37-1-1a 37-1-1b ༄༅༅། །རྒྱ་གར་སྐད་དུ། པཉྩ་ཀྲ་མ་པཉྩི་ཀཱ་ནཱ་མ། བོད་སྐད་དུ། རིམ་པ་ལྔ་པའི་དཀའ་འགྲེལ་ཞེས་བྱ་བ། སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ལ་དང་པོར་ནི་སློབ་ དཔོན་ཆེན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པའི་རིམ་པ་དག་ལས་མདོར་བསྡུས་པའི་སྒྲུབ་ཐབས་ཇི་ལྟར་བསྒོམ་པ་རིམ་པ་བཞིན་དུ་ཅུང་ཞིག་བཤད་དོ། །དེ་ལ་དང་པོ་ཁོ་ནར་སྟན་འབོལ་པོ་ལ་སེམས་དཔའི་ སྐྱིལ་མོ་ཀྲུང་དུ་བཅས་པས་འདུག་སྟེ། རང་གི་སྙིང་གའི་པདྨའི་ཉི་མ་ལ་གནས་པའི་ཧཱུཾ་དཀར་པོའི་འོད་ཟེར་གྱིས་ནམ་མཁའ་ལ་བཞུགས་པའི་སངས་རྒྱས་ལ་སོགས་པ་རྣམས་སྤྱན་དྲངས་ལ་མཆོད་པ་ དང་ཕྱག་འཚལ་བ་ལ་སོགས་པ་བྱས་ནས། སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་རྣམས་རིམ་གྱིས་བསྒོམས་ཏེ། ཨོཾ་སྭ་བྷཱ་བ་ཤུདྡྷཿ་སརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་བརྗོད་ཅིང་སྟོང་ པ་ཉིད་དུ་དམིགས་པས་ཐ་མལ་པའི་ང་བདག་བསལ་ཞིང་། བདག་ཉིད་རྡོ་རྗེ་སེམས་དཔའི་སྐུར་སྐད་ཅིག་ཙམ་གྱིས་རྫོགས་པར་བྱས་ནས། བཛྲ་དྷྲྀཀ་ཅེས་བྱ་བའི་སྔགས་བརྗོད་དེ། དེས་མི་བསྐྱོད་ 37-1-2a པ་བཏོན་ཏེ་བདག་ཉིད་ལ་བཅུག་པའི་རིམ་པས་བདག་ཉིད་ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་ནས། གནས་བསྲུང་བ་ནི་བརྩམ་པར་བྱའོ། །དེ་ནས་དང་པོར་ཁྲོ་བོ་བཅུ་པོ་རྣམས་སྤྲོས་ཏེ་གནས་སུ་དགོད་དོ། །གཉིས་ པར་གནོད་མཛེས་རང་གི་སྔགས་ཀྱིས་བཀའ་བསྒོ་བ་དང་སྔགས་ཀྱིས་བཀའ་བསྒོས་ནས་ཡང་སྔགས་དེ་ཉིད་ཀྱིས་གཉིས་པར་བགེགས་རྣམས་གནོད་མཛེས་ཀྱིས་ཕུར་པས་ཐོབ་ཤིག་པར་བསྒོའོ། །དེ་ནས་ཊཀྐི་ཧཱུྃ་ཛཿ། ཞེས་པའི་སྔགས་འདི་ བརྗོད་པས་ལྕགས་དང་མེ་འབར་བ་དང་། རླུང་རྣམས་ཀྱི་འོབས་སུ་ཕུར་པ་གདབ་པ་དང་ཕྱི་རོལ་དུ་བསམ་པར་བྱའོ། །དེའི་ནང་དུ་ཡི་གེ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེའི་དྲ་བ་མཆོད་རྟེན་ལྟ་བུར་བྱས་ནས། ཡི་གེ་གསུམ་གྱི་གོ་ཆར་བྱའོ། །ས་གཞི་ ནི་ཡི་གེ་ཧཱུྃ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེར་ཀུན་དུ་བལྟས་ལ་དངོས་པོ་མེད་པ་ཞེས་བྱ་བ་ལ་སོགས་པའི་ཚིག་གི་དོན་གྱིས་སྟོང་པ་ཉིད་དུ་བསམ་པར་བྱའོ། །དེ་ནས་ཡཾ་ལས་སྐྱེས་པའི་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ཅན་མཆོག་ མ་དག་ལ་ཧཱུྃ་ལས་བྱུང་བའི་རྡོ་རྗེས་མཚན་པའོ། །དེ་བཞིན་དུ་མེ་དང་ཆུ་དང་དབང་ཆེན་གྱི་དཀྱིལ་འཁོར་ཡང་ངོ་། །དེའི་སྟེང་དུ་ཡི་གེ་བྷྲཱུྃ་ལས་སྐྱེས་པའི་གཞལ་ཡས་ཁང་བརྩེགས་པ་སྣ་ཚོགས་པདྨ་ལ་ཟླ་བ་དང་ཉི་མའི་གདན་རྣམས་ 37-1-2b དང་ལྡན་པའོ། །དེ་ནས་ལྷ་སུམ་ཅུ་རྩ་གཉིས་ཀྱི་རང་བཞིན་དང་། བདག་པོ་རྡོ་རྗེ་འཛིན་ཆེན་པོ་དང་དཀྱིལ་འཁོར་གྱི་འཁོར་ལོ་རྣམ་པར་སྤྲུལ་ལོ། །དེ་ནས་དཀྱིལ་འཁོར་པ་རྣམས་ཕུང་པོ་ལ་སོགས་པའི་རང་བཞིན་གྱིས། བདག་པོའི་ཕུང་པོ་ལ་སོགས་པ་ལ་ཐིམ་པས་དོན་དམ་པའི་དཀྱིལ་ འཁོར་ལ་ཞུགས་པར་བལྟ་ཞིང་། ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དོ། །དེ་ནས་ཡི་གེ་ཧཱུྃ་ཨོཾ་ཨཱཿ་དག་གིས་ཉི་མ་དང་ཟླ་བ་དང་པདྨ་དམར་པོ་འདབ་མ་བརྒྱད་པ་དག་སྟེང་ནས་སྟེང་དུ་བརྩེགས་མར་བྱས་ཏེ། པདྨའི་སྟེང་དུ་ཡི་གེ་གསུམ་པའོ། །དེ་ནས་ཐམས་ཅད་བསྡུས་པ་ ལས་རང་གི་སེམས་ཙམ་གྱི་ཟླ་བ་བསམས་ལ། སེམས་ཅན་ཐམས་ཅད་ཟླ་བ་དེར་བཅུག་ལ། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་པའི་སྔགས་བརྗོད་དོ། །དེ་ནས་ཡང་ཟླ་བ་ལ་ཡི་གེ་གསུམ་མོ། །དེ་ལས་རྡོ་རྗེའོ། །རྡོ་རྗེ་ལས་རྡོ་རྗེ་འཆང་ཆེན་པོ་དང་པོའི་མགོན་པོ་ཆེན་པོ་བསམས་ ལ་མི་བསྐྱོད་པ་ལ་སོགས་པ་བཅུག་ནས་དགོད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ནི། དེ་ལ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཞེས་པའི་ཡི་གེ་ནི་མགོ་བོ་ལ་སོགས་པ་ལ་རྣམ་པར་དགོད་དོ། །གཏི་མུག་དགའ་མ་ལ་སོགས་པའི་སྔགས་རྣམས་ས་ལ་སོགས་པ་ལ་དགོད་པར་བྱའོ། །མིག་ལ་ སོགས་པ་ལ་ནི། ཐླིཾ་ཨོཾ་ཨོཾ་ཧཱུྃ་མེཾ་སཾ་ཨཾ་རྣམས་དགོད་དོ། །ལག་པ་ལ་སོགས་པ་དག་ལ་གཤིན་རྗེ་གཤེད་ལ་སོགས་པ་བདག་ཉིད་ཡི་གེ་ཧཱུྃ་དག་དགོད་དོ། །དེ་ལ་གཡས་གཡོན་གཉིས་ཀྱི་ལག་ངར་ལ་གཤིན་རྗེ་གཤེད་དང་གཞན་གྱིས་མི་ཐུབ་པའོ། །ཁ་ལ་རྟ་མགྲིན་ནོ། ། གསང་བར་བདུད་རྩི་འཁྱིལ་པའོ། །དཔུང་པ་གཡས་གཡོན་ལ་མི་གཡོ་བ་དང་འདོད་པའི་རྒྱལ་པོའོ། །པུས་མོ་གཡས་གཡོན་ལ་དབྱིག་པ་སྔོན་པོ་དང་སྟོབས་པོ་ཆེའོ། །མགོ་བོར་གཙུག་ཏོར་འཁོར་ལོས་སྒྱུར་བའོ། །རྐང་པ་དག་ལ་གནོད་མཛེས་སོ། །དེ་བཞིན་དུ་སྐུ་དང་གསུང་ དང་ཐུགས་ཀྱང་བྱིན་གྱིས་བརླབ་པར་བྱ་བ་དང་། དམ་ཚིག་སེམས་དཔའི་སྙིང་གར་ཡེ་ཤེས་སེམས་དཔའ་ཕྱག་གཉིས་པ་མདོག་དམར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་སྙོམས་པར་ཞུགས་པའོ། །དེའི་ཐུགས་ཀར་ཡང་ཡི་གེ་ཧཱུྃ་ཏིང་ངེ་འཛིན་སེམས་དཔར་བརྟགས་པ་དགོད་དོ། །དེ་ནས་ 37-1-3a ཕྱིའི་ལུས་ཅན་ནམ། ཡེ་ཤེས་ཀྱི་ཕྱག་རྒྱའི་ཕུང་པོ་ལ་སོགས་སྦྱང་བ་དང་། རྡོ་རྗེ་དང་པདྨ་འདུས་བྱས་ལ་དེས་སྙོམས་པར་འཇུག་པར་བྱའོ། །དེ་ལ་ཡི་གེ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པར་བྱས་ལ། དབུས་ཀྱི་རྩེ་མོ་ལ་ཨོཾ་མོ། །ཡི་གེ་ཨ་ཡིས་ཆོས་འབྱུང་གི་ནང་དུ་ པདྨ་དམར་པོ་འདབ་མ་བརྒྱད་པ་བསམ་མོ། །དེ་ལྟར་རྡོ་རྗེ་དང་པདྨ་འདུས་བྱས་ནས་འོ་དང་འཁྱུད་པ་ལ་སོགས་པའི་རིམ་པ་དང་། རིན་ཆེན་འབྱུང་ལྡན་གྱི་ང་རྒྱལ་གྱིས་རྗེས་སུ་ཆགས་པར་བྱས་ལ། བྱང་ཆུབ་ཀྱི་སེམས་ཀྱི་གནས་སྐབས་སུ་དོན་ཡོད་གྲུབ་པའི་ང་རྒྱལ་དུ་བྱའོ། །དེ་ ནས་སྲིད་པ་སྐྱེ་བའི་རིམ་པས་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོས་ཏེ་གཞན་གྱི་དོན་ཕུན་སུམ་ཚོགས་པརབྱའོ། །དེ་ཡང་རྡོ་རྗེ་འཛིན་པ་མི་བསྐྱོད་པའི་ང་རྒྱལ་དང་ལྡན་པའི་པདྨའི་དབུས་སུ་མི་བསྐྱོད་པ་རྫོགས་པར་བྱས་ལ། བཛྲ་དྷྲྀཀ་ཅེས་བྱ་བས་བཏོན་ཏེ། བདག་ཉིད་ལ་དེ་བཞིན་ དུ་བསྡུའོ། །དེ་བཞིན་དུ་གཟུགས་ཀྱི་ཕུང་པོ་ལ་སོགས་པ་ཡང་རྣམ་པར་སྣང་མཛད་ལ་སོགས་པའི་ང་རྒྱལ་གྱིས་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་བཏོན་ཏེ་སོ་སོར་དགོད་དོ། །ཕྱི་རོལ་གྱི་རིམ་པ་གཉིས་པའི་མེའི་མཚམས་ལ་སོགས་པ་ལ་གཟུགས་ཀྱི་རྡོ་རྗེ་ལ་སོགས་པ་ རྣམས། ཨོཾ་ཨཱཿསྭཱ་སྭཱ་ཧཱ་སྔགས་ཀྱིས་དགོད་དོ། །དང་པོ་ཉིད་ཀྱི་ངོས་དག་ཏུ་ཆོས་ཀྱི་དབྱིངས་དང་རེག་བྱ་རྡོ་རྗེ་མའི་ཡི་གེ་ཧཱུྃ་གིས་བཏོན་ལ་དགོད་དོ། །ཡི་གེ་ལ་སོགས་པ་ནི་བྱམས་པ་ལ་སོགས་པའོ། །ཡི་གེ་ཧཱུྃ་གིས་ཕྱོགས་མཚམས་དང་སྟེང་དང་འོག་གི་ཁྲོ་བོ་རྣམས་སོ། །དེ་ ནས་ཡེ་ཤེས་ཀྱི་འཁོར་ལོ་བཅུག་ལ་དབང་བསྐུར་ཏེ། དེའི་རྗེས་ལ་མཉེས་པར་བྱ་བ་ལ་སོགས་པ་སྐད་ཅིག་ཙམ་གྱིས་བསམ་མོ། །དེ་ནས་རྡོ་རྗེ་བཟླས་པ་ལ་སོགས་པ་བྱས་ནས། བསྐུལ་བ་དང་མཆོད་པ་དང་བསྟོད་པ་ལ་སོགས་པ་སྔོན་དུ་བྱས་ནས། ཏིང་ངེ་འཛིན་སེམས་དཔའི་ བདག་ཉིད་ཧཱུྃ་བརྗོད་པས་ཡི་གེ་ཧཱུྃ་ལ་སེམས་ཅན་རྣམས་གཞུག་ཅིང་དཀྱིལ་འཁོར་པ་རྣམས་ཀྱང་བསྡུས་ཏེ། རྡོ་རྗེ་སེམས་ད་པའ་དེ་ཉིད་དུ་འགྲོ་བ་སྣ་ཚོགས་པ་འདི་རྣམས་སྐྱེས་པར་བལྟ་ཞིང་སྤྱོད་ལམ་ལ་འཇུག་པར་བྱའོ། །མདོར་བསྡུས་པའི་སྒྲུབ་ཐབས་ཀྱི་རིམ་པ་གསལ་བར་བྱས་པ་སྟེ་དང་པོའོ།། །། 37-1-3b སྔགས་ཀྱི་དེ་ཁོ་ན་ཉིད་ཅེས་བྱ་བ་ནི་སྔགས་བཏུ་བའི་རིམ་པས་དུས་གསུམ་གྱི་བདག་ཉིད་ཡི་གེ་གསུམ་འབྱུང་བ་དང་འཇུག་པ་དང་གནས་པའི་རླུང་གི་རང་བཞིན་དུ་སེམས་པར་ཁོང་དུ་ཆུད་པར་བྱའོ། །སྔགས་ལ་དམིགས་པའི་སེམས་དེ་ཉིད་ནི་དེ་བཞིན་འབྱུང་བ་དང་འཇུག་པ་དང་གནས་པར་ བྱའོ། །རླུང་རྒྱུ་བ་རྣམས་མི་ཤིགས་པར་བྱས་པས་ནི་ཕྱག་འཚལ་བ་ཡིན་ལ། ཕྲ་མོའི་སྦྱོར་བས་ཐམས་ཅད་རང་བཞིན་མེད་པར་གོ་བ་ནི་རྡོ་རྗེའི་བཟླས་པ་བྱ་བའོ། །དེ་ནས་སེམས་ལ་དམིགས་པ་ཐོབ་ནས་སེམས་དེ་སྟོང་པ་ཉིད་དུ་བྱས་ལ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དུ་གནས་པར་བྱ་བ་ ཡིན་ནོ། །དེ་ནས་འོད་གསལ་བའི་ཡེ་ཤེས་ཀྱིས་ཉོན་མོངས་པའི་ཕུང་པོ་ཐམས་ཅད་ཟད་པར་བྱའོ། །དེ་ནས་ཀུན་རྫོབ་དང་དོན་དམ་པ་དག་གཅིག་ཏུ་གྱུར་པ་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ལ་རྣལ་འབྱོར་པ་རྣམས་གནས་པ་ཡིན་ནོ། །སྣ་རྩེར་ཞེས་བྱ་བ་ནི་ཕྱིའི་རིག་མའི་པདྨའི་ལྟེ་ བའི་རྩེ་མོར་མཚན་མ་ཡུངས་ཀར་ཙམ་མམ་ཐིག་ལེ་དག་སྣའི་ནང་དུ་བཀོད་ལ་སེམས་ཅན་སྐྱེད་པའི་གཞིབོ། །སྣ་རྩེ་དང་རང་གི་རྡོ་རྗེའི་རྩེ་མོར་ཐིག་ལེའམ་མཚན་མ་ཡུངས་ཀར་ཙམ་པོ་ལ་རྒྱུ་བ་དང་མི་རྒྱུ་བའི་རྡོ་རྗེ་སེམས་དཔའ་འམ་བརྟགས་པའི་ལྷའི་སྦྱོར་བ་བསྐྱེད་པའི་རིམ་པའོ། ། སྣ་རྩེ་ནི་སྣའི་རྩེ་མོའི་སྒོའོ། །ཡུངས་ཀར་ནི་རླུང་ལྔ་པོ་སྟེ། དེ་ལ་རྒྱུ་བ་དང་མི་རྒྱུ་བའི་ཡི་གེ་གསུམ་པོར་སེམས་ཡེ་ཤེས་རིག་པ་ལ་དམིགས་པའོ། །ཡང་ན་ཡུངས་ཀར་ནི་ཁམས་ཕྲ་མོའི་ཡེ་ཤེས་གསུམ་པོ་རྟེན་དང་རྟེན་ཅན་རྒྱུ་དང་མི་རྒྱུ་བ་ནི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དུ་ཤེས་པར་ བྱའོ། །གསང་བ་ནི་རྣམ་པར་རྟོག་པ་དང་བྲལ་བ་ཉིད་དོ། །ཡེ་ཤེས་ཀྱི་བརྟགས་པ་ནི་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཉིད་ཀྱིས་སོ། །ཡེ་ཤེས་ཀྱི་གནས་ནི་རྣམ་པར་ཤེས་པ་རླུང་དང་ལྡན་པའི་ཡེ་ཤིས་ཀྱི་སྐུའོ། །མཆོག་ནི་རྣམ་པར་དག་པ་ཉིད་དོ། །ཁ་དོག་སྣ་ལྔ་ཞེས་བྱ་བ་ ནི་སྔོན་དུ་བརྗོད་པའི་སྣའི་རྩེ་མོའི་སེར་པོ་ལ་སོགས་པའོ། །རིན་ཆེན་ནི་རྡོ་རྗེ་ནོར་བུའི་ཐིག་ལེའོ། །སྣའི་རྩེ་མོར་ནི་སྙིང་གའི་པདྨ་ལའོ། །ཡུངས་ཀར་ནི་མི་ཤིགས་པའི་ཐིག་ལེའོ། །ཡེ་ཤེས་ལྔའི་ངོ་བོ་ཉིད་ཅེས་བྱ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་ངོ་བོ་ཉིད་དོ། ། 37-1-4a གོང་བུའི་གཟུགས་ཀྱིས་ཞེས་བྱ་བ་ནི་མི་ཤིགས་པའི་གཟུགས་ཀྱིས་སོ། །འོད་ལྔ་ནི་རླུང་རྣམས་མགྲིན་པ་དང་སྙིང་ག་དང་། ལྟེ་བ་དང་གསང་བའི་པདྨ་དང་། ལུས་ཐམས་ཅད་ཁྱབ་པར་གནས་པ་ལས་འབྱུང་ཞིང་འཇུག་པའོ། །ཐུན་ཕྱེད་ནི་འཕོ་བ་ རེ་རེའོ། །གོ་རིམས་ནི་དེ་ལྟ་བུར་རྒྱུ་བའོ། །གཡས་པ་ནས་ནི་འབྱུང་བའི་ཁམས། །ཞེས་བྱ་བ་ནི་མེའི་དཀྱིལ་འཁོར་མི་ཤིགས་པ་ལས་རབ་ཏུ་ལངས་ནས་གཡས་ངོས་ནས་བྱུང་བ་དེ་ཉིད། ཡི་གེ་ཨོཾ་གྱིས་ནི་འཇུག་པར་བྱེད་པ་ཡིན་ལ། ཡི་གེ་ཨཱཿས་ནི་གནས་པར་བྱེད་པར་ བསམ་མོ། །དེ་དག་གི་སྟེང་དུ་གནས་པ་ནི་ཡི་གེ་ཧཱུྃ་ལྡང་བའི་བདག་ཉིད་ཅན་དུ་རྣམ་པར་བརྟག་པར་བྱ་བ་སྟེ། དེ་ལྟ་བུར་ཐོག་མ་རྒྱུ་བ་ནས་ཐ་མ་རྫོགས་ཀྱི་བར་དུ་དམིགས་པ་ནི་སྣང་བ་མཐའ་ཡས་ཀྱི་བཟླས་པའོ། །དེ་ཁོ་ན་བཞིན་དུ་མི་ཤིགས་པ་ལས་ཆུའི་དཀྱིལ་འཁོར་བྱུང་བ་ལ་ཡི་གེ་ ཨོཾ་བསྐྱོན་ཏེ་ཞུགས་པས། ཡི་གེ་ཨོཾ་ཡོངས་སུ་ཞུ་བས་ཡི་གེ་ཨཱཿར་གྱུར་པ་ལ་ཡི་གེ་ཧཱུྃ་ལྡང་བར་གནས་པ་ནི་རྡོ་རྗེ་མགོན་པོའི་བཟླས་པའོ། །དེ་བཞིན་དུ་མི་ཤིགས་པ་ལས་ལངས་པའི་དབང་ཆེན་གྱི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་གསུམ་པོ་སྤྲོ་བ་དང་བསྡུ་བས་བསྟིམ་པའི་བདག་ ཉིད་ཅན་དུ་མཚོན་པ་ནི་རིན་པོ་ཆེའི་བཟླས་པའོ། །དེ་བཞིན་དུ་མི་ཤིགས་པ་ལས་ལངས་པའི་རླུང་གི་དཀྱིལ་འཁོར་འབྱུང་བ་དེའི་སྟེང་ཡི་གེ་ཨོཾ་བསྐྱོན་ཏེ་གཞུག་པ་དང་། མཐར་ཨཱཿགནས་པ་དང་། ཡི་གེ་ཧཱུྃ་འཕྲོ་བ་ནི་དོན་ཡོད་པའི་བཟླས་པའོ། །སྔགས་ཀྱི་དེ་ཁོ་ན་ཉིད་ནི་རྩ་བའི་རྒྱུད་ ལས་གསུངས་པའི་ཨོཾ་ཨཱཿཧཱུྃ་ངོ་། །དོན་རྟོགས་པའི་བཟླས་པ་ནི་རླུང་རྒྱུ་བ་རང་བཞིན་མེད་པའི་མི་ཤིགས་པ་སེམས་ཀྱི་རྟོག་པ་ལ་བྱའོ། །བཟང་པོ་ཞེས་པ་ནི་སྤྲོ་བའི་གཟུགས་ཀྱིས་སོ། །དུས་གསུམ་སངས་རྒྱས་སུ་བརྟགས་པ་ཞེས་བྱ་བ་ནི་ཡི་གེ་གསུམ་པོའོ། །སློང་མོ་ནི་ཡི་གེར་ཕྱེ་བ་ སྟེ་འདོན་པའོ། །དེ་ལྟ་བུ་ནི་སྔགས་པའི་བཟླས་པར་མི་འདོད་པས་མི་བྱེད་པ་ལའང་ཆགས་པར་མི་བྱའོ། །དང་པོ་གཅིག་ཅེས་བྱ་བ་ནི་སྡེ་ཚན་ཀུན་གྱི་ཐོག་མའི་ཨ་ཐུང་ངུའོ། །དགུ་ནི་སྡེ་ཚན་དགུ་པོའོ། །བཅུ་ཡིས་མ་བཅིངས་པ་ནི་སྡེ་ཚན་དགུ་ལས་མེད་དོ། །དགུ་པོ་ཡང་དབྱངས་དང་ 37-1-4b གསལ་བྱེད་ཀྱི་སྡེ་ཚན་བརྒྱད་པོ་ལ། མ་ནིང་གི་སྡེ་ཚན་གྱིས་བསྣན་པས་གྲངས་དགུའོ། །གྲངས་དགུ་པོ་དེའི་རྗེས་སུ་འཇུག་པ་ནི་ཨ་སྭ་གྲངས་དགུ་ཆར་ལ་ཁྱབ་པར་འཇུག་པའོ། །འབྱུང་པོའི་མཐའ་ནི་མི་ཤིགས་པའི་ཡི་གེ་ཧའོ། །ལྷག་མ་ནི་གསལ་ལོ། །བཞི་ནི་ཡ་ར་ལ་ཝའོ། །གསུམ་ ནི་ཤ་ཥ་སའོ། །ཐུང་ངུ་ཞེས་བྱ་བ་ནི་ཡི་གེ་ཨ་ཐུང་ངུ་སྟེ། དེ་ནི་ངག་གོ་ཅོག་གི་ངོ་བོར་འགྱུར་རོ། །དེ་ཉིད་གཅིག་དང་དུ་མ་དང་བྲལ་བའོ། །ཡི་གེ་གང་ཞིག་རྗེས་བཤད་ཅེས་བྱ་བ་ནི་ཡི་གེ་ཁ་དང་ཚ་ལ་སོགས་པའོ། །མངོན་པར་ཕྱོགས་པ་ཞེས་བྱ་བ་ནི་ཡི་གེ་ཀ་དང་ཙ་ལ་སོགས་པ་སྟེ། རྗོད་ བྱེད་དེ་དག་ཀྱང་ཡི་གེ་གསུམ་གྱི་གཟུགས་སུ་བལྟའོ། །དེས་ན་དེ་ནི་ཡོངས་སུ་གྱུར་པའི་གཟུགས་ཞེས་པས་བསྟན་ཏོ། །དེ་དག་ཀྱང་བློས་མི་ཤིགས་པར་སྦྱར་ཏེ། དེའི་རྒྱུ་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་ནི་ནམ་པར་སྣང་མཛད་ལ་སོགས་པའོ། །དེ་རྣམས་ཀྱི་སྐུ་ནི་ཡི་གེ་གསུམ་པོ་སྟེ་ དེ་བརྗོད་ཅིང་རབ་ཏུ་བརྗོད་པའོ། །དེ་ཉིད་ནང་གི་བཟླས་པ་རླུང་གི་དེ་ཁོ་ན་ཉིད་སྤྱིའི་རྣམ་པ་མི་ཤིགས་པ་སྟེ་ཆོས་ཀྱི་སྐུའི་རྒྱུའི་ཕྱིར་ན་སྤྲོ་ཞིང་བསྡུ་བ་ལ་སོགས་པ་ཙམ་བྱའོ། །སྦྱོར་བ་བཞི་ཞེས་བྱ་བ་ནི་དུས་ཚོད་བཞི་པོ་དེ་ཉིད་ལ་བརྗོད་པ་ཡིན་ཏེ། དུས་ཚོད་བཞི་པོ་ཐུན་མཚམས་བརྒྱད་དང་ བཅས་པ་ལ་གོས་དཀར་མོ་ལ་སོགས་པ་སོ་སོ་ལ་སྟོང་ཕྲག་ལྔ་ལྔ་དང་བཞི་བརྒྱ་བཞི་བརྒྱ་སྟེ། ཐུན་ཚོད་བཞི་པོར་དབུགས་དབྱུང་བ་བགྲངས་པའོ། །སོ་སོར་འབྱུང་བ་བསྲེས་པའི་གྲངས་ནི་གོ་སླའོ། །ཡན་ལག་མ་ཉམས་པ་ནི་ཡི་གེ་རང་བཞིན་གྱིས་མཚོན་པར་བྱས་པའོ། །གྲངས་འབུམ་ ཞེས་བྱ་བ་ནི་འཆི་བ་མེད་པའི་རང་བཞིན་གྱི་བཟླས་པ་ཙམ་ལ་བརྗོད་ཀྱི་གྲངས་ལ་མི་བྱའོ། །དེ་ལྟ་བུའི་རྡོ་རྗེ་རྣལ་འབྱོར་པ་ནི་གླང་པོ་སྔོན་དུ་རྙེད་པ་དང་འདྲ་བ་ཡིན་ན་དེ་ཀོ་གླང་པོ་ཆེའི་རྗེས་ཇི་ག་ཚོལ། སྤྱན་དྲངས་ཏེ་ཞེས་བྱ་བ་ནི་ཡི་གེ་ཨོཾ་མོ། །མྱུར་བ་ཡི་ནི་ཞེས་བྱ་བ་ནི་ཡི་གེ་ཧཱུྃ་ངོ་། །གཉི་ག་མིན་ པས་ཞེས་བཞུགས་སུ་གསོལ་བ་ནི་ཡི་གེ་ཨཱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་འདོད་པའི་དབང་གིས་བསྒྱུར་བའི་རྣལ་འབྱོར་གཞན་སྟོན་ཏེ་དེ་ལ་དང་པོའི་ཡི་གེ་ནི་སྡེ་ཚན་རྣམས་ཀྱི་དང་པོ་ཨཱ་སྟེ་ཡི་གེ་ཨོཾ་དང་གཅིག་ཏུ་སྦྱར་བས་འབྱིན་པར་བྱེད་དོ། །བརྒྱད་པའི་ཞེས་བྱ་བ་ལ་སོགས་པས་ 37-1-5a ནི་ཧཱུྃ་གིས་རྔུབ་པར་བྱེད་པར་སྟོན་པ་སྟེ། རྣལ་འབྱོར་པས་ཅི་དགར་བཟླས་པ་བྱེད་པ་བསྟན་ཏོ། །ཡའི་དོན་གྱི་ཞེས་བྱ་བ་ལ་སོགས་པས་ནི་རླུང་གི་དཀྱིལ་འཁོར་གང་ཞིག་བསད་པ་དང་། བསྐྲད་པ་དང་། མེའི་དཀྱིལ་འཁོར་ལ་ནི་དགུག་པ་ལ་སོགས་པ་བྱའོ། །ཆུ་ ལ་ཞི་བ་ལ་སོགས་པ་བྱའོ། །དབང་ཆེན་ལ་རྒྱས་པ་ལ་སོགས་པ་བྱའོ། །ཐུན་ནི་ཕྱེད་ཕྱེད་ཅེས་བྱ་བ་ནི་འཕོ་བ་རེ་རེ་དང་བསྲེས་པའི་རླུང་གཉིས་གཉིས་སོ། །ཡེ་ཤེས་གསུམ་ཞེས་བྱ་བ་ནི་སྣང་བ་ལ་སོགས་པའོ། །རྡོ་རྗེ་བཟླས་པའི་ལེའུ་དང་པོའི་འགྲེལ་པའོ།། །།ཡེ་ཤེས་གསུམ་ པོ་གསལ་བར་བྱ་བའི་ཕྱིར་གཉིས་པ་བརྗོད་དེ། དེ་ལ་ཕྱག་འཚལ་བ་བཞི་པོས་ནི་སྟོང་པ་བཞི་ལ་ཕྱག་འཚལ་བར་བརྗོད་དེ། རང་གི་ངོ་བོའི་དབང་དུ་བྱས་ན་ནི་བསྟོད་པར་བྱ་བ་དང་སྟོད་པར་བྱེད་པ་མེད་པས། ཇི་ལྟར་ཆུ་ལ་ཆུ་བཞག་པ་ཐིམ་པ་ཉིད་བཞིན་དུ་རང་གི་སེམས་ཉིད་སྣང་ བ་ལ་སོགས་པའི་རིམ་པར་མཐོང་བ་ནི་ཕྱག་འཚལ་བར་བརྗོད་དོ། །ཡེ་ཤེས་དེ་རྣམས་ནི་བླ་མ་མཉེས་པར་བྱས་པ་ལས་ངེས་པར་འཐོབ་པ་ཡིན་ནོ། །རྒྱུའི་རིམ་པ་རྣམ་དག་ཅེས་བྱ་བ་ནི་ཁྱད་པར་ཅན་གྱི་རྒྱུ་ལ་འབྲས་བུར་འགྱུར་བའོ། །སྣང་བ་ཞེས་བྱ་བ་ལ་སོགས་པ་ནི་ཇི་སྐད་དུ་ གསུངས་པའི་སྟོང་པ་རྣམས་དང་མིག་འཕྲུལ་ལ་སོགས་པའི་རང་བཞིན་དུ་བརྗོད་དོ། །ཉེར་ལེན་ནི་གཟུང་བར་བྱ་བའོ། །ཚོར་བ་ནི་ཇི་སྐད་དུ་བརྗོད་པའི་རང་བཞིན་རྣམས་ཚོར་ཞིང་རིག་པ་ཙམ་མོ། །ཡེ་ཤེས་དེ་ལ་སྐྱེ་བ་པོའི་དགོངས་པས་རབ་ཏུ་ཕྱེ་སྟེ་བརྗོད་པའོ། །གང་ཚེ་སྣང་བ་ ལྡན་གྱུར་ཅེས་བྱ་བ་ནི་སྣང་བ་ལ་སོགས་པ་གསུམ་ཅར་དང་ངོ་། །གང་དང་གང་གནས་པ་ཞེས་བྱ་བ་ནི་སྣང་བ་གསུམ་གྱི་བདག་ཉིད་གཞན་དང་གཞན་གྱི་དངོས་པོ་གང་ཡང་རུང་བ་རླུང་དང་ལྡན་ན་དེ་དང་དེའི་རང་བཞིན་དུ་འགྱུར་རོ། །དེ་ལ་ཤེས་རབ་དང་ཐབས་ཀྱི་དངོས་པོར་རྣམ་ པར་བརྟག་གོ། །གཉི་གའི་ཡན་ལག་ཅེས་བྱ་བ་ནི་ཐབས་དང་ཤེས་རབ་གཉིས་པོ་གཅིག་གི་དངོས་པོ་སྟེ་སྣང་བ་ཐོབ་པའི་ཡེ་ཤེས་སོ། །བུད་མེད་སྒྱུ་མ་ནི་བུད་མེད་ཉིད་དེའི་ཐབས་ཡིན་པ་ལ་བྱའོ། །དེ་ཡང་ནུ་མ་ལ་སོགས་པའི་དབྱིབས་ཀྱི་བདག་ཉིད་ཅན་དེ། དེ་ཉིད་ 37-1-5b ཁྱད་པར་དུ་འཕགས་པ་ཡིན་ནོ། །སྣང་བ་ལ་སོགས་པ་ཡེ་ཤེས་གསུམ་པོ་ནི་དེས་མཚོན་པ་ཡིན་པར་ཤེས་པ་བསྟན་པ་དེ་ཉིད་ཀྱི་ཕྱིར། ཡེ་ཤེས་གསུམ་པོ་ཞེས་བྱ་བ་ལ་སོགས་པ་སྨོས་པས་གོ་བར་བྱའོ། །གཉིས་པར་ཞེས་བྱ་བ་ནི་འདྲེས་པའོ། །ཡེ་ཤེས་གཉིས་ནི་སྣང་བ་དང་སྣང་ བ་མཆེད་པ་གཉིས་སོ། །མཉམ་པར་སྦྱོར་བ་ནི་ཇི་སྐད་བཤད་པའི་རྣམ་པས་ཤེས་རབ་ལ་མཉམ་པར་སྦྱོར་བའོ། །གང་ཞིག་ཅེས་བྱ་བ་ནི་རྣལ་འབྱོར་པ་སྟེ། དེས་ཕྱི་རོལ་གྱི་རྡོ་རྗེ་དང་ཆུ་སྐྱེས་སུ་སྦྱོར་བའོ། །ཀུན་རྫོབ་ཏུ་ཡང་མེད་པ་ཡིན་ན་དེ་ཁོ་ན་ཉིད་ལ་གང་ཞིག་ཇི་ལྟར་ཡོད། དེ་བས་ ན་ཕྱི་རོལ་གྱི་སྙོམས་པར་འཇུག་པ་ལས་ལན་ཅིག་ཙམ་ཞིག་མྱང་བ་ཡིན་ནོ། །དབྱེ་བ་ཇི་བཞིན་ཞེས་བྱ་བ་ལ་སོགས་པས་ནི། ཕྱིའི་ཤེས་རབ་ལས་སྣང་བ་ལ་སོགས་པ་རབ་ཏུ་དབྱེ་བ་ནི། རང་བཞིན་རྣམས་ཀྱི་རྒྱུ་རུ་ཤེས་པར་བྱེད་པ་དང་འདོད་ཆགས་དང་། ཆགས་བྲལ་དང་། ཆགས་ པ་བར་མ་དོ་ལ་འཇུག་པའི་ཡེ་ཤེས་སུ་གནས་པ་འཐོབ་པའོ། །དེའི་ནང་གི་བདག་ཉིད་ནི་ཕྱིའི་ཤེས་རབ་ཀྱིས་འཐོབ་པའི་རང་བཞིན་དེ་རྣམས་ཉིད་ལ་ཡང་ནས་ཡང་དུ་མཚོན་པར་བྱ་བ་ཡིན་པ་དེས་ན། རང་བཞིན་དེ་ཉིད་སླར་ཡང་ནི། །ཞེས་བྱ་བས་བསྟན་ཏེ། ནམ་མཁའ་ལྟ་བུ་ལ་ལོངས་ སྤྱོད་པས་ནམ་མཁའ་ལྟ་བུའི་ལུས་ལས་སྒྱུ་མ་ལ་སོགས་པའི་མཚན་མ་རྣམས་ཐོབ་པ་ན། ཆགས་པ་མེད་པ་ལ་སོགས་པ་འདི་རྣམས་ཤེས་རབ་དང་ལྡན་པས་ནང་གི་སྣང་བ་ལ་སོགས་པའི་ཡེ་ཤེས་མེ་ལོང་ལྟ་བུའོ། །ཡེ་ཤེས་ཀྱི་མཚན་ཉིད་ཀྱི་དཀྱིལ་འཁོར་འཁོར་ལོ་སྟོན་ པར་བྱེད་དོ། །རྡོ་རྗེའི་མཚན་མ་ནི་རང་གི་སེམས་ཉི་མའི་གཟུགས་ཅན་ནོ། །སོགས་པའི་སྒྲ་ནི་གསལ་བ་ལ་སོགས་པའི་དཀྱིལ་འཁོར་ཏེ། སེམས་དང་སྣང་བ་དང་སེམས་ལས་བྱུང་བ་དང་སྣང་བ་མཆེད་པའོ། །དེ་དག་མཉམ་པར་འདུས་པ་ནི་སྣང་བ་ཉེ་བར་ཐོབ་པའོ། །ལྷའི་ གཟུགས་ཞེས་བྱ་བ་ནི་སྟོང་པ་དང་ཤིན་ཏུ་སྟོང་པ་དང་ཆེན་པོ་སྟོང་པ་ཉིད་ཀྱི་གཟུགས་སོ། །དེ་ཕྱག་རྒྱ་བཞི་དང་ལྡན་པར་འཕྲོ་བའི་བདག་ཉིད་ཅན་དུ་བྱེད་ན་ས་བཅུའི་དབང་ཕྱུག་ཏུ་རྣལ་འབྱོར་པ་སྐྱེའོ། །ཕྱག་རྒྱ་བཞི་ནི་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་སེམས་དཔའི་བདག་ཉིད་དོ། ། 37-1-6a ཡེ་ཤེས་དག་ནི་ཡེ་ཤེས་གསུམ་པོ་འོད་གསལ་བའི་གནས་སུ་ཐིམ་པར་བྱས་པའི་དེ་ཁོ་ན་ཉིད་དོ། །དེ་བས་འོད་གསལ་དག་པ་ལས། །ཞེས་བྱ་བ་ནི། ཡེ་ཤེས་གསུམ་པོ་མངོན་དུ་བྱས་ནས་གང་གི་ཚེ་འོད་གསལ་བ་ལ་དམིགས་ཏེ། འོད་གསལ་བ་ལ་ཡང་ཡེ་ ཤེས་གསུམ་པོ་བྱུང་ནས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་གནས་པ་དེའི་ཚེ་རྣལ་འབྱོར་པ། །ཐམས་ཅད་མཁྱེན་པར་དེ་ནས་འགྱུར། །ཞེས་གསུངས་པ་ལྟར་འགྱུར་རོ། །རྡོ་རྗེ་ལྟ་བུ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཡིད་བཞིན་གྱི་ནོར་བུ་ལྟར་སེམས་ཅན་གྱི་དོན་སྤྱོད་པར་བྱེད་པ་ལ་བྱའོ། ། དེ་ཇི་ལྟ་བ་བཞིན་དུ་སྤྱོད་ན་མཚམས་མེད་པ་ལྔ་བྱེད་པའི་རྣལ་འབྱོར་པ་ཡང་སེམས་ཅན་གྱི་དོན་དུ་རྣལ་འབྱོར་པ་བསྐྱེད་པ་དང་ལྡན་པར་སྤྱོད་ན་དེ་བཞིན་གཤེགས་པར་བྱེད་པར་འགྱུར་བ་ནི། མཚམས་མེད་ལྔ་ཞེས་བྱ་བ་ལ་སོགས་པའི་དོན་ཡིན་ནོ། །ཆགས་མིན་ཞེས་བྱ་བ་ལ་སོགས་ པ་རྒྱུད་རྣམས་ཀྱི་ཚིག་གིས་འོད་གསལ་བའི་ཡེ་ཤེས་ཀྱི་མཚན་ཉིད་བརྗོད་པ་ཡིན་ནོ། །ཆོས་འབྱུང་མངོན་པར་བྱང་ཆུབ་པའི། །ཆགས་སོགས་རོལ་མོ་རྒྱ་ཆེན་པོ། །ཞེས་བྱ་བ་ནི་ཕྱིའི་ཤེས་རབ་མ་ལ་བྱའོ། །ཆོས་དབྱིངས་མངོན་པར་བྱང་ཆུབ་ཅན། །ཇི་ལྟར་རྙེད་པ་དག་ལ་སྤྱོད། །ཅེས་ བྱ་བ་ནི་ཇི་ལྟར་རྙེད་པའི་འདོད་པ་ཐམས་ཅད་ལ་ཉེ་བར་ལོངས་སྤྱོད་པའོ། །བླ་མེད་ཅེས་བྱ་བ་ནི་ནང་གི་ཤེས་རབ་ཀྱིས་སོ། །ཨ་གཟོད་ནས་དག་པའི་ཞེས་བྱ་བ་ལ་སོགས་པས་ནི་ཡེ་ཤེས་ལ་བསླབ་དགོས་པའི་ངོ་བོ་བརྗོད་དོ། །དེ་ལ་ཨ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་རང་བཞིན་ནམ། པདྨའི་གནས་སམ་ཡེ་ཤེས་ཀྱིས་བསྐུལ་བའོ། །དེ་ལྟ་བུ་ལ་སོགས་པ་གདོད་ནས་དག་ན་མི་དགོས་སོ་ཞེས་ཕྱོགས་སྔ་མའོ། །གང་ཞིག་དེ་ལྟར་ཞེས་བྱ་བ་ལ་སོགས་པས་ནི་སྣང་བ་ལ་སོགས་པའི་དབྱེ་བས་ཀུན་དུ་བསྒོམ་དགོས་པར་བསྟན་པ་ཡིན་ནོ། །འཕགས་པ་རྡོ་རྗེ་ནི་བླ་མ་སྟེ། དེ་ རབ་ཏུ་མཉེས་པར་བྱས་པ་ལས་དེ་བླ་ན་མེད་པའི་ཡེ་ཤེས་ས་བཅུ་པའོ། །རྒྱུད་ཐོས་པ་ནི་དེའི་དྲིན་ནོ། །བྱང་ཆུབ་ལམ་ནི་འོད་གསལ་མངོན་དུ་བྱའོ། །རིམ་པ་གཉིས་པའི་བཤད་པའོ།། །།བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་ནི། བདག་ཉིད་བྱིན་གྱིས་བརླབ་པ་སྟེ། ཤེས་རབ་ 37-1-6b ཀྱིས་བདག་ལ་ཡེ་ཤེས་སྐྱེ་བར་བྱེད་པའི་དོན་ཏོ། །བསྐྱེད་པའི་རིམ་པས་གསང་བའི་དབང་བསྐུར་བའི་མཐར་ཐུག་པའི་དབང་བསྐུར་བ་ཐོབ་པར་བྱས་པའི་སློབ་མས་བླ་མ་མཉེས་པར་བྱས་པ་དེས་ཀུན་རྫོབ་དང་དོན་དམ་པ་ལ་མོས་པར་བྱས་ན། རང་བྱིན་གྱིས་བརླབས་པའི་རྐྱེན་ལས་ས་བརྒྱད་ པ་ཐོབ་ཅིང་། འགྲོ་བ་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་མཐར་ཐུག་པ་མཐོང་བར་འགྱུར་རོ། །དེའི་རྒྱུ་ནི་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པའི་རྒྱུ་ནི་འོད་གསལ་བ་ཡིན་ལ། ཀུན་རྫོབ་ཀྱི་བདེན་པ་ཡང་འོད་གསལ་བའི་རྒྱུ་ཡིན་པ་ལ་བྱ་སྟེ། སེམས་ཅན་རྣམས་ཀྱི་བཅིངས་པ་དང་གྲོལ་ བའི་རང་བཞིན་དེ་ལྟ་བུར་གནས་པར་བརྗོད་དོ། །དེ་ཡང་འོད་གསལ་བའི་རྗེས་ལས་རིམ་པ་བཞིན་དུ་སྣང་བ་ལ་སོགས་པ་གསུམ་གྱི་རང་བཞིན་ནོ། །དེ་རྣམས་ལས་རླུང་ངོ་། །དེ་བཞིན་དུ་མེ་དང་དེ་ནས་ཆུ་དང་དེ་བཞིན་དུ་ས་དང་། དེ་ནས་ཕུང་པོ་ལྔ་ལ་སོགས་པ་སྟེ། འདི་དག་བཅིངས་པའི་ མཚན་ཉིད་དུ་གནས་པའོ། །དེ་ལྟ་བུའི་ཕུང་པོ་ལ་སོགས་པའི་སྒྲུབ་ཐབས་ཀྱི་རིམ་པ་སྦྱངས་ནས་འོད་གསལ་བར་རོ། །འོད་གསལ་བ་ལས་སྒྱུ་མ་ལྟ་བུར་ཟུང་དུ་འཇུག་པ་སྟེ་དེས་གྲོལ་བའི་རང་བཞིན་དུ་གསུངས་སོ། །འདིས་ནི་གྲོལ་བར་འདོད་པ་རྣམས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ བདག་ལ་བྱིན་གྱིས་བརླབས་པའི་རྣལ་འབྱོར་བསྒོམ་པར་བྱའོ། །དེ་ནས་དེ་ཉིད་འོད་གསལ་བར་བསྟན་པའི་ཕྱིར། སེམས་གང་གིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་ནང་གི་བདག་ཉིད་མེ་ལོང་ལྟ་བུ་ལ་སོགས་པ་དང་། ཕྱི་རོལ་གྱི་གཟུགས་ལ་སོགས་པའི་ཕུང་པོ་ལྔ་པོ་འདི་དག་ ལ་སྒྱུ་མ་ལྟ་བུས་མི་ཕྱེད་པར་བལྟའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་མཚོན་པར་བྱས་ན་བསྒྲུབ་བྱ་འགྲུབ་པར་འགྱུར་བའོ། །ཕྱག་རྒྱ་ཞེས་བྱ་བ་ནི་དམ་ཚིག་ལ་སོགས་པའི་ཕྱག་རྒྱ་ཀུན་དང་། མྱུར་བ་ལ་སོགས་པ་རླུང་གི་རང་བཞིན་ནོ། །ཉོན་མོངས་པ་ནི་ འདོད་ཆགས་ལ་སོགས་པའོ། །ལས་ལམ་ནི་དགེ་བ་བཅུ་པོའོ། །ལུས་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་དོ། །ཕྱིར་ལྡོག་གྱུར་པ་ཞེས་བྱ་བ་ནི་སླར་ཡང་འཁོར་བར་ལྡོག་པར་གྱུར་པ་ལ་བྱའོ། །རང་བྱིན་གྱིས་བརླབ་པའི་རིམ་པའི་བཤད་པའོ།། །།ཐམས་ཅད་སྟོང་པ་ཞེས་བྱ་བ་ནི་རང་ 37-1-7a བཞིན་གྱིས་འོད་གསལ་བའོ། །དེ་ཉིད་ནི། བཞི་པ་མངོན་པར་བྱང་ཆུབ་པ། །ཞེས་བྱ་བ་སྟེ། དང་པོའི་སངས་རྒྱས་རྒྱུའི་རྡོ་རྗེ་འཛིན་པའོ། །ཚོགས་ཀྱི་དཀྱིལ་འཁོར་ནི་རྡོ་རྗེ་སྤུན་གྲོགས་ལ་སོགས་པ་སྟེ། དེ་རྣམས་དང་བཅས་པས་བླ་མ་མཉེས་པར་བྱས་པའོ། །སྣང་བ་དག་ནི་ བསྐྱེད་པར་བྱ། །ཞེས་བྱ་བ་ནི་ཟླ་བ་ཤར་བའི་དུས་ལ་བྱ་སྟེ། སྲོད་དང་པོར་ཞེས་བྱ་བའི་དོན་ཏོ། །ཆོ་ག་ཡིས་ཞེས་བྱ་བ་ནི་སྔགས་ཀྱི་སྐུ་ལ་སོགས་པ་དང་རང་བྱིན་གྱིས་བརླབ་པའི་རྣལ་འབྱོར་གྱིས་སོ། །བྱང་ཆུབ་སེམས་ནི་ཁུ་བ་སྟེ་ཀུན་དུ་ཆགས་པས་ཕྱུང་བའོ། །ཉིན་པར་ཞེས་བྱ་བ་ནི་གཟི་མདངས་ སོ། །རྒྱུ་དང་མི་རྒྱུ་ཞེས་བྱ་བ་ནི་སེམས་ཅན་གྱི་འཇིག་རྟེན་དང་སྣོད་ཀྱི་འཇིག་རྟེན་ནོ། །རིལ་པོ་ནི་གོང་བུ་སྟེ། མིག་ལ་སོགས་པ་བསྡུས་པའི་ལུས་པོར་རབ་ཏུ་བྱུང་བ་ཙམ་དེ་ཉིད་འོད་གསལ་བར་ལེན་པར་བྱེད་པ་ནི་རིལ་པོར་འཛིན་པའོ། །རྒྱུ་བ་དང་ཞེས་བྱ་བ་ནི་འདུས་བྱས་དང་འདུས་མ་བྱས་སུ་འདོད་པའི་ལུས་ དང་། གཟུགས་ཀྱི་རྡུལ་ཕྲ་རབ་རྣམས་ལ་སྟེང་དང་འོག་གི་ཆས་ཕྱེ་ན། ཕྱི་དང་ནང་གི་དངོས་པོ་གང་ལ་ཡང་མེད་པའི་རིམ་པས་དབུ་མར་གནས་པའི་སེམས་རང་བཞིན་གྱིས་འོད་གསལ་བ་ནི་རྗེས་སུ་གཞིག་པའོ། །དབུགས་ཀྱི་ཞེས་བྱ་བ་ནི་ཇི་ལྟར་དབུགས་ཀྱི་རླུང་མེ་ལོང་ལ་ཁ་ཆུའི་ཟིལ་ པ་དྲོད་དང་རླངས་པར་བཅས་པ་ཐིམ་པར་འགྱུར་བ་ཡིན་གྱི། ཤིང་ལ་སོགས་པ་གཞན་ལ་ནི་མ་ཡིན་ནོ། །དེ་བཞིན་དུ་ཡང་དག་པའི་མཐའ་ལ་རབ་ཏུ་འཇུག་པར་བྱེད་ཀྱི། གཟུགས་ལ་སོགས་པ་ལ་ནི་མ་ཡིན་ནོ། །གཟུགས་བཅས་འོད་ཟེར་དེ་དང་དེ། །ཞེས་བྱ་བ་ལ་སོགས་པ་ནི་ཞི་བ་ལ་ སོགས་པའི་རླུང་གིས་འགྲོ་བ་རྣམས་ལ་ཞི་བ་ལ་སོགས་པའི་ལས་རྣམས་ལ་བྱ་བ་ཡིན་ནོ། །སྒྱུ་འཕྲུལ་དྲ་བ་ནི་རྣལ་འབྱོར་པས་འོད་གསལ་བ་ལས་རང་བྱིན་གྱིས་བརླབ་པའི་རྣལ་འབྱོར་དུ་བྱ་བའོ། །རིགས་ལྔ་ནི་སངས་རྒྱས་ལྔའི་རང་བཞིན་རླུང་ལྔ་པོ་རྣམས་ཏེ། ཕྱག་རྒྱ་ཆེན་པོ་ལ་ སོགས་པར་བརྟགས་པས་སོ། །རིམ་པ་བཞི་པའི་བཤད་པའོ།། །།མགོན་པོ་རྒྱུ་དང་འབྲས་བདག་ཉིད། །ཅེས་བྱ་བ་ནི། རང་བྱིན་གྱིས་བརླབ་པའི་ངོ་བོ་དང་། འོད་གསལ་བའི་ངོ་བོའི་བདག་ཉིད་གཅིག་གི་ངོ་བོར་གནས་པའི་མགོན་པོའོ། །དངོས་པོ་རྣམས་བཅས་ཀུན་རྟོག་དང་། ། 37-1-7b ཞེས་བྱ་བ་ནི་ནང་གི་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་སུ་ཀུན་རྟོགས་པའོ། །དངོས་པོ་མེད་པར་རྟོག་པ་དག །ཅེས་བྱ་བ་ནི། ནང་གི་བདེ་བ་ཕྱི་རོལ་གྱི་དངོས་པོས་སྟོང་པར་རྟོགས་པའོ། །ཡང་དག་པར་ན་དེ་ལྟ་བུ་གཉི་ག་ཡང་བརྟགས་པ་ཡིན་པས་ན། གཉི་གའི་རང་བཞིན་རོ་ གཅིག་པར་འདུག་པ་ནི་མ་བཅོས་ཤིང་མ་བརྟགས་པ་སྟེ་མཐར་ཐུག་པའོ། །གཟུང་བ་ནི་ཕྱི་རོལ་གྱི་གཟུགས་ལ་སོགས་པའོ། །འཛིན་པ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའོ། །ལྷག་མར་བཅས་པ་ནི་ཕུང་པོ་ལྔ་ཙམ་ལས་གཞན་སྟོང་པའོ། །ལྷག་མ་མེད་པ་ནི་ཐམས་ ཅད་སྟོང་པ་ཉིད་དུ་མྱ་ངན་ལས་འདས་པའོ། །དེ་བཞིན་དུ་གང་ཟག་ནི་ཕུང་པོ་ལྔ་ལ་སོགས་པའོ། །བདག་མེད་པ་ནི་བརྟགས་པས་བདེན་པ་ཉིད་དོ། །དྲན་དང་དྲན་མིན་ཞེས་བྱ་བ་ལ་སོགས་པས་ནི་ཟུང་དུ་འཇུག་པ་མངོན་དུ་བྱས་པའི་ཕན་ཡོན་བརྗོད་དོ། །བྱ་བ་དང་ནི་བྱེད་པ་ དག །ཅེས་བྱ་བ་ལ་སོགས་པས་ནི་ཡང་ཟུང་དུ་འཇུག་པའི་མཉམ་པ་ཉིད་བསྟན་ཏོ། །སྒྱུ་འཕྲུལ་དྲ་བ་ཞེས་བྱ་བ་ལ་སོགས་པས་ནི་ཚིག་རེ་རེས་ཟུང་དུ་འཇུག་པ་སྟོན་པ་ཡིན་ནོ། །སྒྲ་གང་སྐྱེ་མེད་ལ་སོགས་པ། །ཞེས་བྱ་བ་ལ་སོགས་པ་ལ། འདི་ཞེས་བྱ་བ་ནི་ཟུང་དུ་ འཇུག་པ་འདི་སྟོན་པར་བྱེད་པའི་ཚིག་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཡོད་པ་མ་ཡིན་པ་དང་། མེད་པ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པའོ། །སོགས་པའི་སྒྲས་ནི་དེ་འབའ་ཞིག་སྟོན་པ་ཡིན་གྱི། དེ་ལས་གཞན་འགའ་ཡང་སྟོན་པ་མ་ཡིན་པར་དགོངས་པ་ཡིན་ནོ། །སློབ་ བཞིན་པའི་ཞེས་བྱ་བ་ལ་སོགས་པས་ནི་ཟུང་དུ་འཇུག་པ་བསྒོམ་པའི་རྣལ་འབྱོར་པའི་སྤྱོད་པ་གསུངས་པ་ཡིན་ནོ། །སྦས་པའི་བརྟུལ་ཞུགས་ནི་ཐམས་ཅད་མཉམ་པའི་རང་བཞིན་དུ་གནས་པ་ལ་བྱའོ། །རིམ་པ་ལྔ་པའི་དཀའ་བ་བཏུས་པའི་བཤད་པའོ། །སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་ མཛད་པའི་རིམ་པ་ལྔ་པའི་དཀའ་འགྲེལ། སློབ་དཔོན་ཆེན་པོ་བྷ་བྱ་ཀཱིརྟིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་རྒྱལ་བ་མཆོག་གི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཅཱ་བ་དགེ་སློང་ཤཱཀྱ་བརྩོན་འགྲུས་ཀྱིས་ཞུས་ཤིང་བསྒྱུར་ཏེ་གཏན་ལ་ཕབ་པའོ།། །། 37-1-8a ༄༅༅། །རྒྱ་གར་སྐད་དུ། པཉྩ་ཀྲ་མ་པི་པ་ར་ཎ། བོད་སྐད་དུ། རིམ་པ་ལྔའི་རྣམ་པར་བཤད་པ། རྗེ་བཙུན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །མཐའ་གཉིས་སོན་པར་ལྡན་པའི་ལྟུང་བ་ཅན་གྱི་འགྲོ་ལ་སྨན་སླད་དུ། །གང་ཞིག་དབུ་མའི་བློ་ཡིས་རྟོགས་ ནས་བསྟན་པ་ཡིན། །དེའི་ཕྱིར་རྒྱལ་བ་ལས་འཁྲུངས་ཀླུ་སྒྲུབ་ལ་བཏུད་ནས། །རིམ་ལྔ་རྣམ་པར་མི་གསལ་བ་རྣམས་གསལ་བར་བྱ། །འདིར་འདི་ལ་འཕགས་པ་ཀླུ་སྒྲུབ་ཀྱིས་དཔལ་ལྡན་འདུས་པ་རྟོགས་ནས། མདོར་བྱས་པ་ཞེས་བྱ་བའི་སྒྲུབ་ཐབས་བྱ་བར་བཞེད་ནས། སྐུ་བཞིའི་བདག་ཉིད་ ཅན་གྱི་བཅོམ་ལྡན་འདས་ལ་ཕྱག་འཚལ་བ་གསུངས་པ། ཁམས་གསུམ་སྤྱོད་པ་ལས་གྲོལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱལ་བ་རྣམས་ཀྱིས་ནི་བདུད་བཞི་ཕས་ཕམ་པར་བྱས་པ་རྣམས་ཀྱི་སྐུ་ལུས་ལ་ཕྱག་འཚལ་ཞིང་འདུད་དོ་ཞེས་བྱ་བར་སྦྲེལ་ཏོ། །བདེ་བ་ནི་བདེ་བ་ཆེན་པོའི་རང་ བཞིན་ཟུང་འཇུག་གི་སྒྲར་བརྗོད་དོ། །མཉམ་མེད་མཉམ་ནི་མཉམ་མེད་ཀྱིས་ཐུན་མོང་མ་ཡིན་པའོ། །མཉམ་པ་མཚུངས་པའོ། །རྟོག་མེད་སྐུ་གཅིག་ཞེས་པ་ནི། །རྣམ་པར་རྟོག་པ་དང་བྲལ་བས་རྟོག་པ་མེད་པའོ། །གཅིག་ནི་གཉིས་སུ་མེད་པའོ། །སྐུ་ནི་མཚན་སུམ་ཅུ་རྩ་ གཉིས་ཀྱིས་བརྒྱན་པ་གང་ལ་ཡོད་པ་དེའོ། །ཁམས་གསུམ་སྤྱོད་པ་ལས་གྲོལ་ཞེས་པ་ནི། དེ་དེ་ལྟ་བས་ན་རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར། འཇིག་རྟེན་གསུམ་ནི་འཇིག་རྟེན་གསུམ་གྱི་སྐྱེ་བོ་གང་ཞིག་གི་རྣམ་པར་རྟོག་པས་ཀུན་ནས་སློང་ནས་ཐ་སྙད་འཇུག་པ་དེ་ཡོངས་སུ་སྤངས་ པའོ། །མཁའ་དང་མཉམ་རྟོག་ཞེས་པ་ནི། སྟོང་པ་ཉིད་ཙམ་གྱི་ཡུལ་ནམ་མཁའ་དང་མཉམ་པར་རྟོགས་པའི་ཡེ་ཤེས་གང་གི་དེའོ། །དངོས་ཀུན་ངོ་བོ་ཉིད་ཅེས་པ་ནི། སྟོང་པ་ཉིད་ཀྱི་རང་བཞིན་དེ་ལས་བྱུང་བའི་གཟུགས་ལ་སོགས་པ་དངོས་པོ་ཀུན་གྱི་རང་བཞིན་ནོ། །དག་ཅིང་ནི་སྒྲིབ་ པ་རྣམ་པ་གཉིས་དང་བྲལ་བའི་ཕྱིར་རོ། །ཞི་བ་ནི་ཞི་བའི་རོའི་གཙོ་བོ་ཡིན་པའི་ཕྱིར་རོ། །རྣམ་དབེན་ནི་དོན་དམ་པ་སྟེ་སྟོང་པ་ཉིད་ཀྱི་ངོ་བོའི་ཕྱིར་རོ། །མཆོག་ཞིང་འདི་ནི་ཞེས་པ་ནི། དགེ་བ་རྣམས་སྤྱད་པའི་ཕྱིར་རོ། །རྣལ་འབྱོར་པ་ཉིད་ཡུལ་ཞེས་པ་ནི། གཞན་གྱིས་ཡིད་ཆེས་པའི་རིག་པ་མེད་ 37-1-8b པའི་ཕྱིར་རོ། །རྟོགས་དགའ་བ་ནི་འཇམ་དཔལ་ནས་བཟུང་བ་རྣམས་ཀྱི་མངོན་སུམ་གྱི་ཚད་མའི་ཡུལ་མ་ཡིན་པའི་ཕྱིར་རོ། །བརྟག་པར་དཀའ་ལ་ཞེས་པ་ནི། དེ་རྣམས་ཀྱི་རྗེས་སུ་དཔག་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །བསྟན་མ་ཐག་པའི་ཚིག་གཉིས་པོ་འདིས་ནི་ཆོས་ཀྱི་སྐུའི་ཚུལ་ཉིད་བསྟན་པ་ ཡིན་ནོ། །བདག་གཞན་རབ་ཕན་ཞེས་བྱ་བ་ནི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཕྱིར་རོ། །འདིས་ཀྱང་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་རྟོགས་པ་ཉིད་ཡིན་ནོ། །ཁྱབ་ཅིང་ཞེས་པ་ནི་ཐམས་ཅད་དུ་གདུལ་བྱའི་སྐྱེ་བོའི་རྒྱུད་རྣམས་ལ་སོ་སོར་སྣང་བའི་ཕྱིར་རོ། །མཚན་མ་མེད་པ་ ཞེས་པ་ནི་གསལ་བར་སྤྱད་པ་དང་བཅས་པ་དེ་ལས་ལམ་ལ་ལོངས་སྤྱོད་པ་གཞན་གྱིས་སྐད་ཅིག་ལ་འོད་གསལ་རྟོགས་པ་ཡིན་ནོ། །ད་ནི་སྐབས་སུ་བབ་པ་བསྟན་པར་བྱ་བའི་ཕྱིར་གསུངས་པ། དཔལ་ལྡན་ཞེས་བྱ་བ་ལ་སོགས་པ་སྟེ། མཐའ་དྲུག་དོན་ནི་རྟོགས་བྱེད་པ། །ཞེས་པ་ནི་དགོངས་པས་ བཤད་པ་དང་། དགོངས་པ་མ་ཡིན་པས་བཤད་པ་དང་། སྒྲ་ཇི་བཞིན་པ་དང་། སྒྲ་ཇི་བཞིན་པ་མ་ཡིན་པ་དང་། ངེས་པ་དང་དྲང་བའི་དོན་གྱི་མཚན་ཉིད་བཤད་པའི་ཁྱད་པར་ཡོངས་སུ་ཤེས་པ་ཞེས་བྱ་བ་ལ་སོགས་པའི་དོན་ཏོ། །མདོར་བྱས་རིམ་པ་ཞེས་པ་ནི། རྒྱུད་སྣ་ཚོགས་ཀྱི་ཚིགས་སུ་བཅད་ པ་ཉུང་བར་རིལ་པོར་གཅིག་ཏུ་བསྡུས་པའི་མདོར་བྱས་པའོ། །དེའི་རིམ་པ་ནི་བསྒོམ་པའི་ཁྱད་པར་གྱི་བརྒྱུད་རིམ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདིའི་དགོངས་པ་གང་ཡིན་ཞེ་ན་གསུངས་པ། རྣམ་རྟོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་རྟོག་བག་ཆགས་ཉེས་པ་ཡིས། །ཞེས་ པ་ནི་རྣམ་པར་རྟོག་པ་སྣ་ཚོགས་སུ་སྒྲོ་བཏགས་པའི་བག་ཆགས་ཀྱིས་བསྐྱེད་པའི་ཉེས་པ་འདོད་ཆགས་ལ་སོགས་པ་ཡིན་ནོ། །རྣལ་འབྱོར་རྒྱུད་ཀྱི་ཞེས་པ་ནི། །རྣལ་འབྱོར་རྒྱུད་ལས་གསུངས་པའི་དོན་གྱི་བསྒོམ་པའི་ཁྱད་པར་གྱིས་སོ། །འདོད་པ་ལ་ནི་ཞེས་པ་ནི། གཟུགས་དང་སྒྲ་དང་དྲི་དང་རོ་དང་ རེག་ཅེས་བྱའོ། །རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ལ། །ཞེས་པ་ནི་གང་གིས་ཞེས་པ་ཚིག་གི་ལྷག་མའོ། །རྒྱུད་གང་གིས་རྣལ་འབྱོར་གྱི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་བདེ་བས་བྱང་ཆུབ་བསྒྲུབ་པར་བྱའོ་ཞེས་དགོངས་པའོ། །མི་ཕྱེད་ཅེས་པ་ནི། འདི་དག་གི་བསྒོམ་པ་འདི་ཆེས་མངོན་པར་ 37-1-9a གསལ་བར་གྱུར་པས་ཀྱང་དབྱེ་བའི་ནུས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །ཞེས་པ་ནི་རྡོ་རྗེ་སེམས་དཔའི་འོ། །བསྒོམ་པའི་གནས་གསུངས་པ། དགོན་པ་ཆེན་པོའི་ས་ཕྱོགས་ནི། །ཞེས་བྱ་བ་ལ་སོགས་པ་ནི་འདིར་གཞན་ཡང་རྣམ་ པར་དབེན་པའི་ས་ཕྱོགས་སོ། །དངོས་གྲུབ་ཐམས་ཅད་བསྡུས་པ་འགྲུབ། །ཞེས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀུན་ནི་འདིར་བསྡུས་ཤིང་བསྡོམས་པ་འདི་ལ་རྡོ་རྗེ་སེམས་དཔའི་སྐུ་སྟེ་དངོས་གྲུབ་ཐམས་ཅད་བསྡུས་པའོ། །བྱ་བར་འོས་པར་བྱ་བའི་ཕྱིར་གསུངས་པ། འཇམ་པོའི་སྟན་ལ་འདུག་ནས་ནི། །ཞེས་བྱ་བ་ལ་སོགས་པ་སྟེ་དང་པོ་ཁོ་ནར་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་འདུག་སྟེ། བདག་ཉིད་ཀྱི་སྙིང་གར་སོན་པའི་ས་བོན་ལས་འོད་ཟེར་སྤྲོས་པས་བསྒོམ་པར་འགྱུར་བའི་བཅོམ་ལྡན་འདས་འཁོར་དང་བཅས་པ་སྤྱན་དྲངས་ཏེ། དེ་ནས་ས་ བོན་དེ་ཉིད་ལས་ཕྱུང་བའི་མེ་ཏོག་དང་བདུག་པ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་དེའི་མདུན་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱ་སྟེ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་པར་བྱའོ། །དེའི་རྗེས་ཐོགས་སུ་ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་གྱིས་ གནས་བསྲུང་བ་རྣམས་ནི་བརྩམ་པར་བྱ་སྟེ། འདིར་འདིའི་རིམ་པ་ནི། ཡི་གེ་པཾ་ལས་བྱུང་བའི་སྣ་ཚོགས་པདྨའི་ལྟེ་བ་ལ། ཡི་གེ་ཨ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཡི་གེ་བྷྲཱུཾ་སེར་པོ་ཡོངས་སུ་གྱུར་པ་ལས་འཁོར་ལོ་རྩིབས་བཅུ་པ་རྣམ་པར་བསྒོམ་པར་བྱའོ། །དེའི་ དབུས་སུ་སྟོང་པ་ཉིད་དུ་ལྷག་པར་མོས་པས་ཐ་མལ་པའི་ང་རྒྱལ་སྤངས་ཏེ། སྐད་ཅིག་གིས་བདག་འཆད་པར་འགྱུར་བའི་མདོག་དང་མཚན་མ་ལ་སོགས་པས་ཁྱད་པར་དུ་འཕགས་པའི་རྡོ་རྗེ་སེམས་དཔའི་སྐུར་ལྷག་པར་བྱས་ཏེ། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་དཀྱིལ་ འཁོར་གྱི་འཁོར་ལོ་སྤྱན་དྲངས་ཏེ་ཞལ་ནས་ཞུགས་པས་ཁུ་བར་གྱུར་ཏེ་པདྨའི་ནང་དུ་ལྷུང་བ་ཉིད་ལས། ཁུ་བ་ཡང་ཐུགས་ཀྱི་བདག་པོའི་སྲུང་བའི་འཁོར་ལོའི་སྐུ་ཡོངས་སུ་གྱུར་པ་ལས། བཛྲ་དྷྲྀཀ་ཅེས་པའི་སྔགས་བརྗོད་པས་བཅོམ་ལྡན་འདས་མི་བསྐྱོད་པ་ཕྱུང་སྟེ་མདུན་དུ་བཞུགས་པར་རྣམ་པར་བལྟས་ 37-1-9b ཏེ། བདག་ཉིད་ཀྱི་ལུས་ལ་ཆུ་དང་འོ་མ་འདྲེས་པ་བཞིན་དུ་རོ་གཅིག་ཏུ་གྱུར་ནས་མདོག་དཀར་པོར་འགྱུར་བ་ལས། སྐུ་མདོག་ནག་པོར་གྱུར་པའི་ཞེ་སྡང་རྡོ་རྗེའི་སྐུ་མངོན་དུ་ཕྱོགས་པར་བྱའོ། །དེའི་རྗེས་ཐོགས་སུ། ཡི་གེ་ཧཱུྃ་བཅུ་ལས་གཤིན་རྗེ་མཐར་བྱེད་ལ་སོགས་པའི་ཁྲོ་བོ་བཅུ་ཕྱུང་ནས་ འཁོར་ལོའི་རྩིབས་རྣམས་ལ་གཡོན་བརྐྱང་བའི་ཞབས་ཀྱིས་ཉི་མའི་དཀྱིལ་འཁོར་ལ་བཞུགས་པ། འོག་ནས་འཆད་པར་འགྱུར་བའི་མདོག་དང་མཚན་མ་ལ་སོགས་པ་དང་ལྡན་པས་བསྒོམ་པར་བྱ་བའི་གནས་བསྲུང་བར་བྱའོ་ཞེས་བྱ་བའི་དོན་ཏེ། བགེགས་ཀུན་རྣམ་པར་གཞིག་པའི་ཕྱིར། ། ཞེས་བྱ་བ་ལ་སོགས་པ་ནི་འོག་གི་ཁྲོ་བོའི་རྒྱལ་པོ་ངེས་པར་གནོད་མཛེས་སུ་མཚན་གསོལ་བ་དེས་གནོད་མཛེས་གཉིས་པ་སྤྲུལ་ཏེ་ཕྱུང་ལ་རང་གི་མདུན་དུ་འཁོད་དེ་ཅི་བགྱི་བཀའ་སྩོལ་ཅིག་ཅེས་བཀའ་ནོད་པར་བསམས་ལ། ཨོཾ་སུམྦྷ་ནི་སུམྦྷ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་བཀའ་ བསྒོ་བ་སྦྱིན་པར་བྱའོ་ཞེས་དགོངས་པའོ། །ཁྲོ་བོའི་གཟུགས་ཅན་འདིས་ཞེས་བྱ་བ་ལ་སོགས་པ་ནི། འདིར་བསྟན་པའི་རྗེས་ཐོགས་སུ་གནོད་མཛེས་རྒྱལ་པོས་བཀའ་གནང་བ་ཐོབ་ནས། ཕྱོགས་བཅུར་སོན་པར་གྱུར་པའི་བགེགས་ཀྱི་རྒྱལ་པོ་རྣམས་ལྕགས་ཀྱུས་བཀུག་སྟེ། ཞགས་པས་སྐེ་ལ་བཅིངས་ལ། ཁྲོ་བོ་བཅུ་པོ་རྣམས་ལ་གཏད་པར་བསམ་པར་བྱའོ། །རྡོ་རྗེ་བདུད་རྩི་རྒྱལ་པོ་ཆེ། །ཞེས་བྱ་བ་ལ་སོགས་པ་ནི། བྱང་ཕྱོགས་ཀྱི་སྒོ་བ་གཉིས་པ་སྤྲུལ་པ་ཡང་དག་པར་བཞག་ནས། བདག་ཉིད་ཕུར་བུ་བཅུའི་རྣམ་པར་མངོན་པར་སྤྲུལ་ཏེ། བགེགས་ ཀྱི་བདག་པོ་རྣམས་ཀྱི་སྤྱི་བོར་རྣམ་པར་གདབ་པར་བསམ་པར་བྱའོ། །དེ་ནས་གནོད་མཛེས་རྒྱལ་པོ་ལངས་ཏེ་རྡོ་རྗེ་ཐོ་བས། ཨོཾ་གྷ་གྷ་ཞེས་བྱ་བ་ལ་སོགས་པའི་སྔགས་བརྗོད་ཅིང་བརྡུང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །སྟེང་འོག་ཡང་དག་བྱིན་གྱིས་བརླབ། །ཅེས་པ་ནི། ཊཀྐི་ཧཱུྃ་ཛཿ ཞེས་བྱ་བའི་ཡི་གེ་བཞི་རིམ་པ་ཇི་ལྟ་བ་བཞིན་དུ། ལྕགས་དང་། ཆུ་དང་། མེ་དང་། རླུང་རྣམས་ཀྱིས་ཕྱི་རོལ་དུ་རྭ་བ་བཞིའི་རྣམ་པར་བསམ་པར་བྱའོ། །སྟེང་དུ་ཡི་གེ་བྷྲཱུཾ་གྱིས་རྡོ་རྗེ་གུར་མཆོད་རྟེན་ལྟ་བུ་ལྕགས་ཀྱི་ར་བའི་སྟེང་དུ་རྣམ་པར་དགོད་དོ། །དེར་ཡི་གེ་གསུམ་ལས་གོ་ཆའོ། ། 37-1-10a ཡི་གེ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ཆར་ཡང་བསམ་པར་བྱའོ་ཞེས་པའི་དོན་ཏོ། །དངོས་པོ་མེད་པ་སྒོམ་པ་མིན། །ཞེས་པ་ནི་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་ཡོད་པ་དང་མེད་པའི་སྒོམ་པ་མི་སྲིད་དེ་དགོས་པ་མེད་པའི་ཕྱིར་དངོས་པོ་མེད་པའི་མོ་གཤམ་གྱི་བུ་ བསྒོམས་པ་ལས་མངོན་སུམ་དུ་གྱུར་པ་མེད་པ་ཡིན་པའི་ཕྱིར་རོ། །དངོས་པོའང་བསྒོམ་པར་བྱ་བ་མིན། །ཞེས་པ་ནི་གང་ཡང་མངོན་དུ་གྱུར་ན་སྒོམ་པ་དེ་མི་སྲིད་པར་འགྱུར་བའོ། །སྒོམ་པ་དང་བྲལ་བ་ཉིད་ལས་དེའི་བསྒོམ་པར་བྱ་བ་མངོན་དུ་གྱུར་པའི་ཕྱིར་རོ། །དེ་བས་དངོས་པོ་དངོས་མེད་པས་ ཞེས་པ་ནི་དེ་ལྟར་དངོས་པོ་དང་དངོས་པོ་མེད་པར་གནས་པ་གཉིས་ཀྱི་བདག་ཉིད་ཀྱང་མི་འགྱུར་ཏེ། སྐྱོན་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར་རོ། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་པ་ནི་རྣམ་པ་འདིས་ན་ཐམས་ཅད་དུ་བསྒོམ་པ་མི་སྲིད་པར་འགྱུར་བ་ཡིན་ནོ། །ཆོ་གའི་སྦྱོར་བ་འདི་ ཡིས་ནི། །ཞེས་པ་ནི་འཆད་པར་འགྱུར་བའི་ཆོ་གའོ། །ཡེ་ཤེས་ས་གཞི་ཞེས་པ་ནི་རྡོ་རྗེའི་རང་བཞིན་གྱི་ས་གཞིའོ། །ཧཱུྃ་གཉིས་ས་བོན་ཡཾ་ལས་བྱུང་། །ཞེས་པ་ནི་ཡི་གེ་ཧཱུྃ་གཉིས་ཀྱི་དབུས་སུ་སོན་པའི་ཡི་གེ་ཡཾ་ཡོངས་སུ་གྱུར་པ་ལས་སོ། །རྡོ་རྗེ་གཉིས་དང་ཡང་དག་ལྡན། །ཞེས་པ་ ནི་ལོགས་གཉིས་སུ་ཡི་གེ་ཧཱུྃ་གཉིས་ཀྱིས་བསྐྱེད་པའི་རྡོ་རྗེ་གཉིས་ཀྱིས་མཚན་པའོ། །དེ་ལྟར་དཀྱིལ་འཁོར་གཞན་གསུམ་པོ་ལ་ཡང་གོ་བར་བྱའོ། །སླར་ཡང་ཁ་སྦྱར་རྣལ་འབྱོར་གྱིས། །ཞེས་པ་ནི་གནས་ཇི་ལྟ་བ་བཞིན་དུ་རིམ་པས་ཁོངས་སུ་བསྡུ་བར་བྱ་བ་ཡིན་ནོ། །བསད་ན་ཞེས་པ་ནི་ སྟོང་པ་ཉིད་ཀྱི་ཕྱིར་ན་རང་བཞིན་མེད་པར་བྱས་པའོ། །གཟུགས་ཕུང་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ཀྱི་ཕུང་པོའི་རང་བཞིན་རྣམ་པར་སྣང་མཛད་དེ། བདག་ཉིད་ཀྱི་སྤྱི་བོའི་ཁོངས་སུ་གཏོགས་པར་བྱའོ། །གཏོགས་པ་མེ་ལོང་དང་ཞེས་པ་ནི། གཤིན་རྗེ་མཐར་བྱེད་མེ་ལོང་ལྟ་བུའི་ཡེ་ ཤེས་ཀྱི་བདག་ཉིད་དེ་ལག་པ་གཡས་སུའོ། །ས་ཁམས་ནི་སྤྱན་མ་སྟེ་སའི་ཁམས་ལའོ། །མིག་གི་དབང་པོ་ནི་སའི་སྙིང་པོ་སྟེ་མིག་དག་ལའོ། །གཟུགས་ཀྱང་ནི་གཟུགས་རྡོ་རྗེ་མ་སྟེ་ལུས་ལ་སོན་པའི་གཟུགས་ཀྱི་ཡུལ་ལོ། །ཁྲོ་བོ་བྱམས་པ་ཡང་དག་ལྡན། །ཞེས་པ་ནི་མི་གཡོ་མགོན་ 37-1-10b པོ་རྩི་བ་ལོགས་གཡས་སུའོ། །བྱམས་པ་མགོ་ལའོ། །ཚོར་བའི་ཕུང་པོ་ནི་རིན་ཆེན་འབྱུང་ལྡན་ཏེ་ལྟེ་བར་རོ། །མཉམ་ཉིད་ནམ་མཁའི་སྙིང་པོ་སྟེ་སྣ་ལའོ། །ཆུ་ཁམས་ནི་མཱ་མ་ཀཱི་སྟེ་ཆུའི་ཁམས་ལའོ། །རྣ་བའི་དབང་པོ་ནི་ཕྱག་ན་རྡོ་རྗེ་སྟེ་རྣ་བ་དག་ལའོ། །སྒྲ་ཡང་ནི་སྒྲ་རྡོ་རྗེ་མ་སྟེ་སྒྲའི་ ཡུལ་ལའོ། །ཁྲོ་བོ་གཉིས་དང་ཡང་དག་ལྡན་ནི་ཤེས་རབ་མཐར་བྱེད་ནི་ལག་པ་གཡོན་པ་ལའོ། །འདོད་པའི་རྒྱལ་པོ་ནི་རྩིབ་ལོགས་གཡོན་དུའོ། །འདུ་ཤེས་ནི་སྣང་བ་མཐའ་ཡས་ཏེ་མགྲིན་པར་རོ། །སོ་སོར་རྟོག་པ་ནི་འཇམ་དཔལ་ཏེ་སྙིང་གར་རོ། །བྱིན་ཟ་ནི་གོས་དཀར་མོ་སྟེ་མེའི་ ཁམས་ལའོ། །སྣའི་དབང་པོ་ནི་ལྕེའི་དབང་པོའི་བརྡར་དགོངས་པ་སྟེ། དི་ཡང་འཇིག་རྟེན་དབང་ཕྱུག་སྟེ་དེ་ཉིད་ལའོ། །དྲི་ཡང་ནི་དྲི་རྡོ་རྗེ་མ་སྟེ་དྲིའི་ཡུལ་ལའོ། །ཁྲོ་བོ་གཉིས་དང་ཡང་དག་ལྡན། །ཞེས་པ་ནི་པདྨ་མཐར་བྱེད་ཁར་རོ། །དབྱུག་པ་སྔོན་པོ་པུས་མོ་གཡས་སུའོ། །འདུ་བྱེད་ནི་དོན་ ཡོད་གྲུབ་པ་སྟེ་རྐང་པ་གཉིས་ལའོ། །བྱ་བ་གྲུབ་པ་ནི་ཀུན་དུ་བཟང་པོ་སྟེ་ཚིགས་རྣམས་སུའོ། །རླུང་ཁམས་ནི་སྒྲོལ་མ་སྟེ་རླུང་གི་ཁམས་ལའོ། །རོའི་དབང་པོ་དང་ཞེས་པ་ནི་འདིར་ཡང་བརྡའི་དབང་གིས་རེག་བྱའི་དབང་པོར་དགོངས་པ་སྟེ་དེ་ཡང་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སྟེ་དེ་ཉིད་དུའོ། ། རོ་ཡང་ནི་རོ་རྡོ་རྗེ་མ་སྟེ་རོའི་ཡུལ་ལའོ། །ཁྲོ་བོ་གཉིས་དང་ཡང་དག་ལྡན། །ཞེས་པ་ནི་བགེགས་མཐར་བྱེད་རྡོ་རྗེ་ལའོ། །སྟོབས་པོ་ཆེ་པུས་མོ་གཡོན་པ་ལའོ། །སྟེང་འོག་ཁྲོ་བོ་གཉིས་དང་ལྡན། །ཞེས་པ་ནི་གཙུག་ཏོར་འཁོར་ལོས་སྒྱུར་བ་སྤྱི་བོར་རོ། །གནོད་མཛེས་རྒྱལ་པོ་རྐང་པ་གཉིས་ ལའོ། །རང་བཞིན་གྱིས་སྣང་བ་ཉིད་ཅེས་པ་ནི་རེག་བྱ་རྡོ་རྗེ་ལའོ། །རྣམ་ཤེས་ཕུང་པོར་གཏོགས་པ་སྟེ། །ཞེས་པ་ནི་བཅོམ་ལྡན་འདས་ཀྱི་སྐུའི་ཁོངས་སུ་གཏོགས་པ་ཡིན་ནོ། །རྣམ་ཤེས་ཀྱང་ནི་འོད་གསལ་བའོ། །ཞེས་པ་ནི་བཅོམ་ལྡན་འདས་ཀྱི་སྐུ་ཡང་སྤྱི་བོ་དང་རྐང་པ་དག་ནས། ཇི་སྲིད་སྙིང་ གར་སོན་གྱི་བར་དུ་རིམ་པ་འདིས་སྟོང་པ་ཉིད་འདི་ལ་ཁོངས་སུ་གཏོགས་པར་འགྱུར་བ་ཡིན་ནོ། །ནམ་མཁའི་ཁམས་ཞེས་བྱ་བ་ལ་སོགས་པ་ནི། ཡི་གེ་ཧཱུྃ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་ལའོ། །ཨོཾ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ལའོ། །ཡི་གེ་ཨཱཿ་ཡོངས་ 37-1-11a སུ་གྱུར་པ་ལས་པདྨའོ་ཞེས་བྱ་བ་ནི་མན་ངག་གོ། །དེ་ནས་ཡི་གེ་གསུམ་ལས་བྱུང་། །ཞེས་པ་ནི་ཡི་གེ་གསུམ་ལས་ཡང་དག་པར་བྱུང་བའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས་སོ། །ཇི་སྟེ་ཡང་རྣམ་པར་སྣང་མཛད་ལ་སོགས་པ་གཙོ་བོར་གྱུར་པ་བསྒོམ་པར་འདོད་པ་དེའི་ཚེ་དེ་རྣམས་ ཀྱི་ཇི་ལྟ་བ་བཞིན་དུ་རང་གི་མཚན་མ་ཡོངས་སུ་གྱུར་པ་ལས་རྫོགས་པ་ཡིན་ནོ། །མི་བསྐྱོད་པ་ནི་རྗེས་ཞུས་པས། །ཞེས་བྱ་བ་ལ་སོགས་པ་ནི་མདོར་བསྟན་པའོ། །འདིའི་རྒྱས་པར་བཤད་པ་ནི་ཕྱིས་འབྱུང་བར་འགྱུར་རོ། །རླུང་སོགས་དེར་ནི་རིམ་པ་བཞིན། །ཞེས་པ་ནི་འདིའི་རྗེས་ཐོགས་སུ་ ཛཿཧཱུྃ་བཾ་ཧོཿཞེས་བྱ་བའི་ཡི་གེ་བཞིས་རིམ་པ་ཇི་ལྟ་བར་གཟུགས་རྡོ་རྗེ་མ་དང་། སྒྲ་རྡོ་རྗེ་མ་དང་། དྲི་རྡོ་རྗེ་མ་དང་། རོ་རྡོ་རྗེ་མ་རྣམས་ལུས་ལ་གནས་པའི་གཟུགས་དང་སྒྲ་དང་དྲི་དང་རོ་རྣམས་ལ་དགོད་པར་བལྟ་བར་བྱ་བ་ཡིན་ནོ། །རྡོ་རྗེའི་སྐུ་རྣམས་མཛད་དུ་གསོལ། །ཞེས་པ་ནི་དང་པོ་ གཅིག་གི་ཚིག་གི་དོན་ནི་མང་པོའི་ཚིག་གོ། །དེ་ལྟར་གཞན་གཉིས་པོའི་སྐབས་སུའང་རིག་པར་བྱའོ། །སྤྱན་དང་ཞེས་བྱ་བ་ལ་སོགས་པ་ནི་གསོལ་བ་བཏབ་པའི་རྗེས་སུ་ལྷ་རྣམས་ཀྱི་དགོངས་པ་ཕན་ཚུན་དུ་རྗེས་སུ་ཆགས་པ་སྔོན་དུ་འགྲོ་བས་མཆོག་ཏུ་དགའ་བའི་བདེ་བ་ཉམས་སུ་མྱོང་ནས་འདིར་ ཁུ་བའི་རང་བཞིན་གྱིས་རྣམ་པར་སྣང་མཛད་སྒོ་ནས་ཞུགས་ཏེ། ཡེ་ཤེས་ཀྱི་ས་ཐོབ་ནས་ལུས་མཐའ་དག་གང་ཞིང་ཚིམ་པར་བསམས་ནས། སངས་རྒྱས་ཀུན་གྱི་སྐུ་གང་ཡིན། །ཞེས་བྱ་བ་ལ་སོགས་པས་བརྟན་པར་བྱ་བ་ཡིན་ཏེ་སྤྱིའི་དོན་ཏོ། །གསུང་དང་ཐུགས་བྱིན་གྱིས་བརླབ་པ་དག་ ལ་རིམ་པ་ཇི་ལྟ་བར་ཁུ་བ་དམར་པོ་དང་། ནག་པོའི་རང་བཞིན་གྱི་ས་གནས་ཇི་ལྟ་བ་བཞིན་དུ་ཞུགས་པར་རིག་པར་བྱའོ། །གསུང་ཞེས་བྱ་བ་ནི་ཚིག་གོ། །ངེས་པའི་ཚིག་ཅེས་པ་ནི་ཆོས་བསྟན་པའི་སྒྲའི་རང་བཞིན་དག་ཀླུ་ལ་སོགས་པས་རྟོགས་པའོ། །ཡེ་ཤེས་སེམས་དཔའ་ཞེས་པ་ནི་ དམར་པོའོ། །ཡི་གེ་ཧཱུྃ་ཞེས་པ་ནི་གནག་པའོ། །བདག་ཉིད་ཅན་ཞེས་པ་ནི་བདག་ཉིད་ལའོ། །བཙོ་བླག་ཅེས་པ་ནི་ཆོས་ཀྱི་སྦྱིན་པས་རང་གི་རིགས་རྣམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་མི་བསྐྱོད་པས་འཚེད་པར་བྱེད་དེ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ལ་ནི་ཞེས་པ་ནི་གཟུགས་དང་སྒྲ་ལ་ 37-1-11b སོགས་པ་དེ་རྣམས་ཉིད་ལའོ། །ས་སྙིང་ལ་སོགས་རྣམས་ཀྱིས་ནི། །ཞེས་པ་ནི་མིག་ལ་སོགས་པ་རྣམས་ལ་གནས་པས་སོ། །སྙོམས་འཇུག་ནི་བཟུང་བའི་དངོས་པོའོ། པདྨ་འདབ་མ་བརྒྱད་པ་ནི། །ཞེས་པ་ནི་འདི་ནི་ཉེ་བར་མཚོན་པ་ཙམ་སྟེ་འདི་ཉིད་ཀྱི་ས་བོན་ཡོངས་སུ་གྱུར་པ་ལས་ ཟེའུ་འབྲུ་ཡང་ཡོངས་སུ་བསྒོམ་པར་བྱའོ། ། དེ་ནི། ཕཊ་ཀྱི་གསང་སྔགས་བརྗོད་པར་བྱ། །ཞེས་པ་ནི་དང་པོ་ཉིད་དུ་རྡོ་རྗེའི་ཁར་ཡི་གེ་ཕཊ་སེར་པོ་བསྐྱེད་ལ། ཁ་ནས་ཀྱང་བརྗོད་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རང་སྔགས་ཡི་གེ་ལས་བྱུང་བ། །ཞེས་བྱ་བ་ལ་སོགས་པ་ནི། སླར་ ཡང་ཞེ་སྡང་རྡོ་རྗེར་འགྱུར། །ཞེས་པའི་མཐར་མདོར་བསྟན་པའི་ཚིག་ཡིན་ནོ། །པདྨའི་དབུས་སུ་བསྐྱེད་ནས་ནི། །ཞེས་པ་ནི་པདྨ་འི་ནང་དུ་ཆུད་པའི་དཀྱིལ་འཁོར་འཁོར་ལོ་ཁུ་བར་གྱུར་ནས་ཡོད་པའི་ཁུ་བ་ཅུང་ཟད་ཀྱིས་སོ། །རྒྱས་པར་བསྟན་པ་གསུངས་པ་བཛྲ་དྷྲྀཀ་སྔགས་ལས་བྱུང་ ཞེས་བྱ་བ་ལ་སོགས་པ་སྟེ། སྔོ་ནག་དམར་དང་དཀར་བའི་ཞལ། །ཞེས་པ་ནི་རྩ་བའི་ཞལ་སྔོན་པོ། གཡོན་དམར་བ་གཡས་དཀར་བའོ། །ཐུགས་ཀ་ལས་འབྱུང་ཞེས་པ་ནི་ཆོས་ཀྱི་འབྱུང་གནས་སོ། །སྤྱན་སྔ་རུ་ནི་འདུག་པར་འགྱུར། །ཞེས་པ་ནི་རྡོ་རྗེ་རྩེ་མོ་ལྔ་པའི་ལྟེ་བར་ གནས་པའི་ཉི་མ་ལའོ། །དཀར་དང་དམར་དང་གནག་པའི་ཞལ། །ཞེས་པ་ནི་རྩ་བའི་ཞལ་དཀར་པོ། གཡས་ནག་པོ་གཡོན་དམར་པོ། ཤར་ཕྱོགས་ཀྱི་ནི་ཟླ་བར་བཞུགས། །ཞེས་པ་ནི་ཤར་གྱི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་སོན་པའི་ཟླ་བའི་དཀྱིལ་འཁོར་རོ། ། སེར་དང་གནག་དང་དཀར་བའི་ཞལ། །ཞེས་པ་ནི་རྩ་བའི་ཞལ་སེར་པོ། གཡས་སྔོན་པོ་གཡོན་དཀར་པོའོ། །རིན་ཆེན་སྙིང་པོར་བཞུགས་པར་གྱུར། །ཞེས་པ་ནི་རིན་པོ་ཆེ་མརྒད་ཆ་དགུ་པའི་ལྟེ་བ་ལ་གནས་པའི་ཉི་མའི་ད་ཀྱིལ་འཁོར་རོ། །དམར་དང་གནག་དང་དཀར་བའི་ཞལ། ། ཞེས་པ་ནི་ཞལ་དང་པོ་དམར་པོ་གཡས་ནག་པོ་གཡོན་དཀར་བའོ། །རྒྱབ་ཀྱི་པདྨ་ལ་བཞུགས་གྱུར། །ཞེས་པ་ནི་ནུབ་ཀྱི་ཕྱོགས་ཀྱི་པདྨ་འདབ་མ་བརྒྱད་པའི་ལྟེ་བར་གནས་པའི་ཉི་མའི་དཀྱིལ་འཁོར་རོ། །ལྗང་དང་ནག་དང་དམར་བའི་ཞལ། །ཞེས་པ་ནི་ཞལ་གྱི་ངེས་པ་སྔ་མ་བཞིན་ནོ། །སྣ་ཚོགས་ 37-1-12a རྡོ་རྗེ་དག་ལ་བཞུགས། །ཞེས་པ་ནི་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གནས་པའི་ཉི་མ་ལའོ། །ཞེ་སྡང་ཞེས་པ་ལ་སོགས་པ་ནི་ཞེ་སྡང་ནི་མི་བསྐྱོད་པའོ། །གཏི་མུག་ནི་རྣམ་པར་སྣང་མཛད་དོ། །འདོད་ཆགས་ནི་འོད་དཔག་མེད་དོ། །ཡིད་བཞིན་ནོར་བུ་ནི་རིན་ཆེན་འབྱུང་ ལྡན་ནོ། །དམ་ཚིག་སྟེ་ཞེས་པ་ནི་དོན་ཡོད་གྲུབ་པའོ། །རིགས་ཞེས་བྱ་བ་ནི་རིགས་ཀྱི་གཙོ་བོའོ། །འདོད་དང་ཐར་པ་སྒྲུབ་པར་བྱེད། །ཅེས་པ་ནི་སྒྲུབ་པ་པོའི་འདོད་པ་འདི་རྣམས་གྲོལ་བར་སྒྲུབ་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དཀར་དང་གནག་དང་དམར་བའི་ཞལ། །ཞེས་པ་ནི་རྣམ་པར་ སྣང་མཛད་བཞིན་ནོ། །ཟླ་དཀྱིལ་དུ་ཞེས་པ་ནི་འཁོར་ལོ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་རོ། །ཤར་གྱི་མཚམས་སུ་ཞེས་པ་ནི་མེའི་མཚམས་སུའོ། །གནག་དང་དམར་དང་དཀར་བའི་ཞལ། །ཞེས་པ་ནི་མི་བསྐྱོད་པ་བཞིན་ནོ། །ལྷོ་ནུབ་ཏུ་ནི་བཞུགས་པར་གྱུར། །ཞེས་པ་ནི་བདེན་བྲལ་ གྱི་མཚམས་སུ་རྡོ་རྗེའི་ལྟེ་བ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་རོ། །ཞལ་ནི་དམར་དང་ནག་དང་དཀར་བའི་ཞལ། །ཞེས་པ་ནི་འོད་དཔག་ཏུ་མེད་པ་བཞིན་ནོ། །ཨུཏྤལ་ལྡོང་བུ་ཞེས་པ་ནི་པདྨ་དམར་བའི་སྡོང་བུའོ། །ཨུཏྤལ་ཞེས་པ་ནི་པདྨ་དམར་པོའོ། །པདྨའི་དབུས་ཉིད་དུ་ཞེས་པ་ནི་ པདྨ་དམར་པོའི་ཟེའུ་འབྲུའི་སྟེང་གི་ཟླ་བ་ལའོ། །ལྗང་དང་གནག་དང་དཀར་བའི་ཞལ། །ཞེས་པ་ནི་དོན་ཡོད་གྲུབ་པ་བཞིན་ནོ། ། སྣ་ཚོགས་རྡོ་རྗེའི་སྟན་ལ་ཡང་། །ཞེས་པ་ནི་སྣ་ཚོགས་རྡོ་རྗེའི་ལྟེ་བའི་སྟེང་གི་ཟླ་བ་ལ་གནས་པའོ། །རྡོ་རྗེ་གཟུགས་ལ་སོགས་པ་དབྱུང་། །ཞེས་པ་ནི་ ཛཿཧཱུྃ་བཾ་ཧོཿཞེས་བྱ་བའི་ས་བོན་ནི་ལྷག་མའོ། །དབུ་རྒྱན་ལ་ནི་རྔ་སྒྲ་བཞུགས། །ཞེས་པ་ནི་དོན་ཡོད་གྲུབ་པའི་དབུ་རྒྱན་ཅན་ནོ། །འདི་ལ་དབུ་རྒྱན་རང་གི་མགོན། །ཞེས་པ་ནི་བྱམས་པ་དང་སའི་སྙིང་པོའི་དབུ་རྒྱན་ནི་རྣམ་པར་སྣང་མཛད་དོ། །ཕྱག་ན་རྡོ་རྗེ་ལ་མི་བསྐྱོད་པའོ། །ནམ་མཁའི་སྙིང་ པོའི་ནི་རིན་ཆེན་འབྱུང་ལྡན་ནོ། །འཇིག་རྟེན་དབང་གི་ནི་འོད་དཔག་ཏུ་མེད་པའོ། །དེ་བཞིན་དུ་འཇམ་པའི་དབྱངས་ཀྱི་ནི་མི་བསྐྱོད་པའོ། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་ནི་དོན་ཡོད་གྲུབ་པའོ། །ཀུན་དུ་བཟང་པོའི་ནི་རྡོ་རྗེ་སེམས་དཔའ་ཡིན་ནོ། །སྐྱེ་མཆེད་རྣམས་ཞེས་པ་ནི་སྐྱེ་མཆེད་ལ་ 37-1-12b སོགས་པ་སྟེ། ལྷའི་མིག་ལ་སོགས་པ་རྩོལ་བ་ཡིན་ནོ། །ལྷའི་རྒྱུས་པ་དང་། སྤྱན་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཚིགས་རྣམས་སྟེར་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །སླར་བྱོན་ནས་ནི་སྟན་ལ་བཞུགས། །ཞེས་པ་ནི་རང་རང་གི་ཕྱག་མཚན་གྱི་གཙོ་བོའི་སྟེང་ན་ཟླ་བ་ རྣམས་ལའོ། །ཡ་མཱནྟ་ཀྲྀཏ་ཅེས་བྱ་བ་ལ་སོགས་པ་ནི། གནག་དང་དམར་དང་དཀར་བའི་ཞལ། །ཞེས་པ་ནི་མི་བསྐྱོད་པ་ལྟར་ངེས་པ་ཡིན་ནོ། །པདྨ་ཉི་མ་ཞེས་པ་ནི་པདྨ་འི་ལྟེ་བའི་སྟེང་གི་རྡོ་རྗེ་ཐོ་བའི་ལྟེ་བར་གནས་པའི་ཉི་མའི་དཀྱིལ་འཁོར་རོ། །དཀར་དང་གནག་དང་དམར་བའི་ཞལ། ། ཞེས་པ་ནི་རྣམ་པར་སྣང་མཛད་ལྟར་རོ། །པདྨའི་ཉི་མ་ཞེས་པ་ནི། པདྨའི་ལྟེ་བའི་སྟེང་གི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་གནས་པའི་ཉི་མའི་དཀྱིལ་འཁོར་རོ། །དམར་དང་གནག་དང་དཀར་བའི་ཞལ། །ཞེས་པ་ནི་འོད་དཔག་ཏུ་མེད་པ་བཞིན་ནོ། །པདྨ་ཉི་མ་ཞེས་པ་ནི་སྣ་ཚོགས་པདྨ་འི་ལྟེ་བར་ གནས་པའི་པདྨ་དམར་པོའི་སྟེང་དུ་ཉི་མའོ། །ཞལ་ནི་སྔོ་དང་དམར་དང་དཀར། །ཞེས་པ་ནི་མི་བསྐྱོད་པ་བཞིན་ནོ། །པདྨའི་ཉི་མ་ཞེས་པ་ནི་སྣ་ཚོགས་པདྨའི་ལྟེ་བ་ལ་གནས་པའི་ཉི་མའི་དཀྱིལ་འཁོར་རོ། །རང་གི་གསང་སྔགས་ལས་བྱུང་བ། །ཞེས་པ་ནི་ཡི་གེ་ཧཱུྃ་ཡོངས་སུ་གྱུར་པ་ལས་ སོ། །དེ་བཞིན་དུ་གཞན་ལྔ་པོ་རྣམས་ལ་ཡང་རིག་པར་བྱའོ། །ཞལ་ནི་གནག་དང་དཀར་དང་དམར། །ཞེས་པ་ནི་མི་བསྐྱོད་པ་བཞིན་ནོ། །པདྨ་ཉི་མ་ཞེས་པ་ནི་པདྨའི་སྟེང་གི་རལ་གྲིའི་ཡུ་བ་ལ་སོན་པའི་ཉི་མའི་དཀྱིལ་འཁོར་ལ་བཞུགས་པའོ། །ཞལ་ནི་གནག་དང་དམར་དང་དཀར། །ཞེས་ པ་ནི་སྔོན་བཞིན་ནོ། །པདྨ་ཉི་མར་བཞུགས་ཞེས་པ་ནི་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱའི་ནང་དུ་སོན་པའི་ཉི་མའི་དཀྱིལ་འཁོར་ལ་བཞུགས་པའོ། །ཞལ་ནི་གནག་དང་དམར་དང་དཀར། །ཞེས་པ་ནི་མི་བསྐྱོད་པ་བཞིན་ནོ། །པདྨ་ཉི་མ་ཞེས་པ་ནི་པདྨའི་ལྟེ་བར་སོན་པའི་དབྱུག་པ་སྔོན་པོ་ལ་གནས་པའི་ཉི་མ་ ལའོ། །ཞལ་ནི་གནག་དང་དམར་དང་དཀར། ། ཞེས་པ་ནི་སྔར་བཞིན་ནོ། །པདྨ་ཉི་མ་ཞེས་པ་ནི། པདྨར་གནས་པའི་དབྱུག་པར་སོན་པའི་ཉི་མའི་དཀྱིལ་འཁོར་རོ། །ཞལ་ནི་གནག་དང་དམར་དང་དཀར། །ཞེས་པ་ནི་འདིར་ཡང་སྔར་གྱི་བཞིན་ནོ། །པདྨ་ཉི་མ་ཞེས་པ་ནི། པདྨ་འི་སྟེང་གི་གཙུག་ 37-1-13a ཏོར་ལ་སོན་པའི་ལག་པ་གཉིས་ལ་གནས་པའི་ཉི་མ་ལའོ། །ཞལ་ནི་གནག་དང་དམར་དང་དཀར། །ཞེས་པ་ནི་སྔར་བཞིན་ནོ། །པདྨ་ཉི་མ་ཞེས་པ་ནི་པདྨར་སོན་པའི་རྡོ་རྗེར་གནས་པའི་ཉི་མ་ལའོ། །དེ་ལྟར་ལྷ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཅན་གྱི་དཀྱིལ་འཁོར་མངོན་པར་སྤྲུལ་ ནས། ཡེ་ཤེས་སེམས་དཔའ་གཞུག་པ་དང་དབང་བསྐུར་བ་ལ་སོགས་པ་རྣམས་བསྒོམ་པར་བྱའོ། །འདིའི་རྗེས་ཐོགས་སུ་ཕྲ་མོའི་རྣལ་འབྱོར་བསྟན་པ་གསུངས་པ། སྣའི་རྩེ་མོར་ཞེས་བྱ་བ་ལ་སོགས་པ་སྟེ། སྣའི་རྩེ་མོར་ཞེས་པ་ནི་ལྷ་མོའི་པདྨའི་སྣ་རྩེར་རོ། །ཡུངས་ཀར་ཞེས་པ་ནི་ཡུངས་ཀར་ གྱི་འབྲས་བུའི་ཚད་ཙམ་གྱི་བྱང་ཆུབ་སེམས་ཀྱི་ཐིག་ལེའོ། །འགྲོ་དང་མི་འགྲོ་ཞེས་པ་ནི་གཞལ་ཡས་ཁང་དང་བཅས་པ་ལྷའི་ཚོགས་སོ། །ཡེ་ཤེས་མཆོག་གི་གནས་ཞེས་པ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྒྱུར་གྱུར་པའོ། །ཡེ་ཤེས་ཀྱིས་ནི་བརྟགས་པ་ཡི། །ཞེས་པ་ནི་ཡེ་ ཤེས་ཙམ་གྱི་རང་བཞིན་ནོ། །སླར་ཡང་བསྒོམ་པ་གཞན་བསྟན་པའི་ཕྱིར་གསུངས་པ། ཁ་དོག་སྣ་ལྔ་པ་ཞེས་བྱ་བ་ལ་སོགས་པ་སྟེ་སྣ་ལྔ་པ་ཞེས་པ་ནི། རིགས་ལྔ་སོ་སོའི་སྡེ་ཚན་གྱི་ཕྱིར་དཀར་པོ་ལ་སོགས་པའི་རིགས་སོ། །རིན་ཆེན་ཞེས་པ་ནི་རིན་ཐང་མེད་པའི་ཕྱིར་རོ། །རྡོ་རྗེ་ལ་སོགས་ པའི་ཕྱག་མཚན་ནོ། །རིན་ཆེན་བརྟན་པར་གྱུར་ནས་སྤྲོ། །ཞེས་པ་ནི་ཇི་སྲིད་དུ་རྡོ་རྗེ་ལ་སོགས་པའི་ཕྱག་མཚན་ལ་བསྒོམ་པ་བརྟན་པར་གྱུར་པ་ཡིན་ནོ། །དེ་སྲིད་དུ་བསྒོམ་པ་བརྟན་པའི་དབང་གིས་བསྐྱེད་པའི་དོན་ཕྱོགས་བཅུ་རྣམས་སུ་སྤྲོ་བར་བྱའོ། །བརྟན་པར་མ་གྱུར་ཞེས་བྱ་བ་ལ་སོགས་ པས་ནི་སྤྲོ་བ་བཀག་པ་ཡིན་ནོ། །རབ་མཆོག་སྤྲིན་ནི་སྤྲོ་བར་བྱ། ཞེས་པ་ནི་དང་པོ་རྡོ་རྗེ་སྤྲོས་པས་བརྟན་པར་གྱུར་ནས་སངས་རྒྱས་ཀྱི་སྤྲིན་ཡང་སྤྲོ་བར་བྱའོ། །སངས་རྒྱས་འབར་བའི་འོད་མཉམ་པས། །ཞེས་པ་ནི་སངས་རྒྱས་གཞན་དང་། ཁ་དོག་རྣམས་ནི་དཀར་པོ་ལ་སོགས་ པའི་ཁ་དོག་དང་ལྡན་པའོ་ཞེས་བྱ་བའི་དོན་ཏོ། །ད་ནི་རྡོ་རྗེའི་བཟླས་པ་བསྟན་པའི་ཕྱིར་གསུངས་པ། སློང་མོ་དང་ཚུལ་མི་བཟླ་སྟེ། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་སྤྱད་པའི་རྣལ་འབྱོར་པ་རྣམས་ཀྱིས་སློང་མོའི་ཆེད་དུ་སློང་མོ་སྩོལ་ཅིག་ཅེས་མངོན་པར་སྦྱོར་བར་གཟུང་བར་མི་བྱའོ། །བསླང་ 37-1-13b བར་བྱ་ལ་ཡང་ཆགས་མི་བྱ། །ཞེས་པ་ནི་ཟས་ལ་རབ་ཏུ་ཆགས་པས་ཀྱང་འདོད་པར་མི་བྱའོ། །ཇི་སྲིད་དུ་ལུས་བརྟན་པར་གྱུར་པ་དེ་སྲིད་དུ་ཆོག་ཤེས་པར་བྱ་བ་ཡིན་ནོ། །ཕྱིས་ཅི་ཞིག་བྱ་ཞེ་ན་གསུངས་པ། གསང་སྔགས་བཟླ་ཞེས་པ་ནི་ཡི་གེ་གསུམ་འཇུག་པ་དང་གནས་པ་དང་འབྱུང་བའི་བདག་ ཉིད་དུ་བསྒོམ་པར་བྱའོ། །འདིའི་མན་ངག་ཀྱང་རྡོ་རྗེའི་བཟླས་པའི་རིམ་པར་བསྟན་པར་བྱ་བ་ཉིད་དོ། །ཡན་ལག་མ་ཉམས་ཞེས་པ་ནི་བདག་ཉིད་དང་ཐ་མི་དད་པའི་ལྷའི་རྣལ་འབྱོར་དང་ཞེས་བྱ་བའི་དོན་ཏོ། །ངག་གི་བཟླས་པ་བསྟན་པར་བྱ་བའི་ཕྱིར་གསུངས་པ། འཕགས་ནས་ཞེས་བྱ་བ་ལ་སོགས་ པ་སྟེ། འཕགས་ནས་ནི་གདན་རྣམས་ལས་ལངས་ནས་སོ། །སྤྲོ་བ་ནི་བདག་ཉིད་ཀྱི་ཕུང་པོ་ལ་སོགས་པའི་རང་བཞིན་ལ་ཁོངས་སུ་གཏོགས་པར་བྱའོ། །སྙོམས་འཇུག་དག་ལ་རབ་བསྡུ་བྱ། །ཞེས་པ་ནི་དེ་ལྟར་གྱུར་ནས་ཡེ་ཤེས་སེམས་དཔའ་དང་། ཏིང་ངེ་འཛིན་སེམས་དཔའ་དག་ཀྱང་གཞུག་ པར་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། །དོན་དམ་པ་ཡི་བཟླས་པར་གསུངས། །ཞེས་པ་ནི་དེ་ལྟར་གཅིག་གི་བདག་ཉིད་ཀྱི་ནལ་འབྱོར་པ་དང་། བྱེད་པ་ནི་དག་གི་བཟླས་པ་སྟེ། དེ་ནི་སངས་རྒྱས་ཐམས་ཅད་དེ་ཁོ་ན་ཉིད་ཡིན་པར་དགོངས་པའོ། །དེ་བཞིན་ཉིད་ལ་ཞུགས་པར་བྱ། །ཞེས་པ་ནི་ གནས་ཇི་ལྟ་བར་དཀྱིལ་འཁོར་གྱི་ལྷ་རྣམས་སྐད་ཅིག་གིས་བཀོད་ལ། བདག་ཉིད་སྟོང་ཉིད་སྔོན་དུ་འགྲོ་བས་ཞུགས་པར་བྱའོ། །དགའ་བ་ཡིད་འོང་དོན་ཆེན་འདོད། །ཅེས་པ་ནི་དགའ་བ་ནི་ཤིན་ཏུ་དགའ་བའོ། །དེའི་རྒྱུན་གང་ཞིག་ཡིད་དུ་འོང་བའི་དོན་ཆེན་པོ་འདོད་པ་བདེ་བ་ཆེན་པོ་སྐྱེད་པར་བྱེད་པ་ འཁྱུད་པ་དང་འོ་བྱ་བ་ལ་སོགས་པ་དེས་དེ་བཞིན་དུ་གསུངས་སོ། །གཡོན་པར་མཆིས་བཞེས་ན་ཞེས་པ་ནི་བདག་ཉིད་གསོན་པར་རོ། །སངས་རྒྱས་དོན་དུ་ང་བྱང་ཆུབ། །དོན་དམ་རྗེས་སུ་ཕན་པར་གཟིགས། །ཞེས་པ་ནི་སངས་རྒྱས་དོན་དུ་ནི་ཀུན་རྫོབ་ཀྱི་བདེན་པའོ། །བྱང་ཆུབ་ནི་དོན་དམ་པའི་བདེན་ པའོ། །དོན་དམ་པ་ནི་ཡང་དག་པར་སྦྱོར་བ་ལས་བྱུང་བའི་སྐུའོ། །འདི་གསུམ་རྗེས་སུ་ཕན་པར་གཟིགས་པའི་ཕྱིར་ཞེས་པའི་དོན་ཏོ། །སངས་རྒྱས་ཀྱིས་བསྟོད་གསོལ་ཞེས་པ་ནི། སངས་རྒྱས་ཀྱི་མཛད་པར་གྱུར་པས་བདག་ཉིད་བསྟོད་དུ་བཅུག་ནས་སོ། །འཁོར་ལོ་རྗེས་ཆགས་ཞེས་པ་ནི། གསོལ་ 37-1-14a བ་བཏབ་པའི་རྗེས་ཐོགས་ལ་ལྷ་མོའི་འཁོར་ལོ་མཉེས་པར་བྱའོ། །མཆོག་ཏུ་གསང་བར་ཇི་བཞིན་དོན་བཤད་ནས། །ཞེས་པ་ནི་ལྷ་མོ་དེའི་ཕྱིར་ཡང་འཁོར་ལོ་ལ་བསམ་པའི་རིམ་པ་གསང་བའི་མཆོག་བསྟན་ནས་སོ། །རང་གི་འཁོར་ལོ་ལ་ནི་འཁོར་ལོ་གཞུག །ཅེས་པ་ནི་ སྔར་གྱི་རིམ་པས་སོ། །ཧཱུྃ་གི་སྙིང་པོར་ཞེས་པ་ནི། ཡི་གེ་ཧཱུྃ་གི་རྒྱུས་སོ། །དེ་བྱུང་འགྲོ་ཀུན་རྡོ་རྗེ་སེམས་དཔའ་ཞེས་པ་ནི། ཡི་གེ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་སེམས་དཔའི་རང་བཞིན་ནོ། །བསམ་ཞེས་པ་ནི་ཡིད་དེས་སོ། །མཐོ་གང་ཙམ་གྱིས་ཞེས་བྱ་བ་ལ་སོགས་པས་ནི། སྤྱི་བོའི་སྟེང་དུ་མཐོ་ གང་ཙམ་གྱི་བར་སྣང་ལ་ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །ཧཱུྃ་གི་ཞེས་བྱ་བ་ལ་སོགས་པས་ནི། བཟའ་དང་ཚོད་ལ་སོགས་པའི་དམ་ཚིག་གི་རྫས་ཀྱི་གཟུགས་ཀྱིས་ཡོངས་སུ་ཡི་གེ་ཨ་ཡིས་མཚན་པའི་ཐོད་པར་སོན་པར་བལྟས་ལ། དེའི་སྟེང་དུ་སོན་པའི་ཡི་གེ་ ཧཱུྃ་ལས་བྱུང་བའི་མེས་ཞུ་བ་སྔོན་དུ་འགྲོ་བས་དྲི་མ་མེད་པར་བྱས་ལ་ཡི་གེ་ཨས་ཀྱང་ཡེ་ཤེས་ཀྱི་བདུད་རྩིར་བྱས་པ་བལྟེ་བར་བྱའོ་ཞེས་དགོངས་པའོ། །འབྲུག་གི་སྒྲ་ནི་ཡི་གེ་ཧཱུྃ་ངོ་། །དེ་དག་ཐམས་ཅད་ཆུ་ཡིས་ཀྱང་། །ཞེས་པ་ནི་ཞུ་བར་འགྱུར་རོ་ཞེས་པ་ནི་ལྷག་མའོ། །བཟའ་བ་ཞེས་ པ་ནི་བཟའ་བར་བྱའོ། །ཁ་སྦྱོར་བ་ཡི་སྦྱོར་བ་ཡིས། །ཞེས་པ་ནི་སྟེང་དང་འོག་དག་གིས་མནན་པའི་ཕྱིར་རོ། །ཐལ་བའི་མཐར་ཞེས་པ་ནི་དྲི་ཆེན་ཐུག་པར་བྱའོ། །རྣམ་པར་བརྟག་ཅེས་པ་ནི་བྱ་བའོ། །ཕན་ཡོན་གསུངས་པ། རིམས་ནད་མེད་ཅིང་ལ་སོགས་པའོ། ། མདོར་བྱས་པའི་སྒྲུབ་ཐབས་ ཀྱི་རྣམ་པར་བཤད་པ་རྫོགས་སོ།། །།༄༅༅། །རྗེ་བཙུན་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །མདོར་བྱས་པའི་རིམ་པས་ལུས་རྣམ་པར་དབེན་པ་རྟོགས་པར་བྱས་ནས། ད་ནི་ངག་རྣམ་པར་དབེན་པ་རྟོགས་པར་བྱ་བའི་ཕྱིར། ཕྱག་འཚལ་བ་སྔོན་དུ་འགྲོ་བས་རྡོ་རྗེའི་བཟླས་པ་གསུངས་པ། ཀུན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་བཟླས་པའི་རིམ་བཤད་བྱ། །ཞེས་པ་ནི་སྒོམ་པའི་ཡུལ་ཡིན་པའི་ཕྱིར་ན། གཞན་གྱིས་ཐོས་པར་མི་འགྱུར་བའི་བཟླས་པ་ནི་རྡོ་རྗེ་བཟླས་པའོ། །དེའི་རིམ་པ་ནི་བརྒྱུད་པའོ། ། འཇུག་པའི་རིམ་པ་བསྟན་པའི་ཕྱིར་གསུངས་པ། བསྐྱེད་པའི་རིམ་ལ་ལེགས་ 37-1-14b གནས་ཤིང་། །ཞེས་བྱ་བ་ལ་སོགས་པ་སྟེ། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང་། །ཞེས་པ་ནི་མདོར་བྱས་པའི་རིམ་པ་སྒོམ་པར་བྱེད་པ་རྣམས་ཀྱིའོ། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཞེས་པ་ནི་ཟུང་འཇུག་གི་རིམ་པ་ཐོབ་པར་འདོད་པ་རྣམས་ལའོ། །ཐབས་འདི་ཞེས་པ་ནི། རླུང་གི་དེ་ ཉིད་རིམ་གྱིས་ནི། །ཞེས་བྱ་བ་ལ་སོགས་པའི་རྗེས་ཐོགས་སུ་བསྟན་པར་བྱའོ། །ལས་ཀུན་བྱེད་ཅེས་པ་ནི་ཞི་བ་དང་རྒྱས་པ་ལ་སོགས་པའི་བྱ་བ་བྱེད་པའོ། །འདི་ནི་རྣམ་ཤེས་བཞོན་པ་སྟེ། །ཞེས་བྱ་བ་ནི་རྣམ་པར་ཤེས་པ་བཞོན་པར་གྱུར་པ་ཡང་། གང་ཚེ་སྣང་བར་ལྡན་གྱུར་ཅིང་། །རླུང་ནི་ བཞོན་པ་ཉིད་གྱུར་པ། །ཞེས་བྱ་བ་ལ་སོགས་པས་འཆད་དོ། །ལྔའི་བདག་ཉིད་ཅེས་པ་ནི། སྙིང་ག་ལ་སོགས་པར་སོན་པའི་སྲོག་དང་། ཐུར་དུ་སེལ་བ་དང་། གྱེན་དུ་རྒྱུ་བ་དང་། ཁྱབ་པར་གནས་པ་དང་། མཉམ་པར་གནས་པའི་མཚན་ཉིད་ལྔའི་བདག་ཉིད་དེ། བཅུ་ཡང་ཡིན་ཞེས་པ་ནི་མིག་ ལ་སོགས་པར་སོན་པའི་ཀླུ་དང་། རུས་སྦལ་དང་། རྩངས་པ་དང་། ལྷས་བྱིན་དང་། གཞུ་ལས་རྒྱལ་རྣམས་དང་བཅས་པའི་སྲོག་འཛིན་པ་ལ་སོགས་པ་བཅུའོ། །རླུང་གི་དེ་ཉིད་རིམ་གྱིས་ནི། །ཞེས་པ་དང་པོ་ནས། བླ་མའི་ཁ་ལས་རྟོགས་པར་བྱ། །ཞེས་པའི་བར་དུ་གོ་སླའོ། །སྣའི་རྩེ་མོར་ཞེས་བྱ་ བ་ལ་སོགས་པ་ནི། སྣའི་རྩེ་མོ་ཞེས་པ་ནི་ཀུན་རྫོབ་ཀྱི་སྣའི་བུ་གའོ། །ཡུངས་ཀར་ཞེས་པ་ནི་ཡུངས་ཀར་ལྟ་བུར་རླུང་གི་ཁམས་ཕྲ་བའོ། །འགྲོ་དང་མི་འགྲོ་ཡུངས་ཀར་ལ། །ཞེས་པ་ནི་དེ་ལ་རླུང་གི་ཁམས་དག་རྒྱུ་བ་དང་མི་རྒྱུ་བ་ལ་འཇུག་པ་དང་གནས་པ་དང་། འབྱུང་བའི་བདག་ཉིད་ཀྱི་ ཡི་གེ་གསུམ་མོ། །ཡེ་ཤེས་མཆོག་གི་གནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཁ་དོག་སྣ་ལྔ་པ་ཞེས་པ་ནི་དཀར་པོ་ལ་སོགས་པའི་ཁ་དོག་དང་ལྡན་པའོ། །རིན་ཆེན་ཞེས་པ་ནི་ཤིན་ཏུ་ཉེ་བར་དགོས་པའི་ཕྱིར་རོ། །རིན་པོ་ཆེ་དང་འདྲ་བར་རིན་ཐང་མེད་པའི་རླུང་གི་ཁམས་སོ། །ཡུངས་ཀར་གྱི་ནི་འབྲུ་ ཚད་ཙམ། །ཞེས་པ་ནི་དེ་ཉིད་ཀྱི་དོན་ཏོ། །སྣའི་རྩེ་མོར་ཞེས་པ་ནི། འདིར་ཡང་དེ་ཉིད་ཀྱི་དོན་ཏོ། །ཡེ་ཤེས་ལྔའི་དངོས་ཞེས་པ་ནི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཡིན་པའི་ཕྱིར་ན་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་དོ། །དེ་ཉིད་ཅེས་པ་ནི་རླུང་ངོ་། །བསྒོམ་པར་བྱ་ཞེས་པ་ནི་ལྷག་མའོ། ། 37-1-15a གནས་པའི་ལྷ་ཞེས་པ་ནི་ཡི་གེ་གསུམ་གནས་པའོ། །མི་གསལ་གསལ་བའི་བདག་ཉིད་ཅན། །ཞེས་པ་ནི་གསལ་བའི་གཟུགས་སམ་མི་གསལ་བའི་གཟུགས་སོ། །དབུགས་ཞེས་པ་ནི་དབུགས་ཀྱི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་སོ། །ཕྱུང་ནས་ནི་ཞེས་པ་ནི་འོག་གི་རྡོ་ རྗེའི་ལམ་ནས་ཕྱུང་བའོ། །པདྨའི་སྣ་རྩེར་ཞེས་པ་ནི་ལྷ་མོའི་ཆོས་འབྱུང་གི་སྣ་རྩེར་རོ། །ཁ་དོག་སྣ་ལྔ་པ་ཞེས་བྱ་བ་ལ་སོགས་པ་ནི། གང་གི་ཚེ་སླར་ཡང་ཁ་དོག་ལྔའི་བདག་ཉིད་ཀྱི་རླུང་དེ་ཉིད་ཀྱི་སྣའི་རྩེ་མོར་རྣམ་པར་ཕྱུང་བར་འགྱུར་བ་དེའི་ཚེ་སྲོག་དང་རྩོལ་བ་ཞེས་བྱ་བར་བརྗོད་དོ་ཞེས་བྱ་བའི་དོན་ཏོ། ། རང་སྔགས་ཞེས་བྱ་བ་ནི། གཞོམ་དུ་མེད་པའི་ཡི་གེ་ཕྲ་མོ་ཐིག་ལེའི་རྣམ་པའོ། །ཐིག་ལེར་སོན་པར་བཞགཅེས་པ་ནི་སེམས་དེར་སོན་པར་བྱས་ནས་བསྒོམ་པར་བྱའོ་ཞེས་དགོངས་པའོ། །སྣ་རྩེར་ཡུངས་ཀར་ཞེས་བྱ་བའི་དང་པོ་ནས་བཟུང་སྟེ། རྣལ་འབྱོར་བྱིས་པའི་ཡུལ་མིན་ཞིང་། །ཞེས་ བྱ་བ་ལ་སོགས་པའི་བར་དུ་གོ་སླའོ། །དོན་གྱི་རྗེས་འགྲོའི་བཟླས་པ་ནི། །ཞེས་པ་ནི་འཇུག་པ་དང་གནས་པ་དང་འབྱུང་བའི་རྗེས་སུ་འགྲོ་བར་གང་གྱུར་པའི་བཟླས་པ་དེའི་རྗེས་སུ་འགྲོ་བ་བཟླས་པས་སོ། ། རང་བཞིན་མེད་པས་ཞེས་པ་ནི། །གཞོམ་དུ་མེད་པའི་རང་བཞིན་ལས་བྱུང་བའོ། །མཛེས་ པའི་ཡིན་ཞེས་པ་ནི་རྒྱུན་མ་ཆད་པར་འཕྲོ་བའི་ཚུལ་གྱིས་སོ། །བརྟགས་པ་ནི་རང་བཞིན་མེད་པའོ། །དུས་གསུམ་གྱི་སངས་རྒྱས་ཀྱིས་ཞེས་པ་ནི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་རང་བཞིན་གྱི་ཡི་གེ་གསུམ་མོ། །རྡོ་རྗེ་བཟླས་པར་དེ་བཤད་དོ། །ཞེས་པ་ནི་རྡོ་རྗེ་བཟླས་པའི་སྒྲའི་ཚིག་ཏུ་ བཟླའོ་ཞེས་དགོངས་སོ། །སློང་མོ་ཟ་ཞིང་མི་བཟླ་སྟེ། །ཞེས་པ་ལ་སོགས་པ་ནི་མདོར་བསྡུས་པར་གསལ་བར་བྱས་སོ། །སླར་གསོལ་བ་ཞེས་བྱ་བ་ནི། གསོལ་བ་འདེབས་པ་ཡིན་ནོ། །དཔལ་ལྡན་ཞེས་པ་ནི་ཕྱག་ན་རྡོ་རྗེའོ། །རྣམ་པར་སྣང་མཛད་ཆེ་ཞེས་པ་ནི་རྡོ་རྗེ་སེམས་དཔའོ། ། དངོས་པོ་མེད་གྱུར་ཀྱང་ཞེས་པ་ནི་རང་བཞིན་གྱིས་སྟོང་པ་ཉིད་ཡིན་ཡང་ངོ་། །རབ་ཏུ་གྲངས་ཞེས་པ་ནི་རྒྱུ་དང་རྐྱེན་དང་ཕྲད་ནས་སོ། །གཙོ་བོ་བཀའ་གང་བདག་གི་འདི། །ཞེས་པ་ནི་བཅོམ་ལྡན་འདས་ཀྱི་བཀའ་གང་ཞིག་དེ་བདག་གི་འདི་ཡིན་གྱི་ཁྱོད་ཀྱི་ལྟར་ནི་མ་ཡིན་ནོ་ཞེས་དགོངས་པ་ཡིན་ནོ། ། 37-1-15b མི་རྟོག་དོན་གྱི་བདག་ཉིད་ནི། །ཞེས་པ་ནི་ཐེ་ཚོམ་མེད་པར་བྱེད་པའོ། །བརྗོད་དང་དམིགས་པར་བཅས་པ་དང་། །ཞེས་པ་ནི་སྐྱེ་བོ་ཐམས་ཅད་ཀྱི་ཕྱིར་གང་ཞིག་བརྗོད་པར་གནས་པ་དེ་ནི་བརྗོད་པ་ཞེས་བྱ་བའི་དོན་ཏོ། །དམིགས་པར་བཅས་པ་སངས་རྒྱས་སྐུ། །ཞེས་པ་ནི་དེའི་ཕྱིར་བརྗོད་པ་སྟེ། ཞིག་སྔགས་ལས་བསྐྱེད་པ་སངས་རྒྱས་ཀྱི་སྐུ་འདི་རྣམས་དེ་དམིགས་པ་ཞེས་བྱ་བ་ཡིན་ནོ། །སྔགས་ཀྱི་དེ་ཉིད་བརྡ་རུ་བཤད། །ཅེས་བྱ་བ་ནི་སྔགས་ཀྱི་ཁོ་ན་ཉིད་ཅེས་བྱ་བའི་ཡི་གེ་གསུམ་འཇུག་པ་དང་། གནས་པ་དང་། འབྱུང་བའི་བདག་ཉིད་ལ་བརྡའི་སྤྱོད་ཡུལ་ཡིན་པའི་ཕྱིར་བརྡ་རྡོ་རྗེ་བཟླས་པ་ཞེས་ བྱ་བའི་དོན་ཏོ། །ད་ནི་སྔགས་བཏུ་བ་གསུངས་པ། དང་པོ་གཅིག་ནི་ཞེས་པ་ལ་སོགས་པ་སྟེ། འདིར་ཡི་གེ་ཨ་ལ་སོགས་པའི་དབྱངས་བཅུ་པོ་རྣམས། རྀ་རཱྀ་ལྀ་ལཱྀ་ཨཾ་ཨཿཞེས་བྱ་བ་དང་བྲལ་བ་ནི་ཡི་གེའི་སྡེ་ཚན་གཅིག་ཡིན་ནོ། །ང་ཉ་ཎ་ན་མ་ནི་གཉིས་པའོ། །དེ་རྣམས་དང་བྲལ་བའི་ཡི་ གེ་ཀ་ལ་སོགས་པ་བཞི་ཚན་བདུན་ནི་སྡེ་ཚན་བདུན་ནོ། །སྡེ་ཚན་དགུ་པོ་འདི་རྣམས་ཀྱི་ནང་ན་མེད་པ་ལས་དང་པོའི་ཡི་གེ་ཨ་གཅིག་གོ། །གཅིག་ཅེས་པ་ནི་འདིར་རིགས་མཐུན་གཞན་ལ་མེད་པ་ཉིད་དོ། །དང་པོ་ཞེས་པ་ནི་ཐམས་ཅད་ཀྱི་དང་པོར་བརྗོད་པ་ཡིན་པའི་ཕྱིར་ན། དང་པོ་གཅིག་ནི་དབྱངས་ ཀྱི་ཡི་གེ་དང་པོ་སྟེ་ཨ། ཨ་དེ་ཤེས་པ་ནི་མཆོག་གི། །ཞེས་པ་གཞན་དང་འབྲེལ་ཏོ། །འདིར་ཡང་སྡེ་ཚན་རྣམས་ཀྱི་དང་པོར་གྱུར་ཀྱང་དེས་ཡང་དག་པར་བསྡུས་པའི་ཕྱིར་དབུས་ན་ཞེས་བརྗོད་པར་བྱ་སྟེ། དཔེར་ན་དང་པོ་རྫོགས་ལྡན་གྱི་དུས་ལ་དུས་རྣམས་ཀྱི་དབུས་ནས་ཞེས་པ་ལྟ་བུའོ། །གང་གི་ སྒྲ་ནི་ཚོགས་རྫོགས་པར་བྱ་བའི་དོན་ཏོ། །བཅུ་ཡིས་ཞེས་བྱ་བ་ལ་སོགས་པ་ནི། བཅུའི་སྒྲས་འདིར་བཅུ་པ་གཞན་བསྟན་ཏེ། དེ་ལ་ཨ་ལ་སོགས་པ་ནས་ཧའི་མཐར་བཞི་བཅུ་རྩ་དགུའོ། །ཡི་གེ་བཞི་བཅུ་ཐམ་པ་འདི་རྣམས་ལས་བཞི་ཚན་བཅུར་འགྱུར་ཏེ། གང་ཞིག་བཅུ་པོ་འདི་རྣམས་ཀྱིས་མ་ བཅིངས་པ་ནི་སྦྱོར་བར་མ་བཅིངས་པ་སྟེ་དེ་རྣམས་ལས་གང་ཞིག་ཕྱི་རོལ་དུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །འོ་ན་དེ་ལྟ་བུར་གྱུར་པའི་ཡི་གེ་དགུ་པོ་ཡང་བཅུ་ཡིས་མ་བཅིངས་པས་ན་བྱེ་བྲག་ཏུ་ངེས་པ་མེད་ན། གཉིས་གཉིས་གཉིས་དེ་འདིར་གང་ཡིན་ཞེ་ན། དེ་ནས་གསུངས་པ། དེ་ནི་བཅིངས་མེད་ 37-1-16a ཅེས་བྱ་སྟེ། །ཞེས་པ་ནི་ཕ་རོལ་ཏུ་ཡི་གེ་ཅུང་ཟད་གང་གིས་ཀྱང་མ་བཅིངས་པ་ནི། དེ་ཀུན་དུ་མ་བཅིངས་པར་ཤེས་པར་བྱ་སྟེ། ཐམས་ཅད་ཀྱི་མཐའ་མའི་ཡི་གེ་ཧ་ཡིན་པར་དགོངས་པའོ། །དེ་ཤེས་པ་ནི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སོ་སོར་སྦྱོར་བ་དགུའི་དབུས་ ནས་འདིར་ནི་དགུ་ཞེས་བྱ་བའི་སྒྲས་སྡེ་ཚན་དུ་གྱུར་པའི་མངོན་པར་འདོད་པའི་ཡི་གེ་ཨ་ལ་སོགས་པས་སམ། འོན་ཏེ་གཞན་ཉིད་ཅུང་ཟད་ཅིག་ཡིན་སྙམ་དུ་ཐེ་ཚོམ་ཟ་བ་བསལ་བར་འདོད་ནས་གསལ་པོར་བྱས་ཏེ་གསུངས་པ། དབྱངས་དང་ཞེས་བྱ་བ་ལ་སོགས་པ་སྟེ་དབྱངས་ནི་ཨ་ལ་ སོགས་པའོ། །གསལ་བྱེད་ནི་ང་ཉ་ཎ་ན་མ་རྣམས་སོ། །ཡི་གེ་ནི་དེ་ལས་ཡོངས་སུ་ལྷག་པ་གཟུང་ངོ་། །དང་ནི་ངེས་པར་གཟུང་བའོ། ། འདི་ཉིད་ཀྱི་ཕྱིར་ན། གྲངས་དགུའི་རྗེས་སུ་འཇུག་པར་གོ་བར་བྱའོ། །དགུའི་སྒྲས་གྲངས་ཡང་དག་པར་གསལ་བར་བྱས་སོ། །དེའི་རྗེས་སུ་འཇུག་ པ་ནི། དགུའི་སྒྲ་ཀུན་དུ་སྟོན་པར་བྱེད་དོ་ཞེས་དགོངས་པའོ། །ཅི་ཡི་གེ་ཧ་ཡན་འགར་བ་འདི་ཁོ་ནའམ། འོན་ཏེ་ཡི་གེ་གཞན་གྱིས་ཀྱང་ཡང་དག་པར་ལྡན་པར་བྱ་ཞེ་ན། དེ་གསུངས་པ། མ་བཅིངས་ཞེས་བྱ་བ་ལ་སོགས་པ་སྟེ་དབྱངས་ལ་སོགས་པ་རྗེས་སུ་ཞུགས་ཤིང་ཕན་ཚུན་དུ་ཡི་གེ་གཞན་ གྱིས་གང་ཡང་དག་པར་སྦྱོར་བ་དེའི་ཕྱིར་དེ་ལ་མི་ལྟོས་པར་འདིར་བསྟན་པར་འགྱུར་རོ། །ཡི་གེ་ཨ་དང་ཡི་གེ་ཧ་དག་འབའ་ཞིག་ཏུ་མ་ཡིན་ཏེ། ལྔ་པ་ལྔ་དང་ཞེས་པ་ལ་སོགས་པ་འཆད་པར་འགྱུར་བའི་ཡི་གེ་མ་ལ་སོགས་པ་ཡང་མ་བཅིངས་པ་ཡིན་ནོ། །གང་གིས་དེ་ཤེས་ཞེས་བྱ་བ་ལ་སོགས་པ་ནི་གོ་ སླའོ། །འབྱུང་བ་ཞེས་བྱ་བ་ལ་སོགས་པ་ནི། འབྱུང་བ་ནི་འབྱུང་བ་ཆེན་པོ་རྣམས་སོ། །འདིར་འབྱུང་བའི་མཐའ་འབྱུང་བའི་སྒྲ་ཡིན་ཏེ།རས་ཀྱི་མཐའ་ལ་རས་ཞེས་བརྗོད་པ་བཞིན་ནོ། །དེ་བས་ན་ཡི་གེ་ཨུ་ཐུང་ངུ་འབྱུང་བར་བསྟན་ཏོ། །མཐའ་ཞེས་པ་འདིར་སྒྲའི་ཉེས་པར་གྱུར་པའི་དངོས་པོ་བསྟན་ ཏེ་སྐབས་སུ་བབ་པ་ཡིན་པའི་ཕྱིར་ན་འབྱུང་བའི་ཡིན་པར་རྟོགས་ཏེ། ཚིག་ནི་མངོན་པར་འདོད་པའི་རྗེས་སུ་བྱེད་དོ། ། དེ་ལས་ཀྱང་སྒྲ་རྣམས་འཇུག་པས་ན་མཐའི་སྒྲས་ཡི་གེ་ཨཱུ་རིང་པོ་བཟུང་སྟེ། ཡི་གེ་ཨི་ཡང་མ་ཡིན་ནོ། །འབྱུང་བ་ཡང་ཡིན་ལ་མཐའ་ཡང་ཡིན་པས་འབྱུང་བའི་མཐའ་སྟེ། དེ་ཡང་དག་ 37-1-16b པར་ལྡན་པ་ནི་རྗེས་ཐོགས་སུ་བསྟན་པའི་ཡི་གེ་གཉིས་ལས་ཏེ་གཞན་ལས་ཞེས་པ་ནི་ལྷག་མའོ། །གང་གིས་དེ་ཞེས་བྱ་བ་ལ་སོགས་པས་ནི་ཐམས་ཅད་དུ་སྔར་གྱི་ལ་འབྲེལ་ཏོ། །ཆའི་དང་པོ་ཞེས་བྱ་བ་ལ་སོགས་པ་ནི། ཆ་རྣམས་ནི་བཅུ་དྲུག་གི་གྲངས་ཡིན་པའི་ཕྱིར་དབྱངས་བཅུ་དྲུག་གི་ཆའོ། །དེ་ ལ་ཡོད་པའི་དང་པོར་གྱུར་པའི་ཡི་གེའོ། །ཇི་ལྟ་བུ་ཞིག་ཅེ་ན་གསུངས་པ། བཅུ་དྲུག་གནས་ཞེས་པ་སྟེ་བཅུ་དྲུག་པ་རྣམས་ཀྱི་རྫོགས་པ་ནི་བཅུ་དྲུག་པ་སྟེ། དེ་ལས་ས་ཕ་རོལ་དུ་གྱུར་པས་གནས་པའོ། །ལྔ་པ་ཞེས་བྱ་བ་ལ་སོགས་པ་ནི། དང་པོ་ལྔའི་སྒྲ་བསྟན་པ་ནི་གཙོ་བོ་སྟེ། གཉིས་ པ་ལྔ་སྨོས་པས་ཀྱང་སྡེ་ཚན་ལྔ་གཟུང་ངོ་། །ཡི་གེ་ལྔས་བརྒྱན་པ་ནི་སྡེ་ཚན་ལྔ་སྟེ་ལྔ་ལྔའོ། །བར་གྱི་ཚིག་བཞི་སྟེ། བ་ལང་གི་ཤིང་རྟ་བཞིན་ནོ། །སླར་ཡང་དེ་གང་ཞིག་ཡི་གེ་ཀ་ལ་སོགས་ནས་ཡི་གེ་མའི་མཐར་ཏེ། དེ་རྣམས་ཀྱི་མཐའ་ནི་ལྔའི་ལྔ་པ་སྟེ་ཡི་གེ་མའོ། །དེས་ཡང་དག་ ལྡན་པ་ནི་གནས་གསུམ་དུའོ། ། བཞི་ནི་ཞེས་བྱ་བ་ལ་སོགས་པ་ནི། གསུམ་དང་གསུམ་ཞེས་གསུམ་གཅིག་ལྷག་པར་རོ། །བཞི་དང་གསུམ་ལ་དེ་རྣམས་ཀྱིས་ངེས་པར་སྦྱར་ལ། ངེས་པར་བཅིངས་པའི་གནས་གསུམ་པོ་ཉིད་ལ་ཇི་ལྟར་རིགས་པར་སྦྱར་རོ་ཞེས་པ་ནི་ཚིག་གི་ལྷག་མའོ། །དེ་ རྣམས་ཀྱིས་ཇི་ལྟར་ངེས་པར་སྦྱར་ཞེ་ན་བརྗོད་པར་བྱ་སྟེ། ཨོཾ་དང་ཡི་གེ་ཧཱུྃ་དག་དང་པོ་དང་། གསུམ་པར་གནས་པ་ལ་གསུམ་དུ་ངེས་པར་བཅིངས་ཏེ། ཡི་གེ་ཨ་དང་། ཡི་གེ་ཨོ་དང་། ཡི་གེ་མའོ། །དེ་བཞིན་དུ་ཡི་གེ་ཧ་དང་། ཡི་གེ་ཨཱུ་དང་། ཡི་གེ་མའོ། །གཉིས་པ་གནས་པའི་ཡི་གེ་ཨ་ ཡང་བཞིས་ངེས་པར་བཅིངས་ཏེ། ཡི་གེ་ཨ་གཉིས་དང་། དེ་ནས་ཚེག་དྲག་དང་། ཡི་གེ་མའོ། །ཐིག་ལེ་རང་བཅས་ཞེས་པ་ནི། དང་པོ་ཨོཾ་ནི་ལྷག་མའི་གནས་ལ་ཡི་གེ་མ་ཐིག་ལེར་བྱའོ། །རིང་པོར་བཅས་ཞེས་པ་ནི་གནས་གཉིས་པར་ཡི་གེ་ཨ་ལ། ཡི་གེ་ཨ་གཞན་གྱིས་རིང་པོར་རོ། ། ཡོན་ཏན་སྦྱོར་བ་ཕྱིས་དང་ལྡན། །ཞེས་པ་ནི་ཡི་གེ་ཨ་ཡི་གེ་ཨུ་དང་ལྡན་པ་ནི་ཡོན་ཏན་ཏེ། ཡི་གེ་ཨོ་ཡིན་ཏེ་དང་པོའོ། །དང་པོ་དང་གསུམ་པ་ལ་ཐིག་ལེར་སྦྱར་བ་དང་། ཡི་གེ་ཧ་ལ་ཡི་གེ་ཨུ་སྦྱར་བ་ཡང་ངོ་། །གཉིས་པར་ཚེག་དྲག་བཞག་སྟེ་འདིའི་ཡི་གེ་མ་དབྱི་བར་བྱའོ། ། ཡི་གེ་ཨ་ནི་ཡི་གེ་ཐམས་ 37-1-17a ཅད་ཀྱི་མཆོག་ཡིན་པར་བསྟན་པའི་ཕྱིར་གསུངས་པ། ཐུང་ངུ་ཞེས་བྱ་བ་ལ་སོགས་པ་སྟེ། ཡི་གེ་ཐུང་ངུ་ཡི་གེ་ཨ་ཞེས་བྱ་བ་ནི་ངག་མཐའ་དག་དང་། ཚིག་མཐའ་དག་འཇུག་པའི་རྒྱུ་ཡིན་པའི་ཕྱིར་ན་དེ་སྤངས་པའི་བརྗོད་པ་ཅུང་ཟད་ཀྱང་མི་ནུས་པའི་ཕྱིར་རོ། །དུ་མའང་མ་ཡིན་ནོ་ ཞེས་བྱ་བ་ནི། ཡི་གེ་དུ་མ་རྣམས་ལ་རིགས་མི་མཐུན་པ་ལས་ལོག་པ་གཅིག་ཉིད་དུ་རང་གི་ངོ་བོར་སྣང་བའི་ཕྱིར་རོ། །གཅིག་མིན་ཞེས་པ་ནི། གཅིག་པོ་དེ་ཡང་ཡི་གེ་དུ་མའི་རྟེན་དུ་གྱུར་པས་རང་གི་མཚན་ཉིད་ཀྱི་ཁྱད་པར་དུ་བྱུང་བའི་ཕྱིར་རོ་ཞེས་དགོངས་སོ། །ཡི་གེ་གང་ཞིག་ཅེས་བྱ་བ་ལ་ སོགས་པ་ནི། གང་ཞིག་ཡི་གེ་ཨ་ལ་སོགས་པའི་ཡི་གེ་རྣམས་སྔོན་དུ་བྱས་ལ་ཕྱི་ནས་བརྗོད་པ་འཇུག་སྟེ། དེ་ལ་ཡི་གེ་ཨ་ལ་སོགས་པ་ནི་ཤེས་རབ་ཀྱི་ངོ་བོ་ཡིན་པའི་ཕྱིར་ན་བུད་མེད་ཀྱི་རང་བཞིན་ནོ། །ཡི་གེ་ཀ་ལ་སོགས་པ་ནི་ཐབས་ཀྱི་ངོ་བོ་ཡིན་པའི་ཕྱིར་ན་སྐྱེས་པའི་རང་བཞིན་ནོ། །རྀ་རཱྀ་ལ་སོགས་ པའི་ཡི་གེ་ཐབས་དང་ཤེས་རབ་གཉིས་ཀའི་ངོ་བོ་ཡིན་པའི་ཕྱིར་ན་མ་ནིང་ཞེས་བྱ་བའོ། །འདི་ཐམས་ཅད་ལ་ཇི་ལྟར་རིགས་པར་སྐད་ཀྱི་བྱིངས་དང་། རྣམ་པར་དབྱེ་བ་དང་། ཚིག་བསྡུ་བ་དང་། ཕན་པ་ལ་སོགས་པའི་དངོས་པོར་རྟོགས་པར་བྱའོ་ཞེས་དགོངས་པའོ། །སྔགས་བཏུས་ནས། ད་ནི་བརྗོད་ པ་ལ་སོགས་པའི་རིམ་པ་ཇི་ལྟ་བ་བཞིན་དུ་རྒྱས་པར་བསྟན་པར་གསུངས་པ། འོག་དང་སྟེང་དུ་བཅས་པར་ནི། །ཞེས་བྱ་བ་ལ་སོགས་པ་ནི་འོག་ནི་མཐའ་མའོ། །སྟེང་ནི་དང་པོའོ། །དབུས་དང་བྲལ་ན་དང་པོ་དང་ཐ་མ་བརྗོད་པར་མི་ནུས་པ་ཡིན་པས་ན་དབུས་ཀྱང་གོ་བར་བྱའོ། །དགོངས་པ་ནི་འདི་ཡིན་ ཏེ། ཡི་གེ་གསུམ་པོ་འདི་བརྗོད་པའི་རིམ་པ་དང་པོ་དང་། བར་མ་དང་། ཐ་མར་རྣམ་པར་གནས་པར་བློས་ཤེས་པར་བྱས་ནས་མྱུར་བ་དང་བུལ་བ་ལ་སོགས་པའི་སྐྱོན་དང་བྲལ་བར་བརྗོད་པར་བྱའོ། །བརྗོད་པའི་སྔགས་འདི་དག་ཅེས་པ་ནི། སྔགས་འདི་བརྗོད་པ་ཡིན་པའི་ཕྱིར་ན་ཡང་བརྗོད་ པ་ཞེས་བྱའོ། །དངོས་མེད་དོ་ལས་བྱུང་བའི་ཞེས་པ་ནི་སྙིང་ག་ན་གནས་པའི་གཞོམ་དུ་མེད་པ་ལས་བྱུང་བའོ། །ལྷ་རུ་ཉེ་བར་དམིགས་པ་གང་། །ཞེས་པ་ནི་ལྷ་གང་ཞིག་དེར་དམིགས་པའི་རིག་བྱར་གྱུར་པའོ། །རྡོ་རྗེ་བཟླས་པ་གསུངས་པ། ཨ་ཡིས་བཤད་པ་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་ 37-1-17b མན་ངག་ནི་འདི་ཡིན་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་སུ་གྱུར་པར་བསྟན་པའི་ཡི་གེ་ཨ་གཞོམ་དུ་མེད་པའི་སྒྲ་བརྗོད་པ་དེ་སྙིང་གར་བལྟས་ལ། དེ་ལ་ཡི་གེ་ཨཿ་གནས་པ་དང་། མཐར་ཡི་གེ་ཨོཾ་འཇུག་པའི་རླུང་དང་། ཡང་དག་ལྡན་པར་འཇུག་པའི་བདག་ཉིད་ལས་སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་རྣམས་སྤྲོ་བའོ། །ཡི་གེ་ཧཱུྃ་འབྱུང་བའི་རླུང་དང་ཡང་དག་པར་ལྡན་པས་སྔར་སྤྲུལ་པའི་སངས་རྒྱས་ལ་ཐོགས་པ་དེ་ནས་བསྡུས་ཏེ་འབྱུང་བའི་རྣམ་པར་བསམ་པར་བྱའོ། །ཡན་ལག་མ་ཉམས་ཞེས་པ་ནི། རླུང་དང་ལྷན་ཅིག་ཏུ་གྱུར་པའོ། །གོས་དཀར་ལ་སོགས་བཟླས་བཤད་པ། །ཞེས་པ་ནི་ གོས་དཀར་མོ་ལ་སོགས་པའི་རང་བཞིན་ལ། མེའི་དཀྱིལ་འཁོར་ལ་སོགས་པ་བཞིར་བྱས་ཏེ་བཟླས་པར་སངས་རྒྱས་རྣམས་ཀྱིས་གསུངས་སོ་ཞེས་བྱ་བའི་དོན་ཏོ། །སྦྱོར་བཞི་བསྡུས་པས་བརྒྱ་ཕྲག་དགུ། །ཞེས་པ་ནི་དཀྱིལ་འཁོར་བཞི་ལས་དབུགས་དགུ་བརྒྱར་འགྱུར་རོ། །ཉི་ཤུ་རྩ་བཞི་རིམ་གྱིས་ནི། ། ཞེས་པ་ནི་ཉིན་མཚན་གཅིག་ལ་མ་རིག་པ་ལ་སོགས་པ་ཡན་ལག་ཉི་ཤུ་བཞིའི་རང་བཞིན་གྱིས་གྲངས་ཉི་ཤུ་རྩ་བཞིའོ། །ད་ལྟར་བྱུང་བ་ལས་ཞེས་པ་ནི་ད་ལྟར་བྱུང་བའི་རྩིས་ཀྱི་ཚུལ་གྱིས་སོ། །རིག་པའི་ཚུལ་གྱི་ཆོ་ག་འདིས། །ཞེས་པ་ནི། རིག་པ་ཤེས་རབ་དའི་ཆོ་གའི་རིམ་པས་ཏེ། སྔགས་ཀྱི་ཚུལ་གྱི་ ཆོ་གས་ཞེས་བྱ་བའི་དོན་ཏོ། །སྔགས་དོན་ཞེས་པ་ནི། སྔགས་ཀྱི་བསྒྲུབ་བྱ་སྟེ་སྔགས་ཀྱི་འབྲས་བུའོ། །རྡོ་རྗེའི་བདག་ཉིད་ཇི་ལྟར་ཟློས། །ཞེས་པ་ནི་སྔགས་དང་ལྷ་ཐ་དད་པའི་ཕྱིར་རོ། །རང་ཉིད་སྔགས་ཀྱི་བདག་ཉིད་ཡིན་ན་ཇི་ལྟར་སྔགས་ཀྱི་བཟླས་པ་གཞན་བྱེད་ཅེས་དགོངས་ པའོ། །གླང་པོའི་རྗེས་ནི་འཚོལ་བྱེད་པ། །ཞེས་བྱ་ནི་འདིར་ནི་ཅི་ཞིག་བྱ་ཞེས་པ་ནི་ལྷག་མའོ། །སྦྱོར་བ་གསུམ་དུ་ལྡན་པ་ནི། །ཞེས་པ་ནི་རྡོ་རྗེ་གསུམ་གྱི་བདག་ཉིད་དེ་སྤྱན་དྲངས་པ་འཇུག་པ་དང་། གཤེགས་སུ་གསོལ་བ་འབྱུང་བ་དང་། བཞུགས་པ་གནས་པར་བྱའོ་ཞེས་པ་ ལྷག་མའོ། །ལྷ་འདི་ཉིད་གསལ་བར་གསུངས་པ། སྤྱན་དྲངས་ཞེས་བྱ་བ་ལ་སོགས་པ་སྟེ། བཞུགས་མ་ཡིས་ནི་ཞེས་པ་ནི་འཇུག་པའི་རླུང་ངོ་། །མྱུར་བ་ཡིས་ནི་ཞེས་པ་ནི་འབྱུང་བའི་རླུང་ངོ་། །དལ་བར་གནས་པ་ཞེས་པ་ནི་གནས་པར་འདོད་པའོ། །དབུགས་ཀྱི་ཞེས་པ་ནི་དབུགས་ལ་བརྟན་ 37-1-18a པ་ཐོབ་པའི་རླུང་ངོ་། །མྱུར་བའི་ཞེས་པ་ནི་འབྱུང་བའོ། །དལ་བ་ཅན་ནི་གནས་པར་འདོད་པའོ། །རྣལ་མ་སྡུད་ནི་འཇུག་པའོ། །སྔགས་སྦྱོར་བ་ཞེས་པ་ནི་ཡི་གེ་གསུམ་ཅི་རིགས་པར་སྦྱར་བའོ། །དང་པོའི་ཡི་གེ་སྦྱོར་བ་ཡིས། །ཞེས་པ་ནི་ཡི་གེ་ཨོཾ་སྦྱོར་བ། རྟག་ཏུ་དབུགས་ནི་རྔུབ་ པར་བྱ། །བརྒྱད་པའི་མཐའ་ཞེས་པ་ནི་ཡི་གེ་ཧའོ། །དབུགས་གཏོང་བྱེད་ཅེས་པ་ནི་འབྱུང་བའོ། །ཡི་གེ་ཧ་ཡང་གནས་པར་གོ་བར་བྱའོ། །གསང་ཞིང་དགོངས་པ་ཡིས་ཞེས་པ་ནི་ནང་གི་དུས་སོ། །བསམ་གཏན་བཟླས་བརྗོད་མེད་མོད་ཀྱི། །ཞེས་པ་ནི་བསམ་གཏན་དང་བརྗོད་པ་དང་བྲལ་བའི་ ཡི་གེ་གསུམ་མོ། །བསྙེན་བྱ་ཞིང་ཞེས་པ་ནི་སྔར་གྱི་བསྙེན་པ་འབུམ་ཕྲག་དྲུག་བྱའོ། །གསང་སྔགས་མེད་ཅེས་བྱ་བ་ནི་བརྗོད་པའི་བདག་ཉིད་ཅན་དེ་རླུང་བཟུང་བ་དང་འཁྲུལ་འཁོར་དུ་བྱའོ། །ཕྱི་རོལ་གཞན་དང་གཞན་ཡང་མེད། །ཅེས་པ་ནི་བྱ་བ་གཞན་དང་གཞན་ཁྲུས་དང་བཟའ་བ་ལ་ སོགས་པ་དཀའ་བ་ཡིན་ནོ། །ཡའི་དོན་གྱིས་ཞེས་པ་ནི། ཡི་གེ་ཡས་བསྒྲུབས་པའི་རླུང་གི་དཀྱིལ་འཁོར་གྱིས་སོ། །གང་ཅི་ཡང་རུང་ཞེས་པ་ནི། ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་ཀྱི་མཚན་ཉིད་ཀྱི་ལས་བཞིའོ། །ར་ལ་སོགས་པ་གསུམ་ཉིད་ཀྱི། །ཞེས་པ་ནི་མེ་ལ་སོགས་ པའི་དཀྱིལ་འཁོར་གསུམ་གྱིས་སོ། །འགྲོ་བའི་དོན་ལ་ཞེས་པ་ནི་སྔགས་ཀྱི་དོན་དེ་ཉིད་དོ། །ཇི་ལྟར་བྱ་ཞེ་ན་གསུངས་པ། མེ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་ནི་གཉིས་གཉིས་གནས་པར་འགྱུར། །ཞེས་པ་ནི་གཅོ་བོ་ཡིན་ལ་ཕལ་པའང་ཡིན་ཏེ། འདི་ལྟར་དཀྱིལ་འཁོར་གཅིག་ཏུ་ རྒྱུ་བ་ནི་གཙོ་བོའི་ལས་གཅིག་ཁོ་ན་ཡིན་ནོ། །གང་ཞིག་གཅིག་པ་དེ་ལ་གཞི་ཡིན་པར་རིག་པའི་ཕྱིར་དེ་ལ་དཀྱིལ་འཁོར་གཞན་གསུམ་བསྒྱུར་བ་ན་ལས་གཞན་གསུམ་པོ་ཡང་བྱ་བ་ཡིན་ཏེ། ཕལ་པར་གྱུར་པ་འཇུག་པ་ཡིན་ནོ། །འབྲས་བུ་གསུངས་པ།མཆོད་ལ་བརྩོན་ཞེས་བྱ་བ་ལ་སོགས་པ་སྟེ་ གོ་སླའོ། །གསུང་གི་རྡོ་རྗེ་བསྒྲུབ་པ་སྟེ། ཞེས་པ་ནི་འདིར་ཐོབ་ཅེས་བྱ་བ་ལྷག་མའོ། །ཡེ་ཤེས་གསུམ་གྱི་དབྱེ་བ་ཡིས། །ཞེས་པ་ནི་འཆད་པར་འགྱུར་བའི་སྣ་ལ་སོགས་པ་གསུམ་གྱི་ཁྱད་པར་གྱི་གཞིས་སོ། །བསྙེན་བཀུར་ཞེས་པ་ནི་བསྙེན་པར་རོ། །རྡོ་རྗེ་བཟླས་པའོ། །ད་ནི་སེམས་རྣམ་ 37-1-18b པར་དབེན་པ་བསྟན་པར་བྱ་བའི་ཕྱིར་གསུངས་པ། ཕྱག་འཚལ་འདུད་ཅིང་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་ཕྱག་འཚལ་བ་གསུམ་ནི་སོ་སོར་རོ། །ཕྱག་འཚལ་འདུད་ཅེས་པ་འདིས་ཀྱང་སྤྱིར་སེམས་གསུམ་ལ་ཕྱག་འཚལ་བ་བསྟན་པ་ཡིན་ནོ། །དེ་ལྟར་བསྟོད་ཅིང་ཕྱག་འཚལ་ཞེས་པ་ནི། དེ་ ལྟར་བསྟན་པའི་རིམ་པས་བསྟོད་ཅིང་ཕྱག་འཚལ་བ་ཡོད་པར་འགྱུར་བ་སླར་ཡང་ཀུན་རྫོབ་ཏུ་ཕྱག་འཚལ་བ་ཡིན་ནོ། །དོན་དམ་པར་བསྟན་པའི་གནས་སྐབས་འདི་ལ་མེད་པར་བསྟན་པའི་ཕྱིར་གསུངས་པ། གང་ལ་བསྟོད་ཅིང་གང་གིས་བསྟོད། །ཅེས་པ་མིན་ནོ། །ཇི་ལྟ་བུ་ཞིག་ཅེ་ན་གསུངས་པ། ཇི་ ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། རང་གིས་རང་གི་ཡེ་ཤེས་ནི། །ལེགས་མཐོང་ཞེས་པ་ནི། དེ་བཞིན་དུ་རང་གི་ཡེ་ཤེས་ལ་ཕྱག་བྱ་བའི་ཚུལ་ནི་རང་ལས་ཐ་མི་དད་པར་མཐོང་བའོ། །གང་ཡིན་ཞེས་པ་ནི་ཡེ་ཤེས་གང་ལའོ། །དེ་བས་ན་ཕྱག་བྱེད་པ་དང་ཕྱག་བྱ་བ་དག་ལ་ཐ་དད་པ་མེད་པའི་ཕྱིར་ཕྱག་འཚལ་བ་ མེད་པ་བཞིན་ནོ། །ཁྱད་པར་གསུངས་པ། འོན་ཀྱང་ཞེས་བྱ་བ་ལ་སོགས་པ་སྟེ། ཀུན་མཁྱེན་མ་ཐོབ་པར་ཞེས་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་གྱིས་སོ། །དེ་ནི་ཞེས་པ་ནི་གཅིག་ཏུ་བྱ་བའོ། །གང་ལ་ཞེ་ན་གསུངས་པ། མུན་ནག་རབ་རིབ་ཀྱིས་ཁེབས་ཤིང་། །ཞེས་པ་ནི་གང་ལས་མ་ རིག་པའི་བག་ཆགས་ཀྱིས་བསྒོས་ནས་ཡོད་པའོ། ། སྐྱེ་བོས་དེ་གང་ལས་ཐོབ་ཅེ་ན་གསུངས་པ། དྲིན་གྱིས་སྣང་བ་འཐོབ་པར་འགྱུར། །ཞེས་པ་སྟེ་བླ་མའི་བཀའ་དྲིན་ལས་ཇི་ལྟར་འགྱུར་བའི་གདམས་ངག་ཐོབ་ནས་གུས་པས་རྒྱུན་དུ་ཡུན་རིང་པོར་བསྒོམས་པ་ལས་གཅིག་ཏུ་བྱ་བ་དེ་ཐམས་ཅད་མཁྱེན་ པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་འགྲོ་བ་གསུམ་སྣང་བར་བྱེད་པར་འགྱུར་བའི་གསལ་བའི་རང་བཞིན་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཡེ་ཤེས་གསུམ་ལས་ཕྱག་བྱ་བའི་ཚུལ་དུ་བཤད་པར་འགྱུར་བ་བསྟན་པའི་ཕྱིར་གསུངས་པ། སྟོང་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ་སྟོང་པ་ནི་སྣང་བའོ། །ཤིན་ཏུ་སྟོང་ པ་ནི་སྣང་བ་མཆེད་པའོ། །སྟོང་པ་ཆེན་པོ་ནི་སྣང་བ་ཐོབ་པའོ། །ཐམས་ཅད་སྟོང་པ་ནི་འོད་གསལ་བའོ། །འདིར་ཡང་རྒྱུ་དང་འབྲས་བུའི་སྐབས་ཡིན་པས་ན་བསྟན་ཏོ། །རྒྱུ་དང་འབྲས་བུའི་དངོས་པོ་བསྟན་པའི་ཕྱིར་གསུངས་པ། ཤེས་རབ་ཐབས་སུ་སྦྱོར་བ་ལས། །རྫོགས་པ་ཉེ་བར་ཐོབ་པར་འགྱུར། །ཞེས་ 37-1-19a པ་ནི་ཤེས་རབ་ཀྱི་སྣང་བའོ། །དེའི་རྗེས་སུ་ཐབས་སུ་གྱུར་པ་ནི་སྣང་བ་མཆེད་པའོ། །འདི་གཉིས་མཉམ་པར་སྦྱོར་བས་གང་བསྐྱེད་པ་དེ་སྣང་བ་ཐོབ་པའོ། །སྟོང་པ་ཉིད་རྣམ་པ་བཞི་བསྒོམས་པ་ལས་འབྲས་བུ་གང་ཡིན་པ་གསུངས་པ། རྒྱུ་ཡི་རིམ་པ་རྣམ་དག་དང་། །རྣམ་ ཤེས་གསུམ་པོ་སྦྱོར་བ་དང་། །ཞེས་པ་ནི་རྗེས་ཐོགས་སུ་བསྟན་པའོ། །རྒྱུ་རྣམས་ཀྱི་རིམ་པ་འདིས་གང་ཞིག་རྣམ་པར་དག་པའི་ཚུལ་ལས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་འོད་གསལ་འབྱུང་སྟེ། དེ་ནི་ཡེ་ཤེས་གསུམ་སྦྱར་བ་ལས་སྣང་བ་སྣ་ཚོགས་པའི་ཡེ་ཤེས་གསུམ་གྱི་བདག་ ཉིད་ཅེས་བྱ་བའི་དོན་ཏོ། །འགྱུར་བ་ཡིན་ནོ་ཞེས་བྱ་བ་ནི་ལྷག་མའོ། །དེ་ལས་ཅིར་འགྱུར་ཞེ་ན་གསུངས་པ། སྟོང་པ་གསུམ་ནི་མཉམ་སྦྱར་ན། །བླ་མེད་གོ་འཕང་ཐོབ་པར་འགྱུར། །ཞེས་པ་ནི་སྟོང་པ་ཉིད་གསུམ་དང་ལྡན་པའི་ཚུལ་ལས་གང་མངོན་དུ་བྱས་པ་དེ། བླ་ན་མེད་པའི་གོ་འཕང་རྡོ་རྗེ་འཆང་ ཆེན་པོའི་གོ་འཕང་སྟེ། དེ་ཉིད་ཟུང་དུ་འཇུག་པ་ཞེས་བྱ་བའི་དོན་ཏོ། །ད་ནི་ཡེ་ཤེས་གསུམ་པོ་དེ་དག་གི་རང་བཞིན་དང་བཅས་པར་བསྟན་པའི་ཕྱིར་གསུངས་པ། སྣང་བ་སྟོང་པ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་གྲངས་དེ་དང་དེ་ཐམས་ཅད་ཀྱི་དོན་དུ་བསྟན་ཏེ། དེ་ཡི་རང་བཞིན་འཕྲོ་གསལ་བ། །ཞེས་པ་ནི་ གློ་བུར་བ་ཡིན་དུ་ཟིན་ཀྱང་ཡུན་རིང་པོར་གནས་པར་འགྱུར་བས་ན་རང་བཞིན་ལྟ་བུའི་རང་བཞིན་ཏེ་འདོད་ཆགས་ལ་སོགས་པའོ། །དེ་ལས་གསུམ་སྤྲོ་བ་ནི་ཉིན་མཚན་དུ་འཇུག་པའོ། །ཀུན་རྫོབ་གསལ་བའི་གཟུགས་ཀྱིས་ནི། །ཞེས་པ་ནི་ཀུན་རྫོབ་ཏུ་གསལ་བའི་གཟུགས་ཀྱིས་སོ། །དང་པོའི་ ཡི་གེ་ཐིག་ལེར་བཅས། །ཞེས་པ་ནི་ཡེ་ཤེས་གསུམ་འདིར་མངོན་སུམ་དུ་བྱ་བར་འདོད་པའི་ཐིག་ལེ་དང་བཅས་པའི་ཡི་གེ་ཨའམ། ཟླ་བའི་དཀྱིལ་འཁོར་རམ། པདྨའམ་བུད་མེད་ཀྱི་གཟུགས་ཏེ། དེ་ཉིད་འདི་ཡིན་ནོ་སྙམ་དུ་བསྒོམ་པར་གནས་པ་ཡིན་ཞེས་བྱ་བའི་དོན་ཏོ། །སྣང་བའི་ཡེ་ཤེས་ ཡང་དག་འབྱུང་། །ཞེས་པ་ནི་སྣང་བའི་ཡེ་ཤེས་ལས་བྱུང་བ་གང་དེ་དེ་བཞིན་དུ་བྱའོ། །ཐིག་ལེ་གཉིས་ཀྱིས་བརྒྱན་པའི་ཆ་རུ་དེ་ཉིད་ཤེས་པར་བྱ་ཞེས་པ་ནི། འདིར་ཡང་ཡི་གེ་ཨའམ། ཉི་མའི་དཀྱིལ་འཁོར་རམ། རྡོ་རྗེ་རྩེ་ལྔ་པའམ། རིན་པོ་ཆེ་འམ། སྐྱེས་པ་ལ་བརྟེན་ནས་ཡེ་ཤེས་འདི་བསྒོམ་ 37-1-19b པར་བྱ་བར་གནས་སོ། །ས་བོན་ཐིག་ལེར་ལྡན་མིན་ལ། །ཞེས་པ་ནི་ཡི་གེ་ཨ་བསྒོམ་པར་བྱའོ་ཞེས་དགོངས་པའོ། །བསྒོམས་པའི་འབྲས་བུ་བསྟན་པའི་ཕྱིར་གསུངས་པ། རླུང་གི་སྒོ་ནས་འབྱུང་བ་མིན། །ཞེས་པ་ནི་འདིས་ནི་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་གྱི་ཚུལ་འདི་ཉིད་ཡེ་ཤེས་སུ་བསྟན་ པ་ཡིན་ནོ། །མཚན་མོ་ཉིན་མོའི་མཚམས་དག་ཉིད། །ཅེས་པ་ནི་མཚམས་དང་ཟླ་བ་དང་ཉི་མའི་སྣང་བའི་ཚུལ་གྱིས་ཏེ། དེ་ལ་མཚམས་སྣང་བ་ནི་སྣང་བ་ཐོབ་པའོ། །ཟླ་བའི་སྣང་བ་ནི་སྣང་བའོ། །ཉི་མའི་སྣང་བ་ནི་སྣང་བ་མཆེད་པ་ཡིན་ནོ། །སྣང་བ་གཉིས་ཀྱི་རྒྱུར་གྱུར་པས། །ཞེས་ པ་ནི་སྣང་བ་གཉིས་ཀྱི་རྗེས་ཐོགས་སུ་འབྱུང་བའོ། །བདག་གིས་དངོས་པོར་ནམ་པར་བརྟགས། །ཞེས་པ་ནི་མཚན་དང་དཔེ་བྱད་ཀྱི་བདག་ཉིད་ཀྱི་སྐུར་བརྟགས་ཏེ་སྣང་བ་ཐོབ་པའོ། །གཉི་གའི་ཡན་ལག་ཉིད་དུ་འགྱུར། །ཞེས་པ་ནི་ཐབས་དང་ཤེས་རབ་གཉི་གའི་ཡན་ལག་འདི་ལ་ ཡོད་པར་འགྱུར་བ་ལས་གཉི་གའི་ཡན་ལག་ཅན་ཏེ། ཐབས་དང་ཤེས་རབ་ཀྱི་བདག་ཉིད་སྣང་བ་དང་སྣང་བ་མཆེད་པ་དག་རིམ་པ་ཇི་ལྟ་བ་བཞིན་དུ་ཐབས་དང་ཤེས་རབ་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་དེ་གསུམ་གྱི་མཚན་ཉིད་ཕྱི་རོལ་གྱི་ཡན་ལག་ཅན་ལས་ཀྱང་མཚོན་པར་བྱ་ བའི་ཕྱིར་གསུངས་པ། སྒྱུ་མ་དག་ནི་ཐམས་ཅད་ལས། །ཞེས་བྱ་བ་ལ་སོགས་པ་ནི་ཁམས་གསུམ་སྤྱོད་པའི་སྒྱུ་མའི་རང་བཞིན་སྐྱེས་པ་དང་བུད་མེད་འདི་རྣམས་ཐམས་ཅད་ཀྱི་ནང་གནས་སོ། །བུད་མེད་སྒྱུ་མ་ཞེས་བྱ་བ་ནི་སྒྱུ་མའི་རང་བཞིན་ཕྱི་རོལ་གྱི་ཡན་ལག་ཅན་ཉིད་དོ། །འདོད་ཆགས་ཉིད་དང་ཞེས་པ་ནི་འདོད་ ཆགས་མཆོག་དགའ་ཡིན་ཏེ་སྣང་བ་་མཆེད་པའི་བདག་ཉིད་དོ། ། ཆགས་བྲལ་ནི་དགའ་བྲལ་ཡིན་ཏེ་སྣང་བའི་མཚན་ཉིད་དོ། །གཉིས་ཀྱི་བར་དུ་ཞེས་པ་ནི་རྗེས་ཐོགས་སུ་བསྟན་པའི་ཡེ་ཤེས་གཉིས་ཀྱི་དབུས་སུ་ལྷན་ཅིག་སྐྱེས་པ་ཡིན་ཏེ། སྣང་བ་ཐོབ་པའི་རང་བཞིན་ནོ། །གསུམ་པོ་ནི་ཞེས་པ་ནི་རྒྱུ་ མཚན་འདིས་ནི་ཡེ་ཤེས་གསུམ་མཚོན་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྣམ་པ་གཞན་གྱིས་ཀྱང་གསུངས་པ། །དབང་པོ་གཉིས་ནི་མཉམ་སྦྱོར་བའི། །རྡོ་རྗེ་པདྨ་འདུས་ལས་ཞེས་པ་ནི་སྐྱེས་པ་དང་བུད་མེད་ཀྱི་དབང་པོ་གཉིས་སྙོམས་པར་ཞུགས་ནས་སོ། །རྡོ་རྗེ་དང་པདྨོ་ནི་འཁྱུད་པ་དག་གི་རྡོ་རྗེ་དང་ 37-1-20a པདྨ་དག་མཉམ་པར་སྦྱར་བ་ལས་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་གཉིས་ནི་མཉམ་སྦྱོར་བས། །ཞེས་པ་ནི་ཡེ་ཤེས་གཉིས་ཀྱི་བདག་ཉིད་ཀྱི་བྱང་ཆུབ་སེམས་དང་རང་བྱུང་གི་མེ་ཏོག་དག་ཕྲད་པའོ། །ཡེ་ཤེས་གཉིས་ནི་མཉམ་སྦྱོར་དང་། །ཞེས་པ་ནི་རྗེས་ཐོགས་སུ་བསྟན་པའི་ ཐིག་ལེ་གཉིས་འདུས་པས་སོ། །ཀུན་རྫོབ་ཏུ་ཡང་མེད་གྱུར་ན། །ཞེས་པ་ནི་འདིར་རྟག་ཏུ་ཞེས་པ་ནི་ལྷག་མའོ། །རང་བཞིན་སྣང་བའི་ཚུལ་གྱིས་ནི། །ཞེས་པ་ནི་འདོད་ཆགས་དང་ཆགས་བྲལ་ལ་སོགས་པ་རང་བཞིན་བརྒྱ་དྲུག་ཅུ་སྤྲོས་པའི་ཚུལ་གྱིས་སོ། །དེ་ཉིད་ཤེས་ནས་ཞེས་པ་ནི་ རང་བཞིན་སྤྲོ་བ་དེ་ཐམས་ཅད་འོད་གསལ་བའི་མཐར་འགྱུར་བའི་ཕྱིར་གློ་བུར་ཡིན་པར་རིག་པར་བྱའོ། །ད་ནི་བསྐྱེད་པའི་རིམ་པ་ལ་ཡང་ཡེ་ཤེས་གསུམ་གྱི་ང་རྒྱལ་བྱེད་པར་བསྟན་པའི་ཕྱིར་གསུངས་པ། ཤེས་རབ་ངོ་བོ་ཞེས་བྱ་བ་ལ་སོགས་པ་སྟེ། ཤེས་རབ་ངོ་བོ་ཞེས་པ་ནི་སྣང་བའི་རང་བཞིན་ ནོ། །ཐབས་སུ་བཤད་ཅེས་པ་ནི། སྣང་བ་མཆེད་པའི་གོ་འཕང་ངོ་། །ཟླ་བ་རྡོ་རྗེ་སོགས་མཉམ་སྦྱོར། །སེམས་དང་སེམས་ལས་བྱུང་བ་སྟེ། །ཞེས་པ་ནི་ཟླ་བ་རྡོ་རྗེའི་སེམས་དང་སེམས་ལས་བྱུང་བའི་ངོ་བོ་ཡིན་པའི་ཕྱིར་ན། ཟླ་བ་རྡོ་རྗེ་སྦྱོར་བ་ཉིད་ནི། སེམས་དང་སེམས་ལས་བྱུང་བ་འདུས་ པ་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་བཞིས་ནི་རྒྱས་བཏབ་ཅིང་། །ཞེས་པ་ནི། ལས་དང་ཆོས་དང་ཆེན་པོ་དང་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་ཏེ། དེ་ལ་བསྒོམ་པར་བྱ་བའི་ངོ་བོ་ལྷའི་སྐུ་ནི་དམ་ཚིག་གི་ཕྱག་རྒྱའོ། །དེའི་སྙིང་ག་དང་མགྲིན་པ་དང་མགོ་བོ་རྣམས་ཀྱི་ལྷ་གསུམ་ནི་རིམ་པ་ཇི་ལྟ་བ་བཞིན་དུ། ཕྱག་རྒྱ་ཆེན་པོ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱའོ། །ཡེ་ཤེས་གསུམ་ནི་འབྱུང་འགྱུར་ཏེ། །ཞེས་པ་ནི་ཡེ་ཤེས་གསུམ་གྱི་བདག་ཉིད་ཀྱི་ཟུང་འཇུག་གི་སྐུ་འབྱུང་བའོ། །ཆགས་བྲལ་མིན་ཞེས་བྱ་བ་ལ་སོགས་པ་ནི་ཡེ་ཤེས་གསུམ་པོ་ལས་དོན་གཞན་ཉིད་འོད་གསལ་ཡིན་པར་ བསྟན་ཏོ། །འདི་ཉིད་ཀྱི་ཕྱིར་གསུངས་པ། ཡེ་ཤེས་གསུམ་བྲལ་དེ་ཉིད་གང་། །དགོངས་པའི་སྐད་ཀྱིས་ཞེས་པའོ། །འདི་ཉིད་དེ་དང་དེ་ལ་གྲགས་པ་ཡིན་པར་བསྟན་པའི་ཕྱིར་གསུངས་པ། ངེས་མེད་ལ་སོགས་ཚིགས་བཅད་ཀྱིས། །ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །སྣ་ཚོགས་རྟགས་ 37-1-20b ཅན་འདི་རྣམས་ཀྱི་མངོན་པར་འདོད་པ་གསུངས་པ། རལ་པ་ཞེས་བྱ་བ་ལ་སོགས་པའོ། །མངོན་པར་བྱང་ཆུབ་འདོད་པ་རྣམས། །ཞེས་བྱ་བ་ནི་མངོན་པར་བྱང་ཆུབ་འདོད་པའོ། །འོན་ཀྱང་དེ་ཉིད་དམན་པ་ཉིད། །བརྟུལ་ཞུགས་སྤྱོད་པ་ལ་སོགས་རིམ། །ཞེས་པ་ནི་འདིར་འབྲས་བུ་མེད་པ་ ཡིན་ནོ་ཞེས་པ་ནི་ལྷག་མའོ། །དང་པོའི་ལས་ཀྱི་སྦྱོར་བ་ཡིས། ། ཞེས་པ་ནི། བསྐྱེད་པའི་རིམ་པ་བསྒོམས་པས་སོ། །སྣང་བ་གསུམ་པོ་མཐོང་བ་དག །ཅེས་པ་ནི། སྒྱུ་མའི་ལུས་མངོན་སུམ་དུ་བྱས་པའོ། །གཙང་མའི་གནས་པ་ནི། གཙང་མའི་གནས་ཀྱི་ རྣམ་གྲངས་འོག་མིན་གྱི་སྲིད་པར་ལོངས་སྤྱོད་རྫོགས་པའི་སྐུས་འགྲོ་བའོ། །སངས་རྒྱས་ཞིང་དུ་ཞེས་པ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲུལ་པའི་སྐུས་སོ། །ཚེ་འདི་ཉིད་ཀྱི་ཐམས་ཅད་མཁྱེན། །ཞེས་པ་ནི་བསྒོམ་པའི་ཁྱད་པར་གྱིས་ཚེ་འདི་ལ་མངོན་སུམ་དུ་ཡང་དག་པར་རྫོགས་ པའི་སངས་རྒྱས་ཐོབ་པོ་ཞེས་བྱ་བའི་དོན་ཏོ། །ཆོས་འབྱུང་མངོན་པར་བྱང་ཆུབ་པའི། །ཞེས་པ་ནི་རྒྱུན་མ་ཆད་པར་ཆོས་འབྱུང་བསྟེན་པའི་སྒོ་ནས་མངོན་པར་བྱང་ཆུབ་པའི་སྟོང་པ་ཉིད་ཀྱི་ཆོས་འབྱུང་མངོན་པར་བྱང་ཆུབ་པ་ཡིན་ནོ། །ཆོས་དབྱིངས་མངོན་པར་བྱང་ཆུབ་ཅེས་པ་ནི་ཆོས་ཀྱི་དབྱིངས་ དེ་ཉིད་ཆོས་འབྱུང་བ་སྟེ། དེ་ནི་ཇི་ལྟར་རྙེད་པ་བསྟེན་པས་མངོན་པར་བྱང་ཆུབ་པ་ནི་ཆོས་ཀྱི་དབྱིངས་ཀྱི་མངོན་པར་བྱང་ཆུབ་པ་ཡིན་ནོ། །བླ་མེད་མངོན་པར་བྱང་ཆུབ་པ། །ཞེས་པ་ནི་འདོད་པའི་ལོངས་སྤྱོད་ལ་མི་ཆགས་པར་བླ་ན་མེད་པའི་ཆོས་ཀྱི་དབྱིངས་འབའ་ཞིག་བསྒོམ་པ་གང་ཞིག་མངོན་པར་བྱང་ ཆུབ་པ་ནི། བླ་ན་མེད་པའི་མངོན་པར་བྱང་ཆུབ་པའོ། །དེ་ཉིད་གསུངས་པ། མངོན་པར་བྱང་ཆུབ་གང་གྱུར་པ། །ཞེས་པའོ། །སྤྲོས་བཅས་ལ་སོགས་སྤྱོད་པ་ཡིས། །ཞེས་པས་ནི་རིམ་པ་ཇི་ལྟ་བ་བཞིན་དུ་སྤྲོས་བཅས་དང་། སྤྲོས་མེད་དང་། ཤིན་ཏུ་སྤྲོས་པ་མེད་པ་རྣམས་ཀྱིས་སོ། །རྣལ་ འབྱོར་པ་ཞེས་པ་ནི་ཐ་མ་དང་འབྲིང་དང་རབ་ཀྱི་རྣལ་འབྱོར་དང་ལྡན་པའོ། །ཅི་ཞིག་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སེམས་རྣམ་པར་དག་པའི་རིམ་པའོ། །ཡེ་ཤེས་གསུམ་གྱི་ཁྱད་པར་རྟོགས་པར་བྱས་ནས། ད་ནི་དེ་དང་ཐ་མི་དད་པའི་སྐུ་རྟོགས་པར་བྱ་བའི་ཕྱིར་དེ་ཉིད་ལ་ཕྱག་འཚལ་ 37-1-21a བ་གསུངས་པ། ཕྱག་འཚལ་ཏེ་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་ཆེ་ལ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །རྡོ་རྗེ་སེམས་དཔའ་ལ་སོགས་གཙོ་བོ་ཞེས་པ་ནི་རྡོ་རྗེ་ནི་སྟོང་པ་ཉིད་དོ། །དེ་ལ་གང་ཞིག་སེམས་དཔའི་སེམས་དེ་ནི་རྡོ་རྗེ་སེམས་དཔའ་སྟེ་མི་བསྐྱོད་པའོ། ། སོགས་ པ་སྨོས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་འདི་རྣམས་ཀྱི་ཡང་གཙོ་བོ་དེ་ཉིད་ཀྱིས་ན་གཙོ་བོའམ་བདག་པོའོ། །བདག་བྱིན་བརླབ་པའི་རིམ་པ་ཉིད་། །ཅེས་པ་ནི། རང་གི་བདག་ཉིད་ལྷའི་སྐུ་དེ་དང་བྱིན་གྱི་རླབས་རྫོགས་པར་བྱེད་པའི་རིམ་པ་དེ་རང་ བཞིན་གྱིས་བརླབ་པའི་རིམ་པའོ། །དེ་ལ་དང་པོར་ཞེས་པ་ནི་ཐམས་ཅད་ཀྱི་དང་པོར་རོ། །དབང་བསྐུར་ཐོབ་ཅིང་ཞེས་པ་ནི། །ཕྲེང་བ་དང་ཆུ་ལ་སོགས་པ་རྣམས་ཀྱིས་མངོན་པར་དབང་བསྐུར་བས་ན་ཆོ་ག་ཇི་ལྟ་བ་བཞིན་དུ་དབང་བསྐུར་ཐོབ་པའོ། །རྒྱུད་རྣམས་བཞིའི་དགོངས་པ་ཞེས་པ་ནི། བྱ་ བ་དང་སྤྱོད་པ་དང་རྣལ་འབྱོར་དང་རྣལ་འབྱོར་བླ་ན་མེད་པའི་རྒྱུད་རྣམས་ཅུང་ཟད་རིག་པའོ། །བདེན་པ་གཉིས་ལ་ལྷག་པར་མོས། །ཞེས་པ་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ལ་ལྷག་པར་མོས་པའོ། །དེའི་འོག་ཏུ་ཕྲེང་བ་དང་ཆུ་ལ་སོགས་པ་ཞེས་པ་ནི། དེ་ནས་རང་བྱིན་གྱིས་བརླབ་ པའི་རིམ་པའི་མན་ངག་གི་རྗེས་ཐོགས་སུ་སླར་ཡང་ཕྲེང་བ་དང་ཆུ་ལ་སོགས་པའི་དབང་བསྐུར་བ་ཐོབ་ནས་སོ། །སངས་རྒྱས་དང་ཞེས་པ་ནི་ཅོད་པན་ནོ། །གསང་བའི་དབང་བསྐུར་བ་ཞེས་པ་ནི་ཉེ་བར་མཚོན་པ་སྟེ། ཤེས་རབ་དང་ཐབས་ཀྱི་དབང་བསྐུར་བ་ཡང་གོ་བར་བྱའོ། །བསྟོད་པར་བྱ་བ་ཞེས་པ་ནི། ། འདིར་ཉན་པའི་དོན་དུ་ཞེས་པ་ནི་ལྷག་མའོ། །ཁོང་སྟོང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་འཇིགས་མེད་གསོལ་འདེབས་པའི། །ཞེས་པ་ནི་གསོལ་བ་བཏབ་པ་སྟེ། གསོལ་བ་བཏབ་པ་མཐར་ཕྱིན་པ་ཞེས་བྱ་བའི་དོན་ཏོ། །དེ་ནས་བདག་ལ་བྱིན་བརླབ་བརྩམ། །ཞེས་པ་ནི་ བཤད་པར་བྱའོ་ཞེས་པ་ནི་ལྷག་མའོ། །བདེན་པ་བསྟན་ཞེས་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་བསྟན་པ་ཡིན་ནོ། །འོད་གསལ་བའི་གནས་ཞེས་པ་ནི་དོན་དམ་པའི་བདེན་པའོ། །སེམས་གང་གིས་ནི་ཞེས་པ་ནི་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་ཡོངས་སུ་མི་ཤེས་པའོ། ། 37-1-21b སེམས་དེ་ཉིད་ཀྱིས་ཞེས་པ་ནི་ཡོངས་སུ་ཤེས་པ་ཉིད་ཀྱིས་སོ། །སེམས་ཀྱི་རང་བཞིན་རྣམ་གནས་པ། །ཞེས་པ་ནི་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུའི་རྣམ་པར་ཞེས་བྱ་བའི་དོན་ཏོ། །གང་ལ་ཞེས་གསུངས་པ། རླུང་གི་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །སྒྱུ་མ་ལྟ་བུར་ཞེས་པ་ནི་བདག་ ཉིད་གང་ཞིག་སྒྱུ་མའི་ལུས་ལྟ་བུ་འདྲ་བ། གང་ཞིག་སྒྱུ་མའི་རྣམ་པ་ཞེས་བྱ་བའི་དོན་ཏོ། །ཕྱི་དང་ནང་དུ་རྣམ་ཕྱེ་བ། །ཞེས་པ་ནི་ཕྱི་རོལ་དང་ནང་གི་དངོས་པོ་གང་ཞིག་ཁྱད་པར་རོ། ། ཁྱབ་པ་ཆུ་ཡི་ཟླ་བས་སོ། །ཞེས་པ་ནི་ཇི་ལྟར་ནམ་མཁའ་ལ་གནས་པའི་རི་བོང་ཅན་གཅིག་ཉིད་ཆུས་བཀང་བའི་ རྡུལ་གྱི་སྣོད་སྣ་ཚོགས་སུ་འོད་ཤར་བ་དང་མཚུངས་པར་དེ་བཞིན་དུ་བཅོམ་ལྡན་འདས་ཀྱང་ཐམས་ཅད་དུ་བལྟའོ་ཞེས་བྱ་བའི་དོན་ཏོ། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །ཞེས་པ་ནི་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་སྟེ། རྡོ་རྗེ་འཆང་ཆེན་པོའོ་ཞེས་བྱ་བའི་དོན་ཏོ། །སྒྱུ་མ་ལྟ་བུར་དེ་ལྟར་ཀུན་བྱའོ་ཞེས་ བསྟན་པའི་ཕྱིར་གསུངས་པ། སྔགས་དང་ཕྱག་རྒྱ་སྦྱོར་བ་ཡང་། །ཞེས་བྱ་བ་ལ་སོགས་པའོ། །མིག་ལ་སོགས་པ་འཇུག་འགྱུར་བ། །ཞེས་པ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་ཀྱི་རྒྱུ་བའོ། །མཚུངས་པ་ཞེས་བྱ་བ་ནི། སྒྱུ་མའི་ལུས་དང་འདྲ་བར་མཐོང་། །ཞེས་བྱ་ བ་ལ་སོགས་པའོ། །སྒྱུ་མ་ཇི་བཞིན་ཏེ་ཞེས་པ་ནི་ཇི་ལྟར་སྒྱུ་མའི་རྣམ་པས་སྤྲུལ་པའི་རྟ་དང་གླང་པོ་ལ་སོགས་པའོ། །འགྲོ་བ་ཞེས་པ་ནི་དེ་བཞིན་དུ་འགྲོ་བའི་གཟུགས་དང་རེག་བྱ་ལ་སོགས་པ་ཡང་ངོ་། །དམིགས་མེད་ཅེས་པ་ནི། དོན་དམ་པར་ན་གཉིས་སུ་མེད་པས་ཀྱང་མི་དམིགས་ སོ། །ཀུན་རྫོབ་སྒྱུ་མ་ལྟ་བུར་རབ་ཏུ་བཤད་། །ཅེས་པ་ནི་རྒྱུ་དེའི་ཕྱིར་ཐ་སྙད་དུ་སྒྱུ་མའི་ལུས་ལྟར་འགྲོ་བ་རྣམས་བཅོམ་ལྡན་འདས་ཀྱིས་བསྟན་ཏོ། །དོན་དམ་པར་ན་བསྟན་པར་བྱ་བ་དང་། སྟོན་པར་བྱེད་པ་དང་། སྟོན་པ་རྣམས་དངོས་པོ་མེད་པ་ཡིན་པར་དགོངས་སོ། །དེ་ཉིད་བསྟན་ པའི་ཕྱིར་གསུངས་པ། དབང་པོ་གང་དང་གང་ཞེས་བྱ་བ་ལ་སོགས་པ་སྟེ། གང་དང་གང་ཞེས་པ་ནི་གཟུགས་དང་སྒྲ་ལ་སོགས་པའོ། །དབང་པོའི་ལམ་དུ་འགྱུར་ཞེས་པ་ནི་མིག་ལ་སོགས་པའི་དབང་པོའི་ཡུལ་དེའི་རང་བཞིན་ནི་དོན་དམ་པར་གྱུར་པ་ཉིད་དོ། །མཉམ་པར་མ་བཞག་སྤྱོད་པའོ། ། 37-1-22a ཞེས་པ་ནི་མཉམ་པར་མ་བཞག་པའི་སེམས་སོ། །སངས་རྒྱས་ཀུན་བདག་ཅེས་པ་ནི་སྒྱུ་མའི་ལུས་ཀྱི་ངོ་བོ་ཉིད་དེ། ཀུན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རྣལ་འབྱོར་ཆེན་པོ་ཞེས་པ་ནི་རྣལ་འབྱོར་ཆེན་པོའོ། །སྣ་ཚོགས་ཡེ་ཤེས་རྗེས་སུ་སྡུད། །ཅེས་པ་ ནི་འགྲོ་བའི་བདག་ཉིད་དེ་ནི་ཡེ་ཤེས་ཀྱི་རང་བཞིན་གྱི་ལུས་སུ་བསྡུས་པ་ཡིན་པའི་ཕྱིར་རོ། །ཕྱག་རྒྱ་ཐམས་ཅད་ནི་བུད་མེད་ཐམས་ཅད་དོ། ། སྨིག་རྒྱུ་རྨི་ལམ་ལྟ་བུ་དང་། །ཞེས་པ་ནི་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུའི་ངོ་བོ་ནི་སྨིག་རྒྱུ་དང་རྨི་ལམ་དང་མཚུངས་སོ། ། དྲི་ཟའི་གྲོང་ཁྱེར་དག་དང་ མཚུངས། །ཞེས་པ་ནི་སྔར་གྱི་བཞིན་ནོ། །དེ་དག་སྒྱུ་མའི་རྣམ་རྒྱལ་སྨན། །ཞེས་པ་ནི་ནད་དེ་ལ་སྒྱུ་མ་ལྟ་བུའི་སྨན་གྱིས་སྨན་པས་རྒྱལ་ཞེས་བྱ་བའི་དོན་ཏོ། །བདག་བྱིན་གྱིས་བརླབ་པའི་མན་ངག་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རྣམ་པར་མཁས་པ་ནི་རྣམ་པར་དཔྱོད་པའི་རྒྱུད་གཅིག་ ལ་བསམ་པ་ཕུན་སུམ་ཚོགས་པ་ཡིན་ནོ། །བདག་བྱིན་གྱིས་བརླབ་པའི་རིམ་པའོ། །སྒྱུ་མའི་ལུས་ལ་དམིགས་པ་སྔོན་དུ་འགྲོ་བས། འོད་གསལ་བ་ལ་འཇུག་པ་ཡིན་པས་ན། དེ་ཉིད་བསྟན་པའི་ཕྱིར་བཅོམ་ལྡན་འདས་ལ་ཕྱག་འཚལ་བ་སྔོན་དུ་འགྲོ་བ་གསུངས་པ། རྡོ་རྗེ་སེམས་ དཔའ་ཞེས་བྱ་བ་ལ་སོགས་པ་སྟེ། ཐམས་ཅད་སྟོང་ཉིད་སྟོན་པའི་ཞེས་པ་ནི་ཐམས་ཅད་སྟོང་པ་འོད་གསལ་བ་སྟོན་པར་བྱེད་པས་ན་ཐམས་ཅད་སྟོང་པ་སྟོན་པའོ། །མངོན་པར་བྱང་ཆུབ་པའི་རིམ་ཞེས་པ་ནི། རྣམ་པ་ཐམས་ཅད་ཡང་དག་པར་མངོན་སུམ་དུ་རྟོགས་པས་ན་མངོན་པར་བྱང་ཆུབ་ པའི་སྟོང་པ་ཉིད་དོ། །དེ་རྟོགས་པར་བྱེད་པའི་རིམ་པ་ནི་མངོན་པར་བྱང་ཆུབ་པའི་རིམ་པའོ། ། སྣང་བ་དག་ནི་བསྐྱེད་པར་བྱ། །ཞེས་པ་ནི་ཡེ་ཤེས་གསུམ་གྱི་ངོ་བོ་དགའ་བ་གསུམ་སྟེ། སེམས་རྣམ་པར་དག་པའི་རིམ་པ་ལས་གསུངས་པའི། འདོད་ཆགས་ཉིད་དང་ཆགས་བྲལ་དང་། །གཉི་ གའི་བར་དང་གསུམ་ཡིན་ཏེ། །ཞེས་པས་སོ། །ཀ་ལ་ཤ་སོགས་དག་ཏུ་གཞག །བྱང་ཆུབ་སེམས་ནི་ཞེས་པ་ནི་གསང་བའི་དབང་བསྐུར་བའི་དོན་དུ་བྱང་ཆུབ་ཀྱི་སེམས་སོན་པའི་ཐོད་པ་ལ་སོགས་པ་བུམ་པའི་སྟེང་དུ་གཞག་པར་བྱའོ། །བརྩེ་བས་ནམ་ཕྱེད་དུས་དབང་བསྐུར། །ཞེས་པ་ 37-1-22b ནི་ནམ་གྱི་ཆ་སྟོང་ནས་བརྩམས་ཏེ་ཆུ་ཚོད་བདུན་ཡན་ཆོད་དུ་ཕྲེང་བ་དང་ཆུ་ལ་སོགས་པས་དབང་བསྐུར་སྦྱིན་པར་བྱའོ། །ནམ་ཕྱེད་ན་གསང་བ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་དག་སྦྱིན་པར་བྱ་བའི་དོན་ཏོ། །ཐོ་རངས་ཀྱི་ནི་དུས་སུ་ཡང་། །ཞེས་པ་ནི་ནམ་གྱི་ལྷག་མའོ། །ཕུང་པོ་ རྣམས་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ནས་རྣམ་པར་ཤེས་པའི་བར་དུ་རྣམ་པ་ལྔའོ། །ཁམས་རྣམས་ཞེས་པ་ནི། མིག་གི་སྒོ་ལ་སོགས་པ་ཆོས་ཀྱི་དབྱིངས་ལ་ཐུག་པའི་བཅོ་བརྒྱད་པོ་རྣམས་ལའོ། །སྐྱེ་མཆེད་རྣམས་ཞེས་པ་ནི་མིག་གི་སྐྱེ་མཆེད་ལ་སོགས་པ་ནས་ཆོས་ ཀྱི་སྐྱེ་མཆེད་ལ་ཐུག་པ་བཅུ་གཉིས་པོ་རྣམས་སོ། །དེ་ནས་རིམ་པ་འདི་ཉིད་བརྩམ། །ཞེས་པ་ནི་དེ་ལྟར་འོག་ནས་འཆད་པར་འགྱུར་བའི་རིམ་པས་སོ། །རིམ་པ་ནི་མངོན་པར་བྱང་ཆུབ་པའི་རིམ་པའོ། །བརྩམ་པར་བྱ་ཞེས་པ་ལྷག་མའོ། །ཐོག་མེད་འབྱུང་དང་ཞེས་པ་ནི། །ཆོས་རྣམས་ ཀྱི་ཆོས་ཉིད་འདི་རྣམས་སུ་གནས་པ་ཉིད་ལས་ཞེས་པའི་ལུང་གིས་ཐོག་མ་མེད་པའོ། །ཡང་ན་ཐོག་མར་འབྱུང་བ་ཞེས་པ་ནི་ཐམས་ཅད་དུ་ཁྱབ་པའི་ཕྱིར་ན་དེ་ནི་ཐོག་མའི་ངོ་བོ་ཉིད་དོ། །དེ་བཞིན་དུ་དབུས་སུ་བྱུང་བ་ལ་སོགས་པའི་ཚིག་རྣམས་ལ་གོ་བར་བྱའོ། །ཡང་ན་ཐོག་མེད་འབྱུང་བ་དང་། །ཞེས་ པ་ནི་སྒྱུ་ལུས་ལས་གཞན་ཡིན་པའི་ཕྱིར་རོ། །ཐོག་མར་འབྱུང་བ་ནི་སྒྲ་ཟུང་འཇུག་ལས་གཞན་ཡིན་པའི་ཕྱིར་རོ། །དབུས་མིན་འབྱུང་བའམ་ཞེས་པ་ནི་སྒྱུ་ལུས་ལས་གཞན་ཡིན་པའི་ཕྱིར་རོ། །མཐའ་མེད་འབྱུང་ཞེས་པ་ནི་ཟུང་འཇུག་ལས་སྔར་ཡིན་པའི་ཕྱིར་རོ། །མཐར་ནི་འབྱུང་བ་རྣམས་ཞེས་ པ་ནི་སྒྱུ་ལུས་ལས་དེ་ཕྱིས་འབྱུང་བའི་ཕྱིར་ཡིན་ནོ། །གོང་དུ་འགྲོ་བ་དང་ནི་འོང་མེད་ཅིང་། །ཞེས་བྱ་བ་ལ་སོགས་པ་ནི། དང་པོ་གདོད་མ་ནས་མ་སྐྱེས་པ་འདི་ལ་འགྲོ་བ་དང་འོང་བ་ལ་སོགས་པ་རྣམ་པར་གཞག་པ་རྣམས་མི་སྲིད་པ་ཡིན་པར་དགོངས་སོ། །ཤིན་ཏུ་ངོ་མཚར་གཟུགས་ཅན་ཞེས་པ་ནི་དེ་ ལྟར་རང་བཞིན་ཡང་ཆོས་ཀྱི་སྐུ་ཡིན་པའི་ཕྱིར་རོ། །ངོ་མཚར་མིན་ཞེས་པ་ནི། དངོས་པོའི་ནུས་པ་སྣ་ཚོགས་པས། །ཞེས་བྱ་བ་ནི་ཚུལ་གྱིས་སོ། །རྒྱུ་དང་མི་རྒྱུའི་བདག་ཉིད་ནི་སྟོང་པ་ཉིད་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ། །འགྲོ་བའི་གཉེན་གཅིག་ཅེས་པ་ནི་སྙིང་རྗེའི་བདག་ཉིད་ཡིན་པའི་ཕྱིར་ 37-1-23a རོ། །དེ་ནི་ཡོན་པོའི་ལུས་ཀྱང་ཞེས་པ་ནི་སྟོང་པ་ཉིད་རྟོགས་པའི་མཐུས་སྤོང་པའོ། །དྲང་པོ་ཡིན་ཞེས་པ་ནི་སྙིང་རྗེས་བསྐུལ་བ་ཡིན་པའི་ཕྱིར་སེམས་ཅན་གྱི་དོན་ལ་འཇུག་པའོ། །སྟན་ལ་གནས་མེད་ཅེས་པ་ནི་གནས་མེད་པར་འཁྱམས་ཏེ་ཡུལ་སོ་སོར་ངེས་པ་མེད་པའི་ཕྱིར་གནས་སོ་སོར་ངེས་པ་མེད་ པ་ཡིན་ནོ། །མཁས་པས་གང་ཞིག་ཏུ་ཡང་སྟན་ལ་བཅིངས་ཏེ་གནས་པ་ནི་སོ་སོར་ངེས་པ་བསྟན་ཏོ། །དེ་ནི་མིག་བཙུམས་གྱུར་ཀྱང་ཞེས་པ་ནི་སྟོང་པ་ཉིད་ཉམས་སུ་མྱོང་བས་བདེ་བའི་ཕྱིར་རོ། །རྣམ་རྒྱལ་མིན་ཞེས་པ་ནི་དགའ་བའི་ཁྱད་པར་རོ། །མཉམ་གཞག་ཅེས་པ་ནི་སྟོང་པ་ ཉིད་ཙམ་ལ་དམིགས་པའི་ཕྱིར་རོ། །མཉམ་མ་བཞག་ཅེས་པ་ནི་དངོས་པོ་ཐམས་ཅད་སྟོང་པ་ཉིད་ཀྱི་བདག་ཉིད་ཀྱི་ངོ་བོའི་ཕྱིར་རོ། །བརྗོད་བྲལ་གསུམ་ནི་སྟོང་པ་ཉིད་ཙམ་གྱི་མཐར་གྱུར་པའི་ཕྱིར་རོ། །ཚིག་དང་ལྡན་ནི་སེམས་ཅན་གྱི་དོན་བྱེད་པ་ལ་འཇུག་པའི་ཕྱིར་རོ། །ལོངས་སྤྱོད་ ལྡན་ནི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་ནོར་རྙེད་པའི་ཕྱིར་རོ། །གཟུགས་བྲལ་འགྱུར་ཞེས་པ་ནི། འཇིག་རྟེན་གྱི་ཆོས་བརྒྱད་ལ་མི་ཕྱོགས་པར་དེ་དང་མི་མཐུན་པར་འཇུག་གོ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་མགོན་ནི་སངས་རྒྱས་རྣམས་ཀྱི་སྐུ་རྟོགས་པའི་ཕྱིར་རོ། །གཞན་བྲན་འགྱུར་ནི་ རྣམ་པ་ཐམས་ཅད་དུ་དངོས་པོ་མེད་པའི་ཕྱིར་རོ། །རྒྱུ་བ་དང་ནི་མི་རྒྱུ་ཉིད། །དངོས་པོ་འོད་གསལ་བར་བྱས་ཏེ། །ཞེས་པ་ནི། གཟུགས་སུ་རྟོགས་པའི་མེ་ལོང་དང་། །ཞེས་བྱ་བ་ལ་སོགས་པའི་རྣམ་པ་འདིས་ན་བརྟན་པ་དང་གཡོ་བའི་རང་བཞིན་གྱི་ལྷ་རྣམས་ནི་རང་གི་ལུས་ལ་གནས་ཇི་ལྟ་ བ་བཞིན་དུ་ཁོངས་སུ་བསྡུའོ་ཞེས་བྱ་བའི་དོན་ཏོ། །ཁས་ཀུས་བཏབ་པ་ལས་བྱུང་བ་ནི་དྲི་མ་མེད་པར་ངེས་པའི་ངོ་བོ་ཡིན་པ་ལ་དེ་ལྟར་གོམས་པར་བྱ་བ་ཉིད་དོ། །རེས་འགའ་སེམས་ཅན་གྱི་དོན་བྱེད་པ་གསུམ་ཡང་ཡིན་པ་གསུངས་པ། སེམས་ཅན་དོན་དུ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་དང་ དེ་འདྲའི་འོད་ཟེར་གྱིས། །ཞེས་པ་ནི། སྐད་ཅིག་ཙམ་གྱིས་འོད་གསལ་ནས་ཞི་བ་ལ་སོགས་པའི་ལས་དང་རྗེས་སུ་མཐུན་པར་དཀར་པོ་ལ་སོགས་པའི་ཁ་དོག་དང་ལྡན་པའི་རྡོ་རྗེ་སེམས་དཔའི་བདག་ཉིད་བསམས་ནས་དེ་དང་དེར་དེའི་ལས་དང་རྗེས་སུ་མཐུན་པ་རྡོ་རྗེ་བཟླས་པར་བསྟན་པའི་དེ་དང་ 37-1-23b དེར་དེའི་འོད་ཟེར་བྱུང་ནས་རྒྱུད་ལས་གསུངས་པའི་ཆོག་དེ་དང་དེ་ལས་བྱའོ་ཞེས་པའི་དོན་ཏོ། །བདག་བྱིན་བརླབ་པའི་རིམ་གྱིས་ཀྱང་། །ཞེས་པ་ནི་ཀྱང་གི་སྒྲ་ནི་ཡང་གི་དོན་ཏེ་སྔོན་དུ་བསྟན་པའི་རིམ་པ་འབའ་ཞིག་གིས་མ་ཡིན་ཏེ། བདག་བྱིན་གྱིས་བརླབ་པའི་རིམ་པས་ཀྱང་ཡིན་པར་ དགོངས་པའོ། །སླར་བཅོམ་ལྡན་འདས་བཞེངས་ཏེ་སེམས་ཅན་གྱི་དོན་ཇི་ལྟར་མཛད་ཅེ་ན་གསུངས་པ། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། སྒྱུ་འཕྲུལ་དྲ་བ་འབྱུང་བར་བཤད། །ཅེས་པ་ནི་འདིར་སྐད་ཅིག་ཙམ་གྱིས་ཞེས་པ་ནི། དེ་ཉིད་ཀྱི་ཁྱད་པར་དུ་གྱུར་པ་ནི་རིགས་ལྔའི་སངས་རྒྱས་ ལ་ལྟས་པ་ཞེས་བྱ་བ་ལ་སོགས་པ་སྟེ། རིགས་ལྔའི་སངས་རྒྱས་གཙོ་བོར་གྱུར་པ་གཞན་ལ་ལྟོས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆོས་བདག་མེད་དང་མཉམ་མེད་པ། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་ངོ་བོ་ཉིད། །ཅེས་པ་ནི་ཇི་ལྟར་སྔོན་པོ་དང་སེར་པོ་ལ་ སོགས་པའི་ཆོས་རྣམས་ནི་གདོད་མ་ནས་མ་སྐྱེས་པའི་ཕྱིར། རང་བཞིན་མེད་པ་ཡིན་པ་དེ་བཞིན་དུ་རང་གི་སེམས་ཀྱང་མ་སྐྱེས་པའི་ཕྱིར་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བྱ་བ་བྱས་ནས་བླ་མའི་ཡོན་ཕུལ་བ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །བསྒོམས་ པའི་འབྲས་བུ་གསུངས་པ། སློབ་དཔོན་ལས་ནི་དྲིན་ཐོབ་ཅེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །མངོན་པར་བྱང་ཆུབ་པའི་རིམ་པའོ། །འོད་གསལ་ལ་ཞུགས་ནས་སྨོན་ལམ་བཏབ་པའི་མཐུ་དང་། བསྒོམ་པའི་ཁྱད་པར་ལས་ལྡང་བ་བསྟན་པའི་ཕྱིར། ཕྱག་འཚལ་བ་སྔོན་དུ་འགྲོ་བས་ཟུང་འཇུག་གི་ རིམ་པ་གསུངས་པ། རྒྱུ་དང་འབྲས་བུ་བདག་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། འབྲས་བུ་ནི་འོད་གསལ་ལོ། །རྒྱུ་ནི་ཡོངས་སུ་མ་དག་པའི་སྒྱུ་མའི་ལུས་སོ། །དེ་བདག་བྱིན་གྱིས་བརླབ་པའི་སྒྲའི་ཚིག་གོ། །ཡང་གསུངས་པ། བདག་བྱིན་བརླབ་པའི་རིམ་གྱིས་ནི། །འོད་གསལ་བ་ནི་ཐོབ་པར་འགྱུར། །ཞེས་ པའོ། །དེ་དང་ཐ་མི་དད་པའི་བདག་ཉིད་དུ་ལྟ་བའི་ཕྱིར་རྒྱུ་དང་འབྲས་བུའི་བདག་ཉིད་འོད་གསལ་ལོ། །ཟུང་འཇུག་རིམ་པ་བླ་མེད་པ། །ཞེས་པ་ནི་རྒྱུ་དང་འབྲས་བུའི་ཚུལ་ཟུང་གཉིས་ཀྱིས་འཇུག་ཅིང་བཅིངས་པས་གཅིག་ཏུ་གྱུར་པ་གང་གི་ངོ་བོ་དེ་ནི་ཟུང་དུ་འཇུག་པའོ། །དེ་རྟོགས་པར་བྱེད་པའི་རིམ་པ་ནི་ཟུང་ 37-1-24a དུ་འཇུག་པའི་རིམ་པའོ། །རིམ་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་བླ་ན་མེད་པའོ། །འཁོར་བ་དང་ནི་ཞེས་བྱ་བ་ལ་སོགས་པ་ནི། འཁོར་བ་ནི་ཡོངས་སུ་མ་དག་པའི་ངོ་བོ་ཡིན་པའི་ཕྱིར་འཁོར་བའི་རང་བཞིན་ཡེ་ཤེས་ཀྱི་ལུས་ཏེ་ཀུན་རྫོབ་ཀྱི་བདེན་པ་བདག་བྱིན་གྱིས་བརླབ་ པའོ། །མྱ་ངན་འདས་པ་ཞེས་པ་ནི་ཆོས་ཀྱི་སྐུའི་ངོ་བོ་ཡིན་པའི་ཕྱིར། ལྡོག་པ་མྱ་ངན་ལས་འདས་པ་འོད་གསལ་དོན་དམ་པའི་བདེན་པའོ། །རྟོག་པ་གཉིས་པོ་སྤངས་པས་ནི། །འདིའི་རྗེས་ཐོགས་སུ་བསྟན་པའི་རྟོག་པ་གཉིས་པོ་སྤངས་ཤིང་བཅོམ་ཞེས་བྱ་བའི་དོན་ཏོ། །གང་དུ་དངོས་པོ་གཅིག་འགྱུར་བ། ། ཞེས་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་དག་གི་ལུས་གང་དུའོ། །དངོས་པོ་གཅིག་ནི་གཅིག་ཉིད་དེ་རོ་མཉམ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཀུན་ནས་ཉོན་མོངས་རྣམ་པར་བྱང་། །ཞེས་པ་ནི་ཀུན་ནས་ཉོན་མོངས་པ་ནི་སྔར་གྱི་བཞིན་དུ་ཡོངས་སུ་མ་དག་པའི་སྒྱུ་མའི་ལུས་སོ། །རྣམ་པར་བྱང་བ་ནི་ འོད་གསལ་ཏེ་ཐ་དད་པ་མེད་པར་རྟོགས་པའོ། །དོན་དམ་ཉིད་དུ་གཅིག་ཏུ་འགྱུར། །ཞེས་པ་ནི་དེ་དག་ཉིད་དངོས་པོ་གཅིག་ཡིན་ནོ། །དངོས་པོ་རྣམས་བཅས་ཀུན་རྟོགས་དང་། །ཞེས་བྱ་བ་ལ་སོགས་པ་ནི་སྔར་གྱི་དོན་ཉིད་དོ། །གཟུང་བ་དང་ནི་འཛིན་པ་ཞེས་པ་ནི་གཟུང་བ་ནི་འོད་གསལ་ལོ། །འཛིན་པ་ནི་བདག་ བྱིན་གྱིས་བརླབ་པའོ། །རྟག་དང་ཆད་པའི་བློ་དག་ནི། །ཞེས་པ་ནི་རྟག་པ་ནི་སྒྱུ་ལུས་སོ། །ཆད་པ་ནི་འོད་གསལ་ལོ། ། ཤེས་རབ་སྙིང་རྗེ་གཅིག་པར་ནི། །ཞེས་པ་ནི་ཤེས་རབ་ནི་འོད་གསལ་ལོ། །སྙིང་རྗེ་ནི་སྒྱུ་ལུས་སོ། །ཐབས་དང་ཤེས་རབ་སྙོམས་འཇུག་པ། །ཞེས་པ་ནི་ཤེས་རབ་ནི་སྟོང་པ་ཉིད་དོ། །ཐབས་ནི་སྒྱུ་ ལུས་སོ། །གང་དུ་ལྷག་མར་བཅས་པ་དང་། །དེ་བཞིན་ལྷག་མ་མེད་པ་ཞེས་པ་ནི་ཕུང་པོ་ལྷག་མ་དང་བཅས་པ་ནི་སྒྱུ་ལུས་སོ། །ཕུང་པོ་ལྷག་མ་མེད་པ་ནི་མྱ་ངན་ལས་འདས་པའོ། །གང་དུ་གང་ཟག་བདག་མེད་ཅིང་། །ཆོས་ལ་བདག་མེད་པ་དག་གི། །ཞེས་པ་ནི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །གང་ཟག་ གི་བདག་མེད་པ་ནི་སྒྱུ་ལུས་སོ། །ཆོས་ཀྱི་བདག་མེད་པ་ནི་འོད་གསལ་ལོ། །དེ་ནི་ཞེས་པ་ནི་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །གཉིད་ལོག་པ་དང་སད་པ་དང་། །གནས་སྐབས་དེ་ཉིད་སྤངས་པ་ནི། །ཞེས་པ་ནི་གཉིད་ལོག་པའི་གནས་སྐབས་ནི་འོད་གསལ་དུ་འཇུག་པའོ། །སད་པའི་གནས་སྐབས་ནི་ 37-1-24b སྒྱུ་ལུས་སོ། །མཉམ་པར་བཞག་དང་མ་བཞག་པ། །ཞེས་པ་ནི་མཉམ་པར་བཞག་པ་ནི་འོད་གསལ་དུ་འཇུག་པའོ། །མཉམ་པར་མ་བཞག་པ་ནི་སྒྱུ་ལུས་སོ། །དྲན་དང་མི་དྲན་ལས་གྲོལ་ཞིང་། །ཞེས་པ་ནི་མི་དྲན་པ་ནི་འོད་གསལ་ལོ། །དྲན་པ་ནི་སྒྱུ་ལུས་སོ། །ཆགས་དང་ཆགས་མེད་ལས་གྲོལ་ ཞིང་། །ཞེས་པ་ནི་འདོད་ཆགས་ནི་མངོན་པར་ཞེན་པའི་གནས་ཡིན་པའི་ཕྱིར་སྒྱུ་ལུས་སོ། །ཆགས་མེད་ནི་དེའི་དངོས་པོ་མེད་པའི་ཕྱིར་འོད་གསལ་ལོ། །རྒྱུ་དང་འབྲས་བུ་ཉིད་དང་ནི། །ཞེས་པ་ནི་འབྲས་བུ་ནི་འོད་གསལ་ལོ། །རྒྱུ་ནི་སྒྱུ་ལུས་སོ། །བསྐྱེད་པའི་རིམ་པ་འདི་གཅིག་ཡིན། །གཞན་ ཡང་རྫོགས་པའི་རིམ་པ་ནི། །ཞེས་པ་ནི་བསྐྱེད་པའི་རིམ་པ་ནི་སྒྱུ་ལུས་སོ། །རྫོགས་པའི་རིམ་པ་ནི་འོད་གསལ་ལོ། །ཡོངས་སུ་དག་པའི་ལྷ་དང་ནི། །འདི་ནི་མ་དག་པར་གྱུར་པ། །ཞེས་པ་ནི་ཡོངས་སུ་དག་པ་ནི་འོད་གསལ་ལས་ལྡང་བའོ། །མ་དག་པ་ནི་འོད་གསལ་དུ་འཇུག་པའོ། །གཟུགས་ ཅན་དང་ནི་གཟུགས་མེད་དེ། །ཞེས་པ་ནི་གཟུགས་ཅན་ནི་སྒྱུ་ལུས་སོ། །གཟུགས་མེད་ནི་འོད་གསལ་ལོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྤྱོད་པའང་དེ་དང་གཉིས་སུ་མེད། །ཅེས་པ་ནི་འདིར་བྱའོ་ཞེས་པ་ནི་ལྷག་མའོ། །ཐམས་ཅད་གཉིས་སུ་མེད་པའི་ང་རྒྱལ་ གྱིས་སྤྱོད་པ་བྱ་བ་བསྟན་པའི་ཕྱིར་གསུངས་པ། ཇི་ལྟར་བདག་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །ཟུང་དུ་འཇུག་པའི་རིམ་པའོ། །རིམ་པ་ལྔ་དང་འདིར་ཡང་རྣམ་དག་རིམ་པ་འདི་ནི་ཆེས་ཤིན་ཏུ། །ཟབ་མོའི་དོན་རྣམས་ཀུན་ལ་ཚིག་ནི་རྣམ་འབྱེད་བྱས་པའི་གོ་སླ་མེད། །སུ་ཡང་རུང་སྟེ་ སྐྱོན་བྲལ་བློ་གྲོས་དག་ལྡན་བདེ་བ་སྙམ་སེམས་ན། །ཇི་སྟེ་རྣམ་བཤད་འདི་རྣམས་ཅུང་ཟད་བདེ་བར་འགྱུར་ན་བདེར་གྱུར་ཅིག །རིམ་པ་ལྔ་རྣམས་རྣམ་བཤད་བྱས་པ་དང་། །དེ་བཞིན་རྣམ་དག་ཅེས་བྱའི་རིམ་པའང་། །བདག་གིས་བྱས་ལས་བསོད་ནམས་བསགས་ཐོབ་གང་། །འཇིག་རྟེན་རྡོ་ རྗེ་སེམས་དཔར་ངེས་གྱུར་ཅིག །རིམ་པ་ལྔ་དང་རྣམ་པར་དག་པའི་རིམ་པ་རྣམ་པར་བཤད་པ་ལི་ལ་བཛྲ་ཞབས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་དེ་ཉིད་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་དར་མ་བློ་གྲོས་ཀྱིས་བསྒྱུར་རོ།། །། 37-1-25a ༄༅༅། །རྒྱ་གར་སྐད་དུ། པཉྩ་ཀྲ་མ་ཊཱི་ཀཱ་མ་ཎི་མཱ་ལཱ་ནཱ་མ། བོད་སྐད་དུ། རིམ་པ་ལྔ་པའི་བཤད་པ་ནོར་བུའི་ཕྲེང་བ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་ད་པའ་ལ་ཕྱག་འཚལ་ལོ། །རྟག་ཏུ་དགྱེས་པའི་རང་བཞིན་བདག་ཉིད་འགྲོ་བ་གསུམ་པོ་ཐར་པར་རབ་བརྩོན་པ། །དག་ཅིང་ གསལ་བའི་འོད་ཀྱི་འཁོར་ལོའི་ཚོགས་ཀྱིས་ནམ་མཁའ་ཀུན་དུ་འགེངས་མཛད་པ། །སྒེག་པ་ལ་སོགས་རོ་དང་ལྡན་པའི་ལྷ་མོ་རྣམས་ཀྱིས་རྟག་ཏུ་ཀུན་ནས་འཁྱུད་། །ཀུན་རྫོབ་དེ་ཉིད་གཉིས་མེད་དཔལ་ལྡན་རྡོ་རྗེ་སེམས་དཔའ་གང་ཡིན་དེ་ལ་བསྟོད། །དཔལ་ལྡན་ཚངས་པའི་གནས་བསྒོམ་ པ་ལ་དགྱེས་ཤིང་དེ་བཞིན་ཁམས་ཀྱི་རང་བཞིན་ཅན། །སྒྱུ་མ་རྨི་ལམ་སྨིག་རྒྱུ་ཆུ་ཟླ་ལྟ་བུའི་འགྲོ་བ་དག་ནི་གསལ་མཛད་པ། །འདོད་ཆགས་ཐབས་ཀྱི་དབང་གིས་ཁམས་གསུམ་མ་ལུས་པ་དག་འདུལ་ཕྱིར་གཞོན་ནུ་མའི། །རྣམ་པ་ཤིན་ཏུ་མཛེས་པ་འཛིན་མཛད་དཔལ་ལྡན་སངས་རྒྱས་ སྤྱན་ལ་སོགས་ལ་བསྟོད། །གདུལ་བར་དཀའ་བའི་གཟུགས་སོགས་ཡུལ་གྱིས་ཉམས་བྱས་ཤིང་། །ལོངས་སྤྱོད་ཤིན་ཏུ་ཆགས་བྱེད་འཇིག་རྟེན་ལ་གཟིགས་ནས། །ངོ་བོ་ཉིད་ནི་ཀུན་དུ་བརྟེན་ནས་སྦྱོང་མཛད་པ། །གཟུགས་རྡོ་རྗེ་སོགས་རྣལ་འབྱོར་མ་མཆོག་ལ་ཕྱག་འཚལ། །བདག་ སོགས་ལྟ་བའི་ཚོགས་ཀྱིས་དེ་ཉིད་ངོ་བོ་བསྒྲིབས། །ཁམས་གསུམ་ཐུགས་རྗེས་ནམ་མཁའི་ཁམས་མཚུངས་དྲི་མེད་པའི། །དེ་ཉིད་རིན་ཆེན་རྣམས་ཀྱིས་ཅིག་ཅར་སྦྱོང་མཛད་པ། །བྱང་ཆུབ་སེམས་ཚོགས་དེ་ལ་རྟག་པར་བདག་ཕྱག་འཚལ། །དཔག་མེད་སེམས་ཅན་ཁམས་ནི་འཇོམས་ པར་བྱེད་འདོད་དང་། །དགྲ་བོ་མི་མཛའ་མཚུངས་པའི་ཕུང་སོགས་བདུད་ཀྱི་ཚོགས། །འགྲོ་བགེགས་ཐུགས་རྗེས་སྐད་ཅིག་གིས་འཇོམས་ཁྲོ་བཅས་པའི། །གཤིན་རྗེ་མཐར་བྱེད་སོགས་གང་དེ་ལ་ཕྱག་འཚལ་ལོ། །གང་གི་དྲིན་གྱིས་ཐར་མཛད་ཅིང་། །བསྟན་བཅོས་མ་ལུས་རྒྱ་མཚོ་ ཡི། ། ཕ་རོལ་ཕྱིན་པ་བླ་མ་ཆེའི། །ཞབས་ཀྱི་པདྨ་ལ་ཕྱག་འཚལ། །དང་པོར་ཐལ་མོ་སྦྱར་བྱས་ནས། །ཁྱེད་ལ་བདག་ནི་གསོལ་བ་འདེབས། །མཁས་རྣམས་རྩེ་གཅིག་སེམས་ཀྱིས་ནི། །བདག་ཉིད་མཉམ་པར་གཞག་མིན་གསོན། །གསང་འདུས་རྒྱ་མཚོ་ཆེན་པོ་ཡི། །སྙིང་པོ་བཀྲ་ཤིས་ 37-1-25b རིན་ཆེན་མཚུངས། །རིམ་པ་ལྔ་ནི་བདག་གི་ཚིག །ཅུང་ཟད་སྦྱངས་ལྡན་སྤྱོད་ཡུལ་མིན། །བདག་ནི་འཇིམ་གོང་ལ་འཛེགས་ནས། །ཟླ་བ་འཛིན་པར་འདོད་པ་སྟེ། །མཁས་པ་བློ་གྲོས་ཆེ་རྣམས་ཀྱིས། །བཞད་གད་ཉིད་དུ་འགྱུར་མོད་ཀྱི། འོན་ཀྱང་བླ་མའི་ཞབས་ཀྱི་ནི། །སྐུ་དྲིན་ཤིན་ཏུ་ དམ་པ་དང་། །ལུང་གི་མན་ངག་ཅུང་ཟད་ཀྱིས། །རིམ་དོན་བདག་གིས་དབྱེ་བར་བྱ། །རྣལ་འབྱོར་མཆོག་དང་རྣལ་འབྱོར་བླ་ན་མེད་། །ཐམས་ཅད་བཤད་པ་རྣམ་བཞིར་གནས་པ་སྟེ། །སྒྲ་བཞིན་དོན་དུ་སྟོན་པར་བྱེད་པ་ཡི། །རྨོངས་རྣམས་བཤད་པས་རྒྱུད་ནི་ཉམས་པར་འགྱུར། །དེ་ཕྱིར་ མཐའ་དྲུག་དང་བཤད་པ། །རྣམ་པ་བཞི་ལ་བརྟེན་བྱས་ནས། །དཔལ་ལྡན་རིམ་པ་ལྔ་པ་ཡིས། །ཡང་དག་ཇི་བཞིན་བདག་གིས་བཤད། །དཔལ་ལང་ཀར་གཤེགས་པའི་མདོ་ལས་ལུང་བསྟན་པ། གསང་སྔགས་ཀྱི་ཚུལ་ཆེན་པོ་ཐུགས་སུ་ཆུད་པ་བདག་དང་གཞན་གྱི་དོན་ཕུན་སུམ་ ཚོགས་པ་བསྒྲུབ་པ་ལ་འབད་པ་བསྐྱེད་པ་དཔལ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་རིམ་པ་གཉིས་ཀྱི་རིན་པོ་ཆེ་མཛེས་པས་རྣམ་པར་སྤྲས་པའི་དཔལ་གསང་བ་འདུས་པའི་རྒྱ་མཚོ་ཤིན་ཏུ་ཟབ་མོ་ལས། བསྐྱེད་པའི་རིམ་པ་ནི་སྒྲུབ་ཐབས་མདོར་བསྡུས་པ་ལ་སོགས་པ་རྣམས་སུ་བསྡུས་སོ། ། ཤིན་ཏུ་དཀའ་བའི་ཕྱིར་གཞན་དང་ཐུན་མོང་མ་ཡིན་པ་རྫོགས་པའི་རིམ་པ་གཙོ་བོར་གྱུར་པ། མདོ་སྣ་ཚོགས་དང་རྒྱུད་ཀྱི་རྒྱལ་པོའི་སྙིང་པོར་གྱུར་པ་དང་། རིགས་པ་དང་བཅས་པའི་རིམ་པ་ལྔ་པ་ནི་ཚེ་དང་བརྩོན་འགྲུས་དང་ཤེས་རབ་ཆུང་བའི་སེམས་ཅན་རྣམས་ཀྱི་དོན་དུ་མདོར་བསྡུས་ ནས་བཏུས་སོ། །འདི་ལྟར་རྩོད་པའི་དུས་སུ་བཅོམ་ལྡན་འདས་ཀྱིས་གསུངས་པའི་གསུང་རབ་ཡན་ལག་དགུའི་དོན་རྒྱས་པ་ད་ལྟར་གྱི་སེམས་ཅན་རྣམས་ཀྱིས་ཐོས་པ་དང་། བསམ་པ་དང་བསྒོམ་པའི་རིམ་གྱིས་གཟུང་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཁ་ཅིག་ནི་གཞན་གྱི་དབང་དུ་ གྱུར་པའི་ཕྱིར་ཏེ། འདི་ལྟར་སེམས་ཀྱི་རྒྱུད་འདོད་ཆགས་ལ་སོགས་པའི་ཉེས་པའི་དབང་དུ་གྱུར་པ། ཁ་ཅིག་ནི་བུད་མེད་ཀྱི་དབང་པོའི་ཆུ་སྒོར་ཉམ་ང་བར་ལྷུང་ནས་ཉིན་རེ་ཞིང་སྐྱེ་བ་དང་རྒ་བ་དང་འཆི་བའི་མཚན་ཉིད་ཀྱི་འཁོར་བའི་སྡུག་བསྔལ་ལ་བརྟེན་ནས་འཁྱམ་ཞིང་འདི་ལྟར་འགྲོ་བ་ནས་འགྲོ་བ་ 37-1-26a གཞན་དུ་ཀུན་དུ་འཁྱམ་སྟེ། དམྱལ་བའི་གནས་ནས་ཡི་དྭགས་གནས་ཏེ་དེ་ནས་ལྷའི་གནས་སུ། །དགེ་བ་ཟད་ནས་ལྷ་ཡི་སྲིད་པ་ལས་ནི་དུད་འགྲོའི་སྐྱེ་གནས་སུ། །སླར་ཡང་དུད་འགྲོའི་སྐྱེ་གནས་ནས་ནི་ཤི་འཕོས་མིའི་འགྲོ་བར། །དབང་མེད་ལས་བསྐུལ་འགྲོ་བ་ཤིང་རྟའི་འཁོར་ ལོ་བཞིན་དུ་འཁོར། །ཞེས་གང་གསུངས་པའོ། །དེ་བཞིན་དུ་སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ་ཁ་ཅིག་ནི་ཡུལ་སྐད་ཅིག་མ་རྣམས་ལ་ཆགས་ཤིང་གཞན་གྱི་དབང་དུ་གྱུར་ནས་ཆོས་ཉན་པའི་སྐབས་མེད་པ་སྟེ། བྱིས་པ་དང་ནི་ལྷན་ཅིག་སྤྱོད། །ངེས་པར་ངན་འགྲོར་འགྲོ་བར་འགྱུར། །ཞེས་ གང་གསུངས་པའོ། །དེ་བཞིན་དུ་ཁ་ཅིག་ནི་བཟའ་བ་དང་བཏུང་བ་ལ་སོགས་པ་ཚོལ་བར་བྱེད་པ་ལ་བརྩོན་པར་འགྱུར་བ་ཕྱོགས་བཅུར་འཁྱམ་ཞིང་བྲེལ་བར་གྱུར་པས་ནོར་གྱི་དོན་དུ་སྡུག་བསྔལ་ཆེན་པོ་མྱོང་བར་གྱུར་པ་དག་སྟེ། བསྒྲུབ་དང་སྲུང་དང་བྲལ་བའི་སྡུག་བསྔལ་གྱིས། །ནོར་ནི་ནོར་མིན་ མཐའ་ཡས་ཤེས་པར་བྱ། །ནོར་ཆགས་བློ་ཅན་རྣམས་ནི་བྲེལ་བ་ཡིས། །སྲིད་པའི་སྡུག་བསྔལ་ལས་གྲོལ་སྐབས་མེད་དོ། །ཞེས་གསུངས་སོ། །དེ་བཞིན་དུ་རྒྱལ་པོ་མཉེས་པར་བྱེད་པ་ལ་སོགས་པ་ལ་དགའ་བའི་བློ་ཅན་ཁ་ཅིག་ནི་ཉིན་མཚན་དུ་གཉིད་མི་ལོག་པར་དུས་འདའ་བར་བྱེད་པ་ དག་སྟེ། རྨོངས་པ་འདོད་པས་བསླུས་པ་ནི། །ང་རྒྱལ་དོན་དུ་བྲལ་ཉིད་འགྲོ། །བུ་དང་ཆུང་མའི་ཆེད་ཡིན་ཡང་། །ལོར་ཡང་མཐོང་བར་མི་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །དེ་ལྟ་བུ་གཞན་གྱི་དབང་བཞིས་ཟིན་པར་གྱུར་ཅིང་འདོད་པ་ངན་པ་ཅན་དག་ནི། རིགས་ ཡོད་དུ་ཟིན་ཀྱང་བདག་དང་གཞན་གྱི་དོན་སྒྲུབ་པར་བྱེད་ནུས་པ་མ་ཡིན་ཏེ། འཕགས་པ་མདོ་སྡེ་རྒྱན་ལས། ཉོན་མོངས་གོམས་དང་གྲོགས་ངན་དང་། །ཕོངས་དང་གཞན་གྱི་དབང་ཉིད་དང་། །རྣམ་བཞིའི་རིགས་ལ་གནོད་བྱེད་པར། །མདོར་ན་ཤེས་པར་བྱ་བ་ཡིན། །ཞེས་བྱ་བ་ལ་ སོགས་པ་གང་གསུངས་པའོ། །དེ་ཉིད་ལས་འདི་སྐད་དུ། ཁ་ཅིག་གཅིག་ཏུ་ཉེས་པར་སྤྱོད་པ་ཡོད། །ཁ་ཅིག་དཀར་པོའི་ཆོས་རྣམས་སྤངས་པ་དང་། །ཁ་ཅིག་ཐར་མིན་ཆ་མཐུན་དགའ་བར་སྤྱོད། །དགེ་བ་དམན་ཞིང་རྒྱུ་དམན་པ་ཡང་ཡོད། །ཅེས་གསུངས་ཏེ། དེ་ལྟ་བུའི་མི་ 37-1-26b ཁོམ་པའི་སེམས་ཅན་གྱི་ཁམས་ལ་གཟིགས་ནས་རབ་ཏུ་བྱེད་པ་མཛད་པ་ཐུགས་རྗེས་རིམ་པ་ལྔ་པ་ལ་འབད་པ་ཡིན་ནོ། །དེ་ཡང་རྫོགས་པའི་རིམ་པ་འབའ་ཞིག་གཙོ་བོར་བྱས་ནས་བསྡུས་པ་ཡིན་ནོ། །འོ་ན་བསྡུས་པ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། སྨྲས་པ། མདོ་དང་བཤད་པ་དག་ཏུ་དོན། །རྒྱས་ པར་ཉེ་བར་བསྟན་པ་དག །མདོར་བསྡུས་གཅིག་ཏུ་བྱས་པ་གང་། །དེ་བསྡུས་མཁས་པས་ཤེས་པར་བྱ། བསྡུ་བ་དེ་ཡང་ཚིག་གི་དོན་དང་ངག་གི་དང་བསྡུས་པའི་དོན་གྱི་དབྱེ་བས་རྣམ་པ་གསུམ་དུ་འགྱུར་རོ། །དེ་ལ་ཚིག་རྣམས་ཀྱི་དོན་ནི་ཚིག་གི་དོན་ཏེ། རིམ་པ་ལྔ་པ་ཞེས་བྱ་བ་ལ། ལྔ་ཞེས་བྱ་བ་ནི་གྲངས་ བརྗོད་པའོ། །རིམ་པ་ཞེས་བྱ་བ་ནི་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པའི་གནས་སྐབས་ཐོབ་པའི་མཚན་ཉིད་དོ། །ངག་གི་དོན་ནི་རིམ་པ་ལྔ་པའི་ཚིག་གི་བརྗོད་པར་བྱ་བའི་རྡོ་རྗེ་བཟླས་པ་ལ་སོགས་པ་རྣམས་ཏེ། འདིར་ཡང་རྡོ་རྗེ་ལྟར་མི་ཤིགས་ཤིང་སོ་དང་མཆུ་ལ་སོགས་པའི་གཡོ་བ་སྤངས་པ་རྣམ་པར་རྟོག་པ་མེད་ཅིང་ རླུང་ཙམ་གྱིས་བཟླས་པ་ནི་རྡོ་རྗེ་བཟླས་པའོ་ཞེས་པ་ནི་ངག་གི་དོན་ཏོ། །སེམས་ཀྱི་རྣམ་པར་དག་པ་ནི་སེམས་རྣམ་པར་དག་པ་སྟེ། རྣམ་པར་ཤེས་པ་གསུམ་དང་རང་བཞིན་གྱི་ཚོགས་ཡོངས་སུ་དག་པ་ཞེས་བྱ་བ་ནི་སེམས་རྣམ་པར་དག་པའི་ངག་གི་དོན་ཏོ། །བདག་གི་སྟེ་འདོད་པའི་ལྷའི་རྣམ་པར་སྒྱུ་མ་ལྟ་ བུའི་ཏིང་ངེ་འཛིན་གྱིས་དེའི་རང་བཞིན་དུ་བྱ་ཞིང་བྱིན་གྱིས་བརླབ་པ་ཞེས་བྱ་བ་ནི་བདག་བྱིན་གྱིས་བརླབ་པའོ། །ཡང་ན་རང་ལས་ཏེ་ཆོས་ཐམས་ཅད་ཀྱི་རང་བཞིན་འོད་གསལ་བ་ལས་རྣམ་པར་སྤྲོ་ཞིང་བྱིན་གྱིས་བརླབ་པ་ནི་བདག་བྱིན་གྱིས་བརླབ་པ་ཞེས་བྱ་སྟེ། ལྔ་པ་དེའི་སྐྱེས་བུའི་ཚིག་བསྡུ་བ་བྱས་ ནས་བདག་བྱིན་གྱིས་བརླབ་པའི་རིམ་པའི་ངག་གི་དོན་ཏོ། །མངོན་དུ་ཕྱོགས་པར་ཏེ། མངོན་སུམ་དུ་ཐོབ་པར་བྱ་བའི་བྱང་ཆུབ་དེ་ཁོ་ན་ཉིད་བཞི་པ་གང་ལས་ཐོབ་པ་དེ་ནི་མངོན་པར་བྱང་ཆུབ་པའོ། །ཡང་ན་མངོན་དུ་སྟེ་དཔེའི་ལྷན་ཅིག་སྐྱེས་པ་ལས་དུས་ཕྱིས་བླ་མའི་མན་ངག་ལས་ཐོབ་པར་ བྱ་བའི་བྱང་ཆུབ་སྟེ། གང་ལས་དཔེ་ལས་བྱུང་བའི་ལྷན་ཅིག་སྐྱེས་པ་ཐོབ་པ་དེ་ནི་མངོན་པར་བྱང་ཆུབ་པ་ཞེས་བྱ་སྟེ། མངོན་པར་བྱང་ཆུབ་པའི་ངག་གི་དོན་ཏོ། །ཀུན་རྫོབ་དང་དོན་དམ་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་ཟུང་སྟེ། གཉིས་ཐ་མི་དད་པར་འཇུག་པ་ནི་ཟུང་དུ་འཇུག་པ་ཞེས་བྱ་སྟེ། ཟུང་ 37-1-27a དུ་འཇུག་པ་རིམ་པའི་ངག་གི་དོན་ཏོ། །ངག་ཅེས་བྱ་བ་ནི་ཇི་ལྟ་བུ་ཞེ་ན། སྨྲས་པ། ངེས་ཚིག་དང་ལྡན་འདྲེས་བཅས་དང་། །རྒྱན་བཅས་ཡིད་དུ་འོང་བ་ཡི། །ཚིག་གི་ཚོགས་ཀྱིས་བརྩམས་པ་གང་། །ངག་ཅེས་བྱ་བར་བརྗོད་པར་བྱ། །བརྡ་སྤྲོད་པ་དག་ནི་བྱ་བའི་ཚིག་གཅིག་དང་ ལྡན་པའི་ཚིག་གི་ཚོགས་ནི་ངག་ཡིན་ནོ་ཞེས་ཟེར་ཏེ། དེ་ལྟ་བུའི་རྣམ་པ་ཅན་གྱི་ངག་གི་དོན་གང་ཡིན་པ་དེ་ནི་ངག་གི་དོན་ཞེས་བྱའོ། །བསྡུས་པ་ཡང་ཡིན་ལ་དོན་ཡང་ཡིན་པས་ན་བསྡུས་པའི་དོན་ཏོ། །དེ་ལ་དོན་བཅུ་གཅིག་གིས་རྡོ་རྗེ་བཟླས་པའི་རིམ་པའི་དོན་བསྡུས་ཏེ། འདི་ལྟ་སྟེ། རྡོ་རྗེ་འཆང་ ཆེན་པོའི་བཟླས་པ་དང་། སྐུའི་བཟླས་པ་དང་། གསུང་གི་བཟླས་པ་དང་། ཐུགས་ཀྱི་བཟླས་པ་དང་། རིན་པོ་ཆེའི་བཟླས་པ་དང་། དོན་ཡོད་པའི་བཟླས་པ་དང་། ཁྲོ་བོའི་བཟླས་པ་དང་། འདོད་ཆགས་ཀྱི་བཟླས་པ་དང་། ཞེ་སྡང་གི་བཟླས་པ་དང་། གཏི་མུག་གི་བཟླས་པ་དང་། མ་ནིང་གི་བཟླས་པ་སྟེ། དེ་རྣམས་ཀྱང་འོག་ནས་སྐབས་སུ་བཤད་པར་བྱའོ། །སེམས་རྣམ་པར་དག་པའི་རིམ་པའི་དོན་ནི་གསུམ་གྱིས་བསྡུས་ཏེ། འདི་ལྟ་སྟེ། སྣང་བ་རྣམ་པར་དག་པ་དང་། སྣང་བ་གསལ་བ་རྣམ་པར་དག་པ་དང་། སྣང་བ་ཉེ་བར་ཐོབ་པ་རྣམ་པར་དག་པའོ། །བདག་བྱིན་གྱིས་ བརླབ་པ་ནི་གསུམ་ཁོ་ན་སྟེ། ཆོས་ཀྱི་སྐུའི་བདག་བྱིན་གྱིས་བརླབ་པ་དང་། ལོངས་སྤྱོད་རྫོགས་པའི་སྐུའི་བདག་བྱིན་གྱིས་བརླབ་པ་དང་། སྤྲུལ་པའི་སྐུའི་བདག་བྱིན་གྱིས་བརླབ་པའོ། །མངོན་པར་བྱང་ཆུབ་པའི་རིམ་པའི་དོན་ནི་གསུམ་གྱིས་བསྡུས་ཏེ། འདོད་ཆགས་རྣམ་པར་དག་པ་དང་། འདོད་ཆགས་དང་བྲལ་བ་རྣམ་པར་དག་པ་དང་། འདོད་ཆགས་བར་མ་རྣམ་པར་དག་པའོ། །ཟུང་དུ་འཇུག་པའི་རིམ་པའི་དོན་ནི་རྒྱུ་དང་འབྲས་བུ་དག་གིས་བསྡུས་ཏེ། རྒྱུ་ནི་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། གསང་སྔགས་ཀྱི་ཚུལ་གྱིས་དབྱེ་བ་རྣམ་པ་བཞིའོ། །དེ་དག་གི་ དབྱེ་བ་མང་པོ་ཡང་དེ་ཉིད་དུ་བཤད་པར་བྱའོ། །འབྲས་བུ་ཡང་རིགས་དང་ཡོན་ཏན་དང་བྱ་བ་དང་རྫས་ཀྱི་དབྱེ་བས་རྣམ་པ་བཞི་སྟེ། མདོར་ན་འཇིག་རྟེན་གྱི་ཆོས་བརྒྱད་ཀྱི་དབྱེ་བས་ཞེས་བྱ་བའི་ཐ་ཚིག་གོ། །རྒྱས་པར་ནི་དེ་ཉིད་དུ་བརྗོད་པར་བྱའོ། །ད་ནི་འདི་དཔྱད་པར་བྱ་སྟེ། རིམ་པ་འདི་རྣམས་ 37-1-27b ཀྱི་སོ་སོའི་ཐབས་དུ་ཞེ་ན་བརྗོད་པར་བྱ་སྟེ། རྡོ་རྗེ་བཟླས་པའི་རིམ་པའི་ཐབས་ནི་རླུང་གི་དེ་ཁོ་ན་ཉིད་དང་། སྔགས་ཀྱི་དེ་ཁོ་ན་ཉིད་དོ། །དེ་ལ་རླུང་རྣམས་ཀྱི་དེ་ཁོ་ན་ཉིད་ནི་དོན་དམ་པའི་རང་བཞིན་ཏེ་རླུང་གི་དེ་ཁོ་ན་ཉིད་ཅེས་བྱའོ། །དེ་གང་ཞེ་ན་ཡུངས་ཀར་གྱི་འབྲུ་ཕྲ་མོའི་ཚད་ཙམ་གྱི་ཐིག་ལེའི་ གཟུགས་ཏེ། འདི་ལྟར་སྲོག་ལ་སོགས་པའི་རླུང་ལྔ་དང་། ཉེ་བར་རྒྱུ་བ་ལ་སོགས་པའི་རླུང་ལྔ་བདེ་བ་ཆེན་པོའི་དབང་གིས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེར་གྱུར་པ་རྣམས་གསང་བའི་སྣར་འདོད་ཆགས་ཀྱི་རིགས་ཅན་གྱི་སེམས་ཅན་ལ་ལྟོས་ནས་སྲོག་དང་རྩོལ་བའི་རིམ་གྱིས་སྟེང་དང་འོག་ཏུ་སྤྲོ་བ་ དང་བསྡུ་བས་བརྟན་པར་བྱེད་པའི་བསྒོམ་པ་གང་ཡིན་པ་དེ་ནི་འདོད་ཆགས་ཀྱི་རིགས་ཅན་གྱི་རྣལ་འབྱོར་པའི་ཐིག་ལེའི་རྣལ་འབྱོར་ཏེ་དང་པོའོ། །དེ་ཁོ་ན་བཞིན་དུ་ཞེ་སྡང་གི་རིགས་ཅན་གྱི་སེམས་ཅན་ལ་ལྟོས་ནས་སྙིང་གའི་པདྨའི་ལྟེ་བར་ཐུགས་རྡོ་རྗེའི་ས་བོན་གྱི་ཐིག་ལེ་ལ་གསུང་གི་ ས་བོན་དང་སྐུའི་ས་བོན་གྱི་རིམ་གྱིས་རིམ་གྱིས་ཐིམ་པར་བྱ་སྟེ། དེ་ཉིད་དུ་རླུང་གི་དཀྱིལ་འཁོར་མ་ལུས་པ་བཀག་ནས་སྤྲོ་བ་དང་བསྡུ་བའི་རིམ་གྱིས་གཟུང་བ་ནི་ཞེ་སྡང་གི་རིགས་ཅན་གྱི་རྣལ་འབྱོར་པའི་ཐིག་ལེའི་རྣལ་འབྱོར་རོ། །ཡང་དེ་བཞིན་དུ་དཀྱིལ་འཁོར་བཞིའི་རིམ་པ་ བཞིན་དུ་འོད་ཟེར་གྱི་འཁོར་ལོ་དམར་པོ་ལ་སོགས་པ་སྤྲོས་ནས་གཡས་དང་གཡོན་དང་གཉི་ག་དང་། དལ་བར་རྒྱུ་བའི་བྱེ་བྲག་གིས་སྣའི་རྩེ་མོར་ཐུན་ཕྱེད་ཕྱེད་ཀྱི་བར་དུ་ཐིག་ལེ་གཟུང་བ་ནི་གཏི་མུག་གི་རིགས་ཅན་གྱི་རྣལ་འབྱོར་པའི་ཐིག་ལེའི་རྣལ་འབྱོར་རོ། །དེ་བཞིན་དུ་སྨིན་མའི་དབུས་དང་ ལྟེ་བའི་དབུས་དག་ཏུ་རིན་ཆེན་འབྱུང་ལྡན་དང་དོན་ཡོད་པར་གྲུབ་པའི་རྣལ་འབྱོར་པའི་ཡང་ཤེས་པར་བྱའོ། །དེ་དག་ཐམས་ཅད་གཅིག་ཏུ་བྱས་ནས་རླུང་གི་དེ་ཁོ་ན་ཉིད་ཅེས་བྱ་སྟེ། རྡོ་རྗེ་བཟླས་པའི་རིམ་པའི་ཐབས་དང་པོ་ཡིན་ནོ། །སྔགས་ཀྱི་དེ་ཁོ་ན་ཉིད་ཅེས་བྱ་བ་ནི་གཉིས་པ་ཡིན་ཞིང་ དེ་ཡང་ཡི་གེ་གསུམ་སྟེ། ཨོཾ་ཨཱཿཧཱུྃ་ངོ་། །འདི་ལྟར་ཁམས་གསུམ་པ་འདི་དག་ཐམས་ཅད་སྒྲ་མེད་ན་ཐ་སྙད་དང་བྲལ་བའི་ཕྱིར་ལོང་བ་དང་ལྐུགས་པ་ལྟ་བུར་འགྱུར་ཏེ། གལ་ཏེ་སྒྲ་ཞེས་བྱ་བའི་འི་འོད། །འཁོར་བའི་བར་དུ་གསལ་མི་འགྱུར། །མ་ལུས་སྲིད་པ་གསུམ་པོ་འདི། །མུན་པ་ 37-1-28a སྟུག་པོ་བཞིན་དུ་འགྱུར། །སྔོན་གྱི་རྒྱལ་པོ་སྙན་པའི་གཟུགས། །ཚིག་གི་རང་བཞིན་མེ་ལོང་ཐོབ། །དེ་དག་ཉེ་བར་མི་གནས་ཀྱང་། །རང་ཉིད་ཉམས་པ་མེད་ལ་ལྟོས། །དེའི་ཕྱིར་སྤྱོད་ལམ་ཐམས་ཅད་ཀྱི་འཇུག་པའི་རྒྱུའི་གཙོ་བོ་ནི་སྒྲ་ཁོ་ན་ཡིན་ནོ། །སྒྲ་དེ་ཡང་ཡི་ གེ་ཕྱི་མོ་བཞི་བཅུ་རྩ་དགུའི་རང་བཞིན་ཅན་གྱི་བཅོམ་ལྡན་འདས་མ་ཡིན་ནོ། །དེ་ཡང་ལྟེ་བའི་གནས་ན་སྲོག་ཅེས་བྱ་བའི་རླུང་གིས་བསྐུལ་ནས་འབྱུང་སྟེ། ནམ་མཁའི་རླུང་ལས་རབ་བྱུང་ལུས་ལས་ནི། །འབྱུང་ཞིང་ཁ་རུ་ཉེ་བར་ཕྱིན་པའི་སྒྲ། །གནས་གཞན་དག་ཏུ་རབ་ཏུ་ཕྱེ་བ་ན། །ཡི་གེ་ཉིད་ འགྱུར་གང་ཡིན་དེའི་སྒྲའོ། །དེ་ནི་མི་འགྱུར་ཚངས་པ་མཆོག་དང་གཙང་། །ཕུག་ན་གནས་པར་བྲམ་ཟེ་ཡང་དག་འདོད། །དེ་རབ་སྦྱོར་བས་ངེས་པ་ལེགས་པ་དང་། །མངོན་པར་མཐོ་བས་སྐྱེས་བུས་སྦྱོར་བར་བྱེད། །ཅེས་གང་བཤད་པའོ། །དེ་ལྟ་བུའི་ཡི་གེའི་ཕྱི་མོ་བཅོམ་ལྡན་འདས་མ་ཟླ་བ་ དང་ཉི་མའི་རང་བཞིན་ཅན་འོད་གཡས་དང་གཡོན་ནས་རྒྱུ་བ་དང་། གནས་བརྒྱད་དུ་ཐུགས་ནས་དབྱངས་དང་གསལ་བྱའི་དབྱེ་བས་འབྱུང་སྟེ། དེ་སྐད་དུ་ཡང་། ཡི་གེ་རྣམས་ཀྱི་གནས་བརྒྱད་དེ། །བྲང་དང་ལྐོག་མ་མགོ་བོ་དང་། །ལྕེ་ཡི་རྩ་བ་སོ་དང་ནི། །སྣ་དང་རྐན་དང་མཆུའི་ གཉིས་སོ། །ཞེས་འབྱུང་ངོ་། །འདི་ལྟར་ཡང་གནས་བརྒྱད་ལས་བྱུང་བའི་སྡེ་ཚན་བརྒྱད་ནི་རྣམ་པར་ཤེས་པ་བརྒྱད་པོའི་རང་བཞིན་དང་། རིགས་ཀྱི་ཡུམ་བཞི་དང་། རྣམ་པར་སྣང་མཛད་ལ་སོགས་པ་བཞིའི་རང་བཞིན་ཡིན་ཞིང་། ཡི་གེ་ཀྵ་ནི་མི་བསྐྱོད་པའི་རང་བཞིན་ཡིན་ནོ། །སྡེ་ཚན་ བརྒྱད་པོ་དེ་རྣམས་ཀྱང་ཡི་གེ་ཨ་ལ་སོགས་པ་དང་པོའི་ཡི་གེ་བརྒྱད་ཀྱིས་བསྡུས་པ་ཡིན་ནོ། །དེ་དག་ཀྱང་བསྡུ་ན་ཁམས་བཞིའི་རང་བཞིན་ཅན་གྱི་ཨ་དང་ཀ་དང་ཡ་དང་ཤ་དང་བཞིས་བསྡུས་པ་ཡིན་ནོ། །དེ་རྣམས་ཀྱང་གསུམ་དུ་འདུས་པར་འགྱུར་ཏེ། ཨ་དང་ཀ་དང་ཡའོ། །དེ་ལ་ཡི་གེ་ ཨ་ལ་སོགས་པའི་སྡེ་ཚན་ནི་བུད་མེད་ཀྱི་རང་བཞིན་ཏེ་ཤེས་རབ་པོ། །ཡི་གེ་ཀ་ལ་སོགས་པའི་ཡི་གེ་མའི་མཐར་ཐུག་པའི་སྡེ་ཚན་ནི་སྐྱེས་པའི་རང་བཞིན་ཏེ་ཐབས་སོ། །ཡ་ལ་སོགས་པའི་ཡི་གེ་ཧའི་མཐར་ཐུག་པའི་སྡེ་ཚན་ནི་མ་ནིང་གི་རང་བཞིན་ཏེ་གཉིས་པོ་འདུས་པའོ། །དེ་ནས་ 37-1-28b འདིར་འདི་དཔྱད་པར་བྱ་སྟེ། བུད་མེད་དང་སྐྱེས་པ་དང་མ་ནིང་ཞེས་བྱ་བ་ཇི་ལྟ་བུ་ཞིག་ཅེ་ན། དེ་ལ་ཁ་ཅིག་ནི། ནུ་མ་སྐྲར་ལྡན་བུད་མེད་ཡིན། །ཁ་སྤུར་ལྡན་པ་སྐྱེས་བུར་བརྗོད། །དེ་དག་མེད་པ་གཉིས་པོའི་བར། །གང་ཡིན་པ་ནི་མ་ནིང་ངོ་། །ཞེས་ཟེར་བ་དེ་ནི་འཐད་པ་མ་ཡིན་ཏེ། གལ་ཏེ་ ནུ་མ་དང་སྐྲ་དང་ལྡན་པ་ཉིད་མོའི་རྟགས་ཡིན་ན། དེའི་ཚེ་ཁྲི་དང་ཕྲེང་བ་ལ་སོགས་པ་རྣམས་མོ་ཉིད་ཡིན་པར་འགྱུར་ཏེ། དེ་རྣམས་ལ་དེ་མེད་པའི་ཕྱིར་རོ། །སྐྲ་བྲེགས་པའི་ཚོགས་དང་ལྡན་པའི་ཕྱིར་ས་ཡང་བུད་མེད་ཉིད་དུ་འགྱུར་ཏེ་དེ་ནི་མི་འདོད་དོ། །བཅོས་པའི་སྐྲ་དང་ནུ་མ་དང་ལྡན་ པའི་ཆ་བྱད་འཛིན་པའི་གར་མཁན་ཡང་མོ་ཉིད་དུ་ཡིན་པར་ཐལ་བར་འགྱུར། ཁ་སྤུ་དང་ལྡན་པ་སྐྱེས་པ་ཉིད་ཡིན་ནི་རི་སྒོག་ལ་སོགས་པ་ཡང་དེ་དང་འདྲ་བའི་ཕྱིར་སྐྱེས་པ་ཉིད་དུ་འགྱུར་རོ། །གཉིས་པོ་སྤངས་པ་མ་ནིང་ཉིད་ཡིན་ན་ཡང་མ་ནིང་ཉིད་དུ་ཐལ་བར་འགྱུར་ན་མི་འདོད་དེ། དེ་ནི་མོའི་རྟགས་ཡིན་པའི་ཕྱིར་རོ། །དེ་བས་ན་ཕྱོགས་འདི་ནི་ལེགས་པ་མ་ཡིན་ནོ། །ཁ་ཅིག་ནི་ཆུང་བ་དང་ཆེ་བ་དང་བར་མ་དག་ཕོ་དང་མོ་དང་མ་ནིང་ཞེས་བྱ་སྟེ། དེ་ལ་ཆུང་བ་ནི་སྟོབས་ཆུང་བའོ། །དེ་ལ་ཆེ་བ་ནི་སྟོབས་ཆེ་བའོ། །སྟོབས་འབྲིང་དང་ལྡན་པ་ནི་བར་མ་སྟེ། དེ་ དག་གོ་རིམས་བཞིན་དུ་རྟགས་གསུམ་གྱི་མཚན་ཉིད་ཡིན་ནོ་ཞེས་ཟེར་བ་དེ་ཡང་བདེན་པ་མ་ཡིན་པ་སྟེ། གལ་ཏེ་དེ་ལྟ་བུའི་མཚན་ཉིད་ཡིན་པར་གྱུར་ན། དེའི་ཚེ་བུ་མོ་གཞོན་ནུ་མའི་སྐྱེ་བར་གྱུར་ལ་དེའི་སྟོབས་སྐྱེས་པ་ན་ཕ་ཉིད་དུ་འགྱུར་ཏེ། འདོད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་རྒུད་པར་ གྱུར་པའི་སྐྱེས་བུ་རྒས་པར་གྱུར་པའི་སྟོབས་ཟད་པ་ནི་བུད་མེད་ཉིད་དུ་འགྱུར་ཏེ། དེ་ནི་བུད་མེད་ཉིད་དུ་མི་འདོད་དོ། །སྟོབས་འབྲིང་དང་ལྡན་པའི་སྐྱེས་པའམ་བུད་མེད་ཉིད་ཀྱང་མ་ནིང་ཉིད་དུ་འགྱུར་བས་མཚན་ཉིད་འདི་ནི་རིགས་པ་མ་ཡིན་ནོ། །ཁ་ཅིག་ནི་སྐད་ཕྲ་བ་ལ་སོགས་པ་ནི་བུད་མེད་ཀྱི་ རྟགས་ཡིན་ལ། སྐད་སྦོམ་པ་ལ་སོགས་པ་ནི་ཕོའི་རྟགས་ཡིན་ཞིང་དེ་གཉིས་ཀ་སྤངས་པ་ནི་མ་ནིང་ཉིད་ཀྱི་རྟགས་ཡིན་ནོ་ཞེས་ཟེར་ན་དེ་ཡང་འདོད་པ་མ་ཡིན་ཏེ། སྐྱེས་བུ་མཛེ་ཅན་གང་ཡིན་པ་དེ་དག་སྐད་ཕྲ་བར་འགྱུར་བས་དེ་དག་ཀྱང་བུད་མེད་ཉིད་དུ་ཐལ་བར་འགྱུར་རོ། །དེ་བཞིན་དུ་བུད་ 37-1-29a མེད་གཞན་སྐད་སྦོམ་པ་གང་ཡིན་པ་དེ་དག་སྐྱེས་པ་ཉིད་དུ་འགྱུར་རོ། །སྐད་བར་མ་དང་ལྡན་པ་མ་ནིང་ཉིད་ཡིན་ན། རྒྱུད་མངས་ལ་སོགས་པ་མ་ནིང་ཉིད་དུ་འགྱུར་ཏེ། རྒྱུད་མངས་ལ་སོགས་པ་ནི་རྟགས་གསུམ་ཆར་ཡིན་པའི་ཕྱིར་མི་འདོད་དོ། །སྦྲུམ་མ་དང་བུ་བཙའ་བ་ བུད་མེད་ཀྱི་རྟགས་ཡིན་ནོ་ཞེས་བྱ་བ་ཡང་རིགས་པ་མ་ཡིན་ཏེ། བུད་མེད་མོ་གཤམ་གང་ཡིན་པ་དེ་སྐྱེས་པ་ཉིད་དུ་འགྱུར་རོ། །ཁ་སྤུ་དང་ལྡན་པ་སྐྱེས་པ་ཉིད་ཀྱི་རྟགས་ཡིན་ནོ་ཞེས་བྱ་བ་ནི་འཁྲུལ་པ་ཡིན་ཏེ། བོད་ཀྱི་རིགས་ཁ་ཅིག་ལ་ཁ་སྤུ་མེད་པས་དེའི་ཕྱིར་དེ་དག་བུད་མེད་ཉིད་ དུ་འགྱུར་རོ། །གནས་པ་ལ་སོགས་པ་གནས་པའི་རྣལ་འབྱོར་མ་རྣམས་ཁ་སྤུ་དང་བཅས་པའི་ཕྱིར་སྐྱེས་པ་ཉིད་དུ་འགྱུར་རོ། །དེ་བས་ན་བུད་མེད་ལ་སོགས་པའི་རྟགས་ཀྱི་མཚན་མ་ཉིད་ལ་ངེས་པ་མེད་དོ། །ཁ་ཅིག་ནི་རྟགས་ལ་ཁྱད་པར་མེད་དེ། རྟགས་ནི་འཇིག་རྟེན་ལ་ བརྟེན་པའི་ཕྱིར་རོ་ཞེས་ཟེར་བ་དེ་ཡང་རིགས་པ་མ་ཡིན་ཏེ་གལ་ཏེ་འཇིག་རྟེན་ལ་བརྟེན་པ་ཉིད་ཡིན་པར་ཁས་ལེན་པ་དེའི་ཚེ་ཅི་སྟེ་རྟགས་སོ་སོར་ངེས་པ་ཡིན་ཏེ། ཆུ་ངོགས་དང་ཁང་པ་ལ་སོགས་པའི་སྒྲ་དག་རྟགས་གསུམ་ཆར་ཉིད་ཡིན་པ་བཞིན་དུ་ཅིའི་ཕྱིར་འདྲེས་པར་མི་འགྱུར། དེའི་ ཕྱིར་མཚན་ཉིད་འདི་ཐམས་ཅད་ནི་འཁྲུལ་པ་ཡིན་ནོ། །དེ་བས་ན་འདིར་རང་གི་གྲུབ་པའི་མཐའ་འདི་བརྗོད་པར་བྱ་སྟེ། ཁྱབ་པར་བྱེད་པ་དང་། ཁྱབ་པར་བྱ་བ་དང་། དེ་གཉི་གའི་རང་བཞིན་ཅན་དག་ནི་ཕོ་དང་མོ་དང་མ་ནིང་གི་རང་བཞིན་ཡིན་ནོ། །དེ་བཞིན་དུ་ཡང་ལྷན་ཅིག་སྐྱེས་ པའི་བདེ་བའི་རང་བཞིན་གྱི་སེམས་ཀྱི་རྒྱུད་ཁྱབ་པར་བྱེད་པའི་ཆོས་ཉིད་ཀྱི་ངོ་བོ་ཉིད་ཀྱིས་དངོས་པོ་ཐམས་ཅད་ལ་ཁྱབ་པར་བྱེད་པའི་ཤེས་རབ་ནི་མོའི་རྟགས་ཉིད་དུ་ཐ་སྙད་གདགས་སོ། །ལྷན་ཅིག་སྐྱེས་པ་དེ་ཡི་ཁྱབ་པར་བྱ་བའི་ཆོས་ཅན་ནམ། སྐྱེས་བུ་གང་ཡིན་པའི་ཁྱབ་པར་བྱ་བ་དེ་ནི་ སྐྱེས་བུ་ཞེས་བརྗོད་པར་བྱའོ། །འདི་ནི་ཆོས་ཅན་དང་ཆོས་ཉིད་ཀྱི་ཐ་སྙད་ཀྱིས་སེམས་ཅན་གྱི་འཇིག་རྟེན་ལ་ཕོ་དང་མོའི་རྟགས་ཀྱི་བྱེ་བྲག་བཞག་པའོ། །དེ་གཉིས་ཀ་སྤངས་པའི་བེམས་པོའི་རྣམ་པ་ཅན་གྱི་སྣོད་ཀྱི་འཇིག་རྟེན་ནི་མ་ནིང་གི་ངོ་བོ་ཡིན་ནོ། །དངོས་པོ་བེམས་པོ་རྣམས་ཀྱི་མོ་དང་ཕོའི་ 37-1-29b སྒྲའི་ཐ་སྙད་གང་ཡིན་པ་དེ་ནི་ཐོག་མ་མེད་པའི་དུས་ཀྱི་བག་ཆགས་ཀྱི་དབང་དུ་བྱས་པའི་རྣམ་པར་རྟོག་པ་ཅན་གྱི་རྣམ་པར་ཤེས་པས་བྱས་པ་ཡིན་གྱི་དོན་དམ་པ་ནི་མ་ཡིན་ནོ། །དེ་ལྟར་ན་ཤེས་རབ་དང་ཐབས་དང་དེ་གཉི་ག་སྤངས་པ་དག་ནི་མོ་དང་ཕོ་དང་མ་ནིང་དག་ཡིན་ནོ། །དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པའི་རང་བཞིན་ཅན་གྱི་དང་པོའི་ཡི་གེས་བསྡུས་པའི་དབྱངས་ཀྱི་སྡེ་ཚན་བཅུ་དྲུག་པའི་ངོ་བོ་ནི་བུད་མེད་ཀྱི་རང་བཞིན་གྱིས་ཡི་གེ་ཨའི་ནང་དུ་འདུས་པ་ཡིན་ཏེ་ཁྱབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །གསལ་བྱའི་སྡེ་ཚན་ནི་ཁྱབ་པར་བྱ་བ་ཉིད་དང་ཐབས་ཀྱི་ངོ་བོ་ཡིན་པའི་ཕྱིར་ཕོ་ཉིད་ཡིན་ཏེ། དེ་ཉིད་ དབྱངས་མེད་པར་བརྗོད་པར་མི་ནུས་པའི་ཕྱིར་རོ། །དེ་བས་ན་ཡི་གེ་ཧཱུྃ་ནི་དེ་དག་སྡུད་པར་བྱེད་པའི་ངོ་བོ་ཡིན་ནོ། །ཡ་ལ་སོགས་པའི་སྡེ་ཚན་ཐབས་དང་ཤེས་རབ་འདུས་པས་བསྐྱེད་པ་ཉིད་ཡིན་པའི་ཕྱིར་དེ་དག་གིས་སྡུད་པར་བྱེད་པ་ནི་ཡི་གེ་ཨོཾ་ཡིན་ནོ། །འདི་ལྟར་དེ་ལ་ཚད་ཕྱེད་དང་གསུམ་ཡོད་ དེ་ཨ་དང་ཨུ་དང་མའོ། །དེ་ལ་ཡི་གེ་ཨ་ནི་ཤེས་རབ་ཀྱི་ཆའོ། །ཡི་གེ་མ་ནི་ཐབས་ཀྱི་ཆའོ། །དེ་གཉིས་འབྲེལ་པར་བྱེད་པའི་བདག་ཉིད་ནི་ཡི་གེ་ཨུ་སྟེ་དེའི་ཕྱིར་ཡོན་ཏན་བྱས་ནས་ཨོཾ་དུ་འགྱུར་རོ། །ཡི་གེ་གསུམ་པོ་དེ་དག་ནི་སྐུ་གསུང་ཐུགས་དང་། ཁམས་གསུམ་དང་། དེ་བཞིན་ གཤེགས་པ་གསུམ་དང་། རྩ་གསུམ་དང་། སྐུ་གསུམ་དང་། རྟགས་གསུམ་དང་། འཇིག་རྟེན་གསུམ་དང་། ཁམས་གསུམ་གྱི་རང་བཞིན་ཡིན་ཞིང་འཇུག་པ་དང་གནས་པ་དང་འབྱུང་བའི་བདག་ཉིད་ཅན་ཡིན་པར་ཤེས་པར་བྱ་སྟེ་དེ་ལྟ་བུ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་ཅེས་བྱའོ། ། འདི་ལྟར་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་མོས་པ་སྣ་ཚོགས་པ་ཅན་གྱི་སེམས་ཅན་གྱི་ཁམས་ཀྱི་བསམ་པ་དང་བག་ལ་ཉལ་བ་དང་ཁམས་དང་བག་ཆགས་ཀྱི་དབྱེ་བས་སྔགས་དབྱེ་བ་སྟོང་ཕྲག་བདུན་ཅུ་རྩ་གཉིས་གསུངས་པ་དེ་དག་ཐམས་ཅད་ཀྱི་རྩ་བ་ནི་དབྱངས་དང་གསལ་བྱའི་ བདག་ཉིད་ཅན་གྱི་ཡི་གེ་ཕྱི་མོ་ཡིན་ཞིང་། དེ་ཡང་སྔར་བཤད་པའི་རིམ་པས་ཡི་གེ་གསུམ་གྱི་བདག་ཉིད་ཅན་ཁོ་ན་ཡིན་པས་དེའི་ཕྱིར་སྔགས་ཀྱི་དེ་ཁོ་ན་ཉིད་ནི་ཡི་གེ་གསུམ་པོ་ཁོ་ན་ཡིན་པར་བརྗོད་པར་བྱའོ། །དེ་ཡང་འཇུག་པ་ལ་སོགས་པའི་རླུང་གསུམ་དུ་འདུས་པས་རྒྱུ་ལས་འབྲས་བུ་ཉེ་བར་ 37-1-30a བཏགས་པའི་སྒོ་ནས་འཇུག་པ་ལ་སོགས་པ་རྣམས་ཀྱང་སྔགས་ཀྱི་དེ་ཁོ་ན་ཉིད་དུ་བརྗོད་དོ། །དེ་ཡང་རྣམ་པ་བཞི་སྟེ། སྔགས་བཏུ་བ་དང་། སྔགས་ཀྱི་བརྡ་དང་། སྔགས་ཀྱི་དོན་དང་། སྔགས་ཀྱི་དེ་ཁོ་ན་ཉིད་དོ། །དེ་ལ་སྔགས་ཐམས་ཅད་ནི་ཨཱ་ལི་དང་ཀཱ་ལིས་ བསྐྱེད་པ་ཡིན་ཏེ།དེ་བཞིན་དུ་ཡང་རླུང་གི་བཞོན་པ་དང་ལྡན་པའི་རྣམ་པར་ཤེས་པ་ལས་རྣམ་པར་རྟོག་པ་འབྱུང་ཞིང་དེ་ལས་རླུང་། རླུང་གནས་རྣམས་སུ་ཐུག་པ་ལས་ཡི་གེ་རྣམས་འབྱུང་ངོ་། །ཡི་གེ་རྣམས་ཀྱིས་ཚིག །ཚིག་རྣམས་ཀྱིས་ངག །ངག་རྣམས་ཀྱིས་ངག་ཆེན་པོ་ལ་སོགས་ པའི་རིམ་གྱིས་རིག་པའི་གནས་ལྔ་ལ་སོགས་པའི་རིམ་པས་ཆོས་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དབྱེ་བས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་འབྱུང་ངོ་ཞེས་བྱ་བ་ནི་སྔགས་བཏུ་བའོ། །སྦྲུལ་དང་མགོ་མེད་དང་བཏུས་པ་དང་། མཐའ་མེད་པ་ལ་སོགས་པ་རྣམས་ཀྱི་བརྡ་སྟེ། སྔགས་རྣམས་ཀྱི་ བརྡ་འདི་རྣམས་ལས་ཀྱི་བྱེ་བྲག་ལས་ཡིན་ནོ། །གཞན་ཡང་སྙིང་པོ་དང་། ཉེ་བའི་སྙིང་པོ་དང་། སྙིང་པོ་སྐུལ་བར་བྱེད་པ་དང་། ས་བོན་དང་། ཕྲེང་བའི་སྔགས་དང་། རིག་སྔགས་དང་གཟུངས་སྔགས་ལ་སོགས་པ་རྣམས་ནི་བཟླས་པར་བྱ་བ་ལ་སོགས་པའི་བྱེ་བྲག་ཁོ་ན་ལས་སྔགས་ཀྱི་བརྡ་ཡིན་ པར་ཤེས་པར་བྱའོ། །སྔགས་ཀྱི་དོན་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་སྟེ་སྦྱིའི་མཚན་ཉིད་ཡིན་ནོ། ། ཡི་གེ་ཨོཾ་གྱི་ནི་རྣམ་པར་སྣང་མཛད། ཡི་གེ་ཨཱཿནི་འོད་དཔག་ཏུ་མེད་པ། ཡི་གེ་ཧཱུྃ་ནི་མི་བསྐྱོད་པའོ། །དེ་བཞིན་དུ་ཡི་གེ་སྭཱ་ཧཱ་དག་གི་དོན་ནི་རིན་ཆེན་འབྱུང་ལྡན་དང་དོན་ཡོད་གྲུབ་པ་དག་ ཡིན་ཏེ། གཞན་རྣམས་ཀྱི་དོན་གྱི་དབྱེ་བ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །སྔགས་ཀྱི་དེ་ཁོ་ན་ཉིད་ནི་དེ་བཞིན་ཉིད་དང་། སྟོང་པ་ཉིད་དང་། ཡང་དག་པའི་མཐའ་དང་། ཆོས་ཉིད་དང་དབུ་མའི་ལམ་དང་དོན་དམ་པ་ཞེས་བྱ་བ་སྟེ་སྔགས་ཀྱི་དེ་ཁོ་ན་ཉིད་དོ། །འདི་ལྟར་ཐམས་ཅད་འོད་གསལ་ བའི་གནས་ལས་འབྱུང་ཞིང་དེ་ཉིད་དུ་ཐིམ་པར་འགྱུར་ཏེ། བུ་རམ་གྱི་ནི་མངར་དང་མེའི། །ཚ་བ་རང་བཞིན་ཡིན་པ་ལྟར། །དེ་བཞིན་ཁོ་ནར་ཆོས་རྣམས་ཀྱི ། སྟོང་པ་རང་བཞིན་ཡིན་པར་འདོད། །ཅེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པ་ཞེས་བྱ་བ་ནི་སྔགས་ཀྱི་མཐུ་ཞེས་ 37-1-30b བྱ་བ་སྟེ། དེ་མེད་ན་སྔགས་རྣམས་དང་། དེ་ལས་བྱུང་བའི་ཞི་བ་ལ་སོགས་པ་རྣམས་རྩ་བཞིན་དུ་ཅུང་ཟད་ཀྱང་བྱེད་པ་མ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་། དེ་ཉིད་ཕྱིར་ན་སྔགས་རྣམས་ནི། །རྩ་དག་གིས་ནི་དགུག་པའི་རྒྱུ། །བྱེད་པར་ཡང་ནི་མི་ནུས་པའི། །ཡི་གེ་གཟུགས་ཅན་མི་ འདོད་དོ། །ཞེས་གསུངས་སོ། །དེ་སྐད་དུ་གཞན་ལས་ཀྱང་། ཐུབ་པ་ཆེན་པོས་ཆོས་རྣམས་ཀྱི། །ཕུང་པོ་བརྒྱད་ཁྲི་བཞི་སྟོང་དག །གང་གིས་དེ་ནི་མི་ཤེས་པའི། །དེ་དག་ཐམས་ཅད་དོན་མེད་འགྱུར། །ཞེས་གསུངས་སོ། །དེ་བཞིན་དུ་དེ་ཁོ་ན་ཉིད་ཁོང་དུ་ཆུད་ནས་ནི་དངོས་ གྲུབ་འགྲུབ་བོ་ཞེས་བྱ་བའི་ཚུལ་འདིས་སྔགས་ཀྱི་དེ་ཁོ་ན་ཉིད་ནི་རྣལ་འབྱོར་པ་རྣམས་ཀྱིས་བླང་བར་བྱ་བ་ཡིན་ནོ། །འདིར་སྦྱོར་བ་ནི་མེ་གང་ཞིག་བུད་ཤིང་ཤིན་ཏུ་སྐམ་པོའི་རྒྱུ་ལས་བྱུང་བ་དེ་དག་ནི་བསྲེག་པ་དང་། འཚེད་པ་ལ་སོགས་པའི་བྱ་བ་བྱེད་ནུས་པར་མཐོང་བ་ལྟར་འོད་གསལ་ བའི་དེ་ཁོ་ན་ཉིད་ཡང་དག་པར་ཁོང་དུ་ཆུད་པ་ལས་བྱུང་བའི་སྔགས་རྣམས་ནི་ཞི་བ་ལ་སོགས་པའི་ལས་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཏེ། སྔགས་རྣམས་ཀྱི་ཞི་བ་ལ་སོགས་པའི་ལས་རྣམས་ནི་འོད་གསལ་བའི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པ་ཙམ་ལ་རག་ལུས་པ་ཡིན་པའི་ཕྱིར་ རོ། །མེ་གང་ཞིག་བུད་ཤིང་ཤིན་ཏུ་སྐམ་པོ་ལས་བྱུང་བ་མ་ཡིན་པ་དེ་དག་ནི་བསྲེག་པ་ལ་སོགས་པར་ནུས་པ་མ་ཡིན་པ་དེ་ཁོ་ན་བཞིན་དུ་འོད་གསལ་བ་དེ་ཁོ་ན་ཉིད་ཁོང་དུ་ཆུད་པ་དང་བྲལ་བའི་སྔགས་རྣམས་ནི་ཞི་བ་ལ་སོགས་པའི་ལས་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་དཔེའོ། །དེ་ནི་རྡོ་རྗེ་ བཟླས་པའི་རིམ་པའི་ཐབས་ཀྱི་རིམ་པའི་བྱེ་བྲག་ཡིན་ནོ། །སེམས་རྣམ་པར་དག་པའི་རིམ་པའི་ཐབས་ཀྱང་གཉིས་ཏེ། སྔགས་ཀྱི་རིམ་པ་དང་། ཕྱག་རྒྱའི་རིམ་པའོ། །དེ་ལ་སྔགས་ཀྱི་རིམ་པ་ཞེས་བྱ་བ་ནི་རེ་ཞིག་དང་པོར་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བ་ལ་གནས་པར་ དབྱངས་ཡིག་དང་པོ་བསྒོམས་ཏེ་དེ་ལས་བྱུང་བའི་འོད་ཟེར་གྱི་འཁོར་ལོ་དཀར་པོས་ལུས་ཐམས་ཅད་ཤིན་ཏུ་གསལ་བར་བྱས་ནས་དེ་ཡོངས་སུ་གྱུར་པའི་ཨོཾ་ཁ་དོག་དཀར་པོ་མགོ་བོ་ལ་བཀོད་དེ། དེའི་རྗེས་ལ་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་གནས་པའི་ཡི་གེ་ཨཱཿ་ཐིག་ལེས་མཚན་པ་དེར་ 37-1-31a དེ་ལས་བྱུང་བའི་འོད་ཟེར་གྱི་འཁོར་ལོ་བཀུག་ལ་གཞུག་པར་བྱའོ། །དེའི་ཚེ་འཇུག་པའི་རྣམ་པར་ཤེས་པ་གནས་གྱུར་ནས་སྣང་བའི་ཡེ་ཤེས་ཟླ་བའི་འོད་ཟེར་ལྟ་བུ་སྐྱེ་བར་འགྱུར་རོ། །དེའི་རྗེས་ལ་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་དེ་ཉིད་ལ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་ བསྒོམས་ཏེ། དེའི་སྟེང་དུ་ཡི་གེ་དང་པོའི་ཐིག་ལེ་གཉིས་ཀྱིས་རྣམ་པར་བརྒྱན་པ་བཀོད་ནས། དེ་ལས་བྱུང་བའི་འོད་ཟེར་གྱི་འཁོར་ལོ་ཁ་དོག་དམར་པོས་ལུས་ཐམས་ཅད་ཀུན་དུ་སྣང་བར་བྱས་ཏེ། དེ་ཉིད་ཀྱིས་ལྐོག་མའི་ཕྱོགས་སུ་ཡི་གེ་ཨཱཿརྣམ་པར་སྤྲོས་ནས་བཀོད་དེ། དེ་ཡང་བཀུག་ ནས་ཚེག་དྲག་དང་ལྡན་པ་དེར་གཞུག་པར་བྱ་སྟེ་དེའི་ཚེ་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་ཡོངས་སུ་གྱུར་ནས་སྣང་བ་གསལ་བའི་ཡེ་ཤེས་ཉི་མའི་འོད་ཟེར་རབ་ཏུ་གསལ་བ་དང་མཚུངས་པ་སྐྱེ་བར་འགྱུར་རོ། །དེའི་རྗེས་ལ་ཆོས་ཀྱི་དབྱིངས་ཀྱི་གནས་འཁོར་ལོ་དང་། ས་བོན་དང་ མཚན་མ་བོར་བ་སྤྲོས་པ་མེད་པའི་ནམ་མཁའ་དང་མཚུངས་པ་དེ་ཉིད་དུ་སྙིང་གའི་པདྨ་འི་ལྟེ་བའི་སྟེང་དུ་འབྲུག་གི་སྒྲ་དང་ལྡན་པ་བཀོད་ལ་འོད་ཟེར་གྱི་འཁོར་ལོ་མཚམས་ཀྱི་སྤྲིན་དང་མཚུངས་པ་བཀུག་ལ་དེ་ཉིད་དུ་ཐིམ་པར་བསམ་པར་བྱ་སྟེ། དེའི་ཚེ་ཐིག་ལེ་དང་ས་བོན་སྤངས་པ་ནམ་མཁའ་ སྤྲིན་མེད་པ་ལྟ་བུ་མཚམས་ཀྱི་སྣང་བ་འབྱུང་བར་འགྱུར་ཞིང་དེའི་ཚེ་ཀུན་གཞི་རྣམ་པར་ཤེས་པ་ཡོངས་སུ་གྱུར་ནས་སྣང་བ་ཉེ་བར་འཐོབ་པའི་ཡེ་ཤེས་སྐྱེའོ། །དེའི་རྗེས་ལ་མཚམས་ཀྱི་སྣང་བ་འོད་ཟེར་ལོག་པ་ན་ནམ་མཁའ་དྲི་མ་མེད་པ་དང་མཚུངས་པའི་ལྷན་ཅིག་སྐྱེས་པའི་དགའ་བའི་རང་ བཞིན་གྱི་སྣང་བ་སྐྱེ་ཞིང་དེའི་ཚེ་སྣང་བ་གསུམ་ཐོབ་ནས་འོད་གསལ་བའི་དེ་ཁོ་ན་ཉིད་སྐྱེ་བར་འགྱུར་ཞིང་དེའི་ཚེ་སྒྲུབ་པ་པོ་འགྲུབ་པར་འགྱུར་རོ་ཞེས་བྱ་བ་ནི་སྔགས་ཀྱི་རིམ་པའོ། །ཕྱག་རྒྱའི་རིམ་པ་ཞེས་བྱ་བ་ནི། རང་གི་རིགས་དང་རྗེས་སུ་མཐུན་པའི་རིགས་ལྔ་དང་བསྲེས་ཤིང་ལེགས་པར་ བསླབས་པ་ཐོབ་པ་དང་། བསམ་པ་དང་བསྒོམ་པའི་རིམ་གྱིས་ཕུལ་དུ་བྱུང་བའི་ཤེས་རབ་ཡང་དག་པར་ཐོབ་པ་སྙིང་རྗེ་ཆེན་པོས་སེམས་ཡང་དག་པར་བརླན་པའི་དམ་ཚིག་གི་ཕྱག་རྒྱ་བླངས་ཏེ། སྐྱེ་བོ་མེད་པའི་གནས་སུ་རང་གི་འདོད་པའི་ལྷའི་ང་རྒྱལ་དང་ལྡན་པའི་རྣལ་འབྱོར་དང་རྗེས་སུ་རྣལ་ 37-1-31b འབྱོར་དང་ཤིན་ཏུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་བྱས་པའི་རྣལ་འབྱོར་པས་ནང་གི་རིམ་པ་བཞིན་དུ་བསྙེན་པ་ལ་སོགས་པའི་ཐབས་ཀྱིས་སྙོམས་པར་འཇུག་པ་སྔོན་དུ་འགྲོ་བའི་པདྨར་གཞུག་པ་དང་བསྐྱོད་པ་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་དང་དོན་ཡོད་པར་གྲུབ་པ་གཉིས་ཀྱི་ སྔགས་དག་གིས་བྱ་སྟེ། ཧཱུྃ་དང་ཕཊ་ལ་སོགས་པ་རྣམས་ཀྱིས་བསྐྱེད་པའི་རིམ་པ་དང་བྱིན་གྱིས་བརླབ་པ་བྱས་ནས། སྲོག་ལ་སོགས་པ་དགག་པའམ། སྔགས་དགོད་པར་ཆར་གཟུང་བར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་གཞུག་པ་སྔོན་དུ་འགྲོ་བ་ཅན་གྱི་ཐིག་ལེ་ཙམ་རྡོ་རྗེའི་ རྩེ་མོར་ངེས་པར་བཟུང་ལ། འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དང་འདོད་ཆགས་བར་མ་སྤངས་ཏེ། ལྷན་ཅིག་སྐྱེས་པའི་དགའ་བའི་རྣམ་གྲངས་བདེ་བ་ཆེན་པོ་དང་། འོད་གསལ་བ་དང་། ཞི་བ་དང་། དེ་ཁོ་ན་ཉིད་ལ་གནས་ནས་ཡེ་ཤེས་དང་རྣམ་པར་ཤེས་པ་ཐམས་ཅད་ཡོངས་ སུ་ཟད་པར་གྱུར་པས་དེ་ལས་བྱུང་བའི་རང་བཞིན་བརྒྱ་དྲུག་ཅུ་ཐིམ་པར་གྱུར་པ་ན། ཇི་སྲིད་རྣལ་འབྱོར་པས་རྣམ་པར་དག་པའི་དགའ་བ་དང་རབ་ཏུ་གསལ་བའི་བདག་ཉིད་ཅན་གྱིས་ཆོས་ཀྱི་སྐུའི་རང་བཞིན་དྲི་མ་མེད་ཅིང་མཐའ་ཡས་པའི་ནམ་མཁའ་འབའ་ཞིག་དང་མཚུངས་པའི་ལྷན་ ཅིག་སྐྱེས་པའི་བདེ་བ་ཉམས་སུ་མྱོང་བའི་བར་དུ་གནས་པར་བྱའོ། །དེ་ནི་ཕྱག་རྒྱའི་རིམ་པའོ། །གལ་ཏེ་བརྒྱ་ལ་དེ་ལྟ་བུའི་ཕྱག་རྒྱ་མ་རྙེད་ན། དེའི་ཚེ་རང་གི་སྙིང་ག་ནས་སྤྲོས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་གྱི་བཅོམ་ལྡན་འདས་མ་དང་སྙོམས་ པར་ཞུགས་ཏེ། རིམ་པ་དེ་ཉིད་ཀྱིས་སེམས་རྣམ་པར་དག་པ་གོམས་པར་བྱའོ། །ཕྱག་རྒྱ་མེད་ན་རྣལ་འབྱོར་པས་ཇི་ལྟར་དེ་ཁོ་ན་ཉིད་ཉེ་བར་མཚོན་པར་འགྱུར་བ་མ་ཡིན་ནམ་ཞེ་ན། སྨྲས་པ་རེ་ཞིག་དབང་གི་དུས་སུ་བདེ་བ་ཆེན་པོ་ཉམས་སུ་མྱོང་ནས། དེའི་འོག་ཏུ་མོས་པ་དེ་ཉིད་ སེམས་ལ་བཞག་སྟེ། དེ་དང་འདྲ་བའི་ཕྱག་རྒྱ་བསྒོམ་པ་ལས་དེ་ཁོ་ན་ཉིད་ཉམས་སུ་མྱོང་བར་འགྱུར་རོ་ཞེས་བརྗོད་པར་བྱའོ། །མཁས་པ་དག་ནི་རང་རིག་པའི་མངོན་སུམ་གྱིས་ཉམས་སུ་མྱོང་བ་གང་ཡིན་པ་དེ་ནི་ཚད་མ་ཉིད་ཡིན་པའི་ཕྱིར་དེ་ཁོ་ན་ཉིད་ཡིན་གྲང་ན། ཡེ་ཤེས་ཀྱི་ཕྱག་རྒྱ་དང་ 37-1-32a ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་ནི་སྔར་ཉམས་སུ་མྱོང་བའི་རྗེས་སུ་དྲན་པ་ཡིན་པས་དྲན་པ་ནི་དོན་དམ་པའི་ཡུལ་ཅན་ཡིན་པའི་ཕྱིར་ཚད་མ་མ་ཡིན་པ་མ་ཡིན་ནམ། དོན་མེད་པའི་ཡུལ་ཅན་ཚད་མར་ཁས་ལེན་ནི། རི་བོང་གི་རྭ་ལ་སོགས་ པའི་ཤེས་པ་དང་རྣམ་པར་རྟོག་པ་ཅན་གྱི་རྣམ་པར་ཤེས་པ་རྣམས་ཀྱང་ཚད་མ་ཡིན་པར་ཐལ་བར་འགྱུར་རོ། །དེ་ཉིད་འདི་ཡིན་ནོ་སྙམ་དུ་ངོ་ཤེས་པ་ན་བྱེ་བྲག་མེད་པའི་ཕྱིར་ཚད་མ་མ་ཡིན་པར་རིགས་པ་མ་ཡིན་ནོ། །འོ་ན་དེ་ལྟ་ན་ངོ་ཤེས་པ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། བདག་གིས་མ་ག་ དྷཱར་མཐོང་བའི་བ་ལང་གང་ཡིན་པ་དེ་ཉིད་བ་ལང་འདི་ཡིན་ནོ་སྙམ་པ་དང་མ་ག་དྷཱ་ན་གནས་པའི་འབྲས་སཱ་ལུ་དེ་ཉིད་འདི་ཡིན་ནོ་སྙམ་པའི་ངོ་ཤེས་པ་དེ་ནི་འཐད་པ་མ་ཡིན་ཏེ། སྒྲ་དང་དོན་དག་འགལ་བའི་ཕྱིར་རོ། །འདི་ལྟར་དེ་ཞེས་བྱ་བ་ཐམས་ཅད་ཀྱི་མིང་གི་སྒྲ་འདས་པའི་དུས་རྗོད་པར་བྱེད་ པའོ། །འདི་ཞེས་བྱ་བ་ནི་ཐམས་ཅད་ཀྱི་མིང་གི་ཚོགས་མངོན་སུམ་པའི་དངོས་པོ་བརྗོད་པའོ། །དེའི་ཕྱིར་འདས་པའི་དུས་དང་ད་ལྟར་གྱི་དུས་དག་འགལ་བའི་ཕྱིར་ཁྱད་པར་དང་ཁྱད་པར་གྱི་གཞིའི་དངོས་པོ་མི་འཐད་པས་དེ་ཉིད་འདི་ཡིན་ནོ་ཞེས་བརྗོད་དུ་མི་འདོད་པ་ཉིད་དོ། །དོན་དང་ འགལ་བ་ཡང་ཇི་ལྟར་མ་ག་དྷཱ་ལ་སོགས་པར་ཟོས་པའམ་མཐོང་བའི་འབྲས་སཱ་ལུ་ལ་སོགས་པ་རྣམས་ཀྱི་རོ་དང་ནུས་པ་དང་བྱེ་བྲག་ཏུ་སྨིན་པ་གཞན་ཡིན་ཞིང་འདི་ན་གནས་པ་རྣམས་ཀྱི་ཡང་གཞན་ཁོ་ན་ཡིན་ནོ། །འབྲས་སཱ་ལུ་ལ་སོགས་པ་རྣམས་ལ་གཟུགས་མཚུངས་བ་ཙམ་ཡོད་ དུ་ཟིན་ཀྱང་། འོན་ཀྱང་ཤིན་ཏུ་ཕྲ་བའི་བློ་ཅན་གྱི་རྟོགས་པར་བྱེད་པ་པོས་དཔྱད་པ་ན་ཞག་དྲུག་ཅུའི་འབྲས་ལ་སོགས་པ་དང་། འབྲས་དྲི་ཞིམ་པོ་ལ་སོགས་པའི་བྱེ་བྲག་བཞིན་དུ་དེ་རྣམས་ཀྱི་ཁྱད་པར་འབའ་ཞིག་གདོན་མི་ཟ་བར་ཉེ་བར་དམིགས་པར་འགྱུར་བ་ཁོ་ན་སྟེ། ཡུལ་ལ་ སོགས་པའི་ཁྱད་པར་ལས། །རྫས་ལ་ནུས་པ་ཐ་དད་སྣང་། །གཅིག་མཐོང་གཞན་ན་དེ་ཡོད་ཅེས། །ངེས་པར་བྱ་བར་རུང་མ་ཡིན། །ཞེས་བཤད་པའོ། །གཞན་ཡང་རྟོགས་པ་པོའི་མངོན་སུམ་ན་གནས་པའི་དངོས་པོ་གཅིག་ཀྱང་སྐད་ཅིག་མ་ཡིན་པའི་ཕྱིར་སྐད་ཅིག་རེ་རེ་ཞིང་རང་བཞིན་ 37-1-32b གཞན་དང་གཞན་འཛིན་པ་ཡིན་ན། ཡུལ་དང་དུས་ལ་སོགས་པས་བསྐལ་པ་གཞན་རྣམས་ལྟ་ཅི་སྨོས། དེ་བས་ན་དབང་གི་དུས་ན་ཐོབ་པའི་དཔེ་ཁོ་ན་ཉིད་གཞན་ཁོ་ན་ཡིན་ཞིང་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པའི་དུས་ཀྱི་དེ་ཁོ་ན་ཉིད་དེ་ཉིད་ཡིན་ནོ་སྙམ་པའི་ངེས་པ་མ་ཡིན་ཏེ། ཚད་མ་ མ་ཡིན་པའི་ཕྱིར་དེ་ཁོ་ན་ཉིད་མ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་བདེན་མོད་ཀྱི་དབང་དུས་སུ་ཉམས་སུ་མྱོང་བ་དེ་ཁོ་ན་ཉིད་བླ་མའི་ཞལ་སྔ་ནས་ཀྱི་སྐུ་དྲིན་དང་བསྒོམས་པའི་སྟོབས་ཀྱིས་བསྟན་པར་གྱུར་པ་དེ་ནི་སྒོམ་པ་གོམས་པར་གྱུར་པ་ལས་བསྐལ་པ་ནས་བསྐལ་པ་སྟོང་གི་བར་དུ་གནས་པར་འགྱུར་ཏེ་འཇིག་ པར་མི་འགྱུར་རོ། །ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པ་ནི་དེའི་ལྷན་ཅིག་བྱེད་པ་ཙམ་ཡིན་གྱི་སྐྱེད་པར་བྱེད་པ་ནི་མ་ཡིན་ཏེ། དེ་ནས་སྔར་ཐོབ་པ་ཁོ་ན་ཡིན་པའི་ཕྱིར་རོ། །སྒོམ་པ་གོམས་པར་བྱས་པ་ལས་དེ་འཕེལ་བར་འགྱུར་ཏེ། དངོས་པོ་བདེན་པ་མ་ཡིན་པ་རྣམས་ཀྱང་མངོན་སུམ་ བཞིན་དུ་མདུན་ན་གསལ་བར་འགྱུར་ན། བདེན་པ་རྣམས་ནི་སྨོས་ཀྱང་ཅི་དགོས། བྱིས་པ་རྣམས་ནི་ཡང་དང་ཡང་། །འདིར་ནི་གང་དང་གང་བསྒོམ་པ། །བསྒོམ་པའི་སྟོབས་དང་འབྲེལ་པ་ལས། །དེ་དང་དེ་ཉིད་མདུན་ན་སྣང་། །སྦལ་པ་རལ་པ་ལྡན་པ་དང་། །འོད་བཅས་ཐལ་བས་བསྐུས་ པ་དང་། །ཚངས་སྐུད་དཀར་པོ་ལྡན་པ་དང་། །ཕྲག་པར་སྤྱི་བླུགས་བཞག་པ་བཞིན། །འདིར་མང་བརྗོད་པས་ཅི་ཞིག་བྱ། །འགའ་ཞིག་གིས་ནི་བསྒོམ་བྱས་ན། །ཁྱི་དང་རི་བོང་རྟ་དག་གི། །མགོ་ནས་རྭ་ཡང་མཐོང་བར་འགྱུར། །ཞེས་གང་བཤད་པའོ། །དེ་སྐད་དུ་གཞན་ལས་ ཀྱང་། འདོད་དང་མྱ་ངན་འཇིགས་དང་མྱོས། །གཉིད་དང་རྐུན་མས་བསླུས་གྱུར་པ། །མདུན་ན་ཀུན་དུ་གནས་པ་བཞིན། །བརྫུན་པ་དག་ཀྱང་མཐོང་བར་འགྱུར། །ཞེས་གང་བཤད་པའོ། །དེའི་ཕྱིར་བསྒོམ་པ་གོམས་པ་ལས་དེ་ཁོ་ན་ཉིད་གསལ་བར་རྒྱུན་ཆགས་སུ་འཇུག་པའི་ཡོན་ ཏན་གྱི་ཁྱད་པར་དང་འབྲེལ་པའི་ཕྱིར་དེ་ནི་མི་བརྟན་པ་ཉིད་མ་ཡིན་ནོ། །ཡང་ན་རྣལ་འབྱོར་གྱི་མངོན་སུམ་གྱི་ཚད་མ་བཞི་པས་ཉམས་སུ་མྱོང་བ་གང་ཡིན་པ་དེ་ནི་རབ་ཀྱི་མཐའ་ལས་བྱུང་བ་ཡིན་པའི་ཕྱིར་དམ་ཚིག་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གཉི་ག་དང་སྙོམས་པར་འཇུག་པའི་དུས་ན་ཡང་ 37-1-33a ཤིན་ཏུ་གསལ་བར་སྣང་ཞིང་རྣམ་པར་རྟོག་པ་མེད་པ་ཡང་ཡིན་པས་ཉེས་པ་མེད་དོ། །ཧ་ཅང་ཐལ་ཆེས་པས་ཆོག་གོ། །སེམས་རྣམ་པར་དག་པའི་རིམ་པའི་ཐབས་ཀྱི་དབྱེ་བ་བཤད་ཟིན་ཏོ། །བདག་བྱིན་གྱིས་བརླབ་པའི་རིམ་པའི་ཐབས་ནི་གཉིས་ཏེ། སྐད་ཅིག་གི་ རྣམ་པའི་རྣལ་འབྱོར་དང་། སྣང་བ་ཉེ་བར་ཐོབ་པ་ལ་སོགས་པའི་དབྱེ་བའི་རྣལ་འབྱོར་རོ། །འདི་ལྟར་ཡང་སེམས་རྣམ་པར་དག་པའི་རིམ་པས་ཐོབ་པའི་དོན་དམ་པའི་བདེན་པ་འབའ་ཞིག་གི་རང་བཞིན་ཅན་གྱི་དེ་ཁོ་ན་ཉིད་གང་ཡིན་པ་དེ་ལ་གནས་པའི་རྣལ་འབྱོར་པས་གང་གི་ཚེ་གཞན་ གྱི་དོན་བྱ་བར་མི་ནུས་པ་དེའི་ཚེ་སྔོན་བསྐྱེད་པའི་སྨོན་ལམ་གྱི་དབང་གིས་རྨི་ལམ་བཞིན་དུ་སྙིང་རྗེ་ཆེན་པོས་སེམས་ཅན་གྱི་ཁམས་སྐྱབས་མེད་པ་རྣམས་ལ་དམིགས་ཏེ། འོད་གསལ་བ་ལས་སྐད་ཅིག་གིས་དབང་པོའི་གཞུ་ལྟ་བུའི་རྣམ་པས་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་དཀྱིལ་ འཁོར་པ་རྣམ་པ་སྣ་ཚོགས་ཀྱིས་ཡོངས་སུ་བསྐོར་ཞིང་དཀྱིལ་འཁོར་གྱི་བདག་པོར་གྱུར་པས་རྣམ་པར་གནས་པར་སྤྲོ་སྟེ། དེ་ལས་ཀྱང་དཀྱིལ་འཁོར་གྱི་འཁོར་ལོ་གཞན་དང་གཞན་སྤྲོས་པས་སྡུག་བསྔལ་གསུམ་གྱིས་སྡུག་བསྔལ་བར་གྱུར་པའི་སེམས་ཅན་གྱི་ཁམས་རྣམ་པར་ སྦྱངས་ནས་བདེ་བ་ཅན་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་རབ་ཏུ་བཀོད་དེ་སླར་བསྡུས་ནས། སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པ་སྒྱུ་མའི་དཔེ་བཅུ་གཉིས་དང་མཚུངས་པར་རང་དང་གཞན་ལ་བལྟས་ལ། ཇི་སྲིད་དུ་བསྐལ་པའམ་བསྐལ་པ་སྟོང་དུ་སེམས་ཅན་གྱི་དོན་རྒྱུན་མི་འཆད་ པར་བྱེད་པ་དེ་སྲིད་དུ་གཉིས་སུ་མེད་པའི་ཆོས་ཉིད་ལ་གནས་པར་བྱ་སྟེ། དེ་ལྟ་བུ་ནི་སྐད་ཅིག་གི་རྣམ་པའི་རྣལ་འབྱོར་པའི་ཐབས་ཏེ་དང་པོའོ། །གཉིས་པས་ནི་སྔར་ཇི་ལྟ་བ་བཞིན་དུ་སེམས་རྣམ་པར་དག་པའི་རིམ་པས་འོད་གསལ་བ་རྟོགས་པར་བྱས་ཏེ། དེའི་རྗེས་ལ་སྔ་མ་བཞིན་དུ་ སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་མཚམས་ཀྱི་སྣང་བ་ལྟ་བུའོ། །དེའི་འོག་ཏུ་ཉི་མའི་འོད་ཟེར་རབ་ཏུ་གསལ་བ་དང་མཚུངས་པའི་སྣང་བ་གསལ་བའི་ཡེ་ཤེས་ཉི་མའི་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེའི་སྟེང་དུ་ཚེག་དྲག་དང་ལྡན་པའི་དབྱངས་དང་པོ་བལྟའོ། །དེའི་རྗེས་ལ་པདྨའི་གདན་ལ་ 37-1-33b གནས་པའི་ཟླ་བའི་དཀྱིལ་འཁོར་ལ་རྗེས་སུ་འཇུག་པའི་དབྱངས་དང་བཅས་པའི་དབྱངས་ཡིག་དང་པོ་བལྟ་སྟེ། དེའི་འོག་ཏུ་ཟླ་བ་དང་རྡོ་རྗེ་ལ་སོགས་པའི་ཐབས་དང་ཤེས་རབ་འདུས་པས་ཡེ་ཤེས་ཀྱི་སྐུ་ཕྱག་རྒྱ་བཞིས་རྒྱས་བཏབ་པ་བསྐྱེད་པར་བྱ་སྟེ། འདི་ནི་ཐབས་གཉིས་པའོ། །ཕྱོགས་ འདི་ལ་སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པའི་སྒྱུ་མའི་དཔེ་བཅུ་གཉིས་དང་མཚུངས་པར་བལྟ་བ་ནི་ཁྱད་པར་ཡིན་ཏེ། གཞན་དུ་ན་ཟླ་བ་དང་རྡོ་རྗེ་ལ་སོགས་པའི་རིམ་པ་བཞིན་དུ་བསྐྱེད་པའི་རིམ་པར་ཐལ་བར་འགྱུར་རོ། །གལ་ཏེ་དེ་ལྟར་ཡིན་ན་རིམ་པ་འདི་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན་བརྗོད་པར་བྱ་ སྟེ། བསྐྱེད་པའི་རིམ་པའི་རྣལ་འབྱོར་པས་ནི་དང་པོའི་སྦྱོར་བ་ལ་གོགས་པའི་ཏིང་ངེ་འཛིན་གྱི་རིམ་པ་དང་། རྡོ་རྗེ་བཞི་པོས་ལྷའི་སྐུ་བསྐྱེད་པ་ནི་སྤྲོས་པས་བསྒྲུབ་པར་བྱའོ། །རྫོགས་པའི་རྣལ་འབྱོར་པས་ནི་ཟླ་བ་ལ་སོགས་པ་བསྒོམ་དུ་ཟིན་ཀྱང་། འོན་ཀྱང་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ ཟིན་པར་གྱུར་པས་སྤྲོས་པ་ཕལ་ཆེར་ལྡོག་པར་འགྱུར་རོ་ཞེས་བྱ་བ་ནི་ཁྱད་པར་ཡིན་ནོ། །གལ་ཏེ་ཡང་དེ་ཉིད་ལ་ཞེན་པར་གྱུར་ན་དེའི་ཚེ་རྫོགས་པའི་རིམ་པ་ལས་ཉམས་པར་གྱུར་ནས། བསྐྱེད་པའི་རིམ་པའི་རྣལ་འབྱོར་པར་འགྱུར་ཏེ། དེ་ཡང་འདི་ཉིད་དུ་བཤད་པར་བྱའོ། །དེ་ནི་བདག་ བྱིན་གྱིས་བརླབ་པའི་རིམ་པའི་ཐབས་ཀྱི་དབྱེ་བའོ། །མངོན་པར་བྱང་ཆུབ་པའི་རིམ་པའི་ཐབས་ནི་གཉིས་ཏེ། ཕྱག་རྒྱའི་རིམ་པ་དང་། ཏིང་ངེ་འཛིན་གྱི་རིམ་པའོ། །ཕྱག་རྒྱའི་རིམ་པ་ནི་རྣམ་པ་གཉིས་ཏེ། ཕྱིའི་མངོན་པར་བྱང་ཆུབ་པའི་རིམ་པ་དང་། ནང་གི་མངོན་པར་བྱང་ཆུབ་པའི་ རིམ་པའོ། །ཏིང་ངེ་འཛིན་གྱི་རིམ་པ་ལ་ཡང་རྣམ་པ་གཉིས་ཏེ། རིལ་པོར་འཛིན་པའི་ཏིང་ངེ་འཛིན་བསྒོམ་པའི་རིམ་པ་དང་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་བསྒོམ་པའི་རིམ་པའོ། །དེ་ལ་ཕྱག་རྒྱའི་རིམ་པ་ཞེས་བྱ་བ་ནི། ཆུ་དང་ཅོད་པན་དང་། རྡོ་རྗེ་དང་དྲིལ་བུ་དང་། མིང་དང་རྗེས་སུ་ གནང་བ་དང་། ལུང་བསྟན་པ་དང་། དབུགས་དབྱུང་བ་དང་། ཕྱིར་མི་ལྡོག་པ་དང་། གསང་བའི་དབང་བསྐུར་བ་ཐོབ་པར་གྱུར་ནས། སློབ་མ་ཐལ་མོ་སྦྱར་བར་གྱུར་པས། དམ་ཚིག་གི་ཕྱག་རྒྱའི་རིགས་དང་རྗེས་སུ་མཐུན་པར་ལེགས་པར་བསླབས་ཤིང་ལེགས་པར་འདུས་བྱས་ 37-1-34a ནས་ན་སོ་གཞོན་ཞིང་སྡོམ་པ་དང་དམ་ཚིག་གི་ཕ་རོལ་ཏུ་ཕྱིན་པ། སྲོད་ཀྱི་དུས་སུ་བླ་མ་ལ་ཡོན་དུ་ཕུལ་ནས། དེ་ལ་ཕྱག་འཚལ་ཕྱག་འཚལ་ཞེས་བྱ་བ་ལ་སོགས་པས་ཚིགས་སུ་བཅད་པ་དག་གིས་མངོན་པར་བསྟོད་དེ། དེའི་འོག་ཏུ། ཁོང་སྟོང་ཁྱོད་ཀྱི་སྐུ་ ལ་མེད། །ཅེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་རྣམས་ཀྱིས་གསོལ་བ་གདབ་པར་བྱའོ། །དེའི་རྗེས་ལ་བླ་མས་ཀྱང་དེ་ལ་སྙིང་རྗེ་ཆེན་པོ་བསྐྱེད་ནས་དེ་ལ་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་རིམ་པས་ཏེ་སྦྱིན་པར་བྱ་ཞིང་དེས་ཀྱང་དེ་བླངས་ལ་འདོད་ཆགས་དམ་པའི་ཏིང་ངེ་འཛིན་གྱིས་སྙོམས་ པར་འཇུག་པའི་བདེ་བ་ཉམས་སུ་མྱོང་བར་བྱས་ཏེ། ལྡང་བར་བྱའོ། །དེའི་འོག་ཏུ་རྡོ་རྗེ་སློབ་དཔོན་གྱིས་ཀྱང་དེ་ལ་མན་ངག་བཞི་པ་གསལ་བར་བསྟན་པར་བྱ་སྟེ། སྐྱེས་བུ་ཁྱོད་ཀྱིས་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་འདུས་པའི་དུས་སུ་ཕྱི་རོལ་གྱི་བྱེད་པ་སྣ་ཚོགས་པའོ། །བྱེད་ པ་དང་འཁྱུད་པ་ལ་སོགས་པའི་བྱ་བའི་ཚོགས་ཀྱིས་དབང་པོ་འཁྲུགས་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་བདེ་བ་ཉམས་སུ་མྱོང་བ་དེ་ནི་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མའི་བདག་ཉིད་ཡིན་ཞིང་། རྣམ་གྲངས་གཞན་ཡང་དགའ་བ་དང་སྣང་བའི་ཡེ་ཤེས་ཞེས་བྱ་བ་དང་། མཚན་མོའི་ངོ་བོ་དང་། ཤེས་རབ་ཀྱི་རང་བཞིན་ཡིན་པར་ཤེས་པར་བྱའོ། །དེའི་འོག་ཏུ་ཁྱོད་ཀྱིས་རྡོ་རྗེ་དང་པདྨ་འདུས་པ་ལས་བསྐྱོད་པ་རྩོམ་པ་ན་དབང་པོའི་རྣམ་པར་རྟོག་པ་རྣམས་ཟད་པར་གྱུར་ནས་རང་རིག་པ་ཙམ་འབའ་ཞིག་ཡིད་ཀྱི་རྣམ་པར་ཤེས་པས་རྟོགས་པར་བྱ་བའི་བདེ་བ་ཉམས་ སུ་མྱོང་བ་གང་ཡིན་པ་དེ་ནི་རྣམ་པར་སྨིན་པའི་སྐད་ཅིག་མའི་བདག་ཉིད་ཡིན་ཞིང་མཆོག་ཏུ་དགའ་བའི་བདག་ཉིད་དང་། སྣང་བ་གསལ་བའི་ཡེ་ཤེས་ཀྱི་རང་བཞིན་དང་། ཐབས་ཀྱི་ངོ་བོ་དང་འདོད་ཆགས་བར་མའི་ངོ་བོ་ཡིན་པར་ཤེས་པར་བྱའོ། །དེ་ནས་ཡི་གེ་ཕཊ་ཀྱི་སྒྲས་པདྨའི་སྦུབས་ཀྱི་ནང་ དུ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་རྒྱུན་དག་གིས་མཆོད་པ་བྱས་པ་གང་ཡིན་པ་དེ་ནི་ཡིད་མི་བདེ་བའི་རང་བཞིན་དང་རྣམ་པར་ཉེད་པའི་སྐད་ཅིག་མའི་བདག་ཉིད་ཡིན་ཞིང་། རྣམ་གྲངས་གཞན་ཡང་དགའ་བྲལ་དང་འདོད་ཆགས་དང་བྲལ་བའི་བདག་ཉིད་དང་། སྣང་བ་ཉེ་བར་ཐོབ་པའི་ཡེ་ 37-1-34b ཤེས་དང་། མཚམས་ཀྱི་རང་བཞིན་ཡིན་པར་ཤེས་པར་བྱའོ། །དེའི་འོག་ཏུ་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་དེ་རྣམས་ཐམས་ཅད་ཟད་པར་འགྱུར་ནས། སྒོ་དགུ་འགགས་པར་གྱུར་པ་ན། སྲོག་ལ་སོགས་པ་རླུང་གི་དཀྱིལ་འཁོར་གཅིག་ཏུ་གྱུར་ནས་སེམས་དང་སེམས་ལས་ བྱུང་བ་དང་བག་ཆགས་ཕྲ་མོའི་དྲི་མ་ཐམས་ཅད་རབ་ཏུ་ཞི་བའི་གནས་སུ་རོ་གཅིག་པའི་དངོས་པོར་གྱུར་པ་དང་། འདོད་ཆགས་དང་། འདོད་ཆགས་བྲལ་བ་དང་འདོད་ཆགས་བར་མ་ནུབ་པར་གྱུར་ནས། སོ་སོ་རང་གིས་རིག་པར་བྱ་བའི་ཆོས་ཀྱི་སྐུའི་རང་བཞིན་ཐོག་མ་དང་ཐ་མ་མེད་པའི་ ཆོས་ཉིད་ཀྱི་དེ་ཁོ་ན་ཉིད་ཐོབ་པར་བྱེད་པ་རྣམ་པ་སྣ་ཚོགས་ལ་སོགས་པའི་སྐད་ཅིག་གི་ཚོགས་དང་བྲལ་བ་རྡོ་རྗེ་རྩེ་མོར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་འབའ་ཞིག་ཙམ་བཟུང་བ་ལ། ཁྱབ་པར་བྱེད་པའི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པའི་མཚན་ཉིད་ཅན་གྱི་ ལྷན་ཅིག་སྐྱེས་པའི་བདེ་བ་ཉམས་སུ་མྱོང་བ་གང་ཡིན་པ་དེ་ནི་བདེ་བ་ཆེན་པོ་དང་། དེ་ཁོ་ན་ཉིད་བཞི་པ་དང་། བླང་བར་བྱ་བ་དང་། འོད་གསལ་བ་དང་། འབྲས་བུར་གྱུར་པ་ཉིད་ཡིན་པར་ཤེས་པར་བྱའོ། །སྐྱེས་བུ་དེ་ལ་ནི་ཡོད་པ་དང་མེད་པ་དང་། དངོས་པོ་དང་། དངོས་པོ་མེད་པ་དང་། བཅིངས་པ་དང་ཐར་པ་དང་། རྟག་པ་དང་ཆད་པ་དང་། རྣམ་པ་དང་བཅས་པ་དང་། རྣམ་པ་མེད་པ་དང་། སྟོང་པ་དང་སྟོང་པ་མ་ཡིན་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་དང་། སྲིད་པ་དང་ཞི་བ་དང་། ཀུན་རྫོབ་དང་དོན་དམ་པ་དང་། རྒྱུ་དང་འབྲས་བུ་དང་། སྤྲོ་བ་དང་བསྡུ་བ་དང་། འགྲོ་ བ་དང་འོང་བ་ལ་སོགས་པའི་མཚན་ཉིད་ཀྱི་བྱེ་བྲག་ཡོད་པ་མ་ཡིན་ཏེ། དེ་ཉིད་ཁྱོད་ཀྱིས་ཤེས་པར་བྱའོ། །འདི་ནི་ཕྱིའི་མངོན་པར་བྱང་ཆུབ་པའི་རིམ་པའོ། །དེའི་འོག་ཏུ་དེ་ཁོ་ན་ཉིད་ཐོབ་པའི་སྔོན་རོལ་དུ་ཁྱོད་ཀྱིས་དང་པོ་སྨིག་རྒྱུའི་རྣམ་པ་ཅན་གྱི་འོད་ཟེར་ཁ་དོག་སྣ་ལྔའི་ཚོགས་དབང་པོའི་གཞུ་ ལྟ་བུ་སྣ་ཚོགས་འབད་པ་མེད་པར་མཐོང་བར་འགྱུར་ཏེ། དེའི་ཚེ་ཁྱོད་ཀྱིས་འདི་ལྟར་ཤེས་པར་བྱ་སྟེ། དུ་བ་ལས་མེ་ཤེས་པ་བཞིན་དུ་བདག་གིས་གདོན་མི་ཟ་བར་དེ་ཁོ་ན་ཉིད་མངོན་སུམ་དུ་འགྱུར་རོ་སྙམ་དུ་ཤེས་པར་བྱའོ། །དེའི་རྗེས་ལ་གཉིས་པ་ཟླ་བའི་འོད་ཟེར་ལྟ་བུ་འོད་ཀྱི་འཁོར་ 37-1-35a ལོ་མཐོང་བ་གང་ཡིན་པ་དེ་ནི་སྣང་བའི་ཡེ་ཤེས་ཀྱི་བདག་ཉིད་ཡིན་པར་རིག་པར་བྱའོ། །དེའི་རྗེས་ལ་གསུམ་པ་ཉི་མའི་འོད་ཟེར་གྱི་འཁོར་ལོ་ལྟ་བུ་ནི་སྣང་བ་གསལ་བའི་བདག་ཉིད་ཡིན་པར་ཤེས་པར་བྱའོ། །དེའི་རྗེས་ལ་མཚམས་ཀྱི་སྣང་བ་ལྟ་བུར་སྣང་བ་ནི་སྣང་བ་ཉེ་ བར་ཐོབ་པའི་རང་གི་ངོ་བོ་རྟོགས་པར་བྱའོ། །དེའི་རྗེས་ལ་སྣང་བ་རྣམས་ནུབ་པར་གྱུར་ནས། སྤྲིན་མེད་པའི་ནམ་མཁའ་དང་མཚུངས་ཤིང་རྣམ་པར་རྟོག་པ་མེད་པར་རབ་ཏུ་གསལ་བའི་དགའ་བའི་རང་བཞིན་དུ་སྣང་བ་དེ་ནི་ཐམས་ཅད་སྟོང་པའི་བདག་ཉིད་ཀྱི་འོད་གསལ་བ་ཡིན་པར་ཤེས་པར་ བྱའོ། །དེ་ནི་ནང་གི་མངོན་པར་བྱང་ཆུབ་པའི་རིམ་པ་དེ། འདི་ནི་ཕྱག་རྒྱའི་རིམ་པའོ། །ད་ནི་ཏིང་ངེ་འཛིན་གྱི་རིམ་པ་བརྗོད་པར་བྱ་སྟེ། རེ་ཞིག་དང་པོ་རྣལ་འབྱོར་པས་ལྟེ་བའི་དཀྱིལ་འཁོར་ལ་གནས་པའི་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བ་ལ་གནས་པའི་ཡི་གེ་རཾ་ འབར་བ་ལས་བྱུང་བའི་འོད་ཀྱི་འཁོར་ལོ་མེ་འཕྲོ་བས་མགོ་བོ་ནས་བརྩམས་ཏེ་རྐང་པའི་བར་དུ་སྣང་བ་མེད་པར་བྱས་ལ་སླར་ཡང་རྐང་པ་ནས་བརྩམས་ཏེ་མགོ་བོའི་བར་རམ་སྙིང་ག་ལ་ཐུག་པ་བསྲེགས་ནས་ཐམས་ཅད་སྟོང་པ་ཉིད་ལ་འཇུག་པ་གང་ཡིན་པ་དེ་ནི་རིལ་པོར་འཛིན་པའི་ཏིང་ངེ་ འཛིན་ཏོ། །དང་པོར་བ་སྤུའི་བུ་ག་ཐམས་ཅད་ནས་བྱུང་བའི་འོད་ཀྱི་འཁོར་ལོ་དེ་ཉིད་ཀྱི་གཡོ་བ་དང་བརྟན་པ་མི་སྣང་བར་བྱ་ཞིང་དེ་ནས་བདག་ཉིད་ཀྱང་དེ་བཞིན་དུ་བྱ་སྟེ། དེ་ལྟ་བུ་ནི་རྗེས་སུ་གཞིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ་གཉིས་པའོ། །ཏིང་ངེ་འཛིན་གཉིས་ཀྱི་དཔེ་ནི་ཇི་ལྟར་སྟོན་ཀའི་ དུས་སུ་རྙོག་པ་མེད་པའི་ཆུ་ལ་ཟླ་བའི་གཟུགས་བརྙན་བྱུང་བ་དེའི་རྣམ་པ་ཤིན་ཏུ་གསལ་བར་སྣང་བ་མཐོང་བ་དེ་བཞིན་དུ་ཏིང་ངེ་འཛིན་ལ་ཐམས་ཅད་སྟོང་པའི་དེ་ཁོ་ན་ཉིད་གསལ་བར་འགྱུར་རོ། །རང་བཞིན་གྱིས་དྲི་མ་མེད་པ་འཁོར་བའི་མེ་ལོང་ཆེན་པོ་ཏིལ་མར་དང་ཐལ་བས་ཕྱིས་པ་ལ། ཇི་ལྟར་ དབུགས་ཀྱི་རླུང་ཐིམ་པ་ན་དེ་ལས་ཐ་དད་པར་མི་དམིགས་པ་བཞིན་དུ། ཏིང་ངེ་འཛིན་གཉིས་པ་ལ་དེ་ཁོ་ན་ཉིད་དང་ཐ་མི་དད་པར་འཇུག་པར་སྣང་བར་འགྱུར་རོ། །དེ་ནི་ཏིང་ངེ་འཛིན་གྱི་རིམ་པ་སྟེ། འདི་ནི་མངོན་པར་བྱང་ཆུབ་པའི་རིམ་པ་ཐབས་ཀྱི་དབྱེ་བའོ། །ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་རིམ་ 37-1-35b པའི་ཐབས་ཀྱིས་ཐོབ་པར་བྱ་བའི་དེ་ཁོ་ན་ཉིད་བསྟན་པར་བྱ་བའི་དོན་དུ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་སྔགས་བརྗོད་པར་བྱ་སྟེ། འདི་ལྟར་སྔགས་རྣམས་ལ་རང་བཞིན་གྱིས་གྲུབ་པའི་ནུས་པ་དག་ཡོད་དེ། དུག་ལ་སོགས་པ་སེལ་བའི་སྔགས་བཞིན་ནོ། །གལ་ཏེ་ཡང་འོད་གསལ་བ་མངོན་ དུ་མ་གྱུར་པ་དེའི་ཚེ། བཅོམ་ལྡན་འདས་ཀྱིས་གསུངས་པའི་གྲུབ་པའི་སྔགས་བརྗོད་པའི་མཐུས་སྐད་ཅིག་གིས་རང་དབང་མེད་པར་དེ་ཁོ་ན་ཉིད་གསལ་བར་འགྱུར་ཏེ། ཇི་ལྟར་ཤིང་ལས་བྲེད་པའི་མིས། །མི་འདོད་ཀྱང་ནི་ལྟུང་བ་ཉིད། །དེ་བཞིན་བཅོམ་ལྡན་འདས་གསུངས་པའི། ། སྔགས་ཀྱི་སྟོབས་ཀྱིས་དེ་ཉིད་ཐོབ། །ཨ་ལ་སོགས་པའི་སྔགས་རྣམས་བསྐྱེད་པའི་རིམ་པ་ལ་ཡོད་པ་ནི་རིགས་པ་མ་ཡིན་ནམ། རྫོགས་པའི་རིམ་པ་ལ་ཅིའི་ཕྱིར་སྔགས་གཟུང་བར་བྱ་ཞེ་ན། དེ་སྐད་དུ་བརྗོད་པར་མི་ནུས་ཏེ། སྔགས་ནི་ཐབས་ཙམ་ཡིན་པ་ཉིད་ཀྱི་ཕྱིར་རོ། །སྔགས་ཀྱི་ བཟླས་པའམ་སྐུ་བསྐྱེད་པའམ། ཞི་བ་ལ་སོགས་པ་ལས་ཀྱི་ཚོགས་སྒྲུབ་པ་ནི་མ་ཡིན་ཏེ། དམ་ཚིག་གི་ཕྱག་རྒྱ་དང་སྙོམས་པར་འཇུག་པ་བཞིན་དུ་སྔགས་ཀྱི་རྗེས་སུ་དྲན་པ་ཙམ་ནི་འཐད་པ་ཁོ་ནའོ། །དེ་ཁོ་ན་ཉིད་ཐོབ་ན་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་མེད་དེ། ཐབས་ལས་བྱུང་བ་ ཐོབ་ནས་གང་། །སྤང་བྱ་དེ་ཉིད་ཐབས་ཞེས་བྱ། །ཞེས་བཤད་དོ། །ཇི་ལྟར་འགའ་ཞིག་མར་མེ་ཐོགས། །ལམ་མཐོང་ནས་ནི་འདོར་བ་ལྟར། །ཤེས་པས་ཤེས་བྱ་མཐོང་ནས་ནི། །དེ་བཞིན་ཤེས་པ་འདོར་བར་འགྱུར། །ཞེས་གང་བཤད་པའོ། །བསྐྱེད་པའི་རིམ་པ་ལ་ནི་ཐབས་ རྣམས་འདོར་བར་རིགས་པ་མ་ཡིན་ཏེ། གལ་ཏེ་འདོར་ན་དེའི་ཚེ་ལས་དང་པོ་པ་ཉིད་ཡིན་པ་དང་། གོམས་པར་མ་བྱས་པ་ཉིད་ཡིན་པའི་ཕྱིར་སོ་སོ་སྐྱེ་བོའི་ས་ཐོབ་པར་འགྱུར་རོ། །དེ་བས་ན་ཤིན་ཏུ་ཐལ་ཆེས་པས་ཆོག་གོ། །དེས་ནི་མངོན་པར་བྱང་ཆུབ་པའི་རིམ་པའི་ཐབས་ཀྱི་དབྱེ་བ་བསྟན་ པའོ། །ཟུང་དུ་འཇུག་པའི་རིམ་པའི་ཐབས་ནི་གཉིས་ཏེ། རྒྱུའི་རིམ་པ་དང་འབྲས་བུའི་རིམ་པའོ། །དེ་ལ་རྒྱུའི་རིམ་པ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པའི་ཕྱི་རོལ་གྱི་དོན་ལ་མངོན་པར་ཞེན་པ་རྣམས་དང་། རྣལ་འབྱོར་སྤྱོད་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། 37-1-36a རིམ་པ་གཉིས་ལ་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱི་ཆོས་དང་གང་ཟག་ལ་བདག་མེད་པ་དང་། ཡོད་པ་དང་མེད་པ་དང་། རྣམ་པ་དང་བཅས་པ་དང་། རྣམ་པ་མེད་པའི་རྣམ་པར་རིག་པ་སྣང་བ་དང་། ཀུན་རྫོབ་དང་དོན་དམ་པར་སྣང་བ་དང་། བརྟགས་པ་དང་བརྟགས་ པ་མ་ཡིན་པའི་ལྷའི་རྣལ་འབྱོར་དུ་སྣང་བ་ལ་སོགས་པ་རྣམས་ཀྱིས་གཉིས་གཉིས་པོ་ཐ་དད་པ་མེད་ཅིང་རོ་གཅིག་ཏུ་བྱེད་པ། རྣམ་པར་རྟོག་པ་མེད་པར་རྣལ་འབྱོར་གྱི་མངོན་སུམ་གྱི་ཚད་མས་ཡང་དག་པར་རྟོགས་པར་བྱ་བའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བ་གང་ཡིན་པ་དེ་ནི་རྒྱུའི་ཟུང་དུ་འཇུག་ པའི་རིམ་པའོ། །དེ་ཁོ་ན་ཉིད་ཐོབ་པའི་རྣལ་འབྱོར་པས་བྱ་བ་དང་། ཡོན་ཏན་དང་རྫས་དང་རིགས་ཀྱི་བྱེ་བྲག་གིས་ཕྱེ་བ་བདག་དང་གཞན་གྱི་རྒྱུད་ལ་ཡོད་པའི་དངོས་པོ་རྣམས་ཐ་དད་མེད་པར་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི་འབྲས་བུའི་ཟུང་དུ་འཇུག་པའི་རིམ་པའོ། །རྣམ་པར་མི་རྟོག་པའི་ ཡེ་ཤེས་ཀྱི་གནས་སྐབས་ལ་ཇི་ལྟར་རྒྱུ་དང་འབྲས་བུའི་བྱེ་བྲག་གཞན་པ་མ་ཡིན་ནམ། བརྗོད་པར་བྱ་བ་སྟེ་བདག་ལྟ་བུའི་ཐ་སྙད་འདོགས་པར་བྱེད་པའོ། །དེ་སྙམ་དུ་སེམས་ཀྱི་རྟོགས་པ་པོ་ནི་མ་ཡིན་ནོ། །རང་རིག་པ་འབའ་ཞིག་གིས་རྟོགས་པར་བྱ་བའི་ཡེ་ཤེས་ལ་ཞུགས་པ་དེ་དག་ གིས་ནི་རྒྱུ་དང་འབྲས་བུའི་བྱེ་བྲག་ལ་ཐ་མི་དད་པར་མཐོང་སྟེ། དེ་དག་ལ་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །སྔོན་གྱི་སྨོན་ལམ་གྱི་མཐུ་ལས་སེམས་ཅན་གྱི་དོན་དང་སྤྱོད་པ་འབྱུང་སྟེ། ཡིད་བཞིན་ནོར་བུ་ལྟ་བུའི་མི། །དེ་ནི་ཉེ་བ་ཙམ་གྱིས་ནི། །རྩིག་པ་ལ་སོགས་པ་ལས་ཀྱང་། །བསྟན་ པ་ཇི་ལྟར་འདོད་བཞིན་འབྱུང་། །ཞེས་གང་བཤད་པའོ། །དེ་ནི་ཟུང་དུ་འཇུག་པའི་རིམ་པའི་ཐབས་ཀྱི་དབྱེ་བའོ། །དེ་ནས་འདིར་འདི་སྤྱད་པར་བྱ་སྟེ། རིམ་པ་ལྔ་པོ་རྣམ་པར་དག་པའི་རང་བཞིན་ཇི་ལྟ་བུ་དང་ལྡན་ཞེ་ན། འདིར་བརྗོད་པར་བྱ་སྟེ། ཕུང་པོ་ལྔ་དང་ཡེ་ཤེས་ལྔ་དང་། འབྱུང་བ་ཆེན་པོ་ ལྔ་དང་། དབང་བསྐུར་བ་ལྔ་དང་། དེ་བཞིན་གཤེགས་པ་ལྔ་དང་། ལམ་ལྔ་དང་། རྣམ་པར་ཤེས་པ་ལྔའི་རང་བཞིན་ནོ། །དེ་ལ་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ་ནི་རྡོ་རྗེ་བཟླས་པའི་རིམ་པ་སྟེ། གང་གི་ཕྱིར་རང་གི་འཁོར་ལོ་རྣམ་པ་བཅུའོ་ཁུ་བ་དང་ཁྲག་གི་ཐིག་ལེའི་གཟུགས་སུ་ 37-1-36b གྱུར་པས་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ཅན་གྱི་གཟུགས་བསྐྱེད་པ་དང་གཟུགས་རགས་པ་ལ་མངོན་པར་ཞེན་པ་སྤང་བའི་ཕྱིར་རླུང་གི་རིམ་པ་ཕྲ་མོ་ཁོ་ན་གོམས་པར་བྱ་བ་ཡིན་པའི་ཕྱིར་རོ། །ཚོར་བའི་ཕུང་པོ་རྣམ་པར་དག་པ་ནི་སེམས་རྣམ་པར་དག་པའི་རིམ་པ་སྟེ། སེམས་ནི་བདེ་བ་ལ་ སོགས་པའི་རྣམ་པ་ཅན་ཁོ་ནར་ཤིན་ཏུ་གསལ་བར་ཉེ་བར་དམིགས་ཏེ། ཕལ་ཆེར་དེའི་རྣམ་པ་ཅན་ཡིན་པའི་ཕྱིར་རོ། །དེ་བས་ན་དེ་རྣམ་པར་དག་པ་ནི་རིམ་པ་གཉིས་པའོ། །འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པའི་རང་བཞིན་བདག་བྱིན་གྱིས་བརླབ་པའི་རང་བཞིན་ཅན་ཏེ། འདུ་ཤེས་ ནི་ཡུལ་ལ་མཚན་མར་འཛིན་པའི་བདག་ཉིད་ཅན་ཡིན་ཞིང་འདི་ཡང་རང་དང་གཞན་གྱི་རྒྱུད་ལ་ཡོད་པའི་དངོས་པོའི་ཚོགས་ཀྱི་ཡུལ་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་རིམ་པར་ཐོབ་པ་ནི་འདུ་ཤེས་སོ། །འདུ་བྱེད་ནི་དགེ་བ་ལ་སོགས་པ་རྣམས་ཏེ། དེ་དག་ཀྱང་འདོད་ཆགས་ལ་སོགས་པ་དག་པ་ཡིན་ པའི་ཕྱིར་དེ་རྣམ་པར་དག་པ་ནི་མངོན་པར་བྱང་ཆུབ་པའི་རིམ་པའོ། །རྣམ་པར་ཤེས་པ་ནི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཡིན་ཏེ། དེ་རྣམ་པར་དག་པའི་ངོ་བོ་ནི་ཟུང་དུ་འཇུག་པའི་རིམ་པའོ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ནི་རྡོ་རྗེ་བཟླས་པའི་རིམ་པ་ཡིན་ཏེ། འཇུག་པ་ལ་སོགས་པའི་རིམ་པ་ སྤངས་པའི་མ་ནིང་གི་བཟླས་པ་ཐོབ་པ་ན་རྣལ་འབྱོར་པས་གཟུགས་བརྙན་བཞིན་དུ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མཐོང་བར་འགྱུར་རོ། །སེམས་རྣམ་པར་དག་པའི་རིམ་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཡིན་ཏེ། དེར་སེམས་དང་སེམས་ལས་བྱུང་བའི་ངོ་བོ་རྣམས་དང་། ཡེ་ཤེས་དང་། རྣམ་པར་ཤེས་པ་རྣམས་དང་། རང་བཞིན་རྣམས་འོད་གསལ་བར་མཉམ་པ་ཉིད་ཐོབ་པའི་ཕྱིར་རོ། །བདག་བྱིན་གྱིས་བརླབ་པའི་རིམ་པ་ནི། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་ཏེ། དེ་ལ་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ལ་སྒྱུ་མ་ལྟ་བུ་ཉིད་དུ་སོ་སོར་རྟོག་པའི་ཕྱིར་རོ། ། མངོན་པར་བྱང་ཆུབ་པའི་རིམ་པ་ནི་བྱ་བ་ནན་ཏན་བསྒྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་ཏེ། དེ་ཁོ་ན་ཉིད་ལ་ཞུགས་པས་འབད་པ་མེད་པ་ཁོ་ནར་སེམས་ཅན་གྱི་དོན་མ་ལུས་པར་འགྲུབ་པའི་ཕྱིར་རོ། །ཟུང་དུ་འཇུག་པའི་རིམ་པ་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ 37-1-37a ངོ་བོ་ཡིན་ཏེ། དྲི་མ་མེད་ཅིང་མཐའ་ཡས་པའི་ནམ་མཁའ་ལྟ་བུའི་ཡེ་ཤེས་འབའ་ཞིག་དེ་ལ་སྣང་བའི་ཕྱིར་རོ། །རྡོ་རྗེ་བཟླས་པའི་རིམ་པ་ནི་སའི་ངོ་བོ་ཡིན་ཏེ། རྣམ་པར་རྟོག་པ་རགས་པ་རྣམས་རབ་ཏུ་ཞི་བའི་ཕྱིར་རོ། །ཆུ་རྣམ་པར་དག་པ་ནི་སེམས་རྣམ་པར་དག་པའི་རིམ་པ་ སྟེ། ཡེ་ཤེས་དང་། རྣམ་པར་ཤེས་པ་དང་། རང་བཞིན་རྣམས་འགགས་ནས་སེམས་ཆུའི་རྒྱུན་གྱི་ཚུལ་དུ་འཇུག་པའི་ཕྱིར་རོ། །བདག་བྱིན་གྱིས་བརླབ་པའི་རིམ་པ་ནི་མེ་རྣམ་པར་དག་པའི་རང་བཞིན་ཡིན་ཏེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་མེས་དམིགས་པའི་རྣམ་པར་རྟོག་པ་ བསྲེག་པའི་ཕྱིར་རོ། །རླུང་རྣམ་པར་དག་པ་ནི་མངོན་པར་བྱང་ཆུབ་པའི་རིམ་པ་སྟེ། འོད་གསལ་བ་ལས་འདོད་ཆགས་དང་། འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་བར་མ་ལ་སོགས་པ་རྣམས་རྩྭ་བཞིན་དུ་ཁྱེར་བའི་ཕྱིར་རོ། །ཟུང་དུ་འཇུག་པའི་རིམ་པ་ནི་ནམ་མཁའ་རྣམ་ པར་དག་པའི་ངོ་བོ་ཡིན་ཏེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་ནམ་མཁའི་ངོ་བོ་ཡིན་པའི་ཕྱིར་རོ། །རྡོ་རྗེ་བཟླས་པའི་རིམ་པ་ནི་རིག་པའི་དབང་བསྐུར་བའི་ངོ་བོ་ཡིན་ཏེ། ཀུན་གཞི་ལ་སོགས་པ་རྣམ་པར་ཤེས་པ་ཡོངས་སུ་གྱུར་པས་རྒྱུད་རྣམ་པར་དག་པའི་ཕྱིར་རོ། །སེམས་རྣམ་པར་དག་ པའི་རིམ་པ་ནི་ཕྱིར་མི་ལྡོག་པའི་དབང་བསྐུར་བའི་ངོ་བོ་ཡིན་ཏེ། སེམས་རྣམ་པར་དག་པ་ཐོབ་པ་ན་སླར་མི་ལྡོག་པའི་ཕྱིར་རོ། །བདག་བྱིན་གྱིས་བརླབ་པའི་རིམ་པ་ནི་གསང་བའི་དབང་བསྐུར་བའི་ངོ་བོ་ཡིན་ཏེ། ཡེ་ཤེས་ཀྱི་སྐུ་ཐོབ་པའི་ཕྱིར་རོ། །དུས་དེ་ནས་བརྩམས་དེ་ནི་རྟོག་པ་མེད་། །བྱ་བ་ བྱས་ཤིང་ཚོགས་བསགས་དེ་ལས་ནི། །དེ་ཡི་དབྱིབས་དང་སྐུ་མདོག་ཕྱག་མཚན་ནི། །འདོད་བཞིན་བསམ་མི་ཁྱབ་པའི་སྐུ་བསམ་བྱ། །ཞེས་གང་བཤད་པའོ། །མངོན་པར་བྱང་ཆུབ་པའི་རིམ་པ་ནི་ཤེས་རབ་ཀྱི་དབང་བསྐུར་བའི་ངོ་བོ་ཡིན་ཏེ། དེ་ནི་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་ཤེས་རབ་ཀྱི་ རིམ་པས་ཐོབ་པའི་ཕྱིར་རོ། །ཟུང་དུ་འཇུག་པའི་རིམ་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ངོ་བོ་ཡིན་ཏེ། དེ་ནི་འབྲས་བུར་གྱུར་པ་དང་དུས་ཕྱིས་བྱ་བ་མེད་པ་དང་མི་སློབ་ཉིད་ཡིན་པའི་ཕྱིར་རོ། །རྡོ་རྗེ་བཟླས་པ་ནི་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཡིན་ཏེ། དེས་སྔ་མ་བཞིན་དུ་མེ་ལོང་ལྟ་བུའི་ཡེ་ཤེས་ 37-1-37b ཐོབ་པའི་ཕྱིར་རོ། །སེམས་རྣམ་པར་དག་པའི་རིམ་པ་ནི་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་ཡིན་ཏེ། དེ་ཐོབ་པས་ནི་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རམ་ང་རྒྱལ་གྱི་རྩ་བ་ཅན་གྱི་ཡེ་ཤེས་དང་། རྣམ་པར་ཤེས་པ་དང་རང་བཞིན་གྱི་ཚོགས་འོད་ གསལ་བར་ཐིམ་པའི་ཕྱིར་རོ། །བདག་བྱིན་གྱིས་བརླབ་པའི་རིམ་པ་ནི་སྣང་བ་མཐའ་ཡས་ཀྱི་ངོ་བོ་ཡིན་ཏེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་དངོས་པོ་ཐམས་ཅད་ལ་ཡང་དག་པར་དཔྱོད་པའི་ཕྱིར་རོ། །མངོན་པར་བྱང་ཆུབ་པའི་རིམ་པ་ནི་མི་བསྐྱོད་པའི་ངོ་བོ་ཡིན་ཏེ། དེ་ཁོ་ན་ཉིད་བཞི་པ་དང་ ཆོས་ཀྱི་དབྱིངས་ལ་ཐ་དད་པ་མེད་པའི་ཕྱིར་རོ། །ཟུང་དུ་འཇུག་པའི་རིམ་པ་ནི་དོན་ཡོད་གྲུབ་པའི་ངོ་བོ་ཡིན་ཏེ། སེམས་ཅན་གྱི་ཁམས་མ་ལུས་པ་སྨིན་པ་དང་གྲོལ་བ་ལ་སོགས་པའི་བྱ་བ་མ་ལུས་པ་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །རྡོ་རྗེ་བཟླས་པའི་རིམ་པ་ནི་སྦྱོར་བའི་ལམ་གྱི་ངོ་བོ་ ཡིན་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གྱི་རང་བཞིན་གྱི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་དག་སྔགས་ཀྱི་དོན་ལ་རྣམ་པར་དཔྱོད་པ་ན་དེ་བཞིན་དུ་གྱུར་པར་མཐོང་བའི་ཕྱིར་རོ། །སེམས་རྣམ་པར་དག་པའི་རིམ་པ་ནི་མཐོང་བའི་ལམ་གྱི་ངོ་བོ་ཡིན་ཏེ། སྣང་བ་ལ་ སོགས་པའི་ཡེ་ཤེས་རེ་རེ་ཞིང་རྗེས་སུ་ཤེས་པ་ལ་ཐུག་པའི་བར་སྐད་ཅིག་བཅོ་ལྔར་མཐོང་བའི་ཕྱིར་རོ། །བདག་བྱིན་གྱིས་བརླབ་པའི་རིམ་པ་ནི་བསྒོམ་པའི་ལམ་གྱི་ངོ་བོ་ཡིན་ཏེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་རང་བཞིན་ཅན་གྱི་སྐད་ཅིག་གཅིག་ཏུ་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །མངོན་པར་བྱང་ ཆུབ་པའི་རིམ་པ་ནི་ཁྱད་པར་གྱི་ལམ་གྱི་ངོ་བོ་ཡིན་ཏེ། བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་གྱི་རང་གི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཟུང་དུ་འཇུག་པའི་རིམ་པ་ནི་མི་སློབ་པའི་ལམ་གྱི་ངོ་བོ་ཡིན་ཏེ། ངེས་པར་འབྱེད་པའི་ཤེས་རབ་ཀྱི་རང་གི་ངོ་བོ་ཉིད་ཡིན་པས་དེ་ལས་གོང་ན་བྱ་བ་མེད་པའི་ཕྱིར་དང་ བསླབ་པར་བྱ་བ་མེད་པའི་ཕྱིར་རོ། །རྣམ་པར་ཤེས་པ་ལྔའི་ངོ་བོ་ནི་འདི་ལྟ་སྟེ། སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་རང་བཞིན་ཅན་གྱི་གཟུགས་ལ་སོགས་པ་དག་ནི་དོན་གྱི་རྣམ་པར་ཤེས་པ་སྟེ། དེ་རྣམ་པར་དག་པའི་ངོ་བོ་ནི་རྡོ་རྗེ་བཟླས་པའི་རིམ་པ་ཡིན་ཏེ། དེ་རགས་པའི་རྣམ་པར་རྟོག་པ་བཟློག་པའི་ 37-1-38a ཕྱིར་རོ། །བདག་དང་གཞན་གྱི་རྒྱུད་དུ་གཏོགས་པའི་དབང་པོ་རྣམས་ནི་སེམས་ཅན་ཡིན་ཞིང་དེ་རྣམ་པར་དག་པའི་ངོ་བོ་ནི་སེམས་རྣམ་པར་དག་པའི་རིམ་པ་ཡིན་ཏེ། དབང་པོ་ཐམས་ཅད་ཀྱི་བདག་ཉིད་ཅན་རང་བཞིན་གྱི་ཚོགས་ཟད་པའི་ཕྱིར་རོ། །ཉོན་མོངས་པ་ཅན་གྱི་ ཡིད་ནི་བདག་གི་རྣམ་པར་ཤེས་པ་ཡིན་ཞིང་དེ་རྣམ་པར་དག་པའི་ངོ་བོ་ནི་བདག་བྱིན་གྱིས་བརླབ་པའི་རིམ་པ་སྟེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་བདག་ཏུ་ལྟ་བ་ལ་སོགས་པ་རྣམས་འགོག་པའི་ཕྱིར་རོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་དག་ནི་རྣམ་པར་རིག་པའི་རྣམ་པར་ཤེས་པ་ཡིན་ ཞིང་དེ་རྣམ་པར་དག་པའི་ངོ་བོ་ནི་མངོན་པར་བྱང་ཆུབ་པའི་རིམ་པ་སྟེ། དེ་ནི་འཇུག་པའི་རྣམ་པར་ཤེས་པ་རྣམས་འགོག་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། ། ཀུན་གཞི་རྣམ་པར་ཤེས་པ་ནི་རྐྱེན་གྱི་རྣམ་པར་ཤེས་པ་ཡིན་ཞིང་དེ་རྣམ་པར་དག་པའི་ངོ་བོ་ནི་ཟུང་དུ་འཇུག་པའི་ངོ་བོ་སྟེ་བག་ ཆགས་དང་བཅས་ཤིང་ཉོན་མོངས་པ་དང་བཅས་པའི་ས་བོན་ཐམས་ཅད་འཇོམས་པའི་ཕྱིར་རོ། །འཕགས་པ་བྱམས་པས། དོན་དང་སེམས་ཅན་བདག་རྣམས་རིག །སྣང་བའི་རྣམ་པར་ཤེས་པ་ནི། །རབ་ཏུ་སྐྱེ་བོ་དེ་དོན་མེད། །དེ་མེད་པས་ན་དེ་ཡང་མེད། །དེ་བཞིན་དུ། གཅིག་ནི་རྐྱེན་གྱི་རྣམ་པར་ཤེས། །གཉིས་པ་ཉེ་བར་སྤྱོད་པ་ཅན། །ཉེ་བར་སྤྱོད་དང་ཡོངས་སྤྱོད་དང་། །དེ་ཡི་འཇུག་བྱེད་སེམས་ལས་བྱུང་། །ཞེས་གསུངས་སོ། །དེ་བཞིན་དུ་གཏི་མུག་དང་ཞེ་སྡང་དང་ང་རྒྱལ་དང་འདོད་ཆགས་དང་ཕྲག་དོག་རྣམ་པར་དག་པ་ནི་རིམ་པ་ལྔ་པའོ། །དེ་ལ་གཏི་ མུག་རྣམ་པར་དག་པ་ནི་རྡོ་རྗེ་བཟླས་པ་སྟེ། སྔགས་ལ་མངོན་པར་ཞེན་པ་རྣམས་ཀྱི་གཏི་མུག་རྣམ་པར་སྦྱོང་བའི་ཕྱིར་རོ། །ཞེ་སྡང་རྣམ་པར་དག་པ་ནི་སེམས་རྣམ་པར་དག་པའི་རིམ་པ་སྟེ་ཐམས་ཅད་ཉེ་བར་སྡུད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །ང་རྒྱལ་རྣམ་པར་དག་པའི་རིམ་པ་ནི་བདག་བྱིན་ གྱིས་བརླབ་པའི་རིམ་པ་སྟེ། ཐ་མལ་པའི་ང་རྒྱལ་རྣམ་པར་སྦྱངས་ནས་ཡེ་ཤེས་ཀྱི་སྐུ་ཁྱད་པར་དུ་འཕགས་པའི་ང་རྒྱལ་འཛིན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །འདོད་ཆགས་རྣམ་པར་དག་པ་ནི་མངོན་པར་བྱང་ཆུབ་པའི་རིམ་པ་སྟེ་འདོད་ཆགས་དང་བྲལ་བ་དང་འདོད་ཆགས་བར་མའི་རིམ་གྱིས་དག་ 37-1-38b པར་བྱེད་པ་ནི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཟུང་དུ་འཇུག་པའི་རིམ་པ་ནི་ཕྲག་དོག་རྣམ་པར་དག་པའི་ངོ་བོ་ཡིན་ཏེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་བག་ཆགས་ཐམས་ཅད་ཉེ་བར་འཇོམས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ངག་རྣམ་པར་དག་པ་ནི་རྡོ་རྗེ་བཟླས་པའི་རིམ་པ་ཡིན་ ཏེ། ཡི་གེ་གསུམ་ནི་ངག་གི་རང་བཞིན་ཐམས་ཅད་ཀྱི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །སེམས་རྣམ་པར་དག་པའི་རིམ་པ་ནི་སེམས་ཀྱི་ངོ་བོ་ཡིན་ཏེ། སེམས་དང་སེམས་ལས་བྱུང་བའི་བག་ཆགས་ཐམས་ཅད་འགོག་པར་བྱེད་པ་ཡིན་པའི་ཕྱིར་རོ། །བདག་བྱིན་གྱིས་བརླབ་པའི་རིམ་པ་ནི་ལུས་རྣམ་པར་ དག་པའི་ངོ་བོ་ཡིན་ཏེ། ཡེ་ཤེས་ཀྱི་སྐུས་ཐ་མལ་པའི་ཕུང་པོ་ལ་སོགས་པ་ཐམས་ཅད་འགོག་པའི་ཕྱིར་རོ། །འདི་ནི་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་དག་པའི་ངོ་བོ་མངོན་པར་བྱང་ཆུབ་པའི་རིམ་པ་ནི་དོན་དམ་པའི་བདེན་པ་རྣམ་པར་དག་པའི་ངོ་བོ་ཡིན་ཏེ། དེའི་རང་བཞིན་ཡིན་པའི་ཕྱིར་རོ། །ཟུང་དུ་ འཇུག་པའི་རིམ་པ་ནི་གཉིས་ཀ་རྣམ་པར་དག་པའི་ངོ་བོ་ཡིན་ཏེ། ཀུན་རྫོབ་དང་དོན་དམ་པ་གཉིས་སུ་མེད་པར་བྱེད་པའི་ཕྱིར་རོ། །དེ་ཁོ་ན་བཞིན་དུ་ཉེ་བའི་ཉོན་མོངས་པའི་རྣམ་པར་དག་པའི་ངོ་བོ་ཡང་རྣམ་པར་བཤད་པར་བྱ་སྟེ། དེ་བཞིན་དུ་ཡང་གཏི་མུག་གིས་བསྡུས་པའི་ཉེ་བའི་ཉོན་ མོངས་པ་གང་དག་ཡིན་པ་དེ་རྣམས་ནི་རྡོ་རྗེ་བཟླས་པའོ། །ཞེ་སྡང་གིས་བསྡུས་པ་གང་དག་ཡིན་པ་དེ་རྣམས་ནི་སེམས་རྣམ་པར་དག་པའི་རིམ་པའོ། །ང་རྒྱལ་གྱིས་བསྡུས་པ་གང་དག་ཡིན་པ་དེ་རྣམས་ནི་བདག་བྱིན་གྱིས་བརླབ་པའི་རིམ་པའོ། །འདོད་ཆགས་ཀྱིས་བསྡུས་པ་གང་དག་ཡིན་ པ་དེ་རྣམས་ནི་མངོན་པར་བྱང་ཆུབ་པའི་རིམ་པའོ། །ཕྲག་དོག་གིས་བསྡུས་པ་གང་དག་ཡིན་པ་དེ་རྣམས་ནི་ཟུང་དུ་འཇུག་པའི་རིམ་པའོ། །དེ་ནས་འདིར་འདི་དཔྱད་པར་བྱ་སྟེ། གྲངས་ལ་ལོག་པར་རྟོགས་པ་ཁ་ཅིག་ནི་ཅིའི་ཕྱིར་འདི་རྣམས་རིམ་པ་ལྔ་ཁོ་ན་ཡིན་གྱི་མང་བ་ཡང་མ་ཡིན་ཉུང་བ་ཡང་མ་ཡིན་ ཞེས་ཟེར་ཏེ། དེའི་ཕྱིར་འདིར་བརྗོད་པར་བྱ་སྟེ། འདིར་དང་པོར་བསྐྱེད་པའི་རིམ་པའི་རྣལ་འབྱོར་པས་རིགས་བརྒྱའི་དབྱེ་བས་ལུས་རྣམ་པར་དབེན་པར་བྱེད་པ་ན། ཐ་མལ་པའི་ལུས་ངག་སྦྱངས་ནས་ཁྱད་པར་དུ་འཕགས་པའི་ལྷའི་རྣམ་པ་ཐོབ་པས་བདག་དང་གཞན་གྱི་དོན་བསྒྲུབས་ནས། གང་གི་ཚེ་དེ་ 37-1-39a ཡང་རྣམ་པར་རྟོག་པ་དང་བཅས་པ་ཉིད་ཡིན་པའི་ཕྱིར་སྤང་བར་བྱའོ་སྙམ་དུ་སེམས་པ་དེའི་ཚེ། རྫོགས་པའི་རིམ་པའི་ཏིང་ངེ་འཛིན་གོམས་པར་བྱེད་དེ། དགེ་བའམ་མི་དགེ་བ་ཡང་རུང་། །རྣམ་རྟོག་བྱེ་བྲག་འགའ་ཡང་མེད། །མེ་ནི་སྲེག་པར་བྱེད་པ་ལ། །རྟེན་གྱི་དབྱེ་བས་ བྱེ་བྲག་མེད། །འདི་ནི་ཙནྡན་ལས་བྱུང་ཡང་། །རེག་ན་སྲེག་པར་བྱེད་པ་ཉིད། །རྣམ་པར་རྟོག་པ་ཆུང་ངུ་ཡང་། །ཐམས་ཅད་སྤང་བར་བྱ་བ་ཉིད། །འཁྲུལ་པའི་རང་བཞིན་རྟོགས་པས་ནི། །སེམས་ནི་ཟློག་པར་བྱེད་པ་ཉིད་། །རྣམ་པར་རྟོག་པའི་གདོན་ཆེན་གྱིས། །འཁོར་བའི་རྒྱ་མཚོར་ལྟུང་ བར་བྱེད། །ཅེས་བྱ་བ་ལ་སོགས་པ་གང་བཤད་པའོ། །དེ་ནས་དང་པོར་རྡོ་རྗེ་བཟླས་པའི་རིམ་པས་རྣམ་པ་སྣ་ཚོགས་པའི་ཚིག་རྣམ་པར་དག་པར་བྱེད་དོ། །དེའི་རྗེས་ལ་སེམས་རྣམ་པར་དག་པའི་རིམ་པས་རྣམ་པར་ཤེས་པ་བརྒྱད་པོ་སྡུད་པར་བྱེད་པའི་རང་བཞིན་ཅན་ཡེ་ཤེས་གསུམ་དང་ རང་བཞིན་རྣམས་ཀྱི་ངོ་བོ་སེམས་རྣམ་པར་དག་པར་བྱེད་དོ། །དེ་ནས་གཞན་གྱི་དོན་མེད་པ་དང་། སྔོན་གྱི་སྨོན་ལམ་མངོན་པར་འགྱུར་བ་དང་། སྙིང་རྗེ་ཆེན་པོ་དང་ལྡན་པ་རྣམས་འདི་ལྟ་བུའི་རང་བཞིན་དུ་གནས་པར་མི་རིགས་པ་དང་། དོན་དམ་པའི་བདེན་པ་འབའ་ཞིག་གི་རང་བཞིན་ ཡིན་པ་དང་། རང་གི་ལྟ་བ་ཉམས་པར་འགྱུར་བས་དེའི་ཕྱིར་ཉེས་པ་འདི་རྣམས་བསལ་བའི་ཕྱིར་དང་འགྲོ་བའི་དོན་བྱ་བའི་ཕྱིར། སྐད་ཅིག་གིས་སམ་སྣང་བ་ཉེ་བར་ཐོབ་པ་ལ་སོགས་པའི་རིམ་གྱིས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཡེ་ཤེས་ཀྱི་སྐུ་དཀྱིལ་འཁོར་པས་ཡོངས་སུ་བསྐོར་ བར་འཛིན་པར་བྱེད་དོ། །དེ་ནས་བརྒྱ་ལ་དེ་ཉིད་ལ་མངོན་པར་ཞེན་པ་འབྱུང་བར་འགྱུར་བས། ཉེས་པ་དེ་སྤང་བའི་ཕྱིར་སླར་ཡང་འོད་གསལ་བ་ལ་ཞུགས་ནས་ཀུན་རྫོབ་ཀྱི་བདེན་པ་དག་པར་བྱེད་དོ། །དེ་ནས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་འདྲེས་པའི་རྣམ་པ་ཅན་ཐོག་ མ་དང་ཐ་མ་མེད་པའི་ཆོས་ཀྱི་སྐུའི་རང་བཞིན་ཅན། མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་སྐད་ཅིག་ཙམ་གྱིས་འགྲོ་བ་རྗེས་སུ་འཛིན་པར་མཛད་པའི་རྡོ་རྗེའི་སྐུ་ཐོབ་ནས་བསྐལ་པའམ་བསྐལ་པ་སྟོང་དུ་གནས་པར་འགྱུར་ཏེ། དེ་ནི་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གྱི་རིམ་པའོ། །དེ་ 37-1-39b ལ་ཕ་རོལ་ན་བྱ་བ་བྱེད་པའི་ཕྱིར་རིམ་པ་གཞན་མེད་དེ་དེ་ནི་གྲངས་ལྷག་པ་བསལ་བ་ཡིན་ནོ། །ཉུང་བ་ཉིད་ཀྱང་མ་ཡིན་ཏེ། དེ་ཙམ་ཁོ་ནས་རྣལ་འབྱོར་པས་དངོས་གྲུབ་ཐོབ་པར་འགྱུར་བས་གྲངས་ཉུང་བ་བསལ་བ་ཡིན་ནོ། །དེ་ནས་འདིར་འདི་དཔྱད་པར་བྱ་སྟེ། སེམས་རྣམ་པར་དག་པའི་རིམ་པ་དང་། མངོན་པར་བྱང་ཆུབ་པའི་རིམ་པ་དག་ལ་བྱེ་བྲག་ཅི་ཡོད། འདི་ལྟར་སེམས་རྣམ་པར་དག་པའི་རིམ་པས་ནི་འོད་གསལ་བ་ཐོབ་ཅིང་མངོན་པར་བྱང་ཆུབ་པའི་རིམ་པས་ཀྱང་དེ་ཉིད་ཐོབ་ཅེ་ན། བརྗོད་པར་བྱ་སྟེ་སེམས་རྣམ་པར་དག་པའི་རིམ་པས་སྣང་བ་གསུམ་མཐོང་ནས་འོད་གསལ་བ་ཐོབ་ཏུ་ཟིན་ཀྱང་། འོན་ ཀྱང་ཡེ་ཤེས་ལ་དབང་དུ་གྱུར་པ་ཙམ་ཡིན་པའི་ཕྱིར། རྣལ་འབྱོར་པས་ས་བཅུ་པ་ལ་གནས་པར་འགྱུར་རོ། །མངོན་པར་བྱང་ཆུབ་པའི་རིམ་པས་ནི་མན་ངག་བཞི་པས་མངོན་དུ་བྱས་ནས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཅུ་གཉིས་ཀུན་དུ་འོད་ཀྱི་ས་སྟེ་སངས་རྒྱས་ཀྱི་ས་ཐོབ་པར་འགྱུར་རོ། །ཡང་ན་དམ་ ཚིག་གི་ཕྱག་རྒྱའི་རིམ་གྱིས་དཔེའི་ལྷན་ཅིག་སྐྱེས་པའི་འོད་གསལ་བ་ཐོབ་པའི་མཚན་ཉིད་ནི་སེམས་རྣམ་པར་དག་པའི་རིམ་པའོ། །དེ་ལ་དུས་ཕྱིས་བླ་མའི་མན་ངག་ལས་དཔེ་ལས་བྱུང་བའི་དེ་ཁོ་ན་ཉིད་མངོན་དུ་བྱེད་པའི་མཚན་ཉིད་ནི་མངོན་པར་བྱང་ཆུབ་པའི་རིམ་པ་ཡིན་པས་ཁྱད་པར་ཡོད་པ་ཁོ་ ནའོ། །འོ་ན་བདག་བྱིན་གྱིས་བརླབ་པ་དང་ཟུང་དུ་འཇུག་པའི་རིམ་པ་དག་ལ་ཐ་དད་དུ་དབྱེ་བ་ཅི་ཞིག་ཡོད་དེ། ཡེ་ཤེས་ཀྱི་སྐུར་མཚུངས་པ་དང་འགྲོ་བའི་དོན་གྱི་བྱ་བ་མཚུངས་པའི་ཕྱིར་རོ་ཞེ་ན། བརྗོད་པར་བྱ་སྟེ་བདག་བྱིན་གྱིས་བརླབ་པའི་རིམ་པ་ལ། སྒྱུ་མ་ལ་སོགས་པའི་དཔེ་བཅུ་གཉིས་ལ་བརྟེན་ ནས་ཕྱག་རྒྱ་དང་དཀྱིལ་འཁོར་དང་སྔགས་ལ་སོགས་པ་ཐམས་ཅད་བྱའོ། །འདི་ལྟར་ཇི་སྲིད་དུ་འདི་དེ་རྣམས་ལ་རྟེན་པར་མི་བྱེད་པ་དེ་སྲིད་དུ། དེ་ནི་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་བཞིན་དུ་རྣམ་པར་རྟོག་པ་དང་བཅས་པར་འགྱུར་རོ། །ཟུང་དུ་འཇུག་པའི་རིམ་པ་ལ་གནས་པའི་རྣལ་འབྱོར་པ་ ནི་སྒྱུ་མ་ལ་སོགས་པའི་རྣམ་པའམ་དེ་སྤང་བ་ཡང་རུང་སྟེ། ཀུན་རྫོབ་དང་དོན་དམ་པ་དག་རོ་གཅིག་ཏུ་བྱས་ཏེ་ལྷུན་གྱིས་གྲུབ་པ་ཉིད་དུ་འཇུག་པ་དང་། འཁོར་བ་ཇི་སྲིད་ཀྱི་བར་དུ་སེམས་ཅན་གྱི་དོན་བྱེད་དེ་དེ་ནི་ཁྱད་པར་ཡིན་ནོ། །འདི་ལྟར་ཇི་སྲིད་ཀྱི་བར་དུ་རྣམ་པར་རྟོག་པ་མཚན་མ་ཡོད་པ་དེ་ 37-1-40a སྲིད་ཀྱི་བར་དུ་སློབ་པའི་ས་ཡིན་ཞིང་། རྣམ་པར་རྟོག་པའི་མཚན་མ་ཐམས་ཅད་སྤངས་ནས་རྣམ་པར་མི་རྟོག་པའི་དབྱིངས་མངོན་སུམ་དུ་རྟོགས་པར་བྱེད་དེ། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས། དེ་ལྟར་རྣམ་པར་མི་རྟོག་པའི་དབྱིངས་ལ་གནས་པའི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཟུགས་ཞེས་བྱ་བ་མངོན་དུ་གྱུར་པ་ན་འདི་ལྟར་རྣམ་པར་བརྟག་པར་བྱ་སྟེ། བདག་གི་གཟུགས་ཞེས་སྤྱོད་པ་གང་ཡིན་པ་དེ་ནི་རྣམ་པར་རྟོག་པ་ལ་སྤྱོད་པའོ། །གཞན་དག་གི་གཟུགས་ཞེས་སྤྱོད་པ་ནི་རྣམ་པར་རྟོག་པ་ལ་སྤྱོད་པའོ། །གཟུགས་སྐྱེའོ་འགག་ གོ་ཀུན་ནས་ཉོན་མོངས་སོ་ཞེས་རྣམ་པར་རྟོག་པ་ལ་སྤྱོད་པའོ། །གཟུགས་མེད་དོ་ཞེས་སྤྱོད་པ་ན་རྣམ་པར་རྟོག་པ་ལ་སྤྱོད་དོ། །གཟུགས་ནི་རང་བཞིན་དུ་ཡང་མེད་རྒྱུར་ཡང་མེད་འབྲས་བུར་ཡང་མེད་ལས་སུ་ཡང་མེད། ལྡན་པར་ཡང་མེད་འཇུག་པར་ཡང་མེད་ཅེས་སྤྱོད་ན་རྣམ་པར་རྟོག་པ་ལ་སྤྱོད་དོ་ ཞེས་བྱ་བ་ནས་བརྩམས་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་སྤྱོད་ན་རྣམ་པར་རྟོག་པ་ལ་སྤྱོད་དོ་ཞེས་བྱ་བ་ལ་ཐུག་པའི་བར་གྱི་རྣམ་པར་རྟོག་པའི་མཚན་མ་ཐམས་ཅད་སྤངས་ནས་བྱང་ཆུབ་སེམས་དཔའ་རྣམ་པར་མི་རྟོག་པའི་དབྱིངས་ལ་འཇུག་པར་བྱེད་དོ་ཞེས་གང་བཤད་པའོ། །དེ་ཉིད་ནི་ཟུང་ དུ་འཇུག་པའི་རིམ་པའི་ཏིང་ངེ་འཛིན་ཏོ། །འོ་ན་གང་གི་ཕྱིར་དེ་ཁོ་ན་ཉིད་བཞི་པ་ལ་ཁྱད་པར་མེད་པས་དེ་ལས་མ་གཏོགས་པ་གཞན་མི་དམིགས་པའི་ཕྱིར་མངོན་པར་བྱང་ཆུབ་པ་དང་། ཟུང་དུ་འཇུག་པའི་རིམ་པ་དག་ལ་ཐ་དད་དུ་བྱ་བ་ཅི་ཞིག་ཡོད་ཅེ་ན། བརྗོད་པར་བྱ་སྟེ་མངོན་པར་བྱང་ཆུབ་པའི་ རིམ་པ་ལ་གནས་པའི་རྣལ་འབྱོར་པས་ནི་ཀུན་རྫོབ་ཀྱི་བདེན་པ་སྤང་བའི་དོན་དམ་པའི་བདེན་པ་འབའ་ཞིག་ཐོབ་པར་འགྱུར་ཏེ། འོན་ཀྱང་དེ་ལ་རྩེ་གཅིག་ཏུ་གནས་པའི་འགྲོ་བའི་དོན་བྱེད་པར་ནུས་པ་མ་ཡིན་ནོ། །དེ་བས་ན་བསྒྲུབ་པའི་ཕྱིར་དེ་ལས་ལངས་ཏེ་འགྲོ་བ་ལ་རྨི་ལམ་བཞིན་དུ་བལྟས་ནས་ ཡིད་བཞིན་གྱི་ནོར་བུ་དང་བུམ་པ་བཟང་པོ་ལྟར་མི་འདོད་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཀུན་ཡོངས་སུ་རྫོགས་པར་བྱེད་དེ། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་རྫུ་འཕྲུལ་གྱི་ཆོ་འཕྲུལ་དག་སྟོན་ཏེ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་དེ་བཞིན་གཤེགས་ 37-1-40b པའི་གཟུགས་ཀྱིས་བྱིན་གྱིས་བརླབས་པའི་གཞལ་ཡས་ཁང་གིས་རྣམ་པར་སྤྲས་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྣ་ཚོགས་པ་རྣམས་སྤྲོས་ནས། གངྒཱའི་བྱེ་མ་དང་མཉམ་པའི་འཇིག་རྟེན་གྱི་ཁམས་རྣམས་དེ་བཞིན་གཤེགས་པའི་རང་བཞིན་དུ་སྒྲུབ་པར་བྱེད་དོ། །དེའི་ཕྱིར་ཟུང་ དུ་འཇུག་པའི་རིམ་པ་འདི་ནི་ཐབས་ལ་མཁས་པ་སྣ་ཚོགས་པ་དང་ལྡན་ཞིང་རིམ་པ་ཐམས་ཅད་ཀྱི་འབྲས་བུར་གྱུར་པ་ཡིན་པས་ཁྱད་པར་གསལ་བ་ཡོད་པ་ཁོ་ནའོ། །དེ་ཁོ་ན་ཉིད་ཐོབ་པའི་རྣལ་འབྱོར་པ་གང་གི་ཚེ་ལྡང་བར་བྱེད་པ་དེའི་ཚེ་ཇི་ལྟར་དེ་འབྲས་བུ་ཞེས་བརྗོད་པར་བྱ་བ་མ་ཡིན་ ནམ། འོན་ཏེ་མི་ལྡང་ན་ནི་དེའི་ཚེ་རིམ་པ་གཉིས་ཀྱི་དོན་གཅིག་པ་ཡིན་པས་བྱེ་བྲག་མེད་པའི་ཕྱིར་དེ་དག་ལ་ཁྱད་པར་ཅི་ཡོད་ཅེ་ན་བརྗོད་པར་བྱ་སྟེ། རིམ་པ་བཞི་པ་གཅིག་ཏུ་མཚུངས་པ་ཉིད་ཡིན་པ་ཁོ་ནའོ་ཞེས་བྱ་བ་ནི་བདེན་མོད་ཀྱི་འོན་ཀྱང་རྣལ་འབྱོར་པ་ལྡང་བ་ཞེས་བྱ་བ་དེ་ཁོ་ན་ཉིད་ལ་གནས་ བཞིན་དུ་སེམས་ཅན་གྱི་དོན་བྱེད་པ་སྟེ། ཉན་ཐོས་ཀྱི་བྱང་ཆུབ་པ་བཞིན་དུ་དེ་ཁོ་ན་ཉིད་ལས་ཉམས་པ་ནི་མ་ཡིན་ནོ། །བདག་ཅག་གི་རྣམ་པར་རྟོག་པ་དང་བཅས་པའི་ཕྱིར་རྣལ་འབྱོར་པ་སྤྱོད་པ་བྱེད་དོ་ཞེས་དེ་ལྟར་མཐོང་གི། དེ་ནི་དེ་ཁོ་ན་ཉིད་དེ་ལས་ཉམས་པ་ནི་མེད་དེ། རྟག་ཏུ་མཉམ་པར་གཞག་ པ་ཉིད་ཡིན་པའི་ཕྱིར་རོ། །འདི་ལྟར་གནས་པ་ནི་བཞི་སྟེ། སྟོན་པའི་གནས་པ་དང་། སྤྱོད་ལམ་གྱི་གནས་པ་དང་། ཏིང་ངེ་འཛིན་གྱི་གནས་པ་དང་། ནང་དུ་ཡང་དག་འཇོག་ལ་གནས་པའོ། །སངས་རྒྱས་རྣམས་ཀྱི་སྐུའི་ཕྲིན་ལས་གང་ཡིན་པ་དེ་ནི་སྤྱོད་ལམ་གྱི་གནས་པའོ། །གསུང་གི་ ཕྲིན་ལས་གང་ཡིན་པ་དེ་ནི་སྟོན་པའི་གནས་པའོ། །ཐུགས་ཀྱི་ཕྲིན་ལས་གང་ཡིན་པ་དེ་ནི་ཏིང་ངེ་འཛིན་གྱི་གནས་པའོ། །ལྷ་ལ་སོགས་པ་ཉེ་བར་འགྲོ་བར་བྱ་བའི་ཆེད་ཀྱི་ཐུགས་ཀྱི་ཕྲིན་ལས་གང་ཡིན་པ་དེ་ནི་ནང་དུ་ཡང་དག་འཇོག་ལ་གནས་པ་ཡིན་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ནི་ བཞེངས་པ་དང་བཞུགས་པ་དང་གཟིམས་པ་དང་འཆག་པའི་མཚན་ཉིད་ཀྱི་སྤྱོད་ལམ་ཐམས་ཅད་དུ་མཉམ་པར་གཞག་པ་ཁོ་ན་ཡིན་པ་དེ་བཞིན་དུ་ཟུང་དུ་འཇུག་པའི་རིམ་པ་ཐོབ་པའི་རྣལ་འབྱོར་པ་ཡང་དེ་དང་འདྲ་བ་ཁོ་ན་ཡིན་པས་འགལ་བ་མེད་དོ། །སྔོན་བཟུང་བའི་སྙིང་རྗེ་དང་། སྨོན་ལམ་དག་ 37-1-41a ལས་སེམས་ཅན་གྱི་དོན་བྱ་བའི་ཕྱིར་དེ་རྣམས་ཀྱི་བསྟན་པ་དང་སྨིན་པར་བྱ་བ་ལ་སོགས་པའི་བྱ་བ་གང་ཡིན་པ་དེ་རྫ་མཁན་གྱི་འཁོར་ལོ་བཞིན་དུ་འབད་པ་མེད་པར་འཇུག་སྟེ། རྫ་མཁན་གྱི་ལག་པའི་བྱ་བ་བཤོལ་ཞིང་དེའི་འབྲས་བུ་བུམ་པ་ལ་སོགས་པའི་མཚན་ཉིད་ཐོབ་ ཏུ་ཟིན་ཀྱང་སྔར་འདུས་བྱས་པའི་དབང་གིས་འཁོར་ལོ་འཁོར་བ་ཉིད་དོ། །དེ་བཞིན་དུ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ལ་སོགས་པ་ཟད་ཅིང་དེ་ཁོ་ན་ཉིད་ཐོབ་ཏུ་ཟིན་ཀྱང་སྔོན་གྱི་སྨོན་ལམ་གྱི་མཐུས་སྒྱུ་མས་སྤྲུལ་པའི་སྐྱེས་བུ་བཞིན་དུ་སངས་རྒྱས་ཀྱི་མཛད་པ་རྣམ་པ་སྣ་ཚོགས་པ་མཛད་དེ། ཇི་སྐད་དུ། ཉེས་པ་ཐམས་ཅད་སྐྱེད་བྱེད་འཇིག་ཚོགས་ལྟ་བུའི་བུད་ཤིང་དག་ནི་བསྲེགས་གྱུར་ཅིག །བདག་གཞན་བྱེ་བྲག་ཡུལ་རྣམས་དྲུངས་ཕྱུང་གང་ཡིན་དེ་ལ་ཉེས་པ་འབྱུང་བ་མིན། །ཉེས་པ་མེད་ཀྱང་བློ་བཟང་སྒྱུ་མའི་མི་ནི་རིག་སྔགས་ལྟ་བུའི་སྙིང་རྗེ་དང་། །སྔོན་གྱི་སྨོན་ལམ་ དབང་གིས་འཁོར་ལོའི་རྣམ་པ་བཞིན་དུ་ལས་ལ་སྐུལ་བར་བྱེད། །ཅེས་བཤད་པའོ། །དེ་ནས་འདིར་འདི་དཔྱད་པར་བྱ་སྟེ། རིམ་པ་ལྔ་པ་བསྒོམ་པ་འདིར་ནི་རྣལ་འབྱོར་པ་ལྔའི་དབང་དུ་བྱས་སམ། འོན་ཏེ་གཅིག་གི་ཡིན། འདི་ལྟར་རིམ་པ་རེ་རེ་ཞིང་འོད་གསལ་བའི་འབྲས་བུ་བཤད་ པས་དོན་བྱས་ཟིན་པ་ཡིན་པའི་ཕྱིར་རྣལ་འབྱོར་པ་ལྔ་ཡིན་པའི་དགོས་པ་ཡོད་པ་ཁོ་ནའོ། །འོན་ཏེ་གཅིག་ཡིན་ན་དེའི་ཚེ་རིམ་པ་གཅིག་གིས་དེ་ཁོ་ན་ཉིད་ཐོབ་པའི་ཕྱིར་རིམ་པ་གཞན་གྱི་དགོས་པ་ཅི་ཡོད་ཅེ་ན། འདིར་ནི་རྣལ་འབྱོར་པ་གཅིག་ཁོ་ནའི་དབང་དུ་བྱས་པའོ་ཞེས་བརྗོད་པར་བྱ་སྟེ། འདི་ ལྟར་ངག་དང་སེམས་དང་ལུས་དང་ཀུན་རྫོབ་དང་དོན་དམ་པ་དག་པར་བྱེད་པའམ་རྡོ་རྗེ་བཟླས་པ་ལ་སོགས་པའི་རིམ་པ་ལྔ་པའི་གནས་སྐབས་ན་ཤིན་ཏུ་རྫོགས་པར་འགྱུར་གྱི་གཅིག་ལ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རིམ་པ་ཞེས་བྱ་བའི་སྒྲ་ནི་དོན་དང་བཅས་པ་ཡིན་ཏེ། རིམ་པ་ཕྱི་མ་ཕྱི་མས་ཁྱད་ པར་དུ་འཕགས་པའི་གོ་འཕང་ཐོབ་པའི་ཕྱིར་རོ། །གཞན་དུ་ན་ལྕགས་ཀྱི་དབྱིག་པ་ལྟ་བུ་ནི་རྡོ་རྗེ་བཟླས་པའི་རིམ་པའམ་གཞན་ཡང་རུང་གཅིག་པུ་ལ་རིམ་པ་ཉིད་ཇི་ལྟར་རུང་བར་འགྱུར། འོན་ཏེ་རང་གི་རིགས་ལ་ལྟོས་ནས་དེའི་རིག་པ་ཉིད་བརྗོད་པ་ཡིན་ནི། དེའི་ཚེ་རིམ་པ་མ་ཡིན་ལ་དབྱེ་བ་ 37-1-41b བརྗོད་པར་བྱ་སྟེ། ཇི་སྐད་དུ་རྡོ་རྗེ་བཟླས་པ་སྐུའི་བཟླས་པ་ལ་སོགས་པའི་དབྱེ་བས་རྣམ་པ་བཅུ་གཅིག་ཡིན་པ་དེ་བཞིན་དུ་གཞན་རྣམས་ཀྱང་ཞེས་བྱ་བ་ལ་སོགས་པ་སྔར་བཤད་པ་བཞིན་ནོ། །དེའི་ཕྱིར་རྣལ་འབྱོར་པ་གཅིག་ཁོ་ན་རིམ་གྱིས་རིམ་གྱིས་གོམས་པར་བྱེད་པས་ན་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ ཐོབ་པ་མངོན་དུ་བྱེད་པར་འགྱུར་ཏེ། རྩ་བའི་རྒྱུད་ལེའུ་བཅོ་བརྒྱད་པའི་བརྗོད་པར་བྱ་བའི་བསྒོམ་པ་ལྷུར་ལེན་པའི་སྒྲུབ་པ་པོའི་གཅིག་ཡིན་པ་བཞིན་ནོ། །དེ་ལ་ནི་ལེའུ་སོ་སོ་ལ་སྒོམ་པར་བྱེད་པ་ཡོད་པ་མ་ཡིན་ཏེ། གཅིག་ཁོ་ནའི་དབང་དུ་བྱས་པའི་ཕྱིར་རོ། །སེམས་ཅན་གྱི་ཁམས་ནི་རྒྱུད་སྣ་ ཚོགས་པའི་ཕྱིར་ཙནྡན་ལྟ་བུ་ལ་སོགས་པའི་དབྱེ་བས་གང་ཟག་གི་དབྱེ་བ་ནི་རིགས་ཤིང་དེའི་དབྱེ་བས་བཤད་པའི་དབྱེ་བ་ནི་རིགས་ཏེ། རིམ་པས་ཐོབ་པར་བྱ་བའི་དེ་ཁོ་ན་ཉིད་ཀྱི་དབྱེ་བ་ནི་རུང་བ་མ་ཡིན་ནོ། །ཡང་རིམ་པ་རེ་རེ་ཞིང་འོད་གསལ་བའི་དེ་ཁོ་ན་ཉིད་བསྟན་ཏོ་ཞེས་གང་སྨྲ་བ་དེ་ནི་དེ་ཁོ་ན་ ཉིད་ཀྱི་ཁྱད་པར་བྱེད་པ་ཉིད་བསྟན་པར་བྱ་བའི་དོན་དུ་ཡིན་གྱི། མངོན་དུ་བྱ་བ་ནི་ཟུང་དུ་འཇུག་པའི་རིམ་པ་ཁོ་ན་ཡིན་པས་ཉེས་པ་མེད་དོ། །དེ་རྫོགས་ནས་ད་ནི་རབ་ཏུ་བྱེད་པ་རྩོམ་པའི་རྗོད་པར་བྱེད་པ་ལ་སོགས་པ་རྣམས་བརྗོད་པར་བྱ་སྟེ། འདི་ལྟར། བསྟན་བཅོས་དག་ནི་ཐམས་ཅད་དམ། ། བྱ་བ་ཅུང་ཟད་འགའ་ཞིག་ལ། །རྗོད་བྱེད་མེད་ན་འཇིག་རྟེན་དག །དམུས་ལོང་ལྐུགས་པ་བཞིན་དུ་འགྱུར། །ཞེས་གང་བཤད་པའོ། །བརྗོད་པར་བྱ་བ་མེད་པའི་བསྟན་བཅོས་ནི་བྱ་རོག་གི་སྒྲ་ལ་སོགས་པ་བཞིན་དུ་དོན་མེད་པར་འགྱུར་ཏེ། འབྲེལ་པ་དང་ནི་རྗེས་མཐུན་ཐབས། །སྐྱེས་ བུའི་དོན་ནི་སྒྲུབ་བྱེད་པ། །ཡོངས་བརྟགས་དབང་དུ་བྱས་པའི་ཚིག །དེ་ལས་གཞན་པ་དབང་བྱས་མིན། །ཞེས་ཀྱང་བཤད་དོ། །འབྲེལ་པ་མེད་པའི་ཚིག་དག་ནི་སེའུ་བཅུ་ཞེས་བྱ་བ་ལ་སོགས་པའི་ཚིག་བཞིན་དུ་དོན་མེད་པར་འགྱུར་ཏེ། འབྲེལ་པ་བརྗོད་པར་བྱ་སྟེ། །གང་ཕྱིར་འབྲེལ་ པ་བསྙད་པ་ལས། །ཉན་པ་པོ་ནི་འཇུག་པར་འགྲུབ། །དེ་ཕྱིར་བསྟན་བཅོས་ཐམས་ཅད་ཀྱི། །ཐོག་མར་འབྲེལ་པ་བརྗོད་པར་བྱ། །ཞེས་ཀྱང་བཤད་དོ། །དེ་བཞིན་དུ་དགོས་པ་མེད་པའི་བསྟན་བཅོས་ནི་བྱ་རོག་གི་སོ་བརྟག་པ་དང་འདྲ་བར་བླང་བར་བྱ་བ་མ་ཡིན་པར་འགྱུར་ཏེ། བསྟན་བཅོས་དག་ 37-1-42a ནི་ཐམས་ཅད་དམ། །ལས་ནི་ཅུང་ཟད་འགའ་ཞིག་གི། །ཇི་སྲིད་དགོས་པ་མ་བརྗོད་པ། །དེ་སྲིད་སུ་ཞིག་ལེན་པར་འགྱུར། །ཞེས་ཀྱང་བཤད་དོ། །གཞན་གྱི་དོན་བསྒྲུབ་པའི་དོན་དུ་དགོས་པའི་དགོས་པ་གདོན་མི་ཟ་བར་བརྗོད་པར་བྱའོ། །འདི་ལྟར་ཚད་མ་ནི་རྣམ་པ་གཉིས་ ཏེ་འཇུག་པར་བྱེད་པར་སྣང་བ་དང་། དོན་བྱེད་པར་སྣང་བའོ། །དེ་ལ་འཇུག་པར་བྱེད་པར་སྣང་བ་ནི་རྣམ་པར་རྟོག་པ་མེད་པ་སྟེ། མིག་ལ་སོགས་པའི་དབང་པོ་ལ་སྔོན་པོ་ལ་སོགས་པར་སྣང་ངོ་། །དེ་ལས་དུས་ཕྱིས་ངེས་པའི་ཤེས་པ་འབྱུང་ཞིང་དེ་ལས་དྲན་པ་དྲན་པ་ལས་མངོན་པར་འདོད་པ་དེ་ ལས་ཐ་སྙད་དེ་ལས་དོན་ཐོབ་པ་ན་བསྲེག་པ་དང་འཚེད་པ་ལ་སོགས་པའི་བྱ་བའི་བདག་ཉིད་ཅན་གྱི་དངོས་པོ་དངོས་སུ་དོན་ཡོད་པར་འགྱུར་ཏེ། དེ་ནི་དོན་བྱེད་པར་སྣང་བའི་ཚདམའོ། །དེ་ཁོ་ན་བཞིན་དུ་རབ་ཏུ་བྱེད་པའི་ཐོས་པ་དང་། བསམ་པ་དང་། བསྒོམ་པའི་རིམ་གྱིས་རྣམ་པར་དཔྱད་པས་ རང་གི་དོན་བྱས་ཏེ། འཇུག་པར་བྱེད་པ་སྣང་བའི་དགོས་པ་ཐོབ་པར་འགྱུར་རོ། །དེ་ནས་གཞན་དག་ཀྱང་རྗེས་སུ་གཟུང་བར་བྱ་བ་ཡིན་པས་དོན་བྱེད་པར་སྣང་བའི་དགོས་པའི་དགོས་པ་ཐོབ་བོ། །མེ་དང་ཕྲད་པ་ན་གྲང་བ་སེལ་བ་བཞིན་དུ་དོན་བྱེད་པར་སྣང་བ་རང་གི་དོན་ཁོ་ན་ཅིའི་ཕྱིར་མི་འགྱུར་བ་ཡིན་ནམ་ ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། དེ་རྣམས་ཀྱི་གཞན་གྱི་དོན་གཙོ་བོར་བསྒྲུབ་པ་ཡིན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ནི་རང་གི་དོན་བྱེད་ཅེས་བྱ་བ་གཙོ་བོ་ཉིད་དུ་མི་འདོད་དོ། །རང་གི་དོན་ནི་ཡན་ལག་ཙམ་ཡིན་པས་སེམས་ཅན་གཅིག་ཙམ་གྱི་ཆེད་དུ་ཡང་བྱང་ཆུབ་སེམས་དཔའ་ རྣམས་ནི་བསྐལ་པར་ཡང་དམྱལ་བའི་སྡུག་བསྔལ་མྱང་བར་བྱེད་དེ། གལ་ཏེ་བསྐལ་པ་དཔག་ཏུ་མེད་པ་རུ། །དམྱལ་བའི་སྡུག་བསྔལ་མྱོང་བར་འགྱུར་བ་ཡིས། །སེམས་ཅན་གཅིག་ཙམ་ཡོངས་སུ་སྨིན་བགྱིད་ཀྱང་། །འོན་ཀྱང་སྐྱོ་བ་དག་ནི་མེད་པར་ཤོག །ཅེས་གང་གསུངས་པའོ། ། རིམ་པ་ལྔ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་འདི་ནི་རྗོད་པར་བྱེད་པ་ཡིན་ནོ། །བརྗོད་པར་བྱ་བ་ནི་རྡོ་རྗེ་བཟླས་པ་ལ་སོགས་པ་བསྒོམ་པའི་རིམ་པ་རྣམས་ཡིན་ནོ། །འབྲེལ་པ་ནི་རྗོད་པ་དང་། བརྗོད་པར་བྱ་བའི་མཚན་ཉིད་དམ། །ཚིག་དང་དོན་གྱི་མཚན་ཉིད་དམ། །ཐབས་དང་ཐབས་ལས་བྱུང་བའི་ 37-1-42b མཚན་ཉིད་དམ། །རྒྱུ་དང་འབྲས་བུའི་དངོས་པོའི་མཚན་ཉིད་ཡིན་ནོ། །འབྲེལ་པ་དེ་ཡང་རྣམ་པ་དྲུག་ཏུ་འགྱུར་ཏེ། དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ལྷ་དང་། ལྷ་མ་ཡིན་དང་། མིའོ། །དེ་ལ་རླབས་མེད་པའི་རྒྱ་མཚོ་ཆེན་པོ་ལྟ་བུ་རྣམ་པར་རྟོག་པའི་ དྲི་མ་ཐམས་ཅད་སྤངས་པའི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཉ་མི་འགུལ་བའི་མཚོ་ལྟར་མི་གཡོ་བའི་འོད་གསལ་བའི་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་ཞུགས་པར་གྱུར་ཏེ། སྔོན་གྱི་སྨོན་ལམ་དང་ཐུགས་རྗེ་ཆེན་པོ་དག་གིས་བསྐུལ་བར་གྱུར་པ་དེས་འོད་གསལ་བ་ལས་སྐད་ཅིག་གིས་ རང་བདག་ཉིད་འཇའ་ཚོན་བཞིན་སྤྲོས་སོ། །དེ་ནས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རིགས་ཅན་གྱི་སེམས་ཅན་རྣམས་སྦྱང་བའི་ཕྱིར་དེའི་ཆོས་དང་མཚུངས་པའི་ཆོས་ཅན་གྱི་དེ་བཞིན་གཤིགས་པ་ལྔ་པོ་རྣམ་པར་སྤྲོས་ནས། དེ་རྣམས་ཀྱི་དབུས་སུ་དཀྱིལ་འཁོར་གྱི་གཙོ་བོ་ཉིད་ཀྱི་ཚུལ་ དུ་བཞུགས་ཏེ། མ་འོངས་པའི་སེམས་ཅན་རྣམས་རྗེས་སུ་གཟུང་བའི་ཕྱིར་དེ་ཁོ་ན་ཉིད་གསུངས་པ་དེ་ནི་དེ་བཞིན་གཤེགས་པའི་འབྲེལ་པའོ། །དེའི་རྗེས་ལ་འདོད་ཆགས་ཀྱི་རིགས་ཀྱི་སེམས་ཅན་འབའ་ཞིག་རྗེས་སུ་གཟུང་བའི་དོན་དུ་ལྷ་མོ་བཞི་རྣམས་སྤྲོས་ཏེ། ཆོས་ཀྱི་དབྱིང་ཞུས་པ་ལ་ སོགས་པར་དེ་ཁོ་ན་ཉིད་གསུངས་པ་གང་ཡིན་པ་དེ་ནི་ལྷ་མོའི་འབྲེལ་པའོ། །དེའི་རྗེས་ལ་བྱང་ཆུབ་སེམས་དཔའ་རྣམས་སྤྲོས་ཏེ། དེ་ཁོ་ན་ཉིད་གསུངས་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་འབྲེལ་པའོ། །བརྒྱ་བྱིན་གྱིས་ཞུས་པ་ལ་སོགས་པར་གསུངས་པ་ནི་ལྷའི་འབྲེལ་པའོ། །ལྷ་ དང་ཀླུ་དང་དྲང་སྲོང་གི་གཙོ་བོར་བྱས་ནས་གསུངས་པ་ནི་ལྷ་དང་ལྷ་མ་ཡིན་པའོ། །གསལ་རྒྱལ་ལ་སོགས་པ་རྣམས་ལ་ཆོས་སྟོན་པ་ནི་མིའི་འོ། །དེ་བཞིན་དུ་ཁ་ཅིག་ནི་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་གསུངས་ཤིང་། དེ་རྣམས་ཀྱིས་ཀྱང་ལྷ་མོ་རྣམས་ ལ་ཞེས་བྱ་བ་ལ་སོགས་པ་བརྒྱུད་པ་ཡིན་ཞེས་ཟེར་རོ། །འདིར་ནི་དེ་བཞིན་གཤེགས་པའི་འབྲེལ་པ་ཡིན་ཏེ། དཔལ་གསང་བ་འདུས་པའི་རྒྱུད་ཀྱི་ཞུ་བ་པོ་ནི་དེ་བཞིན་གཤེགས་པ་རྣམས་ཡིན་པའི་ཕྱིར་ལ། དེ་ལས་བཏུས་པའི་རབ་ཏུ་བྱེད་པ་ཡང་དེའི་རང་བཞིན་ཡིན་པའི་ཕྱིར་སྒྲ་དང་དོན་དག་ 37-1-43a ལས་དངོས་སུ་འབྲེལ་པ་མེད་དུ་ཟིན་ཀྱང་། འོན་ཀྱང་རྣམ་པར་རྟོག་པ་ཅན་གྱི་རྣམ་པར་ཤེས་པས་བྱས་པ་ནི་ཡོད་པ་ཁོ་ནའོ་ཞེས་ཐམས་ཅད་དུ་མཁས་པ་རྣམས་ཀྱིས་དཔྱད་ཟིན་ཏོ། །དེ་བཞིན་དུ་འདིར་ཡང་། བེམས་པོ་བེམས་མིན་རྟེན་སྒོ་ནས། །འབྲེལ་པ་རྣམ་པ་གཉིས་སུ་ འདོད། །སྒྲ་དང་དོན་འབྲེལ་བེམས་པོ་སྟེ། །ཉན་དང་འཆད་པ་དེ་ལས་གཞན། །བརྒྱུད་པའི་རིམ་པ་འོང་བ་ལས། །དེ་བཞིན་གཤེགས་སོགས་དབྱེ་བ་ཡིས། །གཉིས་པ་རྣམ་པ་དྲུག་ཡིན་པར། །བློ་དང་ལྡན་པ་རྣམས་ཀྱིས་བཤད། །ཅེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པ་དག་ གོ། །དགོས་པ་ནི་རིམ་པ་ལྔ་ཐོབ་པ་ཉིད་དང་། བསམ་པ་ཉིད་དང་། བསྒོམ་པ་ཉིད་བྱས་ལ་རྡོ་རྗེ་བཟླས་པ་ལ་སོགས་པའི་རིམ་པས་བདག་ཉིད་དཔལ་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་བྱ་བ་ནི་གང་ཡིན་པའོ། །དགོས་པའི་དགོས་པ་ནི་སེམས་ཅན་གྱི་ཁམས་ཐམས་ཅད་རིམ་པ་དེ་རྣམས་བསྟན་ པའི་སྒོ་ནས་སམ། འོད་ཟེར་སྤྲོ་བའི་རྣལ་འབྱོར་གྱིས་རྡོ་རྗེ་འཆང་ཆེན་པོའི་བྱེད་པ་སྟེ། དེས་ནི་རྗོད་པར་བྱེད་པ་ལ་སོགས་པ་ལྔ་པོ་བཤད་པ་ཡིན་ནོ། །ཁ་ཅིག་ནི་བསྟན་བཅོས་ཀྱི་ཐོག་མར་བརྗོད་པར་བྱ་བ་དང་། དགོས་པ་དང་གཉིས་ཁོ་ན་རྗོད་པར་བྱེད་དེ། དེ་བཞིན་དུ་ཡང་རེ་ཞིག་རྗོད་པར་ བྱེད་པ་ཞེས་བྱ་བ་ནི་ལོགས་ཤིག་ཏུ་བརྗོད་པར་བྱ་བ་མ་ཡིན་ཏེ། སྒྲ་མེད་ན་བསྟན་བཅོས་ཉིད་ཀྱང་མེད་པར་འགྱུར་རོ། །བརྗོད་པར་བྱ་བ་ཡང་འབྲེལ་པ་དང་རྗེས་སུ་མཐུན་པའི་ཐབས་དང་ལྡན་པ་ཁོ་ན་བརྗོད་པར་བྱའོ། །སྒྲའི་དགོས་པ་ནི་བརྗོད་པར་བྱ་བ་སྟོན་པ་ཁོ་ན་ཡིན་ཏེ། གཞན་དུ་ན་དེ་ཉིད་མ་ ཡིན་པར་འགྱུར་རོ། །དགོས་པའི་དགོས་པ་ནི་སྔ་མ་བཞིན་ནོ། །སྒྲ་དང་དོན་དག་གི་འབྲེལ་པ་ནི་མ་བརྗོད་ཀྱང་དོན་གྱིས་གོ་བར་ཤེས་པར་བྱའོ། །དེ་ཇི་ལྟར་ཤེས་པར་འགྱུར་བ་མ་ཡིན་ནམ། འདི་ལྟར་ཚིག་ཚད་མ་ཡིན་པ་ལས་ཇི་ལྟར་འབྲེལ་པ་ལ་སོགས་པ་ངེས་པ་ཡིན། ངེས་པ་མེད་པ་ ལ་བློ་སྔོན་དུ་འགྲོ་བ་འཇུག་པར་རིགས་པ་ཡང་མ་ཡིན་ཏེ་ཧ་ཅང་ཐལ་བར་འགྱུར་རོ་ཞེ་ན། བདེན་ཏེ་རེ་ཞིག་ཚིག་ལ་ཐེ་ཚོམ་སྐྱེའོ། །ཐེ་ཚོམ་ཡང་རྣམ་པ་གསུམ་སྟེ། དོན་གྱི་ཐེ་ཚོམ་དང་། དོན་མ་ཡིན་པའི་ཐེ་ཚོམ་དང་། དོན་དང་དོན་མ་ཡིན་པའི་ཐེ་ཚོམ་མོ། །དེ་ལ་དོན་གྱི་ཐེ་ཚོམ་ནི་དཔེར་ན་ས་ 37-1-43b འོག་ན་ཡོད་པའི་གཏེར་རྐོ་བ་ལྟ་བུའོ། །དོན་མ་ཡིན་པའི་ཐེ་ཚོམ་ནི་ཆུ་ཀླུང་དྲག་པོ་ལ་ལག་པས་རྒལ་བའོ། །དོན་དང་དོན་མ་ཡིན་པའི་ཇེ་ཚོམ་ནི་དཔེར་ན་རོ་ལངས་བསྒྲུབས་པ་ལྟ་བུའོ། །དེ་ལ་དོན་ལ་ཐེ་ཚོམ་ཟ་བ་ནི་འཇུག་པའི་ཡན་ལག་ཡིན་ནོ། །དོན་མ་ཡིན་པ་ལ་ཐེ་ཚོམ་ཟ་བ་ནི་ལྡོག་པའི་ ཡན་ལག་ཡིན་ནོ། །དོན་དང་དོན་མ་ཡིན་པ་ལ་ཐེ་ཚོམ་ཟ་བ་ཡང་ལྡོག་པའི་ཡན་ལག་ཡིན་པས་དེའི་ཕྱིར་ཐེ་ཚོམ་ལ་འཇུག་པར་རིགས་པ་མ་ཡིན་ཞིང་། དེ་ལ་དུས་ཕྱིས་ཞུགས་པར་གྱུར་པ་ན་ཐར་པའི་ལམ་བསྒྲུབས་ནས་དེ་ཁོ་ན་ཉིད་མངོན་སུམ་དུ་བྱེད་པས་ཉེས་པ་ཅུང་ཟད་ཀྱང་མེད་དོ། །ད་ནི་གང་ ཟག་དཔྱད་པར་བྱ་སྟེ། རབ་ཏུ་བྱེད་པ་འདི་ལ་དབང་བྱེད་པའི་གང་ཟག་དུ་ཞེ་ན། ལྔ་སྟེ། ལྔ་པོ་དེ་ཡང་གང་ཞེ་ན། བརྗོད་པར་བྱ་སྟེ། རིན་པོ་ཆེ་ལྟ་བུ་དང་། ཙནྡན་ལྟ་བུ་དང་། པདྨ་ལྟ་བུ་དང་། ཨུཏྤལ་ལྟ་བུ་དང་། པདྨ་དཀར་པོ་ལྟ་བུ་རྣམས་སོ། །དེ་ལ་རྨོངས་པའི་རིགས་ཅན་ནི། །ཙནྡན་ལྟ་བུའོ། ། དབང་པོ་རྟུལ་པོ་ནི་ཨུཏྤལ་ལྟ་བུའོ། །དབང་པོ་འབྲིང་པོ་ནི་པདྨ་དཀར་པོ་ལྟ་བུའོ། །དབང་པོ་རྣོན་པོ་ནི་པདྨ་ལྟ་བུའོ། །དབང་པོ་རྣོན་པའི་ཡང་རྣོན་པོ་ནི་རིན་པོ་ཆེ་ལྟ་བུའོ། །དེའི་ཕྱིར་གང་ཟག་བཞི་ནི་ཚོགས་ཀྱི་བཤད་པའི་སྣོད་ཡིན་ཞིང་། གཅིག་ནི་སློབ་མ་ལ་བཤད་པའི་སྣོད་ཡིན་ནོ། །ཁ་ཅིག་ནི་ ཉན་པ་པོ་རྣམ་པ་བཞི་ཡོད་དེ། འདི་ལྟ་སྟེ། མི་ཤེས་པ་དང་། ཐེ་ཚོམ་ཟ་བ་དང་། ལོག་པར་རྟོགས་པ་དང་། ངེས་པའི་བློ་ཅན་དག་གོ་ཞེས་ཟེར་རོ། །མི་ཤེས་པ་ནི་རྣམ་པ་གཉིས་ཏེ། རྡོ་བ་ལྟ་བུའི་བློ་ཅན་དང་། ཤེས་པར་འདོད་པའོ། །དེ་ལ་རྡོ་བ་ལྟ་བུའི་བློ་ཅན་ནི་དོན་དུ་མི་གཉེར་བ་སྟེ་ ཡིད་ཆེས་པར་མི་འདོད་པས་ནི་དོར་བར་བྱ་བ་ཡིན་ནོ། །ཤེས་པར་འདོད་པའི་མི་ཤེས་པ་ནི་ཕ་རོལ་པོས་ཉེ་བར་བསྟན་པ་ལ་ཉན་པ་གང་ཡིན་པ་སྟེ་དེ་ནི་བླང་བར་བྱ་བ་ཁོ་ན་ཡིན་ནོ། །དེའི་རྨོངས་པའི་དངོས་པོ་ནི་བསྟན་བཅོས་ཀྱི་རིམ་གྱིས་ལྡོག་པར་འགྱུར་རོ། །ཐེ་ཚོམ་ཟ་བ་རྣམ་པ་གཉིས་ཏེ། དོན་དུ་ གཉེར་བ་དང་དོན་དུ་མི་གཉེར་བ་འོ། དེ་ལ་དོན་དུ་མི་གཉེར་བའི་ཐེ་ཚོམ་ཟ་བའི་བདག་ཉིད་ཅན་ནི་ཐབས་གང་གིས་ཀྱང་གཟུང་བར་ནུས་པ་མ་ཡིན་པས་དེ་ནི་དོར་བར་བྱ་བ་ཁོ་ན་ཡིན་ནོ། །དོན་དུ་གཉེར་བའི་ཐེ་ཚོམ་ཟ་བ་ནི་ཚད་མ་ཉེ་བར་དགོད་པ་སྔོན་དུ་སོང་བས་ཐེ་ཚོམ་བཟློག་སྟེ། ཡང་དག་པའི་ཚད་མ་དང་ 37-1-44a ལྡན་པའི་བསྟན་བཅོས་ལ་རྣམ་པར་དགོད་པར་བྱའོ། །ལོག་པར་རྟོགས་པ་ནི་ཕྱིན་ཅི་ལོག་གི་ལྟ་བ་ཅན་ཡིན་ལ། དེ་ཡང་རྣམ་པ་གསུམ་སྟེ། མི་ཤེས་པ་དང་། ཤེས་པར་འདོད་པ་དང་། ཤེས་པའོ། །དེ་ལ་མི་ཤེས་པའི་བློའི་བྱེ་བྲག་མ་སྐྱེས་པའི་རྨོངས་པ་ཡིན་ལ། རིགས་ པ་དང་ལུང་དག་གིས་ཡིད་ཆེས་པར་མི་འདོད་པ་དེ་ནི་རྡོ་བ་ལྟ་བུ་ལས་བྱེ་བྲག་མེད་པས་དོར་བར་བྱ་བ་ཡིན་ཏེ། ལས་ལ་ཆགས་པའི་མི་ཤེས་པའི། །བློ་ཡི་བྱེ་བྲག་བསྐྱེད་བྱ་མིན། །ཞེས་གང་བཤད་པའོ། །ཤེས་པར་འདོད་པ་ནི་རྣམ་པ་གཉིས་ཏེ། ཐེ་ཚོམ་ཟ་བ་དང་། དེ་ཁོ་ན་ཉིད་དོན་དུ་གཉེར་བའོ། ། དེ་ལ་ཐེ་ཚོམ་ཟ་བ་གལ་ཏེ་ཡིད་ཆེས་པར་མི་བྱེད་ན། དེ་ལྟ་ན་དོར་བར་བྱ་བ་ཡིན་ཏེ། ཐེ་ཚོམ་བདག་ཉིད་ཉམས་པར་འགྱུར། །ཞེས་གང་བཤད་པའོ། །དེ་ཁོ་ན་ཉིད་འདོད་པ་ཡང་རྣམ་པ་གཉིས་ཏེ། ཚད་མ་དང་མི་ལྡན་པ་དང་ཚད་མ་དང་ལྡན་པའོ། །དེ་ལ་ཚད་མ་དང་མི་ལྡན་པ་གང་ཞེ་ན། གང་ཞིག་རིགས་པ་ལ་མི་ལྟོས་པར་གཞན་གྱིས་ཉེ་བར་བསྟན་པ་ཙམ་ལས་དེ་ཁོ་ན་ཉིད་ཁས་ལེན་པ་སྟེ། འོན་ཀྱང་ཡོད་པར་སྨྲ་བ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་དེ་ནི་བརྩད་པའི་གནས་མ་ཡིན་ཞིང་། འདི་ལྟར་དེའི་ཐེ་ཚོམ་ནི་མྱུར་དུ་བསལ་བར་ནུས་སོ། །གལ་ཏེ་ཚད་མ་དང་ལྡན་པ་ཡིན་ ན་དེ་ནི་གསུམ་པ་ཤེས་པ་ཞེས་བྱ་བར་བགྲང་ངོ་། །རེ་ཞིག་དེ་ནི་འཇིག་རྟེན་རྒྱང་པན་པ་དང་། ཞི་བ་པ་དང་། གྲངས་ཅན་པ་དང་། རིགས་པ་པ་དང་། བྱེ་བྲག་པ་དང་། མཆོད་འོས་པ་དང་། དཔྱོད་པ་པ་ལ་སོགས་པ་རྣམས་ལས་གང་ཡང་རུང་བ་ཞིག་ཡིན་ནོ། །དེ་ལས་འཇིག་རྟེན་རྒྱང་པན་ པ་ཚད་མ་དང་ལྡན་པ་ཉིད་ཀྱིས་མེད་པར་སྨྲ་བ་ཁོ་ན་ཡིན་ཏེ། གང་ལ་མངོན་སུམ་ལས་མ་གཏོགས་པར་ཚད་མ་གཞན་མེད་པ་དེ་ནི་སུན་དབྱུང་བར་བྱ་བའི་གནས་སུ་གྱུར་པ་ཡིན་ནོ། །འདི་ལྟར་རྗེས་སུ་དཔག་པ་ལ་སོགས་པའི་ཚད་མ་མི་འདོད་ཅིང་འཇིག་རྟེན་ཕ་རོལ་མེད་པར་སེམས་པ་ཐར་ པ་ལས་ཕྱིར་ཕྱོགས་པའི་རང་གི་ངེས་པའི་རྗེས་སུ་འབྲང་བ་ན་འདི་སྐད་དུ། རུས་པ་ཐལ་བ་བཞིན་སོང་ནས། །སླར་འཚོ་བ་ནི་ག་ལ་འགྱུར། །ཞེས་ཟེར་རོ། །དེ་སྐད་དུ་སྨྲ་བའི་རྒོལ་བ་དེ་ལ་ཤིན་ཏུ་མངོན་པར་བརྩོན་པའི་མཁས་པ་གཞན་རྣམས་ཀྱིས་མངོན་པར་ཞེན་པས་གནོད་པ་བརྗོད་ 37-1-44b ཟིན་མོད་། འོན་ཀྱང་བཤད་པའི་རིམ་པ་ཁོ་ན་བཞིན་དུ་རྣམ་པ་འགའ་ཞིག་གི་སྒོ་ནས་ཚིག་ཅུང་ཟད་ཅིག་བརྗོད་པར་བྱ་སྟེ། དེ་བཞིན་དུ་སྔགས་དང་རྒྱུད་དང་བསྟན་བཅོས་ལ་སྤྱོད་པའི་ཡིད་ཅན་དེ་ནི་ཆུ་གཙང་མ་ཤིན་ཏུ་དྲི་མ་མེད་པ་བླངས་ནས་ནང་པར་གདོང་བཀྲུ་བ་དང་། ཟས་ཟ་བའི་སྔོན་དང་ཕྱིས་ ཀྱི་དུས་སུ་ལག་པ་བཀྲུ་བ་ལ་སོགས་པའི་ཆོ་ག་བྱེད་པ་ཁོ་ནའོ། །ཅི་སྟེ་གལ་ཏེ་དྲི་མའི་འདམ་གྱིས་ཉེས་པ་ཉེ་བར་བསལ་བའི་ཕྱིར་བྱེད་དོ་ཞེ་ན། གདོང་དང་ལག་པའི་དྲི་མ་མཆིལ་མས་བྱུགས་པ་དང་སྐྲ་ལ་ཕྱིས་པས་བསལ་བར་མི་ནུས་སམ། གལ་ཏེ་དེ་ཁོ་ན་བཞིན་ཡིན་ཞེ་ན། སྐྱེ་བོ་མ་ལུས་པའི་ བཞད་གད་ཀྱི་རྒྱུར་གྱུར་པ་རིགས་པ་མ་ཡིན་པའི་བྱ་བ་བྱེད་པ་སྐྱེས་བུ་ཆེན་པོས་སྨད་པར་གྱུར་པ་མི་འདོད་པའི་སྤྱོད་པའི་དབང་དུ་གྱུར་པ་སྨོད་པ་ཁྱོད་ལས་ངེས་པར་དད་པར་བྱ་བ་གཞན་སུ་ཞིག་ཡོད། དེ་ནས་གལ་ཏེ་ཁོ་བོས་འཇིག་རྟེན་དང་མཐུན་པར་བྱ་བའི་ཕྱིར་གཙང་སྦྲ་སྤྱོད་དོ་ཞེ་ན། འཇིག་རྟེན་ནི་ བསྟན་བཅོས་པ་དང་བསྟན་བཅོས་མ་ཡིན་པ་རྣམ་པ་གཉིས་སོ། །དེ་ལ་བསྟན་བཅོས་པ་ནི་བསྟན་བཅོས་ལ་འཇུག་ཅིང་། བསྟན་བཅོས་མ་ཡིན་པ་ནི་རྗེས་སུ་འབྲང་བ་ཁོ་ནར་སྣང་སྟེ། སྐྱེས་བུ་ཆེན་པོ་གང་ནས་སོང་དེ་ལམ། །ཞེས་གང་སྨྲ་བའོ། །དེ་ནས་གལ་ཏེ་ཡིད་བདེ་བ་སྐྱེད་པའི་ཕྱིར་དེ་ལྟར་འབད་པ་ བྱེད་དོ་ཞེ་ན་འབྲེལ་པ་ཅི་ཞིག་ཡོད་དེ། གདོང་དང་ལག་པ་དང་རྐང་པ་ལ་སོགས་པ་དག་ལ་ལེགས་པར་བྱས་པ་ཇི་ལྟར་ཡིད་བདེ་བ་སྐྱེད་པར་བྱེད་པ་ཡིན། དེ་ལས་གལ་ཏེ་ཕྱི་རོལ་གྱི་དངོས་པོའི་རྒྱུ་ཅན་གྱི་འདུ་བ་ལུས་ཀྱི་དབང་པོ་ལ་སོགས་པ་ལ་ཉེ་བར་གནས་པ་དང་། སེམས་འཕེལ་བའི་ཁྱད་པར་ནི་རྒྱུ་ ཡིན་ཞེ་ན། འོ་ན་འདི་ནི་བཞད་གད་དུ་མི་བྱ་སྟེ། ཁྱོད་ནི་ཁོ་བོའི་གྲུབ་པའི་མཐའི་ཕྱོགས་ལ་བརྟེན་པར་འགྱུར་རོ། །དེ་ནས་གལ་ཏེ་ཡིད་ཁས་ལེན་ན་ཉེས་པར་འགྱུར་བ་ཞིག་ན་ཁོ་བོ་ཅག་ལ་ནི་འབྱུང་བ་ལས་མ་གཏོགས་པའི་ཡིད་ནི་མེད་པ་ཁོ་ནའོ་ཞེ་ན། དེ་ལྟ་ན་ནི་འབྱུང་བ་རྣམས་བེམས་པོ་ཉིད་ཡིན་ པའི་ཕྱིར་བུམ་པ་དང་སྣམ་བུ་དག་གཅིག་ལ་གཅིག་བཞིན་ཚོར་བར་བྱ་བ་དང་ཚོར་བ་པོ་དང་ཚོར་བ་མེད་པར་འགྱུར་རོ། །འོན་ཏེ་ལུས་ཀྱི་རང་བཞིན་གྱི་འབྱུང་བ་རྣམས་ལ་ཚོར་བ་ཡོད་དོ་ཞེས་ཟེར་ན། དེ་ལྟ་ན་ནི་མིང་གཞན་གྱིས་ཡིད་ཁས་བླངས་པ་ཡིན་ནོ། །འོན་ཏེ་ཁོ་བོ་ནི་ལུས་ཀྱི་འབྱུང་བ་ལས་མ་གཏོགས་པའི་རིག་པ་ 37-1-45a ཁས་མི་ལེན་ཏེ། འོན་ཀྱང་དེ་དག་རིག་པའི་རང་བཞིན་ཡིན་ལ། ཤི་བའི་ལུས་ལ་ནི་ཚོགས་པ་མ་ཚང་བའི་ཕྱིར་རླུང་དང་མེ་དག་མེད་པར་དེ་ལྟ་བུ་མ་ཡིན་ནོ་ཞེས་ཟེར་ན་ལུས་ལ་ཡོད་པའི་གཟུགས་ལ་སོགས་པ་བཞིན་དུ་སེམས་ནི་དབང་པོས་འདིའོ་སྙམ་དུ་ཉམས་སུ་མྱོང་བར་མི་རུང་ངོ་། །དེ་ནི་ རང་རིག་པས་གཟུང་བ་ཡིན་ནོ་ཞེས་བརྗོད་པར་ཡང་མི་ནུས་སོ། །དངོས་པོ་གཅིག་ནི་ཚད་མ་ཐ་དད་པས་རིག་པར་བྱ་བ་ཉིད་དུ་རིགས་པ་མ་ཡིན་ཏེ། ཐམས་ཅད་དུ་འདིའོ་ཞེས་སྣང་བའི་ཕྱིར་བུམ་པ་ནི་ཆ་འགའ་ཞིག་གིས་རང་རིག་པ་ཉིད་མ་ཡིན་ལ་དེ་དང་མི་མཐུན་པར་ངའོ་སྙམ་དུ་སྣང་བ་ནི་རང་རིག་པའོ། །དངོས་ པོ་ཉིད་དང་སྐད་ཅིག་མ་ཉིད་དག་དེའི་བདག་ཉིད་ཡིན་ཡང་ཚད་མ་ཐ་དད་པའི་ཡུལ་ཉིད་དུ་ཁྱེད་ཀྱིས་ཁས་བླངས་པ་མ་ཡིན་ནམ། འདི་ཡང་དེ་བཞིན་དུ་འགྱུར་རོ་ཞེ་ན། དེ་ནི་བདེན་པ་མ་ཡིན་ཏེ། དེ་དག་ནི་མངོན་སུམ་གྱི་ཚད་མའི་ཡུལ་དུ་གཅིག་པ་ཉིད་ཡིན་ནོ། །འདྲ་བ་གཞན་དང་གཞན་འབྱུང་ བ་མཐོང་བའི་འཁྲུལ་པས་དངོས་པོ་རྣམས་ལ་བརྟན་པ་ཡིན་པར་སེམས་པ་ན་ཐ་དད་པར་མ་རྟོགས་པར་དངོས་པོ་བརྟན་པར་སྨྲ་བ་རྣམས་རྗེས་སུ་དཔག་པས་ཡིད་ཆེས་པར་བྱེད་པ་འབའ་ཞིག་ཏུ་ཟད་དོ། །འདི་ལ་ནི་གང་གིས་ཡུལ་ཐ་དད་པ་མེད་པ་ལ་རྟོགས་པ་ཐ་དད་པར་འགྱུར་བའི་འཁྲུལ་པ་ འགའ་ཡང་མེད་དོ། །སྔོན་གྱི་འཇིག་རྟེན་རྒྱང་པན་པ་དག་འབྲུ་ངེས་པ་དང་ཕབས་ལ་སོགས་པའི་རྒྱུ་ཅན་གྱི་ཆང་ལ་དུས་ཀྱི་འགྱུར་བ་མྱོས་པར་བྱེད་པའི་ནུས་པ་འབྱུང་བ་བཞིན་དུ། ཁུ་བ་དང་ཁྲག་ལ་སོགས་པའི་དངོས་པོ་དང་འདྲེས་པར་གྱུར་པའི་འབྱུང་བ་རྣམས་ལ་སེམས་ཀྱི་ནུས་པ་འབྱུང་ངོ་ཞེས་ སྨྲ་བ་གང་ཡིན་པ་དེ་དག་ལ་འདི་སྐད་བརྗོད་པར་བྱ་སྟེ། དེ་རྣམས་ནུས་པ་དེ་ཐ་དད་དམ་འོན་ཏེ་ཐ་མི་དད། ཐ་དད་པ་ཡིན་ན་ནི་དེ་རྣམས་ཀྱི་དེ་ཞེས་བྱ་བའི་འབྲེལ་པ་ཅི་ཡོད་གལ་ཏེ་འདུ་བའོ་ཞེ་ན། མི་རུང་སྟེ་དེ་ཁོ་ན་བཞིན་དུ་དེ་ཡང་འདིའོ་ཞེས་དམིགས་པར་འགྱུར་རོ་ཞེ་ན་སྔར་བརྗོད་ཟིན་ཏོ། །ཆང་གི་ནུས་པ་ བཞིན་ནོ་ཞེས་བྱ་བའི་དཔེ་ཡང་མཐུན་པ་མ་ཡིན་ཏེ། ཆང་གི་ནུས་པ་ཞེས་བྱ་བ་ནི་ཅིག་ཅར་མི་དམིགས་པའི་ཕྱིར་བརྟགས་པ་ཙམ་ཡིན་ནོ། །གང་གི་ཆང་གི་རྫས་མ་མྱངས་པར་མཐོང་བ་ཙམ་དེའི་ཚེ་ནི་མྱོས་པའི་ནུས་པ་ཉམས་སུ་མྱོང་བར་མི་འགྱུར་རོ། །གང་གི་ཚེ་ཉམས་སུ་མྱོང་བ་དེའི་ཚེ་ནི་ 37-1-45b ཆང་གི་རྫས་ལུས་ཀྱི་ནང་དུ་ཞུ་བའི་ཕྱིར་མི་དམིགས་སོ། །དེ་མ་ཞུ་ན་ནི་ལུས་ཀྱི་ནང་དུ་མྱོས་པའི་ནུས་པ་སྐྱེད་པར་ནུས་པ་མ་ཡིན་ནོ། །དེ་ལྟ་ན་དེ་དག་གི་ཕྱོགས་ལ་ནི་ལུས་ཀྱི་འབྱུང་བ་དམིགས་པའི་ཚེ་ན་སེམས་མི་དམིགས་ཤིང་སེམས་དམིགས་པའི་ཚེ་ན་དེ་མི་དམིགས་པར་འགྱུར་ཏེ། དེ་དག་ དམིགས་པར་ཡང་འདོད་དོ། །གང་དག་གང་ཁོ་ན་ལས་ལུས་འབྱུང་བ་དེ་ཁོ་ན་ལས་སེམས་འབྱུང་བས་རྒྱུ་མཚུངས་པའི་ཕྱིར་རྟེན་དང་བརྟེན་པའི་དངོས་པོར་གནས་པའི་ལུས་དང་སེམས་དག་འཇིག་རྟེན་ཕ་རོལ་ལས་མ་བྱུང་བ་ཉིད་དུ་ཁས་ལེན་པ་དེ་དག་གིས་ཀྱང་རྣམ་པ་གཞན་གྱི་རྣམ་པར་ ཤེས་པ་ཁས་བླངས་པ་ཁོ་ན་ཡིན་ནོ། །ལུས་འཇིག་པ་ན་དེ་ཡང་འཇིག་པར་ནི་མི་རུང་སྟེ། འཁར་གཞོང་འཇིག་པ་ན་རྒྱ་ཤུག་གི་འབྲས་བུ་འཇིག་པར་མ་མཐོང་བའི་ཕྱིར་རྟེན་འཇིག་པ་ན་བརྟེན་པ་དེ་བཞིན་དུ་འགྱུར་བ་ནི་མ་ཡིན་ཞིང་ལུས་ཅན་དང་ལུས་ཅན་མ་ཡིན་པ་དག་རྟེན་དང་བརྟེན་པ་པོའི་དངོས་པོར་ཡང་ མི་རུང་ངོ་། །སཱ་ལུའི་མྱུ་གུ་དང་ནས་ཀྱི་མྱུ་གུ་དག་རང་བཞིན་དུ་རང་བཞིན་ཐ་དད་པ་དག་གི་རྒྱུ་ཡང་གཅིག་པར་རིགས་པ་མ་ཡིན་ནོ། །གལ་ཏེ་འཇིག་རྟེན་ན་ལུས་འཇིག་པ་ན་དེ་འཇིག་པར་མཐོང་ངོ་ཞེ་ན་མ་ཡིན་ཏེ། དེ་འཛིན་པར་བྱེད་པའི་དངོས་པོའི་དབང་གིས་བྱས་པའི་མཐུ་ལས་ སྲོག་དང་ལུས་ཡོངས་སུ་གཡོ་བ་འབྱུང་ངོ་། །འཇིག་པའི་ཚེ་ན་ནི་གང་གི་ཚེ་དེ་གཟུང་བར་བྱ་བ་དེ་དག་འདོར་བར་བྱེད་པ་ན་དེའི་རྒྱུ་མཚན་ཅན་གྱི་ལུས་ལ་སོགས་པའི་བྱ་བ་མ་མཐོང་བ་ལས་འཇིག་རྟེན་ན་ཤིའོ་ཞེས་བྱ་བར་ཤེས་ཤིང་། དེས་ཟིན་པས་སྲོག་ཡོངས་སུ་གཡོ་བ་དེ་ཡོངས་སུ་གཡོ་བ་ ལས་ལུས་ཀྱང་དེ་བཞིན་དུ་འགྱུར་བར་དམིགས་པ་ལས་འཇིག་རྟེན་དག་འདི་ནི་གསོན་ནོ་ཞེས་ཐ་སྙད་འདོགས་པར་བྱེད་པ་པས་འབྱུང་བ་ལས་མ་གཏོགས་པའི་རིག་པའི་རང་བཞིན་ཅན་གྱི་རྣམ་པར་ཤེས་པ་དྲུག་གི་ཚོགས་ཡོད་དོ། །གལ་ཏེ་དེ་ལྟ་ན། ཅིའི་ཕྱིར་སྲོག་ལ་སོགས་པ་འདོར་བར་བྱེད་ཅེ་ན། བརྗོད་པར་བྱ་སྟེ། ཐོག་མ་མེད་པའི་དུས་ཅན་གྱི་སྲིད་པའི་ཀུན་འབྱུང་གི་བདེན་པའི་རྒྱུ་ཅན་གྱི་ལོངས་སྤྱོད་ཀྱི་བག་ཆགས་ཀྱིས་དབང་དུ་བྱས་ཤིང་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་དབང་དུ་བྱས་པ་དང་ལེགས་པར་བྱས་པ་དང་ཉེས་པར་བྱས་པའི་རྣམ་གྲངས་གཞན་ 37-1-46a ཆོས་དང་ཆོས་མ་ཡིན་པའི་མཐུས་བདེ་འགྲོ་དང་དམྱལ་བ་ལ་སོགས་པའི་སར་སྐྱེ་བ་ཐོབ་པར་འགྱུར་བ་དང་། བདེ་བ་དང་སྡུག་བསྔལ་གྱི་མཚན་ཉིད་ཅན་གྱི་འབྲས་བུ་ལ་ཆགས་པའི་དྲི་མ་ཅན་དུ་གྱུར་པ་ལྟོས་པ་མེད་ཅིང་ངང་ལ་རྒྱུན་མི་འཆད་པའི་ངོ་བོ་གཉུག་མ་ནུབ་པར་གྱུར་པ་ཕྲ་ བའི་གཟུགས་ཅན་དབང་པོའི་ཚོགས་མ་ལུས་པ་དང་ལྡན་པའི་དྲི་ཟ་ཞེས་བྱ་བའི་མིང་ཅན་སྲིད་པ་བར་མའི་ཡིད་ཀྱི་སྐྱེ་གནས་ནས་སྐྱེ་གནས་གཞན་དག་ཏུ་འཁྱམ་པ་འདི་ཉིད་འཁོར་བ་ཡིན་ཏེ། འདོད་ཆགས་ལ་སོགས་དྲི་བཅས་སེམས། །འཁོར་བ་ཡིན་ཏེ་དེས་དབེན་པ། །རྒྱལ་བ་སྒྲིབ་ པ་སྤངས་པ་ཡིས། །མདོར་ན་ཐར་པ་ཡིན་པར་གསུངས། །ཞེས་གང་བཤད་པའོ། །དེ་ཉིད་ཀྱི་ཕྱིར་ཕྲ་བར་བདག་ཉིད་ཀྱི་དངོས་པོས་འགྲོ་ཞིང་ལུས་སྔ་མ་སྔ་མ་བོར་ནས་རྒྱུན་མི་འཆད་པར་འགྲོ་བའི་བདག་ཉིད་ནི་རྣམ་པར་ཤེས་པ་ཉིད་ཡིན་པར་བརྗོད་པར་བྱའོ། །ལུས་ཡོངས་སུ་ འཛིན་པ་དང་སྲོག་ཡོངས་སུ་འཛིན་པའི་ཕྱིར་གཡོ་བ་ཡིན་ནོ། །ངེས་པར་མཐོང་བས་ཕྱུགས་ཡིན་ནོ། །ལུས་དང་ལུས་སུ་འཛག་པས་གང་ཟག་སྟེ་ལུང་དག་ལས་དེ་ལྟ་བུ་ལ་སོགས་པར་བརྗོད་པ་དག་གིས་གསུངས་སོ། །འདི་ལྟར་སྐྱེ་བ་གཞན་ཉིད་དུ་ཉིང་མཚམས་སྦྱོར་བའི་རྟགས་ མཐོང་སྟེ། དེ་ལྟར་ཡང་བྱིས་པ་ཁྱེའུ་སྐྱེས་མ་ཐག་པ་སྐྱེ་བོ་ཐམས་ཅད་ཀྱི་བཀྲེས་པ་ཟློག་པར་བྱེད་པ་སྣང་བའི་ཟས་མི་འདོད་ཅིང་མར་དང་སྦྲང་རྩི་དང་ཆུ་ལ་སོགས་པ་ཚིམ་པར་བྱེད་པ་དག་ཀྱང་མྱང་བར་མི་བྱེད་པ་སྐྱེ་བ་གཞན་མང་པོས་གོམས་པར་བྱས་པའི་མའི་ནུ་མའི་རོ་མྱང་བ་ཙམ་གྱིས་ བཀྲེས་པས་ལྟོ་ཞུམ་པ་ཉིད་ཀྱིས་སེམས་འཁྲུགས་པ་ཡུན་རིང་པོར་རྒྱུན་མི་འཆད་པར་ངུ་བར་བྱེད་པ་དང་བྲལ་བར་འགྱུར་བ་དང་། དེ་ཉིད་ཀྱི་མིག་གཡའ་བར་གྱུར་པ་ལུས་ལ་གནོད་པའི་འཇིགས་པས་རང་གི་ལག་པའི་རྒྱབ་ཀྱིས་ཕྲུག་པར་གསལ་བར་མཐོང་བ་དང་ལ་བ་འཇམ་པོ་བཏིང་བའི་ ཁྲི་ལ་ལུས་བཞག་པ་ན་བདེ་བའི་ང་རྒྱལ་དང་ལྡན་པར་མཐོང་བ་དང་། དེ་བཞིན་དུ་སྤུན་རྣམས་ཀྱི་ཕ་གཅིག་ཏུ་ཟིན་ཀྱང་སྔོན་གྱི་ལས་ཀྱི་བག་ལ་ཉལ་གྱི་སྟོབས་ཀྱིས་དགེ་བ་དང་མི་དགེ་བའི་བྱེད་པ་ཉིད་དེ་འགྲོ་བའི་རྒྱུ་སྣ་ཚོགས་པ་ལ་བསྙོན་པར་ནུས་པ་མ་ཡིན་ནོ། །གཞན་ཡང་བརྗོད་པ་ན་གཞུང་མངས་ 37-1-46b པར་འགྱུར་བས་རེ་ཞིག་ཆོག་གོ། །དེ་ལྟར་ན་འཇིག་རྟེན་ཕ་རོལ་གྲུབ་པས་ཚད་མ་དང་ལྡན་ཞིང་ཤེས་པའི་འཇིག་རྟེན་རྒྱང་པན་པ་སུན་བཏོན་པ་ཡིན་ནོ། །ཞི་བ་བདག་ནི་འདི་སྐད་དུ་སྨྲ་སྟེ། ཐམས་ཅད་མཁྱེན་པ་ཐམས་ཅད་བྱེད་པ་དབང་ཕྱུག་དམ་པ་འདོད་པ་དང་། ཤེས་པ་དང་། བྱ་བའི་ནུས་པ་ གསུམ་གསལ་བར་བྱས་པའི་དབང་ཕྱུག་དམ་པ་དང་ལྡན་པ་རིག་པའི་ངོ་བོའི་དབང་ཕྱུག་དེ་ཉིད་འདོད་པའི་ནུས་པ་ལ་སོགས་པ་རྣམས་ཀྱིས་འགྲོ་བ་སྤྲོ་ཞིང་སྡུད་པར་བྱེད་པའོ། །ཚད་མའི་གནས་སུ་གྱུར་པ་དེ་ནི་རྟག་པ་ཉིད་ཡིན་པའི་ཕྱིར་གལ་ཏེ་དེས་སྤྲུལ་པའི་དངོས་པོ་གཞན་རྣམས་རྟག་ པ་ཉིད་དུ་མི་དམིགས་ཀྱང་། འོན་ཀྱང་བྱེད་པ་པོའི་རྟག་པ་ཉིད་ནི་ཉམས་པར་མི་འགྱུར་ཏེ། ཤངྒཱའི་རྒྱུན་གྱི་ཆུའི་རྒྱུན་བཞིན་ནོ། །དུག་གི་ཤིང་གི་ས་བོན་དང་། མྱུ་གུ་དང་སྡོང་བུ་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་ལ་སོགས་པ་རྣམས་ནི་ཡང་ནས་ཡང་གཞན་དང་གཞན་དག་འབྱུང་ ཞིང་དུག་གི་ས་བོན་ནི་གཞན་ཉིད་དུ་མི་སྣང་ངོ་། །སྦྱོར་བ་ནི་གང་དང་གང་འབྲས་བུའི་རང་བཞིན་ཅན་གྱི་དངོས་པོ་དེ་དང་དེ་ནི་རང་བཞིན་གཞན་དང་གཞན་བྱུང་ནས་འཇིག་པ་ཅན་ཡིན་ཏེ། ཁྱབ་པར་བྱེད་པ་རྟག་པ་གཅིག་པུའི་རང་བཞིན་གྱི་རྒྱུ་ཅན་ཡིན་པའི་ཕྱིར་མྱུ་གུ་ལ་སོགས་པ་ བཞིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ་ཞེ་ན་འདིར་བརྗོད་པར་བྱ་སྟེ། རེ་ཞིག་དབང་ཕྱུག་ནི་བྱེད་པ་པོ་དང་རྟག་པ་ཡིན་པར་འཐད་པ་མ་ཡིན་ནོ། །འདི་ལྟར་བྱད་པའི་སྐད་ཅིག་ལ་གདོན་མི་ཟ་བར་བྱེ་བྲག་ཡོད་དེ། བྱེ་བྲག་གང་ཡིན་པ་དེ་ཁོ་ན་མི་རྟག་པ་ཉིད་ཡིན་ནོ། །དེ་ བཞིན་དུ་ཡང་གལ་ཏེ་མི་བྱེད་པའི་སྐད་ཅིག་ན་དེ་བྱེད་པ་པོ་ཡིན་ན། དེའི་ཚེ་ཅིའི་ཕྱིར་སྐྱེད་པར་མི་བྱེད། དེའི་ཚེ་ནུས་པ་མེད་པའི་ཕྱིར་རོ། །བྱེད་པའི་ཚེ་ནི་སྐྱེད་པར་བྱེད་དེ་ནུས་པ་དང་ལྡན་པའི་ཕྱིར་རོ། །དེ་བས་ན་ནུས་པ་ལ་ལྟོས་ནས་སྐྱེད་པར་བྱེད་པ་གང་ཡིན་པ་དེ་ནི་མི་རྟག་པ་ཡིན་ཏེ། ནུས་པ་དང་ལྡན་པ་ནི་ནམ་མཁའ་བཞིན་གཞན་ལ་མི་ལྟོས་པའི་ཕྱིར་རོ། །འོན་ཏེ་ནུས་པ་དེ་ལས་ཐ་མི་དད་པས་ལྟོས་པ་མེད་དོ་ཞེ་ན། འོ་ན་སྔར་ཅིའི་ཕྱིར་སྐྱེད་པར་བྱེད་པ་ཁོ་ནར་ནི་མ་ཡིན། བྱེད་པའི་ནུས་པ་ལ་ལྟོས་ནས་སྐྱེད་པར་བྱེད་པ་ཉིད་དུ་ཁས་ལེན་ན། འོ་ན་ནི་ནུས་པ་ཁོ་ན་སྐྱེད་པར་བྱེད་པ་ 37-1-47a ཡིན་ཏེ་དབང་ཕྱུག་གིས་ཅི་ཞིག་བྱ། གལ་ཏེ་ནུས་པ་དེ་དེའི་ཡིན་ནོ་ཞེ་ན། དེ་དེའི་ཡིན་ཞེས་བྱ་བ་འབྲེལ་པ་གང་ཡིན། དེའི་བདག་ཉིད་ཡིན་ན་སྔར་གྱི་ཉེས་པ་ཁོ་ནར་འགྱུར་རོ། །དེ་ལས་བྱུང་བ་ཡིན་ན་ནུས་པ་འབྲས་བུ་ཉིད་ཡིན་པས་དབང་ཕྱུག་གི་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་ཏེ། འབྲས་ བུ་འབྱུང་བ་ན་རྒྱུ་འགགས་པར་མཐོང་བའི་ཕྱིར་རོ། །ཅི་སྟེ་ཉེས་པ་དེ་བསལ་བའི་ཕྱིར་འདུ་བའི་འབྲེལ་པ་ལ་བརྟེན་ནས་ནི། དེའི་ཚེ་ཐ་དད་པར་སྣང་བ་མེད་པའི་ཕྱིར་ནུས་པ་དང་དབང་ཕྱུག་དག་ལས་བྱེད་པ་པོ་གང་ཡིན་ཞེས་བྱ་བའི་ངེས་པ་མེད་དོ། །གལ་ཏེ་སྣལ་མ་དང་རས་ཡུག་བཞིན་དུ་ སྣང་བ་ཡོད་དོ་ཞེ་ན། འདི་ནི་བརྟགས་པ་ཙམ་སྟེ་སྣལ་མ་ལས་མ་གཏོགས་པར་རས་ཡུག་ཅེས་བྱ་བ་ནི་ཅུང་ཟད་ཀྱང་དམིགས་པ་མ་ཡིན་ཏེ། གལ་ཏེ་འགེབས་པ་ལ་སོགས་པའི་བྱ་བ་བྱེད་པ་ཉིད་ཡིན་པའི་ཕྱིར་དམིགས་སོ་ཞེ་ན། འོ་ན་སྣལ་མ་རྣམས་གང་ལ་གནས་པ་ཡིན་གལ་ཏེ་དེའི་ བདག་ཉིད་དུ་གནས་པ་ཉིད་ཡིན་པའི་ཕྱིར་མི་དམིགས་པ་ཡིན་ནོ་ཞེ་ན། འོ་ན་དེ་ལྟ་ན་ནི་རིགས་པས་སྣལ་མ་འགའ་ཞིག་ཁོ་ན་ཁས་བླངས་ཀྱི་རས་ཡུག་ནི་མ་ཡིན་ནོ། །རས་ཡུག་ཅེས་བྱ་བའི་ཐ་སྙད་གང་ཡིན་པ་དེའི་གནས་སྐབས་ཁྱད་པར་ཅན་དུ་གྱུར་པའི་སྣལ་མ་རྣམས་ཀྱི་འབྲས་བུ་ གཞན་ཡིན་ཞིང་། དངོས་པོ་གཞན་ཁོ་ན་ཡིན་པས་འདུ་བའི་འབྲེལ་པ་མེད་པ་ཡིན་ནོ། །དེའི་ཕྱིར་བྱེད་པ་པོ་དང་རྟག་པ་ཞེས་བྱ་བ་འདི་ནི་འགལ་བ་ཡིན་ནོ། །བྱེད་པ་པོ་ཡིན་དུ་ཆུག་ན་བྱས་ནས་ཅིའི་ཕྱིར་སྡུད་པར་བྱེད། གལ་ཏེ་དེ་ནི་དབང་ཕྱུག་གི་རང་དབང་ཉིད་ཡིན་ནོ་ཞེ་ན། དེ་ནི་སྨོན་པ་ ཉིད་དུ་བརྗོད་པར་བྱ་བའི་རང་དབང་ཉིད་མ་ཡིན་པ་མ་ཡིན་ནམ་སྨོན་པ་ནི་ས་ལ་སོགས་པའི་རང་བཞིན་གྱི་བུམ་པ་ལ་སོགས་པ་བྱས་ནས་སྐད་ཅིག་དེ་ཉིད་ལ་འཇིག་པར་བྱེད་དོ། །ཡང་ན་རང་དབང་ཅན་ཡིན་དུ་ཆུག་ན་ཅིའི་ཕྱིར་དུས་གཅིག་ཏུ་སྐྱེད་པར་བྱེད་པའམ་འཇིག་པར་བྱེད་པ་མ་ཡིན། ཅིག་ཅར་སྐྱེད་པར་བྱེད་པ་དང་འཇིག་པར་བྱེད་པ་ཉིད་མ་ཡིན་པའི་ཕྱིར་དེ་ནི་སྐད་ཅིག་གི་དབྱེ་བས་མི་རྟག་པ་ཉིད་ཡིན་པ་ཁོ་ནའོ། །འདིས་ནི་དེ་དག་ཐམས་ཅད་མཁྱེན་པ་ཉིད་ཡིན་པ་ཡང་བཟློག་པ་ཡིན་ཏེ། དེ་བཞིན་དུ་ཐམས་ཅད་མཁྱེན་པས་ན་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ཡིན་ལ། 37-1-47b འདིར་ཅི་ཐམས་ཅད་ཅེས་བྱ་བའི་སྒྲ་འདས་པ་ལ་སོགས་པ་དུས་གསུམ་ཡིན་པར་བརྗོད་པར་འདོད་དམ། འོན་ཏེ་འཇིག་རྟེན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དག་ཡིན། གལ་ཏེ་དུས་གསུམ་ཡིན་ན། དེའི་ཚེ་ཁྱུ་མཆོག་དང་འཕེལ་བྱེད་ཀྱིས་བྱས་པའི་སྐར་མའི་བསྟན་བཅོས་ཤེས་པ་ལས་ སྐྱེས་བུ་ཐ་མལ་པ་རྣམས་ཀྱང་ཐམས་ཅད་མཁྱེན་པར་འགྱུར་རོ། །ཅི་སྟེ་སེམས་ཀྱི་སྤྱོད་པ་དག་ཡིན་ན་ཅི་སྟེ་སེམས་ཙམ་མམ་རང་བཞིན་ཡིན། གལ་ཏེ་སེམས་ཙམ་ཉིད་ཡིན་ན། དེའི་ཚེ་ཁོ་བོ་ཅག་གིས་ཀྱང་རྩིས་ལ་སོགས་པས་གཞན་གྱི་སེམས་ཤེས་པར་འགྱུར་རོ། །དེས་སེམས་ཀྱི་རང་ བཞིན་ནི་ཤེས་པ་མ་ཡིན་ཏེ། གལ་ཏེ་དབང་ཕྱུག་ཉིད་ཡིན་པའི་ཕྱིར་ཤེས་སོ་ཞེ་ན། བཤད་ཟིན་པའི་རྣམ་པས་དབང་ཕྱུག་མེད་པའི་ཕྱིར། མེད་པ་ནི་རང་བཞིན་ཉིད་ཡིན་པར་རིགས་པ་མ་ཡིན་ཏེ་རི་བོང་གི་རྭ་བཞིན་ནོ། །དེ་ལྟ་ན་ཤིན་ཏུ་ཐལ་ཆེས་པས་ཆོག་གོ། །གྲངས་ཅན་ནི་འབིགས་ བྱེད་ལ་སོགས་པའི་བྲག་ཕུག་གི་ནང་དུ་གནས་ཏེ་བརྟུལ་ཞུགས་ཁྱད་པར་ཅན་ལ་གནས་པའི་དབང་ཁོ་ནས་རང་བཞིན་དང་སྐྱེས་བུ་ཐ་དད་པར་བསྒོམས་པའི་སྟོབས་ཀྱིས་ཡོན་ཏན་གསུམ་གྱི་ཞགས་པའི་བཅིང་བ་ཞི་ཞིང་གྲུབ་པ་ཐོབ་པར་གྲགས་པ་ཉིད་འབིགས་བྱེད་ན་གནས་པ་ལ་སོགས་པ་ གྲངས་མེད་པ་ཡོད་དེ། དེ་རྣམས་ཀྱིས་དབང་ཕྱུག་འབའ་ཞིག་ཁས་བླངས་པ་ནི་མ་ཡིན་གྱི་བདག་ཀྱང་མང་པོ་ཉིད་ཡོད་པར་རྗོད་པར་བྱེད་དོ། །དེ་རྣམས་ནི་འདི་ལྟར་སུན་དབྱུང་བར་བྱ་སྟེ། དེ་བཞིན་དུ་ཡང་སྐྱེས་བུ་བྱེད་པ་མེད་ཅིང་འདོད་པ་མེད་ལ་སྐུལ་བར་བྱེད་པ་མ་ཡིན་པས། དེའི་ ལོངས་སྤྱོད་སྒྲུབ་པའི་དོན་དུ་གཙོ་བོ་དེ་ཁོ་ན་ཉིད་བསམ་པོ་ནི་རང་ཉིད་འབྲས་བུ་ལ་འཇུག་པ་ནི་འཐད་པ་མ་ཡིན་ནོ། །གལ་ཏེ་ཇི་ལྟར་བེའུ་བསྐྱེད་པའི་ཕྱིར་འོ་མ་ཤེས་པ་མེད་པར་རང་ཉིད་འཛག་པར་མཐོང་བ་བཞིན་ནོ་ཞེས་གང་བཤད་པ་སྨྲ་བ་དེ་ཡང་མ་གྲུབ་པ་ཁོ་ན་ཡིན་ཏེ། དེར་ཡང་ཤེས་པ་ཡོད་ པའི་བ་ཁོ་ན་དེ་འཛག་པར་བྱེད་པར་ནུས་པ་ཡིན་ནོ། །གཞན་དུ་ན་བ་འདོད་པ་མེད་པ་ཁ་ཅིག་ན་རང་གི་བེའུ་ལ་ཡང་མི་སྟེར་བར་མཐོང་བའི་ཕྱིར་རྣམ་པར་ཤེས་པ་ཁོ་ན་ཐམས་ཅད་འཇུག་པར་བྱེད་པ་ཡིན་ཏེ། དེ་ནི་དེ་ལྟ་བུའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སྐྱེས་བུ་མེད་པ་ཡིན་ནོ། ། 37-1-48a རིགས་པ་པོ་དང་བྱེ་བྲག་པ་རྣམས་ཀྱང་བདག་རྟག་པར་སྨྲ་བ་ལ་བརྟེན་པ་ཡིན་ལ་དེ་རྣམས་སུན་དབྱུང་བ་ནི་མ་ཡིན་ཏེ། བདག་ཅེས་བྱ་བ་ནི་ཡོད་པ་མ་ཡིན་ཏེ། མི་དམིགས་པའི་ཕྱིར་ས་ཕྱོགས་སྟོང་པ་ན་བུམ་པ་མི་གནས་པ་བཞིན་ནོ་ཞེས་བྱ་བ་ནི་རང་བཞིན་མི་ དམིགས་པ་ཡིན་ནོ། །ཅི་སྟེ་དེ་སྐད་དུ་ཁྱེད་ཕུང་པོ་ཡིན་པར་འདོད་པ་གང་ཡིན་པ་དེ་ཁོ་ན་བདག་ཡིན་ནོ་ཞེས་ཟེར་ན། དེའི་ཕུང་པོ་རྣམས་ནི་སྐྱེ་བ་དང་འཆི་བ་མི་རྟག་པ་སྟེ། མཚན་ཉིད་གསུམ་དང་ལྡན་པ་ཉིད་ཡིན་པའི་ཕྱིར་དང་བདག་ཀྱང་དེ་དང་འདྲ་བའི་ཕྱིར་མི་རྟག་པ་ཉིད་དུ་འགྱུར་ན་ཁྱེད་ འདོད་པ་ཡང་མ་ཡིན་ནོ། །བདག་ལ་ཕུང་པོ་ལ་སོགས་པ་ཡོད་པར་འཐད་པ་ཡང་མ་ཡིན་ཏེ། རྟག་པ་དང་མི་རྟག་པ་དག་ལ་རྟེན་དང་བརྟེན་པའི་དངོས་པོ་མི་འཐད་པའི་ཕྱིར་རོ། །དེ་རྣམས་ལ་བདག་ཡོད་དོ་ཞེས་བྱ་བ་ཡང་མི་རུང་སྟེ། སྔ་མ་བཞིན་ནོ། །རྟེན་དང་བརྟེན་པའི་དངོས་པོ་ནི་རྒྱུ་དང་ འབྲས་བུའི་དངོས་པོ་ཁོ་ན་ཡིན་ཏེ། དེའི་ཕྱིར་ཕྱོགས་དང་པོ་ལ་ནི་གང་གི་ཚེ་བདག་བརྟེན་པ་དེའི་ཚེ་རྒྱུ་ཉིད་ཡིན་པའི་ཕྱིར་མི་རྟག་པ་ཉིད་ཡིན་ལ། ཕྱོགས་གཉིས་པ་ལ་ནི་བདག་འབྲས་བུ་ཉིད་ཡིན་པའི་ཕྱིར་མི་རྟག་པ་ཉིད་དུ་འགྱུར་རོ། །རྒྱུ་རྣམས་ཀྱང་གདོན་མི་ཟ་བར་འབྲས་བུ་དང་ལྡན་པ་མ་ ཡིན་པས་རེས་འགའ་བདག་མེད་པར་ཡང་འགྱུར་རོ། །ཕུང་པོ་ལ་མ་གཏོགས་པ་ཡང་མི་དམིགས་ཏེ། ཕུང་པོ་ལ་མ་གཏོགས་པ་ཡང་རི་བོང་གི་རྭ་བཞིན་ནོ། །གལ་ཏེ་དེ་ནི་མེ་དང་བུད་ཤིང་བཞིན་དུ་ཐ་མི་དད་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་ཁྱེད་ཤིན་ཏུ་མི་རྟག་པ་ཉིད་ཡིན་པར་འདོད་ པ་དེ་བུད་ཤིང་རང་གི་ངོ་བོ་ཉམས་ནས་སོལ་བའི་རང་བཞིན་ཉིད་དུ་གྱུར་པ་རྣམས་ནི་མེ་ཞེས་བརྗོད་པར་བྱའོ། །བདག་ཕུང་པོའི་རང་བཞིན་ཉིད་དུ་གྱུར་པ་ཡང་དེ་དང་མཚུངས་པར་སྔར་བཤད་པ་ཁོ་ནའི་ཉེས་པར་འགྱུར་བའི་ཕྱིར་བདག་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་ཟད་བྱེད་པ་ རྣམས་ཀྱིས་ནི་སྐྲ་འབལ་བ་དང་། རས་དཀར་པོ་གྱོན་པ་དང་། ནམ་མཁའི་གོས་ཉིད་ལ་སོགས་པའི་བརྟུལ་ཞུགས་དང་ལྷའི་ཁྱད་པར་དང་དེ་སྟོན་པར་བྱེད་པའི་བསྟན་བཅོས་དང་ཐར་པ་དང འཇིག་རྟེན་དང་ཕ་རོལ་ཁས་བླངས་པ་ཁོ་ན་ཡིན་མོད་ཀྱི། འོན་ཀྱང་དེ་དག་གི་ལྟར་ 37-1-48b ན་དངོས་པོ་རྣམས་ནི་དུས་གསུམ་པ་སྟེ། དེ་བཞིན་དུ་ཞོ་ཡང་ཡིན་ཞིང་རྔ་མོ་ཡང་ཡིན་ལ་རྔ་མོ་ཡང་ཞོར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་རྣམས་ནི་འདི་ལྟར་སུན་དབྱུང་བར་བྱ་སྟེ། གལ་ཏེ་དངོས་པོ་རྣམས་ཐ་དད་པ་ཡིན་ན། དེ་རྣམས་ཇི་ལྟར་གཅིག་པ་ཡིན། གཅིག་ པ་ཡིན་ན་ནི་ཐ་དད་པ་མི་འཐད་ལ་ཐ་དད་པ་ཡང་ཡིན་ལ། གཅིག་པ་ཡང་ཡིན་པ་ནི་འགལ་བ་ཡིན་ནོ། །དེའི་ཕྱིར་ཐ་དད་པ་ཡང་ཡིན་ལ་གཅིག་པ་ཡིན་པར་སྨྲ་བ་རྣམས་ཀྱི་ལྟར་ན་ཕན་ཚུན་འགལ་བ་ལ་བརྟེན་པ་ཡིན་པས་གང་ཟག་ལ་སོགས་པར་འདོད་པ་གང་ཡིན་པ་དེ་ནི་སྔ་ མ་བཞིན་དུ་མི་རྟག་པ་ཉིད་དུ་འགྱུར་རོ། །གསེར་ལ་སོགས་པ་རྣམས་རྣ་རྒྱན་ལ་སོགས་པ་དངོས་པོར་གྱུར་ཀྱང་གསེར་ནི་ཉམས་པ་མེད་ལ་དེ་ནི་ཡོངས་སུ་གྱུར་པ་ཙམ་ཡིན་ཏེ། དེ་བཞིན་དུ་དངོས་པོ་ཐམས་ཅད་ཡོངས་སུ་གྱུར་པ་ཡིན་གྱི་འཇིག་པ་ནི་མ་ཡིན་ནོ་ཞེ་ན། བརྗོད་པར་བྱ་སྟེ། ཡོངས་སུ་གྱུར་པ་ཞེས་བྱ་བ་ནི་རང་གི་ངོ་བོ་སྤངས་ནས་དངོས་པོ་གཞན་དུ་གྱུར་པ་ཡིན་ལ་དེ་ཁོ་ན་མི་རྟག་པ་ཉིད་ཡིན་ནོ། །སྔར་གྱི་གསེར་གང་ཡིན་པ་དེ་ཁོ་ན་ཡིན་ནོ་ཞེས་བྱ་བ་ཡང་འཐད་པ་མ་ཡིན་ཏེ། དེ་ནི་གཞན་ཉིད་ཡིན་པའི་ཕྱིར་རོ། །རྟོག་པ་དང་ལྡན་པའི་མཁས་པ་རྣམས་ཀྱིས་ཟད་པ་དང་ཁ་དོག་ཉིད་ལ་ སོགས་པ་རྟོགས་པས་དེའི་ཕྱིར་ཐ་དད་པ་ཡང་ཡིན་ལ་གཅིག་པ་ཡང་ཡིན་པར་སྨྲ་བའི་ཕྱོགས་ནི་རིགས་པ་མ་ཡིན་ནོ། །རིགས་བྱེད་ཀྱི་མཐར་སྨྲ་བ་རྣམས་ནི་ཤེས་པ་དང་བྱ་བ་དག་ལས་གང་ཡང་རུང་བ་ཞིག་གཙོ་བོར་བྱེད་པའི་སྒོ་ནས་རྣམ་པ་གཉིས་སོ། །དེ་ལ་ཤེས་པ་གཙོ་བོར་གྱུར་པའི་ རིགས་བྱེད་ཀྱི་ཆ་འཛིན་པ་གང་ཡིན་པ་དེ་རྣམས་ནི་ལས་དང་འབྲས་བུ་སྤོང་བ་སྔོན་དུ་འགྲོ་བ་ཅན་གྱི་ཐིག་ལེ་གསུམ་དང་། ཆོས་གོས་གསུམ་དང་། དབྱུ་གུ་གསུམ་ཐོགས་པ་དང་། ཡུལ་ནས་ཡུལ་གཞན་དུ་འགྲོ་བ་ལ་སོགས་པའི་བརྟུལ་ཞུགས་ཐམས་ཅད་དཀའ་ཐུབ་ཉིད་དུ་ཁས་ལེན་པ་ དང་། བྱ་བ་གཙོ་བོར་བྱེད་པའི་སྒོ་ནས་མེ་ལ་བསྟོད་པ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་མཆོད་སྦྱིན་བྱེད་པ་དེ་རྣམས་དང་སྐྲ་འབྲེག་པ་དང་། དབྱུ་གུ་ཐོགས་པ་ལ་སོགས་པའི་བརྟུལ་ཞུགས་འཛིན་པར་བྱེད་པས་བཞད་གད་བྱ་བར་འོས་པ་ཡིན་ཏེ། དེ་རྣམས་ཀྱི་ཐར་པ་སུན་དབྱུང་བ་ནི་སྔར་ 37-1-49a བརྗོད་པ་ཁོ་ན་ཡིན་པས་འདིར་སྤྲོ་བར་མི་བྱའོ། །དེ་ལྟར་ན་རྒོལ་བ་དེ་རྣམས་ཐམས་ཅད་དེ་ལྟར་སུན་དབྱུང་བར་བྱ་བ་ཡིན་ནོ། །ཐར་པ་འདི་ཐམས་ཅད་ནི་ལྟ་བ་སྣ་ཚོགས་པའི་ཉེས་པའི་འདམ་དང་འདྲེས་པའི་ཕྱིར་མི་གཙང་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་འདུས་པ་ཆེན་ པོའི་མདོ་ལས། རྣལ་འབྱོར་མཁས་པའི་གྲངས་ཅན་གྱིས། །རྨོངས་པས་ཕྱོགས་ནི་གང་བཟུང་དང་། །རིག་བྱེད་ཤེས་པས་གྲུབ་པ་རྣམས། །རིག་བྱེད་ཕྱོགས་ནི་འདོད་པ་དང་། །གང་དག་དུས་ལྔ་དགའ་བ་དང་། །དབང་ཕྱུག་ཆེན་པོའི་རྣལ་འབྱོར་པ། །མེ་ལ་ཚད་མར་བྱེད་ པ་དང་། །དྲི་མེད་རལ་པ་འཆང་བ་དང་། །ཐུབ་པ་ཆེན་པོར་སྨྲ་བ་དང་། །གཞན་ཡང་ཐར་པར་སྨྲ་བ་དང་། །དེ་ཀུན་འོག་ཏུ་འགྲོ་ཞེས་བྱ། །རྒྱལ་བས་གསུངས་པ་དེ་སྟེང་གནས། །ཞེས་གང་བཤད་པ་དང་། ཞི་བ་དྲི་མེད་དོན་ལྔར་སྨྲ། །བྱེད་སྨྲ་ཁྱབ་འཇུག་བྲམ་ཟེ་དང་། །འཇིག་ རྟེན་རྒྱང་པན་མཆོད་འོས་པ། །མི་རྣམས་སྤྱོད་པ་ཅན་གང་ཡིན། །དེ་རྣམས་རྡོ་རྗེའི་ཐེག་ཆེན་ནི། །མཆོག་ཏུ་སྤྱད་ན་ཕྱུགས་ཡིན་ནོ། །དེ་ཕྱིར་ངས་ནི་འབད་པ་ཡིས། །དེ་རྣམས་དང་ནི་འབྲེལ་པ་སྤངས། །འབྲེལ་པས་དམ་ཚིག་ཉམས་འགྱུར་ཏེ། །དངོས་གྲུབ་ཉམས་པས་ཐར་སྣོད་མིན། ། བཅུ་དང་བཅོ་བརྒྱད་བདག་ཉིད་ཀྱིས། །གྲུབ་པའི་མཐའ་ལ་དབང་བྱེད་པའི། །འཇིགས་བྱེད་དབང་དང་ལྡན་པ་ནི། །དྲུག་ཅུ་རྩ་བཞིར་བཤད་པ་གང་། །རྡོ་རྗེ་ཐེག་པ་མ་གཏོགས་པར། །དེ་ཀུན་ཕྱུགས་སུ་ཤེས་པར་བྱ། །ཞེས་བཤད་དེ། དེའི་ཕྱིར་རྡོ་རྗེ་ཐེག་པའི་བསྟན་པ་ནི་ཁ་ན་མ་ཐོ་ བ་མེད་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་གནས་པ་ཡིན་ནོ། །རང་གི་སྡེ་པ་ཡོད་པར་སྨྲ་བ་ནི་ངེས་པའི་བློ་ཅན་ཡིན་ལ། དེ་ཡང་ཉན་ཐོས་དང་། རྣལ་འབྱོར་སྤྱོད་པ་དང་། བྱང་ཆུབ་སེམས་དཔའ་དང་། གསང་སྔགས་ཀྱི་ཚུལ་ཅན་ཞེས་བྱ་བ་རྣམ་པ་བཞིའོ། །དེ་ལ་ཉན་ཐོས་ནི་གང་ཞིག་གང་ ཟག་ལ་བདག་མེད་པར་ཁོང་དུ་ཆུད་པ་ཙམ་གྱིས་ནི་བདག་ནི་བྱ་བ་བྱས་ཤིང་བྱེད་པ་བྱས་པའོ་སྙམ་དུ་སེམས་པ་ན་རང་གི་དོན་ཙམ་ལ་གནས་པས་གཞན་གྱི་དོན་སྤངས་ནས། འདི་སྐད་དུ། སེམས་ཅན་མོས་པ་སྣ་ཚོགས་པ། །རྒྱལ་བས་ཀྱང་ནི་མི་མགུ་བའི། །མི་ཤེས་བདག་འདྲ་ 37-1-49b སྨོས་ཅི་དགོས། །དེ་བས་འཇིག་རྟེན་བསམ་པ་བཏང་། །བདག་ཉིད་ཀྱིས་ནི་རིགས་པའམ། །རིགས་པ་མིན་ལ་བརྟག་བྱ་སྟེ། །ཕ་རོལ་པོ་ཡི་ཉེས་པ་དང་། །བྱས་དང་མ་བྱས་དག་ལས་མིན། །ཞེས་སྨྲ་ཞིང་ཕྱི་རོལ་གྱི་དོན་ལ་མངོན་པར་ཞེན་པའི་ལྟ་བ་ཅན་དེ་ནི་གསང་སྔགས་བཤད་ པའི་སྣོད་མ་ཡིན་ཏེ། གང་ཞིག་དགེ་སློང་དངོས་གནས་དང་། །མི་གང་རྟོག་ལ་དགའ་བ་དང་། །རྒན་པོ་ཉིད་འགྱུར་གང་ཡིན་པ། །དེ་ལ་དེ་ཉིད་བསྟན་མི་བྱ། །ཞེས་གང་བཤད་པ་དང་། ཉན་ཐོས་རྣམས་ཀྱི་ནང་དུ་ཞག་བདུན་གནས་པ་ལ་རྩ་བའི་ལྟུང་བ་འབྱུང་ངོ་ཞེས་ཀྱང་ གསུངས་སོ། །རྣལ་འབྱོར་སྤྱོད་པ་པོ་རྣམས་ཀྱང་རྣམ་པར་རིག་པ་མ་གཏོགས་པར་སྣ་ཚོགས་འདི་དག་མི་དམིགས་ཏེ། འཁོར་བ་ཐོག་མ་མེད་པ་ནས་ནང་ན་གནས་པའི་བག་ཆགས་ཀྱི་ཉེས་པས་དོན་གྱི་བདག་ཉིད་ཅན་གྱི་གཟུང་བ་དང་འཛིན་པའི་རང་བཞིན་དུ་སྣང་བ་འབའ་ ཞིག་ཏུ་ཟད་ཅིང་། དེ་ནི་ངོ་བོ་ཉིད་གསུམ་ཡོངས་སུ་བརྟགས་ཤིང་བསྒོམས་པས་སེམས་ཙམ་ཉིད་ཁོང་དུ་ཆུད་ནས་ཕྱི་རོལ་གྱི་དོན་སྤངས་པས་ཆོས་ཀྱི་སྐུ་ཉིད་ཡིན་པར་སེམས་ན། དེ་ཡང་རིགས་པ་མ་ཡིན་ཏེ། གཟུང་བ་དང་འཛིན་པའི་དངོས་པོ་ཙམ་ཉིད་དུ་མི་འཐད་པའི་རྣམ་པར་རིག་པ་ ཙམ་ཉིད་ནི་གྲུབ་པའི་ཕྱིར་རོ། །དེ་བས་ན་དེ་དག་གིས་བརྟགས་པའི་ཐར་པ་ནི་ཤིན་ཏུ་དག་པ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ནི་གཟུང་བ་དང་འཛིན་པ་མེད་པའི་ཕྱིར་གཅིག་དང་དུ་མ་དང་བྲལ་བས་དངོས་པོ་རྣམས་ཀྱི་རང་བཞིན་དཔྱོད་པ་ན་སྟོང་པ་ཉིད་ལ་སོགས་པའི་རྣམ་པར་ཐར་པ་ བཞི་བསྒོམ་པས་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་ནི་ཆོས་ཀྱི་སྐུའི་མཚན་ཉིད་ཀྱི་སངས་རྒྱས་ཉིད་ཡིན་པར་སེམས་ཏེ། འདི་ནི་རིགས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་རྣམས་རྡོ་རྗེ་ཐེག་པ་བ་བདག་ཅག་ལ་དེ་ཁོ་ན་ཉིད་ལ་ལོག་པར་རྟོག་པ་ནི་མེད་དེ་དེ་ཁོ་ན་ཉིད་ནི་གཅིག་ཁོ་ན་ཡིན་ནོ། ། ཐབས་ཐ་དད་པ་དང་དུས་ཐ་དད་པ་ཞེས་བྱ་བ་ནི་ཁྱད་པར་ཡིན་ཏེ། དགའ་བ་ཟད་པ་མེད་དང་གསལ། །བརྟགས་མིན་སྣ་ཚོགས་གཟུགས་ཅན་ཏེ། །སྙིང་རྗེ་ཆེན་པོའི་རོས་ཁྱབ་པ། །ཆོས་དབྱིངས་བདག་ཉིད་འབྲས་བུ་ཡིན། །དོན་གཅིག་ཡིན་ཡང་མ་རྨོངས་དང་། །ཐབས་མང་ 37-1-50a དཀའ་སྤྱོད་མ་ཡིན་དང་། །དབང་པོ་རྣོན་པོས་དབང་བྱས་ཕྱིར། །སྔགས་ཀྱི་བསྟན་བཅོས་ཁྱད་པར་འཕགས། །ཞེས་གང་གསུངས་པའོ། །དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་པ་དེ་ཁོ་ན་ཉིད་ཐོབ་པ་ཡིན་མོད་ཀྱི་འོན་ཀྱང་དེ་དག་ནི་ཐབས་ལ་སོགས་པ་མ་ཚང་ བས་དུས་ཤིན་ཏུ་ཡུན་རིང་པོས་བྱང་ཆུབ་ཐོབ་པ་དག་ཡིན་ནོ། །གང་གི་ཚེ་གསུམ་པོ་དེ་རྣམས་ཐམས་ཅད་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འོད་ཟེར་གྱི་འཁོར་ལོ་སྤྲོས་པའི་སྐུ་དྲིན་གྱི་ཐབས་ཀྱི་བྱེ་བྲག་གིས་བསྐུལ་བ་དེའི་ཚེ། གསང་སྔགས་ཀྱི་གཞུང་གི་སྣོད་དུ་རུང་བར་འགྱུར་ ཏེ། ཉན་ཐོས་དང་ནི་རང་རྒྱལ་དག །སྙིང་རྗེ་ཆེན་པོ་མེད་པའི་ཕྱིར། །རང་གི་དོན་ལ་བརྩོན་པ་སྟེ། །ཐེག་ཆེན་ལ་ནི་སྨོད་པའོ། །ཐེག་པ་ཆེན་པོ་རབ་བསྟན་པའི། །རྒྱལ་བའི་ཡོན་ཏན་དཔག་མེད་དང་། །བྱང་ཆུབ་སེམས་དཔའི་མཐུ་ཐོས་ཀྱང་། །དེ་ཡི་སྣོད་མིན་གྱུར་པ་སྟེ། །རང་ གི་ལམ་གྱི་ཐེག་ཆེན་ནོར། །མ་ལུས་བསྲེགས་པ་དེ་རྣམས་ནི། །བྱང་ཆུབ་སེམས་དཔའ་དག་དབུས་ན། །སྐྱེས་བུ་ཕོངས་པ་བཞིན་དུ་གནས། །སྲིད་ལ་སྐྲག་པའི་ཡིད་ཅན་རྣམས། །ཚེ་ཟད་པ་ལས་དགའ་འགྱུར་ཞིང་། །མྱ་ངན་འདས་ཐོབ་འདུ་ཤེས་ཅན། །བྱང་ཆུབ་འདི་དག་ཐོབ་ པ་ཡིན། །དེ་ལ་མྱ་ངན་འདས་པ་མེད། །འོན་ཀྱང་སྲིད་པ་གསུམ་པོ་རུ། །དེ་དག་སྐྱེ་བར་མི་འགྱུར་ཏེ། །དེ་རྣམས་ཟག་མེད་དབྱིངས་ལ་གནས། །ཉོན་མོངས་ཅན་མིན་མི་ཤེས་པ། །སྤངས་ཕྱིར་སངས་རྒྱས་ཀྱིས་བསྐུལ་ནས་། བསོད་ནམས་ཀྱི་ནི་ཚོགས་བསགས་ཏེ། །དེ་ཡང་འཇིག་ རྟེན་འདྲེན་པར་འགྱུར། །ཞེས་གང་གསུངས་པའོ། །དེ་ལྟར་ན་ཕྱག་རྒྱ་ཆེན་པོ་ལ་འཇུག་པའི་རིམ་གྱིས་དེ་རྣམས་སངས་རྒྱས་ཉིད་མངོན་དུ་བྱེད་དོ་ཞེས་བྱ་བ་ནི་མདོར་བསྡུས་པའོ། །འདི་ནི་ཤིན་ཏུ་བསྡུས་ནས་བརྗོད་པ་ཡིན་ཏེ། སྔར་ཉེ་བར་བཀོད་པ་གང་ཡིན་པ་དེ་རྣམས་ཐམས་ཅད་ ཀྱང་རྡོ་རྗེ་ཐེག་པ་པས་སུན་དབྱུང་བར་མི་བྱ་ཞིང་འོན་ཀྱང་གཟུང་བར་བྱ་བ་སྟེ། རྟགས་ཀྱི་དབྱེ་བས་གནས་པ་ཡི། །ཕ་རོལ་རྒོལ་བ་གང་ཡང་རུང་། །དེ་དག་ཀྱང་འདིར་སྨད་མི་བྱ། །རྡོ་རྗེ་སེམས་དཔའི་རྣམ་འཕྲུལ་ཡིན། །ཞེས་བཤད་པའོ། །རེ་ཞིག་ལུང་དང་རིགས་པ་དག་གིས་ 37-1-50b ཡིད་ཆེས་པར་འགྱུར་བའི་ཕ་རོལ་རྒོལ་བ་པོ་དེ་དག་ལྟ་ཞོག་གི། ཤིན་ཏུ་དྲག་པོའི་ལས་ཅན་གྱི་གདོལ་པ་ལ་སོགས་པ་གང་ཡིན་པ་དེ་རྣམས་ཀྱང་རྡོ་རྗེའི་ཐེག་པ་ལ་ཞུགས་པར་གྱུར་ན་བྱང་ཆུབ་ཐོབ་པར་འགྱུར་ཏེ། ཇི་སྐད་དུ་རྩ་བའི་རྒྱུད་ལས། རིགས་ངན་སྨྱིག་མ་མཁན་ལ་སོགས། ། གསོད་དོན་དོན་གཉེར་སེམས་པ་རྣམས། །ཐེག་ཆེན་བླ་ན་མེད་པ་ཡི། །ཐེག་མཆོག་འདི་ལ་འགྲུབ་པར་འགྱུར། །སེམས་ཅན་མཚམས་མེད་ལ་སོགས་པའི། །སྡིག་པ་ཆེན་པོ་བྱེད་པ་ཡང་། །རྡོ་རྗེ་ཐེག་པ་རྒྱ་མཚོ་སྟེ། །ཐེག་པ་མཆོག་ནི་འདི་ལ་འགྲུབ། །ཅེས་བྱ་བ་ལ་ སོགས་པ་གང་བཤད་པའོ། །གསང་སྔགས་ཀྱི་ཚུལ་ཅན་ནི་བྱ་བའི་རྣལ་འབྱོར་པ་དང་། སྤྱོད་པའི་རྣལ་འབྱོར་པ་དང་རྣལ་འབྱོར་རྒྱུད་ཀྱི་རྣལ་འབྱོར་པ་དང་། རྣལ་འབྱོར་མཆོག་གི་རྒྱུད་ཀྱི་རྣལ་འབྱོར་པ་དང་། རྣལ་འབྱོར་མའི་རྒྱུད་ཀྱི་རྣལ་འབྱོར་པ་ཞེས་བྱ་བ་རྣམ་པ་ལྔའོ། །དེ་ལ་ བྱ་བའི་རྒྱུད་ཀྱི་རྣལ་འབྱོར་པ་ནི་མཆོད་རྟེན་ལ་བསྐོར་བ་བྱེད་པ་དང་། བཟླས་པ་དང་སྦྱིན་སྲེག་དང་ཁྲུས་ལན་གསུམ་བྱེད་པ་དང་། གོས་ལན་གསུམ་བརྗེ་བ་ལ་སོགས་པའི་བྱ་བའི་དབང་གིས་གཏི་མུག་ཆེན་པོ་དང་བར་མའི་རིགས་ཅན་ཡིན་ནོ། །སྤྱོད་པའི་རྣལ་འབྱོར་པ་ནི་དངོས་གྲུབ་དང་ ཏིང་ངེ་འཛིན་དང་ཆོ་འཕྲུལ་ལ་སོགས་པ་ཐོབ་པར་མངོན་པར་འདོད་པའི་དབང་གིས་གཏི་མུག་ཆུང་ངུའི་རིགས་ཅན་ཡིན་ནོ། །རྣལ་འབྱོར་གྱི་རྒྱུད་ཀྱི་རྣལ་འབྱོར་པ་ནི་ཕྱག་རྒྱ་དང་དཀྱིལ་འཁོར་དང་ཏིང་ངེ་འཛིན་གཙོ་བོར་གྱུར་པའི་ཕྱིར་འདོད་ཆགས་ལ་སོགས་པ་ཆུང་བ་ཞིག་ཆུང་ངུ་དང་འབྲིང་ གི་རིགས་ཅན་ཡིན་ནོ། །རྣལ་འབྱོར་མཆོག་གི་རྒྱུད་ཀྱི་རྣལ་འབྱོར་པ་ནི་འདོད་ཆགས་དང་ཞེ་སྡང་ཆེན་པོའི་རིགས་ཅན་ཡིན་ནོ། །རྣལ་འབྱོར་མའི་རྒྱུད་ཀྱི་རྣལ་འབྱོར་པ་ནི་འདོད་ཆགས་ཆེན་པོའི་ཆེན་པོ་འབའ་ཞིག་གི་རིགས་ཅན་ཡིན་ཏེ། དེ་བས་ན་དེ་དག་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ ཀྱིས་གསང་སྔགས་ཀྱི་བསྟན་པ་རྣམ་པ་ལྔ་གསུངས་སོ། །རྣལ་འབྱོར་པ་དེ་དག་ཐམས་ཅད་ནི་བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའི་རྣལ་འབྱོར་པ་ཞེས་བྱ་བ་རྣམ་པ་གཉིས་སུ་འགྱུར་རོ། །དེ་ལ་བྱ་བའི་རྒྱུད་ལ་སོགས་པ་རྣམས་ཀྱི་བསྐྱེད་པའི་རིམ་པ་ནི་ས་བོན་ཙམ་ལས་ཡིན་ནོ། ། 37-1-51a རྣལ་འབྱོར་གྱི་རྒྱུད་ལ་སོགས་པ་རྣམས་ཀྱི་བསྐྱེད་པའི་རིམ་པ་ནི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་རིམ་པས་ཡིན་ནོ། །བྱ་བའི་རྒྱུད་ལ་སོགས་པ་རྣམས་ཀྱི་རྫོགས་པའི་རིམ་པ་ནི་རྡོ་རྗེ་ཕྲ་མོ་ལ་སོགས་པ་བསྒོམ་པའོ། །རྣལ་འབྱོར་མཆོག་གི་རྒྱུད་ལ་སོགས་པ་རྣམས་ཀྱི་རྫོགས་ པའི་རིམ་པ་ནི་ཕྲ་མོའི་རྣལ་འབྱོར་དང་ཐིག་ལེའི་རྣལ་འབྱོར་ལ་སོགས་པ་བསྒོམ་པའོ་ཞེས་བྱ་བ་ནི་ཁྱད་པར་ཡིན་ནོ། །དེ་ལ་རྫོགས་པའི་རིམ་པའི་དབྱེ་བ་ནི་མང་དུ་ཡོད་དེ། ཕྲ་མོའི་རྣལ་འབྱོར་ནི་འོད་ཟེར་གསལ་བ་འབའ་ཞིག་གི་རྣལ་འབྱོར་པ་ཡིན་ནོ། །ཐིག་ལེའི་རྣལ་འབྱོར་ནི་སྲོག་དང་ རྩོལ་བའི་རིམ་པས་ཡིན་ཏེ་དེ་བཞིན་དུ་རྩ་བའི་རིམ་པས་སམ། བྱང་ཆུབ་ཀྱི་སེམས་གཟུང་བའི་སྒོ་ནས་སམ། པདྨའི་ནང་དུ་དམ་ཚིག་གི་དཀྱིལ་འཁོར་སྤྲོ་བ་ལ་སོགས་པའི་རིམ་པས་སམ། དེ་མྱང་བའི་སྒོ་ནས་སམ། ཡན་ལག་ཐམས་ཅད་ཀྱི་ཚིགས་ལ་ཁྱབ་པའི་སྒོ་ནས་སམ། རླུང་གི་སྦྱོར་བས་བྱང་ཆུབ་ཀྱི་སེམས་སྟེང་དུ་འདྲེན་པའི་བདེ་བ་ཆེན་པོ་ཉམས་སུ་མྱོང་བའི་སྒོ་ནས་སམ། བསྙེན་པ་མཆོག་ལ་སོགས་པའི་རིམ་པས་ཐབས་དང་ཤེས་རབ་སྙོམས་པར་ཞུགས་ནས་ལྷན་ཅིག་སྐྱེས་པའི་བདེ་བ་ཉམས་སུ་མྱོང་བའི་སྒོ་ནས་ཡིན་ནོ། །ཡན་ལག་དྲུག་པའི་ རྣལ་འབྱོར་གྱི་རིམ་པས་ཀྱང་ཡིན་ཏེ། ཡུལ་དང་དབང་པོའི་ལོངས་སྤྱོད་དང་། དེ་དག་གི་རྣམ་པར་དག་པ་དང་། ཐིག་ལེ་སྤྲོ་བ་དང་། ཐིག་ལེ་གཟུང་བ་དང་། སླར་སྤྲོ་བ་དང་། དཀྱིལ་འཁོར་གྱི་འཁོར་ལོའི་བདག་པོ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་རྡོ་རྗེ་འཆང་ཆེན་པོའི་སྐུར་ དམིགས་པའི་དབྱེ་བས་སོ། །རྡོ་རྗེ་བཟླས་པ་ནི་རླུང་གི་རིམ་པའི་སྒོ་ནས་སོ། །ཡེ་ཤེས་དང་རྣམ་པར་ཤེས་པའི་རིམ་པས་ནི་སེམས་རྣམ་པར་དག་པའི་རིམ་པ་ཡིན་ནོ། །སྒྱུ་མ་ལ་སོགས་པའི་དཔེ་བཅུ་གཉིས་ཀྱི་རིམ་པས་ནི་བདག་བྱིན་གྱིས་བརླབ་པའི་རིམ་པ་ཡིན་ནོ། །འདོད་ཆགས་དང་ འདོད་ཆགས་དང་བྲལ་བ་དང་འདོད་ཆགས་བར་མའི་རིམ་པས་ནི་མངོན་པར་བྱང་ཆུབ་པའི་རིམ་པ་ཡིན་ནོ། །མི་གནས་པའི་མྱ་ངན་ལས་འདས་པའི་རིམ་པས་ནི་ཟུང་དུ་འཇུག་པའི་རིམ་པ་ཡིན་ནོ། །དེ་ལྟར་ན་རྣལ་འབྱོར་པ་དཔྱད་པ་དང་ཡུལ་གྱི་རྣམ་པར་དབྱེ་བ་བསྟན་པ་ཡིན་ནོ། །དེ་ལ་རྫོགས་པའི་ 37-1-51b རིམ་པ་འདི་ནི་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་དོན་ལྔས་བསྡུས་པ་ཡིན་པའི་ཕྱིར་དེའི་སླད་དུ་དང་པོ་འདོད་པའི་ལྷ་ལ་ཕྱག་འཚལ་བ་མཛད་དེ། ཇི་ལྟར་མངོན་པར་འདོད་པའི་ལྷ་ལ་ཕྱག་འཚལ་བ་སྔོན་དུ་འགྲོ་བ་ཅན་གྱི་འཇུག་པ་ནི་དམ་པ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །འདི་ལྟར་ཕྱག་ འཚལ་བ་ནི་རྣམ་པ་གསུམ་དུ་འགྱུར་ཏེ། རིགས་པ་དང་མཐུན་པ་དང་གཉི་ག་དང་རྗེས་སུ་མཐུན་པ་ཞེས་བྱ་བའོ། །དེ་ལ་རིགས་པ་ནི་དཔེར་ན་རང་གི་འདོད་པའི་ལྷ་གང་ཡིན་པ་དེ་ཉིད་ལ་བསྟན་བཅོས་བྱེད་པ་དེ་ལ་ཕྱག་འཚལ་བར་བྱེད་པ་སྟེ། ཇི་ལྟར་དཔལ་ལྡན་ཞེས་བྱ་བ་ལ་སོགས་ པས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་བ་བཞིན་ཏེ། དེ་ནི་སངས་རྒྱས་ཡེ་ཤེས་ཀྱི་ཞལ་སྔ་ནས་ཀྱི་འདོད་པའི་ལྷ་ཉིད་ཡིན་པའི་ཕྱིར་རོ། །མཐུན་པ་ནི་དཔེར་ན་སོ་སོར་ཐར་པའི་སྡོམ་པའི་དང་པོར་བཅོམ་ལྡན་འདས་འདོད་ཆགས་དང་བྲལ་བ་ལ། དཔལ་འབྱོར་གནས་དང་ཞེས་བྱ་བ་ལ་སོགས་ པས་ཕྱག་འཚལ་བ་བཞིན་ནོ། །གཉི་ག་དང་རྗེས་སུ་མཐུན་པ་ནི་དཔེར་ན་རྩོམ་པ་པོའི་ལྷ་དེ་ཉིད་ཡིན་ཞིང་བསྟན་བཅོས་ཀྱི་ཡང་དེ་ཁོ་ན་ཡིན་ཏེ།ཇི་ལྟར་དཔལ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་སྒྲུབ་ཐབས་མདོར་བསྡུས་པར་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཁམས་གསུམ་སྤྱོད་ པ་ལས་གྲོལ་ཞེས་བྱ་བ་ལ་སོགས་པས་ཕྱག་འཚལ་བ་བཞིན་ནོ། །འདིར་ཡང་དེ་ཁོ་ན་བཞིན་དུ་གཉི་ག་དང་རྗེས་སུ་མཐུན་པ་ཁོ་ན་ཡིན་ཏེ། རྡོ་རྗེ་སེམས་དཔའ་ནི་འདོད་པའི་ལྷ་ཡིན་པའི་ཕྱིར་དང་རབ་ཏུ་བྱེད་པའི་ཡང་གཙོ་བོ་ནི་དེ་ཁོ་ན་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ གཞན་ཡང་ཕྱག་འཚལ་བ་ནི་ལུས་ཀྱི་དང་ངག་གི་དང་ཡིད་ཀྱི་དང་བླ་ན་མེད་པའི་ཞེས་བྱ་བའི་རྣམ་པ་བཞི་ཁོ་ནར་འགྱུར་ཏེ། ལུས་ཀྱི་ནི་ཡན་ལག་ལྔས་ཕྱག་འཚལ་བ་ལ་སོགས་པའོ། །ངག་གི་ནི་བསྟོད་པའི་མཚན་ཉིད་ཅན་ནོ། །ཡིད་ཀྱི་ནི་བསམ་གཏན་ལ་སོགས་པའི་མཚན་ ཉིད་ཅན་ཡིན་ནོ། །དེ་བཞིན་དུ་བླ་ན་མེད་པའི་ཕྱག་འཚལ་བ་ནི་དེའི་བདག་ཉིད་དུ་རྗེས་སུ་འཇུག་པའི་མཚན་ཉིད་ཅན་ཏེ། དེ་ཉིད་ལས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་ཉིད་བཞིན། །རང་གིས་རང་གི་ཡེ་ཤེས་ནི། །ལེགས་མཐོང་གང་དེར་འདིར་ཕྱག་ཡིན། །ཞེས་བྱ་བ་ 37-1-52a ལ་སོགས་པ་འཆད་པར་འགྱུར་རོ། །ཡང་ཕྱག་འཚལ་བར་བྱེད་པ་འདི་ལ་དགོས་པ་ཅི་ཡོད་ཅེ་ན། དགོས་པ་ནི་བགེགས་ཉེ་བར་ཞི་བ་སྟེ། ཕྱག་འཚལ་བ་བྱས་ནས་སྐྱེས་བུ་ཆེན་པོ་ལ་བསྟོད་པས་བསོད་ནམས་ཐོབ་པ་ན་བསོད་ནམས་མ་ཡིན་པ་ལྡོག་པའི་ཕྱིར་བསོད་ནམས་མ་ ཡིན་པ་ལས་བྱུང་བའི་ཕྱི་དང་ནང་གི་བགེགས་རྣམས་ཉེ་བར་ཞི་བར་འགྱུར་བའི་ཕྱིར་ལ། ཞི་བས་ནི་བསྟན་བཅོས་མཐར་ཕྱིན་པར་འགྱུར་བའི་ཕྱིར་བགེགས་ཉེ་བར་ཞི་བ་ནི་ཕྱག་འཚལ་བའི་འབྲས་བུ་ཡིན་ནོ། །དེ་ལ་ཕྱི་རོལ་གྱི་བེམས་པོ་དང་བེམས་པོ་མ་ཡིན་པ་ལ་བསྟེན་པའི་བགེགས་རྣམས་ སོ། །ས་ལ་སོགས་པ་འབྱུང་བ་ཆེན་པོ་ལྔས་བྱས་པའི་བགེགས་རྣམས་ནི་བེམས་པོ་ལ་བརྟེན་པ་རྣམས་སོ། །ཕྱུགས་དང་རི་དྭགས་དང་བྱ་དང་སྦྲུལ་དང་བསྟན་པ་ལ་སོགས་པའི་རྒྱུ་ཅན་གྱི་བགེགས་རྣམས་ནི་བེམས་པོ་མ་ཡིན་པ་ལ་བརྟེན་པའི་བགེགས་རྣམས་སོ། །ནང་གི་ནི་ལུས་ ཀྱི་དང་ངག་གི་དང་ཡིད་ཀྱི་ཞེས་བྱ་བ་རྣམ་པ་གསུམ་ཡིན་ནོ། །དེ་ལ་ལུས་ཀྱི་རླུང་དང་མཁྲིས་པ་དང་བད་ཀན་ལ་སོགས་པའི་རྒྱུ་མཚན་ཅན་རྣམས་སོ། །ངག་གི་ཚིག་རྩུབ་མོ་ལ་སོགས་པའི་རྒྱུ་མཚན་ཅན་རྣམས་སོ། །ཡིད་ཀྱི་ནི་འདོད་ཆགས་ལ་སོགས་པའི་རྒྱུ་མཚན་ཅན་རྣམས་ སོ་ཞེས་བྱ་བ་དེ་དག་ཐམས་ཅད་ནི་བཅོམ་ལྡན་འདས་རྗེས་སུ་དྲན་པ་ལས་ཉེ་བར་ཞི་བར་འགྱུར་རོ། །ཕྱག་འཚལ་བ་འདིར་འཁྲུལ་པ་མཐོང་བ་མ་ཡིན་ནམ། གང་དུ་ཕྱག་འཚལ་བ་དེར་བགེགས་ཉེ་བར་ཞི་བ་མ་མཐོང་སྟེ། བཤད་པའི་རྒྱུད་དགོངས་པ་ལུང་བསྟན་པའི་འགྲེལ་པ་ཕྱེད་ བྱས་པ་ན་འགྲེལ་པ་བྱེད་པ་ཤི་བའི་ཕྱིར་རོ། །གང་དུ་ཕྱག་འཚལ་བ་མ་བྱས་པ་དེར་དེ་ཡང་བགེགས་ཉེ་བར་ཞི་བར་མཐོང་སྟེ། ནག་པོའི་ཞལ་སྔ་ནས་ཀྱིས་སྒྲོན་མ་བཞི་ལ་སོགས་པར་རོ་ཞེ་ན་བདེན་ཏེ། བསྟན་བཅོས་བྱེད་པ་ནི་གྲགས་པའི་མཚན་ཉིད་ཅན་གྱི་འབྲས་བུ་ལ་བསམས་ ནས་འཇུག་སྟེ། འབྲས་བུ་དེ་དང་འབྲེལ་པའི་རྒྱུ་མཚན་ཡོད་པ་ཁོ་ན་ཡིན་པས་གྲགས་པ་ཁོ་ན་བགེགས་ཉེ་བར་ཞི་བ་ཡིན་ནོ། །གང་དུ་ཕྱག་འཚལ་བ་མ་བྱས་པར་དེར་ཡང་བཀྲ་ཤིས་པ་རྗོད་པར་བྱེད་པའི་སྒྲ་གཞན་རྒྱུ་མཚན་ཡིན་ཏེ། དཔེར་ན་འདི་སྐད་ཅེས་བྱ་བ་དོན་དུ་མ་དང་ལྡན་ 37-1-52b པའི་ཚིག་གི་ཕྲད་ཡིན་པས་འདི་སྐད་ཅེས་བྱ་བའི་སྒྲ་ནི་བཀྲ་ཤིས་པའི་དོན་ཅན་ནོ། །ཡང་ན་གལ་ཏེ་དེར་ཚིག་གི་སྒོ་ནས་ཕྱག་འཚལ་བ་མ་བྱས་ཀྱང་ལུས་སམ་ཡིད་ཀྱི་སྒོ་ནས་བྱས་པའི་ཕྱིར་ཐམས་ཅད་ཉེས་པ་མེད་པ་ཡིན་ནོ། །ཤིན་ཏུ་ཐལ་ཆེས་པས་ཆོག་སྟེ། སྐབས་སུ་བབ་པ་ དཔྱད་པར་བྱའོ། །མགོན་པོ་སེམས་ཅན་ཀུན་བདག་ཉིད། །དཔལ་ལྡན་བདེ་ཆེན་ལ་བཏུད་དེ། །རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ནས། །རྡོ་རྗེ་བཟླས་པའི་རིམ་བཤད་བྱ། །མགོན་པོ་སྟེ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ་བཏུད་ ཅིང་ཕྱག་འཚལ་ནས་རྡོ་རྗེ་བཟླས་པའི་རིམ་པ་སྟེ་མི་ཕྱེད་མི་ཤིགས་པའི་རྡོ་རྗེ་བཟླས་པའི་རིམ་པ་ཇི་ལྟ་བ་བཞིན་དུ་བཤད་ཅིང་བསྙད་པར་བྱའོ། །མགོན་པོ་ཇི་ལྟ་བུ་ཞེ་ན། སེམས་ཅན་ཀུན་བདག་ཉིད་དེ་བརྟན་པ་དང་གཡོ་བའི་འགྲོ་བ་ལ་ཁྱབ་པར་བྱེད་པའོ། །དཔལ་ནི་བསོད་ནམས་ དང་ཡེ་ཤེས་ཀྱི་ཚོགས་དག་སྟེ། གང་ལ་དེ་དག་ཡོད་པ་ནི་དཔལ་ལྡན་ནོ། །བདེ་ཆེན་ནི་ཐར་པ་སྟེ་དེའི་རྒྱུ་ཡིན་པའི་ཕྱིར་བདེ་བ་ཆེན་པོ་དེ་ལའོ། །རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ནས། །ཞེས་བྱ་བ་ལ། རྣལ་འབྱོར་རྒྱུད་ནི་དཔལ་གསང་བ་འདུས་པ་ཞེས་བྱ་བའི་མིང་ཅན་ནོ། ། དེའི་རྗེས་འབྲངས་ནས་ཞེས་བྱ་བ་ནི་དེ་ལས་བཏུས་ཞེས་བྱ་བའི་དོན་ཏེ། ཡི་གེའི་དོན་ཏོ། །ཡང་ན་མགོན་པོ་ནི་བླང་བར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །ཐམས་ཅད་སྟོང་པའི་ཆོས་ཉིད་ནི་འགྲོ་བ་མ་ལུས་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་སེམས་ཅན་ཀུན་བདག་ཉིད་དོ། །དཔལ་ ནི་ཆོས་ཀྱི་སྐུ་སྟེ་དེ་དང་ལྡན་པའི་ཕྱིར་དཔལ་ལྡན་ནོ། །ཉན་ཐོས་ལ་སོགས་པའི་བྱང་ཆུབ་ཆེན་པོ་རྣམས་ཀྱི་ནང་ནས་མཆོག་གི་བྱང་ཆུབ་ཀྱི་ངོ་བོ་བདེ་བ་ཡིན་ནོ། །དེ་ལ་བཏུད་ནས་རྡོ་རྗེ་བཟླས་པའི་རིམ་པ་སྟེ། རང་བཞིན་གྱིས་དག་པའི་མ་ནིང་གི་བཟླས་པའི་མཚན་ཉིད་བཤད་པར་ བྱའོ། །རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ནས། །ཞེས་བྱ་བ་ནི་སྔ་མ་བཞིན་ཏེ་སྤྱིའི་དོན་ཏོ། །ཡང་ན་དེ་བཞིན་དུ་མགོན་པོ་ནི་ཕུང་པོ་ལ་སོགས་པ་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་ཡིན་ནོ། །ཡོད་པའི་དངོས་པོ་ནི་སེམས་ཅན་ཞེས་བྱ་བ་སྟེ། བྱང་ཆུབ་ཀྱི་སེམས་སོ། །ཀུན་ནི་རྩ་ 37-1-53a སྟོང་ཕྲག་བདུན་ཅུ་རྩ་གཉིས་སོ། །དེའི་བདག་ཉིད་ཅེས་བྱ་བ་ནི་རྩ་ལས་བྱུང་བའི་བྱང་ཆུབ་སེམས་ཀྱིས་འགྲོ་བ་མ་ལུས་པ་སྐྱེད་པར་བྱེད་པའོ། །དཔལ་ནི་ཤེས་རབ་སྟེ་དེ་དང་ལྡན་པ་ནི་དཔལ་ལྡན་ནོ། །བདེ་ཆེན་ནི་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་རང་གི་ངོ་བོ་ཉིད་དེ། བཏུད་ནས་རྣལ་འབྱོར་རྒྱུད་ཀྱི་རྗེས་སུ་འབྲངས་ནས་རྡོ་རྗེ་བཟླས་པ་སྟེ་རྣམ་པར་ཤེས་པ་དང་རླུང་གི་དེ་ཁོ་ན་ཉིད་ཀྱི་རང་བཞིན་ཅན་གྱི་བཟླས་པ་བཤད་པར་བྱའོ་ཞེས་བྱ་བ་ཡང་སྤྱིའི་དོན་ཏོ། །ཡང་ན་མགོན་པོ་ནི་མན་ངག་བཞི་པའི་རང་གི་ངོ་བོའོ། །ཀུན་ནི་དགའ་བ་ལ་སོགས་པ་འདོད་ཆགས་དང་འདོད་ཆགས་ དང་བྲལ་བ་དང་འདོད་ཆགས་བར་མ་རྣམས་སོ། །སེམས་ཅན་ནི་སྨིག་རྒྱུ་ལ་སོགས་པའི་རྟགས་ལྔའོ། །དེའི་བདག་ཉིད་ནི་དེ་རྣམས་དང་རོ་གཅིག་པའི་རང་བཞིན་ཉིད་ཀྱིས་རང་གིས་རིག་པར་བྱའོ། །དཔལ་ནི་དམ་ཚིག་ཕྱག་རྒྱ་སྟེ་དེ་དང་འབྲེལ་པས་ཐོབ་པར་བྱ་བ་ཉིད་ཡིན་པའི་ཕྱིར་དཔལ་ལྡན་ནོ། ། བདེ་ཆེན་ནི་དཔེ་ལས་བྱུང་བའི་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་ཀྱི་ངོ་བོའོ། །བཏུད་པ་ནི་རྗེས་སུ་འཇུག་པའོ། །རྡོ་རྗེ་བཟླས་པ་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ་སྦས་པའོ། །ཡང་ན་མགོན་པོ་ནི་འཇའ་ཚོན་གྱི་རྣམ་པར་སྣང་བའོ། །སེམས་ཅན་ནི་སྒྱུ་མའི་དཔེ་བཅུ་གཉིས་སོ། །དེའི་བདག་ ཉིད་ནི་དེའི་རང་བཞིན་ནོ། །དཔལ་ནི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་དག་སྟེ། དེ་དང་ལྡན་པའི་ཕྱིར་དཔལ་ལྡན་ནོ། །བདེ་ཆེན་ནི་ཆོས་ཀྱི་སྐུ་སྟེ། དེ་ལས་བྱུང་བའི་ཕྱིར་བདེ་ཆེན་ནོ། །དེ་ལ་བཏུད་ནས། རྡོ་རྗེ་བཟླས་པའི་རིམ་བཤད་བྱ། །ཞེས་བྱ་བ་ནི་སྔ་མ་བཞིན་ཏེ་སྦས་པ་ ཡིན་ནོ། །མགོན་པོ་ནི་རང་བཞིན་རྣམས་ཏེ་དེ་དག་སྡུད་པར་བྱེད་པ་པོ་ཉིད་ཡིན་པའི་ཕྱིར་མགོན་པོའོ། །སེམས་ཅན་ཐམས་ཅད་ཀྱི་རྒྱུར་གྱུར་པ་ཉིད་ཡིན་པའི་ཕྱིར་སེམས་ཅན་ཀུན་ནི་རྣམ་པར་ཤེས་པ་གསུམ་ཡིན་ཏེ། དེ་རྣམས་སྔགས་དང་ཕྱག་རྒྱའི་རིམ་པས་འོད་གསལ་བར་ འཇུག་པའི་ཕྱིར་སེམས་ཅན་ཀུན་བདག་ཉིད་དོ། །དཔལ་ནི་སྟོང་པ་དང་ཤིན་ཏུ་སྟོང་པ་དང་ཆེན་པོ་སྟོང་པ་རྣམས་ཏེ། དེ་དག་སྡུད་པ་དང་ལྡན་པའི་ཕྱིར་དཔལ་ལྡན་ནོ། །ཐམས་ཅད་སྟོང་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་བདེ་ཆེན་ཏེ། དེ་ལ་བཏུད་ནས། རྡོ་རྗེ་བཟླས་པའི་རིམ་བཤད་བྱ། །ཞེས་བྱ་ 37-1-53b བ་ནི་སྔ་མ་བཞིན་ཏེ་ཡང་སྦས་པ་ཡིན་ནོ། །རྟག་པ་ཉིད་ཡིན་པའི་ཕྱིར་མགོན་པོའོ། །སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པ་ཉིད་ཡིན་པའི་ཕྱིར་སེམས་ཅན་ཀུན་ནི་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དང་འདོད་ཆགས་བར་མ་རྣམས་ཏེ། དེ་དག་བཞི་པ་དང་ལྷན་ཅིག་འདྲེས་པའི་ཕྱིར་ སེམས་ཅན་ཀུན་བདག་ཉིད་དོ། །དཔལ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ་དེ་དང་སྙོམས་པར་ཞུགས་པ་ཉིད་ཡིན་པའི་ཕྱིར་དཔལ་ལྡན་ནོ། །རྣལ་འབྱོར་པའི་མངོན་སུམ་གྱི་ཚད་མས་ཡང་དག་པར་ཁོང་དུ་ཆུད་པར་བྱ་བ་ཉིད་ཡིན་པའི་ཕྱིར་བདེ་ཆེན་ནོ། །དེ་ལ་བཏུད་ནས། རྡོ་རྗེ་བཟླས་པའི་རིམ་བཤད་བྱ། ། ཞེས་བྱ་བ་ནི་སྔ་མ་བཞིན་ཏེ། མཐར་ཐུག་པའོ། །རྡོ་རྗེའི་སྐུ་ཉིད་ཡིན་པའི་ཕྱིར་མགོན་པོའོ། །སེམས་ཅན་ནི་དོན་དམ་པའི་བདེན་པའོ། །ཀུན་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། དེ་དག་ཐ་མི་དད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་སེམས་ཅན་ཀུན་བདག་ཉིད་དོ། །དཔལ་ནི་མི་གནས་པའི་མྱ་ངན་ལས་ འདས་པ་སྟེ་དེ་དང་ལྡན་པའི་ཕྱིར་དཔལ་ལྡན་ནོ། །ཆེན་པོ་ནི་སེམས་ཅན་གྱི་ཁམས་རྣམས་སོ། །བདེ་བ་ནི་སྨིན་པ་དང་གྲོལ་བ་ལ་སོགས་པ་བདེ་བ་ཆེན་པོའི་གོ་འཕང་ཐོབ་པར་བྱེད་པ་ཡིན་པས་བདེ་ཆེན་ཏེ། དེ་ལ་བཏུད་ནས་བཤད་པར་བྱ། །ཞེས་བྱ་བ་ནི་མཐར་ཐུག་པ་ཁོ་ན་ཡིན་ནོ། ། དཀྱིལ་འཁོར་གྱི་གཙོ་བོ་ཉིད་ཡིན་པའི་ཕྱིར་མགོན་པོའོ། །སེམས་ཅན་ཀུན་ནི་སེམས་ཅན་གྱི་རིགས་རྣམ་པ་བཞི་སྟེ། དེ་དག་འོད་ཟེར་གྱི་སྦྱོར་བས་བཀུག་སྟེ་བདག་ཉིད་ལ་འཇུག་པར་བྱེད་པའི་ཕྱིར་སེམས་ཅན་ཀུན་བདག་ཉིད་དོ། །དཔལ་ནི་སྤྲོ་བ་སྟེ་དེ་དང་ལྡན་པའི་ཕྱིར་དཔལ་ལྡན་ ནོ། །ཆེན་པོ་སྟེ་དཀྱིལ་འཁོར་པ་རྣམས་བདེ་བ་སྟེ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་སྐྱེད་པར་བྱེད་པ་དེ་ལ་བཏུད་ནས་བཤད་པར་བྱ་ཞེས་པ་ནི་དྲང་བའི་དོན་ཏོ། །ཡེ་ཤེས་ལྔའི་ངོ་བོ་ཉིད་ཡིན་པའི་ཕྱིར་མགོན་པོའོ། །སེམས་ཅན་ཐམས་ཅད་ཀྱི་གནས་ཀྱི་གཙོ་བོ་ནི་སྣའི་རྩེ་མོ་སྟེ་དེ་རྣམས་སུ་ཐིག་ ལེའི་གཟུགས་ཀྱིས་གནས་པའི་ཕྱིར་སེམས་ཅན་ཀུན་བདག་ཉིད་དོ། །སྤྲོ་དང་བསྡུ་བ་དང་ལྡན་པའི་ཕྱིར་དཔལ་ལྡན་ནོ། །བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་བདེ་ཆེན་ནོ། །དེ་ལ་བཏུད་ནས་ཏེ། དྲན་པར་བྱས་ནས་བཤད་པར་བྱ། །ཞེས་བྱ་བ་ནི་ངེས་པའི་དོན་ཏོ། །མགོན་པོ་ནི་ས་ 37-1-54a ལ་སོགས་པའི་ཁམས་རྣམས་ཏེ། དེ་དག་གི་རང་བཞིན་ཉིད་ཡིན་པའི་ཕྱིར་མགོན་པོའོ། །སེམས་ཅན་ཀུན་ནི་དཀྱིལ་འཁོར་བཞི་སྟེ་དེ་རྣམས་ལ་དེ་བཞིན་གཤེགས་པ་རྣམས་ལ་བྱིན་གྱིས་རློབ་པར་བྱེད་པ་ཉིད་ཡིན་པས་ཁྱབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་སེམས་ ཅན་ཀུན་བདག་ཉིད་དོ། །དཔལ་ནི་འོད་ཟེར་དམར་པོ་ལ་སོགས་པ་སྟེ། དེ་སྤྲོ་བ་དང་ལྡན་པའི་ཕྱིར་དཔལ་ལྡན་ནོ། །ཆེན་པོ་སྟེ་གཡས་ལ་སོགས་པའི་དབྱེ་བས་རྒྱུ་བ་དེ་རྣམས་བདེ་བ་སྟེ། སྣའི་རྩེ་མོར་ཐུན་ཕྱེད་ཕྱེད་ཀྱི་དུས་སུ་འཛིན་པ་དེ་ནི་བདེ་ཆེན་ནོ། །དེ་ལ་བཏུད་ནས་ཏེ་ཕྱག་འཚལ་ནས་ བཤད་པར་བྱ་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ་དགོངས་པས་བཤད་པའོ། །ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཉིད་ཡིན་པའི་ཕྱིར་མགོན་པོ་སྟེ་དྲུག་པའོ། །སེམས་ཅན་ཐམས་ཅད་ལ་ཁྱབ་པར་བྱེད་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་སེམས་ཅན་ཀུན་བདག་ཉིད་དོ། ། དཔལ་ནི་ཡེ་ཤེས་ལྔ་སྟེ། དེ་རྣམས་སྡུད་པར་བྱེད་པ་ཡིན་པའི་ཕྱིར་དཔལ་ལྡན་ནོ། །ཆེན་པོ་སྟེ་རྣམ་པར་ཤེས་པ་ལྔའི་བདེ་བ་ནི་འོད་གསལ་བའི་ཆོས་ཉིད་ཀྱི་རང་བཞིན་དུ་གྱུར་པའོ། །དེ་ལ་བཏུད་ནས་ཏེ་ཕྱག་འཚལ་ནས་བཤད་པར་བྱ་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ་དགོངས་པ་མ་ཡིན་པའོ། ། མགོན་པོ་ནི་བྱང་ཆུབ་རྣམ་པ་གསུམ་སྟེ། དེ་ཐོབ་པ་ཉིད་ཡིན་པའི་ཕྱིར་མགོན་པོའོ། །སེམས་ཅན་ཀུན་ནི་སྤྲོས་པ་དང་བཅས་པ་དང་སྤྲོས་པ་མེད་པ་དང་། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་རྣམས་ཏེ། དེ་དག་ཉམས་སུ་ལེན་པའི་ཕྱིར་སེམས་ཅན་ཀུན་བདག་ཉིད་དོ། །དཔལ་ནི་ བསོད་རྣམས་ཀྱི་ཚོགས་སོ། །བདེ་ཆེན་ནི་ཡེ་ཤེས་ཀྱི་ཚོགས་སོ། །དེ་དག་དང་ལྡན་པ་ནི་དཔལ་ལྡན་བདེ་ཆེན་ཏེ། དེ་ལ་བཏུད་ནས་བཤད་པར་བྱ། །ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། །ཀུན་ནི་སྲོག་ཅེས་བྱ་བའི་རླུང་ངོ་། །སེམས་ཅན་ནི་ཐུར་དུ་སེལ་བ་ཞེས་བྱ་བའི་རླུང་ངོ་། །བདག་ཉིད་ ནི་མེ་དང་མཉམ་པའི་རླུང་ངོ་། །མགོན་པོ་ནི་གྱེན་དུ་རྒྱུ་བའི་རླུང་ངོ་། །དཔལ་ནི་ཁྱབ་བྱེད་ཀྱི་རླུང་ངོ་། །དེ་རྣམས་ཀྱི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པའི་ཕྱིར་བདེ་ཆེན་ནོ། །དེ་ལ་བཏུད་ནས་ཏེ་ཕྱག་འཚལ་ནས་བཤད་པར་བྱ་ཞེས་པ་ནི་སྒྲ་ཇི་བཞིན་པ་མ་ཡིན་པའོ། །འོ་ན་རྡོ་རྗེ་བཟླས་པ་ཞེས་ 37-1-54b བྱ་བའི་དོན་ཅི་ཞེ་ན། རྡོ་རྗེ་ཚིག་ནི་སྒྲ་སྤངས་པའོ་ཞེས་འབྱུང་བའི་ཕྱིར་རླུང་ཙམ་གྱི་བཟླས་པ་སྟེ། ཡང་དང་ཡང་དུ་འཇུག་པ་ལ་སོགས་པའི་རིམ་གྱིས་སེམས་དབང་དུ་བྱས་པའོ། །རྣལ་འབྱོར་རྒྱུད་ཅེས་བྱ་བའི་དོན་ཅི་ཞེ་ན། འདུས་པའི་རྒྱུད་ཕྱི་མ་ལས། ཐབས་དང་ཤེས་རབ་སྙོམས་ འཇུག་པ། །རྣལ་འབྱོར་ཞེས་ནི་མངོན་པར་བརྗོད་། །ཅེས་འབྱུང་བའི་ཕྱིར་དེ་གཅོ་བོར་གྱུར་པའི་རྒྱུད་ནི་རྣལ་འབྱོར་རྒྱུད་དེ། དཔལ་གསང་བ་འདུས་པ་ལ་སོགས་པའོ། །རྒྱུད་ནི་རྒྱུན་ཏེ། དེ་ཡང་རྒྱུའི་རྒྱུད་དང་འབྲས་བུའི་རྒྱུད་དང་། ཐབས་ཀྱི་རྒྱུད་ཅེས་བྱ་བ་རྣམ་པ་གསུམ་མོ། །དེ་ལ་རྒྱུའི་རྒྱུད་ ནི་ཚངས་པའི་གནས་པ་ལ་སོགས་པ་དང་། རྣམ་པར་ཐར་པའི་སྒོ་ལ་སོགས་པ་སྟོན་པར་བྱེད་པའོ། །འབྲས་བུའི་རྒྱུད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་སྟོན་པར་བྱེད་པའོ། །ཐབས་ཀྱི་རྒྱུད་ནི་སྔགས་དང་ཕྱག་རྒྱ་ལ་སོགས་པ་སྟོན་པར་བྱེད་པ་དེ་ལྟ་བུའི་ རྣམ་པ་ཅན་གྱི་རྣལ་འབྱོར་རྒྱུད་ཀྱི་རྗེས་སུ་འབྲངས་ཏེ་ཡང་དག་པར་རྟོགས་ནས་བཤད་པར་བྱ་ཞེས་བྱ་བ་འདིས་ནི་ལུང་ཚད་མ་ཡིན་པར་བསྟན་པའི་ཕྱིར། གང་གི་འདོད་པ་ཙམ་ཡིན་པ་འགོག་ཅིང་། བདག་ཉིད་ཀྱང་མང་དུ་ཐོས་པ་ཉིད་ཡིན་པར་སྟོན་པར་བྱེད་དོ། །ད་ནི་གང་གི་དབང་དུ་བྱས་པ་ དཔྱད་པའི་ཕྱིར། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང་། །རྫོགས་པའི་རིམ་པ་འདོད་རྣམས་ཀྱི ། ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་བྱ་བ་གསུངས་ཏེ་རེ་ཞིག་སྒྲུབ་པ་པོས་དང་པོར་དང་པོའི་རྣལ་འབྱོར་ལ་སོགས་པའི་ཏིང་ངེ་འཛིན་ གསུམ་གྱི་རིམ་པས་སམ། རྡོ་རྗེ་བཞི་པོའི་རིམ་པས་ལྷའི་རྣམ་པར་བསྐྱེད་ནས། རིགས་བརྒྱའི་རབ་ཏུ་དབྱེ་བས་ལུས་རྣམ་པར་དབེན་པ་ལ་འཇུག་པར་བྱེད་དོ། །དེའི་རྗེས་ལ་ཕུལ་དུ་བྱུང་བ་ཐོབ་པར་གྱུར་ནས་ལྷའི་སྐུ་ཤིན་ཏུ་གསལ་བ་འབད་པ་མེད་པ་ཁོ་ནར་མཐོང་ཞིང་འགྲོ་བ་ཡང་དེའི་ རྣམ་པ་ཁོ་ནར་མཐོང་བ་གང་ཡིན་པ་དེ་རྣམས་ནི་བསྐྱེད་པའི་རིམ་ལ་ལེགས་གནས་ཏེ། བསྐྱེད་པའི་རིམ་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་བསྐྱེད་པའི་རིམ་པ་ལ་ལེགས་པར་གནས་པར་འགྱུར་བའི་ཕྱིར་འདས་པའི་དུས་ལས་གྱུར་པའི་རྐྱེན་སྦྱར་ཏེ། དེས་ན་དོན་ནི་འདི་ཡིན་ཏེ། 37-1-55a བསྐྱེད་པའི་རིམ་པ་མཐར་ཕྱིན་པར་གྱུར་པ་ལ་ལེགས་པར་གནས་པ་རྣམས་སོ། །དེ་ལྟ་བུའི་རྣལ་འབྱོར་པ་རྣམས་གལ་ཏེ་རྫོགས་པའི་རིམ་པ་སྟེ་སྤྲོས་པ་མེད་པ་རྣམ་པར་མི་རྟོག་པའི་ངོ་བོའི་རིམ་པ་འདོད་ཅིང་མངོན་པར་འདོད་པ་དེའི་ཚེ། རྣལ་འབྱོར་པ་དེ་རྣམས་ཀྱི་ ཐབས་འདི་ལྟ་སྟེ། བསྒོམ་པའི་རིམ་པ་རྫོགས་པའི་སངས་རྒྱས་ཀྱིས་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་པ་ནི་བསྟན་པའོ། །སྐས་ཀྱི་རིམ་པ་ལྟ་བུ་ནི་འཛེག་པའི་ལམ་ལྟ་བུ་སྟེ། ཇི་ལྟར་སྐས་ཀྱི་རིམ་པའི་ལམ་ནས་འཛེག་པའི་སྐྱེས་བུ་ནི་རིམ་གྱིས་ཁང་བཟངས་ལ་སོགས་པའི་ རྩེ་མོ་མཐོན་པོར་ཕྱིན་པར་འགྱུར་བ་དེ་བཞིན་དུ། རྡོ་རྗེ་བཟླས་པ་ལ་སོགས་པའི་རིམ་པ་བསྒོམས་པས་རིམ་གྱིས་ངག་ལ་སོགས་པ་རྣམ་པར་དག་པའི་རིམ་གྱིས་རྟག་ཏུ་དགྱེས་པའི་རང་བཞིན་གྱི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མི་སློབ་པའི་ལམ་གྱི་རང་བཞིན་གྱི་ཆོས་ཀྱི་སྐུའི་ངོ་བོ་ཐོབ་ བོ་ཞེས་བྱ་བའི་ཐ་ཚིག་གོ། །རྫོགས་པའི་སངས་རྒྱས་སྨོས་པ་ནི་ལུང་ཚད་མ་ཡིན་པར་བསྟན་པའི་ཕྱིར་ཏེ་སྒྲ་ཇི་བཞིན་པའོ། །ད་ནི་རྡོ་རྗེ་བཟླས་པའི་རིམ་པའི་རྟེན་རླུང་གི་ཚོགས་གང་ཡིན་པ་དེ་བསྟན་པའི་ཕྱིར། སེམས་ཅན་རྣམས་ཀྱི་སྲོག་གྱུར་པ། །རླུང་ཞེས་བྱ་བ་ལས་ ཀུན་བྱེད། །དེ་ནི་རྣམ་ཤེས་བཞོན་པ་སྟེ། །ལྔ་ཡི་བདག་ཉིད་བཅུ་ཡང་ཡིན། །ཞེས་བྱ་བ་གསུངས་པའི་དོན་ནི་འདི་ཡིན་ཏེ། སྙིང་ག་ན་གནས་པའི་སྲོག་ཅེས་བྱ་བའི་རླུང་གཅིག་པུ་ཁ་དང་སྣ་དག་ལས་ཕྱི་རོལ་དུ་བྱུང་བའི་ངང་ཚུལ་ཅན་འཛག་མིག་གི་སྲིན་བུ་ནས་བརྩམས་ཏེ། སྲིད་པའི་ རྩེ་མོའི་བར་གྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་ཁྱབ་པར་བྱེད་པ་ནི་སྲོག་ཡིན་ནོ། །དེ་ཇི་ལྟ་བུ་ཞེ་ན་སེམས་ཅན་རྣམས་ཀྱི་སྟེ་སེམས་ཅན་གྱི་རིགས་རྣམ་པ་བཞིའི་སྲོག་གྱུར་པ་ནི་སྲོག་གི་དབང་པོ་དང་འདྲའོ། །ཅི་འདི་འབྱུང་བ་ཆེན་པོ་རྣམས་ཀྱི་ནང་ནས་གཅིག་ཡིན་ནམ། འོན་ཏེ་ ཐམས་ཅད་ཀྱི་བདག་ཉིད་ཡིན་ཞེ་ན། རླུང་ཞེས་བྱ་བ་སྨོས་ཏེ། རླུང་ནི་འབྱུང་བ་ཆེན་པོའི་ངོ་བོ་འགྲོ་བ་དང་འོང་བ་དང་བརྐྱང་བ་དང་བསྐུམ་པའི་མཚན་ཉིད་ཀྱི་ལས་ཅན་ཡིན་ནོ། །གལ་ཏེ་དེ་ལྟར་ན་ཕྱི་རོལ་གྱི་རླུང་ཡང་དེ་ལྟ་བུ་ཁོ་ན་ཡིན་ཏེ། དེ་ཡང་དེ་དང་མཚུངས་པ་ཡིན་པས་ཅིའི་ཕྱིར་གཟུང་བར་མི་བྱ་སྙམ་ 37-1-55b པའི་དོགས་པ་བསུས་ནས་རྣམ་ཤེས་བཞོན་པ་སྟེ་ཞེས་བྱ་བ་སྨོས་ཏེ། རྣམ་པར་ཤེས་པ་ནི་དོན་མཐོང་བའི་མཚན་ཉིད་ཅན་ཡིན་ཞིང་དེ་ནི་རྣམ་པ་བརྒྱད་དེ། ཀུན་གཞི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་དང་། འཇུག་པའི་རྣམ་པར་ཤེས་པ་དྲུག་གོ། །དེ་རྣམས་ ཀྱི་བཞོན་པ་ནི་སྐུལ་བར་བྱེད་པ་སྟེ། རྟ་དང་རྟ་ལ་ཞོན་པ་བཞིན་ནོ། །འདི་ལྟར་འབྱུང་བ་ཆེན་པོ་ལྔའི་བདག་ཉིད་ཅན་གྱི་ལུས་ཀྱི་ནང་ན་གནས་པའི་རྣམ་པར་ཤེས་པ་བརྒྱད་པོ་གང་ཡིན་པ་དེ་ལས་མ་གཏོགས་པ་བྱ་བ་གཞན་མི་དམིགས་ཏེ། དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་ པར་སེམས་ལས་བྱུང་། །ཞེས་གང་བཤད་པའོ། །ཆོས་མངོན་པ་ལས། རྣམ་ཤེས་ངར་སེམས་བདག་ཉིད་ཅན། །ཞེས་འབྱུང་བའི་ཕྱིར་རོ། །དེ་བས་ན་རྟོག་པ་འབའ་ཞིག་གི་རང་བཞིན་ཅན་དེ་ནི་ཇི་སྲིད་རླུང་གི་ཁམས་ཀྱིས་བསྐུལ་བར་མ་བྱས་པ་དེ་སྲིད་དུ་དེ་ལ་དོན་འཛིན་པའི་ ནུས་པ་མེད་དེ། གྲུམ་པོས་རྟ་མེད་པར་ཡུལ་གཞན་དུ་ཕྱིན་པ་མེད་པ་བཞིན་ནོ། །དེའི་ཕྱིར་འདི་ནི་རླུང་གིས་བསྐུལ་ནས་དོན་འཛིན་པར་བྱེད་དོ། །གལ་ཏེ་རླུང་གིས་བསྐུལ་ནས་རྣམ་པར་ཤེས་པ་དོན་འཛིན་གྱི་རང་ཉིད་ཀྱིས་མ་ཡིན་ན་ཇི་ལྟར་མདོ་དང་འགལ་བ་མ་ཡིན། བཟང་ སྐྱོང་གིས་ཞུས་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང་ཇི་ལྟར་བྱ་བའི་མཐུས་འཁྲུལ་འཁོར་འཁོར་བ་དེ་བཞིན་དུ་ལས་དང་རྗེས་སུ་མཐུན་པའི་དབང་གིས་ལུས་ཀྱི་འཁྲུལ་འཁོར་གཡོའོ། །རྣམ་པར་ཤེས་པའི་ཁམས་འདི་ནི་རྟེན་དང་འཇུག་པ་ སྣ་ཚོགས་པ་ཅན་ཡིན་ནོ། །རྣམ་པར་ཤེས་པའི་ཁམས་འདི་ནི་ལུས་སྐྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་བྱེད་པ་པོ་ཡིན་ནོ། །རྣམ་པར་ཤེས་པའི་ཁམས་འདི་ནི་ཆོས་ཀྱི་དབྱིངས་ལ་བརྟེན་པའི་ཕྱིར་མི་ཟད་པ་ཡིན་ནོ། །སྔོན་གྱི་རྟེན་གྱི་ལུས་རྗེས་སུ་དྲན་པ་ཉིད་ཡིན་པའི་ཕྱིར་རྣམ་པར་ཤེས་ པའི་ཁམས་འདི་ནི་བློ་ཕུན་སུམ་ཚོགས་པ་ཡིན་ནོ། །རྣམ་པར་ཤེས་པའི་ཁམས་འདི་ནི་ཉི་མའི་འོད་ཟེར་དང་མཚུངས་པར་བལྟ་བར་བྱ་སྟེ། དཔེར་ན་ཉི་མའི་འོད་ཟེར་ནི་ཕྱིས་དང་རོ་རུལ་བ་སྟེ་དྲི་མི་ཞིམ་པ་རྣམས་དང་། པདྨ་ལ་སོགས་པའི་དྲི་ཞིམ་པོ་རྣམས་ལ་ཡང་འཆར་ཏེ་དེ་རྣམས་ལ་ 37-1-56a འདི་ནི་དྲི་ཞིམ་པའོ་སྙམ་པའི་འདུ་ཤེས་ཀྱང་མི་འབྱུང་ཞིང་། དྲི་མི་ཞིམ་པ་བོར་ནས་ཉི་མའི་གམ་དུ་འགྲོ་བ་ཡང་མ་ཡིན་ནོ། །དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདི་ནི་ཕག་ལ་སོགས་པ་མི་གཙང་བའི་ཚོགས་ཟ་བའི་སྐྱེ་གནས་སུ་སྐྱེ་བ་ལེན་ཏེ། རྣམ་པར་ ཤེས་པའི་ཁམས་ཉེས་པ་དེ་རྣམས་ཀྱིས་གོས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གང་བཤད་པའོ་ཞེ་ན་བདེན་ཏེ། དེ་ནི་མདོ་དང་འགལ་བར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་རྣམ་པར་ཤེས་པས་ལུས་གཡོ་བར་བྱེད་པ་ཡིན་ཏེ། དེ་ཡང་རླུང་གི་བཞོན་པ་དང་ལྡན་ པར་གྱུར་པས་ཡིན་ནོ་ཞེས་བྱ་བའི་ཁྱད་པར་གྱི་རྗེས་སུ་འབྲང་བར་བྱའོ། །འོན་ཏེ་འཆི་བའི་དུས་ཀྱི་ཚེ་ཇི་ལྟར་འབྱུང་བ་ཆེན་པོ་ལྔ་དང་བྲལ་བ་སྐྱེ་གནས་གཞན་དུ་འཁྱམ་པར་གྱུར་ཏེ། དེའི་ཚེ་རླུང་མེད་པའི་ཕྱིར་རོ་ཞེས་ཟེར་ན་དེ་སྐད་དུ་བརྗོད་པར་མི་བྱ་སྟེ། དྲི་ཟ་ནི་དབང་པོའི་ཚོགས་ཕྲ་མོ་དང་ ལྡན་པ་ཁོ་ན་ཡིན་ཏེ་འབའ་ཞིག་ནི་མ་ཡིན་ལ། དབང་པོའི་ཚོགས་ཕྲ་མོའི་ནང་དུ་འདུས་པའི་ལུས་ཀྱི་དབང་པོ་ནི་ཁམས་བཞིའི་རང་བཞིན་ཅན་ཉིད་ཡིན་པས་རླུང་ཡོད་པ་དེའི་ཕྱིར་དེས་སྐུལ་བར་བྱེད་དོ། །ཡང་ན་འདོད་ཆགས་དང་ཞེ་སྡང་གི་བག་ཆགས་དག་གིས་རིག་སྔགས་ཀྱི་ ཆུ་མིག་ལ་སྦྲུལ་བཞིན་དུ་སྐུལ་བར་བྱེད་དོ། །དབྱིག་གཉེན་གྱི་ཞལ་སྔ་ནས་ཀྱིས་དེའི་ཚེ་དྲི་ཟ་རྗེས་སུ་ཆགས་པའི་ཁོང་ཁྲོ་བ་དང་ལྷན་ཅིག་པར་གྱུར་པའི་སེམས་གཉིས་པོ་དག་ལས་གང་ཡང་རུང་བ་ཞིག་མངོན་དུ་གྱུར་པ་ཡིན་ནོ་ཞེས་གང་བཤད་པའོ། །ཡང་ལས་ཀྱི་རླུང་གིས་བསྐུལ་ བ་ན་འགྲོ་བ་དྲུག་ཏུ་འཁྱམ་པར་འགྱུར་བ་ལས་འགལ་བ་མེད་དོ། །དེའི་ཕྱིར་སྲོག་ཅེས་བྱ་བའི་རླུང་འདི་ནི་རྣམ་པར་ཤེས་པའི་བཞོན་པ་ཡིན་ནོ། །དེ་ནི་ཕུང་པོའི་དབྱེ་བས་ལྔའི་བདག་ཉིད་དེ་སྲོག་དང་། ཐུར་དུ་སེལ་བ་དང་མེ་དང་མཉམ་དུ་གནས་པ་དང་གྱེན་དུ་རྒྱུ་བ་དང་། ཁྱབ་བྱེད་ ཅེས་བྱ་བ་རྣམ་པ་ལྔ་ཡིན་ནོ། །དེ་ལ་སྲོག་ནི་སྙིང་གའི་ཕྱོགས་ན་གནས་པའོ། །ཐུར་དུ་སེལ་བ་ནི་བཤང་སྒོ་ན་གནས་པའོ། །གྱེན་དུ་རྒྱུ་བ་ནི་ལྐོག་མ་ན་གནས་པ་ཡིན་ནོ། །མེ་དང་མཉམ་དུ་གནས་པ་ནི་ལྟེ་བའི་ཕྱོགས་ན་གནས་པའོ། །ཁྱབ་བྱེད་ནི་ཡན་ལག་གི་ཚིགས་ཐམས་ཅད་ལ་གནས་པ་ 37-1-56b སྟེ་དེ་ནི་གནས་ཀྱི་དབྱེ་བ་ཡིན་ནོ། །མི་བསྐྱོད་པ་དང་རིན་ཆེན་འབྱུང་ལྡན་དང་འོད་དཔག་ཏུ་མེད་པ་དང་དོན་ཡོད་གྲུབ་པ་དང་། རྣམ་པར་སྣང་མཛད་ཀྱི་ངོ་བོ་ཞེས་བྱ་བ་ནི་ལྷ་ཉིད་ཡིན་ནོ། །དབང་པོའི་སྒོའི་རྒྱུན་ལས་ནི། །སྲོག་དང་རྩོལ་བར་རྒྱུ་བ་དང་། །རྟག་པའི་དུས་སུ་རྒྱུ་བ་ནི། །སྲོག་ཅེས་བྱ་བ་ ཡིན་པར་བཤད། །རླུང་དང་གཅིན་དང་ཕྱི་ས་དང་། །དེ་བཞིན་དུ་ནི་ཁུ་བ་སོགས། །འོག་འདྲེན་འདི་ནི་ཐུར་སེལ་བར། །རྟག་ཏུ་རྣལ་འབྱོར་པས་ཞེས་བྱ། །དགོད་དང་ཟ་དང་ལྡག་པ་དང་། །ཀུན་དུ་འཐུང་དང་འཇིབ་པར་ནི། །གང་ཞིག་རྟག་ཏུ་མཉམ་གནས་པ། །མཉམ་དུ་གནས་ཞེས་བྱ་བ་ ཡིན། །གྱེན་དུ་འགྲོ་ཞིང་སྡུད་པ་དང་། །བཟའ་དང་མྱང་སོགས་ཟ་བ་ནི། །ཤེས་དང་ལྷན་ཅིག་རྣལ་འབྱོར་རིག །གྱེན་རྒྱུའི་ལས་སུ་ཤེས་པར་བྱ། །ཁྱབ་དང་འཛིན་པ་ཉིད་དང་ནི། །འགྲོ་བ་དེ་བཞིན་ལྡོག་པ་དང་། །ཚིགས་རྣམས་ཀུན་དུ་ཁྱབ་པས་ན། །ཁྱབ་བྱེད་ཅེས་ནི་བྱ་བར་ བཤད། །ཅེས་བྱ་བ་ནི་ལས་ཀྱི་དབྱེ་བའོ། །སྲོག་ནི་སྔོན་པོ་དེ་བཞིན་དུ། །ཐུར་སེལ་ཁ་དོག་སེར་པོར་བསྒྲགས། །མེ་དང་མཉམ་ནས་དམར་པོ་སྟེ། །དེ་བཞིན་གྱེན་རྒྱུ་ལྗང་གུར་བརྗོད། །ཁྱབ་བྱེད་རླུང་ནི་དཀར་པོའམ། །ཟླ་བ་བཞིན་དུ་སེར་སྐྱར་བརྗོད། །སྲོག་ནི་ཀུན་གཞིའི་རྣམ་ ཤེས་ཏེ། །ཉོན་མོངས་ཅན་ཡིད་ཐུར་སེལ་ཡིན། །མེ་མཉམ་ཡིད་ཀྱི་རྣམ་པར་ཤེས། །གྱེན་རྒྱུའི་ཡིད་ཀྱི་དབང་པོ་སྟེ། །འཇུག་པའི་རྣམ་ཤེས་རང་བཞིན་ནོ། །ཁྱབ་བྱེད་རླུང་ཞེས་བྱ་བ་ཡིན། །སྲོག་ནི་རྣམ་ཤེས་ཕུང་པོ་སྟེ། །ཐུར་སེལ་ཚོར་བ་ཡིན་པར་བརྗོད། །མེ་དང་མཉམ་ ནས་འདུ་ཤེས་ཏེ། །འདུ་བྱེད་གྱེན་རྒྱུར་རྣམ་པར་བཤད། །གཟུགས་ཀྱི་ཕུང་པོ་དག་པས་ནི། །ཁྱབ་བྱེད་ཀུན་དུ་བརྗོད་པ་ཡིན། །ཉིན་དང་མཚན་དུ་ལུས་ལས་ནི། །གཡོན་དང་གཡས་དང་གཉི་ག་དང་། །དལ་དང་གཉི་ག་དག་ཏུ་ནི། །དེ་རྣམས་རྒྱུ་བར་ཡང་དག་བརྗོད་། །འཆི་ བའི་དུས་སུ་ལྔ་པ་ནི། །ཤི་བའི་ལུས་ལས་འབྱུང་བར་འགྱུར། །ཆུ་ཡི་ཁམས་ནི་སྲོག་རླུང་སྟེ། །ས་ནི་ཐུར་དུ་སེལ་བར་འདོད། །མེ་ཡི་ཁམས་ནི་གྱེན་རྒྱུ་ཡིན། །མེ་དང་མཉམ་གནས་རླུང་ཞེས་བརྗོད། །ནམ་མཁའི་ཁམས་ནི་དག་པ་ཡིན། །ཁྱབ་བྱེད་ཡན་ལག་ཚིགས་ཀུན་ 37-1-57a གནས། །དེ་རྣམས་ཞི་བ་དང་རྒྱས་པ་དང་དབང་དང་དགུག་པ་དང་ལས་ཐམས་ཅད་པ་སྟེ་དེས་ནི་རང་བཞིན་པ་དང་དུས་དང་བྱ་བ་བཤད་དོ། །སྲོག་ཅེས་བྱ་བའི་རླུང་དེ་ཉིད་རྣམ་པ་བཅུར་འགྱུར་ཏེ་སྔར་བཤད་པ་རྣམ་པ་ལྔ་དང་། དབང་པོའི་དབྱེ་བས་རྒྱུ་བ་དང་། རྣམ་པར་རྒྱུ་བ་ དང་། ཡང་དག་པར་རྒྱུ་བ་དང་། རབ་ཏུ་རྒྱུ་བ་དང་། ངེས་པར་རྒྱུ་བ་ཞེས་བྱ་བ་གཞན་ལྔའོ། །དེ་ལ་རྒྱུ་བ་ཞེས་བྱ་བའི་རླུང་ནི་མིག་གི་དབང་པོ་ལ་བརྟེན་ནས་གཟུགས་ཀྱི་བྱ་བ་རྫོགས་པར་བྱེད་དོ། །རྣམ་པར་རྒྱུ་བ་ནི་རྣ་བ་ལ་བརྟེན་ནས་སྒྲའི་བྱ་བ་བྱེད་དོ། །ཡང་དག་པར་རྒྱུ་བ་ནི་སྣའི་དབང་པོ་ལ་བརྟེན་ ནས་དྲིའི་བྱ་བ་བྱེད་དོ། །རབ་ཏུ་རྒྱུ་བ་ནི་ལྕེའི་དབང་པོ་ལ་བརྟེན་ནས་རོའི་བྱ་བ་བྱེད་དོ། །ངེས་པར་རྒྱུ་བ་ཞེས་བྱ་བའི་རླུང་ནི་ལུས་ཀྱི་དབང་པོ་ལ་བརྟེན་ནས་རེག་བྱའི་བྱ་བ་བྱེད་དོ། །ཡང་དེ་རྣམས་ཐམས་ཅད་ནི་མིག་དང་རྣ་བ་དང་ཡིད་ལ་བྱེད་པ་དང་། གཟུགས་རྣམས་ཀྱི་ཚོགས་ལ་ བརྟེན་ནས་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་སྐྱེད་པར་བྱེད་དོ། །དེ་ལྟར་ན་རླུང་གཅིག་ཁོ་ན་ལྔ་དང་བཅུ་ཉིད་དུ་གྱུར་ནས་རྣམ་པར་ཤེས་པ་སྐུལ་བར་བྱེད་པས་ནི་གར་བྱེད་པའི་གནས་ཀྱི་འཁོར་བ་ལས་རྣམ་པ་སྣ་ཚོགས་པའི་རྒྱན་བླངས་ཏེ་འཁོར་བ་ན་གནས་པའི་གར་མཁན་ རྣམས་གར་བྱེད་དུ་བཅུག་སྟེ། གཙང་མའི་གནས་ནི་མ་གཏོགས་པར། །སྣ་ཚོགས་ལས་ནི་རྒྱན་ལྡན་པས། །གང་དུ་གར་ནི་མ་བྱས་པའི། །གར་གྱི་གནས་ནི་འགའ་ཡང་མེད། །ཅེས་གང་བརྗོད་པའོ། །དེ་ལྟར་རྡོ་རྗེ་བཟླས་པའི་རྟེན་བསྟན་ནས། ད་ནི་གོ་རིམས་བསྟན་པའི་ཕྱིར། རླུང་གི་དེ་ཉིད་རིམ་གྱིས་ནི། །སྔགས་ཀྱི་དེ་ཉིད་ཡང་དག་འཇུག །སྔགས་ཀྱི་རྫོགས་པ་རྟོགས་ནས་ནི། །རྡོ་རྗེ་བཟླས་པ་རྣམས་ལ་སློབ། །ཅེས་གསུངས་པའི་དོན་ནི་འདི་ཡིན་ཏེ། རླུང་ལྔ་དང་ཉེ་བའི་རླུང་ལྔའི་དེ་ཁོ་ན་ཉིད་གང་ཡིན་པ་དེ་ནི་དོན་དམ་པའོ། །དེའི་རིམ་གྱིས་ཏེ་གོ་རིམས་ ཀྱི་སྔགས་ཨཱ་ལི་དང་ཀཱ་ལིས་བསྐྱེད་པའི་ཡི་གེ་གསུམ་གྱི་རང་བཞིན་ཅན་རྣམས་ཀྱི་དེ་ཉིད་དུ། དེ་བཞིན་ཉིད་ལ་ཡང་དག་པར་འཇུག་པའོ། །དེ་ནས་ཡི་གེ་གསུམ་གྱི་རང་བཞིན་དུ་གཅིག་པའི་སྔགས་རྣམས་ཀྱི་རྫོགས་པ་ནི་ཡོངས་སུ་རྫོགས་པའི་ངོ་བོ་ཉིད་དོ། །དེ་རྟོགས་ནས་དེ་ 37-1-57b མངོན་དུ་བྱས་ནས་རྣལ་འབྱོར་པ་རྡོ་རྗེ་བཟླས་པ་རྣམས་ཏེ། རྒྱུད་ལས་གསུངས་པའི་བཅུ་གཅིག་པོ་རྣམས་ལ་སློབ་པ་ནི་ལེགས་པར་སློབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིར་བསམ་པ་ནི་འདི་ཡིན་ཏེ། རེ་ཞིག་རླུང་རྣམས་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རང་བཞིན་དུ་གྱུར་ནས་སེམས་ ཅན་དང་སྣོད་ཀྱི་འཇིག་རྟེན་གཉིས་ཀྱིས་བྱེ་བྲག་ཏུ་སྣང་བ་རྣམ་པར་རིག་པ་བརྒྱད་ཀྱིས་བསྡུས་པའི་རྣམ་པར་ཤེས་པའི་རྟེན་དུ་གྱུར་པས་འཁོར་བའི་འཁོར་ལོ་སྐྱེད་པར་བྱེད་དོ། །དེའི་ཕྱིར་ཇི་སྲིད་དེ་རྣམས་ཕམ་པར་མ་བྱས་པ་དེ་སྲིད་དུ་སེམས་རྩེ་གཅིག་པར་མི་འགྱུར་བ་དེ་རྩེ་གཅིག་པ་ཉིད་ ནི་དེ་ཁོ་ན་ཉིད་བསྒོམས་པའི་སྟོབས་ལས་འཐོབ་པར་འགྱུར་ཏེ། ཐུབ་པ་ཆེན་པོའི་ཆོས་ཕུང་པོ། །བརྒྱད་ཁྲི་དག་དང་བཞི་སྟོང་གི། །གང་གིས་དེ་ཉིད་མི་ཤེས་པ། །དེ་ཡི་ཐམས་ཅད་འབྲས་བུ་མེད་། །ཅེས་གང་བཤད་པ་དང་། དེ་བཞིན་དུ་གཞུང་མཛད་པས་ཀྱང་། གཉིས་མེད་ མཐོང་བ་གྲོལ་བར་འགྱུར། །ཞེས་ཀྱང་གསུངས་གོ། །དེའི་དེ་ཁོ་ན་ཉིད་ནི་ཡུངས་ཀར་ཕྲ་མོའི་ཚད་ཙམ་གྱི་ཐིག་ལེའི་རྣལ་འབྱོར་ཡིན་ཏེ། དེ་བཞིན་དུ་ཡང་རེ་ཞིག་འགྲོ་བ་དང་འོང་བ་ལ་སོགས་པའི་བྱ་བའི་རང་བཞིན་ཅན་གྱི་བྱ་བ་ཐམས་ཅད་འཇུག་པར་བྱེད་པའི་རླུང་དེ་རྣམས་ནི་ རྩོལ་བའི་དབང་གིས་འབྱུང་ངོ་། །རྩོལ་བ་ཡང་རྣམ་པར་དཔྱད་ན་ཀུན་དུ་རྩོལ་བར་བྱེད་པའི་རང་བཞིན་གྱི་དོན་འདོད་པ་ལས་འབྱུང་སྟེ། དེ་ཡང་སེམས་དང་ལྡན་པའི་འདུ་བྱེད་ཀྱི་བྱེ་བྲག་གི་རང་བཞིན་ཡིན་པས་རྣམ་པར་ཤེས་པ་ལས་འབྱུང་ངོ་། །དེ་ལྟར་ན་རྒྱུད་ལས་འབྲེལ་པས་ འབྲེལ་པའི་ཕྱིར་རླུང་དང་རྣམ་པར་ཤེས་པ་དག་ནི་གཅིག་ཉིད་ཡིན་ཏེ་དེའི་བཞོན་པ་ཉིད་ཡིན་པའི་ཕྱིར་རོ། །རྣམ་པར་ཤེས་པ་ཡང་དོན་དམ་པར་དཔྱད་ན་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཡིན་ཏེ། དེ་བཞིན་དུ་ཡང་ཐབས་དང་ཤེས་རབ་སྙོམས་པར་ཞུགས་པས་དབང་པོ་དང་ཡུལ་དང་ རྣམ་པར་ཤེས་པ་ཐམས་ཅད་རོ་གཅིག་ཏུ་གྱུར་པའི་བྱང་ཆུབ་ཀྱི་སེམས་ཀུན་རྫོབ་དང་དོན་དམ་པའི་ངོ་བོར་ཉམས་སུ་མྱོང་བར་འགྱུར་རོ། །དེ་ལ་ཀུན་རྫོབ་ཀྱི་རྟེན་གྱི་དེ་ཁོ་ན་ཉིད་ཡིན་ཞིང་དོན་དམ་པ་ནི་དོན་དམ་པའི་དེ་ཁོ་ན་ཉིད་ཡིན་ནོ། །རྟེན་དང་བརྟེན་པ་དག་ཐ་མི་དད་པའི་ཕྱིར་རྣམ་པར་ཤེས་ 37-1-58a པའི་དེ་ཁོ་ན་ཉིད་གང་ཡིན་པ་དེ་རླུང་གི་དེ་ཁོ་ན་ཉིད་ཡིན་ཏེ་འབྱུང་བ་གང་ལས་འབྱུང་ཞེ་ན། ལས་ལས་ཤེ་ན་མི་རུང་སྟེ། །དེ་དང་འབྱུང་བ་མ་འབྲལ་ཞིང་། །ལས་ཀྱི་བག་ཆགས་སེམས་ལ་གནས། །རླུང་ལས་ཤེ་ན་རླུང་གང་ལས། །རྩོལ་བ་ལས་བྱུང་གང་ལས་ཏེ། ། འདོད་ལས་ཤི་ན་ཁྱོད་ཀྱིས་ནི། །ལམ་དེ་ཁས་བླངས་མ་ཡིན་ནམ། །ཞེས་གང་བཤད་པའོ། །དེའི་ཕྱིར་ཐིག་ལེའི་གཟུགས་ཅན་གྱི་དེ་ཉིད་རླུང་གི་དེ་ཁོ་ན་ཉིད་དེའི་རིམ་པ་ནི་རིགས་དང་ཉོན་མོངས་པའི་དབྱེ་བས་གནས་ཁྱད་པར་ཅན་དུ་དགོད་པ་སྔོན་དུ་འགྲོ་བའི་བསྒོམ་པ་སྟེ་གནས་དེ་རྣམས་དང་། གདོང་དང་སྙིང་ག་དང་གསང་བའི་གནས་གསུམ་མོ། །ཁ་ཅིག་ནི་སྨིན་མའི་དབུས་དང་ལྟེ་བའི་དབུས་དག་ཀྱང་ཡིན་ནོ་ཞེས་ཀྱང་རྫོད་པར་བྱེད་དོ། །རིམ་པ་འདིས་ནི་རླུང་གི་དེ་ཁོ་ན་ཉིད་ཁོང་དུ་ཆུད་ནས། སྔགས་ཀྱི་དེ་ཁོ་ན་ཉིད་ལ་རབ་ཏུ་འཇུག་སྟེ། དེ་ཡང་ཇི་ལྟ་བུ་ཞེ་ན་སྔགས་ཐམས་ཅད་ནི་ཨཱ་ལི་ཀཱ་ལིས་ བསྐྱེད་པ་ཡིན་ཏེ། དབྱངས་དང་གསལ་བྱའི་དབྱེ་བས་ཡི་གེ་ཕྱི་མོ་བཞི་བཅུ་རྩ་དགུའོ། །དེ་རྣམས་ནི་སྡེ་ཚན་བརྒྱད་ཀྱི་ངོ་བོ་ཉིད་ལ་བརྟེན་ནས་ཡི་གེ་དང་ཚིག་ལ་སོགས་པའི་རིམ་པས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྐྱེད་པར་བྱེད་ཅིང་། ཕྱི་རོལ་གྱི་རིམ་པའི་གནས་བཅུ་བཞི་དང་། རང་ གི་གཞུང་ལུགས་ཀྱི་རིམ་པས་རིག་པའི་གནས་ལྔ་སྐྱེད་པར་བྱེད་དེ། དེ་སྐད་དུ་ཡང་། བསླབ་དང་རྟོག་དང་བརྡ་སྤྲོད་དང་། །ངེས་ཚིག་སྐར་མའི་གནས་ཤེས་དང་། །སྡེབ་སྦྱོར་བསྡུ་བ་དྲུག་པ་སྟེ། །རིག་བྱེད་ཡན་ལག་དྲུག་པར་འདོད་། །ངེས་བརྗོད་མཆོད་སྦྱིན་སྙན་ཚིག་དང་། །དེ་བཞིན་སྲིད་ སྲུང་བཞི་པ་སྟེ། །རིག་པའི་གནས་ནི་ཐམས་ཅད་དུ། །རིག་བྱེད་བཞིར་ནི་བརྗོད་པ་ཡིན། །རིག་བྱེད་ཡུལ་ལ་དཔྱོད་བྱེད་པའི། །བདག་ཉིད་ཅན་ནི་སྤྱོད་པ་ཡིན། །རིག་པའི་བསྟན་བཅོས་རྟོག་པ་ཡིན། །དེ་ཡང་ལྷ་དྲུག་རིམ་པ་ལས། །གྲངས་ཅན་མཆོད་འོས་རིག་པ་དང་། །འཇིག་ རྟེན་རྒྱང་འཕེན་བདེ་གཤེགས་པ། །དེ་བཞིན་དུ་ནི་དཔྱོད་པ་ཅན། །དེ་རྣམས་ཡན་ལག་བཞི་རུ་བསྒྲགས། །སྔོན་བྱུང་གཏམ་ནི་སྟོན་བྱེད་པའི། །མཚན་ཉིད་ཅན་ནི་སྔོན་རབས་ཡིན། །འཇིག་རྟེན་འདོད་ཆགས་བྲལ་བའི་ཕྱིར། །བསྟན་པ་ཆོས་ཀྱི་བསྟན་བཅོས་སོ། །དེ་རྣམས་ 37-1-58b ནི་རིག་པའི་གནས་བཅུ་བཞི་སྟེ། ཡན་ལག་རྣམས་དང་རིག་བྱེད་བཞི། །དཔྱོད་ཅན་རིག་པ་རྒྱས་པ་དང་། །སྔོན་རབས་ཆོས་ཀྱི་བསྟན་བཅོས་ཏེ། །དེ་རྣམས་རིག་པ་བཅུ་བཞི་ཡིན། །ཞེས་གང་བཤད་པའོ། །རང་གི་གཞུང་ལུགས་ཀྱི་རིམ་པས་ན་ལྔ་སྟེ། འདི་ལྟར་སྒྲ་རིག་པ་དང་། གཏན་ཚིགས་རིག་པ་དང་། གསོ་བ་རིག་པ་དང་། ནང་རིག་པ་དང་། བཟོའི་ལས་ཀྱི་གནས་རིག་པའོ། །དེ་རྣམས་ཀྱི་བྱེ་བྲག་ནི་འཕགས་པ་བྱམས་པས་གསུངས་པས་འདིར་རྒྱས་པར་མི་བྱའོ། །དེ་ལྟ་ན་ཡི་གེ་ཕྱི་མོ་ནི་མན་ངག་གི་རང་བཞིན་མ་ལུས་པའི་རྒྱུར་འགྱུར་བ་ཡིན་ཞིང་དེ་ཡང་ཡི་ གེ་ཨ་ལས་བྱུང་བ་ཁོ་ན་ཡིན་ཏེ། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །ཞེས་གང་གསུངས་པའོ། །དེ་ཉིད་ཐུང་ངུ་ལྔའི་ངོ་བོ་ཉིད་ཀྱིས་ཕུང་པོ་དང་རྣམ་པར་ཤེས་པ་ལྔའི་ངོ་བོ་ཡིན་ཞིང་། དེ་ཉིད་མ་ནིང་བཞི་པོ་ མ་གཏོགས་པ་བཅུ་གཉིས་ཀྱིས་ཕྱི་དང་ནང་གི་ཡུལ་དང་དབང་པོའི་རང་བཞིན་ཉིད་ཡིན་པས་སྐྱེ་མཆེད་བཅུ་གཉིས་ཀྱི་ངོ་བོ་ཡིན་ནོ། །དབྱངས་བཅུ་དྲུག་གི་ངོ་བོ་ཉིད་ཀྱིས་ཟླ་བའི་ཆ་བཅུ་དྲུག་གི་རང་བཞིན་དང་། ཚེས་གྲངས་ཀྱི་རང་བཞིན་ཡིན་ནོ། །དེ་ཉིད་ཉིས་འགྱུར་དུ་གྱུར་པས་སྐྱེས་བུ་ཆེན་པོའི་མཚན་སུམ་ ཅུ་རྩ་གཉིས་ཀྱི་ངོ་བོ་ཡིན་ནོ། །ཡི་གེ་ཨའི་དབྱེ་བས་ཁམས་བཅོ་བརྒྱད་ཀྱི་རང་བཞིན་ཡིན་ཏེ། ཐུང་ངུ་རིང་པོ་འཕར་བ་དང་། དབྱངས་རྣམས་གསུམ་དང་སྦྲེལ་བ་དང་། །སྣ་ལས་རྗེས་འབྱུང་དབྱེ་བ་ཡིས། །གྲངས་ལས་བཅོ་བརྒྱད་བདག་ཉིད་དེ། །དབྱེ་བ་ནི་ཐུང་ངུ་དང་རིང་པོ་དང་གང་དུ་བསྐྱེད་པ་དང་། བཏེག་པ་དང་། སྨད་པ་དང་། དབྱངས་ཅན་དང་། སྣ་ལས་རྗེས་སུ་བྱུང་བ་དང་བཅས་པ་དང་། སྣ་ལས་རྗེས་སུ་བྱུང་བ་མེད་པ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་དེ་ཉིད་གསལ་བའི་ངོ་བོ་ཐབས་ཀྱི་རང་བཞིན་ནོ། །རྗེས་སུ་འཇུག་པའི་དབྱངས་དང་བཅས་པའི་མཐའ་གནས་གསུམ་དང་འབྲེལ་པ་མེད་པར་ མི་འབྱུང་བ་རྣམས་དང་ལྡན་པ་ལས་ཐབས་དང་ཤེས་རབ་ཀྱི་ངོ་བོ་ཉིད་བཞི་བཅུ་གཉིས་འགྱུར་དུ་བྱས་པ་ལས་ཡི་གེ་ཨ་ཉིད་དཔེ་བྱད་བཟང་པོ་བརྒྱད་ཅུའི་རང་བཞིན་ཡིན་ནོ། །གང་གི་ཕྱིར་དེ་མེད་ན་ཡི་གེ་ཐམས་ཅད་བརྗོད་པར་ནུས་པ་མ་ཡིན་ཏེ། རྣམ་པར་ཤེས་པ་མེད་པའི་ལུས་བཞིན་དུ་དོན་གྱི་བྱ་བ་ཅུང་ཟད་ 37-1-59a ཀྱང་མི་བྱེད་པ་དེའི་ཕྱིར། ཡི་གེ་ཕྱི་མོ་ནི་ཨ་ལས་བྱུང་བ་ཡིན་ཞིང་། དེ་ནི་བུད་མེད་དང་སྐྱེས་པ་དང་མ་ནིང་གི་དབྱེ་བས་ཡི་གེ་གསུམ་གྱི་རང་བཞིན་དུ་གྱུར་ནས། སྤྲོ་བར་བྱེད་པ་དང་གང་བར་བྱེད་པ་དང་། བུམ་པ་ལྟ་བུའི་བྱེ་བྲག་གིས་ཉིན་དང་མཚན་དུ་རླུང་ཉི་ཁྲི་ཆིག་སྟོང་དྲུག་ བརྒྱ་རྒྱུ་བའི་དབྱེ་བས་སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཁྱབ་སྟེ་གནས་སོ། །དེ་ཉིད་ཞི་བ་ལ་སོགས་པའི་དབྱེ་བ་ལས་མི་ཤིགས་པའི་ཡི་གེར་བཞུགས་ཏེ་ལས་ཀྱི་ཚོགས་སྒྲུབ་པར་བྱེད་དོ། །དེ་ཉིད་སྒྲའི་བྱེ་བྲག་རྣམ་པ་བཅུ་ལ་བརྟེན་ནས་སྔགས་ཀྱི་འཁོར་ལོ་རྣམ་པ་སྣ་ཚོགས་པ་སྐྱེད་པར་བྱེད་ དོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ས་འོག་ལས། ཡི་གེ་དང་ནི་དབྱངས་དང་སྒྲ། །ང་རོ་ཀུ་ཅོ་སྒྲ་སྐད་དང་། །འུར་སྒྲ་བརྩེགས་དང་གསལ་བ་དང་། །གཅོད་དེ་སྒྲ་ཡི་མཚན་ཉིད་བཅུ། །ལྐོག་མ་མཆུ་རྐན་སོ་ལ་སོགས། །དབྱེ་བ་དག་གིས་དམིགས་འགྱུར་ཞིང་། །ཡི་གེ་ཚིག་གསལ་ རྟེན་དུ་འགྱུར། །དེ་ནི་ཡི་གེ་ཡིན་པར་བརྗོད། །ཚངས་པའི་འཇིག་རྟེན་སོགས་རྣམས་སུ། །དྲུག་སྐྱེས་སོགས་དབྱངས་དབྱེ་བ་ཡིས། །ཚངས་པས་སྨྲ་རྣམས་གླུར་ལེན་པའི། །དབྱངས་ནི་རྣམ་པ་བདུན་དུ་གནས། །སྐད་དབྱིངས་རྟགས་དང་ཚིག་ལ་སོགས། །འབྱུང་པོ་མིང་གི་རང་བཞིན་ དུ། །འདིར་གནས་སྒྲ་ཡི་བསྟན་བཅོས་གང་། །སྒྲ་དེ་ཀུན་ནས་གནས་པ་ཡིན། །སྒྲ་ཡི་མཐར་ནི་སྙན་པ་རུ། །གང་ཞིག་ཐོབ་པར་འགྱུར་བ་དང་། །ཡིད་ནི་བདེ་བར་བྱེད་པ་ནི། །ང་རོ་ཞེས་ནི་མངོན་པར་བརྗོད། །བྱ་དང་སིལ་སྙན་སྐྱེ་བོ་རྣམས། །འདུས་པ་ལས་ནི་འབྱུང་འགྱུར་ཞིང་། །བྱེ་ བྲག་མེད་ཅིང་གསལ་བ་གང་། །དེ་ཀུན་ཀུ་ཅོ་ཞེས་བྱར་བསྒྲགས། །རྒྱུད་མངས་དྲིལ་བུ་སྩོགས་བརྡུངས་པ། །དེ་ལས་བྱུང་བའི་སྒྲ་གྲག་པ། །ཡིད་ནི་བདེ་བར་བྱེད་པ་གང་། །སྒྲ་སྐད་ཅེས་ནི་མངོན་པར་བརྗོད། །ཇི་ལྟར་མེ་ནི་འབར་བ་དང་། །རླུང་དང་ཆུ་ཡི་ཚོགས་དག་གིས། །སྒྲ་ནི་གྲག་པར་ འགྱུར་བ་དེ། །འུར་སྒྲ་ཡིན་པར་རབ་ཏུ་བརྗོད། །རླུང་མེ་ཆར་གྱི་སྒྲ་མཚུངས་པ། །ནང་ན་གནས་པར་གྱུར་པའི་སྒྲ། །རྣ་བ་བཀབ་ནས་ཐོས་གྱུར་པ། །དེ་ནི་བརྩེགས་དང་གསལ་ཞེས་བྱ། །དཔེར་ན་རླུང་གིས་བསྐྱོད་པ་ཡིན། །རྒྱུད་མངས་ལས་ནི་བྱུང་བའི་སྒྲ། །དེ་འདྲའི་སྒྲ་ཡི་གནས་བྱུང་བ། ། 37-1-59b ཤེས་རབ་ཅན་གྱིས་ཐོས་པ་ན། །ལྟེ་བའི་ཕྱོགས་ནས་ཡང་དག་འབྱུང་། །དེ་ཉིད་ཉེ་བར་དམིགས་པ་ན། །བུམ་པའི་ནང་གི་བུང་བ་བཞིན། །དེ་ནི་ཟབ་ཅིང་སྙན་པ་དང་། །ཤིན་ཏུ་ཕྲ་བར་འཇུག་པ་ཡི། །སྒྲར་ནི་ཉེ་བར་ཐོས་འགྱུར་ཞིང་། །སེམས་ཉིད་ཀྱིས་ནི་ཤེས་བྱ་བ། །དེ་ནི་གཅོད་ཅེས་བྱ་ བ་སྟེ། །ཏིལ་མར་གྱིས་ནི་ཏིལ་སོགས་བཞིན། །དེ་ཡིས་འདི་དག་ཐམས་ཅད་ཁྱབ། །ཐེ་ཚོམ་མེད་ཅིང་བརྗོད་དུ་མེད། །དབྱངས་དང་ཡི་གེ་རྣམ་སྤངས་པ། །དེ་ནི་ཕྱི་ནང་རྟག་པ་ཡིན། །དི་ནི་ཚངས་པ་དམ་པར་བརྗོད། །དེ་ནི་སུས་ཀྱང་བརྗོད་པ་དང་། །གཞིག་པར་ནུས་པ་ཉིད་མ་ཡིན། ། འདི་ལྟར་རང་ཉིད་འབྱུང་བ་སྟེ། །དེ་ནི་ཁྱབ་བདག་ལུས་ལ་གནས། །དེ་ནི་ཡུལ་དང་འཁོར་བ་དང་། །ཟ་བྱེད་ལུས་དང་རྨོངས་ཉིད་དུ། །ཇི་སྲིད་དུ་ནི་མི་ཤེས་པ། །དེ་སྲིད་ཁོ་ནར་ཕྱུགས་ཤེས་བྱ། །ཐམས་ཅད་ན་ནི་གནས་པ་སྟེ། །ཚངས་པ་དམ་པར་བརྗོད་པ་སྟེ། །སྔགས་ཀྱི་དེ་ཉིད་ ཤེས་ནས་ནི། །འཁོར་བའི་གཟེབ་ལས་གྲོལ་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པའི་རིམ་པས་སྔགས་ཀྱི་དེ་ཁོ་ན་ཉིད་གསལ་བར་བྱས་པ་ཡིན་ཏེ། སྔགས་ཀྱི་དེ་ཁོ་ན་ཉིད་དེ་ལས་སྔགས་ཀྱི་རྫོགས་པ་འབྱུང་ངོ་། །དེ་ཡང་ཇི་ལྟ་བུ་ཞེ་ན། འདིར་རྣལ་འབྱོར་པས་ལྟེ་བའི་ དཀྱིལ་འཁོར་ལ་གནས་པའི་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བ་ལ་ཡི་གེ་ཨ་འབར་བར་གྱུར་པར་བསམས་ཏེ། མགོ་བོ་ལ་སོགས་པ་རྣམས་སུ་ཡང་ཡི་གེ་གསུམ་བཀོད་ནས་དེ་འཇུག་པ་ལ་སོགས་པའི་རིམ་གྱིས་བཟླས་པ་སྟེ། ཆ་ཤས་དང་ཆ་ཤས་ཀྱི་དབྱེ་བས་དེ་བསྡུས་ ནས་དེར་བཅུག་སྟེ། དེ་ཡང་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོར་ཐིམ་པར་བྱས་ཤིང་། དེ་ཡང་འོད་གསལ་བའི་རང་གི་ངོ་བོར་ཤེས་པར་བྱ་སྟེ། གནས་པ་ཞེས་བྱ་བ་འདི་ནི་སྔགས་ཀྱི་རྫོགས་པ་སྟེ། ཤིན་ཏུ་མཐར་ཐུག་པ་ཡིན་པས་དེ་ཉིད་ཀྱི་ཕྱིར་འདི་ནི་མ་ནིང་གི་བཟླས་པ་ཞེས་བྱའོ། །དེ་ལྟ་བུའི་རྣམ་ པ་ཅན་གྱི་རྣལ་འབྱོར་པ་ནི་རྡོ་རྗེ་བཟླས་པ་ལ་ལེགས་པར་བསླབས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དགོངས་པས་མ་ཡིན་པའོ། །ད་ནི་རིམ་པ་བཞིའི་གོ་རིམས། །རྡོ་རྗེ་བཟླས་ནས་རྣལ་འབྱོར་པ། །སེམས་ལ་དམིགས་པ་ཐོབ་པར་འགྱུར། །སེམས་ལ་དམིགས་པ་རྟོགས་ནས་ནི། །ཡེ་ཤེས་ 37-1-60a སྐུ་ནི་ཐོབ་པར་འགྱུར། །སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །གཉིས་མེད་ཡེ་ཤེས་ཐོབ་པར་འགྱུར། །ཟུང་འཇུག་ཏིང་འཛིན་ལ་གནས་ནས། །སླར་ཞིང་ག་ལའང་མི་སློབ་པོ། །ཞེས་བྱ་བ་ལ་སོགས་པ་གསུངས་པའི་དོན་ནི་འདི་ཡིན་ཏེ། རྡོ་རྗེ་བཟླས་པའི་རིམ་པས་ངག་ རྣམ་པར་བྱང་བ་བྱས་པ་ན་རྣལ་འབྱོར་པས་སེམས་ཤེས་པ་གསུམ་གྱི་བདག་ཉིད་ཅན་ལ་དམིགས་པ་སྟེ་རྣམ་པར་དག་པ་ཐོབ་པར་འགྱུར་རོ། ། ཀུན་གཞི་དང་ཉོན་མོངས་པ་ཅན་དང་འཇུག་པའི་རྣམ་པར་ཤེས་པའི་རང་བཞིན་བརྒྱ་དྲུག་ཅུའི་ཚོགས་དང་བ་ཅས་པའི་རྣམ་པར་ཤེས་པ་གསུམ་ གྱི་ནི་འགྲོ་བ་རྣམས་ལ་ཉིན་དང་མཚན་དུ་ཟོ་ཆུན་གྱི་འཁྲུལ་འཁོར་བཞིན་དུ་འཁོར་བར་བྱེད་དོ། །རྩ་བ་མེད་ཅིང་གནས་པ་མེད་པ་ཁ་དོག་མེད་ཅིང་རྟགས་མེད་ལ་དབྱིབས་མེད་པར་གྱུར་པ་གང་ཡིན་པའི་རྣམ་པར་ཤེས་པ་གསུམ་པོ་ནི་གློ་བུར་བའི་ཉོན་མོངས་པའི་བག་ཆགས་ཀྱི་རལ་གྲི་ རྣོན་པོ་ཐོགས་ནས་འཁོར་བའི་འབྲོག་དགོན་པའི་གནས་སུ་འགྲོ་བའི་འགྲོན་པོ་རྣམས་ཀྱི་དགེ་བའི་རྩ་བའི་ནོར་ཕྲོགས་ནས་བསད་ཅིང་སྐྱེ་གནས་གཞན་དུ་འཕེན་པར་བྱེད་དོ། །ཇི་སྐད་དུ། ཐལ་ཚན་གྱི་ཆུ་བོའི་མདོ་ལས། འབྲོག་དགོན་པ་ན་གནས་པའི་དགེ་སློང་ལག་པ་གྱེན་ དུ་བརྐྱང་། །ཉིན་པར་བདག་ནི་ནོར་འཕྲོག་ཆོམ་རྐུན་རྣམས་ལ་འཇིགས་པ་མེད། །དེ་རྣམས་ནོར་ཙམ་འབའ་ཞིག་འཕྲོག་པར་བྱེད་དེ་དེ་ཡང་མེད། ། ཡིད་ལ་ཡང་དང་ཡང་དུ་བསགས་པའི་བདག་གི་དགེ་བའི་ནོར། །ཐ་མ་རྣམ་རྟོག་དག་གིས་དབང་མེད་པར་ནི་འཕྲོག་པར་བྱེད། །ཅེས་འབོད་དོ་ཞེས་ གསུངས་སོ། །དེའི་ཕྱིར་རྣམ་པར་ཤེས་པ་གསུམ་པོ་ཡོངས་སུ་མི་ཤེས་པ་ཁོ་ནས་འཁོར་བ་ཡིན་ཏེ། འཕགས་པ་བྱམས་པས། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པའོ། །རྣམ་པར་ཤེས་པ་གསུམ་གྱི་རང་བཞིན་ གྱི་སེམས་དེ་ལ་འཆད་པར་གྱུར་པའི་སྔགས་དང་ཕྱག་རྒྱའི་རིམ་པས་དམིགས་ཤིང་རྣམ་པར་སྦྱོང་བར་བྱེད་པ་དེའི་ཚེ་སེམས་རྣམ་པར་དག་པར་འགྱུར་ཏེ་སྦས་པའོ། །དེ་ནས་སེམས་རྣམ་པར་དག་པ་སྟེ་ཐོབ་ནས་དོན་དམ་པའི་བདེན་པ་ལས་ཅིག་ཅར་ལངས་ཏེ། སྔོན་གྱི་སྨོན་ལམ་འབྲས་བུ་དང་བཅས་ 37-1-60b པར་བྱ་བའི་དོན་དང་། དབང་ཕྱུག་ཆེན་པོའི་ལྟ་བ་དང་མཚུངས་པའི་ཆད་པའི་ལམ་སྤང་བའི་ཕྱིར། རྣལ་འབྱོར་པ་དབང་པོའི་གཞུ་ལྟ་བུའི་དཀྱིལ་འཁོར་པས་ཡོངས་སུ་བསྐོར་ཞིང་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཉི་མ་དང་ཟླ་བ་དང་མེའི་འོད་ལས་ལྷག་པའི་གཟི་བརྗིད་དང་ལྡན་པའི་དཔལ་རྡོ་ རྗེ་འཆང་ཆེན་པོའི་སྐུ་རྣམ་གྲངས་གཞན་ཡང་ཡེ་ཤེས་ཀྱི་སྐུ་ཞེས་བྱ་བ་འགྲོ་བ་མ་ལུས་པ་སྐད་ཅིག་ཙམ་གྱིས་རང་གི་སྐུ་དང་མཚུངས་པར་སྒྲུབ་པར་བྱེད་པ། དཀྱིལ་འཁོར་གྱི་འཁོར་ལོ་གཞན་དང་གཞན་སྤྲོས་པས་ཁམས་གསུམ་པ་རྣམ་པར་སྤྱོད་པར་བྱེད་པ་འཐོབ་པར་འགྱུར་ བའམ། སྣང་བ་ཉེ་བར་ཐོབ་པ་ལ་སོགས་པ་རིམ་པས་ཕྱག་རྒྱ་བཞིས་རྒྱས་བཏབ་པའི་ཡེ་ཤེས་ཀྱི་སྐུ་འཐོབ་པར་འགྱུར་ཞེས་བྱ་བ་ནི་སྦས་པ་ཡིན་ནོ། །དེའི་རྗེས་ལ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་ཏེ། རྣམ་གྲངས་གཞན་དག་བྱིན་གྱིས་བརླབ་པའི་རིམ་པ་ཞེས་བྱ་བ་ཐོབ་ནས་གཉིས་མེད་ ཡེ་ཤིས་འོད་གསལ་བའི་དེ་ཁོ་ན་ཉིད་འཐོབ་པར་འགྱུར་རོ། །དེ་བཞིན་དུ་འདོད་ཆགས་དང་འདོད་ཆགས་བར་མ་གཅིག་འདོད་ཆགས་དང་བྲལ་བ་གཅིག་སྟེ། གཉིས་པོ་དེ་དག་སྤངས་པ་ཉིད་ཡིན་པའི་ཕྱིར་གཉིས་མེད་དོ། །མཚན་མོ་དང་མཚམས་གཅིག་ཉིན་མོ་གཅིག་སྟེ་དེ་དག་ སྤངས་པ་ཉིད་ཡིན་པའི་ཕྱིར་གཉིས་མེད་དོ། །དགའ་བ་དང་མཆོག་དགའ་གཅིག །དགའ་བྲལ་གཅིག་སྟེ། དེ་དག་སྤངས་པ་ཉིད་ཡིན་པའི་ཕྱིར་གཉིས་མེད་དོ། །ཡེ་ཤེས་ནི་མན་ངག་བཞི་པ་ཡིན་ནོ། །ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་ཡང་ཡེ་ཤེས་ཡིན་ཏེ། འཇིག་རྟེན་ལས་ འདས་པའི་ཆོས་ཉིད་རྟོགས་པའི་ཕྱིར་རོ། །ཛྙཱ་ནི་ཡེ་ཤེས་ཏེ་རྟོགས་པའོ། །ན་ནི་དགག་པ་སྟེ་དེས་ན་འདོད་ཆགས་ལ་སོགས་པའི་ཤེས་པ་རྣམས་མེད་པ་ནི་ཡེ་ཤེས་སོ། །དེ་བས་ན་གཉིས་སུ་མེད་པ་ཡང་ཡིན་ལ་ཡེ་ཤེས་ཀྱང་ཡིན་པས་གཉིས་སུ་མེད་པའི་ཡེ་ཤེས་སོ་ཞེས་ལས་འཛིན་ པའི་བསྡུ་བ་བྱ་ཞིང་མངོན་པར་བྱང་ཆུབ་པའི་རིམ་པ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏེ་མཐར་ཐུག་པ་ཡིན་ནོ། །དེ་ནས་གཉིད་སད་པ་བཞིན་དུ་རྣལ་འབྱོར་པ་ལངས་ཏེ་ཐོག་མ་མེད་པའི་སྨོན་ལམ་གྱི་སེམས་ཉིད་བག་ཆགས་ཀྱི་སྟོབས་དང་། དེའི་རོ་ཁོ་ནས་ཀུན་རྫོབ་དང་དོན་དམ་པ་ཐ་མི་དད་ 37-1-61a པའི་ཟུང་འཇུག་ཏིང་ངེ་འཛིན་ལ་སྟེ། རྣམ་པ་དང་བཅས་པ་དང་རྣམ་པ་མེད་པ་ལ་སོགས་པའི་ཟུང་དུ་འཇུག་པ་སྟེ། བཅིངས་ཤིང་འདྲེས་པར་གྱུར་པ་ནི་ཟུང་དུ་འཇུག་པའོ། །ཏིང་ངེ་འཛིན་དེ་ལས་ལངས་ཀྱང་དེ་ལ་རྩེ་གཅིག་པའི་རང་བཞིན་ཅན་དེ་ལ་གནས་ནས་འཁོར་ བ་ཇི་སྲིད་ཀྱི་བར་དུ་ཆོ་འཕྲུལ་སྟོན་པ་དང་། ཆོས་རྣམ་པ་སྣ་ཚོགས་སྟོན་པའི་རིམ་པ་དང་། ཏིང་ངེ་འཛིན་གྱི་ཁྱད་པར་རྣམས་ཀྱིས་སེམས་ཅན་གྱི་དོན་བྱེད་པའི་རྣལ་འབྱོར་པ་ནི་བྱ་བ་བྱས་པ་དང་། བྱེད་པ་བྱས་པ་དང་། བྱ་བ་མེད་པ་དང་། སྤྲོས་པ་མེད་ཅིང་འབྲས་བུར་གྱུར་པའི་ངེས་ པར་འབྱེད་པར་བྱེད་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཐོབ་པ་ཉིད་ཡིན་པའི་ཕྱིར་གང་ལ་ཡང་མི་སློབ་པོ་ཞེས་བྱ་བ་ནི་མཐར་ཐུག་པའོ། །ད་ནི་དེ་ཉིད་ཀྱི་ཕན་ཡོན་ནི། དེ་ནི་རྫོགས་པའི་རྣལ་འབྱོར་བརྗོད། །རྡོ་རྗེ་འཛིན་པ་ཆེན་པོའང་དེ། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཐམས་ཅད་ མཁྱེན་པར་དེ་ནས་འགྱུར། །ཞེས་བྱ་བར་གསུངས་ཏེ་དེ་ཞེས་བྱ་བའི་ཐམས་ཅད་ཀྱི་མིང་གིས་ནི་རིམ་པ་ལྔའི་འབྲས་བུར་གྱུར་པ་རིམ་པ་ལྔ་པ་གཟུང་ངོ་། །དེ་ནི་རྫོགས་པ་ཡིན་ཏེ་རང་བཞིན་གྱིས་གྲུབ་པའི་ཆོས་ཉིད་ཀྱི་རང་བཞིན་ཉིད་ཡིན་པ་དང་། མི་སློབ་པ་ཉིད་ཡིན་པའི་ཕྱིར་རོ། །ཏིང་ ངེ་འཛིན་གྱི་རིམ་པས་གོང་ནས་གོང་དུ་ཐོབ་པར་བྱ་བ་ཉིད་ཡིན་པའི་ཕྱིར་རྣལ་འབྱོར་ཡང་ཡིན་ནོ། །དེ་ཉིད་རྡོ་རྗེ་འཛིན་པ་ཆེན་པོ་སྟེ་རྡོ་རྗེ་སེམས་དཔའི་རང་གི་ངོ་བོ་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་ལྷའི་རྣམ་པའོ། །དེ་ཡང་རྣམ་པ་ཀུན་གྱི་མཆོག་ནི་མཚན་དང་དཔེ་བྱད་དོ། །དེ་དག་དང་ལྡན་པ་ སྟེ་བརྒྱན་པའི་ཐམས་ཅད་མཁྱེན་པ་མངོན་པར་ཤེས་པ་དྲུག་ཐོབ་ཅིང་སྟོབས་བཅུ་དང་མི་འཇིག་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་རྣལ་འབྱོར་པར་འགྱུར་ཞིང་ཡང་དག་པར་འགྲུབ་པོ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། །ཞར་ལ་བྱུང་བའི་འབྲས་བུ་ནི། །འདས་པ་དང་ནི་མ་འོངས་དང་། །ད་ ལྟར་བྱུང་བའི་སྲིད་གསུམ་གནས། །འོད་གསལ་བ་ནི་རྣམ་དག་པས། །སྐད་ཅིག་དེ་ལ་མ་ལུས་མཐོང་། །ཞེས་བྱ་བ་གསུངས་ཏེ། འདས་པ་ལ་སོགས་པའི་དུས་དང་ཡུལ་གྱི་སེམས་ཅན་གྱི་ཁམས་ཀྱི་སེམས་ཀྱི་སྤྱོད་པ་རྣམས་དང་འཆི་འཕོ་བ་དང་སྐྱེ་བ་ལ་སོགས་པ་རྣམས་ 37-1-61b དང་ཐག་རིང་པོ་ན་གནས་པ་ཡུལ་དང་དུས་དང་རང་བཞིན་གྱིས་བསྐལ་པའི་དངོས་པོ་རྣམས་མཐོང་བ་དང་ཐོས་པ་ལ་སོགས་པའི་སྲིད་གསུམ་གནས་ཏེ་ཁམས་གསུམ་ན་གནས་པ་འོད་གསལ་བ་ནི་རྣམ་པར་དག་པ་སྟེ་ཟུང་དུ་འཇུག་པའི་རིམ་པའི་ཏིང་ངེ་འཛིན་ཐོབ་པས་སྐད་ཅིག་དེ་ལ་ཞེས་བྱ་བ་སྐད་ ཅིག་གཅིག་ལ་མ་ལུས་པ་སྟེ་སེམས་ཅན་གྱི་ཁམས་རྣམ་པ་བཞིའི་བྱེ་བྲག་མཐོང་ཞིང་ཤེས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་སྟེ་དྲང་བའི་དོན་ཏོ། །འདི་ལྟར་དེ་ཁོ་ན་ཉིད་རྟོགས་པ་ལས་འབད་པ་མེད་པ་ཁོ་ནར་རྣལ་འབྱོར་པའི་དངོས་གྲུབ་རྣམས་འབྱུང་བར་འགྱུར་ཏེ། དོན་གཅིག་དམ་པའི་དོན་དུ་མཐོང་ འགྱུར་ན། །འགྲོ་ཀུན་དོན་གཅིག་ཏུ་ནི་མཐོང་བ་ཡིན། །འགྲམ་གྱི་ཕྱོགས་གཅིག་ཏུ་ནི་ཆུ་འཐུངས་ན། །རྒྱ་མཚོ་མ་ལུས་པར་ནི་ཤེས་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་ཡང་བཤད་དོ། །འདས་པ་ནི་འདོད་ཆགས་ཀྱི་སྐད་ཅིག་གོ། །མ་འོངས་པ་ནི་འབྱུང་བར་འགྱུར་བའི་རང་བཞིན་གྱི་འདོད་ ཆགས་དང་བྲལ་བའི་སྐད་ཅིག་གོ། །ད་ལྟར་བྱུང་བ་ནི་འདོད་ཆགས་བར་མའི་སྐད་ཅིག་སྟེ་དེ་རྣམས་ཁོ་ན་རྣམ་པར་རྟོག་པ་དང་བཅས་པ་ཉིད་ཡིན་པའི་ཕྱིར་སྲིད་པ་གསུམ་གྱི་རང་བཞིན་ཡིན་ནོ། །ནི་ཞེས་བྱ་བ་ནི་རྒྱུ་མཚན་གྱི་བདུན་པ་ཡིན་ནོ། །དེས་ན་དོན་ནི་འདི་ཡིན་ཏེ། དེ་རྣམས་ཤེས་ནས་འོད་ གསལ་བ་ནི་རྣམ་པར་དག་པས་ཞེས་བྱ་བ་འོད་གསལ་བའི་དེ་ཁོ་ན་ཉིད་ལྷན་ཅིག་སྐྱེས་པའི་དགའ་བའི་མཚན་ཉིད་བཞི་པ་སྐད་ཅིག་དེ་ལ་སྟེ། སྐད་ཅིག་ཙམ་གྱི་རང་གི་ངོ་བོར་མཐོང་ཞིང་མངོན་དུ་བྱེད་དོ་ཞེས་བྱ་བ་ནི་མཐར་ཐུག་པའོ། །ཡང་ན་འདས་པ་ནི་འབྱུང་བའི་རླུང་གི་རང་བཞིན་ཡི་གེ་ཧཱུྃ་ངོ་། །མ་འོངས་ པ་ནི་འཇུག་པའི་རླུང་གི་རང་བཞིན་ཡི་གེ་ཨོཾ་མོ། །ད་ལྟར་བྱུང་བ་ནི་གནས་པའི་རླུང་གི་རང་བཞིན་ཨཱཿའོ། །ཡི་གེ་གསུམ་པོ་དེ་རྣམས་སྲིད་པ་སྟེ། དཀྱིལ་འཁོར་བཞི་རུ་གསུམ་གནས་ཏེ། དེ་བཞིན་དུ་འཇུག་པ་ལ་སོགས་པའི་རིམ་གྱིས་འོད་ཟེར་དམར་པོ་ལ་སོགས་པ་རྣམས་གཡས་ལ་ སོགས་པའི་དབྱེ་བས་སྣའི་རྩེ་མོར་འཛིན་པ་ན། འོད་གསལ་བ་རྣམ་པར་དག་པའི་དེ་ཁོ་ན་ཉིད་སྐད་ཅིག་དེ་ཉིད་ལ་མཐོང་ཞིང་ཐོབ་པར་འགྱུར་ཏེ་སྤྱིའི་དོན་ཏོ། །ཡང་ན་འདས་པ་ནི་ཀུན་གཞིའི་རྣམ་པར་ཤེས་པའོ། །མ་འོངས་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པའོ། །ད་ལྟར་བྱུང་བ་ནི་ 37-1-62a འཇུག་པའི་རྣམ་པར་ཤེས་པའོ། །སྲིད་པ་གསུམ་ནི་ཐབས་དང་ཤེས་རབ་དང་མ་རིག་པའི་རང་བཞིན་ཅན་གྱི་རང་བཞིན་རྣམས་སོ། །དེ་ཐམས་ཅད་སྐད་ཅིག་དེ་ལ་སྟེ་སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་དང་མིག་བཙུམས་དང་ལག་བརྡབས་ཀྱིས་འཇུག་པ་དང་སྔགས་དང་ ཕྱག་རྒྱའི་རིམ་པས་གལ་ཏེ་འོད་གསལ་བ་རྣམ་པར་དག་པར་བྱས་པ་དེའི་ཚེ་རྣལ་འབྱོར་པ་མ་ལུས་པ་སྟེ་འགྲོ་བ་མ་ལུས་པའི་རང་གི་ངོ་བོ་འོད་གསལ་བར་མཐོང་ཞིང་ཉམས་སུ་མྱོང་བར་འགྱུར་རོ་ཞེས་བྱ་བ་ནི་སྦས་པའོ། །ཡང་ན་འདས་པ་ནི་ཆོས་ཀྱི་སྐུའོ། །མ་འོངས་པ་ནི་སྤྲུལ་པའི་སྐུའོ། །ད་ ལྟར་བྱུང་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །སྲིད་པ་གསུམ་ན་སྟེ་ཁམས་གསུམ་ན་རྣལ་འབྱོར་པས་འོད་གསལ་བ་རྣམ་པར་དག་པ་སྟེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་མཐོང་བ་སྟེ། གོམས་པར་བྱེད་ཅིང་མ་ལུས་པ་སྟེ་གཞན་ཉིད་དུ་གནས་པར་གྱུར་པ་གང་ཡིན་པ་དེ་དག་ཀྱང་དེ་སྐད་ཅིག་དེ་ལ་ དེ་དང་འདྲ་བ་ཉིད་དུ་མཐོང་ངོ་ཞེས་བྱ་བ་ནི་སྦས་པའོ། །ད་ནི་ལུང་ཚད་མ་ཡིན་པ་དང་བླ་མའི་ཞལ་ལ་བསྟོད་པའི་ཕྱིར། དཔལ་ལྡན་འདུས་པའི་རྒྱུད་དུ་ནི། །དེ་ཉིད་འདི་དག་རྒྱས་བཏབ་གནས། །བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །བླ་མའི་ཞལ་ལས་རྟོགས་པར་བྱ། །ཞེས་བྱ་བ་གསུངས་ ཏེ། དེ་ཉིད་འདི་དག་ཅེས་བྱ་བ་སྔ་མ་དང་ཕྱི་མའི་བྱེ་བྲག་གི་མཚན་ཉིད་ཅན་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བྱེད་པའི་རྒྱུའི་རིམ་པ་ལྔར་བཤད་པ་གང་ཡིན་པ་ནི་དཔལ་ལྡན་འདུས་པའི་རྒྱུད་དུ་ཤིན་ཏུ་ལེགས་པར་རྒྱས་བཏབ་གནས་ཏེ་རྒྱལ་པོས་རང་གི་མཛོད་བཞིན་དུ་བཅིངས་ནས་གནས་སོ། །དེའི་ ཕྱིར་ཤིན་ཏུ་གསང་བ་ཉིད་ཡིན་པས་ཁོང་དུ་ཆུད་པར་མི་ནུས་ཏེ། བཤད་པའི་རྒྱུད་རྩ་བའི་རྒྱུད་ཀྱི་འབྲེལ་པ་ལྟ་བུ་དེ་རྣམས་ཀྱི་རྗེས་སུ་འབྲངས་ནས་ཏེ། དེ་དག་ཤེས་པར་བྱས་ནས་རྟོགས་པར་བྱ་ཞིང་ཤེས་པར་བྱའོ། །གལ་ཏེ་དེ་ལྟ་ན་འབྲེལ་པ་ལ་འབད་པས་ཅི་དགོས་ཤེ་ན། བླ་མའི་ཞལ་ལས་ཞེས་བྱ་བ་ གསུངས་ཏེ། བླ་མའི་ཞལ་ལ་བརྟེན་ནས་ཤེས་པར་བྱའི་གཞན་དུན་གླེགས་བམ་ཀླག་པ་ཙམ་ལས་ནི་སྐྱེ་བ་ལྔ་བརྒྱར་ཡང་དེ་ཁོ་ན་ཉིད་ཐོབ་པར་མི་འགྱུར་ཏེ་འཁྲུལ་པ་སྐྱེད་པར་བྱེད་པ་ཉིད་དང་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཚིག་ནི་ཤིན་ཏུ་ཟབ་པའི་ཕྱིར་རོ། །གལ་ཏེ་ཤེས་རབ་དང་ལྡན་ 37-1-62b པ་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་ཆེན་པོས་སྔགས་དང་རྒྱུད་ཀྱི་དོན་ཅི་ཞིག་ཅི་ལྟར་རྟོགས་པ་ཡིན་ཡང་། འོན་ཀྱང་བླ་མའི་ཞལ་མེད་པར་སྔགས་ཀྱི་དངོས་གྲུབ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་གྲུབ་པར་མི་འགྱུར་བས་དེའི་ཕྱིར་རྗེ་བཙུན་བླ་མ་རྡོ་རྗེ་འཆང་གི་ཞལ་སྔ་ནས་དད་པ་ དང་འབད་པས་མཉེས་པར་བྱ་བ་ཡིན་ཏེ། དེའི་ཞལ་ལས་དེ་ཁོ་ན་ཉིད་ཐོབ་པར་འགྱུར་རོ་སྙམ་དུ་དགོངས་པ་ཡིན་ཏེ་སྒྲ་ཇི་བཞིན་པའོ། །ད་ནི་དཔལ་གསང་བ་འདུས་པ་ལས་གནས་པའི་དེ་ཁོ་ན་ཉིད་གང་ཡིན་པ་དེ་ཉི་མདོར་བསྟན་པའི་སྒོ་ནས་བསྟན་པའི་ཕྱིར། དེ་ལ་དང་པོ་ཁོ་ན་རླུང་གི་དེ་ ཁོ་ན་ཉི་མདོར་བསྟན་པའི་ཚིག་རྩ་བའི་རྒྱུད་ལ་འཇུག་པར་བྱ་སྟེ་ཞེས་བྱ་བ་གསུངས་ཏེ། རླུང་གི་དེ་ཁོ་ན་ཉིད་ནི་སྔར་བཤད་པའོ། །མདོར་བསྟན་པའི་ཚིག་ནི་གླེང་སློང་བའི་ཚིག་གོ། །རྩ་བའི་རྒྱུད་ལས་ཏེ་དཔལ་ལྡན་གསང་བ་འདུས་པའི་རྒྱུད་ལ་གཞུག་པར་བྱ་ཞིང་བརྗོད་པར་བྱའོ་ཞེས་བྱ་བ་ནི་ སྒྲ་ཇི་བཞིན་པའོ། །སྣའི་རྩེ་མོར་ཡུངས་ཀར་བསམ། །འགྲོ་དང་མི་འགྲོ་ཡུངས་ཀར་ལ། །ཡེ་ཤེས་གནས་ནི་ཉམས་དགའ་བ། །གསང་བའི་ཡེ་ཤེས་ཀྱིས་བརྟགས་བསྒོམ། །རིན་ཆེན་ཁ་དོག་སྣ་ལྔ་པ། །ཡུངས་ཀར་གྱི་ནི་འབྲུ་ཚོད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་ རིག་པས་རྟག་ཏུ་བསྒོམ། །ཞེས་བྱ་བ་ལ། དང་པོར་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་རྣལ་འབྱོར་པ་རྣམས་ལས་གང་ཡང་རུང་བས་སྣའི་རྩེ་མོར་ཏེ་གསང་བ་དང་སྙིང་ག་དང་གདོང་གི་སྣའི་རྩེ་མོ་རྣམས་སུ་ཡུངས་ཀར་ཏེ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཐོ་རངས་ཀྱི་སྐར་ཆེན་གྱི་རྣམ་པ་ཅན་རྩའི་ འཁོར་ལོ་ཐམས་ཅད་ཀྱི་ནང་ནས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་སྙིང་པོ་བསྡུས་པའི་ངོ་བོར་བསམས་ཏེ། དེའི་རྗེས་ལ་ཕྱི་རོལ་གྱི་མངོན་པར་ཞེན་པ་སྤང་བའི་ཕྱིར་ཡུངས་ཀར་དེ་ལ་འགྲོ་དང་མི་འགྲོ་སྟེ། བརྟན་པ་དང་གཡོ་བའི་བདག་ཉིད་ཅན་གྱི་ཁམས་གསུམ་པ་དེ་ལས་བྱུང་བའི་ འོད་ཟེར་གྱི་འཁོར་ལོས་ནང་དུ་བཅུག་ནས་ཐམས་ཅད་ཀྱི་བདག་ཉིད་དུ་བསམ་པར་བྱ་སྟེ། དེ་ལྟར་ན་བདག་དང་གཞན་གྱི་རྣམ་པར་རྟོག་པ་སྤངས་པའི་རྣལ་འབྱོར་པ་ནི་དེ་ཙམ་ལ་གནས་པར་འགྱུར་རོ། །དེའི་རྗེས་ལ་ཡེ་ཤེས་ཏེ་རླུང་བཅུ་པོ་རྣམས་སོ། །གནས་ནི་ཡི་གེ་གསུམ་མོ། ། 37-1-63a ཉམས་དགའ་བ་ནི་དེ་བཞིན་གཤེགས་པ་ལྔའོ། །གསང་བ་ནི་ལྷ་མོ་རྣམས་སོ། །ཡེ་ཤེས་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །བརྟགས་པ་ནི་ཁྲོ་བོ་རྣམས་ཏེ། དེའི་བདག་ཉིད་དུ་བསྒོམ་ཞིང་བསམ་པར་བྱའོ། །དེ་ཉིད་ཀྱི་ཕྱིར་ཁ་དོག་སྣ་ལྔ་པ་སྟེ། དེ་བཞིན་ གཤེགས་པའི་རིགས་ཀྱི་རབ་ཏུ་དབྱེ་བས་འོད་ཟེར་གྱི་ཚོགས་འཕྲོ་བར་བྱེད་པ་ཡིན་ནོ། །སེམས་ཅན་གྱི་ཁམས་ཆེན་པོ་སྤྲོ་བའི་རྣལ་འབྱོར་གྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ཡིན་པའི་ཕྱིར་རིན་པོ་ཆེ་དང་འདྲ་བ་ནི་རིན་ཆེན་ཏེ་རིན་པོ་ཆེ་ཆེན་པོའོ། །ཡུངས་ཀར་གྱི་ནི་ འབྲུ་ཚོད་ཙམ་སྟེ་ཡུངས་ཀར་ཕྲ་མོའི་འབྲུ་ཚད་ཙམ། སྣའི་རྩེ་མོར་ཏེ་རྡོ་རྗེ་དང་པདྨ་དག་ལས་གང་ཡང་རུང་བ་དེའི་རྩེ་མོར་བསྒོམ་པར་བྱའོ། །རྣལ་འབྱོར་རིག་པས་ཞེས་བྱ་བ་ནི་ཡན་ལག་དྲུག་པའི་ཕྱོགས་གཅིག་སྲོག་དང་རྩོལ་བ་མངོན་པར་ཤེས་པའི་རྣལ་འབྱོར་པས་སོ། །རྟག་ཏུ་ནི་ ཉིན་མཚན་ཀུན་དུ་སྟེ། ཇི་སྲིད་རྩེ་གཅིག་པར་གྱུར་པའི་བར་དུ་ཞེས་བྱ་བའི་དོན་ཏོ། །འདི་སྐད་དུ་བརྗོད་པར་བྱ་སྟེ། འདོད་ཆགས་ལ་སོགས་པའི་རིགས་ཅན་གྱི་རྣལ་འབྱོར་པའི་བྱེ་བྲག་གིས་སྣའི་རྩེ་མོ་གསུམ་དང་སྨིན་མའི་དབུས་དང་ལྟེ་བར་རང་དང་གཞན་དུ་རྣམ་པར་འབྱེད་པ་སྤངས་པའི་ ཐིག་ལེ་ཙམ་རྣམ་པར་བཀོད་དེ། ཇི་སྲིད་དུ་སེམས་རྩེ་གཅིག་པ་ཉིད་ཐོབ་པ་དེ་སྲིད་དུ་གོམས་པར་བྱའོ། །ཐིག་ལེ་ཇི་ལྟ་བུ་ཞིག་ཅེས་བྱ་བའི་ཁྱད་པར་བརྗོད་པར་བྱ་དགོས་སོ་ཞེ་ན་བརྗོད་པར་བྱ་སྟེ། གསང་བའི་སྣར་ནི་ཐབས་དང་ཤེས་རབ་སྙོམས་པར་ཞུགས་པའི་སྒོ་ནས་བྱང་ཆུབ་ཀྱི་སེམས་ འདུས་པར་གྱུར་པའི་ཐིག་ལེའི་གཟུགས་སུ་བསྒོམ་མོ། །སྙིང་གའི་སྣར་ནི་ཨོཾ་དང་ངག་གི་དབང་ཕྱུག་གི་ས་བོན་བསྡུས་ཤིང་སེམས་ཀྱི་ས་བོན་ཡང་བསྡུས་ནས་སྔགས་ཀྱི་ཐིག་ལེའི་གཟུགས་སུ་བསྒོམ་མོ། །གདོང་གི་སྣར་ནི་དཀྱིལ་འཁོར་བཞིའི་རིམ་གྱིས་སྤྲོས་པའི་འོད་ཟེར་གྱི་འཁོར་ལོ་ཁ་ དོག་དམར་པོ་ལ་སོགས་བསྡུས་པའི་འོད་ཀྱི་ཐིག་ལེའི་གཟུགས་སུ་བསྒོམ་མོ། །ཁ་ཅིག་ནི་གསང་བའི་སྣའི་ཐིག་ལེ་ཉིད་ཐུར་དུ་སེལ་བའི་རླུང་གིས་དྲངས་ནས་གཉིས་པོར་གཟུང་བར་བྱ་སྟེ། དེ་ནི་བདེ་བ་ཆེན་པོའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གཞན་དག་གིས་ཀྱང་སྨིན་མ་དང་ 37-1-63b ལྟེ་བའི་དབུས་དག་ཏུ་བརྟག་པར་བྱའོ་ཞེས་ཟེར་རོ། །འདི་ནི་དགོངས་པས་བཤད་པའོ། །ཞེས་བྱ་བ་ལ་དགོངས་པས་བཤད་པ་ཞེས་བྱ་བ་ནི་གང་ཟག་དབང་པོ་རྣོན་པོའི་དོན་དུ་འགལ་བའི་ཚིག་གིས་དེ་ཁོ་ན་ཉིད་འབའ་ཞིག་སྟོན་པར་བྱེད་པ་སྟེ། ཇི་སྐད་དུ། ཕ་དང་མ་ནི་གསད་བྱ་ཞིང་། ། རྒྱལ་པོ་གཙང་སྦྲ་ཅན་གཉིས་དང་། །ཡུལ་འཁོར་རྗེས་འཇུག་བཅས་བསད་ན། །མི་ནི་དམ་པ་རྗེས་སུ་བརྗོད། །ཅེས་བྱ་བ་ལ་སོགས་པ་གསུངས་པ་བཞིན་ནོ། །ད་ནི་བཤད་པ། རྡོ་རྗེའི་ཚིག་འདིའི་བཤད་པའི་ལྷ་མོ་བཞིས་ཞུས་པའི་བྱ་བ་བཤད་པའི་རྒྱུད་ལས་ཞེས་བྱ་བ་གསུངས་ ཏེ་རྡོ་རྗེ་ལྟར་མི་ཤིགས་ཤིང་ཟབ་མོའི་དོན་ཅན་གྱི་ཚིག་ནི་སྟེ་ཚིག་གིས་བརྩམས་པའི་ངག་གོ། །འདི་ཞེས་བྱ་བ་སྔར་བཤད་པའི་རྡོ་རྗེའི་ཚིག་གི་བཤད་པ་སྟེ། རྣམ་པར་དབྱེ་བ་ལྷ་མོ་བཞི་སྟེ་སངས་རྒྱས་སྤྱན་ལ་སོགས་པ་རྣམས་ཀྱིས་ཞུས་པ་ཞེས་བྱ་བའི་བཤད་པའི་རྒྱུད་ལས་གསུངས་ཏེ་སྒྲ་ ཇི་བཞིན་པའོ། །སྙིང་པོ་ལས་ནི་སྙིང་པོ་མཆོག །སངས་རྒྱས་ཀུན་གྱི་གསང་བ་ནི། །གང་དེ་ཐམས་ཅད་བདག་ཉིད་གནས། །དེ་ཉིད་ལྷ་མོ་བཤད་པར་བྱ། །ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །ཡུངས་ཀར་གྱི་ནི་འབྲུ་ཚོད་ཙམ། །དེ་ཡི་དབུས་སུ་གནས་པའི་ལྷ། །མི་གསལ་ གསལ་བའི་བདག་ཉིད་ཅན། །ཞེས་གསུངས་པའི་དོན་ནི་འདི་ཡིན་ཏེ། དེ་ཉིད་ནི་དོན་དམ་པ་སྟེ་ཀྱེ་ལྷ་མོ་སངས་རྒྱས་སྤྱན་ལ་སོགས་པའི་རིགས་ཀྱི་ཡུམ་ཁྱེད་རྣམས་ལ་བཤད་པར་བྱ་ཞིང་རབ་ཏུ་ཕྱེ་ནས་བཤད་པར་བྱའོ། །དེ་ཉིད་ཇི་ལྟ་བུ་ཞེ་ན། སྙིང་པོ་སྟེ་སྤྱོད་པའི་རྒྱུད་ལ་སོགས་པ་ལ་ ལྟོས་ནས་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་རིམ་གྱིས་བསྐྱེད་པའི་ལྷའི་རྣམ་པའོ། །དེ་དག་ལས་ཀྱང་སྙིང་པོ་ནི་ཡན་ལག་དྲུག་པ་ལ་སོགས་པའི་མཚན་ཉིད་ཀྱི་རྫོགས་པའི་རིམ་པའོ། །དེ་ལས་ཀྱང་ཁྱད་པར་དུ་འཕགས་པ་ཉིད་ཡིན་པའི་ཕྱིར་ཤིན་ཏུ་སྟེ། རྡོ་རྗེ་བཟླས་པའི་རྣམ་གྲངས་ གཞན་རླུང་གི་དེ་ཁོ་ན་ཉིད་ཅེས་བྱ་བའོ། །དེ་ཉིད་ཀྱི་ཕྱིར་ཏིང་ངེ་འཛིན་ཐམས་ཅད་ལ་ཁྱད་པར་དུ་འཕགས་པ་ཉིད་ཡིན་པས་མཆོག་སྟེ་དམ་པའོ། །སངས་རྒྱས་ཀུན་གྱི་སྟེ་ཕུང་པོ་ལྔས་བསྡུས་པའི་རང་བཞིན་ཉིད་ཡིན་པས་གསང་བའོ། །ཡང་ན་ར་དང་ཧ་སྟེ་རྡོ་རྗེ་དང་པདྨ་དག་སྦྱོར་བ་ལས་ 37-1-64a བྱུང་བའི་གསང་བའོ། །ཡང་ན་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ལ་གསང་བར་བྱ་བ་ཉིད་ཡིན་པའི་ཕྱིར་གསང་བའོ། །ཐམས་ཅད་བདག་ཉིད་དེ་སྐུ་དང་གསུང་དང་ཐུགས་དག་གི་གཅིག་པའི་དངོས་པོར་གནས་པ་ནི་བསྡུས་པའི་གནས་སྐབས་སུ་གྱུར་པའོ། ། ཡང་ན་ཐམས་ཅད་བདག་ཉིད་དེ་ཆ་དྲུག་པའི་ལུས་ལ་གཙོ་བོར་གྱུར་པའི་ཁམས་ཀྱི་གཟུགས་ཀྱིས་གནས་པའོ། །དེ་བཞིན་དུ་ཡེ་ཤེས་ལྔ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་རྣམས་སོ། །དེའི་རང་བཞིན་ནི་དེའི་ངོ་བོའོ། །དེ་བཞིན་དུ་ཡང་དེའི་མེ་ལོང་གསལ་པོ་དང་ཟླ་བའི་འོད་ཟེར་ དཀར་པོ་ལྟ་བུའི་རྣམ་པའི་གཟུགས་ཅན་གང་ཡིན་པ་དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཁམས་ཀྱི་རྫས་ཉི་ཤུ་རྩ་བཞི་རོ་གཅིག་པའི་དངོས་པོར་གནས་པ་གང་ཡིན་པ་དེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེའི་འགྲོ་བ་དང་མི་འགྲོ་བ་གཅིག་པའི་རང་བཞིན་ཉིད་དུ་དཔྱོད་པ་གང་ཡིན་པ་དེ་ནི་སོ་ སོར་རྟོག་པའི་ཡེ་ཤེས་སོ། །དེ་ལས་འོད་ཟེར་གྱི་འཁོར་ལོ་སྤྲོས་པས་འགྲོ་བའི་དོན་བྱེད་པ་གང་ཡིན་པ་དེ་ནི་བྱ་བ་ནན་ཏན་སྒྲུབ་པའི་ཡེ་ཤེས་སོ། །དེའི་ནང་དུ་ཤིན་ཏུ་གསལ་བའི་རང་བཞིན་གྱི་ཡེ་ཤེས་བདེ་བ་ཆེན་པོ་རང་གི་ངོ་བོར་ཉམས་སུ་མྱོང་བ་གང་ཡིན་པ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ་ ཞེས་བརྗོད་པར་བྱའོ། །དེ་ཉིད་ཀྱི་ཕྱིར། ཡུངས་ཀར་གྱི་ནི་འབྲུ་ཚོད་ཙམ། །ཞེས་བྱ་བ་འདིས་ནི་དེའི་ཚད་བཤད་པ་ཡིན་ཏེ། དེ་ལྟ་བུ་སྔ་མ་བཞིན་སྣའི་རྩེ་མོར་གནས་པར་བསམས་ནས། ཐིག་ལེ་ཙམ་དེའི་དབུས་ན་གནས་པ་སྟེ་ཡང་དག་པར་གནས་པ་ལྷ་རྡོ་རྗེ་འཆང་ཆེན་པོ་བསྒོམ་པར་ བྱའོ། །དེ་ཇི་ལྟ་བུ་ཞིག་ཅེ་ན། མི་གསལ་བ་ཞེས་བྱ་བ་ཁྱབ་པར་བྱེད་པའི་རང་བཞིན་ཉིད་ཡིན་པས་ཞལ་དང་ཕྱག་དང་སྐུ་མདོག་དང་དབྱིབས་མེད་པའོ། །གསལ་བའི་བདག་ཉིད་ཅན་ཞེས་བྱ་བ་ནི་དེ་ཉིད་གངས་དང་ཟླ་བ་དང་མེ་ཏོག་ཀུནྡ་ལྟ་བུའི་གཟུགས་ཀྱིས་གནས་པ་སྟེ། ཟླ་གསང་ ཐིག་ལེ་ལས་ཀྱང་། རིན་ཆེན་ལྟར་འབར་བྱང་ཆུབ་སེམས་སྤྲོས་པས། །རྒྱལ་བ་ཀུན་གྱི་ཡོངས་སུ་དག་པའི་སྐུ། །ཞེས་བྱ་བ་ལ་སོགས་པ་འབྱུང་བའི་ཕྱིར་རོ། །ད་ནི་སོ་སོར་བཤད་པ་འདུས་པའི་རྒྱུད་ཕྱི་མ་ལས་ཀྱང་དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར་ཞེས་བྱ་བ་གསུངས་ཏེ། 37-1-64b འདུས་པའི་རྒྱུད་ཕྱི་མ་ནི། དཔལ་གསང་བ་འདུས་པའི་རྡོ་རྗེའི་ཚིག་དཀའ་བ་བཤད་པའི་མཚན་ཉིད་ལེའུ་བཅོ་བརྒྱད་པའོ། །དེ་ལས་ཀྱང་དོན་འདི་ཉིད་ངེས་པར་བསྟན་ཏེ། རྒྱུད་ཕྱི་མ་ནི་རྡོ་རྗེའི་ཚིག་གིས་ཐེ་ཚོམ་སེལ་བར་བྱེད་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །ཡི་གེའི་དོན་ཏོ། ། ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །འབྱུང་བ་ལྔ་ཡི་ངོ་བོ་ཅན། །པདྨ་འི་སྣ་རྩེར་ཕྱུང་ནས་ནི། །གོང་བུའི་གཟུགས་སུ་བརྟག་པར་བྱ། །རིན་ཆེན་ཁ་དོག་སྣ་ལྔ་པ། །སྲོག་དང་རྩོལ་བ་ཞེས་བྱར་བཤད། །རང་སྔགས་སྙིང་གར་བསམས་ནས་ནི། །སེམས་ནི་ཐིག་ལེར་གྱུར་པར་གཞག ། ཅེས་བྱ་བའི་དོན་ནི་འདི་ཡིན་ཏེ་འདིར་ནི་ཡན་ལག་དྲུག་པའི་རྣལ་འབྱོར་གྱི་རིམ་པས་བསྙེན་པ་བཤད་པའི་སྐབས་སུ་ཡན་ལག་གསུམ་པོ་སྲོག་དང་རྩོལ་བ་རྣམ་པར་བཤད་པར་བྱ་བའི་ཕྱིར་དེ་བཞིན་གཤིགས་པ་རྣམས་ཀྱི་ཚིགས་སུ་བཅད་པ་གཉིས་གསུངས་པའོ། །ཡེ་ཤེས་ལྔའི་རང་བཞིན་ ནི་བཤད་ཟིན་ཏོ། །རླུང་བཅུ་པོ་སྡུད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་དབུགས་སོ། །འབྱུང་བ་ལྔ་ནི་ས་ལ་སོགས་པ་ནམ་མཁའ་ལ་ཐུག་པ་རྣམས་ཏེ། །དེའི་ངོ་བོ་ཅན་ནི་རང་བཞིན་ནོ། །དེ་བཞིན་དུ་ཡང་དེའི་སྐབས་དང་སྲ་བ་ཉིད་གང་ཡིན་པ་དེ་ནི་སའི་འབྱུང་བ་ཆེན་པོའོ། །ཞུ་བར་བྱེད་པ་ཉིད་དང་ཚིམ་པར་ བྱེད་པ་ཉིད་ནི་ཆུའི་འབྱུང་བ་ཆེན་པོ་ཉིད་དོ། །རེག་བྱ་དྲོ་བ་ཁྱད་པར་དུ་འཕགས་པ་དང་གསལ་བ་ཉིད་ནི་མེའི་འབྱུང་བ་ཆེན་པོའོ། །འགྲོ་བ་དང་འོང་བ་དང་གཡོ་བའི་ངོ་བོ་ཉིད་ནི་རླུང་གི་འབྱུང་བ་ཆེན་པོའོ། །དེའི་ནང་ན་ཁྱབ་པར་བྱེད་པའི་ལྷན་ཅིག་སྐྱེས་པའི་བདེ་བ་དང་དམིགས་པ་མེད་པའི་ངོ་བོ་ཉིད་ ནི་ནམ་མཁའི་འབྱུང་བ་ཆེན་པོ་སྟེ། དེའི་ཕྱིར་འབྱུང་བ་ལྔའི་ངོ་བོ་ཅན་ཡིན་ནོ། །དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཐིག་ལེའི་གཟུགས་ཅན་པདྨ་འི་སྣ་རྩེར་ཞེས་བྱ་བ་ཉེ་བར་མཚོན་པ་སྟེ། རྡོ་རྗེའི་རྩེ་མོར་ཡན་ལག་ཐམས་ཅད་ཀྱི་ཚིགས་ལས་བཀུག་ནས་ཕྱུང་སྟེ་དེ་དག་གི་རྩེ་མོར་བཟུང་ནས་གོང་ བུའི་གཟུགས་ཏེ་རྡུལ་ཕྲ་རབ་ཀྱི་གཟུགས་སུ་བརྟག་པར་བྱ་ཞིང་། དེ་བཞིན་གཤེགས་པ་མ་ལུས་པའི་རང་བཞིན་དུ་གཟུང་བར་བྱའོ། །ཀུན་རྫོབ་དང་དོན་དམ་པ་དག་གི་གཅིག་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རིན་ཆེན་ནོ། །དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཁ་དོག་སྣ་ 37-1-65a ལྔ་པའོ། །སྲོག་སྟེ་བཅུའི་བདག་ཉིད་ཅན་གྱི་རྩོལ་བ་སྟེ་སྟེང་དང་འོག་ཏུ་སྤྲོ་བ་ནི་སྲོག་དང་རྩོལ་བ་ཞེས་བྱ་བར་བཤད་དོ། །རང་སྔགས་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའོ། །དེའི་སྙིང་གར་ཏེ་ཐིག་ལེའི་དབུས་སུ་བསམས་ནས་ནི་སྔ་མ་བཞིན་དུ་གསལ་བ་ དང་མི་གསལ་བའི་གཟུགས་ཅན་གྱི་བཅོམ་ལྡན་འདས་བསམ་ནས་སོ། །དེ་ནས་སེམས་རྣམ་པར་ཤེས་པའི་ཐིག་ལེར་ཆུད་པར་ཏེ་ཡུངས་ཀར་ཕྲ་མོའི་ཚད་ཙམ་གྱི་དབུས་སུ་གཞག་ཅིང་དམིགས་པ་དེའི་ཚེ་སེམས་དབང་དུ་བྱས་པར་འགྱུར་རོ། །སེམས་དབང་དུ་བྱེད་པའི་རྡུལ་ཕྲ་རབ་ཀྱི་མཐར་ཐུག་པ་དང་། ཆེ་བའི་རབ་ཀྱི་མཐར་ཐུག་པ་ཡིན་ནོ་ཞེས་གང་བཤད་པ་དེ་དགོངས་པ་མ་ཡིན་པའོ། །ད་ནི་སོ་སོར་བཤད་པ་ཡང་འདི་ཉིད་ཀྱི་བཤད་པ་རྡོ་རྗེ་ཕྲེང་བ་ཞེས་བྱ་བ་བཤད་པའི་རྒྱུད་ལས་གསུངས་ཏེ་ཞེས་བྱ་བས་སྟོན་ཏེ། བསམ་པ་ནི་གལ་ཏེ་གང་གི་ཚེ་རྡོ་རྗེ་ཕྲེང་བའི་རྒྱུད་ལས་སོ་སོར་བཤད་པས་བཤད་པ་དེའི་ཚེ་ གསལ་བ་ཉིད་ཡིན་པའི་ཕྱིར་བདེ་བླག་ཏུ་རྟོགས་པར་འགྱུར་རོ་ཞེས་བྱ་བ་འདི་ཡིན་ཏེ། ཡི་གེའི་དོན་ཏོ། །སྣ་རྩེ་ཡུངས་ཀར་ཞེས་བྱ་བ་སྲོག་དང་རྩོལ་བའི་བརྟག་པ་སྟེ། །སྲོག་དང་རྩོལ་བ་ལ་གནས་པའི། །འོད་ལྔ་སངས་རྒྱས་རྣམས་སུ་བསྒོམ། །སྟེང་གི་སྣ་ལས་ངེས་བྱུང་བ། །གཡས་དང་གཡོན་དང་ གཉི་ག་དང་། །དལ་བར་རྒྱུ་དང་རྣམ་བཞིར་འགྱུར། །ནང་གི་དུས་ནི་ཡིན་པར་བཤད། །ལྐོག་མ་སྙིང་ག་ལྟེ་བ་དང་། །གསང་བའི་པདྨར་འགྲོ་འོང་སྟོན། །ཐུན་ཕྱེད་ཀྱི་ནི་དུས་དག་ཏུ། །གོ་རིམས་ཇི་བཞིན་གནས་པར་འགྱུར། །དོན་ནི་འདི་ཡིན་ཏེ། རེ་ཞིག་དང་པོར་རྣལ་འབྱོར་པས་ཐབས་དང་ ཤེས་རབ་སྙོམས་པར་འཇུག་པས་གནས་པར་གྱུར་ནས་ཡན་ལག་ཐམས་ཅད་ཀྱི་ཚིགས་ལས་བསྡུས་པའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཙམ་སྣ་རྩེར་ཡུངས་ཀར་དང་མཚུངས་པའི་ཚད་ཙམ་སྔ་མ་བཞིན་དུ་སྲོག་དང་རྩོལ་བར་ཇི་ལྟར་འདོད་པ་བཞིན་དུ་བརྟགས་ཤིང་རྣམ་པར་བསྒོམས་ནས། དེའི་ རྗེས་ལ་སྲོག་དང་རྩོལ་བ་དེ་ལ་གནས་པའི་འོད་ཟེར་ལྔ་སངས་རྒྱས་ལྔའི་ངོ་བོར་བསྒོམ་པར་བྱ་སྟེ། དེ་རྣམས་ཀྱང་རླུང་ལྔའི་ངོ་བོ་ཡིན་ནོ་ཞེས་བྱ་བ་ནི་སྔར་བཤད་ཟིན་པ་ཁོ་ན་ཡིན་ནོ། །དེའི་རྗེས་ལ་ལྐོག་མ་ལ་སོགས་པ་བཞི་པོ་རྣམས་སུ་འབྱུང་བ་ཆེན་པོ་བཞིའི་རང་བཞིན་ཅན་གྱི་ 37-1-65b དཀྱིལ་འཁོར་བཞིའི་རང་བཞིན་གྱིས་གྲུབ་པའམ། ཡ་ར་ལ་ཝ་རྗེས་སུ་འཇུག་པའི་དབྱངས་དང་བཅས་པའི་ས་བོན་གྱིས་བསྐྱེད་པའི་གྲུ་བཞི་དང་ཟླུམ་པོ་དང་གཞུ་ལྟ་བུ་དང་གྲུ་གསུམ་གྱི་རྣམ་པ་ཅན། སེར་པོ་དང་དཀར་པོ་དང་ལྗང་གུ་དང་དམར་པོ་དང་། རྡོ་རྗེ་ཆུ་སྲིན་དང་དྲིལ་བུ་དང་རྒྱལ་ མཚན་གྱི་གོས་དང་མེ་འོད་ཀྱི་ཕྲེང་བས་མཚན་པ་རྣམས་བསམས་ཏེ། དཀྱིལ་འཁོར་རེ་རེ་ལས་ཡི་གེ་གསུམ་འཇུག་པ་ལ་སོགས་པའི་རིམ་གྱིས་འོད་ཟེར་གྱི་འཁོར་ལོ་སྤྲོ་བར་བྱའོ། །དེ་ཡང་སྟེང་གི་སྣ་ལས་ཏེ། གདོང་གི་ཕྱོགས་ལས་ངེས་པར་འབྱུང་བར་བསྒོམ་པར་བྱའོ། །སྣའི་བུ་ག་གཡོན་པ་ནས་རླུང་ གི་དཀྱིལ་འཁོར་ལས་འོད་ཟེར་སྤྲོ་བར་བྱའོ། །གཡས་པ་ལ་ནི་མེའི་ད་ཀྱིལ་འཁོར་ལས་སོ། །གཉི་ག་ལས་ནི་སའི་དཀྱིལ་འཁོར་ལས་སོ། །གཉི་ག་ཁོ་ན་ལས་ཆུའི་དཀྱིལ་འཁོར་ལས་ཏེ། འོན་ཀྱང་དལ་ཞིང་རྒྱུ་བ་དམན་པའོ། །དེ་ཉིད་ཁོ་ན་ནང་གི་དུས་ཏེ་ནང་གི་དུས་ཚོད་ཀྱི་བྱེ་བྲག་ཡིན་པར་ བཤད་ཅིང་བརྗོད་དོ། །ཇི་སྲིད་དུ་འོད་ཟེར་གྱི་འཁོར་ལོ་སྤྲོ་བར་བྱ་ཞེ་ན། ཐུན་ནི་ཕྱེད་ཕྱེད་དུས་དག་ཏུ། །ཞེས་བྱ་བ་གསུངས་ཏེ། དེ་ཅི་ཞིག་ཡིན་པར་བརྗོད་པར་བྱ་ཞེ་ན། འདིར་ཉིན་དང་མཚན་ལ་ཆུ་ཚོད་དྲུག་ཅུ་རྩ་བཞི་ཡོད་དེ། ཉིན་མོ་ལ་སུམ་ཅུ་རྩ་གཉིས་ཡོད་དོ། །ཉིན་དང་མཚན་ལ་ ཐུན་བརྒྱད་ཡོད་དོ། །ཆུ་ཚོད་བརྒྱད་ནི་ཐུན་གྱི་ཚོད་ཡིན་ནོ། །ཐུན་དང་ཐུན་ཚོད་དང་མཚམས་ཞེས་བྱ་བ་ནི་རྣམ་གྲངས་ཡིན་ཏེ། ཐུན་དེའི་ཕྱེད་ནི་ཆུ་ཚོད་བཞིའོ། །དེའི་ཡང་ཕྱེད་ནི་ཆུ་ཚོད་གཉིས་ཏེ། དེའི་ཚད་ཀྱི་དུས་སུ་འོད་ཟེར་སྣའི་རྩེ་མོར་གཟུང་བར་བྱའོ། །གོ་རིམས་ནི་དཀྱིལ་འཁོར་གྱི་ རིམ་པས་སོ། །ཇི་བཞིན་ནི་གཡས་ལ་སོགས་པའི་རིམ་གྱིས་ཞེས་བྱ་བའི་དོན་ཏོ། །བསམ་པ་ནི་འདི་ཡིན་ཏེ། ཆུ་ཚོད་བརྒྱད་པའི་ཐུན་ལས་དབུགས་དབྱུང་རྔུབ་སུམ་ཅུའི་ཚོད་ཀྱི་ཆུ་ཚོད་ཕྱེད་ནི་འོད་གསལ་བའི་སྐད་ཅིག་གི་དུས་སོ། །ཉིན་མོ་ཐུན་གསུམ་ལས་ཆུ་ཚོད་ཕྱེད་དང་གཉིས་སུ་ འགྱུར་ཏེ། དེའི་ཕྱིར་ཉིན་མོ་ལ་ཆུ་ཚོད་གཉིས་ཡོད་དོ། །མཚན་མོའི་ཐུན་བཞི་ལ་ཡང་ཆུ་ཚོད་གཉིས་ཡོད་པའི་ཕྱིར་ཆུ་ཚོད་བཞི་ནི་འོད་གསལ་ཉམས་སུ་མྱོང་བའི་དུས་ཏེ་ནང་གི་དུས་ཞེས་བྱའོ། །ལྷག་མ་ཆུ་ཚོད་དྲུག་ཅུ་ནི་འཇིག་རྟེན་ལ་གྲགས་པའི་ཉིན་ཞག་ཡིན་ནོ་ཞེས་བྱ་བར་གནས་ཏེ་ 37-1-66a དགོངས་པ་མ་ཡིན་པའོ། །ད་ནི་དཀྱིལ་འཁོར་བཞིའི་བདག་པོ་དེ་བཞིན་གཤེགས་པ་དང་ཁ་དོག་གི་དབྱེ་བ་དང་རྒྱུ་བ་བསྟན་པའི་ཕྱིར། གཡས་པ་ན་ནི་འབྱུང་བའི་འོད། །དེ་ནི་མེ་ཡི་དཀྱིལ་འཁོར་ཏེ། །འདི་ནི་ཁ་དོག་དམར་ཞིང་གསལ། །འདི་ནི་པདྨ་མགོན་པོའི་ ལྷ། །གཡོན་པ་ལས་ནི་འབྱུང་བའི་འོད། །རླུང་གི་དཀྱིལ་འཁོར་ཞེས་བྱ་བ། །ལྗང་སེར་དུ་ནི་སྣང་བ་སྟེ། །འདིར་ནི་ལས་ཀྱི་མགོན་པོའི་ལྷ། །གཉི་ག་ལས་ནི་འབྱུང་བའི་འོད། །ཁ་དོག་སེར་པོར་སྣང་བ་ཆེ། །དེ་ནི་དབང་ཆེན་དཀྱིལ་འཁོར་ཏེ། །འདིར་ནི་རིན་ཆེན་མགོན་པོ་ལྷ། །དལ་ ཞིང་རྒྱུ་བ་དམན་པ་སྟེ། །ཀུནྡ་ཟླ་བ་བཞིན་དུ་དཀར། །དེ་ནི་ཆུ་ཡི་དཀྱིལ་འཁོར་ཏེ། །འདིར་ནི་རྡོ་རྗེ་མགོན་པོའི་ལྷ། །ཞེས་བྱ་བ་གསུངས་པ་འདིར་དོན་ནི་འདི་ཡིན་ཏེ། སྣ་བུག་གཡས་པ་ལས་བྱུང་བའི་འོད་ཟེར་གང་ཡིན་པ་དེ་ནི་དབང་གི་ལས་ལ་ནུས་པ་དང་ལྡན་པ་ཉིད་ཡིན་པའི་ཕྱིར་ཁ་དོག་དམར་པོ་ སྟེ་མེའི་དཀྱིལ་འཁོར་ལས་སྤྲོ་ཞིང་། དེའི་མེའི་ཁམས་ཀྱི་རང་བཞིན་གྱི་འོད་དཔག་ཏུ་མེད་པས་བྱིན་གྱིས་བརླབས་པར་ཤེས་པར་བྱའོ། །དེ་བཞིན་དུ་སྣ་བུག་གཡོན་པ་ལས་བྱུང་བ་གང་ཡིན་པ་དེ་ནི་དགུག་པའི་ལས་ལ་ནུས་པ་དང་ལྡན་པ་ཉིད་ཡིན་པའི་ཕྱིར་ཁ་དོག་ལྗང་གུ་སྟེ་རླུང་གི་དཀྱིལ་འཁོར་ ལས་སྤྲོ་ཞིང་དེ་ནི་རླུང་གི་ཁམས་ཀྱི་རང་བཞིན་གྱི་དོན་ཡོད་པར་གྲུབ་པས་བྱིན་གྱིས་བརླབས་པར་ཤེས་པར་བྱའོ། །མེ་ལས་དབང་དུ་བྱེད་པའི་ནུས་པ་མཐོང་སྟེ་བུམ་པ་ལ་སོགས་པ་རྣམས་ཀྱི་ཚོས་པ་དང་དམར་པོའི་དངོས་པོ་བཞིན་ནོ། །རླུང་ལ་ཡང་འགུགས་པའི་ནུས་པ་ཡོད་དེ། དེའི་རང་བཞིན་ཉིད་ཡིན་པའི་ ཕྱིར། རྩ་ལ་སོགས་པ་རྣམས་ཁྱེར་ཏེ་འོང་བ་བཞིན་ནོ། །དེ་བཞིན་དུ་སྣ་བུག་གཉིས་ཀ་ནས་བྱུང་བའི་འོད་ཟེར་གང་ཡིན་པ་དེ་ནི་འདིར་རྒྱས་པའི་ལས་ལ་ནུས་པ་དང་ལྡན་པ་ཉིད་ཡིན་པའི་ཕྱིར་ཁ་དོག་སེར་པོ་སྟེ་སའི་དཀྱིལ་འཁོར་ལས་སྤྲོ་བར་བྱ་ཞིང་དེ་ནི་སའི་རང་བཞིན་གྱི་རིན་ཆེན་འབྱུང་ལྡན་གྱིས་བྱིན་གྱིས་ བརླབས་པར་ཤེས་པར་བྱའོ། །ས་ནི་ལོ་ཏོག་དང་རིན་པོ་ཆེ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་རྒྱས་པར་བྱེད་པར་ནུས་པའི་ཕྱིར་རོ། །དེ་བཞིན་དུ་སྣ་བུག་གཉིས་ཀ་ལས་བྱུང་བའི་འོད་ཟེར་གང་ཡིན་པ་དེ་ནི་ཞི་བའི་ལས་ལ་ནུས་པ་དང་ལྡན་པ་ཉིད་ཡིན་པའི་ཕྱིར་ཁ་དོག་དཀར་པོ་སྟེ་ཆུའི་དཀྱིལ་འཁོར་ལས་སྤྲོ་བར་བྱ་ 37-1-66b ཞིང་། དེ་ནི་ཆུའི་རང་བཞིན་གྱི་མི་བསྐྱོད་པས་བྱིན་གྱིས་བརླབས་པར་ཤེས་པར་བྱའོ། །འདིར་ནི་འདི་དཔྱད་པར་བྱ་སྟེ། གཡས་ལ་སོགས་པའི་དབྱེ་བས་སྤྲོས་པའི་རྣམ་པར་དག་པ་གང་ཞིག་ཡིན་ཞེ་ན། རྩ་དང་ཁམས་ཀྱི་དབྱེ་བས་བྱས་པ་ཡིན་ནོ་ཞེས་སྨྲ་སྟེ། གཡས་ཀྱི་རྩ་ནི་བྱང་ཆུབ་ཀྱི་ སེམས་གནས་པ་དེའི་ཕྱིར། དེའི་རང་བཞིན་གྱི་འོད་དཔག་ཏུ་མེད་པར་སྤྲོའོ། །གཡོན་ན་ཁྲག་གི་ཁམས་གནས་ཏེ། དེའི་ཕྱིར་ཕྲག་དོག་དང་ང་རྒྱལ་དག་རིགས་གཅིག་པ་ཉིད་ཡིན་པའི་ཕྱིར་རིན་ཆེན་འབྱུང་ལྡན་དང་དོན་ཡོད་པ་དག་གཅིག་པས་དོན་ཡོད་པར་གྲུབ་པའི་རང་བཞིན་གྱི་གཡོན་པ་ནས་ སྤྲོའོ། །བཤད་པའི་རྒྱུད་དང་འགལ་བའི་ཕྱིར། །དེ་ཇི་ལྟར་རུང་བ་མ་ཡིན་ནམ། །དེ་སྐད་དུ་ཡང་ཁ་སྦྱོར་ལས། །སྐྱེ་གནས་དབུས་ནས་རྩ་གཉིས་ཏེ། །གཡས་དང་གཡོན་དང་གཉི་གའོ། །གཡོན་ན་ཁུ་བ་གནས་ཞེས་བྱ། །གཡས་ན་ཁྲག་ནི་གནས་པ་ཉིད། །དེ་དག་འདྲེས་བྱེད་གཅིག་ཡིན་ ཏེ། །ཆོས་ཀྱི་དབྱིངས་ནི་སྡུད་པ་ཡིན། །ཞེས་གསུངས་པ་སྟེ། དེའི་ཕྱིར་ཚད་མ་འདིས་འགལ་བ་ཡིན་ནོ་ཞེ་ན་འགལ་བ་མེད་དོ། །གཡོན་དང་གཡས་ཀྱི་རྩ་གཉིས་ལས་ལྐོག་མ་ནས་བརྩམས་ནས་ལྟེ་བའི་བར་དུ་ཁུ་བ་དང་ཁྲག་འབབ་ཅིང་ལྟེ་བ་ལས་འོག་ཏུ་ནི་དེ་དག་ཉིད་ནི་འཕོ་བའི་དབང་གིས་ཁུ་བ་དང་ཁྲག་ འབབ་པ་ཡིན་ནོ་ཞེས་རྡོ་རྗེ་ཕྲེང་བ་ལ་སོགས་པ་ལས་བསྟན་པའི་ཕྱིར་རོ། །བུ་ག་གཉིས་ནས་འཕོ་བའི་རྩ་དབུས་མ་འདོད་པའི་གདུགས་ཞེས་བྱ་བ་དེ་ནི་ནམ་མཁའ་བཞིན་དུ་དྲི་མ་མེད་པ་ཉིད་ཡིན་པ་དང་། དེ་བཞིན་དུ་གཅིག་འབབ་པ་ཉིད་ཡིན་པའི་ཕྱིར་རིན་ཆེན་དང་མི་བསྐྱོད་པའི་རང་བཞིན་དུ་སྤྲོའོ། ། ཞེས་པ་ལ་ཉེས་པ་ཅུང་ཟད་ཀྱང་མེད་དོ། །དགོངས་པ་མ་ཡིན་པའོ། །ཁྱབ་བྱེད་རླུང་གི་རང་བཞིན་ནི། །ལུས་ཀུན་ལ་ནི་ཁྱབ་པའི་རླུང་། །བྱ་བ་ཀུན་ལ་འཇུག་པའོ། །དེ་ནི་རྣམ་སྣང་ངོ་བོ་སྟེ། །འཆི་བའི་ལུས་ལས་འབྱུང་བར་འགྱུར། །ཞེས་བྱ་བ་གསུངས་ཏེ། ཐམས་ཅད་ཀྱི་རྟེན་སྣོད་ཀྱི་འཇིག་ རྟེན་རྣམ་པར་དག་པར་གནས་པ་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཁྱབ་བྱེད་ཀྱི་རླུང་ལ་དཀྱིལ་འཁོར་རིམ་པར་སྤྲོ་བ་དང་བསྡུ་བ་མེད་དེ། འོན་ཀྱང་ལུས་ལ་ནི་ཁྱབ་པ་སྟེ། ཚིགས་མདུད་མ་ལུས་པ་ལ་ཁྱབ་པའོ། །བྱ་བ་ཀུན་ལ་སྟེ་འགྲོ་བ་དང་འོང་བ་ལ་སོགས་པའི་བྱ་བ་རྣམས་ལ་འཇུག་པ་ལ་ནི་ 37-1-67a འཇུག་པར་བྱེད་པའོ། །འཆི་བ་སྟེ་སྲོག་གི་དབང་པོ་དང་རྣམ་པར་ཤེས་པ་དག་འགགས་པར་གྱུར་པའི་ལུས་ལས་ཏེ། ཤི་བའི་ཕུང་པོ་ལས་འབྱུང་བར་འགྱུར་ཞིང་འགྲོ་བར་འགྱུར་ཏེ། སའི་བུ་ག་ལས་སྦྲུལ་བཞིན་དུ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དེ་ཉིད་ཀྱི་ ཕྱིར་སྲོག་འགགས་པའི་སྐད་ཅིག་དེ་ལ་རེག་བྱའི་བྱེ་བྲག་འགའ་ཞིག་དམིགས་པ་ཁོ་ན་ཡིན་ནོ། །མཇུག་བསྡུ་བ་ནི། རླུང་གི་དེ་ཉིད་གསལ་བ་འདི། །ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །རྟོག་གེ་པ་ཡིས་མི་ཤེས་ཤིང་། །རྣལ་འབྱོར་བྱིས་པའི་ཡུལ་མིན་ནོ། །ཞེས་བྱ་བ་གསུངས་ ཏེ། རླུང་གི་དེ་ཁོ་ན་ཉིད་འདི་ལྟ་བུ་གསལ་བ་སྟེ་གསལ་བར་བྱས་པའོ། །ཡེ་ཤེས་ལྔའི་རང་བཞིན་ཅན་ནི་སྔར་བཤད་པའི་རིམ་པས་དགོངས་པ་དང་བཅས་པ་ཉིད་དུ་སྟོན་པའོ། །དེ་ནི་གསང་བ་ཉིད་ཡིན་པའི་ཕྱིར་བླ་མའི་ཞལ་ལས་རྟོགས་པར་བྱ་བ་ཡིན་གྱི་རང་གི་འདོད་པས་ནི་ཤེས་པར་ བྱ་བ་མ་ཡིན་ཏེ། དེའི་ཕྱིར་རྟོག་གེ་པ་ཡིས་ཞེས་བྱ་བ་གསུངས་ཏེ། ཕྱོགས་དང་གཏན་ཚིགས་དང་དཔེ་ལ་སོགས་པའི་སྒོ་དང་། རྣམ་པར་རྟོག་པ་རྣམ་པ་སྣ་ཚོགས་པའི་དྲ་བ་དང་། སོར་མོ་བསྐྱོད་པའི་རྣམ་པར་བཤད་པས་མེད་པ་སྒྲུབ་པར་བྱེད་ཅིང་། ཡོད་པ་སུན་འདོན་པར་ བྱེད་པ་གང་ཡིན་པ་ལྟ་བས་ཤིན་ཏུ་མངོན་པར་ཞེན་པ་རྣམས་ལ་ནི་དེ་ཁོ་ན་ཉིད་བསྟན་པར་བྱ་བ་མ་ཡིན་ནོ་ཞེས་རེ་ཞིག་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དུ་གསུངས་སོ། །དེའི་ཕྱིར་དེ་རྣམས་ཀྱིས་མི་ཤེས་ཏེ་རང་གི་འདོད་པས་མི་རྟོགས་ཤིང་དེ་དག་ལ་བསླབ་པར་བྱ་བ་ཡང་མ་ཡིན་ ནོ། །འོ་ན་ཅི་ཉན་ཐོས་ཀྱི་རིགས་ཅན་རྣམས་སྣོད་ཡིན་ནམ་ཞེ་ན་རྣལ་འབྱོར་བྱིས་པ་ཞེས་བྱ་བ་གསུངས་ཏེ། དེ་རྣམས་ནི་འཕགས་པའི་བདེན་པ་བཞིའི་ལམ་ལ་བརྟེན་ནས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཉིད་ཡིན་པའི་ཕྱིར། རྣལ་འབྱོར་པ་ཡང་ཡིན་ལ། བརྟུལ་ ཞུགས་དང་སྦྱངས་པའི་ཡོན་ཏན་ལ་སོགས་པས་ལུས་སྡུག་བསྔལ་བར་བྱེད་པ་ཡིན་པའི་ཕྱིར་བྱིས་པ་ཡང་ཡིན་པས་རྣལ་འབྱོར་བྱིས་པ་སྟེ། ཉན་ཐོས་རྣམས་ཡིན་ནོ། །དེ་རྣམས་ཀྱི་ཡུལ་མིན་པ་ནི་ཡོངས་སུ་ཤེས་པར་བྱ་བ་མ་ཡིན་པ་དང་བཤད་པར་བྱ་བ་མ་ཡིན་པའོ། །ཡང་རྟོག་གེ་པ་ 37-1-67b ནི་ཉན་ཐོས་པ་རྣམས་སོ། །རྣལ་འབྱོར་བྱིས་པ་ནི་བྱ་བ་ལ་སོགས་པའི་ཚུལ་གྱིས་རྣལ་འབྱོར་པ་རྣམས་སོ། །དེ་རྣམས་ཀྱི་ཡུལ་མིན་ཞེས་བྱ་བ་སྔ་མ་བཞིན་ཏེ་སྒྲ་ཇི་བཞིན་པའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ནི་སྔགས་ཀྱི་དེ་ཉི་མདོར་བསྟན་པ་གསུངས་ཏེ། རྩ་བའི་རྒྱུད་ལས་ཞེས་བྱ་བ་ནི་ དཔལ་གསང་བ་འདུས་པ་ལས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་དང་། སྔགས་ཐམས་ཅད་ཀྱི་སྙིང་པོ་ཀུན་དུ་སྐུལ་བར་བྱེད་པ་ཞེས་བྱ་བ་ལ་མཆོག་ཏུ་གསང་བ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཚིག་གི་ལམ་ངེས་པར་བརྗོད་པས་སྔགས་ བསྡུས་པ་འདི་ལྟ་བུ་གསུངས་སོ། །དོན་ནི་འདི་ཡིན་ཏེ། སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་པའི་སྐབས་སུ་ཇི་སྲིད་སྔགས་འདི་མ་བསྟན་པ་དེ་སྲིད་སྔགས་ཀྱི་དེ་ཁོ་ན་ཉིད་བརྗོད་པར་བྱའོ། །དེའི་ཕྱིར་རེ་ཞིག་སྔགས་ཀྱི་བསྐྱེད་པ་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟེ་སྐུ་རྡོ་རྗེ་ལ་སོགས་པ་ རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཏེ་རེ་རེ་ཞིང་སྐུ་ལ་སོགས་པ་གང་དག་ཡིན་པའོ། །དེ་རྣམས་ཀྱི་ས་བོན་ཉིད་དང་སྙིང་པོ་ཉིད་ཡིན་པའི་ཕྱིར་གསང་བའོ། །དེ་བཞིན་དུ་སྔགས་ཐམས་ཅད་ཀྱི་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིའོ། །སྙིང་པོ་ནི་ཐུགས་ཀྱི་ནུས་པའོ། །ཀུན་དུ་སྐུལ་ བར་བྱེད་པ་ནི་འགུགས་པར་བྱེད་པའོ། །ཡང་ན་སྔགས་ཐམས་ཅད་ཀྱི་སྟེ་ཕྱི་རོལ་གྱི་གཞུང་ལུགས་ལ་གྲགས་པའི་སྔགས་དྲག་པོ་རྣམས་ཀྱི་སྙིང་པོ་སྐུལ་བར་བྱེད་པ་ནི་མཐུ་ཉམས་པར་བྱེད་པའོ། །མཆོག་ནི་སྔགས་ཐམས་ཅད་ཀྱི་མཆོག་གོ། །གསང་བ་ནི་མི་བྱ་བ་ལ་སོགས་པའི་ཚུལ་ ལ་བརྟེན་པ་རྣམས་ལ་གསང་བར་བྱའོ། །དེ་ཉིད་ཀྱི་སྐུ་ལ་ཡི་གེ་ཨོཾ་མོ། །གསུང་ལ་ཡི་གེ་ཨཱཿའོ། །ཐུགས་ལ་ཡི་གེ་ཧཱུྃ་ངོ་། །འོན་ཀྱང་སྐུ་ལ་སོགས་པ་རྣམས་ཐ་མི་དད་པའི་ཕྱིར་ཚིག་གི་ལམ་ངེས་པར་བརྗོད་པས་ཏེ་གསུང་གི་ལམ་གྱིས་སོ། །ཡང་ན་ཚིག་ལས་ཏེ་གསུང་ལས་སོ། །ལམ་ ལས་ཏེ་སྐུ་ལས་སོ། །ངེས་པར་བརྗོད་པ་ལས་ཏེ་ཐུགས་ལས་སོ། །སྔགས་ནི་ཨཱ་ལི་ཀཱ་ལའི་བསྡུས་པའི་སྙིང་པོ་ལ་སོགས་པའོ། །བསྡུས་པ་ནི་བུད་མེད་ལ་སོགས་པའི་བྱེ་བྲག་གིས་སྡུད་པར་བྱེད་པའོ། །གསུངས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་པའོ་ཞེས་བྱ་བ་ནི་ 37-1-68a ངག་གི་དོན་ཏོ། །དེ་ནི་དགོངས་པ་མ་ཡིན་པ་དང་དགོངས་པས་བཤད་པའོ། །དཔེ་བརྗོད་པ་ནི། ཨོཾ་ཨཱཿཧཱུཾ་སྟེ་ཨ་བ་ཞེས་བྱ་བའི་སྐད་ཀྱི་དབྱིངས་ནི་སྲུང་བ་ལ་སོགས་པ་རྣམས་ལ་འཇུག་སྟེ། སྲུང་བར་བྱེད་ཅིང་འཇུག་པའི་ངོ་བོ་ཉིད་ཀྱིས་གང་བར་བྱེད་པས་ནི་ཨོཾ་མོ། །ཨ་བའི་ མཐའ་མ་ཡང་དབྱེ་ཞིང་མན་ཡང་སྦྱར་རོ་ཞེས་བྱ་བ་ཝ་དབྱི་ཞིང་མན་གྱི་རྐྱེན་སྦྱར་ཏེ་ཨན་ཕྱིས་ནས་ཨ་ཨུར་བྱས་ཏེ་ཡོན་ཏན་བྱས་པས་ཨོཾ་ཞེས་བྱ་བར་འགྱུར་རོ། །དེས་ན་འཇུག་པའི་བདག་ཉིད་ཅན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཨ་ས་ཞེས་བྱ་བའི་སྐད་ཀྱི་བྱིངས་ནི་གནས་པ་ལ་འཇུག་སྟེ། སའི་ཨ་ ཕྱིས་ནས་ཨན་དང་ཨས་ཀྱི་མཐའ་ཅན་དག་རིང་པོར་འགྱུར་རོ་ཞེས་བྱ་བས་ཨ་རིང་པོར་བྱ་ཞིང་ས་ཚེག་དྲག་ཏུ་བྱས་པས་ཨཱཿཞེས་བྱ་བར་འགྱུར་རོ། །དེས་ན་གནས་པའི་ངོ་བོ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཧཱུྃ་ཞེས་བྱ་བའི་སྐད་ཀྱི་བྱིངས་ནི་འབྱུང་བ་ལ་འཇུག་སྟེ། དེ་ལ་མན་གྱི་རྐྱེན་སྦྱར་ནས་ཨན་ཕྱི་ཞིང་ རིང་པོར་བྱས་པས་ཧཱུྃ་དུ་འགྱུར་ཏེ། དེས་ན་འབྱུང་བའི་བདག་ཉིད་ཅན་ཡིན་ནོ་ཞེས་བྱ་བའི་དོན་ཏེ། ཡི་གེའི་དོན་ཏོ། །ཨོཾ་ནི་རྣམ་པར་སྣང་མཛད་དོ། །ཨ་ནི་འོད་དཔག་ཏུ་མེད་པའོ། །ཧཱུྃ་ནི་མི་བསྐྱོད་པའོ་ཞེས་བྱ་བ་ནི་དགོངས་པས་བཤད་པའོ། །ཨ་དང་ཨུ་དང་མ་འདུས་པ་ལས་ཡོན་ཏན་བྱས་པས་ ཨོཾ་མོ། །ཨ་དང་ཨ་དང་ཐིག་ལེ་གཉིས་པོ་རྣམས་ལས་རིང་པོར་བྱས་པས་ཨཱའོ། །མགོ་དང་ཧ་དང་ཨུ་དང་ཟླ་ཚེས་དང་ཐིག་ལེ་སྟེ་ལྔ་པོ་དེ་རྣམས་འདུས་པ་ལས་ཧཱུྃ་ཏེ། དེ་བཞིན་གཤེགས་པ་གསུམ་དང་། དེ་བཞིན་གཤེགས་པ་ལྔའི་རང་བཞིན་གྱི་ཡན་ལག་རྣམས་ཀྱི་བསྐྱེད་པ་ཡིན་ནོ། ། ཞེས་བྱ་བ་ནི་སྤྱིའི་དོན་ཏོ། །ཡི་གེ་ཨོཾ་ནི་འདོད་ཆགས་དང་འདོད་ཆགས་དང་བྲལ་བའོ། །ཡི་གེ་ཨཱཿནི་འདོད་ཆགས་བར་མའོ། །དེ་རྣམས་སྡུད་པར་བྱེད་པའི་རྣམ་པ་ཅན་གྱི་མན་ངག་བཞི་པའོ། །མཚན་ཉིད་ནི་ཡི་གེ་ཧཱུྃ་ངོ་ཞེས་བྱ་བ་ནི་སྦས་པའོ། །ཨོཾ་ནི་ཀུན་རྫོབ་བོ ། ཧཱུྃ་ནི་དོན་དམ་པའོ། །དེ་ དག་ཐ་མི་དད་པར་བྱེད་པ་ནི་ཡི་གེ་ཨ་སྟེ་མཐར་ཐུག་པའོ། །ད་ནི་སྔགས་ཀྱི་རྡོ་རྗེ་བཟླས་པ། དོན་རྟོགས་པ་ཡི་བཟླས་པ་ན། །ངོ་བོ་ཉི་མེད་བཟང་པོ་རུ། །དུས་གསུམ་སངས་རྒྱས་ཀྱིས་བརྟགས་པ། །རྡོ་རྗེ་བཟླས་པར་དེ་བཤད་དོ། །ཞེས་བྱ་བ་གསུངས་པ་འདིའི་དོན་ནི་འདི་ཡིན་ནོ། །རེ་ཞིག་དང་པོར་རྣལ་ 37-1-68b འབྱོར་པས་མགོ་ལ་སོགས་པ་རྣམས་སུ་ཡི་གེ་གསུམ་བཀོད་དེ། སྤྲོ་བར་བྱེད་པ་དང་། གང་བར་བྱེད་པ་དང་བུམ་པ་ལྟ་བུའི་བྱ་བས་འཇུག་པ་ལ་སོགས་པའི་རིམ་གྱིས་སེམས་རྩེ་གཅིག་པ་ཉིད་དུ་བྱས་ནས་དོན་རྟོགས་པ་སྟེ་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་མཚན་ཉིད་ཁོང་དུ་ཆུད་པའི་བཟླས་པ་ནི་ ཡང་དང་ཡང་དུ་གོམས་པར་བྱས་པ་གང་ཡིན་པའོ། །དེ་ནི་ངོ་བོ་ཉིད་མེད་དེ། །འོད་གསལ་བའི་ངོ་བོ་ཡིན་ཞིང་བཟང་པོ་རུ་སྟེ་རྟོག་པའི་དྲ་བ་མ་ལུས་པ་རབ་ཏུ་ཞི་བའི་ཕྱིར་ཡིད་དུ་འོང་བར་དུས་གསུམ་སངས་རྒྱས་ཀྱི་རང་བཞིན་དུ་ལྷག་པར་མོས་པར་བརྟག་པ་ནི་རྡོ་རྗེ་བཟླས་པ་སྟེ་མི་ཤིགས་པའི་བཟླས་ པར་བཤད་དོ། །དགོངས་པ་མ་ཡིན་པའོ། །ཡང་ན་དོན་འཇིག་རྟེན་གྱི་ལུས་ཀྱི་ཚོགས་རྣམས་རྟོགས་པ་སྟེ་རང་གི་ལུས་དང་བཅས་པར་ལུས་ཞེས་བྱ་བ་གཅིག་ཀྱང་མ་ཡིན་ནམ་ཡང་མ་ཡིན་ཞེས་བྱ་བའི་བཟླས་པ་ནི་བརྟགས་པ་གང་ཡིན་པའོ། །ངོ་བོ་ཉི་མེད་དེ་ལུས་རྗེས་སུ་དྲན་པའི་བདག་ཉིད་ ཡིན་ཞིང་བཟང་པོ་སྟེ། འཇིག་རྟེན་ལས་བཟླས་པའི་ཤེས་རབ་ཀྱིས་ཡང་དག་པར་རྟོགས་པར་བྱ་བ་དུས་གསུམ་སངས་རྒྱས་ཏེ་དུས་གསུམ་སེམས་ཅན་རྣམས་དང་འབྲེལ་པའི་ལུས་བརྟགས་པ་གང་ཡིན་པ་དེ་ནི་རྡོ་རྗེ་སྟེ་སྐུའི་བཟླས་པར་བཤད་དོ་ཞེས་བྱ་བ་ནི་སྐུའི་བཟླས་པ་སྟེ་དགོངས་པས་ བཤད་པའོ། །དེ་བཞིན་དུ་གང་གི་དོན་རྟོགས་ཤིང་ཤེས་པ་དེ་རྣམས་ནི་དོན་རྟོགས་པ་སྟེ་ཚིག་གོ། །འཇིག་རྟེན་གྱི་ཚིག་དེ་རྣམས་རང་གི་ཚིག་དང་བཅས་པས་སྒྲ་དང་སྒྲ་མ་ཡིན་པར་སྤྱོད་པ་ནི་བཟླས་པའོ། །དེ་ནི་ངོ་བོ་ཉིད་མེད་དེ་རང་བཞིན་གྱིས་སྟོང་པ་ཡིན་ཞིང་བཟང་པོ་རུ་སྟེ། སོ་སོར་རྟོག་པའི་ཡེ་ཤེས་ ཀྱི་རང་བཞིན་ཅན་གྱི་འོད་དཔག་ཏུ་མེད་པའི་ངོ་བོར་དུས་གསུམ་སངས་རྒྱས་ཏེ་ཡི་གེ་གསུམ་གྱི་བདག་ཉིད་ཀྱི་སྔགས་ཐམས་ཅད་བརྟག་པ་ནི་འོད་གསལ་བ་རྟོགས་པ་གང་ཡིན་པའོ། །ད་ནི་རྡོ་རྗེ་སྟེ་གསུང་རྣམས་ཀྱི་བཟླས་པར་བཤད་དོ་ཞེས་བྱ་བ་ནི་གསུང་གི་བཟླས་པ་སྟེ། དགོངས་པས་བཤད་པའོ། ། དེ་བཞིན་དུ་དོན་རྟོགས་ཤིང་ཤེས་པས་ན་དོན་རྟོགས་པ་སྟེ་སེམས་སོ། །ཁམས་གསུམ་པའི་སེམས་ཅན་གྱི་རྒྱུད་ལ་གནས་པ་དེ་རང་གི་སེམས་དང་ལྷན་ཅིག་ཡོད་པ་དང་མེད་པ་སྤངས་པ་ཉིད་དུ་རྟོག་པ་ཞེས་བྱ་བ་གང་ཡིན་པ་ནི་བཟླས་པའོ། །དེ་ནི་ངོ་བོ་ཉིད་མེད་དེ། སེམས་དྲན་པ་ཉེ་བར་ 37-1-69a གཞག་པའི་རང་བཞིན་དང་བཟང་པོ་རུ་སྟེ། འཇིག་རྟེན་ལས་འདས་པའི་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱི་བདག་ཉིད་དུ་དུས་གསུམ་སྟེ་འདོད་ཆགས་ལ་སོགས་པ་བརྒྱ་དྲུག་ཅུའི་དབྱེ་བས་གནས་པས་སངས་རྒྱས་ཏེ་རང་བཞིན་རྣམས་བརྟག་པ་ནི་འོད་གསལ་བའི་རང་གི་ངོ་བོར་ གྱུར་པར་བྱ་བ་ཉིད་གང་ཡིན་པའོ། །དེ་ནི་རྡོ་རྗེ་སྟེ་ཐུགས་ཀྱི་བཟླས་པར་བཤད་དོ་ཞེས་བྱ་བ་ནི་ཐུགས་ཀྱི་བཟླས་པ་སྟེ་དགོངས་པས་བཤད་པའོ། །དེ་བཞིན་དུ་དོན་ཏེ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམ་རྟོགས་པ་སྟེ། འདོད་ཆགས་ལ་སོགས་པ་རྣམས་འདོད་ཆགས་དང་འདོད་ཆགས་མ་ ཡིན་པ་ལ་སོགས་པ་ཉིད་དུ་དཔྱད་པ་བྱས་ནས་བཟླས་པ་ནི་སེམས་ཅན་རྣམས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམ་པར་དག་པ་ལ་དགོད་པར་བྱའོ་སྙམ་དུ་དཔྱོད་པ་གང་ཡིན་པའོ། །དེ་ཉིད་ནི་འདོད་ཆགས་ལ་སོགས་པ་རྣམ་པར་དག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ངོ་བོ་ཉིད་མེད་དོ། །རྟག་ཏུ་དྲི་མ་དང་ བྲལ་ཞིང་ཟག་པ་མེད་པའི་བདེ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་བཟང་པོའོ། །དུས་གསུམ་སངས་རྒྱས་ཏེ་ཁམས་གསུམ་ན་གནས་པའི་སེམས་ཅན་རྣམས་སོ། །བརྟགས་པ་ནི་དེ་རྣམས་རྣམ་པར་དག་པའི་ངོ་བོ་ཉིད་དུ་དཔྱད་པ་གང་ཡིན་པའོ། །དེ་ནི་རྡོ་རྗེ་སྟེ་འདོད་ཆགས་ལ་སོགས་པ་རྣམས་ཀྱིས་བཟླས་པར་ བཤད་དོ་ཞེས་བྱ་བ་ནི་འདོད་ཆགས་ཀྱི་བཟླས་པ་དང་ཞེ་སྡང་གི་བཟླས་པ་དང་གཏི་མུག་གི་བཟླས་པ་སྟེ་དགོངས་པ་བཤད་པའོ། །དོན་རྟོགས་པ་ནི་ལྷ་དང་སྔགས་དག་གཅིག་པ་ཉིད་དོ། །དེས་བཟླས་པ་ནི་ཡང་དང་ཡང་དུ་གོམས་པར་བྱེད་པའོ། །དེས་ངོ་བོ་ཉིད་མེད་དེ། མངོན་པར་ཞེན་པ་སྤངས་པ་དང་ བཟང་པོ་སྟེ། སྤྲོ་བའི་རིམ་གྱིས་སེམས་ཅན་གྱི་དོན་བྱེད་པས་དུས་གསུམ་སངས་རྒྱས་ཏེ་འགྲོ་བ་རྣམས་བརྟགས་པ་ནི་བསམ་པ་ཐམས་ཅད་ཡོངས་སུ་སྐོང་བའོ། །དེ་ནི་རྡོ་རྗེ་ལྟར་མི་ཕྱེད་པའི་ནམ་མཁའ་མཛོད་ཀྱི་རང་བཞིན་གྱི་རིན་ཆེན་འབྱུང་ལྡན་གྱི་བཟླས་པར་བརྗོད་དོ་ཞེས་བྱ་བ་ནི་རིན་ཆེན་བཟླས་པ་སྟེ་ དགོངས་པས་བཤད་པའོ། །དོན་རྟོགས་པ་ནི་འགྲོ་བ་མ་ལུས་པ་རྗེས་སུ་འཛིན་པར་བྱེད་པའི་བྱ་བ་ནན་ཏན་སྒྲུབ་པའི་ཡེ་ཤེས་སོ། །དེ་བཟླས་པ་སྟེ། དེ་ལ་བརྟེན་ནས་སྨིན་པ་དང་གྲོལ་བ་ལ་སོགས་པའི་མཚན་ཉིད་ཀྱི་བྱ་བ་སྟེ། དེ་ནི་ངོ་བོ་ཉིད་མེད་དེ། འཁོར་གསུམ་རྣམ་པར་དག་པའི་ངོ་བོ་དང་ 37-1-69b བཟང་པོའི་སྟེ་ཡོངས་སུ་འཛིན་པ་མེད་པར་དུས་གསུམ་སངས་རྒྱས་ཏེ། ལུས་དང་ངག་དང་སེམས་རྣམས་བརྟགས་པ་ནི་དེའི་རང་བཞིན་ཉིད་དུ་བརྟགས་པ་གང་ཡིན་པའོ། །དེ་ནི་བཟླས་པ་སྟེ་དོན་ཡོད་པའི་བཟླས་པ་ཞེས་བྱ་བར་བརྗོད་དོ། །དོན་ཡོད་པའི་བཟླས་པ་སྟེ་དགོངས་པས་བཤད་པའོ། ། དོན་རྟོགས་པ་ནི་དངོས་པོ་ཐམས་ཅད་མཁྱེན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་རྣམས་ཀྱིས་ཅི་ནས་ཀྱང་ཐོས་པར་བྱའོ་སྙམ་པའི་དད་པས་སྔགས་ཀྱི་ཚིག་རྣམས་ཤིན་ཏུ་གསལ་བར་འདོན་པས་བཟླས་པ་གང་ཡིན་པ་ནི་དོན་རྟོགས་པའི་བཟླས་པའོ། །ངོ་བོ་ཉིད་མེད་པ་སྟེ་ རྣམ་པར་རྟོག་པ་སྤངས་པའི་བཟང་པོའི་ས་སྟེ་སེམས་ཀྱིས་དུས་གསུམ་སངས་རྒྱས་བརྟགས་པ་སྟེ་དེ་རྣམས་ལ་དམིགས་ནས་བཟླས་པ་གང་ཡིན་པའོ། །དེ་ནི་རྡོ་རྗེ་ལྟར་བརྟན་པའི་ཁྲོ་བོ་རྣམས་ཀྱི་བཟླས་པ་སྟེ། རྡོ་རྗེ་བཟླས་པ་ཡིན་ཞིང་ཁྲོ་བོའི་བཟླས་པ་ཞེས་བརྗོད་དོ་ཞེས་བྱ་བ་ནི་ཁྲོ་བོའི་ བཟླས་པ་སྟེ་དགོངས་པས་བཤད་པའོ། །དོན་རྟོགས་པ་ནི་སྲོག་དང་བརྩོལ་བ་དག་སྟེ་དེ་དག་ཕྱོགས་དང་ཡུལ་དང་དུས་དང་ཁ་དོག་དང་དབྱིབས་སྤངས་ནས་བཟླས་པ་ནི་དོན་རྟོགས་པའི་བཟླས་པའོ། །དེ་ཉིད་ཀྱི་ཕྱིར་རྣམ་པ་ཐམས་ཅད་དང་བྲལ་བ་ཉིད་ཡིན་པས་ངོ་བོ་ཉིད་མེད་དོ། །ཞི་བ་ཉིད་ཡིན་པའི་ ཕྱིར་བཟང་པོའོ། །དུས་གསུམ་ནི་འཇུག་པ་དང་གནས་པ་དང་འབྱུང་བའོ། །སངས་རྒྱས་ནི་རླུང་རྣམས་སོ། །དེ་རྣམས་བརྟགས་པ་སྟེ་ཐམས་ཅད་སྟོང་པའི་དེ་ཁོ་ན་ཉིད་དུ་ཁོང་དུ་ཆུད་པ་གང་ཡིན་པ་ནི་རྡོ་རྗེ་བཟླས་པ་སྟེ་མ་ནིང་གི་བཟླས་པ་ཞེས་བྱ་བར་བཤད་དོ་ཞེས་བྱ་བ་ནི་མ་ནིང་གི་བཟླས་པ་སྟེ་དགོངས་པས་ བཤད་པའོ། །དེ་ལྟར་ན་རྡོ་རྗེ་བཟླས་པ་རྣམ་པ་བཅུ་གཅིག་ཡིན་ནོ་ཞེས་བཤད་དོ། །ད་ནི་དེ་ཉིད་ཀྱི་དབྱེ་བ་གཞན། སློང་མོ་ཟ་ཞིང་མི་བཟླ་སྟེ། །སློང་ལ་དགའ་བར་མི་བྱའོ། །འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། ། ཞེས་བྱ་བ་གསུངས་ཏེ་དོན་ནི་འདི་ཡིན་ནོ། །སློང་ མོ་ཟ་ཞིང་སྟེ་དམན་པའི་སེམས་སུ་བྱ་བ་མ་ཡིན་པའོ། །སློང་ལ་དགའ་བར་མི་བྱ་བ་ནི་ཟས་གང་ཡང་རུང་བ་ཞིག་རྙེད་པས་ཆོག་ཤེས་པར་བྱའི་ཟས་ལ་མངོན་པར་ཆགས་པར་བྱ་བ་ནི་མ་ཡིན་པའོ། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས་ཏེ། ལྷའི་རྣལ་འབྱོར་ཐ་དད་པ་མེད་པའོ། །དེའི་ 37-1-70a ཚེ་རྣལ་འབྱོར་པ་འདོད་པ་ཀུན་ལ་ལོངས་སྤྱོད་པར་འགྱུར་ཏེ་དྲང་བའི་དོན་ཏོ། །ཡང་ན་སློང་མོ་ནི་ཐ་དད་པའི་རྣམ་པ་ཅན་གྱི་ཡི་གེ་རྣམས་སོ། །དེ་ཟ་བ་སྟེ་དེ་རྗོད་པར་བྱེད་པས་བཟླས་པར་མི་བྱའོ། །སློང་ལ་སྟེ་ཕྱི་རོལ་གྱི་ཟས་ལ་དགའ་བར་མི་བྱའི་འོན་ཀྱང་བསམ་གཏན་གྱི་ཟས་ཀྱིས་གནས་པར་ བྱའོ་ཞེས་པའི་ཐ་ཚིག་གོ། །སྔགས་ཀྱི་ཡན་ལག་མ་ཉམས་པ་སྟེ་ཡི་གེ་གསུམ་ཐ་དད་པའི་རྣམ་པར་རྟོག་པ་སྤངས་པའི་སྔགས་སོ། འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་སྟེ་འདོད་པའི་ཡོན་ཏན་ལྔ་ལ་ཉེ་བར་ལོངས་སྤྱོད་པ་བཞིན་དུ་བཟླས་པར་བྱའོ་ཞེས་བྱ་བ་ནི་ངེས་པའི་དོན་ཏོ། །མདོར་བསྟན་པའི་ཚིག་ཡིན་ནོ་ ཞེས་བྱ་བ་ནི་རྩ་བའི་རྒྱུད་ལས་སྔགས་ཀྱི་དེ་ཁོ་ན་ཉིད་གླེང་སློང་བའི་ཚིག་གོ། །དེ་ལྟར་མདོར་བསྟན་པ་བྱས་ནས། དགོངས་པ་ལུང་བསྟན་པའི་རྒྱུད་ལས་བཤད་པ། དེ་ནས་དཔལ་ལྡན་སྣང་མཛད་ཆེ། །ཁྱབ་བདག་ལ་ནི་སླར་གསོལ་བ། །སེམས་ཅན་ཐམས་ཅད་སྐྱེད་པ་པོ། །སྣ་ཚོགས་གཟུགས་ཅན་སེམས་འདི་ནི། ། རང་བཞིན་མེད་ཀྱང་སྐྱེ་བར་འགྱུར། །དངོས་པོ་ཞེས་བྱར་རབ་ཏུ་གྲགས། །བྱང་ཆུབ་སེམས་ནི་མཁའ་མཉམ་པ། །ཉམས་སུ་མྱོང་བར་བགྱི་བའི་ཕྱིར། །འགྲོ་བའི་དོན་ནི་མཛད་སླད་དུ། །སྐྱེ་བོ་མཆོག་ལ་དེ་བསྟན་གསོལ། །བསྒྲུབ་པ་ཡི་ནི་ཐབས་ཙམ་ཞིག །ཤེས་ནས་རྒྱུད་ལ་མི་མཁས་པ། །འདི་ལྟར་བདག་ནི་ སློབ་དཔོན་ཞེས། །ལུང་ལ་མཁས་པ་རྣམས་ལ་སྨྲ། །བདག་གི་ཚིག་ནི་བདག་ཉིད་ཤེས། །དེ་སྐད་སྨྲས་ནས་བྱིས་པ་འཇིག །དེས་ནི་དགོངས་པའི་བྱང་ཆུབ་སེམས། །ཇི་བཞིན་དོན་དུ་མི་ཤེས་སོ། །ཞེས་བྱ་བ་གསུངས་པ་འདིའི་དོན་ནི་འདི་ཡིན་ཏེ། སྔགས་ཀྱི་དེ་ཁོ་ན་ཉིད་གསལ་བར་བྱ་བ་དང་། མ་འོངས་ པའི་སེམས་ཅན་རྣམས་ཀྱི་སྣོད་མ་ཡིན་པ་ཉིད་ལ་གསང་བར་བྱ་བ་དང་། ཡང་དག་པའི་བསྟན་པ་ལ་བསྐུལ་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་རྡོ་རྗེ་འཆང་ལ་གསོལ་བ་འདེབས་ཏེ། དེ་ནས་ཏེ་ལེའུའི་རྗེས་ཐོགས་སུའོ། །དཔལ་ལྡན་ནི་ཕྱག་ན་རྡོ་རྗེའོ། །སྣང་མཛད་ཆེ་ནི་རྡོ་རྗེ་འཆང་ཆེན་པོའོ། །ཁྱབ་བདག་ནི་ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོའོ། །སླར་གསོལ་ནི་ལན་དུ་དྲི་བ་ཞུས་པའོ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། །ཀྱེ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་སེམས་རྣམ་པར་ཤེས་པ་འདི་ནི་རེ་ཞིག་སྣ་ཚོགས་གཟུགས་ཅན་ཏེ་དངོས་པོ་ཐམས་ཅད་ཀྱི་རང་བཞིན་དུ་གནས་པའོ། །སེམས་ཅན་ཐམས་ 37-1-70b ཅད་ཀྱི་བརྟན་པ་དང་གཡོ་བ་ལ་སོགས་པའི་དངོས་པོ་རྣམས་སོ། །སྐྱེད་པ་པོ་ཞེས་བྱ་བ་ནི་སྐྱེད་པར་བྱེད་པ་པོའི་རང་བཞིན་ནོ། །འོན་ཀྱང་རྣམ་པར་དཔྱད་ན་རང་བཞིན་མེད་པ་སྟེ་ཆོས་ཐམས་ཅད་བདག་མེད་པར་སྐྱེ་ཞིང་དེའི་རང་བཞིན་ཁོ་ན་ཡིན་ཡང་། འོན་ཀྱང་མི་ཤེས་པའི་བག་ཆགས་ཀྱི་དབང་གིས་དངོས་པོ་ ཞེས་བྱ་སྟེ། ཡུལ་དང་དབང་པོ་དང་བརྟན་པ་དང་གཡོ་བའི་དངོས་པོའི་ངོ་བོར་རབ་ཏུ་གྲགས་ཞེས་བྱ་བ་ནི་སོ་སོར་རྟོག་པའོ། །དེ་ལྟ་བུ་སེམས་ཀྱི་རང་བཞིན་རྣལ་འབྱོར་གྱི་མངོན་སུམ་མམ། རང་རིག་པའི་མངོན་སུམ་གྱི་ཚད་མས་ཉམས་སུ་མྱོང་བར་བགྱི་ཞིང་མངོན་དུ་བགྱི་བའི་ཕྱིར་ཏེ། བདག་ཅག་གི་སེམས་ཀྱི་རྒྱུད་ བརྟན་པར་བགྱི་བའི་སླད་དུ་བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་བསྟན་དུ་གསོལ་ཞིང་བཤད་དུ་གསོལ། སུ་ལ་ཞེ་ན་སྐྱེ་བོ་མཆོག་ལ་སྟེ་དད་པ་ལ་སོགས་པའི་ཡོན་ཏན་སྔོན་དུ་སོང་བའི་ཉན་པ་པོ་སྣོད་དུ་བསྡུ་བ་ལའོ། །སེམས་ཀྱི་རང་གི་ངོ་བོ་དེ་ཡང་བྱང་ཆུབ་ཀྱི་སེམས་ཏེ་དོན་དམ་པའི་དེ་ཁོ་ན་ཉིད་ཀྱི་ངོ་བོའོ། །མཁའ་ མཉམ་པ་ནི་ནི་ནམ་མཁའ་བཞིན་དུ་གོས་པ་མེད་པའོ། །ཅིའི་ཕྱིར་བསྟན་པར་བྱ་ཞེ་ན། འགྲོ་བའི་དོན་ཏེ་སེམས་ཅན་གྱི་དོན་མཛད་པའི་སླད་དུའོ། །འདི་ལྟར་ད་ལྟར་གྱི་དུས་ཀྱི་ཉན་པ་པོ་འདི་དག་ནི་ང་རྒྱལ་ཅན་ཡིན་ཏེ། འདི་ལྟ་སྟེ་གང་དུ་ས་བོན་ལ་སོགས་པ་འབའ་ཞིག་དང་བཟླས་པ་ཙམ་གཙོ་བོར་གྱུར་པའི་ལྷའི་ བསྐྱེད་པ་ཙམ་ཐབས་གང་གིས་བསྒྲུབ་པ་ནི་སྒྲུབ་པའི་ཐབས་ཙམ་མོ། །དེ་ཤེས་ཤིང་ཐོས་ནས་རྒྱུད་ལ་སྟེ་རྩ་བའི་རྒྱུད་ལ་ཡང་མི་མཁས་ཤིང་མི་ཤེས་ན་རེ་ཞིག་རྒྱུད་གཞན་རྣམས་ལྟ་ཞོག་སྙམ་དུ་དགོངས་པའོ། །དེའི་ཕྱིར་དེ་ཙམ་ཁོ་ནས་དོན་བྱས་པ་ཉིད་ཡིན་པར་སེམས་སོ། །གལ་ཏེ་དེ་ལྟ་ཡིན་ཡང་དེའི་ ཚེ་ཉེས་པ་མེད་ན་བདག་ནི་སློབ་དཔོན་ཏེ་རྡོ་རྗེ་སློབ་དཔོན་གྱི་ཞལ་སྔ་ནས་ཡིན་ཞེས་བྱ་བའི་བར་དུ་སྨྲ་ཞིང་རང་གི་ཁ་ནས་སམ། གཞན་གྱི་ཁ་ནས་གྲགས་པ་སྒྲོགས་པར་བྱེད་དོ། །གལ་ཏེ་བྱིས་པ་རྣམས་ཀྱི་ནང་དུ་སྨྲ་བ་དེའི་ཚེ་འཐད་པ་ཡིན་ནོ། །ཇི་སྲིད་དུ་ལུང་ལ་མཁས་པ་རྣམས་ལ་སྟེ་བསྟན་བཅོས་ མང་པོ་ཤེས་པ་དེ་རྣམས་ལ་ཡང་སྨྲ་བར་བྱེད་དོ། །བསྟན་བཅོས་ལ་མཁས་པ་དེ་རྣམས་ནི་དེ་དག་ལ་འདི་སྐད་དུ་སྨྲས་པ་དེ་ནི་རིགས་སོ་ཞེའམ་མི་རིགས་སོ་ཞེས་སྨྲ་བར་མི་བྱེད་དོ། །གང་གི་ཕྱིར་ཅུང་ཟད་ཙམ་ཤེས་པ་ཉིད་ཡིན་པའི་ཕྱིར་མགུ་བར་དཀའ་བ་དག་ཡིན་ཏེ། བདེ་བས་མགུ་བར་བྱ་བར་ 37-1-71a མི་ཤེས་པ། །ཤིན་ཏུ་བདེ་བས་མགུ་བ་མཁས་པ་སྟེ། །ཤེས་པའི་ཆ་ཡི་བློ་ངན་གྱུར་པའི་མི། །ཚངས་པས་ཀྱང་ནི་མགུ་བར་ནུས་པ་མིན། །ཞེས་གང་བཤད་པའོ། །དེ་བཞིན་དུ་དེ་སྐད་སྨྲས་ནས་བྱིས་པ་རྣམས་ཏེ་བྱིས་པའི་བློ་ཅན་རྣམས་འཇིག་ཅིང་ལམ་ངན་པ་ལ་སྐུལ་བར་བྱེད་ དོ། །ཇི་སྐད་དུ་ཞེ་ན། བདག་གི་ཚིག་དེ་ཁོ་ན་ཉིད་གཙོ་བོར་གྱུར་པ་གང་ཡིན་པ་འདི་ནི་གཞན་གང་གིས་ཀྱང་ཤེས་པ་མ་ཡིན་གྱི་འོན་ཀྱང་མན་ངག་མང་པོ་ཡོད་པ་ཉིད་ཡིན་པའི་ཕྱིར་བདག་ཉིད་ཀྱིས་ཤེས་པ་ཡིན་ཏེ། ཇི་སྲིད་དུ་བདག་གནས་པ་དེ་སྲིད་དུ་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་གི་བསྟན་པ་འཛམ་བུའི་ གླིང་དུ་རྒྱས་ཤིང་སྡོད་ལ་གནས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་རྣམ་པ་ཅན་གྱི་ཉན་པ་པོ་བསྟན་པ་འཇིག་པར་བྱེད་པའི་བདག་ཉིད་ངན་པའི་བདུད་ཉིད་འབྱུང་སྟེ། དེས་ནི་དགོངས་པའི་བྱང་ཆུབ་སེམས་ཏེ་དོན་ཟབ་མོ་སྟོན་པར་བྱེད་པའི་སྒྲས་བསྟན་པར་བྱ་བ་ཇི་བཞིན་དུ་སྟེ་དེ་ཁོ་ན་ཉིད་དུ་མི་ཤེས་ཤིང་ མི་རྟོགས་སོ། །དེའི་ཕྱིར་བཅོམ་ལྡན་འདས་ལ་རིན་པོ་ཆེ་ལྟ་བུའི་གང་ཟག་གི་ཆེད་དུ་མཛད་ནས་ཙནྡན་ལྟ་བུ་ལ་སོགས་པའི་གང་ཟག་རྣམས་རྗེས་སུ་གཟུང་བའི་ཕྱིར་དེ་ཁོ་ན་ཉིད་བསྟན་དུ་གསོལ་ཞེས་གསོལ་བ་འདེབས་ཏེ་ཡི་གེའི་དོན་ཏོ། །གསོལ་བ་བཏབ་པའི་རྗེས་ཐོགས་ལ་བཅོམ་ལྡན་འདས་ཀྱིས། དེ་ནས་ བདག་པོ་བཅོམ་ལྡན་འདས། །རྣམ་པར་སྣང་མཛད་ཐུབ་ཆེན་གྱིས། །ལེགས་ཞེས་ལན་གསུམ་གསུངས་མཛད་ནས། །ལག་ན་རྡོ་རྗེ་ལ་འདི་གསུངས། །མི་རྟོག་དོན་གྱི་དེ་ཉིད་ནི། །རབ་ཏུ་ཕྱེ་ནས་བཤད་པར་བྱ། །ཞེས་བྱ་བ་གསུངས་ཏེ། བདག་པོ་ནི་དྲུག་པའོ། །འདོད་ཆགས་ལ་སོགས་པའི་ཉོན་ མོངས་པ་འཇོམས་པར་བྱེད་པའི་ཕྱིར་བཅོམ་ལྡན་འདས་ཏེ་ཡི་གེའི་དོན་ཏོ། །བྷ་ག་དང་འབྲེལ་པས་འགྲོ་བ་སྐྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་བཅོམ་ལྡན་འདས་ཏེ་ཕྱིའི་དོན་ཏོ། །བྷ་གར་བྱང་ཆུབ་ཀྱི་སེམས་ཀྱི་གཟུགས་སུ་གནས་པར་བྱེད་པས་ན་བཅོམ་ལྡན་འདས་ཏེ་སྦས་པའོ། །གཉིས་སུ་ མེད་པའི་ཡེ་ཤེས་ནི་བཅོམ་པ་སྟེ་དེ་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་སོ་ཞེས་བྱ་བ་ནི་མཐར་ཐུག་པའོ། །རྡོ་རྗེ་འཆང་ཆེན་པོ་རྗེས་སུ་ཞུགས་པས་རྣམ་པར་སྣང་མཛད་ནི་རྣམ་པར་སྣང་མཛད་ཆེན་པོའོ། །ཡེ་ཤེས་གསུམ་ཤེས་ཤིང་རྟོགས་པའི་ཕྱིར་ཐུབ་པ་སྟེ་སྦས་པའོ། །ལག་ན་རྡོ་རྗེ་ལ་ལེགས་སོ་ཞེས་ 37-1-71b བྱ་བ་བྱིན་ནས་འདི་གསུངས་སོ། །དྲི་བ་མཆོག་ཉིད་ཡིན་པའི་ཕྱིར་ལན་གསུམ་མཛད་དོ། །མི་རྟོག་དོན་གྱི་སྟེ་སྔགས་རྣམས་ཀྱི་དེ་ཉིད་དོན་དམ་པ་སྔགས་ཀྱི་དེ་ཁོ་ན་ཉིད་བཤད་པར་བྱ་ཞིང་བརྗོད་པར་བྱའོ། །རབ་ཏུ་ཕྱེ་ནས་ཞེས་བྱ་བ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་འབའ་ཞིག་མ་ཡིན་གྱི། འོན་ཀྱང་ སྔགས་བཏུ་བ་དང་སྔགས་ཀྱི་དོན་དང་སྔགས་ཀྱི་བརྡ་རྣམས་ཀྱང་བཤད་པར་བྱའོ་ཞེས་པའི་དོན་ཏེ། ཡི་གེའི་དོན་ཏོ། །དེ་ལ་དང་པོ་མདོར་བསྟན་ཏེ། །བརྗོད་དང་དམིགས་པ་ཞེས་བྱ་བ། །བརྡར་བརྟགས་དང་ནི་དོན་དམ་མོ། །བརྗོད་ཅིང་ཡི་གེ་ཕྱི་མོ་ལས་བཏུ་བར་བྱ་བ་ཡིན་པས་བརྗོད་ པ་སྟེ་སྔགས་བཏུ་བའོ། །རྗོད་པར་བྱེད་པའི་སྔགས་བརྗོད་པའི་སྒོ་ནས་བརྗོད་པར་བྱ་བའི་ངོ་བོ་ཉིད་དུ་རྟོགས་པར་བྱ་ཞིང་དམིགས་པར་བྱ་བ་ཡིན་པས་ན་དམིགས་པ་ནི་སྔགས་ཀྱི་དོན་ཏོ། །བརྡར་བཏགས་པ་ནི་མིང་ངོ་། །དོན་དམ་པ་ནི་དེ་ཁོ་ན་ཉིད་དེ་སྒྲ་ཇི་བཞིན་པའོ། །བཤད་པ་ནི་ཚིག་གི་ བརྗོད་པ་ཐུན་མོང་སྟེ། དམིགས་པ་སངས་རྒྱས་ཉིད་དེ་ཡིན། །བརྡ་ཞེས་བྱ་བ་སྔགས་ཡིན་ཏེ། །དོན་དམ་དེ་བཞིན་ཉིད་ཡིན་ནོ། །ཞེས་བྱ་བ་གསུངས་ཏེ། ཐུན་མོང་ཞེས་པ་སྙིང་པོ་དང་ཉེ་བའི་སྙིང་པོ་ལ་སོགས་པ་རྣམས་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ལ་སོགས་པའི་ བསྟན་བཅོས་ཐམས་ཅད་ལ་ནོར་བུའི་ཕྲེང་བའི་ནང་གི་སྐུད་པ་བཞིན་ཁྱབ་པར་བྱེད་པའི་ཡི་གེ་ཕྱི་མོ་སྟེ། དེ་ལས་སྔགས་བཏུ་བར་བྱ་བའོ། །དེ་ནི་ཚིག་ཏུ་བརྗོད་པ་སྟེ་སྔགས་བཏུ་བ་སྒྲ་ཇི་བཞིན་པའོ། །དམིགས་པ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་སངས་རྒྱས་རྣམས་ཀྱི་དེ་ཉིད་དེ་རང་ གི་ངོ་བོའོ། །ཨོཾ་ལ་སོགས་པ་རྣམས་ཀྱི་དོན་ནི་གོ་རིམས་བཞིན་དུ་སྐུ་རྡོ་རྗེ་ལ་སོགས་པ་རྣམས་ཡིན་ཏེ། དེ་ཁོ་ན་བཞིན་དུ་ཡི་གེ་ཕྱི་མོའི་དོན་ཡང་དབྱངས་དང་གསལ་བྱའི་དབྱེ་བས་ཐབས་དང་ཤེས་རབ་དག་ཡིན་ནོ། །དེ་བཞིན་དུ་གཞན་དག་ལ་ཡང་ཤེས་པར་བྱ་སྟེ་སྤྱིའི་དོན་ཏོ། །བརྡ་ཞེས་བྱ་བ་སྔགས་ ཡིན་ཏེ། །ཞེས་བྱ་བ་ནི་སྔགས་ཀྱི་མིང་སྟེ། སྦྲུལ་དང་མགོ་མེད་པ་དང་མཐའ་མེད་པ་དང་བཏུས་པ་ལ་སོགས་པ་རྣམས་སོ། །འདི་རྣམས་ཀྱི་རབ་ཏུ་དབྱེ་བ་ནི་ལས་ཀྱི་བྱེ་བྲག་ལས་ཤེས་པར་བྱ་སྟེ་སྒྲ་ཇི་བཞིན་པའོ། །དོན་དམ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དེ་སྤྲོས་པ་ཐམས་ཅད་བྲལ་བའི་འོད་གསལ་བ་ཡིན་ 37-1-72a པར་ཤེས་པར་བྱའོ་ཞེས་བྱ་བ་ནི་མཐར་ཐུག་པའོ། །ད་ནི་སོ་སོར་བཤད་པ། དང་པོ་གཅིག་ནི་དགུ་དབུས་ན། །གང་ཞིག་བཅུ་ཡིས་མ་བཅིངས་པ། །དེ་ནི་བཅིངས་མེད་ཞེས་བྱ་སྟེ། །ད་ནི་མཆོག་གི་གནས་ཤེས་པ། །ཞེས་བྱ་བ་གསུངས་ཏེ་གཅིག་ནི་རེ་ཞིག་ཡི་གེ་ཨཱའོ། ། དེ་ཉིད་ནི་དང་པོ་སྟེ་ཡི་གེ་ཕྱི་མོ་ཐམས་ཅད་འབྱུང་བའི་རྒྱུར་གྱུར་པའོ། །མཚན་ཡང་དག་པར་བརྗོད་པ་ལས། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་གསུངས་པའི་ཕྱིར་རོ། །དགུ་སྟེ་ཡི་གེ་ཕྱི་མོའི་སྡེ་ཚན་རྣམས་ཀྱི་དབུས་ན་ཁྱབ་པར་བྱེད་པའི་ངོ་བོ་ཉིད་དུ་གནས་པའོ། །དེ་མེད་ན་བརྗོད་པར་མི་ ནུས་ཏེ་དབྱངས་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་བཞིན་ནོ། །དེ་ལ་དབྱངས་ཀྱི་སྡེ་ཚན་ནི་རྣམ་པ་གཉིས་ཏེ། ཨ་ཨི་ཨུ་རྀ་ལྀ་ཨེ་ཨོ་ཨཾ་ནི་ཐུང་ངུའི་སྡེ་ཚན་ནོ། །ཨཱ་ཨཱི་ཨཱུ་རཱྀ་ལཱྀ་ཨཻ་ཨཽ་ཨཱཿནི་རིང་པོའི་སྡེ་ཚན་ནོ། །ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ ར་ལ་ཝ། ཤ་ཥ་ས་ཧ་སྟེ་དེ་ལྟར་ན་དགུའོ། །སྡེ་ཚན་དགུ་པོ་དེ་རྣམས་ཀྱི་དབུས་ན་གནས་པ་གང་ཞེ་ན། བཅུ་ཡིས་ཏེ་དགུ་པོ་དེ་རྣམས་དང་བདག་ཉིད་ཀྱིས་སོ། །མ་བཅིངས་པ་ནི་དེ་རྣམས་ཀྱིས་མ་ཁྱབ་ཅིང་འོན་ཀྱང་དེས་ནི་དེ་རྣམས་ལ་ཁྱབ་པའོ། །དེ་རྣལ་འབྱོར་པ་གང་གིས་ཤེས་པ་དེ་ནི་མ་ བཅིངས་པ་སྟེ། ཡི་གེ་ཨ་ཡིས་བཅིངས་པའི་སྔགས་ཀྱི་ཚོགས་ཐམས་ཅད་ཤེས་ཤིང་རྟོགས་པའོ། །རྣལ་འབྱོར་པ་དེ་ནི་མཆོག་གི་གནས་ཏེ། དེ་ལས་བྱུང་བའི་ཡི་གེ་གསུམ་གྱི་དེ་ཁོ་ན་ཉིད་ཤེས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། ཡི་གེའི་དོན་ཏོ། །རེ་ཞིག་གཅིག་ནི་ཐམས་ཅད་སྟོང་པ་ཉིད་ཀྱི་རང་ བཞིན་གྱི་ཆོས་ཀྱི་སྐུའོ། །དགུ་སྟེ་ཕུང་པོ་ལྔ་དང་འབྱུང་བ་ཆེན་པོ་བཞིའི་དབུས་ན་གནས་ཀྱང་བཅུ་ཡིས་ཏེ་དབང་པོ་དང་ཡུལ་གྱི་རྣམ་པར་རྟོག་པ་རྣམས་ཀྱིས་མ་བཅིངས་ཤིང་མ་བསྒྲིབས་པ་སྟེ་ཆོས་ཀྱི་སྐུ་ནི་རང་བཞིན་དག་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ནི་བཅིངས་མེད་དེ་ཉོན་མོངས་པ་དང་ཤེས་བྱའི་ སྒྲིབ་པའི་རྣམ་པར་རྟོག་པ་རྣམས་ཀྱིས་ཟིལ་གྱིས་མི་ནོན་པ་ཤེས་པ་གང་ཡིན་པའི་རྣལ་འབྱོར་པ་དེ་ནི་མཆོག་གི་གནས་ཏེ། ཆོས་ཀྱི་སྐུའི་རང་བཞིན་གྱི་སངས་རྒྱས་ཉིད་དོ། །ཤེས་པ་ནི་རྟོགས་ཤིང་ཐོབ་པའོ་ཞེས་བྱ་བའི་དོན་ཏེ་སྤྱིའི་དོན་ཏོ། །ཡང་ན་རེ་ཞིག་གཅིག་ནི་བཅོམ་ལྡན་འདས་འབྲུག་གི་སྒྲ་ 37-1-72b སྟེ་ཐུགས་རྡོ་རྗེ་འཛིན་གྱི་ས་བོན་ནོ། །དེ་ནི་དགུ་སྟེ་ས་དང་ཆུ་དང་མེ་དང་རླུང་གི་རང་བཞིན་ཅན་གྱི་དཀྱིལ་འཁོར་བཞི་དང་། དེ་བཞིན་དུ་གྲུ་བཞི་དང་ཟླུམ་པོ་དང་གྲུ་གསུམ་དང་གཞུ་ལྟ་བུའི་ལྐོག་མ་དང་སྙིང་ག་དང་ལྟེ་བ་དང་གསང་བའི་གནས་ཏེ་བརྒྱད་ན་དགུ་པ་ནི་མགོ་བོ་ལ་སོགས་པར་གནས་པའི་ཧཱུྃ་གང་ཡིན་ པའོ། །བཅུ་ཡིས་ཏེ་དེ་རྣམས་དང་བདག་ཉིད་ཀྱིས་སོ། །མ་བཅིངས་པ་ནི་རླུང་གི་རིམ་གྱིས་རྣམ་པར་རྟོག་པའི་ལམ་ལ་མི་འཇུག་པའོ། །དེ་ལྟ་བུ་འདི་ནི་བཅིངས་མེད་དེ་རང་བཞིན་གྱིས་དག་པའི་བཟླས་པ་གང་གིས་ཤེས་པ་དེ་ནི་མཆོག་གི་གནས་ཏེ། འཇུག་པ་ལ་སོགས་པ་སྤངས་པའི་དེ་ཁོ་ ན་ཉིད་དོ། །ཤེས་པ་ནི་མངོན་དུ་བྱེད་དོ་ཞེས་བྱ་བའི་དོན་ཏེ་སྤྱིའི་དོན་ཏོ། །ཆོས་ཀྱི་དབྱིངས་ཞུས་པ་ལས་ཀྱང་། མགོ་མེད་སྙིང་གི་པདྨོར་གནས། །ཁ་ཡི་པདྨར་མགོ་བོ་གནས། །སྒྲ་ནི་གསང་བའི་པདྨར་གནས། །སྒྲ་མཐའ་ལྟེ་བའི་པདྨར་གནས། །ཞེས་གསུངས་སོ། །ཡང་ན། གཅིག་ ནི་རེ་ཞིག་འདོད་པའི་གདུགས། །ཞེས་བྱ་བའི་རྩའོ། །དེ་ཉིད་དང་པོ་སྟེ་ཚངས་པའི་སྒོ་ནས་བརྩམས་ཏེ་གསང་བའི་གནས་ཀྱི་བར་དུ་ཁྱབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དགུ་སྟེ་པདྨ་འདབ་མ་བརྒྱད་པ་ལྟེ་བ་དང་བཅས་པའི་དབུས་ན་ཁྱབ་པར་བྱེད་པའོ། །བཅུ་ཡིས་ཏེ་རྩ་དགུ་པོ་དེ་རྣམས་ དང་རང་ཉིད་ཀྱིས་མ་བཅིངས་པ་ནི་ལྷན་ཅིག་སྐྱེས་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་འདོད་ཆགས་ལ་སོགས་པའི་ཉེས་པ་རྣམས་ཀྱིས་དྲི་མ་ཅན་དུ་བྱ་བ་མ་ཡིན་པའོ། །དེའི་ཕྱིར་དེ་ནི་བཅིངས་མེད་དེ་འདོད་ཆགས་ལ་སོགས་པ་རྣམས་དང་མ་འདྲེས་པའོ། །ཤེས་པ་ནི་ཐབས་དང་ཤེས་རབ་ སྙོམས་པར་འཇུག་པས་དེ་ལ་རྗེས་སུ་འཇུག་པ་ན་བདེ་བ་ཆེན་པོ་ཉམས་སུ་མྱོང་བའི་རྣལ་འབྱོར་པ་གང་ཡིན་པའོ། །དེ་ནི་མཆོག་གི་གནས་ཏེ་རྡོ་རྗེ་སེམས་དཔའི་གོ་འཕང་ཤེས་ཤིང་ཐོབ་པ་ཞེས་བྱ་བ་ནི་སྦས་པའོ། །གཅིག་ནི་རེ་ཞིག་འོད་གསལ་བ་སྟེ། དེ་ཉི་མཆོག་ཡིན་པའི་ཕྱིར་དང་ པོའོ། །འདོད་པའི་ཁམས་དང་བསམ་གཏན་བཞི་དང་གཟུགས་མེད་པ་བཞི་ཞེས་པས་དགུ་པའི་འཁོར་བ་དེའི་དབུས་ན་ཆོས་ཉིད་ཀྱིས་གནས་ཀྱང་དེ་ཁོ་ན་ཉིད་དེ་ལ་བརྟེན་ནས་སྐད་ཅིག་གིས་དེ་ལས་ལངས་པར་གྱུར་པ་ན་བཅུ་ཡིས་ཏེ་ཕུང་པོ་དང་། འབྱུང་བའི་རྣམ་པར་རྟོག་པ་རྣམས་ཀྱིས་མ་ 37-1-73a བཅིངས་པ་ནི་སྒྱུ་མའི་དཔེ་བཅུ་གཉིས་སུ་མཐོང་བའི་ཕྱིར་ཀུན་རྫོབ་ཀྱི་ཕྱོགས་སུམ་ལྷུང་བའོ། །དེ་ནི་བཅིངས་མེད་དེ་ཐོགས་པ་མེད་པའི་ཏིང་ངེ་འཛིན་དང་ལྡན་པའི་རིམ་པ་གང་ཡིན་པ་དེ་ནི་མཆོག་གི་གནས་ཏེ། ཡེ་ཤེས་ཀྱི་སྐུ་ཤེས་ཤིང་ཐོབ་པ་པོ་ཞེས་བྱ་བ་ནི་སྦས་པའོ། །གཅིག་ ནི་རེ་ཞིག་སྲོག་ཅེས་བྱ་བའི་རླུང་ངོ་། །དགུ་སྟེ་རླུང་དང་ཉེ་བའི་རླུང་རྣམས་ཀྱི་དབུས་ན་གཙོ་བོ་ཉིད་ཡིན་པའི་ཕྱིར་དང་པོའོ། །བཅུ་པོ་འདི་རྣམས་ཀྱིས་འོད་གསལ་བ་གང་ཞིག་མ་བཅིངས་པ་ནི་རྣམ་པར་ཤེས་པ་དང་རང་བཞིན་རྣམས་ཀྱིས་དྲི་མ་ཅན་དུ་མ་བྱས་པའོ། །དེ་ནི་བཅིངས་མེད་དེ་ཐམས་ཅད་ སྟོང་པའོ། །ཤེས་པ་ནི་འཇུག་པ་གང་ཡིན་པའོ། །དེ་ནི་མཆོག་གི་གནས་ཏེ་ས་བཅུ་པ་ཤེས་ཤིང་ཐོབ་པའོ་ཞེས་བྱ་བ་ནི་སྦས་པའོ། །གཅིག་ནི་པདྨའོ། །དང་པོ་ནི་རྡོ་རྗེའོ། །གཉིས་པོ་དེ་དག་དགུ་དབུས་ན་སྟེ། སྒོ་དགུའི་བདག་ཉིད་ཅན་གྱི་ལུས་ཀྱི་དབུས་ན་གནས་པར་གྱུར་པ་ན། དེ་དག་འདུས་ པ་ལས་ནང་གི་བདག་ཉིད་ཀྱི་བསྙེན་པ་ལ་སོགས་པའི་རིམ་པས་མན་ངག་བཞི་པ་ཐོབ་པར་གྱུར་པར་ས་དང་ཕ་རོལ་ཏུ་ཕྱིན་པ་དང་སྟོབས་དང་ཤེས་པ་དང་དེ་ཁོ་ན་ལ་སོགས་པའི་རྣམ་པར་རྟོག་པ་བཅུ་ཡིས་མ་བཅིངས་པ་ནི་མ་བསྒྲིབས་པའོ། །དེ་ནི་བཅིངས་མེད་དེ་རྣམ་པར་མི་རྟོག་པའི་དེ་ཁོ་ན་ ཉིད་དོ། །གང་གིས་ཤེས་པ་དེ་ནི་མཆོག་གནས་ཏེ། སྣང་བ་བཞི་པ་ཤེས་ཤིང་མཐོང་བའོ། །ཞེས་བྱ་བ་ནི་མཐར་ཐུག་པའོ། །གཅིག་ནི་རེ་ཞིག་སངས་རྒྱས་ཀྱི་ས་སྟེ་བཅུ་གཉིས་པའོ། །དེ་ནི་ཁམས་གསུམ་པ་དང་སྲིད་པ་གསུམ་དང་དྲི་མ་གསུམ་དག་པར་བྱེད་པ་ཉིད་ཡིན་པའི་ཕྱིར་དགུའི་དབུས་ན་གཙོ་ བོ་ཉིད་ཡིན་པས་དང་པོའོ། །དེ་ནི་བཅུ་ཡིས་ཏེ་འཇིག་རྟེན་གྱི་ཆོས་བརྒྱད་དང་ཀུན་རྫོབ་དང་དོན་དམ་པ་དག་གིས་སོ། །མ་བཅིངས་པ་ནི་ཐ་དད་པར་ཤེས་པར་བྱ་བ་ཡིན་པའོ། །དེ་ནི་བཅིངས་མེད་དེ་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་པའོ། །ཤེས་པ་ནི་རྟོགས་པ་གང་ཡིན་པའོ། །དེ་ནི་མཆོག་ གི་གནས་ཏེ་ཟུང་དུ་འཇུག་པའི་བདག་ཉིད་ཀྱི་མི་སློབ་པའི་ལམ་གྱི་ངོ་བོ་ཤེས་ཤིང་རྟོགས་པའོ་ཞེས་བྱ་བའི་དོན་ཏོ། །མཐར་ཐུག་པའོ། །དེ་ཉིད་རྒྱས་པར། དབྱངས་དང་གསལ་བྱའི་ཡི་གེ་དེ། །གྲངས་དགུ་ཡི་ནི་རྗེས་འཇུག་པ། །ཨས་བཅིངས་ཕན་ཚུན་ཡང་དག་སྦྱོར། །གང་གིས་ཤེས་ཏེ་འགྲོ་བའི་ 37-1-73b བླ། །ཞེས་བྱ་བ་གསུངས་ཏེ། དབྱངས་ནི་རེ་ཞིག་ཐུང་ངུ་དང་རིང་པོའི་དབྱེ་བས་རྣམ་པ་གཉིས་སོ། །གསལ་བྱ་ནི་སྡེ་ཚན་ལྔའོ། །ཡི་གེ་ནི་མཐར་གནས་དང་དྲོད་ཀྱི་དབྱེ་བས་རྣམ་པ་གཉིས་ཏེ། དེ་ལྟར་ན་སྒོ་དགུའི་བདག་ཉིད་ཀྱི་ལུས་དང་ས་དགུ་པའི་འཁོར་བ་དང་ཕུང་པོ་དང་ཁམས་དང་སྐྱེ་ མཆེད་ཀྱི་རང་བཞིན་གྱི་ཁམས་གསུམ་པའི་རྣམ་པར་དག་པ་ཡིན་པའི་ཕྱིར་གྲངས་དགུའི་རྗེས་སུ་འཇུག་པའོ། །དེ་ཐམས་ཅད་ཨས་བཅིངས་ཏེ་ཡི་གེ་ཨས་བཅིངས་པའོ། །ཕན་ཚུན་ཡང་དག་སྦྱོར་བ་སྟེ། །ཕན་ཚུན་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་དངོས་པོའམ། རང་གི་ངོ་ བོ་ཉིད་དུ་གང་གིས་ཤེས་པ་དེ་ནི་རྟོགས་པའོ། །དེ་ནི་འགྲོ་བ་སྟེ་ཁམས་གསུམ་པའི་བླ་མའི་སྟོན་པའོ། །ཆོས་ཀྱི་ཡི་གེ་རང་གི་ངོ་བོ་དག་གི་རང་བཞིན་ཐམས་ཅད་ཡོངས་སུ་ཤེས་པའི་ཕྱིར་གྲོལ་བ་ཡིན་ཞིང་གཞན་དག་ཀྱང་གྲོལ་བར་བྱེད་དོ་ཞེས་བྱ་བའི་དོན་ཏེ་དགོངས་པ་མ་ཡིན་པའོ། །སྤྲོ་བའི་རིམ་གྱི་ སྔགས་བསྡུ་བ་གསུངས་ཏེ། བསྡུ་བའི་རིམ་གྱིས། འབྱུང་བའི་མཐའ་དང་ཡང་དག་ལྡན། །བཅུ་དྲུག་ཆ་ཡི་དང་པོ་གནས། །ལྔ་པ་ལྔ་དང་ཡང་དག་ལྡན། །བཞི་ནི་གསུམ་དུ་ངེས་པར་སྦྱར། །ཞེས་བྱ་བ་གསུངས་ཏེ། འབྱུང་བའི་མཐའ་སྟེ་འབྱུང་བ་ཆེན་པོ་བཞིའི་ས་བོན་ཡ་ལ་སོགས་པ་རྣམས་ཀྱི་མཐའ་ནི་ཡི་ གེ་ཤའོ། །ཡང་དག་ལྡན་ནི་དེ་རྣམས་ཀྱི་དང་པོ་ཡི་གེ་ཡའོ། །བཅུ་དྲུག་ཆ་ནི་དབྱངས་ཏེ་དེ་རྣམས་ཀྱི་དང་པོ་ནི་ཡི་གེ་ཨའོ། །ལྔ་པ་ལྔ་ནི་ཀ་ལ་སོགས་པའི་གསལ་བྱ་རྣམས་ཏེ། དེ་རྣམས་ཀྱི་དང་པོ་ནི་གཙོ་བོ་ཉིད་ཡིན་པའི་ཕྱིར་ཡི་གེ་ཀའོ། །དེ་ལྟར་ཨ་ཀ་ཡ་ཤ་སྟེ་འབྱུང་བ་ཆེན་པོ་བཞི་དང་ལྷ་ མོ་བཞི་དང་ཞི་བ་ལ་སོགས་པའི་ལས་བཞི་དང་དགའ་བ་བཞིའི་རང་བཞིན་ཅན་ནི་གསུམ་དུ་སྟེ། ཡི་གེ་གསུམ་དུ་ངེས་པར་སྦྱར་རོ། །ཤེས་རབ་ཀྱི་རང་བཞིན་གྱི་ཡི་གེ་ཨའི་སྡེ་ཚན་ནི་ཡི་གེ་ཨཱའོ། །ཐབས་ཀྱི་རང་བཞིན་ནི་ཀ་ལ་སོགས་པའི་སྡེ་ཚན་ནི་ཡི་གེ་ཧཱུྃ་ངོ་། །གཉི་གའི་རང་བཞིན་གྱི་ཡ་དང་ཤ་ དག་ནི་ཡི་གེ་ཨོཾ་སྟེ་དེ་ལྟར་ཨོཾ་ཨཱཿཧཱུྃ་ངོ་། །རྡོ་རྗེ་ཕྲེང་བ་ལས་ཀྱང་། ཆ་གཉིས་པ་དང་དགུ་པ་ཉིད་དུ་བཤད། །སུམ་ཅུ་བཅུ་པ་ལྔ་པའི་ས་བོན་ཉིད། །ཆ་གཉིས་པ་དང་ལྔ་པ་དྲུག་པར་ལྡན། །རྣམ་བྱུང་དེ་ནི་ཐིག་ལེ་ཡིན་པར་བརྗོད། །ཅེས་གསུངས་ཏེ། སྒྲ་ཇི་བཞིན་པའོ། །ད་ནི་ཡི་གེ་གསུམ་གྱི་ཡང་བསྡུ་ 37-1-74a བ། །ཡི་གེ་ཨོཾ་བཅས་རིང་པོར་བཅས། །ཡོན་ཏན་སྦྱོར་སོགས་ཕྱིས་དང་ལྡན། །ཐུང་ངུ་མ་ལུས་ངག་ཏུ་འགྱུར། །གཅིག་མིན་དུ་མ་མ་ཡིན་ནོ། །ཞེས་བྱ་བ་གསུངས་ཏེ་དོན་འདི་ཡིན་ནོ། །ཨ་དང་ཨུ་ཞེས་བྱ་བ་འདུས་པ་ལས་ཨོཾ་མོ། །ཨ་དང་ཨ་ཞེས་བྱ་བ་འདུས་པ་ལས་ཨཱཿའོ། ། ཡི་གེ་ཧ་དང་ཨཱུ་འདུས་པ་ལས་ཧཱུྃ་ངོ་། །དེ་རྣམས་ཀྱི་ཕྱིས་པ་ཞེས་བྱ་བ་ནི་གཅིག་གི་ཆ་ལ་ཐིམ་པ་སྟེ་མི་སྣང་བའོ། །ཕྱིས་པ་ནི་མི་སྣང་བའོ་ཞེས་གང་བཤད་པའོ། །སྦྱོར་བ་ལ་ཡོན་ཏན་བྱས་ནས་རིང་པོར་འགྱུར་བ་རྣམས་ནི་གཅིག་ལ་གཅིག་འདུས་པ་ལས་ཐིག་ལེ་ཙམ་དུ་འདུས་པར་འགྱུར་ཞིང་། ཐིག་ལེ་དེ་ཡང་ཡི་གེ་ཨ་ ལ་ཞུགས་ནས་ཡི་གེ་ཨ་ཐུང་ངུ་འབའ་ཞིག་ཏུ་འགྱུར་རོ། །འདིར་བསམ་པ་ནི་འདི་ཡིན་ཏེ། རེ་ཞིག་ཨོཾ་གྱི་ཡི་གེ་ཨ་ནི་ཡི་གེ་ཨུ་ལ་དེ་ཡང་ཐིག་ལེ་ལ་ཐིག་ལེ་ནི་ཚེག་དྲག་ལ་ཚེག་དྲག་ནི་རིང་པོ་ལ་རིང་པོ་ནི་ཡི་གེ་ཧཱུྃ་གི་ཐིག་ལེ་ལ་ཞུགས་ནས་ཆ་བཞི་པའི་ཡི་གེ་ཧཱུྃ་གི་ཡི་གེ་ཧ་ནི་ཡི་གེ་ཨཱུ་ལ་ཡི་གེ་ཨཱུ་ནི་ཡི་གེ་ ཨཱུའི་ནང་ན་གནས་པའི་ཡི་གེ་ཨ་ལ། ཡི་གེ་ཨ་དེ་ཐིག་ལེ་ལ་ཞུགས་ནས་ཡི་གེ་ཨ་ཐུང་ངུ་འབའ་ཞིག་འདུས་པར་འགྱུར། དེ་ཡང་ཇི་ལྟ་བུ་ཞེ་ན། མ་ལུས་དག་སྟེ་ངག་མ་ལུས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་ངག་གི་རང་བཞིན་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་གཅིག་མིན་པའོ། །གསལ་བ་ཙམ་འབའ་ ཞིག་ཉིད་ཡིན་པའི་ཕྱིར་དུ་མ་ཡིན་ཏེ། དཔལ་རྡོ་རྗེ་དཀྱིལ་འཁོར་རྒྱན་ལས། མར་མེ་ལྟ་བུ་འབར་བ་སྟེ། །སྙིང་གའི་དབུས་ན་མི་ཤིགས་པ། །མི་འགྱུར་མཆོག་ཏུ་ཕྲ་བ་ཡི། །ཨ་ནི་གཙོ་བོ་དམ་པ་ཡིན། །ཞེས་གསུངས་སོ། །དེ་ནི་སྒྲ་ཇི་བཞིན་པ་དང་། དགོངས་པ་མ་ཡིན་པ་དང་མཐར་ ཐུག་པ་རྣམས་སོ། །ད་ནི་ཡི་གེ་ཕྱི་མོའི་རང་བཞིན། ཡི་གེ་གང་ཞིག་སྔར་བཤད་དང་། །གང་ཡང་མངོན་པར་ཕྱོགས་པ་རྣམས། །བུད་མེད་སྐྱེས་པ་མ་ནིང་སྟེ། །ཁམས་ལ་སོགས་པར་ཡོངས་སུ་བརྟག །ཅེས་བྱ་བས་གསུངས་ཏེ། ཡི་གེ་ནི་དབྱངས་དང་གསལ་བྱ་རྣམས་ཏེ་སྔར་གོང་དུ་བཤད་པ་ རྣམས་སོ། །དེ་བཞིན་དུ་མངོན་པར་ཕྱོགས་པ་ནི་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་རྣམས་ལ་ནུས་པ་དང་ལྡན་པའི་མཐར་གནས་དང་དྲོད་ཀྱི་ཡི་གེར་བཤད་པ་གང་ཡིན་པའོ། །དེ་རྣམས་ནི་བུད་མེད་དང་སྐྱེས་པ་དང་། མ་ནིང་གི་ངོ་བོ་ཡིན་པར་ཤེས་པར་བྱ་སྟེ། དབྱངས་ཀྱི་སྡེ་ཚན་ནི་བུད་མེད་ཀྱི་ངོ་ 37-1-74b བོའོ། །གསལ་བྱའི་སྡེ་ཚན་ནི་སྐྱེས་པའི་ངོ་བོའོ། །མཐར་གནས་དང་དྲོད་ཀྱི་སྡེ་ཚན་ནི་མ་ནིང་གི་ངོ་བོའོ། །དེ་ལྟར་ཡང་རྒྱས་པར་སྔར་བཤད་ཟིན་ཏོ། །དེ་རྣམས་ཀྱང་ཁམས་ལ་སོགས་པར་དེ་སྐད་ཀྱི་བྱིངས་དང་རྐྱེན་དང་རྟགས་དང་རྣམ་པར་དབྱེ་བའི་ཚིག་དང་བྱེད་པ་དང་དེ་ལ་ཕན་པ་དང་བསྡུ་བ་དང་ བྱེད་པ་དང་། སྐྱེས་བུ་དང་བདག་གི་ཚིག་ཅན་དང་གཞན་གྱི་ཚིག་ཅན་དང་བྱ་བ་དང་དུས་དང་འབྲེལ་པ་དང་ཡི་གེ་དང་ཚིག་དང་ངག་དང་ངག་ཆེན་པོ་ལ་སོགས་པའི་བྱེ་བྲག་ཏུ་ཡོངས་སུ་བརྟགས་ཏེ་ཐ་སྙད་དུ་བྱས་སོ་ཞེས་བྱ་བའི་དོན་ཏོ། །འོག་དང་སྟེང་དང་ལྡན་པར་ནི། །ཤེས་ནས་བློ་ཡིས་ངེས་པར་སྦྱོར། ། འདི་ནི་སྔགས་ཀྱི་བརྗོད་པ་སྟེ། །དངོས་པོ་མེད་པའི་རང་བཞིན་ཅན། །འོག་ནི་འཇུག་པའོ། །སྟེང་ནི་འབྱུང་བའོ། །ལྡན་པ་ནི་གནས་པའོ། །རིམ་པ་དེ་ལྟ་བུར་ཤེས་ནས་ཏེ་བཟླས་ནས་སོ། །བློ་ཡིས་ཏེ་ཤེས་རབ་ཀྱིས་ངེས་པར་སྦྱར་ཞིང་འཇུག་པ་ལ་སོགས་པའི་རིམ་གྱིས་གོམས་པར་བྱས་པས་ འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐོབ་པར་བྱེད་དོ་ཞེས་བྱ་བ་ནི་ངག་གི་དོན་ཏོ། །འདི་ནི་སྔགས་རྣམས་ཀྱི་བརྗོད་པ་སྟེ་བཏུ་བའི་མིང་ཅན་དུ་བརྗོད་དོ། །དེ་ཡང་ཇི་ལྟ་བུ་ཞེ་ན། དངོས་པོ་མེད་པའི་རང་བཞིན་ཅན་ཏེ་རྣམ་པར་རྟོག་པ་མེད་པའི་རང་བཞིན་ཅན་ནོ་ཞེས་བྱ་བའི་དོན་ཏོ། །སྒྲ་ཇི་བཞིན་པ་ དང་དགོངས་པ་མ་ཡིན་པའོ། །སྔགས་བཏུ་བ་བཤད་ནས་སྔགས་ཀྱི་དོན་ནི། དེ་ལས་ཡོངས་སུ་གྱུར་པའི་གཟུགས། །ལྷ་རུ་ཉེ་བར་ཤེས་པ་གང་། །ཞེས་བྱ་བ་གསུངས་ཏེ། སྔགས་དེ་ལས་ཡོངས་སུ་གྱུར་པའི་ལྷ་གང་ཡིན་པ་ནི་གང་གི་ལྷ་ཅི་འདྲ་བ་ཡིན་པའོ། །དེའི་རང་བཞིན་ནི་དེའི་ དོན་ཅན་གྱི་རང་བཞིན་དུ་ཤེས་པར་བྱ་བ་ནི་ཡི་གེ་ཨོཾ་ལ་སོགས་པ་རྣམས་ཀྱི་དོན་ནི་རྣམ་པར་སྣང་མཛད་ལ་སོགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ་སྤྱིའི་དོན་ཏོ། །ངག་འདི་ཉིད་ཀྱིས་སྔགས་ཀྱི་བརྡ་གསུངས་ཏེ། དེ་ལས་ཏེ་སྔགས་དེ་རྣམས་ལས་ཡོངས་སུ་གྱུར་པའི་ཨོཾ་ལ་སོགས་པ་ དང་སྭཱ་ཧཱ་ལ་སོགས་པ་ཕྱིས་པ་དང་། སྦྱར་བ་ལས་གཟུགས་ཏེ་སྦྲུལ་ལ་སོགས་པའི་གཟུགས་སུ་འགྱུར་བ་གང་ཡིན་པ་འདི་ཉིད་རང་རང་གི་ལྷ་ལ་བརྟེན་ནས་ལས་ཀྱི་ཚོགས་ལ་ནུས་པ་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏེ། དགོངས་པས་བཤད་པའོ། །ད་ནི་སྔགས་ཀྱི་དེ་ཁོ་ན་ཉིད་བསྟན་པར་ 37-1-75a བྱ་སྟེ། ཨ་ལ་བརྟེན་ནས་ཡེ་ཤེས་ནི། །སངས་རྒྱས་ཀྱི་ནི་སྙིང་པོར་འགྱུར། །དོན་ནི་འདི་ཡིན་ཏེ་སྔགས་བཏུ་བའི་གནས་སྐབས་སུ་ཆ་ཤས་དང་ཆ་ཤས་ཀྱི་དབྱེ་བས་ཡི་གེ་གསུམ་བཏུས་ནས་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོའི་གནས་སུ་གསལ་བ་ཙམ་གྱི་ཡི་གེ་ཨ་འབའ་ཞིག་ལ་ བརྟེན་ནས་ཏེ་དེ་ལ་དམིགས་ནས་སོ། །ཡེ་ཤེས་ནི་རྣལ་འབྱོར་པས་བསྒོམ་པར་བྱ་བའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གང་ཡིན་པའོ། །དེ་ཉིད་སངས་རྒྱས་དཔལ་རྡོ་རྗེ་འཆང་ཆེན་པོའི་སྙིང་པོ་སྟེ་དེ་ཁོ་ན་ཉིད་དུ་བརྗོད་པར་བྱའོ། །དེ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་དུ་བརྗོད་དོ་ཞེས་བྱ་བའི་དོན་ཏེ་དགོངས་པ་མ་ ཡིན་པའོ། །ད་ནི་ཡི་གེ་གསུམ་གྱི་བྱ་བ། ཧཱུྃ་གིས་སེམས་ཅན་ཡང་དག་སྤྲོ། །སངས་རྒྱས་སྐུར་ནི་རབ་ཏུ་བརྟག །ཨོཾ་གྱིས་སེམས་ཅན་ཡང་དག་སྡུད། །ཨཱཿས་ནི་གནས་པར་བྱེད་པའོ། ། ཞེས་བྱ་བ་གསུངས་ཏེ། བཅོམ་ལྡན་འདས་ཐུགས་རྡོ་རྗེ་འཆང་གི་རང་བཞིན་དུ་གྱུར་པའི་ཡི་གེ་ཧཱུྃ་སྲོག་གི་རང་ བཞིན་གྱིས་སེམས་ཅན་སངས་རྒྱས་ཀྱི་སྐུ་ཉིད་དུ་བརྟག་པ་སྟེ་དེའི་རྣམ་པ་ཅན་དུ་སྤྲོ་ཞིང་སྐྱེད་པར་བྱེད་དེ་སྤྲོ་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་བཅོམ་ལྡན་འདས་སྐུ་རྡོ་རྗེ་འཆང་གི་རང་བཞིན་དུ་གྱུར་པའི་ཡི་གེ་ཨོཾ་ནི་འཇུག་པའི་རང་བཞིན་གྱིས་སེམས་ཅན་རྣམས་སྔ་མ་བཞིན་དུ་ཡང་དག་པར་སྡུད་ཅིང་ འཇུག་པར་བྱེད་དོ། །གསུངས་རྡོ་རྗེ་འཆང་གི་རང་བཞིན་ཡི་གེ་ཨཱཿནི་མཉམ་པའི་རང་བཞིན་གྱིས་གནས་པར་བྱེད་པ་སྟེ། བུམ་པ་ལྟ་བུའི་གནས་སྐབས་སུ་སེམས་གནས་པར་བྱེད་པའོ། །སྤྲོ་བར་བྱེད་པ་དང་གང་བར་བྱེད་པ་དང་བུམ་པ་ལྟ་བུའི་རང་བཞིན་ཅན་གྱི་གསུམ་པོ་ཁོ་ནས་སེམས་རྩེ་གཅིག་པ་ ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི་དགོངས་པ་མ་ཡིན་པའོ། །རྡོ་རྗེ་བཟླས་པའི་རིམ་པའི་གོ་རིམས། འཇུག་པ་དང་ནི་གནས་པ་དང་། །ལྡང་བ་ཉིད་ཀྱི་རིམ་གྱིས་ཀྱང་། །ཤེས་རབ་ཐབས་ཀྱི་གཞིར་གནས་ཏེ། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །ཞེས་བྱ་བ་གསུངས་ཏེ། རྣལ་འབྱོར་པ་འཇུག་པ་ལ་སོགས་ པའི་རིམ་གྱིས་ལྡོག་པ་ན་རྣལ་འབྱོར་པ་ཤེས་རབ་ཐབས་ཀྱི་གཞིར་ཏེ་ཀུན་རྫོབ་དང་དོན་དམ་པས་ཐ་མི་དད་པའི་ངོ་བོ་ཉིད་ལ་གནས་ནས་སྔགས་ཡི་གེ་གསུམ་ཡན་ལག་མ་ཉམས་པ་སྟེ། སྔགས་དང་ལྷ་དག་ཐ་མི་དད་པའི་ཕྱིར་རང་བཞིན་གཅིག་པ་བཟླས་པར་བྱའོ་ཞེས་བྱ་བའི་དོན་ཏེ་དྲང་བའི་ 37-1-75b དོན་ཏོ། ། ཡང་ན་ཤེས་རབ་ཐབས་ཀྱི་གཞིར་ཏེ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པའི་རྡོ་རྗེ་པདྨ་སྦྱོར་བ་ལ་གནས་ནས་འཇུག་པ་ལ་སོགས་པའི་རིམ་གྱིས་ཏེ། འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དང་འདོད་ཆགས་བར་མའི་རིམ་གྱིས་སྔགས་ཏེ་འོད་གསལ་བ་ཡན་ལག་མ་ཉམས་པ་ སྟེ། ཀུན་རྫོབ་དང་དོན་དམ་པ་ཐ་མི་དད་པར་བཟླས་ཤིང་ཉམས་སུ་མྱོང་བར་བྱའོ་ཞེས་པ་ནི་ངེས་པའི་དོན་ཏོ། །ད་ནི་རླུང་གི་གྲངས་ཀྱི་སྒོ་ནས་བཟླས་པའི་གྲངས། གོས་དཀར་ལ་སོགས་བཟླས་བཤད་པ། །བརྒྱ་ཕྲག་གཉིས་དང་ཉི་ཤུ་ལྔ། །བཞི་པོ་ལེགས་པར་བསྒྲེས་ནས་ནི། །སྦྱོར་བཞི་ བསྡུས་པས་བརྒྱ་ཕྲག་དགུ། །དགུ་བརྒྱ་དག་ཏུ་གང་བསྟན་པ། །ཉི་ཤུ་རྩ་བཞི་རིམ་གྱིས་ནི། །དེ་ནི་སོ་སོར་འབྱུང་བ་ལ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །ཞེས་བྱ་བ་གསུངས་ཏེ། འདིར་རྣལ་འབྱོར་པ་ལྐོག་མ་ལ་སོགས་པའི་གནས་བཞི་རུ་མེའི་དཀྱིལ་འཁོར་ལ་སོགས་པ་གོས་དཀར་མོ་ལ་ སོགས་པ་ལྷ་མོ་བཞིའི་རང་བཞིན་ཅན་བཞི་བསྒོམ་པར་བྱའོ། །དཀྱིལ་འཁོར་དེ་དག་ཀྱང་རེ་རེ་ཞིང་འབྱུང་བ་ཆེན་པོ་བཞིའི་རང་བཞིན་ཅན་ཡིན་ཏེ། འབྱུང་བ་ཆེན་པོ་གཅིག་ཀྱང་བཞིའི་རང་གི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དཀྱིལ་འཁོར་རེ་རེའི་ཆ་ཤས་ཀྱི་ཉིས་བརྒྱ་ཉི་ཤུ་རྩ་ལྔའི་གྲངས་ཀྱིས་ དཀྱིལ་འཁོར་གཅིག་ལ་དགུ་བརྒྱ་ཡོད་དོ། །དེ་རྣམས་འཇུག་པ་ལ་སོགས་པའི་རིམ་གྱིས་དཀྱིལ་འཁོར་བཞི་ལ་ཉིན་མོ་ལ་བཅུ་གཉིས་མཚན་མོ་ལ་བཅུ་གཉིས་སུ་འགྱུར་ཏེ་རིམ་པ་དེས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་འགྱུར་རོ། །བསམ་པ་ནི་འདི་ཡིན་ཏེ་ཉིན་ཞག་ནི་ཆུ་ཚོད་དྲུག་ཅུའོ། །ཉིན་མོ་ལ་ཐུན་ བཞི་མཚན་མོ་ལ་ཐུན་བཞི་ཡོད་དོ། །དེའི་ཕྱིར་ཆུ་ཚོད་ཕྱེད་དང་བརྒྱད་ཀྱི་ཚད་ཀྱི་ཐུན་གཅིག་གི་ནང་དུ་དཀྱིལ་འཁོར་བཞི་ལ་རྡོ་རྗེ་བཟླས་པ་ཉིས་སྟོང་བདུན་བརྒྱ་ཡོད་དོ། །ཐུན་གསུམ་ལ་ཡང་དེ་བཞིན་དུ་འགྱུར་ཏེ། ཉིན་མོ་ལ་བསྡུས་ནས་ཁྲི་བརྒྱད་བརྒྱ་ཡོད་ཅིང་མཚན་མོ་ཁྲི་བརྒྱད་བརྒྱ་ཡོད་དོ། །དེ་ལྟར་རྡོ་རྗེ་ བཟླས་པ་ནི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་འགྱུར་ཏེ་སྒྲ་ཇི་བཞིན་པའོ། །ད་ནི་དོན་འདི་ཉིད་ཚད་མ་ཡིན་པར་བྱ་བའི་ཕྱིར་བཤད་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་ལུང་གི་ཚད་མ་ནང་གི་དུས་འདི་ཉིད་གསལ་བར་བྱ་བའི་ཕྱིར་འདུས་པའི་རྒྱུད་ཕྱི་མ་ལས་ཞེས་བྱ་བ་གསུངས་ཏེ་ནང་གི་དུས་ནི་དཀྱིལ་འཁོར་གྱི་རིམ་པ་ 37-1-76a བཟླས་པའི་གྲངས་སོ། །རིམ་པའི་ཚུལ་གྱི་ཆོ་ག་ཡིས། །ཐུན་མཚམས་བཞི་རུ་རབ་སྦྱོར་ལ། །མཚོན་བྱ་མཚོན་བྱེད་གྲངས་ཀྱིས་ནི། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །རིག་པ་ནི་སངས་རྒྱས་སྤྱན་ལ་སོགས་པ་རྣམས་ཏེ་དེ་རྣམས་ཀྱི་ཚུལ་ནི་དེ་དག་གིས་བྱིན་གྱིས་བརླབས་ པའི་དཀྱིལ་འཁོར་བཞི་པོ་རྣམས་སོ། །དེ་རྣམས་ཀྱི་ཆོ་ག་ནི་འཇུག་པ་ལ་སོགས་པའི་རིམ་གྱིས་དཀྱིལ་འཁོར་རེ་རེར་དགུ་བརྒྱ་ལ་སོགས་པའི་དབྱེ་བས་བཟླས་པའོ། །ཐུན་མཚམས་བཞི་རུ་རབ་སྦྱོར་ལ། །ཞེས་བྱ་བའོ། །ཉིན་མོ་དང་མཚན་མོ་ལའོ། །སྔགས་ནི་ཡི་གེ་གསུམ་མོ། །ཡན་ལག་ མ་ཉམས་པ་ནི་སྔ་མ་བཞིན་དུ་ལྷའི་རྣལ་འབྱོར་དང་ཐ་མི་དད་པའོ། །མཚོན་བྱ་ནི་དཀྱིལ་འཁོར་རྣམས་སོ། །མཚོན་བྱེད་ནི་རླུང་རྣམས་ཏེ་དེའི་གྲངས་ཀྱིས་བགྲང་བས་བཟླས་པར་བྱའོ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། །ད་ནི་རྡོ་རྗེ་བཟླས་པ་བླང་བར་བྱ་བ་ཉིད་ཡིན་པར། བསྒོམ་པ་ཡི་ནི་བར་ཆད་ཅན། ། རྣལ་འབྱོར་ཕྱི་རོལ་བཟླས་པ་སྤང་། །སྔགས་དོན་བཅོམ་ལྡན་རྡོ་རྗེ་ཅན། །རྡོ་རྗེའི་བདག་ཉིད་ཇི་ལྟར་བཟླས། །ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། །ཕྱི་རོལ་བཟླས་པ་ཞེས་བྱ་བ་ནི་ཕྲེང་བའི་བྱེ་བྲག་ལ་བསྟན་ནས་རེ་ཞིག་དབྱེ་བས་འབུམ་ལ་སོགས་པའི་གྲངས་ཀྱིས་ལུས་དང་ངག་དང་སེམས་ སྡུག་བསྔལ་བར་བྱེད་པའོ། །དེ་རྫོགས་པའི་རྣལ་འབྱོར་པ་སྟེ། རྡོ་རྗེ་བཟླས་པ་གོམས་པར་བྱེད་པའམ། དེའི་ཕྱི་རོལ་དུ་ཕྱིན་པས་སྤང་ཞིང་དོར་བར་བྱའོ། །ལས་དང་པོ་པའམ་བསྐྱེད་པའི་རིམ་པའི་རྣལ་འབྱོར་པས་ནི་དོར་བར་བྱ་བ་མ་ཡིན་ཏེ། དེ་དག་གི་དེ་ནི་བླང་བར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། ། ཕྱི་རོལ་གྱི་བཟླས་པ་ཇི་ལྟ་བུ་ཞེ་ན་བསྒོམ་པའི་སྟེ་འོད་གསལ་བའི་མཚན་ཉིད་ཀྱི་བར་ཆད་བྱེད་པ་ནི་གེགས་བྱེད་པའོ། །རྟོག་པ་དང་བཅས་པ་དང་རྟོག་པ་མེད་པ་ནི་འགལ་བའི་ཕྱིར་མཉམ་པར་གཞག་པ་དང་ལངས་པ་བཞིན་ནོ། །གཏན་ཚིགས་གསུངས་ཏེ། སྔགས་ཀྱི་རང་གི་ངོ་བོ་བརྗོད་པར་བྱ་བའི་ དོན་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སྔགས་བཟླས་པར་བྱའོ་ཞེས་གྲགས་ན། གང་གི་ཚེ་རྫོགས་པའི་རྣལ་འབྱོར་རྡོ་རྗེ་བཟླས་པའི་རིམ་པས་རྡོ་རྗེ་ཅན་ཏེ་རྡོ་རྗེ་འཆང་ཉིད་དུ་འགྱུར་བ་དེའི་ཚེ་དེ་ཁོ་ན་སྔགས་ཀྱི་དོན་ཡིན་པས་དེ་ལ་ཐོབ་པར་བྱ་བ་གཞན་ཅི་ཞིག་ཡོད། དེ་ཉིད་ཀྱི་ཕྱིར་རྡོ་རྗེའི་བདག་ཉིད་དེ། 37-1-76b རྡོ་རྗེ་འཆང་དངོས་ཡིན་ན་ཇི་ལྟར་ཟློས་ཤིང་ཟློས་པར་མི་རུང་ངོ་། །འབྲས་བུ་ཐོབ་པ་ན་ཐབས་དགོས་པ་མེད་ཕྱིར་ཏེ། འབྲས་བུ་ཐོབ་ནས་དོར་བྱ་བ། །གང་དེ་ཐབས་སུ་རབ་ཏུ་བརྗོད། །ཅེས་འབྱུང་བའི་ཕྱིར་རོ། །དཔེ་ནི། གླང་པོ་སྔོན་དུ་རྙེད་གྱུར་ནས། །གླང་པོའི་རྗེས་ནི་ཚོལ་བྱེད་ལྟར། །སྔགས་ལུས་རང་ ཉི་མངོན་གྱུར་ནས། །གཞན་དག་ཅི་ཞིག་ཚོལ་བར་བྱེད། །ཅེས་བྱ་བ་གསུངས་ཏེ། གླང་པོ་དོན་དུ་གཉེར་བར་གྱུར་པའི་སྐྱེས་བུ་འགའ་ཞིག་ལམ་དུ་ཞུགས་པར་གྱུར་པ་ན་གླང་པོ་རྙེད་པ་དེ་སྡུག་བསྔལ་བའི་དོན་དུ་ལོ་མ་དང་རྩྭ་དང་རྡོ་བས་གཡོགས་པའི་ནགས་སུ་གླང་པོའི་རྗེས་ཏེ་རྐང་རྗེས་ཅིའི་ ཕྱིར་ཚོལ་བར་བྱེད། ཚོལ་བར་བྱེད་པ་ནི་མ་ཡིན་ཏེ་དེ་རྙེད་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་རྣལ་འབྱོར་པ་གང་དག་གིས་སྔགས་ལུས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གྱི་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་གྱུར་པ་ན་རང་ཉིད་དེ་དག་གིས་སོ། །མངོན་དུ་གྱུར་ནས་ཏེ་ཚེ་འདི་ཉིད་ལ་མངོན་སུམ་ དུ་གྱུར་ནས་སོ། །གཞན་དག་སྟེ་ཚིག་གི་བཟླས་པ་ལ་སོགས་པའི་དྲ་བ་ཅི་སྟེ་ཚོལ་བར་བྱེད་ཅིང་འདོད་པར་བྱེད་ཅེས་བྱ་བའི་དམ་ཚིག་གོ། །སྒྲ་ཇི་བཞིན་པའོ། །འདིར་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་དམ་ཆིག་དང་ཡེ་ཤེས་དང་ཏིང་ངེ་འཛིན་སེམས་དཔའི་བདག་ཉིད་ཅན་གྱི་སྐུར་བྱིན་གྱིས་ བརླབས་ནས་སྤྱན་འདྲེན་པ་ལ་སོགས་པའི་སྔགས་ཀྱི་མཆོད་པའམ་རབ་གནས་སམ་ལས་ཀྱི་ཚོགས་ལ་སོགས་པ་གཞན་གང་ཡང་རུང་བ་བྱེད་པ་མ་ཡིན་ནམ། དེ་ཇི་ལྟར་རྫོགས་པའི་རྣལ་འབྱོར་པ་ལ་རུང་བར་འགྱུར་སྙམ་དུ་དོགས་པ་ནི། གཞན་ཡང་རྡོ་རྗེ་འཛིན་གང་ཞིག །སྦྱོར་བ་ གསུམ་དང་ལྡན་པ་ཡིས། །སྤྱན་དྲངས་གཤེགས་སུ་གསོལ་བ་དང་། །དེ་བཞིན་བཞུགས་སུ་གསོལ་བ་ཉིད་། །ཅེས་བྱ་བ་གསུངས་ཏེ། ཚིགས་བཅད་འདིས་ནི་ཕྱོགས་སྔ་མ་བཞིན་ནོ། །རྡོ་རྗེ་འཛིན་ཅེས་བྱ་བ་ནི་ཟླ་བ་དང་རྡོ་རྗེ་ལ་སོགས་པའི་རིམ་གྱིས་བསྐྱེད་པའི་ལྷའི་སྐུའོ། །མི་གང་ཞིག་ནི་བསྐྱེད་ པའི་རིམ་པའི་རྣལ་འབྱོར་པའི་གང་གི་ཚེ་སྦྱོར་བ་གསུམ་དང་སྟེ། དམ་ཚིག་དང་ཡེ་ཤེས་དང་། ཏིང་ངེ་འཛིན་སེམས་དཔའི་རྣལ་འབྱོར་དང་ལྡན་པ་ཡིན་པ་དེ་ཇི་ལྟར་ཡེ་ཤེས་སེམས་དཔའ་ལ་འཇུག་པར་བྱེད་ཅེ་ན། དེའི་ཕྱིར་སྤྱན་དྲངས་ཞེས་གསུངས་ཏེ། ཡི་གེ་ཛཿས་ཡེ་ཤེས་སེམས་དཔའ་དགུག་ 37-1-77a པའོ། །དེའི་རྗེས་ལ་ཧཱུྃ་བཾ་ཧོཿའི་ས་བོན་རྣམས་ཀྱིས་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་ནི་བཞུགས་སུ་གསོལ་བའོ། །དེའི་རྗེས་ལ་བསྐྱེད་པའི་རིམ་པ་བསྒོམ་པ་ཐམས་ཅད་རྫོགས་ནས་ཡི་གེ་མུཿས་གཤེགས་སུ་གསོལ་བ་སྟེ། ནམ་མཁའི་ཁམས་སུ་གཤེགས་སུ་ གསོལ་བའོ། །དཀྱིལ་འཁོར་གྱི་ཆོ་ག་དང་མཆོད་པ་དང་རབ་གནས་ཀྱི་སྐབས་སུ་ཡང་དེ་བཞིན་དུ་བྱའོ། །དེའི་ཚེ་བདག་དང་གཞན་གྱི་དོན་ངེས་པར་འགྲུབ་པར་འགྱུར་ཏེ།སྒྲ་ཇི་བཞིན་པའོ། །རྫོགས་པའི་རྣལ་འབྱོར་པ་ཇི་ལྟར་དེ་རྣམས་བྱེད་པར་འགྱུར་ཞེས་དྲི་བའི་ལན་དུ། འཇུག་པ་ཡི་ནི་སྤྱན་ དྲངས་ཏེ། །མྱུར་བ་ཡིས་ནི་གཤེགས་སུ་གསོལ། །གཉི་ག་མིན་པས་བཞུགས་སུ་གསོལ། །དབུགས་མེད་དངོས་གྲུབ་དམ་པའོ། །ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་བཟླས་པའི་རིམ་པའི་རྣལ་འབྱོར་པ་གང་གི་ཚེ། ཡི་གེ་ཨོཾ་གྱི་དབྱངས་ཀྱི་རང་བཞིན་གྱི་རླུང་གིས་འཇུག་པར་བྱེད་པ་དེའི་ཚེ་རྣམ་པར་ སྣང་མཛད་ཀྱི་རིགས་དང་འབྲེལ་པའི་ལྷའི་འཁོར་ལོ་སྤྱན་དྲངས་པ་བྱས་པར་འགྱུར་ཏེ། ཨོཾ་ནི་དེའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །གང་གི་ཚེ་ཡི་གེ་ཧཱུྃ་གི་རང་བཞིན་གྱི་སྲོག་གི་རླུང་མྱུར་བ་ཞེས་བྱ་བའི་མིང་ཅན་གྱིས་འབྱུང་བར་བྱེད་པ་དེའི་ཚེ་མི་བསྐྱོད་པའི་རིགས་དང་འབྲེལ་པའི་ལྷའི་འཁོར་ལོ་ གཤེགས་སུ་གསོལ་བར་བྱས་པར་འགྱུར་ཏེ། ཡི་གེ་ཧཱུྃ་ནི་དེའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །གང་གི་ཚེ་ཡི་གེ་ཨཱཿའི་རང་བཞིན་གྱི་མཉམ་པའི་རླུང་གཉི་ག་མིན་པ་ལ་བརྟེན་ནས་གནས་པ་དེའི་ཚེ་འོད་དཔག་ཏུ་མེད་པའི་རིགས་རྗེས་སུ་འབྲེལ་པའི་ལྷའི་འཁོར་ལོ་བཞུགས་སུ་གསོལ་བ་སྟེ་ གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བའི་མཚན་ཉིད་ཀྱིས་ལས་བྱས་པར་འགྱུར་བ་སྟེ། ཡི་གེ་ཨཱཿནི་དེའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །གང་གི་ཚེ་དེ་དག་ཐམས་ཅད་རྣམ་པར་གཡེང་བ་དང་མཚུངས་པ་ཡིན་པར་སེམས་པ་དེའི་ཚེ་འཇུག་པ་ལ་སོགས་པ་བཀག་པས་དབུགས་མེད་དེ་ དབུགས་རྒྱུ་བ་དང་བྲལ་བའི་མ་ནིང་གི་བཟླས་པ་གོམས་པར་བྱེད་པ་དེའི་ཚེ། དངོས་གྲུབ་དམ་པ་རྣལ་འབྱོར་པས་གང་གི་སྐད་ཅིག་ཙམ་གྱིས་ཁམས་གསུམ་པ་ཡང་དེའི་རང་བཞིན་དུ་བྱེད་པའི་རྡོ་རྗེ་འཆང་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་བསྐྱེད་པའི་རིམ་ 37-1-77b པའི་སྒོམ་པ་པོས་སྡུག་བསྔལ་གྱིས་གྲུབ་པ་གང་ཡིན་པ་དེ་རྣལ་འབྱོར་པ་འདིས་འབད་པ་མེད་པར་འགྲུབ་པོ་ཞེས་བྱ་བ་ནི་ངག་གི་དོན་ཏེ། དགོངས་པ་མ་ཡིན་པའོ། །ད་ནི་འདི་ཉིད་གསང་བར་བྱ་བ་ཉིད་ཡིན་པར་བསྟན་པའི་ཕྱིར། མྱུར་བ་དང་ནི་རྣལ་འདུག་དང་། །དལ་བ་ཅན་དང་སྔགས་སྦྱོར་ བ། །བླ་མས་སློབ་མའི་རྣ་དྲུང་དུ། །རབ་ཏུ་འབད་དེ་བཤད་པར་བྱ། །ཞེས་བྱ་བ་གསུངས་ཏེ། དེ་ལྟ་བུའི་བྱ་བའི་རིམ་པས་མྱུར་བ་ལ་སོགས་པའི་རིམ་པས་སྔགས་དང་ཡི་གེ་གསུམ་དུ་སྦྱོར་བ་ནི་གཅིག་ཏུ་བྱེད་པ་གང་ཡིན་པའོ། །དེའི་སྒོ་ནས་སྔགས་སྦྱར་བ་སྤྱན་དྲང་བ་ལ་སོགས་པ་བྱེད་པ་ དེ་ནི་སློབ་མ་ལ་བླ་མ་སྟེ། རྡོ་རྗེ་སློབ་དཔོན་གྱིས་རྣ་དྲུང་དུ་བཤད་པར་བྱའོ་ཞེས་བྱ་བ་འདིས་ནི་ཆེས་ཤིན་ཏུ་གསང་བ་ཉིད་ཡིན་པར་བཤད་པ་ཡིན་ཏེ་དགོངས་པས་བཤད་པའོ། །ཡང་ན་མྱུར་བ་ནི་བྲལ་བའོ། །རྣལ་འདུག་ནི་མཆོག་གོ། །དལ་བ་ཅན་ནི་དགའ་བའོ། །དེ་རྣམས་དང་སྔགས་ཏེ་ བཞི་པ་དབུགས་མེད་པ་ལྷན་ཅིག་སྦྱོར་བ་ནི་མར་ལ་མར་བཞིན་དུ་གཅིག་ཉིད་དུ་གྱུར་པའོ། །དེ་ལྟ་བུའི་མན་ངག་གི་དབང་བསྐུར་བ་ནི་སློབ་དཔོན་གྱིས་སློབ་མའི་རྣ་དྲུང་དུ་བརྗོད་པར་བྱ་སྟེ་སྦས་པའོ། །ད་ནི་རྡོ་རྗེ་བཟླས་པའི་བྱེ་བྲག་གཞན། དེ་ནས་རྣལ་འབྱོར་དབང་ཕྱུག་གིས། །ཐབས་ཀྱི་དམ་པ་རབ་སྟོན་ ཅིང་། །རྣལ་འབྱོར་འབྲས་བུ་རབ་སྟེར་བའོ། །གསང་བའི་ཡི་གེ་བསྟན་པར་བྱ། །གང་ཞིག་བསམས་པ་ཙམ་གྱིས་ནི། །རྣལ་འབྱོར་པ་ནི་མཆོག་སྟེར་འགྱུར། །ཞེས་བྱ་བ་གསུངས་ཏེ། དེ་ནས་ཏེ་རྗེས་ཐོགས་སུ་གསང་བའི་ཡི་གེ་གསུམ་གྱི་ནང་ནས་ཐུགས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་གསང་བའོ། ། ཆོས་ཀྱི་དབྱིངས་མི་གཡོ་བའི་ཕྱིར་རང་བཞིན་ཉིད་ཡིན་པའི་ཕྱིར་ཡི་གེའོ། །དམ་པ་ནི་ནང་གི་བདག་ཉིད་ཅན་ནོ། །ཐབས་ནི་དཀྱིལ་འཁོར་བཞིའི་རིམ་གྱི་ཆ་ཤས་དང་ཆ་ཤས་ཀྱི་དབྱེ་བས་དགོད་པའོ། །དེ་སྟོན་པ་ནི་ཐོབ་པར་བྱེད་པའོ། །རྣལ་འབྱོར་དབང་ཕྱུག་སྟེ་རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ ཀྱི་བྱ་བའི་དོན་དུ་བཤད་པར་བྱ་ཞིང་རྣམ་པར་ཕྱེ་ནས་བཤད་པར་བྱའོ། །རྣལ་འབྱོར་ནི་ཏིང་ངེ་འཛིན་ཏོ། །དེར་འབྲས་བུ་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པ་སྟེ་དེ་རབ་ཏུ་སྟེར་བ་ནི་ཐོབ་པར་བྱེད་པའོ། །ཕུལ་དུ་བྱུང་བ་གསུངས་པ་ནི་རེ་ཞིག་བསྒོམ་པ་ལྟ་ཞོག་གི་གང་ཞིག་བསམས་པ་སྟེ། དྲན་ 37-1-78a པ་ཙམ་གྱིས་ཀྱང་རྣལ་འབྱོར་པ་སྔགས་པ་མཆོག་སྟེར་བར་འགྱུར་ཞིང་འཇིག་རྟེན་ལ་ཕན་འདོགས་པར་བྱེད་པར་འགྱུར་རོ་ཞེས་བྱ་བ་ནི་དགོངས་པ་མ་ཡིན་པའོ། །དེ་ཉིད་ནི། དང་པོའི་ཡི་གེ་སྦྱོར་བ་ཡིས། །རྟག་ཏུ་དབུགས་ནི་དབྱུང་བར་བྱ། །བརྒྱད་པའི་མཐའ་དང་ལྡན་པ་ཡིས། །ཡི་ གེ་ཨུ་ནི་ཐིག་ལེར་བཅས། །ནལ་འབྱོར་པ་ནི་དབུགས་གཏོང་བྱེད། །འདིར་ནི་འདོད་པའི་བཟླས་པར་བཤད་། །ཅེས་བྱ་བ་གསུངས་ཏེ་དོན་ནི་འདི་ཡིན་ནོ། །རེ་ཞིག་དང་པོར་རྡོ་རྗེ་བཟླས་པའི་རྣལ་འབྱོར་པས་ལྟེ་བའི་དཀྱིལ་འཁོར་ལ་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་རྩིབས་བརྒྱད་པའི་དབུས་སུ་ཡི་གེ་ ཨ་བསྒོམས་ཏེ། དེ་ལས་སྐད་ཅིག་གི་འོད་ཟེར་གྱི་སྒོ་ནས་ཡི་གེ་གསུམ་རྣམ་པར་སྤྲོས་ནས་གནས་ཇི་ལྟ་བ་བཞིན་དུ་བཀོད་དེ། དེ་ནས་སྔ་མ་བཞིན་དུ་བསྡུས་ནས་ཡི་གེ་ཧཱུྃ་འབའ་ཞིག་བསམ་པར་བྱའོ། །དེ་བསྟན་པ་སྟེ་དང་པོའི་ཡི་གེ་ནི་ཡི་གེ་ཨའོ། །དེའི་སྦྱོར་བས་དབུགས་དབྱུང་བ་ནི་ཡི་ གེ་གསུམ་སྤྲོ་བར་བྱའོ། །དེའི་རྗེས་ལ་གནས་ཇི་ལྟ་བ་བཞིན་དུ་གནས་པར་བལྟས་ལ་བསྡུས་ནས་བརྒྱད་པའི་མཐའ་སྟེ། ཡི་གེ་ཧ་ཡི་གེ་ཨཱུ་དང་ཐིག་ལེར་ཡང་དག་པར་སྦྱར་བའི་ཡི་གེ་ཧཱུྃ་བསམས་ཏེ། དཀྱིལ་འཁོར་བཞིར་ཆ་ཤས་རྣམས་རྣམ་པར་བསྒོམས་ནས་དེ་ཉིད་ལ་བསྟེན་ཏེ། དབུགས་གཏོང་བ་ནི་རྔུབ་པ་ལ་སོགས་པ་གསུམ་བྱ་བའོ། །དེ་ནི་འདོད་པའི་བཟླས་པ་སྟེ། འདོད་པ་ཡོངས་སུ་རྫོགས་པར་བྱེད་ཅིང་ཐུགས་རྡོ་རྗེ་འཆང་གི་ངོ་བོ་སྐུ་དང་གསུང་གཅིག་ཏུ་བྱེད་པའི་རང་བཞིན་གྱི་བཟླས་པར་བཤད་དོ་ཞེས་བྱ་བ་ནི་དགོངས་པ་མ་ཡིན་པའོ། །ད་ནི་སྔ་མ་བཞིན་དུ་བཟླས་ པའི་གྲངས་ཀྱང་། ཁྲི་ཕྲག་གཉིས་དང་སྟོང་ཕྲག་དང་། །དེ་བཞིན་ཁོ་ནར་བརྒྱ་ཕྲག་དྲུག །རྣལ་འབྱོར་དབང་པོས་ཉིན་མཚན་དུ། །བཟླས་པའི་གྲངས་ནི་ངེས་པར་བྱེད་། །ཅེས་བྱ་བ་གསུངས་ཏེ་བསམ་པ་ནི་འདི་ཡིན་ནོ། །རྡོ་རྗེ་བཟླས་པ་འདི་ནི་སྔགས་འབའ་ཞིག་ཐ་དད་ཀྱི་དཀྱིལ་འཁོར་དང་ རླུང་དང་ཐུན་མཚམས་ཀྱི་རིམ་པ་རྣམས་ཀྱི་ནི་མཚུངས་པ་ཁོ་ན་ཡིན་ཏེ། རླུང་གི་རྒྱུ་བ་རང་བཞིན་གྱིས་གྲུབ་པ་རྣམས་ཀྱི་གྲངས་ནི་ཉུང་བའམ་མང་དུ་བྱ་བར་སུ་ཞིག་གིས་ནུས་པར་འགྱུར། གཞན་དུ་ན་བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་གྲངས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་གསུངས་པར་འགྱུར། སྒྲ་ཇི་བཞིན་ 37-1-78b པའོ། །ད་ནི་ལུང་གི་ཚད་མ་ཉིད་བསྟན་པའི་ཕྱིར། དེ་འདོད་གསང་བ་དགོངས་པ་ལས། །ཕྲ་མོའི་རྣལ་འབྱོར་རབ་ཏུ་བཤད། །ཀློག་དང་བསམ་གཏན་མེད་མོད་ཀྱི། །འོན་ཀྱང་བཟླས་པར་བཤད་པ་ཡིན། །ཞེས་བྱ་བ་གསུངས་ཏེ། གསང་བ་དགོངས་པ་ལས་ཞེས་བྱ་བ་ནི་འདུས་པའི་བཤད་པའི་ རྒྱུད་དགོངས་པ་ལུང་བསྟན་པ་ལས་སོ། །དེ་འདོད་དེ་མངོན་པར་འདོད་པ་རྣམས་ལ་བཅོམ་ལྡན་འདས་ཀྱིས་ཕྲ་མོའི་རྣལ་འབྱོར་ཏེ། སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་རང་བཞིན་གྱི་རྡོ་རྗེ་བཟླས་པ་འདི་བཤད་པ་ཡིན་ནོ། །འདི་ནི་ཀློག་དང་སྟེ་སྔགས་ཀྱི་བཟླས་པ་འབུམ་ལ་སོགས་པ་ཉམས་སུ་བླང་བ་དང་། བསམ་ གཏན་ཏེ་དེ་ཞལ་དང་ཕྱག་ལ་སོགས་པ་དང་ལྡན་པའི་ལྷའི་སྐུ་བསྒོམ་པ་མེད་མོད་ཀྱི་སྟེ་སྤངས་མོད་ཀྱི་འོན་ཀྱང་རྣལ་འབྱོར་པའི་བཟླས་པར་བཤད་པ་ཡིན་ཏེ་བཟླས་པ་འདི་ནི་རང་བཞིན་གྱིས་གྲུབ་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ངག་གི་དོན་ཏོ། །ཀློག་དང་བསམ་གཏན་མེད་པར་ཡང་། །མི་ མཁས་རྡོ་རྗེ་བཟླས་པས་ཟློས། །ཞེས་འབྱུང་བའི་ཕྱིར་ཏེ་དགོངས་པ་མ་ཡིན་པའོ། །ད་ནི་རྡོ་རྗེ་བཟླས་པ་ལས་ཐམས་ཅད་བསྒྲུབ་པའི་མཐུ་དང་ལྡན་པ་ཡིན་པར། རྡོ་རྗེ་བཟླས་པ་འདི་ཡིས་ནི། ཆོ་ག་བཞིན་དུ་བསྙེན་བྱས་ན། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །ལས་རྣམས་ཐམས་ཅད་ བསྒྲུབ་པར་བྱ། །ཞེས་བྱ་བ་གསུངས་ཏེ། འདི་ཡིས་ནི་ཞེས་བྱ་བ་སྔར་བཤད་པའི་རྡོ་རྗེ་བཟླས་པའི་རིམ་པས་ཆོ་ག་ཇི་བཞིན་དུ་ཞེས་བྱ་བ་དཀྱིལ་འཁོར་བཞིའི་རིམ་པས་བསྙེན་པ་སྟེ་སྣའི་བུ་ག་གཡས་པ་ལ་སོགས་པའི་རིམ་གྱིས་ཐུན་ཕྱེད་ཕྱེད་ཀྱི་དུས་སུ་གནས་པར་བྱས་ནས་ཞི་བ་དང་ རྒྱས་པ་དང་དབང་དང་དགུག་པའི་ལས་རྣམས་ཐམས་ཅད་བསྒྲུབ་པར་བྱ་སྟེ་འབད་པ་མེད་པར་བྱའོ། །གལ་ཏེ་དེ་ལྟ་ན་འོ་ན་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་དང་འདི་ལ་ཁྱད་པར་ཅི་ཡོད་ཅེ་ན། སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །ཞེས་བྱ་བ་གསུངས་ཏེ། བདག་བྱིན་གྱིས་བརླབ་པའི་རིམ་ པ་དབང་པོའི་གཞུ་ལྟ་བུའི་རྡོ་རྗེ་འཆང་གི་སྐུ་འཛིན་པ་དང་ཕྱི་རོལ་གྱི་དངོས་པོ་ཐམས་ཅད་ཀྱང་སྒྱུ་མའི་དཔེ་བཅུ་གཉིས་ཀྱི་ཚུལ་དུ་མཐོང་བས་ལས་ཐམས་ཅད་བྱ་བ་ཡིན་པའི་ཕྱིར་རིམ་པ་འདི་ནི་བསྐྱེད་པའི་རྣལ་འབྱོར་པ་ལ་མེད་ཅེས་བྱ་བའི་དོན་ཏོ། །སྤྱིའི་དོན་དང་སྦས་པའི་བཤད་པ་དག་ཡིན་ནོ། ། 37-1-79a ད་ནི་དུས་ཀྱི་རྣམ་པར་དབྱེ་བས་འགྲུབ་པ་དེ་བས་ན་གཉིས་སུ་མེད་པ་རྣམ་པར་རྒྱལ་བ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་གསུངས་པ། མཉམ་མེད་སྔགས་ནི་བཟླས་ནས་སུ། །སྒྲུབ་པའི་བདག་ཉིད་ཅན་གྱིས་བསྒྲུབ། །དེ་ཡིས་ཟླ་བ་གཅིག་གིས་ནི། །ཁམས་གསུམ་འགྲུབ་ པར་གདོན་མི་ཟ། །རྣམ་ཤེས་ལས་ནི་འབྱུང་བའི་སྔགས། །འབུམ་ཕྲག་དྲུག་ནི་བཟླས་བྱ་སྟེ། །རྡོ་རྗེ་སེམས་དཔའ་ཕྱག་བྱས་ནས། །ཟླ་བ་ཉ་ལ་དེ་འགྲུབ་འགྱུར། །ཞེས་བྱ་བ་གསུངས་ཏེ། མཉམ་མེད་ནི་འཇུག་པ་ལ་སོགས་པའི་རིམ་གྱིས་བཟླས་པ་བྱའོ། །སྔགས་ནི་ཡི་གེ་གསུམ་མོ། །སྒྲུབ་ པའི་བདག་ཉིད་ཅན་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་སྒྲུབ་པ་པོའོ། །བསྒྲུབ་པ་ནི་རེ་ཞིག་བདག་ཉིད་རྣམ་པར་མི་རྟོག་པའི་གནས་སྐབས་ལ་འཇུག་པར་བྱའོ། །ཟླ་བ་གཅིག་གིས་ཁམས་གསུམ་སྟེ་ཁམས་གསུམ་ན་གནས་པའི་སེམས་ཅན་གྱི་ཁམས་འགྲུབ་ཅིང་ཞི་བ་ལ་ སོགས་པའི་ལས་རྣམས་འགྲུབ་པའི་བར་དུ་འགྱུར་བ་འདིར་ཐེ་ཚོམ་མི་བྱ་སྟེ་དགོངས་པ་མ་ཡིན་པའོ། །ཟླ་བ་གཅིག་གིས་ཇི་ལྟར་འགྲུབ་ཅེ་ན་ཟླ་བ་གཅིག་གིས། འབུམ་ཕྲག་དྲུག་ནི་བཟླས་བྱ་སྟེ། །ཞེས་བྱ་བ་སྨོས་ཏེ། འདི་ལྟར་ཉིན་ཞག་གཅིག་ལ་གྲངས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོད་པས་ཞག་ ལྔ་ལ་བཟླས་པ་འབུམ་རྩ་བརྒྱད་དུ་འགྱུར་ཞིང་འབུམ་རྩ་བརྒྱད་ནི་འབུམ་ཞེས་བགྲང་བར་བྱའོ། །དེ་ལྟར་ན་ཟླ་བ་གཅིག་ལ་བཟླས་པ་འབུམ་ཕྲག་དྲུག་ཡོད་དོ། །དེ་གསུངས་པ་སྔགས་ཡི་གེ་གསུམ་རྣམ་ཤེས་ལས་བྱུང་བ་སྟེ། རླུང་གི་བཞོན་པ་དང་ལྡན་པའི་རྣམ་པར་ཤེས་པའི་དབང་ གིས་ཟློས་པ་ན་དེ་བཞིན་གཤེགས་པ་ལྔ་དང་དྲུག་པ་རྡོ་རྗེ་སེམས་དཔའི་བཟླས་པ་བྱས་པར་འགྱུར་རོ། །དེ་གསུངས་པ་རྡོ་རྗེ་སེམས་དཔའ་ཕྱག་བྱས་ཏེ་རབ་ཏུ་བཏུད་ནས་སོ། །ཟླ་བ་ཉ་ལ་སྟེ་ཟླ་བའི་མཐའ་མའི་ཞག་ལ་འགྲུབ་པར་འགྱུར་བ་ནི་རྣལ་འབྱོར་པས་རང་གི་དོན་གྱི་ཕྱོགས་ལ་ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དང་གཞན་གྱི་དོན་གྱི་ཕྱོགས་ལ་ཞི་བ་ལ་སོགས་པའི་ལས་འགྲུབ་པ་འཐོབ་བོ་ཞེས་བྱ་བའི་དོན་ཏེ་དགོངས་པ་མ་ཡིན་པའོ། །ད་ནི་རྫོགས་པའི་རྣལ་འབྱོར་པ་ནི་རྡོ་རྗེ་བཟླས་པ་ཙམ་འབའ་ཞིག་ལས་འགྲུབ་པར་འགྱུར་ཏེ། བརྟུལ་ཞུགས་ལ་སོགས་པ་ནི་དགོས་པ་ 37-1-79b མེད་པའི་ཕྱིར། དེ་ལ་བརྟུལ་ཞུགས་བཤད་པ་མེད། །ཕྲེང་བ་མི་དགོས་བགྲང་མི་དགོས། །གཟུང་དང་སྦྱིན་སྲེག་ལས་རྣམས་དག །གཞན་དང་གཞན་ཡང་དགོས་པ་མེད། །ཅེས་བྱ་བ་གསུངས་ཏེ། དེ་ལ་བརྟུལ་ཞུགས་ཞེས་བྱ་བ་ནི་ངེས་པར་སྔོན་དུ་སོང་བ་ཅན་གྱི་རྟགས་འཛིན་པ་སྟེ། དེ་ནི་རྡོ་ རྗེ་བཟླས་པའི་རྣལ་འབྱོར་པ་ལ་བཅོམ་ལྡན་འདས་ཀྱིས་བཤད་པ་མེད་དེ་བསྟན་པ་མེད་དོ། །དེ་བཞིན་དུ་ཡང་དེ་ནི་རིགས་པ་དང་ལུང་དག་གིས་དཔྱད་པར་བྱ་སྟེ། བརྟུལ་ཞུགས་ཞེས་བྱ་བ་འདི་ཅི་ཞིག་ཡིན་ཞེ་ན་འོན་ཏེ་རལ་པ་ཐོགས་པ་དང་། ཆོས་གོས་གྱོན་པ་དང་། ཐིག་ལེ་གསུམ་པ་དང་། དབྱུ་གུ་ གསུམ་ཐོགས་པ་དང་། ཐལ་བས་བྱུག་པ་དང་། ཚེགས་ཆེན་པོ་དང་། ཟླ་བའི་རྗེས་སུ་འབྲང་བ་ལ་སོགས་པ་དང་། མགོ་བྲེགས་པ་ཉིད་དང་། རུས་པའི་ཕྲེང་བ་ཐོགས་པ་དང་། སློང་མོ་བྱེད་པ་དང་། ས་ལ་ཉལ་བ་ཉིད་དང་། ཡུལ་ནས་ཡུལ་གཞན་དུ་འགྲོ་བ་ལ་སོགས་པ་ལྟ་བའི་བྱེ་བྲག་གིས་རབ་ཏུ་ གྲགས་པའི་ཉམས་སུ་བླང་བར་བྱ་བའི་བརྟུལ་ཞུགས་ཀྱི་བྱེ་བྲག་མང་པོ་མཐོང་ངོ་ཞེས་ཟེར་ན་མཐོང་བ་ནི་བདེན་ཏེ། འོན་ཀྱང་གཞན་ཡང་ཁམ་པའི་སྣོད་ཞབས་མེད་པ་དང་རྩྭའི་ཆུན་པོ་དང་གྱོ་མོ་ལ་སོགས་པ་རྐེ་དང་ལག་པ་དང་རྐང་པ་ལ་སོགས་པ་ལ་གདགས་པར་བྱས་ནས་ལུས་ཀྱི་ཁུར་དང་སེམས་སྐྱོ་བ་དང་འཇིག་ རྟེན་གྱི་བཞད་གད་ཀྱི་རྒྱུ་ཉིད་དུ་འགྱུར་བ་དེ་རྣམས་ཅིའི་ཕྱིར་མི་བྱ་ཞེ་ན། ཅི་སྟེ་ལུས་ལ་སོགས་པ་སྡུག་བསྔལ་བ་དང་འཇིག་རྟེན་གྱི་བཞད་གད་ཀྱི་འབྲས་བུ་ཅན་ནི་མི་བྱ་བ་ཁོ་ནའོ། །འོ་ན་ཅི་ཞེ་ན། ལོངས་སྤྱོད་དང་ཐར་པའི་འབྲས་བུ་ཅན་བསྟན་བཅོས་ལས་བཤད་པའི་ངེས་པའི་བདག་ཉིད་ཅན་གྱི་ཆོ་ག་ཁོ་ ནའོ་ཞེས་ཟེར་ན་བསྟན་བཅོས་ཞེས་བྱ་བ་ནི་ཅི་ཞིག་ཇི་ལྟར་ན། དེ་ཚད་མ་ཉིད་ཡིན་ཞིང་དེ་ངེས་པའི་ངོ་བོ་ཉིད་ཇི་ལྟ་བུ་ཡིན་ཞེ་ན། གལ་ཏེ་འདིས་ངེས་པར་བྱེད་པ་ན་ངེས་པ་ཡིན་ནོ་ཞེ་ན། དེས་ཅི་ཞིག་ངེས་པར་བྱེད་དེ། ཅི་བརྟུལ་ཞུགས་ཅན་གྱི་ལུས་སམ་འོན་ཏེ་སེམས་ཡིན་གྲང་ན་རེ་ཞིག་སེམས་ནི་མ་ཡིན་ཏེ། ཁྱབ་པར་བྱེད་ཅིང་ལུས་མེད་པའི་སེམས་ལ་ནི་རེ་ཞིག་ངེས་པར་འཐད་པ་མ་ཡིན་ནོ། །ཆོས་འདི་ནི་ལུས་ཅན་དང་ཁྱབ་པ་མ་ཡིན་པ་དག་གོ། །གལ་ཏེ་ཇི་སྐད་བཤད་པའི་ཆོས་དང་འབྲེལ་པའི་ཕྱིར་ལུས་ཀྱི་ཡིན་ནོ་ཞེ་ན་འོ་ན་རྩྭ་ཆུན་ལ་སོགས་པ་ཚེགས་ཆུང་ངུས་འགྲུབ་པར་བྱ་བ་བཞག་ནས་ཚེགས་ཆེན་ 37-1-80a པོས་བསྒྲུབ་པར་བྱ་བའི་རུས་གོང་དང་རལ་པ་དང་དབྱུ་གུ་དང་ཁ་ཊྭཱཾ་ལ་སོགས་པ་བླངས་པས་ཅི་ཞིག་བྱ། བླངས་པ་དེ་རྣམས་ཀྱིས་གཞན་རང་དབང་ཅན་དག་བཞིན་དུ་བརྟུལ་ཞུགས་ཅན་དེ་རྣམས་རང་དབང་མེད་པར་བྱེད་པ་ཡང་མ་མཐོང་བས་ཇི་ལྟར་རང་དབང་ཅན་དེ་རྣམས་ རང་དབང་ཡོད་པར་ལུས་ཀྱི་བྱ་བ་བསྟན་པ་དང་། བདེ་བར་ཉལ་བ་དང་བདེ་བར་གནས་པ་ལྟར་བརྟུལ་ཞུགས་ཅན་རྣམས་ཀྱང་དེ་ཁོ་ན་བཞིན་དུ་བྱེད་དོ། །ཡན་ལག་བཤད་མ་ཐག་པ་ཙམ་གྱིས་འགྲུབ་པའི་ལོངས་སྤྱོད་ཀྱང་བརྟུལ་ཞུགས་ཅན་མ་ཡིན་པ་རྣམས་ཀྱིས་ཇི་ལྟར་འབད་པ་གཞན་གྱིས་ འགྲུབ་པར་མི་ནུས་སམ། ཅི་སྟེ་གོང་ན་མེད་པའི་རྒྱལ་པོ་ཉིད་ཐོབ་པ་ལ་སོགས་པའོ་ཞེ་ན། དེ་ཡང་བརྟུལ་ཞུགས་བླངས་པ་ནས་བརྩམས་ཏེ། ཤི་བའི་མཐར་ཐུག་པར་ཡང་བརྟུལ་ཞུགས་ཅན་འགའ་ལ་ཡང་མ་མཐོང་ངོ་། །ཅི་སྟེ་ཆེས་ཤིན་ཏུ་བརྟན་ཞིང་རྣམ་པ་སྣ་ཚོགས་པ་མཐའ་ཡས་པའི་ ལོངས་སྤྱོད་རྒྱ་ཆེན་པོའི་ས་ཐོབ་པར་བྱ་བ་ལ་བྱིན་གྱིས་རློབ་པར་བྱེད་པ་ཉིད་ཀྱི་འདོད་པའི་ལྷ་དང་ཉེ་བ་ཉིད་དུ་གྱུར་ནས་བསྒྲུབ་པར་བྱ་བ་རྟག་ཏུ་བདེ་བ་ཕུན་སུམ་ཚོགས་པས་ཀུན་དུ་ཁྱབ་པས་རྟག་ཏུ་ཚིམ་པའི་བདག་ཉིད་ཅན་མཚན་ཉིད་གཞན་དང་མི་མཐུན་པ་དུས་གཞན་དུ་ལུས་གཞན་གྱིས་ཐོབ་པར་བྱ་ བའི་ལོངས་སྤྱོད་དོ་ཞེས་ཟེར་ན། ཨེ་མ་ཧོ་འདོད་པ་ངན་པའི་ཞགས་པ་བརྒྱས་བཅིངས་པའི་བསམ་པའི་དབང་གིས་ལུས་གཞིག་པར་འདོད་ཅིང་རྨོངས་པས་དབང་དུ་བྱས་པའི་རྣམ་པ་ནི་མྱ་ངན་བྱ་བར་འོས་པ་ཡིན་ནོ། །གང་གི་ཕྱིར་སྤྲིན་ལས་བྱུང་བའི་དྲི་མ་མེད་པའི་ཆུ་དོན་དུ་གཉེར་བའི་རྨ་བྱ་རྣམས་དུད་ འགྲོ་ཡིན་ཡང་སེམས་ཀྱི་བདེ་བ་ལ་རྣམ་པར་དཔྱད་ན་ལུས་དེ་ཉིད་ཀྱི་དོན་བྱས་པ་ཉིད་ཡིན་པའི་ཕྱིར་སྨད་པར་འོས་པ་མ་ཡིན་ནོ། །བརྟུལ་ཞུགས་ཅན་དག་ཁཎྜ་དང་། །བུ་རམ་ཡིད་ཀྱིས་ལོངས་སྤྱད་པས། །བདེར་འགྱུར་ལུས་ལས་གཞན་དུ་འགྱུར། །དེ་ནི་ནམ་མཁའི་མེ་ཏོག་བཞིན། །གང་ཕྱིར་འདི་ དག་དད་པ་ཙམ། །ཡིན་པ་དེ་ཕྱིར་ཁ་རོག་སྡོད། །རིགས་པ་འདིས་རྫོགས་པའི་རྣལ་འབྱོར་པའི་བརྟུལ་ཞུགས་བཀག་པ་ཡིན་ནོ། །ལུང་གིས་ནི་ཇི་སྐད་དུ། དཀའ་ཐུབ་ཀྱིས་ནི་ལུས་གདུངས་པ། །འབའ་ཞིག་ལས་ནི་བསོད་ནམས་མིན། །ཕ་རོལ་གནོད་པ་སྤོང་བ་མིན། །གཞན་ལ་ཕན་པ་བྱེད་མི་ 37-1-80b འགྱུར། །སྦྱིན་པའི་ཚུལ་ཁྲིམས་བཟོད་གསལ་བའི། །དམ་པའི་ཆོས་ཀྱི་ལམ་ཆེན་ལ། །མ་གུས་བྱས་ནས་དགོན་པ་ཡི། །ལམ་ལོག་ལུས་ཀྱི་སྡུག་བསྔལ་འགྲོ། །ཡན་ལག་སྡུག་བསྔལ་སྦྲུལ་དཀྲིས་ནས། །འཁོར་བའི་དགོན་པ་འཇིགས་རུང་ཞིང་། །སྐྱེ་བོ་མཐའ་ཡས་ནགས་ལྡན་པ། །ཤིན་ ཏུ་རིང་བ་འཐོབ་པར་འགྱུར། །ཞེས་གང་བཤད་པའོ། །ལྷ་ཐམས་ཅད་ཡང་དག་པར་འདུས་པ་ཞེས་བྱ་བའི་རྒྱུད་ལས་རྣལ་འབྱོར་པ་རྣམས་ཀྱི་བརྟུལ་ཞུགས་ཇི་ལྟ་བུ་ཞེ་ན། གང་ཚེ་ལས་རྣམས་ཐམས་ཅད་ནི། །ཐབས་བཅས་ཐེ་ཚོམ་མེད་པ་རུ། །རྟོག་པ་མེད་པའི་སེམས་ཀྱིས་སྤྱོད། །བརྟུལ་ ཞུགས་རྣམས་ལས་མཆོག་གི་མཆོག །དཀའ་ཐུབ་ཅེས་བྱ་ཅི་ཞེ་ན། །རྣམ་པར་རྟོག་པ་མེད་པ་ཡིས། །རྟོག་པ་མེད་པའི་རང་བཞིན་དུ། །རྟག་ཏུ་ལས་རྣམས་ཀུན་སྤྱོད་པ། །དཀའ་ཐུབ་རྣམས་ལས་དཀའ་ཐུབ་མཆོག །རྟོག་པ་མེད་པའི་སེམས་ཀྱིས་ནི། །ཡུལ་རྣམས་སྟེན་པར་བྱེད་ པས་ན། །སྨད་པས་རྡུལ་ཙམ་མི་གནོད་པ། །རྒལ་བར་དཀའ་བའི་དཀའ་ཐུབ་ཡིན། །གང་ཞིག་ལས་རྣམས་ཐམས་ཅད་ལ། །ཤེས་རབ་ཀྱིས་ནི་ངེས་སྦྱོར་ཞིང་། །དེ་ཡང་སྟོང་པའི་གནས་སྦྱོར་བ། །བདག་ཉིད་ཆེན་པོ་དཀའ་ཐུབ་ཡིན། །ཤེས་རབ་རབ་ཏུ་ཞུགས་གྱུར་པའི། །རྟོག་པ་མེད་ པའི་སེམས་ཀྱིས་ནི། །ཐེ་ཚོམ་མེད་པར་སྤྱད་པ་སྤྱོད། །བདག་ཉིད་ཆེན་པོའི་དཀའ་ཐུབ་ཡིན། །གལ་ཏེ་ཤེས་རབ་ཐབས་མེད་པར། །སེམས་ནི་གཞན་དུ་མི་སྤྱོད་པ། །བྱང་ཆུབ་ཆེན་པོར་རབ་སྟེར་བའི། །ངེས་པ་ཡིན་པར་ཡང་དག་བཤད། །མི་རྟོག་པ་ལ་རྗེས་ཞུགས་ཤིང་། །བརྩོན་ དང་ལྡན་པའི་རྣལ་འབྱོར་པ། །དེ་རྣམས་ཀྱིས་ནི་འབྱུང་བ་ཀུན། །བྱ་བའི་དོན་དུ་སྤྲོས་པ་ཡིན། །ཤེས་རབ་མེ་ལོང་ནང་ཞུགས་པ། །འདུས་བྱས་དེ་ཡི་རྣམ་པ་ཡིན། །མི་རྟོག་བདག་ཉིད་དེ་རྣམས་ཀྱིས། །དྲན་པ་ཤེས་རབ་རག་ལུས་ཤིང་། །མེ་ལོང་གི་ནི་གཟུགས་བརྙན་དང་། །རྨི་ལམ་ སྒྱུ་མ་ཆུ་བུར་དང་། །མིག་འཕྲུལ་མཚུངས་པར་གང་ཞིག་གིས། །མཐོང་བ་དེ་ནི་གཙོ་བོར་བརྗོད། །ཅེས་བྱ་བ་ལ་སོགས་པ་གསུངས་པ་དང་། དེ་ཉིད་ཀྱི་ཕྱིར་དཔལ་མཁའ་འགྲོ་མ་དྲ་བ་སྡོམ་པའི་རྒྱུད་ལས། བདག་ཉིད་སངས་རྒྱས་ཐམས་ཅད་ཉིད། །བྱང་ཆུབ་སེམས་དཔའ་ཀུན་ཉིད་དེ། །ལྷག་ 37-1-81a པའི་ལྷ་ཡི་རྣལ་འབྱོར་ཡིན། །དེ་ཕྱིར་བདག་ཉི་མཆོད་པར་བྱ། །བཅོས་མའི་གཟུགས་བརྙན་རྣམས་ལ་ནི། །རྣལ་འབྱོར་སྐྱེ་བ་མ་ཡིན་ཏེ། །བྱང་ཆུབ་སེམས་ལ་རབ་བརྩོན་ན། །དེས་ན་རྣལ་འབྱོར་པ་ཉིད་ལྷ། །རང་གི་བདག་ཉིད་སྤངས་ནས་ནི། །དཀའ་ཐུབ་ཀྱིས་ནི་གདུང་ མི་བྱ། །ཅི་བདེ་བར་ནི་བདེ་བར་གཟུང་། །འདི་ནི་མ་འོངས་རྫོགས་སངས་རྒྱས། །འདིར་ནི་གཙང་སྦྲ་བརྟུལ་ཞུགས་མེད། །དཀའ་ཐུབ་དཀའ་སྤྱད་མི་དགོས་ཏེ། །སྡོམ་དང་དཀའ་སྤྱད་མེད་པ་རུ། །དགའ་དང་བདེ་བས་འགྲུབ་པར་འགྱུར། །ཞེས་གསུངས་སོ། །དེ་ལྟར་ན་ལུང་ཚད་མར་བྱས་ ནས། རྫོགས་པའི་རྣལ་འབྱོར་པའི་བརྟུལ་ཞུགས་བཀག་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ལས་དང་པོ་པ་རྣམས་དང་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ལ་ནི་འདི་ཐམས་ཅད་བཀག་པ་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །དེ་བཞིན་དུ་དེ་ལ་ཕྲེང་བའང་མི་དགོས་ཏེ་ལས་ཀྱི་ཚོགས་ བསྒྲུབ་པའི་དོན་དུ་ཤེལ་ལ་སོགས་པའི་བྱེ་བྲག་དེ་ལ་དགོས་པ་མ་ཡིན་ནོ། །འཇུག་པ་ལ་སོགས་པའི་རིམ་པས་རྡོ་རྗེ་བཟླས་པ་གོམས་པར་བྱེད་ན་རླུང་ཙམ་འབའ་ཞིག་ཕྲེང་བ་ཡིན་པའི་ཕྱིར་རོ། །དེ་ལ་བགྲང་བའང་མི་དགོས་ཤིང་ཚེས་བརྒྱད་ལ་སོགས་པ་ལ་རྣམ་པ་བཅུའམ་བསྙེན་གནས་ ཡན་ལག་བརྒྱད་བླང་བར་བྱ་མི་དགོས་ཏེ། སེམས་དབང་དུ་བྱེད་པའི་བརྟུལ་ཞུགས་རྟག་ཏུ་ཉེ་བར་གནས་པ་ཉིད་ཡིན་པའི་ཕྱིར་རོ། །གཟུང་བ་ཞེས་བྱ་བ་བསླབ་པ་ཀུན་ལས་བཏུས་པ་ལ་སོགས་པར་གསུངས་པའི་ལུས་དང་ངག་དང་ཡིད་ཀྱི་བསླབ་པའི་གཞི་གཟུང་བ་འདི་ལ་མི་དགོས་ཏེ། ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་དེ་ཁོ་ན་ཉིད་ཀྱི་རིན་པོ་ཆེ་གཟུང་བས་གཞན་དགོས་པ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །སྦྱིན་སྲེག་ལས་རྣམས་ཏེ་ཞི་བ་ལ་སོགས་པའི་དོན་དུ་དཀྱིལ་འཁོར་གྲུ་བཞི་ལ་སོགས་པར་མར་དང་ཏིལ་ལ་སོགས་པ་བསྲེགས་པ་དེ་ལྟ་བུ་ཡང་རྣལ་འབྱོར་པ་ལ་མི་དགོས་ཏེ། མ་ནིང་གི་བཟླས་པའི་དུས་སུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་མ་ལུས་པར་སྐད་ཅིག་ཙམ་ལ་ཡེ་ཤེས་ཀྱི་མེས་བསྲེག་པའི་ཕྱིར་རོ། །གཞན་དང་གཞན་ཏེ་དཀྱིལ་འཁོར་གྱི་ཆོ་ག་དང་མཆོད་པའི་བྱ་བ་ལ་སོགས་པ་གང་ཡིན་པ་དེ་དག་ཀྱང་དེས་བྱ་མི་དགོས་སོ། །དེ་རྣམས་ནི་ཡེ་ཤེས་ཀྱི་ 37-1-81b རིམ་པ་ཁོ་ནས་གྲུབ་པ་ཉིད་ཡིན་པའི་ཕྱིར་བྱ་བའི་རིམ་པ་དགོས་པ་ཅི་ཞིག་ཡོད་ཅེས་བྱ་བའི་ཐ་ཚིག་སྟེ་དགོངས་པ་མ་ཡིན་པའོ། །དེ་ནི་རྫོགས་པའི་རྣལ་འབྱོར་པ་ཞི་བ་ལ་སོགས་པ་རྣམས་ཇི་ལྟར་བྱ་བ་སྟེ་བསྟན་པའི་ཕྱིར། ཡ་ཡི་དོན་གྱིས་གང་ཅིའང་རུང་། །དངོས་གྲུབ་འདོད་པས་བྱ་བ་ནི། །ར་ ལ་སོགས་པ་གསུམ་ཉིད་ཀྱིས། །འགྲོ་བའི་དོན་ལ་རབ་ཏུ་འཇུག །མེ་དང་རླུང་དང་དབང་ཆེན་དང་། །ཆུ་སྟེ་དཀྱིལ་འཁོར་སོ་སོ་རུ། །ཐུན་ནི་ཕྱེད་ཕྱེད་དུས་སུ་ནི། །ལས་ནི་གཉིས་གཉིས་གནས་པར་འགྱུར། །ཞེས་བྱ་བ་གསུངས་པའི་དོན་ནི་འདི་ཡིན་ཏེ། ཡི་གེ་ཡའི་ས་བོན་གྱིས་ཉེ་ བར་མཚོན་པའི་རླུང་གི་དཀྱིལ་འཁོར་དེའི་དོན་ཏེ་འོད་ཟེར་སྤྲོ་བས་དགུག་པ་ལ་སོགས་པ་གང་ཅི་ཡང་རུང་བ་དངོས་གྲུབ་སྟེ་དངོས་གྲུབ་དེ་ཉིད་འདོད་ཅིང་མངོན་པར་འདོད་པས་བྱ་བ་ནི་བསྒྲུབ་པར་བྱའོ། །དེ་བཞིན་དུ་ར་ལ་སོགས་པ་གསུམ་ཉིད་ཀྱིས་ཏེ། ར་དང་ལ་དང་ཝ་ཡིས་ཉེ་བར་ མཚོན་པའི་མེ་དང་ས་དང་ཆུའི་དཀྱིལ་འཁོར་གསུམ་དང་། དེ་ལས་བྱུང་བའི་འོད་ཟེར་གྱི་འཁོར་ལོ་སྤྲོ་བས་འགྲོ་བའི་དོན་ལ་སྟེ། དབང་དང་རྒྱས་པ་དང་ཞི་བ་ལ་རབ་ཏུ་འཇུག་པ་ནི་སྒྲུབ་པར་བྱེད་པའོ། །དཀྱིལ་འཁོར་རྣམས་ཀྱི་མིང་གསུངས་པ། མེ་དང་རླུང་དང་དབང་ཆེན་དང་། ཆུ་ སྟེ་དཀྱིལ་འཁོར་སོ་སོ་རུ་སྟེ་དཀྱིལ་འཁོར་རེ་རེ་ལས་འོད་ཟེར་སྤྲོས་ནས་སྔར་བཤད་པའི་རིམ་པས་ཐུན་ཕྱེད་ཕྱེད་ཀྱི་དུས་སུ་བཟུང་སྟེ། ལས་གཉིས་གཉིས་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་བཞི་པོ་རྣམས་འགྲུབ་པར་འགྱུར་ཏེ། སྒྲ་ཇི་བཞིན་མ་ཡིན་པའི་བཤད་པའོ། །རྫོགས་ པའི་རིམ་པའི་རྣལ་འབྱོར་པས་ཐར་པ་ཐོབ་པ་དཔེའི་སྒོ་ནས་བསྟན་པའི་ཕྱིར་རོ། །མཆོད་ལ་བརྩོན་པས་མཆོད་པར་འགྱུར། །བཟླས་ལ་བརྩོན་པས་རྣམ་དག་འགྱུར། །མེ་ལ་སྦྱིན་སྲེག་བརྩོན་པས་འབྱོར། །བསམ་གཏན་བརྩོན་པས་ཐར་པ་ཐོབ། །ཅེས་བྱ་བ་གསུངས་ཏེ། ཇི་ལྟར་ མཆོད་པ་ལ་བརྩོན་པ་སྟེ་མཆོད་པ་རྣམ་པ་ལྔས་བཅོམ་ལྡན་འདས་ལ་མཆོད་པར་བྱེད་ཅིང་བདག་དང་གཞན་རྣམས་མཉེས་པར་བྱེད་པའི་རྣལ་འབྱོར་པ་གང་ཡིན་པ་དེ་ནི་ཇི་ལྟར་སྐྱེ་བ་འདི་དང་སྐྱེ་བ་གཞན་དག་ཏུ་ལས་དགེ་བའི་མཐུས་མཆོད་བྱར་འགྱུར་ཏེ་མཆོད་པར་འོས་པར་འགྱུར་རོ། ། 37-1-82a དེ་བཞིན་དུ་ཇི་ལྟར་བཟླས་ལ་བརྩོན་པ་སྟེ། ངག་གི་བཟླས་པ་ལྷུར་ལེན་པའི་རྣལ་འབྱོར་པ་ནི་རྣམ་པར་དག་པར་འགྱུར་ཏེ། བཟླས་པ་ནི་སྡིག་པ་ཉེ་བར་འཐག་པར་བྱེད་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཇི་ལྟར་མེ་ལ་སྦྱིན་སྲེག་བརྩོན་པ་སྟེ། མེ་ལ་མཆོད་ པ་བྱེད་པར་བརྩོན་པ་དང་ལྡན་པའི་རྣལ་འབྱོར་པ་ནི་འབྱོར་པ་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་བའོ། །དེ་བཞིན་དུ་བསམ་གཏན་བརྩོན་པ་སྟེ་རྡོ་རྗེ་བཟླས་པ་མཐར་ཕྱིན་པའི་རྣལ་འབྱོར་པས་ཐར་པ་ཐོབ་པ་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་རོ་ཞེས་བྱ་བའི་དོན་ཏེ་སྒྲ་ཇི་བཞིན་པའི་དོན་ ཏོ། །རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པས་ནི་གསང་སྔགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། སྔགས་པས་དེ་ལྟར་ཤེས་ནས་ནི། །འགྲོ་ན་བྱིས་པ་བཞིན་དུ་སྤྱོད། །དེ་ནས་མི་རྟོག་ཆོས་ཉིད་ཀྱིས། །གསང་སྔགས་རྣམས་ནི་འགྲུབ་པར་འགྱུར། ། ཞེས་གསུངས་ཏེ་སྔགས་པས་ཏེ་རྣལ་འབྱོར་པས་དེ་ལྟར་སྔར་བཤད་པའི་ཚུལ་དུ་རྡོ་རྗེ་བཟླས་པའི་རིམ་པ་ལ་སོགས་པས་སྔགས་བཏུ་བ་དང་སྔགས་ཀྱི་བརྡ་དང་། སྔགས་ཀྱི་དོན་དང་སྔགས་ཀྱི་དེ་ཁོ་ན་ཉིད་ཤེས་ཤིང་རྟོགས་ནས་འགྲོ་བ་ཁམས་གསུམ་པར་བྱིས་པ་ཆུང་ངུ་བཞིན་དུ་སྤྱོད་པ་ནི་ ཅི་ནས་ཀྱང་སྐྱེས་པ་དང་བུད་མེད་དང་བྱིས་པ་ལ་སོགས་པ་འཇིག་རྟེན་པ་ཐམས་ཅད་འདི་ནི་སྨྱོན་པའོ་ཞེས་རྣལ་འབྱོར་པ་ལ་བཞད་གད་བྱེད་པར་འགྱུར་བའི་སྤྱོད་པ་བྱ་བ་སྟེ། ཇི་སྐད་དུ་པདྨ་རྡོ་རྗེའི་ཞལ་སྔ་ནས་ཀྱིས། རིགས་ཀུན་མཚུངས་པར་སྤྱོད་པ་དང་། །ཅུང་ཞིག་སྨྱོན་པའི་སྤྱོད་པ་དང་། །ཕེག་ རྡོབ་སྒྲར་བཅས་བྱིས་པ་ཡིས། །ཀུན་ནས་ཡོངས་སུ་བསྐོར་བ་དང་། །རྡོ་རྗེ་གར་གྱི་འགྲོས་ལྡན་པའི། །རིམ་གྱིས་ཅུང་ཟད་གར་བྱེད་ཅིང་། །གླུ་ཡི་སྒྲ་ཡང་སྒྲོགས་པ་དང་། །མི་གསལ་རྡོ་རྗེ་གླུ་ཡང་ལེན། །དེས་ན་ཁམས་གསུམ་གྲགས་པ་ཡིས། །གླུ་དག་གསལ་བར་བླང་བར་ བྱ། །སྣ་ཚོགས་སྒྲ་ལྡན་གླུ་བླང་ཞིང་། །ཡི་དྭགས་བཞིན་དུ་གང་མོས་བསྲེ། །སྐྱེ་བོའི་ལས་རྣམས་མི་ཟད་པ། །གང་དང་གང་གིས་བཅིངས་གྱུར་པ། །དེ་ཉིད་ཐབས་དང་བཅས་པ་ཡིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་པ་བཞིན་ནོ། །སྤྲོས་ 37-1-82b པ་མེད་པའི་སྤྱད་པ་སྤྱོད་པའི་རྣལ་འབྱོར་པ་དེ་ལྟ་བུས་སྦྲུལ་ལ་སོགས་པའི་གསང་སྔགས་རྣམས་འགྲུབ་པར་འགྱུར་བའི་འབད་པ་མེད་པར་ཞི་བ་ལ་སོགས་པའི་ལས་རྣམས་བྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏེ། དགོངས་པ་མ་ཡིན་པའོ། །མཇུག་བསྡུ་བ། གསུངས་གི་རྡོ་རྗེ་སྒྲུབ་བྱེད་པའི། ། སྔགས་ཀྱི་དེ་ཉིད་གསལ་བ་འདི། །ཡེ་ཤེས་གསུམ་གྱི་དབྱེ་བ་ཡིས། །སེམས་ཙམ་ལ་ནི་སྦྱར་བར་བྱ། །ཞེས་པ་གསུངས་ཏེ། སྔར་བཤད་པའི་སྔགས་ཀྱི་དེ་ཁོ་ན་ཉིད་དེ། རྡོ་རྗེ་བཟླས་པའི་རིམ་པས་སྔགས་རྣམས་ཀྱི་དེ་བཞིན་ཉིད་ཀྱི་ངོ་བོ་ཡོངས་སུ་ཤེས་པ་འདི་ནི་གསུང་གི་རྡོ་རྗེ་སྟེ། རྣམ་ པར་རྟོག་པ་དང་བཅས་པའི་ངག་རྣམ་པར་སྦྱངས་ནས་འོད་གསལ་བའི་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་སྒྲུབ་པར་བྱེད་ཅིང་ཡང་དག་པར་སྒྲུབ་པར་བྱེད་པ་སྟེ། བཤད་ཟིན་པའི་ཚུལ་གྱིས་ཞེས་བྱ་བ་ནི་ལྷག་མའོ། །རྣམ་པར་རྟོག་པ་དང་བཅས་པའི་ཚིག་ཀྱང་རྣམ་པ་བཞི་ཡོད་དོ། །འདི་ལྟ་སྟེ་མཚན་ ཉིད་ཀྱི་ཚིག་དང་། རྨི་ལམ་གྱི་ཚིག་དང་། གནས་ངན་ལེན་ལ་མངོན་པར་ཞེན་པའི་ཚིག་དང་། ཐོག་མ་མེད་པའི་དུས་ཅན་གྱི་རྣམ་པར་རྟོག་པའི་ཚིག་ཅེས་བྱ་བའོ། །བློ་གྲོས་ཆེན་པོ་དེ་ལ་མཚན་ཉིད་ཀྱི་ཚིག་ནི་རང་གི་རྣམ་པར་རྟོག་པ་ལས་བྱུང་བའི་གཟུགས་ཀྱི་མཚན་མ་ལ་མངོན་པར་ ཞེན་པ་ལས་བྱུང་བའོ། །བློ་གྲོས་ཆེན་པོ་རྨི་ལམ་གྱི་ཚིག་ནི་སྔོན་ཉམས་སུ་མྱོང་བའི་ཡུལ་རྗེས་སུ་དྲན་པ་དང་ཡུལ་ཉེ་བར་སྣང་བ་ལས་འབྱུང་ངོ་། །བློ་གྲོས་ཆེན་པོ་གནས་ངན་ལེན་ལ་མངོན་པར་ཞེན་པའི་ཚིག་ནི་སེམས་ཀྱིས་སྔོན་བྱས་པའི་ལས་རྗེས་སུ་དྲན་པ་ལས་འབྱུང་ངོ་། །བློ་གྲོས་ ཆེན་པོ་ཐོག་མ་མེད་པའི་དུས་ཅན་གྱི་རྣམ་པར་རྟོག་པའི་ཚིག་ནི་སྤྲོས་པ་ལ་མངོན་པར་ཞེན་པའི་གནས་ངན་ལེན་གྱི་རང་གི་ས་བོན་གྱི་བག་ཆགས་ལས་འབྱུང་སྟེ། བློ་གྲོས་ཆེན་པོ་དེ་ནི་ངག་གི་རྣམ་པར་རྟོག་པའི་མཚན་ཉིད་རྣམ་པ་བཞི་ཞེས་བྱའོ། །དེ་བཞིན་དུ་གཞན་ལས་ཀྱང་། ཚིག་ ནི་མཆོག་དང་ལྟ་བར་བྱེད་པ་དང་བར་མ་དང་གསལ་བར་བྱེད་པ་ཞེས་བྱ་བ་རྣམ་པ་བཞིའོ། །དེ་ལ་མཆོག་ནི་ཀུན་གཞི་རྣམ་པར་ཤེས་པའི་ནང་ན་གནས་པའི་བག་ཆགས་ཀྱི་རྣམ་པའོ། །ལྟ་བར་བྱེད་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་ཅན་གྱི་རྣམ་པར་རྟོག་པའི་རང་བཞིན་ནོ། །བར་མ་ནི་ 37-1-83a རླུང་བྱུང་ནས་གནས་རྣམས་སུ་ཐུག་པ་ལས་སྒྲ་མི་གསལ་བའི་རང་བཞིན་ཅན་གྱི་ཡི་གེའི་བདག་ཉིད་ཀྱི་ཡི་གེ་ཕྱི་མོའི་ངོ་བོའོ། །གསལ་བ་ནི་ཚིག་དང་ངག་ལ་སོགས་པའི་རང་བཞིན་གྱིས་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་ངོ་བོ་ཡིན་པའི་ཕྱིར། ཤིན་ཏུ་གསལ་བའི་ སྒྲའི་ངོ་བོ་ཉིད་ཡིན་པས་རྣ་བའི་དབང་པོས་གཟུང་བར་བྱ་བ་ནི་ཚིག་གསལ་བ་ཞེས་བྱའོ་ཞེས་གསུངས་སོ། །དེ་ལྟ་བུའི་ཐ་མལ་པའི་ངག་གི་རྣམ་པར་རྟོག་པ་ལོག་པར་གྱུར་ནས་འོད་གསལ་བའི་ངོ་བོ་ཉིད་ཐོབ་པར་བྱེད་པའི་སྔགས་ཀྱི་དེ་ཁོ་ན་ཉིད་དོ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་ཚུལ་ གཅིག་སྟོན་པའི་མདོ་ལས། ཆོས་འདི་རྣམས་ནི་སྒྲ་ཡི་བརྡ་ཡིས་བསྟན། །འདིར་ནི་ཆོས་དང་སྒྲ་དག་མི་སྣང་སྟེ། །ཆོས་ཉིད་ཚུལ་གཅིག་དངོས་ལ་ཞུགས་ནས་ནི། །བཟོད་སྤྱོད་བླ་ན་མེད་ལ་རེག་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་པ་བཞིན་ནོ། །ཡེ་ཤེས་གསུམ་གྱི་ དབྱེ་བ་ནི་འོག་ནས་འཆད་པར་འགྱུར་རོ། །དེས་སེམས་ཅན་ལ་སྟེ། འོད་གསལ་བའི་ཆོས་ཉིད་ལ་སྦྱར་བར་བྱ་བའི་འབད་པར་བྱ་བའོ། །དེ་ནི་རྡོ་རྗེ་བཟླས་པའི་རིམ་པས་ངག་རྣམ་པར་དབེན་པའི་ཕ་རོལ་ཏུ་ཕྱིན་ནས་དེའི་རྗེས་ལ་རང་བཞིན་དང་སྣང་བ་དང་། རླུང་གི་བཞོན་པ་དང་ལྡན་ པའི་རྣམ་པར་ཤེས་པའི་སྒོ་ནས། སེམས་རྣམ་པར་དག་པའི་རིམ་པ་གོམས་པར་བྱའོ་ཞེས་བྱ་བའི་དོན་ནི་འདི་ཡིན་ཏེ། དགོངས་པ་མ་ཡིན་པས་བཤད་པའོ། །ད་ནི་སློབ་མ་རྣམས་ཀྱི་སྣོད་དང་སྣོད་མ་ཡིན་པ་བརྟག་པ། བླ་མ་ལ་བརྙས་རྒྱུ་ཅན་དད་པ་མེད། །སྔགས་ཀྱིས་རློམ་ཞིང་ གླེགས་བམ་མཐོང་བས་ཁེངས། །དད་པ་མེད་ཅིང་དབང་བསྐུར་དམན་པ་ལ། །རིམ་པའི་གཏམ་ཡང་བསྟན་པར་མི་བྱའོ། །ཞེས་བྱ་བ་གསུངས་ཏེ། སློབ་མ་ཇི་ལྟ་བུ་ཞེ་ན། བླ་མ་སྟེ་དབང་བསྐུར་བའི་བླ་མའི་ཞལ་སྔ་ནས་ལ་བརྙས་པ་ནི་སླ་ཆོས་དང་བཅས་པའོ། །གལ་ཏེ་བསམ་པ་དག་ པར་གྱུར་ན་དེའི་ཚེ་ཉེས་པ་ཅི་ཞིག་ཡོད་ཅེ་ན། སྒྱུ་ཅན་ཏེ་གཡོ་དང་ལྡན་པའོ། །དེ་བཞིན་དུ་དད་པ་མེད་པ་ནི་ཁྲོ་བ་དང་ལྡན་པའོ། །དེ་བཞིན་དུ་སྔགས་ཙམ་ཤེས་ནས་རློམ་པ་ནི་ང་རྒྱལ་ཅན་ནོ། །ཚོགས་པའི་ནང་དུ་ང་རྒྱལ་གྱི་དབང་གིས་ཐོས་པ་མི་བྱེད་ཅིང་རང་གི་ཁྱིམ་དུ་གླེགས་བམ་བལྟས་ 37-1-83b ནས་བདག་གིས་ཐམས་ཅད་ཤེས་སོ་སྙམ་ན་ས་ཁེངས་པ་ནི་སྟེ་མངོན་པའི་ང་རྒྱལ་དང་བཅས་པའོ། །གལ་ཏེ་བརྒྱ་ལ་ཞིག་ཐོས་པ་ལ་འཇུག་ན་དེའི་ཚེ་དད་པ་མེད་པར་འདིར་བདག་ལ་ཐེ་ཚོམ་ཡོད་དོ་ཞེས་ཐབས་ཀྱིས་ཉན་པར་བྱེད་དོ། །དེའི་རྗེས་ལ་དབང་བསྐུར་བ་དམན་པ་སྟེ། བླ་མ་ ལས་དབང་བསྐུར་བ་ཡང་དག་པར་མ་ཐོབ་པ་དེ་ལྟ་བུའི་རྣམ་པ་ཅན་གང་ཡིན་པའི་སློབ་མ་དེ་ལ་རིམ་པ་སྟེ་རྡོ་རྗེ་བཟླས་པའི་རིམ་པའི་གཏམ་སྟེ་གླེང་སློང་ཙམ་ཡང་བསྟན་པར་མི་བྱའོ། །སློབ་མ་དམ་པ་ནི། གང་ཞིག་བླ་མ་ལ་གུས་དད་པ་ལྡན། །གུས་པར་ཉན་ལ་རྟག་ཏུ་མངོན་པར་ བརྩོན། །ཐོས་པ་འཛིན་ནུས་བླ་མ་དམ་པ་ཡིས། །བླ་མའི་དྲིན་སྦྱིན་དེ་ལ་བརྟག་མི་དགོས། །ཞེས་བྱ་བ་གསུངས་ཏེ། སློབ་མ་གང་ཞིག་ཆོས་ལ་དད་པ་དང་ལྡན་ཞིང་དེ་སྟོན་པར་བྱེད་པའི་བླ་མ་ལ་གུས་པ་དང་བཅས་པས་མཉན་པར་འདོད་པ་ལ་གུས་པར་ཉན་ཅིང་དེའི་དོན་དུ་མངོན་ པར་བརྩོན་པ་སྟེ་བརྩོན་འགྲུས་དང་ལྡན་པ་ཐོས་པ་འཛིན་པ་སྟེ། ཐོས་པས་ཆོག་མི་ཤེས་ཤིང་ཡང་དང་ཡང་དུ་ཐོས་པ་གོམས་པར་བྱེད་པ་དེ་ལ་བླ་མ་དམ་པས་ན་བླ་མ་མཆོག་གོ། །བླ་མའི་དྲིན་སྦྱིན་པ་ནི་རྗེས་སུ་གཟུང་བར་བྱ་བ་ཡིན་པའོ། །བརྟག་མི་དགོས་པ་ནི་དཔྱད་པར་བྱ་མི་ དགོས་པ་སྟེ། དེ་ནི་ཅིག་ཅར་རྗེས་སུ་གཟུང་བར་བྱའོ་ཞེས་བྱ་བའི་དོན་ཏོ་ཞེས་བྱ་བ་ནི་དགོངས་པ་མ་ཡིན་པས་བཤད་པའོ། །ད་ནི་བླ་མའི་ཞལ་སྔ་ནས་ཀྱི་སྐུ་དྲིན་གྱི་ཆེ་བའི་བདག་ཉིད་གསལ་བར་བྱ་བའི་ཕྱིར། རི་དབང་རྩེ་ལས་འགའ་ཞིག་ལྷུང་གྱུར་ན། །ལྟུང་བར་མི་འདོད་ཀྱང་ནི་དེ་ལྟུང་ འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་པ། །གྲོལ་བར་མི་འདོད་ཀྱང་ནི་དེ་གྲོལ་འགྱུར། །ཞེས་བྱ་བ་གསུངས་ཏེ། ཇི་ལྟར་འབའ་ཞིག་སེམས་གཞན་དུ་ཡེངས་ནས་རྐང་པ་འདྲེང་ནས་རི་དབང་རྩེ་ནས་ཏེ་རི་མཐོན་པོའི་ཁ་ནས་ལྷུང་བར་གྱུར་ན་སྟེ་འདྲེད་པར་གྱུར་ནའོ། །སྐྱེས་བུ་དེ་ལྟུང་ བར་འགྱུར་ཏེ་འདྲེད་པ་འཆི་བའི་རྒྱུ་ཉིད་ཡིན་པའི་ཕྱིར་མི་འདོད་ཀྱང་རི་མཐོན་པོ་ཉིད་ཡིན་པས་ན་ལྟུང་བར་འགྱུར་བ་ཁོ་ནའོ། །དེ་བཞིན་དུ་བླ་མའི་དྲིན་གྱིས་ཏེ་རྡོ་རྗེ་སློབ་དཔོན་གྱིས་ཕན་བཏགས་པས་ཕན་པ་སྟེ། ཡང་དག་པའི་ལམ་དང་ཉེ་བར་འབྲེལ་པ་དང་སློབ་དཔོན་དཔེ་མཁྱུད་དང་བྲལ་བའི་ 37-1-84a ལུང་སྟེ་མན་ངག་གིས་ཐོབ་པ་དེ་ནི་གྲོལ་བར་མི་འདོད་ཀྱང་ཞེས་བྱ་བ་སྲིད་དུ་ཟིན་ཀྱང་འོན་ཀྱང་གྲོལ་བར་འགྱུར་ཏེ་དེས་ཐར་པ་ཐོབ་པར་འགྱུར་རོ། །དེ་ལྟ་བུ་འདི་ནི་དངོས་པོའི་ཆོས་ཉིད་ཡིན་པར་ཐོས་ཏེ། རྗེས་སུ་གཟུང་བའི་སྐྱེས་བུ་དུས་དེ་ཉིད་དུ་གྲོལ་བ་ཉིད་ཡིན་པས་དེ་ལས་དུས་ ཕྱིས་དེའི་ལུས་ཙམ་གནས་པའི་ཕྱིར་རྫ་མཁན་གྱི་འཁོར་ལོ་བཞིན་ཏེ། གང་གི་དུས་སུ་བླ་མ་ཡིས། །རྣམ་པར་མི་རྟོག་རབ་བསྟན་པ། །དུས་དེ་ཁོ་ནར་གྲོལ་བ་སྟེ། །ལུས་ཙམ་འབའ་ཞིག་གནས་པ་ཡིན། །ཞེས་བྱ་བ་ལ་སོགས་པ་ཡང་གསུངས་སོ། །སྒྲ་ཇི་བཞིན་པའོ། །རིམ་ པ་ལྔའི་བཤད་པ་ནོར་བུའི་ཕྲེང་བ་ལས་རྡོ་རྗེ་བཟླས་པའི་རིམ་པ་སྟེ་དང་པོའོ།། །།ད་ནི་སེམས་རྣམ་པར་དག་པའི་རིམ་པ་བསྟན་པའི་ཕྱིར་དང་པོར་ཕྱག་འཚལ་བ། ཁྱོད་ལ་ཕྱག་འཚལ་ཁྱོད་ལ་འདུད་། །ཁྱོད་ལ་ཕྱག་འཚལ་ཕྱག་འཚལ་འདུད། །ཇི་ལྟར་བསྟོད་ཅིང་ཁྱོད་ཕྱག་ འཚལ། །གང་ཞིག་བསྟོད་ཅིང་གང་ལ་བསྟོད། །ཅེས་བྱ་བ་གསུངས་ཏེ། བོད་པའི་ཚིག་ཀྱེ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བ་འདིར་ཁོང་ནས་དབྱུང་བར་བྱ་སྟེ། འདི་ལྟར་ཐོས་པ་དང་རྗེས་སུ་དཔག་པ་དང་ཁོང་ནས་དབྱུང་བ་སྟེ། གསུམ་གྱི་མདོའི་དོན་བསྟན་པར་བྱའོ། ། དེ་ལ་ཐོས་པ་ནི་མངོན་སུམ་གྱིས་དམིགས་པ་སྟེ་དཔེར་ན། མགོན་པོ་སེམས་ཅན་ཀུན་བདག་ཉིད་། །དཔལ་ལྡན་བདེ་ཆེན་ལ་བཏུད་ནས། །ཞེས་བྱ་བ་དེར་རྡོ་རྗེ་འཆང་རྗོད་པར་བྱེད་པའི་ཚིག་བདེ་བ་ཆེན་པོ་ཞེས་བྱ་བ་ཐོབ་པ་བཞིན་ནོ། །རྗེས་སུ་དཔག་པ་ནི་རྗེས་སུ་དཔོག་པར་བྱེད་ པའི་རྟགས་ཀྱིས་རྟོགས་པར་བྱེད་པ་སྟེ། ཁྱད་པར་གྱི་ཚིག་གི་རྗེས་སུ་དཔག་པས་རྟོགས་པར་བྱ་བ་ནི་ཡོད་པ་མ་ཡིན་པ་ཡང་རྟོགས་པར་འགྱུར་ཏེ། དཔེར་ན་ཟུང་དུ་འཇུག་པའི་རིམ་པར། མགོན་པོ་རྒྱུ་དང་འབྲས་བདག་ཉིད། །ཅེས་བྱ་བའི་རྒྱུ་དང་འབྲས་བུའི་རང་བཞིན་གྱི་ཁྱད་ པར་གྱིས་ཚིག་གཞན་དུ་མི་འཐད་པས་རྡོ་རྗེ་འཆང་ཆེན་པོ་ཁོ་ན་ཡིན་པར་རྗེས་སུ་དཔག་པ་བཞིན་ནོ། །རྒྱུ་དང་འབྲས་བུའི་བདག་ཉིད་ཅེས་བྱ་བའི་ཚིག་གིས་དངོས་སུ་སྟོན་པ་ནི་མ་ཡིན་ཏེ། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པའི་ཚིག་བཞིན་ནོ། །འདིར་ནི་རྡོ་རྗེ་འཆང་ཞེས་བྱ་བའི་ 37-1-84b ཚིག་ཐོས་པ་མེད་ཅིང་དེའི་ཁྱད་པར་དུ་གྱུར་པའི་སྒྲའི་སྟོབས་ཀྱིས་རྗེས་སུ་དཔག་པ་ཡང་མ་ཡིན་ནོ། །འོན་ཀྱང་ཕྱག་བྱ་བའི་ཚིག་ཡོད་དེ་དེའི་ཕྱིར་བསྟོད་པར་བྱ་བའི་རྡོ་རྗེ་འཆང་ཞེས་བྱ་བའི་ཚིག་ཁོང་ནས་དབྱུང་སྟེ། ཁོང་ནས་དབྱུང་བ་ཞེས་བྱ་བ་ནི་གང་དུ་མེད་པའི་སྒྲ་བརྟག་པར་བྱ་བའོ། །ཁྱོད་ ལ་ཕྱག་འཚལ་ཏེ་ལུས་དང་ངག་དང་སེམས་ཀྱིས་རབ་ཏུ་འདུད་པའོ། །ཕྱག་འཚལ་ཞེས་བྱ་བའི་སྒྲ་བཞི་སྦྱར་བ་ནི་དད་པའི་ཕུལ་དུ་བྱུང་བར་བསྟན་པའི་ཕྱིར་ཏེ། དགའ་དང་འཇིགས་སོགས་དབང་བཅས་ཡིད་ཅན་གྱིས། །སྨྲ་བ་པོ་རྣམས་དེ་བཞིན་བསྟོད་དང་སྨོད། །ཚིག་ནི་ལན་ ཅིག་མིན་པར་སྨྲ་བ་གང་། །དེ་ལ་ཟློས་པའི་ཉེས་པ་ཡོད་མ་ཡིན། །ཞེས་བྱ་བ་དང་དེ་བཞིན་དུ། ངོ་མཚར་གྱུར་དང་རྩོད་པ་དང་། །ཁྲོ་དང་ཞུམ་དང་ངེས་བཟུང་དང་། །དད་དང་རྗེས་སུ་ཡི་རང་ལ། ཚིག་གཅིག་ལན་གཉིས་བརྗོད་པར་བྱ། །ཞེས་བཤད་དོ། །ཇི་ལྟར་ཁྱོད་ལ་ ཕྱག་འཚལ་ཞེ་ན། ཇི་ལྟར་བསྟོད་པ་སྟེ་བསྟོད་པ་ཇི་ལྟ་བ་བཞིན་དུ་སྟོད་པར་བྱེད་པ་དང་བསྟོད་པ་དང་བསྟོད་པར་བྱ་བ་རྣམས་མི་དམིགས་པའི་འཁོར་གསུམ་ཡོངས་སུ་དག་པ་ཇི་ལྟ་བ་བཞིན་དུ་བསྟོད་པ་ཡིན་ཏེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའི་ལུས་དང་ངག་དང་སེམས་ཀྱི་བྱ་བ་ དམིགས་པ་དང་བཅས་པ་ཐམས་ཅད་ནི་བསོད་ནམས་ཙམ་དུ་འགྱུར་བ་ཡིན་ཞིང་། དམིགས་པ་མེད་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་བ་ཡིན་པའི་ཕྱིར་རོ། །དེ་ཉིད་གསུངས་པ། གང་གིས་བསྟོད་ཅིང་གང་ལ་བསྟོད་པ་སྟེ། དམིགས་པ་མེད་པས་ ཕྱག་འཚལ་བ་ཡིན་པས་སྟོད་པར་བྱེད་པའི་གང་ཟག་གང་ལ་བསྟོད་པ་སྟེ། བསྟོད་པར་འོས་པ་འགའ་ཡང་མི་དམིགས་སོ། །དམིགས་པ་མེད་པར་བསྟོད་པ་ལས། །དེ་ལྟར་བསྟོད་ན་བསྟོད་འགྱུར་གྱི། །གཞན་དུ་ཅུང་ཟད་བསྟོད་པ་མིན། །ཆོས་རྣམས་ཐམས་ཅད་སྟོང་པ་ ལས། །གང་ལ་བསྟོད་ཅིང་གང་གིས་བསྟོད། །སྐྱེ་འཇིག་སྤངས་པ་ཁྱོད་ལ་ཡང་། །བདག་གིས་བསྟོད་པ་ནུས་སམ་ཅི། །བདེ་འགྲོ་ངན་འགྲོ་རྣམས་སྤངས་ཤིང་། །འགྲོ་འོང་མེད་པ་བསྟོད་མི་རུང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དྲང་བའི་དོན་ཏོ། །ཡང་ན་ཁྱོད་ལ་ཕྱག་འཚལ་ཏེ་རྣམ་ 37-1-85a པར་སྣང་མཛད་ཀྱི་ངོ་བོ་ལའོ། །ཡང་ན་ཕྱག་འཚལ་བ་བཞི་ནི་རིན་ཆེན་འབྱུང་ལྡན་དང་འོད་དཔག་ཏུ་མེད་པ་དང་མི་བསྐྱོད་པ་དང་དོན་ཡོད་པར་གྲུབ་པའི་ངོ་བོ་ལའོ། །དེ་བཞིན་དུ། ཇི་ལྟར་བསྟོད་ཅིང་ཁྱོད་ཕྱག་འཚལ། །ཞེས་བྱ་བ་འདིས་ནི་དྲུག་པ་རྡོ་རྗེ་འཆང་ཆེན་པོའི་ ངོ་བོ་ལ་ཕྱག་འཚལ་པའོ། །འདིར་ནི་དེའི་བདག་ཉིད་དུ་རྗེས་སུ་འཇུག་པའི་མཚན་ཉིད་ཀྱི་ཕྱག་འཚལ་བ་ཡིན་ཏེ། དེའི་ཕྱིར་དེ་བཞིན་གཤིགས་པ་ལྔའི་བདག་ཉིད་གཅིག་ཏུ་གྱུར་པའི་རྡོ་རྗེ་འཆང་ཆེན་པོ་ལ་དེའི་བདག་ཉིད་དུ་འཇུག་གོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ཐ་དད་པ་མེད་པས། ། གང་གིས་བསྟོད་ཅིང་གང་ལ་བསྟོད། །ཅེས་བྱ་བ་ནི་ཆུ་དང་འོ་མ་བཞིན་དུ་གཅིག་ཏུ་གྱུར་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་སྟེ་ངེས་པའི་དོན་ཏོ། །ད་ནི་དེའི་བདག་ཉིད་དུ་འཇུག་པའི་ཕྱག་འཚལ་བའི་རང་གི་ངོ་བོ་དཔེའི་སྒོ་ནས་བསྟན་པའི་ཕྱིར། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ ལྟར་མར་ལ་མར་ཉིད་བཞིན། །རང་གིས་རང་གི་ཡེ་ཤེས་ནི། །ལེགས་མཐོང་གང་དེ་འདིར་ཕྱག་ཉིད། །ཅེས་བྱ་བ་གསུངས་ཏེ། དེའི་བདག་ཉིད་དུ་རྗེས་སུ་འཇུག་པའི་མཚན་ཉིད་ཀྱི་ཕྱག་འཚལ་བ་ཇི་ལྟ་བུ་ཞེ་ན་དཔེར་ན་ཀླུང་གཉིས་ནས་བྲུག་པའི་ཆུ་རྒྱུན་གཅིག་ཏུ་འདུས་ནས་འདྲེས་ པ་དག་ལ་ཁྱད་པར་ཅུང་ཟད་ཀྱང་མི་དམིགས་ཏེ། ཆུར་བྱེ་བྲག་མི་ཕྱེད་པའི་ཕྱིར་རོ། །དེ་བཞིན་དུ་བརྒྱལ་ཡུལ་གྲང་བ་དང་དྲོ་བ་ལས་འོངས་པའི་ཆུ་གཉིས་ཀྱི་བྱེ་བྲག་རེག་བྱ་ལ་མཁས་པ་རྣམས་ཀྱིས་འདོམ་པའི་གནས་སུ་དམིགས་པ་འགྱུར་རོ་ཞེ་ན། དེའི་ཚེ་དཔེ་གཉིས་པ་ཇི་ ལྟར་མར་ལ་མར་ཉིད་བཞིན་ཏེ་མར་གཉིས་བསྲེས་ན་སྣུམ་པ་དང་ཁ་དོག་གཅིག་པ་ཉིད་ཡིན་པའི་ཕྱིར་ཐ་དད་པ་མེད་དོ། །དེ་བཞིན་དུ་རང་སྟེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་མཚན་ཉིད་ཀྱི་ཤེས་པ་རང་གི་ཡེ་ཤེས་ཏེ་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་གྱི་འོད་གསལ་ བ་ལ་བཀོད་ཅིང་ལེགས་པར་མཐོང་བ་གང་ཡིན་པ་དེ་ཕྱག་འཚལ་བ་སྟེ་དེ་ཁོ་ན་ཕྱག་འཚལ་བའི་འབྲས་བུ་ཉིད་ཡིན་པའི་ཕྱིར་ཕྱག་འཚལ་བ་ཡིན་ནོ། །དེ་བཞིན་དུ་ལས་དང་པོ་པ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་ཚེ་སངས་རྒྱས་འགྲུབ་པར་ཤོག་ཅེས་དེའི་དོན་དུ་ཕྱག་ 37-1-85b འཚལ་བར་བྱེད་དོ། །འདིར་ནི་ཕྱག་འཚལ་བ་ཁོ་ནས་སངས་རྒྱས་ཉིད་ཡིན་པས་རྒྱུ་དང་འབྲས་བུ་དག་ལ་ཐ་དད་པ་མེད་དེ། དགོངས་པ་འདིས་བཅོམ་ལྡན་འདས་ཀྱིས་རྩ་བའི་རྒྱུད་ལས། རྡོ་རྗེ་གསུམ་མཆོག་ཕྱག་རྒྱ་མིན། །ཞེས་གསུངས་སོ། །འདིར་ནི་ཕྱག་འཚལ་བ་བཀག་པ་མ་ཡིན་ ཏེ། འོན་ཀྱང་དེའི་བདག་ཉིད་དུ་རྗེས་སུ་འཇུག་པའི་མཚན་ཉིད་ཀྱིས་ཕྱག་འཚལ་བ་བརྟེན་པར་བཞེད་པ་ཡིན་ནོ་ཞེས་བྱ་བ་ནི་དགོངས་པ་མ་ཡིན་པའོ། །གལ་ཏེ་དེ་ལྟར་ན་ཕྱག་འཚལ་བ་ཙམ་ཁོ་ནས་དེ་ཁོ་ན་ཉིད་ཁོང་དུ་ཆུད་པའི་ཕྱིར་བསྒོམ་པས་ཅི་ཞིག་བྱ་སྙམ་དུ་དོགས་པ་བསུ་ནས། འོན་ཀྱང་ཀུན་མཁྱེན་རྟོགས་མེད་པར། །དེ་ཉིད་ཉེ་བར་དམིགས་མི་འགྱུར། །མུན་ནག་རབ་རིབ་ཀྱིས་ཁེབས་པ། །དྲིན་གྱིས་སྣང་བ་འཐོབ་པར་འགྱུར། །ཞེས་བྱ་བ་གསུངས་པའི་དོན་ནི་འདི་ཡིན་ཏེ་ཕྱག་འཚལ་བ་ཙམ་གྱིས་རྟོགས་པར་འགྱུར་བ་ཡིན་མོད་ཀྱི་འོན་ཀྱང་ཇི་སྲིད་དུ་ བླ་མའི་ཞལ་ལས་ཕྱག་འཚལ་བ་དེའི་རང་བཞིན་མ་ཤེས་པ་དེ་སྲིད་དུ་ཇི་ལྟར་རྟོགས་པར་བྱའོ་སྙམ་དུ་དགོངས་པའོ། །དེའི་ཕྱིར་ཀུན་མཁྱེན་ནི་རྡོ་རྗེ་སློབ་དཔོན་ཡིན་པར་བཞེད་དེ། བླ་མ་དང་རྡོ་རྗེ་འཆང་ལ་བྱེ་བྲག་མེད་པའི་ཕྱིར་རོ། །དེ་ལས་རྟོགས་པ་སྟེ་ཡེ་ཤེས་ཁོང་དུ་ཆུད་པ་གང་ ཡིན་པ་དེ་མེད་པར་དེ་ཁོ་ན་ཉིད་ཉེ་བར་དམིགས་པར་མི་འགྱུར་ཏེ། རྒྱལ་བ་སྐྱེད་མ་ལས་དགེ་བའི་བཤེས་གཉེན་ལ་ཉེ་བར་བརྟེན་ནས་སངས་རྒྱས་ཀྱི་བྱང་ཆུབ་འཐོབ་པོ་ཞེས་གང་གསུངས་པ་དང་། དེ་བཞིན་དུ། ལོག་པའི་ང་རྒྱལ་ཅན་གྱིས་རང་སྐྱོན་ལ། །སྐྱོན་དུ་མི་ཤེས་ཡོན་ཏན་མིན། ། དགེ་བའི་བཤེས་རྣམས་བརྙས་པར་བྱེད་པ་སྟེ། །དེ་ཉིད་བདུད་རྩི་ཇི་ལྟར་འཐུང་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་པ་བཞིན་ནོ། །དཔེ་གསུངས་པ། ཇི་ལྟར་མུན་ནག་རབ་རིབ་ཀྱིས་ཏེ་མུན་ནག་ཐིབས་པོས་ཁེབས་པའི་བུམ་པ་དང་སྣམ་བུ་ལ་སོགས་པ་མི་གསལ་བ་མར་ མེའི་སྣང་བ་དང་ཕྲད་ནས་དེ་དག་ཉི་མིང་དང་གཟུགས་ལ་སོགས་པའི་བྱེ་བྲག་གསལ་བར་འགྱུར་རོ། །དེ་བཞིན་དུ་ཐོག་མ་མེད་པའི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་བག་ཆགས་ཀྱི་མུན་པའི་ཚོགས་ཀྱིས་དྲི་མ་ཅན་དུ་བྱས་པའི་སེམས་ཀྱི་རྒྱུད་ལ་དེ་ཁོ་ན་ཉིད་ཡོད་དུ་ཟིན་ 37-1-86a ཀྱང་མི་གསལ་ཏེ་བླ་མའི་ཞལ་སྔ་ནས་ཀྱི་བཀའ་དྲིན་ཐོབ་ནས་དེ་ཁོ་ན་ཉིད་དེ་སྐད་ཅིག་ཙམ་གྱིས་གསལ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་བླ་མའི་ཞལ་གྱི་མན་ངག་ལྷུར་བླང་བར་བྱ་བའོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏེ་སྒྲ་ཇི་བཞིན་པའོ། །ད་ནི་སེམས་ རྣམ་པར་དག་པའི་རིམ་པའི་རྒྱུ་དང་འབྲས་བུའི་བྱེ་བྲག་བསྟན་པའི་ཕྱིར། སྟོང་ཉིད་ཤིན་ཏུ་སྟོང་པ་དང་། །གསུམ་པ་སྟོང་པ་ཆེན་པོ་དང་། །བཞི་པ་ཐམས་ཅད་སྟོང་པ་ནི། །རྒྱུ་དང་འབྲས་བུའི་བྲེ་བྲག་གོ། །ཞེས་བྱ་བ་གསུངས་ཏེ། སེམས་རྣམ་པར་དག་པའི་སྐབས་འདིར། སེམས་ དང་སེམས་ལས་བྱུང་བའི་རྣམ་པར་རྟོག་པ་མ་གཏོགས་པར་གཞན་མི་དམིགས་ཏེ། འཕགས་པ་བྱམས་པས། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་གང་གསུངས་པའོ། །དེའི་ཕྱིར་མི་མཐུན་པ་དང་། གཉེན་པོའི་དབྱེ་བས་དེ་རྣམ་ པར་དག་པར་འགྱུར་རོ། །དེ་ལ་མི་མཐུན་པའི་ཕྱོགས་ནི་རྣམ་པར་ཤེས་པ་གསུམ་དང་། དེ་ལས་བྱུང་བའི་རང་བཞིན་རྣམ་པ་གསུམ་ཡིན་ལ། གཉེན་པོའི་ཕྱོགས་ནི་སྟོང་པ་གསུམ་ཡིན་ཞིང་། དེ་ཉིད་ཀྱི་རྣམ་གྲངས་ནི་ཡེ་ཤེས་གསུམ་ཞེས་བྱ་བ་ཡིན་ནོ། །རྣམ་པར་ཤེས་པ་གསུམ་དང་ དེ་དང་འབྲེལ་པའི་རང་བཞིན་རྣམས་གང་ཡིན་པ་དེ་རྣམས་ཀྱང་གཉེན་པོར་གྱུར་པའི་སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་གྱི་རྣམ་པར་དག་པར་བྱ་བ་ཉིད་ཡིན་པའི་ཕྱིར་དེ་རྣམས་ཀྱི་མིང་གིས་བསྟན་ཏེ། ཆར་གྱིས་བྱས་པའི་མུ་གེ་ནི་ཆར་མེད་པར་བྱས་པའི་མུ་གེའོ་ཞེས་བྱ་བའི་དོན་ཏོ། །དེ་ བཞིན་དུ་རྣམ་པར་ཤེས་པ་ཁོ་ན་སྣང་བའི་ཡེ་ཤེས་དང་། སྟོང་པ་ཉིད་ཅེས་བརྗོད་པར་བྱ་སྟེ། དེ་ནི་དེ་རྣམས་ཀྱི་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ནི་ཡན་ལག་གི་དོན་ཏོ། །ཚིག་གི་དོན་ནི་ནང་སྟོང་པ་ཉིད་ལ་སོགས་པ་སྟོང་པ་ཉིད་བཅུ་དྲུག་པོ་དེ་རྣམས་ལས་བཞི་བཞི་ཞིང་རེ་རེས་བསྡུས་ པས་སྟོང་པ་ཉིད་ལ་སོགས་པ་བཞིར་འགྱུར་རོ། །འདི་ལྟར་སྟོང་པ་ཉིད་ཅེས་བྱ་བ་ནི་སྣང་བའི་ཡེ་ཤེས་སྐྱེས་པར་གྱུར་པ་ན་འཇུག་པའི་རྣམ་པར་ཤེས་པ་སྤོང་བའི་ཕྱིར་གཉེན་པོ་ཡིན་ནོ། །དེ་བཞིན་དུ་ཤིན་ཏུ་སྟོང་པ་ནི་སྣང་བ་གསལ་བའི་ཡེ་ཤེས་སྐྱེ་བར་འགྱུར་བ་ནི། ཉོན་མོངས་པ་ཅན་གྱི་ 37-1-86b ཡིད་ཀྱི་རྣམ་པར་ཤེས་པ་སྤོང་བའི་ཕྱིར་གཉེན་པོ་ཡིན་ནོ། །དེ་བཞིན་དུ་ཆེན་པོ་སྟོང་པ་ནི་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་སྐྱེ་བར་འགྱུར་བ་ན་ཀུན་གཞིའི་རྣམ་པར་ཤེས་པ་སྤོང་བའི་ཕྱིར་གཉེན་པོ་ཡིན་ནོ། །བཞི་པ་ཐམས་ཅད་སྟོང་པ་ནི་འོད་གསལ་བ་སྐྱེས་པར་གྱུར་པ་ན། ཡེ་ཤེས་གསུམ་ དང་རྣམ་གྲངས་གཞན་སྟོང་པ་ཉིད་གསུམ་སྤོང་པའི་ཕྱིར་འབྲས་བུ་ཞེས་བརྗོད་དོ། །དེ་ཉིད་ཀྱི་ཕྱིར། རྒྱུ་དང་འབྲས་བུའི་བྱེ་བྲག་གོ། །ཞེས་བྱ་བ་ལ་རྒྱུའི་བྱེ་བྲག་ནི་སྟོང་པ་ཉིད་ལ་སོགས་པའི་དབྱེ་བ་ཡིན་ཞིང་འབྲས་བུའི་བྱེ་བྲག་ནི་འོད་གསལ་བ་ཡིན་ནོ། །ད་ནི་དེ་ཁོ་ན་ཉིད་བཤད་པ། ཤེས་རབ་ཐབས་སུ་སྦྱོར་བ་ལས། །རྫོགས་པ་ཉེ་བར་ཐོབ་པར་འགྱུར། །ཉེ་བར་ཐོབ་པ་རྫོགས་པ་ལས། །ཐམས་ཅད་སྟོང་པ་འོད་གསལ་བ། །ཞེས་བྱ་བ་གསུངས་ཏེ། དེ་ལ་ཤེས་རབ་ཅེས་བྱ་བའི་སྒྲས་ནི་ཡུལ་འཛིན་པ་ལ་ཁྱད་པར་དུ་ཤེས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་འཇུག་ པའི་རྣམ་པར་ཤེས་པ་ལ་ཤེས་རབ་ཡིན་པར་བསྟན་ཏོ། །དེ་བཞིན་དུ་ཡང་བདག་ཏུ་ལྟ་བ་ལ་སོགས་པ་བཞིའི་སྒོ་ནས་འཁོར་བའི་འཁོར་ལོ་མ་ལུས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་ཐབས་ནི་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་ནོ། །དེ་དག་སྦྱོར་བ་ལས་ཏེ་ཉེ་བར་འདུས་པས་ རྫོགས་པ་ནི་གཅིག་ཏུ་གྱུར་པའོ། །ཉེ་བར་ཐོབ་པ་ནི་ཉེ་བར་དམིགས་པ་སྟེ། སྲིད་པ་བར་མའི་གནས་སྐབས་ན་གསལ་བ་ཡིན་པས་ཀུན་གཞིའི་རྣམ་པར་ཤེས་པ་ནི་ཉེ་བར་ཐོབ་པ་ཡིན་ནོ། །ཀུན་གཞིའི་རྣམ་པར་ཤེས་པ་དེ་རྫོགས་པ་ལས་ཏེ། ཆེན་པོ་སྟོང་པས་སྤངས་པར་གྱུར་པ་ལས་ རྣལ་འབྱོར་པ་རྣམས་ཀྱིས་ཐམས་ཅད་སྟོང་པའི་བདག་ཉིད་ཀྱི་འོད་གསལ་བའི་དེ་ཁོ་ན་ཉིད་ཉེ་བར་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེའི་ཡང་སོ་སོར་བཤད་པ། རྒྱུ་ཡི་རིམ་པ་རྣམ་དག་དང་། །རྣམ་ཤེས་གསུམ་པོ་སྦྱོར་བ་དང་། །སྟོང་པ་གསུམ་ནི་མཉམ་སྦྱོར་ལས། །བླ་མེད་ གོ་འཕང་འཐོབ་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། རྒྱུའི་རིམ་གྱིས་ཏེ་སྔགས་དང་ཕྱག་རྒྱའི་རིམ་གྱིས་གང་གི་ཚེ་རྣམ་ཤེས་གསུམ་སྟེ་འཇུག་པའི་རྣམ་པར་ཤེས་པ་ལ་སོགས་པ་གསུམ་དང་སྦྱོར་བ་ཞེས་བྱ་བ་དེ་དང་འབྲེལ་པའི་རང་བཞིན་རྣམས་རྣམ་པར་དག་པར་བྱ་སྟེ། དེ་ནི་ 37-1-87a སྟོང་པ་གསུམ་ནི་མཉམ་སྦྱོར་ལས་ཏེ་སྟོང་པ་གསུམ་རོ་གཅིག་ཏུ་གྱུར་པའི་ཐམས་ཅད་སྟོང་པ་ལས་བླ་མེད་གོ་འཕང་སྟེ་འོད་གསལ་བའི་དེ་ཁོ་ན་ཉིད་འཐོབ་པར་འགྱུར་ཞིང་རྙེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདིར་བསྡུས་པའི་དོན་འདི་ཡིན་ཏེ། རྣམ་པར་ཤེས་ པ་བརྒྱད་རྣམ་པར་ཤེས་པ་གསུམ་དུ་བསྡུས་ནས། དེ་སྔགས་ཀྱི་རིམ་གྱིས་འདི་ལྟར་སྤང་བར་བྱའོ། །དང་པོར་ལྟེ་བའི་གནས་སུ་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་ལ་པདྨ་དང་ཟླ་བའི་སྟེང་དུ་དབྱངས་དང་པོའི་ཐིག་ལེས་མཚན་པ་བཀོད་དེ་མགོ་བོ་ལ་སོགས་པ་རྣམས་ སུ་ཡི་གེ་གསུམ་བཀོད་ནས། དེ་ལས་བྱུང་བའི་འོད་ཟེར་གྱིས་མགོ་བོ་ནས་ཡི་གེ་ཨོཾ་འཇུག་པའི་རྣམ་པར་ཤེས་པའི་བདག་ཉིད་བཀུག་སྟེ་དེ་ཉིད་དུ་གཞུག་པར་བྱའོ། །དེའི་ཚེ་སྟོན་ཀའི་དུས་ཀྱི་ཟླ་བའི་འོད་ཟེར་ལྟ་བུའི་སྣང་བ་འབྱུང་སྟེ། དེའི་ཚེ་སྣང་བའི་ཡེ་ཤེས་སྐྱེས་པ་ན་ སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་ཐོབ་པས་འཇུག་པའི་རྣམ་པར་ཤེས་པའི་རང་བཞིན་སུམ་ཅུ་རྩ་གསུམ་དང་ལྡན་པ་ནུབ་པར་འགྱུར་རོ། །དེའི་རྗེས་ལ་དེ་ཉིད་དུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་ལ་གནས་པའི་ཚེག་དྲག་དང་ལྡན་པ་བཀོད་དེ། དེ་ལས་བྱུང་བའི་འོད་ཟེར་གྱིས་ལྐོག་ མ་ནས་ཡི་གེ་ཨཱཿ་བཀུག་ནས་དེ་ཉིད་དུ་གཞུག་པར་བྱའོ། །དེའི་ཚེ་ཉི་མའི་འོད་ཟེར་དང་མཚུངས་པའི་སྣང་བ་འབྱུང་སྟེ། དེའི་ཚེ་སྣང་བ་གསལ་བའི་ཡེ་ཤེས་སྐྱེས་པ་ན་ཤིན་ཏུ་སྟོང་པའི་དེ་ཁོ་ན་ཉིད་ཐོབ་པས་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་རང་བཞིན་བཞི་བཅུ་དང་ལྡན་པ་ ནུབ་པར་འགྱུར་རོ། །དེའི་རྗེས་ལ་འཁོར་ལོ་དང་ས་བོན་དང་ཟླ་བ་དང་ཉི་མ་ལ་སོགས་པ་བསྒོམ་པ་རྣམས་སྤངས་ནས་ཡི་གེ་ཧཱུྃ་ལྟེ་བའི་དབུས་སུ་གཞུག་པར་བྱའོ། །དེའི་ཚེ་མཚམས་ཀྱི་རབ་ཏུ་གསལ་བ་དང་མཚུངས་པའི་སྣང་བ་འབྱུང་སྟེ། དེའི་ཚེ་ཀུན་གཞིའི་རྣམ་པར་ཤེས་པ་རང་བཞིན་བདུན་ དང་ལྡན་པ་ནུབ་པར་འགྱུར་རོ། །དེའི་རྗེས་ལ་རིམ་པས་མཚན་མ་ལྔ་བྱུང་བ་ན་རབ་ཏུ་གསལ་བ་དེ་རྣམས་ཀྱང་མེད་པར་གྱུར་ནས་སྤྲིན་མེད་པའི་ནམ་མཁའི་སྣང་བ་དང་མཚུངས་པའི་རབ་ཏུ་གསལ་བ་འབྱུང་སྟེ། དེའི་ཚེ་ཡེ་ཤེས་གསུམ་འགགས་ནས་རང་བཞིན་གྱིས་འོད་གསལ་བའི་དེ་ 37-1-87b ཁོ་ན་ཉིད་བཞི་པ་སྐྱེ་བར་གྱུར་པ་ཡིན་ནོ་ཞེས་པ་ནི་སྔགས་ཀྱེ་རིམ་པའོ། །ཕྱག་རྒྱའི་རིམ་པ་ནི་དམ་ཚིག་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དག་ལས་གང་ཡང་རུང་བ་དང་སྙོམས་པར་འཇུག་པ་ན་རྣམ་པ་སྣ་ཚོགས་པའི་སྐད་ཅིག་ལ་འཇུག་པའི་རྣམ་པར་ཤེས་པ་འགགས་ནས་སྣང་བའི་ཡེ་ཤེས་ཀྱི་རང་ བཞིན་གྱི་དགའ་བ་སྐྱེ་བར་འགྱུར་རོ། །རྣམ་པར་ཤེས་པའི་སྐད་ཅིག་ལ་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་འགགས་ནས་སྣང་བ་གསལ་བའི་ཡེ་ཤེས་ཀྱི་རང་བཞིན་གྱི་མཆོག་ཏུ་དགའ་བ་སྐྱེ་བར་འགྱུར་རོ། །རྣམ་པར་ཉེད་པའི་སྐད་ཅིག་ལ་ཀུན་གཞིའི་རྣམ་པར་ཤེས་པ་འགགས་ ནས་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་དགའ་བྲལ་སྐྱེ་བར་འགྱུར་རོ། །བྲལ་བའི་རང་བཞིན་ཇི་ལྟར་སྣང་བ་ཉེ་བར་ཐོབ་པ་ཡིན་པ་ནི་བླ་མའི་ཞལ་ལས་རྟོགས་པར་བྱའོ། །དེའི་རྗེས་ལ་མཚན་ཉིད་དང་བྲལ་བའི་སྐད་ཅིག་ལ་ཡེ་ཤེས་གསུམ་འགགས་ནས། འོད་གསལ་བའི་ རང་བཞིན་གྱི་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནི་ཕྱག་རྒྱའི་རྣམ་པར་དབྱེ་བའོ། །ཕྱག་རྒྱ་མེད་ན་དཔེའི་དུས་སུ་ཉེ་བར་མཚོན་པའི་དེ་ཁོ་ན་ཉིད་རྗེས་སུ་དྲན་པར་བྱས་ནས་དེའི་ཚུལ་དུ་བསྒོམ་པར་བྱའོ་ཞེས་བྱ་བའི་རིམ་པ་སྟེ་དགོངས་པ་མ་ཡིན་པའོ། །ད་ནི་འཇུག་པའི་ རྣམ་པར་ཤེས་པའི་མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་དང་དེ་དག་གི་ཐབས་ཀྱི་དབྱེ་བས་ཀུན་རྫོབ་ཀྱི་རང་བཞིན་གྱི་མིང་རྣམས། སྣང་བ་སྟོང་པ་ཤེས་རབ་དང་། །སེམས་དང་གཞན་གྱི་དབང་དག་སྟེ། །དེ་ཡི་རང་བཞིན་གསལ་འཕྲོ་བ། །ད་ནི་རབ་ཏུ་བཤད་པར་བྱ། །ཞེས་བྱ་ བ་གསུངས་ཏེ། དེ་ལ་འཇུག་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ཉིད་སྔར་བཤད་པའི་བསྒོམ་པས་སྤངས་པར་གྱུར་པ་ན་སྣང་བའི་ཡེ་ཤེས་ཀྱི་མིང་དུ་ཐ་སྙད་བཏགས་ཏེ། ཟླ་བའི་སྣང་བ་དང་མཚུངས་པར་མཐོང་བའི་ཕྱིར་རོ། །རང་བཞིན་སུམ་ཅུ་རྩ་གསུམ་སྤངས་པའི་ཕྱིར་སྟོང་ པའོ། །འཇུག་པའི་རྣམ་པར་ཤེས་པ་དྲུག་གི་ངོ་བོ་ཉིད་ཡིན་པའི་ཕྱིར་ཏེ། སེམས་དེ་བསགས་པས་ན་སེམས་ཞེས་བྱའོ། །དེ་ཉིད་དུ་ཡུལ་དྲུག་འཛིན་པ་ལས་འབྱུང་བའི་ཕྱིར་གཞན་གྱི་དབང་སྟེ་ཕྱི་རོལ་གྱི་གཟུང་བར་བྱ་བ་གཞན་རྣམས་ཀྱི་དབང་བྱས་ཤིང་རྒྱས་པར་བྱས་པས་ན་ 37-1-88a གཞན་གྱི་དབང་ངོ་། །དེ་ནི་སེམས་ཀྱི་རང་གི་ངོ་བོ་འཇུག་པའི་རྣམ་པར་ཤེས་པའི་མིང་ཅན་སྣང་བ་དེའི་རང་བཞིན་ནི་སེམས་ལས་བྱུང་བའི་ཆོས་ཀྱི་རང་གི་ངོ་བོ་སྟེ། གསལ་བ་ནི་རང་རིག་པའི་མངོན་སུམ་གྱིས་གསལ་བར་རྟོགས་པར་བྱ་བ་རྣམས་སོ། །འཕྲོ་བ་ནི་འབྱུང་ བའོ། །རབ་ཏུ་བཤད་པར་བྱ་བ་ནི་གྲངས་དང་རྣམ་པར་དབྱེ་བའི་ཁྱད་པར་གྱིས་བཤད་པར་བྱ་བའོ་ཞེས་བྱ་བའི་ཐ་ཚིག་སྟེ། དགོངས་པ་མ་ཡིན་པའོ། །དེ་རྣམས། ཆགས་བྲལ་དང་ནི་བར་མ་ཉིད། །དེ་བཞིན་དུ་ནི་ཆེན་པོ་དང་། །ཡིད་ཀྱི་འགྲོ་ཞིང་འོང་བ་དང་། །དེ་བཞིན་མྱ་ངན་ལ་སོགས་ གསུམ། །ཞི་བའི་རྣམ་རྟོག་འཇིགས་པ་དང་། །འཇིགས་པ་བར་མ་ཤིན་ཏུ་འཇིགས། །སྲེད་དང་སྲེད་པ་བར་མ་དང་། །ཤིན་ཏུ་སྲེད་དང་ཕན་པ་དང་། །མི་དགེ་བཀྲེས་སྐོམ་དག་ཉིད་དང་། །ཚོར་དང་ཚོར་བ་མཉམ་པ་དང་། །ཤིན་ཏུ་ཚོར་བའི་སྐད་ཅིག་ཉིད། །རིག་པ་པོ་དང་རིག་འཛིན་ གནས། །སོ་སོར་རྟོག་དང་ངོ་ཚ་ཤེས། །སྙིང་རྗེ་དང་ནི་བརྩེ་བ་གསུམ། །དོགས་དང་ཐེ་ཚོམ་ཉིད་དང་ནི། །ཕྲག་དོག་ཅེས་ནི་བྱ་བར་གྲགས། །རང་བཞིན་སུམ་ཅུ་རྩ་གསུམ་གང་། །ལུས་ཅན་རྣམས་ཀྱི་རང་རིག་སྟེ། །ཞེས་བྱ་བ་གསུངས་ཏེ། རང་བཞིན་སུམ་ཅུ་རྩ་གསུམ་པོ་འདི་རྣམས་ནི་ ལུས་ཅན་རྣམས་ཀྱི་རང་རིག་སྟེ། ལུས་ཅན་རྣམས་ཀྱི་རང་རིག་པའི་མངོན་སུམ་གྱིས་ངེས་པར་བྱའོ། །འཇུག་པའི་རྣམ་པར་ཤིས་པ་ནི་རེག་པ་ལ་སོགས་པ་ལྔ་དང་བདུན་པ་ལ་སོགས་པ་ལྔ་དང་བཅུ་གཅིག་དགེ་བ་དང་ཉོན་མོངས་པ་དྲུག་དང་ཉེ་བའི་ཉོན་མོངས་པ་ཉི་ཤུ་དང་མཚུངས་པར་ལྡན་ པ་མ་ཡིན་ནམ། དེའི་ཕྱིར་ཆོས་བཞི་བཅུ་རྩ་བདུན་དང་ལྡན་པ་དེ་ཇི་ལྟར་རང་བཞིན་སུམ་ཅུ་རྩ་གསུམ་དང་ལྡན་པར་བརྗོད་པར་བྱ་ཞེ་ན་བདེན་ཏེ་ཇི་ལྟར་རྩ་བའི་ཉོན་མོངས་པ་དྲུག་ལས་ཉེ་བའི་ཉོན་མོངས་པ་ཉི་ཤུར་ཕྱེ་བ་དེ་རྣམས་ཀྱི་རང་གི་ངོ་བོ་ཉིད་ཡིན་པ་དེ་བཞིན་དུ་འདི་རྣམས་ཀྱང་ཉེ་བའི་ཉོན་ མོངས་པ་ལ་སོགས་པ་རྣམས་ཀྱི་དབྱེ་བ་ལས་བག་ཆགས་ཕྲ་མོའི་རང་བཞིན་ཡིན་པར་ཤེས་པར་བྱའོ། །དེ་བཞིན་དུ་ཡང་ཆགས་བྲལ་ལ་སོགས་པ་གསུམ་ནི་ཉེ་བའི་ཉོན་མོངས་པ་འགྱོད་པའི་ནང་དུ་འདུས་ཏེ། སེམས་ཀྱི་ཡིད་ལ་གཅགས་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། ། 37-1-88b ཡིད་ཀྱི་འགྲོ་བ་དང་འོང་བ་དག་ནི་རྟོག་པ་དང་དཔྱོད་པའི་བདག་ཉིད་ཡིན་ཏེ། ཕྲ་བ་དང་རགས་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །ཞི་བའི་རྣམ་པར་རྟོག་པ་ནི་རྣམ་པར་མི་འཚེ་བ་སྟེ་སྙིང་རྗེ་ཡིན་ནོ། །འཇིགས་པ་ལ་སོགས་པ་གསུམ་ནི་མ་ཆགས་པ་ལ་སོགས་པ་དགེ་བ་གསུམ་དུ་འདུས་ཏེ། འཇིགས་པ་ཡོད་ན་མ་ཆགས་པ་ལ་སོགས་པ་རྗེས་སུ་བསྒྲུབ་བོ། །སྲིད་པ་ལ་སོགས་པ་གསུམ་དང་ལེན་པ་ནི་ཉོན་མོངས་པ་འདོད་ཆགས་ཀྱིས་བསྡུས་ཀྱི་འདོད་ཆགས་དང་ལྡན་པ་ལ་སྲེད་པ་འབྱུང་བའི་ཕྱིར་རོ། །མི་དགེ་བ་ནི་ཉོན་མོངས་པ་ཞེ་སྡང་དང་ཉེ་བའི་ཉོན་མོངས་པ་འཆབ་པ་དང་ འཚིག་པ་དང་ཕྲག་དོག་ལ་སོགས་པ་རྣམས་སུའོ། །ཚོར་བ་ལ་སོགས་པ་རྣམ་པ་གསུམ་ནི། ཀུན་དུ་འགྲོ་བའི་ཚོར་བ་རྣམ་པ་གསུམ་དུའོ། །བཀྲེས་པ་དང་སྐོམ་པ་དག་ནི་རེག་པར་རོ། །རིག་པ་པོ་ལ་སོགས་པ་གསུམ་ནི་ཡིད་ལ་བྱེད་པར་རོ། །སོ་སོར་དཔྱོད་པ་ནི་རྟོག་པར་རོ། ། ངོ་ཚ་ཤེས་པ་ནི་དགེ་བའི་ངོ་ཚ་ཤེས་པར་རོ། །སྙིང་རྗེ་ནི་རྣམ་པར་མི་འཚེ་བར་རོ། །བརྩེ་བ་གསུམ་ནི་འདོད་ཆགས་སུའོ། །དོགས་པ་དང་ཐེ་ཚོམ་དག་ནི་རྩ་བའི་ཉོན་མོངས་པ་དྲུག་པར་རོ། །སེར་སྣ་ནི་སེར་སྣའམ་ཕྲག་དོག་ཏུའོ། །དེའི་ཕྱིར་དེ་རྣམས་ནི་དགེ་བ་དང་མི་དགེ་བ་དང་ ལུང་དུ་མ་བསྟན་པའི་ཕྱིར་རང་བཞིན་གྱིས་སེམས་ལས་བྱུང་བ་རྣམས་ཁོ་ན་ཡིན་ཏེ་སྒྲ་ཇི་བཞིན་པའོ། །ད་ནི་དོན་དང་བཅས་པའི་མིང་རྣམས། ཀུན་རྫོབ་གསལ་བའི་ངོ་བོ་དང་། །མཚན་མའི་མིང་དུ་རབ་ཏུ་གྲགས། །དེ་བཞིན་བུད་མེད་མིང་དུ་བརྗོད། །འཇམ་པོའི་རྣམ་པའང་དང་དེ་བཞིན་ ནོ། །གཡོན་པ་ཡི་ནི་མིང་ཉིད་དང་། །ཟླ་བའི་དཀྱིལ་འཁོར་པདྨ་ཅན། །བསྟན་པར་བྱ་བའི་རྒྱུ་ཉིད་ཕྱིར། །དབྱངས་ཡིག་དང་པོའི་ཐིག་ལེར་བཅས། །ཟླ་བའི་འོད་ལྟར་སྣང་བ་ཡིན། །སྣང་བའི་ཡེ་ཤེས་ཡང་དག་འབྱུང་། །ཞེས་བྱ་བ་གསུངས་ཏེ། ཀུན་རྫོབ་ཡུལ་དང་དབང་པོ་དང་། རྣམ་ པར་ཤེས་པ་འདུས་པ་ལས་གང་གི་ཚེ་འཇུག་པའི་རྣམ་པར་ཤེས་པའི་རང་བཞིན་རྣམས་ཉམས་སུ་མྱོང་བ་དེའི་ཚེ་གསལ་བའི་ངོ་བོ་ཞེས་བརྗོད་པར་བྱའོ། །ཟླ་བའི་འོད་ཟེར་ལྟ་བུའི་སྣང་བ་མཐོང་བའི་ཕྱིར་རམ། ཅུང་ཞིག་གསལ་བའི་སྣང་བ་འབྱུང་བའི་ཕྱིར་མཚན་མོའོ། །ཤེས་རབ་ཀྱི་རང་ 37-1-89a བཞིན་ཡིན་པའི་ཕྱིར་བུད་མེད་ཀྱི་མིང་སྟེ། དེ་ཡང་སྔར་བཤད་ཟིན་ཏོ། །འཇུག་པའི་རྣམ་པར་ཤེས་པའི་རང་བཞིན་རྣམས་ནི་རྩ་གཡོན་པ་ལས་བྱུང་བའི་རླུང་དང་ལྡན་པའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་གཡོན་པ་སྟེ། རླུང་ནི་གང་དང་གང་གནས་པ། །རང་ བཞིན་དེ་དང་དེ་འབྱུང་ངོ་། །ཞེས་འཆད་པར་འགྱུར་རོ། །ཆོས་ཀྱི་དབྱིངས་ཀྱི་འཁོར་ལོར་པདྨ་འི་གདན་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་ལ་དེ་བསྒོམ་པའི་ཕྱིར་ཟླ་བའི་དཀྱིལ་འཁོར་པདྨ་ཅན་ནོ། །ཡི་གེ་ཨ་ཐིག་ལེས་མཚན་པར་དེའི་རང་བཞིན་གྱི་ཡི་གེ་ཨོཾ་གསུངས་པའི་ཕྱིར། བསྟན་པར་བྱ་ བའི་རྒྱུ་ཉིད་ཕྱིར། །ཞེས་བྱ་བ་སྣང་བའི་ཡེ་ཤེས་བསྟན་པ་ཉིད་དུ་བསྐྱེད་པའི་ཕྱིར་ངག་གི་ལམ་ལ་བརྟེན་པའི་ས་བོན་རྗེས་སུ་འཇུག་པའི་དབྱངས་ཏེ་ཨོཾ་མོ། །དེ་ཉིད་ཀྱི་ཕྱིར་དེའི་ཚེ་ཟླ་བའི་འོད་ཟེར་ལྟར་སྣང་བ་སྟེ། ཟླ་བའི་གསལ་བ་དང་མཚུངས་པའི་སྣང་བ་འབྱུང་བའི་ཕྱིར། སྣང་བའི་ཡེ་ ཤེས་ཡང་དག་འབྱུང་ངོ་། །འདི་ནི་སྟོང་པ་ཉིད་ཀྱི་བདག་ཉིད་ཀྱི་ཏིང་ངེ་འཛིན་ཡིན་པར་ཁོང་དུ་ཆུད་པར་བྱ་སྟེ། དགོངས་པ་མ་ཡིན་པས་བཤད་པའོ། །ད་ནི་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པའི་རྣམ་པར་དག་པ་བསྟན་པའི་ཕྱིར། སྣང་བ་གསལ་བ་ཞེས་བརྗོད་ཅིང་། །ཤིན་ཏུ་ སྟོང་པ་ཐབས་ཉིད་དང་། །དེ་བཞིན་ཀུན་དུ་བརྟགས་པར་བརྗོད་། །དེ་བཞིན་སེམས་ལས་བྱུང་བར་བཤད། །ཅེས་བྱ་བ་གསུངས་ཏེ། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་གང་ཡིན་པ་དེ་སྔར་བཤད་པའི་བསྒོམ་པས་སྤངས་པར་གྱུར་པ་ན་སྣང་བ་གསལ་བ་ཞེས་ བརྗོད་པར་བྱ་སྟེ། ཉི་མ་ལྟར་རབ་ཏུ་གསལ་བར་སྣང་བའི་ཕྱིར་སྣང་བ་འཕེལ་བར་གྱུར་པ་ནི་སྣང་བ་གསལ་བ་ཞེས་བཤད་དོ། །རང་བཞིན་བཞི་བཅུ་སྤངས་པའི་ཕྱིར་ཤིན་ཏུ་སྟོང་པའོ། །རྩ་གཡས་པ་ནས་བྱུང་བ་ཉིད་ཡིན་པའི་ཕྱིར་ཐབས་ཀྱི་རང་བཞིན་ནོ། །བདག་ཏུ་ལྟ་བ་ལ་སོགས་ པ་བཞི་དང་རེག་པ་ལ་སོགས་པ་ལས་ཡོངས་སུ་བརྟགས་པ་ཉིད་ཡིན་པའི་ཕྱིར་ཀུན་དུ་བརྟགས་པའོ། །སེམས་དང་སེམས་ལས་བྱུང་བ་དག་ཐ་དད་པ་མེད་པའི་ཕྱིར་སེམས་ལས་བྱུང་བ་སྟེ་སྒྲ་ཇི་བཞིན་པའོ། །ད་ནི་དེ་དང་འབྲེལ་བའི་རང་བཞིན་རྣམས་ཀྱི་གྲངས་བསྟན་པའི་ཕྱིར། ཆགས་དང་ 37-1-89b ཞེན་དང་དེ་དགའ་བ། །དགའ་བ་བར་མ་ཤིན་ཏུ་དགའ། །རངས་དང་རབ་ཏུ་མགུ་བ་དང་། །ངོ་མཚར་དེ་བཞིན་དགོད་པ་དང་། །ཚིམ་དང་འཁྱུད་པ་ཉིད་དང་ནི། །འོ་བྱེད་དེ་བཞིན་འཇིབ་པ་དང་། །བརྟན་དང་བརྩོན་དང་ང་རྒྱལ་དང་། །ལས་དང་ཆོས་དང་སྟོབས་དང་ནི། །སྤྲོ་བ་དང་ནི་གྱ་ ཚོམ་ཉིད། །དེ་བཞིན་གྱ་ཚོམ་ཆེན་པོ་དང་། །གྱ་ཚོམ་བར་མ་དྲག་པོ་དང་། །རྣམ་པར་སྒེག་དང་ཞེ་འགྲས་ཉིད་། །དགེ་དང་ཚིག་གསལ་བདེན་པ་དང་། །མི་བདེན་པ་དང་དེ་བཞིན་ངེས། །ཉེར་ལེན་མིན་དང་སྦྱིན་པ་པོ། །སྐུལ་དང་དེ་བཞིན་དཔའ་བོ་དང་། །ངོ་ཚ་མེད་དང་སྦྱོར་དང་གདུག ། གཡོ་དང་གྱ་གྱུ་ཉིད་དག་དང་། །རང་བཞིན་དག་ནི་བཞི་བཅུ་སྟེ། །ཤིན་ཏུ་སྟོང་པའི་སྐད་ཅིག་གོ། །ཞེས་བྱ་བ་གསུངས་ཏེ། མདོ་སྔ་མ་ལ་རུས་སྦལ་གྱི་འགྲོ་སྟངས་ཀྱི་ཚུལ་གྱིས་རང་རིག་ཅེས་བྱ་བའི་ཚིག་རྗེས་སུ་སྦྱར་བར་བྱའོ། །དེས་ན་རང་བཞིན་བཞི་བཅུ་པོ་དེ་རྣམས་སྐད་ཅིག་སྟེ་ སྐད་ཅིག་རེ་རེར་འབྱུང་བ་རྣམས་ནི་རང་རིག་པའི་མཚན་མས་ཡང་དག་པར་ཁོང་དུ་ཆུད་པར་བྱ་བ་ཁོ་ན་ཡིན་ནོ། །དེ་རྣམས་དང་སྔར་བཤད་པའི་རིམ་པས་ཉོན་མོངས་པ་ཅན་གྱི་རྣམ་པར་ཤེས་པ་ལོག་པ་ནི་ཤིན་ཏུ་སྟོང་པས་སྤང་བར་བྱ་བའོ། །ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་ནི་ བདག་ཏུ་ལྟ་བ་དང་། བདག་ཏུ་རྨོངས་པ་དང་། བདག་ཏུ་ང་རྒྱལ་བ་དང་། བདག་ལ་ཆགས་པ་ཞེས་བྱ་བ། ཉོན་མོངས་པ་བཞི་དང་། རེག་པ་དང་། ཡིད་ལ་བྱེད་པ་དང་། ཚོར་བ་དང་འདུ་ཤེས་དང་སེམས་པ་སྟེ། ལྔ་ཀུན་དུ་འགྲོ་བ་དང་ལྡན་ཞིང་། གཞན་དང་མི་ལྡན་པ་མ་ཡིན་ནམ། དེའི་ཕྱིར་ཇི་ལྟར་རང་བཞིན་བཞི་བཅུ་དང་ལྡན་པ་འཐད་པར་འགྱུར་བ་དེ་བདེན་ཏེ་འོན་ཀྱང་ཉོན་མོངས་པ་བཞིའི་ནང་དུ་རང་བཞིན་བཞི་བཅུ་འདུས་པར་འགྱུར་ཏེ། ཆགས་པ་ནས་བརྩམས་ནས་ཚིམ་པའི་བར་ནི་བདག་ཏུ་ལྟ་བར་རོ། །འཁྱུད་པ་ནས་བརྩམས་ནས་སྤྲོ་བའི་བར་ནི་བདག་ ཏུ་རྨོངས་པར་རོ། །གྱ་ཚོམ་ནས་བརྩམས་ཏེ་མི་བདེན་པའི་བར་ནི་བདག་ཏུ་ང་རྒྱལ་བར་རོ། །ངེས་པ་ནས་བརྩམས་ཏེ་གྱ་གྱུའི་བར་ནི་བདག་ལ་ཆགས་པར་འདུས་ཏེ་འདུ་བྱེད་ལྔ་བཅུ་རྩ་གཅིག་བཞིན་ནོ། །དེ་རྣམས་སེམས་ལས་བྱུང་བ་ཡིན་བཞིན་དུ་ཡང་རྩ་བའི་ཉོན་མོངས་པ་རྣམས་སུ་ 37-1-90a འདུས་པར་འགྱུར་ཏེ་སྒྲ་ཇི་བཞིན་པའོ། །ད་ནི་དོན་དང་མཐུན་པའི་མིང་རྣམས། ཉིན་མོ་སྐྱེས་པ་ཞེས་བྱ་དང་། །རྩུབ་མོའི་རྣམ་པར་བསྟན་པ་ཡིན། །ཉི་མའི་དཀྱིལ་འཁོར་ཞེས་བྱ་དང་། །དེ་བཞིན་རྡོ་རྗེ་ཉིད་ཅེས་བྱ། །ཐིག་ལེ་གཉིས་ཀྱིས་བརྒྱན་པ་ཡི། །ཆ་རུ་དེ་ཉིད་ཤེས་ པར་བྱ། །ཉི་མའི་འོད་ཟེར་ལྟ་བུ་ཡི། །སྣང་བ་གསལ་བའི་ཡེ་ཤེས་འབྱུང་། །ཞེས་བྱ་བ་གསུངས་ཏེ། དེ་ལ་སྣང་བ་འཕེལ་བའི་རབ་ཏུ་གསལ་བ་ནི་ཉི་མ་ལྟ་བུར་སྣང་བའི་ཕྱིར་ཉིན་མོ་ཞེས་བྱའོ། །ཐབས་ཀྱི་རང་བཞིན་ཡིན་པའི་ཕྱིར་སྐྱེས་པ་ཞེས་བྱའོ། །ཉི་མའི་དཀྱིལ་འཁོར་ལྟ་བུའི་སྣང་བ་ དང་ལྡན་པའི་ཕྱིར་རྩུབ་མོ་ཉིད་དོ། །ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེའི་གདན་ལ་དབྱངས་ཡིག་དང་པོའི་ཐིག་ལེ་གཉིས་ཀྱིས་རྣམ་པར་བརྒྱན་པ་བཀོད་དེ་ངག་གི་ས་བོན་བསྡུས་པས་ཉི་མ་དང་མཚུངས་པའི་སྣང་བའི་ཚོགས་འབྱུང་བ་ན་སྣང་བ་གསལ་བའི་ཡེ་ཤེས་ཉོན་མོངས་པ་ཅན་གྱི་ ཡིད་ཀྱི་རྣམ་པར་ཤེས་པར་གྱུར་པའི་མཚན་ཉིད་ཅན་འབྱུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དགོངས་པ་མ་ཡིན་པའོ། །ད་ནི་ཀུན་གཞིའི་རྣམ་པར་ཤེས་པའི་རྣམ་པར་དག་པ། སྣང་བ་ཉེ་བར་ཐོབ་པ་དང་། །དེ་བཞིན་ཉེ་བར་ཐོབ་པ་ཉིད། །ཡོངས་སུ་གྲུབ་པ་ཉིད་དང་ནི། །མ་རིག་པ་ཞེས་ བྱ་བ་ཉིད། །སྟོང་པ་ཆེན་པོའི་ཚིག་དང་ནི། །རྣམ་གྲངས་འདི་དག་རྒྱལ་བས་གསུངས། །ཞེས་པ་གསུངས་ཏེ། སྣང་བ་ཉེ་བར་ཐོབ་པ་ཞེས་བྱ་བ་ལ་ཟླ་བ་དང་ཉི་མ་དང་འབྲེལ་པའི་སྣང་བ་གཉིས་ཉེ་བར་ཐོབ་པ་སྟེ། དེ་དག་ཏུ་སྣང་བ་དང་བྲལ་ནས་མཚམས་ཀྱི་རབ་ཏུ་གསལ་བ་ལྟ་བུའི་སྣང་བ་ ཉེ་བར་ཐོབ་པ་ཞེས་བྱའོ། །དེ་བཞིན་དུ་ཉེ་བར་ཐོབ་པ་ཞེས་བྱ་བ་ནི་དེ་ལྟ་བུའི་རང་བཞིན་ཁོ་ནར་ཉེ་བར་ཐོབ་པ་ཡིན་གྱི་ཉི་མ་དང་ཟླ་བ་ལ་སོགས་པ་གཞན་དུ་ནི་མ་ཡིན་ནོ་ཞེས་གཞན་དང་ལྡན་པ་རྣམ་པར་གཅོད་པ་ཡིན་ཏེ། སྲིད་སྒྲུབ་འཕོང་སྐྱེན་ཞེས་བྱ་བ་བཞིན་ནོ། །ཀུན་གཞི་རྣམ་པར་ཤེས་ པ་གྱུར་པའི་རང་བཞིན་ཡིན་པས་དགྲ་བཅོམ་པ་ཉིད་ཀྱི་མཚན་ཉིད་ཀྱི་ནི་ཡོངས་སུ་གྲུབ་པ་སྟེ། དེ་གྱུར་པ་ནི་དགྲ་བཅོམ་པ་ཉིད་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །རྣམ་པར་ཤེས་པ་ཐམས་ཅད་ཀྱི་འབྱུང་བའི་ས་བོན་ཐམས་ཅད་པ་ཉི་མ་རིག་པ་ཞེས་བྱའོ། །ཡང་ན་ལུང་དུ་མ་བསྟན་ 37-1-90b པ་ཉིད་ཡིན་པའི་ཕྱིར་མིང་དང་གཟུགས་ལ་སོགས་པ་རྣམས་དང་རེག་པ་དང་ཡིད་ལ་བྱེད་པ་དང་། ཚོར་བ་དང་འདུ་ཤེས་དང་སེམས་པ་རྣམས་རིག་པར་མི་བྱེད་ཅིང་མི་ཤེས་པས་མ་རིག་པ་སྟེ་ཀུན་གཞིའི་རྣམ་པར་ཤེས་པ་སྟེ། ཚོར་བ་བཏང་སྙོམས་ཀྱི་རང་བཞིན་དང་ལྡན་པ་ཡིན་ནོ་ཞེས་བྱ་ བའི་དོན་ཏོ། །གཉེན་པོ་སྟོང་པ་ཆེན་པོས་སྤང་བར་བྱ་བ་ཉིད་ཡིན་པའི་ཕྱིར་སྟོང་པ་ཆེན་པོ་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་སོ། །དེའི་རྣམ་གྲངསའདི་རྣམས་རྒྱལ་བས་གསུངས་ཤིང་བསྟན་ཏོ་ཞེས་བྱ་བས་རང་གི་འདོད་པ་ཡིན་པ་འགོག་པར་བྱེད་དེ། སྒྲ་ཇི་བཞིན་པའོ། །དེའི་རང་ བཞིན་ནི། ཆགས་པ་བར་མའི་སྐད་ཅིག་དང་། །བརྗེད་ངས་པ་དང་འཁྲུལ་པ་ཉིད། །མི་སྨྲར་གྱུར་དང་སྐྱོ་བ་དང་། །ལེ་ལོ་དེ་བཞིན་རྨུགས་པ་སྟེ། །མ་རིག་སྐད་ཅིག་བདུན་པོ་ནི། །ཕྲ་མོའི་རྣལ་འབྱོར་པས་ཤེས་བྱ། །ཞེས་བྱ་བ་གསུངས་ཏེ། ཀུན་གཞིའི་རྣམ་པར་ཤེས་པ་ནི་རེག་པ་དང་ ཡིད་ལ་བྱེད་པ་དང་ཚོར་བ་དང་འདུ་ཤེས་དང་སེམས་པ་རྣམས་དང་རྟག་ཏུ་ལྡན་པ་ཡིན་མོད་ཀྱི་འོན་ཀྱང་སྔ་མ་བཞིན་དུ་བདུན་པོ་རྣམས་དེ་རྣམས་ཁོ་ནར་འདུས་པར་རྣམ་པར་བཤད་པར་བྱའོ། །དེ་རྣམས་ནི་ཕྲ་མོའི་རྣལ་འབྱོར་པ་ཞེས་བྱ་བ་ཤེས་རབ་ཕྲ་ཞིང་ཤིན་ཏུ་རྣོ་བ་དང་ལྡན་པའི་རྣལ་འབྱོར་ པ་རྣམས་ཀྱིས་ཤེས་པར་བྱ་སྟེ་ཀུན་གཞིའི་རྣམ་པར་ཤེས་པ་དེ་ཁོ་ན་ཉིད་ཀྱི་བླ་གྲོས་རྣོ་བ་རྣམས་ཀྱིས་ཤེས་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །ད་ནི་དོན་དང་མཐུན་པའི་མིང་། །ས་བོན་ཐིག་ལེར་ལྟན་པ་མིན། །རླུང་གི་སྒོ་ནས་འབྱུང་བ་མེད། །སྣང་བ་ཐོབ་པ་གང་ཡིན་ཏེ། །ཡོངས་སུ་གྲུབ་ པའི་མཚན་ཉིད་དོ། །ཞེས་བྱ་བ་གསུངས་ཏེ། ས་བོན་ཡི་གེ་ཨ་ལ་སོགས་པ་ཐིག་ལེར་ལྡན་པ་སྟེ། རྗེས་སུ་འཇུག་པའི་དབྱངས་དང་ཚེག་དྲག་དང་ཡང་དག་པར་ལྡན་པ་ཡོད་པ་མ་ཡིན་ནོ། །སྣའི་བུ་གའི་སྒོ་དག་ནས་རླུང་འབྱུང་བ་སྟེ་འགྲོ་བ་དང་འོང་བའི་འབྲེལ་བ་ཡང་མེད་དོ། ། མཚམས་ཀྱི་སྣང་བ་ཙམ་འབའ་ཞིག་ཏུ་སྣང་བའི་ཕྱིར་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་དེ་ཉིད་ཡོངས་སུ་གྲུབ་པ་སྟེ། ཀུན་གཞིའི་རྣམ་པར་ཤེས་པ་གྱུར་ནས། ཡོངས་སུ་སྟེ་ཀུན་ནས་གྲུབ་པ་ཉིད་ཡིན་པར་བརྗོད་དོ་ཞེས་བྱ་བ་ནི་དགོངས་པ་མ་ཡིན་པའོ། །ད་ནི་མཇུག་བསྡུ་བ། རང་བཞིན་ཕྲ་བ་བརྒྱ་ 37-1-91a དང་ནི། །དྲུག་ཅུ་ཐམ་པ་འདི་རྣམས་ནི། །རླུང་གི་བཞོན་པ་ཅན་གྱི་རྒྱུས། །ཉིན་དང་མཚན་དུ་འབྱུང་བ་ཡིན། །ཞེས་བྱ་བ་གསུངས་ཏེ། ཐབས་དང་ཤེས་རབ་དང་མ་རིག་པའི་ངོ་བོའི་རང་བཞིན་བརྒྱ་དྲུག་ཅུ་འདི་རྣམས་ཉིན་དང་མཚན་དུ་བརྒྱ་དྲུག་ཅུ་འབྱུང་ངོ་། །དེ་ཉིད་ཀྱི་ཕྱིར་ དེ་རྣམས་ནི་ཕྲ་བ་ཡིན་ཏེ། རང་གིས་རིག་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །རླུང་གི་བཞོན་པ་ཅན་ཏེ་རྣམ་པར་ཤེས་པ་དང་བྱེད་རྒྱུའི་རྒྱུ་དེས་འབྱུང་བ་ནི་སྐྱེ་ཞིང་འགག་པའོ། །དབང་ཕྱུག་ལ་སོགས་རྒྱུ་ཅན་ནམ་རྒྱུ་མེད་པ་ཅན་དག་མ་ཡིན་ཏེ་སྔར་བཀག་པ་ཉིད་ཁོ་ན་ཡིན་པའི་ཕྱིར་རོ། །རྒྱུ་མེད་པ་ ཉིད་ཡིན་ཏེ། ཐམས་ཅད་རྟག་ཏུ་འབྱུང་བའམ་རེས་འགའ་ཡང་མི་འབྱུང་སྟེ། རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །དངོས་པོ་རྣམས་ནི་རེས་འགའ་ཞིག། །འབྱུང་བ་ལྟོས་པ་ལས་ཡིན་ནོ། །ཞེས་གང་བཤད་པའོ། །དེ་ལྟར་ན་རྣམ་པར་ཤེས་པ་ གསུམ་ནི་སེམས་ཡིན་ལ་རང་བཞིན་རྣམས་ནི་སེམས་ལས་བྱུང་བ་ཡིན་པའི་ཕྱིར་འཁོར་བའི་འཁོར་ལོ་མ་ལུས་པ་ནི་དེའི་རང་བཞིན་ཁོ་ན་ཡིན་ཏེ་ཡང་དང་ཡང་དུ་སྐྱེ་ཞིང་འཇིག་པར་འགྱུར་བས། དེ་དགག་པའི་ཕྱིར་སྟོང་པ་ཉིད་ལ་སོགས་པའི་རིམ་པས་ལམ་བསྒོམ་པར་བྱའོ་ཞེས་ བྱ་བ་ནི་དགོངས་པ་མ་ཡིན་པའོ། །ད་ནི་དུས་ཀྱི་དབྱེ་བའི་སྒོ་ནས་འབྱུང་བའི་རིམ་པ། སྐད་ཅིག་ཐང་ཅིག་ཡུད་ཙམ་དང་། །མིག་འཛུམས་དེ་བཞིན་ཐལ་མོ་རུ། །ཞེས་བྱ་བ་གསུངས་ཏེ། རང་བཞིན་དེ་རྣམས་སྐད་ཅིག་རེ་རེ་དང་ཐང་ཅིག་རེ་རེ་དང་ཡུད་ཙམ་ལ་སོགས་པ་རྣམས་སུ་ ཡུལ་དེ་དང་དེ་ཉམས་སུ་མྱོང་བའམ། སྔར་འདས་པའི་ཡུལ་རྗེས་སུ་དྲན་པའི་སྒོ་ནས་འབྱུང་བར་འགྱུར་རོ། །དེ་ནས་རྣལ་འབྱོར་པ་ཕྲ་མོའི་ལྟ་བ་ཅན་གྱིས་དེ་རྣམས་སྐད་ཅིག་ལ་སོགས་པའི་དབྱེ་བ་ལ་བརྟེན་ནས་ངོ་ཤེས་པར་བྱ་སྟེ། གཞན་དུ་ན་སེམས་དང་སེམས་ལས་བྱུང་བ་རྣམས་ ཀྱི་རྣམ་པར་དབྱེ་བ་མི་ཤེས་པའི་ཕྱིར་རོ། །སྐད་ཅིག་གང་ལ་རང་བཞིན་དགེ་བའམ་མི་དགེ་བའམ་བར་མ་གང་བྱུང་ཞེས་རྣམ་པར་དཔྱོད་པར་བྱེད་པ་ན། རབ་ཏུ་དབྱེ་བ་ཤེས་པར་བྱས་ནས་དེ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་བྱའོ། །གཞན་དུ་ན་ཏིང་ངེ་འཛིན་རྣམས་འདྲེས་པར་འགྱུར་ཏེ། དེའི་ 37-1-91b ཕྱིར་རང་བཞིན་རྣམས་དགག་པར་མི་འགྱུར་རོ། །ཤིན་ཏུ་ཕྲ་བའི་བློ་ཅན་གྱི་ཡུལ་དུ་གྱུར་པའི་སྤྱོད་པས་གང་གི་ཚེ་རང་བཞིན་དང་རྣམ་པར་ཤེས་པའི་བྱེ་བྲག་ཤེས་པ་དེའི་ཚེ་མྱུར་དུ་སེམས་རྣམ་པར་དག་པ་ཐོབ་པར་འགྱུར་ཞེས་བྱ་བ་ནི་བསྡུས་པའི་དོན་ཏེ་དགོངས་པ་མ་ཡིན་པའོ། །ད་ནི་སྐད་ཅིག་ ལ་སོགས་པ་རྣམས་ཀྱི་མཚན་ཉིད། སྐད་ཅིག་སེ་གོལ་གཏོགས་པར་བཤད། །ཐང་ཅིག་ཡུངས་ཀར་བསྐོར་བ་ཙམ། །ཡུད་ཙམ་དབུགས་དབྱུང་རྔུབ་པ་ཡིན། །མིག་འཛུམས་མིག་ནི་འཛུམས་པ་ཡིན། །ཐལ་མོ་ལག་གཉིས་བརྡབས་པ་སྟེ། །སྐད་ཅིག་ལ་སོགས་མཚན་ཉིད་དོ། ། ཞེས་བྱ་བ་གསུངས་ཏེ། སེ་གོལ་གྱི་སྒྲ་དུས་ཇི་སྲིད་ཅིག་ཏུ་འབྱུང་བ་དེ་ནི་སྐད་ཅིག་གོ། །ཡུངས་ཀར་གྱི་འབྲས་བུ་དུས་ཇི་སྲིད་ཅིག་ཏུ་བསྐོར་བ་སྟེ་ལག་པ་ལ་སོགས་པར་བསྐོར་བ་དེ་ནི་ཐང་ཅིག་གོ། །སྲོག་ཅེས་བྱ་བའི་རླུང་སྙིང་ག་ནས་གདོང་གི་སྣའི་བུ་ག་དག་ལ་ཇི་སྲིད་ཅིག་ཏུ་འབྱུང་བ་དེ་ནི་ཡིད་ཙམ་ མོ། །དུས་ཇི་སྲིད་ཅིག་མིག་དག་འཛུམས་པར་འགྱུར་བ་དེ་ནི་མིག་འཛུམས་སོ། །དུས་ཇི་སྲིད་དུ་ལག་པ་གཉིས་བརྡབས་པ་དེ་ནི་ཐལ་མོ་བརྡབས་པ་སྟེ། དེ་རྣམས་སྐད་ཅིག་ལ་སོགས་པ་རྣམས་ཀྱི་མཚན་ཉིད་དུ་ཤེས་པར་བྱའོ། །དུས་ཀྱི་མཚན་ཉིད་ནི་རང་བཞིན་རྣམས་ཀྱི་འབྱུང་བའི་ མཚན་ཉིད་ཡོངས་སུ་ཤེས་པར་བྱ་བའི་དོན་དུ་བཤད་དོ། །འདི་སྐད་དུ་བཤད་པ་ཡིན་ཏེ། དུས་དེ་ཙམ་ལས་ཡུན་ཐུང་བའམ་རིང་བར་རང་བཞིན་རྣམས་འབྱུང་བར་མི་འགྱུར་ཏེ། དེ་རྣམས་ནི་ཤིན་ཏུ་ཕྲ་བ་ཉིད་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རྣལ་འབྱོར་པས་སྐད་ཅིག་ལ་སོགས་པའི་དུས་ ཀྱི་དབྱེ་བས་རང་བཞིན་རྣམས་ངོ་ཤེས་པར་བྱ་ཞིང་། ཤེས་ནས་དེ་དང་རྗེས་སུ་མཐུན་པའི་གཉེན་པོ་བསྟེན་པར་བྱ་སྟེ་སྒྲ་ཇི་བཞིན་པའོ། །ད་ནི་ཇི་ལྟར་འཁོར་བའི་འཁོར་ལོ་རླུང་དང་ལྡན་པའི་རྣམ་པར་ཤེས་པའི་དབང་གི་འབྱུང་བ་དང་དེ་རྣམས་དགག་པ་སྟེ་གཉི་ག་བསྟན་པའི་ཕྱིར་རོ། ། རང་རིག་ཙམ་གྱི་ཡེ་ཤེས་ནི། །ནམ་མཁའ་ལྟ་བུར་མཚན་ཉིད་མེད། །འོན་ཀྱང་དེ་ཡི་དབྱེ་ཡོད་དོ། །མཚན་མོ་ཉིན་མོ་མཚམས་བདག་ཉིད། །ཅེས་བྱ་བ་གསུངས་ཏེ། རེ་ཞིག་དང་པོར་ཤེས་པ་ནི་གཟུང་བ་དང་འཛིན་པའི་རྣམ་པ་དང་བྲལ་བའི་རང་བཞིན་གྱིས་སྟོང་པ་རྣལ་འབྱོར་གྱི་མངོན་ 37-1-92a སུམ་གྱི་ཚད་མས་རྟོགས་པར་བྱ་བ་རང་རིག་ཙམ་སྟེ། ཆོས་ཀྱི་སྐུའི་རང་བཞིན་ཡིན་ཡང་རྣམ་པར་ཤེས་པ་ནི་ཐོག་མ་མེད་པའི་མ་རིག་པའི་བག་ཆགས་གོམས་པའི་དབང་གིས་ནམ་མཁའ་ལྟ་བུ་སྟེ་ནམ་མཁའ་དང་མཚུངས་པར་སྐྱེ་བ་དང་རྒ་བ་དང་འཆི་བའི་མཚན་ཉིད་ དག་དང་བྲལ་བ་ཡིན་ཡང་། གཟུང་བ་དང་འཛིན་པའི་ངོ་བོ་ཉིད་དུ་གྱུར་ནས་རགས་པའི་རང་བཞིན་ཉིད་དུ་གྱུར་ཏེ། མི་ཤེས་པའི་མུན་པའི་དབང་གིས་རང་གི་ངོ་བོ་བརྗེད་པར་གྱུར་ནས་བདག་ཏུ་འཛིན་པ་དང་བདག་གིར་འཛིན་པ་ལ་བརྟེན་ཏེ། རྣམ་པར་ཤེས་པ་བརྒྱད་ཀྱི་རང་བཞིན་དུ་ འབྱུང་ངོ་། །དེ་ཡང་འཇུག་པའི་རྣམ་པར་ཤེས་པ་དང་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་དང་ཀུན་གཞིའི་རྣམ་པར་ཤེས་པའི་དབང་གིས་དབྱེ་བ་གསུམ་ལ་བརྟེན་ནས་འབྱུང་བ་ན་འཁོར་བར་འཁོར་བར་འགྱུར་རོ། །དེ་ལ་ཇི་ལྟར་དབྱེ་བ་ཡོད་ཅེ་ན་མཚན་མོ་ནི་འཇུག་པའི་རྣམ་པར་ ཤེས་པའོ། །ཉིན་མོ་ནི་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པའོ། །མཚམས་ནི་ཀུན་གཞིའི་རྣམ་པར་ཤེས་པ་སྟེ། དེ་ཉིད་ལ་རྣམ་པར་དག་པའི་སྒོ་ནས་སྣང་བ་ལ་སོགས་པ་རྣམས་ཀྱི་མིང་བཏགས་སོ། །སེམས་འདི་ནི་རྣམ་པ་གསུམ་དུ་བཅོམ་ལྡན་འདས་ཀྱིས་མདོ་དང་རྒྱུད་ཀྱི་ རྒྱལ་པོ་དེ་དང་དེ་རྣམས་སུ་བཤད་ཅིང་སྟོན་ཏོ། །འདིས་ནི་རང་གི་འདོད་པ་ཙམ་ཡིན་པ་འགོག་པར་བྱེད་དེ། སེམས་དེའི་སྒྲུབ་པ་སྟེ་སྐྱེ་བ་སྒྲུབ་པའི་རྒྱུ་བཤད་པར་བྱ་སྟེ། རླུང་རྣམས་སྟོང་པའི་གཟུགས་ཀྱིས་ནི། །ཤེས་དང་ཡང་དག་འདྲེས་གྱུར་ནས། །དབང་པོའི་ལམ་ནས་བྱུང་ནས་ནི། །ཡུལ་ རྣམས་ལ་ནི་དམིགས་པར་བྱེད། །འདིར་སྐྱེ་བ་དང་ལས་ཀྱི་བག་ཆགས་ཀྱི་ཉེས་པས་བསྐུལ་བའི་དྲི་ཟའི་སེམས་ཅན་དབང་པོ་ཀུན་དང་ལྡན་པའི་སྲིད་པ་བར་མའི་གནས་སྐབས་ན་གནས་པ་འདོད་ཆགས་དང་ཞེ་སྡང་གི་བག་ཆགས་དག་གིས་བསྐུལ་ནས་དེའི་ཚེ་སྐྱེས་པ་དང་བུད་མེད་ཀྱི་དབང་ པོ་སྦྱོར་བའི་སྐབས་སུ་མངལ་གྱི་ནང་དུ་འཇུག་སྟེ། དེ་དག་གི་ཁུ་བ་དང་ཁྲག་དག་གིས་གཏུམས་ནས་མེར་མེར་པོ་དང་གོར་གོར་པོ་དང་རྐང་ལག་འགྱུས་པ་དང་། རུས་པ་དང་པགས་པ་དང་སྤུ་ལ་སོགས་པའི་དངོས་པོས་ཟླ་བ་དགུ་དང་བཅུའི་རིམ་གྱིས་སྲོག་ཆགས་ཀྱི་དངོས་པོ་ཉིད་དུ་གྱུར་ནས་ 37-1-92b མའི་ལྟོ་བ་ནས་བྱུང་སྟེ། དངོས་པོ་རྣམས་མཐོང་བ་དང་ཐོས་པ་དང་སྣོམ་པ་དང་ཟ་བ་དང་རེག་པ་དང་ཤེས་པར་བྱེད་དོ། །དེ་ནས་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་འཁྱམས་པ་དང་། ཡང་དང་ཡང་དུ་འཆི་ཞིང་དེ་ཁོ་ན་བཞིན་དུ་སྐྱེ་བར་ འགྱུར་ཏེ། དེ་ལྟར་འཁོར་བའི་བཙོན་རའི་སྡུག་བསྔལ་མཐའ་ཡས་པ་དང་ལྡན་པའི་འགྲོ་བ་དྲུག་ཏུ་ཟོ་ཆུན་གྱི་འཁྲུལ་འཁོར་བཞིན་དུ་སྐྱེ་བ་ནི་སེམས་ཅན་རྣམས་ཀྱི་སྐྱེ་བའི་ལམ་ཡིན་ནོ། །དེ་ཉིད་སྟོན་ཏེ། རླུང་དེ་སྲོག་ལ་སོགས་པའི་རླུང་གི་ཚོགས་རྣམས་སྟོང་པའི་གཟུགས་ཏེ་རང་བཞིན་གྱིས་ སྟོང་པས་ཞེས་པ་སྟེ། རིག་པ་ཙམ་གྱི་རྣམ་པར་ཤེས་པ་དང་ལྡན་པའི་དྲི་ཟའི་སེམས་ཅན་མའི་མངལ་དུ་ཁུ་བ་དང་ཁྲག་གི་ཐིག་ལེ་དག་དང་ཡང་དག་པར་འདྲེས་པར་གྱུར་ནས་སོ། །ཕྱིས་བྱུང་ནས་ཏེ་མངལ་ནས་བྱུང་ནས་དབང་པོའི་ལམ་ནས་ཏེ་མིག་ལ་སོགས་པའི་དབང་པོའི་སྒོ་ནས་ གཟུགས་ལ་སོགས་པའི་ཡུལ་རྣམས་ལ་དམིགས་ཤིང་འཛིན་པར་བྱེད་དེ། དེའི་ཚེ་མིག་དང་གཟུགས་དང་རྣམ་དག་ཡིད་ལ་བྱེད་པའི་མཐུས་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནི་སེམས་ཀྱི་སྐྱེ་བའི་ཚུལ་ཡིན་ཏེ་དགོངས་པ་མ་ཡིན་པའོ། །ད་ནི་སེམས་ ལས་བྱུང་བའི་རང་བཞིན་རྣམས་ཀྱི་སྐྱེ་བའི་ཚུལ། རླུང་ནི་བཞོན་པ་ཉིད་གྱུར་ནས། །གང་ཚེ་སྣང་བ་ལྡན་གྱུར་པ། །དེ་ཚེ་རང་བཞིན་དེ་དག་ཀུན། །ཅིག་ཅར་རམ་ནི་རིམ་གྱིས་འབྱུང་། །ཞེས་བྱ་བ་གསུངས་ཏེ། བསམ་པ་ནི་འདི་ཡིན་ནོ། །རླུང་དེ་ཉིད་རྣམ་པར་ཤེས་པའི་བཞོན་པ་ ཉིད་དུ་གྱུར་ནས་སྣང་བ་སྟེ་བདེ་བ་དང་སྡུག་བསྔལ་དང་བཏང་སྙོམས་ཀྱི་བདག་ཉིད་དུ་ཡུལ་ཇི་ལྟ་ཇི་ལྟར་སྣང་བ་དང་ལྡན་ཞིང་གཟུགས་བརྙན་ཤར་བར་གྱུར་པ་དེའི་ཚེ་རང་བཞིན་དེ་ལྟ་བུའི་སེམས་ལས་བྱུང་བའི་ཆོས་རྣམས་འབྱུང་ཞིང་སྐྱེ་བར་འགྱུར་རོ། །ཇི་ལྟར་ཞེ་ན། ཅིག་ཅར་རམ་ནི་རིམ་གྱིས་ ཏེ། །དུས་གཅིག་ཏུའམ་རིམ་གྱིས་སོ། །སེམས་ལས་བྱུང་བ་རྣམས་ནི་རིམ་གྱིས་འབྱུང་བར་གྱུར་པ་མ་ཡིན་ནམ། ཇི་ལྟར་ཅིག་ཅར་འབྱུང་བར་འགྱུར་ཞེ་ན། གཙོ་བོ་དང་གཙོ་བོ་མ་ཡིན་པའི་སྒོ་ནས་ཡིན་ནོ་ཞེས་སྨྲ་སྟེ། རོལ་ཆ་མང་པོ་ཚོགས་པའི་སྒྲ་བཞིན་ནོ། །དེ་བཞིན་དུ་ཁཎྜ་ལ་སོགས་ 37-1-93a པ་དངོས་པོ་རྣམ་པ་སྣ་ཚོགས་པ་མྱོང་བར་བྱེད་པའི་ཚེ། བདག་ཉིད་ཀྱིས་སོ་སོར་རིག་པར་བྱ་བའི་རོའི་བྱེ་བྲག་ཁྱད་པར་དུ་འཕགས་པ་ཁོ་ན་ཉམས་སུ་མྱོང་བར་འགྱུར་བ་དེ་བཞིན་དུ་དོན་ཉམས་སུ་མྱོང་བའི་ཚེ་ཡང་སེམས་ལས་བྱུང་བའི་སྐད་ཅིག་ཁྱད་པར་ཅན་རྣམས་ཁོ་ན་ འབྱུང་བར་འགྱུར་རོ། །དེའི་ཕྱིར་ཅིག་ཅར་ཡང་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་སེམས་ལས་བྱུང་བ་རྣམས་སྐྱེ་བའི་ཚུལ་ཡིན་ཏེ་སྤྱིའི་དོན་ཏོ། །ད་ནི་རླུང་གཡོ་བའི་སྒོ་ནས་རང་བཞིན་གྱིས་དབྱེ་བ། རླུང་ནི་གང་དང་གར་གནས་པ། །རང་བཞིན་དེ་དང་དེ་སྐྱེད་བྱེད། །ཇི་སྲིད་རླུང་གིས་མ་བསྐྱོད་ པའི། །སྣང་བ་མི་གཡོར་མ་གྱུར་པ། །ཞེས་བྱ་བ་གསུངས་ཏེ་དོན་ནི་འདི་ཡིན་ནོ། །རེ་ཞིག་རླུང་ནི་རྣམ་པ་ལྔ་དང་རྣམ་པ་བཅུ་ཡིན་པར་སྔར་བཤད་ཅིང་དེའི་གནས་སྙིང་ག་ལ་སོགས་པའི་གནས་རྣམས་དང་ལས་ཀྱི་བྱེ་བྲག་ཀྱང་བསྟན་མོད་ཀྱི་འོན་ཀྱང་རང་གི་ངོ་བོ་དཔྱད་ན་ཆོས་ཀྱི་དབྱིངས་ ཀྱི་འཁོར་ལོ་འོད་གསལ་བ་ལས་རླུང་བྱུང་སྟེ། དེའི་ཕྱིར་གཡོན་དང་གཡས་དང་བར་མའི་རྩ་གསུམ་ནི་ལམ་ཡིན་ནོ། །དེ་བས་ན་གང་དང་གང་དུ་སྟེ་གཡོན་ནམ་གཡས་སམ་དབུས་སུ་རླུང་གནས་པ་ནི་རང་བཞིན་དེ་དང་དེ་སྟེ་སེམས་ལས་བྱུང་བའི་ཆོས་དེ་ལྟ་བུ་དང་དེ་ལྟ་བུ་སྐྱེད་པར་བྱེད་ཅིང་ འབྱུང་བར་བྱེད་དོ། །དེ་བཞིན་དུ་ཡང་རྩ་གཡོན་པའི་ལམ་ནས་བྱུང་བའི་རླུང་གིས་ཤེས་རབ་ཀྱི་ངོ་བོའི་རང་བཞིན་རྣམས་སྐྱེད་པར་བྱེད་དོ། །གཡས་ན་གནས་པས་ནི་ཐབས་ཀྱི་ངོ་བོ་རྣམས་སོ། །དབུས་ན་གནས་པ་ནི་མ་རིག་པའི་ངོ་བོ་རྣམས་སྐྱེད་པར་བྱེད་མོད་ཀྱི་འོན་ཀྱང་དམིགས་པ་ ལ་ལྟོས་དགོས་ཏེ། དེའི་ཕྱིར་གསུངས་པ། ཇི་སྲིད་སྣང་བ་སྟེ་ཡུལ་འཛིན་པ་ལས་འདྲ་བའི་རྣམ་པ་ཅན་དུ་གྱུར་པའི་རྣམ་པར་ཤེས་པ་དེ་མི་གཡོ་ཞིང་བརྟན་པར་མ་གྱུར་པ་དེ་སྲིད་དུ་རླུང་གིས་བསྐྱོད་པ་སྟེ་བཞོན་པའི་ངོ་བོ་ཉིད་ཀྱིས་བསྐུལ་བར་བྱ་བ་ཡིན་པས་ན་རླུང་གིས་བསྐྱོད་པ་ནི་རྣམ་པར་ ཤེས་པ་རྒྱུ་བ་སྟེ་མི་འབྱུང་ཞིང་མི་སྐྱེའོ། །དེ་ལྟར་རྩའི་བྱེ་བྲག་དང་རྗེས་སུ་མཐུན་པའི་ཡུལ་འཛིན་པ་ལས་རང་བཞིན་རྣམས་འབྱུང་ངོ་ཞེས་བྱ་བ་དེ་ནི་བཤད་ཟིན་ཏོ། །སྤྱིའི་དོན་ཏོ། །ད་ནི་འགོག་པ། སྣང་བ་གཉིས་ཀྱི་རྒྱུ་ཅན་ཏེ། །བདག་གི་དངོས་པོ་རྣམ་པར་བརྟག །གཉི་གའི་ཡན་ 37-1-93b ལག་ཅན་ཉིད་ཀྱི། །སྣང་བ་ཉེ་བར་ཐོབ་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། སྣང་བ་གཉིས་ཏེ། རང་བཞིན་རྣམས་དང་། རྣམ་པར་ཤེས་པ་དགག་པའི་དོན་དུ། ཨོཾ་དང་ཨཱཿགཉིས་རྗེས་སུ་འཇུག་པའི་དབྱངས་དང་ཚེག་དྲག་ལ་གཞུག་པ་སྔོན་དུ་འགྲོ་བ་ཅན་གྱི་ཟླ་བ་དང་ཉི་མའི་འོད་ཟེར་དང་ མཚུངས་པའི་སྣང་བ་མཐོང་བ་དེའི་རྒྱུ་ཅན་དག་གི་དངོས་པོ་སྟེ་འཇུག་པའི་ནམ་པར་ཤེས་པ་དང་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་བརྟག་པ་ནི་འགོག་པ་བསྒོམ་པར་བྱའོ། །དེའི་རྗེས་ལ་གཉི་གའི་ཡན་ལག་ཅན་ཏེ་སྣང་བ་གཉིས་སུ་མཐོང་བ་དང་བྲལ་ནས་རོ་གཅིག་ཏུ་གྱུར་པ་ མཚམས་ཀྱི་སྣང་བ་ལྟ་བུར་མཐོང་བའི་སྣང་བ་ཉེ་བར་ཐོབ་པ་ཀུན་གཞིའི་རྣམ་པར་ཤེས་པ་གྱུར་པའི་མཚན་ཉིད་ཀྱི་ཡེ་ཤེས་རྣལ་འབྱོར་པ་ལས་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནི་འགོག་པའི་རིམ་པ་སྟེ་སྦས་པའོ། །དེ་ལྟར་སྔགས་ཀྱི་རིམ་པ་བསྟན་ནས་ཕྱག་རྒྱའི་རིམ་པ་ནི། སྒྱུ་མ་དག་ནི་ཐམས་ཅད་ ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་འདི། །གསལ་བར་དེ་ལས་མཚོན་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། སྒྱུ་མ་དག་ནི་ཐམས་ཅད་ལས་ཏེ་མིག་འཕྲུལ་མཁན་དང་སྨན་དང་ནོར་བུ་དང་། སྔགས་ལ་སོགས་པ་ལས་བྱུང་བ་རྣམས་ཀྱི་ནང་ནས་བུད་མེད་ སྒྱུ་མ་སྟེ་ཕྱག་རྒྱ་བྱས་པའི་སྒྱུ་མ་ཁྱད་པར་འཕགས་པ་ནི་ཁྱད་པར་ཅན་གྱི་གནས་སྐབས་སུ་གྱུར་པའོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ཕྱག་རྒྱ་དེ་ལ་བརྟེན་ནས་སྣང་བ་ལ་སོགས་པའི་མཚན་ཉིད་ཀྱི་དགའ་བ་དང་མཆོག་དང་བྲལ་བའི་བདག་ཉིད་ཀྱི་ཡེ་ཤེས་གསུམ་གྱི་དབྱེ་བ་གསལ་བར་བྱས་ ནས་མཚོན་པར་འགྱུར་ཞིང་ཉམས་སུ་མྱོང་བར་འགྱུར་རོ། །དེ་བཞིན་དུ་ཡང་རྣམ་པ་སྣ་ཚོགས་པའི་སྐད་ཅིག་གི་དུས་སུ་ནི་སྣང་བ་གསལ་བའི་རང་བཞིན་གྱི་མཆོག་གོ། །རྣམ་པར་སྨིན་པའི་སྐད་ཅིག་གི་དུས་སུ་ནི་སྣང་བ་ཉེ་བར་ཐོབ་པའི་རང་བཞིན་གྱིས་བྲལ་བ་སྟེ་སྦས་པའོ། །ད་ནི་དེ་ ཉིད་རྒྱས་པར་བྱེད་དེ། འདོད་ཆགས་ཉིད་དང་ཆགས་བྲལ་དང་། །དེ་དག་བར་ན་གནས་པ་ནི། །དབང་པོ་གཉིས་ནི་མཉམ་སྦྱོར་བའི། །རྡོ་རྗེ་པདྨ་འདུས་ལས་སོ། །འདོད་ཆགས་ནི་སྣང་བ་སྟེ་དགའ་བའོ། །འདོད་ཆགས་དང་བྲལ་བ་ནི་སྣང་བ་ཉེ་བར་ཐོབ་པ་སྟེ་བྲལ་བའོ། །དེ་དག་བར་ཏེ་དབུས་ན་གནས་པའི་གསུམ་པ་གང་ 37-1-94a ཡིན་པ་དེ་ནི་སྣང་བ་གསལ་བ་སྟེ་མཆོག་གོ། །དེ་རྣམས་ཀྱང་ཇི་ལྟར་ཉམས་སུ་མྱོང་བར་འགྱུར་ཞེ་ན་རྡོ་རྗེ་པདྨ་འདུས་ལས་སོ། །དབང་པོ་གཉིས་ཏེ་ཐབས་དང་ཤེས་རབ་དག་མཉམ་པར་སྦྱོར་ཞིང་སྙོམས་པར་འཇུག་པའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་འཇུག་པའི་རྣམ་པར་ཤེས་ པ་ལ་སོགས་པ་གསུམ་འགག་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་སྟེ་སྦས་པའོ། །ནང་གི་བདག་ཉིད་ཅན་གྱི་ཐབས་དང་ཤེས་རབ་སྙོམས་པར་འཇུག་པ་ནི། ཡེ་ཤེས་གཉིས་ནི་མཉམ་སྦྱོར་བ། །སྙོམས་པར་འཇུག་པར་རབ་ཏུ་བཤད། །ཡེ་ཤེས་གཉིས་ནི་མཉམ་སྦྱོར་དང་། །ཇི་སྐད་ བཤད་པའི་བྱ་བ་ཡིས། །འབད་པས་ཡེ་ཤེས་གང་ཐོབ་པ། །དེ་ནི་སྣང་བ་ཐོབ་པའོ། །ཞེས་བྱ་བ་གསུངས་ཏེ། དང་པོར་ཕྱི་རོལ་གྱི་ཕྱག་རྒྱའི་རིམ་པས་ཡེ་ཤེས་གཉིས་ཏེ་སྣང་བ་དང་གསལ་བ་གཉིས་ཀྱི་རང་བཞིན་ཐོབ་པ་གང་ཡིན་པ་དེ་དག་མཉམ་པར་སྦྱོར་བ་ནི་སྙོམས་པར་འཇུག་ པར་རབ་ཏུ་བཤད་ཅིང་བསྟན་ཏོ། །འདི་ལྟར་སྣང་བའི་ཡེ་ཤེས་ནི་ཤེས་རབ་ཀྱི་རང་བཞིན་ལ་སྣང་བ་གསལ་བའི་ཡེ་ཤེས་ནི་ཐབས་ཀྱི་རང་བཞིན་ཡིན་ཏེ། དེ་དག་མཉམ་པར་སྦྱོར་བ་ནི་ཐབས་དང་ཤེས་རབ་སྙོམས་པར་འཇུག་པའོ། །དེའི་རྗེས་ལ་ཡེ་ཤེས་གཉིས་ནི་མཉམ་སྦྱོར་ཏེ། དེ་ དག་ཉེ་བར་བསྡུས་པ་དང་། །ཇི་སྐད་བཤད་པའི་བྱ་བ་སྟེ། །སྔགས་ཀྱི་རིམ་པས་ས་བོན་ལ་སོགས་པའི་སྤངས་པ་ཉིད་དང་། ཕྱག་རྒྱའི་རིམ་པས་དགའ་བ་གཉིས་སྤངས་པའི་སྐད་ཅིག་གིས་ཡེ་ཤེས་གང་ཐོབ་པ་དེ་ནི་སྣང་བ་ཉེ་བར་ཐོབ་པ་ཞེས་བྱ་བ་ནི་སྦས་པའོ། །ཕྱག་རྒྱ་མེད་ན་ཐབས་གང་ལ། །གང་ ལ་ཆུ་སྐྱེས་རྡོ་རྗེ་སྦྱོར། །ཀུན་རྫོབ་ཏུ་ཡང་མེད་གྱུར་ན། །ལན་ཅིག་ཙམ་ཞིག་མྱོང་ནས་ཀྱང་། །རྣལ་འབྱོར་སྟོབས་ཀྱིས་འགྲུབ་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། རྣལ་འབྱོར་པ་གང་ལ་རིགས་དང་རྗེས་སུ་མཐུན་པའི་ཕྱག་རྒྱ་ཁྱད་པར་ཅན་དང་ལྷན་ཅིག་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་ཀུན་རྫོབ་ཏུ་སྟེ་ གྲགས་པ་མེད་པར་གྱུར་ཅིང་ཡོད་པ་མ་ཡིན་ན་དེ་ལ་ཐབས་ཅི་ཡོད་ཅེ་ན། རྣལ་འབྱོར་སྟོབས་ཀྱིས་ཞེས་བྱ་བ་རྣལ་འབྱོར་ཏེ་ཏིང་ངེ་འཛིན་དེས་བསྐྱེད་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་སྙོམས་པར་འཇུག་པར་བྱ་ཞིང་། དེའི་སྟོབས་ཀྱིས་ཏེ་མཐུས་སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་མཚོན་པར་ 37-1-94b བྱའོ། །གལ་ཏེ་རང་དགའི་ནམ་པར་རྟོག་པ་བཞིན་དུ་ཚད་མ་མ་ཡིན་པར་གྱུར་པའི་རང་གི་རྣམ་པར་རྟོག་པས་བརྟགས་པ་སྟེ། དེ་ཁོ་ན་ཉིད་ཡིན་པར་ཇི་ལྟར་འགྱུར་བ་མ་ཡིན་ནམ་ཞེ་ན་དེ་ནི་མ་ཡིན་ཏེ། ཇི་ལྟར་ལན་ཅིག་སྟེ་འོད་ཟེར་གཅིག་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དུས་ཉམས་སུ་མྱོང་ཞིང་ དཔེའི་སྒོ་ནས་མཚོན་པའི་བདེ་བ་ཆེན་པོ་གང་ཡིན་པ་དེ་ཉིད་རྣལ་འབྱོར་པས་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་སྙོམས་པར་འཇུག་པས་ཀྱང་དཔེ་ལས་བྱུང་བའི་རང་བཞིན་དུ་མཚོན་པར་བྱའོ། །སྔོན་ཉམས་སུ་མྱོང་བའི་ཡུལ་དྲན་པ་ལས་དོན་མེད་པའི་ཡུལ་ཅན་ཉིད་ཡིན་པའི་ཕྱིར་ཚད་མ་མ་ ཡིན་པར་དོགས་པར་བྱ་བ་མ་ཡིན་ཏེ། རང་གི་ངང་གིས་འཇུག་པའི་དེ་ཁོ་ན་ཉིད་ནི་དེ་ཁོ་ནའི་ཚུལ་དུ་མཐོང་བའི་ཕྱིར་ཆུའི་རྒྱུན་གྱི་རྒྱུན་ཆགས་པ་བཞིན་ནོ། །ཡང་ན་དཔེ་དང་དཔེ་ལས་བྱུང་བ་བདག་ལ་བྱེ་བྲག་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་སྦས་པའོ། །ད་ནི་རང་བཞིན་རྣམས་ཀྱི་ རང་གི་ངོ་བོ་ཡོངས་སུ་ཤེས་པར་བྱ་བའི་དོན་དུ། ཡེ་ཤེས་འཇུག་པའི་ངོ་བོ་ཡིས། །དབྱེ་བ་ཇི་བཞིན་ཤེས་བྱས་ལ། །རང་བཞིན་ཉིད་ནི་སླར་ཡང་ནི། །རྟག་ཏུ་རྣལ་འབྱོར་པས་མཚོན་བྱ། །ཞེས་བྱ་བ་གསུངས་ཏེ། ཡེ་ཤེས་འཇུག་པའི་ངོ་བོ་ཞེས་བྱ་བ་ནི་ཤེས་པ་རྣམས་དང་ འཇུག་པ་སྟེ། རང་བཞིན་རྣམས་ཀྱི་རང་གི་ངོ་བོ་དབྱེ་བ་ཇི་བཞིན་ཏེ་དབྱེ་བའི་རིམ་པ་ཤེས་པར་བྱ་ཞིང་རྟོགས་པར་བྱས་ལ་ཐབས་དང་ཤེས་རབ་དང་མ་རིག་པའི་བདག་ཉིད་དུ་གནས་པའི་རང་བཞིན་དེ་དག་ཉིད་མཚོན་པར་བྱ་ཞིང་བསྒོམ་པར་བྱ་བ་སྟེ་སྦས་པའོ། །དེ་ལྟར་རང་བཞིན་ རྣམས་ཀྱི་རྣམ་པར་དབྱེ་བ་ཤེས་པར་བྱས་ནས། འོད་གསལ་བའི་རང་གི་ངོ་བོ་ཉིད་ཡིན་པར་ཡང་མཚོན་པར་བྱ་བའི་ཕྱིར། ཇི་ལྟར་སྤྲིན་ནི་སྣ་ཚོགས་ཤིང་། །མདོག་དང་དབྱིབས་ནི་ཐ་དད་པ། །ནམ་མཁའི་དབྱིངས་ནས་བྱུང་ནས་ནི། །དེ་ཉིད་དུ་ནི་ཐིམ་པར་འགྱུར། །དེ་བཞིན་རང་ བཞིན་ཐམས་ཅད་ནི། །སྣང་བ་གསུམ་གྱི་རྒྱུ་ཅན་ཏེ། །མ་ལུས་ཡུལ་རྣམས་སྤངས་ནས་ནི། །འོད་གསལ་བར་ནི་འཇུག་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། ཇི་ལྟར་སྔོན་པོ་དང་སེར་པོ་ལ་སོགས་པའི་མདོག་དང་ཕྲ་བ་དང་རགས་པ་ལ་སོགས་པའི་དབྱིབས་ཀྱི་རྣམ་པ་དང་ལྡན་པའི་ 37-1-95a སྤྲིན་ཏེ། ཆར་འཛིན་པ་རྣམས་ནམ་མཁའི་དབྱིངས་ནས་ཏེ། ནམ་མཁའི་དཀྱིལ་ནས་འབྱུང་ཞིང་ལངས་ནས་སླར་ནམ་མཁའ་དེ་ཉིད་དུ་ཐིམ་ཞིང་ཞི་བར་འགྱུར་ཏེ། དེ་རྣམས་གང་ནས་འོངས་པའམ་གང་དུ་སོང་བ་མི་ཤེས་པ་དེ་ལྟར་འཇིག་རྟེན་གྱིས་རྟོགས་པར་འགྱུར་རོ། ། དེ་བཞིན་དུ་རང་བཞིན་ཐམས་ཅད་རྣམ་པར་ཤེས་པ་གསུམ་ལས་བྱུང་ནས་རང་རང་གི་འདོད་པའི་ཡུལ་དཔྱད་ནས་ཆོས་ཀྱི་སྐུའི་རང་བཞིན་གྱི་དེ་ཁོ་ན་ཉིད་བཞི་པ་འོད་གསལ་བར་འཇུག་པར་འགྱུར་རོ། །འདི་ལྟར་གང་ཞིག་གི་རང་བཞིན་གང་ཡིན་པ་དེ་ནི་ཕྱིས་དེའི་ངོ་བོ་ཉིད་དུ་འགྱུར་ཏེ། བྱང་ཆུབ་ ཀྱི་སེམས་ཀྱི་འགྲེལ་པ་ལས། བུ་རམ་གྱི་ནི་མངར་དང་མེའི། །ཚ་བ་རང་བཞིན་ཡིན་པ་ལྟར། །དེ་བཞིན་ཁོ་ནར་ཆོས་རྣམས་ཀྱི། སྟོང་པ་རང་བཞིན་ཡིན་པར་འདོད། །ཅེས་བྱ་བ་གསུངས་པ་དང་། དེ་བཞིན་དུ་གཞན་ལས་ཀྱང་། ཨེ་མ་ཧོ། རི་མོ་སྣ་ཚོགས་ཡང་དག་དོན་གྱི་ རྣམ་པར་ཤེས་པ་བཞིན་དུ་ཡང་། །མཉམ་དང་མི་མཉམ་མཐོ་དམན་རྟོག་པའི་བློ་ཡི་འཁྲུལ་པ་སྐྱེད་པར་བྱེད། །འཁོར་བ་ཐོག་མ་མེད་ནས་སེམས་ཀྱི་ནམ་མཁའི་དབྱིངས་ལ་བྲིས་པ་ཡི། །བརྫུན་མའི་ཀུན་དུ་རྟོག་པ་དག་གིས་སྲིད་གསུམ་འདི་ནི་བསླུས་པ་ཡིན། །ཞེས་གསུངས་ཏེ་ མཐར་ཐུག་པའོ། །རང་གི་ངོ་བོ་རྣམས་ཡོངས་སུ་མ་ཤེས་པའི་རྣམ་པར་རྨོངས་པ་ནི། དེ་ཡི་རང་བཞིན་མ་ཤེས་པས། །མི་ཤེས་མུན་པས་ཁེབས་པ་རྣམས། །དགེ་དང་མི་དགེའི་ལས་བྱས་ནས། །འགྲོ་བ་ལྔ་ནི་འཁོར་བར་འགྱུར། །ཞེས་བྱ་བ་གསུངས་ཏེ། དེའི་ཞེས་བྱ་བ་རྣམ་ པར་ཤེས་པ་དང་རང་བཞིན་གྱི་ཚོགས་རྣམས་ཀྱི་རང་བཞིན་ཡོངས་སུ་མ་ཤེས་ནས་མི་ཤེས་མུན་པ་སྟེ་གཏི་མུག་ལ་སོགས་པའི་ཉོན་མོངས་པའི་དྲ་བས་ཁེབས་ཤིང་ནོན་པའི་རྨོངས་པ་རྣམས་སྦྱིན་པ་ལ་སོགས་པའི་དགེ་བ་བྱས་ནས་བདེ་འགྲོ་ཉིད་ཐོབ་པར་འགྱུར་ཞིང་དེ་བཞིན་མཚམས་ མེད་པ་ལ་སོགས་པའི་མི་དགེ་བ་བྱས་ནས་དམྱལ་བར་འགྲོ་བར་འགྱུར་རོ། །དེའི་ཕྱིར་འགྲོ་བ་ལྔའི་བདག་ཉིད་ཀྱི་སྲིད་པའི་འཁོར་ལོར་འཁོར་བར་འགྱུར་རོ། །དེ་ཉིད་ཁྱད་པར་དུ། མཚམས་མེད་ལ་སོགས་བྱས་ནས་ནི། །དམྱལ་ལ་སོགས་པ་འཚེད་པར་འགྱུར། །སྦྱིན་སོགས་ 37-1-95b དགེ་བ་བྱས་ནས་ནི། །མཐོ་རིས་ལ་སོགས་དག་ཏུ་མཆོད། །སྐྱེ་བ་དཔག་མེད་སྟོང་ཕྲག་ནི། །ཡང་དང་ཡང་དུ་འཐོབ་པ་ཉིད་། །འདི་ནི་སྔོན་ལས་རྣམ་སྨིན་ཞེས། །རྨོངས་པ་དག་ནི་མྱ་ངན་བྱེད། །ཅེས་བྱ་བ་གསུངས་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་པས་བདེ་འགྲོ་དང་ ངན་འགྲོ་དག་ཏུ་བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་ནས། ཡང་དེ་ནས་འཆི་འཕོས་ཏེ་སྐྱེ་བ་སྟོང་ཕྲག་དཔག་ཏུ་མེད་པར་ཡང་དང་ཡང་དུ་སྲིད་པར་ཉིང་མཚམས་སྦྱོར་བ་ཐོབ་ནས་ཤིན་ཏུ་སྡུག་བསྔལ་བའི་དབང་གིས་རྨོངས་པ་རྣམས་འདི་སྐད་དུ་ཨེ་མའོ་འདི་ནི་སྔོན་གྱི་ལས་ཀྱི་ རྣམ་པར་སྨིན་པའི་འགྱུར་བའོ་ཞེས་སྨྲ་བར་བྱེད་དོ། །རང་བཞིན་གྱི་ཚོགས་མ་གཏོགས་པར་སྔོན་གྱི་ལས་ཞེས་བྱ་བ་དོན་དམ་པ་རྣམ་པར་དཔྱད་ན་ཡོད་པ་མ་ཡིན་ཞིང་། རང་བཞིན་རྣམས་ཁོ་ན་འགྲོ་བ་དང་འོང་བའི་དངོས་པོས་སྲིད་པ་གསུམ་དུ་འཁོར་བར་བྱེད་ལ། སྔོན་མ་བྱུང་བའི་ སྔོན་གྱི་ལས་ནི་ཡོད་པ་མ་ཡིན་ནོ་སྙམ་དུ་དགོངས་པ་སྟེ་སྒྲ་ཇི་བཞིན་པའོ། །ད་ནི་རང་བཞིན་རྣམས་ཀྱི་རང་གི་ངོ་བོ་ཡོངས་སུ་ཤེས་པ་ཁོ་ན་འཐད་པ་ཡིན་པར། རང་བཞིན་སྣང་བ་དང་ལྡན་པས། །གང་གི་སྐྱེ་བོ་ཉོན་མོངས་པ། །དེ་ཉིད་ཤེས་ནས་ཡེ་ཤེས་ཅན། །སྲིད་པའི་གཟེབ་ ལས་གྲོལ་བར་འགྱུར། །ཞེས་བྱ་བ་གསུངས་ཏེ། རང་བཞིན་རྣམ་པ་གསུམ་དང་ལྡན་པ་སྟེ། རྣམ་པར་ཤེས་པ་དེ་རྣམས་དང་ལྡན་པས་ཏེ་དེ་རྣམས་དང་འབྲེལ་པས་སོ། །གང་གི་སྐྱེ་བོ་སྟེ་སོ་སོའི་སྐྱེ་བོ་རྣམས་འཁོར་བའི་དགོན་པར་ཉོན་མོངས་པ་ནི་འགྲོ་བ་དྲུག་གི་རབ་ཏུ་དབྱེ་བས་འགྲོ་བ་ དང་འོང་བར་བྱེད་པའོ། །དེ་ཉིད་ཤེས་ནས་ཏེ་སྔར་བཤད་པའི་རིམ་པས་ཤེས་ནས་ཡེ་ཤེས་ཅན་གྱི་རྣལ་འབྱོར་པ་སྲིད་པའི་གཟེབ་སྟེ་འཁོར་བ་ལས་གྲོལ་བར་འགྱུར་ཞིང་འབྱུང་བར་འགྱུར་རོ། །འདོད་ཆགས་ལ་སོགས་དྲི་བཅས་སེམས། །འཁོར་བ་ཡིན་ཏེ་དེས་དབེན་པ། །མདོར་ ན་ཐར་པ་ཡིན་པར་ནི། །རྒྱལ་བ་སྒྲིབ་པ་སྤངས་པས་གསུངས། །དེ་བཞིན་དུ་རིག་པ་དྲུག་ཅུ་པ་ལས་ཀྱང་། ལས་རྣམས་འབྲས་བཅས་ཉིད་དང་ནི། །འགྲོ་བ་རྣམས་ཀྱང་ཡང་དག་གསུངས། །དེ་ཡི་རང་བཞིན་ཡོངས་ཤེས་ཕྱིར། །སྐྱེ་བ་མེད་པའང་བསྟན་པ་ཡིན། །ཞེས་བྱ་བ་ལ་ 37-1-96a སོགས་པ་གང་གསུངས་པ་དེ་མཐར་ཐུག་པའོ། །ད་ནི་ཡེ་ཤེས་གསུམ་གྱི་རྣལ་འབྱོར་གྱིས་སེམས་རྣམ་པར་དག་པ་ལ་འཇུག་པར་མི་ནུས་ཤིང་། འོན་ཀྱང་དེ་ཉིད་ཟླ་བ་དང་རྡོ་རྗེ་ལ་སོགས་པའི་ལྷའི་གཟུགས་སུ་སྒྱུར་བར་བྱེད་པ་གང་ཡིན་པ་དེ་ནི་བརྟགས་པའི་རྣལ འབྱོར་པ་ཡིན་གྱི་རྫོགས་པའི་རིམ་པའི་རྣལ་འབྱོར་པ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཤེས་རབ་ངོ་བོ་འདི་ཉིད་ནི། །ཟླ་བའི་དཀྱིལ་འཁོར་དག་ཏུ་བརྟག །སེམས་ཉིད་རང་གིས་མཐོང་འགྱུར་ཏེ། །རང་ཉིད་ཟླ་བའི་གཟུགས་བཞིན་ནོ། །ཞེས་བྱ་བ་གསུངས་ཏེ། ཆོས་ཀྱི་ དབྱིངས་ཀྱི་འཁོར་ལོར་རྗེས་སུ་འཇུག་པའི་དབྱངས་ཡི་གེ་ཨོཾ་དང་ལྡན་པར་བྱས་ནས་དེའི་རྟེན་དུ་གྱུར་པའི་ཟླ་བའི་དཀྱིལ་འཁོར་ཤེས་རབ་ཀྱི་རང་བཞིན་ཉིད་དུ་རྣམ་པར་བསམས་ནས་ཟླ་བའི་དཀྱིལ་འཁོར་དེ་ཉིད་རང་བཞིན་གྱིས་དག་པ་ཉིད་ཡིན་པའི་ཕྱིར། རང་གི་སེམས་ཉིད་དུ་ མཐོང་བར་འགྱུར་ཏེ། ཇི་སྐད་དུ་དཔལ་དེ་ཁོ་ན་ཉིད་བསྡུས་པ་ལས་རིགས་ཀྱི་བུ་ཁྱོད་ཀྱི་སེམས་ལ་སོ་སོར་རྟོག་པའི་ཏིང་ངེ་འཛིན་ལ་དམིགས་པར་གྱིས་ཤིག་ཅེས་གསུངས་པ་བཞིན་ནོ། །དེའི་འོག་ཏུ་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར། དེ་ནས་ཟླ་བ་ལ་དམིགས་ནས། །རྡོ་རྗེའི་མཚན་ མར་རབ་ཏུ་བརྟག །རྡོ་རྗེ་སེམས་འདི་བསྐྱེད་པ་ཡི། །རྣལ་འབྱོར་པ་ཡི་ཐབས་སྟོན་བྱེད། །ཅེས་བྱ་བས་གསུངས་ཏེ། དེ་ནས་ཟླ་བའི་དཀྱིལ་འཁོར་འོད་གསལ་བ་ལ་བལྟས་ནས་སྣང་བ་སྐྱེས་པའི་དུས་སུ། ཉི་མའི་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེའི་སྟེང་གི་ཚེག་དྲག་གི་ གཟུགས་དང་གཅིག་ཏུ་གྱུར་པའི་རྡོ་རྗེའི་མཚན་མ་རབ་ཏུ་བརྟག་པར་བྱ་སྟེ། དེའི་ཚེ་ཡེ་ཤེས་ལྔའི་རང་བཞིན་ཡིན་པའི་ཕྱིར་རྡོ་རྗེ་དེ་ནི་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱི་ཐབས་སྟོན་པར་བྱེད་པ་ཡིན་ཏེ། ལྷའི་རྣམ་པའི་རྒྱུར་གྱུར་པ་ཉིད་ཡིན་པའི་ཕྱིར་དེ་ནས་ཅི་ཞིག་བྱ་ ཞེ་ན། དེའི་ཕྱིར། ཟླ་བ་རྡོ་རྗེ་སོགས་སྦྱོར་བ། །སེམས་དང་སེམས་བྱུང་འདུས་པ་སྟེ། །ཤེས་རབ་ཐབས་ནི་འདུས་པ་ལས། །ལྷ་ཡི་གཟུགས་ནི་འབྱུང་བར་འགྱུར། །ཞེས་བྱ་བ་གསུངས་ཏེ། དེ་ནས་ཟླ་བ་དང་རྡོ་རྗེ་ལ་སོགས་པ་བ་སྒོམ་པ་སྤངས་ནས་གང་གི་ཚེ་སྣང་བ་ཉེ་བར་ཐོབ་ 37-1-96b པ་ལ་འཇུག་པ་དེའི་ཚེ་རྫོགས་པའི་རྣལ་འབྱོར་པ་ཡིན་ནོ། །གང་གི་ཚེ་འཇུག་པར་མི་བྱེད་ཅིང་འོན་ཀྱང་དེ་ཡོངས་སུ་གྱུར་པའི་ལྷའི་སྐུར་སྐད་ཅིག་གིས་བསྐྱེད་ནས་སྒོམ་པར་བྱེད་པ་དེའི་ཚེ་ནི་བརྟགས་པའི་ལྷའི་རྣལ་འབྱོར་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་གསུངས་པ་ཟླ་བ་རྡོ་རྗེ་ ལ་སོགས་སྦྱོར་བ་སྟེ་དེ་དག་རོ་གཅིག་ཏུ་གྱུར་པ། སེམས་དང་སེམས་བྱུང་ཐབས་དང་ཤེས་རབ་ཀྱི་རང་བཞིན་གྱི་ཡེ་ཤེས་དག་འདུས་པ་ལས་ལྷའི་གཟུགས་ཏེ་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་ལྷའི་རྣམ་པ་འབྱུང་ཞིང་སྐྱེ་བར་འགྱུར་རོ། །དེའི་ཚེ་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར། ཕྱག་རྒྱ་ བཞིས་ནི་རྒྱས་བཏབ་ནས། །ལྷ་ཡི་ང་རྒྱལ་འཆང་བྱེད་དེ། །བསྐྱེད་པའི་རིམ་དང་ལྡན་པར་ནི། །སྔགས་པ་རྟག་ཏུ་སྤྱོད་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། དེའི་རྗེས་ལ་སྐུ་རྫོགས་པ་ན་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་སྟེ། ཕྱག་རྒྱ་བཞིས་ཡེ་ཤེས་ སེམས་དཔའ་གཞུག་པ་ལ་སོགས་པའི་དོན་དུ་རྒྱས་བཏབ་ནས་སམ། ཡང་ན་སངས་རྒྱས་སྤྱན་དང་མཱ་མ་ཀཱི་དང་། གོས་དཀར་མོ་དང་སྒྲོལ་མ་སྟེ། ཕྱག་རྒྱ་བཞིས་རྒྱས་བཏབ་ནས་ཏེ་འཁོར་ཉིད་ཀྱིས་བསྐོར་ནས་སམ་ཡང་ན་ལས་དང་དམ་ཚིག་དང་ཆོས་དང་ཕྱག་རྒྱ་ཆེན་པོ་རྣམས་ ཀྱིས་རྒྱས་བཏབ་ནས་ཏེ་བྱིན་གྱིས་བརླབས་ནས་ལྷའི་ང་རྒྱལ་ཏེ་ཁྱད་པར་དུ་འཕགས་པའི་འདོད་པའི་ལྷའི་ང་རྒྱལ་འཆང་བར་བྱེད་ཅིང་འཛིན་པར་བྱེད་པའི་རྣལ་འབྱོར་པ་ནི་དེའི་ཚེ་བསྐྱེད་པའི་རིམ་པའི་རྣལ་འབྱོར་དང་ལྡན་པ་ཡིན་ནོ་ཞེས་བརྗོད་པར་བྱའི་རྫོགས་པའི་རྣལ་འབྱོར་ དང་ལྡན་པ་ནི་མ་ཡིན་ནོ། །རྣལ་འབྱོར་པ་རྣམས་ཀྱི་ལྷའི་རྣལ་འབྱོར་ནི་རྣམ་པ་གཉིས་ཏེ། སྔགས་ཀྱི་སྐུའི་རྣལ་འབྱོར་དང་། ཡེ་ཤེས་ཀྱི་སྐུའི་རྣལ་འབྱོར་རོ། །སྔགས་ཀྱི་སྐུ་ནི་བསྐྱེད་པའི་རིམ་པས་སོ། །ཡེ་ཤེས་ཀྱི་སྐུ་ནི་བདག་བྱིན་གྱིས་བརླབ་པའི་རིམ་པས་ཡིན་ནོ། ། གང་གི་ཚེ་ཡང་སྣང་བ་ཉེ་བར་ཐོབ་པ་ལ་སོགས་པའི་རིམ་པས་སམ་འོད་གསལ་བ་ལས་སྐད་ཅིག་གིས་ལྷའི་རྣམ་པར་འཛིན་པ་དེའི་ཚེ་ཡང་རྫོགས་པའི་རིམ་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་ཡིན་ནོ། །འོ་ན་ལས་ཀྱི་ཕྱག་རྒྱ་ལ་སོགས་པ་རྣམས་གང་ཡིན་ཞེ་ན། བཅོམ་ 37-1-97a ལྡན་འདས་ཀྱིས་ཐམས་ཅད་མཁྱེན་པ་འཇིག་བྱེད་ཅེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། དེ་ནས་ཡང་དག་བཤད་བྱ་སྟེ། །རྣལ་འབྱོར་མཆོག་ཏུ་གསང་བ་ཉིད། །དང་པོར་ཡེ་ཤེས་སེམས་བསྒོམས་ནས། །ཕྱག་རྒྱ་ཆེན་པོ་ཀུན་དུ་གཟུང་། །ཟླ་ བའི་དཀྱིལ་འཁོར་ལྟ་བུ་ཡི། །བྱང་ཆུབ་སེམས་ནི་ཐུགས་ཀར་གནས། །ཡི་གེའི་ཕྱི་མོ་དང་ལྡན་ཞིང་། །ཅུང་ཟད་ཉི་ཟླ་ལྟར་སྣང་བར། །རྣལ་འབྱོར་ཆེན་པོས་མཐོང་བ་ནི། །དམ་ཚིག་ཅེས་བྱ་གཟུང་བར་བྱ། །སྣ་ཚོགས་རྡོ་རྗེ་སྙིང་གནས་པའི། །ལས་ཀྱི་ཕྱག་རྒྱ་བཅིང་བ་ནི། ། ངེས་པ་ཉིད་དུ་ཤེས་བྱ་སྟེ། །དེ་ལྟར་ན་ནི་ངེས་འགྲུབ་འགྱུར། །ལྕེ་ལ་རྡོ་རྗེ་རྣམ་བསྒོམས་ནས། །ཆོས་ཀྱི་ཕྱག་རྒྱ་གཟུང་བྱ་སྟེ། །ཇི་ལྟར་འདོད་པའི་ལས་རྣམས་ནི། །མྱུར་དུ་འགྲུབ་པར་ཐེ་ཚོམ་མེད་། །དེ་ལྟའི་ཕྱག་རྒྱ་རྣམ་པ་བཞི། །བློ་ལྡན་གང་གིས་མི་ཤེས་པ། །དེ་ རྣམས་ཀྱིས་ནི་རྣལ་འབྱོར་དང་། །སྡོམ་མཆོག་ངེས་པར་འགྲུབ་མི་འགྱུར། །གསང་ཞིང་བདེ་བའི་ཐབས་ལྡན་པ། །སངས་རྒྱས་རོལ་པ་རྙེད་དཀའ་བའི། །བྱང་ཆུབ་སེམས་དཔའ་ཞེས་བྱ་བའི། །རྟག་ཏུ་ཤེས་རབ་རྒྱ་མཚོར་གནས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲ་ ཇི་བཞིན་པའོ། །ད་ནི་དོན་འདི་ཉིད་ཀྱི་ལུང་གི་ཚད་མ། དཔལ་ལྡན་འདུས་སོགས་དེ་དང་དེར། །རབ་རྒྱས་ཇི་སྐད་གསུངས་པ་ནི། །ཇི་སྲིད་བསྒོམ་དང་ལྡན་གྱུར་པ། །དེ་སྲིད་དང་པོའི་ལས་ཅན་ཡིན། །ཞེས་བྱ་བ་གསུངས་ཏེ། དཔལ་གསང་བ་འདུས་པ་ལ་སོགས་པ་ རྣལ་འབྱོར་མཆོག་གི་རྒྱུད་དང་རྣལ་འབྱོར་ཆེན་པོའི་རྒྱུད་དེ་དང་དེར་ཞེས་བྱ་བ་ལེའུ་རེ་རེར་བཅོམ་ལྡན་འདས་ཀྱིས་གསུངས་ཤིང་བསྟན་ཏེ། རབ་རྒྱས་ཞེས་བྱ་བ་ནི་རབ་ཏུ་སྤྲོས་ནས་གསུངས་པའོ། །ཅི་དང་ཇི་སྲིད་དུ་བསྒོམ་པ་དང་ལྡན་པ་སྟེ། རྣལ་འབྱོར་པ་བརྟགས་པའི་ལྷའི་ རྣམ་པ་བསྒོམ་པ་སྒོམ་པར་བྱེད་པ་དེ་དང་དེ་སྲིད་དུ་ནི་དང་པོའི་ལས་ཅན་ཞེས་བྱ་སྟེ། རྟོག་པ་དང་བཅས་པ་ཉིད་དང་སློབ་མ་ཉིད་ཡིན་པའི་ཕྱིར། དགེ་བ་དང་མི་དགེ་བ་ལ་རྣམ་པར་རྟོག་པ་དག་ལ་དོན་དམ་པར་བྱེ་བྲག་ཅུང་ཟད་ཀྱང་མི་དམིགས་ཏེ། རྣམ་པར་རྟོག་པའི་བག་ཆགས་ 37-1-97b ཙམ་ཡང་འཁོར་བའི་རྒྱ་མཚོར་ལྷུང་བར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དགེ་བའམ་མི་དགེ་བ་ཡང་རུང་། །རྣམ་རྟོག་བྱེ་བྲག་ཅི་ཞིག་ཡོད། །མེ་ནི་སྲེག་པར་བྱེད་པ་ལ། །རྟེན་གྱི་དབྱེ་བས་བྱེ་བྲག་མེད། །དེ་ནི་ཙནྡན་ལས་བྱུང་ཡང་། །རེག་ན་སྲེག་པར་བྱེད་པ་ཉིད། །རྣམ་པར་རྟོག་ པ་ཆུང་ངུ་ཡང་། །ཐམས་ཅད་སྤང་བར་བྱ་བ་ཉིད་། །འཁྲུལ་བའི་རང་བཞིན་རྟོགས་པས་ནི། །སེམས་ནི་གློད་པར་བྱེད་པ་ཉིད། །ཅེས་བྱ་བ་ལ་སོགས་པ་གང་བཤད་པ་སྟེ། སྒྲ་ཇི་བཞིན་པའོ། །གལ་ཏེ་དེ་ལྟ་ཡིན་ན་འོ་ན་རྫོགས་པའི་རིམ་པ་བཤད་དགོས་སོ་ཞེ་ན། དེའི་ཕྱིར། ད་ནི་ རྫོགས་པའི་རྣལ་འབྱོར་ཉིད། །གསལ་བ་རུ་ནི་བཤད་བྱ་སྟེ། །ཞེས་བྱ་བ་གསུངས་ཏེ། ད་ནི་ཡོངས་སུ་རྫོགས་པའི་རྣལ་འབྱོར་ཏེ། རྫོགས་པའི་རིམ་པ་གསལ་བ་རུ་བཤད་པར་བྱ་བ་ནི།བསྟན་ཅིང་བསྙད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་སྟེ་སྒྲ་ཇི་བཞིན་པའོ། །དེ་ཉིད། སྟོང་ པ་གསུམ་གྱི་རྣམ་དག་གང་། །འོད་གསལ་བ་ནི་འདིར་བཤད་དོ། །དེ་ནི་ཐམས་ཅད་སྟོང་པ་སྟེ། །ཡེ་ཤེས་གསུམ་ནི་རྣམ་དག་པ། །ཞེས་བྱ་བ་གསུངས་ཏེ། སྟོང་པ་གསུམ་ཏེ་ཉིན་མོ་དང་མཚན་མོ་དང་མཚམས་ཀྱི་རང་བཞིན་གྱི་སྟོང་པ་དང་ཤིན་ཏུ་སྟོང་པ་དང་སྟོང་པ་ཆེན་པོ་ནི་ འཇུག་པའི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་དང་། ཀུན་གཞིའི་རྣམ་པར་ཤེས་པ་རྣམས་དང་། སྣང་བ་དང་སྣང་བ་གསལ་བ་དང་སྣང་བ་ཉེ་བར་ཐོབ་པ་རྣམས་དང་། དེ་རྣམས་ཀྱི་རང་བཞིན་དང་ཤེས་རབ་དང་ཐབས་དང་མ་རིག་ པའི་རང་བཞིན་གྱི་ངོ་བོ་རྣམ་པ་གསུམ་ཟླ་བ་དང་ཉི་མ་དང་མཚམས་ཀྱི་རབ་ཏུ་གསལ་བ་དང་མཚུངས་པའི་སྣང་བ་རྣམས་ཀྱི་ས་བོན་དང་བཅས་པ་དང་ས་བོན་མེད་པར་བསྒོམ་པའི་རིམ་པས་རྣམ་པར་དག་པར་བྱེད་པ་ཡིན་ནོ་ཞེས་བརྗོད་པར་བྱའོ། །སྟོང་པ་གསུམ་པོ་དེ་ཡང་གང་གི་ ཚེ་ཡེ་ཤེས་ལ་དབང་བ་ཙམ་ཐོབ་པ་ཉིད་ཡིན་པའི་ཕྱིར། སངས་རྒྱས་ཀྱི་ས་ཐོབ་པར་བྱེད་པ་མ་ཡིན་པ་དེའི་ཚེ་ས་བཅུ་གཉིས་པ་ཐོབ་པར་བྱ་བའི་ཕྱིར། དེ་ཡང་སྤངས་ནས་བཞི་པ་ཐམས་ཅད་སྟོང་པ་འོད་གསལ་བའི་གནས་གོམས་པར་བྱེད་དོ། །དེ་ཡང་སྔགས་ཀྱི་རིམ་པས་སྔར་ 37-1-98a བཤད་པའི་སྣང་བ་གསུམ་དང་བྲལ་བའི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་ཡང་ནུབ་པར་གྱུར་ནས་ནམ་མཁའ་སྤྲིན་མེད་པ་དང་མཚུངས་པར་རྟག་ཏུ་རབ་ཏུ་གསལ་བའི་སྣང་བ་ཉམས་སུ་མྱོང་བར་འགྱུར་རོ། །གང་དུ་མཚན་མའི་རྣམ་པར་རྟོག་པ་དང་ཉིན་མོ་དང་ མཚམས་ཀྱི་རྣམ་པར་རྟོག་པ་མི་འབྱུང་བ་དེར་བསམ་གཏན་གྱི་ཟས་འབའ་ཞིག་དང་ལྡན་པའི་རྣལ་འབྱོར་པ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་རྣམ་པར་རྟོག་པ་སྤངས་ནས་གནས་ཏེ་འཁོར་བ་ཇི་སྲིད་ཀྱི་བར་དུ་བདག་དང་གཞན་གྱི་དོན་བྱེད་ཅིང་གནས་པར་བྱེད་ དོ་ཞེས་བྱ་བ་ནི་དགོངས་པ་མ་ཡིན་པའོ། །དེ་ཉིད་ཀྱི་ཁྱད་པར་ནི། ཡེ་ཤེས་དག་གནས་དེ་ཉིད་དང་། །ཐམས་ཅད་མཁྱེན་པ་བླ་མེད་པ། །འགྱུར་བ་མེད་ཅིང་སྣང་བ་མེད་། །གཉིས་མེད་མཆོག་ཏུ་ཞི་བ་སྟེ། །ཞེས་བྱ་བ་གསུངས་ཏེ། འོད་གསལ་བ་དེ་ཇི་ལྟ་བུ་ཞེ་ན། སྣང་བ་ལ་ སོགས་པའི་ཡེ་ཤེས་རྣམས་ཀྱི་དག་པའི་གནས་ནི་དག་པའི་གཞིའོ། །དེ་ཉིད་ནི་དོན་དམ་པའི་བདེན་པའི་རང་གི་ངོ་བོའོ། །ཐམས་ཅད་མཁྱེན་པ་ནི་རྡོ་རྗེ་འཆང་ཉིད་དེ་ས་བཅུ་གཉིས་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ངོ་བོའོ། །གང་ལས་གོང་ན་མེད་པས་བླ་ན་མེད་པ་སྟེ་བཞི་པའོ། ། འགྱུར་བ་ནི་དགའ་བ་ལ་སོགས་པའི་གསུམ་སྟེ། དེ་དང་བྲལ་བ་ཉིད་ཡིན་པའི་ཕྱིར་འགྱུར་བ་མེད་པའོ། །སྣང་བ་ནི་ཤེས་པ་དང་ཡེ་ཤེས་དང་རྣམ་པར་ཤེས་པ་དང་རང་བཞིན་རྣམས་ཏེ་དེ་དག་སྤངས་པའི་ཕྱིར་སྣང་བ་མེད་པའོ། །གཉིས་པ་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པའི་ རྣམ་པར་རྟོག་པ་དག་སྟེ། དེ་དག་མེད་པའི་ཕྱིར་གཉིས་མེད་དོ། །མཆོག་ནི་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་ཕྱིར་དམ་པའོ། །ཞི་བ་ནི་རྣམ་པར་རྟོག་པ་སྤྲོས་པ་དང་བཅས་པ་ཐམས་ཅད་དང་བྲལ་བའོ། །དེ་ལྟ་བུ་ཐམས་ཅད་སྟོང་པའི་གནས་ནི་འོད་གསལ་བ་ཞེས་བྱ་བར་བརྗོད་ དེ་སྦས་པའོ། །འོད་གསལ་བ་ཁོ་ན་ལས་ཐམས་ཅད་མཁྱེན་པ་ཉིད་འབྱུང་གི་གཞན་ལས་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །ཡོད་ཅེས་པ་དང་མེད་ཅེས་པར། །དེ་ནི་ཚིག་གིས་བརྗོད་མི་རུང་། །དེ་ཕྱིར་འོད་གསལ་དག་པ་ལས། །ཡེ་ཤེས་གསུམ་ནི་ཡང་དག་འབྱུང་། །སུམ་ 37-1-98b ཅུ་རྩ་གཉིས་མཚན་འཆང་ཞིང་། །དཔེ་བྱད་བཟང་པོ་བརྒྱད་ཅུར་ལྡན། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཐམས་ཅད་མཁྱེན་པ་དེ་ནས་འབྱུང་། །ཞེས་བྱ་བ་གསུངས་ཏེ།འོད་གསལ་བ་དེ་ནི་ཡོད་དོ་ཞེས་བྱ་བ་རྣམ་པར་རྟོག་པས་བསྟན་པ་མ་ཡིན་ཏེ། ཀུན་རྫོབ་ཀྱི་རང་གི་ ངོ་བོའི་རྣམ་པར་ཤེས་པ་རྣམས་མེད་པའི་ཕྱིར་རོ། །མེད་པ་ཡང་མ་ཡིན་ཏེ། རབ་ཏུ་གསལ་བའི་རང་བཞིན་གྱི་རྣལ་འབྱོར་གྱི་མངོན་སུམ་གྱི་ཚད་མས་ཉམས་སུ་མྱོང་བར་བྱ་བ་ཉིད་དུ་ཡོད་པའི་ཕྱིར་རོ། །དེ་ནི་ཇི་ལྟ་བུ་ཞིག་ཅེ་ན། ཚིག་གིས་བརྗོད་པར་མི་རུང་སྟེ། རང་གིས་རིག་ པར་བྱ་བ་ཉིད་ཡིན་པའི་ཕྱིར་གཞོན་ནུ་མའི་རབ་ཏུ་དགའ་བ་དང་ལྐུགས་པས་རྨི་ལམ་མཐོང་བ་བཞིན་ནོ། །ཀུན་རྫོབ་ཏུ་བརྟགས་ནས་བསྟན་པར་མི་རུང་གི། རང་གི་ངོ་བོའི་སྒོ་ནས་མ་ཡིན་ཏེ་ལྷ་དང་དམྱལ་བའི་བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་བ་སྟོན་པ་བཞིན་ནོ། །དེའི་ཕྱིར་ ཚིག་གི་སྤྱོད་ཡུལ་མ་ཡིན་ནོ། །དེའི་ཕྱིར་འོད་གསལ་རྟག་ཏུ་གསལ་བའི་བདག་ཉིད་ཀྱི་དེ་ཁོ་ན་ཉིད་དག་ཅིང་རྙོག་པ་མེད་པ་དེ་ལས་ཡེ་ཤེས་གསུམ་འབྱུང་བར་འགྱུར་ཞིང་དེ་ཉིད་དུ་ཐིམ་པར་འགྱུར་ཏེ། དེ་སྐད་དུ་སྔར་བསྟན་པ་འདི་ཁོ་ནའི་ཕྱིར་རོ། །འབའ་ཞིག་མ་ཡིན་ཏེ། ཐམས་ ཅད་མཁྱེན་པ་སྟེ་རྡོ་རྗེ་འཆང་ཆེན་པོའི་བར་དུ་ཡང་དེ་ལས་འབྱུང་བར་འགྱུར་རོ། །ཇི་ལྟ་བུ་ཞིག་ཅེ་ན། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་ཞིང་འབྲེལ་བ་རྣམ་པ་ཀུན་གྱི་མཆོག་སྟེ་སྟོབས་བཅུ་དང་མི་འཇིགས་པ་དང་། མངོན་པར་ ཤེས་པ་དྲུག་དང་གཟུངས་དང་ས་དང་ཕ་རོལ་ཏུ་ཕྱིན་པ་དང་བྱང་ཆུབ་ཀྱི་ཕྱོགས་དང་མ་འདྲེས་པ་ལ་སོགས་པ་དང་ཐུགས་རྗེ་ཆེན་པོ་ལ་སོགས་པའི་སངས་རྒྱས་ཀྱི་ཡོན་ཏན་དེ་རྣམས་དང་ལྡན་པར་འགྱུར་ཞིང་འགྲུབ་པར་འགྱུར་རོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། འོད་གསལ་བ་ ཡང་དག་པར་རྟོགས་ནས་བདག་བྱིན་གྱིས་བརླབ་པའི་རིམ་པ་དེ་ལས་ཅིག་ཅར་འཇའ་ཚོན་ལྟ་བུའི་སྐུ་ལ་བསྟེན་ཏེ། དཀྱིལ་འཁོར་མ་ལུས་པས་ཡོངས་སུ་བསྐོར་བར་འགྱུར་བར་འཁོར་བ་ཇི་སྲིད་ཀྱི་བར་དུ་སེམས་ཅན་གྱི་དོན་བྱེད་པར་ནུས་པའི་རྡོ་རྗེ་འཆང་ཆེན་པོར་འགྱུར་རོ་ཞེས་ 37-1-99a བྱ་བའི་དོན་ཏེ་སྦས་པའོ། །དེ་ཉིད་ལུང་གི་ཚད་མས་བསྟན་པར་བྱ་བའི་ཕྱིར། འདི་སྐད་རྒྱ་ཆེར་རོལ་པའི་ཐེག་པ་ཆེན་པོའི་མདོ་སྡེ་ལས། ཤཱཀྱ་སེང་གེ་དེ་བཞིན་གཤེགས། །མངོན་པར་བྱང་ཆུབ་བཞེད་པ་སྟེ། །སྟོང་པ་ཆེན་པོ་སངས་རྒྱས་ཉིད། །ཐོབ་པར་བྱ་ཞེས་ མངོན་པར་དགོངས། །ནེེ་རཉྫ་ནའི་ཆུ་འགྲམ་དུ། །བཞུགས་ནས་མི་གཡོ་བ་ལ་བཞུགས། །ཞེས་བྱ་བ་གསུངས་ཏེ། གང་ལས་འཁྲུངས་པ་དང་བྱང་ཆུབ་པ་དང་ཆོས་ཀྱི་འཁོར་ལོ་དང་ཁབ་ནས་བྱུང་བ་དང་རབ་ཏུ་གཤེགས་པ་དང་དཀའ་བ་སྤྱོད་པ་དང་། ལྷ་རྣམས་ཀྱི་ ནང་དུ་གཤེགས་པ་དང་བདུད་བཅོམ་པ་དང་ཡོངས་སུ་མྱ་ངན་ལས་འདའ་བ་ལ་སོགས་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་གཏམ་རྒྱུད་བསྟན་པའི་རྒྱ་ཆེར་རོལ་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ལས་གསུངས་སོ། །ཤཱཀྱ་སེང་གེ་ནི་ཤཱཀྱའི་རིགས་ཀྱི་རབ་མཆོག་གོ། ། འབྱུང་བར་འགྱུར་བ་ལས་གྱུར་པ་བཞིན་དུ་ཉེ་བར་བརྟགས་པའི་ཕྱིར། དེ་བཞིན་གཤེགས་པ་སྟེ་དེ་བཞིན་ཉིད་རྟོགས་པས་ན་དེ་བཞིན་གཤེགས་པའོ། །བཞི་པ་འོད་གསལ་བའི་དེ་ཁོ་ན་ཉི་མངོན་པར་བྱང་ཆུབ་པ་དེ་བཞེད་ཅིང་ཐོབ་པར་བཞེད་པས་ན། མངོན་པར་བྱང་ཆུབ་པ་ བཞེད་པ་སྟེ། དེ་ཁོ་ན་ཉིད་བཞི་པ་མངོན་དུ་བྱ་བར་བཞེད་པ་ནི་འདི་སྙམ་དུ་དགོངས་པར་འགྱུར་ཏེ། དེ་ཁོ་ན་ཉིད་བཞི་གང་ཞིག་ཡིན་ཞེ་ན། སྟོང་པ་ཆེན་པོ་ཞེས་བྱ་བ་ཡིན་ཏེ། འདི་ལྟར་འདི་ནི་སྟོང་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་སྟོང་པ་ཆེན་པོ་སྟེ། དེ་ལས་ཕ་རོལ་ ན་སྟོང་པ་མེད་དོ། །དེའི་ཕྱིར་དེ་ཉིད་བླང་བར་བྱ་བ་ཡིན་པས་བདག་གིས་ཏིང་ངེ་འཛིན་དེ་ཉིད་ཀྱི་སངས་རྒྱས་ཉིད་ཐོབ་པར་བྱ་ཞིང་རྙེད་པར་བྱའོ་ཞེས་མངོན་པར་དགོངས་པ་ལ་བརྟེན་ནས། སྐྱེ་བོའི་ཚོགས་དང་བྲལ་བའི་ཏིང་ངེ་འཛིན་གྱི་གནས་དབེན་པ་ཚོལ་བར་འགྱུར་བ་ན། མཐའ་མར་ནཻ་རཉྫ་ན་ཞེས་བྱ་བའི་ཆུ་བོའི་རྒྱུན་རབ་ཏུ་ཞི་བར་འབབ་པ་སེམས་རྩེ་གཅིག་པའི་རྒྱུར་གྱུར་པ་གཟིགས་ནས་དེའི་འགྲམ་སྟེ་ངོགས་སུ་བྱོན་ཞིང་། དེར་བཞུགས་ནས་ཏེ་ཤིང་ཨ་ཤྭདྠའི་ཤིང་དྲུང་གི་རྩར་ཉེ་བར་བཞུགས་ནས་སེམས་རྣམ་པར་དག་པའི་རིམ་གྱིས་གནས་གྱུར་ 37-1-99b པའི་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་གསུམ་པ་སྟོང་པ་ཆེན་པོ་ཞེས་བྱ་བའི་མི་གཡོ་བའི་ཏིང་ངེ་འཛིན་ལ་བཞུགས་ཤིང་སྙོམས་པར་བཞུགས་སོ། །ཀུན་ནས་མི་གཡོ་ཞིང་ས་བོན་ཐམས་ཅད་དང་འབྲེལ་པའི་བག་ཆགས་སྤྱོད་པར་བྱེད་པས་ན་མི་གཡོ་བ་སྟེ་སྟོང་པ་ཆེན་པོ་ཞེས་བརྗོད་པར་ བྱའོ། །ཤཱཀྱ་སེང་གེ་ནི་དེ་ཙམ་ཁོ་ནས་ཡོངས་སུ་མཉེས་པར་གྱུར་ཏོ་ཞེས་བྱ་བ་ནི་ངག་གི་དོན་ཏེ་སྦས་པའོ། །དེའི་རྗེས་ལ་འདི་ནི་དེ་ཁོ་ན་ཉིད་མ་ཡིན་ནོ་ཞེས་དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཉེ་བར་བསྟན་པ་ནི། དེ་ཚེ་ཏིལ་གང་བཞིན་གང་བའི། །མཁའ་དབྱིངས་གནས་པའི་ རྒྱལ་བ་ཡིས། །རྒྱལ་བ་ཡི་ནི་སྲས་དེ་ལ། །གཡོ་མེད་གསུང་གཅིག་གིས་གསུངས་པ། །ཞེས་བྱ་བ་གསུངས་ཏེ། མི་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་གཟིགས་ནས་ཐོས་པ་ལ་སོགས་པའི་རིམ་གྱིས་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཐོབ་ཅིང་སེམས་ཅན་གྱི་དོན་བྱ་བ་ལྷུར་ལེན་པ་མངོན་པར་ཤེས་པ་དྲུག་དང་ལྡན་ཞིང་སངས་རྒྱས་ཀྱི་ས་ཐོབ་པར་གྱུར་པའི་བཅོམ་ལྡན་འདས་སྔོན་གྲུབ་པ་གང་ཡིན་པ་དེ་རྣམས་ནམ་མཁའི་དབྱིངས་ཏིལ་གྱི་གང་བུ་བཞིན་གཅིག་ལ་གཅིག་མ་འདྲེས་པར་ཁྱབ་པར་བཞུགས་ཏེ། དེའི་རྗེས་སུ་བཟུང་བའི་དོན་དུ་ཉིད་ཀྱི་སྐུ་རྣམས་ལས་འོད་ཟེར་གྱི་འཁོར་ལོ་རྣམ་པར་སྤྲོས་ནས་དེས་དེ་ལ་དབང་བསྐུར་ཏེ་སྣོད་དུ་རུང་བ་ཉིད་དུ་བྱས་ནས།ཏིང་ངེ་འཛིན་གསུམ་པ་སྤངས་པའི་ཕྱིར་མན་ངག་བཞི་པ་བསྟན་པའི་སྒོ་ནས་མངོན་པར་བྱང་ཆུབ་པ་མངོན་སུམ་དུ་བྱ་བའི་དོན་དུ་བསྐལ་པ་བཟང་ པོ་འདི་ཉིད་ཆོས་ཀྱི་རྒྱལ་པོར་གྱུར་ནས་འགྲོ་བ་འདུལ་བར་བྱེད་པར་འགྱུར་རོ་སྙམ་དུ་དགོངས་ནས། རྒྱལ་བ་རྣམས་ཀྱི་དེའི་ཚེ་བྱང་ཆུབ་སེམས་དཔའི་ས་ལ་གནས་ཤིང་སྟོང་པ་ཆེན་པོའི་གནས་གོམས་པར་བྱས་པ་ལས་སངས་རྒྱས་ཀྱི་ས་མ་ཐོབ་པའི་རྒྱལ་བའི་སྲས་དེ་ལ་གཡོ་མེད་པ་སྟེ་ སྒྱུ་སྤངས་པའི་སེམས་རབ་ཏུ་དང་བའི་བློ་དང་དབྱངས་གཅིག་སྟེ། ཚིག་གཅིག་གིས་འདི་སྐད་དུ་གསུངས་ཤིང་བསྟན་ཏེ་སྒྲ་ཇི་བཞིན་པའོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་པ་དེ་ཉིད་ནི། བསམ་གཏན་དེ་ནི་རྣམ་དག་མིན། །འདི་ནི་མཐར་ཐུག་སངས་རྒྱས་མིན། །ནམ་མཁའི་ 37-1-100a ངོས་ལྟར་མཆོག་གྱུར་པ། །འོད་གསལ་བ་ནི་དེ་དམིགས་བྱ། །ཞེས་བྱ་བ་གསུངས་ཏེ། ཀྱེ་བྱང་ཆུབ་སེམས་དཔའ་ཤཱཀྱ་སེང་གེ་ཁྱོད་ཀྱིས་སེམས་རྣམ་པར་དག་པར་བྱ་བའི་ཕྱིར་དུ་སྟོང་པ་ཆེན་པོའི་མཚན་ཉིད་ཀྱི་བསམ་གཏན་ལ་དམིགས་པ་གང་ཡིན་པ་དེ་ནི་རྣམ་ པར་དག་པ་མ་ཡིན་ཏེ། ཐམས་ཅད་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་ཐོབ་པར་བྱ་བ་མ་ཡིན་པ་དང་འདོད་ཆགས་ལ་སོགས་པ་རྣམས་རྣམ་པར་དག་ཏུ་ཟིན་ཀྱང་རབ་ཏུ་གསལ་ཞིང་དགའ་བའི་རང་བཞིན་གྱི་དེ་ཁོ་ན་ཉིད་ལྷན་ཅིག་སྐྱེས་པ་ཐོབ་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །དེ་བས་ན་བསམ་གཏན་ འདི་ནི་མཐར་ཐུག་ཐོབ་བྱེད་མིན་ཏེ་རྫོགས་པའི་རིམ་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་དུ་བྱེད་པ་མ་ཡིན་ནོ། །དེའི་ཕྱིར་ནི་དོར་བར་བྱའོ། །འོན་ཀྱང་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་བར་མ་རིམ་གྱིས་སྤངས་པའི་ཐམས་ཅད་སྟོང་པ་འོད་གསལ་དེ་ཉིད་ལ་ཁྱོད་ཀྱིས་ དམིགས་པར་བྱ་བ་སྟེ་བླང་བར་བྱ་ཞིང་བསྟེན་པར་བྱའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། ནམ་མཁའི་ངོས་ལྟར་ཏེ།ནམ་མཁའི་དབྱིངས་བཞིན་དུ་གློ་བུར་བའི་དྲི་མ་རྣམས་ཀྱིས་མ་གོས་ཤིང་ཁྱབ་པར་བྱེད་པ་འདི་ནི་འདི་ནའོ་ཆེ་གེ་མོ་ཞིག་ནའོ་ཞེས་བསྟན་དུ་མེད་ཅིང་ཐོགས་པ་མེད་པའོ། །མཆོག་ནི་སྟོང་པ་ཉིད་ ཐམས་ཅད་ཀྱི་གོང་ན་གནས་པ་ཉིད་ཡོད་པའི་ཕྱིར་མཆོག་སྟེ་དེ་ཉིད་ཁོ་ན་ཡིན་ནོ་ཞེས་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་དེ་ལྟ་བུའི་མན་ངག་ཉེ་བར་བསྟན་པ་འདིས་ཤཱཀྱ་སེང་གེ་རབ་ཏུ་བསྐུལ་བར་འགྱུར་ཏེ་མཐར་ཐུག་པའོ། །དེ་ཉིད་ཀྱི་འབྲས་བུ་ནི། འོད་གསལ་བ་ཡི་གནས་ ཐོབ་ནས། །རང་དགའི་གཟུགས་སུ་སྐྱེ་བར་འགྱུར། །ཀུན་གྱི་དབང་ཕྱུག་ཐོབ་འགྱུར་ཏེ། །རྡོ་རྗེའི་སྐུས་ནི་དགའ་བར་འགྱུར། །ཞེས་བྱ་བ་གསུངས་ཏེ་གང་གི་ཚེ་འདོད་ཆགས་ལ་སོགས་པའི་རྣམ་པར་དག་པའི་རིམ་གྱིས་སྣང་བ་ལ་སོགས་པ་གསུམ་མཐོང་བའི་སྒོ་ནས་འོད་གསལ་བའི་ གནས་ཏེ་བཞི་པ་ཐམས་ཅད་སྟོང་པ། རྣམ་གྲངས་གཞན་ཡང་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་ཐོབ་པ་དེའི་ཚེ་ཐོབ་པ་ན་རང་དགའི་གཟུགས་ཏེ་རང་དབང་ཅན་གྱི་གཟུགས་འཇའ་ཚོན་དང་མཚུངས་པའི་གཟུགས་བརྙན་གྱི་སྐུར་སྐྱེ་བར་འགྱུར་བ་ནི་བདག་བྱིན་གྱིས་བརླབ་པའི་རིམ་པས་ཡེ་ཤེས་ཀྱི་སྐུར་ 37-1-100b གྱུར་ནས། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་ནུས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེའི་རྗེས་ལ་ཀུན་གྱི་དབང་ཕྱུག་སྟེ་ཁྱབ་འཇུག་དང་དྲག་པོ་དང་ཚངས་པ་ལ་སོགས་པ་དང་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ནང་ནས་འཇིག་རྟེན་ལས་ འདས་པའི་ཡེ་ཤེས་ཐོབ་པ་ནི་དབང་ཕྱུག་སྟེ་དེ་འཐོབ་པར་འགྱུར་རོ། །ཡང་ན། ལུས་དང་ངག་གི་དབང་ཕྱུག་དང་། །དེ་བཞིན་སེམས་ཀྱི་དབང་ཕྱུག་སྟེ། །རྫུ་འཕྲུལ་ཡོན་ཏན་ཀུན་དབང་ཕྱུག །སྨྲ་བྱེད་བྱེད་པོ་ཡོན་ཏན་བརྒྱད། །ཅེས་བྱ་བའི་དབང་ཕྱུག་དེ་དག་ཐམས་ཅད་ཐོབ་ པ་ན་རྡོ་རྗེ་སྐུ་སྟེ་འཇིགས་པ་མེད་པའི་ཡེ་ཤེས་ཀྱི་སྐུར་གྱུར་ནས་དགའ་བར་འགྱུར་བ་ནི་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་འཁོར་བ་ཇི་སྲིད་ཀྱི་བར་དུ་བསྐལ་པ་བཟང་པོ་ལ་ཁྱད་པར་དུ་སེམས་ཅན་གྱི་དོན་བྱས་ཏེ་དགའ་ཞིང་མགུ་བར་གྱུར་ཏོ་ཞེས་བྱ་བའི་དོན་ དེ་སྦས་པའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་ཐོས་མ་ཐག་ཏུ་ཤཱཀྱ་སེང་གེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཉིད་བསྟན་པའི་ཕྱིར། དེ་ལྟར་སྒྲ་དེ་གསན་ནས་ནི། །དེ་ནས་མི་གཡོ་བཏང་བྱས་ན། །མཚན་ཕྱེད་ཀྱི་ནི་དུས་དག་ཏུ། །རྒྱལ་བའི་སྲས་ཀྱིས་དེ་ཉིད་ དམིགས། །སྐུ་ནི་དྲང་པོ་ཉིད་མིན་ཞིང་། །མི་དྲང་བ་ཉིད་མ་ཡིན་ལ། །དབུགས་གཏོང་བ་དང་རྔུབ་པ་མིན། །གསུང་བ་ཉིད་མིན་མི་གསུང་མིན། །ཉིད་ཀྱི་སྤྱན་ཕྱེ་མ་ཡིན་ཞིང་། །སྤྱན་བཙུམས་པ་ཡང་མ་ཡིན་པས། །དང་ཞིང་གསལ་བའི་ཡེ་ཤེས་ཆེ། །ཐམས་ཅད་ སྟོང་པ་རྨད་པོ་ཆེ། །བླ་མའི་ཞལ་སྔའི་དྲིན་གྱིས་ནི། །དེ་ནས་དེ་ནི་གསལ་མཐོང་འགྱུར། །ཞེས་བྱ་བ་གསུངས་ཏེ། དེ་ཁོ་ན་ཉིད་ཉེ་བར་སྟོན་པའི་ཚིག་དེ་ལྟ་བུའི་རྣམ་པ་ཅན་དེ་བཞིན་གཤེགས་པ་རྣམས་ལ་གནས་ནས། འདི་ནི་དེ་ཁོ་ན་ཉིད་རྣམ་པར་དག་པའི་གནས་མ་ ཡིན་ནོ་སྙམ་དུ་དགོངས་ཏེ་སྟོང་པ་ཆེན་པོའི་ཏིང་ངེ་འཛིན་མི་གཡོ་བ་བཏང་ཞིང་བོར་ནས་མཚན་ཕྱེད་ཀྱི་དུས་ཏེ་ནམ་གྱི་གུང་གི་དུས་སུ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པས་མན་ངག་བཞི་པའི་དེ་ཁོ་ན་ཉིད་ལ་དམིགས་པར་གྱུར་ཏོ། །འདིར་དོན་ནི་འདི་ཡིན་ཏེ། 37-1-101a ནམ་མཁའི་དབྱིངས་ན་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དང་པོར་འོད་ཟེར་གྱི་འཁོར་ལོ་སྤྲོས་པ་དེའི་རྒྱུད་སྣོད་དུ་རུང་བར་བྱས་ཏེ། དེ་ནས་ཡེ་ཤེས་ཀྱི་ཕྱག་རྒྱ་སྤྲོས་ནས་དེ་ནི་གནས་སུ་བཏང་སྟེ། དེ་དག་ལྷན་ཅིག་སྙོམས་པར་ཞུགས་པས་མཚམས་དང་མཚན་ མོ་དང་ཉིན་མོའི་རིམ་གྱིས་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉི་མངོན་དུ་བྱས་ནས་མི་གཡོ་བ་སྤངས་ཏེ། ཤེས་རབ་ཀྱི་དབང་བསྐུར་བ་གསང་བ་ཉིད་ཡིན་པའི་ཕྱིར་མཚན་ཕྱེད་ན་དེ་ཁོ་ན་ཉིད་བཞི་པ་དམིགས་པར་འགྱུར་ཞིང་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་དེང་སང་ཡང་སློབ་མ་ལ་ མཚན་ཕྱེད་ཀྱི་དུས་སུ་ཤེས་རབ་ཀྱི་དབང་བསྐུར་བ་གང་ཡིན་པ་བླ་མ་བརྒྱུད་པ་དེ་ཉིད་གནས་པ་ཡིན་ཏེ་མཐར་ཐུག་པའོ། །དེ་ཁོ་ན་ཉིད་ཇི་ལྟར་མཐོང་བར་འགྱུར་ཏེ། དེའི་ཕྱིར་གསུངས་པ་བྱ་བ་ལ་སོགས་པའི་རྣལ་འབྱོར་པ་ཁ་ཅིག་ནི་ལུས་དྲང་པོར་སྒོམ་པར་བྱེད་དོ། །ཁ་ཅིག་ནི་འདུག་ནས་པདྨའི་ འདུག་སྟངས་ལ་སོགས་པ་ལུས་དྲང་པོ་མ་ཡིན་པས་བསྒོམ་པ་ལ་དམིགས་པར་བྱེད་དོ། །ཁ་ཅིག་ནི་མིག་ཕྱེ་བས་རས་རིས་ལ་སོགས་པའི་གཟུགས་ལ་བལྟས་ནས་བསམ་གཏན་བྱེད་དོ། །ཁ་ཅིག་ནི་དང་པོའི་སྦྱོར་བ་ལ་སོགས་པ་རྣམས་ཀྱིས་མིག་བཙུམས་ནས་བསམ་གཏན་བྱེད་དོ། །ཤཱཀྱའི་སེང་གེ་ནི་ དེ་རྣམས་གང་ཡང་མི་མཛད་དེ། དེ་ཁོ་ན་ཉིད་ཁྱབ་པར་བྱེད་པ་ཐོབ་པས་ལུས་གཡོ་བ་ལ་སོགས་པའི་སྤྱོད་ལམ་གཞན་རྣམས་མི་དགོས་པའི་ཕྱིར་རོ། །ཕྱི་རོལ་གྱི་ལུས་ཀྱི་སྡོམ་པ་ལ་སོགས་པ་རྣམས་དང་ཕྱག་རྒྱ་ལ་སོགས་པ་རྣམས་ནི་དེ་ཁོ་ན་ཉིད་ཐོབ་པར་བྱ་བ་དང་། སེམས་དབང་དུ་བྱ་བའི་ཕྱིར་བསྟེན་ པར་བྱའོ་ཞེས་གྲག་ན་གལ་ཏེ་བླ་མའི་སྐུ་དྲིན་གྱིས་དེ་ཐོབ་པར་འགྱུར་བ་དེའི་ཚེ་ལུས་དང་ངག་དང་སེམས་སྡུག་བསྔལ་བར་བྱེད་པ་དང་ཏིང་ངེ་འཛིན་རྣམ་པར་གཡེང་བར་བྱེད་པའི་ལོག་པའི་སྤྲོས་པ་རྣམས་ཀྱིས་ཅི་ཞིག་བྱ། འདི་སྐད་དུ་སྔར། གླང་པོ་མོད་ལ་རྙེད་གྱུར་ན། །གླང་པོའི་རྗེས་ནི་ཚོལ་ལམ་ཅི། །ཞེས་ བྱ་བ་ལ་སོགས་གསུངས་པ་ཉིད་དེ་དགོངས་པ་མ་ཡིན་པའོ། །ཤཱཀྱའི་སེང་གེ་དེས་ནི་ལྷན་ཅིག་སྐྱེས་པ་ཞེས་བྱ་བ་ཐམས་ཅད་སྟོང་པ་འོད་གསལ་བའི་དེ་ཁོ་ན་ཉི་མཐོང་ཞིང་མངོན་དུ་བྱས་པ་ར་འགྱུར་རོ། །ཇི་ལྟ་བུ་ཞེ་ན་དང་བ་སྟེ་འདོད་ཆགས་ལ་སོགས་པའི་རྣམ་པར་རྟོག་པའི་ཉེས་པ་རྣམས་སྤངས་པ་ 37-1-101b ཉིད་ཡིན་པའི་ཕྱིར་ནོར་བུ་ཆུ་དངས་ཀྱིས་དྲི་མ་མེད་པར་བྱས་པའི་ཆུ་བཞིན་དུ་དག་ཅིང་དྲི་མ་མེད་པའོ། །གསལ་བ་ནི་རྣལ་འབྱོར་གྱི་མངོན་སུམ་གྱི་ཚད་མས་ཡང་དག་པར་ཁོང་དུ་ཆུད་པར་བྱ་བ་སྟེ་རྣམ་པར་རྟོག་པ་མེད་པ་དང་གསལ་བར་སྣང་བའོ། །རྣམ་པར་རྟོག་པའི་དྲི་མ་རྣམས་ནི་མུན་པའི་ རང་བཞིན་ཉིད་ཡིན་པའི་ཕྱིར་རྣམ་པར་རྟོག་པ་དང་བཅས་པ་ཐམས་ཅད་ནི་གསལ་བར་སྣང་བ་མ་ཡིན་ཏེ། འཇིག་ཚོགས་དུས་བཞིན་བསྒོམ་སྟོབས་ཀྱིས། །གསལ་བ་ཉིད་དུ་སྣང་འགྱུར་ཞིང་། །ཤེས་པ་སླུ་བ་མེད་གང་ཡིན། །དེ་ནི་མི་རྟོག་མངོན་སུམ་ཡིན། །རྣམ་རྟོག་རྗེས་སུ་འབྲེལ་པ་ལས། །འོད་ གསལ་སྣང་བ་མ་ཡིན་ཏེ། །རྨི་ལམ་ན་ཡང་དྲན་མོད་ཀྱི། །དྲན་འབྱུང་དེ་བཞིན་དོན་ལྡན་མིན། །ཞེས་བཤད་དོ། །ཡེ་ཤེས་ཆེན་པོ་ནི་སྣང་བ་ལ་སོགས་པའི་ཡེ་ཤེས་རྣམས་ཀྱི་ནང་ནས་མཆོག་ཉིད་ཡིན་པའི་ཕྱིར་རོ། །མཆོག་ཉིད་ནི་བླང་བར་བྱ་བ་ཉིད་ཡིན་པ་དང་། དེ་ལས་གཞན་པ་རྣམས་ནི་ སྤང་བར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །སྟོང་པ་གསུམ་རྣམ་པར་དག་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ཐམས་ཅད་སྟོང་པའོ། །རང་བཞིན་བརྒྱ་དྲུག་ཅུ་འགོག་པར་བྱེད་པ་ཉིད་ཡིན་པ་དང་། འཇིག་རྟེན་གྱི་ཁམས་མ་ལུས་པ་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་རྫོགས་པར་ བྱེད་པ་ཉིད་ཡིན་པའི་ཕྱིར་རྨད་ཆེན་ནོ། །དེ་ལྟ་བུའི་བླ་མའི་ཞལ་སྔ་ནས་ཀྱིས་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་དྲིན་གྱི་དབང་གིས་གཟིགས་པར་གྱུར་ཏོ། །འདིར་བླ་མའི་ཞལ་སྔ་ནས་ནི་ནམ་མཁའ་ན་གནས་པའི་དེ་བཞིན་གཤེགས་པ་རྣམས་དང་དེ་དག་གིས་བསྐྱེད་པའི་ཡེ་ཤེས་ཀྱི་ཕྱག་ རྒྱ་དང་རྣམ་པ་གཉིས་ཏེ། དེ་གཉི་གའི་སྐུ་དྲིན་གྱིས་ཤཱཀྱའི་སེང་གེས་དེ་ཁོ་ན་ཉིད་བརྙེས་པར་གྱུར་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཀྱི་ཕྱིར་དེ་དང་སང་ཡང་དེ་བཞིན་གཤེགས་པ་རྣམས་དང་། བླ་མའི་ཞལ་སྔ་ནས་ཀྱི་ལས་ཐ་དད་དུ་ནི་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །མཐར་ཐུག་པའོ། །འབྲས་ བུ་ནི། འོད་གསལ་བ་ནི་ནམ་དག་པས། །སྐད་ཅིག་དེ་ལ་སྲིད་གསུམ་གྱི། །འདས་པ་དང་ནི་མ་འོངས་དང་། །ད་ལྟར་བྱུང་བ་མ་ལུས་གཟིགས། །ཞེས་བྱ་བས་གསུངས་ཏེ། ཤཱཀྱའི་སེང་གེ་དེས་འོད་གསལ་བ་ནི་རྣམ་པར་དག་པས་ཏེ་དེ་ཁོ་ན་ཉིད་ཀྱི་མན་ངག་མངོན་དུ་བྱས་པའི་སྟོབས་ཀྱིས་ 37-1-102a གནས་སྐབས་དེའི་སྐད་ཅིག་དེ་ཉིད་ལ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དང་། མ་འོངས་པ་དང་ད་ལྟར་བྱུང་བ་རྣམས་དང་། ཡུལ་དང་དུས་དང་རང་བཞིན་གྱིས་བསྐལ་པའི་དངོས་པོ་རྣམས་གཟིགས་ཏེ། གསན་ཅིང་མཁྱེན་པར་གྱུར་ཏོ་ཞེས་བྱ་བ་ནི་ཚིག་ལྷག་མའོ། ། དོན་ཅིག་དམ་པ་ཉིད་དུ་མཐོང་གྱུར་ན། །ཞེས་བྱ་བའི་ཚུལ་གྱིས་འདིས་ནི་མངོན་པར་ཤེས་པ་ཐོབ་པ་ཉིད་བསྟན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏེ་སྒྲ་ཇི་བཞིན་པའོ། །ཡང་ན་འདས་པ་ལ་སོགས་པ་རྣམས་ཏེ་འདོད་ཆགས་དང་འདོད་ཆགས་བྲལ་བ་དང་འདོད་ཆགས་བར་མ་གསུམ་ནི་སྲིད་གསུམ་སྟེ་རྩ་གསུམ་ གྱི་བདག་ཉིད་ཅན་ཆོས་འབྱུང་གི་ཕྱག་རྒྱའི་པདྨའི་ནང་དུ་འོད་གསལ་བས་རྣམ་པར་སྦྱངས་ཏེ། དེ་ཁོ་ན་ཉིད་བཞི་པ་ཐོབ་ནས་སྐད་ཅིག་སྟེ་ལྷན་ཅིག་སྐྱེས་པའི་སྐད་ཅིག་གཟིགས་ཞེས་བྱ་བ་ནི་རང་གི་ངོ་བོ་མཁྱེན་ནས་རོ་གཅིག་པའི་དངོས་པོར་མཛད་པར་གྱུར་པ་སྟེ་མཐར་ཐུག་པའོ། །འབྲས་བུའི་ཁྱད་པར་ ནི། ཆུ་ཟླ་དང་ནི་སྨིག་རྒྱུ་སོགས། །སྒྱུ་མའི་ཡོན་ཏན་རྣམས་ཀྱིས་བརྒྱན། །བྱང་ཆུབ་ཤིང་དྲུང་བཞུགས་ནས་ནི། །སྐྱ་རེངས་འཆར་བའི་དུས་སུ་ནི། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །དེས་ནི་བདུད་རྣམས་འཇོམས་པར་མཛད་། །ཅེས་བྱ་བ་གསུངས་ཏེ། ཤཱཀྱའི་སེང་གེ་སྟེ་བྱང་ཆུབ་ཤིང་དྲུང་སྟེ། ནཻ་རཉྫ་ནའི་འགྲམ་ན་གནས་པའི་བྱང་ཆུབ་ཀྱི་ཤིང་ཨ་ཤདྠ་ལི་རྩར་བཞུགས་ཤིང་ཉེ་བར་བཞུགས་ནས་བརྒྱ་བྱིན་གྱིས་བསྐུལ་བའི་བདུད་དཔུང་གི་ཚོགས་ཡན་ལག་བཞི་དང་ལྡན་པའི་མཚོན་ཆ་སྣ་ཚོགས་དང་འཇིགས་སུ་རུང་བའི་ཆ་བྱད་འཛིན་པ་ལྷའི་འཁོར་གྱི་བགེགས་རྣམས་བཅོམ་ཞིང་ཕམ་ པར་མཛད་དོ། །དེ་ཇི་ལྟ་བུ་ཞེ་ན་ཆུ་ཟླ་ལ་སོགས་པའི་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་བརྒྱན་ཞིང་རྣམ་པར་སྤྲས་སོ། །གང་གི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་དངོས་པོ་ཐམས་ཅད་འོད་གསལ་བའི་རང་གི་ངོ་བོར་ཤེས་པ་ལ་རྣམ་པར་རྟོག་པ་མེད་པའི་ཕྱིར་བདུད་རྣམས་ག་ལས་འབྱུང་བར་འགྱུར། བདུད་ ལ་སོགས་པ་རྣམས་ཀྱི་རྣམ་པར་རྟོག་པ་ལས་བྱུང་བ་ཡིན་ཏེ་གཞུང་མཛད་པས། ཇི་སྲིད་ཡིད་ནི་གཡོ་གྱུར་པར། །དེ་སྲིད་བདུད་ཀྱི་གོ་སྐབས་ཡོད། །དེའི་ཕྱིར་འདི་ནི་སྐྱོན་མེད་པར། །ཅི་ཡི་ཕྱིར་ན་མི་འཐད་འགྱུར། །ཞེས་གསུངས་པ་དང་། དེ་བཞིན་དུ་རང་གི་སེམས་ཀྱི་ཀུན་དུ་རྟོག་པ་ནི་བདུད་ཡིན་ 37-1-102b ནོ་ཞེས་འབྱུང་བའི་ཕྱིར་རོ། །སྐྱ་རེངས་ནི་ཉི་མའི་ཤིང་རྟ་འདྲེན་པའོ། །དེ་འཆར་ཀའི་དུས་ཏེ་ཐོ་རངས་ཀྱི་དུས་སུ་མངོན་པར་རྫོགས་པར་སངས་རྒྱས་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ་ས་བཅུ་གཉིས་པའི་མི་ཕྱེད་པའི་ཏིང་ངེ་འཛིན་གྱི་བདུད་བཅོམ་པར་གྱུར་ཏོ་ཞེས་བྱ་བ་ནི་ངག་གི་དོན་ནི་དྲང་བའི་དོན་ཏོ། །ཡང་ན་ བྱང་ཆུབ་ཀྱི་ཤིང་དྲུང་སྟེ་ཡེ་ཤེས་ཀྱི་ཕྱག་རྒྱའི་ཆོས་འབྱུང་དུ་བཞུགས་ཤིང་བརྟེན་ནས་ལྷན་ཅིག་སྐྱེ་བ་ཉམས་སུ་མྱོང་བའི་བསམ་གཏན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་འདོད་ཆགས་དང་འདོད་ཆགས་བྲལ་བ་དང་འདོད་ཆགས་བར་མ་སེམས་གཡེང་བར་བྱེད་པའི་བདུད་རྣམས་བཅོམ་ཞིང་ཟློག་པར་མཛད་དོ། ། དུས་ནམ་ཞེ་ན། སྐྱ་རེངས་ཞེས་བྱ་བ་རྩའི་འཁོར་ལོ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་དེ་འཆར་བ་ནི་འབྱུང་བ་སྟེ་རྡོ་རྗེའི་རྩེ་མོར་འཛིན་པའོ། །དེའི་དུས་སུ་སྟེ་ལྷན་ཅིག་སྐྱེས་པའི་དགའ་བའི་དུས་དང་འོད་གསལ་བའི་དུས་དང་། ཉིན་མོ་དང་མཚན་མོ་དང་མཚམས་ བདག་དང་བྲལ་བའི་སྐད་ཅིག་ལ་ཞེས་པའི་ཐ་ཚིག་གོ། །ཆུ་ཟླ་ལ་སོགས་པའི་སྒྱུ་མའི་དཔེ་རྣམས་ནི་སྨིག་རྒྱུ་ལྟ་བུ་ལ་སོགས་པའི་རྟགས་རྣམ་པ་ལྔ་ཉེ་བར་མཚོན་པར་བྱེད་པའི་དོན་ཅན་ཡིན་ཏེ། དེའི་རྗེས་ཐོགས་ཁོ་ནར་དེ་ཁོ་ན་ཉིད་ཐོབ་པའི་ཕྱིར་རོ། །ངེས་པའི་དོན་ཏོ། །ད་ནི་དེ་ཁོ་ན་ཉིད་གྲུབ་པར་ གྱུར་པའི་རང་གི་དོན་གྱི་རྗེས་ཐོགས་སུ་གཞན་གྱི་དོན་ཤཱཀྱའི་མགོན་པོས་ཡང་དག་པའི། །ཡེ་ཤེས་བླ་མེད་ལེགས་བརྙེས་ནས། །འགྲོ་བ་གསུམ་ལ་ཕན་བྱའི་ཕྱིར། །དེ་ཉིད་འདིར་ནི་བསྟན་པ་ཡིན། །ཞེས་བྱ་བ་གསུངས་ཏེ། དེ་ནི་བཅོམ་ལྡན་འདས་ཤཱཀྱ་མགོན་པོ་སྟེ་དེ་བཞིན་གཤེགས་པ་ ཞེས་བྱ་བའི་སྒྲ་བརྗོད་པར་བྱ་བ་ཡིན་ཏེ་དེས་གསལ་ཞིང་རྟོག་པ་མེད་པ་ལ་མ་འཁྲུལ་པའི་ཡང་དག་པའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་བཞི་པ་བླ་ན་མེད་པ་སྟེ་དེ་ལས་ཕ་རོལ་ན་གནས་པ་བྱ་བ་མེད་པའི་ཕྱིར་མཆོག་ཏུ་གྱུར་པ་ལེགས་པར་བརྙེས་ཤིང་མངོན་དུ་མཛད་ནས། དེའི་ཚེ་སྔོན་གྱི་སྨོན་ལམ་གྱི་བག་ ཆགས་ཀྱིས་བསྐུལ་བ་དེས་འགྲོ་བ་གསུམ་ལ་ཕན་པའི་ཕྱིར་དེ་གནས་ཏེ་ཐོབ་པར་བྱ་བའི་ཕྱིར་རྒྱུད་ལ་སོགས་པའི་རིགས་པ་རྣམ་པ་བཞིའི་རིམ་གྱིས་བསྐལ་པ་ཇི་ལྟ་བུ་བཞིན་དུ་རྣལ་འབྱོར་མཆོག་གི་རྒྱུད་རྣམས་སུ་བསྟན་ཞིང་གསལ་བར་མཛད་པ་ཡིན་ནོ་ཞེས་བྱ་བས་ནི་གཞན་གྱི་དོན་ཕུན་ 37-1-103a སུམ་ཚོགས་པ་བསྟན་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ལ་སྐྱོབ་པ་ཞེས་བྱ་བ་ཡིན་ཏེ་འདི་ལྟར་རང་གིས་མཐོང་བའི་ལམ་སྟོན་པར་བྱེད་པ་ནི་སྐྱོབ་པའོ་ཞེས་འབྱུང་བའི་ཕྱིར་རོ། །རང་གིས་མཐོང་བའི་དོན་གཞན་རྣམས་ལ་སྟོན་པར་བྱེད་པ་གང་ཡིན་པ་དེ་ནི་ སྐྱོབ་པ་ཡིན་ནོ། །དགོངས་པ་མ་ཡིན་པའོ། །མཇུག་བསྡུ་བ་ནི། མངོན་པར་བྱང་ཆུབ་གཟིགས་པ་ནི། །དེ་ཉིད་ཡེ་ཤེས་ཞེས་བཤད་དོ། །ཞེས་བྱ་བ་གསུངས་ཏེ། མངོན་པར་བྱང་ཆུབ་པ་སྟེ་བླ་ན་མེད་པའི་མངོན་པར་བྱང་ཆུབ་སྟེ། དེ་གཟིགས་པ་ནི་མངོན་དུ་མཛད་པའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཡེ་ ཤེས་འདི་ནི་བཞི་པ་ཉིད་ཡིན་པའི་ཕྱིར་དེ་ཉིད་ཀྱང་ཡིན་ལ་ཡེ་ཤེས་རྣམ་པར་དག་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ཡེ་ཤེས་ཀྱང་ཡིན་པས་དེ་ཉིད་ཡེ་ཤེས་ཏེ་ཐམས་ཅད་སྟོང་པ་ཡིན་པར་བཤད་དོ། །མཐར་ཐུག་པའོ། །ད་ནི་བླ་མའི་སྐུ་དྲིན་གྱིས་སྡིག་པ་ཅན་རྣམས་ཀྱིས་ཀྱང་དངོས་གྲུབ་ཐོབ་པོ་ཞེས་བསྟན་པའི་ ཕྱིར། མཚམས་མེད་ལྔ་ཡི་ལས་ཅན་དང་། །མི་གང་བསོད་ནམས་དམན་པས་ཀྱང་། །ཡིད་བཞིན་ནོར་དང་འདྲ་བ་གཞན། །བླ་མའི་དྲིན་གྱིས་འཐོབ་པར་འགྱུར། །སྤྱོད་པ་ཅི་དགར་སྤྱོད་བྱེད་ཅིང་། །འདི་ནི་མ་འོངས་རྫོགས་སངས་རྒྱས། །ཞེས་བྱ་བ་གསུངས་ཏེ། མཚམས་མེད་ལྔའི་ལས་ཏེ་མ་ གསོད་པ་ལ་སོགས་པ་རྣམས་དང་། དེ་བཞིན་དུ་མཚམས་མེད་པ་དང་ཉེ་བ་སྟེ། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ནི་རྣམ་པར་རྟོག་པ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་མཚམས་མེད་པ་ལྔའི་ལས་ཅན་ཡིན་ནོ། །དེ་བཞིན་དུ་བསོད་ནམས་དམན་པ་ཞེས་བྱ་བ་ནི་གང་ལ་ཚེ་རབས་སྔ་མར་བསགས་ པའི་དགེ་བ་མེད་པའམ། རིགས་ཆད་པ་སྟེ། ཇི་སྐད་དུ་བཅོམ་ལྡན་འདས་བྱམས་པས། ཁ་ཅིག་གཅིག་ཏུ་ཉེས་པར་སྤྱོད་པ་ཡོད་། །ཁ་ཅིག་དགེ་བའི་ཆོས་རྣམས་སྤངས་པ་ཡོད། །ཁ་ཅིག་ཐར་མིན་ཆ་མཐུན་དགེ་བ་ཡོད། །དགེ་བ་དམན་ཞིང་རྒྱུ་དམན་པ་ཡང་ཡོད། །ཅེས་གསུངས་པ་དེ་ལྟ་བུ་ ལ་སོགས་པ་རྣམས་ནི་བསོད་ནམས་དམན་པ་ཞེས་བྱའོ། །དེ་རྣམས་ཀྱིས་ཀྱང་བླ་མའི་དྲིན་ཏེ་རྡོ་རྗེ་སློབ་དཔོན་གྱིས་ཀྱང་ཡང་དག་པའི་མན་ངག་ཐོབ་ནས་ཡིད་བཞིན་གྱི་ནོར་བུ་དང་མཚུངས་པར་མངོན་པར་འདོད་པ་སྟེར་བར་བྱེད་པར་འགྱུར་རོ་ཞེས་བྱ་བ་དེས་ནི་འདི་སྐད་དུ་རེ་ཞིག་རང་གི་དོན་ལྟ་ཞོག་དེ་རྣམས་ནི་ 37-1-103b གཞན་གྱི་དོན་ཡང་གྲུབ་པར་བྱེད་དོ་ཞེས་བསྟན་པ་ཡིན་ནོ། །དེ་ཉིད་ཀྱི་ཅི་དགའ་སྟེ་ཇི་ལྟར་འདོད་པར་འགྱུར་བ་སྟེ་དེ་ཁོ་ན་བཞིན་དུ་གལ་ཏེ་འགྲེང་བ་དང་འདུག་པ་དང་ཉལ་བའི་མཚན་ཉིད་ཀྱི་བྱ་བ་སྤྱོད་པ་བྱེད་པ་དེའི་ཚེ། དེ་ནི་རྫོགས་པའི་སངས་རྒྱས་ཞེས་བརྗོད་པར་བྱའོ། །ཇི་ལྟ་བུ་ཞེ་ན། མ་འོངས་ཞེས་བྱ་བ་ མ་འོངས་པའི་སེམས་ཅན་རྣམས་ལ་ཕན་འདོགས་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་གང་དུ། འགའ་ཞིག་རི་བོ་རྩེ་ལས་ལྷུང་གྱུར་ན། །ཞེས་བྱ་བ་ལ་སོགས་པ་བཤད་པ་ཁོ་ན་ཡིན་ནོ། །དེའི་ཕྱིར་བླ་མའི་ཞལ་སྔ་ནས་མཉེས་པར་བྱ་བ་ལ་འབད་པ་དང་ལྡན་པར་བྱའོ་ཞེས་བྱ་བ་ནི་བསྡུས་པའི་ དོན་ཏེ་སྒྲ་ཇི་བཞིན་པའོ། །ད་ནི་མན་ངག་བཞིའི་རྒྱུད་སྣ་ཚོགས་ཀྱི་མཚན་མ། ཆགས་མིན་ཆགས་དང་བྲལ་བ་མིན། །དབུ་མར་ཡང་ནི་མི་དམིགས་སོ། །སྟོང་པ་མ་ཡིན་མི་སྟོང་མིན། །དབུ་མར་ཡང་ནི་མི་དམིགས་སོ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་ལས། །ཡེ་ཤེས་གསུམ་ བྲལ་དེ་ཉིད་གང་། །དེ་ནི་དགོངས་པས་གསུངས་པ་ཡིན། །ཞེས་བྱ་བས་གསུངས་ཏེ། དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་དང་པོ་ལས་བཅོམ་ལྡན་འདས་ཀྱིས་དེ་ཁོ་ན་ཉིད་བཞི་པ་འགལ་བའི་ཚིག་གི་སྦྱོར་བས་དེ་ཁོ་ན་ཉིད་སྟོན་པའི་དགོངས་པས་ བཤད་པ་དེས་གསུངས་ཤིང་བསྟན་ཏོ། །ཇི་ལྟ་ཞེ་ན། ཆགས་པ་སྟེ་སྣང་བའི་ཡེ་ཤེས་མིན་པའོ། །ཆགས་བྲལ་ཏེ་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་མིན་པའོ། །དབུ་མ་སྟེ་སྣང་བ་གསལ་བའི་ཡེ་ཤེས་མིན་པའོ། །དེ་བཞིན་དུ་སྟོང་པ་སྟེ། འཇུག་པའི་རྣམ་པར་ཤེས་པའི་གཉེན་པོར་གྱུར་པ་མ་ ཡིན་པའོ། །མི་སྟོང་པ་སྟེ་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པའི་གཉེན་པོར་གྱུར་པ་ཤིན་ཏུ་སྟོང་པ་མ་ཡིན་པའོ། །དབུ་མར་ཡང་ནི་མི་དམིགས་པ་སྟེ་ཀུན་གཞི་རྣམ་པར་ཤེས་པའི་གཉེན་པོར་གྱུར་པའི་སྟོང་པ་ཆེན་པོ་གང་དུ་མི་དམིགས་པ་དེ་ནི་ཡེ་ཤེས་གསུམ་དང་བྲལ་བའི་དེ་ཁོ་ན་ཉིད་བཞི་ པ་ཡིན་པར་བཅོམ་ལྡན་འདས་ཀྱིས་གསུངས་པ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་སྟེ་སྦས་པའོ། །དེ་བཞིན་དུ་དཔལ་གསང་བ་འདུས་པའི་ཚད་མ། དཔལ་ལྡན་གསང་བ་འདུས་པ་ཡི། །བྱང་ཆུབ་སེམས་ཀྱི་ལེའུ་ལས་ཀྱང་། །དངོས་མེད་ལ་སོགས་ཚིག་བཤད་ཀྱི། མངོན་པར་བྱང་ཆུབ་མཚན་ཉིད་ 37-1-104a གསུངས། །ཞེས་བྱ་བས་གསུངས་ཏེ། དཔལ་གསང་བ་འདུས་པའི་རྒྱུད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་སྟེ་གཉིས་པ་ལས་ཀྱང་། དངོས་པོ་མེད་པས་སྒོམ་པ་མེད། །བསྒོམ་པར་བྱ་བ་བསྒོམ་པ་མིན། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ལྔས་གང་གི་ཚེ་སྐྱེ་བ་མེད་པའི་མཚན་ ཉིད་ཀྱི་དེ་ཁོ་ན་ཉིད་བསྟན་པ་གང་ཡིན་པ་དེ་ནི། བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་མངོན་པར་བྱང་ཆུབ་པའི་མཚན་ཉིད་ཀྱི་འོད་གསལ་བའི་བཞི་པ་ཁོ་ན་ཡིན་པར་བཤད་པའོ་ཞེས་བྱ་བའི་ཐ་ཚིག་སྟེ་མཐར་ཐུག་པའོ། །དཔལ་མཆོག་དང་པོའི་རྒྱུད་ཀྱི་ཚད་མ། དཔལ་མཆོག་ལས་ནི་གསུངས་པ་ཡིས། ། འདོད་ཆགས་ལ་སོགས་རྣམ་དག་གང་། །དེ་ཡང་ཐམས་ཅད་སྟོང་པ་ལ། །བརྟེན་ནས་དེ་བཞིན་གཤེགས་པས་གསུངས། །ཞེས་བྱ་བས་གསུངས་ཏེ། དེ་བཞིན་དུ་དཔལ་མཆོག་དང་པོའི་རྒྱུད་ལས་འདོད་ཆགས་ལ་སོགས་པ་རྣམས་ཀྱིས་རྣམ་པར་དག་པ་བསྟན་པ་གང་ཡིན་པ་དེ་ཡང་ཐམས་ཅད་སྟོང་པ་ དེ་ཁོ་ན་ཉིད་ལ་དམིགས་ཤིང་བསྟན་ནས་དེ་བཞིན་གཤེགས་པ་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གྱི་རྡོ་རྗེ་འཆང་ཆེན་པོས་གསུངས་ཤིང་བཤད་དེ། ཇི་སྐད་དུ་དཔལ་མཆོག་དང་པོ་ལས། འདོད་ཆགས་ཞེ་སྡང་གཏི་མུག་སྟེ། །གསུམ་པོ་འདི་རྣམས་དུག་ཆེན་ཡིན། །དུག་ཉིད་ཀྱིས་ ནི་རྟེན་བྱས་ན། །དུག་ཏུ་ཉེ་བར་འགྲོ་བ་ཉིད། །བདུད་རྩི་ཉིད་དུ་རྟེན་བྱས་ན། །བདུད་རྩི་ཉིད་ཀྱི་འགྲོ་བར་འགྱུར། །ཞེས་གསུངས་སོ། །འདིར་ནི་དོན་འདི་ཡིན་ཏེ་འདོད་ཆགས་ནི་དགའ་བའི་རྣམ་གྲངས་དང་ལྡན་པའི་སྣང་བའོ། །ཞེ་སྡང་ནི་བྲལ་བའི་རྣམ་པ་དང་ལྡན་པའི་སྣང་བ་ཉེ་བར་ཐོབ་པའོ། །གཏི་ མུག་ནི་སྣང་བ་གསལ་བའི་རྣམ་གྲངས་དང་ལྡན་པའི་མཆོག་སྟེ། དེ་རྣམས་ནི་འོད་གསལ་བའི་དེ་ཁོ་ན་ཉིད་བཞི་པ་མཐོང་བ་འཇིག་རྟེན་གྱི་དུག་དང་མཚུངས་པའི་དུག་ཡིན་ཏེ། དུག་བཞིན་དུ་གསོད་པར་བྱེད་ཅིང་འཁོར་བའི་རྒྱ་མཚོར་ལྷུང་བར་བྱེད་པ་ཡིན་ནོ། །དུས་ནམ་ཞེ་ན་གང་གི་ཚེ་དེ་རྣམས་དུག་ ཉིད་ཀྱིས་ཏེ་རྣམ་པར་རྟོག་པ་ཉིད་ཀྱིས་བསྟེན་ཞིང་ཉམས་སུ་མྱོང་བར་བྱས་པ་དེའི་ཚེ་དུག་ཉིད་དུ་ཉེ་བར་འགྲོ་བར་འགྱུར་རོ། །ཡང་གང་གི་ཚེ་བདུད་རྩི་ཉིད་ཀྱིས་ཏེ་དེ་ཁོ་ན་ཉིད་བཞི་པའི་སྐད་ཅིག་ཏུ་ཤེས་པས་རྟེན་ཅིང་རོ་གཅིག་པར་བྱས་པ་དེའི་ཚེ་དཔལ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་རྒྱུར་གྱུར་པའི་བདུད་ 37-1-104b རྩི་ཉིད་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏེ་སྦས་པའོ། །ལུང་ཐམས་ཅད་ཀྱི་ཚད་མ་ནི། སྣ་ཚོགས་མདོ་དང་རྒྱུད་དག་ལས། །དེ་ཉིད་ཉེ་བར་བསྟན་པ་གང་། །དེ་ནི་ཐམས་ཅད་སྟོང་པའི་གནས། །དེར་ནི་གཞན་དག་མ་གསུངས་སོ། །ཞེས་བྱ་བས་གསུངས་ཏེ། ཐེག་པ་ཆེན་པོའི་མདོ་སྡེ་བཅོམ་ལྡན་ འདས་མ་སྟོང་ཕྲག་བརྒྱ་པ་ལ་སོགས་པའི་མདོ་སྣ་ཚོགས་དང་། དེ་བཞིན་དུ་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་དང་རྣལ་འབྱོར་མཆོག་གི་རྒྱུད་སྣ་ཚོགས་དེ་རྣམས་ལས་རང་བཞིན་མེད་པ་དང་དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་སྟོང་པ་ཉིད་དང་བཏགས་པ་ཙམ་ཉིད་ལ་སོགས་པའི་སྒྲ་ རྣམས་ཀྱིས་བསྟན་པའི་དེ་ཁོ་ན་ཉིད་གང་ཡིན་པ་དེ་ནི་མན་ངག་བཞི་པའི་འོད་གསལ་བ་ཐམས་ཅད་སྟོང་པའི་གནས་ཀྱི་དབང་དུ་མཛད་ནས་གསུངས་པ་ཡིན་ཏེ། མདོ་དང་རྒྱུད་ཀྱི་རྒྱལ་པོ་དེ་རྣམས་སུ་དེ་ཁོ་ན་ཉིད་ལས་མ་གཏོགས་པ་གཞན་མ་གསུངས་སོ། །ཐེག་པ་ཆེན་པོའི་མདོ་སྡེ་ཁ་ཅིག་ ལས་ནི་དེ་ཁོ་ན་ཉིད་རྣམ་པ་དང་བཅས་པའི་རྣམ་པར་ཤེས་པ་ཡིན་པ་དང་། ཁ་ཅིག་ལས་ནི་དེ་ཁོ་ན་ཉིད་རྣམ་པ་མེད་པའི་རྣམ་པར་ཤེས་པ་ཡིན་པ་དང་། ཁ་ཅིག་ལས་ནི་དེ་ཁོ་ན་ཉིད་གཟུང་བ་དང་འཛིན་པ་སྤངས་པའི་རང་བཞིན་མེད་པ་ཡིན་པར་བསྟན་ཏོ། །བྱ་བའི་རྒྱུད་རྣམས་ལས་ནི་དེ་ཁོ་ན་ཉིད་ལྷའི་ རྣམ་པ་བསྒོམ་པ་ཉིད་ཡིན་པ་དང་། རྣལ་འབྱོར་གྱི་རྒྱུད་རྣམས་ལས་ནི་དེ་ཁོ་ན་ཉིད་རྡོ་རྗེ་ཕྲ་མོའི་བསྒོམ་པ་ཉིད་ཡིན་པ་དང་། རྣལ་འབྱོར་མཆོག་ལས་ནི་དེ་ཁོ་ན་ཉིད་རིམ་པ་གཉིས་ཀྱིས་བསྟན་པར་བྱ་བའི་ཀུན་དུ་བརྟག་པ་དང་ཡོངས་སུ་གྲུབ་པའི་རྣལ་འབྱོར་ཡིན་པར་གསུངས་སོ། །དེ་ལས་ཀྱང་ཁ་ཅིག་ཏུ་ ནི་ཕྲ་མོའི་རྣལ་འབྱོར་གྱི་དེ་ཁོ་ན་ཉིད་དང་། ཁ་ཅིག་ཏུ་ནི་ཐིག་ལེའི་རྣལ་འབྱོར་གྱི་དེ་ཁོ་ན་ཉིད་དང་ཡན་ལག་དྲུག་གི་རྣལ་འབྱོར་གྱི་དེ་ཁོ་ན་ཉིད་དང་། རྩ་བའི་དེ་ཁོ་ན་ཉིད་དང་། ཕྱག་རྒྱའི་དེ་ཁོ་ན་ཉིད་དང་། རླུང་དང་སྔགས་ཀྱི་དེ་ཁོ་ན་ཉིད་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དེ་ཁོ་ན་ཉིད་ཀྱི་དབྱེ་བ་བསྟན་པ་མ་ཡིན་ནམ། དེའི་ཕྱིར་ཐམས་ཅད་སྟོང་པའི་གནས་གཅིག་པུ་ཁོ་ན་ཡིན་ནོ་ཞེས་ཇི་ལྟར་བརྗོད་པར་བྱ་ཞེ་ན། དེ་སྐད་དུ་སྨྲ་བར་མི་བྱ་སྟེ། དེ་ཁོ་ན་ཉིད་ཅེས་བྱ་བ་ལ་ཐ་དད་པ་མེད་དོ། །དེ་དང་ལྡན་པ་ཉིད་ཡིན་པ་དེ་ནི་ཀུན་རྫོབ་ཀྱི་ངོ་བོ་ཉིད་ཡིན་པས་རྟོག་པ་དང་བཅས་པ་ཉིད་ཡིན་པའི་ཕྱིར་དེ་བས་ན་དེ་ཁོ་ན་ཉིད་མ་ཡིན་པ་ 37-1-105a ཁོ་ནའོ། །དབྱེ་བས་བསྟན་པ་གང་ཡིན་པ་དེ་རྣམས་ནི་ཐབས་ཀྱི་དབྱེ་བ་བསྟན་པ་ཡིན་ཞིང་ཐབས་ཀྱི་དབྱེ་བ་ཡང་རྣལ་འབྱོར་པའི་དབྱེ་བ་ལ་བརྟེན་ནས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་བཞིན་དུ་ཡང་ཁམས་དང་བག་ཆགས་དང་བག་ལ་ཉལ་གྱི་བྱེ་བྲག་ལ་བརྟེན་ནས་སྨན་ པ་བཞིན་དུ་དེ་དང་དེ་དག་དང་མཐུན་པའི་བསྟན་པ་མཛད་དེ། དེ་རྣམས་ཀྱི་ཐབས་ལ་བརྟེན་ནས་དེ་ཁོ་ན་ཉིད་གཅིག་འཐོབ་པར་འགྱུར་རོ། །བསྟན་བཅོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ནི་གཅིག་ཁོ་ན་ཡིན་ཏེ། རྟེན་གྱི་དབྱེ་བས་ཐ་དད་པ་ཡིན་གྱི་ཆུ་བཞིན་དུ་རང་གི་ངོ་བོས་ནི་མ་ཡིན་ནོ། །དེ་བཞིན་དུ་ཡང་ དབྱར་གྱི་དུས་སུ་ཆུའི་ཆར་པ་འབབ་པ་ནི་བུ་རམ་གྱི་ཤིང་གི་ཞིང་ལ་སོགས་པར་བདུད་རྩིའི་དངོས་པོར་འགྱུར་ཞིང་སྦྲུལ་ལ་སོགས་པར་དེ་ཉིད་དུག་ཉིད་དུ་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་སྟོང་པའི་གནས་གཅིག་ཁོ་ན་ཉན་ཐོས་ཀྱི་རིགས་ཅན་རྣམས་ནི་འགོག་པའི་སྙོམས་པར་འཇུག་པའི་རང་ གི་ངོ་བོར་འཛིན་ཏོ། །མདོ་སྡེ་པ་དང་རྣལ་འབྱོར་སྤྱོད་པ་པ་རྣམས་ནི་རྣམ་པ་དང་བཅས་པ་དང་། རྣམ་པ་མེད་པའི་རྣམ་པར་རིག་པ་ཙམ་གྱི་སྒོ་ནས་འཛིན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ནི་གཟུང་བ་དང་འཛིན་པ་དང་བྲལ་བའི་རང་བཞིན་མེད་པའི་དེ་ཁོ་ན་ཉིད་ཀྱི་སྒོ་ནས་འཛིན་ཏོ། །བྱ་བ་ལ་ སོགས་པའི་གཞུང་ལ་བརྟེན་པ་རྣམས་ནི་ལྷ་ལ་སོགས་པའི་སྒོམ་པའི་སྒོ་ནས་འཛིན་པར་བྱེད་པའི་ཕྱིར་དེ་ཁོ་ན་ཉིད་ནི་གཅིག་ཡིན་པར་གྲུབ་པ་ཁོ་ནའོ། །གང་གི་ཚེ་དེ་བཞིན་གཤེགས་པའི་འོད་ཟེར་གྱི་འཁོར་ལོས་བསྐུལ་བའམ་སྔོན་ཉེ་བར་བསགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ ཤིན་ཏུ་བསྟན་པའི་བག་ཆགས་ཀྱི་སྟོབས་གཟུང་བའམ། དགེ་བའི་བཤེས་གཉེན་དང་ཕྲད་པའམ། བླ་མའི་ཞལ་སྔ་ནས་ཀྱི་སྐུ་དྲིན་ཐོབ་པར་གྱུར་པ་དེའི་ཚེ་དེ་རྣམ་པ་ཐམས་ཅད་འོད་གསལ་བ་ཡང་མངོན་དུ་བྱེད་པར་འགྱུར་བ་ཁོ་ན་ཡིན་པས་ཧ་ཅང་ཐལ་ཆེས་པས་ཆོག་སྟེ་མཐར་ཐུག་པའོ། །མཇུག་ བསྡུ་བ་ནི། ཐུབ་པ་ཆེན་པོའི་ཆོས་ཕུང་པོ། །བརྒྱད་ཁྲི་བཞི་སྟོང་དག་ལས་ནི། །མངོན་པར་བྱང་ཆུབ་མཚན་ཉིད་ནི། །སྙིང་པོ་ལས་ནི་སྙིང་པོར་གསུངས། །ཞེས་བྱ་བ་གསུངས་ཏེ། ཐུབ་པ་ཆེན་པོའི་ཆོས་ཀྱི་ཕུང་པོ་ནི་དམ་པའི་ཆོས་ཀྱི་ཚོགས་བརྒྱད་ཁྲི་བཞི་སྟོང་གི་ཚད་བཞུགས་པའོ། །དེ་ལས་སྙིང་པོ་ 37-1-105b སྟེ་བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་ལས་ཀྱང་སྙིང་པོ་མཆོག་སྟེ་བླང་བར་བྱ་བ་ཉིད་དུ་གྱུར་པའི་མངོན་པར་བྱང་ཆུབ་པའི་མཚན་ཉིད་ནི་ཐམས་ཅད་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་གསུངས་སོ་སྙམ་དུ་དགོངས་པའོ། །དེ་ནི་ཉེ་བར་མཚོན་པ་ཡིན་ཏེ། ཉན་ཐོས་ཀྱི་སྡེ་སྣོད་ནི་བརྒྱད་ཁྲི་བཞི་སྟོང་ཡོད་དོ། །ཐེག་པ་ཆེན་པོའི་ སྡེ་སྣོད་ནི་སྟོང་ཕྲག་དགུ་བཅུ་ཡོད་དོ། །ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྡེ་སྣོད་སྟོང་ཕྲག་བརྒྱད་ཡོད་དེ། འོ་ན་ཆོས་ཀྱི་ཕུང་པོའི་ཚད་ཅི་ཙམ་ཡིན་ཞེ་ན་བརྗོད་པར་བྱ་སྟེ། ལྷའི་གོས་ལྟ་བུའི་གྲོ་གའམ་ཏཱ་ལ་ལ་སོགས་པ་རྐྱང་པ་རྣམས་ལ་སྐྲའི་རྩེ་མོའི་ཚད་ཙམ་གྱི་ཡི་གེ་བྲིས་པའི་གླེགས་བམ་ཅི་ཙམ་ གྱི་གླང་པོ་ཆེ་དར་མ་སྨྱོན་པའི་རྒྱབ་ཁལ་ལོངས་པ་དེ་ནི་ཆོས་ཀྱི་ཕུང་པོ་གཅིག་སྟེ། དེ་སྟོང་ཕྲག་གཅིག་ཏུ་བགྲངས་པ་དེ་ལྟ་བུ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་དང་སྟོང་ཕྲག་དགུ་བཅུ་དང་སྟོང་ཕྲག་བརྒྱ་ཡོད་དོ་ཞེས་བྱ་བ་ནི་མཐར་ཐུག་པའོ། །བརྟུལ་ཞུགས་ཀྱི་བྱེ་བྲག་གིས་དེ་ཁོ་ན་ཉིད་དོན་དུ་གཉེར་བ། རལ་པ་གཅེར་བུ་མགོ་རེག་གམ། །ཅོད་པན་འདུས་པ་སྤོང་འཇུག་སྟེ། །སྣ་ཚོགས་རྟགས་ཅན་དེ་དང་དེས། །མངོན་པར་བྱང་ཆུབ་འདོད་པ་རྣམས། །ཞེས་བྱ་བ་གསུངས་ཏེ། རལ་པ་ཅན་ཞེས་བྱ་བ་ནི་བསྐྱེད་པའི་རིམ་པས་ལྷ་དང་མཚུངས་པའི་རྣམ་པར་བྱས་ནས་ཤིང་ལ་སོགས་ལས་བྱས་པའི་ བཅོས་མའི་གདོང་དང་ལག་པ་དང་རལ་པའི་ཚོགས་བཏགས་ཤིང་ཡུལ་ནས་ཡུལ་གཞན་དུ་སྤྱོད་པ་བྱེད་ཅིང་འཁྱམས་པ་གང་དག་ཡིན་པའོ། །གཅེར་བུ་ནི་མ་ཆགས་པའི་བརྟུལ་ཞུགས་བླངས་ནས་སྨྱོན་པའི་ཆ་བྱད་ཀྱིས་ནམ་མཁའི་གོས་གྱོན་ཞིང་སྤྱོད་པ་གང་དག་ཡིན་པའོ། །མགོ་རེག་ཅེས་བྱ་ བ་ནི་མགོ་སྤུ་བྲེགས་ནས་དགེ་སློང་དགེ་ཚུལ་ལ་སོགས་པའི་བརྟུལ་ཞུགས་དང་ལྡན་པ་དག་གཙུག་ལག་ཁང་ལ་སོགས་པར་སློབ་པའི་གནས་སྲུང་བར་བྱེད་པ་གང་དག་ཡིན་པ་སྟེ། དགོན་པར་གནས་པའི་སྐྲ་དང་ཁ་སྤུ་ནི། །སོར་གཉིས་ལས་ནི་འདའ་བར་བཞག་མི་བྱ། །ཞེས་བྱ་བ་ནི་དེ་རྣམས་ཀྱི་ སྐྲ་བྲེག་པ་ནི་ངེས་པ་ཡིན་ནོ། །ཅོད་པན་ཞེས་བྱ་བ་ནི་གཙུག་ཕུད་ཙམ་བཟུང་ནས་དགེ་བའི་བརྟུལ་ཞུགས་སམ། དགེ་བསྙེན་གྱི་བརྟུལ་ཞུགས་ལ་བརྟེན་ནས་བསླབ་པའི་གནས་སྲུང་བར་བྱེད་པ་གང་དག་ཡིན་པའོ། །འདུས་པ་སྤོང་འཇུག་ནི་སྦྱངས་པའི་ཡོན་ཏན་བླངས་པས་འཇིག་རྟེན་གྱི་ 37-1-106a འདུས་པ་སྤངས་ནས། མི་སྡུག་པ་བསྒོམས་པས་འདོད་ཆགས་ལ་སོགས་པ་རྣམས་སྤང་བར་བྱ་བའི་ཕྱིར་རབ་ཏུ་འབད་པར་བྱེད་པ་གང་དག་ཡིན་པའོ། །རྣལ་འབྱོར་སྤྱོད་པའི་ཉན་ཐོས་ཀྱིས་ལས་ཀྱང་ཇི་ལྟར་སྦྱངས་པའི་ཡོན་ཏན་དང་ལྡན་པ་ཡིན་ཞེ་ན། བསོད་སྙོམས་པ་དང་། བསོད་སྙོམས་ལྷུར་ལེན་པ་དང་། སྟན་གཅིག་པ་དང་། ཟས་ཕྱིས་མི་ལེན་པ་དང་། ཆོས་གོས་གསུམ་པ་དང་། ཕྱིང་པ་པ་དང་། ཕྱག་དར་ཁྲོད་པ་དང་། དགོན་པ་པ་དང་། ཤིང་དྲུང་པ་དང་། བླ་གབ་མེད་པ་དང་། དུར་ཁྲོད་པ་དང་། ཅོག་པུ་པ་དང་། གཞི་ཇི་བཞིན་པ་སྟེ། དེ་རྣམས་ནི་བསོད་སྙོམས་དང་། ཆོས་གོས་དང་གནས་མལ་བརྟན་ནས་སྦྱངས་པའི་ཡོན་ཏན་བཅུ་གཉིས་སམ་བཅུ་གསུམ་དུ་འགྱུར་རོ། །དེ་ལ་བསོད་སྙོམས་པ་ཉིད་དབྱེ་ན། རྣམ་པ་གཉིས་སུ་འགྱུར་རོ། །རྙེད་པ་ལེན་པའི་བསོད་སྙོམས་པ་དང་། བསོད་སྙོམས་ལྷུར་ལེན་པའོ། །དེ་ལ་རྙེད་པ་ལེན་པའི་བསོད་སྙོམས་པ་ནི། ཅི་ནས་ ཀྱང་དགེ་བ་འཕེལ་བར་བྱ་བའི་ཕྱིར་ཇི་ལྟར་འཐོབ་ཅིང་ཇི་ལྟར་རྙེད་པ་ཟ་བའོ། །བསོད་སྙོམས་ལྷུར་ལེན་པ་ནི། ཁྱིམ་ནས་ཁྱིམ་དུ་སོང་སྟེ་སྐྱེ་བོའི་ཚོགས་རྣམས་ལ་བསླངས་ནས་ཇི་ལྟར་རྙེད་ཅིང་ཇི་ལྟར་འོས་པའི་བསོད་སྙོམས་ཟ་ཞིང་བདག་གིས་འདི་ལས་བཟའ་བ་དང་བཅའ་བ་གྱ་ནོམ་པ་དང་ཡིད་དུ་འོང་ བའི་བར་དག་ཐོབ་པར་བྱའོ་སྙམ་ནས་བྱིན་ཞེས་ཟེར་ཞིང་སྐྱེ་བོའི་ཚོགས་སུ་ཉེ་བར་མི་འགྲོའོ། །དེ་ལ་བསོད་སྙོམས་ལ་དབྱེ་བ་མ་བྱས་ན་ནི་བཅུ་གཉིས་སུ་འགྱུར་ཞིང་། དབྱེ་བ་ལ་བརྟེན་ན་ནི་བཅུ་གསུམ་དུ་འགྱུར་རོ། །དེ་ལ་སྟན་གཅིག་པ་ཉིད་གང་ཞེ་ན། སྟན་གཅིག་ལ་འདུག་ནས་ཇི་སྲིད་ཚིམ་པ་དེ་སྲིད་དུ་ཟ་ ཞིང་སྟན་དེ་ལས་ལངས་ནས་ཡང་མི་ཟ་བ་དེ་ནི་སྟན་གཅིག་པ་ཞེས་བྱའོ། །ཟས་ཕྱིས་མི་ལེན་པ་ཉིད་གང་ཞེ་ན། འདུག་ནས་ཇི་སྲིད་ཟ་བ་ཐམས་ཅད་མ་བླངས་པ་དེ་སྲིད་ཟས་མི་ཟ་ཞིང་། ཇི་ཙམ་གྱི་ཚིམ་པར་ནུས་པར་ཤེས་ཤིང་འདི་ལྟར་བདག་ལ་འདི་ལས་ལྷག་པའི་བཟའ་བས་བྱ་བ་མེད་དོ་སྙམ་དུ་ཤེས་པར་བྱ་ སྟེ། དེ་ནས་ཐམས་ཅད་བླངས་ནས་ཟ་བར་རྩོམ་པ་དེ་ལྟ་བུ་ནི་ཟས་ཕྱིས་མི་ལེན་པ་ཡིན་ནོ། །ཇི་ལྟར་ཆོས་གོས་གསུམ་པ་ཡིན་ཞེ་ན། ཆོས་གོས་གསུམ་གྱོན་པ་སྟེ་སྣམ་སྦྱར་དང་བླ་གོས་དང་། མཐང་གོས་དང་ཆོས་གོས་གསུམ་ལས་མ་གཏོགས་པ་འོག་ཏུ་ཆོས་གོས་མ་གྱོན་པ་དེ་ལྟ་བུ་ནི་ཆོས་གོས་ 37-1-106b གསུམ་པ་ཡིན་ནོ། །ཇི་ལྟར་ན་ཕྱིང་པ་པ་ཡིན་ཞེ་ན། ཆོས་གོས་གསུམ་མམ་ཆོས་གོས་གསུམ་ལས་ལྷག་པའི་གོས་འཆང་བ་གང་ཅི་ཡང་རུང་བ་དེ་ཐམས་ཅད་བལ་ལས་བྱས་པ་འཆང་གི་གཞན་ནི་མ་ཡིན་པ་དེ་ལྟ་བུ་ནི་ཕྱིང་པ་པ་ཡིན་ནོ། །ཇི་ལྟར་ན་ཕྱག་དར་ཁྲོད་པ་ཡིན་ཞེ་ན། གཞན་གྱིས་བྱིན་པ འམ་བོར་བའམ་ལམ་པོ་ཆེའམ་བཞི་མདོའམ། སུམ་མདོའམ་ལམ་ལོག་པར་བོར་ཞིང་བསྐུར་བའི་གོས་བཤང་གཅིས་འབགས་པའམ་བཤང་བ་དང་གཅི་བ་དང་རྣག་དང་ཁྲག་དང་འཆིལ་མས་འབགས་པ་གང་ཡིན་པ་དེ་ལས་མི་གཙང་བ་བཞག་སྟེ་སྙིང་པོ་བླངས་ནས་བཀྲུས་ཏེ། བཙེམས་ནས་ཁ་ དོག་བསྒྱུར་ཏེ་འཆང་བ་དེ་ལྟ་བུ་ནི་ཕྱག་དར་ཁྲོད་པ་ཡིན་ནོ། །ཇི་ལྟར་ན་དགོན་པ་པ་ཡིན་ཞེ་ན། ནགས་དགོན་པའི་གནས་ཀྱི་ཐ་མའི་གནས་མལ་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་རྣམས་ལས་ཐག་རིང་པོར་གྱུར་པ་གང་ཡིན་པར་ལྷག་པར་གནས་པར་བྱེད་པ་དེ་ལྟ་བུ་ནི་དགོན་པ་པ་ཡིན་ནོ། །ཇི་ལྟར་ ན་ཤིང་དྲུང་བ་ཡིན་ཞེ་ན། ཤིང་དྲུང་ལ་བརྟེན་ནས་ཤིང་གི་རྩ་བར་གནས་པར་བྱེད་པ་དེ་ལྟ་བུ་ནི་ཤིང་དྲུང་བ་ཡིན་ནོ། །ཇི་ལྟར་ན་བླ་གབ་མེད་པ་ཡིན་ཞེ་ན། ཐོག་མ་གཡོགས་ཤིང་མ་བཀབ་པ་བླ་གབ་མེད་པར་བྱེད་པ་དེ་ལྟ་བུ་ནི་བླ་གབ་མེད་པ་ཡིན་ནོ། །ཇི་ལྟར་ན་དུར་ཁྲོད་པ་ཡིན་ཞེ་ན། གང་དུ་སྐྱེ་ བོའི་ཚོགས་ཤི་བའི་རོ་བསྲེགཔའི་དུར་ཁྲོད་དུ་གནས་པར་བྱེད་པ་དེ་ལྟ་བུ་ནི་དུར་ཁྲོད་པ་ཡིན་ནོ། །ཇི་ལྟར་ན་ཅོག་པུ་པ་ཡིན་ཞེ་ན། ཁྲིའམ་སྟེག་བུའམ་རྩྭའི་སྟེང་ལ་ཙོག་པུར་འདུག་སྟེ་དུས་ཇི་སྲིད་ཀྱི་བར་དུ་འདའ་བར་བྱེད་ཅིང་ཁྲིའམ་རྩིག་པའམ་ཤིང་ངམ་རྩྭའི་སྟན་ལ་བརྟེན་ནས་རྒྱབ་བམ་གློས་འབེབས་ པར་མི་བྱེད་པ་དེ་ལྟ་བུ་ནི་ཅོག་པུ་པ་ཡིན། ཇི་ལྟར་ན་གཞི་ཇི་བཞིན་པ་ཡིན་ཞེ་ན། རྩྭའི་སྟན་ནམ་ལོ་མའི་སྟན་གང་ལ་ཉལ་བའི་རྩྭ་སྟན་ནམ་ལོ་མའི་སྟན་ཇི་ལྟར་ལན་ཅིག་ལེགས་པར་བཏིང་བའི་དེ་ཁོ་ན་བཞིན་དུ་ཉལ་བར་བྱེད་ཅིང་། ཡང་དང་ཡང་སྤོ་བ་དང་བཅོས་པར་མི་བྱེད་པ་དེ་ལྟ་བུ་ནི་གཞི་ཇི་བཞིན་པ་ཡིན་ནོ། ། ཅིའི་ཕྱིར་དེ་རྣམས་སྦྱངས་པའི་ཡོན་ཏན་ཞེས་བྱ་ཞེ་ན། དཔེར་ན་བལ་ལམ་རས་བལ་གང་གི་ཚེ། མ་རྨེལ་བར་གྱུར་པ་དེའི་ཚེ་འཇམ་པ་དང་ཡང་བ་དང་ལས་སུ་རུང་བ་མ་ཡིན་ཏེ། དཔེར་ན་སྣ་ལ་མར་བཀལ་པའམ་བེའུ་ཕྲུག་ཏུ་བཏགས་པའོ། །གང་གི་ཚེ་རྨེལ་བ་དང་བརྡབས་པ་དང་སྤྲུག་པ་རྫོགས་པར་གྱུར་ 37-1-107a པ་དེའི་ཚེ་འཇམ་པ་དང་ཡང་བ་དང་ལས་སུ་རུང་བར་འགྱུར་ཏེ། དཔེར་ན་སྣལ་མར་བཀལ་བའམ་བེའུ་ཕྲུག་ཏུ་བཏག་ཏུ་རུང་བ་བཞིན་ནོ། །དེ་བཞིན་དུ་ཁ་ཅིག་བསོད་སྙོམས་ལ་ཆགས་པས་བསོད་སྙོམས་ལ་སེམས་ཆགས་ཤིང་ཀུན་དུ་ཆགས་པར་འགྱུར་བ་དང་། གོས་ལ་ཆགས་པས་ གོས་དང་གནས་མལ་ལ་ཆགས་པས་གནས་མལ་སེམས་ཤིང་ཀུན་དུ་ཆགས་པར་འགྱུར་བ་དེ། འདི་ལྟ་སྟེ་ཚངས་པར་སྤྱོད་པ་ལ་གནས་པར་བྱ་བའི་ཕྱིར་སྦྱངས་པའི་ཡོན་ཏན་འདི་རྣམས་ཀྱིས་སྦྱོང་བར་བྱེད་ཅིང་དྲང་པོར་བྱེད་པ་སྟེ་ལས་སུ་རུང་བ་དང་ཟག་པ་མེད་པ་དང་དག་པར་བྱེད་པ་ཡིན་པ་དེའི་ཕྱིར་སྦྱངས་པའི་ ཡོན་ཏན་ཞེས་བྱའོ། །དེ་ལ་བསོད་སྙོམས་ལ་ཟས་གྱ་ནོམ་པ་ལ་ཆགས་པ་དང་། ཟས་མང་པོ་ལ་ཆགས་པ་ནི་བར་ཆད་བྱེད་པ་ཡིན་པས། དེའི་ཕྱིར་ཟས་གྱ་ནོམ་པ་ལ་ཆགས་པ་སྤང་བའི་ཕྱིར་ནི་བསོད་སྙོམས་པ་ཡིན་ནོ། །ཟས་མང་པོ་ལ་ཆགས་པ་སྤང་བར་བྱ་བའི་ཕྱིར་སྟན་གཅིག་པ་དང་ཟས་ ཕྱིས་མི་ལེན་པ་ཡིན་ནོ། །དེ་ལ་གོས་ལ་ཆགས་པའི་བར་ཆད་བྱེད་པ་ནི་རྣམ་པ་གསུམ་སྟེ། གོས་མང་པོ་ལ་ཆགས་པ་དང་། རེག་བྱ་འཇམ་པོ་ལ་ཆགས་པ་དང་། གྱ་ནོམ་པ་ལ་ཆགས་པའོ། །དེ་ལ་གོས་མང་པོ་ལ་ཆགས་པ་སྤང་བའི་ཕྱིར་ཆོས་གོས་གསུམ་པ་ཡིན་ནོ། །གོས་ཀྱི་རེག་བྱ་འཇམ་པོ་ལ་ ཆགས་པ་སྤང་བར་བྱ་བའི་ཕྱིར་ན་ཕྱིང་པ་པ་ཡིན་ནོ། །གོས་གྱ་ནོམ་པ་ལ་ཆགས་པ་སྤང་བར་བྱ་བའི་ཕྱིར་ན་ཕྱག་དར་ཁྲོད་པ་ཡིན་ནོ། །གནས་མལ་ལ་ཆགས་པ་བཞི་ནི་འདི་ལྟ་སྟེ། འདུ་འཛི་ལ་ཆགས་པ་དང་། གནས་ལ་ཆགས་པ་དང་། མཉེས་པ་དང་ཉལ་བའི་བདེ་བ་ལ་ཆགས་པ་དང་། བསྡུ་བ་དང་ རྐྱོང་བ་དང་སྤྲུགས་པ་ལ་ཆགས་པའོ། །དེ་ལ་འདུ་འཛི་ལ་ཆགས་པ་སྤང་བའི་ཕྱིར་ནི་དགོན་པ་པ་ཡིན་ནོ། །གནས་ལ་ཆགས་པ་སྤང་བར་བྱ་བའི་ཕྱིར་ནི་ཤིང་དྲུང་བ་དང་བླ་གབ་མེད་པ་དང་དུར་ཁྲོད་པ་ཡིན་ཏེ། གཞན་ཡང་འཁྲིག་པ་ལ་ཆགས་པ་སྤང་བར་བྱ་བའི་ཕྱིར་ཡང་དུར་ཁྲོད་པ་ཡིན་ནོ། །མཉེས་པའི་ བདེ་བ་དང་ཉལ་བའི་བདེ་བ་ལ་ཆགས་པ་སྤང་བར་བྱ་བའི་ཕྱིར་ནི་ཅོག་པུ་པ་ཡིན་ནོ། །བསྡུ་བ་དང་རྐྱོང་བ་དང་སྤྲུགས་པ་ལ་ཆགས་པ་སྤང་བར་བྱ་བའི་ཕྱིར་ནི་གཞི་ཇི་བཞིན་པའོ། །དེ་ལྟར་ན་སྦྱངས་པའི་ཡོན་ཏན་དང་ལྡན་པར་གྱུར་པ་དེ་རྣམས་ནི་འདུས་པ་སྤོང་བ་ལ་འཇུག་པ་སྟེ་ཉན་ཐོས་ཞེས་བྱའོ། །དེ་ 37-1-107b དང་དེ་རྣམས་དང་བཅོམ་ལྡན་འདས་ཀྱིས་གསུངས་པའི་རྡོ་རྗེའི་བརྟུལ་ཞུགས་ལ་སོགས་པ་གཞན་དང་གཞན་རྣམས་ཀྱི་སྡུག་བསྔལ་གྱི་ཁུར་ཁྱེར་བ་གང་ཡིན་པ་དེ་རྣམས་ནི་སྨྱོན་པ་མ་ཡིན་ཞིང་འོན་ཀྱང་དེ་ཁོ་ན་ཉིད་དོན་དུ་གཉེར་བ་དང་བརྟུལ་ཞུགས་ལེན་པར་བྱེད་དོ། །སེམས་ནི་དེ་ཁོ་ན་ཉིད་ཀྱང་སྔར་ བཤད་པའི་རིག་པས་དཔྱད་ན་མངོན་པར་བྱང་ཆུབ་པའི་རིམ་པ་ཁོ་ན་ཡིན་ནོ། །དེའི་ཕྱིར་མངོན་པར་བྱང་ཆུབ་པའི་འདོད་པ་དེ་རྣམས་བརྟུལ་ཞུགས་ཐ་དད་པའི་ཚོགས་ལ་བརྟེན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། མི་ཤེས་པ་ནི་སྤང་བ་ལ། ཀུན་ཀྱང་བློ་གྲོས་མཚུངས་པའི་ཕྱིར། །སེམས་ནི་ཀུན་དུ་འཇུག་ པ་ལ། །དཔྱད་པ་འཇུག་པ་མ་ཡིན་ནོ། །ཞེས་གསུངས་སོ། །དགོངས་པ་མ་ཡིན་པའོ། །ད་ནི་དེ་ཁོ་ན་ཉིད་མེད་ན་དེ་རྣམས་འབྲས་བུ་མེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་ཉིད་དམན་པ་དེ་རྣམས་ཀྱིས། །བརྟུལ་ཞུགས་སྤྱོད་པ་ལ་སོགས་རིམ། །དེ་ཉིད་ཡེ་ཤེས་དམན་པའི་ཕྱིར། །དེས་ནི་ གྲོལ་བར་རྙེད་མི་འགྱུར། །ཞེས་བྱ་བས་གསུངས་ཏེ། དེ་ཉིད་དམན་པ་སྟེ་དེ་ཁོ་ན་ཉིད་དང་བྲལ་བའི་བརྟུལ་ཞུགས་ཅན་དེ་རྣམས་ཀྱིས་བརྟུལ་ཞུགས་ལ་སོགས་པ་དང་སྤྱོད་པ་ལ་སོགས་པའི་རིམ་པའི་ལམ་གང་ཡིན་པ་དེས་ནི་གྲོལ་བ་མི་འཐོབ་ཅིང་ཐར་པ་ཐོབ་པར་མི་འགྱུར་རོ། །དེ་ཉིད་ཡེ་ཤེས་ཏེ་བཞི་པ་ ཉིད་ཡིན་པའི་ཕྱིར། དེ་ཁོ་ན་ཉིད་ཀྱང་ཡིན་ལ་ཡེ་ཤེས་རྣམ་པར་དག་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ཡེ་ཤེས་ཀྱང་ཡིན་པས་དེ་ཉིད་ལ་ཡེ་ཤེས་སོ། །དེ་དམན་ཞིང་དེ་དང་བྲལ་བ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །རེ་ཞིག་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པ་ནི་ཐར་པའི་རྒྱུའི་གཙོ་བོ་ཡིན་ཞིང་། བརྟུལ་ཞུགས་ནི་ མོས་པའི་བྱེ་བྲག་གིས་ཡན་ལག་གི་གཙོ་བོ་ནི་མ་ཡིན་ནོ། །བརྟུལ་ཞུགས་མེད་པར་ཡང་དེ་ཁོ་ན་ཉིད་ཤེས་པ་རྣམས་ཀྱི་ཐར་པ་ཐོབ་པའི་ཕྱིར་དེ་ཁོ་ན་ཉི་མེད་ན་བརྟུལ་ཞུགས་ཀྱིས་ཐར་པ་མི་ཐོབ་པོ་སྙམ་དུ་དགོངས་པ་ཡིན་ནོ། །འདི་ལྟར་རྒྱུ་འདྲ་བ་ལས་འབྲས་བུ་འདྲ་བ་འབྱུང་སྟེ། ཐར་པ་ནི་རྣམ་པར་རྟོག་ པའི་ཉེས་པ་ཐམས་ཅད་སྤངས་པ་ཡིན་ལ། དེ་ཁོ་ན་ཉིད་ཀྱང་སྤྲོས་པ་མེད་པའི་ཡེ་ཤེས་ཡིན་པ་དེའི་ཕྱིར་ཐར་པའི་རྒྱུ་དེ་ཁོ་ན་ཡིན་པར་རིགས་སོ། །བརྟུལ་ཞུགས་ནི་མ་ཡིན་ཏེ། དེ་ནི་སྤྲོས་པ་མང་པོ་དང་ལྡན་པའི་ཕྱིར་རོ། །རབ་ཏུ་བྱེད་པ་མཛད་པས་ཀྱང་། །གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་ 37-1-108a པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ཉིད་ཁོ་ན་མཚན་ཉིད་དོ། །ཞེས་གསུངས་ཏེ་དགོངས་པ་མ་ཡིན་པའོ། །ད་ནི་སའི་དབྱེ་བ། དང་པོའི་ལས་ཀྱི་རྣལ་འབྱོར་གྱིས། །ས་བརྒྱད་པ་ནི་འཐོབ་པར་འགྱུར། །སྣང་བ་གསུམ་པོ་མཐོང་བས་ནི། །ས་བཅུ་ ལ་ནི་རབ་ཏུ་གནས། །ཞེས་བྱ་བ་གསུངས་ཏེ། དང་པོའི་རྣལ་འབྱོར་ཞེས་བྱ་བ་བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་དང་སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་གྱི་རིམ་གྱིས་སྟོང་པ་ཆེན་པོའི་གནས་འཐོབ་པ་དེས་ནི་ས་བརྒྱད་པ་མི་གཡོ་བར་འཐོབ་པར་འགྱུར་རོ། །འདི་ལྟར་བསྐྱེད་པའི་རིམ་པས་ལྷའི་རྣམ་ པར་བསྐྱེད་ནས་ཕྱིར་མི་ལྡོག་པའི་དབང་ཐོབ་པ་དང་དབང་བསྐུར་ལྔའི་ནི་རིག་པའི་དབང་ཉིད་ཡིན་པའི་ཕྱིར་ཀུན་གཞི་ལ་སོགས་པའི་རྣམ་པར་ཤེས་པ་ལོག་པར་གྱུར་པར་ས་མི་གཡོ་བ་ཐོབ་པའི་ཕྱིར་རོ། །དེ་བཞིན་དུ་སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་གྱི་རིམ་གྱིས་ཀུན་གཞི་རྣམ་པར་ཤེས་པ་གྱུར་ པ་ཐོབ་པ་ནི་མི་གཡོ་བ་ཐོབ་པ་ཁོ་ན་ཡིན་ཏེ། འདི་ལྟར། བག་ཆགས་མེད་པར་གྱུར་ནས་ནི། །ས་བརྒྱད་པ་ནི་ཉེ་བར་འགྲོ། །ཞེས་གསུངས་སོ། །དེའི་རྗེས་ལ་སྣང་བ་གསུམ་པོ་མཐོང་བ་སྟེ་འོད་གསལ་བ་རང་བཞིན་དང་རྣམ་པར་ཤེས་པ་འགོག་པའི་ཕྱིར་མན་ངག་ཐོབ་པ་དེ་ནི་ས་བཅུ་པ་ཆོས་ཀྱི་ སྤྲིན་ལ་རབ་ཏུ་གནས་པར་གྱུར་ཏེ། དེར་ནི་ཡེ་ཤེས་ལ་དབང་ཐོབ་པའི་ཕྱིར་ས་བཅུ་པ་ཡང་དེའི་རང་བཞིན་ཉིད་ཀྱང་ཡིན་པའི་ཕྱིར། དེའི་རྗེས་ཐོགས་ལ་དཔེ་ལས་བྱུང་བའི་དེ་ཁོ་ན་ཉིད་བརྟན་པར་གྱུར་པ་ན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཀུན་དུ་འོད་ཐོབ་སྟེ། དེ་ཡང་མངོན་པར་བྱང་ཆུབ་པའི་ རིམ་པ་ལས་འཆད་པར་འགྱུར་རོ། །དེ་ཉིད་ས་བཅུ་གཅིག་པ་ཡིན་ཞིང་མོས་པ་སྤྱོད་པའི་ས་ལ་ལྟོས་ནས་བཅུ་གཉིས་པ་སངས་རྒྱས་ཀྱི་ས་ཞེས་བྱ་བ་ཡིན་ཏེ་དགོངས་པ་མ་ཡིན་པའོ། །ད་ནི་སྔར་བཤད་པའི་ཤཱཀྱ་སེང་གེའི་གཏམ་རྒྱུད་གསལ་བར་བྱེད་དེ། མངོན་པར་བྱང་ཆུབ་ལེགས་ཐོབ་ནས། ། གཙང་མའི་གནས་སུ་ཉེ་བར་འགྲོ། །སངས་རྒྱས་ཞིང་ལས་མི་ལྡོག་ཅིང་། །ཚེ་འདི་ཉིད་ལ་ཐམས་ཅད་མཁྱེན། །བཅོམ་ལྡན་འདས་དེས་མངོན་པར་བྱང་ཆུབ་པ་ཐོབ་ནས་ཏེ་མན་ངག་བཞི་པ་མངོན་དུ་བྱས་ནས་སེམས་ཅན་གྱི་དོན་བྱ་བའི་ཕྱིར། གཟུགས་ཀྱི་ཁམས་ཀྱི་ཕྱོགས་གཅིག་གནས་གཙང་ 37-1-108b མར་སོང་བར་གྱུར་ཏོ། །དེ་ནས་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བའི་རང་བཞིན་ཅན་བསམ་གཏན་གྱི་ཟས་དང་ལྡན་པའི་རྣལ་འབྱོར་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་བཞུགས་ནས་མི་ལྡོག་པ་སྟེ། བྱང་ཆུབ་ཀྱི་དེ་ཁོ་ན་ཉིད་ལས་སླར་མི་ཉམས་པའི་ཆོས་ཅན་དང་མཐོང་བའི་ཆོས་ཀྱི་ཚེ་འདི་ཉིད་ལ་ཉོན་ མོངས་པ་བག་ཆགས་དང་བཅས་པ་རྩ་ནས་བཏོན་ཅིང་སེམས་ཅན་གྱི་ཁམས་མ་ལུས་པའི་སེམས་ཀྱི་སྤྱོད་པའི་མངོན་པར་ཤེས་པ་ཐམས་ཅད་མཁྱེན་པར་འགྱུར་རོ། །ཡང་ན་རྣལ་འབྱོར་པ་གང་ཡང་རུང་བ་ཅིག་གིས་ཡེ་ཤེས་ཀྱི་རིམ་པས་མངོན་པར་བྱང་ཆུབ་པ་ཐོབ་པ་དེ་ཡང་གནས་གཙང་མར་འདུག་སྟེ། ཐམས་ཅད་མཁྱེན་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་སོང་ནས་ཆོས་བསྟན་པས་སེམས་ཅན་རྣམས་འདུལ་བར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་སྟེ་དགོངས་པ་མ་ཡིན་པའོ། །རེ་ཞིག་སྔགས་དང་ཕྱག་རྒྱའི་རིམ་པས་སེམས་རྣམ་པར་དག་པ་ལ་གོམས་པར་བྱེད་པ་གང་ཡིན་པ་དེ་རྣམས་བཤད་ ཟིན་ཏོ། །སྤྱོད་པ་རྣམ་པ་གསུམ་སྤྱོད་པ་གང་ཡིན་པ་དེ་རྣམས་ཀྱིས་ཀྱང་མངོན་པར་བྱང་ཆུབ་པ་གོ་རིམས་བཞིན་དུ་གོམས་པར་བྱའོ། །དེའི་ཕྱིར་ཐབས་ཀྱི་བྱེ་བྲག་གིས་མངོན་པར་བྱང་ཆུབ་པ་རྣམ་པ་གསུམ་ཐོབ་པར་བྱའོ་ཞེས་བསྟན་པའི་ཕྱིར། ཆགས་སོགས་རོལ་མོ་རྒྱ་ཆེན་པོ། །ཆོས་འབྱུང་མངོན་ པར་བྱང་ཆུབ་པའི། །ཇི་ལྟར་སྤྱོད་པའི་སྤྱོད་པ་ནི། །ཆོས་དབྱིངས་མངོན་པར་བྱང་ཆུབ་པའི། །བླ་མེད་མངོན་པར་བྱང་ཆུབ་པ། །མངོན་པར་བྱང་ཆུབ་རྣལ་འབྱོར་གྱིས། །སྤྲོས་བཅས་ལ་སོགས་སྤྱོད་པ་ཡིས། །རྣལ་འབྱོར་པས་ནི་འདིར་གོམས་བྱ། །ཞེས་གསུངས་པའི་དོན་ནི་འདི་ཡིན་ཏེ། མངོན་པར་བྱང་ཆུབ་པ་ནི་ཆོས་འབྱུང་གི་མངོན་པར་བྱང་ཆུབ་པ་དང་། ཆོས་ཀྱི་དབྱིངས་ཀྱི་མངོན་པར་བྱང་ཆུབ་པ་དང་། བླ་ན་མེད་པའི་མངོན་པར་བྱང་ཆུབ་པ་ཞེས་བྱ་བ་རྣམ་པ་གསུམ་མོ། །དེ་ལ་ཆོས་འབྱུང་གི་མངོན་པར་བྱང་ཆུབ་པ་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔ་ཉེ་བར་ལོངས་སྤྱོད་པའི་ལམ་འདོད་ ཆགས་ལ་སོགས་པའི་རོལ་མོ་རྒྱ་ཆེན་པོ་རྣམས་ཀྱིས་ཐོབ་པར་འགྱུར་རོ། །དེ་བཞིན་དུ་ཆོས་ཀྱི་དབྱིངས་ཀྱི་མངོན་པར་བྱང་ཆུབ་པ་ཞེས་བྱ་བ་ནི་བཟའ་བ་དང་བཏུང་བ་ལ་སོགས་པ་ཇི་ལྟར་རྙེད་པས་ལུས་གནས་པར་བྱ་སྟེ་བསྒྲུབ་པར་བྱའོ། །བླ་ན་མེད་པའི་མངོན་པར་བྱང་ཆུབ་པ་ཞེས་བྱ་བ་ནི་ཡེ་ཤེས་ 37-1-109a ཀྱི་ཕྱག་རྒྱ་དང་ལྷན་ཅིག་སྔགས་ཀྱི་རིམ་པས་འདོད་ཆགས་ལ་སོགས་པའི་དབྱེ་བས་ཡོངས་སུ་ཤེས་པའི་མངོན་པར་བྱང་ཆུབ་པའི་རྣལ་འབྱོར་གྱིས་བསྒྲུབ་པར་བྱའོ། །དེ་རྣམས་ཉིད་སྤྱོད་པ་རྣམ་པ་གསུམ་ཡིན་ཏེ། སྤྲོས་པ་དང་བཅས་པའི་སྤྱོད་པ་དང་། སྤྲོས་པ་མེད་པའི་སྤྱོད་ པ་ནི་དམ་ཚིག་གི་ཕྱག་རྒྱ་དང་། བཅོམ་ལྡན་འདས་ཀྱིས་ལུང་བསྟན་པའི་ཕྱག་རྒྱ་དང་། ལྷའི་བུ་མོ་ལ་སོགས་པ་དགུག་པ་དང་ལྷན་ཅིག་ཏུ་བྱའོ། །ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་ཏུ་བྱའོ། །ཟས་ནི་འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་པ་དང་། ཇི་ལྟར་རྙེད་པའི་ཟས་དང་ བསམ་གཏན་གྱི་ཟས་སོ། །སྤྲོས་པ་དང་བཅས་པ་ལ་སོགས་པའི་སྤྱོད་པ་རྣམ་པ་གསུམ་པོ་འདི་རྣམས་ཀྱི་རྣལ་འབྱོར་པས་གོམས་པར་བྱ་ཞིང་མངོན་པར་བྱང་ཆུབ་པའི་རིམ་པ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། །འདི་ལྟར་བསྡུས་པའི་དོན་ནི་འདི་ཡིན་ཏེ། སྤྲོས་པ་དང་བཅས་པའི་སྤྱོད་པ་དང་ལྡན་ པའི་རྣལ་འབྱོར་པས་ནི་བསམ་གཏན་གྱི་ཁང་པ་སུམ་བརྩེགས་སུ་བཟའ་བ་དང་བཅའ་བ་ལ་སོགས་པ་འོག་ཁང་དུ་བཞག་སྟེ། རོལ་ཆའི་བྱེ་བྲག་བརྡུང་བ་རྣམས་བར་ཁང་དུ་བཞག་ནས་ཡང་ཐོག་ཏུ་ཁྲི་སྟེང་དུ་དབུས་ཀྱི་གཙོ་བོར་གྱུར་པས་ཉེ་བར་འདུག་སྟེ། སངས་རྒྱས་སྤྱན་ལ་སོགས་པའི་ལྷ་མོའི་རང་ བཞིན་དམ་ཚིག་གི་ཕྱག་རྒྱ་རྣམས་དང་། མཚམས་ལ་སོགས་པ་རྣམས་ཀྱི་ནི་གཟུགས་ལ་སོགས་པའི་རང་བཞིན་ཅན་གྱི་ལྷ་མོ་རྒྱན་དང་ལྡན་པ་ལྔས་ཡོངས་སུ་བསྐོར་བས་དེ་ཐམས་ཅད་ལྷའི་སྐུར་བསྒོམ་པ་སྔོན་དུ་འགྲོ་བ་ཅན་གྱིས་རིགས་ལྔ་དང་བསྲེ་བ་བྱས་ནས། རྡོ་རྗེའི་གླུ་སྙན་པ་རྣམ་པ་སྣ་ཚོགས་པ་ ལེན་པ་དེ་རྣམས་ཀྱིས་དགའ་བར་བྱས་ཤིང་འདོད་པ་རྣམ་པ་སྣ་ཚོགས་པའི་ལོངས་སྤྱོད་ཀྱིས་ཚིམ་པར་བྱས་པའི་རྣལ་འབྱོར་པས་རྣམ་པ་སྣ་ཚོགས་པའི་བྱ་བའི་ཚོགས་ཀྱིས་སྙོམས་པར་འཇུག་པར་བྱ་ཞིང་། ཇི་སྲིད་བདེ་བ་ཆེན་པོའི་དེ་ཁོ་ན་ཉིད་ཉམས་སུ་མྱོང་བ་དེ་སྲིད་དུ་གནས་པར་བྱའོ་ཞེས་བྱ་བ་ནི་སྤྲོས་ པ་དང་བཅས་པའི་སྤྱོད་པ་དང་ཆོས་འབྱུང་གི་མངོན་པར་བྱང་ཆུབ་པའོ། །སྤྲོས་པ་མེད་པའི་སྤྱོད་པ་དང་ལྡན་པའི་རྣལ་འབྱོར་པས་རྨི་ལམ་གྱི་མཚན་མར་མཐོང་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཕྱག་རྒྱ་ཆེ་གེ་མོ་ཞིག་བཟུང་ལ་སྤྱོད་པ་གྱིས་ཤིག་ཅེས་ལུང་བསྟན་པ་དེ་ལ་ཡིད་ཆེས་པར་བྱས་ནས་ 37-1-109b ལེགས་པར་བསླབས་ཤིང་རིགས་དང་རྗེས་སུ་མཐུན་པའི་ཕྱག་རྒྱ་བླངས་ཏེ། འདོད་པའི་ལྷ་དང་རྗེས་སུ་མཐུན་པར་ཤིང་ལ་སོགས་པ་ལས་བྱས་པའི་བཅོས་མའི་རལ་པ་ལ་སོགས་པ་བྱས་ནས་ཇི་ལྟར་རྙེད་པའི་ཟས་ཀྱིས་ཆོག་ཤེས་པ་དང་བདག་དང་བདག་མེད་པས་ཡུལ་ནས་ཡུལ་གཞན་འགྲོ་ཞིང་། སུས་ཀྱང་ ཤེས་པར་མི་འགྱུར་བ་དེ་ལྟར་ཇི་སྲིད་དུ་མངོན་པར་བྱང་ཆུབ་པ་གསལ་བར་འགྱུར་གྱི་བར་དུ་དེ་དང་ལྷན་ཅིག་བསྒོམ་པའི་ལམ་ལ་གོམས་པར་བྱ་སྟེ། སྤྲོས་པ་མེད་པའི་སྤྱོད་པ་དང་ཆོས་ཀྱི་དབྱིངས་ཀྱི་མངོན་པར་བྱང་ཆུབ་པའོ། །ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་དང་ལྡན་པའི་རྣལ་འབྱོར་པས་ནི་ཕྱི་རོལ་གྱི་ བརྟགས་པའི་ཡུལ་སྤངས་ནས་ཡེ་ཤེས་ཀྱི་ཕྱག་རྒྱ་བླངས་ཏེ། བརྟུལ་ཞུགས་དང་བཅས་པའམ་བརྟུལ་ཞུགས་མེད་པས་གང་ཡང་རུང་བར་འདུག་ཅིང་ཡོངས་སུ་འཛིན་པ་མེད་པ་འདི་ནི་སྨྱོན་པའོ་ཞེས་འཇིག་རྟེན་པ་རྣམས་ཀྱིས་བཞད་གད་དུ་བྱེད་པ་སྡོང་བུ་དང་རྩ་བ་དང་འབྲས་བུའི་ཟས་དང་བསམ་ གཏན་གྱི་ཟས་དང་ལྡན་པས་ཇི་སྲིད་མངོན་པར་བྱང་ཆུབ་ཐོབ་པས་འགྲུབ་པར་འགྱུར་བ་དེ་སྲིད་དུ་དེ་དང་སྙོམས་པར་འཇུག་པས་བསམ་གཏན་ལ་གོམས་པར་བྱ་སྟེ། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་དང་བླ་ན་མེད་པའི་མངོན་པར་བྱང་ཆུབ་པ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། །ད་ནི་རང་བཞིན་གྱིས་གྲུབ་པའི་ དེ་ཁོ་ན་ཉིད་ལ་བརྟེན་ནས་གོམས་པར་བྱས་པས་ཅི་ཞིག་བྱ་སྙམ་དུ་སེམས་པ་གང་ཡིན་པ་དེ་རྣམས་ཀྱི་ཕྱོགས་སྔ་མའི་སྒོ་ནས་ཚིགས་སུ་བཅད་པ། གཟོད་ནས་གྲུབ་པའི་རང་བཞིན་ཅན། །དེ་ནི་རང་བཞིན་གྱིས་གྲུབ་ཅིང་། །རྟོག་ལས་དེ་ཉིད་མི་སྐྱེ་ན། །བསླབ་པའི་སྦྱོར་བས་ཅི་ཞིག་བྱ། །ཞེས་བྱ་བ་གསུངས་ ཏེ། འདི་སྐད་དུ་རྣམ་པར་ཤེས་པའི་རིམ་པ་རྣམ་པར་དག་པའམ། སྤྱོད་པའི་རིམ་གྱིས་དེ་ཁོ་ན་ཉིད་ཐོབ་པར་བྱའོ་ཞེས་བཤད་པ་གང་ཡིན་པ་དེ་ནི་རིགས་པ་མ་ཡིན་ནོ། །འདི་ལྟར་དེ་ཁོ་ན་ཉིད་ཅེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་རང་གི་ངོ་བོ་སྟེ། དེ་བཞིན་ཉིད་དེ་ཡང་ཐམས་ཅད་ཀྱི་ནང་ན་གནས་པ་ཉིད་ཡིན་པའི་ཕྱིར་ཆོས་ ཉིད་དང་རྟག་པ་དང་རང་བཞིན་གྱིས་གྲུབ་པ་ཡིན་ནོ། །དེའི་ཕྱིར་རང་བཞིན་ཏེ་ངོ་བོ་ཉིད་ཀྱིས་གྲུབ་པ་ཡིན་ཞིང་རྟོག་པ་ལས་མི་སྐྱེ་སྟེ་ཡེ་ཤེས་དང་རྣམ་པར་ཤེས་པ་དག་པའི་རིམ་པའི་རྣམ་པར་རྟོག་པ་ལས་མི་སྐྱེ་ཞིང་འབྱུང་བར་མི་འགྱུར་རོ། །དེ་ལྟ་ཡིན་ན་དེ་ནི་མི་རྟག་པ་ཉིད་དུ་འགྱུར་ཏེ། རྣམ་པར་རྟོག་པའི་ངོ་བོ་ཡིན་ 37-1-110a པའི་ཕྱིར་ལ། འབྲས་བུ་ནི་རྒྱུ་དང་རྗེས་སུ་མཐུན་པ་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་གཟོད་མ་ནས་གྲུབ་པའི་དེ་བཞིན་ཉིད་ལ་སློབ་པའི་སྦྱོར་བ་སྟེ་རིམ་པར་བསྒོམ་པས་ཅི་ཞིག་བྱ་ཞིང་རྣམ་པ་ཐམས་ཅད་དུ་གོམས་པར་བྱ་བར་མི་རིགས་སོ་ཞེས་བྱ་བའི་དོན་ཏེ་སྒྲ་ཇི་བཞིན་པའོ། །ལན་དུ། ཡེ་ཤེས་རིམ་པ་སྤངས་ནས་ནི། །གང་ཞིག་དེ་ལྟར་འདིར་རྟོག་པ། །དེ་ཡི་དབྱེ་བ་མི་ཤེས་པ། །དེ་རྣམས་སླར་ཡང་སློབ་པར་འགྱུར། །ཞེས་བྱ་བས་གསུངས་ཏེ། རྒོལ་བ་གང་ཞིག་རང་བཞིན་གྱིས་གྲུབ་པའི་ཕྱོགས་ལ་བརྟེན་ནས་ཡེ་ཤེས་རིམ་པ་སྟེ་རྣམ་པར་ཤེས་པ་དང་ཡེ་ཤེས་ཀྱི་རིམ་པ་རྒྱུ་དང་འབྲས་བུའི་ དངོས་པོར་མི་ཤེས་པ་དང་གཉེན་པོའི་ཕྱོགས་ཀྱི་རིམ་པའི་དབྱེ་བ་སྤངས་ཤིང་བོར་ནས་གོམས་པར་བྱ་བ་མི་རིགས་སོ་ཞེས་དེ་ལྟར་རྟོག་པར་བྱེད་ཅིང་སྨྲ་བར་བྱེད་པ་སྟེ་དེ་རྣམས་ཀྱིས་ནི་ཡེ་ཤེས་ལ་སོགས་པ་རྣམས་ཀྱི་དབྱེ་བ་མི་ཤེས་ཤིང་ཡེ་ཤེས་གང་གི་རང་བཞིན་ཇི་ལྟ་བུ་དང་གང་ལས་རང་བཞིན་གང་ ཞིག་འབྱུང་བ་དང་། དེ་རྣམས་ཀྱང་ཇི་ལྟར་སྤང་བར་བྱ་བ་ཡིན་པ་མི་ཤེས་ཏེ་དེ་ལ་གོམས་པར་མ་བྱས་པའི་ཕྱིར་རོ། །དེ་བས་ན་དབྱེ་བ་མི་ཤེས་ཤིང་བླ་མ་རྨོངས་པ་གང་ཡང་རུང་བ་ཞིག་གིས་དབང་བསྐུར་བ་སྟེ། ཁྱོད་ཀྱིས་དེ་ཁོ་ན་ཉིད་ཐོབ་པོ་ཞེས་ཡིད་ཆེས་པར་མ་བྱས་པ་དེ་རྣམས་ཀྱིས་དེ་ཁོ་ན་ཉིད་མ་ ཐོབ་པའི་ཕྱིར་སླར་ཡང་སློབ་པར་འགྱུར་བ་ཡིན་ཏེ། སླར་ཡང་ཐོབ་པར་བྱ་བའི་དོན་དུ་དེའི་ཐབས་ལ་དེ་རྣམས་ཀྱིས་གདོན་མི་ཟ་བར་བྱ་དགོས་པ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ། །གང་གི་རེ་ཞིག་དེ་བཞིན་ཉིད་ནི་གྲུབ་པ་ཡིན་མོད་ཀྱི་འོན་ཀྱང་གློ་བུར་བའི་དྲི་མས་བསྒྲིབས་པ་མི་གསལ་བ་དེའི་ཕྱིར་རྣལ་ འབྱོར་གོམས་པར་བྱས་པས་དྲི་མ་རྣམས་སྤངས་ནས། དེ་ནི་རང་ཉིད་ཀྱིས་བསལ་བར་གྱུར་ཏོ། །དེ་ཙམ་གྱིས་དེ་མི་རྟག་པ་ཉིད་དུ་འགྱུར་བ་ཡང་མ་ཡིན་ཏེ། དྲི་མ་བསལ་བ་ནི་དེའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །དྲི་མ་བསལ་བ་ནི་གསལ་བར་བྱེད་པ་ཙམ་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་མར་མེ་བཞིན་ ནོ། །དེ་བས་ན་གོམས་པར་བྱ་བ་ཁོ་ན་རིགས་པ་ཡིན་ཏེ་སྒྲ་ཇི་བཞིན་པའོ། །དེ་ཉིད་ལ་གོམས་པར་བྱ་བའི་རིམ་པ་ནི། རང་བཞིན་སྣང་བའི་དབྱེ་ཤིས་ཤིང་། །དེ་ཉིད་བཞི་པ་ལ་བརྟེན་པ། །གང་ཞིག་རྣམ་གསུམ་སློབ་བྱེད་པ། །དེས་ནི་འབྲས་བུ་མྱུར་ཐོབ་འགྱུར། །ཞེས་བྱ་བ་གསུངས་ཏེ། རྣལ་ 37-1-110b འབྱོར་གང་ཞིག་གིས་སྔར་བཤད་པའི་རིམ་པས་རང་བཞིན་རྣམས་དང་ཡེ་ཤེས་ཀྱི་སྣང་བ་རྣམས་ཀྱི་དབྱེ་བ་ཤེས་ཤིང་། དེ་ཤེས་ནས་དེ་ཁོ་ན་ཉིད་བཞི་པ་ཐམས་ཅད་སྟོང་པ་ལ་བརྟེན་ཞིང་ལེན་པར་བྱེད་དོ། །སྔགས་དང་ཕྱག་རྒྱའི་རིམ་པས་རང་བཞིན་དང་ཤེས་པའི་ཚོགས་ལ་རྣམ་གསུམ་སྟེ། རྣམ་པ་ གསུམ་པོ་དེ་རྣམས་ཀྱིས་སློབ་པར་བྱེད་པ་གང་ཡིན་པ་དེས་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པའི་མཚན་ཉིད་ཀྱི་འོད་གསལ་བ་འབྲས་བུ་མྱུར་དུ་སྟེ། དེ་རྣམས་འགགས་པ་དང་དུས་མཉམ་པ་ཁོ་ན་ཐོབ་ཅིང་རྙེད་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་སྟེ་སྦས་པ་དང་མཐར་ཐུག་པ་དག་གིས་བཤད་པ་དག་གོ། །ད་ ནི་རང་བཞིན་གྱིས་གྲུབ་པ་ཡིན་ཡང་། །གོམས་པ་མེད་ན་འཐོབ་པར་མི་འགྱུར་རོ། །ཞེས་བྱ་བའི་དཔེ་བསྟན་པའི་ཕྱིར། ཇི་ལྟར་ཤིང་ལ་མེ་གནས་པ། །མ་གཙུབས་པར་ནི་འབྱུང་མི་འགྱུར། །དེ་བཞིན་གོམས་མེད་བྱང་ཆུབ་ནི། །ཚེ་འདི་ཉིད་ལ་འབྱུང་མི་འགྱུར། །ཞེས་བྱ་བས་གསུངས་ཏེ། དེ་བཞིན་ཉིད་ རང་བཞིན་གྱིས་གྲུབ་པའི་ཁོ་ན་ཡིན་མོད་ཀྱི། འོན་ཀྱང་གོམས་པར་བྱ་བ་གཙོ་བོ་ཡིན་ཏེ། ཇི་ལྟར་ཤིང་གི་ནང་ན་གནས་པའི་མེ་ཇི་སྲིད་གཙུབ་ཤིང་དང་གཙུབ་སྟན་གྱི་སྦྱོར་བས་གཙུབས་པ་མ་བྱས་པ་དེ་སྲིད་དུ་ཡོད་དུ་ཟིན་ཀྱང་དེ་ནི་འབྱུང་བར་མི་འགྱུར་རོ། །དེ་བཞིན་དུ་གོམས་པ་མེད་པར་བྱང་ཆུབ་མི་འབྱུང་ ན། ཁྱད་པར་དུ་ཚེ་འདིར་ལྟ་ཅི་སྨོས། ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་པ་ནི་མཐོང་བ་དང་བསྒོམ་པའི་ལམ་གྱི་རིམ་གྱིས་གོམས་པར་བྱེད་དུ་ཟིན་ཀྱང་བསྐལ་པ་གྲངས་མེད་པ་གསུམ་གྱིས་བྱང་ཆུབ་ཐོབ་པོ། །སྔགས་ཀྱི་གཞུང་ལ་གནས་པར་གོམས་པར་བྱེད་ན་ཚེ་འདི་ཉིད་ལ་ཐོབ་པོ་ཞེས་བྱ་བ་ནི་ཁྱད་པར་ ཡིན་ཏེ་སྒྲ་ཇི་བཞིན་པའོ། །ད་ནི་སེམས་རྣམ་པར་དག་པའི་རིམ་པའི་མན་ངག་གིས་ཆོས་སྦྱིན་པར་བྱ་བའི་སློབ་མ་རྣམས་ཀྱི་སྣོད་དང་སྣོད་མ་ཡིན་པ་བརྟག་པའི་ཕྱིར། གང་ཞིག་གཡོ་བློ་ལེ་ལོ་དང་ལྡན་བླ་མ་སྨོད། །དབང་བསྐུར་ཐོབ་ཅེས་རློམ་པའི་སེམས་དང་ལྡན་གྱུར་པ། །ཀུན་མཁྱེན་རྙེད་པར་དཀའ་ སྙམ་ཞུམ་པའི་སེམས་ལྡན་ཞིང་། །བླ་མའི་སྐྱོན་རྣམས་མཐོང་བྱེད་ཡོན་ཏན་མི་འདོད་པ། །ཞེས་བྱ་བ་གསུངས་ཏེ། །འདིར་ཉན་པ་པོ་གང་ཟག་ལྔ་ཡོད་དོ། །དེ་ལས་འདི་ནི་ཙནྡན་ལྟ་བུའི་གང་ཟག་གོ། །གཡོའི་བློ་དང་ལྡན་པ་ནི་ཡོན་ལ་སོགས་པ་ལ་སྒྱུ་བྱེད་པའོ། །ལེ་ལོ་དང་ལྡན་པ་ནི་ཐོས་པ་ལེ་ལོ་ 37-1-111a བྱེད་པའོ། །གང་ལ་ཐོས་པ་དང་ལྡན་པར་གྱུར་པའི་བླ་མ་དེ་ལ་སྨོད་པ་ནི། བདག་ལ་དེས་ནི་ཅུང་ཟད་ཀྱང་བསྟན་པ་མེད། བདག་ཉིད་རང་གི་ངང་གིས་ཤེས་རབ་ཀྱིས་ལྡན་པ་ཁོ་ནའོ་ཞེས་ཟེར་བའོ། །བདག་གིས་དབང་བསྐུར་བ་ཐོབ་པོ་སྙམ་ནས་ང་རྒྱལ་དང་བཅས་པ་དང་། དེ་ནས་ གལ་ཏེ་མཁས་པ་འགའ་ཞིག་གིས་ལམ་ལ་གོམས་པར་གྱིས་ཤིག་ཅེས་བསྐུལ་བ་དེའི་ཚེ་ཐམས་ཅད་མཁྱེན་པ་ནི་རྙེད་པར་སླ་བ་མ་ཡིན་ནོ་སྙམ་པའི་ཞུམ་པའི་སེམས་ལྡན་ཞིང་མོས་པ་ཆུང་བ་དང་། དེ་བཞིན་དུ་བླ་མ་སྟེ་སློབ་དཔོན་གྱི་སྐྱོན་རྣམས་མཐོང་བར་བྱེད་ཀྱི་ཡོན་ཏན་རྣམས་ནི་མཐོང་བར་མི་ བྱེད་པ་དེ་ནི་ཙནྡན་ལྟ་བུའི་གང་ཟག་ཁོ་ན་ཡིན་ནོ། །དེ་ཉིད་སླར་ཡང་བརྗོད་པར་བྱ་སྟེ། གུས་ཉན་མེད་པར་དེ་ཉིད་ཐོབ་འདོད་ཅིང་། །ཚིག་རྣམས་འཇམ་པོས་མིན་ཞེས་སྨྲ་ནས་ཁྲོ་བཅས་འགྲོ། །ཚོགས་ནང་བླ་མ་མཐོང་ན་དེ་ལ་རྒྱབ་ཀྱིས་ཕྱོགས། །དེ་ལ་དབེན་པར་སོང་ན་དེ་ཕྱག་བྱེད་པར་འགྱུར། ། གུས་པར་ཉན་པར་འདོད་པ་དང་དེའི་དོན་དུ་བསྙེན་བཀུར་བྱེད་པ་ཡང་གུས་པར་ཉན་པ་ཡིན་ནོ། །དེ་སྤངས་ཤིང་མེད་པར་མྱུར་དུ་སྟེ་ཐབས་བདེ་བས་ཐེ་ཚོམ་གྱི་སྒོ་ནས་ཐབས་ཀྱི་དེ་ཁོ་ན་ཉིད་འདོད་ཅིང་། གལ་ཏེ་བླ་མས་འདི་ནི་གཡོ་ཅན་ནོ། །ཞེས་ཤེས་ནས་དེའི་ཐེ་ཚོམ་བསལ་བར་ཚིག་འཇམ་པོས་དེ་ལྟར་ མ་ཡིན་ནོ་ཞེས་བརྗོད་ཅིང་སྨྲས་པ་ན་ཁྲོ་བཅས་ཏེ་ཁྲོས་པར་གྱུར་ནས་འགྲོ་བ་ནི་བྲོས་པའོ། །རང་གི་བླ་མ་ཚོགས་ནང་མཐོང་ན་སྟེ་སྐྱེ་བོའི་ཚོགས་ཀྱི་དབུས་སུ་མཐོང་ན་རྒྱབ་ཀྱིས་ཕྱོགས་པར་བྱེད་པ་ནི་མགོ་བཀབ་ནས་ཡིབ་པར་བྱེད་པའོ། །གལ་ཏེ་དབེན་པར་སོང་ཞིང་ལྐོག་ན་གཅིག་པོ་གནས་པར་མཐོང་ན་དེ་ལ་ ཕྱག་བྱེད་ཅིང་འདུད་པར་འགྱུར་རོ། །དེ་ལ་དྲིན་མི་སྦྱིན་པའི་ཕྱིར། དེ་ལྟར་རང་བཞིན་ངན་གྱུར་སློབ་མ་དམན་པ་་ནི། །རང་ལ་སྐྱེས་པའི་བུ་དང་འཕགས་པའི་གཟུང་བ་ཡི། །རྒྱལ་རིགས་རྗེ་རིགས་མཆོག་ལས་སྐྱེས་པའང་རུང་། །བརྟན་པར་ནམ་ཡང་དྲུང་དུ་གཞག་པར་མི་བྱའོ། །ཞེས་བྱ་བ་གསུངས་ཏེ། ཙནྡན་ཞེས་བྱ་བ་སློབ་མ་ངན་པ་དེ་ལྟ་བུ་ནི་གལ་ཏེ་རང་གི་བུ་ཡིན་ཏེ་དེ་ཡང་གཞག་གྱིས་བྱིན་པ་དང་། བཅོས་མ་མ་ཡིན་གྱི་འོན་ཀྱང་རང་ལས་སྐྱེས་ཤིང་བདག་ཉིད་ལས་སྐྱེས་པ་ཡིན་ན་ཡང་། འོན་ཀྱང་སྔར་བཤད་པའི་སྐྱོན་གྱི་ཚོགས་དང་ལྡན་པའི་རང་བཞིན་ངན་པ་དེ་ནི་དྲུང་དུ་གཞག་པར་མི་བྱ་སྟེ། ཉེ་བར་ 37-1-111b གཞག་པར་མི་བྱ་ཞིང་ཆོས་བསྟན་པར་མི་བྱའོ། །དེ་བཞིན་དུ་རྗེའུ་རིགས་ལ་སོགས་པ་གསུམ་པ་ནི་མཆོག་ཉིད་ཡིན་པའི་སྣོད་དུ་རུང་བ་ཡིན་ཞིང་དེ་རྣམས་ཀྱང་འཕགས་པས་གཟུང་བ་སྟེ། འཕགས་པ་རྣམས་ཀྱིས་ཕྱོགས་མཛད་པ་ཡིན་ཡང་གལ་ཏེ་སྔར་བཤད་པའི་ཉེས་པ་དང་ལྡན་པ་ཡིན་པ་དེའི་དྲུང་དུ་ གཞག་པར་མི་བྱའོ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། །རིན་པོ་ཆེ་ལྟ་བུའི་གང་ཟག་ནི། ཡོན་ཏན་བཟང་ལྡན་བཅས་ཤིང་བརྩོན་འགྲུས་དང་ལྡན་པ། །དེ་ནས་བླ་མ་འཁོར་ལ་གུས་ཤིང་སངས་རྒྱས་མཚུངས་པར་བལྟ། །རྒྱལ་བའི་ཆོས་རྣམས་ཁོང་དུ་ཆུད་ཅིང་བསྟན་ལ་ཤིན་ཏུ་དད། །དེ་འདིར་སྣོད་གྱུར་ ཡིན་ཏེ་དེ་ལ་དྲིན་དག་སྦྱིན་པར་བྱ། །ཞེས་གསུངས་ཏེ། ཡོན་ཏན་བཟང་པོ་ནི་ཚུལ་ཁྲིམས་ལ་སོགས་པ་རྣམས་ཏེ་དེ་དག་དང་ལྡན་པའོ། །ཡེ་ཤེས་ནི་ཐོས་པ་ལ་སོགས་པའི་རིམ་གྱིས་རྟོགས་པ་སྟེ་དེ་དང་ལྡན་པ་ཉིད་ཡིན་པའི་ཕྱིར་ཡེ་ཤེས་དང་བཅས་པའོ། །དགེ་བའི་ཆོས་ལ་སྤྲོ་བ་ནི་བརྩོན་འགྲུས་ དང་ལྡན་པའོ། །དེ་བཞིན་དུ་གུས་པས་བླ་མའི་འཁོར་ཏེ་རྡོ་རྗེ་སློབ་དཔོན་དང་དེའི་འཁོར་ལ་སངས་རྒྱས་དང་མཚུངས་པར་ལྟ་བར་བྱེད་པ་དང་། དེ་བཞིན་དུ་རྒྱལ་བའི་ཆོས་སྡེ་སྣོད་གསུམ་ཤེས་པ་དང་། བཅོམ་ལྡན་འདས་ཀྱིས་བསྟན་པའི་ལམ་ལ་ཤིན་ཏུ་དང་ཞིང་དད་པ་དེ་ནི་མན་ངག་གི་སྣོད་ དུ་རུང་བ་ཡིན་ཏེ་དེ་ལ་དྲིན་སྦྱིན་པར་བྱ་བ་ཁོ་ནའོ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། །ད་ནི་ཨུཏྤལ་ལྟ་བུའི་མཚན་ཉིད། རྒྱུད་ནི་ཤིན་ཏུ་མང་པོ་ཐོས་ཤིང་ལུང་ལ་མཁས་གྱུར་ཀྱང་། །བླ་མའི་ཞལ་སྔར་བསྙེན་བཀུར་དམན་ཞིང་མན་ངག་མ་ཐོབ་པ། །དེ་ནི་བདག་ལའང་ཕན་པར་བྱེད་པར་མི་ནུས་བསྟན་ བཅོས་གྲགས། །དེ་ཡི་བསྟན་བཅོས་སྐྱོ་བའི་རྒྱུ་ཙམ་འབའ་ཞིག་གྱུར་པ་ཡིན། །ཞེས་བྱ་བ་གསུངས་ཏེ། དང་པོ་མདོ་སྡེ་དང་འདུལ་བ་དང་ཆོས་མངོན་པ་ཐོས་པས་ཐེག་པ་ཆེན་པོ་མདོ་སྡེའི་ལུང་རྣམས་ལ་མཁས་ཤིང་བྱང་བ་དང་། དེ་ནས་བྱ་བ་ལ་སོགས་པའི་རྒྱུད་ཀྱི་རིམ་པས་རྒྱུད་མང་པོ་ལ་ཐོས་པ་ བྱས་པར་གྱུར་ཀྱང་འོན་ཀྱང་མན་ངག་དང་ལྡན་པའི་བླ་མའི་ཞལ་སྔ་ནས་ལ་བསྙེན་བཀུར་ཏེ་བཀུར་སྟི་དམན་ཞིང་མི་ཕྱེད་པ་དེའི་ཕྱིར་མན་ངག་མཐོས་ཤིང་ཡང་དག་པའི་མན་ངག་མི་ཤེས་པ་གང་ཡིན་པ་དེ་ནི་བསྟན་བཅོས་འབའ་ཞིག་གིས་གྲགས་པས་ན་བསྟན་བཅོས་གྲགས་པའོ། །དེས་ནི་བདག་ལ་ཕན་པ་བྱེད་ 37-1-112a པའམ་མི་ནུས་ཏེ། མན་ངག་གི་ནོར་གྱིས་ཕོངས་པ་ཉིད་ཡིན་པའི་ཕྱིར་ནུས་པ་མ་ཡིན་ནོ། །དེའི་བསྟན་བཅོས་མང་དུ་ཐོས་པ་དེ་ནི་སྐྱོ་བའི་རྒྱུ་ཙམ་འབའ་ཞིག་སྟེ་སྡུག་བསྔལ་གྱི་རྒྱུར་གྱུར་པ་ཡིན་ཏེ་ཉིན་རེ་ཞིང་གཞན་དང་ལྷན་ཅིག་རྩོད་པ་བྱེད་པ་དང་། བསྒོམ་པའི་རོ་ཤིན་ཏུ་ཞི་ བའང་མ་རྙེད་པའི་ཕྱིར་རོ། །དེ་བས་ན་དེ་ཡང་རིམ་པའི་མན་ངག་གི་སྣོད་དུ་རུང་བ་མ་ཡིན་ནོ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། །ད་ནི་པདྨ་དཀར་པོ་ལྟ་བུའི་གང་ཟག་ནི་དེ་ནས་སྐལ་ལྡན་གྱུར་ཅིང་དེ་ཉིད་མན་ངག་ཐོབ་གྱུར་ཀྱང་། གང་ཞིག་བློ་གྲོས་བླུན་ཞིང་དོན་རྣམས་སྡུད་པར་མི་ནུས་པ། །གཞན་ལ་ ཕན་པར་བྱེད་པའི་བློ་ལྡན་བསྟན་ལ་རབ་འཇུག་ཅིང་། །ཚིག་གི་ཡོན་ཏན་དམན་པ་དེ་ཡང་བརྙས་པར་འགྱུར་བ་ཡིན། །ཞེས་བྱ་བ་གསུངས་སོ། །སློབ་མ་གང་ཞིག་བསོད་ནམས་ཀྱི་ཚོགས་དང་ལྡན་པ་ཉིད་ཡིན་པའི་ཕྱིར་སྐལ་བ་དང་ལྡན་པར་གྱུར་པས་ཡེ་ཤེས་ཀྱི་ཚོགས་ནི་བསོད་ནམས་ཀྱི་ཚོགས་ ཀྱི་སྔོན་དུ་འགྲོ་བ་ཅན་ཉིད་ཡིན་པའི་ཕྱིར། ཡེ་ཤེས་ཀྱི་ཚོགས་ཀྱི་མན་ངག་ཐོབ་པར་གྱུར་པ་ཡིན་དུ་ཟིན་ཀྱང་འོན་ཀྱང་དེ་ལ་བདག་ཉིད་ཀྱི་ཉེས་པ་འགའ་ཞིག་ཡོད་དེ། འདི་ལྟར་སྐྱེ་བས་ཐོབ་པའི་ཤེས་རབ་དང་བྲལ་བ་ཉིད་ཡིན་པའི་ཕྱིར་བློ་གྲོས་བླུན་པ་ཡིན་ནོ། །དེའི་ཕྱིར་ཤེས་རབ་ མེད་པས་གང་ཅུང་ཟད་ཅིག་ཐོབ་པ་དེའི་དོན་ནི་རིག་པ་བཞིའི་རིམ་གྱིས་སྡུད་པར་མི་ནུས་སོ། །མི་ནུས་སུ་ཟད་མོད་ཅེ་ན། གལ་ཏེ་དེ་ལ་གཞན་ལ་ཕན་པར་བྱ་བའི་བློ་འབྱུང་བ་དེའི་ཚེ་ཆོས་བསྟན་པ་ལ་རབ་ཏུ་འཇུག་ཅིང་བརྩོན་པར་གྱུར་ཏེ། དེའི་ཚེ་ཕྱོགས་དང་གཏན་ཚིགས་དང་དཔེ་ཉེ་བར་དགོད་པའི་ མཚན་ཉིད་དང་། དྲང་བ་དང་ངེས་པའི་དོན་ལ་སོགས་པའི་བྱེ་བྲག་འབྱེད་པ་མཚན་ཉིད་དང་ལྡན་པའི་ཚིག་གི་ཡོན་ཏན་དམན་པ་ཉིད་ཡིན་པའི་ཕྱིར་བརྙས་ཤིང་བཞད་གད་དུ་འགྲོ་བར་འགྱུར་ཞེས་བྱ་བའི་དོན་ཏོ། །དེས་ནི་གཞན་གྱི་དོན་དང་རང་གི་དོན་ཡང་བྱ་བར་མི་ནུས་ཏེ་ཡང་དག་པའི་ གདམས་ངག་མི་ཤེས་པའི་ཕྱིར་ལ་མི་ཤེས་པ་ནི་ཤེས་རབ་མེད་པའི་ཕྱིར་རོ། །དེ་ནི་སྐྱེ་བ་གཞན་དུ་དེ་ཁོ་ན་ཉིད་ཤེས་པར་འགྱུར་བ་འབའ་ཞིག་སྟེ། སྔོན་གྱི་དད་པ་དང་རྟོག་པས་འདུས་བྱས་པ་ས་བོན་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། །ད་ནི་ཐམས་ཅད་ལས་མཆོག་ཏུ་གྱུར་ 37-1-112b པ་རིན་པོ་ཆེ་ལྟ་བུའི་གང་ཟག་ནི། རྒྱུད་མངས་ཐོས་ཤིང་ཤེས་ལྡན་དྲུག་གིས་ཚིག་དོན་ཤེས་པ་དང་། །དྲན་དང་བློ་གྲོས་འཛིན་ནུས་ཡིད་གཞུངས་བརྩོན་པ་ཕུན་སུམ་ལྡན། །བླ་མའི་ཞལ་སྔ་ནས་ལ་མཆོད་པས་དེ་ཉིད་མན་ངག་ཐོབ། །རྒྱུད་ཀྱི་རྒྱལ་པོ་མན་ངག་དེ་ལ་བསྟན་པར་འོས་པ་ཡིན། །ཞེས་བྱ་བ་ གསུངས་ཏེ། གང་ཞིག་རྒྱུད་ཤིན་ཏུ་མང་པོ་ཐོས་པ་ལས་ཤེས་པ་དང་ལྡན་ཞིང་བློ་གྲོས་ཕུལ་དུ་བྱུང་བ་སྐྱེས་པ་དང་། དེ་བཞིན་དུ་དྲང་བ་དང་ངེས་པ་ལ་སོགས་པའི་དོན་དྲུག་གིས་ཚིག་དེ་རྒྱུད་ཀྱི་ཚིག་རྣམས་ཀྱི་དོན་ཤེས་པ་དང་། དྲན་པ་སྟེ་ཐོབ་པ་ཕྱིས་ཀྱང་དྲན་པ་དང་བློ་གྲོས་བྱེ་བྲག་ཏུ་རྟོགས་པ་དང་འཛིན་ནུས་ པ་སྟེ་ཆོས་ཀྱི་དོན་བླ་མའི་ཞལ་ལས་ཇི་སྐད་ཐོས་པ་དེ་ཁོ་ན་བཞིན་ཇི་སྲིད་འཚོའི་བར་དུ་འཛིན་པ་དང་། ཡིད་གཞུངས་ཏེ་རང་བཞིན་གྱིས་རྣོ་བའི་ཤེས་རབ་ངང་གིས་འཛིན་པ་དང་། བརྩོན་པ་སྟེ་ཉན་པ་ལ་སོགས་པའི་དགེ་བའི་ལས་ལ་སྤྲོ་བའི་ཡོན་ཏན་དེ་རྣམས་ཕུན་སུམ་ཚོགས་པ་སྟེ་ཚོགས་པ་དང་ལྡན་ཞིང་ འབྲེལ་པར་གྱུར་པ་དང་། དེའི་རྗེས་ལ་ཉིན་རེ་ཞིང་མངོན་པའི་ང་རྒྱལ་མེད་པ་ཉིད་ཀྱིས་བླ་མའི་ཞལ་སྔ་ནས་ལ་བསྙེན་བཀུར་བྱས་པའི་དབང་གི་དེ་ཁོ་ན་ཉིད་ཀྱི་མན་ངག་ཐོབ་པའི་སློབ་མ་དེ་ལྟ་བུ་ནི་རྒྱུད་ཀྱི་རྒྱལ་པོའི་མན་ངག་སྟེ། དཔལ་གསང་བ་འདུས་པའི་སྙིང་པོར་གྱུར་པའི་རིམ་པ་ལྔའི་མན་ངག་བསྟན་ ཞིང་རྣམ་པར་བཤད་པར་འོས་པ་ཡིན་ཞིང་སྣོད་དུ་རུང་བ་ཡིན་ཏེ། དེ་ལ་བླ་མས་མན་ངག་བསྟན་པར་བྱའོ། །ཡང་ན་དེ་ནི་གཞན་རྣམས་ལ་རྒྱུད་ཀྱི་རྒྱལ་པོ་རྣམ་པར་འཆད་པར་འོས་པ་ཡིན་ཏེ། རིག་པ་དང་ལྡན་པ་ཉིད་དང་མི་སླུ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་དེ་ནི་རང་དང་གཞན་གྱི་དོན་བསྒྲུབ་པར་ ནུས་པ་ཡིན་པར་ཤེས་པར་བྱ་སྟེ་སྒྲ་ཇི་བཞིན་པའོ། །ད་ནི་རིམ་པའི་མཐའ་མར་ཡོངས་སུ་བསྔོ་བ། འཕགས་པ་རྡོ་རྗེ་དྲིན་གྱི་རྒྱུད་རྣམས་རབ་ཏུ་མང་ཐོས་པ། །གསལ་བར་རྣམ་པར་བཀོད་པའི་ཚིག་གིས་བྱང་ཆུབ་ལམ་ནི་རྣམ་ཕྱེ་བ། །ཤཱཀྱའི་བཤེས་གཉེན་གྱིས་ནི་དགེ་བ་བསགས་པ་གང་ཡིན་ དེས། །གསལ་ལ་མྱུར་དུ་རྣམ་པར་སྨིན་ནས་བྱང་ཆུབ་སྣོད་གྱུར་ཤོག །ཅེས་པ་གསུངས་ཏེ། འཕགས་པ་རྡོ་རྗེ་སྒྲ་གཅན་འཛིན་བཟང་པོའི་ཞལ་སྔ་ནས་ཀྱི་སྐུ་དྲིན་གྱིས་རྒྱུད་ཤིན་ཏུ་མང་པོ་ཐོབ་པའི་ཤཱཀྱ་བཤེས་གཉེན་བདག་གིས་གསལ་ཞིང་ཐེ་ཚོམ་མེད་པར་བྱས་ནས་ཚིག་གི་ཕྲེང་བས་རྣམ་པར་བཀོད་པའི་ 37-1-113a སེམས་རྣམ་པར་དག་པའི་རིམ་པའི་བྱང་ཆུབ་ཀྱི་ལམ་དེ་མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་ཀྱི་ངོ་བོ་ཉིད་ཀྱིས་གསལ་བར་བྱས་ཤིང་རྣམ་པར་ཕྱེ་བ་ལས་དགེ་བ་མཐོ་ཞིང་བསོད་ནམས་ཐོབ་པ་གང་ཡིན་པའི་དགེ་བ་དེས་གསལ་བ་སྟེ་ཐེ་ཚོམ་མེད་ཅིང་དུས་མྱུར་བར་ཐོབ་ པར་འགྱུར་བའི་རྣམ་པར་སྨིན་པའི་འབྲས་བུ་གང་ཡིན་པའོ། །འབྲས་བུ་དེ་ལས་སེམས་ཅན་རྣམས་བྱང་ཆུབ་སྣོད་དེ་སེམས་རྣམ་པར་དག་པའི་རིམ་པས་ཐོབ་པར་བྱ་བ་མངོན་པར་བྱང་ཆུབ་པ་ཐོབ་པར་གྱུར་ཅིག་ཅེས་བྱ་བའི་དོན་ཏོ། །དེ་ནི་སྒྲ་ཇི་བཞིན་པའོ། །འདིར་ཤཱཀྱ་བཤེས་གཉེན་ཞེས་ བྱ་བ་ནི་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་རབ་ཏུ་བྱུང་བའི་མཚན་ཡིན་ལ། གྲགས་པའི་མཚན་ནི་འཕགས་པ་ཀླུ་སྒྲུབ་ཅེས་བྱ་བ་ཡིན་ནོ། །ཡང་སློབ་དཔོན་ཤཱཀྱ་བཤེས་གཉེན་ནི་དེའི་སློབ་མ་ཡིན་པའི་ཕྱིར་དེ་ལ་བརྩེ་བའི་སྒོ་ནས་རབ་ཏུ་བྱེད་པའི་ནང་དུ་དེའི་མིང་བཅུག་པ་ཁོ་ན་ཡིན་ཏེ་འདི་ལྟར་བླ་ མ་བརྩེ་བ་དང་ལྡན་པ་རྣམས་ནི་བསྟན་བཅོས་བདག་ཉིད་ཀྱིས་བྱས་ཀྱང་སློབ་མས་བྱས་སོ་ཞེས་སྨྲ་བ་ནི་ལུགས་ཡིན་ནོ། །བསོད་ནམས་བསྔོ་བ་ནི་ཞབས་སུ་བྱ་བ་ཡིན་མོད་ཀྱི། འདིར་བྱ་བ་ནི་རིམ་པ་དཀའ་བ་ཉིད་ཡིན་པའི་ཕྱིར་རོ། །དཀའ་བ་ཉིད་ནི་སེམས་ལས་སྦྱང་དཀའ་བ་གཞན་མེད་པའི་ ཕྱིར་རོ། །རིམ་པ་ལྔའི་བཤད་པ་ནོར་བུའི་ཕྲེང་བ་ལས་སེམས་རྣམ་པར་དག་པའི་རིམ་པ་སྟེ་གཉིས་པའོ།། །།ད་ནི་བདག་བྱིན་གྱིས་བརླབ་པའི་རིམ་པ་བརྩམ་པ་ཕྱག་འཚལ་བ། རྡོ་རྗེ་ཀུན་གྱི་དང་པོ་གཙོ། །རྡོ་རྗེ་ཆེ་ལ་ཕྱག་འཚལ་ནས། །བདག་བྱིན་བརླབ་པའི་རིམ་པ་འདི། །བརྩེ་བས་ བདག་གིས་བཤད་པར་བྱ། །ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཆེ་ནི་ཡེ་ཤེས་ལྔ་ཡིན་ཏེ་དེ་དག་གཅིག་པ་ཉིད་དུ་གྱུར་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་ཆེ་སྟེ་དྲུག་པའོ། །དེ་ཉིད་ཀྱི་ཕྱིར་རྡོ་རྗེ་ཀུན་གྱི་སྟེ་དེ་བཞིན་གཤེགས་པ་ལྔའི་སྐྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར། དང་པོ་ཡང་ཡིན་ལ་བདག་པོ་ཉིད་ཡིན་ པའི་ཕྱིར་གཙོ་བོ་ཡང་ཡིན་པས་རྡོ་རྗེ་ཀུན་གྱི་དང་པོ་གཙོ་བོ་སྟེ་རྡོ་རྗེ་འཆང་ཆེན་པོའོ། །ཕྱག་འཚལ་ནས་ཏེ་ཕྱག་བྱས་ནས་སྔར་དོན་རྣམ་པར་ཕྱེ་བའི་བདག་བྱིན་གྱིས་བརླབ་པའི་རིམ་པ་སྟེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་རིམ་པ། བདག་གིས་ཏེ་སློབ་མ་རྗེས་སུ་གཟུང་བའི་བློ་ཡིས་བཤད་པར་བྱའོ་ཞེས་བྱ་ 37-1-113b བ་ནི་ཡི་གེའི་དོན་ཏོ། །ཡང་ན་རྡོ་རྗེ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ་ཞེས་བྱ་བའི་རྩ་སྟེ་བྷ་གའི་དབུས་ན་རབ་ཏུ་གནས་པའོ། །དེ་ཡང་ཇི་ལྟ་བུ་ཞེ་ན་དེ་ཉིད་ལས་ཐམས་ཅད་འབྱུང་བའི་ཕྱིར་རྡོ་རྗེ་ཀུན་གྱི་སྟེ་རྩ་སུམ་ཅུ་རྩ་གཉིས་ཀྱི་དང་པོར་གྱུར་པ་ཡང་ཡིན་ལ། བདེ་བ་ཆེན་པོའི་ངོ་བོ་ཉིད་ཡིན་པའི་ཕྱིར་ གཙོ་བོ་ཡང་ཡིན་ནོ། །དེའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཆང་ལ་ཕྱག་འཚལ་ནས་བདག་བྱིན་གྱིས་བརླབ་པའི་རིམ་པ་བཤད་པར་བྱའོ་ཞེས་བྱ་བ་ནི་སྤྱིའི་དོན་ཏོ། །རྡོ་རྗེ་བདུད་རྩི་ལས་ཀྱང་། བྷ་ག་ཡི་ནི་དབུས་གནས་པ། །མྱོས་བྱེད་འཛག་པའི་རྩ་གང་ཡིན། །དེ་ནི་རྩ་གཞན་སུམ་ཅུ་གཉིས། ། དེ་རྣམས་ནང་ནས་གཙོ་བོ་ཡིན། །ཞེས་ཀྱང་གསུངས་སོ། །རྡོ་རྗེ་ཆེ་ནི་འདོད་ཆགས་དང་བྲལ་བ་དང་འདོད་ཆགས་བར་མ་ཞེས་བྱ་བ་གསུམ་པོ་སྟེ། དེ་རྣམས་ཀྱི་རྡོ་རྗེ་ཀུན་ནི་ཐམས་ཅད་སྟོང་པའི་རང་བཞིན་གྱིས་འོད་གསལ་བའི་དེ་ཁོ་ན་ཉིད་དོ། །དེ་ཉིད་ཐམས་ཅད་ཀྱི་གཅིག་ཏུ་གྱུར་པའི་ངོ་བོ་ཉིད་ཡིན་པའི་ ཕྱིར་དང་པོ་ཡིན་ཞིང་འཇིགས་པ་མེད་པའི་ལྷན་ཅིག་སྐྱེས་པའི་ཕྱིར་ངོ་བོ་ཉིད་ཡིན་པའི་ཕྱིར་གཙོ་བོའོ། །དེ་ལ་ཕྱག་འཚལ་ནས་ཏེ་ཉམས་སུ་མྱོང་བར་བྱས་ནས་སྔ་མ་བཞིན་དུ་བཤད་པར་བྱའོ་ཞེས་བྱ་བ་ནི་སྦས་པའོ། །དེ་བཞིན་དུ་རྡོ་རྗེ་ཆེ་ནི་མི་ཕྱེད་པ་ཉིད་ཡིན་པའི་ཕྱིར་འོད་གསལ་བའོ། །དེ་ལས་ལངས་ ནས་དཀྱིལ་འཁོར་པ་རྡོ་རྗེ་ཀུན་གྱི་དང་པོ་སྟེ་སྒྱུ་མ་ལྟ་བུ་དང་། གཙོ་བོ་སྟེ་དཀྱིལ་འཁོར་གྱི་བདག་པོ་ཡེ་ཤེས་ཀྱི་སྐུ་དེ་ལ་ཕྱག་འཚལ་ནས་ཏེ་བརྟེན་ནས་བཤད་པར་བྱའོ་ཞེས་བྱ་བ་ཡང་སྦས་པ་ཡིན་ནོ། །ཡང་ན་ཐམས་ཅད་ལ་ཁྱབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ཆེན་པོ་ཡིན་ལ་གཞག་པར་མི་ནུས་ པ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་ཡིན་པས་རྣམ་པར་ཤེས་པ་གསུམ་ནི་རྡོ་རྗེ་ཆེའོ། །རྡོ་རྗེ་ཀུན་ནི་རང་བཞིན་རྣམས་སོ། །དེ་རྣམས་སྤོང་བའི་ཕྱིར་དང་པོ་ཡིན་ཞིང་། བླང་བར་བྱ་བ་ཉིད་ཡིན་པའི་ཕྱིར་གཙོ་བོ་སྟེ། འོད་གསལ་བ་དེ་ལ་ཕྱག་འཚལ་ཞིང་དེའི་བདག་ཉིད་དུ་ཞུགས་ནས་བཤད་པར་བྱའོ་ ཞེས་བྱ་བ་ཡང་སྦས་པའོ། །དེ་བཞིན་དུ་རྡོ་རྗེ་ཆེ་ནི་བཞི་པ་སྟེ་ལྷན་ཅིག་སྐྱེས་པའོ། །རྡོ་རྗེ་ཀུན་ཏེ་སྨིག་རྒྱུ་ལྟ་བུ་ལ་སོགས་པ་མཚན་མ་ལྔའི་དང་པོ་ནི་མཚོན་པར་བྱའོ། །གཙོ་བོ་སྟེ་འཇིག་རྟེན་ལས་འདས་པའི་གོ་འཕང་ཐོབ་པའི་རྒྱུར་གྱུར་པ་ལ་ཕྱག་འཚལ་ནས་ཏེ་ཐོབ་ནས་བཤད་པར་ 37-1-114a བྱའོ་ཞེས་བྱ་བ་ནི་མཐར་ཐུག་པའོ། །ཡང་ན་རྡོ་རྗེ་ཆེ་ནི་མི་གནས་པའི་མྱ་ངན་ལས་འ་དས་པའི་ངོ་བོའོ། །རྡོ་རྗེ་ཀུན་ཏེ་ཀུན་རྫོབ་དང་དོན་དམ་པ་དག་ཐ་མི་དད་པར་དབྱེ་བའི་ཕྱིར་དང་པོ་ཡིན་ཞིང་། གཙོ་བོ་སྟེ་མི་སློབ་པའི་ལམ་གྱིས་ཐོབ་པར་བྱ་བའི་རྡོ་རྗེ་འཆང་གི་སྐུ་ལ་ཕྱག་འཚལ་ ནས་ཏེ་མངོན་དུ་བྱས་ནས་བརྩེ་བས་སེམས་ཅན་གྱི་དོན་བྱ་བའི་ཕྱིར་བདག་བྱིན་གྱིས་བརླབ་པའི་རིམ་པ་བཤད་པར་བྱའོ་ཞེས་བྱ་བ་ཡང་མཐར་ཐུག་པའོ། །ད་ནི་བདག་བྱིན་གྱིས་བརླབ་པའི་སྣོད་དུ་རུང་བའི་སློབ་མའི་མཚན་ཉིད་དང་། དེ་ཐོབ་པར་བྱ་བའི་ཆེད་དུ་བླ་མ་ལ་མཆོད་པ་བསྟན་པར་བྱ་བའི་ཕྱིར། དང་པོར་རེ་ཞིག་བསྐྱེད་པའི་རིམ་པའི་རྗེས་སུ་འབྲངས་པས་དབང་བསྐུར་བ་ཐོབ་ཅིང་། རྒྱུད་རྣམ་པ་བཞིའི་དགོངས་པ་ཤེས་པ་ཤེས་རབ་དང་ལྡན་ཞིང་ལུས་དང་ངག་དང་ཡིད་རྣམ་པར་དབེན་པའི་ཐོས་པ་འཛིན་པ་བདེན་པ་གཉིས་ལ་ལྷག་པར་མོས་པས་རྡོ་རྗེ་སློབ་དཔོན་ཡང་དག་པར་མཉེས་པར་བྱ་སྟེ། དེ་ ནས་མཉེས་པར་གྱུར་པའི་བླ་མ་ལ་ཚོགས་ཀྱི་མཆོད་པ་ཆེན་པོ་བྱས་ནས། ལོ་བཅུ་དྲུག་པ་རྡོ་རྗེ་སློབ་དཔོན་ཆེན་པོ་ལ་ཕུལ་ཏེ་དེའི་འོག་ཏུ་བླ་མའི་ཞལ་ནས་བདག་བྱིན་གྱིས་བརླབ་པའི་རིམ་པའི་མན་ངག་ཐོབ་པས་ཕྲེང་བ་དང་ཆུ་དང་རྫོགས་པའི་སངས་རྒྱས་དང་རྡོ་རྗེ་དང་དྲིལ་བུ་སྦྱིན་པ་དང་། མེ་ལོང་དང་མིང་ དང་སློབ་དཔོན་དང་རྗེས་སུ་གནང་བ་རྣམས་དང་བཅས་པར་གསང་བའི་དབང་བསྐུར་བ་ཐོབ་ནས་བསྟོད་པ་འདི་རྣམས་ཀྱིས་བསྟོད་པར་བྱའོ་ཞེས་བྱ་བ་གསུངས་ཏེ། དང་པོར་ཞེས་བྱ་བ་ནི་བདག་བྱིན་གྱིས་བརླབ་པ་གསོལ་བ་འདེབས་པའི་ཚེའོ། །བསྐྱེད་པའི་རིམ་པའི་རྗེས་སུ་འབྲངས་པས་ཏེ་མངོན་ པར་བྱང་ཆུབ་པ་རྣམ་པ་ལྔའི་རིམ་པས་སོ། །དབང་བསྐུར་བ་ཐོབ་པ་ཞེས་བྱ་བ་ནི་སློབ་དཔོན་གྱི་དབང་བསྐུར་བ་ཐོབ་པའོ། །རྒྱུད་རྣམ་པ་བཞི་སྟེ་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་དང་རྣལ་འབྱོར་མཆོག་གི་རྒྱུད་རྣམས་ཀྱི་དགོངས་པ་མཐའ་དྲུག་གི་བཤད་པའི་རིམ་པ་དང་ལྡན་པའི་ལམ་དང་ལུང་དང་རིགས་ པ་དག་གིས་ཞེས་པ་ནི་དོན་གྱི་བྱེ་བྲག་རྟོགས་པའོ། །ལུས་ལ་སོགས་པ་རྣམས་ཀྱི་རྣམ་པར་དབེན་པ་འཛིན་པ་ནི་ཏིང་ངེ་འཛིན་གྱི་དབྱེ་བ་ཤེས་པའོ། །ཐོས་པ་འཛིན་པ་ནི་མང་དུ་འཛིན་པའོ། །བདེན་པ་གཉིས་ཏེ་ཟུང་དུ་འཇུག་པའི་རིམ་པ་ཐ་དད་པའི་རིམ་པ་མེད་པའི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་ 37-1-114b པར་བྱ་བའི་དོན་དུ་ལྷག་པར་མོས་པ་དང་ལྡན་པའི་ཕྱིར་ལྷག་པར་མོས་པ་སྟེ་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་འབད་པར་བྱེད་པའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བུའི་སློབ་མས་རྡོ་རྗེ་སློབ་དཔོན་ཏེ་རྡོ་རྗེ་བླ་མ་རྒྱུ་མེད་ཅིང་དད་པས་ཡང་དག་པར་མཉེས་པར་བྱས་ཤིང་ལན་གཉིས་སམ་གསུམ་དུ་གསོལ་བ་ བཏབ་ནས་སོ། །དེའི་རྗེས་ལ་དེས་གསོལ་བ་བཏབ་པས་མཉེས་པར་གྱུར་ཅིང་སློབ་མ་ལ་བརྩེ་བ་དང་བཅས་པའི་བླ་མ་ལ་འདོད་པའི་ལོངས་སྤྱོད་ལྔ་གཙོ་བོར་གྱུར་པའི་ཚོགས་ཀྱི་མཆོད་པ་ཆེན་པོ་བྱས་ནས། དེའི་རྗེས་ལ་གསང་བའི་མཆོད་པ་བྱ་བའི་ཕྱིར་ལོ་བཅུ་དྲུག་མ་རིགས་དང་རྗེས་སུ་ མཐུན་ཞིང་གཟུགས་བཟང་བ་རྒྱན་དང་བཅས་ཤིང་ལུས་དྲི་ཞིམ་པ་ལེགས་པར་བསླབ་པའི་ཕྱག་རྒྱ་ཕུལ་ཏེ། དེའི་འོག་ཏུ་ཞེས་བྱ་བ་ནི་ཕྱག་རྒྱ་ཕུལ་བའི་འོག་རོལ་གྱི་དུས་སུའོ། །བདག་བྱིན་གྱིས་བརླབ་པའི་རིམ་པ་ཐོབ་པ་ཞེས་བྱ་བ་ནི་རྡོ་རྗེ་སློབ་དཔོན་དེས་དེ་དང་སྙོམས་པར་འཇུག་པ་ལས་བྱུང་ བའི་བྱང་ཆུབ་ཀྱི་སེམས་ཀྱི་གསང་བའི་དབང་བསྐུར་བ་ཐོབ་པར་བྱས་ནས། དེའི་རྗེས་དེ་ལ་བྱིན་ནས་ཕྱག་རྒྱ་བཞི་བསྒོམ་པའི་སྒོ་ནས་ཤེས་རབ་ཀྱི་དབང་བསྐུར་བས་དབང་བསྐུར་ཏེ་འོད་གསལ་བ་ཤེས་པར་བྱས་ནས་དེ་ལས་ལངས་པར་གྱུར་པ་ན། བདག་བྱིན་གྱིས་བརླབ་པའི་རིམ་པའི་ མན་ངག་ཐོབ་པ་ཡིན་ནོ་ཞེས་བརྗོད་པར་བྱའོ། །ཕྲེང་བ་ཞེས་བྱ་བ་ནི་དང་པོ་དཀྱིལ་འཁོར་དུ་ཞུགས་པའི་མགོ་ལ་ལྷའི་དཀྱིལ་འཁོར་གྱིས་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར་བུམ་པ་ལས་བླངས་ཏེ་གཞག་པར་བྱའོ། །ཆུ་ལ་སོགས་པ་རྗེས་སུ་གནང་བ་ལ་ཐུག་པའི་སློབ་དཔོན་གྱི་དབང་ནི་ལུས་རྣམ་ པར་དག་པར་བྱ་བའི་ཕྱིར་ཡིན་ནོ། །གསང་བ་ནི་ངག་རྣམ་པར་དག་པར་བྱ་བའི་ཕྱིར་ཡིན་ནོ། །དེ་རྣམས་དང་བཅས་པར་ཐོབ་ནས་ཞེས་བྱ་བ་ནི་ཤེས་རབ་ཀྱི་དབང་བསྐུར་བ་ཐོབ་ནས་སོ། །དེའི་རྗེས་ལ་ཤེས་རབ་ཡེ་ཤེས་ཀྱི་མན་ངག་ཐོབ་པར་བྱ་བའི་ཆེད་དུ་བདག་བྱིན་གྱིས་བརླབ་པའི་རིམ་པའི་མན་ངག་ གི་དེ་ཁོ་ན་ཉིད་ཐོབ་པར་བྱ་བའི་ཕྱིར་འཆད་པར་འགྱུར་བའི་བསྟོད་པའི་ཚིག་རྣམས་ཀྱིས་བླ་མ་སྟེ་རྡོ་རྗེ་སློབ་དཔོན་ལ་བསྟོད་པར་བྱའོ་ཞེས་བྱ་བ་ནི་སྤྱིའི་དོན་དང་སྦས་པའོ། །ད་ནི་བསྟོད་པ། ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ཤ་དང་རུས་པ་ཁྲག་མེད་ཀྱང་། །ནམ་མཁའ་ལ་ནི་འཇའ་ཚོན་ལྟར། །ཁྱོད་ཀྱིས་སྐུ་ 37-1-115a ནི་སྟོན་པར་མཛད། །ཅེས་གསུངས་པའི་དོན་ནི་འདི་ཡིན་ཏེ། ཀྱེ་བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་ཁྱོད་ཀྱི་སྐུ་ལ་ཁོང་སྟོང་སྟེ་སྒོ་ལ་སོགས་པའི་རིམ་གྱིས་སྟོང་པ་ཉིད་མེད་དོ། །དེ་བཞིན་དུ་ཤ་དང་རུས་པ་ཁྲག་སྟེ་ཁམས་ཀྱི་རྩ་རྣམས་ཉེ་བར་མཚོན་པར་བྱེད་པ་དེ་དག་ཀྱང་མེད་དེ། དངོས་ པོ་ཐམས་ཅད་ཀྱི་གཟུགས་བརྙན་གྱི་རྣམ་པ་ཅན་གྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ན་གང་ལ་ཅུང་ཟད་ཀྱང་མེད་པ་དེ་ཇི་ལྟར་སྐུ་ཉིད་དུ་སྣང་བར་འགྱུར་ཞེ་ན། ནམ་མཁའ་ལ་ནི་འཇའ་ཚོན་ཏེ། ཇི་ལྟར་དབང་པོའི་གཞུ་ཁ་དོག་ལྔའི་རང་བཞིན་དུ་འཕྲོ་བ་དང་གཞུ་ལྟ་ བུའི་དབྱིབས་སུ་མེད་བཞིན་དུ་ཡང་སྣང་བ་དེ་ཁོ་ན་བཞིན་དུ་ཉོན་མོངས་པའི་གཏི་མུག་ལ་སོགས་པ་རྣམ་པར་སྦྱོང་བའི་ཆེད་དུ་ཞི་བ་ལ་སོགས་པའི་ལས་བྱ་བའི་ཕྱིར་ཁྱོད་ཀྱིས་སྐུ་སྟོན་པར་མཛད་ཅིང་བརྟན་པར་མཛད་ཅེས་བྱ་བའི་ཐ་ཚིག་གོ། །དེ་ནི་རྣམ་པར་སྣང་མཛད་ཀྱི་སྒོ་ནས་བསྟོད་པ་ཡིན་ཏེ་ དགོངས་པ་མ་ཡིན་པའོ། །སྐུ་ལ་སྙུན་མེད་མི་གཙང་མེད། །བཀྲེས་དང་སྐོམ་པ་འབྱུང་མེད་ཀྱང་། །ཁྱོད་ནི་འཇིག་རྟེན་མཐུན་པའི་ཕྱིར། །འཇིག་རྟེན་བྱ་བ་སྟོན་པར་མཛད། །ཁྱོད་ཀྱི་སྐུ་ལ་ཉོན་མོངས་པ་འདོད་ཆགས་དང་འབྲེལ་པའི་ཉོན་མོངས་པའི་སྙུན་མེད་ཅིང་དེ་བཞིན་དུ་ལུས་ཀྱི་ཆོས་རེག་ བྱའི་བྱེ་བྲག་བཀྲེས་པ་དང་སྐོམ་པ་ལ་སོགས་པ་དེ་རྣམས་ཀྱང་ཡོད་པ་མ་ཡིན་ཏེ། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་འདོད་ཆགས་ལ་སོགས་པ་ཐམས་ཅད་རྣམ་པར་སྦྱངས་པའི་ཕྱིར་རོ། །འོན་ཀྱང་འཇིག་རྟེན་མཐུན་བྱའི་ཕྱིར་དང་སེམས་ཅན་རྗེས་སུ་གཟུང་བར་བྱ་བའི་ཕྱིར་ཁྱོད་ཀྱིས་དབང་དུ་བྱ་བ་ལ་ སོགས་པའི་ལས་འཇིག་རྟེན་གྱི་བྱ་བ་ངག་རྣམ་པར་སྦྱང་བ་དང་། འདོད་ཆགས་སྤང་བའི་ཕྱིར་སྟོན་པར་མཛད་ཅིང་གསལ་བར་མཛད་དོ་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པའི་སྒོ་ནས་བསྟོད་པ་ཡིན་ཏེ་དགོངས་པ་མ་ཡིན་ནོ། །ཆུ་ཟླ་བཞིན་དུ་གཟུང་དུ་མེད། །ཆོས་རྣམས་ཀུན་ལ་གནས་པ་མེད། ། ང་རྒྱལ་མེད་ཅིང་རྨོངས་མི་མངའ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཆུ་ཟླ་གཟུགས་བརྙན་དུ་ལྟུང་བའི་ཟླ་བ་ནི་ཆུ་ཟླ་སྟེ་དེ་བཞིན་གཟུང་དུ་མེད་པའོ། །ཆུ་ཟླ་ནི་སྣང་བ་བཞིན་དུ་ཡང་གཟུང་བར་ནུས་པ་མ་ཡིན་པ་དེ་བཞིན་དུ་ནམ་མཁའི་ཁམས་ཀྱི་རང་བཞིན་ཉིད་ཡིན་པའི་ཕྱིར་ཁྱོད་ 37-1-115b ཀྱང་གཟུང་བར་ནུས་པ་མ་ཡིན་ནོ། །ཕུང་པོ་ལ་སོགས་པའི་ཆོས་རྣམས་ཀུན་ལ་སོ་སོར་ངེས་པ་ཉིད་དུ་མི་གནས་ཤིང་ཐམས་ཅད་ལ་ཁྱད་པར་ཉིད་དུ་གནས་པ་ཡིན་ཏེ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཉོན་མོངས་པ་ང་རྒྱལ་རྣམ་པར་དག་པས་ང་རྒྱལ་མེད་པའོ། །ནོར་ གྱིས་རྒྱགས་པའི་སྒོ་ནས་ཁེངས་པ་རྣམས་ཀྱིས་མི་ཤེས་པ་ནི་རྨོངས་པ་སྟེ་དེ་སྤོང་བའི་ཕྱིར་རྨོངས་པ་མི་མངའ་བའོ། །དངོས་པོ་ལ་མངོན་པར་ཞེན་པ་ནི་དམིགས་པ་སྟེ། དེ་མེད་པ་ཉིད་ཡིན་པའི་ཕྱིར། དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་གྱི་སྒོ་ནས་བསྟོད་པ་ཡིན་ཏེ་ དགོངས་པ་མ་ཡིན་པའོ། །གཤེགས་དང་བཞུགས་དང་དེ་བཞིན་གཟིམས། །སྤྱོད་ལམ་དག་ནི་ཀུན་ལ་ཡང་། །ཁྱོད་ནི་རྟག་ཏུ་མཉམ་པར་གཞག །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །གཤེགས་པ་ལ་སོགས་པའི་སྤྱོད་ལམ་བཞི་པོ་དེ་རྣམས་སུ་བྱ་བ་ནན་ཏན་སྒྲུབ་པས་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ ཕྱིར་མཉམ་པར་གཞག་པ་ཞེས་བྱ་བ་ནི་གཅིག་ཏུ་རྣམ་པར་མི་རྟོག་པའི་རང་བཞིན་ཡིན་པའོ། །དམིགས་མེད་ཅེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་དོན་བྱ་བ་ལ་སྤྲོ་བ་དང་བསྡུ་བའི་རྣམ་པར་རྟོག་པ་མེད་པ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི་དོན་ཡོད་པར་གྲུབ་པའི་སྒོ་ནས་བསྟོད་པ་ཡིན་ཏེ་དགོངས་པ་མ་ཡིན་ པའོ། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །ཆོ་འཕྲུལ་ཆེན་པོ་རྣམ་འཕྲུལ་ཞིང་། །ཐ་དད་མེད་ལ་སྙོམས་འཇུག་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །རྫུ་འཕྲུལ་ཆེན་པོ་སྟེ་ལུས་ཀྱི་འཕར་བ་དང་སྣང་བ་ལ་སོགས་པ་རྣམས་དང་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ་བསྟན་པ་རྣམས་ དང་ཐུགས་ཀྱི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཏེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྡོ་རྗེ་ལྟ་བུས་རྣམ་པར་འཁྲུལ་པ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་སྤངས་པའི་ཕྱིར་འབད་པ་བྱེད་པའོ། །དེ་ཉིད་ཀྱི་ཕྱིར་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ནི་ཆོས་ཐམས་ ཅད་ཀྱི་ཆོས་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་ཐ་དད་མིན་ཏེ་དབྱེ་བ་མེད་པ་ཉིད་དུ་སྙོམས་པར་ཞུགས་པ་དང་ལྡན་པའོ། །དེ་ཉིད་ཀྱི་ཕྱིར་ཆུའི་ཁམས་ལ་དམིགས་པའི་རྣམ་པར་རྟོག་པ་དག་པར་བྱེད་པ་ཉིད་ཡིན་པས་དམིགས་མེད་དོ། །ཁྱོད་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི་མི་བསྐྱོད་པའི་སྒོ་ནས་ 37-1-116a བསྟོད་པ་སྟེ་དགོངས་པ་མ་ཡིན་པའོ། །བསྟོད་པ་བྱས་ནས་གསོལ་བ་གདབ་པ་ནི། དེ་ལྟར་རྡོ་རྗེ་སློབ་དཔོན་ལ་བདེན་པར་གྱུར་པའི་ཡོན་ཏན་གྱི་ཚོགས་ཀྱི་སྒོ་ནས་ཡང་དག་པར་བསྟོད་ནས། མཉན་པའི་ཕྱིར་ཚིགས་སུ་བཅད་པ་འདིས་གསོལ་བ་གདབ་པར་བྱའོ་ཞེས་བྱ་ བ་གསུངས་ཏེ། དེ་ལྟར་སྔར་ཚིགས་སུ་བཅད་པ་ལྔས་བདེན་པར་གྱུར་པའི་ཡོན་ཏན་གྱི་ཚོགས་ཀྱི་སྒོ་སྟེ། དེ་བཞིན་གཤེགས་པ་ལྔ་དང་འབྲེལ་པའི་འཁྲུལ་པ་མེད་པའི་ཡོན་ཏན་གྱི་ཚོགས་བསྒྲགས་པའི་སྒོ་ནས་བསྟོད་པ་བྱས་ནས་མཉམ་པའི་ཕྱིར་ཞེས་བྱ་བ་བདག་བྱིན་གྱིས་བརླབ་པའི་རིམ་ པའི་མན་ངག་མཉན་པར་བྱ་བ་འཆད་པར་འགྱུར་བའི་ཚིགས་སུ་བཅད་པ་གཅིག་པ་འདིས་གསོལ་བ་གདབ་པར་བྱའོ། །དེ་ཉིད་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚོགས། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གྱིས། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ཞེས་ བྱ་བ་གསུངས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལྔ་སྡུད་པར་བྱེད་པའི་རྡོ་རྗེ་འཆང་ཆེན་པོའི་ཡེ་ཤེས་སོ། དེའི་ཕྱིར་ཚོགས་ནི་རང་གི་རིག་པར་བྱ་བའི་ཡེ་ཤེས་ཆེན་པོའི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ཀྱི་རང་བཞིན་གྱི་སྲིད་པའི་འཁོར་ལོ་ ཉོན་མོངས་པ་དང་ལས་དང་སྡུག་བསྔལ་རྣམས་ཀྱི་ཉིན་རེ་ཞིང་ཟོ་ཆུན་གྱི་འཁྲུལ་འཁོར་བཞིན་དུ་འཁོར་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྣམ་པར་སྦྱོང་བ་ནི་རང་གི་ངོ་བོ་ཡོངས་སུ་ཤེས་པར་བྱེད་པའོ། །འཁོར་བའི་འཁོར་ལོ་དག་པར་བྱེད་པ་ནི་རང་གི་ངོ་བོ་ཡོངས་སུ་ཤེས་པ་ཁོ་ན་ཡིན་གྱི་གཞན་ནི་མ་ ཡིན་ཏེ། ཡོད་པས་རྣམ་པར་མི་གྲོལ་ཏེ། །མེད་པས་སྲེད་པ་འདི་ལས་མིན། །དངོས་དང་དངོས་མེད་ཡོངས་ཤེས་པས། །བདག་ཉིད་ཆེན་པོ་རྣམ་པར་གྲོལ། །གང་ཞིག་རྟེན་ནས་དངོས་པོ་རྣམས། །ཆུ་ཡི་ཟླ་བ་ལྟ་བུར་ནི། །ཡང་དག་མ་ཡིན་ལོག་མིན་པར། །འདོད་པ་དེ་དག་ལྟས་མི་ཕྲོགས། ། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟ་བུའི་བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་གྱིས་དེ་རིང་བཤད་པའི་རིན་ཆེན་ཏེ། བདག་བྱིན་གྱིས་བརླབ་པའི་རིམ་པའི་མན་ངག་སྟོན་པར་བྱེད་པ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ཉིད་ཡིན་པའི་ཕྱིར། རིན་ཆེན་གྱིས་བདག་ལ་བཀའ་ 37-1-116b དྲིན་ཏེ། །རྗེས་སུ་གཟུང་བར་མཛད་དུ་གསོལ། །ཞེས་བྱ་བ་ནི་དགོངས་པ་མ་ཡིན་པའོ། །སྐྱབས་གཞན་མེད་པ་ཉིད་བསྟན་པའི་ཕྱིར། ཁྱོད་ཞབས་པདྨ་སྤངས་ནས་ནི། །གཙོ་བོ་གཞན་ན་སྐྱབས་མ་མཆིས། །དེ་བས་ཐུབ་ཆེན་སངས་རྒྱས་གཙོ། །འགྲོ་བའི་ད་པའ་བོ་སྐུ་དྲིན་སྩོལ། །ཞེས་བྱ་ བ་གསུངས་ཏེ། ཁྱོད་ཞབས་པདྨ་སྟེ་ཞབས་པདྨ་གཉིས་སྤངས་ནས་སྐྱབས་གཞན་མ་མཆིས་ཏེ། ཁྱོད་ཁོ་ན་སྐྱབས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་སྐུ་དྲིན་སྩོལ་ཅིག་པ་སྟེ་བརྩེ་བར་མཛོད་ཅིག་པའོ། །ཐུབ་ཆེན་ནི་སྐུ་རྡོ་རྗེའི་རང་བཞིན་ནོ། །སངས་རྒྱས་གཙོ་ནི་མི་བསྐྱོད་པའི་རང་བཞིན་ནོ། ། འགྲོ་བ་ལ་ཆོས་བསྟན་པའི་སྒོ་ནས་འདུལ་བར་མཛད་པའི་ཕྱིར་འགྲོ་བའི་དཔའ་བོ་ནི་འོད་དཔག་ཏུ་མེད་པའི་རང་བཞིན་ཏེ་དེ་ནི་དེ་བཞིན་གཤེགས་པ་གསུམ་གྱི་རང་བཞིན་ཡིན་ནོ་ཞེས་བོད་པ་སྟེ་དགོངས་པ་མ་ཡིན་པའོ། །ད་ནི་བླ་མའི་ཞལ་སྔ་ནས་ཀྱི་མན་ངག །དེ་ལྟར་འཇིགས་མེད་གསོལ་འདེབས་ པའི། །ཚིག་དེ་ཐོས་པར་གྱུར་ནས་ནི། །སྙིང་རྗེ་སློབ་མ་ལ་བསྐྱེད་དེ། །དེ་ནས་བདག་བྱིན་བརླབ་པ་བསྟན། །ཞེས་བྱ་བ་གསུངས་ཏེ། གསོལ་བ་འདེབས་པ་ལ་ཤིན་ཏུ་མཁས་པའི་འཇིགས་པ་མེད་པར་གསོལ་བ་འདེབས་པའི་ཚིག་དེ་ཐོས་ཤིང་གུས་ནས་སློབ་མ་ལ་སྙིང་བརྩེ་བ་སྐྱེད་ལ། བདག་བྱིན་གྱིས་བརླབ་པའི་རིམ་པ་བཤད་ཅིང་བསྟན་པར་བྱ་སྟེ་སྒྲ་ཇི་བཞིན་པའོ། །དེ་ཉིད་ནི། བདག་བྱིན་བརླབ་པའི་རིམ་ཞེས་པ། །ཀུན་རྫོབ་བདེན་པ་མཐོང་བ་སྟེ། །དེ་ནི་བླ་མའི་དྲིན་དག་གིས། །འཐོབ་པར་འགྱུར་གྱིས་གཞན་དུ་མིན། །ཞེས་བྱ་བ་གསུངས་པའི་དོན་ནི་འདི་ཡིན་ཏེ། ཀྱེ་རིགས་ཀྱི་བུ་སེམས་རྣམ་པར་དག་པའི་རིམ་གྱིས་ཐོབ་པའི་དོན་གསལ་བ་གང་ཡིན་པ་དེ་ལ་ནི་ལྷའི་སྐུ་ཡོད་པ་མ་ཡིན་ཏེ། སེམས་ཅན་ནི་གཅིག་དང་དུ་མས་ཆ་ཤས་ཤིན་ཏུ་ཕྲ་བར་དཔྱད་ན་མེད་པ་དང་། དོན་དམ་པ་འབའ་ཞིག་གི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ངག་རྣམ་པར་དབེན་པའི་རྡོ་རྗེ་བཟླས་ པ་ལ་ཡང་ལྷའི་སྐུ་ཉེ་བར་མི་དམིགས་ཏེ། འཇུག་པ་ལ་སོགས་པའི་རང་བཞིན་གྱིས་རླུང་ལ་གཟུགས་མེད་པ་ཉིད་ཀྱི་ཕྱིར་རོ། །ལུས་རྣམ་པར་དབེན་པས་ལུས་ལ་གཅིག་དང་དུ་མ་མེད་པའི་ཕྱིར་ལྷའི་སྐུ་བསྒོམ་པ་མེད་དོ། །འདིར་ནི་སྐད་ཅིག་གིས་སམ་ཤེས་རབ་དང་ཐབས་དང་ཉེ་བར་ཐོབ་པའི་རིམ་གྱིས་ 37-1-117a འོད་གསལ་བ་ལས་ལངས་ཏེ། སྒྱུ་མའི་དཔེ་བཅུ་གཉིས་ཀྱི་རིམ་པས་བསྐྱེད་པ་ཡོད་ཀྱི་རང་བཞིན་ཅན་ཉིད་ཡེ་ཤེས་ཀྱི་སྐུར་མཐོང་ནས་ཕྱི་རོལ་ན་གནས་པའི་དངོས་པོ་རྣམས་ལ་ཡང་དེ་ཁོ་ན་བཞིན་དུ་བལྟ་བར་བྱའོ་ཞེས་བྱ་བ་འདི་ནི་བདག་བྱིན་གྱིས་བརླབ་པའི་རིམ་པའོ། །ཀུན་རྫོབ་སྟེ་སྐུ་ བསྒོམ་པའི་བདག་ཉིད་དང་གཟུགས་ལ་སོགས་པ་རྣམས་དང་། སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་དང་ཞི་བ་ལ་སོགས་པ་རྣམས་དང་སྔགས་དང་ཕྱག་རྒྱ་ལ་སོགས་པའི་བྱ་བའི་ཚོགས་ཐམས་ཅད་ཀྱི་བདེན་པ་མཐོང་བ་སྟེ་སྒྱུ་མ་དང་སྨིག་རྒྱུ་དང་། གཟུགས་བརྙན་དང་ཆུ་ཟླ་དང་དྲི་ཟའི་གྲོང་ཁྱེར་དང་། སྒྲ་བརྙན་ དང་། འཇའ་ཚོན་ལ་སོགས་པ་སྒྱུ་མའི་དཔེ་རྣམས་དང་མཚུངས་པར་མཐོང་ཞིང་ཇི་ལྟ་བུ་བཞིན་དུ་མཐོང་བ་དེ་ནི་བདག་བྱིན་གྱིས་བརླབ་པའི་རིམ་པ་ཡིན་ནོ་ཞེས་བརྗོད་པར་བྱའོ། །དེ་ཡང་བླ་མའི་ཞལ་སྔ་ནས་ཀྱི་སྐུ་དྲིན་ཁོ་ནས་ཐོབ་པར་འགྱུར་གྱིས་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་གསང་བ་ཉིད་ཡིན་ པར་བསྟན་པ་ཡིན་ཏེ་སྦས་པའོ། །དེ་ཉིད་བླང་བར་བྱ་བ་ཉིད་ཡིན་པར། བདག་བྱིན་བརླབ་རིམ་སྒྲུབ་པ་པོ། །གང་གིས་རྙེད་པར་མ་གྱུར་པ། །མདོ་སྡེ་རྒྱུད་དང་རྟོག་པ་ལ། །དེ་ཡི་ངལ་བ་དོན་མེད་འགྱུར། །ཞེས་བྱ་བ་གསུངས་ཏེ། རྣལ་འབྱོར་པ་གང་གིས་བདག་བྱིན་གྱིས་བརླབ་པའི་རིམ་ པའི་མན་ངག་བླ་མའི་ཞལ་སྔ་ནས་མ་ཐོབ་པ་དེའི་མདོ་སྡེ་སྟེ་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་དང་། བྱ་བ་ལ་སོགས་པའི་རང་བཞིན་གྱི་རྒྱུད་ལ་སོགས་པ་གང་ཡིན་པ་དེ་རྣམས་ལ་ཐོས་པ་དང་བསམ་པ་དང་བསྒོམ་པའི་རིམ་པས་ངལ་བ་སྟེ་འབད་པ་དོན་མེད་པ་ཁོ་ན་ཡིན་ཏེ། དེ་རྣམས་ཀྱི་བླང་བར་བྱ་བའི་ དེ་ཁོ་ན་ཉིད་མ་ཐོབ་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ན་དེ་ཁོ་ན་ཉིད་ཐམས་ཅད་བླང་བར་བྱ་བ་ཡིན་ནོ། །འབྲས་བུ་ནི། བདག་བྱིན་བརླབ་རིམ་ཐོབ་ནས་ནི། །སངས་རྒྱས་ཀུན་གྱི་རང་བཞིན་གཙོ། །ཚེ་འདི་ཉིད་ལ་སངས་རྒྱས་ཀྱི། །འཐོབ་པར་འགྱུར་བ་ཐེ་ཚོམ་མེད། །ཅེས་བྱ་བ་ གསུངས་ཏེ། སྔར་བཤད་པའི་བདག་བྱིན་གྱིས་བརླབ་པའི་རིམ་པ་ཐོབ་ནས། སངས་རྒྱས་ཀུན་གྱི་རང་བཞིན་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གཙོ་བོ་རྡོ་རྗེ་འཆང་དུ་གྱུར་ཏེ། སྒྱུ་མ་ལྟ་བུ་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གྱི་སྐུ་ཐོབ་པའི་ཕྱིར་རོ། །དེ་ 37-1-117b ལྟར་ཡང་ཚེ་འདི་ཉིད་དུ་སངས་རྒྱས་ཉིད་དེ། རྡོ་རྗེ་འཆང་ཉིད་ཐོབ་པར་འགྱུར་ཞིང་རྙེད་པར་འགྱུར་བར་ཐེ་ཚོམ་མེད་ཅེས་བྱ་བ་ནི་འདིར་ཐེ་ཚོམ་ཡོད་པ་མ་ཡིན་ནོ། །འདིར་བསམ་པ་ནི་འདི་ཡིན་ཏེ། བསྐྱེད་པའི་རིམ་པས་གང་གི་ཚེ་རྣལ་འབྱོར་པ་ལྷའི་རྣམ་པར་སྒོམ་པར་བྱེད་པ་དེའི་ཚེ། སྒྱུ་མ་ལྟ་བུའི་ ཏིང་ངེ་འཛིན་མེད་པས་མ་དག་པའི་སངས་རྒྱས་ཉིད་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་དེ་ནི་བཏགས་པའི་རྣལ་འབྱོར་དང་སྔགས་ཀྱི་སྐུ་ཞེས་བྱའོ། །འདིར་ནི་སྒྱུ་མ་ལྟ་བུ་ཉིད་གཙོ་བོ་ཡིན་པས་བཏགས་པ་ཉིད་མ་ཡིན་པའི་ཕྱིར་ལྷའི་རྣམ་པའི་བསྒོམ་པ་ནི་ངེས་པ་ཁོ་ནར་སངས་རྒྱས་ཉིད་ཡིན་ཏེ། དེའི་ཕྱིར་ཡེ་ ཤེས་ཀྱི་སྐུ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། །ད་ནི་རྒྱུ་དང་འབྲས་བུའི་བྱེ་བྲག །བདག་བྱིན་བརླབ་པའི་ཏིང་འཛིན་དང་། །དེ་བཞིན་འོད་གསལ་བ་ཡི་གནས། །བདེན་པ་གཉིས་སུ་བསྟན་པ་ནི། །རྒྱུ་དང་འབྲས་བུའི་དབྱེ་བའོ། །ཞེས་བྱ་བ་གསུངས་པའི་དགོངས་པ་ནི་འདི་ཡིན་ ཏེ། བདག་བྱིན་གྱིས་བརླབ་པའི་ཏིང་ངེ་འཛིན་ཏེ་རིམ་པ་གསུམ་པས་སྒྱུ་མའི་སྐུ་འཛིན་པ་དང་འོད་གསལ་བའི་གནས་ཏེ། རིམ་པ་གཉིས་པས་རང་བཞིན་དང་སྣང་བ་དག་པར་བྱ་བའི་ཕྱིར་འོད་གསལ་བའི་དེ་ཁོ་ན་ཉིད་རྟོགས་པའི་མཚན་ཉིད་ནི་དེའི་བདེན་པ་གཉིས་ཏེ་ཀུན་རྫོབ་དང་དོན་དམ་པ་གཉིས་ཀྱི་ བདག་ཉིད་རྒྱུ་དང་འབྲས་བུའི་བྱེ་བྲག་ཏུ་ཤེས་པར་བྱའོ། །འོད་གསལ་བ་ནི་རྒྱུ་ཡིན་ཏེ་དེ་ལས་སྐུ་འབྱུང་བའི་ཕྱིར་རོ། །བདག་བྱིན་གྱིས་བརླབ་པ་ནི་འབྲས་བུ་ཡིན་ཏེ་དེ་ནི་དེ་ལས་འབྱུང་བའི་ཕྱིར་རོ། །རྒྱུ་དང་འབྲས་བུའི་བྱེ་བྲག་གཞན་ཡང་། བདག་བྱིན་བརླབ་པའི་རིམ་གྱིས་ནི། །འོད་གསལ་བ་ནི་ ཐོབ་པར་འགྱུར། །དེ་བས་རྡོ་རྗེ་སློབ་དཔོན་གྱིས། །དང་པོར་བདག་བྱིན་བརླབ་པ་བསྟན། །ཞེས་བྱ་བ་གསུངས་ཏེ། དེ་ནས་བདག་བྱིན་གྱིས་བརླབ་པའི་རིམ་པའི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་ཀུན་རྫོབ་དག་པར་བྱ་བའི་ཕྱིར་རིམ་པ་བཞི་པས་འདོད་ཆགས་ལ་སོགས་པ་དག་པར་བྱས་ པས་མངོན་པར་བྱང་ཆུབ་པའི་མཚན་ཉིད་ཀྱི་འོད་གསལ་བ་འཐོབ་པར་འགྱུར་རོ། །དེའི་ཕྱིར་བདག་བྱིན་གྱིས་བརླབ་པའི་རིམ་པ་ནི་རྒྱུ་ཡིན་ལ། འོད་གསལ་བ་ནི་འབྲས་བུ་ཡིན་ནོ་ཞེས་བྱ་བ་ནི་དབྱེ་བའོ། །དེ་བས་ན་རྡོ་རྗེ་སློབ་དཔོན་གྱིས་དང་པོར་གང་གིས་འོད་གསལ་བ་ཁོང་དུ་ཆུད་པར་ 37-1-118a འགྱུར་བའི་བདག་བྱིན་གྱིས་བརླབ་པའི་རིམ་པ་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་རིམ་པ་གཉིས་པ་དང་བཞི་པའི་རིགས་གཅིག་པ་ཡིན་ཏེ། ཐབས་ཀྱི་བྱེ་བྲག་དང་སའི་བྱེ་བྲག་ལས་དེ་དག་ཐ་དད་པ་ཡིན་ནོ། །དེའི་ཕྱིར་འོད་གསལ་བ་ནི་རྒྱུ་ཡང་ཡིན་འབྲས་བུ་ ཡང་ཡིན་པར་གྱུར་ཅིང་བདག་བྱིན་གྱིས་བརླབ་པ་ཡང་རྒྱུ་ཡང་ཡིན་འབྲས་བུ་ཡང་ཡིན་པར་རོ། །འོན་ཀྱང་རིམ་པ་བཞི་པ་ལ་ལྟོས་ནས་ནི་རིམ་པ་གསུམ་པ་རྒྱུ་ཡིན་ཞིང་། རིམ་པ་གཉིས་པ་ལ་ལྟོས་ནས་ནི་གསུམ་པ་འབྲས་བུ་ཡིན་ནོ། །རིམ་པ་གསུམ་པ་ལ་ལྟོས་ནས་ནི་གཉིས་པ་རྒྱུ་ཡིན་ཞིང་། རིམ་པ་གསུམ་པ་ལ་ལྟོས་ནས་ནི་བཞི་པ་འབྲས་བུ་ཡིན་ཞེས་བྱ་བ་ནི་སྦས་པའོ། །ད་ནི་བདག་བྱིན་གྱིས་བརླབ་པའི་རིམ་པའི་རང་གི་ངོ་བོ་རྒྱུ་དང་བཅས་པ། འགྲོ་ཀུན་རང་དབང་མེད་པ་སྟེ། །རང་དབང་དུ་ནི་འབྱུང་མ་ཡིན། །དེ་ཡི་རྒྱུ་ནི་འོད་གསལ་བ། །འོད་གསལ་ཐམས་ཅད་སྟོང་པའོ། ། ཞེས་བྱ་བ་གསུངས་ཏེ། འགྲོ་བ་འདི་ནི་ལས་དང་ཉོན་མོངས་པའི་བག་ཆགས་ཀྱིས་བཅིངས་པ་ཉིད་ཡིན་པའི་ཕྱིར་རང་དབང་མེད་པ་སྟེ་གཞན་གྱི་དབང་ཡིན་ཞིང་། བསྐྱེད་པའི་རིམ་པའི་རྣལ་འབྱོར་པའི་ལྷའི་སྐུ་གང་ཡིན་པ་དེ་ཡང་རང་དབང་མེད་པ་ཡིན་ཏེ། ཟླ་བ་དང་རྡོ་རྗེ་ལ་སོགས་པའི་རིམ་ གྱིས་བསྐྱེད་པ་ཡིན་པའི་ཕྱིར་རོ། །དེ་བས་ན་རང་དབང་སྟེ་རང་གི་མཐུས་འབྱུང་བ་མ་ཡིན་ཞིང་སྐྱེ་བ་མ་ཡིན་པ་ཁོ་ནའོ། །དེའི་ཕྱིར་ཡིད་ཀྱི་རང་བཞིན་གྱིས་ལྷའི་སྐུར་རང་དབང་ཅན་དེ་གྲུབ་པའི་རྒྱུ་ནི་འོད་གསལ་བ་ཁོ་ན་ཡིན་ཏེ་གཞན་ནི་མ་ཡིན་ནོ། །བསྐྱེད་པའི་རིམ་པའི་རྣལ་འབྱོར་པའི་སྐུ་ཡང་ སྟོང་པ་ཉིད་དུ་མཐོང་བ་ལས་འབྱུང་བ་ཁོ་ན་མ་ཡིན་ནམ། དེའི་ཕྱིར་མཚུངས་པར་ཐལ་བར་འགྱུར་རོ་ཞེ་ན་མཚུངས་པར་མི་འགྱུར་ཏེ། དེ་ནི་སྟོང་པ་ཉིད་ཙམ་ཡིན་གྱི་འོད་གསལ་བ་ནི་མ་ཡིན་ནོ། །འདི་ལྟར་འདི་ནི་སྔགས་ཀྱི་བརྟན་པར་བྱ་བ་ཡིན་པ་དེ་ལྟར་ན་དེ་ནི་གསལ་བ་མ་ཡིན་ཏེ་གཞན་དུ་ན་སྔགས་བརྗོད་པ་ལ་ འབྲེལ་པ་ཅི་ཞིག་ཡོད། འདིར་ནི་སྔགས་ལ་སོགས་པ་དགོས་པ་མེད་དོ། །ཐམས་ཅད་སྟོང་པ་འོད་གསལ་བ་ནི་རྒྱུའི་དངོས་པོར་བླང་བར་བྱའོ། །དེའི་ཕྱིར་འོད་གསལ་བའི་རྒྱུ་ལས་ཡིད་ཀྱི་རང་བཞིན་གྱིས་ལྷའི་སྐུ་རང་དབང་ཅན་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་སྦས་པའོ། །འོད་གསལ་བ་ནི་གཅིག་ 37-1-118b ཉིད་ཡིན་ཏེ། རང་དབང་ཅན་དང་རང་དབང་ཅན་མ་ཡིན་པས་བྱས་པའི་ཐ་དད་པ་ཡོད་ན་འོ་ན་ནི་དེ་ཁོ་ན་ཉིད་མ་ཡིན་པར་འགྱུར་རོ་ཞེས་བྱ་བ་ནི་ཉེས་པ་དེ་བསལ་བའི་ཕྱིར། སེམས་གང་གིས་ནི་བྱིས་པ་རྣམས། །འཁོར་བར་འཆིང་བར་འགྱུར་བ་ཡི། །སེམས་དེ་ཉིད་ཀྱིས་རྣལ་འབྱོར་པ། །བདེ་ གཤེགས་གནས་སུ་འགྲོ་བར་འགྱུར། །ཞེས་བྱ་བ་གསུངས་ཏེ་ལས་དང་ཉོན་མོངས་པའི་བག་ཆགས་ཀྱིས་ཉམས་པར་བྱས་པའི་གང་གིས་བྱིས་པ་རྣམས་འཁོར་བར་འཆིང་བར་འགྱུར་ཏེ། བཅིངས་པའི་སེམས་དེ་ཉིད་ཀྱིས་རང་བཞིན་དང་སྣང་བའི་དབྱེ་བ་ཡོངས་སུ་ཤེས་པའི་སྒོ་ནས་རྣལ་འབྱོར་པ་རྣམས་ བདེ་གཤེགས་སངས་རྒྱས་རྣམས་ཀྱེ་གནས་དེའི་གོ་འཕང་ཐོབ་པར་འགྱུར་རོ། །དེའི་ཕྱིར་འོད་གསལ་བ་གཅིག་ཁོ་ན་ཡིན་ལ། བཅིངས་པ་དང་ཐར་པ་དག་ནི་དེ་ཡོངས་སུ་མ་ཤེས་པས་བྱས་པ་ཡིན་ཏེ། དེ་ཁོ་ན་རང་དབང་ཅན་དང་རང་དབང་ཅན་མ་ཡིན་པའི་ཕྱིར་དེ་ཁོ་ན་ཉིད་ཀྱེས་ཁྱབ་པར་བྱེད་པ་ཉིད་ ནི་ཉམས་པར་བྱེད་པ་མེད་དོ། །དོན་དམ་པར་བཅིང་བ་དང་ཐར་བ་དག་པ་དང་སྐྱེ་བ་དང་འཇིག་པ་མེད་དོ་ཞེས་ཐུགས་ལ་བདོག་ནས། འདིར་ནི་འགའ་ཡང་སྐྱེ་བ་མེད། །འགའ་ཡང་འཆི་བ་ཡོད་མ་ཡིན། །སེམས་ཀྱི་རང་བཞིན་རྣམ་གནས་པ། །འཁོར་བ་ཉིད་དེ་ཤེས་པར་བྱ། །ཞེས་བྱ་བ་གསུངས་ཏེ། དོན་དམ་པར་དཔྱད་ན་འགྲོ་བ་ལ་སྐྱེ་བའམ་འཆི་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ་ཁམས་གསུམ་པ་ནི་གཟོད་མ་ནས་མ་སྐྱེས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །སྐྱེ་བ་དང་འཇིག་པ་འདི་དག་ནི་བཏགས་པ་ཡིན་གྱིས་ཡོངས་སུ་གྲུབ་པ་ནི་མ་ཡིན་ཏེ། དེའི་རང་བཞིན་མེད་པའི་ཕྱིར་འཁྲུལ་པར་ནི་ཡོད་དེ་དེ་ སྐད་དུ་ཡང་། མ་རིག་རྐྱེན་ལས་བྱུང་བ་ལ། །ཡང་དག་ཡེ་ཤེས་ཀྱིས་བལྟས་ན། །སྐྱེ་བ་དང་ནི་འགག་པ་དག །འགའ་ཡང་དམིགས་པར་མི་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་དེ་ལྟར་ཡིན་ན་ཅི་ལྟར་འཁོར་བ་ཡོད་པར་འགྱུར་ཞེས་ཟེར་ན། སེམས་དག་གི་རང་བཞིན་ ནི་སེམས་ཀྱི་རང་བཞིན་ཏེ་གཟུང་བ་དང་འཛིན་པའི་རྣམ་པར་སྣང་བ་དེའི་རྣམ་པ་ཁོ་ན་འཁོར་བ་ཡིན་ཏེ། འདིར་དོན་དམ་པར་ནི་འཁོར་བ་ཞེས་བྱ་བ་འགའ་ཡང་མེད་དོ་ཞེས་བྱ་བ་ནི་དགོངས་པ་མ་ཡིན་པའོ། །ད་ནི་ལས་ཀྱི་ལུས་སྐྱེ་བ། །རླུང་གི་སྦྱོར་བ་མེད་པར་ནི། །སེམས་ཀྱི་རང་བཞིན་གཟུང་དུ་མེད། ། 37-1-119a རང་བཞིན་རྒྱུར་གྱུར་སེམས་ལས་ནི། །ལས་དང་སྐྱེ་བ་ཀུན་དུ་འབྱུང་། །ཞེས་བྱ་བ་གསུངས་ཏེ། རེ་ཞིག་དང་པོར་ཁུ་བ་དང་ཁྲག་འདྲེས་པའི་ནང་དུ་དྲི་ཟའི་སེམས་ཞུགས་པ་ན་དེའི་ནང་དུ་སྲོག་ཅེས་བྱ་བའི་རླུང་དང་འདྲེས་པས་སེམས་ཀྱི་རང་བཞིན་གྱི་རྣམ་པར་ཤེས་པ་བརྒྱད་ཀྱི་ངོ་བོར་ གྱུར་ཏེ། དེའི་རྗེས་ལ་མངལ་ནས་བྱུང་ནས་སེམས་ཀྱི་རང་བཞིན་སེམས་ལས་རང་འབྱུང་བ་རྣམས་འབྱུང་བར་འགྱུར་རོ། །དེའི་འོག་ཏུ་ཡུལ་འདྲ་བ་བཟུང་ནས་དགེ་བ་དང་མི་དགེ་བའི་ལས་བྱ་སྟེ། དེའི་རྗེས་ལ་ཤི་འཕོས་ནས་སྐྱེ་བ་གཞན་དུ་ཉིང་མཚམས་སྦྱོར་བ་འབྲེལ་བར་འབྱུང་བར་འགྱུར་ཏེ། དེ་ལྟ་ བུའི་འཁོར་བ་པའི་ལས་ཀྱི་ལུས་ཀུན་དུ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། །ཡེ་ཤེས་ཀྱི་ལུས་ནི། རླུང་དང་ལྡན་པའི་རྣམ་པར་ཤེས། །གསུམ་པོ་དེ་ཉིད་སླར་ཡང་ནི། །རྣལ་འབྱོར་པ་ཡི་ལུས་སུ་འགྱུར། །སྒྱུ་མའི་ལུས་ཞེས་དེ་ལ་བྱ། །ཞེས་བྱ་བ་གསུངས་ཏེ་རླུང་དང་ལྡན་པའི་ རྣམ་པར་ཤེས་པ་གསུམ་པ་དེ་ཉིད་འོད་གསལ་བར་ཞུགས་ཏེ། སླར་ཡང་སྣང་བ་ཉེ་བར་ཐོབ་པ་ལ་སོགས་པའི་རིམ་པས་ཡིད་ཀྱི་རང་བཞིན་གྱི་ངོ་བོ་ལྷའི་སྐུར་གྱུར་ནས་རྣལ་འབྱོར་པ་རྣམས་ཀྱི་ལུས་ཏེ་ཡེ་ཤེས་ཀྱི་ལུས་སུ་འབྱུང་བར་འགྱུར་རོ། །དེ་ཉིད་ཁོ་ན་སྒྱུ་མའི་ལུས་དང་སྒྱུ་མའི་རང་བཞིན་གྱི་ཕུང་ པོ་དང་རྣམ་གྲངས་གཞན་ཡང་ཡིད་ཀྱི་རང་བཞིན་གྱི་ཡེ་ཤེས་ཀྱི་སྐུ་ཡིན་ནོ་ཞེས་བྱ་བའི་དོན་ཏེ་སྦས་པའོ། །ཏིང་ངེ་འཛིན་འདིས་ཐམས་ཅད་ཀྱང་དེ་དང་འདྲ་བ་ཁོ་ནར་བལྟ་བར་བྱ་སྟེ། དེའི་ཕྱིར། སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཐམས་ཅད་དེ་དང་འདྲ་བར་བལྟ། །ཞེས་བྱ་བ་གསུངས་ཏེ། སྒྱུ་ མ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པས་ཕུང་པོ་དང་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་དེ་དང་འདྲ་བར་སྒྱུ་མའི་རང་བཞིན་ཁོ་ནར་བལྟ་བར་བྱའོ། །དེ་ཉིད། གཟུགས་དང་ཚོར་བ་ཉིད་དང་ནི། །འདུ་ཤེས་དང་ནི་འདུ་བྱེད་ཉིད། །ལྔ་པ་རྣམ་པར་ཤེས་པ་དང་། །དེ་བཞིན་ཁམས་ནི་ བཞི་པོ་དང་། །དབང་པོ་རྣམས་དང་ཡུལ་རྣམས་དང་། །ཡེ་ཤེས་ལྔ་པོ་ཉིད་དང་ནི། །ཕྱི་དང་ནང་གི་བྱེ་བྲག་སྟེ། །ཐམས་ཅད་སྒྱུ་མ་གཞན་དུ་མིན། །ཞེས་བྱ་བ་གསུངས་ཏེ་གཟུགས་ལ་སོགས་པའི་ཕུང་པོ་ལྔ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་དང་། དེ་བཞིན་དུ་ 37-1-119b ཁམས་བཞིའི་རང་བཞིན་གྱི་ལྷ་མོ་བཞི་དང་ཡུལ་དང་དབང་པོའི་རང་བཞིན་གྱི་གཟུགས་རྡོ་རྗེ་མ་ལ་སོགས་པ་དང་བྱང་ཆུབ་སེམས་དཔའ་སྟེ། དེ་དག་ཐམས་ཅད་དང་དེ་བཞིན་དུ་ཕྱི་ནང་གི་བྱེ་བྲག་ཁྲག་དང་ཁུ་བ་ལ་སོགས་པ་དང་ཆོས་ལ་སོགས་པའི་ཁམས་རྡོ་རྗེ་འཆང་ལ་སོགས་པའི་རང་བཞིན་ གང་ཡིན་པ་དེ་དག་ཐམས་ཅད་སྒྱུ་མ་སྟེ་སྣང་ཙམ་གྱི་རང་བཞིན་གང་ཡིན་པ་ཁོ་ནའོ་ཞེས་བསྒོམ་པར་བྱ་སྟེ་སྦས་པའོ། །དེ་བཞིན་དུ་ཐ་མལ་པའི་ཕུང་པོ་ལྔ་རྣམ་པར་དག་པར་གནས་པ་ཡེ་ཤེས་ལྔ་པོ་དེ་ཡང་སྒྱུ་མ་ལྟ་བུར་ཤེས་པར་བྱའོ་ཞེས་བྱ་བ་ནི་དྲང་བའི་དོན་ཏོ། །ཡེ་ཤེས་ལྔ་པོ་ཞེས་བྱ་བ་ཡེ་ ཤེས་ལྔ་རྣམ་པར་དག་པའི་རང་བཞིན་གྱི་རྡོ་རྗེ་འཆང་ཆེན་པོའི་སྐུ་ཡང་དེ་ཁོ་ན་བཞིན་དུ་བལྟ་བར་བྱའོ་ཞེས་བྱ་བ་ནི་ངེས་པའི་དོན་ཏོ། །སྒྱུ་མ་ལྟ་བུའི་ལུས་སྒྱུ་མའི་དཔེ་རྣམས་དང་མཚུངས་པར་ཤེས་པར་བྱ་བ་ཉིད། མེ་ལོང་གི་ནི་གཟུགས་བརྙན་བཞིན། །སྒྱུ་མའི་ལུས་ནི་ཤེས་པར་བྱ། །ཁ་དོག་རྣམས་ ནི་འཇའ་ལྟ་བུ། །ཁྱབ་ཉིད་ཆུ་ཡི་ཟླ་བ་བཞིན། །ཞེས་བྱ་བ་གསུངས་ཏེ། རྣལ་འབྱོར་པ་སྒྱུ་མའི་ལུས་གང་ཡིན་པ་དེའི་ཁ་དོག་ནི་འཇའ་ལྟ་བུ་སྟེ་སྒྱུ་མ་ལྟ་བུའི་རང་བཞིན་དུ་ཤེས་པར་བྱའོ། །རང་གི་ངོ་བོ་ནི་མེ་ལོང་གི་གཟུགས་བརྙན་བཞིན་དུ་ཡོད་པ་དང་མེད་པ་སྤངས་པར་ཤེས་པར་བྱའོ། །ཁྱབ་པ་ ཉིད་ནི་ཆུའི་ཟླ་བ་སྟེ་དེ་ཡང་ཆུའི་བུམ་པ་གཅིག་ཏུ་མཐོང་བ་དེ་བཞིན་དུ་ཆུའི་བུམ་པ་སྟོང་དུ་ཡང་མཐོང་བར་འགྱུར་རོ། །དེ་བཞིན་དུ་ཇི་ལྟར་བདག་ཉིད་སྒྱུ་མ་ལྟ་བུའི་རྣམ་པར་མཐོང་བ་ལྟར་ཁམས་གསུམ་པ་ཐམས་ཅད་ཀྱང་དེ་ཁོ་ན་བཞིན་དུ་སྒྱུ་མའི་རང་བཞིན་དུ་གཅིག་པར་བལྟ་བར་བྱ་སྟེ་སྦས་པའོ། །སྒྱུ་ མ་ལྟ་བུའི་ལུས་ཀྱི་མཇུག་བསྡུ་བ་ནི། མེ་ལོང་དྲི་མ་མེད་པ་ལ། །དངོས་དང་དངོས་མེད་སྤང་བ་ཡི། །གཟུགས་བརྙན་གསལ་བར་སྣང་བ་བཞིན། །རྡོ་རྗེ་སེམས་དཔའ་རབ་སྤྲོས་པ། །རྣམ་པ་ཀུན་གྱི་མཆོག་ལྡན་ཞིང་། །སྐུ་ནི་ལྟ་བས་མི་ངོམས་པ། །སློབ་མ་བཟང་ལ་དེ་བསྟན་པ། །དེ་ནི་ བདག་བྱིན་བརླབ་ཅེས་བྱ། །ཞེས་བྱ་བ་གསུངས་ཏེ། ཇི་ལྟར་མེ་ལོང་དྲི་མ་མེད་པར་འབྱུང་བའི་དངོས་དང་དངོས་མེད་དེ་ཡོད་པ་དང་མེད་པ་རྣམ་པར་སྤངས་པའི་གཟུགས་བརྙན་སྣང་བ་དེ་བཞིན་དུ། རྡོ་རྗེ་སེམས་དཔའི་སྐུ་མཚན་དང་དཔེ་བྱད་ཀྱིས་རབ་ཏུ་སྤྲས་པ་སྟེ་དེ་བཞིན་དུ་སྟོབས་བཅུ་དང་མི་ 37-1-120a འཇིགས་པ་ལ་སོགས་པ་རྣམ་པ་ཐམས་ཅད་ཀྱི་མཆོག་རྣམས་དང་ལྡན་ཞིང་སྐུ་ལྟ་བས་མི་ངོམས་པ་སྟེ། གང་ཞིག་མཐོང་ནས་ཆོག་ཤེས་པར་མི་འགྱུར་བ་དེ་ལྟ་བུའི་ཡེ་ཤེས་ཀྱི་སྐུ་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་ལ་བསྟན་པ་གང་ཡིན་པ་དེ་ནི་བདག་བྱིན་གྱིས་བརླབ་པའོ་ཞེས་བརྗོད་ པར་བྱའོ་ཞེས་བྱ་བ་ནི་སྦས་པའོ། །སྐུ་ཐོབ་པ་ལས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གཞན་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། བསྟན་པའི་མཚན་ལྡན་སྒྱུ་མ་ནི། །འདི་ཉིད་ཡིན་པར་ཤེས་བྱ་སྟེ། །ཀུན་རྫོབ་བདེན་པ་སྒྱུ་མ་ཉིད། །ལོངས་སྤྱོད་རྫོགས་པའི་སྐུ་ཡང་དེ། །ཞེས་བྱ་བ་གསུངས་ཏེ། སྒྱུ་མ་སྣང་བ་ཉེ་བར་ཐོབ་པ་ལ་སོགས་པའི་རིམ་གྱིས་སྤྲོས་པའི་ཡེ་ཤེས་ཀྱི་སྐུ་ཞེས་བྱ་བ་གང་ཡིན་པ་འདི་ཉིད་ཡིན་གྱི་སྒྱུ་མ་ཞེས་བྱ་བ་དེ་ལས་ཐ་དད་པ་མ་ཡིན་ཏེ། ཤིང་ཉིད་དང་ཤིང་ཤ་པ་བཞིན་དུ་ཡེ་ཤེས་ཀྱི་སྐུ་དང་སྒྱུ་མ་དག་ལ་ཐ་དད་པ་མེད་དོ། །གཞན་དུ་ན་སྐུ་དང་སྒྱུ་མ་དག་ཐ་དད་པ་ཡིན་ན་སྒྱུ་མ་ ལྟ་བུའི་ཏིང་ངེ་འཛིན་མ་ཡིན་པར་འགྱུར་ཏེ་ཐ་དད་པའི་རྣམ་པར་རྟོག་པ་དང་ལྡན་པ་ཉིད་ཡིན་པའི་ཕྱིར་རོ། །སྒྱུ་མ་ཇི་ལྟ་བུ་ཞེ་ན། བསྟན་པའི་མཚན་ཉིད་དེ་བཤད་ཟིན་པའི་མཚན་ཉིད་དང་ལྡན་པའོ། །ཀུན་རྫོབ་སྟེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་བདག་ཉིད་དམ་ལྷའི་སྐུའི་བདེན་པ་སྟེ་དོན་དམ་ པ་ནི་སྒྱུ་མ་ཉིད་ཡིན་ནོ། །དེ་ཁོ་ན་བཅོམ་ལྡན་འདས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པར་ཤེས་པར་བྱ་ཞིང་ཡང་ཞེས་བྱ་བའི་སྒྲས་སྤྲུལ་པའི་སྐུ་ཡང་སྒྱུ་མ་ཉིད་ཡིན་ནོ་ཞེས་བྱ་བ་ནི་སྦས་པའོ། །ད་ནི་སྒྱུ་མའི་ལུས་རྡོ་རྗེ་འཆང་གི་རང་བཞིན་ཉིད་ཡིན་པའི་ཕྱིར་མཆོད་པར་བྱ་བ་ཉིད་ཡིན་པར། དེ་ཉིད་དྲི་ ཟའི་སེམས་ཅན་ཡིན། །རྡོ་རྗེ་སྐུ་ཡང་དེ་ཉིད་དེ། །བདག་ཉིད་རྡོ་རྗེ་སེམས་དཔའ་ཡིན། །དེ་བས་བདག་ཉི་མཆོད་ལ་འཇུག། །ཅེས་བྱ་བ་གསུངས་ཏེ་དྲི་ཟའི་སེམས་ཅན་ཞེས་བྱ་བ་ནི་ལུས་ཀྱི་ཟ་མ་ཏོག་བོར་ཏེ་དབང་པོ་ཀུན་དང་ལྡན་པས་ལུས་གཞན་ལེན་པར་བྱེད་པའོ། །འདིར་ནི་སྒྱུ་མ་ ལྟ་བུའི་ལུས་ལ་ཕུང་པོའི་རྣམ་པར་རྟོག་པ་མི་དམིགས་པའི་ཕྱིར་དྲི་ཟའི་སེམས་ཅན་ཁོ་ན་ཡིན་ཏེ། དྲི་ཟའི་སེམས་ཅན་དང་སྒྱུ་མའི་ལུས་ལ་ཁྱད་པར་འགའ་ཡང་མེད་དོ། །རྡོ་རྗེའི་སྐུ་སྟེ་མི་ཕྱེད་པའི་སྐུ་དེ་ཉིད་ཡིན་ནོ་ཞེས་བྱ་བ་འདིས་ནི་ཆོས་ཀྱི་སྐུ་ཉིད་དུ་བསྟན་པ་ཡིན་ཏེ་ཇི་སྐད་དུ། སྲ་ཞིང་བརྟན་ 37-1-120b ལ་ཁོང་སྟོང་མེད། །གཅད་ཅིང་གཞིག་པར་མི་ནུས་ཏེ། །སྲེག་ཅིང་གཞོམ་པར་མི་ནུས་པའི། །སྟོང་ཉིད་རྡོ་རྗེ་ཞེས་བཤད་དོ། །ཞེས་གསུངས་ཏེ། རྡོ་རྗེའི་རང་བཞིན་སྐུ་ནི་རྡོ་རྗེ་ཞེས་བྱ་སྟེ་ཆོས་ཀྱི་སྐུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་སེམས་དཔའི་བདག་ཉིད་ཏིང་ངེ་འཛིན་འདི་ཡིན་ཏེ། ཡེ་ ཤེས་ཀྱི་སྐུ་དེ་ནི་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་ལས་བྱུང་བ་ཡིན་ནོ། །འདིར་ཡན་ལག་གི་དོན་ནི་འདི་ཡིན་ཏེ་རྡོ་རྗེ་ནི་སྟོང་པ་ཉིད་ཡིན་ཞིང་སེམས་དཔའ་ནི་སྙིང་རྗེ་ཡིན་ལ་དེའི་བདག་ཉིད་ནི་རྡོ་རྗེ་སེམས་དཔའ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ནི་དེའི་ཕྱིར་ཏིང་ངེ་འཛིན་དེ་ལྟ་བུས་གང་ཅུང་ཟད་ཟ་བའམ། རེག་ པའམ་གཞན་རྣམས་ལ་མཆོད་པ་བྱེད་པ་དེ་ཐམས་ཅད་རང་བདག་ཉིད་ལ་མཆོད་པར་བྱ་སྟེ་ཏིང་ངེ་འཛིན་འདིས་རང་དང་གཞན་ལ་ཐ་དད་པ་མེད་པའི་ཕྱིར་གཞན་ལ་མཆོད་པ་གང་ཡིན་པ་དེ་ཁོ་ན་བདག་ལ་མཆོད་པའམ། བདག་ལ་མཆོད་པ་གང་ཡིན་པ་དེ་གཞན་ལ་མཆོད་པ་བྱས་པ་ཡིན་ནོ་སྙམ་དུ་ དགོངས་ཏེ་དགོངས་པ་མ་ཡིན་པའོ། །ད་ནི་ལུང་གི་ཚད་མས་བདག་ཉིད་སངས་རྒྱས་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། བདག་ཉིད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཉིད། །དེ་བས་འབད་པ་ཐམས་ཅད་ཀྱིས། །བདག་ཉིད་རྟག་ཏུ་མཆོད་པར་བྱ། །ཞེས་བྱ་བ་ གསུངས་ཏེ་སངས་རྒྱས་ཐམས་ཅད་ནི་ཕུང་པོ་ལྔའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་དབང་པོའི་རང་བཞིན་གྱི་བྱང་ཆུབ་སེམས་དཔའ་རྣམས་སོ། །དེའི་རང་བཞིན་ཉིད་ཡིན་པའི་ཕྱིར་བདག་ཉིད་ཁོ་ན་ལ་འབད་པ་ཐམས་ཅད་ཀྱིས་མཆོད་པར་བྱ་སྟེ་དྲང་བའི་དོན་ཏོ། །སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་ཐམས་ཅད་རང་བཞིན་གྱིས་འོད་གསལ་བ་ལས་བྱུང་བ་ཡིན་པའི་ཕྱིར་བདག་ཉིད་ལ་མཆོད་པར་བྱ་བ་ནི་ངེས་པའི་དོན་ཏོ། །དེ་ནི་རང་གི་དོན་ཏོ། །གཞན་གྱི་དོན་བྱ་བའི་ཕྱིར་བྱ་བ་ཇི་སྙེད་ཡོད་པ་དེ་དག་དེ་ཁོ་ན་བཞིན་དུ་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། སྔགས་དང་ཕྱག་རྒྱའི་སྦྱོར་བ་དང་། །དཀྱིལ་ འཁོར་ལ་སོགས་རྣམ་རྟོག་དང་། །སྦྱིན་སྲེག་གཏོར་མའི་བྱ་བ་ཀུན། །རྟག་ཏུ་སྒྱུ་མ་བཞིན་དུ་བྱ། །ཞེས་བྱ་བ་གསུངས་ཏེ། བཟླས་པའི་དུས་སུ་སྙིང་པོ་དང་ཉེ་བའི་སྙིང་པོ་ལ་སོགས་པའི་སྔགས་རྣམས་དང་བཅིང་བའི་དུས་སུ་ཞི་བ་དང་དྲག་པོ་དང་བར་མའི་ཕྱག་རྒྱ་རྣམས་ཀྱི་སྦྱོར་བ་སྟེ་ལས་ཀྱི་ 37-1-121a བྱེ་བྲག་གིས་ངེས་པར་སྦྱོར་བ་གང་ཡིན་པ་དང་དེ་བཞིན་དུ་དཀྱིལ་འཁོར་ཏེ་སྐུ་ལ་སོགས་པའི་དཀྱིལ་འཁོར་དང་། སོགས་པའི་སྒྲས་དབང་བསྐུར་བ་དང་། སློབ་མ་ལྷག་པར་གནས་པ་དང་། ས་ཡོངས་སུ་གཟུང་བ་དང་། ཁྲུས་བྱ་བ་དང་། ལྷག་པར་གནས་པའི་ཆོ་ག་དང་། སྤྱན་དྲང་བ་དང་བཞུགས་སུ་གསོལ་བ་དང་། གཤེགས་སུ་གསོལ་བ་ལ་སོགས་པ་དེ་རྣམས་ཀྱི་རྣམ་པར་རྟོག་པ་སྟེ་ཇི་ལྟ་བ་བཞིན་དུ་སྒྲུབ་པ་དང་། དེ་བཞིན་དུ་དམ་ཚིག་གི་མེ་ལྷའི་སྒོ་ནས་ཡེ་ཤེས་ཀྱི་མེ་ལྷ་ཚིམ་པར་བྱེད་པའི་མཚན་ཉིད་ཀྱི་སྦྱིན་སྲེག་གི་བྱ་བ་དང་། འབྱུང་པོ་ཐམས་ཅད་ ཚིམ་པར་བྱེད་པའི་གཏོར་མའི་བྱ་བ་དང་། བདག་དང་གཞན་ལ་ཕན་པ་སྒྲུབ་པར་བྱེད་པའི་བྱ་བ་གཞན་གང་ཅི་ཡང་རུང་བ་དེ་ཐམས་ཅད་སྒྱུ་མ་སྟེ་བདག་བྱིན་གྱིས་བརླབ་པའི་རིམ་པ་བཞིན་དུ་བྱ་ཞིང་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། །དེ་དག་ཉིད་ལས་ཀྱི་བྱེ་བྲག་གི་སྒོ་ནས། ཞི་བ་ དང་ནི་རྒྱས་པ་དང་། །དེ་བཞིན་དབང་དང་མངོན་སྤྱོད་དང་། །དགུག་སོགས་གང་ཡིན་ཐམས་ཅད་ནི། །དབང་པོའི་གཞུ་དང་མཚུངས་པར་བྱ། །ཞེས་བྱ་བ་གསུངས་ཏེ་ནད་པ་རྣམས་ཞི་བར་བྱ་བ་དང་དབུལ་པོ་རྣམས་རྒྱས་པར་བྱ་བ་དང་། རྒྱལ་པོ་ལ་སོགས་པ་རྣམས་དབང་དུ་བྱ་བ་དང་། དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་རྣམས་ལ་མངོན་སྤྱོད་དང་། ལྷ་དང་ལྷ་མ་ཡིན་གྱི་བུ་མོ་ལ་སོགས་པ་རྣམས་དགུག་པ་དང་། སོགས་པ་སྨོས་པས་སྨན་བཟང་པོ་དང་། དངུལ་ཆུ་དང་བཅུད་ཀྱིས་ལེན་དང་། གསེར་འགྱུར་རྩི་དང་། དབང་དུ་བྱ་བ་དང་། ནམ་མཁའ་ལྡིང་དང་། ས་ གཏེར་དང་། རོ་ལངས་དང་། རལ་གྲི་དང་། དྲིལ་བུ་དང་། མིག་སྨན་དང་། རྐང་མགྱོགས་དང་། ཁུང་གི་སྒོ་དབྱེ་བ་དང་། ཁུང་དུ་འཇུག་པ་དང་། སྔགས་དབབ་པ་དང་། འབྱུང་པོ་དབབ་པ་དང་། སྣོད་དུ་རུང་བ་དབབ་པ་དང་། པྲ་བརྟག་པ་དང་། ཆུ་རེངས་པར་བྱ་བ་དང་། དམག་རེངས་ པར་བྱ་བ་དང་། ཕྲ་མ་ནུ་མ་དབང་དུ་བྱ་བ་དང་། མི་སྣང་བ་ལ་སོགས་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་དམ་པ་རྣམ་པ་ཐ་དད་པ་ལ་སོགས་པ་གང་སྙེད་དེ་རྣམས་དབང་པོའི་གཞུ་དང་མཚུངས་ཤིང་སྣང་ཙམ་གྱི་སྒྱུ་མའི་ཏིང་ངེ་འཛིན་གྱིས་བྱ་སྟེ་དྲང་བའི་དོན་ཏོ། །དེ་བཞིན་དུ་ 37-1-121b དཀྱིལ་འཁོར་བཞིའི་རིམ་པས་འོད་ཟེར་གྱི་འཁོར་ལོ་ཁ་དོག་དམར་པོ་ལ་སོགས་པ་སྤྲོ་བའི་སྦྱོར་བས་ནང་གི་དུས་ལ་བརྟེན་ནས་གང་གི་ཚེ་ཞི་བ་ལ་སོགས་པ་རྣམས་བྱེད་པ་དེའི་ཚེ་དབང་པོའི་གཞུ་བཞིན་དུ་ཡོད་པ་དང་མེད་པ་དང་བྲལ་བའི་འོད་ཟེར་གྱི་འཁོར་ལོ་བརྟག་པར་བྱའོ་ཞེས་བྱ་བ་ནི་ངེས་པའི་དོན་ཏེ་བྱ་བ་ གཞན། སྒེག་སོགས་ཉེ་བར་ལོངས་སྤྱོད་དང་། །གླུ་དང་རོལ་མོ་སོགས་བརྟེན་དང་། །སྒྱུ་རྩལ་རྣམས་ལ་འཇུག་པ་ནི། །ཆུ་ཡི་ཟླ་བ་བཞིན་དུ་བྱ། །ཞེས་བྱ་བ་གསུངས་ཏེ་སྒེག་པ་ལ་སོགས་པ་ནི་གར་གྱི་རོ་དགུ་སྟེ། སྒེག་དང་དཔའ་དང་འཇིགས་རུང་དང་། །དགོད་དང་དྲག་པོ་འཇིགས་བྱེད་དང་། ། སྙིང་རྗེ་ངོ་མཚར་ཞི་བ་ནི། །གར་གྱི་རོ་དགུ་ཡིན་པར་བཤད། །ཅེས་བསྟན་ཏོ། །དེ་ལ་སྒེག་པའི་རོའི་སྤྱོད་པ་ནི་དམ་ཚིག་གི་ཕྱག་རྒྱ་དགུ་པོ་རྣམས་དང་ལྷན་ཅིག་ཏུ་དབུས་ཀྱི་གཙོ་བོར་གྱུར་པས་འཁྱུད་པ་དང་འོ་བྱེད་པ་དང་། འཇིབ་པ་དང་སེན་མོ་འདེབས་པ་དང་། སོ་འདེབས་པའི་མཚན་ཉིད་དང་། དེ་ རྣམས་དང་ལྷན་ཅིག་འདོད་པ་ལྔ་ཉེ་བར་ལོངས་སྤྱོད་པའི་མཚན་ཉིད་དང་། ཕྱག་རྒྱ་དང་ཕྱག་རྒྱའི་ལན་གྱི་རིམ་གྱིས་ལུས་དང་ངག་གི་བརྡ་བསྟན་པའི་སྒོ་ནས་བདེ་བ་ཆེན་པོ་ཉེ་བར་ལོངས་སྤྱོད་པའི་རང་བཞིན་ནོ། །དཔའ་བོའི་སྤྱོད་པ་ནི་མཚན་མོའི་རོ་ལངས་སྒྲུབ་པ་དང་། འབྱུང་པོ་དབང་དུ་བྱ་བའི་ མཚན་ཉིད་དོ། །འཇིགས་སུ་རུང་བའི་སྤྱོད་པ་ནི་གོ་ཀུ་ད་ཧ་ན་ཟ་བའི་མཚན་ཉིད་དེ་བཙོག་པའི་སེམས་དང་འཇིགས་པ་སྐྱེད་པ་ནི་འཇིགས་སུ་རུང་བ་ཡིན་ནོ་ཞེས་ཟེར་རོ། །དགོད་པའི་སྤྱོད་པ་ནི་རོ་ལངས་སྒྲུབ་པའི་དུས་སུ་གད་རྒྱངས་སམ་སྒེག་པའི་རོའི་བྱེ་བྲག་གོ། །དྲག་པོའི་སྤྱོད་པ་ནི་རྡོ་རྗེ་ཧཱུྃ་ མཛད་ལ་སོགས་པའི་ཁྲོ་བོའི་དཀྱིལ་འཁོར་བསྒོམ་པའོ། །འཇིགས་པར་བྱེད་པའི་སྤྱོད་པ་ནི་དེའི་གཟུགས་ཉིད་ཀྱིས་བགེགས་སྐྲོད་པའོ། །སྙིང་རྗེའི་སྤྱོད་པ་ནི་སེམས་ཅན་རྣམས་ལ་ཕན་འདོགས་པའི་མཚན་ཉིད་དེ་སངས་རྒྱས་རྣམས་ནི་དེའི་རང་བཞིན་ཅན་ཉིད་ཡིན་པའི་ཕྱིར་རོ། །ངོ་མཚར་ གྱི་སྤྱོད་པ་ནི་ཞི་བ་ལ་སོགས་པ་བྱེད་པའི་སྒོ་ནས་འགྲོ་བ་རྣམས་འདུལ་བར་བྱེད་པའི་མཚན་ཉིད་དམ། དཀྱིལ་འཁོར་གྱི་འཁོར་ལོ་གཞན་དང་གཞན་སྤྲོ་བས་ན་ནམ་མཁའི་ཁམས་ཡོངས་སུ་འགེངས་པའི་མཚན་ཉིད་དོ། །ཞི་བའི་སྤྱོད་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་མཚན་ཉིད་དེ་ 37-1-122a དེ་ནི་སྒེག་པ་ལ་སོགས་པ་ལ་ཉེ་བར་ལོངས་སྤྱོད་པའོ། །དེ་བཞིན་དུ་གླུ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་མཆོད་པའི་སྐབས་སུ་གླུ་དབྱངས་བདུན་གྱིས་གླུ་ལེན་པའོ། །དེ་རྣམས་ཀྱང་དྲུག་ལས་སྐྱེས་པ་དང་།དྲང་སྲོང་པ་དང་། ས་འཛིན་པ་དང་། བར་མ་པ་དང་། བློ་གསལ་ བ་དང་། ལྔ་པ་དང་། འཁོར་ཉན་རྣམས་ཏེ་རྒྱུར་གྱུར་པ་བདུན་པོ་དེ་རྣམས་ལ་ཆགས་པའི་གླུ་དྲུག་ཅུ་རྩ་བཞིའམ། སུམ་ཅུ་རྩ་གཉིས་འབྱུང་ངོ་། །གླུ་དབྱངས་བདུན་དང་ཆགས་གླུ་གསུམ། །རིམ་གྱིས་བསྐྱེད་པ་ཉི་ཤུ་གཅིག །རྒྱས་པ་ཉི་ཤུ་རྩ་དགུ་སྟེ། །དེ་རྣམས་གླུ་དབྱངས་དཀྱིལ་འཁོར་རོ། ། ཞེས་གང་བཤད་པའོ། །དེ་ལྟ་བུ་ནི་གླུའི་བྱ་བ་སྟེ་གླུ་ཉུང་ཟད་ཀྱང་བཟླས་པ་སྟོང་དང་མཉམ་མོ་ཞེས་བྱ་བ་ལ་སོགས་པ་གང་བཤད་པའོ། ། རོལ་མོ་ནི་དེ་བཞིན་གཤེགས་པ་ལྔའི་རིགས་ཀྱི་གཙོ་བོར་བྱས་པའི་སྒོ་ནས་རིམ་གྱིས་བརྡུང་བ་ལ་སོགས་པ་སྟེ་དེ་རྣམས་ཀྱང་དཔལ་སངས་རྒྱས་ཐམས་ཅད་ མཉམ་པར་སྤྱོར་བའི་རྒྱུད་ལས་གསུངས་པས་དེ་ཉིད་ལ་ངེས་པར་གཟུང་བར་བྱའོ། །སྒྱུ་རྩལ་ཞེས་བྱ་བ་ནི་གར་དང་རི་མོ་དང་འདོད་པའི་བསྟན་བཅོས་དང་། གསོ་བ་ལ་སོགས་པ་རྣམས་དང་། གར་ཞེས་བྱ་བ་ནི་རྐང་པ་མཉམ་པ་དང་། རྐང་པ་མི་མཉམ་པ་དང་། གཡས་བརྐྱང་བ་དང་། གཡོན་ བརྐྱང་པ་དང་། ལག་པ་དང་། རྐང་པ་དང་། རྐེད་པ་དང་། མགྲིན་པ་བསྐྱེད་པ་ལ་སོགས་པས་དབང་ཕྱུག་དམ་པ་རྗེས་སུ་དྲན་པའི་སྒོ་ནས་གར་བྱེད་དོ། །རི་མོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ལ་དམིགས་ནས་དེའི་ཕྱག་རྒྱ་འདི་བྱའོ། །འདོད་པའི་སྒྱུ་རྩལ་ནི་པདྨ་དང་། ཁ་སྦྱར་དང་རབ་སྔགས་ལ་ སོགས་པའི་བྱ་བའི་ཁྱད་པར་རྣམས་ཀྱི་བུད་མེད་ཀྱི་ཡན་ལག་མཆོག་ལ་རེག་པའོ། །གསོ་བའི་སྒྱུ་རྩལ་ཞེས་བྱ་བ་ནི་རླུང་ལ་སོགས་པའི་ནད་རྣམས་མཐུན་པའི་སྨན་གྱིས་བཟློག་པ་སྟེ། དེ་ལྟ་བུ་ལ་སོགས་པའི་བྱ་བའི་ཚོགས་ནི་ཆུ་ཟླ་ལྟ་བུ་བཞིན་དུ་སྟེ་ཡོད་པ་དང་མེད་པའི་རྣམ་པར་རྟོག་པའི་སྣང་ བ་མེད་པར་བྱའོ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། །གཞན་ཡང་། གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱ་ཉིད་དག་ལ། །མིག་ལ་སོགས་པ་འཇུག་པ་ཡང་། །སྒྱུ་མ་ལྟ་བུར་ཤེས་པར་བྱ། །འདིར་རྣམ་པར་ཤེས་པ་ནི་རྒྱུ་གཉིས་ལས་འབྱུང་སྟེ། གཅིག་ནི་རྟོག་པ་མེད་པའི་གནས་ 37-1-122b སྐབས་ལས་སོ། །གཉིས་པ་ནི་ངེས་པའི་ཤེས་པའི་བདག་ཉིད་ལས་ཏེ་ཤེས་པ་གཉིས་པོ་དག་ནི་དོན་བྱེད་པ་ལ་རབ་ཏུ་འཇུག་པའི་སྣང་བའི་ཤེས་པ་དང་། དོན་བྱེད་པའི་སྣང་བའི་ཤེས་པའོ། །གཟུགས་ལ་སོགས་པའི་ཡུལ་ལྔ་པོ་རྣམས་ལ་འཇུག་པ་སྟེ་བྱིས་པ་དང་ལྐུགས་པ་ལ་སོགས་ པའི་རྣམ་པར་ཤེས་པ་བཞིན་དུ་དང་པོ་དབང་པོ་འཇུག་པ་དང་། དེ་རྣམས་ཀྱི་རྣམ་པ་འཛིན་པའི་རྣམ་པར་ཤེས་པ་སྐྱེ་ཤིང་ངེས་པའི་ཤེས་པ་སྐྱེས་པ་འབྱུང་བ་གང་ཡིན་པ་དེ་ཡང་སྒྱུ་མ་བཞིན་དུ་བལྟ་བར་བྱ་སྟེ་མཐར་ཐུག་པའོ། །དེ་བཞིན་དུ། འདིར་མང་བརྗོད་པས་ཅི་ཞིག་བྱ། །རྡོ་རྗེ་ཐེག་པས་ཡང་དག་ཏུ། །རྣལ་ འབྱོར་པས་ནི་གང་དག་དམིགས། །དེ་དེ་སྒྱུ་མ་བཞིན་དུ་བརྟག །མང་དུ་བརྗོད་པས་དགོས་པ་ཅི་ཞིག་ཡོད། །རྡོ་རྗེ་ཐེག་པ་སྟེ་གསང་སྔགས་ཀྱི་གཞུང་གི་ལམ་ཆེན་པོར་རང་དང་གཞན་གྱི་དོན་གང་དང་གང་ཅུང་ཟད་བྱ་བ་དེ་ཐམས་ཅད་སྒྱུ་མ་བཞིན་དུ་ཤེས་པར་བྱ་ཞིང་བསམ་པར་བྱའོ་ཞེས་བྱ་བ་ནི་ མཐར་ཐུག་པའོ། །འཕགས་པ་བྱམས་པས། སྤྱོད་ནས་བརྩེ་བའི་བདག་ཉིད་སྣ་ཚོགས་སྤྱོད་ཡུལ་ལ། །ཇི་ལྟ་ཇི་ལྟར་མངོན་དུ་འཇུག་པར་འགྱུར་བ་སྟེ། །དེ་ལྟ་དེ་ལྟར་རིགས་ཤིང་མཚུངས་པའི་ཚིག་དག་གིས། །སེམས་ཅན་རྣམས་ལ་ཕན་ཕྱིར་མངོན་པར་སྦྱོར་བར་བྱེད། །ཅེས་བྱ་བ་ལ་ སོགས་པ་གསུངས་སོ། །མིག་ལ་སོགས་པ་རྣམ་པར་ཤེས་པ་ལྔའི་སྣང་བ་ནི། མེ་ལོང་གི་ནི་གཟུགས་བརྙན་དང་། །རྨི་ལམ་སྒྱུ་མ་ཆུ་བུར་དང་། །མིག་འཕྲུལ་མཚུངས་པར་གང་གིས་མཐོང་། །དེ་ནི་གཙོ་བོ་ཡིན་པར་བཤད། །ཅེས་བྱ་བ་གསུངས་སོ། །མིག་གི་རྣམ་པར་ཤེས་ པ་མེ་ལོང་གི་གཟུགས་བརྙན་དང་མཚུངས་པ་དང་། རྣ་བའི་རྣམ་པར་ཤེས་པ་རྨི་ལམ་དང་མཚུངས་པ་དང་། སྣའི་རྣམ་པར་ཤེས་པ་སྒྱུ་མ་དང་མཚུངས་པ་དང་། ལྕེའི་རྣམ་པར་ཤེས་པ་ཆུ་བུར་དང་མཚུངས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་མིག་འཕྲུལ་དང་མཚུངས་པར་ གང་གིས་མཐོང་བ་དེ་ནི་གཙོ་བོ་རྡོ་རྗེ་འཆང་ཆེན་པོ་ཡིན་ནོ་ཞེས་བྱ་བར་བཤད་དེ་སྦས་པའོ། །དོན་བྱེད་པ་སྣང་བའི་ཤེས་པའི་རྣམ་པར་དག་པ་ནི། མཐོང་བ་དང་ནི་རེག་པ་ཉིད། །འགྲོ་བ་སྒྱུ་མ་ཇི་བཞིན་ཏེ། །ཀུན་རྫོབ་ཏུ་ཡང་དམིགས་པར་བྱེད། །སྒྱུ་མ་ལྟ་བུར་རབ་ཏུ་བཤད་། །ཅེས་ 37-1-123a བྱ་བ་རབ་ཏུ་གསུངས་ཏེ། མཐོང་བ་དེ་མིག་གི་རྣམ་པར་ཤེས་པས་འདི་ནི་སྔོན་པོའོ་ཞེས་བྱ་བ་ལ་སོགས་པར་ངེས་པར་བྱས་པ་ནས། རེག་པ་སྟེ་ལུས་ཀྱི་རྣམ་པར་ཤེས་པས་འདི་ནི་འཇམ་པའམ་རྩུབ་པ་ཞེས་བྱ་བ་ལ་སོགས་པའི་བར་དེ་དག་ནི་སྒྱུ་མ་ལྟ་བུར་བ་ལྟ་བར་བྱ་ཞིང་། དེ་ལས་དུས་ཕྱིས་སྔོན་པོ་ལ་སོགས་པ་དང་ཕྲད་པ་ནི་དམིགས་པ་སྟེ་སྲེག་པ་དང་འཚེད་པ་ལ་སོགས་པའི་བྱ་བ་བྱེད་ནུས་པའི་དངོས་པོ་དང་ཕྲད་པའི་མཚན་ཉིད་ཀུན་རྫོབ་ཏུ་རྣམ་པར་རྟོག་པ་ཅན་གྱི་བློས་ཉམས་སུ་མྱང་བར་བྱ་བ་གང་ཡིན་པ་དེ་སྒྱུ་མ་ལྟ་བུར་རབ་ཏུ་བཤད་པ་ནི་དམིགས་པ་མེད་པའི་ བློས་ཉམས་སུ་མྱང་བར་བྱའོ་ཞེས་པའི་དོན་ཏེ་སྦས་པའོ། །རྣམ་པར་དག་པ་དེ་ཉིད་ཁྱད་པར་དུ་བསྟན་པར་བྱ་བའི་ཕྱིར། གང་གང་དབང་པོའི་ལམ་ཅན་ཉིད། །འབྱུང་བ་དེ་དེའི་རང་བཞིན་དུ། །མཉམ་གཞག་མིན་པའི་རྣལ་འབྱོར་གྱིས། །ཐམས་ཅད་སངས་རྒྱས་རང་བཞིན་བལྟ། ། ཞེས་བྱ་བ་གསུངས་ཏེ། གང་ལ་དབང་པོའི་ལམ་ཡོད་པ་དེ་ནི་དབང་པོའི་ལམ་ཅན་ཏེ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དྲུག་གོ། །འབྱུང་བ་ཞེས་བྱ་བ་ནི་ཡུལ་ལ་ཉེ་བར་ལོངས་སྤྱོད་པའི་ཕྱིར་རྒྱུག་པའོ། །དེ་དང་དེའི་རང་བཞིན་དུ་སྟེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དུ་རྣམ་པར་བསྒོམ་པར་བྱའོ། ། མཉམ་གཞག་མིན་པའི་རྣལ་འབྱོར་ཏེ་ཡུལ་དང་དབང་པོ་འདུས་པ་ལས་སོ་སོར་བསྡུས་པ་ནི་རྣལ་འབྱོར་གྱི་ཁམས་གསུམ་པ་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་ཏེ་བསམ་གཏན་གྱི་རྣལ་འབྱོར་གྱིས་དེ་བཞིན་གཤེགས་པའི་རང་བཞིན་དུ་བལྟ་བར་བྱ་སྟེ་མཐར་ཐུག་པའོ། །ཕྱོགས་དང་ ཡུལ་དང་དུས་ལ་སོགས་པ་ལ་ལྟོས་ནས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན། །ཀུན་དུ་ཀུན་ནས་ཐམས་ཅད་དང་། །བདག་གིས་ཐམས་ཅད་རྟག་ཏུ་ནི། །དངོས་སུ་གྲུབ་པའི་བདག་ཉིད་ནི། །སངས་རྒྱས་ཀུན་གྱི་རང་བཞིན་མཐོང་། །ཞེས་བྱ་བ་གསུངས་ཏེ། ཀུན་ཏེ་ཡུལ་ཐམས་ཅད་དུའོ། ། ཀུན་ནས་ཏེ་ཕྱོགས་ཐམས་ཅད་ནས་སོ། །ཐམས་ཅད་ཅེས་བྱ་བ་ནི་དངོས་པོ་གྱ་ནོམ་པ་དང་དམན་པའོ། །བདག་གི་ཐམས་ཅད་བྱེད་ཅེས་བྱ་བ་ནི་བདག་གི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའོ། །རྟག་ཏུ་སྟེ་དུས་ཐམས་ཅད་དུའོ། །དངོས་སུ་ཞེས་བྱ་བ་མངོན་སུམ་མམ་རྗེས་ 37-1-123b སུ་དཔག་པའི་ཚད་མས་གནས་སྐབས་དེ་རྣམས་སུ་རང་གི་བདག་ཉིད་སངས་རྒྱས་ཀུན་གྱི་རང་བཞིན་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་དུ་མཐོང་ངོ་ཞེས་བྱ་བའི་དོན་ཏེ་མཐར་ཐུག་པའོ། །ད་ནི་སྤྱོད་ལམ་རྣམ་པར་དག་པ། གཙོ་བོ་བདེ་བ་ཀུན་རང་བཞིན། །སེམས་དཔའ་ཆེན་ པོ་གཤེགས་དང་བཞུགས། །གནས་དང་ཟས་དང་བཞོན་ལ་སོགས། །སྐད་ཅིག་དག་གིས་མཁའ་རུ་དམིགས། །ཞེས་བྱ་བ་གསུངས་ཏེ་ཏིང་ངེ་འཛིན་ལ་ཕན་འདོགས་པར་མཛད་པ་ཡིན་པའི་ཕྱིར་གཙོ་བོའོ། །བདེ་བ་ཀུན་ནི་འདོད་ཆགས་དང་བྲལ་བ་དང་འདོད་ཆགས་བར་མའི་ བདག་ཉིད་དེ། དེའི་རང་བཞིན་ཞེས་བྱ་བ་ནི་དེ་དག་བསྡུས་པ་ཡིན་པའི་ཕྱིར་ལྷན་ཅིག་སྐྱེས་པའི་རང་བཞིན་ནོ། །སེམས་དཔའ་ཆེན་པོ་ནི་གང་ལ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཆེན་པོ་ལ་སེམས་དཔའ་ཡོད་པ་ནི་སེམས་དཔའ་ཆེན་པོ་སྟེ་དེས་གཤེགས་པ་ལ་སོགས་པའི་སྤྱོད་ལམ་བཞི་པོ་དེ་ རྣམས་མཁའ་རུ་དམིགས་ཞེས་བྱ་བ་ནི་ནམ་མཁའི་རང་བཞིན་དུ་ཤེས་པའོ། །ད་ནི་བདག་བྱིན་གྱིས་བརླབ་པའི་རིམ་པའི་འབྲས་བུ་ནི། སྲིད་པ་གཅོད་པར་འགྱུར་བ་དང་། །སྟོན་པ་འགྲོ་ན་མཆོག་འགྱུར་ཞིང་། །ལྷ་དང་བ་ཅས་པ་ཐམས་ཅད་ཀྱིས། །ཡང་དང་ཡང་དུ་ཕྱག་བྱས་མཆོད། །ཅེས་ བྱ་བ་གསུངས་ཏེ་རྣལ་འབྱོར་པ་དེ་ནི་སྲིད་པ་གཅོད་པ་སྟེ་འཁོར་བའི་འཇིགས་པ་གཅོད་པར་བྱེད་པ་དང་། འཇིག་རྟེན་རྣམས་ཀྱི་སྟོན་པ་བྱེད་པའི་ཕྱིར་སྟོན་པ་དང་། འགྲོ་བ་ན་ཉན་ཐོས་ལ་སོགས་པའི་རྣལ་འབྱོར་པ་རྣམས་ལས་མཆོག་སྟེ་དམ་པ་དང་། དེ་བཞིན་དུ་ལྷ་དང་བཅས་པ་ཀུན་གྱིས་ཏེ་དབང་ པོ་ལ་སོགས་པ་རྣམས་ཀྱིས་ལུས་མི་སྣང་བར་བྱས་ནས་ཡང་དང་ཡང་དུ་ཕྱག་བྱས་ཤིང་བཏུད་ནས་མཆོད་པར་འགྱུར་རོ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་འགྲུབ་པའི་མཚན་ཉིད་དེ་སྒྲ་ཇི་བཞིན་པའོ། །དེ་བཞིན་དུ། ཇི་ལྟར་སྟོན་པ་རྫོགས་སངས་རྒྱས། །འཇིག་རྟེན་ཕན་པར་བཞེད་པས་གཤེགས། །དེ་ བཞིན་རྣལ་འབྱོར་ཆེན་པོ་ནི། །རང་གི་ཤེས་རབ་སྐྱེ་བའི་ཕྱིར། །ཇི་ལྟར་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཁམས་གསུམ་ན་གནས་པའི་སེམས་ཅན་གྱི་འཇིག་རྟེན་ལ་ཕན་པར་བཞེད་པ་སྟེ་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་དག་ཏུ་ཕན་པར་མཛད་པར་གཤེགས་ 37-1-124a ཤིང་རྒྱུ་བའོ། །དེ་བཞིན་དེ་དེ་ཁོ་ན་བཞིན་དུའོ། །རྣལ་འབྱོར་ཆེན་པོ་སྟེ་འདི་ནི་ཕྱག་རྒྱ་ཆེན་པོ་སྟེ་གྲུབ་པ་ཡང་ཡིན་ལ་རྣལ་འབྱོར་པ་ཡང་ཡིན་པས་རྣལ་འབྱོར་ཆེན་པོ་འཇིག་རྟེན་གྱི་ཁམས་ལ་ཕན་པར་བྱེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། རང་དེ་བདག་བྱིན་གྱིས་བརླབ་པའི་ རིམ་པའི་རང་བཞིན་གྱིས་ཞེས་པ་སྟེ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རང་བཞིན་རབ་སྟེ་རྣམ་པར་མི་རྟོག་པ་སྐྱེ་ཞིང་འབྱུང་བའི་ཕྱིར་དེ་བཞིན་གཤེགས་པ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་འགྱུར་ཏེ་སྒྲ་ཇི་བཞིན་པའོ། །ཐམས་ཅད་ཀྱི་དབང་ཕྱུག་ཡིན་པར། བསྒྲུབ་པར་མི་བྱ་ ཅུང་ཟད་མེད། །རྡོ་རྗེ་སེམས་དཔའ་དམིགས་པས་ན། །བདེ་ཆེན་ཕྱག་རྒྱ་ཐམས་ཅད་ནི། །རང་ཉིད་ཀྱིས་ནི་འགྲུབ་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། བདག་བྱིན་གྱིས་བརླབ་པའི་རིམ་པའི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་པས་ནི་བསྒྲུབ་པར་མི་བྱ་བ་མེད་པ་སྟེ། བསྒྲུབ་པར་བྱ་བ་མ་ ཡིན་པ་ཅུང་ཟད་ཀྱང་མེད་ཅིང་དེ་ཐམས་ཅད་བསྒྲུབ་པར་བྱ་བ་ཁོ་ན་ཡིན་ནོ། །གང་གི་ཕྱིར་དེས་རྡོ་རྗེ་སེམས་དཔའ་སྟེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་དངོས་པོ་ཐམས་ཅད་ལ་དམིགས་པ་དེའི་ཕྱིར་དེས་ནི་འབད་པ་མེད་པ་ཁོ་ནར་བདེ་བ་ཆེན་པོའི་རྒྱུ་ཡིན་པའི་ཕྱིར་བདེ་ཆེན་ཕྱག་རྒྱ་ཐམས་ཅད་ལས་ ཀྱི་ཕྱག་རྒྱ་ལ་སོགས་པའི་ལྷ་དང་ལྷ་མ་ཡིན་ལ་སོགས་པའི་བུ་མོའི་ཕྱག་རྒྱ་རྣམས་རང་ཉིད་ཀྱི་སྟེ་རང་གི་འདོད་པས་འགྲུབ་པར་འགྱུར་ཞིང་དབང་དུ་འགྱུར་ཏེ་དྲང་བའི་དོན་ཏེ། ཡང་ན་འདོད་ཆགས་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་ལྷན་ཅིག་སྐྱེས་པའི་རང་བཞིན་གྱི་བདེ་བ་ཆེན་པོར་གྱུར་པ་རྣམས་ རང་ཉིད་ཀྱིས་འགྲུབ་པར་འགྱུར་ཞིང་རང་རིག་པའི་ཚད་མས་ཤེས་པར་བྱ་བ་ཡིན་པར་འགྱུར་རོ་ཞེས་བྱ་བ་ནི་ངེས་པའི་དོན་ཏེ། རྩ་བའི་རྒྱུད་ལས་ཀྱང་། རི་རབ་སུམ་ཅུ་རྩ་དྲུག་གི། །ཕྲ་རབ་རྡུལ་ནི་ཇི་སྙེད་པ། །ཡོན་ཏན་གནས་གྱུར་བུད་མེད་རྣམས། །དེ་སྙེད་དག་ནི་དེ་ཡི་འགྱུར། །ཞེས་ བྱ་བ་ལ་སོགས་པ་གསུངས་སོ། །མཇུག་བསྡུ་བ། ཉོན་མོངས་ལས་ལམ་ལུས་དང་ནི། །བྱེད་པ་པོ་དང་འབྲས་བུ་ཉིད། །སྨིག་རྒྱུ་རྨི་ལམ་ལྟ་བུ་དང་། །དྲི་ཟའི་གྲོང་ཁྱེར་དག་དང་མཚུངས། །ཞེས་བྱ་བ་གསུངས་པ་ཡིན་ཏེ་དེ་ལ་ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པ་དྲུག་དང་ཉེ་ 37-1-124b བའི་ཉོན་མོངས་པ་ཉི་ཤུའོ། །ལས་ལམ་ནི་ལུས་དང་ངག་དང་ཡིད་ཀྱིས་སྲོག་གཅོད་པ་རྣམས་སོ། །ལུས་ནི་སེམས་ཅན་གྱི་སྐྱེ་གནས་རྣམ་པ་བཞི་བྱེ་བྲག་གི་ལུས་སོ། །བྱེད་པ་པོ་ནི་རྒྱུ་སྟེ་རྒྱུ་དང་རྐྱེན་གྱི་རང་བཞིན་རྣམ་དྲུག་དང་རྣམ་པ་བཞིའོ། །འབྲས་བུ་ནི་བདེ་འགྲོ་དང་འགྲོ་བའི་མཚན་ཉིད་ཅན་ ཏེ་དེ་རྣམས་སྨིག་རྒྱུ་ལ་སོགས་པ་དང་མཚུངས་པར་ཤེས་པར་བྱའོ། །དེ་ཉིད་ནི་བདག་བྱིན་གྱིས་བརླབ་པའི་རིམ་པའི་དྲང་བའི་དོན་ཏོ། །ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པའི་རང་བཞིན་གྱི་དེ་བཞིན་གཤེགས་པ་རྣམས་སོ། །ལས་ཀྱི་ལམ་ནི་དབང་པོ་རྣམ་པར་དག་པའི་རང་བཞིན་གྱི་ བྱང་ཆུབ་སེམས་དཔའ་རྣམས་སོ། །ལུས་ནི་ཁམས་ཀྱི་རང་བཞིན་གྱི་ལྷ་མོ་རྣམས་སོ། །བྱེད་པ་པོ་ནི་ཤེས་པས་བསྐྱེད་པའི་བྱ་བ་དང་ལྡན་པའི་ཡུལ་གྱི་རང་བཞིན་གྱི་གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་སོ། །འབྲས་བུ་ནི་དེ་རྣམས་ཉེ་བར་ལོངས་སྤྱོད་པ་ལས་བྱུང་བའི་དགའ་བ་ལ་སོགས་ པ་རྣམས་སམ། ཐམས་ཅད་ལ་ཁྱད་པར་དུ་འཕགས་པའི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ་དེ་རྣམས་ཐམས་ཅད་སྨིག་རྒྱུ་ལ་སོགས་པ་དང་མཚུངས་པར་ཤེས་པར་བྱའོ་ཞེས་བྱ་བ་ནི་ངེས་པའི་དོན་ཏོ། །ཆོས་དང་ཆོས་མིན་དཀའ་ཐུབ་གཏོང་། །ལེགས་སྡོམ་ཉེས་སྡོམ་འདུལ་བ་དང་། །དམྱལ་ བ་ཡི་དྭགས་དུད་འགྲོ་དང་། །ལྷ་དང་བཅས་པའི་མི་རྣམས་དང་། །འབྱུང་དང་འབྱུང་འགྱུར་ཕུང་པོ་དང་། །ཁམས་དང་ཐུབ་པའི་བསྟན་པ་དང་། །སྟོན་པ་དང་ནི་ཉན་ཐོས་ཏེ། །ཐམས་ཅད་ཀུན་རྫོབ་ཉིད་དུ་བསྟན། །དང་པོའི་ལས་ཅན་འཇིག་རྟེན་དག །དམ་པའི་དོན་ལ་འཇུག་པའི་ ཕྱིར། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །དེ་ཀུན་ཐ་མར་འཇིག་པ་སྟེ། །དེ་ནི་བྱིས་པ་བྲིད་པ་ཡིན། །བརྟག་བྱ་བརྗོད་པར་བྱ་བ་མིན། །གཞན་འགའ་ཞིག་ནི་གསལ་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཏིང་ ངེ་འཛིན་མེད་ན་ཉོན་མོངས་པའི་དབང་གིས་སོ་སོའི་སྐྱེ་བོ་ཉིད་དུ་འགྱུར་བ་ནི། ཏིང་འཛིན་འདི་ནི་མ་ཤེས་པས། །ཀུན་རྫོབ་ཏུ་ནི་ཉེར་དམིགས་པས། །ནད་རྣམས་སྣ་ཚོགས་འབྱུང་འགྱུར་ཏེ། །དེ་དག་སྒྱུ་མའི་རྣམ་འཕྲུལ་ལོ། །ཞེས་བྱ་བ་གསུངས་ཏེ་སྒྲུབ་པ་པོ་གང་ཞིག་བདག་བྱིན་གྱིས་ 37-1-125a བརླབ་པའི་མན་ངག་གི་མཚན་ཉིད་ཀྱི་ཏིང་ངེ་འཛིན་འདི་ཤེས་ཤིང་། འོན་ཀྱང་རྣལ་འབྱོར་པའི་མངོན་པའི་ང་རྒྱལ་གྱིས་གནས་པ་དེ་རྣམས་ནི་ཀུན་རྫོབ་ཏུ་ཉེ་བར་དམིགས་པ་སྟེ་རྣམ་པར་རྟོག་པར་ཉེ་བར་དམིགས་པས་སམ། བཏགས་པའི་ལྷའི་རྣལ་འབྱོར་གྱི་གནས་ སོ། །དེ་རྣམས་ལ་ནད་རྣམ་པ་སྣ་ཚོགས་ཏེ་ནད་བཞིན་དུ་ལྟུང་བར་བྱེད་པའི་འདོད་ཆགས་ལ་སོགས་པའི་རྣམ་པར་རྟོག་པ་རྣམས་སྐྱེ་ཞིང་འབྱུང་བར་འགྱུར་རོ། །དེ་རྣམས་ཀྱི་དེ་དག་ཉིད་ནི་སྒྱུ་མའི་རྣམ་འཕྲུལ་ཏེ། སྒྱུ་མ་ཞེས་བྱ་བ་ནི་འཁོར་བའི་འཁོར་ལོར་ཀུན་དུ་འཁོར་བར་བྱེད་པའི་སྲེད་ པ་ཡིན་ཞིང་དེའི་རྣམ་པར་འཕྲུལ་པ་ནི་རོལ་པ་དང་མཐུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར། །བདག་བྱིན་བརླབ་པའི་མན་ངག་ནི། །གང་གིས་བླ་མ་ལས་མ་བསྒྲུབས། །རྟག་དང་ཆད་པ་ལ་དམིགས་ནས། །མི་དེ་ཕྱིར་ལྡོག་འགྱུར་བ་ཡིན། །ཞེས་བྱ་བ་གསུངས་ ཏེ། སྒྲུབ་པ་པོ་གང་གིས་བླ་མའི་ཞལ་ལས་བདག་བྱིན་གྱིས་བརླབ་པའི་རིམ་པའི་མན་ངག་མ་ཐོབ་པ་དེ་ནི་རྟག་པ་དང་ཆད་པའི་ཕྱོགས་ལ་བརྟེན་ནས་ཕྱིར་ལྡོག་པར་འགྱུར་ཞིང་། དེ་ཁོ་ན་ཉིད་ལས་ཉམས་པར་གྱུར་ནས་སོ་སོ་སྐྱེ་བོའི་ཐོབ་པར་འགྱུར་རོ། །དེ་ལྟར་ཡང་སྔགས་ཀྱི་གཞུང་ལ་རིམ་པ་ གཉིས་ཏེ་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའོ། །རྫོགས་པའི་རིམ་པ་ནི་རྣམ་པ་གཉིས་ཏེ་འོད་གསལ་བའི་རིམ་པ་དང་ཡེ་ཤེས་ཀྱི་སྐུའི་རིམ་པའོ། །དེ་ལ་གལ་ཏེ་རྟག་ཏུ་བསྐྱེད་པའི་རིམ་པ་ལ་བརྟེན་ནས་བསྒོམ་པ་དེའི་ཚེ། རྟག་པའི་ལྷའི་རྣམ་པར་མངོན་པར་ཞེན་པའི་ཕྱིར་རྟག་པའི་ ཕྱོགས་ཡིན་ནོ། །ཅི་སྟེ་རིམ་པ་གཉིས་པ་དང་བཞི་པའི་འོད་གསལ་བ་ལ་བརྟེན་ནས་འཇུག་པ་དེའི་ཚེ་ནི་ཆད་པའི་ཕྱོགས་ཡིན་ཏེ། དོན་དམ་པའི་བདེན་པ་འབའ་ཞིག་གི་རང་བཞིན་ཉིད་ཡིན་པ་དང་། གཞན་གྱི་དོན་མེད་པས་སྔོན་གྱི་སྨོན་ལམ་དོན་མེད་པར་འགྱུར་བ་དང་དབང་ཕྱུག་ཆེན་པོ་ བཞིན་དུ་ཆད་པའི་ལྟ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་བདག་བྱིན་གྱིས་བརླབ་པའི་རིམ་པ་ནི་ཡེ་ཤེས་ཀྱི་སྐུ་ཉིད་ཡིན་པའི་ཕྱིར་རྟག་པའི་ཕྱོགས་མ་ཡིན་ཞིང་དོན་དམ་པ་ལས་བྱུང་བའི་ལྷའི་རྣམ་པ་ཉིད་ཡིན་པའི་ཕྱིར་ཆད་པའི་ཕྱོགས་མ་ཡིན་ནོ། །དེའི་ཕྱིར་དུས་གསུམ་གྱི་འཁོར་བའི་སྡུག་ 37-1-125b བསྔལ་ཡང་དག་པར་དྲན་པར་བྱ་སྟེ། ཐར་པ་འདོད་པས་འབད་པས་རྡོ་རྗེ་སློབ་དཔོན་མཉེས་པར་བྱས་ནས་བདག་བྱིན་གྱིས་བརླབ་པའི་རིམ་པའི་མན་ངག་ཐོབ་སྟེ་དེ་རྣམ་པར་དག་པར་བྱ་བའི་ཐབས་བརྩལ་བར་བྱའོ་ཞེས་བྱ་བ་ནི་དགོངས་པ་མ་ཡིན་པའོ། །གང་གི་སྐུ་དྲིན་གྱིས་གྲོལ་བར་གྱུར་པའི་ བླ་མ་དེ་ལ་མཆོད་པ་ནི། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པ་ཡང་དག་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་སྟེ་ཐོབ་པར་འགྱུར། །ཞེས་བྱ་བ་གསུངས་ཏེ་མཆོད་པ་ཐམས་ཅད་དེ་རང་དང་གཞན་ལ་མཆོད་པ་ཡོངས་སུ་སྤངས་པ་རྡོ་རྗེ་ སློབ་དཔོན་བླ་མ་ལ་མཆོད་པ་བརྩམ་ཞིང་བྱའོ། །གང་གི་ཕྱིར་གཞན་ལ་མཆོད་པ་བྱས་པས་བདེ་འགྲོ་ཙམ་ཐོབ་པར་བྱེད་ལ་བླ་མ་དེ་མཉེས་པས་ནི་ཀུན་མཁྱེན་པའི་ཡེ་ཤེས་ཏེ་རིམ་པ་ལྔས་བརྟན་པར་བྱ་བ་དེ་ཁོ་ན་ཉིད་ཀྱི་རིན་པོ་ཆེ་བསྐྱེད་པའི་རིམ་པ་ལྟོས་ནས་མཆོག་ཏུ་གྱུར་པ་ཐོབ་པར་འགྱུར་ བའི་ཕྱིར་རོ། །མཐོ་རིས་དང་ཐར་པ་དག་ནི་ཁྱད་པར་ཆེའོ་ཞེས་བྱ་བའི་ཐ་ཚིག་སྟེ་སྒྲ་ཇི་བཞིན་པའོ། །མཆོད་པའི་འབྲས་བུ་ནི། བླ་ན་མེད་པའི་སློབ་དཔོན་ནི། །རྡོ་རྗེ་སེམས་དཔའ་མཆོད་བྱས་པས། །དེ་ཡི་བསོད་ནམས་མ་བྱས་ཅི། །དཀའ་ཐུབ་མ་བརྟེན་ཅི་ཞིག་ཡོད། །ཅེས་ བྱ་བ་གསུངས་ཏེ། བླ་ན་མེད་པ་སྟེ་ཤེས་པ་དང་སྙིང་རྗེ་གཙོ་བོར་གྱུར་པའི་རྡོ་རྗེ་སློབ་དཔོན་བླ་མ་རྡོ་རྗེ་སེམས་དཔའ་དང་མཚུངས་པ་གང་ཡིན་པ་ལ་གང་གིས་མཆོད་པ་བྱས་པའི་སྒྲུབ་པ་པོ་དེས་ནི་བསོད་ནམས་བྱས་པ་སྟེ། དགེ་བ་མ་བསགས་པ་ཅི་ཞིག་ཡོད་ཅིང་ཚངས་པའི་གནས་ལ་ སོགས་པ་བསྒོམ་པ་མཚན་ཉིད་ཀྱི་དཀའ་ཐུབ་མ་བརྟེན་པ་ནི་ཅི་ཞིག་ཡོད་དོ་བྱས་པ་ཁོ་ནའོ། །རྩ་བའི་རྒྱུད་ལས་ཀྱང་བདག་ཅག་སངས་རྒྱས་ཐམས་ཅད་ཀྱི་ཕ་ཡིན་ནོ། །བདག་ཅག་སངས་རྒྱས་ཐམས་ཅད་ཀྱི་མ་ཡིན་ནོ་ཞེས་དེ་སྐད་དུས་གསུམ་དུ་བརྗོད་ཅིང་མཆོད་པ་མཛད་ནས་གཤེགས་སོ་ ཞེས་གསུངས་སོ། །དེའི་ཕྱིར་རྡོ་རྗེ་སེམས་དཔའ་དང་རྡོ་རྗེ་སློབ་དཔོན་ལ་ཁྱད་པར་འགའ་ཡང་མེད་དེ་སྒྲ་ཇི་བཞིན་པའོ། །མཆོད་པ་དེ་ཉིད་ཀྱི་བྱེ་བྲག་ནི། དེ་ཉིད་མི་ཟད་འདོད་པ་ཡིས། །ཤིན་ཏུ་གཅེས་པ་གང་དང་གང་། །ཤིན་ཏུ་ཁྱད་པར་ཅན་ཉིད་དག །དེ་དང་དེ་ནི་བླ་མར་དབུལ། །ཞེས་བྱ་ 37-1-126a བ་གསུངས་ཏེ། ཤིན་ཏུ་གཅེས་པ་གང་དང་གང་། །ཞེས་བྱ་བ་ནི་ཕྱི་རོལ་གྱི་ནོར་བུ་དང་མུ་ཏིག་ལ་སོགས་པའོ། །ཤིན་ཏུ་ཁྱད་པར་ཅན་ནི་ཤིན་ཏུ་སྲོག་པས་ཀྱང་ལྷག་པའི་རང་གི་ཆུང་མ་ལ་སོགས་པ་སྟེ། དེ་དག་དེ་བླ་མ་རྡོ་རྗེ་སློབ་དཔོན་ལ་དབུལ་བར་བྱའོ། །ཅིའི་ཕྱིར་ཞེ་ ན། གལ་ཏེ་རེ་ཞིག་ཐར་པ་དོན་དུ་གཉེར་བ་དེའི་ཚེ་ནི་ཕྱི་རོལ་རྣམས་ཀྱིས་ཅི་ཞིག་བྱ། ཅི་ཞིག་མི་འདོད་པ་དེའི་ཚེ་ཡང་ཞིང་དག་པ་ལ་ཕུལ་བས་ནོར་དེ་མི་ཟད་པར་འགྱུར་བ་ཡིན་པའི་ཕྱིར་བདོག་པ་ཐམས་ཅད་སྦྱིན་པ་དང་ཁྱད་པར་ཅན་གྱི་སྦྱིན་པ་དང་སྦྱིན་པ་ཆེན་པོ་རྣམས་དེ་ལ་དབུལ་ བར་བྱ་སྟེ། དུད་འགྲོ་རྣམས་ལ་སྦྱིན་ན་བརྒྱ་འགྱུར་ཐོབ། །སྡིག་པ་ཅན་ལ་བྱིན་ན་སྟོང་འགྱུར་ཐོབ། །ཚུལ་ཁྲིམས་ལྡན་པས་འབུམ་འགྱུར་ཐོབ་པ་ཡིན། །འདོད་ཆགས་བྲལ་ལས་བྱེ་བ་བརྒྱ་འགྱུར་ཏེ། །གང་ཞིག་མི་སློབ་པ་ལ་བྱིན་བྱེད་པ། །དེས་ན་ལོངས་སྤྱོད་ཤིན་ཏུ་ཁྱད་འཕགས་ འཐོབ། །སྐྱེས་བུ་གང་གིས་སངས་རྒྱས་ལ་ཕུལ་ན། །དེ་ཡིས་ལོངས་སྤྱོད་ཕུན་ཚོགས་ཟད་མི་འགྱུར། །ཞེས་ཀྱང་གསུངས་སོ། །སློབ་དཔོན་གྱི་མཚན་ཉིད་ནི། སློབ་དཔོན་གྱིས་ནི་སྡིག་པ་འཕྲོག །སློབ་དཔོན་གྱིས་ནི་འཇིགས་པ་སེལ། །སློབ་དཔོན་གྱིས་ནི་སྡུག་བསྔལ་གྱི། །རྒྱ་ མཚོ་འཇིགས་པ་ཕ་རོལ་སྒྲོལ། །ཞེས་བྱ་བ་གསུངས་ཏེ་སློབ་དཔོན་གྱིས་ནི་རིག་པའི་དབང་བསྐུར་བའི་སྒོ་ནས་སྡིག་པ་འཕྲོག་སྟེ་རྣམ་པར་ཤེས་པ་གྱུར་པའི་ཕྱིར་རོ། །གསང་བའི་དབང་བསྐུར་བས་ནི་འཇིགས་པ་སེལ་ཏེ་རྣམ་པར་རྟོག་པའི་འཇིགས་པ་སྤོང་བའི་ཕྱིར་རོ། །ཤེས་རབ་ཡེ་ ཤེས་ཀྱི་དབང་བསྐུར་བའི་སྒོ་ནས་སྡུག་བསྔལ་གྱི་རྒྱ་མཚོ་འཇིགས་ཆེན་ཏེ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་རང་བཞིན་གྱི་འཁོར་བ་ལས་སྒྲོལ་ཞིང་ཕ་རོལ་ཏུ་ཕྱིན་པར་བྱེད་པ་སྟེ་མཐར་ཐུག་པའོ། །སློབ་མ་སྣོད་དང་སྣོད་མ་ཡིན་པ་བརྟག་པ། གང་ཞིག་ང་རྒྱལ་གྱིས་སྦགས་ ཤིང་། །བདེན་མིན་རིམ་པ་སྟོན་བྱེད་དང་། །དེ་ཉིད་ཆོས་ལ་བརྙས་བཅས་པ། །དེ་ལ་དེ་ཉིད་བསྟན་མི་བྱ། །ཞེས་བྱ་བ་གསུངས་ཏེ་སློབ་མ་གང་ཞིག་ང་རྒྱལ་དང་ལྡན་པ་ལ་དེ་བཞིན་དུ་གལ་ཏེ་དེ་ཁོ་ན་ཉིད་ཡང་དག་པར་སྟོན་པར་བྱེད་པ་ན་ཉེས་པ་ཅི་ཞིག་ཡོད་དེ། འོན་ཀྱང་བདེན་ 37-1-126b མིན་ཏེ་ཡང་དག་པ་མ་ཡིན་པའི་དེ་ཁོ་ན་ཉིད་ཀྱི་རིམ་པ་སྟོན་པ་དང་། དེ་བཞིན་དུ་དེ་ཉིད་ཆོས་ཏེ་བླ་མའི་མན་ངག་གི་ཚིག་རྣམས་ལ་བརྙས་པ་དང་བཅས་ཤིང་སླ་ཆོས་དང་བཅས་པའི་སློབ་མ་དེ་ལ་དོན་དམ་པའི་དེ་ཁོ་ན་ཉིད་བསྟན་ཞིང་བཤད་པར་མི་བྱ་སྟེ་སྒྲ་ཇི་བཞིན་པའོ། །སློབ་མ་དམ་པའི་མཚན་ ཉིད་ནི། །བླ་མ་ལ་གུས་བདེན་པར་སྨྲ། །རྣམ་པར་བདེན་ཞིང་རྒྱུད་གཅིག་ལ། །དམ་ཚིག་སྤྱོད་པ་སྲུང་བྱེད་པ། །དེ་ལ་རིམ་པ་བསྟན་པར་བྱ། །ཞེས་བྱ་བ་གསུངས་ཏེ་འཆད་པ་པོའི་བླ་མ་ལ་གུས་ཤིང་ཞེ་ས་དང་བཅས་པ་དང་། དེ་བཞིན་དུ་སྒྱུ་ལ་སོགས་པ་དང་བྲལ་བའི་ཕྱིར་བདེན་པར་སྨྲ་བ་ དང་། ཡུལ་ལ་ཉེ་བར་ལོངས་སྤྱོད་པ་ལ་སོགས་པ་ཕྱི་རོལ་རྣམས་ལ་ཆགས་པ་མེད་པ་ཉིད་ཡིན་པའི་ཕྱིར་རྣམ་པར་དབེན་ཞིང་དབང་པོ་ཐུལ་བ་དང་། དེ་བཞིན་དུ་ཆོས་ལ་ངེས་པར་རྟོག་པ་ལས་བྱུང་བའི་ཤེས་རབ་དང་ལྡན་པ་ཉིད་ཡིན་པའི་ཕྱིར་ལྷན་ཅིག་བཤད་པའི་གཞལ་བྱ་ཐམས་ཅད་ཀྱི་དོན་ དང་ཚིག་འཛིན་པས་རྒྱུད་གཅིག་པ་དང་། བསྟན་བཅོས་ཀྱི་འབྲས་བུ་དམ་ཚིག་ཉམས་སུ་བླངས་པ་གང་ཡིན་པ་དེ་བྱེད་པའི་ཕྱིར་དམ་ཚིག་གི་སྤྱོད་པ་སྲུང་བ་དང་། གང་གི་སྒྲས་སེམས་ཅན་གྱི་བྱ་བ་ལ་བརྩོན་འགྲུས་དང་ལྡན་པའི་སློབ་མ་དེ་ལྟ་བུ་གང་ཡིན་པ་དེ་ལ་རིམ་པ་སྟེ། བདག་བྱིན་གྱིས་ བརླབ་པའི་རིམ་པ་བསྟན་ཞིང་བླ་མས་མན་ངག་སྦྱིན་པར་བྱའོ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། །རིམ་པ་ལྔའི་བཤད་པའི་ནོར་བུའི་ཕྲེང་བ་ལས་བདག་བྱིན་གྱིས་བརླབ་པའི་རིམ་པ་སྟེ་གསུམ་པའོ།། །།མངོན་པར་བྱང་ཆུབ་པའི་རིམ་པའི་སྐབས་སུ་དང་པོར་ཕྱག་འཚལ་བ་ནི། ཐམས་ཅད་ སྟོང་ཉིད་སྟོན་པ་པོ། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ཏེ། །བཞི་པ་མངོན་པར་བྱང་ཆུབ་པའི། །རིམ་འདི་བདག་གིས་བཤད་པར་བྱ། །ཞེས་བྱ་བ་གསུངས་ཏེ། སྟོང་པ་བཅོ་བརྒྱད་ཀྱི་དེ་ཁོ་ན་ཉིད་ཐམས་ཅད་སྟོང་པ་སྟོན་པར་མཛད་པ་ཉིད་ཡིན་པའི་ཕྱིར། ཐམས་ཅད་སྟོང་ཉིད་སྟོན་པའོ། ། གང་ལ་རྡོ་རྗེ་སྟེ་རྡོ་རྗེ་རྩེ་ལྔ་པ་དེ་ལ་སེམས་ཤིང་ཕྱག་ན་བསྣམས་པ་ཡོད་པ་དེ་ནི་རྡོ་རྗེ་སེམས་དཔའ་སྟེ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའོ། །དེ་ལ་ཕྱག་འཚལ་ཏེ་བཞི་པ་མངོན་པར་བྱང་ཆུབ་པའི་རིམ་པ་བདག་གིས་བཤད་ཅིང་བསྟན་པར་བྱའོ་ཞེས་པ་ནི་དྲང་བའི་དོན་ཏོ། །དེ་བཞིན་དུ་ཐམས་ 37-1-127a ཅད་སྟོང་པ་ནི་སྟོང་པ་ཉིད་གསུམ་སྡུད་པར་བྱེད་པའི་དེ་ཁོ་ན་ཉིད་དེ་དེ་སྟོན་པར་མཛད་པ་ཉིད་ཡིན་པའི་ཕྱིར་ཐམས་ཅད་སྟོང་པ་ཉིད་སྟོན་པ་པོའོ། །རྡོ་རྗེ་ནི་སྒྲིབ་པ་མེད་པའི་ཡེ་ཤེས་སོ། །གང་ཞིག་དེ་ལ་སེམས་ཤིང་གནས་པ་དེ་ནི་རྡོ་རྗེ་སེམས་དཔའ་སྟེ་དེ་ལ་ཕྱག་འཚལ་ནས་ སོ། །བཞི་པ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་གསུམ་པོ་སྡུད་པར་བྱེད་པ་ཡིན་པའི་ཕྱིར་བཞི་པ་སྟེ། དེ་ཉིད་མངོན་དུ་བྱང་ཆུབ་ཉིད་ཐོབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་མངོན་པར་བྱང་ཆུབ་པའོ། །དེའི་རིམ་པ་ནི་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་རིམ་པ་སྟེ་དེ་བདག་གིས་བཤད་པར་བྱའོ་ཞེས་བྱ་ བ་ནི་ངེས་པའི་དོན་ཏོ། །ཡང་ན་རྡོ་རྗེ་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དག་ཡིན་ཞིང་སེམས་དཔའ་ནི་འདོད་ཆགས་བར་མ་སྟེ་དེ་རྣམས་ཀྱི་ཐམས་ཅད་སྟོང་པ་ནི་ལྷན་ཅིག་སྐྱེས་པའོ། །དེ་སྟོན་པ་དེ་ལ་ཕྱག་འཚལ་ཏེ་བདག་གིས་བཤད་པར་བྱའོ་ཞེས་བྱ་བ་ནི་དགོངས་པས་བཤད་པའོ། །རྡོ་རྗེ་ ནི་གསང་བའི་རྡོ་རྗེ་ཡིན་ཞིང་སེམས་དཔའ་ནི་པདྨ་སྟེ་དེ་དག་འདུས་པ་ལས་ཐོབ་པའི་བདེ་བ་ཆེན་པོ་ནི་ཐམས་ཅད་སྟོང་པ་ཡིན་ཞིང་དེ་སྟོན་པ་པོ་ལ་ཕྱག་འཚལ་ཏེ་བཤད་པར་བྱའོ་ཞེས་བྱ་བ་ནི་དགོངས་པ་མ་ཡིན་པའོ། །རྡོ་རྗེ་སེམས་དཔའ་ནི་དྲུག་པ་རྡོ་རྗེ་འཆང་ངོ་། །རྟག་ཏུ་ཐམས་ཅད་ ནས་ཐམས་ཅད་དུ་སྟོང་ཞིང་གང་ཟག་དང་ཆོས་ལ་བདག་མེད་པ་དེ་ཁོ་ན་ཉིད་ཉེ་བར་སྟོན་པས་ན་ཐམས་ཅད་སྟོང་པ་སྟོན་པའོ། །དེ་ལ་ཕྱག་འཚལ་ཏེ་བདག་གིས་བཤད་པར་བྱའོ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། །རྔོ་ནི་སའོ། །རྗེ་ནི་ཆུའི་ཁམས་སོ། །སེམས་ནི་མེའི་ཁམས་སོ། །དཔའ་ནི་ རླུང་གི་ཁམས་སོ། །ཐམས་ནི་གཟུགས་སོ། །ཅད་ནི་སྒྲའོ། །སྟོང་ནི་དྲིའོ། །པ་ནི་རོ་སྟེ་ཁམས་དང་ཡུལ་དེ་རྣམས་ཀྱི་འོད་གསལ་བའི་དེ་ཁོ་ན་ཉིད་སྟོན་ཅིང་འཆད་པ་པོ་ལ་ཕྱག་འཚལ་ཏེ་བདག་གིས་བཤད་པར་བྱའོ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པ་མ་ཡིན་པའོ། །གང་ལ་ཡེ་ཤེས་ལྔའི་བདག་ཉིད་ ཀྱི་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་ལ་སེམས་ཤིང་གཏོད་པ་ཡོད་པ་དེ་ནི་རྡོ་རྗེ་སེམས་དཔའོ། །བརྟན་དང་གཡོ་བའི་དངོས་པོ་ཐམས་ཅད་སྟོང་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ་དེ་ཉེ་བར་སྟོན་པར་མཛད་པ་ཉིད་ཡིན་པའི་ཕྱིར་ཐམས་ཅད་སྟོང་པ་སྟོན་པ་པོའོ། །དེ་ལ་ཕྱག་འཚལ་ཏེ་བཤད་པར་བྱའོ་ཞེས་བྱ་བ་ནི་ཡི་ 37-1-127b གེའི་དོན་ཏོ། །རྡོ་རྗེ་ནི་འཛིན་པར་བྱེད་པའི་ཤེས་པ་རྣམས་སོ། །སེམས་དཔའ་ནི་གཟུང་བར་བྱ་བའི་ཡུལ་དང་དབང་པོ་རྣམས་ཏེ་དེ་དག་ཐམས་ཅད་གཅིག་དང་དུ་མ་ཉིད་དང་བྲལ་བའི་སྒོ་ནས་སྟོང་པ་ཉིད་དུ་སྟོན་ཅིང་རང་བཞིན་མེད་པའི་གནས་སུ་སྟོན་པ་པོ་ལ་ཕྱག་འཚལ་ཏེ་བཤད་པར་བྱའོ་ཞེས་བྱ་བ་ནི་ སྤྱིའི་དོན་ཏོ། །རྡོ་རྗེ་ནི་རྩ་བདུན་ཁྲི་ཉིས་སྟོང་ཡིན་ནོ། །སེམས་དཔའ་ནི་དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱིས་འགྲོ་བ་སྤྲུལ་པའོ། །དེ་ཡང་ངོ་བོ་ཉིད་ཀྱི་བདེ་བ་ཆེན་པོའི་རང་བཞིན་ཉིད་ཡིན་པའི་ཕྱིར་ཐམས་ཅད་སྟོང་པ་ཡིན་ཞིང་དེ་སྟོན་པར་མཛད་པ་ཉིད་ཡིན་པའི་ཕྱིར་ཐམས་ཅད་སྟོང་པ་སྟོན་པ་པོའོ། ། དེ་ལ་ཕྱག་འཚལ་ཏེ་བཤད་པར་བྱའོ་ཞེས་བྱ་བ་ནི་སྤྱིའི་དོན་ཏོ། །རྡོ་རྗེ་ནི་དགའ་བའོ། །སེམས་དཔའ་ནི་མཆོག་གོ། །ཐམས་ཅད་ནི་བྲལ་བ་སྟེ་དེ་རྣམས་ཀྱི་སྟོང་པ་ནི་ལྷན་ཅིག་སྐྱེས་པ་ཡིན་ཞིང་དེ་སྟོན་པ་དེ་ལ་ཕྱག་འཚལ་ཏེ་ཞེས་བྱ་བ་ནི་སྦས་པའོ། །རྡོ་རྗེ་ནི་འོད་གསལ་བའོ། །སེམས་དཔའ་ནི་དེ་ ལས་ལངས་པའི་ལྷའི་སྐུའོ། །ཐམས་ཅད་སྟོང་པ་ནི་སྒྱུ་མའི་དཔེ་བཅུ་གཉིས་ཏེ་དེ་རྣམས་སྟོན་པ་པོ་ལ་ཕྱག་འཚལ་ཏེ་བཤད་པར་བྱའོ་ཞེས་བྱ་བ་ནི་སྦས་པའོ། །རྡོ་རྗེ་ནི་རྡོ་རྗེ་ལྟར་མི་ཕྱེད་པའི་རྣམ་པར་ཤེས་པ་གསུམ་མོ། །སེམས་དཔའ་ནི་དེ་དང་འབྲེལ་པ་དེའི་རང་བཞིན་རྣམས་སོ། །དེ་རྣམས་ ཐམས་ཅད་ཀྱི་སྟོང་པ་ཉིད་ནི་འོད་གསལ་བའོ། །དེ་སྟོན་ཅིང་ཐོབ་པར་མཛད་པ་ལ་ཕྱག་འཚལ་ཏེ་བཤད་པར་བྱའོ་ཞེས་བྱ་བ་ནི་སྦས་པའོ། །རྡོ་རྗེ་ནི་རིལ་པོར་འཛིན་པའི་ཏིང་ངེ་འཛིན་ཏོ། །སེམས་དཔའ་ནི་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་ཏེ་དེ་དག་ལས་བྱུང་བའི་ཐམས་ཅད་སྟོང་པ་འོད་གསལ་ བ་དེ་སྟོན་པར་མཛད་ཅིང་དེ་ལ་དམིག་པར་མཛད་པ་ལ་ཕྱག་འཚལ་ཏེ་བདག་གིས་བཤད་པར་བྱའོ་ཞེས་བྱ་བ་ནི་མཐར་ཐུག་པའོ། །རྡོ་རྗེ་ནི་དོན་དམ་པའི་བདེན་པའོ། །སེམས་དཔའ་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ་དེ་དག་ལ་མི་གནས་པའི་མྱ་ངན་ལས་འདས་པ་ཉིད་ཡིན་པའི་ཕྱིར་ཐ་དད་པ་མེད་ པའི་ཐམས་ཅད་སྟོང་པའོ། །དེ་སྟོན་པ་པོ་ལ་ཕྱག་འཚལ་ཏེ་བདག་གིས་བཤད་པར་བྱའོ་ཞེས་བྱ་བ་ནི་མཐར་ཐུག་པའོ། །ད་ནི་ཕྱག་བྱ་བར་འོས་པའི་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་སློབ་དཔོན་ཐ་མི་དད་པར་བཤད་པར་བྱའོ་སྙམ་དུ་ཐུགས་ལ་བཞག་ནས། དེ་ནི་རང་འབྱུང་བཅོམ་ལྡན་ 37-1-128a འདས། །གཅིག་ཉིད་བདག་ཉིད་ཆེ་བའི་ལྷ། །མན་ངག་རྣམས་ནི་རབ་སྟེར་བས། །རྡོ་རྗ་སློབ་དཔོན་དེ་བས་ལྷག །ཅེས་བྱ་བ་གསུངས་ཏེ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་བག་ཆགས་རྣམས་བཅོས་པས་ན་བཅོམ་ལྡན་འདས་སམ་བྷ་ག་ལ་ བཞུགས་པ་ཉིད་ཡིན་པའི་ཕྱིར་བཅོམ་ལྡན་འདས་སོ། །ཇི་ལྟ་བུ་ཞེ་ན་རང་འབྱུང་སྟེ་ཆོས་ཐམས་ཅད་ལ་ཁྱབ་པར་བྱེད་པའི་རང་བཞིན་གྱི་ཆོས་ཉིད་ཀྱི་ངོ་བོའོ། །དེ་བཞིན་ཉིད་ཀྱི་ཆོས་ཉིད་ནི་རྒྱུ་འགའ་ཞིག་གིས་སོ་སོར་ངེས་པའི་ཚོགས་པ་ལ་བརྟེན་ནས་ཐོབ་པར་བྱ་བའམ་བསྐྱེད་པར་ བྱ་བ་ཡིན་ཏེ།འོན་ཀྱང་དེ་ནི་ནམ་མཁའ་བཞིན་དུ་རང་ཉིད་འབྱུང་བ་ཁོ་ན་ཡིན་པའི་ཕྱིར་རང་འབྱུང་ངོ་། །མཐོང་བ་དང་བསྒོམ་པའི་ལམ་ལ་སོགས་པའམ་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་ལ་སོགས་པས་ནི་གློ་བུར་བའི་དྲི་མ་བཅོས་མ་རྣམས་སྤང་བར་བྱ་བ་ཡིན་གྱི་དེ་ཁོ་ན་ཉིད་བསྐྱེད་ པར་བྱ་བ་ནི་མ་ཡིན་ནོ། །རང་བཞིན་གཞན་དུ་བྱ་བར་ནུས་པ་མ་ཡིན་ཏེ། ནམ་མཁའ་བསྟན་དུ་ཡོད་པ་ཉིད་ལ་སོགས་པར་མི་ནུས་པ་བཞིན་ནོ། །བུ་རམ་གྱི་ནི་མངར་དང་མེའི། །ཚ་བ་རང་བཞིན་ཡིན་པ་ལྟར། །དེ་བཞིན་ཁོ་ནར་ཆོས་རྣམས་ཀྱི། །སྟོང་པ་རང་བཞིན་ཡིན་པར་ འདོད། །དེས་ཀྱང་གསུངས་སོ། །དེ་ཡང་གཅིག་ཉིད་ཡིན་ཞིང་ཉིད་ཀྱི་སྒྲ་ནི་ངེས་པར་གཟུང་བའི་དོན་ཏོ། །ཆོས་ཉིད་ལ་ཐ་དད་པ་མེད་པའི་ཕྱིར་རོ། །དེ་དང་ལྡན་པ་ཉིད་ཡིན་ནི་ཀུན་རྫོབ་བཞིན་དུ་ཁྱབ་པར་བྱེད་པ་ཉིད་མ་ཡིན་པའི་ཕྱིར་རོ། །དེ་ནི་བདག་ཉིད་ཆེ་བའི་ལྷ་སྟེ་ཡེ་ཤེས་ ལྔའི་བདག་ཉིད་ཀྱི་དེ་བཞིན་གཤེགས་པ་རྣམས་སྡུད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དྲུག་པ་དེ་བཞིན་གཤེགས་པ་རྣམས་ཀྱི་བདག་པོ་ཡང་ཡིན་ནོ། །དེ་ལྟ་བུའི་རྣམ་པ་ཅན་གྱི་བཅོམ་ལྡན་འདས་རྡོ་རྗེ་འཆང་བས་ཀྱང་རྡོ་རྗེ་སློབ་དཔོན་ལྷག་ཅིང་ཁྱད་པར་དུ་འཕགས་པར་ཤེས་ པར་བྱའོ། །ཅིའི་ཕྱིར་ཞེ་ན། རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱེད་པའི་མན་ངག་རབ་སྟེར་བ་སྟེ་ཁྱད་པར་དུ་སྟེར་བར་བྱེད་པའི་ཕྱིར་རོ། །དགོངས་པ་ནི་རེ་ཞིག་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ནི་མངོན་སུམ་དུ་མཐོང་བའམ་ལུང་འབོགས་པར་བྱེད་པ་མ་ཡིན་ཏེ། འོན་ཀྱང་ 37-1-128b བསྒོམས་པའི་སྟོབས་ཀྱིས་དེ་ཁོ་ན་ཉིད་འདི་ཁོང་དུ་ཆུད་པར་འགྱུར་རོ། །བསྒོམ་པ་དེ་ཡང་བླ་མའི་སྐུ་དྲིན་ཁོ་ནས་རྙེད་པར་འགྱུར་བ་ཡིན་པའི་ཕྱིར་ངོ་བོ་གང་ཞིག་སྔོན་མ་ཤེས་པ་ཤེས་པར་བྱེད་པ་གང་ཡིན་པ་དེ་ནི་དེ་བས་ཆེས་ལྷག་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ཡིན་ཏེ་དགོངས་པ་ མ་ཡིན་པའོ། །དེ་མཉེས་པར་བྱ་བ་ནི། ཟླ་བ་ཕྱེད་དམ་ཟླ་བ་རུ། །དེ་ནི་ཡང་དག་མཉེས་བྱ་སྟེ། །མཉེས་པར་གྱུར་པའི་བླ་མ་ལ། །ཅི་ནུས་པས་ནི་མཆོད་པར་བྱ། །ཞེས་བྱ་བ་གསུངས་ཏེ་དང་པོར་རེ་ཞིག་མངོན་པར་བྱང་ཆུབ་པའི་རིམ་པའི་མན་ངག་དོན་དུ་གཉེར་བའི་སློབ་མས་ཟླ་ བ་ཕྱེད་དམ་ཟླ་བའམ། དམ་གྱི་སྒྲས་ལོ་ལ་སོགས་པར་ཡང་དག་པར་གུས་པའི་བསྙེན་བཀུར་གྱིས་མཉེས་ཤིང་ཐུགས་དགྱེས་པར་བྱ་སྟེ་ཅི་ནུས་པ་འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་པའི་མཚན་ཉིད་ཀྱིས་མཆོད་པར་ཡང་བྱའོ། །དེའི་རྗེས་ལ་བསྙེན་བཀུར་དང་མཆོད་པའི་རིམ་ གྱིས་མཉེས་པར་གྱུར་པ་དེ་ལ་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར། དེ་ལ་ཕྱག་རྒྱ་ལེགས་པར་བསླབས། །ཅི་འབྱོར་པ་ནི་འབུལ་བྱས་ནས། །ཚོགས་ཀྱི་དཀྱིལ་འཁོར་དབུས་སུ་ནི། །ཆོ་ག་ཇི་བཞིན་མཆོད་པར་བྱ། །ཞེས་བྱ་བ་གསུངས་ཏེ་དེའི་རྗེས་ལ་དེ་ལ་ཕྱག་རྒྱ་སྟེ་དམ་ཚིག་གི་ཕྱག་རྒྱ་ལེགས་ པར་བསླབས་ཤིང་ཐོས་པ་ལ་སོགས་པའི་རིམ་གྱིས་དམ་ཚིག་དང་ལྡོམ་པའི་ཕ་རོལ་ཏུ་ཕྱིན་པ་ཅི་འབྱོར་པ་ཞེས་བྱ་བ་གང་ཞིག་གདོལ་པ་དང་བཙོ་བླག་མཁན་གྱི་རིགས་སུ་སྐྱེས་པ་དང་དེ་མེད་ན་ཁ་དོག་གམ་འདོད་པའི་ལྷ་མཉེས་པར་བྱེད་པའི་སྒོ་ནས་རང་གི་རིགས་དང་མཐུན་པར་དབུལ་ བར་བྱས་ཏེ་ཕུལ་ནས་སོ། །དེའི་རྗེས་ལ་བླ་མ་དེ་ལ་ཚོགས་འཁོར་དབུལ་ཏེ་ཚོགས་ཀྱི་འཁོར་ལོའི་དབུས་སུ་མཆོད་པ་བྱ་ཞིང་རྗེད་པར་བྱའོ། །ཆོ་ག་བཞིན་ཞེས་བྱ་བ་ནི་ཆོ་ག་ལས་མ་འདས་པར་རོ། །དེ་ལ་ཆོ་ག་ནི་འདི་ཡིན་ཏེ། རེ་ཞིག་དང་པོར་ཉན་ཐོས་ཀྱི་རིགས་ཅན་མ་ གཏོགས་པ་དགེ་བསྙེན་དང་དགེ་སློང་དང་། རྡོ་རྗེ་སློབ་དཔོན་དང་རྣལ་འབྱོར་པ་རྣམས་བསོགས་ཏེ་དེ་རྣམས་ལ་རིམ་པ་བཞིན་དུ་གདན་གདིང་བར་བྱའོ། །དེ་ལ་གྲལ་གཅིག་ཏུ་བསླབ་པ་ཇི་ལྟ་བུ་བཞིན་དུ་དགེ་སློང་གི་དགེ་འདུན་བཞུགས་སུ་གསོལ་ཅིང་དེའི་འོག་ཏུ་དགེ་བསྙེན་གྱི་ 37-1-129a ཚོགས་རིམ་པ་བཞིན་དུ་འདུག་ཏུ་བཞུག་གོ། །དེའི་རྗེས་ལ་རྡོ་རྗེ་སློབ་དཔོན་གྱི་ཚོགས་དགེ་སློང་གི་ཚོགས་ཀྱི་མདུན་གྱི་གྲལ་ལ་བཞུགས་སུ་གསོལ། རྣལ་འབྱོར་པའི་ཚོགས་ནི་ཐམས་ཅད་ཀྱི་གོང་དུ་བཞུགས་སུ་གསོལ་བ་ཁོ་ན་སྟེ་རྣལ་འབྱོར་པ་དགེ་བསྙེན་ནམ་ དགེ་སློང་ངམ་དགེ་ཚུལ་ཇི་ལྟ་བུ་ཡིན་ཡང་རུང་སྟེ་གོང་དུ་བཞག་པའི་རིགས་སོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེའི་རྗེས་ཐོགས་ལ་སྒྲུབ་པ་པོ་མདུན་དུ་འོངས་ནས་ཕྱག་བྱས་ཏེ་གོ་རིམས་བཞིན་དུ་ཐམས་ཅད་ཀྱི་རྐང་པ་བཀྲུ་བར་བྱའོ། །དེ་ལ་རྡོ་རྗེ་ལས་ཀྱི་ངོ་བོ་བསྙེན་ བཀུར་བ་གཅིག་བསྐོ་བར་བྱ་སྟེ། དེར་དེ་རྣམས་ཀྱི་མདུན་དུ་བདུད་རྩི་ལྔའི་ཆོས་འབྱུང་གི་ཕྱག་རྒྱ་གྲུ་གསུམ་དུ་བྱ་ཞིང་། དེའི་ནང་དུ་ཐིག་ལེའི་གཟུགས་ཟླུམ་པོ་བྱ་སྟེ་དེའི་ནང་དུ་མེ་ལོང་གི་གཟུགས་བརྙན་དང་མཚུངས་པའི་དཀྱིལ་འཁོར་གྱི་འཁོར་ལོ་དང་པོ་བལྟ་བར་བྱའོ། །དེའི་འོག་ཏུ་ ཐོད་པ་དུམ་བུ་གཅིག་པ་དེ་བཞིན་གཤེགས་པ་ལྔའི་ས་བོན་གྱི་བྱིན་གྱིས་བརླབས་པའི་བདུད་རྩི་ལྔས་གང་བ་གཞག་པར་བྱ་ཞིང་མེ་ཏོག་དགྲམ་པར་བྱའོ། །ཐོད་པའི་ཕྱོགས་གཉིས་སུ་ཐོད་པ་གཞན་གཉིས་བཞག་སྟེ་གཅིག་ནི་རྒུན་ཆང་གིས་གདབ། ཅིག་ཤོས་ནི་འབྲུའི་ཆང་གིས་གང་ བ་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཧཱུྃ་དང་ཧྲཱི་ཡིག་གི་ས་བོན་གྱི་བྱིན་གྱིས་བརླབས་པ་དང་། མེ་ཏོག་དགྲམ་པས་མཛེས་པར་བྱས་ཏེ་པདྨའི་སྣོད་གསུམ་པོ་དབུས་མ་ནས་བརྩམས་ཏེ་གཡས་པ་དང་གཡོན་པ་དག་གོས་སྔོན་པོ་དང་དཀར་པོ་དང་དམར་པོ་རྣམས་ཀྱིས་དགབ་པར་བྱའོ། །དེ་ ནས་རྡོ་རྗེ་ལས་ཀྱི་ཕྱག་འཚལ་བ་སྔོན་དུ་འགྲོ་བ་ཅན་གྱིས་རྫས་དྲི་ཞིམ་པོ་ལ་སོགས་པ་མཆོད་པ་རྣམ་པ་ལྔས་མཆོད་པར་བྱའོ། །དེའི་རྗེས་ལ་སྣོད་དབུས་མ་ལས་བདུད་རྩི་བླངས་ཏེ་སྣོད་གཉིས་པོ་ལ་གཏོར་བར་བྱའོ། །དེའི་རྗེས་ལ་སྣོད་གཅིག་བླངས་ཏེ་གོས་བཤུས་ནས་རྣལ་འབྱོར་ པའི་གྲལ་ལ་གོ་རིམས་བཞིན་དུ་དྲང་བར་བྱའོ། །དེ་ནས་དགེ་སློང་དང་དགེ་ཚུལ་དང་དགེ་བསྙེན་དང་རྡོ་རྗེ་སློབ་དཔོན་གྱི་གྲལ་ལ་སྟེ་དྲངས་པའི་འོག་ཏུ་རེ་རེ་ཞིང་ཕྱག་བྱའོ། །འདྲེན་པ་གང་ནས་བརྩམས་པ་དེ་ལ་ཕྱིས་ཀྱང་དྲང་བར་བྱའོ། །དེའི་རྗེས་ལ་ཤའི་ཚོད་མ་རྣམ་པ་ཐ་དད་པ་མང་པོ་དང་ 37-1-129b འབྲས་དྲི་ཞིམ་པོའི་འབྲས་ཆན་དང་འབྲས་ཀྱི་རྒྱལ་པོའི་འབྲས་ཆན་རོ་དྲུག་དང་ལྡན་པ་བསླབ་པའི་གྲལ་རིམ་བཞིན་དུ་སྣོད་རྣམས་སུ་དྲང་བར་བྱ་ཞིང་ཨོཾ་ཨཱཿདི་བྱ་ཨ་ན་ས་མཱ་དྷཱི་དྷྱ་ན་པྲི་ན་ནི་སྭཱ་ཧཱ། ཞེས་བྱ་བའི་སྔགས་བརྗོད་པར་བྱའོ། །ཕྱེད་ཟོས་པ་ན་སྣོད་ཆེན་པོ་གཅིག་བླངས་ནས་ཐམས་ཅད་ གཅིག་ཏུ་བསྲེས་ཏེ་ཀུན་གྱིས་དུས་གཅིག་ཏུ་བཟའ་བར་བྱའོ། །བཏུང་བའི་རྫས་རྣམས་ཀྱང་དེ་ཁོ་ན་བཞིན་དུ་གཅིག་ཏུ་བསྲེས་ཏེ་མྱང་བར་བྱའོ། །དེའི་རྗེས་ལ་རྡོ་རྗེ་ལས་ཀྱི་ཅང་ཏེའུ་ལ་མཆོད་པ་བྱ་སྟེ། ཡི་གེ་གསུམ་བཟླས་ནས་ཧཱུྃ་དང་ཕཊ་ཀྱི་རང་བཞིན་གྱི་རོལ་མོའི་སྒྲ་བསྒྲགས་པར་ བྱ་ཞིང་རྡོ་རྗེ་ནལ་འབྱོར་མ་རྣམས་ཀྱིས་ཀྱང་རྡོ་རྗེའི་གར་སྣ་ཚོགས་པ་བྱ་སྟེ། རྒྱུ་མེད་དངོས་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ལ་སོགས་པའི་རྡོ་རྗེའི་གླུ་དབྱངས་བླང་བར་བྱའོ། །ཁ་ཅིག་ནི་ཐམས་ཅད་ཀྱིས་ཀྱང་གར་བྱའོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་འཁོར་ལོའི་གཙོ་བོས་གར་ བྱེད་ཅིང་གཞན་རྣམས་ཀྱིས་ན་གླུ་དང་རོལ་མོ་བྱའོ་ཞེས་མཆོག་ཏུ་དགའ་བ་ཐོབ་པ་ན་གར་གཞག་པར་བྱའོ། །ཕྱི་རོལ་གྱི་སྐྱེད་མོས་ཚལ་ན་ངང་པ་དང་ཅེ་སྤྱང་དང་བུང་བ་རྣམས་སྒྲ་སྒྲོགས་པ་ནི་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པའི་རྟགས་སོ། །གལ་ཏེ་དེའི་ནང་དུ་རྒྱུ་རྐྱེན་ འགའ་ཞིག་བཞད་གད་བྱེད་དམ་རྩོད་པ་བྱེད་པ་དེ་ནི་སྐད་ཅིག་དེ་ཉིད་ལ་བསྐྲད་པར་བྱ་ཞིང་གུས་པས་འབུལ་ན་ཆད་པའི་ལས་བྱེད་དུ་གཞུག་གོ། །དེ་ནས་ཐམས་ཅད་ལ་འབྲས་བུ་གསུམ་དང་ལོ་མ་དང་བསྲེས་པའི་གོ་ལ་དྲངས་ཏེ་ཡོན་ཏན་རྣམ་པ་བཞི་ཕུལ་ནས་ཟས་ཀྱི་ལྷག་མ་ གཅིག་ཏུ་བསྡུས་ཏེ་སྔགས་འདིས་དུར་ཁྲོད་དུ་གཏོར་བར་བྱའོ། །ཨོཾ་ཀུ་རུ་ཀུ་རུ་ཝ་ཏྟཱ་ལི་མ་ཧཱ་ཝཏྟཱ་ལི། སིདྷཱ་མུ་ཧི་ཤྨ་ཤཱ་ན་ཝ་སི་ནི། པྲེ་ཏ་ཝ་དྷ་ནི། ཙཎྜི་ཀ་རཱ་ལི། རུ་དྷི་པྲི་ཏི་ཡི། ས་མ་ཡཾ་རཀྵཾ་ཏི། ཡོ་ག་དྷ་རི། ཀི་ལི་ཀི་ལི་ར་ཝེ། བཛྲ་པྲི་ཏི་ཝན་མ་དྷྱེ། བྷུཉྫ་ཧི། བྷཀྵ་ཁ་ཧི། ཀུ་ཀྵན་དཱུ་ཏེ། དྷཱུ་མཱངྒ་རི། ཙཎྜི་ཀ་རཱ་ལི། ཏིཥྛ་ཏིཥྛ། ཨི་མཱ་མུ་ཙྪིཥྛ་པ་ལི་གྲྀཧྞཱ་སརྦ་དུཥྚཱཾ། བྷཀྵ་ཡ་བྷཀྵ་ཡ། ཧོ་ཕེཾ་ཕེཾ་ཕཊ་སྭཱ་ཧཱ། ཞེས་བྱ་བ་འདིས་བྱིན་གྱིས་བརླབས་ནས་དུར་ཁྲོད་དུ་གཏོར་བར་བྱའོ། །དེ་ནས་ཐམས་ཅད་ནི་བདེ་བར་གནས་པར་བྱའོ། །དེ་ནི་ཆོ་ག་བཞིན་དུ་ཞེས་བྱ་བའི་སྒྲས་བསྟན་པ་ཡིན་ 37-1-130a ཏེ་སྒྲ་ཇི་བཞིན་པའོ། །མཆོད་པར་བྱས་ནས་ཅི་ཞིག་བྱ་ཞེ་ན་དེའི་ཕྱིར། དེ་ནས་འདོད་ཡོན་ལྔ་སྤྱད་པས། །རྣལ་འབྱོར་ཆེན་པོ་མཉེས་གྱུར་པས། །ཆོ་ག་བཞིན་དུ་སྙོམས་འཇུག་བྱ། །སྣང་བ་དག་ནི་འབྱུང་བ་ན། །ཞེས་བྱ་བ་གསུངས་ཏེ་རྣལ་འབྱོར་ཆེན་པོ་སྟེ། རྡོ་རྗེ་ སློབ་དཔོན་ཚོགས་ཀྱི་འཁོར་ལོའི་མཆོད་པ་དང་འདོད་པ་ལྔ་ལ་ལོངས་སྤྱོད་པའི་སྒོ་ནས་མཉེས་པར་གྱུར་པས་ན། སྣང་བ་དག་ནི་འབྱུང་བ་ན་སྟེ་དྲོད་ཀྱི་དུས་སྙོམས་པར་འཇུག་སྟེ་ས་བོན་ལྔས་བྱིན་གྱིས་བརླབས་པའི་དམ་ཚིག་གི་ཕྱག་རྒྱ་དང་ལྷན་ཅིག་སློབ་མ་རྗེས་སུ་གཟུང་བའི་དོན་དུ་སྤྱོར་བར་བྱའོ། །ཆོ་ ག་བཞིན་དུ་ཞེས་བྱ་བ་ནི་རྒྱུད་ལས་གསུངས་པའི་ཆོ་ག་བཞིན་དུ་བྱའོ། །དེ་ལ་ཆོ་ག་བསྡུས་པ་ནི་འདི་ཡིན་ཏེ། དང་པོ་སྟོང་པ་ཉིད་ནམ་པར་བསམས་ཏེ། དེ་ནས་བདག་བྱིན་གྱིས་བརླབ་པའི་རིམ་པས་ཡེ་ཤེས་ཀྱི་སྐུ་སྐད་ཅིག་གིས་སྤྲོས་ནས། ལྷ་མོ་ཡང་དེ་ཁོ་ན་བཞིན་དུ་རྣམ་པར་བསྒོམས་ ནས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པར་བྱས་ནས་དེ་བཞིན་གཤེགས་པ་ལྔའི་ས་བོན་རྣམས་ཀྱིས་མགོ་བོ་ལ་སོགས་པ་རྣམས་སུ་གོ་ཆ་བཀོད་དེ། སངས་རྒྱས་སྤྱན་ལ་སོགས་པ་ཕྱག་རྒྱ་བཞིས་ནུ་མ་དང་མཆུ་དང་པདྨ་དང་པདྨ་འི་ནང་རྣམ་པར་དག་པར་བསྒོམས་ནས། གཟུགས་ རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་ཡུལ་རྣམ་པར་དག་པར་བྱས་ནས་དེ་ཁོ་ན་བཞིན་དུ་བདག་ཉིད་ཀྱི་མིག་ལ་སོགས་པ་ཡང་སའི་སྙིང་པོ་ལ་སོགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་ནས་དེའི་པདྨ་ཡང་ཡི་གེ་ཨ་ཡོངས་སུ་གྱུར་པའི་པདྨ་འདབ་མ་བརྒྱད་པ་ཡི་གེ་ཨོཾ་གྱི་བྱིན་གྱིས་ བརླབས་པའི་བདེ་བ་དང་ལྡན་པར་བསམས་ཏེ། རྡོ་རྗེ་ཡང་ཡི་གེ་ཧཱུྃ་ལས་བྱུང་བའི་རྩེ་མོ་ལྔ་པ་ཨོཾ་གྱི་བྱིན་གྱིས་བརླབས་པའི་ནོར་བུའི་ཆ་དང་ལྡན་པར་བྱས་ནས། དེ་དག་གི་རྩེ་མོར་ཡི་གེ་ཧཱུྃ་དང་ཕཊ་གོ་རིམས་བཞིན་དུ་ཆར་དགག་པའི་དོན་དུ་བཀོད་དེ། རང་གི་ལྷའི་འདོད་པའི་ང་རྒྱལ་གྱིས་ བདེ་བ་ཆེན་པོ་ཉམས་སུ་མྱོང་ནས་དེ་བཞིན་གཤེགས་པ་ཐམས་ཅད་མཆོག་ཏུ་རྗེས་སུ་ཆགས་པའི་སྒྲས་བཅུག་སྟེ། ལམ་དབུ་མ་ནས་རྡོ་རྗེའི་རྩེ་མོར་བྱང་ཆུབ་ཀྱི་སེམས་ཐིག་ལེའི་གཟུགས་ཅན་བཟུང་ནས་དེའི་ནང་གི་ཁྱབ་པར་བྱེད་པའི་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་ཉམས་སུ་མྱོང་སྟེ། 37-1-130b དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་པདྨའི་ནང་དུ་དབྱུང་བར་བྱ་སྟེ་སྦས་པའོ། །དེ་ལས་ལངས་ནས་ཅི་ཞིག་བྱ་ཞེ་ན་དེའི་ཕྱིར། བྱང་ཆུབ་སེམས་ནི་རབ་འབད་པས། །བུམ་པ་ལ་སོགས་དག་ནི་གཞག །སློབ་མ་བཟང་བ་བླ་མ་ཡིས། །བརྩེ་བས་ནམ་ཕྱེད་དུས་ དབང་བསྐུར། ཞེས་བྱ་བ་གསུངས་ཏེ། དེའི་རྗེས་ལ་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་པདྨའི་སྒོ་ནས་ལག་པས་མ་རེག་པར་བླངས་ནས་བུམ་པ་ལ་སོགས་པ་སྟེ་དུང་ཆོས་དང་ཉ་ཕྱིས་དང་པདྨའི་སྣོད་ལ་སོགས་པ་དེ་དག་ཉིད་དུ་བཞག་ནས། དེ་ཉིད་ཀྱི་ ངང་གིས་སློབ་མ་རྣམ་པར་སྣང་མཛད་རྡོ་རྗེར་བསམ་སྟེ། དེ་ལ་སྙིང་རྗེ་བསྐྱེད་ནས་མཚན་ཕྱིད་ཀྱི་དུས་སུ་དབང་བསྐུར་བ་སྦྱིན་པར་བྱའོ། །དེས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་བདག་ཉིད་ཀྱི་གློས་བཏུད་པར་བྱའོ་ཞེས་བྱ་བ་ནི་གསང་བའི་དབང་བསྐུར་བ་སྟེ་སྦས་པའོ། ། ཤེས་རབ་ཡེ་ཤེས་དབང་བསྐུར་བ་ནི། དབང་བསྐུར་ཡང་དག་ཐོབ་ནས་ནི། །ཐོ་རངས་དུས་སུ་ཡང་མཆོད་ལ། །སློབ་མ་ཐལ་མོ་སྤྱོར་བ་ཡིས། །བསྟོད་པས་བླ་མ་མཉེས་པར་བྱ། །ཞེས་བྱ་བ་གསུངས་ཏེ་དགོངས་པ་འདི་ཡིན་ནོ། །གསང་བའི་དབང་བསྐུར་བ་ཐོབ་པའི་རྗེས་ཐོགས་སུ་ཤེས་ རབ་དེ་བླ་མས་དེ་ལ་སྦྱིན་པར་བྱའོ། །བཅོམ་ལྡན་འདས་མ་དེས་ཀྱང་སྐྲ་གྲོལ་ཞིང་གོས་མེད་པར་གྱུར་པས་དེ་ལ་ཚིག་འདི་སྐད་དུ་བརྗོད་པར་བྱ་སྟེ། བི་དང་མུ་ཏྲ་སོགས་ཟ་དང་། །རཀྟ་ཤུ་ཀྲ་དེ་བཞིན་ཤ །དེ་བཞིན་བུད་མེད་རྣམས་ལ་གུས། །བྷ་གའི་པདྨར་ཙུམ་པ་ན། །རྡོ་རྗེ་ཁྱོད་ཀྱིས་ ནུས་སམ་ཅི། །རྡོ་རྗེ་ཅི་བདེ་བར་ནི་སྨྲོས། །བི་དང་མུ་ཏྲ་སོགས་ཟ་དང་། །རཀྟ་ཤུ་ཀྲ་དེ་བཞིན་ཤ །དེ་བཞིན་བུད་མེད་རྣམས་ལ་གུས། །བྷ་གའི་པདྨར་ཙུམྦ་ན། །ལྷ་མོ་བདག་གིས་ཅིས་མི་ནུས། །ཐམས་ཅད་བདག་གིས་ནུས་པ་ཉིད། །ཅེས་བྱ་བ་བརྗོད་པར་བྱའོ། །དེ་ ནས་ལྷ་མོ་དེས་རང་གི་ལག་པ་དག་གིས་པདྨོའི་ངོས་གཉིས་ནས་བཟུང་སྟེ་པདྨ་བརྒྱངས་ནས་རྩའི་འཁོར་ལོ་བསྟན་པར་བྱའོ། །དེ་ལ་པདྨའི་ནང་དུ་རྩའི་འཁོར་ལོ་འདི་ལྟར་བསྟན་པར་བྱ་སྟེ། ཀྱེའི་རིགས་ཀྱི་བུ་དབུས་ན་གནས་པའི་མིའི་སྣ་ལྟ་བུའི་རྩར་མས་གཡོགས་པར་གྱུར་ 37-1-131a པས་སྐྱེས་བུའི་ལིངྒ་དང་མཚུངས་པའི་རྩ་དེ་ནི་རྩ་དབུ་མ་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ་ཞེས་བྱ་སྟེ། རྣམ་གྲངས་གཞན་ཡང་ཀུན་དུ་བཟང་མོ་ཡིན་ཞིང་དཔལ་རྡོ་རྗེ་བདུད་རྩི་ལས་གསུངས་པའི་རྩ་སུམ་ཅུ་རྩ་གཉིས་ཀྱི་ནང་ནས་གཙོ་བོར་གྱུར་པ་རཀྟ་དང་ཤུ་ ཀྲ་དག་སྡུད་པར་གྱུར་པ་སྟེ། དེ་ཉིད་ལས་ཁམས་གསུམ་པ་སྐྱེ་བར་འགྱུར་ཞིང་དེ་ཉིད་དུ་ཐིམ་པར་འགྱུར་རོ། །དེ་ཉིད་ནི་དེ་བཞིན་གཤེགས་པ་མི་བསྐྱོད་པའི་ངོ་བོ་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་དང་སེམས་ཅན་ ཐམས་ཅད་སྐྱེད་པར་བྱེད་པ་དང་སྡུད་པར་བྱེད་པ་ཡིན་ནོ། །རྩ་གཡོན་པ་འདི་ནི་བྱང་ཆུབ་ཀྱི་སེམས་འབབ་ཅིང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པའི་རང་བཞིན་ཟླ་བ་ཞེས་བྱ་བ་ཡིན་པར་ཤེས་པར་བྱ་ཞིང་དེ་ཉིད་ཐུར་དུ་སེལ་བའི་རླུང་གི་རང་བཞིན་དང་འགྲོ་བ་ ཐམས་ཅད་སྐྱེད་པར་བྱེད་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །གཡས་ཕྱོགས་ན་གནས་པའི་རྩ་རུས་སྦལ་ཞེས་བྱ་བ་རཀྟ་འབབ་པ་གང་ཡིན་པ་དེ་ནི་ཐབས་ཀྱི་རང་བཞིན་ཡིན་པར་ཤེས་པར་བྱའོ། །དེའི་རྗེས་ལ་མདུན་གྱི་ཆ་ན་གནས་པའི་རྩ་བྱང་སེམས་བྱུང་བ་གང་ཡིན་པ་དེ་ནི་རྣམ་པར་སྣང་ མཛད་ཀྱི་རང་བཞིན་ཡིན་པར་ཤེས་པར་བྱའོ། །དེའི་རྗེས་ལ་རྒྱབ་ཀྱི་ཆ་ན་གནས་པའི་རྩ་གཞུ་ལས་རྒྱལ་མ་ཞེས་བྱ་བ་ཤ་འབྱུང་བ་གང་ཡིན་པ་དེ་ནི་བཅོམ་ལྡན་འདས་དོན་ཡོད་པར་གྲུབ་པའི་རང་བཞིན་ཡིན་པར་ཤེས་པར་བྱའོ། །དེ་ནས་ཕྱི་རོལ་ན་པདྨ་འདབ་མ་བརྒྱད་པ་ལྟ་བུ་སྣང་བ་གང་ཡིན་པ་ དེ་ནི་རྣམ་པར་ཤེས་པ་བརྒྱད་རྣམ་པར་དག་པའི་རང་བཞིན་གྱི་རྩ་བརྒྱད་དུ་ཤེས་པར་བྱ་སྟེ་རིགས་ཀྱི་བུ། བྷ་གའི་དབུས་ན་ནམ་མཁའ་གང་། །ནམ་མཁའ་ལྔ་ཡིས་བརྒྱན་པ་སྟེ། །ལྟེ་བ་གེ་སར་རྣམས་དང་ལྡན། །འདབ་མ་བརྒྱད་ཀྱིས་རྣམ་སྤྲས་པ། །དེར་གནས་བདུད་རྩིའི་ཐིག་ལེ་ཡི། ། གཟུགས་སུ་རྟག་ཏུ་འཛག་པ་ཡིན། །ཞེས་བྱ་བ་ལ་སོགས་པ་དང་རིགས་ཀྱི་བུ་དེ་སྐད་དུ་ཡང་། བྷ་ག་ཡི་ནི་དབུས་གནས་པ། །མྱོས་བྱེད་འཛག་པའི་རྩ་གང་ཡིན། །དེ་ནི་རྩ་གང་སུམ་ཅུ་གཉིས། །དེ་རྣམས་ནང་ནས་གཙོ་བོ་ཡིན། །ཞེས་ཀྱང་གསུངས་སོ། །དེའི་ཕྱིར། ཀྱེ་མའོ་བདག་ 37-1-131b གི་པདྨ་འདི། །བདེ་བ་ཀུན་དང་ཡང་དག་ལྡན། །གང་ཞིག་ཆོ་ག་བཞིན་བརྟེན་པ། །དེ་ཡི་མདུན་ན་བདག་གནས་ཤིང་། །འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་རབ་གྲོལ་བྱེད། །བདེ་བ་ཆེན་པོ་རབ་ཉིད་ནི། །དངོས་པོ་ཀུན་གྱིས་འདི་ལ་གནས། །ཞེས་བྱ་བ་འདི་ ནི་སྤྱིའི་མཚན་ཉིད་ཡིན་པར་ཤེས་པར་གྱིས་ཤིག་ཅེས་བྱ་བའི་ཕྱག་རྒྱའི་ཚིག་དེ་ལྟ་བུ་ཐོས་ཏེ་དེ་ནས་དེས་མིག་དང་ལྕགས་ཀྱུ་དང་བ་དན་དང་སྡིགས་མཛུབ་ཟུང་གཅིག་གིས་དེའི་ནང་དུ་ཇི་སྲིད་རེག་བྱ་དྲོ་བའི་བར་དུ་བསྐྱོད་དེ། དེ་ནས་ལྕེའི་རྩེ་མོས་ཀྱང་ཨ་སྤ་ད་ནཾ་བྱས་ནས་ཨ་ལིང་ག་ན་དང་ཙུམ་ པ་ན་ལ་སོགས་པ་བྱ་ཞིང་ཤེས་རབ་དང་དེའི་རྡོ་རྗེ་སྟ་བ་དཱ་ན་ཨུ་པ་རེ་འདུག་ནས་སངྒར་ཤ་བྱའོ། །དེའི་རྗེས་ལ་ཤེས་སམ་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་མཐོང་སྟེ། རྡོ་རྗེ་སློབ་དཔོན་གྱི་ཐུགས་ཀ་ནས་གཏི་མུག་དགའ་མ་ལ་སོགས་པ་བཞི་པོ་རྣམ་པར་སྤྲོས་ནས་སློབ་མའི་ཁར་བཅུག་ སྟེ། གཏི་མུག་དང་འདོད་ཆགས་དང་ཞེ་སྡང་དང་ཕྲག་དོག་གི་རྒྱུན་རྣམས་ཀྱིས་དབང་བསྐུར་ནས་དབང་གི་རིམ་གྱིས་དཔེ་ལྷན་ཅིག་སྐྱེས་པ་ཤེས་སུ་གཞུག་གོ། །དེའི་རྗེས་ལ་ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་བའི་ཡི་གེ་ཧཱུྃ་དང་ཕཊ་ཀྱི་སྒྲས་བྱང་ཆུབ་ཀྱི་སེམས་ཡན་ལག་མཆོག་གནང་དུ་ཕྱུང་ སྟེ། དེ་ཡང་དེ་ལས་མ་ལྷུང་བར་ར་ས་ཡ་ནས་མྱང་བར་བྱའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་དབང་བསྐུར་བའོ། །དེ་ལྟ་བུའི་ཤེས་རབ་ཀྱི་དབང་ནམ་ཕྱེད་ཀྱི་དུས་སུ་ཡང་དག་པར་ཐོབ་ནས་ཐོ་རངས་ཀྱི་དུས་སུ་སྟེ་སྐྱ་རེངས་འཆར་ཀའི་དུས་སུ་སྟེ་མཆོད་པ་རྣམ་པ་ལྔ་ཡང་མཆོད་དེ། ཤེས་རབ་ཡེ་ ཤེས་ཀྱི་དབང་ཐོབ་པར་བྱ་བའི་ཕྱིར་སློབ་མས་ཐལ་མོ་སྦྱར་བ་བྱས་པས་འཆད་པར་འགྱུར་བའི་བསྟོད་པ་རྣམས་ཀྱིས་རྡོ་རྗེ་སློབ་དཔོན་བླ་མ་མཉེས་པར་བྱ་ཞིང་གསོལ་བ་གདབ་པར་བྱའོ་ཞེས་བྱ་བ་ནི་སྦས་པའོ། །དེ་ཉིད་ནི། ཁམས་གསུམ་ལས་ནི་རྣམ་གྲོལ་ཞིང་། །ནམ་མཁའ་དང་ ནི་མཉམ་པར་གྱུར། །འདོད་པ་རྣམས་ཀྱིས་མ་གོས་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་གསུངས་ཏེ་ཀྱེ་བཅོམ་ལྡན་འདས་སློབ་དཔོན་དམ་པ་ཁམས་གསུམ་པའི་རང་བཞིན་གྱི་སེམས་དང་སེམས་ལས་བྱུང་བའི་རྣམ་པར་རྟོག་པ་རྣམས་ལས་རྣམ་པར་གྲོལ་ 37-1-132a བ་སྟེ་བྲལ་བའོ། །དེ་བཞིན་དུ་ནམ་མཁའ་དང་མཉམ་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་གྱུར་པ་ནི་ཐོབ་པའི་འདོད་པ་སྟེ་ཉོན་མོངས་པ་གཏི་མུག་དེ་དང་འབྲེལ་པའི་ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་མ་གོས་པ་ནི་མ་བསྒྲིབས་པའོ། །དེ་ཉིད་ཀྱི་ཕྱིར་ སའི་ཁམས་ཀྱི་དམིགས་པ་རྣམ་པར་དག་པར་བྱེད་པ་ཉིད་ཡིན་པས། དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་སྒོ་ནས་བསྟོད་པའོ། །ཕུང་པོ་རྣམས་དང་ཁམས་རྣམས་དང་། །སྐྱེ་མཆེད་རྣམས་ལ་མི་བརྟེན་ཞིང་། །ཕྱིན་ཅི་ལོག་ལས་རྣམ་གྲོལ་བ། ། དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ལ་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་སྤངས་པའི་ཕྱིར་མི་བརྟེན་ཞིང་མ་ཆགས་པ་དང་། དེ་བཞིན་དུ་ཕྱིན་ཅི་ལོག་སྟེ་འདོད་ཆགས་ཀྱི་རྣམ་པར་རྟོག་པ་དང་འབྲེལ་པའི་ཉེ་ བའི་ཉོན་མོངས་པའི་རྣམ་པར་རྟོག་པ་རྣམས་ལས་རྣམ་པར་གྲོལ་ཞིང་བྲལ་བ་དང་། མེའི་ཁམས་ཀྱི་རྣམ་པར་རྟོག་པ་སྦྱོང་བར་བྱེད་པ་ཉིད་ཡིན་པའི་ཕྱིར་དམིགས་མེད་དེ་དེ་ལྟ་བུར་གྱུར་པ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པའི་སྒོ་ནས་བསྟོད་པའོ། །ནམ་མཁའ་བཞིན་དུ་ གནས་མེད་ཅིང་། །སྤྲོས་མེད་གོས་པ་མེད་པ་སྟེ། །མཁའ་མཉམ་པ་ཡི་ཐུགས་མངའ་བ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཇི་ལྟར་ནམ་མཁའ་གནས་མེད་ཅིང་། །རྟེན་དང་བརྟེན་པའི་དངོས་པོ་དང་བྲལ་བ་དེ་བཞིན་དུ་ཁྱོད་ཀྱང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན་པའི་ཕྱིར་གནས་ མེད་པ་དང་རྟོག་པ་དང་དཔྱོད་པ་ཐམས་ཅད་དང་བྲལ་བའི་ཕྱིར། སྤྲོས་པ་མེད་པ་དང་། ཉོན་མོངས་པའི་བག་ཆགས་དང་འབྲེལ་པ་མེད་པ་ཉིད་ཡིན་པའི་ཕྱིར་གོས་པ་མེད་པ་དང་། ཞེ་སྡང་དང་ཆུའི་ཁམས་ཀྱི་རྣམ་པར་རྟོག་པ་སྦྱོང་བར་བྱེད་པ་ཉིད་ཡིན་པའི་ནམ་མཁའ་དང་མཉམ་པའི་ ཐུགས་མངའ་བ་དེ་ལྟ་བུ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི་མི་བསྐྱོད་པའི་སྒོ་ནས་བསྟོད་པ་སྟེ་དགོངས་པ་མ་ཡིན་པའོ། །བསྟོད་པའི་རྗེས་ཐོགས་ལ་གསོལ་བ་གདབ་པ། ཐམས་ཅད་སྟོང་པའི་རང་བཞིན་ཅན། །མངོན་པར་བྱང་ཆུབ་མཐོང་འདོད་པས། །བསྟོད་ནས་སླར་ཡང་སློབ་ 37-1-132b མ་ཡིས། །བླ་མ་ལ་ནི་བསྐུལ་བར་བྱ། །ཞེས་བྱ་བ་གསུངས་ཏེ། ཐམས་ཅད་སྟོང་པའི་རང་བཞིན་ཅན། །ཞེས་བྱ་བ་འདི་ནི་གཅིག་ཏུ་འོད་གསལ་བའི་རང་བཞིན་ཅན་ནོ། །མངོན་པར་བྱང་ཆུབ་པའི་དཔེ་ལས་བྱུང་བའི་ལྷན་ཅིག་སྐྱེས་པའི་མན་ངག་ཀུན་དུ་བསྟན་པའོ། །མཐོང་འདོད་ པ་ནི་ཤེས་པར་འདོད་པའོ། །བསྟོད་ནས་ཏེ་རྡོ་རྗེ་སྐུ་ལ་སོགས་པའི་རང་བཞིན་གྱི་སྒོ་ནས་བསྟོད་པ་བྱས་ནས་སོ། །ཐལ་མོ་སྦྱར་ནས་སྤྱི་བོར་བཞག་པའི་སློབ་མ་ནི་སྒྲུབ་པ་པོའོ། །བླ་མ་ནི་རྡོ་རྗེ་སློབ་དཔོན་ནོ། །བསྐུལ་བར་བྱ་བ་ནི་གསོལ་བ་གདབ་པར་བྱ་བའོ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། ། ལས་དང་སྐྱེ་ལས་རྣམ་གྲོལ་ཞིང་། །སྣང་བ་གསུམ་པ་སྤངས་པ་ཡི། །མངོན་པར་བྱང་ཆུབ་བསྟན་པ་ནི། །མགོན་པོ་ཆེན་པོ་བདག་ལ་སྩོལ། །ཀྱེ་ཐུགས་རྡོ་རྗེ་འཆང་དང་ཐ་མི་དད་པའི་རང་བཞིན་གྱི་མགོན་པོ་ཆེན་པོ་དེ་ཁོ་ན་ཉིད་བཞི་པའི་མངོན་པར་བྱང་ཆུབ་པ་བསྟན་ཞིང་བཤད་ པ་བདག་ལ་སྩོལ་བ་ནི་དཔེ་ཉིད་ཀྱི་སྒོ་ནས་མཐོང་གི་དཔེ་ལས་བྱུང་བ་ཉིད་ཀྱི་སྒོ་ནས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟ་བུ་ཞེ་ན་ལས་ནི་དགེ་བ་དང་མི་དགེ་བའི་རང་བཞིན་གྱི་མཐུ་ལས་བྱུང་བའི་ལུས་དང་ངག་གི་ལས་སོ། །དེ་ཡི་དབང་གིས་འཁོར་བར་ཡང་སྐྱེ་ཞིང་ཉིང་མཚམས་སྦྱོར་ བ་སྟེ་དེ་ལས་རྣམ་པར་གྲོལ་བའོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་སྣང་བ་གསུམ་པོ་སྟེ་རྣམ་པར་ཤེས་པ་དང་ཡེ་ཤེས་གསུམ་པོ་སྤངས་པ་ནི་བོར་བའོ། །རང་བཞིན་གྱི་ཚོགས་རྣམས་ནི་རྣམ་པར་ཤེས་པའི་རྩ་བ་ཅན་ཡིན་ལ། དེའི་མཐུ་ལས་བྱུང་ཞིང་དེའི་དབང་གིས་སྐྱེ་བ་འབྱུང་བའི་ ཕྱིར་རྒྱུ་ཟད་པ་ལས་འབྲས་བུ་མི་འབྱུང་སྟེ་ས་བོན་ཚིག་པ་ལས་མྱུ་གུ་དང་། ཤིང་རྩ་བ་ནས་བཏོན་པ་ལས་སྡོང་བུ་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་རྣམས་བཞིན་ནོ། །དེ་ནི་མི་བསྐྱོད་པའི་སྒོ་ནས་གསོལ་བ་འདེབས་པ་ཡིན་ནོ། །སངས་རྒྱས་ཀུན་གྱི་ཡེ་ཤེས་ཆེ། །དེ་བཞིན་གཤེགས་ པ་ཀུན་གྱི་གནས། །རྡོ་རྗེ་ཡེ་ཤེས་བླ་ན་མེད། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །སེམས་ཅན་གྱི་ཁམས་ཆེན་པོའི་ཚིག་གི་སྒོ་ནས་དག་པར་བྱེད་པ་ཉིད་ཡིན་པའི་ཕྱིར། འོད་དཔག་ཏུ་མེད་པའི་རང་བཞིན་གྱི་སློབ་དཔོན་ཆེན་པོས་རྡོ་རྗེ་ཡེ་ཤེས་བདག་ལ་སྩོལ་བ་སྟེ་སྟོན་ཅིག་ 37-1-133a པའོ། །རྡོ་རྗེ་ལྟར་མི་ཤིགས་ཤིང་མི་གཡོ་བའི་ཡེ་ཤེས་ནི་དེ་ཁོ་ན་ཉིད་བཞི་པའོ། །གང་ལས་བླ་མར་གྱུར་པ་གཞན་མེད་པ་དེ་ནི་བླ་ན་མེད་པ་སྟེ་བཞི་པ་ལས་དེ་ཁོ་ན་ཉིད་གཞན་མེད་པའི་ཕྱིར་རོ། །སངས་རྒྱས་ཀུན་གྱི་སྟེ་སྟོང་པ་ལ་སོགས་པ་རྣམས་ཀྱི་ཡེ་ཤེས་ ཆེན་པོ་ནི་ཐམས་ཅད་སྟོང་པའོ། །དེ་བཞིན་གཤེགས་པ་ཀུན་ཏེ་ཡེ་ཤེས་ལྔའི་རང་བཞིན་གྱི་ཕུང་པོ་ལ་སོགས་པ་རྣམས་ཀྱི་གནས་ནི་རོ་གཅིག་པའི་དངོས་པོས་གནས་པའོ་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པའི་སྒོ་ནས་གསོལ་བ་འདེབས་པའོ། །ཐོག་མཐའ་མེད་ཅིང་ཞི་བ་དང་། །ཉོན་མོངས་ ཐམས་ཅད་རྣམ་སྦྱོང་ཞིང་། །ལུས་དང་ངག་སེམས་དག་བྱེད་པ། །རྡོ་རྗེ་ཆེན་པོས་བདག་ལ་སྩོལ། །ཀྱེ་སྐུ་རྡོ་རྗེ་འཆང་གི་རང་བཞིན་རྡོ་རྗེ་ཆེན་པོ་ལུས་ལ་སོགས་པ་རྣམས་དག་པར་བྱེད་པའི་དེ་ཁོ་ན་ཉིད་བཞི་པ་བདག་ལ་སྩོལ་ཏེ་བདག་ལ་སྟོན་ཅིག་པའོ། །ཐོག་མ་ནི་དགའ་བ་དང་ མཆོག་དགའའོ། །མཐའ་མ་ནི་བྲལ་བ་སྟེ་དེ་དང་བྲལ་བ་ཉིད་ཡིན་པའི་ཕྱིར་ཐོག་མཐའ་མེད་པའོ། །ཉོན་མོངས་པ་ཐམས་ཅད་ནི་རང་བཞིན་རྣམས་དང་དེའི་རྩ་བ་རྣམ་པར་ཤེས་པ་རྣམས་ཏེ། དེ་རྣམ་པར་སྦྱོང་བ་ནི་འོད་གསལ་བར་བྱེད་པའོ་ཞེས་བྱ་བ་ནི་སྐུ་རྡོ་རྗེའི་སྒོ་ནས་གསོལ་བ་ འདེབས་པ་ཡིན་ཏེ་དགོངས་པ་མ་ཡིན་པའོ། །གསོལ་བ་བཏབ་པའི་རྗེས་ཐོགས་སུ་བླ་མའི་བཤད་པ་ནི། དེ་ལྟར་ཡོན་ཏན་ཡང་དག་པ། །བརྗོད་པས་མཉེས་པའི་རྣལ་འབྱོར་པས། །སྙིང་རྗེ་སློབ་མ་ལ་བསྐྱེད་དེ། །དེ་ནས་རིམ་པ་འདི་སྐད་བཤད་། །ཅེས་བྱ་བ་གསུངས་ཏེ། དེ་ལྟར་ ཏེ་ཚུལ་དེ་ལྟར་ཡོན་ཏན་ཡང་དག་པར་བརྗོད་ཅིང་ཇི་ལྟ་བ་བཞིན་དུ་གནས་པའི་སྤྱོད་པ་དམ་པ་རྣམས་ལ་བསྟོད་པས་ནལ་འབྱོར་པ་སྟེ་རྡོ་རྗེ་སློབ་དཔོན་གྱི་སློབ་མ་སྒྲུབ་པ་པོ་ལ་སྙིང་རྗེ་སྟེ་སྙིང་བརྩེ་བ་བསྐྱེད་ནས། འདི་སྐད་དེ་འཆད་པར་འགྱུར་བའི་རིམ་པས་བཤད་ཅིང་མན་ངག་བསྟན་པར་ བྱ་སྟེ་སྒྲ་ཇི་བཞིན་པའོ། །དེ་ཉིད་ནི། མཚན་མོ་སྣང་བའི་ཆ་སྟེ་གསལ་བའི་ཉི་མའི་འོད་ཟེར་སྣང་བ་གསལ་བ་ཡིན། །མཚམས་ནས་སྣང་བ་ཐོབ་པ་རང་གི་རང་བཞིན་རྣམས་དང་ལྷན་ཅིག་མིན་པར་ལྡན། །མཚན་མིན་ཉིན་པར་མ་ཡིན་མཚམས་མིན་གང་ཞིག་རང་བཞིན་རྣམས་ 37-1-133b དང་རྣམ་བྲལ་བ། །དེ་ནི་བྱང་ཆུབ་སྐད་ཅིག་ཡིན་ཏེ་བླ་མ་མཆོག་བཤད་རྣལ་འབྱོར་པ་ཉིད་ཡུལ། །ཞེས་བྱ་བ་གསུངས་ཏེ། ཀྱེ་བུ་ཁྱོད་ཀྱིས་ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་དུས་སུ་དང་པོར་འདོད་ཆགས་ཀྱི་སྐད་ཅིག་དགའ་བའི་རང་བཞིན་ཅན་ཉམས་སུ་མྱོང་བ་གང་ཡིན་པ་དེ་ནི་ སྣང་བ་ཞེས་བྱ་བ་ཡིན་པར་ཤེས་པར་བྱ་སྟེ། ཅུང་ཞིག་གསལ་བའི་བདེ་བ་འབྱུང་བའི་ཕྱིར་རོ། །བདེ་བ་དེ་ཉིད་ཀྱི་མཚན་མོའི་ཆ་ཞེས་བྱ་སྟེ་མཚན་མོ་ཟླ་བའི་སྣང་བ་ཡོད་ཀྱང་དངོས་པོ་རྣམས་གསལ་བར་མི་མཐོང་བའི་ཕྱིར་རོ། །ཁྱོད་ཀྱིས་མཆོག་ཏུ་དགའ་བའི་སྐད་ཅིག་འདོད་ ཆགས་བར་མའི་རང་བཞིན་ཉམས་སུ་མྱོང་བ་གང་ཡིན་པ་དེ་ནི་སྣང་བ་གསལ་བའི་མཚན་མོ་ལ་ལྟོས་ནས་སྣང་བ་འཕེལ་བར་འགྱུར་བ་དགའ་བ་ཁྱད་པར་ཅན་དུ་རབ་ཏུ་གསལ་བའི་ཕྱིར་ཉི་མའི་འོད་ཟེར་གསལ་བ་སྟེ་ཉི་མའི་འོད་ཟེར་རབ་ཏུ་གསལ་བ་དང་མཚུངས་པ་ཡིན་པར་ ཤེས་པར་བྱའོ། །བྲལ་བའི་རང་བཞིན་གྱི་འདོད་ཆགས་དང་བྲལ་བ་གང་ཡིན་པ་དེ་ནི་ཟླ་བ་དང་ཉི་མའི་སྣང་བ་མེད་པ་ཡིད་མི་བདེ་བའི་མཚན་ཉིད་ཀྱི་སྣང་བ་ཉེ་བར་ཐོབ་པ་སྣང་བ་ཡོངས་སུ་རྫོགས་པའི་མཚན་ཉིད་ཅན་ཡིན་པར་ཁོང་དུ་ཆུད་པར་བྱའོ། །རིགས་ཀྱི་བུ་གསུམ་པོ་འདི་ ནི་དེ་ཁོ་ན་ཉིད་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་སྐད་ཅིག་དེ་རྣམས་ནི་རང་གི་བདག་ཉིད་ཀྱི་རང་བཞིན་རྣམས་ཏེ་སེམས་ལས་བྱུང་བའི་ཆོས་རྣམས་དང་ལྡན་ཞིང་འབྲེལ་པ་ཡིན་ནོ། །ཡང་རིགས་ཀྱི་བུ་མཚན་མིན་ཏེ་དགའ་བ་དང་སྣང་བའི་རང་བཞིན་མ་ཡིན་པ་དང་། ཉིན་ པར་མ་ཡིན་པ་དང་མཆོག་དང་སྣང་བ་གསལ་བའི་རང་བཞིན་མ་ཡིན་པ་དང་། མཚམས་མིན་ཏེ་འདོད་ཆགས་དང་བྲལ་བ་དང་། སྣང་བ་ཉེ་བར་ཐོབ་པའི་རང་གི་ངོ་བོ་མ་ཡིན་ཞིང་། དེ་ཉིད་ཀྱི་ཕྱིར་རང་བཞིན་རྣམས་ཏེ་ཐ་མལ་པ་རྣམས་དང་བྲལ་ཞིང་། དྲི་མ་མེད་པ་གང་ཡིན་པ་དེ་ནི་བྱང་ ཆུབ་ཀྱི་སྐད་ཅིག་སྟེ་འོད་གསལ་བའི་རང་བཞིན་རྟོགས་པར་དཀའ་བའི་སྐད་ཅིག་ཡིན་པར་ཤེས་པར་བྱའོ། །གལ་ཏེ་དེ་ལྟ་ཡིན་ན་ཅིའི་ཕྱིར་ཐམས་ཅད་ཀྱིས་དེ་མི་ཤེས་ཤེ་ན་གསུངས་པ། བླ་མ་མཆོག་བཤད་དེ་རྡོ་རྗེ་སློབ་དཔོན་གྱི་ཞལ་ལས་ཤེས་པར་བྱའོ། །གཞན་དུ་ 37-1-134a ན་ཡོད་དུ་ཟིན་ཀྱང་མ་རིག་པའི་དབང་གིས་ཤེས་པར་མི་འགྱུར་རོ། །དེ་ནི་གློག་གི་སྐད་ཅིག་བཞིན་དུ་ཤེས་པར་དཀའ་བ་ཡིན་པའི་ཕྱིར་བླ་མ་མཉེས་པ་ལས་ཐོབ་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་པ་སྟེ་རང་རིག་པའི་མངོན་སུམ་གྱི་ཚད་མ་དང་ལྡན་ པའི་སྒྲུབ་པ་པོ་རྣམས་ཀྱི་ཡུལ་ཡིན་ཞིང་ངེས་པར་བྱ་བ་དང་ཐོབ་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏེ་སྦས་པའོ། ། དེ་ཉིད་ཤེས་པའི་ཐབས་ནི། མཚན་མོའི་མུན་པ་མ་ལུས་པ་དང་མཚམས་ཀྱི་སྣང་བ་གང་དུ་ནུབ་པ་དང་། །ཇི་སྲིད་ཉི་མ་མ་ཤར་སྐད་ཅིག་དྲི་མེད་དེར་ནི་ཡང་དག་ མཐའ་བསྟན་བྱ། །སློབ་དཔོན་མཆོག་ནི་རབ་རིབ་སྤངས་པས་སློབ་མ་ལ་ནི་ཕྱི་རོལ་བྱང་ཆུབ་བསྟན། །ནང་གི་བདེ་བ་གནས་མཆོག་སངས་རྒྱས་བྱང་ཆུབ་འགའ་ཞིག་སྐད་ཅིག་གིས་ཐོབ་འགྱུར། །ཞེས་བྱ་བ་གསུངས་ཏེ་མཚན་མོ་ནི་འདོད་ཆགས་ཀྱི་སྐད་ཅིག་ཡིན་ཞིང་དེ་ལས་ བྱུང་བའི་མུན་པ་སྟེ་ཡིད་མི་བདེ་བའི་སྐད་ཅིག་གང་ཡིན་པ་ནུབ་སྟེ་མ་བྱུང་ཞིང་ཞིག་པ་དང་། དེ་བཞིན་དུ་མཚམས་ནི་འདོད་ཆགས་དང་བྲལ་བའི་སྐད་ཅིག་སྟེ་ཡིད་མི་བདེ་བའི་རང་བཞིན་ཡིན་ཞིང་དེའི་སྣང་བ་སྟེ་རབ་ཏུ་གསལ་བ་ཡང་ནུབ་ཅིང་མ་བྱུང་བ་དང་། དེ་བཞིན་དུ་ཉི་མའི་མཆོག་གི་སྐད་ ཅིག་སྟེ་བར་མ་དང་སྣང་བ་གསལ་བའི་རང་བཞིན་མ་ཤར་བ་སྟེ་མ་བྱུང་ཞིང་མ་ཐོས་པའི་སྐད་ཅིག་དྲི་མེད་དེ་འདོད་ཆགས་ལ་སོགས་པའི་དྲི་མ་དང་བྲལ་བ་དེར་ཡང་དག་མཐའ་སྟེ་འོད་གསལ་དཔེའི་དེ་བཞིན་ཉིད་ཀྱི་རང་བཞིན་གྱི་མན་ངག་བཞི་པའི་གཏམ་བསྟན་ཞིང་གསལ་བར་བྱའོ། །སུ་ ལ་ཞེ་ན་སློབ་མ་སྟེ་སྒྲུབ་པ་པོ་ལའོ། །སློབ་དཔོན་མཆོག་ནི་བླ་མ་མཆོག་ཏུ་གྱུར་པའོ། །གང་གིས་རབ་རིབ་སྟེ་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དང་འདོད་ཆགས་བར་མའི་ཉེས་པ་དཔེའི་སྒོ་ནས་སྤངས་ཤིང་བསལ་བ་དེ་ནི་རབ་རིབ་སྤངས་པ་སྟེ་བླ་མའོ། །ཇི་ལྟར་ཞེ་ན། ཕྱི་ རོལ་བྱང་ཆུབ་ཅེས་བྱ་བ་ནི་ཐོ་རངས་ཀྱི་མཚམས་ཀྱི་དུས་སུ་ཐམས་ཅད་སྟོང་པ་དང་། ཉི་མ་ཤར་བའི་དུས་སུ་སྣང་བ་གསལ་བ་དང་། ནུབ་པའི་མཚམས་ཀྱི་དུས་སུ་སྣང་བ་ཉེ་བར་ཐོབ་པ་དང་། མཚན་མོ་བྱུང་བའི་དུས་སུ་སྣང་བ་སྟེ་དེ་བསྟན་ཞིང་བཤད་པའི་སྒོ་ནས་ནང་གི་བདེ་བ་སྟེ་ནང་གི་ 37-1-134b མངོན་པར་བྱང་ཆུབ་པ་དེ་ནི་དང་པོ་འོད་ཟེར་ཁ་དོག་ལྔ་པོའི་ཚོགས་སུ་སྣང་བ་དང་གཉིས་པ་སྨིག་རྒྱུ་ལྟ་བུར་སྣང་བ་དང་། གསུམ་པ་སྲིན་བུ་མེ་ཁྱེར་ལྟ་བུར་སྣང་བ་སྟེ། སྲིན་བུ་མེ་ཁྱེར་ཞེས་བྱ་བ་ནི་སྲོག་ཆགས་བྱེ་བྲག་རྒྱུ་བ་འགའ་ཞིག་གོ། །བཞི་པ་མར་མེ་ལྟ་བུར་སྣང་བ་དང་། ལྔ་པ་སྤྲིན་ མེད་པའི་ནམ་མཁའ་ལྟ་བུར་སྣང་བ་ཞེས་བྱ་བ་ཟླ་བ་དང་ཉི་མ་དང་མཚམས་ཀྱི་མུན་པ་དང་དེ་ལས་མ་གཏོགས་པའི་སྣང་བ་བཞི་པོ་དང་བཅས་པ་ཡིན་པར་ཤེས་པར་བྱའོ་ཞེས་ནང་གི་མངོན་པར་བྱང་ཆུབ་པའི་རིམ་པ་བསྟན་པའོ། །ཡང་ན་ཕྱིའི་མངོན་པར་བྱང་ཆུབ་པ་ནི་དམ་ཚིག་གི་ཕྱག་ རྒྱའི་སྒོ་ནས་ཉམས་སུ་མྱོང་བའི་དཔེའི་ལྷན་ཅིག་སྐྱེས་པའོ། །ནང་གི་མངོན་པར་བྱང་ཆུབ་པ་ནི་དཔེ་ལས་བྱུང་བའི་ལྷན་ཅིག་སྐྱེས་པ་སྟེ་དེའི་ཕྱིར་ཕྱིའི་མངོན་པར་བྱང་ཆུབ་པའི་ཐབས་ཀྱིས་ནང་གི་མངོན་པར་བྱང་ཆུབ་པ་འཐོབ་པར་འགྱུར་རོ། །དེ་ཡང་རྣམ་པར་རྟོག་པ་མ་ལུས་པ་རབ་ཏུ་ཞི་ བར་བྱེད་པ་ཉིད་ཡིན་པའི་ཕྱིར་བདེ་བའོ། །སངས་རྒྱས་བྱང་ཆུབ་ཅེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་པོ། །འགའ་ཞིག་ཅེས་བྱ་བ་ནི་རང་རིག་པའི་ཚད་མས་རྟོགས་པར་བྱ་བ་ཡིན་གྱི་ཚིག་གི་ཡུལ་མ་ཡིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་པས་ཀྱང་བྱང་ ཆུབ་ཐོབ་མོད་ཀྱི་འོན་ཀྱང་བསྐལ་པ་གྲངས་མེད་པ་གསུམ་གྱིས་སོ། །འདིར་ནི་སྐད་ཅིག་གིས་དེ་ཁོ་ན་ཉིད་བཞི་པ་ཉམས་སུ་མྱོང་བའི་སྐད་ཅིག་གིས་སོ་ཞེས་བྱ་བའི་དོན་ཏོ། །སྦས་པའོ། །དེ་ཉིད་ཀྱི་མཚན་ཉིད་ནི། ཐོག་མིན་གྱུར་དང་དེ་བཞིན་ཐོག་མར་གྱུར། །དབུས་མིན་གྱུར་དང་དེ་ བཞིན་དབུས་གྱུར་དང་། །མཐའ་མིན་གྱུར་དང་དེ་བཞིན་མཐའ་གྱུར་པ། །དེ་ནི་ཐམས་ཅད་སྟོང་པར་སངས་རྒྱས་གསུངས། །ཞེས་བྱ་བ་གསུངས་ཏེ་དེ་ཁོ་ན་ཉིད་བཞི་པ་གང་ཡིན་པ་དེ་ནི་ཐོག་མ་སྟེ་དགའ་བ་དང་དེ་དང་བྲལ་བ་ཉིད་ཡིན་པའི་ཕྱིར་ཐོག་མིན་གྱུར་པའོ། །དེ་བཞིན་དུ་ཐོག་མ་ མེད་པ་ལ་ཁྱབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ཐོག་མར་གྱུར་པའམ། ཐམས་ཅད་སྐྱེད་པར་གྱུར་པ་ཉིད་ཡིན་པའི་ཕྱིར་ཐོག་མར་གྱུར་པའོ། །དབུས་མ་ནི་མཆོག་སྟེ་དེ་དང་བྲལ་བ་ཉིད་ཡིན་པའི་ཕྱིར་དབུས་མིན་གྱུར་པའོ། །དེ་ལ་ཁྱབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་དབུས་སུ་ 37-1-135a གྱུར་པའོ། །མཐའ་ནི་བྲལ་བ་སྟེ་དེ་དང་བྲལ་བ་ཉིད་ཡིན་པའི་ཕྱིར་མཐའ་མིན་གྱུར་པའོ། །དེ་ལ་ཁྱབ་པར་བྱེད་པ་ཉིད་ཡིན་པའི་མཐར་གྱུར་པ་སྟེ་དེ་ལྟ་བུའི་མཚན་ཉིད་ཅན་དེ་ནི་ཐམས་ཅད་སྟོང་པ་ཁོ་ན་ཉིད་བཞི་པ་ཡིན་པར་སངས་རྒྱས་ཀྱིས་གསུངས་ཤིང་བཀའ་སྩལ་ཏོ། ། ཞེས་བྱ་བའི་དོན་ཏེ་མཐར་ཐུག་པའོ། །རང་གི་ངོ་བོ་ནི། གང་ལ་འགྲོ་བ་དང་ནི་འོང་མེད་ཅིང་། །ཟད་དང་འཕེལ་མེད་དངོས་དང་དངོས་མིན་མེད། །ཤིན་ཏུ་ངོ་མཚར་གཟུགས་ཅན་ངོ་མཚར་མིན། །གནས་པར་འགྱུར་མིན་མྱུར་དུ་འགྲོ་བ་མིན། །ཞེས་པ་གསུངས་ཏེ། འདི་དང་འདི་ ལྟ་བུ་མེད་ཅིང་ཡོད་པ་མ་ཡིན་པའི་ཐམས་ཅད་སྟོང་པ་གང་ལ་འགྲོ་བ་སྟེ་འབྱུང་བའི་རིམ་གྱིས་སྤྲོ་བ་དང་། འོང་བ་སྟེ་འཇུག་པའི་རིམ་གྱིས་བསྡུ་བ་དང་། དང་གི་སྒྲས་གནས་པ་སྟེ་དེ་དག་གང་ལ་མེད་པ་ཞེས་བྱ་བས་ནི་རྡོ་རྗེ་བཟླས་པའི་རིམ་པ་མ་ཡིན་པར་བསྟན་ཏོ། །ཟད་པ་ནི་རྣམ་ པར་ཤེས་པ་གསུམ་མོ། །འཕེལ་བ་ནི་སྣང་བ་གསུམ་མོ། །དངོས་པོ་ནི་འོད་གསལ་བའོ། །དངོས་མིན་ནི་རང་བཞིན་རྣམས་ཏེ་དེ་དག་མེད་པས་ཞེས་བྱ་བས་ནི་སེམས་རྣམ་པར་དག་པའི་རིམ་པ་མ་ཡིན་པར་བསྟན་ཏོ། །ངོ་མཚར་གཟུགས་ཅན་ནི་དཀྱིལ་འཁོར་གྱི་འཁོར་ལོ་གཞན་ དང་གཞན་སྤྲོ་བའི་སྒོ་ནས་སྐད་ཅིག་ཙམ་གྱིས་འགྲོ་བའི་དོན་བྱེད་པའོ། །ངོ་མཚར་བྱེད་པ་ནི་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་རང་བཞིན་དག་འོད་གསལ་བར་ཤེས་པ་སྟེ། དེ་དག་ཀྱང་མེད་པ་ཞེས་བྱ་བས་ནི་བདག་བྱིན་གྱིས་བརླབ་པའི་རིམ་པ་མ་ཡིན་པར་བསྟན་ཏོ། །གནས་པར་ གྱུར་མིན་ཞེས་བྱ་བ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་མི་གནས་པ་ཉིད་ཡིན་པའི་ཕྱིར་རོ། །མྱུར་དུ་འགྲོ་བ་མིན་པ་ནི་གཡོ་བ་མེད་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་པའོ་ཞེས་བྱ་བ་འདིས་ནི་ཟུང་དུ་འཇུག་པའི་རིམ་པ་མ་ཡིན་པར་བསྟན་པ་ཡིན་ནོ། །ཐམས་ཅད་སྟོང་པའི་ རང་གི་ངོ་བོ་ནི་དེ་ལྟ་བུ་ཡིན་པར་ཤེས་པར་བྱ་སྟེ་མཐར་ཐུག་པའོ། །དེ་ཉིད་ནི། གང་ཞིག་ཡོད་མེད་ཐ་སྙད་ལས་གྲོལ་ཞིང་། །བསོད་ནམས་དངོས་མིན་སྡིག་པ་དངོས་མ་ཡིན། །བསོད་ནམས་སྡིག་གི་བདག་མིན་མཆོག་གྱུར་པ། །དེ་ནི་ཐམས་ཅད་སྟོང་པར་རྒྱལ་བས་གསུངས། ། 37-1-135b ཞེས་བྱ་བ་གསུངས་ཏེ་བྱེ་བྲག་ཏུ་སྨྲ་བ་དག་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཚད་མས་གྲུབ་པ་ཉིད་ཡིན་པའི་ཕྱིར་ཡོད་དོ་ཞེས་ཟེར་རོ། །རྣལ་འབྱོར་སྤྱོད་པ་པོ་རྣམས་ནི་ཆོས་ཐམས་ཅད་རྣམ་པར་རིག་པའི་རྣམ་པ་ཡོད་དེ། ཕྱི་རོལ་ན་ཅུང་ཟད་ཀྱང་མེད་དོ་ཞེས་ཟེར་རོ། །མདོ་སྡེ་པ་རྣམས་ནི་ ཕྱི་རོལ་རྗེས་སུ་དཔག་པར་ཡོད་ཀྱི་མངོན་སུམ་དུ་ནི་མེད་དོ་ཞེས་ཟེར་རོ། །དབུ་མ་པ་རྣམས་ནི་གཟུང་བ་དང་འཛིན་པ་དག་གཅིག་དང་དུ་མ་ཉིད་དུ་མེད་པའི་ཕྱིར་སྟོང་པ་ཙམ་འབའ་ཞིག་ཡོད་དོ་ཞེས་སོ། །འཇིག་རྟེན་རྒྱང་པན་པ་རྣམས་ནི་འབྱུང་བ་རྣམས་ཁོ་ན་སེམས་དཔའི་རང་བཞིན་ཉིད་ ཡིན་པའི་ཕྱིར་འཇིག་རྟེན་ཕ་རོལ་མེད་དོ་ཞེས་ཟེར་ཏེ། དེ་ལྟ་བུའི་ཡོད་པ་དང་མེད་པའི་ཐ་སྙད་རྣམས་ལས་གྲོལ་ཞིང་སྤང་བའོ། །དེ་བཞིན་དུ་བསོད་ནམས་ཀྱི་འདུ་བྱེད་ནི་དད་པ་ལ་སོགས་པ་རྣམས་སོ། །བསོད་ནམས་མ་ཡིན་པའི་འདུ་བྱེད་ནི་སྲོག་གཅོད་པ་ལ་སོགས་ པ་རྣམས་ཏེ་དེ་དག་དང་བྲལ་བ་ཉིད་ཡིན་པའི་ཕྱིར། བསོད་རྣམས་དངོས་མིན་སྡིག་པ་དངོས་མིན་པའོ། །བསོད་ནམས་དང་བསོད་ནམས་མ་ཡིན་པ་འདྲེས་མའི་འདུ་བྱེད་ཀྱི་རང་བཞིན་ཡང་མ་ཡིན་ཏེ་ཆ་དེ་གཉིས་ཀ་ཡང་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སྤྲོས་པ་ཐམས་ ཅད་དང་བྲལ་བ་ཉིད་ཡིན་པས་མཆོག་ཏུ་གྱུར་པ་སྟེ་དམ་པའོ། །དེ་ལྟ་བུ་ནི་ཐམས་ཅད་སྟོང་པ་སྟེ་སྣང་བ་བཞི་པ་ཡིན་པར་སངས་རྒྱས་རྣམས་ཀྱིས་གསུངས་སོ་ཞེས་བྱ་བ་ནི་རང་དགའ་བ་ཡིན་པ་འགོག་པར་བྱེད་དོ། །དགོངས་པ་ནི་འདི་ཡིན་ཏེ། རེ་ཞིག་བསོད་རྣམས་དང་བསོད་ ནམས་མ་ཡིན་པ་དང་དེའི་འབྲས་བུ་ནི་ཡོད་མོད་ཀྱི་འོན་ཀྱང་དེ་དག་ལ་རྣམ་པར་དཔྱད་པ་བྱས་ནས་དོན་དམ་པར་ཡོད་པ་མ་ཡིན་ཏེ་དེ་ཁོ་ན་ཉིད་ཤེས་པ་ལ་བདེ་འགྲོ་དང་ངན་འགྲོ་དག་མེད་པའི་ཕྱིར་རོ། །ལས་རྣམས་འབྲས་བཅས་ཉིད་དང་ནི། །འགྲོ་བ་རྣམས་ཀྱང་ཡང་དག་བཤད། ། དེ་ཡི་རང་བཞིན་ཡོངས་ཤེས་པས། །སྐྱེ་མེད་པ་ཡང་བསྟན་པ་ཡིན། །དགོངས་པའི་དབང་གིས་རྒྱལ་བ་རྣམས། །ང་དང་བདག་ཅེས་གསུངས་པ་ལྟར། །དེ་བཞིན་དགོངས་པའི་དབང་གིས་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་གསུངས། །འབྱུང་བ་ཆེ་ལ་སོགས་བཤད་པ། ། 37-1-136a རྣམ་པར་ཤེས་སུ་ཡང་དག་འདུ། །དེ་ཤེས་ནས་ནི་བྲལ་གྱུར་ན། །ལོག་པར་རྣམ་བརྟག་མ་ཡིན་ནམ། །གང་ཚེ་རྒྱལ་བས་མྱ་ངན་འདས། །གཅིག་པུ་ཁོ་ན་བདེན་པར་གསུངས། །དེ་ཚེ་ལྷག་མ་ལོག་མིན་པར། །མཁས་པ་སུ་ཞིག་རྟོག་པར་བྱེད། །ཅེས་བྱ་བ་ལ་སོགས་ པ་གསུངས་ཏེ་མཐར་ཐུག་པའོ། དེ་ཁོ་ན་ཉིད་ཐོབ་པའི་རྣལ་འབྱོར་པའི་སྤྱོད་པ་ནི། དེ་ལྟའི་དེ་ཉིད་ཐོབ་པའི་རྣལ་འབྱོར་པ། །རྒྱུ་དང་མི་རྒྱུ་བདག་ཉིད་འགྲོ་གཉེར་གཅིག ། ཡེ་ཤེས་རང་བཞིན་མི་ཡི་སེང་གེ་རྒྱུ། །འགྲོ་ཀུན་གནས་ནས་མི་ཟད་དུས་ཐོབ་ཡིན། །ཞེས་བྱ་བ་གསུངས་ ཏེ་སྔར་བཤད་པའི་དེ་ཁོ་ན་དེ་ལྟ་བུ་ཉིད་ཐོབ་ཅིང་རྙེད་པའི་རྣལ་འབྱོར་པ་ནི་རྒྱུ་དང་མི་རྒྱུའི་བདག་ཉིད་དེ། བརྟན་པ་དང་གཡོ་བའི་དངོས་པོའི་རང་བཞིན་ཐམས་ཅད་ལ་ཁྱབ་པར་གནས་སོ། །འགྲོ་བ་རྣམས་ཀྱི་གཉེན་གཅིག་ཡིན་པ་ནི་གཞན་ལ་ཕན་པ་བྱེད་པར་ལྷུར་ལེན་པའི་ཕྱིར་རོ། ། རྒྱུ་བ་ནི་སྤྲོས་པ་མེད་པ་དང་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པས་གནས་པའོ། །ཇི་ལྟ་བུ་ཞིག་ཅེ་ན། ཡེ་ཤེས་ཀྱི་རང་བཞིན་ཞེས་པ་ནི་དོན་དམ་པ་ཡིན་ལ་བྱེད་པ་ལས་རྣམ་པར་མི་གཡོ་བའོ། །དེ་བཞིན་དུ་མི་རྣམས་ཀྱི་ནང་ནས་ཤེས་རབ་ཀྱི་སྡེར་མོའི་རྩེ་མོ་རྣམས་ཀྱིས་སྲིད་པའི་གླང་པོ་ཆེའི་ མཚོག་མའི་ཀླད་པ་འགེམས་པའི་ཕྱིར་སེང་གེ་དང་འདྲ་བས་ན་སེང་གེ་སྟེ། དེའི་ཕྱིར་མིའི་སེང་གེའམ། སེང་གེ་རྣམ་པར་གྲོལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ཉིད་ཡིན་པའི་ཕྱིར་མིའི་སེང་གེའོ། །སེང་གེ་ནི་གླང་པོ་ཆེའི་ཐོག་ཏུ་མཆོངས་ནས་བསད་དེ་རང་གནས་སུ་ འོངས་ནས་འདུག་གོ་ཞེས་གྲག་སྟེ། དེ་བཞིན་དུ་གང་ཞིག་རང་གི་ཡེ་ཤེས་ཀྱི་སེང་གེས་གཞན་གྱི་ཤེས་པ་འཛིན་པས་རོལ་པ་དེ་ནི་ཡེ་ཤེས་ཀྱི་རི་དྭགས་ཀྱི་རྒྱལ་པོས་རོལ་པའི་རྣལ་འབྱོར་པ་དང་ལྡན་པ་སྟེ། ཡེ་ཤེས་གཉིས་ནི་རབ་འདྲེས་པ། །སེང་གེ་རྣམ་རོལ་ཕྱག་རྒྱ་ཡིན། ། ཞེས་ཀྱང་གསུངས་ཏེ་དེ་བཞིན་དུ་འགྲོ་བ་སྟེ་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་བདག་ཉིད་ཀུན་གྱི་ནང་ནས་རྣལ་འབྱོར་པ་དེ་ནི་མི་ཟད་པའི་དུས་ཏེ་ཟད་པ་མེད་པའི་དུས་དང་ལྷན་ཅིག་སྐྱེས་པའི་དུས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཐོབ་པ་ནི་ཐོབ་པར་བྱེད་པ་པོ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་ 37-1-136b སྟེ་སྒྲ་ཇི་བཞིན་པའོ། །ད་ནི་སྤྱོད་ལམ་གྱི་བྱ་བ། དེ་ནི་ཡོན་པོའི་ལུས་ཀྱང་ལུས་དྲང་ཡིན། །དེ་ནི་སྟན་མེད་གྱུར་ཀྱང་སྟན་གནས་བརྟན། །དེ་ནི་མིག་བཙུམས་གྱུར་ཀྱང་མིག་གདངས་ཡིན། །དེ་ནི་མཉམ་གཞག་མིན་ཡང་མཉམ་གཞག་འགྱུར། །ཞེས་བྱ་བ་གསུངས་ཏེ་རྣལ་འབྱོར་ པ་དེ་ནི་གལ་ཏེ་རེས་འགའ་ཡོན་པོའི་ལུས་ཏེ་ལུས་དྲང་པོ་མ་ཡིན་པས་མལ་ན་ཉལ་དུ་ཟིན་ཀྱང་འོན་ཀྱང་ལུས་དྲང་པོ་ཡིན་ཏེ། ལུས་དྲང་པོར་གནས་པ་བཞིན་ཏིང་ངེ་འཛིན་མངོན་དུ་འགྱུར་རོ། །གལ་ཏེ་མཉམ་པར་འཇོག་པའི་ཚེ་སྟན་མེད་པར་གྱུར་ཀྱང་འོན་ཀྱང་མན་ངག་གི་མཚན་ ཉིད་སྟན་ལ་གནས་པས་བརྟན་ཞིང་མི་གཡོ་བ་ཡིན་ནོ། །དེ་ནི་གལ་ཏེ་མིག་གདངས་པ་སྟེ་མིག་རབ་ཏུ་ཕྱེ་བ་ཡིན་དུ་ཟིན་ཀྱང་འོན་ཀྱང་ཕྱི་རོལ་དང་ནང་དང་གཉིས་ཀ་ཐམས་ཅད་དུ་ཐམས་ཅད་དེ་ཁོ་ན་ཉིད་ཀྱི་རང་བཞིན་ཁོ་ནར་མཐོང་བའི་ཕྱིར་མིག་བཙུམས་པ་ཡིན་ཏེ་ཁ་ནང་དུ་བལྟས་པ་ ཡིན་ནོ། །དེ་བཞིན་དུ་མཉམ་གཞག་མིན་ཡང་སྟེ་སྤྱོད་ལམ་བཞི་ལ་གནས་པ་བཞིན་དུ་ཡང་མཉམ་པར་གཞག་ཅིང་སེམས་རྩེ་གཅིག་པ་ཡིན་ཏེ། དེ་ཁོ་ན་ཉི་མཐོང་བ་བརྟན་པར་གྱུར་པ་ཡིན་པའི་ཕྱིར་རོ། །དེ་ཁོ་ན་ཉི་མཐོང་བའི་རྣལ་འབྱོར་པ་དེ་ལྟ་བུ་སྤྲོས་པ་མེད་དང་ཤིན་ཏུ་སྤྲོས་པ་ མེད་པའི་སྤྱོད་པ་བྱེད་པ་ཡིན་ནོ་ཞེས་བརྗོད་པར་བྱ་སྟེ། སྒྲེན་མོའམ་གལ་ཏེ་སྒྲེན་མིན་པས། །གང་དུ་ཇི་ལྟར་གནས་པ་དེས། །རང་གི་ལྷ་རུ་དམིགས་བྱས་ཏེ། །དེ་ཉིད་གཅིག་ཏུ་རྣམ་བསམ་བྱ། །ཞེས་ཀྱང་གསུངས་སོ། །དེ་བཞིན་དུ་གཞན་ཡང་ཇི་ལྟ་བུ་ཞིག་སྙམ་པའི་དགོངས་པ་བསུས་ནས། དེ་ནི་ཚིག་དང་ལྡན་ཡང་ངག་བསྡམས་ཡིན། །དེ་ནི་ལོངས་སྤྱོད་ལྡན་ཡང་དམིགས་བྲལ་ཡིན། །དེ་ནི་འཇིག་རྟེན་མགོན་ཡང་གཞན་བྲན་གྱུར། །གང་ཞིག་དེ་ཉིད་རྟོགས་ཤིང་ཉེས་ཀུན་ཟད། །ཅེས་བྱ་བ་གསུངས་ཏེ། དེ་བཞིན་དུ་རྣལ་འབྱོར་པ་དེ་ནི་ཚིག་དང་ལྡན་ཡང་ སྟེ་ཚིག་དང་ངག་དང་གླུ་དང་རྐྱལ་པ་ལ་སོགས་པའི་ཚིག་ནམ་པ་སྣ་ཚོགས་པ་དང་ལྡན་དུ་ཟིན་ཀྱང་ངག་བསྡམས་ཤིང་ངག་ཀུན་དུ་ཐུལ་བར་ཡིན་པར་བརྗོད་པ་སྟེ་ངག་གི་རྣམ་པར་རྟོག་པ་སྒྲ་རྣམས་མི་དམིགས་པའི་ཕྱིར་རོ། །དེ་མི་དམིགས་པ་ནི་འོད་གསལ་བ་ཁོང་དུ་ཆུད་པའི་ཕྱིར་རོ། ། 37-1-137a དེ་བཞིན་དུ་ལོངས་སྤྱོད་དེ་འདོད་པའི་ཡོན་ཏན་ལྔ་པོ་རྣམས་དང་ལྡན་ཞིང་འབྲེལ་དུ་ཟིན་ཀྱང་དམིགས་བྲལ་ཞེས་བྱ་བ་གཟུགས་ལ་སོགས་པའི་ཡུལ་རྣམས་ལ་ཉེ་བར་དམིགས་པ་མེད་པ་ཡིན་ཏེ། དེ་རྣམས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་རང་བཞིན་གྱིས་དག་པ་ཉིད་དུ་ མཐོང་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་དམིགས་པ་དང་བཅས་པའི་ལྟ་བ་ཅན་གྱི་ཉན་ཐོས་རིགས་ཅན་གྱི་དགེ་སློང་ལྔ་བརྒྱ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་འོད་གསལ་བའི་དེ་ཁོ་ན་ཉིད་སྐད་ཅིག་གཅིག་ལ་བཅུག་པར་གྱུར་ཏོ་ཞེས་ཐེག་པ་ཆེན་པོའི་མདོ་སྡེ་ རྣམས་ལས་ཐོས་ཏེ། དཔེར་ན་ཐུགས་རྗེ་ཆེན་པོའི་བདུད་རྩིས་ཐུགས་བརླན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགོན་པའི་གནས་སུ་དགེ་སློང་གི་དངོས་པོར་གནས་པའི་ཉན་ཐོས་ལྔ་བརྒྱ་གཟིགས་ནས་འོད་ཟེར་གྱི་སྦྱོར་བས་དགེ་སློང་གི་ཆ་ བྱད་ཅན་གྱི་སྐྱེས་བུ་འགའ་ཞིག་སྤྲུལ་ཏེ་སྤྲོས་སོ། །དེ་ནས་དེ་འཆག་ཅིང་སོང་བ་དང་། ལམ་གྱི་དབུས་དགོན་པར་དགེ་སློང་ལྔ་བརྒྱ་པོ་དེ་དག་དང་ཕྲད་པར་གྱུར་ཏོ། །དེ་རྣམས་ཀྱིས་སྨྲས་པ་བཙུན་པ་ཁྱོད་སུ་ཡིན། དེས་སྨྲས་པ་བཙུན་པ་ཞེས་བྱ་བ་འགའ་ཡང་མེད་དོ། །དེ་ རྣམས་ཀྱིས་སྨྲས་པ་སྡོམ་པས་རྒན་ནམ་བཞོན་ནམ་འོན་ཏེ་མ་ཡིན། དེ་རྣམས་ལ་སྨྲས་པ་བརྟུལ་ཞུགས་ཞེས་བྱ་བ་ཅི་ཞིག་གང་གི་བརྟུལ་ཞུགས་ཡིན། རྒན་པ་ནི་གང་ཞིག་གཞོན་པ་ནི་གང་ཞིག་ཡིན། དེ་རྣམས་ཀྱིས་སྨྲས་པ་ཁྱོད་གང་ནས་འོངས་གང་དུ་འགྲོ། དེས་སྨྲས་ པ་གང་ནས་མ་འོངས་གང་དུ་ཡང་མི་འགྲོ་སྟེ་འགྲོ་བ་ནི་སུ་ཞིག་གང་དུ་འགྲོ་བར་བྱ། དེ་རྣམས་ཀྱིས་སྨྲས་པ་ཁྱེད་གང་ན་གནས་མིང་དང་རུས་ཅི་ཡིན། དེས་སྨྲས་པ་གང་ན་མི་གནས་ཤིང་ངའི་མིང་དང་རུས་ལ་སོགས་པ་ནི་ཅུང་ཟད་ཀྱང་མེད་དོ་དེ་རྣམས་ཀྱིས་སྨྲས་པ། ཁྱོད་ཀྱི་ཏིང་ངེ་ འཛིན་གང་ཡིན་ང་ལ་ཏིང་ངེ་འཛིན་འགའ་ཡང་མེད་དེ་ང་ནི་འདི་ལྟ་བུ་དང་འདི་ལྟ་བུ་ཉིད་ཡིན་ནོ་ཞེའོ། །དེ་ནས་དགེ་སློང་དེ་རྣམས་ཀྱིས་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱི་མཐུས་སྐད་ཅིག་གཅིག་ལ་འགྲོ་བ་དང་། འོང་བ་ལ་སོགས་པ་དང་བྲལ་བའི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་ 37-1-137b པར་ཞུགས་ནས་ཡང་དག་པའི་ཚུལ་གྱི་བདག་ཉིད་དེ་ཁོ་ན་ཉི་མངོན་དུ་བྱས་པར་འགྱུར་རོ། །དེ་བཞིན་དུ་འཇིག་རྟེན་ལ་ཕན་འདོགས་པར་བྱེད་པ་ཉིད་ཡིན་པའི་ཕྱིར། འཇིག་རྟེན་གྱི་མགོན་དུ་གྱུར་པ་ཡིན་ཡང་སེམས་ཅན་གཞན་རྣམས་ཀྱི་བྲན་དུ་གྱུར་ཅིང་ཁོལ་པོ་དང་མཚུངས་པ་ཡིན་ ཏེ་ང་རྒྱལ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །འགྲོ་བ་རྣམས་ལ་གདོལ་པའི་ཕྲུ་གུ་བཞིན། །རྒྱགས་དང་ང་རྒྱལ་དྲེགས་པ་སྤངས་ནས་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ཤེས་པས་ན་དེ་ཉིད་རྟོགས་པའོ། །དེ་ཉིད་ཀྱི་ཕྱིར་གང་ལ་འདོད་ ཆགས་ལ་སོགས་པའི་ཉེས་པ་ཀུན་ཟད་པ་ཡོད་པ་དེ་ལ་འདི་སྐད་ཅེས་བྱའོ་ཞེས་བྱ་བ་ནི་མཐར་ཐུག་པའོ། །ད་ནི་ཏིང་ངེ་འཛིན་གཉིས་ཀྱི་སྒོ་ནས་མངོན་པར་བྱང་ཆུབ་པ། མན་ངག་ཐོབ་པའི་སློབ་མ་ཡིས། །དེ་ནས་རྣལ་འབྱོར་རྣམ་གཉིས་བསླབ། །རིལ་པོར་འཛིན་པའི་ རིམ་པ་དང་། །དེ་བཞིན་རྗེས་སུ་གཞིག་པས་སོ། །ཞེས་བྱ་བ་གསུངས་ཏེ། བླ་མའི་ཞལ་ནས་མན་ངག་སྟེ་མངོན་པར་བྱང་ཆུབ་པའི་རིམ་པའི་མན་ངག་ཐོབ་ནས་དེ་བསྟན་པར་བྱ་བའི་ཕྱིར་རྣལ་འབྱོར་རྣམ་གཉིས་ཏེ། བྱེ་བྲག་གཉིས་ཀྱིས་ཏིང་ངེ་འཛིན་གོམས་པར་བྱའོ། ། གཅིག་ནི་རིལ་པོར་འཛིན་པའི་རིམ་པ་ཡིན་ཞིང་གཉིས་པ་ནི་རྗེས་སུ་གཞིག་པའི་རིམ་པ་ཡིན་ནོ་ཞེས་བྱ་བ་ནི་བསྟན་པ་སྟེ་སྒྲ་ཇི་བཞིན་པའོ། །བཤད་པ་ནི། མགོ་ནས་རྐང་པའི་བར་དག་གམ། །ཇི་སྲིད་སྙིང་གར་ཕྱིན་པའི་བར། །རྣལ་འབྱོར་ཡང་དག་མཐར་འཇུག་པ། ། རིལ་པོར་འཛིན་པ་ཞེས་བཤད་དོ། །ཞེས་བྱ་བ་གསུངས་ཏེ། ལྟེ་བ་ཆོས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་ལ་ཡི་གེར་བཀོད་ནས་ཆོས་ཐམས་ཅད་བདག་མེད་པའི་བློས་དེ་ལས་འདི་སྤྲོས་ཏེ་དེའི་སྟེང་དུ་སོང་ནས་མགོ་བོ་ནས་བརྩམས་ཏེ་རྐང་པའི་བར་དུ་བསྲེགས་ནས་སླར་སྙིང་གར་ སོང་སྟེ་ཡང་དེ་ཁོ་ན་བཞིན་བྱས་ནས་ནལ་འབྱོར་པ་ཡང་དག་མཐའ་སྟེ་དོན་དམ་པ་ལ་འཇུག་པ་དེ་ནི་རིལ་པོར་འཛིན་པའི་ཏིང་ངེ་འཛིན་ཡིན་པར་བརྗོད་པར་བྱའོ། །ཆ་དྲུག་པའི་གོང་བུ་མི་དམིགས་པར་འཛིན་པ་ནི་རིལ་པོར་འཛིན་པའོ། །བཤད་དོ་ཞེས་བྱ་བ་འདིས་ནི་ལུང་ཚད་མ་ 37-1-138a ཡིན་པར་བསྟན་ཏེ་ཞེས་བྱ་བ་ནི་མཐར་ཐུག་པའོ། །རྒྱུ་བ་དང་ནི་མི་རྒྱུ་ཉིད། །དང་པོ་འོད་གསལ་བར་བྱ་སྟེ། །ཕྱི་ནས་དེ་བཞིན་བདག་ཉིད་བྱ། །དེ་ནི་རྗེས་གཞིག་རིམ་པ་ཡིན། །རིམ་པ་འདི་ཉིད་ཀྱིས་བ་སྤུའི་བུ་གའི་གསེབ་ཐམས་ཅད་ནས་བྱུང་བའི་ འོད་ཟེར་གྱི་འཁོར་ལོས་སྒྱུར་བའི་བདག་ཉིད་ཀྱི་འགྲོ་བ་སྣང་བ་མེད་པར་བྱ་སྟེ་དེ་བཞིན་དུ་བདག་ཉིད་ཀྱང་སྣང་བ་མེད་པར་བྱའོ་ཞེས་བྱ་བ་ནི་རྡུལ་བཞིན་རྡུལ་ཕྲ་རབ་རེ་རེ་ཕྱེ་ནས་འགྲོ་བ་མི་དམིགས་པའི་ཕྱིར་རྗེས་སུ་གཞིག་པ་ཞེས་བྱ་སྟེ་མཐར་ཐུག་པའོ། །འདིར་དཔེ་གཉིས་ཏེ། ཇི་ལྟར་ཆུ་བོའམ་ལྟེང་ཀའི་ཆུ་ནི་དྲི་མེད་དག་ལ་ཟླ་བ་གནས་པ་ལྟར། །དེ་བཞིན་རིམ་པ་འདི་ཡིས་རྗེས་སུ་གཞིག་ཅེས་རྣལ་འབྱོར་པས་ནི་རྟག་ཏུ་བསམ། །མེ་ལོང་ལ་ནི་རླུང་དག་རིམ་གྱིས་ཟད་པར་འགྱུར་བ་བཞིན་དུའང་བལྟ་བྱ་སྟེ། །རིལ་པོར་འཛིན་པ་དག་ལ་བྱ་བའི་རིམ་པ་འདི་ནི་དེ་བཞིན་ ཡང་དག་བརྟག །ཅེས་བྱ་བ་བཞིན་ནོ། །འོད་གསལ་བ་ལ་ཡང་དང་ཡང་དུ་གོམས་པར་བྱ་བའི་ཕྱིར། དབུགས་ཀྱི་རླུང་ནི་མེ་ལོང་ལ། །ཇི་ལྟར་ཀུན་དུ་ཐིམ་འགྱུར་བ། །དེ་བཞིན་རྣལ་འབྱོར་ཡང་དག་མཐའ། །ཡང་དང་ཡང་དུ་འཇུག་པར་བྱ། །ཞེས་བྱ་བ་གསུངས་ཏེ་ཇི་ ལྟར་མེ་ལོང་དྲི་མ་མེད་པ་ལ་དབུགས་ཀྱི་རླུང་སྟེ་ཁའི་རླུང་བཞག་པ་ན་སྐད་ཅིག་ཉིད་ཀྱིས་ཐིམ་ཞིང་ཞི་བར་འགྱུར་བ་དེ་བཞིན་དུ་རྣལ་འབྱོར་པས་སྐད་ཅིག་རེ་རེ་ཞིང་ཡང་དག་མཐའ་སྟེ་འོད་གསལ་བ་ལ་འཇུག་པར་བྱའོ་ཞེས་བྱ་བ་ནི་གོམས་པར་བརྟན་པར་བྱ་བ་ཉིད་དུ་བསྟན་པ་ཡིན་ནོ། ། གཞན་དུ་ན་གློག་བཞིན་དུ་གཡོ་བའི་དོན་དམ་པའི་སྐད་ཅིག་ལ་གནས་པར་མི་འགྱུར་རོ་ཞེས་བྱ་བ་ནི་མཐར་ཐུག་པའོ། །སྤྱོད་ལམ་ཐམས་ཅད་དུ་འོད་གསལ་བ་ལ་འཇུག་པ་ནི། འགྲོ་དང་འདུག་དང་ཉལ་དང་ཟ། །མིག་འབྱེད་འཛུམས་དང་དགོད་པ་དང་། །བསམ་གཏན་ སྦྱོར་བ་འདི་ཡིས་ནི། །དེ་ཉིད་རིག་པ་རྟག་ཏུ་གནས། །ཞེས་བྱ་བ་གསུངས་ཏེ་འགྲོ་བ་ལ་སོགས་པ་རྣམས་ནི་སྤྱོད་ལམ་རྣམ་པ་བཞིའོ། །ཟ་བ་ལ་སོགས་པ་རྣམས་ཀྱིས་ནི་དབང་པོའི་བྱ་བ་རྣམས་ཉེ་བར་མཚོན་པར་བྱ་སྟེ། དེ་ན་ལས་ཐམས་ཅད་ལ་འཇུག་པ་ན་རྣལ་འབྱོར་ 37-1-138b པ་ཏིང་ངེ་འཛིན་འདི་ཉིད་ལ་སྟོན་པར་བྱེད་དོ། །དེ་ཉིད་རིག་པ་ཞེས་བྱ་བ་ནི་དོན་དམ་པ་ཇི་ལྟ་བ་བཞིན་དུ་མངོན་པར་ཤེས་པའོ། །རྟག་ཏུ་ཞེས་བྱ་བ་ནི་ཉིན་དང་མཚན་དུའོ་ཞེས་བྱ་བ་ནི་མཐར་ཐུག་པའོ། །འོད་གསལ་བ་ཞུགས་པའི་སེམས་ཅན་གྱི་དོན་ནི། བརྒྱ་ལ་སེམས་ཅན་ དོན་བྱེད་ན། །དེ་དང་དེ་མཐུན་འོད་ཟེར་དང་། །རྣམ་ཤེས་རླུང་དང་ལྡན་པ་ནི། །བདག་བྱིན་བརླབ་པའི་རིམ་པས་བྱ། །ཞེས་བྱ་བ་གསུངས་ཏེ། གང་གི་ཚེ་རྣལ་འབྱོར་པས་སེམས་ཅན་གྱི་དོན་བྱ་བར་འདོད་པ་དེའི་ཚེ་དེ་བཞིན་གཤེགས་པ་ལྔའི་རིགས་ཀྱི་གཙོ་བོར་བྱས་པའི་སྒོ་ནས་ དེ་དང་དེ་མཐུན་པའི་འོད་ཟེར་སྤྲོས་ལ་རྣམ་ཤེས་རླུང་དང་ལྡན་པ་སྟེ་ཡིད་ཀྱི་རང་བཞིན་གྱི་ལྷའི་སྐུ་རྣམ་གྲངས་གཞན་ཡང་བདག་བྱིན་གྱིས་བརླབ་པའི་རིམ་པ་ཞེས་བྱ་བ་གང་ཡིན་པ་དེས་གཞན་འཇའ་ཚོན་ལྟ་བུའི་སྐུར་བསྐྱེད་ནས་སྐུ་དེ་དང་འོད་ཟེར་གྱི་སྦྱོར་བས་བཤད་པ་ན། སྨིན་པ་ ལ་སོགས་པའི་རྣམ་པས་འགྲོ་བའི་དོན་བྱའོ་ཞེས་བྱ་བ་ནི་སྦས་པའོ། །འོད་གསལ་བ་ནི་ཐམས་ཅད་འབྱུང་བའི་རྒྱུ་ཉིད་ཡིན་པར། ཇི་ལྟར་དང་བའི་ཆུ་ཀླུང་ལས། །ཉ་དག་མྱུར་བར་འཕར་བ་ལྟར། །དེ་བཞིན་ཐམས་ཅད་སྟོང་གསལ་ལས། །སྒྱུ་འཕྲུལ་དྲ་བ་འབྱུང་བར་འགྱུར། ། ཞེས་བྱ་བ་གསུངས་ཏེ། ཇི་ལྟར་དང་ཞིང་འདམ་གྱི་ཉེས་པའི་རྙོག་པ་མེད་པའི་ཆུ་ཀླུང་སྟེ་ཆུ་བོའི་ཆུ་ལས་གློ་བུར་དུ་ཟས་དོན་དུ་གཉེར་བའི་ཉ་དེ་ཉ་རྣམས་མྱུར་དུ་སྐད་ཅིག་ཙམ་གྱིས་འཕར་ཞིང་འབྱུང་སྟེ་ཆུ་ན་སྤྱོད་པ་ཉིད་ཡིན་པས་དེའི་ནང་དུ་མྱུར་དུ་འགྲོ་བར་ནུས་པ་ཉིད་ཡིན་པའི་ཕྱིར་ རོ། །དེ་ཁོ་ན་བཞིན་དུ་ཐམས་ཅད་སྟོང་པ་སྟེ་འོད་གསལ་བའི་དེ་ཁོ་ན་ཉིད་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་འདམ་གྱི་དྲི་མ་དང་བྲལ་ཞིང་གསལ་བ་ལས་སྒྱུ་མའི་རང་བཞིན་གྱི་ལྷའི་སྐུ་འདི་འགྲོ་བའི་དོན་བྱ་བའི་ཕྱིར་སྐད་ཅིག་གིས་འབྱུང་ཞིང་སྐྱེ་བའམ་འཕོ་བར་འགྱུར་རོ། ། དྲ་བ་སྟེ་འཁོར་བའི་འཁོར་ལོ་མ་ལུས་པ་ཡང་དེ་ཁོ་ནས་འབྱུང་བ་ཉིད་ཡིན་ནོ། །རྣལ་འབྱོར་པ་དང་སོ་སོའི་སྐྱེ་བོ་དག་ལ་ཡོངས་སུ་ཤེས་པ་དང་ཡོངས་སུ་མ་ཤེས་པས་བྱས་པ་དང་རང་དབང་ཅན་དང་རང་དབང་ཅན་མ་ཡིན་པས་བྱས་པའི་ཁྱད་པར་ཡོད་པར་ཤེས་པར་བྱའོ། །དེ་ཉིད་ 37-1-139a བཅིངས་པ་དང་ཐར་པའི་རྣམ་པར་གཞག་པ་ཡིན་ཏེ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་དངོས་པོ་རྣམས་ཀྱི་རྒྱུ་ནི་གཅིག་པ་ཉིད་ཡིན་ཞིང་དེ་ཉིད་དུ་ཐིམ་པར་ཡང་འགྱུར་རོ་ཞེས་བྱ་བ་དེ་ནི་རིམ་པ་གསུམ་པར་བཤད་ཟིན་པས་འདིར་མི་སྤྲོ་སྟེ་སྦས་པའོ། །དེ་ལས་བྱུང་བའི་སྐུའི་རང་བཞིན་ནི། རིགས་ལྔའི་སངས་རྒྱས་ལ་ལྟོས་པའི། །ཕྱག་རྒྱ་ཆེན་པོར་བརྟག་པ་ནི། །འོད་ཟེར་ལྔ་ནི་འབྱུང་བ་སྟེ། །ནམ་མཁའ་འཇའ་ཚོན་མཚུངས་པ་ཡིན། །ཞེས་བྱ་བ་གསུངས་ཏེ། རྣལ་འབྱོར་པས་འོད་གསལ་བ་དེ་ལས་སྐུ་སྤྲོས་པ་གང་ཡིན་པ་དེ་ནི་ཕྱག་ རྒྱ་ཆེན་པོའོ། །དེའི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཕྱག་དང་ཞལ་དང་སྐུ་མདོག་དང་དབྱིབས་དང་ལྡན་པ་ཉིད་ཡིན་པའི་ཕྱིར་ཕྱག་རྒྱ་ཡང་ཡིན་ལ་འོད་གསལ་བ་ལས་འབྱུང་བ་ཉིད་ཡིན་པའི་ཕྱིར་ཆེན་པོ་ཡང་ཡིན་པས་ཕྱག་རྒྱ་ཆེན་པོའོ། །བརྟག་པ་ནི་ཤེས་པར་བྱའོ། ། ཇི་ལྟ་བུ་ཞིག་ཅེ་ན་མོས་པའི་བྱེ་བྲག་གི་སྒོ་ནས་སེམས་ཅན་རྣམས་རྗེས་སུ་གཟུང་བའི་དོན་དུའམ་ཞི་བ་ལ་སོགས་པའི་དོན་དུ་རིགས་ལྔའི་སངས་རྒྱས་ལ་ལྟོས་པ་སྟེ། རིགས་ལྔའི་དེ་བཞིན་གཤེགས་པའི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་འོད་ཟེར་ལྔ་འབྱུང་བ་ན་ཞེས་བྱ་བ་འོད་ཟེར་ཁ་ དོག་སྣ་ལྔ་པའི་འོད་ཟེར་རིམ་པའམ་ཅིག་ཅར་དུ་འབྱུང་བའི་རྒྱུར་གྱུར་པ་ཡིན་ནོ། །བསྐྱེད་པའི་རིམ་པའི་རྣལ་འབྱོར་ལས་ཁྱད་པར་དུ་གསུངས་པ་ནི། ཇི་ལྟར་ནམ་མཁའ་སྟེ་ནམ་མཁའི་འཇའ་ཚོན་འོད་ཟེར་ཁ་དོག་སྣ་ལྔ་པའི་ཚོགས་འཕྲོ་བར་བྱེད་པ་སྣང་བ་དེ་བཞིན་དུ་དེ་ཡང་ཡོད་པ་ ཡང་མ་ཡིན་མེད་པ་ཡང་མ་ཡིན་ནོ་ཞེས་སྒྱུ་མ་བཞིན་དུ་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏེ་སྦས་པའོ། །སྐུ་བསྐྱེད་ནས་ཕྱག་རྒྱ་བཅིང་བ་ལ་སོགས་པ་ནི་དེ་ཁོ་ན་ཉིད་ལ་གནས་པ་ཁོ་ནས་བྱ་བ་ཡིན་ནོ་སྙམ་དུ་ཐུགས་ལ་བཞག་ནས། ཕྱག་རྒྱ་འཆིང་བར་བྱེད་པའམ། །གལ་ཏེ་གསང་ སྔགས་བཟླས་པའམ། །གཞན་དག་ཐམས་ཅད་བྱེད་པ་ན། །ཐམས་ཅད་སྟོང་པའི་གཞི་ལ་གནས། །ཞེས་བྱ་བ་གསུངས་ཏེ། ཕྱག་རྒྱ་བཅིང་བ་སྟེ་ཕྱི་རོལ་གྱི་ལག་པའི་ཕྱག་རྒྱ་ལ་སོགས་པའམ། ནང་གི་དགུག་པ་ལ་སོགས་པའམ། ལས་ཀྱི་ཕྱག་རྒྱ་ལ་སོགས་ 37-1-139b པ་དང་སྙོམས་པར་འཇུག་པའི་མཚན་ཉིད་ཀྱི་བྱེད་པའམ་ལས་ཏེ་གསང་སྔགས་ངག་གི་བཟླས་པའི་སྒོ་ནས་གསལ་བའམ། རྡོ་རྗེ་བཟླས་པའི་སྒོ་ནས་མི་གསལ་བར་ཟློས་ཤིང་འདོན་པའམ་དེ་བཞིན་དུ་གཞན་གྱི་དཀྱིལ་འཁོར་དང་ཏིང་ངེ་འཛིན་དང་ཕྱག་རྒྱ་སྔགས་དང་བྱ་བ་དང་གནས་ཐབས་དང་བཟླས་ པ་དང་སྦྱིན་སྲེག་ལ་སོགས་པ་བྱེད་པ་གང་ཇི་སྙེད་པ་དེ་ཐམས་ཅད་ནི་ཐམས་ཅད་སྟོང་པའི་གཞི་སྟེ། འོད་གསལ་བའི་གནས་ལ་གནས་ཤིང་འདུག་པས་བྱའོ། །དེ་ལྟ་ན་ནི་དེའི་དེ་དག་འབྲས་བུ་དང་བཅས་པར་འགྱུར་བ་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་བ་ཡིན་ནོ། །གཞན་དུ་ན་བསྐྱེད་ པའི་རིམ་པའི་རྣལ་འབྱོར་པ་དང་མཚུངས་པར་བསོད་ནམས་ཀྱི་ཚོགས་ཙམ་དུ་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་མཐར་ཐུག་པའོ། །བྱ་བ་ཐམས་ཅད་ལ་དེ་ཁོ་ན་ཉིད་དུ་གནས་པ་ནི། ཐམས་ཅད་ཟ་དང་ཐམས་ཅད་འཐུངས། །ཀུན་ལ་ཕྱག་བྱེད་ཀུན་དུ་འགྲོ། །ཐམས་ཅད་བྱེད་དང་མཚན་ མ་ཀུན། ཐམས་ཅད་སྟོང་པས་འགྲུབ་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། རྫོགས་པའི་རིམ་པའི་རྣལ་འབྱོར་པ་གང་ཡིན་པ་དེས་ཐམས་ཅད་སྟོང་པ་དེ་ཁོ་ན་ཉིད་བཞི་པ་ལ་བརྟེན་ནས་གྲུབ་པའམ་འགྲུབ་པར་འགྱུར་རོ། །དེ་ཇི་ལྟ་བུ་ཞིག་ཅེ་ན། ཐམས་ཅད་ཟ་ཞེས་བྱ་བ་ནི་དུས་ ཐམས་ཅད་དུ་ཡུལ་ཐམས་ཅད་དང་ཕྱོགས་ཐམས་ཅད་ན་འགལ་བའམ་མི་འགལ་བ་ཐམས་ཅད་ཟ་བ་ན་ཉེས་པར་མི་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་འཐུངས་ན་ཡང་ཉེས་པར་མི་འགྱུར་རོ། །ཀུན་ལ་སྟེ་བྱིས་པ་དང་སོ་སོའི་སྐྱེ་བོ་རྣམས་སམ། འཕགས་པ་རྣམས་ལ་ཕྱག་བྱེད་པ་ ན་ཉེས་པར་མི་འགྱུར་རོ། །དེ་ཁོ་ན་བཞིན་དུ་གལ་ཏེ་འགལ་བ་དང་མི་འགལ་བའི་ཡུལ་ལ་སོགས་པ་ཐམས་ཅད་ལ་འགྲོ་བས་ན་ཀུན་དུ་འགྲོ་བ་ཡིན་པ་དེའི་ཚེ་ཡང་ཉེས་པ་མེད་དེ། དེ་ཁོ་ན་ཉིད་ཤེས་པ་ཡིད་ལ་བྱེད་པ་ཁྱད་པར་ཅན་གྱིས་ཟིན་པའི་འདོད་ཆགས་ལ་སོགས་པ་རྣམས་ནི་ བླ་ན་མེད་པའི་འབྲས་བུ་ཐོབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་མཆོག་དང་པོ་ལས། འདོད་ཆགས་ཞེ་སྡང་གཏི་མུག་སྟེ། །གསུམ་པོ་འདི་དག་དུག་ཆེན་ཡིན། །དུག་ཉིད་ཀྱིས་ནི་བརྟན་བྱས་ན། །དུག་ཏུ་ཉེ་བར་འགྲོ་བ་ཉིད། །བདུད་ 37-1-140a རྩི་ཉིད་ཀྱིས་བརྟན་བྱས་ན། །བདུད་རྩི་ཉིད་དུ་འགྲོ་བར་འགྱུར། །ཞེས་གསུངས་པ་དང་། མདོ་སྡེ་དཀོན་མཆོག་བརྩེགས་པ་ལས་ཀྱང་འོད་སྲུངས་འདི་ལྟ་སྟེ་བུ་རམ་ཤིང་གི་ཞིང་དང་། འབྲས་ཀྱི་ཞིང་དང་ལྡུམ་ར་རྣམས་ལ་ལུད་ཀྱི་ཕུང་པོས་ཕན་པར་བྱེད་པར་འགྱུར་ བ་ཡིན། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་ཉོན་མོངས་པས་ཕན་པར་འགྱུར་བ་ཡིན་ནོ། །འོད་སྲུངས་འདི་ལྟ་སྟེ་སྔགས་དང་སྨན་གྱིས་ཟིན་པའི་དུག་གིས་གསོད་པར་བྱེད་པ་མ་ཡིན་ཏེ། དེ་བཞིན་དུ་ཐབས་དང་ཤེས་རབ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་ཉོན་མོངས་པ་ རྣམས་ཀྱིས་ལྟུང་བར་མི་འགྱུར་རོ་ཞེས་གསུངས་པ་དང་། དེ་ཉིད་ཀྱི་ཕྱིར་དོན་ཡོད་པར་གྲུབ་པའི་རྒྱུད་ལས། གང་གིས་རྨོངས་པར་འགྱུར་བ་དང་། །དེ་ཡིས་མཁས་པ་གྲོལ་འགྱུར་ཏེ། །དེ་ལྟར་བྱང་ཆུབ་བསྒོམས་པ་ཡིས། །འདི་དག་མ་ལུས་བཟློག་པ་ཡིན། ། ཞེས་གསུངས་པ་དང་གཞན་ལས་ཀྱང་། ལས་ནི་དྲག་པོ་གང་གང་གིས། །སྐྱེ་བོ་རྣམས་ནི་འཆིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པ་འཆིང་ལས་གྲོལ་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་མཐར་ཐུག་པའོ། །ད་ནི་མན་ངག་ཐོབ་པའི་སློབ་ མ་ཕྱིར་མི་ལྡོག་པའི་དོན་དུ་བཅོམ་ལྡན་འདས་ཀྱིས་གསུངས་པའི་བྱང་ཆུབ་ཀྱི་སེམས་ཀྱི་སྔགས་བླ་མས་བྱིན་པ་གདོན་པའི་ཕྱིར་དེ་ལ་མཆོད་པར་བྱའོ་སྙམ་དུ་ཐུགས་ལ་བཞག་ནས། སྐལ་བཟང་སློབ་མ་བཟང་པོར་མན་ངག་ཐོབ། །ཐལ་མོ་སྦྱར་ནས་མེ་ཏོག་འཛིན་པ་ཡིས། །བྱང་ ཆུབ་སེམས་སྔགས་དོན་དམ་ཞེས་བྱ་བ། །བླ་མ་ལས་ནི་སླར་ཡང་བླང་བར་བྱ། །ཞེས་བྱ་བ་གསུངས་ཏེ། མན་ངག་ཐོབ་ཅེས་བྱ་བ་ནི་མངོན་པར་བྱང་ཆུབ་པའི་རིམ་པ་ཐོབ་པའོ། །སྐལ་བཟང་ཞེས་བྱ་བ་ནི་དེ་ཁོ་ན་ཉི་མངོན་དུ་བྱས་པའི་ཕྱིར་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ གྱི་སྐུར་འཛིན་པ་སྟེ་དེ་སྐད་དུ་ཡང་དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་རྒྱུད་ལས། ཀུན་དུ་སྣ་ཚོགས་སྐལ་བཟང་ལས། །རང་བདག་སྒྲུབ་པ་སྐལ་བཟང་ཡིན། །ཆོས་ལ་བདག་མེད་དང་ལྡན་ཞིང་། །དམ་ཚིག་སྡང་བ་སྐལ་ངན་ཡིན། །སྲིད་པ་ཤིན་ཏུ་བསྒྲུབ་པའི་ 37-1-140b ཕྱིར། །སངས་རྒྱས་བཅོམ་ལྡན་སྐལ་བཟང་ཡིན། །ཤིན་ཏུ་མྱ་ངན་འདས་པ་ཡི། །འཇིག་རྟེན་ཉན་ཐོས་སྐལ་ངན་ཡིན། །རྟོག་པ་ཐམས་ཅད་བསྒྲུབ་པའི་ཕྱིར། །ཕྱག་ན་རྡོ་རྗེ་སྐལ་བཟང་ཡིན། །སྟོང་ཉིད་ཤིན་ཏུ་སྦྱོར་བ་ཡི། །རང་རྒྱལ་རྣམས་ནི་སྐལ་ངན་ཡིན། །འདོད་ཆགས་ ཐམས་ཅད་སྦྱང་བའི་ཕྱིར། །སྤྱན་རས་གཟིགས་དབང་སྐལ་བཟང་སྟེ། །ལོག་པར་ལྟ་བ་དང་ལྡན་པའི། །འཇིག་རྟེན་མུ་སྟེགས་སྐལ་ངན་ཡིན། །དོན་དམ་མཆོག་ནི་སྡུད་པའི་ཕྱིར། །རྡོ་རྗེ་ཉི་མ་སྐལ་བཟང་སྟེ། །རང་གི་ལུས་ལའང་ཆགས་མེད་པའི། །དཀའ་ཐུབ་ཅན་ཀུན་ སྐལ་ངན་ཡིན། །རྒྱལ་སྲིད་མཆོག་ཏུ་སྡུད་པའི་ཕྱིར། །དཔལ་ལྡན་རྟ་མཆོག་སྐལ་བཟང་སྟེ། །བདག་གི་མེད་ཅིང་འཛིན་མེད་པའི། །སྡོམ་བརྩོན་ཐམས་ཅད་སྐལ་ངན་ཡིན། །བདེ་ཀུན་བདག་ཉིད་བསྒྲུབ་པའི་ཕྱིར། །སློབ་དཔོན་ཐམས་ཅད་སྐལ་བཟང་ཡིན། །ལྟས་ངན་དམ་ ཚིག་ལ་སྡང་བའི། །སློབ་མ་ཐམས་ཅད་སྐལ་ངན་ཡིན། །དེ་ཉིད་གསང་བ་འདི་ཡིས་ནི། །རྣམ་པར་ཤེས་པ་དོན་གསལ་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་ཀྱི་ཕྱིར་རིན་པོ་ཆེ་ལྟ་བུའི་གང་ཟག་ཉིད་ཡིན་པས་སློབ་མ་བཟང་པོ་སྟེ་བུ་ཁྱད་པར་ཅན་ནོ། །ཐལ་མོ་ སྦྱར་ཞེས་བྱ་བ་ནི་སྤྱི་བོར་ལག་པའི་ཐལ་མོ་སྦྱར་བའོ། །གང་གིས་ལག་པ་དག་ན་མེ་ཏོག་སྟེ་མེ་ཏོག་གི་ཕྲེང་བ་རྣམས་འཛིན་པ་སྟེ་བླ་མའི་ཞལ་སྔ་ནས་ལྷ་མཆོད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །བྱང་ཆུབ་ཀྱི་སེམས་སྟོན་པར་བྱེད་པ་ཉིད་ཡིན་པའི་ཕྱིར་བྱང་ཆུབ་ཀྱི་སྔགས་ཞེས་བྱ་བ་ནི་བརྗོད་ པའོ། །བརྗོད་པར་བྱ་བའི་གཙོ་བོ་དོན་དམ་པ་ཉིད་ཡིན་པའི་ཕྱིར་དོན་དམ་པ་ཞེས་བྱ་བ་ནི་བརྗོད་པར་བྱ་བའོ། །དེ་བླ་མ་སྟེ་རྡོ་རྗེ་སློབ་དཔོན་གྱི་ཞལ་པདྨ་ལས་བླང་ཞིང་གཟུང་བར་བྱ་སྟེ་སྒྲ་ཇི་བཞིན་པའོ། །ད་ནི་བྱང་ཆུབ་ཀྱི་སེམས་ཀྱི་སྔགས། ཨོཾ་དངོས་པོ་ཀུན་དང་རྣམ་བྲལ་ ཞིང་། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་ཀུན་བདག་མེད་མཉམ་ཉིད་ལས། །རང་སེམས་གཟོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་བྱ་བ་གསུངས་ཏེ་འདིའི་དོན་ནི་འདི་ཡིན་ཏེ། རེ་ཞིག་དངོས་པོ་ཀུན་ནི་བདག་དང་སྐྱེས་ 37-1-141a བུ་དང་། གང་ཟག་དང་། དབང་ཕྱུག་དང་། སྲོག་དང་། དུས་དང་། ངེས་པ་དང་། རང་བཞིན་དང་། གཟའ་དང་། ལས་དང་། ལྷ་དང་། སྐལ་བ་དང་། བསོད་ནམས་རྣམས་ཏེ་གཞན་དག་གིས་བརྟགས་པ་གང་དག་ཡིན་པའོ། །དེ་ལ་བདག་ཅེས་བྱ་བ་ནི་རྣམ་པར་དཔྱད་ན་ ཕུང་པོ་ལ་སོགས་པ་ལས་ལོགས་ཤིག་ཏུ་མི་དམིགས་ཏེ་ཚད་མ་མེད་པ་དང་འཇིག་ཚོགས་ལ་ལྟ་བའི་རི་བོ་མཐོ་བ་ཉི་ཤུ་ལས་བྱུང་བའི་བདག་ལ་རྣམ་པར་དཔྱད་ན་ཡོད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །རྒྱུ་དང་འབྲས་བུའི་ངོ་བོ་མ་ཡིན་པའི་སྐྱེས་བུ་ཡང་ཡོད་པ་མ་ཡིན་ཏེ་གཏན་མེད་པའི་ཕྱིར་རི་བོང་གི་རྭ་ བཞིན་ནོ། །གང་ཞིག་སྒྱུ་མ་ཡིན་ཞིང་འབྲས་བུ་མ་ཡིན་པ། །ཞེས་བྱ་བ་དེ་ལྟ་བུའི་དངོས་པོ་ནི་དམིགས་པར་མི་འགྱུར་རོ། །གང་ཟག་ཀྱང་རྟག་པ་ཡང་ཡིན་ལ་ཡང་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནི་འགལ་བ་ཡིན་ནོ། །དབང་ཕྱུག་ཀྱང་བྱེད་པ་པོའི་ནུས་པ་དང་ལྡན་པ་ཡང་ཡིན་ཞིང་རྟག་པ་ཡང་ ཡིན་པར་རིགས་པ་མ་ཡིན་ཏེ་བྱེད་པ་པོ་ཉིད་ཡིན་པས་འབྲས་བུ་འབྱུང་བ་ན་རྒྱུ་འགག་པར་མཐོང་བའི་ཕྱིར་རོ། །དེ་བས་ན་རྟག་པ་མ་ཡིན་པར་འགྱུར་རོ། །སྲོག་ཅེས་བྱ་བ་ཁྱབ་པར་བྱེད་པའི་རང་བཞིན་ཡིན་པར་རིགས་པ་མ་ཡིན་ཏེ་རྣམ་པར་ཤེས་པ་དང་དབང་པོ་དང་ཚེ་འགག་པའི་ཕྱིར་རོ། ། དུས་ནི་སྐད་ཅིག་གཞན་དང་གཞན་གྱི་བདག་ཉིད་ཡིན་པའི་ཕྱིར་རང་ཉིད་ཡོད་པ་མ་ཡིན་པས་འབྱུང་བ་རྣམས་དུས་ཀྱིས་སྨིན་པར་བྱེད་པ་དང་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་ཅིའི་ཕྱིར་བརྗོད་པར་བྱ། ངེས་པ་ཞེས་བྱ་བ་ནི་འཆི་བ་སྟེ། དེ་ཇི་ལྟར་འདོད་པ་བཞིན་དུ་འབྱུང་བ་རྣམས་སྐྱེད་པར་བྱེད་པ་དང་ སྡུད་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ཡང་འཐད་པ་མ་ཡིན་ཏེ། དེ་རྒྱུ་ཡིན་ན་དེའི་རྟག་པ་ཉིད་ཉམས་པར་འགྱུར་བའི་ཕྱིར་རོ། །རང་བཞིན་དུ་སྨྲ་བ་ལ་དངོས་པོ་རྣམ་པ་སྣ་ཚོགས་པ་ཡིན་པར་མི་འཐད་དེ་རང་བཞིན་ནི་གཅིག་པུ་ཡིན་པ་དང་། ཐམས་ཅད་ཅིག་ཅར་སྐྱེ་བ་དང་། འཇིག་པར་ མཐོང་བར་འགྱུར་བའི་ཕྱིར་རོ། །ལས་སུ་སྨྲ་བ་ཡང་རྨོངས་པ་རྣམས་ཀྱིས་བརྟགས་པའི་དབང་དུ་བྱས་ནས་གཞན་པ་ཡིན་གྱི་དོན་དམ་པར་ནི་ལས་ཡོད་པ་མ་ཡིན་ཏེ་དེ་ནི་སེམས་དང་འབྲེལ་པ་ཉིད་དང་། སྐད་ཅིག་པ་ཉིད་ཡིན་པའི་ཕྱིར་ལས་ཀྱི་ནུས་པ་ཡོད་པར་ག་ལ་འགྱུར། དེ་བཞིན་དུ་ 37-1-141b ཡང་ལས་ནི་བྱེད་པ་པོ་ལ་ལྟོས་པ་ཡིན་ཏེ་བྱེད་པ་པོ་དང་ལས་ལོགས་ཤིག་ན་ལས་མེད་ཅིང་། ལས་ལོགས་ཤིག་ན་ཡང་བྱེད་པ་པོ་མེད་ལ་དེ་དག་ཕན་ཚུན་ལྟོས་པ་ཉིད་ཡིན་པའི་ཕྱིར་གཉི་ག་མ་གྲུབ་པ་ཡིན་ནོ། །གལ་ཏེ་ཐམས་ཅད་ལྷའི་བྱེད་དོ་ཞེ་ན་ཐམས་ཅད་བཟང་བའམ་ངན་པར་ ཅིའི་ཕྱིར་མི་བྱེད།གལ་ཏེ་རྣམ་པ་སྣ་ཚོགས་པ་བྱེད་པའི་ནུས་པ་ཡོད་དོ་ཞེ་ན། འོ་ན་ནི་ནུས་པ་ཁོ་ན་བྱེད་པ་པོ་ཡིན་གྱི་ལྷ་ནི་མ་ཡིན་ཏེ་དེ་དག་གི་འབྲེལ་པ་ནི་སྔར་བསལ་ཟིན་པ་ཁོ་ནའོ། །དེའི་རྣམ་གྲངས་ཀྱི་སྐལ་བ་དང་བསོད་ནམས་དག་ཀྱང་སྔ་མ་བཞིན་དུ་ཤེས་པར་བྱ་སྟེ་དེ་ལྟ་བུ་ལ་སོགས་ པ་ཚད་མས་གནོད་པར་འགྱུར་བའི་དངོས་པོ་ཀུན་དང་རྣམ་པར་བྲལ་ཞིང་སྤངས་པ་ཡིན་ནོ། །ཉན་ཐོས་རྣམས་གལ་ཏེ་དེ་ལྟ་ཡིན་དུ་ཟིན་ཀྱང་འགྲོ་བའི་ཕུང་པོ་ལ་སོགས་པའི་རང་བཞིན་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་རབ་འབྱོར་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལྔ་དང་སྐྱེ་ མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་ཡིན་ནོ་ཞེས་གསུངས་སོ་ཞེས་ཟེར་ན་དེ་ཡང་འཐད་པ་མ་ཡིན་ཏེ། རྣམ་པར་རིག་པ་ཁོ་ན་དེ་རྣམས་ཀྱིས་རྣམ་པར་སྣང་བ་ཡིན་ཏེ་དོན་དམ་པར་ནི་ཕྱི་རོལ་གྱི་དོན་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཡང་གང་གསལ་བ་དེ་ནི་ཡོད་པ་ཡིན་ལ་གང་ མི་གསལ་བ་དེ་ནི་མེད་པ་ཡིན་ཏེ། གཟུགས་ལ་སོགས་པ་རྣམས་ཀྱང་རང་ཉིད་གསལ་བ་མེད་པའི་ཕྱིར་མེད་པ་ཉིད་ཡིན་ནོ། །ངོ་བོ་གང་གིས་གསལ་བ་ནི་རྣམ་པར་རིག་པ་ཡིན་པའི་ཕྱིར་འགྲོ་བ་ནི་དེའི་རང་བཞིན་ཅན་ཁོ་ན་ཡིན་ནོ། །གལ་ཏེ་ཕྱི་རོལ་གྱི་དོན་བདེན་པའི་དངོས་པོ་ཡོད་ ན། བུད་མེད་ཤི་བའི་རོ་གཅིག་ལ་བློའི་སྣང་བ་ཐ་དད་པར་མི་འགྱུར་ཏེ། བུད་མེད་ལུས་ནི་གཅིག་པོ་ལ། །རོ་དང་འདོད་བྱ་བཟའ་བ་ཤེས། །ཀུན་རྒྱུ་འདོད་ཅན་ཁྱི་རྣམས་ཀྱིས། །རྣམ་པར་རྟོག་པ་རྣམ་གསུམ་མོ། །དེའི་ཕྱིར་ཕུང་པོ་ལ་སོགས་པ་རྣམས་ནི་ཡོད་པ་མ་ཡིན་ ཏེ་བཅོམ་འདས་ཀྱིས་ཉན་ཐོས་རྣམས་གཞུག་པའི་དོན་དུ་གསུངས་སོ། །དེ་བས་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་སྤངས་ཤིང་དེ་དང་བྲལ་བ་ཡིན་ནོ། །རྣལ་འབྱོར་སྤྱོད་པ་བ་རྣམས་གལ་ཏེ། དེ་ལྟ་ཡིན་དུ་ཆུག་ཀྱང་རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་སྣང་བའི་རྣམ་པར་རིག་པ་འབའ་ 37-1-142a ཞིག་ཁོ་ན་ཡོད་པ་ཡིན་ཞིང་ཐམས་ཅད་དེའི་རང་བཞིན་ཅན་ནོ་ཞེས་ཟེར་ན་དེ་ཡང་འཐད་པ་མ་ཡིན་ཏེ། རྣམ་པར་རིག་པ་ཞེས་པ་ཅི་ཞིག་ཡིན་པར་བརྗོད་པར་བྱ། རྣམ་པར་ཤེས་པར་བྱེད་པས་ན་རྣམ་པར་རིག་པ་ཡིན་ནོ་ཞེ་ན་ཅི་ཞིག་ཤེས་པར་བྱེད། རང་གི་རྣམ་པ་ ཁོ་ན་གཟུང་བའི་དོན་ནོ་ཞེ་ན། དེའི་ཕྱིར་གཅིག་དང་དུ་མ་དང་བྲལ་བས་དེ་མེད་པ་ནི་འཛིན་པ་ཡང་མེད་པ་ཡིན་ནོ། །གཞན་ཡང་དོན་འདས་པའམ་མ་འོངས་པའམ་ད་ལྟར་བྱུང་བ་ཞིག་གིས་རྣམ་པར་རིག་པ་བསྐྱེད་གྲང་ན་རེ་ཞིག་འདས་པ་ནི་མ་ཡིན་ཏེ་དེ་ནི་ཞིག་ཟིན་པ་ཡིན་པའི་ཕྱིར་ རོ། །མ་འོངས་པ་ཡང་མ་ཡིན་ཏེ་མ་ཐོབ་པས་མི་སྣང་བའི་ཕྱིར་རོ། །ད་ལྟར་བས་ཀྱང་སྐྱེད་པར་ནུས་པ་མ་ཡིན་ཏེ་སྐད་ཅིག་མ་ཉིད་དང་གཉི་གའི་ཆས་ཟིན་པ་ཉིད་ཡིན་པའི་ཕྱིར་རོ། །སྐྱེད་པར་ནུས་པ་ཡིན་དུ་ཆུག་ན་ཡང་ཅིག་ཅར་སྐྱེད་པར་བྱེད་དམ་འོན་ཏེ་རིམ་གྱིས་ཡིན། རིམ་ གྱིས་སྐྱེད་ན་ནི་དོན་སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་ཞིག་པ་ན་རྣམ་པར་རིག་པ་ཇི་ལྟར་བརྟེན་ནས་སྐྱེ་བར་འགྱུར། ཅིག་ཅར་གྱིས་ན་ནི་གང་ཞིག་གང་དང་འབྲེལ་བ་ཡིན། རྣམ་པར་རིག་པ་ཡང་ཅིའི་ཕྱིར་དོན་སྐྱེད་པར་མི་བྱེད་དེ་དེའི་ཕྱིར་གཟུང་བ་དང་འཛིན་པ་སྤངས་པ་ཡིན་ནོ། །གལ་ཏེ་ དེ་ལྟ་ཡིན་ན་བྱང་ཆུབ་ཀྱི་སེམས་དེ་ཇི་ལྟ་བུ་ཞིག་ཅེ་ན་གསུངས་པ་ཕུང་པོ་ལ་སོགས་པ་ཆོས་ཀུན་གྱི་བདག་མེད་པ་ནི་བདག་ཡོད་པ་མ་ཡིན་པ་གང་ཡིན་པའོ། །དེ་དང་མཉམ་པ་ནི་ཐམས་ཅད་ལ་ཁྱབ་པ་སྟེ་དེ་ཡིས་སོ། །སེམས་དང་སེམས་ལས་བྱུང་བ་དང་མ་རིག་པའི་ངོ་བོའི་ རྣམ་པར་ཤེས་པ་གསུམ་གྱི་རང་བཞིན་རང་གི་སེམས་གཟོད་མ་ནས་མ་སྐྱེས་པ་ནི་རང་བཞིན་མེད་པ་སྟེ། སྐྱེ་བ་དང་འཇིག་པ་དང་གནས་པ་སྤངས་ཤིང་རྟག་པ་དང་ཆད་པར་ལྟ་བ་དང་བྲལ་བ་ཡིན་ནོ། །དེའི་ཕྱིར་སྟོང་པ་ཉིད་དེ་ཐམས་ཅད་སྟོང་པ་ཡིན་ཞིང་དེ་ཁོ་ན་ཉིད་བཞི་པ་ཡིན་ཏེ། དེའི་ རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་བདག་གིས་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ཚིག་ལྷག་མའོ། །སློབ་མས་བྱང་ཆུབ་ཀྱི་སེམས་ཀྱི་སྔགས་དེ་བརྗོད་ནས་སློབ་དཔོན་གྱི་ཞབས་ཀྱི་རྩར་སྙིམ་པས་མེ་ཏོག་དབུལ་བར་བྱ་སྟེ་མཐར་ཐུག་པའོ། །དེའི་རྗེས་ལ་ཡུལ་དབུལ་བར་བྱའོ་སྙམ་དུ་ 37-1-142b ཐུགས་བཞག་ནས། དེ་ནས་རྗེས་སུ་མཐུན་པའི་ཡོན། །བླ་མ་ལ་ནི་དབུལ་བྱ་སྟེ། །རིན་ཆེན་ཁྱིམ་དང་གླང་པོ་དང་། །ཡུལ་དང་རྟ་དང་མལ་སྟན་བཅས། །ཞེས་བྱ་བ་གསུངས་ཏེ། དེའི་རྗེས་ལ་རྗེས་སུ་མཐུན་པ་སྟེ། རང་གི་ནུས་པ་དང་མཐུན་པའི་ཡོན་རིན་པོ་ཆེ་སྣ་བདུན་བླ་ མ་ལ་དབུལ་བར་བྱའོ་ཞེས་བྱ་བ་ནི་སྦྱིན་པ་པོ་དེ་བཞིན་དུ། བྲན་དང་བྲན་མོ་ཆུང་མ་སྡུག །བུ་མོ་ཤིན་ཏུ་གཅེས་པ་དང་། །བདག་ཉིད་ཀྱང་ནི་དབུལ་བྱ་ན། །ལྷག་མ་གཞན་ལྟ་སྨོས་ཅི་དགོས། །བྲན་ལ་སོགས་པ་རྣམས་ནི་སྦྱིན་པ་ཆེན་པོའོ། །བདག་ཉིད་དབུལ་བ་ནི་ཁྱད་པར་ཅན་ གྱི་སྦྱིན་པ་ཡིན་པས་ལྷག་མ་གཞན་ལྟ་ཅི་སྨོས་ཏེ་དབུལ་བར་འོས་པ་མ་ཡིན་པ་གཞན་ཅི་ཞིག་ཡོད་ཅེས་བྱ་བའི་ཐ་ཚིག་སྟེ་སྒྲ་ཇི་བཞིན་པའོ། །དེ་ལྟར་མན་ངག་ཐོབ་པས་དེ་ཁོ་ན་ཉིད་བསྒོམ་པའི་སྒོ་ནས་འབྲས་བུར་གྱུར་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བསྟན་པའི་ཕྱིར། སློབ་དཔོན་ ལས་ནི་དྲིན་ཐོབ་དྲི་མེད་བརྟན་པའི་བློ་ལྡན་དངོས་ཀུན་རང་བཞིན་ཅན། །གསལ་དག་ཤིན་ཏུ་ཕྲ་བ་མཆོག་གི་རང་བཞིན་སངས་རྒྱས་མྱ་ངན་འདས་པའི་ཁམས། །གཉིས་མེད་རྟོག་བྲལ་མཆོག་ཏུ་བདེ་བའི་རང་བཞིན་དེ་ཉིད་བསྒོམ་པའི་རྣལ་འབྱོར་པ། །བསོད་ནམས་བསོད་ནམས་མིན་ གྲོལ་རང་ཉིད་འདིར་ནི་བཅོམ་ལྡན་རྡོ་རྗེ་སེམས་དཔར་འགྱུར། །ཞེས་བྱ་བ་གསུངས་ཏེ། དེ་ཁོ་ན་ཉིད་བཞི་ཡང་དག་པའི་མན་ངག་སྟེ་དེ་ལྟ་བུ་བསྒོམ་པའི་རྣལ་འབྱོར་པ་གང་ཡིན་པ་དེ་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པའི་རྣམ་པར་རྟོག་པ་དང་བྲལ་བར་གྱུར་ནས་བཅོམ་ ལྡན་རྡོ་རྗེ་སེམས་དཔའ་སྟེ་རྡོ་རྗེ་འཆང་ཆེན་པོར་འགྱུར་ཞིང་འགྲུབ་པར་འགྱུར་རོ། །རྣལ་འབྱོར་པ་ཇི་ལྟ་བུ་ཞིག་ཅེ་ན། གང་གིས་སློབ་དཔོན་ལ་དྲིས་ཏེ་བླ་མའི་ཞལ་སྔ་ནས་ལུང་ཐོབ་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་རང་བཞིན་གྱི་དྲི་མ་མེད་པའི་འདོད་ཆགས་ལ་སོགས་པ་ ཉོན་མོངས་པའི་འདམ་དང་བྲལ་བའོ། །གང་ལ་བརྟན་པ་སྟེ་བསྒོམ་པ་ལ་ཤིན་ཏུ་བརྟན་པའི་བློ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དངོས་ཀུན་ནི་བརྟན་པ་དང་གཡོ་བའི་རང་བཞིན་ཅན་ཏེ་དེ་རྣམས་ཀྱི་རང་བཞིན་ནི་དོན་དམ་པར་ཡོངས་སུ་ཤེས་པའི་ཕྱིར་དངོས་ཀུན་རང་བཞིན་ཅན་ནོ། ། 37-1-143a དེ་ཁོ་ན་ཉིད་ཇི་ལྟ་བུ་ཞེ་ན། གསལ་བ་སྟེ་མེ་ལོང་ལྟ་བུའི་ཡེ་ཤེས་དག་པར་བྱེད་པའི་རང་བཞིན་ནོ། །དག་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་དག་པར་བྱེད་པའི་བདག་ཉིད་ཀྱི་ཡིན་ནོ། །ཤིན་ཏུ་ཕྲ་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །མཆོག་ནི་སེམས་ཅན་ གྱི་དོན་བསྒྲུབ་པར་ནུས་པ་མ་ཡིན་ཞིང་ཞི་བའི་རང་བཞིན་ནོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་ཏེ་མཆོག་ཏུ་ཞི་བའི་རང་བཞིན་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་བདག་ཉིད་ཡིན་ནོ། །སངས་རྒྱས་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱི་མྱ་ངན་ལས་འདས་པའི་ཁམས་ནི་ཆོས་ཀྱི་ དབྱིངས་ཤིན་ཏུ་རྣམ་དག་པའི་ཡེ་ཤེས་ཀྱི་བདག་ཉིད་ཡིན་ནོ། །དེ་བཞིན་དུ་གཉིས་མེད་དེ་གཉིས་ནི་འདོད་ཆགས་དང་བྲལ་བ་ཡིན་ལ་དེ་མེད་པའི་ཕྱིར་གཉིས་མེད་དོ། །བརྟགས་པ་ཉིད་ཡིན་པའི་ཕྱིར་མཆོག་ཏུ་དག་པ་ནི་རྟོག་པ་ཡིན་ལ་དེ་དང་བྲལ་བ་ཉིད་ཡིན་པའི་ཕྱིར་རྟོག་ པ་དང་བྲལ་བའོ། །དེ་ཉིད་ཀྱི་ཕྱིར་མཆོག་ཏུ་བདེ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་བདེ་བ་ཆེན་པོ་ཡིན་ཞིང་དེའི་རང་བཞིན་དེ་དེའི་ངོ་བོ་ཁོ་ན་ཉིད་བསྒོམ་པའི་རྣལ་འབྱོར་པ་གང་ཡིན་པ་དེ་ནི་རྡོ་རྗེ་སེམས་དཔར་འགྱུར་རོ་ཞེས་བྱ་བ་ནི་ངག་གི་དོན་ཏེ་མཐར་ཐུག་པའོ། །རིམ་པ་ལྔའི་ བཤད་པ་ནོར་བུའི་ཕྲེང་བ་ལས་མངོན་པར་བྱང་ཆུབ་པའི་རིམ་པ་སྟེ་བཞི་པའོ།། །།དེ་ནས་ཟུང་དུ་འཇུག་པའི་རིམ་པ་རྩོམ་པ་ན་ཕྱག་འཚལ་བ། མགོན་པོ་རྒྱུ་དང་འབྲས་བདག་ཉིད། །གཉིས་པ་ཐམས་ཅད་རྣམ་སྤངས་ལ། །ཕྱག་འཚལ་ནས་ནི་ཟུང་འཇུག་པའི། །རིམ་པ་ཐ་མ་བདག་ གིས་བྲི། །ཞེས་བྱ་བ་གསུངས་ཏེ། མགོན་པོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་གོ། །རྒྱུ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དབྱེ་བ་ཉི་ཤུ་རྩ་གཉིས་ཡིན་ཞིང་། འབྲས་བུ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ་དེ་དག་གི་བདག་ཉིད་དོ། །གཉིས་པོ་ཐམས་ཅད་དེ་འདོད་ཆགས་ལ་སོགས་ པའི་ཉེས་པ་རྣམས་དང་བྲལ་བ་ནི་སྤངས་པའོ། །བཅོམ་ལྡན་འདས་དེ་ལ་ཕྱག་འཚལ་ནས་ཟུང་དུ་འཇུག་པའི་རིམ་པ་སྟེ་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་རང་བཞིན་གྱི་རིམ་པ་ཐ་མ་སྟེ་ཕྱི་མ་བྲི་ཞིང་བཤད་པར་བྱ་བ་སྒྲ་ཇི་བཞིན་པའོ། །ཡང་ན་མགོན་པོ་ནི་ཐམས་ཅད་ཀྱི་མཆོག་གོ། ། 37-1-143b རྒྱུ་ནི་བསྐྱེད་པའི་རིམ་པས་ལྷའི་སྐུ་བསྒོམ་པ་ཡིན་ཞིང་འབྲས་བུ་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པ་སྟེ། དེ་དག་གི་བདག་ཉིད་ནི་དེའི་རང་བཞིན་ནོ། །གཉིས་པ་ཐམས་ཅད་དེ་ཕུང་པོ་ལ་སོགས་པའི་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་དང་བྲལ་ཞིང་སྤངས་པ་ལ་ཕྱག་འཚལ་ནས་ཟུང་དུ་ འཇུག་པའི་རིམ་པ་བྲི་བར་བྱའོ་ཞེས་བྱ་བ་ནི་དགོངས་པ་མ་ཡིན་པའོ། །མགོན་པོ་ནི་བདེ་བ་ཆེན་པོའོ། །འབྲས་བུ་ནི་བྱང་ཆུབ་ཀྱི་སེམས་སོ། །དེའི་རྒྱུ་ནི་ཐབས་དང་ཤེས་རབ་སྙོམས་པར་འཇུག་པའོ། །དེའི་བདག་ཉིད་ནི་ཐབས་དེས་ཐོབ་པར་བྱ་བའོ། །གཉིས་དེ་དགའ་བ་དང་ མཆོག་དང་བྲལ་བ་ཐམས་ཅད་དང་བྲལ་ཞིང་སྤངས་པ་ལ་ཕྱག་འཚལ་ནས་ཟུང་དུ་འཇུག་པའི་རིམ་པ་བྲི་བར་བྱའོ་ཞེས་བྱ་བ་ནི་དགོངས་པས་བཤད་པའོ། །མགོན་པོ་ནི་ཉོན་མོངས་པ་ལས་རྒྱལ་བའོ། །འབྲས་བུ་ནི་མྱ་ངན་ལས་འདས་པའོ། །རྒྱུ་ནི་ཆོས་དང་གང་ཟག་ལ་བདག་མེད་པའོ། ། དེའི་བདག་ཉིད་ནི་དེའི་ལམ་གཉིས་སྟོན་པར་མཛད་པའོ། །གཉིས་པ་ཐམས་ཅད་དེ་ཆགས་པ་དང་ཞེ་སྡང་ལ་སོགས་པ་དང་བྲལ་ཞིང་སྤངས་པ་ལ་ཕྱག་འཚལ་ནས་ཟུང་དུ་འཇུག་པའི་རིམ་པ་བཤད་པར་བྱའོ་ཞེས་པ་ནི་དྲང་བའི་དོན་ཏོ། །འབྲས་བུ་ནི་དཀྱིལ་འཁོར་བཞི་རུ་ཆ་ཤས་ དང་ཆ་ཤས་ཀྱི་བྱེ་བྲག་གིས་གནས་པའི་ཡི་གེ་ཧཱུྃ་ངོ་། །རྒྱུ་ནི་འཇུག་པ་ལ་སོགས་པའི་རིམ་གྱིས་དེ་ཉིད་ཀྱི་བཟླས་པའོ། །དེའི་བདག་ཉིད་ནི་དེའི་འདོད་པའི་བཟླས་པའི་རང་བཞིན་ནོ། །མགོན་པོ་ནི་རྡོ་རྗེ་འཆང་གི་ས་བོན་ནོ། །གཉིས་པ་ཐམས་ཅད་དེ་ཨོཾ་དང་གསུང་གི་ས་བོན་གྱི་ཡན་ ལག་རྣམ་པར་སྤངས་པ་ལ་ཕྱག་འཚལ་ནས་རྗེས་སུ་དྲན་ནས་ཟུང་དུ་འཇུག་པའི་རིམ་པ་བྲི་བར་བྱའོ་ཞེས་བྱ་བ་ནི་ངེས་པའི་དོན་ཏོ། །འབྲས་བུ་ནི་སྲོག་ཅེས་བྱ་བའི་རླུང་ངོ་། །རྒྱུ་ནི་ཐུར་དུ་སེལ་བའི་རླུང་ངོ་། །བདག་ཉིད་ནི་མེ་དང་རླུང་སྟེ་དེ་རྣམས་སྡུད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་མགོན་པོ་ནི་འོད་ གསལ་བའོ། །གཉིས་པ་ཐམས་ཅད་ནི་ཁ་དོག་དམར་པོ་ལ་སོགས་པ་རྣམས་ཏེ་དེ་དག་དང་བྲལ་ཞིང་སྤངས་པ་ལ་ཕྱག་འཚལ་ནས་ཟུང་དུ་འཇུག་པའི་རིམ་པ་བྲི་བར་བྱའོ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པ་མ་ཡིན་པའོ། །རྒྱུ་དང་འབྲས་བུ་ནི་རྒྱུ་དང་འབྲས་བུ་དག་སྟེ་བྱེད་པ་དང་བྱ་བ་དག་ཡིན་ཞིང་ 37-1-144a ཕ་དང་མ་ལས་བྱུང་བའི་འགྲོ་བའི་རང་བཞིན་གྱི་ཁམས་དྲུག་ཡིན་ནོ། །དེ་གྱུར་པའི་ལུས་འབྱུང་བ་ལ་གཉིས་པ་ཐམས་ཅད་དེ་བྱེད་རྒྱུ་དང་ལྷན་ཅིག་འབྱུང་བ་དང་སྐལ་བ་མཉམ་པ་དང་མཚུངས་པར་ལྡན་པ་དང་ཀུན་དུ་འགྲོ་བ་དང་རྣམ་པར་སྨིན་པ་ཞེས་བྱ་བའི་རྒྱུའི་བྱེ་བྲག་ཡོད་དེ། དེ་ རྣམས་དག་པར་བྱེད་པ་ཉིད་ཡིན་པའི་ཕྱིར་མགོན་པོ་སྟེ། དེ་ལ་ཕྱག་འཚལ་ནས་ཟུང་དུ་འཇུག་པའི་རིམ་པ་བྲི་བར་བྱའོ་ཞེས་བྱ་བ་ནི་ཡི་གེའི་དོན་ཏོ། །ཡང་ན་མགོན་པོ་ནི་སྟོང་པ་ཉིད་དོ། །རྒྱུ་དང་འབྲས་བུའི་བདག་ཉིད་རྣམ་པར་ཐར་པའི་སྒོ་བཞི་ཐོབ་པར་བྱའོ། །གཉིས་པ་ཐམས་ཅད་དེ་གཟུང་བ་དང་འཛིན་ པའི་རྣམ་པར་རྟོག་པ་རྣམས་སྤངས་པ་ལ་ཕྱག་འཚལ་ཏེ་རྗེས་སུ་ཞུགས་ནས་ཟུང་དུ་འཇུག་པའི་རིམ་པ་བྲི་བར་བྱའོ་ཞེས་བྱ་བ་ནི་སྤྱིའི་དོན་ཏོ། །རྒྱུ་ནི་དེ་བཞིན་ཉིད་དང་ཟླ་བ་དང་རྡོ་རྗེ་དང་ས་བོན་གྱི་རིམ་པའོ། །འབྲས་བུ་ནི་ལྷའི་སྐུ་བསྐྱེད་པའོ། །དེའི་བདག་ཉིད་ཀྱི་མགོན་པོ་ནི་དེ་བཞིན་གཤེགས་པ་ ལྔའི་སྐུ་འཛིན་པའོ། །གཉིས་པ་ཐམས་ཅད་ནི་བདག་དང་གཞན་དུ་དགྱེས་པའི་རྣམ་པར་རྟོག་པ་སྟེ། དེ་རྣམས་དང་བྲལ་ཞིང་སྤངས་པ་ལ་ཕྱག་འཚལ་ནས་ཟུང་དུ་འཇུག་པའི་རིམ་པ་བྲི་བར་བྱའོ་ཞེས་བྱ་བ་ནི་སྤྱིའི་དོན་ཏོ། །ཡང་ན་རྒྱུ་ནི་རྡོ་རྗེའོ། །འབྲས་བུ་ནི་པདྨ་སྟེ་དེ་དག་དང་ཡང་དག་པར་སྦྱོར་བའི་ སྒོ་ནས་རྣམ་པར་དག་པའི་གནས་ཐོབ་པར་བྱེད་པ་ནི་རྒྱུ་དང་འབྲས་བུའི་བདག་ཉིད་དོ། །མགོན་པོ་ནི་བདེ་བ་ཆེན་པོའོ། །གཉིས་པ་ཐམས་ཅད་ནི་འདོད་ཆགས་དང་བྲལ་བ་དང་འདོད་ཆགས་བར་མ་རྣམས་སོ། །དེ་དག་སྤངས་པའི་ལྷན་ཅིག་སྐྱེས་པ་ལ་ཕྱག་འཚལ་ནས་ཏེ། རབ་ཏུ་ཞུགས་ ནས་ཟུང་དུ་འཇུག་པའི་རིམ་པ་བྲི་བར་བྱའོ་ཞེས་བྱ་བ་ནི་སྦས་པའོ། །རྒྱུ་དང་འབྲས་བུ་ནི་བདག་བྱིན་གྱིས་བརླབ་པ་དང་། འོད་གསལ་བའི་རིམ་པ་སྟེ་དེའི་བདག་ཉིད་ནི་དེ་དང་ཐ་མི་དད་པའི་རང་བཞིན་ནོ། །མགོན་པོ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། །གཉིས་པ་ ཐམས་ཅད་ནི་སྒྱུ་མ་ལ་སོགས་པའི་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མི་མཐུན་པའི་ཕྱོགས་དམིགས་པའི་རྣམ་པར་རྟོག་པ་རྣམས་ཡིན་ལ་དེ་དང་བྲལ་ཞིང་སྤངས་ནས་ཏེ། སྒྱུ་མའི་དཔེ་དང་ལྡན་པའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ཕྱག་འཚལ་ནས་ཏེ་འོད་གསལ་བ་ལས་སྤྲོས་ནས་ཟུང་དུ་འཇུག་པའི་རིམ་པ་བྲི་ 37-1-144b བར་བྱའོ་ཞེས་བྱ་བ་ནི་སྦས་པའོ། །མགོན་པོ་ནི་བཞི་པའོ། །རྒྱུ་ནི་རྣམ་པར་ཤེས་པ་གསུམ་མོ། །འབྲས་བུ་ནི་རང་བཞིན་རྣམས་ཏེ་དེ་དག་དག་པར་བྱེད་པ་འདི་ཡིན་པའི་ཕྱིར་རྒྱུ་དང་འབྲས་བུའི་བདག་ཉིད་དོ། །གཉིས་པ་ཐམས་ཅད་དེ་སྟོང་པ་དང་ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོ་རྣམས་སྤངས་ཤིང་བོར་བའི་ ཐམས་ཅད་སྟོང་པའི་གཞི་དེ་ཁོ་ན་ཉིད་ལ་ཕྱག་འཚལ་ནས་དེ་མངོན་དུ་བྱས་ནས་ཟུང་དུ་འཇུག་པའི་རིམ་པ་བྲི་བར་བྱའོ་ཞེས་བྱ་བ་ནི་སྦས་པའོ། །མགོན་པོ་ནི་མན་ངག་བཞི་པའོ། །རྒྱུ་ནི་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་ནོ། །འབྲས་བུ་ནི་རིལ་པོར་འཛིན་པའི་ཏིང་ངེ་འཛིན་ཏེ་དེ་དག་གིས་ཐོབ་པའི་ བདག་ཉིད་ནི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ནོ། །གཉིས་པ་ཐམས་ཅད་ནི་ཀུན་གཞི་ལ་སོགས་པའི་རྣམ་པར་ཤེས་པའི་བག་ཆགས་ཀྱི་ཚོགས་རྣམས་སྤངས་ཤིང་རབ་ཏུ་གསལ་བའི་དགའ་བའི་རང་བཞིན་གྱི་དེ་ཁོ་ན་ཉིད་ལ་ཕྱག་འཚལ་ནས་ཏེ་རང་རིག་པའི་མངོན་སུམ་གྱིས་རྟོགས་ པར་བྱ་བ་ཐོབ་ནས་ཟུང་དུ་འཇུག་པའི་རིམ་པ་བྲི་བར་བྱའོ་ཞེས་བྱ་བ་ནི་མཐར་ཐུག་པའོ། །རྒྱུ་ནི་ཀུན་རྫོབ་ཀྱི་བདེན་པའོ། །འབྲས་བུ་ནི་དོན་དམ་པའི་བདེན་པ་སྟེ། དེ་དག་ཐ་མི་དད་པར་བྱེད་པའི་ཕྱིར་རྒྱུ་དང་འབྲས་བུའི་བདག་ཉིད་དོ། །མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་ པའི་ཕྱིར་མགོན་པོའོ། །གཉིས་པ་ཐམས་ཅད་དེ་རྣམ་པ་དང་བཅས་པ་དང་། རྣམ་པ་མེད་པ་ལ་སོགས་པ་རྣམས་དང་གཙང་བ་དང་མི་གཙང་བ་ལ་སོགས་པ་རྣམས་སྤངས་ཤིང་བོར་བ་ལ་ཕྱག་འཚལ་ནས་ཟུང་དུ་འཇུག་པའི་བདག་ཉིད་ཀྱི་མི་སློབ་པའི་བྱང་ཆུབ་ཀྱི་ངོ་བོ་དེ་ཐོབ་ནས་ཟུང་དུ་འཇུག་པའི་ རིམ་པ་ཞེས་བྱ་བ་ལ་ཟུང་ནི་གཉིས་ཏེ་ཀུན་རྫོབ་དང་དོན་དམ་པ་ལ་སོགས་པའི་ངོ་བོ་ཡིན་ཞིང་། རིམ་པ་གང་གིས་དེ་དག་འཇུག་པ་སྟེ་འཆིང་ཞིང་གཅིག་ཏུ་བྱེད་པ་དང་ཐ་མི་དད་པར་བྱེད་པ་དེ་ནི་ཟུང་དུ་འཇུག་པའི་རིམ་པ་སྟེ་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་རང་བཞིན་ཡིན་ ནོ། །མི་སློབ་པ་ཉིད་དང་འདི་ལ་ཕ་རོལ་ན་བྱ་བ་གཞན་མེད་པའི་ཐ་མ་སྟེ་དེ་བདག་གིས་བྲི་བར་བྱ་ཞིང་ཕྲེང་བར་བརྒྱུ་བར་བྱའོ་ཞེས་བྱ་བ་ནི་མཐར་ཐུག་པའོ། །ད་ནི་དེ་ཉིད་ཀྱི་བྱེ་བྲག་རེ་རེ་ནས་བཤད་པར་བྱ་སྟེ། འཁོར་བ་དང་ནི་མྱ་ངན་འདས། །རྟོག་པ་གཉིས་པོ་སྤངས་པ་ན། །གང་དུ་དངོས་པོ་ 37-1-145a གཅིག་གྱུར་པ། །དེ་ནི་ཟུང་འཇུག་ཅེས་བྱར་བཤད། །དེ་ནི་རིམ་པ་ལྔ་པའི་སྤྱིའི་མཚན་ཉིད་ཡིན་ནོ། །དེ་བཞིན་དུ་རང་གི་སྡེ་པ་དང་གཞན་གྱི་སྡེ་པ་ཐམས་ཅད་ལྟ་བའི་བྱེ་བྲག་གི་སྒོ་ནས་འཁོར་བ་དང་མྱ་ངན་ལས་འདས་པ་དག་ཁས་ལེན་ཏོ། །དེ་ལས་གྲངས་ཅན་པ་རྣམས་ཀྱིས་ཇི་ལྟར་ འཁོར་བ་ནི་གསལ་བ་དང་མི་གསལ་བའི་རང་བཞིན་ཡིན་ཏེ། གསལ་བ་ནི་དེ་ཁོ་ན་ཉིད་ཉི་ཤུ་རྩ་གསུམ་གྱི་རང་བཞིན་ཡིན་ལ་མི་གསལ་བ་ནི་ཡོན་ཏན་གསུམ་གྱི་བདག་ཉིད་དོ། །དེ་རྣམས་ཀྱི་རྣམ་པ་དབྱེ་བ་ཡོངས་སུ་མ་ཤེས་པས་ཉི་ཤུ་རྩ་ལྔ་པའི་སྐྱེས་བུ་འཆིང་བར་འགྱུར་རོ་ཞེས་བྱ་བ་ནི་འཁོར་བའོ། ། དེ་དག་ཐ་དད་པར་གྱུར་པ་ནི་ཐར་པ་སྟེ། ཇི་ལྟར་འོ་མ་སེམས་མེད་པ། །བེའུ་བསྐྱེད་ཕྱིར་འཇུག་པ་ལྟར། །དེ་བཞིན་སྐྱེས་བུ་ཐར་བྱའི་ཕྱིར། །གཙོ་བོ་རབ་ཏུ་འཇུག་པ་ཡིན། །རིག་པ་བ་རྣམས་ཀྱི་ཐར་པ་ནི་བདག་གི་ཡོན་ཏན་དགུ་ཡོངས་སུ་ཤེས་པ་ཙམ་གྱིས་བདག་གིས་དངོས་པོ་བསམ་པ་ཡོངས་སུ་ཤེས་ པ་ཡིན་ལ་དེ་ཡོངས་སུ་མ་ཤེས་པ་འཁོར་བའོ། །ཞི་བ་པ་རྣམས་ཀྱི་ཐར་པ་ནི་དེ་ཁོ་ན་ཉིད་སུམ་ཅུ་རྩ་དྲུག་བཅད་པའི་སྒོ་ནས་ཡིན་ཞིང་དེ་ཡོངས་སུ་མ་བཅད་པ་ནི་འཁོར་བ་ཡིན་ནོ། །སྤྱོད་པ་པ་རྣམས་ཀྱི་ལྟར་ན་བྱ་བའི་ཕྱོགས་ལ་མེའི་མཆོད་སྦྱིན་ལ་སོགས་པ་ཉམས་སུ་ལེན་པ་མེད་པས་ནི་འཁོར་བ་ཡིན་ལ་དེ་ དག་ཉམས་སུ་ལེན་པས་ནི་ཐར་པ་ཡིན་ནོ། །ཡེ་ཤེས་ཀྱི་ཕྱོགས་ལ་ནི་མེའི་མཆོད་སྦྱིན་ལ་སོགས་པ་ཉམས་སུ་ལེན་པ་འཁོར་བ་ཡིན་ལ་རབ་ཏུ་ཞི་བའི་ཚངས་པའི་དེ་ཁོ་ན་ཉིད་ལ་བལྟ་བ་ནི་ཐར་པ་ཡིན་ནོ། །མཆོད་འོས་པ་རྣམས་ཀྱི་ལྟར་ན་འཁོར་བ་ནི་འདོད་ཆགས་ལ་སོགས་པའི་བློ་འགྱུར་བ་ཡིན་ལ། ཐར་པ་ནི་དུས་གསུམ་ཆར་དུའང་དངོས་པོ་ཐམས་ཅད་འགྱུར་བར་ཤེས་པས་དག་པའི་བདག་གི་དེ་ཁོ་ན་ཉི་མཐོང་བའོ། །འཇིག་རྟེན་རྒྱང་པན་པ་རྣམས་ཀྱི་ལྟར་ན་མེད་པར་ལྟ་བ་ཅན་ཉིད་ཡིན་པའི་ཕྱིར་འཇིག་རྟེན་ཕ་རོལ་མེད་པའོ་ཞེས་བྱ་བ་ནི་བཅིངས་པ་དང་ཐར་པའི་རྣམ་པར་གཞག་པ་ ཡིན་པར་འདོད་དེ། དེ་རྣམས་ནི་གཞན་གྱི་བདེ་བ་རྣམས་ཀྱི་འཁོར་བ་དང་མྱ་ངན་ལས་འདས་པ་དག་ཡིན་ནོ། །རེ་ཞིག་རང་གི་སྡེ་པ་རྣམས་ཀྱི་བརྗོད་པར་བྱ་སྟེ། བྱེ་བྲག་ཏུ་སྨྲ་བ་ལྟར་ན་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ཁམས་དང་རྣམ་པའི་བྱེ་བྲག་གིས་དབྱེ་བའི་སྒོ་ནས་གྲངས་ 37-1-145b དགུ་བཅུ་རྩ་བརྒྱད་ཡོད་པས་ཁམས་གསུམ་པ་བཅིངས་པ་ནི་འཁོར་བ་ཡིན་ལ། དེ་རྣམས་ཉི་མཐོང་བ་དང་བསྒོམ་པའི་ལམ་གྱིས་སའི་རིམ་པ་རྣམ་པར་སྦྱངས་ནས་འགོག་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པ་ནི་མྱ་ངན་ལས་ འདས་པའོ། །མདོ་སྡེ་པ་རྣམས་ཀྱི་ལྟར་ན་རྗེས་སུ་དཔག་པས་གྲུབ་པ་ཉིད་ཀྱི་ཕྱིར་ཕྱི་རོལ་གྱི་དངོས་པོ་སེམས་ཀྱི་རང་གི་ངོ་བོར་ཡོངས་སུ་མ་ཤེས་པ་ནི་འཁོར་བ་ཡིན་ལ། དེ་ཉིད་སེམས་ཀྱི་རང་གི་ངོ་བོར་ཡོངས་སུ་ཤེས་པ་ནི་མྱ་ངན་ལས་འདས་པའོ། །རྣལ་འབྱོར་སྤྱོད་པ་པ་རྣམས་ཀྱི་ལྟར་ན་གཅིག་དང་དུ་མ་ ཉིད་དུ་མེད་པའི་ཕྱིར་ཕྱི་རོལ་གྱི་དོན་མེད་དོ། །དེ་བས་ན་གཟུང་བ་དང་འཛིན་པའི་རྣམ་པ་ཅན་གྱི་འཁྲུལ་པ་ནི་འཁོར་བའོ། །དྲི་མ་མེད་ཅིང་མཐའ་ཡས་པ་ནམ་མཁའ་ལྟ་བུ་ཆོས་ཀྱི་སྐུའི་རང་བཞིན་གྱི་རྣམ་པར་རིག་པ་འབའ་ཞིག་ཁོ་ན་མྱ་ངན་ལས་འདས་པའོ། རྣམ་པ་མེད་པའི་རྣམ་པར་རིག་པ་ཙམ་ དུ་སྨྲ་བའི་རྣལ་འབྱོར་སྤྱོད་པ་པ་རྣམས་ཀྱི་ལྟར་ན་རྣམ་པ་དང་བཅས་པའི་རྣམ་པར་རིག་པ་ནི་འཁོར་བ་ཡིན་ལ། གཟུགས་བརྙན་དང་བྲལ་བའི་རྣམ་པར་རིག་པ་ཙམ་ཉིད་ནི་མྱ་ངན་ལས་འདས་པའོ། །དབུ་མ་པ་རྣམས་ཀྱི་ལྟར་ན་གཟུང་བ་དང་འཛིན་པར་བརྟག་པའི་འཁྲུལ་པ་ཙམ་གྱི་རང་བཞིན་གྱི་ སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་རང་གི་ངོ་བོ་ཁམས་གསུམ་པ་འདི་ནི་འཁོར་བ་ཡིན་ལ་སྟོང་པ་ཉིད་བཅོ་བརྒྱད་ཀྱིས་རིམ་གྱིས་ཐོབ་པར་བྱ་བའི་ཐམས་ཅད་སྟོང་པ་ཉིད་ནི་མྱ་ངན་ལས་འདས་པ་ཡིན་ནོ། །བྱ་བ་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱི་འཁོར་བ་ནི་ཐ་མལ་པའི་རང་གི་ལུས་སུ་མངོན་ པར་ཞེན་པ་ཡིན་ལ་མྱ་ངན་ལས་འདས་པ་ནི་ལྷའི་སྐུ་གྲུབ་པ་ཡིན་ནོ། །བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱི་འཁོར་བ་ནི་ལྷའི་སྐུ་བསྒོམ་པ་ཡིན་ལ་མྱ་ངན་ལས་འདས་པ་ནི་ཡེ་ཤེས་ཀྱི་སྐུ་ཡོངས་སུ་འཛིན་པའོ། །རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱི་འཁོར་བ་ནི་ དམིགས་པའི་རྣམ་པར་རྟོག་པ་གང་ཅི་ཡང་རུང་བ་ཡིན་ལ་མྱ་ངན་ལས་འདས་པ་ནི་འོད་གསལ་བ་ལ་འཇུག་པ་ཙམ་ཡིན་ནོ། །དེའི་ཕྱིར་འདིར་བསྡུས་པ་ནི་དམིགས་པའི་བདག་ཉིད་ཅན་གྱི་རྣམ་པར་རྟོག་པའི་བྱེ་བྲག་ཕྲ་བའམ་རགས་པ་གང་རུང་བ་དེ་ནི་འཁོར་བའི་ཕྱོགས་ཁོ་ན་ཡིན་ནོ། ། 37-1-146a དེ་དག་དང་བྲལ་བའི་དེ་ཁོ་ན་ཉིད་སེམས་ཀྱི་དགའ་བ་ཉིད་ནི་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་བྱ་བ་ནི་འདི་ཡིན་ནོ། །འཕགས་པ་ཀམ་པ་ལའི་ཞལ་སྔ་ནས་ཀྱིས་ཀྱང་། འདོད་ཆགས་ལ་སོགས་དྲི་བཅས་སེམས། །འཁོར་བ་ཡིན་ཏེ་དེས་དབེན་པ། །མདོར་ན་ཐར་པ་ ཡིན་པར་ནི། །རྒྱལ་བ་སྒྲིབ་པ་སྤངས་པས་གསུངས། །ཞེས་གསུངས་སོ། །འཁོར་བ་དང་མྱ་ངན་ལས་འདས་པའི་རྣམ་པར་རྟོག་པ་དེ་དག་སྤངས་ཤིང་བཅོམ་པས་ན་ཏིང་ངེ་འཛིན་གང་དུ་དངོས་པོ་གཅིག་སྟེ་ཐ་མི་དད་པར་འགྱུར་ཞིང་། འགྲུབ་པ་དེ་ནི་ཟུང་དུ་འཇུག་པར་ཏེ་མི་གནས་པའི་མྱ་ངན་ ལས་འདས་པའི་ཏིང་ངེ་འཛིན་ཅེས་བརྗོད་པར་བྱའོ། །དེ་བཞིན་དུ་ཡང་འོད་གསལ་བའི་ཏིང་ངེ་འཛིན་ལས་མི་གཡོ་བ་ཉིད་ཡིན་པའི་ཕྱིར་འཁོར་བ་ལས་མི་གནས་པ་ཡིན་ལ་འཇའ་ཚོན་ལྟ་བུའི་ཡེ་ཤེས་ཀྱི་སྐུ་འཛིན་པས་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པར་ནུས་པ་ཡིན་པའི་ཕྱིར་མྱ་ངན་ ལས་འདས་པ་ལ་མི་གནས་པ་ཡིན་ནོ་ཞེས་བྱ་བ་ནི་དངོས་སུ་ཟུང་དུ་འཇུག་པའི་རིམ་པའི་དོན་དང་མཐུན་པའི་མིང་བསྟན་པ་ཡིན་ནོ། །དེ་ནི་སྤྱིའི་མཚན་ཉིད་ཡིན་ཏེ་དགོངས་པ་མ་ཡིན་པའོ། །ཁྱད་པར་གྱི་མཚན་ཉིད་ནི། །ཀུན་ནས་ཉོན་མོངས་རྣམ་པར་བྱང་། །དོན་དམ་ཉིད་དུ་ཤེས་ནས་ནི། །གང་གི་ གཅིག་པ་ཉིད་ཤིས་པ། །དེ་ཡི་ཟུང་དུ་འཇུག་པ་ཤེས། །ཞེས་བྱ་བ་གསུངས་ཏེ་ཀུན་ནས་ཉོན་མོངས་པ་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བས་བསྡུས་པའི་ཁམས་གསུམ་པའོ། །རྣམ་པར་བྱང་བ་ནི་དེའི་གཉེན་པོར་གྱུར་པའི་དགེ་བའི་ཆོས་རྣམས་སོ། །དེ་བཞིན་དུ་ཡང་སྡུག་བསྔལ་ འཕགས་པའི་བདེན་པ་དང་། ཀུན་འབྱུང་འཕགས་པའི་བདེན་པ་དང་། འགོག་པ་འཕགས་པའི་བདེན་པ་དང་། ལམ་འཕགས་པའི་བདེན་པ་དང་ཞེས་བྱ་བ་འཕགས་པའི་བདེན་པ་བཞི་སྟེ་རྗེ་བཙུན་དཀོན་མཆོག་སྒྲོལ་མ་ལས། གཉིས་ནི་འཕགས་པ་ཉན་ཐོས་རྣམས་ཀྱི་ བདེན་པ་དག་ཡིན་ལ། ཡང་གཉིས་ནི་འཕགས་པའི་བདེན་པའོ་ཞེས་འབྱུང་བའི་ཕྱིར། དེ་ལ་འཕགས་པ་རྣམས་ཀྱི་བདེན་པ་གང་དང་གང་ཡིན་ཞེ་ན། སྡུག་བསྔལ་དང་ཀུན་འབྱུང་སྟེ་གང་གི་ཕྱིར་དེ་རྣམས་ནི་འཁོར་བ་སྤང་བར་འདོད་པའི་འཕགས་པའི་གང་ཟག་རྣམས་ 37-1-146b ཀྱིས་རྒྱུ་དང་འབྲས་བུའི་དངོས་པོར་བདེན་པ་ཉིད་དུ་བརྟགས་པའི་ཕྱིར་རོ། །དེ་དག་གི་གཉེན་པོར་གྱུར་པའི་འགོག་པ་དང་། ལམ་དག་ནི་འདུས་མ་བྱས་ཉིད་དང་རང་ཉིད་ཉོན་མོངས་པ་དང་བྲལ་བ་ཉིད་ཡིན་པའི་ཕྱིར་འཕགས་པ་ཡིན་ཞིང་། ཡང་དག་པའི་ཤེས་པ་སྔོན་དུ་ འགྲོ་བ་ཅན་ཉིད་དང་ཚད་མས་འཐད་པ་ཉིད་ཡིན་པའི་ཕྱིར་བདེན་པའོ། །དེ་ནི་རྣམ་པར་བྱང་བ་སྟེ་ཀུན་ནས་ཉོན་མོངས་པ་ཁྱད་པར་དུ་བྱང་བར་བྱེད་ཅིང་ཉམས་པར་བྱེད་པས་ན་རྣམ་པར་བྱང་བ་ཡིན་ཞིང་དགེ་བའི་ཕྱོགས་ཀྱིས་བསྡུས་པའི་ལམ་མོ། །དེའི་ཕྱིར་མཐོང་བ་དང་བསྒོམ་ པའི་ལམ་གྱི་རིམ་པས་ཁམས་གསུམ་པའི་ཡུལ་ཅན་གྱིས་ཉོན་མོངས་པ་ཉེ་བར་ཞི་བར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་པ་རྣམས་ཀྱིས་ནི་སྐད་ཅིག་བཞིའི་དབྱེ་བས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་ཆོས་རྣམས་ཁོང་དུ་ཆུད་པས་ཆོས་ཀྱི་སྐུའོ། །རྟོགས་པའི་ དུས་དེ་སྲིད་དུ་མི་མཐུན་པའི་ཕྱོགས་དང་། གཉེན་པོའི་ཕྱོགས་ཀྱི་རྣམ་པར་རྟོག་པ་འབྱུང་ངོ་། །འོད་གསལ་བའི་དེ་ཁོ་ན་ཉིད་མངོན་དུ་བྱས་པའི་ཕྱིར་ཏིང་ངེ་འཛིན་གང་ལ་མི་མཐུན་པའི་ཕྱོགས་དང་། གཉེན་པོའི་ཕྱོགས་སུ་གྱུར་པའི་ཀུན་ནས་ཉོན་མོངས་པ་དང་། རྣམ་ པར་བྱང་བྱའི་རྣམ་པར་རྟོག་པ་དེ་འདི་ཡིན་ནོ་སྙམ་དུ་སྣང་བ་མེད་ཅིང་། འོན་ཀྱང་རྣལ་འབྱོར་པ་གང་གིས་གཅིག་པ་ཉིད་དུ་སྟེ་གཉིས་སུ་མེད་པའི་ངོ་བོ་ཉིད་དུ་ཤེས་ཤིང་རྟོགས་པ་དེས་ནི་ཟུང་དུ་འཇུག་པའི་རིམ་པ་ཤིས་པའོ་ཞེས་བྱ་བའི་དོན་ཏེ་དགོངས་པ་མ་ཡིན་པའོ། །རྣམ་པར་ ཤེས་པ་སྨྲ་བའི་ཕྱོགས་སྔ་མར་བཀོད་པའི་སྒོ་ནས་ཐ་མི་དད་པའི་ཏིང་ངེ་འཛིན། དངོས་པོ་རྣམས་བཅས་ཀུན་རྟོག་དང་། །རྣམ་པ་མེད་པའི་རྟོག་པ་དང་། །གཅིག་བཅས་སྤྱོད་པའི་རྣལ་འབྱོར་པ། །དེ་ནི་ཟུང་དུ་འཇུག་ཤེས་པའོ། །ཞེས་བྱ་བ་གསུངས་ཏེ་རྣམ་པར་རིག་པ་ཙམ་དུ་སྨྲ་བ་ཁ་ ཅིག་གི་ཕྱོགས་ནི་འདི་ཡིན་ནོ། །འདི་ལྟ་སྟེ་བུམ་པ་དང་སྣམ་བུ་ལ་སོགས་པ་དངོས་པོ་ཕྱི་རོལ་ན་སྣང་བ་གང་ཅི་ཡང་རུང་བ་དེ་རྣམས་ནི་རང་གི་ངོ་བོས་ཡོད་པ་མ་ཡིན་ཏེ་རང་གསལ་བ་ཉིད་ཡིན་པའི་ཕྱིར་རོ། །དངོས་པོ་གང་དང་གང་རང་གསལ་བའི་ངོ་བོ་དེ་ཡོད་དེ་རྣམ་པར་རིག་པ་བཞིན་ནོ། ། 37-1-147a གང་ཞིག་གཞན་གྱི་གསལ་བ་དེ་ནི་ཡོད་པ་མ་ཡིན་ཏེ་གཞན་གྱི་དབང་ཉིད་ཡིན་པའི་ཕྱིར་རོ། །གཞན་ལ་རག་ལུས་པ་ནི་རྣམ་པར་རིག་པ་ཁོ་ནས་གསལ་བར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་སྔོན་པོ་དང་སེར་པོ་ལ་སོགས་པའི་རྣམ་པ་གང་ ཡིན་པ་དེ་རྣམས་ནི་རྣམ་པར་རིག་པ་ཙམ་ལ་རག་ལུས་པ་ཁོ་ན་སྟེ་མེ་ལོང་དུ་བྱུང་བའི་གཟུགས་བརྙན་བཞིན་ནོ་ཞེས་བྱ་བ་དེ་ནི་རྣམ་པར་ཤེས་པ་རྣམས་དང་བཅས་པར་སྨྲ་བ་རྣམས་ཀྱིས་དངོས་པོར་ཀུན་དུ་རྟོག་པ་སྟེ་ཕྱི་རོལ་གྱི་ཚོགས་སུ་སྣང་བའི་རྟོག་པ་འབྱུང་བའོ། ། རྣམ་པར་རིག་པ་ཙམ་སྨྲ་བ་གཞན་དག་ནི་འདི་སྙམ་དུ་སེམས་ཏེ། དྲི་མ་མེད་ཅིང་མཐའ་ཡས་པའི་ནམ་མཁའ་དང་མཚུངས་པ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཐམས་ཅད་སྤངས་ཤིང་རྣམ་པ་མེད་པའི་རྣམ་པར་རིག་པ་འབའ་ཞིག་དེ་ལ་དོན་ལས་འབྱུང་བའམ་དེར་སྣང་ བའི་རྣམ་པ་དེ་དག་གིས་གོས་པར་རུང་བ་མ་ཡིན་ཏེ་རང་བཞིན་གྱིས་དག་པ་ཉིད་ཡིན་པའི་ཕྱིར་ནམ་མཁའ་བཞིན་ནོ། །གློ་བུར་བའི་དྲི་མ་རྣམས་སྣང་བ་ནི་སྣང་བ་མེད་པ་ཁོ་ན་ཡིན་ཏེ་བཅོམ་ལྡན་འདས་མ་ཉིད་ཡིན་པའི་ཕྱིར་རོ། །སྣང་བ་ལྟ་བུར་ཉམས་སུ་མྱོང་བ་གང་ཡིན་པ་དེ་རྣམས་ནི། སྒྱུ་མ་ དང་། སྨིག་རྒྱུ་དང་། ཟླ་བ་གཉིས་ལ་སོགས་པ་བཞིན་དུ་མེད་པ་ཡིན་པས་ན་རྣམ་པ་མེད་པའི་རྣམ་པར་རིག་པ་འབའ་ཞིག་ཡིན་ནོ་ཞེས་བྱ་བ་ནི་རྣལ་འབྱོར་སྤྱོད་པ་པ་རྣམས་ཀྱིས་རྣམ་པ་མེད་པ་ཉིད་དུ་རྟོག་པའོ། །དེ་ལྟ་བུའི་ཕྱོགས་གཉིས་འོད་གསལ་བའི་དེ་ཁོ་ན་ཉིད་ཁོང་དུ་ཆུད་ པས་གཅིག་ཏུ་བྱས་ནས་ཏེ་རོ་གཅིག་ཏུ་བྱས་ནས་སྤྱོད་ཅིང་ཤེས་པའི་རྣལ་འབྱོར་པ་ཡོངས་སུ་གྲུབ་པའི་དེ་ཁོ་ན་ཉིད་ལ་གནས་པ་གང་ཡིན་པ་དེ་ནི་ཟུང་དུ་འཇུག་པ་སྟེ་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་རང་བཞིན་གྱི་དེ་ཁོ་ན་ཉིད་ཤེས་པ་སྟེ་མཐོང་བའམ་ཐོས་པ་ཡིན་ནོ་ཞེས་བྱ་བ་ནི་ དགོངས་པ་མ་ཡིན་པའོ། །དབུ་མའི་ཕྱོགས་ནི། གཟུང་བ་དང་ནི་འཛིན་པ་ཡི། །བློ་རྣམས་གཉིས་ནི་ཡོད་མིན་གྱི། །གང་དུ་མི་ཕྱེད་ཡོད་གྱུར་པ། །དེ་ནི་ཟུང་དུ་འཇུག་པར་བཤད། །ཅེས་བྱ་བ་གསུངས་ཏེ་དབུ་མ་པ་རྣམས་ནི་ཕྱི་རོལ་གྱི་གཟུང་བ་གཅིག་དང་དུ་མ་དང་བྲལ་བའི་ 37-1-147b ཕྱིར་མེད་པར་འདོད་དོ། །དེའི་ཕྱིར་གཟུང་བ་མེད་པས་འཛིན་པ་ཡང་མེད་པའི་ཕྱིར་འཛིན་པ་མེད་ཅེས་ཟེར་རོ། །དེ་ལྟར་དེ་རྣམས་ཀྱི་ལྟར་ན་བློ་སྟེ་ཤེས་པ་གཟུང་བ་དང་འཛིན་པའི་རང་བཞིན་གྱི་རྣམ་པ་གཉིས་སུ་གྱུར་པ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་ཡང་དེ་རྣམས་ནི་འདི་ སྐད་དུ་དངོས་པོ་འདི་དག་ཐམས་ཅད་རང་བཞིན་མེད་དེ་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་གཟུགས་བརྙན་བཞིན་ནོ། །དངོས་པོ་གང་ཞིག་གཅིག་དང་དུ་མ་ཉིད་ལ་སོགས་པ་དང་ལྡན་པ་ནི་གཞན་གྱིས་ཡོངས་སུ་བརྟགས་པའི་དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔ་ལ་སོགས་པ་ལྟ་ བུ་ཡིན་པས་མི་མཐུན་པའི་ཕྱོགས་དང་། ཚད་མ་མེད་པ་ཁོ་ན་ཡིན་ཞེས་སྨྲའོ། །དེ་ལྟར་ན་དབུ་མ་པ་རྣམས་ལ་གཉིས་སུ་སྣང་བ་མེད་དེ། དེ་ནི་དོན་དམ་པ་འབའ་ཞིག་གི་ཕྱོགས་ཡིན་པས་དེ་བསལ་བའི་ཕྱིར་གསུངས་པ། ཟུང་དུ་འཇུག་ པའི་བདག་ཉིད་ཀྱི་ཏིང་ངེ་འཛིན་གང་དུ་མི་ཕྱེད་པ་ནི་གཅིག་པ་སྟེ། ཀུན་རྫོབ་དང་དོན་དམ་པ་དག་གཉིས་སུ་མེད་པའི་དངོས་པོར་ཡོད་ཅིང་། རྣལ་འབྱོར་པ་རྣམས་ཀྱིས་དམིགས་པའི་ཏིང་ངེ་འཛིན་དེ་ནི་ཟུང་དུ་འཇུག་པ་ཞེས་བྱ་བ་ཡིན་པར་བཅོམ་ལྡན་ འདས་ཀྱིས་གསུངས་སོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་གསུང་ཚད་མ་ཡིན་པར་བསྟན་ཏེ་དགོངས་པ་མ་ཡིན་པའོ། །རྒོལ་བ་ཐམས་ཅད་ཀྱི་ཕྱོགས་དགག་པའི་ཕྱིར། རྟག་དང་ཆད་པའི་བློ་དག་ནི། །གང་གིས་སྤངས་ནས་རབ་གནས་པ། ། ཟུང་འཇུག་རིམ་པ་ཤེས་བྱ་བ། །གང་གིས་དེ་ཤེས་མཁས་པ་ཡིན། །ཞེས་བྱ་བ་གསུངས་ཏེ། དེ་བཞིན་དུ་ཡང་བདག་ཏུ་ལྟ་བས་ཟིན་པ་ཕ་རོལ་རྒོལ་བ་གང་དུ་ཡང་རུང་བ་དེ་ཐམས་ཅད་ནི་འཁོར་བའི་དུག་གི་ལྗོན་ཤིང་གི་རྒྱུར་གྱུར་པ་རྣམ་གྲངས་གཞན་ ཐེར་ཟུག་ཉིད་ཅེས་བྱ་བ་ནི་རྟག་པའི་ཕྱོགས་ཀྱི་ལམ་ལ་གནས་པ་ཡིན་ཞིང་། དེ་རྣམས་ནི་འཁོར་བའི་ཞགས་པའི་མདུད་པ་ལས་གྲོལ་བ་མ་ཡིན་ཏེ་ཐར་པའི་ལམ་ཡོངས་སུ་མི་ཤེས་པའི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་ཁ་ཅིག་རང་གི་ཕུང་པོ་ལ་སོགས་པ་འགགས་པ་ 37-1-148a ལས། ཏིལ་མར་ཟད་པས་མར་མེ་ཤི་བ་བཞིན་དུ་མར་མེ་ལྟ་བུའི་མྱ་ངན་ལས་འདས་པ་འདོད་པ་ཡིན་ཏེ། དེ་རྣམས་ནི་སེམས་ཅན་གྱི་དོན་བྱ་བའི་བདེ་བ་དང་ཡིད་བདེ་བ་མེད་པའི་ཕྱིར་ཚད་མ་གཉིས་ལས་འདས་ཤིང་ཆད་པའི་མཚན་ཉིད་ཀྱི་ཐར་པ་འདོད་པ་ཡིན་ནོ། །དེ་ རྣམས་ཀྱང་གྲོལ་བར་མི་འགྱུར་ཏེ་ཐར་པ་ཡོངས་སུ་མ་དག་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །འོད་གསལ་བའི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པའི་དབང་གིས་དངོས་པོ་ཐམས་ཅད་རོ་གཅིག་ཏུ་བྱས་པའི་ཏིང་ངེ་འཛིན་གང་ལ་རྟག་པ་དང་ཆད་པའི་བློ་སྤངས་ཤིང་མི་གནས་པ་དེ་ལྟ་བུའི་ཟུང་དུ་ འཇུག་པའི་རིམ་པ་གང་གིས་ཤེས་ཤིང་རིག་པ་དེ་ནི་མཁས་པ་སྟེ། དངོས་པོ་ཇི་ལྟ་བ་བཞིན་དུ་མཐོང་བའི་རྣལ་འབྱོར་པ་ཡིན་ནོ་ཞེས་བརྗོད་པར་བྱའོ། །རྒྱལ་པོ་རིན་པོ་ཆེའི་ཕྲེང་བ་ལས་ཀྱང་། བདག་གཞན་ཕན་པ་ཡོངས་ཤིས་ནས། །རྟག་ཏུ་ལུས་ངག་ཡིད་ཀྱི་ལས། །ཐམས་ ཅད་ཡོངས་སུ་བརྟགས་ནས་སུ། །བྱེད་པ་དེ་ནི་མཁས་པ་ཡིན། །བདག་མེད་ཡོད་པར་མི་འགྱུར་ཞིང་། །བདག་གི་མེད་ཅིང་ཡོད་མི་འགྱུར། །ཞེས་པས་བྱིས་པ་སྐྲག་པར་འགྱུར། །མཁས་པ་སྲིད་པ་ཟད་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དགོངས་པ་མ་ ཡིན་པའོ། །དེ་ཉིད་ནི། ཤེས་རབ་སྙིང་རྗེ་གཅིག་པར་ནི། །ཤེས་ནས་རབ་ཏུ་འཇུག་འགྱུར་བ། །ཟུང་འཇུག་ཅེས་བྱར་བཤད་པ་སྟེ། །རིམ་འདི་སངས་རྒྱས་སྤྱོད་ཡུལ་ལོ། །ཞེས་བྱ་བ་གསུངས་ཏེ་དེ་ལ་ཤེས་རབ་ཅེས་བྱ་བ་ནི་ཐོས་པ་ལས་བྱུང་བ་དང་བསམས་པ་ལས་ བྱུང་བ་དང་བསྒོམས་པ་ལས་བྱུང་བ་ཞེས་བྱ་བ་རྣམ་པ་གསུམ་མོ། །དེ་ལ་ཐོས་པ་ལ་སོགས་པ་ལས་བྱུང་བ་ནི་དམིགས་པ་དང་བཅས་པ་ཡིན་ལ་དེའི་རྗེས་ལ་ཐོབ་པ་ནི་དམིགས་པ་མེད་པ་ཡིན་ནོ། །སྙིང་རྗེ་ནི་སེམས་ལ་དམིགས་པ་དང་ཆོས་ལ་དམིགས་པ་དང་དམིགས་པ་ མེད་པ་ཞེས་བྱ་བ་རྣམ་པ་གསུམ་མོ། །གཉིས་ནི་དམིགས་པ་དང་བཅས་པ་ཡིན་ལ་ཐ་མ་ནི་དམིགས་པ་མེད་པ་ཡིན་ཏེ་དེ་ཉིད་སྙིང་རྗེ་ཆེན་པོ་ཡིན་ནོ། །ཤེས་རབ་སྙིང་རྗེ་དག་གཅིག་པར་ཏེ་ཐ་དད་པ་མེད་པར་ཤེས་ཤིང་རྟོགས་ནས་རྣལ་འབྱོར་པ་རབ་ཏུ་འཇུག་ཅིང་སེམས་ཅན་ 37-1-148b གྱི་དོན་བྱེད་པ་དེ་ནི་སངས་རྒྱས་སྤྱོད་ཡུལ་ཏེ་དེ་བཞིན་གཤེགས་པའི་ཡུལ་ཟུང་དུ་འཇུག་པའི་རིམ་པ་ཞེས་བྱ་བར་བཤད་དོ་ཞེས་བྱ་བ་ནི་དྲང་བའི་དོན་ཏོ། །ཡང་ན་ཤེས་རབ་ནི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །སྙིང་རྗེ་ནི་དཔལ་རྡོ་རྗེ་འཆང་སྟེ་ཕྱག་རྒྱ་ཆེན་པོ་ཡིན་ཞིང་དེ་དག་སྙོམས་པར་འཇུག་པའི་གཅིག་པ་ ཤེས་ཤིང་མངོན་དུ་བྱས་ནས་རྣལ་འབྱོར་པ་གང་ཞིག་རབ་ཏུ་འཇུག་པ་སྟེ། སྤྲོ་བའི་རིམ་པས་དཀྱིལ་འཁོར་གྱི་འཁོར་ལོ་མི་འདྲ་བ་གཞན་དང་གཞན་སྤྲུལ་བའི་སྒོ་ནས་འགྲོ་བའི་དོན་བྱེད་པ་དེ་ནི་ཟུང་དུ་འཇུག་པའི་རིམ་པ་སྟེ་མི་གནས་པའི་མྱ་ངན་ལས་འདས་པའི་སངས་རྒྱས་ཀྱི་སྤྱོད་ཡུལ་ས་བཅུ་གཉིས་ པ་ཐོབ་པར་བྱ་བ་ཡིན་ནོ་ཞེས་བཤད་པར་བྱ་སྟེ་ངེས་པའི་དོན་ཏོ། །ཡང་ན་ཤེས་རབ་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སོ། །སྙིང་རྗེ་ནི་ཀུན་རྫོབ་ཀྱི་སེམས་ཡིན་ཞིང་དེ་དག་གཅིག་པར་ཏེ། རྡོ་རྗེའི་རྩེ་མོར་འཛིན་པའི་ཡན་ལག་གིས་རོ་གཅིག་པར་ཤེས་ཤིང་ཉམས་སུ་མྱོང་ནས་རྣལ་འབྱོར་ པ་གང་ཞིག་རབ་ཏུ་འཇུག་པ་སྟེ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་དེ་ཁོ་ན་ཉིད་ལ་གནས་པ་དེ་ནི་སངས་རྒྱས་ཀྱི་སྤྱོད་ཡུལ་ཏེ་རང་རིག་པའི་མངོན་སུམ་གྱི་ཚད་མས་ཡང་དག་པར་ཁོང་དུ་ཆུད་པར་བྱ་བའི་རང་གི་ངོ་བོ་ཟུང་དུ་འཇུག་པ་ཞེས་བཤད་པར་བྱ་སྟེ་དགོངས་པ་མ་ཡིན་པའོ། །ཡང་ན་ ཤེས་རབ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྙིང་རྗེ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་སྟེ་དེ་དག་གཅིག་པ་ནི་འཁོར་གསུམ་རྣམ་པར་དག་པའི་སྒོ་ནས་བསྒྲུབ་པ་སྟེ་དེ་ལྟ་བུར་ཤེས་ཤིང་བསྒྲུབས་ནས་རྣལ་འབྱོར་པ་གང་ཞིག་རབ་ཏུ་འཇུག་པ་སྟེ་སྦྱིན་པ་ལ་སོགས་པ་ལ་རབ་ཏུ་འཇུག་པར་བྱེད་པའི་ རྣལ་འབྱོར་པ་དེ་ནི་ཟུང་དུ་འཇུག་པའི་རིམ་པ་སྟེ་གཉིས་སུ་མེད་པའི་རིམ་པ་མངོན་པར་ཤེས་ཤིང་སངས་རྒྱས་ཀྱི་སྤྱོད་ཡུལ་ཏེ་དེ་བཞིན་གཤེགས་པའི་ས་ལ་གནས་པ་ཡིན་ནོ་ཞེས་བཤད་པར་བྱའོ་ཞེས་བྱ་བ་ནི་སྤྱིའི་དོན་ཏོ། །ད་ནི་ཕྱོགས་གཞན་གྱི་སྒོ་ནས། ཐབས་དང་ཤེས་རབ་སྙོམས་འཇུག་ པས། །ཐམས་ཅད་རང་བཞིན་ཤེས་ནས་ནི། །རྣལ་འབྱོར་ཆེན་པོ་གང་དུ་གནས། །དེ་ནི་ཟུང་དུ་འཇུག་པར་འགྱུར། །ཞེས་བྱ་བ་གསུངས་ཏེ་ཤེས་རབ་ནི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །ཐབས་ནི་རྡོ་རྗེ་འཆང་གི་སྐུ་སྟེ་དེ་དག་སྙོམས་པར་འཇུག་པའི་སྦྱོར་བས་འདོད་ཆགས་ལ་སོགས་པ་ཐམས་ 37-1-149a ཅད་ལྷན་ཅིག་སྐྱེས་པའི་རང་བཞིན་དུ་ཤེས་ཤིང་རྟོགས་ནས་རྣལ་འབྱོར་པ་ལྷན་ཅིག་སྐྱེས་པ་གང་དུ་གནས་ཤིང་འཇུག་པ་དེ་ནི་ཟུང་དུ་འཇུག་པ་ཞེས་བྱ་བར་བརྗོད་པར་བྱ་སྟེ་དྲང་བའི་དོན་ཏོ། །ཡང་ན་ཤེས་རབ་ནི་སེམས་རྣམ་པར་དག་པའི་རིམ་པའོ། །ཐབས་ནི་བདག་བྱིན་གྱིས་བརླབ་ པའི་རིམ་པ་སྟེ་དེ་དག་གི་རྒྱུ་དང་འབྲས་བུའི་དངོས་པོར་སྤྲོ་བ་དང་བསྡུ་བ་དག་ནི་སྙོམས་པར་འཇུག་པའོ། །དེས་ཁམས་གསུམ་པ་ཐམས་ཅད་རང་བཞིན་ཏེ་བསྡུས་ནས་ཤེས་ཤིང་སྒྱུ་མའི་དཔེ་བཅུ་གཉིས་དང་མཚུངས་པར་ཉེ་བར་རྟོགས་ནས་རྫོགས་པའི་རིམ་པའི་མངོན་པར་ཤེས་པའི་རྣལ་ འབྱོར་པ་ཆེན་པོ་གང་དུ་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གང་དུ་གནས་པ་དེ་ནི་ཟུང་དུ་འཇུག་པའི་རིམ་པ་ཞེས་བྱ་བའི་དེ་ཁོ་ན་ཉིད་ཡིན་པར་བརྗོད་པར་བྱའོ་ཞེས་བྱ་བ་ནི་ངེས་པའི་དོན་ཏོ། །ཉན་ཐོས་ཕྱོགས་སྔ་མར་བཞག་པའི་སྒོ་ནས། གང་དུ་ཕུང་པོ་ལྷག་བཅས་དང་། །དེ་བཞིན་ཕུང་པོ་ལྷག་ མེད་ཅེས། །དེ་ལྟའི་རྟོག་པ་མེད་གྱུར་པ། །དེ་ཤེས་ཟུང་དུ་འཇུག་པའོ། །ཞེས་བྱ་བ་གསུངས་ཏེ་ཉན་ཐོས་རྣམས་ཀྱི་མྱ་ངན་ལས་འདས་པ་ནི་རྣམ་པ་གཉིས་ཏེ་ཕུང་པོ་ལྷག་མ་དང་བཅས་པ་དང་ཕུང་པོ་ལྷག་མ་མེད་པའོ། །དེ་ལ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་བག་ཆགས་ཀྱིས་ བཅིངས་པའི་ཕུང་པོ་ལ་སོགས་པ་ནི་ཕུང་པོ་སྟེ་དེ་དང་ལྷན་ཅིག་གནས་པ་ནི་ཕུང་པོ་ལྷག་མ་དང་བཅས་པའོ། །གང་གི་ཚེ་མཐོང་བ་དང་སྒོམ་པའི་ལམ་གྱིས་ཉོན་མོངས་པ་སྤངས་སུ་ཟིན་ཀྱང་སྔོན་གྱི་བག་ཆགས་ཀྱི་དབང་གིས་ལུས་མ་ཟད་པ་དེའི་ཚེ། ཉན་ཐོས་ཀྱི་རིགས་ཅན་རྣམས་ གྲོལ་ཡང་མ་གྲོལ་སྙམ་དུ་སེམས་སོ། །གང་གི་ཚེ་ཉོན་མོངས་པ་རྣམས་ཟད་ཅིང་ཕུང་པོ་རྣམས་ནུབ་པ་དེའི་ཚེ་ཏིལ་མར་ཟད་པའི་མར་མེ་བཞིན་དུ་ནུབ་པར་གྱུར་པ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་བརྗོད་པར་བྱའོ། །དེའི་ཕྱིར་རྣམ་པར་རྟོག་པ་དེ་གཉིས་ནི། ཏིང་ངེ་འཛིན་གང་ལ་མེད་པ་དེ་ནི་ཟུང་དུ་འཇུག་པའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་ཡིན་པར་ཤེས་ཤིང་རྟོགས་པར་བྱའོ་ཞེས་བྱ་བ་ནི་དགོངས་པ་མ་ཡིན་པའོ། །ཕྱོགས་དེ་ཉིད། གང་དུ་གང་ཟག་བདག་མེད་དང་། །ཆོས་བདག་མེད་ཅེས་བྱ་བ་ཡི། །རྟོགས་པ་ཡིས་ནི་དབེན་གྱུར་པ། །ཟུང་དུ་འཇུག་པའི་མཚན་ 37-1-149b ཉིད་དོ། །ཞེས་བྱ་བ་གསུངས་ཏེ་བཅོམ་ལྡན་འདས་ཀྱིས་ཕུང་པོ་བསྟན་པའི་སྒོ་ནས་གང་ཟག་མེད་པའི་གང་ཟག་ལ་བདག་མེད་པ་དང་། རྣམ་པར་རིག་པ་ཙམ་དུ་བསྟན་པའི་སྒོ་ནས་ཕུང་པོ་ལ་སོགས་པ་མེད་པའི་ཆོས་ལ་བདག་མེད་པ་གསུངས་སོ། །དེ་ཡང་བྱེ་བྲག་ཏུ་སྨྲ་བ་པ་དང་རྣལ་འབྱོར་སྤྱོད་པ་ པ་རྣམས་ཀྱི་ཕྱོགས་གཉིས་ཏེ་རྣམ་པར་རྟོག་པ་དེ་གཉིས་སུ་སྣང་བ་ཏིང་ངེ་འཛིན་གང་ལ་མེད་པ་དེ་ནི་ཟུང་དུ་འཇུག་པའི་རིམ་པའི་མཚན་ཉིད་ཡིན་ཞིང་ཆོས་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ་སྤྱིའི་དོན་ཏོ། །ཡང་ན་གང་ཟག་ལ་བདག་མེད་པ་ཞེས་བྱ་བ་སྟོང་པ་ཉིད་ལ་སོགས་པའི་རྣམ་པར་ཐར་པ་ བསྒོམ་པའི་ལམ་གྱིས་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་མངོན་དུ་བྱེད་པའོ། །ཆོས་ལ་བདག་མེད་པས་ནི་སྐུར་སྒྲུབ་པས་ལུས་དང་ངག་དང་ཡིད་དག་མི་དམིགས་པའི་སྒོ་ནས་ལྷའི་འཁོར་ལོའི་དབུས་ན་གནས་པ་སྟེ་དེ་ནི་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱི་དེ་ཁོ་ན་ཉིད་དམ་པ་ཡིན་ནོ། །རྫོགས་ པའི་རིམ་པའི་རྣལ་འབྱོར་པའི་ཏིང་ངེ་འཛིན་གང་ལ་རྟོགས་པ་དེ་གཉིས་མེད་པ་ནི་མི་སློབ་པ་ཉིད་ཡིན་པའི་ཕྱིར་ཟུང་དུ་འཇུག་པའི་རིམ་པའི་མཚན་ཉིད་ཡིན་ཞིང་རང་བཞིན་ཡིན་ཏེ་སྤྱིའི་དོན་ཏོ། །རྫོགས་པའི་རིམ་པའི་ཕྱོགས་ནི། བདག་བྱིན་བརླབ་དང་འོད་གསལ་དང་། །དེ་ཉིད་རིག་པས་ རིམ་ཤེས་ནས། །དེ་དག་འདུས་པ་གང་ཡིན་པ། །དེ་ནི་ཟུང་འཇུག་རིམ་པ་ཡིན། །ཞེས་བྱ་བ་གསུངས་ཏེ། བདག་བྱིན་བརླབ་པ་ལས་ཅིག་ཅར་ལྷའི་རྣམ་པར་སྤྲོ་བ་སྟེ་ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་ནོ། །འོད་གསལ་བ་ཞེས་བྱ་བ་ནི་དེ་ཡང་དེ་ཉིད་དུ་རིམ་པ་གཉིས་པ་དང་ བཞི་པ་དག་གིས་གཞུག་པའོ། །དེ་དག་རིམ་སྟེ་རྗེས་སུ་མཐུན་པ་དང་མི་མཐུན་པའི་རྒྱུ་དང་འབྲས་བུར་ཤེས་ཤིང་མངོན་དུ་བྱས་ནས་ཕྱིས་རིམ་པ་ལྔ་པས་གཉིས་པོ་དེ་དག་འདུས་པ་སྟེ། གཅིག་ཏུ་གྱུར་ཅིང་ཐ་མི་དད་པར་བྱས་པ་གང་ཡིན་པ་དེ་ནི་ཟུང་དུ་འཇུག་པའི་རིམ་པ་ཞེས་བརྗོད་དོ་ ཞེས་བྱ་བ་ནི་སྦས་པའོ། །མངོན་པར་བྱང་ཆུབ་པའི་རིམ་པའི་ཐབས་ཀྱི་ཕྱོགས་ནི། རིལ་པོར་འཛིན་དང་རྗེས་གཞིག་གིས། །དེ་བཞིན་ཉིད་ཀྱིས་གཞིར་འཇུག་དང་། །དེ་ལ་མཉམ་དུ་ལྔ་པ་གང་། །དེ་ནི་ཟུང་དུ་འཇུག་པ་ཡིན། །ཞེས་བྱ་བ་གསུངས་སོ། །མངོན་པར་བྱང་ཆུབ་པའི་རིམ་པ་ནི་རྣལ་ 37-1-150a འབྱོར་རྣམས་ཀྱི་ཐབས་ནི་གཉིས་པ་སྟེ་ཕྱག་རྒྱའི་རིམ་པ་དང་ཏིང་ངེ་འཛིན་གྱི་རིམ་པའོ། །དེ་ལ་ཏིང་ངེ་འཛིན་གྱི་རིམ་པ་ནི་རྣམ་པ་གཉིས་ཏེ་རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པའོ། །རིལ་པོར་འཛིན་པ་ཞེས་བྱ་བ་ནི་མགོ་ནས་རྐང་པའི་བར་དང་དེ་དག་ཡང་མགོ་བོའི་བར་དུ་འོད་ ཟེར་གྱི་འཁོར་ལོས་རང་བདག་ཉིད་སྣང་བ་མེད་པར་བྱའོ། །དེའི་འོག་ཏུ་རྗེས་གཞིག་ནི་རིམ་པ་དེ་ཉིད་ཀྱིས་དང་པོར་ཁམས་གསུམ་པ་སྣང་བ་མེད་པར་བྱ་ཞིང་དེ་ནས་བདག་ཉིད་སྣང་བ་མེད་པར་བྱ་བའོ་ཞེས་བྱ་བ་སྟེ་དེ་དག་ནི་རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་ཞེས་བྱའོ། །ཏིང་ངེ་ འཛིན་དེ་དག་གིས་དེ་བཞིན་ཉིད་ཀྱི་གཞི་སྟེ་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་མངོན་པར་བྱང་ཆུབ་པ་ལ་འཇུག་ཅིང་རྣལ་འབྱོར་པ་དེའི་བདག་ཉིད་དུ་རྗེས་སུ་འཇུག་པར་བྱ་བ་དང་དེའི་རྗེས་ལ་འདི་ནི་དོན་དམ་པའི་ཕྱོགས་ཡིན་གྱི་ཀུན་རྫོབ་ནི་མ་ཡིན་ནོ་ཞེས་རྨི་ལམ་བཞིན་དུ་ཤེས་ནས་འགྲོ་བའི་ དོན་བྱ་བའི་ཕྱིར་དེ་ལས་ཏེ་འོད་གསལ་བ་དེ་ཁོ་ན་ཉིད་དེ་ལས་མཉམ་ཞིང་དུས་མཚུངས་པར་སྐད་ཅིག་གིས་ཏིང་ངེ་འཛིན་གཉིས་ཀྱི་རྣམ་པར་རྟོག་པ་དང་བྲལ་བའི་སེམས་ཀྱིས་ཅིག་ཅར་ལྡང་བ་སྟེ། སྐུ་སྤྲོ་བ་གང་ཡིན་པ་དེ་ནི་ཟུང་དུ་འཇུག་པ་སྟེ་ཏིང་ངེ་འཛིན་གཉིས་ཀྱི་རྒྱུ་ལས་བྱུང་བའི་ལྷའི་ སྐུ་ཡིན་པར་བརྗོད་པར་བྱའོ་ཞེས་བྱ་བ་ནི་ཚིག་ལྷག་མ་སྟེ་མཐར་ཐུག་པའོ། །རིམ་པ་གཞན་གྱི་སྒོ་ནས། ཀུན་རྫོབ་དང་ནི་དོན་དམ་དག །ཐ་དད་བྱེ་བྲག་མེད་ཤེས་ནས། །གང་དུ་ཡང་དག་འདྲེས་གྱུར་པ། །དེ་ནི་ཟུང་འཇུག་ཡིན་པར་བརྗོད། །ཅེས་བྱ་བ་གསུངས་ཏེ་ཀུན་རྫོབ་ཅེས་བྱ་བ་ ནི་རྣམ་པར་རྟོག་པ་ཅན་གྱི་ཤེས་པ་ལ་སྣང་བའི་བུམ་པ་ལ་སོགས་པའི་རྣམ་པར་རྟོག་པའོ། །དོན་དམ་ནི་ལམ་ཁྱད་པར་ཅན་ལ་བརྟེན་ནས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ལོག་པ་གང་ཡིན་པ་སྟེ་ཀམྦ་ལའི་ཞལ་སྔ་ནས་ཀྱིས་ཀྱང་། རྣམ་པར་རྟོག་པ་གཞན་མེད་པའི། །རྣམ་རྟོག་ ཀུན་རྫོབ་ཅེས་བྱ་སྟེ། །རྣམ་པར་རྟོག་པ་དེ་ཉིད་ནི། །ལོག་པར་བྱེད་པའི་ཀུན་རྫོབ་ཡིན། །ཞེས་གསུངས་སོ། །དེ་དག་འཁོར་བ་དང་མྱ་ངན་ལས་འདས་པའི་བྱེ་བྲག་གིས་ཐ་དད་པར་རྣམ་པར་གནས་པ་ཡིན་མོད་ཀྱི་འོན་ཀྱང་དོན་དམ་པར་བྱེ་བྲག་མེད་པར་གནས་སོ། །ཀུན་རྫོབ་ལས་ལོགས་ 37-1-150b ཤིག་ཏུ་དོན་དམ་པ་ནི་མི་དམིགས་ཏེ་དོན་དམ་པ་ནི་དེ་ཁོ་ནའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་དོན་དམ་པ་ལས་ཐ་དད་པ་མ་ཡིན་ཏེ། ཆོས་ཉིད་ལས་ལོགས་ཤིག་ཏུ་ཆོས་ཅན་མི་དམིགས་པའི་ཕྱིར་རོ། །བྱང་ཆུབ་ཀྱི་སེམས་ཀྱི་འགྲེལ་པ་ལས་ཀྱང་། བུ་རམ་གྱིས་ནི་མངར་དང་མེའི། ། ཚ་བ་རང་བཞིན་ཡིན་པ་ལྟར། །དེ་བཞིན་ཁོ་ནར་ཆོས་རྣམས་ཀྱི ། སྟོང་པ་རང་བཞིན་ཡིན་པར་འདོད། །བྱས་པ་ཉིད་དང་མི་རྟག་བཞིན། །མེད་ན་མི་འབྱུང་ངེས་པ་ཡིན། །ཞེས་གསུངས་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་། གཟུགས་ནི་རང་བཞིན་གྱིས་སྟོང་པའོ། །གཟུགས་ ཉིད་སྟོང་པའོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ཀུན་རྫོབ་དང་དོན་དམ་པ་དག་བྱེ་བྲག་མེད་པར་ཤེས་ནས་ཏིང་ངེ་འཛིན་གང་དུ་ཡང་དག་པར་འདྲེས་ཏེ་གཅིག་ཏུ་གྱུར་ཅིང་ཐ་ དད་པ་མེད་པར་གྱུར་པ་དེ་ནི་ཟུང་དུ་འཇུག་པ་ཞེས་བྱ་བ་ཡིན་པར་བརྗོད་པར་བྱ་སྟེ་སྤྱིའི་དོན་ཏོ། །ཡང་ན་ཀུན་རྫོབ་དང་དོན་དམ་པ་དག་ནི་བསྐྱེད་པ་དང་རྫོགས་པའི་རིམ་པ་དག་སྟེ་དེ་དག་བྱེ་བྲག་མེད་པར་ཤེས་ནས་ཏིང་ངེ་འཛིན་གང་དུ་རྣལ་འབྱོར་པས་ཡང་དག་པར་འདྲེས་པར་བྱེད་པ་ནི་དེའི་ཟུང་དུ་ འཇུག་པ་ཡིན་ནོ་ཞེས་བརྗོད་པར་བྱའོ། །ཡང་ན་ཀུན་རྫོབ་ཀྱི་རྡོ་རྗེ་བཟླས་པ་ལ་སོགས་པའི་རིམ་པ་བཞི་སྟེ། འདི་ཉིད་ལས། ཇི་སྲིད་བསྒོམ་པ་དང་ལྡན་པ། །དེ་སྲིད་དང་པོའི་ལས་ཅན་ཡིན། །ཞེས་གང་གསུངས་པའོ། །དོན་དམ་པ་ནི་རིམ་པ་ལྔ་སྟེ་དེ་དག་བྱེ་བྲག་མེད་ཅིང་ཐ་དད་པ་མེད་ པར་ཤེས་ནས་ཡང་དག་པར་འདྲེས་པར་བྱེད་ཅིང་རོ་གཅིག་པར་བྱེད་པ་གང་ཡིན་པ་དེ་ནི་ཟུང་དུ་འཇུག་པ་ཡིན་ནོ་ཞེས་བརྗོད་པར་བྱ་སྟེ་མཐར་ཐུག་པའོ། །རྫོགས་པའི་རིམ་པའི་སྒོ་ནས། དེ་བཞིན་ཉིད་ལ་དམིགས་པ་དང་། །གང་དུ་ལྡང་བ་ཉི་མེད་པ། །དེར་ནི་ཟུང་དུ་འཇུག་པར་ འགྱུར། །རྣལ་འབྱོར་པ་ནི་མི་ཟད་གནས། །ཞེས་བྱ་བ་གསུངས་ཏེ། དེ་བཞིན་ཉིད་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རྣམ་པར་རྟོག་པའི་ཉེས་པ་ཐམས་ཅད་བྲལ་བའི་ཏིང་ངེ་འཛིན་གྱི་ཁྱད་པར་ཡིན་ཞིང་རྣམ་གྲངས་གཞན་འོད་གསལ་བ་ཞེས་བྱའོ། །དེ་ལ་བཞུགས་སུ་ཟིན་ 37-1-151a ཀྱང་དེ་བཞིན་ཉིད་ལ་དམིགས་པ་སྟེ་དེ་འདི་ཡིན་ནོ་ཞེའམ། བདག་གིས་དེ་ཁོ་ན་ཉིད་ཐོབ་པོ་སྙམ་དུ་སོ་སོར་ཀུན་དུ་རྟོག་པའི་འཛིན་པ་མེད་པ་དང་། དེ་བཞིན་དུ་སེམས་ཅན་གྱི་དོན་བྱ་བའི་ཕྱིར་བདག་བྱིན་གྱིས་བརླབཔའི་རིམ་པས་ལྡང་བ་ནི་སྤྲོ་བས་ཏེ་དེ་ལ་དམིགས་པའི་རྣམ་ པར་རྟོག་པ་མི་བསྐྱེད་པ་ནི་རྫོགས་པའི་རིམ་པ་སྒྲུབ་པར་བྱེད་པའི་རྣལ་འབྱོར་པ་རྣམས་ཀྱི་མི་ཟད་ཅིང་ཟད་པ་མེད་པའི་རྡོ་རྗེ་འཆང་ཆེན་པོ་ཉིད་མངོན་དུ་བྱེད་པའི་གནས་ཏེ་དེ་བཞིན་གཤེགས་པའི་གནས་ཡིན་ནོ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ནི་སྦས་པ་དང་མཐར་ཐུག་པའོ། །དེ་ཉིད་ནི། གཉིད་ལོག་ སད་པ་ཞེས་བྱ་བའི། །གནས་སྐབས་དེ་ཉིད་སྤངས་པའི་ཕྱིར། །གཉིད་ལོག་སད་པ་དང་བྲལ་བའི། །སྟོན་པ་ཟུང་དུ་འཇུག་པ་ཡིན། །ཞེས་བྱ་བ་གསུངས་ཏེ་གཉིད་ལོག་ཅེས་བྱ་བ་ནི་དངོས་པོའི་རང་བཞིན་ཡོངས་སུ་མ་ཤེས་པས་མ་རིག་པའི་ཉེས་པའི་མཚན་མོའི་དུས་སུ་སེམས་ཀྱི་ གཉིད་ལོག་པ་སྟེ་མི་ཤེས་པ་ཉིད་དོ། །སད་པ་ནི་ཚད་མས་ཡོངས་སུ་དཔྱད་པའི་སྒོ་ནས་དངོས་པོ་རང་རང་གི་ངོ་བོ་ཡོངས་སུ་ཤེས་པའོ། །གནས་སྐབས་དེ་གཉིས་ཏེ་སེམས་ཀྱི་འཇུག་པའི་སྐད་ཅིག་གིས་བྱེ་བྲག་ཉིད་སྤངས་ཤིང་གསལ་བའི་ཕྱིར་གཉིད་ལོག་སད་པ་དང་བྲལ་བ་སྟེ། ཤེས་ པ་དང་མི་ཤེས་པ་སྤངས་པའི་སྟོན་པ་སངས་རྒྱས་ཏིང་ངེ་འཛིན་གང་ལ་གནས་པའི་ཏིང་ངེ་འཛིན་དེ་ནི་རྣལ་འབྱོར་པས་ཟུང་དུ་འཇུག་པ་ཞེས་བྱ་བ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་སྤྱིའི་དོན་ཏོ། །ཡང་ན་གཉིད་ལོག་ཅེས་བྱ་བ་ནི་རྩ་བདུན་ཁྲི་ཉིས་སྟོང་གི་ནང་དུ་ཐིམ་པའི་བྱང་ཆུབ་ཀྱི་སེམས་སོ། ། སད་པ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་སྒོ་ནས་དེ་ཉིད་དེ་རྣམས་ནས་འཛག་ནས་རྡོ་རྗེའི་རྩེ་མོར་གནས་པའོ། །གནས་སྐབས་དེ་ལྟ་བུ་གཉིས་སྤངས་པ་ལས་གཉིད་ལོག་པ་དང་སད་པ་སྟེ་འཇུག་པ་དང་ལྡང་བ་དག་སྤངས་ཤིང་ཟུང་དུ་འཇུག་པའི་རིམ་པ་ལ་ གནས་ཤིང་སྟོན་པ་ཐམས་ཅད་མཁྱེན་པར་འགྱུར་རོ་ཞེས་པ་ནི་མཐར་ཐུག་པའོ། །དེ་ཉིད་ནི། མཉམ་པར་གཞག་དང་མ་གཞག་པ། །གང་ལ་རྣམ་པ་ཀུན་དུ་མེད། །དངོས་དང་དངོས་མེད་རྣམ་སྤངས་པའི། །རྣལ་འབྱོར་པ་ནི་ཟུང་འཇུག་གནས། །ཞེས་བྱ་བ་གསུངས་ཏེ་བསྐྱེད་ 37-1-151b པའི་རིམ་པའི་རྣལ་འབྱོར་པའི་མཉམ་པར་གཞག་པ་ནི་དང་པོའི་སྦྱོར་བ་ལ་སོགས་པའི་རིམ་གྱིས་ལྷའི་སྐུ་བསྒྲུབ་པའོ། །མཉམ་པར་མ་གཞག་པ་ནི་དེ་དག་ཐམས་ཅད་བྱས་ནས་ཐུན་མཚམས་སུ་སྤྱོད་ལམ་བཞིས་གནས་པའོ། །དེ་བཞིན་དུ་རྫོགས་པའི་རྣལ་འབྱོར་པ་མཉམ་པར་གཞག་ པ་ནི་རྡོ་རྗེ་བཟླས་པ་ལ་སོགས་པའི་སྒོམ་པ་ལ་མངོན་པར་དགའ་བའོ། །མཉམ་པར་བཞག་པ་ནི་སྣང་བ་ཉིད་ཀྱིས་དེ་ལས་ལྡང་བའོ། །གཉིས་པོ་དེ་ཏིང་ངེ་འཛིན་གང་ལ་རྣམ་པ་ཀུན་དུ་སྟེ་དུས་གསུམ་དུ་ཡང་མེད་པའོ། །རྣལ་འབྱོར་པ་དེ་ནི་དངོས་དང་དངོས་མིན་ཏེ་ཏིང་ངེ་འཛིན་དང་རྣམ་ པར་གཡེང་བ་དག་རྣམ་པར་སྤངས་ཤིང་བོར་ནས་ཟུང་དུ་འཇུག་པ་ལ་གནས་པ་ཡིན་པར་ཤེས་པར་བྱའོ་ཞེས་པ་ནི་ཚིག་ལྷག་མ་སྟེ་མཐར་ཐུག་པའོ། །ཡང་ན་མཉམ་པར་གཞག་པ་ནི་འཇུག་པ་དང་གནས་པའོ། །མཉམ་པར་མ་གཞག་པ་ནི་འབྱུང་བའོ། །དེ་རྣམས་ཏིང་ངེ་འཛིན་གང་ ལ་རྣམ་པ་ཀུན་དུ་སྟེ་རླུང་གི་དུས་གསུམ་ཆར་དུ་ཡང་མེད་པའི་རྣལ་འབྱོར་པ་དེ་ནི་དངོས་དང་དངོས་མེད་དེ་སྲོག་དང་རྩོལ་བའི་རླུང་དག་གིས་འབྱུང་བ་དང་འཇུག་པའི་སྦྱོར་བ་སྤངས་ཤིང་ཟུང་དུ་འཇུག་པ་ལ་གནས་པ་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བ་ནི་དགོངས་པ་མ་ཡིན་པའོ། །སེམས་རྣམ་པར་ དག་པའི་རིམ་པའི་ཕྱོགས་ནི། དྲན་དང་མི་དྲན་ལས་གྲོལ་ཞིང་། །རྟག་ཏུ་རྒྱུན་དུ་གནས་པ་སྟེ། །རྣལ་འབྱོར་པ་ནི་འདོད་བཞིན་སྤྱོད་། །ཟུང་འཇུག་རིམ་པ་ལ་གནས་པའོ། །ཞེས་བྱ་བ་གསུངས་ཏེ་དྲན་པ་ནི་ཐམས་ཅད་སྟོང་པ་ཉིད་ཀྱིས་འོད་གསལ་བ་ཁོང་དུ་ཆུད་པའོ། །མི་དྲན་པ་ ཞེས་བྱ་བ་ནི་རྣམ་པར་ཤེས་པ་གསུམ་དང་རང་བཞིན་རྣམས་འགགས་པས་རྣམ་པར་མི་རྟོག་པའི་གནས་ཐོབ་པ་སྟེ་དེ་དག་ལས་གྲོལ་བ་ནི་སྤངས་པའོ། །དེ་ཉིད་ཀྱི་ཕྱིར་རྟག་ཏུ་རྒྱུན་དུ་སྟེ་འཁོར་བའི་རྒྱུན་ཇི་སྲིད་ཀྱི་བར་དུ་གནས་པ་ནི་སེམས་ཅན་གྱི་དོན་བྱ་བའི་ཕྱིར་སྡོད་པས་ན་རྟག་ཏུ་རྒྱུན་དུ་ གནས་པའོ། །དེ་ལྟ་བུའི་རྣལ་འབྱོར་པ་ནི་འདོད་བཞིན་ཏེ་རང་དབང་དུ་སྤྱོད་ལམ་བཞི་རྟེན་སྤྱོད་པའོ། །དེ་ནི་ཟུང་དུ་འཇུག་པའི་རིམ་པ་ལ་གནས་པ་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བ་ནི་སྦས་པའོ། །བདག་བྱིན་གྱིས་བརླབ་པ་དང་མངོན་པར་བྱང་ཆུབ་པའི་རིམ་པ་དག་ནི། ཆགས་དང་ 37-1-152a ཆགས་མིན་ལས་གྲོལ་ཞིང་། །མཆོག་ཏུ་དགའ་བའི་ལུས་དང་ལྡན། །ཟུང་འཇུག་རྣམ་པར་སྒོམ་བྱེད་པ། །འཁོར་བ་སྲིད་དུ་གནས་བྱེད་པ། །ཞེས་བྱ་བ་གསུངས་ཏེ་ཆགས་པ་ནི་དགའ་བ་དང་མཆོག་ཏུ་དགའ་བ་དག་གོ། །ཆགས་མིན་དགའ་བྲལ་ཏེ་རྣམ་པ་སྣ་ ཚོགས་པ་དང་རྣམ་པར་སྨིན་པ་དང་རྣམ་པར་ཉེད་པའི་རང་བཞིན་ཅན་དེ་དག་ལས་གྲོལ་ཞིང་སྤངས་པའོ། །དེ་ཉིད་ཀྱི་ཕྱིར་མཆོག་ཏུ་དགའ་བ་ནི་མཚན་ཉིད་དང་བྲལ་བའི་སྐད་ཅིག་གིས་རང་བཞིན་གྱི་ལྷན་ཅིག་སྐྱེས་པའི་བདེ་བ་ཡིན་ཞིང་། གང་ལ་དེའི་རང་བཞིན་གྱི་ལུས་ཏེ་ངོ་བོ་ཡོད་པ་དེ་ནི་ མཆོག་ཏུ་དགའ་བའི་ལུས་དང་ལྡན་པའོ། །མཆོག་སྟེ་ཁྱད་པར་དུ་འཕགས་པའི་དགའ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་ཡིན་ཞིང་མཆོག་ཏུ་དགའ་བ་ནི་བཞི་པ་ཡིན་ནོ་ཞེས་བརྗོད་པར་བྱའོ། །ཡང་ན་མཆོག་ལས་ཕ་རོལ་གྱི་དགའ་བ་ནི་མཆོག་ཏུ་དགའ་བ་ཞེས་པས་འཛིན་པའི་ཚིག་བསྡུ་ བ་ལ་ལོ་མའི་རྒྱལ་པོ་ལ་སོགས་པ་བཞིན་དུ་བར་གྱི་ཚིག་མི་མངོན་པར་བྱས་པ་ཡིན་པས་མཆོག་ཏུ་དགའ་བ་བཞི་པ་ཉིད་ཡིན་པར་བརྗོད་པར་བྱའོ། །ཡང་ན་མཁའ་འགྲོ་ཞེས་བྱ་བ་ལ་སོགས་པའི་སྒྲ་བཞིན་དུ་ཡན་ལག་གི་དོན་བཤད་དུ་མེད་པའི་མཆོག་ཏུ་དགའ་བ་ཞེས་བྱ་བའི་སྒྲ་ནི་ བསྒྲགས་པའི་ཕྱིར། བཞི་པ་རྗོད་པར་བྱེད་པ་ཡིན་ལ་སྦྱོར་བས་གྲག་པའི་སྒྲ་ཉིད་ཡིན་པའི་ཕྱིར་ནི་གཉིས་པ་ལ་འཇུག་པས་ཉེས་པ་འགའ་ཡང་མེད་དོ་ཞེས་བྱ་བ་ནི་མཐར་ཐུག་པའོ། །དེའི་རྗེས་ལ་སེམས་ཅན་གྱི་དོན་བྱ་བའི་ཕྱིར་དེ་ལས་སྐད་ཅིག་གིས་ལངས་ཏེ་ལྷའི་སྐུར་དམིགས་ནས། འཁོར་བ་ཇི་སྲིད་དུ་སྟེ་འཁོར་བའི་མཐར་ཐུག་པར་གནས་པར་བྱེད་ཅིང་གང་གི་ཚེ་དཀྱིལ་འཁོར་གྱི་འཁོར་ལོ་མི་འདྲ་བ་གཞན་དང་གཞན་སྤྲོ་བའི་སྒོ་ནས་གནས་པ་སྟེ་དེའི་ཚེ་རྣལ་འབྱོར་པ་དེ་ནི་ཟུང་དུ་འཇུག་པའི་རིམ་པ་ལ་གནས་པ་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བ་ནི་སྦས་པའོ། །རང་གི་ མཚན་ཉིད་ཀྱི་སྒོ་ནས་རིམ་པ་ལྔ་པ། རྒྱུ་དང་འབྲས་བུ་ཉིད་དང་ནི། །རང་བཞིན་མི་ཕྱེད་བྱས་ནས་སུ། །རྣལ་འབྱོར་པ་ནི་གང་ཞིག་གནས། །དེ་ནི་ཟུང་འཇུག་སངས་རྒྱས་གསུངས། །ཞེས་བྱ་བ་གསུངས་ཏེ་རྒྱུ་ཞེས་བྱ་བ་ནི་ཀུན་གཞིའི་རྣམ་པར་ཤེས་པ་དང་འབྲེལ་བའི་བག་ཆགས་ཀྱི་ 37-1-152b ཚོགས་སོ། །འབྲས་བུ་ཞེས་བྱ་བ་ནི་ཁུ་བ་དང་ཁྲག་གི་ཐིག་ལེ་ལས་བྱུང་བའི་ལུས་སོ། །རྒྱུ་དང་འབྲས་བུ་དེ་དག་མི་ཕྱེད་པའི་རང་བཞིན་ཏེ། ཡང་མི་སྐྱེ་བའི་ཆོས་ཅན་དུ་བྱས་ནས་རྣལ་འབྱོར་པ་གང་ཞིག་གནས་པ་དེ་ནི་ཟུང་དུ་འཇུག་པའི་རིམ་པ་ཡིན་པར་སངས་རྒྱས་རྣམས་ཀྱིས་གསུངས་སོ་ཞེས་ བྱ་བ་ནི་སྒྲ་ཇི་བཞིན་པའོ། །ཡང་ན་རྒྱུ་དང་འབྲས་བུ་དག་ནི་ལྷན་ཅིག་སྐྱེས་པ་དང་ཤེས་རབ་ཀྱི་པདྨ་དག་གོ། །དེ་དག་མི་ཕྱེད་པར་བྱས་ནས་རྣལ་འབྱོར་པ་གནས་པ་གང་ཡིན་པ་དེ་ཉིད་རྣལ་འབྱོར་པའི་ཟུང་དུ་འཇུག་པའི་རིམ་པ་ཡིན་པར་སངས་རྒྱས་རྣམས་གསུངས་ཏེ་དྲང་བའི་དོན་ཏོ། །རྒྱུ་ནི་རྡོ་རྗེ་ བཟླས་པ་ལ་སོགས་པའི་རིམ་པ་བཞིའོ། །འབྲས་བུ་ནི་རིམ་པ་ལྔ་པ་སྟེ་དེ་རྣམས་མི་ཕྱེད་པར་བྱས་ཤིང་རོ་གཅིག་པར་བྱས་ནས་རྣལ་འབྱོར་པ་གང་ཞིག་གནས་པ་དེ་ནི་ཟུང་དུ་འཇུག་པའི་རིམ་པ་ཡིན་པར་སངས་རྒྱས་རྣམས་གསུངས་སོ་ཞེས་བྱ་བ་ནི་ངེས་པའི་དོན་ཏོ། །ད་ནི་རིམ་པ་གཉིས་ཀྱི་སྒོ་ ནས། བསྐྱེད་པའི་རིམ་པ་འདི་གཅིག་དང་། །རྫོགས་པའི་རིམ་པ་ཞེས་བྱ་བ། །གཉིས་པོ་གང་དུ་གཅིག་གྱུར་པ། །དེ་ནི་ཟུང་དུ་འཇུག་པར་གསུངས། །ཞེས་བྱ་བ་གསུངས་ཏེ་ཐུན་མོང་གི་བསྙེན་པ་ནི་རྡོ་རྗེ་བཞི་པོ་སྟེ། རིམ་པ་དེས་ལྷའི་རྣམ་པ་གྲུབ་པ་གང་ཡིན་པ་དེ་ནི་བསྐྱེད་པའི་རིམ་ པའོ། །ཡན་ལག་དྲུག་གི་རྣལ་འབྱོར་དང་རྩ་རྒྱུ་བའི་རྣལ་འབྱོར་དང་ཕྲ་མོའི་རྣལ་འབྱོར་དང་ཐིག་ལེའི་རྣལ་འབྱོར་དང་ཐབས་དང་ཤེས་རབ་སྙོམས་པར་འཇུག་པ་དང་དེའི་ཡན་ལག་བསྙེན་པ་ལ་སོགས་པ་རྣམས་དང་། རྡོ་རྗེ་བཟླས་པ་ལ་སོགས་པའི་རིམ་པ་ལྔ་དང་། གཞན་ཡང་དེ་ལྟ་བུ་དང་ རིགས་མཐུན་པ་སྤྲོས་པ་མེད་པའི་ཆོས་ཉིད་ཀྱི་མཚན་ཉིད་ཅན་གྱི་བསྒོམ་པའི་ལམ་ནི་རྫོགས་པའི་རིམ་པའོ། །རིམ་པ་དེ་དག་ཏིང་ངེ་འཛིན་གང་དུ་གཅིག་སྟེ་ཐ་དད་པའི་བློ་མེད་པ་ཉིད་དུ་གྱུར་པ་དེ་ནི་ཟུང་དུ་འཇུག་པ་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་བཞིན་དུ་ཡང་ཏིང་ངེ་འཛིན་དེ་ ལ་འོད་གསལ་བ་མངོན་དུ་བྱེད་པ་དང་འཇའ་ཚོན་ལྟ་བུའི་སྐུ་དང་། དཀྱིལ་འཁོར་པ་རྣམས་ཏེ་འདི་ཡིན་ནོ་ཞེས་སྣང་བ་མེད་དེ། མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་རང་བཞིན་ཉིད་དང་རྣམ་པར་རྟོག་པའི་དྲི་མ་ཐམས་ཅད་ནུབ་པ་ཡིན་པའི་ཕྱིར་རོ། །འོན་ཀྱང་སེམས་ཅན་ 37-1-153a ཐམས་ཅད་ཀྱི་དོན་ནི་བསྒྲུབ་པོ་ཞེས་བྱ་བ་ནི་དགོངས་པ་མ་ཡིན་པའོ། །བསྐྱེད་པའི་རིམ་པའི་ལྷའི་སྐུའི་དབྱེ་བ་གཉིས་ཀྱི་ཕྱོགས་ཀྱི་སྒོ་ནས། འདི་ནི་ཡོངས་སུ་དག་པའི་ལྷ། །འདི་ནི་མ་དག་པར་གྱུར་ཞེས། །རྟོག་པ་གང་དུ་གཅིག་པ་ཉིད། །དེ་ནི་ཟུང་ དུ་འཇུག་པའོ། །ཞེས་བྱ་བ་གསུངས་ཏེ་བདག་བྱིན་གྱིས་བརླབ་པའི་རིམ་པས་འོད་གསལ་བ་ལས་སྐད་ཅིག་གིས་སྐུ་བསྐྱེད་པ་ནི་ཡོངས་སུ་དག་པའི་ལྷའི་སྐུ་སྟེ་ཡེ་ཤེས་ཀྱི་སྐུའོ་ཞེས་བྱ་བའི་དོན་ཏོ། །ཟླ་བ་དང་རྡོ་རྗེ་ལ་སོགས་པའི་རིམ་གྱིས་དང་པོའི་སྦྱོར་བ་ལ་སོགས་པའི་ཏིང་ངེ་འཛིན་ གསུམ་ལ་བརྟེན་ནས་སྐུ་འབྱུང་བ་གང་ཡིན་པ་དེ་ནི་ཡོངས་སུ་མ་དག་པའི་ལྷའི་སྐུ་སྟེ་རྣམ་པར་རྟག་པ་སྤྲོ་བ་མང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སྔགས་ཀྱི་སྐུ་ཞེས་བརྗོད་པར་བྱའོ། །སྐུ་དེ་དག་ཏིང་ངེ་འཛིན་གང་དུ་ཐ་དད་མེད་པར་གྱུར་པ་དེ་ནི་ཟུང་དུ་འཇུག་པ་ཡིན་ནོ་ཞེས་བརྗོད་པར་བྱ་སྟེ་དགོངས་པ་ མ་ཡིན་པའོ། །རྫོགས་པའི་རིམ་པའི་དབྱེ་བ་གཉིས་ནི། གཟུགས་ཅན་དང་ནི་གཟུགས་མེད་ཅེས། །རྟོག་པ་གཉིས་པ་སྤངས་པའི་ཕྱིར། །ཞི་བ་རྣལ་འབྱོར་དབང་པོ་ཤེས། །དེ་ནི་ཟུང་འཇུག་ཐོབ་པའོ། །ཞེས་བྱ་བ་གསུངས་ཏེ་དེ་ལ་རེ་ཞིག་གཟུགས་ཅན་ནི་རྣམ་པར་ཤེས་པ་མ་ རྟོགས་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་སོ། །གཟུགས་མེད་ནི་ནམ་མཁའ་དང་རྣམ་པར་ཤེས་པ་ཞེས་བྱ་བ་གཉིས་སོ། །དེ་ལྟ་བུའི་རྣམ་པར་རྟོག་པ་གཉིས་ཏིང་ངེ་འཛིན་གང་ལ་སྣང་བ་མེད་པ་དེ་ཉིད་ཀྱི་ཕྱིར་ཞི་བ་སྟེ་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་དང་བྲལ་བ་གང་གི་ཚེ་རྣལ་ འབྱོར་དབང་པོ་སྟེ། རྫོགས་པའི་རྣལ་འབྱོར་པས་ཤེས་པ་དེའི་ཚེ་དེ་ནི་ཟུང་དུ་འཇུག་པའི་རིམ་པ་ཐོབ་པ་ཡིན་ནོ་ཞེས་བརྗོད་པར་བྱ་སྟེ་དྲང་བའི་དོན་ཏོ། །ཡང་ན་གཟུགས་ཅན་ནི་འོད་གསལ་བ་ལས་བྱུང་བའི་འཇའ་ཚོན་ལྟ་བུའི་སྐུའོ། །གཟུགས་མེད་ནི་འོད་གསལ་བའི་དེ་ཁོ་ན་ཉིད་དོ། །དེ་ཁོ་ ན་ཉིད་དུ་སྣང་བ་དེ་གཉིས་སྤངས་པའི་རྣལ་འབྱོར་པའི་དབང་པོ་ནི་མི་གནས་པའི་དབྱིངས་ཀྱི་རང་བཞིན་གྱི་ཟུང་དུ་འཇུག་པའི་རིམ་པ་ཞི་བ་ཐོབ་པ་ཡིན་ནོ་ཞེས་བརྗོད་པར་བྱ་སྟེ་ངེས་པའི་དོན་ཏོ། །རྫོགས་པའི་རྣལ་འབྱོར་པའི་འབྲས་བུ་ནི། དེ་ལྟར་གནས་པའི་རྣལ་འབྱོར་པ། །ཟུང་འཇུག་རིམ་ 37-1-153b ལ་གནས་པ་སྟེ། །དེ་ནི་ཀུན་མཁྱེན་དེ་ཉི་མཐོང་། །སྣ་ཚོགས་འཛིན་པ་ཞེས་བརྗོད་དོ། །ཞེས་བྱ་བ་གསུངས་ཏེ་དེ་ལྟར་བཤད་མ་ཐག་པའི་ཏིང་ངེ་འཛིན་གྱི་རིམ་པས་གནས་པའི་རྣལ་འབྱོར་པ་གང་ཡིན་པ་དེ་ནི་ཟུང་དུ་འཇུག་པའི་རིམ་པ་ལ་གནས་ཤིང་མི་གནས་པའི་མྱ་ངན་ལས་འདས་ པའི་དབྱིངས་ཐོབ་པ་ཡིན་པར་རིག་པར་བྱའོ། །དེ་ཉིད་ཀྱི་ཕྱིར་དེ་ནི་ཀུན་མཁྱེན་ཏེ་དངོས་པོ་ཐམས་ཅད་ཀྱི་རང་གི་ངོ་བོས་མཁྱེན་པ་དང་། དེ་ཉིད་ཁོ་ན་སྟེ་ཐམས་ཅད་སྟོང་པའི་བདག་ཉིད་ཀྱི་ཟུང་དུ་འཇུག་པས་དེ་ཁོ་ན་ཉི་མཐོང་བས་དེ་ཁོ་ན་ཉི་མཐོང་བ་དང་། དེ་ཉིད་ཀྱི་ཕྱིར་ཁམས་ གསུམ་པ་སྣ་ཚོགས་དཀྱིལ་འཁོར་གྱི་འཁོར་ལོ་མི་འདྲ་བ་གཞན་དང་གཞན་སྤྲོ་བའི་སྒོ་ནས་རྡོ་རྗེ་འཆང་གི་གོ་འཕང་འཛིན་པར་བྱེད་ཅིང་ཐོབ་པར་བྱེད་པ་ཡིན་པས་ན་སྣ་ཚོགས་འཛིན་པ་ཡིན་ནོ། །དེས་ནི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་དེའི་ཐབས་ཕུན་སུམ་ཚོགས་པ་ གསལ་བར་བྱས་པ་ཡིན་ཏེ་དགོངས་པ་མ་ཡིན་པའོ། །མི་སློབ་པ་ཉིད་ནི། སྒྱུ་འཕྲུལ་དྲ་བ་མངོན་སངས་རྒྱས། །འཁོར་བའི་རྒྱ་མཚོའི་ཕ་རོལ་སོན། །བྱ་བ་བྱས་པའི་རྣལ་འབྱོར་པ། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །ཞེས་བྱ་བ་གསུངས་ཏེ་བདེན་པ་གཉིས་ཀྱི་ཚུལ་ ཏེ་ཀུན་རྫོབ་དང་དོན་དམ་པ་ཐ་དད་པ་མེད་པའི་རང་བཞིན་གྱིས་ཟུང་དུ་འཇུག་པའི་རིམ་པ་ལ་གནས་པར་གྱུར་པའི་རྣལ་འབྱོར་པ་དེ་ནི་འདི་ལྟ་བུའི་རྣམ་པ་ཅན་ཡིན་ནོ། །ཇི་ལྟ་བུ་ཞེ་ན། སྒྱུ་འཕྲུལ་དྲ་བ་ཞེས་བྱ་བ་ནི་ཉོན་མོངས་པའི་བག་ཆགས་ཀྱིས་བསྐོར་བའི་འཁོར་བའི་འཁོར་ལོ་སྟེ། དེར་མངོན་པར་རྫོགས་པར་སངས་རྒྱས་པ་ནི་དེའི་རང་གི་ངོ་བོ་ཡོངས་སུ་ཤེས་པས་དེ་ཁོ་ན་ཉིད་རྟོགས་པ་ཡིན་ནོ། །དེ་བཞིན་དུ་འཁོར་བ་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཏེ་དེ་དག་ཉིད་རྒལ་བར་དཀའ་བ་ཉིད་ཡིན་པའི་ཕྱིར་རྒྱ་མཚོ་དང་འདྲ་བས་རྒྱ་མཚོ་ཡིན་ལ། སྔར་བཤད་ པའི་རིམ་པ་རྣམས་དང་འདིས་དེའི་ཕ་རོལ་ཏུ་ཕྱིན་པའི་ཕྱིར་ཕ་རོལ་སོན་པའོ། །དེ་ཉིད་ཀྱི་ཕྱིར་མི་སློབ་པའི་ལམ་ལ་གནས་པ་ཉིད་ཡིན་པས་བྱ་བ་བྱས་པ་སྟེ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་གྲུབ་པ་ཉིད་ཡིན་པའི་ཕྱིར་དེ་ལས་ཕ་རོལ་ན་བྱ་བ་གཞན་མེད་དོ་ཞེས་བྱ་བ་ནི་དྲང་ 37-1-154a བའི་དོན་ཏོ། །ཡང་ན་སྒྱུ་འཕྲུལ་དྲ་བ་ནི་སྒྱུ་མའི་དཔེ་བཅུ་གཉིས་དང་མཚུངས་པར་མཐོང་བ་སྟེ། དེས་མངོན་པར་རྫོགས་པར་སངས་རྒྱས་པ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་པའོ། །དེ་ཉིད་ཀྱི་ཕྱིར་འཁོར་བའི་རྒྱ་མཚོ་སྟེ་རྟག་པའི་རྣལ་འབྱོར་གྱི་ཕ་རོལ་ དུ་སོན་པ་ཉིད་ཡིན་པས་བྱ་བ་བྱས་པའི་རྫོགས་པའི་རྣལ་འབྱོར་པ་ནི་བདེན་པ་གཉིས་ཀྱི་ཚུལ་ལ་སྟེ་ཟུང་དུ་འཇུག་པའི་བདག་ཉིད་ཀྱི་རིམ་པ་ལ་གནས་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་ངེས་པའི་དོན་ཏོ། །ད་ནི་མིང་ལ་མངོན་པར་ཞེན་པ་རྣམས་ལ་ཚིགས་སུ་བཅད་པ་ཉིད་ཀྱིས་ ཟུང་དུ་འཇུག་པའི་རིམ་པའི་རྣམ་གྲངས་བརྗོད་པར་བྱ་སྟེ། དེ་ཉིད་གཉིས་མེད་ཡེ་ཤེས་ཏེ། །མི་གནས་མྱ་ངན་འདས་པ་ཡིན། །སངས་རྒྱས་རྡོ་རྗེ་སེམས་དཔའ་ཉིད། །དེ་བཞིན་ཀུན་གྱི་དབང་ཕྱུག་ཉིད། །རྡོ་རྗེ་ལྟ་བུའི་ཏིང་འཛིན་དང་། །རྫོགས་པའི་རིམ་པ་ཉིད་དང་ནི། ། སྒྱུ་མ་ལྟ་བུའི་ཏིང་འཛིན་དང་། །གཉིས་སུ་མེད་པར་དེ་བཤད་དོ། །གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་གཉིས་མེད་པའི་ཕྱིར་གཉིས་མེད་སྤྱིའི་དོན་ཏོ། །ཀུན་རྫོབ་དང་དོན་དམ་པའི་རྣམ་པར་རྟོག་པ་གཉིས་མེད་པའི་ཕྱིར་གཉིས་མེད་དེ་མཐར་ཐུག་པའོ། །འཇིག་རྟེན་ལས་ འདས་ཤིང་ཁྱད་པར་དུ་འཕགས་པའི་རང་གི་ངོ་བོ་ཡིན་པའི་ཕྱིར་ཡེ་ཤེས་ཏེ་སྤྱིའི་དོན་ཏོ། །ཡེ་ཤེས་ལྔ་སྡུད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ཡེ་ཤེས་ཏེ་མཐར་ཐུག་པའོ། །འཁོར་བ་དང་མྱ་ངན་ལས་འདས་པ་དག་ལས་མི་གནས་པ་ཉིད་ཡིན་པའི་ཕྱིར་མི་གནས་པའི་མྱ་ངན་ལས་ འདས་པ་སྟེ་མཐར་ཐུག་པའོ། །ས་བཅུ་གཉིས་པ་ཐོབ་པ་ཉིད་ཡིན་པའི་ཕྱིར་སངས་རྒྱས་ཏེ་དགོངས་པ་མ་ཡིན་པའོ། །དེ་བཞིན་གཤེགས་པ་ལྔ་སྡུད་པར་བྱེད་པ་དང་དབང་ཕྱུག་གི་ཡོན་ཏན་ཐམས་ཅད་ཀྱི་རྟེན་ཉིད་ཡིན་པའི་ཕྱིར། རྡོ་རྗེ་སེམས་དཔའ་ཉིད་དེ་མཐར་ཐུག་པའོ། །ཆུང་ ངུ་དང་ཆེན་པོ་དང་གར་ཡང་ཕྱིན་པ་དང་། འདོད་དགུར་ལྡན་པ་དང་། ཡང་བ་དང་། བདག་པོར་གྱུར་པ་དང་། དབང་དུ་གྱུར་པ་དང་། དགའ་མགུར་གནས་པ་སྟེ། རྫུ་འཕྲུལ་བརྒྱད་ནི་ཀུན་གྱི་དབང་ཕྱུག་སྟེ་དེ་ཐོབ་པ་ཉིད་ཡིན་པའི་ཕྱིར་ཀུན་གྱི་དབང་ཕྱུག་གོ། །ཡང་ན། སྐུ་ཡི་དབང་ 37-1-154b ཕྱུག་གསུང་དབང་ཕྱུག །དེ་བཞིན་ཐུགས་ཀྱི་དབང་ཕྱུག་དང་། །རྫུ་འཕྲུལ་ཡོན་ཏན་ཀུན་དབང་ཕྱུག །བྱེད་པོ་ཟད་བྱེད་ཡོན་ཏན་བརྒྱད། །ཅེས་བྱ་བ་རྣམས་ཁོང་དུ་ཆུད་པའི་ཕྱིར་ཀུན་གྱི་དབང་ཕྱུག་ཡིན་ཏེ་སྒྲ་ཇི་བཞིན་པའོ། །ཀུན་གཞི་ལ་སོགས་པའི་རྣམ་པར་ཤེས་པ་གནས་གྱུར་ནས་ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས་པ་དང་། ཕུང་པོའི་བདུད་ལ་སོགས་པ་རྣམས་ཀྱིས་བསྐྱོད་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ་མཐར་ཐུག་པའོ། །སྤྲོས་པ་ཐམས་ཅད་དང་བྲལ་བ་དང་། རང་བཞིན་གྱིས་གྲུབ་པ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ ཉིད་རྫོགས་པའི་རིམ་པ་ཡིན་ཏེ་དགོངས་པ་མ་ཡིན་པའོ། །སྒྱུ་མའི་དཔེ་རྣམ་པ་བཅུ་གཉིས་ཀྱིས་ཉེ་བར་མཚོན་པའི་སྐུ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཡིན་ནོ། །རིམ་པ་གསུམ་པ་ལས་འདི་ལ་བྱེ་བྲག་ཅི་ཞིག་ཡོད་པ་མ་ཡིན་ནམ་ཞེ་ན། བརྗོད་པར་བྱ་སྟེ་རིམ་པ་གསུམ་པ་ནི་ཇི་སྲིད་དུ་རིམ་ པ་བཞི་པས་དག་པར་མ་བྱས་པ་དེ་སྲིད་དུ་ཡོངས་སུ་དག་པར་མི་འགྱུར་རོ། །རིམ་པ་འདི་ནི་རང་བཞིན་གྱིས་དག་པ་ཡིན་པས་དེ་ལ་དག་པར་བྱེད་པ་གཞན་མི་དགོས་ཏེ་མི་སློབ་པ་ཉིད་ཡིན་པའི་ཕྱིར་རོ། །དེར་ནི་སྒྱུ་མ་ལྟ་བུ་ཉིད་དུ་ལྟ་བར་བྱེད་པ་ཡིན་ལ། འདིར་ནི་ལྷུན་གྱིས་གྲུབ་པ་ཁོ་ ན་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་ཏེ་སྦས་པའོ། །སྔར་བཤད་པའི་རིམ་པས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་སོགས་པ་རྣམས་ཐ་དད་པ་མེད་པའི་ཕྱིར་གཉིས་སུ་མེད་པ་ཡིན་ནོ་ཞེས་བརྗོད་པར་བྱ་སྟེ་མཐར་ཐུག་པའོ། །རྒྱུད་ཐམས་ཅད་འདི་ཉིད་ཀྱི་ཚད་མ་ཡིན་པར། སྐྱེ་བ་ མེད་ལ་སོགས་པའི་སྒྲ། །གཉིས་མེད་ཡེ་ཤེས་སྟོན་པ་རྣམས། །ཐམས་ཅད་འདི་ཡིས་རྗོད་བྱེད་དེ། །དེར་ནི་གཞན་དག་མ་བསྟན་ཏོ། །ཞེས་བྱ་བ་གསུངས་ཏེ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་དང་རྒྱུད་ཀྱི་རྣམ་པ་ཐ་དད་པ་རྣམས་ལས་གསུངས་པ་དང་། སྐྱེ་བ་མེད་ པ་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། མཉམ་པ་ཉིད་དང་། སྟོང་པ་ཉིད་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། དག་པ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། རྣམ་པར་ཐར་པ་དང་། གྲོལ་བ་དང་། རྣམ་པར་རིག་ 37-1-155a པ་ཙམ་ཉིད་དང་། དབུ་མའི་ལམ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་སྒྲ་གཉིས་མེད་ཡེ་ཤེས་ཏེ་མི་གནས་པའི་དབྱིངས་ཀྱི་རང་བཞིན་གྱི་དེ་ཁོ་ན་ཉིད་སྟོན་ཅིང་རྗོད་པར་བྱེད་པ་ཡིན་པར་གྱུར་པ་གང་ཡིན་པ་དེ་རྣམས་ནི་ཟུང་དུ་འཇུག་པའི་རིམ་པ་འདི་ཉིད་ཀྱིས་རྗོད་ བྱེད་དེ་སྟོན་པར་བྱེད་པ་ཡིན་ནོ། །མདོ་སྡེ་ལ་སོགས་པ་དེར་གཞན་མ་བསྟན་ཏེ་རིམ་པ་འདི་མ་གཏོགས་པར་བརྗོད་པར་བྱ་བ་གཞན་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ནི་བྱ་བ་ལ་སོགས་པའི་གཞུང་ཐ་དད་དུ་ཟིན་ཀྱང་། དེ་ཁོ་ན་ཉིད་ནི་གཅིག་པ་ཉིད་བཤད་པ་ཡིན་ནོ། །ལམ་ཐ་ དད་པ་ནི་དེ་ཁོ་ན་ཉིད་ཐ་དད་པར་སྒྲུབ་པར་བྱེད་པ་ནི་མ་ཡིན་ཏེ། རྟག་པ་ཉིད་དང་གཅིག་པ་དང་ཆོས་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཚུལ་བཞིན་དུ་རྟེན་གྱི་བྱེ་བྲག་གིས་ཐ་དད་པར་གྱུར་པ་ནི་འཕགས་པ་བྱམས་པས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་འདི་ཐ་དད་ རུང་མ་ཡིན། །བརྟེན་པ་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །ཅེས་གསུངས་ཏེ་སྒྲ་ཇི་བཞིན་པའོ། །རིམ་པ་འདི་ནི་དུས་གསུམ་གྱི་སངས་རྒྱས་གྲུབ་པར་བྱེད་པ་ཡིན་པར། །གངྒཱ་ཡི་ནི་བྱེ་སྙེད་ཀྱི ། སངས་རྒྱས་རྣམས་ཀྱིས་འདི་ཉིད་ཀྱི། །ཡོད་དང་ མེད་པའི་ཕྱོགས་སྤངས་པའི། །ཕྱག་རྒྱ་ཆེན་པོའི་བདག་ཉིད་གྲུབ། །ཅེས་བྱ་བ་གསུངས་ཏེ་རེ་ཞིག་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཏེ་དུས་གསུམ་གྱི་དེ་བཞིན་གཤེགས་པ་གང་ཡིན་པ་དེ་རྣམས་ཀྱིས་ཟུང་དུ་འཇུག་པའི་བདག་ཉིད་ཀྱི་རིམ་པ་འདི་ཉིད་ཀྱི་སྒོ་ནས་ཕྱག་རྒྱ་ཆེན་ པོ་གྲུབ་ཅིང་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་བོ། ཇི་ལྟ་བུ་ཞེ་ན། ཡོད་དང་མེད་པའི་ཕྱོགས་ཏེ། ཡོད་པ་དང་མེད་པའི་ཕྱོགས་དང་བྲལ་ཞིང་སྤངས་པ་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གྱི་ངོ་བོ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཀྱི་ཕྱིར་རིམ་པ་གཉིས་པ་ལས་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱིས་བསྐུལ་ནས་ཤཱཀྱ་སེང་གེས་སངས་རྒྱས་ཉིད་ཐོབ་པོ་ཞེས་གསུངས་པའི་རིགས་པ་སྟེ་མཐར་ཐུག་པའོ། །རྒྱུའི་རིམ་པ་བཤད་ནས་འབྲས་བུའི་རིམ་པའི་སྒོ་ནས་སྤྱོད་པ། ཟུང་འཇུག་གོ་འཕང་ལ་གནས་པའི། །རྣལ་འབྱོར་ཆེན་པོ་སྤྱོད་པ་ནི། ། 37-1-155b ཟུང་དུ་འཇུག་པའི་བསྒོམ་པ་བཞིན། །སྤྱོད་པའང་དེ་དང་གཉིས་མེད་བྱ། །ཞེས་བྱ་བ་གསུངས་ཏེ་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ལ་གནས་པའི་སྔར་བཤད་པའི་རྣལ་འབྱོར་པ་གང་ཡིན་པ་དེ་གང་གི་ཚེ་སྤྱོད་ན་སྟེ་ཏིང་ངེ་འཛིན་ལས་ལངས་ནས་སྤྱོད་པ་ཀུན་དུ་སྤོང་པ་དེའི་ཚེ་ཟུང་དུ་འཇུག་པ་ཇི་ ལྟར་བསྒོམ་པ་དེ་བཞིན་དུ་སྤྱོད་པའང་འདི་དང་གཉིས་སུ་མེད་པར་གོམས་པར་བྱ་ཞིང་སྤྱད་པར་བྱ་སྟེ་སྒྲ་ཇི་བཞིན་པའོ། །དེ་ཉིད་ནི། ཇི་ལྟར་བདག་ཉིད་དེ་བཞིན་དགྲ། །ཇི་ལྟར་ཆུང་མ་དེ་བཞིན་ཕ། །ཇི་ལྟར་སྨད་འཚོང་དེ་བཞིན་མ། །ཇི་ལྟར་བྲམ་ཟེ་དེ་བཞིན་གདོལ། །ཞེས་བྱ་བ་གསུངས་ ཏེ་བདག་ཉིད་གཞན་དུ་ཕ་རོལ་པོ་དགྲ་བོ་ལ་ཐུག་པའི་བར་དུ་ཡང་བལྟ་བར་བྱའོ། །བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་ཆུང་མ་དང་ཕ་དག་ལ་ཡང་མཚུངས་པར་བལྟ་བར་བྱ་སྟེ། སྐྱེས་པ་དང་བུད་མེད་ཀྱི་མཚན་མ་ཐ་དད་པའི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །མ་དང་སྨད་འཚོང་མ་དག་ལ་ཡང་ ཐ་དད་པར་བསམ་པར་མི་བྱ་སྟེ་དོན་དམ་པའི་ཕྱོགས་ལ་འདོད་པར་བྱ་བ་དང་འདོད་པར་བྱ་བ་མ་ཡིན་པ་མེད་པའི་ཕྱིར་རོ། །ཁམས་མཚུངས་པ་ཉིད་ཀྱིས་ཐ་དད་པར་མི་དམིགས་པའི་ཕྱིར་བྲམ་ཟེ་དང་གདོལ་པ་དག་ལ་ཡང་མཚུངས་པར་བལྟ་བར་བྱའོ་ཞེས་བྱ་བ་ནི་རིགས་ཀྱི་བྱེ་བྲག་མཚུངས་ པ་ཉིད་དེ་སྒྲ་ཇི་བཞིན་པའོ། །ཡོན་ཏན་གྱི་བྱེ་བྲག་ནི། ཇི་ལྟར་པགས་པ་དེ་བཞིན་གོས། །ཇི་ལྟར་ཁྲག་ཉིད་དེ་བཞིན་དུག །ཇི་ལྟར་གཅི་བ་དེ་བཞིན་ཆང་། །ཇི་ལྟར་བཟའ་བ་དེ་བཞིན་བཤང་། །ཞེས་བྱ་བ་གསུངས་ཏེ་གོས་གང་ཅི་ཡང་རུང་བ་བགོ་བར་བྱ་བ་ཡིན་པས་གོས་ དང་པགས་པ་དག་ལ་ཐ་དད་པར་བལྟ་བར་མི་བྱའོ། །སེམས་དགའ་བར་བྱེད་པས་ན་ཁྲག་སྟེ་ལུས་ལ་ཕན་པའི་བཅུད་ཀྱིས་ལེན་ལ་སོགས་པའོ། །དེ་བས་ན་གནོད་པར་བྱེད་པ་དང་ཕན་པར་བྱེད་པ་དག་ལ་ཐ་དད་པ་མེད་པའི་ཕྱིར་ཁྲག་དང་དུག་མཚུངས་པར་ཤེས་པར་བྱའོ། །བཏུང་ བའི་གནས་སྐབས་དང་བཟའ་བའི་གནས་སྐབས་ལ་བབ་པ་ན་ཆང་དང་གཅི་བ་དག་དང་བཟའ་བ་དང་བཤང་བ་དག་ལ་བྱེ་བྲག་ཅི་ཡོད་དེ། རིགས་པ་དང་ལུང་དག་གིས་དངོས་པོ་རྣམས་ལ་རྣམ་པར་དཔྱད་ན་གཙང་བ་དང་མི་གཙང་བ་ལ་སོགས་པ་རྫས་ཀྱི་ཡོན་ཏན་རྣམས་ལ་ཐ་དད་པར་མི་ 37-1-156a དམིགས་པའི་ཕྱིར་རྣལ་འབྱོར་པ་གང་ཡིན་པ་ལ་ནི་ཁྱད་པར་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མཐུས་ཐམས་ཅད་རང་བཞིན་གཅིག་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། །རྫས་དང་བྱ་བ་དག་ལ་ཐ་དད་པ་མེད་པ་ནི། ཇི་ལྟར་དྲི་བཟངས་ག་པུར་ དང་། །དེ་བཞིན་བཤང་བ་ལས་བྱུང་དྲི། །ཇི་ལྟར་བསྟོད་པ་བྱེད་པའི་ཚིག །དེ་བཞིན་དུ་ནི་སྨོད་པའི་ཚིག །ཅེས་བྱ་བ་གསུངས་ཏེ་དྲི་མཆོག་དང་དྲི་མཆོག་མ་ཡིན་པ་དང་ལྡན་པས་ཡིད་བདེ་བ་དང་མི་བདེ་བར་བྱེད་པའི་རྫས་ཀྱི་བྱེ་བྲག་ག་པུར་དང་བཤང་བ་ལ་སོགས་པ་དེ་རྣམས་ལ་ རྣལ་འབྱོར་པས་སྔ་མ་བཞིན་དུ་མཚུངས་པར་བལྟ་བར་བྱའོ། །བསྟོད་པ་དང་སྨད་པ་དང་གཙོ་བོར་གྱུར་པའི་ཚིག་རྣམས་ཐོས་ནས་ངག་རྣམ་པར་དབེན་པའི་རྗེས་སུ་དྲན་པས་རབ་ཏུ་དགའ་བའམ་མི་དགའ་བར་མི་བྱ་སྟེ། ཚིག་གི་སྤྲོས་པ་རང་བཞིན་མེད་པ་ཉིད་དུ་བསམས་ནས་འོད་ གསལ་བའི་རང་བཞིན་ཉིད་ཡིན་པའི་ཕྱིར་ཏེ་དགོངས་པ་མ་ཡིན་པའོ། །ཁྱད་པར་བྱེད་པ་ཉིད་ནི། དྲག་པོ་ཇི་བཞིན་རྡོ་རྗེ་ཅན། །ཇི་ལྟར་མཚན་མོ་དེ་བཞིན་ཉིན། །ཇི་ལྟར་རྨི་ལམ་དེ་བཞིན་སད། །ཇི་ལྟར་གཞིག་པ་བཞིན་དུ་གནས། །ཞེས་བྱ་བ་གསུངས་ཏེ། གཞན་གྱི་སྡེ་པ་ དྲག་པོ་ལ་སོགས་པ་གང་སུ་ཡང་རུང་བ་རྣམས་དང་། རང་གི་ལུགས་ཀྱི་འདོད་པའི་ལྷ་རྡོ་རྗེ་འཆང་ལ་སོགས་པ་དེ་དག་ཐ་དད་པར་ཤེས་པར་མི་བྱའོ། །རྟགས་ཀྱི་བྱ་བས་གནས་པ་ཡིས། །ཕ་རོལ་རྒོལ་བ་གང་ཡང་རུང་། །དེ་དག་ཀྱང་འདིར་སྨད་མི་བྱ། །རྡོ་རྗེ་སེམས་དཔའི་ རྣམ་འཕྲུལ་ཡིན། །ཞེས་ཀྱང་གསུངས་སོ། །མཚན་མོ་དང་ཉིན་མོ་དག་ཀྱང་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཉིད་ཡིན་པའི་ཕྱིར་གཅིག་ཉིད་དུ་ཤེས་པར་བྱའོ། །རྨི་ལམ་དང་སད་པའི་གནས་སྐབས་དག་ནི་དངོས་པོ་རྣམས་སྒྱུ་མ་བཞིན་དུ་མཐོང་བའི་སྒོ་ནས་གཅིག་པ་ཉིད་དུ་རྟོགས་ པར་བྱའོ། །གནས་པ་དང་། གཞིག་པ་དང་། དངོས་པོ་ཐ་དད་པར་བལྟ་བར་མི་བྱ་སྟེ། ཆོས་རྣམས་སྟོང་པ་ཁོ་ན་ལས། །སྟོང་པའི་ཆོས་རྣམས་རབ་ཏུ་འབྱུང་། །ཞེས་བྱ་བའི་རིགས་པས་ཆོས་ཐམས་ཅད་ནི་གཟད་མ་ནས་མ་སྐྱེས་པ་ཉིད་དང་། སྐྱེ་བ་དང་གནས་པ་དང་འཇིག་པ་མེད་པའི་ 37-1-156b ཕྱིར་རོ། །དགོངས་པ་མ་ཡིན་པའོ། །འཇིག་རྟེན་ཆོས་རྣམས་མེད་པ་ནི། །ཇི་ལྟར་བདེ་བ་དེ་བཞིན་སྡུག །ཇི་ལྟར་སྡང་བ་དེ་བཞིན་བུ། །མནར་མེད་དེ་བཞིན་མཐོ་རིས་ཏེ། །དེ་བཞིན་བསོད་ནམས་སྡིག་པ་ཉིད། །ཅེས་བྱ་བ་གསུངས་ཏེ་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བའི་ཡུལ་ དང་ཕྲད་པ་ན་བདེ་བ་དང་སྡུག་བསྔལ་དག་མཚུངས་པར་ཤེས་པར་བྱ་སྟེ་སེམས་རྣམ་པར་དག་པའི་རིམ་པས་འོད་གསལ་བའི་རང་བཞིན་དུ་གཅིག་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ནི་ཉེ་བར་མཚོན་པ་ཡིན་ཏེ། རྙེད་པ་དང་མ་རྙེད་པ་ལ་སོགས་པ་རྣམས་ཀྱང་དེ་ཁོ་ན་བཞིན་དུ་ཤེས་པར་བྱའོ། །བུ་དང་ གཞན་སྡང་བ་ལ་མཚུངས་པར་བལྟ་བར་བྱ་སྟེ་ཉེ་བའི་ཉོན་མོངས་པ་ཁྲོ་བ་དང་རྗེས་སུ་ཆགས་པ་དག་ནི་རང་བཞིན་རྣམས་སུ་འདུས་པས་འོད་གསལ་བའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །མཐོ་རིས་དང་མནར་མེད་པ་དག་ནི་འབྲས་བུའོ། །བསོད་ནམས་དང་སྡིག་པ་དག་ནི་རྒྱུ་སྟེ་དེ་དག་ཀྱང་འདུས་ པས་ཐ་དད་པ་མེད་པའི་ཕྱིར་མཚུངས་པ་ཉིད་དུ་ཤེས་པར་བྱའོ་ཞེས་བྱ་བ་ནི་དགོངས་པ་མ་ཡིན་པའོ། །མཇུག་བསྡུ་བ། དེ་ལྟར་ཤེས་ནས་ཡེ་ཤེས་ཅན། །དོགས་མེད་ཐམས་ཅད་བྱེད་སྤྱོད་ཅིང་། །སྦས་པའི་བརྟུལ་ཞུགས་ཀུན་བསྒྲུབས་ནས། །ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ། །ཅེས་བྱ་ བ་གསུངས་ཏེ་དེ་ལྟར་ཞེས་བྱ་བ་སྔར་བཤད་པའི་ཚུལ་བཞིན་དུ་ཤེས་ཤིང་སེམས་ལ་ཡང་དག་པར་བཟུང་ནས་ཡེ་ཤེས་ཅན་གང་ཞིག་དོགས་མེད་དེ་སྤྲོས་པ་དང་བྲལ་བར་ཐམས་ཅད་བྱེད་པ་སྟེ་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའམ། གཙང་བ་ལ་སོགས་པའི་རྣམ་པར་རྟོག་པའི་དྲི་མ་སྤངས་ནས་ བཟའ་བ་དང་བཏུང་བ་ལ་སོགས་པ་བྱེད་ཅིང་སྤྱོད་པ་སྟེ་སྤྱོད་པ་བྱེད་པའོ། །ཇི་ལྟར་ཞེ་ན་སྦས་པའི་བརྟུལ་ཞུགས་ཏེ་ཕྱི་རོལ་གྱི་རལ་པ་དང་སྤྱི་བོ་ལ་སོགས་པའི་བརྟུལ་ཞུགས་སྤངས་ནས་ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་མཚན་ཉིད་ཀྱིས་བརྟུལ་ཞུགས་ཀུན་དུ་བསྒྲུབས་ཤིང་བླངས་ན་གང་གི་ཚེ་ཀུན་ དུ་སྤྱོད་པ་དེའི་ཚེ། དེས་ཕུན་སུམ་ཚོགས་པ་ཐམས་ཅད་དེ་རྡོ་རྗེ་འཆང་ཆེན་པོ་ཉིད་དང་འབྲེལ་པའི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་འགྲུབ་ཅིང་རྫོགས་པར་འགྱུར་རོ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། །བསོད་ནམས་ཡོངས་སུ་བསྔོ་བ་ནི། །རིམ་པ་ལྔ་ཡི་མཆོག་གི་དོན། །བཤད་པས་ 37-1-157a བསོད་ནམས་གང་ཐོབ་པ། །དེ་ཡིས་འཇིག་རྟེན་ཟུང་འཇུག་གི། །ཏིང་ངེ་འཛིན་གྱིས་རོལ་པར་ཤོག །ཅེས་བྱ་བ་གསུངས་ཏེ་རིམ་པ་ལྔའི་མཆོག་གི་དོན་ཏེ་རྫོགས་པའི་རིམ་པ་གཙོ་བོར་གྱུར་པ་བཤད་ཅིང་གསལ་བར་བྱས་པ་ལས། བདག་གིས་བསོད་ནམས་ཏེ་དགེ་བ་གང་ ཐོབ་ཅིང་བསྒྲུབས་པའི་བསོད་ནམས་གང་ཡིན་པ་དེས་འཇིག་རྟེན་ཟོ་ཆུན་གྱི་འཁྲུལ་འཁོར་བཞིན་དུ་འགྲོ་བ་དྲུག་ཏུ་འཁོར་བ་སེམས་ཅན་གྱི་སྐྱེ་གནས་རྣམ་པ་བཞིའི་རང་བཞིན་གྱི་སྐྱེ་བོ་རྣམས་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གྱིས་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ཐོབ་ནས་རང་གི་དོན་བྱས་ཏེ། གཞན་གྱི་དོན་བྱ་བའི་ཕྱིར་དཀྱིལ་འཁོར་མ་ལུས་པས་ཡོངས་སུ་བསྐོར་ཏེ་ལྷ་མོ་རྣམས་དང་ལྷན་ཅིག་འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་པར་བྱེད་ཅིང་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་རོལ་ཅིང་རྣམ་པར་འཕྲུལ་པར་ཤོག་ཤིག་ཅེས་ཡོངས་སུ་བསྔོ་བར་ མཛད་དོ། །གྲགས་པའི་འོད་ཀྱིས་སྟེངས་མ་ལུས་པར་ནི་ཁྱབ་གྱུར་ཅིང་། །བདེ་གཤེགས་གསུང་གི་རྒྱ་མཚོའི་རིན་ཆེན་སྙིང་པོ་བརྙེས་གྱུར་པ། །གཞན་ལ་ཕན་དགྱེས་བདག་ཉིད་དཔལ་ལྡན་འཕགས་པ་ཀླུ་སྒྲུབ་ནི། །གླང་ཆེན་སྨྱོན་མཚུངས་རྒོལ་ཚོགས་ཀུན་ལས་སེང་གེ་ བཞིན་དུ་རྒྱལ། །དེ་ཡི་མན་ངག་འགའ་ཞིག་ལེགས་ཐོབ་ནས། །བཅོམ་ལྡན་རྒྱུད་ཀྱི་གཙོ་བོའི་རྗེས་འབྲངས་ཏེ། །དོན་བཅུའི་རིམ་པའི་དོན་གྱི་ཚུལ་འདི་ནི། །རྒྱས་པར་གསལ་བར་བྱས་པ་ཁོ་ན་ཡིན། །སྤྲིན་གྱི་ཚོགས་དང་བྲལ་བའི་ནམ་མཁའི་ཟླ་བ་ཉ་བ་དང་། །མཚུངས་པའི་ བསོད་ནམས་ས་བོན་བདག་གིས་ཐོབ་པ་གང་ཡིན་པ། །དེས་ནི་ཚོགས་ལྡན་སྐྱེ་བོ་རྣམས་ཀྱིས་སྡུག་བསྔལ་ཀུན་བྲལ་བའི། །བྱང་ཆུབ་རྒྱལ་སྲིད་སྐད་ཅིག་དེ་ནི་ངེས་པར་ཐོབ་པར་ཤོག །རིམ་པ་ལྔ་པའི་བཤད་པ་ནོར་བུའི་ཕྲེང་བ་ལས་ཟུང་དུ་འཇུག་པའི་རིམ་པ་སྟེ་ལྔ་པའོ། །རིམ་པ་ལྔ་ པའི་བཤད་པ་ནོར་བུའི་ཕྲེང་བ་ཞེས་བྱ་བ་སློབ་དཔོན་ཀླུའི་བྱང་ཆུབ་ཀྱི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་རྡོ་རྗེ་སློབ་དཔོན་ཆེན་པོ་ཀརྨ་བཛྲའི་ཞལ་སྔ་ནས་དང་། ལོ་ཙཱ་བ་དགེ་སློང་གཞོན་ནུ་ཚུལ་ཁྲིམས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། 37-1-157b ༄༅༅། །རྒྱ་གར་སྐད་དུ། པཉྩ་ཀྲ་མ་པཉྩི་ཀཱ། བོད་སྐད་དུ། རིམ་པ་ལྔའི་དཀའ་འགྲེལ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གང་ཞིག་བརྩོན་འགྲུས་ཕུལ་བྱུང་ལྷག་པའི་རོ་ལྡན་གྱུར་པས་དབུ་ཡང་བཅད་ནས་སྦྱིན་ མཛད་ཅིང་། །རབ་ཏུ་དང་བའི་འོད་ཅེས་བྱ་བར་ཡེ་ཤེས་འབྱུང་གནས་ཞེས་བྱའི་བདེ་བར་གཤེགས་གྱུར་པ། །མཐའ་དྲུག་དོན་ལྡན་གསང་བ་འདུས་པའི་རྒྱུད་ཀྱི་སྙིང་པོར་གྱུར་པའི་རིམ་པ་ལྔ་པ་གང་། །མཛད་པའི་དཔལ་ལྡན་ཀླུ་སྒྲུབ་ཞབས་ཞེས་སྒྲ་ཡིས་གང་ཞིག་བརྗོད་པ་དེ་ལ་ཕྱག་འཚལ་ལོ། ། བླ་མ་ཉིད་ཀྱི་མན་ངག་གིས། །བདག་ཉིད་དྲན་པར་བྱ་བའི་ཕྱིར། །རིམ་པ་ལྔ་ཡི་ཚིག་རྣམས་བཤད། །དཔའ་བོ་རྣམས་ཀྱིས་བཟོད་པར་རིགས། །འདིར་སློབ་དཔོན་སྙིང་རྗེ་མཆོག་དང་ལྡན་པས་སེམས་ཅན་གྱི་དོན་ཐུགས་ལ་བཞག་ནས་མདོར་བསྡུས་པ་སོགས་པའི་ཆོས་ཀྱི་སྐུའི་ངོ་བོ་རྡོ་རྗེ་འཆང་ གི་ཡོན་ཏན་གཅིག་ཏུ་བརྗོད་པའི་སྒོ་ནས་བསྟོད་པ་སྔོན་དུ་འགྲོ་བའི་ཕྱག་འཚལ་བ་བསྟན་པ་ནི། ཁམས་གསུམ་སྤྱོད་པ་ལས་གྲོལ་ཞེས་བྱ་བ་ལ་སོགས་པ་སྟེ། རྒྱལ་བའི་སྐུ་ལ་ཕྱག་འཚལ་ལོ། །ཞེས་སྦྱར་ཏེ་ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཞིག་ཅེ་ན། འཇིག་རྟེན་གསུམ་སྟེ་ལུས་དང་ངག་དང་ཡིད་དེ་དེའི་ ཐ་སྙད་ལས་གྲོལ་བའོ། །མཁའ་དང་མཉམ་པར་གྱུར་པ་ནི་སྒྲིབ་པ་དང་བྲལ་བའི་ངོ་བོ་ཡིན་པའི་ཕྱིར་རོ། །དངོས་ཀུན་ངོ་བོ་ནི་ཆོས་རྣམས་དོན་དམ་པར་ན་ཡང་དག་པའི་མཐའི་ངོ་བོ་ཡིན་པའི་ཕྱིར་རོ། །དག་པ་ནི་རྣམ་པར་རྟོག་པའི་རྙོག་མ་དང་བྲལ་བའི་ཕྱིར་རོ། །ཞི་བ་ནི་ཉོན་མོངས་པའི་མེ་མ་ལུས་ པ་ཞི་བའི་ཕྱིར་རོ། །རྣམ་དབེན་ནི་བརྟགས་ནས་སྟོང་པ་ཉིད་ཀྱི་ཕྱིར་རོ། །མཆོག་ཞི་བ་ནི་སེམས་ཅན་མ་ལུས་པ་ལ་ཕན་པའི་རྒྱུའི་ངོ་བོ་ཡིན་པའི་ཕྱིར་རོ། །རྣལ་འབྱོར་པ་ཉིད་ཡུལ་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པའི་ཕྱིར་རོ། །རྟོགས་དཀའ་ནི་དེ་ལས་གཞན་པའི་སྤྱོད་ ཡུལ་མ་ཡིན་པའི་ཕྱིར་རོ། །བརྟག་པར་དཀའ་བ་ནི་ལུས་དང་ངག་དང་ཡིད་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །བདག་གཞན་རབ་ཕན་ནི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་རྟེན་གྱི་ངོ་བོ་ཡིན་པའི་ཕྱིར་རོ། །ཁྱབ་པ་ནི་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །མཚན་མ་མེད་པ་ནི་ 37-1-158a མ་སྐྱེས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །བདེ་བ་ནི་སྡུག་བསྔལ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །མཉམ་མེད་ནི་དེ་ལས་གཞན་པའི་བདེ་བས་སོ། །མཉམ་ཞེས་བྱ་བ་ནི་བདེ་བ་ཙམ་གྱིས་རིགས་སུ་བྱུང་བའོ། །དེའི་ཕྱིར་མི་རྟོག་ཚུལ་གཅིག་ལ། །ཞེས་བྱའོ། །དཔལ་ལྡན་མཉམ་ འདུས་རྒྱུད་ཀྱི་ནི། །ཞེས་བྱ་བ་ལ་སོགས་པ། མདོར་བསྡུས་བདག་གིས་བཤད་པར་བྱ། །ཞེས་བྱ་བར་སྦྱར་ཏེ། བཤད་པའི་རྒྱུད་དང་གསང་བ་འདུས་པའི་རྒྱུད་དུ་བསྟན་པའི་ལྷ་རྣམས་ཡང་དག་པར་མདོར་བསྡུས་པ་སྟེ་གཅིག་ཏུ་བྱས་པའི་རིམ་པ་གང་ཡིན་པའི་རིམ་པའོ། །མཐའ་དྲུག་རྟོགས་པའི་ ཕྱིར་ཞེས་བྱ་བ་ལ། དགོངས་པས་བཤད་པ་དགོངས་མིན་དང་། །ངེས་དོན་དྲང་དོན་འབྱེད་པ་དང་། །ཇི་བཞིན་སྒྲ་དང་སྒྲ་མིན་ཏེ། །མཐའ་དྲུག་ཅེས་ནི་གྲགས་པ་ཡིན། །ཞེས་བྱ་བ་རྟོགས་པའི་ཕྱིར་རོ། །དངོས་གྲུབ་ཐམས་ཅད་མདོར་བསྡུས་པ། །ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་ འདས་པའི་དངོས་གྲུབ་ཀུན་གྱི་རྒྱུར་གྱུར་པའོ། །དེ་ནི་ཉན་ཐོས་ལ་སོགས་པའི་ལུགས་དག་པས་གསང་སྔགས་ཀྱི་ཐེག་པ་ནི་སྒྲུབ་པའི་ཐབས་བདེ་བ་ཉིད་ཡིན་ནོ་ཞེས་འདུལ་བའི་སྐྱེ་བོ་རྣམས་སྤྲོ་བ་སྐྱེད་པའི་ཕྱིར། རྣམ་རྟོག་བག་ཆགས་ཉེས་པའི་ས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་ པར་རྟོག་པ་སྔ་མ་སྔ་མའི་བག་ཆགས་ལས་ཡང་དག་པར་འབྱུང་བའི་གཟུགས་ལ་སོགས་པ་ཉིད་ནི་རང་གི་སེམས་ལས་མ་གཏོགས་པའི་གཟུགས་དོན་དམ་པར་ཡོད་པ་མ་ཡིན་གྱི་གཟུང་བ་དང་འཛིན་པའི་ངོ་བོ་འབའ་ཞིག་གིས་འགྲོ་བ་གསུམ་པོ་རྣམ་པར་རྨོངས་པར་གྱུར་པ་ཡིན་ནོ། །དེའི་ཕྱིར་དེ་དག་ལ་ལེགས་པར་ བལྟས་ལ་རྣལ་འབྱོར་གྱི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་སྦྱར་བར་བྱའོ། །དེ་ལྟ་བས་ན་འདོད་པ་ལྔའི་ལོངས་སྤྱོད་ཡོངས་སུ་སྤངས་ནས་དཀའ་ཐུབ་སྟེ། དཀའ་ཐུབ་ཀྱི་སྤྱོད་པ་ལ་སོགས་པས་གདུང་བར་མི་བྱའོ། །དེ་ནས་འདིར་ནི་སྡོམ་གནས་འདི། །ཞེས་བྱ་བ་ལ་སོགས་པ་ནི། སྡོམ་གནས་ཞེས་བྱ་བ་ ནི་དབང་བསྐུར་བ་ཐོབ་པའོ། །མི་ཕྱེད་ཅེས་བྱ་བ་ནི་དམ་ཚིག་ཉམས་པ་མེད་པའོ། །བརྟུལ་ཞུགས་ནི་སྒྲུབ་པ་པོའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་འཆང་ངོ་། །དགོན་པ་ཆེན་པོའི་ས་ཕྱོགས་ཞེས་བྱ་བ་ལ་སོགས་པ་ནི་ལྷ་མཉེས་པར་བྱ་བའི་སྐབས་ཡིན་པས་སྒྲ་ཇི་བཞིན་བཤད་པ་སྟེ་གོ་སླའོ། །འཇམ་ 37-1-158b པའི་སྟན་ལ་འདུག་ནས་ནི། །ཞེས་བྱ་བ་ལ་སོགས་པ་ལ། ཞེ་སྡང་རྡོ་རྗེ་ཏིང་ངེ་འཛིན། །ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཏིང་ངེ་འཛིན་ལ་གནས་པའོ། །དེ་ལ་ཏིང་ངེ་འཛིན་འདི་ཡིན་ཏེ། ཡི་གེ་ཧཱུཾ་ལས་གསལ་པོར་ཡང་དག་པར་འབྱུང་བ་ཞལ་གསུམ་པ་ཕྱག་དྲུག་པ་སྐུ་མདོག་སྔོན་པོ། གཡས་དཀར་བ། གཡོན་དམར་བ། ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་འཇིགས་བྱེད་དང་མཚན་མོ་ནག་མོ་གཡོན་བརྐྱང་པས་མནན་པ། ཕྱག་དང་པོ་གཉིས་ཀྱིས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་དང་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་འཛིན་པ། གཞན་དག་གིས་འཁོར་ལོ་དང་། པདྨ་དང་། རིན་པོ་ཆེ་དང་། རལ་གྲི་འཛིན་པའི་ཐུགས་ཀའི་ས་བོན་ལས་ རིམ་པ་ཇི་ལྟ་བ་བཞིན་དུ་ཁྲོ་བོ་བཅུ་གནས་ཇི་ལྟ་བ་བཞིན་དུ་སྤྲོ་བར་བྱའོ། །བགེགས་ཀུན་རྣམ་པར་གཞིག་པའི་ཕྱིར་གནོད་མཛེས་རྒྱལ་པོ་སྤྲོ་བའི་རྣལ་འབྱོར་གྱིས་ཡང་བཀའ་ནོད་པར་བསྒོམས་ནས་རྡོ་རྗེ་ཐོ་བ་དང་ལྡན་པའི་ཕྱག་གིས་བཀའ་བསྒོ་བར་བྱེད་དོ། །ཁྲོ་བོའི་གཟུགས་ཅན་འདི་ཡིན་ནོ། །ཞེས་བྱ་ བ་ནི་གནོད་མཛེས་རྒྱལ་པོའོ། །བགེགས་ཀྱི་བདག་པོ་ནི་འཇིག་རྟེན་སྐྱོང་བ་བརྒྱད་འཁོར་དང་བཅས་པ་དང་སྟེང་འོག་ན་གནས་པའི་བགེགས་རྣམས་སོ། །ཆོ་ག་བཞིན་དུ་ཞེས་བྱ་བ་ནི་ཡང་དག་པར་བཀུག་ནས་ཁྲོན་པའི་ནང་དུ་ཆུད་པར་བྱས་པའོ། །སྦྱོར་བ་ཡིས་ཞེས་བྱ་བ་ནི་རྡོ་རྗེ་བདུད་རྩི་འཁྱིལ་པའི་ཕུར་ བུ་སྟེ། ལྟེ་བ་མན་ཆད་སྨད་ཀྱི་ཆ་ཕུར་བུའི་གཟུགས་ཅན་གྱིས་ཕྱོགས་བརྒྱད་ཀྱི་ཁྲོན་པའི་ནང་དུ་བདུད་རྩི་འཁྱིལ་པ་ཕུར་བུའི་རྣམ་པ་འདྲ་བ་རྣམ་པར་བཀོད་ལ། བྷ་ག་ཞེས་བྱ་བ་ལ་སོགས་པའི་སྔགས་དང་རྡོ་རྗེ་ཕུར་བུ་དང་ཐོ་བས་བརྡུང་བར་བྱ་ཞིང་བསྟན་པར་བྱའོ། །རྡོ་རྗེ་མེ་ནི་ཀུན་དུ་ཡང་། །ཞེས་བྱ་བ་ལ་སོགས་ པ་ལ། ཡང་ཞེས་བྱ་བའི་སྒྲ་ནི་རྡོ་རྗེའི་རང་བཞིན་གྱི་ས་གཞི་དང་། རྡོ་རྗེའི་ར་བ་དང་། སྟེང་དུ་རྡོ་རྗེའི་བླ་རེ་དང་།ཕྱི་རོལ་ཀུན་ནས་རྡོ་རྗེའི་ར་བ་དང་མེ་རིས་བསྐོར་བར་རྣམ་པར་བསམ་པར་བྱའོ། །སྟེང་འོག་ཡང་དག་བྱིན་གྱིས་བརླབས། །ཞེས་བྱ་བ་ནི་གནོད་མཛེས་རྒྱལ་པོ་དང་། གཙུག་ཏོར་འཁོར་ ལོས་སྒྱུར་བ་དག་གིས་སོ། །དངོས་པོ་མེད་པ་བསྒོམ་པའི་དངོས། །ཞེས་བྱ་བ་ལ་སོགས་པ་ལ། བརྟན་པ་དང་གཡོ་བའི་དངོས་པོ་དོན་མ་ལུས་པ་དངོས་པོ་མེད་པར་གྱུར་པས་བསྒོམ་པ་ཡོད་པ་མ་ཡིན་ཏེ་བསྒོམ་པར་བྱ་བ་མེད་པའི་ཕྱིར་རོ། །བསྒོམ་པར་བྱ་བ་བསྒོམ་པ་མེད། །ཅེས་བྱ་བ་ནི་གང་ 37-1-159a ཡོད་པ་དེ་ནི་བསྒོམ་པར་བྱ་བ་མ་ཡིན་ཏེ་མ་བསྒོམས་སུ་ཟིན་ཀྱང་ཡོད་པའི་ཕྱིར་རོ། །དེ་ལྟར་ན་དངོས་པོ་མེད་པ་དང་ལྡན་པ་དེ་ཡང་ཡོད་པ་མ་ཡིན་ནོ། །དེ་བས་ན་སྒོམ་པ་པོ་དང་བསྒོམ་པར་བྱ་བ་དང་། སྒོམ་པ་དམིགས་སུ་ཡོད་པ་མ་ཡིན་ཏེ་ཡི་གེའི་དོན་ཏོ། །འདུས་བྱས་དང་འདུས་ མ་བྱས་དང་ས་ལ་སོགས་པའི་ཆོས་ཐམས་ཅད་སྟོང་པའོ་ཞེས་གང་བསྒོམ་པ་དེ་ནི་ཡོད་པ་མ་ཡིན་ཏེ་སྟོང་པ་ཉིད་ལ་མངོན་པར་ཞེན་པའི་ཕྱིར་རོ། །མཚན་མ་སྤང་བར་བྱ་བའི་ཕྱིར། །བསྒོམ་པར་བྱ་བ་བསྒོམ་པ་མིན། །ཞེས་སྨྲས་ཏེ། གང་རྒྱུ་དང་འབྲས་བུའི་རྣམ་པར་མངོན་པར་ཞེན་པས་བསྒོམ་པ་དེ་ ཡང་རིགས་པ་མ་ཡིན་ཏེ་རྒྱུ་དང་འབྲས་བུ་གཉིས་སུ་མེད་པའི་ཕྱིར་རོ། །སྨོན་པ་དགག་པའི་ཕྱིར། དེ་བས་དངོས་པོ་དངོས་མེད་པར། །ཞེས་བྱ་བ་སྨོས་ཏེ། དེ་བས་དེ་ལྟར་ན་ཕྱི་རོལ་གྱི་རྣམ་པའི་སྨོན་ལམ་གང་ཡིན་པའི་འབྲས་བུ་དེ་ཡང་ཡོད་པ་མ་ཡིན་ཏེ་སྨོན་ལམ་གྱིས་དམིགས་པ་གང་ཡོད་པ་མ་ཡིན་ པའི་ཕྱིར་རོ། །དེའི་ཕྱི་རོལ་གྱི་རྫས་ཀྱི་རྣམ་པ་བསྒོམ་པ་དམིགས་སུ་མེད་པ་ཞེས་བྱ་བ་ནི་ཡོད་པ་མ་ཡིན་ཏེ་སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །སྤྱིའི་དོན་ཏོ། །དངོས་པོ་མེད་པ་བསྒོམ་པའི་དངོས། །ཞེས་བྱ་བ་ལ་ཕུང་པོ་ལ་སོགས་པ་དེ་དག་དངོས་པོ་མེད་པས་གང་བསྒོམ་པར་བྱ་བ་སེམས་ཙམ་ཉིད་ཀྱང་ མེད་པས་དེའི་ཕྱིར་རྣམ་པར་དག་པ་མ་ཡིན་ཏེ་རྟག་ཏུ་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཀུན་རྫོབ་ཀྱི་བདེན་པ་གསལ་བར་འདོད་པས། བསྒོམ་པར་བྱ་བ་བསྒོམ་པ་མིན། །ཞེས་བྱ་བ་སྨྲས་ཏེ། གང་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་ཅན་སྒྱུ་མ་ལྟ་བུའི་ལྷའི་གཟུགས་བསྒོམ་པ་དེ་ཡང་རིགས་པ་མ་ཡིན་ཏེ་འོད་ གསལ་བས་རྣམ་པར་དག་པར་བྱེད་པའི་ཕྱིར་རོ། །དེ་ལྟར་ན་ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་གྱི་དངོས་པོ་ནི་ཡོད་པ་མ་ཡིན་ཏེ་བདེན་པ་གཉིས་གཉིས་སུ་མེད་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་བསྒོམ་པ་སྟེ་བདེན་པ་གཉིས་སུ་མེད་པའི་རྣམ་པ་ཅན་དམིགས་སུ་མེད་པ་ཡིན་ཏེ། དཀའ་བས་དམིགས་པར་འགྱུར་ ཞེས་བྱ་བའི་བར་དུའོ། །སྦས་པའོ། །དོན་དམ་པའི་བདེན་པའི་དངོས་པོ་མེད་པས་བསྒོམ་པར་བྱ་བ་བསྒོམ་པ་མ་ཡིན་ཏེ་གདོད་མ་ནས་དག་པའི་ཕྱིར་རོ། །གང་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་ཅན་གྱི་བསྒོམ་པ་དེ་ཡང་བསྒོམ་པ་མ་ཡིན་ཏེ་བདེན་པའི་ཕྱིར་རོ། །རྣམ་པ་འདི་དག་གིས་ནི་བདེན་པ་གཉིས་ཀྱི་བདག་ 37-1-159b ཉིད་ཅན་གྱི་བསྒོམ་པ་གང་ཡིན་པ་དེ་ཡང་བསྒོམ་པར་བྱ་བ་མ་ཡིན་ཏེ། བདེན་པ་གཉིས་སུ་མེད་པར་མཐོང་བ་ཙམ་གྱི་ཐར་པ་ཡིན་པའི་ཕྱིར་རོ། །དེས་ནི་སྒོམ་པ་པོ་དང་བསྒོམ་པ་དང་བསྒོམ་པར་བྱ་བ་དེ་དག་ཏུ་མངོན་པར་ཞེན་པ་ནི་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་དུ་རྟོགས་པར་དམིགས་སུ་མེད་པའོ་ཞེས་བྱ་བ་ཡོད་ པ་མ་ཡིན་པར་རྡོ་རྗེ་འཆང་གིས་གསུངས་པ་ཡིན་ནོ། །མཐར་ཐུག་པའོ། །ཚིགས་བཅད་འདི་ཡིས་ཞེས་བྱ་བ་ལ་སོགས་པ་ལ་རྒྱུ་མི་རྒྱུའི་བདག་ཉིད་ཅན་ནི་སྒོམ་པ་པོའོ། །ཡེ་ཤེས་ཀྱི་བྱིན་གྱིས་བརླབ་པའི་ཕྱིར་ཧཱུཾ་གཉིས་ས་བོན་ཡཾ་ལས་འབྱུང་བ་ཞེས་བྱ་བ་ལ། གཞུའི་རྣམ་པ་ལྟ་བུ་མདོག་སྔོ་བའོ། ། མེའི་དཀྱིལ་འཁོར་ནི་གྲུ་གསུམ་མདོག་དམར་པོའོ། །ཆུའི་དཀྱིལ་འཁོར་ནི་ཟླུམ་པོ་ཁ་དོག་དཀར་པོའོ། །སའི་དཀྱིལ་འཁོར་ནི་གྲུ་བཞི་མདོག་སེར་པོའོ། །དེའི་སྟེང་དུ་ཡི་གེ་ཧཱུཾ་དཀར་པོ་བསྒོམས་ལ་དཀྱིལ་འཁོར་བཞི་དང་། བྲུཾ་བསྡུས་པ་ལས་གཞལ་ཡས་ཁང་བསྒོམ་པར་བྱ་བ་ཡིན་པས། ཟུར་བཞི་ དང་ནི་སྒོ་བཞི་དང་། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཐིག་བཞི་དག་དང་ཡང་དག་ལྡན། །ཞེས་བྱ་བ་ནི་ཟུར་བཞི་མཉམ་པར་བྱ་བའོ། །རྡོ་རྗེ་ནོར་བུ་ཟླ་ཕྱེད་བརྒྱན། །ཞེས་བྱ་བ་ནི་རྡོ་རྗེ་དང་ནོར་བུ་དང་ཟླ་བ་དང་། ཟླ་བ་ཕྱེད་པ་དང་། དྲ་བ་དང་། དྲ་བ་ཕྱེད་པས་བརྒྱན་པ། སྒོ་དང་སྒོ་ཁྱུད་མཚམས་རྣམས་ སུ། །ཞེས་བྱ་བ་ནི་སྒོའི་མཚམས་ཀྱི་ཟུར་རོ། །བུམ་པ་དང་ཀ་བས་ཉེ་བར་མཛེས་པར་བྱས་པའོ། །རྡོ་རྗེ་ཞེས་བྱ་བ་ནི་སྣ་ཚོགས་རྡོ་རྗེའི་སྟེང་དུ་གཞལ་ཡས་ཁང་ངོ་། །བྲེ་ཡི་ཕྲེང་ནི་བྱ་ཡིས་མཛེས། །ཞེས་བྱ་བ་ནི་བྱའི་ཚོགས་ཀྱིས་མཛེས་པར་བྱས་པའོ། །དེ་ལྟ་བུའི་ཚོགས་གཞལ་ཡས་ཁང་རྣམ་པར་ བསམས་ལ། ཡུད་ཙམ་གྱི་བདག་ཉིད་ཅན་དུ་འཆད་པར་འགྱུར་བའི་བརྟེན་པའི་དཀྱིལ་འཁོར་གྱི་འཁོར་ལོ་མ་ལུས་པ་དང་བཅས་པར་ཞལ་གསུམ་ཕྱག་དྲུག་པར་ཨིནྡྲ་ནཱི་ལའི་འོད་དང་མཉམ་པ་ཉིད་དང་མཚུངས་པའི་ཤེས་རབ་ཀྱིས་འཁྱུད་པ་བསྒོམ་པར་བྱའོ། །དེ་ལྟར་ལྷག་པར་མོས་པར་བསམས་ནས་ ཞེས་བྱ་བ་ནི་ལྷག་པར་མོས་པ་ཙམ་གྱིས་ཡིན་གྱི། ཕྱག་མཚན་དང་ས་བོན་ལ་སོགས་པ་ཡོངས་སུ་གྱུར་པ་ལས་ནི་མ་ཡིན་ནོ། །དེ་ལྟ་བུའི་ལྷག་པར་མོས་པའི་དཀྱིལ་འཁོར་ཡིན་ནོ། །ཆོ་ག་ཇི་བཞིན་ཞེས་བྱ་བ་ནི་ཕྱག་དང་མདོག་དང་ཕྱག་མཚན་ལ་སོགས་པས་མཛེས་པའོ། །སླར་ཡང་ཁ་སྦྱོར་སྦྱོར་བ་ཡིས་ 37-1-160a ཞེས་བྱ་བ་ནི་སྙོམས་པར་འཇུག་པའི་བདེ་བའི་རོས་སོ། །རིམ་པ་ཇི་བཞིན་ཞེས་བྱ་བ་ནི་གང་དང་གང་གི་བདག་ཉིད་ཅན་ཡིན་པའི་རིགས་ཀྱི་གནས་དེ་རེར་ཉེ་བར་བཞུགས་པར་བསམ་པར་བྱའོ། །དོན་དམ་པ་ཡི་འཁོར་ལོ་ཡིས། །ཞེས་བྱ་བ་ནི་བདེ་བ་ཆེན་པོའི་བདག་ཉིད་དུ་འཇུག་པར་བྱའོ། ། བསད་ནས་ཞེས་བྱ་བ་ནི་མི་དམིགས་པར་བྱ་བ་ནི་བསད་པའི་དོན་ཏོ། །དེ་ལྟར་བྱས་པ་ལ་ཡོན་ཏན་ཅི་ཡོད་ཅེ་ན། སྒྲུབ་པ་པོས་དངོས་གྲུབ་རབ་མཆོག་སྟེ། ཤིན་ཏུ་མྱུར་བར་དངོས་གྲུབ་འཐོབ་པར་འགྱུར་བའོ། །གཟུགས་ཕུང་རྟོགས་པ་མེ་ལོང་ཞེས་བྱ་བ་ལ་རྣམ་པར་སྣང་མཛད་དང་སངས་རྒྱས་སྤྱན་ལ་སོགས་ པའོ། །མེ་ལོང་ཞེས་བྱ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །སའི་ཁམས་ནི་སའི་ཁམས་སོ། །མིག་གི་དབང་པོ་ནི་མིག་གོ། །གཟུགས་ཀྱང་ཞེས་བྱ་བ་ནི་མིག་གིས་གཟུང་བར་བྱ་བའི་ཚོགས་སོ། །ཁྲོ་བོ་ཞེས་བྱ་བ་ནི་གཤིན་རྗེ་གཤེད་དང་འདོད་པའི་རྒྱལ་པོའོ། །བྱམས་པ་ཞེས་བྱ་བ་ནི་སའི་སྙིང་ པོ་དང་བཅས་པའོ། །ཚོར་བའི་ཕུང་པོ་ནི་རིན་ཆེན་འབྱུང་ལྡན་ནོ། །མཉམ་པ་ཉིད་ཅེས་བྱ་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཁྲོ་བོ་གཉིས་ཞེས་བྱ་བ་ནི་གཞན་གྱིས་མི་ཐུབ་པ་དང་དབྱུག་སྔོན་ཅན་ནོ། །འདུ་ཤེས་ཀྱི་ཕུང་པོ་ནི་འོད་དཔག་ཏུ་མེད་པའོ། །སོ་སོར་རྟོག་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། ། བྱིན་ཟ་ནི་མེའོ། །ཁྲོ་བོ་གཉིས་ནི་པདྨ་མཐར་བྱེད་དང་སྟོབས་པོ་ཆེའོ། །འདུ་བྱེད་ནི་དོན་ཡོད་གྲུབ་པའོ། །བྱ་བ་གྲུབ་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཁྲོ་བོ་གཉིས་ནི་བདུད་རྩི་འཁྱིལ་པ་དང་མི་གཡོ་བའོ། །སྟེང་འོག་ཁྲོ་བོ་གཉིས་དང་བཅས། །ཞེས་བྱ་བ་ནི་གཙུག་ཏོར་འཁོར་ལོས་སྒྱུར་བ་དང་ གནོད་མཛེས་རྒྱལ་པོ་དང་ཡང་དག་པར་ལྡན་པའོ། །རང་བཞིན་གྱིས་ནི་སྣང་བ་ཉིད། །ཅེས་བྱ་བ་ནི་རྣམ་པར་ཤེས་པ་གསུམ་དང་འབྲེལ་པའི་རང་བཞིན་བརྒྱད་ཅུའོ། །རྣམ་པར་ཤེས་པའི་ཕུང་པོ་ནི་མི་བསྐྱོད་པའོ། །དེ་ཡང་འོད་གསལ་བར་གཞུག་པར་བྱའོ། །མྱ་ངན་འདས་བཅས་ཀུན་སྟོང་དང་། ། ཞེས་བྱ་བ་ལ་སོགས་པ་ལ་ཆོས་ཀྱི་སྐུ་ནི་ཆོས་རྣམས་ཀྱི་རང་བཞིན་ནོ། །ད་ནི་སྐུའི་དཀྱིལ་འཁོར་རྫོགས་པར་བྱ་བའི་ཕྱིར་ལྡང་བར་བསྟན་པ་ནི། སྔགས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་བསྟན་ཏེ། སྔགས་ལ་ཡོངས་སུ་རྫོགས་པ་ནི་སྔགས་ཀྱི་སྐུའོ། །སྦྱོར་བ་ཡིས་ཞེས་བྱ་བ་ལ། །ནམ་མཁའི་ཁམས་ཀྱི་དབུས་ 37-1-160b གནས་པར། །ཞེས་བྱ་བ་ལ་སོགས་པ་ལ། གཞལ་ཡས་ཁང་གི་ནང་གི་ནམ་མཁའི་ཁམས་ཀྱི་དབུས་སོ། །དབྱངས་ཀྱི་ཡི་གེ་ཨ་ལས་གྱུར་པའི་ཉི་མའི་དཀྱིལ་འཁོར་ཐབས་ཡེ་ཤེས་ཀྱི་ངོ་བོ་དང་ཨོཾ་གྱི་ཡི་གེ་ལས་བྱུང་བ་ཟླ་བའི་དཀྱིལ་འཁོར་ཤེས་རབ་ཀྱི་ཡེ་ཤེས་ཀྱི་རང་བཞིན་བསྒོམ་པར་བྱའོ། ། པདྨ་འདབ་མ་བརྒྱད་ཅེས་བྱ་བ་ནི་མ་ལས་བྱུང་བ་ཉིད་དོ། །ཡི་གེ་གསུམ་ཞེས་བྱ་བ་ནི་ཨོཾ་ཨཱཿཧཱུཾ་ངོ་། །བྱང་ཆུབ་སེམས་ཞེས་བྱ་བ་ནི་གསུམ་པའི་དོན་གྱི་དང་པོའོ། །དེའི་འོད་ཀྱིས་བཀུག་པ་ནི། །རྒྱུ་དང་མི་རྒྱུ་ཐམས་ཅད་ཀྱང་། །ཞེས་བྱ་བ་ལ་སོགས་པ་སྟེ། གསང་སྔགས་འདི་ནི་བརྗོད་པར་བྱ། །ཞེས་བྱ་བ་ སྟེ། འདི་ནི་དང་པོའི་རྣལ་འབྱོར་གྱི་ཆོ་གའི་ཏིང་ངེ་འཛིན་ནོ། །རྗེས་སུ་སྦྱོར་བ་བརྩམ་པར་བྱ། །ཞེས་བྱ་བ་ལ་སོགས་པ་བརྩམ་པར་བྱ་སྟེ། རྣལ་འབྱོར་པའི་ཡི་གེ་གསུམ་ཡང་ཞེས་བྱ་བ་ལ་སོགས་པ་ལ། ལས་བྱུང་ཞེས་བྱ་བ་ནི་ཡི་གེ་གསུམ་ཡོངས་སུ་གྱུར་པ་ལས་སྐྱེས་པའོ། །ཀུནྡ་ཟླ་བ་དཀར་ དང་མཚུངས། །ཞེས་བྱ་བ་ནི་མདོག་དཀར་བ་ཕྱག་གཉིས་པ་ཞལ་གཅིག་པ་འོད་ཀྱི་དཀྱིལ་འཁོར་དཀར་པོ་ཅན་རྡོ་རྗེ་དང་དྲིལ་བུ་ཡང་དག་པར་ལྡན་པའོ། །དང་པོའི་མགོན་པོ་ཞེས་བྱ་བ་ནི་རྡོ་རྗེ་འཆང་ངོ་། །རྗེས་སུ་རྣལ་འབྱོར་གྱི་ཏིང་ངེ་འཛིན་ནོ། །མི་བསྐྱོད་པ་ཡི་རྗེས་ཞུགས་པས། །ཞེས་བྱ་བ་ལ་སོགས་ པ་ལ། དེ་ལ་རིམ་པ་ནི་འདི་ཡིན་ཏེ། ཐུགས་ཀའི་ཡི་གེ་གསུམ་གྱི་ས་བོན་ལས་འཆད་པར་འགྱུར་བའི་མཚན་ཉིད་ཅན་གྱི་མི་བསྐྱོད་པ་ཕྱུང་ལ། འགྲོ་བ་རྣམས་ཀྱི་དོན་བྱས་ནས་སླར་ཡང་བཀུག་ནས་ཡི་གེ་གསུམ་པོ་དེ་ཉིད་དུ་ཞུགས་པར་བྱའོ། །ཞུགས་པ་ཙམ་གྱིས་ཞལ་གསུམ་ཕྱག་དྲུག་འབར་བ་དང་བཅས་ པའི་རྡོ་རྗེ་སེམས་དཔའི་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་ཕུང་པོ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ལ་ཕུང་པོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དབྱེ་བ་ཤེས་པ་ཞེས་བྱ་བ་ནི་དབྱེ་བ་ལ་མཁས་པའོ། །སྣང་མཛད་སོགས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ནས་བརྩམས་ནས་གནོད་མཛེས་ཀྱི་ བར་དུའོ། །ཁ་ལ་ཞེས་བྱ་བ་ནི་ཁའི་ཕུགས་སུ་སྟེ་མགྲིན་པའི་བར་དུའོ། །རབ་ཏུ་བཟང་པོའི་མཐིང་ཤིང་མདོག །ཅེས་བྱ་བ་ནི་མདོག་སྔོན་པོའོ། །སྔགས་པས་གཏི་མུག་དགའ་སོགས་ནི། །ཞེས་བྱ་བ་ནི་སྤྱན་དང་མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་ལ་སོགས་པ་སའི་ཁམས་ལ་སོགས་པ་ 37-1-161a སྦྱོང་བར་བྱེད་དོ། །དེའི་ཕྱིར། ས་ལ་སོགས་པ་རབ་ཏུ་གཞུག །ཅེས་བྱ་བ་སྟེ་ཞུགས་པར་བྱས་ནས་སོ། །མིག་གི་འབྲས་བུའི་ནང་དུ་ཐླྷི་གི་ཡི་གེ་ལས་ཡོངས་སུ་རྫོགས་པའི་འཆད་པར་འགྱུར་བའི་སའི་སྙིང་པོའི་གཟུགས་རྣམ་པར་བསྒོམ་པར་བྱའོ། །དེ་བཞིན་དུ་རྣ་བ་ལ་ ཕྱག་ན་རྡོ་རྗེའོ། །ཡི་གེ་མེ་ནི་རྩར་བཀོད་དེ། །ཞེས་བྱ་བ་ལ་སོགས་པ་ལ། ལུས་ཐམས་ཅད་ལ་གནས་པའི་རྩ་ལ་ཡོངས་སུ་བརྟག་པར་བྱའོ། །ཀུན་དུ་བཟང་པོ་ཞེས་བྱ་བ་ནི་ཀུན་དུ་བཟང་པོའོ། །དགོད་བྱས་དེ་ནས་ཞེས་པ་ལ་སོགས་པ་ལ། ཆོག་བཞིན་ཞེས་བྱ་བ་དེ་ནི་དེ་བཞིན་གཤེགས་པ་ རྣམས་ནི་ཡི་གེའི་གཟུགས་ཀྱིས་སོ། །སྤྱན་ལ་སོགས་པ་ནི་ཁམས་ལ་བཞུགས་པས་སོ། །བྱང་ཆུབ་སེམས་དཔའ་རྣམས་དང་ཁྲོ་བོ་རྣམས་ནི་སྔགས་ལས་ངེས་པར་བསྐྱེད་པའི་གཟུགས་ཀྱིས་སོ། །སྐུ་ཡི་དཀྱིལ་འཁོར་རྫོགས་གྱུར་ནས། །ཞེས་བྱ་བ་ལ་སོགས་པ་ནི་ཤིན་ཏུ་རྣལ་འབྱོར་ གྱི་ཏིང་ངེ་འཛིན་ནོ། །སྤྱི་བོའི་དབུས་སུ་གནས་པར་བསམ། །ཞེས་བྱ་བ་ལ། དཔྲལ་བའི་དབུས་སུ་ཨོཾ་ཡོངས་སུ་གྱུར་པ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་རོ། །བདག་པོ་དང་ནི་བཅས་པ་རུ། །ཞེས་བྱ་བ་ལ། བདག་པོ་ནི་རྣམ་པར་སྣང་མཛད་དོ། །དེ་དང་ལྷན་ཅིག་པའི་མཐར་ཐུག་པར་སྦྱོར་བ་དང་ལྡན་ པ་ནི། བདག་པོ་དང་ནི་བཅས་པ་རུ། །ཞེས་བྱ་བ་སྟེ། དེའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །དེ་དབུས་བདག་པོ་ཞེས་བྱ་བ་ལ་གཙོ་བོར་གྱུར་པ་གཅིག་ལའོ། །གསོལ་བ་གདབ་ཅེས་བྱ་བ་ལ་སོགས་པ་ལ། ཚིགས་བཅད་དང་པོས་ནི་གཙོ་བོ་ལའོ། །གཉིས་པས་ནི་འཁོར་རྣམས་ལའོ། །སྤྱན་དང་ལྷན་ ཅིག་ལྡན་པའི་ཞེས་བྱ་བ་ལ་སོགས་པ་ལ་སྤྲོས་པའི་གཟུགས་མ་ལུས་པ་དང་ལྷན་ཅིག་ཏུ་ཞུགས་པར་བསྒོམ་པར་བྱའོ། །གཉིས་བརྗོད་པས་ནི་གསོལ་བ་གདབ། །ཅེས་བྱ་བ་ནི་ཐམས་ཅད་སྔ་མ་བཞིན་དུ་བྱ་བའོ། །རང་གི་གཙོ་བོར་ཡང་དག་ལྡན། །ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལྟར་རིགས་ གསུམ་དབྱེ་བ་ཡིས། །ཞེས་བྱ་བ་ལ་སོགས་པ་ལ་རིགས་གསུམ་དབྱེ་བ་ཡིས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དང་འཁོར་བ་ལས་འདས་པ་དང་མི་བསྐྱོད་པའི་གཟུགས་ཉིད་དོ། །སླར་ཡང་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་བདག་ཉིད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ལྔའི་ངོ་བོའོ། །ཟླ་བའི་ 37-1-161b དཀྱིལ་འཁོར་དབུས་གནས་པའི། །ཞེས་བྱ་བ་ནི་རི་བོང་ཅན་ལ་ཉེ་བར་གཞུག་པའོ། །དམ་ཚིག་སེམས་དཔའ་ཞེས་བྱ་བ་ནི་དམ་ཚིག་སེམས་དཔའ་ཞེས་བྱ་བའི་མིང་ཅན་ནོ། །སྙིང་གའི་དབུས་ན་གནས་ཕྲ་མོའི། །ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའི་ཞེས་བྱ་བ་ཚད་ཆུང་བའི་རྣམ་པར་བསྒོམ་པར་ བྱའོ། །དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་ཏིང་ངེ་འཛིན་སེམས་དཔའ་ཞེས་བྱ་བ་ཡི་གེ་ཧཱུཾ་དགོད་པར་བྱའོ། །རྣལ་འབྱོར་ཆེན་པོ་རྫོགས་པར་བསྐྱེད་པའོ། །དེ་ལྟར་སྦྱོར་བ་ཆེན་པོ་བསྐྱེད་ནས་ཞེས་བྱ་བ་ལ་སོགས་པ་ལ་ཆོ་ག་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་མཚན་ཉིད་ཅན་ནོ། །སྦྱོར་བ་ཡིས་ ཞེས་བྱ་བ་ནི་ཏིང་ངེ་འཛིན་ལས་བསྐྱེད་པས་སོ། །སྒྲུབ་པ་ཆེན་པོ་བརྩམ་པར་བྱ། །ཞེས་བྱ་བ་ནི་འཁོར་དང་བཅས་པའི་དཀྱིལ་འཁོར་པའི་འཁོར་ལོའི་བདག་ཉིད་ཐམས་ཅད་བསྐྱེད་པར་བརྩམ་པའོ། །རྙེད་ནས་ནི་ཞེས་བྱ་བ་ལ་སོགས་པ་ལ། བུ་མོ་ཞེས་བྱ་བ་ནི་གཟུགས་དང་ལང་ཚོ་དང་ལྡན་ པ་གང་ལ་མིག་ཡངས་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། ། ཁྲུས་མཁན་གྱི་ནི་བུ་མོ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཙམ་སྟེ་རིགས་གཞན་དག་ཀྱང་ཡིན་ནོ། །ལྷ་མོ་རྡོ་རྗེ་གཟུགས་ལ་སོགས། །ཞེས་བྱ་བ་ནི་གཟུགས་རྡོ་རྗེ་ལ་སོགས་པ་རྣམས་དང་། སའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་ སེམས་དཔའ་རྣམས་ཇི་ལྟར་རིགས་པ་སྙོམས་པར་ཞུགས་པའོ། །དེ་ཉིད་ལ་ནི་རྣམ་བསམས་ལ། །ཞེས་བྱ་བ་ནི་དེ་ཉིད་ཀྱི་མིག་ལ་སོགས་པའི་སྐྱེ་མཆེད་སྔ་མ་བཞིན་དུ་སྔགས་ཀྱི་ཡི་གེ་ལས་རྫོགས་པ་རྣམ་པར་བསྒོམ་པར་བྱའོ། །འཇིག་རྟེན་དབང་ཕྱུག་ལ་སོགས་པ་དག་ཀྱང་སྔར་བསྟན་ པའི་སྔགས་ལས་རྫོགས་པ་ཉིད་དང་མཚུངས་པའི་འཁྱུད་པ་ལྕེ་ལ་སོགས་པའི་གནས་རྣམས་སུ་དགོད་པར་བྱའོ་ཞེས་བསམས་པས་སོ། །ལག་གཡས་ཞེས་བྱ་བ་ལ། རྡོ་རྗེ་རོ་ལངས་མ་ནི་གཤིན་རྗེ་གཤེད་དང་སྙོམས་པར་ཞུགས་པའོ། །གཞན་གྱིས་མི་ཐུབ་མ་ནི་ཤེས་རབ་མཐར་བྱེད་དང་སྙོམས་པར་ ཞུགས་པའོ། །ཁྲོ་གཉེར་མ་ཞེས་པ་ནི་རྟ་མགྲིན་དང་སྙོམས་པར་ཞུགས་པའོ། །རལ་པ་གཅིག་མ་ཞེས་བྱ་བ་ནི་བདུད་རྩི་འཁྱིལ་པ་དང་སྙོམས་པར་ཞུགས་པའོ། །གཞན་ཡང་དཔུང་པ་གཡས་པ་ལ་ཞེས་བྱ་བ་ལ་སོགས་པ་ལ། སྣ་ཚོགས་རྡོ་རྗེ་མ་མི་གཡོ་བ་དང་སྙོམས་པར་ཞུགས་པའོ། །གཡས་ 37-1-162a པའི་ཕྱག་གི་ལྷག་མ་ལ་ནི་སྣ་ཚོགས་རིན་ཆེན་མ་འདོད་པའི་རྒྱལ་པོ་དང་སྙོམས་པར་ཞུགས་པའོ། །པུས་མོ་གཡས་པ་གནས་པ་ཡང་། །ཞེས་བྱ་བ་ལ་ཡང་ཞེས་བྱ་བ་ནི་ཕྱག་རྒྱའིའོ། །སྣ་ཚོགས་པདྨ་ནི་དབྱུག་པ་སྔོན་པོ་དང་སྙོམས་པར་ཞུགས་པའོ། །སྣ་ཚོགས་ ལས་མ་ནི་སྟོབས་པོ་ཆེ་དང་སྙོམས་པར་ཞུགས་པའོ། །ནམ་མཁའི་རྡོ་རྗེ་མ་ཞེས་བྱ་བ་ནི་གཙུག་ཏོར་འཁོར་ལོས་སྒྱུར་བ་དང་སྙོམས་པར་ཞུགས་པའོ། །ས་འཛིན་ལྷ་མོ་ནི་གནོད་མཛེས་རྒྱལ་པོ་དང་སྙོམས་པར་ཞུགས་པའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ། སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་ པ་ལ་སོགས་པ་ཐམས་ཅད་ཆོ་ག་བཞིན་བྱིན་གྱིས་བརླབས་ནས་རྗེས་ཐོགས་སུ་རྡོ་རྗེ་དང་པདྨ་སྦྱར་བ་བརྩམ་པར་བྱའོ། །ཧཱུཾ་གི་སྔགས་ཀྱི་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་རང་གི་རྡོ་རྗེ་རྡོ་རྗེ་རྩེ་ལྔ་པའི་རྣམ་པ་ལྟ་བུ་བསྒོམ་པར་བྱའོ། །ཨོཾ་ཞེས་བྱ་བ་ནི་ཨོཾ་ཡོངས་སུ་གྱུར་པ་ལས་བྱུང་བའོ། །དེ་ བཞིན་ཞེས་བྱ་བ་ལ་སོགས་པ་ལ་པདྨའི་ཞེས་བྱ་བ་ནི་ཤེས་རབ་ཀྱི་སྟེ་ཡི་གེ་ཧྲི་ལས་རྣམ་པར་བསྒོམས་ལ། ཡི་གེ་ཨ་ལས་ནི་དེའི་ལྟེ་བ་བསྒོམ་པར་བྱའོ། །འོད་ཟེར་ལྔ་ཡིས་ཁྱབ་བསམས་ལ། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལྔའི་རང་གི་འོད་ཟར་སྤྲོས་པ་སྟེ། རྡོ་རྗེ་འཆང་ཆེན་ པོའི་རང་བཞིན་དང་། ཐར་པ་ཆེན་པོའི་གྲོང་ཁྱེར་ཆེན་པོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོར་མོས་པར་བྱས་ནས། དེའི་འོག་ཏུ་རྡོ་རྗེ་འཆང་གི་བསྒྲུབ་པ་བརྩམ་པར་བྱའོ། །རང་གི་བྱང་ཆུབ་སེམས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་ཉིད་འབྱུང་བ་ནི་ཕྱིར་འཆོར་བའོ། །དེའི་ ཚེ་ཕཊ་ཅེས་བྱ་བའི་སྔགས་བརྗོད་པར་བྱ་སྟེ། ནོར་བུའི་རྩེ་མོའི་བུ་གར་པྲ་ཕཊ་ཁ་དོག་སེར་པོ་རྣམ་པར་བསྒོམས་ལ་ཕྱིར་འབྱུང་བས་བྱུང་ནས་བརྗོད་པར་བྱའོ། །དེས་ཞེས་བྱ་བ་ནི་སྒྲུབ་པ་པོའོ། །རྣལ་འབྱོར་རབ་ཀྱི་མཐའ་ཐོབ་པར་གྱུར་པ་ནི་བྱང་ཆུབ་ཀྱི་སེམས་འཆོར་བར་མི་འགྱུར་ཏེ། འདི་ལྟར་བདེ་བ་ ཆེན་པོའི་རྣལ་འབྱོར་ཡང་དང་ཡང་གོམས་པར་བྱས་པར་རིང་དུ་འཇུག་པ་འཕེལ་བར་འགྱུར་རོ། །གལ་ཏེ་གོམས་པར་མ་གྱུར་པར་ཤོར་བར་གྱུར་ན་དེའི་ཕྱིར། ཕྱུང་ནས་སྔགས་པས་སླར་ཡང་ནི། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བྱང་ཆུབ་སེམས་ཞེས་བྱ་བ་ནི་རང་གི་ཁམས་ཀྱི་ཐིག་ལེ་པདྨའི་ནང་ན་གནས་ 37-1-162b པའི་གཡོན་པའི་སྲིན་ལག་དང་མཐེ་བོང་གཉིས་ཀྱིས་བླངས་ལ་བྱའོ། །ཕྱོགས་བཅུའི་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་འཁོར་ལོ་མ་ལུས་པ་རང་རང་གི་སྔགས་བརྗོད་པ་སྔོན་དུ་འགྲོ་བས་སོ། །དེའི་རྗེས་ཐོགས་སུ་འདི་ནི་བརྗོད་པར་ཞེས་བྱ་བ་ནི་གདོན་པར་བྱ་བའོ། །རང་སྔགས་ཀྱི་ཡི་གེ་ལས་བྱུང་བ་ཞེས་བྱ་བ་ ནི་ཧཱུཾ་ལས་བསྐྱེད་པའོ། །རྡོ་རྗེ་གསུམ་བྱིན་གྱིས་བརླབས་བདག །ཅེས་བྱ་བའི་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབས་ནས་པདྨའི་ནང་དུ་སྤྲུལ་ཏེ། སླར་ཡང་ཞེ་སྡང་རྡོ་རྗེར་སྤྲུལ་ལ། མི་བསྐྱོད་རྡོ་རྗེ་ཅན་ཞེས་བྱ་བ་ནི་སྔགས་ཀྱིས་སྤྲོ་ཞིང་བལྟ་བར་བྱའོ། །མི་བསྐྱོད་པས་ནི་དབུ་རྒྱན་ཞེས་བྱ་བ་ནི་རྡོ་རྗེ་སེམས་ དཔས་དབུ་རྒྱན་བྱས་པའོ། །མཐིང་ཤུན་བཟང་པོ་ཞེས་བྱ་བ་ནི་ཨིནྡྲ་ནི་ལའི་མདོག་ཅན་ནོ། །འདི་ནི་ཐུགས་ཀ་ལས་བྱུང་ནས། །ཞེས་བྱ་བ་ནི་ཤེས་རབ་ཀྱི་ཐུགས་ཀ་ནས་སོ། །བྱུང་ནས་དེས་འདུལ་བའི་སེམས་ཅན་ཕྱོགས་བཅུ་ན་གནས་པ་རྣམས་ལ་གཟིགས་པར་མཛད་དོ། །སྦྱངས་ནས་ཞེས་བྱ་བ་ནི་ ཉོན་མོངས་པ་མེད་པར་བྱས་པའོ། །ཞེ་སྡང་རྡོ་རྗེའི་གནས་འཇོག་ཅེས་པ་ནི་མི་བསྐྱོད་པའི་རིགས་ཅན་རྣམས་རིགས་དེ་ལའོ། །རྡོ་རྗེ་མགོན་པོ་ཞེས་བྱ་བ་ནི་རྡོ་རྗེ་འཆང་ངོ་། །སྤྱན་སྔ་རུ་ཞེས་བྱ་བ་ནི་སྔོན་དུའོ། །རྗེས་ཞུགས་ཞེས་བྱ་བ་ནི་ཁའི་སྒོ་ནས་སོ། །ས་སྙིང་གཞེས་བྱ་བ་ནི་སྙིང་གའི་ས་བོན་དུའོ། ། བདག་ཉིད་མི་བསྐྱོད་པའི་རྣམ་པའོ། །རང་གིས་ཕྱག་རྒྱས་འཁྱུད་ཅེས་བྱ་བ་ནི་རེག་རྡོ་རྗེས་འཁྱུད་པའོ། །ཞེ་སྡང་རྡོ་རྗེའི་ཏིང་འཛིན་གནས། །ཞེས་བྱ་བ་ནི་ཐུགས་རྡོ་རྗེ་ཉིད་དཀྱིལ་འཁོར་སྤྲུལ་པའི་བྱེད་པ་པོ་ཡིན་པའི་ཕྱིར་རོ། །ཛི་ན་ཛིཀ་ཅེས་བྱ་བ་དང་།འབྱུང་ཞེས་བྱ་བ་ལ་ཤེས་རབ་ཀྱི་པདྨའི་ནང་ དུའོ། །སྟོན་ཀའི་ཟླ་བའི་ཞེས་བྱ་བ་ལ་སོགས་པ་ནི་མདོག་དཀར་པོའོ། །དེ་བཞིན་དུ་ཐུགས་ཀ་ལས་བྱུང་སྟེ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཐུགས་ཀ་ལས་སོ། །གཏི་མུག་སྤྱོད་གནས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རིགས་ཅན་རྣམས་དེའི་རིགས་ལའོ། །ཤར་ཕྱོགས་ཀྱི་ཞེས་བྱ་བ་མདུན་དུའོ། ། འཁོར་ལོ་ནི་རྟེན་གྱི་དཀྱིལ་འཁོར་རོ། །བཞུགས་ཞེས་བྱ་བ་ནི་གནས་པར་འགྱུར་ཞེས་བྱ་བའི་བར་དུའོ། །རིན་ཆེན་ཏོག་ནི་རིན་ཆེན་འབྱུང་ལྡན་དེར་དབྱུང་བར་བྱའོ། །ཞི་བ་ཞེས་བྱ་བ་ནི་ཞི་བ་དང་སྒེག་པའི་རོ་དང་ལྡན་པའོ། །གཡས་སུ་ཞེས་བྱ་བ་ནི་ཕྱག་གཡས་སུའོ། །ང་རྒྱལ་གནས་ལ་གནས་ 37-1-163a པ་རྣམས། ། ཞེས་བྱ་བ་ནི་ང་རྒྱལ་ལ་གནས་པའོ། །ལྷོའི་ཆར་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་གཙོ་བོའི་ངོ་བོའོ། །རིན་ཆེན་དབུས་སུ་ཞེས་བྱ་བ་ནི་རིན་པོ་ཆེའི་གདན་ལའོ། །རྡོ་རྗེ་མཐའ་ཡས་འོད་འབྱུང་སྟེ། །ཞེས་བྱ་བ་སྣང་བ་མཐའ་ཡས་སོ། །སྔོན་བཞིན་འདོད་ཆགས་ཅན་ སྦྱངས་ནས། །ཞེས་བྱ་བ་ནི་དེའི་རིགས་ཅན་རྣམས་སོ། །རྒྱབ་ཀྱི་པདྨར་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་གཙོ་བོའོ། །སྔགས་པས་དོན་ཡོད་རྡོ་རྗེ་ཅན། །ཞེས་བྱ་བ་ལ་སོགས་པ་ལ། འོད་ཟེར་རྣམ་པར་འཕྲོ་ཞེས་བྱ་བ་ནི་འོད་ཟེར་གྱི་ཚོགས་སོ། །ལོག་པའི་དག་ཅན་ཞེས་བྱ་བ་ནི་སེར་སྣ་ཅན་ནོ། །བྱང་ གི་ཕྱོགས་སུ་ཞེས་བྱ་བ་ནི་གཙོ་བོའིའོ། །ཞེ་སྡང་ཞེས་བྱ་བ་ལ་སོགས་པ་ལ། ཞེ་སྡང་ནི་མི་བསྐྱོད་པའོ། །གཏི་མུག་ནི་རྣམ་པར་སྣང་མཛད་དོ། །ཆགས་པ་ནི་སྣང་བ་མཐའ་ཡས་སོ། །ཡིད་བཞིན་གྱི་ནོར་བུ་ནི་རིན་ཆེན་འབྱུང་ལྡན་ནོ། །དམ་ཚིག་ནི་དོན་ཡོད་གྲུབ་པའོ། །རིགས་ནི་ལྔ་པོ་འདི་དག་ཅེས་ བྱ་བ་ནི་རིགས་རྣམས་ཀྱི་གཙོ་བོའོ། །འདོད་དང་ཐར་པ་ཞེས་བྱ་བ་ལ་སོགས་པ་ལ། འདོད་པར་བྱ་བས་ན་འདོད་པ་སྟེ།འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པ་ལ་སོགས་པའོ། །འདོད་ཆགས་ལ་སོགས་པའི་འཆིང་བ་ལས་གྲོལ་བས་ཐར་པ་སྟེ། ངེས་པར་ལེགས་པའི་མཚན་ཉིད་ཅན་ནོ། །མོ་ཧ་རཱ་ཏིའི་ སྔགས་ལས་བྱུང་། །ཞེས་བྱ་བ་ལ་སོགས་པ་ལ། ཨུཏྤ་ལ་དཀར་པོ་ཞེས་བྱ་བ་ནི་ཆུ་སྐྱེས་དཀར་པོའོ། །དེ་ཥ་རཱ་ཏིའི་སྔགས་ལས་སྐྱེས། །ཞེས་བྱ་བ་ལ་སོགས་པ་ལ། ཨུཏྤ་ལ་སྔོན་དམར་ཞེས་བྱ་བ་ནི་མདོག་སྔོན་དམར་དུ་འདུག་པའོ། །བྱུང་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཐུགས་ཀ་ནས་སོ། ། རཱ་ག་རཱ་ཏིའི་སྔགས་ལས་སྐྱེས། །ཞེས་བྱ་བ་ལ་སོགས་པ་ལ། པདྨ་རཱ་གའི་ནོར་བུའི་འོད། །ཅེས་བྱ་བ་ནི་མདོག་དམར་པོའོ། །གང་གི་རལ་པའི་ཚོགས་ལ་འོད་དཔག་མེད་དང་བཅས་པ་དེ་ལ་དེ་སྐད་ཅེས་བྱའོ། །འབྱེད་པར་མཛད་ཅེས་བྱ་བ་ནི་རྣམ་པར་རྒྱས་པར་མཛད་པའོ། །གདོན་ནི་གནོད་ པ་ཆེན་པོའོ། །བཛྲ་རཱ་ཏིའི་སྔགས་ལས་སྐྱེས། །ཞེས་བྱ་བ་ལ་སོགས་པ་ལ། ཡིད་འོང་ཞེས་པ་ནི་ཡིད་དང་འཚམ་པའོ། །དཱུཪྺའི་ལོ་མའི་འོད་ཀྱི་མཉམ། །ཞེས་བྱ་བ་ནི་མདོག་ལྗང་གུའོ། །དོན་ཡོད་པས་ནི་ཞེས་བྱ་བས་ནི་དོན་ཡོད་པར་གྲུབ་པས་སོ། །ཨུཏྤ་ལ་སྔོན་པོ་ཞེས་བྱ་བ་ནི་ཨུཏྤ་ལ་ 37-1-163b སྔོན་པོའོ། །བྱུང་ནས་ཞེས་པ་ནི་སྔ་མ་བཞིན་ནོ། །རྣལ་འབྱོར་པས་ནི་རིམ་གཉིས་པར། །ཞེས་བྱ་བ་ནི་སྒོམ་པ་པོས་སོ། །དབྱུང་ཞེས་བྱ་བ་ནི་དེ་བཞིན་དུ་སྤྲུལ་པ་དགོད་པར་བྱའོ། །མེའི་ཕྱོགས་སུ་ཞེས་བྱ་བ་ལ་སོགས་པ་ལ། མེ་ལོང་འཛིན་མཛད་དེ་ཞེས་བྱ་བ་ནི་མེ་ལོང་འཛིན་པར་མཛད་པའོ། ། གཉིས་ཞེས་བྱ་བ་ནི་གཡས་གཡོན་དང་པོ་གཉིས་ཀྱིས་སོ། །ལྷག་མས་གཏི་མུག་དགའ་དང་མཚུངས། །ཞེས་བྱ་བ་ནི་སངས་རྒྱས་སྤྱན་གྱི་ཕྱག་མཚན་དང་ཁ་དོག་འཛིན་པའོ། །བདེན་བྲལ་ཕྱོགས་སུ་ཞེས་བྱ་བ་ལ་སོགས་པ་ལ་སེར་མོ་ཞེས་བྱ་བ་ནི་སེར་ཞིང་རྩ་དམར་བའོ། །ཞལ་གསུམ་ཞེས་ བྱ་བ་ནི་སེར་པོ་དང་དམར་པོ་དང་དཀར་པོ་སྟེ་ཞལ་གསུམ་དང་ལྡན་པའོ། །ཕྱག་གཉིས་ན་ཞེས་བྱ་བ་ནི་ཕྱག་དང་པོ་གཉིས་ནའོ། །རླུང་གི་ཕྱོགས་དགོད་ཅེས་བྱ་བ་ལ། ཞལ་གསུམ་སྐུ་མདོག་དམར་མོ་ཞེས་བྱ་བ་ནི་དམར་པོ་དང་སྔོན་པོ་དང་དཀར་པོའི་ཞལ་ཅན་ནོ། །ཕྱག་གཉིས་ཀྱིས་ནི་དུང་བསྣམས་ཏེ། ། ཞེས་བྱ་བ་ནི་གཡས་གཡོན་གཉིས་ཀྱི་དང་པོ་གཉིས་ནའོ། །ལྷག་མ་གོས་དཀར་ཅན་དང་མཚུངས། །ཞེས་བྱ་བ་ནི་དེའི་ཕྱག་མཚན་འཛིན་པའོ། །དབང་ལྡན་ཕྱོགས་ཞེས་བྱ་བ་ལ། ཞལ་གསུམ་ཞེས་བྱ་བ་ནི་ལྗང་གུ་དང་ནག་པོ་དང་དཀར་པོའོ། །རྔ་སྒྲ་ནི་དོན་ཡོད་པར་གྲུབ་པའོ། །ཕྱག་གཉིས་ན་ནི་ རོ་ཡི་སྣོད། །ཅེས་བྱ་བ་ནི་གཡས་གཡོན་གྱི་ཕྱག་དང་པོ་གཉིས་ནའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ་མི་བསྐྱོད་པ་ལེགས་པར་འཁྱུད་ནས་གནས་པར་བསམ་པར་བྱ་སྟེ་ཞེས་པ་བསྒོམ་པར་བྱ་བའོ། །བདག་པོ་ལྟ་བུ་ཞེས་བྱ་བ་ནི་འཁོར་ལོའི་བདག་པོ་གང་ཡིན་པ་དེ་དང་འདྲ་བར་གྱུར་པའོ། ། རིགས་གསུམ་ཞེས་བྱ་བ་ལ་སོགས་པ་ལ་འབྱུང་བ་ནི་ཞེས་བྱ་བ་ནི་སྤྲུལ་ནས་དགོད་པར་བྱའོ། །མཻ་ཐླྷིཾ་ས་བོན་ལས་བྱུང་བ། །ཞེས་བྱ་བ་ལ་སོགས་པ་ལ་ཕྱག་མཚན་དང་དབྱིབས་ལ་སོགས་པ་ནི་རྣམ་པར་སྣང་མཛད་དང་མཚུངས་པའོ། །ཨོཾ་གྱི་ས་བོན་ཞེས་བྱ་བ་ལ་སོགས་པ་ལ་ཡི་གེ་ཨོཾ་གྱི་ས་བོན་ལས་བྱུང་ བ་རིན་ཆེན་འབྱུང་ལྡན་དང་མཚུངས་པའོ། །གོ་རིམས་བཞིན་དུ་ཞེས་བྱ་བ་ནི་གོ་རིམས་མ་འཆོལ་བར་ཇི་ལྟར་འབྱུང་བ་བཞིན་དུ་ཞེས་བྱ་བའི་དོན་ཏོ། །ཨོཾ་དང་ཧཱུཾ་ལས་ཡང་དག་འབྱུང་། །ཞེས་བྱ་བ་ནི་ཡི་གེ་ཨོཾ་ལས་འཇིག་རྟེན་དབང་ཕྱུག་ཡི་གེ་ཧཱུཾ་ལས་ནི་འཇམ་པའི་དབྱངས་སོ། །ནུབ་ཏུ་ཞེས་བྱ་བ་ནི་ནུབ་ཕྱོགས་ 37-1-164a ཀྱི་སྣམ་བུ་ལ་སྟེ་སྣང་བ་མཐའ་ཡས་དང་འདྲའོ། །དེ་ལྟ་བས་ན་ལྷ་ཞེས་བྱ་སྟེ། ནོར་བུ་པདྨ་རཱ་གའི་འོད་ལྟར་གསལ་བར་བྱེད་པ་བྱས་ནས་སོ། །བྱང་ཕྱོགས་སུ་ཡང་འབྱུང་བ་ནི། །ཞེས་བྱ་བ་དགོད་པར་བྱའོ། །ཨོཾ་དང་སཾ་གྱི་ས་བོན་སྐྱེས། །ཞེས་པ་ལ་སོགས་པ་ལ། སྒྲིབ་སེལ་ཞེས་བྱ་བ་ནི་ སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ། །ཀུན་དུ་བཟང་པོ་ཞེས་བྱ་བ་ནི་ཀུན་དུ་བཟང་པོ་སྟེ་རིམ་པ་བཞིན་ནོ། །འདི་དག་ཅེས་བྱ་བ་ལ་སོགས་པ་ལ། དབུ་རྒྱན་རང་གི་མགོན་ཞེས་བྱ་བ་ནི་རང་གི་ཕྱོགས་ན་རྣམ་པར་གནས་པའི་བདག་པོས་དབུ་རྒྱན་བྱས་པའོ། །བྱམས་པ་འབའ་ཞིག་ཅེས་བྱ་བ་ལ་སོགས་པ་ལ། དེ་འབའ་ཞིག་ཀླུ་ཤིང་གི་མེ་ཏོག་རྣམས་ཏེ་གཞན་དག་ལ་ནི་རང་རང་གི་ཕྱག་མཚན་མེད་དོ། །འདི་དག་སྐྱེ་མཆེད་རྣམ་སྦྱོང་ཞིང་། །ཞེས་བྱ་བ་ལ་སོགས་པ་ལ། སྐྱེ་མཆེད་ཀྱི་སྒོ་ནས་དགེ་བ་དང་མི་དགེ་བའི་ལས་ཀྱི་མཚན་ཉིད་ཅན་རྒྱས་པས་ན་དེའི་ཕྱིར་སྐྱེ་མཆེད་ཅེས་བྱ་སྟེ་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ ཡིད་ཅེས་བྱ་བའོ། །འདི་དག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །ལྷ་ཡི་མིག་སོགས་རྩོལ་བ་པོ། །ཞེས་བྱ་བ་ནི་ཟག་པ་མེད་པའི་མིག་ལ་སོགས་པ་སྐྱེ་བར་བྱེད་པའོ། །སླར་བྱོན་ཞེས་བྱ་བ་ནི་ཐུགས་ཀ་ལས་བྱུང་ནས་སེམས་ཅན་རྣམས་ཀྱི་སྐྱེ་མཆེད་དག་པར་བྱས་ཏེ། སླར་ཡང་བྱོན་ནས་རང་ རང་གི་གདན་ལ་ཅི་རིགས་པར་བཞུགས་སོ་ཞེས་བྱ་བ་ནི་ལྷག་མའོ། །ཡ་མཱནྟ་ཀྲྀཏ་སྔགས་ལས་བྱུང་། །ཞེས་བྱ་བ་ལ་སོགས་པ་ལ་སྔགས་ལས་བྱུང་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་ལས་བསྐྱེད་པའོ། །བྱུང་ཞེས་བྱ་བ་ནི་བཤད་མ་ཐག་པའི་སྔགས་ཀྱིས་སོ། །འབར་བའི་ཚོགས་ཀྱིས་རྣམ་པར་འཁྲིགས། །ཞེས་བྱ་ བ་ནི་འབར་བའི་ཕྲེང་བའི་རྣམ་པར་བསྐོར་བའོ། །པྲརྔྙཱནྟ་ཀྲྀཏ་སྔགས་ལས་བྱུང་། །ཞེས་བྱ་བ་ལ་སོགས་པ་ལ། སྔགས་བྱུང་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །གཞན་གྱིས་མི་ཐུབ་པ་ཞེས་བྱ་བ་ནི་ཤེས་རབ་མཐར་བྱེད་དོ། །སྐུ་མདོག་དཀར་ཞེས་བྱ་བ་ནི་མདོག་དཀར་པོའོ། །སྦྲུལ་གྱིས་བརྒྱན་ཞེས་བྱ་བ་ནི་ཁྲོ་ བོ་ཐམས་ཅད་ལ་སྦྱར་བར་བྱའོ། །གསུས་ཁྱིམ་ཆེ་བའི་མིའུ་ཐུང་གི་གཟུགས་ཅན་སྤྱན་གསུམ་པ་ཞེས་བྱ་བ་ཡང་ཐམས་ཅད་ལ་སྦྱར་བར་བྱའོ། །ལྷོའི་ཕྱོགས་སུ་ཞེས་བྱ་བ་ནི་གཤིན་རྗེའི་ཕྱོགས་སུའོ། །བཞུགས་པར་གྱུར་ཞེས་བྱ་བ་ནི་བཞུགས་པར་གྱུར་པའོ། །པདྨཱནྟ་ཀྲྀཏ་ཅེས་བྱ་བ་ལ་སོགས་པ་ལ། 37-1-164b རྟ་མགྲིན་ཞེས་བྱ་བ་ནི་པདྨ་མཐར་བྱེད་དོ། །སྤྱན་གསུམ་ཞེས་བྱ་བ་ནི་སྤྱན་གསུམ་དང་ལྡན་པའོ། །ཞལ་གདངས་ཞེས་བྱ་བ་ནི་ཞལ་རྣམ་པར་འགྱུར་བའོ། །དཔའ་བོ་ཞེས་བྱ་བ་ནི་བླ་ན་མེད་པའི་བརྩོན་འགྲུས་དང་ལྡན་པའི་ཕྱིར་རོ། །སྙེམས་དང་བཅས་པས་ཞེས་བྱ་བ་ནི་དགྲ་སྟ་ལ་རྟེན་དང་བཅས་པའོ། །གཡོན་ ཞེས་བྱ་བ་ནི་གཡས་པ་མ་ཡིན་པའོ། །ནུབ་ཀྱི་ཕྱོགས་སུ་ཞེས་བྱ་བ་ནི་ཆུ་དབང་གི་ཕྱོགས་སུའོ། །བིགྷྣཱཾ་ཏ་ཀྲྀཏ་སྔགས་ལས་བྱུང་། །ཨུཏྤ་ལ་སྔོན་པོའི་འདབ་ལྟར་ལྗང་། །ཞེས་བྱ་བ་ནི་ཨིནྡྲ་ནཱི་ལའི་མདོག་ཅན་ནོ། །བྱང་གི་ཕྱོགས་སུ་ཞེས་བྱ་བ་ནི་ཀུ་བེ་རའི་ཕྱོགས་སུའོ། །རང་གི་གསང་སྔགས་ལས་བྱུང་ བ། །ཞེས་བྱ་བ་ལ་སོགས་པ་ལ། བྱུང་བ་ཞེས་བྱ་བ་ནི་སྤྲུལ་ནས་དགོད་པའོ། །མི་བཟད་ཧ་ཧ་ཞེས་བྱ་བའི་སྒྲ་དང་ལྡན་པའོ། །ཤར་ལྷོ་མཚམས་སུ་ཞེས་བྱ་བ་ནི་མེའི་ཕྱོགས་སུའོ། །རང་གི་གསང་སྔགས་ཞེས་བྱ་བ་ལ་སོགས་པ་ལ། འདོད་རྒྱལ་ནི་ཁྲོ་བོ་ཆེན་པོའོ། །ཕྱག་རྒྱ་དག་གིས་འཆིང་བ་མཛད། ། ཅེས་བྱ་བ་ནི་ལག་པ་གཡས་གཡོན་གཉིས་ཀྱི་རྒྱབ་སྤྲད་ལ་མཐེའུ་ཆུང་གཉིས་དང་མཛུབ་མོ་གཉིས་སྦྲེལ་བ་སྙིང་གར་འཛིན་པའོ། །བདེན་བྲལ་བགེགས་ནི་འཛིན་པའོ། །ཞེས་བྱ་བ་ནི་བགེགས་འཇིགས་པར་བྱེད་པའོ། །དབྱིག་སྔོན་ཞེས་བྱ་བ་ནི་ཁྲོ་བོའི་རྒྱལ་པོའོ། །བརྟུལ་ཞུགས་ཅན་ནི་སྟོབས་པོ་ཆེ་སྟེ། འོད་དཔག་ཏུ་མེད་པའི་དབུ་རྒྱན་ཅན་ནོ། །བསལ་ནས་ནི་ཞེས་བྱ་བ་ལ་སོགས་པ་ལ། ཡམས་ཞེས་བྱ་བ་ནི་གནོད་པ་ལྟར་དེས་བྱས་པའི་སེམས་ཅན་ཉམས་པར་བྱེད་པ་ནི་འཇིག་པ་སྟེ་བསལ་བའོ། །རང་སྔགས་ཡི་གེ་ལས་བྱུང་བ། །ཞེས་བྱ་བ་ལ་སོགས་པ་ལ། དོན་ཡོད་གྲུབ་པའི་དབུ་རྒྱན་ཅན་ནོ། ། སྟོབས་པོ་ཆེ་ནི་སྔགས་པས་དབྱུང་། །ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །འཇིགས་པའི་སྒྲ་ནི་གད་རྒྱངས་ཧ་ཧ་ཞེས་སྒྲོགས་པའོ། །ཡན་ལག་ཐམས་ཅད་སྦྲུལ་གྱིས་བརྒྱན། །ཞེས་བྱ་བ་ནི་མགོ་བོ་དང་མགྲིན་པ་དང་རྣ་བ་གཉིས་དང་ལག་པ་གཉིས་དང་རྐང་པ་དག་ལའོ། །དགྲ་སྟྭ་ཞེས་བྱ་བ་ནི་སྟྭ་རེའོ། ། མཁའ་ འགྲོ་ཞེས་བྱ་བ་ནི་གྲོང་གི་མཁའ་འགྲོ་མའོ། །སོགས་ཀྱི་སྒྲས་ནི་སྲིན་པོ་ལ་སོགས་པ་བསྡུའོ། །གནས་ཞེས་བྱ་བ་ནི་སྟོབས་པོ་ཆེའོ། །རང་སྔགས་ཀྱི་ཡི་གེ་ལས་བྱུང་བ་ལ་སོགས་པ་ལ། མཁའ་ལྟར་སྔོ་སངས་ཞེས་བྱ་བ་ནི་སྔོ་སྐྱའོ། །གསུས་པ་འཕྱང་བ་ནི་གསུས་ཁྱིམ་ཆེ་བའོ། །གཞན་ན་ཞེས་བྱ་བ་ནི་གཡོན་ 37-1-165a ནའོ། །གཏུམ་པོ་གཡོན་བརྐྱང་གནས་པ་ཡིས། །ཞེས་བྱ་བ་ནི་དྲག་པོའི་གཟི་བརྗིད་ཅན་ནོ། །ཚངས་པའི་གནས་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་བདག་པོའི་སྟེང་གི་ཆའོ། །རང་སྔགས་ཡི་གེ་ཞེས་བྱ་བ་ལ་སོགས་པ་ལ། གཞན་ནམ་མཁའ་བཟང་པོའི་མདོག་ཅེས་བྱ་བ་ནི་ཟར་མའི་མེ་ཏོག་ གི་མདོག་འདྲ་བའོ། །སའི་འོག་ཏུ་ཞེས་བྱ་བ་ནི་རྟེན་གྱི་དཀྱིལ་འཁོར་གྱི་འོག་ཏུའོ། །དེ་ཞེས་བྱ་བ་ནི་གནོད་མཛེས་རྒྱལ་པོའོ། །བསྐྱེད་ནས་ནི་ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར་ཞེས་བྱ་བ་ནི་སྤྲུལ་པའི་དཀྱིལ་འཁོར་རོ། །འཁོར་ལོའི་ཞེས་བྱ་བ་ལ་སོགས་པ་ལ། དབུས་སུ་གནས་པའི་དཀྱིལ་ འཁོར་གྱི་བདག་པོའོ། །པདྨོའི་རྣལ་འབྱོར་ཞེས་བྱ་བ་ལ། རྣལ་འབྱོར་ནི་ཏིང་ངེ་འཛིན་ནོ། །ཡང་འདིའི་ཕྲ་བ་ནི་རྒྱས་པ་ལ་ལྟོས་ནས་འབྱུང་བར་འགྱུར་ཏེ། དེ་ནི་བརྟན་པ་ཉིད་ཡིན་ནོ། །རང་གི་སེམས་བརྟན་པར་བྱ་བའི་ཕྱིར་བསྟན་པའི་ཏིང་ངེ་འཛིན་གྱིས་རྗེས་ཐོགས་སུ་དེ་བསྟན་པར་རྩོམ་པ་ནི་སྣའི་རྩེ་མོར་ ཞེས་བྱ་བ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཆུ་སྐྱེས་ཀྱི་སྣའི་རྩེར་རོ། །ཡུངས་ཀར་ཞེས་བྱ་བ་ནི་ཡུངས་ཀར་གྱི་འབྲས་བུའི་ཚད་ཙམ་གྱིས་རང་གི་ལྷའི་ཕྱག་མཚན་ནོ། །བསམ་ཞེས་བྱ་བ་ནི་བསྒོམ་པའོ། །འགྲོ་དང་མི་འགྲོ་ཡུངས་ཀར་ལ། །ཞེས་བྱ་བ་ནི་འགྲོ་བ་དང་མི་འགྲོ་བ་འཇུག་པར་གྱུར་པས་འགྲོ་ བ་དང་མི་འགྲོ་བ་ནི་དཀྱིལ་འཁོར་གྱི་འཁོར་ལོ་ཞེས་བྱ་བའི་བར་དུ་སྟེ། དཀྱིལ་འཁོར་བ་ནི་རྒྱུ་བའོ། །མི་རྒྱུ་བ་ནི་རྟེན་གྱི་དཀྱིལ་འཁོར་རོ། །བསྒོམ་མོ་ཞེས་བྱ་བ་ནི་བརྟེན་པར་བྱ་བའོ། །ཡེ་ཤེས་ཞེས་བྱ་བ་ནི་བླ་ན་མེད་པའི་ཡེ་ཤེས་སོ། །དེའི་གནས་ནི་རབ་ཏུ་གནས་པ་སྟེ། ཡེ་ཤེས་འཆར་བའི་སའོ། །དེ་ཉིད་ ཀྱི་ཕྱིར་ཉམས་དགའ་སྟེ། ཡང་དག་པར་དགའ་བར་བྱ་བ་སྟེ་བསྒོམ་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །གསང་བ་ནི་ཤིན་ཏུ་སྦས་པ་སྟེ། བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་ལའོ། །བརྟགས་ཞེས་བྱ་བ་ནི་བླ་ན་མེད་པའི་འབྲས་བུ་འབྱུང་བར་བྱེད་པའི་ཡེ་ཤེས་ཏེ་ཐིག་ལེ་གཟུགས་སུ་བརྟགས་པའོ། ། རིན་ཆེན་ཁ་དོག་སྣ་ལྔ་པ། །ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཡིན་པའི་ཕྱིར་རོ། །རིན་ཆེན་ནི་མུ་སྟེགས་ལ་སོགས་པ་བསོད་ནམས་དང་མི་ལྡན་པ་རྣམས་ཀྱིས་རྙེད་དཀའ་བའི་ཕྱིར་རོ། །ཡུངས་ཀར་གྱི་འབྲུ་ཚོད་ཙམ་ཞེས་བྱ་བ་ནི་དེ་ཙམ་གྱིས་ཚད་དང་ལྡན་པའོ། །སྣ་ཡི་ 37-1-165b རྩེ་མོར་ནན་ཏན་དུ། །ཞེས་བྱ་བས་ནི་རྣལ་འབྱོར་གཉིས་པ་སྟོན་པར་བྱེད་པའོ། །སྣའི་རྩེ་མོ་སྟེ་སྨིན་མཚམས་སུ་དེར་འབད་པས་ཞེས་བྱ་བ་ནི་མན་ངག་སྟེ་ངེས་ཞེས་བྱ་བའི་དོན་ཏོ། །བསྒོམ་ཞེས་བྱ་བ་ནི་བརྟན་པར་བྱ་བའོ། །རྣལ་འབྱོར་ཞེས་བྱ་བ་ནི་ཡང་དག་པར་སྦྱོར་བ་འབྱུང་བ་དང་འཇུག་པ་ཤེས་ སོ། །དེ་ལྟ་བས་ན་རྟག་ཏུ་སྟེ་དུས་ཐམས་ཅད་དུའོ། །བརྟན་པར་གྱུར་ནས་ཞེས་བྱ་བ་ལ་སོགས་པ་ལ། སྤྲོ་བ་ནི་དེ་བཞིན་གཤེགས་པ་ལྔའི་འོད་ཟེར་གྱི་ཚོགས་སོ། །རིན་ཆེན་ཞེས་བྱ་བ་ནི་བདུན་པའི་དོན་གྱི་གཉིས་པའོ། །རིན་ཆེན་བརྟན་པར་གྱུར་ནས་སྤྲོ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །བརྟེན་ པར་མ་གྱུར་ཞེས་བྱ་བ་ནི་དེ་ལ་སེམས་མི་བརྟན་པའོ། །དེ་མི་སྤྲོ་ཞེས་བྱ་བ་ནི་འབྲས་བུ་མེད་པའི་དགག་པར་བྱ་བའོ། །རབ་མཆོག་སྤྲིན་ནི་སྤྲོ་བར་བྱ། །ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ནི་དེ་བཞིན་གཤེགས་པ་རིགས་ལྔའི་བདག་ཕོའོ། །དེ་རྣམས་འབར་བ་ནི་འོད་ཟེར་ཏེ་དེ་དང་འོད་མཉམ་ པའོ། །སུས་ཤེན་འཁོར་གྱི་སྟེ་དེ་དག་གི་རིགས་ཀྱི་ལྷ་རྣམས་ཀྱིས་སོ། །སྦྲིན་ཞེས་བྱ་བ་ནི་ཚོགས་སོ། །ཕྲ་མོའི་རྣལ་འབྱོར་རྣམ་པ་གཉིས་བསྟན་ནས། བཟླས་པ་རྣམ་པ་གཉིས་སྨྲ་བར་འདོད་ནས་སློང་མོ་ཟ་ཞིང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སློང་བར་བྱེད་པས་ན་སློང་མོ་སྟེ། དེ་ཟ་བ་ནི་སློང་མོ་ཟ་བའོ་ དེས་སངས་རྒྱས་བསྒྲུབ་པའི་ཕྱིར་གསང་སྔགས་བཟླ་བར་མི་བྱའོ། །གལ་ཏེ་བཟར་མེད་ན་ཅི་ཞིག་བཟའ་བ་ཡིན་ཞེ་ན། མ་བསླངས་པ་ལ་ཆགས་མི་བྱ། །ཞེས་བྱ་བ་སྨྲས་ཏེ། ཆགས་པ་ནི་དགའ་བ་སྟེ་ངེས་པར་བྱ་ཞེས་དམ་བཅའ་བའོ། །ཡན་ལག་གཉིས་མེད་ཅེས་བྱ་བ་ནི། ལྷའི་གཟུགས་དང་གཉིས་སུ་ མེད་པའོ། །འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་། །ཞེས་བྱ་བ་ནི་འབད་པ་མེད་པར་རྙེད་པའོ། །རྡོ་རྗེ་བཟླས་ནས་སྤྲོ་བར་བྱ། །ཞེས་བྱ་བ་ལ་སོགས་པ་ལ་ཡི་གེ་གསུམ་བཟླས་ནས་དམ་ཚིག་སེམས་དཔའ་སྤྲོ་བར་བྱའོ། །རྡོ་རྗེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་བཀོད་པའོ། །རྫོགས་པར་གྱུར་ནས་ཞེས་བྱ་བ་ནི་ སྔགས་བཟླ་བ་རྫོགས་ནས་སོ། །བསྡུ་བར་བྱ་བ་ནི་དེ་ལྟར་ཡང་དང་ཡང་དུ་བསྡུ་བར་བྱ་བའོ། །ཡང་ན་ཐ་དད་ཡི་གེ་སློང་མོ་སྟེ། དེ་བརྗོད་པའི་ངང་ཚུལ་ཅན་ནི་སློང་མོ་ཟ་བའོ། །དེ་ལྟ་བུའི་ངོ་བོས་བཟླས་པར་མི་བྱ་བའོ། །མ་བླངས་པ་ལ་ཆགས་མི་བྱ། །ཞེས་བྱ་བ་ནི་ཐ་དད་པའི་ཡི་གེ་ལ་མོས་པར་མི་བྱའོ་ཞེས་བྱ་ 37-1-166a བའི་དོན་ཏེ་ལྷའི་རྣལ་འབྱོར་དང་འགལ་བའི་ཕྱིར་རོ། །བཟླས་ནས་ཞེས་བྱ་བ་ལ་སོགས་པ་ནི་རླུང་ཕྱིར་བྱུང་ནས་བྱ་བའི་དོན་ཏོ། །རྡོ་རྗེ་སྤྲོ་བར་བྱ་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་ངོ་། །རྫོགས་ནས་ཞེས་བྱ་བ་ནི་སྔགས་རྫོགས་ནས་སོ། །བསྡུ་བར་བྱ་ཞེས་བྱ་བ་ནི་སྔགས་ཀྱི་དང་པོ་བརྗོད་ནས་བསྡུ་བར་བྱ་ བའོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། དོན་དམ་པ་ཡི་བཟླས་པར་བཤད། །ཅེས་བྱ་བ་ནི། ཕྲ་མོའི་རྣལ་འབྱོར་བཟླས་པ་ཡང་། །ཞེས་བྱ་བ་ལ་སོགས་པ་སྟེ། ཅི་འདོད་པ་ཞེས་བྱ་བ་ནི་གཞན་དག་ཀྱང་བྱ་བའོ། །བདག་ཉིད་ཅེས་བྱ་བ་ནི་དཀྱིལ་འཁོར་གྱི་གཙོ་བོའོ། །སླར་ཡང་ཞེས་བྱ་བ་ནི་སྔ་མ་ བཞིན་དུ་སྣང་བ་མེད་པར་བྱ་བའོ། །དེ་ནས་དཀྱིལ་འཁོར་གནས་པའི་ལྷ་མོ་ཞེས་བྱ་བ་ནི་སངས་རྒྱས་སྤྱན་དང་མཱ་མ་ཀཱི་དང་གོས་དཀར་མོ་དང་སྒྲོལ་མའོ། །བདག་པོ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་གཙོ་བོའོ། །ཚིགས་སུ་བཅད་པ་འདི་ཞེས་བྱ་བ་ལ་སོགས་པ་ལ་འདི་ཞེས་བྱ་བ་ནི་འཆད་པར་ འགྱུར་བའོ། །སྐུལ་བར་བྱེད་ཅེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལས་སློང་བར་བྱེད་པའོ། །ཁྱོད་ནི་རྡོ་རྗེའི་ཐུགས་ཞེས་བྱ་བ་ལ་སོགས་པ་ལ། མདུན་ན་གནས་པ་ལྟ་བུར་རྣམ་པར་བསམས་ནས་སྨྲ་བ་སྟེ། ཐུགས་ལ་དབང་མཉེས་པ་ཐོབ་པར་གྱུར་པའི་ཕྱིར་དང་། ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་ སྲིད་བརྙེས་པར་གྱུར་པའི་ཕྱིར་རོ། །གནས་པའི་དབང་ཕྱུག་ཅེས་བྱ་བ་ནི་སྐུལ་བར་བྱེད་པའོ། །སེམས་ཅན་ཁམས་ཞེས་བྱ་བ་ནི་ཐམས་ཅད་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ། །དགའ་བ་ནི་རྩེད་མོའོ། །དེའི་ཡིད་དུ་འོང་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དོན་ཆེན་པོ་མཆོག་ཏུ་དགའ་བའོ། །དེ་ནི་འདོད་ པར་བྱ་བ་ཡིན་ཞིང་བསྒྲུབ་པར་བྱ་བ་ཡིན་པས་ན་དོན་བྱེད་འདོད་པ་སྟེ། དེ་ནི་འཁྱུད་པ་ལ་སོགས་པའི་རྩེད་མོས་བདག་ལ་བསྐྱབ་ཏུ་གསོལ་ཅིག་པའོ། །སེམས་ཅན་ཐམས་ཅད་སྐྱེ་བའི་རྒྱུར་གྱུར་པས་ན་ཡབ་ཅེས་བྱའོ། །མཆོག་ཏུ་ཐུགས་རྗེ་ཅན་ཉིད་ཀྱི་ཕྱིར་སེམས་ཅན་རྣམས་ཀྱི་གཉེན་མཆོག་ གོ། །བདག་ནི་ཞེས་བྱ་བ་ནི་བདག་ཉིད་དོ། །གསོན་པ་ནི་སྲོག་དང་ལྡན་པའོ། །མགོན་པོ་ནི་བདག་པོའོ། །གལ་ཏེ་བཞེད་ན་བདག་ལ་བསྟོད་པའི་རོལ་པ་མཛད་དུ་གསོལ་ཞེས་བྱ་བའོ། །གཞན་ཡང་མཱ་མ་ཀཱིས་བསྐུལ་བར་བསྟན་པའི་ཕྱིར། རྡོ་རྗེ་སྐུ་ཁྱོད་ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ་ཉམས་པ་མེད་ 37-1-166b པའི་སྐུ་ཡིན་པའི་ཕྱིར་རོ། །བཀའ་ཡི་འཁོར་ལོས་སེམས་ཅན་ཀུན་ལ་ཕན། །ཞེས་བྱ་བ་ནི་བཀའི་འཁོར་ལོ་གང་ལ་སེམས་ཅན་ཀུན་ལ་དོན་ཡོད་པ་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་ནི་ཕུང་པོ་ལྔའོ། །དེ་དག་གི་དོན་ནི་ཀུན་རྫོབ་ཀྱི་བདེན་པའོ། །བྱང་ཆུབ་ནི་དོན་དམ་པའི་བདེན་པའོ། །དེ་དག་སྦྱར་བ་ལས་བྱུང་བའི་ གཟུགས་ནི་མདོག་ཅེས་བྱའོ། །དེ་སེམས་ཅན་ལ་ཕན་པའི་བསམ་པ་ཉིད་ཀྱིས་རབ་ཏུ་སྟོན་པ་ནི་རབ་ཏུ་ཕན་པར་གཟིགས་སོ། །འདོད་ཆགས་ཞེས་བྱ་བ་ནི་འདོད་ཆགས་རྣམ་པར་སྦྱང་བར་བྱ་བའི་ཕྱིར་རོ། །དམ་ཚིག་ཆགས་པ་ནི་འདོད་ཆགས་ཀྱི་སྤྱོད་པའི་ངོ་བོ་ཉིད་དོ། །བདག་ལ་དགྱེས་པས་ཞེས་བྱ་བ་ བདག་ལ་རོལ་མོ་མཛོད་ཅིག་པའོ། །ཁྱོད་ནི་རྡོ་རྗེ་གསུང་སྟེ་ཞེས་བྱ་བ་ལ་སོགས་པ་ནི་གསུང་གི་དབང་ཕྱུག་ཉིད་ཐོབ་པའི་ཕྱིར་རོ། །ཕན་ཞིང་ཐུགས་བརྩེ་བ་ནི་སེམས་ཅན་གྱི་ཁམས་མ་ལུས་པ་ལའོ། །སེམས་ཅན་གྱི་དགོངས་པ་ཉིད་དོན་དེ་མཛད་པའོ། །རྟག་ཏུ་དུས་ཐམས་ཅད་དུ་འཇུག་པའོ། །བདག་ ལ་དགྱེས་པར་མཛོད་ཅིག་ཅེས་བྱ་བ་ནི་འདོད་པའི་སྤྱོད་པའོ། །ཀུན་ནི་སེམས་ཅན་གྱི་ཁམས་སོ། །བཟང་པོ་ནི་དགེ་བའོ། །དེ་བྱེད་པས་ནི་ཀུན་དུ་བཟང་པོའོ། །ཁྱོད་ནི་རྡོ་རྗེའི་སྐུ་སྟེ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ཞེས་བྱ་བ་ནི་མི་ཕྱེད་པའི་སྐུའོ། །ལས་ཀྱི་རིགས་ཀྱི་བདག་པོ་ཡིན་པའི་ཕྱིར་དམ་ཚིག་ མཆོག་ཅེས་བྱའོ། །སེམས་ཅན་ཐམས་ཅད་ལ་ཕན་པའི་རྒྱུར་གྱུར་པའི་ཕྱིར་ཕན་དོན་ཆེའོ། །ཤཱཀྱའི་རིགས་སུ་འབྱུང་བ་རྣམས་ཀྱི་མཆོག་ཏུ་གྱུར་པའི་ཕྱིར། ཡང་དག་རྫོགས་སངས་རྒྱས་ཀྱི་གདུང་མཆོག་ཅེས་བྱའོ། །བདག་དང་གཞན་གྱི་ཆ་ལ་དམིགས་པ་དང་བྲལ་བ་ཉིད་ཡིན་ན་ཡང་སེམས་ ཅན་རྣམས་ལ་མཉམ་པ་ཉིད་དུ་གཟིགས་པ་ཉིད་དོ། །ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་བདག །ཅེས་བྱ་བ་ནི་ཆགས་པ་དང་ཆགས་པ་དང་བྲལ་བ་དང་། ཆགས་པ་བར་མ་དང་འོད་གསལ་བ་སྐྱེད་པར་བྱེད་པའོ། །དེ་ལྟར་ཡང་དག་ཡོན་ཏན་ནི། །ཞེས་བྱ་བ་ལ་སོགས་པ་ལ། མགོན་པོ་ཞེས་ བྱ་བ་ནི་དཀྱིལ་འཁོར་གྱི་གཙོ་བོའོ། །ཡང་དག་ཡོན་ཏན་ནི་བརྗོད་པས་ཞེས་བྱ་བ་ནི་སྔར་བསྟན་པའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་དཀྱིལ་འཁོར་པའོ། །མི་བསྐྱོད་པ་ལ་སོགས་ཞེས་བྱ་བ་ལ་ཉོན་མོངས་པའི་བཀོད་པ་ཐམས་ཅད་ཀྱིས་མི་གཡོ་བས་ན་མི་བསྐྱོད་པའོ། །གང་གི་ཐུགས་རྡོ་རྗེ་ 37-1-167a ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །སྟོང་པ་བཞིའི་བདག་ཉིད་ཡིན་པའི་ཕྱིར་ཡེ་ཤེས་ཆེའོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དང་། ཏིང་ངེ་འཛིན་པར་མཛད་པས་ན་རྡོ་རྗེ་དབྱིངས་སོ། །བདེན་པ་གཉིས་རྣམ་པར་དབྱེ་བ་ཡོངས་སུ་ཤེས་པས་མཁས་ཆེན་པོའོ། །དོན་དམ་ པའི་དཀྱིལ་འཁོར་དང་། སྐུའི་དཀྱིལ་འཁོར་དང་། འབྱིན་པའི་དཀྱིལ་འཁོར་གྱི་རང་བཞིན་ཡིན་པའི་ཕྱིར་དཀྱིལ་འཁོར་གསུམ་མོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ཀྱི་མཆོག་ཏུ་གྱུར་པའི་ཕྱིར་རྡོ་རྗེ་མཆོག་གོ། །གསང་བའི་དབྱངས་ཞེས་བྱ་བ་ནི་དམ་ཚིག་གི་དེ་ཁོ་ན་ཉིད་བདག་ལ་རབ་ཏུ་སྟོན་ཅིག་ པའོ། །རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་ལ། འོད་གསལ་བའི་མེས་གསལ་བར་གྱུར་པས་ན་རྣམ་པར་སྣང་མཛད་དོ། །དེ་ཉིད་ཀྱི་ཕྱིར་རབ་ཏུ་དགའ་བའོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་དག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཞི་བ་ཞེས་བྱའོ། །མཆོག་ཏུ་དགའ་བའི་བདག་ ཉིད་ཡིན་པའི་ཕྱིར་དགའ་བ་མ་ཞེས་བྱའོ། །རང་བཞིན་གྱིས་འོད་གསལ་བ་ཡིན་ཞིང་དག་པའི་ཆོས་སྟོན་པ་སྟེ་རབ་ཏུ་སྟོན་པའོ། །རྡོ་རྗེ་ཞེས་བྱ་བ་ནི་བོད་པའོ། །རིན་ཆེན་ནི་རིན་པོ་ཆེའི་རིགས་སོ། །དེ་དག་གི་རྒྱལ་པོར་གྱུར་ཅིང་གསལ་བར་བྱེད་པ་ཡིན་པས་ན་རིན་ཆེན་རྒྱལ་པོའོ། །མཉམ་པ་ཉིད་ཀྱི་ ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་རབ་ཏུ་ཟབ་ཅེས་བྱའོ། །དེ་ཉིད་ཀྱི་ཕྱིར་རྡོ་རྗེ་ནམ་མཁའ་དྲི་མེད་ཅེས་བྱའོ། །གདོད་མ་ནས་དག་པའི་ཕྱིར་དངོས་ཉིད་དག་པའོ། །ཆོས་ཐམས་ཅད་དྲི་མ་མེད་པའི་ཕྱིར་གོས་པ་མེད་པའོ། །གསང་བའི་གསུང་ནི་སྟོན་པར་བྱེད་པའོ། །རྡོ་རྗེ་མི་འཆི་འདོད་ཆགས་ཆེ། ། ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་མི་འཆི་བ་ནི་པདྨ་འི་རིགས་ཅན་རྣམས་སོ། །དེ་རྣམས་ཀྱི་བདག་པོར་གྱུར་པ་ནི་རྒྱལ་པོ་ཆེའོ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་མི་རྟོག་ཅེས་བྱའོ། །འདོད་ཆགས་ནི་འཁོར་བ་ལ་ཆགས་པའི་མཚན་ཉིད་ཅན་ནོ། །དེའི་ཕ་རོལ་ཏུ་ཕྱིན་པའི་ བློ་གང་ལ་ཡོད་པ་དེ་ནི་བརྙེས་པའོ། །རྡོ་རྗེ་དག་པ་གདོན་མི་ཟ། །ཞེས་བྱ་བ་ལ་སོགས་པ་ལ། གདོན་མི་ཟ་ནི་དོན་ཡོད་གྲུབ་པའི་རིགས་ཅན་རྣམས་སོ། །དེ་རྣམས་ཡང་དག་པར་རྫོགས་པའི་སངས་རྒྱས་པ་ནི་རྡོ་རྗེའོ། །ཞི་བ་ལ་སོགས་པའི་ལས་བསམས་པ་རྣམས་རྫོགས་པར་བྱེད་པར་བྱས་པས་ 37-1-167b ན། བསམས་པ་ཐམས་ཅད་ཡོངས་སུ་རྫོགས་པ་ཞེས་བྱའོ། །འོད་གསལ་བ་ལས་ཡང་དག་པར་བྱུང་བའི་ཕྱིར། དག་པའི་ངོ་བོ་ཉིད་ལས་བྱུང་། །ཞེས་པ་སྟེ། ཀྱེའི་རྡོ་རྗེ་སེམས་དཔའ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་བྱ་བའོ། །དེ་ནས། འཁོར་ལོ་སངས་རྒྱས་ཀྱིས་བསྟོད་གསོལ། །ཞེས་བྱ་བ་ལ་སོགས་པ་ལ། དེ་ བཞིན་གཤེགས་པ་ལྔའི་ངོ་བོས་ཕྱག་བྱས་པས་རྗེས་ཐོགས་སུ་ལྷ་མོའི་འཁོར་ལོ་འཕྲོ་བས་རྗེས་སུ་ཆགས་པར་གྱུར་པས་གསང་བའི་དོན་བཤད་ཅེས་བྱ་བ་ནི་དཀྱིལ་འཁོར་པ་ལའོ། །ཇི་བཞིན་མཆོག་ཏུ་ཞེས་བྱ་བ་ནི་ཀུན་ཀྱང་འོད་གསལ་བའི་ངོ་བོ་ཡིན་པའི་ཕྱིར་རོ། །རང་གི་སྐུ་ཡི་འཁོར་ལོ་གཞུག་ ཅེས་བྱ་བ་ལ་སོགས་པ་ལ། སྐུའི་དཀྱིལ་འཁོར་ལ་སྔ་མ་བཞིན་དུ་ཞུགས་པའོ། །བདེན་པ་ཆེན་པོ་ཞེས་བྱ་བ་ནི་རྡོ་རྗེ་འཆང་ངོ་། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་བཞི་མེད་ཅེས་བྱ་བ་ནི་རྣལ་འབྱོར་དང་ཤིན་ཏུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་བྱེད་ཅེས་བྱ་བ་སྟེ་ལེགས་པར་བསླབས་པ་ ཉིད་དོ། །ཧཱུཾ་གི་སྙིང་པོར་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་སྙིང་གར་བསམ་པའོ། །དེ་བྱུང་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་དེ་ཡོངས་སུ་གྱུར་པ་ལས་བྱུང་བའི་རྡོ་རྗེ་སེམས་དཔའི་གཟུགས་སུའོ། །དེ་བློས་ཞེས་བྱ་བ་ནི་འགྲོ་བ་རྣམས་ལ་རྡོ་རྗེ་སེམས་དཔའི་བློ་བསྐྱེད་པའོ། །སྔགས་པས་ཏིང་ངེ་འཛིན་ཞེས་བྱ་བ་ལ་ སོགས་པ་ལ་དམིགས་པའི་ཚེ་ཞེས་བྱ་བ་རྒྱུན་མི་འཆད་པར་བྱེད་པའི་དུས་སུའོ། །ལུས་ནི་བསྐམས་པར་འགྱུར་ཞེས་བྱ་བ་ལུས་ཡོངས་སུ་བསྐམས་པར་གྱུར་ནས་སོ། །སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ནོ། །ཚིམ་བྱེད་པ་ཞེས་བྱ་བ་ནི་རྒྱས་པར་བྱེད་པའོ། །མཐོ་གང་ཙམ་ཞེས་བྱ་བ་ལ་སོགས་པ་ལ་དཀྱིལ་ འཁོར་བརྟག་པར་བྱ་ཞེས་བྱ་བ་སྟེ། ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་བརྟག་པར་བྱ་བ་སྟེ་སྒོམ་པའོ། །ཨོཾ་ནི་དེ་རུ་བརྟག་པར་བྱ། །ཞེས་བྱ་བ་ནི་ཡི་གེ་ཨོཾ་ཁ་དོག་དཀར་པོ་དེའི་དབུས་སུ་ཁ་ཐུར་དུ་བལྟས་པ་ལས་ཁ་བ་ལྟར་བསིལ་བའི་བདུད་རྩི་རྣམ་པ་ལྔའི་རྒྱུན་འབེབས་པའི་དེའི་རིམ་གྱིས་བདག་གི་ ལུས་ཚིམ་པར་གྱུར་པར་བསྒོམ་པར་བྱའོ། །རྡོ་རྗེ་སྦྱོར་བ་དེ་ཡིས་ནི། །ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེའི་སྦྱོར་བ་ནི་སངས་རྒྱས་ཀྱི་ཏིང་ངེ་འཛིན་ནོ། །གཟི་ཅན་ཞེས་བྱ་བ་ནི་སྟོབས་དང་ཁ་དོག་དང་ལྡན་པས་བཀྲེས་པ་དང་སྐོམ་པ་དང་བྲལ་བའོ། །སྐད་ཅིག་གིས་ནི་ཞེས་ཡུད་ཙམ་གོམས་པར་བྱས་པའོ། ། 37-1-168a ཡང་གང་གི་ཚེ་ཉིན་རེ་ཡི་དམ་དུ་གོམས་པར་བྱེད་ན་དེའི་ཚེ་ཚེ་རིང་བར་འགྱུར་གཉེར་མ་དང་སྐྲ་དཀར་མེད་པར་འགྱུར་རོ། །དེའི་ཕྱིར། ལུས་ངག་ཡིད་ནི་བདེ་བ་བདག །ཅེས་བྱ་བ་ལ་སོགས་པས་བསྟན་པ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ནི་སྔགས་པས་གོམས་པར་བྱ་ བའི་རྣམ་པ་གཞན་བསྟན་པའོ། །སྦྱང་དང་དེ་བཞིན་རྟོགས་པར་བྱ། །ཞེས་བྱ་བ་ནི་བཟའ་བར་བྱ་བའི་རྫས་དང་སྙིང་ག་དང་ལྐོག་མ་ལ་སོགས་པ་ལ་རིམ་པ་བཞིན་དུ་སྦྱར་རོ། །དེ་བཞིན་ཞེས་བྱ་བ་ནི་འཆད་པར་གྱུར་པའི་རིམ་གྱིས་སོ། །དེ་ཉིད་བསྟན་པའི་ཕྱིར་ཧཱུཾ་གིས་ལེགས་པར་ཞེས་བྱ་བ་ ལ་སོགས་པ་སྨྲས་ཏེ། ཡི་གེ་ཧཱུཾ་ལས་རྡོ་རྗེ་དཀར་པོ་རྣམ་པར་བསམས་ལ་དེའི་འོག་གི་ཕྱོགས་སུ་ཨ་ལས་པདྨའི་སྣོད་དོ། །དེར་རྫས་རྣམས་ནི་ཡི་གེ་ཨོཾ་གྱིས་བྱིན་གྱིས་བརླབས་པ་རྣམ་པར་བསམས་ལ། སྣོད་ཀྱི་འོག་གི་ཕྱོགས་སུ་རླུང་དང་མེའི་དཀྱིལ་འཁོར་རོ། །དང་པོར་ཧཱུཾ་གིས་ཞེས་བྱ་བ་ཧཱུཾ་ ལས་བྱུང་བའི་རྡོ་རྗེའི་རྡུལ་ཕྲ་རབ་ཀྱིས་རྫས་རྣམས་སྦྱངས་ལ། ཨ་ཡིག་ཅེས་བྱ་བ་ནི་ཨ་ཡོངས་སུ་གྱུར་པ་ལས་བྱུང་བའི་ཐོད་པའི་སྟེང་དུའོ། །རྟོགས་བྱས་ཞེས་བྱ་བ་རང་གི་སེམས་ཀྱིས་སེམས་རྟོགས་པར་བྱ་བའོ། །ཕྱི་ནས་ཨོཾ་གྱིས་མནན་ནས་འོག་གི་ཕྱོགས་ན་གནས་པའི་རླུང་གིས་མེ་སྦར་ བར་བྱའོ། །འདི་སྐད་བསྟན་པར་འགྱུར་ཏེ། རྫས་དེ་དག་ཐོད་པའི་ནང་དུ་ཞུ་བར་གྱུར་ནས་དཀར་པོར་སྣང་བར་བྱས་ནས་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་བདུད་རྩིའི་མཆོག་དྲངས་ནས། དེར་ཆུད་པར་བྱས་ནས་ཡི་གེ་གསུམ་གྱིས་ལན་བདུན་གྱི་བར་དུ་བྱིན་གྱིས་ བརླབ་པར་བྱའོ། །འདི་ནི་ཟས་སྦྱང་བའོ་ཞེས་བྱ་བ་ནི་དེ་ལྟ་བུའོ། །མགྲིན་པ་སྦྱང་བའི་ཕྱིར། དང་པོའི་མགྲིན་མཚམས་གཙོ་མཁའ་བསམ། །ཞེས་བྱ་བ་ལ་སོགས་པ་ལ། མགྲིན་པའི་གཙོ་བོ་ནི་སྣང་བ་མཐའ་ཡས་སོ། །མཁའ་ནི་ནམ་མཁའི་ཕྱོགས་སུ་རྣམ་པར་བསམ་པའོ། །དང་པོ་ ཞེས་བྱ་བ་ནི་དང་པོ་ཉིད་དུའོ། །ཧྲཱིཿལས་བྱུང་བའི་པདྨ་འདབ་མ་བརྒྱད་པ་མགྲིན་པའི་དཀྱིལ་དུ་བསམས་ལ་དེར་སྣང་བ་མཐའ་ཡས་གཞུག་པར་བྱའོ། །སྤྲིན་གྱི་སྒྲ་ནི་ཞེས་བྱ་བ་ལ་སོགས་པ་ལ་སྙིང་གར་སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་སྤྲིན་གྱི་སྒྲ་ཞེས་བྱ་བའི་ཡི་གེ་ཧཱུཾ་བསྒོམས་ལ། 37-1-168b དེར་ནི་བཟའ་བ་ཞེས་བྱ་བ་ནི་སྔར་སྦྱངས་པ་རྣམས་སོ། །རླུང་གིས་ཞེས་བྱ་བ་ནི་དབུགས་རྒྱུ་བ་བཀག་ལ་མེ་སྦར་བར་བྱེད་དོ། །ཆུ་ཞེས་བྱ་བ་ནི་ལྷོར་ཕྱིན་པ་དང་། དེ་འཚེད་པར་བྱེད་པ་ཡིན་པས་འཚེད་པར་བྱེད་ཅེས་བྱའོ། །དེ་ཞེས་བྱ་བ་ནི་བཟའ་བའོ། །དབང་ཆེན་ཞེས་བྱ་བ་ནི་ལྟེ་བའི་འོག་ཏུའོ། །གནས་ སུ་ཞེས་བྱ་བ་ནི་རྩའི་སྒོ་ནས་ཞུགས་ནས་ཕྱི་ནས་གནས་པར་འགྱུར་རོ། །གང་དུ་ཕྱི་ནི་རྒྱུ་བ་དག །ཅེས་བྱ་བ་ནི་གང་ཡང་ཕྱིར་འབྱུང་བར་གྱུར་པའོ། །བཟའ་བ་དང་ཞེས་བྱ་བ་ལ་སོགས་པ་ལ་ཆུ་སྟེ་ལྟེ་བར་ཕྱིན་པ་དང་ཡོངས་སུ་ཞུ་བར་འགྱུར་རོ། །བཟའ་བ་ཞེས་བྱ་བ་ལ་སོགས་པ་ལ། ཁའི་པདྨ་ཞེས་བྱ་ བ་ནི་སྦྱང་ས་པའི་མགྲིན་པའོ། །སྙིང་གའི་པདྨ་ཞེས་བྱ་བ་ནི། ལྟེ་བའི་པདྨར་ཕྱིན་འོག་ཏུ། །ཞེས་བྱ་བ་ནི་ཞུ་བ་དང་མ་ཞུ་བའི་གནས་སྐབས་སོ། །ཁ་སྦྱོར་བྱ་བའི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་མན་ངག་གོ། །གསང་བའི་པདྨ་ཞེས་བྱ་བ་ལ་སོགས་པ་ལ། ཐལ་བའི་མཐར་ཞེས་བྱ་བ་ནང་གི་ བདག་ཉིད་ཅན་གྱི་མེའོ། །རྣལ་འབྱོར་གྱི་ཆེ་བའི་བདག་ཉིད་བསྟན་པའི་ཕྱིར། རིམ་རྣམས་ཞེས་བྱ་བ་ལ་སོགས་པ་ལ་སྨྲས་པ་ཡིན་ནོ། །རྡོ་རྗེ་ཕྲེང་བ་ཞེས་བྱ་བ་ལ་གོགས་པ་ནི་བཤད་པའི་རྒྱུད་ཀྱི་མིང་ཡིན་ནོ། །དེ་ཉིད་ནི་སྲུབ་ཤིང་སྟེ། གསང་འདུས་སྦས་ཆུའི་རྒྱ་མཚོ་བསྲུབས་པ་ལས་སོ། །སྦས་ཞེས་བྱ་ བ་ནི་གསང་བའོ། །གང་ཞེས་བྱ་བ་ནི་དེ་ལྟར་གང་བསྟན་པ་དག་གོ། །སྒྲུབ་པའི་ཐབས་ཀྱི་ཡན་ལག་ཉིད་ནི་བདུད་རྩི་ཡིན་ནོ། །ཐོབ་པ་དེ་ཞེས་བྱ་བ་ནི་ཐོབ་པར་གྱུར་པ་སྟེ། དེས་ཞེས་བྱ་བ་ནི་སྒྲུབ་པའི་ཐབས་ཀྱི་བདུད་རྩི་དེས་འཇིག་རྟེན་ངོམས་པར་གྱུར་ཅིག་པའོ། །འཆི་མེད་ནི་ཉམས་པ་མེད་པ་སྟེ། ལོངས་ སྤྱོད་རྫོགས་པའི་སྐུ་ཐོབ་པར་གྱུར་པའོ། །སྒྲུབ་པའི་ཐབས་མདོར་བྱས་པའི་དཀའ་འགྲེལ་ལོ།། །།རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ནས། །རྫོགས་པའི་རིམ་པ་ཤེས་བྱའི་ཕྱིར། །དཔལ་ལྡན་ཀླུ་སྒྲུབ་ཕྱག་འཚལ་ནས། །བླ་མས་བསྟན་བྱ་དྲན་བྱའི་ཕྱིར། །རྡོ་རྗེ་བཟླས་པའི་རིམ་འགའ་ཞིག ། ཚིག་ལ་གནས་པ་འདིར་དགྲོལ་བྱ། །གང་འདིར་རིགས་པ་དེ་གཟུང་ཞིང་། །གཞན་དག་སྤང་བ་མཁས་པས་བྱ། །སེམས་ཅན་ཀུན་གྱི་བདག་ཉི་མགོན། །ཞེས་བྱ་བ་ལ་སོགས་པ་ནི་དངོས་པོ་ཀུན་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །མགོན་ཞེས་བྱ་བ་ནི་འགྲོ་བའི་སྐྱབས་གཅིག་པུར་གྱུར་པའི་ 37-1-169a ཕྱིར་རོ། །དཔལ་ལྡན་ཞེས་བྱ་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རང་བཞིན་གྱི་བདེ་བ་ཆེན་པོའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་ཐུགས་རྗེ་ཆེན་པོ་ཅན་གྱི་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་ལ་ཕྱག་འཚལ་ནས་ཅི་ཞིག་བྱ་ཞེ་ན། རྡོ་རྗེ་བཟླས་པའི་རིམ་བཤད་ བྱ། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རྡོ་རྗེ་ནི་དབྱེར་མེད་པའི་ཡེ་ཤེས་ཏེ་དོན་དམ་པའོ། །དོན་དམ་གྱི་མཆོག་ཀྱང་ཡིན་ལ་དགོངས་པ་ཡང་ཡིན་པས་ཞེས་བྱས་ནས་སོ། །དོན་དེ་བཟླས་པ་ནི་རྡོ་རྗེ་བཟླས་པ་སྟེ་ཡིད་ཀྱི་རྣམ་པའོ། །དེ་ཡང་བཟླས་པའི་ཡིད་ཀྱི་རྣམ་པ་ཞེས་བྱ་བའི་སྐད་ཀྱིས་ དབྱིངས་ཀྱི་སྦྱོར་བས་བཟླས་པ་ཞེས་བྱ་བའི་བརྗོད་པ་ནི་བཟླས་པ་མ་ཡིན་ཏེ། རྫོགས་པའི་རིམ་པའི་ཕྱོགས་འདིར་དེའི་སྐབས་མ་ཡིན་པའི་ཕྱིར་རོ། །རིམ་ཞེས་བྱ་ནི་གོ་རིམས་ཏེ། །དེ་བཤད་བྱ་ཞེས་བྱ་བ་ནི། །བསྐྱེད་པའི་རིམ་པ་ལེགས་གནས་ཤིང་། །ཞེས་བྱ་བ་ལ་སོགས་པ་ལ་མདོར་ བསྡུས་པའི་རིམ་པར་བསྟན་པའི་ལྷའི་རྣལ་འབྱོར་ལ་གནས་པ་རྣམས་སོ། །རྫོགས་པ་ཞེས་བྱ་བ་ནི་རྡོ་རྗེ་བཟླས་པ་ལ་སོགས་པའི་རིམ་པར་འདོད་པའོ། །འདི་ཞེས་བྱ་བ་ནི་འཆད་པར་འགྱུར་བ་རྣམས་སོ། །སྐས་ཀྱི་རིམ་པ་ཞེས་བྱ་བ་ནི་འཛེག་པ་དང་འབབ་པའི་གནས་དང་འདྲ་བའོ། །སྐས་ཀྱི་རིམ་པ་ ལྟ་བུ་དེ་ཉིད་ཀྱང་བསྟན་པར་བྱ་བའི་ཕྱིར། སེམས་ཅན་རྣམས་ཀྱི་སྲོག་གྱུར་པ། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རླུང་ཞེས་བྱ་བ་ཞེས་པ་ནི་རླུང་ཞེས་མིང་དུ་བཏགས་པའོ། །ལས་ཀུན་བྱེད་ཅེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་ཐམས་ཅད་བྱེད་པའོ། །རྣམ་ཤེས་བཞོན་པ་བྱ་བ་ནི་རྣམ་པར་ཤེས་ པའི་བཞོན་པར་གྱུར་པའོ། །ལྔའི་བདག་ཉིད་ཅེས་བྱ་བ་ནི་རྣམ་པ་ལྔ་སྟེ་ཡང་ཕྱི་བ་ནི་རྣམ་པ་བཅུའོ། །དེ་ཡང་འདི་ལྟ་སྟེ། སྲོག་དང་ཐུར་སེལ་དང་། གྱེན་རྒྱུ་དང་། མཉམ་པར་གནས་པ་དང་། ཁྱབ་པ་དང་། རྒྱུ་བ་དང་། རྣམ་པར་རྒྱུ་བ་དང་། མཉམ་པར་རྒྱུ་བ་དང་། རབ་ཏུ་རྒྱུ་བ་དང་། ངེས་པར་རྒྱུ་ བ་ཞེས་བྱ་བའོ། །དེ་ལྟ་བུའི་སྲོག་ལ་སོགས་པའི་རླུང་བཅུ་པོ་དེ་དག་སེམས་ཅན་རྣམས་ཀྱི་ལུས་ཁ་དོག་ཇི་ལྟར་ངེས་པར་གནས་ནས་ཅི་ཞིག་བྱེད། ཅི་ཐམས་ཅད་རྡོ་རྗེ་བཟླས་པའི་སྐབས་སུ་སྨྲ་བར་བྱ་བ་ཡིན་ནམ་ཞེས་ཕྱོགས་སྔ་མ་དོགས་པས་དེའི་ཕྱིར་འདི་དག་གི་ལས་གཞན་ནས་དྲངས་ 37-1-169b ནས་བྲི་བར་བྱའོ། །དེ་ལ་རླུང་ལྔ་ནི་ལུས་ཀྱི་ཆ་ལ་གནས་ནས་ལུས་ཀྱི་བྱ་བ་རྣམས་བྱེད་དོ། །རླུང་ལྔ་ནི་མིག་ལ་སོགས་པའི་སྐྱེ་མཆེད་ལ་གནས་ནས་དབང་པོ་རྣམས་ཀྱི་བྱ་བ་བྱེད་དོ། །སྲོག་ནི་སྙིང་ག་ན་གནས་ཏེ། མི་བསྐྱོད་པའི་ངོ་བོ་ཉིད་དོ། །ཐུར་དུ་སེལ་བ་ནི་མདོམས་ན་གནས་པ་སྟེ་རིན་ཆེན་ འབྱུང་ལྡན་གྱི་ངོ་བོ་ཉིད་དོ། །གྱེན་དུ་རྒྱུ་བ་ནི་མགྲིན་པ་ལ་གནས་པ་སྟེ། སྣང་བ་མཐའ་ཡས་ཀྱི་ངོ་བོ་ཉིད་དོ། །མཉམ་པར་གནས་པ་ནི་ལྟེ་བ་ན་གནས་པ་སྟེ། དོན་ཡོད་གྲུབ་པའི་ངོ་བོ་ཉིད་དོ། །ཁྱབ་པར་གནས་པ་ནི་ལུས་ཀུན་གྱི་ཚིགས་ལ་གནས་པ་སྟེ། རྣམ་པར་སྣང་མཛད་ཀྱི་ངོ་བོ་ཉིད་དོ། ། རྒྱུ་བ་ནི་གཟུགས་སོ། །རྣམ་པར་རྒྱུ་བ་ནི་སྒྲའོ། །མཉམ་པར་རྒྱུ་བ་ནི་དྲིའོ། །རབ་ཏུ་རྒྱུ་བ་ནི་རོའོ། །ངེས་པར་རྒྱུ་བ་ནི་རེག་གོ། །རླུང་བཅུ་པོ་དེ་དག་ཀྱང་དབུགས་དབྱུང་བ་དང་རྔུབ་པར་གྱུར་ནས། རླུང་ལ་སོགས་པའི་དཀྱིལ་འཁོར་བཞི་དང་། ལྷ་མོ་བཞིའི་ངོ་བོར་ཡང་འགྱུར་རོ། །དེ་བཞིན་དུ་འབྱུང་ བ་ལྔའི་ངོ་བོས་སངས་རྒྱས་ལྔའི་བདག་ཉིད་དུ་ཡང་འགྱུར་རོ། །ཡང་ཡི་གེ་གསུམ་གྱི་ངོ་བོར་གྱུར་ནས་འཇུག་པ་དང་གནས་པ་དང་ལྡང་བའི་རིམ་གྱིས་རྡོ་རྗེ་བཟླས་པའི་བྱེད་པར་ཡང་འགྱུར་རོ། །ཡང་དེ་དག་ཡི་གེ་ཨ་བཞིའི་ངོ་བོར་གྱུར་ནས་ངག་གི་བརྗོད་པ་མ་ལུས་པར་འབྱུང་བར་བྱེད་དོ། །ཡང་དེ་ དག་མི་ཤིགས་པ་ཐོབ་ནས་དངོས་པོ་མེད་པར་ཡང་འགྱུར་རོ། །རྒྱུ་དེའི་ཕྱིར། རླུང་གི་དེ་ཉིད་རིམ་གྱིས་ནི། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རླུང་གི་དེ་ཉིད་དང་པོར་བསྟན་པས་ན་རིམ་གྱིས་ནི་ཞེས་བྱ་བ་སྟེ། རླུང་གི་དེ་ཉིད་ལ་གོམས་པ་སྔོན་དུ་སོང་བ་ཉིད་ཀྱིས་སྔགས་ཀྱི་དེ་ཉིད་ཅེས་བྱ་བ་དག་ རྣམ་པར་དག་པའི་ཚིག་གོ། །ཡང་དག་འཇུག་ཅེས་བྱ་བ་རབ་ཏུ་འཇུག་པར་འགྱུར་རོ། །སྔགས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། སྔགས་ཀྱི་དོན་གྱི་མཐར་ཐུག་པ་ནི་སྔགས་ཀྱི་ངེས་པའོ། །དེ་རྟོགས་ནས་རྡོ་རྗེ་བཟླས་པ་ལ་ལེགས་པར་སློབ་པར་འགྱུར་རོ། །རྡོ་རྗེ་བཟླས་ནས་ཞེས་བྱ་བ་ལ་སོགས་ པ་ལ། ཏིང་ངེ་འཛིན་དེ་ལ་གནས་པར་གྱུར་ནས་སེམས་ལ་དམིགས་པ་ཞེས་བྱ་བ་མཐར་ཐུག་པ་ཕྱིན་པ་སྟེ། དེའི་རང་གི་ངོ་བོ་རིག་པར་འགྱུར་རོ། །དེ་ནི་བདག་བྱིན་གྱིས་བརླབ་པའི་ཏིང་ངེ་འཛིན་ནོ། །འཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་རྙེད་པར་འགྱུར་ཞེས་བྱ་བའི་དོན་ཏོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དེ་ལ་ 37-1-170a གནས་ནས། ཡང་དག་མཐའ་ཞེས་བྱ་བ་ཆོས་ཐམས་ཅད་འབྱུང་བར་འགྱུར་བས་ན་ཡང་དག་མཐའ་ཞེས་བྱའོ། །དེ་རྣམས་ཀྱི་མཐའ་ནི་རྩེ་མོ་སྟེ་མཐར་ཐུག་པའི་ཞེས་བྱ་བའི་བར་དུའོ། །འོད་གསལ་བའི་ངོ་བོར་གྱུར་པ་དེས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རྣམ་པར་སྦྱོང་བར་བྱེད་དོ། །དེ་ལས་ ལངས་ནས་གཉིས་མེད་ཡེ་ཤེས་བྱ་བ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་རོ། །ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ལ་གནས་ནས། སླར་ཞིང་གང་ལའང་མི་སློབ་པོ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་བསྒྲུབ་པར་བྱ་བ་གང་ཅི་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །འདི་ནི་ཞེས་བྱ་བ་ལ་ སོགས་པ་ལ་རྫོགས་པའི་རྣལ་འབྱོར་པ་ཞེས་བྱ་བ་ནི་དོན་དམ་པའོ། །རྡོ་རྗེ་བཟླས་པ་ལ་སོགས་པ་ནི་བརྟགས་པ་ཉིད་དོ། །དེ་ནས་ཞེས་བྱ་བ་ནི་འོད་གསལ་ལས་ལངས་ནས་སོ། །འདས་པ་དང་ནི་མ་འོངས་ལ། །ཞེས་བྱ་བ་ལ་སོགས་པ་ལ་སྲིད་གསུམ་ཞེས་བྱ་བ་ནི་འདོད་པ་དང་གཟུགས་དང་ གཟུགས་མེད་པའི་མཚན་ཉིད་ཅན་ནོ། །སྐད་ཅིག་དེ་ལ་ཞེས་བྱ་བ་ནི་སྐད་ཅིག་གཅིག་ཉིད་ལའོ། །ཇི་ལྟར་ཞེ་ན། འོད་གསལ་བས་རྣམ་པར་དག་པས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་དག་ཅེས་བྱ་བ་ནི་བསྟན་མ་ཐག་པ་རྣམས་སོ། །དེ་ཉིད་ཅེས་བྱ་བ་ནི་མན་ངག་གོ། །རྒྱས་བཏབ་ཅེས་ བྱ་བ་ནི་ཤིན་ཏུ་སྦས་པའོ། །འོ་ན་ཇི་ལྟར་ཤེས་ཤེ་ན། བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེལྟར་ན་ཡང་ཇི་ལྟར་ཤེས་པར་འགྱུར་ཞེ་ན། བླ་མའི་ཁ་ལས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་དགོངས་པས་བཤད་པའི་རྫོགས་པའི་ རིམ་པའི་ཕྱོགས་ཀྱི་བཤད་པའི་རྣམ་པ་གཞན་ཡོད་པས་དེ་ཅུང་ཞིག་འདིར་བརྗོད་པར་འདོད་ནས། སྣའི་རྩེ་མོར་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ་ཀུན་རྫོབ་ཀྱི་སྣའི་རྩེ་མོའོ། །ཡུངས་ཀར་ཞེས་བྱ་བ་ནི་རླུང་ལ་ཆོས་ཀྱི་བརྡར་བཏགས་པའོ། །བསམ་ཞེས་བྱ་བ་ནི་སེམས་ངེས་པར་གཏད་པར་བྱ་ བའོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཡུངས་ཀར་ཞེས་བྱ་བ་ནི་རླུང་ངོ་། །འགྲོ་དང་མི་འགྲོ་ཞེས་བྱ་བ་ནི་འགྲོ་བ་དང་མི་འགྲོ་བ་འཇུག་པར་བྱེད་པས་ན་འགྲོ་བ་དང་མི་འགྲོ་བ་སྟེ་ཡིད་ཉིད་ཡིན་ནོ། །གང་གི་ཕྱིར་རླུང་མེད་པར་ཡིད་ཀྱི་འགྲོ་བ་དང་འོང་བ་ལ་སོགས་པའི་བྱ་བ་ཐམས་ཅད་དུ་ཡོད་པ་མ་ཡིན་པའི་ 37-1-170b ཕྱིར་རོ། །དེའི་ཕྱིར་ཡུངས་ཀར་ཏེ། རླུང་དེའི་གནས་སྐབས་སུ་བསྒོམ་པར་བྱ་བའོ། །ཡེ་ཤེས་གནས་ནི་ཉམས་དགའ་བ་ནི་ཡེ་ཤེས་ཀྱི་གསལ་བ་སྟེ་རབ་ཏུ་གནས་པ་དང་བཞོན་པ་ཞེས་བྱ་བའི་བར་དུའོ། །གསང་བ་ནི་བསྐྱེད་པའི་རིམ་པ་ལ་གནས་པའི་རྣལ་འབྱོར་པ་ལ་སྦ་བར་བྱ་བའོ། །ཡེ་ཤེས་ཞེས་ བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་སྒྲས་བཏགས་པའོ། །ཁ་དོག་སྣ་ལྔ་པ་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །རིན་ཆེན་ཞེས་བྱ་བ་ནི་ལེགས་པར་སྤྱད་པ་དང་ལྡན་པ་རྣམས་ཀྱི་སྤྱོད་ཡུལ་ཉིད་ཡིན་པའི་ཕྱིར་རོ། །ཡུངས་ཀར་གྱི་ནི་འབྲུ་ཚོད་ཙམ། །ཞེས་བྱ་བ་ནི་ ཡུངས་ཀར་གྱི་འབྲུ་ཙམ་ཕྲ་བའོ། །གང་ལ་ཡུངས་ཀར་གྱི་འབྲུ་ཚོད་ཙམ་ཡོད་པ་དེ་ལ་ཡུངས་ཀར་གྱི་འབྲུ་ཚོད་ཙམ་ཞེས་བྱ་སྟེ། ཁམས་ཕྲ་བའི་གཟུགས་ཅན་རླུང་ཞེས་བྱ་བའི་དོན་ཏོ། །སྣའི་རྩེ་མོས་ཞེས་བྱ་བ་ལ་སོགས་པ་ལ་རྣལ་འབྱོར་ཞེས་བྱ་བ་ནི་ལྷའི་རྣལ་འབྱོར་ཏེ་བཤད་པ་གཅིག་ཡིན་ནོ། ། སྣའི་རྩེ་མོར་ཡུངས་ཀར་ཞེས་བྱ་བ་ནི་ཨཱ་ལི་དང་ཀཱ་ལིའི་དབུས་སུའོ། །ཡུངས་ཀར་ཞེས་བྱ་བ་ནི་ཕྲ་བའི་གཟུགས་ཅན་ཉིད་ཀྱི་ཡིད་དོ། །བསམ་ཞེས་བྱ་བ་ནི་དྲན་པར་བྱ། གཏད་པར་བྱ། བརྟན་པར་བྱ་ཞེས་བྱ་བར་དགོངས་པའོ། །གང་གི་ཕྱིར་ཡུངས་ཀར་ཞེས་བྱ་བ་ཡིད་ཀྱི་འགྲོ་བ་དང་མི་འགྲོ་བ་ སྟེ་རྟེན་དང་བརྟེན་པར་གྱུར་པའི་དཀྱིལ་འཁོར་གྱི་འཁོར་ལོའི་གཟུགས་སུ་སྒོམ་པར་བྱེད་པའི་ཕྱིར་རོ། །དེ་ལྟ་བས་ན་འབའ་ཞིག་བསྒོམས་པས་སོ། །རྡོ་རྗེ་འཆང་གི་དཀྱིལ་འཁོར་དང་། དཀྱིལ་འཁོར་པ་དང་བཅས་པ་བསྒོམ་པར་བྱས་པར་འགྱུར་རོ། །ཅིའི་ཕྱིར་དེ་ལྟར་འགྱུར་ཞེ་ན། ཡེ་ཤེས་ ཀྱི་གནས་དང་། རབ་ཏུ་གནས་པ་དང་། གཉུག་མའི་གནས་ཞེས་བྱ་བའི་བར་དུ་ཡིན་ནོ། །ཉམས་དགའ་བ་ནི་མཆོག་ཏུ་གྱུར་པའོ། །གསང་བ་ནི་སྦ་བར་བྱ་བ་སྟེ། བླ་མའི་ཞལ་ནས་ཐོབ་པར་བྱ་བ་སྟེ་སྔར་བསྟན་པ་བཞིན་དུ་རྟོགས་པར་བྱའོ། །ཡེ་ཤེས་ཀྱི་བརྟགས་ཞེས་བྱ་བ་ནི་ཡེ་ཤེས་ གསུམ་གྱི་ངོ་བོ་རླུང་ཞེས་བྱ་བར་བརྟགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རིགས་ལྔའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཁ་དོག་རྣམ་ལྔ་པ་ཞེས་བྱའོ། །རིན་ཆེན་ལྟ་བུའི་གང་ཟག་ལས་གཞན་གྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རིན་ཆེན་ཞེས་བྱའོ། །ཡུངས་ཀར་གྱི་འབྲུ་ཚོད་ཙམ་ཞེས་བྱ་བ་ནི་ཤིན་ཏུ་ 37-1-171a ཕྲ་བའོ། །སྣའི་རྩེ་མོར་ཞེས་བྱ་བ་ནི་སྡིག་པ་སྤངས་པར་རོ། །ནན་ཏན་དུ་ཞེས་བྱ་བ་ནི་མཉམ་པར་གཞག་པའི་ཡིད་ཀྱིས་སོ། །རྣལ་འབྱོར་ཞེས་བྱ་བ་ནི་རོམ་དང་རྐྱང་མ་དག་ཡང་དག་པར་འབྱོར་པའོ། །རྟག་ཏུ་ཞེས་བྱ་བ་ནི་ཉིན་དང་མཚན་དུའོ། །དེའི་ཕྱིར་སློབ་དཔོན་གྱིས་ཀྱང་ འདི་ནི་དགོངས་པས་བཤད་པའོ་ཞེས་བསྟན་པ་ཡིན་ཏེ། བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་ཤེས་པར་བྱ་བ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །རྡོ་རྗེའི་ཚིག་འདི་ཞེས་བྱ་བ་ལ། རྡོ་རྗེ་མི་ཕྱེད་པའི་ཡེ་ཤེས་སོ། །དེ་གསལ་བར་བྱེད་པའི་བཤད་པ་སྔ་མ་བཞིན་པའི་དོན་སྟོན་པའི་ ཕྱིར་བཤད་པ་ཞེས་བྱ་བ་སྨོས་ཏེ། མ་ལུས་པར་སྟོན་ཅིང་རབ་ཏུ་གསལ་བར་བྱེད་པ་གང་ཡིན་པ་དེ་བཅོམ་ལྡན་འདས་ཀྱིས་དཔལ་གསང་བ་འདུས་པ་ཞེས་བྱ་བའི་ཚིག་བཤད་པའི་རྒྱུད་ལས་གསུངས་ཏེ། དེ་ནི་ཞེས་བྱ་བ་ནི་སྣའི་རྩེ་མོར་ཞེས་བྱ་བ་ལ་སོགས་པས་གང་བསྒྲུབས་པའོ། །སྙིང་པོ་ཞེས་ བྱ་བ་ནི་བསྐྱེད་པའི་རིམ་པར་བསྟན་པའི་ཕྲ་མོའི་རྣལ་འབྱོར་རོ། །དེ་བས་ན་སྙིང་པོར་གྱུར་ཅིང་སྙིང་པོར་འཇུག་པའོ། །མཆོག་ཏུ་ཞེས་བྱ་བ་ནི་ཕུལ་དུ་བྱུང་བ་སྟེ། རྣལ་འབྱོར་བྱིས་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །གསང་བ་ཞེས་བྱ་བ་ནི་བསྟན་པར་བྱ་བ་མ་ཡིན་པའོ། །སངས་ རྒྱས་ཀུན་ཞེས་བྱ་བ་འདིས་ནི་རྣལ་འབྱོར་འདི་ལ་ཤིན་ཏུ་གུས་པར་བྱ་བ་བསྟན་ཏེ། སངས་རྒྱས་རྣམས་ལ་ཡང་གསང་བར་བྱ་བ་ཡིན་ན། དེ་ལས་གཞན་དག་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བསྟན་པ་ཡིན་ནོ། །གང་དེ་ཞེས་བྱ་བ་ནི་སྔར་བསྟན་པའོ། །ཅི་ཞིག་ཅེ་ན་ཐམས་ཅད་བདག་ཉིད་ཅེས་བྱ་ བ་སྟེ། འགྲོ་བའི་ལུས་ལ་མངོན་པར་ཁྱབ་པའོ། །ཡེ་ཤེས་ལྔའི་དངོས་ཞེས་བྱ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ལྔའི་རང་བཞིན་ནོ། །དེ་ཉིད་ཅེས་བྱ་བ་ནི་རྫོགས་པའི་རིམ་པའི་འདོད་པ་རྣམས་ལ་དེ་ཉིད་ཐོབ་པའི་རྒྱུ་མཚན་ཉིད་དུ་འགྱུར་བ་ཡིན་པའི་ཕྱིར་དེ་ཉིད་དོ། །ཡུངས་ཀར་གྱི་ནི་ཞེས་ བྱ་བ་ལ་སོགས་པ་ནི་དོན་སྔར་བསྟན་པ་ཉིད་དྲན་པར་བྱའོ། །དེའི་དབུས་ན་ཞེས་བྱ་བ་ལ་སོགས་པ་ལ། ལྷ་རྫས་ཡིན་པས་ན་རྣམ་པར་ཤེས་པའི་ཁམས་ལ་ལྷ་ཞེས་བྱ་སྟེ། ལྷ་ལ་སོགས་པའི་འགྲོ་བ་རྣམ་པར་རོལ་པར་བྱེད་པའི་ཕྱིར་རོ། །མི་གསལ་ཞེས་བྱ་བ་ནི་ཤེས་པར་མི་ནུས་པའི་ཕྱིར་རོ། ། 37-1-171b གཟུགས་དང་ལྡན་ཞེས་བྱ་བ་ནི་དེ་ཉིད་རྣམ་པ་སྣ་ཚོགས་ཀྱིས་རྣམ་པར་སྣང་བའི་ཕྱིར་རོ། །དོན་འདི་ཉིད་ཅེས་བྱ་བ་ནི་བསྟན་མ་ཐག་པའི་དོན་ཏོ། །ཡེ་ཤེས་ལྔ་ཡིས་ཞེས་བྱ་བ་ལ་སོགས་པ་ལ་འབྱུང་བ་ཞེས་བྱ་བ་དང་། པདྨ་འི་སྣའི་རྩེ་མོར་ཞེས་བྱ་བ་ནི་གདོང་གི་པདྨ་འི་སྣའི་རྩེ་མོར་རོ། །གོང་བུའི་ གཟུགས་ཀྱིས་ཞེས་བྱ་བ་ནི་སྲོག་ལ་སོགས་པའི་རླུང་བཅུ་བསྡུས་པའི་གཟུགས་ཀྱིས་སོ། །དེ་ཉིད་ཀྱི་ཕྱིར། རིན་ཆེན་ཁ་དོག་རྣམ་ལྔ་པ། །ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །རང་སྔགས་ཞེས་བྱ་བ་ལ་སོགས་པ་ལ། སྙིང་གར་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའི་ཐུགས་ཀར་རོ། །སེམས་ནི་ཞེས་ བྱ་བ་ནི་ཡིད་དོ། །ཐིག་ལེར་གནས་པར་ཞེས་བྱ་བ་ནི་ཐིག་ལེ་དེའོ། །གང་ཡིན་ཞེ་ན། སྲོག་ནི་ཐིག་ལེར་གཏོགས་པར་དགོད། །རང་དབང་རིན་ཆེན་འགོག་པ་ལས། །གཟུང་བ་འཛིན་པ་ཡིན་པར་དྲན། །སེམས་ནི་འགོག་པའི་རྡོ་རྗེར་འགྱུར། །མཚན་མར་སྣང་བ་འབྱུང་བར་འགྱུར། །མཚན་མ་དེ་ ཡང་རྣམ་པ་ལྔར། །བྱང་ཆུབ་རྡོ་རྗེས་གསུངས་པ་ཡིན། །དང་པོ་སྨིག་རྒྱུ་ལྟ་བུ་སྟེ། །གཉིས་པ་དུ་བ་ལྟ་བུ་ཡིན། །གསུམ་པ་མེ་ཁྱེར་རྣམ་པ་འདྲ། །མར་མེ་ལྟར་འབར་བཞི་པའོ། །ནམ་མཁའ་སྤྲིན་མེད་ལྟ་བུར་ནི། །རྟག་ཏུ་སྣང་བ་ལྔ་པའོ། །བརྟན་འགྱུར་རྡོ་རྗེའི་ལམ་ནས་ནི། །ནམ་ མཁའི་ཁམས་སུ་སྤྲོ་བར་བྱ། །རྗེས་སུ་དྲན་པ་གང་བསྒོམ་པ། །དེ་ཡིས་རྣམ་པར་སྤྲོ་བྱེད་པ། །རྗེས་དྲན་ཞེས་བྱར་དྲན་པར་བྱ། །སོ་སོར་སྣང་བར་དེ་ལས་བསྐྱེད། །ཤེས་རབ་ཐབས་དང་སྙོམས་འཇུག་པས། །དངོས་པོ་ཐམས་ཅད་མདོར་བསྡུས་ནས། །རིལ་པོར་བསྡུས་པའི་རྣལ་ འབྱོར་གྱིས། །གཟུགས་བརྙན་དབུས་སུ་བསྒོམ་པར་བྱ། །ཡུད་ཀྱིས་ཡེ་ཤེས་བསྐྱེད་པ་ནི། །ཏིང་ངེ་འཛིན་གྱི་མིང་ཅན་ཏེ། །ཞེས་གསུངས་པ་དང་། དེ་ཉིད་སླར་བཤད་པ་ཞེས་བྱ་བ་དང་། སྣ་རྩེར་ཞེས་བྱ་བ་ལ་སོགས་པ་ལ། སྲོག་དང་རྩོལ་བའི་བརྟག་པ་སྟེ། །ཞེས་བྱ་བ་ནི་མིང་གི་རྣམ་ པའོ། །སྟེང་དུ་སྲོག་ལས་ཞེས་བྱ་བ་སྣའི་ཉིད་དུའོ། །དལ་བར་ཞེས་བྱ་བ་ནི་རྒྱུ་བ་ཞན་པའོ། །རྣམ་བཞིར་ཞེས་བྱ་བ་ནི་རྣམ་བཞི་ཉིད་དོ། །དུས་ཞེས་བྱ་བ་ནི་ཐུན་ཕྱེད་ཀྱི་དུས་ཏེ། ཐུན་ཕྱེད་རེ་རེར་འབྱུང་བར་འགྱུར། །ཞེས་བྱ་བའི་བར་དུའོ། །ལྷག་མ་ཞེས་བྱ་བ་ལ་སོགས་པ་ལ། འགྲོ་འོང་ཞེས་ 37-1-172a བྱ་བ་ནི་ཕྱིར་འབྱུང་བ་དང་ནང་དུ་འཇུག་པའོ། །བསྟན་ཞེས་བྱ་བ་ནི་སློབ་མ་རྣམས་ལ་བསྟན་པར་བྱ་ཞེས་བྱ་བའི་དོན་ཏོ། །གནས་པ་ཞེས་བྱ་བ་ནི་རབ་ཏུ་འཇུག་པའོ། །གོ་རིམས་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་རིམ་གྱིས་སོ། །ཇི་བཞིན་ཞེས་བྱ་བ་ནི་གང་གི་བདག་ཉིད་ ཡིན་པའི་གནས་དེ་ནས་སོ། །གཡས་པ་ནས་ཞེས་བྱ་བ་ནི་སྣའི་བུ་ག་གཡས་པ་ནས་སོ། །མེའི་དཀྱིལ་འཁོར་ཞེས་བྱ་བ་ནི་བྱིན་ཟའི་དཀྱིལ་འཁོར་རོ། །པདྨ་མགོན་པོ་ཞེས་བྱ་བ་ནི་སྣང་བ་མཐའ་ཡས་སོ། །གཡོན་པ་ནས་ཞེས་བྱ་བ་ནི་སྣའི་བུ་ག་གཡོན་པ་ནས་སོ། །རླུང་གི་དཀྱིལ་འཁོར་ཞེས་ བྱ་བ་དེ། ལྗང་སེར་བྱ་བ་ཞེས་བྱ་བ་ནི་ཤིན་ཏུ་ཡང་སྔོ་སངས་སོ། །ལས་ཀྱི་མགོན་པོ་ཞེས་བྱ་བ་ནི་དོན་ཡོད་གྲུབ་པའོ། །གཉིས་ཀ་ལས་ནི་ཞེས་བྱ་བ་ལ་ནི་གཡོན་དང་གཡས་པ་དག་གོ། །མདངས་ཆེན་ཞེས་བྱ་བ་ནི་གཟི་བརྗིད་དང་ལྡན་པའོ། །རིན་ཆེན་མགོན་པོ་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་ ནོ། །དལ་ཞིང་ཞེས་བྱ་བ་ནི་ནང་དུ་གཏོགས་པའོ། །རྒྱུ་བ་ཞན་པ་ཞེས་བྱ་བ་ནི་འབྱུང་བ་དང་འཇུག་པ་མཚོན་པར་མི་ནུས་པའོ། །ལུས་ཀུན་ལ་ནི་གནས་པ་ཡིས། །ཞེས་བྱ་བ་ནི་ལུས་ཐམས་ཅད་ཀྱི་ཚོགས་ལ་གནས་པའོ། །བྱ་བ་ཀུན་ལ་ཞེས་བྱ་བ་ནི་ལུས་ཀྱི་ལས་ཐམས་ཅད་ལ་འཇུག་པའོ། །འཆི་ བའི་དུས་ལས་ཞེས་བྱ་བ་ནི་འཆི་བའི་ལུས་ལས་ཕྱིར་འབྱུང་བར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རླུང་གི་དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ། གསལ་བ་ཞེས་བྱ་བ་ནི་བཤད་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་གསལ་པོར་བྱས་པའོ། །རྟོག་གེ་པ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པའི་ ཐེག་པའི་རྣལ་འབྱོར་པའོ། །ཡུལ་མིན་ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་བྱིས་པ་ཞེས་བྱ་བ་ནི་བསྐྱེད་པའི་རིམ་པ་ལ་གནས་པའི་རྣལ་འབྱོར་པའོ། །དེ་ལྟར་ཞེས་བྱ་བ་ནི་ཇི་ལྟར་བསྟན་པའི་རིམ་པས་སོ། །ད་ནི་ཞེས་བྱ་བ་ནི་ད་ལྟར་རོ། །སྔགས་ཀྱི་དེ་ཉིད་ཅེས་བྱ་བ་ནི་བརྗོད་པ་དང་དམིགས་པའི་སྔགས་ཀྱི་ མཚན་ཉིད་ཅན་ནོ། །འཇུག་པར་ཞེས་བྱ་བ་ནི་དྲངས་ནས་བསྟན་པར་བྱ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་གསང་བ་སྟེ་སྦ་བར་བྱའོ། །སྔགས་ཐམས་ཅད་ཀྱི་སྙིང་པོ་ཀུན་དུ་བསྐུལ་བ་ཞེས་བྱ་བ་ནི་ཐུགས་འགུགས་པའོ། ། 37-1-172b གསུངས་སོ་ཞེས་བྱ་བ་ནི་གསུངས་པ་དང་ལྡན་པའོ། །གང་ནས་འབྱུང་བར་འགྱུར་ཞེ་ན། ཉིད་ཀྱི་སྐུ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིག་གི་ལམ་ངེས་པར་བརྗོད་པས་ཞེས་བྱ་བ་ནི་ངག་ཏུ་བརྗོད་པ་དང་ལྡན་པས་སོ། །དོན་རྟོགས་པའི་བཟླས་པ་ཞེས་བྱ་བ་ནི་འཇུག་པ་གནས་པ་དང་ལྡན་པའི་དོན་རྟོགས་ པའོ། །ངོ་བོ་ཉིད་མེད་ཅེས་བྱ་བ་ནི་རྣམ་པ་གཉིས་པར་བསྟན་པའོ། །དེའི་ཕྱིར་བཟང་པོ་སྟེ་མཛེས་པ་ཞེས་བྱ་བར་བསམ་པའོ། །བརྟགས་པ་ཞེས་བྱ་བ་ལ། རྣམ་པ་སྣ་ཚོགས་པར་སྤྱོད་ཅིང་སྤྲོ་བར་བྱེད་པ་ནི་རྡོ་རྗེ་བཟླས་པའོ། །དེ་ཞེས་བྱ་བ་ནི་རྣམ་པ་གཉིས་སོ། །བཟླས་ཞེས་བྱ་བ་ནི་རིམ་པ་འདི་བཞིན་ནོ། །དབྱེར་ མེད་ཅེས་བྱ་བ་ནི་ལྷའི་གཟུགས་དང་གཉིས་སུ་མེད་པར་རོ། །འདོད་པར་བྱ་བ་ཡིན་ཞིང་མོས་པར་བྱ་བ་ཡིན་པས་ན། འདོད་པ་སྟེ་གཟུགས་ལ་སོགས་པའོ། །སྐྱེས་གྱུར་པས་ཞེས་བྱ་བ་ནི་གཟུགས་སུ་བྱུང་བ་ལོངས་སྤྱོད་ནི་དེ་རྣམས་བསྟན་པའོ། །བསྟན་པའི་དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ་སླར་ བཤད་པ་ཞེས་བྱ་བ་ནི་གཏམ་དྲིས་པའི་རྗེས་ཐོགས་སུའོ། །དོན་དམ་པ་མཁྱེན་པས་ན་ཐུབ་པའོ། །སྣ་ཚོགས་གཟུགས་ཅན་ཞེས་བྱ་བ་ལ་སོགས་པ་ལ། སྐྱེས་གྱུར་པས་ཞེས་བྱ་བ་གཟུགས་སུ་བྱུང་བར་གྱུར་པས་སོ། །ཇི་ལྟར་ཞེ་ན། རབ་ཏུ་གྲགས་པ་ཞེས་བྱ་བ་སྟེ། དེ་ལྟ་བས་ན་མ་ལུས་པ་འདི་དག་རང་ བཞིན་གྱིས་དངོས་པོ་མེད་པ་ཉིད་ཡིན་ནོ། །འདིས་ནི་བྱང་ཆུབ་ཀྱི་སེམས་ཉམས་སུ་མྱོང་བར་མི་ནུས་པས་འདོད་པ་བཀག་པ་ཡིན་ནོ། །དེའི་ཕྱིར། ལེགས་པར་རྗེས་སུ་མྱོང་མཛད་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཁའ་མཉམ་པ་ཞེས་བྱ་བ་ནི་ནམ་མཁའི་ངོ་བོ་ཉིད་དོ། །དེ་ལྟ་བས་ན། འགྲོ་བའི་དོན་ནི་བྱེད་པ་པོ། །ཞེས་བྱ་བ་སྨྲས་ཏེ། ལངས་པའི་ཚེ་ནའོ། །དེ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་དེ་འཐོབ་པའི་ཐབས་སོ། །མཆོག་ཅེས་བྱ་བ་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་ལ་སོགས་པའོ། །སྒྲུབ་པའི་ཐབས་ཙམ་ཞེས་བྱ་བ་ནི་ལྷའི་རྣལ་འབྱོར་ཙམ་མོ། །རྒྱུད་རྣམས་འཆད་པར་བྱེད་ཅེས་བྱ་བ་ནི་གསལ་ བར་བྱས་པའོ། །ལུས་ཅན་ཞེས་བྱ་བ་ནི་སྔགས་ཀྱི་ཐེག་པ་ལའོ། ། གཙོ་བོ་ཞེས་བྱ་བ་ནི་རྡོ་རྗེ་འཆང་གིས་སོ། །བདག་གི་ཚིག་འདི་ཉིད་དག་ཅེས་བྱ་བ་ལ་སོགས་པ་ལ། འཇིག་ཅེས་བྱ་བ་ནི་རབ་ཏུ་སྤོང་བར་བྱེད་པའོ། །བུས་པ་ཞེས་བྱ་བ་ནི་མི་ཤེས་པའོ། །དགོངས་པ་ཞེས་བྱ་བ་ནི་དགོངས་པས་བསྟན་ 37-1-173a པའོ། །བྱང་ཆུབ་སེམས་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །ཇི་བཞིན་དོན་ཞེས་བྱ་བ་ནི་མན་ངག་ཉིད་ཀྱིས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། འདིས་ཞེས་བྱ་བ་ནི་སྔར་བསྟན་པའི་ཚིག་གོ། །ཉོན་མོངས་པ་མ་ལུས་པར་བཅོམ་པས་ན་བཅོམ་ལྡན་འདས་སོ། ། བདག་པོ་ནི་རྡོ་རྗེ་འཛིན་པའོ། །རྣམ་པ་སྣ་ཚོགས་པའི་འོད་ཟེར་གྱིས་གསལ་བར་མཛད་པ་འདི་ལ་ཡོད་པས་ན་རྣམ་པར་སྣང་མཛད་དོ། །འདི་ཞེས་བྱ་བ་ནི་འཆད་པར་འགྱུར་བའོ། །རབ་ཏུ་ཕྱེ་ནས་ཞེས་བྱ་བ་ནི་ཡི་གེ་གསུམ་གྱི་དབྱེ་བས་སོ། །མི་རྟོག་དོན་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་ནི་ ཞེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པའི་དེ་ཉིད་དོ། །དེ་ཉིད་བརྗོད་དང་ཞེས་བྱ་བ་ལ་སོགས་པས་གསུངས་པ་ལ། ཐུན་མོང་ཞེས་བྱ་བ་ནི་སེམས་ཅན་མ་ལུས་པའི་ཐུན་མོང་གི་གཟུགས་སོ། །ཐུན་མོང་གི་གཟུགས་གང་ཡིན་པ་དེ་ནི་ཡི་གེ་གསུམ་གྱི་གཟུགས་སོ། །དེ་ཉིད་ནི་ཐུན་མོང་གི་སྔགས་ ཀྱི་དེ་ཉིད་དུ་བརྗོད་པའོ། །གང་དེ་བཞིན་ཉིད་ཀྱི་ངོ་བོ་ཡིན་པ་དེ་ནི་དམིགས་པ་ཞེས་བྱ་བར་བཤད་པ་དོན་དམ་པའི་གཟུགས་སོ། །དེ་ཉིད་ནི་དང་པོ་གཅིག་ནི་ཞེས་བྱ་བ་ལ་སོགས་པ་བསྟན་ཏེ། གཅིག་ཅེས་བྱ་བ་ནི་མི་ཉམས་པའི་གཟུགས་ཅན་ཡི་གེ་ཨའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་ གཉིས་པ་གཟུང་ངོ་། །དགུ་དབུས་ཞེས་བྱ་བ་ནི་ཡི་གེ་ཡ་ལ་སོགས་པ་དགུའོ། །དབུས་ཞེས་བྱ་བ་ནི་གཙོ་བོར་གྱུར་པའི་ཡི་གེ་ཧའོ། །དགུ་པའི་དང་པོ་ཞེས་ཁ་ཅིག་ནས་འབྱུང་བ་དེར་ནི་དགུ་པའི་ཀྵ་ཡིན་ལ་དེའི་དང་པོ་ནི་ཧ་ཉིད་ཡིན་ནོ། །བཅུ་ཡིས་ཞེས་བྱ་བ་ནི་དེ་དག་ལས་གཞན་པའི་དབྱངས་ ཀྱི་ཡི་གེ་རྣམས་ཀྱིས་སོ། །མ་བཅིངས་པ་ཞེས་བྱ་བ་ནི་དེ་དག་དང་ཡང་དག་པར་མ་འབྲེལ་པའོ། །དེ་བསམ་པ་ནི་འདི་ཡིན་ཏེ་དབྱངས་ཀྱི་ཡི་གེ་ཐམས་ཅད་ནི་ཨས་བཅིངས་པ་ཡིན་ལ་དེས་མ་བཅིངས་པས་ན་མ་བཅིངས་པའོ། །འདི་མ་བཅིངས་པ་ཞེས་བྱ་བ་ལ་ཡོན་ཏན་ཅི་ཞིག་ཡོད་ཅེ་ན། དེ་ཤེས་པ་ ནི་མཆོག་གི་གནས་ཞེས་བྱ་བ་དང་། གང་གིས་ཤེས་ཏེ་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །དབྱངས་ཞེས་བྱ་བ་ནི་ཨ་ལ་སོགས་པ་བཅུ་བཞི་པའོ། །གསལ་བྱེད་ནི་སུམ་ཅུ་རྩ་བཞིའོ། །ཡི་གེ་ནི་དེ་དག་སྦྱར་བའི་གཟུགས་སོ། །གྲངས་དགུའི་རྗེས་འཇུག་པ་ཞེས་བྱ་བ་དབྱངས་ཡིག་རྣམས་ཏེ་ཚན་གཅིག་གོ། ། 37-1-173b ཀ་ཙ་ཊ་ཏ་པ་ཡ་ཤ་ནི་བདུན་ནོ། །སྦྱོར་བའི་ཡི་གེ་རྣམས་ནི་གཅིག་སྟེ་དེ་ལྟར་དགུའོ། །ཨས་བཅིངས་ཞེས་བྱ་བ་ནི་ཡི་གེ་ཨས་རབ་ཏུ་བཅིངས་པ་སྟེ་སོ་སོར་ཐ་དད་དུ་བྱས་པའོ། །ཅི་ལྟར་ཤེས་པར་བྱ་ཞེ་ན། ཕན་ཚུན་ཡང་དག་སྦྱོར་ཞེས་བྱ་བ་སྨྲས་ཏེ། གང་གི་ཕྱིར་ཡི་གེ་ཨས་བཅིངས་པར་མ་གྱུར་ན། ཡི་གེ་ཐམས་ཅད་གཅིག་ཉིད་དུ་འགྱུར་བས་བརྗོད་པར་བྱ་བའི་ངོ་བོར་མི་འགྱུར་རོ། །སུས་དེ་ལྟར་ཤེས་ཤེ་ན། གང་གིས་ཤེས་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འབྱུང་བའི་མཐའ་དང་ཞེས་བྱ་བ་ལ་སོགས་པ་ལ། འབྱུང་བ་ཞེས་བྱ་བའི་སྒྲ་ནི་གྲངས་བཞི་ཉེ་བར་མཚོན་པར་བྱེད་པའི་ཚིག་གོ། ། དེའི་ཕྱིར་བཞིའི་ཐ་མ་ནི་ལྔ་པ་དང་དྲུག་པ་སྟེ། ཨུ་ཨཱུ་ཞེས་བྱ་བའི་ཡི་གེ་ཐུང་ངུ་དང་རིང་པོའོ། །དེ་དག་དང་ཡང་དག་པར་ལྡན་པ་ནི་ཨ་དང་ཧའོ། །ཆ་ལ་སོགས་པ་བཅུ་དྲུག་ཅེས་བྱ་བ་ནི་ཨ་སྟེ། གསུམ་པའི་དོན་གྱིས་བདུན་པའོ། །གནས་ཞེས་བྱ་བ་ནི་དབུས་ན་གནས་པའི་ཡི་གེ་ཨ་སྟེ། དེ་དང་ཡང་ དག་པར་ལྡན་པའོ། །ལྔ་པའི་ལྔ་པས་ཞེས་བྱ་བ་ནི་དབྱངས་ཡིག་དང་བྲལ་བའི་མའོ། །བཞི་ནི་ཞེས་བྱ་བ་ནི་སོ་སོར་བཞི་བཞི་ཡོད་པས་སོ། །གསུམ་དུ་ངེས་པར་སྦྱར་ཞེས་བྱ་བ་ནི་ཡི་གེ་གསུམ་དུ་བྱའོ། །ཇི་ལྟར་ཞེ་ན། ཨོཾ་བཅས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ་ཇི་ལྟར་རིགས་པར་བྱའོ། །དང་ པོ་ཨའི་གནས་སུ་ཨོཾ་ཉིད་སྦྱར་ལ་དེ་ལ་ཐུང་ངུ་སྦྱར་བ་ནི་ཡོན་ཏན་ནོ། །དཀྱིལ་འཁོར་གྱི་མཱ་ནི་རིང་པོ་ཉིད་དོ། །ཨུ་ཧ་སྦྱར་བ་ལས་དེར་ཡང་མ་ཐུང་ངུ་ཉིད་ཡིན་ནོ། །གཞན་དག་ཕྱིན་པར་འདྲ་བ་ཡིན་ནོ། །ཐུང་ངུ་མ་ལུས་ཞེས་བྱ་བ་ནི་དབྱངས་ཡིག་དང་པོ་ཨའོ། །མ་ལུས་དག་ཏུ་འགྱུར་ཞེས་བྱ་བ་ནི་བརྗོད་ པར་བྱ་བའི་ངག་མ་ལུས་པའི་ངོ་བོ་ཉིད་དོ། །དེ་ཡང་མཚན་ཡང་དག་པར་བརྗོད་པ་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །གཅིག་མིན་དུ་མ་མ་ཡིན་ནོ། །ཞེས་བྱ་བ་ནི་ཞེས་གཅིག་དང་དུ་མའི་རང་བཞིན་དང་བྲལ་བས་མི་ཤིགས་པའི་ངོ་ བོ་ཉིད་ཡིན་པའི་ཕྱིར་རོ། །ཡི་གེ་གང་ཞིག་ཅེས་བྱ་བ་ལ་སོགས་པ་ལ། དགོངས་པ་ལུང་བསྟན་པ་ལས། བཅོམ་ལྡན་འདས་རྡོ་རྗེ་འཆང་གི་སྐུ་ལ་དགོད་པའི་ཆོ་ག་ལས་སོ། །ཁམས་ལ་སོགས་པར་ཞེས་བྱ་བ་ནི། ངག་གིས་བརྗོད་པར་བྱ་བའི་ངོ་བོ་མ་ལུས་པའོ། །འོག་དང་སྟེང་དུ་ཞེས་བྱ་བ་ནི་འོག་ཕྱོགས་སུ། 37-1-174a ཡི་གེ་གསུམ་གྱི་ངོ་བོ་རུ། །རྩལ་དང་དྲེགས་པའི་གདུགས་དང་དུང་། །ཞེས་བྱ་བའི་རྩ་གསུམ་ཤེས་པའོ། །སྟེང་གི་ནི་འཇུག་པ་དང་གནས་པ་དང་འབྱུང་བའི་རིམ་གྱིས་ཡི་གེ་གསུམ་ཤེས་པར་བྱས་ནས་བློས་སྦྱར་བར་བྱའོ། །བརྗོད་པའི་ནི་ཞེས་བྱ་བ་ལ་སོགས་པ་ལ་འདི་དག་ཅེས་བྱ་བ་ནི་ཡི་ གེ་གསུམ་མོ། །དངོས་མེད་ཅེས་བྱ་བ་ནི་དོན་དམ་པར་རོ། །ངོ་བོ་ལས་བྱུང་བའི་ཡི་གེའི་གཟུགས་ཉིད་དོ། །འདི་ནི་ཞེས་བྱ་བ་ནི་ཡི་གེ་གསུམ་མོ། །ཡོངས་སུ་གྱུར་པ་ཞེས་བྱ་བ་ནི་ཡི་གེ་གསུམ་ཡོངས་སུ་གྱུར་པ་ལས་ལྷའི་རྣམ་པར་གང་གྱུར་པ་དེ་ནི་ཉེ་བར་དམིགས་པ་སྟེ་ཉེ་བར་དམིགས་པ་ཞེས་གྲགས་ པའོ། །ཨའི་བཤད་པ་ཞེས་བྱ་བ་ནི་ཨའི་ཉེ་བར་བསྟན་པ་སྟེ། སྡིག་སྤངས་མ་ཞེས་བྱ་བར་གང་གྲགས་པའི་ཡེ་ཤེས་ནི་སངས་རྒྱས་རྣམས་ཀྱི་སྣང་བ་མེད་པའི་ཐུགས་སོ། །ཨོཾ་གྱི་ཞེས་བྱ་བ་ལ་སོགས་པ་ལ། སྡུད་ཅེས་བྱ་བ་ནི་བདག་ལ་སྡུད་པར་བྱེད་པའོ། །ཧཱུཾ་གི་ཞེས་བྱ་བ་ལ་སོགས་པ་ལ། ཡང་དག་ སྤྲོས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་གཟུགས་སུ་ཉེ་བར་སྤྲོ་བར་བྱེད་པ་སྟེ་སངས་རྒྱས་ཀྱི་རང་བཞིན་དུ་བྱེད་པའོ། །ཨ་ནི་གནས་པར་གྱུར་པའོ། །ཞེས་བྱ་བ་ནི་རང་གི་ལུས་ལ་གནས་པར་བྱེད་པའོ། །འཇུག་པ་དང་ནི་ཞེས་བྱ་བ་ལ་སོགས་པ་ལ། རླུང་ཉིད་ཨོཾ་གྱིས་ནི་འཇུག་པར་བྱེད་དོ། །ཨས་ནི་གནས་པར་བྱེད་ དོ། །ཧཱུཾ་གིས་ནི་སྤྲོ་བར་བྱེད་པ་ཉིད་དུ་རིག་པར་བྱའོ། །སྔགས་ཀྱི་ཡན་ལག་ཅེས་བྱ་བ་ནི་དྲན་པ་གཅིག་པའི་ཏིང་ངེ་འཛིན་གྱིས་རླུང་འཇུག་པ་དང་གནས་པ་དང་ལྡན་པའི་རིམ་གྱིས་གནས་པའོ། །ཤེས་རབ་ཐབས་ཀྱི་གཞིར་གནས་ཏེ། །ཞེས་བྱ་བ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་ བཞིན་གྱི་རྩ་གསུམ་ཡི་གེ་གསུམ་གྱི་ངོ་བོར་ཡང་དག་པར་སྦྱོར་བའི་གཞིར་གནས་པའོ། །ད་ནི་བཟླས་པའི་གྲངས་བསྟན་པའི་ཕྱིར་གོས་དཀར་ལ་སོགས་ཞེས་བྱ་བ་ལ་སོགས་པས་བསྟན་པ་སྟེ། བཟླས་ཞེས་བྱ་བ་ནི་རླུང་གི་འགྲོ་བ་དང་འོང་བའོ། །བརྒྱ་ཕྲག་གཉིས་དང་ཉི་ཤུ་ལྔ་ནི་མེ་ལ་སོགས་པའི་ དཀྱིལ་འཁོར་སོ་སོ་ལ་ཉི་ཤུ་རྩ་ལྔ་ལྷག་པའི་ཉིས་བརྒྱ་འབྱུང་བའོ། །བཞི་པོ་ལེགས་པར་བསྒྲེས་ནས་ནི། །ཞེས་བྱ་བ་ནི་བཞི་འགྱུར་དུ་བརྩིས་པའོ། །དེས་ན་སྦྱོར་བ་བཞི་བསྡུས་ནས་བརྒྱ་ཕྲག་དགུར་འགྱུར་བ་ཡིན་པས། སྦྱོར་བཞི་བསྡུས་པས་བརྒྱ་ཕྲག་དགུ། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ཏེ། 37-1-174b དཀྱིལ་འཁོར་བཞི་ཉི་ཤུ་རྩ་བཞིར་རིམ་གྱིས་འབྱུང་བའོ། །རིམ་གྱིས་ཞེས་བྱ་བ་ནི་གོ་རིམས་བཞིན་དུའོ། །སོ་སོ་འབྱུང་བ་ལས་ཞེས་བྱ་བ་ནི་བསྒྲེས་ནའོ། །ཉི་ཁྲི་ཞེས་བྱ་བ་ལ་སོགས་པ་ནི་སྟོང་ཕྲག་ཉི་ཤུ་དང་བརྒྱ་ཕྲག་དྲུག་ལྷག་པའོ། །ནང་གི་དུས་འདི་ཞེས་བྱ་བ་ལ་སོགས་པ་ལ། ཐུན་མཚམས་བཞིར་ ནི་རབ་སྦྱོར་ལ། །ཞེས་བྱ་བ་ནི་ཉིན་ཞག་གཅིག་ལའོ། །འབུམ་ཞེས་བྱ་བ་ནི་མཚོན་པར་བྱ་བའི་ངོ་བོ་ཉིད་དོ། །ཡི་གེ་གྲངས་ཞེས་བྱ་བ་ནི་འཇུག་པ་དང་གནས་པ་དང་འབྱུང་བའི་གྲངས་ཀྱིས་སོ། །རྡོ་རྗེ་ཅན་ཞེས་བྱ་བ་ནི་རྡོ་རྗེ་འཆང་ངོ་། །ཇི་ལྟར་བཟླས་ཞེས་བྱ་བ་ནི་ངག་གི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །བརྗོད་ པས་བཟླས་པ་མི་ནུས་པ་ཡིན་ཞེས་བསམས་པའོ། །གླང་པོ་སྔོན་དུ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་འཆང་གི་ངོ་ཕྲ་ཞིང་ཤིན་ཏུ་ཕྲ་བའི་མཚན་ཉིད་ཅན་རྡོ་རྗེ་བཟླས་པ་རྣམ་པ་གཉིས་རྙེད་ནས་རྒྱུ་གང་གིས་དེའི་རྗེས་ལྟ་བུ་ཡི་གེ་གསུམ་པོ་ངག་གི་བཟླས་པ་ཙམ་གྱི་མཚན་ཉིད་ཚོལ་བར་བྱེད། གལ་ཏེ་ཡི་གེ་གསུམ་ ཡོངས་སུ་གྱུར་པའི་གཟུགས་ལ་གནས་ནས། ཡི་གེ་བཟླས་པ་བྱེད་པ་དེ་ཉིད་རྡོ་རྗེ་བཟླས་པ་ཞེས་བསྟན་པ་ཡིན་ནོ་ཞེ་ན། སྔགས་ལུས་རང་ཉིད་མངོན་གྱུར་ནས། །ཞེས་བྱ་བ་སྨྲས་ཏེ། བདག་ཉིད་ཡི་གེ་གསུམ་གྱི་ངོ་བོ་རྩ་གསུམ་གྱིས་བསྐྱེད་པའི་ལུས་སུ་གནས་པ་ཡིན་ན། གཞན་བརྟག་པའི་ཡི་གེ་གསུམ་གྱི་ངོ་བོ་ཉིད་ལ་ འདོད་པར་བྱེད་ཅེས་བྱ་བར་བསམས་པའོ། །གཞན་ཡང་ཞེས་བྱ་བ་ནི་ཕྱོགས་གཞན་སྟོན་པའོ། །རྡོ་རྗེ་འཛིན་ཞེས་བྱ་བ་ནི་རྡོ་རྗེ་སློབ་དཔོན་ནོ། །སྦྱོར་བ་གསུམ་དང་ལྡན་པ་ཞེས་བྱ་བ་ནི་འཇུག་པ་ལ་སོགས་པའི་རིམ་གྱིས་སོ། །སྤྱན་དྲངས་ཞེས་བྱ་བ་ནི་དགུག་པའོ། །མྱུར་བ་ཞེས་བྱ་བ་ནི་ཕྱིར་འབྱུང་བའི་རླུང་ངོ་། ། གཤེགས་སུ་གསོལ་ཞེས་བྱ་བ་ནི་ཁྱད་པར་ཅན་གྱི་གཤེགས་སུ་གསོལ་བའོ། །གཉི་ག་མིན་པར་ཞེས་བྱ་བ་ནི་རླུང་གནས་པའི་ངོ་བོ་སྟེ་དེས་བཞུགས་སུ་གསོལ་བའོ། །སྣ་ཚོགས་ཞེས་བྱ་བ་ནི་སྣ་ཚོགས་ཡོངས་སུ་བསྐྱོད་པའི་མཚན་ཉིད་ཅན་ནོ། །སྔགས་སྦྱོར་བ་ཞེས་བྱ་བ་ནི་ཡི་གེ་གསུམ་དང་སྦྱོར་བའོ། །དེ་ནས་ ཞེས་བྱ་བ་ལ་སོགས་པ་ལ་རྣལ་འབྱོར་དབང་ཕྱུག་ཅེས་བྱ་བ་ནི་རྫོགས་པའི་རྣལ་འབྱོར་པའོ། །གསང་བའི་ཡི་གེ་ཞེས་བྱ་བ་ནི་གསང་བའི་སྣ་ལ་གནས་པའི་མི་ཤིགས་པའོ། །དེ་ཉིད་ནི་འབྱུང་བ་མེད་པ་ཡིན་པས་ན་ཡི་གེའོ། །རྣལ་འབྱོར་ཞེས་བྱ་བ་ནི་ཤེས་རབ་དང་ཐབས་ཀྱི་རྣལ་འབྱོར་རོ། །དེས་ན་དངོས་གྲུབ་ནི་ཕྱག་རྒྱ་ 37-1-175a ཆེན་པོའི་མཚན་ཉིད་ཅན་ནོ། །དེ་ཉིད་ནི་འབྲས་བུའོ། །གང་ཞིག་ཅེས་བྱ་བ་ནི་རྩ་གསུམ་གྱི་རྣལ་འབྱོར་རོ། །བསམས་པ་ཞེས་བྱ་བ་ནི་བསྒོམས་པ་ཙམ་གྱིས་སོ། །རྣལ་འབྱོར་ཅན་ནི་སངས་རྒྱས་དང་རྡོ་རྗེ་འཆང་ལ་སོགས་པའོ། །ནལ་འབྱོར་གཉིས་པ་བསྟན་པའི་ཕྱིར། དང་པོའི་ཡི་གེ་ཞེས་ བྱ་བ་ལ་སོགས་པ་སྨྲས་ཏེ། ཡི་གེ་ཨོཾ་གྱི་ངོ་བོས་སོ། །བརྒྱད་པའི་མཐའ་དང་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་གིས་ཞེས་བྱ་བའི་དོན་ཏོ། །ཅི་དགའ་བའི་བཟླས་པ་ཞེས་བྱ་བ་ནི་རང་གི་ངག་གིས་ཟློས་པའོ། །ཁྲི་ཕྲག་གཉིས་ཞེས་བྱ་བ་ལ་སོགས་པ་ལ་གསང་བའི་དགོངས་པ་ཞེས་བྱ་བ་ནི། དགོངས་པ་ལུང་སྟོན་པ་ཞེས་བྱ་བ་རྣལ་ འབྱོར་གྱི་རྒྱུད་དོ། །བསམ་གཏན་ཁ་ཐོན་ཞེས་བྱ་བ་ནི་ལྷའི་སྐུ་བསྒོམ་པ་དང་སྔགས་ཟློས་པ་མེད་ཀྱང་ངོ་། །འདི་ཡིས་ནི་ཞེས་བྱ་བ་ནི་བསྟན་པའི་རྣམ་པ་དང་ལྡན་པས་སོ། །ཆོ་ག་བཞིན་ཞེས་བྱ་བ་ནི་གོ་རིམས་བཞིན་ནོ། །བསྒྲུབ་པར་བྱ་ཞེས་བྱ་བ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའོ། །སྒྱུ་མ་ལྟ་བུ་ ཞེས་བྱ་བ་ནི་བདག་བྱིན་གྱིས་བརླབ་པའི་ཏིང་ངེ་འཛིན་གྱིས་ཞེས་བྱ་བའི་བར་དུའོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པ་ཅི་ཞིག་སྨྲ་ཞེ་ན། མཉམ་མེད་སྔགས་ནི་འདི་ཉིད་བཟླས་ནས་སུ། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྔགས་ཞེས་བྱ་བ་ནི་ཡིད་ཉིད་སྐྱོབ་པར་བྱེད་པས་ན་སྔགས་ཏེ། སྟོང་པ་ཉིད་དང་སྙིང་རྗེ་ གཉིས་སུ་མེད་པའི་ངོ་བོ་ཉིད་མི་ཤིགས་པའོ། །ཡང་ན་ཡི་གེ་གསུམ་གྱི་ངོ་བོ་ཉིད་དོ། །མཉམ་མེད་ཅེས་བྱ་བ་ནི་མཚུངས་པ་མེད་པའོ། །བསྒྲུབ་པའི་བདག་ཉིད་ཅན་ནི་རྣལ་འབྱོར་པའོ། །ཁམས་ཞེས་བྱ་བ་ནི་འཇིག་རྟེན་གསུམ་མཉམ་པར་བསྡུས་པ་ནི་ཁམས་གསུམ་སྟེ་སྐུ་དང་གསུང་དང་ཐུགས་སོ། །འབུམ་ཕྲག་ དྲུག་ཅེས་བྱ་བ་ལ་སོགས་པ་ནི་ཟླ་བ་གཅིག་བཟླས་པའི་བརྗོད་པའོ། །རྣམ་ཤེས་ལས་ནི་འབྱུང་བ་ཞེས་བྱ་བ་ནི་མི་ཤིགས་པ་ལས་བྱུང་བའི་ཡི་གེ་གསུམ་གྱི་ངོ་བོ་འཇུག་པ་དང་གནས་པ་དང་འབྱུང་བའི་མཚན་ཉིད་ཅན་ནོ། །རྡོ་རྗེ་སེམས་དཔའ་ཕྱག་བྱས་ནས། །ཞེས་བྱ་བ་ནི་མཆོད་པ་བྱས་ནས་སོ། །དེ་ཞེས་བྱ་བ་ནི་འདོད་ པའི་དོན་བསྒྲུབ་པའོ། །བསྒྲུབ་པ་ཅི་བདེ་བ་བསྟན་པའི་ཕྱིར་དེ་ལ་བརྟུལ་ཞུགས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྔགས་མི་དགོས་ཞེས་བྱ་བ་ནི་སྔགས་བརྗོད་པ་མི་དགོས་པའོ། །གཟུངས་ཞེས་བྱ་བ་ནི་དབུགས་དབྱུང་བ་དང་རྔུབ་པ་འགོག་པའོ། །ཕ་རོལ་ཕ་རོལ་མི་ལྡོག་འགྱུར། །ཞེས་བྱ་བ་ནི་རྡུལ་ཚོན་གྱི་དཀྱིལ་ 37-1-175b འཁོར་དང་ཕྱག་རྒྱ་ལ་སོགས་པའོ། །ད་ནི་ལས་རབ་འབྱམ་བསྟན་པའི་ཕྱིར། ཡའི་དོན་གྱིས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཡའི་དོན་ནི་རླུང་གི་དཀྱིལ་འཁོར་རོ། །གང་ཅི་ཡང་རུང་བ་ཞེས་བྱ་བ་ནི་ལས་དྲག་པོའི་རྣམ་པའོ། །བྱ་བ་ནི་ཞེས་པ་ནི་འདི་ཉིད་ཀྱིས་ཡིན་གྱིས་གཞན་གྱིས་ནི་མ་ཡིན་ནོ་ཞེས་ བྱ་བའི་དོན་ཏོ། །ར་ལ་སོགས་པ་གསུམ་ཉིད་ཀྱིས། །ཞེས་བྱ་བ་ནི་མེ་དང་དབང་ཆེན་དང་ཆུའི་དཀྱིལ་འཁོར་གྱིས་སོ། །གང་ཅི་ཡང་རུང་བ་ཞེས་བྱ་བ་ཡང་འདིར་བལྟ་བར་བྱ། ཕྱི་རོལ་གྱི་ཞི་བ་དང་རྒྱས་པ་ལ་སོགས་པ་འགྲོ་བའི་དོན་ལ་འཇུག་པར་བྱ་བ་སྟེ་རབ་ཏུ་བསྒྲུབ་པར་བྱ་བའོ་ཞེས་བྱ་བའི་དོན་ཏོ། ། ཐུན་ནི་ཕྱེད་ཕྱེད་ཅེས་བྱ་བ་ནི་ཐུན་ཕྱེད་ཀྱི་དུས་སུའོ། །གཉིས་གཉིས་ཞེས་བྱ་བ་ནི་དཀྱིལ་འཁོར་རེ་རེ་ལ་ཡང་སྟེ་རླུང་གི་དཀྱིལ་འཁོར་གྱིས་ནི་འགུགས་པའོ། །མེ་ཡི་དཀྱིལ་འཁོར་གྱིས་ནི་མངོན་སྤྱོད་ཀྱང་ངོ་། །དབང་ཆེན་གྱི་དཀྱིལ་འཁོར་གྱིས་ནི་ཞི་བ་ཡང་ངོ་། །ཆུའི་དཀྱིལ་འཁོར་གྱིས་ཀྱང་ རྒྱས་པ་བྱའོ། །གནས་པར་འགྱུར་ཞེས་བྱ་བ་ནི་བཞི་བརྒྱའོ་ཞེས་བྱ་བའི་དོན་ཏོ། །ད་ནི་རྡོ་རྗེ་བཟླས་པའི་རིམ་པ་ཡོངས་སུ་རྫོགས་ནས། ནང་གི་བདག་ཉིད་ཅན་དང་ཕྱིའི་མཆོད་པ་དང་བཟླས་པ་དང་། སྦྱིན་སྲེག་དང་བསམ་གཏན་ལ་སོགས་པའི་ཕན་ཡོན་བསྟན་པའི་ཕྱིར། མཆོད་པ་ལ་བརྩོན་པ་ཞེས་ བྱ་བ་ལ་སོགས་པ་བསྟན་ཏེ། བརྩོན་པ་ཞེས་བྱ་བའི་སྒྲ་ནི་འདིར་གཙོར་བྱེད་པའི་ཚིག་གོ། །རྣམ་པར་དག་ཅེས་བྱ་བ་ནི་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པར་འགྱུར་བའོ། །མེ་ལ་སྦྱིན་སྲེག་བརྩོན་པ་ཞེས་བྱ་བ་ནི་དེ་ཕྱེད་དུ་བྱེད་པའོ། །འབྱོར་ཞེས་བྱ་བ་ནི་ཕུན་སུམ་ཚོགས་པར་འགྱུར་བའོ། ། མ་རིག་པ་ལ་སོགས་པའི་འཆིང་བ་ལས་གྲོལ་བས་ནས་ཐར་པའོ། །དེ་ནི་བསམ་གཏན་བརྩོན་པས་འཐོབ། །ཅེས་བྱ་སྟེ། བསམ་གཏན་ལ་གཅིག་ཏུ་ཆགས་པས་ཐོབ་པོ། །ཤེས་ནས་ནི་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་ཞེས་བྱ་བ་ནི་བཤད་པའི་རིམ་གྱིས་སོ། །འགྲོ་བ་ཞེས་བྱ་བ་ནི་སྣ་ཚོགས་ཀྱི་རང་ བཞིན་ནོ། །དེས་ཅིར་འགྱུར་ཞེ་ན་བྱིས་པ་བཞིན་དུ་ཞེས་བྱ་བ་སྨྲས་ཏེ། ཇི་ལྟར་བྱིས་པ་རྣམས་འདོད་པའི་ཡོན་ཏན་ལྔ་ལ་སོགས་པ་ལ་འཇུག་པ་དེ་བཞིན་དུའོ། །བྱིས་པ་བཞིན་དུ་སྤྱོད་པ་ལ་དགོས་པ་ཅི་ཡོད་ཅེ་ན། དེས་འགྲུབ་འགྱུར་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་རྣམས་ནི་ཞེས་བྱ་བ་ནི་འཇིག་རྟེན་ལས་ 37-1-176a འདས་པའི་དངོས་གྲུབ་རྣམས་འགྲུབ་པའོ། །མི་རྟོག་ཅེས་བྱ་བ་ནི་རྣམ་པར་རྟོག་པ་དང་བྲལ་བ་ཉིད་ཅེས་བྱ་བ་ཆོས་ཀྱི་མཆོག་ཡིན་པས་དེ་ལ་བྱའོ། །གསལ་ཞེས་བྱ་བ་ནི་གསལ་བ་ཉིད་དོ། །གསུང་གི་རྡོ་རྗེ་ནི་སྣང་བ་མཐའ་ཡས་སོ། །ཡེ་ཤེས་གསུམ་ཞེས་བྱ་བ་ནི་སྣང་བ་ དང་། སྣང་བ་མཆེད་པ་དང་། སྣང་བ་ཐོབ་པའི་མཚན་ཉིད་ཅན་ནོ། །དབྱེ་བ་ཡིས་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་མཚན་ཉིད་ཅན་ནོ། །དེའི་ཕྱིར་སེམས་ཙམ་ཞེས་བྱ་བ་ནི་བདག་བྱིན་གྱིས་བརླབ་པའི་ཏིང་ངེ་འཛིན་ལའོ། །ད་ནི་རྫོགས་པའི་རིམ་པའི་སྐལ་བ་དང་མི་ལྡན་པའི་སློབ་མའི་མཚན་ཉིད་བསྟན་པའི་ ཕྱིར། བླ་མ་ལ་བརྙས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྒྱུ་ཞེས་བྱ་བ་ནི་གཡོ་སྒྱུ་དང་ལྡན་པའོ། །དད་པ་མེད་ཅེས་བྱ་བ་ནི་བླ་མ་ལ་སེམས་དང་བ་མེད་པའོ། །སྔགས་ཀྱིས་རློམ་ཞིང་ཞེས་བྱ་བ་ནི་སྔགས་ལ་སོགས་པའི་ནུས་པའི་སྟོབས་ཀྱིས་འགྱིང་བའོ། །གླེགས་བམ་མཐོང་བས་ཁེངས་ཞེས་བྱ་ བ་ནི་གླེགས་བམ་མཐོང་བ་ཙམ་གྱིས་བདག་གིས་ཤེས་སོ་སྙམ་དུ་ང་རྒྱལ་བར་བྱེད་པའོ། །དད་པ་མེད་ཅིང་ཞེས་བྱ་བ་ནི་དད་པ་དང་བྲལ་བའོ། །དབང་བསྐུར་དམན་པ་ལ་ཞེས་བྱ་བ་ནི་དབང་བསྐུར་བ་མ་ཐོབ་པའོ། །གཏམ་གྱིས་རིམ་པ་ཞེས་བྱ་བ་ལ་སོགས་པ་ལ། གཏམ་གྱི་རིམ་པ་ཙམ་ཡང་བརྗོད་པར་མི་བྱའོ་ ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་གསུངས་སོ། །འོ་ན་གང་གི་ཕྱིད་དུ་བསྟན་པར་བྱ་ཞེ་ན། དད་པ་དང་ལྡན་ཞེས་བྱ་བ་སྟེ་དད་པ་ཅན་ནོ། །བསྙེན་བཀུར་ནི་ཡོངས་སུ་སྤྱོད་པའོ། །ཐོས་པ་འཛིན་གང་ཞེས་བྱ་བ་ནི་ཐོས་པ་འཛིན་པར་བྱེད་པའོ། །ནོར་མི་རྟག་ཅེས་བྱ་བ་ནི་ལྟོས་པ་མེད་པའོ། །བླ་ མས་དྲིན་ཞེས་བྱ་བ་བླ་མ་གཙོར་གྱུར་པའོ། །བླ་མའི་དྲིན་ཞེས་བྱ་བ་རྫོགས་པའི་རིམ་པའི་བཀའ་དྲིན་ནོ། །བླ་མས་རྫོགས་པའི་བཀའ་དྲིན་གསལ་བ་ལ་ཡོན་ཏན་ཅི་ཞིག་ཡོད་ཅེ་ན། རི་དབང་རྩེ་ལས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཇི་ལྟར་སྐྱེས་བུ་འགའ་ཞིག་རིའི་རྩེ་མོ་ནས་ལྷུང་བར་གྱུར་ལ་རིའི་ ཕྱེད་དུ་ལྷུང་བར་མི་བྱའོ་སྙམ་དུ་ཡང་ལྷུང་བར་འགྱུར་བ་དང་འདྲ་བར་བླ་མའི་དྲིན་གྱིས་ཕན་པའི་མན་ངག་ཐོབ་པར་གྱུར་ན། གལ་ཏེ་སྲིད་པའི་འཆིང་བ་ལས་གྲོལ་བར་མི་འདོད་སུ་ཟིན་ཀྱང་གྲོལ་བར་འགྱུར་བ་ཡིན་ཏེ། རིའི་རྩེ་ནས་ལྷུང་བའི་སྐྱེས་བུ་དང་འདྲའོ། །རྡོ་རྗེ་བཟླས་པའི་རིམ་པའི་དཀའ་ 37-1-176b འགྲེལ་ལོ།། །།ཀླུ་སྒྲུབ་ལས་སྐྱེས་ཡོན་ཏན་མཚོ། །ཤཱཀྱ་བཤེས་གཉེན་ཞེས་བྱ་བས། །རིམ་པ་ལྔ་ཡིས་བསྡུས་པའི་དོན། །སླར་ཡང་གཅིག་ཏུ་བྱས་ནས་བསྟན། །འདིར་འདི་ལྟར་ཤཱཀྱ་བཤེས་གཉེན་གྱིས་མཉམ་པར་གཞག་པའི་ཡིད་ཀྱིས་གཞུང་རྩོམ་པའི་དུས་སུ་བཅོམ་ལྡན་འདས་ རྡོ་རྗེ་འཆང་ཡིད་ལ་ཡང་དག་པར་བརྟགས་ནས་ངོ་མཚར་དང་བཅས་པས་བསྟོད་པ་བྱེད་པ་ནི། ཕྱག་འཚལ་འདུད་ཅིང་ཞེས་བྱ་བ་ལ་སོགས་པས་བསྟན་པ་ཡིན་ཏེ། མཐར་ཕྱག་འཚལ་འདུད་ཅེས་བྱ་བའི་བར་དུ་བསྟན་པ་ནི་ངོ་མཚར་དང་ལྡན་པས་ཡང་དང་ཡང་བྱས་པ་ཡིན་ནོ། །ཚིག་འདི་དག་ནི་རང་ གི་ངོ་བོ་སྟོན་པར་བྱེད་པ་ཡིན་ནོ་ཞེས་བསྒྲུབ་པར་བྱ་བའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་ཕྱག་འཚལ་བ་ཉིད་ཀྱིས་བསྟོད་པས་བསྟོད་ཅིང་ཕྱག་འཚལ་བའི་ཞེས་བྱ་བའི་སྒྲ་ནི་ཀྱེའི་བཅོམ་ལྡན་འདས་ཞེས་སྤྱན་དྲངས་པ་ཡིན་གྱི་གཞན་དུ་སྨྲ་བར་ནུས་པ་མ་ཡིན་ནོ། །གང་ལ་བསྟོད་ཅིང་གང་ གིས་བསྟོད། །ཅེས་བྱ་བ་ནི་བཅོམ་ལྡན་འདས་ཁྱོད་ཀྱི་མཁྱེན་གྲངས་ཞེས་པའོ། །ད་ནི་ཕྱག་འཚལ་བ་དང་། ཕྱག་བྱ་བའི་གནས་དག་དབྱེར་མེད་པར་བསྟན་པའི་ཕྱིར། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཞེས་བྱ་བ་ལ་གོགས་པ་སྨྲས་ཏེ། གཞག་ཅེས་བྱ་བ་ནི་དེར་བླུགས་པའོ། ། རང་གིས་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །ལེགས་མཐོང་ཞེས་བྱ་བ་ནི་ཡིད་ཀྱི་ཡིན་གྱིས་མིག་གིས་ནི་མ་ཡིན་ནོ། །ཡེ་ཤེས་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །འདིར་ཞེས་བྱ་བ་ནི་གཞུང་རྩོམ་པའི་སྐབས་སུའོ། །གལ་ཏེ་འགའ་ཞིག་འདི་སྐད་དུ་གཞུང་ཐམས་ཅད་དུ་ཕྱག་ འཚལ་བ་དང་ཕྱག་བྱ་བ་དག་དབྱེ་བ་ཉིད་དམིགས་པ་ཡིན་པ་ལས་ཁྱོད་ཀྱི་གཞུང་འདིར་དེ་མེད་པས་ཕྱག་འཚལ་བ་ཉིད་ཀྱང་མེད་པར་འགྱུར་རོ་ཞེ་ན། དེའི་ཕྱིར་འོན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཀུན་མཁྱེན་ནི་སངས་རྒྱས་སོ། །ཐོབ་པར་ཞེས་བྱ་བ་དེ་དག་གི་ལམ་མོ། །དེ་མེད་པར་ ཉེ་བར་དམིགས་པར་མི་འགྱུར་རོ། །དེ་ནི་ཞེས་བྱ་བ་ནི་གང་བདག་ཕྱག་འཚལ་བ་དང་ཕྱག་བྱ་བའོ། །དེ་ཇི་ལྟར་ན་འཐོབ་པར་འགྱུར་ཞེ་ན། དྲིན་གྱིས་ཞེས་བྱ་བ་སྨྲས་ཏེ་དྲིན་ནི་བླ་མའིའོ། །མུན་ནག་རབ་རིབ་ཀྱིས་ཁེབས་པ། །ཞེས་བྱ་བ་ནི་མ་རིག་པའི་རབ་རིབ་ཀྱིས་ཁེབས་པའོ། །དེ་གསལ་བར་ 37-1-177a བྱེད་པས་ན་སྒྲོན་མ་སྟེ་མན་ངག་དམ་པའོ། །དོན་ནི་འདི་ཡིན་ཏེ། བླ་མའི་དྲིན་མེད་པར་དེ་དམིགས་པར་མི་འགྱུར་རོ་ཞེས་བྱ་བའོ། །དེ་ཅི་ཞིག་ཅེ་ན། སྟོང་ཉིད་ཤིན་ཏུ་སྟོང་པ་དང་། །ཞེས་བྱ་བ་སྨྲས་ཏེ། རྒྱུ་དང་འབྲས་བུའི་ཞེས་བྱ་བ་ལ་སོགས་པ་ལ་འབྲས་བུ་བསྒྲུབ་པར་བྱ་ བའི་ངོ་བོ་སྟེ་ཐམས་ཅད་སྟོང་པའོ། །རྒྱུ་ནི་སྒྲུབ་པའི་ཐབས་ཏེ། སྟོང་པ་དང་ཤིན་ཏུ་སྟོང་པའི་མཚན་ཉིད་དོ། །དེ་དག་གི་བྱེ་བྲག་ནི་འཆད་པར་འགྱུར་བའི་མཚན་ཉིད་ཅན་ཏེ། དེའི་ཕྱིར་ཤེས་རབ་ཐབས་སུ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཤེས་རབ་སྟོང་པ་དང་སྣང་བ་དང་སེམས་སོ། ། ཐབས་ཞེས་བྱ་བ་ནི་ཤིན་ཏུ་སྟོང་པ་དང་། སྣང་བ་མཆེད་པ་དང་། སེམས་ལས་བྱུང་བ་སྟེ། ཤེས་རབ་དང་། ཐབས་དང་ཞེས་བྱ་བ་གཞན་དབང་དང་ཀུན་བརྟགས་ཞེས་བྱ་བའི་མིང་ཅན་ནོ། །དེ་དག་ཡང་དག་སྦྱོར་བ་ལས་ནི་རྫོགས་པ་ཞེས་བྱ་བ་ཡོངས་སུ་གབ་པའི་ཤེས་པའི་ངོ་བོ་བདག་བྱིན་གྱིས་བརླབ་ པའི་རིམ་པའི་མཚན་ཉིད་ཅན་ཉེ་བར་འབྱུང་བར་འགྱུར་རོ། །ཉེ་བར་ཐོབ་པར་རྫོགས་གྱུར་ནས། །ཞེས་བྱ་བ་ནི་བདག་བྱིན་གྱིས་བརླབས་པ་རྫོགས་ནས་ནི་ཐམས་ཅད་སྟོང་པ་ཐོབ་པར་འགྱུར་རོ། །རྒྱུའི་རིམ་པ་ཞེས་བྱ་བ་ནི་བསྒྲུབ་པའི་རིམ་པའོ། །རྣམ་ཤེས་གསུམ་པོ་འབྱོར་པ་ལས། །ཞེས་བྱ་བ་ནི་ སྔར་བསྟན་པའི་བྱ་བ་ནི་རང་གི་ལས་ཀྱིས་བསྒྲུབ་པའི་ཡུལ་དུའོ། །རང་བཞིན་ནི་ངོ་བོ་ཉིད་དོ། །རླུང་ནི་རྒྱུ་བ་དག་ཅེས་བྱ་བ་ནི་རླུང་འགྲོ་བ་དང་འོང་བའོ། །སྣང་བ་ཉིད་ཀྱིས་རྒྱུར་གྱུར་པ་ལས་ཞེས་བྱ་བ་ནི་སྣང་བ་དང་སྣང་བ་མཆེད་པའི་མཚན་ཉིད་ཅན་ཐབས་དང་ཤེས་རབ་ཀྱི་རྒྱུའོ། །བདག་གི་དངོས་པོར་ཞེས་བྱ་ བ་ནི་ལུས་ཡོངས་སུ་གཟུང་བ་ལ་རྣམ་པར་རྟོགས་པའོ། །གཉིས་ཀ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་པོ། །ཡན་ལག་ནི་ཆ་ཤས་སོ། །འགྱུར་ཞེས་བྱ་བ་ནི་ཇི་སྲིད་ཀྱི་བར་དུ་འགྱུར་རོ་ཞེས་བྱ་བའོ། །དོན་ནི་འདི་ཡིན་ཏེ། ཇི་སྲིད་དུ་ཐབས་དང་ཤེས་རབ་ཉེ་བར་ཐོབ་པའི་མཚན་ཉིད་ཅན་རྩ་གསུམ་གྱི་རྣལ་ འབྱོར་གྱིས་རླུང་གི་རྒྱུ་བ་མི་གཡོ་བར་མ་གྱུར་པ་དེ་སྲིད་དུ་འཁོར་བ་རྣམ་པར་ཤེས་པ་གསུམ་བདག་གི་དངོས་པོར་འབྱུང་བར་འགྱུར་བ་ཉིད་ཡིན་ནོ། །རྣམ་པར་ཤེས་པ་གསུམ་གྱི་ངོ་བོ་ཉིད་ཐབས་གང་གིས་ཤེས་པར་ནུས་པ་སྟེ་བསྟན་པའི་ཕྱིར། སྒྱུ་མ་དག་ནི་ཐམས་ཅད་འདུས་པ་ལས། །ཞེས་བྱ་བ་ 37-1-177b ལ་སོགས་པ་སྨྲས་ཏེ། ཡེ་ཤེས་གསུམ་གྱི་དབྱེ་བ་ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་ཞེས་བྱ་བ་ནི་མཆོག་ཏུ་དགའ་བ་ཞེས་བརྗོད་པའི་སྣང་བའོ། །ཆགས་བྲལ་ཞེས་བྱ་བ་ནི་དགའ་བྲལ་ཐོན་པར་བྱེད་པའི་སྣང་བ་མཆེད་པའོ། །དེའི་བར་ཏེ་ཞེས་བྱ་བ་ནི་གཉི་གའི་བར་ཏེ་ཆགས་པ་བར་མ་ལྷན་ ཅིག་སྐྱེས་པ་ཞེས་བརྗོད་པ་སྣང་བ་ཉེ་བར་ཐོབ་པའོ། །དབང་པོ་གཉིས་ཞེས་བྱ་བ་ནི་སྐྱེས་པ་དང་བུད་མེད་ཀྱིའོ། །མཉམ་སྦྱོར་བ་ཞེས་བྱ་བ་ནི་ཡང་དག་པར་སྦྱོར་བའོ། ། གསལ་པོར་མཚོན་པར་འགྱུར་བ་ཉིད་དོ་སྙམ་དུ་བསམ་པའོ། །རྡོ་རྗེ་པདྨ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཞེས་བྱ་བ་ནི་ཐབས་ཀྱི་ རྩའོ། །པདྨ་ཞེས་བྱ་བ་ནི་ཤེས་རབ་ཀྱི་རྩའོ། །ཡེ་ཤེས་གཉིས་ནི་མཉམ་སྦྱོར་བའོ། །ཞེས་བྱ་བ་ནི་དེའི་ངོ་བོ་ཉིད་ཀྱི་རྩ་གཉིས་སོ། །བཤད་པ་ཡིན་ཞེས་བྱ་བ་ནི་ངེས་པར་བསྟན་པའོ། །ཡེ་ཤེས་གཉིས་ཞེས་བྱ་བ་ནི་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་གཟུགས་ཅན་ཉིད་དོ། །ཇི་སྐད་བཤད་ཅེས་བྱ་ བ་ནི་ཕྱི་རོལ་གྱི་ཕྱོགས་ལ་ནི་འདོད་པའི་བསྟན་བཅོས་ལས་བསྟན་པ་ཉིད་ཀྱིས་སོ། །ནང་གི་བདག་ཉིད་ཀྱི་ཕྱོགས་ལ་ནི་བླ་མས་བསྟན་པ་ཉིད་ཀྱིས་སོ། །བྱ་བ་ཡིས་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱིས་སོ། །འབད་པས་ཡེ་ཤེས་གང་ཐོབ་པ། །ཞེས་བྱ་བ་ལ་སོགས་པ་ལ། དམིགས་པ་གཞན་ཐམས་ཅད་ནུབ་ པར་གྱུར་པ་གཉིས་མེད་པར་སྣང་བ་གང་ཡིན་པ་དེ་ནི་སྣང་བ་ཉེ་བར་ཐོབ་པ་ཡིན་པར་རིག་པར་བྱའོ། །ནང་གི་བདག་ཉིད་ཅན་གྱིས་མཐར་ཐུག་པའི་རྣལ་འབྱོར་གཞན་ཡང་བསྟན་པའི་ཕྱིར་གང་གིས་ཆུ་སྐྱེས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རྣལ་འབྱོར་སྟོབས་ཀྱིས་ཞེས་བྱ་བ་ནི་ནང་གི་ཐབས་དང་ཤེས་རབ་ཀྱི་རྣལ་ འབྱོར་གྱི་སྟོབས་ཀྱིས་སོ། །ལན་ཅིག་ཅེས་བྱ་བ་ནི་དབང་བསྐུར་བའི་དུས་སུ་ལན་ཅིག་གོ། །དབྱེ་བ་ཇི་བཞིན་ཞེས་བྱ་བ་ནི་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་ངོ་བོ་ཉིད་དོ། །ཡེ་ཤེས་ཙམ་དུ་གྱུར་པའི་གཟུགས་ནི་ཡེ་ཤེས་གཟུགས་ཏེ། བདག་བྱིན་གྱིས་བརླབ་པའི་ཏིང་ངེ་འཛིན་ནོ། །དེ་ཉིད་ཅེས་བྱ་བ་ནི་ སྔར་བསྟན་པའོ། །ཇི་ལྟར་སྤྲིན་ནི་སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་ལ། འོད་གསལ་བར་ཞེས་བྱ་བ་ནི་ཡང་དག་པའི་མཐའོ། །དེ་འདྲའི་ཞེས་བྱ་བ་ནི་འདི་འདྲ་བའིའོ། །རང་བཞིན་མ་ཤེས་པ་ཞེས་བྱ་བ་ནི་རང་གི་ངོ་བོ་མ་ཤེས་པས་སོ། །བྱས་ནས་ཞེས་བྱ་བ་ལ་སོགས་པ་ལ། འགྲོ་བ་ལྔའི་འཁོར་བར་གྱུར་ 37-1-178a པའོ། །མཚམས་མེད་པ་ལ་སོགས་ཞེས་བྱ་བ་ལ་སོགས་པ་ལ། འཐོབ་པ་ཞེས་བྱ་བ་ནི་ལེགས་པར་བྱས་པ་དང་ཉེས་པར་བྱས་པ་ལ་ཉེ་བར་སྤྱོད་པའོ། །རྨོངས་པ་ཞེས་བྱ་བ་ནི་གསལ་པོར་མ་བསྟན་པའོ། །རང་བཞིན་གོམས་པའི་ཚུལ་གྱིས་ནི། །ཞེས་བྱ་བ་ལ་སོགས་ པ་ལ། ཆགས་པ་དང་། ཆགས་པ་དང་བྲལ་བ་དང་། ཆགས་པ་བར་མ་དག་ལ་གོམས་པའི་སྦྱོར་བས་སོ། །ཤེས་ནས་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་ཅན་ཞེས་བྱ་བ་ནི་བདག་བྱིན་གྱིས་བརླབ་པའི་ཏིང་ངེ་འཛིན་ཐོབ་པ་དེ་གྲོལ་བར་བྱེད་པར་འགྱུར་རོ། །ད་ནི་བསྐྱེད་པའི་རིམ་པའི་ཕྱོགས་ ཀྱིས་ཀྱང་ཡེ་ཤེས་གསུམ་གྱི་ཕྱག་རྒྱ་བསྒོམ་པར་བྱའོ་ཞེས་བྱ་བ་བསྟན་པའི་ཕྱིར་དེ་བསྒྲུབ་པར་བྱ་བའི་ཕྱིར། ཤེས་རབ་ངོ་བོ་འདི་ཉིད་ནི། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཐབས་སུ་བཤད་ཅེས་བྱ་བ་ནི་ཐབས་ཀྱི་ཡེ་ཤེས་མཚོན་པར་བྱེད་པའོ། །ཕྱག་རྒྱ་བཞིས་ནི་ཞེས་བྱ་བ་ལ་སོགས་པ་ལ་སྟོང་ པ་བཞིའི་ཕྱག་རྒྱས་མངོན་པར་རྒྱས་བཏབ་པའོ། །ལྷའི་ང་རྒྱལ་ཞེས་བྱ་བ་ནི་མངོན་པའི་ང་རྒྱལ་ལོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ནས། ཡོངས་རྫོགས་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་ནི་འོད་གསལ་བའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཡེ་ཤེས་རྣམ་དག་གནས། །ཞེས་བྱ་བ་ནི་དེ་ཁོ་ན་ ཉིད་དོ། །འགྱུར་བ་མེད་ཅེས་བྱ་བ་ནི་རྣམ་པར་མི་འགྱུར་བའོ། །འདི་ལ་སྣང་བའི་རྣམ་པ་ཡོད་པ་མ་ཡིན་པས་སྣང་བ་མེད་པའོ། །ཆད་པ་དང་རྟག་པའི་མཐའ་གཉིས་དང་བྲལ་བའི་ཕྱིར་གཉིས་མེད་དོ། །ཐམས་ཅད་ཀྱི་དམ་པར་གྱུར་པས་ན་མཆོག་གོ། །འགྲོ་བ་རྣམས་ཀྱི་མངོན་པར་མཐོ་བ་དང་ངེས་ པར་ལེགས་པའི་རྒྱུ་དང་བཅས་པས་ན་ཞི་བའོ། །དེ་ནི་ཚིག་གི་སྤྱོད་ཡུལ་མིན། །ཞེས་བྱ་བ་ནི་བརྗོད་དུ་མེད་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་གསུམ་ཞེས་བྱ་བ་ནི་ཟག་པ་མེད་པའི་ཡེ་ཤེས་གསུམ་མོ། །དེ་ནས་ཞེས་བྱ་བ་ནི་དོན་འདི་ཉིད་གསལ་བར་བསྟན་པའི་ཕྱིར། དེ་སྐད་དུ་རྒྱ་ཆེར་རོལ་ པ་ལས་བསྟན་པ་ཡིན་ནོ། །འདི་ཞེས་བྱ་བས་ནི་དེ་བཞིན་གཤེགས་པའོ། །ཤཱཀྱ་ཐུབ་པས་བསྟན་པ་ཡིན་ནོ། །སྟོང་པ་ཆེན་པོ་ཞེས་བྱ་བ་ནི་ཆགས་པ་བར་མའི་མཚན་ཉིད་ཅན་སྣང་བ་ཉེ་བར་ཐོབ་པའོ། །བཞུགས་ཞེས་བྱ་བ་ནི་ཉེ་བར་བཞུགས་པའོ། །མི་གཡོ་ཞེས་བྱ་བ་ནི་སྟོང་པ་ཆེན་པོ་འདི་ཉིད་ཀྱི་མིང་ 37-1-178b ཡིན་ནོ། །ཏིལ་གྱི་གོང་བུ་ཞེས་བྱ་བ་ནི་ཏིལ་གྱི་གོང་བུ་དང་འདྲ་བར་དེ་བཞིན་གཤེགས་པ་རྣམས་ཀྱིས་ཤིན་ཏུ་ཡང་དག་པར་གྱུར་པར་བསྟན་ཏོ། །དབྱངས་གཅིག་གིས་ཞེས་བྱ་བ་ནི་གསུང་གཅིག་གིས་སོ། །རྣམ་དག་མིན་ཞེས་བྱ་བ་ལ་སོགས་པ་ལ། མཐར་ཐུག་མི་འཐོབ་ཅེས་བྱ་བ་ནི་ཡང་དག་པར་རྫོགས་པའི་ བྱང་ཆུབ་པོ། །འོད་གསལ་བ་ནི་དམིགས་ཤིག་ཅེས་བྱ་བ་ལ་སོགས་པའོ། །ཀུན་གྱི་དབང་ཕྱུག་ཅེས་བྱ་བ་ནི་རྡོ་རྗེ་འཆང་ཉིད་དོ། །འདི་ལྟར་སྒྲ་དེ་གསན་པ་དང་། །ཞེས་བྱ་བ་ལ་སོགས་པ་ལ། ནམ་ཕྱེད་དུས་སུ་ཞེས་བྱ་བ་ནི་ནམ་ཕྱེད་འདས་པའི་ཚེའོ། །དེ་ཉིད་ཅེས་བྱ་བ་ནི་མན་ངག་རྙེད་པའོ། །འོད་གསལ་ བའི་ཏིང་ངེ་འཛིན་ཇི་ལྟར་འདོད་པར་བསྟན་པའི་ཕྱིར། སྐུ་ནི་དྲང་པོར་མ་ཡིན་ཞིང་། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ་དང་བ་ནི་རྙོག་མ་མེད་པ་སྟེ་དྲི་མ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །བླ་མ་ཉིད་ཀྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་ཉེ་བར་བསྟན་པ་ཉིད་དོ། །འདས་དང་མ་འོངས་ཞེས་བྱ་བ་ལ་སོགས་པ་ལ་ ཆུ་ཟླ་དང་ཞེས་བྱ་བ་ནི་ཆུ་ཟླ་དང་འདྲ་བའོ། །སྐྱ་རེངས་འཆར་བ་ཞེས་བྱ་བ་ནི་སྣང་བ་དང་། སྣང་བ་མཆེད་པ་དང་། སྣང་བ་ཐོབ་པའི་མཚན་ཉིད་དང་བྲལ་བའི་སྐད་ཅིག་ལ་དུས་ཞེས་བྱའོ། །ཐབས་དང་ཤེས་རབ་ཏིང་འཛིན་གྱིས། །ཞེས་བྱ་བ་ནི་གཉིས་སུ་མེད་པའི་རྣལ་འབྱོར་རོ། །བྱང་ཆུབ་སྙིང་པོ་ཞེས་བྱ་བ་ནི་ བྱང་ཆུབ་ཀྱི་ཤིང་དྲུང་དུའོ། །ཡང་ན་བྱང་ཆུབ་སྙིང་པོར་ཞེས་བྱ་བ་ནི་ཤེས་རབ་དང་ཐབས་གཉིས་སུ་མེད་པའི་ཏིང་ངེ་འཛིན་ཏེ་དེ་ཉིད་ནི་རྩ་བ་ཡིན་ཏེ་བྱང་ཆུབ་འཐོབ་པའི་བྱེད་པ་པོ་ཡིན་པའི་ཕྱིར་རོ། །ལེགས་ཐོབ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་གསུམ་ནི་བསྟན་པའི་མཚན་ཉིད་ཅན་ནོ། །འགྲོ་བ་ གསུམ་ཞེས་བྱ་བ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའོ། །སྟོན་པར་མཚན་པ་ནི་སྐད་སྣ་ཚོགས་ཀྱིས་སོ། །དེ་ཉིད་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ལ། མངོན་པར་བྱང་ཆུབ་སྟོན་པ་ནི་འོད་གསལ་བའི་གོ་འཕང་ངོ་། །དེ་ཁོ་ན་ཉིད་ཀྱི་འབྲས་བུ་སྟོན་པའི་ཕྱིར། མཚམས་མེད་ལྔ་ནི་ཞེས་ བྱ་བ་ལ་སོགས་པ་སྨྲས་ཏེ། འཐོབ་པར་འགྱུར་ཞེས་བྱ་བ་ནི་སངས་རྒྱས་ཉིད་དོ། །དེ་ཁོ་ན་ཉིད་ཐོབ་པ་ཙམ་གྱིས་ཅི་ཞིག་བྱེད་ཅེ་ན། སྤྱོད་པ་ཅི་དགའ་བར་སྤྱོད་དེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ད་ནི་དེ་ཁོ་ན་ཉིད་ཀྱི་རང་གི་ངོ་བོ་བསྟན་པའི་ཕྱིར། ཆགས་མེད་ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ། སངས་རྒྱས་ 37-1-179a ཀུན་དང་མཉམ་སྦྱོར་བ། །ཞེས་བྱ་བ་ནི་ཆོས་ཀྱི་སྐུའི་ངོ་བོ་ཉིད་ཡིན་པའི་ཕྱིར་སངས་རྒྱས་རྣམས་ཐ་དད་པ་ཉིད་དུ་མི་རིགས་སོ། །ཡེ་ཤེས་གསུམ་བྲལ་ཞེས་བྱ་བ་ནི་བསྟན་པའི་མཚན་ཉིད་ཅན་གྱིས་མི་གཡོ་བའི་ཏིང་ངེ་འཛིན་ནོ། །དངོས་མེད་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ལ། དཔལ་ལྡན་གསང་འདུས་ཞེས་བྱ་བ་ནི་དཔལ་གསང་བ་འདུས་པ་ཉིད་དོ། །འདོད་ཆགས་ལ་སོགས་ཞེས་བྱ་བ་ལ་སོགས་པ་དང་། སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་ལ། གཞན་དག་ཅེས་བྱ་བ་ནི་གཞན་གང་ཡང་རུང་ངོ་། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཞེས་བྱ་བ་ལ་སོགས་པ་ལ། རལ་པ་ཞེས་བྱ་ བ་ནི་རལ་པ་ཅན་ནོ། །གཅེར་བུ་ཞེས་བྱ་བ་ནི་ཕྱོགས་ཀྱི་གོས་ཅན་ནོ། །མགོ་རེག་ཅེས་བྱ་བ་ནི་བྲེགས་པའི་ཕྱིར་མགོ་རེག་སྟེ་རབ་ཏུ་བྱུང་བའོ། །ཅོད་པན་ནི་ཅོད་པན་འཆད་པའོ། །འདུས་པ་སྤོང་འཇུག་ཅེས་བྱ་བ་ནི་ཁྱིམ་གྱི་གནས་ཡོངས་སུ་གཏོང་བའོ། །འདོད་པ་ཞེས་བྱ་བ་ནི་འདོད་པ་ལྡན་པའོ། །དེ་ཉིད་ ཡེ་ཤེས་ཞེས་བྱ་བ་ནི་འོད་གསལ་བའོ། །དེ་ཉིད་ཅེས་བྱ་བ་ནི་རྟགས་ཀྱི་བརྟུལ་ཞུགས་ཅན་དེའོ། །དང་པོའི་ལས་སྦྱོར་བ་ཞེས་བྱ་བ་ནི་བསྐྱེད་པའི་རིམ་པ་ཙམ་གྱིས་ཏིང་ངེ་འཛིན་གྱིས་སོ། །སྣང་བ་གསུམ་པོ་མཐོང་བ་དག །ཅེས་བྱ་བ་ནི་བདག་བྱིན་གྱིས་བརླབ་པའི་ཏིང་ངེ་འཛིན་ཙམ་ཡོངས་སུ་ ཐོབ་པའོ། །གཙང་མའི་གནས་སུ་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུས་སོ། །ཆོས་འབྱུང་ཞེས་བྱ་བ་ལ་སོགས་པ་ལ། དེ་ནི་མངོན་པར་བྱང་ཆུབ་པའི་མཚན་ཉིད་ཅན་ཐོབ་ནས་འདོད་ཆགས་ལ་སོགས་པའི་རྩེད་མོ་རྒྱ་ཆེན་པོས་སྤྲོས་པ་དང་བཅས་པའི་སྤྱོད་པས་བྱང་ཆུབ་པའོ། །ཆོས་དབྱིངས་ མངོན་པར་བྱང་ཆུབ་པ་ནི་ཇི་ལྟར་རྙེད་པ་དང་། འདོད་ཆགས་ལ་སོགས་པའི་རྩེད་མོས་བྱང་ཆུབ་པར་འདོད་པ་ནི་ཆོས་དབྱིངས་མངོན་པར་བྱང་ཆུབ་པའོ། །བླ་མེད་མངོན་པར་བྱང་ཆུབ་ནི་མངོན་པར་རྟོགས་པ་སྟེ། གཅིག་པུ་གཉིས་སུ་མེད་པར་བསམ་གཏན་གྱི་ཟས་དང་གནས་པས་སྤྲོས་པ་མེད་པ་ལ་སྦྱོར་ བ་ཉིད་དོ། །དེ་ཉིད་སྤྲོས་བཅས་ལ་སོགས་པས་བསྟན་ཏེ། སྤྲོས་བཅས་དང་། སྤྲོས་མེད་དང་། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པས་སོ། །རྣལ་འབྱོར་པ་ཞེས་བྱ་བ་ནི་སྒྲུབ་པ་པོའོ། །ཡང་གང་ཞིག་འདི་སྐད་དུ། མི་དགོས་གཟོད་ནས་དག་པ་ཡི། །ཞེས་བྱ་བ་ལ་སོགས་པ་སྨྲས་ནས། ལན་ནི་གང་ཞིག་དེ་ 37-1-179b ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། གང་ཞིག་ཅེས་བྱ་བ་ནི་མེད་པར་སྨྲ་བའོ། །ཡེ་ཤེས་རིམ་པ་ཞེས་བྱ་བ་ནི་ཐབས་ལས་བྱུང་བའི་ངོ་བོ་ཉིད་ཀུན་རྫོབ་དང་དོན་དམ་པའི་ངོ་བོ་ཉིད་དོ། །དེའི་དབྱེ་བ་ཞེས་བྱ་བ་ནི་ཡེ་ཤེས་གསུམ་གྱི་དབྱེ་བའོ། །སླར་ཡང་སློབ་པར་ནི་སློབ་པར་འགྱུར་བའོ། །བཞི་པ་ཞེས་བྱ་བ་ ནི་འོད་གསལ་བའོ། །རྣམ་གསུམ་སློབ་པ་ཞེས་བྱ་བ་ནི་སྤྲོས་བཅས་ལ་སོགས་པའི་སྤྱོད་པའོ། །ཇི་ལྟར་ཤིང་ལ་ཞེས་བྱ་བ་ལ་སོགས་པ་ལ། མ་གཙུབས་ཞེས་བྱ་བ་ནི་མི་བསྲུབས་པའོ། །དེ་ནི་མངོན་པར་བྱང་ཆུབ་པའི་རིམ་པའི་སྣོད་དང་སྣོད་མ་ཡིན་པ་བསྟན་པའི་ཕྱིར་རོ། །གང་ཞིག་གཡོ་སྒྱུའི་ ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གཡོ་སྒྱུའི་བློ་ནི་སེམས་ཉོན་མོངས་པ་ཅན་ནོ། །བློ་དམན་སེམས་ལྡན་ཞེས་བྱ་བ་ནི་ཡིད་མི་ཕྱེད་པའི་སེམས་དང་ལྡན་པའོ། །དེའི་ཕྱིར་སྐྱོན་རྣམས་མཐོང་གི་ཞེས་བྱ་བ་སྨྲས་ཏེ། ཉོན་མོངས་ཞེས་བྱ་བ་ནི་ཆུང་བར་བརྩི་བའོ། །བསྙེན་བཀུར་མེད་པར་ཞེས་བྱ་བ་ལ་ སོགས་པ་ལ། མྱུར་དུ་ཞེས་བྱ་བ་ནི་མཉེས་པར་མ་བྱས་པར་རོ། །གཡོ་བར་འགྱུར་ཞེས་བྱ་བ་ནི་བླ་མའི་ཐད་ནས་སོ། །ཚོགས་ནང་ཞེས་བྱ་བ་ནི་སྐྱེ་བོ་འདུས་པའི་ནང་དུའོ། །འདི་ལ་ཞེས་བྱ་བ་ནི་བླ་མའོ། །དེ་ལྟར་ཞེས་བྱ་བ་ནི་དེ་ལྟར་གྱུར་པའོ། །བསྟན་པས་ཞེས་བྱ་བ་ནི་བླ་མའོ། །སྐལ་བ་དང་ ལྡན་པའི་ཕྱིར།ཡོན་ཏན་མཆོག་ལྡན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བཅས་པ་ཞེས་བྱ་བ་ནི་ཤིན་ཏུ་ཡང་དག་པར་ལྡན་པའོ། །རྒྱུད་མང་རབ་ཏུ་ཐོས་ཤིང་ཞེས་བྱ་བ་ལ་སོགས་པ་ལ། དབང་མེད་ཅེས་བྱ་བ་ནི་ནུས་པ་མེད་པའོ། །བསྟན་བཅོས་མཆུ་ཞེས་བྱ་བ་ནི་བསྟན་བཅོས་ཙམ་ཐོས་པ་ལ་ངལ་བ་ བྱས་པའོ། །ཡང་ན་ཞེས་བྱ་བ་ལ་སོགས་པ་ལ། སྦྱོར་མི་ནུས་ཞེས་བྱ་བ་ནི་ཚིག་རྣམས་སྦྱོར་བ་དང་བསྡུ་བར་མི་ནུས་པའོ། །གཞན་དོན་ཞེས་བྱ་བ་ལ་སོགས་པ་ནི་གཞན་ལ་ཕན་པ་བྱ་བའི་བློ་དང་ལྡན་པའོ། །རྒྱུད་མང་ཐོས་ཤིང་ཞེས་བྱ་བ་ལ་སོགས་པ་ལ། ཚིག་དོན་ཤེས་ཞེས་བྱ་བ་ནི་མཐའ་ དྲུག་གི་དོན་ཤེས་པའོ། །རྒྱུད་རྒྱལ་ཞེས་བྱ་བ་ནི་གསང་བ་འདུས་པའོ། །རྒྱུད་རྣམས་མང་པོ་ཐོས་ཞེས་བྱ་བ་ལ་སོགས་པ་ལ། འཕགས་པ་རྡོ་རྗེ་ཡི་ཞེས་བྱ་བ་ནི་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་སོ། །བླ་ན་མེད་པའི་དགོངས་པའི་དཀའ་འགྲེལ་ལོ། །གུས་པས་ཐལ་མོ་སྦྱར་ནས་ནི། ། 37-1-180a མཆོག་ཏུ་མགོ་བོས་རབ་བཏུད་ནས། །བདག་གིས་བྱང་ཆུབ་བསྒྲུབ་པའི་ཕྱིར། །ཀླུ་སྒྲུབ་ལ་ནི་ཕྱག་འཚལ་ལོ། །ཕྱག་འཚལ་ཏེ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཆེ་ཞེས་བྱ་བ་ནི་ཆོས་ཀྱི་སྐུའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་དཀྱིལ་འཁོར་གྱི་གཙོ་བོའི་གཟུགས་ ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་ལ་དང་པོར་ཞེས་བྱ་བ་ལ་སོགས་པ་ལ། རྒྱུད་རྣམ་པ་བཞི་ཞེས་བྱ་བ་ནི་བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་བླ་ན་མེད་པའི་དབྱེ་བའོ། །ཐོབ་པར་བྱ་བའི་ཆེད་དུ་ཞེས་བྱ་བ་ལ་སོགས་པ་ལ། སློབ་དཔོན་དང་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་ དབང་བསྐུར་བའོ། །ལོ་བཅུ་དྲུག་ལོན་པའི་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ་རྒྱུད་ལས་གསུངས་པ་དག་གོ། །དེའི་འོག་ཏུ་ཞེས་བྱ་བ་ནི་དབང་བསྐུར་བའི་རྗེས་ཐོགས་སོ། །ཁོང་སྟོང་ཞེས་བྱ་བ་ལ་སོགས་པ་ནི་སྦུབས་སྟོང་པའོ། །བསྙུན་མེད་ཅེས་བྱ་བ་ནི་སྐྱོན་མེད་པའོ། །འཇིག་རྟེན་རྗེས་འཇུག་ཕྱིར་ཞེས་ བྱ་བ་ནི་འཇིག་རྟེན་རྗེས་སུ་བསྐྱང་བའི་ཆེད་དུའོ། །ཆོས་རྣམས་ཀུན་ལ་ཞེས་བྱ་བ་ལ་སོགས་པ་ལ་གནས་པ་མེད་ཅེས་བྱ་བ་ནི་ཕྱི་རོལ་དུ་མ་གྱུར་པའོ། །རྟག་ཏུ་མཉམ་འཇོག་པ་ཞེས་བྱ་བ་ལ་སོགས་པ་ལ། སྤྱོད་ལམ་དག་ནི་ཞེས་བྱ་བ་ནི་ལངས་པ་དང་འདུག་པ་དང་འཆག་པ་དང་ཉལ་བ་ལ་སོགས་པ་ཐམས་ ཅད་དུའོ། །རྣམ་འཕྲུལ་ཞིང་ཞེས་བྱ་བ་ལ་སོགས་པ་ལ། རྫུ་འཕྲུལ་སྤྲོས་པའོ། །སྒྱུ་མ་ལྟ་བུ་ཞེས་བྱ་བ་ནི་བདག་བྱིན་གྱིས་བརླབ་པའི་ཏིང་ངེ་འཛིན་ནོ། །སྣ་ཚོགས་མིན་ལ་ཞེས་བྱ་བ་ནི་འགྲོ་བ་རྣམས་ཀྱི་དངོས་པོ་གཅིག་ཉིད་དུའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ་ཀུན་མཁྱེན་ཡེ་ཤེས་ཞེས་བྱ་བ་ ལ་སོགས་པ་དང་། དེ་ལྟར་འཇིགས་མེད་གསོལ་འདེབས་ཞེས་བྱ་བ་ལ་སོགས་པ་ལ། ཐོས་པས་ནི་གསོལ་བ་འདེབས་པའི་ཚིག་གོ། །བདག་ཉིད་བྱིན་གྱིས་བརླབ་པ་ཞེས་བྱ་བ་ལ་སོགས་པ་ལ། རང་གི་རང་བཞིན་བྱིན་གྱིས་བརླབ་པ་ནི་བདག་བྱིན་གྱིས་བརླབ་པ་སྟེ། རང་གི་སེམས་ཙམ་སོ་སོར་སྣང་ བའི་ལུས་སོ། །དེའི་རིམ་པ་ནི་རླུང་དང་རྣམ་པར་ཤེས་པ་གསུམ་ཡང་དག་པར་ལྡན་པ་སྟེ། དེ་ཉིད་ལ་བདག་བྱིན་གྱིས་བརླབ་པ་ཞེས་བྱའོ། །ཀུན་རྫོབ་བདེན་པ་ཞེས་བྱ་བ་ནི་དེ་ཀུན་རྫོབ་ཀྱི་བདེན་པ་མཐོང་བ་ཞེས་བྱ་བ་བརྗོད་པར་བྱ་བའོ། །དེ་ནི་བླ་མའི་དྲིན་དག་གིས། །ཞེས་བྱ་བ་ལ་སོགས་པ་ལ། ཀུན་བདག་ 37-1-180b ཉིད་ཅེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་རང་བཞིན་ཅན་ནོ། །གཙོ་བོ་ཞེས་བྱ་བ་ནི་འགྲོ་བ་རྣམས་སོ། །ཚེ་འདི་ཉིད་དུ་ཞེས་བྱ་བ་ནི་ཚེ་འདི་ཉིད་ལའོ། །བདག་བྱིན་བརླབས་པ་ཞེས་བྱ་བ་ལ་སོགས་པ་ལ། འོད་གསལ་བའི་གནས་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །བདེན་པ་གཉིས་སུ་བྱ་བ་ནི་ཀུན་ རྫོབ་དང་དོན་དམ་པའི་དབྱེ་བའོ། །འབྲས་བུ་ནི་གོང་ན་མེད་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །རྒྱུ་ནི་ཐབས་ཀྱི་ཁྱད་པར་རོ། །གང་ཡང་འདི་རྣལ་འབྱོར་པའི་ཀུན་རྫོབ་ཀྱི་གཟུགས་སོ། །ཀུན་རྫོབ་གཞན་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྒྱུར་གྱུར་པའི་ངོ་བོ་ཡང་ཡོད་པ་དེ་དག་ནི་བདག་བྱིན་གྱིས་བརླབ་པའི་ སྒྲས་བརྗོད་པར་བྱ་བ་ཞེས་བྱ་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བདག་བྱིན་གྱིས་བརླབ་པའི་རིམ་གྱིས་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གྱིས་ནི་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །རྒྱུ་གང་གིས་རིམ་བཞིན་དུ་རྗེས་ཐོགས་ལ། འོད་གསལ་བ་ནི་འཐོབ་པར་འགྱུར། །ཞེས་བྱ་བ་ཆོས་ཀྱི་སྐུ་ འཐོབ་པའོ། །རྡོ་རྗེ་སློབ་དཔོན་ཞེས་བྱ་བ་ནི་བླ་ན་མེད་པའི་བླ་མའོ། །དང་པོར་ཞེས་བྱ་བ་ནི་མཆོག་ཏུ་གསང་བ་མངོན་པར་བྱང་ཆུབ་པའི་རིམ་པའོ། །རང་དབང་མེད་པ་ཞེས་བྱ་བ་ནི་གཙོ་བོ་མ་ཡིན་པ་སྟེ། བརྫུན་པ་དང་སྒྱུ་མའི་རང་བཞིན་ཞེས་བྱ་བའི་བར་དུའོ། །གང་གི་ཕྱིར་ཞེ་ན། རང་རྒྱུད་ནི་ཞེས་བྱ་ བ་སྨྲས་ཏེ། རང་གི་རང་བཞིན་དང་རང་གི་ངོ་བོར་འབྱུང་བ་མ་ཡིན་ཞིང་སྐྱེ་བར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏེ། རང་གི་ངོ་བོར་སྐྱེ་བ་དང་བྲལ་བའི་ཕྱིར་དང་ཐུག་པ་མེད་པའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་འགྲོ་བ་སྒྱུ་མའི་རང་བཞིན་ཡིན་ན་འབྱུང་བའི་རྒྱུ་ཅི་ཞིག་ཡིན་ཞེ་ན། དེའི་རྒྱུ་ནི་འོད་ གསལ་ཞེས་བྱ་བ་སྨྲས་སོ། །དེ་ལྟར་ན་འོད་གསལ་བ་དངོས་པོ་ཞིག་ཏུ་འགྱུར་རོ་ཞེ་ན། འོད་གསལ་ཐམས་ཅད་སྟོང་པའོ། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེའི་ཕྱིར་ཁམས་གསུམ་པ་འདི་དག་ཐམས་ཅད་སྟོང་པ་ལས་བྱུང་བ་སེམས་ཙམ་ཡིན་གྱིས་ཡང་གཙོ་བོ་དང་དབང་ཕྱུག་ལ་སོགས་པ་ནི་ མེད་དོ། །སེམས་གང་གིས་ནི་ཞེས་བྱ་བ་ལ་སོགས་པ་ལ། བྱིས་པ་ཞེས་བྱ་བ་ནི་མུ་སྟེགས་ཅན་དང་རྣམ་པར་ཤེས་པར་སྨྲས་པ་སྟེ། རང་གི་ངོ་བོར་སྒྲོ་འདོགས་པའི་ཕྱིར་རོ། །བཅིངས་ཞེས་བྱ་བ་ནི་བཅིངས་པ་ཐོབ་པར་འགྱུར་བའོ། །རྣལ་འབྱོར་པ་ཞེས་བྱ་བ་ནི་རྫོགས་པའི་རིམ་པ་ལ་གནས་པའི་རྣལ་འབྱོར་ 37-1-181a པའོ། །བདེ་གཤེགས་གནས་ནི་ལམ་སྟེ་ཐོབ་པར་འགྱུར་བའོ། །འདིར་ནི་ཞེས་བྱ་བ་ནི་འཁོར་བར་རོ། །སྐྱེ་བ་ཞེས་བྱ་བ་ནི་བདེན་པའི་དངོས་པོ་འགའ་ཞིག་སྟེ་བདག་དང་དབང་ཕྱུག་ལ་སོགས་པའོ། །འཆི་བ་ནི་ཉམས་པར་འགྱུར་བའོ། །དེ་ལྟར་ན་ཅི་ཞིག་མཐོང་བར་འགྱུར་ཞེ་ན། སེམས་ཉིད་ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ། གཟུགས་ལ་སོགས་པའི་རྣམ་པར་འཛིན་ཅིང་སྒྱུ་མའི་རང་བཞིན་རྣམ་པ་སྣ་ཚོགས་སུ་རྣམ་པར་གནས་པའོ། །དེ་ནི་གཟུགས་ལ་སོགས་པའི་རྣམ་པ་འཛིན་པའི་རང་སེམས་ཐབས་གང་གིས་རྟོགས་པར་འགྱུར་བ་དེ་བསྟན་པའི་ཕྱིར། རླུང་གི་སྦྱོར་བ་མེད་པར་ནི། །ཞེས་བྱ་ བ་ལ་སོགས་པ་སྨྲས་ཏེ། སེམས་ཀྱི་རང་བཞིན་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཀྱི་རང་བཞིན་རྒྱུར་གྱུར་པས། །ཞེས་བྱ་བ་ནི་རང་བཞིན་བརྒྱ་དྲུག་ཅུ་རྒྱུར་གྱུར་པ་ལས། ལས་དང་སྐྱེ་བ་ཀུན་དུ་འབྱུང་བ་སྟེ། ཀུན་ནས་འབྱུང་བར་འགྱུར་བའོ། །དེ་ཉིད་ཅེས་བྱ་བ་རྣམ་པར་ཤེས་པ་གསུམ་མོ། །རླུང་དང་ཡང་དག་པར་ལྡན་པ་ ལས་འབྱུང་བར་སྐྱེ་བར་འགྱུར་རོ། །རྣལ་འབྱོར་པ་ཞེས་བྱ་བ་ནི་རྫོགས་པའི་རྣལ་འབྱོར་པའོ། །ལུས་སུ་ཞེས་བྱ་བ་ནི་ལྷ་ལ་སོགས་པའི་གཟུགས་ཅན་གྱི་གཟུགས་བརྙན་དང་འདྲ་བའི་ལུས་སོ། །སྒྱུ་མའི་ལུས་ཞེས་བྱ་བའི་སྒྲས་ཀྱང་དེ་ལ་བརྗོད་པ་ཡིན་ནོ། །དེ་བས་འདི་ལྟར་ཞེས་བྱ་བ་ནི་རླུང་དང་རྣམ་ཤེས་ལྡན་པ་ཉིད་ ཀྱིས་སོ། །འགྲོ་བ་ཞེས་བྱ་བ་ནི་ཁམས་གསུམ་པའི་འགྲོ་བ་དང་སྣོད་ཀྱི་སྒྲས་བརྗོད་པའོ། །རྒྱུ་དེའི་ཕྱིར་སྒྱུ་མ་ལྟ་བུར་འདིར་བཤད་དོ། །འདིར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་བསྟན་པ་འདིར་ཏེ། མཐུན་པའི་རྒྱུ་ལས་མཐུན་པའི་འབྲས་བུ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་རིགས་པས་སོ། །སྒྱུ་མ་ལྟ་བུའི་ཏིང་འཛིན་ གནས། །ཞེས་བྱ་བ་ནི་བདག་བྱིན་གྱིས་བརླབ་པའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པའོ། །ཐམས་ཅད་ཅེས་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་དོ། །དེ་དང་འདྲ་བར་ཞེས་བྱ་བ་ནི་སྒྱུ་མའི་རྣམ་པར་རོ། །དེ་ཉིད་ནི་གཟུགས་དང་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། ཁམས་ནི་ཞེས་བྱ་བ་ནི་ས་དང་ཆུ་དང་ མེ་དང་རླུང་ངོ་། །མིག་ལ་སོགས་དང་ཞེས་བྱ་བ་ནི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་དོ། །ཡུལ་རྣམས་ནི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་པ་དང་ཆོས་ཞེས་བྱ་བར་གྲགས་པའོ། །ཡེ་ཤེས་ལྔ་པོ་ཞེས་བྱ་བ་ནི་མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་གྲུབ་པ་དང་། ཆོས་ཀྱི་དབྱིངས་ཤིན་ཏུ་ 37-1-181b རྣམ་པར་དག་པ་ཞེས་བྱ་བའོ། །ནང་དུ་ཞེས་བྱ་བ་ནི་ཁམས་བཅོ་བརྒྱད་དོ། །ཕྱི་དང་ཞེས་བྱ་བ་ནི་བརྟན་པ་དང་གཡོ་བའོ། །ཐམས་ཅད་ཅེས་བྱ་བ་ནི་སྒྱུ་མ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །ད་ནི་རྣལ་འབྱོར་པའི་རང་གི་སེམས་ཀྱི་གཟུགས་བརྙན་གྱི་ངོ་བོ་སྒྱུ་མའི་ལུས་ངག་བྱིན་གྱིས་བརླབ་པའི་ཞེས་བྱ་བའི་མིང་ཅན་གྱི་རང་གི་ ངོ་བོ་དང་ཁ་དོག་དང་ཁྱབ་པ་བསྒྲུབ་པར་བྱ་བའི་ཕྱིར་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་ཞེས་བྱ་བ་སྨྲས་ཏེ་གཟུགས་བརྙན་དང་འདྲ་བའོ། །མཚོན་པར་བྱ་བ་ཞེས་བྱ་བ་ནི་མདུན་ན་འདུག་པའི་གཟུགས་བརྙན་མཐོང་བས་སོ། །འཇའ་ལྟ་བུ་ཞེས་བྱ་བ་ནི་ཇི་ལྟར་དབང་པོའི་གཞུ་འོད་ཟེར་ཁ་དོག་རྣམ་ལྔ་དང་ལྡན་པར་ འབྱུང་བ་དེ་བཞིན་དུ་དེའི་ཁ་དོག་མཚོན་པར་བྱ་བའོ། །ཁྱབ་པ་ཉིད་ནི་ཆུའི་ཟླ་བས་མཚོན་པར་བྱ་བའི་དོན་ཏོ། །ད་ནི་རྣལ་འབྱོར་ལ་མ་ལྟོས་པར་ཡང་དེ་གསལ་བར་རྟོག་པར་བྱེད་པ་བསྟན་པར་བྱ་བའི་ཕྱིར། མེ་ལོང་དྲི་མ་མེད་པ་ལ། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དངོས་དང་དངོས་མེད་ལས་གྲོལ་ བས། །ཞེས་བྱ་བ་ནི་བདེན་པ་ཡང་མ་ཡིན། རྫུན་པ་ཡང་མ་ཡིན་ནོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་ངོ་བོ་འོ། །ལེགས་བྲིས་པ་ཞེས་བྱ་བ་ནི་ཁ་དོག་དང་དབྱིབས་སྣ་ཚོགས་པའོ། །དེ་ཉིད་གསུངས་པ། སྐུ་ནི་བལྟ་བས་མི་ངོམས་པ། །ཞེས་བྱ་བ་སྟེ། ཉམས་པ་མེད་པའི་ ངོ་བོ་ཉིད་དོ། །བསྟན་ཞེས་བྱ་བ་ནི་ཕྱི་རོལ་གྱི་དཔེར་གྱུར་པས་ནང་གི་དཔེས་བསྟན་པར་བྱ་བ་རབ་ཏུ་བསྟན་པ་ཡིན་ནོ། །སློབ་མ་བཟང་པོ་ཞེས་བྱ་བ་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་གོ། །འདི་ཉིད་ཅེས་བྱ་བ་ནི་གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ངེས་པར་མཚོན་པ་སྟེ་ཞེས་བྱ་བ་ནི་ཡང་དག་པར་ མཚོན་པར་བྱ་བའོ། །སྐྱོན་མེད་མཚན་ཉིད་ཀྱིས་ཞེས་བྱ་བ་ནི་སྒྲིབ་པ་ཐམས་ཅད་ཟད་པའི་མཚན་ཉིད་དོ། །སྐུ་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་མཚན་ཉིད་ཅན་ནོ། །དེ་ཉིད་ཁོ་ན་ཞེས་བྱ་བ་ནི་དེ་ཁོ་ན་ཞེས་བྱ་བའི་དོན་ཏོ། །དྲི་ཟའི་སེམས་ཅན་ཞེས་བྱ་བ་ནི་སྲིད་པ་བར་མའི་ལུས་སོ། །རྡོ་རྗེའི་སྐུ་ཞེས་བྱ་བ་ནི་ མི་ཚིག་མི་ཆོད་མི་ཕྱེད་མི་འབངས་པའི་གཟུགས་ཡིན་པའི་ཕྱིར་རོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དང་། དེ་བས་ཞེས་བྱ་བ་ནི་བདག་བྱིན་གྱིས་བརླབ་པའི་ཏིང་ངེ་འཛིན་ཐོབ་པའོ། །བདག་ཉིད་ཅེས་བྱ་བ་ནི་རང་ཉིད་དོ། །མཆོད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའི་མཆོད་པའོ། །གང་གི་ཕྱིར་ཞེ་ན། བདག་ཉིད་སངས་རྒྱས་ 37-1-182a ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བདག་བྱིན་གྱིས་བརླབ་པའི་ཏིང་ངེ་འཛིན་ཐོབ་པ་ནི་སངས་རྒྱས་ཐམས་ཅད་ཉིད་དོ། །ལྷ་རྣམས་ནི་ལྷ་ཉིད་དོ། །དེ་རྣམས་ཀྱི་ངོ་བོ་ནི་ལྷ་ཉིད་དོ། །དེ་བས་ཞེས་བྱ་བ་ནི་རྒྱུ་དེས་སོ། །སྔགས་དང་ཕྱག་རྒྱས་ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར་ལ་སོགས་ཞེས་བྱ་བ་ནི་བཟླས་པ་དང་བསམ་ གཏན་དང་མཆོད་པ་ལ་སོགས་པའོ། །དབང་པོའི་གཞུ་ཞེས་བྱ་བ་ནི་སྒྱུ་མའི་དཔེ་ཉིད་དུ་ཉེ་བར་བསྟན་པ་ཡིན་ནོ། །སྒེག་དང་ཞེས་བྱ་བ་ལ་སོགས་པ་ལ། སྒྱུ་རྩལ་ཞེས་བྱ་བ་ནི་སྒྱུ་རྩལ་དྲུག་ཅུ་རྩ་བཞི་སྟེ། བྷ་ར་ཏའི་བསྟན་བཅོས་ལས་བསྟན་པའོ། །མང་དུ་བཤད་ཅི་དགོས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཐེག་པ་ཞེས་བྱ་བ་ ནི་གསང་སྔགས་ཀྱི་ཐེག་པ་ཆེན་པོའོ། །ད་ནི་སྒྱུ་མའི་དཔེ་ཉིད་ཀྱི་དམིགས་པ་བསྟན་པའི་ཕྱིར་མེ་ལོང་གི་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྒྱུ་མ་ནི་སྤྲུལ་པའོ། །ཆུ་བུར་ཞེས་བྱ་བ་ནི་ཆུའི་ཆུ་བུར་རོ། །མིག་འཕྲུལ་ཞེས་བྱ་བ་ནི་སྔགས་དང་སྨན་ལ་སོགས་པ་དང་ལྡན་པའོ། །མཚུངས་པར་ཞེས་བྱ་བ་ནི་ཁམས་ གསུམ་པོ་འདི་དག་གི་ངོ་བོ་འདྲ་བ་ཉིད་དུ་མཐོང་བའོ། །དེ་ནི་གཙོ་བོ་ཞེས་བྱ་བ་ནི་རྡོ་རྗེ་འཆང་ངོ་། །མཐོང་བ་དང་ནི་ཞེས་བྱ་བ་ལ་སོགས་པ་ལ་དམིགས་མེད་ཅེས་བྱ་བ་ལ་སོགས་པ་ལ། དམིགས་པར་བྱ་བས་ནི་དམིགས་པ་སྟེ། མིག་ལ་སོགས་པས་གཟུང་བར་བྱ་བའི་ཡུལ་ལོ། །ཀུན་རྫོབ་ཅེས་བྱ་བ་ནི་ ཐ་སྙད་ཙམ་དུ་རྡོ་རྗེ་ཐེག་པ་ལས་སྒྱུ་མ་ཞེས་བརྗོད་པས་སྒྱུ་མ་དང་འདྲ་བར་ཡོངས་སུ་བརྟགས་པའོ། །འོན་ཀྱང་ཐམས་ཅད་ཀྱང་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སྒྱུ་མ་ལྟ་བུར་མཐོང་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། དབང་པོ་གང་དང་གང་ལམ་འགྱུར། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དབང་པོའི་ལམ་ཉིད་དུ་གྱུར་པ་སྟེ་དབང་ པོའི་སྤྱོད་ཡུལ་ཉིད་དོ། །གྱུར་ཞེས་བྱ་བ་ནི་དེར་སོང་བའོ། །དེ་དང་ཞེས་བྱ་བ་ནི་དངོས་པོ་དེའོ། །དེ་ངོ་བོར་བྱ་ཞེས་བྱ་བ་ནི་བདག་བྱིན་གྱིས་བརླབ་པའི་ཏིང་ངེ་འཛིན་དེའི་ངོ་བོ་ཉིད་དེ་ཇི་སྲིད་སྒྱུ་མ་ལྟ་བུར་མཐོང་གི་བར་དུའོ། །རྒྱུ་དེའི་ཕྱིར། མཉམ་པར་མ་བཞག་སྦྱོར་བ་ཡིས། །ཞེས་བྱ་བ་སྨྲས་ཏེ། ཏིང་ངེ་འཛིན་ལས་ལངས་པའི་ གནས་སྐབས་སུའོ། །འཆགས་པ་ལ་སོགས་པའི་དུས་སུ་དངོས་པོ་ཐམས་ཅད་སངས་རྒྱས་ཀུན་དང་མཉམ་པར་སྦྱོར་བ་སྟེ་ཡང་དག་པར་མཉམ་པ་ཉིད་དུ་བལྟ་བར་བྱའོ། །འདི་ཉིད་ནི་སངས་རྒྱས་རྣམས་ཀྱི་གང་ཀུན་རྫོབ་སྒྱུ་མ་ལྟ་བུ་ཞེས་བྱ་བ་ཉིད་དོ། །དེས་ཅིར་འགྱུར་ཞེ་ན། ཀུན་ལ་ཞེས་བྱ་བ་ནི་ཐམས་ཅད་ལའོ། །ཀུན་ནས་ཞེས་བྱ་ 37-1-182b བ་ནི་ཐམས་ཅད་ནས་སོ། །ཐམས་ཅད་དུ་ཞེས་བྱ་བ་ནི་བརྟན་པ་དང་གཡོ་བའོ། །ཀུན་གྱིས་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱིས་སོ། །རྣམ་པ་ཀུན་ཞེས་བྱ་བ་ནི་མཉམ་པར་གཞག་པ་དང་མ་བཞག་པའི་གནས་སྐབས་སོ། །བདག་ཉིད་ཅེས་བྱ་བ་ནི་རང་ཉིད་དོ། །སངས་རྒྱས་རང་བཞིན་ཀུན་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་ ཀྱིས་བྱིན་གྱིས་བརླབ་པའོ། །གྲུབ་པས་ཞེས་བྱ་བ་ནི་གདོད་མ་ནས་གྲུབ་པའོ། །རང་ཉིད་ཀྱིས་ཞེས་བྱ་བ་ནི་བདག་ཉིད་ཀྱི་ལུས་སོ། །དེ་ཞེས་བྱ་བ་ནི་སྒོམ་པ་པོའོ། །བསམ་གཏན་འདིས་གནས་པའི་རྣལ་འབྱོར་པ་འདི་ལྟར་གྱི་འབྲས་བུ་བསྟན་པའི་ཕྱིར། སེམས་དཔའ་ཆེན་པོ་འགྲོ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གནས་ཞེས་བྱ་བ་ནི་རྣལ་ འབྱོར་པའི་འདུག་གནས་སོ། །འགྱུར་བ་དང་ཞེས་བྱ་བ་ལ་སོགས་པ་ལ། འགྲོ་བ་ཞེས་བྱ་བ་ནི་འགྲོ་བ་གཙོ་བོ་རྣམས་ཀྱིའོ། །ལྷ་དང་བཅས་པ་ཀུན་གྱིས་མཆོད། །ཅེས་བྱ་བ་ནི་ལྷ་རྣམས་ཀྱིས་སོ། །ཏིང་ངེ་འཛིན་ལ་གནས་ནས་འགྲོ་བ་སྐྱོབ་པ་བསྟན་པའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ནི་ དེ་ལྟ་བུ་ཉིད་དུའོ། །སྣ་ཚོགས་ཡེ་ཤེས་བྱ་བ་ནི་འགྲོ་བ་རྣམས་ཀྱི་རང་གི་ངོ་བོ་ཡོངས་སུ་ཤེས་པ་སྟེ། སེམས་ཙམ་གྱི་ཡེ་ཤེས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནོ། །རྗེས་སུ་སྡུད་ཅེས་བྱ་བ་ནི་དེ་གོམས་པར་བྱེད་པའོ། །ཇི་ཡང་མེད་ཅེས་བྱ་བ་ལ་སོགས་པ་ལ་བསྒྲུབ་པར་མི་བྱ་བ་སྟེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་ངོ་ བོའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་སངས་རྒྱས་སོ། །བརྒྱན་པས་ཞེས་བྱ་བ་ནི་བྱིན་གྱིས་བརླབ་པའོ། །དེ་ཉིད་ཀྱི་ཕྱིར་རང་ཉིད་ཅེས་བྱ་བ་སྨྲས་ཏེ། དཀའ་བ་སྤྱོད་པ་མེད་པར་ཡང་ངོ་། །བདེ་ཆེན་ཕྱག་རྒྱ་ཞེས་བྱ་བ་ནི་ལས་དང་དམ་ཚིག་དང་ཆོས་དང་ཕྱག་རྒྱ་ཆེན་པོའོ། །བདེ་ཆེན་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་འབྲས་བུ་སྟེར་ བའོ། །ད་ནི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པར་བྱེད་པ་བསྟན་པའི་ཕྱིར། ཉོན་མོངས་པ་ལས་ཀྱི་ལམ་ཅན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པའོ། །ལས་ཅན་ནི་བདེ་འགྲོ་དང་ངན་འགྲོའི་རྒྱུའོ། །ལུས་ནི་གཟུགས་ཕུང་ངོ་། །བྱེད་པ་པོ་ཞེས་བྱ་བ་ནི་བདག་དང་དབང་ཕྱུག་ལ་སོགས་པའོ། ། འབྲས་བུ་ནི་ལེགས་པར་བྱས་པ་དང་ཉེས་པར་བྱས་པའི་ལས་ལས་སྐྱེས་པའོ། །སྨིག་རྒྱུ་རྨི་ལམ་ལྟ་བུ་དེ། །ཞེས་བྱ་བ་ལ་སོགས་པ་དང་། འདི་འདྲའི་ཞེས་བྱ་བ་ལ་སོགས་པ་ལ། ཀུན་རྫོབ་ལ་ཞེས་བྱ་བ་ནི་ཡོངས་སུ་གསལ་བར་འགྱུར་བའི་རྫས་སོ། །ཉེ་བར་དམིགས་པ་ཞེས་བྱ་བ་ནི་རང་གི་ངོ་བོར་མངོན་པར་བརྟགས་པ་ཉིད་དོ། །སྐྱེ་ 37-1-183a བ་ནི་འབྱུང་བའོ། །དེ་དག་ཅེས་བྱ་བ་ནི་ནད་དེ་དག་གོ། །སྨན་ཞེས་བྱ་བ་ནི་རྩིའོ། །རྒྱལ་བ་ནི་རྒྱལ་བའི་ངང་ཚུལ་དང་ལྡན་པའོ། །ཏིང་ངེ་འཛིན་གྱི་ཆེ་བའི་བདག་ཉིད་བསྟན་པ་ནི་བདག་བྱིན་གྱིས་བརླབ་པའི་ཞེས་བྱ་བ་ལ་སོགས་པ་སྟེ། རྟག་པ་དང་ཆད་པའི་མཐའ་ལ་དམིགས་པར་གྱུར་པས་དེའི་ཕྱིར། མཆོད་པ་ཐམས་ ཅད་སྤངས་ནས་ནི། །ཞེས་བྱ་བའོ། །དེ་ཞེས་བྱ་བ་ནི་བླ་མ་དེའོ། །དེ་ཞེས་བྱ་བ་ནི་བདག་བྱིན་གྱིས་བརླབ་པའི་ཏིང་ངེ་འཛིན་ནོ། །གལ་ཏེ་ཇི་ལྟར་ན་བསོད་རྣམས་ཀྱི་རྒྱུ་གཞན་དག་ལ་མཆོད་པ་ལ་སོགས་པ་སྤངས་ནས་བླ་མ་ཁོ་ན་ལ་མཆོད་པ་བྱ་བ་ཡིན་ཞེ་ན། དེ་ཡིས་བསོད་ནམས་མ་བྱས་ཅི། །ཞེས་བྱ་བ་ལ་སོགས་པ་སྨྲས་ ཏེ། བླ་མེད་ཅེས་བྱེད་པ་ཞེས་བྱ་བ་ནི་ལམ་བླ་ན་མེད་པ་སྟེར་བའོ། །སློབ་དཔོན་ཉིད་ནི་རྡོ་རྗེ་སེམས་དཔའོ། །ཇི་ལྟ་བུའི་མཆོད་པ་བྱ་ཞེ་ན། ཤིན་ཏུ་དགའ་བ་གང་དང་གང་། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ལྟར་བྱས་པ་ལ་ཡོན་ཏན་ཅི་ཞིག་ཡོད་ཅེ་ན། སློབ་དཔོན་གྱིས་ནི་སྡིག་པ་འཕྲོག །ཅེས་བྱ་བ་ལ་སོགས་པ་ སྨྲས་ཏེ། སློབ་དཔོན་གྱིས་ནི་སྡུག་བསྔལ་གྱི་རྒྱ་མཚོ་འཇིགས་ལས་ཞེས་བྱ་བ་ནི་འཁོར་བའི་རྒྱ་མཚོའོ། །ད་ནི་སློབ་མ་ངན་པ་ལ་བསྟན་པར་བྱ་བ་མ་ཡིན་ཞེས་དགག་པའི་ཕྱིར། གང་ཞིག་ང་རྒྱལ་གྱིས་རྩགས་ཤིང་། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཡང་དག་རིམ་པ་སུན་འབྱིན་པ། །ཞེས་བྱ་བ་ནི་རིམ་པ་ལྔ་ སུན་འབྱིན་པའོ། །སློབ་མ་བཟང་པོའི་མཚན་ཉིད་བསྟན་པ་ནི། བླ་མ་ལ་གུས་ཞེས་བྱ་བ་ལ་སོགས་པ་སྟེ། བདེན་པར་སྨྲ་ཞེས་བྱ་བ་ནི་བདེན་པའི་ཚིག་དང་ལྡན་པའོ། །རྣམ་པར་དབེན་ཞིང་ཞེས་བྱ་བ་ནི་གཅིག་པུ་དགའ་བའི་ངང་ཚུལ་ཅན་ནོ། །བདག་བྱིན་གྱིས་བརླབ་པའི་རིམ་པའི་དཀའ་འགྲེལ་ལོ།། །།རིམ་པ་ བཞི་པ་རིག་གྱུར་ནས། །འགྲོ་བའི་མུན་པ་འཕྲོག་མཛད་ཅིང་། །སྣ་ཚོགས་དོན་མཛད་ཀླུ་སྒྲུབ་ལ། །ཕྱག་འཚལ་འདུད་ཅིང་ཕྱག་འཚལ་ལོ། །སློབ་དཔོན་གྱི་རིམ་པ་བཞི་པའི་དོན་རབ་ཏུ་བསྒྲུབ་པར་འདོད་ནས། དང་པོ་ཉིད་དུ་རྗེ་བཙུན་རྡོ་རྗེ་འཆང་ལ་ཕྱག་འཚལ་བ་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྟེ། ཐམས་ ཅད་སྟོང་པ་ཉིད་ནི་འོད་གསལ་བ་སྟེ་དེ་སྟོན་པར་མཛད་པའོ། །མངོན་པར་བྱང་ཆུབ་པ་ཞེས་བྱ་བ་ནི་མངོན་པར་རྫོགས་པར་སངས་རྒྱས་ནས་གང་གིས་སངས་རྒྱས་ཉིད་ཐོབ་པའོ། །འདི་ཞེས་བྱ་བ་ནི་མངོན་པར་བྱང་ཆུབ་པའི་མཚན་ཉིད་ཅན་འོད་གསལ་བའོ། །རང་ཉིད་འབྱུང་བར་འགྱུར་བ་ནས་རང་འབྱུང་སྟེ། 37-1-183b རྒྱུ་གང་གིས་ཀྱང་མ་བསྐྱེད་ཅེས་བྱ་བའི་བར་དུའོ། །དེའི་ཕྱིར། བློ་ཡི་སྤྱོད་ཡུལ་མིན་ཕྱིར་ངག་གིས་བརྗོད་དུ་མེད། །བླ་མས་བསྟན་པས་དངོས་པོ་རྟོགས་པར་བྱ་བ་ལས་རིང་གྱུར། །སྙིང་རྗེ་ལ་སོགས་ཡོན་ཏན་དཀར་པོའི་དེ་ཉིད་མ་ཡིན་པས། །དད་དང་ལྡན་པའི་སྙིང་གི་གནས་སུ་རང་ཉིད་འབྱུང་བ་ཡིན། །ཞེས་བསྟན་ པ་ཡིན་ནོ། །བཅོམ་ལྡན་ཞེས་བྱ་བ་ནི། དབང་ཕྱུག་དང་ནི་གཟུགས་བཟང་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་དེ་ལ་ལྡན་ཞེས་བྱ། །ཞེས་འབྱུང་བས་དེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གཅིག་པུ་ཞེས་བྱ་བ་ནི་གཉིས་སུ་མེད་པའོ། །སངས་རྒྱས་ ཐམས་ཅད་ཀྱི་ཆོས་སྐུའི་ངོ་བོ་ཉིད་ཡིན་པའི་ཕྱིར་དང་སྣ་ཚོགས་དང་མི་ལྡན་པའི་ཕྱིར་རོ། །བདག་ཉིད་ཆེ་བའི་ལྷ་ཞེས་བྱ་བ་ནི་གཙོ་བོར་གྱུར་པའོ། །མན་ངག་ཅེས་བྱ་བ་ལ་སོགས་པ་ལ། དེ་བས་ལྷག་ཅེས་བྱ་བ་ནི་མཆོག་ཏུ་ཕན་པ་མཛད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ཞེས་བྱ་བ་ནི་འོད་གསལ་བ་བས་ཀྱང་ངོ་། །དེ་ནི་ ཞེས་བྱ་བ་ནི་བླ་མའོ། །ཅི་ནུས་པ་ཞེས་བྱ་བ་ནི་བདག་ཉིད་ཀྱི་ནུས་པས་སོ། །ཅི་འབྱོར་པ་ཞེས་བྱ་བ་ནི་བཅུ་དྲུག་ལོན་པའམ་གཞན་དག་ཀྱང་ངོ་། །དགའ་བ་དང་མགུ་བ་བསྐྱེད་པས་ན་ཕྱག་རྒྱའོ། །ཚོགས་ཀྱི་དཀྱིལ་འཁོར་དབུས་སུ་ཞེས་བྱ་བ་ལ་སོགས་པ་ནི་ཚོགས་ཀྱི་འཁོར་ལོའི་དབུས་སུའོ། །མཆོད་པར་བྱ་བ་ནི་རྡོ་རྗེ་སློབ་ དཔོན་ལའོ། །མཆོད་པ་ནི་ནང་གི་བདག་ཉིད་ཅན་གྱི་མཚན་ཉིད་ཅན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་རྣལ་འབྱོར་ཆེན་པོ་ནི་རྡོ་རྗེ་སློབ་དཔོན་ནོ། །སྣང་བ་ཞེས་བྱ་བ་ནི་སྐད་ཅིག་མ་བཞི་ཉེ་བར་མཚོན་པར་བྱེད་པའོ། །སྙོམས་པར་འཇུག་པ་ཞེས་བྱ་བ་ནི་ཕྱི་རོལ་གྱི་ཕྱག་རྒྱ་དང་ངོ་། །ཆོ་ག་ཡིས་ཞེས་བྱ་བ་ནི་མདོར་ བསྡུས་པའི་རིམ་པར་བསྟན་པའི་ཆོ་གས་སོ། །ཀ་ལ་ཤ་སོགས་ཞེས་བྱ་བ་ནི་བུམ་པའི་སྟེང་དུ་དུང་ཆོས་སམ། ཉ་ཕྱིས་ཁ་སྦྱོར་དུ་བྱས་པར་གཞག་པར་བྱའོ། །ནམ་ཕྱེད་ཅེས་བྱ་བ་ནི་ནམ་ཕྱེད་ཀྱི་དུས་སུའོ། །དབང་བསྐུར་ཡང་དག་ཐོབ་ནས་ཞེས་བྱ་བ་ནི་གསང་བའི་དབང་བསྐུར་བའི་ཆོ་ག་དང་ཤེས་རབ་ཡེ་ཤེས་ཀྱི་ དབང་བསྐུར་བའི་ཆོ་གས་དབང་བསྐུར་བ་རྣམ་པ་གཉིས་ཐོབ་པའོ། །ཡང་ཞེས་བྱ་བ་ནི་ཞག་གཞན་ལའོ། །བསྟོད་པས་ཞེས་བྱ་བས་ནི་འཆད་པར་འགྱུར་བས་སོ། །ཁམས་གསུམ་ཞེས་བྱ་བ་ལ་སོགས་པས་ནི་འོད་གསལ་བའི་ཡོན་ཏན་བརྗོད་པའི་སྒོ་ནས་བླ་མ་ལ་མཉེས་པར་བྱེད་དོ། །མི་བརྟེན་ཞེས་བྱ་བ་ནི་ཕྱི་རོལ་ 37-1-184a དུ་མ་གྱུར་པ་ཞེས་བྱ་བ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དུ་མ་གྱུར་པའོ། །དེ་ལྟར་ན་གང་ལ་བསྟོད་པ་དང་ཁྱད་ཅི་ཡོད་ཅེ་ན། ཕྱིན་ཅི་ལོག་ལས་རྣམ་གྲོལ་བ། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རྣམ་རྟོག་མེད་ཅིང་ཞེས་བྱ་བའི་ཆེད་དུ་བསམ་པ་མེད་པའོ། །ཀུན་རྟོག་མེད་པ་གང་ལ་འཇུག་པའི་ཀུན་དུ་ རྟོག་པ་མེད་པ་ནི་ཀུན་རྟོག་མེད་ཅེས་བྱའོ། །དེ་ཉིད་ཀྱི་ཕྱིར། ཡིད་ནི་རབ་ཏུ་མི་གནས་པ། །ཞེས་བྱ་སྟེ། གང་ལ་བསམ་པ་ཡོད་པ་མ་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཡིད་ནི་ཡིད་ཀྱི་རྣམ་རྟོག་གོ། །དེ་ཉིད་ཀྱི་ཕྱིར་དམིགས་མེད་དོ། །གནས་མེད་ཅེས་བྱ་བ་ལ་སོགས་པ་ལ་གོས་པ་ནི་འདོད་ཆགས་སོ། །གོས་པ་དང་བྲལ་བ་ནི་གོས་ པ་མེད་པའོ། །ལྟ་བར་འཚལ་ཞེས་བྱ་བ་ནི་བསྐུལ་ནས་ཡང་གསོལ་བ་གདབ་པོ། །བདག་འཚལ་ལོ་ཞེས་བྱ་བ་ལ་སོགས་པ་ལ། མཐོང་བར་ནི་ཞེས་བྱ་བ་ནི་འདིས་མཐོང་བར་བྱེད་པས་ན་མཐོང་བ་སྟེ་ཐབས་སོ། །སྣང་བ་གསུམ་པོ་ཞེས་བྱ་བའི་རྣམ་པར་ཤེས་པ་གསུམ་པོ་སྤངས་པའོ། །རྡོ་རྗེ་ཡེ་ཤེས་ཞེས་བྱ་བ་ནི་འོད་གསལ་ བའི་ཡེ་ཤེས་སོ། །སངས་རྒྱས་ཀུན་གྱི་ཡེ་ཤེས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུའི་ངོ་བོའོ། །དེ་ཉིད་ཀྱི་ཕྱིར། དེ་བཞིན་གཤེགས་པ་ཀུན་གྱི་གནས། ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུའི་གནས་ཀྱི་ངོ་བོ་ཡིན་པའི་ ཕྱིར་རོ། །ཐོག་མཐའ་མེད་པ་ནི་སྐྱེ་བ་དང་འཇིག་པ་དང་བྲལ་བའོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་བྲལ་བའི་ཕྱིར་ཞི་བའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ། རིམ་པ་ནི་མངོན་པར་བྱང་ཆུབ་པའི་རིམ་པའོ། །མཚན་མོ་སྣང་བའི་ཆ་ཞེས་བྱ་བ་ལ་སོགས་པ་ལ་ནི་ཕྱི་རོལ་གྱི་སྒོ་ནས་ནང་གི་བདག་ཉིད་ ཅན་སྟོན་པར་བྱེད་པ་ཡིན་ནོ། །མཚན་མོའི་ཆ་ཞེས་བྱ་བ་ནི་མཚན་མོའི་དུས་སུའོ། །གསལ་བའི་ཉི་མའི་ཟེར་འགྱེད་ཅེས་བྱ་བ་ནི་ཉི་མ་འཆར་བ་ནས་བརྩམས་ནས་སོ། །ཡིན་ཞེས་བྱ་བ་ནི་སྣང་བ་མཆེད་པ་འབྱུང་བའོ། །མཚམས་ཞེས་བྱ་བ་ནི་མཚམས་མུན་པའི་དུས་ཏེ། སྣང་བ་ཉེ་བར་ཐོབ་པའི་མཚན་ ཉིད་ཅན་ནོ། །རང་གི་རང་བཞིན་བརྒྱ་དྲུག་ཅུའོ། །ལན་ཅིག་མུན་པ་ཞེས་བྱ་བ་ནི་སྐད་ཅིག་མ་སོ་སོར་རོ། །རང་གི་ཞེས་བྱ་བ་ནི་བདག་ཉིད་ཀྱིའོ། །དེ་ཉིད་ཀྱི་ཕྱིར་དེ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་འདྲེན་པར་བྱེད་པ་མ་ཡིན་ནོ། །འོ་ན་ཡང་དག་པར་རྫོགས་པའི་བྱང་ཆུབ་འདྲེན་པར་བྱེད་པ་གང་ཡིན་ཞེ་ན་མཚན་ 37-1-184b མིན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་ཞིག་ཅེས་བྱ་བ་ནི་བཞི་པའོ། །དེ་ནི་ཡིན་ཞེས་བྱ་བ་ནི་དེ་ཡིན་པར་འགྱུར་བའོ། །བླ་མ་མཆོག་བཤད་ཅེས་བྱ་བ་ནི་རྡོ་རྗེ་སློབ་དཔོན་རྗེ་བཙུན་རྡོ་རྗེ་འཆང་གིས་བསྟན་པའོ། །རྣལ་འབྱོར་པ་ཞེས་བྱ་བ་ནི་བདག་བྱིན་གྱིས་བརླབ་པའི་རྣལ་འབྱོར་པའོ། །སྐད་ཅིག་མ་ བཞི་པ་གསལ་བར་བྱ་བའི་ཕྱིར། མུན་པའི་མཐའ་ནི་ཟད་དང་ཞེས་བྱ་བ་ནི་མཚན་མོ་ཟད་པར་གྱུར་ཅིང་མུན་པ་ཟད་པར་གྱུར་པའོ། །འདས་པ་ནི་བྲལ་བར་གྱུར་པའོ། །མཚམས་ཀྱི་སྣང་བ་ནི་མཚམས་ཀྱི་མུན་པའོ། །ཉི་མ་ནི་ཉི་མ་ཉིད་དོ། །ཇི་སྲིད་ཅེས་བྱ་བ་ནི་དང་པོར་ཉི་མ་འཆར་བའི་གནས་སྐབས་སོ། །སྐད་ཅིག་འདིར་ ནི་ཞེས་བྱ་བ་ནི་སྐད་ཅིག་ལའོ། །བཤད་ཅེས་བྱ་བ་ནི་བསྟན་པའོ། །སློབ་དཔོན་མཆོག་ཅེས་བྱ་བ་ནི་སློབ་དཔོན་ཐམས་ཅད་ཀྱི་ནང་ན་གཙོ་བོར་གྱུར་པའོ། །ཕྱི་རོལ་བྱང་ཆུབ་བསྟན་པ་ནི་དཔེ་སྟེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཀྱང་སྐད་ཅིག་མ་འདི་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་མཛད་དོ་ཞེས་བྱ་བ་འདིས་ནི་ཕྱིའི་རྫོགས་པར་ བྱང་ཆུབ་པའི་དཔེས་བསྟན་པའོ། །ནང་གི་བདེ་བ་རྙོག་བྲལ་ཐོབ་པར་འགྱུར། །ཞེས་བྱ་བ་ནི་ནང་གི་འོད་གསལ་བའི་མཚན་ཉིད་ཅན་ནོ། །དེ་ཉིད་ནི་རྒྱུ་ལ་འབྲས་བུ་བརྟགས་ནས་སངས་རྒྱས་བྱང་ཆུབ་ཅེས་བྱ་སྟེ། སྐད་ཅིག་དེ་ལ་ཞེས་བྱ་བའི་དོན་ཏོ། །སྐད་ཅིག་དེའི་རང་གི་ངོ་བོ་བསྟན་པར་བྱ་བའི་ཕྱིར་ཐོག་མར་འབྱུང་མིན་ཞེས་བྱ་ བ་སྨྲས་ཏེ་མ་སྐྱེས་པའི་ཕྱིར་རོ། །ཡང་ན་ཆོས་ཐམས་ཅད་ཀྱི་ཐོག་མར་འབྱུང་བ་ནི་རྒྱུར་གྱུར་པ་སྟེ། ཆོས་ཐམས་ཅད་དེ་ལས་བྱུང་བའི་ཕྱིར་རོ། །དབུས་སུ་འབྱུང་མིན་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་མཚན་ཉིད་དང་བྲལ་བ་ཉིད་ཡིན་པའི་ཕྱིར་རོ། །དབུས་སུ་འབྱུང་བ་ཡང་ཡིན་ཏེ་ཆོས་ཐམས་ཅད་ལས་འདས་པའི་ཕྱིར་རོ། ། གང་ལས་མཐར་མ་བྱུང་བ་ཡོད་པ་མ་ཡིན་པ་དེ་ནི་མཐར་ནི་མི་འབྱུང་ངོ་། །ཡང་ན་ཆོས་ཐམས་ཅད་ཀྱི་མཐའ་ཞེས་བྱ་བ་ཟད་པར་གྱུར་པ་སྟེ། ཆོས་ཐམས་ཅད་ཀྱི་མཐའ་འོད་གསལ་བའི་མཐར་ཐུག་པར་འགྲོ་བའི་ཕྱིར་རོ། །དེ་དག་ཅེས་བྱ་བ་ནི་དེ་ལྟ་བུར་གྱུར་པའོ། །འགྲོ་བ་དང་ནི་འོང་མེད་ཅེས་བྱ་བ་ལ་སོགས་པ་ལ། ངོ་མཚར་ ཞེས་བྱ་བ་ནི་ཤིན་ཏུ་རྨད་དུ་བྱུང་བའོ། །ཡང་ན་འདིར་ངོ་མཚར་ཅི་ཞིག་ཡོད་ཅེས་བྱ་བ་སྟེ། བརྟགས་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་ཅན་སྟོང་པ་ལ་ཞེས་བྱ་བའོ། །གནས་པར་འགྱུར་མིན་ཞེས་བྱ་བ་ནི་གར་ཡང་གནས་པར་འགྱུར་བ་མེད་པའོ། །མྱུར་དུ་འགྲོ་བ་མིན་ཞེས་བྱ་བ་ནི་གར་ཡང་འགྲོ་བའི་ངང་ཚུལ་ཅན་མ་ཡིན་ 37-1-185a པའོ། །མཆོག་གྱུར་པ་ནི་གཙོ་བོར་འགྱུར་བའོ། །དེ་ལྟ་བུ་འདི་ཉིད་ཅེས་བྱ་བ་ལ་སོགས་པ་ལ། རྒྱུ་དང་མི་རྒྱུའི་ཞེས་བྱ་བ་ནི་བརྟན་པ་དང་གཡོ་བའི་ངོ་བོ་ཉིད་དོ། །ཀུན་རྒྱུ་ཞེས་བྱ་བ་ནི་ས་སྟེངས་མ་ལུས་པར་འཁོར་བའོ། །རྣལ་འབྱོར་པ་དེ་ནི་མི་ཟད་པ་ཞེས་བྱ་བ་ཆོས་ཀྱི་སྐུ་ཐོབ་པའོ། །ཡོན་པོའི་ལུས་ནི་ དམན་པའི་འགྲོ་བའོ། །བསྟན་པ་ལ་གནས་མེད་ཅེས་བྱ་བ་ནི་བསྟན་ལ་མི་འདུག་ན་ཡང་ངོ་། །མིག་བཙུམས་ཞེས་བྱ་བ་ནི་མིག་མ་ཕྱེ་བ་ཡང་ངོ་། །རྣམ་རྒྱས་མིག་ནི་རྣམ་པར་གནས་པར་གྱུར་པའི་མིག་ཅན་ནོ། །མཉམ་པར་མ་བཞག་ཀྱང་ཞེས་བྱ་བ་ནི། མཉམ་པར་མ་བཞག་ཏུ་ཟིན་ཀྱང་མཉམ་པར་གཞག་པ་ཡིན་ནོ། །དེ་ནི་ ཚིག་དང་ལྡན་ཡང་བརྗོད་བྲལ་ཡིན་ནོ། །དེ་ནི་གཟུགས་ངན་པར་གྱུར་ཀྱང་ལོངས་སྤྱོད་ཆེན་པོ་དང་ལྡན་པ་ཡིན་ནོ། །གཞན་གྱི་བྲན་དུ་གྱུར་པ་ཡིན་ཡང་འཇིག་རྟེན་རྣམས་ཀྱི་མགོན་པོ་ཡིན་ནོ། །གང་ཞིག་དེ་ཉིད་རིག་ཅེས་བྱ་བ་ནི་སྐད་ཅིག་མ་བཞི་པ་ཤེས་པའོ། །ད་ནི་རྣལ་འབྱོར་པའི་དོན་དེ་ཉིད་གསལ་བར་བྱ་བའི་སྦྱོར་བ་ བསྟན་པའི་ཕྱིར། མན་ངག་ཐོབ་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་གཉིས་ནི་རྣམ་པ་གཉིས་སོ། །དེ་ནས་ཞེས་བྱ་བ་ནི་མན་ངག་བསྟན་པའི་རྗེས་ཐོགས་སུའོ། །བསླབ་ཅེས་བྱ་བ་ནི་གོམས་པར་བྱ་བའོ། །རིལ་པོར་འཛིན་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་ཞེས་བྱ་བ་ནི་དེ་ལྟར་རྗེས་སུ་གཞིག་པར་བྱ་བ་ཉིད་དེ། རྡུལ་ཕྲ་རབ་ཀྱི་དབྱེ་བ་ཉིད་ཀྱིས་གོ། །མགོ་བོ་ནས་ནི་ཞེས་བྱ་བ་ལ་སོགས་པ་ལ་མགོ་བོ་ནས་བརྩམས་ནས་རྐང་པའི་བར་དུ་དང་རྐང་པ་ནས་བརྩམས་ནས་ནི་ཇི་སྲིད་སྙིང་གར་ཞེས་བྱ་བའི་སྙིང་གའི་ས་བོན་ལའོ། །ཡང་དག་པའི་མཐའ་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་འཇུག་པའོ། །འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ་རིམ་གྱི་རིམ་གྱིས་ཡང་དག་པའི་ མཐའ་ལ་འཇུག་པར་བྱ་སྟེ། ས་བོན་གྱི་མཐར་ཐུག་པར་ཞུགས་ལ། ས་བོན་ཡང་ཐིག་ལེར་རོ། །དེ་ཡང་སྟོང་པ་ཉིད་དུའོ་ཞེས་བྱ་བ་འདི་ལྟ་བུ་ནི་རིལ་པོར་འཛིན་པའི་ཏིང་ངེ་འཛིན་ནོ། །རྒྱུ་བ་དང་ནི་ཞེས་བྱ་བ་ལ་སོགས་པ་ནི་སྣོད་དང་བཅུད་ཀྱི་འཇིག་རྟེན་ནོ། །དང་པོར་ཞེས་བྱ་བ་ནི་ཐོག་མ་ཉིད་དུའོ། །ཕྱི་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་སུ་སྟེ། རིལ་པོར་འཛིན་པའི་བདག་ཉིད་ཅན་གྱིའོ། །ད་ནི་བསྟན་མ་ཐག་པའི་རྣམ་པ་གཉིས་པོ་མདོར་བསྡུས་ནས་འོད་གསལ་དུ་འཇུག་པའི་ཚུལ་བསྟན་པའི་ཕྱིར། དབུགས་ཀྱི་རླུང་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། མེ་ལོང་ལ་ཞེས་བྱ་བ་ནི་ཁ་རླངས་ཀྱི་གཟུགས་སོ། །ཇི་ལྟར་ཀུན་དུ་ཐིམ་པའི་ནི་ཀུན་ལ་ཁྱབ་པ་འོ། །དེ་ལྟར་ཞེས་བྱ་ 37-1-185b བ་ནི་དེ་ལྟར་རོ། །ཡང་དང་ཡང་ཞེས་བྱ་བ་ནི་སྐད་ཅིག་སྐད་ཅིག་ལ་གོམས་པར་བྱེད་པའོ། །འགྲོ་དང་འདུག་དང་ཞེས་བྱ་བ་ལ་སོགས་པར་ཡང་སློབ་པར་བྱེད་པའོ། །རྟག་ཏུ་གནས་ཞེས་བྱ་བ་ནི་གནས་པ་ཉིད་དོ། །སེམས་ཅན་དོན་དུའང་ཞེས་བྱ་བ་ལ་སོགས་པ་ལ། ལན་འགའ་བྱེད་པར་འདོད་པའོ། །དེ་དང་དེ་ཞེས་བྱ་ བ་ནི་འོད་གསལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཡང་ན་རྣམ་ཤེས་རླུང་དང་ལྡན་པའི་ཞེས་བྱ་བས་ཀྱང་ངོ་། །གལ་ཏེ་འོད་གསལ་བ་ཙམ་གྱི་ཏིང་ངེ་འཛིན་འདིས་སངས་རྒྱས་པར་གྱུར་ནས་ཀྱང་སེམས་ཅན་གྱི་དོན་ཇི་ལྟར་བྱེད་པར་འགྱུར་ཏེ། གཟུགས་ཀྱི་སྐུ་མེད་པར་ནི་སེམས་ཅན་གྱི་དོན་ཡོད་པ་མ་ཡིན་པའི་ཕྱིར་རོ། ། ཞེ་ན། དེའི་ཕྱིར། ཇི་ལྟར་དང་བའི་ཆུ་ཀླུང་ལས། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཉ་དག་མྱུར་བར་ལྡང་བ་ལྟར་ཐམས་ཅད་སྟོང་པ་ལས་ཀྱང་དེ་དང་འདྲའོ། །སྒྱུ་འཕྲུལ་དྲ་བ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པའི་རྣམ་པས་སོ། །འབྱུང་བར་བཤད་ཅེས་བྱ་བ་ནི་བསྟན་པ་འཇུག་པར་འགྱུར་བའོ།། དེ་ཉིད་གསལ་བར་བྱ་བའི་ཕྱིར། རིགས་ལྔའི་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི་ལྷ་ལ་སོགས་པའི་རྣམ་པར་རྟོག་པའོ། །འབྱུང་བའི་ཞེས་བྱ་བ་ནི་ཀུན་ནས་འབྱུང་བ་སྟེ། ནམ་མཁའ་ལ་བརྒྱ་བྱིན་གྱི་གཞུ་འབྱུང་བ་ཇི་ལྟ་བུའོ། །ད་ནི་སྤྱོད་པ་བསྟན་པའི་ཕྱིར། ཕྱག་རྒྱ་འཆིང་བར་ བྱེད་པའམ། །ཞེས་བྱ་བ་སྨྲས་ཏེ། ཕྱག་རྒྱ་མ་བཅིངས་པའམ་ཡང་ན་བཅིངས་པར་བྱེད་པ་ནའོ། །གང་གཞན་ཐམས་ཅད་ཅེས་བྱ་བ་གང་ཅུང་ཞིག་བྱེད་པར་འདོད་པ་དེ་དག་ཐམས་ཅད་ཐམས་ཅད་སྟོང་པའི་གཞི་ལ་ཞེས་བྱ་བ་སྟོང་པ་ཉིད་ལ་གནས་པས་སོ། །ཐམས་ཅད་ཟ་ཞེས་བྱ་བ་ནི་བཟའ་བ་དང་མི་ཟ་བ་ཀུན་ཟ་ བའོ། །ཀུན་ལ་ཕྱག་བྱེད་ཅེས་བྱ་བ་ནི་ཐམས་ཅད་ལ་ཕྱག་འཚལ་བའོ། །ཀུན་དུ་འགྲོ་ཞེས་བྱ་བ་ནི་བགྲོད་པར་བྱ་བ་དང་བགྲོད་པར་བྱ་བ་མ་ཡིན་པའི་མི་སྤྱོད་པའོ། །ཐམས་ཅད་བྱེད་ཅེས་བྱ་བ་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པའོ། །རྟགས་ཀུན་འཆང་ཞེས་བྱ་བ་ནི་བདག་དང་གཞན་གྱི་ལྟ་བ་ཅན་གྱི་རྟགས་ཀུན་ འཆང་བའོ། །འདི་ལྟར་གནས་པར་གྱུར་པའི་རྣམ་པར་དག་པར་འགྱུར་བ་ཡང་ཇི་ལྟ་བུ་ཞེ་ན། ཐམས་ཅད་སྟོང་པས་ཞེས་བྱ་བ་སྨྲས་སོ། །མན་ངག་ཐོབ་པའི་ཞེས་བྱ་བ་ལ་སོགས་པ་ལ་སྤྱོད་པའི་དུས་སུ་གནང་བ་ཐོབ་ནས་ཡང་བྱང་ཆུབ་ཀྱི་སེམས་བླང་བའི་ཚིགས་སུ་བཅད་པ་ལས་སྐལ་བཟངས་ཞེས་བྱ་བ་ནི་སྐལ་བ་དང་ལྡན་ 37-1-186a པའོ། །བྱང་ཆུབ་སེམས་ཞེས་བྱ་བ་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སོ། །སླར་ཡང་ཞེས་བྱ་བ་ནི་སྤྱོད་པ་བྱེད་པའི་དུས་སོ། །ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཞིག་ཅེ་ན། དངོས་པོ་ཀུན་དང་རྣམ་བྲལ་ཞིང་། །ཞེས་བྱ་བ་སྨྲས་ཏེ། ནམ་མཁའ་དང་མཉམ་པའི་ཕྱིར་རོ། །རྣམ་པར་སྤངས་པའི་ ནི་ཕུང་པོ་ལ་སོགས་པའི་ངོ་བོ་དང་བྲལ་བའོ། །ཆོས་བདག་མེད་པ་དང་ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པ་སྟེ་དེ་དང་མཉམ་པའོ། །རང་སེམས་ཉིད་ནི་བྱང་ཆུབ་ཀྱི་སེམས་སོ། །ཅི་སྟེ་ཡོད་དམ་ཞེ་ན། གཟོད་མ་ནས་མ་སྐྱེས་པ་ཞེས་བྱ་བ་སྨྲས་སོ། །དེ་ནས་རྗེས་སུ་མཐུན་པའི་ཡོན། །ཞེས་བྱ་བ་ལ་སོགས་པས་ནི་བླ་མ་ལ་ཡོན་དབུལ་བ་ བསྟན་ཏེ། རྗེས་སུ་མཐུན་པ་ནི་རང་གི་རྗེས་སུ་མཐུན་པའོ། །བུ་མོ་ནི་བུ་མོ་ཉིད་དོ། །ལྷག་མ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ནི་མི་སྦྱིན་པ་ཡོད་པ་མ་ཡིན་ནོ། །སློབ་དཔོན་ལས་ནི་དྲིན་ཐོབ་ཅེས་བྱ་བ་ནི་སྤྱོད་པ་བྱེད་པའི་དུས་སུའོ། །གང་ལ་དྲི་མ་མེད་ཅིང་བསྟན་པའི་བློ་སྟེ་མི་གཡོ་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། ། འོད་གསལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་དངོས་ཀུན་ངོ་བོ་ཉིད་དོ། །གསལ་བ་ནི་དྲི་མ་མེད་པ་ཉིད་ཀྱི་ཕྱིར་རོ། །དག་པ་ནི་འདོད་ཆགས་ལ་སོགས་པ་རྣམ་པར་དག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཤིན་ཏུ་ཕྲ་བ་ནི་བདག་བྱིན་གྱིས་བརླབ་པའི་རྣལ་འབྱོར་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །མཆོག་གི་རང་བཞིན་ ནི་འགྲོ་བའི་མངོན་པར་མཐོ་བ་དང་། ངེས་པར་ལེགས་པའི་རྒྱུར་གྱུར་པའི་ཕྱིར་རོ། །སངས་རྒྱས་མྱ་ངན་འདས་པའི་ཁམས་ནི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །གཉིས་མེད་ནི་དངོས་པོ་དང་དངོས་པོ་མེད་པའི་མཐའ་གཉིས་སྤངས་པའི་ཕྱིར་རོ། །རྟོག་བྲལ་ནི་རྣམ་པར་རྟོག་པ་ལས་ འདས་པའི་ཕྱིར་རོ། །རྟག་ཏུ་བདེ་བའི་རང་བཞིན་ནི་རྒྱུན་མི་འཆད་པའི་བདེ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཏེ། འདི་ལྟ་བུའི་འོད་གསལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་བསྒོམ་པར་བྱའོ། །དེ་ཉིད་རྣལ་འབྱོར་པས་ཞེས་བྱ་བ་ནི་བདག་བྱིན་གྱིས་བརླབ་པའི་ཏིང་ངེ་འཛིན་ཐོབ་པའོ། །དེ་ཉིད་ཀྱི་ཕྱིར་བསོད་ནམས་མིན་ལས་གྲོལ་ ཞེས་བྱའོ། །རྡོ་རྗེ་སེམས་དཔའ་འགྱུར་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མཆོག་ཏུ་གསང་བའི་མངོན་པར་བྱང་ཆུབ་པའི་རིམ་པའི་དཀའ་འགྲེལ་ལོ།། །།དཔལ་ལྡན་རྡོ་རྗེ་འཛིན་གཙོ་དང་། །ཀླུ་སྒྲུབ་བླ་མ་ལ་གུས་པས། །ཕྱག་འཚལ་ནས་ནི་ཟུང་འཇུག་པའི། །དཀའ་འགྲེལ་ཅུང་ཞིག་བྲི་བར་བྱ། ། 37-1-186b མགོན་པོ་རྒྱུ་དང་འབྲས་བདག་ཉིད། །ཅེས་བྱ་བ་ལ་སོགས་པ་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་སུ་མེད་པའི་མཚན་ཉིད་ཅན་ནོ། །ཆད་པ་དང་རྟག་པའི་མཐའ་གཉིས་སྤངས་པའི་ཕྱིར་གཉིས་པ་ཐམས་ཅད་རྣམ་པར་སྤངས་པའོ། །ཡང་དག་ཅེས་བྱ་བ་ནི་དོན་ཇི་ལྟ་བའོ། །ཟུང་ཞེས་བྱ་བ་ནི་ཟུང་དུ་གཞིབས་པ་སྟེ། དངོས་པོ་དང་དངོས་པོ་མེད་པ་དང་། རྟག་པ་དང་མི་རྟག་པ་དང་། ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་སོགས་པའོ། །འཇུག་ཅེས་བྱ་བ་ནི་རོ་གཅིག་པར་གྱུར་པའོ། །དེའི་རིམ་པ་ནི་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་རྫོགས་པའི་རིམ་པ་ལ་གནས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་མཆོག་གོ། །འཁོར་བ་དང་ནི་ཞེས་བྱ་བ་ལ་སོགས་པ་ ལ། གཅིག་གྱུར་པ་ནི་རོ་གཅིག་པར་གྱུར་པའོ། །གང་དུ་ཞེས་བྱ་བ་ནི་རྡོ་རྗེ་འཆང་གི་གོ་འཕང་ངོ་། །ཀུན་ནས་ཉོན་མོངས་ཞེས་བྱ་བ་ནི་གཏི་མུག་དང་འདོད་ཆགས་ལ་སོགས་པའི་འཆིང་བའོ། །རྣམ་པར་བྱང་བ་ནི་ཐར་པ་སྟེ་གང་གི་དོན་དམ་པ་ཉིད་ཤེས་པའོ། །རྣམ་བཅས་ཞེས་པ་ནི་གང་རྣམ་པ་དང་ལྡན་ཞིང་འཇུག་པར་ འགྱུར་བའོ། །རྣམ་མེད་ཅེས་བྱ་བ་ནི་གང་ལ་རྣམ་པ་ཡོད་པ་མ་ཡིན་པ་སྟེ། རྟོག་པ་གཉིས་པོ་དེ་དག་སྤངས་པ་ཉིད་དོ། །གཟུགས་དང་ནི་ཞེས་པ་ལ་སོགས་པ་ལ། ཡོད་མིན་ཞེས་བྱ་བ་ནི་དོན་དམ་པའོ། །གང་དུ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གང་དུའོ། །སྤངས་ནས་ཞེས་བྱ་བ་ནི་ཡོངས་སུ་བཏང་བའོ། །ཀུན་ཞེས་བྱ་བ་ནི་བརྟན་ པ་དང་གཡོ་བ་ལ་སོགས་པ་ལ། མཁས་པ་ཞེས་བྱ་བ་སྤྱོད་པ་དང་ལྡན་པའོ། །ཤེས་རབ་ཅེས་བྱ་བ་ནི་འོད་གསལ་བའི་ཡེ་ཤེས་སོ། །ཐབས་ཞེས་བྱ་བ་ནི་སེམས་ཙམ་གྱི་ཏིང་ངེ་འཛིན་ནོ། །དེ་དག་སྙོམས་པར་འཇུག་པའི་འདུས་པའོ། །ཐམས་ཅད་ཅེས་བྱ་བ་ནི་བརྟན་པ་དང་གཡོ་བའོ། །གང་དུ་ཞེས་བྱ་བ་ནི་དེ་ལས་ལངས་ པའི་རྡོ་རྗེ་འཆང་གི་གོ་འཕང་ངོ་། །ལྷག་མར་བཅས་ཞེས་བྱ་བ་ནི་ཕུང་པོ་ཙམ་གྱི་ལྷག་མ་དང་བཅས་པའོ། །ཕུང་པོ་ལྷག་མ་མེད་པ་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་དང་བྲལ་བའོ། །གང་ཟག་བདག་མེད་ཅེས་བྱ་བ་ནི་བདག་གི་བདག་མེད་པའོ། །ཆོས་ལ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལའོ། །དེ་བཞིན་ཉིད་གནས་ཞེས་བྱ་བ་ ནི་ཡང་དག་པའི་མཐར་རོ། །ལྡང་གྱུར་ཞེས་བྱ་བ་ནི་འོད་གསལ་བ་ལས་སོ། །དེ་བཞིན་ཉིད་ལ་དམིགས་ཉིད་ཅེས་བྱ་བ་ལ་སོགས་པ་ལ་རྣལ་འབྱོར་པ་ཞེས་བྱ་བ་ནི་སངས་རྒྱས་སོ། །གཉིད་ལོག་ཅེས་བྱ་བ་ལ་སོགས་པ་དང་། དྲན་པ་དང་དྲན་མིན་ཞེས་བྱ་བ་ལ་སོགས་པ་ལ། ལས་གྲོལ་ཞེས་བྱ་བ་ནི་རྣམ་པར་སྤངས་པའོ། །རྟག་ཏུ་མཉམ་པར་ 37-1-187a གཞག་པའི་ངོ་བོའོ། །བསྐྱེད་པའི་རིམ་པ་ཞེས་བྱ་བ་ལ་སོགས་པ་དང་། ཡོངས་སུ་དག་པའི་ལྷ་དང་ནི། །ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་ཞེས་བྱ་བ་ནི་བརྟན་པའི་རིམ་པ་ཉིད་ཀྱིས་སོ། །བརྗོད་པ་ཡིན་ཞེས་བྱ་བ་ནི་བསྟན་པ་ཡིན་པའོ། །སྣ་ཚོགས་འཛིན་ཞེས་བྱ་བ་ནི་སྣ་ཚོགས་འཇུག་པར་བྱེད་པའོ། །སྒྱུ་འཕྲུལ་དྲ་ བས་ཞེས་བྱ་བ་ལ་སོགས་པས་ནི་དེའི་མིང་གི་རྣམ་གྲངས་གཞན་སྟོན་པ་ཡིན་ནོ། །འདིའི་ཚིག་ཅེས་བྱ་བ་ལ་སོགས་པ་ནི་གནས་བརྗོད་པ་མ་ཡིན་པ་སྟེ་གསུང་རབ་གང་ཡང་རུང་བ་ནས་སོ། །འདི་ཉིད་དག་ཅེས་བྱ་བ་ལ་སོགས་པ་ལ། ཇི་སྙེད་ཅེས་བྱ་བ་ནི་བྱེ་མ་དང་མཉམ་པའོ། །སློབ་བཞིན་པ་ཞེས་བྱ་བ་ནི་འོད་གསལ་བའི་ཏིང་ངེ་འཛིན་ལ་ གནས་པའོ། །ཟུང་དུ་འཇུག་པའི་སྒོམ་གནས་པ། །ཞེས་བྱ་བ་ནི་བསྟན་པའི་རིམ་པ་ལ་རྣམ་པར་གནས་པའོ། །དེ་དང་གཉིས་སུ་མེད་ཅེས་བྱ་བ་ནི་མངོན་པར་བྱང་ཆུབ་པའི་རིམ་པ་ཉེ་བར་བསྟན་པ་དང་འདིར་ཉེ་བར་བསྟན་པ་དག་གོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་བདག་ཉིད་ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་བཞིན་སྒྲ་ ལ་ཡང་དེ་ལྟ་བུ་བསྐྱེད་པའོ། །གྲམ་པ་ནི་རྡོའི་དུམ་བུའོ། །བཤང་ཞེས་བྱ་བ་ནི་མི་གཙང་བའོ། །བཤང་ལས་བྱུང་བ་ནི་ཞེས་བྱ་བ་ནི་མི་གཙང་བ་ལས་བྱུང་བའི་དྲིའོ། །དྲག་པོ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཅན་དེ་བཞིན་ཞེས་བྱ་བ་ནི་སངས་རྒྱས་སོ། །ཇི་ལྟར་རྨི་ལམ་ཞེས་བྱ་བ་ནི་གཉིད་ལོག་པའི་གནས་སྐབས་ཀྱིའོ། ། མཐོང་ཞེས་བྱ་བ་ནི་སད་པའི་གནས་སྐབས་སུའོ། །སྡང་བ་ཞེས་བྱ་བ་ནི་རབ་ཏུ་སྡང་བ་སྟེ་བུ་དང་འདྲ་བར་བྱ་བའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ་ཤེས་ན་ཞེས་བྱ་བ་ནི་ཟུང་དུ་འཇུག་པ་ཞེས་གྲགས་པའོ། །སྤྱོད་ཅེས་བྱ་བ་ནི་སྤྱོད་པ་བྱ་བའོ། །སྦས་པའི་བརྟུལ་ཞུགས་ཞེས་བྱ་བ་ནི་སྨྱོན་པའི་གཟུགས་འཛིན་པ་སྟེ། རྟགས་མ་ལུས་ པ་དང་བྲལ་བ་སྟེ། ཕུན་སུམ་ཚོགས་པ་ཐམས་ཅད་ཅེས་བྱ་བ་ནི་ཁམས་གསུམ་གྱི་འཁོར་ལོས་སྒྱུར་བའི་བདེ་བ་ཕུན་སུམ་ཚོགས་པའོ། །འཕགས་པའི་ཐུགས་གྱུར་རིམ་པ་ལྔའི། །དེ་ཉིད་སུ་ཡིས་རིག་པར་འགྱུར། །དེ་ལྟ་ན་ཡང་བླ་མ་ཡིས། །ཞབས་གསུངས་དྲན་ནས་བདག་གིས་བྲིས། །རིམ་པ་ལྔ་པ་རྣམ་ཕྱེ་བས། །འདིར་ནི་བསོད་ནམས་གང་ བསྒྲུབས་པ། །དེས་ནི་འགྲོ་བ་ཐམས་ཅད་ཀྱང་། །ཟུང་འཇུག་གོ་འཕང་གནས་གྱུར་ཅིག །ཟུང་དུ་འཇུག་པའི་རིམ་པའི་དཀའ་འགྲེལ་སློབ་དཔོན་མཁས་པ་ཆེན་པོ་དམ་ཚིག་རྡོ་རྗེའི་ཞལ་སྔ་ནས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཀྲྀཥྞ་པཎྜི་ཏ་དང་། ལོ་ཅཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། 37-1-187b ༄༅༅། །རྒྱ་གར་སྐད་དུ། པཉྩ་ཀྲ་མ་བྲྀཏྟཱརྠ་བི་རོ་ཙ་ན་ནཱ་མ། བོད་སྐད་དུ། རིམ་པ་ལྔའི་འགྲེལ་པའི་དོན་གསལ་བར་བྱེད་པ་ཞེས་བྱ་བ། རྒྱན་ནི་བདུན་དང་འབྲེལ་གྱུར་པའི། །འཆད་པ་སྤངས་ཏེ་འཕགས་པའི་གསུངས། །ཕྱེ་བར་ནུས་པ་མ་ཡིན་ཏེ། །དེ་ཕྱིར་དེ་ཉིད་ སྔོན་འགྲོ་བ། །རྒྱ་ཆེ་ཟབ་པས་རྒྱུད་ཀྱི་དོན། །མདོ་སྡེ་མན་ངག་གིས་བརྒྱན་པ། །རིམ་པའི་དོན་ནི་གསལ་བྱེད་པ། །འགྲེལ་པ་བདག་གིས་བྱ་བ་ཡིན། །འདིར་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་སྙིགས་མ་ལྔ་དང་ལྡན་པའི་སེམས་ཅན་གྱི་ཁམས་གཟིགས་ཏེ། འདི་ཕ་རོལ་ ཏུ་ཕྱིན་པའི་ཐེག་པས་གྲོལ་བར་མི་འགྱུར་རོ་ཞེས་དགོངས་ནས། དེ་ཉིད་ལ་ཤིན་ཏུ་མྱུར་བ་དང་། ཤིན་ཏུ་བདེ་བར་རྡོ་རྗེ་སེམས་དཔའི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་དགའ་ལྡན་གྱི་གནས་སུ་རིན་པོ་ཆེ་སྣ་བདུན་གྱི་གཞལ་ཡས་ཁང་ལ་བཞུགས་ཏེ། རང་གི་ཐུགས་ག་ནས་དེ་ བཞིན་གཤེགས་པ་ལྔ་སྤྲོས་ཏེ་དེ་རྣམས་ཀྱིས་གསོལ་བ་བཏབ་པས། ཆགས་པ་དང་བྲལ་བའི་གཟུགས་སྤངས་ཏེ། ཤིན་ཏུ་སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པའི་སྐུ་བླངས་ནས་འདོད་ཆགས་ཀྱིས་འདོད་ཆགས་སྤང་བར་བྱ་བའི་ཕྱིར་དཔལ་གསང་བ་འདུས་པའི་རྒྱུད་ ཉི་ཁྲི་ལྔ་སྟོང་པ་གསུངས་སོ། །དེའི་རྗེས་ལ་རྩོད་པའི་དུས་འདི་ལ་ཚེ་དང་བརྩོན་འགྲུས་དང་། ཤེས་རབ་དམན་པའི་སེམས་ཅན་གྱི་ཁམས་ཀྱིས་འདི་ཉིད་དོན་དང་གཞུང་དུ་གཟུང་བར་ནུས་པ་མ་ཡིན་ཏེ་སླར་ཡང་དེ་རྣམས་ཀྱིས་གསོལ་བ་བཏབ་པས། ལེའུ་བཅོ་བརྒྱད་ཀྱིས ཚད་མ་མདོར་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེའི་སྡུད་པ་པོ་ནི་འཕགས་པ་དཔལ་ཕྱག་ན་རྡོ་རྗེ་སྟེ། དེའི་རྒྱུད་ཀྱི་རིམ་པས་མི་ཡུལ་དུ་ཐོབ་པར་མཛད་དོ། །ཤིན་ཏུ་རྟོགས་པར་དཀའ་བའི་ཕྱིར་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྒྱས་ བཏབ་པའི་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་རྒྱུད་དེ་ཉིད་ཀྱིས་གོ་བར་དཀའོ་ཞེས་ཐུགས་ལ་བཞག་ནས། ལང་ཀར་གཤེགས་པའི་མདོ་ལས་བཅོམ་ལྡན་འདས་ཉིད་ཀྱིས་ལུང་བསྟན་པ། ཐུགས་རྗེ་མཆོག་དང་ལྡན་པའི་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ 37-1-188a བསྐྱེད་པའི་རིམ་པ་མདོར་བྱས་ཀྱི་སྒྲུབ་ཐབས་ལས་ཡང་དག་པར་བསྡུས་ཏེ་རྫོགས་པའི་རིམ་པ་འབའ་ཞིག་པ་གཙོ་བོར་གྱུར་པའི་རིམ་པ་ལྔ་པ་ཞེས་བྱ་བའི་རབ་ཏུ་དབྱེ་བ་འདི་དེ་ཉིད་ལས་བསྡུས་པའོ། །བསྡུས་པ་འདི་ཡང་རྣམ་པ་གསུམ་ཡིན་ཏེ། ཚིག་གི་དོན་དང་། ངག་གི་དོན་དང་། མདོར་བསྡུས་པའི་དོན་གྱི་དབྱེ་བས་སོ། །དེ་ལ་ཚིག་གི་དོན་ནི་རིམ་པ་ལྔ་ཞེས་བྱ་བ་ནི་ལྔའི་སྒྲ་ནི་གྲངས་རྗོད་པར་བྱེད་པ་དང་། རིམ་པའི་སྒྲ་ནི་གོང་ནས་གོང་དུ་ཁྱད་པར་གྱི་དེ་ཁོ་ན་ཉིད་སོ་སོར་རྟོགས་པར་བྱེད་པའོ། །ངག་གི་དོན་ཞེས་བྱ་བ་ནི་རྣམ་པ་ལྔ་སྟེ་རྡོ་རྗེ་བཟླས་ པའི་རིམ་པ་དང་།སེམས་ལ་དམིགས་པའི་རིམ་པ་དང་། བདག་བྱིན་གྱིས་བརླབ་པའི་རིམ་པ་དང་། མངོན་པར་བྱང་ཆུབ་པའི་རིམ་པ་དང་། ཟུང་འཇུག་གི་རིམ་པ་སྟེ། དེ་ལ་རྡོ་རྗེ་བཞིན་དུ་མི་ཕྱེད་པའི་རླུང་གི་འཁོར་ལོ་ཙམ་གྱིས་བསྒྲུབ་པར་བྱ་བའི་བཟླས་པ་ནི་ཡིད་ཀྱིས་སྤྲོས་ པ་རྡོ་རྗེ་བཟླས་པ་སྟེ། རྡོ་རྗེ་བཟླས་པའི་རིམ་པའི་ངག་གི་དོན་ཏོ། །སེམས་ནི་རྣམ་པར་ཤེས་པ་གསུམ་སྟེ་དེ་ཉིད་རྣམ་པར་དག་པ་ནི་བརྒྱ་དྲུག་ཅུའི་རང་བཞིན་འགོག་པས་རང་རིག་ཙམ་ཐོབ་པ་སྟེ་སེམས་ལ་དམིགས་པའི་ངག་གི་དོན་ཏོ། །དེ་བཞིན་དུ་བདག་ནི་དངོས་པོ་ཐམས་ཅད་ཀྱི་ རང་བཞིན་གྱི་འོད་གསལ་བ་ལས་བྱིན་གྱིས་བརླབ་པ་ནི་སྒྱུ་མའི་བདག་ཉིད་ཀྱི་གང་དུ་འཛིན་པ་དེ་ནི་བདག་ལ་བྱིན་གྱིས་བརླབ་པ་སྟེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའི་ངག་གི་དོན་ཏོ། །ཡང་ན་བདག་ནི་རྡོ་རྗེ་འཆང་ལ་སོགས་པའི་སྐུ་སྟེ་དེ་ཉིད་བྱིན་གྱིས་བརླབ་པ་ནི་སྒྱུ་མ་ལ་ སོགས་པའི་དཔེ་དང་སྦྱར་བ་སྟེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའི་ངག་གི་དོན་ཏོ། །མངོན་དུ་ནི་མངོན་སུམ་གྱིས་ཆོས་མཐོང་བ་ལ་བྱང་ཆུབ་ནི་སངས་རྒྱས་ཉིད་གང་ལས་ཐོབ་པར་འགྱུར་བ་དེ་ནི་མངོན་པར་བྱང་ཆུབ་པའི་རིམ་པ་སྟེ་དེ་ཉིད་ཀྱི་ངག་གི་དོན་ཏོ། །ཟུང་ནི་ཀུན་རྫོབ་ དང་དོན་དམ་པའི་བདེན་པ་གཉིས་ཀྱི་བདག་ཉིད། འཇུག་པ་ནི་རོ་གཅིག་པར་གྱུར་པ་གང་ལས་ཐོབ་པ་དེ་ནི་ཟུང་འཇུག་གི་རིམ་པ་སྟེ་དེ་ཉིད་ཀྱི་ངག་གི་དོན་ཏོ། །འོ་ན་ངག་ཅེས་བྱ་བ་གང་ཞེ་ན་སྨྲས་པ། ཏི་ངན་ཏ་གཅིག་གི་ཚིག་ཚོགས་ངག་གོ་ཞེས་བྱ་བའི་ཚིག་གི་བྱ་བ་དང་བྱེད་པ་པོ་དང་ 37-1-188b འབྲེལ་པའི་ཚིག་གི་ཚོགས་ནི་ངག་ཡིན་ནོ། ། མདོར་བསྡུས་པའི་དོན་ཞེས་བྱ་བ་ནི་མང་བ་དང་ཉུང་བའི་གྲངས་སེལ་བའི་མཚན་ཉིད་ཅན་ཡིན་ནོ། །དཔེར་ན་ཅིའི་དོན་དུ་འདི་རིམ་པ་ལྔ་ཞེས་བྱ་བའི་ངེས་པ་སྟེ་དེ་རྣམ་བཞིའམ། དྲུག་ཇི་ལྟར་བསྟན་པ་ཡིན་ནོ་ཞེས་ལོག་པར་རྟོག་པ་དང་ལྡན་ པ་ལ་བརྟེན་ཏེ་བཤད་པར་བྱ་སྟེ། འདིར་ནི་དང་པོའི་སྦྱོར་བ་ལ་སོགས་པའི་ཏིང་ངེ་འཛིན་གསུམ་གཙོ་བོར་གྱུར་པའི་བསྐྱེད་པའི་རིམ་པས་རིགས་བརྒྱའི་དབྱེ་བ་བསྒོམ་པའི་བར་དུ་ལུས་རྣམ་པར་དབེན་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་དང་། རྡོ་རྗེ་བཟླས་པའི་རིམ་པས་ངག་རྣམ་པར་ དབེན་པ་དང་། སེམས་ལ་དམིགས་པའི་རིམ་པས་ཡིད་རྣམ་པར་དབེན་པ་དང་། བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་དབེན་པ་དང་། མངོན་པར་བྱང་ཆུབ་པའི་རིམ་པས་དོན་དམ་པའི་བདེན་པ་རྣམ་པར་དབེན་པ་དང་། ཟུང་འཇུག་གི་རིམ་པས་ གཉིས་རོ་གཅིག་པར་གྱུར་པའི་དེ་ཁོ་ན་ཉིད་ཐོབ་པ་སྟེ། དེ་ནི་རྡོ་རྗེ་འཆང་ཆེན་པོའི་སའོ། །ཇི་སྐད་དུ། གང་གི་སངས་རྒྱས་ཀུན་གྱི་རྟེན། །ས་ནི་དེ་ཉིད་བཅུ་གསུམ་པ། །དེ་ཉིད་བཙུན་མོ་ཞེས་གྲགས་ཏེ། །དེ་ཡི་རང་བཞིན་བྷ་གར་བཤད། །ཅེས་བྱ་བ་འདུས་པའི་བཤད་པའི་ རྒྱུད་དགོངས་པ་ལུང་བསྟན་པ་ལས་གསུངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འདི་ལས་གོང་དུ་མི་སློབ་པའི་ཕྱིར་རིམ་པ་དྲུག་པ་ཡོད་པ་མ་ཡིན་ཏེ། འདི་ཙམ་གྱིས་འདོད་པའི་དོན་འགྲུབ་པ་སྟེ་རིམ་པ་བཞི་མ་ཡིན་ནོ་ཞེས་ཉུང་བའི་གྲངས་ཀྱང་སེལ་བ་ཡིན་ནོ། །འདི་ནི་མདོར་བསྡུས་པའི་ དོན་བཤད་པ་ཡིན་ཏེ། རིམ་པ་ལྔ་ཁོ་ནར་མདོར་བསྡུས་པའི་ཕྱིར་རོ། །ཇི་སྐད་དུ། སྔགས་དང་སེམས་དང་ལུས་དང་ནི། །རྣམ་དག་དང་ནི་ཟུང་འཇུག་ལས། །རིམ་པ་ལྔ་ཡི་བསྡུས་པའི་དོན། །ཤེས་ནས་མཐའ་དྲུག་ལ་འཇུག་གོ། །ཞེས་འབྱུང་བའི་ཕྱིར་རོ། །རིམ་ པ་འདི་རྣམས་ལ་སའི་རིམ་པ་ཇི་ལྟར་གཞག་པར་བྱ། དེས་ཅི་བྱ་ཞེ་ན་ཐེག་པ་ཆེན་པོའི་ཚུལ་མེད་པས་དམ་པའི་ཆོས་ལྟར་སྣང་བར་འགྱུར་རོ། །དེ་བསྐྱེད་པའི་རིམ་པ་ལ་ཕ་རོལ་ཏུ་ཕྱིན་པས་ས་བརྒྱད་པ་ཐོབ་པ་དང་། སེམས་ལ་དམིགས་པའི་རིམ་པས་ས་བཅུ་ཐོབ་པ་དང་། ཟུང་ 37-1-189a འཇུག་གི་རིམ་པས་རྡོ་རྗེ་འཆང་ཆེན་པོའི་ས་ཐོབ་བོ། །ཇི་སྐད་དུ། དང་པོའི་ལས་ཀྱི་སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་འགྱུར། །སྣང་བ་གསུམ་པོ་ཐོབ་པ་དག །ས་བཅུ་པ་ལ་རབ་ཏུ་གནས། །ཟུང་འཇུག་ཏིང་འཛིན་ལ་གནས་པ། །སླར་ ནི་གང་ལའང་མི་སློབ་བོ། འདི་ནི་རྫོགས་པའི་རྣལ་འབྱོར་གྲགས། །རྡོ་རྗེ་འཆང་ཆེན་དེ་ཉིད་ཡིན། །རྣམ་པ་ཐམས་ཅད་མཆོག་ལྡན་པའི། །ཐམས་ཅད་མཁྱེན་པ་དེ་ལས་འབྱུང་། །ཞེས་བྱ་བ་གསུངས་པའི་ཕྱིར་རོ། །འདིས་ནི་ཇི་ལྟར་བཤད་པར་འགྱུར་ཏེ། རྡོ་རྗེ་ བཟླས་པའི་རིམ་པས་ས་དགུ་པ་ཐོབ་པ་དང་། བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་ལ་སེམས་ལ་དམིགས་པའི་རིམ་པ་རྒྱུ་ཡིན་པའི་ཕྱིར་དེས་ས་བཅུ་པ་ཁོ་ན་ཐོབ་པ་ཡིན་ནོ། །གལ་ཏེ་དེ་དག་ལ་རྣམ་པ་དང་བཅས་པ་དང་རྣམ་པ་མེད་པས་བྱས་པའི་དབྱེ་བ་ཡོད་ཀྱང་སའི་བྱས་པའི་ དབྱེ་བ་ཡོད་པ་མ་ཡིན་ནོ། །མངོན་པར་བྱང་ཆུབ་པའི་རིམ་པས་སངས་རྒྱས་ཀྱི་ས་ཀུན་དུ་འོད་བཅུ་གཅིག་པ་ཐོབ་པའོ། །སོ་སོའི་སྐྱེ་བོའི་ས་ལ་ལྟོས་ན་དེ་ཉིད་བཅུ་གཉིས་པ་ཡིན་ཏེ་སའི་དབྱེ་བ་བསྟན་ཏོ། །འོ་ན་རིམ་པ་འདི་རྣམས་ལས་རིམ་པ་རེ་རེ་ལ་ཐབས་དུ་ཞེ་ན་སྨྲས་པ། རྡོ་རྗེ་བཟླས་པའི་རིམ་པ་ལ་ནི་ཐབས་གཉིས་ཏེ། རླུང་གི་དེ་ཁོ་ན་ཉིད་དང་། སྔགས་ཀྱི་དེ་ཁོ་ན་ཉིད་དོ། །དེ་ལ་རླུང་གི་དེ་ཁོ་ན་ཉིད་ནི་སྲོག་དང་རྩོལ་བ་བདེ་བ་ཆེན་པོའི་དབང་གིས་ཐིག་ལེའི་གཟུགས་སུ་གྱུར་ཏེ། དེ་ཉིད་གསང་བར་དང་སྙིང་ག་དང་། ཀུན་རྫོབ་ཀྱི་སྣའི་རྩེ་མོར་འཛིན་ པས་རྣམ་པ་གསུམ་དུ་འགྱུར་ཏེ། བྱང་ཆུབ་སེམས་དང་སྔགས་དང་། འོད་ཟེར་གྱི་རང་བཞིན་གྱི་ཕྱིར་དང་། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རིགས་ཀྱི་རྣལ་འབྱོར་པ་རྗེས་སུ་གཟུང་བའི་ཕྱིར་རོ། །དེ་ལ་རྩ་བདུན་ཁྲི་ཉིས་སྟོང་གི་ནང་གི་ཁོང་སྟོང་ལས་འདོད་ཆགས་ཀྱི་མེས་ བཞུས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་གསང་བའི་གནས་ལའོ། ། ཡི་གེ་གསུམ་ཆ་ཤས་ཀྱི་དབྱེ་བས་ཡོངས་སུ་གྱུར་ཏེ་སྔགས་ཀྱི་ཐིག་ལེ་སྙིང་ག་ལའོ། །དཀྱིལ་འཁོར་བཞིར་ཤར་བས་གཡས་ལ་སོགས་པ་ནས་འབྱུང་བའི་འོད་ཟེར་གྱི་ཐིག་ལེས་ཀུན་རྫོབ་ཀྱི་སྣ་ལ་བསྒོམ་ 37-1-189b པར་བྱའོ། །སྨིན་མའི་དབུས་དང་ལྟེ་བའི་དབུས་སུ་གསང་བའི་ཐིག་ལེས་གྱེན་དུ་འགྲོ་བའི་རིམ་པས་བཀུག་ལ་བསྒོམ་པར་བྱ་སྟེ། རིན་ཆེན་དང་དོན་ཡོད་གྲུབ་པའི་སྒྲུབ་པ་པོ་རྗེས་སུ་གཟུང་བར་བྱ་བའི་ཕྱིར་རོ་ཞེས་ཨིནྡྲ་བྷཱུ་ཏིའི་ཞལ་སྔ་ནས་གསུངས་པ། དེ་ལ་དགོངས་པ་ནི་སེམས་དབང་དུ་གྱུར་པ་ སྟེ་རྡུལ་ཕྲ་རབ་དང་། ཤིན་ཏུ་རྒྱ་ཆེ་བ་བསྒོམ་པ་ནི་སེམས་དབང་དུ་འགྱུར་རོ་ཞེས་འབྱུང་བའི་ཕྱིར་རོ། །སྔགས་ཀྱི་དེ་ཁོ་ན་ཉིད་ནི་གང་འདི་རྣམས་སྙིང་པོ་ལ་སོགས་པའི་སྔགས་ཀྱི་ཚོགས་བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་རྣམས་ཨཱ་ལི་དང་ཀཱ་ལི་ཁོ་ན་ལས་འབྱུང་སྟེ། བཅོམ་ ལྡན་འདས་མ་ཡི་གེའི་མ་མོ་ཡི་གེ་བཞི་བཅུ་རྩ་བཞིའི་བདག་ཉིད་མ་ལུས་པའི་ངག་གི་སྤྲོས་པའི་རྒྱུ་ཡིན་ནོ་ཞེས་ཐམས་ཅད་ཀྱི་སྤྱིའི་གྲུབ་པའི་མཐའོ། །བཅོམ་ལྡན་མ་དེ་ཡང་དང་པོའི་ཡི་གེ་བརྒྱད་ལ་འདུས་པར་འགྱུར་ཏེ་གཙོ་བོ་ཡིན་པའི་ཕྱིར་རོ། །ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་ཡི་ གེ་བརྒྱད་པོ་དེ་རྣམས་ཀྱང་ཡི་གེ་བཞི་ཨ་ཀ་ཡ་ཤ་ལ་བསྡུ་བ་དང་། བཞི་པོ་དེ་རྣམས་ཀྱང་ཡི་གེ་གསུམ་ལ་བསྡུ་བ་དང་། ཡི་གེ་གསུམ་པོ་ཡང་ཨ་ལ་བསྡུ་བ་དང་། ཨ་ཡིག་དེ་ཡང་འོད་གསལ་བ་ལ་བསྡུ་བ་སྟེ་བསྡུ་བའི་རིམ་པས་སྔགས་ཀྱི་དེ་ཁོ་ན་ཉིད་བསྟན་ཏོ། །སྤྲོ་བའི་ རིམ་པས་ཀྱང་དེ་ཉིད་བསྟན་པར་བྱ་སྟེ། འདིར་ནི་ལྟེ་བའི་ཕྱོགས་འོད་གསལ་བའི་གནས་ལ་མར་མེ་འབར་བའི་འོད་ཟེར་དང་འདྲ་བའི་ཡི་གེའི་རྒྱལ་པོ་རང་བཞིན་གྱིས་གནས་པ་སྟེ། དེས་བསྐུལ་བའི་སྲོག་གི་རླུང་གྱེན་དུ་འགྲོ་བའི་རིམ་པས་མགྲིན་པ་ལ་སོགས་པའི་གནས་རེག་ ནས་ཨཱ་ལི་དང་ཀཱ་ལི་སྐྱེད་པར་བྱེད་དེ། དེ་དག་གིས་ཀྱང་ཚིག་དང་། ཚིག་རྣམས་ཀྱིས་ཀྱང་ངག་དང་ངག་རྣམས་ཀྱིས་ཀྱང་ངག་ཆེན་པོ་ལ་སོགས་པ་སྐྱེད་པར་བྱེད་པའི་རིམ་པས་ཚིག་དང་། བྱེད་པ་པོ་དང་། བྱེད་པ་དང་། དེ་ལ་ཕན་པ་དང་། བསྡུ་བ་དང་། བདག་གི་ཚིག་ དང་། གཞན་གྱི་ཚིག་དང་། སྐྱེས་པ་དང་། དུས་དང་། རང་བཞིན་དང་། རྐྱེན་ལ་སོགས་པ་དང་། རོལ་མོ་དང་། ཚིག་ལྷུག་པ་དང་། ཚིགས་སུ་བཅད་པ་དང་། རབ་ཏུ་བྱེད་པ་དང་། སྐད་དྲུག་ལ་སོགས་པ་སྐྱེད་པར་བྱེད་པ་སྟེ། ཇི་སྲིད་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དེ་ 37-1-190a ཉིད་ལས་འབྱུང་ངོ་། །སྔགས་ཀྱི་དེ་ཁོ་ན་ཉིད་དེ་ཡང་རྣམ་པ་བཞིར་འགྱུར་ཏེ་སྔགས་ཀྱི་དོན་དང་། སྔགས་ཀྱི་བརྡ་དང་། སྔགས་བཏུ་བ་དང་། སྔགས་ཀྱི་དེ་ཁོ་ན་ཉིད་དོ། །དེ་ལ་སྔགས་ཀྱི་དོན་ནི་ཕྱག་འཚལ་བ་ལ་སོགས་པ་རྣམ་པར་སྣང་མཛད་ལ་སོགས་པའི་དོན་ཡིན་ནོ། ། སྔགས་ཀྱི་བརྡ་ནི་སྦྲུལ་དང་། མགོ་བོ་མེད་པ་དང་། མཐའ་མེད་པ་དང་། གཉིས་ཀ་མེད་པའོ། །བརྡ་ནི་མིང་ཡིན་ཏེ། དེ་ཉིད་ཐ་སྙད་ཀྱི་དོན་དུ་འདོགས་པ་སྟེ་དཔེར་ན་བུམ་པ་ལྟ་བུའོ། །དེ་ཉིད་ཀྱང་སྤེལ་བ་དང་མ་སྤེལ་བ་དང་ཐོག་མ་དང་ཐ་མ་དང་བར་མར་སྤེལ་བ་ལ་སོགས་པ་དང་། སྙིང་པོ་དང་། ཉེ་བའི་སྙིང་པོ་དང་། སྙིང་པོ་བསྐུལ་བ་དང་། རྩ་བའི་སྔགས་དང་། ཕྲེང་བའི་སྔགས་དང་། གཟུངས་སྔགས་དང་། རིག་སྔགས་དང་། ས་བོན་གྱི་ཡི་གེ་དང་། རང་གི་ཆོས་ཀྱི་ཡི་གེ་དང་། གོ་བཟློག་པ་དང་གོ་མ་བཟློག་པ་ལ་སོགས་པའི་དབྱེ་བས་རྣམ་པ་སྣ་ ཚོགས་པའི་སྔགས་བཏུ་བ་སྟེ། ལས་ཀྱི་ཚོགས་དེ་དང་དེ་བསྒྲུབ་པའི་ཕྱིར་རྒྱུད་ཀྱི་རྒྱལ་པོ་དེ་དང་དེ་རྣམས་སུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཡིན་ནོ། །སྔགས་བཏུ་བ་ནི་ཨཱ་ལི་དང་ཀཱ་ལི་ཁོ་ན་ལས་སྔགས་རྣམས་བཏུ་བ་ཡིན་ཏེ། དེ་ཡང་དང་པོ་གཅིག་པ་དང་དགུ་དབུས་ན་ཞེས་ བྱ་བ་ལ་སོགས་པ་འོག་ནས་བཤད་པར་བྱའོ། །སྔགས་ཀྱི་དེ་ཁོ་ན་ཉིད་ནི་དེ་བཞིན་ཉིད་དེ་འོད་གསལ་བ་ཁོ་ནའོ། །གང་ཕྱིར་སྔགས་ནི་དེའི་སྲོག་དང་ལྡན་པར་གྱུར་པས་རང་རང་གི་ལས་ལ་ནུས་པ་དང་ལྡན་པ་སྟེ། གཞན་དུ་ན་དེ་རྣམས་སྲོག་མེད་པས་རྩ་བཞིན་དུ་རང་གི་ལས་ལ་ནུས་ པ་མེད་པར་འགྱུར་རོ། །ཇི་སྐད་དུ། དེ་ཕྱིར་ཡི་གེའི་རང་བཞིན་ནི། །སྔགས་རྣམས་འདོད་པ་མ་ཡིན་ཏེ། །དེ་རྣམས་རྩ་རྣམས་གཡོ་ཙམ་ལ། །ནུས་པ་ལྡན་པ་མ་ཡིན་ནོ། །ཞེས་འབྱུང་བའི་ཕྱིར་ཏེ། སྔགས་ཀྱི་དེ་ཁོ་ན་ཉིད་བསྟན་ཏོ།། །།སེམས་ལ་དམིགས་ པའི་རིམ་པ་ལ་ཐབས་གཉིས་ཏེ། སྔགས་ཀྱི་རིམ་པ་དང་ཕྱག་རྒྱའི་རིམ་པའོ། །དེ་ལ་སྔགས་ཀྱི་རིམ་པ་ནི་ལྟེ་བར་རྩིབས་བརྒྱད་པའི་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་ལ་དབྱངས་ཀྱི་དང་པོ་ཐིག་ལེ་དང་བཅས་པར་རང་བཞིན་གྱིས་གྲུབ་པར་དམིགས་ཏེ། དེ་ལས་མེ་སྟག་དང་འདྲ་བའི་ཕྱག་ 37-1-190b འཚལ་བ་ལ་སོགས་པའི་ཡི་གེ་གསུམ་པོ་རྣམ་པར་སྤྲོས་ཏེ། དེ་རྣམས་སྤྱི་བོ་ལ་སོགས་པ་ལ་མོས་ནས་ཟླ་བའི་སྣང་བ་དང་འདྲ་བའི་རྗེས་སུ་འབྱུང་བའི་དབྱངས་ཀྱི་འོད་ཟེར་གྱིས་གྱེན་དུ་འགྲོ་བས་ཕྱག་འཚལ་བ་བཀུག་སྟེ་དེ་ཉིད་ལ་འཇུག་པར་བྱས་ན། དེའི་ཚེ་ཟླ་བའི་སྣང་བ་དང་འདྲ་བའི་ཡེ་ ཤེས་འཆར་བར་འགྱུར་ཏེ་རང་བཞིན་སུམ་ཅུ་རྩ་གསུམ་དང་ལྡན་པའི་འཇུག་པའི་རྣམ་པར་ཤེས་པ་ཟད་པར་འགྱུར་རོ། །དེའི་རྗེས་ལ་དེ་ཉིད་དུ་ཁ་དོག་དམར་པོ་ཚེག་དྲག་དམིགས་ཏེ། དེ་ལས་བྱུང་བའི་འོད་ཟེར་གྱི་ལྕགས་ཀྱུས་ངག་གི་དབང་ཕྱུག་གི་ས་བོན་བཀུག་ལ་དེ་ཉིད་དུ་འཇུག་སྟེ་ཉི་མ་ དང་འདྲ་བའི་སྣང་བ་མཆེད་པའི་ཡེ་ཤེས་འཆར་བར་འགྱུར་ཏེ། རང་བཞིན་བཞི་བཅུ་དང་ལྡན་པའི་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་ཟད་པར་འགྱུར་རོ། །དེ་ནས་རྗེས་སུ་འབྱུང་བའི་དབྱངས་དང་ཚེག་དྲག་དང་བྲལ་བའི་རྟག་པའི་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་ཙམ་ལས་མཚམས་ཀྱི་སྣང་ བ་དང་འདྲ་བའི་འོད་ཟེར་རྣམ་པར་སྤྲོས་ལ། དེས་སྤྲིན་གྱི་སྒྲ་འགུགས་ཏེ་དེ་ཉིད་དུ་འཇུག་ལ་དེའི་སྣང་བ་དང་འདྲ་བའི་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་འཆར་བར་འགྱུར་ཏེ་རང་བཞིན་བདུན་དང་ལྡན་པའི་ཀུན་གཞི་རྣམ་པར་ཤེས་པ་ཟད་པར་འགྱུར་རོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་ཡང་འོད་ གསལ་བ་ལ་ཐིམ་སྟེ། འབའ་ཞིག་པ་དྲི་མ་མེད་པ་ནམ་མཁའ་དང་མཚུངས་པའི་དེ་ཁོ་ན་ཉིད་འཆར་བར་འགྱུར་ཏེ་སྔགས་ཀྱི་རིམ་པའོ། །ཇི་སྐད་དུ། བརྟན་པར་བྱ་བའི་རྒྱུར་གྱུར་པ། །དང་པོ་ཡི་གེའི་ཐིག་ལེ་བཅས། །ཟླ་བའི་འོད་ཟེར་ལྟར་སྣང་ཞིང་། །སྣང་བའི་ཡེ་ཤེས་ལྟར་སྣང་ འབྱུང་། །ཐིག་ལེ་གཉིས་ཀྱིས་བརྒྱན་པ་ཡི། །ཆ་རུ་དེ་ཉིད་ཤེས་པར་བྱ། །ཉི་མའི་འོད་དང་འདྲ་བ་ཡི། །སྣང་བ་མཆེད་པའི་སྦྱོར་ལས་འབྱུང་། །ས་བོན་ཐིག་ལེར་ལྡན་མིན་ལ། །རླུང་གི་སྒོ་ནས་འབྱུང་བ་མིན། །གང་ཞིག་སྣང་བ་ཐོབ་པ་ནི། །ཡོངས་སུ་རྫོགས་པའི་མཚན་ཉིད་དོ། ། ཞེས་བྱ་བ་འོག་ནས་གསུངས་པའི་ཕྱིར་དང་དེ་བཞིན་དུ། སྟོང་པ་ཤིན་ཏུ་སྟོང་པ་དང་། །སྟོང་པ་ཆེན་པོ་གསུམ་པ་དང་། །ཐམས་ཅད་སྟོང་པ་བཞི་པ་སྟེ། །རྒྱུ་དང་འབྲས་བུའི་དབྱེ་བས་སོ། །ཞེས་བྱ་བ་གསུངས་པའི་ཕྱིར་རོ། །ཕྱག་རྒྱའི་རིམ་པ་ནི་ཐབས་དང་ཤེས་རབ་གཉིས་སུ་ 37-1-191a མེད་པའི་སྦྱོར་བའི་དུས་སུ་ཚངས་པའི་བུ་ག་ལས་བྱང་ཆུབ་ཀྱི་སེམས་འཛགས་ན་སྣང་བའི་ཡེ་ཤེས་འཆར་བར་འགྱུར་ཏེ། སྔ་མ་བཞིན་དུ་འཁོར་དང་བཅས་པའི་འཇུག་པའི་རྣམ་པར་ཤེས་པ་འགགས་པར་འགྱུར་རོ། །ཡན་ལག་ཐམས་ཅད་ཀྱི་ཚིགས་ཁྱབ་པའི་དུས་སུ་སྣང་བ་ མཆེད་པའི་ཡེ་ཤེས་འཆར་བར་འགྱུར་ཏེ། འཁོར་དང་བཅས་པའི་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་འགགས་པར་འགྱུར་རོ། །རྡོ་རྗེ་རྩེ་མོ་ལས་ཐིག་ལེ་གཅིག་སྤྲོས་པས་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་འཆར་བར་འགྱུར་རོ། །འཁོར་དང་བཅས་པའི་ཀུན་གཞི་རྣམ་པར་ཤེས་ པ་འགགས་པར་འགྱུར་རོ། །རྡོ་རྗེ་རྩེ་མོ་དེ་ཉིད་དུ་བརྟན་པར་གྱུར་པས་ཆུ་སྐྱེས་གང་བར་མ་གྱུར་ཏེ། འོད་གསལ་བའི་ཡེ་ཤེས་ཤར་བར་གྱུར་ན་ཡེ་ཤེས་གསུམ་འགགས་པ་ཡིན་ཏེ་ཕྱག་རྒྱའི་རིམ་པའོ། །ཇི་སྐད་དུ། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། ། ཡེ་ཤེས་གསུམ་གྱི་དབྱེ་བ་ནི། །གསལ་བར་འདི་ལས་མཚོན་པར་འགྱུར། །ཞེས་བྱ་བ་འོག་ནས་གསུངས་པའི་ཕྱིར་རོ། །བདག་ལ་བྱིན་གྱིས་རློབ་པའི་རིམ་པ་ལ་ཐབས་གཉིས་ཏེ། ཅིག་ཅར་གྱི་རིམ་པ་དང་སྣང་བ་ཉེ་བར་ཐོབ་པ་ལ་སོགས་པའི་རིམ་པའོ། །དེ་ལ་ཅིག་ཅར་ གྱི་རིམ་པ་ནི་སེམས་ཅན་གྱི་དོན་མཛད་པའི་ཕྱིར་ཆུ་ལས་ཉ་བཞིན་དུ་འོད་གསལ་བ་ལས་ཅིག་ཅར་ལྡང་སྟེ། སྒྱུ་མ་དང་མཚུངས་པའི་རྡོ་རྗེ་འཆང་ཆེན་པོའི་སྐུས་གདུལ་བྱ་རྣམས་ལ་ཆོས་བསྟན་པའི་བདག་ཉིད་ཅན་ནོ། །གཉིས་པ་ནི་དང་པོ་ནམ་མཁའ་དང་འདྲ་བའི་འོད་གསལ་བའི་ཡེ་ ཤེས་མཐོང་ནས། དེའི་རྗེས་ལ་མཚམས་དང་འདྲ་བའི་སྣང་བ་ལ་དམིགས་ནས་དེ་ནས་ཀྱང་ཉི་མ་དང་འདྲ་བ་དང་ཟླ་བ་དང་འདྲ་བའི་སྣང་བ་མཐོང་ལ། ཐམས་ཅད་གཅིག་ཏུ་གྱུར་པས་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་གཟུགས་ལ་དམིགས་པ་གང་ཡིན་པ་དེ་ནི་སྣང་བ་ཉེ་བར་ཐོབ་པ་ ལ་སོགས་པའི་རིམ་པ་སྟེ་སྒྱུ་མ་ལ་སོགས་པའི་དཔེ་དང་སྦྱར་བ་དང་པོ་བཞིན་དུ་འདི་ལ་ཡང་རྟོགས་པར་བྱའོ། །མངོན་པར་བྱང་ཆུབ་པའི་རིམ་པ་ལ་ཐབས་གཉིས་ཏེ། ཕྱག་རྒྱའི་རིམ་པ་དང་ཏིང་ངེ་འཛིན་གྱི་རིམ་པའོ། །ཕྱག་རྒྱའི་རིམ་པ་ལ་ནི་རྣམ་པ་གཉིས་ཏེ། ཕྱིའི་མངོན་པར་ 37-1-191b བྱང་ཆུབ་པའི་རིམ་པ་དང་ནང་གི་མངོན་པར་བྱང་ཆུབ་པའི་རིམ་པའོ། །ཏིང་ངེ་འཛིན་གྱི་རིམ་པ་ལ་ཡང་རྣམ་པ་གཉིས་ཏེ་རིལ་པོར་འཛིན་པའི་ཏིང་ངེ་འཛིན་གྱི་རིམ་པ་དང་། རྗེས་སུ་གཞིག་པའི་ཏིང་ངེ་འཛིན་གྱི་རིམ་པའོ། །དེ་ལ་ཕྱིའི་མངོན་པར་བྱང་ཆུབ་པ་ནི་དམ་ཚིག་གི་ཕྱག་རྒྱའི་སྒོ་ནས་ སོ། །ནང་གི་མངོན་པར་བྱང་ཆུབ་པ་ནི་ཡེ་ཤེས་ཀྱི་ཕྱག་རྒྱའི་སྒོ་ནས་སོ། །ཡང་ན་མཚན་མོ་ནི་སྣང་བའི་ཡེ་ཤེས་དང་། ཉིན་མོ་སྣང་བ་མཆེད་པའི་ཡེ་ཤེས་དང་། ཕྱི་དྲོའི་མཚམས་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་དང་། སྔ་དྲོའི་མཚམས་འོད་གསལ་བའི་ཡེ་ཤེས་སོ། །ཡང་ ན་ཕྱིའི་མངོན་པར་བྱང་ཆུབ་པ་ནི་མཚན་མ་ལྔ་ཉེ་བར་མཚོན་པའི་མཚན་ཉིད་ཅན་ནོ། །དེ་རྣམས་ནི་སྨིག་རྒྱུ་དང་། དུ་བ་དང་། སྲིན་བུ་མེ་ཁྱེར་དང་། མར་མེ་དང་། སྤྲིན་མེད་པའི་ནམ་མཁའ་དང་འདྲ་བ་སྟེ་མངོན་སུམ་གྱིས་རྟོགས་པར་འགྱུར་བའོ། །རིལ་པོར་འཛིན་པ་ནི་ལྟེ་བའི་དབུས་ ན་གནས་པའི་ཡི་གེ་དང་པོའི་འོད་ཟེར་གྱིས་ཇི་སྲིད་མགོ་བོའི་བར་དུ་ཁྱབ་ཅིང་དེ་ལས་ཀྱང་སྙིང་ག་དང་། དེ་ལས་ཀྱང་རྐང་པའི་བར་དང་། དེ་ལས་ཀྱང་སླར་རིམ་པ་དེ་ཉིད་ཀྱིས་རྣམ་པར་སྤྲོས་ཏེ་རང་གི་ལུས་པོ་མི་སྣང་བར་བྱས་ཏེ་དང་པོའོ། །གཉིས་པ་ནི་རིམ་པ་དེ་ཉིད་ཀྱིས་ཁམས་གསུམ་པ་ མི་སྣང་བར་བྱས་ལ་ཕྱི་ནས་བདག་ཉིད་ཀྱང་མི་སྣང་བར་བྱས་པའོ། །འདིར་ནི་འདོད་ཆགས་ཀྱི་རིགས་ལ་བརྟེན་ཏེ་ཕྱག་རྒྱའི་རིམ་པ་དང་། ཞེ་སྡང་གི་རིགས་ལ་ཏིང་ངེ་འཛིན་གྱི་རིམ་པ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་ཏེ་དགོངས་པའོ། །འདོད་ཆགས་དང་ཞེ་སྡང་ འདྲེས་པའི་རིགས་ལ་རེ་མོས་ཐབས་གཉིས་པོ་གསུངས་སོ། །དེའི་བར་གྱིས་རིམ་པ་བཞི་པོའི་ཐབས་རྣམས་བསྟན་ཏོ། །དེ་ལ་དང་པོ་ཐབས་ལས་བྱུང་བའི་རྡོ་རྗེ་བཟླས་པ་ལ་སློབ་པ་སྟེ། དེ་ལ་རྣམ་པ་བཅུ་གཅིག་སྟེ། རྡོ་རྗེ་འཆང་ཆེན་པོ་དང་། སྐུ་གསུང་ཐུགས་དང་། རིན་ཆེན་ དང་དོན་ཡོད་གྲུབ་པ་དང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ཁྲོ་བོ་དང་མ་ནིང་གི་བཟླས་པའོ། །དེ་རྣམས་ཀྱང་། དོན་རྟོགས་པ་ཡི་བཟླས་པ་ཡིས། །ཞེས་བྱ་བ་ལ་སོགས་པ་འོག་ནས་བཤད་པར་བྱའོ། །སེམས་ལ་དམིགས་པའི་རིམ་པ་ཐབས་ལས་བྱུང་བ་ནི་མི་གཡོ་ 37-1-192a བའི་ཏིང་ངེ་འཛིན་སྤང་བའི་མཚན་ཉིད་ཅན་གྱི་སེམས་ཀྱི་འོད་གསལ་བའོ། །དེ་ཡང་། འོད་གསལ་གོ་འཕང་ཐོབ་ནས་སུ། ཞེས་བྱ་བ་ལ་སོགས་པ་འོག་ནས་བཤད་པར་བྱའོ། །བདག་ལ་བྱིན་གྱིས་བརླབ་པའི་རིམ་པའི་ཐབས་ལས་བྱུང་བ་རྣམ་པ་ གསུམ་སྟེ་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་བདག་ལ་བྱིན་གྱིས་བརླབ་པའི་དབྱེ་བས་སོ། །དེ་ཡང་། འདིར་ནི་མང་དུ་བཤད་མི་དགོངས། །ཞེས་བྱ་བ་ལ་སོགས་པ་འོག་ནས་བཤད་པར་བྱའོ། །མངོན་པར་བྱང་ཆུབ་པའི་རིམ་པའི་ཐབས་ལས་བྱུང་བ་ནི་འདོད་ཆགས་ དང་འདོད་ཆགས་བྲལ་བ་དང་། འདོད་ཆགས་བར་མ་ཡོངས་སུ་སྤང་བའི་རང་བཞིན་གྱིས་འོད་གསལ་བའོ། །དེ་ཡང་མཚན་མོ་སྣང་བའི་ཆ་སྟེ་གསལ་བ་ཉི་མའི་འོད་ཟེར་འགྱེད་པ་སྣང་བ་མཆེད་པ་ཡིན་ཞེས་བྱ་བ་ལ་སོགས་པ་འོག་ནས་བཤད་པར་བྱའོ། །ཟུང་འཇུག་གི་རིམ་པ་ ལ་ནི་དབྱེ་བ་གཉིས་ཏེ་རྒྱུའི་ཟུང་འཇུག་གི་རིམ་པ་དང་། འབྲས་བུའི་ཟུང་འཇུག་གི་རིམ་པའོ། །དེ་ལ་རྒྱུའི་ཟུང་འཇུག་གི་རིམ་པ་ནི་རྣམ་པ་བཞི་སྟེ། ཉན་ཐོས་དང་། རྣལ་འབྱོར་སྤྱོད་པ་དང་། དབུ་མ་པ་དང་། སྔགས་ཀྱི་ཐེག་པའི་དབྱེ་བས་སོ། །རྒྱུའི་ཕྱོགས་དེ་ལ་ནི་ལྷག་མ་དང་ བཅས་པ་དང་། ལྷག་མ་མེད་པའི་མྱ་ངན་ལས་འདས་པ་གཉིས་དང་རྣམ་པ་དང་བཅས་པ་དང་། རྣམ་པ་མེད་པ་གཉིས་དང་། ཀུན་རྫོབ་དང་། དོན་དམ་པ་གཉིས་དང་། བསྐྱེད་པ་དང་རྫོགས་པའི་རིམ་པ་གཉིས་ལ་སོགས་པའི་དབྱེ་བས་སོ། །འབྲས་བུའི་ཟུང་འཇུག་གི་རིམ་ པ་ཡང་རྣམ་པ་བཞི་སྟེ། རིགས་དང་ཡོན་ཏན་དང་བྱ་བ་དང་རྫས་ཀྱི་དབྱེ་བས་སོ། །འབྲས་བུའི་ཕྱོགས་སུ་ཡང་བྲམ་ཟེ་དང་། སྨེ་ཤ་ཅན་གཉིས་དང་། དྲི་བཟངས་དྲི་ངན་གཉིས་དང་། མ་དང་ཆུང་མ་གཉིས་ལ་འགྲོ་བ་དང་། ག་པུར་དང་བཤང་བ་གཉིས་ལ་སྤྱོད་པའི་དབྱེ་བས་ སོ། །དེ་ཡང་གང་དུ་ལྷག་མ་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་དང་དེ་བཞིན་དུ། ཇི་ལྟར་ཌོམ་པ་བྲམ་ཟེ་དང་། །ཞེས་བྱ་བ་ལ་སོགས་པ་འོག་ནས་བཤད་པར་བྱའོ། །འོ་ན་རྡོ་རྗེ་བཟླས་པ་ལ་སོགས་པའི་རིམ་པ་བཞི་པོ་ནི་ཐབས་ཏེ་འབྲས་བུ་ནི་ཟུང་འཇུག་གི་རིམ་པ་ 37-1-192b ཡིན་པས་དེ་ལ་ཡང་རྒྱུའི་དབྱེ་བ་ཡིན་པར་བཤད་ཅེ་ན་སྨྲས་པ། དེ་ནི་འབྲས་བུར་གྱུར་པ་ཡིན་ན་ཕ་རོལ་པ་རྣམས་ཀྱི་འདོད་པའི་ལྟ་བ་རྣམས་ཐ་མི་དད་པར་གཞག་པར་བྱ་བའི་ཕྱིར་ཡོན་ཏན་གྱི་སྒོ་ནས་རྒྱུ་ཉིད་བཤད་པ་ཡིན་ཏེ་གཙོ་བོའི་སྒོ་ནས་ནི་མ་ཡིན་ནོ། །འདི་ལ་གཅོ་བོ་ནི་འོད་གསལ་བ་ལས་ ལྡང་བ་འབྲས་བུ་ཉིད་ཁོ་ན་ཡིན་ནོ། །འོ་ན་སྡང་བ་དང་མཉམ་པར་གཞག་པ་ཕན་ཚུན་འགལ་བའི་ཕྱིར་ཟུང་འཇུག་གི་རིམ་པས་སངས་རྒྱས་ཀྱི་ས་ཐོབ་པར་མི་འགྱུར་རོ་ཞེ་ན་སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གཏན་དུ་མཉམ་པར་གཞག་པ་སྟེ་ཕྲིན་ལས་གང་དང་གང་མཛད་ པ་དེ་དང་དེ་ཏིང་ངེ་འཛིན་ལ་བཞུགས་པ་དེ་རྣམས་ལ་གཡེང་བའི་རྒྱུར་མི་འགྱུར་རོ། །གང་གི་ཕྱིར་སངས་རྒྱས་རྣམས་ཀྱི་བཞུགས་པ་ནི་རྣམ་པ་བཞི་སྟེ་སྤྱོད་ལམ་གྱིས་བཞུགས་པ་དང་། བསྟན་པའི་བཞུགས་པ་དང་། སྙོམས་པར་ཞུགས་པའི་བཞུགས་པ་དང་། ནང་དུ་ཡང་དག་ འཇོག་པའི་བཞུགས་པའོ། །བཞུགས་པ་ནི་མཉམ་པར་གཞག་པའི་སྤྱོད་པ་སྟེ། དེ་ལ་གང་ཞིག་སངས་རྒྱས་རྣམས་ཀྱི་སྐུའི་སྤྱོད་པ་མཉམ་པར་གཞག་པ་དེ་ནི་སྤྱོད་ལམ་གྱིས་བཞུགས་པའོ། །གང་ཞིག་དེ་རྣམས་ཀྱིས་ཆོས་བསྟན་པ་ལ་སོགས་པའི་གསུང་གི་ཕྲིན་ལས་དེ་ ནི་བསྟན་པའི་བཞུགས་པའོ། །གང་ཞིག་དེ་རྣམས་ཀྱིས་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ཐུགས་ཀྱི་ཕྲིན་ལས་དེ་ནི་སྙོམས་པར་འཇུག་པའི་བཞུགས་པའོ། །གང་ཞིག་དེ་རྣམས་ཀྱི་ལྷ་ལ་སོགས་པའི་གམ་དུ་འོངས་པ་ལ་ཐུགས་ཀྱི་ཕྲིན་ལས་དེ་ནི་ནང་དུ་ཡང་དག་འཇོག་གིས བཞུགས་པའོ། །དེ་བས་ན་སྡང་བ་དང་མཉམ་པར་གཞག་པ་དག་ལ་བཅོམ་ལྡན་འདས་རྣམས་ནི་འདྲ་བ་ཡིན་ཏེ། གང་ཞིག་དེ་རྣམས་ཀྱིས་སེམས་ཅན་གྱི་དོན་དུ་སྣ་ཚོགས་པའི་སྤྲོས་པ་དང་བཅས་པའི་ཕྲིན་ལས་མཛད་པ་དེའི་ས་དེ་རྣམས་ཅུང་ཟད་ཀྱང་གཡེང་བར་མི་འགྱུར་ཏེ། དཔེར་ན་སྤྲིན་དང་ཁ་བ་ལ་སོགས་པ་རྣམས་ཀྱིས་ནམ་མཁའི་ཁམས་ལ་གནོད་པ་མེད་པ་ལྟ་བུའོ། །སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་སེམས་ཅན་གྱི་དོན་མཛད་ཀྱང་རང་བཞིན་གྱིས་ཉམས་པར་མི་འགྱུར་རོ། །དེ་རྣམས་ལ་རྫ་མཁན་གྱི་འཁོར་ལོ་འཁོར་བ་བཞིན་དུ་མཛད་པ་ཐམས་ 37-1-193a ཅད་འབྱུང་བ་ཡིན་ནོ། །ཇི་སྐད་དུ། གང་ཞིག་མ་ལུས་སྐྱོན་རྒྱུ་བརྟག་པའི་ལྟ་བ་བུད་ཤིང་སྲེག་པར་མཛད། །རང་དང་གཞན་གྱི་དབྱེ་བའི་ཡུལ་ནི་རྩ་མེད་སྐྱོན་རྣམས་སྐྱོན་མེད་ལ། །སྐྱོན་མེད་ཐུགས་རྗེའི་རིག་པས་སྒྱུ་མའི་སྐྱེས་བུ་ལས་ལ་བློ་ལྡན་པ། ། སྔོན་གྱི་སྨོན་ལམ་དབང་གིས་འཁོར་ལོ་བསྐོར་བ་བཞིན་དུ་ལས་ལ་འཇུག །ཅེས་འབྱུང་བའི་ཕྱིར་རོ། །ཏིང་ངེ་འཛིན་ལ་འཇུག་པ་ཙམ་དང་དེའི་གནས་པ་ཙམ་གྱིས་སེམས་ཅན་རྣམས་ཀྱི་འདོད་པའི་དོན་གྲུབ་པ་ཡིན་ཏེ་ངེས་པ་ཁོ་ན་ཡིན་ནོ། །ཇི་སྐད་དུ། སྐྱེས་བུ་གནས་པ་ཙམ་གྱིས་ ནི། །དེ་ཉིད་ཡིད་བཞིན་ནོར་བུ་ལྟར། །རྩིག་པ་སོགས་ལ་བརྟེན་པ་རྣམས། །ཅི་འདོད་པ་ནི་འབྱུང་བ་ཡིན། །ཞེས་བྱ་བ་འབྱུང་བ་དང་དེ་བཞིན་དུ། མཉམ་པར་གཞག་དང་མ་བཞག་པ། །གང་དུ་དེ་དག་དམིགས་མི་འགྱུར། །རྣལ་འབྱོར་གོ་འཕང་མི་ཟད་པ། །དེ་ནི་ ཟུང་འཇུག་གྱུར་པ་ཡིན། །ཞེས་བྱ་བ་འོག་ནས་གསུངས་པའི་ཕྱིར་རོ། །ད་ནི་འདིར་རྣམ་པར་དཔྱད་པར་བྱ་སྟེ། རིམ་པ་ལྔ་པོ་འདི་རྣམས་རྣལ་འབྱོར་པ་གཅིག་གིས་སྒོམ་པ་ཡིན་ནམ་ཡང་ན་རྣལ་འབྱོར་པ་ལྔས་ཏེ། གལ་ཏེ་གཅིག་གིས་སྒོམ་ན་དེའི་ཚེ་རྡོ་རྗེ་བཟླས་པའི་མཐའ་རུ་དེས་ འབྲས་བུ་ཐོབ་པར་འགྱུར་ཏེ་རིམ་པ་གཉིས་པ་ལ་སོགས་པ་རྣམས་ནི་དོན་མེད་པ་ཡིན་ཏེ། མ་ནིང་གི་བཟླས་པ་ནི་འོད་གསལ་བ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་གང་ཟག་ལྔས་སྒོམ་ན་དེའི་ཚེ་འོད་གསལ་བ་ཐ་དད་པར་འགྱུར་ཏེ་དེ་ཡང་འདོད་པ་ཡིན་ཏེ་གཉིས་སུ་མེད་པའི་ཕྱིར་རོ། །ཐབས་ཀྱི་ དབྱེ་བ་ནི་དེ་ཁོ་ན་ཉིད་ཀྱི་དབྱེ་བ་སྒྲུབ་པར་བྱེད་པ་མ་ཡིན་ཏེ། བྱ་བ་ལ་སོགས་པའི་རྒྱུད་བསྟན་པ་ཡིན་ཞེ་ན་དེ་ཡང་ཡང་དག་པ་མ་ཡིན་ཏེ། བྱ་བ་ལ་སོགས་པའི་རྒྱུད་རྣམས་ལ་ནི་དེ་ཁོ་ན་ཉིད་གཙོ་བོ་ཉིད་དུ་བསྟན་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་རྣམས་གཙོ་བོ་ཉིད་དུ་དེ་ཁོ་ན་ཉིད་དང་ལྡན་ པར་གྱུར་ན་དེ་ཚེ་གོང་ནས་གོང་དུ་རྒྱུད་བསྟན་པ་རིགས་པ་མ་ཡིན་ནོ། །བྱ་བ་ལ་སོགས་པའི་རྒྱུད་ཀྱིས་བསྟན་པ་འདི་ནི་ལས་དང་པོ་པ་འཇུག་པའི་ཕྱིར་ཏེ། དེ་ནི་དྲང་བའི་དོན་དུ་བཤད་པ་སྟེ་ངེས་པའི་དོན་དུ་ནི་མ་ཡིན་ནོ་ཞེས་དགོངས་པའོ། །དེ་བས་ན་འདིར་ཇི་ལྟར་གནས་པར་བྱའོ་ 37-1-193b སྨྲས་པ། འདིར་ནི་རིམ་པ་ལྔ་པོ་གང་ཟག་གཅིག་གི་སྤྱོད་ཡུལ་ཡིན་ཏེ་ལྔ་པོ་ནི་མ་ཡིན་ནོ། །བྱང་ཆུབ་ཡང་གཅིག་ཡིན་ཏེ་ཐབས་དུ་མ་ཡོད་ཀྱང་དེ་ཐ་དད་པར་མི་རིགས་ཏེ་ཆར་པ་ལྟ་བུའོ། །དཔེར་ན་དབྱར་གྱི་དུས་སུ་སྤྲིན་གྱི་ཚོགས་ཀྱིས་བཀག་པའི་ནམ་མཁའི་དཀྱིལ་ནས་ཆར་འབབ་པ་ཡང་ ཡིན་པ་དེ་ནི་གཅིག་ཡིན་ན་ཡང་བུ་རམ་གྱི་ཤིང་ལ་བབ་ན་མངར་བར་འགྱུར་བ་དང་། དེ་ཉིད་ཏིག་ཏ་ལ་སོགས་པ་ལ་བབ་ན་ཁ་བར་འགྱུར་བ་དང་། སྦྲུལ་གྱིས་འཐུངས་ན་དུག་ཉིད་དུ་འགྱུར་བ་སྟེ་དེ་ལྟར་འོད་གསལ་བ་གཅིག་པུ་ཡིན་ཀྱང་བྱ་བའི་རྒྱུད་ལ་གནས་པ་རྣམས་ཀྱིས་ལྷའི་རྣམ་པ་ཙམ་ དུ་གཟུང་བ་དང་། སྤྱོད་པའི་རྒྱུད་ལ་གནས་པ་རྣམས་ཀྱིས་སྣ་ཚོགས་པའི་སྤྲོས་པའི་སྤྱོད་པའི་སྒོ་ནས་གཟུང་བ་དང་། རྣལ་འབྱོར་གྱི་རྒྱུད་ལ་གནས་པ་རྣམས་ཀྱིས་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་དབྱེ་བས་གཟུང་བའོ། ། རྣལ་འབྱོར་ཆེན་པོའི་རྒྱུད་ལ་གནས་པ་རྣམས་ཀྱིས་བསྐྱེད་པའི་རིམ་པ་ དང་རྫོགས་པའི་རིམ་པའི་དབྱེ་བས་དེ་ཁོ་ན་ཉིད་གཟུང་བར་འགྱུར་ཏེ། དེ་ལ་ཡང་ཁ་ཅིག་གིས་ཏིང་ངེ་འཛིན་གསུམ་གྱི་དབྱེ་བ་དང་། ཁ་ཅིག་གིས་ལུས་རྣམ་པར་དབེན་པ་དང་། ཁ་ཅིག་གིས་ངག་རྣམ་པར་དབེན་པ་དང་། ཁ་ཅིག་གིས་ཡིད་རྣམ་པར་དབེན་པ་དང་། ཁ་ཅིག་གིས་ ཀུན་རྫོབ་ཀྱི་བདེན་པ་རྣམ་པར་དབེན་པ་དང་། ཁ་ཅིག་གིས་དོན་དམ་པའི་བདེན་པ་རྣམ་པར་དབེན་པ་དང་། ཁ་ཅིག་གིས་མི་གནས་པའི་མྱ་ངན་ལས་འདས་པ་ལ་རག་ལུས་པའི་སྒོ་ནས་དང་། ཁ་ཅིག་གིས་སོ་སོར་སྡུད་པ་ལ་སོགས་པའི་ཡན་ལག་དྲུག་གི་རྣལ་འབྱོར་གྱི་སྒོ་ནས་དང་། ཁ་ཅིག་གིས་ཕྲ་མོའི་རྣལ་འབྱོར་དང་ཐིག་ལེ་བསྒོམ་པའི་སྒོ་ནས་དེ་ཁོ་ན་ཉིད་དུ་གཟུང་བར་འགྱུར་ཏེ་སྤྲོས་པའོ། །ཇི་སྐད་དུ། ཆོས་ནི་འདི་རྣམས་སྒྲ་ཉིད་བརྗོད་པས་ལུང་དུ་བསྟན། །ཆོས་དང་སྒྲ་དག་འདིར་ནི་གང་ཡང་མཚོན་མི་བྱ། །ཚུལ་ནི་གཅིག་གྱུར་ཡང་དག་དེ་ལ་ཞུགས་ནས་ སུ། །བླ་མེད་བཟོད་སྤྱོད་དེ་ལ་རེག་པར་གྱིས། །ཞེས་བྱ་བ་ལ་སོགས་པ་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་ན་འདིར་གྲུབ་པའི་མཐའ་འདི་ཉིད་ཡིན་ཏེ་ལས་དང་པོ་པའི་གནས་སྐབས་ལ་གནས་པའི་རྣལ་འབྱོར་པ་དཔལ་གསང་བ་འདུས་པའི་ཆོ་གའི་དཀྱིལ་འཁོར་འདྲི་བའི་རྡོ་རྗེ་སློབ་དཔོན་ 37-1-194a གྱིས་ཐུགས་རྡོ་རྗེ་ལ་སོགས་པའི་དཀྱིལ་འཁོར་རྣམས་ལས་གང་ཡང་རུང་བའི་དཀྱིལ་འཁོར་ལ་རབ་ཏུ་ཞུགས་ཏེ། དེ་ཉིད་ལ་དམ་ཚིག་དང་ལྡོམ་པ་གསོལ་བ་སྔོན་དུ་འགྲོ་བའི་རིམ་པ་དང་། ཕྱིར་མི་ལྡོག་པ་དང་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་རྣམས་ཀྱིས་དབང་བསྐུར་ ལ། རང་འདོད་པའི་ལྷའི་བསྒོམ་པ་སྦྱིན་པར་བྱའོ། །དེ་ནས་སློབ་མ་དེས་སྐྱེ་བོ་མེད་པའི་སར་ཕྱིན་ལ་དང་པོ་ལུས་རྣམ་པར་དབེན་པའི་ཕྱིར་ཏིང་ངེ་འཛིན་གསུམ་གཙོ་བོར་གྱུར་པའི་བསྐྱེད་པའི་རིམ་པ་རྣམ་པར་བསྒོམས་ལ་སླར་ཡང་དེ་ལ་མཐར་ཐུག་པས་མཚན་མ་བལྟས་ཏེ། ངག་ རྣམ་པར་དག་པར་བྱ་བའི་ཕྱིར་རྡོ་རྗེ་བཟླས་པའི་རིམ་པ་བསྒོམས་ལ། དེ་ནས་སེམས་རྣམ་པར་དབེན་པའི་ཕྱིར་སེམས་ལ་དམིགས་པའི་རིམ་པ་ལ་བསྒོམས་ནས་བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་སོ། །འདོད་ཆགས་དང་། འདོད་ ཆགས་དང་བྲལ་བ་དང་། འདོད་ཆགས་བར་མའི་རིམ་པས་མངོན་པར་བྱང་ཆུབ་པ་ལ་ཞུགས་ཏེ། ཟུང་འཇུག་གི་རིམ་པས་མི་གནས་པའི་མྱ་ངན་ལས་འདས་པ་མངོན་དུ་བྱས་ཏེ། སངས་རྒྱས་ཤིང་སེམས་ཅན་མ་ལུས་པའི་དོན་མཛད་པའི་ཕྱིར་སངས་རྒྱས་ཀྱི་ཞིང་ནས་སངས་ རྒྱས་ཀྱི་ཞིང་དུ་གཤེགས་པར་འགྱུར་ཏེ། སྒོམ་པ་པོ་གང་ཟག་ལྔ་མ་ཡིན་ཏེ་གཅིག་ཁོ་ན་ཡིན་ནོ། །དཔེར་ན་དཔལ་གསང་བ་འདུས་པའི་ལེའུ་བདུན་པ་ལས་གསུངས་པའི་དེ་ཁོ་ན་ཉིད་སྒོམ་པར་བྱེད་པའི་གང་ཟག་གཅིག་ལྟ་བུའོ། །གང་གི་ཕྱིར་དེར་ལེའུ་རེ་རེ་ལ་ནི་སྒོམ་པ་ པོ་ཐ་དད་པ་མ་ཡིན་ཏེ། ལེའུ་བཅུ་བདུན་ལས་བསྟན་པའི་རིམ་པ་གཉིས་སྒོམ་པར་བྱེད་པའི་གང་ཟག་གཅིག་པུ་ཁོ་ན་ཡིན་པའི་ཕྱིར་རོ། །གང་ཞིག་རྡོ་རྗེ་བཟླས་པ་ལ་སོགས་པ་རྣམས་ལ་བར་བར་དུ་འོད་གསལ་བ་བསྟན་པ་དེ་ཡང་དེ་ཉིད་ལ་ཁྱབ་པར་བྱེད་པ་ཉིད་བསྟན་པའི་ཕྱིར་ཏེ། དེ་ཙམ་གྱིས་རིམ་པ་གཞན་མེད་པར་མི་འགྱུར་བས་རིམ་པ་མཐའ་མ་ཁོ་ན་ལས་བྱ་བ་རྫོགས་པའི་ཕྱིར་རོ། །དེ་ཡང་སྤྱོད་པ་བསྡུས་པའི་སྒྲོན་མ་ལས་འཕགས་པ་ལྷའི་ཞལ་སྔ་ནས་ཀྱིས་མདའ་ལ་གོམས་པའི་དཔེའི་སྒོ་ནས་རབ་ཏུ་བསྟན་པ་སྟེ་དེ་ཉིད་ལས་ཤེས་པར་བྱའོ། །ད་ནི་འདི་ 37-1-194b རྣམས་བཤད་པར་བྱ་སྟེ། འདིར་གང་ཟག་ཏུ་དབང་དང་ལྡན་པ་ཡིན་ནམ་ཞེ་ན་སྨྲས་པ། ཆོས་ལ་རྗེས་སུ་འབྲང་བ་རིན་པོ་ཆེ་ལྟ་བུའི་གང་ཟག་རྣམས་སོ། །གང་གི་ཕྱིར་གང་ཟག་ནི་རྣམ་པ་གཉིས་ཏེ་དད་པ་ལ་རྗེས་སུ་འབྲང་བ་དང་ཆོས་ལ་རྗེས་སུ་འབྲང་བའོ། །དེ་ལ་དད་པ་ལ་རྗེས་ སུ་འབྲང་བ་ལ་ནི་བཞི་སྟེ་ཙནྡན་ལྟ་བུ་ལ་སོགས་པའོ། །དེ་ལ་ཙནྡན་ནི་དབང་པོ་དམན་པ་དང་། ཨུཏྤལ་ནི་དབང་པོ་འབྲིང་དང་། པདྨ་དཀར་པོ་ནི་དབང་པོ་རབ་དང་། པདྨ་ནི་དེ་བཞིན་ནོ། །ཆོས་ལ་རྗེས་སུ་འབྲང་བ་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་གཅིག་ཁོ་ན་ཡིན་ནོ། །དེ་རྣམས་ ཀྱི་མཚན་ཉིད་ནི་སྒྲོན་གསལ་ལས་གསུངས་ཏེ་དེ་ཉིད་ལས་ཤེས་པར་བྱའོ། །དེ་ལ་རིན་པོ་ཆེ་བཞིན་དུ་སེམས་ཅན་ཀུན་ལ་འདོད་པ་ཐམས་ཅད་རྫོགས་པར་བྱེད་པ་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་གོ། །ཡང་ན་ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་ཁོ་ན་རིན་ཐང་མེད་པའི་ཕྱིར་རིན་པོ་ཆེ་སྟེ་དེ་ རྣམས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཇི་སྐད་དུ། ཚུལ་ཁྲིམས་ལྡན་ཞིང་དྲིན་མེད་སྩོལ། །ཤེས་རབ་དང་ལྡན་ཚར་གཅིག་པ། །ཐོས་ནས་ཡང་དག་རབ་བསྟན་པ། །རིན་ཆེན་གང་ཟག་རབ་ཏུ་གྲགས། །ཞེས་འབྱུང་ངོ་། །དེའི་ཕྱིར་དད་པ་ལ་རྗེས་སུ་འབྲང་བ་རྣམས་ ནི་བསྐྱེད་པའི་རིམ་པ་བཤད་པའི་སྣོད་ཡིན་ནོ། །ཆོས་ལ་རྗེས་སུ་འབྲང་བ་རྣམས་ནི་རྫོགས་པའི་རིམ་པའི་སྣོད་དུ་གྱུར་པ་ཡིན་ནོ། །ད་ནི་ཉན་པ་པོ་རྣམས་འཇུག་པར་བྱ་བའི་ཕྱིར་བརྗོད་པ་ལ་སོགས་པ་ལྔ་པོ་བཤད་པར་བྱ་སྟེ། དེ་མེད་ན་དེ་རྣམས་འཇུག་པར་མི་འགྱུར་བས་ རབ་ཏུ་བྱེད་པ་རྩོམ་པ་དོན་མེད་པར་འགྱུར་བའི་ཕྱིར་རོ། །དེ་ལ་རིམ་པ་ལྔ་པ་ཞེས་བྱ་བ་ནི་རབ་ཏུ་བྱེད་པའི་བརྗོད་པའོ། །བསྒྲུབ་བྱ་ཉིད་དུ་མངོན་པར་འདོད་པའི་རྡོ་རྗེ་བཟླས་པ་ལ་སོགས་པ་ནི་བརྗོད་པར་བྱའོ། །དེ་དག་ལ་ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་ཅན་གྱི་འབྲེལ་པའོ། ། དགོས་པ་ནི་ངག་རྣམ་པར་དབེན་པ་ནས་མི་གནས་པའི་མྱ་ངན་ལས་འདས་པའི་གོ་འཕང་ཐོབ་པའོ། །དེའི་ཡང་དགོས་པ་ནི་འགྲོ་བ་ཐམས་ཅད་དེའི་རང་བཞིན་དུ་བྱ་བ་སྟེ་རིམ་པ་ལྔ་པའི་མདོར་བསྡུས་པའི་དོན་ཏོ།། །།དེ་ལ་རེ་ཞིག་དང་པོར་རབ་ཏུ་བྱེད་པ་མཛད་ 37-1-195a པའི་སློབ་དཔོན་གྱིས་འདོད་པའི་ལྷ་ལ་བགེགས་བསྐྲད་པའི་ཕྱིར་ཕྱག་འཚལ་བ་རྩོམ་པ་ཡིན་ཏེ། གང་ཕྱིར་ཕྱག་འཚལ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་རྗེས་སུ་དྲན་པའི་མཚན་ཉིད་དེ། ཕྱིར་ལྡོག་པ་དང་། ཕྱིར་མི་ལྡོག་པའི་དབྱེ་བས་ དབང་པོ་དང་སྟོབས་ཀྱིས་ཡང་དག་པར་བསྡུས་པའི་སེམས་ལས་བྱུང་བའི་དགེ་བའི་ཆོས་ཡིན་ནོ། །བགེགས་རྣམས་ནི་མི་དགེ་བ་བཅུའི་ས་ཡང་དག་པར་བསྡུས་ཏེ་རྣམ་པར་འཚེ་བ་ལ་སོགས་པ་ཡིན་ནོ། །དགེ་བ་དང་མི་དགེ་བ་འདི་དག་ལ་ནི་ལྷན་ཅིག་མི་གནས་པའི་མཚན་ཉིད་ཀྱིས་ འགལ་བའི་ཕྱིར་འགལ་བ་ཡོད་པ་སྟེ། དགེ་བའི་ཕྱོགས་ཕུལ་དུ་གྱུར་ན་མི་དགེ་བའི་ཕྱོགས་ཀྱི་རང་བཞིན་གྱིས་བགེགས་རྣམས་རང་བཞིན་དུ་ཞི་བར་འགྱུར་ཏེ་འགལ་བ་དམིགས་པའི་གཏན་ཚིགས་སོ། །དཔེར་ན་འདིར་གྲང་བའི་རེག་པ་མེད་པ་སྟེ་མེའི་ཁྱད་པར་ཉིད་གནས་པའི་ཕྱིར་རོ། ། ཕྱག་འཚལ་བ་འདི་ཡང་རྣམ་པ་གསུམ་ཡིན་ཏེ་མཐུན་པ་དང་མངོན་པར་འདོད་པ་དང་གཉི་གའི་བདག་ཉིད་ཅན་ནོ། །དེ་ལ་མཐུན་པ་ནི་གང་ཞིག་གཞུང་མཛད་པས་འདོད་པ་མ་ཡིན་ཏེ། གཞུང་ལ་རིགས་པ་ཁོ་ནའོ། །དཔེར་ན་སོ་སོར་ཐར་པའི་སྡོམ་པ་ལ་རྗེས་སུ་མཐུན་པ་ནི་དགེ་སློང་གི་ཀཱ་ རི་ཀཱ་རྣམས་ཀྱི་དང་པོ་ཕྱག་རྒྱ་འཚལ་བ་སྟེ་དཔལ་གྱི་ཕུན་སུམ་ཚོགས་པའི་ས་དང་ཞེས་བྱ་བ་ལ་སོགས་པ་སྟེ། ཆགས་པ་དང་བྲལ་བའི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །དེ་ལ་སློབ་དཔོན་ཤཱཀྱ་འོད་ལ་ཡི་དམ་གྱི་ལྷ་འཇམ་དཔལ་ལ་སོགས་པའོ། །མངོན་པར་འདོད་པ་ནི་གང་ ཞིག་གིས་གཞུང་མཛད་པ་མངོན་པར་འདོད་པ་སྟེ་བསྟན་བཅོས་དང་རྗེས་སུ་མཐུན་པ་ནི་མ་ཡིན་ནོ། །དཔེར་ན། འཇིག་རྟེན་དབང་ཕྱུག་མགོན་པོ་ལ། །ཞེས་བྱ་བ་ལ་སོགས་པ་སྟེ། སྣང་བའི་ཕྲེང་བའི་འགྲེལ་པའི་ཕྱག་འཚལ་བའོ། །དེ་ནི་བསྟན་བཅོས་མཛད་པའི་ཡི་དམ་གྱི་ ལྷ་ཡིན་ཏེ། རྣམ་པར་རིག་པ་ཙམ་གྲུབ་པ་ལ་ནི་མ་ཡིན་ནོ། །གཉི་གའི་བདག་ཉིད་ཅན་ནི་བསྟན་བཅོས་དང་། དེ་མཛད་པ་དག་གཉི་ག་ལ་རྗེས་སུ་མཐུན་པ་སྟེ། དཔེར་ན་ཀུན་དུ་བཟང་པོའི་སྒྲུབ་ཐབས་ལས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དེ་ནི་འཇམ་དཔལ་ 37-1-195b བསྒྲུབ་པར་བྱ་བའི་ཕྱིར་སྒྲུབ་ཐབས་དང་རྗེས་སུ་མཐུན་པ་དང་། བསྟན་བཅོས་མཛད་པ་ལ་ཡང་དེ་ཉིད་ཡི་དམ་གྱི་ལྷ་ཡིན་པའི་ཕྱིར་རོ། །འདིར་ཡང་གཉི་གའི་བདག་ཉིད་ཅན་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས་ནི་རྡོ་རྗེ་འཆང་ཆེན་པོ་ཁོ་ན་སྒྲུབ་པའི་ཕྱིར་དང་། རབ་ཏུ་བྱེད་ལས་ཀྱང་ དེ་ཉིད་གྲུབ་པར་བྱ་བའི་ཕྱིར་རོ། །དེ་ཉིད་བཤད་པར་བྱ་བའི་ཕྱིར། མགོན་པོ་སེམས་ཅན་ཀུན་བདག་ཉིད། །དཔལ་ལྡན་བདེ་ཆེན་ལ་བཏུད་དེ། །རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ནས། །རྡོ་རྗེ་བཟླས་པའི་རིམ་བཤད་བྱ། །ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་བཟླས་པའི་རིམ་བཤད་བྱ། །ཞེས་པ་ནི་རིམ་པ་རྣམ་པར་ཕྱེ་ཞིང་སོ་སོར་བསྟན་པར་བྱ་ ཞེས་པའི་དོན་ཏོ། །ཅི་བྱས་ནས་ཤེ་ན་བཅོམ་ལྡན་འདས་བདེ་ཆེན་ནི་རྡོ་རྗེ་འཆང་ལ་བཏུད་དེ་ཞེས་བྱ་བ་ནི་ལུས་ངག་ཡིད་རྣམས་ཀྱིས་ཕྱག་འཚལ་ནས་སོ། །བཅོམ་ལྡན་འདས་ཇི་ལྟ་བུ་ཡིན་ཞེ་ན། མགོན་པོ་ཞེས་བྱ་བ་སྟེ་དེ་བཞིན་གཤེགས་པ་ལྔའི་བདག་པོའོ། །གཞན་ཡང་ དཔལ་ལྡན་ཞེས་བྱ་བ་ནི་དཔལ་ནི་ཚོགས་གཉིས་ཏེ་དེ་གང་ལ་ཡོད་པ་དེ་ནི་དཔལ་ལྡན་ནོ། །དེས་ན་གཞི་མཐུན་པའི་བསྡུ་བའོ། །ཡང་ཇི་ལྟ་བུ་ཡིན་ཞེ་ན། སེམས་ཅན་ཀུན་བདག་ཉིད་ཅེས་བྱ་བ་ནི་སེམས་ཅན་ཀུན་ནི་རྣམ་པ་བཞིའི་སེམས་ཅན་གྱི་རིགས་ཀྱི་དབྱེ་བ་སྟེ། དེ་རྣམས་ ཀྱི་བདག་ཉིད་ནི་ཆོས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་དེ་བཞིན་ནོ། །རྡོ་རྗེ་བཟླས་པའི་རིམ་པ་ནི་རྣམ་པ་བཅུ་གཅིག་པ་སྟེ་འོག་ནས་བཤད་པར་བྱའོ། །རྣལ་འབྱོར་རྒྱུད་ཀྱི་རྗེས་སུ་འབྲངས་ནས་ཞེས་བྱ་བ་འདིར་ནི་ཆེན་པོའི་སྒྲ་ཕྱི་བ་མཐོང་བར་བྱ་སྟེ། དེ་བས་ན་དོན་འདི་ཡིན་ཏེ་ རྣལ་འབྱོར་ཆེན་པོའི་རྒྱུད་ནི་དཔལ་གསང་བ་འདུས་པ་ཞེས་བྱ་བ་སྟེ་དེའི་རྗེས་སུ་འབྲངས་ནས་སོ། །འདིར་ནི་རང་བཟོ་བཀག་པ་ཡིན་ཏེ་ཡི་གེའི་དོན་ཏོ། །དེ་བཞིན་དུ་བདེ་ཆེན་ནི་བདེ་བ་ཆེན་པོའི་གོ་འཕང་ལ་རྡོ་རྗེ་དང་པདྨ་སྙོམས་པར་ཞུགས་པས་དཀྱིལ་འཁོར་གྱི་དབུས་སུ་འདོད་ ཆགས་ཀྱི་རིགས་ཀྱི་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར་གང་བཞུགས་པ་དེ་ལ་དེ་སྐད་ཅེས་བྱ་བའོ། །ཇི་ལྟ་བུ་ཞེ་ན། མགོན་པོ་ཞེས་བྱ་བ་ནི་དཀྱིལ་འཁོར་པའི་ཚོགས་ཀྱིས་གསོལ་བ་བཏབ་ཅིང་མཆོད་པར་འགྱུར་བའོ། །གཞན་ཡང་དཔལ་ལྡན་ཞེས་བྱ་བ་ནི་དཔལ་ནི་ 37-1-196a སྤྱན་ལ་སོགས་པ་སྟེ།དེ་རྣམས་གང་ལ་ཡོད་པ་དེ་དཔལ་ལྡན་ཏེ། དེས་ནི་རྡོ་རྗེ་འཆང་ཆེན་པོའི་གསང་བ་ལྔའི་དཀྱིལ་འཁོར་རབ་ཏུ་བསྟན་ཏོ། །ཡང་ཇི་ལྟ་བུ་ཞེ་ན། སེམས་ཅན་ཀུན་བདག་ཉིད་ཅེས་བྱ་བ་ནི་སེམས་ཅན་ཀུན་ནི་དམ་ཚིག་སེམས་དཔའ་དང་ཡེ་ཤེས་ སེམས་དཔའ་དང་ཏིང་ངེ་འཛིན་སེམས་དཔའ་གསུམ་སྟེ། དེ་རྣམས་ཀྱི་བདག་ཉིད་ནི་རང་གི་སྐུ་གང་ལ་མངའ་བ་དེ་ནི་སེམས་ཅན་ཀུན་བདག་ཉིད་དེ། དེ་ལ་ཕྱག་འཚལ་ནས་བཤད་པར་བྱ་བ་ལ་སོགས་པ་སྔ་མ་བཞིན་ཏེ་སྤྱིའི་དོན་ཏོ། །དེ་བཞིན་དུ་སེམས་ཅན་ཀུན་བདག་ཉིད་ཅེས་བྱ་བ་ ནི་མ་ལུས་པའི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་རྣམ་པའོ། །མགོན་པོ་ཞེས་བྱ་བ་ནི་ཐར་པ་འདོད་པ་རྣམས་ཀྱིས་གསོལ་བ་གདབ་པར་བྱ་བའོ། །དཔལ་ལྡན་ཞེས་བྱ་བ་ནི་ཆོས་ཀྱི་སྐུ་དང་། རྣམ་པར་གྲོལ་བའི་སྐུའི་མཚན་ཉིད་བདེ་བ་ཆེན་པོ་རྟག་པ་ཟག་པ་མེད་པའི་བདེ་བ་རང་བཞིན་ གྱིས་རྟག་པ། དྲི་མ་མེད་པའི་ནམ་མཁའ་དང་མཚུངས་པ། རང་རིག་པ་ཙམ་གང་ཡིན་པ་དེ་ལ་ཕྱག་འཚལ་བ་ནི་དེའི་རང་བཞིན་དུ་རྟོགས་ནས། རྡོ་རྗེ་བཟླས་པའི་རིམ་པ་བཤད་པར་བྱ་ཞེས་བྱ་བ་སྔ་མ་བཞིན་ཏེ་ཡང་སྤྱིའི་དོན་ཏོ། །དེ་བཞིན་དུ་སེམས་ཅན་ཀུན་ནི་སྣང་བ་ལ་སོགས་པའི་ཡེ་ ཤེས་གསུམ་གྱི་སྣང་བ་སྟེ་སེམས་ཅན་ཀུན་གྱིས་ཉམས་སུ་མྱོང་བས་ཡོད་པའི་ཕྱིར་རོ། །དེའི་བདག་ཉིད་ནི་དེའི་རང་བཞིན་ནོ། །མགོན་པོ་ནི་འོད་གསལ་བ་ཉིད་ཡིན་པའི་ཕྱིར་རོ། །དཔལ་ལྡན་ཞེས་བྱ་བ་ནི་སྔགས་ཀྱི་རིམ་པས་ཐོབ་པར་བྱ་བའི་ཕྱིར་དང་། བདེ་ཆེན་ཞེས་བྱ་བ་ ནི་ཕྱག་རྒྱའི་རིམ་པས་ཐོབ་པར་བྱ་བའི་ཕྱིར་ཏེ། དེ་ལ་བཏུད་དེ་ཞེས་བྱ་བ་ནི་ཉམས་སུ་མྱངས་ནས་རྡོ་རྗེ་བཟླས་པ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ཏེ་སྦས་པའི་དོན་ཏོ། །དེ་བཞིན་དུ་སེམས་ཅན་ཀུན་ནི་སྒྱུ་མའི་དཔེ་བཅུ་གཉིས་ཏེ། དེའི་བདག་ཉིད་ནི་སྒྱུ་མ་དང་འདྲ་བའོ། །དེ་བཞིན་ དུ་མགོན་པོ་དང་འདྲ་བའི་དཀྱིལ་འཁོར་པའི་ནང་ན་དབང་ཕྱུག་གོ། །དཔལ་ནི་ཁ་དོག་ལྔ་དང་ལྡན་པའི་བརྒྱ་བྱིན་གྱི་གཞུ་དང་འདྲ་བའི་འོད་ཟེར་ཏེ་ཡོད་པ་དང་མེད་པའི་ཕྱོགས་གཉིས་ལས་འདས་པ་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་བདེ་ཆེན་ནི་འོད་གསལ་བ་སྟེ་དེ་ལས་ 37-1-196b ཅིག་ཅར་རམ་སྟོང་པ་ཆེན་པོ་ལ་སོགས་པའི་རིམ་པས་འབྱུང་བའི་ཕྱིར་བདེ་ཆེན་ཏེ། དེ་ལ་བཏུད་དེ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་སྐུ་ལ་དམིགས་པའོ། །རྡོ་རྗེ་བཟླས་པ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ཏེ་ཡང་སྦས་པའི་དོན་ཏོ། །སེམས་ཅན་ཀུན་ནི་འཇིག་རྟེན་པ་ཐམས་ཅད་ཀྱི་གཞིར་གྱུར་པའི་ རྩ་བདུན་ཁྲི་ཉིས་སྟོང་སྟེ་དེ་རྣམས་ལས་ལྷུང་བའི་ཕྱིར་རོ། །སེམས་ཀུན་གྱི་བདག་ཉིད་ནི་བྱང་ཆུབ་ཀྱི་སེམས་ཏེ་དེ་ཉིད་ཁམས་ཐམས་ཅད་ཀྱི་གཙོ་བོ་ཡིན་པའི་ཕྱིར་མགོན་པོའོ། །ཀུནྡ་དང་འདྲ་བའི་ཕྱིར་དཔལ་ལྡན་ནོ། །མཚན་མ་གཉིས་ཡང་དག་པར་སྦྱར་བས་བདེ་བ་ཆེན་པོ་གསལ་བའི་ཕྱིར་ བདེ་ཆེན་ཏེ། དེ་ལ་བཏུད་དེ་ཞེས་བྱ་བ་ནི་རྡོ་རྗེ་འཆང་དང་ཐ་མི་དད་པར་ཤེས་ནས་རྡོ་རྗེ་བཟླས་པ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ཏེ་ཡང་སྦས་པའི་དོན་ཏོ། །སེམས་ཅན་ཀུན་ནི་འདོད་ཆགས་དང་བྲལ་བ་ལ་སོགས་པའི་རང་བཞིན་བརྒྱ་དྲུག་ཅུ་སྟེ། དེ་རྣམས་ཀྱང་ཁྱབ་པར་བྱེད་པ་ཉིད་དུ་གནས་ པའི་ཕྱིར་སེམས་ཅན་ཀུན་གྱི་བདག་ཉིད་དོ། །མགོན་པོ་ནི་ཟླ་བ་དང་ཉི་མ་དང་མཚམས་ཀྱི་སྣང་བ་གསུམ་དང་བྲལ་བའོ། །དཔལ་ལྡན་ཞེས་བྱ་བ་ནི་སྨིག་རྒྱུ་ལ་སོགས་པའི་མཚན་མ་ལྔས་མཛེས་པའོ། །བདེ་ཆེན་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ་ཡང་དག་པའི་མཐའི་བདག་ཉིད་དོ། ། དེ་ལ་བཏུད་དེ་ཞེས་བྱ་བ་ནི་དེའི་བདག་ཉིད་དུ་རྗེས་སུ་ཞུགས་ནས་སོ། །རྡོ་རྗེ་བཟླས་པ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ཏེ་མཐར་ཐུག་གི་དོན་ཏོ། །དེ་བཞིན་དུ་ཀུན་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ་དེ་ནི་སྣ་ཚོགས་སུ་སོ་སོར་སྣང་བའི་ཕྱིར་རོ། །སེམས་ཅན་ནི་དོན་དམ་པའི་བདེན་པ་སྟེ་ཡོད་ པའི་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་ཡིན་པའི་ཕྱིར་རོ། །ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་སེམས་ཅན་ཐམས་ཅད་དེ་སྒྱུ་མ་དང་འདྲ་བའི་ཡེ་ཤེས་ཀྱི་སྐུ་དང་འོད་གསལ་བའོ། །དེ་དག་བདག་ཉིད་ནི་རང་བཞིན་གང་ལ་ཡོད་པ་དེ་ནི་སེམས་ཅན་ཀུན་བདག་ཉིད་དོ། །མགོན་པོ་ཞེས་བྱ་ བ་ནི་ཇི་སྲིད་བསྐལ་པ་གྲངས་མེད་པའི་བར་དུ། ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྙེན་པར་གྱུར་པ་སྟེ་ལོངས་སྤྱོད་རྫོགས་པའི་སྐུ་ནི་མི་འཇིག་པའི་རྟག་པས་བཞུགས་པའི་ཕྱིར་རོ། །རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་དཔལ་ཡོད་པ་དེ་ལ་དེ་སྐད་ཅེས་ 37-1-197a བྱའོ། །ཤིན་ཏུ་མཛེས་པའི་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱི་སྣ་ཚོགས་པའི་སངས་རྒྱས་ཀྱི་ཞིང་སྤྲོས་པས་ཕྱོགས་བཅུ་ཁྱབ་པར་བྱེད་པའི་གཞལ་ཡས་ཁང་ལ་བཞུགས་ཏེ། ཟག་པ་མེད་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དཔེ་མེད་པའི་ཆོས་ཀྱི་བདུད་ རྩིའི་ཆར་བབ་པས་མཆོག་གི་དགའ་བ་སྩོལ་བའི་ཕྱིར་བདེ་ཆེན་ཏེ། དེ་ལ་བཏུད་དེ་ཞེས་བྱ་བ་ནི་སངས་རྒྱས་རྗེས་སུ་དྲན་པས་དེའི་ཡོན་ཏན་གྱི་ཚོགས་ལ་དམིགས་ཏེ་ཕྱིན་ཅི་མ་ལོག་པས་དེའི་རང་བཞིན་བསམས་ནས། རྡོ་རྗེ་བཟླས་པའི་རིམ་བཤད་བྱ། །ཞེས་པ་ལ་སོགས་པ་སྔ་མ་བཞིན་ཏེ་ཡང་མཐར་ ཐུག་པའི་དོན་ཏོ། །རྣལ་འབྱོར་རྒྱུད་ཅེས་བྱ་བ་ནི། ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་ནི་བཤད་པ་སྟེ། །རང་བཞིན་མེད་པ་གང་ཤེས་རབ། །ཐབས་ནི་དངོས་པོའི་མཚན་ཉིད་དོ། །ཞེས་བྱ་བ་གསུངས་པའི་ཕྱིར་ཤེས་རབ་དང་ཐབས་ཀྱི་རང་བཞིན་སྟོང་པ་ཉིད་དང་སྙིང་རྗེ་སྟེ་དེས་ ཉེ་བར་མཚོན་པའི་རྡོ་རྗེ་དང་པདྨ་རྒྱུད་གང་ལ་ཐ་མི་དད་པར་སོ་སོར་བསྟན་པ་དེ་ནི་རྣལ་འབྱོར་གྱི་རྒྱུད་དེ་དཔལ་གསང་བ་འདུས་པ་ལ་སོགས་པའོ། །གལ་ཏེ་དེ་ལྟར་ཡིན་ན་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་ལ་རྣལ་འབྱོར་གྱི་རྒྱུད་ཀྱི་མིང་ཇི་ལྟར་ཡིན་སྨྲས་པ། དོན་གྱི་དབྱེ་བའི་སྒོ་ནས་སོ། །གང་ གི་ཕྱིར་དེ་ནི་སྟོང་པ་ཉིད་ལ་རྣལ་འབྱོར་གྱི་མིང་བསྟན་པའི་ཕྱིར་རོ། །ཇི་སྐད་དུ། ཡེ་ཤེས་ཙམ་ལ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་ནི་བཤད་པ་ཡིན། །ཞེས་བྱ་བ་འབྱུང་བའི་ཕྱིར་རོ། །དེ་བས་ན་བརྗོད་པ་འདྲ་བ་ཡིན་ན་ཡང་རྒྱུད་འདི་ནི་ཁྱད་པར་གྱི་རྣལ་འབྱོར་གྱི་རྒྱུད་ཡིན་ཏེ། བརྒྱ་བྱིན་དང་ བཀྲ་མི་ཤིས་པའི་བྱ་དག་ལ་ཀཽ་ཤི་ཀའི་སྒྲ་བརྗོད་པ་ལྟ་བུའོ། །འོ་ན་རྒྱུད་ཅེས་བྱ་བ་ནི་གང་ཡིན་ཞེ་ན། རྒྱུན་ནི་རྒྱུད་དེ། རྡོ་རྗེ་འཆང་ཆེན་པོ་ལས་རྒྱུད་ཀྱིས་བར་མ་ཆད་པའི་མན་ངག་གི་སྒོ་ནས་རབ་ཏུ་འཇུག་པ་ནི་རྒྱུད་དོ། །དེ་ཡང་རྣམ་པ་གསུམ་སྟེ་རྒྱུའི་རྒྱུད་དང་འབྲས་བུའི་རྒྱུད་དང་ཐབས་ཀྱི་རྒྱུད་དོ། ། དེ་ལ་རྒྱུའི་རྒྱུད་ནི་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་སོ། །འབྲས་བུའི་རྒྱུད་ནི་རྡོ་རྗེ་འཆང་ཆེན་པོའི་དཀྱིལ་འཁོར་མངོན་དུ་གྱུར་པའོ། །ཐབས་ཀྱི་རྒྱུད་ནི་རིམ་པ་གཉིས་ཀྱི་ཡན་ལག་རྣམས་སོ། །ཇི་སྐད་དུ། རྒྱུད་ནི་རྒྱུན་ཞེས་བཤད་པ་སྟེ། །རྒྱུན་དེ་ཡང་ནི་རྣམ་པ་གསུམ། །བཞི་ 37-1-197b དང་དེ་བཞིན་རང་བཞིན་དང་། །འདུ་བ་མེད་པའི་འབྲས་བུའོ། །ཞེས་བྱ་བ་འབྱུང་བའི་ཕྱིར་རོ། །རྣལ་འབྱོར་གཙོ་བོར་གྱུར་པའི་རྒྱུད་ནི་རྣལ་འབྱོར་གྱི་རྒྱུད་དེ་བར་གྱི་ཚིག་ཕྱི་བར་གྱུར་པའི་གཞི་མཐུན་པའོ། །དེ་ལྟར་དང་པོའི་ངག་གིས་མ་ལུས་པའི་རིམ་པ་ལྔ་པོའི་དོན་བསྟན་ནས། རྣལ་འབྱོར་པ་ གང་གིས་རིམ་པའི་དོན་བསྒོམ་པར་བྱ་བ་དེ་རྣམས་ལ་བརྟེན་ཏེ་གོ་རིམས་བཤད་པར་བྱ་བའི་ཕྱིར། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང་། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་བྱ་བ་གསུངས་ཏེ་ རིམ་པ་ལྔ་པ་ཞེས་པའི་བར་དུ་བྱེད་པ་འདི་ཐབས་ཏེ། འབྲས་བུ་སྒྲུབ་པ་ལ་ཁྱད་པར་ཅན་གྱི་ཐབས་འདི་ཉིད་སངས་རྒྱས་ཀྱིས་གསུངས་སོ། །གང་ལ་ཞེ་ན། རྫོགས་པའི་རིམ་པ་འདོད་རྣམས་ལ། །ཞེས་བྱ་བ་ནི་རང་བཞིན་གྱིས་གྲུབ་པའི་རིམ་པ་རྫོགས་པའི་རིམ་པ་དང་རྡོ་རྗེ་བཟླས་པ་ལ་སོགས་པ་སྟེ། དེ་རྣམས་འདོད་པ་ནི་རྫོགས་པའི་རིམ་པ་འདོད་པ་སྟེ། བླ་ན་མེད་པའི་དེ་ཁོ་ན་ཉིད་འདོད་པའོ། །དེ་རྣམས་ཀྱི་དོན་དུའོ་ཞེས་བྱ་བ་ནི་ངག་གི་ལྷག་མའོ། །བསྐྱེད་པའི་རིམ་པ་མ་བསྒོམས་པ་དང་། རིགས་བརྒྱའི་དབྱེ་བ་རྒྱུར་གྱུར་པའི་ལུས་རྣམ་པར་དབེན་པ་མ་ཐོབ་པའི་རྣལ་འབྱོར་པ་རྣམས་ལ་གསུངས་སམ་ ཞེ་ན་དེ་ལྟར་མ་ཡིན་ཞེས་བཤད་པར་བྱ་བའི་ཕྱིར། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང་། །ཞེས་བྱ་བ་གསུངས་ཏེ་བསྐྱེད་པའི་རིམ་པ་ནི་ཟླ་བ་དང་རྡོ་རྗེ་ལ་སོགས་པའི་རིམ་པས་ཐ་མལ་པའི་ལུས་པོ་སྤང་བའི་དོན་དུ་རྡོ་རྗེ་འཆང་ལ་སོགས་པའི་ལྷའི་སྐུ་རྫོགས་པའོ། །དེ་ཡང་རྣམ་པ་གསུམ་སྟེ། དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་པོ་མཆོག་དང་། ལས་ཀྱི་རྒྱལ་པོ་མཆོག་གོ། །དེ་ལ་ཡང་དང་པོ་སྦྱོར་བ་ནི་རྣམ་པ་བཞི་སྟེ། རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང་ཤིན་ཏུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོའོ། །དེ་ལ་རྣལ་འབྱོར་ནི་རྣམ་པ་བཅུ་སྟེ། ཁྱད་པར་ཅན་གྱི་གནས་བཟུང་བ་དང་། བགེགས་བསྐྲད་པ་དང་། སྟོང་པ་ཉིད་བསྒོམ་པ་དང་། ཡེ་ཤེས་ཀྱིས་བྱིན་གྱིས་བརླབ་པ་དང་། གཞལ་ཡས་ཁང་བསྒོམ་པ་དང་། ལྷག་པར་མོས་པའི་དཀྱིལ་འཁོར་དང་། དོན་དམ་པའི་དཀྱིལ་འཁོར་དང་། གདན་གྱི་དབྱེ་བ་དང་། སྲིད་པ་བར་མ་དོའི་རྣམ་པར་དག་པ་དང་། ཆོས་ཀྱི་དབྱིངས་ 37-1-198a ཀྱི་དེ་ཁོ་ན་ཉིད་བསྒོམ་པའོ། །རྗེས་སུ་རྣལ་འབྱོར་ལ་ནི་རྣམ་པ་གཉིས་ཏེ། དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའི་དབྱེ་བའོ། །ཤིན་ཏུ་རྣལ་འབྱོར་ལ་ནི་རྣམ་པ་གསུམ་སྟེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་བྱིན་གྱིས་བརླབ་པའི་དབྱེ་བའོ། །རྣལ་འབྱོར་ཆེན་པོ་ནི་རྣམ་ པ་གསུམ་སྟེ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་དབྱེ་བའོ། །ཀུན་བསྡུས་ན་དང་པོའི་སྦྱོར་བའི་དབྱེ་བ་བཅོ་བརྒྱད་དོ། །དཀྱིལ་འཁོར་རྒྱལ་པོ་མཆོག་གི་དབྱེ་བ་བརྒྱད་དེ་ཕྱག་རྒྱའི་དབྱེ་བ་དང་། ཕྱག་རྒྱ་འདུས་བྱ་བ་དང་རྡོ་རྗེ་དང་པདྨ་སྙོམས་པར་འཇུག་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་རབ་ ཏུ་བཞུགས་པ་དང་། པདྨའི་ནང་དུ་དམ་ཚིག་གི་དཀྱིལ་འཁོར་སྤྲོ་བ་དང་། ཕྱི་རོལ་དུ་སྤྲོ་བ་དང་། ཕྱིར་མི་ལྡོག་པའི་དབང་བསྐུར་བ་དང་རྒྱས་བཏབ་པའོ། །ལས་ཀྱི་རྒྱལ་པོ་མཆོག་ནི་རྣམ་པ་བཅུ་གཉིས་ཏེ་ཕྲ་མོའི་རྣལ་འབྱོར་དང་། བཟླས་པའི་ཆོ་ག་དང་། བྱ་བ་བྱས་པ་འོད་དུ་ཞུ་བ་དང་། ལྷ་མོས་ བསྐུལ་བ་དང་། སླར་ཡང་ལྡང་བ་དང་། ལངས་ནས་དེ་བཞིན་གཤེགས་པ་ལྔའི་བསྟོད་པ་དང་། ཚིམ་པར་བྱ་བའི་ཆོ་ག་དང་། ནང་གི་བདག་ཉིད་ཀྱི་སྦྱིན་སྲེག་གི་ཆོ་ག་དང་། དཀྱིལ་འཁོར་གྱི་འཁོར་ལོ་ཉེ་བར་བསྡུ་བ་དང་། མཆོད་པ་སྔོན་དུ་འགྲོ་བའི་གཏོར་མའི་ཆོ་ག་དང་། གཤེགས་སུ་གསོལ་ བའི་ཆོ་གའོ། །དེ་ལྟར་ཀུན་བསྡུས་ན་བསྐྱེད་པའི་རིམ་པ་ནི་དབྱེ་བ་སུམ་ཅུ་རྩ་བརྒྱད་པའོ། །དེའི་རྗེས་ལ་རིགས་བརྒྱའི་དབྱེ་བས་ལུས་རྣམ་པར་དབེན་པ་འདི་ཡིན་ཏེ། ཕུང་པོ་ལྔ་ནི་རེ་རེ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཡིན་པས་ཉི་ཤུ་རྩ་ལྔའོ། །ཁམས་བཞི་ནི་རེ་རེ་དབྱེ་བ་ལྔ་ཡིས་ཉི་ཤུའོ། ། དབང་པོ་དང་ཡུལ་བཅུ་པོ་ཡང་རེ་རེ་དབྱེ་བ་ལྔ་ཡིས་ལྔ་བཅུ་ཡིན་ནོ། །དེ་ལ་མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔ་སྣང་བས་རིགས་བརྒྱའི་དབྱེ་བའོ། །དེ་ལྟ་བུའི་བསྐྱེད་པའི་རིམ་པ་ལ་གནས་པ་ནི་བསྐྱེད་པའི་རིམ་པ་ལ་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བའི་དོན་ཏོ། །དེས་ནི་གང་ཞིག་གིས་རྒྱུན་མ་ ཆད་པར་རྟོག་པའི་རྣལ་འབྱོར་བཀུར་སྟི་དང་བཅས་པར་བསྒོམ་པ་དང་། གང་ཞིག་གྲང་བ་དང་ཚ་བ་ལ་སོགས་པའི་འཇིག་རྟེན་གྱི་འགལ་བའི་ཆོས་རྣམས་ཀྱིས་གནོད་པར་མི་འགྱུར་བ་དང་། གང་ཞིག་ལ་ཞལ་གསུམ་ཕྱག་དྲུག་པའི་ལྷའི་རྣམ་པ་མངོན་དུ་གྱུར་པ་དང་། གང་ཞིག་སྣ་ཚོགས་པའི་ཞི་བ་ 37-1-198b ལ་སོགས་པའི་ལས་ཀྱི་ཚོགས་ལ་ནུས་པ་དང་ལྡན་པ་དང་། གང་ཞིག་བཤང་གཅི་ཉུང་བ་དང་། སྙིང་རྗེ་དང་ལྡན་པ་གང་ཞིག་འཇིག་རྟེན་པའི་སྤྱོད་པས་གཡོ་བར་མི་ནུས་པ་དེ་རྣམས་བསྐྱེད་པའི་རིམ་པ་ལ་ལེགས་པར་གནས་པ་སྟེ། གང་ཞིག་གི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་སྦྲུལ་གྱིས་ གཟུང་བ་དང་སྒོམ་པ་ཙམ་ལ་རག་ལུས་པའི་ཕྱིར། རྣལ་འབྱོར་པའི་ང་རྒྱལ་དང་ལྡན་པ་དང་། སེམས་ཆུང་བ་དང་། ཐོས་པ་ཆུང་བ་དེ་རྣམས་ནི་མ་ཡིན་ནོ་ཞེས་དགོངས་པའོ། །བསྐྱེད་པའི་རིམ་པ་ལ་ལེགས་པར་གནས་པའི་གང་ཟག་གང་ཡིན་པ་དེ་རྣམས་གང་གི་ཚེ་རྫོགས་པའི་རིམ་པ་འདོད་པར་འགྱུར་ན་ དེའི་ཚེ་དེ་རྣམས་ལ་བཅོམ་ལྡན་འདས་ཀྱིས་ཐབས་འདི་གསུངས་སོ། །ཇི་ལྟ་བུ་ཞེ་ན། སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་བྱ་བ་ནི་སྐས་ཀྱི་རིམ་པས་སྐྱེས་པ་འཛེག་ན། དེའི་ཤིན་ཏུ་མཐོ་བའི་ཁང་བཟངས་ཀྱི་རྩེ་མོར་ཕྱིན་པ་དེ་བཞིན་དུ་རྡོ་རྗེ་བཟླས་པ་ལ་སོགས་པའི་ཐབས་བཞིའི་སྐས་ཀྱིས་ ཐམས་ཅད་ཀྱི་མཆོག་ཟུང་འཇུག་གི་གོ་འཕང་ཐོབ་པར་འགྱུར་རོ། །འདི་ནི་རྫོགས་པའི་སངས་རྒྱས་ཀྱི་ཚིག་སྔ་མ་བཞིན་དུ་རང་བཟོ་བཀག་པའི་དོན་དུའོ། །དགོངས་པ་མ་ཡིན་པའི་བཤད་པའོ། །ད་ནི་རླུང་གི་དེ་ཁོ་ན་ཉིད་དང་སྔགས་ཀྱི་དེ་ཁོ་ན་ཉིད་དང་། རྡོ་རྗེ་བཟླས་པའི་རྟེན་དུ་གྱུར་པའི་རླུང་གང་ ཡིན་པ་དེ་ཉིད་ཀྱི་རང་གི་མཚན་ཉིད་དང་དབྱེ་བ་རྣམས་བསྟན་པའི་ཕྱིར། སེམས་ཅན་རྣམས་ཀྱི་སྲོག་གྱུར་པ། །རླུང་ཞེས་བྱ་བས་ལས་ཀུན་བྱེད། །འདི་ནི་རྣམ་ཤེས་བཞོན་པ་སྟེ། །ལྔ་ཡིས་བདག་ཉིད་བཅུ་ཡང་ཡིན། །ཞེས་བྱ་བ་གསུངས་ཏེ། དེ་ལ་རླུང་ཞེས་བྱ་བ་ནི་ཁམས་ཆེན་པོའི་མཆོག་གྱུར་ ཡིན་པས་དེ་རླུང་གི་དེ་ཁོ་ན་ཉིད་ལ་སོགས་པའི་རྟེན་ཡིན་ནོ་ཞེས་ངག་གི་ལྷ་མོའོ། །འོ་ན་རླུང་དེ་ཕྱིའི་ཡིན་ནམ་མ་ཡིན་ཞེ་ན། སེམས་ཅན་རྣམས་ཀྱི་སྲོག་གྱུར་པ། །ཞེས་བྱ་བ་ནི་འགྲོ་བ་རིགས་དྲུག་དང་། གཟུགས་དང་གཟུགས་མེད་པའི་སྲོག་ཏུ་གྱུར་པ་ནི་སྲོག་གི་རང་བཞིན་ཏེ། དེས་ཚིམ་ པར་གྱུར་ན་དེ་རྣམས་ཀྱིས་གཡོ་བའི་མིང་ཐོབ་པ་ཡིན་ཏེ་གཞན་དུ་མ་ཡིན་ནོ། །དེ་བཞིན་ལས་ཀུན་བྱེད་ཅེས་བྱ་བ་ནི་འགྲོ་བ་དང་། འོང་བ་དང་། བསྐུམ་པ་དང་། བརྐྱང་བ་དང་། འཕྱོ་བ་དང་། མནན་པ་དང་། འཇིག་པ་དང་། ཐུར་དུ་འགྲོ་བ་ལ་སོགས་པ་དང་། འབྱུང་བ་དང་། འཇུག་པ་དང་། 37-1-199a གནས་པ་དང་། མདོར་བསྡུས་པས་གནས་པ་དང་། འདུག་པ་དང་། ཉལ་བ་དང་འགྲོ་བ་རྣམས་བྱེད་པ་སྟེ། དེ་ནི་དོན་ཡོད་གྲུབ་པའི་རང་བཞིན་འོད་ལ་བསྟན་པ་སྟེ། ལས་ཐམས་ཅད་པའི་ཕྱིར་རོ། །དེ་བཞིན་དུ་ལས་ཀུན་ནི་ཞི་བ་དང་། དབང་དང་། མངོན་སྤྱོད་དང་། བསྐྲད་པ་དང་། རྣམ་པར་སྡང་བ་དང་། གསོད་པ་སྟེ་དེ་རྣམས་བྱེད་པས་ན་ལས་ཀུན་བྱེད་པའོ། །དེ་ཡང་། ཡ་ཡི་དོན་གྱིས་གང་ཅིའང་རུང་། །དངོས་གྲུབ་འདོད་པས་བྱ་བ་ནི། །ར་ལ་སོགས་པ་གསུམ་ཉིད་ཀྱིས། །འགྲོ་བའི་དོན་ལ་འཇུག་པར་བྱ། །ཞེས་བྱ་བ་འདི་འོག་ནས་བཤད་པར་བྱའོ། །རླུང་དེ་ཡང་རྣམ་པར་ ཤེས་པ་ལས་ཐ་དད་པ་ཡིན་ནམ་མ་ཡིན་ཞེ་ན། འདི་ནི་རྣམ་ཤེས་བཞོན་པ་སྟེ། །ཞེས་བྱ་བ་ནི་རླུང་འདི་ཉིད་འཇུག་པའི་རྣམ་པར་ཤེས་པ་དྲུག་གི་བཞོན་པ་ནི་བཞིར་གྱུར་པའོ། །གང་གི་ཕྱིར་རྣམ་པར་ཤེས་པས་དེ་ལ་ཞོན་ནས་མིག་ལ་སོགས་པའི་དབང་པོ་དྲུག་གི་སྒོ་ནས་གཟུགས་ལ་སོགས་པའི་ ཡུལ་དྲུག་པོ་ཡོངས་སུ་སྤྱོད་པ་ཡིན་ནོ། །དེ་ཡང་གང་གི་ཕྱིར་དེ་ལ་དེས་བསྐུལ་བ་ལ་རག་ལུས་པའི་རྣམ་པར་ཤེས་པ་ཉིད་ཡིན་ཏེ། གཞན་དུ་ན་དེས་ནི་ལོང་བ་བཞིན་དུ་ཅི་ཡང་མཐོང་བར་མི་འགྱུར་རོ། །དེ་བས་ན་འཕྱེ་བོ་དང་ལོང་བ་བཞིན་དུ་འདི་དག་ལ་འབྲེལ་པ་ཡོད་ན་དོན་གྱི་བྱ་བ་འགྲུབ་པ་ཡིན་ ནོ། །འདིས་ནི་འདི་ལྟར་བཤད་པར་འགྱུར་ཏེ། ཇི་ལྟར་རྟ་དང་རྟ་པ་ལམ་དུ་ཞུགས་པས་ཁྱད་པར་གྱི་བྱ་བ་རྫོགས་པར་བྱེད་པ་དེ་བཞིན་དུ། རླུང་དང་རྣམ་པར་ཤེས་པ་དག་འབྲེལ་ན་ཡུལ་བཟུང་བའི་ནུས་པ་དང་ལྡན་པར་འགྱུར་རོ། །འདི་དག་ལ་དེའི་བདག་ཉིད་ཀྱི་མཚན་ཉིད་ཀྱི་འབྲེལ་པ་ཡོད་པ་ སྟེ། ཤིང་དང་ཤུན་པ་ལྟ་བུའོ། །འདི་ཙམ་གྱིས་རླུང་གི་མཚན་ཉིད་བསྟན་ནོ།། །།དེ་ཉིད་ཀྱི་དབྱེ་བ་བསྟན་པའི་ཕྱིར། ལྔའི་བདག་ཉིད་ཅན་ཞེས་བྱ་བ་གསུངས་ཏེ། དེ་ཡང་རྣམ་པ་ལྔ་སྟེ་སྲོག་དང་རྩོལ་བ་དང་། ཐུར་དུ་སེལ་བ་དང་། མེ་དང་མཉམ་པ་དང་གྱེན་དུ་འགྲོ་བ་དང་ཁྱབ་བྱེད་ཀྱི་དབྱེ་བས་ སོ། །དེ་ལ་རླུང་བཅུ་ནི་རྡོ་རྗེའི་ཞལ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོ་ཞེས་བྱ་བ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་གསུངས་ཏེ། དེའི་ནང་ནས་ཀྱང་དང་པོ་ཕུང་པོ་ལྔའི་རླུང་གནས་ཀྱི་དབྱེ་བ་དང་ལས་ཀྱི་དབྱེ་བས་བཤད་པར་བྱ་སྟེ། དེ་ལ་སྲོག་གི་རླུང་ནི་སྙིང་གར་གནས་པ་སྟེ་དེ་བཞིན་གཤེགས་པ་ 37-1-199b མི་བསྐྱོད་པའི་རང་བཞིན་ཡིན་ནོ། །ཐུར་དུ་སེལ་བའི་རླུང་ནི་བཤང་སྒོ་ལ་གནས་པ་སྟེ་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་ནོ། །གྱེན་དུ་འགྲོ་བའི་རླུང་ནི་མགྲིན་པར་གནས་པ་སྟེ། སྣང་བ་མཐའ་ཡས་ཀྱི་རང་བཞིན་ནོ། །མེ་དང་མཉམ་པའི་རླུང་ནི་ལྟེ་བར་གནས་པ་སྟེ་དོན་ཡོད་གྲུབ་པའི་རང་བཞིན་ནོ། ། ཁྱབ་བྱེད་ནི་ཡན་ལག་ཐམས་ཅད་ཀྱི་ཚིགས་ལ་གནས་པ་སྟེ། རྣམ་པར་སྣང་མཛད་ཀྱི་རང་བཞིན་ནོ། །འདི་རྣམས་རིམ་པ་བཞིན་དུ་རྣམ་པར་ཤེས་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། གཟུགས་ཀྱི་ཕུང་པོའི་རང་བཞིན་དུ་ཤེས་པར་བྱའོ། །སྲོག་ནི་ནག་པོ་དང་། ཐུར་དུ་སེལ་བ་ནི་ སེར་པོ་དང་། གྱེན་དུ་འགྲོ་བ་ནི་དམར་པོ་དང་། མེ་དང་མཉམ་པ་ནི་ལྗང་གུ་དང་། ཁྱབ་བྱེད་ནི་ཀུནྡ་དང་འདྲ་བའོ། །དེ་ནི་དེ་རྣམས་ཀྱི་ཁ་དོག་གོ། །ཆུ་དང་ནམ་མཁའ་མེ་དང་ནི། །རླུང་དང་དེ་བཞིན་ས་དག་སྟེ། །སྲོག་ལ་སོགས་པའི་རང་བཞིན་རྣམས། །བློ་དང་ལྡན་པས་ཤེས་པར་བྱ། །ཞེས་བྱ་བས་ ནི་འབྱུང་བ་ཆེན་པོ་བཞིའི་རྣམ་པར་དག་པ་སྟེ། ཞི་བ་དང་ནི་རྒྱས་པ་དང་། །དེ་བཞིན་དབང་དང་མངོན་སྤྱོད་དང་། །ལས་ནི་ཐམས་ཅད་བསྟན་པ་སྟེ། །སྲོག་ལ་སོགས་པ་རིམ་བཞིན་ནོ། །ཞེས་བྱ་བ་ལས་ཀྱི་དབྱེ་བའོ། །འདི་རྣམས་ཀྱི་བྱ་བ་བཤད་པར་བྱ་སྟེ། འགྲོ་བའི་ཕྱིར་དང་རྩོལ་བའི་ཕྱིར། ། དབང་པོའི་སྒོ་ཡི་སྐུད་པ་ཡིས། །གང་ཞིག་རྟག་ཏུ་འགྲོ་བ་སྟེ། །སྲོག་ཅེས་བྱ་བ་བཤད་པ་ཡིན། །རླུང་དང་དེ་བཞིན་བཤང་གཅི་དང་། །བྱང་ཆུབ་སེམས་ལ་སོགས་པ་སྟེ། །ཐུར་དུ་སེལ་བྱེད་ཐུར་སེལ་ཏེ། །རྣལ་འབྱོར་པ་ཡིས་མཚོན་བྱ་བ། །བཟའ་བ་དང་ནི་བཅའ་བ་དང་། །ལྷག་མ་བཏུང་བ་ འཇིབ་པ་དང་། །གང་ཞིག་མཉམ་པོར་འདྲེན་བྱེད་པ། །དེ་ནི་མེ་དང་མཉམ་པར་བཤད། །གྱེན་དུ་འགྲོ་ཕྱིར་སྡུད་ཕྱིར་དང་། །བཟའ་བ་འཇིགས་སོགས་བཟའ་བའི་ཕྱིར། །དེ་ནི་ཡེ་ཤེས་དང་སྦྱོར་བས། །གྱེན་དུ་འགྲོ་བའི་ལས་ཞེས་བྱ། །ཁྱབ་པ་དང་ནི་འཛིན་པ་དང་། །འགྲོ་བ་དང་ནི་འོང་བ་སོགས། ། ཚིགས་ནི་ཐམས་ཅད་ཁྱབ་པའི་ཕྱིར། །ཁྱབ་བྱེད་ཞེས་བྱ་བཤད་པ་ཡིན། །དེ་ནི་དེ་རྣམས་ཀྱི་ལས་བསྟན་པ་ཡིན་ནོ། །དེ་ལྟར་གནས་དང་ལས་ཀྱི་དབྱེ་བས་སྲོག་གི་རླུང་གཅིག་པུ་རྣམ་པ་ལྔ་རུ་བསྟན་ཏོ། །སླར་ཡང་དེ་ཉིད་རྣམ་པ་བཅུ་རུ་བཤད་པར་བྱ་བའི་ཕྱིར་བཅུ་ཡང་ཡིན་ཞེས་བྱ་བ་གསུངས་ 37-1-200a ཏེ། སྔར་བཤད་པའི་ཕུང་པོའི་རླུང་ལྔ་དང་། དབང་པོ་ལ་བརྟེན་པའི་གཞན་ཉེ་བའི་རླུང་ལྔ་ཡིན་ནོ། །ཉེ་བའི་རླུང་ལྔ་ནི་གྱེན་དུ་རྒྱུ་བ་དང་། རྣམ་པར་རྒྱུ་བ་དང་། ཡང་དག་པར་རྒྱུ་བ་དང་། རབ་ཏུ་རྒྱུ་བ་དང་། ཡང་དག་པར་རྒྱུ་བའོ། །དེ་ལ་གྱེན་དུ་རྒྱུ་བའི་རླུང་ནི་མིག་གི་དབང་པོ་ལ་གནས་ ཏེ་གཟུགས་གཟུང་བའི་བྱ་བ་བྱེད་པ་ཡིན་ནོ། །རྣམ་པར་རྒྱུ་བའི་རླུང་ནི་རྣ་བའི་དབང་པོ་ལ་གནས་ཏེ་སྒྲ་གཟུང་བའི་བྱ་བ་བྱེད་པའོ། །ཡང་དག་པར་རྒྱུ་བའི་རླུང་ནི་སྣའི་དབང་པོ་ལ་གནས་ཏེ་དྲི་གཟུང་བའི་བྱ་བ་བྱེད་པའོ། །རབ་ཏུ་རྒྱུ་བའི་རླུང་ནི་ལྕེའི་དབང་པོ་ལ་གནས་ཏེ་རོ་འཛིན་པའི་བྱ་བ་བྱེད་པའོ། ། ངེས་པར་རྒྱུ་བའི་རླུང་ནི་ལུས་ཀྱི་དབང་པོ་ལ་གནས་ཏེ་རེག་པ་གཟུང་བའི་བྱ་བ་བྱེད་པ་སྟེ་ཉེ་བའི་རླུང་རྣམས་ཀྱི་གནས་དང་ལས་ཀྱི་དབྱེ་བ་བསྟན་ཏོ། །རླུང་བཅུ་པོ་དེ་རྣམས་དཔལ་གསང་བ་འདུས་པའི་བཤད་པའི་རྒྱུད་དགོངས་པ་ལུང་དུ་བསྟན་པ་ཞེས་བྱ་བར་དགོངས་པའི་བཤད་པས་གསུངས་ཏེ། སྲོག་ དང་རྩོལ་བ་མེ་དང་མཉམ། །གྱེན་དུ་འགྲོ་དང་ཁྱབ་བྱེད་ཅེས། །གླང་པོ་རུས་སྦལ་རྩངས་པ་དང་། །ལྷ་སྦྱིན་དང་ནི་ནོར་རྒྱལ་ལོ། །ཞེས་བྱ་བ་ལ་སོགས་པ་དང་། སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་རྒྱུད་ལས་ཀྱང་། སྒྲ་ཇི་བཞིན་མ་ཡིན་པའི་སྒོ་ནས་རླུང་འདི་རྣམས་གསུངས་ཏེ། ཀོ་ཊ་ཁྱ་ དང་ཀོ་ཊ་བཱ། །ཀོ་ཊ་ཀོ་ཊ་པོ་ཀོར་ཐཱིར། །ཀོ་ལ་ཁྱ་དང་ཀོ་ལ་ཝ། ཀོ་ལ་ཀོ་ལ་ཝ་ཀོ་ལིར། །ཞེས་བྱ་བ་གསུངས་སོ། །རྡོ་རྗེ་ཞལ་ཞེས་བྱ་བའི་རྒྱུད་ལས་དེ་རྣམས་ཀྱི་མིང་ནི་སྒྲ་ཇི་བཞིན་པར་གསུངས་པ་སྟེ་ཇི་ལྟར་སྔར་བཤད་པ་བཞིན་ནོ། །དེ་ལྟར་རླུང་གི་མཚན་ཉིད་དང་། དབྱེ་བ་རྣམས་རབ་ཏུ་བསྟན་ནས། རིམ་པ་ལྔ་པོའི་གོ་རིམས་བསྟན་པའི་ཕྱིར་རྡོ་རྗེ་བཟླས་པའི་ཐབས་ཀྱི་དབྱེ་བ་བསྟན་པར་བྱ་སྟེ། རླུང་གི་དེ་ཉིད་རིམ་གྱིས་ནི། སྔགས་ཀྱི་དེ་ཉིད་ཡང་དག་འཇུག །སྔགས་ཀྱི་བསྐྱེད་པ་རྟོགས་ནས་ནི། །རྡོ་རྗེ་བཟླས་པ་རྣམས་ལ་སློབ། །ཅེས་བྱ་བ་ལ་དེའི་འདི་ཡིན་ཏེ། འདིར་དང་པོ་རྡོ་རྗེ་བཟླས་པ་ལ་སློབ་པར་ འདོད་པའི་རྣལ་འབྱོར་པས་དང་པོ་རླུང་གི་དེ་ཁོ་ན་ཉིད་ལ་སློབ་པ་སྟེ། དེ་ནས་དེའི་ཕ་རོལ་ཏུ་ཕྱིན་པས་སྔགས་ཀྱི་དེ་ཁོ་ན་ཉིད་ལ་གོམས་པར་བྱས་པའོ། །དེ་ལ་ཡང་གོ་རིམས་ཡིན་ཏེ་གོ་རིམས་མ་ཡིན་པ་ཡང་མ་ཡིན་ནོ། །དེ་བས་ན་སྔགས་ཀྱི་དེ་ཁོ་ན་ཉིད་སྔོན་དུ་འགྲོ་བས་རླུང་གི་དེ་ཁོ་ན་ཉིད་གོམས་པར་ 37-1-200b མ་ཡིན་ཏེ། རླུང་གི་དེ་ཁོ་ན་ཉིད་སྔོན་དུ་འགྲོ་བས་སྔགས་ཀྱི་དེ་ཁོ་ན་ཉིད་ལ་གོམས་པར་བྱའོ། །གང་གི་ཕྱིར་རླུང་གི་དེ་ཁོ་ན་ཉིད་ནི་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་རྒྱུ་ཡིན་ཏེ་རྒྱུ་དེ་ཡང་སྔོན་དུ་འགྲོ་བ་ཡིན་ནོ་ཞེས་དགོངས་པའོ། །དེ་ནས་སྔར་མདོར་བསྟན་པ་དང་། འོག་ནས་བཤད་པར་འགྱུར་ བའི་རྡོ་རྗེ་བཟླས་པ་རྣམ་པ་བཅུ་གཅིག་ལ་སློབ་པ་ནི་སློབ་པའི་དུས་ཙམ་པའོ། །དེ་ལ་རླུང་གི་དེ་ཁོ་ན་ཉིད་ནི་རྣམ་པ་གསུམ་ལ་རྡུལ་ཕྲ་རབ་ཙམ་ཐིག་ལེ་རྣམ་པ་གསུམ་བསྒོམ་པ་ཡིན་ཏེ། བདེ་བ་ཆེན་པོས་ཡོངས་སུ་གྱུར་པའི་རླུང་ཁོ་ན་དེའི་རང་བཞིན་དུ་སྣང་བའི་ཕྱིར་རོ། །འོ་ན་གཟུགས་མེད་ པའི་རླུང་ཇི་ལྟར་གཟུགས་ཉིད་དུ་ཡོངས་སུ་འགྱུར་ཞེ་ན། གཟུགས་ཀྱི་ཕུང་པོའི་ནང་དུ་བསྡུ་བའི་ཕྱིར་གཟུགས་དང་ལྡན་པ་ཉིད་དུ་བཤད་ན་ཡང་འགལ་བ་མེད་པའོ། །རྩིག་པ་ལ་སོགས་པ་རླུང་དེས་སོ་སོར་བརྡབས་ན་སླར་ཡང་ལྡོག་པ་ཡིན་ནོ། །མངོན་གསུམ་གྱིས་མངོན་པར་མི་འགྱུར་ན་ཡང་ཁྱད་ པར་གྱི་རྟགས་མཐོང་བས་གཟུགས་དང་ལྡན་པ་ཡིན་ནོ་ཞེས་རྗེས་སུ་དཔག་གོ། །རྟགས་དེ་ཡང་ཤིང་དྲུང་ལ་སོགས་པའི་མེ་ཏོག་ལ་སོགས་པ་གཡོ་བ་དང་སྒྲ་ཐོས་པའི་ཕྱིར་རོ། །བྱེ་བྲག་པ་རྣམས་ཀྱིས་ཀྱང་འདི་ལ་ཁ་དོག་དང་དབྱིབས་སྨྲ་བ་ཡིན་ཏེ། རླུང་སྔོན་པོ་དང་། དཀྱིལ་འཁོར་གྱི་རླུང་ངོ་ ཞེས་བྱ་བ་ལ་སོགས་པའོ། །འབྱུང་བ་ཆེན་པོ་རྣམས་ནི་ཕན་ཚུན་ཡོངས་སུ་གྱུར་པ་མཐོང་བ་སྟེ། དཔེར་ན་ཤིན་དུ་གྲང་བའི་རེག་པས་ཆུ་སྲ་བ་ཉིད་དུ་གྱུར་པ་ལྟ་བུའོ། །དེ་ལ་འདོད་ཆགས་ཀྱི་རིགས་ཅན་གྱིས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རྡོ་རྗེ་དང་པདྨའི་སྣ་རུ་སྒོམ་པ་དང་། ཞེ་སྡང་གི་རིགས་ཅན་གྱིས་ སྙིང་གར་སྒོམ་པ་དང་། གཏི་མུག་གི་རིགས་ཅན་གྱིས་ཀུན་རྫོབ་ཀྱི་སྣའི་རྩེ་མོར་དཀྱིལ་འཁོར་བཞི་ཤར་བའི་རིམ་པས་གཡས་སྐོར་ལ་སོགས་པའི་དབྱེ་བས་འོད་ཟེར་གྱི་ཐིག་ལེ་བསྒོམ་པར་བྱ་བ་སྟེ། རླུང་གི་དེ་ཁོ་ན་ཉིད་དོ། །དེ་ནས་སྔགས་ཀྱི་དེ་ཁོ་ན་ཉིད་ལ་གོམས་པར་བྱ་སྟེ་དེ་ཡང་རྣམ་པ་བཞི་སྟེ། སྔགས་ཀྱི་དོན་དང་། སྔགས་ཀྱི་བརྡ་དང་། སྔགས་བཏུ་བ་དང་། སྔགས་ཀྱི་དེ་ཁོ་ན་ཉིད་དོ། །དེ་ལ་སྔགས་ཀྱི་དོན་ནི་ཕྱག་འཚལ་བ་ལ་སོགས་པ་ལྔ་པོས་སངས་རྒྱས་ལྔ་བརྗོད་པར་བྱེད་པ་སྟེ། དེ་རྣམས་ཀྱི་དོན་ནི་རྣམ་པར་སྣང་མཛད་ལ་སོགས་པ་ཡིན་ནོ། །སྔགས་ཀྱི་བརྡ་ནི་སྣ་ཚོགས་པ་སྟེ་རྡོ་རྗེ་ 37-1-201a གཙུག་ཏོར་གྱི་རྒྱུད་ལས་ཤེས་པར་བྱའོ། །དེ་ལ་རེ་ཞིག་སྦྲུལ་ལ་སོགས་པ་རྣམ་པ་བཞི་སྟེ། དེ་ལ་སྦྲུལ་ནི་ཕྱག་འཚལ་བ་དང་སྭཱ་ཧཱ་དང་ལྡན་པའོ། །མགོ་མེད་ནི་ཕྱག་འཚལ་བ་མེད་པ་སྟེ་སྭཱ་ཧཱ་དང་ལྡན་པའོ། །མཐའ་མེད་པ་ནི་སྭཱ་ཧཱ་མེད་པ་སྟེ་ཕྱག་འཚལ་བ་དང་ལྡན་པའོ། །གཉིས་ ཀ་མེད་པ་ནི་ཕྱག་འཚལ་བ་དང་སྭཱ་ཧཱ་དང་བྲལ་བའོ། །གཞན་ཡང་དང་པོར་སྤེལ་བ་ནི་ཨོཾ་དེ་བ་དཏྟ་སྭ་ཤཱནྟིཾ་ཀུ་རུ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། བར་དུ་སྤེལ་བ་ནི་ཨོཾ་ཏཱ་རེ་ཏུ་རེ་ཏུཏྟཱ་རེ་དེ་བ་དཏྟ་སྭ་པུཥྚིཾ་ཀུ་རུ་ཏུ་རེ་སྭཱ་ཧཱ། ཐ་མར་སྤེལ་བ་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་དེ་བ་དཏྟ་སྭ་ཝ་ཤིཾ་ཀུ་རུ་སྭཱ་ཧཱ། སྙིང་པོ་ནི་བརྗོད་པར་ བྱ་བའི་སྒོ་ནས་བཅོམ་ལྡན་འདས་ཀྱིས་དོན་སོ་སོར་བསྟན་པ་སྟེ། དཔེར་ན། ཨོཾ་བཛྲ་དྷྲྀཀ་ཨཱ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བའོ། །ཉེ་བའི་སྙིང་པོ་ནི་ཕྱོགས་གཅིག་ཏུ་རྫོད་པར་བྱེད་པ་སྟེ། དཔེར་ན། ཨོཾ་ཨཱ་བཾ་ཧཱུཾ་ཞེས་བྱ་བའོ། །སྙིང་པོ་བསྐུལ་བ་ནི་དཔེར་ན། ཨོཾ་ཨཱཿཧཱུཾ་ཞེས་བྱ་བའོ། །རིག་པའི་སྔགས་ནི་དཔེར་ན། ཨོཾ་ཏཱ་རེ་ཞེས་བྱ་བ་ལ་སོགས་པ་སྟེ་ལེའུ་བཞི་པ་ལས་གསུངས་པའོ། །གཟུངས་སྔགས་ནི་ན་མཿས་མནྟ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཎི་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ས་བོན་ནི་ལྷའི་སྐུ་བསྐྱེད་པའི་རྒྱུ་ཡིན་ནོ། །རང་གི་ཆོས་ཀྱི་ཡི་གེ་ནི་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་ དང་། ཁྲོ་བོ་རྣམས་ཀྱི་མིང་གི་ཡི་གེ་དང་པོ་རྣམས་སོ། །ཕྲེང་བའི་སྔགས་ནི་ལས་ཀྱི་ཚོགས་ཀྱི་རྒྱུར་གྱུར་པ་སྟེ་དཔེར་ན། ཨོཾ་ཚིནྡྷ་ཚིནྡྷ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །གོ་བཟློག་པའི་སྔགས་ནི་སྔགས་གཞན་གྱིས་མ་གྲུབ་པའི་ལས་ཀྱི་ཚོགས་འགྲུབ་པར་བྱེད་པ་སྟེ་དཔེར་ན། ཧཱ་སྭཱ་ཧཱུཾ་ཨཱཿ དྷྲྀཀ་བཛྲ་ཨོཾ་ཞེས་བྱ་བ་ལ་སོགས་པའོ། །སྔགས་བཏུ་བ་ནི་ཞི་བ་དང་དྲག་པོ་ལ་སོགས་པའི་ལྷ་རྣམས་ཀྱི་ཕོ་ཉ་དང་ཕོ་ཉ་མོ་ལ་སོགས་པའི་དབྱེ་བས་མཐའ་ཡས་པ་ནམ་མཁའ་དང་འདྲ་བའི་གྲངས་མེད་པའི་སྔགས་ཐམས་ཅད་གང་ཡིན་པ་དེ་རྣམས་བཏུ་བ་ནི་ཨཱ་ལི་དང་ཀཱ་ལི་ཁོ་ན་ལས་སོ། །གང་ གི་ཕྱིར་དེ་ལས་གཞན་མེད་པའི་ཕྱིར་རོ། །བཅོམ་ལྡན་འདས་མ་དེ་ཡང་ཡི་གེ་བཞི་བཅུ་རྩ་དགུའི་བདག་ཉིད་དེ་ངག་གི་སྤྲོས་པ་མ་ལུས་པའི་གནས་ཀྱི་རྒྱུ་ཡིན་ནོ། །ཨ་ལ་སོགས་པའི་སྡེ་ཚན་ནི་མི་འཇིག་པའི་རང་བཞིན་ནོ། །དེ་ལས་ནམ་མཁའི་ཁམས་ཀྱི་རང་བཞིན་ནི་ཀའི་སྡེ་ཚན་ཏེ། དག་ 37-1-201b པའི་ནམ་མཁའ་དང་མཚུངས་པའི་མགྲིན་པ་ལས་འབྱུང་བའི་ཕྱིར་རོ། །དེ་ལས་རླུང་གི་ཁམས་ཀྱི་རང་བཞིན་ཙའི་སྡེ་ཚན་ཏེ་དེ་ནི་གཡོ་བ་གཙོ་བོར་བྱེད་པའི་ཕྱིར་རོ། །དེ་ལས་མེའི་ཁམས་ཀྱི་རང་བཞིན་ཊའི་སྡེ་ཚན་ཏེ་དེ་ནི་རྣོ་བའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལས་ཆུའི་ཁམས་ཀྱི་རང་བཞིན་ཏའི་སྡེ་ ཚན་སྐྱེ་བར་འགྱུར་ཏེ་དེ་ནི་ཚིམ་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །དེ་ལས་སའི་ཁམས་ཀྱི་རང་བཞིན་པའི་སྡེ་ཚན་འབྱུང་བ་སྟེ་དེ་ནི་ཆུ་ཡང་དག་པར་སྦྱར་བས་སྲ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་འབྱུང་བ་ཆེན་པོའི་རང་བཞིན་གྱིས་ཡི་གེའི་ཚོགས་ཀྱི་གཞིར་གྱུར་པ་ནི་ཡ་ལ་སོགས་པའི་སྡེ་ཚན་ཏེ་སྣོད་ཀྱི་འཇིག་ རྟེན་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །སྣོད་ཀྱི་འཇིག་རྟེན་བསྐལ་པའི་མེ་ཡིས་བསྲེག་པར་འགྱུར་ཏེ། སྲེག་པའི་རྒྱུ་ནི་དྲོད་ཀྱི་ཡི་གེའི་སྡེ་ཚན་ནོ། །དེ་ལས་ཡི་གེ་དང་པོ་བསྡུ་བ་ནི་ཡི་གེ་དང་པོ་བརྒྱད་པ་ཁོ་ནས་སོ། །བརྒྱད་པོ་དེ་ཡང་ཨ་ག་མ་བཞི་པོ་ལ་བསྡུ་བ་དང་། ཡི་གེ་བཞི་པོ་དེ་ཡང་ཨོཾ་ཨཱཿཧཱུཾ་ ཞེས་པའི་ཡི་གེ་གསུམ་པོ་ལ་བསྡུ་བ་སྟེ་དེ་ལྟར་འབྱུང་བ་དང་འཇུག་པ་དང་གནས་པའི་བདག་ཉིད་ཀྱི་ཡི་གེ་གསུམ་པོ་དེ་ཉིད་སྔགས་བཏུ་བ་ཉིད་དུ་བསྟན་པ་ཡིན་ནོ། །ཇི་སྐད་དུ། ཇི་སྲིད་ཡ་ར་ལ་བྷ་ཧའི་བར། །ཀ་ཁ་གྷ་མཐའ་ན་ཛའི་མཐའ། །ད་དྷ་ཏ་མཐའ་མ་མཐར་བཅས། །དེ་དེའི་རྩ་བ་ཡི་གེ་ གསུམ། །ཞེས་བྱ་བ་འབྱུང་བའི་ཕྱིར་རོ། །སྔགས་ཀྱི་དེ་ཁོ་ན་ཉིད་ནི་མི་འཇིག་པ་ཉིད་དེ། དེ་ཡང་བརྗོད་བྱ་རྗོད་པའི་ཐབས་དང་བྲལ་བ་འབའ་ཞིག་པ། དྲི་མ་མེད་པ་མཐའ་ཡས་པ་ནམ་མཁའ་དང་མཚུངས་པ་རང་བཞིན་གྱིས་འོད་གསལ་བའི་དེ་ཁོ་ན་ཉིད་དེ་དེ་བཞིན་ཉིད་ནི་དོན་དམ་པའོ་ཞེས་འབྱུང་ བའི་ཕྱིར་རོ། །དེ་བཞིན་དུ་སྔགས་ཐམས་ཅད་ཨཱ་ལི་དང་ཀཱ་ལི་ལས་འབྱུང་སྟེ། དེ་རྣམས་ཀྱི་དེ་ཁོ་ན་ཉིད་ནི་འཇིག་པ་ལས་འབྱུང་བའི་ཡི་གེ་གསུམ་མོ། །གང་གི་ཕྱིར་སྔགས་ཐམས་ཅད་ནི་བུད་མེད་དང་སྐྱེས་པ་དང་། མ་ནིང་གི་རང་བཞིན་ཏེ། ཇི་བཞིན་དུ་ཐོབ་པའི་མན་ངག་གིས་ཡི་གེ་གསུམ་ལ་ཞུགས་ པ་སྟེ། དེ་བས་ན་ཡི་གེ་གསུམ་སྔགས་ཐམས་ཅད་ཀྱི་བདག་པོ་ཡིན་ནོ། །ད་ནི་ཡི་གེ་གསུམ་གྱི་བྱ་བ་བསྟན་པར་བྱ་སྟེ། དེ་ལ་རེ་ཞིག་གསུམ་སྦྱར་བས་ལྟའི་སྐུ་བསྐྱེད་པ་ཡིན་ནོ། །ཡི་གེ་གསུམ་པོ་དེ་ཉིད་འབྱུང་བ་དང་། འཇུག་པ་དང་། གནས་པའི་རིམ་པས་ལུས་པོ་འཛིན་པར་བྱེད་པའོ། །དེ་ 37-1-202a ཉིད་ཨཱ་ལི་དང་ཀཱ་ལི་དང་ལྷན་ཅིག་ཏུ་དབང་པོ་གཉིས་སྙོམས་པར་འཇུག་པའི་དུས་སུ་འོག་ཏུ་ཁ་བལྟས་པར་གྱུར་ཏེ། གསང་བའི་སྣའི་རྩེ་མོ་ལས་ཤུ་ཀྲའི་གཟུགས་སུ་བྱུང་སྟེ་སེམས་ཅན་གྱི་ཁམས་སྐྱེད་པར་བྱེད་དོ། །དེ་ཉིད་སེམས་ཅན་ཀུན་གྱི་སྲོག་དང་རྩོལ་བ་དང་ལྷན་ཅིག་ཏུ་སྟེང་ དུ་འགྲོ་ཞིང་དབང་པོའི་སྒོ་རབ་ཏུ་སད་ནས་ཀུན་རྫོབ་ཀྱི་སྣའི་སྒོ་ནས་གཡས་དང་གཡོན་ལ་སོགས་པའི་རིམ་པས་ཕྱུང་སྟེ། འབད་པ་མེད་པར་རྡོ་རྗེ་བཟླས་པ་བྱས་ལ་སྔ་མའི་ལས་ཀྱི་སྒྲིབ་པ་སྤྱོང་བར་བྱེད་དོ། །དེ་ཉིད་ཉིན་དང་མཚན་མོའི་རིམ་པས་བཟླས་པའི་གྲངས་ཉེ་བར་མཚོན་ལ། ཆུ་ལ་སོགས་པའི་ དཀྱིལ་འཁོར་ཤར་བས་དཀར་པོ་ལ་སོགས་པའི་ཁ་དོག་ལ་བརྟེན་ཏེ་ཞི་བ་ལ་སོགས་པའི་ལས་ཐམས་ཅད་བྱེད་དོ། །དེ་ཉིད་ཡོངས་སུ་བརྟག་པའི་ཡི་གེའི་གཟུགས་སུ་ངག་གི་བཟླས་པའི་མཚན་ཉིད་ཀྱིས་བཟླས་པ་བྱས་ལ། ཕྱི་རོལ་གྱི་ཁ་དོག་ལ་སོགས་པའི་བྱ་བ་ལ་བརྟེན་ཏེ་ཞི་བ་ལ་སོགས་ པའི་ལས་ཐམས་ཅད་བྱེད་པའོ། །དེ་ཉིད་སྦྱང་བ་དང་སད་པ་དང་འབར་བའི་རིམ་པས་ཕྱི་རོལ་གྱི་རྫས་ལ་སོགས་པ་རྣམ་པར་སྦྱངས་ལ་རྣལ་འབྱོར་པ་ནད་མེད་པར་བྱེད་པའོ། །དེ་ལྟར་ཐམས་ཅད་བྱས་ལ་མཐའ་རུ་མི་འཇིག་པ་ལ་ཞུགས་ཏེ། སླར་ཡང་ཐ་མལ་པའི་ལུས་པོ་ལ་བརྟེན་ཏེ་དེ་བཞིན་དུ་ ཐམས་ཅད་བྱེད་པ་སྟེ། དེ་ནི། སྔགས་ཀྱི་དེ་ཉིད་ཡང་དག་འཇུག །ཅེས་བྱ་བའི་དོན་ཏོ། །སྔགས་ཀྱི་བསྐྱེད་པ་རྟོགས་ནས་ནི། །ཞེས་བྱ་བ་ལ། སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པས་ཐེ་ཚོམ་མེད་པར་ཤེས་ཏེ། རྡོ་རྗེ་བཟླས་པ་ཞེས་བྱ་བ་ངག་གི་དོན་ཏོ། །ད་ནི་རིམ་པ་གཉིས་པ་ལ་སོགས་པའི་གོ་ རིམས་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་བཟླས་ནས་རྣལ་འབྱོར་པ། །སེམས་ལ་དམིགས་པ་ཐོབ་པར་འགྱུར། །སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཡང་དག་མཐའ་ནི་རྣམ་པར་སྦྱངས། །ཡང་དག་མཐའ་ལས་ལངས་ནས་ནི། །གཉིས་མེད་ཡེ་ཤེས་འཐོབ་པར་འགྱུར། །ཟུང་འཇུག་ཏིང་འཛིན་ལ་ གནས་ནས། །སླར་ཞིང་གང་ལའང་མི་སློབ་པའོ། །ཞེས་བྱ་བ་གསུངས་སོ། །དེའི་དོན་ནི་འདི་ཡིན་ཏེ། རྡོ་རྗེ་བཟླས་པ་ལ་གནས་པ་ནི་མ་ནིང་གི་བཟླས་པའི་མཐར་འོད་གསལ་བའི་བདག་ཉིད་ལ་གནས་ནས་སེམས་ལ་དམིགས་པས་ནི་སེམས་རྣམ་པར་དག་པ་རྣལ་འབྱོར་པས་ཐོབ་པར་འགྱུར་ 37-1-202b རོ། །གང་གི་ཕྱིར་རེ་ཞིག་བསྐྱེད་པའི་རིམ་པས་རྣལ་འབྱོར་པས་ལུས་རྣམ་པར་དབེན་པར་བྱས་པ་དང་། རྡོ་རྗེ་བཟླས་པའི་རིམ་པས་ངག་རྣམ་པར་དབེན་པ་དང་། དེ་ནས་རིམ་པས་གཉིས་པས་སེམས་རྣམ་པར་དབེན་པ་ཐོབ་པར་འགྱུར་རོ། །དེ་ཡང་སྔར་བསྟན་པའི་སྔགས་ཀྱི་རིམ་པ་དང་ཕྱག་རྒྱའི་ རིམ་པ་སྟེ། ཐབས་གཉིས་པོས་ཐོབ་པ་ཡིན་ཏེ་གཞན་དུ་ནི་མ་ཡིན་ནོ། །ཐབས་གཉིས་པོ་དེ་ཡང་རིམ་པ་དེ་ཉིད་ལ་འོག་ནས་གསལ་པོར་བརྗོད་པར་བྱའོ། །སེམས་ཀྱི་རང་བཞིན་ནི་ཐབས་གཉིས་པོ་དེ་མེད་ན། སེམས་ཀྱི་རང་བཞིན་དེ་མཚོན་པར་མི་ནུས་ཏེ། གཟུགས་དང་པོ་ཁ་དོག་ལ་སོགས་པ་མེད་ པའི་ཕྱིར་རོ། །འཕགས་པ་ལྷའི་ཞལ་སྔ་ནས་ཀྱང་འདི་སྐད་གསུངས་ཏེ། སེམས་ཀྱི་རང་བཞིན་ནི་མཚོན་པར་བྱ་བ་མ་ཡིན་ནོ། །གང་གི་ཕྱིར་གཟུགས་དང་ཁ་དོག་དང་། དབྱིབས་དང་། བརྟག་པ་ལ་སོགས་པ་མེད་པ་གང་ཡིན་པ་སེམས་དེའི་རང་བཞིན་ནམ་དབྱེ་བ་ཤེས་པ་མ་ཡིན་ཏེ་དེ་ཉིད་ཀྱི་རྣམ་ པར་དག་པ་སྨོས་ཅི་དགོས། དེ་བས་ན་བཅོམ་ལྡན་འདས་རྡོ་རྗེ་བླ་མས་དེའི་རང་བཞིན་བདག་ལ་བཤད་དུ་གསོལ། དེ་ནས་བླ་མས་སློབ་མའི་ཚིག་གསན་ནས། བློ་གྲོས་ཆེན་པོ་ལེགས་སོ་ལེགས་སོ་གང་ཞིག་ཁྱོད་ཀྱིས་བདག་ལ་སེམས་ཀྱི་རང་བཞིན་དྲིས་པ་དེ་ཉིད་ཁྱོད་ལ་མདོ་སྡེ་དང་རྒྱུད་ཀྱི་ རྗེས་སུ་འབྲངས་ནས་རྒྱས་པར་བཤད་པར་བྱ་སྟེ། རེ་ཞིག་ལང་ཀར་གཤེགས་པའི་མདོའི་ཚད་མ་བརྗོད་པར་བྱ་སྟེ། གཞན་ཡང་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཀྱིས་མཐོང་བའི་རྣམ་པར་གཟུང་བ་དང་འཛིན་པའི་རྣམ་པའི་སྤྱོད་ཡུལ་ཡོངས་སུ་ཤེས་པར་འདོད་ན་ ཆགས་པ་ལ་སོགས་པ་དང་བྲལ་བར་གནས་པར་བྱའོ། །དེ་ལ་རྣམ་པར་ཤེས་པ་གསུམ་རྒྱུར་གྱུར་པ། དངོས་པོ་མ་ལུས་པ་ཡིན་ཏེ་དཔེར་ན་མཐོ་རིས་དང་། ཐར་པ་དང་། གཡོ་བ་དང་། མི་གཡོ་བ་དང་། གཟུང་བ་དང་། འཛིན་པ་དང་། ཡན་ལག་བཅུ་གཉིས་པའི་རྟེན་ཅིང་འབྲེལ་པ་ ལས་འབྱུང་བའི་འཁོར་ལོ་དང་། དགེ་བ་དང་། མི་དགེ་བའི་རྣམ་པར་རྟོག་པ་དང་། སྣང་བ་དང་། མུན་པ་དང་། བུད་མེད་དང་། སྐྱེས་པ་དང་། མ་ནིང་དང་། ནང་གི་བདག་ཉིད་ཀྱི་སྐྱེ་བ་དང་། གནས་པ་དང་། འཇིག་པ་སྟེ་མདོར་ན་ཁམས་གསུམ་པའི་དབང་པོའི་སྤྱོད་ཡུལ་རྣམ་པར་ཤེས་པ་ 37-1-203a གསུམ་ཡིན་ནོ། །བཟང་པོ་སྐྱོང་བས་ཡོངས་སུ་ཞུས་པའི་མདོ་ལས་ཀྱང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་བཟང་པོ་སྐྱོང་གང་ཞིག་རྫུ་འཕྲུལ་འདི་ལས་ཀྱི་དབང་གིས་རབ་ཏུ་འཇུག་པ་དང་། གང་ཞིག་ལས་དང་རྗེས་སུ་མཐུན་པའི་རྣམ་པར་ཤེས་པའི་དབང་གིས་རབ་ ཏུ་འཇུག་པ་རྣམ་པར་ཤེས་པའི་ཁམས་དེ་ནི་སྣ་ཚོགས་པའི་རྟེན་ལ་རབ་ཏུ་འཇུག་གོ། །རྣམ་པར་ཤེས་པའི་ཁམས་འདི་ནི་བྱེད་པ་པོ་སྟེ་ལུས་སྐྱེད་པར་བྱེད་པའི་ཕྱིར་རོ། །རྣམ་པར་ཤེས་པའི་ཁམས་འདི་ཉིད་ཟད་པར་མི་འགྱུར་ཏེ་ཆོས་ཀྱི་དབྱིངས་ལ་བརྟེན་པའི་ཕྱིར་རོ། །རྣམ་པར་ཤེས་པའི་ཁམས་ འདི་ནི་བློ་དང་ལྡན་པ་སྟེ། ལུས་ལ་བརྟེན་པ་ཐམས་ཅད་རྗེས་སུ་དྲན་པའི་ཕྱིར་རོ། །རྣམ་པར་ཤེས་པའི་ཁམས་འདི་ཉིད་ཉི་མའི་འོད་ཟེར་དང་འདྲ་བར་མཐོང་བར་བྱ་སྟེ། དཔེར་ན་ཉི་མའི་འོད་ཟེར་ནི་དྲི་ངན་མི་གཙང་བ་དང་། དྲི་བཟང་པདྨ་ལ་སོགས་པ་ལྟུང་ན་ཡང་། དེ་ལ་ཡང་དྲི་ངན་པ་དང་དྲི་ བཟང་བ་ལ་སོགས་པའི་འདུ་ཤེས་གང་ཡང་ཡོད་པ་མ་ཡིན་ཏེ། དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདི་ཡང་མི་གཙང་བ་དང་ཕག་གི་སྐྱེ་གནས་ལ་སོགས་པ་རུ་སྐྱེ་བ་ལེན་ན་ཡང་དེ་རྣམས་ཀྱི་སྐྱོན་གྱིས་གོས་པར་མི་འགྱུར་རོ། །དེ་ལྟར་རྣམ་པར་ཤེས་པ་གསུམ་པོ་འདི་ཁྱབ་བྱེད་ཡིན་ཡང་ རང་བཞིན་གྱི་སྐྱོན་གྱིས་རང་གི་ངོ་བོ་བརྗེད་ནས་འགྲོ་བ་དྲུག་ཏུ་འགྲོ་བ་དང་འོང་བ་ལ་སོགས་པས་སེམས་ཅན་གྱི་ཁམས་དལ་བར་བྱེད་པའོ། །ཇི་སྐད་དུ། ནོར་ནི་འཕྲོག་པའི་རྐུན་མ་ཀུན་ལ་བདག་མི་འཇིགས། །དེ་རྣམས་ནོར་ནི་འཕྲོགས་ཏེ་དེ་ཡང་བདག་ལ་མེད། །ཡིད་ལ་དགེ་བའི་ནོར་ནི་ ཡང་དང་ཡང་དུ་བསགས། །རང་བཞིན་ལས་བྱུང་རྟོག་པས་ཅིག་ཅར་དེ་འཕྲོག་བྱེད། །ཅེས་བྱ་བ་འབྱུང་བའི་ཕྱིར་རོ། །དེ་ལ་རྣམ་པར་རྟོག་པ་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་ལས་བྱུང་བའི་ཕྱིར་ཆོས་རྣམས་སོ། །དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། རང་བཞིན་ལས་བྱུང་བ་ནི་རང་བཞིན་ ཁོ་ནའོ། །རང་བཞིན་དེ་རྣམས་ཀྱང་རྣམ་པ་གསུམ་སྟེ་ཤེས་རབ་ཀྱི་རང་བཞིན་དང་། ཐབས་ཀྱི་རང་བཞིན་དང་། མ་རིག་པའི་རང་བཞིན་ནོ། །དེ་ལ་ཤེས་རབ་ཀྱི་རང་བཞིན་ནི་ཆགས་པ་བྲལ་བ་དང་། ཆགས་པ་བར་མ་དང་ཆགས་པ་ཆེན་པོ་ལ་སོགས་པ་སྟེ། འོག་ནས་བཤད་པར་འགྱུར་བ་སུམ་ཅུ་ 37-1-203b གསུམ་མོ། །ཐབས་ཀྱི་རང་བཞིན་ནི་ཆགས་པ་དང་ཆགས་པ་བར་མ་ལ་སོགས་པ་སྟེ་བཞི་བཅུའོ། །མ་རིག་པའི་རང་བཞིན་ནི་ཆགས་པ་བར་མ་ལ་སོགས་པ་སྟེ་བདུན་ནོ། །འདི་རྣམས་མཚན་མོ་དང་། ཉིན་མོ་བརྒྱ་དྲུག་ཅུར་འགྱུར་རོ། །འདི་རྣམས་ཉོན་མོངས་པ་ཐམས་ཅད་དང་ལྟ་བ་ དྲུག་ཅུ་རྩ་གཉིས་སུ་འགྱུར་རོ། །ལྟ་བ་དྲུག་ཅུ་རྩ་གཉིས་ཀྱི་དབྱེ་བ་ནི། གཟུགས་ཁོ་ན་བདག་དང་། གཟུགས་ལ་བདག་དང་། བདག་ལ་གཟུགས་དང་། གཟུགས་དང་བདག་མེད་པ་དང་བུད་ཤིང་བཞིན་དུ་ཐ་མི་དད་པའོ། །དེ་ལྟར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་ པ་རྣམས་ལ་སྦྱར་ན་ལྟ་བ་ཉི་ཤུར་འགྱུར་རོ། །དེ་རྣམས་འདས་པ་དང་ད་ལྟར་བྱུང་བ་དང་མ་འོངས་པའི་དུས་གསུམ་གྱི་དབྱེ་བས་ལྟ་བ་དྲུག་ཅུར་འགྱུར་རོ། །རྟག་པ་དང་ཆད་པའི་ལྟ་བ་གཉིས་ཏེ་ཀུན་བསྡོམས་ལྟ་བ་དྲུག་ཅུ་རྩ་གཉིས་སོ། །དེ་བས་ན་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ལ་སོགས་ པ་དང་། ལྟ་བ་ཐམས་ཅད་ཤེས་རབ་དང་ཐབས་དང་མ་རིག་པའི་རང་བཞིན་གསུམ་པོ་ལས་ཐ་མི་དད་པ་སྟེ་དེ་ཉིད་ཀྱི་ནང་དུ་བསྡུ་བར་བྱའོ། །དེའི་ཕྱིར་སེམས་ལས་བྱུང་བ་ཐམས་ཅད་ནི་རང་བཞིན་རྣམས་ཁོ་ན་ཡིན་ནོ། །རང་བཞིན་དེ་རྣམས་ཀྱིས་བཅིངས་པའི་རྣམ་པར་ཤེས་པ་གསུམ་པོ་འཁོར་ བ་ལ་འཁོར་བར་འགྱུར་རོ། །ཇི་སྐད་དུ། རྩད་པའི་གནས་ནི་མ་གཏོགས་པའི། །གར་གྱི་ས་དེ་གང་ཡང་མེད། །སྣ་ཚོགས་ལས་ཀྱི་བྱེ་བྲག་གིས། །གང་དུ་སེམས་ཅན་གར་མི་བྱེད། །ཅེས་བྱ་བ་འབྱུང་བའི་ཕྱིར་རོ། །རྣམ་པར་ཤེས་པ་གསུམ་པོ་དེ་ཡང་སེམས་དང་། ཡིད་དང་། རྣམ་པར་ཤེས་ པ་དང་། སྟོང་པ་དང་། ཤིན་དུ་སྟོང་པ་དང་། སྟོང་པ་ཆེན་པོ་དང་། སྣང་བ་དང་། སྣང་བ་མཆེད་པ་དང་། སྣང་བ་ཉེ་བར་ཐོབ་པ་དང་། ཤེས་རབ་དང་། ཐབས་དང་། མ་རིག་པ་དང་། འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་དང་། འདོད་ཆགས་བར་མ་དང་། དམན་པ་དང་། རྣོ་བ་དང་། བར་མ་དང་། ཟླ་བ་དང་། ཉི་མ་དང་། མུན་པ་དང་། མཚན་མོ་དང་། ཉིན་མོ་དང་། མཚམས་དང་། བུད་མེད་དང་། སྐྱེས་པ་དང་། མ་ནིང་ལ་སོགས་པའི་བརྡ་རྣམས་ཀྱིས་བརྡར་བྱའོ། །དེ་ཡང་སྔར་བསྟན་པའི་ཕྱག་རྒྱའི་རིམ་པའམ། སྔགས་ཀྱི་རིམ་པས་དག་པར་བྱས་ལ་རང་བཞིན་གྱི་ཚོགས་ 37-1-204a ཐམས་ཅད་དང་བྲལ་བའི་སེམས་ཀྱི་འོད་གསལ་བར་རྣལ་འབྱོར་པས་གནས་པར་འགྱུར་རོ། །རིམ་པ་གསུམ་པའི་གོ་རིམས་བཤད་པར་བྱ་བའི་ཕྱིར། སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཞེས་བྱ་བ་གསུངས་ཏེ། དེ་ལ་བསྐྱེད་པའི་རིམ་པ་དང་རྡོ་རྗེ་བཟླས་པ་དང་སེམས་ ལ་དམིགས་པའི་རིམ་པ་སྟེ། གསུམ་པོས་ལུས་ངག་ཡིད་རྣམ་པར་དག་ལ་སྔོན་གྱི་སྨོན་ལམ་འབྲས་བུ་དང་ལྡན་པའི་ཕྱིར་རོ། །དབང་ཕྱུག་ཆེན་པོས་བསྟན་པ་བཞིན་དུ་ཆད་པའི་ཕྱོགས་སྤང་བའི་ཕྱིར་དང་། བསྐལ་པའི་བར་དུ་འགྲོ་བའི་དོན་མཛད་པའི་ཕྱིར་ཉན་ཐོས་པའི་བྱང་ཆུབ་བཞིན་དུ་འགོག་ པའི་བདེན་པ་ཡོངས་སུ་སྤང་བའི་ཕྱིར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་རྣལ་འབྱོར་པ་གནས་པ་ཡིན་ནོ། །ཇི་སྲིད་ཀྱི་བར་དུ་ནམ་མཁའ་དང་མཚུངས་པ་དེས་བརྒྱ་བྱིན་གྱི་གཞུ་དང་འདྲ་བའི་རྡོ་རྗེ་འཆང་གི་སྐུ་ཇི་ལྟར་བསྐྱེད་པར་ནུས་ཤེ་ན། སྨྲས་པ། རྣམ་པར་ཤེས་པ་ནི་ངོ་བོ་ཉིད་སྣང་བ་མེད་པ་ཡིན་ན་ཡང་སྣང་ བ་ཙམ་གྱི་རང་བཞིན་ཏེ། དེ་ལ་དང་པོ་སེམས་ཀྱི་འོད་གསལ་བ་ལས་ཁ་དོག་ལྔའི་འོད་ཟེར་གྱི་གཟུགས་སུ་སྣང་བ་དང་། དེ་ནས་ཟླ་བའི་སྣང་བ་དང་འདྲ་བ་དང་། དེ་ནས་ཉི་མའི་སྣང་བ་དང་འདྲ་བ་དང་། དེ་ནས་དགོངས་ཀའི་མཚམས་ཀྱི་སྣང་བ་དང་འདྲ་བ་སྟེ། ཐམས་ཅད་གཅིག་ཏུ་གྱུར་པས་ ཡིད་ཀྱི་རང་བཞིན་གྱི་ལྷའི་སྐུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་སྐྱེ་བར་འགྱུར་རོ། །དེ་ཡང་རྨི་ལམ་དང་སྒྱུ་མ་ལ་སོགས་པའི་དཔེ་བཅུ་གཉིས་ཀྱིས་ཉེ་བར་མཚོན་པ་སྟེ། དེས་ནི་སངས་རྒྱས་ཀྱི་ཡིད་ཀྱི་རང་བཞིན་གྱི་སྐུའོ། །འོ་ན་གཟུགས་མེད་པའི་ཡེ་ཤེས་ཇི་ལྟར་ཕྱག་ལ་སོགས་པའི་ དངོས་པོར་སྣང་བར་འགྱུར་ཞེ་ན། སྨྲས་པ། སྣང་བ་མ་རྟོགས་པས་གཟུགས་ལ་སོགས་པའི་ཕུང་པོ་ལྔ་པོ་དམིགས་པར་མི་འགྱུར་ཏེ། སྣང་བ་དེ་ཡང་ཡེ་ཤེས་ཀྱི་སྤྱིའི་ཆོས་ཡིན་ནོ། །དེ་བས་ན་གང་དང་གང་སྣང་བར་འགྱུར་བ་དེ་དང་དེ་ཡེ་ཤེས་ཀྱི་རྣམ་པ་ཡིན་ཏེ། སྣང་བ་མེད་པ་ཡེ་ཤེས་ ཀྱི་གཟུགས་ལས་འདས་པའི་ཕྱིར་རོ། །ཡེ་ཤེས་ཀྱི་སྐུ་དེ་ལ་རེ་ཞིག་སྒྱུ་མའི་དཔེ་བཅུ་གཉིས་དང་སྦྱར་བར་བྱ་སྟེ། བརྒྱ་བྱིན་གྱི་གཞུ་དང་འདྲ་བ་ནི་ཁ་དོག་ལྔ་པོ་ཡོད་པ་དང་མེད་པ་ལས་འདས་པའི་ཕྱིར་རོ། །རྨི་ལམ་དང་འདྲ་བ་ནི་མེད་པ་ཡིན་ན་ཡང་དོན་གྱི་བྱ་བ་མཛད་པའི་ཕྱིར་རོ། །སྨིག་ 37-1-204b རྒྱུ་དང་འདྲ་བ་ནི་མིག་ཙམ་གྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །ཆུ་ཟླ་དང་འདྲ་བ་ནི་གཅིག་ཡིན་ཡང་དུ་མར་སོ་སོར་སྣང་བའི་ཕྱིར་རོ། །བྲག་ཅ་དང་འདྲ་བ་ནི་ཆོས་བསྟན་པ་རྣམས་ཡོད་པ་དང་མེད་པ་ལས་འདས་པའི་ཕྱིར་རོ། །སྤྲུལ་པ་དང་འདྲ་བ་ནི་སོ་སོར་སྣང་ཙམ་གྱི་ཕྱིར་རོ། །དྲི་ཟའི་གྲོང་ཁྱེར་དང་འདྲ་ བ་ནི་སྣ་ཚོགས་པའི་དཀྱིལ་འཁོར་པ་རྣམས་ཀྱིས་ཡོངས་སུ་བསྐོར་བའི་ཕྱིར་རོ། །མེ་ལོང་གི་གཟུགས་བརྙན་དང་འདྲ་བ་ནི་དེ་ཉིད་དང་གཞན་ཉིད་གཉིས་ཀྱིས་ཡོངས་སུ་སྤྱོད་པར་མི་འགྱུར་བའི་ཕྱིར་རོ། །མིག་འཕྲུལ་དང་འདྲ་བ་ནི་མཐོང་བ་ཙམ་གྱིས་འཇིག་པའི་ཕྱིར་རོ། །མགལ་མེའི་འཁོར་ ལོ་དང་འདྲ་བ་གཅིག་ཡིན་ན་ཡང་དུ་མར་སོ་སོར་སྣང་བའི་ཕྱིར་རོ། །ཆུའི་ཆུ་བུར་དང་འདྲ་བ་ནི་མཐོང་བར་འགྱུར་ན་ཡང་ནང་དུ་སྙིང་པོ་མེད་པའི་ཕྱིར་རོ། །སྒྱུ་མ་དང་འདྲ་བ་ནི་སེམས་ཅན་གྱི་དོན་དུ་འགྱུར་བའི་ཕྱིར་རོ། །སྒྱུ་མའི་དཔེ་བཅུ་གཉིས་དེ་རྣམས་ཀྱིས་ཀུན་རྫོབ་ཀྱི་བདེན་པ་མངོན་དུ་ བྱ་བ་ལ་ཇི་སྲིད་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ་དེ་དང་འདྲ་བའི་སྤྱོད་ལམ་བཞི་དང་། སྒེག་པ་ལ་སོགས་པའི་གར་གྱི་ཉམས་གཙོ་བོར་གྱུར་པའི་བྱ་བ་རྣམས་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་དང་། བཟླས་པ་དང་། གཏོར་མ་དང་། སྦྱིན་སྲེག་དང་། རབ་ཏུ་གནས་པ་དང་། མཆོད་པ་དང་། དབང་བསྐུར་བ་དང་། སྤྱན་འདྲེན་པ་དང་། བཞུགས་སུ་གསོལ་བ་དང་། གཤེགས་སུ་གསོལ་བ་ལ་སོགས་པའི་ལས་རྣམས་དང་། དང་པོ་སྦྱོར་བ་ལ་སོགས་པའི་ཏིང་ངེ་འཛིན་གསུམ་བསྟན་པའམ། དགོངས་པའི་དོན་དུ་དེ་ཉིད་བསྒོམ་པར་སྤྱོད་པ་དང་། མ་ལུས་པའི་སྦྱིན་པ་ལ་སོགས་པའི་ཕ་ རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་བྱེད་ན་ཡང་། དེ་ལ་ཞེན་པ་མེད་ན་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་པར་འགྱུར་རོ། །དེ་ལ་ཡང་ཆགས་ན་དམིགས་པ་དང་བཅས་པར་འགྱུར་ཏེ། དེའི་ཕྱིར་དེ་སྦྱང་བར་བྱ་བའི་དོན་དུ་རིམ་པ་བཞི་པ་བསྟན་པར་བྱ་བའི་ཕྱིར། སྒྱུ་མའི་རང་བཞིན་རྟོགས་པའི་རྣལ་འབྱོར་ པས་གལ་ཏེ་ཏིང་ངེ་འཛིན་དེ་ལ་གནས་ན། དེའི་ཚེ་སྒྱུ་མ་ཁོ་ན་བྱང་ཆུབ་ཏུ་ཐལ་བར་འགྱུར་རོ། །ཐལ་བར་གྱུར་མོད་སྐྱོན་གང་ཡང་མེད་ཅེ་ན་དེ་ཡང་ཡང་དག་པ་མ་ཡིན་ཏེ། རང་བཞིན་གྱིས་འོད་གསལ་བའི་དེ་ཁོ་ན་ཉིད་ནི་སྒྱུ་མ་ལ་སོགས་པའི་རྣམ་པར་རྟོག་པ་རྣམས་ལས་འདས་པའི་ཕྱིར་རོ། ། 37-1-205a གལ་ཏེ་སྒྱུ་མ་དེ་ཁོ་ན་ཉིད་ཡིན་ན། དེའི་ཚེ་སྤྲུལ་པའི་གྲོང་ཁྱེར་དེ་ཁོ་ན་ཉིད་དུ་ཐལ་བར་འགྱུར་རོ། །དེ་ཁོ་ན་ཉིད་ནི་རྟོག་པ་ཐམས་ཅད་ཀྱི་སྤྲོས་པ་དང་བྲལ་བ་སྟེ། བུམ་པ་བཞིན་དུ་ཕྱོགས་གཅིག་ཏུ་སྣང་བ་མ་ཡིན་ནོ། །སྒྱུ་མ་དེ་ནི་ཁྱབ་བྱེད་ཡིན་ཏེ་ཕྱོགས་གཅིག་ཏུ་ གནས་པ་མ་ཡིན་ནོ་ཞེ་ན། དེ་ལྟར་ཡིན་ན་རྣམ་པར་རྟོག་པ་མང་པོའི་སྤྱོད་ཡུལ་ཡིན་པའི་ཕྱིར་ཤིན་ཏུ་ཡང་ཐ་དད་པར་སྨྲ་བའོ། །སྒྱུ་མའི་དཔེ་བཅུ་གཉིས་ཀྱང་སྤྲོས་པ་དང་བཅས་པ་སྟེ། ཡུལ་སོ་སོར་སྣང་བའི་དབྱེ་བའི་ཕྱིར་རོ། །དེ་བས་ན་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནི་ཀུན་རྫོབ་ཀྱི་ཕྱོགས་ཁོ་ན་ ཡིན་ཏེ། གཞན་ནི་མ་ཡིན་ནོ། །ཇི་སྐད་དུ། ཇི་སྲིད་བསྒོམ་པའི་སྦྱོར་གྱུར་ན། །དེ་སྲིད་ལས་ནི་དང་པོ་ལ། །ཞེས་བྱ་བ་འབྱུང་བ་དང་། བློ་དང་སྒྲ་དག་ཀུན་རྫོབ་ཡིན། །ཞེས་བྱ་བ་འབྱུང་བའི་ཕྱིར་རོ། །དེ་བས་ན་རྫོགས་པའི་རིམ་པ་ལ་གནས་པ་རྣམས་ཀྱིས་དེ་ཡང་སྦྱང་བར་བྱ་སྟེ། འོད་གསལ་ བས་མི་གཡོ་བའི་ཏིང་ངེ་འཛིན་ལྟ་བུའོ། །དེའི་དོན་དུ། ཡང་དག་མཐའ་ནི་རྣམ་པར་སྦྱང་། །ཞེས་བྱ་བ་གསུངས་ཏེ། ཡང་དག་པ་ནི་བདེན་པ་སྟེ་དོན་དམ་པའོ། །དེ་ཉིད་མཐར་ཐུག་པའི་ཕྱིར་རོ། །ཡང་དག་པའི་མཐའ་སྟེ་རང་བཞིན་གྱིས་འོད་གསལ་བའི་དེ་ཁོ་ན་ཉིད་དོ། །ཡང་དག་པའི་ མཐའ་དོན་དམ་པའི་བདེན་པ་རྣམ་པར་སྦྱང་བས་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མི་སྣང་བར་བྱའོ། །དེ་ལ་དཔེར་ན་ཕྱིའི་མངོན་པར་བྱང་ཆུབ་པའི་རིམ་པའམ། ནང་གི་མངོན་པར་བྱང་ཆུབ་པའི་རིམ་པའམ། རིལ་པོར་འཛིན་པའི་ཏིང་ངེ་འཛིན་ནམ། རྗེས་སུ་གཞིག་པའི་ཏིང་ངེ་འཛིན་གྱིས་སྒྱུ་མའི་སྐུ་ འོད་གསལ་བའི་བསྐལ་པའི་མེ་ཡིས་མི་སྣང་བར་བྱས་ན་རྣམ་པར་དག་པར་འགྱུར་རོ། །ཇི་སྐད་དུ། བདག་ལ་བྱིན་བརླབ་མ་གཏོགས་པའི། །རིན་ཆེན་གཞན་ནི་ཡོད་པ་མིན། །གལ་ཏེ་འོད་གསལ་དག་འགྱུར་ན། །མེ་ཡིས་དག་པའི་ནོར་བུ་བཞིན། །ཞེས་བྱ་བ་འབྱུང་བའི་ཕྱིར་རོ། །འོ་ན་ ཕྱིའི་མངོན་པར་བྱང་ཆུབ་པ་གང་ཡིན་ཞེ་ན། སྨྲས་པ། ལོ་ནི་བཅུ་དྲུག་མ་ཐོབ་ནས། །གཟུགས་དག་མཛེས་ཤིང་ཡིད་དགའ་བྱེད། །དེ་ནི་པང་དུ་བཞག་ནས་སུ། །དེའི་དབུས་སུ་སྤྱོད་པར་བྱ། །ཞེས་བྱ་བ་འབྱུང་ངོ་། །འོ་ན་ནང་གི་མངོན་པར་བྱང་ཆུབ་པ་གང་ཡིན་ཞེ་ན་སྨྲས་པ། རྡོ་རྗེ་ཉི་མ་ 37-1-205b ནུབ་འགྱུར་ཚེ། །སྒྲུབ་པ་ལ་ནི་བརྩོན་བྱ་སྟེ། །སྐྱ་རེངས་ཤར་བའི་དུས་སུ་ནི། །སྒོམ་པའི་མཆོག་གིས་གྲུབ་པར་འགྱུར། །ཞེས་བྱ་བ་འབྱུང་ངོ་། །རིལ་པོར་འཛིན་པའི་ཏིང་ངེ་འཛིན་གང་ཡིན་ཞེ་ན་སྨྲས་པ། མགོ་བོ་ནས་ནི་རྐང་པའི་བར། །ཇི་སྲིད་སྙིང་གར་ཕྱིན་པའི་བར། །རྣལ་འབྱོར་ཡང་དག་ མཐའ་ལ་འཇུག །རིལ་པོར་འཛིན་པ་ཞེས་བཤད་དོ། །ཞེས་བྱ་བ་འབྱུང་ངོ་། །རྗེས་སུ་གཞིག་པའི་ཏིང་ངེ་འཛིན་གང་ཞེ་ན། སྨྲས་པ། རྒྱུ་བ་དང་ནི་མི་རྒྱུའི་བར། །དང་པོ་འོད་གསལ་བར་བྱས་ཏེ། །ཕྱི་ནས་དེ་བཞིན་བདག་ཉིད་བྱེད། །རྗེས་སུ་གཞིག་པའི་རིམ་པ་ཡིན། །ཞེས་བྱ་བ་འབྱུང་བའི་ཕྱིར་རོ། །དེ་ལྟར་ ཡང་དག་པའི་མཐའ་བསྒོམས་ན་སྟོང་པ་ཉིད་བཅོ་བརྒྱད་སྒོམ་པ་བཞིན་དུ་ཆད་པའི་ལྟ་བ་བོར་འགྱུར་ཏེ། སྐྱོན་དེ་ཉིད་སེལ་བར་བྱ་བའི་ཕྱིར་ཀུན་རྫོབ་དང་དོན་དམ་པ་ཐ་མི་དད་པའི་ཟུང་འཇུག་གི་རིམ་པ་བསྒོམ་པར་བྱ་སྟེ། གང་ཞིག་སྒོམ་པའི་བྱ་བ་བྱས་པས་གང་ལ་ཡང་སློབ་པ་མ་ཡིན་ནོ་ ཞེས་བསྟན་པར་བྱ་བའི་ཕྱིར། ཟུང་འཇུག་ཏིང་འཛིན་ལ་གནས་ནས། །སླར་ཞིང་གང་ལའང་མི་སློབ་བོ། ཞེས་བྱ་བ་གསུངས་ཏེ། དེ་ལ་ཟུང་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པའོ། །དེ་ལ་ཀུན་རྫོབ་ཀྱི་བདེན་པ་ནི་ཡེ་ཤེས་ཀྱི་སྐུ་སྟེ་བདག་ལ་བྱིན་གྱིས་བརླབ་པའི་རིམ་ པ་ལས་འབྱུང་བའི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཏེ། སྒྱུ་མའི་རྣམ་པར་རྟོག་པས་བསྒྲིབས་པའི་ཕྱིར་རོ། །དོན་དམ་པའི་བདེན་པ་ནི་རང་བཞིན་གྱིས་འོད་གསལ་བ་སྟེ་རིམ་པ་བཞི་པས་ཐོབ་པར་བྱ་བའོ། །དེ་དག་གཉིས་རིམ་པ་གང་ལ་ཐ་མི་དད་པར་གྱུར་པ་དེ་ནི་ཟུང་འཇུག་གི་རིམ་པ་སྟེ། མི་སློབ་ པའི་རང་བཞིན་ནི་སངས་རྒྱས་ཀྱི་སའི་མཚན་ཉིད་ཅན་ནོ། །དེ་ཉིད་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་དང་། ཐ་མི་དད་པའི་རང་བཞིན་དང་། རྩེ་གཅིག་པའི་རང་བཞིན་དུ་གྱུར་པའི་ཏིང་ངེ་འཛིན་ཏེ་ཟུང་འཇུག་གི་ཏིང་ངེ་འཛིན་ནོ། །དེ་ལ་གནས་ན་གང་ལ་ཡང་མི་སློབ་པ་ཞེས་བྱ་བ་ནི་རྣལ་ འབྱོར་པ་དེ་ལ་བསྒོམ་པར་བྱ་བ་གང་ཡང་མེད་དོ་ཞེས་ངག་གི་དོན་ཏོ། །གང་གི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དང་པོར་སློབ་པ་དང་ལྡན་པའི་ཕྱིར་ཕྱི་ནས་གང་ལ་ཡང་སློབ་པ་མ་ཡིན་ཏེ་སྒྲ་འབྱེད་པ་ལྟ་བུའོ། །དེ་ཉིད་ཀྱི་ཕྱིར་འདི་ལྟར་གསུངས་ཏེ། ཤེས་བྱ་དང་ཁྱད་མེད་པའི་ཕྱིར་ 37-1-206a ཡེ་ཤེས་ཀྱིས་ནམ་མཁའི་མཐིལ་དང་འདྲ་བའི་ཆོས་ཐམས་ཅད་མཐོང་བར་འགྱུར་རོ། །དེ་ལས་རྗེས་སུ་ཐོབ་པའི་ཤེས་པས་སྒྱུ་མ་དང་། སྨིག་རྒྱུ་དང་། གཟུགས་བརྙན་དང་། ཆུ་ཟླ་དང་། དྲི་ཟའི་གྲོང་ཁྱེར་དང་འདྲ་བའི་ཆོས་ཐམས་ཅད་མཐོང་བ་ཡིན་ཏེ་ཐམས་ཅད་མཁྱེན་ པའི་ས་འདིར་ཟུང་འཇུག་གི་རིམ་པར་བཤད་དོ། །དེ་ལྟར་རིམ་པ་ལྔ་པའི་གོ་རིམས་རབ་ཏུ་བསྟན་ནས། ད་ནི་ཟུང་འཇུག་རིམ་པའི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། འདི་ནི་རྫོགས་པའི་རྣལ་འབྱོར་པ། །རྡོ་རྗེ་འཛིན་པ་ཆེན་པོའང་དེ། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཐམས་ཅད་མཁྱེན་པར་དེ་ནས་ འགྱུར། །ཞེས་བྱ་བ་གསུངས་ཏེ། འདི་ཞེས་བྱ་བ་ནི་ཐམས་ཅད་ཀྱི་མིང་གིས་ཟུང་འཇུག་གི་རིམ་པ་གཟུང་བར་བྱའོ། །དེ་ལ་སྒྲ་ཐམས་ཅད་ནི་ངེས་པ་དང་ལྡན་པ་ཡིན་ནོ་ཞེས་བྱ་བས་ཟུང་འཇུག་གི་རིམ་པ་འདི་ཁོ་ན་རྫོགས་པའི་རྣལ་འབྱོར་པ་སྟེ། མི་སློབ་པའི་ལམ་གྱི་རང་བཞིན་ཡིན་པའི་ཕྱིར་རོ་ རྡོ་རྗེ་བཟླས་པ་ལ་སོགས་པ་རྣམས་རྫོགས་པའི་རིམ་པ་ཉིད་དུ་བསྟན་པ་ནི་ཉེ་བར་བཏགས་པས་སོ། །ཉེ་བར་བཏགས་པ་དེ་ཡང་རྒྱུ་དང་འབྲས་བུའི་བྱེ་བྲག་གིས་བྱས་པ་སྟེ། དཔེར་ན་ཚེ་མར་ལྟ་བུའོ། །དེ་ཉིད་ཀྱི་ཕྱིར། རྡོ་རྗེ་འཛིན་པ་ཆེན་པོའང་དེ། །ཞེས་བྱ་བ་ནི་གང་ཞིག་ཟུང་འཇུག་གི་རིམ་པ་འདི་ དེ་ཉིད་རྡོ་རྗེ་འཛིན་པ་ཆེན་པོ་ནི་ཤེས་པ་དང་། ཤེས་བྱ་བ་དང་། ཆོས་ཅན་དང་། ཆོས་ཉིད་ཐ་མི་དད་པའི་ངོ་བོར་ཤེས་པར་བྱའོ། །ཆོས་ཀྱི་སྐུ་བསྟན་ནས་ལོངས་སྤྱོད་རྫོགས་པའི་སྐུ་བསྟན་པར་བྱ་སྟེ། རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཐམས་ཅད་མཁྱེན་པར་དེ་ནས་འགྱུར། །ཞེས་བྱ་བ་ལ་སྟོབས་ བཅུ་དང་མི་འཇིགས་པ་དང་མཚན་དང་དཔེ་བྱད་རྣམས་ཀྱིས་རྣམ་པར་བརྒྱན་པའི་སྐུ་ཐམས་ཅད་མཁྱེན་པའི་སྐུ་མ་ལུས་པའི་ཁམས་གསུམ་པའི་སེམས་ཅན་གྱི་རང་བཞིན་མཁྱེན་པའི་རིམ་པ་འདི་ཉིད་ལས་འབྱུང་བར་འགྱུར་ཏེ་མཐར་ཐུག་པའི་བཤད་པའོ། །དེ་ཉིད་ཀྱི་རྫུ་འཕྲུལ་བཤད་པའི་ ཕྱིར། འདས་པ་དང་ནི་མ་འོངས་དང་། །ད་ལྟར་བྱུང་བའི་སྲིད་གསུམ་ནི། །འོད་གསལ་བས་ནི་རྣམ་དག་པས། །སྐད་ཅིག་དེ་ལ་མ་ལུས་མཐོང་། །ཞེས་བྱ་བ་གསུངས་ཏེ། སྐད་ཅིག་མས་མ་ལུས་པ་མཐོང་ངོ་ཞེས་བྱ་བ་ཚིག་གི་འབྲེལ་པའོ། །སྐད་ཅིག་མ་ནི་ཟུང་འཇུག་གི་རིམ་པའི་ཏིང་ངེ་ 37-1-206b འཛིན་ཐོབ་པའི་སྐད་ཅིག་མ་སྟེ། དེ་ཡང་འདིར་བྱ་བ་ཡོངས་སུ་རྫོགས་པའི་སྐད་ཅིག་མ་འདོད་པ་ཡིན་ཏེ་སྐད་ཅིག་སེ་གོལ་ཞེས་བྱ་བ་དེ་ནི་མ་ཡིན་ནོ། །གང་གི་ཕྱིར་འཕགས་པའི་ཞལ་སྔ་ནས་ཀྱང་། རིམ་པས་སངས་རྒྱས་ཀྱི་ས་ཐོབ་པར་འགྱུར་ཏེ་ཅིག་ཅར་ནི་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །དེ་ ཡང་། བསྐྱེད་པའི་རིམ་པ་ལེགས་གནས་ཤིང་། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་བྱ་བ་འདི་གསུངས་སོ། །འོད་གསལ་བས་ནི་རྣམ་དག་པས། །ཞེས་བྱ་བ་ནི་མངོན་པར་བྱང་ཆུབ་པའི་རིམ་ པས་ཐོབ་པའི་དེ་ཁོ་ན་ཉིད་བཞི་པའི་རྣམ་པར་དག་པའི་རྒྱུ་ལས་མ་ལུས་པ་མཐོང་བ་ནི་དོན་ཐམས་ཅད་མངོན་དུ་བྱེད་པ་ཡིན་ནོ། །ཁམས་རྣམས་ནི་དོན་མང་པོ་དང་ལྡན་པས་མཐོང་བ་ནི་འདིར་མངོན་དུ་བྱེད་པའི་དོན་དུའོ། །མ་ལུས་པ་དེ་གང་ཡིན་ཞེ་ན། སྲིད་པ་གསུམ་དུ་གནས་པའི་སེམས་ཅན་ ཐམས་ཅད་ཀྱི་གང་ཞིག་མ་འོངས་པ་དང་། འདས་པ་དང་། ད་ལྟར་བྱུང་བ་ནི་རྩོམ་པ་དང་། ཡོངས་སུ་མ་རྫོགས་པའི་རྒྱུ་གང་འགྱུར་བ་དང་། རྐྱེན་དང་། རྣམ་པ་དང་། དམིགས་པ་དང་། བདག་པོ་གང་གྱུར་པའི་སེམས་ཅན་གྱི་སྤྱོད་པ་འདོད་ཆགས་ལ་སོགས་པ་དགེ་བ་དང་། མི་དགེ་བ་དང་ལྡན་པ་ གང་ཡིན་པ་དེ་ཤེས་པ་ཡིན་ནོ། །འདིར་ནི་རིགས་པ་འདི་ཡིན་ཏེ། འདིར་ནི་དངོས་པོ་ཐམས་ཅད་དོན་དམ་པའི་བདེན་པ་ལ་རག་ལུས་ཏེ། དེ་རྣམས་ཀྱི་རང་བཞིན་འོད་གསལ་བ་ཁོ་ན་ཡིན་ཏེ་དཔེར་ན་བུ་རམ་གྱི་མངར་བ་ཉིད་དང་། མེའི་ཚ་བ་ཉིད་ལྟ་བུའོ། །དེ་བས་ན་འོད་གསལ་རྟོགས་ན་རང་བཞིན་ ཡོངས་སུ་ཤེས་པས། བྱང་ཆུབ་སེམས་དཔའ་རྣམས་ལ་དངོས་པོའི་རང་བཞིན་ཉིད་གསལ་བར་འགྱུར་རོ། །ཇི་སྐད་དུ། དོན་དམ་པ་ཡི་དོན་ནི་གཅིག་ཉིད་མཐོང་གྱུར་ན། །འགྲོ་བ་ཐམས་ཅད་རང་བཞིན་གཅིག་པ་མཐོང་བར་འགྱུར། །དཔེར་ན་རྒྱ་མཚོའི་འགྲམ་དུ་ཆུ་ནི་འཐུང་བ་ན། །དེ་ཡིས་དེ་ཡི་མ་ལུས་ཆུ་དེ་ཤེས་པར་ འགྱུར། །ཞེས་བྱ་བ་འབྱུང་བ་དང་དེ་བཞིན་དུ། དངོས་པོ་གཅིག་ནི་དངོས་པོ་ཀུན་གྱི་རང་བཞིན་ཉིད། །དངོས་པོ་ཐམས་ཅད་དངོས་པོ་གཅིག་གི་རང་བཞིན་ཏེ། །གང་གིས་དངོས་པོ་གཅིག་དེ་དོན་དམ་མཐོང་གྱུར་ན། །དེ་ཡིས་དངོས་པོ་ཐམས་ཅད་ཡོངས་སུ་མཐོང་བར་འགྱུར། །ཞེས་བྱ་བ་འབྱུང་བའི་ཕྱིར་ཏེ་དྲང་བའི་དོན་ཏོ། །འོད་གསལ་ 37-1-207a བ་ཁོ་ན་རྣམ་པར་དག་པ་སྟེ་རང་བཞིན་རྣམ་པར་སྦྱང་བའི་ཐབས་སོ། །རྣམ་པར་དག་པ་དེ་ལ་དམིགས་ནས་མ་འོངས་པ་ལ་སོགས་པའི་སྒྲ་རྣམས་ཀྱིས་བརྗོད་པར་བྱ་བའི་སྣང་བ་ཉེ་བར་ཐོབ་པ་ལ་སོགས་པའི་ཡེ་ཤེས་རྣམས་མཐོང་བ་ནི་རང་བཞིན་ཡོངས་སུ་ཤེས་པས་མངོན་དུ་བྱེད་པ་ཡིན་ནོ། ། གང་གི་ཕྱིར་རང་བཞིན་རྣམས་ནི་གཉེན་པོའི་བྱེ་བྲག་གིས་སྤང་བར་མི་འགྱུར་ཏེ། ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་ཡོངས་སུ་ཤེས་པ་ཁོ་ན་ཉི་མངོན་དུ་བྱ་བ་ཡིན་ནོ། །སྐད་ཅིག་མ་ནི་འོད་གསལ་རྟོགས་པའི་སྐད་ཅིག་མ་སྟེ། འདིར་བདེ་བ་ཆེན་པོ་ཉམས་སུ་མྱོང་བའི་སྐད་ཅིག་མ་འདོད་པ་ཡིན་ཏེ་ ངེས་པའི་དོན་ཏོ། །ད་ནི་རང་བཟོ་དགག་པར་བྱ་བའི་ཕྱིར་ལུང་ཚད་མ་ཉིད་བཤད་པར་བྱ་སྟེ། དཔལ་ལྡན་འདུས་པའི་རྒྱུད་དུ་ནི། །དེ་ཉིད་འདི་དག་རྒྱས་བཏབ་གནས། །བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །བླ་མའི་ཁ་ལས་རྟོགས་པར་བྱ། །ཞེས་བྱ་བ་འབྱུང་ངོ་། །འདི་དག་ཅེས་བྱ་ནི་ཐམས་ ཅད་ཀྱི་མིང་གིས་སྔར་བཤད་པའི་རིམ་པ་ལྔ་པོ་གཟུང་བར་བྱའོ། །དེ་ཉིད་ཅེས་བྱ་བ་ནི་རིམ་པ་ལྔ་པོའི་བརྗོད་པར་བྱ་བའི་མན་ངག་གི་མཚན་ཉིད་ཅན་གྱི་དེ་ཁོ་ན་ཉིད་གང་ཡིན་པ་དེ་ནི་དཔལ་གསང་བ་འདུས་པའི་རྒྱུད་དུ་རྒྱས་བཏབ། གནས་པ་ནི་དོན་ཤིན་ཏུ་ཟབ་པའི་ཕྱིར་རྟོགས་པར་མི་འགྱུར་བའོ། ། གལ་ཏེ་རྒྱས་བཏབ་པ་ཡིན་ན་ཇི་ལྟར་རྟོགས་པར་འགྱུར་ཞེ་ན། བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །ཞེས་བྱ་བ་ལ་བཤད་པའི་རྒྱུད་ནི་བཞི་སྟེ། དགོངས་པ་ལུང་བསྟན་དང་། རྡོ་རྗེ་འཕྲེང་བ་དང་། ལྷ་མོ་བཞིས་ཆོས་ཀྱི་དབྱིངས་ཡོངས་སུ་ཞུས་པ་དང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པའོ། ། དེ་རྣམས་ཀྱི་རྗེས་སུ་འབྲང་བ་ནི་དེ་རྣམས་ཀྱི་གོ་རིམས་ཀྱིས་སོ། །འོ་ན་བཤད་པའི་རྒྱུད་ཁོ་ན་ལས་རྟོགས་པར་འགྱུར་ཞེ་ན་དེ་ཡང་མ་ཡིན་ཏེ། བླ་མའི་ཁ་ལས་རྟོགས་པར་བྱ། །ཞེས་བྱ་བ་ནི་བཤད་པའི་རྒྱུད་ཀྱི་རྗེས་སུ་འབྲང་བ་ཙམ་གྱིས་རྟོགས་པར་མི་འགྱུར་རོ། །གང་གི་ཕྱིར་བཤད་པའི་རྒྱུད་ རྣམས་ལ་གང་ཞིག་ཤིན་ཏུ་ཟབ་པའི་མན་ངག་བསྟན་པ་དེ་རྣམས་ཇི་སྲིད་དེ་ཁོ་ན་ཉིད་རྟོགས་པའི་བླ་མ་ལས་མ་ཐོབ་ན། དེ་སྲིད་དེ་རྣམས་རྩ་བའི་རྒྱུད་དང་འདྲ་བའི་ཞེས་དགོངས་པའོ། །དེ་ལ་རྡོ་རྗེ་བཟླས་པའི་རིམ་པའི་མདོར་བསྟན་པ་བཤད་པའི་ཕྱིར་དེ་ལ་དང་པོ་ཁོ་ནར་རླུང་གི་དེ་ཁོ་ན་ཉིད་བསྟན་པའི་ 37-1-207b ཚིག་རྩ་བའི་རྒྱུད་ལ་འཇུག་པར་བྱ་སྟེ་ཞེས་བྱ་བ་གསུངས་ཏེ། འདིར་མདོ་སྡེ་དང་། རྒྱུད་དང་། རྟོག་པ་དང་། རབ་ཏུ་བྱེད་པ་ཀུན་ལ་རྣམ་པ་གསུམ་དུ་སྐབས་བཤད་པ་ཡིན་ཏེ། མདོར་བསྟན་པ་དང་རྒྱས་པར་བཤད་པ་དང་། ཡང་བཤད་པའི་དབྱེ་བས་སོ། །དེ་ལ་མདོར་བསྟན་པ་ནི་དེ་ཁོ་ན་ཉིད་ཀྱི་དངོས་ པོ་ཙམ་བསྟན་པ་དང་། རྒྱས་པར་བཤད་པ་ནི་དེ་ཉིད་ཡིན་ལ་ཐམས་ཅད་ཡོངས་སུ་རྫོགས་པས་ཐེ་ཚོམ་མེད་པར་རྟོགས་པ་དང་། ཡང་བསྟན་པ་ནི་འགྲེལ་པའི་ཚུལ་དུ་གནས་པའོ། །དེ་ལ་རེ་ཞིག་མདོར་བསྟན་པ་ནི་རྩ་བའི་རྒྱུད་དཔལ་གསང་བ་འདུས་པ་ལ་འཇུག་པར་བྱ་བ་ནི་སྐུ་གསུང་ཐུགས་བྱིན་ གྱིས་བརླབ་པའི་མཚན་ཉིད་ཀྱི་ལེའུ་དྲུག་པ་ལས་སོ་ཞེས་ཚིག་གི་ལྷག་མའོ། །དེ་ཉིད་བཤད་པར་བྱ་བའི་ཕྱིར། སྣ་ཡི་རྩེ་མོར་ཡུངས་ཀར་བསམ། །འགྲོ་དང་མི་འགྲོ་ཡུངས་ཀར་ལ། །གསང་བའི་སྔགས་ཀྱིས་རྟག་པ་ཡི། །ཡེ་ཤེས་མཆོག་གི་གནས་བསྒོམ་མོ། །རིན་ཆེན་ཁ་དོག་སྣ་ ལྔ་པ། །ཡུངས་ཀར་གྱི་ནི་འབྲུ་ཚོད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་རིག་པས་རྟག་ཏུ་བསྒོམ། །ཞེས་བྱ་བ་རྡོ་རྗེའི་མདོ་གཉིས་ཀྱི་དེ་ཁོ་ན་ཉིད་དྲུག་གིས་ངེས་པར་བཤད་པར་བྱ་སྟེ། སྲིད་པ་སྐྱེ་བའི་རིམ་པ་དང་། རྟོག་པའི་ལྷའི་རྣལ་འབྱོར་དང་། རླུང་གི་དེ་ཁོ་ན་ཉིད་དང་། སྔགས་ཀྱི་དེ་ཁོ་ན་ཉིད་དང་། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དང་། ལྷ་ཡོངས་སུ་དག་པའི་དེ་ཁོ་ན་ཉིད་དོ། །དེ་ལ་སྟེང་དུ་གནས་པའི་སྲོག་དང་རྩོལ་བ་དབང་པོ་གཉིས་ཡང་དག་པར་སྦྱར་ནས། ནང་གི་བདག་ཉིད་ཀྱི་ཐབས་དང་ཤེས་རབ་སྙོམས་པར་ཞུགས་པས་ཁྱད་པར་གྱི་དགའ་བའི་སྟོབས་ཀྱིས་ བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་པདྨ་འི་སྣའི་རྩེ་མོར་གང་ལྟུང་བ་དེས་སེམས་ཅན་གྱི་ཁམས་སྐྱེད་པར་བྱེད་པ་སྟེ། སྣའི་རྩེ་མོར་ནི་པདྨའི་སྣའི་རྩེ་མོར། ཡུངས་ཀར་ནི་ཐིག་ལེ། བསམ་པ་ནི་ལྟུང་བ་སྟེ་སྐད་ཀྱི་བྱིངས་དོན་དུ་མར་ཡོད་པའི་ཕྱིར་ཏེ། སྲིད་པར་སྐྱེ་བའི་རིམ་པའོ། །འགྲོ་དང་མི་ འགྲོ་ཡུངས་ཀར་ལ། །ཞེས་བྱ་བ་ནི་ཤེས་རབ་མའི་པདྨའི་ནང་དུ་བསྒོམས་པའི་རང་གི་ལྷའི་སྐུ་ཐིམ་པའི་རྒྱུ་མཐུན་པ་ལས་བྱུང་བའི་ཕྲ་བའི་ཡུངས་ཀར་གྱི་དབུས་སུ། འགྲོ་དང་མི་འགྲོ་ནི་གཞལ་ཡས་ཁང་པའི་ནང་དུ་བཞུགས་པའི་སྐྲའི་རྩེ་མོའི་ཚད་ཙམ་རྡོ་རྗེ་འཆང་གི་དཀྱིལ་འཁོར་ 37-1-208a བསྒོམ་པར་བྱ་སྟེ་རྟག་པའི་ལྷའི་རྣལ་འབྱོར་རོ། །ཡེ་ཤེས་མཆོག་གི་གནས་སྒོམ་མོ། །ཞེས་བྱ་བ་ནི་ཡེ་ཤེས་གསུམ་གྱི་གནས་ཡུངས་ཀར་ཉིད་སྣའི་རྩེ་མོ་ནི་ཁའི་སྣའི་རྩེ་མོར་དཀྱིལ་འཁོར་བཞི་ཤར་བའི་དུས་སུ་དམར་པོ་ལ་སོགས་པའི་དབྱེ་བས་གཡས་ལ་སོགས་པའི་རིམ་པས་ཐུན་ ཕྱེད་ཕྱེད་ཀྱི་དུས་སུ་འཛིན་པར་བྱ་སྟེ། རླུང་གི་དེ་ཁོ་ན་ཉིད་དོ། །འཇུག་པ་ལ་སོགས་པ་ནི་ཡི་གེ་གསུམ་གྱི་བདག་ཉིད་ཡིན་པས་སྔགས་དང་རླུང་དག་ཐ་མི་དད་པའི་ཕྱིར་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱང་བསྟན་པར་འགྱུར་རོ། །སླར་ཡང་ལོག་ཅིང་བཤད་པར་བྱ་སྟེ། ཡུངས་ཀར་ནི་ཕྲ་མོའི་ཁམས་ཏེ། དེ་ ལ་འགྲོ་དང་མི་འགྲོ་ནི་དེའི་རང་བཞིན་གྱི་ཡེ་ཤེས་གསུམ། བསམ་པ་ནི་ཤེས་པར་བྱ་བ་སྟེ་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོ། །ཡེ་ཤེས་མཆོག་གི་གནས་ཞེས་བྱ་བ་ནི་ཡུངས་ཀར་དེ་ཡེ་ཤེས་གནས་ནི་ཡེ་ཤེས་ཀྱི་སྐུའི་རང་བཞིན་ཏེ་བརྒྱ་བྱིན་གྱི་གཞུ་བཞིན་དུ་མཛེས་པ་དང་། སྦས་པའི་ཕྱིར་གསང་བ་བསྒོམ་ པར་བྱ་སྟེ། ལྷ་ཡོངས་སུ་དག་པའི་དེ་ཁོ་ན་ཉིད་དོ། །ཡེ་ཤེས་ཞེས་བྱ་བ་ནི་ཛྙཱ་ན་སྟེ་ཛྙཱ་ནི་རྟོགས་པ་དང་ན་ནི་དགག་པ་ལའོ། །དེ་བས་ན་ཡེ་ཤེས་མེད་པ་སྟེ་འོད་གསལ་བའོ། །དེ་ལས་འབྱུང་བའི་རྡོ་རྗེའི་སྐུ་ཟུང་འཇུག་གི་རིམ་པས་ཐོབ་པའི་རྡོ་རྗེ་འཆང་ཆེན་པོའི་སྐུ་བསྒོམ་པར་བྱའོ་ཞེས་དགོངས་པའོ། །གལ་ ཏེ་འདིར་རླུང་དང་སྔགས་ཀྱི་དེ་ཁོ་ན་ཉིད་དགོས་ན་ཡང་སྔ་མའི་སློབ་དཔོན་གྱི་བཤད་པ་ལས་མ་འདས་པའི་ཕྱིར། དེ་ཁོ་ན་ཉིད་དྲུག་གི་མན་ངག་བསྟན་ཏོ། །ཡུངས་ཀར་དེ་ཉིད་ཀྱི་ཁྱད་པར་བསྟན་པའི་ཕྱིར། རིན་ཆེན་ཁ་དོག་སྣ་ལྔ་པ། །ཞེས་བྱ་བ་གསུངས་ཏེ་ཁ་དོག་སྣ་ལྔ་པ་ནི་རླུང་ལྔ་ཉེ་བར་བསྡུ་ བའི་རྣམ་པ་ཅན་ནོ། །རིན་ཆེན་ནི་ཞི་བ་ལ་སོགས་པའི་ལས་འགྲུབ་པ་འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའོ། །ཡུངས་ཀར་གྱི་ནི་འབྲུ་ཚོད་ཙམ། །ཞེས་བྱ་བས་ཤིན་ཏུ་ཕྲ་རབ་རྡུལ་གྱི་ཚད་བསྟན་ཏོ། །སྣའི་རྩེ་མོར་ཞེས་བྱ་བ་ལ་སོགས་པས་སྔར་བཤད་པའི་དོན་གསལ་བར་བྱེད་ པའོ། །ནན་ཏན་དུ་ཞེས་བྱ་བ་ནི་བར་ཆད་མེད་པའི་སེམས་ཀྱིས་སོ། །རྣལ་འབྱོར་རིག་པ་ཞེས་བྱ་བ་ནི་ཕྲ་མོའི་བསྒོམ་པ་ཡོངས་སུ་ཤེས་པས་སོ། །རྟག་ཏུ་ཞེས་བྱ་བ་ནི་ཇི་སྲིད་སེམས་དབང་དུ་གྱུར་པ་ཐོབ་པའི་དུས་དེ་སྲིད་ཀྱི་བར་དུའོ་ཞེས་ཐ་ཚིག་གོ། །དགོངས་པས་བཤད་པ་ནི་འགལ་ 37-1-208b བའི་ཚིག་གི་སྦྱོར་བས་དེ་ཁོ་ན་ཉིད་བསྟན་པའོ། །རྡོ་རྗེ་ཚིག་འདི་ཞེས་བྱ་བ་ལ་སོགས་པས་ལྷ་མོ་བཞིས་ཡོངས་སུ་ཞུས་པའི་རྒྱུད་ཀྱི་རྒྱས་པར་བཤད་པ་བསྟན་པར་བྱ་བའི་ཕྱིར། སྙིང་པོ་ལས་ནི་སྙིང་པོ་མཆོག །སངས་རྒྱས་ཀུན་གྱི་གསང་བ་ནི། །གང་དེ་ཐམས་ཅད་བདག་ཉིད་གནས། །དེ་ནི་ལྷ་མོ་ བཤད་པར་བྱ། །ཡེ་ཤེས་ལྔ་ཡི་དངོས་དེ་ཉིད། །ཡུངས་ཀར་གྱི་ནི་འབྲུ་ཚོད་ཙམ། །དེ་ཡི་དབུས་ན་གནས་པའི་ལྷ། །མི་གསལ་གསལ་བའི་བདག་ཉིད་ཅན། །ཞེས་བྱ་བ་གསུངས་ཏེ། དེ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་མིང་དང་འདྲ་བའི་ཚིག་ཕྲད་གཏན་ཚིགས་ལ་འཇུག་གོ། །གང་གི་ཕྱིར་ལྷ་མོ་ཁྱོད་ཀྱིས་བདག་ལ་ རླུང་གི་དེ་ཁོ་ན་ཉིད་དྲིས་པ་དེའི་ཕྱིར་ཁྱོད་ལ་གསང་བ་དེ་བདག་གིས་བཤད་པར་བྱ་ཞེས་ཚིག་གི་འབྲེལ་པའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། སྙིང་པོ་ལས་ཀྱང་སྙིང་པོ་མཆོག །ཅེས་བྱ་བ་ནི་སྙིང་པོ་ནི་བསྐྱེད་པའི་རིམ་པ་སྟེ་དེ་ལས་ཀྱང་སྙིང་པོ་ནི་རྫོགས་པའི་རིམ་པའོ། །མཆོག་ནི་རླུང་གི་དེ་ཁོ་ན་ཉིད་དེ་ཁྱད་ པར་དང་ལྡན་པའི་ཕྱིར་དང་། དེ་མེད་ན་དེ་ལ་འཇུག་པར་མི་འགྱུར་བའི་ཕྱིར་དང་ཕྲ་མོ་ཡིན་པའི་ཕྱིར་རོ། །རྟོག་པའི་རྣལ་འབྱོར་པ་རྣམས་ལ་སྦས་པའི་ཕྱིར་གསང་བའོ། །ཡང་ན་ར་དང་ཧ་དག་ལས་འཛག་པས་ན་གསང་བའོ། །འདིས་ནི་འདོད་ཆགས་ཀྱི་རིགས་ཅན་ལ་རླུང་གི་དེ་ཁོ་ན་ཉིད་ཀྱི་ བསྒོམ་པ་བསྟན་ཏོ། །དེ་བཞིན་དུ་སངས་རྒྱས་ཀུན་ནི་ཕུང་པོ་ལྔའི་བདག་ཉིད་ལ་དེའི་རང་བཞིན་གྱི་ཁྱད་པར་བྱེད་པ་ཉིད་དུ་གནས་པའོ། །དེ་གང་ཞིག་གི་ཕྱིར་སྲོག་ལ་སོགས་པ་རླུང་ལྔ་པོ་ཕུང་པོ་རྣམས་ལ་བརྟེན་ཏེ། གནས་པ་གང་ཡིན་པ་དེ་རྣམས་རོ་གཅིག་པར་འགྱུར་བ་ནི་རླུང་གི་དེ་ཁོ་ན་ཉིད་ ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱི་དགོངས་པའོ། །དེ་ཉིད་ཀྱི་ཕྱིར། ཡེ་ཤེས་ལྔ་ཡི་དངོས་དེ་ཉིད། །ཅེས་བྱ་བ་ནི་དར་ཞིག་ཀུནྡ་དག་པ་དང་ཟླ་བ་འདྲ་བའི་ཐིག་ལེའི་གཟུགས་གང་ཡིན་པ་དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཁམས་ཉི་ཤུ་རྩ་གཉིས་རོ་གཅིག་པའི་གཟུགས་གང་ཡིན་པ་དེ་ནི་ མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེའི་བདེ་བ་ཉམས་སུ་མྱོང་བ་གང་ཡིན་པ་དེ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ནས་སྤྲོ་བ་དང་བསྡུ་བ་རྣམས་ཀྱིས་འགྲོ་བའི་དོན་གང་བྱེད་པ་དེ་ནི་བྱ་བ་ནན་ཏན་དུ་གྲུབ་པའི་ཡེ་ཤེས་སོ། །དེ་ལས་སྲིད་པ་བསྐྱེད་པའི་རིམ་པའམ། རང་བཞིན་མེད་པ་ 37-1-209a རྟོགས་པར་འགྱུར་བ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ཡུངས་ཀར་གྱི་ནི་འབྲུ་ཚོད་ཙམ། །ཞེས་བྱ་བས་དེའི་ཚད་བསྟན་ཏོ། །འོ་ན་རྩ་བདུན་ཁྲི་ཉིས་སྟོང་གི་ཁོང་སྟོང་ལས་འཛག་པའི་བྱང་ཆུབ་ཀྱི་སེམས་ཀྱི་དབའ་རླབས་གང་ཡིན་པ་དེ་ཉིད་ཐིག་ལེ་ཙམ་དུ་ཇི་ལྟར་གནས། གལ་ ཏེ་བསྒོམ་པས་བརྟགས་ན་དེའི་ཚེ་རྫོགས་པའི་རིམ་པ་ཉམས་པར་འགྱུར་རོ། །སྨྲས་པ། འདིར་རྩའི་འཁོར་ལོའི་ནང་ན་འདོད་པའི་གཟུགས་གཙོ་བོ་ཡིན་ཏེ་བདེ་བ་ཆེན་པོའི་གནས་སུ་ཀུན་དུ་རྒྱུ་བ་དེ་ཉིད་དུ་ཐིམ་པར་འགྱུར་རོ། །རྩ་དབུས་མ་དེ་ཡང་གཟུགས་ཕྲ་མོ་ཡིན་ཏེ། དེའི་རྗེས་སུ་འབྲང་བས་ ཕྲ་མོའི་ཐིག་ལེའི་རྗེས་སུ་གནས་པ་ཡིན་ནོ་ཞེས་བཤད་པ་སྟེ་འགལ་བ་ཡང་མེད་དོ། །དེ་བཞིན་དུ་དེའི་དབུས་ན་གནས་པའི་ལྷ་ཞེས་བྱ་བ་ནི་ཡུངས་ཀར་དེ་ཉིད་ཀྱི་དབུས་ན་ལྷ་ནི་རྡོ་རྗེ་འཆང་གནས་པ་ཡིན་ནོ། །རང་རིག་པ་ཉིད་སྣང་བར་གྱུར་པས་ན་འོད་གསལ་བའོ། །དེ་ཉིད་ཀྱི་ཕྱིར་མི་གསལ་བ་ནི་ ཞལ་དང་ཕྱག་ལ་སོགས་པ་དང་བྲལ་བའི་ཕྱིར་རྣལ་འབྱོར་གྱི་ཤེས་པས་རྟོགས་པར་བྱའོ། །དོན་དམ་པའི་ཕྱོགས་བསྟན་ནས་ཀུན་རྫོབ་ཀྱི་ཕྱོགས་བཤད་པར་བྱ་སྟེ། གསལ་བའི་བདག་ཉིད་ཅན་ཞེས་བྱ་བ་ནི་ཁ་བའི་ཚོགས་དང་འདྲ་བའི་སྐུ་འཛིན་པའོ། །འདིས་ནི་བདེན་པ་གཉིས་རང་བཞིན་ཐ་མི་དད་པའི་རང་ བཞིན་བསྟན་པ་ཡིན་ནོ། །གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་ཀྱང་ཞེས་བྱ་བ་ལ་སོགས་པས་ཡང་བཤད་པ་གསུངས་ཏེ། དེ་ཡང་འདུས་པའི་རྒྱུད་ཕྱི་མ་ནི་ལེའུ་བཅོ་བརྒྱད་པའོ། །གང་གི་ཕྱིར་དེ་ནི་རྩ་བའི་རྒྱུད་ཀྱི་འགྲེལ་པའི་ཚུལ་དུ་གནས་པ་སྟེ། དེ་ལས་བསལ་བར་གསུངས་པ་ནི་རྒྱས་པར་བཤད་པ་ཡང་ ཕྱེ་བས་སྡུད་པ་པོས་བཤད་པ་ཡིན་ནོ་ཞེས་ངག་གི་ལྷག་མའོ། །ཡེ་ཤེས་ལྔ་ཡིས་རང་བཞིན་དབུགས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་རབ་ཏུ་བརྟག །རིན་ཆེན་ཁ་དོག་སྣ་ལྔ་པ། །སྲོག་དང་རྩོལ་བ་ཞེས་བྱར་བཤད། །རང་སྔགས་སྙིང་གར་ བསམས་ནས་ནི། །སྲོག་ནི་ཐིག་ལེར་གནས་པར་གཞག །ཅེས་བྱ་བ་ཚིགས་སུ་བཅད་པ་གཉིས་ཀྱིས་རྒྱས་པར་བཤད་པ་ཡང་བཤད་པར་བྱ་སྟེ། ཡེ་ཤེས་ལྔའི་རང་བཞིན་གྱི་དབུགས་གོང་བུའི་གཟུགས་སུ་རབ་ཏུ་བརྟག་ཅེས་བྱ་བ་ཚིག་གི་འབྲེལ་པའོ། །ཡེ་ཤེས་ལྔའི་རང་བཞིན་ནི་སྔར་བཤད་ 37-1-209b ཟིན་ཏོ། །དབུགས་ཞེས་བྱ་བ་ནི་སྲོག་གི་རླུང་ངོ་། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །ཅེས་བྱ་བ་ནི་དེ་ཉིད་དཀྱིལ་འཁོར་བཞིར་ཤར་བས་རྣམ་པར་དཔྱད་ན། ཁྱབ་བྱེད་ཀྱི་རླུང་དང་བཅས་པས་འབྱུང་བ་ཆེན་པོ་ལྔ་ཉིད་ཡིན་ནོ། །དེ་ལ་ཐིག་ལེའི་གནས་སྐབས་སུ་གང་ཞིག་འདིའི་སྲ་བའི་མཚན་ཉིད་དེ་ནི་སའོ། ། ཁམས་སུམ་ཅུ་རྩ་གཉིས་གང་ཞིག་འདུ་བར་བྱེད་པ་དེ་ནི་ཆུའོ། །གང་ཞིག་དྲོད་ཀྱི་མཚན་ཉིད་གང་ཡིན་པ་དེ་ནི་མེའོ། །གང་ཞིག་འགྲོ་བ་དང་འོང་བ་དེའི་རང་བཞིན་དེ་ནི་རླུང་ངོ་། །གང་ཞིག་དེའི་རང་བཞིན་མེད་པ་དེ་ནི་འབྱུང་བ་ཆེན་པོ་ནམ་མཁའ་སྟེ་དེ་རྣམས་ཀྱི་རང་བཞིན་ནོ། །དེས་ནི་དེ་བཞིན་གཤེགས་པ་ ལྔའི་རང་བཞིན་ཉིད་བསྟན་པ་ཡིན་ཏེ་དེ་རྣམས་ནི་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་ཐིག་ལེའི་སྣའི་རྩེ་མོར་ནི་པདྨ་དང་རྡོ་རྗེའི་རྩེ་མོར་རྩ་བདུན་ཁྲི་ཉིས་སྟོང་གི་ཁོང་སྟོང་གི་ནང་ནས་ཕྱུང་ནས་ནི་འཛག་པར་འགྱུར་ཏེ། རྣལ་འབྱོར་པ་དང་རྣལ་འབྱོར་མ་དག་གིས་གོང་བུའི་གཟུགས་ནི། ཐིག་ལེའི་ གཟུགས་སུ་རབ་ཏུ་བརྟག །ཅེས་བྱ་བ་ནི་ལྷག་པར་མོས་པར་བྱ་སྟེ། དེས་ནི་འདོད་ཆགས་ཀྱི་རིགས་ཅན་ལ་ལྟོས་ཏེ་ཕྲ་མོའི་རྣལ་འབྱོར་བསྟན་ཏོ། །ཞེ་སྡང་གི་རིགས་ཅན་ལ་དེ་ཉིད་བཤད་པར་བྱ་སྟེ། རིན་ཆེན་ཁ་དོག་སྣ་ལྔ་པ། །ཞེས་བྱ་བ་ནི་སྔར་དོན་བཤད་ཟིན་ཏོ། །སྲོག་དང་རྩོལ་བ་ནི་རླུང་དེ་ ཉིད་རང་གི་སྔགས་ཀྱིས་གཟུགས་སུ་སྙིང་གའི་པདྨ་ལ་རང་བཞིན་གྱིས་གྲུབ་པའི་འཕྱང་བའི་འདོད་པའི་གདུགས་ཀྱི་དབུས་སུ་སྤྲིན་གྱི་སྒྲའི་ཐིག་ལེ་བསམས་ནས་དེ་རུ་སྲོག་གཞག་པ་ནི་རླུང་ལ་ཞོན་པའི་རྣམ་པར་ཤེས་པ་ཡང་གཞག་པར་བྱ་སྟེ་ཉམས་སུ་མྱོང་བའོ། །འདི་ཉིད་ཀྱང་སླར་བཤད་པ་ཞེས་བྱ་ བ་ལ་སོགས་པ་གོ་སླའོ། །སྣ་རྩེ་ཡུངས་ཀར་ཞེས་བྱ་བ། །སྲོག་དང་རྩོལ་བའི་བརྟག་པ་སྟེ། །སྲོག་དང་རྩོལ་བ་ལ་གནས་པ། །འོད་ལྔ་སངས་རྒྱས་རྣམས་སུ་བསྒོམ། །ཞེས་བྱ་བ་ནི་གཏི་མུག་གི་རིགས་ཅན་ལ་རླུང་གི་དེ་ཁོ་ན་ཉིད་བསྟན་ཏེ། སྲོག་དང་རྩོལ་བའི་བརྟག་པ་སྟེ། །ཞེས་ བྱ་བ་ནི་སྲོག་དང་རྩོལ་བ་མཚོན་ཆའོ། །གང་དུ་ཞེ་ན། སྣའི་རྩེ་མོར་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་སྣའི་རྩེ་མོ་སྟེ་ཁའི་སྣ་ལའོ། །སྲོག་དང་རྩོལ་བ་དེ་ཇི་ལྟ་བུ་ཡིན་ཞེ་ན། ཡུངས་ཀར་ཞེས་བྱ་བ་ནི་ཡུངས་ཀར་གྱི་ཚད་དོ། །སྲོག་དང་རྩོལ་བ་ནི་དེ་ཉིད་དུ་སངས་རྒྱས་ལྔའི་རང་བཞིན་གྱི་འོད་ཟེར་རྣམ་པ་ 37-1-210a ལྔ་གནས་པ་ཡིན་ནོ། །དེ་ལ་དཀྱིལ་འཁོར་བཞི་ལས་འབྱུང་བའི་འོད་ཟེར་བཞི་དང་། ལྔ་པ་ནི་ཁྱབ་བྱེད་ཀྱི་རླུང་གི་འོད་ཟེར་རོ། །དེས་ནི་འོད་ཟེར་གྱི་རང་བཞིན་གྱི་ཐིག་ལེ་བསྟན་ཏོ། །རིག་པའི་བདག་ཉིད་ནི་ཐིག་ལེ་སྟེ་ངེས་ཚིག་གོ། །སྣང་བ་དང་དགའ་བའི་རང་བཞིན་ཀུན་རྫོབ་དང་དོན་དམ་ པ་ཐ་མི་དད་པའི་རང་བཞིན་གྱི་ལམ་བར་ཡིན་ཞེས་ཐ་ཚིག་གོ། །འོད་ཟེར་འབྱུང་བའི་སྒོ་བསྟན་པར་བྱ་བའི་ཕྱིར། སྟེང་གི་སྣ་ལས་ངེས་འབྱུང་བ། །གཡོན་དང་གཡས་དང་གཉིས་ཀ་དང་། །དལ་བར་རྒྱུ་དང་རྣམ་བཞིར་འགྱུར། །ནང་གི་དུས་ནི་ཡིན་པར་བཤད། །ཅེས་བྱ་བ་གསུངས་ཏེ་འོད་ཟེར་འདི་ རྣམས་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་སྟེང་གི་སྣ་ནི་ཁའི་སྣ་སྟེ་དེ་ལས་འབྱུང་བ་ཡིན་ནོ། །ཇི་ལྟར་ཞེ་ན། གཡས་དང་གཡོན་དང་གཉིས་ཀ་དང་། །ཞེས་བྱ་བ་ལ། དེ་ལ་ཉིན་མོ་ཐུན་དང་པོ་ལ་མགྲིན་པར་གནས་པའི་པདྨའི་མེའི་དཀྱིལ་འཁོར་ལས་སྣའི་བུ་གར་གཡས་པ་ལས་ཁ་དོག་དམར་པོའི་འོད་ ཟེར་འབྱུང་བ་སྟེ། དེའི་ཚེ་དབང་གི་ལས་འགྲུབ་པ་ཡིན་ནོ། །ཐུན་གཉིས་པ་ལ་ལྟེ་བར་གནས་པའི་རླུང་གི་དཀྱིལ་འཁོར་ལས་སྣའི་བུ་ག་གཡོན་པ་ལ་ཁ་དོག་སྔོན་པོའི་འོད་ཟེར་འབྱུང་བ་སྟེ་དེའི་ཚེ་མངོན་སྤྱོད་ཀྱི་ལས་འགྲུབ་པ་ཡིན་ནོ། །ཉི་མ་ཕྱེད་ལས་བརྩམས་ཏེ། ཐུན་གསུམ་པ་ལ་གསང་བའི་པདྨར་གནས་ པའི་སའི་དཀྱིལ་འཁོར་ལས་གཉིས་ཀ་ལ་ཁ་དོག་སེར་པོའི་འོད་ཟེར་འབྱུང་བ་སྟེ་དེའི་ཚེ་རྒྱས་པའི་ལས་འགྲུབ་པ་ཡིན་ནོ། །ཐུན་བཞི་པ་ལ་སྙིང་གར་གནས་པའི་ཆུའི་དཀྱིལ་འཁོར་ལས་ཁ་དོག་དཀར་པོའི་འོད་ཟེར་དལ་ཞིང་དམན་པར་རྒྱུ་བ་གཉིས་ཀ་ལས་འབྱུང་བ་སྟེ། དེའི་ཚེ་ཞི་བའི་ལས་འགྲུབ་པ་ ཡིན་ནོ། །མཚན་མོ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །འདིར་ཡང་དཀྱིལ་འཁོར་རེ་རེ་ལས་ཡོན་ཏན་དང་གཙོ་བོའི་སྒོ་ནས་ཆ་བཞི་བཞི་གནས་པ་སྟེ། དེ་རྣམས་ཀྱང་རིམ་པ་འདི་ཉིད་ཀྱིས་འབྱུང་བར་ཤེས་པར་བྱའོ། །དེ་ལ་མེའི་དཀྱིལ་འཁོར་གྱི་རང་གི་ཆ་ཤར་བ་ན། གཡས་པའི་གཡས་པ་ལས་ ཁ་དོག་དམར་པོའི་འོད་ཟེར་འབྱུང་བ་ཡིན་ནོ། །མེའི་རླུང་གི་ཆ་ཤར་ན་གཡས་པའི་གཡོན་པ་ལས་ཁ་དོག་སྔོན་པོའི་འོད་ཟེར་འབྱུང་བ་ཡིན་ནོ། །མེའི་སའི་ཆ་ཤར་ན་གཡས་པའི་གཉི་ག་ལས་ཁ་དོག་སེར་པོའི་འོད་ཟེར་འབྱུང་བ་ཡིན་ནོ། །མེའི་ཆུའི་ཆ་ཤར་ན་གཡས་པའི་གཉི་ག་ལས་དལ་བར་རྒྱུ་ 37-1-210b བའི་ཁ་དོག་དཀར་པོའི་འོད་ཟེར་འབྱུང་བ་ཡིན་ནོ། །དེ་ལྟར་གཞན་ལ་ཡང་སྦྱར་བར་བྱའོ། །ཡང་ན་མེའི་དཀྱིལ་འཁོར་འཆར་བའི་དུས་སུ་ཐུན་གྱི་རྐང་པ་ལས་འོད་ཟེར་དམར་པོ་འབྱུང་བ་ཡིན། དཀྱིལ་འཁོར་ལྷག་མ་རྣམས་ཀྱི་རང་རང་གི་ཆ་ཤར་བའི་དུས་སུ་གཡས་པ་ཁོ་ནའི་གཡོན་པ་ལ་སོགས་པ་ལས་ འབྱུང་བར་ཤེས་པར་བྱའོ། །དེ་ཉིད་ཀྱི་ཕྱིར། ནང་གི་དུས་ནི་ཡིན་པར་བཤད། །ཅེས་བྱ་བ་གསུངས་ཏེ། ཇི་ལྟར་ཕྱི་རོལ་དུ་ཆུ་ཚོད་དང་ཐུན་ལ་སོགས་པའི་དབྱེ་བས་ཟླ་བ་དང་ཉི་མ་ལས་བྱས་པའི་དུས་ཡོད་པ་དེ་བཞིན་དུ། ནང་ན་ཡང་སྲོག་དང་རྩོལ་བས་བྱས་པའི་དུས་ཡིན་ནོ་ཞེས་བཤད་དོ། །འོད་ཟེར་དེ་ རྣམས་ཀྱི་གནས་པ་དང་ལས་གང་ཞེ་ན། ལྐོག་མ་སྙིང་ག་ལྟེ་བ་དང་། །གསང་བའི་པདྨར་འགྲོ་འོང་སྟོན། །ཞེས་བྱ་བ་ནི་ལྐོག་མའི་པདྨར་མེའི་དཀྱིལ་འཁོར་གྱི་འོད་ཟེར་གནས་པ་སྟེ་དེ་བཞིན་དུ་སྙིང་ག་དང་ལྟེ་བ་དང་གསང་བའི་པདྨ་རྣམས་ལ་ཆུ་དང་རླུང་དང་སའི་འོད་ཟེར་རྣམས་གནས་པ་ཡིན་ཏེ་གནས་ ཀྱི་དབྱེ་བ་བསྟན་ཏོ། །དེ་རྣམས་ཀྱང་འགྲོ་བ་དང་འོང་བ་སྟོན་པ་ནི་བྱེད་པ་ཡིན་ཏེ། སྐད་ཀྱི་བྱིངས་རྣམས་ལ་དོན་མང་པོ་ཡོད་པའི་ཕྱིར་སྟོན་པ་ནི་བྱེད་པའི་དོན་དུ་བཤད་དོ། །འོ་ན་འབྱུང་བ་དང་འཇུག་པ་དང་། གནས་པའི་བདག་ཉིད་ཀྱི་རླུང་གང་ཡིན་པ་དེ་རྣམས་ཇི་ལྟར་འགྲོ་བ་དང་འོང་བ་གཉིས་བྱེད་པར་ རིགས་ཤེ་ན། དེ་ལ་སྐྱོན་ཡོད་པ་མ་ཡིན་ཏེ། འགྲོ་བ་དང་མི་འགྲོ་བ་དང་སྡོད་པ་ནི་འགྲོ་འོང་སྟེ། མར་གྱི་བུམ་པ་བཞིན་དུ་ཚིག་བར་མ་ཕྱིས་ལ་བཟླས་དབྱེ་བའི་བསྡུ་བ་བྱའོ། །རླུང་དེ་རྣམས་ཀྱི་རིམ་པ་དང་ཕྲ་བའི་དབྱེ་བས་ཚད་ཀྱི་བྱེ་བྲག་བཤད་པར་བྱ་བའི་ཕྱིར། ཐུན་ཕྱེད་ཀྱི་ནི་དུས་དག་ཏུ། ། གོ་རིམས་ཇི་བཞིན་གནས་པར་བསྟན། །ཞེས་བྱ་བ་གསུངས་ཏེ། འདིར་མཚན་མོ་དང་། ཉིན་མོ་ཆུ་ཚོད་དྲུག་ཅུ་ཡིན་ནོ། །དེ་ཡང་ཐུན་བརྒྱད་ཀྱི་བདག་ཉིད་དེ། ཐུན་རེ་རེའི་ཚད་ནི་ཆུ་ཚོད་བརྒྱད་བརྒྱད་དོ། །ཐུན་རེ་རེ་དེ་ཉིད་ལས་འཇུག་པ་ལ་སོགས་པ་དང་བྲལ་བའི་འོང་བའི་སྐད་ཅིག་མ་ཆུ་ ཚོད་ཕྱེད་ཕྱེད་དུ་འཆར་བ་ཡིན་ཏེ། དེ་ཡང་ཆུ་ཚོད་ཕྱེད་བརྒྱད་བརྒྱད་རྒྱུ་བའི་དབུགས་ཀྱི་འཁོར་ལོའི་ཆ་ཤས་ཀྱི་དབྱེ་བ་བྱས་ལ་ཤར་བ་ཡིན་ཏེ་ཅིག་ཅར་དུ་ནི་མ་ཡིན་ནོ། །མཚོན་པར་དཀའ་བའི་སྐད་ཅིག་མ་དེ་ཡུད་ཙམ་དུ་འཇུག་པ་སྟེ། ཕྲ་མོའི་རྣལ་འབྱོར་པ་རྣམས་ཀྱིས་མཚོན་པ་ཡིན་ཏེ་རྣམ་པར་མ་ 37-1-211a དཔྱད་པའི་རགས་པའི་བློས་ནི་མ་ཡིན་ནོ། །འདི་ནི་རེ་ཞིག་ཕྲ་མོ་བའི་སྐད་ཅིག་མ་ཉེ་བར་མཚོན་པ་སྟེ། ཉིན་མོ་ཆུ་ཚོད་གཉིས་དང་མཚན་མོ་ཡང་ཆུ་ཚོད་གཉིས་ཏེ། ཐུན་ཕྱེད་ཀྱི་དུས་ཆུ་ཚོད་བཞི་རུ་འགྱུར་རོ། །རགས་པའི་སྒོ་ནས་ནི་དཀྱིལ་འཁོར་བཞི་ཤར་བས་དཀྱིལ་འཁོར་རེ་རེ་ ལ་ཐུན་ཕྱེད་ཕྱེད་ཀྱི་བར་དུ་འོད་ཟེར་རྒྱུ་བ་སྣའི་རྩེ་མོར་འཛིན་ན་ཞི་བ་ལ་སོགས་པའི་རྒྱུར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་གོ་རིམས་ཇི་བཞིན་ཞེས་བྱ་བ་གསུངས་ཏེ་གཡས་པ་ལ་སོགས་པའི་དབྱེ་བས་དཀྱིལ་འཁོར་གྱི་རིམ་ལས་མ་འདས་པའོ། །འདི་ཉིད་རྒྱས་པར་བཤད་པར་བྱ་བའི་ཕྱིར། གཡས་པ་ ནས་ནི་འབྱུང་བའི་ཁམས། །མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །ཁ་དོག་དམར་ཞིང་གསལ་བ་འདི། །པདྨའི་མགོན་པོའི་རྒྱུ་བའོ། །གཡོན་པ་ནས་ནི་འབྱུང་བའི་ཁམས། །རླུང་གི་དཀྱིལ་འཁོར་ཞེས་བྱ་བ། །ལྗང་སེར་དག་ཏུ་སྣང་བ་སྟེ། །ལས་ཀྱི་མགོན་པོའི་རྒྱུ་བའོ། །གཉིས་ཀ་ལས་ནི་ འབྱུང་བའི་ཁམས། །གསེར་གྱི་མདོག་ཏུ་སྣང་བ་སྟེ། །དབང་ཆེན་གྱི་ནི་དཀྱིལ་འཁོར་ཉིད། །རིན་ཆེན་མགོན་པོའི་རྒྱུ་བའོ། །དལ་ཞིང་རྒྱུ་བ་མེད་པའི་ཁམས། །དག་ཅིང་ཤེལ་ལྟར་སྣང་བ་ནི། །ཆུ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །རྡོ་རྗེ་མགོན་པོའི་རྒྱུ་བའོ། །ཞེས་བྱ་བ་གསུངས་ཏེ། དེའི་དོན་ནི་སྔར་བཤད་པ་བཞིན་ ནོ། །འོན་ཀྱང་པདྨ་དང་ལས་དང་རིན་ཆེན་དང་། རྡོ་རྗེ་མགོན་པོ་ནི་ངག་གི་དབང་ཕྱུག་དང་། དོན་ཡོད་གྲུབ་པ་དང་། རྡོ་རྗེ་ཉི་མ་དང་། རྡོ་རྗེ་འཆང་སྟེ་དཀྱིལ་འཁོར་འདི་རྣམས་ལ་བདག་པོ་ཉིད་དུ་ཤེས་པར་བྱའོ། །དེ་ཉིད་ཀྱི་ཕྱིར་དེ་རྣམས་དང་མཐུན་པའི་དམར་པོ་ལ་སོགས་པའི་ཁ་དོག་ཏུ་བསྟན་པ་ཡིན་ ནོ། །རྩའི་འཁོར་ལོ་རྣམས་ལས་འོད་ཟེར་འབྱུང་བ་ཡང་། དེ་ཡི་དཀྱིལ་འཁོར་འདི་ཉིད་ཡིན། །ཞེས་བྱ་བ་བཞི་མཐུན་པ་ཉིད་ནི་རྒྱུ་དང་འབྲས་བུ་དག་ཐ་མི་དད་པར་ཉེ་བར་བརྟགས་ཏེ་ཚེ་མར་ལྟ་བུའོ། །རླུང་ལྔ་པའི་རང་བཞིན་བཤད་པར་བྱ་བའི་ཕྱིར། ལུས་ཀུན་ལ་ནི་གནས་པའི་རླུང་། །བྱ་བ་ཀུན་ལ་ འཇུག་པ་པོ། །འདི་ནི་རྣམ་སྣང་ངོ་བོ་སྟེ། །འཆི་བའི་ལུས་ལས་འབྱུང་བར་འགྱུར། །ཞེས་བྱ་བ་གསུངས་ཏེ། གང་ཞིག་ཁྱབ་བྱེད་ཅེས་བྱ་བའི་རླུང་ལྔ་པ་དེ་ནི། འཆི་བའི་ལུས་ལས་འབྱུང་བར་འགྱུར། ། ཞེས་བྱ་བ་ནི་ཚིག་གི་འབྲེལ་པའོ། །རླུང་དེ་ཡང་ལུས་ཀུན་ནི་ལུས་པོའི་ཕྲ་མོའི་རྩའི་ཚོགས་ལ་ཁྱབ་ 37-1-211b ནས་གནས་པ་སྟེ། དེ་བཞིན་དུ་རླུང་ཐམས་ཅད་ཀྱི་བྱ་བ་ནི་འཇུག་པ་ལ་སོགས་པ་གང་ཡིན་པ་དེ་རྣམས་ལ་འཇུག་པ་ནི་འཇུག་པའི་གཞིར་གྱུར་པའོ། །གང་གི་ཕྱིར་གཞི་མེད་ན་གཞི་ཅན་གྱི་གནས་པ་ལ་སོགས་པའི་བྱ་བ་འཇུག་པར་མི་འགྱུར་ཏེ། དཔེར་ན་སྣོད་ཀྱི་འཇིག་རྟེན་མེད་ན་སེམས་ཅན་གྱི་འཇིག་རྟེན་གྱི་ སྤྱོད་ལམ་གཞི་ལྟ་བུའོ། །དེ་ཉིད་ཀྱི་ཕྱིར། འདི་ནི་རྣམ་སྣང་ངོ་བོ་སྟེ། །ཞེས་བྱ་བ་ནི་སའི་ཁམས་ཀྱི་རྣམ་པར་དག་པའམ་གཟུགས་ཀྱི་ཕུང་པོའི་རྣམ་པར་དག་པས་སོ། །གང་གི་ཕྱིར་གཟུགས་ཀྱི་ཕུང་པོ་དེ་ནི་ཆོས་ཚོར་བ་ལ་སོགས་པའི་གཞི་ཡིན་པའི་ཕྱིར་རོ། །རླུང་དེ་ལ་རྟག་ཏུ་བྱ་བ་མེད་པས་འཆི་ བའི་ལུས་ལས་འབྱུང་བ་ཁོ་ན་ལས་ཡིན་ཏེ། རྣམ་པར་ཤེས་པ་ནི་རླུང་ལ་ཞོན་པས་དེ་དང་བདག་ཉིད་གཅིག་ཏུ་འབྱུང་བར་འགྱུར་རོ་ཞེས་ཐ་ཆིག་གོ། །ཉེ་བར་བསྡུ་བ་བཤད་པའི་ཕྱིར། རླུང་གི་དེ་ཉིད་གསལ་བ་འདི། །ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །རྣལ་འབྱོར་བྱིས་པའི་ཡུལ་མིན་ཞིང་། །རྟོག་གེ་ པ་ཡིས་མི་ཤེས་སོ། །ཞེས་བྱ་བ་གསུངས་ཏེ། གང་ཞིག་སྔར་བཤད་པའི་ཡེ་ཤེས་ལྔའི་བདག་ཉིད་ཀྱི་རླུང་གི་དེ་ཁོ་ན་ཉིད་དེ། དེ་ཡང་འདོད་ཆགས་ཀྱི་རིགས་ཅན་ལ་སོགས་པའི་དབྱེ་བས་རྣམ་པ་གསུམ་དུ་བཤད་པ་ཡིན་ཏེ། རིན་པོ་ཆེ་ལྟ་བུའི་གང་ཟག་གི་དོན་དུ་གསུངས་པ་ཡིན་ནོ་ཞེས་ངག་ གི་ལྷག་མའོ། །དེ་ཉིད་ཀྱི་ཕྱིར། རྟོག་གེ་པ་ནི་དམིགས་པ་དང་བཅས་པའི་ལྟ་བ་དང་ལྡན་པ་སྟེ། རྟོག་གེ་སྐམ་པོ་ཙམ་ལ་ཆགས་པ་དེ་རྣམས་ཀྱིས་རྟོགས་པར་མི་འགྱུར་ཏེ་ཕྱོགས་འཛིན་པ་ཙམ་གྱིས་རྟོག་གེ་ལ་ནི་ངེས་པ་མེད་པའི་ཕྱིར་རོ། །ཇི་སྐད་དུ། རྟེན་མེད་མ་ངེས་མ་ཁྱབ་པ། །ཀུན་ རྫོབ་པ་དང་སྐྱོ་བར་བྱེད། །རྟོག་གེ་བྱིས་པའི་རྟེན་འདོད་དེ། །དེ་ཕྱིར་དེ་ཡི་སྤྱོད་ཡུལ་མིན། །ཞེས་བྱ་བ་འབྱུང་ངོ་། །རང་གི་སྡེ་པ་ཉན་ཐོས་པ་རྣམས་ཀྱིས་ཀྱང་ཤེས་པ་མ་ཡིན་ནོ་ཞེས་བྱ་བ་བཤད་པར་བྱ་བའི་ཕྱིར། རྣལ་འབྱོར་བྱིས་པའི་ཡུལ་མིན་ཞིང་། །ཞེས་བྱ་བ་གསུངས་ཏེ། རྣལ་འབྱོར་ པ་ནི་དགྲ་བཅོམ་པ་ཐོབ་པའི་ཕྱིར་དང་། བྱིས་པ་ནི་བླ་ན་མེད་པའི་ཐེག་པའི་མོས་པ་མེད་པའི་ཕྱིར་ཏེ། རྣལ་འབྱོར་བྱིས་པ་དེ་རྣམས་ཀྱིས་ཤེས་པ་མ་ཡིན་ནོ། །གང་གི་ཕྱིར་དེ་རྣམས་ནི་ཟབ་པ་དང་རྒྱ་ཆེ་བའི་ལམ་ལ་མོས་པ་མེད་པའི་ཕྱིར་རོ། །དེ་ལྟར་རླུང་གི་དེ་ཁོ་ན་ཉིད་བསྟན་ནས་ད་ནི་སྔགས་ 37-1-212a ཀྱི་དེ་ཁོ་ན་ཉིད་སྟོན་པའི་ཚིག་རྩ་བའི་རྒྱུད་ཉིད་ལ་འཇུག་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ཐམས་ཅད་ཀྱི་སྙིང་པོ་ཀུན་དུ་སྐུལ་བར་བྱེད་པ་ཞེས་བྱ་བ་མཆོག་ཏུ་གསང་བ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཚིག་གི་ལམ་ངེས་ པར་བརྗོད་པས་སྔགས་བསྡུས་པ་འདི་ལྟ་བུ་གསུངས་སོ། །ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་འདིས་དོན་འདི་ལྟར་བྱ་སྟེ། མདོར་བསྟན་པ་ལ་སོགས་པ་དང་བཅས་པའི་རླུང་གི་དེ་ཁོ་ན་ཉིད་བཤད་ནས། རྡོ་རྗེ་བཟླས་པའི་རིམ་པའི་ཐབས་གཉིས་པ་སྔགས་ཀྱི་དེ་ཁོ་ན་ཉིད་རྩ་བའི་རྒྱུད་ཀྱི་ལེའུ་བཅུ་པ་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་བསྐུལ་བ་ཞེས་བྱ་བ་ལ་འཇུག་པར་བྱ་བ་ཡིན་ཏེ། སྔགས་ཐམས་ཅད་ནི་སྦྲུལ་ལ་སོགས་པའི་སྔགས་ཀྱི་ལྷ་སྟེ། དེ་རྣམས་ཀྱི་སྙིང་པོ་ནི་སྲོག་གང་གིས་ཀུན་དུ་བསྐུལ་བ་ནི་རབ་ཏུ་སད་པར་བྱེད་པ་སྟེ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་མཆོག་ཏུ་གསང་བ་ནི་ སྣོད་མ་ཡིན་པ་རྣམས་ལ་ཤིན་དུ་སྦ་བར་བྱའོ། །ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་ཞེས་བྱ་བ་ལ་སོགས་པ་ཉིད་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་དེ་ཉིད་ཀྱི་སྐུ་ལས་ཡི་གེ་ཨོཾ་དང་གསུང་ལས་ཡི་གེ་ཨཱཿདང་། ཐུགས་ལས་ཡི་གེ་ཧཱུཾ་སྟེ་རིམ་པ་བཞིན་དུ་གསུངས་སོ། །ཇི་ལྟར་གསུངས་ཤེ་ན། ཚིག་གི་ལམ་ངེས་པར་བརྗོད་པས་ཞེས་བྱ་བ་ནི་ཚིག་གི་ལམ་ནི་ཞལ་ཏེ་དེས་ངེས་པར་བརྗོད་པ་ནི་གསུངས་པ་སྟེ། ཐུགས་དང་སྐུ་ལས་ཀྱང་གསལ་བའི་གསུང་གིས་སོ་ཞེས་བྱ་བའི་དོན་ཏོ། །ཅི་གསུངས་ཤེ་ན། སྔགས་བསྡུས་པ་ཞེས་བྱ་བ་ནི་བུད་མེད་དང་སྐྱེས་པ་དང་མ་ནིང་གི་རང་བཞིན་གྱི་ཡི་གེ་རྣམས་ གང་དུ་བསྡུ་བར་གྱུར་པ་དེ་ནི་སྔགས་བསྡུས་པ་སྟེ། ཡི་གེ་གསུམ་པོ་གསུངས་པའོ། །དཔེར་ན་ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་ནི་ཡི་གེ་ཨ་དང་། ཡི་གེ་ཨུ་དང་རྗེས་སུ་འབྱུང་བའི་དབྱངས་ཏེ། རྡོ་རྗེ་གསུམ་གྱི་བདག་ཉིད་ཡི་གེ་ཨོཾ་སྟེ། རྡོ་རྗེ་གསུམ་མི་ཕྱེད་པའི་རང་བཞིན་སྐུ་རྡོ་རྗེ་སྟེ་དེ་ལ་ཨ་ཡིག་ནི་སྣང་བ་ མཐའ་ཡས་དང་། ཨུ་ཡིག་ནི་ཝ་ཡིག་ཡོངས་སུ་གྱུར་པ་ལས་འབྱུང་བ་སྟེ་ཆུ་ལྷའི་ས་བོན་ཡིན་པའི་ཕྱིར་མི་བསྐྱོད་པ་དང་། མ་ཡིག་ནི་རྣམ་པར་སྣང་མཛད་ཆེན་པོ་སྟེ་དེ་ཉིད་ཐིག་ལེ་ཡིན་ནོ། །དེ་བཞིན་དུ་ཨ་ཡིག་གཉིས་དང་ཚེག་དྲག་ཡང་དག་པར་སྦྱར་ནས་ཡི་གེ་ཨཱཿསྟེ་དེ་ལ་ཨ་ཡིག་དང་པོ་མི་བསྐྱོད་ 37-1-212b པ་དང་། གཉིས་པ་སྣང་བ་མཐའ་ཡས་དང་། ཚེག་དྲག་ཀྱང་རྣམ་པ་གཉིས་ཏེ་རའི་རང་བཞིན་དང་སའི་རང་བཞིན་ནོ། །གང་གི་ཚེ་རའི་རང་བཞིན་དེའི་ཚེ་རྣམ་པར་སྣང་མཛད་ཀྱི་ཡི་གེ་གཉིས་པའི་ཚེག་དྲག་ཡིན་ནོ། །གང་གི་ཚེ་སའི་རང་བཞིན་དེའི་ཚེ་ལོངས་སྤྱོད་ཀྱི་སྒྲའི་ཡི་གེ་དང་པོའི་ཚེག་དྲག་གོ། ། གང་གི་ཕྱིར་ལོངས་སྤྱོད་རྫོགས་པ་དང་། ལོངས་སྤྱོད་དང་ལུས་པོ་ཞེས་བྱ་བ་ནི་རྣམ་གྲངས་སོ། །དེ་བས་ན་རྡོ་རྗེ་གསུམ་མི་ཕྱེད་པའི་རང་བཞིན་གྱི་ཡི་གེ་ཨཱཿཞེས་བྱ་བ་བསྟན་ཏོ། །དེ་ལ་ཧ་ནི་ལུས་པོ་ཡང་དེ་ཡིན་ལ། ཧཱུ་ཏི་ནི་ངག་ཀྱང་དེ་ཡིན་ལ། མ་ན་ནི་ཡིད་ཀྱང་དེ་ཉིད་ཡིན་པ་སྟེ། ཡི་གེ་ཕྱིས་པས་ཧཱུཾ་ཡིན་ནོ། ། དེ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་རང་བཞིན་ཡི་གེ་ཧཱུཾ་མི་བསྐྱོད་པའི་རང་བཞིན་དུ་བཤད་དོ། །ཡི་གེ་གསུམ་པོ་རེ་རེ་ཡང་ཡི་གེ་གསུམ་གྱི་བདག་ཉིད་ཡིན་པས་ཡི་གེ་དགུར་འགྱུར་ཏེ། ཐམས་ཅད་ཉེ་བར་བསྡུས་པས་དགུ་པོའི་མཐའ་མ་ནི་ཡི་གེ་ཨ་ཡིན་ནོ་ཞེས་འོག་ནས་བཤད་པར་བྱའོ། །འདིར་ ནི་མདོར་བསྟན་པ་ཙམ་གྱི་སྔགས་ཀྱི་དེ་ཁོ་ན་ཉིད་བསྟན་པ་ཡིན་ཏེ། རྒྱས་པར་བཤད་པ་ནི་འོག་ནས་བཤད་པར་འགྱུར་རོ། །ཐབས་གཉིས་པོ་བསྟན་ནས་རྡོ་རྗེ་བཟླས་པ་བཤད་པར་བྱ་བའི་ཕྱིར། དོན་རྟོགས་པ་ཡིས་བཟླས་པ་ནི། །ངོ་བོ་ཉིད་མེད་བཟང་པོ་ཡིས། །དུས་གསུམ་སངས་རྒྱས་ཀྱིས་ བརྟགས་པ། །རྡོ་རྗེ་བཟླས་པར་དེ་བཤད་དོ། །ཞེས་བྱ་བ་གསུངས་ཏེ། རྣམ་པ་བཅུ་གཅིག་པའི་རྡོ་རྗེ་བཟླས་པ་སྤྱིའི་མཚན་ཉིད་བསྟན་པའི་ཕྱིར་རྡོ་རྗེའི་མདོ་འདི་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལ་གང་ཞིག་འབྱུང་བ་དང་། འཇུག་པ་དང་། གནས་པའི་བདག་ཉིད་ཀྱི་རླུང་གསུམ་པོ་ཉིན་མོ་ དང་མཚན་མོ་འཁོར་ལོ་བཞིན་དུ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་གྲངས་སུ་རྒྱུ་བ་དེ་རྣམས་ཀྱི་དོན་རྟོགས་པ་ནི་རིགས་པ་བཞིན་དུ་རྗེས་སུ་མཐུན་པ་དང་།ཤེས་པས་བཟླས་པ་གང་ཡིན་པ་ཡན་ལག་མ་ཉམས་པ་དེའི་སྔགས་དང་རླུང་དང་ལྷ་ལ་སོགས་པ་གཉིས་སུ་མེད་པར་བྱེད་པའི་རང་བཞིན་དུ་གང་ ཞིག་དུས་གསུམ་གྱི་སངས་རྒྱས་ཀྱིས་བརྟགས་པ་ནི་ཡོངས་སུ་ཤེས་པ་གང་ཡིན་པ་སྟེ། རྡོ་རྗེ་བཟླས་པ་ནི་མི་ཕྱེད་པའི་རང་བཞིན་ཏེ་རྡོ་རྗེ་བཟླས་པར་བཤད་དོ། །དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། ངོ་བོ་ཉིད་མེད་ཅེས་བྱ་བ་ནི་རྟེན་ཅིང་འབྲེལ་པ་ལས་འབྱུང་བའི་ཕྱིར་གང་ཟག་དང་ཆོས་བདག་མེད་པའི་ 37-1-213a རང་བཞིན་ནོ། །དེའི་ཕྱིར་བཟང་པོ་ཡིས་ཞེས་བྱ་བ་ནི་ཉིན་མོ་དང་མཚན་མོ་འཁོར་ལོ་བཞིན་དུ་བསྐོར་བའམ། གཡས་ལ་སོགས་པའི་དབྱེ་བས་འབད་པ་མེད་པར་ཞི་བ་ལ་སོགས་པའི་ལས་བྱེད་པའོ། །འདི་ནི་རྟོགས་པའི་སྒྲ་བཅུ་གཅིག་ལ་ཡང་སྦྱར་བར་བྱ་སྟེ། དེ་ལ་དོན་ནི་ སྔགས་ཐམས་ཅད་ཀྱི་དོན་ཏེ། དེ་རྟོགས་པར་བྱེད་པས་ན་དོན་རྟོགས་པ་སྟེ་མི་འཇིགས་པའི་རང་བཞིན་ཡི་གེ་ཨའོ། །དེ་ནི་རྡོ་རྗེ་འཆང་ཆེན་པོའི་བཟླས་པ་དང་སྦྱར་རོ། །དོན་ནི་གཟུགས་ལ་སོགས་པ་སྟེ་དེ་ཉིད་མིག་ལ་སོགས་པ་རྟོག་པ་གང་གིས་ཤེས་པ་དེ་ནི་དོན་རྟོགས་པའི་སྐུ་ཡིན་ནོ། །དོན་ནི་ བརྗོད་པར་བྱ་བ་སྟེ། དེ་ཉིད་གང་གིས་རྟོགས་པར་འགྱུར་བ་དེ་ནི་དོན་རྟོགས་པ་སྟེ་གསུང་གི་ཚོགས་སོ། །དོན་ནི་ཕྱི་རོལ་གྱི་དོན་ཏེ། དེ་ཉིད་གང་གིས་རྟོགས་པར་འགྱུར་བ་དེ་ནི་དོན་རྟོགས་པ་སྟེ་ཐུགས་ཡིན་ནོ། །དོན་ནི་སྔགས་ཐམས་ཅད་ཀྱི་དགོས་པ་གང་གིས་རྟོགས་པར་འགྱུར་བ་དེ་ནི་དོན་ རྟོགས་པའོ། །དོན་ནི་སེམས་ཅན་གྱི་དོན་ཏེ། དེ་ཉིད་རྟོགས་པ་ནི་སྤྲོ་བ་དང་བསྡུ་བ་ལ་སོགས་པའི་རིམ་པས་བྱ་བ་སྟེ་དོན་རྟོགས་པའོ། །དེ་བཞིན་དུ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམ་པར་དག་པའི་ཕྱིར་དེའི་རིགས་ཅན་གྱི་སེམས་ཅན་རྣམས་བཙལ་བ་ནི་དོན་ཏེ། དེ་རྣམས་རྟོགས་པ་ནི་རྣམ་ པར་སྣང་མཛད་ལ་སོགས་པའི་ཡེ་ཤེས་ཀྱིས་གོ་འཕང་ལ་གནས་པར་བྱ་བ་གང་ཡིན་པ་དེ་ནི་དོན་རྟོགས་པ་སྟེ། འདོད་ཆགས་ལ་སོགས་པའི་རྣམ་པར་དག་པ་རྣམས་སོ། །དེ་བཞིན་དུ་དོན་རྟོགས་པ་ནི་སྔགས་ཀྱི་དོན་རྣམ་པར་དཔྱད་ནས་རང་གི་རྣ་བའམ། གཞན་གྱི་རྣ་བས་སྔགས་ཐོས་པར་འགྱུར་བ་ གང་ཡིན་པ་དེ་ནི་དོན་རྟོགས་པ་སྟེ་གཙོ་བོའི་ངག་ཡིན་ནོ། །དོན་ནི་འོད་གསལ་བ་སྟེ། དེ་ཉིད་རྟོག་པ་ནི་འཇུག་པ་ལ་སོགས་པ་འོག་ནས་དེ་ཉི་མཐར་ཐོབ་པར་འགྱུར་བ་གང་ཡིན་པ་དེ་ནི་དོན་རྟོགས་པའོ། །ལྷག་མ་ནི་གོ་སླའོ། །བཟླས་པ་འདི་རྣལ་འབྱོར་པ་གང་གི་བྱ་ཞེ་ན། སློང་མོ་ཟ་ཞིང་མི་ བཟླས་ཏེ། །མ་བླངས་པ་ལའང་ཆགས་མི་བྱ། །འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །ཞེས་བྱ་བ་གསུངས་ཏེ། སློང་མོ་ཟ་བ་ནི་ཉེ་བར་མཚོན་པ་ཡིན་ཏེ་དེ་བས་ན་བཙལ་བ་ལ་སོགས་པའི་དམན་པའི་ཚུལ་གཞན་རྣམས་དང་ལྡན་པས་བཟླས་པར་མི་ 37-1-213b བྱའོ། །དེ་བཞིན་དུ་མ་བླངས་པ་ནི་བཟའ་བ་ཉེ་བར་མཚོན་ཏེ། དེ་ལ་ཆགས་པ་ནི་བཟའ་བ་ལ་ཤིན་ཏུ་དགའ་བར་མི་བྱ་སྟེ། ཅི་ཙམ་གྱིས་ལུས་པོ་གནས་པར་འགྱུར་བ་དེ་ཙམ་གྱིས་ཆོ་ག་ཤེས་ནས་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་ལ་སྤྱད་པར་བྱའོ། །དེ་ལྟ་བུའི་གནས་པའི་རྣལ་འབྱོར་པས་ཅི་ཞིག་བྱ་ ཞེ་ན། སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །ཞེས་བྱ་བ་ལ་སྔགས་ནི་ཡི་གེ་གསུམ་སྟེ། ཡན་ལག་མ་ཉམས་པ་ནི་ལྷའི་རྣལ་འབྱོར་མ་ཉམས་པ་འདོད་པ་ཀུན་ལ་ལོངས་སྤྱོད་པའི་སྔགས་པས་བཟླས་པར་བྱ་སྟེ་དྲང་བའི་དོན་ཏོ། །རྣམ་ཉམས་ཡི་གེ་སློང་མོ་སྟེ། །དེ་ནི་བརྗོད་པ་ཟ་བ་ཡིན། །དེ་ ལ་ཆགས་པས་གང་བཟླས་པ། །དེ་རྣམས་སློང་མོ་ཟ་བར་འདོད། །ཅེས་བྱ་བ་ལ་སོགས་པ་འབྱུང་སྟེ་ངེས་པའི་དོན་ཏོ། །བཤད་པ་འདི་ཉིད་ཅེས་བྱ་བ་ལ་སོགས་པ་གོ་སླའོ། །དགོངས་པ་ལུང་བསྟན་པའི་རྒྱུད་ནི་བཤད་པའི་རྒྱུད་དེ།དགོངས་པས་བཤད་པའི་རྡོ་རྗེ་ཚིག་གང་དུ་གྲོལ་བར་འགྱུར་ བ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནས་དཔལ་ལྡན་སྣང་མཛད་ཆེ། །ཁྱབ་བདག་ལ་ནི་སླར་གསོལ་པ། །ཞེས་བྱ་བ་ལ་དེ་ནས་ཞེས་བྱ་བ་ནི་སྔར་བཤད་པའི་འོག་ཏུའོ། །ཕྱག་ན་རྡོ་རྗེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་ནི་དྲུག་པ་རྡོ་རྗེ་འཆང་ཆེན་པོ་སྟེ་དེ་ལ་ཞུས་པའོ། །ཞུ་བ་དེ་ཉིད་བཤད་ པར་བྱ་བའི་ཕྱིར། སེམས་ཅན་ཐམས་ཅད་སྐྱེད་པ་པོ། །སྣ་ཚོགས་གཟུགས་ཅན་སེམས་འདི་ནི། །དེ་བས་དངོས་པོ་མེད་གྱུར་ཀྱང་། །དངོས་པོ་དག་ཏུ་རབ་ཏུ་གྲགས། །ཞེས་བྱ་བ་གསུངས་ཏེ། ཀྱེ་བཅོམ་ལྡན་འདས་སེམས་ཅན་འདི་གང་ཡིན་པ་དེ་ཉིད་སྣ་ཚོགས་གཟུགས་ཅན་སེམས་ཅན་ དང་སྣོད་ཀྱི་འཇིག་རྟེན་གྱི་རྣམ་པ་རུ་སོ་སོར་སྣང་བར་འགྱུར་ཏེ། རེ་ཞིག་ཕྱི་རོལ་གྱི་དངོས་པོ་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་འགྲུབ་པ་མ་ཡིན་ཏེ། གང་ཞིག་རྣམ་པ་རྣམས་མཐོང་བ་དེ་རྣམས་སྣང་བ་ལས་མ་འདས་པའི་ཕྱིར་སེམས་ཀྱི་གཟུགས་ཡིན་ཏེ། སྣང་བ་དེ་ནི་ཤེས་པའི་རང་བཞིན་ཡིན་པའི་ཕྱིར་ རོ། །ཇི་སྐད་དུ། རྣམ་པ་གང་དང་གང་སྣང་འགྱུར། །དེ་དེ་ཤེས་པའི་ཐིག་ལེ་དེ། །བློ་ནི་ཤེལ་གྱི་རྡོ་བཞིན་དུ། །གཅིག་ཉིད་དུ་མར་གྱུར་པ་ཡིན། །ཞེས་བྱ་བ་རྣམ་པ་དང་བཅས་པའི་རྣམ་པར་ཤེས་པ་སྨྲ་བ་རྣམས་ཟེར་བའི་ཕྱིར་རོ། །སེམས་ཅན་ཐམས་ཅད་སྐྱེད་པ་པོ། །ཞེས་བྱ་བས་སེམས་ 37-1-214a ཀྱི་ཁྱད་པར་བསྟན་པའི་སྒོ་ནས་གཏན་ཚིགས་བསྟན་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ནི་རྒྱུ་བ་དང་མི་རྒྱུ་བའོ། །དེ་ཉིད་ཀྱི་གཟུགས་སུ་བསྐྱེད་པ་ནི་ཤེས་པ་སྐྱེད་པར་མཐོང་བ་སྟེ། དེའི་ཕྱིར་འདིར་སེམས་ཅན་ཐམས་ཅད་སྐྱེད་པ་ནི་ཁྱབ་པར་བྱ་བ་དང་། སེམས་ནི་ཁྱབ་པར་བྱེད་པའོ། ། དེ་བས་ན་ཁྱབ་པར་བྱེད་པ་སྣ་ཚོགས་གཟུགས་ཅན་སེམས་གྲུབ་ན་ཁྱབ་པར་བྱེད་པའི་སེམས་ཅན་ཐམས་ཅད་བསྐྱེད་པ་ནི་གཏན་ཚིགས་ཡིནནོ། །དེ་ཙམ་གྱིས་རེ་ཞིག་རྣམ་པ་དང་བཅས་པའི་སེམས་གཞག་པ་ཡིན་ཏེ། དེ་ཡང་སེལ་བར་བྱ་བའི་ཕྱིར། དེ་བས་དངོས་པོ་མེད་འགྱུར་ཀྱང་། །ཞེས་བྱ་བ་ གསུངས་ཏེ། སེམས་དེ་ལྟ་བུ་གང་ཡིན་པ་དེ་ཡང་རང་རིག་པའི་གཟུགས་སུ་འབྱུང་སྟེ། རྣམ་པར་ཤེས་པའི་རང་བཞིན་དུ་དངོས་པོ་མེད་པ་ཡིན་ནོ། །སྔར་བཤད་པའི་ཚད་མས་རྣམ་པ་རྣམས་ཀྱང་རྣམ་པར་དཔྱད་ན་བརྫུན་ཉིད་དུ་འགྲུབ་པོ། །དེ་བས་ན་ཤེས་པ་དང་རྣམ་པར་དག་པ་ཕན་ཚུན་ཐ་དད་ པས་གཉིས་ཀ་ཡང་ཡོད་པ་མ་ཡིན་ནོ། །གང་ཞིག་རིག་པར་བྱེད་པས་ན་སེམས་ཡིན་ནོ་ཞེས་བཤད་པ་དེ་ཡང་། དངོས་པོ་དག་ཏུ་རབ་ཏུ་གྲགས། །ཞེས་བྱ་བ་ནི་ཀུན་རྫོབ་ཏུ་གྲགས་པ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ། །དེ་བས་ན་དངོས་པོ་རྣམས་ཀྱི་རང་བཞིན་མེད་པ་ཉིད་ཁོ་ན་གྲུབ་པའི་མཐའ་ ཡིན་ནོ། །ཞེས་བྱ་བ་རྣམ་པར་གཞག་པའོ། །དེ་ཉིད་ཀྱང་ཞུ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་ནི་མཁའ་མཉམ་པ། །ལོགས་པར་རྗེས་སུ་མྱོང་མཛད་པ། །འགྲོ་བའི་དོན་ནི་མཛད་པ་པོ། །སྐྱེ་བོ་མཆོག་ལ་དེ་བསྟན་གསོལ། །ཞེས་བྱ་བ་གསུངས་ཏེ། དོན་དམ་པའི་བྱང་ཆུབ་སེམས་འདི་མཁའ་ དང་མཉམ་པ་ནི་འོད་གསལ་བའི་རང་བཞིན་ཏེ། ལེགས་པར་ནི་ཕྱིན་ཅི་མ་ལོག་པར་བསྟན་དུ་གསོལ་ཞེས་བྱ་བ་ནི་གསོལ་བ་བཏབ་པའོ། །གང་ལ་ཞེ་ན། སྐྱེ་བོ་མཆོག་ལ་ཞེས་བྱ་བ་ནི་དབང་པོ་རྣོ་བ་རིན་པོ་ཆེ་ལྟ་བུའི་གང་ཟག་ལའོ། །ཇི་མཛད་ནས་ཤེ་ན། རྗེས་སུ་མྱོང་མཛད་པ་ཞེས་བྱ་བ་ནི་བཅོམ་ལྡན་ འདས་ཉིད་ཀྱིས་མངོན་སུམ་དུ་མཛད་ནས་བསྟན་དུ་གསོལ་ཞེས་བྱ་བ་ནི་ཚིག་གི་འབྲེལ་པའོ། །དེ་ཡང་ཅིའི་དོན་དུ་ཞེ་ན། འགྲོ་བའི་དོན་ནི་མཛད་པ་པོ། །ཞེས་བྱ་བ་ནི་མ་འོངས་པའི་སེམས་ཅན་གྱི་ཁམས་རྗེས་སུ་གཟུང་བའི་དོན་ཏོ། །འདི་ནི་སྡུད་པ་པོ་རང་གིས་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་ན་ཡང་ 37-1-214b གདུལ་བྱ་མ་འོངས་པའི་དོན་དུ་བདག་ཉིད་ལ་རིན་པོ་ཆེ་ལྟ་བུའི་གང་ཟག་ཉེ་བར་བཏགས་པ་ཡིན་ནོ། །གང་གི་ཕྱིར་མ་འོངས་པའི་སེམས་ཅན་རྣམས་ནི་སྒྲ་ཇི་བཞིན་པའི་དོན་བཟུང་བས་ཕྱིན་ཅི་ལོག་པའི་དོན་ལ་དམིགས་ཏེ་དམྱལ་བ་ལ་ལྟུང་བར་འགྱུར་རོ་ཞེས་བཤད་པར་བྱ་བའི་ཕྱིར། སྒྲུབ་པ་ཡི་ནི་ ཐབས་ཙམ་ཞིག །ཤེས་ནས་རྒྱུད་ལ་རྒྱབ་ཀྱིས་ཕྱོགས། །འདི་ལྟར་བདག་ནི་སློབ་དཔོན་ཞེས། །མ་འོངས་པ་ན་སྨྲ་བར་འགྱུར། །ཞེས་བྱ་བ་གསུངས་ཏེ། རྒྱུད་ཀྱི་དོན་མ་ཤེས་ནས་སྒྲུབ་ཐབས་ཀྱི་དོན་ཙམ་རྟོགས་པས་བདག་སློབ་དཔོན་ཡིན་ནོ་ཞེས་མ་འོངས་པའི་སེམས་ཅན་རྣམས་ལ་སྨྲ་བ་ཡིན་ནོ་ ཞེས་སྟོན་ཏོ། །གཞན་ཡང་དེ་རྣམས་ཇི་ལྟ་བུ་ཡིན་པ་དང་ཅི་བྱེད་ཅེ་ན། བདག་གི་ཚིག་ནི་འདི་ཉིད་དག །ཡིན་ཞེས་སྨྲ་ཞིང་བྱིས་པ་འཇིགས། །དེས་ནི་དགོངས་པའི་བྱང་ཆུབ་སེམས། །ཇི་བཞིན་དོན་དུ་མི་ཤེས་སོ། །ཞེས་བྱ་བ་གསུངས་ཏེ་བདག་གི་ཚིག་ནི་དོན་དམ་པ་དང་བདག་ཁོ་ནས་གོ་བ་ཡིན་ ཏེ། གཞན་གྱིས་ནི་མ་ཡིན་ནོ་ཞེས་སྨྲ་ཞིང་བྱིས་པ་ནི་རྨོངས་པའི་བློ་ཅན་འཇིགས་པར་བྱེད་པའོ། །གལ་ཏེ་ཡང་དག་པར་ཤེས་ན་དེའི་ཚེ་སྐྱོན་མེད་པ་སྟེ། ཇི་སྲིད་དགོངས་པའི་བྱང་ཆུབ་སེམས་ནི་དགོངས་པས་བཤད་པས་བསྟན་པའི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་དོན་ཇི་ལྟ་བ་བཞིན་དུ་ཤེས་པ་མ་ ཡིན་ནོ་ཞེས་སྟོན་ཏོ། །དེ་ལྟར་ཕྱག་ན་རྡོ་རྗེའི་ཞུ་བ་གསན་ནས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་དེ་ལ་ལན་གསུངས་པ་དེ་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ནས་བདག་པོ་བཅོམ་ལྡན་འདས། །རྣམ་པར་སྣང་མཛད་ཐུབ་ཆེན་གྱིས། །ལེགས་ཞེས་ལན་གསུམ་གསུངས་མཛད་ནས། །ལག་ན་རྡོ་རྗེ་ལ་ འདི་གསུངས། །ཞེས་བྱ་བ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་ཞུས་མ་ཐག་ཏུའོ། །ཉོན་མོངས་པ་རྣམས་འཇོམས་པའི་ཕྱིར། བཅོམ་པ་ནི་དོན་དམ་པའི་བདེན་པ་སྟེ། དེ་དང་ལྡན་པས་ན་བཅོམ་ལྡན་འདས་སོ། །བདག་པོ་ལྔའི་གཙོ་བོ་ཡིན་པའི་ཕྱིར་རྣམ་པར་སྣང་མཛད་ཆེན་པོ་ནི་དྲུག་པའོ། །ཀུན་རྫོབ་ དང་དོན་དམ་པ་གཉིས་ཐ་མི་དད་པར་མཁྱེན་པས་ན་ཐུབ་པའོ། །ལན་གསུམ་དུ་ལེགས་པར་གསུངས་པ་ནི་ཞུ་བ་འཇིག་རྟེན་ལས་འདས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་གང་གསུངས་པ་དེ་ཉིད་བཤད་པར་བྱ་བའི་ཕྱིར། མི་རྟོག་དོན་གྱི་དེ་ཉིད་ནི། །རབ་ཏུ་ཕྱེ་ནས་བཤད་པར་བྱ། །བརྗོད་ 37-1-215a དང་དམིགས་པར་བཤད་པ་དང་། །བརྡར་གྱུར་དང་ནི་དོན་དམ་མོ། །ཞེས་བྱ་བ་གསུངས་ཏེ། ལག་ན་རྡོ་རྗེ་ཁྱོད་ལ་མི་རྟོག་དོན་བཤད་པར་བྱ་ཞེས་བྱ་བ་ཚིག་གི་འབྲེལ་པའོ། །མི་རྟོག་ནི་འོད་གསལ་བ་སྟེ། དེ་ཉིད་ཀྱི་དོན་ནི་གང་གིས་ཐོབ་པར་འགྱུར་བ་དེ་ནི་མི་རྟོག་དོན་ཏེ། སྔགས་བཏུ་ བ་ལ་སོགས་པ་སྔགས་ཀྱི་དེ་ཁོ་ན་ཉིད་རྣམ་པ་བཞིའོ། །རབ་ཏུ་ཕྱེ་ནས་ཞེས་བྱ་བ་ནི་མདོར་བསྟན་པ་དང་རྒྱས་པར་བཤད་པ་ལ་སོགས་པའི་དབྱེ་བས་སོ། །དེ་ཉིད་བཤད་པར་བྱ་བའི་ཕྱིར་བརྗོད་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྗོད་པ་ནི་སྔགས་རྣམས་གང་ལས་བཏུ་བར་འགྱུར་བ་དེ་ནི་ བརྗོད་པ་སྟེ་སྔགས་བཏུ་བའོ། །རྗོད་པར་བྱེད་པའི་སྒོ་ནས་བརྗོད་པར་བྱ་བའི་དོན་གང་གིས་དམིགས་པར་འགྱུར་བ་དེ་ནི་དམིགས་པ་སྟེ། དེ་ཉིད་བཤད་པ་ནི་མིང་གང་ལ་ཡོད་པ་དེ་ནི་དམིགས་པར་བཤད་པ་སྟེ་གཉིས་པ་སྔགས་ཀྱི་དོན་ཡིན་ནོ། །བརྡ་ཞེས་བྱ་བ་ནི་མིང་ཡིན་ཏེ་གསུམ་པའོ། །དོན་དམ་ ནི་སྔགས་ཀྱི་དེ་ཁོ་ན་ཉིད་སྟེ་བཞི་པའོ། །འདིར་མདོར་བསྟན་པ་སྟེ་རྒྱས་པར་བཤད་པར་བྱ་བའི་ཕྱིར། ཚིག་གིས་བརྗོད་པ་ཐུན་མོང་སྟེ། །དམིགས་པར་བཤད་པ་སངས་རྒྱས་ཉིད། །སྔགས་ཀྱི་དེ་ཉིད་བརྡ་རུ་བཤད། །དོན་དམ་དེ་བཞིན་ཉིད་ཡིན་ནོ། །ཞེས་བྱ་བ་གསུངས་ཏེ། ཚིག་གིས་བརྗོད་པ་ཞེས་བྱ་བ་ནི་མིང་དང་ ཐུན་མོང་ནི་མིང་ཅན་ནོ། །དེ་ཡང་ཡི་གེ་དང་ཚིག་དང་ངག་དང་། ངག་ཆེན་པོ་ལ་སོགས་པའི་ཐུན་མོང་གི་རང་བཞིན་དུ་གནས་པའི་ཕྱིར་ཐུན་མོང་སྟེ། ཨཱ་ལི་དང་ཀཱ་ལིའོ། །གང་གི་ཕྱིར་དེ་ཉིད་ལས་སྔགས་ཐམས་ཅད་བཏུ་བ་ཡིན་ཏེ། དེའི་ཕྱིར་ཚིག་གིས་བརྗོད་པ་ནི་དེ་ཉིད་བཤད་པ་ཡིན་ཏེ་སྔགས་བཏུ་ བའོ། །སངས་རྒྱས་ཉིད་ནི་རྣམ་པར་སྣང་མཛད་ལ་སོགས་པ་ཉིད་དེ། དམིགས་པར་བཤད་པ་ནི་ཕྱག་འཚལ་བ་ལ་སོགས་པ་རྗོད་པར་བྱེད་པ་གང་ཡིན་པ་དེ་རྣམས་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པའི་དོན་རྣམས་གང་གིས་རྟོགས་པར་འགྱུར་བ་དེ་ནི་སྔགས་ཀྱི་དོན་ཏོ། །བརྡ་ནི་བརྡ་ཁོ་ན་ ཡིན་ཏེ་སྦྲུལ་ལ་སོགས་པའོ། །དེ་ནི་སྔགས་ཀྱི་བརྡའོ། །གང་ཞིག་དོན་དམ་པའི་བདེན་པ་འོད་གསལ་བའི་རང་བཞིན་ནམ། ཨའི་རང་བཞིན་དེ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་ཡིན་ནོ། །དེ་ཉིད་བཤད་པར་བྱ་བའི་ཕྱིར། དང་པོ་གཅིག་ནི་དགུ་དབུས་ན། །གང་ཞིག་བཅུ་ཡིས་མ་བཅིངས་པ། །དེ་ནི་བཅིངས་ 37-1-215b མེད་ཤེས་བྱ་སྟེ། །དེ་ཤེས་པ་ནི་མཆོག་གི་གནས། །ཞེས་བྱ་བ་གསུངས་ཏེ། རྣལ་འབྱོར་པ་དེས་མཆོག་གི་གནས་ཤེས་སོ་ཞེས་ཚིག་གི་འབྲེལ་པའོ། །གང་གིས་བཅིངས་པ་ནི་དབྱངས་དང་པོས་བཅིངས་པའམ། འཁོར་བའི་བག་ཆགས་རྣམས་ཀྱིས་མ་བཅིངས་པའི་འོད་གསལ་བ་ཤེས་པ་དེའི་ མཆོག་གི་གནས་ནི་དབྱངས་དང་པོའི་རང་བཞིན་གྱིས་བཏུ་བའི་ངག་གི་སྤྲོས་པ་ཤེས་པ་ཡིན་ནོ། །ཇི་ལྟར་ཞེ་ན། དང་པོ་གཅིག་ཅེས་པ་ནི་དང་པོ་ཡང་ཡིན་ལ་གཅིག་ཀྱང་ཡིན་པས་དང་པོ་གཅིག་སྟེ། དབྱངས་དང་གསལ་བྱེད་རྣམས་སྐྱེད་པར་བྱེད་པའི་རྒྱུ་ཡིན་པས་དང་པོའོ། །ཡང་ན་དེ་ལས་དང་པོ་ མེད་པས་ན་དང་པོའོ། །ཡི་གེ་ཐམས་ཅད་ཨ་ལ་ཞུགས་པའི་ཕྱིར་དེ་ཉིད་གཅིག་ཡིན་ནོ། །དགུ་དབུས་ན་ཞེས་བྱ་བ་ནི་ཡི་གེ་ཨ་དེ་ཉིད་མ་མོའི་སྡེ་ཚན་དགུའི་དབུས་ན་གནས་པ་ཡིན་ཏེ། དཔེར་ན་ཨ་ཨེ་ཨོ་རྀ་ལྀ་ཨི་ཨུ་ཨཾ་ཞེས་བྱ་བ་ནི་ཐུང་བ་བརྒྱད་དེ་སྡེ་ཚན་གཅིག་ཡིན་ནོ། །དེ་བཞིན་དུ་ཨཱ་ཨཻ་ཨཽ རཱྀ་ལཱྀ་ཨཱི་ཨཱུ་ཨཱཿཞེས་བྱ་བ་ནི་རིང་བ་བརྒྱད་དེ། སྡེ་ཚན་གཉིས་པའོ། །ཀ་ལ་སོགས་པ་མའི་བར་དུ་ནི་སྡེ་ཚན་ལྔའོ། །མཐར་གནས་པའི་ཡི་གེ་དང་དྲོད་ཀྱི་ཡི་གེ་སྟེ་སྡེ་ཚན་གཉིས་སོ། །དགུ་པོ་དེ་རྣམས་ཀྱི་དབུས་ན་གནས་པ་སྟེ། དེ་མེད་ན་སྲོག་མེད་པས་བརྗོད་དུ་མི་ནུས་པའི་ཕྱིར་རོ། །གང་ ཞིག་བཅུ་ཡིས་མ་བཅིངས་པ། །ཞེས་བྱ་བ་ནི་དགུ་པོ་དེ་རྣམས་དང་བདག་ཉིད་དེ་བཅུ་པོས། ངག་གི་རྣམ་པར་རྟོག་པས་འོད་གསལ་བཅིང་བར་མི་འགྱུར་རོ། །ཡང་ན་རང་བཞིན་དུ་དག་པ་དང་རྣམ་པར་རྟོག་པ་སྣ་ཚོགས་གློ་བུར་བ་ཡིན་པས་བཅིང་བར་མི་འགྱུར་རོ། །དེ་ལྟ་བུའི་འོད་གསལ་བ་མ་ མོའི་དེ་ཁོ་ན་ཉིད་ཡི་གེ་ཨ་འམ། དེ་ལས་འདས་པ་གང་གིས་ཤེས་པ་དེས་མཆོག་གི་གནས་ཞེས་པ་མི་འཇིག་པ་དང་མི་འགྱུར་བར་ཤེས་པ་ཡིན་ཏེ་མཐར་ཐུག་པའི་དོན་ཏོ། །དེ་ཉིད་རྒྱས་པར་བཤད་པར་བྱ་བའི་ཕྱིར། དབྱངས་དང་གསལ་བྱེད་ཡི་གེ་སྟེ། །གྲངས་དགུ་ཡི་ནི་རྗེས་འཇུག་པ། ། ཨས་བཅིངས་ཕན་ཚུན་ཡང་དག་སྦྱོར། །གང་གིས་ཤེས་དེ་འགྲོ་བའི་བླ། །ཞེས་བྱ་བ་གསུངས་ཏེ། དབྱངས་ནི་བཅུ་དྲུག་དང་། གསལ་བྱེད་ནི་ཀ་ལ་སོགས་པ་ཧའི་བར་དུའོ། །ཡི་གེ་ནི་ཡ་ར་ལ་ཝ་སྟེ་མ་ནིང་གི་ཡི་གེ་བཞིའོ། །གྲངས་དགུ་ཡི་ནི་རྗེས་འཇུག་པ། །ཞེས་བྱ་བ་ནི་སྔར་བཤད་ 37-1-216a པའི་རིམ་པ་ལྟ་བུའོ། །དེ་རྣམས་ཨས་བཅིངས་པ་ནི་ཡི་གེ་ཨས་བཅིངས་པས་དེའི་རང་བཞིན་དུ་གང་གིས་ཤེས་པ་དེ་ནི་འགྲོ་བའི་སློབ་དཔོན་དུ་འགྱུར་རོ། །ད་ནི་སྔགས་བཏུ་བ་བཤད་པར་བྱ་བའི་ཕྱིར། འབྱུང་བའི་མཐའ་དང་ཡང་དག་ལྡན། །ཆ་ལ་སོགས་པ་བཅུ་དྲུག་ གནས། །ལྔ་པ་ལྔ་དང་ཡང་དག་ལྡན། །བཞི་ནི་གསུམ་དུ་ངེས་པར་སྦྱར། །ཡི་གེ་ཨཱ་བཅས་རིང་པོར་བཅས། །ཡོན་ཏན་སྦྱོར་སོགས་ཕྱིས་དང་མཚུངས། །ཐུང་ངུ་མ་ལུས་ངག་ཏུ་འགྱུར། །གཅིག་མིན་དུ་མ་མ་ཡིན་ནོ། །ཞེས་བྱ་བ་གསུངས་ཏེ། རྡོ་རྗེའི་མདོ་གཉིས་པོས་སྔགས་ བཏུ་བ་དང་། དེ་ཉིད་ཉེ་བར་བསྡུ་བ་བསྟན་པའོ། །དེ་ལས་འབྱུང་བའི་མཐའ་ནི་ཡི་གེ་ཧའོ། །ཆ་ལ་སོགས་པ་ནི་ཡི་གེ་ཨའོ། །བཅུ་དྲུག་པ་ནི་ཚེག་དྲག་དང་བཅས་པའི་ཨའོ། །གཉིས་ཀ་ལ་མཚམས་སྦྱར་ན་ཡི་གེ་ཨཱ་རིང་པོར་འགྱུར་རོ། །ལྔ་པ་ལྔ་དང་ཡང་དག་ལྡན། །ཞེས་བྱ་བ་སྡེ་ཚན་ ལྔ་པའི་ལྔ་པ་ནི་ཉི་ཤུ་ལྔ་པ་སྟེ་ཡི་གེ་མའོ། །དེ་ཉིད་རྗེས་སུ་འབྱུང་བའི་དབྱངས་སུ་གྱུར་ནས་འབྱུང་བའི་མཐའ་ཡི་གེ་ཧ་དང་སྦྱར་རོ། །བཞི་ནི་གསུམ་དུ་ངེས་པར་སྦྱར། །ཞེས་བྱ་བ་ནི་བཞི་གསུམ་ཕྲག་ཏུ་བྱས་ན་ཡི་གེ་བཅུ་གཉིས་ཏེ། དེ་རྣམས་དང་སྦྱར་བ་གང་ལ་ཡོད་པ་དེ་ནི་བཅུ་གསུམ་པ་སྟེ་ཡི་གེ་ ཨོའོ། །དེ་ཡང་ཡི་གེ་ཨཾཿ་བཅས་ཞེས་བྱ་བ་ནི་ཐིག་ལེ་དང་བཅས་པར་བྱའོ། །རིང་པོར་བཅས་ཞེས་བྱ་བ་ནི་དོན་གྱིས་འབྱུང་བའི་མཐའ་དང་། རིང་པོ་ནི་ཡི་གེ་ཨཱུ་དང་སྦྱར་རོ། །ཀུན་བསྡོམས་པས་ཨོཾ་ཨཱཿཧཱུཾ་ཡིན། སྔགས་བཏུ་བའོ། །ཉེ་བར་བསྡུ་བ་བཤད་པར་བྱ་བའི་ཕྱིར། ཡོན་ཏན་སྦྱོར་ སོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡོན་ཏན་ནི་སྙིང་སྟོབས་དང་། རྡུལ་དང་། མུན་པ་གསུམ་ཡི་གེ་གསུམ་ཁོ་ན་ཡིན་ཏེ། དེ་རྣམས་སྦྱོར་བ་ནི་འབྲེལ་པ་སྟེ་ཕྱིས་དང་མཚུངས་པར་བྱའོ། །དེའི་རིམ་པ་འདི་ཡིན་ཏེ། འདིར་ནི་ཡི་གེ་གསུམ་གང་ཡིན་པ་དེ་ལ་ཡང་རེ་རེར་ཡི་གེ་གསུམ་ཡོད་པ་སྟེ། དེ་ཀུན་ལ་ཡང་མི་འཇིག་པའི་ཡི་གེ་ཁྱབ་པར་བྱེད་པ་ཉིད་དུ་གནས་པ་ཡིན་ནོ། །དེ་ལ་རེ་ཞིག་ཕྱག་འཚལ་བའི་གསུམ་ནི་ཨ་དང་ཨུ་དང་མའོ། །ངག་གི་དབང་ཕྱུག་གི་གསུམ་ནི་ཨ་དང་ཨཱ་དང་ཚེག་དྲག་གོ། །སྤྲིན་སྒྲའི་གསུམ་ནི་མགོ་བོ་དང་།སྲོག་མེད་པའི་ཧ་དང་། ཞབས་བསྐྱེད་དོ། །དེ་ལ་ཨོ་དང་རྗེས་ 37-1-216b སུ་འབྱུང་བའི་དབྱངས་ངག་གི་དབང་ཕྱུག་གི་ས་བོན་ལ་ཐིམ་པ་དང་། ངག་གི་དབང་ཕྱུག་གི་ཐིག་ལེ་གཉིས་ཐུགས་ཀྱི་དབང་ཕྱུག་གི་ཐིག་ལེ་ལ་ཐིམ་མོ། །ཞབས་བསྐྱེད་ནི་ཧ་ལ་ཐིམ་པ་དང་། ཧ་ཡང་ཐིག་ལེ་ལ་ཐིམ་པ་དང་། ཐིག་ལེ་ཡང་མགོ་བོ་ལ་ཐིམ་པ་སྟེ་མགོ་བོ་ཁོ་ན་ཡི་གེ་ཨའོ། །དེ་ལྟར་ན་ཡི་གེ་ཨ་ བཞི་ལུས་པ་ཡིན་ཏེ། དེ་ལ་སྐུའི་ཨ་ནི་གསུང་གི་ཨ་ལ་ཐིམ་པ་དང་། གསུང་གི་ཨ་རང་གི་ཚེག་དྲག་གི་ཨ་ལ་ཐིམ་པ་དང་། དེ་ཡང་ཐུགས་ཀྱི་ཨ་ལ་ཐིམ་པར་འགྱུར་རོ། །དེ་ཉིད་བཤད་པར་བྱ་བའི་ཕྱིར། ཐུང་ངུ་མ་ལུས་ངག་ཏུ་འགྱུར། །གཅིག་མིན་དུ་མ་མ་ཡིན་ནོ། །ཞེས་བྱ་བ་གསུངས་ཏེ། གང་ཞིག་ ཐུང་ངུ་ནི་མི་འཇིག་པའི་ཡི་གེ་ལུས་པ་དེ་ཉིད་མ་ལུས་ངག་ཏུ་འགྱུར་ཞེས་བྱ་བ་ནི་ཡི་གེ་དང་ཚིག་དང་ངག་ལ་སོགས་པའི་དབྱེ་བས་ངག་གི་སྤྲོས་པ་ཐམས་ཅད་ཀྱི་གཟུགས་སུ་འགྱུར་ཏེ། དེ་ཡང་ཐམས་ཅད་ཉེ་བར་བསྡུ་བའི་ཕྱིར་དུ་མ་མ་ཡིན་པ་དང་། དེ་ཉིད་ལས་ངག་ཐམས་ཅད་འབྱུང་བའི་ཕྱིར་གཅིག་ཀྱང་ མ་ཡིན་ཏེ། བརྗོད་དུ་མེད་པ་དོན་དམ་པའི་དེ་ཁོ་ན་ཉིད་ལྟ་བུ་ཡིན་ནོ། །ཡང་ན་ཕྱིས་དང་མཚུངས་ཞེས་བྱ་བ་ནི་མི་མཐོང་བ་ཙམ་ཡིན་ཏེ། ཨོཾ་ནི་ཨཱཿ་ལ་ཐིམ་པ་དང་། དེ་ཡང་ཧཱུཾ་ལ་ཐིམ་པ་དང་། ཧཱུཾ་གི་ཞབས་བསྐྱེད་ཧ་ལ་ཐིམ་པ་དང་། ཧ་ལས་ཀྱང་ཨ་བཏོན་ནས་ཧ་ནི་མགོ་བོ་ལ་ཐིམ་པ་དང་། མགོ་བོ་ཡང་ ཐིག་ལེ་ལ་ཐིམ་པ་དང་། ཐིག་ལེ་ཡང་ཨ་ལ་ཐིམ་པར་བྱའོ། །དེ་ཉིད་བཤད་པར་བྱ་བའི་ཕྱིར། ཡི་གེ་གང་ཞིག་སྔར་བཤད་དང་། །གང་ཡང་མངོན་པར་ཕྱོགས་པ་རྣམས། །བུད་མེད་སྐྱེས་པ་མ་ནིང་སྟེ། །ཁམས་ལ་སོགས་པ་རབ་ཏུ་བརྟག །ཅེས་བྱ་བ་གསུངས་ཏེ། དབྱངས་དང་གསལ་བྱེད་ཀྱི་རང་བཞིན་ གྱི་ཡི་གེ་དག་སྔར་བཤད་པ་དང་། དེ་བཞིན་དུ་མངོན་པར་ཕྱོགས་པ་ནི་ཞི་བ་ལ་སོགས་པ་ལ་གཙོ་བོར་གྱུར་པ་ཡ་ར་ལ་ཝ་གང་ཡིན་པ་དེ་རྣམས་ཐམས་ཅད་བུད་མེད་དང་། སྐྱེས་པ་དང་། མ་ནིང་གི་རང་བཞིན་དུ་ཤེས་པར་བྱའོ། །དེ་ལ་བུད་མེད་ཀྱི་རྟགས་ནི་ཡི་གེ་ཨའོ། །སྐྱེས་པའི་རྟགས་ནི་ཡི་གེ་ཧཱུཾ་ངོ་། ། མ་ནིང་གི་རྟགས་ནི་ཡི་གེ་ཨོཾ་ཡིན་ནོ། །དེ་ལ་སྒྲ་མཁན་ལ་སོགས་པས་བྱས་པའི་རྟགས་ཀྱི་མཚན་ཉིད་འདིར་གཟུང་བར་མི་བྱ་སྟེ། སླུ་བར་བྱེད་པས་ན་རིགས་པ་མ་ཡིན་ནོ། །འདིར་ནི་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་ལས་མ་འདས་པས་རྟགས་ཀྱི་མཚན་ཉིད་གཞན་མཐོང་བ་མ་ 37-1-217a ཡིན་ཏེ། ཆོས་ཉིད་ནི་ཁྱབ་པར་བྱེད་པ་དང་། ཆོས་ཅན་ནི་ཁྱབ་པར་བྱ་བའོ། །དེ་དག་ཤེས་རབ་དང་ཐབས་སོ། །གང་གི་ཕྱིར་ཤེས་རབ་ནི་བདེ་བ་ཆེན་པོ་ཐབས་ནི་ཁྱབ་པར་བྱ་བ་སྟེ་ཐབས་ཀྱིས་ནི་ཤེས་རབ་མ་ཡིན་ཏེ། དེ་ནི་དེས་བཅའ་བར་བྱ་བའི་ཕྱིར་རོ། །དེ་ལྟར་ན་ཨ་ལ་ སོགས་པ་རྣམས་ཀྱིས་གསལ་བྱ་རྣམས་ཁྱབ་པར་བྱ་བ་ཉིད་དོ། །དེ་བས་ན་དབྱངས་ནི་ཤེས་རབ་རང་བཞིན་དང་གསལ་བྱེད་ནི་ཐབས་ཀྱི་རང་བཞིན་དུ་རྣམ་པར་གཞག་གོ། །ཡ་ར་ལ་ཝ་བཞི་པོ་ནི་སྣོད་ཀྱི་འཇིག་རྟེན་གྱི་རང་བཞིན་ཡིན་ཏེ་མ་ནིང་ངོ་། །དེ་ལ་ཨ་ནས་བརྩམས་ཏེ་ཚེག་དྲག་གི་བར་ དུ་བསྡུས་ན་གནས་པའི་དབྱངས་ཀུན་བསྡུ་བས་ཡི་གེ་ཨ་ནི་བུད་མེད་ཡིན་ནོ། །ཀ་ལས་བརྩམས་ནས་ཧའི་བར་དུ་གོ་བཟློག་པའི་རིམ་པས་སོ་སོར་བསྡུས་ན་ཡི་གེ་ཧཱུཾ་ནི་ཐབས་ཀྱི་རང་བཞིན་ཏེ་སྐྱེས་པའོ། །ཡ་ར་ལ་ཝ་བཞི་པོའི་ཐ་མ་ཡི་གེ་ཝ་རྐྱང་པར་བྱས་ལ་ཡི་གེ་གཞན་པའི་ཨ་དང་མཚམས་ སྦྱར་ཞིང་དེ་རྣམས་ཀྱང་སྣ་ལས་རྗེས་སུ་འབྱུང་བའི་ཕྱིར། རྗེས་སུ་འབྱུང་བའི་དབྱངས་ལ་ཨོཾ། །ཞེས་བྱ་བ་ནི་མ་ནིང་ཡིན་ནོ། །གལ་ཏེ་ཤེས་རབ་དང་ཐབས་མ་གཏོགས་པར་རྟགས་གཞན་མི་དམིགས་ཏེ། འོན་ཀྱང་འཇིག་རྟེན་གྱི་ཀུན་རྫོབ་ཏུ་མ་ནིང་གི་ཐ་སྙད་མཐོང་བ་ཡིན་ནོ། །ཁམས་ལ་སོགས་ པར་རབ་ཏུ་བརྟག །ཅེས་བྱ་བ་ནི་འདི་རྣམས་བུད་མེད་ལ་སོགས་པའི་རང་བཞིན་གཅིག་པུར་མ་ཟད་ཀྱི། ཇི་སྲིད་ཁམས་ལ་སོགས་པ་ནི་སྐད་ཀྱི་བྱིངས་དང་། བྱེད་ཚིག་དང་། བྱེད་པ་པོ་དང་། བསྡུ་བ་དང་། བྱེད་པ་དང་། དེ་ལ་ཕན་པ་དང་བདག་གི་ཚིག་དང་། གཞན་གྱི་ཚིག་དང་དུས་དང་སྐྱེས་བུ་དང་ གྲངས་དང་ཡི་གེ་དང་ཚིག་དང་ངག་ཆེན་པོ་ལ་སོགས་པ་སྟེ། དེ་སྲིད་བརྒྱད་ཁྲི་བཞི་སྟོང་གི་ཆོས་ཀྱི་ཕུང་པོའི་བར་དུ་སྣ་ཚོགས་པའི་སྐད་ལ་སོགས་པའི་གཟུགས་སུ་རབ་ཏུ་བརྟག་པ་ཡིན་ནོ་ཞེས་སྟོན་ཏོ། །ཡང་ན་ཁམས་ལ་སོགས་པ་ནི་ཁམས་གསུམ་པ་དང་། སྐུ་གསུམ་དང་། རྩ་གསུམ་དང་། ཏིང་ངེ་འཛིན་གསུམ་དང་། སྐུ་གསུང་ཐུགས་ལ་སོགས་པའི་རང་བཞིན་དུ་རབ་ཏུ་བརྟག་པ་ཡིན་ནོ་ཞེས་སྟོན་ཏོ། །དེ་རྣམས་ཀྱི་ལས་བཤད་པར་བྱ་བའི་ཕྱིར། འོག་དང་སྟེང་དུ་བཅས་པར་ནི། །ཤེས་ནས་བློས་ནི་ངེས་པར་སྦྱར། །ཞེས་བྱ་བ་གསུངས་ཏེ། དེ་ལ་ཡི་གེ་ཨོཾ་ནི་འོག་ཏུ་འགྲོ་བ་སྟེ་འཇུག་ 37-1-217b པའི་རང་བཞིན་ཡིན་པའི་ཕྱིར་རོ། །སྟེང་དུ་འགྲོ་བ་ནི་ཡི་གེ་ཧཱུཾ་སྟེ་ལྡང་བའི་རང་བཞིན་ཡིན་པའི་ཕྱིར་རོ། །བཅས་པ་ནི་མཉམ་པ་ཉིད་དུ་གནས་པ་སྟེ་ཡི་གེ་ཨའོ། །འོ་ན་རང་བཞིན་གྱིས་གནས་པའི་རླུང་རྣམས་ལ་འོག་དང་སྟེང་ལ་སོགས་པའི་དབྱེ་བ་ཅི་དགོས་ཤེ་ན། སྨྲས་པ། ཤེས་ནས་བློས་ནི་ ངེས་པར་སྦྱར། །ཞེས་བྱ་བ་ནི་འཇུག་པ་ལ་སོགས་པ་རང་བཞིན་གྱིས་འགྲུབ་ན་ཡང་། སོ་སོ་སྐྱེ་བོ་རྣམས་མ་རིག་པའི་དབང་གིས་ཤེས་པ་མ་ཡིན་ནོ། །དེ་བས་ན་ཡན་ལག་མ་ཉམས་པ་ཉིད་དུ་ཤེས་ནས་བློའི་ངེས་པར་སྦྱར་ན་རྣལ་འབྱོར་པ་ལ་རང་བཞིན་གསལ་བར་བྱེད་པ་ཡིན་ནོ་ཞེས་ཚིག་གི་ལྷག་ མའོ། །དེའི་ཕྱིར་མ་ཐོབ་པ་ཐོབ་པ་མ་ཡིན་ཏེ། མ་ཤེས་པ་ཤེས་པ་ཡིན་པས་རྫོགས་པའི་རིམ་པ་ཡིན་ནོ། །ཉེ་བར་བསྡུ་བ་བཤད་པར་བྱ་བའི་ཕྱིར། བརྗོད་པ་ཡི་ནི་སྔགས་འདི་དག །དངོས་མེད་ངོ་བོ་ལས་བྱུང་བའོ། །ཞེས་གསུངས་ཏེ། བརྗོད་པ་ཞེས་བྱ་བ་འདི་སྔགས་བཏུ་བའི་མཚན་ཉིད་ དོ། །དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། དངོས་མེད་ནི་རང་བཞིན་མེད་པ་སྟེ་འོད་གསལ་བའི་ངོ་བོ་ལས་འབྱུང་བ་ཡིན་ནོ་ཞེས་བསྟན་ཏོ། །སྔགས་བཏུ་བ་བཤད་ནས་སྔགས་ཀྱི་དོན་བཤད་པར་བྱ་བའི་ཕྱིར། དེ་ནས་ཡོངས་སུ་གྱུར་པའི་གཟུགས། །ལྷ་རུ་ཉེ་བར་མཚོན་པ་གང་། །ཞེས་བྱ་བ་གསུངས་ཏེ། ཡི་གེ་གསུམ་པོ་དེ་ཉིད་ལས་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་གང་འབྱུང་བ་དེ་ཡང་། ལྷ་རུ་ཉེ་བར་མཚོན་པ་ནི་ས་བོན་གང་དང་གང་གིས་ལྷ་དེ་དང་དེའི་ཉེ་བར་མཚོན་པ་ནི་ཡོངས་སུ་གྲུབ་པ་སྟེ་སྔགས་ཀྱི་དོན་ཏོ། །གང་གི་ཕྱིར་བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པ་དག་རྗེས་སུ་མཐུན་པའི་ ཕྱིར་རོ། །བརྡ་བཤད་པར་བྱ་བའི་ཕྱིར། བརྡ་ཡིས་དེ་ཉིད་གསུམ་གནས་པ། །རང་བཞིན་བཟླས་པའི་མཚན་ཉིད་དོ། །ཞེས་བྱ་བ་གསུངས་ཏེ། བརྡ་ནི་སྔགས་ཀྱི་བརྡ་སྟེ་མིང་ཡིན་ནོ། །དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན་དེ་ཉིད་གསུམ་གནས་པ་ནི་དེ་ཁོ་ན་ཉིད་གསུམ་གྱིས་བརྡར་བྱས་ཏེ་སྐུའི་དེ་ཁོ་ན་ཉིད་དང་། གསུང་ གི་དེ་ཁོ་ན་ཉིད་དང་། ཐུགས་ཀྱི་དེ་ཁོ་ན་ཉིད་དེ་ཡི་གེ་གསུམ་གྱི་བརྡ་ཡིན་ནོ། །དེ་བཞིན་དུ། རང་བཞིན་བཟླས་པའི་མཚན་ཉིད་དོ། །ཞེས་བྱ་བ་ནི་རང་བཞིན་ནི་སྔགས་ཀྱི་རིགས་རྣམས་ཏེ། དེ་ཉིད་ཀྱི་བཟླས་པ་ནི་ཡི་གེ་གསུམ་སྦྱར་བ་དང་། མ་སྦྱར་བའི་མཚན་ཉིད་དེ། དེ་ཡང་བརྡ་ཡིན་ནོ། །གང་གི་ཕྱིར་སྦྲུལ་ 37-1-218a ལ་སོགས་པའི་བརྡ་རྣམས་ནི་ཡི་གེ་གསུམ་ལ་རག་ལུས་པས་སྦྲུལ་ལ་སོགས་པའི་བརྡ་རུ་འགྱུར་ཏེ་སྔགས་ཀྱི་བརྡ་བསྟན་ཏོ། །ད་ནི་སྔགས་ཀྱི་དེ་ཁོ་ན་ཉིད་བཤད་པར་བྱ་བའི་ཕྱིར། ཨ་ཡིས་བཤད་པའི་ཡེ་ཤེས་ནི། །སངས་རྒྱས་ཀྱི་ནི་སྙིང་པོར་འགྱུར། །ཞེས་བྱ་བ་གསུངས་ ཏེ། ཨ་ལ་བརྟེན་ཏེ་ཡེ་ཤེས་གང་ཆོས་ཐམས་ཅད་ཀྱི་ཐོག་མ་ལས་མ་སྐྱེས་པའི་མཚན་ཉིད་ཅན་གྱི་དེ་ཁོ་ན་ཉིད་དེ། དེ་ཉིད་སངས་རྒྱས་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་རྟོགས་པའི་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་རྗོད་པར་བྱེད་པ་ནི་ཕྱག་འཚལ་བ་ལ་སོགས་པའི་སྙིང་པོའི་དེ་ཁོ་ན་ཉིད་ཡིན་ཏེ་སྔགས་ཀྱི་དེ་ཁོ་ ན་ཉིད་དོ། །གང་གི་ཕྱིར་དེ་མེད་ན་སྔགས་ཀྱི་ཕུང་པོ་དང་། ཆོས་ཀྱི་ཕུང་པོ་ཐམས་ཅད་དོན་མེད་པར་འགྱུར་རོ། །ཇི་སྐད་དུ། བརྒྱད་ཁྲི་དང་ནི་བཞི་སྟོང་ཉིད། །ཐུབ་པ་ཆེན་པོས་ཆོས་ཕུང་པོ། །གང་གིས་དེ་ཉིད་ཤེས་མི་འགྱུར། །དེ་དག་ཐམས་ཅད་འབྲས་བུ་མེད། །ཅེས་འབྱུང་ངོ་། །བསྐྱེད་ པའི་རིམ་པའི་རྣལ་འབྱོར་པས་སྤྲོ་བ་དང་བསྡུ་བ་དང་། གནས་པ་རྣམས་ཀྱིས་སངས་རྒྱས་ཀྱི་གཟུགས་རྫོགས་པར་བྱེད་པ་སྟེ། འདིར་དེའི་རྣམ་པར་རང་བཞིན་གྱིས་གྲུབ་པ་ཡིན་ནོ་ཞེས་བཤད་པར་བྱ་བའི་ཕྱིར། ཧཱུཾ་གིས་སེམས་ཅན་ཡང་དག་སྤྲོ། །སངས་རྒྱས་སྐུར་ནི་རབ་ཏུ་བརྟག །ཨོཾ་གྱིས་ སེམས་ཅན་ཡང་དག་སྡུད། །ཨས་ནི་གནས་པར་གྱུར་པའོ། །ཞེས་བྱ་བ་གསུངས་ཏེ། ཡི་གེ་ཧཱུཾ་ནི་ལྡང་བའི་བདག་ཉིད་ཏེ་དེའི་སེམས་ཅན་ནི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ལ་སོགས་པའི་རང་བཞིན། སངས་རྒྱས་སྐུར་ནི་རབ་ཏུ་བརྟག །ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་དང་། ལྷ་མོ་ དང་། བྱང་ཆུབ་སེམས་དཔའི་བདག་ཉིད་དུ་ཡང་དག་པར་སྤྲོ་བར་བྱེད་པ་སྟེ། ལྡང་བའི་རླུང་ཁོ་ན་ལས་དེ་རྣམས་གསལ་བའི་ཕྱིར་རོ། །གསལ་བ་ནི་སྣང་བ་དང་སྤྲོ་བའོ་ཞེས་རྣམ་གྲངས་སོ། །དེ་བཞིན་དུ་འཇུག་པའི་བདག་ཉིད་ཡིན་པའི་ཕྱིར། ཡི་གེ་ཨོཾ་གྱིས་སེམས་ཅན་གྱི་སངས་རྒྱས་ རྣམས་སྔ་མ་བཞིན་དུ་ཡང་དག་པར་སྡུད་པར་བྱེད་པའོ། །ཡི་གེ་ཨཱ་ས་ནི་དེ་རྣམས་གནས་པར་བྱེད་པའོ། །དེ་ལྟར་ཡིན་ན་བསྐྱེད་པའི་རིམ་པའི་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་ལ་སོགས་པ་ལ་སྤྲོ་བ་དང་བསྡུ་བ་དང་གནས་པ་རྣམས་དོན་མེད་པ་ཡིན་ནོ་ཞེས་དགོངས་པའོ། །ད་ནི་རྡོ་རྗེ་བཟླས་པའི་བྱ་ 37-1-218b བའི་སྒོ་ནས་རང་བཞིན་བཤད་པར་བྱ་བའི་ཕྱིར། འཇུག་པ་ཉིད་དང་གནས་པ་དང་། །ལྡང་བ་ཡི་ནི་རིམ་གྱིས་ཀྱང་། །ཤེས་རབ་ཐབས་ཀྱི་གཞིར་གནས་ཏེ། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །ཞེས་བྱ་བ་གསུངས་ཏེ། ཡན་ལག་མ་ཉམས་པའི་ལྷའི་རྣལ་འབྱོར་གྱིས་སྔགས་བཟླ་བར་ བྱའོ་ཞེས་ཚིག་གི་འབྲེལ་པའོ། །རིམ་གྱིས་ཞེས་བྱ་བ་ནི་འཇུག་པ་ལ་སོགས་པའི་རིམ་པས་སོ་ཞེས་བསྟན་ཏོ། །རྣལ་འབྱོར་པ་ཇི་ལྟ་བུས་བཟླ་བར་བྱ་ཞེ་ན། ཤེས་རབ་ཐབས་ཀྱི་གཞིར་གནས་ཏེ། །ཞེས་བྱ་བ་ནི་ཤེས་རབ་ནི་ཡི་གེ་ཨ་དང་། ཐབས་ནི་ཡི་གེ་ཧཱུཾ་དང་། གཞི་ནི་མ་ནིང་གི་གནས་སུ་ཕྱག་ འཚལ་བའི་ཡི་གེ་སྟེ། དེར་གནས་པ་ནི་སྲོག་དང་རྩོལ་བ་དང་། མེ་དང་མཉམ་པའི་རང་བཞིན་གྱི་ཡི་གེ་གསུམ་ལ་གནས་པའོ། །གང་གི་ཕྱིར་ཡི་གེ་གསུམ་ནི་སྔགས་ཀྱི་སྐུ་ཐམས་ཅད་དང་། སྐུ་དང་གསུང་དང་ཐུགས་རྗེས་སུ་དྲན་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །དཔེར་ན་དེ་ཉིད་གྱེན་དུ་འགྲོ་ བས་གཡས་ལ་སོགས་པ་དང་། དམར་པོ་ལ་སོགས་པའི་དབྱེ་བས་ཀུན་རྫོབ་ཀྱི་སྣའི་རྩེ་མོར་ནང་གི་དུས་ལ་དམིགས་ཏེ། དཀྱིལ་འཁོར་བཞི་ཤར་བའི་དུས་སུ་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་བྱེད་པ་ཡིན་ནོ། །དེ་ཉིད་ཐུར་དུ་སེལ་བས་སྲོག་གི་འཁོར་ལོ་ཉེ་བར་བསྡུས་ནས་ཤུ་ཀྲའི་ཐིག་ལེའི་ གཟུགས་སུ་གྱུར་ཏེ། འཁོར་བ་པ་རྣམས་སྐྱེད་པར་བྱེད་པ་ཡིན་ནོ། །དེ་ཉིད་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ལ་རྟག་པའི་སྔགས་ཀྱིས་སྐུ་སྐྱེད་པར་བྱེད་པའོ། །དེ་ཉིད་པདྨའི་སྣ་ལ་ཕྲ་མོའི་རྣལ་འབྱོར་པ་རྣམས་ལ་སེམས་རྩེ་གཅིག་པའི་རྒྱུར་འགྱུར་རོ། །དེ་ཉིད་དངོས་གྲུབ་འདོད་པ་རྣམས་ ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོས་བསྐུལ་ནས་དངོས་གྲུབ་མངོན་དུ་བྱེད་པ་ཡིན་ནོ། །དེ་ཉིད་སྣ་ཚོགས་པར་སྤེལ་ཞིང་བཟླས་ན་ལས་དང་པོ་པ་རྣམས་སྡིག་པ་ཟད་པའི་རྒྱུར་འགྱུར་བ་དང་། མངོན་པར་འདོད་པའི་ལས་རབ་ཏུ་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ཉིད་རྫོགས་པའི་རིམ་པ་ལ་ གནས་པའི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་རིགས་ཅན་གྱིས་གསང་བ་ལ་སོགས་པའི་སྣ་གསུམ་པོ་ལ་ཐིག་ལེའི་གཟུགས་སུ་བསྒོམས་ན་རླུང་གི་དེ་ཁོ་ན་ཡོངས་སུ་ཤེས་པར་བྱེད་པ་ཡིན་ནོ། །དེ་ཉིད་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་རྣལ་འབྱོར་པ་རྣམས་ལ་མ་ལུས་ 37-1-219a དང་། ལུས་པའི་གཟུགས་སུ་བཟླས་པའི་རྒྱུར་འགྱུར་རོ། །དེ་ཉིད་སྲིད་པ་བར་མདོའི་གནས་སྐབས་སུ་སྲིད་པ་སྐྱེད་པའི་རྒྱུར་འགྱུར་རོ། །དེ་ཉིད་རྣལ་འབྱོར་པ་རྣམས་ལ་གནས་སྐབས་དེ་ཉིད་ལ་ཅིག་ཅར་དུ་ཡེ་ཤེས་ཀྱི་སྐུ་སྐྱེད་པར་བྱེད་པ་ཡིན་ནོ། །དེ་ཉིད་སྔགས་ཀྱི་དེ་ཁོ་ ན་ཉིད་འདོད་པ་རྣམས་ལ་ཐུན་རྣམ་པ་བཞི་ལ་སོགས་པ་ཡོངས་སུ་ཤེས་ནས་འོད་གསལ་བ་རྟོགས་པར་བྱེད་པ་ཡིན་ནོ། །དེ་ཉིད་མཐའ་རུ་ཐམས་ཅད་ཡོངས་སུ་རྫོགས་ནས་མ་ནིང་གི་བཟླས་པའི་སྐབས་སུ་ཐབས་དང་ཤེས་རབ་ཐ་མི་དད་པའི་དེ་ཁོ་ན་ཉིད་མངོན་དུ་བྱེད་པའི་རྒྱུར་འགྱུར་རོ། །ད་ནི་རྡོ་རྗེ་ བཟླས་པ་ལ་དཀྱིལ་འཁོར་གྱི་རིམ་པས་གྲངས་བཤད་པར་བྱ་བའི་ཕྱིར། གོས་དཀར་ལ་སོགས་བཟླས་བཤད་པ། །བརྒྱ་ཕྲག་གཉིས་དང་ཉི་ཤུ་ལྔ། །བཞི་པོ་ལེགས་པར་བསྒྲེས་ན་ནི། །སྦྱོར་བཞི་བསྡུས་པས་བརྒྱ་ཕྲག་དགུ། །དགུ་བརྒྱ་དག་ཏུ་གང་བསྟན་པ། །ཉི་ཤུ་རྩ་བཞིའི་རིམ་གྱིས་ ནི། །དེ་ནི་སོ་སོར་འབྱུང་བ་ལས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །ཞེས་བྱ་བ་གསུངས་ཏེ། གོས་དཀར་མོ་ལ་སོགས་པ་ཉེ་བར་མཚོན་པས་མེའི་དཀྱིལ་འཁོར་ལ་སོགས་པ་བཞི་ཡིན་ཏེ། དེ་ལ་ཡང་རེ་རེ་ལ་ཆ་བཞི་བཞི་ཡོད་པ་སྟེ། ཆ་རེ་རེ་ལ་དབུས་སུ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་རྒྱུ་བ་ཡིན་ནོ། ། ལྷག་མ་ཆ་གསུམ་པའི་གྲངས་ཀྱིས་དགུ་བརྒྱར་འགྱུར་རོ། །དེ་ལྟར་དཀྱིལ་འཁོར་བཞི་ལ་འཇུག་པ་ལ་སོགས་པའི་རིམ་པས། ཉིན་མོ་རྒྱུ་བ་བཅུ་གཉིས་ཡིན་ཏེ། དགུ་བརྒྱ་བཅུ་གཉིས་དང་བསྒྲེས་ན་ཁྲི་ཕྲག་གཅིག་དང་བརྒྱད་བརྒྱར་འགྱུར་ཏེ། མཚན་མོ་ཡང་དེ་བཞིན་དུའོ། །དེ་ལྟར་ཀུན་ བསྡོམས་པས་ཉི་ཁྲི་གཅིག་སྟོང་དྲུག་བརྒྱ་ཡིན་ནོ། །འདིར་ནི་ཆོས་ཉིད་ཀྱི་རིགས་པ་འདི་ཡིན་ཏེ་འདི་ལས་གཞན་ནི་རླུང་རྒྱུ་བ་མེད་པའི་ཕྱིར་རོ། །འོན་ཀྱང་འཇུག་པ་ལ་སོགས་པའི་སྐད་ཅིག་མ་རང་བཞིན་གྱིས་གྲུབ་པ་གང་ཡིན་པ་དེ་ནི། རྣལ་འབྱོར་པས་འོད་གསལ་བའི་སྐད་ཅིག་མས་ཁྱབ་ པ་མཚོན་པར་བྱ་སྟེ། གཞན་དུ་སོ་སོ་སྐྱེ་བོ་ལས་འདི་ལ་ཁྱད་པར་མེད་པར་འགྱུར་རོ། །ནང་གི་དུས་འདི་ཉིད་ཅེས་བྱ་བ་ལ་སོགས་པ་གོ་སླའོ། །གསང་བ་འདུས་པའི་རྒྱུད་ཕྱི་མ་ནི་ལེའུ་བཅོ་བརྒྱད་པ་ལས་དོན་འདི་ཉིད་གསལ་བར་བྱེད་པའི་ཕྱིར། རིག་པའི་ཆོ་ག་འདི་ཡིས་ནི། །ཐུན་ 37-1-219b མཚམས་བཞི་རུ་རབ་སྦྱོར་ལ། །མཚོན་བྱ་མཚོན་བྱེད་གྲངས་རྣམས་ཀྱིས། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །ཞེས་བྱ་བ་གསུངས་ཏེ། སྣང་བ་ལ་སོགས་པ་སྟོང་པ་བཞི་གང་གིས་རིག་པར་འགྱུར་བ་དེ་ནི་རིག་པ་སྟེ་གོས་དཀར་མོ་ལ་སོགས་པའོ། །དེ་རྣམས་གང་དུ་སྦྱར་ བར་བྱེད་པ་དེ་ནི་རིག་པའི་ཆོ་ག་སྟེ་དཀྱིལ་འཁོར་བཞིའོ། །དེ་རྣམས་ཀྱི་འཇུག་པ་ལ་སོགས་པའི་རིམ་པས་སྔགས་ནི་ཡི་གེ་གསུམ་བཟླ་བར་བྱའོ། །དེ་བཞིན་དུ་ཐུན་མཚམས་བཞི་ནི་དཀྱིལ་འཁོར་བཞི་ཁོ་ན་སྟེ། དེ་རྣམས་ཀྱི་རབ་ཏུ་སྦྱོར་བ་ནི་གཡས་ལ་སོགས་པའི་དབྱེ་བས་འོད་ཟེར་ འབྱུང་བའི་རིམ་པ་སྟེ་དེ་ལའོ། །ཡང་ན་ཐུན་མཚམས་བཞི་ནི་ཉིན་མོ་དང་མཚན་མོ་ནང་གི་བདག་ཉིད་ཀྱི་དུས་ཏེ། དེའི་རིམ་པ་ལའོ། །ཇི་ལྟར་བཟླ་ཞེ་ན། མཚོན་བྱ་མཚོན་བྱེད་གྲངས་རྣམས་ཀྱིས། །ཞེས་བྱ་བ་ནི་མཚོན་པར་བྱ་བས་ན་མཚོན་བྱ་སྟེ་འོད་གསལ་བའམ་ཁ་དོག་དམར་པོ་ལ་སོགས་པའི་ འོད་ཟེར་རོ། །མཚོན་པར་བྱེད་པས་ན་མཚོན་བྱེད་དེ་འཇུག་པ་ལ་སོགས་པའོ། །གྲངས་ནི་སྔར་བཤད་པ་སྟེ། ཉིས་བརྒྱ་ཉི་ཤུ་རྩ་ལྔ་ལ་སོགས་པའོ། །དེ་རྣམས་ཀྱི་ཡན་ལག་མ་ཉམས་པའི་སྔགས་བཟླ་བར་བྱའོ། །ད་ནི་ངག་གི་བཟླས་པ་དགག་པར་བྱ་བའི་ཕྱིར། སྒོམ་པ་ཡི་ནི་བར་ཆད་ཅན། ། རྣལ་འབྱོར་ཕྱི་རོལ་བཟླས་པ་སྤངས། །སྔགས་དོན་བཅོམ་ལྡན་རྡོ་རྗེ་ཅན། །རྡོ་རྗེའི་བདག་ཉིད་ཇི་ལྟར་ཟློས། །ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་བཟླས་པ་ལ་ཆགས་པའི་རྣལ་འབྱོར་པས་ཕྱི་རོལ་བཟླས་པ་ནི་ངག་གི་བཟླས་པ་དང་། ནང་གི་བཟླས་པ་སྤང་བར་བྱའོ། །གང་གི་ཕྱིར་སྒོམ་པ་ཡི་ནི་རྫོགས་པའི་ རིམ་པའི་མཚན་ཉིད་དེ། དེའི་བར་ཆད་ཅན་ནི་བགེགས་སུ་འགྱུར་བའོ། །སྔགས་ཀྱི་བཟླས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་ཅན་མངོན་དུ་བྱ་བའི་ཕྱིར་བྱེད་པ་ཡིན་ཏེ། གལ་ཏེ་དེ་ཉིད་རྣལ་འབྱོར་པ་རྡོ་རྗེ་ཅན་གྱི་བདག་ཉིད་དུ་གྱུར་ན། མི་ཕྱེད་པའི་རྡོ་རྗེ་བཟླས་པའི་རང་བཞིན་གྱི་རྣལ་འབྱོར་པ་དེས་སོ། ། ཇི་ལྟར་ཟློས་ཞེས་པ་ནི་བཟླ་བར་བྱ་བ་མ་ཡིན་ནོ། །བསྐྱེད་པའི་རིམ་པ་ལ་གནས་པའི་དམ་ཚིག་འདི་ཉིད་ཡིན་ཏེ། དེའི་གལ་ཏེ་ཕྱིའི་བཟླས་པ་སྤོང་བར་བྱེད་ན། དེའི་ཚེ་བསྐྱེད་པའི་རིམ་པ་ལ་སྣོད་དུ་གྱུར་པ་མ་ཡིན་ཏེ་དམ་ཚིག་ཉམས་པའི་ཕྱིར་རོ། །དཔེ་བསྟན་པར་བྱ་བའི་ཕྱིར། གླང་པོ་མངོན་དུ་རྙེད་ 37-1-220a གྱུར་ནས། །གླང་པོའི་རྗེས་ནི་ཚོལ་བྱེད་ལྟར། །སྔགས་ལུས་རང་ཉིད་མངོན་གྱུར་ནས། །གཞན་དག་ཅིག་ནི་ཚོལ་བྱེད་དམ། །ཞེས་བྱ་བ་གསུངས་ཏེ། གླང་པོ་ཆེ་སྟོར་བའི་སྐྱེས་བུས་གལ་ཏེ་འདི་ཉིད་རྙེད་ན། དེའི་ཚེ་གླང་པོ་ཆེ་དེའི་རྗེས་ཚོལ་བ་མ་ཡིན་ནོ། །དེ་བཞིན་དུ་གང་ ཞིག་སྔགས་ཀྱི་སྐུ་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་གྱུར་པ་དེས་གཞན་དག་ངག་གི་བཟླས་ལ་སོགས་པ་ཚོལ་བར་བྱེད་པ་མ་ཡིན་ནོ། །ད་ནི་བསྐྱེད་པའི་རིམ་པའི་རྣལ་འབྱོར་པས་སྤྱན་དྲང་བ་ལ་སོགས་པའི་སྒོ་ནས་སྔགས་ཀྱི་སྐུ་འདོད་པ་སྟེ། རྫོགས་པའི་རིམ་པའི་རྣལ་འབྱོར་པ་ལ་རྒོལ་བ་གང་ཡིན་པ་དེ་ཉིད་བཤད་པར་ བྱ་བའི་ཕྱིར། གཞན་ཡང་རྡོ་རྗེ་འཛིན་གང་ཞིག །སྦྱོར་བ་གསུམ་དང་ལྡན་པའི་མི། །སྤྱན་དྲང་གཤེགས་སུ་གསོལ་འགྱུར་དང་། །དེ་བཞིན་བཞུགས་སུ་གསོལ་བ་དང་། །ཞེས་བྱ་བ་གསུངས་སོ། །དེའི་དོན་འདི་ཡིན་ཏེ། བསྐྱེད་པའི་རིམ་པ་ལ་གནས་པའི་རྣལ་འབྱོར་པས་དམ་ཚིག་དང་ཡེ་ཤེས་ དང་། ཏིང་ངེ་འཛིན་སེམས་དཔའ་སྟེ་སྦྱོར་བ་གསུམ་དང་ལྡན་པའི་གཟུགས་བསྐྱེད་པ་ལ། ཏིང་ངེ་འཛིན་སེམས་དཔའ་ལས་འོད་ཟེར་གྱི་འཁོར་ལོ་རྣམ་པར་སྤྲོས་ཏེ། དེས་ནི་སངས་རྒྱས་ཀྱི་ཞིང་ལས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ལ་ཛཿཧཱུཾ་བཾ་ཧོཿཞེས་བྱ་བའི་སྔགས་ཀྱིས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ལ། དགོངས་ཀའི་མཚམས་ལ། མུཿའི་མཐའ་ཅན་གྱི་སྔགས་ཀྱིས་དེ་ཉིད་གཤེགས་སུ་གསོལ་ཏེ། དེའི་ང་རྒྱལ་གྱིས་གནས་པར་བྱའོ། །དེ་ལྟར་ཉིན་རེ་བཞིན་བྱས་ཤིང་བསྒོམས་པ་ལས་མཐར་ཐུག་པའི་བྱང་ཆུབ་མངོན་དུ་བྱེད་དེ། ཆོ་ག་འདི་ཁྱོད་ཀྱི་ཕྱོགས་ སུ་ཡོད་པ་མ་ཡིན་ཏེ་ཕྱོགས་སྔ་མའི་ཚིགས་སུ་བཅད་པའོ། །འདི་ལ་ལན་གདབ་པར་བྱ་བའི་ཕྱིར། གཞུག་པ་ཡིས་ནི་སྤྱན་དྲངས་ཏེ། །མྱུར་བ་ཡིས་ནི་གཤེགས་སུ་གསོལ། །གཉིས་ཀ་མིན་པས་བཞུགས་སུ་གསོལ། །དབུགས་མེད་དངོས་གྲུབ་བླ་མེད་པའོ། །ཞེས་བྱ་བ་གསུངས་ཏེ། འདིར་འཇུག་ པ་ནི་ཡི་གེ་ཨོཾ་གྱིས་སྤྱན་དྲང་བ་སྟེ་རྣམ་པར་སྣང་མཛད་ཀྱི་རིགས་ཅན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྤྱན་འདྲེན་པར་ཤེས་པར་བྱའོ། །དེ་བཞིན་དུ་མྱུར་བ་ནི་ལྡང་བའི་རང་བཞིན་གྱི་ཡི་གེ་ཧཱུཾ་གིས་མི་བསྐྱོད་པའི་རིགས་ཅན་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་གཤེགས་སུ་གསོལ་ 37-1-220b བར་ཤེས་པར་བྱའོ། །དེ་བཞིན་དུ་གཉིས་ཀ་མིན་པས་ཞེས་བྱ་བ་ནི་གནས་པའི་རང་བཞིན་གྱི་ཡི་གེ་ཨཱཿས་སྣང་བ་མཐའ་ཡས་ཀྱི་རིགས་ཅན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བཞུགས་སུ་གསོལ་བར་ཤེས་པར་བྱའོ། །དེ་ཡང་ཡི་གེ་རེ་རེ་གསུམ་གསུམ་གྱི་བདག་ཉིད་ཡིན་པས་སྤྱན་དྲང་ བ་ལ་སོགས་པའི་ལས་ཤེས་པར་བྱའོ། །འདིར་ཡང་ཁྱད་པར་བཤད་པའི་ཕྱིར། དབུགས་མེད་དངོས་གྲུབ་བླ་མེད་པའོ། །ཞེས་བྱ་བ་གསུངས་ཏེ། དབུགས་མེད་པ་ནི་འཇུག་པ་ལ་སོགས་པའི་དབུགས་དང་བྲལ་བའི་མ་ནིང་གི་བཟླས་པ་སྟེ། དེ་ལས་དངོས་གྲུབ་བླ་ན་མེད་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་ གྲུབ་ཐོབ་པར་འགྱུར་རོ། །དེ་བས་ན་ཁྱོད་ཀྱི་ཕྱོགས་སུ་སྤྱན་དྲངས་པ་ལ་སོགས་པ་རྩོལ་བས་གྲུབ་པ་དང་། རྟོགས་པ་ཅན་དང་སྔགས་ཀྱི་སྐུ་ཙམ་སྒྲུབ་པར་བྱེད་པའོ། །བདག་གི་ཕྱོགས་སུ་ནི་སྔགས་དང་རླུང་དག་ཐ་མི་དད་པས་འཇུག་པ་ལ་སོགས་པ་རྣམས་དེ་བཞིན་གཤེགས་པའི་རང་བཞིན་ཁོ་ན་ ཡིན་ཏེ། རང་གི་ལུས་པོ་ལ་གནས་པ་དེ་རྣམས་ལ་སྤྱན་དྲང་བ་ལ་སོགས་པ་འབད་པ་མེད་པས་འགྲུབ་པར་བྱ་བ་དང་། རང་བཞིན་གྱིས་གྲུབ་པ་སྟེ་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་ཕྱག་རྒྱ་ཆེན་པོ་སྒྲུབ་པར་བྱེད་པ་སྟེ་ཁྱད་པར་རོ། །མན་ངག་འདི་སྦས་པར་བྱ་བའི་ཕྱིར། མྱུར་ བ་དང་ནི་རྣམ་སྡུད་དང་། །དལ་བ་ཅན་དང་སྔགས་སྦྱོར་བ། །བླ་མས་སློབ་མའི་རྣ་དྲུང་དུ། །རབ་ཏུ་འབད་དེ་བརྗོད་པར་བྱ། །ཞེས་བྱ་བ་གསུངས་ཏེ། དེའི་དོན་འདི་ཡིན་ཏེ། མྱུར་བ་ལ་སོགས་པའི་སྒྲ་རྣམས་ཀྱིས་འདས་མ་ཐག་ཏུ་བཤད་པའི་རླུང་གསུམ་པ་ལ་སྔགས་སྦྱོར་བ་ནི་ཡི་གེ་གསུམ་སྦྱོར་བ་གང་ ཡིན་པ་དེ་ནི་སློབ་དཔོན་གྱིས་སློབ་མའི་རྣ་དྲུང་དུ་བརྗོད་པར་བྱ་བ་ནི་བཤད་པར་བྱ་བ་སྟེ། སྦས་པའོ་ཞེས་བསྟན་ཏོ། །གང་གི་ཕྱིར་སྦས་པ་ཉིད་ནི་དངོས་གྲུབ་ཀྱི་རྒྱུ་ཡིན་ནོ་ཞེས་ཟེར་རོ། །གསང་བའི་ཡི་གེའི་བཟླས་པ་བཤད་པར་བྱ་བའི་ཕྱིར། དེ་རྣམས་རྣལ་འབྱོར་དབང་ཕྱུག་གིས། །ཐབས་ཀྱི་དམ་པ་ བསྟན་པའི་ཕྱིར། །རྣལ་འབྱོར་འབྲས་བུ་རབ་སྟེར་བའི། །གསང་བའི་ཡི་གེ་བཤད་པར་བྱ། །གང་ཞིག་བསམས་པ་ཙམ་གྱིས་ནི། །རྣལ་འབྱོར་ཅན་གྱིས་མཆོག་སྟེར་འགྱུར། །ཞེས་བྱ་བ་གསུངས་ཏེ། ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱིས་མདོར་བསྟན་པ་དང་བཅས་པ་དང་། འབྲས་ 37-1-221a བུ་དང་བཅས་པའི་གསང་བའི་ཡི་གེ་བཟླས་པ་བསྟན་ཏོ། །དེ་ལ་གསང་བའི་ཡི་གེ་བཤད་པར་བྱ། །ཞེས་བྱ་བ་ནི་ཚིག་གི་འབྲེལ་པའོ། །བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ལ་སྦས་པའི་ཕྱིར་གསང་བ་དང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པའི་ཕྱིར་མི་འགྱུར་བས་ན་ཡི་ གེའོ། །གསང་བ་ཡང་ཡིན་ལ་དེ་ཉིད་ཡི་གེ་ཡང་ཡིན་པས་གསང་བའི་ཡི་གེ་སྟེ། དེ་ཉིད་བཤད་པར་བྱ་བ་ནི་བསྡུ་བའི་རིམ་པས་སོ་སོར་བསྟན་པའོ། །དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། ཐབས་ཀྱི་དམ་པ་བསྟན་པའི་ཕྱིར། །ཞེས་བྱ་བ་ནི་ཐབས་དམ་པ་ནི་རྡོ་རྗེ་འཆང་ཆེན་པོ་ཐོབ་པར་བྱེད་པའི་ཐབས་ཏེ་དེ་ བསྟན་པའི་ཕྱིར་རོ། །ཡང་ཇི་ལྟ་བུ་ཡིན་ཞེ་ན། རྣལ་འབྱོར་འབྲས་བུ་རབ་སྟེར་བའི། །ཞེས་བྱ་བ་ནི་རྣལ་འབྱོར་པའི་ཏིང་ངེ་འཛིན་དེའི་ས་ཐོབ་པའི་འབྲས་བུ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཚན་ཉིད་ཅན་གང་ཡིན་པ་དེ་རབ་ཏུ་སྟེར་བར་བྱེད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་ བྱའོ། །གང་ཞིག་བསམས་པ་ཙམ་གྱིས་ནི། །ཞེས་བྱ་བ་ནི་གསང་བའི་ཡི་གེ་གང་ཞིག་མགྲིན་པ་དང་སྙིང་ག་དང་། ལྟེ་བ་དང་། གསང་བའི་གནས་སུ་དྲན་པ་ཙམ་གྱིས། རྣལ་འབྱོར་ཅན་གྱིས་མཆོག་སྟེར་འགྱུར། །ཞེས་བྱ་བ་ནི་རྣལ་འབྱོར་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ལ་མངོན་པར་འདོད་ པའི་དོན་སྟེར་བར་འགྱུར་རོ། །དེ་ཉིད་བཤད་པར་བྱ་བའི་ཕྱིར། དང་པོ་ཡི་གེ་སྦྱར་བ་ཡིས། །རྟག་ཏུ་དབུགས་ནི་སྤྲོ་བར་བྱ། །བརྒྱད་པའི་མཐའ་དང་ལྡན་པ་ཡིས། །ཡི་གེ་ཨུ་ནི་ཐིག་ལེར་བཅས། །རྣལ་འབྱོར་པ་ནི་དབུགས་གཏོང་བྱེད། །ཅི་དགའ་བ་ཡི་བཟླས་པར་བཤད། །ཅེས་བྱ་བ་གསུངས་ཏེ། འདིར་ནི་རྩིབས་བརྒྱད་པའི་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོའི་ནང་ན་གནས་པའི་མར་མེ་བཞིན་དུ་འབར་བའི་ཡི་གེ་ཨ་གང་ཡིན་པ་དེ་ནི་དང་པོའི་ཡི་གེ་སྟེ། དེའི་སྦྱོར་བ་ནི་དེ་དང་རྩེ་གཅིག་པའི་ཏིང་ངེ་འཛིན་གྱིས་སོ། །རྟག་ཏུ་དབུགས་ནི་སྤྲོ་བར་བྱ་བ་ནི་ཨཱ་ལི་དང་ཀཱ་ལིའི་རང་བཞིན་གྱིས་སངས་རྒྱས་ཀྱི་ ཚོགས་སྡུད་པར་བྱེད་པའི་ཡི་གེ་གསུམ་སྤྲོ་བར་བྱའོ། །གང་གི་ཕྱིར་སྔགས་རྣམས་ཀྱི་རང་བཞིན་འདི་ཡིན་ཏེ། གང་ཞིག་རང་བཞིན་གྱིས་འོད་གསལ་བའི་ཡི་གེ་ཨའི་སྟེ། དེ་ལས་འབྱུང་བ་དང་དེ་ཉིད་དུ་ཐིམ་པར་འགྱུར་ཏེ་དཔེར་ན་མཁའ་ལས་སྤྲིན་གྱི་ཚོགས་ལྟ་བུའོ། །དེ་ལས་མེ་ཏོག་གི་ཚུལ་དུ་ཡི་གེ་ 37-1-221b གསུམ་བྱུང་སྟེ། སྐུ་དང་གསུང་དག་ཐུགས་ལ་ཉེ་བར་བསྡུ་སྟེ། གསང་བའི་ཡི་གེ་དཀྱིལ་འཁོར་བཞི་ལ་ལྷག་པར་མོས་པར་བྱའོ། །དེ་ལ་མགོ་བོ་མེད་པ་ནི་སྙིང་ག་ལ། མགོ་བོ་མགྲིན་པ་ལ་དང་། སྒྲ་ནི་ཡི་གེ་ཨུ་སྟེ། དེ་ནི་ལྟེ་བའི་པདྨ་ལ་དང་། སྒྲའི་མཐའ་ནི་ཐིག་ལེ་སྟེ་དེ་ནི་གསང་བའི་པདྨ་ལ་གནས་སོ། །དེ་ ལ་ལྡང་བ་ནི་མགོ་བོ་མེད་པ་དང་། གནས་པ་ནི་མགོ་བོ་དང་། འཇུག་པ་ནི་སྒྲ་དང་། ཐམས་ཅད་ཉེ་བར་སྡུད་པ་དབུགས་དང་བྲལ་བ་གང་ཡིན་པ་དེ་ནི་སྒྲའི་མཐས་བྱ་བ་ཡིན་ཏེ། གསང་བའི་ཡི་གེ་གཅིག་པུས་ལྡང་བ་ལ་སོགས་པ་འོད་གསལ་བའི་བར་དུ་ཏིང་ངེ་འཛིན་བསྟན་པ་ཡིན་ནོ། །ཇི་སྐད་དུ། མགོ་ མེད་སྙིང་གའི་པདྨར་གནས། །ཁ་ཡི་པདྨར་མགོ་བོར་གནས། །ལྟེ་བའི་པདྨར་སྒྲ་གནས་ཏེ། །སྒྲ་མཐའ་གསང་བའི་པདྨ་ལའོ། །འགྲོ་དང་འོང་བར་བྱེད་པ་འདི། །ཐིག་ལེའི་རྣལ་འབྱོར་རབ་ཏུ་འཇུག །ཅེས་བྱ་བ་ལྷ་མོ་བཞིས་ཡོངས་སུ་ཞུས་པའི་བཤད་པའི་རྒྱུད་ལས་གསུངས་པའི་ཕྱིར་དེ་ཉིད་ བསྡུ་བ་ཡིན་ཏེ། བརྒྱད་པའི་མཐའ་ནི་ཡི་གེ་ཧ་སྟེ། སྡེ་ཚན་བརྒྱད་པའི་མཐར་གནས་པའི་ཕྱིར་རོ། །ཨཱུ་ནི་དབྱངས་དྲུག་པ་སྟེ་དེ་ཉིད་ཧའི་ཞབས་བསྐྱེད་དུ་བྱའོ། །ཐིག་ལེར་བཅས་ཞེས་བྱ་བ་ནི་ཞབས་བསྐྱེད་དང་བཅས་པའི་ཧ་དེ་ཉིད་ལ་ཐིག་ལེ་སྦྱར་ན་ཡི་གེ་ཧཱུཾ་བཏུ་བ་ཡིན་ནོ། །རྣལ་འབྱོར་པ་ནི་དབུགས་ གཏོང་བྱེད། །ཅེས་བྱ་བ་ནི་ཡི་གེ་འདི་ཉིད་ཀྱིས་འབྱུང་བ་དང་འཇུག་པ་དང་གནས་པ་གསུམ་རྣལ་འབྱོར་པས་བྱེད་པ་གང་ཡིན་པ་དེ་ནི་ཅི་དགའ་བའི་བཟླས་པ་སྟེ། རྣལ་འབྱོར་པའི་མོས་པའི་དབང་གིས་བཟླས་པར་བཤད་དོ། །དེ་ལྟར་ཡིན་ན་ལྡང་བའི་རླུང་ཁོ་ན་འགྲུབ་པ་ཡིན་ཏེ། འཇུག་པ་དང་ གནས་པའི་བདག་ཉིད་ཀྱི་རླུང་ནི་འགྲུབ་པ་མ་ཡིན་ནོ་ཞེ་ན། སྨྲས་པ། རེ་ཞིག་རླུང་རྣམས་ནི་མཚན་མོ་དང་ཉིན་མོ་རང་བཞིན་དུ་རྒྱུ་བ་སྟེ། ཇི་ལྟར་བཤད་པའི་གྲངས་ལས་འདས་པ་མ་ཡིན་ཏེ་རྣལ་འབྱོར་པའི་མོས་པའི་དབང་གིས་གལ་ཏེ་ཡི་གེ་གཅིག་ལ་དམིགས་ནས་དེ་བྱེད་པ་ཡིན་ན། དེའི་ཚེ་ཡི་གེ་ གཞན་ཉེ་བར་གནས་པའི་རྩོལ་བ་ནི་དོན་མེད་པ་ཁོ་ན་ཡིན་ཏེ་དེ་ཉིད་ཀྱི་ཕྱིར་ཅི་དགའ་བའི་བཟླས་པར་བཤད་དོ། །ཡང་ན་སྔར་བཤད་པའི་ཆ་ཤས་ཀྱི་དབྱེ་བ་ལ་དམིགས་ནས། འཇུག་པ་ལ་སོགས་པ་ཡོད་པ་ཡིན་ཏེ་དེའི་གྲངས་ལ་འགལ་བ་ཡང་མེད་དོ། །གྲངས་དེ་ཉིད་བཤད་པར་བྱ་བའི་ཕྱིར། 37-1-222a ཁྲི་ཕྲག་གཉིས་དང་ཆིག་སྟོང་དང་། །དེ་བཞིན་དུ་ནི་བརྒྱ་ཕྲག་དྲུག །རྣལ་འབྱོར་དབང་པོ་ཉིན་མཚན་མེད། །བཟླས་བརྗོད་ཀྱི་ནི་གྲངས་བྱེད་དོ། །ཞེས་བྱ་བ་གསུངས་ཏེ། དེ་ཡང་གོ་སླའོ། །ལུང་ཚད་མ་ཉིད་བསྟན་པར་བྱ་བའི་ཕྱིར། དེ་འདིར་གསང་ཞིང་དགོངས་པ་ཡིས། ། ཕྲ་མོའི་རྣལ་འབྱོར་བཤད་པ་ཡིན། །བསམ་གཏན་ཁ་དོན་མེད་མོད་ཀྱི། །འོན་ཀྱང་བཟླས་པར་བཤད་པ་ཡིན། །ཞེས་བྱ་བ་གསུངས་ཏེ། གསང་ཞིང་དགོངས་པ་ནི་དགོངས་པ་ལུང་བསྟན་པའི་རྒྱུད་དེ་དེ་རུ། ཕྲ་མོའི་རྣལ་འབྱོར་བཤད་པ་ཡིན། །ཞེས་བྱ་བ་ནི་རྡོ་རྗེ་བཟླས་པའི་ཐབས་སུ་གྱུར་པའི་ རླུང་དང་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་བདག་ཉིད་གསང་བའི་ཡི་གེའི་བཟླས་པ་བཅོམ་ལྡན་འདས་ཀྱིས་བསྟན་པ་ཡིན་ནོ། །བསམ་གཏན་ཁ་དོན་མེད་མོད་ཀྱི། །ཞེས་བྱ་བ་ནི་བསམ་གཏན་ནི་སྔགས་ཀྱི་སྐུ་ལ་སོགས་པའི་མཚན་ཉིད་ཅན་གྱི་ཏིང་ངེ་འཛིན་དང་། ཁ་དོན་ནི་ངག་གི་བཟླས་པའི་མཚན་ ཉིད་དེ། དེ་གཉིས་ཀ་དང་བྲལ་བ་ཡིན་ན་ཡང་ཕྲ་མོའི་རྣལ་འབྱོར་རང་བཞིན་གྱིས་གྲུབ་པའི་ཕྱིར་བཟླས་པར་བཤད་པ་ཡིན་ནོ། །ཇི་སྐད་དུ། ཁམས་གསུམ་དུ་ནི་སེམས་ཅན་རྣམས། །སྲོག་དང་རྩོལ་བ་ལ་བརྟེན་པ། །བསམ་གཏན་ཁ་ཏོན་བྲལ་བ་ཡིས། ། སྔགས་ཀྱི་རྒྱལ་པོ་ཟློ་བར་བྱེད། ། ཅེས་བྱ་བ་འབྱུང་བའི་ཕྱིར་རོ། །རྡོ་རྗེ་བཟླས་པའི་གཞིར་གྱུར་པའི་ལྷའི་གཟུགས་བསྟན་པའི་ཕྱིར། རྡོ་རྗེ་བཟླས་པ་འདི་ཡིས་ནི། །ཆོ་ག་ཇི་བཞིན་བསྟེན་བྱ་ཞིང་། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །ལས་རྣམས་ཐམས་ཅད་བསྒྲུབ་པར་བྱ། །ཞེས་བྱ་བ་གསུངས་ཏེ། རེ་ཞིག་བསྐྱེད་པའི་རིམ་པས་ སྔགས་ཀྱི་སྐུ་གང་བསྒོམ་པ་དེ་ལས་འདས་པའི་ཕྱིར་དང་། ལུས་རྣམ་པར་དབེན་པ་ཡང་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་གཟུགས་མེད་པ་ཡིན་ཏེ། དེ་རུ་ལྷའི་སྐུ་བསྒོམ་པ་ཡོད་པ་མ་ཡིན་ནོ། །དེ་བས་ན་རྡོ་རྗེ་བཟླས་པའི་རྟེན་དུ་གྱུར་པའི་སྐུ་གང་ཡིན་ཞེས་བཤད་པའི་ཕྱིར་རོ། །སྒྱུ་མ་ལྟ་བུའི་ ཏིང་འཛིན་གྱིས། །ཞེས་བྱ་བ་གསུངས་ཏེ་འོག་ནས་བཤད་པར་འགྱུར་བའི་རིམ་པ་གསུམ་པས་ཐོབ་པའི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་རང་བཞིན་གྱི་སྐུ་དང་སྔར་བཤད་པའི་རྡོ་རྗེ་བཟླས་པའི་ཆོ་ག་ཇི་བཞིན་འོག་ནས་བཤད་པར་འགྱུར་བའི་ཆོ་ག་ལས་མ་འདས་ཏེ། །བསྟེན་པ་ནི་ཡང་དང་ཡང་དུ་གོམས་ 37-1-222b པར་བྱས་ལ། ལས་རྣམས་ཐམས་ཅད་ནི་ཞི་བ་ལ་སོགས་པའི་ལས་རྣམས་བསྒྲུབ་པར་བྱའོ། །དེའི་རྡོ་རྗེ་བཟླས་པ་ལ་སྒྱུ་མའི་སྐུ་རྟེན་དང་ངག་གི་རང་བཞིན་འགྲུབ་པའི་ཕྱིར་སེམས་བསྐུལ་བ་པོ་ཡིན་ནོ་ཞེས་བསྟན་ཏོ། །ཇི་སྐད་དུ། སྔགས་ལ་དམིགས་པའི་སྐུ་ཡི་ནི། །ངག་གིས་ཡིད་ལ་བསྐུལ་བ་ ཡིས། །ཡིད་ནི་དགའ་བྱེད་ཡིད་འོང་བའི། །དངོས་གྲུབ་མཆོག་ནི་ཐོབ་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོ་ག་ཇི་བཞིན་གྱི་སྒྲའི་དོན་བསྟན་པར་བྱ་བའི་ཕྱིར། གཉིས་སུ་མེད་པར་མཉམ་པར་རྣམ་པར་རྒྱལ་བའི་རྒྱུད་ལས་ཁུངས་དྲངས་པ་ཡིན་ཏེ། མཉམ་མེད་སྔགས་ནི་བཟླས་ནས་སུ། ། སྒྲུབ་པའི་བདག་ཉིད་ཅན་གྱིས་བསྒྲུབ། །དེ་ཡི་ཟླ་བ་གཅིག་གིས་ནི། །ཁམས་གསུམ་འགྲུབ་པར་གདོན་མི་ཟ། །ཞེས་བྱ་བ་ལ་མཉམ་མེད་སྔགས་ནི་ཡི་གེ་གསུམ་བཟླས་ནས་འཁོར་ལོ་བཞིན་དུ་ཉིན་དང་མཚན་དུ་རྒྱུ་བར་ཤེས་ནས། སྒྲུབ་པའི་བདག་ཉིད་ནི་རྣལ་འབྱོར་པས་འོད་གསལ་བའི་རང་ བཞིན་མ་ནིང་གི་བཟླས་པས་སྒྲུབ་པ་བྱའོ། །དེའི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། དེ་ཡིས་ཟླ་བ་གཅིག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཟླ་བ་ནི་ཞག་སུམ་ཅུས་ཁམས་གསུམ་ནི་ཁམས་གསུམ་པའི་སེམས་ཅན་ཡུལ་དུ་བྱས་པའི་ལས་ཀྱི་ཚོགས་འབད་པ་མེད་པར་འགྲུབ་པར་འགྱུར་རོ། ། བཟླས་པའི་གྲངས་བཤད་པར་བྱ་བའི་ཕྱིར། རྣམ་པར་ཤེས་ལས་བྱུང་བའི་སྔགས། །འབུམ་ཕྲག་དྲུག་ལྡན་བཟླས་ནས་ཀྱང་། །རྡོ་རྗེ་སེམས་དཔའ་ཕྱག་བྱས་ནས། །ཟླ་བ་ཉ་ལ་དེ་འགྲུབ་འགྱུར། །ཞེས་བྱ་བ་གསུངས་ཏེ། འདིར་ནི་ཉིན་རེ་ལ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་གྲངས་ཀྱིས་ཞག་ལྔ་ལ་ དབུགས་འབུམ་ཕྲག་གཅིག་དང་སྟོང་ཕྲག་བརྒྱད་རྒྱུ་བ་ཡིན་ཏེ། གྲངས་མང་ཉུང་བཀག་པའི་ཕྱིར་སྟོང་ཕྲག་བརྒྱད་དང་བཅས་པའི་འབུམ་ཕྲག་གཅིག་ནི་འབུམ་ཕྲག་ཁོ་ནས་བཤད་པའོ། །གྲངས་དེའི་ཟླ་བ་གཅིག་ལ་ནི་འབུམ་ཕྲག་དྲུག་ཡིན་ཏེ། དེ་ཡང་རྣམ་པར་སྣང་མཛད་ནས་རྡོ་རྗེ་འཆང་གི་བར་དུ་ འབུམ་ཕྲག་དྲུག་བསྟན་ཏོ། །དེ་ལྟར་ཟླ་བ་གཅིག་གིས་རྣམ་ཤེས་ལས་བྱུང་བའི་སྔགས་ཞེས་བྱ་བ་ནི་རླུང་ལ་ཞོན་པའི་རྣམ་པར་ཤེས་པ་ལས་འབྱུང་བའི་སྔགས་བཟླས་ལ་ཟླ་བ་ཉ་ལ་དེ་འགྲུབ་འགྱུར་ཞེས་བྱ་བ་ནི་རྡོ་རྗེ་བཟླས་པ་ལ་མཐར་ཐུག་པར་འགྱུར་རོ། །གང་གི་ཚེ་ཞེ་ན། རྡོ་རྗེ་སེམས་ལ་ཕྱག་བྱས་ 37-1-223a ནས། ཞེས་བྱ་བ་ནི་འཁོར་ལོས་སྒྱུར་བ་དྲུག་པ་ཡིད་ཀྱི་ས་དམིགས་ནས་འདི་ནི་འཁོར་ལོས་སྒྱུར་བ་དྲུག་གི་བཟླས་པ་ཡིན་ནོ་ཞེས་སྟོན་ཏེ། རྡོ་རྗེ་བཟླས་པ་ལ་ཆགས་པའི་རྣལ་འབྱོར་པ་ལ་བརྟུལ་ཞུགས་ལ་སོགས་པ་དགོས་པ་མ་ཡིན་ནོ་ཞེས་བཤད་པར་བྱ་བའི་ཕྱིར། དེ་ལ་ བརྟུལ་ཞུགས་བཤད་པ་མེད། །ཕྲེང་བ་མི་དགོས་དགག་མི་དགོས། །གཟུང་དང་སྦྱིན་སྲེག་ལས་རྣམས་དང་། །གཅིག་ནས་གཅིག་ཏུ་ལྡོག་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། བརྟུལ་ཞུགས་ནི་སྦྱངས་པའི་ཡོན་ཏན་ལ་སོགས་པ་རྣལ་འབྱོར་པ་དེ་ལ་མི་དགོས་ཏེ། འདོད་པའི་ཡོན་ཏན་ལྔ་ལ་ ལོངས་སྤྱོད་པས་དེ་དང་འགལ་བའི་ཕྱིར་རོ། །ཕྲེང་བ་ནི་སྔགས་བཟླས་པའི་ཕྱིར་དེ་ལ་གཟུང་མི་དགོས་ཏེ། རང་བཞིན་དུ་རྒྱུ་བའི་སྲོག་དང་རྩོལ་བ་ཁོ་ན་ཕྲེང་བ་ཡིན་པའི་ཕྱིར་རོ། །དགག་མི་དགོས་ཞེས་བྱ་བ་ནི་སྣའི་རྩེ་མོ་ལ་སོགས་པར་བལྟ་བ་དགག་ཅིང་སྐྱིལ་མོ་ཀྲུང་བཅིངས་པ་ལ་སོགས་པ་ དགོས་པ་མ་ཡིན་ཏེ། དཀྱིལ་འཁོར་བཞི་ཤར་བའི་དུས་འོད་ཟེར་གྱི་ཐིག་ལེ་ལ་སེམས་དགག་པའི་ཕྱིར་རོ། །གཟུང་ཞེས་བྱ་བ་ནི་བྲེས་སྐུ་དང་ཟླ་བའི་དཀྱིལ་འཁོར་ལ་སོགས་པ་ལ་སེམས་གཏང་བ་མི་དགོས་ཏེ། མི་འཇིག་པའི་དེ་ཁོ་ན་ཉིད་ལ་གཏན་དུ་གནས་པའི་ཕྱིར་རོ། །སྦྱིན་སྲེག་གི་ ལས་ཀྱང་མི་དགོས་ཏེ་བུད་ཤིང་དང་འདྲ་བའི་རྣམ་པ་བཞིའི་ངག་གི་རྣམ་པར་རྟོག་པ་རྡོ་རྗེ་བཟླས་པའི་མེས་སྲེག་པའི་ཕྱིར་རོ། །དེ་བཞིན་དུ་མཆོད་པ་དང་། གཏོར་མ་དང་། རབ་ཏུ་གནས་པ་ལ་སོགས་པ་གཞན་མ་རྣམས་ཀྱང་བྱ་མི་དགོས་ཏེ་ནང་གི་བདག་ཉིད་ཀྱི་རིམ་པས་དེ་དག་ཐམས་ཅད་ གྲུབ་པའི་ཕྱིར་རོ། །ཞི་བ་ལ་སོགས་པའི་ལས་ཇི་ལྟར་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བཤད་པར་བྱ་བའི་ཕྱིར། ཡ་ཡི་དོན་གྱིས་གང་ཅིའང་རུང་། །དངོས་གྲུབ་འདོད་པས་བྱ་བ་ནི། །ར་ལ་སོགས་པ་གསུམ་ཉིད་ཀྱིས། །འགྲོ་བའི་དོན་ལ་འཇུག་པར་བྱ། །ཞེས་བྱ་བ་གསུངས་ཏེ། ཡི་གེ་ཡས་ ཉེ་བར་མཚོན་པའི་རླུང་གི་དཀྱིལ་འཁོར་ནི་ཡི་གེ་ཡ་སྟེ། དེས་སྒྲུབ་པའི་དོན་ནི་ཡའི་དོན་ཏེ་དྲག་པོའི་ལས་ཡིན་ནོ། །དངོས་གྲུབ་ནི་དེ་ཉིད་ཀྱི་དངོས་གྲུབ་སྟེ་དེ་འདོད་པའི་རྣལ་འབྱོར་པས་ཅི་ཡང་རུང་བ་ནི་དྲག་པོའི་ལས་གང་ཡང་རུང་བ་བྱའོ། །དེ་བཞིན་དུ་ར་ལ་སོགས་པ་གསུམ་པོས་ཉེ་ 37-1-223b བར་མཚོན་པའི་མེ་ལ་སོགས་པ་དཀྱིལ་འཁོར་གསུམ་གྱིས་ཞི་བ་ལ་སོགས་པའི་འགྲོ་བའི་དོན་ལ་རབ་ཏུ་འཇུག་པར་བྱའོ། །དེ་ཉིད་བཤད་པར་བྱ་བའི་ཕྱིར། མེ་དང་རླུང་དང་དབང་ཆེན་དང་། །ཆུ་སྟེ་སོ་སོའི་དཀྱིལ་འཁོར་དུ། །ཐུན་ནི་ཕྱེད་ཕྱེད་དུས་སུ་ནི། །ལས་ནི་གཉིས་གཉིས་གནས་པར་ འགྱུར། །ཞེས་བྱ་བ་གསུངས་ཏེ། མེ་ལ་སོགས་པའི་དཀྱིལ་འཁོར་བཞི་ལས་གཡས་ལ་སོགས་པའི་སྒོ་ནས་འབྱུང་བའི་ཁ་དོག་དམར་པོ་ལ་སོགས་པའི་འོད་ཟེར་ཤར་བའི་དུས་སུ། ཐུན་ནི་ཕྱེད་ཕྱེད་ཀྱི་དུས་ཀྱི་བར་དུ་ལས་གཉིས་གཉིས་ནི་ལས་བཞི་གནས་པར་འགྱུར་བ་ནི་འགྲུབ་པར་འགྱུར་ རོ། །ད་ནི་རྡོ་རྗེ་བཟླས་པས་ཐར་པ་ཐོབ་པ་ཡིན་ནོ་ཞེས་དཔེའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། མཆོད་ལ་བརྩོན་པས་མཆོད་པར་འགྱུར། །བཟླས་ལ་བརྩོན་པས་རྣམ་པར་དག །མེ་ལ་སྦྱིན་སྲེག་བརྩོན་པས་འབྱོར། །བསམ་གཏན་བརྩོན་པས་ཐར་པ་ཐོབ། །ཅེས་བྱ་བ་གསུངས་ཏེ། ཇི་ལྟར་ མཆོད་པ་ལ་བརྩོན་པའི་གང་ཟག་གིས་ནི་བླ་མ་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོད་པ་ལ་ཆགས་ན། ཚེ་འདི་ཉིད་དུ་མཆོད་པར་འགྱུར་བ་དང་། ཇི་ལྟར་བཟླས་པ་ལ་བརྩོན་པ་ནི་ངག་གི་བཟླས་པ་ལ་ཆགས་པའི་གང་ཟག་སྡིག་པ་ཟད་པས་རྣམ་པར་དག་པར་འགྱུར་བ་དང་། ཇི་ལྟར་མེ་ལ་སྦྱིན་སྲེག་བརྩོན་པ་ནི་དམ་ཚིག་གི་མེའི་ཞལ་ནས་ཡེ་ཤེས་ཀྱི་མེ་ཚིམ་པར་བྱེད་པའི་གང་ཟག་གིས་འབྱོར་པ་ཐོབ་པ་སྟེ་དེ་བཞིན་དུ། བསམ་གཏན་བརྩོན་པས་ཐར་པ་ཐོབ། །ཅེས་བྱ་བ་ནི་རྡོ་རྗེ་བཟླས་པ་ལ་བརྩོན་པའི་རྣལ་འབྱོར་པས་མི་གནས་པའི་མྱ་ངན་ལས་འདས་པའི་མཚན་ཉིད་ ཅན་གྱི་ཐར་པ་ཐོབ་པ་ཡིན་ནོ་ཞེས་བསྟན་ཏོ། །རྣམ་པར་མི་རྟོག་པ་ཁོ་ན་ལས་དངོས་གྲུབ་ཐམས་ཅད་ཐོབ་པ་ཡིན་ནོ་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར། སྔགས་པས་དེ་ལྟར་ཤེས་ནས་ནི། །འགྲོ་ན་བྱིས་པ་བཞིན་དུ་སྤྱོད། །དེ་ནས་མི་རྟག་ཆོས་ཅན་གྱིས། །གསང་སྔགས་རྣམས་ནི་འགྲུབ་པར་ འགྱུར། །ཞེས་བྱ་བ་གསུངས་ཏེ། དེ་ལྟར་ཤེས་པ་ནི་སྔར་བཤད་པའི་རིགས་པས་ཨཱ་ལི་དང་ཀཱ་ལིའི་རང་བཞིན་གྱི་ངག་གི་སྤྲོས་པ་ཤེས་ནས། འགྲོ་བའི་ནང་ན་བྱིས་པ་བཞིན་དུ་སྤྱོད་པ་ནི་བསྟོད་པ་དང་སྨད་པ་ལ་སོགས་པའི་ངག་གི་རྣམ་པར་རྟོག་པ་དང་བྲལ་བར་གནས་པར་བྱའོ། །གང་གི་ 37-1-224a ཕྱིར་འོད་གསལ་བའི་རང་བཞིན་གང་ཡིན་པ་དེ་བསྟོད་པ་དང་སྨད་པ་གང་ཡང་མེད་པའོ་ཞེས་རྣལ་འབྱོར་པས་རྣམ་པར་སྤྱོད་ན་གང་དུ་ཡང་ཆགས་པར་མི་འགྱུར་རོ། །དེ་ནས་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཆོས་ཉིད་ཀྱི་རྒྱུ་དེ་ལས་སོ། །གསང་སྔགས་ནི་སྦྲུལ་ལ་སོགས་པ་སྟེ། དེ་རྣམས་འགྲུབ་པར་འགྱུར་བ་ནི་རང་རང་གི་ལས་ལ་ནུས་པ་དང་ལྡན་པར་འགྱུར་རོ། །རྟོག་པ་དང་བཅས་པའི་གང་ཟག་དེ་རྣམས་འགྲུབ་པ་མ་ཡིན་ཏེ་སྔགས་ཀྱི་དེ་ཁོ་ན་ཉིད་མི་ཤེས་པའི་ཕྱིར་རོ། །ཉེ་བར་བསྡུ་བ་བཤད་པའི་ཕྱིར། །གསུང་གི་རྡོ་རྗེ་སྒྲུབ་པ་སྟེ། །འདི་ནི་སྔགས་ཀྱི་དེ་ཉིད་ གསལ། །ཡེ་ཤེས་གསུམ་གྱི་དབྱེ་བ་ཡིས། །སེམས་ཙམ་ལ་ནི་ངེས་པར་སྦྱར། །ཞེས་བྱ་བ་གསུངས་ཏེ་ཡིད་སྐྱོབ་པའམ། སྦས་པར་སྨྲ་བའི་ཕྱིར། སྔགས་ཀྱི་རྣམ་པ་གཉིས་ཏེ་རྒྱུ་དང་འབྲས་བུའི་བྱེ་བྲག་གོ། །དེ་ལ་རྒྱུ་ནི་སྲོག་རླུང་དང་འབྲས་བུ་ནི་སྔགས་ཏེ། དེ་དག་གི་དེ་ཉིད་ནི་སྔགས་ཀྱི་དེ་ ཉིད་དེ། རླུང་དང་སྔགས་ཀྱི་དེ་ཁོ་ན་ཉིད་གང་ཡིན་པ་སྟེ་གསང་བ་ནི་རྩ་བའི་རྒྱུད་དང་། རྒྱུད་ཕྱི་མ་དང་། བཤད་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་ཕྱེ་བ་ཡིན་ནོ། །དེ་གཅིག་པུར་མ་ཟད་ཀྱི་རྡོ་རྗེ་བཟླས་པ་ཡང་ཕྱེ་བ་བྱས་པ་ཡིན་ཏེ། དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། གསུང་གི་རྡོ་རྗེ་གྲུབ་པ་སྟེ། །ཞེས་བྱ་ བ་ནི་མི་ཕྱེད་པའི་ངག་གི་རྣམ་པར་དབེན་པ་སྒྲུབ་པར་བྱེད་པའོ། །ངག་གི་རྣམ་པར་དབེན་པ་དེ་ཡང་ངག་གི་རྣམ་པར་རྟོག་པ་བཞི་རྣམ་པར་སྦྱངས་ནས་ཐོབ་པ་ཡིན་ནོ། །དེ་ལ་ངག་རྣམ་པ་བཞི་ནི་དཔེར་ན་མཚན་ཉིད་ཀྱི་ངག་དང་། རྨི་ལམ་གྱི་ངག་དང་། གནས་ངན་ལེན་ལ་མངོན་པར་ཞེན་པའི་ངག་དང་ ཐོག་མ་མེད་པའི་དུས་ཀྱི་རྣམ་པར་རྟོག་པའི་ངག་གོ། །བློ་གྲོས་ཆེན་པོ་དེ་ལ་མཚན་ཉིད་ཀྱི་ངག་ནི་རང་གི་རྣམ་པར་རྟོག་པའི་གཟུགས་ལ་མངོན་པར་ཞེན་པ་ལས་འབྱུང་ངོ་། །བློ་གྲོས་ཆེན་པོ་རྨི་ལམ་གྱི་ངག་ནི་སྔོན་མྱོང་བའི་ཡུལ་རྗེས་སུ་དྲན་པ་དང་རྟོག་པའི་ཡུལ་མེད་པ་ལས་འབྱུང་ངོ་། །བློ་གྲོས་ ཆེན་པོ་གནས་ངན་ལེན་གྱི་རྣམ་པར་རྟོག་པའི་ངག་ནི་སྔོན་བྱས་པའི་ལས་རྗེས་སུ་དྲན་པ་ལས་འབྱུང་ངོ་། །བློ་གྲོས་ཆེན་པོ་ཐོག་མ་མེད་པའི་དུས་ཀྱི་རྣམ་པར་རྟོག་པའི་ངག་ནི་ཐོག་མ་མེད་པའི་དུས་ཀྱི་སྤྲོས་པ་ལ་མངོན་པར་ཞེན་པའི་གནས་ངན་གྱི་རང་གི་ས་བོན་ལས་འབྱུང་སྟེ། ངག་བཞི་ 37-1-224b པོའི་མཚན་ཉིད་སྤྱོད་པ་བསྡུས་པའི་སྒྲོན་མ་ལས་གསུངས་གོ། །ངག་བཞི་པོ་དེ་རྣམས་ཀྱང་དང་པོ་གཉིས་ནི་འཇུག་པའི་རྣམ་པར་ཤེས་པ་ལས་འབྱུང་བ་དང་། ཕྱི་མ་གཉིས་པོ་ནི་ཉོན་མོངས་པ་ཅན་གྱི་ཡིད་དང་ཀུན་གཞི་རྣམ་པར་ཤེས་པ་ལས་འབྱུང་བར་ཤེས་པར་བྱའོ། །ཡེ་ཤེས་གསུམ་གྱི་དབྱེ་ བ་ཡིས། །ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་ཡེ་ཤེས་གསུམ་གྱི་དབྱེ་བས་འདི་ཉིད་སེམས་ཙམ་ལ་སྦྱར་བར་བྱའོ། །དཔེར་ན་རླུང་དང་སྔགས་ཀྱི་དེ་ཁོ་ན་ཉིད་གང་ཡིན་པ་དེ་ཉིད་རླུང་ལ་ཞོན་པའི་རྣམ་པར་ཤེས་པ་ཡིན་ཏེ། གང་གི་ཕྱིར་རླུང་གི་ཤིང་རྟ་ལ་ཞོན་པ་རྣམ་པར་ཤེས་པས་འགྲོ་བ་སྐྱེད་པར་ བྱེད་པ་ཡིན་ནོ། །རིམ་པ་འདིས་ངག་རྣམ་པར་སྦྱང་བ་སྟེ། རིམ་པ་གཉིས་པས་སྣང་བ་རྒྱུར་གྱུར་པའི་རང་བཞིན་ཕྲ་མོ་སྦྱང་བར་བྱ་སྟེ། ཁྱད་པར་བསྟན་ཏོ། །རྡོ་རྗེ་བཟླས་པའི་རིམ་པ་སློབ་མ་གང་ལ་སྦྱིན་པ་དང་། སྦྱིན་པར་བྱ་བ་མ་ཡིན་པ་དེ་བརྟག་པར་བྱ་བའི་ཕྱིར། བླ་མ་ལ་བརྙས་སྒྱུ་ཅན་དད་པ་ མེད། ། སྔགས་ཀྱིས་རློམ་ཞིང་གླེགས་བམ་མཐོང་བས་ཁེངས། །དད་པ་མེད་ཅིང་དབང་བསྐུར་དམན་པ་ལ། །གཏམ་གྱི་རིམ་པའང་དེ་ལ་བརྗོད་མི་བྱ། །ཞེས་བྱ་བ་གསུངས་ཏེ། གང་ཞིག་སློབ་མ་ཙནྡན་ལྟ་བུ་སྟེ་དེ་ལ་རིམ་པ་འདིའི་གཏམ་ཡང་བྱ་བ་མ་ཡིན་ནོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། བླ་མ་ལ་ བརྙས་པ་ནི་ལེ་ལོ་ཅན་དང་། སྒྱུ་ཅན་ནི་སྒྱུ་མ་ཅན་དང་། དད་པ་མེད་པ་ནི་སླར་ཡང་ཞེ་སྡང་ཅན་དང་། དེ་བཞིན་དུ་སྔགས་ཙམ་ཤེས་ནས་རློམ་པ་ནི་ང་རྒྱལ་ཅན་དང་། དེ་བཞིན་དུ་གླེགས་བམ་མཐོང་བ་ནི་རང་གིས་གླེགས་བམ་ཀློག་ནས་བདག་ལ་ཐོས་པ་ལ་སོགས་པ་དགོས་པ་མ་ཡིན་ནོ་ཞེས་ཁོང་ ནས་དད་པ་མེད་པ་ནི་ཆོས་ལ་མི་དགའ་བ་དང་། དབང་བསྐུར་དམན་པ་ནི་རིག་པའི་དབང་བསྐུར་བ་ཙམ་ཐོབ་པ་སྟེ། བླ་ན་མེད་པའི་དབང་བསྐུར་བ་མ་ཐོབ་པ་གང་ཡིན་པ་དེ་ལ་རིམ་པ་འདི་བསྟན་པར་མི་བྱ་སྟེ་སྣོད་མ་ཡིན་པའི་ཕྱིར་རོ། །སྣོད་ཀྱི་མཚན་ཉིད་བཤད་པར་བྱ་བའི་ཕྱིར། གང་ཞིག་བླ་མ་ལ་གུས་ དད་དང་ལྡན། །མོས་པས་བསྙེན་བཀུར་ལ་ནི་རྟག་ཏུ་བརྩོན། །ཐོས་པ་འཛིན་གང་བླ་མ་དམ་པ་ཡིས། །དེ་ལ་བླ་མའི་དྲིན་སྦྱིན་བརྟག་མི་དགོས། །ཞེས་བྱ་བ་གསུངས་ཏེ། རིན་པོ་ཆེ་ལྟ་བུའི་གང་ཟག་གང་ཡིན་པ་དེ་ལ་བླ་མས་བཀའ་དྲིན་སྦྱིན་པར་བྱ་བ་ལ་བརྟག་པར་བྱ་བ་མ་ཡིན་ཏེ། རིམ་པའི་དོན་ 37-1-225a མྱུར་དུ་བསྟན་པར་བྱའོ། །ཇི་ལྟ་བུ་ཡིན་ཞེ་ན། དད་པ་དང་ལྡན་པ་ནི་བདེན་པ་དང་དཀོན་མཆོག་གསུམ་ལ་སོགས་པ་ལ་སྙིང་དགའ་བ་དང་། དེ་བཞིན་དུ་བླ་མ་ལ་གུས་པ་ནི་རྡོ་རྗེ་སློབ་དཔོན་གྱི་བཀུར་སྟི་ལ་ཆགས་པ་དང་། དེ་བཞིན་དུ་ཐོས་པ་འཛིན་པ་ནི་ལན་གཅིག་ཏུ་བཤད་ པའི་ཆོས་བརྗེད་ངས་པ་མེད་པས་ཇི་སྲིད་འཚོའི་བར་དུ་འཛིན་པའོ། །ཇི་སྐད་དུ། ཚུལ་ཁྲིམས་དག་ཅིང་མཁས་ལ་དྲང་། །ཤེས་རབ་ལྡན་ཅིང་རྒྱུད་གཅིག་པ། །ཐོས་ནས་ལེགས་པར་སྟོན་པ་ནི། །རིན་ཆེན་ཞེས་བྱའི་གང་ཟག་གོ། །ཞེས་བྱ་བ་འབྱུང་ངོ་། །བླ་མའི་དྲིན་གྱིས་བདག་ཉིད་ཆེ་བ་བཤད་པའི་ ཕྱིར། རི་རབ་རྩེ་ལས་འགའ་ཞིག་ལྟུང་འགྱུར་ན། །ལྟུང་བར་མི་བྱ་སྙམ་ཡང་ལྟུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ནས། །གྲོལ་བར་མི་འགྱུར་སྙམ་ཡང་གྲོལ་བར་འགྱུར། །ཞེས་བྱ་བ་གསུངས་ཏེ། ཇི་ལྟར་རི་བོའི་རྩེ་མོར་ལྟུང་བའི་སྐྱེས་པ་ལྟུང་བར་མི་འདོད་ན་ཡང་ལྟུང་བར་འགྱུར་ ཏེ་དེ་བཞིན་དུ་བླ་མའི་བཀའ་དྲིན་ཐོབ་པའི་སློབ་མས་གྲོལ་བར་མི་འདོད་ན་ཡང་གྲོལ་བར་འགྱུར་རོ། །འོ་ན་འདིར་རེ་ཞིག་བ་སྤུ་ལྡང་བ་ལ་སོགས་པས་ཉེ་བར་མཚོན་པའི་རྡོ་རྗེ་དབབ་པ་ནི་མན་ངག་ཉིད་དུ་བསྟན་པ་མ་ཡིན་ཏེ་མ་ངེས་པའི་ཕྱིར་རོ། །མ་ངེས་པ་ནི་འདོད་ཆགས་དང་མྱ་ངན་ལ་སོགས་པས་ མནན་པའི་གང་ཟག་ལ་ཡང་བ་སྤུ་ལྡང་བ་ལ་སོགས་པ་མཐོང་བར་འགྱུར་རོ། །བསྟན་པའི་སྒོ་ནས་ཀྱང་དེ་ཉིད་མཚོན་པར་མི་ནུས་ཏེ་དེ་ནི་རྣམ་པར་རྟོག་པའི་རྒྱུ་ཡིན་པའི་ཕྱིར་རོ། །རྣམ་པར་མི་རྟོག་པ་དང་། རྣམ་པར་རྟོག་པ་དག་ཕན་ཚུན་འགལ་བས་རྣམ་པར་མི་རྟོག་པར་སྟོན་ན་ཡང་དེ་ཉིད་རྟོག་པ་ དང་བཅས་པར་ཐལ་བར་འགྱུར་ཏེ། དཔེར་ན་ཁྱོད་ཀྱིས་དྲན་པར་མི་བྱ་ཞེས་སྨྲས་ཀྱང་བཀག་པ་དྲན་པ་ཡིན་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །གལ་ཏེ་མིག་བཙུམས་ནས་དེ་ཁོ་ན་ཉིད་བསྒོམས་ནས་དེས་དེ་ཐོབ་པ་མ་ཡིན་ཏེ། ཁྱབ་པར་བྱེད་པ་ཉིད་ཉམས་པའི་ཕྱིར་རོ། །གང་གི་ཕྱིར་དེ་ཁོ་ན་ཉིད་ ནི་ཕྱོགས་གཅིག་ཏུ་གནས་པ་ཡིན་ཏེ། རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཁྱབ་པའི་ཕྱིར་རོ། །གལ་ཏེ་དེ་ཡོད་པ་ཡིན་ན་བསྒོམ་པས་དགོས་པ་མེད་པའོ། །མེད་ན་ནི་བསྒོམ་པས་ཀྱང་བྱ་བ་མེད་དོ། །གལ་ཏེ་ཆ་གཉིས་ཉེ་བར་བསྡུས་ན་འགལ་བའི་ཆོས་འབྱུང་བས། དེ་ནི་བསྒོམ་པར་རིགས་པ་མ་ཡིན་ནོ། ། 37-1-225b དེ་བས་ན་བླ་མའི་བཀའ་དྲིན་ཇི་ལྟ་བུ་ཡིན་ཞེ་ན། སྨྲས་པ། སྔགས་ཀྱི་ཐེག་པ་ཆེན་པོ་འདི་དཔལ་བྱང་ཆུབ་རྡོ་རྗེས་ཕྱག་རྒྱ་བཞི་བསྟན་པ་ཡིན་ཏེ། དེ་ལ་ཕྱག་རྒྱ་གསུམ་ནི་ཐབས་དང་། ཐ་མ་བཞི་པ་གང་ཡིན་པ་དེ་ནི་འབྲས་བུའོ། །དེ་ལ་རེ་ཞིག་ལས་ཀྱི་ཕྱག་རྒྱ་ལ་སོགས་པའི་ནང་ནས་གང་ཡང་རུང་བ་སློབ་མ་ ལ་གཏད་པ་དེ་ལ། དེ་ཡིས་དེ་དང་ལྷན་ཅིག་ཏུ་སྣང་བ་ལ་སོགས་པ་ཉམས་སུ་མྱོང་ནས་འོད་གསལ་བ་མངོན་དུ་བྱས་ཤིང་། དཔེ་དང་དཔེ་ལས་འབྱུང་བ་དག་ཆོས་ཅན་དང་ཆོས་ཉིད་ཀྱི་རིགས་པས་ཆོས་སྐུ་འདི་ཁོ་ན་ཡིན་ནོ་ཞེས་ཤེས་ནས་རྣམ་པར་མི་རྟོག་པའི་དབྱིངས་ལ་བཞུགས་ཏེ། དེ་ལས་ལངས་ ནས་སླར་ཡང་ཡེ་ཤེས་ལ་རྩོལ་བ་དང་ལྡན་པས་བསྐལ་པ་སྟོང་གི་བར་དུ་གནས་པར་བྱའོ། །ལྡང་བའི་དུས་སུ་སློབ་དཔོན་གྱིས་བསྟན་པའི་སྒོ་ནས་དེ་ཁོ་ན་ཉིད་གསལ་བར་བྱ་བའི་དོན་དུ་རྗེས་སུ་སྨྲ་བ་ཡིན་ཏེ། དེ་ཁོ་ན་ཉིད་རང་བྱུང་ཡིན་པའི་ཕྱིར། དེ་ཉིད་བསྟན་པ་ནི་སྐྱེད་པར་བྱེད་པ་མ་ཡིན་ཏེ་སྐྱོན་ མེད་པ་ཡིན་ནོ། །རིམ་པ་ལྔའི་འགྲེལ་པ་རིམ་པའི་དོན་གསལ་བར་བྱེད་པ་ཞེས་བྱ་བ་ལས་རྡོ་རྗེ་བཟླས་པའི་རིམ་པ་སྟེ་དང་པོའོ།། །།ད་ནི་རིམ་པ་གཉིས་པ་རྩོམ་པའི་དང་པོར། བཅོམ་ལྡན་འདས་རྡོ་རྗེ་འཆང་ལ་ཕྱག་འཚལ་བའི་ཕྱིར། ཕྱག་འཚལ་འདུད་ཅིང་ཕྱག་འཚལ་འདུད་། །ཕྱག་འཚལ་ བསྟོད་དེ་ཕྱག་འཚལ་འདུད། །ཇི་ལྟར་བསྟོད་ཅིང་ཕྱག་འཚལ་བ། །གང་ལ་བསྟོད་ཅིང་གང་གིས་བསྟོད། །རྡོ་རྗེ་འཆང་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་རྣམ་པར་སྣང་མཛད་ཆེན་པོའི་རང་བཞིན་ལ་ཕྱག་འཚལ་བའོ། །ལྷག་མ་ཕྱག་འཚལ་བ་ལྔས་དེ་བཞིན་གཤེགས་པ་ལྔའི་རང་བཞིན་གྱི་རྡོ་རྗེ་འཆང་ ཆེན་པོ་དེ་ཉིད་ལ་ཕྱག་འཚལ་བ་བསྟན་ནོ། །དེ་ཉིད་ཀྱི་ཕྱིར། ཇི་ལྟར་བསྟོད་ཅིང་ཕྱག་འཚལ་བ། །ཞེས་བྱ་བ་གསུངས་ཏེ་ཇི་ལྟར་བསྟོད་པ་ལས་མ་འདས་ཏོ་ཕྱག་འཚལ་བའོ། །མ་འདས་པ་དེ་ཉིད་བཤད་པར་བྱ་བའི་ཕྱིར། གང་ལ་བསྟོད་ཅིང་གང་གིས་བསྟོད། །ཅེས་བྱ་བ་གསུངས་ཏེ་རང་ཉིད་མེད་ པའི་ཆོས་སྐུ་ལ་སྟོད་པ་པོ་དང་། བསྟོད་པར་བྱ་བ་དང་བསྟོད་པ་རྣམས་མི་དམིགས་པའི་ཕྱིར་རོ། །དཔེར་ན་འཁོར་གསུམ་རྣམ་པར་དག་པས་སྦྱིན་པ་ལ་སོགས་པ་ལྟ་བུའོ། །ཕྱག་འཚལ་བར་བྱ་བ་དང་ཕྱག་འཚལ་བར་བྱེད་པ་ཐ་མི་དད་པ་གང་ཡིན་པ་དེ་ནི་བླ་ན་མེད་པའི་ཕྱག་འཚལ་བ་ཡིན་ནོ། ། 37-1-226a དེ་གང་གི་ཕྱིར་ཕྱག་འཚལ་བ་ནི་བཅོམ་ལྡན་འདས་ཀྱི་རང་བཞིན་ཐོབ་པའི་ཕྱིར་བྱ་བ་སྟེ། དེ་ཉིད་གལ་ཏེ་དབྱེ་བ་མི་དམིགས་པས་རྟོགས་པར་འགྱུར་ན། དེའི་ཚེ་ལུས་དང་ངག་གི་ཕྱག་འཚལ་བས་དགོས་པ་མེད་པའོ། །དོན་འདི་ཉིད་དཔལ་གསང་བ་འདུས་པ་ལས་གསུངས་ ཏེ། མཆོད་རྟེན་ལས་ནི་མི་བྱ་ཞིང་། །གླེགས་བམ་ཀློག་པ་དེ་བཞིན་དུ། །དཀྱིལ་འཁོར་བྱ་བ་མ་ཡིན་ཏེ། །རྡོར་མཆོག་གསུམ་ལ་ཕྱག་འཚལ་མིན། །ཞེས་བྱ་བ་ལ་སོགས་པའོ། །དེ་ནི་རྫོགས་པའི་རིམ་པའི་ཕྱོགས་སུ་བཤད་པ་ཡིན་ཏེ། འདི་དག་ཐམས་ཅད་ནི་འཇིག་རྟེན་པའི་ཐ་སྙད་དུ་ འགལ་བ་མ་ཡིན་ཏེ་མཐར་ཐུག་པའི་དོན་ཏོ། །དེ་ཉིད་བཤད་པར་བྱ་བའི་ཕྱིར། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞིན་དུ། །རང་གིས་རང་གི་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་བྱ་བ་གསུངས་ཏེ། ཇི་ལྟར་གནས་ཐ་དད་པ་ལས་བྱུང་བའི་ཆུ་བོའི་ རྒྱུན་གཉིས་གནས་གཅིག་ཏུ་འདྲེས་པར་འགྱུར་ན་ཆུ་བོ་གཉིས་པོ་དེ་དག་ལ་དབྱེ་བ་གང་ཡང་མི་དམིགས་པ་དང་། དེ་བཞིན་དུ་མར་ནི་མ་ཧེ་དང་བ་དག་གི་མར་འདྲེས་པར་གྱུར་ན་དེ་ལ་ཡང་ཐ་དད་པའི་བློ་གང་ཡང་མེད་དོ། །དེ་བཞིན་དུ་འདིར་ཡང་གང་གི་ཡེ་ཤེས་ནི་རྣམ་པར་མི་རྟོག་པའི་དེ་ཁོ་ན་ཉིད་ལ་ཡེ་ ཤེས་ལེགས་པར་མཐོང་བ་ནི་ཡེ་ཤེས་མེད་པར་མཐོང་ན། དེ་ལ་ཕྱག་འཚལ་བའམ་དམ་པ་ཡིན་ནོ་ཞེས་བསྟན་ཏོ། །གང་གི་ཕྱིར་རང་རིག་པ་ནི་ཡེ་ཤེས་ཉིད་དུ་མ་གྲུབ་པས་ཡེ་ཤེས་མེད་པ་ཉིད་དུ་བཤད་པ་སྟེ། ཡེ་ཤེས་ནི་ཛྙཱ་ན་སྟེ། དེ་ལ་ཛྙཱ་ནི་རྟོགས་པའི་དོན་དང་། ན་ནི་བཀག་པའི་དོན་ཏོ། །དེ་ནི་རྣམ་ པ་བཞིའི་རྣལ་འབྱོར་སྤྱོད་པའི་ཕྱོགས་བཀག་པར་འགྱུར་རོ། །གལ་ཏེ་ཆོས་ཀྱི་སྐུའི་རང་བཞིན་གྱིས་གྲུབ་ན་དེའི་ཚེ་བསྒོམ་པར་བྱ་ཅི་དགོས་ཤེ་ན། འོན་ཀྱང་ཀུན་མཁྱེན་མ་ཐོབ་པར། །དེ་ནི་ཉེ་བར་དམིགས་མི་འགྱུར། །མུན་ནག་རབ་རིབ་ཀྱིས་ཁེངས་པ། །དྲན་གྱིས་སྣང་བ་ཐོབ་པར་འགྱུར། །ཞེས་བྱ་ བ་གསུངས་ཏེ། ཁྱོད་བདེན་མོད་ཀྱི་འོན་ཀྱང་ཀུན་མཁྱེན་ནི་རྡོ་རྗེ་སློབ་དཔོན་ཏེ།དེ་ལས་མ་ཐོབ་པ་ནི་མན་ངག་མ་ཐོབ་པས། དེ་ནི་ཉེ་བར་དམིགས་མི་འགྱུར། །ཞེས་བྱ་བ་ནི་དེ་ཁོ་ན་ཉིད་མངོན་དུ་མི་འགྱུར་ཏེ། དེའི་རང་བཞིན་མི་ཤེས་པའི་ཕྱིར་རོ། །དཔེ་བསྟན་པར་བྱ་བའི་ཕྱིར། མུན་ནག་རབ་རིབ་ཅེས་བྱ་བ་ 37-1-226b གསུངས་ཏེ། ཇི་ལྟར་མུན་ནག་རབ་རིབ་ཀྱིས་ཁེངས་པའི་ཁང་པ་ལ་ཁང་བདག་གི་བཀའ་དྲིན་གྱིས། ཁ་ཅིག་མར་མེ་ཐོགས་ནས་ཁང་པ་དེའི་ནང་ན་གནས་པའི་བུམ་པ་དང་སྣམ་བུ་ལ་སོགས་པ་མཐོང་བར་འགྱུར་ཏེ། དེ་བཞིན་དུ་བླ་མའི་དྲིན་གྱིས་མི་གསལ་བའི་དེ་ཁོ་ན་ཉིད་གསལ་བར་འགྱུར་བས། དེས་ སྐྱེད་པར་བྱེད་པ་མ་ཡིན་ཏེ། བསྒོམ་པར་རིགས་པ་དང་ལྡན་པའོ། །ད་ནི་སེམས་ལ་དམིགས་པའི་རིམ་པ་མདོར་བསྟན་པའི་ཕྱིར། སྟོང་ཉིད་ཤིན་ཏུ་སྟོང་པ་དང་། །གསུམ་པ་སྟོང་པ་ཆེན་པོ་དང་། །བཞི་པ་ཐམས་ཅད་སྟོང་པ་ནི། །རྒྱུ་དང་འབྲས་བུའི་བྱེ་བྲག་གོ། །ཞེས་བྱ་བ་གསུངས་ཏེ། སེམས་ རྣམ་པར་དབེན་པའི་སྐབས་འདི་ལ་འཇུག་པའི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་དང་། ཀུན་གཞི་རྣམ་པར་ཤེས་པའི་དབྱེ་བས་སེམས་རྣམ་པ་གསུམ་ཡིན་ཏེ། དེ་ལ་འོག་ནས་བཤད་པར་འགྱུར་བའི་སྔགས་དང་ཕྱག་རྒྱའི་རིམ་པས་རང་བཞིན་ཤེས་ནས་འཁོར་ དང་བཅས་པའི་རྣམ་པར་ཤེས་པ་དང་པོ་དག་པར་འགྱུར་ན། དེའི་ཚེ་སྟོང་ཉིད་ནི་སྣང་བའི་ཡེ་ཤེས་ཤར་བར་འགྱུར་རོ། །དེ་བཞིན་དུ་འཁོར་དང་བཅས་པའི་རྣམ་པར་ཤེས་པ་གཉིས་པ་དག་པར་འགྱུར་ན། དེའི་ཚེ་ཤིན་ཏུ་སྟོང་པ་ནི་སྣང་བ་མཆེད་པའི་ཡེ་ཤེས་ཤར་བར་འགྱུར་རོ། །དེ་བཞིན་དུ་ འཁོར་དང་བཅས་པའི་རྣམ་པར་ཤེས་པ་གསུམ་པ་དག་པར་འགྱུར་ན། དེའི་ཚེ་སྟོང་པ་ཆེན་པོ་ནི་སྣང་བ་ཉེ་བར་ཐོབ་པ་ཤར་བར་འགྱུར་རོ། །གསུམ་པོ་འདི་རྣམས་མི་དམིགས་པའི་དུས་སུ་བཞི་པ་ནི་ཐམས་ཅད་སྟོང་པ་སྟེ་སེམས་ཀྱི་འོད་གསལ་བ་འཆར་བར་འགྱུར་རོ། །འདི་རྣམས་ཀྱང་རྒྱུ་དང་ འབྲས་བུའི་བྱེ་བྲག་ལ་བརྟེན་ཏེ་སྣང་བར་འགྱུར་རོ། །དེ་ལ་སྟོང་པ་ལ་སོགས་པ་གསུམ་པོ་ནི་རྒྱུ་དང་། འོད་གསལ་བ་འབྲས་བུ་ཡིན་ནོ། །ཡང་ན་སྟོང་པ་ནི་ཤིན་ཏུ་སྟོང་པའི་རྒྱུ་དང་ཤིན་ཏུ་སྟོང་པ་ནི་འབྲས་བུ་སྟེ། དེ་ལྟར་ཀུན་ལ་ཤེས་པར་བྱའོ། །རྒྱུ་དང་འབྲས་བུའི་བྱེ་བྲག་བསྟན་པའི་ཕྱིར་རྟེན་ཅིང་འབྲེལ་ པ་ལས་འབྱུང་བར་བཤད་པ་ཡིན་ཏེ། གང་ཞིག་རྟེན་ཅིང་འབྲེལ་པ་ལས་འབྱུང་བ་དེ་ཉིད་སྐྱེ་བ་མེད་པ་སྟེ་སྟོང་པ་ཉིད་ཡིན་ནོ། །དེ་བས་ན་སྣང་བ་ལ་སོགས་པ་དེ་རྣམས་སྟོང་པ་ལ་སོགས་པར་བརྗོད་པ་ཡིན་ནོ། །རྒྱུ་དང་འབྲས་བུའི་བྱེ་བྲག་དེ་ཉིད་མེད་པར་བྱ་བའི་ཕྱིར། ཤེས་རབ་ཐབས་སུ་སྦྱོར་བ་ 37-1-227a ལས། །རྫོགས་པ་ཉེ་བར་ཐོབ་པར་འགྱུར། །རྫོགས་པ་ཉེ་བར་ཐོབ་འགྱུར་ནས། །ཐམས་ཅད་སྟོང་པའི་འོད་གསལ་བ། །ཞེས་བྱ་བ་གསུངས་ཏེ། དང་པོ་ཤེས་རབ་ཀྱི་ཡེ་ཤེས་སྐྱེ་བ་དང་། དེ་ནས་གཉིས་པ་ཐབས་ཀྱི་ཡེ་ཤེས་དང་པོ་ལས་ལྷག་པ་སྐྱེ་བ་སྟེ། དེ་གཉིས་ཀ་ སྦྱོར་བ་ལས་ཉེ་བར་ཐོབ་པ་ནི་ཡེ་ཤེས་གསུམ་པ་རྫོགས་པར་འགྱུར་རོ། །དེ་ནས་ཉེ་བར་ཐོབ་པ་རྫོགས་ནས་ཐམས་ཅད་སྟོང་པའི་འོད་གསལ་བ་ནི་ཡེ་ཤེས་བཞི་པ་འོག་ནས་བཤད་པར་འགྱུར་བའི་སྔགས་དང་ཕྱག་རྒྱའི་རིམ་པས་རྣལ་འབྱོར་པ་ལ་སྣང་བར་འགྱུར་རོ། །ཉེ་བར་ཐོབ་པ་ནི་དང་པོ་འཆར་ བ་དང་། འོད་གསལ་བ་ཕྱི་ནས་འཆར་བའོ་ཞེས་བླ་མ་རྣམས་ལ་འདྲི་བར་བྱ་བའམ་བཤད་པའི་རྒྱུད་ཀྱི་རྗེས་སུ་འབྲང་བར་བྱའོ། །སྦྱང་བར་བྱ་བ་དང་། སྦྱོང་བར་བྱེད་པ་དང་། སྦྱངས་པའི་འབྲས་བུ་བསྟན་པའི་ཕྱིར་རོ། །རྒྱུ་ཡི་རིམ་པ་རྣམ་དག་དང་། །རྣམ་ཤེས་གསུམ་པོ་སྦྱོར་བ་དང་། །སྟོང་པ་ གསུམ་ནི་མཉམ་སྦྱོར་བས། །བླ་མེད་གོ་འཕང་ཐོབ་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། རྒྱུ་ནི་ཡེ་ཤེས་གསུམ་ཡིན་ཏེ། དེ་རྣམས་ཀྱི་རིམ་པ་ནི་གོ་རིམས་ཏེ། དེའི་རྣམ་དག་ནི་དེའི་རང་བཞིན་ཡོངས་སུ་ཤེས་པས་གསལ་བར་འགྱུར་བའི་བླ་མེད་གོ་འཕང་ནི་ཐམས་ཅད་སྟོང་པ་ཐོབ་པར་འགྱུར་བ་ མྱ་ངན་དུ་བྱ་བ་ཡིན་ནོ་ཞེས་ཚིག་གིས་འབྲེལ་པའོ། །རྒྱུ་གང་ཡིན་ཞེ་ན། རྣམ་ཤེས་གསུམ་པོ་སྦྱོར་བ་དང་། །ཞེས་བྱ་བ་ནི་འཇུག་པའི་རྣམ་པར་ཤེས་པ་ལ་སོགས་པ་གསུམ་པོའི་འབྲེལ་བས་སོ། །དེ་གང་གི་ཕྱིར་འཇུག་པ་ལ་སོགས་པ་རྣམ་པར་ཤེས་པ་གསུམ་པོ་ཁོ་ན་ཁྱད་པར་གྱི་ཕུན་སུམ་ ཚོགས་པ་རྫོགས་པས་སྣང་བ་ལ་སོགས་པའི་ཡེ་ཤེས་ཀྱི་རང་བཞིན་དུ་རྫོགས་པ་ཡིན་ཏེ། འདིར་སྤང་བྱ་དང་བླང་བྱ་གང་ཡང་མེད་པ་ཡིན་ནོ། །དེ་ཡང་གང་གི་ཕྱིར་རང་བཞིན་ཡོངས་སུ་ཤེས་པ་ཁོ་ན་བྱང་ཆུབ་ཡིན་པའི་ཕྱིར་རོ། །དེ་ནས་སྟོང་པ་གསུམ་པ་དང་སྦྱོར་བ་ནི་རང་བཞིན་རྣམས་ཀྱིས་རང་ གི་ངོ་བོ་མི་དམིགས་པ་སྟེ། སྟོང་པ་ཉིད་གང་ཡིན་པ་དེས་བླ་ན་མེད་པའི་གོ་འཕང་སྣང་བར་འགྱུར་རོ་ཞེས་ངག་གི་དོན་ཏོ། །འཁོར་བ་དང་བཅས་པ་སྦྱང་བྱ་དང་སྦྱོང་བྱེད་དག་གིས་རྣམ་པ་གསུམ་བསྟན་པའི་སྒོ་ནས། རྣམ་གྲངས་བཤད་པར་བྱ་བའི་ཕྱིར། སྣང་བ་སྟོང་པ་ཤེས་རབ་དང་། །སེམས་ 37-1-227b དང་གཞན་གྱི་དབང་དག་སྟེ། །དེ་ཡི་རང་བཞིན་འཕྲོ་གསལ་བ། །ད་ནི་རབ་ཏུ་བཤད་པར་བྱ། །ཞེས་བྱ་བ་གསུངས་ཏེ། སྣང་བར་བྱེད་པས་ན་སྣང་བ་སྟེ། འཇུག་པའི་རྣམ་པར་ཤེས་པ་དང་པོ་དང་། ཡིད་དགའ་བ་ཉིད་དུ་སྣང་བར་གྱུར་པས་སྣང་བའི་ཡེ་ཤེས་ཀྱང་སྣང་བའོ། །སྟོང་པ་ནི་དེ་ཉིད་རང་ བཞིན་གྱིས་རང་བཞིན་སྟོང་པ་དང་མི་དམིགས་པའི་ཕྱིར་རོ། །ཤེས་རབ་ནི་དེ་ཉིད་ཁྱད་པར་གྱི་ཡེ་ཤེས་ཡིན་པའི་ཕྱིར་རོ། །སེམས་ནི་དེ་ཉིད་དེ་ཡུལ་ཐམས་ཅད་རྟོགས་པའི་ཕྱིར་རོ། །གཞན་དབང་ནི་རྒྱུ་དང་རྐྱེན་ལས་འབྱུང་བའི་ཕྱིར་རོ། །འདིར་རྒྱུ་དང་རྐྱེན་ནི་སྔགས་དང་ཕྱག་རྒྱ་ཡིན་པའི་ ཕྱིར་རོ། །དེའི་རང་བཞིན་བཤད་པར་བྱ་བའི་ཕྱིར། ཆགས་བྲལ་དང་ནི་བར་མ་ཉིད། །དེ་བཞིན་དུ་ནི་ཆེན་པོ་དག །ཡིད་ལ་འགྲོ་ཞིང་འོང་བ་དང་། །མྱ་ངན་ལ་སོགས་གསུམ་དེ་བཞིན། །ཞི་དང་རྣམ་རྟོག་འཇིགས་པ་དང་། །འཇིགས་པ་བར་དང་ཤིན་ཏུ་འཇིགས། །སྲེད་དང་སྲེད་པ་བར་མ་ དང་། །ཤིན་ཏུ་སྲེད་དང་ཉེར་ལེན་པ། །མི་དགེ་བཀྲེས་དང་སྐོམ་ཉིད་དང་། །ཚོར་བ་ཚོར་བ་བར་མ་དང་། །ཤིན་ཏུ་ཚོར་བའི་སྐད་ཅིག་དང་། །རིག་པ་པོ་དང་རིག་འཛིན་བཞི། །སོ་སོར་རྟོག་དང་ངོ་ཚ་ཤེས། །སྙིང་རྗེ་དང་ནི་བརྩེ་བ་གསུམ། །དོགས་དང་བསམ་པ་ཉིད་དང་ནི། །ཕྲག་དོག་ ཅེས་ནི་བྱ་བར་གྲགས། །རང་བཞིན་སུམ་ཅུ་རྩ་གསུམ་གང་། །ལུས་ཅན་རྣམས་ཀྱི་རང་རིག་སྟེ། །ཞེས་བྱ་བ་གསུངས་ཏེ། རང་བཞིན་འདི་རྣམས་ཤེས་རབ་ཡེ་ཤེས་ཀྱི་བདག་ཉིད་ཡིན་ཏེ། འདི་རྣམས་སེམས་ལས་བྱུང་བའི་ཆོས་སུ་བསྟན་པས། ལུས་ཅན་རྣམས་ཀྱི་རང་རིག་པ་ནི་མངོན་སུམ་གྱིས་ཉམས་སུ་ མྱོང་བ་ཡིན་ནོ། །སེམས་དང་སེམས་ལས་བྱུང་བ་ཐམས་ཅད་རིག་པ་ནི་རང་རིག་པའི་མངོན་སུམ་སྟེ། བདེ་བ་ལ་སོགས་རང་རིག་པའོ། །ཞེས་འབྱུང་བའི་ཕྱིར་རོ། །མིང་ལ་ཞེན་པ་རྣམས་ལ་འདི་རྣམས་ཀྱི་རྣམ་གྲངས་བཤད་པར་བྱ་བའི་ཕྱིར། ཀུན་རྫོབ་གསལ་བའི་གཟུགས་ཀྱིས་ནི། །མཚན་མོའི་མིང་ དུ་ངེས་པར་བཤད། །དེ་བཞིན་བུད་མེད་མིང་དུ་བརྗོད། །འཇམ་པོ་ལྟ་བུའང་དེ་བཞིན་ནོ། །གཡོན་པའི་མིང་ཡང་དེ་ཉད་དེ། །ཟླ་བའི་དཀྱིལ་འཁོར་པདྨ་ཅན། །བརྟན་པར་བྱ་བའི་རྒྱུར་གྱུར་པ། །དང་པོ་ཡི་གེ་ཐིག་ལེར་བཅས། །ཟླ་བའི་འོད་ཟེར་ལྟར་སྣང་ཞིང་། །སྣང་བའི་ཡེ་ཤེས་ཡང་དག་འབྱུང་། །ཞེས་ 37-1-228a བྱ་བ་གསུངས་ཏེ་རྣམ་གྲངས་ཀྱི་སྒོ་ནས་སྔགས་ཀྱི་རིམ་པ་ལ་བརྟེན་ཏེ་སྣང་བའི་ཡེ་ཤེས་འབྱུང་བ་བསྟན་པར་བྱ་སྟེ། རང་བཞིན་འདི་རྣམས་ཀུན་རྫོབ་ཀྱི་གཟུགས་གསལ་པོ་ལ་བརྟེན་ཏེ་མཚན་མོའི་མིང་དུ་བཤད་པ་ཡིན་ནོ། །གང་གི་ཕྱིར་མཚན་མོ་ནི་ཤེས་རབ་སྟེ་ཟླ་བ་ཤར་བའི་ཕྱིར་རོ། །དེ་ ཤར་བ་ཡང་ཚངས་པའི་བུ་ག་ནས་བྱང་ཆུབ་ཀྱི་སེམས་འཛག་པའི་ཕྱིར་རོ། །བུད་མེད་མིང་དུ་བརྗོད་ཅེས་པ་ནི་ཤེས་རབ་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །འཇམ་པོ་ཞེས་པ་ནི་དམན་པའི་བདེ་བ་དམིགས་པའི་ཕྱིར་རོ། །གཡོན་པའི་མིང་ཞེས་པ་ནི་རྩ་གཡོན་པ་ལ་གནས་པའི་རླུང་ལ་ཞེན་པའི་རྣམ་ པར་ཤེས་པ་ལས་འབྱུང་བའི་ཕྱིར་རོ། །ཟླ་བའི་དཀྱིལ་འཁོར་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་འབྱུང་བའི་ཕྱིར་ཟླ་བའི་དཀྱིལ་འཁོར་གྱི་མིང་ཅན་ནོ། །པདྨས་ཉེ་བར་མཚོན་པ་ནི་ཤེས་རབ་ཀྱི་རང་བཞིན་ཡིན་པས་པདྨ་འི་མིང་ཅན་ནོ། །ལས་དང་པོ་པ་རྣམས་ལ་ཇི་བཞིན་མི་རྟོག་པས་པདྨ་ དང་ཟླ་བའི་སྟེང་དུ་ཐིག་ལེ་དང་བཅས་པའི་དབྱངས་དང་པོ་བཀོད་ནས། ཟླ་བའི་འོད་ཟེར་དང་འདྲ་བའི་སྣང་བའི་ཡེ་ཤེས་འཆར་བ་ཡིན་ནོ། །རྫོགས་པའི་རིམ་པ་ལ་གནས་པའི་སྔགས་ཀྱི་རིམ་པ་འདི་ཡིན་ཏེ། འདིར་རྩིབས་བརྒྱད་པའི་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་ཁོ་ན་པདྨ་འདབ་མ་བརྒྱད་པ་ཡིན་ཏེ། དེར་གནས་པའི་བྱང་ཆུབ་ཀྱི་སེམས་ཟླ་བའི་དཀྱིལ་འཁོར་ཏེ། དེར་ཡང་རྩའི་གཟུགས་སུ་ཐིག་ལེ་དང་བཅས་པའི་དབྱངས་དང་པོ་རང་བཞིན་གྱིས་གྲུབ་པ་གང་ཡིན་པ་དེ་ལས་འོད་ཟེར་སྤྲོ་སྟེ། དེའི་ཕྱག་བཙལ་བའི་རང་བཞིན་གྱིས་འཇུག་པའི་རླུང་བཀུག་ཅིང་བཅུག་ལ། རང་བཞིན་དང་བཅས་པའི་འཇུག་པའི་ རྣམ་པར་ཤེས་པའི་རང་བཞིན་ཡོངས་སུ་ཤེས་ན་ཟླ་བའི་འོད་ཟེར་དང་འདྲ་བའི་སྣང་བའི་ཡེ་ཤེས་འཆར་བ་ཡིན་ཏེ། སྔགས་ཀྱི་རིམ་པའི་སྒོ་ནས་སེམས་རྣམ་པར་དག་པའི་ཕྱོགས་གཅིག་བསྟན་ཏོ། །ད་ནི་ཡེ་ཤེས་གཉིས་པ་བཤད་པར་བྱ་བའི་ཕྱིར། ཤིན་ཏུ་སྟོང་པ་ཐབས་ལྡན་པ། །སྣང་བ་མཆེད་པ་ཞེས་ བརྗོད་དེ། །དེ་བཞིན་དུ་ནི་ཀུན་བརྟགས་དང་། །དེ་བཞིན་སེམས་ལས་འབྱུང་བར་བཤད། །ཅེས་བྱ་བ་གསུངས་ཏེ། སྔ་མ་ལས་ཡིད་དགའ་བ་ལྷག་པའི་ཕྱིར་སྣང་བ་མཆེད་པ་ཡིན་ནོ། །ཤིན་ཏུ་སྟོང་པ་ནི་རང་བཞིན་བཞི་བཅུ་མི་དམིགས་པའི་ཕྱིར་རོ། །ཐབས་ནི་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ 37-1-228b ཤེས་པ་འགྲོ་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཡང་ན་ཐབས་ནི་རྩ་གཡས་པ་ལ་གནས་པའི་ནམ་པར་ཤེས་པ་ལས་འབྱུང་བའི་ཕྱིར་རོ། །ཀུན་བརྟགས་ནི་ནང་གི་བདག་ཉིད་ཡིན་པའི་ཕྱིར་དོན་ལས་མི་སྐྱེ་བ་འི་ཕྱིར་རོ། །སེམས་ལས་བྱུང་བ་ནི་བདག་ཏུ་ལྟ་བ་ལ་སོགས་པའི་སེམས་ལས་བྱུང་བ་བཞི་པོའི་ རང་བཞིན་ཡིན་པའི་ཕྱིར་རོ། །འདིའི་རང་བཞིན་བཤད་པའི་ཕྱིར། ཆགས་དང་ཞེ་སྡང་དེ་བཞིན་དགའ། །དགའ་བ་བར་མ་ཤིན་ཏུ་དགའ། །རངས་དང་རབ་ཏུ་མགུ་བ་དང་། །ངོ་ཚ་དེ་བཞིན་དགོད་པ་དང་། །ཚིམ་དང་དེ་བཞིན་འཁྱུད་པ་དང་། །འོ་བྱེད་དེ་བཞིན་འཇིབ་པ་དང་། །བརྟན་དང་བརྩོན་དང་ང་ རྒྱལ་དང་། །བྱ་དང་འབྲོག་དང་སྟོབས་དང་ནི། །སྤྲོ་དང་ལྷན་ཅིག་སྐྱེས་ཉིད་དང་། །དེ་བཞིན་ལྷན་ཅིག་སྐྱེས་བར་མ། །ཤིན་ཏུ་ལྷན་ཅིག་སྐྱེས་དང་དྲག །རྣམ་པར་སྒེག་དང་ཞེ་འགྲས་ཉིད། །དགེ་བ་ཚིག་གསལ་བདེན་པ་དང་། །མི་བདེན་པ་དང་དེ་བཞིན་ངེས། །ཉེ་བར་མི་ལེན་སྦྱིན་པ་པོ། །བསྐུལ་ དང་དེ་བཞིན་དཔའ་བོ་དང་། །ངོ་ཚ་མེད་དང་སྒྱུ་དང་གདུག །མི་སྲུན་པ་དང་གྱ་གྱུ་ཉིད། །མཚན་ཉིད་བཞི་བཅུ་གང་ཡིན་པ། །ཤིན་ཏུ་སྟོང་པའི་སྐད་ཅིག་སྟེ། །ཞེས་བྱ་བ་གསུངས་ཏེ། རང་བཞིན་འདི་རྣམས་ནི་སྣང་བ་མཆེད་པའི་ཡེ་ཤེས་ཡིན་ཏེ་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་ལྡོག་ པའི་མཚན་ཉིད་དོ། །རང་བཞིན་འདི་རྣམས་ཀྱང་སྐད་ཅིག་མ་རེ་རེ་ལ་འབྱུང་ཞིང་ཐིམ་པར་འགྱུར་རོ། །ཤིན་ཏུ་སྟོང་པ་ནི་སྔགས་དང་ཕྱག་རྒྱའི་རིམ་པས་རྣམ་པར་སྤྱད་ན་འདི་རྣམས་ཀྱིས་ཤིན་ཏུ་སྟོང་པ་ཉིད་ཀྱི་མིང་ཐོབ་པ་ཡིན་ནོ། །སྔ་མའི་མདོ་ལས་རང་རིག་པ་ཞེས་བྱ་བའི་ཚིག་འདི་དང་ཕྱི་མ་ལ་ ཡང་རྗེས་སུ་འཇུག་པར་བྱའོ། །འདི་རྣམས་ཀྱི་མིང་གི་རྣམ་གྲངས་བཤད་པར་བྱ་བའི་ཕྱིར། ཉིན་མོ་སྐྱེས་པའི་མིང་དང་ནི། །རྩུབ་མོ་གཡས་པར་བསྟན་པ་ཡིན། །ཉི་མའི་དཀྱིལ་འཁོར་མིང་དང་ནི། །དེ་བཞིན་དུ་ནི་རྡོ་རྗེ་མིང་། །ཐིག་ལེ་གཉིས་ཀྱིས་བརྒྱན་པ་ཡིས། །ཆ་རུ་དེ་ཉིད་ཤེས་པར་བྱ། ། ཉི་མའི་འོད་ཟེར་འདྲ་བ་ཡི། །སྣང་བ་མཆེད་པའི་སྦྱོར་ལས་འབྱུང་། །ཞེས་བྱ་བ་གསུངས་ཏེ། རང་བཞིན་འདི་རྣམས་ཉིན་མོའི་མིང་ཅན་ཏེ་ཐབས་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སྐྱེས་པའི་མིང་སྟེ་སྐྱེས་པ་ནི་པུ་རུ་ཥའོ། །པ་རུ་ནི་ཆོས་འབྱུང་སྟེ་དེ་བསྟེན་པར་བྱེད་པས་ན་པུ་རུ་ཥ་སྟེ་ 37-1-229a ཐབས་ཡིན་ནོ། །རྩུབ་མོ་ནི་ཉི་མའི་རང་བཞིན་ཡིན་པའི་ཕྱིར་རོ། །ཉི་མའི་དཀྱིལ་འཁོར་ནི་རྩ་གཡས་པ་ལས་འབྱུང་བའི་ཁྲག་གི་ཁམས་ཏེ་དེའི་མིང་ཅན་ནོ། །རྡོ་རྗེའི་མིང་ཞེས་བྱ་བ་ནི་རྡོ་རྗེས་ཉེ་བར་མཚོན་པའི་ཐབས་ཀྱི་ཡེ་ཤེས་སོ། །སྔ་མ་བཞིན་དུ་འདིར་ཡང་ཉི་མ་ལ་ གནས་པའི་ཐིག་ལེ་གཉིས་དང་བཅས་པའི་དང་པོ་ཡི་གེ་ལས་དང་པོ་པས་བསྒོམས་ན་དེ་ལ་ཉི་མའི་འོད་ཟེར་དང་འདྲ་བའི་སྣང་བ་མཆེད་པའི་ཡེ་ཤེས་འཆར་བ་ཡིན་ནོ། །རྫོགས་པའི་རིམ་པ་གནས་པ་ནི་ཉི་མ་དང་ཟླ་བས་མཚན་པའི་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་ལ་གནས་པའི་ཐིག་ལེ་གཉིས་ཀྱིས་ བརྒྱན་པའི་ཡི་གེ་དང་པོ་ལས་འབྱུང་བའི་འོད་ཟེར་གྱིས་གནས་པའི་རླུང་གི་རང་བཞིན་པདྨའི་མགོན་པོའི་ཡི་གེས་བཀུག་ཅིང་བཅུག་ལ་འཁོར་དང་བཅས་པའི་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་ལྡོག་པར་འགྱུར་བས་ཉི་མའི་འོད་ཟེར་འདྲ་བའི་སྣང་བ་མཆེད་པའི་ཡེ་ཤེས་འཆར་བར་འགྱུར་རོ། །ཡེ་ཤེས་ གསུམ་པ་བཤད་པར་བྱ་བའི་ཕྱིར། སྣང་བ་ཐོབ་པ་དག་དང་ནི། །ཉེ་བར་ཐོབ་པ་དེ་བཞིན་ཏེ། །ཡོངས་སུ་གྲུབ་པ་ཉིད་དང་ནི། །མ་རིག་པ་ནི་ཉིད་ཅེས་བྱ། །སྟོང་པ་ཆེན་པོའི་ཚིག་གི་ནི། །རྣམ་གྲངས་འདི་དག་རྒྱལ་བས་གསུངས། །ཞེས་བྱ་བ་གསུངས་ཏེ། སྟོང་པ་ཆེན་པོའི་ཚིག་ནི་ཀུན་གཞི་ རྣམ་པར་ཤེས་པ་ལྡོག་པའི་མཚན་ཉིད་ཀྱི་རྣམ་གྲངས་རྒྱལ་བ་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་སོ་ཞེས་བྱ་བ་འདིས་རང་བཟོ་བཀག་པ་ཡིན་ནོ། །དེ་ལ་སྣང་བ་ཐོབ་པ་ནི་ཟླ་བ་དང་ཉི་མའི་སྣང་བ་དག་གང་དུ་མི་དམིགས་པ་དེ་ནི་སྣང་བ་ཐོབ་པ་སྟེ། ཤེས་རབ་དང་ཐབས་ཀྱི་ཡེ་ཤེས་ནུས་པས། རྒྱལ་བ་ལྟ་བུ་སྟེ་མི་གཡོ་བའི་ཏིང་ངེ་འཛིན་ཏོ། །ཉེ་བར་ཐོབ་པ་ཞེས་བྱ་བ་ནི་འོད་གསལ་བའི་གམ་ན་ཐོབ་པའི་ཕྱིར་ཏེ། དེ་ཐོབ་ནས་འོད་གསལ་བ་འཆར་བའི་ཕྱིར་རོ། །ཡང་ན་ཉེ་བར་ཐོབ་པ་ནི་ཨུ་པ་ལ་དྷ་སྟེ། ཨུ་ནི་ཨུ་པ་ལ་སྟེ་ཐབས་དང་། པ་ནི་པྲཛྙཱ་སྟེ་ཤེས་རབ་པོ། །དེ་གཉིས་ཀ་ལས་འོག་ཏུ་ མཚན་པའི་ཕྱིར་ཉེ་བར་ཐོབ་པའོ། །ཡོངས་སུ་གྲུབ་པ་ཤེས་པ་ནི་ཡེ་ཤེས་གཉིས་ནུབ་པའོ། །སྔ་མ་དང་ནི་རྟག་ཏུ་བྲལ། །དེ་ནི་ཡོངས་སུ་གྲུབ་པར་བཤད། །ཅེས་བྱ་བ་འབྱུང་ངོ་། །མ་རིག་པ་ནི་ཉིད་ཅེས་བྱ། །ཞེས་པ་ནི་ཀུན་གཞི་རྣམ་པར་ཤེས་པ་ནི་མ་རིག་པ་སྟེ། དེ་ཡོངས་སུ་གྱུར་པའི་ 37-1-229b ཡེ་ཤེས་ལ་བལྟ་བ་གང་ཡིན་པ་དེ་ཡང་མ་རིག་པའོ། །སྟོང་པ་ཆེན་པོ་ནི་མཚོན་པར་དཀའ་བའི་རང་བཞིན་བདུན་མི་དམིགས་པའི་ཕྱིར་རོ། །རང་བཞིན་དེ་རྣམས་བཤད་པར་བྱ་བའི་ཕྱིར། ཆགས་པ་བར་མའི་སྐད་ཅིག་དང་། །བརྗེས་ངས་པ་དང་འཁྲུལ་པ་དང་། །མི་སྨྲར་གྱུར་དང་སྐྱོ་བ་དང་། །ལེ་ལོ་ དེ་བཞིན་ཐེ་ཚོམ་སྟེ། །མ་རིག་སྐད་ཅིག་བདུན་པོ་ནི། །ཕྲ་མོའི་རྣལ་འབྱོར་པས་ཤེས་བྱ། །ས་བོན་ཐིག་ལེར་ལྡན་མིན་ལ། །རླུང་གི་སྒོ་ནས་འབྱུང་བ་མིན། །གང་ཞིག་སྣང་བ་ཐོབ་པ་ནི། །ཡོངས་སུ་རྫོགས་པའི་མཚན་ཉིད་དོ། །ཞེས་བྱ་བ་གསུངས་ཏེ་རང་བཞིན་བདུན་པོ་འདི་རྣམས་མ་རིག་པའི་མཚན་ ཉིད་ནི་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ལས་འབྱུང་བ་སྟེ། ཕྲ་མོའི་རྣལ་འབྱོར་པས་ཤེས་བྱ། །ཞེས་པ་ནི་ཀུ་ཤའི་རྩེ་མོ་དང་འདྲ་བའི་བློ་ཅན་གྱིས་རང་རིག་པ་ཉིད་དུ་རྟོགས་པར་བྱའོ། །རང་བཞིན་འདི་རྣམས་ཀྱི་རང་བཞིན་ཡོངས་སུ་ཤེས་པའི་དུས་སུ་སྔར་བཤད་པའི་ས་བོན་དང་། ཐིག་ལེ་དང་། རླུང་ལ་སོགས་པ་མི་དམིགས་པའོ། །དེ་བས་ན་མཚམས་ཀྱི་སྣང་བ་དང་འདྲ་བའི་སྣང་བ་ཉེ་བར་ཐོབ་པ་འདི་ནི་ཡོངས་སུ་རྫོགས་པར་ཤེས་པར་བྱའོ། །མཚན་མོ་དང་ཉིན་མོའི་དབྱེ་བས་རང་བཞིན་འདི་རྣམས་ཀྱི་གྲངས་བཤད་པར་བྱ་བའི་ཕྱིར། རང་བཞིན་ཕྲ་བ་བརྒྱ་དང་ནི། །དྲུག་ཅུ་ཐམ་པ་འདི་དག་ ཉིད། །རླུང་ལ་ཞོན་པའི་རྒྱུ་ཡིས་ནི། །ཉིན་དང་མཚན་དུ་འབྱུང་བ་ཡིན། །ཞེས་བྱ་བ་གསུངས་ཏེ། ཤེས་རབ་དང་། ཐབས་དང་། ཉེ་བར་ཐོབ་པའི་རང་བཞིན་བརྒྱད་ཅུ་འདི་རྣམས་མཚན་མོ་དང་ཉིན་མོའི་དབྱེ་བས་བརྒྱ་དྲུག་ཅུར་འགྱུར་རོ། །ཕྲ་བ་ནི་མཚོན་པར་དཀའ་བའི་ཕྱིར་ཏེ་གང་གི་ཚེ་རང་བཞིན་ གང་འབྱུང་ཞེས་མཉམ་པར་མ་བཞག་པ་རྣམས་ཀྱིས་མཚོན་པར་བྱ་བ་མ་ཡིན་ནོ། །མཉམ་པར་བཞག་པ་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་མཚོན་པར་དཀའ་བ་སྟེ་རགས་པ་ལ་ཞེན་པས་ལྷའི་རྣམ་པ་ལ་ཆགས་པའི་ཕྱིར་རོ། འདི་རྣམས་རྒྱུ་གང་གིས་འབྱུང་བ་ཡིན་ཞེ་ན། རླུང་ལ་ཞོན་པའི་རྒྱུ་ ཡིས་ནི། །ཞེས་བྱ་བ་ལ་རླུང་ལ་ཞོན་པ་ནི་རྣམ་པར་ཤེས་པ་སྟེ། དེ་ཉིད་རང་བཞིན་རྣམས་ཀྱི་རྒྱུ་ཡིན་ཏེ་རྒྱུ་དེ་ལས་སོ། །གང་གི་ཕྱིར་ཇི་སྲིད་རླུང་གིས་རང་བཞིན་མི་རྙེད་ན། དེ་སྲིད་རང་བཞིན་གྱི་སྣང་བ་འབྱུང་བ་མ་ཡིན་ནོ། །འོད་གསལ་བའི་སྐབས་ལ་ནི་རླུང་ལ་ཞོན་པའི་རྣམ་པར་ཤེས་པ་མི་དམིགས་ 37-1-230a པས་དེ་རྣམས་འབྱུང་བ་དང་། མི་འབྱུང་བ་ཡང་མ་ཡིན་ཏེ། ཡོད་པ་དང་མེད་པའི་ཕྱོགས་གང་གིས་འཛིན་པར་དཀའ་བའི་ཕྱིར་དེའི་རང་བཞིན་དག་ལས་འདས་པ་ཡིན་ནོ། །འོ་ན་ཡུལ་སོ་སོར་སྣང་བས་ཉིན་མོ་དང་རང་བཞིན་རྣམས་འཆར་མོད་ཀྱི། མཚན་མོ་ནི་དབང་པོ་དགག་ པས་ཇི་ལྟར་འབྱུང་བར་འགྱུར་ཞེ་ན། སྨྲས་པ། འདིར་ཇི་སྲིད་རླུང་དང་རང་བཞིན་ལ་གནས་པ་དེ་སྲིད་རྨི་ལམ་དང་། སད་པའི་གནས་སྐབས་ལ་རང་བཞིན་རྣམས་འབྱུང་བ་ཡིན་ཏེ། རྨི་ལམ་གྱི་གནས་སྐབས་སུ་ནི་ཀུན་གཞི་རྣམ་པར་ཤེས་པ་ལ། བག་ཆགས་ཞུགས་པས་དེ་ཉིད་ལས་དེ་རྣམས་འབྱུང་བ་སྟེ་སྐྱོན་ གང་ཡང་མེད་དོ། །ཡང་ན་དངོས་པོ་རྣམས་མེད་ཀྱང་འཁྲུལ་པས་དེ་རྣམས་སོ་སོར་སྣང་སྟེ་དཔེར་ན་རྨི་ལམ་ལྟ་བུ་སྟེ། དེ་བཞིན་དུ་སད་པའི་གནས་སྐབས་ལ་ཡང་ཤེས་པར་བྱའོ། །ཕུང་པོ་ཁམས་དང་སྐྱེ་མཆེད་དབང་སོགས་ལ། །ཤེས་པ་གཉིས་པོ་དེ་འདིར་རབ་འདུས་ནས། །སྟོང་ཆེན་གྱུར་པས་ གང་ཞིག་གཉིད་ལོག་པ། །རླུང་གི་ཤུགས་ཀྱིས་རྨི་ལམ་མཐོང་བར་འགྱུར། །རྨི་ལམ་སད་པར་བྱེ་བྲག་གཞན་མེད་པར། །ཀུན་དུ་རྟོག་པས་རྨི་ལམ་འབྲས་འདོད་ལ། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །རང་བཞིན་རྣམས་དུས་ཅི་ཙམ་དུ་འཆར་བ་ཡིན་ནོ་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར། སྐད་ཅིག་ཐང་ ཅིག་ཡུད་ཙམ་དང་། །མིག་བཙུམས་དེ་བཞིན་ཐལ་མོ་སྟེ། །ཞེས་བྱ་བ་མདོར་བསྟན་པའོ། །དེ་ཉིད་རྒྱས་པར་བཤད་པ་ནི། སྐད་ཅིག་སེ་གོལ་གཏོགས་པར་བཤད། །ཐང་ཅིག་ཡུངས་ཀར་བསྐོར་བ་ཙམ། །ཡུད་ཙམ་དབུགས་ནི་འབྱུང་བ་ཙམ། །མིག་བཙུམས་མིག་ནི་འཛུམས་པའི་བར། །ཐལ་མོ་ ལག་གཉིས་རྡེབ་པ་སྟེ། །སྐད་ཅིག་ལ་སོགས་མཚན་ཉིད་དོ། །ཞེས་བྱ་བ་ལ་དུས་ཇི་ཙམ་གྱིས་སེ་གོལ་གཏོགས་པའི་སྒྲ་རྫོགས་པ་དེ་ནི་སྐད་ཅིག་མ་ཞེས་བྱ་བའི་དུས་ཡིན་ནོ། །དུས་ཇི་ཙམ་གྱིས་ལག་པའི་མཐིལ་ལ་ཡུངས་ཀར་བསྐོར་བ་དེ་ནི་ཐང་ཅིག་གོ། །དུས་ཇི་ཙམ་གྱིས་སྣའི་བུ་ག་ལས་དབུགས་འབྱུང་ བ་དེ་ནི་ཡུད་ཙམ་མོ། །དུས་ཇི་ཙམ་གྱིས་མིག་བཙུམས་པ་དེ་ནི་མིག་བཙུམས་པའོ། །དུས་ཇི་ཙམ་གྱིས་ལག་པས་ལག་པ་ལ་བརྡབས་པ་དེ་ནི་ཐལ་མོ་ཡིན་ནོ། །དུས་དེ་དག་གི་སྒོ་ནས་རང་བཞིན་འཆར་བ་མཚོན་པར་བྱའོ། །གཞན་དུ་ན་ཤེས་རབ་དང་། ཐབས་དང་། མ་རིག་པའི་རང་བཞིན་གང་ཡིན་ 37-1-230b པ་དེ་དུས་གང་ལ་འཆར་བ་ཡིན་ནོ་ཞེས་མ་ཤེས་པས་རང་བཞིན་རྣམས་འཆོལ་བར་འགྱུར་རོ། །དེ་བས་ན་གང་གིས་གང་མི་སྣང་བར་བྱའོ་ཞེས་ཐེ་ཚོམ་ཟ་བས་ནམ་ཡང་འོད་གསལ་བ་ལ་ཞུགས་པར་མི་འགྱུར་རོ། །འོ་ན་ཁྱབ་པར་བྱེད་པའི་རྣམ་པར་དག་པ་ལ་ཁོ་བོ་ཅག་བརྟེན་ནམ། ཡང་ན་སྐད་ཅིག་མ་ ལ་སོགས་པའི་དུས་ཀྱི་བྱེ་བྲག་ལ་ཞེ་ན་དེ་སྐད་མ་ཟེར་ཅིག །བསླབ་པའི་དུས་སུ་ཁྱབ་བྱེད་ཀྱི་རྣམ་པར་དག་པ་གཟུང་བར་ནུས་པ་མ་ཡིན་ནོ། །གང་ཟག་ནི་དབང་པོ་རྣོ་བ་དེ་རྣམས་ལ་དུས་ཀྱི་བྱེ་བྲག་དགོས་པ་མ་ཡིན་ཏེ་འདི་ཡང་འོག་ནས་བཤད་པར་བྱའོ། །རང་བཞིན་མེད་པའི་དངོས་པོ་རྣམས་ལ་ཡེ་ ཤེས་དང་རྣམ་པར་ཤེས་པའི་དབྱེ་བ་འདི་ཇི་ལྟར་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། རང་རིག་ཙམ་གྱི་ཡེ་ཤེས་ནི། །ནམ་མཁའ་ལྟ་བུར་མཚན་ཉིད་མེད། །འོན་ཀྱང་དེ་ཡི་དབྱེ་ཡོད་དེ། །མཚན་མོ་ཉིན་མོ་མཚམས་དག་གིས། །ཞེས་བྱ་བ་གསུངས་ཏེ་འདིར་ནི། རང་ལས་མ་ཡིན་གཞན་ལས་ མིན། །ཞེས་བྱ་བ་ལ་སོགས་པའི་རིགས་པས་ཁམས་གསུམ་རྣམ་པར་དཔྱད་ན་སྟོང་པ་ཁོ་ན་ཡིན་ཏེ། འོན་ཀྱང་རྣལ་འབྱོར་སྤྱོད་པའི་དབུ་མའི་ཕྱོགས་སུ་རང་རིག་ཙམ་གྱི་ཡེ་ཤེས་ཕྱི་ནང་གི་གཟུགས་སུ་སྣང་བ་ཡིན་ནོ། །འོ་ན་རྣམ་པ་དང་བཅས་པའི་རྣམ་པར་ཤེས་པ་སྨྲ་བ་ལས་ཁྱད་པར་གང་ཡོད་ཅེ་ན་སྨྲས་པ། ནམ་མཁའ་ལྟ་བུར་མཚན་ཉི་མེད། །ཅེས་བྱ་བ་ནི་ཡེ་ཤེས་དེ་ཡང་མཚན་ཉིད་དེ་སྐྱེ་བ་ལ་སོགས་པ་སྟེ། དེ་དང་བྲལ་བ་ནི་སྐྱེ་བ་དང་འཇིག་པ་ལ་སོགས་པ་བྲལ་བ་སྟེ་དབུ་མ་པའི་གྲུབ་པའི་མཐའོ། །འདིས་ནི་རང་རིག་པ་མ་ཡིན་པ་ལྟ་བུ་སྟེ་རང་རིག་པའི་གཟུགས་མ་གྲུབ་པས་བརྗོད་དུ་མེད་པའི་གནས་ སྐབས་ཡིན་ནོ། །འོན་ཀྱང་དེ་ཡི་དབྱེ་ཡོད་དེ། །ཞེས་བྱ་བ་ལ་སོགས་པ་ལ་ཀུན་རྫོབ་ཏུ་མཚན་མོ་ལ་སོགས་པའི་བྱེ་བྲག་གི་དེའི་དབྱེ་བ་མཚོན་པར་བྱ་བ་ཡིན་ཏེ། དཔེར་ན་ཆོས་ཀྱི་སྐུ་དང་ལོངས་སྤྱོད་དང་། སྤྲུལ་པའི་སྐུ་སོ་སོར་སྣང་བ་ལྟ་བུའོ། །དབྱེ་བ་དེ་རྣམས་བཤད་པར་བྱ་བའི་ཕྱིར། སྣང་དང་སྣང་བ་ མཆེད་པ་དང་། །དེ་བཞིན་སྣང་བ་ཉེར་ཐོབ་པ། །སེམས་ནི་རྣམ་པ་གསུམ་བཤད་ནས། །དེ་ཡི་སྒྲུབ་པ་བརྗོད་པར་བྱ། །ཞེས་བྱ་བ་གསུངས་ཏེ། འཇིག་རྟེན་གྱི་ཐ་སྙད་དུ་འཇུག་པའི་རྣམ་པར་ཤེས་པ་ལ་སོགས་པ་སྣང་བ་ལ་སོགས་པར་བཤད་པ་ཡིན་ཏེ། རང་བཞིན་རྟོགས་ན་དེ་རྣམས་ཉིད་ཁོ་ན་ 37-1-231a སྣང་བའི་ཡེ་ཤེས་ལ་སོགས་པའོ། །དེ་ཉིད་ཀྱི་ཕྱིར་རྣམ་པ་གསུམ་གྱི་སེམས་གང་ཡིན་པ་དེ་སྒྲུབ། དེའི་བསྒྲུབ་པ་ནི་སྲིད་པ་སྐྱེ་བའི་རིམ་པ་བརྗོད་པར་བྱ་བ་ནི་བཤད་པར་བྱའོ། །དེ་ཉིད་བཤད་པར་བྱ་བའི་ཕྱིར། རླུང་རྣམས་སྟོང་པའི་གཟུགས་ཀྱིས་ནི། །ཤེས་དང་ཡང་དག་འདྲེས་ གྱུར་ནས། །དབང་པོའི་ལམ་ནས་བྱུང་ནས་ནི། །ཡུལ་རྣམས་ལ་ནི་དམིགས་པར་བྱེད། །ཅེས་བྱ་བ་གསུངས་ཏེ། རང་བཞིན་གྱིས་སྟོང་པའི་རླུང་ནི་སྲེག་དང་རྩོལ་བ་ཞེས་བྱ་བ་གང་ཡིན་པ་དེ་དང་། ཤེས་པ་ནི་སྲིད་པ་བར་མ་དོའི་རྣམ་པར་ཤེས་པའམ་མིག་ལ་གོགས་པའི་རྣམ་པར་ཤེས་པ་འདྲེས་པར་ འགྱུར་བ་ནི་ཤུ་ཀྲ་ལ་སོགས་པའི་སྒོ་ནས་ཡོངས་སུ་གྱུར་པའམ། གྱེན་དུ་རྒྱུ་བ་ལ་སོགས་པ་དང་འདྲེས་པར་གྱུར་ནས་དབང་པོའི་ལམ་ནི་ཁའི་ལམ་མམ། མིག་ལ་སོགས་པའི་ལམ་ནས་འབྱུང་སྟེ། ཡུལ་རྣམས་ནི་གཟུགས་ལ་སོགས་པ་སྟེ་དེ་ལ་དམིགས་པར་བྱེད་པའོ། །དེའི་ཚེ་ན་སྣང་བ་རྣམས་ འཆར་བ་ཡིན་ནོ། །སེམས་ལ་འབྱུང་བ་རྣམས་འབྱུང་བ་བཤད་པར་བྱ་བའི་ཕྱིར། གང་ཚེ་སྣང་བར་ལྡན་གྱུར་པའི། །རླུང་ནི་བཞོན་པ་ཉིད་གྱུར་པ། །དེ་ཚེ་རང་བཞིན་དེ་དག་ཀུན། །མ་ལུས་ལུས་པ་མེད་པར་འཇུག །ཅེས་བྱ་བ་གསུངས་ཏེ། སྣང་བ་ནི་རྣམ་པ་གསུམ་གྱི་རྣམ་པར་ཤེས་པ་སྟེ། དེ་དང་ ལྡན་པའི་རླུང་ནི་གང་ཚེ་བཞོན་པ་ཉིད་དུ་གྱུར་པ་ནི་དེའི་བདག་ཉིད་དུ་ཐ་མི་དད་པར་གྱུར་ན། དེའི་ཚེ་རླུང་གིས་བསྐུལ་བས་སོ་སོར་ངེས་པའི་ཡུལ་ལ་དམིགས་པའི་དབང་གིས་རང་བཞིན་དེ་དག་ཀུན་ནི་རྣམ་པར་ཤེས་པ་ལ་སེམས་ལས་འབྱུང་བའི་ཆོས་འཇུག་པ་ནི་སྐྱེ་བར་བྱེད་པ་ཡིན་ནོ། །རང་བཞིན་དེ་རྣམས་ ཇི་ལྟ་བུ་ཡིན་ཞེ་ན། མ་ལུས་ལུས་པ་མེད་པ་ཞེས་བྱ་བ་ནི་མ་ལུས་ནི་རྣམ་པ་གསུམ་གྱི་རྣམ་པར་ཤེས་པ་ལས་འབྱུང་བ་དང་། ལུས་པ་མེད་པ་ནི་གང་ཞིག་ཐ་དད་པར་འབྱུང་བ་རྣམས་སོ། །གལ་ཏེ་སེམས་ལས་འབྱུང་བ་རྣམས་ཐ་དད་པར་འབྱུང་ན་ཡང་། འོན་ཀྱང་གཙོ་བོ་དང་ཡོན་ཏན་གྱི་སྒོ་ནས་མ་ལུས་ པ་ཉམས་སུ་མྱོང་བ་སྟེ། དཔེར་ན་འདོད་ཆགས་ཀྱི་རང་བཞིན་འབྱུང་བའི་ཚེ་གཏི་མུག་གི་རང་བཞིན་ཆ་གཅིག་ཏུ་འཆར་བ་ཡིན་ཏེ་ཆགས་པ་དང་ལྡན་པ་ནི་རྨོངས་པ་ཡིན་པའི་ཕྱིར་རོ། །དེ་ལྟར་གཞན་དུ་ཡང་སྦྱར་བར་བྱའོ། །གང་ལས་གང་རང་བཞིན་འབྱུང་ངོ་ཞེས་བཤད་པར་བྱ་བའི་ཕྱིར། རླུང་ 37-1-231b ནི་གང་དང་གར་གནས་པར། །རང་བཞིན་དེ་དང་དེ་འབྱུང་འགྱུར། །ཇི་སྲིད་རླུང་ནི་མི་རྒྱུ་དང་། །སྣང་བ་མི་གཡོ་བར་གྱུར་པ། །ཞེས་བྱ་བ་གསུངས་ཏེ་གང་དང་གང་ཞེས་པ་ནི་གཡོན་དང་གཡས་དང་རྩ་དབུས་མ་རྣམས་ལ་རླུང་གནས་པས་རང་བཞིན་དེ་དང་དེ་ཞེས་པ་ནི་ཤེས་རབ་དང་ཐབས་ཏེ། ཉེ་བར་ ཐོབ་པའི་མཚན་ཉིད་ཀྱི་རང་བཞིན་འབྱུང་བ་ནི་སྐྱེ་བར་བྱེད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། ཇི་སྲིད་རླུང་ནི་འབྱུང་བར་མི་འགྱུར་ན། །དེ་སྲིད་སྣང་བ་མི་གཡོ་བར་གྱུར་པ། །ཞེས་པ་ནི་རང་བཞིན་གྱི་སྣང་བ་མི་གཡོ་བར་གྱུར་པ་མ་ཡིན་ཏེ་བརྟན་པར་མི་འགྱུར་རོ། །འདིར་ནི་བཀག་པའི་སྒྲ་བྱ་རོག་གི་མིག་བཞིན་དུ་ཚིག་ རྐང་གཉིས་དང་སྦྱར་བར་བྱའོ། །སྣང་བ་རྣམས་ཀྱི་རང་བཞིན་བཤད་པར་བྱ་བའི་ཕྱིར། སྣང་བ་གཉིས་ནི་རྒྱུར་གྱུར་པས། །བདག་གི་དངོས་པོར་རྣམ་པར་བརྟག །ཇི་ལྟར་སྣང་བ་ཐོབ་པ་ལྟར། །གཉིས་ཀའི་ཡན་ལག་ཉིད་དུ་འགྱུར། །ཞེས་བྱ་བ་གསུངས་ཏེ། སྔགས་དང་ཕྱག་རྒྱའི་རིམ་པ་གཉིས་ལས་ གང་ཡང་རུང་བའི་ཐབས་ཀྱིས་དང་པོ་སྣང་བ་གཉིས་ནི་ཟླ་བ་དང་། ཉི་མའི་འོད་ཟེར་དང་འདྲ་བར་འབྱུང་བ་ཡིན་ཏེ། དེ་ཉིད་རྒྱུ་གང་ལ་ཡོད་པ་དེ་ནི། བདག་གི་དངོས་པོར་རྣམ་པར་བརྟག །ཅེས་པ་ནི་སྣང་བ་ཉེ་བར་ཐོབ་པར་འབྱུང་བར་འགྱུར་རོ། །གང་ཞིག་སྣང་བ་ཐོབ་པ་གསུམ་པ་འདི་ཉིད། གཉིས་ཀའི་ ཡན་ལག་ཉིད་དུ་འགྱུར། །ཞེས་པ་ནི་ཡེ་ཤེས་གཉིས་ཀྱི་ཆ་དང་ལྡན་པར་འགྱུར་རོ། །གང་གི་ཕྱིར་ཤེས་རབ་དང་ཐབས་ཀྱི་ཡེ་ཤེས་གཉིས་དང་འདྲེས་པ་སྟེ། མི་དང་སེང་གེ་བཞིན་དུ་དངོས་པོ་གཞན་གཉིས་ཀའི་ཆ་རགས་པ་ནུབ་པ། དགའ་བ་གཉིས་དང་བྲལ་བ་དང་། བརྒྱལ་བ་ལྟ་བུ་སྟེ། སའི་ཕྱོགས་གཅིག་ལས་འདྲེས་པར་འགྱུར་བའི་ཆུ་བོའི་རྒྱུན་གཉིས་ལྟ་བུའོ། །ད་ནི་ཕྱག་རྒྱའི་རིམ་པས་སེམས་རྣམ་པར་དག་པ་བཤད་པའི་ཕྱིར། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ནི། །གསལ་བར་འདི་ལས་མཚོན་པར་འགྱུར། །ཞེས་ བྱ་བ་གསུངས་ཏེ། རེ་ཞིག་སྔར་བཤད་པའི་སྔགས་ཀྱི་རིམ་པས་ཡེ་ཤེས་གསུམ་གྱི་དབྱེ་བ་མཚོན་པར་འགྱུར་ཏེ། འོན་ཀྱང་འདོད་ཆགས་ཀྱི་རིགས་ཅན་ལ་ལྟོས་ཏེ་ཕྱག་རྒྱའི་རིམ་པས་ཀྱང་དེ་ཉི་མཚོན་པར་བྱའོ། །དེ་ལ་སྒྱུ་མ་ཐམས་ཅད་ནི་རྫུ་འཕྲུལ་མཁན་ལ་སོགས་པས་བྱས་པའི་སྒྱུ་མ་སྟེ་དེ་རྣམས་ 37-1-232a ཀྱི་ནང་ནས་བུད་མེད་སྒྱུ་མ་ཁྱད་པར་འཕགས། ཞེས་པ་ནི་ཁྱད་པར་གྱི་གནས་སྐབས་དང་ལྡན་པ་ཡིན་ནོ། །དེ་གང་གི་ཕྱིར་སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་གྱི་དབྱེ་བའི་ཁྱད་པར་གསལ་བར་ཤེས་པ་ནི་ཐེ་ཚོམ་མེད་པས་བུད་མེད་སྒྱུ་མ་འདི་ཉིད་ལས་མཚོན་པར་འགྱུར་བ་ནི་ ཐོབ་པ་ཉིད་དུ་གནས་པའི་ཕྱིར། མ་ཐོབ་པ་ཐོབ་པ་མ་ཡིན་པས་དམིགས་པར་འགྱུར་རོ། །འདིར་ནི་མན་ངག་ཡིན་ཏེ། ཤེས་རབ་ཀྱི་དབང་གི་དུས་སུ་བླ་མས་ཤེས་རབ་སྦྱིན་པའི་སློབ་མ་ལ་བསྟན་པ་ལ་སོགས་པའི་ཡན་ལག་བཞིའི་རིམ་པས། དང་པོ་ཚངས་པའི་བུ་ག་ལས་བྱང་ཆུབ་ཀྱི་སེམས་འཛག་ན། དེའི་ཚེ་འཁོར་དང་བ་ཅས་པའི་འཇུག་པའི་རྣམ་པར་ཤེས་པ་མི་དམིགས་པས་རྣམ་པར་རྟོག་པ་མེད་པ་དང་། དམིགས་པ་མེད་པ་སྟེ་ཟླ་བའི་འོད་ཟེར་བཞིན་དུ་དྲི་མ་མེད་པ། སྣང་བའི་ཡེ་ཤེས་ཀྱི་སྐད་ཅིག་མ་འཆར་བར་འགྱུར་རོ། །དེའི་རྗེས་ལ་བྱང་ཆུབ་ཀྱི་སེམས་དེས་ཡན་ལག་ཐམས་ཅད་ཀྱི་ཚིགས་ཁྱབ་པའི་ དུས་སུ་འཁོར་དང་བཅས་པའི་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་མི་དམིགས་པས། ཉི་མའི་འོད་ཟེར་དང་འདྲ་བའི་སྣང་བ་མཆེད་པའི་ཡེ་ཤེས་གཉིས་པ་འཆར་བར་འགྱུར་རོ། །དེའི་རྗེས་ལ་ཡང་རྡོ་རྗེའི་དབུ་མའི་རྩེ་མོར་བྱང་ཆུབ་ཀྱི་སེམས་དེས་ཁྱབ་ན། དེའི་ཚེ་རང་བཞིན་དང་བཅས་པའི་ཀུན་གཞི་ རྣམ་པར་ཤེས་པ་མི་དམིགས་པས། མཚམས་ཀྱི་སྣང་བ་དང་འདྲ་བའི་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་གསུམ་པ་འཆར་བར་འགྱུར་ཏེ། འདི་ནི་གསལ་བའི་མཚན་ཉིད་ཅན་གྱི་ཡེ་ཤེས་གསུམ་གྱི་དབྱེ་བ་བསྟན་ཏོ། །འདི་ཡང་ཆོས་ཉིད་ཀྱི་རིགས་པ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། མེ་ལ་སོགས་ པའི་སྲེག་པ་དང་མཆེད་པ་ལ་སོགས་པའི་བྱ་བ་ལྟ་བུའོ། །དབྱེ་བ་དེ་ཉིད་བཤད་པར་བྱ་བའི་ཕྱིར། འདོད་ཆགས་ཉིད་དང་ཆགས་བྲལ་དང་། །དེ་ཡི་བར་དེ་གསུམ་པོ་ནི། །ཞེས་བྱ་བ་གསུངས་ཏེ། དེ་ལ་འདོད་ཆགས་ནི་ཡེ་ཤེས་བར་མ་དང་། འདོད་ཆགས་དང་བྲལ་བ་ནི་ཡེ་ཤེས་དང་པོ་དང་། དེ་ དག་གི་བར་ནི་ཆ་གཉིས་ཀྱིས་ཉེ་བར་བསྡུས་པའི་གསུམ་པ་སྟེ། གསུམ་པོ་འདི་རྣམས་བུད་མེད་ཀྱི་སྒྱུ་མ་ལས་མཚོན་པར་བྱའོ་ཞེས་ངག་གི་དོན་ཏོ། །འདོད་ཆགས་ལ་སོགས་པ་གསུམ་པོ་འདི་རྣམས་ཀྱང་ཇི་ལྟར་མཚོན་པར་བྱའོ་ཞེས་བཤད་པར་བྱ་བའི་ཕྱིར། དབང་པོ་གཉིས་ནི་མཉམ་སྦྱོར་བའི། ། 37-1-232b རྡོ་རྗེ་པདྨ་འདུས་ལས་སོ། །ཡེ་ཤེས་གཉིས་ནི་མཉམ་སྦྱོར་བས། །མཉམ་པར་སྦྱོར་བ་བཤད་པ་ཡིན། །ཞེས་བྱ་བ་གསུངས་ཏེ། དབང་པོ་གཉིས་ཀྱི་ཉེ་བར་མཚོན་པའི་བུད་མེད་དང་། སྐྱེས་པའི་མཉམ་པར་སྦྱོར་བ་ནི་བསྙེན་པ་ཞེས་བྱ་བའི་ཕྱི་ནས་ཉེ་བར་སྒྲུབ་པའི་མཚན་ཉིད་ཀྱི་རྡོ་རྗེ་དང་པདྨ་ཡང་དག་ པར་སྦྱར་ནས། ཡེ་ཤེས་གཉིས་ནི་སྣང་བ་དང་སྣང་བ་མཆེད་པའི་ཡེ་ཤེས་ཏེ། དེ་དག་མཉམ་པར་སྦྱོར་བ་གང་ཡིན་པ་དེ་ནི་ནང་གི་བདག་ཉིད་ཀྱི་ཤེས་རབ་དང་། ཐབས་ཀྱི་མཉམ་པར་སྦྱོར་བ་བསྟན་པ་ཡིན་ནོ། །དེ་ལ་ཕྱིའི་མཉམ་པར་སྦྱོར་བ་ནི་རྡོ་རྗེ་དང་པདྨ་མཉམ་པར་སྦྱར་བ་ལས་འབྱུང་བ་དང་། ནང་གི་ནི་ཡེ་ ཤེས་གཉིས་མཉམ་པར་སྦྱོར་བ་ལས་འབྱུང་བ་སྟེ། རྣམ་པ་གཉིས་ཀྱི་མཉམ་པར་སྦྱོར་བ་བསྟན་ཏོ། །ཡང་རྣལ་འབྱོར་པ་དང་རྣལ་འབྱོར་མ་དག་ལ་དུས་གཅིག་ཏུ་འབྱུང་བའི་ཡེ་ཤེས་གཉིས་མཉམ་པར་སྦྱོར་བ་ནི་རོ་མཉམ་པ་ཉིད་དུ་ཉམས་སུ་མྱོང་བ་གང་ཡིན་པ་དེ་ནི་ཡེ་ཤེས་ཀྱི་མཉམ་པར་སྦྱོར་བ་བསྟན་ཏོ། ། ཡེ་ཤེས་གསུམ་པའི་འཆར་བ་བཤད་པར་བྱ་བའི་ཕྱིར། ཡེ་ཤེས་གཉིས་ཀྱི་མཉམ་སྦྱོར་དང་། །ཇི་སྐད་བཤད་པའི་བྱེད་པ་ཡིས། །འབད་པས་ཡེ་ཤེས་གང་ཐོབ་པ། །དེ་ནི་སྣང་བ་ཐོབ་པའོ། །ཞེས་བྱ་བ་གསུངས་ཏེ། སྣང་བ་ཐོབ་པ་ཞེས་བྱ་བའི་ཡེ་ཤེས་འདི་ཡིན་ནོ་སྟེ། གང་ཞིག་ཡེ་ཤེས་གཉིས་ ཀྱི་མཉམ་པར་སྦྱོར་བས་ཐོབ་པར་འགྱུར་བ་ནི་ཡེ་ཤེས་གཉིས་ཀྱི་མཉམ་པར་སྦྱོར་བའི་ཕྱི་ནས་ཐོབ་པར་འགྱུར་རོ་ཞེས་སྟོན་ཏོ། །ཇི་སྐད་བཤད་པའི་བྱེད་པ་ཡིས། །ཞེས་བྱ་བ་ལ་ཇི་སྐད་བཤད་པ་ནི་པདྨ་ཅན་ལ་སོགས་པའི་རིགས་བཞི་བྱེད་པ་ནི་བྱ་བའི་ཚོགས་ཏེ། ཤེས་རབ་མའི་པདྨའི་རགས་པ་དང་ཕྲ་བ་དང་བར་མའི་དབྱེ་ བ་ཤེས་ནས། དཔལ་གདན་བཞིའི་རྒྱུད་ནས་གསུངས་པའི་བྱེད་པའི་ཚོགས་ཀྱིས་ཡེ་ཤེས་ཐོབ་པ་ཡིན་ནོ། །ཇི་སྐད་དུ། མིག་དང་ལྕགས་ཀྱུ་འདི་ལ་འཇུག་བྱ་སྟེ། །དེ་བཞིན་བ་དན་ཡང་ན་དོན་མེད་དེ། །འདིར་ནི་དྲང་པོའི་མོ་ཡི་སྡིགས་མཛུབ་གཉིས། །དེ་ལ་མང་པོ་བྱེད་པའི་ནུས་པར་ལྡན། །ཞེས་བྱ་བ་འདོད་པའི་བསྟན་བཅོས་ལས་ འབྱུང་ངོ་། །ཕྱི་རོལ་གྱི་ཕྱག་རྒྱ་མེད་ན་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་བཤད་པར་བྱ་བའི་ཕྱིར། གང་ཞིག་ཆུ་སྐྱེས་རྡོ་རྗེ་སྦྱོར། །ཀུན་རྫོབ་ཏུ་ཡང་མེད་གྱུར་ན། །ལན་ཅིག་ཙམ་གྱིས་མྱང་ནས་ཀྱང་། །རྣལ་འབྱོར་སྟོབས་ཀྱིས་འགྲུབ་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། ལན་ཅིག་ 37-1-233a ཙམ་དུ་འོད་གསལ་བ་ཉམས་སུ་མྱོང་ནས། དེའི་རྗེས་ལ་རྡོ་རྗེ་དང་པདྨའི་འབྲེལ་པ་མེད་ན་ཡང་སྔར་ཉམས་སུ་མྱོང་བའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་རྣལ་འབྱོར་པས་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ལྟར་ཕྱི་དང་ནང་གི་ཕྱག་རྒྱ་ལ་བརྟེན་ནས། ཡེ་ཤེས་ཀྱི་དབྱེ་བ་རྟོགས་པས་རང་བཞིན་ གྱི་རང་བཞིན་ཡོངས་སུ་ཤེས་པར་འགྱུར་རོ་ཞེས་བཤད་པར་བྱ་བའི་ཕྱིར། ཡེ་ཤེས་འཇུག་པའི་ངོ་བོ་ཡིས། །དབྱེ་བ་ཇི་བཞིན་ཤེས་བྱས་ལ། །རང་བཞིན་དེ་ཉིད་སླར་ཡང་ནི། །རྟག་ཏུ་རྣལ་འབྱོར་པས་མཚོན་བྱ། །ཞེས་བྱ་བ་གསུངས་ཏེ། དག་པ་དང་མ་དག་པའི་སྣང་བ་ལ་སོགས་པའི་དབྱེ་བ་ཡོངས་སུ་ ཤེས་ན། དེ་དང་དེའི་རང་བཞིན་རྣམས་ཀྱང་དེ་དང་འདྲ་བར་ཉམས་སུ་མྱོང་བར་འགྱུར་རོ། །དེ་ནི་ཁྱབ་པའི་རྣམ་པར་དག་པ་བཤད་པར་བྱ་བའི་ཕྱིར། ཇི་ལྟར་སྤྲིན་ནི་སྣ་ཚོགས་ཞིང་། །མདོག་དང་དབྱིབས་ནི་ཐ་དད་པ། །ནམ་མཁའི་དབྱིངས་སུ་བྱུང་ནས་ནི། །དེ་ཉིད་དུ་ནི་ཐིམ་པར་འགྱུར། །ཞེས་བྱ་བ་ གསུངས་ཏེ། ཇི་ལྟར་དཀར་པོ་དང་། དམར་པོ་ལ་སོགས་པའི་ཁ་དོག་དང་ལྡན་པ་དང་། དེ་བཞིན་དུ་གླང་པོ་ཆེ་དང་། རྟ་ལ་སོགས་པའི་དབྱིབས་ཅན་གྱི་སྤྲིན་རྣམས་ནམ་མཁའ་ལས་འབྱུང་ཞིང་རང་གི་བྱ་བ་བྱས་ལ་དེ་ཉིད་དུ་ཐིམ་པར་འགྱུར་ཏེ། གང་ལས་འབྱུང་ཞིང་གང་དུ་ཐལ་ལོ་ཞེས་ཤེས་པ་ མ་ཡིན་ཏེ་དཔེ་བསྟན་ཏོ། །དཔེ་ལས་འབྱུང་བ་བཤད་པར་བྱ་བའི་ཕྱིར། དེ་བཞིན་རང་བཞིན་ཐམས་ཅད་ནི། །སྣང་བ་གསུམ་གྱི་རྒྱུ་ཅན་ཏེ། །མ་ལུས་ཡུལ་ལ་ཞུགས་ནས་ནི། །འོད་གསལ་བར་ནི་ཞུགས་པར་འགྱུར། །ཞེས་པ་གསུངས་ཏེ། དེ་བཞིན་དུ་སྣང་བ་གསུམ་རྒྱུར་གྱུར་པའི་ འདོད་ཆགས་དང་བྲལ་བ་ལ་སོགས་པའི་རང་བཞིན་རྣམས་མདུན་ན་གནས་པའི་ཡུལ་རྣམས་ལ་ལོངས་སྤྱད་ནས་མཐའ་རུ་འོད་གསལ་བ་ལ་ཞུགས་པར་འགྱུར་ཏེ། དེ་དང་ངོ་བོ་གཅིག་པར་འགྱུར་རོ་ཞེས་དགོངས་པའོ། །འདི་རྣམས་ཡོངས་སུ་མ་ཤེས་པ་ཁོ་ན་འཁོར་བའི་རྒྱུ་ཡིན་ནོ་ཞེས་བཤད་པར་བྱ་ བའི་ཕྱིར། དེ་འདྲའི་རང་བཞིན་མ་ཤེས་པས། །མི་ཤེས་མུན་པས་ཁེབས་པ་ཡིས། །དགེ་དང་མི་དགེའི་ལས་བྱས་ནས། །འགྲོ་བ་ལྔར་ནི་འགྲོ་བར་འགྱུར། །ཞེས་བྱ་བ་གསུངས་ཏེ། རང་བཞིན་འདི་རྣམས་འོད་གསལ་བའི་རང་བཞིན་ཡིན་ནོ་ཞེས་གཏི་མུག་གི་མུན་པས་བློའི་མིག་བཀག་པའི་ 37-1-233b དབང་གིས་མ་ཤེས་ནས་དགེ་བ་དང་མི་དགེ་བའི་ལས་བྱས་པའི་དབང་གིས་འགྲོ་བ་ལྔའི་འཁོར་བའི་དགོན་པ་དང་འཁོར་བར་འགྱུར་ཞེས་པ་ནི་སྐྱེ་བ་དང་རྒ་བ་ལ་སོགས་པས་ཟིལ་གྱིས་མནན་ཞིང་འགྲོ་བ་དང་འོང་བ་ཉིད་དུ་འཁོར་བར་འགྱུར་རོ། །འདི་ཉིད་རྒྱས་པར་བཤད་པར་བྱ་བའི་ཕྱིར། མཚམས་མེད་ ལ་སོགས་བྱས་ནས་ནི། །དམྱལ་ལ་སོགས་པར་འཚེད་པར་འགྱུར། །སྦྱིན་སོགས་དགེ་བ་བྱས་ནས་ནི། །མཐོ་རིས་ལ་སོགས་དག་ཏུ་མཆོད། །ཅེས་བ་གསུང་ས་ཏེ། མཚམས་མེད་པ་ནི་མ་གསོད་པ་ལ་སོགས་པ་ལྔ་སྟེ་དེ་ཉིད་དང་པོ་སྲོག་གཅོད་པ་ལ་སོགས་པ་གང་ལ་ཡོད་པ་དེ་ནི་མཚམས་ མེད་པ་ལ་སོགས་པ་སྟེ། དགེ་བའི་ཆོས་ཀྱི་མི་མཐུན་པའི་མཚན་ཉིད་གང་ཡིན་པ་དེ་བྱས་ནས། དམྱལ་ལ་སོགས་པར་འཚེད་པར་འགྱུར། །ཞེས་པ་ནི་གྲང་བ་དང་ཚ་བ་ལ་སོགས་པའི་དམྱལ་བ་རྣམས་ལ་འཚེད་པ་ལ་སོགས་པའི་སྡུག་བསྔལ་ཉམས་སུ་མྱོང་བ་ཡིན་ནོ། །དེ་བཞིན་དུ་དམིགས་པ་ དང་བཅས་པའི་སྦྱིན་པ་ལ་སོགས་པ་བྱས་ན་མཐོ་རིས་ལ་སོགས་པ་ནི་རྒྱལ་པོ་ཆེན་པོ་བཞི་ལ་སོགས་པའི་ནང་ན་མཆོད་པར་འགྱུར་རོ། །དེ་བས་ན་བདེ་འགྲོ་དང་། ངན་འགྲོའི་བདག་ཉིད་ཀྱི་འཁོར་བ་འཁོར་ལོ་ཞིན་དུ་བསྐོར་བ་གང་ཡིན་པ་དེ་རུ་གནས་པར་འགྱུར་རོ། །རང་བཞིན་དང་སྣང་བ་རྣམས་ ཡོངས་སུ་མ་ཤེས་པ་རྣམས་ལ་འཁོར་བ་མཐའ་ཡས་པ་ཡིན་ནོ་ཞེས་བཤད་པར་བྱ་བའི་ཕྱིར། སྐྱེ་བ་དཔག་མེད་སྟོང་ཕྲག་ནི། །འདིར་ནི་ཡང་དང་ཡང་ཐོབ་པ། །འདི་ནི་སྔོན་ལས་རྣམ་སྨིན་ཞེས། །རྨོངས་པ་རྣམས་ནི་མྱ་ངན་བྱེད། །ཅེས་བྱ་བ་གསུངས་ཏེ། རྨོངས་པ་ནི་རང་བཞིན་དང་སྣང་བའི་དེ་ཁོ་ ན་མི་ཤེས་པས་དཔག་ཏུ་མེད་པའི་སྐྱེ་བའི་སྟོང་ཕྲག་ཐོབ་ནས། དེ་ལ་འཁོར་བས་སེམས་ངལ་བར་འགྱུར་ཏེ། འདི་ནི་སྔོན་ལས་རྣམ་སྨིན་ཞེས། །ཞེས་བྱ་བ་ནི་སྔོན་གྱི་ལས་རྣམས་ཀྱིས་བདེ་བ་དང་སྡུག་བསྔལ་གྱི་བདག་ཉིད་ཀྱི་རྣམ་པར་སྨིན་པ་འདི་ཡིན་ནོ་ཞེས་རྟོགས་ནས་མྱ་ངན་བྱེད་པ་ཡིན་ནོ། །དངོས་པོ་ རྣམས་ནི་འོད་གསལ་བའི་རང་བཞིན་ཡིན་པས་བདེ་འགྲོ་དང་། ངན་འགྲོའི་རྒྱུ་མེད་པའི་ཕྱིར། བཅིངས་པ་དང་། གྲོལ་བ་མི་ཤེས་པས་རྨོངས་པ་ཞེས་བཤད་དོ། །དེ་ཁོ་ན་ཉིད་ཤེས་པས་གྲོལ་བར་འགྱུར་རོ་ཞེས་བཤད་པར་བྱ་བའི་ཕྱིར། རང་བཞིན་སྣང་བའི་ཚུལ་གྱིས་ནི། །གང་གི་སྐྱེ་བོ་ཉོན་མོངས་པ། ། 37-1-234a དེ་ཉིད་ཤེས་ནས་ཡེ་ཤེས་ཅན། །སྲིད་པའི་གཟེབ་ལས་གྲོལ་བར་འགྱུར། །ཞེས་བྱ་བ་གསུངས་ཏེ། རང་བཞིན་སྣང་བའི་ཚུལ་ནི་འཁོར་དང་བཅས་པའི་རྣམ་པར་ཤེས་པ་གསུམ་གྱི་འབྲེལ་པ་གང་གིས་སྐྱེ་བོ་རྣམས་ཉོན་མོངས་པ་ནི་འཁོར་བ་ལ་འཁོར་བའི་སྡུག་བསྔལ་ཉམས་སུ་ མྱོང་བ་དེ་ཉིད་འོད་གསལ་བ་དང་ཐ་མི་དད་པར་ཤེས་ན་ཡེ་ཤེས་ཅན་ནི་རྣལ་འབྱོར་པ་རྣམས། སྲིད་པའི་གཟེབ་ལས་གྲོལ་བར་འགྱུར། །ཞེས་པ་ནི་ཡོངས་སུ་མ་ཤེས་པའི་མཚན་ཉིད་ཀྱི་འཁོར་བའི་དྲ་བ་ལས་གྲོལ་བར་འགྱུར་རོ། །ཇི་སྐད་དུ། གང་གིས་རྨོངས་པ་བཅིངས་གྱུར་པ། །དེ་ཡིས་ མཁས་པ་གྲོལ་བར་འགྱུར། །དེ་ལྟར་བྱང་ཆུབ་བསྒོམས་པ་ཡིས། །འདི་དག་ཐམས་ཅད་ཕྱིན་ཅི་ལོག །ཅེས་བྱ་བ་དོན་ཡོད་གྲུབ་པའི་རྒྱུད་ལས་འབྱུང་ངོ་། །ད་ནི་སྔགས་དང་ཕྱག་རྒྱའི་རིམ་པ་ལས་གང་ཡང་རུང་བས། གང་གི་ཚེ་སེམས་ཀྱི་འོད་གསལ་བ་ཐོབ་པ་དེའི་ཚེ་རྫོགས་པའི་རིམ་པའི་ རྣལ་འབྱོར་པ་ཡིན་པ་དང་། གང་གི་ཚེ་སྣང་བ་ལ་སོགས་པའི་ཡེ་ཤེས་རྣམས་ཟླ་བ་དང་རྡོ་རྗེ་ཡོངས་སུ་གྱུར་པ་ལས་ལྷའི་རང་བཞིན་དུ་བསྒོམས་ན། དེའི་ཚེ་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་ཡིན་པས་རྫོགས་པའི་རིམ་པ་ལས་དང་པོ་པ་ཡིན་ཏེ། དེ་བས་ན་སྣང་བ་ལ་སོགས་པའི་རིམ་པས་ཟླ་བ་ལ་ སོགས་པའི་གདན་ཙམ་ལ་བརྟེན་ཏེ། འོད་གསལ་བ་ཁོ་ན་མངོན་དུ་བྱའོ། །དེ་ཉིད་ཀྱི་ཕྱིར། ཤེས་རབ་ངོ་བོ་ཉིད་འདི་ནི། །ཟླ་བའི་དཀྱིལ་འཁོར་དག་ཏུ་བརྟག །སེམས་ཉིད་རང་གིས་མཐོང་འགྱུར་ཏེ། །རང་ཉིད་ཟླ་བའི་གཟུགས་བཞིན་ནོ། །ཞེས་བྱ་བ་གསུངས་ཏེ། བསྐྱེད་པའི་རིམ་པ་པོས་གང་ ཞིག་ཟླ་བའི་དཀྱིལ་འཁོར་བརྟག་པ་དེ་ཉིད་ཤེས་རབ་ཀྱི་རང་བཞིན་ཏེ་དྲི་མ་མེད་པའི་ཕྱིར་རོ། །རྒྱུ་དེ་ཉིད་ཀྱིས་རང་གི་སེམས་ཉོན་མོངས་པའི་དྲི་མ་ཐམས་ཅད་དང་བྲལ་བས་ཟླ་བའི་གཟུགས་བཞིན་དུ་དག་པ་མཐོང་བར་གྱུར་ནི་ཤེས་པ་ཡིན་ཏེ། དེ་བས་ན་སྣང་བའི་ཡེ་ཤེས་ཡོངས་སུ་སྤངས་ཏེ་ཡི་གེ་ཨ་ ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་སྒོམ་པར་བྱེད་པ་ཡིན་ནོ། །དེའི་རྗེས་ལ་ཡང་། དེ་ནས་ཟླ་བ་ལ་དམིགས་པ། །རྡོ་རྗེ་མཚན་མར་རབ་ཏུ་བརྟག །འདི་ནི་རྡོ་རྗེ་ལས་བྱུང་བའི། །རྣལ་འབྱོར་པ་ཡི་ཐབས་སུ་བཤད། །ཅེས་བྱ་བ་གསུངས་ཏེ། སྔར་བསྒོམས་པའི་ཟླ་བའི་སྟེང་དུ་ཚེག་དྲག་ལས་ 37-1-234b བྱུང་བའི་རྡོ་རྗེ་བསྒོམས་ལ་དེ་ཉིད་ཐབས་ཀྱི་ཡེ་ཤེས་ཡིན་ནོ་ཞེས་ཤེས་ནས་སྣང་བ་མཆེད་པའི་ཡེ་ཤེས་ཡོངས་སུ་སྤངས་ན། དེའི་ཚེ་རྣལ་འབྱོར་པ་ནི་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་ཡིན་ཏེ། ཟླ་བ་ལ་སོགས་པ་བསྒོམས་པའི་ཕྱིར་གཞན་ཡང་། ཟླ་བ་རྡོ་རྗེ་སོགས་མཉམ་སྦྱོར། །སེམས་དང་ སེམས་འབྱུང་འདུས་པ་སྟེ། །ཤེས་རབ་ཐབས་སུ་འདུས་པ་ལས། །ལྷ་ཡི་གཟུགས་ནི་འབྱུང་བར་འགྱུར། །ཕྱག་རྒྱ་བཞིས་ནི་རྒྱས་གདབ་ཅིང་། །ལྷ་ཡི་ང་རྒྱལ་འཆང་བྱེད་དེ། །བསྐྱེད་པའི་རིམ་དང་ལྡན་པར་ནི། །སྔགས་པ་རྟག་ཏུ་སྤྱོད་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། ཟླ་བ་ནི་ཤེས་ རབ་རྡོ་རྗེ་ནི་ཐབས་ཏེ་དེ་གཉི་ག་འདུས་པ་ནི་དེ་བཞིན་གཤེགས་པ་སྤྲོ་བ་དང་བསྡུ་བའི་སྒོ་ནས་སེམས་ཅན་གྱི་དོན་བྱ་བ་སྔོན་དུ་འགྲོ་བ་དེ་དག་གཅིག་ཏུ་གྱུར་པ་གང་ཡིན་པ་དེ་ཉིད་སྣང་བ་ཉེ་བར་ཐོབ་པ་ཡིན་ནོ་ཞེས་ཤེས་ནས། ཡེ་ཤེས་གསུམ་པ་ཡོངས་སུ་སྤངས་ནས། རྡོ་རྗེ་འཆང་ལ་སོགས་པ་ལས་ གང་ཡང་རུང་བའི་ལྷའི་གཟུགས་སྐུ་གསུང་ཐུགས་དང་ཏིང་ངེ་འཛིན་དམ་པའི་ས་བོན་གྱི་ཕྱག་རྒྱའམ། ལྷ་མོ་སྤྱན་ལ་སོགས་པས་རྒྱས་གདབ་པའམ། ཡོངས་སུ་བསྐོར་བ་རྣམ་པར་བསྒོམས་ཏེ་གང་གནས་པ་དེ་ནི་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་ཡིན་ནོ་ཞེས་བཤད་པ་སྟེ། ས་བཅུ་པ་ལས་ལྟུང་བས་ལས་ དང་པོའི་ས་ལ་གནས་པའོ། །ཀྱེ་མའོ། །འདིར་རྣམ་པར་རྟོག་པའི་བག་ཆགས་རྒྱུ་བ་དེ་གང་གིས་གཟུང་བས་ཁྱད་པར་གྱི་ལམ་སྤངས་ནས་རྟོག་པའི་ལམ་ལ་བརྟེན་པ་ཡིན་ནོ། །དཔེར་ན་འཁྲུལ་པས་འཁྲུལ་ཞིང་སྨིག་རྒྱུ་ལ་ཆུར་ཤེས་པ་ལྟ་བུའོ། །དེ་བཞིན་དུ་ཉན་ཐོས་པའི་རིགས་ཅན་རྣམས་སྟོང་ཉིད་ལ་ ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་ཁམས་སོ་སོར་སྣང་བ་ལྟ་བུ་དང་འགོག་པའི་སྙོམས་པར་འཇུག་པ་ལྟ་བུའོ། །འོ་ན་བསྐྱེད་པའི་རིམ་པ་ལ་ཡང་རྡོ་རྗེ་འཆང་ལ་སོགས་པའི་འཁོར་ལོས་སྒྱུར་བ་དྲུག་བསྒོམས་པས་སངས་རྒྱས་ཐོབ་པ་ཡིན་ཏེ། དེ་བས་ན་སྐྱོན་མེད་དོ་ཞེ་ན། སྨྲས་པ། དེ་ཐོབ་པ་ནི་བདེན་ པ་སྟེ་འོན་ཀྱང་རྟོག་པའི་རྣལ་འབྱོར་ཡིན་པའི་ཕྱིར་ལྷའི་གཟུགས་དེ་ཡོངས་སུ་མ་དག་པར་བཤད་དོ། །ངག་རྣམ་པར་དབེན་པ་ལ་སོགས་པས་གང་གི་ཚེ་ཡོངས་སུ་དག་ན། དེའི་ཚེ་ཡོངས་སུ་དག་པའི་ལྷའི་གཟུགས་ཞེས་བཤད་པ་སྟེ། དེ་ཡང་། རྫོགས་པའི་རིམ་པ་མ་བསྒོམས་ན་སྔར་བསྟན་པའི་བརྗོད་ 37-1-235a པ་ཁོ་ན་འགྲུབ་པའོ། །དེ་ཉིད་བཤད་པར་བྱ་བའི་ཕྱིར། ཇི་སྐད་དཔལ་ལྡན་འདུས་སོགས་པར། །དེ་དང་དེར་ནི་རྒྱས་གསུངས་པའི། །ཇི་ལྟར་བསྒོམས་པ་སྦྱོར་གྱུར་པ། །དེ་སྲིད་དང་པོའི་ལས་ཅན་ཡིན། །ཞེས་བྱ་བ་གསུངས་ཏེ། དེ་ལ་དཔལ་གསང་བ་འདུས་པའི་ལེའུ་ དྲུག་པ་ལས། སྔགས་ཀྱི་སྐུ་ཡི་སྦྱོར་བ་ཡིས། །བྱང་ཆུབ་མ་ཡིན་བསྒོམ་པ་མིན། །ཞེས་བྱ་བ་ལ་སོགས་པ་དང་། ཆོས་ཀྱི་དབྱིངས་ཡོངས་སུ་ཞུས་པའི་རྒྱུད་ལས་ཀྱང་། གང་ཚེ་ལས་ཀྱི་ལུས་འཇིག་པ། །དེ་དང་འདྲ་བའི་ལྷ་ཉིད་འགྱུར། །ཇི་སྲིད་ལུས་ལ་གནས་པའི་བར། །དེ་སྲིད་ལས་དང་ལས་ མིན་འགྱུར། །ཞེས་བྱ་བ་གསུངས་སོ། །བདེ་མཆོག་ལས་ཀྱང་། བྲིས་སྐུ་ལ་སོགས་གཟུགས་བརྙན་ལ། །རྣལ་འབྱོར་སྐྱེ་བར་མི་འགྱུར་ཏེ། །བྱང་ཆུབ་སེམས་ནི་སྦྱོར་བ་སྟེ། །དེས་ན་རྣལ་འབྱོར་ལྷ་ཉིད་ཡིན། །ཞེས་བྱ་བ་གསུངས་པ་དང་། རྡོ་རྗེ་ཕྲེང་བ་ལས་ཀྱང་། དེ་དང་དེ་ཡི་རིགས་ལས་འབྱུང་། །ལྷ་ དང་ལྷ་མོ་ཐ་དད་རྣམས། །དེ་དང་དེ་རྣམས་ཡོད་མིན་ཏེ། །སེམས་ཅན་དོན་དུ་སོ་སོར་བསྟན། །ཞེས་བྱ་བ་གསུངས་སོ། །དགོངས་པ་ལུང་དུ་བསྟན་པ་ལས་ཀྱང་། དེ་ལས་ཡོངས་སུ་གྱུར་པའི་གཟུགས། །གང་ཞིག་ལྷ་ཡིས་ཉེ་བར་མཚོན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སོགས་པའི་ སྒྲའི་དོན་ཏོ། །ད་ནི་རྫོགས་པའི་རིམ་པ་བཤད་པར་བྱ་བའི་ཕྱིར། ད་ནི་ཡོངས་རྫོགས་རྣལ་འབྱོར་གྱི། །གསལ་བ་རུ་ནི་བཤད་བྱ་སྟེ། །ཞེས་བྱ་བ་གསུངས་ཏེ། རང་བཞིན་གྱིས་གྲུབ་པའི་རྣལ་འབྱོར་ནི་ཡོངས་སུ་རྫོགས་པའི་རྣལ་འབྱོར་རོ། །དེ་བཤད་པར་བྱ་བའི་ཕྱིར། སྟོང་པ་གསུམ་གྱི་རྣམ་དག་ གང་། །འོད་གསལ་བར་ནི་འདིར་བཤད་དོ། །ཐམས་ཅད་སྟོང་པའི་གནས་ཡང་དེ། །ཡེ་ཤེས་གསུམ་ནི་རྣམ་དག་པ། །ཞེས་བྱ་བ་གསུངས་ཏེ། སྟོང་པ་གསུམ་གང་ལ་ཡོད་པ་དེ་ནི་སྟོང་པ་གསུམ་སྟེ། རྣམ་པར་ཤེས་པ་གསུམ་མོ། །དེའི་རྣམ་པར་དག་པ་ནི་སྔགས་དང་ཕྱག་རྒྱའི་རིམ་པས་མི་ དམིགས་པ་གང་ཡིན་པ་དེ་ནི་འོད་གསལ་བར་བཤད་དོ། །ཐམས་ཅད་སྟོང་པ་ནི་རྣམ་པར་ཤེས་པ་དང་། རང་བཞིན་རྣམས་མི་སྣང་བར་བྱེད་པའི་ཕྱིར་དང་། གནས་ནི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་རྟེན་ཡིན་པའི་ཕྱིར་རོ། །དེས་ན་དེ་ལ་གཞི་མཐུན་པའི་བསྡུ་བ་བྱའོ། །ཡང་དེ་ཉིད་བཤད་ 37-1-235b པར་བྱ་བའི་ཕྱིར། །ཡེ་ཤེས་གསུམ་ནི་རྣམ་དག་པ། །ཞེས་པ་ནི་སྣང་བ་ལ་སོགས་པ་མི་དམིགས་པའོ། །དེ་ཉིད་རྒྱས་པར་བྱ་བའི་ཕྱིར། །ཡེ་ཤེས་དག་གནས་དེ་ཉིད་དང་། །ཐམས་ཅད་མཁྱེན་པ་བླ་ན་མེད། །གཉིས་མེད་མཆོག་ཏུ་ཞི་བ་དང་། །ཡོད་དང་དེ་བཞིན་མེད་པ་དང་། །དེ་ནི་ཚིག་གི་སྤྱོད་ཡུལ་ མིན། །ཞེས་བྱ་བ་གསུངས་ཏེ། ཡེ་ཤེས་ནི་ཡེ་ཤེས་དང་རྣམ་པར་ཤེས་པ་རྣམས་ཀྱི་རང་བཞིན་དེ་ཁོ་ན་ཉིད་དེ། གང་གི་ཕྱིར་འདི་ནི་སྤང་བར་བྱ་བ་དང་བླང་བར་བྱ་བ་གང་ཡང་མ་ཡིན་ཏེ། ཕྱོགས་གཉིས་ཀྱི་སྐྱོན་འབྱུང་བའི་ཕྱིར་རོ། །དེ་བས་ན་འདི་ཉིད་ཡེ་ཤེས་དག་གནས་ཞེས་པ་ནི་རྣམ་པར་ཤེས་པ་དང་། ཡེ་ཤེས་ རྣམས་ཀྱི་རང་བཞིན་རྟོགས་པ་ཁོ་ན་དག་པ་ཡིན་ཏེ་གཉེན་པོའི་སྒོ་ནས་ནི་མ་ཡིན་ནོ། །གང་གི་ཕྱིར་ཆོས་ཐམས་ཅད་ནི་རང་བཞིན་དུ་སྟོང་པས་གང་གིས་གང་དག་པར་བྱའོ། །དག་པ་དེ་ལྟ་བུ་གང་ཡིན་པ་དེའི་གནས་དེ་ཁོ་ན་ཉིད་དེ་ཉིད་ཡིན་ཏེ། ཁྱབ་པར་བྱེད་པ་དང་། ཕྱོགས་གཅིག་པའི་རྣམ་པར་དག་པ་རྣམས་ ཆོས་ཉིད་ཁོ་ན་ལ་རབ་ཏུ་གནས་པའི་ཕྱིར་རོ། །ཐམས་ཅད་མཁྱེན་པ་ནི་དེ་ཉིད་དེ། རང་བཞིན་དང་སྣང་བ་དང་སྣང་བ་ཐམས་ཅད་ཡང་དག་པར་ཤེས་པའི་ཕྱིར་དང་། འདི་ལས་གཞན་མེད་པའི་ཕྱིར་དང་། ཡོད་ན་ཡང་དེ་ཉིད་དེ་ཡིན་པའི་ཕྱིར་རོ། །ཡེ་ཤེས་ལྔ་ཡང་དེ་ཉིད་ཡིན་ནོ། །ཞེས་བཤད་པར་བྱ་བའི་ཕྱིར་ རོ། །འགྱུར་བ་མེད་ཅེས་བྱ་བ་ལ་སོགས་པ་འབྱུང་སྟེ། འགྱུར་བ་མེད་པ་ན་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། དྲི་མ་མེད་པའི་མེ་ལོང་བཞིན་དུ་ཐ་དད་པ་མེད་པའི་ཕྱིར་རོ། །སྣང་བ་མེད་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། རང་དང་གཞན་གྱི་དབྱེ་བ་སོ་སོར་མི་སྣང་བའི་ཕྱིར་རོ། །གཉིས་མེད་ཅེས་པ་ནི་སོ་སོར་རྟོག་ པའི་ཡེ་ཤེས་ཏེ་སྒྲིབ་པ་གཉིས་རྣམ་པར་དག་པའི་ཕྱིར་རོ། །མཆོག་ནི་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་ཏེ་དམིགས་པ་མེད་པའི་སྦྱོར་བས་གཞན་གྱི་དོན་མཛད་པའི་ཕྱིར་རོ། །ཞི་བ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ་བདག་མེད་པ་གཉིས་མངོན་སུམ་དུ་མཛད་པའི་ཕྱིར་རོ། །ཡོད་དང་དེ་བཞིན་མེད་པ་དང་། ། ཞེས་བྱ་བ་ལ་དོན་དམ་པའི་སྒོ་ནས་ཡོད་པར་བསྟན་པ་དང་། ཀུན་རྫོབ་ཀྱི་སྒོ་ནས་མེད་པར་བསྟན་པ་འདི་ལ་ཡོད་པ་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར། དེ་ནི་ཚིག་གི་སྤྱོད་ཡུལ་མིན། །ཞེས་པ་ནི་རྣམ་པར་མི་རྟོག་པའི་ཕྱིར་རོ། །དེ་ཡང་གང་གི་ཕྱིར་རྣམ་པར་རྟོག་པ་ལས་ཚིག་འབྱུང་བའི་ཕྱིར་རོ། །ཀུན་རྫོབ་ཏུ་བསྟན་ 37-1-236a ན་འགལ་བ་མེད་དེ་རྣམ་པར་རྟོག་པའི་ཤིང་རྟ་ལ་དེ་ནི་གནས་པའི་ཕྱིར་རོ། །ཐམས་ཅད་མཁྱེན་པ་ལ་ནི་གསུང་གི་ཚོགས་བུམ་པ་བཟང་པོ་བཞིན་དུའོ། །དེ་ཁོ་ན་ཉིད་དེ་ཉིད་ལས་ལྷའི་སྐུ་འབྱུང་བ་ཡིན་ཏེ་ཞེས་བཤད་པར་བྱ་བའི་ཕྱིར། དེ་བས་འོད་གསལ་དག་པ་ལས། །ཡེ་ཤེས་ གསུམ་ནི་འབྱུང་འགྱུར་ཏེ། །སུམ་ཅུ་རྩ་གཉིས་མཚན་འཆང་ཞིང་། །དཔེ་བྱད་བཟང་པོ་བརྒྱད་ཅུར་ལྡན། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཐམས་ཅད་མཁྱེན་པར་དེ་ནས་འགྱུར། །ཞེས་བྱ་བ་གསུངས་ཏེ། འོད་གསལ་བ་འདི་ཉིད་ལས་གོ་ལོག་པའི་རིམ་པས་ཡེ་ཤེས་གསུམ་ནི་སྣང་བ་ཉེ་བར་ཐོབ་ པ་ལ་སོགས་པ་འབྱུང་བར་འགྱུར་རོ། །སྣང་བ་གསུམ་གཅིག་ཏུ་གྱུར་པའི་ཡེ་ཤེས་གསུམ་པོ་འདི་ལས་ཀྱང་ཐམས་ཅད་མཁྱེན་པའི་སྒྱུ་མ་ལྟ་བུའི་ཡེ་ཤེས་ཀྱི་སྐུ་སྟེ་སྔོན་གྱི་སྨོན་ལམ་གྱི་དབང་གིས་འབྱུང་བ་ཡིན་ནོ། །དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་ བརྒྱད་ཅུ་དང་། རྣམ་པ་ཀུན་གྱི་མཆོག་ནི་སྟོབས་བཅུ་ལ་སོགས་པ་སྟེ་དེ་རྣམས་དང་ལྡན་པའོ། །དེ་ནི་སྦས་པའི་བཤད་པའོ། །རྒྱ་ཆེར་རོལ་པའི་ཚད་མ་ཉིད་ཀྱིས་དོན་འདི་བསྟན་པར་བྱ་བའི་ཕྱིར། ཤཱ་ཀྱ་ཐུབ་པ་དེ་བཞིན་གཤེགས། །མངོན་པར་བྱང་ཆུབ་འདི་བཞེད་ནས། །སྟོང་པ་ཆེན་པོ་སངས་རྒྱས་ ཉིད། །ཐོབ་པར་བྱ་ཞེས་མངོན་པར་དགོངས། །ནཻ་རཉྫ་ནའི་ཆུ་འགྲམ་དུ། །མི་གཡོའི་ཏིང་འཛིན་ལ་ཞུགས་ལ། །ཞེས་བྱ་བ་གསུངས་ཏེ། རྒྱ་ཆེར་རོལ་པའི་མདོ་ནི་ཐེག་པ་ཆེན་པོའི་མདོ་སྟེ། གང་དུ་བཅོམ་ལྡན་འདས་ཤཱ་ཀྱ་ཐུབ་པའི་མཛད་པ་ཆེན་པོ་བཅུ་གཉིས་སྡུད་པ་པོས་བཤད་པའོ། །དེར་ བཤད་པའི་ལོ་རྒྱུས་ནི་དཔེར་ན་བཅོམ་ལྡན་འདས་ཤཱ་ཀྱ་ཐུབ་པས་འཁོར་གྱི་ནང་ནས་གཤེགས་ཏེ་མངོན་པར་བྱང་ཆུབ་བཞེད་ནས་སྟོང་པ་ཆེན་པོའི་གོ་འཕང་ཁོ་ན་བྱང་ཆུབ་ཡིན་ནོ་ཞེས་དགོངས་ནས་ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་མི་གཡོ་བའི་ཏིང་ངེ་འཛིན་ལ་བཞུགས་སོ། །བག་ཆགས་ཀྱི་དྲི་མ་རྣམས་སྦྱོང་བར་ བྱེད་པ་ནས་མི་གཡོ་བའི་ཏིང་ངེ་འཛིན་ཏོ། །ཕྱིན་ཅི་ལོག་པའི་ཏིང་ངེ་འཛིན་གཟིགས་པ་ན། རང་རང་གི་སངས་རྒྱས་ཀྱི་ཞིང་ལ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཇི་ལྟར་དེ་ལ་གསུངས་པ་དེ་བཤད་པར་བྱ་བའི་ཕྱིར། དེའི་ཚེ་རྒྱལ་བ་མཁའ་རྡོ་རྗེ། །ཏིལ་གྱི་གང་བུ་གང་བཞིན་བཞུགས། ། 37-1-236b རྒྱལ་བའི་སྲས་ལ་སེ་གོལ་དང་། །དེ་ལ་དབྱངས་གཅིག་གིས་གསུངས་པ། །ཞེས་བྱ་བ་གསུངས་ཏེ། ཚོགས་དང་ཆོས་ཀྱི་སྐུ་དག་གི། །འགྲོ་བའི་དོན་ལ་སྤྱོད་པ་ཡིས། །སངས་རྒྱས་ཐམས་ཅད་མཉམ་པ་ཉིད། །སྐུ་ཚེ་རིགས་དང་ཚད་རྣམས་མིན། །ཞེས་བྱ་བའི་རིགས་པས་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་ཐ་མི་དད་ པས་ནམ་མཁའ་ལ་བཞུགས་པའི་རྒྱལ་བ་ནི་མི་བསྐྱོད་པ་ལ་སོགས་པ། ཏིལ་གྱི་གང་བུ་བཞིན་དུ་ཕན་ཚུན་དུ་གནོད་པ་མེད་པར་བཞུགས་པས་རྒྱལ་བའི་སྲས་ནི་གཞོན་ནུ་དོན་ཐམས་ཅད་གྲུབ་པ་སྟེ། དེ་ལ་དབྱངས་གཅིག་ནི་དོན་གཅིག་ལ་དགོངས་ནས་དུས་གཅིག་ཏུ་འདི་སྐད་གསུངས་སོ། གསུངས་ པ་དེ་ཉིད་བཤད་པར་བྱ་བའི་ཕྱིར། བསམ་གཏན་འདི་ནི་རྣམ་དག་མིན། །འདིས་ནི་མཐར་ཐུག་མི་ཐོབ་སྟེ། །ནམ་མཁའི་ངོས་ལྟར་མཆོག་གྱུར་པ། །འོད་གསལ་བར་ནི་དེ་དམིགས་ཤིག །ཅེས་བྱ་བ་གསུངས་ཏེ། བསམ་གཏན་འདི་ནི་མི་གཡོ་བའི་ཏིང་ངེ་འཛིན་གྱི་མཚན་ཉིད་རྣམ་པར་དག་པ་མ་ཡིན་ཏེ་ རགས་པའི་རང་བཞིན་རྣམས་མི་དམིགས་ན་ཡང་ཕྲ་བའི་བག་ཆགས་རྣམས་ཡོད་པའི་ཕྱིར་རོ། །ཇི་སྲིད་འོད་གསལ་བ་མ་རྟོགས་ན་དེ་སྲིད་རགས་པ་དང་བག་ལ་ཉལ་ལ་གནས་པའི་དེ་རྣམས་མི་དམིགས་པར་མི་འགྱུར་རོ། །བསམ་གཏན་འདི་ཡང་མཐར་ཐུག་མི་ཐོབ་པ་ནི་ཁྱད་པར་གྱི་མཐའ་ལ་གནས་ པའི་གོ་འཕང་འདིས་ཐོབ་པ་མ་ཡིན་ཏེ་དེ་བས་ན་འདི་སྤང་བར་བྱའོ། །ནམ་མཁའི་ངོས་ལྟར་མཆོག་གྱུར་པ། །ཞེས་བྱ་བ་ལ་སོགས་པ་ལ་འོད་གསལ་བའི་ནི་རྣམ་པ་མེད་པ་དང་། དང་བའི་མར་མེའི་འོད་ཟེར་དང་འདྲ་བ་དང་དབའ་རླབས་མེད་པའི་རྒྱ་མཚོ་དང་འདྲ་བའི་དེ་ཁོ་ན་ཉིད་དམིགས་པར་བྱའོ། ། འོད་གསལ་བ་ནི་རྣམ་པ་གཉིས་ཏེ། སེམས་ཀྱི་འོད་གསལ་བ་དང་། རང་བཞིན་གྱིས་འོད་གསལ་བའོ། །དེ་ལ་སེམས་ཀྱི་འོད་གསལ་བ་ནི་རྣམ་པ་མེད་པའི་རྣམ་རིག་དང་། རང་བཞིན་གྱི་འོད་གསལ་ནི་ཐམས་ཅད་སྟོང་པ་སྟེ། རིམ་པ་བཞི་པས་ཐོབ་པར་བྱའོ། །འདིར་རྗེ་བཙུན་གྱི་ཞལ་སྔ་ནས་ཀྱིས། སེམས་ཀྱི་འོད་གསལ་བ་ཁོ་ན་བཞེད་པ་ཡིན་ཏེ། གཞན་དུ་ན་ཟློས་པའི་ཕྱིར་རིམ་པ་བཞི་པ་དོན་མེད་པ་ཐལ་བར་འགྱུར་རོ། །དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། ནམ་མཁའ་ངོས་ལྟར་ཞེས་པ་ཇི་ལྟར་སྤྲིན་དང་མུན་པ་དང་ཁ་བ་ལ་སོགས་པས་ནམ་མཁའ་ཁྱབ་ན་ཡང་། ངོ་བོ་ཉིད་དུ་དྲི་མ་མེད་པ་སྟེ། དེ་བཞིན་དུ་ 37-1-237a དེ་ལས་ཐ་དད་པའི་བརྫུན་གྱི་རྣམ་པ་རྣམས་དང་བྲལ་བའི་དེ་ཉིད་ནམ་མཁའི་ངོས་ལྟར་དམིགས་པར་བྱའོ།།དེ་ཉིད་ཕྱིར། མཆོག་ཏུ་གྱུར་པ་ནི་རྣམ་པ་དང་བཅས་པའི་རྣམ་རིག་ཙམ་སྨྲ་བ་ལས་ཁྱད་པར་དང་ལྡན་པ་སྟེ། རྣམ་པ་རྣམས་ཀྱི་རང་བཞིན་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་འདིར་འཕགས་པའི་ ཕྱོགས་སུ་གྲུབ་པའི་མཐའ་མ་ཡིན་ན་ཡང་། འོན་ཀྱང་རིམ་པ་བཞི་པ་ལ་ལྟོས་པས་ཕྱོགས་སྔ་མའི་ཚུལ་དུ་བསྟན་པ་ཡིན་ཏེ་སྐྱོན་མེད་པའོ། །བསྟན་པ་འདི་ཡང་དྲང་བའི་དོན་ཡིན་ཏེ། ངེས་པའི་དོན་ནི་མ་ཡིན་ནོ། །རྗེ་བཙུན་གྱི་ཞལ་སྔ་ནས་ཀྱིས་ཀྱང་། གང་ཟག་བསྒོམ་པའི་དྲ་བ་ནི། །སྐྱེ་བོ་ཀུན་གྱིས་མཐོང་ འགྱུར་བ། །དེ་ཀུན་སེམས་འབྱུང་དྲ་བ་སྟེ། །དེ་ཉིད་སྨྲ་བས་གསུངས་པ་ཡིན། །ཞེས་བྱ་བ་གསུངས་སོ། །ད་ནི་དམིགས་པའི་འབྲས་བུ་བསྟན་པར་བྱ་བའི་ཕྱིར། འོད་གསལ་བ་ཡི་གནས་ཐོབ་ནས། །རབ་དགའི་གཟུགས་སུ་སྐྱེ་བོར་འགྱུར། །དེ་ཚེ་རབ་དགའ་རྡོ་རྗེའི་སྐུ། །ཀུན་གྱི་དབང་ཕྱུག་ཐོབ་ པར་འགྱུར། །ཞེས་བྱ་བ་གསུངས་ཏེ། འོད་གསལ་རྟོགས་ནས་རབ་དགའ་གཟུགས་ནི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུར་སྐྱེ་བར་འགྱུར། དེ་བཞིན་དུ་ཀུན་གྱི་དབང་ཕྱུག་ནི་སྐུའི་དབང་ཕྱུག་ལ་སོགས་པ་ཡོན་ཏན་བརྒྱད་ཐོབ་པས་མི་ཕྱེད་པའི་ཡེ་ཤེས་ཀྱི་སྐུར་འགྱུར་ཞིང་རབ་དགའ་ནི་སྒྱུ་མའི་སྐུས་ འགྲོ་བའི་དོན་བྱེད་པའོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་པའི་འོག་ཏུ་ཤཱཀྱ་ཐུབ་པས་ཇི་ལྟར་མཛད་པ་དེ་བཤད་པར་བྱ་བའི་ཕྱིར། འདི་ལྟར་སྒྲ་དེ་གསན་པ་དང་། །དེ་ནས་ཏིང་འཛིན་མི་གཡོ་བཏང་། །འདི་ནས་ནམ་ཕྱེད་དུས་སུ་ནི། །རྒྱལ་བའི་སྲས་ཀྱིས་དེ་ཉིད་དམིགས། །སྐུ་ནི་དྲང་པོ་ མ་ཡིན་ཞིང་། །མི་དྲང་བ་ཡང་མ་ཡིན་ལ། །དབུགས་གཏོང་བ་དང་རྔུབ་པ་མིན། །གསུང་བ་མ་ཡིན་མི་གསུང་མིན། །སྤྱན་བཟང་བཙུམ་པ་མ་ཡིན་ཞིང་། །སྤྱན་ཕྱེ་བ་ཡང་མ་ཡིན་པས། །ཐམས་ཅད་སྟོང་པ་རྨད་ཆེན་པོ། །གང་ཞིག་གསལ་བའི་ཡེ་ཤེས་ཆེ། །བླ་མ་ཉིད་ཀྱི་དྲིན་གྱིས་ནི། །དེ་ ནས་དེ་ནི་གསལ་མཐོང་འགྱུར། །ཞེས་བྱ་བ་གསུངས་ཏེ། ཚིགས་སུ་བཅད་པ་ཕྱེད་དང་བཞིས་གཞོན་ནུ་དོན་ཐམས་ཅད་གྲུབ་པས་དེ་ཁོ་ན་ཉི་མངོན་དུ་མཛད་པ་བསྟན་པ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱི་སྒྲ་སྟོང་པ་ཆེན་པོའི་ཏིང་ངེ་འཛིན་བཀག་པར་བྱེད་པ་གསན་ནས་དེ་ཡོངས་སུ་ 37-1-237b སྤངས་ལ། ཐམས་ཅད་སྟོང་པའི་དེ་ཁོ་ན་ཉིད་དེས་མཐོང་བར་འགྱུར་རོ་ཞེས་ཚིག་གིས་འབྲེལ་པའོ། །རྒྱུ་གང་གིས་མཐོང་བར་འགྱུར་ཞེ་ན། བླ་མ་ཉིད་ཀྱི་དྲིན་གྱིས་ནི། །ཞེས་བྱ་བ་ལ་འདིར་ནི་སངས་རྒྱས་ཐམས་ཅད་བླ་མ་ཡིན་ཏེ་དེའི་དྲིན་གྱིས་སོ། །གང་གི་ཚེ་དེ་ཁོ་ན་ཉིད་འདི་ཡིས་རྟོགས་པར་འགྱུར་བ་ དེའི་ཚེ། ཏིང་ངེ་འཛིན་གྱི་ཡན་ལག་ཏུ་གྱུར་པའི་སྐུ་དྲང་བ་ལ་སོགས་པ་འདི་ལ་དགོས་པ་མ་ཡིན་ཏེ། ཡོངས་སུ་སྤང་བ་བསྟན་ཏོ། །གང་གི་ཕྱིར་དེ་ཁོ་ན་ཉིད་ནི་ཆོས་ཀྱི་དབྱིངས་ཡིན་ཏེ། ཐམས་ཅད་དུ་འགྲོ་བ་དེ་ཕྱོགས་གཅིག་སྒྲུབ་པ་རྣམས་ཀྱིས་སྐུ་དྲང་བ་ལ་སོགས་པ་རྣམས་ཀྱིས་ཇི་ལྟར་བསྒོམ་པར་བྱ་བ་ ཡིན་ནོ། །དེ་ཁོ་ན་ཉིད་ཇི་ལྟ་བུ་ཡིན་ཞེ་ན། དང་བ་ནི་སྒྲིབ་པ་མེད་པའི་ཕྱིར་དང་། གསལ་བ་ནི་སེམས་ཅན་གྱི་རྒྱུད་ལ་གནས་པའི་ཕྱིར་དང་། ཡེ་ཤེས་ནི་ཡེ་ཤེས་མེད་པ་དང་། ཆེ་བ་ནི་བདག་ཉིད་ཆེ་བའི་ཕྱིར་རོ། །ཐམས་ཅད་སྟོང་པ་ནི་རང་བཞིན་དེའི་སྣང་བ་ཡོད་ན་ཡང་དེ་རྣམས་མི་དམིགས་པའི་ཕྱིར་རོ། ། དེ་ཉིད་ཀྱི་ཕྱིར་རྨད་དུ་བྱུང་བ་ཆེ་བའོ། །གླེགས་བམ་གཞན་ལ་འོད་གསལ་བ། །ཞེས་བྱ་བའི་སྒྲ་ཡོད་ན་དེའི་བཤད་པ་ནི་མཚན་མོ་དང་ཉིན་མོ་དང་། མཚམས་ལས་འདས་པའི་རང་བཞིན་གྱིས་སྣང་བར་འགྱུར་བ་གང་ཡིན་པ་དེ་ནི་འོད་གསལ་བ་ཡིན་ཏེ། དེ་ལྟ་བུའི་དེ་ཁོ་ན་ཉིད་མཐོང་བར་འགྱུར་རོ། །དེ་ མཐོང་བའི་ཕན་ཡོན་བཤད་པའི་ཕྱིར།འདས་པ་དང་ནི་མ་འོངས་དང་། །ད་ལྟར་བྱུང་བའི་སྲིད་པ་གསུམ། །སྐད་ཅིག་དེ་ལ་མ་ལུས་མཐོང་། །འོད་གསལ་བར་ནི་རྣམ་དག་འཆང་། །ཞེས་བྱ་བ་གསུངས་ཏེ། འདིའི་དོན་སྔར་བཤད་ཟིན་ཏོ། །དེ་ནི་སྒྲ་ཇི་བཞིན་པའོ། །ལྡང་བ་བཤད་པར་བྱ་བའི་ཕྱིར། ། རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །སྐྱ་རེངས་འཆར་བའི་དུས་སུ་ནི། །ཆུ་ཟླ་དང་ནི་སྨིག་རྒྱུ་སོགས། །སྒྱུ་མའི་ཡོན་ཏན་རྣམས་ཀྱིས་བརྒྱན། །བྱང་ཆུབ་རྩ་རུ་བཞུགས་ནས་ནི། །དེས་ནི་བདུད་རྣམས་འཇོམས་པར་མཛད། །ཅེས་བྱ་བ་གསུངས་ཏེ། སྣང་བ་ཉེ་བར་ཐོབ་པ་ལ་སོགས་པའི་རིམ་པའམ། ཅིག་ཅར་གྱི་རིམ་པས་ཆུ་ཟླ་ལ་སོགས་པའི་སྒྱུ་མའི་དཔེ་རྣམས་ཀྱིས་ཉེ་བར་མཚོན་པའི་ཡེ་ཤེས་ཀྱི་སྐུར་གྱུར་ཅིང་ཤཱཀྱ་ཐུབ་པ་དེས་བདུད་རྣམས་འཇོམས་པ་ནི་བདུད་བཞི་པོ་འཇོམས་པར་མཛད་པའོ། །མཚན་ཕྱེད་ཀྱི་དུས་སུ་བྱང་ཆུབ་ཀྱི་ཤིང་དྲུང་གི་རྩ་རུ་བཞུགས་ནས་དེ་རྣམས་འཇོམས་པའོ། །གང་ 37-1-238a གི་དུས་ཤེ་ན། སྐྱ་རེངས་ནི་ལྷ་ཉི་མའི་རྟ་རྫི་སྟེ་དེ་འཆར་བའི་དུས་སུའོ། །དེའི་ཚེ་ཏིང་ངེ་འཛིན་གང་མཛད་ཅེ་ན། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས། །ཞེས་པ་ནི་སེམས་ལ་དམིགས་པའི་རིམ་པ་ཐོབ་པའི་འོད་གསལ་ཏེ་དྲང་བའི་དོན་ཏོ། །ཆུ་ནི་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་དང་། ཟླ་བ་ ནི་ཟླ་བ་དང་འདྲ་བའི་འོད་ཟེར་གང་ལ་ཡོད་པ་དེ་ནི་སྣང་བའི་ཡེ་ཤེས་དང་སྨིག་རྒྱུ་སོགས་ཞེས་པ་ནི་སྨིག་རྒྱུས་ཉེ་བར་མཚོན་པའི་ཉི་མའི་འོད་ཟེར་འདྲ་བའི་སྣང་བ་མཆེད་པའི་ཡེ་ཤེས་དེ་རྣམས་ཁོ་ནའོ། །སྒྱུ་མ་ནི་བུད་མེད་སྒྱུ་མས་ཐོབ་པའི་ཕྱིར་རོ། །ཡོན་ཏན་ནི་དེ་ལས་བྱུང་བའི་སངས་རྒྱས་ཀྱི་ཡོན་ཏན་ དང་ལྡན་པའི་སྒྱུ་མའི་སྐུ་སྟེ་དེས་བརྒྱན་པའོ། །བདུད་ནི་ཡེ་ཤེས་གསུམ་སྟེ་དེ་རྣམས་འཇོམས་པ་ནི་མི་སྣང་བར་མཛད་པའོ། །བྱང་ཆུབ་ནི་འོད་གསལ་བ་སྟེ། དེའི་རྩ་བ་ནི་གཞིར་གྱུར་པ་འདོད་པའི་གདུགས་ཏེ་དེ་ལ་བཞུགས་ནས་མཛད་པའོ། །གང་གི་ཚེ་ཞེ་ན་སྐྱ་རེངས་ནི་མ་རིག་པ་སྟེ། དེ་འཆར་བའི་ དུས་ནི་ཤར་ནས་འདས་པའི་དུས་ཏེ་དུས་དེ་ལ་བྱའོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི་དེ་ལ་རྩེ་གཅིག་པའི་གཡོ་བ་མེད་པའི་ཐུགས་ཏེ་ངེས་པའི་དོན་ཏོ། །རང་གི་དོན་མཛད་ནས་གཞན་གྱི་དོན་མཛད་པ་བཤད་པར་བྱ་བའི་ཕྱིར། ཤཱཀྱ་མགོན་པོས་ཡང་དག་པའི། །ཡེ་ཤེས་བླ་མེད་ལེགས་ཐོབ་ནས། །འགྲོ་བ་སྐྱོབ་ཅིང་ཕན་ པའི་ཕྱིར། །དེ་ཉིད་འདིར་ནི་སྟོན་པ་མཛད། །ཅེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ཀུན་ལས་ཤཱཀྱ་ཐུབ་པས་ཡང་དག་པའི་ཡེ་ཤེས་མཐོང་ནས་དེ་ཉིད་འགྲོ་བ་ཀུན་ལ་ཕན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་གསུངས་སོ། །འདི་ནི་སྐྱོབ་པ་ཉིད་འདི་བསྟན་པ་ཡིན་ནོ། །ཇི་སྐད་ དུ། སྐྱོབ་པ་རང་ཐོང་ལམ་སྟོན་པ། །ཞེས་བྱ་བ་འབྱུང་བའི་ཕྱིར་རོ། །ཉེ་བར་བསྡུ་བ་བཤད་པར་བྱ་བའི་ཕྱིར། མངོན་པར་བྱང་ཆུབ་མཚན་ཉིད་ནི། །དེ་ཉིད་ཡེ་ཤེས་ཞེས་བྱར་བཤད། །ཅེས་བྱ་བ་གསུངས་ཏེ། དེ་ཉིད་ནི་སེམས་ཀྱི་ཆོས་ཉིད་ཀྱི་རང་བཞིན་གྱི་ཕྱིར་དང་། ཡེ་ཤེས་ནི་ཡེ་ཤེས་མེད་པའི་ཕྱིར་ ཏེ་དེ་ཉིད་ཡེ་ཤེས་སོ། །མངོན་པར་བྱང་ཆུབ་པ་ནི་བྱང་ཆུབ་ཀྱི་སེམས་ཙམ་མངོན་དུ་རྟོགས་པ་སྟེ། དེ་ཉིད་མཚན་ཉིད་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་ཉིད་ཀྱི་བདག་ཉིད་ཆེན་པོ་བཤད་པར་བྱ་བའི་ཕྱིར། མཚམས་མེད་པ་ཡི་ལས་ཅན་དང་། །མི་གང་བསོད་ནམས་དམན་པའམ། ཡིད་ 37-1-238b བཞིན་ནོར་དང་འདྲ་བ་གཞན། །བླ་མའི་དྲིན་གྱིས་ཐོབ་པར་འགྱུར། ། སྤྱོད་པ་ཅི་དགར་སྤྱོད་བྱེད་དེ། །འདི་ནི་མ་འོངས་རྫོགས་སངས་རྒྱས། །ཞེས་བྱ་བ་གསུངས་ཏེ། གང་གིས་སྔར་ལས་དྲག་པོ་བྱས་ཀྱང་རང་བཞིན་ཡོངས་སུ་ཤེས་པ་ཙམ་གྱིས་བྱང་ཆུབ་ཐོབ་པ་ཡིན་ཏེ། དེ་ལ་གང་གིས་མཚམས་མེད་པ་ ལྔ་བྱས་པ་དང་སྔར་དགེ་བའི་རྩ་བ་མ་བསགས་པའི་གང་ཟག་དེས་ཀྱང་། བླ་མའི་དྲིན་གྱིས་ཡིད་བཞིན་ནོར་བུ་གཉིས་པ་དང་འདྲ་བ་ནི་འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་དེ་ཁོ་ན་ཉིད་ཐོབ་པར་འགྱུར་རོ། །འདི་གཅིག་པུར་མ་ཟད་ཀྱི་ཇི་སྲིད་མ་འོངས་པའི་སེམས་ཅན་ཡོངས་སུ་གཟུང་བའི་ཕྱིར་མ་ འོངས་པའི་སངས་རྒྱས་འདི་ཉིད་བཤད་པ་ཡིན་ནོ། །སྤྱོད་པ་ཅི་དགར་སྤྱོད་བྱེད་དེ། །ཞེས་པ་ནི་སྔགས་ཀྱི་སྤྱོད་པའམ་ཀུན་དུ་བཟང་པོའི་སྤྱོད་པ་སྤྱོད་ཅིང་འགྲོ་བ་ལ་གནས་པ་ཡིན་ཏེ་སྒྲ་ཇི་བཞིན་པའོ། །དེ་ཁོ་ན་ཉིད་དེ་ཇི་ལྟ་བུ་ཐོབ་པ་ཡིན་ནོ་ཞེས་བཤད་པར་བྱ་བའི་ཕྱིར། ཆགས་མིན་ཆགས་དང་བྲལ་བ་ མིན། །དབུ་མར་ཡང་ནི་མི་དམིགས་སོ། །སྟོང་པ་མ་ཡིན་མི་སྟོང་མིན། །དབུ་མར་ཡང་ནི་མི་དམིགས་སོ། །ཞེས་བྱ་བ་གསུངས་སོ། །འདིར་ཆགས་པའི་སྒྲ་རྣམས་ཀྱིས་སྣང་བ་མཆེད་པ་ལ་སོགས་པ་བཤད་པ་དང་། སྟོང་པ་ལ་སོགས་པའི་སྒྲ་རྣམས་ཀྱིས་དེའི་རང་བཞིན་རྣམས་སམ། རྣམ་པར་ཤེས་ པ་རྣམས་བཤད་པ་ཡིན་ནོ། །དེ་ནི་མི་དམིགས་པའི་མཚན་ཉིད་ཅན་གྱི་དེ་ཁོ་ན་ཉིད་དོ། །རྒྱུད་ཐམས་ཅད་ཀྱི་ཚད་མ་ཉིད་བཤད་པར་བྱ་བའི་ཕྱིར། སངས་རྒྱས་ཀུན་གྱི་མཉམ་སྦྱོར་ལ། །འདི་ཉིད་ལྟར་ནི་རབ་སྟོན་ཏེ། །ཡེ་ཤེས་གསུམ་བྲལ་དེ་ཉིད་གང་། །དགོངས་པ་ཡིས་ནི་གསུངས་པ་ཡིན། །ཞེས་ བྱ་བ་གསུངས་ཏེ། སངས་རྒྱས་ཐམས་ཅད་ཀྱི་རྒྱུད་ལ་སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་དང་བྲལ་བའི་དེ་ཁོ་ན་ཉིད་དགོངས་པར་བཤད་པའི་ངག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པ་སྟེ། དེ་ཡང་འདི་ཉིད་ཡིན་ཏེ་གཞན་ནི་མ་ཡིན་ནོ། །དེའི་ངག་དང་པོ་ནི། གསང་བ་མཆོག་གི་དགྱེས་པ་ ན། །ཐམས་ཅད་བདག་ཉིད་རྟག་ཏུ་གནས། །སངས་རྒྱས་ཀུན་ངོ་སེམས་དཔའ་སྟེ། །རྡོ་རྗེ་སེམས་དཔའ་བདེ་བ་མཆོག །ཅེས་བྱ་བའོ། །འདིས་དགོངས་པས་བཤད་པའི་དོན་འདི་ཡིན་ཏེ། གསང་བ་ནི་སྣང་བའི་ཡེ་ཤེས་དང་། མཆོག་ནི་སྣང་བ་མཆེད་པའི་ཡེ་ཤེས་དང་། དགྱེས་ 37-1-239a པ་ནི་ཉེ་བར་ཐོབ་པའི་ཡེ་ཤེས་དཔེས། དེ་རུ་རྟག་ཏུ་གནས་པ་ནི་ཡི་གེ་ཨ་ཕྱིས་པས་མི་གནས་པར་ཤེས་པར་བྱའོ། །ཐམས་ཅད་བདག་ཉིད་ནི་རང་གི་ངོ་བོ་སྟེ། དེ་རུ་རྟག་ཏུ་གནས་པའོ་ཞེས་རྗེས་སུ་འཇུག་གོ། །སངས་རྒྱས་ཀུན་གྱི་ཕུང་པོ་ལྔ་སྟེ་དེའི་ངོ་བོ་ནི་དེ་རྣམས་ཁྱབ་པར་བྱེད་ པའོ། །སེམས་དཔའ་ནི་སྣོད་ཀྱི་འཇིག་རྟེན་ཏེ་དེའི་རང་བཞིན་ཡིན་པས་ན་སེམས་དཔའོ། །མི་ཕྱེད་པའི་ཕྱིར་རྡོ་རྗེ་ཡང་ཡིན་ལ། རྟག་ཏུ་གནས་པའི་ཕྱིར་དེ་ཉིད་སེམས་དཔའ་ཡང་ཡིན་ཏེ། རྡོ་རྗེ་སེམས་དཔའ་ནི་ཆོས་སྐུ་སྟེ། བར་གྱི་ཡི་གེ་ཕྱིས་པ་དང་། ཐ་མ་ཡང་ཕྱིས་པས་སོ། །བདེ་བ་མཆོག་ ནི་འོད་གསལ་བ་དེ་ཉིད་བཤད་པ་ཡིན་ནོ། །དགོངས་པས་བཤད་པའི་མཚན་ཉིད་ནི། །ཁྱད་འདོད་སེམས་ཅན་རྣམས་ཀྱི་ཕྱིར། །ཆོས་ཀྱི་དེ་ཉིད་རབ་སྟོན་པ། །འགལ་བའི་ཚིག་གི་སྦྱོར་བ་ཡིས། །གསུངས་པ་མ་ཡིན་དགོངས་བཤད་དེ། །ཞེས་བྱ་བ་གསུངས་སོ། །དཔལ་གསང་བ་འདུས་ པའི་ཚད་མ་ཉིད་བསྟན་པར་བྱ་བའི་ཕྱིར། དེ་བཞིན་དཔལ་གསང་འདུས་པ་ཡིས། །བྱང་ཆུབ་སེམས་ཀྱི་ལེའུ་དག་ལས། །དངོས་མེད་ལ་སོགས་ཚིགས་བཅད་ཀྱིས། །མངོན་པར་བྱང་ཆུབ་མཚན་ཉིད་གསུངས། །ཞེས་བྱ་བ་གསུངས་ཏེ། དཔལ་གསང་བ་འདུས་པའི་བྱང་ཆུབ་སེམས་ཀྱི་ ལེའུ་གཉིས་པ་ལས། དངོས་པོ་མེད་ཅིང་བསྒོམ་པ་མེད། །ཅེས་བྱ་བ་ལ་སོགས་པ་བྱང་ཆུབ་ཀྱི་སེམས་ཀྱི་ཚིགས་སུ་བཅད་པ་དྲུག་གིས་མངོན་པར་བྱང་ཆུབ་པའི་མཚན་ཉིད་ཁོ་ན་འཁོར་ལོས་སྒྱུར་བ་དྲུག་གིས་རབ་ཏུ་བསྟན་ཏོ། །གལ་ཏེ་དེ་རུ་བཤད་པ་རྣམ་པ་བཞི་ཡིས་ཚིགས་སུ་བཅད་པ་ དང་པོའི་དོན་བཤད་ན་ཡང་། འོན་ཀྱང་སྦས་པ་དང་མཐར་ཐུག་པའི་ཕྱོགས་སུ་དེ་ཁོ་ན་ཉིད་ཁོ་ན་བསྟན་ཏོ། །ཚིགས་སུ་བཅད་པ་ལྷག་མ་ལྔ་ལ་དགོངས་པ་མ་ཡིན་པ་བཤད་པས། དེ་ཁོ་ན་བསྟན་པ་ཡིན་ཏེ་སྐྱོན་མེད་པའོ། །དཔལ་མཆོག་དང་པོའི་ཚད་མ་ཉིད་བསྟན་པར་བྱ་བའི་ཕྱིར། འདོད་ཆགས་ལ་ སོགས་རྣམ་དག་གང་། །དཔལ་མཆོག་ལས་ཀྱང་གསུངས་པ་ཡིན། །དེ་ཉིད་དེ་བཞིན་གཤེགས་པས་ཀྱང་། །ཐམས་ཅད་སྟོང་པར་གསུངས་པ་ཡིན། །ཞེས་བྱ་བ་གསུངས་ཏེ། དཔལ་མཆོག་དང་པོ་ལ་ཡང་འདོད་ཆགས་ལ་སོགས་པའི་རྣམ་པར་དག་པ་གང་གསུངས་པ་དེ་ཡང་ཐམས་ཅད་ 37-1-239b སྟོང་པ་ནི་སེམས་ཀྱི་འོད་གསལ་བའམ་རིམ་པ་བཞི་པས་ཐོབ་པའི་དེ་ཁོ་ན་ཉིད་ལ་བརྟེན་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་པ་ཡིན་ཏེ། དཔེར་ན་འདོད་ཆགས་རྣམ་པར་དག་པའི་གནས་ནི་འདི་ཡིན་ཏེ་གང་ཞིག་བྱང་ཆུབ་སེམས་དཔའི་གནས་སོ། །ཞེ་སྡང་རྣམ་པར་དག་པའི་གནས་ནི་འདི་ཡིན་ཏེ། གང་ཞིག་བྱང་ཆུབ་སེམས་དཔའི་གནས་སོ། །གཏི་མུག་རྣམ་པར་དག་པའི་གནས་ནི་འདི་ཡིན་ཏེ། གང་ཞིག་བྱང་ཆུབ་སེམས་དཔའི་གནས་སོ། །འདིར་ནི་འདོད་ཆགས་ལ་སོགས་པའི་ཚིག་རྣམས་ཀྱི་འདོད་ཆགས་དང་། འདོད་ཆགས་བྲལ་བ་དང་། འདོད་ཆགས་བར་མའི་རང་བཞིན་བརྒྱ་དྲུག་ཅུ་ རྩ་བ་དང་བཅས་པ་བཤད་པ་ཡིན་ཏེ། དེ་རྣམས་རྣམ་པར་དག་པ་ནི་སྔགས་དང་ཕྱག་རྒྱའི་རིམ་པ་དག་གིས་མི་དམིགས་པ་སྟེ། དེ་ཉིད་གནས་ནི་ཆོས་ཐམས་ཅད་ཀྱི་གཞིར་གྱུར་པ་སྟེ་འོད་གསལ་བའོ། །བྱང་ཆུབ་སེམས་དཔའི་གནས་ནི་དེ་ཉིད་དེ་ས་བཅུ་པ་ཐོབ་པའི་ཕྱིར་རོ། །ཇི་སྐད་དུ། སྣང་བ་ གསུམ་པོ་མཐོང་བ་དག །ས་བཅུ་ལ་ནི་རབ་ཏུ་གནས། །ཞེས་འོག་ནས་གསུངས་པའི་ཕྱིར་དེ་བཞིན་དུ་དཔལ་མཆོག་དང་པོ་དེ་ཉིད་ལས། འདོད་ཆགས་ཞེ་སྡང་གཏི་མུག་ནི། །གསུམ་པོ་འཇིག་རྟེན་དུག་ཆེན་ཡིན། །དུག་ཉིད་ཉེ་བར་ཞི་གྱུར་ནས། །དུག་ནི་དེ་རྣམས་དུག་མེད་འགྱུར། །ཞེས་བྱ་བ་ གསུངས་ཏེ། འདི་ནི་འདོད་ཆགས་ལ་སོགས་པའི་རང་བཞིན་རྣམས་ཀྱི་རང་བཞིན་མ་ཤེས་ན་དུག་ཡིན་པ་དང་། དེའི་རང་བཞིན་རྟོགས་ན་དུག་མེད་པ་ཡིན་ཏེ་མདོར་བསྡུས་པའི་དོན་ཏོ། །མདོ་སྡེ་ཐམས་ཅད་དང་རྒྱུད་ལ་སོགས་པའི་ཚད་མ་ཉིད་བསྟན་པར་བྱ་བའི་ཕྱིར། སྣ་ཚོགས་མདོ་དང་རྒྱུད་ལ་ནི། །དེ་ ཉིད་གང་ཞིག་ཉེར་བསྟན་པ། །ཐམས་ཅད་སྟོང་གནས་འདི་ཉིད་ལས། །དེར་ནི་གཞན་དག་མ་གསུངས་སོ། །ཞེས་བྱ་བ་གསུངས་ཏེ། གང་ཞིག་མདོ་ནི་ལང་ཀར་གཤེགས་པ་ལ་སོགས་པ་དང་རྒྱུད་ནི་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་སྟེ། དེ་རྣམས་ལས་དེ་ཁོ་ན་ཉིད་གང་ཉེ་བར་བསྟན་པ་དེ་ཡང་ ཐམས་ཅད་སྟོང་པའི་གནས་ལས་གཞན་དུ་མ་གསུངས་ཏེ་དེ་ཀུན་ལས་དེ་ལས་འདས་པའི་དེ་ཁོ་ན་ཉིད་བཅོམ་ལྡན་འདས་ཀྱིས་གསུངས་པ་མ་ཡིན་ནོ། །དེ་ཁོ་ན་ཉིད་གཅིག་པུ་ཁོ་ན་གསུངས་ཏེ། ཆར་འབབ་པ་བཞིན་དུ་རྟེན་གྱི་ཁྱད་པར་གྱིས་དེ་ཐ་དད་པར་སོ་སོར་སྣང་བ་སྟེ། བུ་རམ་ལ་སོགས་པའི་ཤིང་ 37-1-240a ལས་ལྟུང་བའི་ཆར་ལྟ་བུའོ། །ཚུལ་གཅིག་པར་བསྟན་པའི་མདོ་ལས། ཆོས་ནི་སྒྲ་སྐད་དག་གིས་ལུང་བསྟན་བརྗོད། ། ཆོས་དང་སྒྲ་དག་འདིར་ནི་སྣང་མི་འགྱུར། །ཆོས་ཉིད་ཚུལ་གཅིག་དངོས་ལའང་འཇུག་བྱེད་པ། །བཟོད་མཆོག་བླ་ན་མེད་ལ་རེག་པར་འགྱུར། །ཞེས་བྱ་བ་ གསུངས་ཏེ་ཆོས་ཀྱི་ཕུང་པོའི་ཚད་མ་ཉིད་བསྟན་པར་བྱ་བའི་ཕྱིར། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ནི། །ཐུབ་པ་ཆེན་པོས་གསུངས་པ་ལས། །མངོན་པར་བྱང་ཆུབ་མཚན་ཉིད་ནི། །སྙིང་པོ་ལས་ནི་སྙིང་པོ་མཆོག །ཅེས་བྱ་བ་གསུངས་ཏེ། དེ་ལ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ནི་ཉན་ཐོས་པའི་ ཐེག་པ་དང་ཐེག་པ་ཆེན་པོ་དགུ་ཁྲི་དང་སྔགས་ཀྱི་ཐེག་པ་ཆེན་པོ་འབུམ་དུ་ཤེས་པར་བྱའོ། །དེ་བས་ན་ཆོས་ཀྱི་ཕུང་པོ་དེ་རྣམས་སུ་ཐུབ་པ་ཆེན་པོས་མངོན་པར་བྱང་ཆུབ་པའི་མཚན་ཉིད་ནི་རིམ་པ་གཉིས་པ་ལས་གསུངས་པའམ། བཞི་པ་ལས་གསུངས་པ་གང་ཡིན་པ་དེ་ནི། སྙིང་པོ་ལས་ཀྱང་སྙིང་ པོ་མཆོག །ཅེས་པ་ནི་བསྐྱེད་པའི་རིམ་པ་སྙིང་པོ་སྟེ་དེ་ལས་སྙིང་པོ་ནི་རྡོ་རྗེ་བཟླས་པའི་རིམ་པ་སྟེ། དེ་ལས་ཀྱང་མཆོག་ནི་ཁྱད་པར་ཅན་དུ་གསུངས་སོ། །དེ་ལ་ཉན་ཐོས་པ་རྣམས་ཀྱིས་དེ་ཁོ་ན་ཉིད་དེ་ཉིད་འགོག་པའི་སྙོམས་པར་ཞུགས་པའི་སྒོ་ནས་གཟུང་བ་དང་། རང་སངས་རྒྱས་ཀྱི་རིགས་ཅན་རྣམས་ ཀྱིས་དེ་ཉིད་རྗེས་སུ་དཔག་པའི་ཕྱིའི་དོན་འཛིན་པའི་རྣམ་པའི་སྒོ་ནས་གཟུང་བ་དང་། རྣལ་འབྱོར་སྤྱོད་པ་རྣམས་ཀྱིས་རྣམ་པ་དང་བཅས་པ་དང་རྣམ་པ་མེད་པའི་སྒོ་ནས་དེ་ཉིད་གཟུང་བ་ཡིན་ནོ། །དེ་ལ་ཀུན་གཞི་རྣམ་པར་ཤེས་པ་ཁོ་ན་ཡོད་པའོ་ཞེས་ཁ་ཅིག་འདོད་པའོ། །ཉོན་མོངས་པ་ཅན་གྱི་ཡིད་དང་འཇུག་ པའི་རྣམ་པར་ཤེས་པ་ཁོ་ནའོ་ཞེས་ཁ་ཅིག་འདོད་དོ། །འཇུག་པའི་རྣམ་པར་ཤེས་པ་དྲུག་ཁོ་ན་ཁ་ཅིག་གིས་འདོད་དོ། །རྣམ་པར་ཤེས་པ་བརྒྱད་ཁ་ཅིག་གིས་འདོད་པ་སྟེ་རྣལ་འབྱོར་སྤྱོད་པའི་ཕྱོགས་བཞིའོ། །རྒྱུ་དང་རྐྱེན་ལས་འབྱུང་བའི་ཕྱིར་དོན་ལོགས་སུ་འགྲུབ་པ་དང་། རྣམ་པ་མེད་པའི་ རྣམ་པར་ཤེས་པ་ལོགས་སུ་འགྲུབ་པ་སྟེ། དེ་གཉི་ག་ཡང་རང་བཞིན་མེད་པའོ་ཞེས་མདོ་སྡེའི་དབུ་མ་པ་རྣམས་ཀྱིས་དེ་ཁོ་ན་ཉིད་གཟུང་བ་ཡིན་ནོ། །ཕྱིའི་དངོས་པོ་ནི་ཡེ་ཤེས་ཀྱི་རྣམ་པ་ཁོ་ན་ཡིན་ཏེ། དེ་ཡང་རང་བཞིན་མེད་པའོ་ཞེས་རྣལ་འབྱོར་སྤྱོད་པའི་དབུ་མ་པ་རྣམས་ཀྱིས་དེ་ཁོ་ན་ཉིད་གཟུང་བ་མིན་ 37-1-240b ནོ། །མཐོང་བ་དང་བསྒོམ་པའི་ལམ་རྣམས་ཀྱིས་ཉོན་མོངས་པ་སྤངས་ཏེ། ཆོས་ཀྱི་སྐུ་ཐོབ་པའོ་ཞེས་རྒྱལ་བའི་ཡུམ་གྱི་དབུ་མ་པ་རྣམས་གྲུབ་པའི་མཐའ་འདོད་དོ། །བྱ་བའི་རྒྱུད་ལ་གནས་པ་རྣམས་ཁྱད་པར་གྱི་ལྷའི་རྣམ་པ་ཁོ་ནའི་དེ་ཁོ་ན་ཉིད་འདོད་པ་དང་། སྤྱོད་པའི་རྒྱུད་ལ་གནས་པ་རྣམས་རོལ་མོ་ལ་ སོགས་པའི་ཐ་མལ་པ་མ་ཡིན་པའི་སྤྱོད་པས་ལྷའི་རྣམ་པ་ཁོ་ནའི་དེ་ཁོ་ན་ཉིད་འདོད་པ་དང་། རྣལ་འབྱོར་གྱི་རྒྱུད་ལ་གནས་པ་རྣམས་སྔགས་དང་ཕྱག་རྒྱ་དང་། ཏིང་ངེ་འཛིན་རྣམས་ཀྱིས་ཐོབ་པའི་རྣམ་པར་སྣང་མཛད་ལ་སོགས་པའི་ལྷའི་སྐུ་ཁོ་ན་ཉིད་འདོད་པ་དང་། རྣལ་འབྱོར་ཆེན་པོའི་རྒྱུད་ལ་གནས་ པ་རྣམས་བསྐྱེད་པའི་རིམ་པའི་རྣལ་འབྱོར་པས་ཏིང་ངེ་འཛིན་གསུམ་སྔོན་དུ་འགྲོ་བའི་ལུས་རྣམ་པར་དབེན་པའི་མཐའ་ཅན་དེ་ཁོ་ན་ཉིད་འདོད་པ་དང་། རྫོགས་པའི་རིམ་པ་ལ་གནས་པ་ཁ་ཅིག་ངག་རྣམ་པར་དབེན་པ་མ་ཡིན་པ་དང་། ཁ་ཅིག་སེམས་ཀྱི་འོད་གསལ་བ་དང་། ཁ་ཅིག་སྒྱུ་མའི་སྐུ་དང་། ཁ་ཅིག་ ཕྱིའི་མངོན་པར་བྱང་ཆུབ་པ་དང་། ཁ་ཅིག་མི་གནས་པའི་མྱ་ངན་ལས་འདས་པའི་དེ་ཁོ་ན་ཉིད་འདོད་པ་ཡིན་ཏེ། དངོས་པོ་རྣམ་པར་དཔྱད་ན་ཆོས་ཀྱི་སྐུ་ལས་འདས་པའི་དེ་ཁོ་ན་ཉིད་གཞན་ཁོ་ན་ཡོད་པ་མ་ཡིན་ཏེ། ཁྱད་པར་བྱེད་པའི་ཕྱིར་རོ། །དེ་བས་དེ་ཉིད་མངོན་པར་བྱང་ཆུབ་པ་ཡིན་ཏེ། དེ་མངོན་དུ་བྱས་ ན་ལམ་ཐམས་ཅད་རྟོགས་པར་འགྱུར་རོ། །རྟེན་གྱི་དབྱེ་བས་ལྟ་བ་རྣམས་ཐ་དད་པ་སྟེ་དེ་ཁོ་ན་ཉིད་ནི་མ་ཡིན་ནོ། །གཞན་དུ་དེ་ཉིད་ཁོ་ནར་མི་འགྱུར་རོ། །ཇི་སྐད་དུ། ཆོས་ཀྱི་དབྱིངས་ནི་དབྱེ་མེད་ཕྱིར། །རིགས་དབྱེ་བ་ནི་རིགས་པ་མིན། །གཞི་ཅན་ཆོས་ཀྱི་དབྱེ་བ་ཡིས། །དེ་ཡི་དབྱེ་བ་སོ་སོར་བཤད། ། ཅེས་འབྱུང་བའི་ཕྱིར་རོ། །ད་ནི་བརྟུལ་ཞུགས་ལ་སོགས་པ་ཡང་དེའི་དོན་དུ་དེ་ཁོ་ནར་གཟུང་བ་མ་ཡིན་ནོ་ཞེས་བཤད་པར་བྱ་བའི་ཕྱིར། རལ་པ་གཅེར་བུ་མགོ་རེག་དང་། །ཅོད་པན་འདུས་པ་སྤོང་འཇུག་སྟེ། །སྣ་ཚོགས་རྟགས་ཅན་དེ་དང་ནི། །མངོན་པར་བྱང་ཆུབ་འདོད་པ་རྣམས། །ཞེས་བྱ་བ་ གསུངས་ཏེ། རལ་པ་གཅིག་ནི་རིག་པའི་བརྟུལ་ཞུགས་པའོ། །གཅེར་བུ་ནི་སྤྱོད་པའི་བརྟུལ་ཞུགས་པའོ། །མགོ་རེག་ནི་དགེ་སློང་དང་དགེ་ཚུལ་ལ་སོགས་པའོ། །ཅོད་པན་ནི་བསླབ་པ་ལྔ་ལ་གནས་པའི་དགེ་བསྙེན་ནོ། །འདུས་པ་སྤོང་འཇུག་ནི་ཚེམ་བུ་པའི་རྣལ་འབྱོར་པའོ། །སྣ་ཚོགས་རྟགས་ཅན་དེ་ 37-1-241a དང་ནི། །ཞེས་པ་ནི་བརྟུལ་ཞུགས་སྦྱངས་པའི་ཡོན་ཏན་ལ་སོགས་པའི་རྟགས་ཏེ། དཀའ་ཐུབ་སྤྱོད་པའི་མཚན་ཉིད་དེ་རྣམས་ཀྱིས་མངོན་པར་བྱང་ཆུབ་འདོད་པ་ཁོ་ན་ཡིན་ཏེ། དེ་རྣམས་གཞན་གྱི་དོན་དུ་འབད་པ་མ་ཡིན་ནོ། །བརྟུལ་ཞུགས་ཁོ་ན་དེ་ཁོ་ན་ཉིད་ཐོབ་པའི་རྒྱུ་མ་ཡིན་ནོ་ཞེས་བཤད་ པར་བྱ་བའི་ཕྱིར། དེ་ཉིད་དམན་པ་དེ་རྣམས་ཀྱིས། །བརྟུལ་ཞུགས་སྤྱོད་པ་ལ་སོགས་རིམ། །དེ་ཉིད་ཡེ་ཤེས་དམན་པས་ན། །དེས་ནི་གྲོལ་བར་རྙེད་མི་འགྱུར། །ཞེས་བྱ་བ་གསུངས་ཏེ། རལ་པ་འཛིན་པ་ལ་སོགས་པ་དེ་རྣམས་གལ་ཏེ་དེ་ཁོ་ན་ཉིད་བྲལ་བ་ཡིན་ན་དེའི་ཚེ་དེ་རྣམས་ཀྱི་བརྟུལ་ཞུགས་ལ་སོགས་ པ་སྤྱོད་པའི་རིམ་པ་དོན་མེད་པ་ཁོ་ན་ཡིན་ཏེ། འོན་ཏང་ཁུར་བུ་ཁུར་བ་ལྟ་བུར་འགྱུར་རོ། །དེ་བས་ན་དེ་ཁོ་ན་ཉི་མེད་པའི་ཕྱིར། བརྟུལ་ཞུགས་ལ་སོགས་པ་དེ་ཡིས་གྲོལ་བར་མི་འགྱུར་རོ། །གདན་བཞིའི་རྒྱུད་ལས་ཀྱང་། དེ་ཉིད་མེད་པའི་རྣལ་འབྱོར་ལ། །གླང་པོའི་དྲིལ་བུ་སྒྲ་སྒྲོགས་ལྟར། །ཞེས་བྱ་ བ་གསུངས་མོ། །དེ་བས་ན་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པ་ཁོ་ན་གྲོལ་བའི་རྒྱུ་ཡིན་ཏེ། བརྟུལ་ཞུགས་ལ་སོགས་པ་མེད་ན་ཡང་དེ་ཉིད་རྟོགས་པའི་ཕྱིར་རོ། །དེ་ཁོ་ན་ཉིད་མེད་ན་བརྟུལ་ཞུགས་ལ་སོགས་པ་དོན་མེད་དེ་འོན་ཏང་ཁུར་བུ་ཁུར་བའོ། །བརྟུལ་ཞུགས་ལ་སོགས་པ་བསྟན་པ་ནི་དྲང་བའི་དོན་ཏོ། ། དེ་ལ་ཞེན་པའི་སེམས་ཅན་གཟུང་བའི་ཕྱིར་རོ། །དེ་བས་བརྟུལ་ཞུགས་མེད་ཀྱང་དེ་ཁོ་ན་ཉིད་མངོན་དུ་བྱ་བའོ། །ད་ནི་སའི་རིམ་པ་བཤད་པར་བྱ་བའི་ཕྱིར། དང་པོ་ལས་ཀྱི་སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་འགྱུར། །སྣང་བ་གསུམ་པོ་མཐོང་བ་དག །ས་བཅུ་པ་ནི་རབ་ཏུ་གནས། །ཞེས་བྱ་བ་གསུངས་ ཏེ། ལས་དང་པོ་པ་ནི་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་སྟེ། དེའི་སྦྱོར་བ་ནི་དང་པོ་སྦྱོར་བ་ལ་སོགས་པའི་ཏིང་ངེ་འཛིན་གསུམ་བསྒོམ་པ་སྟེ། ལུས་རྣམ་པར་དབེན་པའི་མཐའ་ཅན་གང་ཡིན་པ་དེ་ཡིས། ས་བརྒྱད་པ་ནི་མི་གཡོ་བ་ཐོབ་པར་འགྱུར་རོ། །དོན་གྱིས་ན་རྡོ་རྗེ་བཟླས་པའི་རིམ་པས་ས་དགུ་པ་ ཐོབ་པ་དང་། སྣང་བ་གསུམ་པོ་མཐོང་བ་ཡེ་ཤེས་དབང་དུ་གྱུར་པའི་ཕྱིར་ས་བཅུ་པ་ཐོབ་པར་འགྱུར་རོ། །དེའི་རྗེས་ལས་ཐོབ་པའི་ཕྱིར་སྒྱུ་མའི་སྐུ་ས་བཅུ་པ་ཁོ་ནའོ། །རིམ་བཞི་པས་བཅུ་གཅིག་ཀུན་དུ་འོད་ཀྱི་ས་ཐོབ་པའོ། །དེའི་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་རྡོ་རྗེའི་སྐུ་ནི་ས་བཅུ་གཅིག་པ་ཁོ་ནའོ། ། 37-1-241b ལས་དང་པོ་པའི་ས་ནི་ཚངས་པའི་གནས་ལ་སོགས་པ་བསྒོམས་པས་ཐོབ་པ་ཡིན་ནོ། །དེ་ལྟར་ན་ས་བཅུ་གཉིས་སོ། །ཤིན་ཏུ་བདེ་བ་དང་། ཤིན་ཏུ་མྱུར་བར་རིག་པའི་སྐྱེས་བུ་བསྒོམ་པས་གང་ཞིག་ཚེ་འདི་ཉིད་དུ་སངས་རྒྱས་ཐོབ་པ་སྟེ། དེ་ཉིད་ས་བཅུ་གསུམ་པ་ཞེས་བཤད་དོ། །ད་ནི་གཞོན་ནུ་དོན་ ཐམས་ཅད་གྲུབ་པས་དེ་ཁོ་ན་ཉིད་ཐོབ་ནས་གང་མཛད་པ་དེ་ཉིད་བཤད་པར་བྱ་བའི་ཕྱིར། མངོན་པར་བྱང་ཆུབ་ལེགས་ཐོབ་ནས། །གཙང་མའི་གནས་སུ་ཉེ་བར་འགྲོ། །སངས་རྒྱས་ཞིང་ནས་མི་ལྡོག་པས། །ཚེ་འདི་ཉིད་ཀྱིས་ཐམས་ཅད་མཁྱེན། །ཞེས་བྱ་བ་གསུངས་ཏེ། ཤཱཀྱ་ཐུབ་པ་དེས་མངོན་པར་ བྱང་ཆུབ་ཐོབ་ནས་སེམས་ཅན་གྱི་དོན་མཛད་དེ། གཙང་མའི་གནས་ནི་འཕགས་པའི་གནས་སུ་ཤེས་པའོ། །སངས་རྒྱས་ཀྱི་ཞིང་ནི་ཡོངས་སུ་དག་པའི་རང་བཞིན་ཏེ། དེ་རུ་ཕྱིར་མི་ལྡོག་པས་ཚེ་འདི་ཉིད་དུ་ཐམས་ཅད་མཁྱེན་པ་ཐོབ་པ་ཡིན་པས་དྲང་བའི་དོན་ཏོ། །མངོན་པར་དད་པའི་བྱང་ཆུབ་ པ་ནི་ཕྱིའི་སྨིག་རྒྱུ་ལ་སོགས་པ་མཐོང་བས་ནང་གི་བདག་ཉིད་ཀྱི་མངོན་པར་བྱང་ཆུབ་པ་མངོན་དུ་བྱས་ནས་གཙང་མའི་གནས་ནི་རང་གི་སེམས་ཁོ་ན། འགྲོ་བ་ནི་དེ་རུ་བཞུགས་པའོ། །སངས་རྒྱས་ནི་ཡང་དག་པའི་ཡེ་ཤེས་ཏེ་དེའི་ཞིང་ནི་ཕུང་པོ་ལ་སོགས་པའི་རྟེན་ཏེ་དེ་རུ་མི་ལྡོག་པ་ནི་དེ་རྣམས་བླང་བྱ་ དང་། སྤང་བྱ་མ་ཡིན་པ་མཛད་ནས་ཐམས་ཅད་མཁྱེན་པ་སྟེ་ངེས་པའི་དོན་ཏོ། །ད་ནི་འདོད་ཆགས་ཀྱི་སྤྱོད་པའི་འབྲས་བུས་བྱང་ཆུབ་རྣམས་གསུམ་བཤད་པར་བྱ་བའི་ཕྱིར། ཆོས་འབྱུང་མངོན་པར་བྱང་ཆུབ་པའི། །ཆགས་སོགས་རོལ་མོ་རྒྱ་ཆེན་པོ། །ཆོས་དབྱིངས་མངོན་པར་བྱང་ཆུབ་པའི། །ཇི་ལྟར་ རྙེད་པའི་སྤྱོད་པས་སོ། །མངོན་པར་རྟོགས་པར་གང་གྱུར་པ། །བླ་མེད་མངོན་པར་བྱང་ཆུབ་པ། །སྤྲོས་བཅས་ལ་སོགས་སྤྱོད་པ་ཡིས། །རྣལ་འབྱོར་པ་ནི་འདིར་སློབ་བོ། །ཞེས་བྱ་བ་གསུངས་ཏེ། ཚིགས་སུ་བཅད་པ་གཉིས་ཀྱིས་འབྲས་བུ་དང་བཅས་པའི་སྤྱོད་པ་གསུམ་བསྟན་ཏོ། །དེ་ལ་སྤྱོད་པ་ གསུམ་ནི་སྤྲོས་པ་དང་བཅས་པ་དང་སྤྲོས་པ་མེད་པ་དང་ཤིན་ཏུ་སྤྲོས་པ་མེད་པའོ། །དེ་ལ་དང་པོ་ནི་སུམ་བརྩེགས་ཀྱི་ཁང་པའམ། འོག་ཏུ་ཁང་པ་བྱས་ལ། དེ་ཉིད་དར་དཔྱངས་དང་། བ་དན་དང་། རྔ་ཡབ་དང་། མེ་ཏོག་གི་ཕྲེང་བ་རྣམས་ཀྱིས་བརྒྱན་པར་བྱས་ལ། འོག་ཁང་དུ་ཚང་བང་དང་། བར་ཁང་དུ་རོལ་མོ་ 37-1-242a མཁན་ལ་སོགས་པ་དང་། སྟེང་དུ་སྣ་ཚོགས་པའི་གདན་ལ་བཞུགས་པའི་བདག་ཉིད་རྡོ་རྗེ་འཆང་དང་། ཤར་ལ་སོགས་པའི་ཕྱོགས་ནས་སྒོའི་བར་དུ། ཀྱེ་མའོ། །བདེ་མ་ལ་སོགས་པའི་ལྷ་མོའི་གཟུགས་དང་། ཁ་དོག་ལ་སོགས་པ་དཔལ་ལྡན་པའི་ལྷ་མོ་རྣམས་རྣམ་པར་ བཞག་ལ། དེ་རྣམས་དང་ལྷན་ཅིག་ཏུ་འདོད་པའི་ཡོན་ཏན་ལྔ་པོ་ལ་ལོངས་སྤྱོད་ལ། ལག་པ་དང་ངག་གི་བརྡ་རྣམས་ཀྱི་དེ་ཁོ་ན་ཉིན་མཚན་ལ་སྣ་ཚོགས་པའི་བྱེད་པ་དང་ཡན་ལག་བསྒྱུར་བ་ལ་སོགས་པའི་ཐ་མལ་པ་མ་ཡིན་པའི་དགའ་བའི་སྤྱོད་པ་རྣམས་ཀྱིས་ཆོས་འབྱུང་མངོན་པར་བྱང་ཆུབ་པ་ ཐོབ་པའི་བར་དུ་གནས་པར་བྱ་སྟེ། རྒྱལ་པོ་ཨིནྡྲ་བྷཱུ་ཏི་བཞིན་དུ། རང་གཟུགས་ཡོངས་སུ་གྱུར་པས་ཚེ་འདི་ཉིད་དུ་དེ་རྣམས་དང་ལྷན་ཅིག་ཏུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་ཏེ། འབྲས་བུ་དང་བཅས་པའི་སྤྲོས་པའི་སྤྱོད་པ་བསྟན་ཏོ། །གཉིས་པ་ནི་ཞག་རེ་རེའམ། ཟླ་བ་རེ་རེའམ། ལོ་རེ་ རེ་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་བཞི་དང་ལྷན་ཅིག་ཏུ་ལོངས་སྤྱོད་ལ་སྤྱད་པར་བྱའོ། །གལ་ཏེ་ཕུན་སུམ་ཚོགས་པ་མེད་ན། དེའི་ཚེ་ཕྱག་རྒྱ་གཅིག་དང་། ལྷན་ཅིག་ཏུ་ཡུལ་ནས་ཡུལ་དུ་བསྐོར་ཞིང་ཇི་སྙེད་པའི་ཤིང་ཏོག་དང་འབྲས་བུ་ལ་སོགས་པའི་ཟས་རྣམས་ཀྱིས་སྲོག་འཛིན་པ་ཙམ་བྱས་ཏེ་ ཇི་སྲིད་ཆོས་ཀྱི་དབྱིངས་ཀྱི་མངོན་པར་བྱང་ཆུབ་པ་ཐོབ་པར་འགྱུར་རོ། །གསུམ་པ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པས། མངོན་པར་རྟོགས་པར་གང་གྱུར་པ། །ཞེས་པ་ནི་དེ་དང་ལྷན་ཅིག་ཏུ་བདེ་བ་ཉམས་སུ་མྱོང་ལ། ནགས་ཚལ་གྱི་ལྷ་མོ་རྣམས་ལས་བཟའ་བརྙེད་ཅིང་ཆགས་པ་མེད་ པའི་ཚུལ་གྱིས་བླ་ན་མེད་པའི་མངོན་པར་བྱང་ཆུབ་པ་ཐོབ་པའི་བར་དུ་བསྒོམ་པར་བྱའོ། །དེ་ལྟར་སྤྱོད་པའི་དབྱེ་བས་ཐབས་ཀྱི་དབྱེ་བ་སྟེ་བྱང་ཆུབ་ནི་གཅིག་ཁོ་ནའོ། །རྟེན་གྱི་དབྱེ་བས་མིང་གི་དབྱེ་བ་ཙམ་འདིར་བསྟན་པ་སྟེ། བྱང་ཆུབ་ལ་རང་བཞིན་གྱིས་དབྱེ་བ་གང་ཡང་མེད་དོ། །ད་ནི་རང་བཞིན་གྱིས་ གྲུབ་པའི་དེ་བཞིན་ཉིད་ལ་སྤྱོད་པ་སྤྱོད་པའི་སྤྲོས་པས་དགོས་པ་མེད་པའོ་ཞེས་ཕྱོགས་སྔ་མ་ཚིགས་སུ་བཅད་པ་གཅིག་གིས་བཤད་པར་བྱ་བའི་ཕྱིར། གདོད་ནས་གྲུབ་པའི་རང་བཞིན་ཅན། །ངོ་བོ་ཉིད་ཀྱིས་དེ་འགྲུབ་ན། །བསླབ་པའི་སྦྱོར་བས་ཅི་ཞིག་བྱ། །རྟོག་ལས་དེ་བཞིན་ཉིད་མི་སྐྱེ། །ཞེས་བྱ་བ་ 37-1-242b གསུངས་ཏེ། དེ་བཞིན་ཉིད་ནི་ཆོས་ཉིད་དེ་དེ་སྐྱེད་པར་བྱེད་པ་མ་ཡིན་ཏེ་ཐོག་མ་དང་ཐ་མ་མེད་པའི་ཕྱིར་རོ། །དེ་བས་ན་རང་བཞིན་གྱིས་གྲུབ་པ་ཁོ་ན་དེ་ཡིན་ཏེ། རྟོག་པ་ལས་འབྱུང་བ་ནི་མ་ཡིན་ནོ། །ལམ་གྱི་སྒོ་ནས་དེ་བསླབ་ན་རྟོག་པ་ཁོ་ན་ལས་སྐྱེ་བར་འགྱུར་རོ། །འདིའི་ལན་གདབ་པར་བྱ་བའི་ཕྱིར། གང་ ཞིག་དེ་ལྟར་འདིར་རྟོག་ན། །ཡེ་ཤེས་རིམ་པ་སྤངས་པ་ཉིད། །དེ་ཡི་དབྱེ་བ་མི་ཤེས་པས། །སླར་ཡང་སློབ་པར་འགྱུར་བ་ཡིན། །ཞེས་བྱ་བ་གསུངས་ཏེ། བསླབ་པའི་སྦྱོར་བ་མི་དགོས་སོ། །ཞེས་ཁྱོད་ཀྱི་ཚིག་རིགས་པ་མ་ཡིན་ཏེ། སྣང་བ་ལ་སོགས་པ་ཡེ་ཤེས་གསུམ་གྱི་རིམ་པ་ཡོངས་སུ་སྤངས་ནས་ གང་ཟག་གི་རང་བཞིན་གྱིས་གྲུབ་པའི་རིམ་པ་རྟོགས་པ་དེ་རྣམས་དེའི་དབྱེ་བ་ནི་རང་བཞིན་དང་སྣང་བ་རྣམས་ཀྱི་དབྱེ་བ་གང་གི་ཚེ་རང་བཞིན་གང་འབྱུང་བ་དང་། དེའི་འང་རང་བཞིན་གང་ཡིན་ནོ། །ཞེས་དབྱེ་བ་མི་ཤེས་པས་ལས་དང་པོ་པར་འགྱུར་རོ། །དེ་བས་ན་དེ་རྣམས་ཀྱིས་དེའི་དབྱེ་བ་བསླབ་པར་རིགས་ པ་ཡིན་ནོ་ཞེས་པའི་ཐ་ཚིག་གོ། །བསླབ་པ་དེ་ཉིད་བཤད་པར་བྱ་བའི་ཕྱིར། རང་བཞིན་སྣང་བའི་དབྱེ་ཤེས་ཤིང་། །དེ་ཉིད་བཞི་པ་ལ་བརྟེན་ནས། །གང་ཞིག་རྣམ་གསུམ་ལ་སློབ་པ། །དེ་ནི་འབྲས་བུ་མྱུར་ཐོབ་འགྱུར། །ཞེས་བྱ་བ་གསུངས་ཏེ། རང་བཞིན་ནི་བརྒྱ་དྲུག་ཅུ་དང་སྣང་བ་ནི་གསུམ་ སྟེ། དེ་རྣམས་ཀྱི་དབྱེ་བ་ཤེས་པའི་རྣལ་འབྱོར་པས་དེ་ཉིད་བཞི་པ་ལ་བརྟེན་པ་ནི་སེམས་ཀྱི་འོད་གསལ་བའམ། རང་བཞིན་གྱི་འོད་གསལ་བ་ལ་བརྟེན་ནས། དེས་ནི་འབྲས་བུ་མྱུར་ཐོབ་འགྱུར། །ཞེས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་མཚན་ཉིད་མངོན་དུ་བྱེད་པར་འགྱུར་རོ། །དེ་ ཡང་ཇི་ལྟར་ཞེ་ན། གང་ཞིག་རྣམ་གསུམ་ལ་སློབ་པ། །ཞེས་པ་ནི་གལ་ཏེ་སྤྱོད་པ་གསུམ་ལ་སློབ་ན་དེའི་ཚེ་འབྲས་བུ་མངོན་དུ་བྱེད་པ་སྟེ། གཞན་དུ་ནི་མ་ཡིན་ནོ་ཞེས་དགོངས་པའོ། །འདིས་ནི་བསྒོམ་པ་མེད་ན་བྱང་ཆུབ་ཐོབ་པ་མ་ཡིན་ནོ་ཞེས་གྲུབ་པའི་མཐའ་རྣམས་རྣམ་པར་གཞག་གོ། །འདི་ཉིད་ཀྱི་དཔེ་ བསྟན་པར་བྱ་བའི་ཕྱིར། ཇི་ལྟར་ཤིང་ལ་མེ་གནས་པ། །མ་གཙུབས་པར་ནི་འབྱུང་མི་འགྱུར། །དེ་བཞིན་བྱང་ཆུབ་བསླབ་བྲལ་བས། །ཚེ་འདི་ཉིད་ལ་སྣང་མི་འགྱུར། ། ཞེས་བྱ་བ་གསུངས་ཏེ། འདིར་ནི་འབྱུང་བ་ཆེན་པོ་བཞི་བདག་ཉིད་ཀྱི་དངོས་པོ་རྣམས་ཀྱི་ས་ལ་སོགས་པ་ཕན་ཚུན་ཐ་མི་ 37-1-243a དད་པ་ཡིན་ནོ། །དེ་བས་མེའི་ཁམས་ཤིང་གི་ནང་ན་གནས་ན་ཡང་རང་སྣང་བར་མི་འགྱུར་ཏེ། དེ་རུ་ས་ཁོ་ན་སྣང་བ་ཡིན་ནོ། །ཉེ་བར་ལེན་པ་དང་ལྷན་ཅིག་བྱེད་པའི་རྒྱུ་རྣམས་ཕན་ཚུན་ཕན་པར་བྱ་བ་དང་། ཕན་པར་བྱེད་པའི་དངོས་པོར་གནས་པ་སྟེ། གཙོ་བོ་དང་ཡོན་ཏན་གྱི་རང་བཞིན་ དུ་གནས་པ་དང་། ཚོགས་པ་གཅིག་ལ་རག་ལུས་པའི་ཕྱིར་རོ། །དེ་བས་ན་ཤིང་གི་ནང་ན་གནས་ན་མེ་དེ་ནི་མ་གཙུབས་ན་འབྱུང་བར་མི་འགྱུར་ཏེ། དེ་བཞིན་དུ་ཆོས་ཉིད་ཕུང་པོ་ལ་སོགས་པ་ལ་ཁྱབ་པར་བྱེད་པའི་རང་བཞིན་དུ་གནས་ན་ཡང་བསླབ་བྲལ་བ་ནི་བསྒོམ་པ་མེད་ན་སྣང་བར་མི་འགྱུར་རོ། ། དེ་བས་ན་རྫོགས་པའི་རིམ་པ་གནས་པའི་རྣལ་འབྱོར་པས་དེ་ཉིད་རྟོགས་པར་བྱ་བའི་ཕྱིར་བསྒོམ་པའི་ལམ་ལ་གོམས་པར་བྱའོ། །སེམས་ལ་དམིགས་པའི་རིམ་པ་སྦྱིན་པར་བྱ་བའི་སློབ་མ་སྣོད་མ་ཡིན་པ་བརྟག་པར་བྱ་བའི་ཕྱིར། གང་ཞིག་གཡོ་སྒྱུའི་བློ་ལྡན་ལེ་ལོ་ཅན་དག་དང་། །ཉོན་མོངས་བླ་མའི་སྐྱོན་ རྣམས་མཐོང་གི་ཡོན་ཏན་མིན། །བླ་མ་ལ་སྨོད་དབང་སྐུར་ཐོབ་ཅེས་རློམ་སེམས་འགྱུར། །བློ་དམན་སེམས་ལྡན་ཀུན་མཁྱེན་ཡང་དག་འཐོབ་མི་འགྱུར། །ཞེས་བྱ་བ་གསུངས་ཏེ། འདི་ལྟ་བུའི་སློབ་མ་གང་ཡིན་པ་དེ་ནི་སྣོད་མ་ཡིན་ནོ་ཞེས་བསྟན་ཏོ། །དེ་གང་ཡིན་ཞེ་ན། གཡོ་སྒྱུའི་བློ་ལྡན་ནི་སེམས་ དྲང་པོ་མེད་པ་དང་། ལེ་ལོ་ཅན་ནི་དགེ་བའི་ཆོས་ལ་འབད་པ་མེད་པ་དང་། དེ་བཞིན་དུ་བླ་མའི་སྐྱོན་ཁོ་ན་མཐོང་བ་དང་། ཡོན་ཏན་ནི་མན་ངག་དང་མཁས་པ་ཉིད་ལ་སོགས་པ་མཐོང་བ་མ་ཡིན་ནོ། །དེ་བཞིན་དུ་བླ་མ་ལ་སྨོད་པ་ནི་བདག་གི་རྡོ་རྗེ་སློབ་དཔོན་གྱིས་ཅུང་ཟད་མི་ཤེས་ཏེ། བདག་གི་རང་བྱུང་ གི་ཤེས་རབ་ཀྱི་སྟོབས་ཀྱིས་རྒྱུད་ཀྱི་དོན་རྟོགས་པ་སྟེ། བདག་ལ་བླ་མས་ཅང་བྱས་པ་མ་ཡིན་ཏེ་ཞེས་བྱ་བ་བླ་མ་ལ་སྨོད་པའོ། །དེ་བཞིན་དུ་སོ་སོ་སྐྱེ་བོ་བདག་འདྲ་བས་ཐམས་ཅད་མཁྱེན་པ་ཐོབ་པ་མ་ཡིན་ནོ་ཞེས་སློབ་མ་དམན་པ་དང་ལྡན་པའོ། །དེ་བཞིན་དུ་བསྙེན་བཀུར་མེད་པར་མྱུར་དུ་དེ་ཉིད་ཐོབ་ པར་འདོད། །ཡང་དག་ཚིག་མ་ཡིན་ཞེས་ཁྲོ་བཅས་གཡོ་བར་འགྱུར། །ཚོགས་མང་བླ་མ་མཐོང་ན་རྒྱབ་ཀྱིས་ཕྱོགས་པར་བྱེད། །དེ་ནས་དེ་ནི་དབེན་པར་སོང་ནས་ཕྱག་བྱེད་འགྱུར། །ཞེས་བྱ་བ་ནི་གོ་སླའོ། །དེ་བཞིན་དུ། དེ་ལྟར་རང་བཞིན་ངན་གྱུར་དམན་པའི་སློབ་མ་ནི། །རང་གི་བུར་གྱུར་ཡིན་ 37-1-243b ཡང་གཞན་བཞིན་ཡོངས་སུ་སྤང་། །རྒྱལ་རིགས་རྗེའུ་རིགས་མཆོག་ལས་སྐྱེས་གྱུར་པའང་། །བརྟན་པས་ནམ་ཡང་དེ་ནི་དྲུང་དུ་གཞག་མི་བྱ། །ཞེས་བྱ་བ་ནི་རང་བཞིན་ངན་པའི་སློབ་མ་དེ་ལྟ་བུ་རང་གི་བུ་ཡིན་ཡང་སྤང་བར་བྱའོ། །བྲམ་ཟེ་ལ་སོགས་པའི་རིགས་གསུམ་པོ་ལས་འབྱུང་བ་རང་བཞིན་ངན་པ་ཡིན་ ན་སྔ་མ་བཞིན་སྤང་བར་བྱའོ། །འདི་ནི་ཙནྡན་ལྟ་བུའི་གང་ཟག་སྟེ། རྫོགས་པའི་རིམ་པའི་སྣོད་མ་ཡིན་ནོ། །ཇི་སྐད་དུ། ཐོས་པ་ཉུང་ཞིང་ང་རྒྱལ་ལྡན། །རྩ་བ་མེད་པར་མང་དུ་སྨྲ། །རྗེས་སུ་གཟུང་བར་མི་ནུས་པ། །ཙནྡན་ཞེས་བྱའི་གང་ཟག་གོ། །ཞེས་གསུངས་སོ། །རིན་པོ་ཆེ་ལྟ་བུའི་གང་ ཟག་བཤད་པར་བྱ་བའི་ཕྱིར། ཡོན་ཏན་མཆོག་ལྡན་ཡེ་ཤེས་བརྩོན་པར་བཅས་པ་དང་། །ཡང་ན་བླ་མ་ལ་གུས་སངས་རྒྱས་དང་མཉམ་ལྟར། །རྒྱལ་བའི་ཆོས་རྣམས་རྟོགས་ཤིང་བསྟན་ལ་ཤིན་ཏུ་དད། །དེ་འདིར་སྣོད་གྱུར་ཡིན་ཕྱིར་དེ་ལ་དྲིན་སྦྱིན་བྱ། །ཞེས་བྱ་བ་གསུངས་ཏེ། དེ་ལྟ་བུའི་གང་ ཟག་ཡིན་པ་དེ་ནི་རིམ་པ་འདིའི་སྣོད་ཡིན་ནོ། །དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། ཡོན་ཏན་མཆོག་ནི་བྱམས་པ་ལ་སོགས་པ་དང་། དད་པ་ལ་སོགས་པ་སྟེ་དེ་དང་ལྡན་པའོ། །ཡེ་ཤེས་བརྩོན་པར་བཅས་པ་ཞེས་བྱ་བ་ལ། རིགས་པའི་གནས་ལྔ་ལ་རྩོལ་བ་དང་ལྡན་པས་ཡེ་ཤེས་དང་བཅས་པ་དང་། དགེ་ བའི་ཆོས་སྤྱོད་པ་ལ་འབད་པའི་ཕྱིར་བརྩོན་འགྲུས་དང་བཅས་པའོ། །དེ་བཞིན་དུ་བླ་མ་ནི་རྡོ་རྗེ་སློབ་དཔོན་ཏེ་དེ་ལ་སངས་རྒྱས་དང་འདྲ་བར་མཐོང་བ་དང་། དེ་བཞིན་དུ་རྒྱལ་བའི་ཆོས་ནི་སྡེ་སྣོད་གསུམ་སྟེ་དེ་ལ་མཁས་པ་དང་། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་ཅན་གང་ཡིན་པ་དེ་ལ་དྲིན་སྦྱིན་བྱ་བ་ནི་ རིམ་པ་གཉིས་པའི་དོན་བཤད་པར་བྱའོ། །དེ་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་ཡིན་ནོ། །ཇི་སྐད་དུ། ཚུལ་ཁྲིམས་དག་ཅིང་མཁས་ལ་དྲང་། །ཤེས་རབ་ལྡན་ཞིང་རྒྱུད་གཅིག་པ། །ཐོས་ནས་ལེགས་པར་སྟོན་པ་ནི། །རིན་ཆེན་ཞེས་བྱའི་གང་ཟག་གོ། །ཞེས་གསུངས་སོ། །ད་ནི་མདོ་གཅིག་པུ་ ཁོ་ནས་ཨུཏྤལ་ལ་དང་། པདྨ་དཀར་པོ་བཤད་པར་བྱ་བའི་ཕྱིར། རྒྱུད་མང་རབ་ཏུ་ཐོས་ཤིང་ལུང་ལ་ལེགས་སྦྱངས་ཀྱང་། །བླ་མའི་བསྙེན་བཀུར་དམན་ཕྱིར་ལུང་ཐོབ་མ་གྱུར་པ། དེ་ནི་བདག་ཕན་ཙམ་ལའང་དབང་མེད་བསྟན་བཅོས་རྩོད། །དེ་ཡི་བསྟན་བཅོས་སྐྱོ་བའི་རྒྱུ་ཙམ་འབའ་ཞིག་ཡིན། ། 37-1-244a ཞེས་བྱ་བ་གསུངས་ཏེ། རྒྱུད་དང་ལུང་ནི་བྱེ་བྲག་སྨྲ་བ་ལ་སོགས་པ་མང་པོ་སློབ་དཔོན་མང་པོ་ལས་ལན་མང་དུ་ཐོས་ནས་གང་གི་བློ་སྦྱངས་ཀྱང་བདག་རང་མཁས་པ་ཡིན་ནོ་ཞེས་བླ་མ་རྣམས་ལས་མན་ངག་མ་ཐོབ་པ་གང་ཡིན་པ་དེ་ནི་བདག་ལ་ཕན་པ་ཙམ་ཡང་བྱེད་པར་མི་ནུས་ན། གཞན་གྱི་དོན་ལ་སྨོས་ཅི་དགོས། དེ་བས་ན། དེའི་བསྟན་བཅོས་སྐྱོ་བའི་རྒྱུ་ཙམ་ཡིན་ཏེ། བསྟན་བཅོས་ལ་རྩོད་པའི་ཕྱིར་རོ། །དེའི་ཕྱིར་དེ་ནི་རང་དང་གཞན་གྱི་དོན་ལས་འདས་པར་འགྱུར་ཏེ་ངག་གི་དོན་ཏོ། །ཇི་སྐད་དུ། དེ་ནི་མ་ལུས་དོན་ཐོས་ནས། །འཛིན་པ་ལ་ནི་རྣམ་པར་མཁས། །སྐད་ཅིག་ གིས་ནི་བརྗོད་གྱུར་པ། །ཨུཏྤལ་ཞེས་བྱའི་གང་ཟག་གོ། །གཟུང་བྱ་ལྷག་པར་མང་ཐོས་ཀྱང་། །སྟོན་པ་ཡི་ནི་ནུས་པ་མེད། །བུམ་པའི་རས་བལ་ས་བོན་འདྲ། །པདྨ་ཞེས་བྱའི་གང་ཟག་གོ། །ཞེས་བྱ་བ་གསུངས་ཏེ། སློབ་མའི་བཤད་པ་ལ་སྣོད་དུ་གྱུར་པ་ཡང་རིན་པོ་ཆེའི་གང་ཟག་བཤད་ པར་བྱ་བའི་ཕྱིར། རྒྱུད་མང་ཐོས་ཤིང་ཤེས་ལྡན་གནས་དྲུག་ཤེས་པ་དང་། །དྲན་དང་བློ་གྲོས་བརྟན་བློ་བརྩོན་པ་ཕུན་ཚོགས་ལྡན། །བླ་མའི་ཞབས་བཀུར་བཅས་ཤིང་དེ་ཉིད་ལུང་ཐོབ་དང་། །རྒྱུད་རྒྱལ་མན་ངག་དེ་ཡིས་བསྟན་པར་འོས་པ་ཡིན། །ཞེས་བྱ་བ་གསུངས་ཏེ། རིན་པོ་ཆེ་ལྟ་བུའི་ གང་ཟག་སྟེ། དེ་ཡིས་རྒྱུད་ཀྱི་རྒྱལ་པོའི་མན་ངག་གཞན་ལ་བསྟན་པར་ནུས་པ་ཡིན་ནོ། །སྔར་ནི་མན་ངག་གི་སྣོད་དུ་གྱུར་པ་དེ་རང་བསྟན་པས། ཚིགས་སུ་བཅད་པ་འདིས་གཞན་གྱི་དོན་དེས་བྱ་བར་རིགས་པའོ་ཞེས་བཤད་དོ། །དེ་ཡང་ཇི་ལྟ་བུ་ཞེ་ན། རྒྱུད་མང་པོ་ཐོས་ནས་མཐའ་དྲུག་གི་དབྱེ་བས་རྒྱུད་ བཤད་པར་ནུས་པ་དང་། ཡེ་ཤེས་ལྡན་པ་ནི་དེ་ཁོ་ན་ཉིད་རྟོགས་པ་དང་། དེ་བཞིན་དུ་དྲན་པ་ལ་སོགས་པའི་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་དང་ལྡན་པ་དང་། བླ་མའི་ཞབས་བཀུར་བས་གང་གིས་མན་ངག་ཐོབ་པའོ། །བསོད་ནམས་ཡོངས་སུ་བསྔོ་བ་བཤད་པར་བྱ་བའི་ཕྱིར། །འཕགས་ པ་རྡོར་ཅན་དྲིན་གྱིས་རྒྱུད་རྣམས་མང་པོ་ཐོས། །གསལ་རྣམས་སྤྲོས་པའི་ཚིག་གིས་བྱང་ཆུབ་ལམ་ནི་རྣམ་ཕྱེ་བས། །ཤཱཀྱའི་བཤེས་གཉེན་གྱིས་ནི་དགེ་བ་གང་བསགས་དེས། ། མཁས་ཤིང་གསལ་བའི་རྣམ་སྨིན་བྱང་ཆུབ་སྣོད་གྱུར་ཤོག །ཅེས་བྱ་བ་གསུངས་ཏེ། འཕགས་པའི་ལམ་ནི་ 37-1-244b རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་ལམ་འདི་རྣམ་པར་ཕྱེ་ནས། བདག་གིས་དགེ་བ་གང་ཐོབ་པ་དེས་སེམས་ཅན་ཐམས་ཅད་བྱང་ཆུབ་སྣོད་གྱུར་པ་ནི་ཟུང་འཇུག་གི་གོ་འཕང་ལ་བརྟེན་པར་གྱུར་ཅིག་པའོ། །བདག་གི་ཇི་ལྟ་བུ་ཞེ་ན། གང་གི་འཕགས་པ་རྡོ་རྗེ་ཅན་གྱི་དྲིན་ནི་རྨི་ལམ་དུ་མཐོང་བའི་རྡོ་རྗེ་འཆང་ཆེན་ པོའི་གནང་བའི་རྗེས་སུ་གཟུང་བས། རྒྱུད་མང་པོ་ཐོས་ནས་མཁས་པར་གྱུར་ཏེ། གསལ་བའི་ཚིག་གིས་ལམ་འདི་ཕྱེ་བའོ། །དེ་བས་ན་སེམས་ཅན་ཀུན་ཡང་མཁས་པར་གྱུར་པ་གསལ་བའི་རྣམ་པར་སྨིན་པས་བྱང་ཆུབ་ཐོབ་པའི་སྣོད་དུ་གྱུར་ཅིག་ཅེས་པ་ནི་ཡོངས་སུ་བསྔོ་བའོ། །ཤཱཀྱའི་བཤེས་ གཉེན་ཞེས་བྱ་བ་ནི་སློབ་དཔོན་གྱིས་རབ་ཏུ་དགྱེས་པའི་མཚན་ཏེ། དངོས་གྲུབ་ཀྱི་མཚན་ནི་ཀླུ་སྒྲུབ་ཅེས་པའོ། །ཁ་ཅིག་ན་རེ། སློབ་དཔོན་ཉིད་ཀྱི་སློབ་མ་ཤཱཀྱ་བཤེས་གཉེན་ཞེས་བྱ་བ་སྟེ། སློབ་དཔོན་ཉིད་ཀྱིས་མཛད་པའི་རབ་ཏུ་བྱེད་པ་ལ་སློབ་མའི་མིང་འཇོག་པ་ནི་ཤིན་ཏུ་དགྱེས་པའི་ཕྱིར་རོ། །དེའི་ ཕྱོགས་སུ་དོན་ནི་འཕགས་པ་རྡོར་ཅན་ཞེས་བྱ་བ་ལ་འཕགས་པ་ཡང་ཡིན་ལ་རྡོ་རྗེ་ཅན་ཡང་ཡིན་པས་འཕགས་པ་རྡོར་ཅན་ནི་ཀླུ་སྒྲུབ་སྟེ། དེའི་དྲིན་གྱིས་རྒྱུད་མང་པོ་ཐོས་པ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ཐམས་ཅད་དག་ཅིང་རྣམ་པར་དག་པ་ཞེས་པ་ནི་ཐམས་ཅད་ནི་རང་བཞིན་དང་སྣང་བ་ རྣམས་ཀྱི་རིམ་པས་རང་བཞིན་ཡོངས་སུ་ཤེས་པས། བླ་ན་མེད་པ་ནི་མཆོག་ཏུ་གྱུར་པ་དགོངས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བས་ན་སེམས་རྣམ་པར་དག་པའི་རིམ་པ་ཞེས་བྱ་བའི་ཚིག་གི་དོན་ཏོ། །རིམ་པ་ལྔ་པའི་འགྲེལ་པ་རིམ་པའི་དོན་གསལ་བར་བྱེད་པ་ཞེས་བྱ་བ་ལས། སེམས་ ལ་དམིགས་པའི་རིམ་པ་སྟེ་གཉིས་པའོ།། །།ད་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་རྩོམ་པའི་དང་པོར་བཅོམ་ལྡན་འདས་རྡོ་རྗེ་འཆང་ལ་ཕྱག་འཚལ་བའི་ཕྱིར། རྡོ་རྗེ་ཅན་རྣམས་ཀུན་གྱི་གཙོ། །རྡོ་རྗེ་ཆེ་ལ་ཕྱག་འཚལ་ཏེ། །བདག་ལ་བྱིན་གྱིས་བརླབ་པ་ཉིད། །བརྩེ་བས་བདག་གིས་ བཤད་པར་བྱ། །ཞེས་བྱ་བ་གསུངས་ཏེ། སྔར་དོན་བཤད་པའི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་བདག་གིས་བཤད་པར་བྱ་ཞེས་པ་ཚིག་གི་འབྲེལ་པའོ། །དེ་ཡང་རྒྱུ་གང་གིས་ཤེ་ན་བརྩེ་བས་ཞེས་པ་ནི་ཐུགས་རྗེའི་དབང་གིས་སོ། །དེ་གང་གི་ཕྱིར་རིམ་པ་འདི་ལ་ནི་ཐུགས་རྗེ་ཁོ་ན་རྩ་བའི་ 37-1-245a རྒྱུ་ཡིན་ཏེ། གཞན་དུ་ན་སེམས་ལ་དམིགས་པའི་རིམ་པ་ལ་ཞུགས་པས་སླར་ཡང་ལྷའི་རྣམ་པ་ཡོངས་སུ་གཟུང་བ་དགོས་པ་མེད་པའི་ཕྱིར་རོ། །དགོས་པ་ནི་སེམས་ཅན་གྱི་དོན་དང་། ཆད་པའི་ཕྱོགས་ཡོངས་སུ་སྤངས་པ་དང་། སྔོན་གྱི་སྨོན་ལམ་འབྲས་བུ་དང་ལྡན་པ་སྟེ་དེ་ཉིད་ བརྩེ་བ་ཞེས་བཤད་པའོ། །ཅི་བྱས་ནས་བཤད་པར་བྱ་ཞེ་ན། རྡོ་རྗེ་འཆང་ལ་ཕྱག་འཚལ་ཏེ། །ཞེས་པ་ནི་དེ་བཞིན་གཤེགས་པ་དྲུག་པ་ལ་ཕྱག་འཚལ་ནས་སོ། །ཇི་ལྟ་བུ་ཡིན་ཞེ་ན། རྡོ་རྗེ་ཅན་ཀུན་ནི་དེ་བཞིན་གཤེགས་པ་ལྔ་སྟེ། དེ་རྣམས་ཀྱི་གཙོ་བོ་ནི་བདག་པོའི་བདག་པོ་ཉིད་ཀྱང་ཆོས་ཉིད་ཀྱི་རང་ བཞིན་ཏེ། འདི་ཡིས་རིམ་པ་འདི་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ཡིན་ཞེས་བསྟན་ཏོ། །དེ་སྒྲ་ཇི་བཞིན་པའོ། །དབང་བསྐུར་ཐོབ་པའི་སློབ་མ་ལ་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་སྟོན་པ་ཡིན་ཏེ། གཞན་ལ་ནི་མ་ཡིན་ནོ་ཞེས་བཤད་པར་བྱ་བའི་ཕྱིར་དེ་ལ་དང་པོར་བསྐྱེད་པའི་རིམ་པའི་རྗེས་སུ་ འབྲངས་ནས། དབང་བསྐུར་བ་ཐོབ་ཅིང་རྒྱུད་རྣམ་པ་བཞིའི་དགོངས་པ་ཤེས་པས་ཤེས་རབ་དང་ལྡན་ཞིང་ལུས་དང་། ངག་དང་ཡིད་རྣམ་པར་དབེན་པའི་ཐོས་པ་འཛིན་པ། བདེན་པ་རྣམ་གཉིས་ལ་ལྷག་པར་མོས་པ། རྡོ་རྗེ་སློབ་དཔོན་ཡང་དག་པར་མཉེས་པར་བྱས་ཏེ། དེའི་འོག་ཏུ་བླ་མ་མཉེས་པར་ གྱུར་ནས་ཚོགས་ཀྱི་མཆོད་པ་ཆེན་པོ་བྱས་ལ། ལོ་བཅུ་དྲུག་པ་རྡོ་རྗེ་སློབ་དཔོན་ཆེན་པོ་ལ་ཕུལ་ཏེ། དེའི་འོག་ཏུ་བླ་མའི་ཞལ་ནས་བདག་ལ་བྱིན་གྱིས་བརླབ་པ་མངོན་དུ་ཐོབ་ནས་དེའི་འོག་ཏུ་ཕྲེང་བ་དང་། ཆུ་དང་། རྫོགས་པའི་སངས་རྒྱས་དང་། རྡོ་རྗེ་དང་། དྲིལ་བུ་སྦྱིན་པ་དང་། མེ་ལོང་དང་། མིང་ དང་། སློབ་དཔོན་དང་། རྗེས་སུ་གནང་བ་སྟེ། དེ་དག་དང་བཅས་པར་གསང་བའི་དབང་བསྐུར་བ་ཐོབ་ནས། བསྟོད་པ་འདིས་བླ་མ་ལ་བསྟོད་པར་བྱའོ་ཞེས་བྱ་བ་གསུངས་ཏེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་ཐོབ་པའི་ཕྱིར། སློབ་མ་འདི་ལྟ་བུས་བླ་མ་ལ་བསྟོད་པར་བྱའོ་ཞེས་ ཚིག་གི་འབྲེལ་པའོ། །སློབ་མ་ཇི་ལྟ་བུ་ཞེ་ན། དང་པོ་བསྐྱེད་པའི་རྗེས་སུ་འབྲངས་ནས་དབང་བསྐུར་ཐོབ་པ་ཞེས་པ་ནི་དམ་ཚིག་དང་སྡོམ་པ་གཟུང་བ་སྔོན་དུ་འགྲོ་བའི་མི་བསྐྱོད་པ་ལ་སོགས་པའི་རང་བཞིན་གྱིས་ཆུ་ལ་སོགས་པའི་དབང་རྣམས་ཀྱི་དབང་བསྐུར་བ་ཐོབ་པ་ནི་རིག་པའི་དབང་བསྐུར་བ་ 37-1-245b པའོ་ཞེས་སྟོན་པའོ། །ཕྱིར་མི་ལྡོག་པའི་དབང་བསྐུར་བ་ཡང་བསྐྱེད་པའི་རིམ་པའི་དབང་བསྐུར་བ་ཡིན་ཏེ། དེ་ཡང་ཐོབ་པའོ་ཞེས་ཤེས་པར་བྱའོ། །དེ་བཞིན་དུ། རྒྱུད་རྣམ་པ་བཞིའི་དགོངས་པ་ཤེས་པ་ཞེས་བྱ་བ་ནི། བྱ་བ་དང་། སྤྱོད་པ་དང་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་རྒྱུད་རྣམས་ ཀྱི་དགོངས་པ་གང་ཡིན་པ་དེ་ཤེས་པ་དང་། ཤེས་རབ་དང་ལྡན་པ་ནི་རིགས་པ་སོ་སོར་ཐོབ་པའི་ཤེས་རབ་དང་ལྡན་པའི་གང་ཟག་སྟེ། ཆོས་ལ་དམིགས་པ་ལས་བྱུང་བའི་ཤེས་རབ་དང་ལྡན་པའི་ཙནྡན་ལྟ་བུ་ལ་སོགས་པའི་གང་ཟག་ནི་མ་ཡིན་ནོ། །དེ་གང་གི་ཕྱིར། ཆོས་ཉིད་སོ་སོར་ཐོབ་པའི་ཤེས་ རབ་ནི་རྡོ་རྗེ་ཐེག་པ་པ་རྣམས་ཀྱི་ཡིན་ཏེ། སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱི་ནི་མ་ཡིན་ནོ་ཞེས་དགོངས་པའོ། །དེ་བཞིན་དུ་ལུས་དང་། ངག་དང་། ཡིད་རྣམ་པར་དབེན་པའི་ཐོས་པ་འཛིན་པ་ཞེས་པ་ནི་ལུས་རྣམ་པར་དབེན་པ་ནི་ཏིང་ངེ་འཛིན་གསུམ་སྔོན་དུ་འགྲོ་བ་རིགས་བརྒྱའི་དབྱེ་བའི་བར་དུའོ། ། ངག་རྣམ་པར་དབེན་པ་ནི་རྡོ་རྗེ་བཟླས་པ་དང་། ཡིད་རྣམ་པར་དབེན་པ་ནི། སེམས་ལ་དམིགས་པ་སྟེ། དེ་རྣམས་ཀྱི་ཐོས་པ་འཛིན་པ་དེ་ནི་ཐོས་པ་ཙམ་འཛིན་པ་སྟེ། སློབ་པའི་ལམ་ལ་གནས་པའི་ཕྱིར་མངོན་དུ་བྱེད་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བདེན་པ་རྣམ་པ་གཉིས་ལ་ལྷག་ པར་མོས་པ་ཞེས་བྱ་བ་ལ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཀུན་རྫོབ་ཀྱི་བདེན་པ་དང་། འོད་གསལ་བ་དོན་དམ་པའི་བདེན་པ་སྟེ་དེ་གཉིས་ལ་ལྷག་པར་མོས་པ་ནི་སྒྱུ་མའི་སྐུ་དང་། འོད་གསལ་ལ་གཉིས་སུ་མེད་པར་བྱེད་པ་ལ་མོས་པ་དང་ལྡན་པ་སྟེ། ཟུང་འཇུག་གི་རིམ་པ་ཐོབ་པའི་ཕྱིར་མོས་པ་དང་ལྡན་པའོ། ། ཞེས་བྱ་བའི་དོན་ཏོ། །སློབ་མ་དེ་ལྟ་བུས་རྡོ་རྗེ་སློབ་དཔོན་ཡང་དག་པར་མཉེས་པ་ནི་བཀུར་སྟི་ལ་སོགས་པས་ཐུགས་དགྱེས་པར་བྱས་ལ། དེ་ནས་བླ་མ་དེ་ལ་ཚོགས་ཀྱི་འཁོར་ལོའི་ནང་དུ་མཆོད་པ་བྱའོ། ། མཆོད་པ་དེ་ཡང་རྒྱུད་གཞན་ལས་རྟོགས་པར་བྱའོ། །ལོ་བཅུ་དྲུག་པ་ཕུལ་བ་ནི་ཉེ་བར་མཚོན་པ་ ཙམ་ཡིན་ཏེ། ལོ་བཅུ་གཉིས་པ་དང་། ལོ་ཉི་ཤུ་པ་ཡང་རིགས་ཀྱི་དབྱེ་བ་དེ་ལ་དབུལ་བར་བྱའོ་ཞེས་ངག་གི་དོན་ཏོ། །དེ་ནས་བླ་མས་སློབ་མ་དེ་ལ་གསང་བ་དང་ཤེས་རབ་དང་ཤེས་རབ་ཡེ་ཤེས་སྦྱིན་ལ་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་བསྟན་པར་བྱའོ། །འདིས་ནི་འདི་ལྟར་བཤད་པ་ཡིན་ཏེ། 37-1-246a སློབ་མ་གང་གིས་སློབ་དཔོན་དང་། གསང་བ་དང་ཤེས་རབ་དང་།ཤེས་རབ་ཡེ་ཤེས་ཞེས་བྱ་བའི་དབང་བཞི་པོས་དབང་བསྐུར་བ་དང་། རྗེས་སུ་གནང་བ་དེ་ལ་བདག་ལ་བྱིན་གྱིས་བརླབ་པ་བསྟན་པར་བྱ་སྟེ། གཞན་ལ་ནི་མ་ཡིན་ནོ་ཞེས་དགོངས་པའོ། །འདིར་ནི་བསྐྱེད་པའི་ རིམ་པའི་རྣལ་འབྱོར་པ་གང་རང་གི་དོན་འདོད་པ་དེ་ལ་དབང་བསྐུར་བ་ལྔ་སྦྱིན་པར་བྱ་སྟེ། གཞན་གྱི་དོན་ལ་འཇུག་ན་དེ་ལ་སློབ་དཔོན་གྱི་དབང་སྦྱིན་པར་བྱའོ། །རྫོགས་པའི་རིམ་པ་འདོད་ན་སྔར་བཤད་པ་གཉིས་དང་ཕྱི་མ་གཉིས་དེ་ལ་སྦྱིན་པར་བྱའོ་ཞེས་དགོངས་པའོ། །རིམ་པ་གཉིས་ཀྱི་རྣལ་འབྱོར་ པ་རྣམས་ལ་དབང་བསྐུར་བ་བཞི་ཡང་སྦྱིན་པར་བྱའོ། །དེ་གང་གི་ཕྱིར་བསྐྱེད་པའི་རྣལ་འབྱོར་པས་ཀྱང་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་གྱི་ཕྱོགས་སུ་ཕྱག་རྒྱ་ལ་བརྟེན་པ་ཁོ་ན་ཡིན་ཏེ། དེ་མེད་ན་དཀྱིལ་འཁོར་རྫོགས་པར་མི་འགྱུར་བའི་ཕྱིར་རོ། །རྫོགས་པའི་རིམ་པ་ནི་སློབ་མ་དེ་ལ་ བཤད་པར་མི་བྱ་སྟེ་དེ་ལ་མོས་པ་མེད་པའི་ཕྱིར་རོ། །དེའི་འོག་ཏུ་བླ་མའི་ཞལ་ནས་བདག་ལ་བྱིན་གྱིས་བརླབ་པའི་མན་ངག་ཐོབ་ནས་ཞེས་བྱ་བ་ནི། སློབ་མ་དེ་ལྟ་བུ་ལ་བླ་མས་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་བཤད་པར་བྱའོ་ཞེས་སྟོན་ཏོ། །དེའི་འོག་ཏུ་ཕྲེང་བ་ཞེས་བྱ་བ་ལ་སོགས་པས་ སྔར་བཤད་པའི་དོན་ཁོ་ན་བསྟན་པ་ཡིན་ནོ། །ཕྲེང་བ་དང་ཆུ་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །རྫོགས་པའི་སངས་རྒྱས་ནི་སངས་རྒྱས་ལྔའི་རང་བཞིན་གྱི་དབང་བསྟན་པའོ། །གསང་བའི་དབང་བསྐུར་བ་ཐོབ་ནས་ཞེས་བྱ་བ་ནི་གསང་བ་ནི་རྣམ་པ་གསུམ་སྟེ། ངག་དང་། ཡིད་དང་། ཡེ་ཤེས་ ཀྱི་གསང་བའོ། །དེ་ལ་ངག་གི་གསང་བ་ནི་བྱང་ཆུབ་ཀྱི་སེམས་ལ་སྤྱོད་པ་དང་། ཡིད་ཀྱི་གསང་བ་ནི་ཤེས་རབ་ཀྱི་དབང་བསྐུར་བ་དང་། ཡེ་ཤེས་ཀྱི་གསང་བ་ནི་ཤེས་རབ་ཡེ་ཤེས་ཏེ་དེ་ནི་བླ་མའི་མན་ངག་ལས་མཚོན་པར་བྱའོ། །དེ་རྣམས་ཐོབ་ནས་བླ་མ་དེ་དགྱེས་པར་བྱ་བའི་ཕྱིར་བསྟོད་པ་བཤད་ པར་བྱ་བའི་ཕྱིར། ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ཤ་དང་རུས་པ་ཁྲག་ཀྱང་མེད། །ནམ་མཁའ་ལ་ནི་འཇའ་ཚོན་ལྟར། །ཁྱེད་ཀྱི་སྐུ་ནི་སྟོན་པར་མཛད། །ཅེས་བྱ་བ་གསུངས་ཏེ། རེ་ཞིག་རྣམ་པར་སྣང་མཛད་ཀྱི་རང་བཞིན་གྱིས་བསྟོད་པ་ཡིན་ནོ། །དེ་ལ་ཁྱོད་ཀྱི་སྐུ་གང་ཡིན་པ་དེ་ལ་ཁོང་སྟོང་ལ་སོགས་པ་ཡོད་པ་མ་ 37-1-246b ཡིན་ཏེ། སྐུའི་རྡོ་རྗེའི་རང་བཞིན་ཡིན་པའི་ཕྱིར་རོ། །འོ་ན་དེ་རྣམས་མེད་དེ་ཇི་ལྟར་སྣང་བར་འགྱུར་ཞེ་ན། ནམ་མཁའ་ལ་ནི་འཇའ་ཚོན་ལྟར། །ཞེས་བྱ་བ་ལ་ཇི་ལྟར་ནམ་མཁའ་ལ་ཁ་དོག་ལྔ་དང་ལྡན་པའི་བརྒྱ་བྱིན་གྱི་གཞུ་སོ་སོར་སྣང་བའི་ཕྱིར། མེད་པ་གཉིས་ལས་འདས་པ་དང་། །མཐོང་བ་ ཙམ་གྱིས་འཇིག་པའི་ཕྱིར། །ཡོད་པ་གཉིས་ལས་འདས་པ་སྟེ། །དེ་བཞིན་དུ་ཁྱོད་ཀྱི་སྐུ་སེམས་ཅན་གྱི་དོན་དུ་སྟོན་པར་མཛད་པའོ་ཞེས་ངག་གི་དོན་ཏོ། །སྣང་བ་མཐའ་ཡས་ཀྱི་སྒོ་ནས་བསྟོད་པ་བཤད་པར་བྱ་བའི་ཕྱིར། སྐུ་ལ་སྙུན་མེད་མི་གཙང་མེད། །བཀྲེས་དང་སྐོམ་པ་འབྱུང་མེད་ཀྱང་། ། ཁྱེད་ནི་འཇིག་རྟེན་རྗེས་འཇུག་ཕྱིར། །འཇིག་རྟེན་བྱ་བ་སྟོན་པར་མཛད། །ཅེས་བྱ་བ་གསུངས་ཏེ། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པས། ཁྱེད་ཀྱི་སྐུ་ལ་སྙུན་པ་ལ་སོགས་པ་མ་ཡིན་ནོ། །དེ་གང་གི་ཕྱིར་སོ་སོར་རྟོག་པའི་ཡེ་ཤེས་ནི་ཡང་དག་པའི་རྣམ་པར་དཔྱད་པའི་བདག་ ཉིད་དེ། དེའི་གཙང་བ་དང་མི་གཙང་བ་ལ་སོགས་པའི་ཆོས་རྣམས་འགྲུབ་པ་མ་ཡིན་ཏེ། རང་བཞིན་གྱིས་འོད་གསལ་བའི་ཕྱིར་རོ། །འཇིག་རྟེན་རྗེས་སུ་འཇུག་པའི་ཕྱིར། །འཇིག་རྟེན་གྱི་བྱ་བ་ཁྱེད་ཀྱིས་སྟོན་པར་མཛད་པ་སྟེ། དེ་ནི་གསུང་གི་རང་བཞིན་གྱི་སྣང་བ་མཐའ་ཡས་བསྟན་ པ་ཡིན་ནོ། །རིན་ཆེན་འབྱུང་ལྡན་གྱི་སྒོ་ནས་བསྟོད་པ་བཤད་པར་བྱ་བའི་ཕྱིར། ཆུ་ཟླ་བཞིན་དུ་གཟུང་དུ་མེད། །ཆོས་རྣམས་ཀུན་ལ་གནས་པ་མེད། །ང་རྒྱལ་མེད་ཅིང་རྨོངས་མི་མངའ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་གསུངས་ཏེ། ཁྱོད་ལ་ཕྱག་འཚལ་ལོ་ཞེས་ ཚིག་གི་འབྲེལ་པའོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། ཆུ་ཟླ་ནི་ཆུའི་ནང་ན་གནས་པའི་གཟུགས་བརྙན་གྱི་ཟླ་བ་བཞིན་དུ་གཟུང་དུ་མེད་པ་ནི་སྒྱུ་མའི་རང་བཞིན་ལྟ་བུའོ་ཞེས་ཚིག་གི་འབྲེལ་པའོ། །དེ་བཞིན་དུ་ཆོས་རྣམས་ཀུན་ནི་ཕུང་པོ་ལ་སོགས་པ་སྟེ། དེ་ལ་གནས་པ་མེད་པ་ནི་ཆགས་པ་མི་མངའ་སྟེ། ནམ་མཁའི་ཁམས་ཀྱི་རང་བཞིན་ནོ། །ང་རྒྱལ་མེད་པ་ནི་ང་རྒྱལ་གྱི་རྣམ་པར་དག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །རྨོངས་པ་མི་མངའ་ཞེས་ནི་གཏི་མུག་རྣམ་པར་དག་པའི་རང་བཞིན་ཏེ། གཏི་མུག་དང་ང་རྒྱལ་རང་བཞིན་གཅིག་ཡིན་པའི་ཕྱིར་རོ། །དེ་གང་གི་ཕྱིར་ང་རྒྱལ་ནི་གཏི་ 37-1-247a མུག་ལས་འབྱུང་བའི་ཕྱིར་རོ། །སྤྱོད་པ་བསྡུས་པའི་སྒྲོན་མ་ལས་ཀྱང་ང་རྒྱལ་ནི་གཏི་མུག་གི་རིགས་ལ་བསྡུ་བར་བྱའོ་ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་ཁྱོད་དམིགས་པ་མེད་པ་སྟེ་ནམ་མཁའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཡང་གང་གི་ཕྱིར་ནམ་མཁའ་ལ་ནི་དམིགས་པ་ གང་ཡང་མེད་དོ་ཞེས་སྟོན་ཏོ། །དོན་ཡོད་གྲུབ་པའི་སྒོ་ནས་བསྟོད་པ་བཤད་པར་བྱ་བའི་ཕྱིར། གཤེགས་དང་བཞུགས་དང་དེ་བཞིན་གཟིམས། །སྤྱོད་ལམ་དག་ནི་ཐམས་ཅད་དུ། །ཁྱེད་ནི་རྟག་ཏུ་མཉམ་བཞག་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་གསུངས་ཏེ། གཤེགས་ པ་ལ་སོགས་པ་སྤྱོད་ལམ་གང་ཡིན་པ་དེ་རྣམས་ཐམས་ཅད་དུ་ཁྱེད་ནི་རྟག་ཏུ་མཉམ་པར་གཞག་པ་སྟེ། དེ་བས་ན་ཁྱེད་དམིགས་མེད་ནི་དེ་རྣམས་མི་དམིགས་པའི་ཕྱིར་རོ། །འདིས་ནི་བྱ་བ་ནན་ཏན་གྲུབ་པའི་རང་བཞིན་དོན་ཡོད་པའི་བདག་ཉིད་ཁྱོད་ལ་ཕྱག་འཚལ་བ་བསྟན་ཏོ། །མི་བསྐྱོད་པའི་སྒོ་ ནས་བསྟོད་པ་བཤད་པར་བྱ་བའི་ཕྱིར། སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །རྫུ་འཕྲུལ་ཆེ་ལ་རྣམ་འཕྲུལ་ཞིང་། །སྣ་ཚོགས་མིན་ལ་རབ་འཇུག་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་གསུངས་ཏེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནི་གཅིག་དང་། དུ་མ་དང་། ཡོད་པ་དང་། མེད་པ་ གཉིས་ལས་འདས་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དེའི་རྣམ་པར་འཕྲུལ་པ་ནི་འགྲོ་བའི་དོན་ལ་མཛད་པ་འཇུག་པའོ། །འདི་གཅིག་པུར་མ་ཟད་ཀྱི་སྲིད་པའི་རྫུ་འཕྲུལ་ཆེན་པོའི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་པོར་འགྱུར་ཞིང་ལྷ་སུམ་ཅུ་རྩ་གསུམ་སྤྲོ་ཞིང་རྣམ་འཕྲུལ་ནི་རྣམ་པར་མཛེས་པའོ། ། སྣ་ཚོགས་མིན་ལ་སྙོམས་འཇུག་པ། །ཞེས་པ་ནི་དཀྱིལ་འཁོར་པ་སོ་སོར་སྣང་བའི་དབྱེ་བ་ཡོད་ན་ཡང་སྣ་ཚོགས་པ་མ་ཡིན་ཏེ། དོན་དམ་པའི་དཀྱིལ་འཁོར་གྱི་དུས་སམ། བྱ་བ་བྱས་པའི་འོད་དུ་ཞུ་བའི་སྐབས་སུ་གཅིག་ཏུ་གྱུར་པའི་ཕྱིར་རོ། །རྒྱུ་འདི་ཉིད་ཀྱིས་དམིགས་པ་མེད་པ་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་རིགས་བརྒྱའི་དབྱེ་བ་ཤེས་ནས་ལུས་རྣམ་པར་དབེན་པ་རྟོགས་ནས་དམིགས་པ་མེད་པའོ། །ཡང་ན་དམིགས་པ་ནི་འཇུག་པ་ལ་སོགས་པ་དང་། མེའི་དཀྱིལ་འཁོར་ལ་སོགས་པ་སྟེ། དེ་རྣམས་མ་ནིང་གི་བཟླས་པས་འོད་གསལ་བ་ཉིད་དུ་མཛད་པས་དམིགས་པ་མེད་པའོ། ། 37-1-247b ཡང་ན་རང་བཞིན་གྱི་སྣང་བ་དང་། རླུང་དང་། རྣམ་པར་ཤེས་པ་གསུམ་པོ་ཐམས་ཅད་རྟོགས་པ་དང་། སྣང་བ་མེད་པར་མཛད་པས་ན་དམིགས་པ་མེད་པ་སྟེ། འདིས་ནི་ལུས་ངག་ཡིད་རྣམ་པར་དབེན་པ་རྟོགས་པས་མི་བསྐྱོད་པའི་རང་བཞིན་ཁྱོད་ལ་ཕྱག་འཚལ་བ་བསྟན་ཏོ། །བསྟོད་པ་བྱས་ནས་གསོལ་ བ་གདབ་པར་བྱ་བའི་ཕྱིར། དེ་ལྟར་རྡོ་རྗེ་སློབ་དཔོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ནི་སྔར་བཤད་པའི་ཡང་དག་པའི་བསྟོད་པའི་སྒོ་ནས་བསྟོད་ལ། སླར་ཡང་འོག་ནས་བཤད་པར་འགྱུར་བའི་ཚིགས་སུ་བཅད་པ་གཉིས་ཀྱིས་རིམ་པ་གསུམ་པ་ཐོབ་པར་བྱ་བའི་ཕྱིར། རྡོ་རྗེ་སློབ་དཔོན་ ལ་གསོལ་བ་གདབ་པར་བྱའོ། །ཚིགས་སུ་བཅད་པ་དེ་དག་བཤད་པར་བྱ་བའི་ཕྱིར། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གྱིས། །གཙོ་བོས་བདག་ལ་བཀའ་དྲིན་གསོལ། །ཁྱོད་ཞབས་པདྨ་སྤངས་ནས་ནི། །གཙོ་བོ་གཞན་ ལ་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་ཐུབ་ཆེན་གྱིས། །དེ་བས་སངས་རྒྱས་མཆོག་དྲིན་གསོལ། །ཞེས་བྱ་བ་གསུངས་ཏེ། བདག་ལ་བཤད་པའི་རིན་ཆེན་གྱིས་བཀའ་དྲིན་གསོལ་ཅིག་ཅེས་པ་ནི་ཚིག་གི་འབྲེལ་པའོ། །བཤད་པ་ནི་རིམ་པ་གསུམ་པ་ཇི་ལྟ་བ་བཞིན་དུ་གསལ་བར་གྱུར་ པ་སྟེ། དེ་ཉིད་འདོད་པ་ཐམས་ཅད་རྫོགས་པར་བྱེད་པའི་ཕྱིར་དང་རིན་ཐང་མེད་པའི་ཕྱིར་རིན་ཆེན་ནོ། །ཁྱོད་ཇི་ལྟ་བུ་ཡིན་ཞེ་ན། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །ཞེས་བྱ་བ་ལ། ཀུན་མཁྱེན་ཡེ་ཤེས་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་སྟེ། དེ་རྣམས་ཀྱི་ཕུང་པོ་ནི་ཅིག་ཅར་དུ་ འདུས་པ་སྟེ་དེས། སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །ཞེས་པ་ནི་ཡོད་པ་དང་། མེད་པ་ལ་སོགས་པའི་དབྱེ་བས་དབྱེ་བར་གྱུར་པའི་སྲིད་པའི་འཁོར་ལོ་སྦྱོང་བ་ནི་དེའི་རང་བཞིན་ཡོངས་སུ་ཤེས་པར་མཛད་པའོ། །གཙོ་བོ་ནི་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ཏེ་དྲུག་པའོ། །ཁྱོད་ཞབས་པདྨ་ སྤངས་ནས་ནི། །ཞེས་བྱ་བ་ལ་སོགས་པ་ལ། ཁྱོད་ཀྱི་ཞབས་ཀྱི་པདྨ་ཡོངས་སུ་སྤངས་ནས་བདག་ལ་སྐྱབས་ནི་བརྟེན་པའི་གནས་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་བཀའ་དྲིན་གསོལ་ཅིག་པའོ། །སངས་རྒྱས་མཆོག་ཅེས་བྱ་བ་ནི་མི་བསྐྱོད་པའི་སྒོ་ནས་འབོད་པ་དང་། འགྲོ་བའི་དཔའ་བོ་ཞེས་བྱ་ 37-1-248a བ་ནི་གསུང་གི་རྡོ་རྗེའི་སྒོ་ནས་འབོད་པ་དང་། ཐུབ་ཆེན་ཞེས་བྱ་བ་ནི་རྡོ་རྗེའི་སྒོ་ནས་འབོད་པའོ། །དེ་ལྟར་གསོལ་བ་བཏབ་པ་གསན་ནས་བླ་མའི་མཛད་པ་བཤད་པར་བྱ་བའི་ཕྱིར། དེ་ལྟར་འཇིགས་མེད་གསོལ་འདེབས་པའི། །ཚིགས་དག་ཐོས་པར་གྱུར་ནས་ནི། །སྙིང་རྗེ་སློབ་མ་ལ་བསྐྱེད་ དེ། །དེ་ནས་བདག་ལ་བྱིན་བརླབ་བརྩམ། །ཞེས་བྱ་བ་གསུངས་ཏེ། སློབ་མའི་ཚིག་དག་འཇིགས་མེད་ནི་གསོལ་བ་བཏབ་པ་ལ། མཁས་པའི་ཚིག་ཇི་ལྟ་བ་བཞིན་དུ་བསྟོད་པ་ལ་སོགས་པ་ལས་མ་འདས་པ་སྟེ། དེ་གསན་ནས་སློབ་མ་དེའི་སྟེང་དུ་ཐུགས་རྗེ་ཆེན་པོ་བསྐྱེད་ལ། བླ་མས་བདག་ལ་བྱིན་གྱིས་བརླབ་ པའི་རིམ་པ་དེ་ལ་བརྩམ་པ་ནི་བཤད་པར་བྱ་སྟེ་སྒྲ་ཇི་བཞིན་པའོ། །དེ་ཉིད་བཤད་པར་བྱ་བའི་ཕྱིར། བདག་བྱིན་བརླབ་པའི་རིམ་ཞེས་པ། །ཀུན་རྫོབ་བདེན་པ་མཐོང་བ་སྟེ། །དེ་ནི་བླ་མའི་དྲིན་དག་གིས། །ཐོབ་པར་འགྱུར་གྱི་གཞན་དུ་མིན། །ཞེས་བྱ་བ་གསུངས་ཏེ། གང་ཞིག་སྣང་བ་ཉེ་བར་ཐོབ་ པ་ལ་སོགས་པའམ། ཅིག་ཅར་དུ་སྔོན་གྱི་སྨོན་ལམ་གྱི་དབང་གིས་ཡེ་ཤེས་ཀྱི་སྐུ་འབྱུང་བ་དེའི་བདེན་པ་མཐོང་བ་སྒྱུ་མ་ལ་སོགས་པའི་དཔེ་བཅུ་གཉིས་ཀྱི་ཉེ་བར་མཚོན་པ་གང་ཡིན་པ་དེ་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་ཞེས་བཤད་དོ། །དེ་ལ་སྒྱུ་མའི་དཔེ་བཅུ་གཉིས་དང་སྦྱར་བ་ནི་བཤད་པ་ བཞིན་དུ་ཤེས་པར་བྱའོ། །དེ་ཡང་རྩ་བ་སྒྱུ་མའི་དཔེ་ཡིན་ཏེ། ཉེ་བའི་སྒྱུ་མའི་དཔེ་དེ་དང་སྦྱར་བར་བྱའོ། །དེ་ཡང་གང་ཡིན་ཞེ་ན། སྐར་མ་དང་། རབ་རིབ་དང་། མར་མེ་དང་། སྒྱུ་མ་དང་། ཟིལ་པ་དང་། ཆུ་ཤིང་དང་། ཉི་མའི་འོད་ཟེར་དང་། དྲི་ཟའི་གྲོང་ཁྱེར་དང་། མགལ་མེའི་འཁོར་ལོ་དང་། གཙུབ་ཤིང་ལས་འབྱུང་བའི་མེ་དང་། མོ་གཤམ་གྱི་བུ་དང་། ནམ་མཁའི་མེ་ཏོག་སྟེ་དེ་རྣམས་དང་སྦྱར་ལ་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་བསྟན་ཏོ། །དེ་ཡང་བླ་མའི་དྲིན་གྱིས་ཐོབ་པར་གྱུར་ཏེ་རང་བཟོ་ནི་མ་ཡིན་ནོ། །དེ་གང་གི་ཕྱིར་རྡོ་རྗེ་སློབ་དཔོན་གྱི་གོ་བཟློག་པའམ། ཅིག་ཅར་གྱི་རིམ་པས་ དེ་ཁོ་ན་ཉིད་གསུམ་པ་མ་བསྟན་ན། དེའི་སློབ་མས་དེའི་རང་བཞིན་ཤེས་པ་མ་ཡིན་ཏེ། སྒྱུ་མའི་དཔེ་དང་གང་སྦྱར་བར་བྱའོ་ཞེས་བླ་མའི་མན་ངག་མེད་ན་དེ་ཡང་ཤེས་པར་མི་འགྱུར་རོ། །དེ་བས་དེའི་བསྙེན་བཀུར་ཁོ་ན་བྱའོ། །འདིར་ནི་ཀུན་རྫོབ་ཀྱི་བདེན་པ་མཐོང་བ་རྗེས་སུ་སྨྲས་ནས། བདག་ 37-1-248b ལ་བྱིན་གྱིས་བརླབ་པའི་རིམ་པ་མ་ཤེས་པ་ཤེས་པར་བྱའོ། །རིམ་པ་གསུམ་པ་མེད་ན་བསྟན་བཅོས་ལ་འབད་པ་དོན་མེད་པ་ཡིན་ནོ་ཞེས་བཤད་པར་བྱ་བའི་ཕྱིར། བདག་ལ་བྱིན་གྱིས་བརླབ་པའི་རིམ། །གང་གིས་རྙེད་པར་མི་འགྱུར་བ། །མདོ་སྡེ་རྒྱུད་དང་རྟོག་པ་ལ། །དེ་ཡི་ངལ་བ་དོན་མེད་འགྱུར། ། ཞེས་བྱ་བ་གསུང་ས་ཏེ། སྔར་བཤད་པའི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་གང་གིས་བླ་མའི་ཞལ་ནས་མ་རྙེད་པ་དེའི་མདོ་སྡེ་ལ་བརྩོན་པ་ལ་འབད་པ་ནི་རྩོལ་བ་འབྲས་བུ་མེད་པར་འགྱུར་ཏེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་མ་བྱས་པའི་ཕྱིར་རོ། །དེ་གང་གི་ཕྱིར་དངོས་པོ་འཛིན་པ་ལ་སྒོམ་ པ་འཁོར་བ་ཁོ་ན་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། དགེ་བའམ་ནི་མི་དགེ་བ། །རྣམ་པར་རྟོག་དབྱེ་གང་ཡང་མེད་། །མེ་ཡིས་སྲེག་པར་བྱེད་པ་ལ། །གཞི་ཡི་དབྱེ་བ་དབྱེ་ཡོད་མིན། །ཙནྡན་ལ་ཡང་འབར་བ་སྟེ། །རེག་ན་སྲེག་པར་བྱེད་པ་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་ཀྱི་དབྱིངས་ ཡོངས་སུ་ཞུས་པ་ལས་ཀྱང་། ཐུབ་པ་ཆེན་པོའི་ཆོས་ཕུང་པོ། །བརྒྱད་ཁྲི་དང་ནི་བཞི་སྟོང་ལ། །གང་གི་དེ་ཉིད་མི་ཤེས་ན། །དེ་དག་ཐམས་ཅད་འབྲས་བུ་མེད། །ཅེས་བྱ་བ་གསུངས་སོ། །དེ་ཐོབ་ན་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། བདག་ལ་བྱིན་བརླབ་རིམ་ཐོབ་པའི། །གཙོ་བོ་སངས་རྒྱས་ ཀུན་བདག་ཉིད་། །ཚེ་འདི་ཉིད་དུ་སངས་རྒྱས་ནི། །ཐེ་ཚོམ་མེད་པར་ཐོབ་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་ཐོབ་ནས། ཚེ་འདི་ཉིད་དུ་སངས་རྒྱས་ཐོབ་པར་འགྱུར་ཞེས་པ་ནི་ཚིག་གི་འབྲེལ་པའོ། །ཚེ་འདི་ཉིད་དུ་ནི་ཅིའི་ཕྱིར་ཞེ་ན། ཆོས་མཐོང་བ་ ལ་མྱ་ངན་འདས། །ཞེས་བྱ་བ་འབྱུང་བའི་ཕྱིར་རོ། །རིམ་པ་ཇི་ལྟ་བུ་ཞེ་ན། སངས་རྒྱས་ཀུན་བདག་ཉིད་ཅེས་པ་ནི། སེམས་ཅན་གྱི་མོས་པའི་དབང་གིས་དེ་བཞིན་གཤེགས་པ་ལྔའི་རང་བཞིན་དང་། དེ་བཞིན་དུ་གཙོ་བོ་ནི་དྲུག་པ་སྟེ། རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ནོ། །འདི་ཉིད་ཀྱི་རྒྱུ་དང་ འབྲས་བུའི་བྱེ་བྲག་བཤད་པར་བྱ་བའི་ཕྱིར། བདག་བྱིན་བརླབ་པའི་ཏིང་འཛིན་དང་། །དེ་བཞིན་འོད་གསལ་བ་ཡི་གནས། །རྒྱུ་དང་འབྲས་བུའི་ཁྱད་པར་གྱིས། །བདེན་པ་གཉིས་སུ་བསྟན་པ་ཡིན། །ཞེས་བྱ་བ་གསུངས་ཏེ། འདིར་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཁོ་ན་སྒྱུ་མའི་ཏིང་ངེ་འཛིན་ 37-1-249a ཏེ་དེ་ལ་རྒྱུ་དང་འབྲས་བུའི་བྱེ་བྲག་ཡོད་པ་རིགས་སོ། །དེ་ལ་སེམས་ཀྱི་འོད་གསལ་བ་ཡི་གནས། །རྒྱུ་དང་འབྲས་བུའི་ཁྱད་པར་བདག་ལ་བྱིན་གྱིས་བརླབ་པ་ནི་འབྲས་བུ་སྟེ་དེ་ལས་དེ་འབྱུང་བའི་ཕྱིར་རོ། །བདེན་པ་གཉིས་ཀྱང་འདི་ཉིད་ཡིན་ཏེ། གང་ཟག་དོན་དམ་པའི་བདེན་པ་ དང་ཀུན་རྫོབ་ཀྱི་བདེན་པའོ། །ཇི་སྐད་དུ། རྣམ་རྟོག་ཀུན་རྫོབ་བཤད་པ་སྟེ། །རྣམ་པར་རྟོག་པ་གཞན་བྱེད་གང་། །རྣམ་པར་རྟོག་པ་བཟློག་པ་གང་། །དེ་ཉིད་དོན་དམ་བཤད་པ་ཡིན། །ཞེས་བྱ་བ་འབྱུང་ངོ་། །དེ་བས་ན་འདིར་ཀུན་རྫོབ་ཀྱི་བདེན་པ་མཐོང་བ་སྒྱུ་མའི་ཏིང་ངེ་འཛིན་ཁོ་ན་རྣམ་པར་རྟོག་པ་ ཡིན་ནོ། །དེ་ནི་དབྱེ་བ་གཞན་གྱིས་རྒྱུ་དང་འབྲས་བུའི་བྱེ་བྲག་བཤད་པར་བྱ་བའི་ཕྱིར། བདག་བྱིན་བརླབ་པའི་རིམ་གྱིས་ནི། །འོད་གསལ་བ་ནི་ཐོབ་པར་འགྱུར། །དེ་བས་རྡོ་རྗེ་སློབ་དཔོན་གྱིས། །དང་པོར་བདག་ལ་བྱིན་བརླབ་བསྟན། །ཞེས་བྱ་བ་གསུངས་ཏེ། ཡང་ན་བདག་བྱིན་གྱིས་བརླབ་ པའི་རྒྱུ་དང་། རང་བཞིན་གྱི་འོད་གསལ་བ་འབྲས་བུ་སྟེ་དེའི་རིམ་གྱིས་དེ་རྟོགས་པའི་ཕྱིར་རོ། །རྒྱུད་འདི་ཉིད་ཀྱིས་དང་པོ་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་ལ་བསྟན་པར་བྱའོ། །དེ་བས་ན་རིམ་པ་གསུམ་པ་ལ་ལྟོས་ནས་རིམ་པ་གཉིས་པ་རྒྱུ་སྟེ་གསུམ་པ་འབྲས་ བུའོ། །དེ་བཞིན་དུ་རིམ་པ་གསུམ་པ་རྒྱུ་སྟེ་བཞི་པ་འབྲས་བུའོ། །དེ་བས་ན་བདག་ལ་བྱིན་གྱིས་བརླབ་པ་ནི་རྒྱུ་ཡང་ཡིན་ལ་འབྲས་བུ་ཡང་དེ་ཉིད་ཡིན་ནོ། །འོད་གསལ་བ་རྒྱུ་ཡང་ཡིན་ལ་འབྲས་བུ་ཡང་དེ་ཉིད་ཡིན་ནོ་ཞེས་གྲུབ་པའི་མཐའོ། །འདིས་ནི་གང་ལ་ཡང་རྒྱུ་དང་འབྲས་བུའི་དངོས་པོ་ཡོད་པ་ མ་ཡིན་ནོ་ཞེས་བསྟན་པ་སྟེ། དངོས་པོ་ཐམས་ཅད་ལྟོས་པ་དང་བཅས་པའི་ཕྱིར་རོ། །དེ་བས་ན་གང་ཞིག་ལྟོས་པ་དེ་ཉིད་གཞན་དབང་ཡིན་པས་རང་བཞིན་མེད་པ་དེ་ཉིད་ཡིན་ནོ། །ད་ནི་འགྲོ་བ་སྒྱུ་མ་ལྟ་བུར་ཡོངས་སུ་མ་ཤེས་པ་དང་། དེའི་རྒྱུ་ཉིད་བཤད་པར་བྱ་བའི་ཕྱིར། འགྲོ་ཀུན་རང་དབང་མེད་པ་ སྟེ། རང་དབང་དུ་ནི་འབྱུང་མ་ཡིན། །དེ་ཡིས་རྒྱུ་ནི་འོད་གསལ་བ། །འོད་གསལ་ཐམས་ཅད་སྟོང་པའོ། །ཞེས་བྱ་བ་གསུངས་ཏེ། འགྲོ་བ་འདི་ཐམས་ཅད་སྒྱུ་མ་ལྟ་བུ་ཉིད་མ་ཤེས་པས་རྟེན་ཅིང་འབྲེལ་པ་ལས་སྐྱེ་བར་གྱུར་པ་སྟེ། དེ་ཉིད་རང་དབང་ནི་དེ་ལས་ལྡོག་པས་སྒྱུ་མ་ལ་སོགས་པའི་ 37-1-249b རང་བཞིན་རྟོགས་ན་སྐྱེ་བར་མི་འགྱུར་ཏེ། གློ་བུར་གྱི་དྲི་མས་བཀག་པའི་ཕྱིར། འོ་ན་གློ་བུར་གྱི་དྲི་མ་གལ་ཏེ་རང་དབང་མ་ཡིན་པར་བྱེད་པས་ནུས་ན། དེའི་ཚེ་དེ་རྣམས་དེ་ལས་ཐ་དད་པའམ་ཐ་མི་དད་པ་ཡིན། གལ་ཏེ་ཐ་དད་ན་དེའི་ཚེ་འབྲས་བུ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དང་རྒྱུ་འོད་གསལ་བ་ཐ་དད་པར་འགྱུར་རོ། ། དེ་ཡང་འདོད་པ་མ་ཡིན་ཏེ་དེའི་ཁྱབ་པ་ཉིད་ཉམས་པའི་ཕྱིར་རོ། །གལ་ཏེ་དེ་རྣམས་ཐ་མི་དད་པ་ན་དེའི་ཚེ་བདག་ཉིད་གཅིག་ཡིན་པའི་ཕྱིར་རྒྱུ་དང་འབྲས་བུ་དག་དྲི་མ་དང་བཅས་པར་འགྱུར་རོ། །འདིར་སྨྲས་པ། ཐ་དད་པ་དང་ཐ་མི་དད་པ་དག་གིས་དྲི་མ་དེ་རྣམས་བརྗོད་དུ་མེད་པ་སྟེ། གང་གི་ཕྱིར་འོད་ གསལ་བ་དང་བདག་ལ་བྱིན་གྱིས་བརླབ་པ་དག་རང་བཞིན་ཡོངས་སུ་དག་པའི་ཕྱིར་ཐ་དད་པ་མ་ཡིན་ནོ། །དྲི་མ་དེ་རྣམས་དེའི་རང་བཞིན་ཡིན་ན་ཡང་ལས་དང་འབྲས་བུའི་གཟུགས་སུ་སྣང་བའི་ཕྱིར་ཐ་མི་དད་པར་ཡང་བརྗོད་པར་མི་བྱའོ། །འོ་ན་དེ་ལྟར་ཡིན་ན་བཅིངས་པ་དང་གྲོལ་བའི་ཐ་སྙད་ཇི་ལྟར་ བྱ་ཞེ་ན། ཡོངས་སུ་མ་ཤེས་པ་དང་། དེ་ལས་གཞན་གྱིས་བྱས་པའོ་ཞེས་ཁོ་བོ་ཅག་སྨྲ་བ་ཡིན་ནོ། །དེ་ཡང་གང་ལས་འབྱུང་ཞེ་ན། སྨྲས་པ། རང་བཞིན་བསྐྱེད་པས་སྐྱེས་པ་རྨོངས་པས་ཕྲག་ལ་བཀལ་བའི་བུ་བརྗེད་པ་ལྟའོ། །དེ་བཞིན་དུ་འདྲ་བའི་ཕྱིར་འཁྲུལ་པ་འབྱུང་སྟེ་ཐག་པ་ལ་སྦྲུལ་གྱི་ བློ་ལྟ་བུའོ། །དེ་བས་ན་དཔེ་དེ་བཞིན་དུ། སྒྱུ་མ་ལྟ་བུའི་རང་བཞིན་གང་ཡིན་པ་དེ་ཉིད་དེ་ལས་གཞན་དུ་སྣང་བར་འགྱུར་ཏེ། དེའི་རྒྱུ་ནི་འོད་གསལ་བ་ཁོ་ན་ཡིན་པས་སྔར་བཤད་པ་བཞིན་དུ་ཐམས་ཅད་སྟོང་པ་ཞེས་བརྗོད་པ་ཡིན་ནོ། །ད་ནི་བཅིངས་པ་དང་གྲོལ་བའི་རང་བཞིན་བཤད་པར་བྱ་བའི་ཕྱིར་ སེམས་གང་གིས་ནི་བྱིས་པ་རྣམས། །འཁོར་བར་འཆིང་བས་བཅིངས་འགྱུར་བས། །སེམས་དེ་ཉིད་ཀྱི་རྣལ་འབྱོར་པ། །བདེ་གཤེགས་གནས་སུ་འགྲོ་བར་འགྱུར། །ཞེས་བྱ་བ་གསུངས་ཏེ། བྱིས་པ་ནི་སྒྱུ་མའི་རང་བཞིན་མ་ཤེས་པའི་རང་གི་སྡེ་པ་དང་གཞན་གྱི་སྡེ་པ་རྣམས་འཁོར་བ་ནི་འགྲོ་བ་ རིགས་ལྔའི་རང་བཞིན་ལ་སེམས་གང་གིས་བཅིངས་པར་འགྱུར་བ་སེམས་དེ་ཉིད་ནི་སྒྱུ་མའི་རང་བཞིན་རྟོགས་པས་རྣལ་འབྱོར་པ་རྣམས་ཀྱི་བདེ་བར་གཤེགས་པའི་གོ་འཕང་ཐོབ་པར་འགྱུར་རོ། །དེ་གང་གི་ཕྱིར་རང་བཞིན་དང་སྣང་བའི་ངོ་བོ་འཁོར་བ་སྟེ། དེ་ཉིད་སྒྱུ་མ་ལྟ་བུཡོངས་སུ་ཤེས་པའམ་དེའི་རྒྱུ་ཤེས་ 37-1-250a པས་ཐར་པ་ཡིན་ནོ། །གལ་ཏེ་འདི་དག་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་ན། སྐྱེ་བ་དང་འཇིག་པ་དག་ཇི་ལྟར་སོ་སོར་སྣང་བ་ཡིན་ཞེ་ན་དེ་དག་སོ་སོར་སྣང་བ་མ་ཡིན་ནོ་ཞེས་བཤད་པར་བྱ་བའི་ཕྱིར། འདིར་ནི་གང་ཡང་སྐྱེ་བ་མེད། །གང་ཡང་འཆི་བ་ཡོད་མ་ཡིན། །སེམས་ཀྱི་རང་བཞིན་རྣམས་གནས་ པར། །འཁོར་བ་ཉིད་ནི་ཤེས་པར་བྱ། །ཞེས་གསུངས་ཏེ། གཙུབ་ཤིང་དང་། སྐྱེས་བུའི་ལག་ལ་སོགས་པའི་བྱ་བ་ལས་འབྱུང་བའི་མེ་ཡི་རྣམ་པར་དཔྱད་ན་གང་ལས་ཀྱང་འབྱུང་བ་མ་ཡིན་ཏེ། འོན་ཀྱང་རྒྱུ་རྐྱེན་དེ་རྣམས་ཚང་བས་སྐྱེ་བ་ལྟར་མཐོང་བ་ཡིན་ནོ། །གང་ཞིག་ཕུན་སུམ་ཚོགས་པ་ལས་འབྱུང་ བ་དེ་ནི་འབྱུང་བ་མ་ཡིན་ཏེ། ཇི་སྐད་དུ། དེ་དེ་རྟེན་ལས་གང་འབྱུང་བ། །དེ་ནི་དོན་དམ་འབྱུང་བ་མིན། །གང་ཞིག་རང་བཞིན་མ་བྱུང་བ། ། དེ་ནི་འབྱུང་བ་ཇི་ལྟར་ཡིན། །ཞེས་བྱ་བ་གསུངས་ཏེ། འདིར་ནི་སྦྱོར་བ་འདི་ཡིན་ཏེ། དངོས་པོ་ཐམས་ཅད་ནི་ཆོས་ཐམས་ཅད་དང་། སྐྱེ་བ་དང་། འཇིག་པ་བྲལ་བ་ ནི་བསྒྲུབ་བྱ་དང་། རྟེན་ཅིང་འབྲེལ་བ་ལས་འབྱུང་བའི་ཕྱིར་རོ་ཞེས་གཏན་ཚིགས་སོ། །གང་དང་གང་རྟེན་ཅིང་འབྲེལ་བ་ལས་འབྱུང་བ་དེ་དང་དེ་སྐྱེ་བ་ལ་སོགས་པ་དང་བྲལ་བ་སྟེ་སྒྱུ་མའི་སྐྱེས་བུ་ལྟ་བུའོ། །མི་མཐུན་པའི་དཔེ་ནི་དེ་མེད་པ་ཁོ་ནའོ། །དེ་བས་སྐྱེ་བ་མེད་པའི་ཕྱིར་འཆི་བ་ཡང་ཡོད་པ་མ་ཡིན་ཏེ། མོ་གཤམ་བུ་ལ་ལྗང་གུ་དང་དཀར་པོ་ལ་སོགས་པ་ལྟ་བུའོ། །འོ་ན་དེ་ལྟར་ཡིན་ན། སྐྱེ་བ་དང་འཇིག་པ་ཇི་ལྟར་སྣང་བར་འགྱུར་ཞེ་ན། སྨྲས་པ། འཇིག་རྟེན་གྱི་ཀུན་རྫོབ་ཏུ་སྣང་བ་སྟེ་དོན་དམ་པར་ནི་མ་ཡིན་ནོ། །ཇི་སྐད་དུ། གནས་པ་སྐྱེ་བ་དེ་བཞིན་འཇིག་པ་དང་། །ཡོད་མེད་དམན་པ་འབྲིང་དང་ཁྱད་པར་ གང་། །འཇིག་རྟེན་ཐ་སྙད་དབང་དུ་སངས་རྒྱས་ཀྱིས། །གསུངས་ཏེ་དེ་ཉིད་དབང་དུ་ཡོད་པ་མིན། །ཞེས་བྱ་བ་རྗེ་བཙུན་གྱི་ཞལ་སྔ་ནས་ཀྱིས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ། གང་ཞིག་སྐྱེ་བ་རྣམས་ནི་ཀུན་རྫོབ་བདེན་པའི་མིང་། །དེ་བཞིན་འཆི་བའི་མིང་ནི་དོན་དམ་བདེན་པ་ཉིད། །ཕྱོགས་ནི་དེ་དེ་ གཉིས་པོ་ཟུང་འཇུག་རྒྱུ་བ་ཉིད། །གང་གིས་བཅིངས་པ་ལས་ནི་གྲོལ་བར་འགྱུར། །ཞེས་བྱ་བ་འཕགས་པའི་ལྷས་ཀྱང་གསུངས་སོ། །དེ་བས་ན་འཁོར་བ་འདི་སེམས་ཀྱི་རང་བཞིན་རྣམས་གནས་པར་ཞེས་བྱ་བ་ནི་རང་བཞིན་དང་སྣང་བའི་ངོ་བོར་ཤེས་པར་བྱའོ། །དེ་ཉིད་ཀྱི་དབྱེ་བ་གཞན་བཤད་པར་བྱ་ 37-1-250b བའི་ཕྱིར། རླུང་གི་སྦྱོར་བ་མེད་པར་ནི། །སེམས་ཀྱི་རང་བཞིན་གཟུང་དུ་མེད། །རང་བཞིན་རྒྱུར་གྱུར་སེམས་ལས་ནི། །ལས་དང་སྐྱེ་བ་ཀུན་དུ་འབྱུང་། །ཞེས་བྱ་བ་གསུངས་ཏེ། གང་ཞིག་རྣམ་པར་ཤེས་པ་གསུམ་གྱི་རང་བཞིན་གྱི་སེམས་དེ་ནི་རླུང་གི་སྦྱོར་བ་མེད་ན་གཟུང་དུ་མེད་པ་ནི་དམིགས་པར་མི་འགྱུར་ ཏེ། རླུང་གི་ཤིང་རྟ་ལ་ཞོན་པ་ཁོ་ན་འདིས་ཡུལ་རྣམས་བཟུང་བར་བྱེད་པའོ། །སེམས་དེ་ཉིད་རང་བཞིན་བརྒྱ་དྲུག་ཅུའི་རྒྱུ་ཡིན་ཏེ། དེ་ལས་དགེ་བ་དང་མི་དགེ་བའི་ལས་ཀྱི་དབང་གིས་བདེ་འགྲོ་དང་ངན་འགྲོ་དག་ལས་སྐྱེ་བར་འགྱུར་བའོ། །ཇི་སྐད་དུ། རླུང་ནི་འདི་ཉིད་ཁམས་ཆེན་པོ། །རྣམ་པར་ཤེས་པ་ གསུམ་གྱིས་ཞོན། །དེ་ལ་རྟག་ཏུ་རང་བཞིན་རྣམས། །ཇི་ལྟར་བཤད་པར་འབྱུང་བར་འགྱུར། །ཞེས་བྱ་བ་རྡོ་རྗེ་ཕྲེང་བ་ལས་ཀྱང་གསུངས་སོ། །སེམས་དེ་ཉིད་སྒྱུ་མའི་སྐུ་ཡིན་ནོ་ཞེས་བཤད་པར་བྱ་བའི་ཕྱིར། དེ་ཉིད་རླུང་དང་ཡང་དག་ལྡན། །རྣམ་ཤེས་གསུམ་པོ་སླར་ཡང་ནི། །རྣལ་འབྱོར་པ་ཡི་ལུས་ སུ་འབྱུང་། །སྒྱུ་མའི་སྐུ་ཞེས་དེ་ལ་བཤད་། །ཅེས་བྱ་བ་གསུངས་ཏེ། སེམས་ལ་དམིགས་པའི་རིམ་པས་རང་བཞིན་དང་སྣང་བ་རྣམས་མི་སྣང་བར་བྱས་ན་ཡང་། འོན་ཀྱང་དཔེ་ཙམ་ལ་རྣལ་འབྱོར་པ་གནས་པ་ཡིན་ཏེ་རང་བཞིན་གྱིས་འོད་གསལ་བ་ནི་མ་ཡིན་ནོ། །དེ་བས་ན་རང་བཞིན་དང་སྣང་བ་དེ་ རྣམས་ཤིན་ཏུ་ཕྲ་བ་གང་ཡིན་པ་དེ་དང་ལྡན་པའི་སེམས་ཙམ་ལས། ཅིག་ཅར་རམ་གོ་བཟློག་པའི་རིམ་པ་ལས་འབྱུང་བའི་སྐུ་ནི་སྒྱུ་མའི་སྐུ་ཞེས་བཤད་པ་སྟེ། སྒྱུ་མའི་དཔེ་རྣམས་ཀྱིས་དེའི་དྲི་མ་རྣམས་རྣམ་པར་སྦྱང་བའི་ཕྱིར་རོ། །སློབ་དཔོན་ཟླ་བ་གྲགས་པས་ཀྱང་། །ཀུན་རྫོབ་བདེན་པ་མཐོང་བ་ནི། ། རིམ་པ་གསུམ་པ་དགྱེས་པ་ཡིན། །ཞེས་བྱ་བ་གསུངས་སོ། །མཉམ་པར་བཞག་པའི་རྣལ་འབྱོར་བཤད་ནས། མཉམ་པར་མ་བཞག་པའི་རྣལ་འབྱོར་བཤད་པར་བྱ་བའི་ཕྱིར། དེ་བས་འདི་ལྟར་འགྲོ་བ་ཀུན། །སྒྱུ་མ་ལྟ་བུར་འདི་བཤད་དེ། །སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཐམས་ཅད་ དེ་དང་འདྲ་བར་མཐོང་། །ཞེས་བྱ་བ་མདོར་བསྟན་པ་སྟེ་གོ་སླའོ། །གཟུགས་དང་ཚོར་བ་ཉིད་དང་ནི། །འདུ་ཤེས་དང་ནི་འདུ་བྱེད་རྣམས། །ལྔ་པ་རྣམ་པར་ཤེས་པ་དང་། །དེ་བཞིན་ཁམས་ནི་བཞི་པོ་དང་། །མིག་ལ་སོགས་པའི་ཡུལ་རྣམས་ཉིད། །ཤེས་པ་ལྔ་པོ་འདི་དག་སྟེ། །ཕྱི་དང་ནང་དུ་ 37-1-251a རྣམ་ཕྱེ་བ། །ཐམས་ཅད་སྒྱུ་མ་ལས་གཞན་མིན། །ཞེས་བྱ་བ་གསུངས་ཏེ། སྒྱུ་མའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པས་གཟུགས་ལ་སོགས་པའི་སྒྲ་རྣམས་ཀྱི་བརྡར་བྱས་པའི་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་རྣམ་པར་དག་པ་དང་བཅས་ པ་དེ་རྣམས་དང་། དེ་བཞིན་ནང་གི་ཡན་ལག་དང་། ཉིང་ལག་གི་རང་བཞིན་གྱི་ཁྲོ་བོ་དང་། དེའི་བཙུན་མོ་རྣམས་དང་། ཕྱི་ནང་སྣོད་ཀྱི་འཇིག་རྟེན་གྱི་རང་བཞིན་གྱི་གཞིའི་དཀྱིལ་འཁོར་གང་ཡིན་པ་དེ་དག་ཐམས་ཅད་སྒྱུ་མའི་རང་བཞིན་དུ་མཐོང་བ་སྟེ། དེ་ལས་གཞན་མ་ཡིན་པ་ནི་རྟོག་པའི་རྣལ་འབྱོར་པ་ ལྟ་བུའོ། །དགོངས་པས་བཤད་པའི་སྙིང་པོ་ཅན་གྱི་སྦས་པའི་དོན་ཏོ། །སྒྱུ་མའི་དོན་གྱི་བྱ་བ་བྱེད་པ་སྟེ་དེ་དང་འདྲ་བའི་སྒྱུ་མའི་དཔེ་སྦྱར་བར་བྱ་བའི་ཕྱིར། མེ་ལོང་ནང་གི་གཟུགས་བརྙན་གྱིས། །སྒྱུ་མའི་ལུས་འདི་ཤེས་པར་བྱ། །ཁ་དོག་རྣམས་ནི་གཞུ་ལྟ་བུ། །ཁྱབ་པ་ཆུ་ཡི་ཟླ་བས་སོ། །ཞེས་ བྱ་བ་གསུངས་སོ། །སྒྱུ་མའི་སྐུའི་རང་བཞིན་མེ་ལོང་གི་གཟུགས་ལྟ་བུ་སྟེ། སོ་སོར་སྣང་བ་ཡང་དེ་ཉིད་དང་གཞན་ཉིད་ལས་འདས་པའི་ཕྱིར་བརྗོད་དུ་མེད་པ་དང་། གཟུང་དུ་མི་ནུས་ཀྱང་གསལ་པོར་མཐོང་བ་ཡིན་ནོ། །དེ་བཞིན་དུ། ཁ་དོག་རྣམས་ནི་གཞན་ལྟ་བུ། །ཞེས་བྱ་བ་ནི་ནམ་མཁའ་ལ་ མཛེས་པར་འགྱུར་བའི་བརྒྱ་བྱིན་གྱི་གཞུ་གཟུང་དུ་མེད་ན་ཡང་དོན་གྱི་བྱ་བ་བྱེད་པ་སྟེ་དེ་དང་འདྲ་བའི་སྒྱུ་མའི་སྐུའི་ཁ་དོག་གི་ཁྱད་པར་སོ་སོར་སྣང་བ་ཡིན་ནོ། །ཁྱབ་པ་ཆུ་ཡི་ཟླ་བས་སོ། །ཞེས་བྱ་བ་ནི་ཇི་ལྟར་ནམ་མཁའ་ལ་གནས་པའི་ཟླ་བ་བུམ་པ་དང་། མཚོ་དང་། ཆུ་བོ་དང་། རྒྱ་མཚོ་ལ་སོགས་པར་ གཅིག་ཡིན་ན་ཡང་དུ་མར་སྣང་བ་དེ་བཞིན་དུ། སྒྱུ་མའི་སྐུ་སྣ་ཚོགས་པའི་དཀྱིལ་འཁོར་གྱི་བདག་པོ་དང་འཁོར་གྱི་གཟུགས་སུ་སྣང་བ་ཡིན་ཏེ་སྦས་པའི་དོན་ཏོ། །སླར་ཡང་དབྱེ་བ་གཞན་གྱིས་དེ་ཉིད་བཤད་པར་བྱ་བའི་ཕྱིར། དངོས་དང་དངོས་མེད་ལས་གྲོལ་བ། །རྡོ་རྗེ་སེམས་དཔའ་ལེགས་ བྲིས་པ། །མེ་ལོང་དྲི་མ་མེད་པ་ལ། །གཟུགས་བརྙན་གསལ་བར་སྣང་དང་མཚུངས། །རྣམ་པ་ཀུན་གྱི་མཆོག་ལྡན་ཞིང་། །སྐུ་ནི་ལྟ་བས་མི་ངོམས་པ། །སློབ་མ་བཟང་པོ་དེ་ལ་བསྟན། །བདག་བྱིན་བརླབ་ཅེས་དེ་བཤད་དོ། །ཞེས་བྱ་བ་གསུངས་ཏེ། ཇི་ལྟར་སྣུམ་དང་ཐལ་བ་དག་ 37-1-251b གི་དྲི་མ་མེད་པར་བྱེད་པའི་མེ་ལོང་ལ་བྲིས་སྐུའི་ནང་ན་གནས་པའི་རྡོ་རྗེ་སེམས་དཔའི་གཟུགས་བརྙན་དངོས་པོ་དངོས་པོ་མ་ཡིན་པ་གཉིས་ལས་བྲལ་བའི་སྣང་བ་དེ་བཞིན་དུ་སྟོབས་བཅུ་ལ་སོགས་པ་དང་ལྡན་པའི་སྒྱུ་མ་ལ་སོགས་པའི་སྐུ་སློབ་མ་བཟང་པོ་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་ལ་བླ་མས་གང་བསྟན་ པར་བྱ་བ་དེ་ནི་བདག་ལ་བྱིན་གྱིས་བརླབ་པ་ཞེས་བཤད་པ་ཡིན་ཏེ། ལྔ་པ་ཉན་པའི་རྒྱན་སློབ་མ་ལ་བཤད་པའི་སྙིང་པོ་ཅན་གྱི་སྤྲས་པའི་དོན་ཏོ། །ལོངས་སྤྱོད་རྫོགས་པའི་སྐུའི་བདག་ལ་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར། སྒྱུ་མར་བསྟན་པའི་མཚན་ཉིད་ཀྱིས། །འདི་ཉིད་ངེས་པར་མཚོན་པ་སྟེ། ། ཀུན་རྫོབ་བདེན་པའི་སྒྱུ་མ་ཉིད། །ལོངས་སྤྱོད་རྫོགས་པའི་སྐུ་ཡང་དེ། །ཞེས་བྱ་བ་གསུངས་ཏེ། སྒྱུ་མར་བསྟན་པའི་མཚན་ཉིད་ནི་གང་ཞིག་སྒྱུ་མ་མཁན་ལ་སོགས་པས་བྱས་པའི་སྒྱུ་མ་སྟེ་དེ་ནི། འདི་ཉིད་ངེས་པར་མཚོན་པ་སྟེ། །ཞེས་བྱ་བ་ལ་ཡེ་ཤེས་ཀྱི་སྐུ་ཁོ་ན་འདི་ཉིད་ཡིན་ཏེ། གཞན་རྟོག་པ་ དང་བཅས་པའི་ཕྱིར་སྔགས་ཀྱི་སྐུ་ལྟ་བུ་མ་ཡིན་ནོ། །ཀུན་རྫོབ་ནི་རྣམ་པའི་མཚན་ཉིད་དེ། དེ་ལ་ཡང་སྒྱུ་མ་ཁོ་ན་བདེན་པ་ཡིན་ཏེ། སྐད་ཅིག་མ་ཉིད་ལ་སོགས་པ་ནི་མ་ཡིན་ནོ། །འདིར་སྦྱོར་བ་ནི་འདི་ཡིན་ཏེ། གང་དང་གང་ཉམས་སུ་མྱོང་བ་དེ་དང་དེ་ནི་བརྫུན་ཡིན་ཏེ། སྒྱུ་མ་མཁན་གྱིས་སྤྲུལ་པའི་གླང་པོ་ཆེ་ ལྟ་བུའོ། །དེ་མེད་པ་མི་མཐུན་གྱི་དཔེ་ཡིན་ནོ། །གཏན་ཚིགས་འདི་ཡང་མ་གྲུབ་པ་ནི་མ་ཡིན་ཏེ། དངོས་པོ་ཐམས་ཅད་ཉམས་སུ་མྱོང་བའི་ཕྱིར་རོ། །འགལ་བ་ཡང་མ་ཡིན་ཏེ། སྒྱུ་མའི་གླང་པོ་ལ་དེ་ཡོད་པའི་ཕྱིར་རོ། །མ་ངེས་པ་མ་ཡིན་ཏེ་དེ་ནི་ཤིན་ཏུ་མེད་པའི་ཕྱིར་རོ། །གཏན་ཚིགས་དེ་བས་ན་སངས་རྒྱས་ རྣམས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ནི་སྒྱུ་མ་ལྟ་བུ་ཡིན་པས་བརྫུན་པའི་གཟུགས་ཡིན་ནོ། །གཙོ་བོའི་སྒོ་ནས་སངས་རྒྱས་རྣམས་ཆོས་ཀྱི་སྐུའི་བདག་ཉིད་ཡིན་ཏེ། སེམས་ཅན་རྣམས་ལ་བསོད་ནམས་ཀྱི་དབང་གིས་སྐུ་གཉིས་པོ་སྣང་བ་ཡིན་ནོ། །དེ་ཡང་རིགས་པ་ཡིན་ཏེ་ཀུན་རྫོབ་ནི་དོན་དམ་པ་སྤངས་ནས་ སྣང་བར་མི་འགྱུར་བ་དང་། དོན་དམ་པ་ཡང་དེ་སྤངས་ནས་མི་སྣང་བའི་ཕྱིར་རོ། །དེ་ནི་སྦས་པའི་དོན་ཏོ། །དཔེ་གཞན་ཡང་སྦྱར་བར་བྱ་བའི་ཕྱིར། དེ་ཉིད་དྲི་ཟའི་སེམས་ཅན་གྱུར། །རྡོ་རྗེའི་སྐུ་ཡང་དེ་ཉིད་ཡིན། །རྡོ་རྗེ་སེམས་དཔའ་འང་བདག་ཉིད་དེ། །དེ་བས་བདག་ཉིད་མཆོད་ལ་འཇུག །ཅེས་བྱ་བ་གསུངས་ 37-1-252a ཏེ། སེམས་ཀྱི་རང་བཞིན་གྱི་སྐུ་ཡིན་པས་དེ་ཉིད་དྲི་ཟའི་སེམས་ཅན་ནི་སྲིད་པ་བར་མདོའི་ཡིན་ནོ། །འདིས་ནི་ཆོས་མཐོང་བ་ལ་མྱ་ངན་ལས་འདས་པ་རབ་ཏུ་བསྟན་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེའི་སྐུ་ནི་འོག་ནས་བཤད་པར་འགྱུར་བ་ཟུང་འཇུག་གི་རིམ་པས་བསྟན་པར་བྱ་བ་གང་ཡིན་པ་དེ་ཡང་ བདག་ལ་བྱིན་གྱིས་བརླབ་པ་འདྲ་བ་སྟེ་སྒྱུ་མའི་དྲི་མ་རྣམས་དག་པ་ཡང་ཅིག་ཅར་དུ་འབྱུང་བས་དེ་དང་འདྲ་བའི་ཕྱིར་རོ། །དེ་བས་ན་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་རྣལ་འབྱོར་པ་ཁོ་ན་རྡོ་རྗེ་སེམས་དཔའ་ཡིན་ཏེ། དེའི་བདག་ཉིད་མཆོད་ན་སངས་རྒྱས་ཐམས་ཅད་མཆོད་པར་འགྱུར་ཏེ། སྒྲ་ཇི་བཞིན་ པའི་སྙིང་པོ་ཅན་གྱིས་སྤྲས་པའི་དོན་ཏོ། །མཆོད་པ་དེ་ཉིད་བཤད་པར་བྱ་བའི་ཕྱིར། བདག་ཉིད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཉིད། །དེ་བས་ཀུན་ནས་འབད་པ་ཡིས། །བདག་ཉིད་རྟག་ཏུ་མཆོད་པར་བྱ། །ཞེས་བྱ་བ་གསུངས་ཏེ། སངས་རྒྱས་དང་བྱང་ ཆུབ་སེམས་དཔའ་ཐམས་ཅད་ཀྱི་རང་བཞིན་གྱི་བདག་ཉིད་རྣལ་འབྱོར་པས་མཆོད་པར་བྱ་བ་རིགས་པ་ཁོ་ན་ཡིན་ནོ། །མཆོད་པ་དེ་ཡང་སོ་སོར་སྡུད་པ་དང་། བསམ་གཏན་དག་གིས་བྱ་བ་དང་། རིམ་པ་གཞན་གྱིས་བྱ་བས་ནི་མ་ཡིན་ནོ། །དེ་ནི་སྒྲ་ཇི་བཞིན་པའོ། །ལས་ཀྱི་ཚོགས་བྱེད་པའི་དུས་སུ་ཡང་སྒྱུ་མ་ དེ་ཉིད་ལ་མོས་པར་བྱའོ་ཞེས་བཤད་པར་བྱ་བའི་ཕྱིར། སྔགས་དང་ཕྱག་རྒྱའི་སྦྱོར་བ་དང་། །དཀྱིལ་འཁོར་ལ་སོགས་རྣམ་རྟོག་དང་། །སྦྱིན་སྲེག་གཏོར་མ་ལ་སོགས་ཀུན། །རྟག་ཏུ་སྒྱུ་མ་བཞིན་དུ་བྱ། །ཞེས་བྱ་བ་གསུངས་ཏེ། སྔགས་ནི་སྦྲུལ་ལ་སོགས་པ་དང་། ཕྱག་རྒྱ་ནི་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པའི་ ནང་ནས་གསུང་བའི་ལས་ཀྱི་ཕྱག་རྒྱ་ལ་སོགས་པ་སྟེ། དེའི་སྦྱོར་བ་ནི་དེ་རྣམས་སྨྲ་བ་དང་བཅིངས་པའོ། །དེ་བཞིན་དུ་དཀྱིལ་འཁོར་ལ་སོགས་པ་ནི་སྦྱང་བ་ནས་བརྩམས་ཏེ། དཀྱིལ་འཁོར་རྫོགས་པ་གང་ཡིན་པ་དེ་ནི་རྣམ་རྟོག་གིས་འདྲི་བ་ལ་སོགས་པའོ། །དེ་བཞིན་དུ་སྦྱིན་སྲེག་ནི་ཞི་བ་ལ་སོགས་ པའི་ལས་འགྲུབ་པར་བྱེད་པ་དང་། གཏོར་མ་ནི་འབྱུང་པོ་ཐམས་ཅད་ལ་སོགས་པའི་གཏོར་མ་སྟེ་དེ་རྣམས་ཐམས་ཅད་སྒྱུ་མ་བཞིན་དུ་བྱ་བ་ཡིན་ནོ། །དེ་གང་གི་ཕྱིར་བསྒྲུབ་བྱ་དང་། སྒྲུབ་པར་བྱེད་པ་དང་། སྒྲུབ་པ་རྣམས་ཀྱང་སྒྱུ་མ་ལྟ་བུར་མོས་པའི་ཕྱིར་རོ། །གཞན་ཡང་བཤད་པར་བྱ་བའི་ཕྱིར། ། 37-1-252b ཞི་བ་དང་ནི་རྒྱས་པ་དང་། །དེ་བཞིན་དབང་དང་མངོན་སྤྱོད་དང་། །དགུག་སོགས་གང་ཅིའང་རུང་བ་ཀུན། །དབང་པོའི་གཞུ་དང་མཚུངས་པར་བྱ། །ཞེས་གསུངས་ཏེ། ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་ཀྱི་དཀྱིལ་འཁོར་བཞི་ཤར་བའི་དུས་སུ་ནང་གི་དུས་ལ་བརྟེན་ཏེ་གཡས་ལ་སོགས་པའི་སྒོ་ནས་ཁ་ དོག་དམར་པོ་ལ་སོགས་པའི་འོད་ཟེར་སྤྲོས་ལ། ཀུན་རྫོབ་ཀྱི་སྣའི་རྩེ་མོར་ཐུན་ཕྱེད་ཀྱི་དུས་ཀྱི་བར་དུ་དེ་འཛིན་པ་ཡིན་པ་དེ་ཡང་རྣལ་འབྱོར་པས་དབང་པོའི་གཞུ་དང་འདྲ་བར་བྱས་ཏེ་ཁ་དོག་འདྲ་བའི་ཕྱིར། དེས་ནི་དགོངས་པའི་བཤད་པ་སྙིང་པོ་ཅན་གྱི་སྦས་པའི་དོན་ཏོ། །གཞན་ཡང་། སྒེག་པ་ལ་སོགས་ ལོངས་སྤྱོད་དང་། །གླུ་དང་རོལ་མོ་སོགས་བརྟེན་དང་། །སྒྱུ་རྩལ་རྣམས་ལ་རབ་འཇུག་པ། །ཆུ་ཟླ་དག་དང་མཚུངས་པར་བྱ། །ཞེས་བྱ་བ་གསུངས་ཏེ། སྒེག་པ་ལ་སོགས་པ་ནི་གར་གྱི་ཉམས་དགུ་སྟེ་ཕྱག་རྒྱ་མ་དང་སྦྱོར་བ་དང་དུར་ཁྲོད་ལ་སོགས་པར་གནས་པ་དང་། བདུད་རྩི་མྱང་བ་དང་། རོ་ལངས་པའི་ཆོ་ག་ དང་། སྣ་ཚོགས་པའི་ཕྱག་མཚན་འཛིན་པ་དང་ལས་དྲག་པོ་ལ་སྤྱོད་པ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་ཆེན་པོ་ལས་བཏོན་པ་དང་། འཇིག་རྟེན་དང་འགལ་བའི་དམ་ཚིག་ཆེན་པོ་ལྔས་བྱང་ཆུབ་སྒྲུབ་པ་དང་། འོད་གསལ་བ་མངོན་དུ་བྱེད་པའི་མཚན་ཉིད་དེ། དེ་རྣམས་ཀྱི་སྤྱོད་པ་དང་། རྡོ་རྗེ་གླུ་ ནི་རྣམ་པ་གསུམ་གྱི་རྡོ་རྗེའི་གླུ་དང་། རོལ་མོ་ནི་པི་ཝང་ལ་སོགས་པ་བཞི་སྟེ་དེ་ལ་བརྟེན་པ་དང་། དེ་བཞིན་དུ་སྒྱུ་རྩལ་ནི་འདོད་པའི་བསྟན་བཅོས་ལས་བཤད་པའི་འཁྱུད་པ་དང་འོ་བྱེད་པ་ལ་སོགས་པ་དྲུག་ཅུ་རྩ་བཞི་གང་ཡིན་པ་དེའམ། འཇིག་རྟེན་ལ་གྲགས་པའི་བཟོ་བོ་རྣམས་ཀྱིས་སྒྱུ་རྩལ་དྲུག་ཅུ་རྩ་བཞི་གང་ ཡིན་པ་དེ་ལ་འཇུག་པ་ཡང་། ཆུ་ཟླ་དག་དང་མཚུངས་པར་བྱ། །ཞེས་པ་ནི་སྒྱུ་མའི་ཏིང་ངེ་འཛིན་གཅིག་པུ་རྣམ་པ་དུ་མར་སྣང་བའི་ཕྱིར་རོ། །དེ་ནི་སྒྲ་ཇི་བཞིན་པ་སྔོན་དུ་འགྲོ་བའི་སྦས་པའི་དོན་ཏོ། །ད་ནི་སོ་སོར་སྡུད་པའི་ཡན་ལག་བཤད་པར་བྱ་བའི་ཕྱིར། གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱ་ཉིད་དག་ལ། ། མིག་ལ་སོགས་པ་འཇུག་འགྱུར་བ། །སྒྱུ་མ་ལྟ་བུར་བྱ་བར་བརྟག །ཅེས་བྱ་བ་གསུངས་ཏེ། གཟུགས་ལ་སོགས་པའི་ཡུལ་གྱི་ཚོགས་ལ་མིག་ལ་སོགས་པ་འཇུག་པ་དང་པོར་རྣམ་པར་མི་རྟོག་པ་གང་ཡིན་པ་དེ་རྣམས་སྒྱུ་མ་ལྟ་བུར་རྣམ་པར་བརྟག་པར་བྱའོ། །གལ་ཏེ་དེ་རྣམས་རྟོག་མེད་ཡིན་ན་ཡང་འོན་ཀྱང་ 37-1-253a རང་བཞིན་གྱི་རྟོག་པ་ལ་ལྟོས་ཏེ་འདི་ལྟར་གསུངས་སོ། །གཞན་ཡང་བཤད་པར་བྱ་བའི་ཕྱིར། །རྡོ་རྗེ་ཐེག་པ་དེ་ཉིད་དུ། །འདིར་ནི་མང་དུ་བཤད་མི་དགོས། །རྣལ་འབྱོར་པས་ནི་གང་གང་དམིགས། །དེ་དེ་སྒྱུ་མ་བཞིན་དུ་བརྟག །ཅེས་བྱ་བ་གསུངས་ཏེ་རྡོ་རྗེ་ཐེག་པ་འདི་ལ་བསྐྱེད་པའི་རིམ་པ་ལ་ སོགས་པའི་རྣལ་འབྱོར་པས་གང་དང་གང་སེམས་ཅན་གྱི་དོན་དུ་དམིགས་པ་དེ་དང་དེའི་སྒྱུ་མའི་རང་བཞིན་དུ་ཤེས་པར་བྱའོ། །གཞན་ཡང་རྣམ་པ་གཞན་གྱིས་བཤད་པར་བྱ་བའི་ཕྱིར། མེ་ལོང་དག་གི་གཟུགས་བརྙན་དང་། །རྨི་ལམ་སྒྱུ་མ་ཆུ་བུར་དང་། །མི་འཕྲུལ་མཚུངས་པར་གང་གིས་མཐོང་། །དེ་ནི་གཙོ་བོ་ ཡིན་པར་བཤད། །ཅེས་བྱ་བ་གསུངས་ཏེ། གཟུགས་ལ་སོགས་པའི་ཕུང་པོ་ལྔ་ལ་མེ་ལོང་གི་གཟུགས་བརྙན་ལ་སོགས་པ་རིམ་པ་བཞིན་དུ་ཤེས་པར་བྱའོ། །ཁྱད་པར་བཤད་པར་བྱ་བའི་ཕྱིར། །མཐོང་བ་དང་ནི་རེག་པ་ཉིད། །འགྲོ་བ་སྒྱུ་མ་ཇི་བཞིན་ཏེ། །དམིགས་མེད་ཀུན་རྫོབ་དག་ཏུ་ནི། །སྒྱུ་མ་ལྟ་བུར་ རབ་ཏུ་བཤད། །ཅེས་བྱ་བ་གསུངས་ཏེ། འགྲོ་བས་ན་འགྲོ་བ་སྟེ་དབང་པོའི་ཚོགས་སོ། །དེའི་གཟུགས་ལ་སོགས་པ་གང་ཞིག་མཐོང་བ་དང་། ཇི་སྲིད་རེག་པ་དེ་རྣམས་ཐམས་ཅད་སྒྱུ་མ་བཞིན་དུ་བརྟག་པར་བྱའོ། །སྒྱུ་མའི་དོན་དུ་བཤད་པར་བྱ་བའི་ཕྱིར། དམིགས་མེད་ཀུན་རྫོབ་དག་ཏུ་ནི། །ཞེས་བྱ་བ་ གསུངས་ཏེ། གང་ཞིག་ཀུན་རྫོབ་ནི་རྫས་ཀྱི་ངོ་བོའམ། གཟུང་བ་དང་འཛིན་པའི་གཟུགས་སུ་དམིགས་པ་དེ་ཉིད་དམིགས་པར་མི་འགྱུར་ཏེ། སྒྱུ་མ་ལྟ་བུར་རབ་ཏུ་བཤད། །ཅེས་བྱ་བ་ནི་རྒྱལ་བ་རྣམས་ཀྱིས་དེ་དག་སྒྱུ་མ་ལྟ་བུར་གསུངས་པ་ཡིན་ནོ། །སོ་སོར་སྡུད་པའི་རིམ་པས་ཀྱང་དེ་ཉིད་བཤད་པར་ བྱ་བའི་ཕྱིར། དབང་པོ་གང་དང་གང་ལམ་གྱུར། །འགྲོ་བ་དེ་དག་རང་བཞིན་དུ། །མཉམ་པར་མ་བཞག་སྦྱོར་བ་ཡིས། །སངས་རྒྱས་ཀུན་དང་མཉམ་པར་སྦྱོར། །ཞེས་བྱ་བ་གསུངས་ཏེ། དབང་པོ་རྣམས་ལམ་གང་ལ་ཡོད་པ་དེ་ནི་དབང་པོའི་ལམ་སྟེ་མིག་ལ་སོགས་པའི་རྣམ་པར་ཤེས་པ་འཇུག་གོ། ། དེ་རྣམས་ཀྱིས་རང་གི་ཡུལ་གཟུང་བ་སྔོན་དུ་འགྲོ་བ་ངེས་པ་དེ་ནི་དབང་པོའི་ལམ་གྱུར་ཏེ། གཟུགས་ལ་སོགས་པ་གང་དང་གང་ལ་འགྲོ་བ་ནི་དེ་རྣམས་གཟུང་བའམ། ངེས་པར་བྱེད་པ་དེ་དང་དེ་དག་བཞིན་དུ་ནི་སྒྱུ་མའི་རང་བཞིན་དུ། སངས་རྒྱས་ཀུན་དང་མཉམ་པར་སྦྱོར། །ཞེས་པ་ནི་དེ་བཞིན་གཤེགས་པ་ཀུན་ 37-1-253b གྱི་རང་བཞིན་དུ་བསམ་གཏན་གྱིས་གཟུང་བར་བྱ་སྟེ་ངག་གི་ལྷག་མའོ། །དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། མཉམ་པར་མ་བཞག་སྦྱོར་བ་ཡིས། །ཞེས་པ་ནི་ལྡང་བའི་ཏིང་ངེ་འཛིན་གྱིས་སོ། །དེ་ཡང་གང་གི་ཕྱིར་སྒྱུ་མ་ལྟ་བུ་ཉིད་ནི་མཉམ་པར་གཞག་པ་དང་མཉམ་པར་མ་བཞག་པའི་རྣལ་འབྱོར་དག་ལ་འདྲ་ བ་ཡིན་ནོ་ཞེས་དགོངས་པའོ། །དེ་ནི་སྦས་པའི་དོན་ཏོ། །སངས་རྒྱས་ཀུན་གྱི་བདག་ཉིད་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཁོ་ན་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། ཀུན་དུ་ཀུན་ནས་ཐམས་ཅད་དང་། །བདག་ཉིད་རྟག་ཏུ་རྣམ་པ་ཀུན། །སངས་རྒྱས་ཀུན་བདག་དངོས་གྲུབ་ནི། །རང་ཉིད་ཀྱིས་ནི་དེ་མཐོང་འགྱུར། ། ཞེས་བྱ་བ་གསུངས་ཏེ་རྣལ་འབྱོར་པ་དེའི་རང་གི་བདག་ཉིད་སངས་རྒྱས་ཀུན་བདག་ནི་ཕུང་པོ་ལྔའི་རང་བཞིན་གྱི་སངས་རྒྱས་ཀྱི་ངོ་བོ་སྒྱུ་མ་ལྟ་བུ་མཐོང་བ་ཡིན་ནོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། དངོས་གྲུབ་ནི་ཅིག་ཅར་རམ་གོ་བཟློག་པའི་རིམ་པས་གྲུབ་པ་སྟེ། རྣལ་འབྱོར་བཞི་ལ་སོགས་པའི་རིམ་པས་གྲུབ་པ་ནི་ མ་ཡིན་ནོ། །ཡང་ན་དངོས་གྲུབ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་སྟེ་དེ་རྣམས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྒྱུ་མའི་སྐུ་དེ་གང་དུ་མཐོང་ཞེ་ན། ཀུན་དུ་ཞེས་བྱ་བ་ནི་ཁྱིམ་མམ་དགོན་པ་ལའོ། །ཀུན་ནས་ཞེས་པ་ནི་ཕྱོགས་ཐམས་ཅད་དུའོ། །ཐམས་ཅད་དང་ཞེས་པ་ནི་འཇིག་རྟེན་ གསུམ་གྱི་རང་བཞིན་ནོ། །བདག་ཉིད་ནི་བདག་རང་གིས་སོ། །རྟག་ཏུ་ཞེས་པ་ནི་འདས་པ་ལ་སོགས་པའི་དུས་ཐམས་ཅད་དུའོ། །རྣམ་པ་ཀུན་ནི་འདིར་མ་བཤད་པ་ཀུན་གྱི་ཡང་རང་བཞིན་ནོ། །འདིས་ནི་རྗེས་སུ་དྲན་པའི་ཡན་ལག་ཀྱང་བཤད་པ་ཡིན་ཏེ་སྦས་པའི་དོན་ཏོ། །སྤྱོད་ལམ་བཞི་ལ་སྒྱུ་མའི་ ཏིང་ངེ་འཛིན་བཤད་པར་བྱ་བའི་ཕྱིར། གཙོ་བོ་བདེ་བ་ཀུན་རང་བཞིན། །སེམས་དཔའ་ཆེན་པོ་འགྲོ་དང་བཞུགས། །གནས་དང་ཟས་དང་གོས་ལ་སོགས། །མཁའ་ལས་སྐད་ཅིག་དག་གིས་རྙེད། །ཅེས་བྱ་བ་གསུངས་ཏེ་འགྲོ་བ་ལ་སོགས་པའི་སྤྱོད་ལམ་ལ་འཇུག་པའི་རྣལ་འབྱོར་པས། བདེ་ བ་ཀུན་རང་བཞིན་ནི་འོད་གསལ་བ་ལས་གཡོ་བར་མི་འགྱུར་བ་དང་། གཙོ་བོ་ནི་སྒྱུ་མའི་རང་བཞིན་ཡིན་པའི་ཕྱིར་ཏེ། དེའི་གནས་ལ་སོགས་པ་ནམ་མཁའ་ལས་རྙེད་པ་ནི་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལ་གནས་པའི་ཕྱིར་རོ། །ཡང་ན་ནམ་མཁའ་ནི་ཐམས་ཅད་སྟོང་པའི་གོ་འཕང་སྟེ་དེ་ཉིད་ 37-1-254a ལས་གནས་ལ་སོགས་པ་རྙེད་པར་འགྱུར་རོ། །དེ་གང་གི་ཕྱིར་འཇིག་རྟེན་གྱི་དངོས་གྲུབ་རྣམས་ནི་ཤུགས་ཀྱིས་འབྱུང་བ་ཡིན་ཏེ། འོད་གསལ་བ་རྟོགས་པས་དེ་མངོན་དུ་བྱས་ན་དེ་རྣམས་རང་བཞིན་དུ་འབྱུང་བའི་ཕྱིར་རོ། །ད་ནི་སྒྲ་ཇི་བཞིན་པའི་སྙིང་པོ་ཅན་གྱི་སྦས་པའི་དོན་ཏོ། །སྒྱུ་ མའི་ཏིང་ངེ་འཛིན་ནི་གྲུབ་པའི་རྣལ་འབྱོར་པས་སེམས་ཅན་གྱི་དོན་བཤད་པར་བྱ་བའི་ཕྱིར། སྲིད་པ་གཅོད་པར་འགྱུར་བ་དང་། །འགྲོ་ན་རབ་མཆོག་སྟོན་པར་འགྱུར། །ལྷ་དང་བཅས་པ་ཀུན་གྱིས་མཆོད་། །ཡང་དང་ཡང་དུ་ཕྱག་བྱེད་འགྱུར། །ཞེས་བྱ་བ་གསུངས་ཏེ། དེ་ལྟ་བུའི་ཏིང་ངེ་འཛིན་ ལ་སྙོམས་པར་ཞུགས་པའི་རྣལ་འབྱོར་པ་བརྒྱ་བྱིན་ལ་སོགས་པའི་ལྷ་ཐམས་ཅད་ཀྱི་ཕྱག་འཚལ་བ་སྔོན་དུ་འགྲོ་བས་ཡང་དང་ཡང་དུ་མཆོད་པར་འགྱུར་རོ། །འདིས་ནི་ལྷ་ཀུན་གྱིས་ཕྱག་འཚལ་བ་དང་མཆོད་པར་འགྱུར་རོ་ཞེས་བསྟན་པས་མི་ལ་སོགས་པ་གཞན་སྨོས་ཅི་དགོས་ཞེས་དོན་བཤད་པ་ ཡིན་ནོ། །དེ་ཉིད་ཀྱི་ཕྱིར། སྲིད་པ་གཅོད་པ་ནི་རང་བཞིན་སྣང་བའི་མཚན་ཉིད་ཅན་གྱི་འཁོར་བའི་རང་བཞིན་ཤེས་པའོ། །འགྲོ་ན་རབ་མཆོག་སྟོན་པར་འགྱུར། །ཞེས་པ་ནི་འགྲོ་བའི་ནང་ན་རབ་མཆོག་ཁྱབ་འཇུག་དང་ལྷ་ཆེན་པོ་ལ་སོགས་པ་སྟེ་དེ་རྣམས་ཀྱི་སྟོན་པར་གྱུར་ན་ནི་མི་ལ་སོགས་པ་ སྨོས་ཅི་དགོས། འདིས་ནི་འདི་བཤད་པ་ཡིན་ཏེ། ཡེ་ཤེས་གསུམ་མཐོང་བ་དང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པ་ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་དཔའ་ཡིན་ཏེ་ལྷ་རྣམས་ཀྱིས་སྟོན་པ་ཉིད་དུ་མཆོད་པར་འགྱུར་རོ། །དེ་ནི་སྦས་པའི་དོན་ཏོ། །དོན་འདི་ཉིད་རྒྱས་ པར་བཤད་པར་བྱ་བའི་ཕྱིར། ཇི་ལྟར་སྟོན་པ་རྫོགས་སངས་རྒྱས། །འཇིག་རྟེན་ཕན་པར་བཞེད་པར་གཤེགས། །དེ་བཞིན་རྣལ་འབྱོར་ཆེན་པོ་ནི། །སྣ་ཚོགས་ཡེ་ཤེས་རྗེས་སུ་སྡུད། །ཅེས་བྱ་བ་གསུངས་ཏེ། ཇི་ལྟར་སངས་རྒྱས་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཆོས་སྟོན་པ་དེ་བཞིན་དུ་རྣལ་ འབྱོར་པ་འདི་ཡང་སེམས་ཅན་ལ་ཕན་པར་འདོད་པ་ཡིན་ནོ། །རྒྱུ་གང་གིས་ཤེ་ན། སྣ་ཚོགས་ཡེ་ཤེས་ནི་སེམས་ལ་དམིགས་པའི་མཚན་ཉིད་དེ། དེའི་རྗེས་སུ་བསྡུ་བས་ན་རྗེས་སུ་བསྡུ་བ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཏེ། དེས་སེམས་ཅན་གྱི་དོན་བྱ་བ་སྟེ་སྦས་པའི་དོན་ཏོ། །ཏིང་ངེ་འཛིན་འདི་ལ་གནས་པས་ 37-1-254b ཐམས་ཅད་གྲུབ་པ་ཡིན་ནོ་ཞེས་བཤད་པའི་ཕྱིར། རྡོ་རྗེ་སེམས་དཔའ་མཚོན་པས་ན། །བསྒྲུབ་པར་མི་བྱ་ཅི་ཡང་མེད། །བདེ་ཆེན་ཕྱག་རྒྱ་ཆེན་པོ་ནི། །རང་ཉིད་རྗེས་སུ་འགྲུབ་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་སེམས་དཔའ་ནི་སྒྱུ་མའི་སྐུའི་རྣལ་འབྱོར་པས་བསྒྲུབ་པར་མི་བྱ་བ་གང་ཡང་མེད་པའོ། །དེ་ གང་གི་ཕྱིར་གལ་ཏེ། ཏིང་ངེ་འཛིན་འདིས་དེ་དག་མཚོན་པར་འགྱུར་ན་དེའི་ཚེ་འགལ་བའམ་མི་འགལ་བའི་བྱ་བ་ཐམས་ཅད་འགྲུབ་པར་འགྱུར་ཏེ་གཞན་དུ་ནི་མ་ཡིན་ནོ། །རྒྱུ་འདི་ཉིད་ཀྱིས་ཕྱག་རྒྱ་ཆེན་པོ་ནི་ཁམས་གསུམ་ལ་གནས་པའི་བུད་མེད་རྣམས་སོ། །བདེ་ཆེན་ནི་བདེ་བ་ཆེན་པོ་གསལ་བར་བྱེད་པ་ དེ་དག་རང་ཉིད་རྗེས་སུ་འགྲུབ་པ་ནི་འབད་པ་མེད་པས་བསྒྲུབ་པར་འགྱུར་ཏེ་དབང་དུ་འགྱུར་རོ་ཞེས་པའི་དོན་ཏོ། །ཇི་སྐད་དུ། རི་རབ་སུམ་ཅུ་རྩ་དྲུག་གི། །ཇི་སྲིད་རྡུལ་ནི་ཕྲ་རབ་རྣམས། །ཡོན་ཏན་ཀུན་གྱི་གནས་གྱུར་པ། །དེ་ཡི་བུད་མེད་དེ་སྲིད་འགྱུར། །ཞེས་བྱ་བ་རྩ་བའི་རྒྱུད་ལས་གསུངས་ཏེ་སྦས་པའི་ དོན་ཏོ། །དེའི་མན་ངག་ནི་རྒྱུད་ཀྱི་ཡན་ལག་གོ། །བདག་ལ་བྱིན་གྱིས་བརླབ་པ་ནི་ཐམས་ཅད་ཁྱབ་བྱེད་བཤད་པར་བྱ་བའི་ཕྱིར། ལས་དང་ཉོན་མོངས་ལམ་ཅན་ལུས། །བྱེད་པ་པོ་དང་འབྲས་བུ་ཉིད། །སྨིག་རྒྱུ་སྒྱུ་མ་ལྟ་བུ་དང་། །དྲི་ཟའི་གྲོང་ཁྱེར་དག་དང་མཚུངས། །ཞེས་བྱ་བ་གསུངས་ཏེ། དེ་ལ་ སྲོག་གཅོད་པ་ལ་སོགས་པའི་མི་དགེ་བའི་ལས་བཅུ་དང་། དེ་ལྡོག་པས་དགེ་བའི་ལས་ཀྱི་ལམ་བཅུའོ། །ཉོན་མོངས་ནི་འདོད་ཆགས་ལ་སོགས་པ་དྲུག་སྟེ། དེ་དག་ཉིད་ལྟ་བ་དྲུག་ཅུ་རྩ་གཉིས་དང་། རང་བཞིན་བརྒྱ་དྲུག་ཅུ་ཡིན་ནོ། །དེ་བཞིན་དུ། ལུས་ནི་གཟུགས་ཀྱི་ཕུང་པོ་དང་། །བྱེད་པ་པོ་ནི་ རང་རང་གི་བྱ་བ་བྱེད་པའི་ཚོར་བ་ལ་སོགས་པ་དང་འབྲས་བུ་ནི་ལས་རྣམས་ཀྱི་འབྲས་བུ་སྟེ་བདེ་འགྲོ་དང་ངན་འགྲོའི་མཚན་ཉིད་གང་ཡིན་པ་དེ་དག་ཐམས་ཅད་སྨིག་རྒྱུ་ལ་སོགས་པ་ལྟ་བུར་ཤེས་པར་བྱ་སྟེ་སྦས་པའི་དོན་ཏོ། །ཏིང་ངེ་འཛིན་འདི་ལས་བཟློག་ན་སྐྱོན་གང་འབྱུང་བ་དེ་བཤད་པར་བྱ་བའི་ཕྱིར། འདི་འདྲའི་ཏིང་འཛིན་མི་ཤེས་པས། །ཀུན་རྫོབ་ལ་ནི་ཉེར་དམིགས་ཏེ། །ནད་ནི་སྣ་ཚོགས་སྐྱེས་པ་རྣམས། །དེ་དག་སྒྱུ་མའི་རྣམ་འཕྲུལ་ལོ། །ཞེས་བྱ་བ་གསུངས་ཏེ། ཏིང་ངེ་འཛིན་འདི་ནི་སྒྱུ་མ་ལྟ་བུ་སྟེ་དེ་མི་ཤེས་པས། ཀུན་རྫོབ་ལ་ནི་ཉེར་དམིགས་ཏེ། །ཞེས་པ་ནི་ཀུན་རྫོབ་རྫས་སུ་ཤེས་པས་དེ་ལ་ 37-1-255a དམིགས་ན་དེ་རྣམ་པ་སྣ་ཚོགས་པའི་ནད་སྐྱེ་བ་ནི་ལྟ་བ་ངན་པ་འབྱུང་བར་འགྱུར་རོ། །དེ་གང་གི་ཕྱིར་ཆོས་ཐམས་ཅད་ལ་སྒྱུ་མ་ལྟ་བུ་རང་གི་དངོས་པོ་ཡིན་ཏེ། རྟེན་ཅིང་འབྲེལ་པ་ལས་འབྱུང་བ་སོ་སོར་སྣང་བའི་ཕྱིར་རོ། །དེ་བས་ན་གང་དང་གང་སོ་སོར་སྣང་བ་དེ་དང་དེ་སྒྱུ་མ་ཁོ་ན་ ཏེ། སྒྱུ་མ་མཁན་གྱིས་སྤྲུལ་པའི་གླང་པོ་ཆེ་ལ་སོགས་པ་ལྟ་བུའོ། །ཕུང་པོ་ལ་སོགས་པ་འདི་རྣམས་ཀྱང་སོ་སོར་སྣང་བ་སྟེ། དེ་བས་ན་དེ་དག་སྒྱུ་མ་ལྟ་བུ་ཡིན་ཏེ་རང་བཞིན་གྱི་གཏན་ཚིགས་སོ། །དེ་བས་ན་གང་ཞིག་ཕྱིའི་དོན་སྨྲ་བ་རྣམས་སམ། རྣམ་པར་རིག་པ་ཙམ་སྨྲ་བ་རྣམས་ཀྱི་ཕུང་པོ་ལ་སོགས་པ་ རྫས་སུ་ཡོད་པའམ་རྣམ་པར་རིག་པར་སྨྲ་བ་དེ་དག་བཀག་པར་འགྱུར་རོ། །དེ་བས་ན་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མི་ཤེས་པས་ཐ་སྙད་ཀྱིས་མཚན་མ་ལ་བརྟེན་ཏེ། སྣ་ཚོགས་པ་ལྟ་བའི་དྲ་བས་བཅིངས་པའི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་འབྱུང་བ་སྟེ། དེ་དག་ཐམས་ཅད་སྒྱུ་མའི་ རྣམ་འཕྲུལ་ནི་སྤྲོས་པའི་མཚན་ཉིད་ཀྱི་སྒྱུ་མའི་རྣམ་པར་རོལ་པར་འགྱུར་རོ་ཞེས་སྟོན་ཏོ། །དོན་འདི་ཉིད་རྒྱས་པར་བྱ་བའི་ཕྱིར། བདག་བྱིན་བརླབ་པའི་མན་ངག་དག །གང་གིས་བླ་མ་ལས་མ་བསྒྲུབས། །རྟག་དང་ཆད་པ་ལ་དམིགས་པས། །མི་དེ་ཕྱིར་ལྡོག་གྱུར་པ་ཡིན། །ཞེས་བྱ་བ་གསུངས་ ཏེ། སློབ་མ་གང་གིས་བླ་མ་ནི་སློབ་དཔོན་ལས་བདག་ལ་བྱིན་གྱིས་བརླབ་པའི་མན་ངག་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཏེ་དེ་ཉིད་མ་བསྒྲུབས་པར་ནི་ཐོབ་པར་མི་འགྱུར་ན། རྟག་པའམ་ཆད་པའི་ལྟ་བ་ལ་དམིགས་ནས་སླར་ཡང་མི་དེ་ཕྱིར་ལྡོག་པར་གྱུར་པ་ཡིན་ནོ། །དེ་ནི་སོ་སོ་སྐྱེ་བོའི་ས་ལ་ལྟུང་བས་ཕྱིར་ ལྡོག་པ་ཞེས་བཤད་དོ། །དེ་ལ་གལ་ཏེ་ཕྱིའི་དོན་སྨྲ་བ་རྣམས་ཀྱིས་དངོས་པོའི་ཚོགས་དང་མྱ་ངན་ལས་འདས་པ་རྗེས་སུ་འདོད་པ་དང་། རྣམ་པར་རིག་པ་སྨྲ་བ་རྣམས་ཀྱིས་རྣམ་རིག་ཙམ་འདོད་ན་དེ་ཚེ་རྟག་པའི་ཕྱོགས་འབྱུང་བར་འགྱུར་རོ། །དངོས་པོ་ཐམས་ཅད་སྟོང་པ་ཁོ་ན་ཡིན་ནོ་ཞེས་འགོག་པར་ སྨྲ་བའི་དབུ་མ་པ་ཟེར་ན། དེའི་ཚེ་ཆད་པའི་ཕྱོགས་ཡིན་ནོ། །སྔགས་ཀྱི་ཕྱོགས་ལ་སྤྱོད་པའི་རྣལ་འབྱོར་པས་ཀྱང་། གལ་ཏེ་སྔགས་ཀྱི་སྐུ་འདོད་ན་དེའི་ཚེ་རྟག་པའི་ཕྱོགས་སྨྲ་བ་ཡིན་ནོ། །སེམས་ལ་དམིགས་པའི་རིམ་པས་ཀྱང་མི་གཡོ་བའི་ཏིང་ངེ་འཛིན་གྱི་ཕྱོགས་འདོད་ན་ཆད་པའི་ཕྱོགས་སུ་ 37-1-255b ལྟུང་བར་འགྱུར་རོ། །འཇིག་རྟེན་རྒྱང་ཕན་པ་རྣམས་ནི་ཆད་པའི་ཕྱོགས་སྨྲ་བ་ཡིན་ནོ། །གྲངས་ཅན་ལ་སོགས་པ་རྣམས་ཀྱང་དེ་ཁོ་ན་ཉིད་ཉི་ཤུ་རྩ་བཞི་ཡོད་པར་འདོད་པའི་ཕྱིར་རྟག་པའི་ཕྱོགས་སྨྲ་བ་ཡིན་ནོ། །དེ་བས་ན་འདི་དག་ཐམས་ཅད་ཕྱིར་ལྡོག་པ་ནི་འཁོར་བ་ལ་ཡིན་ནོ། །དེའི་ཕྱིར་ཏིང་ ངེ་འཛིན་འདི་ལ་འབད་པར་བྱའོ། །ད་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་སྟོན་པར་བྱེད་པའི་བླ་མ་མཆོད་པར་བྱའོ་ཞེས་བཤད་པར་བྱ་བའི་ཕྱིར། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་ལ་མཆོད་ཡང་དག་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་ནི་ཐོབ་པར་ འགྱུར། །ཞེས་བྱ་བ་གསུངས་ཏེ། མཆོད་པ་ཐམས་ཅད་ནི་དཀོན་མཆོག་གསུམ་ལ་སོགས་པའི་མཆོད་པ་སྟེ་དེ་ཡོངས་སུ་སྤངས་ནས་བླ་མའི་མཆོད་པ་ཁོ་ན་མཆོག་ཏུ་གྱུར་པ་ཡིན་ནོ། །དེ་གང་གི་ཕྱིར་ན་བླ་མ་དག་མཉེས་པས་ཀུན་མཁྱེན་གྱི་ཡེ་ཤེས་མྱུར་དུ་ཐོབ་པའི་ཕྱིར་རོ། །སྟོང་ཕྲག་ བརྒྱ་པ་ལས་ཀྱང་དགེ་བའི་བཤེས་གཉེན་ལ་བརྟེན་ན་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པའོ་ཞེས་གསུངས་སོ། །མཆོད་པ་དེ་ཉིད་བཤད་པར་བྱ་བའི་ཕྱིར། བླ་མེད་བྱང་ཆུབ་སློབ་དཔོན་གྱི། །རྡོ་རྗེ་སེམས་དཔའ་མཆོད་བྱས་པས། །དེ་ཡིས་བསོད་ནམས་མ་བྱས་ཅི། །དཀའ་ཐུབ་མ་བསྟེན་ ཅི་ཞིག་ཡོད། །ཅེས་བྱ་བ་གསུངས་ཏེ། བསོད་ནམས་རྣམས་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལྔ་ལ་བརྟེན་པ་དང་། དཀའ་ཐུབ་ནི་སོ་སོར་ཐར་པ་བརྒྱད་པ་ལ་སོགས་པར་བསྟན་པའི་སྡོམ་པ་བསྲུང་བ་སྟེ། དེའི་གང་ཟག་དེས་མ་བྱས་པ་དང་མ་བསྟེན་པ་ཡོད་པ་མ་ཡིན་ཏེ་བྱས་ པ་དང་བསྟེན་པ་ཁོ་ན་ཡིན་ནོ། །དེ་གང་གི་ཕྱིར་སློབ་དཔོན་ཁོ་ན་རྡོ་རྗེ་སེམས་དཔའ་བླ་མེད་ནི་མཆོག་ཏུ་གྱུར་པ་སྟེ་དེ་ལ་མཆོད་པ་བྱས་པའི་ཕྱིར་རོ། །མཆོད་པ་དེ་ཡང་ཆོས་ཐོས་པ་སྔོན་དུ་འགྲོ་བ་བླ་མ་དེ་བཀུར་བ་དང་ཕྱི་རོལ་གྱི་ཡོ་བྱད་དེ་ལ་ཕུལ་བའོ། །དེ་ཉིད་བཤད་པར་བྱ་བའི་ཕྱིར། དེ་ཉིད་མི་ཟད་འདོད་པ་ཡིས། །ཤིན་ཏུ་དགའ་བ་གང་དང་གང་། །ཤིན་ཏུ་ཁྱད་པར་ཅན་ཉིད་དེ། །དེ་དང་དེ་ནི་བླ་མར་སྦྱིན། །ཞེས་བྱ་བ་གསུངས་ཏེ། རེ་ཞིག་ཕྱི་རོལ་གྱི་རྫས་ལ་སོགས་པ་ཟད་པ་སྟེ། དེ་གལ་ཏེ་མི་ཟད་པར་འདོད་ན་དེའི་ཚེ་དེ་དག་བླ་མ་ལ་དབུལ་བར་བྱ་སྟེ། འདིས་ཐམས་ 37-1-256a ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་མཁས་པ་ཉིད་བསྟན་ཏོ། །དབུལ་བར་བྱ་བ་དེ་དག་གང་ཞེ་ན། ཤིན་ཏུ་དགའ་བ་གང་དང་གང་། །ཞེས་པ་ནི་ཕྱི་རོལ་གྱི་གླང་པོ་ཆེ་དང་རྟ་དང་བུ་དང་ཆུང་མ་ལ་སོགས་པའོ། །དེ་བཞིན་དུ་ཤིན་ཏུ་ཁྱད་པར་ཅན་ནི་བདག་རང་གི་ལུས་པོ་སྟེ་དེ་ཡང་ དབུལ་བར་བྱའོ། །རྒྱུ་གང་གིས་དེ་དག་དབུལ་བར་བྱའོ་ཞེས་བཤད་པར་བྱ་བའི་ཕྱིར། སློབ་དཔོན་གྱིས་ནི་སྡིག་པ་འཕྲོག །སློབ་དཔོན་གྱིས་ནི་སྡུག་བསྔལ་གྱི། །རྒྱ་མཚོའི་འཇིགས་ལས་ཕ་རོལ་སྒྲོལ། །ཞེས་བྱ་བ་གསུངས་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཁྱད་པར་གྱི་ སྤྱོད་པ་ལ་སྤྱོད་པས་སློབ་དཔོན་ཏེ། དེའི་རིག་པའི་དབང་བསྐུར་བས་ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པའི་མཚན་ཉིད་ཀྱི་སྡིག་པ་འཕྲོག་པ་སྟེ། མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་དུ་གྱུར་པའི་ཕྱིར་རོ། །དེ་བཞིན་དུ་འཇིགས་པ་ནི་གཙང་བ་དང་མི་གཙང་བ་ ལ་སོགས་པའི་མཚན་ཉིད་ཀྱི་རྣམ་པར་རྟོག་པ་སེལ་བ་སྟེ། གསང་བའི་དབང་བསྐུར་བ་སྦྱིན་པའི་ཕྱིར་རོ། །དེ་བཞིན་དུ་སྡུག་བསྔལ་གྱི་རྒྱ་མཚོའི་འཇིགས་པ་ནི་ཆགས་པ་དང་། ཆགས་པ་བྲལ་བ་དང་། ཆགས་པ་བར་མའི་མཚན་ཉིད་ཀྱི་རང་བཞིན་བརྒྱ་དྲུག་ཅུའི་ཚོགས་ཏེ། དེ་ལས་ཕ་རོལ་ སྒྲོལ་བ་ནི་ཤེས་རབ་ཀྱི་དབང་དང་། དེ་ཡང་དེ་བཞིན་བཞི་པའོ། །ཞེས་བྱ་བ་སྟེ། དེ་དག་ལས་རང་བཞིན་གྱིས་འོད་གསལ་བའི་དེ་ཁོ་ན་ཉིད་འབྱུང་བའི་ཕྱིར་རོ། །ཡང་ན་ཆགས་པ་ལ་སོགས་པ་དང་འོད་གསལ་བ་ཕན་ཚུན་འགལ་བའམ། དེ་རྣམས་དེའི་ངོ་བོ་ཡིན་ནོ་ཞེས་དགོངས་པའོ། །ད་ནི་ ཆོས་སྦྱིན་པར་མི་བྱ་བ་དང་། སྦྱིན་པར་བྱ་བའི་སློབ་མ་གང་ཡིན་པ་དེ་དག་གི་སྐྱོན་དང་ཡོན་ཏན་དཔྱད་པར་བྱ་བའི་ཕྱིར། གང་ཞིག་ང་རྒྱལ་གྱིས་བརྩེགས་ཤིང་། །ཡང་དག་རིམ་པ་སུན་འབྱིན་དང་། །དེ་ཉིད་ཆོས་ལ་བརྙས་བཅས་པ། །དེ་ལ་དེ་ཉིད་བསྟན་མི་བྱ། །ཞེས་བྱ་བ་གསུངས་ ཏེ། བདག་གིས་རྣམ་པ་མང་པོར་ཡང་དང་ཡང་དུ་དབང་བསྐུར་བ་ཐོབ་པ་ཡིན་ནོ་ཞེས་གང་ཞིག་ང་རྒྱལ་དང་ལྡན་པ་དེ་བཞིན་དུ་ཡང་དག་རིམ་པ་ནི་རྡོ་རྗེ་བཟླས་པ་ལ་སོགས་པ་སྟེ་དེ་ལ་སུན་འབྱིན་པ་དང་། དེ་བཞིན་དུ་དེ་ཉིད་ཆོས་ནི་མན་ངག་གཙོ་བོར་གྱུར་པའི་རྒྱུ་རྣམས་བདག་རང་གིས་རྟོགས་ 37-1-256b ལ་བདག་ལ་བླ་མ་ཅུང་ཟད་ཀྱང་དགོས་པ་མ་ཡིན་ནོ་ཞེས་དེ་ལ་ལོ་དང་ལྡན་པ་དང་། སློབ་མ་སྐྱོན་ཅན་གང་ཡིན་པ་དེ་ལ་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་བླ་མས་བསྟན་པར་མི་བྱའོ། །དེ་ནི་སྒྲ་ཇི་བཞིན་པའོ། །ཡོན་ཏན་ཅན་བཤད་པར་བྱ་བའི་ཕྱིར། བླ་མ་ལ་གུས་བདེན་པར་སྨྲ་བ་དང་། །རྣམ་པར་ མཁས་ཤིང་རྒྱུད་གཅིག་ལ། །དམ་ཚིག་སྤྱོད་པ་བསྲུང་བ་དག །རིམ་པ་དེ་ལ་བསྟན་པར་བྱ། །ཞེས་བྱ་བ་གསུངས་ཏེ། སློབ་མ་འདི་ལྟ་བུ་གང་ཡིན་པ་དེ་ལ་རིམ་པ་བསྟན་པར་བྱའོ་ཞེས་ཚིག་གི་འབྲེལ་པའོ། །དེ་གང་ཡིན་ཞེ་ན། གང་ཞིག་བདེན་པར་སྨྲ་བ་དང་། རྡོ་རྗེ་སློབ་དཔོན་ལ་དད་ པ་ཅན་དང་། དེ་བཞིན་དུ་རྒྱུད་གཅིག་པ་ནི་ལན་ཅིག་བཤད་པའི་གཞལ་བྱ་ཇི་སྲིད་འཚོ་བའི་བར་དུ་དྲན་པར་བྱ་སྟེ། ཆོས་ཉིད་སོ་སོར་ཐོབ་པའི་ཤེས་རབ་དང་ལྡན་པའི་ཕྱིར་རོ། །དེ་བཞིན་དུ་བསྲུང་བར་བྱ་བའི་དམ་ཚིག་གི་སྤྱོད་པ་གང་ཞིག་སྲུང་བར་འཇུག་པ་དེ་ལ་བདག་ལ་བྱིན་གྱིས་བརླབ་པའི་ རིམ་པ་བསྟན་པར་བྱའོ། །རིམ་པ་ལྔ་པའི་འགྲེལ་པ་རིམ་པའི་དོན་གསལ་བར་བྱེད་པ་ཞེས་བྱ་བ་ལས། བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་སྟེ་གསུམ་པའོ།། །།ད་ནི་མངོན་པར་བྱང་ཆུབ་པ་རྩོམ་པས་བཅོམ་ལྡན་འདས་རྡོ་རྗེ་འཆང་ལ་ཕྱག་འཚལ་བར་བྱ་བའི་ཕྱིར། ཐམས་ཅད་སྟོང་ཉིད་ སྟོན་པ་པོ། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ཏེ། །བཞི་པ་མངོན་པར་བྱང་ཆུབ་པའི། །རིམ་འདི་བདག་གིས་བཤད་པར་བྱ། །ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ནས་བདག་གིས་མངོན་པར་བྱང་ཆུབ་པའི་རིམ་པ་བཤད་པར་བྱའོ་ཞེས་ཚིག་གི་འབྲེལ་པའོ། །རྡོ་རྗེ་ ནི་རྣམ་པར་ཤེས་པ་ལྔ་སྤོང་བར་བྱེད་པའི་ཡེ་ཤེས་ལྔའི་རང་བཞིན་གྱི་ཆོས་ཀྱི་དབྱིངས་སམ་སྟོང་པ་ཉིད་དེ། དེ་ལ་སེམས་དཔའ་ནི་གནས་པ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་སེམས་དཔའོ། །ལྔ་ནི་སྤང་དང་ཤེས་པ་ཉིད། །རྡོ་རྗེ་ཞེས་བྱར་བཤད་པ་ཡིན། །ཞེས་བྱ་བ་དང་། བརྟན་དང་སྙིང་པོ་ཁོག་ སྟོང་མེད། །མི་ཆོད་མི་ཕྱེད་མཚན་ཉིད་ཅན། །མི་ཚིག་པ་དང་མི་འཇིག་པ། །སྟོང་པ་ཉིད་ནི་རྡོ་རྗེ་བཤད། །ཅེས་བྱ་བ་གསུངས་སོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། ཐམས་ཅད་སྟོང་ཉིད་སྟོན་པ་པོ། །ཞེས་བྱ་བ་ནི་སྔར་བཤད་པ་དང་འོག་ནས་བཤད་པར་འགྱུར་བའི་མཚན་ཉིད་ཅན་གྱི་རང་བཞིན་གྱིས་ 37-1-257a འོད་གསལ་བའི་དེ་ཁོ་ན་ཉིད་སྟོན་པར་མཛད་པའོ། །རིམ་པ་ཐམས་ཅད་སྟོན་པར་མཛད་པའི་བཅོམ་ལྡན་འདས་ཀྱིས་ཁྱད་པར་སྤངས་ནས་གང་གི། ཐམས་ཅད་སྟོང་པ་སྟོན་པ་པོ། །ཞེས་བྱ་བ་གསུངས་པ་དེ་ནི་རབ་ཏུ་བྱེད་པའི་གནས་སྐབས་ལ་བཤད་པའི་དེ་ཁོ་ན་ཉིད་བཤད་ པར་བྱ་བའི་ཕྱིར་རོ། །མངོན་པར་བྱང་ཆུབ་པའི་རིམ་པ་གང་ཡིན་ཞེ་ན། བཞི་པ་ཞེས་བྱ་བ་ནི་རིམ་པ་ལ་ལྟོས་པ་དང་ཡེ་ཤེས་ལ་ལྟོས་པས་འདི་བཞི་པ་ཡིན་ནོ། །ཀུན་རྫོབ་བདེན་པ་དག་པ་ནི། །རིམ་པ་བཞི་པར་བསྟན་པ་ཡིན། །ཞེས་བྱ་བ་དང་། སློབ་དཔོན་གསང་བ་ཤེས་རབ་དང་། །བཞི་པ་དེ་ཡང་དེ་བཞིན་ནོ། ། ཞེས་བྱ་བ་གསུངས་སོ། །དེ་ནི་མཐར་ཐུག་སྙིང་པོ་ཅན་གྱི་སྒྲ་ཇི་བཞིན་པའོ། །རིམ་པ་འདི་གང་གིས་སྟོན་པར་མཛད་པའི་བླ་མ་དེའི་ཁྱད་པར་བྱ་བའི་ཕྱིར། འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པོ་བདག་ཉིད་ཆེ་བའི་ལྷ། །མན་ངག་རྣམས་ནི་རབ་སྟེར་བས། །རྡོ་རྗེ་སློབ་དཔོན་དེ་བས་ལྷག །ཅེས་བྱ་བ་ གསུངས་ཏེ། འདོད་ཆགས་ལ་སོགས་པའི་རང་བཞིན་གྱི་ཚོགས་ཀྱི་བག་ཆགས་དང་། སྒྱུ་མ་ལྟ་བུའི་བག་ཆགས་རྣམས་འཇོམས་པར་མཛད་པས་ན་བཅོམ་ལྡན་འདས་ཏེ་རྡོ་རྗེ་འཆང་ཆེན་པོའོ། །གཅིག་པོ་ནི་གཉིས་པ་མེད་པར་བདག་ཉིད་ཆེན་པོའི་ལྷ་ནི་གཙོ་བོའི་ལྷའི་བདག་ཉིད་དུ་བསྟན་ པ་ཡིན་ནོ། །འདིར་ལྷ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་། འདོད་ཆགས་ལ་སོགས་པའི་རང་བཞིན་གྱི་དེ་བཞིན་གཤེགས་པ་ལྔ་དང་། ལྷ་མོ་བཞི་དང་། མཆོད་པའི་ལྷ་མོ་བཞི་དང་། བྱང་ཆུབ་སེམས་དཔའ་བརྒྱད་དང་། ཁྲོ་བོ་བཅུའི་མཚན་ཉིད་དོ། །བདག་ཉིད་ཆེ་བ་ནི་དེ་རྣམས་ ལས་ཀྱང་ལྷག་པ་སྟེ། ཆོས་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །གཞན་ཡང་ཇི་ལྟ་བུ་ཞེ་ན། རང་བྱུང་ཞེས་བྱ་བ་ནི་རང་བཞིན་མེད་པ་རྣམས་ལ་རང་རང་གི་ངོ་བོར་འབྱུང་བས་ན་རང་འབྱུང་སྟེ། རྒྱུ་དང་རྐྱེན་ལྟོས་པ་ལས་མ་བྱུང་སྟེ་དེ་ལ་ལྟོས་པ་ཁོ་ན་རང་བཞིན་མེད་པའོ། །ཇི་སྐད་དུ། རྟེན་ཅིང་འབྱུང་ བ་མ་བྱུང་ཞེས། །དེ་ཉིད་རིག་མཆོག་གསུངས་པ་ཡིན། །ཞེས་བྱ་བ་གསུངས་སོ། །ཡང་ན་ཆོས་ཉིད་འཕེལ་བ་དང་འགྲིབ་པ་མེད་པས་རང་བྱུང་སྟེ། སྐྱེ་བ་དང་འཇིག་པ་མེད་པའི་ཕྱིར་རོ། །ཇི་སྐད་དུ། འཕེལ་འགྲིབ་རྣམ་པར་སྤངས་པ་ནི། །ཆོས་ཉིད་གཏན་དུ་བསམ་པར་བྱ། །ཞེས་བྱ་ 37-1-257b བྱ་བ་གསུངས་སོ། །རྡོ་རྗེ་འཆང་དེ་ལྟ་བུ་ལས་ཀྱང་མངོན་པར་བྱང་ཆུབ་པ་སྟོན་པར་བྱེད་པའི་རྡོ་རྗེ་སློབ་དཔོན་ལྷག་པ་ཡིན་ནོ། །དེ་གང་གི་ཕྱིར་ཞེ་ན། མན་ངག་རྣམས་ནི་རབ་སྟེར་བས། །ཞེས་བྱ་བ་ལ། ལོངས་སྤྱོད་རྫོགས་པའི་སྐུ་གཙོ་བོར་གྱུར་པའི་བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་ ཆོས་བསྟན་པ་སོ་སོ་སྐྱེ་བོའི་ཕྱིར། ཁོ་བོ་ཅག་གིས་ཐོབ་པ་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཀྱི་དོན་ཙམ་ཡང་རང་གིས་རྣམ་པར་དཔྱད་པར་མི་ནུས་ཏེ། མན་ངག་རྟོགས་པར་འགྱུར་བ་སྨོས་ཅི་དགོས། དེ་བས་ན་དེ་ཁོ་ན་ཐོབ་པའི་རྒྱུ་རྡོ་རྗེ་སློབ་དཔོན་ཁོ་ན་ཡིན་པས་རྡོ་རྗེ་འཆང་བས་ ཀྱང་ལྷག་པ་ཉིད་དུ་གྲུབ་པ་སྟེ་མཐར་ཐུག་སྙིང་པོ་ཅན་གྱི་སྒྲ་ཇི་བཞིན་པའོ། །བླ་མ་དེ་ཉིད་མཉེས་པར་བྱ་བའི་ཕྱིར། དེ་ནི་ཡང་དག་མཉེས་བྱས་ཏེ། །ལོའམ་ཡང་ན་ཟླ་བ་ལ། །བླ་མ་དེ་ནི་མཉེས་བྱས་ལ། །ཅི་ནུས་པས་ནི་མཆོད་པར་བྱ། །ཞེས་བྱ་བ་གསུངས་ཏེ། མངོན་པར་བྱང་ཆུབ་ པའི་མན་ངག་འདོད་པའི་སློབ་མས་ལོ་ལ་སོགས་པའི་དུས་ཁྱད་པར་དུ་མཉེས་པར་བྱ་བའི་བླ་མ་ཅི་ནུས་པས་མཆོད་པར་བྱ་སྟེ་སྒྲ་ཇི་བཞིན་པའོ། །མཆོད་པ་དེ་ཉིད་བཤད་པར་བྱ་བའི་ཕྱིར། ཅི་འབྱོར་པ་ཡི་ཕྱག་རྒྱ་ནི། །ལེགས་པར་བསླབས་ལ་དབུལ་བྱ་ཞིང་། །ཚོགས་ཀྱི་དཀྱིལ་འཁོར་དབུས་སུ་ ནི། །ཆོ་ག་ཇི་བཞིན་མཆོད་པར་བྱ། །ཞེས་བྱ་བ་གསུངས་ཏེ། དེའི་རྗེས་ལ་རིམ་པ་བཞི་པའི་རྒྱུར་གྱུར་པ་དང་། རིམ་པ་གསུམ་པའི་རྒྱུར་གྱུར་པའི་ཕྱག་རྒྱ་བརླབ་པ་དང་ལྡན་པ་ཅི་འབྱོར་པ་ནི་རིགས་ཀྱི་དབྱེ་བས་ལོ་བཅུ་གཉིས་པ་ལ་སོགས་པ་བླ་མ་འདི་ལ་ཕུལ་ཏེ། ཆོ་ག་བཞིན་དུ་མཆོད་ པར་བྱ། །ཞེས་པ་ནི་ཆོ་ག་ལས་མ་འདས་ཤིང་ཚོགས་ཀྱི་འཁོར་ལོའི་དབུས་སུ་སློབ་མས་བླ་མ་ལ་མཆོད་པར་བྱའོ། །དེ་ལ་ཆོ་ག་ནི་འདི་ཡིན་ཏེ། རེ་ཞིག་དང་པོའི་ཐོས་པ་དང་ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་གྱིས་ཕུན་སུམ་ཚོགས་པ་དང་ལྡན་པ་དང་། སེམས་དག་པའི་སློབ་ མས་འཁོར་དང་བཅས་པའི་རྡོ་རྗེ་སློབ་དཔོན་སྤྱན་དྲངས་ལ། ཉན་ཐོས་ཀྱི་རིགས་དང་བྲལ་བའི་རྣལ་འབྱོར་པ་དང་། རྣལ་འབྱོར་མའི་ཚོགས་སྤྱན་དྲང་སྟེ། ལྷའི་ཁང་པ་སུམ་བརྩེགས་ལ་སོགས་པའི་སྟེང་དུ་དཀྱིལ་འཁོར་གྱི་རིམ་པས་སྣ་ཚོགས་པའི་གདན་ལ་དེ་རྣམས་བཞུགས་ཏེ་ལས་ཀྱི་ 37-1-258a རྡོ་རྗེ་དགུག་ཅིང་མཆོད་པ་བརྩམ་པར་བྱའོ། །དེའི་རིམ་པ་འདི་ཡིན་ཏེ་རེ་ཞིག་དབུས་ཀྱི་གཙོ་བོ་ནས་གནོད་མཛེས་ཀྱི་བར་དུ་ཐབས་དང་ཤེས་རབ་ཀུན་ལ་ཞབས་བསིལ་ཏེ། མཆོད་པ་རྣམ་པ་ལྔས་དེ་རྣམས་མཆོད་ལ། མཐེ་བོང་གཡོན་པ་དང་མིང་མེད་ལས་བྱུང་བའི་བདུད་རྩིས་ མདུན་དུ་བྲིས་པའི་ཆོས་འབྱུང་གི་ཕྱག་རྒྱ་ལ་པདྨའི་སྣོད་གསུམ་རྒུན་ཆང་དང་ཆང་གིས་ཡོངས་སུ་གང་བ་རྣམ་པར་བཞག་ལ་རྒུན་ཆང་གིས་གང་བའི་སྣོད་དབུས་མ་ལ་བདུད་རྩིའི་ལྔའི་རིལ་བུ་བཅུག་སྟེ། ཆང་གིས་གང་བ་ཕྱོགས་གཉིས་ལ་གནས་པའི་སྣོད་ལ་ཡང་དེའི་སྐལ་བ་བཅུག་ལ། སྣོད་ཀྱི་ཕྱག་རྒྱས་རྒུན་ཆང་གི་སྣོད་བཟུང་སྟེ། དབུས་ཀྱི་གཙོ་བོ་ནས་གནོད་མཛེས་ཀྱི་བར་དུ་ལས་ཀྱི་རྡོ་རྗེས་དེ་རྣམས་ལ་དབུལ་བར་བྱའོ། །དེ་རྣམས་ལ་དབུལ་ཏེ་བདག་ཉིད་ལ་ཡང་སྤྱོད་དོ། །དེའི་འོག་ཏུ་དྲི་བཟངས་ཀྱིས་འབྲས་སཱ་ལུའམ། རྒྱལ་པོའི་སཱ་ལུ་རོ་དྲུག་དང་ལྡན་པའི་ཚོད་མ་དང་ བཅས་པ་དེ་རྣམས་ལ་རེ་རེ་མདུན་དུ་བཞག་སྟེ། ཨོཾ་དེ་ཝན་ནེ་ས་མཱ་དྷི་དྷྱཱན་པྲྀ་ཎ་ནེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་བྱིན་གྱིས་བརླབས་ལ་ཕྱག་འཚལ་བ་གསུམ་བྱས་ནས། ཀྱེ་བཅོམ་ལྡན་འདས་མཆོད་དུ་འོས་པ་རྣམས་འདི་ལ་སྤྱོད་ཅིག་ཅེས་བྱ་བས་གསོལ་བ་གདབ་སྟེ། དེ་སྤྱོད་པ་མངོན་དུ་ གྱུར་པའི་དཀྱིལ་འཁོར་གྱི་འཁོར་ལོ་བྱའོ། །རྣལ་འབྱོར་མ་རྣམས་ཀྱིས་མཉམ་པར་བཞག་ཅིང་དེ་ལ་སྤྱད་པར་བྱའོ། །ཕྱེད་ཙམ་བཞེས་ནས་བཞེས་པའི་སྣོད་གཅིག་ཏུ་བྱས་ལ། བཞེས་པ་དང་བཏུང་བའི་སྣོད་དང་དེ་བཞིན་དུ་ཤེས་པར་བྱའོ། །རྣལ་འབྱོར་པ་རྣམས་རྡོ་རྗེའི་གླུ་ལེན་པ་ དང་། དཀྱིལ་འཁོར་གྱི་བདག་པོ་དང་རྣལ་འབྱོར་མ་རྣམས་གར་མཛད་པའོ། །ཁ་ཅིག་ན་རེ་ཐམས་ཅད་ཀྱང་གླུ་དང་རོལ་མོ་ལ་སོགས་པ་མཛད་དོ། །ཡི་གེ་གསུམ་གྱི་པི་ཝང་དང་གླིང་བུ་ལ་སོགས་པའི་རོལ་ཆ་རྣམས་ཡང་དག་པར་མཆོད་ལ་སྒྲ་རྡོ་རྗེ་མའི་ང་རྒྱལ་གྱིས་བརྡུང་བར་བྱའོ། ། ཕྱི་རོལ་དུ་ངང་པ་དང་། བུང་བ་དང་། སྤྱང་ཀི་ལ་སོགས་པའི་སྒྲ་ཐོས་པར་གྱུར་ན་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པའི་རྟགས་སོ། །ཚོགས་ཀྱི་འཁོར་ལོ་དེ་ལ་གནས་པ་རྣམས་ཀྱིས་ཀྱང་རྩོད་པ་བྱ་བ་མ་ཡིན་ཏེ་རྩ་བའི་ལྟུང་བས་འཇིགས་པའི་ཕྱིར་རོ། །གལ་ཏེ་དེ་བྱེད་ན་དེ་ཙམ་ 37-1-258b གྱིས་འཆད་པ་དབབ་པར་བྱའོ་ཞེས་པའི་མཐའ་རུ་ཕྱག་བསིལ་བ་ལ་སོགས་པ་མཛད་དུ་བཅུག་ནས། འབྲས་བུ་གསུམ་གྱི་འདབ་མ་དང་བཅས་པའི་སོ་རྩི་དང་། འབྱོར་པ་དང་མཐུན་པའི་སྐུ་ཡོན་ཕུལ་ལ། ཕྱག་འཚལ་ནས་བཟོད་པ་བཞེས་ཏེ་བསྐོར་བ་བྱས་ལ་དགེ་བ་འདིའི་སེམས་ཅན་ཐམས་ཅད་ ཕྱག་རྒྱ་ཆེན་པོ་ཐོབ་པར་གྱུར་ཅིག་ཅེས་བྱ་བའི་སྨོན་ལམ་བཏབ་ལ། ལྷག་མ་འབྲས་བུ་ལ་སོགས་པ་སྣོད་གཅིག་ཏུ་བཅུག་སྟེ། ཨོཾ་ཀུ་རུ་ཀུ་རུ་བ་ཏི་ལི་མ་ཧཱ་བ་ཏ་ལི་ཞེས་བྱ་བ་ལ་སོགས་པའི་ཡི་གེ་བརྒྱ་རྩ་བརྒྱད་ཀྱིས་ལྷག་མའི་གཏོར་མ་བྱིན་གྱིས་བརླབས་ཏེ། དུར་ཁྲོད་ན་གནས་པའི་མཁའ་ འགྲོ་མ་ལ་ཕྱི་རོལ་དུ་ཤིང་དྲུང་གཅིག་ལ་སོགས་པར་གཏོར་མ་བྱས་ཏེ། ཚོགས་ཀྱི་འཁོར་ལོའི་དབུས་སུ་ནི། །ཆོ་ག་ཇི་བཞིན་མཆོད་པར་བྱ། །ཞེས་བྱ་བའི་དོན་ཏོ། །དེ་ལ་དང་པོ་སློབ་དཔོན་གྱིས་སློབ་མ་ལ་གསང་བ་སྦྱིན་པར་བྱ་བའི་ཕྱིར། ཕྱག་རྒྱ་སྙོམས་པར་འཇུག་པར་བྱའོ་ཞེས་བཤད་ པར་བྱ་བའི་ཕྱིར། དེ་ནས་འདོད་ཡོན་ལྔ་སྤྱོད་པས། །རྣལ་འབྱོར་ཆེན་པོ་མཉེས་འགྱུར་ཏེ། །སྙོམས་པར་འཇུག་པའི་ཆོ་ག་ནི། །སྣང་བ་དག་ནི་སྐྱེད་འདུས་བྱས། །ཞེས་བྱ་བ་གསུངས་ཏེ། ཚོགས་ཀྱི་འཁོར་ལོའི་དབུས་སུ་འདོད་པའི་ཡོན་ཏན་ལྔའི་ལོངས་སྤྱོད་ཕུལ་བས། དགྱེས་པའི་ རྡོ་རྗེ་སློབ་དཔོན་གྱིས་སྣང་བ་བསྐྱེད་པའི་དུས་ནི། མཚན་མོ་རྩོམ་པའི་དུས་སུ་སྙོམས་པར་ཞུགས་པར་བྱའོ། །དེ་ཇི་ལྟར་ཞེ་ན། ཆོ་ག་ཞེས་བྱ་བ་ནི་རྡོ་རྗེ་དང་པདྨ་འདུས་བྱས་པ་སྔོན་དུ་འགྲོ་བའི་རྗེས་སུ་ཆགས་པ་དང་། སྔགས་བརྗོད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་འཇུག་པ་དང་སྤྲོ་བ་ རྣམས་ཀྱིས་སོ། །དེའི་རྗེས་ལ་བྱ་བ་བཤད་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་ནི་རབ་འབད་ནས། །ཀ་ལ་ཤ་སོགས་དག་ཏུ་གཞག །སློབ་མ་རང་ལ་བླ་མ་ཡིས། །བརྩེ་བས་ནམ་ཕྱེད་དུས་དབང་བསྐུར། །ཞེས་བྱ་བ་གསུངས་ཏེ། བླ་མས་རང་གི་སློབ་མ་ལ་དབང་བསྐུར་བར་བྱའོ་ཞེས་ ཚིག་གི་འབྲེལ་པའོ། །རང་ཞེས་བྱ་བ་ནི་བླ་མ་དེ་ཉིད་ཀྱིས་དབང་བསྐུར་བ་སྟེ། སྔོན་གཞན་ལས་དབང་བསྐུར་བ་ནི་མ་ཡིན་ནོ། །དེ་བཞིན་རྣལ་འབྱོར་ཆེན་པོའི་རྒྱུད་ལ་མོས་པ་དང་ལྡན་པ་སྟེ་བྱ་བ་ལ་སོགས་པའི་རྒྱུད་ལ་ནི་མ་ཡིན་ནོ། །གང་གི་ཚེ་དང་ཅི་བྱས་ནས་དབང་བསྐུར་བ་ཞེ་ན། 37-1-259a ནམ་ཕྱེད་དུས་ཞེས་བྱ་བ་ལ། སྲོག་དང་རྩོལ་བ་ཅིག་ཅར་དུ་རྒྱུ་བའི་དུས་འདི་ཡིན་ཏེ། དབང་ཆེན་གྱི་དཀྱིལ་འཁོར་འཆར་བ་དང་། ཐབས་དང་ཤེས་རབ་ཐ་མི་དད་པའི་ཕྱིར་རོ། །དེ་ཐ་མི་དད་པ་ཡང་འོད་གསལ་བ་དང་མཐུན་པའོ། །ཀ་ལ་ཤ་སོགས་དག་ཏུ་བཞག་ པའི་བྱང་ཆུབ་སེམས་ཞེས་པ་ནི་སྒྲ་ཇི་བཞིན་པ་རབ་ཏུ་གྲགས་པ་ཁོ་ནའོ། །རྡོ་རྗེའི་རྩེ་མོའི་བར་བྱང་ཆུབ་ཀྱི་སེམས་འཛིན་པའི་ཡན་ལག་གི་འབད་པས་འཛིན་ལ། དེ་ཉིད་ཀྱིས་སློབ་མ་དེའི་ཁ་ལ་དབང་བསྐུར་བར་བྱའོ། །སོགས་པའི་སྒྲས་ཐོད་པ་ལ་སོགས་པ་སྤྲོས་ཏེ་སློབ་མ་དེ་མྱོང་བར་བཅུག་ པར་བྱ་སྟེ་དགོངས་པས་བཤད་པའོ། །གསང་བའི་དབང་བསྟན་ནས་ཤེས་རབ་ཀྱི་དབང་བཤད་པར་བྱ་བའི་ཕྱིར། དབང་བསྐུར་ཡང་དག་ཐོབ་ནས་ནི། །ཐོ་རངས་ཀྱི་ནི་དུས་སུ་ཡང་། །སློབ་མས་ཐལ་སྦྱར་བླ་མ་ལ། །མཆོད་ཅིང་བསྟོད་པས་མཉེས་པར་བྱ། །ཞེས་བྱ་བ་གསུངས་ཏེ། འོག་ ནས་བཤད་པར་འགྱུར་བའི་བསྟོད་པའི་ཚིག་རྣམས་ཀྱིས་བླ་མ་ལ་སློབ་མས་མཉེས་པར་བྱའོ་ཞེས་ཚིག་གི་འབྲེལ་པའོ། །ཅི་བྱས་ནས་ཤེ་ན། དབང་བསྐུར་ཡང་དག་ཐོབ་ནས་ནི། །ཞེས་བྱ་བ་ལ་ནིའི་སྒྲ་ནི་ཁྱད་པར་སྟོན་པར་བྱེད་པ་སྟེ། སྔར་བཤད་པའི་གསང་བའི་འོག་ཏུ་ཤེས་རབ་ཀྱི་དབང་ ཐོབ་ནས་སོ། །དེ་ཇི་ལྟར་ཞེ་ན། ཕྱག་རྒྱ་གཅིག་གི་རིམ་པས་སོ་ཞེས་ངག་གི་ལྷག་མའོ། །གང་གི་ཚེ་དང་ཅི་བྱས་དབང་ཞེ་ན། ཐོ་རངས་ཀྱི་དུས་སུ་དང་། སླར་ཡང་བླ་མ་མཆོད་ཅིང་བསྟོད་པས་མཉེས་པར་བྱའོ། །བསྟོད་པ་དེ་ཉིད་བཤད་པར་བྱ་བའི་ཕྱིར། ཁམས་གསུམ་ལས་ནི་རྣམ་ གྲོལ་ཞིང་། །ནམ་མཁའ་དང་ནི་མཉམ་གྱུར་ལ། །འདོད་པ་རྣམས་ཀྱིས་མ་གོས་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་གསུངས་ཏེ། ཁམས་གསུམ་གྱི་རང་བཞིན་གྱི་ཚོགས་ལས་རྣམ་པར་གྲོལ་བའི་ཕྱིར། ཁམས་གསུམ་ལས་གྲོལ་བ་ཁྱོད་ཡིན་ནོ། །དེ་བཞིན་དུ་ རང་བཞིན་གྱིས་དག་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྦྱོར་བས་ནམ་མཁའ་དང་མཉམ་པར་གྱུར་པའོ། །དེ་བཞིན་དུ་འདོད་པ་ནི་གཟུགས་ལ་སོགས་པས་མ་གོས་པ་དྲི་མ་དང་ལྡན་པར་མ་གྱུར་པའོ། །དེ་ཉིད་ཀྱི་ཕྱིར། གཟུགས་ཀྱི་ཕུང་པོའི་དམིགས་པ་དང་བྲལ་བས། །དམིགས་མེད་ 37-1-259b ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སྐུ་རྡོ་རྗེ་གཙོ་བོའི་སྒོ་ནས་བསྟོད་པའོ། །སྣང་བ་མཐའ་ཡས་ཀྱི་སྒོ་ནས་བཤད་པར་བྱ་བའི་ཕྱིར། ཕུང་པོ་རྣམས་དང་ཁམས་རྣམས་དང་། །སྐྱེ་མཆེད་རྣམས་ལ་མི་བརྟེན་ཞིང་། །ཕྱིན་ཅི་ལོག་ལས་རྣམ་གྲོལ་བ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་ བྱ་བ་གསུངས་ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ངག་གི་བརྗོད་པར་བྱ་བ་གང་ཡིན་པ་དེ་རྣམས་ལ་ཁྱོད་མི་བརྟེན་པ་སྟེ། ངག་གི་རྣམ་པར་རྟོག་པའི་སྒྲ་འོད་གསལ་བའི་རང་བཞིན་ཡིན་པའི་ཕྱིར་རོ། །འདི་ཉིད་ཀྱི་ཕྱིར། ཕྱིན་ཅི་ལོག་ལས་རྣམ་གྲོལ་བ། །ཞེས་བྱ་བ་ཕྱིན་ཅི་ལོག་པ་ ནི་དངོས་པོ་རྣམས་རྫས་སུ་ཡོད་པ་ལ་སོགས་པར་ཡོངས་སུ་བརྟག་པ་སྟེ། དེ་ཉིད་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་རྣམ་པར་བཅད་པའི་ཕྱིར་ཕྱིན་ཅི་ལོག་ལས་རྣམ་པར་གྲོལ་བ་ཁྱོད་ཡིན་ནོ། །འདི་ཉིད་ཀྱི་ཕྱིར་དམིགས་མེད་ནི་དབྱངས་དང་གསལ་བྱེད་ཀྱི་རང་བཞིན་གྱི་བཅུ་པོས་མ་བཅིངས་པ་ ཁྱོད་ལ་ཕྱག་འཚལ་ལོ། །ཇི་སྐད་དུ། དང་པོ་གཅིག་ནི་དགུ་དབུས་ན། །གང་ཞིག་བཅུ་ཡིས་མ་བཅིངས་པ། །དེ་ནི་བཅིང་མེད་ཞེས་བྱ་བ། །དེ་ཤེས་པ་ནི་མཆོག་གི་གནས། །ཞེས་བྱ་བ་སྔར་གསུངས་པའི་ཕྱིར་རོ། །དེ་ནི་གསུང་རྡོ་རྗེའི་སྒོ་ནས་བསྟོད་པ་སྟེ་སྒྲ་ཇི་བཞིན་པའོ། །མི་བསྐྱོད་ པའི་སྒོ་ནས་བསྟོད་པ་བཤད་པར་བྱ་བའི་ཕྱིར། ཇི་ལྟར་ནམ་མཁའ་གནས་མེད་ཅིང་། །སྤྲོས་མེད་དགོས་པ་མེད་པ་ལྟར། །ནམ་མཁའ་དང་མཉམ་ཐུགས་མངའ་བ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་གསུངས་ཏེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པའི་ ཕྱིར་གནས་མེད་པའོ། །རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་པས་ནམ་མཁའ་འདྲ་བའོ། །སྤྲོས་པ་ནི་སྣང་བ་ལ་སོགས་པ་གསུམ་དང་འགྲོ་བ་གོས་པར་བྱེད་པའི་ཕྱིར་ཏེ་གོས་པ་ནི་རང་བཞིན་གྱི་ཚོགས་ཏེ། དེ་དག་མེད་པས་སྤྲོས་མེད་གོས་པའོ། །དེ་ཉིད་ཀྱི་ཕྱིར། ནམ་ མཁའ་དང་མཉམ་པའི་ཐུགས་མངའ་བ་ནི་ཆོས་ཀྱི་སྐུའི་རང་བཞིན་ནོ། །གོས་པ་ལ་སོགས་པ་དང་བྲལ་བའི་ཕྱིར། དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་ཐུགས་རྡོ་རྗེའི་སྒོ་ནས་བསྟོད་པ་སྟེ་སྒྲ་ཇི་བཞིན་པའོ། །བསྟོད་ནས་གསོལ་བ་གདབ་པའི་ཕྱིར། ཐམས་ཅད་སྟོང་པའི་ 37-1-260a རང་བཞིན་ཅན། །མངོན་པར་བྱང་ཆུབ་བལྟ་བར་འཚལ། །སློབ་མས་ཐལ་སྦྱར་བླ་མ་ལ། །བསྟོད་ནས་སླར་ཡང་བསྐུལ་བར་བྱ། །ཞེས་གསུངས་ཏེ། བལྟ་བར་འཚལ་ཞེས་པ་ནི་ཉེ་བར་མཚོན་པར་འདོད་པ་སྟེ་སྐད་ཀྱི་བྱིངས་རྣམས་ནི་དོན་དུ་མ་དང་ལྡན་པས་བལྟ་བའི་སྒྲ་ནི་ཉེ་བར་མཚོན་པ་ལ་ འཇུག་གོ། །བླ་མ་སླར་ཡང་བསྐུལ་བར་བྱ། །ཞེས་པ་ནི་བསྟོད་པ་ལ་ལྟོས་ནས་སླར་གྱི་སྒྲའོ། །ལྷག་མ་ནི་གོ་སླ་སྟེ་སྒྲ་ཇི་བཞིན་པའོ། །གསོལ་བ་གདབ་པ་དེ་ཉིད་བཤད་པར་བྱ་བའི་ཕྱིར། ལས་དང་སྐྱེ་ལས་རྣམ་གྲོལ་ཞིང་། །སྣང་བ་གསུམ་པོ་སྤང་བ་ཡིས། །མངོན་པར་བྱང་ཆུབ་མཐོང་བ་ནི། །མགོན་པོ་ཆེན་པོ་ བདག་འཚལ་ལོ། །ཞེས་བྱ་བ་གསུངས་ཏེ། ཀྱེ་མགོན་པོ་ཆེན་པོ་བདག་ལ་མངོན་པར་བྱང་ཆུབ་པའི་རིམ་པ་བཤད་དུ་གསོལ་ལོ་ཞེས་ཚིག་གི་འབྲེལ་པའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། ལས་དང་སྐྱེ་ལས་རྣམ་གྲོལ་ཞིང་། །ཞེས་བྱ་བ་ལ་ལས་དང་སྐྱེ་བ་དག་འཁོར་བའི་རྒྱུ་དང་འབྲས་བུའི་དངོས་པོ་གནས་པ་གང་ཡིན་ པ་དེ་དག་ལས་རྣམ་པར་གྲོལ་བ་སྟེ། རང་བཞིན་གྱིས་འོད་གསལ་བ་ལ་ལས་དང་སྐྱེ་བའི་སྒྲིབ་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ཏེ། དེ་དག་ཡོད་ཀྱང་ཡོངས་སུ་ཡོད་པ་མ་ཡིན་ཏེ། སྒྱུ་མ་ལྟ་བུའི་ཕྱིར་རོ། །དེ་བས་ན་དེ་ཡོངས་སུ་མ་ཤེས་པས་འགྲོ་བ་རིགས་ལྔས་འཁོར་བ་ལ་འགྲོ་བ་དང་ འོང་བ་བྱས་ཤིང་སོ་སོ་སྐྱེ་བོ་རྣམས་ཀྱི་མྱ་ངན་དང་དགའ་བ་དང་སྡུག་བསྔལ་དང་བདེ་བ་ལ་སོགས་ཉམས་སུ་མྱོང་བ་སྟེ་རང་བཞིན་བརྗེད་པའི་ཕྱིར་རོ། །དེ་གང་གི་ཕྱིར་རིག་བྱ་དང་རིག་པར་བྱེད་པའི་དངོས་པོའི་འཁོར་ནི་རྣམ་པར་དག་པ་སྟེ། དེའི་ཆོས་ཉིད་ཡོངས་སུ་ཤེས་པ་འོད་གསལ་བ་ཡིན་ནོ། །དེ་བཞིན་དུ། སྣང་ བ་གསུམ་པོ་སྤངས་པ་ཡིས། །ཞེས་བྱ་བ་ལ་སྣང་བ་ལ་སོགས་པ་བྲལ་བ་སྟེ་སྒྲ་ཇི་བཞིན་པའོ། །གཞན་ཡང་བཤད་པར་བྱ་བའི་ཕྱིར། སངས་རྒྱས་ཀུན་གྱི་ཡེ་ཤེས་ཆེ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྡོ་རྗེ་ཡེ་ཤེས་བླ་ན་མེད། །སློབ་དཔོན་ཆེན་པོ་བདག་འཚལ་ལོ། །ཞེས་བྱ་བ་གསུངས་ཏེ། བདག་ལ་རྡོ་རྗེ་ཡེ་ཤེས་བཤད་དུ་གསོལ་ལོ་ཞེས་ཚིག་གི་འབྲེལ་པའོ། །དེ་ལ་རྡོ་རྗེ་ཡེ་ཤེས་ནི་མི་ཕྱེད་པ་སྟེ། དཔེ་དང་དཔེ་ལས་འབྱུང་བ་དག་ཐ་མི་དད་པའི་ཕྱིར། རྡོ་རྗེ་དེ་ཡིན་ལ་ཡེ་ཤེས་ཐམས་ཅད་མེད་པའི་ཕྱིར་ཡེ་ཤེས་ཀྱང་དེ་ཉིད་ཡིན་ཏེ་རྡོ་རྗེའི་ཡེ་ཤེས་སོ། །དེ་བཞིན་དུ། སངས་རྒྱས་ཀུན་གྱི་ཡེ་ཤེས་ཆེ། །ཞེས་བྱ་ 37-1-260b བ་ལ། ཡེ་ཤེས་ལྔའི་རང་བཞིན་གྱི་སངས་རྒྱས་ལྔའི་ཡེ་ཤེས་ཆེན་པོ་ནི་དེ་རྣམས་ཉེ་བར་བསྡུ་བའི་རང་བཞིན་གྱིས་འོད་གསལ་བའོ། །འདི་ཉིད་ཀྱི་ཕྱིར། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་རྣམས་འདི་ཉིད་ལས་འབྱུང་བ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ ཡིན་པའི་ཕྱིར་རོ། །དེ་ནི་སྒྲ་ཇི་བཞིན་པའོ། །གཞན་ཡང་བཤད་པར་བྱ་བའི་ཕྱིར། ཐོག་མཐའ་མེད་ཅིང་ཞི་བ་ལ། །ཉོན་མོངས་ཐམས་ཅད་རྣམ་སྦྱངས་ཤིང་། །ལུས་དང་ངག་དང་སེམས་སྦྱོང་བ། །རྡོ་རྗེ་ཆེན་པོ་བདག་འཚལ་ལོ། །ཞེས་བྱ་བ་གསུངས་ཏེ། ཀྱེ་རྡོ་རྗེ་ཆེན་པོ་དྲུག་པའི་རང་བཞིན་ལུས་ལ་སོགས་པ་སྦྱོང་ བ་ནི་བདག་ལ་བྱིན་གྱིས་བརླབ་པ་དང་། སེམས་ལ་དམིགས་པ་དང་རྡོ་རྗེ་བཟླས་པའི་རིམ་པ་ལས་གསུངས་པའི་བག་ཆགས་ཟད་པར་བྱེད་པའི་དེ་ཁོ་ན་ཉིད་བདག་ལ་བཤད་དུ་འཚལ་ལོ། །དེ་ཡང་ཇི་ལྟ་བུ་ཞེ་ན། ཐོག་མཐའ་མེད་ཅིང་ཞེས་པ་ནི་སྐྱེ་བ་དང་འཇིག་པ་མེད་པའམ་སྣང་བ་ལ་སོགས་པ་མེད་པའི་ཕྱིར་ ཐོག་མ་དང་ཐ་མ་མེད་པའོ། །དེ་བཞིན་དུ་ཞི་བ་ནི་ཐམས་ཅད་སྟོང་པའི་ཕྱིར་རོ། །ཉོན་མོངས་ཐམས་ཅད་ནི་འདོད་ཆགས་དང་བྲལ་བ་ལ་སོགས་པའི་རང་བཞིན་ཕྲ་མོའི་བག་ཆགས་ཏེ། དེ་རྣམས་སྦྱངས་པ་ནི་སྤང་བྱ་དང་བླང་བྱའི་དངོས་པོས་རང་བཞིན་རྣམ་པར་དག་པ་སྟེ་སྒྲ་ཇི་བཞིན་པའོ། །ཚིགས་སུ་ བཅད་པ་གསུམ་པོ་དེ་ལ་མགོན་པོ་དང་། སློབ་དཔོན་ཆེན་པོ་དང་། རྡོ་རྗེ་ཆེན་པོ་ཞེས་བྱ་བའི་བོད་པ་རྣམས་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་རང་བཞིན་དུ་ཤེས་པར་བྱའོ། །གསོལ་བ་བཏབ་མ་ཐག་ཏུ་བླ་མའི་བྱ་བ་བཤད་པའི་ཕྱིར། དེ་ལྟར་ཡོན་ཏན་ཡང་དག་པ། །བརྗོད་པས་རྣལ་འབྱོར་པ་མཉེས་ བྱས། །སྙིང་རྗེ་སློབ་མ་ལ་བསྐྱེད་དེ། །དེ་ནས་རིམ་པ་འདི་ཉིད་བརྩམ། །ཞེས་བྱ་བ་གསུངས་ཏེ། རྣལ་འབྱོར་པ་ནི་བླ་མས་འོག་ནས་བཤད་པར་འགྱུར་བའི་རིམ་པ་བརྩམ་པ་ནི་བཤད་པར་བྱའོ་ཞེས་ཚིག་གི་འབྲེལ་པའོ། །བླ་མ་ཇི་ལྟ་བུ་ཞེ་ན། ཡོན་ཏན་ཡང་དག་པ་ནི་དེ་ལྟར་མངའ་བའི་ཡོན་ཏན་བརྗོད་ པས་མཉེས་པར་བྱས་པ་སྟེ་ཟོལ་གྱིས་བསྟོད་པ་ནི་མ་ཡིན་ནོ། །ཅི་མཛད་ནས་སྟོན་ཞེ་ན། སྙིང་རྗེ་སློབ་མ་ལ་བསྐྱེད་དེ། །ཞེས་པ་ནི་སྙིང་རྗེ་གཙོ་བོར་གྱུར་པའི་རྡོ་རྗེ་སློབ་དཔོན་གྱིས་དེ་ཁོ་ན་ཉིད་སྟོན་པར་རིགས་ཏེ་སྒྲ་ཇི་བཞིན་པའོ། །རིམ་པ་དེ་ཉིད་བཤད་པར་བྱ་བའི་ཕྱིར། མཚན་མོ་སྣང་བའི་ཆ་སྟེ་གསལ་ 37-1-261a བ་ཉི་མའི་ཟེར་འགྱེད་སྣང་བ་མཆེད་པ་ཡིན། །མཚམས་ནི་སྣང་བ་ཐོབ་པ་རང་གི་རང་བཞིན་རྣམས་ཀྱི་ལན་ཅིག་མིན་པར་འགྲོ། །མཚན་མིན་ཉིན་པར་མ་ཡིན་མཚམས་མིན། གང་ཞིག་རང་བཞིན་རྣམས་དང་རྣམ་བྲལ་བ། །དེ་ནི་བྱང་ཆུབ་སྐད་ཅིག་ཡིན་པར་བླ་མ་མཆོག་ བཤད་རྣལ་འབྱོར་པ་ཉིད་ཡུལ། །ཞེས་བྱ་བ་གསུངས་ཏེ། ཀྱེ་བུ་ཁྱོད་ཀྱིས་གང་ཞིག་ཚངས་པའི་བུ་ག་ལས་བྱང་ཆུབ་ཀྱི་སེམས་འཛག་པའི་དུས་སུ་བདེ་བ་ཉམས་སུ་མྱོང་བ་དེ་ནི་སྣང་བའི་སྐད་ཅིག་མ་སྟེ། དེ་ཉིད་མཚན་མོ་ནི་ཅུང་ཟད་སྣང་བའི་མཚན་ཉིད་ཤེས་པར་བྱའོ། །བྱང་ཆུབ་ཀྱི་སེམས་དེ་ཉིད་ ཀྱིས་ཡན་ལག་ཐམས་ཅད་ཀྱི་ཚིགས་ཁྱབ་པའི་དུས་སུ་གང་ཞིག་ཁྱོད་ཀྱི་ཁྱད་པར་གྱི་དགའ་བ་ཉམས་སུ་མྱོང་བ་དེ་ནི་སྣང་བ་མཆེད་པའི་སྐད་ཅིག་མ་སྟེ་དེ་ཉིད་གསལ་བ་ཉི་མའི་འོད་ཟེར་གྱི་སྣང་བ་དང་འདྲ་བ་སྔ་མ་ལས་ཁྱད་པར་ཅན་ཉིན་མོའི་རང་བཞིན་དུ་ཤེས་པར་བྱའོ། །དེའི་རྗེས་ལ་རྡོ་རྗེའི་རྩ་བ འམ། དབུས་སུ་དེ་ཡིས་ཕྱིན་ན། སྣང་བ་ཉེ་བར་ཐོབ་པ་ཞེས་བྱ་བའི་དགའ་བའི་ཁྱད་པར་གང་བྱུང་བ་དེ་ནི་མཚམས་ཞེས་བྱ་བ་སྟེ། ཉིན་མོ་དང་མཚན་མོ་ལས་འདས་པ་མུན་པའི་རང་བཞིན་རྒྱལ་བ་ལྟ་བུར་ཤེས་པར་བྱའོ། །སྐད་ཅིག་མ་དེ་རྣམས་གསུམ་པ་ཡང་རང་རང་གི་རང་བཞིན་ནི་བག་ལ་ ཉལ་གྱི་རང་བཞིན་དང་འབྲེལ་པ་སྟེ་རགས་པའི་རང་བཞིན་རྣམས་ནི་དེ་གང་གི་ཕྱིར་དེ་རྣམས་རིམ་པ་གཉིས་པས་སྤངས་པའི་ཕྱིར་རོ། །གལ་ཏེ་སྒྱུ་མའི་ཏིང་ངེ་འཛིན་གྱི་དེ་རྣམས་བརྫུན་ཉིད་དུ་རྟོགས་ན་ཡང་། འོན་ཀྱང་དེ་མཐོང་བ་མདུན་དུ་སྣང་བའི་ཕྱིར་བག་ལ་ཉལ་བ་དང་། ལྷན་ཅིག་ཏུ་འགྲོ་བ་ དེ་རྣམས་གནས་པ་ཁོ་ན་ཡིན་ནོ། །སྐད་ཅིག་མ་གང་ཞིག་མཚན་མོ་ལ་སོགས་པའི་སྒྲས་བརྗོད་པའི་སྣང་བ་ལ་སོགས་པ་གསུམ་དང་བྲལ་བ་སྟེ། རྡོ་རྗེ་ནོར་བུའི་ནང་ན་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི་གནས་སྐབས་སུ་བྱང་ཆུབ་ཀྱི་རང་བཞིན་གྱི་སྐད་ཅིག་ནི་རྣལ་འབྱོར་པའི་ཡེ་ཤེས་ཀྱིས་ རྟོགས་པར་འགྱུར་བ་དེ་ནི་བླ་མའི་ཞལ་ནས་ཐོབ་ཅིང་བསྒོམ་པར་བྱ་བ་སྟེ་འོད་གསལ་བའི་རང་བཞིན་ནོ་ཞེས་ངག་གི་ལྷག་མའོ། །དེ་ནི་མཐར་ཐུག་གི་དོན་ཏོ། །འདི་ཉིད་རྒྱས་པར་བཤད་པར་བྱ་བའི་ཕྱིར། མཚན་མོའི་མུན་ནག་མ་ལུས་འདས་ཤིང་མཚམས་ཀྱི་སྣང་བ་གང་འདས་དང་། ། 37-1-261b ཇི་སྲིད་ཉི་མ་མ་ཤར་སྐད་ཅིག་འདིར་ནི་དྲི་མེད་ཡང་དག་མཐའ་རུ་བཤད། །སློབ་དཔོན་མཆོག་ནི་རབ་རིབ་བྲལ་བས་སློབ་མ་ལ་ནི་ཕྱི་རོལ་བྱང་ཆུབ་བསྟན། །ནང་གི་བདེ་བ་རྙོག་བྲལ་སངས་རྒྱས་བྱང་ཆུབ་སྐད་ཅིག་དག་གིས་ཐོབ་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། ཀྱེ་བུ་དྲི་མ་མེད་པའི་སྐད་ཅིག་ ནི་རང་བཞིན་དང་སྣང་བའི་དྲི་མ་མེད་པའི་སྐད་ཅིག་མ་དེར་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་ལ་ཡང་དག་མཐར་ནི་དེ་བཞིན་ཉིད་བསྟན་པ་ནི་གསལ་བར་བྱའོ། །སྐད་ཅིག་མ་དེ་གང་ཡིན་ཞེ་ན། མཚན་མོ་དང་། ཉིན་མོ་དང་། མཚམས་དང་། ཉིན་མོའི་སྣང་བ་རྣམས་གང་དུ་ནུབ་པར་གྱུར་པ་དེ་ཡིན་ནོ། ། དེ་ལ་མཚན་མོ་ནི་སྣང་བའི་ཡེ་ཤེས་དང་། ཉིན་མོ་ནི་སྣང་བ་མཆེད་པའི་ཡེ་ཤེས་དང་། མཚམས་ནི་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་ཏེ་དགོངས་ཀའི་དུས་ཀྱིའོ། །སྔ་དྲོའི་མཚམས་ནི་འོད་གསལ་བའི་ཡེ་ཤེས་ཏེ་རིམ་པ་འདིས་ཕྱིའི་མངོན་པར་བྱང་ཆུབ་པའི་རིམ་པ་ཤེས་པར་བྱའོ། །འདི་མཐོང་ བས་ནང་གི་བདེ་བ་ནི་ནང་གི་མངོན་པར་བྱང་ཆུབ་པ་ཐོབ་པར་འགྱུར་རོ། །སངས་རྒྱས་བྱང་ཆུབ་ནི་རྡོ་རྗེ་འཆང་ཆེན་པོའི་ས་ཀུན་དུ་བཟང་པོ་ཞེས་བྱ་བ་སྟེ། དེ་ཉིད་སྐད་ཅིག་ནི་འོད་གསལ་བའི་སྐད་ཅིག་མས་ཐོབ་པར་བྱའོ། །འོ་ན་ཕྱི་དང་ནང་གི་མངོན་པར་བྱང་ཆུབ་པ་དག་གི་དབྱེ་བ་གང་ཡིན་ཞེ་ན་སྨྲས་ པ། གཅིག་ནི་ཕྱིའི་ཕྱག་རྒྱའི་རིམ་པ་དང་། གཉིས་པ་ཡེ་ཤེས་ཀྱི་ཕྱག་རྒྱའི་རིམ་པས་ཐོབ་བོ། ཕྱག་རྒྱ་ཆེན་པོའི་རིམ་པ་ནི་མཚན་མ་ལྔའི་གོ་རིམས་ཀྱི་མཚན་ཉིད་དོ། །དེ་རྣམས་ཀྱང་། དང་པོ་སྨིག་རྒྱུ་དང་འདྲ་བ། །གཉིས་པ་དུ་བ་འདྲ་བ་སྟེ། །གསུམ་པ་སྲིན་བུ་མེ་ཁྱེར་འདྲ། །བཞི་པ་མར་ མེ་བཞིན་དུ་འབར། །སྤྲིན་མེད་ནམ་མཁའ་དང་མཚུངས་པའི། །ལྔ་པ་སྣང་བ་མེད་པའོ། །ཞེས་གསུངས་སོ། །འདི་རྣམས་ལ་ས་དང་མཐའ་རྣམ་པ་དབྱེ་བ་ལས་འབྱུང་བ་ཆེན་པོ་རྣམས་རིམ་པས་ཉེ་བར་བསྡུ་བའི་རང་བཞིན་དུ་ཤེས་པར་བྱ་སྟེ། ས་ཆུ་ལ་ཐིམ་པ་ཞེས་བྱ་བ་ལ་སོགས་པའོ། །དང་ པོ་ས་ནི་ཆུ་ལ་འགྲོ། །ཆུ་ཡང་མེ་ལ་འགྲོ་བ་སྟེ། །མེ་ཡང་རླུང་ལ་རྗེས་འགྲོ་བ། །རླུང་ནི་རྣམ་པར་ཤེས་ལ་ཞུགས། །རྣམ་ཤེས་འཛིན་པའི་དེ་ཉིད་ལ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་མཐར་ཐུག་གི་དོན་ཏོ། །དེ་ཉིད་ཁྱད་པར་བསྟན་པའི་ཕྱིར། ཐ་མར་འབྱུང་དང་ཐོག་མར་འབྱུང་བ་དང་། ། 37-1-262a དབུས་མིན་འབྱུང་བ་དབུས་སུ་འབྱུང་བའམ། །མཐའ་མེད་འབྱུང་བ་མཐར་ནི་འབྱུང་བ་རྣམས། །དེ་དག་ཐམས་ཅད་སྟོང་པར་དམ་པས་གསུངས། །ཞེས་བྱ་བ་གསུངས་ཏེ། དམ་པ་ནི་སེམས་རྒྱ་ཆེ་བ་རྣམས་ཀྱིས་ཐམས་ཅད་སྟོང་པ་ནི་འོད་གསལ་བའི་དེ་ཁོ་ན་ཉིད་བཞི་པ་གསུངས་པ་ནི་སྟོན་ པར་མཛད་པའོ། །ཞེས་སྟོན་ཏེ། དེ་གང་ཡིན་ཞེ་ན། གང་ཞིག་ཐོག་མ་དང་བར་མ་དང་ཐ་མ་རྣམས་ནི་འདོད་ཆགས་དང་འདོད་ཆགས་བྲལ་བ་དང་འདོད་ཆགས་བར་མ་རྣམས་ཀྱིས་མ་གོས་པ་སྟེ། འོན་ཀྱང་ཁྱབ་བྱེད་ཀྱི་ཕྱིར་ཐོག་མ་དང་བར་མ་ཐ་མའི་རང་བཞིན་ཡང་དེ་ཉིད་ཡིན་ནོ་ཞེས་པའི་དོན་ཏོ། །དེ་ ནི་མཐར་ཐུག་གོ། །སླར་ཡང་དེ་ཉིད་ཁྱད་པར་དུ་བསྟན་པར་བྱ་བའི་ཕྱིར། གང་དུ་འགྲོ་བ་དང་ནི་འོང་མེད་ཅིང་། །ཟད་དང་འཕེལ་མེད་དངོས་དང་དངོས་མེད་མིན། །ངོ་མཚར་གཟུགས་ཅན་ཡིན་ཞིང་ངོ་མཚར་མིན། །གནས་པར་འགྱུར་མིན་མྱུར་དུ་འགྲོ་བ་མིན། །ཞེས་བྱ་བ་གསུངས་ཏེ་དམ་པ་རྣམས་ ཀྱིས་དེ་ཁོ་ན་ཉིད་བཞི་པ་འདི་ལྟར་གསུངས་ཏེ་གསུངས་ཀྱི་སྒྲ་འདིར་འཇུག་གོ། །དེ་ཇི་ལྟ་བུ་ཡིན་ཞེ་ན།གང་དུ་འགྲོ་བ་དང་འོང་བ་མེད་པ་ནི་འཇུག་པ་དང་ལྡང་བ་མེད་པ་སྟེ། ནིའི་སྒྲས་གནས་པ་ཡང་མེད་པའོ། །འདི་ནི་རྡོ་རྗེ་བཟླས་པའི་མིན་པ་ལས་ཁྱད་པར་བསྟན་ཏོ། །ཟད་པ་ནི་རང་བཞིན་མེད་ པ་དང་འཕེལ་བ་དང་ནི་སེམས་ཀྱི་འོད་གསལ་བ་འཆར་བ་སྟེ། དེ་དག་ཀྱང་གང་དུ་མེད་པ་སྟེ། འདིས་ནི་སེམས་ལ་དམིགས་པའི་རིམ་པ་ལས་ཁྱད་པར་བསྟན་ཏོ། །དེ་བཞིན་དུ་དངོས་མེད་ནི་ཀུན་རྫོབ་ཀྱི་རྣམ་པར་རྟོག་པ་མེད་པ་དང་། དངོས་ནི་སྒྱུ་མ་ལྟ་བུ་སྟེ། དེ་དག་ཀྱང་གང་དུ་དམིགས་པར་མི་འགྱུར་ རོ། །འདིས་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་ལས་ཁྱད་པར་བསྟན་ཏོ། །ངོ་མཚར་གཟུགས་ཅན་ནི་བག་ཆགས་དང་བཅས་པའི་རང་བཞིན་གྱི་ཚོགས་ཐིམ་པའི་ཕྱིར་དང་། ངོ་མཚར་མིན་པ་ནི་ཞི་བའི་བདག་ཉིད་ཡིན་པའི་ཕྱིར་རོ། །གནས་པར་གྱུར་པ་དང་མྱུར་དུ་འགྲོ་བ་ནི་སྐྱེ་བ་དང་ འཇིག་པ་སྟེ་དེ་དག་མེད་པའི་ཕྱིར། གནས་པར་གྱུར་མིན་མྱུར་དུ་འགྲོ་བ་མིན། །ཞེས་བྱ་བ་བསྟན་ཏེ། སྦས་པ་སྔོན་དུ་འགྲོ་བའི་མཐར་ཐུག་གོ། །གཞན་ཡང་གང་ཞིག་ཡོད་དང་མེད་པའི་ཐ་སྙད་རྣམས་དང་བྲལ། །བསོད་རྣམས་གཟུགས་མིན་སྡིག་པའི་གཟུགས་མ་ཡིན། །བསོད་ནམས་སྡིག་གི་ 37-1-262b བདག་མིན་མཆོག་གྱུར་པ། །དེ་ནི་ཐམས་ཅད་སྟོང་པར་སངས་རྒྱས་རྣམས་ཀྱིས་གསུངས། །ཞེས་བྱ་བ་གསུངས་ཏེ། དེ་ནི་ཐམས་ཅད་སྟོང་པར་སངས་རྒྱས་ཀྱིས་གསུངས་ཞེས་བྱ་བས་རང་བཟོ་དགག་པའོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། གང་ཞིག་རང་བཞིན་རྣམས་མེད་པའི་ཕྱིར། ཡོད་པའི་ཐ་སྙད་དང་བྲལ་བ་ དང་། འོད་གསལ་བའི་ཆོས་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་མེད་པའི་ཐ་སྙད་དང་བྲལ་བའོ། །དེ་བཞིན་དུ་བསོད་ནམས་དང་སྡིག་པའི་གཟུགས་མ་ཡིན་པ་ནི་འོད་གསལ་བ་ལ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྣམས་མེད་པའི་ཕྱིར་རོ། །ཕུང་པོ་གསུམ་ནི་བསོད་ནམས་དང་སྡིག་པའི་ བདག་ཉིད་དེ་ལ་ཡོད་པ་མ་ཡིན་ཏེ་འགལ་བའི་ཕྱིར་རོ། །དེ་བས་ན་མཆོག་གྱུར་པ་ནི་ཡང་དག་པའི་མཐའ་ཡིན་པའི་ཕྱིར་ཏེ་མཐར་ཐུག་གོ། །ལྡང་བ་བཤད་པར་བྱ་བའི་ཕྱིར། །རྣལ་འབྱོར་པས་ནི་དེ་ལྟའི་དེ་ཉིད་ཐོབ། །རྒྱུ་དང་མི་རྒྱུའི་བདག་ཉིད་འགྲོ་གཉེན་གཅིག །ཡེ་ཤེས་རང་བཞིན་མི་ཡི་སེང་གེ་ གང་། །མི་ཟད་ལུས་ཐོབ་མ་ལུས་འགྲོ་བའི་རྒྱུ། །ཞེས་བྱ་བ་གསུངས་ཏེ། རྣལ་འབྱོར་པ་འདིས་མི་ཟད་པའི་ལུས་ཐོབ་པ་ནི་ཆོས་ཀྱི་སྐུ་ཐོབ་པ་སྟེ་འོད་གསལ་བ་ཁོ་ན་ཆོས་ཀྱི་སྐུ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འགྲོ་གཉེན་གཅིག་ནི་རྣལ་འབྱོར་པ་དེས་མ་ལུས་པའི་འགྲོ་བ་ལ་རྒྱུ་བ་ནི་སེམས་ཅན་གྱི་དོན་དུ་ སྤྱོད་པ་སྟེ་དོན་གཞན་དུ་ནི་མ་ཡིན་ནོ། །ཅི་བྱས་ཤེ་ན། དེ་ལྟའི་དེ་ཉིད་ནི་སྔར་བཤད་པའི་རང་བཞིན་གྱིས་འོད་གསལ་བའི་དེ་ཁོ་ན་ཉིད་བླ་མའི་ཞལ་ནས་ཐོབ་ནས་རྒྱུ་བའོ། །རྣལ་འབྱོར་པ་དེ་ཇི་ལྟ་བུ་ཡིན་ཞེ་ན། རྒྱུ་དང་མི་རྒྱུའི་བདག་ཉིད་ཅེས་པ་ནི་འགྲོ་བའི་དོན་མཛད་ན། ཡང་གཡོ་བ་དང་མི་ གཡོ་བའི་དངོས་པོའི་རང་བཞིན་ཡིན་ཏེ། དེ་རྣམས་འོད་གསལ་བ་ལ་རག་ལུས་པའི་ཕྱིར་རོ། །དེ་བས་ན་ཡེ་ཤེས་རང་བཞིན་ནི་ཡེ་ཤེས་མེད་པའི་ཡེ་ཤེས་ཏེ་དེའི་རང་བཞིན་ནི་རིགས་མཐུན་པ་དང་། རིགས་མི་མཐུན་པའི་བསྟན་པ་ལ་སོ་སོར་བཤད་པའི་སྒྲོ་བཏགས་པ་ལ་སོགས་པའི་ འཁྲུལ་པ་དང་བྲལ་བའོ། །འདིས་ནི་ཡང་དག་པའི་ལྟ་བ་ལ་ཞུགས་པ་བསྟན་ཏོ། །མིའི་སེང་གེ་ནི་འདི་ཉིད་དེ། སྐྱེས་བུ་དམ་པའི་ནང་ན་མཆོག་ཏུ་གྱུར་པ་སྟེ་སྒྲ་ཇི་བཞིན་པའོ། །སྤྱོད་ལམ་གྱི་རྣམ་པར་དག་པ་བཤད་པར་བྱ་བའི་ཕྱིར། དེ་ནི་ཡོན་པོའི་ལུས་ཀྱང་དྲང་པོ་ཡིན། །བསྟན་ལ་ 37-1-263a གནས་མེད་གྱུར་ཀྱང་གནས་པ་ཡིན། །དེ་ནི་མིག་བཙུམས་གྱུར་ཀྱང་རྣམ་རྒྱས་མིག །དེ་ནི་མཉམ་མ་གཞག་ཀྱང་མཉམ་གཞག་ཡིན། །ཞེས་བྱ་བ་གསུངས་ཏེ། ཏིང་ངེ་འཛིན་ལ་ཞུགས་པ་ཁ་ཅིག་ནི་ལུས་དྲང་པོ་བྱས་ལ་བསྒོམ་པ་སྟེ། རྣལ་འབྱོར་པ་འདི་ཡོན་པོ་དང་དྲང་པོའི་ལུས་པོ་ ལ་འདྲ་བ་ཡིན་ཏེ་བསྒྲུབ་བྱ་འགྲུབ་པའི་ཕྱིར་རོ། །ཁ་ཅིག་སྟན་འཇམ་པོ་ལ་འདུག་ནས་བསྒོམ་པ་སྟེ་རྣལ་འབྱོར་པ་འདི་སྟན་དང་སྟན་མེད་པ་ལ་གནས་ཀྱང་འདྲ་བ་སྟེ་དེ་ཁོ་ན་ཉིད་ཀྱི་གདན་ལ་གནས་པའི་ཕྱིར་རོ། །ཁ་ཅིག་མིག་བཙུམས་ནས་ཏིང་ངེ་འཛིན་ལ་བཞུགས་པ་སྟེ་རྣལ་འབྱོར་པ་འདི་ནི་མིག་ བཙུམས་པ་དང་ཕྱེ་བ་ཡིན་ན་ཡང་འདྲ་བ་སྟེ། དེ་ཁོ་ན་ཉིད་ཐོབ་པས་དེ་དག་དགོས་པ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་པ་འདི་མཉམ་པར་མ་གཞག་ཀྱང་མཉམ་པར་གཞག་པ་ཁོ་ན་ཡིན་ཏེ་གནས་སྐབས་གཉིས་པོ་ལ་ཡང་འོད་གསལ་བ་ཡོངས་སུ་མ་སྤངས་པའི་ཕྱིར་རོ། །དེ་སྒྲ་ཇི་བཞིན་ པའོ། །གཞན་ཡང་འདི་ཉིད་བཤད་པར་བྱ་བའི་ཕྱིར། དེ་ནི་ཚིག་དང་ལྡན་ཡང་བརྗོད་བྲལ་ཡིན། །དེ་ནི་གཟུགས་དང་ལྡན་ཡང་གཟུགས་བྲལ་ཡིན། །དེ་ནི་འཇིག་རྟེན་དགོན་ཡང་གཞན་བྲན་འགྱུར། །གང་ཞིག་དེ་ཉིད་རྟོགས་ཤིང་ཉེས་ཀུན་ཟད། །ཅེས་བྱ་བ་གསུངས་ཏེ། རྣལ་འབྱོར་པ་དེ་ལྟ་བུ་གང་ཡིན་པ་ དེ་དེ་ཉིད་རྟོགས་པ་ནི་བཞི་པ་ཐོབ་པ་ཞེས་བཤད་དོ། །རྒྱུ་འདི་ཉིད་ཀྱིས་ཉེས་ཀུན་ཟད་པ་ནི་རང་བཞིན་གྱི་བག་ལ་ཉལ་མ་ལུས་པ་གང་ལ་ཟད་པ་དེ་ལ་དེ་སྐད་ཅེས་བྱའོ། །གཞན་ཡང་ཚིག་དང་ལྡན་པ་ནི་ངག་རྗོད་པར་བྱེད་པ་ཡིན་ཡང་བརྗོད་བྲལ་ནི་ངག་རྣམས་མི་དམིགས་པའི་ཕྱིར་རོ། །དེ་བཞིན་དུ་གཟུགས་དང་ ལྡན་པ་ནི་ལུས་ཅན་ཡིན་ན་ཡང་། གཟུགས་བྲལ་བ་ནི་ལུས་པོ་མེད་པ་སྟེ་དེ་དམིགས་པའི་ཕྱིར་རོ། །དེ་བཞིན་དུ་འཇིག་རྟེན་མགོན་ནི། སངས་རྒྱས་ཡིན་ཡང་གཞན་བྲན་འགྱུར། །ཞེས་བྱ་བ་ནི་སྔོན་གྱི་སྨོན་ལམ་གྱི་དབང་གིས་གཞན་རྣམས་ཀྱི་བྲན་དུ་གྱུར་པ་ནི་གདུལ་བར་བྱ་བའི་ཕྱིར་ འབངས་དང་འདྲ་བ་སྟེ། དམིགས་པ་མེད་པའི་སྦྱོར་བས་འགྲོ་བའི་དོན་བྱེད་དུ་ཡིད་ལ་བྱེད་པ་འཇུག་པའི་ཕྱིར་རོ། །དེ་ལྟར་ལུས་ངག་ཡིད་ཀྱི་སྤྱོད་པ་ལ་དམིགས་པ་མེད་པའི་སྦྱོར་བས་སྤྱོད་ན་དེ་ཉིད་རྟོགས་པ་ནི་རྣལ་འབྱོར་པ་དེ་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེ་ནི་སྒྲ་ཇི་བཞིན་པའོ། །ཕྱག་རྒྱའི་ 37-1-263b རིམ་པ་བསྟན་ནས། ཏིང་ངེ་འཛིན་གྱི་རིམ་པ་བཤད་པར་བྱ་བའི་ཕྱིར། མན་ངག་ཐོབ་པའི་སློབ་མ་ཡིས། །དེ་ནས་ནལ་འབྱོར་རྣམ་གཉིས་བསླབ། །རིལ་པོར་འཛིན་པའི་རིམ་པ་དང་། །དེ་བཞིན་རྗེས་སུ་གཞིག་པའོ། །ཞེས་བྱ་བ་གསུངས་ཏེ། སྔར་བཤད་པའི་མན་ངག་ཐོབ་ནས་དེ་ཉིད་བརྟན་པར་ བྱ་བའི་ཕྱིར་སློབ་མས་རྣལ་འབྱོར་གཉིས་ལ་བསླབ་པར་བྱའོ། །རྣལ་འབྱོར་ནི་ཏིང་ངེ་འཛིན་རྣམ་པ་གཉིས་ཏེ་རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པའོ། །དེ་ནི་མདོར་བསྟན་པ་སྟེ་སྒྲ་ཇི་བཞིན་པའོ། །རྒྱས་པར་བཤད་པར་བྱ་བའི་ཕྱིར། །མགོ་བོ་ནས་ནི་རྐང་པའི་བར། །ཇི་སྲིད་སྙིང་གར་ཕྱིན་པའི་བར། ། རྣལ་འབྱོར་ཡང་དག་མཐའ་ལ་འཇུག །རིལ་པོར་འཛིན་པ་ཞེས་བཤད་དོ། །ཞེས་བྱ་བ་གསུངས་ཏེ། རིལ་པོར་འཛིན་པ་འདི་ཡིན་ཏེ་ཏིང་ངེ་འཛིན་གང་གིས་མགོ་བོ་ནས་རྐང་པའི་བར་དང་། དེ་ལས་ཀྱང་སྙིང་གའི་བར་དུ་ཡང་དག་པའི་མཐའ་ལ་འཇུག་པའི་མཚན་ཉིད་དོ། །དེའི་མན་ངག་འདི་ཡིན་ཏེ་རྩིབས་ བརྒྱད་པའི་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་ལ་དབྱངས་ཀྱི་དང་པོ་བསྒོམས་ཤིང་དེའི་འོད་ཟེར་གྱིས་རྐང་པ་ནས་མགོ་བོའི་བར་དུ་བསྲེགས་པ་དང་། སླར་ཡང་ལྡོག་པ་ཇི་སྲིད་སྙིང་གའི་བར་དུ་མི་སྣང་བར་བྱས་ཏེ། རང་གི་རྒྱུད་མི་དམིགས་པའི་བདག་ཉིད་ཀྱིས་རིལ་པོར་འཛིན་པའི་ཏིང་ངེ་འཛིན་ཏེ་ མཐར་ཐུག་གོ། །རྗེས་སུ་གཞིག་པ་བཤད་པར་བྱ་བའི་ཕྱིར། རྒྱུ་བ་དང་ནི་མི་རྒྱུ་བ། །དང་པོ་འོད་གསལ་བར་བྱས་ཏེ། །ཕྱི་ནས་དེ་བཞིན་བདག་ཉིད་བྱེད། །རྗེས་སུ་གཞིག་པའི་རིམ་པ་ཡིན། །ཞེས་བྱ་བ་གསུངས་ཏེ། སྔར་བཤད་པའི་དབྱངས་དང་པོ་ལས་འབྱུང་བའི་འོད་ཟེར་གྱིས་འཁོར་ ལོས་རྒྱུ་བ་དང་མི་རྒྱུ་བ་ནི་ཁམས་གསུམ་ལ་མི་སྣང་བར་བྱས་ཤིང་དེའི་རྗེས་ལ་བདག་ཉིད་ཀྱང་མི་སྣང་བར་བྱས་ཏེ་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་བསྟན་ཏོ། །དེ་ནི་མཐར་ཐུག་གོ། །རིལ་པོར་འཛིན་པའི་ཏིང་ངེ་འཛིན་གྱི་དཔེ་བཤད་པར་བྱ་བའི་ཕྱིར། དབུགས་ཀྱི་རླུང་ནི་མེ་ལོང་ལ། །ཇི་ལྟར་ཀུན་དུ་ ཐིམ་འགྱུར་བ། །དེ་བཞིན་རྣལ་འབྱོར་ཡང་དག་མཐར། །ཡང་དང་ཡང་དུ་འཇུག་པར་བྱེད། །ཅེས་བྱ་བ་གསུངས་ཏེ། ཇི་ལྟར་མེ་ལོང་གི་མཐིལ་ལ་འཇུག་པའི་ཁའི་རླངས་པ་ཐིམ་པར་འགྱུར་ཏེ། གལ་དུ་ཐལ་ལོ་ཞེས་ཤེས་པ་མ་ཡིན་པ་དེ་བཞིན་དུ། རྣལ་འབྱོར་པས་ཡང་དང་ཡང་དུ་ཆོས་ཉིད་ལ་འཇུག་པར་བྱ་སྟེ། 37-1-264a རང་བཞིན་གྱི་ཚོགས་དེ་གང་དུ་ཐལ་ལོ་ཞེས་ཤེས་པ་མ་ཡིན་ཏེ་མཐར་ཐུག་གི་དོན་ཏོ། །འདིར་ནི་ཀུན་དུ་སྒྲས་མ་བཤད་པ་ཡང་ཀུན་ལས་བསྡུ་བར་བྱེད་པ་སྟེ། །རྗེས་སུ་གཞིག་པའི་དཔེ་ཡང་མཚོན་པར་བྱའོ། །དེ་ལ་ཇི་ལྟར་དྲི་མ་མེད་པའི་སྟོན་ཀའི་མཚོའམ། ཆུ་བོའི་ཆུ་ལ་གཟུགས་བརྙན་དུ་གྱུར་པའི་ཟླ་བའི་དཀྱིལ་འཁོར་དེ་ཉིད་དང་གཞན་ཉིད་དག་གིས་བརྗོད་དུ་མེད་པ་དེ་བཞིན་དུ། བདག་དང་གཞན་གྱི་རྒྱུ་ལ་གནས་པའི་འོད་གསལ་བ་བརྗོད་དུ་མེད་པ་ཤེས་པར་བྱ་སྟེ་མཐར་ཐུག་ཁོ་ནའོ། །སླར་ཡང་སྤྱོད་ལམ་གྱི་རྣམ་པར་དག་པ་ བཤད་པར་བྱ་བའི་ཕྱིར། འགྲོ་དང་འདུག་དང་ཉལ་དང་ཟ། །མིག་བཙུམས་འབྱེད་དང་དགོད་པ་ན། །བསམ་གཏན་སྦྱོར་བ་འདི་ཡིས་ནི། །དེ་ཉིད་རིག་པ་རྟག་ཏུ་གནས། །ཞེས་བྱ་བ་གསུངས་ཏེ། དེ་ཉིད་རིག་པ་ནི་ཐམས་ཅད་སྟོང་པའི་གོ་འཕང་ལ་གནས་པའི་རྣལ་འབྱོར་ པས་འགྲོ་བ་ལ་སོགས་པའི་སྤྱོད་ལམ་ལ་འོད་གསལ་བའི་ཏིང་ངེ་འཛིན་གྱིས་གནས་པར་བྱ་སྟེ་སྒྲ་ཇི་བཞིན་པའོ། །འོད་གསལ་བ་ལ་ཞུགས་པས་སེམས་ཅན་གྱི་དོན་ཇི་ལྟར་བྱེད་པ་ཡིན་ནོ་ཞེས་བཤད་པར་བྱ་བའི་ཕྱིར། གཟུགས་བཅས་འོད་ཟེར་དེ་ཉིད་དང་། །རྣམ་ཤེས་རླུང་ དང་ལྡན་པ་ཡིས། །བདག་བྱིན་བརླབ་པའི་རིམ་གྱིས་ཀྱང་། །སེམས་ཅན་དོན་དུའང་ལན་འགའ་འགྱུར། །ཞེས་བྱ་བ་གསུངས་ཏེ། འོད་གསལ་བ་ལ་ཞུགས་པའི་རྣལ་འབྱོར་པས་གལ་ཏེ་སྔོན་གྱི་སྨོན་ལམ་དབང་གིས་སེམས་ཅན་གྱི་དོན་བྱེད་ན། དེའི་ཚེ་བདག་ལ་བྱིན་ གྱིས་བརླབ་པའི་རིམ་པས་བྱ་བ་ཡིན་ནོ། །འོ་ན་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནི་གསུམ་པ་ཡིན་པའི་ཕྱིར། དེ་ཁོ་ན་ཉིད་བཞི་པ་དང་། འདི་ལ་ཇི་ལྟར་མངོན་དུ་བྱ་བ་ཡིན་ཞེ་ན། སྨྲས་པ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་རྣམ་པ་གཉིས་ཏེ། གཅིག་ནི་རིམ་པ་གསུམ་པ་ རྗོད་པར་བྱེད་པའོ། །གཉིས་པ་ནི་ཟུང་འཇུག་གི་རིམ་པ་རྗོད་པར་བྱེད་པ་སྟེ། དེ་ཡང་འོག་ནས་བཤད་པར་འགྱུར་བ་འདིར་མངོན་དུ་བྱས་ཏེ་འགལ་བ་མེད་དོ། །ཐ་མ་ནི་བདག་ལ་བྱིན་གྱིས་བརླབ་པ་ཞེས་ཇི་ལྟར་ཡིན་ཞེ་ན། སྨྲས་པ། བདག་དང་བདག་ནི་བདག་སྟེ་ཀུན་ 37-1-264b རྫོབ་དང་དོན་དམ་པའོ། །དེ་དག་ཐ་མི་དད་པར་རྟོགས་པ་གང་ཡིན་པ་དེ་ནི་བདག་ལ་བྱིན་གྱིས་བརླབ་པ་སྟེ། ཟུང་འཇུག་གི་རིམ་པའོ་ཞེས་བསྟན་ཏོ། །འོ་ན་དེ་ལ་རླུང་དང་རྣམ་པར་ཤེས་པའི་སྦྱོར་བ་ཇི་ལྟར་ཡོད་ཅེ་ན་སྨྲས་པ། རླུང་འགག་པ་དང་རྣམ་པར་ཤེས་པ་མེད་པའི་སྦྱོར་བ་སྟེ་མཐར་ ཐུག་པའོ། །ལྡང་བ་བཤད་པར་བྱ་བའི་ཕྱིར། །ཇི་ལྟར་དང་བའི་ཆུ་རླུང་ལས། །ཉ་དག་མྱུར་བར་ལྡང་བ་ལྟར། །དེ་བཞིན་ཐམས་ཅད་སྟོང་གསལ་ལས། །སྒྱུ་འཕྲུལ་དྲ་བ་འབྱུང་བར་བཤད། །ཅེས་བྱ་བ་གསུངས་ཏེ། ཇི་ལྟར་སྟོན་ཀའི་དུས་ཀྱི་གཙང་པོའི་ཆུའི་ནང་ནས། ཉ་གློ་ བུར་དུ་འཕར་བ་དེ་བཞིན་དུ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཐམས་ཅད་ཀྱི་བདག་ཉིད་རང་བཞིན་བརྒྱ་དྲུག་ཅུའི་ཚོགས་དང་བྲལ་བའི་འོད་གསལ་བས། སྒྱུ་འཕྲུལ་དྲ་བ་ནི་འཁོར་དང་བཅས་པའི་འཁོར་ལོས་སྒྱུར་བའི་ཚོགས་སྔོན་གྱི་སྨོན་ལམ་གྱི་དབང་གིས་རྫ་མཁན་ གྱི་འཁོར་ལོ་བཞིན་དུ་འབྱུང་བ་ཡིན་ཏེ་མཐར་ཐུག་གི་དོན་ཏོ། །རིགས་ཀྱི་དབྱེ་བས་སེམས་ཅན་གྱི་དོན་བཤད་པར་བྱ་བའི་ཕྱིར། །རིགས་ལྔའི་སངས་རྒྱས་ལ་ལྟོས་པའི། །ཕྱག་རྒྱ་ཆེན་པོར་བརྟག་པ་མེད། །འོད་ཟེར་ལྔ་ནི་འབྱུང་བ་དག །ནམ་མཁའི་འཇའ་ཚོན་དག་དང་ མཚུངས། །ཞེས་བྱ་བ་གསུངས་ཏེ། སེམས་ཅན་གྱི་དོན་མཛད་པའི་ཕྱིར། གང་ཞིག་འོད་གསལ་བ་ལས་སྐུ་འབྱུང་བ་དེ་ནི་ཕྱག་རྒྱ་ཆེན་པོ་མ་ཧཱ་མུ་དྲ་སྟེ། སེམས་ཅན་གྱི་ཕུང་པོ་ཆེན་པོ་ལ་མུ་དྲ་དགའ་བ་རཱ་ནི་སྟེར་བ་སྟེ་ཕྱག་རྒྱ་ཆེན་པོའོ། །འོ་ན་སྐྱེ་བའི་རིམ་པ་དང་བདག་ལ་བྱིན་ གྱིས་བརླབ་པ་དག་ལས་ཁྱད་པར་གང་ཡང་ཡོད་ཅེ་ན། བརྟག་པ་མེད་པ་ཞེས་པ་ནི་འོད་གསལ་བའི་རྒྱུ་མཐུན་ཡིན་པའི་ཕྱིར་རོ། །གཞན་མ་གཉིས་ནི་རྟོག་པའི་རྣལ་འབྱོར་དང་། སྒྱུ་མའི་རྣམ་པར་རྟོག་པས་ཟིལ་གྱིས་མནན་པའོ། །ཇི་ལྟ་བུ་ཞེ་ན། སེམས་ཅན་གྱི་མོས་པའི་ དབང་གིས་རིགས་ལྔའི་སངས་རྒྱས་ལ་ལྟོས་པ་ནི་དེ་ལ་རག་ལུས་པའོ། །དེ་གང་གི་ཕྱིར་འཁོར་ལོས་སྒྱུར་བ་དྲུག་གི་གཟུགས་སུ་སངས་རྒྱས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་འབྱུང་བའི་ཕྱིར་རོ། །ཡང་ཇི་ལྟ་བུ་ཡིན་ཞེ་ན། འོད་ཟེར་ལྔ་ནི་འབྱུང་བ་དག །ཅེས་བྱ་བ་ལ། འོད་ཟེར་ 37-1-265a ལྔ་རེ་རེ་འབྱུང་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་འོད་ཟེར་ལྔ་ནི་རིམ་པ་ལས་འབྱུང་བའམ། གོ་བཟློག་པ་ལས་འབྱུང་བའི་སྨིག་རྒྱུ་ལ་སོགས་པ་དེ་ལས་གང་འབྱུང་བ་དེ་ནི་དེ་བཞིན་ནོ། །ནམ་མཁའི་འཇའ་ཚོན་དག་དང་མཚུངས། །ཞེས་པ་ནི་ དཔེར་བསྟན་པ་སྟེ། མཐར་ཐུག་གི་དོན་ཏོ། །སེམས་ཅན་གྱི་དོན་དེ་ཉིད་བཤད་པར་བྱ་བའི་ཕྱིར།ཕྱག་རྒྱ་འཆིང་བར་བྱེད་པའམ། །གལ་ཏེ་གསང་སྔགས་བཟླས་པའམ། །གང་གཞན་ཐམས་ཅད་བྱེད་པ་ན། །ཐམས་ཅད་སྟོང་པའི་གཞི་ལ་གནས། །ཞེས་བྱ་བ་གསུངས་ ཏེ། ཕྱག་རྒྱ་བཅིངས་པ་དང་། སྔགས་བཟླས་པ་ལ་སོགས་པ་གང་ཞིག་གཞན་གྱི་དོན་དུ་བྱེད་པ་དེ་དག་ཐམས་ཅད་སྟོང་པའི་གཞི་ནི་འོད་གསལ་བ་ལ་གནས་ཏེ། བྱེད་ན་དེའི་ཚེ། དེ་ལ་དེ་དག་རྣམ་པར་དག་པར་འགྱུར་ཏེ། གཞན་དུ་ནི་མ་ཡིན་ནོ། །ཇི་སྐད་དུ། རྡོ་རྗེ་སེམས་ དཔའ་རྒྱལ་པོ་ཆེ། །ཡང་དང་ཡང་དུ་བསྐུལ་བར་བྱ། །དེ་ཉིད་གསང་སྔགས་ཐམས་ཅད་ཀྱི། །རྒྱལ་པོ་རྟག་པ་མཆོག་ཡིན་ནོ། །ཞེས་བྱ་བ་གསུངས་ཏེ་སྒྲ་ཇི་བཞིན་པའོ། །གནས་སྐབས་ཐམས་ཅད་ཀྱི་བྱ་བའི་རྣམ་པར་དག་པ་བཤད་པའི་ཕྱིར། ཐམས་ཅད་ཟ་ཞིང་ཀུན་ལ་ལྟ། །ཀུན་ ལ་ཕྱག་བྱེད་ཀུན་དུ་འགྲོ། །ཐམས་ཅད་བྱེད་པའང་མཚན་མ་ཀུན། །ཐམས་ཅད་སྟོང་པར་འགྲུབ་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། དག་པ་ལ་སོགས་པ་ཚད་མས་མ་གྲུབ་པའི་ཕྱིར་ཐམས་ཅད་ཟ་བའོ། །དེ་བཞིན་དུ་ཀུན་ལ་ལྟ་བ་ནི་གཟུགས་རྣམ་པ་གསུམ་རང་བཞིན་གཅིག་ ཏུ་མཐོང་བའི་ཕྱིར་རོ། །ཀུན་ལ་ཕྱག་བྱེད་ནི་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པ་དང་འདྲ་བར་མཐོང་བའི་ཕྱིར་རོ། །ཀུན་དུ་འགྲོ་བ་ནི་སྤྲུལ་པའི་སྐུའི་སྒོ་ནས་སམ། །གཟུགས་ཡོངས་སུ་གྱུར་ནས་ལྷའི་བུ་ལ་སོགས་པ་ལ་ལོངས་སྤྱོད་པའི་ཕྱིར་རོ། །ཐམས་ཅད་བྱེད་པ་ནི་ འཇིག་རྟེན་དང་འགལ་བའམ་མི་འགལ་བའི་སྤྱོད་པས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་རོ། །མཚན་མ་ཀུན་ནི་མགོ་བོ་འབྲེག་པའམ། རལ་པ་འཛིན་པ་ལ་སོགས་པའི་མཚན་གང་ཡང་རུང་བ་འཛིན་པའི་ཕྱིར་རོ། །དེ་ལྟ་བུའི་རྣལ་འབྱོར་པ་འགྲུབ་པར་འགྱུར་ཏེ། སྒྲ་ཇི་བཞིན་ 37-1-265b པའོ། །དོན་དམ་པའི་བྱང་ཆུབ་སེམས་གཟུང་བའི་ཕྱིར། སློབ་མའི་བྱ་བ་བཤད་པར་བྱ་སྟེ། བྱང་ཆུབ་སེམས་ནི་དོན་དམ་ཞེས་བྱ་བ། །སྐལ་བཟང་སློབ་མ་བཟང་པོས་མན་ངག་ཐོབ། །ཐལ་མོ་སྦྱར་ནས་མེ་ཏོག་འཛིན་པ་ཡིས། །སློབ་མ་ལས་ནི་སླར་ཡང་བླང་བར་བྱ། ། ཞེས་བྱ་བ་གསུངས་ཏེ། སྔར་བཤད་པའི་རིམ་པས་མན་ངག་བཞི་པོ་ཐོབ་པའི་སློབ་མས་དོན་དམ་པའི་བྱང་ཆུབ་སེམས་གཟུང་བའི་ཕྱིར། མེ་ཏོག་གིས་བཀང་བའི་ཐལ་མོ་སྦྱར་ནས་བླ་མ་ལ་དེ་ཉིད་སླར་ཡང་བླང་བྱའོ། ། སློབ་མ་ཇི་ལྟ་བུ་ཞེ་ན། སྐལ་བཟང་ནི་རྒྱ་ཆེ་དང་། ཟབ་པའི་སེམས་དང་ལྡན་པའོ། །བཟང་པོ་ནི་དད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་སྟེ། སྒྲ་ཇི་བཞིན་པའོ། །དེ་ཉིད་བཤད་པར་བྱ་བའི་ཕྱིར། དངོས་པོ་ཀུན་དང་རྣམ་བྲལ་ཞིང་། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་ བདག་མེད་དང་མཉམ་པ་ཉིད། །རང་སེམས་གཟོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་ངོ་བོ་ཉིད། །ཅེས་བྱ་བ་གསུངས་ཏེ། དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྟོན་པར་བྱེད་པའི་ཚིགས་སུ་བཅད་པ་འདི་དག་ཡིན་ནོ། །བླ་མས་བརྗོད་དུ་བཅུག་པའི་སློབ་མས་བྱང་ཆུབ་ཀྱི་སེམས་ འདི་ལྟ་བུ་བདག་གིས་གཟུང་བར་བྱའོ་ཞེས་བརྗོད་པ་ཡིན་ནོ། །དེ་ལ་དངོས་པོ་ཀུན་ནི་བདག་ལ་སོགས་པ་སྟེ། དེ་དང་རྣམ་པར་བྲལ་བ་ནི་བདག་ལ་སོགས་པ་ཚད་མས་མ་གྲུབ་པའི་ཕྱིར་རོ། །ཇི་སྐད་དུ། ཕུང་པོ་བདག་མིན་དེ་རྣམས་དེར། །དེ་ཡང་དེ་ལ་ཡོད་པ་མིན། །མེ་དང་བུད་ ཤིང་ལྟར་འདྲེས་མིན། །དེས་ན་བདག་ནི་ཇི་ལྟར་ཡོད། །བདག་ཅེས་དངོས་པོ་ཡོད་མིན་ཏེ། །བྱེད་པ་པོ་ཞེས་ཇི་ལྟར་སྨྲས། །ཆོས་ཅན་ཡོད་ན་ཆོས་རྣམས་ཀྱི། །བསམ་པ་འཇིག་རྟེན་རབ་ཏུ་འཇུག །ཅེས་བྱ་བ་གསུངས་ཏེ། དེ་བཞིན་དུ་རང་གི་སྡེ་པ་རྣམས་ཀྱིས་འདོད་པའི་ཕུང་པོ་ དང་ཁམས་དང་། སྐྱེ་མཆེད་རྣམས་སྤངས་པ་སྟེ། དེ་རྣམས་ཁྱབ་པ་མི་དམིགས་པས་མ་གྲུབ་པའི་ཕྱིར་རོ། །ཕུང་པོ་ལ་སོགས་པ་བསྟན་པ་འདི་ཡང་དྲང་བའི་དོན་ཡིན་ཏེ། ངེས་པའི་དོན་ནི་མ་ཡིན་ནོ། །ཇི་སྐད་དུ། གཟུགས་སོགས་སྐྱེ་མཆེད་ཡོད་པ་ནི། །དེ་ཡིས་གདུལ་བའི་ 37-1-266a སྐྱེ་བོ་ལ། །རྫུས་ཏེ་སྐྱེས་པའི་སེམས་ཅན་བཞིན། །དགོས་པའི་དབང་གིས་བཤད་པ་ཡིན། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་ཕྱིའི་གཟུགས་སུ་ཡོད་པ་མ་ཡིན་ཏེ། གཅིག་དང་དུ་ མ་དང་བྲལ་བའི་ཕྱིར་རམ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་རོ། །དེ་བས་ན་རྣམ་ཤེས་ཁོ་ན་བག་ཆགས་ཀྱི་དབང་གིས་རྣམ་པ་དེ་དང་དེས་ཕྱིའི་གཟུགས་སུ་སྣང་བ་སྟེ། དཔེར་ན་རྨི་ལམ་ལྟ་བུའོ། །དེ་བས་ན་གཟུང་བ་དང་འཛིན་པའི་རང་བཞིན་རྣམ་པར་ཤེས་པ་ཁོ་ན་ཡིན་ཏེ། རྣམ་པ་དང་བཅས་པའི་རྣམ་པར་ཤེས་པ་སྨྲ་བ་རྣམས་ཀྱི་གྲུབ་མཐའོ། །རྣམ་པ་རྣམས་སྔ་མ་བཞིན་དུ་མེད་པས་གཟུང་བ་མེད་པའི་ཕྱིར་འཛིན་པ་མེད་པ་སྟེ། རྣམ་པ་མེད་པའི་ཕྱོགས་ཀྱང་རིགས་པ་མ་ཡིན་ནོ། །དེ་གང་གི་ཕྱིར་འདས་པ་དང་མ་འོངས་པ་དག་མེད་པ་དང་། ད་ལྟར་བྱུང་ བའི་སྐད་ཅིག་མ་ཡང་མི་གནས་པས་དེ་ཡང་མེད་པའི་ཕྱིར་རོ། །རང་གི་གྲུབ་མཐའ་བཤད་པར་བྱ་བའི་ཕྱིར། ཆོས་བདག་མེད་དང་མཉམ་པ་ཉིད། །ཅེས་བྱ་བ་གསུངས་ཏེ། ཆོས་ཐམས་ཅད་བདག་མེད་པ་ནི་གཉིས་ཀ་བདག་མེད་པ་སྟེ། དེ་ཡིས་མཉམ་པ་ཉིད་གང་ཡིན་པ་ རྒྱུ་དེ་ཡིས་རང་གི་སེམས་ཐོག་མ་ནས་མ་སྐྱེས་པ་སྟེ། རྟེན་ཅིང་འབྲེལ་པ་ལས་འབྱུང་བའི་ཕྱིར་རོ། །འདི་ཉིད་ཀྱི་ཕྱིར། སྟོང་པ་ཉིད་ཀྱི་ངོ་བོ་ཉིད། །ཅེས་བྱ་བ་ལ་ནི་སྒྲོ་བཏགས་པ་ལ་སོགས་པས་སྟོང་པའི་སེམས་ནི་མ་ཡིན་པ་ལྟ་བུའོ་ཞེས་སྟོན་ཏོ། །ཇི་སྐད་དུ། བསྒོམ་པ་བསྒོམ་ བྱ་བསྒོམ་པའོ། །སྤངས་ཏེ་བདེན་པ་མཐོང་བ་ཉིད་། །འདི་དག་རྟོག་པ་ཉིད་ཙམ་དུ། །གང་གིས་ཤེས་ཏེ་གྲོལ་བར་འགྱུར། །ཞེས་བྱ་བ་གསུངས་སོ། །དེ་ནི་རང་བཞིན་གྱིས་འོད་གསལ་བའི་དོན་ཏེ་མཐར་ཐུག་གི་དོན་ཏོ། །དེ་ནས་བླ་མའི་ཞབས་ལ་མེ་ཏོག་གི་སྙིམ་པ་ ཕུལ་ཏེ། ཡོན་དབུལ་བར་བྱ་བའི་ཕྱིར། དེ་ནས་རྗེས་སུ་མཐུན་པའི་ཡོན། །བླ་མ་ལ་ནི་དབུལ་བྱ་སྟེ། །རིན་ཆེན་ཁྱིམ་དང་གླང་པོ་རྟ། །ཡུལ་དང་མལ་སྟན་རྣམས་དང་ནི། །བྲན་དང་བྲན་མོ་ཆུང་མ་སྡུག །བུ་མོ་ཤིན་ཏུ་ཡིད་འོང་དང་། །གང་གིས་བདག་ཀྱང་དབུལ་བྱ་ན། ། 37-1-266b ལྷག་མ་རྣམས་ལྟ་སྨོས་ཅི་དགོས། །ཞེས་བྱ་བ་གསུངས་ཏེ། ཚིགས་སུ་བཅད་པ་གཉིས་ཀྱིས་སྦྱིན་པ་དང་། སྦྱིན་པ་ཆེན་པོ་དང་། ཤིན་ཏུ་སྦྱིན་པའི་བདག་ཉིད་ཀྱི་ཡོན་བླ་མ་ལ་དབུལ་བར་བྱ་སྟེ། སྒྲ་ཇི་བཞིན་པའོ། །ཉེ་བར་བསྡུ་བ་བཤད་པར་བྱ་བའི་ཕྱིར། སློབ་དཔོན་ལ་ནི་ དྲིན་ཐོབ་དྲི་མེད་བརྟན་པའི་བློ་ལྡན་དངོས་ཀུན་བདག །གསལ་དག་ཤིན་ཏུ་ཕྲ་བ་མཆོག་ཞིའི་རང་བཞིན་སངས་རྒྱས་མྱ་ངན་འདས་པའི་ཁམས། །གཉིས་མེད་རྟོག་བྲལ་རྟག་ཏུ་བདེ་བའི་རང་བཞིན་དེ་ཉིད་རྣལ་འབྱོར་པས་བསྒོམ་བྱ། །བསོད་ནམས་བསོད་ནམས་མིན་ གྲོལ་རང་ཉིད་འདིར་ནི་བཅོམ་ལྡན་རྡོ་རྗེ་སེམས་དཔར་འགྱུར། །ཞེས་བྱ་བ་གསུངས་ཏེ། སློབ་དཔོན་ལས་དྲིན་ཐོབ་པ་ནི་བླ་མ་ལས་མན་ངག་ཐོབ་པའི་རྣལ་འབྱོར་པ་གང་ཡིན་པ་དེ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར་རོ་ཞེས་ཚིག་གི་འབྲེལ་པའོ། །དེ་ ཇི་ལྟ་བུ་ཞེ་ན། དྲི་མེད་བརྟན་པའི་བློ་ལྡན་ཞེས་པ་ནི་ཤིན་ཏུ་གསལ་བ་དང་ཆོས་འཛིན་པའི་བློ་དང་ལྡན་པའོ། །དེ་བཞིན་དུ་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཤེས་པའི་ཕྱིར། །དངོས་ཀུན་བདག་ནི་རྣལ་འབྱོར་པ་དེ་ཉིད་ཡིན་ཏེ། འོད་གསལ་བ་རྟོགས་པས་ ཁམས་གསུམ་པའི་དེ་ཁོ་ན་ཉིད་ཤེས་པའི་ཕྱིར་རོ། །གལ་ཏེ་རྣལ་འབྱོར་པ་འདི་ལྟ་བུའི་དེ་ཁོ་ན་ཉིད་བསྒོམས་ན། དེའི་ཚེ་དངོས་པོ་ཀུན་གྱི་རང་བཞིན་ཤེས་པ་ཡིན་ཏེ། གཞན་དུ་མ་ཡིན་ནོ། །དེ་ཁོ་ན་ཉིད་ཇི་ལྟ་བུ་ཡིན་ཞེ་ན། གསལ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ རང་བཞིན་དང་། དག་པ་ནི་མཉམ་པ་ཉིད་ཀྱི་རང་བཞིན་དང་། ཤིན་ཏུ་ཕྲ་བ་ནི་སོ་སོར་རྟོག་པའི་བདག་ཉིད་དང་། མཆོག་ཞིའི་རང་བཞིན་ནི་བྱ་བ་ནན་ཏན་གྲུབ་པའི་རང་བཞིན་དང་། སངས་རྒྱས་མྱ་ངན་ལས་འདས་པའི་ཁམས་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་ དབྱིངས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གཉིས་མེད་ནི་སྣང་བ་གཉིས་མེད་པའི་ཕྱིར་དང་། རྟོག་བྲལ་ནི་ཉེ་བར་ཐོབ་པ་མེད་པའི་ཕྱིར། རྟག་ཏུ་བདེ་བའི་རང་བཞིན་འོད་གསལ་བའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་རྣལ་འབྱོར་པ་ཇི་ལྟ་བུས་བསྒོམ་པར་བྱ་ 37-1-267a ཞེ་ན། བསོད་ནམས་བསོད་ནམས་མིན་གྲོལ་ཞེས་པ་ནི་རྣམ་པར་བྱང་བ་དང་། ཀུན་ནས་ཉོན་མོངས་པའི་རྣམ་པར་རྟོག་པ་དང་བྲལ་བའོ། །དེ་གང་གི་ཕྱིར་ཀུན་ནས་ཉོན་མོངས་པ་བཞིན་དུ་རྣམ་པར་བྱང་བ་ཡང་འཁོར་བ་ཁོ་ན་ཡིན་ཏེ། བཅིངས་ པའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། དོན་དམ་རྣམ་པར་རྟོག་ལ་ཡང་། །མཁས་པས་ཞེན་པར་མི་བྱའོ། །ཞེས་བྱ་བ་དང་། ལྟ་བ་ཐམས་ཅད་བྱས་པ་རྣམས། །སྟོང་ཉིད་མཐའ་རུ་སྟོན་པ་ཡིན། །ཞེས་བྱ་བ་གསུངས་ཏེ། དཔེར་ན་ཤིང་བསྲེགས་ ན་ཐལ་བར་འགྱུར་བ་དང་། རས་བལ་བསྲེགས་ན་ཐལ་བར་འགྱུར་བ་སྟེ། དེ་བཞིན་དུ་འོད་གསལ་བའི་མེས། དམན་པ་དང་འབྲིང་དང་རབ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། ལུང་དུ་མ་བསྟན་པའི་རང་བཞིན་རྣམས་བསྲེགས་ ན། དེའི་རང་བཞིན་དུ་འགྱུར་ཏེ། དེ་རྣམས་དབྱེ་བ་གང་ཡང་མེད་པའོ། །ཇི་སྐད་དུ། མྱ་ངན་འདས་མེ་འཇིག་པ་ཆེ། །ཐལ་བ་ཡང་ནི་ལུས་པ་མིན། །ཞེས་བྱ་བ་གསང་བ་གྲུབ་པ་ལས་ཀྱང་གསུངས་སོ། །རྣལ་འབྱོར་པ་དེ་ཇི་ལྟ་བུ་ཞེ་ན། བཅོམ་ལྡན་ཞེས་བྱ་བ་ ནི་ཏིང་ངེ་འཛིན་གྱི་རིམ་པས་རང་བཞིན་ཐམས་ཅད་འཇོམས་པའི་ཕྱིར་རམ། ཆོས་འབྱུང་གི་ཕྱག་རྒྱའི་སྦྱོར་བས་ཕྱག་རྒྱའི་རིམ་པ་ལ་བརྟེན་པའི་ཕྱིར། བཅོམ་ལྡན་ཏེ། ཆོས་འབྱུང་མངོན་པར་བྱང་ཆུབ་པ་ཡང་ཕྱིའི་མངོན་པར་བྱང་ཆུབ་པ་ཡིན་ནོ་ཞེས་སྔར་རྣམ་པར་ དཔྱད་པའོ། །རྡོ་རྗེ་སེམས་དཔའ་ནི། བརྟན་དང་སྙིང་པོ་ཁོང་སྟོང་མེད། །མི་གཅོད་མི་ཕྱེད་མཚན་ཉིད་ཅན། །སྲེག་བྱེད་འཇིག་པ་མེད་པ་གང་། །སྟོང་ཉིད་དེ་ནི་རྡོ་རྗེར་བཤད། །ཅེས་བྱ་བ་དཔལ་རྡོ་རྗེ་རྩེ་མོ་ལས་གསུངས་ཏེ། རྡོ་རྗེ་དེ་ལྟ་བུ་ལ་སེམས་ནི་བསམ་པ་གང་ ལ་ཡོད་པ་དེ་ནི་རྡོ་རྗེ་སེམས་དཔའ་སྟེ། སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་ཐོབ་པས་འོད་གསལ་བར་བཞུགས་པར་འགྱུར་རོ་ཞེས་ངག་གི་དོན་ཏེ། དེ་ནི་སྦས་པ་སྙིང་པོ་ཅན་གྱི་མཐར་ཐུག་གོ། །རིམ་པ་ལྔ་པའི་འགྲེལ་པ། རིམ་པའི་དོན་གསལ་བར་བྱེད་པ་ཞེས་བྱ་བ་ལས། 37-1-267b མངོན་པར་བྱང་ཆུབ་པའི་རིམ་པ་སྟེ་བཞི་པའོ།། །།ད་ནི་ཟུང་འཇུག་གི་རིམ་པ་རྩོམ་པ་ལ་རྡོ་རྗེ་འཆང་ཆེན་པོའི་ཕྱག་འཚལ་བ་བཤད་པར་བྱ་བའི་ཕྱིར། མགོན་པོ་རྒྱུ་དང་འབྲས་བདག་ཉིད། །གཉིས་པ་ཐམས་ཅད་རྣམ་སྤངས་ལ། །ཕྱག་འཚལ་ནས་ནི་ཟུང་ འཇུག་པའི། །རིམ་པ་ཐ་མ་བྲི་བར་བྱ། །ཞེས་བྱ་བ་གསུངས་ཏེ། ཐར་པ་འདོད་པ་རྣམས་ཀྱིས་བཙལ་བར་བྱ་བའི་ཕྱིར། མགོན་པོ་ནི་དྲུག་པ་སྟེ། དེ་ལ་ཕྱག་འཚལ་ནས་ཟུང་འཇུག་གི་རིམ་པ་བྲི་བར་བྱའོ་ཞེས་བྱ་བ་ཚིག་གི་འབྲེལ་པའོ། །ཇི་ལྟར་བྲི་བར་བྱ་ཞེ་ན། དབུ་ མའི་ལམ་ཡོངས་སུ་མ་སྤངས་པའོ། །རིམ་པ་ཇི་ལྟ་བུ་ཞེ་ན། ཐ་མ་ཞེས་བྱ་བ་ནི་འདི་ལས་རིམ་པ་གཞན་མེད་པའོ་ཞེས་བསྟན་པ་སྟེ། མི་སློབ་པ་ཉིད་ཀྱི་ཕྱིར་རོ། །ཇི་སྐད་དུ། ཟུང་འཇུག་ཏིང་འཛིན་ལ་གནས་པས། །སླར་ཡང་གང་ལ་ཡང་མི་སློབ་པའོ། །ཞེས་བྱ་ བ་གསུངས་སོ། །མགོན་པོ་ཇི་ལྟ་བུ་ཞེ་ན། རྒྱུ་དང་འབྲས་བདག་ཉིད་ཅེས་བྱ་བ་ལ་རྒྱུ་ནི་རྡོ་རྗེ་བཟླས་པ་ལ་སོགས་པ་རིམ་པ་བཞི་དང་། འབྲས་བུ་ནི་རིམ་པ་ལྔ་པ་སྟེ། དེ་དག་གི་བདག་ཉིད་ནི་རང་བཞིན་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །དེ་ལ་རྡོ་རྗེ་བཟླས་པ་ལ་ སོགས་པ་རིམ་པ་བཞི་པོ་ལ་ཡང་མ་ནིང་གི་བཟླས་པ་དང་། སེམས་ཀྱི་འོད་གསལ་བ་དང་། སྒྱུ་མའི་སྐུ་དང་། རང་བཞིན་གྱི་འོད་གསལ་བ་རྣམས་དེ་དང་ཐ་མི་དད་པ་ཡིན་ནོ་ཞེས་པའི་ཐ་ཚིག་གོ། །དེ་གང་གི་ཕྱིར་བདེན་པ་གཉིས་དང་། ཐ་མི་དད་པའི་འབྲས་བུས་ མ་ཁྱབ་པ་ཅུང་ཟད་ཀྱང་མེད་དེ་དེ་ནི་དེ་བཞིན་དུ་གནས་པས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དག་ཁྱབ་པའི་ཕྱིར་རོ། །དེ་བས་ན། གཉིས་པ་ཐམས་ཅད་རྣམ་སྤངས་ལ། །ཞེས་བྱ་བ་གསུངས་ཏེ། དངོས་པོ་དང་དངོས་པོ་མ་ཡིན་པ་ལ་སོགས་པ་འོག་ ནས་བཤད་པར་འགྱུར་བའི་ཕན་ཚུན་འགལ་བའི་ཆོས་དང་བྲལ་བ་སྟེ། སྒྲ་ཇི་བཞིན་པའི་སྙིང་པོ་ཅན་གྱི་མཐར་ཐུག་གོ། །དེ་ཉིད་རྣམ་པ་མང་པོས་བཤད་པར་བྱ་བའི་ཕྱིར། འཁོར་བ་དང་ནི་མྱ་ངན་འདས། །རྟོག་པ་གཉིས་པོ་སྤངས་པས་ན། །གང་དུ་དངོས་པོ་ 37-1-268a གཅིག་གྱུར་པ། །ཟུང་དུ་འཇུག་ཅེས་དེ་ལ་བཤད། །ཅེས་བྱ་བ་གསུངས་ཏེ། རྒྱུ་དང་འབྲས་བུའི་དབྱེ་བས་ཟུང་འཇུག་ནི་རྣམ་པ་གཉིས་སོ། །དེ་ལ་རྒྱུ་ཡང་ཉན་ཐོས་ལ་སོགས་པའི་དབྱེ་བས་རྣམ་པ་མང་པོར་སྔར་བཤད་དོ། །གཞན་གྱི་སྡེ་པའི་དགོངས་ པས་རྒྱུ་དང་འབྲས་བུའི་བྱེ་བྲག་ནི་གྲངས་ཅན་རྣམས་ཀྱི་རང་བཞིན་གྱི་དེ་ཁོ་ན་ཉིད་རྒྱུ་དང་། དེ་ཁོ་ན་ཉིད་ཉི་ཤུ་རྩ་གསུམ་ནི་འབྲས་བུའོ། །དེ་ལ་སྐྱེས་བུའི་དེ་ཁོ་ན་ཉིད་ཐ་མི་དད་པར་སྣང་བ་འཁོར་བ་དང་ཐ་དད་པར་སྣང་བ་ཐར་པའོ། །དེ་བཞིན་དུ་ཚངས་པར་སྨྲ་བ་རྣམས་ནི་བྱ་བའི་ ཕྱོགས་འཁོར་བ་དང་། འདི་དག་ཐམས་ཅད་ཚངས་པ་ཡིན་ནོ་ཞེས་ངེས་པ་གང་ཡིན་པ་དེ་ནི་ཐར་པར་འདོད་དོ། །དེ་བཞིན་དུ་ཞི་བ་ལ་སོགས་པ་མུ་སྟེགས་པ་རྣམས་ཀྱི་ཡང་འཁོར་བ་དང་མྱ་ངན་ལས་འདས་པ་རྟོགས་པར་བྱ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀའི་ རྟོག་པ་གང་དུ་མེད་པ་དེ་ནི་ཟུང་འཇུག་ཅེས་བཤད་དོ། །དེ་གང་གི་ཕྱིར་ཀུན་རྫོབ་དང་དོན་དམ་པའི་རང་བཞིན་གཉིས་སུ་མེད་པ་སྟེ། བུ་རམ་གྱི་མངར་བ་དང་། མེའི་ཚ་བའི་རེག་པ་ལྟ་བུའོ། །འདི་ཡང་ཆོས་ཉིད་ཀྱི་རིགས་པ་ཡིན་ཏེ། གང་ཞིག་འཁོར་བ་དང་མྱ་ངན་ལས་ འདས་པ་ཐ་མི་དད་པའོ། །དེ་ནི་སྤྱིའི་དོན་སྙིང་པོ་ཅན་གྱི་མཐར་ཐུག་གོ། །ཉན་ཐོས་པའི་ཕྱོགས་བཤད་པར་བྱ་བའི་ཕྱིར། ཀུན་ཉོན་མོངས་དང་རྣམ་པར་བྱང་། །དོན་དམ་ཉིད་དུ་ཤེས་ནས་ནི། །གང་གི་གཅིག་ཏུ་གྱུར་ཞེས་པ། །དེ་ཡིས་ཟུང་དུ་འཇུག་པ་ཤེས། །ཞེས་བྱ་བ་ གསུངས་ཏེ། ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པ་དང་རྣམ་པར་བྱང་བ་ཟག་པ་མེད་པའི་ལམ་ལ་སོགས་པ་སྟེ། དེ་རྣམས་དོན་དམ་པ་ཉིད་དུ་གང་གིས་གཅིག་ཏུ་ཤེས་པ་དེ་ཡིས་ཟུང་འཇུག་གི་རིམ་པ་ཤེས་པ་ཡིན་ནོ་ཞེས་དགོངས་པའོ། །དེ་གང་གི་ཕྱིར་ཉོན་མོངས་ པ་རྣམས་རྣམ་པར་སྤྱད་ན། དབང་པོ་ལ་སོགས་པ་མི་དམིགས་སོ། །རྣམ་པར་བྱང་བ་ཡང་ཉོན་མོངས་པའི་ཕྱོགས་ལ་ལྟོས་ཏེ། དེ་བས་ན་དེ་དག་ཕན་ཚུན་ཐུང་བ་དང་རིང་བ་བཞིན་དུ་འགྲུབ་པ་སྟེ། སྤྱིའི་དོན་སྙིང་པོ་ཅན་གྱི་མཐར་ཐུག་གོ། །རྣལ་འབྱོར་སྤྱོད་པའི་ཕྱོགས་ 37-1-268b བཤད་པར་བྱ་བའི་ཕྱིར། དངོས་པོར་རྣམ་བཅས་ཀུན་རྟོག་དང་། །དངོས་པོ་མེད་པར་རྟོག་པ་དག །རྣལ་འབྱོར་པས་ནི་གཅིག་བྱ་སྤྱོད། །དེ་ནི་ཟུང་འཇུག་ཤེས་པའོ། །ཞེས་བྱ་བ་གསུངས་ཏེ། གང་དང་གང་སྣང་བ་དེ་དང་དེ་ནི་རྣམ་པར་ཤེས་པའི་རྣམ་པ་སྟེ། སྣང་བ་ལས་ མི་ལྡོག་པའི་ཕྱིར་རོ། །སྣང་བ་ནི་རྣམ་པར་ཤེས་པའི་ལུས་ཡིན་ཏེ། དེ་བས་ན་འདི་དག་དེའི་རྣམ་པ་ཡིན་ནོ། །ཕྱི་དང་ནང་གི་གཟུགས་སུ་གཟུང་བ་དང་། འཛིན་པ་སོ་སོར་སྣང་བ་ནི་རྨི་ལམ་བཞིན་དུ་འཁྲུལ་པ་ཡིན་ཏེ། རྣམ་པ་དང་བཅས་པའི་རྣམ་པར་ཤེས་པ་སྨྲ་བ་རྣམས་ ཀྱི་གྲུབ་པའི་མཐའོ། །རྣམ་པ་རྣམས་བརྫུན་ཡིན་པས་དེ་རྣམས་སོ་སོར་སྣང་བ་ཡང་རྒྱུ་མེད་པས། དག་པའི་ཤེལ་དང་འདྲ་བའི་རྣམ་པ་མེད་པའི་རྣམ་རིག་ནི་རྣམ་པར་ཤེས་པ་སྨྲ་བ་རྣམས་ཀྱི་གྲུབ་པའི་མཐའོ། །དེ་དག་གཅིག་ཏུ་བྱས་ལ་རྣལ་འབྱོར་པ་གང་གི་སྤྱོད་པ་དེ་ཡིས་ ཟུང་འཇུག་ཤེས་པ་ཡིན་ཏེ། གཉིས་ཀ་ཡང་ངོ་བོ་ཉིད་དུ་ཐ་མི་དད་པའི་ཕྱིར་རོ། །གང་གི་ཕྱིར་ངོ་བོ་ཉིད་ལྡོག་པར་བྱེད་པར་མི་ནུས་ཏེ། དེ་ཡོངས་སུ་མ་ཤེས་པས་ཐོག་མ་མེད་པའི་ལྟ་བའི་སྤྱོད་པ་འདི་དག་འབྱུང་བ་ཡིན་ནོ། །དངོས་པོ་རྣམས་ཀྱི་རང་བཞིན་ནི་གཉིས་སུ་མེད་ པ་ཁོ་ན་སྟེ། སྔ་མ་བཞིན་དུ་མཐར་ཐུག་གོ། །ཉན་ཐོས་པ་དང་། མདོ་སྡེ་དབུ་མ་པ་དག་གི་ཕྱོགས་བཤད་པར་བྱ་བའི་ཕྱིར། གཟུང་བ་དང་ནི་འཛིན་པ་ཞེས། །རྣམ་གཉིས་བློ་ནི་ཡོད་མིན་གྱི། །གང་དུ་མི་ཕྱེད་བློ་ཡོད་པ། །དེ་ནི་ཟུང་འཇུག་ཅེས་བྱར་བཤད། །ཅེས་བྱ་བ་ གསུངས་ཏེ། ཉེ་བར་ལེན་པ་དང་ལྷན་ཅིག་བྱེད་པའི་རྒྱུའི་ཚོགས་ལས་བྱུང་བའི་བེམས་པོ་མ་ཡིན་པའི་ཕྱིའི་དངོས་པོ་རྣམས་ཚད་མས་གྲུབ་པས་གཟུང་བའི་གཟུགས་སུ་ཡོད་པ་ཡིན་ནོ། །དེ་བཞིན་དུ་ནང་གི་མིག་ལ་སོགས་པ་ཡང་སྔ་མ་བཞིན་དུ་འཛིན་པའི་གཟུགས་སུ་འགྲུབ་ པས་ཡོད་པ་ཡིན་ནོ་ཞེས་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་གྲུབ་པའི་མཐའོ། ། མདོ་སྡེ་དབུ་མ་པ་རྣམས་ཀྱི་རྒྱུ་དང་རྐྱེན་ལས་བྱུང་བའི་སྐྱེ་མཆེད་བཅུ་གཉིས་གཟུང་བ་དང་འཛིན་པའི་གཟུགས་སུ་སོ་སོར་ཡོད་པ་སྟེ། འོན་ཀྱང་རང་བཞིན་མེད་པ་ཡིན་ནོ་ཞེས་འདོད་དོ། །གྲུབ་པའི་ 37-1-269a མཐའ་གཉིས་པོ་དེ་དག་རྣམ་པ་གཉིས་ཀྱི་བློ་ཡིས་གང་གིས་མི་ཟིན་པ་ཐ་མི་དད་པའི་བློ་འཇུག་ན་ཟུང་འཇུག་ཅེས་པ་ཡིན་ཏེ། སྔ་མ་བཞིན་དུ་མཐར་ཐུག་གོ། །རྣལ་འབྱོར་པའི་དབུ་མ་པའི་ཕྱོགས་བཤད་པར་བྱ་བའི་ཕྱིར། རྟག་དང་ཆད་པའི་བློ་དག་ནི། །གང་ གིས་སྤངས་ན་རབ་གནས་པའི། །ཟུང་དུ་འཇུག་པའི་རིམ་འདི་ཡིས། །དེ་ཉིད་ཤེས་ཏེ་མཁས་པ་ཡིན། ། ཞེས་བྱ་བ་གསུངས་ཏེ། ཤེས་པ་ཁོ་ན་དོན་གྱི་རྣམ་པར་སྣང་བ་སྟེ། འདིར་ཕྱི་རོལ་གྱི་དོན་ཚད་མས་མ་གྲུབ་པའི་ཕྱིར་ཡོད་པ་མ་ཡིན་ནོ། །འོན་ཀྱང་ཤེས་པའི་ རྣམ་པ་དེ་ཡང་རང་བཞིན་མེད་པ་སྟེ། རྣལ་འབྱོར་སྤྱོད་པའི་དབུ་མ་པ་རྣམས་ཀྱིས། དེ་ཕྱིའི་དོན་བཀག་པས་དེ་རྣམས་ལ་ཆད་པའི་ཕྱོགས་དང་། རང་བཞིན་མེད་པའི་ཤེས་པའི་ནམ་པ་འདོད་པས་རྟག་པའི་ཕྱོགས་འབྱུང་བར་འགྱུར་རོ། །དེ་བས་ན་རྟག་པ་དང་ཆད་པའི་བློ་ གཉིས་སྤངས་ནས་དེ་དང་ཐ་མི་དད་པའི་དེ་ཁོ་ན་ཉིད་གང་གིས་ཤེས་ཏེ། མཁས་པ་ནི་མི་སློབ་པའི་ལམ་ཤེས་པ་ཡིན་ནོ་ཞེས་བསྟན་ཏོ། །ཤེས་པ་དང་རྣམ་པ་དག་ཡོངས་སུ་ཤེས་པ་ཁོ་ན་ཐར་པ་ཡིན་ནོ། །རང་གི་གྲུབ་མཐའ་བཤད་པར་བྱ་བའི་ཕྱིར། ཤེས་རབ་སྙིང་ རྗེ་གཅིག་པར་ནི། །ཤེས་ནས་གང་དུ་འཇུག་འགྱུར་བ། །ཟུང་འཇུག་ཅེས་བྱར་བཤད་པ་སྟེ། །རིམ་འདི་སངས་རྒྱས་སྤྱོད་ཡུལ་ལོ། །ཞེས་བྱ་བ་གསུངས་ཏེ། ཉན་ཐོས་པ་ཁ་ཅིག་ལྷག་པར་མོས་པས་སྤྱོད་པའི་ས་ལ། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ བཟུང་ནས་བྱང་ཆུབ་འདོད་པ་སྟེ། དེ་རྣམས་ལ་ཤེས་རབ་མེད་པས་ཆད་པའི་ཕྱོགས་འབྱུང་བ་ཡིན་ནོ། །གང་དུ་དེ་དག་དབྱེར་མེད་པར་ཤེས་ནས་འགྲོ་བའི་དོན་དུ་འཇུག་པ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་སྤྱོད་ཡུལ་ནི་ཀུན་ཏུ་འོད་ཀྱི་སའི་སྤྱོད་ཡུལ་གང་ཟུང་འཇུག་གི་རིམ་ པར་བཤད་པ་སྟེ། སྔ་མ་བཞིན་དུ་མཐར་ཐུག་གོ། །རྫོགས་པའི་རིམ་པའི་རྣལ་འབྱོར་པའི་ཕྱོགས་བཤད་པར་བྱ་བའི་ཕྱིར། ཐབས་དང་ཤེས་རབ་སྙོམས་འཇུག་པར། །ཐམས་ཅད་བསྡུས་ལས་ཤེས་གྱུར་པ། །རྣལ་འབྱོར་ཆེན་པོ་གང་དུ་གནས། །དེ་ནི་ཟུང་ 37-1-269b དུ་འཇུག་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། སེམས་ལ་དམིགས་པའི་ཕྱག་རྒྱའི་རིམ་པ་དང་། རིམ་པ་བཞི་ལ་ཐབས་དང་ཤེས་རབ་སྙོམས་པར་འཇུག་པ་སྟེ། དེ་ཡིས་ཐམས་ཅད་ཅེས་པ་ནི་སེམས་ཀྱི་འོད་གསལ་བ་དང་། རང་བཞིན་གྱིས་འོད་གསལ་བ་ཤེས་ པ་ཡིན་ནོ། །རིམ་པ་གསུམ་པ་ལ་ཡང་སྒྱུ་མ་ལྟ་བུའི་ཐབས་ཀུན་རྫོབ་ལ་ཤེས་པ་ཡིན་ཏེ། དེ་ཡོད་ཀྱང་ཕྱོགས་གཉིས་ལ་ལྟུང་བ་ཡིན་ནོ། །དོན་དམ་པའི་སྒོ་ནས་དེ་དག་བསྡུས་ནས་ཐ་མི་དད་པར་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི་ཟུང་འཇུག་ཅེས་བྱ་བ་བཤད་པ་ཡིན་ཏེ་ མཐར་ཐུག་ཁོ་ནའོ། །ཉན་ཐོས་པའི་ཕྱོགས་སླར་ཡང་བཤད་པར་བྱ་བའི་ཕྱིར། གང་དུ་ལྷག་མར་བཅས་པ་དང་། །དེ་བཞིན་ལྷག་མ་མེད་པ་ཞེས། །འདི་ལྟའི་རྟོག་པ་མེད་གྱུར་པ། །དེ་ནི་ཟུང་དུ་འཇུག་པའོ། །ཞེས་བྱ་བ་གསུངས་ཏེ། གང་དུ་ལྷག་མར་བཅས་པ་དང་། ལྷག་མ་མེད་པ་ཞེས་བྱ་བའི་མྱ་ངན་ལས་འདས་པ་གཉིས་ཀྱི་རྟོག་པ་མེད་པ་དེ་ནི་ཟུང་འཇུག་རིམ་པར་ཤེས་པར་བྱའོ། །དེ་ལམ་གྱི་སྒོམ་པས་ཉོན་མོངས་པ་རྣམས་སྤངས་ཀྱང་ཇི་སྲིད་ཕུང་པོ་རྣམས་ཡོད་པ་དེ་སྲིད་གྲོལ་བ་མ་ཡིན་ནོ་ཞེས་ལྷག་མ་དང་བཅས་པའི་མྱ་ངན་ལས་ འདས་པའོ། །མར་ཁུ་ཟད་པས་མར་མེ་ཟད་པ་བཞིན་དུ་ཕུང་པོ་རྣམས་འཇིག་པས་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་བཤད་པ་སྟེ། འདི་དག་ཐ་མི་དད་པ་ནི་ཟུང་འཇུག་གོ། །དེ་བས་ན་འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་དབྱེ་བ་གང་ཡང་མེད་པ་སྟེ། ཡོངས་སུ་ཤེས་པ་དང་ཡོངས་སུ་མ་ཤེས་པས་བྱས་པའི་དབྱེ་བ་ཡོད་པ་ཁོ་ནའོ། །ཇི་སྐད་དུ། འཁོར་བ་དང་ནི་མྱ་ངན་འདས། །འདི་དག་གཉིས་པོ་ཡོད་མིན་ཏེ། །འཁོར་བ་ཡོངས་སུ་ཤེས་པ་ན། །མྱ་ངན་འདས་ཞེས་བཤད་པ་ཡིན། །ཞེས་བྱ་བ་གསུངས་ཏེ། སྤྱིའི་དོན་སྔོན་དུ་འགྲོ་བའི་མཐར་ཐུག་གོ། །ཉན་ཐོས་པ་དང་དབུ་མ་ཕྱོགས་བཤད་པར་བྱ་བའི་ཕྱིར། གང་དུ་གང་ཟག་བདག་མེད་དང་། །ཆོས་ལ་བདག་མེད་པ་བདག་ཉིད། །རྟོག་པ་གཉིས་ལས་རྣམ་གྲོལ་བ། །ཟུང་དུ་འཇུག་པའི་མཚན་ཉིད་དོ། །ཞེས་ 37-1-270a བྱ་བ་གསུངས་ཏེ། འདི་ནི་ཕ་རོལ་པ་རྣམས་ཀྱིས་ཡོངས་སུ་བརྟགས་པའི་གང་ཟག་རྟག་པ་ལ་སོགས་པའི་རྟོག་པ་མི་རིག་པའི་ཕྱིར། འཕགས་པ་ཉན་ཐོས་པ་རྣམས་ཀྱིས་བཀག་པ་ཡིན་ཏེ། དེ་བཀག་ནས་གང་ཟག་བདག་མེད་པའི་ལྟ་བ་ལ་དེ་རྣམས་བརྟེན་ པ་སྟེ། ཆོས་རྣམས་རྫས་སུ་འདོད་པས་ཆོས་བདག་མེད་པའི་ལྟ་བ་ལ་དེ་རྣམས་བརྟེན་པ་མ་ཡིན་ནོ། །དབུ་མ་པ་དེ་དག་རྣམས་ཀྱིས་འདོད་པའི་ཆོས་གཅིག་དང་དུ་མ་དང་བྲལ་བའི་ཕྱིར། ཡོད་པ་མ་ཡིན་ནོ་ཞེས་འདོད་པ་སྟེ། གཉིས་ཀ་མེད་པ་དེ་རྣམས་ཀྱི་གྲུབ་པའི་མཐའོ། །དེ་ལྟར་ གཉིས་ཀ་བདག་མེད་པ་གང་གིས་སོ་སོར་མི་རྟོག་པ་དེ་ཡིས་ཟུང་འཇུག་གི་མཚན་ཉིད་ཤེས་པ་ཡིན་ནོ་ཞེས་སྔ་མ་དང་སྦྱར་ཏེ། སྔ་མ་བཞིན་དུ་མཐར་ཐུག་གོ། །སླར་ཡང་རྫོགས་པའི་རིམ་པས་ཕྱོགས་བཤད་པར་བྱ་བའི་ཕྱིར། དེ་ཉིད་ཤེས་པའི་རིམ་ཤེས་ནས། །བདག་ བྱིན་བརླབ་པའི་འོད་གསལ་བ། །དེ་ཉིད་ལ་ནི་འདུས་གང་པ། །ཟུང་དུ་འཇུག་པའི་རིམ་འདི་ཡིན། །ཞེས་བྱ་བ་གསུངས་ཏེ། རྒྱུ་དང་འབྲས་བུའི་རང་བཞིན་གྱི་སྒྱུ་མ་དང་། འོད་གསལ་བ་དག་འདུས་པ་ནི། །ཀུན་རྫོབ་དང་དོན་དམ་པ་ཐ་མི་དད་པའི་དེ་ཁོ་ན་ཉིད་ཟུང་འཇུག་ ཅེས་བྱ་བར་བཤད་པ་ཡིན། སྦས་པའི་དོན་སྙིང་པོ་ཅན་གྱི་མཐར་ཐུག་གོ། །ཏིང་ངེ་འཛིན་གྱི་ཕྱོགས་བཤད་པར་བྱ་བའི་ཕྱིར། རིལ་པོར་འཛིན་དང་རྗེས་གཞིག་དག །དེ་བཞིན་ཉིད་གནས་འཇུག་པ་དང་། །དེ་ནས་གང་དུ་ལྡང་གྱུར་པ། །མཉམ་གྱུར་ཟུང་དུ་འཇུག་པའོ། །ཞེས་ བྱ་བ་གསུངས་ཏེ། རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པ་སྔར་བཤད་པ་སྟེ། དེ་དག་གི་གང་ཞིག་དེ་བཞིན་ཉིད་གནས་ལ་འཇུག་པ་ནི་ཐམས་ཅད་སྟོང་པའི་གོ་འཕང་ལ་འཇུག་པ་དང་། དེ་ལས་དུས་གཅིག་ཏུ་གང་ཞིག་ལྡང་བ་གཉིས་པོ་དེ་དག་གང་དུ་མཉམ་པར་འགྱུར་བ་ དེ་ནི་ཟུང་འཇུག་ཅེས་བཤད་དོ། །དེ་གང་གི་ཕྱིར་རྡོ་རྗེ་སྐུ་ལ་མཉམ་པར་གཞག་པ་དང་། མཉམ་པར་མ་བཞག་པའི་གནས་སྐབས་ཡོད་པ་མ་ཡིན་ཏེ། དེ་ནི་ནམ་མཁའ་ལྟ་བུ་ཡིན་པའི་ཕྱིར་རོ། །དེ་བས་ན། དེ་བཞིན་ཉིད་ལ་དམིགས་པ་དང་། །དེ་ལས་ལྡང་བ་ནི་འབྲས་བུ་ཐོབ་ 37-1-270b པའི་རྣལ་འབྱོར་པ་ལ་འདྲ་བ་ཡིན་ནོ། །ཇི་སྐད་དུ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། །རྟག་ཏུ་མཉམ་པར་གཞག་པ་ཡིན། །ཞེས་བྱ་བ་འབྱུང་ངོ་། །དེ་ཉིད་ཀྱི་ཕྱིར། སྤྱོད་ལམ་ལ་སོགས་པ་བཞུགས་པ་བཞི་པོ་ལ། བ་ཅོམ་ལྡན་འདས་རྣམས་རྟག་ཏུ་མཉམ་པར་ བཞག་པ་ཡིན་ནོ་ཞེས་གཞན་དུ་ཡང་བསྟན་པ་སྟེ་མཐར་ཐུག་གོ། །སླར་ཡང་དབུ་མའི་ཕྱོགས་བཤད་པར་བྱ་བའི་ཕྱིར། ཀུན་རྫོབ་དང་ནི་དོན་དམ་དག །སོ་སོའི་ཆར་ནི་ཤེས་གྱུར་པ། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེ་བཤད་དོ། །ཞེས་གསུངས་ ཏེ། སྒྲ་དང་རྣམ་པར་རྟོག་པའི་བདག་ཉིད་ནི། ཀུན་རྫོབ་དང་དེ་ལས་གཞན་དོན་དམ་པའོ། །དེ་ལ་དབུ་མ་པ་ཁ་ཅིག་དོན་དམ་པ་ལས་ཀུན་རྫོབ་ཐ་དད་པར་འདོད་པ་དང་དེ་ལས་ཀྱང་དེ་ཐ་དད་པར་འདོད་པ་སྟེ། ཕན་ཚུན་འགལ་བའི་ཕྱིར་རོ། །འགོག་པར་སྨྲ་བའི་དབུ་མ་པ་ཁ་ཅིག་ ནི་དོན་དམ་པ་གཅིག་པུ་འདོད་པ་སྟེ།ཀུན་རྫོབ་ནི་སྒྱུ་མའི་སྐྱེས་བུ་ལྟར་རྫུན་དུ་ཡོད་པའི་ཕྱིར་རོ། །ཁ་ཅིག་ཀུན་རྫོབ་གཅིག་པུ་ཁོ་ན་སྒྱུ་མ་ལྟ་བུར་འདོད་པས་དོན་དམ་པ་མི་འདོད་དེ། དེ་ནི་དོན་གྱི་བྱ་བ་བྱེད་པ་མེད་པའི་ཕྱིར་རོ། །གང་ཞིག་དོན་གྱི་བྱ་བ་བྱེད་པ་དེ་ཉིད་ཀུན་རྫོབ་ ཀྱི་བདེན་པ་སྟེ། འོན་ཀྱང་སྒྱུ་མ་ལྟ་བུ་ཉིད་ཀྱང་དཔྱད་ན་དམིགས་པ་མེད་པར་འགྱུར་རོ། །འདིས་ནི་དེ་དག་ཐམས་ཅད་ཕྱོགས་གཉིས་ལ་ལྟུང་བས་འཁྲུལ་པ་ཡིན་ནོ་ཞེས་བསྟན་ཏོ། །གང་ཞིག་ཀུན་རྫོབ་དང་དོན་དམ་པ་དེ་དག་འདྲེས་པར་གྱུར་པར་ཤེས་པ་དེ་རྣམས་ཀྱིས་ ཟུང་འཇུག་རྟོགས་པར་འགྱུར་རོ། །ཇི་སྐད་དུ། གཟུགས་ཁོ་ན་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཁོ་ན་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་ཐ་མི་དད་པའོ། །སྟོང་པ་ཉིད་ལས་ཀྱང་གཟུགས་ཐ་མི་དད་པའོ་ཞེས་བྱ་བ་ལ་སོགས་པ་རྒྱལ་བའི་ཡུམ་ལས་གསུངས་སོ། ། བསྐྱེད་པའི་ཕྱོགས་བཤད་པར་བྱ་བའི་ཕྱིར། དེ་བཞིན་ཉིད་ལ་དམིགས་ཉིད་མིན། །གང་དུ་ལྡང་བར་གྱུར་པ་མིན། །ཟུང་དུ་འཇུག་པ་དེ་ཡིན་ཏེ། །མི་ཟད་རྣལ་འབྱོར་པ་ཡིས་གནས། །ཞེས་བྱ་བ་གསུངས་ཏེ། བསྐྱེད་པའི་རིམ་པའི་རྣལ་འབྱོར་པས། །དང་པོ་ 37-1-271a དངོས་པོ་མེད་ཅིང་བསྒོམ་པ་མེད། །ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པའི་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་བསྒོམས་ནས་དེ་བཞིན་ཉིད་ལ་ཞུགས་པ་ཡིན་ནོ། །དེའི་རྗེས་ལ་རླུང་གི་དཀྱིལ་འཁོར་ལ་སོགས་པའི་རིམ་པ་དེ་ལས་ ལྡང་བ་ཡིན་ནོ། །ཟུང་འཇུག་གི་རིམ་པ་ནི་གཉིས་པོ་འདི་དག་ཡོད་པ་མ་ཡིན་ཏེ། ཅིག་ཅར་རྩང་པོའི་ཆུ་ལས་འཕར་བའི་ཉ་ལྟ་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་ཕྱིར་རོ། །དེ་བས་ན། མི་ཟད་རྣལ་འབྱོར་པ་ཡི་གནས། །ཞེས་བྱ་བ་གསུངས་ཏེ། གཅིག་ཞིག་ནས་ གཞན་འབྱུང་བ་ཡིན་ནོ་ཞེས་བྱ་བའི་ཡིད་ལ་བྱེད་པ་འདི་མེད་མོད་སྐུ་གསུམ་གྱིབདག་ཉིད་ཀྱི་མི་ཟད་པའི་གནས་ཡིན་ནོ་ཞེས་སྟོན་ཏོ། །དེ་ནི་སྤྱིའི་དོན་སྔོན་དུ་འགྲོ་བའི་མཐར་ཐུག་གོ། །སེམས་ལ་དམིགས་པའི་རིམ་པའི་ཕྱོགས་བཤད་པར་བྱ་བའི་ཕྱིར། གཉིད་ལོག་དང་ ནི་སད་པ་སྟེ། །གནས་སྐབས་དེ་གཉིས་སྤངས་པ་ནི། །གཉིད་ལོག་སད་དང་རྣམ་བྲལ་བ། །ཟུང་འཇུག་ཡིན་པར་སྟོན་པས་གསུངས། །ཞེས་བྱ་བ་གསུངས་ཏེ། སྟོན་པ་ནི་དཔལ་རྡོ་རྗེ་འཆང་ཆེན་པོས་ཟུང་འཇུག་གི་རིམ་པ་འདི་ལྟ་བུ་གསུང་སོ་ཞེས་ཚིག་གི་འབྲེལ་ པའོ། །ཇི་ལྟ་བུ་ཞེ་ན། གཉིད་ལོག་སད་དང་རྣམ་བྲལ་བ། །ཞེས་བྱ་བ་ལ། གཉིད་ལོག་པ་དང་སད་པ་ནི་རང་བཞིན་རྣམས་ཐིམ་པ་དང་འོད་གསལ་བ་འཆར་བ་སྟེ། དེ་དག་དང་རྣམ་པར་བྲལ་བའོ། །དེ་གང་གི་ཕྱིར་གཉིད་ལོག་ཅེས་བྱ་བ་འདིས་རང་བཞིན་རྣམས་ མེད་པར་འགྱུར་བ་དང་། སད་པ་ཞེས་བྱ་བ་འདིས་སེམས་ཀྱི་འོད་གསལ་བ་འཚེར་བར་བཤད་པ་སྟེ། རྟོག་པ་དེ་གཉིས་སྤངས་པའི་ཕྱིར། །ཟུང་འཇུག་ཡིན་ཏེ་སྦས་པའི་དོན། །སྙིང་པོ་ཅན་གྱི་མཐར་ཐུག་པའོ། །བསྐྱེད་པའི་རིམ་པའི་ཕྱོགས་བཤད་པ་བྱ་བའི་ ཕྱིར། མཉམ་པར་གཞག་དང་མ་བཞག་པ། །གང་ལ་འདི་དག་ཐམས་ཅད་མེད། །དངོས་དང་དངོས་མིན་རྣམ་སྤངས་པ། །རྣལ་འབྱོར་པ་ནི་ཟུང་འཇུག་གནས། །ཞེས་བྱ་བ་གསུངས་ཏེ། །རྣལ་འབྱོར་པ་དེ་ཟུང་འཇུག་གི་རིམ་པ་ལ་གནས་པ་ཡིན་ནོ་ཞེས་ཚིག་གི་ 37-1-271b འབྲེལ་པའོ། །ཟུང་འཇུག་དེ་གང་ཡིན་ཞེ་ན། རིམ་པ་གང་ལ་མཉམ་པར་གཞག་པ་དང་། མཉམ་པར་མ་བཞག་པ་མེད་པའོ། །དེ་ལ་མཉམ་པར་གཞག་པ་ནི་དང་པོ་སྦྱོར་བ་ལ་སོགས་པ་ནས། རིགས་བརྒྱའི་དབྱེ་བའི་བར་དུ་ཇི་སྲིད་ཏིང་ངེ་འཛིན་སུམ་ཅུ་རྩ་བརྒྱད་སྒོམ་ པའོ། །དེ་བཞིན་དུ་མཉམ་པར་མ་བཞག་པ་ནི་ལྷའི་ང་རྒྱལ་གྱི་བར་མཚམས་རྣམས་ལ་གནས་པ་སྟེ། གཉིས་པོ་འདི་དག་ཟུང་འཇུག་གི་རིམ་པ་ལ་ཡོད་པ་མ་ཡིན་ཏེ། ཏིང་ངེ་འཛིན་དང་། རྣམ་པར་གཡེང་བ་དག་རང་བཞིན་གཅིག་ཡིན་པའི་ཕྱིར་རོ། །རྣལ་འབྱོར་པ་ དེ་ལྟ་བུ་ཟུང་འཇུག་གི་རིམ་པ་ལ་གནས་པར་ཤེས་པར་བྱའོ། །ཡང་ཇི་ལྟ་བུ་ཞེ་ན། དངོས་དང་དངོས་མིན་རྣམ་སྤངས་པ། །ཞེས་བྱ་བ་ནི་དངོས་པོ་རང་གི་སྡེ་པ་དང་། གཞན་གྱི་སྡེ་པ་རྣམས་ཀྱི་ཚེ་ཕྱི་མ་ཡོད་པ་ཉིད་སྨྲ་བ་དང་། དངོས་པོ་མ་ཡིན་པ་ནི་འཇིག་རྟེན་རྒྱང་ཕན་པ་ རྣམས་ཀྱིས་ཚེ་ཕྱི་མ་ཉིད་མེད་པར་སྨྲ་བ་སྟེ། དེ་དག་རྣམ་པར་སྤངས་པ་སྟེ། དེ་དང་བྲལ་བ་སྟེ། སྔ་མ་བཞིན་དུ་མཐར་ཐུག་གོ། །སླར་ཡང་བསྐྱེད་པའི་རིམ་པའི་ཕྱོགས་བཤད་པར་བྱ་བའི་ཕྱིར། དྲན་དང་མི་དྲན་ལས་གྲོལ་ཞིང་། །རྟག་ཏུ་འབྱུང་བའི་མཚན་ཉིད་ཅན། ། རྣལ་འབྱོར་པ་ནི་འདོད་བཞིན་སྤྱོད། །ཟུང་འཇུག་རིམ་པ་ལ་གནས་པའོ། །ཞེས་བྱ་བ་གསུངས་ཏེ། བསྐྱེད་པའི་རིམ་པ་ལ་ཏིང་ངེ་འཛིན་གཉིས་ཏེ། དྲན་པ་དང་དྲན་པ་མ་ཡིན་པའོ། །དེ་ལ་དྲན་པའི་ཏིང་ངེ་འཛིན་ནི་གཞིའི་དཀྱིལ་འཁོར་ལ་སོགས་པ་སྒོམ་པ་དང་། དྲན་ པ་མ་ཡིན་པའི་ཏིང་ངེ་འཛིན་ནི་སྟོང་པ་ཉིད་སྒོམ་པའོ། །གྲོལ་བ་ནི་དེ་གཉིས་ཀ་ལས་གྲོལ་བ་སྟེ། རིམ་པས་སྒྲུབ་པ་དེ་དག་དང་རིམ་པ་འདི་ལ་འབྲེལ་པ་མེད་པ་སྟེ་འགལ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། རྟག་ཏུ་འབྱུང་བའི་མཚན་ཉིད་ཅན། །རང་བཞིན་གྱིས་རྟག་པ་དང་། འདོད་བཞིན་སྤྱོད་པ་ནི་སྤྱོད་པ་ཅི་དགའ་བ་ལ་གནས་པའི་རྣལ་འབྱོར་པ་གང་ཡིན་པ་དེ་ནི་ཟུང་འཇུག་ལ་གནས་པར་འགྱུར་རོ། །ཕྱག་རྒྱའི་ཕྱོགས་བཤད་པར་བྱ་བའི་ཕྱིར། ཆགས་དང་ཆགས་མེད་ལས་གྲོལ་ཞིང་། །མཆོག་ཏུ་དགའ་བའི་ལུས་དང་ལྡན། །འཁོར་བ་སྲིད་ 37-1-272a དུ་གནས་བྱེད་པ། །ཟུང་འཇུག་རྣམ་པར་བསྒོམ་པའོ། །ཞེས་བྱ་བ་གསུངས་ཏེ། ཟུང་འཇུག་གི་རིམ་པ་སྒོམ་པར་བྱེད་པའི་རྣལ་འབྱོར་པས་འགྲོ་བའི་དོན་དུ་འཁོར་བ་ཇི་སྲིད་ཀྱི་བར་དུ་གནས་པར་བྱ་སྟེ། མི་གནས་པའི་མྱ་ངན་ལས་འདས་པ་ལ་གནས་པའི་ཕྱིར་རོ། ། དེ་ཇི་ལྟ་བུ་ཞེ་ན། ཆགས་དང་ཆགས་མེད་ལས་གྲོལ་ཞིང་། །ཞེས་བྱ་བ་ལ། སྣང་བ་དང་། སྣང་བ་མཆེད་པ་དང་། དེ་དག་གི་རང་བཞིན་རྣམས་ལས་རྣམ་པར་གྲོལ་བའོ། །ཡང་ཇི་ལྟ་བུ་ཞེ་ན། མཆོག་ཏུ་དགའ་བའི་ལུས་དང་ལྡན། །ཞེས་བྱ་བ་ལ། མཆོག་ཏུ་དགའ་བ་ནི་འོད་གསལ་བ་ སྟེ། དེ་ལ་འབྱུང་བའི་ལུས་ནི་སྒྱུ་མའི་སྐུ་གང་ལ་ཡོད་པ་དེ་ནི་དེ་བཞིན་ཏེ། སྦས་པ་སྔོན་དུ་འགྲོ་བའི་མཐར་ཐུག་གི་དོན་ཏོ། །སྨྲ་བ་པོ་ཀུན་གྱིས་འདོད་པའི་ཕྱོགས་བཤད་པར་བྱ་བའི་ཕྱིར། རྒྱུ་དང་དེ་བཞིན་འབྲས་བུ་དག །མི་ཕྱེད་པ་ཡི་ངོ་བོ་ཉིད། །གནས་གང་རྣལ་འབྱོར་པས་ཤེས་ པ། །ཟུང་དུ་འཇུག་པ་དེ་བཤད་དོ། །ཞེས་བྱ་བ་གསུངས་ཏེ། ཀུན་འབྱུང་གི་བདེན་པ་རྒྱུ་དང་སྡུག་བསྔལ་གྱི་བདེན་པ་འབྲས་བུའོ། །དེ་བཞིན་དུ་ལམ་རྒྱུ་དང་། འགོག་པ་འབྲས་བུ་སྟེ། བྱེ་བྲག་པ་རྣམས་འདོད་དོ། །རྣམ་རིག་རྒྱུ་དང་རྣམ་པ་རྣམས་འབྲས་བུའོ། །དེ་བཞིན་དུ། རྐྱེན་ བཞི་པོ་རྒྱུ་དང་། རྟེན་ཅིང་འབྲེལ་བ་ལས་འབྱུང་བའི་བར་འབྲས་བུ་སྟེ། འདི་དག་རྣལ་འབྱོར་སྤྱོད་པ་དང་དབུ་མ་པ་དག་གིས་ཕྱོགས་སོ། །བྱ་བའི་རྒྱུད་ལ་གནས་པ་རྣམས་ནི་ས་བོན་གྱི་ཡི་གེ་རྒྱུ་དང་ལྷའི་སྐུ་འབྲས་བུར་འདོད་དོ། །སྤྱོད་པའི་རྒྱུད་ལ་གནས་པ་རྣམས་ནི་ལུས་ལ་སོགས་ པ་རྒྱུ་དང་། རྡོ་རྗེ་འཆང་གི་གོ་འཕང་ཐོབ་པ་ནི་འབྲས་བུར་འདོད་དོ། །རྣལ་འབྱོར་གྱི་རྒྱུད་ལ་གནས་པ་རྣམས་ནི་དེ་ཁོ་ན་ཉིད་བཅུ་རྒྱུ་དང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལ་སོགས་པ་མངོན་དུ་བྱེད་པ་འབྲས་བུར་འདོད་དོ། །རྣལ་འབྱོར་ཆེན་པོའི་རྒྱུད་ལ་གནས་པ་རྣམས་ནི་རིམ་ པ་གཉིས་རྒྱུ་དང་དྲུག་པའི་གོ་འཕང་ཐོབ་པ་ནི་འབྲས་བུར་འདོད་དོ། །འཇིག་རྟེན་པ་རྣམས་ནི་ས་བོན་དང་། མྱུ་གུ་ལ་སོགས་པའི་དབྱེ་བས་རྒྱུ་དང་འབྲས་བུའི་ཐ་སྙད་འདོད་པ་སྟེ། རབ་ཏུ་གྲགས་པ་ཁོ་ནའོ། །འདི་དག་ཐམས་ཅད་ཐ་མི་དད་པར་ཤེས་ནས་གང་ཞིག་རྣལ་འབྱོར་པ་ 37-1-272b རྣམས་མི་གནས་པའི་མྱ་ངན་ལས་འདས་པ་ལ་གནས་པ་དེ་ནི་ཟུང་འཇུག་གི་རིམ་པར་བཤད་པ་ཡིན་ནོ་ཞེས་ཚིག་འབྲེལ་པའོ། །དེ་གང་གི་ཕྱིར་རྒྱུ་དང་འབྲས་བུ་དག་ནི་ཆོས་ཉིད་ཀྱིས་ཁྱབ་པས་ཐ་མི་དད་པ་སྟེ། ཐ་དད་པར་རྟོགས་པ་ནི་རྣམ་པར་རྟོག་པ་ཁོ་ན་ཡིན་ནོ། །ཇི་སྐད་དུ། རྒྱུ་ཉིད་མེད་ དང་འབྲས་བུ་མེད། །རང་བཞིན་ཉིད་དུ་ལས་དག་མེད། །འདི་དག་ཐམས་ཅད་ཡོད་མིན་ཏེ། །འཇིག་རྟེན་པ་དང་འཇིག་རྟེན་མེད། །ཅེས་བྱ་བ་གསུངས་ཏེ། དེ་བས་ན་རྒྱུ་དང་འབྲས་བུ་དག་གཞན་དུ་མི་འཇུག་པ་སྟེ། སྟོང་པ་ཉིད་ཀྱི་རང་བཞིན་ཁོ་ན་ཡིན་ཏེ། སྤྱི་དོན་སྔོན་དུ་འགྲོ་ བའི་མཐར་ཐུག་གོ། །རིམ་པ་གཉིས་ཀྱི་ཕྱོགས་བཤད་པར་བྱ་བའི་ཕྱིར། བསྐྱེད་པའི་རིམ་པ་འདི་གཅིག་ཡིན། །གཞན་ཡང་རྫོགས་པའི་རིམ་པ་དག །གཉིས་པོ་གང་དུ་གཅིག་གྱུར་པ། །དེ་ནི་ཟུང་དུ་འཇུག་པར་བཤད། །ཅེས་བྱ་བ་གསུངས་ཏེ། ཟུང་འཇུག་གི་རིམ་པ་ བཅོམ་ལྡན་འདས་ཀྱིས་འདི་ལྟར་བཤད་པ་ཡིན་ནོ། །གང་དུ་བསྐྱེད་པའི་རིམ་པ་དང་། །རྫོགས་པའི་རིམ་པ་དག་ཏུ་གྱུར་པའོ། །དེ་ལ་དང་པོ་སྦྱོར་བ་ལ་སོགས་པ་ནས་རིགས་བརྒྱའི་བར་དུ་བསྐྱེད་པའི་རིམ་པ་དང་། སྲིད་པ་སྐྱེ་བའི་རིམ་པ་ནི་བསྐྱེད་པའི་རིམ་པའོ། །རྡོ་རྗེ་བཟླས་ པ་ལ་སོགས་པ་རྣམས་ཐབས་དང་འབྲས་བུ་དང་། དབྱེ་བ་དང་བཅས་པ་དང་ལམ་གཉིས་ཀྱི་ཉེ་བར་བསྡུ་བ་གང་ཡིན་པ་དེ་ནི་རྫོགས་པའི་རིམ་པའོ། །རིམ་པ་དེ་དག་གཉིས་པོ་ཇི་ལྟར་གཅིག་ཏུ་འགྱུར་ཞེ་ན། སྨྲས་པ་ཀུན་རྫོབ་དང་། དོན་དམ་པའི་རང་བཞིན་དེ་དག་ཐ་མི་དད་ པའི་ཕྱིར་རོ། །ཐ་མི་དད་པ་དེ་ཡང་རང་བཞིན་གྱིས་གྲུབ་པ་སྟེ། སྤྱི་དང་སྦས་པ་སྔོན་དུ་འགྲོ་བའི་མཐར་ཐུག་གོ། །རིམ་པ་གཉིས་པ་ལ་ཡང་རྣམ་པ་གཉིས་ཀྱི་ལྷའི་སྐུ་བཤད་པར་བྱ་བའི་ཕྱིར། ཡོངས་སུ་དག་པའི་ལྷ་དང་ནི། །འདིར་ནི་མ་དག་པར་འགྱུར་ཞེས། །གང་ཞིག་ མི་ཕྱེད་པར་རྟོག་པ། །གང་ཡིན་དེ་ནི་ཟུང་འཇུག་པའོ། །ཞེས་བྱ་བ་གསུངས་ཏེ། འདིར་ན་ལྷའི་སྐུ་རྣམ་པ་གཉིས་ཏེ། ཡོངས་སུ་དག་པ་དང་། ཡོངས་སུ་མ་དག་པའོ། །དེ་ལ་ཡོངས་སུ་དག་པ་ནི་རྫོགས་པའི་རིམ་པ་ལས་འབྱུང་བ་སྟེ། རིམ་པ་གསུམ་པ་དང་ལྔ་པ་ 37-1-273a དག་གིས་གང་ཞིག་བསྒྲུབ་པར་བྱའོ། །ཡོངས་སུ་མ་དག་པ་ནི་སྒོ་ང་དང་། དྲོད་གཤེར་དང་། མངལ་ལས་སྐྱེས་པ་དང་། རྫུས་ཏེ་སྐྱེས་པ་ལས་འབྱུང་བའི་རིམ་པ་སྟེ། དེ་ཡང་མདོར་བྱས་ཀྱི་སྒྲུབ་ཐབས་ལས་རབ་ཏུ་བསྟན་ཏོ། །རྟོག་པ་འདི་གཉིས་པོ་གང་ ཞིག་ཐ་མི་དད་པར་ཤེས་པ་དེ་ནི་ཟུང་འཇུག་གི་རིམ་པ་ཡིན་ཏེ། སྤྱི་དང་སྦས་པ་སྔོན་དུ་འགྲོ་བའི་མཐར་ཐུག་གོ། །ཕྱོགས་གཞན་ཡང་བཤད་པར་བྱ་བའི་ཕྱིར། གཟུགས་ཅན་དང་ནི་གཟུགས་མེད་ཅེས། །རྟོག་པ་གཉིས་པོ་སྤངས་པས་ན། །གང་ཞིག་ཞི་རྟོགས་རྣལ་འབྱོར་ པ། །དེ་ནི་ཟུང་འཇུག་ཐོབ་པའོ། །ཞེས་བྱ་བ་གསུངས་ཏེ། གཟུགས་མེད་ནི་ནམ་མཁའ་དང་རྣམ་པར་ཤེས་པའོ། །གཟུགས་ཅན་ནི་ཕྱི་དང་ནང་གི་བདག་ཉིད་ཀྱི་དམིགས་པ་ལ་སོགས་པ་སྟེ། རྟོག་པ་གཉིས་པོ་དེ་དག་ཟུང་འཇུག་གི་རིམ་པ་ལ་མ་ཡིན་ཏེ། ཀུན་ རྫོབ་དང་དོན་དམ་པ་ཐ་མི་དད་པའི་ཕྱིར། ཞི་བ་ནི་རྟོག་པ་གཉིས་དང་བྲལ་བའི་ཕྱིར། རང་བཞིན་དུ་དག་པ་རྣལ་འབྱོར་པ་གང་གིས་རྟོགས་པར་འགྱུར་བ་དེ་ཡིས་ཟུང་འཇུག་གི་རིམ་པ་ཤེས་པ་ཡིན་ནོ་ཞེས་བཤད་དོ། །དེ་བཞིན་དུ་གཟུགས་ཅན་ནི་སྔགས་དང་། ཡེ་ཤེས་དང་ རྡོ་རྗེའི་སྐུ་རྣམས་སོ། །གཟུགས་མེད་ནི་འོད་གསལ་བ་སྟེ། རྟོག་པ་འདི་གཉིས་པོ་གང་གིས་ཐ་མི་དད་པར་ཤེས་པ་དེ་ཡིས་ཟུང་འཇུག་གི་རིམ་པ་ཐོབ་པར་འགྱུར་ཏེ། སྤྱིའི་དོན་དང་། སྦས་པ་སྙིང་པོ་ཅན་གྱི་མཐར་ཐུག་གོ། །དེ་ཁོ་ན་ཉིད་ཐོབ་པའི་ཕན་ཡོན་བསྟན་པར་བྱ་ བའི་ཕྱིར། དེ་ལྟར་གང་ནས་རྣལ་འབྱོར་པ། །ཟུང་འཇུག་རིམ་ལ་གནས་པ་སྟེ། །དེ་ནི་ཀུན་མཁྱེན་དེ་ཉིད་མཐོང་། །སྣ་ཚོགས་འཛིན་ཞེས་བརྗོད་པ་ཡིན། །ཞེས་བྱ་བ་གསུངས་ཏེ། རིགས་མཐུན་པ་དང་རིགས་མི་མཐུན་པའི་རྣམ་པར་རྟོག་པ་ཐམས་ཅད་ གཉིས་སུ་མེད་པར་བྱེད་པའི་མཚན་ཉིད་ཀྱིས་ཟུང་འཇུག་གི་རིམ་པ་ལ་གནས་པའི་རྣལ་འབྱོར་པ་གང་ཡིན་པ་དེ་ནི་ཀུན་མཁྱེན་དང་དེ་ཉིད་མཐོང་བ་ཞེས་པ་ནི་དེ་ཁོ་ན་ཉིད་མཐོང་བའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་བརྗོད་དོ། །ཡང་ཇི་ལྟ་བུ་ཞེ་ན། སྣ་ཚོགས་འཛིན་པ་ནི་སྣ་ 37-1-273b ཚོགས་པའི་གདུལ་བྱ་རྣམས་སྣ་ཚོགས་པའི་ཐབས་རྣམས་ཀྱིས་འདུལ་བའི་ཕྱིར། སྣ་ཚོགས་པ་འཛིན་པ་སྟེ་སྒྲ་ཇི་བཞིན་པའོ། །མི་སློབ་པ་ཉིད་བཤད་པར་བྱ་བའི་ཕྱིར། སྒྱུ་འཕྲུལ་དྲ་བས་མངོན་སངས་རྒྱས། །འཁོར་བའི་རྒྱ་མཚོའི་ཕ་རོལ་སོན། །བྱ་བ་བྱས་པའི་ རྣལ་འབྱོར་ཆེ། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །ཞེས་བྱ་བ་གསུངས་ཏེ། བདེན་པ་གཉིས་ཀྱི་ཚུལ་ལ་གནས་པ་ནི་ཟུང་འཇུག་གི་ལམ་ལ་གནས་པའི་རྣལ་འབྱོར་པ་གང་ཡིན་པ་དེ་བྱ་བ་བྱས་པ་ནི་རང་དང་གཞན་གྱི་དོན་མཛད་པར་བྱེད་པ་ཡིན་ནོ་ཞེས་ངག་གི་ལྷག་ མ་སྟེ། བྱ་བ་གཞན་མེད་པའི་ཕྱིར་རོ། །དེ་དག་མེད་པ་ཡང་མི་སློབ་པའི་ཕྱིར་རོ། །རྒྱུ་གང་གིས་བྱས་པ་ཡིན་ཞེ་ན། སྒྱུ་འཕྲུལ་དྲ་བ་ནི་སྣ་ཚོགས་པའི་རང་བཞིན་གྱི་ཚོགས་ཀྱིས་སྤྲུལ་པའི་འཁོར་བ་ཁོ་ན་སྒྱུ་མ་ཞེས་མངོན་པར་སངས་རྒྱས་པ་ནི་དེའི་རང་བཞིན་ཤེས་པའོ་ དེ་ཉིད་ཀྱི་ཕྱིར། འཁོར་བ་ན་རང་བཞིན་གྱི་ཚོགས་ལས་འབྱུང་བའི་དགེ་བ་དང་། མི་དགེ་བའི་ལས་ཀྱི་དབང་གིས་འབྱུང་བའི་བདེ་འགྲོ་དང་། ངན་འགྲོའི་མཚན་ཉིད་དེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་དེའི་རང་བཞིན་ཤེས་པས་ཕ་རོལ་སོན་པ་ནི་འཁོར་བ་དང་ མྱ་ངན་ལས་འདས་པའི་མི་གནས་པའི་མཚན་ཉིད་ཐོབ་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། རྣལ་འབྱོར་ཆེ་ནི་རིམ་པ་བཞི་ལ་ལྟོས་པས་ཆེ་བ་ཡིན་ཏེ། མཐར་ཐུག་གི་དོན་ཏོ། །མིང་ལ་ཞེན་པ་དང་ལྡན་པ་རྣམས་ལ་རྣམ་གྲངས་བཤད་པར་བྱ་བའི་ཕྱིར། དེ་ནི་གཉིས་མེད་ཡེ་ ཤེས་ཏེ། །མི་གནས་མྱ་ངན་འདས་པ་ཡིན། །སངས་རྒྱས་རྡོ་རྗེ་སེམས་དཔའ་ཉིད། །དེ་བཞིན་ཀུན་གྱི་དབང་ཕྱུག་ཡིན། །རྡོ་རྗེ་ལྟ་བུའི་ཏིང་འཛིན་ཡིན། །རྫོགས་པའི་རིམ་གནས་དེ་ཉིད་དེ། །སྒྱུ་མ་ལྟ་བུའི་ཏིང་འཛིན་དང་། །གཉིས་སུ་མེད་པར་དེ་ བཤད་དོ། །ཞེས་བྱ་བ་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། ཟུང་འཇུག་གི་རིམ་པ་རྣམ་གྲངས་འདི་རྣམས་ཀྱིས་བཤད་པ་ཡིན་ནོ། །དེ་ལ་གཉིས་མེད་ཡེ་ཤེས་ནི་ཀུན་རྫོབ་དང་དོན་དམ་པ་ཐ་མི་དད་པས་གཉིས་སུ་མེད་པ་སྟེ། དེ་ཉིད་ཡེ་ཤེས་མེད་པའི་ 37-1-274a ཕྱིར་ཡེ་ཤེས་ཏེ་གཉིས་སུ་མེད་པའི་ཡེ་ཤེས་སོ། །འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་མི་གནས་པའི་ཕྱིར། མི་གནས་པའི་མྱ་ངན་ལས་འདས་པ་ཡིན་ནོ། །ཇི་སྐད་དུ། ཤེས་རབ་ཀྱིས་ནི་སྲིད་མི་གནས། །སྙིང་རྗེས་མྱ་ངན་འདས་མི་ གནས། །ཐབས་མེད་པ་ཡིས་ཡུན་རིང་དང་། །ཐབས་ཀྱིས་ཀྱང་ནི་ཡུན་རིང་ཉིད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་མི་གནས་པ་དང་། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་ རང་བཞིན་གྱིས་འོད་གསལ་བ་ལ་ཡང་མི་གནས་པ་སྟེ། མི་གནས་པའི་མྱ་ངན་ལས་འདས་པའི་མཚན་ཉིད་དོ། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་རང་བཞིན་ཡོངས་སུ་ཤེས་པས་སངས་རྒྱས་འདི་ཉིད་ཡིན་ནོ། །དེ་བཞིན་དུ་རྡོ་རྗེ་ནི་མི་ཕྱེད་པའི་ཡེ་ཤེས་ཏེ། དེ་ལ་སེམས་ནི་དགོངས་ པ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་སེམས་དཔའ་སྟེ། དེ་ཁོ་ན་འདི་ཉིད་བཤད་པ་ཡིན་ནོ། །དེ་བཞིན་དུ་གཉིས་སུ་མེད་པའི་ཕྱིར། རྡོ་རྗེ་ནི་མི་ཕྱེད་པ་སྟེ། སེམས་ནི་སཏྭ་སྟེ། དམ་པ་ཡིན་པའི་ཕྱིར། ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ནོ། །རྡོ་རྗེ་ཡང་ཡིན་ལ་སེམས་ཀྱང་དེ་ཉིད་ཡིན་ ཏེ། རྡོ་རྗེ་སེམས་དཔའ་ནི་ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུ་ཐ་མི་དད་པའི་རང་བཞིན་ནོ་ཞེས་སྟོན་ཏོ། །ཀུན་གྱི་དབང་ཕྱུག་ནི་སྐུའི་དབང་ཕྱུག་ལ་སོགས་པའི་སྦྱོར་བའམ། རྡུལ་ཕྲ་རབ་ལ་སོགས་པ་སྦྱོར་བའམ། ཡོན་ཏན་དྲུག་གི་སྦྱོར་བས་སོ། །དེ་བཞིན་དུ་རྡོ་རྗེ་ལྟ་བུའི་ ཏིང་ངེ་འཛིན་ནི་མི་ཕྱེད་པའི་ཕྱིར། རྡོ་རྗེ་ལྟ་བུ་སྟེ། ཀུན་དུ་འོད་ཀྱི་སའི་སྐད་ཅིག་མ་དང་པོའོ། །དེ་བཞིན་དུ་ཏིང་ངེ་འཛིན་འདི་ཁོ་ན་རྫོགས་པའི་རིམ་པ་སྟེ། མི་སློབ་པའི་ཕྱིར་རོ། །རྡོ་རྗེ་བཟླས་པ་ལ་སོགས་པ་དེའི་མིང་ནི་ཉེ་བར་བཏགས་པ་དེ་ཡང་རྒྱུ་ལ། འབྲས་བུའི་ཉེ་ བར་བཏགས་པ་སྟེ། དེའི་རྒྱུ་ཡིན་པའི་ཕྱིར་རོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་འདིས་ནི། ཀུན་རྫོབ་བརྫུན་དུ་སྣང་བ་དང་། དོན་དམ་པ་སྣང་བ་མེད་པ་ཉིད་དུ་ཐ་མི་དད་པར་སྣང་བའི་ཕྱིར་རོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དེ་ཡང་རྣམ་པ་གཉིས་ཏེ། བསྟན་བཅོས་ལས་འབྱུང་ 37-1-274b བ་དང་། ཡོངས་སུ་སྨྲ་བ་ལས་འབྱུང་བའོ། །དེ་ལ་བསྟན་བཅོས་ལས་འབྱུང་བ་ནི་བརྫུན་དུ་སོ་སོར་སྣང་བ་དང་། ཡོངས་སུ་སྨྲ་བ་ལས་འབྱུང་བ་ནི་རིམ་པ་གསུམ་པས་བརྗོད་པར་བྱའོ། །འདིར་ནི་བསྟན་བཅོས་ལས་འབྱུང་བ་ཡང་གཟུང་བར་བྱའོ། །འདི་ཉིད་སྔར་ བཤད་པའི་རིགས་པས་གཉིས་སུ་མེད་པ་ཞེས་བཤད་པ་སྟེ་མཐར་ཐུག་གོ། །གཞན་ཡང་འདི་ཉིད་ཀྱི་རྣམ་གྲངས་བཤད་པར་བྱ་བའི་ཕྱིར། སྒྲ་གང་སྐྱེ་མེད་ལ་སོགས་པ། །གཉིས་མེད་ཡེ་ཤེས་སྟོན་པ་རྣམས། །ཐམས་ཅད་འདི་ཡི་ཚིག་ཡིན་ཏེ། །དེར་ནི་གཞན་ དག་མེད་པར་བཤད། །ཅེས་བྱ་བ་གསུངས་ཏེ། མདོ་སྡེ་དང་། རྒྱུད་དང་། རྟོག་པའི་རྒྱལ་པོ་རྣམས་ཀྱི་ནང་ན་སྐྱེ་མེད་ལ་སོགས་པའི་སྒྲ་ནི་སྐྱེ་བ་མེད་པ་དང་། ཡང་དག་པའི་མཐའ་དང་། དེ་བཞིན་ཉིད་དང་། སྟོང་པ་ཉིད་དང་། མཉམ་པ་ཉིད་དང་། ལམ་དབུ་ མ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་སྒྲ་གང་གསུངས་པའོ། །རྣམ་པ་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་སྟོན་པའི་ཕྱིར། འདིའི་ཚིག་ནི་ཟུང་འཇུག་གི་རིམ་པ་ཁོ་ན་རྗོད་པར་བྱེད་པ་ཡིན་ནོ། །མདོ་སྡེ་ལ་སོགས་པ་དེར་ནི་གཞན་བསྟན་པ་མ་ཡིན་ ཏེ། དེ་ལས་འདས་པའི་དེ་ཁོ་ན་ཉིད་གཞན་མ་གསུངས་པའི་ཕྱིར་རོ། །རིམ་པ་འདི་ཁོ་ན་བརྟེན་ནས་སྔ་མའི་སངས་རྒྱས་རྣམས་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་ཡིན་ནོ་ཞེས་བཤད་པར་བྱ་བའི་ཕྱིར། གངྒཱའི་ཀླུང་གི་བྱེ་སྙེད་ཀྱི། སངས་རྒྱས་ རྣམས་ཀྱིས་འདི་ཉིད་གང་། །ཐུགས་ཆུད་ཡོད་མེད་ཕྱོགས་སྤངས་པ། །ཕྱག་རྒྱ་ཆེན་པོ་བདག་ཉིད་གྲུབ། །ཅེས་བྱ་བ་གསུངས་ཏེ། རྫོགས་པའི་རིམ་པ་འདི་ཉིད་ལ་བརྟེན་ནས་ཆུ་བོ་གངྒཱ་དང་མཚུངས་པའི་སངས་རྒྱས་རྣམས་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ ཐོབ་པ་ཡིན་ནོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། ཡོད་མེད་ཕྱོགས་སྤངས་པ་ནི་གཟུང་བ་དང་། འཛིན་པ་དང་། འཛིན་པ་ལ་སོགས་པས་ཡོངས་སུ་བརྟགས་པའི་དངོས་པོ་བརྟན་པ་དང་། སྐད་ཅིག་མ་ལ་སོགས་པར་འདོད་པ་གང་ཡིན་པ་དེ་ནི་ཡོད་པའི་ཕྱོགས་དང་། འབའ་ 37-1-275a ཞིག་པ་ཆད་པར་སྨྲ་བ་འཇིག་རྟེན་རྒྱང་ཕན་པ་ལ་སོགས་པ་རྣམས་ནི་མེད་པའི་ཕྱོགས་ཏེ་དེ་དག་བྲལ་བའོ། །འདི་ནི་སྨྲ་བ་པོ་ཐམས་ཅད་ཀྱི་ཕྱོགས་བཀག་པར་འགྱུར་ཏེ། སྤྱི་དོན་སྙིང་པོ་ཅན་གྱི་མཐར་ཐུག་གོ། །སློབ་བཞིན་པའི་རྣལ་འབྱོར་པས་ ཟུང་འཇུག་གི་རིམ་པ་བསྒོམ་པ་བཞིན་དུ་སྤྱོད་པ་ཡང་དེ་བཞིན་དུ་བསྒོམ་པ་དང་སྤྱད་པར་བྱའོ་ཞེས་བསྟན་པའི་ཕྱིར། ཟུང་འཇུག་གོ་འཕང་ལ་གནས་པའི། །སློབ་བཞིན་པ་ཡི་རྣལ་འབྱོར་ཆེ། །ཟུང་དུ་འཇུག་པ་བསྒོམས་གྱུར་པས། །སྤྱོད་པའང་དེ་དང་ གཉིས་སུ་མེད། །ཅེས་བྱ་བ་གསུངས་ཏེ། ཟུང་འཇུག་གི་རིམ་པ་ལ་གནས་པའི་རྣལ་འབྱོར་པས་ཇི་ལྟར་ཟུང་འཇུག་སྒོམ་པར་བྱེད་པ་དེ་བཞིན་དུ་སྤྱོད་པ་ཡང་གཉིས་སུ་མེད་པ་ནི་འབྲས་བུ་ཐོབ་པ་བཞིན་དུ་རྣམ་པར་རྟོག་པ་གཉིས་དང་བྲལ་བ་སྤྱོད་པ་བསྒོམ་པ་དང་ སྤྱད་པར་བྱ་བ་སྟེ། སྒྲ་ཇི་བཞིན་པའོ། །རིགས་དང་ཡོན་ཏན་དང་བྱ་བ་དང་། རྫས་ཀྱི་དབྱེ་བས་དེ་ཉིད་བཤད་པར་བྱ་བའི་ཕྱིར། ཇི་ལྟར་བདག་ཉིད་དེ་བཞིན་དགྲ། །ཇི་ལྟར་ཆུང་མ་དེ་བཞིན་ཕ། །ཇི་ལྟར་སྨད་འཚོང་དེ་བཞིན་མ། །ཇི་ལྟར་བྲམ་ཟེ་དེ་བཞིན་ གདོལ། །ཞེས་བྱ་བ་གསུངས་ཏེ། རྣལ་འབྱོར་པ་དེ་ལ་བདག་དགྲ་དག་གི་སྟེང་ན་ཡིད་ལ་བྱེད་པ་འདྲ་བ་སྟེ། བདག་དང་གཞན་གྱི་དབྱེ་བ་མི་དམིགས་པའི་ཕྱིར་རོ། །དེ་བཞིན་དུ་བདེ་བའི་གནས་དང་འདུལ་བར་བྱེད་པའི་ཆུང་མ་དང་། ཕའི་སྟེང་ན་སེམས་ གཅིག་པ་སྟེ། དེ་བཞིན་དུ་འགྲོ་བར་བྱ་བ་དང་། འགྲོ་བར་མི་བྱ་བའི་སྨད་འཚོང་མ་དང་མ་ལ་སེམས་གཅིག་པ་སྟེ། རྫས་ཀྱི་སྒོ་ནས་དབྱེ་བ་མེད་པའོ། །གདོལ་པ་ཅན་དང་། བྲམ་ཟེ་དག་ཐ་མི་དད་པ་ནི་རིགས་ཀྱི་དབྱེ་བ་མེད་དེ་སྒྲ་ཇི་བཞིན་པའོ། །གཞན་ཡང་ བཤད་པར་བྱ་བའི་ཕྱིར། །ཇི་ལྟར་པགས་པ་དེ་བཞིན་གོས། །ཇི་ལྟར་མར་དང་དེ་བཞིན་དུག །ཇི་ལྟར་ཆང་དང་དེ་བཞིན་གཅི། །ཇི་ལྟར་འབྲས་དང་དེ་བཞིན་བཤང་། །ཞེས་བྱ་བ་གསུངས་ཏེ། གོས་གོན་པའི་དུས་སུ་པགས་པ་དང་། གོས་དག་ཐ་མི་ 37-1-275b དད་པར་ཤེས་པར་བྱའོ། །དེ་བཞིན་དུ་མར་དང་། དུག་ནི་རྒྱུ་བ་དང་མི་རྒྱུ་བ་ལ་སོགས་པ་གནོད་པར་བྱེད་པ་སྟེ། དེ་དག་ཀྱང་འདྲ་བར་ཤེས་པ་དང་། དེ་བཞིན་དུ་བཟའ་བ་དང་བཏུང་བའི་དུས་སུ་འབྲས་དང་། བཤང་བ་དང་། དགུན་ཆང་དང་། གཅི་བ་ཐ་མི་དད་པར་ ཤེས་པ་སྟེ། རྫས་དབྱེ་བ་མེད་པའོ། །དེ་ནི་སྒྲ་ཇི་བཞིན་པའོ། །གཞན་ཡང་། ཇི་ལྟར་དྲི་བཟང་ག་པུར་དག །དེ་བཞིན་བཤང་བ་ལས་བྱུང་དྲི། །ཇི་ལྟར་སྟོད་པར་བྱེད་པའི་ཚིག །དེ་བཞིན་དུ་ནི་མི་སྡུག་ཚིག །ཅེས་བྱ་བ་གསུངས་ཏེ། དྲི་བཟང་དང་། དྲི་ངན་གྱི་ག་ པུར་དང་། བཤང་བ་དག་ལ་ཁྱད་པར་མ་ཡིན་ཏེ། ཡོན་ཏན་གྱི་དབྱེ་བ་མེད་པའོ། །བསྟོད་པ་དང་སྨོད་པའི་ཚིག་དག་གིས་བྱ་བ་གཉིས་སུ་མེད་པར་ཤེས་པ་ཡིན་ཏེ། སྒྲ་ཇི་བཞིན་པའོ། །གཞན་ཡང་། དྲག་པོ་རྡོ་རྗེ་ཅན་དེ་བཞིན། །ཇི་ལྟར་ཉིན་མོ་དེ་བཞིན་ མཚན། །ཇི་ལྟར་རྨི་ལམ་དེ་བཞིན་མཐོང་། །ཇི་ལྟར་འཇིག་པ་དེ་བཞིན་གནས། །ཞེས་བྱ་བ་གསུངས་ཏེ། དྲག་པོ་ནི་ལྷ་ཆེན་པོའོ། །རྡོ་རྗེ་ཅན་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་དག་ཐ་མི་དད་པར་ཤེས་པར་བྱ་སྟེ། ཆོས་ཀྱི་སྐུའི་སྒོ་ནས་དེ་དག་འདྲ་བ་ཡིན་པའི་ཕྱིར། ཇི་ སྐད་དུ། ཕ་རོལ་སྨྲ་བ་གང་ཡང་རུང་། །རྟགས་ཀྱི་དབྱེ་བས་གནས་པ་ཀུན། །དེ་དག་སྨད་པར་མི་བྱ་སྟེ། །རྡོ་རྗེ་སེམས་དཔའི་རྣམ་འཕྲུལ་ཡིན། །ཞེས་བྱ་བ་གསུངས་ཏེ། ཉིན་མོ་དང་མཚན་མོ་དག་ཀྱང་ཐ་མི་དད་པར་ཤེས་པ་སྟེ། འོད་གསལ་བའི་མཚན་ཉིད་ཀྱིས་ གཉིས་ཀ་ཁྱབ་པས་འདྲ་བའི་ཕྱིར་རོ། །རྨི་ལམ་དང་མཐོང་བ་ནི་སད་པ་སྟེ། དེ་དག་ཀྱང་ཐ་མི་དད་པར་ཤེས་པར་བྱ་སྟེ། ཕྱིའི་དོན་མེད་པས་སོ་སོར་སྣང་བ་ཙམ་དུ་དེ་དག་ལ་ཁྱད་མེད་པའི་ཕྱིར་རོ། །དེ་བཞིན་དུ་འཇིག་པ་དང་གནས་པ་ནི་འཇིག་པ་དང་སྐྱེ་བ་སྟེ། དེ་དག་ཀྱང་ཁྱད་མེད་པར་ཤེས་པར་བྱའོ། །དེ་དག་གི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བའི་དངོས་པོ་རྣམས་ལ། རེ་ཞིག་སྐྱེ་བ་མེད་པ་སྟེ། དེ་མེད་པས་འཇིག་པ་ཡང་མེད་པའི་ཕྱིར་རོ། །དེ་བས་ན་བྱིས་པ་རྣམས་ལ་འདི་དག་འཁྲུལ་པས་སོ་སོར་སྣང་ 37-1-276a བ་སྟེ། དོན་དམ་པར་སྐྱེ་བ་དང་འཇིག་པ་གང་ཡང་མ་ཡིན་ཏེ། ཆོས་ཐམས་ཅད་འོད་གསལ་ལ་རག་ལུས་པའི་ཕྱིར་རོ། །ཇི་སྐད་དུ། འདིར་ནི་གང་དག་སྐྱེ་བ་མེད། །གང་ཡང་འཆི་བ་ཡོད་མ་ཡིན། །སེམས་ཀྱི་རང་བཞིན་རྣམ་གནས་པར། །འཁོར་ བ་ཉིད་ནི་ཤེས་པར་བྱ། །ཞེས་བྱ་བ་རིམ་པ་གསུམ་པ་ལས་གསུངས་ཏེ། སྒྲ་ཇི་བཞིན་པའོ། །གཞན་ཡང་བཤད་པར་བྱ་བའི་ཕྱིར། །ཇི་ལྟར་བདེ་བ་དེ་བཞིན་སྡུག །ཇི་ལྟར་སྡང་བ་དེ་བཞིན་བུ། །མནར་མེད་མཐོ་རིས་དེ་བཞིན་ཏེ། །དེ་བཞིན་སྡིག་དང་བསོད་ནམས་སོ། ། ཞེས་བྱ་བ་གསུངས་ཏེ། དགའ་བ་དང་མི་དགའ་བར་བྱེད་པའི་བདེ་བ་དང་། སྡུག་བསྔལ་བ་དག་ལ་རྣལ་འབྱོར་པས་ཁྱད་པར་ཤེས་པ་མ་ཡིན་ཏེ། འདོད་ཆགས་དང་འདོད་ཆགས་བྲལ་ལ་སོགས་པའི་རང་བཞིན་རྣམས་འོད་གསལ་བ་ལ་ཐིམ་པ་དང་། དེ་ཉིད་ལས་ འབྱུང་བའི་ཕྱིར་རོ། །ཇི་སྐད་དུ། ཇི་ལྟར་སྤྲིན་ནི་སྣ་ཚོགས་ཤིང་། །མདོག་དང་དབྱིབས་ནི་ཐ་དད་པ། །ནམ་མཁའི་དབྱིངས་སུ་བྱུང་ནས་ནི། །དེ་ཉིད་དུ་ནི་ཐིམ་པར་འགྱུར། །དེ་བཞིན་རང་བཞིན་ཐམས་ཅད་ནི། །སྣང་བ་གསུམ་གྱི་རྒྱུ་ཅན་ཏེ། །མ་ལུས་ཡུལ་ལ་ཞུགས་ ནས་ནི། །འོད་གསལ་བར་ནི་ཞུགས་པར་འགྱུར། །ཞེས་བྱ་བ་གསུངས་སོ། །དེ་བཞིན་དུ་སྡང་བ་དང་། བུ་དག་ལ་ཡང་རྣལ་འབྱོར་པས་ཁྱད་མི་ཤེས་ཏེ། ཞེ་སྡང་བ་དང་དགའ་བའི་རྒྱུར་གྱུར་པ་དེ་དག་སྔ་མ་བཞིན་དུ་རང་བཞིན་གྱི་ནང་དུ་བསྡུ་བའི་ཕྱིར་རོ། །དེ་བཞིན་དུ་ དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་མཐོ་རིས་དང་མནར་མེད་པ་དག་གི་དབྱེ་བ་ཤེས་པ་མ་ཡིན་ཏེ། ཐོག་མ་ནས་མ་སྐྱེས་པའི་འོད་གསལ་བ་དེ་དག་གིས་ནམ་མཁའ་བཞིན་དུ་མ་གོས་པའི་ཕྱིར་རོ། །ལས་དང་ལས་ཀྱི་འབྲས་བུ་དག་ཀུན་རྫོབ་ཏུ་ཉམས་སུ་མྱོང་བ་སྟེ། དོན་ དམ་པར་ནི་མ་ཡིན་ནོ། །ཇི་སྐད་དུ། དེ་འདྲའི་རང་བཞིན་མ་ཤེས་པས། །མི་ཤེས་མུན་པས་ཁེབས་པས་ནི། །དགེ་དང་མི་དགེའི་ལས་བྱས་ནས། །འགྲོ་བ་ལྔར་ནི་འཁོར་བར་འགྱུར། །ཞེས་བྱ་བ་གསུངས་སོ། །དེ་བཞིན་དུ་མཐོ་རིས་དང་དམྱལ་བའི་རྒྱུར་གྱུར་ 37-1-276b པའི་བསོད་ནམས་དང་སྡིག་པ་དག་ཀྱང་རང་བཞིན་གྱི་ནང་དུ་བསྡུ་བས་སྔ་མ་བཞིན་དུ་ཐ་མི་དད་པར་ཤེས་པར་བྱ་སྟེ། སྒྲ་ཇི་བཞིན་པའོ། །ཉེ་བར་བསྡུ་བ་བཤད་པའི་ཕྱིར། །དེ་ལྟར་ཤེས་ནས་ཡེ་ཤེས་ཅན། །དོགས་པ་མེད་པར་ཐམས་ཅད་བྱེད། །སྦས་པའི་བརྟུལ་ ཞུགས་ཀུན་བསྒྲུབས་ན། །ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ། །ཅེས་བྱ་བ་གསུངས་ཏེ། སྔར་བཤད་པའི་རིམ་པས་ཕན་ཚུན་འགལ་བའི་ཆོས་རྣམས་ཐ་མི་དད་པར་ཤེས་ནས་དོགས་པ་མེད་ཅིང་སྤྱད་པར་བྱའོ། །དེ་ཉིད་ཀྱི་ཕྱིར་ཐམས་ཅད་བྱེད་པ་ནི་བྱ་བ་ཐམས་ཅད་ རྗེས་སུ་གནས་པར་བྱའོ། །ཅི་བྱས་ནས་སྦས་པའི་བརྟུལ་ཞུགས་ནི་སྦས་པའི་མཚན་ཉིད་ཀྱི་བརྟུལ་ཞུགས་ཏེ། འདི་ཇི་ལྟ་བུ་ཡིན་ཞེས་བྱ་བ་གཞན་གྱིས་ཇི་ལྟར་མི་ཤེས་པ་དེ་ལྟའི་འཇིག་རྟེན་ལ་མ་གྲགས་པའི་བརྟུལ་ཞུགས་སམ། ཅང་མི་སྨྲ་བའི་བརྟུལ་ཞུགས་འཛིན་པར་ བྱའོ། །དེ་གང་གི་ཕྱིར་སྐྱེ་བོ་རྣམས་ཀྱིས་དེ་གཡེང་བར་མི་འགྱུར་ཏེ། དེ་ལྟར་བྱས་ན་རྣལ་འབྱོར་པ་དེའི་ཚེ་ཕུན་སུམ་ཚོགས་པ་ཐམས་ཅད་ནི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་དང་། ལྷན་ཅིག་ཏུ་འགྲུབ་པར་འགྱུར་རོ། །རིམ་པའི་མཐའ་རུ་བསོད་ནམས་ཡོངས་སུ་བསྔོ་བའི་ ཕྱིར། མཆོག་གྱུར་རིམ་པ་ལྔ་པོ་ནི། །བཤད་ནས་བསོད་ནམས་གང་ཐོབ་པ། །ཟུང་དུ་འཇུག་པའི་ཏིང་ངེ་འཛིན། །འདི་ཡིས་འཇིག་རྟེན་རོལ་པར་ཤོག །ཅེས་བྱ་བ་གསུངས་ཏེ། རིམ་པ་ལྔ་པོ་གསལ་པོར་བྱས་ནས། བདག་གི་བསོད་རྣམས་ནི་དགེ་བ་ཐོབ་པ་བསོད་ནམས་ཀྱི་ རྒྱུ་དེ་ཡིས་འཇིག་རྟེན་ནི། འཁོར་བ་ཐམས་ཅད་ཟུང་འཇུག་གི་ཏིང་ངེ་འཛིན་ཇི་ལྟར་བཤད་པའི་མཚན་ཉིད་འདི་ཡིས་རོལ་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་གོ་འཕང་ཐོབ་ནས། གྲངས་མེད་པའི་སེམས་ཅན་གྱི་དོན་དུ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་ བརྩོན་འགྲུས་ཀྱི་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག་པའོ། །རིམ་པ་ལྔ་པའི་འགྲེལ་པ་རིམ་པའི་དོན་གསལ་བར་བྱེད་པ་ཞེས་བྱ་བ་ལུས་ཟུང་འཇུག་གི་རིམ་པ་སྟེ་ལྔ་པའོ།། །།ལང་ཀར་གཤེགས་པའི་མདོ་ལས་གང་། །ཐུབ་པ་ཉིད་ཀྱིས་ལུང་དུ་བསྟན། །ཡོད་མེད་ 37-1-277a ཕྱོགས་དག་བྲལ་བ་ཡི། །ཐེག་པ་ཆེན་པོ་གང་གིས་གསུངས། །དབུ་མའི་རྩ་བ་ལ་སོགས་པའི། །སྣ་ཚོགས་རབ་ཏུ་བྱེད་པ་རྣམས། །ཤིན་ཏུ་གསལ་བའི་ངག་རྣམས་ཀྱིས། །ལྟ་བ་ངན་སེལ་གང་གིས་གསུངས། །རྣལ་འབྱོར་ཆེན་པོ་ལས་བཏུས་པའི། །མན་ངག་ རྒྱ་ཆེ་དང་ལྡན་རྣམས། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཀྱིས། །གང་གིས་རིམ་པ་ལྔ་སོགས་གསུངས། །གང་གིས་གནོད་སྦྱིན་མོ་རྣམས་ཚད་མེད་གྲུབ། །དེ་བཞིན་ཀླུ་རྣམས་གང་ལ་དབང་དུ་གྱུར། །འཇིག་རྟེན་ལྷ་ཡི་གོ་འཕང་ཐོབ་པའི་ཕྱིར། །གང་གིས་བདུད་རྩི་རབ་ཏུ་འགྲུབ་པར་མཛད། ། ཡོད་མེད་རྣམ་པར་གྲོལ་བའི་ཐབས་ལ་མཁས། །མཆོག་གི་དངོས་གྲུབ་ཡང་དག་བརྙེས་པ་ནི། །དཔལ་གྱི་རི་བོར་དངོས་གྲུབ་ཁྱད་གནས་ལ། །ཀླུ་ཡི་བྱང་ཆུབ་གང་གིས་སློབ་མར་གྱུར། །ས་ནི་བརྒྱད་པ་ཐོབ་ཅིང་བློ་བཟང་པ། །ངག་རྣམས་སྤངས་ཤིང་དོན་ནི་བསྡུ་བར་བྱ། །གང་གིས་དགོངས་པ་ དེ་ཡིས་གནང་བ་ཡིས། །སློབ་མ་འཕགས་པ་ལྷ་ཡིས་གསལ་བར་བྱེད། །འཇིག་རྟེན་གསུམ་ལ་གང་གི་གྲགས་པ་གསལ་ཞིང་རྒྱ་ཆེ་ཟབ་པ་དང་། །ཐུགས་རྗེ་དབའ་རླབས་འབྱུང་ཞིང་རྒྱལ་བའི་ཡོན་ཏན་ནོར་བུ་གང་གིས་འཛིན། །ཡང་དག་བྱང་ཆུབ་དཔལ་མོ་ཐོབ་དང་སྐྱེ་བོའི་ཞི་འཕྲོག་པ་ ཡི་ཕྱིར། །དཔལ་ལྡན་ཀླུ་སྒྲུབ་རྒྱ་མཚོ་དེ་ལས་རིམ་ལྔ་བདག་ཉིད་འདི་དག་འབྱུང་། །རྡོ་རྗེའི་ཚིག་རྣམས་མ་ལུས་པའི། །རིམ་ལྔ་དེ་དོན་གསལ་བྱས་ནས། །བདག་གི་བསོད་རྣམས་གང་ཐོབ་པ། །དེ་ཡིས་སྐྱེ་བོ་རྡོར་ཅན་ཤོག །མ་ལུས་རྒྱུད་ཀྱི་དོན་ཟབ་པའི། །རྒྱ་མཚོའི་ཕ་རོལ་ཕྱིན་པ་གང་། ། དཔལ་ལྡན་དུས་ཀྱི་རིམ་གཉིས་དང་། །དོན་དྲུག་མཁས་ཤིང་སྒྲ་ཚད་མཁས། །ཁ་ཆེའི་མཁས་པ་ཆེན་པོ་ཡི། །དཔལ་ལྡན་ལཀྵྨཱི་བདག་གིས་ནི། །རིམ་པ་ལྔ་ཡི་འགྲེལ་པ་འདི། །བྱས་ཏེ་དེ་ཡིས་རྒྱལ་བར་ཤོག །ཁ་ཆེའི་མཁས་པ་ཆེན་པོ་དཔལ་ལཀྵྨཱིའི་ཞལ་སྔ་ནས་མཛད་པའི་རིམ་ པ་ལྔ་པའི་འགྲེལ་པ་རིམ་པ་གསལ་བར་བྱེད་པ་ཞེས་བྱ་བ་རྫོགས་སོ།། །།ཡོན་གྱི་བདག་པོ་དགའ་རབ་གཟའ་ཡིས་ཞུས་ཏེ། རྒྱ་གར་གྱི་མཁས་པ་པཎྜི་ཏ་ཆེན་པོ། ཏཱ་ར་ཀ་ལ་ཤའི་སྲས་མནྟྲ་ཀ་ལ་ཤ་ཉིད་ཀྱིས་བསྒྱུར་ཞིང་གཏན་ལ་ཕབ་པའོ།། །། 37-1-277b empty page