྡོ་རྗེ་པདྨ་སྦྱར་བ་ལས། །རང་བཞིན་སྣང་བའི་ཚུལ་གྱིས་ནི། །གང་ཞིག་སྐྱེ་བ་ཉོན་མོངས་ པ། །དེ་ཉིད་ཤེས་ན་ཡེ་ཤེས་ཅན། །སྲིད་པའི་གཟེབ་ལས་གྲོལ་བར་འགྱུར། །ཞེས་བྱ་བ་དང་། སྡེ་སྣོད་གསུམ་གྱི་ཚུལ་ལས། གཅིག་ཏུ་འགྲོ་ཞིང་རིང་དུ་རྒྱུ། །ལུས་མེད་དབང་པོའི་ཕུག་ན་གནས། །འདུལ་བར་དཀའ་བའི་སེམས་འདུལ་བྱེད། །བདུད་ཀྱིས་ བཅིངས་པ་ལས་གྲོལ་འགྱུར། །ཞེས་གསུངས་པ་དང་། གཙུག་ཏོར་ཅན་གྱི་མདོ་ལས་ཀྱང་། ཉོན་མོངས་པའི་མདུད་པ་གྲོལ་བར་འདོད་པས་ཁོང་ནས་ཁྲོལ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །སེམས་རྣམ་པར་དབེན་པ་བཤད་པ་སྟེ་ཡན་ལག་བཞི་པའོ།། །།ཀུན་རྫོབ་ཀྱི་བདེན་པ་བསྟན་པའི་ཕྱིར། སོ་སོར་སྣང་བ་དེ་ལས་སྐྱེས། །ཞེས་གསུངས་སྟེ། དེ་ལ་ཀུན་རྫོབ་ཀྱི་བདེ་བ་ནི་བདག་བྱིན་གྱིས་བརླབ་པའི་མན་ངག་གིས་ལྷའི་སྐུར་སྤྲུལ་པའོ། །དེ་ཡང་རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་ལས་ 35-1-273a བྱུང་བ་སྟེ། འདི་ལྟར་ནང་གི་འོད་གསལ་བ་མ་རིག་པ་རླུང་ལ་ཞོན་ཏེ་བྱུང་། མ་རིག་པ་ལས་བྱུང་བའི་སེམས་ལས་བྱུང་བ་དང་སེམས་ཀྱི་སྣང་བ་རླུང་དང་དབྱེར་མེད་པ་ཡེ་ཤེས་ཙམ་དུ་སྣང་བ་འོད་ཟེར་ལྔ་དང་བཅས་པ་ལས་སྒྱུ་མ་ལྟ་བུའི་ལྷའི་སྐུ་འབྱུང་ བར་བསམ་མོ། །དེ་ཉིད་ལ་ཡིད་ཀྱི་ལུས་ཞེས་ཀྱང་བྱའོ། །དེ་བས་ན་འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས་རིགས་ཀྱི་བུ་མཉམ་པར་ཞོག་ལ་རང་གི་སེམས་ལ་སོ་སོར་རྟོགས་ཤིག་ཅེས་གསུངས་པ་དང་། བསམ་གཏན་གྱི་སྒོའི་མདོ་ལས་ཀྱང་། ཕྱི་ རོལ་གྱི་མཚན་མས་སྒྲུབ་པར་བྱེད་པ་ནི་བསྐལ་པ་གྲངས་མེད་པས་ཀྱང་ཐོབ་པར་མི་ནུས་སོ། །ནང་གི་སེམས་ཀྱི་ཚོར་བའི་ངོ་བོ་ཉིད་རིག་ན་ཡུད་ཙམ་གྱིས་བླ་ན་མེད་པར་འཚང་རྒྱའོ་ཞེས་གསུངས་པ། བྱང་ཆུབ་ཀྱི་སྡེ་སྣོད་ཀྱི་མདོ་ལས་ཀྱང་། སེམས་ཡུད་ཙམ་གྱིས་ཤེས་ རབ་དང་ལྡན་པས་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་བདག་བྱིན་གྱིས་བརླབས་པའི་མན་ངག་གིས་བདག་ཉིད་རྡོ་རྗེ་སེམས་དཔའི་སྐུར་སྤྲུལ་པ་ནི་རྩིག་པའི་རས་ཀྱི་སྐུའི་གཟུགས་བརྙན་མེ་ལོང་གི་ནང་དུ་སྣང་བ་ལྟ་བུ་སྟེ། སྐུ་བལྟ་བས་ཆོག་མི་ཤེས་ པའི་མཚན་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སོ་སོར་གསལ་ཞིང་སྐུ་མདོག་འཇའ་ཚོན་ལྟར་སྣང་བས་ན་སོ་སོར་སྣང་བ་ཞེས་བྱའོ། །དེ་ཡང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། སེམས་དང་སེམས་ལས་བྱུང་བའི་རྣལ་འབྱོར་ཆེན་པོ་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ཏོ། །དེ་ནི་ སྒྱུ་མའི་དཔེས་ཉེ་བར་མཚོན་ཏེ། དེ་བས་ན་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་ནི་སྒྱུ་མ་ལྟ་བུ་དང་། ཆུ་ཟླ་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། རྨི་ལམ་དང་། བྲག་ཅ་དང་། དྲི་ཟའི་གྲོང་ཁྱེར་དང་། མིག་འཕྲུལ་དང་། དབང་པོའི་གཞུ་དང་། གློག་དང་། ཆུའི་ ཆུ་བུར་དང་།མེ་ལོང་གི་གཟུགས་བརྙན་ལྟ་བུ་སྟེ། སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ཉེ་བར་མཚོན་པ་ཡིན་ནོ་ཞེས་གསུངས་པ་དང་། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས་ཀྱང་། འཇའ་ཚོན་ལྟ་བུའི་ལུས་དག་ནི། །དེ་ཉིད་བསྒོམས་ 35-1-273b པས་ཐོབ་པར་འགྱུར། །ཞེས་གསུངས་པ་ཡིན་ནོ། །བདག་འབའ་ཞིག་དེ་ལྟར་སྒོམ་པར་མ་ཟད་ཀྱི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པར་བྱའོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མན་ངག་གསང་བ་ཡིན་པ་དང་། ཤེས་རབ་ཅན་ང་རྒྱལ་ བཅག་པར་བྱ་བའི་ཕྱིར་ཡན་ལག་ལྔར་མཐར་སྤངས་ཏེ་གཞག་པ་ཡིན་ནོ། །དེ་ལྟར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་པས་འོད་གསལ་བསྒོམས་ནས་དེ་ལས་འོད་གསལ་གྱི་ཡེ་ཤེས་སྐྱེ་བར་འགྱུར་བས་ན་དེ་ལས་སྐྱེས་ཞེས་གསུངས་པ་ཡིན་ནོ། །ཀུན་རྫོབ་ཀྱི་བདེན་པ་ བཤད་པ་སྟེ་ཡན་ལག་ལྔ་པ་ལས་ཕྱེའོ།། །།དོན་དམ་པའི་བདེན་པ་ལ་གཉིས་ཏེ། ཕྱིའི་མངོན་པར་བྱང་ཆུབ་པ་དང་། ནང་གི་མངོན་པར་བྱང་ཆུབ་པའོ། །ཕྱིའི་མངོན་པར་བྱང་ཆུབ་པ་ལ་བཞི་སྟེ། ཇི་སྲིད་ཐོ་རངས་ཀྱི་ཐུན་མཚམས་ནས་ཉི་མ་ཤར་བའི་བར་དེ་སྲིད་དུ་ནི་ ལུས་དང་ངག་དང་ཡིད་དང་བྲལ་བ་ཐམས་ཅད་སྟོང་པའི་མཚན་ཉིད་དོ། །གང་གི་ཚེ་ཉི་མ་ཤར་ནས་ཉི་མ་ཡོད་པ་དེའི་ཚེ་ནི་སྣང་བ་མཆེད་པ་ཤིན་ཏུ་སྟོང་པའོ། །ཇི་སྲིད་ཉི་མ་ནུབ་པ་ནས་ཟླ་བ་མ་ཤར་བའི་བར་དེ་སྲིད་ནི་མ་རིག་པ་སྟོང་པ་ཆེན་པོའོ། །ཇི་སྲིད་དུ་ཟླ་བ་ཤར་བ་ནས་ཐོ་རངས་ཀྱི་ཐུན་ མཚམས་དེ་སྲིད་དུ་ནི་སྣང་བ་ཐོབ་བསྟོང་པའི་མཚན་ཉིད་དོ། །གང་ནང་གི་མངོན་པར་བྱང་ཆུབ་པ་ལ་རྣམ་པ་གཉིས་ཏེ། ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །ཐུན་མོང་ནི་སེམས་ཅན་ཐམས་ཅད་ཀྱི་སྙིང་གའི་དཀྱིལ་འཁོར་ན་མི་ཤིགས་པའི་ཐིག་ལེ་དེ་བཞིན་གཤེགས་ པའི་སྙིང་པོ་རང་བཞིན་གྱིས་འོང་གསལ་བ་མི་གཡོ་བ་ཆོས་ཐམས་ཅད་ཀྱི་རྒྱུར་འགྱུར་བ་རང་བཞིན་གྱིས་གྲུབ་ནས་གནས་སོ། །དེ་ཡང་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། དེ་བཞིན་གཤེགས་པའི་སྐུ་ཡེ་ཤེས་དང་ལྡན་པ་སྤྱན་དང་ལྡན་པ་སེམས་ཅན་ཐམས་ཅད་ཀྱི་ ལུས་ཀྱི་ནང་ན་ཇི་ལྟ་བ་བཞིན་མི་གཡོ་བར་བཞུགས་སོ་ཞེས་གསུངས་པ་དང་། ལང་ཀར་གཤེགས་པའི་མདོ་ལས་ཀྱང་། དེ་བཞིན་གཤེགས་པའི་སྙིང་པོ་དེ་རང་བཞིན་གྱིས་འོད་གསལ་བ་རྣམ་པར་དག་པ་ཐོག་མ་ནས་རྣམ་པར་དག་པའི་མཚན་ཉིད་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་ 35-1-274a བཟང་པོ་བརྒྱད་ཅུ་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་མཆིས་སོ་ཞེས་གསུངས་པ་དང་། གསེར་འོད་དམ་པའི་མདོ་ལས། དེ་བཞིན་གཤེགས་པའི་སྙིང་པོ་མཚན་མ་ཐམས་ཅད་རྣམ་པར་དག་པ་སྟེ། དཔེར་ན་གསེར་གྱི་རང་བཞིན་ཡེ་ནས་དག་པ་དང་། ཆུའི་རང་བཞིན་ཡེ་ནས་དག་པ་དང་། ནམ་མཁའི་རང་བཞིན་ཡེ་ནས་དག་པ་མེད་པ་མ་ཡིན་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་ཡེ་ནས་དག་པའང་མེད་པ་མ་ཡིན་ནོ་ཞེས་གསུངས་སོ། །ཐུན་མོང་མ་ཡིན་པ་ནི་སངས་རྒྱས་ཐམས་ཅད་ཀྱི་མན་ངག་ཐེག་པ་ཆེན་པོའི་ཡུལ་མ་ཡིན་པ་ གསང་བའི་འང་གསང་བ་ཆེན་པོ་ཡིན་པ་དེའི་ཕྱིར་ཡན་ལག་ལྔ་པ་དང་། དྲུག་པ་གཉིས་སུ་དཀྲུགས་ཏེ་གསུངས་པ་ཡིན་ནོ། །དེ་ཡང་རྣལ་འབྱོར་ཆེན་པོའི་རྒྱུད་ལྷ་མོ་བཞིས་ཞུས་པ་ལས། སྙིང་པོ་ཤིན་ཏུ་སྙིང་པོ་མཆོག །གང་དེ་ཀུན་བདག་ལ་གནས་པའི། །སངས་རྒྱས་ ཀུན་གྱི་གསང་ཆེན་ནི། །ལྷ་མོ་ཁྱོད་ལ་བཤད་པར་བྱ། །ཞེས་གསུངས་པ་ཡིན་ནོ། །གསང་བ་དེ་ཡང་རིལ་པོར་འཛིན་པ་དང་། རྗེས་སུ་གཞིག་པའི་བསམ་གཏན་གཉིས་ཀྱིས་མངོན་དུ་བསྟན་ཏེ། དེ་ལ་རིལ་པོར་འཛིན་པའི་བསམ་གཏན་བསྟན་པའི་ཕྱིར་ཐབས་ དང་ཤེས་རབ་སྙོམས་པར་འཇུག་པ་ཞེས་གསུངས་ཏེ། དང་པོར་ཤེས་རབ་མཚན་དང་ལྡན་པ་བསླབ་པ་ལ་འབྱོངས་པ་དང་། དུས་མཉམ་དུ་སྒྱུ་མ་ལྟ་བུའི་ལྷའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ལ་འཁྱུད་པ་དང་འོ་བྱེད་པ་དང་། མ་མཆུ་འཇིབ་པ་དང་། ཐལ་མོ་བརྡབ་པ་ དང་། སོ་དང་སེན་མོས་འདེབས་པ་དང་། ནུ་མ་ཉེད་པ་དང་། འཕྱང་ཐག་དང་། བརྒྱང་བ་དང་། གྲོང་གི་བྱ་བ་དང་། མུ་ཏིག་གི་ཕྲེང་བ་དང་། དཔུང་རྒྱན་དང་། གདུ་བུ་དང་། རྐང་གདུབ་ཀྱི་སྒྲ་དང་ལྡན་པར་ཡུལ་དང་དབང་པོ་སྟེ་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་ལ་ཐབས་ དང་ཤེས་རབ་སྙོམས་པར་འཇུག་པ་ཞེས་བྱའོ། །དེ་ལྟར་སྙོམས་པར་འཇུག་པའི་དགའ་བས་མགོ་བོ་ནས་རྐང་པའི་བར་དུ་གནས་དགུ་ལ་སོགས་པ་ན་གནས་པའི་བྱང་ཆུབ་ཀྱི་སེམས་རྩ་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་ནས་དྲངས་ནས་དྲེགས་པ་དང་། རུས་སྦལ་ 35-1-274b པ་དང་། ཟླ་བ་གང་བ་སྟེ། རྩ་སྦུབས་གསུམ་སོར་མོ་གསུམ་གྱིས་བསྐྱོད་ཅིང་རབ་ཏུ་བསྐུལ་བས་མགོ་བོ་ནས་རྐང་པའི་བར་གྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ངོ་བོ་ཉིད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་འདོད་ཆགས་ཆེན་པོའི་མེས་ཞུ་བར་གྱུར་ནས་དངུལ་ཆུ་དྲི་ མ་མེད་པ་ལྟ་བུར་མཆོག་ཏུ་དགའ་བའི་བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་འོད་གསལ་བ་ཤིན་ཏུ་གསལ་ཞིང་དང་པ་ཡེ་ཤེས་ལྔའི་ངོ་བོ་ཡུངས་ཀར་ཀྱི་ཕྱེད་ཙམ་འོད་ཟེར་སྣ་ཆོགས་འབར་བ་སྙིང་གའི་དབུས་ན་ཡུངས་ཀར་ཆེ་བའི་ཚད་ཙམ་པདྨ་དཀར་པོ་འདབ་མ་བརྒྱད་ཀྱི་ལྟེ་བ་ན་ ཐུན་མོང་གི་དོན་དམ་པ་གནས་པ་ལ་མེ་ལོང་ལ་ཁྱབ་པའི་དབུགས་རིམ་གྱིས་དབུས་སུ་འདུ་བ་ལྟར་བསྡུས་ཏེ་ཐིམ་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཆུ་དང་འོ་མ་ལྟར་དབྱེར་མེད་པའི་བདེ་བ་ཆེན་པོ་དང་ལྡན་པའི་བསམ་གཏན་དེ་ལ་རབ་ཏུ་གནས་ཏེ། ཡང་དག་པའི་མཐའ་ ལ་འཇུག་པར་བྱའོ། །དེ་ཡང་ལྷ་མོ་བཞིས་ཞུས་པ་ལས་ཕྲ་མོ་དང་ཐིག་ལེ་གསུངས་པ། བྱང་ཆུབ་སེམས་དག་འོད་གསལ་བ། །ཟླ་བ་ཤེལ་དང་མཉམ་པའི་འོད། །དེ་ཉིད་ཡེ་ཤེས་ལྔ་ཡི་དངོས། །ཡུངས་ཀར་ཆེ་བའི་འབྲུ་ཚད་ཙམ། །དེ་ཡི་དབུས་སུ་བཞུགས་པའི་ ལྷ། །མི་གསལ་གསལ་བའི་གཟུགས་ཅན་ཏེ། །ཕྱེད་ཚད་ཙམ་གྱི་ཕྲ་མོ་མཆོག །ཡིད་ཀྱི་དངོས་པོ་ཐིག་ལེའི་གཟུགས། །རྟག་ཏུ་སྙིང་གའི་དབུས་གནས་པ། །འོད་ཟེར་ཆེན་པོ་འབར་བ་ཅན། །ཇི་སྙེད་དུ་ནི་དགུ་ཡི་བར། །དཔྲལ་བ་ལ་གནས་རྐང་མཐིལ་བར། །ཐིག་ ལེ་ཁོ་ནར་བསྡུ་བ་སྟེ། །ལྟེ་བའི་དབུས་སུ་རྣམ་པར་གནས། །ཞེས་གསུངས་པ་འདིས་གསལ་བར་བསྟན་པ་དང་། རྡོ་རྗེ་དཀྱིལ་འཁོར་རྒྱན་ཅེས་བྱ་བའི་རྒྱུད་ལས་ཀྱང་། སྙིང་གའི་དབུས་སུ་མི་ཤིགས་པ། །འབར་ཞིང་མར་མེ་དག་དང་མཚུངས། །མི་འགྱུར་མཆོག་ ཏུ་ཕྲ་བ་སྟེ། །ཨ་ནི་གཙོ་བོ་དམ་པའོ། །ཞེས་གསུངས་པ་དང་། དཔལ་གསང་བ་འདུས་པ་ལས་ཀྱང་། རིན་ཆེན་ཁ་དོག་སྣ་ལྔ་པ། །ཡུངས་ཀར་གྱི་ནི་འབྲུ་ཚད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །དེ་ཉིད་སྦྱོར་བས་རྟག་ཏུ་བསྒོམ། །ཞེས་གསུངས་པ་དང་། འདུས་པའི་ 35-1-275a རྒྱུད་ཕྱི་མ་ལས་ཀྱང་། སངས་རྒྱས་ཀུན་དངོས་ཞི་བ་ནི། །འགྲོ་བ་ཀུན་ལ་རང་བཞིན་གནས། །ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་རབ་ཏུ་བརྟགས། །རིན་ཆེན་ཁ་དོག་སྣ་ལྔ་ པ། །སྲོག་དང་རྩོལ་བ་ཞེས་སུ་བཤད། །རང་སྔགས་སྙིང་གར་བསམས་ནས་ནི། །སྲོག་ནི་ཐིག་ལེར་གྱུར་པར་གཞག །ཅེས་གསུངས་པའི་དོན་ནི་ལུང་དེ་དག་ལས་མཐར་ཐུག་པའི་དོན་གྱིས་བཤད་པ་ནི་དེ་ལྟ་བུ་ཡིན་ནོ། །ལྷག་པའི་བྱང་ཆུབ་ཀྱི་སེམས་གསང་བའི་རྡོ་རྗེའི་གནས་ ནས་པདྨའི་སྣ་རྩེར་ཡིག་འབྲུར་གྱུར་པར་བསམས་ཏེ། ཕྱུང་བ་ནི་སྦས་པའི་དོན་གྱིས་བཤད་པ་ཡིན་ནོ། །སྟེང་གི་སྣ་རྩེར་རྡོ་རྗེ་ལ་སོགས་པའི་མཚན་མ་ལ་ཡིག་འབྲུ་བསམས་པ་ནི་སྤྱིའི་དོན་གྱིས་བཤད་པ་ཡིན་ནོ། །ཀུན་རྫོབ་ཀྱི་སྣ་སྒོ་གཡས་པ་ལ་སོགས་པ་ནས་རླུང་ དང་སྔགས་ཀྱི་དེ་ཁོ་ན་ཉིད་འབྱུང་བར་བསྟན་པ་ནི་ངེས་པའི་དོན་གྱིས་བཤད་པ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་ཡེ་ཤེས་ཀྱི་སྣ་རྩེར་བདེ་བ་ཆེན་པོའི་བསམ་གཏན་དེ་མི་ཐུབ་པ་འདྲ་ན་གསང་བའི་པདྨའི་སྣ་རྩེར་བསམ་པར་བྱ་སྟེ། ཐིག་ལེ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་དེས་རྡོ་རྗེའི་རྩ་ བར་ཕྱིན་པའི་ཚེ་སྣང་བའི་ཡེ་ཤེས་སྐྱེ། རྡོ་རྗེའི་རྐེད་པར་ཕྱིན་པའི་ཚེ་སྣང་བ་མཆེད་པའི་ཡེ་ཤེས་སྐྱེ། རྡོ་རྗེའི་རྩེ་མོར་ཕྱིན་པའི་ཚེ་སྣང་བ་ཐོབ་པའི་ཡེ་ཤིས་སྐྱེ། སངས་རྒྱས་རིན་ཆེན་གབ་ཚེར་ཕྱིན་པའི་ཚེ་འོད་གསལ་གྱི་ཡེ་ཤེས་སྐྱེ་བ་དེ་ལ་རབ་ཏུ་གནས་ཏེ་ཡང་དག་པའི་མཐའ་ ལ་འཇུག་པར་བྱའོ། །རྗེས་སུ་གཞིག་པའི་བསམ་གཏན་བསྟན་པར་བྱ་བའི་ཕྱིར་དངོས་པོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་ཀྱི་སེམས་མི་ཤིགས་པའི་ཐིག་ལེ་ལས་སྣང་བ་ཐོབ་པ་དང་། སྣང་བ་མཆེད་པ་དང་། སྣང་བའི་རིམ་པས་འོད་ཟེར་ལྔ་འབྱུང་བས་ རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་ལ་ཁྱབ་པས་དང་པོར་འོད་གསལ་བར་བྱས་ཏེ། མི་ཤིགས་པ་ལ་བསྡུ་བ་ཡིན་པས་ན་དངོས་པོ་ཐམས་ཅད་མདོར་བསྡུ་ནའོ། །གོང་བུའི་ཚུལ་གྱིས་བསྡུས་ནས་ནི། །ཞེས་པ་ནི་བྱང་ཆུབ་ཀྱི་སེམས་འོད་ཀྱི་གོང་བུའི་ཚུལ་དེ་ལྟ་བུ་ 35-1-275b དེ་ཉིད་ཀྱིས་བསྡུས་ནས་དེ་ཉིད་ལ་ཐིམ་པའོ། །དེའི་རྗེས་སུ་བདག་གི་སའི་ཁམས་ལ་སོགས་པ་མི་ཤིགས་པ་ལ་ཐིམ་པར་བསྒོམས་པ་བསྟན་པའི་ཕྱིར། མཚན་མ་ཉེར་འཛིན་འབྱུང་བར་འགྱུར། །ཞེས་པ་ལ་སོགས་པ་གསུངས་པ་སྟེ། དེ་ལ་མཚན་མ་རྣམས་ཀྱི་ ཉེ་བར་འཛིན་པ་ནི་མཚན་མ་སྣང་བའོ། །འབྱུང་རྒ་བར་འགྱུར་བ་ནི་སྐྱེ་བར་འགྱུར་བའོ། །མཚན་མའི་ཁམས་ནི་རྣམ་པ་ལྔར། །བྱང་ཆུབ་རྡོ་རྗེས་གསུངས་པ་ཡིན། །ཞེས་པ་ནི་དང་པོར་ས་ཆུ་ལ་ཐིམ་པར་གྱུར་པ་ལས་སྨིག་རྒྱུ་དང་སྣང་བ་སྐྱེ་བར་འགྱུར་བ་ནི་དང་པོའོ། །དེ་བཞིན་ དུ་ཆུ་མེ་ལ་ཐིམ་པར་གྱུར་པ་ལས་དུ་བ་ལྟ་བུ་སྟེ་གཉིས་པའོ། །མེ་རླུང་ལ་ཐིམ་པར་གྱུར་པ་ལས་ནམ་མཁའ་ལྟར་སྣང་བ་སྟེ་གསུམ་པའོ། །ཁམས་ཕྲ་བ་སྣང་བ་ལ་ཐིམ། སྣང་བ་མཆེད་པ་སྣང་བ་ཐོབ་ལ་ཐིམ་པར་གྱུར་པ་ལས་མར་མེ་ལྟར་འབར་བ་སྟེ་བཞི་པའོ། །སྣང་བ་ ཐོབ་པ་འོད་གསལ་དུ་ཆུ་ལ་ཆུ་ཐིམ་པའམ་མར་ལ་མར་ཐིམ་པར་གྱུར་པ་ལ་ནི་སེམས་ནི་འགོག་པའི་རྡོ་རྗེར་གྱུར་ཞེས་བྱའོ། །དེར་གྱུར་པ་ལས་སྤྲིན་མེདཔའི་ནམ་མཁའ་ལྟ་བུར་རྟག་ཏུ་སྣང་བ་འོད་གསལ་ཉི་མ་དང་ཟླ་བ་དང་མེ་དང་ནོར་བུའི་འོད་ལྟར་ཤིན་ཏུ་གསལ་བ་དོན་དམ་ པའི་མཚན་ཉིད་ཡེ་ཤེས་ཀྱི་མིག་གིས་མཐོང་བར་འགྱུར་ཏེ། དེ་ནི་མཚན་མ་ལྔ་པའོ། །དེ་ཡང་ལས་ཀྱི་མཐའ་རྣམ་པར་འབྱེད་པ་ལས། དང་པོ་ས་ནི་ཆུ་ལ་ཐིམ། །ཆུ་ཡང་མེ་ལ་ཐིམ་པར་གྱུར། །མེ་ནི་རླུང་ལ་ཐིམ་པར་གྱུར། །རླུང་ཡང་རྣམ་པར་ཤེས་ལ་འཇུག །རྣམ་ཤེས་ གཟུང་བ་དེ་ཉིད་ནི། །འོད་གསལ་བར་ཡང་འཇུག་པར་འགྱུར། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་རྣམ་པར་ཤེས་པ་གསུམ་རྣམ་པར་དག་སྟེ། སྟོང་པ་བཞི་གཅིག་ཏུ་གྱུར་པ་ལ་ནི་འོད་གསལ་ཆེན་པོ་དང་། དོན་དམ་ཆེན་པོ་དང་། ཆོས་ཀྱི་དབྱིངས་དང་། དེ་བཞིན་ཉིད་དང་། བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། མྱ་ངན་ལས་འདས་པ་དང་། སངས་རྒྱས་དང་། ལས་དང་སྐྱེ་བ་ལས་རྣམ་པར་གྲོལ་བ་དང་། ཐམས་ཅད་སྟོང་པ་དང་། མངོན་པར་བྱང་ཆུབ་པ་དང་།ཡང་དག་པའི་མཐའ་ཞེས་བྱའོ། །དོན་ 35-1-276a དམ་པའི་བདེན་པ་བཤད་པ་སྟེ་ཡན་ལག་ལྔ་པའོ།། །།ཟུང་འཇུག་གི་ཏིང་ངེ་འཛིན་བསྟན་པར་བྱ་བའི་ཕྱིར། བརྟན་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། བརྟན་འགྱུར་ནི་ཡང་དག་པའི་མཐའ་སྟེ་བརྟན་པར་འགྱུར་བའོ། །རྡོ་རྗེའི་ལམ་ཡང་དག་པའི་ མཐའ་དེ་ཉིད་ཡིན་པས་དེ་ནམ་མཁའི་ཁམས་སུ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྤྲོ་བར་བྱའོ། །ཅི་འདྲ་བ་སྤྲོ་བར་བརྟན་པར་བྱ་བའི་ཕྱིར། རྗེས་སུ་དྲན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་སྔོན་རྗེས་སུ་དྲན་པའི་སྨིག་རྒྱུ་ལྟ་བུ་ལ་སོགས་པའི་རྣམ་པར་ ཡང་དག་པའི་མཐའ་ཐོབ་པ་དེ་དང་འདྲ་བའི་སྣང་བ་ཐོབ་པ་སྟོང་པ་ཆེན་པོ་མུན་པ་ལྟ་བུའི་ངོ་བོ་ཉིད་ལས་སྣང་བ་སྤྲོ་བར་བྱའོ། །དེ་ལས་སྣང་བ་མཆེད་པ་ཤིན་ཏུ་སྟོང་པ་ཉི་མའི་འོད་ཟེར་ལྟར་ཚ་བའི་ངོ་བོ་ཉིད་ཀྱི་སྣང་བ་སྤྲོ་བར་བྱའོ། །དེ་ལས་སྣང་བ་སྟོང་པ་ཟླ་བའི་འོད་ཟེར་ལྟར་བསིལ་བའི་ངོ་བོ་ཉིད་ཀྱི་སྣང་བ་ སྤྲོ་བར་བྱའོ། །སྤྲོ་བ་དེ་ལ་རྗེས་སུ་དྲན་པ་ཞེས་ཀྱང་བཤད་དོ། །དེ་ཡང་དཔལ་མཆོག་དང་པོ་ལས། ནམ་མཁའ་ལས་ནི་ནམ་མཁའ་འབྱུང་། །ཐམས་ཅད་སྟོང་པ་ནམ་མཁའ་ཆེ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་སྟོང་པ་བཞི་གཅིག་ཏུ་གྱུར་པ་ལ་ནི་ནམ་མཁའི་སྣ་ཚོགས་སྣང་བ་ལྟ་ བུས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ཏེ། མངོན་དུ་གྱུར་པ་དེའི་ཚེ་ནི་ཟུང་འཇུག་གི་ཏིང་ངེ་འཛིན་ལ་གནས་པ་དང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་གནས་པ་དང་། རྫོགས་པའི་ཏིང་ངེ་འཛིན་ལ་གནས་པ་དང་། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། སྦྱང་བ་བྱས་པ་དང་། རྫོགས་པར་སངས་རྒྱས་པ་དང་། གཉིས་སུ་མེད་པའི་ཡེ་ཤེས་དང་། དེ་ཁོ་ན་ཉིད་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་། མི་གནས་པའི་མྱ་ངན་ལས་འདས་པ་དང་། ཆོས་ཐམས་ཅད་ཀྱི་དེ་བཞིན་ ཉིད་དང་ཞེས་བྱའོ། །སློབ་བཞིན་པའི་རྣལ་འབྱོར་པའི་ཏིང་ངེ་འཛིན་དེ་ལྟ་བུ་ལ་ཞུགས་པས་ཀྱང་འདོད་ཆགས་དང་བཅས་པའི་ལམ་གྱི་སྤྱོད་པ་ལ་སོགས་པ་གང་ཡང་རུང་བ་གཉིས་སུ་མེད་པའི་དོན་གྱིས་སྤྱད་པར་བྱའོ། །ཇི་སྲིད་དང་པོ་སེམས་བསྐྱེད་པ་ནས་བཟུང་ཏེ། ཟུང་འཇུག་གི་ཏིང་ངེ་ 35-1-276b འཛིན་འདི་མངོན་སུམ་དུ་མ་གྱུར་པའི་བར་དེ་སྲིད་དུ་ནི་བསླབ་པར་བྱ་བའི་བར་ལམ་ཡིན་པར་ཤེས་པར་བྱའོ། །དེ་ཡང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས། གང་གིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་པའི་སྐྱེས་བུ་དམ་པ་དེ་དག་ནི་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ དུ་མཆིས་པ་ལགས་སོ། །རང་དབང་གི་ཡེ་ཤེས་ལ་དབང་བགྱིད་པ་ལགས་སོ། །གང་གིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་མ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ལ་ནི་མངོན་པར་ཤེས་པ་ཐོབ་པ་ཞེས་ང་མི་སྨྲའོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་མ་ཐོབ་པའི་ཕྱིར། བྱང་ཆུབ་ སེམས་དཔའ་དེ་ལ་ནི་སྦྱང་བ་བྱས་པ་ཞེས་ང་མི་སྨྲའོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་མ་ཐོབ་པའི་ཕྱིར། བྱང་ཆུབ་སེམས་དཔའ་དེ་ལ་ནི་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་དང་ལྡན་པ་ཞེས་ང་མི་སྨྲའོ། །དཔའ་བར་འགྲོ་བའི་ཏིང་ ངེ་འཛིན་འདི་མ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ལ་ནི་མང་དུ་ཐོས་པ་ཞེས་ང་མི་སྨྲའོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་མ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ལ་ནི་སྤོབས་པ་དང་ལྡན་པ་ཞེས་ང་མི་སྨྲའོ། །རིགས་ཀྱི་བུ་དེ་བས་ན་ལམ་ཐམས་ཅད་ཀྱི་མཆོག་ངེས་པར་ འབྱུང་བར་འདོད་པའི་བྱང་ཆུབ་སེམས་དཔས་རློམ་སེམས་ཐམས་ཅད་མེད་པའི་ཕྱིར་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་བསླབ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཟུང་འཇུག་གི་ཏིང་ངེ་འཛིན་བཤད་པ་སྟེ། ཡན་ལག་ལྔ་པ་ལས་ཕྱེ་བའོ།། །།ལྷུན་གྱིས་ གྲུབ་པའི་ལམ་བསྟན་པར་བྱ་བའི་ཕྱིར་དབུས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབུས་ནི་ཆོས་ཀྱི་སྐུ་ལ་བྱ་སྟེ། མཐའ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །ཆོས་ཀྱི་སྐུ་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་ནས་རིང་པོར་མི་ཐོགས་པར་ཐོབ་པར་འགྱུར་རོ། །དེ་ ཡང་གཙུག་ཏོར་གྱི་མདོ་ལས། བསྐལ་པར་བསགས་པའི་མཚན་མ་ཕྱིན་ཅི་ལོག །མ་སྤངས་པར་ཡང་དཔའ་བར་འགྲོ་བ་ཡིས། །བརྒྱན་པའི་རྒྱལ་པོ་འདི་ནི་ཡུན་རིངས་མཐར། །མི་ཐོགས་ཆོས་ཀྱི་སྐུ་ཡང་རྫོགས་པར་འགྱུར། ། 35-1-277a ཞེས་གསུངས་པ་ཡིན་ནོ། །དེ་ལ་ཡུན་རིངས་མཐར་མི་ཐོགས། །ཞེས་བྱ་བའི་སྒྲས་ནི་སྐད་ཅིག་མ་དང་པོ་ལ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་ནས་སྐད་ཅིག་མ་གཉིས་པ་ལ་བྱང་ཆུབ་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐྱེ་སྟེ། སྐད་ཅིག་མ་གསུམ་པ་ལ་ ཆོས་ཀྱི་སྐུའི་མིང་ཐོབ་པར་འགྱུར་བ་ཡིན་པར་མངོན་ནོ། །བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་དམིགས་པའི་ཁམས་ཕྲ་བ་དང་དབྱེར་མེད་པའི་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་སྐྱེའོ། །དེ་ཡང་སངས་རྒྱས་ཀྱི་སའི་མདོ་ལས། བྱང་ཆུབ་ནི་མཉམ་པ་ ཉིད་ཀྱི་ཡེ་ཤེས་སོ། །ཐམས་ཅད་མཁྱེན་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ལ་སོགས་པ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཞེས་བྱ་བའི་ཡེ་ཤེས་ལྔ་པོ་འདི་ཡང་འདིར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་དམིགས་པར་མཚུངས་པའི་ཕྱིར་ངོ་བོ་ཉིད་གཅིག་པ་ཡིན་ནོ། ། དེ་ཡང་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། བྱང་ཆུབ་དང་རྣམ་པ་ཐམས་ཅད་མཁྱེན་པ་འདི་གཉིས་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ་ཞེས་གསུངས་པ་ཡིན་ནོ། །ཆོས་ཀྱི་སྐུའི་ངོ་བོ་ཉིད་ནི་ནམ་མཁའ་འམ་གྲིབ་མ་ལྟར་གཅད་དུ་མེད་ཅིང་གཞིག་ཏུ་མེད་པ། ཟག་པ་མེད་པ་ཉོན་ མོངས་པའི་སྒྲིབ་པ་ལ་སོགས་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ལ་སོགས་པ་མ་ལུས་པ་འདོད་པ་ཙམ་ལ་རག་ལུས་པ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་ཉིད་ལ་དམིགས་པའི་ཡེ་ཤེས་དབྱེར་མེད་པའི་ཚུལ་གྱིས་ལྡན་པར་འགྱུར་བའོ། །དེ་ཡང་གསེར་ འོད་དམ་པའི་མདོ་ལས། ཉོན་མོངས་པའི་སྒྲིབ་པ་ལ་སོགས་པ་ཡོངས་སུ་བསལ་ནས་དགེ་བའི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཁོ་ན་དང་ལྡན་པར་འགྱུར་བ་གང་ཡིན་པ་དེ་ནི་ཆོས་ཀྱི་སྐུ་ཞེས་བྱའོ་ཞེས་གསུངས་པ་ཡིན་ནོ། །ཆོས་ ཀྱི་སྐུ་ལ་ནི་རྣམ་པར་རྟོག་པ་མི་མངའ་མོད་ཀྱི་སྔོན་གྱི་སྨོན་ལམ་ལ་མངའ་བརྙེས་པའི་ཕྱིར་དང་། སྔོན་རྡོ་རྗེ་འཆང་ཆེན་པོའི་སྐུ་གཟུགས་སུ་རྣམ་པར་བསྒོམས་པའི་དབང་གིས་སྐད་ཅིག་ཙམ་གྱིས་ཆུ་ཀླུང་དང་བ་ལས་ཉ་ལྡང་བའམ། གཉིད་ལོག་པ་ལས་མྱུར་དུ་སད་པ་ལྟར་རྡོ་རྗེ་འཆང་ཆེན་པོའི་ཡེ་ཤེས་ཀྱི་སྐུ་ 35-1-277b ཆུ་ཟླ་ལྟ་བུ་དབང་ཕྱུག་བརྒྱད་དང་ལྡན་པའི་མཚན་དང་དཔེ་བྱད་གསལ་བར་རྫོགས་པར་སྟོན་པར་མཛད་པས་ན་ཡུད་ཀྱིས་ཡེ་ཤེས་རྫོགས་པར་བྱེད་པ་ཞེས་གདགས་སོ། །ངོ་བོ་ཉིད་ལ་འགྱུར་བ་མེད་པའི་ཕྱིར་ན་ཏིང་ངེ་འཛིན་ཞེས་ཀྱང་བརྟགས་པ་ཡིན་ནོ། །རྡོ་རྗེ་འཆང་ཆེན་པོའི་སྐུ་ལྟ་བས་ཆོག་མི་ཤེས་པ་དེ་ ལས་ཀྱང་འགྲོ་བ་ཇི་ལྟར་འདུལ་བ་དེ་ལྟར་སྣང་བའི་སྐུ་སྟོན་པར་མཛད་དོ། །དེ་ཡང་གསང་བ་འདུས་པ་ལས། ཨེ་མའོ་རྡོ་རྗེ་ཨེ་རྡོ་རྗེ། །ཨེ་མའོ་རྡོ་རྗེ་བསྟན་པ་ནི། །གང་དུ་ལུས་ངག་སེམས་མེད་པ། །དེར་ནི་གཟུགས་སུ་རྣམ་པར་བསྒོམ། །ཞེས་གསུངས་པ་དང་། རྒྱ་ཆེར་རོལ་པའི་མདོ་ལས་ ཀྱང་། རྣམ་པར་དག་པའི་འོད་གསལ་ཆེ། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །རབ་ཏུ་དགའ་བའི་རྡོ་རྗེའི་སྐུ། །ཐོབ་ནས་སྐྱ་རེངས་འཆར་བའི་ཚེ། །ཆུ་ཟླ་དང་ནི་སྨིག་རྒྱུ་སོགས། །སྒྱུ་མའི་ཡོན་ཏན་རྣམས་ཀྱིས་བརྒྱན། །བྱང་ཆུབ་སྙིང་པོར་བཞུགས་ནས་ནི། །བདུད་ཀྱི་དཔུང་རྣམས་ཕམ་པར་མཛད། ། ཤཱཀྱའི་མགོན་པོ་ཡང་དག་པའི། །ཡེ་ཤེས་བླ་མེད་ལེགས་ཐོབ་ནས། །འགྲོ་བ་གསུམ་ལ་ཕན་པའི་ཕྱིར། །དེ་ཉིད་འདིར་ནི་སྟོན་པར་མཛད། །ཅེས་གསུངས་པ་དང་། གསེར་འོད་དམ་པའི་མདོ་ལས་ཀྱང་། རིགས་ཀྱི་བུ་འདི་ལྟ་སྟེ། ཉི་མ་དང་ཟླ་བ་ལ་ཡང་རྟོག་པ་མེད། ཆུ་དང་མེ་ལོང་ལ་ཡང་རྣམ་ པར་རྟོག་པ་མེད། འོད་སྣང་བ་ལ་ཡང་རྣམ་པར་རྟོག་པ་མེད་མོད་ཀྱི་འོན་ཀྱང་གསུམ་འདུས་པ་ལས་གཟུགས་བརྙན་འབྱུང་བར་འགྱུར་རོ། །དེ་བཞིན་དུ་ཆོས་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་ཉིད་ཀྱི་ཡེ་ཤེས་ལ་ཡང་རྣམ་པར་རྟོག་པ་མི་མངའ་མོད་ཀྱི་འོན་ཀྱང་སྔོན་སྨོན་ལམ་ལ་མངའ་བརྙེས་པའི་ཕྱིར་ སེམས་ཅན་སྐལ་བ་དང་ལྡན་པ་དག་ལ་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་སྟོན་པར་མཛད་དོ་ཞེས་བྱ་བ་དང་། འདི་ལྟ་སྟེ་དཔེར་ན་ནམ་མཁའ་སྟོང་པ་ལ་བརྟེན་ཏེ་གློག་སྣང་ངོ་། །གློག་ལ་བརྟེན་ཏེ་འོད་སྣང་ངོ་། །དེ་བཞིན་དུ་ཆོས་ཀྱི་སྐུ་ལ་བརྟེན་པའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་སྟོན་ པར་མཛད་དོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་བརྟེན་པའི་ཕྱིར་སྤྲུལ་པའི་སྐུ་སྟོན་པར་མཛད་དོ་ཞེས་གསུངས་པ་ཡིན་ནོ། །ལྷུན་གྱིས་གྲུབ་པའི་ལམ་བཤད་པ་སྟེ་ཡན་ལག་དྲུག་པའོ། །ལམ་ལོག་ཐེག་དམན་རྟོག་གེ་ཁེངས་སེམས་སྒྱུ་དང་ལྡན། །སྙིང་རྗེ་བློ་གསལ་དད་པ་ལྷ་དབང་བླ་མ་མཉེས་ 35-1-278a བྲལ་ལ། །མན་ངག་མི་སྦྱིན་ཚིག་ཙམ་ཡང་ནི་བརྗོད་པར་མི་བྱ་ན། །དེ་བས་ལྷག་པའི་སྣོད་ངན་རྣམས་ལ་མི་སྦྱིན་སྨོས་ཅི་དགོས། །སྣོད་དང་མི་ལྡན་པ་ལ་མན་ངག་སྟེར་བ་གང་ཡིན་པ། །དེ་ལ་མཁའ་འགྲོ་རྣམས་ཀྱང་རིག་སྔགས་ཆད་པས་གཅོད་པར་འགྱུར། །ཁྲག་སྐྱུག་མཛེ་དུག་འབྲས་བུ་ གདོན་གྱིས་བཏབ་ནས་ཚེ་ཡི་དུས། །བྱས་ནས་སེམས་ཅན་དམྱལ་བའི་གནས་སུ་ཡུན་རིངས་གནས། །སྣོད་དང་ལྡན་པ་དག་ལ་གཉིས་པ་གསུམ་པའི་དབང་བསྐུར་ཚེ། །རིན་ཆེན་ཡུལ་མཁར་ལ་སོགས་ཡོན་མཆོག་ཕུལ་བ་བླངས་ནས་ནི། །བླ་མ་མདངས་དང་ལྡན་པར་བྱས་ཏེ་སྙིང་རྗེ་བསྐྱེད་བྱས་ལ། །མན་ ངག་སྦྱིན་བྱ་བྱིན་པ་ཉིད་ཀྱིས་དེ་ཉིད་གྲོལ་བར་འགྱུར། །ཨུ་དུམྺཱ་རའི་མེ་ཏོག་ཇི་བཞིན་ལམ་འདི་ཤེས་པ་དཀོན། །རིམ་གཉིས་མན་ངག་གསལ་བར་བྱེད་པའི་ཕྱིར་ན་སྒྲོན་མའི་མཆོག །དེ་ནི་རིན་ཆེན་ལྟ་བུའི་འཕགས་པའི་ཆོས་ཐོབ་གཡུང་དྲུང་སྐུ། །སྐུ་དང་ཐུགས་ཀྱི་མན་ངག་བདུད་རྩི་ལྟ་བུ་བདག་བློ་ རིན་པོ་ཆེ། །ཟ་མ་ཏོག་ཏུ་བཅུག་པ་ཡན་ལག་བརྒྱད་དང་ལྡན་པའི་ལུང་། །སྔོན་དུ་བལྟས་ཤིང་བསྒོམས་ནས་མན་ངག་བདུད་རྩི་སྟོན་པ་འདི། །འགྲོ་ཀུན་ཉོན་མོངས་གཅོད་དང་བྲལ་ནས་རྡོ་རྗེ་འཆང་གི་ལམ། །དམ་པ་འདིར་ནི་ཞུགས་ནས་དེ་བཞིན་གཤེགས་པའི་ས་ཐོབ་ཤོག །རྡོ་རྗེ་འཆང་ཆེན་པོའི་ལམ་ གྱི་རིམ་པའི་མན་ངག་བདུད་རྩི་གསང་བ་ཞེས་བྱ་བ། སློབ་དཔོན་ཆེན་པོ་སྒྲ་དབྱངས་བཅུ་གཅིག་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷརྨཱ་ཤྲཱི་བྷ་དྲ་དང་། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་གུ་ཧྱ་ས་མཱ་ཛ་མ་ཧཱ་ཡོ་ག་ཏནྟྲ་བ་ལིཾ་བི་དྷི་ནཱ་མ། བོད་སྐད་དུ། རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་གསང་བ་འདུས་པའི་གཏོར་མའི་ཆོ་ག་ཞེས་པ། འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཆགས་དང་ཆགས་མེད་ལས་གྲོལ་བའི། །ཡོངས་སུ་དག་ པའི་སྐུ་མངའ་བ། །ཀུན་གྱི་འབྱུང་གནས་དེ་ལ་ནི། །ཆེ་བའི་ཡོན་ཏན་བསམ་ཡས་སོ། །བགེགས་རྣམས་མ་ལུས་བསྲུང་བ་དང་། །ཞི་བ་ལ་སོགས་ལས་རྣམས་དང་། །གྲུབ་ཆེན་བརྒྱད་དང་དངོས་གྲུབ་མཆོག །བསྒྲུབ་ཕྱིར་གཏོར་མའི་ཆོ་ག་བཤད། །དེ་ལ་དང་པོ་གཏོར་མའི་རྫས་བཤམ་པ་ནི། རྩ་བའི་ 35-1-278b རྒྱུད་ལས། སྔགས་རྣམས་ཐམས་ཅད་ཉིད་ལ་ཡང་། །རྨད་དུ་བྱུང་བའི་གཏོར་མ་དབུལ། །བཤང་གཅི་ཤ་དང་འབྲུ་མར་དང་། །སེམས་ལས་བྱུང་བའི་ཙནྡན་དང་། །ཁུ་བ་དག་གི་སྔགས་རྣམས་ཀུན། །ཚིམ་པར་འགྱུར་བ་ཀུན་དུ་བཤད། །ཅེས་གསུངས་པས།བཟའ་བ་དང་བཅའ་བ་དང་བསོད་པ་རྣམས་ དང་། བདུད་རྩི་ལྔ་ལས་གཏོར་མ་བཤམས་ལ། ཚད་མེད་པ་བཞིས་བྱང་ཆུབ་ཏུ་སེམས་བསྐྱེད་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་སྟོང་ཉིད་ལ་ལྷག་པར་མོས་པར་བྱས་ལ། དེའི་རྗེས་ལ་ཧཱུཾ་ཞེས་པ་དང་བྲུཾ་ཞེས་པས་རྡོ་རྗེའི་གུར་དང་གཞལ་ཡས་ཁང་གདན་དང་བཅས་པར་ བསྒོམས་བདག་ཉིད་ཀྱང་དོན་ཡོད་གྲུབ་པའི་ཏིང་ངེ་འཛིན་དུ་སྐད་ཅིག་གིས་བསྐྱེད་ལ་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་ཏེ། ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་འཕྲོས་པས། ཁམས་གསུམ་གྱི་སེམས་ཅན་སྐྱེ་བ་རྣམ་པ་བཞིས་བསྡུས་པ་རྣམས་སྦྱངས་ཤིང་བསྡུས་ནས། གཞལ་ཡས་ཁང་ གི་ནང་དུ་ཕྱིན་པ་ཙམ་གྱིས་ལྷ་སུམ་ཅུ་རྩ་གཉིས་སུ་གྱུར་ནས། སོ་སོའི་གདན་ལ་བཞུགས་པར་བསམས་ལ། གནོད་མཛེས་ལ་བཀའ་བསྒོ་བས་ཡེ་ཤེས་ཀྱི་ལྷ་སུམ་ཅུ་རྩ་གཉིས་པོ་སྤྱན་དྲངས་ཏེ། གཞལ་ཡས་ཁང་གི་དམ་ཚིག་གི་ལྷ་ལ་བསྟིམས་ལ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ཁ་ཟས་ སྦྱོར་བའི་ཏིང་ངེ་འཛིན་གྱིས་གཏོར་མ་བྱིན་གྱིས་བརླབ་པར་བྱ་སྟེ། ཧཱུཾ་གིས་སྦྱང་བ་བྱས་ནས་ནི། །འབུད་པ་དང་ནི་སྦར་བ་དང་། །བདེ་བ་སྐྱེད་པར་བྱེད་པ་དང་། །མི་འཆི་བཅུ་ཕྱེད་ལྕགས་ཀྱུ་མདའ། །རི་བོང་ཅན་ལ་རྡོ་རྗེ་སེམས། །འོད་འཕྲོ་དམ་ཚིག་བདུད་རྩིས་སྦྱངས། །རྟོགས་བྱ་སྦྱང་བར་བྱས་ནས་ནི། །ཡི་གེ་ གསུམ་བརྗོད་བྱིན་གྱིས་བརླབ། །ཨོཾ་ཨཱཿབཛྲ་དྷྲྀ་ཀ་པཉྩ་ཨ་མྲྀ་ཏ་ཧཱུཾ། ཞེས་པ་ནས། ཨོཾ་སུམྦྷ་རཱ་ཛ་ཧཱུཾ། ཞེས་པའི་བར་གྱིས་བདུད་རྩི་ལྔས་མཆོད་ལ། དེ་ནས་ལྷ་རྣམས་ཀྱི་ལྗགས་རྡོ་རྗེ་རྩེ་ལྔ་པར་བསམས་ཏེ། ར་དབུས་མ་ལ་ཡོད་པའི་ཨོཾ་གྱི་འོད་ཟེར་གྱིས་བདུད་རྩི་དྲངས་ནས་ཨོཾ་ལ་ལྷ་སུམ་ཅུ་སོ་ གཉིས་ཐུགས་ཀར་བབས་པས་དགྱེས་ཤིང་མཉེས་ནས་ཕོག་པར་བསམས་ནས། དེ་ཉིད་ལྔ་པས་བསྟོད་པར་བྱའོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་ཞི་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་བྱུང་། །ངོ་བོ་མེད་ཅིང་གནས་མེད་པར། །དེ་ལྟར་ཆོས་འདི་ 35-1-279a ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་ཀྱིས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེས། །ཞེས་བརྗོད་ལ་ལས་གཞོལ། གཤེགས་སུ་གསོལ། འཁོར་གསུམ་ཡོངས་སུ་དག་པའི་བསྡོ་བ་བྱའོ། །དཔལ་ལྡན་འདུས་པ་ཞེས་བྱ་བའི་གཏོར་མའི་ཆོ་ག་བྱས་པ་ལས། ཉེས་ གྱུར་རྒྱལ་བས་བཟོད་པར་མཛོད། །དགེ་བས་འགྲོ་ཀུན་སངས་རྒྱས་ཤོག །དཔལ་གསང་བ་འདུས་པའི་གཏོར་མའི་ཆོ་ག །ཟ་ཧོར་གྱི་མཁན་པོ་ཆེན་པོ་ཤཱནྟ་དེ་བ་ཞེས་བྱ་བ་མངོན་པར་ཤེས་པ་ལྔ་དང་ལྡན་པས་མཛད་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་འགོས་ཀྱིས་ བསྒྱུར།།༄༅༅། །རྒྱ་གར་སྐད་དུ། ཧོ་མ་བི་དྷིཿ། བོད་སྐད་དུ། སྦྱིན་སྲེག་གི་ཆོ་ག །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མགོན་པོ་སངས་རྒྱས་ཀུན་གྱི་དངོས། །ཞེ་སྡང་རྡོ་རྗེ་རྒྱལ་གཙོ་ལ། །ཕྱག་འཚལ་ནས་ནི་གསང་འདུས་པའི། ། སྦྱིན་སྲེག་ཆོ་ག་གསལ་བར་བྱ། །སྡིག་པ་ཐམས་ཅད་བསྲེག་ཕྱིར་དང་། །སྔགས་རྣམས་གཟི་བྱིན་བསྐྱེད་པ་དང་། །ལྷ་རྣམས་ཚིམ་པར་བྱ་བ་ལ། །རྫོགས་སངས་རྒྱས་ཀྱིས་སྦྱིན་སྲེག་བསྔགས། །གང་ཕྱིར་ལྷ་རྣམས་ཚིམ་འགྱུར་བས། །བཟླས་བརྗོད་པས་ཀྱང་སྦྱིན་སྲེག་ཤིས། །བཟླས་ པའི་ལས་ནི་ཐམས་ཅད་ལ། །སྦྱིན་སྲེག་བྱས་པ་མཆོག་ཏུ་འགྱུར། །བཟླས་དང་བསྒོམ་པ་བྱས་ནས་ནི། །དེ་འོག་སྦྱིན་སྲེག་གནས་སོང་སྟེ། །ཤེས་རབ་ཐབས་སུ་ལྡན་པ་ཡི། །ལྷ་ཡི་རྣལ་འབྱོར་བྱ་བ་ཡིན། །སྙིང་གར་ཡེ་ཤེས་སེམས་དཔའ་བསྒོམ། །ཅོད་པན་ལ་ནི་རང་བདག་དགོད། ། དེ་ནས་བདག་ཉིད་བསྲུང་བྱས་ཏེ། །ས་ཡི་ཆ་ནི་རྣམ་པར་སྦྱང་། །གནས་བསྲུང་བ་ནི་བྱས་ནས་ཀྱང་། །དེ་འོག་སྦྱིན་སྲེག་བརྩམ་པར་བྱ། །ཨོཾ་ལས་སྐྱེས་པའི་སེམས་དཔའ་ནི། །རབ་ཏུ་འབར་བའི་ཕྲེང་བ་ཅན། །ཕྲག་པ་དག་ནས་རྐང་པའི་བར། །བསྲུང་བའི་ཕྱིར་ནི་འདི་བསམ་མོ། །ཧཱུཾ་ ལས་བྱུང་བའི་ཆོ་ག་ནི། །ཁྲོ་བོ་བཅུ་ཡི་བདག་ཉིད་ཅན། །རབ་འབར་འཇིགས་པའི་འོད་ལྡན་པ། །བསྲུང་བའི་ཕྱིར་ནི་སྔགས་པས་བསམ། །བསྲུང་བ་འདི་ཉིད་བྱས་ནས་ནི། །རྡོ་རྗེ་སེམས་དཔའ་མཆོག་བཞིན་དུ། །ལས་རྣམས་གང་དག་བྱས་པ་དག །དེ་ནི་བགེགས་ཀྱིས་ཟིལ་མི་ནོན། ། 35-1-279b བསྲུང་བའི་ཆོ་གའོ། །དེར་ནི་དུས་མཐའི་མེ་འདྲ་ཡིས། །ཡི་གེ་མཆོག་གྱུར་ཧཱུཾ་བསམས་ཏེ། །དེ་ཡིས་ས་ཡི་ཆ་བསྲེགས་པ། །ཉེས་བྲལ་བགེགས་ནི་རྣམ་པར་སྤངས། །ས་སྦྱང་བའོ། །བདུད་རྩི་རྒྱལ་པོར་རང་བཞིན་གྱི། །ཕུར་བུ་བགེགས་རྣམས་འཇོམས་པ་ཡི། །ཕྱོགས་སྐྱོང་ ཕུར་བུས་བཏབ་ནས་ནི། །མཁས་པས་གནོད་མཛེས་བཀའ་ལུང་བསྒོ། །ཞེ་སྡང་རྡོ་རྗེའི་ཏིང་འཛིན་གནས། །སྦྱིན་སྲེག་ཁང་པ་བསྲུང་བར་བྱ། །གནས་བསྲུང་བའོ། །དཀྱིལ་འཁོར་དག་ཏུ་མ་ཞུགས་དང་། །གང་ཡང་དམ་ཚིག་མི་ཤེས་ལ། །རྡོ་རྗེ་སློབ་དཔོན་སྐྱོབ་པ་ཡིས། ། སྦྱིན་སྲེག་ཆོ་ག་བཤད་མི་བྱ། །དབང་བསྐུར་གནང་བ་ཐོབ་པ་དང་། །བཟླས་དང་བསྒོམས་ལ་དགའ་བ་དང་། །སྦྱིན་སྲེག་ལས་ཀྱི་ཆོ་ག་ཤེས། །དེ་ནི་ཀུན་དུ་སྦྱིན་སྲེག་བྱ། །དེ་ཡིས་ལས་རྣམས་ཐམས་ཅད་ནི། །འགྲུབ་པར་འགྱུར་བར་ཐེ་ཚོམ་མེད། །གཞན་དུ་ཆོ་ག་ཉམས་ པ་ཡིས། །སྦྱིན་སྲེག་འབྲས་བུ་ཐོབ་མི་འགྱུར། །ཞི་དང་རྒྱས་དང་དབང་དང་ནི། །གསད་དང་བསྐྲད་པའི་ལས་རྣམས་ལ། །ཤེས་རབ་ཐབས་ཀྱི་ཆོ་ག་ཡིས། །དངོས་གྲུབ་མྱུར་བར་ཐོབ་པར་འགྱུར། །སྔགས་ལས་དོན་ཀུན་གྲུབ་པ་ལ། །ནམ་མཁའི་ཁམས་ཀྱི་དབུས་གནས་པར། །ཧཱུཾ་ ལས་བྱུང་བའི་མཆོད་རྟེན་གནས། །དེ་ཡི་དབུས་སུ་ཐབ་ཁུང་དགོད། །ཐབ་ཁུང་ཁྲུ་གང་ཚད་ཙམ་ལ། །ཟབས་སུ་ཁྲུ་ནི་ཕྱེད་པ་སྟེ། །སོར་བཞི་དོར་བའི་ཕྱི་རོལ་དུ། །མཁས་པས་ཁ་ཁྱེར་བྱ་བ་ནི། །དཔངས་སུ་སོར་ནི་བཞི་པ་ལ། །རྒྱར་ཡང་སོར་བཞིར་མཛེས་བྱ་བ། །ཤིན་ཏུ་ མཉམ་ཞིང་ཚད་ཉིད་ལྡན། །ཀུན་ནས་ཡོངས་སུ་ཟླུམ་པོར་བྱ། །ཞི་བ་ཟླུམ་པོར་ཤེས་པར་བྱ། །རྒྱས་པ་ལ་ནི་གྲུ་བཞི་པའོ། །དབང་ནི་གཞུ་ཡི་དབྱིབས་ཅན་ཏེ། །མངོན་སྤྱོད་ཟུར་གསུམ་དག་ཏུ་བྱ། །ཞི་བའི་ལས་ནི་དཀར་པོས་བྱུག །ཁ་དོག་སེར་པོ་རྒྱས་པ་ལ། །དབང་ལ་དམར་པོར་ བཤད་པ་སྟེ། །གསོད་ལ་ས་གཞི་ནག་པོ་ཡིན། །མདོག་ལྡན་ཐབ་ཀུན་བྱས་པ་ལ། །བདུད་རྩི་རྣམ་པ་ལྔས་བསྲེའོ། །དྲི་དང་མེ་ཏོག་རྣམ་པ་བཞིས། །ཅི་འདོད་པར་ནི་ལས་རྣམས་བྱ། །མན་ངག་ཇི་ལྟའི་རིམ་གྱིས་ནི། །གསལ་བའི་སྒོ་ནས་བཤད་པར་བྱ། །འཁོར་ལོ་རིན་ཆེན་ 35-1-280a ལྕགས་ཀྱུ་དང་། །དེ་བཞིན་ཁྲོ་བོ་རྡོ་རྗེ་སྟེ། །རེ་རེའང་སོར་བརྒྱད་ཚད་ཙམ་ལ། །དཔངས་སུ་སོར་ནི་བཞི་པར་བྱ། །དཀར་དང་སེར་དང་དམར་བ་དང་། །ནག་པོ་དག་ནི་དཀྱིལ་བཞག་སྟེ། །སྦྱིན་སྲེག་ལས་ཀྱི་རྗེས་མཐུན་པར། །བདག་ཉིད་ཆེན་པོས་བསམ་པར་བྱ། ། ཞི་ལ་འཁོར་ལོའི་ཕྲེང་བ་སྟེ། །རིན་ཆེན་ཕྲེང་བ་རྒྱས་པ་ལ། །ལྕགས་ཀྱུའི་ཕྲེང་བ་དབང་ལ་སྟེ། །ཁྲོ་བོའི་རྡོ་རྗེ་མངོན་སྤྱོད་ལ། །དཔངས་སུ་སོར་ནི་གཅིག་ཡོད་པ། །སྦྱིན་སྲེག་ཆོ་ག་ཤེས་པས་དགོད། །གཞན་དུ་ཆོ་ག་ཉམས་པ་ཡིས། །ལས་རྣམས་འགྲུབ་པར་མི་འགྱུར་རོ། །ལས་ ཀུན་བྱེད་པའི་ཐབ་ཁུང་ནི། །པདྨ་འདྲ་བར་ཤེས་བྱ་སྟེ། །ཡང་ན་ལས་ཀུན་བྱེད་པ་ནི། །ཟུར་བཞི་པར་ནི་བྱ་བར་བཤད། །དེ་ཡི་ཁ་ཁྱེར་ཕྱོགས་སུ་ནི། །རབ་མཛེས་རྡོ་རྗེ་བརྒྱད་བཀོད་ཅིང་། །དེ་ཡི་དབུས་སུ་པདྨ་ནི། །ཟླ་བའི་དཀྱིལ་འཁོར་གྱིས་བརྒྱན་བཀོད། །དེ་ཡི་དབུས་སུ་རྡོ་རྗེ་ནི། ། མཚན་ཉིད་ཐམས་ཅད་ལྡན་པར་གཞག །ཐབ་ཁུང་ཀུན་གྱི་ཕྱི་རོལ་ནི། །ཟུར་བཞི་དཔངས་ནི་སོར་བཞི་པ། །ཕྱག་རྒྱ་བཞི་པོ་དང་ལྡན་ལ། །ཟླ་ཕྱེད་རིན་ཆེན་རྡོ་རྗེས་བརྒྱན། །མེ་ཐབ་ཀྱི་ནི་མཚན་ཉིད་དོ། །གསང་སྔགས་དག་གི་ཚུལ་ལ་ནི། །རྒྱལ་བས་དགང་གཟར་བཞི་གསུངས་ ཏེ། །རྡོ་རྗེ་རྩེ་གསུམ་ལྟ་བུ་དང་། །དེ་བཞིན་ཁྭ་ཡི་སྒྲོ་གཤོག་འདྲ། །ཨ་ཤྭདྠ་ཡི་ལོ་འདྲ་དང་། །གཞན་ཡང་པདྨའི་འདབ་འདྲའོ། །དེ་དག་ནང་ན་རྩེ་གསུམ་པའི། །མཚན་ཉིད་རབ་ཏུ་བཤད་བྱ་སྟེ། །མཆུ་རུ་སོར་ནི་བཞི་པ་ལ། །རྒྱར་ཡང་དེ་དང་མཉམ་པ་སྟེ། །སོར་གཉིས་ཚད་དུ་ བརྐོ་བར་བྱ། །དབུས་སུ་སྣ་ཚོགས་རྡོ་རྗེས་མཚན། །རྡོ་རྗེ་རྩེ་གསུམ་སོར་བརྒྱད་པ། །དཀྱིལ་དུ་སོར་ཚད་བུ་ག་ཅན། །སྣ་ཚོགས་རྡོ་རྗེའི་འོག་ལོགས་ནས། །ཆུ་རུ་སོར་ནི་བཅུ་གཉིས་པའོ། །ཡུ་བ་གླང་མཇུག་ཆང་པའི་ཚད། །ཆང་པ་ལྔ་ཡི་ཚུལ་དུ་བྱ། །དེ་ཡི་ངོས་སུ་བྱ་བ་ནི། །ནས་ གང་ཙམ་གྱི་ཚད་བྱ་བ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །དགང་གཟར་མཚན་ཉིད་ཡིན་པར་གསུངས། །དགང་གཟར་ལྷག་མའི་མཚན་ཉིད་ཀྱང་། །མཁས་པས་དེ་བཞིན་ཤེས་པར་བྱ། །བླུགས་གཟར་རྣམ་པ་བཞི་དག་ཏུ། །སངས་རྒྱས་ཀྱིས་ནི་རྒྱུད་ལས་གསུངས། །དཔལ་བེའུ་ 35-1-280b རྣམ་པ་འདྲ་བ་དང་། །གླང་པོ་ཆེ་ཡི་མཆུ་དང་འདྲ། །དེ་བཞིན་པདྨ་འདབ་མའི་དབྱིབས། །རིན་ཆེན་འདྲ་བ་དག་ཏུ་གསུངས། །དེ་ལས་པདྨའི་འདབ་འདྲ་བ། །མཚན་ཉིད་རབ་ཏུ་བཤད་བྱ་སྟེ། །བླུགས་གཟར་པདྨའི་འདབ་འདྲ་ལ། །ཁ་ཡི་རྒྱར་ནི་སོར་གཉིས་པ། །འོག་ཏུ་སོར་ནི་གཅིག་ བརྐོས་ལ། །སྣ་ཚོགས་རྡོ་རྗེས་བརྒྱན་པའོ། །ཡུ་བའི་ཚད་ཀྱི་མཚན་ཉིད་ནི། །མཐེའུ་ཆུང་ཕྱིན་པའི་ཁྲུ་གང་སྟེ། །མཆོད་སྦྱིན་གྱི་ནི་ཤིང་རྣམས་ལ། །བླུགས་གཟར་དགང་གཟར་འབད་དེ་བྱ། །བླུགས་གཟར་གཞན་དག་གང་ཡིན་པ། །མཚན་ཉིད་དེ་བཞིན་བཤད་པར་བྱ། །དགང་གཟར་དང་ བླུགས་གཟར་གྱི་མཚན་ཉིད་དོ། །ཇི་ལྟར་སྦྱིན་སྲེག་བྱས་པ་ཡིས། །ལས་རྣམས་བླ་མེད་འགྲུབ་འགྱུར་བ། །དེ་ལྟར་སྔགས་དང་ཕྱག་རྒྱ་ཡིས། །ལས་རྣམས་བྱེད་པར་མི་འགྱུར་རོ། །ཞི་བ་དང་ནི་རྒྱས་པ་ལ། །བླག་ཤ་ནྱ་གྲོ་པ་ལ་ཤ །ཨ་ཤྭདྠ་དང་ཤ་མི་དྲི་བཟང་རྣམས། །འོ་མ་སྦྲང་ རྩིར་ལྡན་པས་བུད་ཤིང་བྱ། །དྲག་པོའི་ལས་ནི་ཐམས་ཅད་ལ། །ཚེར་མ་ཅན་དང་ཁ་བ་དང་། །དྲི་ངན་ཤིང་ལས་བུད་ཤིང་བྱ། །དུར་ཁྲོད་ལས་བྱུང་གང་ཅི་འང་རུང་། །དགུག་པ་ལ་ནི་ཚེར་མར་བཅས། །དབང་ལ་མེ་ཏོག་ལྡན་པ་སྟེ། །རྗེས་སུ་ཆགས་པར་བྱ་བ་ལ། །དམར་པོ་དག་ནི་བྱ་བར་ བཤད། །བུད་ཤིང་དག་གི་མཚན་ཉིད་དོ། །མཆོད་སྦྱིན་གྱི་ནི་ཤིང་རྣམས་ལ། །ལོན་ཞིང་འདབ་བཅས་རྩེ་ལས་བྱུང་། །མཛུབ་གང་ཙམ་གྱི་ཚད་ཙམ་ལ། །སྦྲང་རྩི་འོ་མ་མར་ལ་བཏགས། །ཙནྡན་དཀར་པོའི་ཆུ་ལ་སྤངས། །རྩེ་གཅིག་ཞི་བའི་ལས་ལ་དབུལ། །ཞོ་དང་འབྲས་ཆན་འབྲུ་ཀུན་དང་། ། མཆོད་སྦྱིན་གྱི་ནི་ཡམ་ཤིང་དང་། །རྫས་ནི་རྣམ་པ་སྣ་ཚོགས་དབུལ། །རྒྱས་པ་ལ་ཡང་དེ་ལ་སོགས། །ཡམ་ཤིང་སྦམས་ནི་ཆག་པ་གང་། །སྲིད་དུ་ཁྲུ་གང་ཚད་ཙམ་དུ། །ཡལ་ག་དབུས་ཀྱི་ཆ་ལས་བྱུང་། །ཞོ་དང་འོ་མ་མར་ལ་བཏགས། །སེར་པོའི་དྲི་ལ་སྤངས་ནས་ནི། །རྒྱས་པའི་ཆོ་ག་ དག་ལ་དབུལ། །སོར་ལྔ་པ་ཡི་ཚད་ཙམ་ལ། །འདབ་བཅས་དབང་གི་ལས་ལའོ། །སྡང་ལ་ཡུངས་མར་ལ་བཏགས་པ། །སོར་དྲུག་འདབ་མ་མེད་པའོ། །ཡམ་ཤིང་འདབ་མ་དང་བསྲེས་པ། །རྩ་བ་ལས་བྱས་སོར་བཞིའི་ཚད། །ཚེར་མ་ཅན་གྱི་ཤིང་ལས་བྱུང་། །གསོད་པའི་ཕྱིར་ནི་རབ་ཏུ་ 35-1-281a བསྔགས། །མི་རུས་དུར་ཁྲོད་ཐལ་བ་དང་། །ལན་ཚྭ་ཁ་ཚ་ཚ་བ་དག །འདི་ཡིས་ཡམ་ཤིང་བསྒོས་པ་ནི། །ཐམས་ཅད་དུ་ནི་མངོན་སྤྱོད་ལའོ། །པ་ལ་ཤ་དང་ཨུ་དུམ་དང་། །བླག་ཤ་དང་ནི་ནྱ་གྲོ་དང་། །ཨརྒ་དང་ནི་སེང་ལྡེང་དང་། །ཨ་མྲ་བྲེད་དང་ཀང་ཀ་དང་། །ཀར་མ་རི་དང་ཤ་མི་དང་། ། ཨ་བ་མརྒ་ལས་བྱུང་བ། །ཨ་ཤྭདྠ་དང་བཅས་པ་ནི། །ཡམ་ཤིང་བཅུ་གཉིས་དག་ཏུ་བཤད། །སར་པ་ལས་ནི་མཛུབ་གང་ཙམ། །ལས་རྣམས་ཀུན་ལ་དབུལ་བར་བྱ། །ཐོར་ཏོ་གཉིས་ལས་རབ་བསྐུས་ནས། །རྩེ་གཅིག་ལས་རྣམས་ཀུན་ལ་དབུལ། །བཟང་ཞིང་དྲང་ལ་སར་པ་སྟེ། །དྲི་ཞིམ་ཆུ་ཡིས་ བྲན་པའོ། །རྣམ་པར་རྙིངས་དང་ལོ་མ་མེད། །ཐུང་དང་ཡོ་དང་གས་དང་ཕྲ། །སྦོམ་དང་རིང་དང་ཡམ་ཤིང་ནི། །སྔགས་ཀྱི་དངོས་གྲུབ་རབ་འཇིག་པ། །རྙིངས་པས་ཚེ་ནི་ཟད་པར་བྱེད། །འདབ་མ་མེད་པས་ནད་སྐྱེད་ལ། །རིག་པའི་དབུས་དང་ཐོག་མཐའ་རུ། །ཐུང་པས་མངོན་དུ་ཟློག་པར་བྱེད། །ཡོན་ པོ་ཡིས་ནི་སྐལ་ངན་བྱེད། །རྩེ་མོ་གས་པས་གནས་ནས་ཉམས། །ཕྲ་བས་ཐམས་ཅད་རྣམ་འཇིག་ལ། །རིང་པོས་དཔལ་ནི་ཉམས་པར་བྱེད། །སྔགས་པས་ལས་རྣམས་ཐམས་ཅད་ལ། །སྦོམ་པོས་བགེགས་ནི་སྐྱེད་པར་བྱེད། །དེ་ལྟར་སྔགས་པས་ཡམ་ཤིང་གི། །མཚན་ཉིད་བཟང་པོར་ཤེས་པར་ བྱེད། །ཞི་བའི་སྲེག་རྫས་གང་ཡིན་དང་། །རྒྱས་པའི་སྲེག་རྫས་གང་ཡིན་དང་། །གང་ཡང་རྒྱས་པའི་ཁ་ཟས་རྣམས། །ལས་རྣམས་ཀུན་ལ་དབུལ་བ་དང་། །ཡལ་གའི་རྩེ་མོ་ལས་སྐྱེས་པའི། །ཡམ་ཤིང་ཞི་བའི་ལས་ལ་འདོད། །ཡལ་གའི་དབུས་ལས་བྱུང་བ་ནི། །འབྱོར་པའི་དོན་དུ་སྦྱར་བར་ བྱ། །ཡལ་གའི་རྩ་བའི་ཆ་ལས་བྱུང་། །མངོན་སྤྱོད་ལ་ནི་དངོས་གྲུབ་སྟེར། །འབྱོར་པའི་དོན་དུ་སོར་བརྒྱད་དོ། །གཅོད་ལ་སོར་བཞི་དག་ཏུ་འདོད། །ཡམ་ཤིང་གི་མཚན་ཉིད་ངེས་པའོ། །ཞི་དང་རྒྱས་དང་དབང་ལ་ནི། །མཉམ་པོར་གཅད་པར་གསུངས་པ་ཡི། །ཀུ་ཤ་དྲུངས་ཕྱུང་སྔོ་བ་དང་། །རློན་ ཞིང་བཅུད་བཅས་ཁུ་བ་ཡིས། །ཁྱབ་པར་སྔགས་པས་མེ་ཐབ་གཡོགས། །མེ་ཏོག་ཀྱང་ནི་དེ་བཞིན་ནོ། །དེ་ཡི་རིམ་པ་འདི་ཡིན་ཏེ། །ཤར་དུ་རྩེ་བསྟན་དང་པོ་དགྲམ། །གཉིས་པར་ལྷོ་རུ་ཁ་བལྟས་པ། །གསུམ་པར་རྩེ་མོ་ནུབ་ཏུ་སྟེ། །བཞི་པར་རྩེ་མོ་བྱང་དུའོ། །ཨོཾ་ཨ་ཨ་མྲྀ་ཏ་ཀུཎྜ་ལི་སརྦ་བིགྷྣཱཾན་ 35-1-281b ཤ་ཡ་ཧཱུཾ་ཕཊ། ཅེས་བྱ་བའི་སྔགས་འདིས་ཀུ་ཤ་བླངས་པ་དང་། ཀུ་ཤ་དགྲམ་པ་དང་། བསང་གཏོར་གྱི་མཚན་ཉིད་ལ་ལན་བདུན་བཏབ་ན་བགེགས་མེད་པར་འགྱུར་ཏེ། ལས་གང་ཅི་ཡང་རུང་བ་ནི་ལས་ཐམས་ཅད་པའི་སྔགས་ཏེ། བདུད་རྩི་ཐབ་སྦྱོར་གྱི་སྔགས་ཀྱིས་བྱའོ། །དེ་ནས་མཆོད་ཡོན་གྱི་ སྣོད་ཇི་སྐད་བཤད་པ་བཞིན་དུ་བླང་བར་བྱ་སྟེ། ཞི་བ་ལ་ནི་དངུལ་ལས་བྱས་པའོ། །རྒྱས་པ་ལ་ནི་གསེར་ལས་བྱས་པའོ། །དབང་ལ་ནི་ཟངས་ལས་བྱས་པའོ། །མངོན་སྤྱོད་ལ་ནི་ལྕགས་ལས་བྱས་པའོ། །དེ་མ་རྙེད་ན་ས་ལས་བྱས་པས་ཀྱང་བྱའོ། །དེ་ནས་སྔགས་པས་བུད་ཤིང་དང་ཡམ་ཤིང་ལ་སོགས་ པ་སྦྱིན་སྲེག་གི་ཆོ་ག་ལས་བཤད་པའི་རྫས་ཐམས་ཅད་ནི་གཡས་སུ་དགོད་པར་བྱའོ། །ཆུའི་སྣོད་ནི་གཡོན་དུའོ། །དགང་གཟར་དང་བླུགས་གཟར་དང་། མར་བ་ཞུས་པ་ནི་མདུན་དུ་བཞག་ལ། ཤིང་འོ་མ་ཅན་ལས་གཙུབས་པ་ལས་བྱུང་བའི་མེ་བླང་བའམ། ལས་ཀྱི་དབྱེ་བས་བླངས་ལ་བྱའོ། ། ཞི་བ་ལ་ཐབ་ཁུང་ཙནྡན་དཀར་པོས་བྱུགས་ལ་བྱའོ། །རྒྱས་པ་ལ་ནི་ཙནྡན་གུར་གུམ་གྱིས་སོ། །དབང་ལ་ནི་ཙནྡན་དམར་པོས་སོ། །མངོན་སྤྱོད་ལ་དུར་ཁྲོད་ཀྱི་ཐལ་བས་བྱུགས་ལ། ལས་ཀྱི་རྗེས་སུ་མཐུན་པའི་མཚན་ཉིད་ཀྱིས་ཉེ་བར་མཛེས་པར་བྱས་ནས། ཐབ་ཁུང་གི་ཁུང་བུའི་ཚདཙམ་གྱི་ ཤིང་བཅུག་ལ། རླུང་ཡབ་ལས་བྱུང་བའི་རླུང་གིས་རྣམ་པར་འཕྲོ་བ་མེད་ཅིང་དུ་བ་མེད་པར་རྒྱ་ཆེར་འབར་བའི་རྩེ་མོའི་ཕྲེང་བས་འཁྱུད་པའི་མཐར་ཐུག་གི་བར་དུ་གཡབས་ལ་མེ་སྦར་བར་བྱའོ། །དེ་ནས་སྔགས་པས་ཡི་གེ་ཧཱུཾ་ལས་དུས་མཐའི་མེ་དང་འདྲ་བའི་འབྱུང་བའི་མེ་འཆད་བཞིན་པར་རྣམ་ པར་བསམ་མོ། །དེ་ནས་ཡེ་ཤེས་ཀྱི་མེ་བསམ་སྟེ། དེའི་རིམ་པ་ནི་འདིའོ། །ཡི་གེ་ར་ལས་མེ་འབྱུང་ཞིང་། །ས་བོན་གསུམ་གྱིས་བྱིན་གྱིས་བརླབ། །ཞལ་གསུམ་པ་ལ་ཁ་དོག་དཀར། །མི་བསྐྱོད་པ་ནི་ཅོད་པན་འཛིན། །དཀར་ཞིང་ཉེས་བྲལ་ཞི་བ་ལ། །ཕྱག་དྲུག་གིས་ནི་རྣམ་པར་མཛེས། ། མཆོག་སྦྱིན་ཕྲེང་བ་འཁོར་ལོ་གཡས། །དབྱིག་པ་དྲིལ་བུ་གུནྡྷེ་གཡོན། །མཆོད་ཕྱིར་ཐོགས་ནི་དཀར་ཐོགས་པའི། །པ་པ་ཀ་ཡི་མེ་བསམ་མོ། །ཨོཾ་ཨཱཿཧཱུཾ་པཱ་པ་ཀ་ཨགྣ་ཡེ་མ་མ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཁ་དོག་སེར་པོ་ར་ལས་བྱུང་། །ས་བོན་གསུམ་གྱིས་བྱིན་བརླབས་པ། །རལ་པ་ཐོར་ཚུགས་ཕྲེང་བ་དང་། ། 35-1-282a ཞལ་གསུམ་པ་ལ་སེར་པོ་སྟེ། །ལུས་ལས་འོད་ཟེར་སེར་པོ་འབར། །གོས་སེར་དག་ནི་གྱོན་པ་སྟེ། །མཆོད་ཕྱིར་ཐོགས་ནི་སེར་པོ་ཐོགས། །ཕྱག་དྲུག་དག་གིས་བརྒྱན་པ་ལ། །རིན་ཆེན་ཕྲེང་བ་མཆོད་སྦྱིན་གཡས། །གུནྡྷེ་དབྱིག་པ་དྲིལ་བུ་གཡོན། །དབང་ཆེན་དཀྱིལ་འཁོར་ལ་གནས་པའི། །དབང་ཆེན་གྱི་ནི་མེ་ བསམ་མོ། །ཨོཾ་ཨཱཿཧཱུཾ་མ་ཧེནྡྲ་ཨགྣ་ཡེ་མ་མ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ར་ལས་བྱུང་ཞིང་ཁ་དོག་དམར། །དཀྱིལ་འཁོར་དམར་པོའི་དབུས་ན་གནས། །ས་བོན་གསུམ་དང་ཉེར་ལྡན་པའི། །འདོད་པའི་མེ་ནི་མཁས་པས་བསམ། །གོས་དམར་དག་ནི་གྱོན་པ་དང་། །མཆོད་ཕྱིར་ཐོགས་ནི་དམར་པོ་ཐོགས། །ཐོར་ཚུགས་ ཅོད་པན་མི་བསྐྱོད་འཆང་། །མདོག་དམར་ཞལ་ནི་གསུམ་དང་ལྡན། །ཞགས་པ་ལྕགས་ཀྱུ་རྡོ་རྗེ་གཡས། །གུནྡྷེ་དབྱིག་པ་དྲིལ་བུ་གཡོན། །རྒྱ་སྐྱེགས་ཤིང་གི་མེ་ཏོག་འདྲ། །དབང་གི་ལས་ལ་རྣམ་པར་བསམ། །ཨོཾ་ཨཱཿཧཱུཾ་ཀ་མ་ཨགྣ་ཡེ་མ་མ་ཨ་མུ་ཀཾ་པ་ཤཾ་ཀུ་རུ་ཧྲཱི་སྭཱ་ཧཱ། རླུང་གི་དཀྱིལ་འཁོར་ དབུས་གནས་ཤིང་། །ཡི་གེ་ཧཱུཾ་ནི་རྣོན་པོར་འབར། །ས་བོན་གསུམ་དང་ཉེར་ལྡན་པའོ། །ཁྲོ་བོའི་མེ་ནི་ལེགས་པར་བསམ། །མིག་གསུམ་སྐྲ་ནི་གྱེན་དུ་བརྗེས། །མིག་གཡོ་ཕྱག་ནི་དྲུག་དང་ལྡན། །རྡོ་རྗེ་རལ་གྲི་ཕྲེང་བ་གཡས། །དྲིལ་བུ་དབྱུག་པ་གུནྡྷེ་གཡོན། །མདོག་ནག་ཞལ་ནི་གསུམ་དང་ ལྡན། །ཧ་ཧ་ཞེས་བཞད་མཆེ་བ་བཞི། །མི་བསྐྱོད་པས་ནི་ཅོད་པན་བྱས། །གོས་ནི་ནག་པོ་གྱོན་པ་དང་། །འོད་ཟེར་ནག་པོ་རབ་འཕྲོ་ཞིང་། །མཆོད་ཕྱིར་ཐོགས་ནི་ནག་པོ་ཐོགས། །ཉི་དཀྱིལ་ལ་གནས་ཁྲོ་གཉེར་ཅན། །མིག་དམར་བར་ནི་བསམ་པར་བྱ། །ཨོཾ་ཨཱཿཧཱུཾ་ཀྲོ་དྷ་ཨགྣ་ཡེ་མ་མ་སརྦ་ཤ་ཏྲཱུན་ མཱ་ར་ཡ་ཧཱུཾ་ཕཊ། རྒྱལ་བས་བྱ་བའི་རྒྱུད་ཀུན་དུ། །མེ་ནི་ཀུན་དག་གསུངས་པ་རྣམས། །མེ་དེ་གསང་བ་འདུས་པ་འདིར། །མི་གཟུང་བདུད་རྩི་ལྔར་ལྡན་པའོ། །སློབ་དཔོན་བྱ་དང་སྤྱོད་པའི་མེ། །གསལ་བའི་སྦྱོར་བ་བྲིས་པ་ནི། །དེ་འདིར་གསང་འདུས་སྦྱིན་སྲེག་ཏུ། །རྡོ་རྗེ་ཅན་གྱིས་མ་གསུངས་སོ། །དེ་བས་ གསང་འདུས་རྗེས་འབྲང་བའི། །སྦྱིན་སྲེག་ཆོ་ག་ཤེས་པ་ཡི། །རྣལ་འབྱོར་ཉིད་ཀྱི་གནས་འདོད་པས། །བྱ་བ་རྒྱུད་བཤད་དེ་སྤང་ངོ་། །དེ་ནས་ལས་ཐམས་ཅད་པའི་སྣོད་ཀྱི་ཆུ་བདུད་རྩི་ལྔ་དང་ལྡན་པའི་ཆུ་གཡས་སུ་བཞག་ལ། དེས་སྦྱིན་སྲེག་གི་ཡོ་བྱད་ཀྱི་རྫས་ཐམས་ཅད་བསང་གཏོར་བྱའོ། །དེ་ 35-1-282b ནས་མེ་ལྷ་མངོན་སུམ་བཞིན་དུ་བསམས་ལ། ལས་ཀྱི་རྗེས་སུ་མཐུན་པའི་མཆོད་ཡོན་དང་། ཞལ་བསིལ་ལ་སོགས་པ་ཕུལ་ནས། ཕྱག་རྒྱ་བཞིས་ཕྱག་རྒྱས་གདབ་པར་བྱའོ། །དེ་ནས་མར་ལ་སོགས་པ་ཁུ་བའི་རྫས་བདུད་རྩི་ལྔ་དང་བསྲེས་ཏེ་མདུན་དུ་གཞག་གོ།དེ་ནས་དགང་གཟར་བླངས་ལ་བླུགས་གཟར་ གྱིས་ཡོངས་སུ་བཀང་སྟེ། ཕྱིས་དགང་བླུགས་གསུམ་དབུལ་བ་ནི། ཐོག་མ་དང་ཐ་མ་ཐམས་ཅད་དུ་བྱས་ལ་ཕྱིས་བླུགས་གཟར་གྱིས་སྲེག་བླུགས་གསུམ་མམ། བདུན་སོ་སོར་དབུལ་ལོ། །དེ་ནས་ཡམ་ཤིང་དང་ཏིལ། དེ་ནས་འབྲས་ཆན་ཏེ། ཆོ་ག་འདི་ནི་མདོར་བསྡུས་པའོ། །དེ་ནས་སྔགས་པས་བསང་གཏོར་ ལན་གསུམ་ལེགས་པར་བྱ་ཞིང་། མཆོད་ཡོན་ཕུལ་ལ་གསོལ་བ་གདབ་སྟེ། མེ་ལྷ་དེ་འབར་བའི་གཟུགས་སུ་གྱུར་པར་ཡོངས་སུ་བལྟའོ། །དེ་ནས་བདུད་རྩི་ཐབ་སྦྱོར་གྱི་ཇི་སྐད་བསྟན་པ་བཞིན་ཐབ་ཁུང་དུ་རྣམ་པར་བཀོད་ལ། དེའི་གསང་སྔགས་ཀྱིས་བགེགས་གཞོམ་པའི་ཕྱིར་མར་གྱི་སྦྱིན་སྲེག་བརྒྱ་ དབུལ་ལོ། །ཕྱི་ནས་མངོན་པར་འདོད་པའི་དོན་ཐམས་ཅད་བྱའོ། །དེ་ནས་ཡང་འདི་ལྟར། ཛི་ན་ཛིཀ་སྔགས་ལས་བྱུང་བ། །གཙོ་བོ་རྣམ་པར་སྣང་མཛད་བསྐྱེད། །རལ་པའི་ཐོར་ཚུགས་མི་བསྐྱོད་པ། །དུང་དང་ཀུནྡ་ལྟ་བུའོ། །ཤིན་ཏུ་དཀར་བའི་ཞལ་གསུམ་མངའ། །ན་བཟའ་དག་ནི་དཀར་པོ་གསོལ། །འོད་ཟེར་ དཀར་པོ་རབ་འཕྲོ་བ། །ཕྱག་དྲུག་པར་ནི་རྣམ་པར་བསྒོམ། །འཁོར་ལོ་རྡོ་རྗེ་པདྨ་དཀར། །ཕྱག་གཡས་སུ་ནི་རྣམ་པར་བསམ། །དྲིལ་བུ་ཡིད་བཞིན་ནོར་བུ་དང་། །རལ་གྲི་གཡོན་དུ་བསམ་པར་བྱ། །ཟླ་བའི་དབུས་སུ་བཞུགས་པར་ནི། །མགོན་པོ་འདི་ལྟར་བསམས་ནས་ཀྱང་། །སྔགས་པས་ཤར་དུ་ཁ་བལྟས་ཏེ། །མཁས་ པས་ཞི་བའི་ལས་བྱའོ། །ཨོཾ་ཨཱཿཧཱུཾ་ཛི་ན་ཛིཀ་མ་མ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ས་བོན་རཏྣ་དྷྲྀཀ་ལས་བྱུང་། །རིན་ཆེན་ཏོག་ནི་མཁས་པས་བསྐྱེད། །རལ་པ་ཅོད་པན་མི་བསྐྱོད་པ། །ཞལ་རས་གསུམ་པོ་སེར་བ་དང་། །ནམ་བཟའ་སེར་པོ་བསྣམས་པ་དང་། །འོད་ཟེར་སེར་པོ་འབར་བས་འཁྲུག །ཟླ་བ་སེར་པོ་ལ་བཞུགས་པ། །སྐུ་སེར་ཕྱག་ དྲུག་ལྡན་པ་ལ། །རིན་ཆེན་རྡོ་རྗེ་འཁོར་ལོ་ནི། །ཕྱག་གཡས་སུ་ནི་རྣམ་པར་བསམ། །དྲིལ་བུ་རལ་གྲི་པདྨ་སེར། །ཕྱག་གཡོན་དུ་ནི་བསམ་བྱས་ལ། །ནུབ་ཏུ་མངོན་པར་ཕྱོགས་ནས་ནི། །དགའ་ཞིང་དེ་ལ་ཡིད་གཞོལ་བས། །གསང་སྔགས་དག་ནི་འདི་ཉིད་དང་། །མཉམ་པར་བཞག་ནས་རྒྱས་ལས་བྱ། །ཨོཾ་ཨཱཿཧཱུཾ་རཏྣ་དྷྲྀཀ་མ་ 35-1-283a མ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཡང་ན་འདོད་ཆགས་རྡོ་རྗེ་ནི། །པདྨ་སེར་པོ་ཁ་འབྱེད་པ། །ཕྱག་དྲུག་སྐུ་མདོག་སེར་པོ་ཅན། །རིན་ཆེན་ཏོག་འདྲ་བཞུགས་པ་ལས། །ཞལ་གསུམ་སྐུ་མདོག་དམར་བ་དང་། །ཐོར་ཚུགས་ཅོད་པན་གྱིས་བརྒྱན་ཞིང་། །བནྡུ་ཀ་ཡི་མདོག་འདྲ་བ། །ན་བཟའ་དམར་བ་བསྣམས་པ་དང་། །འོད་ཟེར་དམར་པོ་རབ་འཕྲོ་ ཞིང་། །ཕྱག་དྲུག་པ་ནི་རྣམ་བསམས་ཏེ། །རྡོ་རྗེ་འཁོར་ལོ་པདྨ་དམར། །ཕྱག་གཡས་སུ་ནི་རྣམ་པར་བསམ། །དྲིལ་བུ་ཡིད་བཞིན་ནོར་བུ་དང་། །རལ་གྲི་གཡོན་དུ་བསམ་པར་བྱ། །ས་བོན་གསུམ་གྱིས་བསྐྱེད་པ་དང་། །ཟླ་བ་དམར་པོ་ལ་བཞུགས་པ། །བྱང་དུ་མངོན་པར་ཕྱོགས་ནས་ནི། །སྔགས་འདིས་དབང་གི་ལས་བྱའོ། །ཨོཾ་ཨཱཿཧཱུཾ་ མ་ཧཱ་བཻ་རོ་ཙ་ན་བཛྲ་ཨ་མོ་ཀཾ་མ་མ་པ་ཤ་མ་ན་ཡེ་ཧྲཱིཿསྭཱ་ཧཱ། ས་བོན་བཛྲ་དྷྲྀཀ་ལས་བྱུང་། །ཞེ་སྡང་རྡོ་རྗེ་རྣམ་པར་བསམ། །ཁྲོ་ཞིང་རལ་པ་ཅོད་པན་འཆང་། །མི་བསྐྱོད་པས་ནི་དབུ་བརྒྱན་ཞིང་། །ཞལ་གསུམ་སྔོ་ལ་དྲག་པ་དང་། །རྡོ་རྗེ་ཧ་ཧའི་གད་རྒྱངས་སྒྲོགས། །དབྱར་ཀའི་ཆར་སྤྲིན་འདྲ་བ་དང་། །ཕྱག་དྲུག་པར་ནི་རྣམ་བསམས་ ཏེ། །རྡོ་རྗེ་ཆེན་པོ་རྩེ་དགུ་དང་། །རིན་ཆེན་པད་སྔོན་གཡས་ན་བསྣམས། །དྲིལ་བུ་རིན་ཆེན་རལ་གྲི་ཡིས། །ཕྱག་གཡོན་བརྒྱན་པར་རྣམ་པར་བསམ། །གོས་སྔོན་འཆང་ཞིང་འཇིགས་པ་དང་། །ཉི་མ་བྱེ་བ་བརྒྱ་ཡི་འོད། །ཡི་གེ་ཧཱུཾ་སྟེ་ཧཱུཾ་མཛད་པར། །ཉི་མའི་དཀྱིལ་འཁོར་གནས་བསྒོམས་ལ། །ལྷོ་ཕྱོགས་སུ་ནི་མངོན་ བལྟས་ནས། །གསང་སྔགས་འདི་ཡིས་སྦྱིན་སྲེག་བྱ། །ཨོཾ་ཨཱཿཧཱུཾ་བཛྲ་དྷྲྀཀ་མ་མ་ཤ་ཏྲཱུན་མཱ་ར་ཡ་ཕཊ། བདག་པོའི་སྦྱོར་བ་ལ་གནས་ནས། །སྔགས་པས་རྟག་ཏུ་སྦྱིན་སྲེག་བྱ། །དེ་ནས་ལྷའི་སྐུ་ཐབ་ཁུང་དུ་བཀོད་དེ། ལས་ཀྱི་རྗེས་སུ་མཐུན་པར་དེའི་ལྗགས་ལ་ཡི་གེ་ཧཱུཾ། ལྟེ་བའི་ནང་དུ་ཆུད་པའི་རྡོ་རྗེ་བསམས་ ལ། མཆོད་ཡོན་དང་ཞབས་བསིལ་ལ་སོགས་པ་ཕུལ་ཏེ། ཕྱག་རྒྱ་བཞིས་རྒྱས་གདབ་པ་བྱས་ལ། དེའི་ཞལ་ཅུང་ཟད་གདངས་པར་བསམས་ཏེ། བདུད་རྩི་ལྔ་དང་ལྡན་པའི་མར་ལ་སོགས་པས་ཡོངས་སུ་བཀང་བའི་དགང་གཟར་བླངས་ལ། རང་གི་སྔགས་ཀྱིས་ལག་པ་པུས་མོ་གཉིས་ཀྱི་ནང་དུ་བཅུག་སྟེ། དགང་བླུགས་དབུལ་ལོ། །ཕྱི་ནས་ནི་བླུགས་གཟར་གྱིས་དགང་བླུགས་དབུལ་ལོ། །མངོན་སྤྱོད་ཀྱི་ལས་ལ་ནི་ཁྲོ་ཞིང་ཞལ་ནི་ཤིན་ཏུ་གདངས་པར་བསམས་ལ། ཡུངས་ཀར་གྱི་མར་གྱི་དགང་བླུགས་དབུལ་བར་བྱའོ། །དགང་བླུགས་བླུགས་གཟར་གྱིས་བླངས་པའི་ཞུ་བའི་རྫས་ཀྱི་བྱེ་བྲག་ཞོ་དང་། འབྲས་ཐུག་དང་། 35-1-283b འོ་ཐུག་དང་ལག་པན་ལ་སོགས་པ་ནི་བླུགས་གཟར་གྱི་ཞལ་དུ་དབུལ་བར་བྱའོ། །འབྲས་དང་། ཏིལ་དང་ནས་ལ་སོགས་པ་ནི་བླུགས་གཟར་རམ། ལག་པས་ཕྱག་ཏུ་དབུལ་བར་བྱའོ། །ཡམ་ཤིང་ནི་འོད་ཀྱི་དཀྱིལ་འཁོར་དུའོ། །བདུག་སྤོས་ནི་གསང་བའི་གནས་སུའོ། །མེ་ཏོག་ནི་དབུ་ལའོ། ། བྱུག་པ་ནི་ཐུགས་ཀར་རོ། །ཞབས་བསིལ་ནི་ཞབས་ལའོ། །འཐོར་འཐུང་ནི་ཕྱག་ལའོ། །དེ་ནས་སྔགས་པས་ཤིན་ཏུ་འབར་བའི་མེ་ལ། འབར་བའི་མཚན་ཉིད་ལས་བགེགས་དང་བཅས་པ་དང་། བགེགས་མེད་པའི་དངོས་གྲུབ་ཀྱི་ལྟས་སུ་བྱ་བ་དག་བརྟག་པར་བྱ་སྟེ། ཇི་སྐད་དུ། འཇའ་ དང་འདྲ་ཞིང་མདོག་སྡུག་དང་། །བྱི་རུ་བཅག་པ་ལྟ་བུ་དང་། །གཡས་སུ་འཁྱིལ་ཞིང་ཤིན་ཏུ་སྣུམ། །ཨིནྡྲ་གུ་པའི་མདོག་འདྲ་དང་། །སྒྲ་ནི་རྔ་དང་འབྲུག་སྒྲ་དང་། །ཟབ་ཅིང་དྲི་བཟང་ཡིད་དུ་འོང་། །གཙང་མའི་གསེར་ལྟར་གདང་དུད་མེད། །དྲི་མེད་ཉི་མ་ལྟར་འབར་དང་། །དེ་བཞིན་གཡས་སུ་འབར་ བ་དང་། །བྱི་རུ་བཅག་པ་ལྟ་བུ་དང་། །གཡས་སུ་འཁྱིལ་ཞིང་འབར་བ་ནི། །བདེ་བ་མང་པོ་ཐོབ་བྱེད་པའོ། །ཞི་ལ་ཁ་དོག་དཀར་བ་དང་། །རྒྱས་ལ་གསེར་གྱི་མདོག་འདྲ་དང་། །རྗེས་སུ་ཆགས་པ་དམར་བ་དང་། །མངོན་སྤྱོད་ལ་ནི་སྔོ་ནག་གསུངས། །སྒྲུབ་པ་པོས་ནི་མདོར་བསྡུས་ན། །རྩེ་གཅིག་འབར་བ་དམ་ པ་སྟེ། །རྩེ་གཉིས་པ་ནི་འབྲིང་དུ་བཤད། །རྩེ་གསུམ་པ་ནི་ཐ་ཆད་དོ། །དུ་བ་མེད་ཅིང་གསེར་གྱི་མདོག་ལྟར་དང་། །རབ་ཏུ་ཆེ་ལ་མེ་ལྕེ་གཡས་སུ་འཁྱིལ། །ཁ་དོག་འཇའ་འདྲ་ཡང་ན་དཀར་ཡང་རུང་། །ཡང་ན་བྱི་རུ་བཅག་པའི་ཁ་དོག་འདྲ། །ཤིན་ཏུ་སྣུམ་ལ་མེ་ལྕེ་ཐུར་དུ་འཕྲོ། །རབ་ཏུ་འབར་བ་ཉི་མའི་འོད་དང་ འདྲ། །དབྱིབས་ནི་བུམ་པ་རྒྱལ་མཚན་གདུགས་ཀྱང་འདྲ། །དཔལ་བེའུ་དུང་དང་པདྨ་བླུགས་གཟར་འདྲ། །མེ་ལྕེ་དྲིལ་ཤུལ་རྡོ་རྗེ་རལ་གྲི་འདྲ། །ཡང་ན་ཤིང་རྟ་མཆོག་དང་རྔ་ཡབ་འདྲ། །ཁ་དོག་དབྱིབས་རྣམས་དང་ནི་མཚན་མ་དག །རབ་ཏུ་བཀྲ་ཤིས་མཚན་མ་ཡིན་པར་བསྟན། །ད་ནི་ཁ་དོག་མི་ཤིས་པའི་མཚན་ ཉིད་བསྟན་པར་བྱ་སྟེ། དུ་བ་མེད་ཅིང་མེ་སྟག་རྒོད་པ་དང་། །འབར་བར་དཀའ་ཞིང་ཅུང་ཟད་འབར་བ་དང་། །མེ་ལྕེ་རྣམ་པར་ཆད་ཅིང་གཟི་མདངས་མེད། །རྩུབ་ནག་སྲིན་དང་པ་ལ་ཤ་ཡི་མདོག །གསལ་ཤིང་འདྲ་ཞིང་ཞིབ་མའི་གཟུགས་ཀྱང་འདྲ། །ཕྱུགས་ཀྱི་མགོ་འདྲ་སྣ་ཡང་རབ་ཏུ་རྩུབ། །མེ་སྟག་འཕྲོས་ 35-1-284a པས་སྦྱིན་སྲེག་བྱེད་པ་ཚིག །མི་རོའི་དྲི་རྣམས་དངོས་གྲུབ་མེད་པར་སྟོན། །དེ་ལྟར་ཁ་དོག་དང་སྒྲ་དང་མཚན་མ་ལས་མི་ཤིས་པར་ཤེས་ན། བདུད་རྩི་ཐབ་སྦྱོར་གྱིས་བགེགས་རྣམས་ཉེ་བར་ཞི་བར་བྱ་བའི་ཕྱིར་སྔགས་འདིས་སྦྱིན་སྲེག་བྱ་སྟེ། ས་བོན་བིགྷྣཱནྟ་ཀྲྀཏ་ལས་བསྐྱེད་པའི་བདུད་རྩི་ཐབ་སྦྱོར་སྤྲུལ། །མེ་ཏོག་ཟར་མའི་ མདོག་འདྲ་ལ། །འོད་ཟེར་འཕྲོ་བ་མང་པོ་འཁྲུག །སྐྲ་ཡང་རབ་ཏུ་འབར་བ་དང་། །ཞལ་གསུམ་ཁྲོ་གཉེར་བསྡུས་པ་དང་། །མཆེ་བ་གཙིགས་པས་ཧ་ཧར་བཞད། །མཚོན་དུ་སྣ་ཚོགས་རྡོ་རྗེ་དང་། །རལ་གྲི་གཏུན་ཤིང་དྲིལ་བུ་དང་། །དགྲ་སྟ་ཞགས་པ་ཕྱག་བསྣམས་པ། །གཡོན་བརྐྱང་བ་ཡིས་གནས་པ་ལས། །ཉི་མའི་དཀྱིལ་འཁོར་ ལ་བཞུགས་ཤིང་། །རྒྱན་རྣམས་ཀུན་གྱིས་རབ་ཏུ་བརྒྱན། །བགེགས་ཀུན་ཆད་པས་གཅོད་མཛད་པའི། །མགོན་པོ་འདི་འདྲ་བསམ་པར་བྱ། །བགེགས་རྣམས་ཞི་ཕྱིར་མར་གྱི་ནི། །སྦྱིན་སྲེག་བརྒྱ་རྩ་བརྒྱད་ཀྱང་བྱ། །བགེགས་རྣམས་ཐམས་ཅད་འཇིག་འགྱུར་ཏེ། །སྔགས་འདི་ཡིས་ནི་སྦྱིན་སྲེག་བྱ། །ཨོཾ་ཨཱཿ་བིགྷྣཱནྟ་ཀྲྀཏ་ མ་མ་སརྦ་བིགྷྣཱན་ཤ་ཡ་ཧཱུཾ་ཕཊ། ཅེས་བྱ་བའི་སྔགས་འདིས་བགེགས་རྣམས་ཉེ་བར་ཞི་བར་བྱ་བའི་ཕྱིར་མར་གྱི་སྦྱིན་སྲེག་བརྒྱ་རྩ་བརྒྱད་ཕུལ་ན་བགེགས་ཐམས་ཅད་འཇིག་པར་འགྱུར་རོ། །ཡང་ན་ཕྲེང་བའི་སྔགས་ཀྱིས་བགེགས་ཐམས་ཅད་རྣམ་པར་གཞིག་པའི་ཕྱིར་རབ་ཏུ་སྦྱར་རོ། །དེ་ནས་སྦྱིན་སྲེག་གི་མཐར་སྲེག་ བླུགས་བརྒྱ་རྩ་བརྒྱད་དབུལ་བ་ཞི་བའི་ཕྱིར། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནེ་སརྦ་ཨརྠ་སཱ་དྷ་ནི། མ་མཱ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བ་སྟོང་རྩ་བརྒྱད་ངེས་པར་བཟླས་པར་བྱའོ། །དེ་ནས་ལྷ་དང་མེ་སྙིང་གར་བསྡུ་བར་བྱའོ། །སློབ་མ་རྣམས་ལ་རྗེས་བརྩེ་དང་། །གཞན་རྣམས་ལ་ཡང་ཕན་པའི་ཕྱིར། །བདེ་སྐྱེད་ལེགས་ཞེས་བྱ་བ་ ཡིས། །སྦྱིན་སྲེག་ཆོ་ག་འདི་བྱས་སོ། །དད་པ་མེད་ཅིང་ཁེངས་པ་དང་། །ཁྲོ་དང་སློབ་བུ་མ་ཡིན་དང་། །གུས་བྲལ་དམ་ཚིག་མེད་པ་ལས། །ཆོ་གའི་ཐབས་ནི་སྦྱིན་མི་བྱ། །དཔལ་ལྡན་རབ་འཇིགས་རྡོ་རྗེ་ཡིས། །བསོད་ནམས་ལེགས་པར་གང་བསྒྲུབས་པ། །བསོད་ནམས་དེས་ནི་སློབ་དཔོན་རྣམས། །བདེ་བ་ཅན་དུ་རོལ་པར་ ཤོག །སྦྱིན་སྲེག་གི་ཆོ་ག་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀ་ར་ཝརྨ་དང་། དྷ་རྨ་ཤྲཱི་བྷ་དྲ་དང་། ལོ་ཅཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།འདི་ལ་ཤླཽ་ཀ་བརྒྱ་བརྒྱད་ཅུ་རྩ་གསུམ་ཡོད།། །། 35-1-284b