63-1-1a 63-1-1b ༄༅༅། །རྒྱ་གར་སྐད་དུ། ནཱ་མ་སཾ་གཱི་ཏི་བྲྀཏྟི། བོད་སྐད་དུ། མཚན་ཡང་དག་པར་བརྗོད་པའི་འགྲེལ་པ། བཅོམ་ལྡན་འདས་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། ། ཡོད་མེད་རྟོག་པའི་དྲ་བ་ལས། །ངེས་གྲོལ་དྲི་མ་མེད་ཞི་བ། །ཕྱག་ན་རལ་གྲི་པོ་ཏིས་མཚན། །འཇམ་པའི་མགོན་ལ་བདག་ཕྱག་འཚལ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ ཞེས་བྱ་བའི་སྒྲ་ནི་གང་གི་ཕྱིར་བཀྲ་ཤིས་པ་ལ་སོགས་དོན་མང་པོ་ལ་འཇུག་མོད་ཀྱི། འོན་ཀྱང་དེ་མ་ཐག་པའི་ཚིག་ཏུ་བལྟའོ། །བསོད་ནམས་དང་ཡེ་ཤེས་ཀྱི་མཚན་ཉིད་ཅན་གྱི་དཔལ་གང་ ལ་ཡོད་པ་དེ་ནི་དཔལ་ལྡན་ནོ། །རྡོ་རྗེ་འཆང་ཞེས་བྱ་བ་ནི་མཚན་ནོ། །དཀའ་བས་འདུལ་བའི་ཕྱིར་གདུལ་དཀའ་བ་སྟེ། དབང་ཕྱུག་ཆེན་པོ་ལ་སོགས་པའོ། །དེ་རྣམས་འདུལ་བར་མཛད་པས་ ན་གདུལ་དཀའ་འདུལ་བའོ། །དེ་ལྟ་མོད་ཀྱི་གདུལ་དཀའ་བ་ནི་སྲེད་མེད་ཀྱི་བུ་ལ་སོགས་པ་གཞན་དག་ཀྱང་ཡོད་དོ་ཞེ་ན། དེའི་ཕྱིར་མཆོག་ཅེས་བྱ་བ་གསུངས་ཏེ། གང་གི་ཕྱིར་སྲེད་མེད་ཀྱི་བུ་ལ་ 63-1-2a སོགས་པ་རྣམས་ཀྱང་གདུལ་དཀའ་འདུལ་བ་ཡིན་ཏེ། དེ་ལྟ་མོད་ཀྱི་དེ་རྣམས་ཀྱིས་འདུལ་བ་ནི་ལྷ་མ་ཡིན་འཁོར་ལ་སོགས་པ་སེམས་ཅན་མ་རུངས་པ་རྣམས་འཇོམས་པས་ན་གསོད་པར་བྱེད་ པར་འདོད་པ་ཡིན་ལ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གདུག་པ་རྣམས་འདུལ་བ་ནི་དུལ་བར་མཛད་པར་བཞེད་པས་ན་དེའི་ཕྱིར་འདི་ནི་མཆོག་སྟེ་དམ་པའོ། །འཇིགས་པ་ཐམས་ཅད་བྲལ་བས་ན་དཔའ་བོའོ །རྣམ་ པ་ཐམས་ཅད་དུ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བར་གྱུར་པས་ན་འཇིག་རྟེན་གསུམ་ལས་རྒྱལ་ལོ། །རྡོ་རྗེ་རིགས་ཀྱི་བདག་པོར་གྱུར་པས་ན་རྡོ་རྗེ་དབང་ཕྱུག་སྟེ། མི་བསྐྱོད་པའི་རིགས་ཀྱི་གཙོ་བོ་ཞེས་བྱ་བའི་དོན་ཏོ། ། གསང་བའི་རྒྱལ་པོ་ཡིན་པས་ན་གསང་བའི་རྒྱལ་པོ་སྟེ། དེ་ཡང་དེ་རྣམས་ཀྱི་གསང་སྔགས་ཀྱིས་བཀུག་ནས་བཀའ་ཉན་པ་ཉིད་དུ་འཇོག་པའི་ཕྱིར་རོ། །པདྨ་རྒྱས་པ་དང་འདྲ་བའི་ཡིད་འཕྲོག་པའི་སྤྱན་གང་ལ་ཡོད་པ་ དེ་ནི་པདྨ་རྒྱས་པའི་སྤྱན་མངའ་བའོ། །པདྨ་ཡང་ཡིན་ལ་རྒྱས་པ་ཡང་དེ་ཉིད་ཡིན་པས་ན་པདྨ་རྒྱས་པ་སྟེ། དེ་དང་འདྲ་བའི་ཞལ་གང་ལ་ཡོད་པ་དེ་ནི་པདྨ་རྒྱས་འདྲའི་ཞལ་མངའ་བའོ། །སེམས་ཅན་འདུལ་བ་རྣམས་ལ་གཟིགས་ 63-1-2b ནས་ཁྲོ་བ་དང་བཅས་པར་གྱུར་པས་ན་རང་གི་ལག་སྟེ། དེ་ཉིད་ཀྱི་ཕྱག་གིས་རྡོ་རྗེ་མཆོག་ཡང་དང་ཡང་དུ་གསོར་ཞིང་བསྐོར་བར་མཛད་པས་ན་རང་གི་ལག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་རྡོ་རྗེ་འཆང་གི་ཁྱད་པར་གསུངས་ནས། ཁྲོ་གཉེར་རིམ་པར་ཞེས་བྱ་བ་ལ་སོགས་ ལས་ནི་དེའི་འཁོར་གསུངས་པ་ཡིན་ཏེ། ཁྲོ་གཉེར་རིམ་པར་ལྡན་ཞེས་བྱ་བ་ནི་དེའི་རིགས་སུ་གཏོགས་པའི་ལག་ན་རྡོ་རྗེ་ལ་ལ་ཞིག་དང་། དེ་ལ་སོགས་པ་བགྲང་བ་ལས་འདས་པ་མཐའ་ཡས་པས་དེ་རྣམས་དང་ལྷན་ཅིག་ཏུ་ཕྱག་བྱས་ཞེས་བྱ་བ་དང་སྦྱར་རོ། །ཇི་ལྟ་ཞིག་ཅེ་ན། དཔའ་བོ་ཞེས་ བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་འཆང་བ་དང་འདྲ་བར་འཇིགས་པ་ཀུན་དང་བྲལ་བས་ན་དཔའ་ཞིང་གདུལ་དཀའ་འདུལ་བའོ། །འཇིགས་སུ་རུང་དང་དཔའ་བྱད་ཅན། །ཞེས་བྱ་བའི་ཉམས་དང་ལྡན་པས་འཇིགས་སུ་རུང་དང་དཔའ་བྱད་ཅན་ཏེ། དེ་རྣམས། རྡོ་རྗེ་རྩེ་མོ་རབ་འཕྲོ་བ། ། རང་གི་ལག་གིས་གསོར་བྱེད་པའོ། །སེམས་ཅན་རྣམས་ལ་དམིགས་པའི་སྙིང་རྗེ་ཆེན་པོ་དང་། ཤེས་རབ་དང་ཐབས་ཀྱི་བྱ་བས་སངས་རྒྱས་ཀྱི་འཕྲོ་བ་བྱས་ཏེ། འགྲོ་བའི་དོན་མཛད་པས་ན་འགྲོ་དོན་བྱེད་པའོ། །དེ་ཉིད་ཀྱིས་འབྲས་བུ་འབྱུང་བས་ན་མཆོག་གོ། །དགའ་མགུ་ རངས་པའི་བསམ་པ་ཅན། །ཞེས་བྱ་བ་འདིར་ཡང་འགྲོ་བའི་དོན་བྱེད་པ་ཞེས་བྱ་བར་སྦྱར་ཏེ། བསམ་པ་ཞེས་བྱ་བའི་སྒྲ་ནི་སེམས་ལ་བྱ་ལ། དེ་བས་ན་དགའ་བ་དང་མགུ་བ་དང་རངས་པའི་སེམས་ཀྱིས་འགྲོ་བའི་དོན་བྱེད་པའོ། །དེ་ལ་གདུལ་དཀའ་བའི་སེམས་ཅན་རྣམས་ཀྱི་མོས་པ་ མཐོང་བས་ན་སེམས་དགའ་བའོ། །ཇི་སྐད་དུ་བསྟན་པའི་ཆོས་རྣམས་བསྟན་པ་ན་ལན་ཅིག་གིས་འཛིན་པས་ན་སེམས་མགུ་བའོ། །དེའི་དོན་རྟོགས་པས་ན་རངས་པའོ། །གང་གི་ཕྱིར་ཕྱི་རོལ་པའི་འགྲོ་བའི་དོན་བྱེད་པ་རྣམས་ནི་སེམས་ཀྱི་བསམ་པའི་དབྱེ་བ་ལུས་སེམས་ཆ་འདྲ་བ་དེ་ ལྟ་བུ་དང་འདྲ་བའི་སེམས་སྐྱེ་བར་འགྱུར་གྱི་བཅོམ་ལྡན་འདས་དེའི་ཐུགས་གཅིག་པ་དེ་ལྟ་མ་ཡིན་ཏེ། སེམས་ཅན་གདུག་པ་རྣམས་གཟིགས་ནས་ཁྲོ་བོའི་གཟུགས་ཀྱི་ལུས་དང་ལྡན་པར་མཛད་ཀྱི་རང་བཞིན་ཁྲོ་བས་ནི་མ་ཡིན་གྱི། ཐུགས་རྗེ་ཆེན་པོ་དང་ལྡན་པའི་ངོ་བོ་ཉིད་ཡིན་པའི་ 63-1-3a ཕྱིར་རོ། །འཚང་རྒྱ་བའི་ཕྱིར་བྱེད་པ་ནི་སངས་རྒྱས་ཀྱི་ཕྲིན་ལས་ཏེ། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡོངས་སུ་རྫོགས་པའོ། །དེ་བྱེད་པས་ན་སངས་རྒྱས་ཕྲིན་ལས་བྱེད་པའོ། །སངས་རྒྱས་ཕྲིན་ལས་བྱེད་པས་ཡེ་ཤེས་ཀྱི་དབང་ཕྱུག་དང་ལྡན་པས་ན་མགོན་པོའོ། །ལུས་ བཏུད་པ་ནི་ལུས་བཏུད་པ་དང་ལྡན་པ་སྟེ། དེ་རྣམས་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ལ་ཕྱག་བྱས་ཞེས་བྱ་བར་སྦྱར་རོ། །བཅོམ་ལྡན་འདས་ཇི་ལྟ་བུ་ཞིག་ཅེ་ན། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ཙམ་དུ་རྟོགས་པར་བྱ་བ་ཁོང་དུ་ཆུད་པས་དེ་བཞིན་གཤེགས་པའོ། ། དངོས་པོ་ཐམས་ཅད་ལས་ཀུན་ནས་མངོན་པར་རྫོགས་པའི་སངས་རྒྱས་ཏེ། དེ་ལ་རབ་ཏུ་དད་པས་ཕྱག་འཚལ་ནས་ཐལ་མོ་ལེགས་པར་སྦྱར་བར་བྱས་ནས་ནི། སྤྱན་སྔར་མདུན་དུ་འདུག་སྟེ་འདི་སྐད་ཅེས་གསོལ་ཞིང་སྨྲ་བར་གྱུར་ཏོ། །ཁྱབ་བདག་ཅེས་བྱ་བ་ནི་བོད་པའོ། །བདག་ལ་སྨན་པ་ཞེས་པ་བྱ་བ་ལ་བདག་ལ་ ཕན་པས་ན་བདག་ལ་སྨན་པ་སྟེ། འཚང་རྒྱ་བ་དེ་ཉིད་ཐོབ་པའི་དོན་དུ་བདག་ལ་ཕན་པའི་ཕྱིར་མཚན་ཡང་དག་པར་བརྗོད་པ་བཤད་དུ་གསོལ་ཞེས་འོག་ནས་བཤད་པའི་ཚིག་ཐམས་ཅད་ལ་སྦྱར་བར་བྱའོ། །བདག་གི་དོན་ནི་བདག་ཉིད་ཀྱི་དོན་ཏེ། འགྲོ་བའི་དོན་བྱ་བ་དེའི་དོན་དུའོ། །བདག་ལ་ ཐུགས་བརྩེ་བ་ནི་བདག་ལ་རྗེས་སུ་བརྩེ་བ་སྟེ་དེའི་ཕྱིར་རོ། །སྒྱུ་འཕྲུལ་དྲ་བས་མངོན་རྫོགས་པའི། །བྱང་ཆུབ་ཅི་ནས་བདག་ཐོབ་མཛོད། །ཅེས་བྱ་བ་འདིས་ནི་ཉན་ཐོས་ཀྱི་བྱང་ཆུབ་ལ་སོགས་པ་ལས་དགའ་བར་སྟོན་ཏེ། སྒྱུ་འཕྲུལ་དྲ་བའི་རྒྱུད་ཆེན་པོའི་སྔགས་དང་ཕྱག་རྒྱའི་རིམ་པས་གང་ མངོན་པར་བྱང་ཆུབ་པ་དེ་ཅི་ནས་བདག་གིས་ཐོབ་པར་མཛད་པ་དང་། དེ་བཞིན་དུ་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་མཚན་ཡང་དག་པར་བརྗོད་པ་བཤད་དུ་གསོལ་ཞེས་པའོ། །ཇི་ལྟ་བུའི་སེམས་ཅན་རྣམས་ཀྱི་ཕྱིར་ཞེ་ན། ཉོན་མོངས་པས་ནི་སེམས་དཀྲུགས་ཤིང་། །མི་ཤེས་འདམ་དུ་བྱིང་ བ་ཡིས། །ཞེས་བྱ་བ་གསུངས་ཏེ། ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པ་སྟེ། དེ་རྣམས་ཀྱིས་སེམས་དཀྲུགས་པ་དང་མི་ཤེས་པའི་མ་རིག་པའོ། །དེ་ཉིད་འདམ་སྟེ་དེར་བྱིང་བའོ། །དེ་ལྟ་བུའི་སེམས་ཅན་རྣམས་ལ་སྨན་པའི་ཉོན་མོངས་པ་དང་། མི་ཤེས་པ་ལས་བཟློག་པའི་ 63-1-3b ཕྱིར་ཏེ། ཉོན་མོངས་པ་དང་མི་ཤེས་པ་ལྡོག་པར་གྱུར་ན་བླ་ན་མེད་པའི་འབྲས་བུ་ཐོབ་པར་འགྱུར་རོ། །དེ་བས་ན་དེ་ཐོབ་པར་བྱ་བའི་ཕྱིར་ཏེ། བླ་ན་མེད་པའི་འབྲས་བུ་སངས་རྒྱས་པ་ཉིད་ཐོབ་པའི་ཕྱིར་རོ། །རྫོགས་པའི་སངས་རྒྱས་ནི་སྔ་མ་བཞིན་ནོ། །སྐལ་བ་ཕུན་སུམ་ཚོགས་པ་དང་ལྡན་ པས་ན་བཅོམ་ལྡན་འདས་སོ། །འགྲོ་བ་རྣམས་ལ་དམ་ཚིག་སྟོན་པས་ན་འགྲོ་བའི་བླ་མའོ། །སེམས་ཅན་རྣམས་ལ་ཐེག་པ་གསུམ་རྗེས་སུ་སྟོན་པས་ན་སྟོན་པ་པོའོ། །དམ་ཚིག་ཆེན་པོ་ཞེས་བྱ་བའི་སྒྲ་ནི་ས་མ་ཡ་ཞེས་བྱ་བའི་སྒྲ་ནི་དུས་ལ་ཟེར་ཏེ། དེའི་ཕྱིར་བཅོམ་ལྡན་འདས་ནི་དུས་ མཁྱེན་པའོ། །དེ་ཡང་འདིའི་ཚེ་ནི་སེམས་ཅན་བློ་ཡོངས་སུ་སྨིན་པ་རྣམས་ལ་ཆོས་སྟོན་པར་མཛད་དོ། །འདིའི་ཚེ་ན་མི་མཛད་དོ་ཞེས་བྱ་བ་མཁྱེན་ཏེ། དེ་ཡང་ལ་ལར་བཞུགས་ཀྱང་མི་གསུང་ངོ་ཞེས་གསུངས་པའི་ཕྱིར་རོ། །དབང་པོ་ཞེས་བྱ་བ་ལ་དབང་པོའི་སྒྲས་ནི་མིག་ལ་སོགས་པ་ གཟུང་སྟེ། དེ་ཡང་སེམས་ཅན་རྣམས་ཀྱི་ཐ་མ་དང་འབྲིང་དང་མཆོག་མཁྱེན་པས་ན་དབང་པོ་མཁྱེན་པ་སྟེ། དེ་ཡང་ཉན་ཐོས་ཀྱི་ཐེག་པ་ནི་དབང་པོ་ཐ་མའི་དབང་དུ་མཛད་པའོ། །ཐེག་པ་ཆེན་པོ་ནི་དབང་པོ་འབྲིང་གི་དབང་དུ་མཛད་པའོ། །གསང་སྔགས་ཀྱི་ཚུལ་ནི་དབང་པོ་རབ་ཀྱི་དབང་དུ་མཛད་ པའོ། །དེ་ཡང་དབང་པོ་རྣོན་པོའི་དབང་དུ་གྱུར་པས་གསང་སྔགས་ཀྱི་བསྟན་བཅོས་ཁྱད་པར་འཕགས་ཞེས་གསུངས་ཞེས་བྱའོ། །དེ་བཞིན་དུ་བསམ་པའི་སྒྲས་ནི་སེམས་ལ་བྱ་བར་ཤེས་པར་བྱ་སྟེ། དེས་ཀྱང་དབང་པོ་བཞིན་དུ་མཛད་པའོ། །གསང་སྔགས་ཀྱི་ཚུལ་ནི་དབང་པོ་རབ་ཀྱི་དབང་དུ་ མཛད་པ་སྟེ། དེས་ཀྱང་དབང་པོ་བཞིན་དུ་སེམས་ཅན་རྣམས་ཀྱི་སེམས་མཁྱེན་པས་ན་མཁྱེན་པའོ། །དེ་ཉིད་ཀྱིས་ན་མཆོག་སྟེ་གཞན་གྱི་བསམ་པ་རྫོགས་པའོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱི་ཞེས་བྱ་བ་ནི་བོད་པའོ། །ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་ཡིན་པས་ན་ཡེ་ཤེས་ཀྱི་སྐུའོ། ། དེའི་གཙུག་ཏོར་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་གཙུག་ཏོར་ཆེན་པོ་སྟེ་དེའི་ངོ་བོ་ཉིད་ཀྱི་སངས་རྒྱས་ཀྱི་སྤྱི་གཙུག་ཏུ་བཞུགས་པའི་ཕྱིར་རོ། །ཚིག་གི་བདག་ཅེས་བྱ་བ་ནི་ཚིག་གི་བདག་པོར་གྱུར་པའོ། །གཟུགས་ཀྱི་སྐུ་མེད་པས་ན་ཡེ་ཤེས་ཀྱི་སྐུའོ། །བསྟན་མི་དགོས་པར་བདག་ཉིད་ཀྱི་ 63-1-4a དངོས་པོ་ཐམས་ཅད་ཡོངས་སུ་མཁྱེན་པས་ན་རང་བྱུང་བའོ། །འཇམ་དཔལ་དབྱངས་དང་ལྡན་པས་ན་འཇམ་དཔལ་ལོ། །ཡེ་ཤེས་སེམས་དཔའ་ཞེས་བྱ་བ་འདི་ནི་ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་སེམས་དཔའ་ཡིན་པས་ན་ཡེ་ཤེས་སེམས་དཔའ་སྟེ། དེའི་སེམས་དཔའི་ སྒྲ་ནི་སེམས་ཡིན་པར་ཤེས་པར་བྱ་སྟེ། དེས་ན་ཡེ་ཤེས་སེམས་དཔའ་སྟེ། དེ་ཡང་ཀྱེ་མའོ་ཤིན་ཏུ་རབ་ཏུ་དང་བའི། སེམས་དཔའ་འདི་ནི་ཡོངས་སུ་དག་པ་ཞེས་བཤད་པའོ། །ཡེ་ཤེས་ཀྱི་སྐུ་དང་ཡེ་ཤེས་སེམས་དཔའ་གཉིས་ཀྱི་བྱེ་བྲག་ནི་ལུས་དང་སེམས་ཀྱི་རྣམ་པའི་ཁྱད་པར་རོ། ། ཡེ་ཤེས་སེམས་དཔའ་དེའི་མཚན་ཡང་དག་པར་བརྗོད་པ་ཡང་ཇི་ལྟ་བུ་ཞེ་ན། མིང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་ཟབ་ཅེས་བྱ་བ་ལ་སོགས་པ་ལ་ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པས་ན་དོན་ཟབ་པའོ། །ཆོས་རྣམས་ཀྱི་དངོས་པོ་མེད་པ་སྟོན་པས་ན་དོན་ནི་རྒྱ་ཆེ་བའོ། ། གསང་སྔགས་ཀྱི་ཚུལ་གྱི་དོན་དང་ལྡན་པས་ན་དོན་ཆེ་བའོ། །ཕྱི་རོལ་གྱི་དཔེ་དང་བྲལ་བས་ན་མཚུངས་པ་མེད་པའོ། །སེམས་ཅན་རྣམས་ཀྱིས་ངེས་པར་ལེགས་པའི་ལམ་ཐོབ་པར་མཛད་པས་ན་རབ་ཏུ་ཞི་བའོ། །ཐོས་པ་དང་། བསམ་པ་དང་། བསྒོམ་པའི་གནས་སྐབས་ན་ཐོག་མ་དང་བར་དང་ ཐ་མར་དགེ་ཞིང་ཐོབ་པར་བྱེད་པས་ན་ཐོག་མ་བར་དང་མཐའ་མར་དགེ་བའོ། །གཞན་ཡང་གང་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་པ་དང་། མ་འོངས་པའི་རྣམས་ཀྱིས་ཀྱང་གསུང་བར་འགྱུར་བ་དང་། ད་ལྟར་བྱུང་བའི་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་ གདུལ་བྱའི་སེམས་ཅན་རྣམས་ཚོགས་པ་དང་མ་ཚོགས་པ་ལ་ལྟོས་ནས་ཡང་དང་ཡང་དུ་གསུངས་ཏེ། རྗེ་བཙུན་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ནི་ཐོག་མ་མེད་པའི་སེམས་དཔའ་སྟེ། དེ་དང་འབྲེལ་པའི་མཚན་ཡང་དག་པར་བརྗོད་པ་འདི་ཡང་ཐོག་མ་མེད་པའི་གཞུང་ལུགས་ཉིད་ དོ། །དེ་ལྟ་མོད་ཀྱི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གདུལ་བྱ་རྣམས་རྗེས་སུ་གཟུང་བ་དང་། བདག་ཉིད་ཡང་དང་ཡང་དྲན་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཞུས་ནས་ཡང་བཤད་པ་ཡིན་གྱི། གཞན་དུ་ནི། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །ཞེས་བྱ་བ་ཇི་ལྟར་ 63-1-4b རུང་སྟེ། མ་བྱུང་བ་དག་གསུང་བ་ནི་མི་རིགས་སོ། །དེ་བས་ན་རྒྱུད་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུད་ཆེན་པོ་སྒྱུ་འཕྲུལ་དྲ་བ་འདི་ལས་རྡོ་རྗེ་འཆང་ཆེན་པོ་གསང་སྔགས་ཀྱི་ལུས་འཛིན་པ་དཔག་ཏུ་མེད་ཅིང་བགྲང་བ་ལས་འདས་པ་རྣམས་ཀྱང་སེམས་ཤིན་ཏུ་དགའ་བཞིན་པས་ གླུར་བླངས་ཤིང་བསྟོད་པ་གང་ལགས་པ་དེ་བཤད་ཅིང་བསྟན་པར་གསོལ་ཏེ། བདག་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་གྱི་གསང་བ་མཚན་ཡང་དག་པར་བརྗོད་པ་དེ་བཟུང་བས་སངས་རྒྱས་ཐམས་ཅད་ཀྱི་གསང་བ་འཛིན་པར་ཅི་ནས་ཀྱང་བདག་འགྱུར་བའི་ཕྱིར་བཤད་པར་གསོལ་ཏེ། སངས་རྒྱས་ཐམས་ཅད་ཀྱི་གསང་བ་འཛིན་པར་གྱུར་ནས་བ་དག་གིས་ཀྱང་ངེས་པར་འབྱུང་བ་སྟེ། མྱ་ངན་ལས་འདས་པའི་བར་དུ་མཚན་ཡང་དག་པར་བརྗོད་པ་འདིའི་བདག་ཉིད་བསམ་པ་བརྟན་པོ་བརྗེད་པ་མེད་པའི་སེམས་སུ་གྱུར་པས་གཟུང་བར་བགྱི། དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཡང་དག་ པར་བསྟན་པར་བགྱི་སྟེ། ཅིའི་ཕྱིར་ཞེ་ན། ཉོན་མོངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བག་ཆགས་དང་བཅས་པའི་ཉོན་མོངས་མ་ལུས་པར་བསལ་ཞིང་སྤང་བའི་ཕྱིར་དང་། དེ་བཞིན་དུ་མི་ཤེས་པ་སྟེ། མ་རིག་པ་སྤང་ཞིང་དོར་བའི་ཕྱིར་སེམས་ཅན་རྣམས་ཀྱི་བསམ་པ་ཐ་མ་དང་འབྲིང་དང་ མཆོག་གི་ཁྱད་པར་ཇི་ལྟ་བ་བཞིན་དུ་ཤེས་པར་བགྱིས་ནས་མཚན་ཡང་དག་པར་བརྗོད་པ་བཤད་པར་འཚལ་ཞིང་བསྟན་པར་འཚལ་ལོ་ཞེས་པའོ། །གསང་དབང་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ལ་སོགས་པ་ལ་གསོལ་བ་བྱས་ནས་ཐལ་མོ་ སྦྱར་བ་བྱས་ཏེ། ལུས་བཏུད་ཅིང་ཕབ་ནས་སྤྱན་སྔར་མདུན་དུ་འདུག་པའོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པ་སྟེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གསང་བའི་བདག་པོ་ལ་སླར་གསུངས་པ་ཞེས་བྱ་བར་སྦྱར་རོ། །དེ་ཡང་དབང་ཕྱུག་ལ་སོགས་པ་དང་ལྡན་པས་ན་བཅོམ་ལྡན་འདས་སོ། །ཤཱཀྱའི་ རིགས་སུ་འཁྲུངས་པར་སྟོན་པས་ན་ཤཱཀྱའོ། །སྐུ་གསུང་ཐུགས་ཐུབ་པས་ན་ཐུབ་པའོ། །ཕྱིན་ཅི་མ་ལོག་པའི་དོན་ཐུགས་སུ་ཆུད་པས་ན་རྫོགས་པའི་སངས་རྒྱས་སོ། །ལྷ་དང་མིའི་མཆོག་ཏུ་གྱུར་པས་ན་རྐང་གཉིས་མཆོག་གོ། །ཅི་ཞིག་མཛད་ནས་སླར་གསུངས་ཤེ་ན། ཉིད་ཀྱི་ཞལ་ནས་ཞེས་ 63-1-5a བྱ་བ་ལ་སོགས་པ་གསུངས་ཏེ། ཉིད་ཀྱི་ཞལ་ནས་ཉིད་ཀྱི་ལྗགས་བསོད་ནམས་ཀྱི་ཚོགས་ལས་བྱུང་བས་ན་བཟང་བ་དང་། ཆུར་རིང་ཞིང་རྒྱས་པར་ཡངས་པ་བརྐྱང་ཞིང་ཕྱུང་ནས་འཛུམ་པ་སྟོན་པར་མཛད་པའོ། །ཇི་ལྟ་བུའི་འཛུམ་པ་ཞེ་ན། འཇིག་རྟེན་ཞེས་བྱ་བ་ ལ་སོགས་པ་གསུངས་ཏེ། ས་འོག་ས་སྟེངས་ས་བླ་ནི་འཇིག་རྟེན་གསུམ་སྟེ། དེ་ལ་འཛུམ་པ་ལས་བྱུང་བའི་འོད་ཀྱིས་སྣང་བར་བྱེད་ཅིང་གསལ་བར་བྱེད་པའོ། །དེ་བཞིན་དུ་བདུད་བཞིའི་དགྲ་རྣམས་འདུལ་བར་བྱེད་པ་ཞེས་བྱ་བ་སྟེ། བདུད་བཞི་ནི་ལྷའི་བུའི་བདུད་ལ་སོགས་པའོ། །དེ་ཉིད་ དགྲ་སྟེ། འཕགས་པའི་ལམ་གྱི་དབང་པོའི་སྲོག་མཐར་བྱེད་པའི་ཕྱིར་རོ། །དེ་རྣམས་འདུལ་བར་བྱེད་པ་ནི་རང་གི་ཡུལ་ལས་སྤོས་ཏེ་བྱང་ཆུབ་ཀྱི་ལམ་ལ་སྦྱོར་བའོ། །གཞན་ཡང་འཛུམ་པ་དེ་ཇི་ལྟ་བུ་ཞེ་ན། སེམས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམྱལ་བ་དང་ཡི་དགས་དང་དུད་ འགྲོར་སྐྱེས་པར་གྱུར་པའི་ངན་སོང་གསུམ་སྦྱོང་བར་བྱེད་པའོ། འདི་སྐད་སྟོན་པར་འགྱུར་ཏེ། སེམས་ཅན་དམྱལ་བ་ལ་སོགས་པ་འཛུམ་པའི་འོད་ཀྱིས་རེག་པས་དམྱལ་བ་ལ་སོགས་པའི་འགྲོ་བ་སྤངས་ནས་ལྷ་ལ་སོགས་པར་སྐྱེས་སོ། །ཅིའི་ཕྱིར་ལྗགས་རིང་ཞིང་ཡངས་པ་སྟོན་པར་ མཛད་ཅེ་ན། བཅོམ་ལྡན་འདས་ཀྱིས་མིའི་སྐྱེ་བ་བཞེས་པར་བསྟན་པ་གང་ཡིན་པ་དེ་ལ་མ་ཡིན་ནོ་ཞེས་འཇིག་རྟེན་པ་དག་སོམ་ཉིར་གྱུར་པ་དེ་བཟློག་པའི་ཕྱིར་རྫུ་འཕྲུལ་དང་ཆོ་འཕྲུལ་སྟོན་པ་ཡིན་ནོ། །ཇི་ལྟར་གསུང་གིས་གསང་བའི་བདག་པོ་ལ་སླར་གསུངས་ཤེ་ན། ཚངས་པའི་ཞེས་བྱ་ བ་ལ་སོགས་པ་གསུངས་ཏེ། ཚངས་པའི་གསུང་ནི་ཚངས་པའི་སྒྲ་སྒྲོགས་པ་ལ་འཇུག་པས་ན་འཇིག་རྟེན་གསུམ་པོ་འགེངས་ཏེ། རིང་པོ་ན་གནས་པ་ལའང་གོམ་ན་གནས་པ་ཇི་ལྟ་བ་བཞིན་ནོ། །དེ་ལྟ་བུའི་གསུང་ཤིན་ཏུ་སྙན་པས་གསང་བའི་བདག་པོ་ལ་སླར་གསུངས་པའོ། །ལག་ན་ རྡོ་རྗེ་ཡང་ཇི་ལྟ་བུ་ཞེ་ན། ལག་ན་རྡོ་རྗེ་སྟོབས་པོ་ཆེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོབས་པོ་ཆེ་ཞེས་བྱ་བ་ནི་ཁམས་གསུམ་ལས་རྣམ་པར་རྒྱལ་བས་སོ། །གང་གི་དོན་དུ་ཞེ་ན། འགྲོ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་རྣམས་ལ་རྗེས་སུ་བརྩེ་བ་དང་ལྡན་ 63-1-5b པའི་སྙིང་རྗེ་ཆེན་པོ་དང་ལྡན་པས་འགྲོ་བ་ལ་ཕན་པའི་ཕྱིར་རོ། །གང་གི་མཚན་ཡང་དག་པར་བརྗོད་པ་ཡིན་ཞེ་ན། ཡེ་ཤེས་ལུས་ཅན་འཇམ་དཔལ་གྱི། །ཞེས་གསུངས་པ་དང་སྦྱར་རོ། །ཇི་ལྟ་བུའི་མཚན་ཡང་དག་པར་བརྗོད་པར་བྱ་ཞེ་ན། མིང་བརྗོད་པས་ནི་དོན་ཆེ་བ། །ཞེས་བྱ་བ་ལ་སོགས་ པ་སངས་རྒྱས་ཉིད་ཐོབ་པའི་རྒྱུར་གྱུར་པས་ན་དོན་ཆེ་བའོ། །བཀླགས་པ་ཙམ་གྱིས་རྒྱུད་གཙང་བར་བྱེད་པས་ན་དག་པར་བྱེད་པའོ། །སྡིག་པ་རྣམས་འཇིག་པར་བྱེད་པས་ན་སྡིག་པ་སེལ་བ་སྟེ། དེ་ལྟ་བུའི་དོན་ཆེ་བའི་མཚན་ཡང་དག་པར་བརྗོད་པ་སྙིང་རྗེ་ཆེན་པོ་དང་ལྡན་པར་གྱུར་པས་ང་ ལས་ཉན་པར་བརྩོན་ཞིང་ཐོས་པར་བྱ་བར་ངེས་པར་གནས་པ་ནི་ལེགས་སོ་ཞེས་སོ། །དཔལ་ལྡན་རྡོ་རྗེ་འཆང་ཞེས་པ་ནི་བོད་པའོ། །ལག་ན་རྡོ་རྗེ་ཁྱོད་ལེགས་སོ། །ཞེས་བྱ་བ་ནི་འདྲི་བ་ལ་མཁས་པའི་ཆེ་བའི་བདག་ཉིད་བསྟན་པའི་ཕྱིར་ལེགས་སོ་ཞེས་བྱ་བ་བྱིན་པའོ། །གསང་བའི་བདག་པོ་ ཞེས་བྱ་བ་ནི་བོད་པའོ། །དེ་ལྟར་བདག་གིས་ཁྱེད་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས་མཚན་ཡང་དག་པར་རྗོད་པ་བསྟན་པར་བྱ་ཡིས་ཁྱོད་ཀྱིས་གཞན་དུ་མ་ཡེངས་ཤིང་རྩེ་གཅིག་པའི་ཡིད་ཀྱིས་ཉོན་ཅིག་ཅེས་པའོ། །དེ་ནི་ལེགས་ཞེས་གསོལ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་རྩེ་གཅིག་པའི་ ཡིད་ཀྱིས་ཉོན་ཅིག་ཅེས་བཀའ་སྩལ་པ་དེ་ནི་ལེགས་སོ་ལེགས་པར་འདི་མཉན་པར་བགྱིའོ་ཞེས་པའི་བར་དུའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པའོ། །ཤཱཀྱའི་རིགས་ལས་བྱུང་བས་ན་ཤཱཀྱའོ། །སྐུ་གསུང་ཐུགས་ཐུབ་པས་ན་ཐུབ་པའོ། ། གསང་སྔགས་རིགས་ ཆེན་ནི་སྒྱུ་འཕྲུལ་ཆེན་པོ་ལ་སོགས་པའི་རྒྱུད་ཀྱི་རིགས་ཏེ། བྱ་བ་དང་། སྤྱོད་པ་དང་། རྟོག་པ་ཐམས་ཅད་བསྐྱེད་པའི་གནས་སུ་གྱུར་པའི་ཕྱིར་རོ། །ཐམས་ཅད་ནི་མ་ལུས་པའོ། །གསང་སྔགས་རིག་སྔགས་འཆང་བའི་རིགས། །ཞེས་བྱ་བ་ནི་རིགས་དེ་ལ་གཅིག་ཏུ་གཞོལ་བའི་རིགས་སོ། ། རིགས་གསུམ་ནི་དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། པདྨའི་རིགས་སོ། །འཇིག་རྟེན་པའི་རིགས་ནི་ཐ་མལ་པའི་དགེ་བསྙེན་ལ་སོགས་པའི་སེམས་ཅན་གྱི་རིགས་སོ། །འཇིག་རྟེན་ལས་འདས་པའི་རིགས་ནི་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རིགས་སོ། །དེ་ཉིད་ 63-1-6a ཀྱིས་ནི་འཇིག་རྟེན་རྣམས་ཀྱི་ཡེ་ཤེས་ཀྱི་སྣང་བ་བྱེད་པའི་ཕྱིར་རོ། །དེ་དང་མཆོག་ཏུ་གྱུར་པས་ན་ཆེན་པོའོ། །ཕྱག་རྒྱ་ཆེན་པོའི་རིགས་ནི་ལྷ་མོའི་རིགས་ཏེ། དེ་ཉིད་ཀྱིས་ན་གཙོ་བོར་གྱུར་པས་ན་མཆོག་གོ། །རིགས་ཆེན་གཙུག་ཏོར་གྱི་རིགས་ནི་གཙུག་ཏོར་ཡི་གེ་ གཅིག་པ་ལ་སོགས་པའི་རིགས་ཏེ། རིགས་དེ་དག་སྐལ་བ་དང་ལྡན་པ་དང་། སྐལ་བ་མེད་པ་དང་སྣོད་དུ་གྱུར་པ་དང་། སྣོད་དུ་མ་གྱུར་པ་སྟེ། དེ་དག་གི་ངོ་བོ་ཉིད་བརྟགས་པས་གཟིགས་ནས་ཚིག་གི་བདག་པོ་དང་འབྲེལ་པའི་ཚིགས་སུ་བཅད་པ་འདི་དག་གསུངས་སོ་ཞེས་སྦྱར་རོ། །གསང་ སྔགས་རྒྱལ་པོ་དྲུག་ལྡན་ཞིང་། །ཞེས་བྱ་བ་ནི་ཨོཾ་བཛྲ་ཏཱིཀྵཱ་ཞེས་བྱ་བ་ལ་སོགས་པའི་གསང་སྔགས་ཀྱི་རྒྱལ་པོ་དྲུག་པོ་དེ་དང་ལྡན་པའོ། །གཉིས་སུ་མེད་པར་འབྱུང་བ་དང་། །ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་གཉིས་སུ་མེད་པར་སྟོན་པའོ། །མི་སྐྱེ་བའི་ཆོས་ཅན་ཞེས་བྱ་བ་ནི་གང་མི་སྐྱེ་བའི་ཆོས་སྟོན་པ་ དེ་ནི་འདིར་མི་སྐྱེ་བའི་ཆོས་ཅན་ཏེ་དེས་གསུངས་པའོ། །གང་ཞེ་ན། ཨ་ཨཱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ང་ནི་དུས་གསུམ་དུ་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཉིད་ཀྱི་ཡེ་ཤེས་ཀྱི་སྐུ་སྟེ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་ཐུགས་ལ་གནས་པས་ན་བདག་ཉིད་སངས་རྒྱས་ཡིན་ ནོ་ཞེས་པའོ། །ཨོཾ་བཛྲ་ཏཱིཀྵྞ་ཞེས་བྱ་བ་ལ་སོགས་པ་ནི་མིང་གི་གཙོ་བོ་རྣམས་ཀྱིས་བསྟོད་ནས་མཚན་བཤད་པར་བྱའོ། །ཞེས་གསུངས་པའོ། །འདི་ལྟར་ཞེས་བྱ་བ་ནི་གནས་སྐབས་བསྟན་པའོ། །བློ་མཆོག་ཏུ་གྱུར་པས་ན་སངས་རྒྱས་སོ། །བདུད་བཞི་བཅོམ་པས་ན་བཅོམ་ལྡན་འདས་སོ། །ཆོས་ཐམས་ ཅད་མངོན་པར་རྫོགས་པར་སངས་རྒྱས་པས་ན་རྫོགས་པའི་སངས་རྒྱས་སོ། །ཨ་ལ་སོགས་པའི་ཡི་གེ་རྣམས་འབྱུང་བས་ན་ཨ་ལས་བྱུང་བའོ། །ཡི་གེ་དཔག་ཏུ་མེད་པ་ཡོད་ཀྱང་ཅིའི་ཕྱིར་ཨ་ཉིད་ལས་བྱུང་ཞེ་ན། ཨ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨ་ནི་ཡིག་འབྲུ་ཀུན་གྱི་ མཆོག་ཏུ་གྱུར་པས་དེ་ཉིད་ལས་བྱུང་བའོ། །དོན་ཆེན་པོ་སངས་རྒྱས་ལ་སོགས་པ་ཡིན་པས་དོན་ཆེན་ནོ། །མཆོག་ཏུ་གྱུར་པས་ན་ཡི་གེ་དམ་པའོ། །ནམ་མཁའ་དང་རླུང་ལས་འབྱུང་བས་ན་ཁོང་ནས་འབྱུང་བའོ། །ཨ་ནི་ཆོས་ཐམས་ཅད་གཟོད་མ་ནས་སྐྱེ་བ་མེད་པའི་སྒོ་ཡིན་པས་ན་ 63-1-6b སྐྱེ་བ་མེད་པའོ། །སྐྱེ་བ་མེད་པའི་ངོ་བོ་ཉིད་ཀྱིས་ན་ཚིག་ཏུ་བརྗོད་པ་སྤངས་པའོ། །བརྗོད་པ་ཐམས་ཅད་ཀྱི་རྒྱུར་གྱུར་ཅིང་སྒྲའི་རྒྱུའི་གཙོ་བོ་ཡིན་པས་ན་བརྗོད་པ་ཀུན་གྱི་རྒྱུའི་མཆོག་གོ། །ཚིག་ཐམས་ཅད་ཀྱི་རབ་ཏུ་འཇུག་པའི་རྒྱུར་གྱུར་པས་ཚིག་ཀུན་ནོ། །སྔགས་ཀྱི་བདག་ཉིད་ཀྱི་འོད་ ཤིན་ཏུ་བཟང་པོ་དང་ལྡན་པས་ན་རབ་ཏུ་གསལ་བར་བྱེད་པའོ། །མཆོད་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། མཆོད་པ་ཆེན་པོ་དང་ལྡན་པ་གང་ཡིན་པ་དེ་ནི་མཆོད་པ་ཆེན་པོ་སྟེ། མཆོད་པ་ཆེན་པོ་ཞེས་པའི་སྒྲ་ཐམས་ཅད་ལ་ཡང་དོན་འདི་བཞིན་དུ་ཤེས་པར་བྱའོ། །ཐུགས་རྗེ་ ཆེན་པོ་དང་ལྡན་པས་སེམས་ཅན་རྣམས་ལ་དམ་པའི་ཆོས་ཉན་པ་ལ་སོགས་པའི་དགའ་བ་བསྐྱེད་པའི་རྒྱུར་གྱུར་པས་ན་འདོད་ཆགས་ཆེན་པོའོ། །ཉོན་མོངས་པ་ཅན་གྱི་དགྲ་ཆེན་པོ་ཐམས་ཅད་ལ་སྡང་བའི་དགྲར་གྱུར་པས་ན་ཞེ་སྡང་ཆེན་པོའོ། །མི་ཤེས་པའི་མུན་ནག་གིས་ ཁེབས་པའི་བློ་གང་ཡིན་པ་དེ་ནི་གཏི་མུག་བློ་སྟེ། སེམས་ཅན་གྱི་རྒྱུད་ལ་གནས་པའི་གཏི་མུག་རྩད་ནས་འབྱིན་པའི་རྒྱུར་གྱུར་པས་ན་གཏི་མུག་ཆེན་པོ་སྟེ། ཇི་ལྟར་རིམས་སེལ་བའི་སྔགས་ལ་རིམས་ཀྱི་སྔགས་ཞེས་བྱ་བ་བཞིན་ནོ། །བདུད་ལ་སོགས་པ་ཁྲོ་བ་ཆེན་པོ་སྐྱེས་པ་རྣམས་ལ་ བཟོད་པའི་མཚོན་ཆས་དེ་རྣམ་པར་འཇིག་པའི་རྒྱུར་གྱུར་པས་ན་ཁྲོ་བ་ཆེན་པོའོ། །དེ་ཉིད་ཀྱིས་ན་ཁྲོ་བའི་དགྲར་གྱུར་པས་ཁྲོ་བ་ཆེན་པོའི་དགྲ་ཆེན་པོའོ། །བདག་དང་བདག་གིར་མངོན་པར་ཞེན་པ་ལས་བྱུང་བའི་ཆགས་པ་ཐམས་ཅད་སེལ་བའི་རྒྱུར་གྱུར་པས་ན་ཆགས་པ་ཆེན་པོའོ། ། སེམས་ཅན་རྣམས་སངས་རྒྱས་ཉིད་ཀྱི་ཆེ་བ་ལ་རབ་ཏུ་འཇོག་པར་བཞེད་པའི་འདོད་པ་གང་ལ་ཡོད་པ་དེ་ནི་འདོད་པ་ཆེན་པོའོ། །སེམས་ཅན་རྣམས་ལ་ཐར་པའི་བདེ་བ་སྩོལ་བས་ན་བདེ་བ་ཆེན་པོའོ། །ཟབ་མོའི་ཆོས་སྟོན་པའི་སྒོ་ནས་སེམས་ཅན་རྣམས་ཀྱི་དགའ་བ་ཆེན་པོའོ། །ཆོ་ འཕྲུལ་རྣམས་བསྟན་པས་གདུལ་བྱ་རྣམས་ཀྱི་ཡིད་མགུ་བ་བསྐྱེད་པས་ན་མགུ་བ་ཆེན་པོའོ། །ཁོང་ཁྲོ་བ་མེད་པའི་ཚུལ་གྱིས་འགྲོ་བ་མ་ལུས་པ་ཚིམ་པར་བྱེད་པས་ན་གཟུགས་ཆེན་པོའོ། །མིའི་ལུས་ལས་འདས་པར་གྱུར་པས་ན་ལུས་ཆེ་བའོ། །སྣ་ཚོགས་པའི་གཟུགས་ 63-1-7a དང་ཁ་དོག་སྟོན་པས་ན་ཁ་དོག་ཆེན་པོའོ། །གཟི་མདངས་དང་ལྡན་པས་ན་ལུས་བོང་ཆེའོ། །མཆོག་ཏུ་གྱུར་པའི་མཚན་མངའ་བས་ན་མིང་ཡང་ཆེའོ། །ཆོས་དང་ཟང་ཟིང་དང་མི་འཇིགས་པ་རབ་ཏུ་སྩོལ་བས་རྒྱ་ཆེ་བའོ། །ལྷ་དང་ལྷ་མོ་རྣམས་ཀྱི་འཁོར་གྱིས་ བསྐོར་བའི་དཀྱིལ་འཁོར་ཡངས་པ་མངའ་བས་ན་དཀྱིལ་འཁོར་ཆེན་པོ་ཡངས་པའོ། །མུ་སྟེགས་ཅན་རྣམས་ཀྱི་ཤེས་རབ་གཅོད་པའི་དོན་གྱིས་ན་ཤེས་རབ་མཚོན་ཆེན་འཆང་བའོ། །ཉོན་མོངས་པའི་གླང་པོ་འདུལ་བས་ན་ཉོན་མོངས་ལྕགས་ཀྱུ་ཆེ་བའོ། །མཆོག་ནི་གཙོ་བོ་སྟེ། གང་ གི་ཕྱིར་ཉོན་མོངས་པའི་གླང་པོ་ཆེ་བཟློག་དཀའ་བ་འདྲེན་པས་སོ། །གྲགས་པ་ཁམས་གསུམ་དུ་སྒྲོགས་པས་ན་གྲགས་ཆེན་ནོ། །སེམས་ཅན་གྱི་བྱ་བ་ལ་སྤྱོད་པ་ན་བདག་གི་ཐམས་ཅད་གཏོང་བས་ན་སྙན་གྲགས་ཆེན་པོའོ། །ནང་གི་ཡེ་ཤེས་ཀྱི་སྣང་བའི་ངོ་བོ་ཉིད་པས་ན་སྣང་བ་ཆེའོ། ། ཕྱི་རོལ་དུ་འབྱུང་བའི་འོད་ཟེར་གྱིས་ཡོངས་སུ་བསྐོར་བས་ན་གསལ་བ་ཆེའོ། །སྒྱུ་འཕྲུལ་ཆེན་པོའི་ངོ་བོ་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་གཟུགས་བརྙན་བཞིན་དུ་སེམས་ལ་འཆང་བས་ན་སྒྱུ་འཕྲུལ་ཆེན་པོ་འཆང་བའོ། །འདི་ཉིད་ཀྱི་དོན་གྱི་སྣོད་དུ་གྱུར་པས་ན་མཁས་པའོ། །སྒྱུ་ འཕྲུལ་ཆེན་པོའི་དོན་སེམས་ཅན་རྣམས་ལ་སྒྲུབ་ཅིང་གསལ་བར་མཛད་པས་ན་སྒྱུ་འཕྲུལ་ཆེན་པོའི་དོན་གྲུབ་པའོ། །གང་སྒྱུ་འཕྲུལ་ཆེན་པོའི་དོན་གྱི་ངོ་བོ་ཉིད་དུ་གྲུབ་པ་ལ་དགའ་བ་དེ་རྣམས་ཀྱིས་འཛིན་པ་དེ་བཟློག་པ་ལ་དགྱེས་པས་ན་སྒྱུ་འཕྲུལ་ཆེན་པོ་དགའ་བས་དགའོ། །སོ་སོའི་སྐྱེ་ བོ་གང་ཞིག་སྒྱུ་འཕྲུལ་ཆེན་པོའི་དོན་བཤད་པ་ཡང་དག་པར་རྟོགས་པར་མི་འགྱུར་བ་དེ་རྣམས་ལ་མིག་འཕྲུལ་ལྟར་སྤྲུལ་པ་རྣམས་སྤྲུལ་ཏེ་བསྟན་པས་དངོས་པོར་འཛིན་པ་ལས་བཟློག་པས་ན་སྒྱུ་འཕྲུལ་ཆེན་པོ་མིག་འཕྲུལ་ཅན་ནོ། །འཁོར་གསུམ་ཡོངས་སུ་དག་པའི་སྦྱིན་པ་ལ་སོགས་པ་ མཛད་པས་ན་སྦྱིན་བདག་ཆེན་པོ་སྟེ། དེ་ཉིད་ཀྱིས་ན་གཙོ་བོ་སྟེ་མཆོག་གོ། །སྲོག་གཅོད་པ་ལ་སོགས་པ་སྤོང་བའི་མཚན་ཉིད་ཀྱི་ཚུལ་ཁྲིམས་མངའ་བས་ན་ཚུལ་ཁྲིམས་ཆེན་པོ་འཆང་བའོ། །ཚུལ་ཁྲིམས་འཛིན་པ་ཐམས་ཅད་ཀྱི་མཆོག་ཡིན་པས་ན་མཆོག་གོ། །སེམས་ཅན་ 63-1-7b ཐམས་ཅད་ཀྱི་གནོད་པ་དང་ཁྲོ་བ་བཟོད་པ་དང་ལྡན་པས་བཟོད་ཆེན་འཆང་བ་བརྟན་པ་པོའོ། །བདུད་ཀྱི་ཟིལ་གྱིས་མི་ནོན་པས། །བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན། །ཞེས་བྱ་སྟེ། ཕ་རོལ་གནོན་པ་བྱས་པའོ། །འཁོར་ལོ་དྲུག་བསྒོམ་པའི་བསམ་གཏན་ཆེན་པོའི་ཏིང་འཛིན་གནས་པས་ན་ བསམ་གཏན་ཆེན་པོའི་ཏིང་འཛིན་གནས་སོ། །ཤེས་རབ་ཆེན་པོའི་ལུས་གཉིས་སུ་མེད་པའི་ཡེ་ཤེས་འཛིན་པས་ན་ཤེས་རབ་ཆེན་པོའི་ལུས་འཆང་བའོ། །བདུད་རྣམས་ཟིལ་གྱིས་གནོན་པས་ན་སྟོབས་པོ་ཆེའོ། །སྦྱིན་པ་ཆེན་པོས་སེམས་ཅན་རྣམས་འདུལ་བས་ན་ཐབས་ཆེ་བའོ། ། བདག་གིས་སེམས་ཅན་ཐམས་ཅད་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་བཟླ་བར་བྱའོ་ཞེས་བྱ་བའི་སྔོན་གྱི་སྨོན་ལམ་རྫོགས་པར་མཛད་པས་ན་སྨོན་ལམ་མོ། །དངོས་པོ་ཐམས་ཅད་ཀྱི་དོན་བསགས་པའི་ཡེ་ཤེས་བསྐྱེད་པ་དང་། རྣམ་པར་མི་རྟོག་པའི་ ཡེ་ཤེས་རིན་པོ་ཆེའི་འབྱུང་གནས་སུ་གྱུར་པས་ན་ཡེ་ཤེས་རྒྱ་མཚོའོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པ་བཅུའི་ངོ་བོ་ཉིད་ཀྱིས་ཁྱད་པར་དུ་འཕགས་པ་བསྟན་ནས། ཚངས་པའི་གནས་བཞིས་ཁྱད་པར་དུ་འཕགས་པ་བསྟན་པར་བྱ་བའི་ཕྱིར། བྱམས་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ ཏེ། ཞེ་སྡང་གི་གཉེན་པོར་གྱུར་པ་ནི་བྱམས་པ་ཆེན་པོའོ། །དེའི་རང་བཞིན་ཡིན་པས་ན་བྱམས་པ་ཆེན་པོའི་རང་བཞིན་ནོ། །ཚད་མེད་པས་ན་དཔག་ཏུ་མེད་པའོ། །ཐུགས་རྗེ་ཆེན་པོའི་རྒྱུད་དང་ལྡན་པས་ན་སྙིང་རྗེ་ཆེན་པོའོ། །མཆོག་ཏུ་གྱུར་པའི་ཤེས་རབ་མངའ་བས་ན་བློའི་མཆོག་གོ། ། དགའ་བའི་ངོ་བོ་ཉིད་ཀྱི་ཤེས་རབ་ཆེན་པོས་སེམས་ཅན་ཐམས་ཅད་ལ་ཆོས་ཐམས་ཅད་ཁོང་དུ་ཆུད་པའི་དགའ་བ་བསྐྱེད་པས་ན་ཤེས་རབ་ཆེན་པོའོ། །བློ་གྲོས་ཆེན་པོ་དང་ལྡན་པས་ན་བློ་ཆེན་ལྡན་ནོ། །བཏང་སྙོམས་ཀྱི་ངོ་བོ་ཉིད་ནི། མཁས་པ་ཆེན་པོ་ཐབས་ཆེ་བ། །ཞེས་གསུངས་ པ་ཡིན་ཏེ། སེམས་ཅན་ཆེན་པོའི་དོན་མཛད་པ་རྫོགས་པར་མཛད་པས་ན་མཁས་པ་ཆེན་པོའོ། །ཉོན་མོངས་པ་ཆེན་པོ་ལ་བཏང་སྙོམས་ཀྱི་མཚན་ཉིད་ཅན་གྱི་ཐབས་མངའ་བས་ན་ཐབས་ཆེ་བའོ། །རྫུ་ཕྲུལ་ཆེན་པོའི་སྟོབས་ཀྱི་ཏིང་ངེ་འཛིན་ལས་བདུད་རྣམས་ཀྱིས་གཡོ་བར་མི་ནུས་པས་ 63-1-8a ན་རྫུ་འཕྲུལ་ཆེན་པོའི་སྟོབས་ཆེན་ལྡན་ནོ། །མ་གཡོས་ཀྱང་ཐམས་ཅད་དུ་བདག་ཉིད་ཀྱི་དངོས་པོ་སྟོན་པས་ན་ཤུགས་ཆེན་པོའོ། །ཡིད་ཀྱིས་འགྲོ་བའི་ཤུགས་དང་ལྡན་པས་ན་མགྱོགས་པ་ཆེན་པོའོ། །རྫུ་འཕྲུལ་གྱི་ཆོ་འཕྲུལ་ཆེན་པོ་དང་ལྡན་པས་རྫུ་འཕྲུལ་ཆེན་པོའོ། ། ཐམས་ཅད་ཀྱི་གཙོ་བོར་གྱུར་པས་ན་ཆེར་གྲགས་པའོ། །རྫུ་འཕྲུལ་ཆེན་པོ་དང་ལྡན་པས་གཞན་གྱི་དོན་དུ་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་གནོན་པས་ན་སྟོབས་ཆེན་ཕ་རོལ་གནོན་པ་པོའོ། །སྐྱེ་བ་ཆེན་པོའི་སྲིད་པའི་རི་བོ་ཡང་དག་པར་འཇོམས་པས་ན་སྲིད་པའི་རི་བོ་ཆེན་པོ་འཇོམས་ པའོ། །གླགས་སྐབས་ཚོལ་བའི་བདུད་རྣམས་ཀྱིས་གླགས་མི་རྙེད་པའི་ཕྱིར་མཁྲེགས་པའོ། །དེ་ཉིད་ཀྱིས་ན་དབང་པོ་ལ་སོགས་པ་ཐམས་ཅད་ཀྱིས་གནོན་པས་ན་རྡོ་རྗེ་ཆེན་པོ་འཆང་བའོ། །སེམས་ཅན་དྲག་པོ་རྣམས་ལ་དེའི་གཟུགས་ཀྱིས་འདུལ་བར་མཛད་པས་ན་དྲག་པོ་ཆེན་པོའོ། །སེམས་ ཅན་མ་རུངས་པ་རྣམས་གདུལ་བའི་ཕྱིར་དྲག་ཤུལ་ཅན་གྱི་གཟུགས་འཛིན་པས་ན་དྲག་ཤུལ་ཆེན་པོའོ། །འཇིགས་པ་ཆེན་པོ་ནི་སེང་གེ་ལ་སོགས་པ་སྟེ། དེ་རྣམས་འཇིགས་པར་མཛད་པས་ན་འཇིགས་ཆེན་འཇིགས་པར་བྱེད་པའོ། །ཡེ་ཤེས་ཀྱི་དབང་ཕྱུག་དང་ལྡན་པས་ན་མགོན་པོའོ། ། རྨ་བྱ་ཆེན་མོ་ལ་སོགས་པ་རིག་སྔགས་ཀྱི་མཆོག་ཏུ་གྱུར་པས་ན་རིག་མཆོག་ཆེན་པོའོ། །དམ་པའི་ཆོས་ཉེ་བར་སྟོན་པས་ན་བླ་མའོ། །གསང་སྔགས་ཆེན་པོ་ནི་ཡིག་འབྲུ་ལ་སོགས་པའོ། །དེ་རྣམས་ཀྱི་དམ་པར་གྱུར་པས་ན་གསང་སྔགས་ཆེན་པོའི་མཆོག་སྟེ། ཡིག་གེ་ཨའི་བདག་ ཉིད་ཡིན་པའི་ཕྱིར་རོ། །ཐེག་པ་ཆེན་པོའི་ཚུལ་ནི་ཕ་རོལ་ཏུ་ཕྱིན་པའི་ལུགས་ཏེ། དེ་ལ་གནས་པས་ན་ཐེག་པ་ཆེན་པོའི་ཚུལ་ལ་གནས་པའོ། །ཅིའི་ཕྱིར་དེ་ལ་གནས་ཤེ་ན། ཇི་ལྟར་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལས་ཐེག་པ་ཆེན་པོའི་ཚུལ་མཆོག་ཏུ་གྱུར་པས་ན་དེ་ལ་གནས་པའི་ ཕྱིར་ཐེག་པ་ཆེན་པོའི་ཚུལ་གྱི་མཆོག་གོ། །ཆོས་ཐམས་ཅད་ཐུགས་སུ་ཆུད་པས་ན་སངས་རྒྱས་སོ། །འཁོར་གྱི་དབུས་ན་ཤས་ཆེར་མཛེས་པས་ན་རྣམ་པར་སྣང་མཛད་དེ་སྣང་བས་ན་ཞེས་པའི་བར་དུའོ། །སྐུ་གསུང་ཐུགས་ཐུབ་པས་ན་ཐུབ་པ་ཆེན་པོའོ། །ལྷ་དང་དྲང་སྲོང་གི་མཆོག་ཏུ་ 63-1-8b གྱུར་པས་ན་ཐུབ་ཆེན་ལྡན་ནོ། །སྟོང་པ་ཉིད་སྔོན་དུ་འགྲོ་བས་ས་བོན་དང་ཕྱག་མཚན་གྱི་རིམ་གྱིས་ལྷའི་སྐུར་བསྐྱེད་པས་ན་གསང་སྔགས་ཚུལ་ཆེན་ལས་བྱུང་བའོ། །དེའི་བདག་ཉིད་ཀྱིས་དེའི་ཚུལ་གྱི་བདག་ཉིད་ཅན་ཡིན་པས་ན་གསང་སྔགས་ཚུལ་ཆེན་བདག་ཉིད་ཅན་ནོ། །ཕ་རོལ་ ཏུ་ཕྱིན་པ་བཅུ་ནི་འདི་ལྟ་སྟེ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་དང་། སྨོན་ལམ་དང་། སྟོབས་དང་། ཡེ་ཤེས་ཀྱི་ངོ་བོ་ཉིད་དེ། ཕ་རོལ་ཏུ་ཕྱིན་པ་དེ་རྣམས་བརྙེས་པས་ན་ཕ་རོལ་ཏུ་ཕྱིན་པ་ བཅུ་ཐོབ་པ་སྟེ། དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་གཞན་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་རྫོགས་པར་མཛད་པས་ན་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་གནས་པའོ། །ཕ་རོལ་ཏུ་ཕྱིན་པ་བཅུ་བསྟན་པས་སེམས་ཅན་རྣམས་ཀྱི་སེམས་དགའ་བ་བསྐྱེད་པས་ཕ་རོལ་ཕྱིན་བཅུ་དག་པ་སྟེའོ། །ཕ་རོལ་ ཏུ་ཕྱིན་པ་བཅུའི་ཚུལ་ནི་ཆེན་པོ་སྟེ། དེ་ལ་གནས་པའི་སེམས་ཅན་རྣམས་ཚུལ་དེ་ལ་རབ་ཏུ་འཇོག་པས་ན་ཕ་རོལ་ཕྱིན་པ་བཅུའི་ཚུལ་ལོ། །ཡོན་ཏན་གྱི་དབང་ཕྱུག་དང་ལྡན་པས་ན་མགོན་པོའོ། །ས་བཅུ་ནི་འདི་ལྟ་སྟེ། རབ་ཏུ་དགའ་བ་དང་། དྲི་མ་མེད་པ་དང་། འོད་བྱེད་པ་དང་། འོད་འཕྲོ་བ་དང་། ཤིན་ཏུ་སྦྱངས་དཀའ་བ་དང་། མངོན་དུ་གྱུར་པ་དང་། རིང་དུ་སོང་བ་དང་། མི་གཡོ་བ་དང་། ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་ཏེ། ས་དེ་རྣམས་ཀྱི་གཙོ་བོར་གྱུར་པ་དང་ལྡན་པས་ན་ས་བཅུའི་དབང་ཕྱུག་གོ། །ས་བཅུ་རྣམས་ལ་སེམས་འཇོག་ པར་མཛད་པས་ན་ས་བཅུ་ལ་ནི་གནས་པ་པོའོ། །ཤེས་པ་བཅུ་ནི་འདི་ལྟ་སྟེ། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་ཤེས་པ་དང་། འགོག་པ་ཤེས་པ་དང་། ལམ་ཤེས་པ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་དང་། ཆོས་ཤེས་པ་དང་། རྗེས་སུ་རྟོགས་པ་ཤེས་པ་དང་། ཀུན་རྫོབ་ཤེས་པ་དང་། འདྲིས་པ་ཤེས་པ་དང་། སྒྲ་ཇི་བཞིན་པ་ཤེས་པའོ། །ཤེས་པ་བཅུ་པོ་དེ་རྣམས་ཀྱི་རྣམ་པར་དག་པའི་བདག་ཉིད་ཀྱི་ངོ་བོ་གང་ཡིན་པ་དེ་ནི་ཤེས་བཅུ་རྣམ་དག་བདག་ཉིད་ཅན་ནོ། །ཤེས་པ་བཅུ་རྣམ་པར་དག་པའི་སེམས་དྲི་མ་མེད་པའི་ཚུལ་གྱིས་རྟག་ཏུ་ 63-1-9a འཛིན་པས་ན་ཤེས་བཅུ་རྣམ་དག་འཆང་བ་པོའོ། རྣམ་པ་བཅུ་ནི་བདེན་པ་བཅུ་སྟེ། འདི་ལྟ་སྟེ། ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པ་དང་། མཚན་ཉིད་ཀྱི་བདེན་པ་དང་། རྣམ་པར་ཕྱེ་བའི་བདེན་པ་དང་། ངེས་པར་བྱེ་སྟེ་རྟོགས་ པའི་བདེན་པ་དང་། དངོས་པོའི་བདེན་པ་དང་། རབ་ཏུ་འབྱུང་བའི་བདེན་པ་དང་། ཟད་པ་དང་མི་སྐྱེ་བ་ཤེས་པའི་བདེན་པ་དང་། ལམ་ལ་འཇུག་པའི་ཤེས་པའི་བདེན་པ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཡང་དག་པར་འབྱུང་བའི་བདེན་པའོ། །དེ་ལ་ཚད་མ་དང་འབྲེལ་བས་ཡུལ་ དང་དུས་ཡོངས་སུ་བཅད་ཅིང་གཞན་གྱི་རྐྱེན་གྱི་དབང་ལས་སྐྱེས་པ་ནི་ཀུན་རྫོབ་ཀྱི་བདེན་པའོ། །སྟོང་པ་ཉིད་ཟབ་མོ་དང་སོ་སོར་ལྡན་པ་ནི་དོན་དམ་པའི་བདེན་པའོ། །ཉོན་མོངས་པའི་མཚན་ཉིད་ཀྱིས་ན་སྡུག་བསྔལ་ལོ། །རབ་ཏུ་བྱུང་བའི་མཚན་ཉིད་ཀྱིས་ན་ཀུན་འབྱུང་བའོ། །ཞི་བའི་མཚན་ ཉིད་ཀྱིས་ན་འགོག་པའོ། །ངེས་པར་འབྱུང་བའི་མཚན་ཉིད་ཀྱིས་ན་ལམ་མོ་ཞེས་བརྗོད་པའི་མཚན་ཉིད་ཀྱི་བདེན་པའོ། །སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དུ་མཚན་ཉིད་གཅིག་པ་ལས་དེ་རྣམས་ཀྱི་སྐྱེ་བ་མེད་པ་དང་འགག་པ་མེད་པ་ལ་སོགས་པའི་ཚུལ་གྱིས་རྣམ་པར་ཕྱེ་སྟེ་བསྟན་པ་ནི་རྣམ་པར་ཕྱེ་བའི་ བདེན་པའོ། །ངེས་པའི་དོན་ལ་ངེས་པར་འཛིན་ཅིང་མངོན་པར་རྟོགས་པའི་ཤེས་པ་སྟེ། ཤེས་པ་དང་ཤེས་བྱ་དེ་ནི་སླུ་བར་མི་འགྱུར་བས་ན་ངེས་པར་ཕྱེ་སྟེ། རྟོགས་པའི་བདེན་པ་ཞེས་བརྗོད་དོ། །དངོས་པོ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་སྟེ། དེ་རྣམས་ནི་རྟེན་ཅིང་འབྲེལ་ པར་འབྱུང་བའོ་ཞེས་གང་གི་ཚེ་ཤེས་པ་ན་དེ་དག་ནི་དངོས་པོ་མེད་པའོ་ཞེས་རྟོགས་པ་ནི་དངོས་པོའི་བདེན་པའོ། །གང་དང་གང་ལ་ནན་ཏན་དུ་བྱས་པས་ཉོན་མོངས་པ་སྤོང་བར་ནུས་པ་རབ་ཏུ་འབྱུང་བ་དེ་ནི་རབ་ཏུ་འབྱུང་བའི་བདེན་པའོ། །འདུས་བྱས་ཐམས་ཅད་ནི་ཟད་པར་མཐོང་བ་ཟད་པ་ལ་ནི་ཟད་ པ་མེད་དོ། །གང་ཟག་པ་མེད་པ་དེ་ནི་མི་སྐྱེ་བ་སྟེ། དེ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པའི་བདེན་པའོ། །ཡེ་ཤེས་ཀྱི་ལམ་གང་གིས་བསོད་ནམས་དང་ཡེ་ཤེས་བསགས་ནས་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་འགག་པ་མེད་པར་ཤེས་པ་ལ་འཇུག་པར་བྱེད་པ་དེ་ནི་ལམ་ལ་འཇུག་པའི་ཤེས་ 63-1-9b པའི་བདེན་པ་ཞེས་བརྗོད་དོ། །ཆོས་ཀྱི་སྤྲིན་གྱི་ས་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་དངོས་པོ་ཐམས་ཅད་ཀྱི་ཡུལ་ལ་ཀུན་དུ་འབྱུང་བ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཡང་དག་པར་འབྱུང་བའི་བདེན་པ་སྟེ། བདེན་པ་བཅུ་པོ་དེའི་ཚིག་དང་དོན་གང་ཡིན་པ་དེ་སྟོན་པའི་དགོས་པའི་དོན་ ཡོད་པས་ན་དོན་བཅུའི་དོན་ཏོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་དབང་པོར་གྱུར་པས་ན་ཐུབ་དབང་ངོ་། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་འདི་ལྟ་སྟེ། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ལས་དང་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་། ཁམས་སྣ་ ཚོགས་མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། ཀུན་དུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པའི་སྟོབས་དང་། བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་ དང་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་དང་། ཟག་པ་ཟད་པ་མཁྱེན་པའི་སྟོབས་ཏེ། སྟོབས་དེ་རྣམས་དང་ལྡན་པས་ན་སྟོབས་བཅུའོ། །ཐམས་ཅད་དུ་ཁྱབ་པས་ན་ཁྱབ་པའི་ བདག་གོ། །མོས་པ་སྣ་ཚོགས་པའི་དབྱེ་བས་རབ་ཏུ་ཕྱེ་བའི་སེམས་ཅན་མ་ལུས་པ་ཀུན་གྱི་ཐར་པ་ཐོབ་པའི་མཚན་ཉིད་ཅན་གྱི་དོན་སྐལ་བ་ཇི་ལྟ་བ་བཞིན་མཛད་པས་ན་ཀུན་གྱི་དོན་ནི་མ་ལུས་བྱེད་དོ། །དབང་རྣམ་པ་བཅུ་ནི་ཚེ་ལ་དབང་བ་དང་། སེམས་ལ་དབང་བ་དང་། ཡོ་བྱད་ལ་དབང་བ་ དང་། ལས་ལ་དབང་བ་དང་། སྐྱེ་བ་ལ་དབང་བ་དང་། རྫུ་འཕྲུལ་ལ་དབང་བ་དང་། མོས་པ་ལ་དབང་བ་དང་། སྨོན་ལམ་ལ་དབང་བ་དང་། ཡེ་ཤེས་ལ་དབང་བ་དང་། ཆོས་ལ་དབང་བ་སྟེ། དབང་བཅུ་པོ་དེ་རྣམས་དང་ལྡན་པས་ན་རྣམ་པ་བཅུའི་དབང་ལྡན་ཆེ་བ་པོའོ། །ཐོག་མ་ཉིད་ མེད་པས་ན་ཐོག་མ་མེད་པ་སྟེ། གལ་ཏེ་ཐོག་མ་ཡོད་པར་གྱུར་ན་ནི་རྒྱུ་མེད་པར་འགྱུར་བས་ན་རྟག་ཏུ་ཡོད་པ་དང་མེད་པར་འགྱུར་རོ། །ཕྱི་དང་ནང་གི་སྤྲོས་པས་མ་བསྒྲིབས་པའི་བདག་ཉིད་ཅན་གང་ཡིན་པ་དེ་ནི་སྤྲོས་པ་མེད་པའི་བདག་གོ། །དུས་ཐམས་ཅད་དུ་དེ་བཞིན་དུ་གནས་པས་ན་ 63-1-10a དེ་བཞིན་ཉིད་བདག་གོ། །དེ་ཉིད་ཀྱིས་ན་དག་པའི་བདག་གོ། །བདེན་པ་ནི་མི་སླུ་ཞིང་མ་ལོག་པའི་ཆོས་ཀྱི་དེ་ཁོ་ན་ཉིད་དོ། །དེ་གསུང་བའི་ངང་ཚུལ་མངའ་བས་ན་བདེན་པར་སྨྲ་བའོ། །གཞན་སླུ་བའི་ཚིག་མི་གསུང་བས་ན་ཚིག་མི་འགྱུར་བའོ། །དམ་བཅས་པའི་ དོན་རྫོགས་པར་མཛད་པས་ན་ཇི་སྐད་སྨྲས་པའོ། །འགྲོ་བ་ལ་ཕན་པའི་ཕྱིར་སངས་རྒྱས་སུ་གྲུབ་པར་གྱུར་ཅིག་ཅེས་དམ་བཅས་པ་བཞིན་དུ་རྫོགས་པར་མཛད་པས་ན་དེ་བཞིན་བྱེད་དོ། །གཟུང་བ་དང་འཛིན་པའམ་ཤེས་པ་དང་ཤེས་པར་བྱ་བ་གཉིས་ནི་གཟུགས་ལ་སོགས་པ་གཟུང་ བར་བྱ་བ་དང་མིག་ལ་སོགས་པ་འཛིན་པར་བྱེད་པ་ནས་ཇི་སྲིད་དུ་ཡིད་ནས་ཆོས་ཀྱི་བར་ནི་གཉིས་ཏེ། གཉིས་པོ་དེ་དག་མེད་པས་ན་གཉིས་སུ་མེད་པ་དང་ངོ་། །དེ་སྟོན་པ་ནི་ཡང་དག་པའི་ཀུན་རྫོབ་ཏུ་དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། སྟོང་པ་ཉིད་དང་། གཉིས་སུ་མེད་པ་དང་། མྱ་ངན་ལས་འདས་པ་དང་། ཆོས་ཀྱི་སྐུ་དང་། ཆོས་ཉིད་དོ་ཞེས་འཆད་དེ་དེ་ལྟར་ཇི་སྲིད་དུ་གནས་པ་རྣམ་པར་དག་པ་གཉིས་སུ་མེད་པའི་དེ་བཞིན་ཉིད་ཀྱི་ངོ་བོ་བཅོམ་ལྡན་འདས་ཀྱང་གཉིས་སུ་མེད་པ་སྟེ། ཡང་དག་པའི་དེ་ཁོ་ན་ཉིད་དོ། །དེའི་མཐའ་ནི་མཐར་ཐུག་པ་སྟེ། དེ་ལས་གཞན་ པའི་དེ་ཁོ་ན་ཉིད་ཡོད་པ་མ་ཡིན་པས་ཡང་དག་པའི་མཐའ་སྟེ། དེར་ནི་དེའི་བདག་ཉིད་ཀྱིས་ཐམས་ཅད་མི་གཡོ་བ་ཆོས་ཀྱི་དབྱིངས་ཀྱི་ཚུལ་གྱིས་དེར་གནས་པས་ན་ཡང་དག་མཐའ་ལ་རྣམ་པར་གནས་པའོ། །བདག་དང་བདག་གིར་མངོན་པར་ཞེན་པ་ལ་ཞུགས་པའི་སེམས་ཅན་རྣམས་ ཀྱི་དྲེགས་པ་སེལ་བའི་ངོ་བོ་ཉིད་དུ་བསྟན་པའི་ཕྱིར། བདག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་རི་དགས་ངན་འཇིགས་བྱེད། །ཅེས་གསུངས་ཏེ། བདག་དང་བྲལ་བས་ན་བདག་མེད་པ་སྟེ། བདག་མེད་པའི་ངོ་བོ་ཉིད་ཡིན་པས་ན་བདག་མེད་པ་དང་ལྡན་ལ། སེང་གེ་ལྟར་ འཇིགས་པ་དང་བྲལ་བའི་སྒྲ་སྒྲོགས་པ་གང་ཡིན་པ་དེ་ནི་སེང་གེའི་སྒྲ་དང་ལྡན་པ་སྟེ། ཆོས་ཐམས་ཅད་བདག་མེད་པའོ་ཞེས་བྱ་བའི་སེང་གེའི་སྒྲའོ། །ངན་པའི་མུ་ལ་བརྟེན་པ་གང་ཡིན་པ་དེ་ནི་མུ་སྟེགས་ངན་པའོ། །མུ་སྟེགས་ངན་པ་རི་དགས་དང་འདྲ་བས་ན་རི་དགས་སོ། །དེ་ 63-1-10b རྣམས་འཇིགས་པར་བྱེད་པས་ན། མུ་སྟེགས་རི་དགས་ངན་འཇིགས་བྱེད། །ཅེས་བྱ་སྟེ། ཆད་པར་སྨྲ་བ་ལ་སོགས་པ་དང་བདག་ཡོད་པར་ཁས་ལེན་པ་ལ་སོགས་པ་རྣམས་ལ་བདག་མེད་པ་དང་ལྡན་པའི་ཆོས་སྟོན་པས་ན་སྐྲག་པར་མཛད་ཅེས་པའི་དོན་ཏོ། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ ཉིད་ཡིན་པས་ན་ཀུན་དུ་འགྲོ་བ་སྟེ། གང་གི་ཕྱིར་ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་འགའ་ཡང་མེད་པས་སོ། །སེམས་ཅན་རྣམས་གདུལ་བར་བྱ་བའི་ཕྱིར་ཐམས་ཅད་དུ་དོན་ཡོད་ཅིང་ཐོགས་པ་མེད་པའི་བགྲོད་པ་གང་ལ་ཡོད་པ་དེ་ནི་དོན་ཡོད་སྟོབས་སོ། །སྔོན་གྱི་སངས་རྒྱས་རྣམས་ ཇི་ལྟར་གཤེགས་པ་དེ་བཞིན་དུ་གཤེགས་པས་ན་དེ་བཞིན་གཤེགས་པའོ། །ཡིད་བཞིན་དུ་མགྱོགས་པས་ཡིད་ལྟར་མགྱོགས་པ་སྟེ། ཡིད་ཀྱི་ཤུགས་ཀྱིས་དམ་པའི་ཆོས་ཀྱི་ཚིགས་སུ་བཅད་པ་གཏང་བའོ། །སྡིག་པའི་ཆོས་རྣམས་ལས་རྒྱལ་བས་ན་རྒྱལ་བའོ། །སྨྲ་བ་རྣམས་ཀྱི་ ནང་ན་ཁྱད་པར་དུ་རྒྱལ་བ་མངའ་བས་ན་རྣམ་པར་རྒྱལ་བའོ། །ཕྱི་རོལ་གྱི་བདུད་ལ་སོགས་པའི་དགྲ་ལས་རྣམ་པར་རྒྱལ་བས་ན་དགྲ་ལས་རྒྱལ་བའོ། །ཡི་གེ་གཅིག་པའི་འཁོར་ལོས་སྒྱུར་བ་བརྙེས་པས་ན་འཁོར་ལོས་སྒྱུར་བའོ། །བདུད་རྣམས་ཀྱིས་ཟིལ་གྱིས་མི་ནོན་པས་ན་སྟོབས་པོ་ ཆེའོ། །ཉན་ཐོས་ཀྱི་ཚོགས་ཀྱི་བསླབ་པའི་ཆོས་སྟོན་པས་ན་ཚོགས་ཀྱི་སློབ་དཔོན་ནོ། །བྱང་ཆུབ་སེམས་དཔའི་ཚོགས་ཀྱི་གཙོ་བོར་གྱུར་པས་ན་ཚོགས་ཀྱི་མཆོག་གོ། །དཀྱིལ་འཁོར་ལ་གནས་པའི་ལྷ་ལ་སོགས་པའི་ཚོགས་ཀྱི་མངའ་བདག་ཏུ་གྱུར་པས་ན་ཚོགས་རྗེའོ། །ཕྱི་རོལ་གྱི་ལྷ་དང་ ལྷ་མ་ཡིན་གྱི་བདག་པོར་གྱུར་པས་ན་ཚོགས་བདག་གོ། །བདག་པོར་གྱུར་པའི་དབང་ཐོབ་པས་ན་དབང་དང་ལྡན་པའོ། །སེམས་ཅན་ཐམས་ཅད་ཀྱི་སྟེང་དུ་མཐུ་ཆེན་པོ་མངའ་བས་ན་མཐུ་ཆེན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གཅེས་པ་དང་ལྡན་པས་ན་གཅེས་ པར་འཛིན་པའོ། །ཐེག་པ་ཆེན་པོའི་ཚུལ་གྱི་བདག་ཉིད་ཅན་ཡིན་པས་ན་ཚུལ་ཆེན་ནོ། །གཞན་རྣམས་ཀྱིས་བཀྲི་མི་དགོས་པས་ན་གཞན་གྱི་དྲིང་ལ་མི་འཇོག་པ་སྟེ། གཞན་གྱིས་མ་བཅོལ་བར་རང་ཉིད་ཀྱིས་སེམས་ཅན་གྱི་དོན་མཛད་ཅེས་བྱ་བའི་དོན་ཏོ། །དོན་སོ་སོ་ཡང་དག་པར་རིག་ 63-1-11a པའི་ངོ་བོ་ཉིད་ཀྱི་ཚིག་གི་དབང་ཕྱུག་ཏུ་གྱུར་པས་ན་ཚིག་རྗེའོ། །ཆོས་སོ་སོ་ཡང་དག་པར་རིག་པས་ཆོས་ཀྱི་རྗེས་སུ་རབ་ཏུ་འཇུག་པས་ཆོས་སྟོན་པར་མཛད་པས་ན་ཚིག་བདག་གོ། །ལྷ་དང་གནོད་སྦྱིན་དང་དྲི་ཟ་ལ་སོགས་པའི་ཚིག་གི་ལམ་ཇི་སྙེད་པའི་ངེས་པའི་ཚིག་དང་ ཐ་སྙད་དེ་དག་ཐམས་ཅད་རབ་ཏུ་མཁྱེན་པས་དེ་དང་དེའི་སྒྲ་དང་། དེ་དང་དེའི་ངེས་པའི་ཚིག་གིས་དེ་རྣམས་ལ་དམ་པའི་ཆོས་སྟོན་པས་ན་སྨྲ་མཁས་པའོ། །བུད་མེད་དང་སྐྱེས་པ་དང་མ་ནིང་ལ་སོགས་པའི་དབྱེ་བས་ཆོས་རྣམས་རབ་ཏུ་སྟོན་པས་ན་ཚིག་ལ་དབང་བའོ། །མི་རྩུབ་པ་དང་། ཅལ་ ཅོལ་མ་ཡིན་པ་དང་། སྙན་པ་དང་། རྣམ་པར་དག་པའི་ཚིག་གི་དབྱེ་བས་འདུལ་བའི་ཐབས་དཔག་ཏུ་མེད་པའི་གསུང་གང་ལ་ཡོད་པ་དེ་ནི་ཚིག་མཐའ་ཡས་པ་སྟེ། དེ་དག་གིས་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་བསྟན་པ་ཡིན་ནོ། །མི་སླུ་བའི་ཚིག་དང་ལྡན་པས་ན་ཚིག་བདེན་ནོ། ། བདེན་པ་ནི་དེ་བཞིན་ཉིད་ཀྱི་དབྱིངས་སོ། །བདེན་པར་སྨྲ་བའི་ངང་ཚུལ་མངའ་བས་ན་བདེན་པར་སྨྲ་བའོ། །བདེན་པ་ནི་བཞི་སྟེ། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་སྟེ། བདེན་པ་བཞི་པོ་དེ་དག་སྟོན་པས་ན་བདེན་པ་བཞི་ནི་སྟོན་པ་པོའོ། །ས་བརྒྱད་པ་ ལ་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པས་ཕྱིར་མི་ལྡོག་པའོ། །འཁོར་བར་མི་འོང་བས་ན་ཕྱིར་མི་འོང་བའོ། །རང་སངས་རྒྱས་ཀྱི་ལམ་གྱི་གཙོ་བོར་གྱུར་པས་ན་འདྲེན་པ་རང་རྒྱལ་བསེ་རུའི་ཚུལ་ལོ། །འདིས་སེམས་ཅན་རྣམས་ངེས་པར་འབྱུང་བས་ན་ངེས་པར་འབྱུང་བ་སྟེ་ལམ་མོ། ། དེས་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་དང་འབྲས་བུའི་ཚུལ་གྱིས་དེར་བདག་ཉིད་ལམ་དང་འབྲས་བུའི་ཚུལ་གྱིས་གཟུགས་སུ་རབ་ཏུ་སྟོན་པས་ན་ངེས་འབྱུང་སྣ་ཚོགས་ལས་བྱུང་བའོ། །འབྱུང་བ་ཆེན་པོ་ནི་རྫུ་འཕྲུལ་ཅན་ནོ། །དེ་སངས་རྒྱས་ཉིད་ཐོབ་པའི་རྒྱུ་གཅིག་པུ་ནི་བཅོམ་ལྡན་ འདས་ཉིད་ཡིན་པས་ན་འབྱུང་བ་ཆེན་པོ་རྒྱུ་གཅིག་པུའོ། །ཉོན་མོངས་པ་དང་བྲལ་བས་ན་དགེ་སློང་ངོ་། །ཉོན་མོངས་པའི་དགྲ་བཅོམ་པས་ན་དགྲ་བཅོམ་མོ། །ནང་གི་ཉོན་མོངས་པའི་གང་ཟག་པ་ཟད་པ་གང་ཡིན་པ་དེ་ནི་ཟག་པ་ཟད་པའོ། །འདོད་པའི་འདོད་ཆགས་དང་། 63-1-11b གཟུགས་ཀྱི་འདོད་ཆགས་དང་། གཟུགས་མེད་པའི་འདོད་ཆགས་གང་གིས་སྤངས་ཤིང་བོར་བ་དེ་ནི་འདོད་ཆགས་དང་བྲལ་བའོ། །དབང་པོ་ཐུལ་བས་ཡུལ་ལ་འཇུག་པ་ལས་ཟློག་པ་གང་ཡིན་པ་དེ་དབང་པོ་ཐུལ་བའོ། །ཉེ་བར་དམིགས་པའི་ཉེ་བར་ལེན་པའི་ཉོན་མོངས་པའི་གནས་ ངན་ལེན་ཐམས་ཅད་དང་བྲལ་བས་ན་བདེ་བ་རྙེད་པའོ། །ཆོས་ཐམས་ཅད་མཉམ་པ་ཉིད་ཐོབ་པས་ན་འཇིགས་མེད་ཐོབ་པའོ། །སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་གདུང་བ་སེལ་བས་ན་བསིལ་བར་གྱུར་པའོ། །རྙོག་པ་ནི་དྲི་མ་དང་བཅས་པའོ། །དྲི་མ་མེད་པས་ན་རྙོག་པ་མེད་དེ་ཉོན་ མོངས་པ་དང་བྲལ་བའོ། །དེས་ན་གང་གི་ཕྱིར་རྙོག་པ་ཐམས་ཅད་དང་བྲལ་བ་དེའི་ཕྱིར་རྙོག་པ་མེད་པའོ། །མི་སློབ་པའི་རིག་པ་གསུམ་དང་། མི་སློབ་པའི་ལུས་དང་ངག་སྡོམ་པའི་འཚོ་བ་ལ་སོགས་པའི་རྐང་པ་དང་ལྡན་པས་ན་རིག་པ་དང་ནི་རྐང་པར་ལྡན་ནོ། །ཕྱིར་མི་ལྡོག་པར་གཤེགས་ པས་ན་བདེ་བར་གཤེགས་པ་སྟེ། རིམས་ནད་ལས་ལེགས་པར་བྱང་བ་བཞིན་ནོ། །འགྲོ་བ་དང་། སྐྱེ་གནས་དང་། རིགས་ཀྱི་དབྱེ་བས་ཕྱེ་བའི་སེམས་ཅན་གྱི་འཇིག་རྟེན་ཇི་ལྟ་བ་བཞིན་མཁྱེན་པས་ན་འཇིག་རྟེན་རིག་པའོ། །ཐམས་ཅད་ཀྱི་དམ་པར་གྱུར་པས་ན་མཆོག་གོ། །འདི་ནི་བདག་ གིའོ་ཞེས་བདག་གི་བ་མེད་པས་ན་བདག་གིར་མི་འཛིན་པའོ། །བདག་ཏུ་འཛིན་པའི་རྐྱེན་གྱི་བདག་གི་ངོ་བོ་མེད་པས་ན་ངར་མི་འཛིན་པའོ། །ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་པོ་དེ་ཉིད་ཚུལ་ཏེ་གཞུང་ལུགས་སོ། །དེར་གནས་པར་མཛད་པས་ན་བདེན་པ་གཉིས་ཀྱི་ཚུལ་ལ་ གནས་པའོ། །འཁོར་བ་ནི་དམྱལ་བ་དང་། ཡི་དགས་དང་། དུད་འགྲོ་དང་། མི་དང་། ལྷའི་སྲིད་པར་ཡང་དང་ཡང་དུ་འཁོར་བས་འཁོར་བའོ། །དེའི་ཕ་རོལ་ཏུ་སོན་པས་ན་འཁོར་བའི་ཕ་རོལ་ཏུ་སོན་པའོ། །དེའི་མཐའ་ནི་མཐར་ཐུག་པ་སྟེ། དེར་གནས་པས་ན་འཁོར་བའི་ཕ་རོལ་མཐར་ སོན་པའོ། །འདི་སྐད་སྟོན་པར་འགྱུར་ཏེ། འཁོར་བའི་ངོ་བོ་ཉིད་ཡོངས་སུ་སྐྱེ་བ་མེད་པར་མཁྱེན་ལ་དེ་མེད་ན་མྱ་ངན་ལས་འདས་པ་ཡང་མེད་པས་མི་གནས་པ་ལ་བཞུགས་ཞེས་བྱ་བའི་དོན་ཏོ། །སེམས་ཅན་མ་ལུས་པའི་དོན་མཛད་པས་ན་བྱ་བ་བྱས་པའོ། །བསོད་ནམས་དང་ཡེ་ཤེས་ 63-1-12a ཀྱི་ཚོགས་དང་ཕ་རོལ་ཏུ་ཕྱིན་པའི་ཐབས་ཐམས་ཅད་ལས་མཐོང་བའི་གནས་སུ་བཞུགས་པས་ན་སྐམ་སར་གནས་པའོ། །གྲངས་ཅན་ལ་སོགས་པས་ཡོངས་སུ་བརྟགས་པའི་འབའ་ཞིག་པའི་རྒྱུ་བདག་ལ་སོགས་པ་ལས་བྱུང་བ་དགག་པའི་ཕྱིར་ཤེས་པ་འབའ་ཞིག་ ངེས་གསལ་བའོ། །ཤེས་རབ་ཉིད་མཚོན་ཆ་སྟེ་ཤེས་རབ་མཚོན་ཆ་གང་ཡིན་པ་དེ་ནི་ཤེས་རབ་མཚོན་ཆའོ། །དེས་སེམས་ཅན་རྣམས་ཀྱི་ལོག་པའི་བློ་གྲོས་འཇིག་པས་ན་རྣམ་པར་འཇོམས་པའོ། །དམ་པའི་ཆོས་སྟོན་པས་ན་དམ་ཆོས་སོ། །ཆོས་ཀྱི་རྒྱལ་པོར་དབང་བསྐུར་བས་དབང་བསྐུར་ བའི་ཕྱིར་ཆོས་རྒྱལ་ལོ། །སེམས་ཅན་རྣམས་ཀྱི་རྒྱུ་ལ་གནས་པའི་མ་རིག་པའི་མུན་པ་རྣམ་པར་སེལ་བས་ན་གསལ་བར་ལྡན་ནོ། །ཡེ་ཤེས་ཀྱི་འོད་ཟེར་རྣམ་པར་འཕྲོ་བ་ཤིན་ཏུ་རྒྱས་པས་སེམས་ཅན་རྣམས་ཀྱི་སྣང་བ་མཛད་པས་ན་འཇིག་རྟེན་སྣང་བར་བྱེད་པའོ། །དམ་པ་ཡིན་པས་ན་མཆོག་ གོ། །ཆོས་ཐམས་ཅད་ལ་དབང་བསྒྱུར་ཞིང་ཆོས་ཐམས་ཅད་ལ་རབ་ཏུ་འཇུག་པ་དེ་ལ་རག་ལས་པས་ན་ཆོས་ཀྱི་དབང་ཕྱུག་གོ། །འཁོར་གྱི་དབུས་ན་ཆོས་ཀྱིས་མཛེས་པས་ན་ཆོས་ཀྱི་རྒྱལ་པོའོ། །མྱ་ངན་ལས་འདས་པ་དང་རྗེས་སུ་མཐུན་པའི་འཕགས་པའི་ལམ་ཉེ་བར་སྟོན་པས་ན་ལེགས་པའི་ ལམ་ནི་སྟོན་པ་པོའོ། །དོན་ནི་ས་དང་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཅན་གྱི་དགོས་པའོ། །གྲུབ་པ་ནི་ཡོངས་སུ་རྫོགས་པ་གང་ཡིན་པ་དེ་ནི་དོན་གྲུབ་བོ། །སྔོན་བྱང་ཆུབ་སེམས་དཔའི་གནས་སྐབས་ན་སངས་རྒྱས་ཉིད་འཐོབ་པར་བྱའོ་ཞེས་ཡང་དག་པར་རྟོགས་པའི་བསམ་པ་གྲུབ་པས་ན་བསམ་ པ་གྲུབ་པའོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པའི་གནས་སྐབས་ན་མ་རིག་པ་ལས་བྱུང་བའི་རྟོག་པ་སྤངས་པས་ཀུན་དུ་རྟོག་པ་ཐམས་ཅད་སྤངས་པའོ། །གང་གི་ཕྱིར་ཀུན་དུ་རྟོག་པ་ཐམས་ཅད་སྤངས་པ་དེ་ཉིད་ཀྱིས་ན་རྣམ་པར་མི་རྟོག་དབྱིངས་མི་ཟད་དེ་ཆོས་ཀྱི་དབྱིངས་སོ། །མཆོག་ཏུ་ཕུལ་ དུ་བྱུང་བས་དམ་པའོ། །ནམ་ཡང་དངོས་གཞན་དུ་མི་འགྱུར་བས་ན་ཟད་མི་ཤེས་པའོ། །གང་ལ་བསོད་ནམས་ཡོད་པ་དེ་ནི་བསོད་ནམས་དང་ལྡན་པའོ། །དེ་ལ་མཆོད་པ་བྱེད་པའི་སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་བསྐྱེད་པས་ན་བསོད་ནམས་ཚོགས་སོ། །རྟག་ཏུ་གཉིས་སུ་ 63-1-12b མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པས་ན་ཡེ་ཤེས་སོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གནས་སུ་གྱུར་པས་ན་ཡེ་ཤེས་ཀྱི་འབྱུང་གནས་སོ། །ཐམས་ཅད་དུ་མཆོད་པ་ཡིན་པས་ཆེ་བའོ། །ཐམས་ཅད་མཁྱེན་པའི་ཡོངས་སུ་མཁྱེན་པ་མངའ་བས་ན་ཡེ་ཤེས་ལྡན་པའོ། །དངོས་པོ་ རྣམས་ཀྱི་ཡོད་པ་དང་མེད་པ་ཉིད་ཀྱིས་འབྱུང་བ་དང་འཇིག་པ་སྟོན་པའི་ཡེ་ཤེས་མངའ་བས་ན་ཡོད་མེད་ཤེས་སོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་རྫོགས་པས་ན་ཚོགས་གཉིས་ཚོགས་ནི་བསགས་པ་པོའོ། །ཐམས་ཅད་དུ་རབ་ཏུ་འབྲེལ་པའི་གཟུགས་ཀྱིས་ གནས་པས་ན་རྟག་པའོ། །རྣམ་པ་སྣ་ཚོགས་པའི་འགྲོ་བ་ཀུན་དུ་མཛེས་པས་ན་ཀུན་རྒྱལ་ལོ། །བླ་ན་མེད་པའི་ཤེས་རབ་དང་། ཐབས་དང་། ཡེ་ཤེས་དང་ལྡན་པས་ན་རྣལ་འབྱོར་ཅན་ནོ། །བསམ་གཏན་དང་བསམ་པར་བྱ་བ་དང་བྲལ་བས་རྣམ་པར་མི་རྟོག་པའི་བསམ་གཏན་ དང་ལྡན་པས་ན་བསམ་གཏན་ནོ། །འཚང་རྒྱ་བ་ཉིད་དོན་དུ་གཉེར་བས་རྟག་ཏུ་བསམ་པར་བྱ་བ་ཡིན་པས་ན་བསམ་བྱའོ། །སེམས་ཅན་ཐམས་ཅད་ཀྱི་ཤེས་རབ་ཀྱི་གཙོ་བོར་གྱུར་པས་ན་བློ་ལྡན་མཆོག་གོ། །སོ་སོ་རང་རིག་པའི་བདག་ཉིད་ཡིན་པས་ན་སོ་སོ་རང་རིག་གོ། །ཚུལ་འདི་ཉིད་ ཀྱིས་དུས་ཐམས་ཅད་དུ་མི་འགྱུར་བས་ན་མི་གཡོ་བའོ། །མཆོག་ཀྱང་ཡིན་ལ་དང་པོ་ཡང་ཡིན་པས་ན་མཆོག་གི་དང་པོ་སྟེ་ཡི་གེ་ཨའོ། །དེའི་ངོ་བོ་ཉིད་ཡིན་པས་ན་མཆོག་གི་དང་པོའོ། །ཆོས་དང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་མངའ་བས་སྐུ་གསུམ་འཆང་བའོ། །ཆོས་རྣམས་ ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པས་ན་སངས་རྒྱས་སོ། །ངོ་བོ་ཉིད་དང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ་དང་། ཆོས་དང་། ཡེ་ཤེས་ཏེ། སྐུ་ལྔ་པོ་དེ་རྣམས་ཀྱི་བདག་ཉིད་དུ་གྱུར་པས་ན་སྐུ་ལྔའི་བདག་ཉིད་ཅན་ནོ། །ཆོས་ཀྱི་དབྱིངས་ཀྱི་ཚུལ་གྱིས་ཀུན་དུ་ཁྱབ་པས་ན་ཁྱབ་ བདག་གོ། །མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་གྲུབ་པ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པ་སྟེ། ཡེ་ཤེས་ལྔའི་བདག་ཉིད་ཅན་ཡིན་པས་ན་ཡེ་ཤེས་ལྔའི་བདག་ཉིད་ཅན་ནོ། །སངས་རྒྱས་ལྔའི་བདག་ཉིད་ཅན་གྱི་དེ་བཞིན་གཤེགས་པའི་ཅོད་པན་དང་ལྡན་ 63-1-13a པས་ན་སངས་རྒྱས་ལྔ་བདག་ཅོད་པན་ཅན་ནོ། །ཤ་དང་། ལྷ་དང་། ཆོས་དང་། ཤེས་རབ་དང་། སངས་རྒྱས་ཀྱི་སྤྱན་ཏེ་ལྔ་པོ་གང་ལ་ཡོད་པ་དེ་ནི་སྤྱན་ལྔའོ། །ཆགས་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མངོན་པར་ཞེན་པའོ། །དེ་མི་མངའ་བས་ ན་ཆགས་པ་མེད་པ་འཆང་སྟེ། འཆང་བ་ནི་གཉིས་སུ་མེད་པར་འཛིན་པའོ། །དཀྱིལ་འཁོར་གྱི་དབུས་སུ་ཤེས་རབ་དང་ཐབས་ཀྱི་ཚུལ་གྱིས་སངས་རྒྱས་ཐམས་ཅད་ཀྱི་ཡུམ་དུ་གྱུར་པས་ན་སངས་རྒྱས་ཐམས་ཅད་བསྐྱེད་པ་པོའོ། །བྱང་ཆུབ་སེམས་དཔའི་ཚུལ་གྱིས་བཞུགས་པས་ན་སངས་ རྒྱས་སྲས་པོའོ། །ཕུལ་དུ་བྱུང་བས་ན་དམ་པའོ། །རབ་ཏུ་བྱུང་བས་ན་མཆོག་གོ། །ཤེས་རབ་ཉིད་ཀྱི་སྲིད་པ་ཡིན་པས་ན་ཤེས་རབ་སྲིད་པའོ། །དེ་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་ཡིན་པས་ན་ཤེས་རབ་སྲིད་འབྱུང་ངོ་། །སྐྱེ་གནས་ནི་རྒྱུ་སྟེ། འཁོར་བར་སྐྱེ་བའི་རྒྱུ་མི་མངའ་བས་ན་སྐྱེ་གནས་ མེད་པའོ། །གལ་ཏེ་སྐྱེ་བའི་རྒྱུ་དང་བྲལ་ན་བྱང་ཆུབ་སེམས་དཔར་ཇི་ལྟར་འགྱུར་ཞེ་ན། ཆོས་ལས་འབྱུང་བ་ཞེས་བྱ་བ་གསུངས་ཏེ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཆོས་ཀྱི་སྐྱེ་གནས་ལས་འབྱུང་བས་ན་ཆོས་ལས་འབྱུང་བའོ། །གང་གི་ཕྱིར་ཆོས་ཀྱི་སྐྱེ་གནས་ལས་བྱུང་བས་ན་ སྲིད་པ་སེལ་བ་སྟེ། འཁོར་བར་སྐྱེ་བའི་རྒྱུ་མེད་པའོ། །སྲིད་པ་ཉིད་ཀྱི་གཉིས་སུ་མེད་པའི་མཁྲེགས་པ་གང་ཡིན་པ་དེ་ནི་གཅིག་པུ་སྲ་མཁྲེགས་ཏེ། ཁོང་སྟོང་གི་རྣམ་པའི་གཉིས་མེད་པའོ། །དེ་ཉིད་ཀྱིས་ན་བཅོམ་ལྡན་འདས་མི་ཕྱེད་པའི་བདག་ཉིད་ཅན་ཡིན་པས་ན་རྡོ་རྗེའི་བདག་ཉིད་དོ། །སྐྱེས་ མ་ཐག་པ་ནི་ཡི་གེ་ཧཱུྃ་སྟེ་དེ་ལས་བྱུང་ཞིང་འགྲོ་བས་ན་སྐྱེས་མ་ཐག་པའོ། །འགྲོ་བ་རྣམས་བཀའ་བཞིན་བྱེད་པའི་བདག་པོ་ཡིན་པས་ན་འགྲོ་བའི་བདག་གོ། །ཆོས་རྣམས་ནམ་མཁའ་དང་འདྲ་བར་བསྟན་པ་ལས་བྱུང་བ་གང་ཡིན་པ་དེ་ནི་ནམ་མཁའ་ལས་བྱུང་བའོ། །གདུལ་བྱའི་དབང་དུ་དེ་དང དེའི་གཟུགས་སུ་བདག་ཉིད་གྱུར་པས་ན་རང་བྱུང་བའོ། །ཤེས་རབ་དང་ཡེ་ཤེས་ནི་ཆོས་ཐམས་ཅད་དངོས་པོ་མེད་པར་ཐུགས་སུ་ཆུད་པའོ། །དེ་ཉིད་ཉེ་བར་དམིགས་པའི་ཉོན་མོངས་པའི་བུད་ཤིང་ཐལ་བར་བྱེད་པས་ན་ཤེས་རབ་ཡེ་ཤེས་མེ་བོ་ཆེའོ། །ཐམས་ཅད་དུ་ཆོས་ཉིད་ཀྱིས་སྣང་བར་བྱེད་པས་ 63-1-13b ན་འོད་ཆེན་ནོ། །ཁྱད་པར་དུ་སྣང་ཞིང་གསལ་བར་མཛད་པས་ན་རྣམ་པར་སྣང་བྱེད་དོ། །ཡེ་ཤེས་ཀྱི་སྣང་བས་སེམས་ཅན་རྣམས་ཀྱི་མ་རིག་པའི་མུན་པ་རྣམ་པར་སེལ་བས་ཡེ་ཤེས་སྣང་བའོ། །ཡེ་ཤེས་ཀྱི་སྣང་བ་དེ་སྣ་ཚོགས་སྣང་བས་ན་ལམ་མེའོ། །དམ་པའི་ཆོས་ཀྱི་འོད་ཟེར་གྱིས་ འགྲོ་བ་ལ་སྣང་བར་མཛད་པས་ན་འགྲོ་བའི་མར་མེའོ། །ཡེ་ཤེས་ཀྱི་སྒྲོན་མས་མ་རིག་པའི་རབ་རིབ་ཀྱིས་ཁེབས་པའི་སེམས་ཅན་རབ་ཏུ་གསལ་བར་མཛད་པས་ན་ཡེ་ཤེས་སྒྲོན་མའོ། །གཟི་བརྗིད་ཆེན་པོ་དང་ལྡན་པས་ན་གཟི་བརྗིད་ཆེན་པོའོ། །རབ་ཏུ་སྣང་བའི་ངང་ཚུལ་ཅན་ཡིན་པས་ན་འོད་ གསལ་བའོ། །གསང་སྔགས་ཀྱི་གཙོར་བོར་གྱུར་པས་ན་སྔགས་མཆོག་མངའ་བདག་གོ། །གནོད་མཛེས་རྒྱལ་པོའི་ངོ་བོ་ཉིད་དུ་གྱུར་པས་ན་རིག་སྔགས་རྒྱལ་པོའོ། །ཡི་གེ་བྷྲཱུཾ་གྱི་བདག་ཉིད་ཅན་ཡིན་པས་ན་གསང་སྔགས་རྒྱལ་པོའོ། །སེམས་ཅན་རྣམས་ཀྱི་དོན་མཛད་པས་ན་དོན་ ཆེན་བྱེད་པའོ། །འཁོར་ལོས་སྒྱུར་བའི་ཡི་གེ་གཅིག་པའི་ངོ་བོ་ཉིད་ཡིན་པས་ན་གཙུག་ཏོར་ཆེན་པོའོ། །འཁོར་ལོས་སྒྱུར་བ་ཉོན་མོངས་པ་གདུལ་བའི་ངོ་བོ་ཉིད་དུ་གྱུར་པས་ན་རྨད་བྱུང་གཙུག་ཏོར་རོ། །ནམ་མཁའ་ན་གནས་པའི་ཟླ་བ་ལ་སོགས་པའི་བདག་པོར་གྱུར་པས་ན་ནམ་མཁའི་ བདག་པོའོ། །གཟི་བརྗིད་ཕུང་པོའི་ངོ་བོ་ཉིད་དུ་གྱུར་པས་ན་སྣ་ཚོགས་སྟོན་པའོ། །ཡང་ན་སྣ་ཚོགས་པ་ལ་མཉམ་པར་ལྟ་བས་ན་མཐོང་བའི་ངང་ཚུལ་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །སངས་རྒྱས་ཐམས་ཅད་ཀྱི་སྐུའི་བདག་ཉིད་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་རྣམས་ ཀྱི་མཆོག་ནི་གཙོ་བོ་སྟེ། རྣམ་པར་སྣང་མཛད་ཆེན་པོའི་ངོ་བོ་ཉིད་ཡིན་པས་ན་སངས་རྒྱས་ཀུན་བདག་དངོས་པོའི་མཆོག་གོ། །མཉམ་པར་བལྟ་བས་འགྲོ་བ་ཀུན་ལ་གཟིགས་པས་དགའ་བར་བྱེད་པའི་སྤྱན་གང་ལ་ཡོད་པ་དེ་ནི་འགྲོ་ཀུན་དགའ་བའི་མིག་དང་ལྡན་ནོ། །སྣ་ཚོགས་པའི་སྐུས་ སེམས་ཅན་རྣམས་འདུལ་བར་མཛད་པས་ན་སྣ་ཚོགས་གཟུགས་ཅན་ནོ། །དགེ་བ་དང་མི་དགེ་བའི་ལས་ཡོངས་སུ་མཁྱེན་པས་ན་སྐྱེད་པ་པོའོ། །ཚངས་པ་ལ་སོགས་པས་མཆོད་པས་ན་མཆོད་པའོ། །མཆོད་ཡོན་དང་ཞལ་ཟས་ལ་སོགས་པས་རྗེད་པར་འོས་པ་ཡིན་པས་ན་རྗེད་པའོ། ། 63-1-14a འཇིག་རྟེན་པའི་དྲང་སྲོང་དང་ཉན་ཐོས་ཀྱི་དྲང་སྲོང་རྣམས་ཀྱི་མཆོག་ཏུ་གྱུར་པས་ན་དྲང་སྲོང་ཆེན་པོའོ། །དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། པདྨའི་རིགས་གསུམ་གྱི་ངོ་བོ་ཉིད་ཀྱི་བདག་ཉིད་འཛིན་པས་ན་རིགས་གསུམ་འཆང་བའོ། །རིགས་གསུམ་གྱི་ནང་དུ་ གཏོགས་པའི་རིགས་དང་གསང་སྔགས་ཐམས་ཅད་འཛིན་པས་ན་གསང་སྔགས་འཆང་ངོ་། །དམ་ཚིག་ཆེན་པོའི་སྒྲས་ནི་སྤྱན་ལ་སོགས་པ་སྟོན་ལ། དེ་རྣམས་ཀྱི་གསང་སྔགས་འཆང་བས་ན་དམ་ཚིག་ཆེན་པོ་གསང་སྔགས་འཛིན་ནོ། །མཆོག་ཏུ་གྱུར་པས་ན་གཙོ་བོའོ། །བསྟན་པ་ འཇིག་པ་བསྲུང་བའི་ཕྱིར་དཀོན་མཆོག་གསུམ་གྱི་ཡོན་ཏན་སྟོན་པ་སྔོན་དུ་འགྲོ་བ་སྟོན་པས་སངས་རྒྱས་དང་ཆོས་དང་དགེ་འདུན་རྣམས་འགྲོ་བ་འཛིན་དུ་འཇུག་པས་ན་དཀོན་མཆོག་གསུམ་འཛིན་པའོ། །ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་ནི་ཐེག་པ་ གསུམ་མོ། །དེ་རྣམས་ནི་ཕྱི་རོལ་གྱི་ཚུལ་ལས་དམ་པ་ཡིན་པས་ན་མཆོག་སྟེ། དེ་རྣམས་བསམ་པ་རབ་དང་འབྲིང་དང་ཐ་མའི་སེམས་ཅན་རྣམས་ལ་སྟོན་པར་མཛད་པས་ན་ཐེག་པ་མཆོག་གསུམ་སྟོན་པ་པོའོ། །དོན་ཡོད་ཅིང་འབྲས་བུ་དང་བཅས་པའི་ཐུགས་རྗེ་ཆེན་པོའི་ཞགས་པས་སེམས་ཅན་ རྣམས་བཅིངས་ནས་ལམ་བཟང་པོ་ལ་བཀོད་པས་ན་དོན་ཡོད་ཞགས་པའོ། །བདུད་དང་མུ་སྟེགས་རྣམས་ལས་རྣམ་པར་རྒྱལ་བ་མངའ་བས་ན་རྣམ་པར་རྒྱལ་བའོ། །ཕྱི་རོལ་གྱི་དོན་ལ་མངོན་པར་ཞེན་པའི་འཛིན་པ་ཆེན་པོ་ངེས་པར་བཟློག་པས་ན་འཛིན་པ་ཆེན་པོའོ། །རྡོ་རྗེས་མཚན་པའི་ ཞགས་པ་བསྣམས་པས་ན་རྡོ་རྗེ་ཞགས་པའོ། །རྡོ་རྗེས་མཚན་པའི་ལྕགས་ཀྱུ་བསྣམས་པས་ན་རྡོ་རྗེ་ལྕགས་ཀྱུའོ། །ཞགས་པ་ཆེན་པོས་སེམས་ཅན་གདུག་པ་ཅན་རྣམས་བཅིངས་ནས་ཡང་དག་པའི་ལམ་ལ་འགོད་པས་ན་ཞགས་པ་ཆེན་པོའོ། །རྡོ་རྗེ་འཇིགས་བྱེད་ནི་གཤིན་རྗེ་གཤེད་དོ། ། དེའི་གཟུགས་ལ་གནས་ནས་སེམས་ཅན་མ་རུངས་པ་རྣམས་ལ་འཇིགས་པ་བསྐྱེད་པར་མཛད་བས་ན་རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད་དོ། །ཁྲོ་བོའི་གཙོ་བོར་གྱུར་བས་ན་ཁྲོ་བོའི་རྒྱལ་པོའོ། །གདོང་དྲུག་གང་ལ་ཡོད་པ་དེར་ནི་གདོང་དྲུག་གོ། །སྐྲག་པར་བྱེད་པས་ན་འཇིགས་པའོ། །མིག་ 63-1-14b དྲུག་གང་ལ་ཡོད་པ་དེ་ནི་མིག་དྲུག་གོ། །རྗེས་སུ་དྲན་པ་དྲུག་གི་ངོ་བོ་ཉིད་ཀྱི་ཕྱག་དྲུག་གང་ཡིན་པ་དེ་ནི་ལག་དྲུག་ཅེས་བྱའོ། །སྲེད་མེད་ཀྱི་བུའི་སྟོབས་དང་ལྡན་པས་ན་སྟོབས་དང་ལྡན་ནོ། །ཀེང་རུས་རྣམས་ཀྱིས་བརྒྱན་པས་ཀེང་རུས་སོ། །རྣོ་ཞིང་འཇིགས་པའི་མཆེ་བ་གཙིགས་པས་ན་ མཆེ་བ་གཙིགས་པའོ། །ཧ་ལ་ཧ་ལའི་དུག་དང་ལྡན་པའི་སྦྲུལ་བརྒྱ་སྙེད་ཀྱིས་ཡན་ལག་ཐམས་ཅད་བརྒྱན་པས་ན་ཧ་ལ་ཧ་ལ་གདོང་བརྒྱ་པའོ། །གཤིན་རྗེ་མཐར་བྱས་ནས་ལམ་བཟང་པོ་ལ་འཇོག་པས་གཤིན་རྗེ་གཤེད་དོ། །བགེགས་ཐམས་ཅད་ཀྱི་མངའ་བདག་ཡིན་པས་ན་བགེགས་ ཀྱི་རྒྱལ་ལོ། །ཐོགས་པ་མེད་པར་འགྲོ་བ་དང་ལྡན་པས་ན་རྡོ་རྗེ་ཤུགས་ཅན་ནོ། །གདུག་པ་ཅན་རྣམས་སྐྲག་པར་མཛད་པས་ན་འཇིགས་པར་མཛད་པའོ། །མི་ཕྱེད་པས་ན་རྡོ་རྗེའོ། །ཤིན་ཏུ་འཇིགས་པའི་ངོ་བོར་འཇིག་རྟེན་གསུམ་དུ་གྲགས་པས་ན་གྲགས་པའོ། །སྙིང་གའི་ཕྱོགས་སུ་རྡོ་རྗེ་འཛིན་ པས་ན་རྡོ་རྗེ་སྙིང་ངོ་། །སྒྱུ་འཕྲུལ་སྣ་ཚོགས་སྟོན་པས་ན་སྒྱུ་འཕྲུལ་རྡོ་རྗེའོ། །གསུས་པ་ཆེན་པོ་མངའ་བས་ན་གསུས་པོ་ཆེའོ། །མི་ཕྱེད་པའི་ཆོས་ཀྱི་སྐྱེ་གནས་ལས་བྱུང་བས་ན་རྡོ་རྗེ་ལས་སྐྱེས་པའོ། །རྡོ་རྗེ་རིགས་ཀྱི་བདག་པོར་གྱུར་པས་ན་རྡོ་རྗེའི་བདག་གོ། །རྡོ་རྗེ་སྙིང་པོའི་སྐུ་མངའ་བས་ ན་རྡོ་རྗེ་སྙིང་པོའོ། །སེམས་ཅན་ཐམས་ཅད་ལ་གོ་སྐབས་འབྱེད་པས་ན་ནམ་མཁའ་འདྲའོ། །རང་གི་ཤེས་རབ་ལས་མི་བསྐྱོད་པས་ན་མི་གཡོ་བའོ། །རྒྱ་ཆེ་བའི་རལ་བའི་ཚོགས་མངའ་བས་ན་རལ་པ་གཅིག་གིས་བསྒྱིངས་པའོ། །གླང་པོ་ཆེའི་པགས་པས་གོས་སུ་མཛད་པས་ན་གླང་ ཆེན་ཀོ་རློན་གོས་སུ་གྱོན་ནོ། །འཇིགས་པའི་གཟུགས་སྟོན་པས་ན་དྲག་ཆེན་ནོ། །ཧཱ་ཧཱ་ཞེས་བྱ་བའི་སྔགས་འདོན་པས་ན་ཧཱ་ཧཱ་ཞེས་སྒྲོགས་པའོ། །ཧི་ཧི་ཞེས་པས་འཇིགས་པ་བསྐྱེད་པས་ན་ཧི་ཧི་ཞེས་སྒྲོགས་འཇིགས་པར་བྱེད་པའོ། །འཇིག་རྟེན་གྱི་ཁམས་མ་ལུས་པ་ཁྱབ་པས་ ན་གད་མོ་ཆེན་པོའོ། །རྡོ་རྗེ་ཧཱ་ཧཱ་ཞེས་བཞད་བསྒྲོགས་པས་ན་གད་རྒྱངས་ཅན་ནོ། །གཞན་རྣམས་ཀྱིས་མི་ཕྱེད་པས་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་སྒྲ་ཆེན་པོ་མངའ་བས་ན་ཆེར་སྒྲོགས་པའོ། །རྡོ་རྗེ་དང་འདྲ་བ་མི་ཕྱེད་པའི་ཐུགས་མངའ་བས་ན་རྡོ་རྗེ་སེམས་དཔའོ། །སེམས་ཅན་རྣམས་ཀྱི་ 63-1-15a དོན་མཛད་པས་ན་སེམས་དཔའ་ཆེན་པོའོ། །རྡོ་རྗེའི་རིགས་ཀྱི་གཙོ་བོར་གྱུར་བས་ན་རྡོ་རྗེ་རྒྱལ་པོའོ། །ཤིན་ཏུ་ཕུལ་དུ་བྱུང་ཞིང་ལྷུན་གྱིས་གྲུབ་པའི་བདེ་བ་ལ་འབབ་པའི་ངོ་བོ་ཡིན་པས་ན་ཆེན་པོའོ། །ཤིན་ཏུ་དྲག་པས་སེམས་ཅན་རྣམས་འདུལ་བས་ན་རྡོ་རྗེ་དྲག་ པོའོ། །རབ་ཏུ་དགའ་བའི་བདག་ཉིད་ཅན་ཡིན་པས་ན་དགའ་བ་ཆེན་པོའོ། །རྡོ་རྗེ་ཧཱུྃ་མཛད་ནི་ཁམས་གསུམ་རྣམ་པར་རྒྱལ་བའོ། །དེའི་གཟུགས་ཀྱིས་གནས་ནས་སེམས་ཅན་མ་རུངས་པ་རྣམས་སྐྲག་པར་བྱེད་པའི་ཕྱིར་ན་རྡོ་རྗེ་ཧཱུྃ་ཞེས་སྒྲོགས་པའོ། །རྡོ་རྗེས་མཚོན་པའི་མདའ་བསྣམས་པས་ ན་མཚོན་དུ་རྡོ་རྗེའི་མདའ་ཐོགས་པའོ། །ཉེ་བར་དམིགས་པའི་ཤེས་པ་མ་ལུས་པར་གཅོད་པས་ན་རྡོ་རྗེ་རལ་གྲིའོ། །ཤེས་རབ་འཆལ་པ་གཅོད་པས་ན་མ་ལུས་པར་གཅོད་པའོ། །སྣ་ཚོགས་རྡོ་རྗེ་བསྣམས་པས་ན་རྡོ་རྗེ་ཀུན་འཆང་ངོ་། །རྡོ་རྗེ་ཅན་ཞེས་བྱ་བ་ནི་མཚན་ནོ། །མི་ཕྱེད་ པའི་མཚན་ཉིད་ཅན་གྱི་རྡོ་རྗེ་གཅིག་པུ་ཉིད་གང་ལ་ཡོད་པ་དེ་ནི་རྡོ་རྗེ་གཅིག་པུའོ། །བདུད་ཀྱི་གཡུལ་ལས་རྒྱལ་བས་ན་གཡུལ་སེལ་བའོ། །རྡོ་རྗེ་འབར་བས་འཇོམས་ཤིང་དམར་སེར་ཅན་གྱི་མིག་ཤིན་ཏུ་མི་བཟད་པ་གང་ཡིན་པ་དེ་ནི། རྡོ་རྗེ་འབར་བ་མིག་མི་བཟད། །ཅེས་བྱའོ། །རྡོ་རྗེ་འབར་བ་རྣམས་ ཀྱིས་སྲེག་པར་བྱེད་པའི་ངོ་བོ་ཉིད་ཀྱི་སྒྲ་གང་ལ་ཡོད་པ་དེ་ནི་སྒྲ་ཡང་རྡོ་རྗེ་འབར་བ་སྟེའོ། །རྡོ་རྗེས་སེམས་ཅན་གདུག་པ་ཅན་རྣམས་འབེབས་པས་ན་རྡོ་རྗེ་འབེབས་པའོ། །དབང་ཕྱུག་ཆེན་པོ་ལ་སོགས་པ་འབེབས་པས་ན་འབེབས་པ་ཆེའོ། །དངོས་པོའི་ཆོས་ཇི་ལྟ་བ་བཞིན་གནས་པའི་དོན་གཟིགས་ པའི་སྤྱན་བརྒྱ་སྙེད་ཀྱིས་གནས་པ་གང་ཡིན་པ་དེ་ནི་མིག་བརྒྱ་པའོ། །དེ་རྣམས་ཀྱང་རྡོ་རྗེ་འབར་བ་དང་ལྡན་པས་ན་རྡོ་རྗེའི་མིག་གོ། །རྡོ་རྗེའི་གཟུགས་ཅན་གྱི་སྤུ་ནི་ཤིན་ཏུ་རྣོ་བ་མྱུ་གུ་ལྟ་བུ་གང་ལ་ཡོད་པ་སྟེ། དེས་ན་འདི་ནི་ལུས་རྡོ་རྗེའི་བ་སྤུ་ཅན་ནོ། །ཐ་མལ་པའི་བ་སྤུ་མི་མངའ་བས་ན་རྡོ་རྗེའི་སྤུ་ གཉིས་སུ་མེད་པའི་ལུས་གང་ཡིན་པ་དེ་ནི་རྡོ་རྗེའི་སྤུ་ནི་གཅིག་པུ་ལུས་སོ། །ཤིན་ཏུ་བརྟག་ཞིང་སྲ་བའི་ལུས་རྡོ་རྗེའི་རྩེ་མོ་རྣམས་ལས་བསྒྲུབས་ཤིང་སྐྱེས་པའི་སེན་མོ་གང་ལ་ཡོད་པ་དེ་ནི་སེན་མོ་སྐྱེས་པ་རྡོ་རྗེའི་རྩེའོ། །རྡོ་རྗེ་ལྟར་སྙིང་པོ་མཁྲེགས་ཤིང་སྲ་བའི་པགས་པ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་ 63-1-15b སྙིང་པོ་པགས་པ་མཁྲེགས་སོ། །རྡོ་རྗེའི་ཕྲེང་བ་བསྣམས་པས་རྡོ་རྗེ་ཕྲེང་ཐོགས་སོ། །ཡེ་ཤེས་ཀྱི་དབང་ཕྱུག་དང་ལྡན་པས་ན་དཔལ་ལྡན་ནོ། །རྡོ་རྗེས་མཚོན་པའི་རྒྱན་རྣམས་ཀྱིས་བརྒྱན་པ་ཡིན་པས་ན་རྡོ་རྗེ་རྒྱན་གྱིས་བརྒྱན་པའོ། །གད་རྒྱངས་ཞེས་པའི་བཞད་བསྒྲོགས་པར་མཛད་ པས་ན་གད་རྒྱངས་ཧཱ་ཧཱའོ། །ཆོས་ཉིད་ངེས་པར་སྒྲོགས་པས་ན་ངེས་པར་སྒྲོགས་སོ། །ཡི་གེ་དྲུག་པའི་གསང་སྔགས་ཀྱི་བདག་ཉིད་ཅན་ཡིན་པས་ཡི་གེ་དྲུག་པའོ། །རྡོ་རྗེ་ཐེག་པའི་སྒྲ་ཡིན་པས་ན་རྡོ་རྗེ་སྒྲའོ། །འཇམ་ཞིང་མཉེན་པའི་གསུང་གང་ལ་ཡོད་པ་དེ་ནི་འཇམ་དབྱངས་ སོ། །བདག་མེད་པའི་སྒྲ་སྒྲོགས་པས་ན་སྒྲ་ཆེ་བའོ། །འཇིག་རྟེན་གསུམ་ན་སྒྲ་གཅིག་གིས་གཉིས་སུ་མེད་པ་ཆེན་པོ་ཉིད་སྟོན་པའི་སྒྲ་སྒྲོགས་པས་འཇིག་རྟེན་གསུམ་ན་སྒྲ་གཅིག་པའོ། །ནམ་མཁའི་ཁམས་ཀྱི་མཐར་ཐུག་པར་སྒྲ་སྒྲོགས་པ་དང་ལྡན་པས་ན་ནམ་མཁའི་མཐའ་ ཀླས་སྒྲ་སྒྲོགས་པའོ། །སྒྲ་དང་ལྡན་པ་རྣམས་ཀྱི་ནང་ན་དམ་པ་ཡིན་པས་ན་སྒྲ་དང་ལྡན་པ་རྣམས་ཀྱི་མཆོག་སྟེ་དམ་པའོ། །ཡང་དག་པ་དང་། བདག་མེད་པ་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་ཞེས་བྱ་བའི་རྣམ་གྲངས་ཀྱིས་དེ་ཁོ་ན་ཉིད་སྟོན་པས་ན། ཡང་དག་བདག་ མེད་དེ་བཞིན་ཉིད། །ཡང་དག་མཐའ་སྟེ་ཞེས་བྱའོ། །ཡི་གེ་ཐམས་ཅད་ཀྱི་བརྗོད་དུ་མེད་པས་ན་ཡི་གེ་མེད་པའོ། །སྟོང་པ་ཉིད་གསུངས་པའི་ངང་ཚུལ་མངའ་བས་ན་སྟོང་ཉིད་སྨྲ་བའོ། །སྨྲ་བ་པོ་ཐམས་ཅད་ཀྱི་ནང་ན་གཙོ་བོར་གྱུར་པས་ན་སྨྲ་བའི་ཁྱུ་མཆོག་གོ། །སྟོང་པ་ཉིད་རབ་ཏུ་ སྟོན་པའི་ཟབ་ཅིང་རྒྱ་ཆེ་བསྒྲོགས་པ་གང་ཡིན་པ་དེ་ནི་ཟབ་ཅིང་རྒྱ་ཆེ་སྒྲ་སྒྲོགས་པའོ། །ཆོས་ཀྱི་དུང་འབུད་བས་ན་ཆོས་ཀྱི་དུང་ངོ་། །བསོད་ནམས་ཆེན་པོའི་སྒྲ་སྒྲོགས་པས་ན་སྒྲ་ཆེན་ནོ། །ཆོས་ཀྱི་གཎྜཱིས་བདུད་ཀྱི་ཡུལ་རྣམ་པར་སྐྲག་པར་མཛད་པས་ན་ཆོས་ཀྱི་གཎྜཱི་སྒྲ་བོ་ཆེའོ། །གནས་པ་ ནི་སྟོན་པ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པས་ན་མི་གནས་མྱ་ངན་འདས་པ་པོའོ། །ཕྱོགས་བཅུར་ཆོས་ཀྱི་རྔ་བོ་ཆེ་བརྡུང་བས་ན་ཆོས་ཀྱི་རྔ་བོ་ཆེའོ། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་པས་ན་གཟུགས་མེད་པའོ། །མཆན་ཐམས་ཅད་ཡང་དག་པར་རྫོགས་པའི་སྐུའི 63-1-16a བདག་ཉིད་ཅན་པས་ན་གཟུགས་བཟང་དམ་པ་སྟེའོ། །སྤྲུལ་པའི་སྐུས་གདུལ་བྱ་སྣ་ཚོགས་པ་དང་རྗེས་སུ་མཐུན་པས་ཡང་དག་པར་བསྟན་པས་ན་སྣ་ཚོགས་གཟུགས་ཅན་ནོ། །ཕྱི་རོལ་གྱི་དོན་གྱིས་སྟོང་ཞིང་ཡིད་ཙམ་པ་ཉིད་པས་ན་ཡིད་ལས་སྐྱེས་པའོ། ། གཟུགས་ཅན་ཐམས་ཅད་སྣང་བའི་དབང་ཕྱུག་དང་ལྡན་པས་ན་གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ་ལོ། །འཇིག་རྟེན་གྱི་ཁམས་མ་ལུས་པ་གདུལ་བར་བྱ་བའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་གཟུགས་སུ་གཅིག་པར་སྟོན་པའི་ གཟུགས་བརྙན་འཆང་བས་གཟུགས་བརྙན་མ་ལུས་འཆང་བ་པོའོ། །ཐམས་ཅད་དུ་ཐོགས་པ་མེད་པའི་ནུས་པས་མི་གཡོ་བ་དང་ལྡན་པས་ན་ཚུགས་པ་མེད་ཅིང་ངོ་། །ཁམས་གསུམ་ཐམས་ཅད་ཀྱི་བདག་པོར་གྱུར་པས་ན་ཆེར་གྲགས་པའོ། །ཁམས་གསུམ་དུ་ཡེ་ཤེས་ཀྱི་དབང་ཕྱུག་དང་ ལྡན་པས་ན་ཁམས་གསུམ་དབང་ཕྱུག་ཆེན་པོ་སྟེའོ། །འཕགས་པའི་ལམ་མཐོ་ཞིང་འཕགས་པ་ལ་ཞུགས་པས་ན་འཕགས་ལམ་ཤིན་ཏུ་མཐོ་ལ་གནས་པའོ། །གང་ཞེ་ན་དར་བ་ཆེན་པོ་ཆོས་ཀྱི་ཏོག་སྟེ། དར་བ་ཆེན་པོའི་རྒྱུར་གྱུར་པས་ན་དར་བ་ཆེན་པོའོ། །ཆོས་ཀྱི་ཏོག་ནི་ཆོས་ཀྱི་རྒྱལ་ མཚན་ནོ། །འཇིག་རྟེན་གསུམ་པོ་དག་ན་གཞོན་ནུའི་ལུས་ཀྱི་སྐུ་འཆང་བ་གཅིག་པུ་ཉིད་གང་ཡིན་པ་དེ་ནི་འཇིག་རྟེན་གསུམ་ན་གཞོན་ལུས་གཅིག་པའོ། །བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་གནས་བརྟན་དུ་གྱུར་པས་ན་ཐམས་ཅད་ཀྱིས་མཆོད་པར་འོས་པས་ན་གནས་བརྟན་ནོ། །ཐམས་ཅད་མཁྱེན་ པས་བགྲེས་པས་ན་རྒན་པོའོ། །སྐྱེ་དགུ་མ་ལུས་པ་སྐྱོང་བས་ན་སྐྱེ་དགུའི་བདག་པོའོ། །ཕྱག་དང་ཞབས་ཀྱི་མཐིལ་འཁོར་ལོས་མཚན་པ་ལ་སོགས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མངའ་བས་ན་སུམ་ཅུ་རྩ་གཉིས་མཚན་འཆང་བའོ། །འོད་དང་ལྡན་པས་ན་སྡུ་གུའོ། །ཡན་ལག་གི་ཆ་ཤས་ལེགས་ པར་རྫོགས་པས་ན་འཇིག་རྟེན་གསུམ་ན་མཛེས་པའོ། །འཇིག་རྟེན་པའི་ཤེས་པ་དང་། ཡོན་ཏན་གྱི་ཕ་རོལ་ཏུ་སོན་པས་ན་འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེའོ། །འཇིག་རྟེན་པའི་ཐ་སྙད་རྣམས་ལ་ཤིན་ཏུ་མཁས་པས་ན་འཇིག་རྟེན་སློབ་དཔོན་ནོ། །རྒོལ་བ་ཐམས་ཅད་ཟིལ་གྱིས་གནོན་པས་ན་ 63-1-16b འཇིགས་པ་མེད་པ་སྟེ་མཁས་པའོ། །འགྲོ་དང་ལྡོག་པ་ཐམས་ཅད་ཀྱི་མགོན་དུ་གྱུར་པས་ན་མགོན་པོའོ། །སེམས་ཅན་ངན་འགྲོའི་འཇིགས་པ་རྣམས་ལས་སྐྱོབ་པས་ན་སྐྱོབ་པའོ། །འཇིག་རྟེན་གསུམ་ལ་སླུ་བ་མེད་པས་ན་འཇིག་རྟེན་ཡིད་གཅུགས་པའོ། །ཉོན་མོངས་པའི་དགྲ་ ཐམས་ཅད་ཀྱི་འཇིགས་པས་སྐྲག་པ་རྣམས་ཀྱི་སྐྱབས་སུ་གྱུར་པས་ན་སྐྱབས་དང་ངོ་། །སེམས་ཅན་ཐམས་ཅད་ཀྱི་རྒྱུད་སྐྱོབ་པས་ན་སྐྱོབ་པའོ། །འདིའི་གོང་ན་མེད་པས་ན་བླ་ན་མེད་པའོ། །ནམ་མཁའ་དང་འདྲ་བར་ལོངས་སྤྱོད་ཀྱིས་ཁྱབ་པའི་ཆོས་དང་ཟང་ཟིང་དང་མི་འཇིགས་པའི་མཚན་ ཉིད་ཅན་གྱིས་ཡང་དག་པའི་ལོངས་སྤྱོད་ལ་སྤྱོད་པས་ན་ནམ་མཁའི་མཐའ་ལ་ལོངས་སྤྱོད་པའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རིན་པོ་ཆེ་དང་འདྲ་བས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོའོ། །མ་རིག་པའི་སྒོ་ང་ཉིད་ནི་དེ་ཁོ་ན་ཉིད་རབ་ཏུ་འགེབས་པས་ན་སྦུབས་སོ། །དེ་ཡང་དག་ པར་འབྱེད་ཅིང་རྣམ་པར་འཇོམས་པས་ན་མ་རིག་སྒོ་ངའི་སྦུབས་འབྱེད་པའོ། །སྲིད་པ་ཉིད་དྲ་བ་ཡིན་ལ། ཤེས་རབ་ཀྱི་རལ་གྲིས་རྣམ་པར་འཇོམས་པས་ན་སྲིད་པའི་དྲ་བ་འཇོམས་པ་པོའོ། །ཉོན་མོངས་མ་ལུས་པ་དང་བྲལ་བ་གང་ཡིན་པ་དེ་ནི་ཉོན་མོངས་མ་ལུས་ཞི་བྱེད་པའོ། །གང་གི་ཕྱིར་ཀུན་ ནས་ཉོན་མོངས་པ་ཐམས་ཅད་དང་བྲལ་བ་དེ་ཉིད་ཀྱིས་ན་འཁོར་བའི་རྒྱ་མཚོ་ཕ་རོལ་ཕྱིན་པ་ཉིད་དེ། ཉེས་པ་དང་བྲལ་བས་འཁོར་བ་མི་སྲིད་པའི་ཕྱིར་རོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་དབང་བསྐུར་བའི་ཅོད་པན་གྱིས་དབང་བསྐུར་བ་མངའ་བས་ན་ཡེ་ཤེས་དབང་བསྐུར་ཅོད་པན་ཅན་ནོ། །ཡང་དག་པར་ རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས་པ་ནི་བཅོམ་ལྡན་འདས་རྗེ་བཙུན་འཇམ་དཔལ་ལོ། །སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་ནི་སྡུག་བསྔལ་གསུམ་སྟེ། དེ་ལྟ་བུའི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་གསུམ་ཞི་བར་མཛད་པས་ན་སྡུག་ བསྔལ་གསུམ་གྱི་སྡུག་བསྔལ་ཞི་བའོ། །བདག་ཉིད་ཀྱི་སྡུག་བསྔལ་གསུམ་མཐར་ཕྱིན་པར་མཛད་པས་ན་གསུམ་སེལ་ལོ། །སེམས་ཅན་དཔག་ཏུ་མེད་པའི་དོན་མཛད་པས་ན་མཐའ་ཡས་སོ། །ཉན་ཐོས་དང་རང་སངས་རྒྱས་དང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་མི་ཕྱེད་པའི་རྣམ་པར་ 63-1-17a གྲོལ་བ་གསུམ་འདུལ་བའི་སྐྱེ་བོ་རྣམས་ཀྱི་ངོར་གཤེགས་པས་ན་གྲོལ་གསུམ་ཐོབ་པའོ། །ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་དང་ལས་ཀྱི་སྒྲིབ་པ་དང་བྲལ་བས་ན་སྒྲིབ་པ་གསུམ་ལས་ངེས་པར་གྲོལ་བའོ། །སྒྲིབ་པ་རྣམ་པར་དག་པས་ནམ་མཁའ་ ལྟར་མཉམ་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ལ་གནས་པས་ན་ནམ་མཁའ་ལྟར་མཉམ་པ་ཉིད་ལ་གནས་པའོ། །ཉོན་མོངས་པའི་དྲི་མ་ཐམས་ཅད་ལས་འདས་པས་ན་ཉོན་མོངས་དྲི་མ་ཀུན་ལས་འདས་པའོ། །འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བ་སྟེ་དུས་གསུམ་ལས་འདས་པས་ན་དུས་ གསུམ་དུས་མེད་རྟོགས་པ་པོའོ། །དམ་པའི་ཆོས་ཀྱི་བདུད་རྩིའི་ཆར་གྱིས་སེམས་ཅན་གྱི་རྒྱུད་ཚིམ་པར་མཛད་པའི་ཕྱིར་སེམས་ཅན་ཀུན་གྱི་ཀླུ་ཆེན་པོའོ། །ཡོན་ཏན་ཉིད་ཐོད་དམ་རྩེ་མོ་ཡིན་ལ། ཡོན་ཏན་གྱི་ཐོད་དེ་ཐོད་དུ་བྱས་པས་ན་ཡོན་ཏན་ཐོད་ཅན་རྣམས་ཀྱི་ཐོད་དེ་མཆོག་ཏུ་གྱུར་པའོ། །གློ་བུར་ བའི་ཉོན་མོངས་པ་རྣམས་ལས་ངེས་པར་གྲོལ་བས་ན་ཉོན་མོངས་ཀུན་ལས་རྣམ་པར་གྲོལ་བའོ། །དེ་ཉིད་ཀྱིས་ན་ནམ་མཁའི་ལམ་ནི་རྣམ་པར་མི་རྟོག་པའི་ཆོས་ཀྱི་དབྱིངས་ཀྱིས་ཏེ། དེའི་བདག་ཉིད་ཀྱིས་མི་གཡོ་བའི་ངོ་བོ་ཉིད་དུ་རབ་ཏུ་གནས་པས་ན་ནམ་མཁའི་ལམ་ལ་རབ་གནས་པའོ། །ཡིད་ བཞིན་གྱི་ནོར་བུ་རིན་པོ་ཆེའི་གཟུགས་འཛིན་པས་ནི་ཡིད་བཞིན་ནོར་བུ་ཆེན་པོ་འཆང་ངོ་། །ཁྱབ་པས་ན་ཁྱབ་བདག་གོ། །སེམས་ཅན་ཐམས་ཅད་ཀྱི་ཇི་ལྟར་འདོད་པའི་དོན་ཡོངས་སུ་རྫོགས་པར་མཛད་པ་ཉིད་ཀྱིས་ན་རིན་ཆེན་ཀུན་གྱི་མཆོག་གོ། །སེམས་ཅན་ཐམས་ཅད་མངོན་པར་འདོད་པའི་ དངོས་པོ་རྫོགས་པར་མཛད་པས་ན་དཔག་བསམ་ཤིང་ཆེན་ནོ། །ཐམས་ཅད་དུ་ཁྱབ་པའི་གྲིབ་མ་དང་ལྡན་པས་ན་རྒྱས་པ་སྟེའོ། །སེམས་ཅན་ཐམས་ཅད་ལ་བདེ་བ་སྩོལ་བ་ནི་བུམ་པ་བཟང་པོ་ཆེ་བའི་མཆོག་གོ། །སྔོན་གྱི་སྨོན་ལམ་གྱི་དབང་གིས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པས་ན་ བྱེད་པ་སེམས་ཅན་ཀུན་དོན་བྱེད་དོ། །རྣམ་པ་ཐམས་ཅད་དུ་གཞན་ལ་ཕན་པ་རྫོགས་པར་མཛད་པས་ན་ཕན་འདོགས་མཛད་དོ། །སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་གཅེས་པ་ལྟར་མཉེས་གཤིན་པས་ན་སེམས་ཅན་མཉེས་གཤིན་པའོ། །དགེ་བ་དང་མི་དགེ་བའི་འབྲས་བུ་མཐོ་ 63-1-17b རིས་དང་དམྱལ་བ་ཡོངས་སུ་མཁྱེན་པས་ན་བཟང་ངན་ཤེས་པའོ། །བྱ་བ་དང་དུས་ཀྱི་རྣམ་པར་འབྱེད་པ་མངོན་དུ་ཡོངས་སུ་མཁྱེན་པས་ན་དུས་ཤེས་པའོ། །ཐམས་ཅད་དུ་ཁྱབ་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་པས་ན་ཁྱབ་བདག་གོ། །ཀུན་ནས་ཉོན་མོངས་པ་ཡོངས་སུ་མཁྱེན་པས་ན་དམ་ ཚིག་ཤེས་པའོ། །གྲུབ་པའི་མཐའ་ཐམས་ཅད་ཀྱི་དངོས་གྲུབ་དང་དམ་ཚིག་ཡོངས་སུ་མཁྱེན་པ་མངའ་བས་ན་དམ་ཚིག་ལྡན་ནོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པའི་དུས་ལས་མི་འདའ་བར་འདུལ་བར་མཛད་པས་ན་དུས་ཤེས་པའོ། །སེམས་ཅན་རྣམས་ཀྱི་དད་པ་ལ་སོགས་པའི་དབང་ པོ་མཁྱེན་པས་ན་སེམས་ཅན་དབང་དོན་ཤེས་སོ། །ཉན་ཐོས་དང་རང་སངས་རྒྱས་དང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྣམ་པར་གྲོལ་བ་ཉོན་མོངས་པ་དང་རྣམ་པར་བྲལ་བའི་བདག་ཉིད་ཅན་ཡོངས་སུ་མཁྱེན་པས་ན་རྣམ་པ་གསུམ་ལ་མཁས་པ་པོའོ། །སྟོབས་དང་མི་འཇིགས་པ་ནི་ཡོན་ཏན་ ཏེ། དེ་རྣམས་འདི་ལ་མངའ་བས་ན་ཡོན་ཏན་ལྡན་ནོ། །གཞན་གྱི་རྒྱུད་ལ་ཡོད་པའི་ཡོན་ཏན་རྣམས་ཀྱང་མཁྱེན་པས་ན་ཡོན་ཏན་ཤེས་པའོ། །ཆོས་རྣམས་སྒྱུ་མ་དང་འདྲ་བ་ལ་སོགས་པའི་ཚུལ་གྱིས་ཇི་ལྟ་བ་བཞིན་དུ་མཁྱེན་པས་ན་ཆོས་ཤེས་པའོ། །བསོད་ནམས་ཀྱི་རང་བཞིན་ཡིན་པས་ན་བཀྲ་ ཤིས་སོ། །བཀྲ་ཤིས་ཐམས་ཅད་ཀྱང་འདི་ལས་བྱུང་བས་ན་བཀྲ་ཤིས་འབྱུང་ངོ་། །བཀྲ་ཤིས་ཐམས་ཅད་ཀྱི་བདག་ཉིད་ཅན་ཡིན་པས་ན་བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པའོ། །གྲགས་པའི་རྒྱུར་གྱུར་པས་ནའམ་བསོད་ནམས་ཀྱི་ངོ་བོ་ཉིད་ཀྱིས་ཀུན་གྱིས་བསྒྲགས་པས་ན་གྲགས་པའོ། །དཔལ་གྱི་ གནས་སུ་གྱུར་པས་ན་བཀྲ་ཤིས་པའོ། །ཡོན་ཏན་ཐམས་ཅད་དྲི་མ་མེད་པའི་སྙན་པ་གྲགས་པས་ན་སྙན་གྲགས་སོ། །བསོད་ནམས་དང་ཡེ་ཤེས་ཀྱི་རང་བཞིན་གྱིས་དགེ་བའི་ངོ་བོ་ཉིད་པས་ན་དགེ་བའོ། །ཐམས་ཅད་ཀྱི་དབུགས་འབྱིན་པའི་གནས་སུ་གྱུར་པས་ན་དབུགས་འབྱིན་ཆེན་པོའོ། །སྦྱིན་པ་ལ་སོགས་ པ་ཡང་དག་པར་སྟོན་པའི་དགའ་སྟོན་ཆེན་པོ་མངའ་བས་ན་དགའ་སྟོན་ཆེན་པོའོ། །སེམས་ཅན་རྣམས་ཀྱི་དགའ་བའི་མཆོག་ཏུ་གྱུར་པས་ན་དགའ་ཆེན་ནོ། །འཚང་རྒྱ་བ་དང་ཆེ་བས་ཐོབ་པའི་རོལ་མོ་གང་ཡིན་པ་དེ་ནི་རོལ་མོ་ཆེའོ། །མཆོད་པ་ལ་སོགས་པའི་བཀུར་སྟི་ཐམས་ཅད་དང་ལྡན་པ་གང་ཡིན་པ་དེ་ནི་བཀུར་སྟིའོ། ། 63-1-18a མཛེས་པར་བྱེད་པའི་བྱ་བས་སེམས་ཅན་རྣམས་ཀྱི་དོན་རྫོགས་པར་བྱེད་པ་གང་ཡིན་པ་དེ་ནི་རིམ་གྲོའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་འབྱོར་པ་དང་ལྡན་པས་ན་ཕུན་སུམ་ཚོགས་པའོ། །རྟག་ཏུ་བདེ་བ་དང་ཡིད་བདེ་བའི་བདག་ཉིད་ཅན་ཡིན་པས་ན་མཆོག་ ཏུ་དགའ་བའོ། །རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པའི་ཡོན་ཏན་གྱི་གྲགས་པའི་བདག་པོར་གྱུར་པས་ན་གྲགས་བདག་གོ། །ཆོས་ཀྱི་རྒྱལ་པོའི་དཔལ་དང་ལྡན་པས་ན་དཔལ་ལོ། །སངས་རྒྱས་ཉིད་ཀྱི་མཆོག་དང་ལྡན་པས་ན་མཆོག་ལྡན་ནོ། །མཆོག་སྩོལ་བར་འོས་པས་ན་མཆོག་སྦྱིན་ ནོ། །ཐམས་ཅད་ཀྱི་མཆོག་ཏུ་གྱུར་པས་ན་གཙོ་བོའོ། །སྐྱབས་རྣམས་ཀྱི་ནང་ན་མཆོག་ཏུ་གྱུར་པས་ན་སྐྱབས་ཀྱི་དམ་པའོ། །འཁོར་བས་འཇིགས་ཤིང་སྐྲག་པའི་སྐྱབས་སུ་འོས་པས་ན་སྐྱབས་སུ་འོས་པའོ། །སེང་གེ་ལ་སོགས་པ་འཇིགས་པ་ཆེན་པོའི་དགྲའི་གཟུགས་ཅན་དུ་གྱུར་པས་ན་ འཇིགས་ཆེན་དགྲའོ། །བདག་མེད་པ་གཉིས་ཐུགས་སུ་ཆུད་པས་ན་རབ་ཀྱི་མཆོག་གོ། །འཁོར་བའི་འཇིགས་པ་མ་ལུས་པར་སེལ་བར་མཛད་པས་ན་འཇིགས་པ་མ་ལུས་སེལ་བའོ། །གཙུག་ཕུད་ཙམ་འཇོག་པས་ན་གཙུག་ཕུད་དོ། །རྨ་བྱ་ལ་བཅིབས་པས་ན་གཙུག་ཕུད་ཅན་ནོ། །ལྕང་ལོ་འཛིན་པས་ན་ལྕང་ ལོ་ཅན་ནོ། །རལ་པ་བསྒྱིངས་པ་དང་ལྡན་པས་ན་རལ་པ་ཅན་ནོ། །གདུལ་བར་བྱ་བའི་ཕྱིར་རབ་ཏུ་བྱུང་བའི་རྟགས་འཛིན་པས་ན་མུཉྫའོ། །ནོར་བུ་ཐམས་ཅད་ཀྱི་རྒྱན་གྱིས་བརྒྱན་པའི་ཅོད་པན་འཆང་བས་ན་ཅོད་པན་ཐོགས་པའོ། །ཞལ་ལྔ་དང་ལྡན་པས་ན་གདོང་ལྔའོ། །གཞོན་ནུའི་གཟུགས་ཀྱི་ གཙུག་ཕུད་མངའ་བས་ན་གཙུག་ཕུད་ལྔ་དང་ལྡན་པའོ། །ཟུར་ཕུད་ལྔ་དང་ལྡན་པའི་མེ་ཏོག་གི་ཐོད་དང་ལྡན་པའི་ཅོད་པན་མངའ་བ་གང་ཡིན་པ་དེ་ནི་ཟུར་ཕུད་ལྔ་པ་མེ་ཏོག་ཐོད་དོ། །མགོ་བྲེགས་ཤིང་སྐ་རགས་འཆང་བས་ན་མགོ་ཟླུམ་མོ། །བརྟུལ་ཞུགས་ཆེན་པོའི་སྔགས་སྤྱོད་པ་འཛིན་པས་ན་བརྟུལ་ཞུགས་ ཆེན་པོའོ། །ཡེ་ཤེས་ཀྱི་ཚངས་པ་དང་སྤྱོད་པས་ན་ཚངས་པར་སྤྱོད་པའོ། །གསང་སྔགས་ཀྱི་ཚུལ་གྱི་བརྟུལ་ཞུགས་མཆོག་གོ། །དཀའ་ཐུབ་ཀྱི་མཐར་ཕྱིན་པ་བརྙེས་པས་ན་དཀའ་ཐུབ་མཐར་ཕྱིན་ནོ། །སྐུ་གསུང་ཐུགས་ཆེན་པོ་བསྒོམ་པའི་དཀའ་ཐུབ་དང་ལྡན་པས་ན་དཀའ་ཐུབ་ཆེན་པོའོ། །དཀྱིལ་ 63-1-18b འཁོར་ཆེན་པོའི་དབང་བསྐུར་བས་བཀྲུས་པས་ན་གཙང་གནས་སོ། །ཐམས་ཅད་ཀྱི་གཙོ་བོར་གྱུར་པས་ན་དམ་པའོ། །གཽ་ཏ་མ་ལ་སོགས་པའི་དྲང་སྲོང་རྣམས་འདུལ་བས་ན་གཽ་ཏ་མའོ། །སྲོག་གཅོད་པ་ལ་སོགས་པའི་སྡིག་པ་ཐམས་ཅད་དང་བྲལ་བས་ན་བྲམ་ཟེའོ། །ཆོས་ཀྱི་དབྱིངས་ཀྱི་ཚངས་པ་ མཁྱེན་པས་ན་ཚངས་པའོ། །གཉིས་སུ་མེད་པའི་ཚངས་པ་ཤེས་པའོ། །མི་གནས་པའི་མྱ་ངན་ལས་འདས་པ་ནི་མྱ་ངན་ལས་འདས་པའི་ཚངས་པའོ། །དེ་བརྙེས་པས་ན་མྱ་ངན་ལས་འདས་པའི་ཚངས་པ་ཐོབ་པ་པོའོ། །སྐྱེ་བ་དང་ལས་དང་སྡུག་བསྔལ་ལ་སོགས་པ་ལས་ལྡོག་པས་ན་གྲོལ་བའོ། ། རྨོངས་པའི་བདག་ཉིད་ཅན་གྱི་འཁོར་བའི་འཆིང་བ་ལས་ཐར་བས་ན་ཐར་པའོ། །ཡང་དག་པའི་ལྟ་བའི་རྣམ་པར་གྲོལ་བའི་ཡན་ལག་དང་ལྡན་པས་ན་རྣམ་གྲོལ་ལུས་སོ། །ཉོན་མོངས་པ་སྣ་ཚོགས་མ་སྐྱེས་པས་ན་རྣམ་གྲོལ་ལོ། །ཉོན་མོངས་པའི་གནོད་པ་དང་རྣམ་པར་འཚེ་བ་དང་བྲལ་བས་ན་ཞི་བའོ། ། སེམས་ཅན་རྣམས་ཀྱི་ལེགས་པའི་ལམ་ཐོབ་པར་མཛད་པས་ན་ཞི་བ་ཉིད་དོ། །མི་གནས་པའི་མྱ་ངན་ལས་འདས་པ་བརྙེས་པས་ན་མྱ་ངན་ལས་འདས་པའོ། །རྫས་སུ་ཡོད་པའི་མྱ་ངན་ལས་བཟློག་པས་ན་མྱ་ངན་ལས་འདས་པའོ། །མར་མེ་དང་འདྲ་བར་ཐམས་ཅད་ཉེ་བར་ཞི་བའི་ངོ་བོ་ཉིད་པས་ན་ཞི་བའོ། ། སེམས་ཅན་རྣམས་ཀྱི་དགེ་བ་ཐོབ་པར་བྱེད་པས་ན་ལེགས་པའོ། །གསང་སྔགས་ཀྱི་ཚུལ་གྱི་ལམ་གྱིས་ངེས་པར་འབྱུང་བས་ན་མྱ་ངན་ལས་འདས་པའོ། །ལས་ཟད་པར་བྱེད་པས་ན་མཐར་ཐུག་པའོ། །མི་གནས་པའི་ཏིང་ངེ་འཛིན་བརྙེས་པས་ན་བདེ་སྡུག་སེལ་བའོ། །མཐར་ཐུག་པ་ཐོབ་པས་ཐམས་ཅད་ ཀྱི་རྩེ་མོ་ཐོབ་པས་ན་མཐར་གྱུར་པའོ། །ལུས་ཟད་པའི་ཆགས་པ་དང་བྲལ་བ་བརྙེས་པས་ན་ཆགས་བྲལ་ལུས་ལས་འདས་པ་པོའོ། །བདུད་ལ་སོགས་པ་རྣམས་ཀྱིས་བརྒལ་བར་མི་ནུས་པས་ན་ཐུབ་པ་མེད་པའོ། །གཉིས་པ་མེད་པས་ན་དཔེ་མེད་པའོ། །མངོན་པར་གསལ་བའི་སྐུ་མེད་པས་ན་མི་མངོན་ པའོ། །རྣམ་པ་ཐམས་ཅད་དང་བྲལ་བས་ན་མི་སྣང་བའོ། །རྣམ་པ་གང་གིས་ཀྱང་རྟོགས་པར་མི་ནུས་པས་ན་གསལ་བྱེད་མིན་ནོ། །དུས་ཐམས་ཅད་ལས་འདས་པས་ན་མི་འགྱུར་བའོ། །ལུས་མེད་པའི་ཚུལ་གྱིས་ཐམས་ཅད་དུ་ཤེས་པས་ན་ཀུན་དུ་འགྲོ་བའོ། །རྟགས་ནི་ཁྱབ་པ་པོའོ། །རྣལ་ 63-1-19a འབྱོར་པ་རྣམས་ཀྱིས་ཀྱང་རྟོགས་པར་མི་ནུས་པས་ན་ཕྲ་བའོ། །ཟག་པ་དང་བཅས་པའི་ཉོན་མོངས་པ་ལས་གྲོལ་བས་ན་ཟད་མེད་དོ། །བྱང་ཆུབ་ཀྱི་ས་བོན་ཡིན་ཞིང་དེ་ཉིད་ཉེས་པའི་སྐྱོན་དང་བྲལ་བས་ན་ས་བོན་བྲལ་ལོ། །འདོད་ཆགས་ཀྱི་རྡུལ་དང་བྲལ་བས་ན་རྡུལ་མེད་པའོ། ། རྡུལ་ཐམས་ཅད་ཀྱིས་མ་གོས་པས་ན་རྡུལ་བྲལ་ལོ། །བསམ་པ་དང་བག་ལ་ཉལ་བ་དང་བཅས་པའི་དྲི་མ་དང་བྲལ་བས་ན་དྲི་མ་མེད་པའོ། །གནས་ངན་ལེན་ལ་སོགས་པའི་ཉེས་པ་དང་བྲལ་བས་ན་ཉེས་པ་སྤངས་པའོ། །ནད་ཐམས་ཅད་དང་བྲལ་བས་ན་སྐྱོན་མེད་པའོ། །ཆོས་ཐམས་ཅད་ཐུགས་སུ་ ཆུད་པས་ན་ཤིན་ཏུ་སད་པའོ། །ཉེས་པ་གསུམ་གྱི་དྲི་མ་དང་བྲལ་བས་ན་སད་པའི་བདག་གོ། །ཉན་ཐོས་ལ་སོགས་པའི་ཡེ་ཤེས་དང་ལྡན་པས་ན་ཀུན་ཤེས་སོ། །ཆོས་ཀྱི་དབྱིངས་ཀྱི་ཚུལ་གྱིས་དངོས་པོ་ཐམས་ཅད་ཡང་དག་པར་རིག་པས་ན་ཀུན་རིག་གོ། །དེ་ཉིད་མཆོག་ཏུ་གྱུར་པས་ན་དམ་པའོ། ། གཟུང་བ་དང་འཛིན་པའི་དངོས་པོ་དང་བྲལ་བས་ན་རྣམ་པར་ཤེས་པའི་ཆོས་ཉིད་འདས་སོ། །ཆོས་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་མངའ་བས་ན་ཡེ་ཤེས་སོ། །གཉིས་སུ་མེད་པའི་ངོ་བོ་འཛིན་པས་ན་གཉིས་མེད་ཚུལ་འཆང་བའོ། །རྣམ་པར་རྟོག་པ་ཐམས་ཅད་ལས་འདས་པས་ན་རྣམ་པར་རྟོག་ མེད་དོ། །ཕྱི་རོལ་གྱི་དོན་ལ་མི་དཔྱོད་པས་ན་ལྷུན་གྱིས་གྲུབ་པའོ། །དུས་གསུམ་གྱི་སངས་རྒྱས་བཞིན་དུ་སེམས་ཅན་གྱི་བྱ་བ་མཛད་པས་ན་དུས་གསུམ་སངས་རྒྱས་ལས་བྱེད་པའོ། །ཆོས་ཐམས་ཅད་ཐུགས་སུ་ཆུད་པས་ན་སངས་རྒྱས་སོ། །ཐོག་མ་དང་ཐ་མ་ནི་ཐོག་མ་དང་ཐ་མ་སྟེ། གང་ལ་ཐོག་མ་དང་ཐ་ མ་མེད་པ་དེ་ནི་ཐོག་མ་དང་ཐ་མ་མེད་པ་སྟེ་ཆོས་སྐུའི་ངོ་བོ་ཉིད་དོ། །དང་པོ་ཉིད་ནས་ཆོས་ཉིད་བདག་ཉིད་ཅན་ཡིན་པས་ན་དང་པོའི་སངས་རྒྱས་སོ། །གང་ལས་ཀྱང་སྐྱེ་བ་མེད་པས་ན་རྒྱུ་མེད་པའོ། །ཡེ་ཤེས་ཀྱི་རང་བཞིན་གྱི་སྤྱན་གཅིག་པུས་ཐམས་ཅད་གཟིགས་པས་ན་ཡེ་ཤེས་མིག་གཅིག་གོ། །འདོད་ ཆགས་ལ་སོགས་པའི་དྲི་མ་དང་བྲལ་བས་ན་དྲི་མ་མེད་པའོ། །ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་གང་ལ་ཡོད་པ་དེ་ན་ཡེ་ཤེས་ལུས་ཅན་ནོ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་སླར་མི་ལྡོག་པར་གཤེགས་པ་དེ་བཞིན་དུ་དེ་བཞིན་གཤེགས་པས་ན་དེ་བཞིན་གཤེགས་པའོ། །ཚིག་གི་དབང་ཕྱུག་ཡིན་པས་ 63-1-19b ན་ཚིག་གི་དབང་ཕྱུག་གོ། །རྒོལ་བ་རྣམས་ཀྱིས་ཟིལ་གྱིས་མི་ནོན་པས་ན་སྨྲ་བ་ཆེ་བའོ། །སྨྲ་བ་ཐམས་ཅད་ཀྱི་གཙོ་བོར་གྱུར་པས་ན་སྨྲ་བའི་སྐྱེས་མཆོག་གོ། །ཚངས་པ་དང་དབང་པོ་ལ་སོགས་པའི་སྨྲ་བ་པོ་ཐམས་ཅད་ཀྱི་ནང་ན་མཛེས་པར་སྨྲ་བས་ན་སྨྲ་བའི་རྒྱལ་པོའོ། །ཚངས་པ་ལ་སོགས་པ་སྨྲ་བ་ པོ་རྣམས་ཀྱི་མཆོག་ཏུ་གྱུར་པས་ན་སྨྲ་བའི་དམ་པའོ། །མཆོག་ཏུ་ཕུལ་དུ་བྱུང་བས་གཙོ་བོར་གྱུར་པས་ན་མཆོག་གི་གནས་སོ། །མུ་སྟེགས་ངན་པའི་རི་དགས་སྐྲག་པར་མཛད་པས་ན་སྨྲ་བའི་སེང་གེའོ། །དེ་ཉིད་ཀྱིས་ན་གཞན་གྱིས་མི་ཐུབ་པས་ན་ཚུགས་པ་མེད་པའོ། །ཆོས་རྣམས་ཀྱི་དེ་ཁོ་ན་ ཉིད་ཐུགས་སུ་ཆུད་པས་ན་ཀུན་དུ་བལྟ་བའོ། །རབ་ཏུ་དགའ་བས་སྐུའི་བདེ་བ་ཆེན་པོ་འཕགས་པས་ན་མཆོག་ཏུ་དགའ་བའོ། །འོད་ཟེར་འཕྲོ་བའི་ཕྲེང་བས་བརྒྱན་པའི་སྐུ་མངའ་བས་ན་གཟི་བརྗིད་ཕྲེང་བའོ། །གཟི་བརྗིད་ཀྱི་ཕྲེང་བས་བསྐོར་ཡང་ཞི་བའི་ངོ་བོ་ཉིད་ཀྱི་སྐུ་དང་ལྡན་པས་ན་ལེགས་པར་སྣང་བའི་ ཕྱིར་བལྟ་ན་སྡུག་པའོ། །མི་ཤེས་པའི་མུན་ནག་སེལ་བར་བྱེད་པའི་ཡེ་ཤེས་དམ་པའི་འོད་མངའ་བས་ན་འོད་བཟང་ངོ་། །ཡེ་ཤེས་ཀྱི་གཟུགས་ཀྱིས་ཤེས་བྱ་རྣམས་ལ་ཁྱབ་ཅིང་གསལ་བར་མཛད་པས་ན་འབར་བའོ། །དཔལ་གྱི་བེའུའི་གཟུགས་ཀྱིས་གནས་པས་ན་དཔལ་གྱི་བེའུའོ། །ལག་ན་འོད་ འབར་བས་ན་འོད་འབར་བ་སྟེ། ལག་པ་འོད་འབར་བས་གསལ་བར་བྱེད་པས་ན་ལག་ན་འོད་འབར་རོ། །ཡེ་ཤེས་ཀྱི་ཚུལ་གྱིས་སྣང་བར་བྱེད་པས་ན་སྣང་བ་པོའོ། །དམ་པའི་ཆོས་ཀྱི་སྨན་གྱིས་ཉོན་མོངས་པའི་ནད་གསོ་བར་མཛད་པས་ན་སྨན་པ་ཆེ་མཆོག་གོ། །དེ་ཉིད་ཀྱིས་ན་གཙོ་བོ་སྟེའོ། །ཐོག་ མ་མེད་པའི་སྐྱེ་བའི་ཟུག་རྔུ་རྩ་བ་དང་བཅས་པ་འབྱིན་པས་ན་ཟུག་རྔུ་འབྱིན་པ་བླ་ན་མེད་པའོ། །སྨན་མ་ལུས་པ་ངོ་བོ་ཉིད་སངས་རྒྱས་དང་ཆོས་ཀྱིས་བསྒྲུབས་ཤིང་བསྐྱེད་པའི་ཤིང་ཡིན་པས་ན་སྨན་རྣམས་མ་ལུས་ལྗོན་པའི་ཤིང་ངོ་། །ཉོན་མོངས་པའི་ནད་རྩ་བ་ནས་འབྱིན་པས་ན་ནད་དོ་ཅོག་གི་དགྲ་ཆེ་བ་སྟེ། གཉེན་པོར་གྱུར་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་ཀྱི་འདོད་པར་བྱ་བ་ཡིན་པས་ན་སྡུ་གུའོ། །འཇིག་རྟེན་གསུམ་གྱི་དཔྲལ་བར་གྱུར་པས་ན་འཇིག་རྟེན་གསུམ་གྱི་མཆོག་གོ། །གང་ལ་ཡེ་ཤེས་མཚན་ཉིད་ཅན་གྱི་དཔལ་ཡོད་པ་དེ་ནི་དཔལ་ལྡན་ནོ། །ཇི་ལྟར་སྐར་མའི་དཀྱིལ་འཁོར་གྱི་དབུས་ན་ཟླ་བ་མཛེས་པ་དེ་ 63-1-20a བཞིན་དུ་འཁོར་གྱི་དཀྱིལ་འཁོར་ན་མཛེས་པས་ན་རྒྱུ་སྐར་དཀྱིལ་འཁོར་ཅན་ནོ། །ཕྱོགས་བཅུ་ནམ་མཁའི་མཐའ་གཏུགས་པ་རྣམས་སུ་ཆོས་ཀྱི་རྒྱལ་མཚན་ཤིན་ཏུ་མཐོན་པོ་སྒྲེང་བར་མཛད་པས་ན། ཕྱོགས་བཅུ་ནམ་མཁའི་མཐའ་གཏུགས་པར། །ཆོས་ཀྱི་རྒྱལ་མཚན་ལེགས་ པར་འཛུགས། །ཞེས་བྱའོ། །ཆར་དང་ཚ་བའི་གདུང་བ་ཉེ་བར་བཟློག་པའི་ཕྱིར་དང་། འགྲོ་བ་རྣམས་ལ་ཁྱབ་པའི་གདུགས་གཅིག་པུའི་བདག་ཉིད་ཅན་པས་ན་འགྲོ་ན་གདུགས་གཅིག་ཡངས་པ་སྟེའོ། །བྱམས་པ་དང་སྙིང་རྗེ་དག་གིས་ཡོངས་སུ་བསྐོར་བའི་ཚུལ་གྱིས་འགེབས་པས་ན་བྱམས་དང་སྙིང་རྗེའི་ དཀྱིལ་འཁོར་ཅན་ནོ། །ཡེ་ཤེས་ཀྱི་དབང་ཕྱུག་དང་ལྡན་པས་ན་དཔལ་ལྡན་ནོ། །པདྨ་གར་གྱི་དབང་ཕྱུག་གི་གཟུགས་འཛིན་པས་ན་པདྨ་གར་གྱི་བདག་གོ། །ཐམས་ཅད་དུ་ཁྱབ་པས་ན་ཁྱབ་བདག་ཆེན་པོའོ། །རིན་པོ་ཆེས་ཉེ་བར་མཛེས་པའི་གདུགས་གང་ལ་ཡོད་པ་དེ་ནི་རིན་ཆེན་གདུགས་སོ། །སངས་རྒྱས་ ཐམས་ཅད་ཀྱི་དབུས་ན་མཛེས་པས་ན་སངས་རྒྱས་ཀུན་གྱི་གཟི་བརྗིད་ཆེའོ། །སངས་རྒྱས་ཐམས་ཅད་སྐུའི་བདག་ཉིད་ཀྱི་ངོ་བོ་འཆང་བར་མཛད་པས་ན་སངས་རྒྱས་ཀུན་གྱི་སྐུ་འཆང་བའོ། །སངས་རྒྱས་ཐམས་ཅད་ཀྱི་རྣལ་འབྱོར་ཆེན་པོ་དང་ལྡན་པས་ན་སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེའོ། །དེའི་བཀའ་བཞིན་བྱེད་ པས་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་གཅིག་པའི་ཚུལ་གང་ཡིན་པ་དེ་ནི་སངས་རྒྱས་ཀུན་གྱི་བསྟན་པ་གཅིག་གོ། །རྡོ་རྗེས་མཚན་པའི་རིན་པོ་ཆེ་ནི་རྡོ་རྗེ་རིན་ཆེན་ནོ། །དེས་དབང་བསྐུར་བས་ཁམས་གསུམ་གྱི་བདག་པོའི་མཚན་ཉིད་ཅན་གྱི་དཔལ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ་ལོ། །རིན་ ཆེན་འབྱུང་ལྡན་གྱི་རིགས་ལ་བརྟེན་པའི་བདག་པོའི་དབང་ཕྱུག་ཡིན་པས་རིན་ཆེན་ཀུན་བདག་དབང་ཕྱུག་སྟེའོ། །འཇིག་རྟེན་གྱི་དབང་ཕྱུག་ཐམས་ཅད་ཀྱི་བདག་པོར་གྱུར་པས་ན་འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག་གོ། །རྡོ་རྗེ་འཆང་བ་ཐམས་ཅད་ཀྱི་བདག་པོར་གྱུར་པས་ན་རྡོ་རྗེ་འཆང་བ་ཀུན་གྱི་རྗེའོ། །རིན་ ཆེན་འབྱུང་ལྡན་དང་། འོད་དཔག་ཏུ་མེད་པ་དང་། མི་བསྐྱོད་པའི་ངོ་བོ་ཉིད་ཀྱིས་སངས་རྒྱས་ཐམས་ཅད་དང་གཉིས་སུ་མེད་པའི་ཐུགས་ཉིད་དུ་གྱུར་པས་ན་སངས་རྒྱས་ཀུན་གྱི་ཐུགས་ཆེ་བའོ། །སངས་རྒྱས་ཐམས་ཅད་ཀྱི་ཐུགས་ལ་བཞུགས་པ་གང་ཡིན་པ་དེ་ནི་སངས་རྒྱས་ཀུན་གྱི་ཐུགས་ལ་གནས་པའོ། ། 63-1-20b སངས་རྒྱས་ཐམས་ཅད་ཀྱི་སྐུ་མངའ་བ་དེ་ནི་སངས་རྒྱས་ཀུན་གྱི་སྐུ་ཆེ་བའོ། །གང་གི་གསུང་སངས་རྒྱས་ཐམས་ཅད་དང་འདྲ་བ་དེ་ནི་སངས་རྒྱས་གསུང་ཡང་ཡིན་ནོ། །ཉི་མ་དང་འདྲ་བར་བྱེད་པས་མི་ཤེས་པའི་མུན་ནག་སེལ་བར་མཛད་པས་ན་རྡོ་རྗེ་ཉི་མ་སྣང་བ་ཆེའོ། །ཉོན་མོངས་པའི་གདུང་བ་སེལ་ བར་བྱེད་པ་དང་དྲི་མ་མེད་པའི་འོད་ཟེར་དང་ལྡན་པས་ན་རྡོ་རྗེ་ཟླ་བ་དྲི་མེད་འོད་དོ། །འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བ་ལ་སོགས་པ་སྤོང་བ་དང་ལྡན་པས་ན་ཆགས་བྲལ་ལ་སོགས་སོ། །ཐུགས་རྗེ་ཆེན་པོའི་ཆགས་པ་དང་ལྡན་པས་ན་ཆགས་པ་ཆེའོ། །སྣ་ཚོགས་པའི་གཟུགས་སུ་ཡང་དག་ པར་སྟོན་པས་ན་ཁ་དོག་སྣ་ཚོགས་འབར་བའི་འོད་དོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྡོ་རྗེའི་སྐྱིལ་ཀྲུང་འཆང་བས་རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས་སོ། །སངས་རྒྱས་རྣམས་ཀྱི་འགྲོ་བ་ནི་ཡང་དག་པར་འདུས་ནས་ཆོས་ཀྱི་འགྲོ་བ་མཛད་པའོ། །དེ་འཛིན་པས་ན་སངས་རྒྱས་འགྲོ་བའི་ཆོས་འཛིན་ པའོ། །གང་ལ་དཔལ་ཡོད་པ་དེ་ནི་དཔལ་ལྡན་ནོ། །སངས་རྒྱས་ཀྱི་པདྨས་བསྐྱེད་པ་གང་ཡིན་པ་དེ་ནི་སངས་རྒྱས་པདྨ་སྐྱེས་སོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་མཛོད་དོ། །དེ་འཛིན་པས་ན་ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པའོ། །སངས་རྒྱས་ཐམས་ཅད་ཀྱི་བདག་པོར་གྱུར་པས་ན་རྒྱལ་པོའོ། ། མེད་པའི་ངོ་བོ་སྣ་ཚོགས་ཡོད་པའི་ངོ་བོར་སྟོན་པས་ན་སྒྱུ་འཕྲུལ་ཏེ། དེ་ཐུགས་ལ་འཇོག་པར་མཛད་པས་ན་སྒྱུ་འཕྲུལ་སྣ་ཚོགས་འཆང་བའོ། །མཆོད་པར་འོས་པས་ན་ཆེ་བའོ། །སངས་རྒྱས་རྣམས་ཀྱི་རིག་སྔགས་ནི་ཤེས་རབ་བོ། །དེ་འཛིན་པར་མཛད་པས་ན་སངས་རྒྱས་རིག་སྔགས་འཆང་ངོ་། ། ཆོས་ཐམས་ཅད་བདག་མེད་པར་སོ་སོར་ཐུགས་སུ་ཆུད་པས་ན་རྡོ་རྗེ་རྣོན་པོའོ། །ཉོན་མོངས་པའི་ལྗོན་ཤིང་གཅོད་པས་ན་རལ་གྲི་ཆེའོ། །ཡི་གེ་མཆོག་ནི་ཨ་ཡིས་བརྗོད་པ་དེ་འཛིན་པས་ན་ཡི་གེ་མཆོག་གོ། །མི་བདེན་པའི་དྲི་མའི་རྣམ་པར་རྟོག་པ་མེད་པས་ན་རྣམ་པར་དག་པའོ། །ཐེག་པ་ཆེན་ པོའི་ལམ་གྱིས་འཁོར་བའི་སྡུག་བསྔལ་གཅོད་པས་ན་ཐེག་པ་ཆེན་པོ་སྡུག་བསྔལ་གཅོད་དོ། །རྡོ་རྗེའི་ཆོས་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། རྡོ་རྗེ་ཆོས་ཀྱི་མཚོན་ཆ་ཆེན་པོ་དེ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་གཅོད་པས་ན་མཚོན་ཆ་ཆེན་པོ་རྡོ་རྗེ་ཆོས་སོ། །མི་ཕྱེད་ཅིང་ཟབ་པ་སྟོན་ 63-1-21a པའི་ཐེག་པ་ཆེན་པོས་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྒྱལ་བ་གང་ཡིན་པ་དེ་ནི་རྡོ་རྗེ་ཟབ་མོ་ཛི་ན་ཛིཀ་གོ། །བདུད་རྣམས་ཀྱིས་མི་ཕྱེད་པའི་བློ་དང་ལྡན་པས་ན་རྡོ་རྗེ་བློ་གྲོས་སོ། །མི་རྟག་པ་ལ་སོགས་པའི་ཚུལ་གྱིས་དངོས་པོ་ཐམས་ཅད་ཀྱི་དོན་མཁྱེན་པས་ན་དོན་བཞིན་རིག་གོ། ། ཕ་རོལ་ཏུ་ཕྱིན་པ་བཅུ་ཡོངས་སུ་རྫོགས་པ་མངའ་བས་ན་ཕ་རོལ་ཕྱིན་པ་ཀུན་རྫོགས་པའོ། །ས་བཅུའི་རྒྱན་དང་ལྡན་པ་དེ་ནི་ས་རྣམས་ཀུན་གྱི་རྒྱན་དང་ལྡན་པའོ། །རྣམ་པར་དག་པའི་ཆོས་བདག་མེད་པའི་ཡེ་ཤེས་ཐུགས་སུ་ཆུད་པས་ན་རྣམ་པར་དག་པ་བདག་མེད་ཆོས་སོ། །ཡང་དག་པའི་ཡེ་ཤེས་ཉིད་ ཟླ་བ་སྟེ། དེའི་འོད་ཀྱིས་ལོག་པའི་ཤེས་པའི་མུན་ནག་གིས་ཁེབས་པའི་སེམས་དྲི་མ་མེད་པར་མཛེས་པས་ན་ཡང་དག་ཡེ་ཤེས་ཟླ་འོད་བཟང་ངོ་། །སྒྱུ་འཕྲུལ་དྲ་བའི་རྒྱུད་ཀྱི་དོན་སྟོན་པའི་བརྩོན་འགྲུས་ཆེན་པོ་དང་ལྡན་པ་གང་ཡིན་པ་དེ་ནི་བརྩོན་ཆེན་སྒྱུ་འཕྲུལ་དྲ་བ་སྟེའོ། །ཅིའི་ཕྱིར་ཞེ་ན། རྒྱུད་ཐམས་ཅད་ཀྱི་ དག་པོར་གྱུར་པ་དེས་ན་རྒྱུད་ཀུན་གྱི་བདག་པོའོ། །དེ་ཉིད་ཀྱིས་ན་དམ་པར་གྱུར་པས་ན་མཆོག་གོ། །མ་ལུས་པའི་རྣམ་པ་ལས་རྒྱལ་བའི་ཕྱིར་རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་གང་ཡིན་པ་དེ་ནི་རྡོ་རྗེ་གདན་ནི་མ་ལུས་ལྡན་ནོ། །བྱ་བ་བྱས་པས་ཕུང་པོའི་བདག་ཉིད་ཅན་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་མངའ་བས་ ན་ཡེ་ཤེས་སྐུ་རྣམས་མ་ལུས་འཆང་ངོ་། །ཐམས་ཅད་དུ་བཟང་བས་ན་ཀུན་དུ་བཟང་པོའོ། །བློ་གྲོས་ཤིན་ཏུ་བཟང་པོ་དང་ལྡན་པས་ན་བློ་གྲོས་བཟང་ངོ་། །བྱང་ཆུབ་སེམས་དཔའ་སའི་སྙིང་པོའི་གཟུགས་འཛིན་པས་ན་སའི་སྙིང་པོའོ། །འགྲོ་བ་རྣམས་ཀྱི་དབུགས་འབྱིན་པའི་གནས་སུ་གྱུར་པས་འགྲོ་བ་ འཛིན་པའོ། །སངས་རྒྱས་ཐམས་ཅད་བསྐྱེད་པའི་རྒྱུར་གྱུར་པས་ན་སངས་རྒྱས་ཀུན་གྱི་སྙིང་པོ་ཆེའོ། །སྤྲུལ་པའི་འཁོར་ལོ་སྣ་ཚོགས་ནི་དཀྱིལ་འཁོར་གྱི་འཁོར་ལོའོ། །དེ་འཛིན་པར་མཛད་པས་ན་སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་ངོ་། །དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ནི་ངོ་བོ་ཉིད་མེད་པའོ། །དེ་ཉིད་ ཀྱིས་ན་རང་བཞིན་གྱི་མཆོག་ཏུ་གྱུར་པའོ། །དེ་ཉིད་ཀྱིས་ན་དངོས་པོ་ཀུན་གྱི་རང་བཞིན་འཛིན་ནོ། །སྐྱེ་བ་མེད་པའི་ཆོས་གང་ཡིན་པ་དེ་ནི་སྐྱེ་མེད་ཆོས་ཏེ། རང་བཞིན་མེད་པའི་ཆོས་གང་ཡིན་པ་དེ་ནི་སྐྱེ་བ་མེད་པའི་དོན་སྟོན་པས་ན་ཆོས་ཀྱི་དོན་ཏོ། །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ནི་སྟོང་པ་ཉིད་ཀྱི་རང་བཞིན་ནོ། ། 63-1-21b དེ་འཛིན་པས་ན་ཆོས་ཀུན་ངོ་བོ་ཉིད་འཆང་བའོ། །ཤེས་རབ་ཆེན་པོས་སྐད་ཅིག་མ་ལ་ཆོས་ཐམས་ཅད་ཐུགས་སུ་ཆུད་པས་ན་ཤེས་རབ་ཆེན་པོས་སྐད་ཅིག་ལའོ། །ཆོས་ཐམས་ཅད་མི་རྟག་པ་ལ་སོགས་པའི་ཚུལ་གྱིས་ཐུགས་སུ་ཆུད་པ་ཐུགས་ལ་འཛིན་པས་ན་ཆོས་ཀུན་ཁོང་དུ་ཆུད་པ་འཆང་ངོ་། །ཆོས་ཐམས་ ཅད་ནི་འདུས་བྱས་ལ་སོགས་པ་སྟེ། དེ་མངོན་པར་རྟོགས་ཤིང་ཐུགས་སུ་ཆུད་པ་གང་ཡིན་པ་དེ་ནི་ཆོས་ཀུན་མངོན་པར་རྟོགས་པ་སྟེའོ། །ཤེས་རབ་མཆོག་ཏུ་གྱུར་པས་ན་ཐུབ་པ་བློ་མཆོག་གོ། །འབྱུང་པོ་ནི་བདེན་པའི་དོན་ཏོ། །དེའི་མཐའ་ནི་མཐར་ཐུག་པ་ཉིད་དེ། དེ་ཐུགས་སུ་ཆུད་པས་ན་འབྱུང་པོའི་ མཐའོ། །གནས་ངན་ལེན་གྱི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བས་མི་འགྱུར་བས་ན་མི་གཡོ་བའོ། །མ་རིག་པ་དང་འདོད་ཆགས་ལ་སོགས་པའི་རྙོག་པ་དང་བྲལ་བས་ན་རབ་ཏུ་དང་བའི་བདག་ཉིད་དོ། །རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པའོ། །དེ་འཛིན་པར་མཛད་ པས་ན་རྫོགས་པའི་སངས་རྒྱས་བྱང་ཆུབ་འཆང་ངོ་། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་སུ་ཆུད་པས་ན་སངས་རྒྱས་ཀུན་གྱི་མངོན་སུམ་པའོ། །ཡེ་ཤེས་ཀྱི་མེ་ལྕེ་གང་ཡིན་པ་དེ་ནི་ཡེ་ཤེས་ཀྱི་མེ་ལྕེའོ། །ཤིན་ཏུ་བཟང་པོའི་འོད་དང་ལྡན་པས་ན་འོད་འབར་གསལ་ལོ། །འདོད་པ་ནི་ དགོས་པ་སྟེ་སངས་རྒྱས་ཉིད་དོ། །དེའི་དོན་གྲུབ་པས་ན་འདོད་པའི་དོན་གྲུབ་པའོ། །འཇིག་རྟེན་ལས་འདས་པ་ཉིད་པས་ན་དམ་པ་སྟེའོ། །ངན་འགྲོ་ངན་སོང་ཐམས་ཅད་ཉེ་བར་ཞི་བར་མཛད་པས་ན་ངན་སོང་ཐམས་ཅད་རྣམ་སྦྱོང་བའོ། །ཡེ་ཤེས་ཀྱི་དབང་ཕྱུག་དང་ལྡན་པས་ན་མགོན་པོའོ། །ཉོན་མོངས་ པའི་འཆིང་བ་ཐམས་ཅད་དང་བྲལ་བས་ན་སེམས་ཅན་ཀུན་གྱི་མཆོག་གོ། །ཐབས་ལ་མཁས་པ་ཐམས་ཅད་ཀྱི་སྟོབས་ཀྱིས་སེམས་ཅན་ཐམས་ཅད་རབ་ཏུ་གྲོལ་བར་མཛད་པས་ན་སེམས་ཅན་ཐམས་ཅད་རབ་གྲོལ་བྱེད་དོ། །ཉོན་མོངས་པ་དེ་ནི་འདོད་ཆགས་ལ་སོགས་པའོ། །དེ་དང་ལྷན་ཅིག་གཡུལ་སྤྲོད་པས་ ན་ཉོན་མོངས་གཡུལ་ལོ། །དེར་ནི་གཅིག་པུ་དཔའ་བོ་ཡིན་གྱི་གཞན་མ་ཡིན་པས་ན་གཅིག་དཔའ་བའོ། །མི་ཤེས་པའི་དགྲའི་དྲེགས་པ་ནི་ཕྱི་རོལ་གྱི་དོན་ལ་མངོན་པར་ཞེན་པའོ། །དེ་སྤངས་པས་ན་མི་ཤེས་དགྲའི་དྲེགས་པ་འཇོམས་པའོ། །ཡེ་ཤེས་ཀྱི་དབང་ཕྱུག་དང་ལྡན་པས་ན་དཔལ་ལྡན་ནོ། །འཇིག་ 63-1-22a རྟེན་ལས་འདས་པའི་བློ་སྟེ། དེ་དང་ལྡན་པའི་སྟེག་ཅིང་སྒེག་པ་དང་ལྡན་པའོ། །བརྟན་པོའི་ཉམས་དང་ལྡན་པ་ལ་བརྟེན་ཅིང་བདུད་ལ་སོགས་པའི་དགྲ་བཟློག་པས་ན་བརྟན་པོའི་གཟུགས་འཆང་བའོ། །ཤིན་ཏུ་མི་བཟད་པའི་གཟུགས་འཛིན་པས་ན་མི་སྡུག་གཟུགས་ འཆང་བའོ། །མཚོན་ཆ་སྣ་ཚོགས་ཐོགས་པའི་ལག་པའི་མཆོག་བརྒྱ་པོ་བསྐྱོད་ཅིང་སྣ་ཚོགས་སུ་འཇོག་པའི་རྐང་པ་བརྒྱ་སྙེད་ཀྱིས་བསྐྱོད་པའི་གར་མཛད་པས་ན། ལག་པ་བརྒྱ་པོ་ཀུན་བསྐྱོད་ཅིང་། །གོམ་པའི་སྟབས་ཀྱིས་གར་བྱེད་པ། །ཞེས་བྱའོ། །དཔལ་དང་ལྡན་པའི་ལག་པ་བརྒྱས་ཁྱབ་པས་ནམ་མཁའི་ ཁམས་ཀྱི་མཐར་ཐུག་པར་གར་མཛད་པས་ན། དཔལ་ལྡན་ལག་པ་བརྒྱས་གང་ལ། །ནམ་མཁའ་ཁྱབ་པར་གར་བྱེད་པ། །ཞེས་བྱའོ། །སའི་དཀྱིལ་འཁོར་གཞི་ནི་སའི་ཆའི་སྟེང་སྟེ། དེའི་ཁྱོན་དེ་ལ་རྐང་པ་ཡ་གཅིག་གི་མཐིལ་གྱིས་མནན་ནས་བཞུགས་པས་ན། ས་ཡི་དཀྱིལ་འཁོར་གཞི་ཡི་ཁྱོན། །རྐང་པ་ཡ་ གཅིག་མཐིལ་གྱིས་གནོན། །ཞེས་བྱའོ། །གང་གིས་རྐང་པའི་མཐེ་བོང་གི་སེན་མོའི་ཁྱོན་གྱིས་ཚངས་པའི་ཡུལ་སའི་སྟེང་གི་ཆ་གནོན་པ་སྟེ། རྐང་མཐེབ་ཀྱི་སེན་མོས་ཚངས་པའི་ཡུལ་ས་དང་བཅས་པའི་རྩེ་མོ་མནན་ནས་དེར་བཞུགས་པ་གང་ཡིན་པ་དེ་ནི། རྐང་མཐེབ་སེན་མོའི་ཁྱོན་གྱིས་ཀྱང་། །ཚངས་པའི་ཡུལ་ས་རྩེ་ ནས་གནོན། །ཞེས་བྱའོ། །དོན་གཅིག་པ་ཉིད་ནི་འདི་ལྟ་སྟེ། གཉིས་སུ་མེད་པའི་དོན་ཉིད་དོ། །གཟུང་བ་དང་། འཛིན་པ་དང་བྲལ་བ་གཉིས་སུ་མེད་པ་ནི་གཉིས་སུ་མེད་པའི་ཆོས་ཀྱི་དོན་དམ་པ་ཡིན་ནོ། །དེ་ནི་ནམ་ཡང་གཞན་དུ་འགྱུར་བ་མེད་པས་འཇིག་པ་མེད་པའོ། །ཕྱི་རོལ་གྱི་གཟུགས་ལ་སོགས་པའི་ དོན་སོ་སོར་སྣང་བ་ཡོད་པས་རྣམ་པ་སྣ་ཚོགས་པའི་རྣམ་པར་རིག་པ་སྐྱེ་བར་འགྱུར་བས་རྣམ་རིག་སྣ་ཚོགས་གཟུགས་དོན་ཅན་ནོ། །སེམས་ཉིད་རྣམ་པར་ཤེས་པ་སྟེ། དེའི་རྒྱུད་རྒྱུན་མི་འཆད་པས་ན་སེམས་དང་རྣམ་ཤེས་རྒྱུད་དང་ལྡན་ནོ། །དངོས་པོའི་དོན་མ་ལུས་པ་རྣམས་ལ་སེམས་པའི་རང་བཞིན་གྱི་ཤེས་རབ་ ཀྱིས་རྣམ་པར་དཔྱད་ནས་དགའ་བ་བསྐྱེད་པས་ན་དངོས་དོན་མ་ལུས་རྣམས་ལ་དགའོ། །སྟོང་པ་ཉིད་ཀྱི་དོན་ལ་ཤིན་ཏུ་དགའ་བ་སྐྱེས་པས་ན་སྟོང་པ་ཉིད་དགའོ། །དེ་ཉིད་ཀྱིས་ན་ཤེས་རབ་ཀྱི་མཆོག་ཡིན་པས་ན་བློའི་མཆོག་གོ། །སྲིད་པ་ལ་ཆགས་པས་ན་སྲིད་པའི་འདོད་ཆགས་སོ། །སྲིད་པའི་འདོད་ 63-1-22b ཆགས་ལ་སོགས་པ་ལས་འདས་པས་ན་སྲིད་པའི་འདོད་ཆགས་སོགས་སྤངས་པའོ། །སོགས་པའི་སྒྲས་ནི་འདོད་པའི་འདོད་ཆགས་ལས་འདས་པའོ། །གཞན་སེམས་ཅན་གྱི་དོན་གྱི་དབང་གིས་སྲིད་པ་གསུམ་ལ་དགའ་བ་གང་ལ་ཡོད་པ་དེ་ནི་སྲིད་གསུམ་དགའ་བ་ཆེན་པོ་པའོ། །སྤྲིན་དཀར་པོ་ ལྟར་དཀར་བས་ན་སྤྲིན་དཀར་དག་པ་བཞིན་དུ་དཀར་རོ། །ཁ་དོག་ཐམས་ཅད་མེད་པས་ན་དག་པའོ། །དེ་ཉིད་ཀྱིས་ན་འོད་བཟང་སྟོན་ཀའི་ཟླ་བའི་འོད་དེ། འོད་ཤིན་ཏུ་བཟང་པོ་དང་ལྡན་པས་འོད་བཟང་ངོ་། །འཆར་མ་ཐག་པའི་ཉི་མའི་དཀྱིལ་འཁོར་གྱི་འོད་ལྟར་དམར་བས་ན་ཉི་མ་འཆར་ཀའི་དཀྱིལ་ ལྟར་མཛེས་སོ། །སེན་མོའི་འོད་ཤིན་ཏུ་དམར་བ་དང་ལྡན་པས་ན་སེན་མོའི་འོད་ནི་ཤས་ཆེར་དམར་རོ། །ཅོད་པན་ནོར་བུ་མཐོན་ཀའི་རྩེ་མོ་ལྟར་མཛེས་པ་ཡོད་པ་གང་ཡིན་པ་དེ་ནི་ཅོད་པན་བཟང་པོ་མཐོན་ཀའི་རྩེའོ། །སྐྲའི་རྩེ་མོ་མཐོན་ཀ་ཆེན་པོ་དང་འདྲ་བ་མངའ་བས་ན་སྐྲ་མཆོག་མཐོན་ཀ་ཆེན་པོ་ཅན་ནོ། །ནོར་ བ་ཆེན་པོའི་འོད་དང་ལྡན་པའི་དཔལ་གང་ལ་ཡོད་པ་དེ་ནི་ནོར་བུ་ཆེན་པོ་འོད་ཆགས་དཔལ་ལོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཞིན་དུ་སངས་རྒྱས་ཀྱི་སྤྲུལ་པས་བརྒྱན་པས་ན་སངས་རྒྱས་སྤྲུལ་པའི་རྒྱན་དང་ལྡན་ནོ། །རྫུ་འཕྲུལ་ཆེན་པོའི་གོམ་པའི་སྟོབས་ཆེ་བ་འདོར་བས་འཇིག་རྟེན་གྱི་ཁམས་བརྒྱ་གཡོ་བར་མཛད་པས་ན་ འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད་པའོ། །རྫུ་འཕྲུལ་རྐང་པའི་སྟོབས་ཆེན་ལྡན། །ཞེས་བྱ་བ་ལ། རྫུ་འཕྲུལ་ཉིད་ཀྱི་རྐང་པའི་སྟོབས་ཆེན་པོ་དང་ལྡན་པ་གང་ཡིན་པ་དེ་ནི་རྫུ་འཕྲུལ་རྐང་པའི་སྟོབས་ཆེན་ལྡན་ནོ། །དེ་ཁོ་ན་ཉིད་ལ་གནས་པས་ན་དེ་ཉིད་དོ། །སྔོན་ཉམས་སུ་མྱོང་བ་བརྗེད་པར་མི་འགྱུར་བས་ན་དྲན་པ་ཆེན་པོ་འཆང་ངོ་། ། སངས་རྒྱས་དང་ཆོས་དང་དགེ་འདུན་དང་། གཏོང་བ་རྗེས་སུ་དྲན་པ་སྟེ། རྗེས་སུ་དྲན་པ་བཞི་པོ་དེ་ཉིད་ཏིང་ངེ་འཛིན་ཏོ། །དེ་རྣམས་ཀྱི་བདག་པོར་གྱུར་པས་ན་དྲན་པ་བཞི་པོ་ཏིང་ངེ་འཛིན་རྒྱལ་ལོ། །བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་གི་དྲི་དང་ལྡན་པའི་གཟུགས་ཅན་ཡིན་པས་ན་བྱང་ཆུབ་ཡན་ལག་མེ་ཏོག་ སྤོས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་རིན་པོ་ཆེའི་བཞིར་གྱུར་པས་དེ་བཞིན་གཤེགས་པའི་ཡོན་ཏན་མཚོའོ། །ལམ་གྱི་ཡན་ལག་བརྒྱད་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་དང་། ཐུན་མོང་གི་ཚུལ་གྱིས་ཡོངས་སུ་མཁྱེན་པས་ན་ལམ་གྱི་ཡན་ལག་བརྒྱད་ཚུལ་རིག་གོ། ། 63-1-23a དེ་ཉིད་ཀྱིས་ན་ཡང་དག་སངས་རྒྱས་ལམ་རིག་པའོ། །ཐུགས་རྗེ་ཆེན་པོའི་དབང་གིས་སེམས་ཅན་ཐམས་ཅད་ཀུན་ལ་ཤས་ཆེར་ཆགས་པས་ན་སེམས་ཅན་ཀུན་ལ་ཤས་ཆེར་ཆགས་པའོ། །ཤེས་རབ་ཀྱི་དེ་ཁོ་ན་ཉིད་ལ་བརྟེན་པས་ན་ནམ་མཁའ་ལྟ་བུར་ཆགས་པ་མེད་པའོ། །སེམས་ ཅན་ཐམས་ཅད་ཀྱི་ཡིད་ལ་འཇུག་ཅིང་ཤེས་པས་སེམས་ཅན་ཀུན་གྱི་ཡིད་ལ་འཇུག་པའོ། །དེ་ཉིད་ཀྱིས་ན་ཡིད་མགྱོགས་པས་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་ཚིགས་སུ་བཅད་པ་གཏོང་བས་ན་སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས་སོ། །ཐ་མ་དང་། འབྲིང་དང་། མཆོག་གི་ སེམས་ཅན་ཐམས་ཅད་ཀྱི་དབང་པོའི་དོན་ཡོངས་སུ་མཁྱེན་པས་ན་སེམས་ཅན་ཀུན་གྱི་དབང་དོན་ཤེས་སོ། །ཤིན་ཏུ་ཡིད་དུ་འོང་ཞིང་དགའ་བས་སེམས་ཅན་ཐམས་ཅད་ཀྱི་ཡིད་འཕྲོག་པས་ན་སེམས་ཅན་ཀུན་གྱི་ཡིད་འཕྲོག་པའོ། །གཟུགས་ནི་དབུ་བ་ལྟ་བུ་སྟེ། །ཚོར་བ་ཆུ་ཡི་ ཆུ་བུར་འདྲ། །འདུ་ཤེས་སྨིག་རྒྱུ་འདྲ་བ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་འདྲ། །རྣམ་ཤེས་སྒྱུ་མ་ལྟ་བུའོ། །ཞེས་ཕུང་པོ་བསྟན་པའི་ཚུལ་གྱིས་སྟོན་པ་འདིས་ཕུང་པོ་ལྔ་དོན་གྱི་དེ་ཁོ་ན་ཉིད་མཁྱེན་པས་ན་ཕུང་པོ་ལྔ་དོན་དེ་ཉིད་ཤེས་སོ། །ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་སྟེ། ཕུང་པོ་ལྔ་པོ་རྣམ་པར་དག་པའི་ངོ་བོ་ཉིད་འཛིན་པས་ན་རྣམ་དག་ཕུང་པོ་ལྔ་འཆང་བའོ། །ཉན་ཐོས་ལ་སོགས་པའི་ངེས་པར་འབྱུང་བའི་མཐར་ཐུག་པ་ལ་ཞུགས་པས་ན་ངེས་འབྱུང་ཀུན་གྱི་མཐའ་ལ་གནས་སོ། །ངེས་པར་འབྱུང་བ་ཐམས་ཅད་ཀྱི་རང་གི་ངོ་བོ་ཐུགས་སུ་ཆུད་ པས་ན་ངེས་པར་འབྱུང་བ་ཀུན་ལ་མཁས་པའོ། །ངེས་པར་འབྱུང་བ་ཐམས་ཅད་ལ་ཞུགས་པས་ན་སེམས་ཅན་རྣམས་ལམ་དེ་ལ་འཇོག་པས་ན་ངེས་འབྱུང་ཀུན་གྱི་ལམ་ལ་གནས་སོ། །སེམས་ཅན་རྣམས་ལ་ངེས་པར་འབྱུང་བ་ཐམས་ཅད་སྟོན་པས་ན་ངེས་པར་འབྱུང་བ་ཀུན་སྟོན་པའོ། །རྟེན་ཅིང་འབྲེལ་པར་འབྱུང་ བ་ཡན་ལག་བཅུ་གཉིས་ཀྱི་མཚན་ཉིད་ཅན་གྱི་སྲིད་པར་འཇུག་པ་རྩ་བ་དང་བཅས་པ་ཡང་བཏོན་པས་ན་ཡན་ལག་བཅུ་གཉིས་སྲིད་རྩ་བཏོན་པའོ། །དེ་ཉིད་ཀྱིས་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་རྣམ་པ་བཅུ་གཉིས་ཅན་མེད་པ་རྣམ་པར་དག་པའི་མྱ་ངན་ལས་འདས་པ་ཐོབ་པས་ན་དག་པ་རྣམ་པ་བཅུ་ 63-1-23b གཉིས་འཆང་བའོ། །སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་གྱི་མཚན་ཉིད་ཅན་བདེན་པ་བཞིའི་ཚུལ་གྱི་རྣམ་པ་སྟོན་པས་ན་བདེན་བཞིའི་ཚུལ་གྱི་རྣམ་པ་ཅན་ནོ། །སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པའི་ཤེས་པ་བརྒྱད་ནི་ཤེས་པ་བརྒྱད་པོ་སྟེ། ཤེས་པ་དེ་རྣམས་ཐུགས་སུ་ ཆུད་ཅིང་དེ་རྣམས་ཉིད་ཐུགས་ལ་འཇོག་པས་ན་ཤེས་པ་བརྒྱད་པོ་རྟོག་པ་འཆང་ངོ་། །སྐྱེ་མཆེད་བཅུ་གཉིས་ཀྱི་རྣམ་པའི་མཚན་ཉིད་ཅན་ཀུན་རྫོབ་ཀྱི་བདེན་པའི་དོན་སྟོན་པས་ན་བདེན་དོན་རྣམ་པ་བཅུ་གཉིས་ལྡན་ནོ། །དེ་ཁོ་ན་ཉིད་རྣམ་པ་བཅུ་དྲུག་ནི་ནང་སྟོང་པ་ཉིད་ནས་བརྩམས་ཏེ། དངོས་པོ་མེད་པའི་ ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་སྟོང་པ་ཉིད་བཅུ་དྲུག་གོ། །དེ་རྣམས་ཇི་ལྟ་བ་བཞིན་མཁྱེན་པས་ན་དེ་ཉིད་རྣམ་པ་བཅུ་དྲུག་རིག་གོ། །དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་བཅུ་དྲུག་གི་རྣམ་པ་ལ་གཞན་ཡང་མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་སྒྲུབ་པ་སྟེ། རྣམ་པ་བཞི་བསྣན་པ་ནི་རྣམ་པ་ཉི་ ཤུ་སྟེ། དེ་ལྟ་བུའི་ཚུལ་གྱིས་བྱང་ཆུབ་པའོ། །སྣ་ཚོགས་པའི་རྣམ་པས་བྱང་ཆུབ་པས་ན་རྣམ་པ་སངས་རྒྱས་སོ། །རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པས་ན་ཀུན་རིག་གོ། །ཐམས་ཅད་ཀྱི་དམ་པ་ཡིན་པས་ན་མཆོག་གོ། །སངས་རྒྱས་ཀྱི་སྐུ་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་སྤྲུལ་པ་ རྣམས་ཀྱིས་འཇིག་རྟེན་གྱི་ཁམས་མཐའ་ཡས་པར་སེམས་ཅན་གྱི་དོན་ལ་ཅིག་ཅར་འཇུག་པས་ན། སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། །བྱེ་བ་དཔག་མེད་འགྱེད་པ་པོའོ། །སྐད་ཅིག་ཐམས་ཅད་མངོན་པར་རྟོགས་པ་ནི་དུས་ཀྱི་མཚན་ཉིད་ཡོངས་སུ་ཤེས་པ་སྟེ་དེ་མཁྱེན་པས་ན་སྐད་ཅིག་ཐམས་ཅད་མངོན་ པར་རྟོགས་པའོ། །སེམས་ཅན་ཐམས་ཅད་དང་འབྲེལ་པའི་སེམས་ཀྱི་མཚན་ཉིད་ནི་ཡང་དག་པ་དང་ལོག་པའི་མཚན་ཉིད་ཅན་ནོ། །དེ་མཁྱེན་པས་སེམས་ཀྱི་སྐད་ཅིག་ཀུན་རིག་གོ། །ཐེག་པ་སྣ་ཚོགས་པ་ནི་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པའོ། །དེ་ཉིད་ཐབས་ཏེ། ཐེག་པ་སྣ་ཚོགས་པའི་ཐབས་དེས་འགྲོ་ བ་རྣམས་ཀྱི་དོན་ལ་རྣམ་པར་རྟོག་ཅིང་རྫོགས་པར་མཛད་པས་ན། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོག་པ་པོའོ། །ཐེག་པ་གསུམ་ནི་ཉན་ཐོས་ལ་སོགས་པའི་ཐེག་པ་སྟེ། དེ་རྣམས་ལས་འབྱུང་བས་ན་ཐེག་པ་གསུམ་གྱི་ངེས་འབྱུང་ལའོ། །དོན་དམ་པར་ནི་ཐེག་པ་ལ་དབྱེ་བ་ 63-1-24a ཡོད་པ་མ་ཡིན་ཏེ། སངས་རྒྱས་ཉིད་དུ་འབྲས་བུ་གཅིག་པས་ན། ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་བྱའོ། །ཉོན་མོངས་པ་རྣམས་ཀྱི་ཁམས་ནི་མིག་ལ་སོགས་པའི་རིགས་ཏེ། ཕ་རོལ་གྱི་དོན་མེད་པས་རྒྱུ་དང་འབྲས་བུའི་ངོ་བོར་མེད་པས་ན་རྣམ་པར་དག་པའི་ བདག་ཉིད་གང་ཡིན་པ་དེ་ནི་ཉོན་མོངས་ཁམས་རྣམས་དག་པའི་བདག་གོ། །དགེ་བ་དང་མི་དགེ་བའི་ལས་ཀྱིས་ཀུན་ནས་བསླང་བའི་སེམས་ནི་ལས་ཀྱི་ཁམས་སོ། །དེ་ཡང་མི་སྐྱེ་བའི་ཆོས་ཅན་ཉིད་དུ་བྱས་པས་ན་ལས་ཀྱི་ཁམས་རྣམས་ཟད་བྱེད་པའོ། །ཆུ་བོ་ནི་བཞི་སྟེ། འདོད་པའི་ཆུ་བོ་དང་། སྲིད་ པའི་ཆུ་བོ་དང་། ལྟ་བའི་ཆུ་བོ་དང་། མ་རིག་པའི་ཆུ་བོའོ། །དེ་ཉིད་བརྒལ་དཀའ་བས་ན་རྒྱ་མཚོའོ། །དེ་རྣམས་ལས་བརྒལ་བས་ན་ཆུ་བོའི་རྒྱ་མཚོ་ཀུན་ལས་བརྒལ་བའོ། །སྦྱོར་བ་ནི་བཞི་སྟེ། སྲིད་པ་ལ་སོགས་པའོ། །སྦྱོར་བ་ཉིད་འཇིག་པར་བྱེད་པས་ན་དགོན་པའོ། །དེ་རྣམས་ལས་ངེས་པར་འབྱུང་ བས་ན་སྦྱོར་བའི་དགོན་པ་ལས་བྱུང་བའོ། །ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པའོ། །ཉེ་བའི་ཉོན་མོངས་པ་ནི་ཁྲོ་བ་ལ་སོགས་པའོ། །དེ་རྣམས་ཀུན་ནས་བསགས་པས་ཀུན་ནས་ཉོན་མོངས་པའི་ཕྱིར་ཀུན་ནས་ཉོན་མོངས་པའོ། །དེ་རྣམས་བག་ཆགས་བཅས་པར་ཤིན་ཏུ་སྤངས་པ་གང་ ཡིན་པ་དེ་ནི་བག་ཆགས་བཅས་པ་གཏན་སྤངས་པའོ། །ཐུགས་རྗེ་ཆེན་པོ་དང་ཤེས་རབ་དང་ཐབས་རྣམས་ཀྱིས་འབྲས་བུ་དང་བཅས་ཤིང་དོན་ཡོད་པར་འགྲོ་བའི་དོན་མཛད་པས་ན། སྙིང་རྗེ་ཆེན་པོ་ཤེས་རབ་ཐབས། །དོན་ཡོད་འགྲོ་བའི་དོན་བྱེད་པའོ། །མཚན་མར་འཛིན་པའི་བདག་ཉིད་ཅན་ནི་འདུ་ཤེས་ སོ། །འདུ་ཤེས་ཀྱང་ཕྱིའི་ཡུལ་མེད་པས་མཚན་མར་འཛིན་པ་ཡང་མེད་པ་ཉིད་ནི་འདུ་ཤེས་ཐམས་ཅད་ཀྱི་དོན་སྤངས་པའི་དོན་གྱི་དགོས་པ་གང་ཡིན་པ་དེ་ནི་འདུ་ཤེས་ཀུན་གྱི་དོན་སྤངས་ཤིང་ངོ་། །རྣམ་པར་ཤེས་པའི་དོན་ནི་རྣམ་པར་ཤེས་པའི་ཡུལ་དུ་བརྟགས་པ་ཉིད་ཀྱིས་འགོག་པར་བྱེད་པའི་རྣམ་པ་འགག་པར་སྟོན་པས་ན་རྣམ་ ཤེས་དོན་ནི་འགག་པར་བྱེད་དོ། །སེམས་ཅན་ཐམས་ཅད་ཀྱི་ཡིད་ཀྱི་ཡུལ་ལ་དམིགས་པས་ན་སེམས་ཅན་ཀུན་ཡིད་ཡུལ་དང་ལྡན་ནོ། །འགྲོ་བ་གཞན་མེད་པས་སེམས་ཅན་ཐམས་ཅད་ཀྱི་ཡིད་ཀྱི་འགྲོ་བ་མཁྱེན་པས་ན་སེམས་ཅན་ཀུན་གྱི་ཡིད་རིག་པའོ། །གཞན་ཡང་གཅིག་པུར་མ་ཟད་ཀྱི་དེའི་ 63-1-24b ཡིད་ཀྱི་བར་ལ་གནས་པས་ན་སེམས་ཅན་ཀུན་གྱི་ཡིད་ལ་གནས་སོ། །དེ་རྣམས་ཀྱི་སེམས་ནི་དེ་དག་སེམས་ཏེ། དེ་ལ་དམིགས་པས་དེ་དང་མཉམ་པ་ཉིད་ཐོབ་པས་དེ་དག་སེམས་དང་མཐུན་པར་འཇུག་གོ། །སེམས་ཅན་ཐམས་ཅད་ལ་ཡིད་དུ་འོང་བའི་གཟུགས་ཀྱིས་ཚིམ་པར་བྱེད་པས་ན་སེམས་ཅན་ཀུན་ ཡིད་ཚིམ་པར་བྱེད་དོ། །སེམས་ཅན་ཐམས་ཅད་ལ་དོན་དམ་པ་སྟོན་པས་ཡིད་དགའ་བ་བསྐྱེད་པས་ན་སེམས་ཅན་ཀུན་གྱི་ཡིད་དགའ་བའོ། །གང་གྲུབ་ཅིང་ཡོངས་སུ་རྫོགས་པའི་མཐར་ཐུག་པ་དེ་ནི་གྲུབ་པའི་མཐར་ཕྱིན་ནོ། །ཕྱིའི་དོན་གྱི་འཁྲུལ་པ་མེད་པས་ན་ལོག་པར་ལྟ་བའི་མཚན་ཉིད་ཅན་ནོར་བ་མི་མངའ་བས་ན་ནོར་བ་ ཐམས་ཅད་རྣམ་པར་སྤངས་པའོ། །དེ་ཉིད་ཀྱིས་ན་ཐེ་ཚོམ་མེད་པའི་བློའོ། །བླང་བ་དང་སྤང་བ་དང་བཏང་སྙོམས་སུ་བྱ་བའི་དོན་གསུམ་པོ་སྟོན་པས་ན་དོན་གསུམ་ཐེ་ཚོམ་མེད་པའི་བློའོ། །ལོངས་སྤྱོད་དང་ཐར་པའི་མཚན་ཉིད་ཅན་གྱི་དོན་ཐམས་ཅད་ལ་རང་དབང་ཡོད་པ་གང་ཡིན་པ་དེ་ནི་ཀུན་དོན་ཏོ། །སྟོང་པ་ཉིད་དང་ མཚན་མ་མེད་པ་དང་། སྨོན་པ་མེད་པ་ནི་ཡོན་ཏན་གསུམ་སྟེ། རྣམ་པར་ཐར་པའི་སྒོ་དེ་གསུམ་ཡོད་པའི་བདག་ཉིད་ཅན་གང་ཡིན་པ་དེ་ནི་ཡོན་ཏན་གསུམ་གྱི་བདག་གོ། །ཕུང་པོ་ལྔ་ནི་གཟུགས་ལ་སོགས་པའོ། །དུས་གསུམ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་སོ། །དུས་དེ་རྣམས་ཀྱི་ དུས་གཅིག་པ་གང་ཡིན་པ་དེ་ནི་གསུམ་སྟེ། དུས་དེ་རྣམས་ཀྱི་ཕྲ་བའི་གནས་སྐབས་སྔོན་དང་ཕྱི་མར་འབྱུང་བ་ནི་སྐད་ཅིག་ཐམས་ཅད་དེ། དེ་རྣམས་ཀྱི་བྱེ་བྲག་ཕྱེད་པས་ན། ཕུང་པོ་ལྔ་དོན་དུས་གསུམ་དུ། །སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད། །ཅེས་བྱའོ། །ཤིན་ཏུ་ཕུལ་དུ་བྱུང་བ་ཡེ་ཤེས་ཀྱི་དབང་ཕྱུག་དང་ལྡན་ པས་ན་སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་སོ། །ཆོས་ཀྱི་སྐུའི་ངོ་བོ་ཉིད་དུ་མི་ཕྱེད་པས་ན་སངས་རྒྱས་ཀུན་གྱི་རང་བཞིན་འཆང་ངོ་། །ཆོས་ཀྱི་སྐུ་དང་ལྡན་པས་ན་འབྱུང་བ་ལས་གྱུར་པའི་ལུས་མེད་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་ཀུན་དང་ལྡན་པས་ན་ལུས་ཏེའོ། །སྤྲུལ་པའི་སྐུ་དང་ལྡན་པས་ན་ ལུས་ཀྱི་མཆོག་གོ། །ལུས་ཀྱི་མཐའ་རྟོགས་པ་དང་ལྡ་པས་ན་ལུས་ཀྱི་མཐའ་ནི་རྟོགས་པའོ། །ལུས་ཀྱི་མཐའ་རྟོགས་པའི་ཚུལ་གྱིས་ན་གཟུགས་རྣམས་ཐམས་ཅད་ཀུན་དུ་སྟོན་པའོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་པའི་ཡིད་བཞིན་གྱི་ནོར་བུའི་ངོ་བོར་གྱུར་པས་ན་ནོར་བུ་ཆེན་པོའོ། ། 63-1-25a རིན་པོ་ཆེས་མཚན་པའི་རྒྱལ་མཚན་ནི་རིན་ཆེན་ཏོག་གོ། །ཆོས་ཀྱི་སྐུའི་ངོ་བོ་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་རྟོགས་པར་བྱ་བ་ཡིན་པས་ན་སངས་རྒྱས་ཀུན་གྱིས་རྟོགས་བྱ་བའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེའི་རང་བཞིན་ཡིན་པས་ན་ སངས་རྒྱས་བྱང་ཆུབ་བོ། །འདིའི་གོང་ན་གཞན་མེད་པས་ན་བླ་ན་མེད་པའོ། །གསང་སྔགས་ཀྱི་རྒྱུད་ལས་བྱུང་བས་ན་གསང་སྔགས་ལས་བྱུང་བའོ། །གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པས་ན་ཡི་གེ་མེད་པའོ། །དེ་བཞིན་གཤེགས་པ་དང་། པདྨ་དང་། རྡོ་རྗེའི་རིགས་ནི་གསང་སྔགས་ཆེན་པོའི་ རིགས་གསུམ་ཡིན་ཏེ། དེའི་རང་བཞིན་ཡིན་པས་ན་གསང་སྔགས་ཆེན་པོའི་རིགས་གསུམ་པའོ། །གསང་སྔགས་ཐམས་ཅད་ཀྱི་བསྐྱེད་པའི་རྒྱུར་གྱུར་པས་ན་གསང་སྔགས་དོན་ཀུན་བསྐྱེད་པ་པོའོ། །རིག་པའི་ངང་ཚུལ་ཅན་ནི་ཐིག་ལེ་ཆེན་པོ་སྟེ། སེམས་དཔའ་ཞེས་བྱ་བའི་དོན་ཏོ། །ཡི་གེ་དང་སྒྲ་ སྐད་དང་བརྡ་ཐམས་ཅད་དང་བྲལ་བས་ཡི་གེ་མེད་པའོ། །སྟོང་པ་ཉིད་ཆེན་པོའི་ངོ་བོ་ཉིད་ཡིན་པས་ན་སྟོང་པ་ཆེན་པོའོ། །ཨ་ར་པ་ཙ་ན་སྟེ་ཡི་གེ་ལྔའི་བདག་ཉིད་ཅན་ཡིན་པས་ན་ཡི་གེ་ལྔའོ། །ཐིག་ལེ་སྟོང་པ་ཉིད་ཀྱི་གསང་སྔགས་དམ་པའི་ཡི་གེ་བརྒྱ་ཡིན་པས་ན་ཐིག་ལེ་སྟོང་པ་ཡི་གེ་བརྒྱའོ། །སྣ་ཚོགས་ པའི་རྣམ་པ་དང་ལྡན་པས་ན་རྣམ་པ་ཀུན་ལྡན་ནོ། །ཆོས་ཀྱི་སྐུའི་བདག་ཉིད་ཡིན་པས་ན་རྣམ་པ་མེད་པའོ། །བཅུ་དྲུག་ཕྱེད་ཕྱེད་བཞི་ཆའི་ལྷག་མར་གྱུར་པའི་ཟླ་བའི་ཐིག་ལེ་རལ་པའི་ཅོད་པན་ལ་ཐོགས་པས་ན་བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན་ནོ། །ཡན་ལག་མེད་པ་གང་ཡིན་པ་དེ་ནི་ཡན་ལག་མེད་པ་ སྟེ་ཆ་ཤས་མེད་པ་ཞེས་བྱ་བའི་དོན་ཏོ། །བརྩི་བ་དང་གྲངས་ཀྱིས་བཅད་པ་ལས་འདས་པས་ན། བརྩི་བ་ལས་འདས་པའོ། །བསམ་གཏན་གསུམ་པའི་རྩེ་མོ་རྣམ་པར་མི་རྟོག་པའི་བསམ་གཏན་བཞི་པ་འཛིན་པས་ན་བསམ་གཏན་བཞི་པའི་རྩེ་མོ་ཅན་ནོ། །དེ་ཉིད་མཁྱེན་པས་ན་བསམ་གཏན་ ཡན་ལག་ཀུན་ཤེས་ཤིང་ངོ་། །ཏིང་ངེ་འཛིན་ནི་དཔའ་བར་འགྲོ་བ་ལ་སོགས་པའོ། །དེའི་རིགས་དང་རྒྱུད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་མཁྱེན་པས་ན་ཏིང་ངེ་འཛིན་རིགས་དང་རྒྱུད་རིག་པའོ། །ཏིང་ངེ་འཛིན་ལུས་ཅན་ནི་ཆོས་ཀྱི་སྐུའོ། །དེ་ཉིད་སྐུ་གཉིས་པས་མཆོག་ཏུ་གྱུར་པས་ན་ 63-1-25b ལུས་ཀྱི་མཆོག་གོ། །ལོངས་སྤྱོད་རྫོགས་པའི་སྐུ་ཐམས་ཅད་དུ་མཛེས་པས་ན་ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ་ལོ། །གང་གི་ཕྱིར་མཆོག་ཏུ་གྱུར་ཅིང་སངས་རྒྱས་ཀྱི་སྤྲུལ་པའི་རྒྱུད་འཆང་བ་དེ་ཉིད་ཀྱིས་ན་སྤྲུལ་པའི་སྐུ་སྟེ་སྐུའི་མཆོག །སངས་རྒྱས་པའི་སྤྲུལ་པའི་རྒྱུད་འཆང་ངོ་། །ཕྱོགས་བཅུར་ སྤྲུལ་པ་སྣ་ཚོགས་འགྱེད། །ཇི་བཞིན་འགྲོ་བའི་དོན་བྱེད་པ། །ཞེས་བྱ་བ་ནི། ཕྱོགས་བཅུར་རྣམ་པ་སྣ་ཚོགས་ཤིང་དུ་མའི་སྤྲུལ་པ་འགྱེད་པ་ལ་བརྟེན་ནས་ཇི་ལྟ་བ་བཞིན་འགྲོ་བའི་དོན་མཛད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ལ་ལར་ནི་ལྷའི་དབང་པོར་སྟོན་པའོ། །ལ་ལར་ནི་ལྷའི་ལྷའོ། །ལྷའི་ བདག་པོ་ནི་དགའ་ལྡན་གྱི་ལྷའི་བདག་པོའོ། །ལྷ་མིན་བདག་པོ་ནི་ཐགས་བཟངས་རིས་ལ་སོགས་པའོ། །ལ་ལར་ནི་འཆི་མེད་དབང་པོ་སྟེ། འཐབ་བྲལ་ལ་སོགས་པའི་ལྷ་རྣམས་ཀྱི་རྒྱལ་པོའོ། །ལྷའི་བླ་ནི་གཟའ་ཕུར་བུའོ། །འཇིགས་བྱེད་ནི་དྲག་པོའི་ཚོགས་སོ། །འཇོམས་བྱེད་དབང་ཕྱུག་ནི་ དྲག་པོའོ། །དེ་དག་ལ་སོགས་པའི་སྤྲུལ་པ་རྣམས་ཀྱིས་འགྲོ་བའི་དོན་མཛད་ཅེས་བྱ་བའི་དོན་ཏོ། །འཁོར་བའི་བག་ཆགས་ཀྱི་ཉེས་པ་མེད་པས་ན་སྲིད་པའི་དགོན་པ་ལས་བརྒལ་བའོ། །འགྲོ་བ་ལ་རྗེས་སུ་སྟོན་པས་ན་སྟོན་པའོ། །གཉིས་པ་མེད་པས་ན་གཅིག་པུའོ། །འགྲོ་བའི་བླ་མར་གྱུར་པས་ན་ འགྲོ་བའི་བླ་མའོ། །ཆོས་ཀྱི་སྦྱིན་བདག་ཆེན་པོར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་ཤས་ཆེར་གྲགས་པས་ན། འཇིག་རྟེན་ཕྱོགས་བཅུར་རབ་གྲགས་པ། །ཆོས་ཀྱི་སྦྱིན་བདག་ཆེ་བ་པོའོ། །ཅི་ཞིག་མཛད་ནས་བདུད་འཇོམས་ཤེ་ན། བྱམས་པའི་གོ་ཆས་སྐུ་ལ་གྱོན་པས་ཆས་བྱས་ཤིང་དེ་བཞིན་ཉིད་དུ་ སྙིང་རྗེའི་ཡ་ལད་བགོ་བ་བྱས་ནས་ཤེས་རབ་ཀྱི་རལ་གྲི་མདའ་གཞུ་ཐོགས་ཏེ་གཡུལ་ལས་རྒྱལ་བར་མཛད་དོ་ཞེས་སྦྱར་རོ། །ཉོན་མོངས་པ་དང་མི་ཤེས་པའི་གཡུལ་ངོ་ལས་རྒྱལ་བར་མཛད་པས་ན་ཉོན་མོངས་མི་ཤེས་གཡུལ་ངོ་སེལ་ཏོ། །འཇིགས་པ་མེད་པས་ན་དཔའ་བོའོ། །བདུད་ཀྱི་དགྲ་ཡིན་པས་ན་བདུད་ དགྲའོ། །བདུད་ལས་རྒྱལ་བས་ན་བདུད་ཐུལ་བའོ། །ཕུང་པོ་དང་། ཉོན་མོངས་པ་དང་། འཆི་བདག་དང་། ལྷའི་བུའི་བདུད་ཅེས་གྲགས་པ་ནི་བདུད་བཞིའོ། །དེ་རྣམས་ཀྱི་འཇིགས་པ་རྣམས་སེལ་ཅིང་མཐར་ཐུག་པར་མཛད་པས་ན། བདུད་བཞིའི་འཇིགས་པ་སེལ་བར་བྱེད། བདུད་ཀྱི་དགྲ་ 63-1-26a གཅིག་པུར་མ་ཟད་དེ། བཅོམ་ལྡན་འདས་ནི་བདུད་ཀྱི་དཔུང་གི་བར་རྣམས་ཀྱང་ཕམ་པར་མཛད་པས་ན་བདུད་ཀྱི་དཔུང་རྣམས་ཕམ་བྱེད་པའོ། །དེ་ཉིད་ཀྱིས་ན་རྫོགས་པའི་སངས་རྒྱས་འཇིག་རྟེན་གྱི་འདྲེན་པར་གྱུར་པའོ། །མཆོག་ཏུ་བླ་མར་གྱུར་པ་ཡིན་པས་ན་ཕྱག་བྱར་འོས་པ་ཡིན་ ལ། དེ་ཉིད་ཀྱིས་ན། མཆོད་འོས་བསྟོད་འོས་ཕྱག་གི་གནས། །རྟག་ཏུ་རི་མོར་བྱ་བའི་འོས། །བཀུར་འོས་རྗེད་པར་བྱ་བའི་མཆོག །ཕྱག་བྱར་འོས་པ་བླ་མའི་རབ། །ཅེས་བྱའོ། །ཁམས་གསུམ་ཐམས་ཅད་དུ་གོམ་པ་གཅིག་གིས་བགྲོད་པར་མཛད་པ་གང་ཡིན་པ་དེ་ནི་འཇིག་རྟེན་གསུམ་པོ་གོམ་ གཅིག་བགྲོད་པའོ། །དེ་ལྟར་མཁའ་ལྟར་མཐའ་ཡས་ཏེ་དེའི་མཐར་ཐུག་པའི་གོམ་པ་མངའ་བས་ན་མཁའ་ལྟར་མཐའ་མེད་པ་རྣམ་པར་གནོན་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་རིག་པ་གསུམ་ནི་འདི་ལྟ་སྟེ། ལྷའི་མིག་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། ཟག་པ་ཟག་པའོ། །རིག་པ་ཞེས་བྱ་ བའི་སྒྲ་ནི་ཡེ་ཤེས་ལ་ཟེར་བས་དེས་ན་ཡེ་ཤེས་རྣམ་པ་གསུམ་དང་ལྡན་པས་གསུམ་རིག་གོ། །བདག་དང་བདག་གིར་ཡོངས་སུ་ཤེས་པའི་བག་ཆགས་ཐམས་ཅད་དང་བྲལ་བས་ན་གཙང་བའི་ཕྱིར་གཙང་མའོ། །ཉེས་པ་ཐམས་ཅད་དང་བྲལ་བའི་ཕྱིར་དག་པའོ། །ལྷའི་མིག་ལ་སོགས་པ་མངོན་པར་ ཤེས་པ་དྲུག་གང་ལ་ཡོད་པ་དེ་ནི་མངོན་ཤེས་དྲུག་ལྡན་ནོ། །སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་རྗེས་སུ་དྲན་པ་དང་། དགེ་འདུན་རྗེས་སུ་དྲན་པ་དང་། ཚུལ་ཁྲིམས་རྗེས་སུ་དྲན་པ་དང་། གཏོང་བ་རྗེས་སུ་དྲན་པ་དང་། ལྷ་རྗེས་སུ་དྲན་པ་རྣམས་ཏེ། དེ་རྣམས་དང་ལྡན་པས་ན་རྗེས་དྲན་དྲུག་གོ། །བྱང་ ཆུབ་ལ་སེམས་པའི་སེམས་གང་ལ་ཡོད་པ་དེ་ནི་བྱང་ཆུབ་སེམས་དཔའོ། །གཞན་གྱི་དོན་ལ་གཅིག་ཏུ་མཛད་པས་ན་སེམས་དཔའ་ཆེན་པོའོ། །རྣམ་པ་ཐམས་ཅད་ཀྱི་ཡུལ་ལ་དད་པའི་རྫུ་འཕྲུལ་ལྡན་པས་ན་རྫུ་འཕྲུལ་ཆེན་པོའོ། །འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐུགས་སུ་ཆུད་པས་ན་འཇིག་རྟེན་ལས་འདས་པའོ། །ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པའི་སྦྱོར་བས་ཆོས་ཀྱི་སྐུ་ཐུགས་སུ་ཆུད་པའི་མཐར་ཐུག་པས་ན་ཤེས་རབ་ཕ་རོལ་ཕྱིན་པའི་མཐའོ། །རྣམ་པ་ཐམས་ཅད་དུ་དེའི་ངོ་བོ་ཉིད་དུ་གྱུར་པས་ན་ཤེས་རབ་ཀྱིས་ནི་དེ་ཉིད་ཐོབ་པའོ། །སོ་སོ་རང་རིག་པའི་ཆོས་ཀྱི་ཚུལ་གྱིས་བདག་རིག་པས་ན་བདག་རིག་གོ། །སྒྱུ་མ་ལ་སོགས་པའི་ 63-1-26b ཚུལ་གྱིས་གཞན་རིག་པས་གཞན་རིག་གོ། །བྱ་བ་ཐམས་ཅད་རྫོགས་པར་མཛད་པས་ན་ཐམས་ཅད་པའོ། །སེམས་ཅན་ཐམས་ཅད་ལ་ཕན་པར་དགོངས་པས་ན་ཀུན་ལ་ཕན་པའོ། །མང་པོས་བཀུར་བས་གང་ཟག་གི་གཙོ་བོར་གྱུར་པས་ན་གང་ཟག་མཆོག་གོ། །ཐམས་ཅད་དཔེ་ཐམས་ཅད་ལས་ འདས་པས་ན་དཔེར་བྱ་ཀུན་ལས་འདས་པ་སྟེའོ། །ངེས་པར་ལེགས་པར་འདོད་པ་རྣམས་ལ་མཐོ་རིས་དང་ཐར་པའི་རྒྱུར་གྱུར་པས་ན་དེ་ཉིད་ཤེས་པར་བྱ་བ་སྟེ། ཤེས་པར་བྱ་བ་དེ་ལས་གཞན་མེད་ཅེས་བྱ་བའི་དོན་ཏོ། །དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་མ་ལུས་པ་སྐྱེ་བའི་རྒྱུར་གྱུར་པ་ཤེས་པ་ཐམས་ཅད་མཁྱེན་པ་ཉིད་བདག་པོའོ། ། དམ་པ་ཡིན་པས་ན་མཆོག་གོ། །སྦྱིན་པ་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་ནི་ཆོས་ཀྱི་སྦྱིན་པ་ཡིན་ལ། དེ་བས་ན་ཆོས་ཀྱི་སྦྱིན་བདག་གི་གཙོ་བོར་གྱུར་པས་གཙོ་བོར་ཆོས་ཀྱི་སྦྱིན་བདག་སྟེའོ། །ཕྱག་རྒྱ་ཆེན་པོ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་དང་། དམ་ཚིག་གི་ཕྱག་རྒྱ་དང་བཞིའོ། །དེ་རྣམས་ ཀྱི་དོན་ནི་ཕྱག་རྒྱ་བཞིའི་དོན་ཏེ། དེ་ལ་ཕྱག་རྒྱ་ཆེན་པོ་ནི་ལྷའི་སྐུ་སྟེ། ལོངས་སྤྱོད་རྫོགས་པའི་སྐུའོ། །དམ་ཚིག་གི་ཕྱག་རྒྱ་ནི་ཆོས་ཀྱི་སྐུའོ། །ཆོས་ཀྱི་ཕྱག་རྒྱ་ནི་ངག་ཏུ་བརྗོད་པའོ། །ལས་ཀྱི་ཕྱག་རྒྱ་ནི་བྱ་བ་གྲུབ་པའི་སྐུའོ། །དེ་བཞིན་དུ་འགྲོ་བའི་བསྙེན་བཀུར་གྱི་གནས་ཀྱི་མཆོག་ཏུ་གྱུར་པ་དང་། ཉན་ཐོས་ལ་ སོགས་པ་ངེས་པར་འབྱུང་བ་གསུམ་གྱིས་བགྲོད་པར་བཞུད་པ་ནི་བཅོམ་ལྡན་འདས་འཇམ་དཔལ་ལོ། །དེ་བས་ན་དོན་གྱི་དམ་པ་རྣམ་དག་དཔལ་ཏེ་གཞན་མ་ཡིན་ནོ། །ཇི་ལྟར་ཤེས་ཤེ་ན། དོན་གྱི་དམ་པ་རྣམ་དག་དཔལ། །ཞེས་བྱ་བ་ལས་ཤེས་སོ། །འདི་དག་ ལས་ཀྱང་ཤེས་ཏེ། འཇིག་རྟེན་གསུམ་ན་སྐལ་བ་བཟང་པོ་ཉིད་ཀྱིས་མངོན་པར་འདོད་པའི་དོན་ཐམས་ཅད་རྫོགས་པར་མཛད་ཅིང་དཔལ་དང་ལྡན་པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པས་ན། འཇིག་རྟེན་གསུམ་ན་སྐལ་བཟང་ཆེ། །དཔལ་ལྡན་འབྱོར་པ་ཀུན་བྱེད་པ། །འཇམ་དཔལ་དཔལ་དང་ལྡན་པའི་ མཆོག་གོ། །དེ་ནས་ད་ནི་ཕྱག་འཚལ་གསུངས་པ་ཡིན་ཏེ། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་བྱ་བ་ལ་མཆོག་ནི་སངས་རྒྱས་ཉིད་དོ། །དེ་སྩོལ་བས་ན་མཆོག་སྦྱིན་ནོ། །རྡོ་རྗེ་རིགས་ཀྱི་གཙོ་བོར་གྱུར་པས་ན་རྡོ་རྗེ་མཆོག་གོ། །དེ་ལ་བོད་པ་ནི། མཆོག་སྦྱིན་རྡོ་རྗེ་མཆོག་ 63-1-27a ཁྱོད་འདུད། །ཅེས་བྱའོ། །ཡང་དག་མཐར་གྱུར་པ་ནི་དེ་བཞིན་ཉིད་དོ། །དེའི་ངོ་བོར་གྱུར་པས་ན་ཡང་དག་མཐར་གྱུར་རོ། །སྟོང་པ་ཉིད་ཀྱི་སྐྱེ་གནས་ལས་གང་བྱུང་བ་དེ་ནི་སྟོང་པ་ཉིད་ལས་བྱུང་བའོ། །སངས་རྒྱས་ཀྱི་བྱང་ཆུབ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། དེའི་ངོ་བོ་ཉིད་པས་ན་སངས་རྒྱས་བྱང་ཆུབ་བོ། །སངས་རྒྱས་ཀུན་གྱི་ཡུལ་ལ་ཆགས་པ་གང་ཡིན་པ་དེ་ནི་སངས་རྒྱས་ཆགས་པའོ། །སངས་རྒྱས་རྣམས་ཀྱི་འདོད་པ་ནི་འགྲོ་བ་རྣམས་འདོན་པའོ། །དེའི་ངོ་བོ་ཉིད་པས་ན་སངས་རྒྱས་འདོད་པའོ། །སེམས་ཅན་རྣམས་ཀྱི་དོན་མཐར་ཕྱིན་པས་སངས་ རྒྱས་རྣམས་ཀྱི་དགྱེས་པ་བསྐྱེད་པས་ན་སངས་རྒྱས་དགྱེས་པའོ། །སེམས་ཅན་རྣམས་ཐེག་པ་ཆེན་པོ་ལ་རབ་ཏུ་འཇོག་པས་དགའ་བ་བསྐྱེད་པས་ན་སངས་རྒྱས་རོལ་པའོ། །བྱང་ཆུབ་སེམས་དཔའ་རྣམས་ལུས་སྟོན་པའི་རྒྱུར་འཛུམ་པ་མཛད་པས་སངས་རྒྱས་འཛུམ་པའོ། །ཁྲོ་བོའི་གཟུགས་ལ་གནས་ ནས་གདུག་པ་རྣམས་སྐྲག་པར་བྱ་བའི་ཕྱིར། ཧ་ཧ་ཞེས་བཞད་པར་མཛད་པས་ན་སངས་རྒྱས་བཞད་པའོ། །སངས་རྒྱས་ཀྱི་གསུང་ནི་ཆོས་སྟོན་པའི་རྣམ་པའོ། །འདི་ཡང་དེ་བཞིན་དུ་གྱུར་པས་ན་སངས་རྒྱས་གསུང་ངོ་། །སངས་རྒྱས་ཀྱི་ཐུགས་ནི་སངས་རྒྱས་ཀྱི་དེ་བཞིན་ཉིད་དེ། དེ་ལ་ཕྱག་འཚལ་ཞིང་ འདུད་པའོ། །འདི་ལ་དངོས་པོ་མེད་པས་ན་དངོས་པོ་མེད་པའོ། །དེ་ལྟ་ན་ཡང་སེམས་ཅན་གྱི་དོན་དུ་འཁོར་བར་འབྱུང་བར་སྟོན་པས་ན་མེད་པ་ལས་བྱུང་ངོ་། །འདི་ལས་སངས་རྒྱས་འབྱུང་བས་ན་སངས་རྒྱས་འབྱུང་བའོ། །ནམ་མཁའ་དང་མཉམ་པའི་ཆོས་ཀྱི་དེ་ཁོ་ན་ཉིད་ལས་ངེས་པར་འབྱུང་བས་ན་ནམ་ མཁའ་ལས་བྱུང་བའོ། །གཉིས་སུ་མེད་པའི་དེ་བཞིན་ཉིད་ཀྱི་ཡེ་ཤེས་ལས་བྱུང་བས་ན་ཡེ་ཤེས་ལས་བྱུང་བའོ། །སྒྱུ་འཕྲུལ་དྲ་བའི་སྤྲོས་པ་སྟོན་པས་ན་སྒྱུ་འཕྲུལ་དྲ་བའོ། །ཀུན་རྫོབ་ཏུ་སངས་རྒྱས་ཀྱི་རོལ་པས་ན་སངས་རྒྱས་རོལ་སྟོན་ནོ། །སྔར་བཤད་པའི་རྣམ་པ་ཐམས་ཅད་པའི་ཡོན་ཏན་གྱི་རང་ བཞིན་རྣམས་ལ་འདུད་ཅིང་ཕྱག་འཚལ་ལོ་ཞེས་པའོ། །དེ་དག་ཐམས་ཅད་ཡེ་ཤེས་ཀྱི་སྐུའི་མཐུ་ལས་དེ་ལྟར་སོ་སོར་སྣང་སྟེ། དེ་བས་ན། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་བྱ་བ་གསུངས་པ་ཡིན་ནོ། །མཚན་ཡང་དག་པར་བརྗོད་པའི་འགྲེལ་པ། སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་ 63-1-27b གཉེན་གྱི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀ་ར་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ནཱ་མ་སཾ་གཱི་ཏི་ཊཱི་ཀཱ་ནཱ་མ་མནྟྲཱརྠཱ་བ་ལོ་ཀི་ནི་ནཱ་མ། བོད་སྐད་དུ། འཕགས་པ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་པ་མཚན་གསང་སྔགས་ཀྱི་དོན་དུ་རྣམ་པར་ལྟ་བ་ཞེས་བྱ་བ། རྗེ་བཙུན་སྒྲོལ་མ་ལ་ཕྱག་འཚལ་ལོ། །དུས་གསུམ་སྐྱོབ་པའི་ཡེ་ཤེས་ཟླ། །འཕགས་པ་འཇམ་དཔལ་ཕྱག་འཚལ་ཏེ། །ཟབ་ཅིང་རྒྱ་ཆེའི་ཆོས་ལྡན་པ། ། དེ་བཞིན་ཡང་དག་མཚན་བརྗོད་འདིའོ། །རྣལ་འབྱོར་སྤྱོད་དང་བྱ་བའི་རྒྱུད། །དེ་བཞིན་ཕ་རོལ་ཕྱིན་པའི་ཚུལ། །མདོ་སྡེ་ཆོས་མངོན་སྡེ་སྣོད་དང་། །རྣམ་འགྲེལ་གཞན་ཡང་བལྟས་པ་དང་། །ད་ལྟར་འདས་དང་སྐྱེས་རབས་ཏེ། །སྟོད་བྱེད་གཞུང་དང་དེ་བཞིན་དུ། །སེམས་ཙམ་སྨྲ་བ་ཐམས་ཅད་ དང་། །དེ་བཞིན་དབུ་མའི་གང་ཡིན་དང་། །འཇིག་རྟེན་གཙུག་ལག་དེ་བཞིན་ཏེ། །བླ་མ་བརྒྱུད་པའི་རིམ་འོངས་པའི། །མན་ངག་ཀྱང་ནི་ལེགས་དྲན་ཏེ། །གསོལ་བ་འདེབས་པས་བདག་གིས་དེ། །སེམས་ཅན་བློ་ཞན་རྣམས་ལ་ནི། །སྙིང་རྗེས་བརླན་པའི་སེམས་ཀྱིས་སུ། །ཤིན་ཏུ་ཟབ་ ཅིང་རྒྱ་ཆེ་བ། །དེ་ཡི་རྣམ་པར་བཤད་པར་བྱ། །དེ་ནས་ད་ནི་མཚན་ཡང་དག་པར་བརྗོད་པ་འདིའི་ལུས་རྣམ་པར་གཞག་པ་མངོན་པར་བརྗོད་པར་བྱའོ། །འདི་ལྟ་སྟེ་ཞུས་པ་དང་། སླར་གསུངས་པ་དང་། རིགས་དྲུག་ལ་གཟིགས་པ་དང་། སྒྱུ་འཕྲུལ་དྲ་བའི་མངོན་པར་རྫོགས་པར་བྱང་ཆུབ་ པའི་རིམ་པ་དང་། བྱང་ཆུབ་ཀྱི་སེམས་དཔལ་རྡོ་རྗེ་སེམས་དཔའི་སྒོ་ནས་དང་། རང་བཞིན་གྱིས་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྣམ་པར་སྣང་མཛད་ཆེན་པོའི་སྒོ་ནས་དང་། མེ་ལོང་ལྟ་བུའི་ཡེ་ཤེས་མི་བསྐྱོད་པའི་སྒོ་ནས་དང་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་སྣང་བ་མཐའ་ཡས་ ཀྱི་སྒོ་ནས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་རིན་ཆེན་འབྱུང་ལྡན་གྱི་སྒོ་ནས་དང་། བྱ་བ་ནན་ཏན་གྱི་ཡེ་ཤེས་དོན་ཡོད་གྲུབ་པའི་སྒོ་ནས་དང་། དེ་བཞིན་གཤེགས་པ་ལྔའི་སྒོ་ནས་ཡེ་ཤེས་ལྔ་ལ་བསྟོད་པ་དང་། ཡོན་ཏན་དང་། སྔགས་དགོད་པ་དང་། ཉེ་བར་བསྡུ་བ་རྣམས་ཏེ། ལུས་ 63-1-28a ཀྱི་དོན་བཅུ་བཞིའོ། །དེ་ལ་དང་པོ་ནི། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་པ་དང་པོ་ནས་བརྩམས་ཏེ། ལུས་བཏུད་ནས་ནི་སྤྱན་སྔར་འདུག །ཅེས་པའི་བར་གྱི་ཚིགས་བཅད་བཅུ་དྲུག་གིས་ཞུས་པའོ། །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཅེས་པ་དང་པོ་ནས་ བརྩམས་ཏེ། བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ། །ཞེས་པའི་བར་གྱི་ཚིགས་བཅད་དྲུག་གིས་ནི་སླར་གསུངས་པའོ། །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །གསང་སྔགས་རིགས་ཆེན་ཐམས་ཅད་དང་། །ཞེས་པ་དང་པོ་ནས་བརྩམས་ཏེ། རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས། །ཞེས་ པའི་བར་གྱི་ཚིགས་བཅད་གཉིས་ཀྱིས་ནི་རིགས་དྲུག་ལ་གཟིགས་པའོ། །ཚིག་གི་བདག་པོས་ཚིགས་སུ་བཅད། །ཅེས་པ་དང་པོ་ནས་བརྩམས་ཏེ། ཨ་ར་པ་ཙ་ན་ཡ་ཏེན་མཿ ཞེས་པའི་བར་གྱི་ཚིགས་བཅད་གསུམ་གྱིས་སྒྱུ་འཕྲུལ་དྲ་བའི་མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་པ་གསུངས་སོ། ། འདི་ལྟར་ཞེས་པ་དང་པོ་ནས་བརྩམས་ཏེ། ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །ཅེས་པའི་བར་གྱི་ཚིགས་བཅད་བཅུ་བཞིས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་སྒོ་ནས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་མངོན་པར་བརྗོད་པའོ། །སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཞེས་པ་དང་པོ་ནས་བརྩམས་ཏེ། རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །ཞེས་པའི་བར་གྱི་ཚིག་རྐང་གཅིག་མ་ཚང་བའི་ཚིགས་བཅད་ཉི་ཤུ་རྩ་ལྔས་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པའོ། །རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་པ་དང་པོ་ནས་བརྩམས་ཏེ། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཅེས་ པའི་བར་གྱི་ཚིགས་བཅད་བཅུས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པའོ། །ཡང་དག་བདག་མེད་དེ་བཞིན་ཉིད། །ཅེས་པ་དང་པོ་ནས་བརྩམས་ཏེ། ཡེ་ཤེས་མེ་ལྕེ་འོད་འབར་གསལ། །ཞེས་པའི་བར་གྱི་ཚིགས་བཅད་བཞི་བཅུ་རྩ་གཉིས་ཀྱིས་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱི་སྒོ་ནས་ བསྟོད་པའོ། །འདོད་པའི་དོན་གྲུབ་དམ་པ་སྟེ། །ཞེས་པ་དང་པོ་ནས་བརྩམས་ཏེ། ནོར་བུ་ཆེན་པོ་རིན་ཆེན་ཏོག །ཅེས་པའི་བར་གྱི་ཚིགས་བཅད་ཉི་ཤུ་རྩ་བཞིས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པའོ། །སངས་རྒྱས་ཀུན་གྱིས་རྟོགས་བྱ་བ། །ཞེས་པ་དང་པོ་ནས་བརྩམས་ཏེ། 63-1-28b འཇམ་དཔལ་དཔལ་དང་ལྡན་པའི་མཆོག །ཅེས་པའི་བར་གྱི་ཚིགས་བཅད་བཅོ་ལྔས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པའོ། །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་པ་དང་པོ་ནས་བརྩམས་ཏེ། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་པའི་བར་གྱི་ཚིགས་བཅད་ལྔས་དེ་བཞིན་ གཤེགས་པ་ལྔའི་སྒོ་ནས་ཡེ་ཤེས་ལྔ་ལ་བསྟོད་པའོ། །ལག་ན་རྡོ་རྗེ་རྡོ་རྗེ་འཆང་འདི་ནི་ཞེས་པ་དང་པོ་ནས་བརྩམས་ཏེ། ཆོས་ཀྱི་རྒྱལ་པོ་ཐོབ་པོ་ཞེས་པའི་བར་གྱིས་ནི་ཡོན་ཏན་གྱི་སྒོ་ནས་བསྟོད་པའོ། །ཨོཾ་སརྦ་དྷརྨཱ་ཞེས་པ་དང་པོ་ནས་བརྩམས་ཏེ། དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿཞེས་བྱ་བའི་བར་ ཚིགས་བཅད་གསུམ་དང་ཚིག་རྐང་གཉིས་དང་ཡི་གེ་བཞིས་ནི་སྔགས་ཀྱི་སྒོ་ནས་བསྟོད་པའོ། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་པ་དང་པོ་ནས་བརྩམས་ཏེ། རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད། །ཅེས་པའི་བར་གྱི་ཚིགས་བཅད་ལྔས་ནི་ཉེ་བར་བསྡུས་པའི་སྒོ་ནས་བསྟོད་ པའོ། །དེ་ལྟར་དེ་དག་གཅིག་ཏུ་བསྡུས་ནས་ཚིགས་སུ་བཅད་པ་བརྒྱ་དྲུག་ཅུ་རྩ་གཉིས་རྣམས་དང་། ཡོན་ཏན་བརྒྱ་ལྔ་བཅུའི་གཞུང་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་ཡང་དག་པར་བརྗོད་པའི་དོན་བསྡུས་པའོ།། །། འདིར་ཚིག་གི་དོན་ལ་ཐེ་ཚོམ་གྱིས་ཐམས་ཅད་ལ་འབྲེལ་པ་དང་། བརྗོད་བྱ་དང་དགོས་པ་དང་། དགོས་པའི་ཡང་དགོས་པའི་དབང་གིས་རྟོག་པ་སྔོན་དུ་གཏོང་བ་རྣམས་འཇུག་པས་ན་མཚན་ཡང་དག་པར་བརྗོད་པ་འདི་འབྲེལ་པ་ལ་སོགས་པ་ཡང་བརྗོད་པར་བྱའོ། །དེ་ལྟར་ཡང་འདིའི་འབྲེལ་པ་དང་། བརྗོད་ བྱ་ཅི་སྟེ་མ་བསྟན་ན་དེའི་ཚེ་སྨྱོན་པའི་ཚིག་བཞིན་དུ་མ་འབྲེལ་པ་དང་། དོན་མེད་པར་ཡང་དོགས་པའི་རྟོག་པ་སྔོན་དུ་གཏོང་བ་རྣམས་ཉན་པར་མི་འགྱུར་ཏེ། དེའི་ཕྱིར་ན་འདིའི་འབྲེལ་པ་དང་། བརྗོད་བྱ་གདོན་མི་ཟ་བར་བརྗོད་དགོས་སོ། །དད་པ་དང་ལྡན་པ་རྣམས་ནི་བཅོམ་ལྡན་འདས་ཀྱི་བཀའ་ཚད་མར་བྱས་ཏེ་ འཇུག་པ་ཉིད་ཡིན་པས་དེ་ལ་བརྗོད་བྱ་ལ་སོགས་པ་སྨོས་ཅི་དགོས་ཏེ། ཅིའི་ཕྱིར་སྨོས་མི་དགོས་ཤེ་ན། དེ་རྣམས་ཀྱི་དད་པ་ཙམ་གྱིས་རབ་ཏུ་འཇུག་པའི་ཕྱིར་རོ། །དེ་ལ་འདིར་བརྗོད་བྱ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །ཡོན་ཏན་ལས་ཀྱང་དེ་སྐད་གསུངས་ཏེ། ཇི་སྐད་གསུངས་པ། ཆོས་གཉིས་ 63-1-29a སུ་མེད་པ་གཟུང་བའི་དོན་དུ་མཚན་གཟུང་བར་བསྟན་ཏོ་ཞེས་སོ། །རྗོད་བྱེད་ནི་མཚན་ཡང་དག་པར་བརྗོད་པའོ། །བཀླག་པ་ནི་བརྗོད་པ་སྟེ། ཡང་དག་པར་བརྗོད་པའི་མཚན་རྣམས་ནི་ཡང་དག་པར་བརྗོད་པ་སྟེ། མཚན་ཡང་དག་པར་བརྗོད་པའོ། །མཚན་ནི་རྣལ་ འབྱོར་དང་། བྱ་བའི་རྒྱུད་དང་སྤྱོད་པའི་རྒྱུད་དང་། གསུང་རབ་མདོ་སྡེ་མཐའ་དག་དང་། ཆོས་མངོན་པ་དང་། འདུལ་བ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དང་། གཡོ་བ་དང་མི་གཡོ་བ་ཐམས་ཅད་དེ། དེ་རྣམས་ཀྱི་མཚན་ཡང་དག་པར་བརྗོད་པ་ནི་གཙོ་བོ་མ་ཡིན་པས་གནས་པ་སྟེ་ དོན་དམ་པར་མ་ཡིན་ནོ། །ཀུན་རྫོབ་ནི། ཀུན་ནས་སྲིད་རྩེས་ཡོངས་བཅད་པ། །འདི་དག་ཐམས་ཅད་མིང་ཙམ་མོ། །ཞེས་པའི་རིགས་པས་སོ། །འདི་དག་ནི་རྗོད་བྱེད་དང་བརྗོད་བྱའི་མཚན་ཉིད་དམ། ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པའོ། །དགོས་པ་ཡང་གསང་སྔགས་ ཀྱི་སྒོ་ནས་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པ་དང་། དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་གཉིས་ཀྱིས་ཆོས་ཐམས་ཅད་སོ་སོར་རྟོགས་པ་ལྷུར་ལེན་པ་རྟོག་པ་མེད་པའི་ཤེས་རབ་ཀྱིས་འབྱེད་པ་དང་། དད་པས་མངོན་དུ་བྱེད་པས་གཉིས་སུ་མེད་པའི་ཆོས་ཡེ་ཤེས་ཐོབ་པར་བྱེད་པའོ། །དེ་ནས་ ཡང་སྒོམ་པ་མཆོག་ཏུ་མཐར་ཕྱིན་པ་དེ་བཞིན་གཤེགས་པའི་གོ་འཕང་བརྙེས་པ་དགོས་པའི་དགོས་པ་ཞེས་སྦྱར་བར་བྱའོ། །ད་ནི་ཚིག་གི་དོན་ཡང་བཤད་པར་བྱ་སྟེ། དེ་ནས་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པའི་དབང་དུ་བྱས་ནས་གསུངས་པ་སྟེ། དེ་ནི་གསོལ་བ་འདེབས་པ་ཉིད་ཀྱི་སྐབས་སུ་བབ་པའི་ཕྱིར་རོ། ། འཕགས་པ་སྒྱུ་འཕྲུལ་དྲ་བ་ཁྲི་དྲུག་སྟོང་པ་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་ནང་ནས་ཏིང་ངེ་འཛིན་དྲ་བའི་ལེའུ་ལས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གསུངས་པ། བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་གང་ཡིན་པ་དེ་བཅོམ་ལྡན་འདས་རྡོ་རྗེ་ འཆང་གིས་གསོལ་བ་འདེབས་པ་ཡིན་ནོ། །དབང་པོ་རྟུལ་པོའི་སེམས་ཅན་རྗེས་སུ་གཟུང་བའི་དོན་དུའོ། །ཡང་ན་དེ་ནས་ཞེས་གསུངས་པའི། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པའོ། །དེ་ནས་རྡོ་རྗེ་འཆང་ཁྲོ་གཉེར་རིམ་པར་ལྡན་ལ་སོགས་པ་དང་ལྷན་ཅིག་ཏུ། མགོན་པོ་སངས་རྒྱས་ 63-1-29b བཅོམ་ལྡན་འདས། །དེ་བཞིན་གཤེགས་ལ་ཕྱག་འཚལ་ཏེ། །ཐལ་མོ་སྦྱར་བ་བྱས་ནས་ཀྱང་། །སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། །ཞེས་འབྲེལ་ཏོ། །རྡོ་རྗེ་འཛིན་པའི་ཕྱིར་ན་རྡོ་རྗེ་འཆང་བའོ། །ཚིག་འདིས་ནི་ཕྱོགས་བཤད་པའོ། །དཔལ་ནི་ལྷ་མོའོ། །དེ་གང་ལ་ཡོད་པ་དེ་ནི་དཔལ་ ལྡན་ནོ། །འདིས་ནི་རྒྱ་ཆེ་བ་གསུངས་པའོ། །འདིས་ཅི་ཞིག་སྟོན་པར་འགྱུར་ཞེ་ན། ཐབས་དང་ཤེས་རབ་ཀྱི་བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཞེས་བསྟན་པ་ཡིན་ནོ། །འདི་ཉིད་དཔལ་བདེ་མཆོག་གི་རྒྱུད་ལས་གསུངས་པ་སྟེ། ནམ་མཁའ་ཀུན་གྱི་སྐབས་ན་དཔལ། །རྡོ་རྗེ་སེམས་དཔའ་ དེ་བཞིན་གཤེགས། །ཞེས་སོ། །སྡུག་བསྔལ་གྱིས་འདུལ་བ་ནི་གདུལ་དཀའ་བ་སྟེ། དབང་ཕྱུག་ལ་སོགས་པའོ། །དེ་དག་རྣམས་ཀྱིས་འདུལ་བ་ནི་སྟོན་པ་སྟེ། རྡོ་རྗེ་འཛིན་ཉིད་ཀྱིས་འདུལ་བའི་ཕྱིར་རོ། །དབང་ཕྱུག་ལ་སོགས་པ་དེ་དག་རྣམས་ཀྱི་ནང་ན་དམ་པ་ཉིད་པས་རྡོ་རྗེ་འཛིན་པ་ནི་མཆོག་གོ། ། འཇིག་རྟེན་གསུམ་ཞེས་པ་ནི་ས་འོག་གི་འཇིག་རྟེན་དང་། ས་བླའི་འཇིག་རྟེན་དང་། ས་སྟེང་གི་འཇིག་རྟེན་ནོ། །དེ་རྣམས་ལས་རྒྱལ་བའི་ངང་ཚུལ་འདི་ལ་མངའ་བས་ན་འཇིག་རྟེན་གསུམ་ལས་རྒྱལ་ལོ། །ཡང་ན་རྒྱལ་བར་བྱེད་པ་དང་། སྦྲང་རྩིར་བྱེད་པ་དང་། དོན་ཐམས་ཅད་གྲུབ་པར་བྱེད་ པ་གསུམ་ནི་འཇིག་རྟེན་གསུམ་མོ། །དེ་རྣམས་ལས་རྒྱལ་བའི་ངང་ཚུལ་འདི་ལ་མངའ་བས་ན་འཇིག་རྟེན་གསུམ་ལས་རྒྱལ་བའོ། །དེ་ཉིད་ཀྱི་ཕྱིར་ན་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ནི་དཔའ་བོ་སྟེ། གཞན་གྱི་ཟིལ་གྱིས་མནན་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །རྡོ་རྗེ་དབང་ཕྱུག་ཅེས་པ་ནི། རྡོ་རྗེ་ ནི་རྩེ་ལྔ་པའི་རྡོ་རྗེའོ། །དེའི་དབང་ཕྱུག་ནི་གཙོ་བོ་སྟེ། རྡོ་རྗེ་དབང་ཕྱུག་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའོ། །དཔལ་དེ་ཉིད་འདུས་པ་ལས་གསང་བ་ལྔ་བརྗོད་དེ། ཇི་ལྟ་ཇི་ལྟར་འདུལ་འགྱུར་བ། །སེམས་ཅན་རྣམས་ཀྱི་རང་བཞིན་ལས། །དེ་ལྟ་དེ་ལྟར་སེམས་ཅན་དོན། །འདོད་ཆགས་ ལ་སོགས་གཙང་བས་བྱ། །སེམས་ཅན་ཀུན་ལ་ཕན་དོན་དུ། །སངས་རྒྱས་བསྟན་པའི་རྒྱུ་ཡི་ཕྱིར། །སེམས་ཅན་ཐམས་ཅད་བསད་ན་ཡང་། །དེ་ནི་སྡིག་གིས་མི་གོས་སོ། །སེམས་ཅན་ཀུན་ལ་ཕན་དོན་དུ། །སངས་རྒྱས་སྐུ་དང་སྦྱོར་བ་ལས། །གཞན་གྱི་ནོར་རྣམས་འཕྲོག་ན་ཡང་། ། 63-1-30a དེ་ནི་སྡིག་གིས་མི་གོས་སོ། །འདོད་ཆགས་ལྟ་བུའི་བདེ་བ་མེད། །དེ་ནི་རྒྱལ་བ་རྣམས་ལ་འབུལ། །སེམས་ཅན་དོན་དུ་གཞན་བུད་མེད། །བསྟེན་པས་བསོད་ནམས་ཐོབ་པར་འགྱུར། །སེམས་ཅན་ཀུན་ལ་ཕན་དོན་དུ། །སངས་རྒྱས་བསྟན་པ་རྒྱུ་ཡིན་ཕྱིར། །ལས་རྣམས་ ཐམས་ཅད་བྱས་པ་ཡིས། །བསོད་ནམས་རྣམ་པ་མང་པོ་བརྙེས། །ཞེས་སོ། །གསང་བ་ལྔ་པོ་དེ་དག་རྣམས་ཀྱི་རྒྱལ་པོ་ཡིན་པས་གསང་བའི་རྒྱལ་པོའོ། །ཡང་ན་གསང་བ་པ་ལས་རྒྱལ་བའི་ཕྱིར་གསང་བའི་རྒྱལ་པོའོ། །ཐལ་མོ་སྦྱར་བ་བྱས་ནས་ནི། །སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། །ཞེས་པ་འོག་ནས་འབྱུང་ བའི་འབྲེལ་ཚིག་ཀུན་ལ་སྦྱར་བར་བྱའོ། །པདྨ་དཀར་པོ་ཞེས་པ་ནི་དཀར་པོའི་པདྨའོ། །རྒྱས་པ་ནི་ཁ་བྱེ་བའོ། །སྤྱན་ནི་མིག་གོ། །འདིའི་ཚིག་སྦྱར་བ་ནི་པདྨ་དཀར་པོ་ཡང་དེ་ཡིན་ལ་རྒྱས་པ་ཡང་དེ་ཡིན་པས་པདྨ་དཀར་པོ་རྒྱས་པའོ། །དེ་འདྲ་བའི་སྤྱན་དང་ལྡན་པ་གང་ཡིན་པ་དེ་ནི་དེ་སྐད་ཅེས་གསུངས་སོ། །པདྨ་རབ་ཏུ་ རྒྱས་པའི་ཞལ། །ཞེས་པ་ནི། པདྨ་ནི་པདྨ་ཉིད་དོ། །ལེགས་པར་ཁ་བྱེ་བ་ནི་རབ་ཏུ་རྒྱས་པའོ། །ཞལ་ནི་བཞིན་ནོ། །པདྨ་རབ་ཏུ་རྒྱས་པ་དང་འདྲ་བའི་ཞལ་དང་ལྡན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་གསུངས་སོ། །རྡོ་རྗེའི་དབུས་ནས་ལག་པས་བཟུང་ནས་ཡང་དང་ཡང་དུ་རྡོ་རྗེ་གྱེན་དུ་བསྒྱུར་ནས་གཟུང་བ་ནི། རང་གི་ལག་གིས་རྡོ་རྗེ་མཆོག །ཡང་དང་ཡང་དུ་གསོར་བྱེད་པའོ། །འདི་སྐད་གསོལ་ཏོ་ཞེས་པ་དང་འབྲེལ་ཏོ། །དཔལ་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། དཔལ་རྡོ་རྗེ་འཆང་གི་རྗེས་སུ་སྤྱོད་པ་ཁྲོ་གཉེར་རིམ་པར་ལྡན་པ་ལ་སོགས་པ་ཁྲོ་བོའི་ཚོགས་ལྔ་བརྒྱ་བརྗོད་དོ། །དེ་རྣམས་དང་ལྷན་ཅིག་ཏུ་བཅོམ་ ལྡན་འདས་རྡོ་རྗེ་འཛིན་པས་ཕྱག་འཚལ་ནས་འདི་སྐད་གསོལ་ཞེས་པ་དང་འབྲེལ་ལོ། །ཁྲོ་བོའི་ཚོགས་དེ་རྣམས་ཀྱང་དོན་མཐའ་ཡས་པས་དེའི་ཕྱིར་གསུངས་པ། ལག་ན་རྡོ་རྗེ་མཐའ་ཡས་པ། །ཞེས་སོ། །རྡོ་རྗེ་འཛིན་པ་བཞིན་དུ་དེ་རྣམས་ཀྱང་གདུལ་དཀའ་བ་འདུལ་བས་དེའི་ཕྱིར་གསུངས་པ། གདུལ་ དཀའ་འདུལ་བ་པོ་ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་དཔའ་བོ་སྟེ། དེ་དེ་རྣམས་ཀྱིས་ཟིལ་གྱིས་མནན་པར་མི་ནུས་པའི་ཕྱིར་རོ། །དེའི་ཕྱིར་གསུངས་པ་དཔའ་བོ་ཞེས་སོ། །ཉམས་ཅི་ཞིག་ཅེ་ན། དཔའ་བོའི་ཚུལ་ལོ། །གཟུགས་ཅི་འདྲ་ཞེ་ན། འཇིགས་སུ་རུང་བའི་གཟུགས་སོ། །དེ་ཉིད་ཀྱི་ཕྱིར་ 63-1-30b གསུངས་པ། འཇིགས་སུ་རུང་བའི་དཔའ་བྱད་ཅན། །ཞེས་སོ། །རྡོ་རྗེ་རྩེ་མོ་རབ་འཕྲོ་བ། །ཞེས་པ་ནི་རབ་ཏུ་འཕྲོ་བའི་རྡོ་རྗེའི་རྩེ་མོ་སྟེ། ཐོག་མའི་ཆ་དང་གང་ལྡན་པ་དེ་ནི། རྡོ་རྗེ་རྩེ་མོ་རབ་འཕྲོ་བ། །ཞེས་སོ། །གསོར་བྱེད་པ་ཞེས་བྱ་བ་ནི་གྱེན་དུ་སྒྱུར་བའོ། །གང་གིས་ཤེ་ན། རང་གི་ལག་གིས་སོ། །དེ་རྣམས་ ཀྱི་བདག་ཉིད་གང་ཞེ་ན། སྙིང་རྗེ་ཆེ་དང་ཤེས་རབ་དང་། །ཐབས་ཀྱིས་འགྲོ་བ་རྣམས་ཀྱི་དོན་བྱེད་པའི་བདག་ཉིད་དང་ལྡན་པ་ཡིན་པ་དེ་རྣམས་ནི། སྙིང་རྗེ་དང་ཤེས་རབ་དང་ཐབས་ཀྱིས་འགྲོ་དོན་བྱེད་པ་སྟེ། དེ་ལ་སྙིང་རྗེ་དང་ལྡན་པས་སྙིང་རྗེའོ། །བདེ་བ་འགོག་པར་བྱེད་པས་སྙིང་རྗེ་སྟེ། སྙིང་རྗེ་ཅན་ནི་གཞན་གྱི་ སྡུག་བསྔལ་གྱིས་སྡུག་བསྔལ་བས་བདག་གི་བདེ་བ་འགོག་པ་ནི་སྙིང་རྗེའོ། །བདག་གི་བདེ་བ་མི་འཕེལ་བས་ན་སྙིང་རྗེ་ཡང་དེ་ཡིན་ལ་ཆེན་པོ་ཡང་དེ་ཡིན་པས་སྙིང་རྗེ་ཆེན་པོ་སྟེ། མི་དམིགས་པའི་བདག་ཉིད་ཀྱི་ཕྱིར་རོ། །ཆོས་ཐམས་ཅད་རབ་ཏུ་འབྱེད་པ་ནི་ཤེས་རབ་བོ། །ཐབས་ནི་འཇིག་རྟེན་ལས་འདས་པ་མ་ ལུས་པའི་ཏིང་ངེ་འཛིན་སྟོན་པའི་སྒོ་ནས་སྐལ་བ་ཇི་ལྟ་བུ་དང་ལྡན་པའི་སེམས་ཅན་རྣམས་ཀྱི་དོན་བྱེད་པའོ། །འགྲོ་བས་འགྲོ་བ་སྟེ་ཁམས་གསུམ་པ་རྣམས་སོ། །དེ་རྣམས་ཀྱི་དོན་ནི་དགོས་པའོ། །དེའི་ཕྱིར་གསུངས་པ། སྙིང་རྗེ་ཆེ་དང་ཤེས་རབ་དང་། །ཐབས་ཀྱིས་འགྲོ་དོན་བྱེད་པའི་མཆོག །ཅེས་སོ། །དེ་ཉིད་ཀྱི་ ཕྱིར་ན་ཁྲོ་བོ་དེ་རྣམས་དམ་པ་ཡིན་པས་མཆོག་སྟེ། དེའི་ཕྱིར་གསུངས་པ། མཆོག་ཅེས་སོ། །རང་བཞིན་གང་ཞེ་ན། དགའ་མགུ་རངས་པའི་བསམ་པའི་རང་བཞིན་ནོ། །དེ་ལ་དགའ་བ་ནི་སེམས་ཀྱི་བསམ་པའི་སྒོ་ནས་སོ། །མགུ་བ་ནི་ལུས་ཀྱི་སྒོ་ནས་སོ། །བསམ་པ་ནི་བློས་སོ། །དེའི་དོན་ནི་འདི་ལྟ་ སྟེ། དགའ་བ་དང་མགུ་བའི་བསམ་པ་དང་ལྡན་པ་གང་ཡིན་པ་དེ་རྣམས་དགའ་མགུའི་བསམ་པ་ཅན་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་ན་རངས་པ་ནི་སྤྲོ་བ་སྟེ། སེམས་ཅན་གྱི་དོན་བྱེད་པའི་ཕྱིར་རོ། །དེ་ཉིད་གསུངས་པ། རངས་པ་ཞེས་སོ། །ལུས་ཀྱི་གཟུགས་ནི་ཁྲོ་བོའི་གཟུགས་སོ། །ཁྲོ་བོའི་ལུས་ཀྱི་གཟུགས་ ཅི་འདྲ་ཞེ་ན། འཇིགས་བྱེད་ཆེན་པོ་དང་། དྲག་ཏུ་བཞད་པ་དང་། དབུ་དང་ཕྱག་དང་ཞབས་དུ་མ་དང་། སྤྱན་མི་སྡུག་ཅིང་སྐྲ་ཁམས་གྱེན་དུ་འགྲེང་བ་དང་། རྫི་མ་སེར་བ་དང་། ཁྲོ་གཉེར་དང་ཐོད་པའི་ཕྲེང་བས་བརྒྱན་པར་བྱེད་པ་དང་། སྦྲུལ་གྱི་རྒྱན་དང་། སྟག་ལྤགས་ཀྱི་སྨད་གཡོགས་ལ་ 63-1-31a སོགས་པ་དེ་རྣམས་གང་ལ་ཡོད་པ་དེ་ནི་ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པ་སྟེ། དེའི་ཕྱིར་གསུངས་པ། ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པ། །ཞེས་སོ། །སངས་རྒྱས་རྣམས་ཀྱི་བྱ་བ་ནི་སངས་རྒྱས་ཀྱི་ཕྲིན་ལས་སོ། །བྱེད་པ་ནི་མཛད་པ་སྟེ། གསུངས་པ། སངས་རྒྱས་ ཕྲིན་ལས་བྱེད་པ་ཞེས་སོ། །དེ་ཉིད་ཀྱི་ཕྱིར་ན་མགོན་པོ་སྟེ། སྟོན་པ་སངས་རྒྱས་ཀྱི་ཕྲིན་ལས་བྱེད་པས་ན་དེ་བས་ན་མགོན་ཞེས་སོ། །གང་རྣམས་ཀྱིས་ལུས་བཏུད་པ་ནི། ལུས་བཏུད་པ་སྟེ། ལས་བཏུད་པ་དེ་རྣམས་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་འདི་ལྟར་འོག་ནས་འབྱུང་བའི་གསོལ་ཞེས་པ་དང་འབྲེལ་ལོ། །ཅི་ བྱས་ནས་ཤེ་ན། ཕྱག་བྱས་ནས་སོ། །གང་ལ་ཞེ་ན། མགོན་པོ་ལའོ། །མགོན་མེད་པའི་འཇིག་རྟེན་པ་རྣམས་ལ་རྗེས་སུ་སྟོན་པའི་ཕྱིར་ན་གཙོ་བོ་ནི་མགོན་པོའོ། །མགོན་པོ་ཡང་ཅི་འདྲ་བའི་མགོན་པོ་ཡིན་ཞེ་ན། གསུངས་པ། དེ་བཞིན་གཤེགས་པ་ཞེས་སོ། །དེ་ལ་དེ་བཞིན་ནི་དེ་བཞིན་ཉིད་དོ། །དེ་མཁྱེན་ པས་དེ་བཞིན་གཤེགས་པའོ། །ཡང་ན་དེ་བཞིན་གཤེགས་པ་རྣམས་ཇི་ལྟར་བྱོན་ཅིང་གཤེགས་པ་དེ་བཞིན་དུ་གཤེགས་པས་ན་དེ་བཞིན་གཤེགས་པའོ། །ཇི་ལྟ་བུ་ཞེ་ན། བཅོམ་ལྡན་འདས་ཞེས་པ་ནི་སྐལ་བ་ཕུན་སུམ་ཚོགས་པས་ན་བཅོམ་ལྡན་འདས་སམ། བདུད་བཞི་འཇོམས་པས་སོ། །དེ་སྐད་ ཡང་གསུངས་པ། ཉོན་མོངས་ལས་དང་དེ་བཞིན་སྐྱེ། །དེ་བཞིན་ཉོན་མོངས་ཤེས་བྱའི་སྒྲིབ། །མི་མཐུན་ཕྱོགས་ཆོས་གང་ཡིན་པ། །འཇོམས་པས་དེ་འདིར་བཅོམ་ལྡན་འདོད། །དེ་ལྟར་ངེས་ཚིག་གི་རིམ་པས་ཉོན་མོངས་པ་ལ་སོགས་པ་འཇོམས་པས་ནི་བཅོམ་ལྡན་འདས་སོ། །ཡང་ན་དབང་ཕྱུག་ ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་ཏེ། དེ་སྐད་ཡང་གསུངས་པ། དབང་ཕྱུག་དང་ནི་གཟུགས་བཟངས་དང་། །གྲགས་དང་དཔལ་དང་རབ་མཆོག་དང་། །དེ་ནས་ཡེ་ཤེས་བརྩོན་འགྲུས་དང་། །དྲུག་པོ་རྣམས་ལ་ལྡན་པར་བཤད། །གཞན་ཡང་མགོན་པོ་ཇི་ལྟ་བུ་ཞེ་ན། རྫོགས་པའི་སངས་ རྒྱས་ཞེས་པ་ནི་ཡང་དག་པར་རྫོགས་པར་སངས་རྒྱས་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་མ་ཡིན་པའི་ཕྱིར་རོ། །ཕྱག་བཙལ་ནས་ཞེས་པ་ནི་གོང་མ་དང་འབྲེལ་ཏོ། །ཐལ་མོ་སྦྱར་བ་བྱས་ནས་ནི། །སྤྱན་སྔར་འདུག་པ་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བདག་ལ་ཕན་པ་ལ་སོགས་པའི་དོན་དུ་ 63-1-31b འདི་སྐད་གསོལ་ཏོ། །ཁྱབ་བདག་བདག་ལ་སྨན་པ་དང་། །བདག་ལ་སྨན་པ་ཞེས་པ་ནི་བདག་ལ་ཕན་པ་སྟེ། མ་འོངས་པའི་དུས་ན་བདག་ལ་སྨན་པ་ཉིད་ཀྱི་ཕྱིར་རོ། །བདག་དོན་ནི་བདག་ལ་དགོས་པའི་ཕྱིར་རོ། །བདག་ལ་ནི་བདག་གི་སྟེ། ཀྱེ་ཁྱབ་བདག་བདག་ལ་ཐུགས་བརྩེའི་ཕྱིར་ཏེ། ཕན་གདགས་པའི་ཕྱིར་རིམ་པ་ཇི་ལྟ་བ་འདིས་བདག་གིས་ཐོབ་པར་མཛོད་ཅིག་པའོ། །གང་གིས་ཐོབ་པར་བྱ་ཞེ་ན། གསུངས་པ། སྒྱུ་འཕྲུལ་དྲ་བས་མངོན་རྫོགས་པའི། །བྱང་ཆུབ་ཅི་ནས་བདག་ཐོབ་པ་ནི་སྒྱུ་འཕྲུལ་དྲ་བའི་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བའི་རིམ་པ་དེ་ཅི་ནས་ཀྱང་བདག་ གིས་ཐོབ་པར་འགྱུར་བ་དེ་ལྟར་ཀྱེ་བཅོམ་ལྡན་འདས་བཤད་དུ་གསོལ་ཞེས་ཕྱིས་འབྱུང་བའི་བྱེད་པའི་ཚིག་དང་འབྲེལ་ཏོ། །སེམས་ཅན་དེ་རྣམས་ཇི་ལྟ་བུ་ཞེ་ན། ཉོན་མོངས་པས་ནི་སེམས་དཀྲུགས་ཤིང་། །ཞེས་པ་ནི་ཉོན་མོངས་པ་དྲུག་གོ། །དེ་སྐད་མངོན་པའི་ཆོས་ལས་གསུངས་ཏེ། ང་རྒྱལ་ ལྟ་བ་ཐེ་ཚོམ་དང་། །འདོད་ཆགས་ཞེ་སྡང་གཏི་མུག་གོ། །ཞེས་གསུངས་སོ། །ཉོན་མོངས་པ་དེ་རྣམས་ཀྱིས་སེམས་རྣམ་པར་དཀྲུགས་པའི་སེམས་ཅན་གང་ཡིན་པ་དེ་རྣམས་ནི་ཉོན་མོངས་པས་ནི་སེམས་དཀྲུགས་ཤིང་སྟེ། དེའི་ཕྱིར་ན་དེ་རྣམས་བླ་ན་མེད་པའི་འབྲས་བུ་ཐོབ་པའི་དོན་ དུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ་ཞེས་པ་དང་འབྲེལ་ཏོ། །གཞན་ཡང་ཁྱད་པར་ཅི་འདྲ་བའི་སེམས་ཅན་ཞེ་ན། མི་ཤེས་འདམ་དུ་བྱིང་བ་ཡི། །སེམས་ཅན་ཀུན་ལ་སྨན་པ་དང་། །ཞེས་པ་སྟེ། དེ་ལ་མི་ཤེས་པ་ནི་མ་རིག་པ་སྟེ། དེ་ཉིད་ཐོགས་པའི་གནས་ཉིད་ཀྱི་ཕྱིར་རམ། ཐར་དཀའ་བས་ན་ འདམ་དང་འདྲ་བས་འདམ་མོ། །དེར་བྱིང་བའི་སེམས་ཅན་གང་ཡིན་པ་རྣམས་ལ་ཕན་པའི་ཕྱིར་བཤད་དུ་གསོལ་ཞེས་པའི་ཚིག་དང་འབྲེལ་ཏོ། །བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར། །ཞེས་པ་ནི་བླ་ན་མེད་པའི་འབྲས་བུ་ནི་སངས་རྒྱས་ཉིད་དོ། །དེ་ཐོབ་པ་ནི་རབ་ཏུ་རྙེད་པའོ། །དེའི་དོན་ནི་དེ་ཐོབ་པའི་ཕྱིར་ཞེས་བྱའོ། ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །ཞེས་བྱ་བ་ལ་སོགས་པ་དང་། རྫོགས་པའི་སངས་རྒྱས་ཞེས་པ་ནི་རྟག་པའི་སྒོ་ནས་སོ། །འགྲོ་བའི་བླ་མ་ཞེས་པ་ནི་འགྲོ་བ་རྣམས་ཀྱི་བླ་མ་པས་འགྲོ་བའི་བླ་མ་སྟེ། རིན་ཆེན་འབྱུང་ལྡན་གྱི་སྒོ་ནས་སོ། །སྟོན་པ་ཞེས་པ་ནི་འགྲོ་བ་ལ་རྗེས་སུ་སྟོན་པ་སྟེ། 63-1-32a མི་བསྐྱོད་པའི་སྒོ་ནས་སོ། །དམ་ཚིག་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྟེ། ཆེན་པོ་ཡང་དེ་ཡིན་ལ་དམ་ཚིག་ཀྱང་དེ་ཡིན་པས་དམ་ཚིག་ཆེན་པོའོ། །དེའི་དེ་ཉིད་ནི་དམ་ཚིག་ཆེན་པོ་དེ་ཉིད་དོ། །དེ་ཤེས་པས་ན། དམ་ཚིག་ཆེན་པོ་དེ་ཉིད་མཁྱེན། །ཞེས་པ་སྟེ། སྣང་བ་མཐའ་ཡས་ཀྱི་སྒོ་ནས་སོ། །དབང་པོ་ཞེས་པ་ནི་རྟུལ་པོ་དང་འབྲིང་པོ་དང་རྣོན་པོ་རྣམས་ཏེ། དེ་རྣམས་ཀྱི་བསམ་པ་ནི་མནོ་བསམ་མོ། །དེ་ཤེས་པས་ན། དབང་པོ་བསམ་པ་མཁྱེན་ཞེས་པ་སྟེ། དོན་ཡོད་གྲུབ་པའི་སྒོ་ནས་སོ། །དེ་ལྟར་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ལས་བཅོམ་ལྡན་ འདས་ནི་དམ་པ་ཡིན་པས་མཆོག་སྟེ། བཤད་དུ་གསོལ་ཞེས་པ་དང་འབྲེལ་ཏོ། །དེ་ནས། བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། །ཞེས་བྱ་བ་ལ་སོགས་པས་ནི། ཀྱེ་བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའ་དང་འབྲེལ་པའི་མཚན་ཡང་དག་པར་བརྗོད་པ་གང་ཡིན་པ་དེ་བདག་གིས་གཟུང་ ངོ་ཞེས་ཕྱི་ནས་འབྱུང་བའི་ཚིག་དང་འབྲེལ་ཏོ། །ཁྱད་པར་ཅི་འདྲ་བ་ཞིག་ཡེ་ཤེས་སྐུ་ཞེ་ན། ཡེ་ཤེས་ཀྱི་སྐུ་ཡིན་པས་ཡེ་ཤེས་སྐུ་སྟེ། ཡེ་ཤེས་སྐུ་དེའོ། །དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནས་སོ། །གཙུག་ཏོར་ཆེན་པོ་ཞེས་པ་ནི་ཆེན་པོའི་གཙུག་ནི་གཙུག་ཏོར་ཆེན་པོ་སྟེ། གཙུག་ཏོར་ཆེན་པོ་ དེའོ། །དེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་བདག་ཉིད་ཀྱི་ཕྱིར་གཙུག་ཏོར་ཆེན་པོའོ། །ཚིག་གི་བདག་པོ་ཞེས་པ་ནི་ཚིག་ནི་སྒྲའོ། །བདག་པོ་ནི་མངའ་བདག་སྟེ་ཚིག་གི་བདག་པོ་དེའོ། །ཚིག་གི་བདག་པོ་ནི་སོ་སོར་ཀུན་དུ་རྟོག་ པའི་ཡེ་ཤེས་ཀྱི་སྒོ་ནས་སོ། །ཡེ་ཤེས་སྐུ་ཞེས་པ་ནི་ཡེ་ཤེས་ཉིད་སྐུ་ཡིན་པས་ན་ཡེ་ཤེས་སྐུའོ། །བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་སྒོ་ནས་སོ། །རང་བྱུང་ཞེས་པ་ནི་རང་བྱུང་བ་རང་བྱུང་སྟེ། བསྒོམས་པའི་སྟོབས་ལས་བྱུང་ཞེས་པའི་ཐ་ཚིག་གོ། །དེ་སྐད་དུ་ཡང་དཔལ་མཆོག་དང་པོའི་རྒྱུད་ལས་གསུངས་པ། ཀུན་དུ་བཟང་པོ་ཡེ་ཤེས་ཀྱི། །བདག་ཉིད་མངོན་པར་བྱང་ཆུབ་བོ། །ཞེས་སོ། །དེའི་ཕྱིར་ན་དེ་ཉིད་རང་འབྱུང་ཞེས་པ་སྟེ། ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྒོ་ནས་སོ། །དེས་ཅི་གསུངས་པ་འབྱུང་བར་འགྱུར་ཞེ་ན། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡེ་ཤེས་ལྔ་དང་ 63-1-32b ལྡན་པ་བསྟན་ཏོ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞེས་པ་ནི། འཇམ་པ་ནི་མཉེན་པ་དང་། དཔལ་དང་ལྡན་པ་གང་ཡིན་པ་དེ་ནི་འཇམ་དཔལ་ལོ། །ཡེ་ཤེས་སེམས་དཔའ་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ག་ན་གནས་པའི་ཕྱིར་རོ། །འཇམ་དཔལ་ཡང་དེ་ཡིན་ལ་ཡེ་ ཤེས་སེམས་དཔའ་ཡང་དེ་ཉིད་ཡིན་པས་འཇམ་དཔལ་ཡེ་ཤེས་སེམས་དཔའ་སྟེ། དེ་ས་བཅུའི་དབང་ཕྱུག་གི་བྱང་ཆུབ་སེམས་དཔའ་ནི་མ་ཡིན་ནོ། །དེ་ལྟ་ན་དེ་སུ་ཞིག་ཡིན་ཞེ་ན། གཉིས་སུ་མེད་པའི་ཡེ་ཤེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་འཇམ་དཔལ་ཡེ་ཤེས་སེམས་དཔའ་སྟེ། དེ་ཉིད་ཀྱི་ཕྱིར་ ན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་ཀྱིས་གསུངས་པ། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །ཞེས་སོ། །ཡེ་ཤེས་ལྔའི་བདག་ཉིད་འཇམ་དཔལ་ཡེ་ཤེས་སེམས་དཔའ་དེ་དང་འབྲེལ་པའི་མཚན་ཡང་དག་པར་བརྗོད་པ་དེ་བདག་གིས་གཟུང་ངོ་ཞེས་པ་དང་འབྲེལ་ལོ། །ཁྱད་ པར་ཅི་འདྲ་བ་ཞིག་ཅེ་ན། གསུངས་པ། མཚན་ནི་ཡང་དག་བརྗོད་པའི་མཆོག །ཅེས་བྱ་བ་ལ་སོགས་པ་སྟེ། དེའི་དོན་ནི་བཤད་ཟིན་ཏོ། །དོན་ཟབ་ཅེས་པ་ནི་ཟབ་མོ་ཡང་དེ་ཡིན་ལ་དོན་ཡང་དེ་ཉིད་ཡིན་པས་ན་དོན་ཟབ་སྟེ། སྟོང་པ་ཉིད་ཀྱི་དོན་ཏོ། །དེ་ལ་དོན་དང་ཟབ་པ་ཡོད་པ་དེའི་ཕྱིར་བདག་གིས་ གཟུང་ཞེས་པའོ། །དོན་ནི་རྒྱ་ཆེ་ཞིང་ཞེས་པ་ནི་རབ་ཏུ་རྒྱས་པའི་དོན་ཏོ། །དེ་གང་ལ་ཡོད་པ་དེ་ནི་དོན་ནི་རྒྱ་ཆེ་ཞིང་ཞེས་སོ། །དོན་ཆེན་ཞེས་པ་ནི་ཆེ་བའི་དོན་གང་ཡིན་པ་དེ་ནི་དོན་ཆེན་པོ་ཉིད་དེ། སེམས་ཅན་གྱི་ཁམས་མ་ལུས་པའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར་རོ། །མཚུངས་མེད་ ཅེས་པ་ནི་མཉམ་པ་མེད་པ་གང་ཡིན་པ་དེ་ནི་མཚུངས་མེད་དོ། །གང་གི་ཕྱིར་མཚུངས་པ་མེད་པ་ཡིན་ཞེ་ན། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །རབ་ཞི་ཞེས་པ་ནི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ཉིད་ཀྱི་ཕྱིར་རོ། །ཐོག་མ་བར་དང་མཐར་དགེ་བ། །ཞེས་པ་ནི་ཐོས་པ་དང་བསམ་པ་དང་། སྒོམ་པ་དུས་རྣམས་ལ་སྤྲོ་བ་དང་དགའ་བ་དང་ཤིན་ཏུ་སྦྱངས་པ་ཐོབ་པའི་ཕྱིར་ཏེ། དགེ་བ་གསུམ་པོ་དེ་བདག་གིས་གཟུང་ངོ་ཞེས་པ་དང་འབྲེལ་ཏོ། །ཁྱད་པར་གཞན་ཡང་ཅི་འདྲ་བ་ཞེ་ན། གསུངས་པ། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །ཞེས་པ་ལ་སོགས་པ་སྟེ། འདས་ 63-1-33a པའི་སངས་རྒྱས་རྣམས་ཀྱིས་གང་གསུངས་པ་དང་། མ་འོངས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུང་བར་འགྱུར་བ་གང་ཡིན་པ་དང་། ཡང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡང་དང་ཡང་དུ་གསུངས་པ་གང་ཡིན་པའི་ཞེས་བྱའོ། ། དེས་འདི་སྐད་གསུང་བར་འགྱུར་ཏེ། དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་མཚན་ཡང་དག་པར་བརྗོད་པ་གསུངས་པ་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ནི་ནམ་མཁའ་དང་འདྲ་བར་བསྟན་པ་ཡིན་ཏེ། དེ་སྐད་དུ་ཡང་གསུངས་པ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་ཉིད་ནི་ཀུན་དུ་གནས་པའོ་ཞེས་ བསྟན་པར་འགྱུར་རོ་ཞེས་སོ། །ཡང་ཅི་འདྲ་བ་ཞེ་ན། རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ལས། །ཞེས་པ་ལ་སོགས་པ་ནི་སྒྱུ་འཕྲུལ་དྲ་བའི་རྒྱུད་ཆེན་པོ་འདི་ལ་དཔག་ཏུ་མེད་པའི་རྡོ་རྗེ་འཛིན་པ་ཆེན་པོས་གསང་སྔགས་ཆེན་པོ་འཛིན་པ་རྣམས་དགའ་ནས་ཡང་དག་པར་གླུ་བླངས་པ་གང་ཡིན་པ་དེ་བདག་གིས་གཟུང་ཞེས་པ་དང་འབྲེལ་ལོ། ། མགོན་པོ་རྫོགས་སངས་རྒྱས་ཀུན་གྱི། །ཞེས་པ་ལ་སོགས་པ་ནི། ཀྱེ་མགོན་པོ་ཇི་ལྟ་བ་བཞིན་དུ་རྫོགས་པའི་སངས་རྒྱས་ཀུན་གྱི་གསང་བ་འཛིན་པར་བདག་འགྱུར་བ་དེ་བཞིན་དུ་བཤད་པར་གསོལ་ཞེས་གོང་མ་དང་འབྲེལ་ཏོ། །འཛིན་ཞེས་བྱ་བ་འདི་ནི་ཆོས་ཀྱི་སྐད་དོ། །ངེས་པར་འབྱུང་བའི་བར་དུ་འདི། །བདག་ གིས་བསམ་པ་བརྟན་པོས་གཟུང་། །ཞེས་པ་ནི་བདག་གིས་མཚན་ཡང་དག་པར་བརྗོད་པ་འདིའི་ངེས་པར་འབྱུང་བ་མ་ཐོབ་ཀྱི་བར་དུ་གཟུང་ངོ་། །ངེས་པར་འབྱུང་ཞེས་པ་ནི་མྱ་ངན་ལས་འདས་པའོ། །ཅི་འདྲ་བར་གཟུང་ཞེ་ན། བསམ་པ་བརྟན་པོས་སོ། །བསམ་པ་ནི་མནོ་བསམ་མོ། །བརྟན་པོ་ནི་མི་གཡོ་བའོ། ། དེ་དང་ལྡན་པ་གང་ཡིན་པ་དེ་ནི་བསམ་པ་བརྟན་པའོ། །ཇི་ལྟ་བ་བཞིན་དུ་བདག་གིས་དེ་རྟོགས་ནས་སེམས་ཅན་ཐམས་ཅད་ཀྱི་བསམ་པའི་ཁྱད་པར་ཇི་ལྟ་བ་བཞིན་དུ་བཤད་པར་འཚལ་ལོ་ཞེས་འོག་མ་དང་འབྲེལ་ལོ། །གང་གི་དོན་དུ་ཞེ་ན། གསུངས་པ། ཉོན་མོངས་མ་ལུས་བསལ་བ་དང་། །མི་ཤེས་མ་ལུས་སྤངས་པའི་ཕྱིར། ། ཞེས་པ་སྟེ། དེ་ལ་ཉོན་མོངས་པ་མ་ལུས་པ་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་གཟུང་ངོ་། །དེ་རྣམས་ཟད་པའི་དོན་ནི་ཉོན་མོངས་མ་ལུས་བསལ་བའོ། །མ་ལུས་པའི་དངོས་པོ་མི་ཤེས་པ་ནི་མི་ཤེས་མ་ལུས་ཏེ། དེ་གཞོམ་པར་བྱ་བ་ནི་མི་ཤེས་མ་ལུས་སྤང་བའི་ཕྱིར་ཏེ། དེ་ཡི་དོན་དུ་བཤད་པར་འཚལ། །ཞེས་ 63-1-33b བྱ་བ་དང་འབྲེལ་ཏོ། །བསམ་པའི་ཁྱད་པར་ཇི་བཞིན་དུ། །སེམས་ཅན་རྣམས་ལ་བཤད་པར་འཚལ། །ཞེས་པ་ནི་ཇི་ལྟ་བ་བཞིན་དུ་བདག་གིས་རྟོགས་ནས་སེམས་ཅན་ཐམས་ཅད་ཀྱི་བསམ་པའི་ཁྱད་པར་ཇི་ལྟ་བ་བཞིན་དུ་བདག་གིས་རབ་ཏུ་བཤད་པར་འཚལ་ལོ་ཞེས་པའི་ཐ་ཚིག་གོ། །གསང་དབང་ལག་ན་རྡོ་རྗེ་ཡིས། ། ཞེས་པ་ནི། དེ་ལ་གསང་བ་ནི་ལྕང་ལོ་ཅན་གྱི་ཕོ་བྲང་ཞེས་བྱ་བ་ལ་གནས་པའི་གནོད་སྦྱིན་རྣམས་སོ། །དེ་རྣམས་ཀྱི་རྒྱལ་པོའི་ཕྱིར་ན་གསང་དབང་ཞེས་གསུངས་སོ། །དེ་བཞིན་གཤེགས་པ་དེ་སྐད་དུ། །ཞེས་པ་ནི་དེ་སྐད་དེ་རྣམ་པ་འདི་ལྟ་བུས་བཅོམ་ལྡན་འདས་གསང་བའི་བདག་པོ་ལག་ན་རྡོ་རྗེས་དེ་བཞིན་ གཤེགས་པ་ལ་གསོལ་ཏོ། །གསོལ་ནས་ཇི་ལྟར་བྱས་ཤེ་ན། །ཐལ་མོ་སྦྱར་བ་བྱས་ནས་ནི། །ལུས་བཏུད་ནས་ནི་སྤྱན་སྔར་འདུག །ཅེས་པ་ནི་ལུས་བཏུད་ནས་སྤྱན་སྔར་གནས་ཞེས་སོ། །བཀུར་བ་སྔོན་དུ་བྱས་ནས་དོན་དུ་གཉེར་བ་ནི་གསོལ་བ་འདེབས་པ་སྟེ། བཀུར་བ་ནི་ཕྱག་འཚལ་བ་ལ་སོགས་པའོ། །འཕགས་ པ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་པ་མཚན་གསང་སྔགས་ཀྱི་དོན་དུ་རྣམ་པར་ལྟ་བ་ཞེས་པ་ལས་ཞུས་པའི་རིམ་པར་ཕྱེ་བ་དང་པོ་སྟེ་ཚིགས་བཅད་བཅུ་དྲུག་གོ། །།དེ་ནས་ཞུས་པའི་དེ་མ་ཐག་ཏུ་གསུངས་པ། དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཅེས་པ་ལ་སོགས་པ་སྟེ། དེ་ལ་དེ་ནས་ནི་ཞུས་པའི་ དེ་མ་ཐག་ཏུ་སླར་གསུངས་པའོ། །བཅོམ་ལྡན་འདས་ནི་བཤད་ཟིན་ཏོ། །ཤཱཀྱའི་རིགས་རྣམས་ཀྱི་ཐུབ་པ་ནི་ཤཱཀྱ་ཐུབ་པའོ། །སྐུ་གསུང་ཐུགས་ཐུབ་པས་ན་ཡང་ཐུབ་པའོ། །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག །ཅེས་པ་ནི་རྫོགས་པའི་སངས་རྒྱས་ནི་བཤད་ཟིན་ཏོ། །རྐང་གཉིས་ནི་ལྷ་དང་མིའོ། །དེ་ རྣམས་ཀྱི་མཆོག་ནི་རབ་ཅེས་པའི་དོན་ཏོ། །ཉིད་ཀྱི་ཞལ་ནས་ཞེས་པ་ནི་ཤཱཀྱ་ཐུབ་པ་ཉིད་ཀྱི་ཞལ་ནས་སོ། །ལྗགས་བཟང་བ་ནི་གཡས་སུ་འཁྱིལ་པའི་དུང་དང་འདྲ་ཞིང་ཆོས་ཐམས་ཅད་ཀྱི་གནས་ཡིན་པའི་ཕྱིར་རོ། །རིང་ཞིང་ཡངས་པར་བརྐྱང་མཛད་དེ། །ཞེས་པ་ནི་རང་གི་ཞལ་ནས་རིང་ཞིང་ཡངས་པའི་རང་གི་ལྕེ་སྤྲུལ་ པ་མཛད་ནས་བསྡུས་པའི་ཕྱིར་རོ། །ཅི་ཞིག་མཛད་ཅེ་ན། འཇིག་རྟེན་གསུམ་པོ་སྣང་བྱེད་ཅིང་། །ཞེས་པ་ལ་སོགས་པ་སྟེ། ས་འོག་དང་ས་སྟེངས་དང་ས་བླའི་འཇིག་རྟེན་གསུམ་ལ་སྣང་ཞིང་གསལ་བར་བྱེད་པའི་འཛུམ་པ་བསྟན་ནས་ཕྱག་ན་རྡོ་རྗེ་ལ་སླར་གསུངས་སོ་ཞེས་པར་འབྲེལ་ཏོ། །ཡང་འཛུམ་པའི་ཁྱད་ 63-1-34a པར་ཅི་འདྲ་ཞེ་ན། གསུངས་པ། བདུད་བཞིའི་དགྲ་རྣམས་འདུལ་བྱེད་པ། །ཞེས་པ་བདུད་བཞི་ནི་ཕུང་པོ་དང་། ཉོན་མོངས་པ་དང་། ལྷའི་བུའི་བདུད་དང་། འཆི་བདག་གི་བདུད་རྣམས་སོ། །དེ་རྣམས་ཉིད་དགྲ་རྣམས་ཏེ། དེ་རྣམས་འདུལ་བ་ནི་རྗེས་སུ་མཐུན་པར་འདུལ་ཞིང་ ཚར་གཅོད་པའི་འཛུམ་པ་བསྟན་ནས་ཕྱག་ན་རྡོ་རྗེ་ལ་སླར་གསུངས་སོ་ཞེས་པ་དང་འབྲེལ་ཏོ། །སེམས་ཅན་རྣམས་ཀྱི་ངན་སོང་གསུམ། །སྦྱོང་བར་བྱེད་པའི་འཛུམ་བསྟན་ནས། །ཞེས་པ་ནི་འཇིག་རྟེན་པའི་སེམས་ཅན་ངན་སོང་གསུམ་གྱི་དམྱལ་བ་དང་ཡི་དགས་དང་དུད་འགྲོའོ། །དེ་དག་པར་སྦྱང་བར་བྱེད་པའི་ འཛུམ་བསྟན་ཏེ་ཕྱག་ན་རྡོ་རྗེ་ལ་སླར་གསུངས་ཞེས་པ་དང་འབྲེལ་ཏོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་བསྟན་པའི་དུས་ན་རྟགས་གསུམ་སྟེ། འདི་ལྟ་སྟེ། འཛུམ་པ་དང་། གཟིགས་པ་དང་། འོད་ཟེར་གྱིས་བསྐུལ་བའོ། །ཁ་ཅིག་ཏུ་གཅིག་གམ། ཁ་ཅིག་ཏུ་གཉིས་སམ། ཁ་ཅིག་ཏུ་གསུམ་ དུ་འགྱུར་ཏེ། འདི་ལྟ་སྟེ། དཔལ་སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་གཉིས་གསུངས་ཏེ། འཛུམ་པ་དང་གཟིགས་པའོ། །ཁ་ཅིག་ལས་གསུམ་ལ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། བྱམས་པ་ལ་གཟིགས་པ་དང་། འཛུམ་པའི་ཞལ་དང་། འོད་ཟེར་སྤྲོས་པའོ། །ཁ་ ཅིག་ལས་གཅིག་ནི་འདི་ལྟ་སྟེ། མཚན་ཡང་དག་པར་བརྗོད་པ་གཉིས་ལས་སོ། །འཛུམ་པ་བསྟན་ནས་ཞེས་པ་ནི། །འཛུམ་པ་དེ་ནི་རྣམ་པ་བཞི་སྟེ། ཡན་ལག་དང་ཉིང་ལག་ལས་འཕྲོ་བ་དང་། བ་སྤུ་ལས་འཕྲོ་བ་དང་། རང་བཞིན་གྱིས་འོད་འཕྲོ་བ་དང་། ལྗགས་ཀྱི་དབང་པོ་ལས་འོད་འཕྲོ་བ་སྟེ། འདིར་ ནི་ལྗགས་ཀྱི་དབང་པོའི་རྫུ་འཕྲུལ་བསྟན་པ་སྔོན་དུ་འགྲོ་བའི་རྟགས་སོ། །ཚིག་ཅི་འདྲ་ཞེ་ན། ཚངས་པའི་གསུང་ཞེས་པ་སྟེ། ཚངས་པའི་སྒྲ་དང་ལྡན་པའི་ཕྱིར་ཚངས་པའི་གསུང་ངོ་། །ཚངས་པའི་སྒྲ་ནི་ཆེ་བ་དང་། ཡོན་ཏན་ཆེ་བའི་ཚིག་བླ་དགས་ཏེ། ཇི་སྐད་དུ། ཚངས་ལྡན་བསོད་ནམས་རབ་སྐྱེ་ བའོ། །ཞེས་བཤད་པ་ལྟ་བུའོ། །སྟོང་ཕྲག་དུ་མ་རྣམས་ལས་ཏེ། སྟོང་ཕྲག་གི་སྒྲ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ་ཤེས་པར་བྱ་སྟེ། སྟོང་ཕྲག་དུ་མའི་རང་བཞིན་གྱི་དཀྱིལ་འཁོར་ཞེས་སྟོན་ཏོ། །ཇི་སྐད་གསུངས་པ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ 63-1-34b སྒྲས་གང་བར་བྱེད་དོ་ཞེས་སོ། །ཇི་ལྟར་ནང་ན་ཐོས་པ་དེ་བཞིན་དུ་ཕྱི་རོལ་ན་ཡང་ཤེས་ཏེ། དེ་ལ་ནང་གང་ཡིན་པ་དེ་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་འདི་ལ་གནས་པ་རྣམས་སོ། །ཕྱི་རོལ་ནི་འཇིག་རྟེན་གྱི་ཁམས་གཞན་གང་ཡིན་པ་རྣམས་ཏེ། དེ་བས་ན་ཆེ་བའི་ཕྱིར་ཚངས་པའི་གསུང་ངོ་། །ཡང་ན་ཚངས་ པ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའོ། །ཚངས་པ་དེའི་ཚིག་འདི་ཉིད་ཚངས་པའི་གསུང་ངོ་། །སྙན་པ་ཡིས་ཞེས་པ་ནི་མཉན་ན་བདེ་བ་ཉིད་ཀྱི་ཕྱིར་རོ། །འཇིག་རྟེན་གསུམ་པོ་ཀུན་བཀང་ནས། །ཞེས་པ་ནི་དེའི་ལས་ཚངས་པའི་གསུང་གཅིག་ཁོ་ནས་འཇིག་རྟེན་གསུམ་རྣམ་པར་ཁྱབ་པའི་གསུང་གིས་ཕྱག་ན་ རྡོ་རྗེ་ལ་སླར་གསུངས་པ་དང་འབྲེལ་ཏོ། །དེ་སྐད་དུ་གསུངས་པ། སྲིད་པ་འཇོམས་པའི་གསུང་ནི་གཅིག་པོ་ཡང་། །ཐེག་པ་སྣ་ཚོགས་རབ་བསྟན་ཕྱེ་བ་ཡིས། །ཇི་ལྟ་ཇི་ལྟར་སྐྱེ་བོ་ཐམས་ཅད་ཀྱིས། །རྟོགས་པའི་རྒྱུར་གྱུར་སྐྱོན་མེད་རྣམ་པར་གསལ། །ཞེས་སོ། །སྙིང་རྗེ་ཆེ་དང་ལྡན་གྱུར་པས། །ཞེས་པ་ལ་ སོགས་པ་ནི། ལག་ན་རྡོ་རྗེ་ཁྱོད་ལེགས་སོ། །ཀྱེ་དཔལ་ལྡན་རྡོ་རྗེ་འཆང་གང་དང་གང་གི་ཕྱིར་ཁྱོད་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ་དང་འབྲེལ་པའི་མཚན་ཡང་དག་པར་བརྗོད་པ་གང་ཡིན་པ་དེ་ང་ལས་ཉན་པར་བརྩོན་པ་དེ་དང་དེའི་ཕྱིར་གསང་བའི་བདག་པོ་ལ་ལེགས་པར་བསྟན་པར་བྱ་ཞེས་པ་དང་འབྲེལ་ཏོ། ། ཁྱོད་ཀྱིས་ཅིའི་དོན་དུ་ང་ལས་དྲིས་པ་ཡིན་ཞེ་ན། འགྲོ་ལ་ཕན་པའི་དོན་དུ་ནི། །ཞེས་པ་སྟེ། འགྲོ་བ་ལ་ཉེ་བར་ཕན་གདགས་པའི་ཕྱིར་སྙིང་རྗེ་ཆེན་པོ་དང་ལྡན་པར་གྱུར་པས་སོ། །ཁྱད་པར་ཇི་ལྟ་བུའི་མཚན་ཡང་དག་པར་བརྗོད་པ་ཉན་པར་བརྩོན་ཞེ་ན། དག་པར་བྱེད་ཅིང་སྡིག་སེལ་བ། །ཞེས་པ་སྟེ། དེ་ ལ་དག་པར་བྱེད་ཅིང་ཞེས་པ་ནི་བཀྲ་ཤིས་པའོ། །སྡིག་སེལ་བ་ཞེས་པ་ནི་མི་དགེ་བ་འཇོམས་པའོ། །ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན། །ཞེས་པ་ནི་དེ་ཡིས་འདི་སྐད་གསུངས་པར་འགྱུར་ཏེ། བུམ་པ་ཁ་བུབ་པ་དང་། བུམ་པ་ཞབས་རྡོལ་བ་དང་། བུམ་པ་མི་གཙང་བ་བཞིན་དུ་མི་རུང་ངོ་ཞེས་པའི་ཐ་ ཚིག་གོ། །འོ་ན་ཇི་ལྟར་ཞེ་ན། ལེགས་པར་ཉོན་ཅིག་ཅེས་པའོ། །བཅོམ་ལྡན་འདས་ཉིད་ཀྱིས་གསུངས་མ་ཐག་ཏུ་རྡོ་རྗེ་འཛིན་པས་གསོལ་པ། བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ། །ཞེས་པ་ནི་བཅོམ་ལྡན་འདས་ནི་ཤཱཀྱ་ཐུབ་པའོ། །དེ་ནི་དེ་ལྟར་མཉན་པར་བགྱིའོ་ཞེས་པའི་དོན་ཏོ། །ལེགས་ 63-1-35a ཞེས་པ་ནི་ཇི་ལྟར་གསུངས་པ་ཉིད་ཀྱི་རིམ་པས་བདག་གིས་མཉན་ཏོ་ཞེས་པའི་ཐ་ཚིག་གོ། །འཕགས་པ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་པ་མཚན་གསང་སྔགས་ཀྱི་དོན་དུ་རྣམ་པར་ལྟ་བ་ཞེས་བྱ་བ་ལས་སླར་གསུངས་པའི་རིམ་པར་ཕྱེ་བ་སྟེ་གཉིས་པ་ཚིགས་ བཅད་དྲུག་པའོ།། །།ད་ནི་སླར་གསུངས་པའི་དེ་མ་ཐག་ཏུ་རིགས་དྲུག་ལ་གཟིགས་པའི་རིམ་པར་ཕྱེ་བ་གསུངས་པ། དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཅེས་པ་ལ་སོགས་པ་སྟེ། དེ་ལ། གསང་སྔགས་རིགས་ཆེན་ཐམས་ཅད་དང་། །ཞེས་པ་ནི་སྡུད་པར་བྱེད་པའི་ཚིག་འདི་ནི་སྤྱིར་བསྟན་ པའོ། །འདིར་དེ་དང་དེ་ལ་རྣམ་པར་གཟིགས་ཏེ། ཚིག་གི་བདག་པོ་འཇམ་དཔལ་ཡེ་ཤེས་སེམས་དཔའ་དང་འབྲེལ་པའི་སྐྱེ་བ་མེད་པའི་ཆོས་ཅན་ཚིགས་སུ་བཅད་པ་འདི་གསུངས་སོ་ཞེས་ཕྱིས་འབྱུང་བའི་ཚིག་དང་ལྷན་ཅིག་ཏུ་འབྲེལ་ཏོ། །གསང་སྔགས་རིག་སྔགས་འཆང་བའི་རིགས། །ཞེས་པ་ནི་རིག་ སྔགས་འཛིན་པས་ན་རིག་སྔགས་འཆང་བའོ། །གསང་སྔགས་ཀྱི་བདག་ཉིད་ཀྱང་དེ་ཡིན་ལ་རིག་སྔགས་འཆང་བ་ཡང་དེ་ཉིད་ཡིན་པས་ན་གསང་སྔགས་རིག་སྔགས་འཆང་བ་ནི་འཛིན་པའི་བདག་ཉིད་དོ། །དེའི་རིགས་ནི་གསང་སྔགས་རིག་སྔགས་འཆང་བའི་རིགས་ཏེ། ལས་ཀྱི་རིགས་ཞེས་པའི་དོན་ཏོ། ། རིགས་གསུམ་ལ་ནི་རྣམ་པར་གཟིགས། །ཞེས་པ་ནི་སྐུ་དང་གསུང་དང་ཐུགས་ཀྱི་རང་བཞིན་ཉིད་པས་རྣམ་པར་སྣང་མཛད་ཀྱི་རིགས་ཞེས་པའི་དོན་ཏོ། །འཇིག་རྟེན་འཇིག་རྟེན་འདས་པའི་རིགས། །ཞེས་པ་ནི་འཇིག་རྟེན་ལ་ལྟ་བས་ན་འཇིག་རྟེན་ནོ། །དེའི་རིགས་ནི་འཇིག་རྟེན་འཇིག་རྟེན་འདས་པའི་རིགས་ཏེ། པདྨའི་རིགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །འཇིག་རྟེན་སྣང་བྱེད་རིགས་ཆེན་དང་། །ཞེས་པ་ནི་འཇིག་རྟེན་རྣམས་ལ་གསལ་བར་བྱེད་པ་ནི་འཇིག་རྟེན་སྣང་བྱེད་དེ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་པས་མི་བསྐྱོད་པའོ། །དེའི་རིགས་ནི། འཇིག་རྟེན་སྣང་བྱེད་རིགས་ཆེན་དང་། །ཞེས་པ་སྟེ། རྡོ་རྗེའི་རིགས་སོ། ། ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང་། །ཞེས་པ་ནི་བྱང་སེམས་རྡོ་རྗེའི་རིགས་སོ། །དེ་ཉིད་ཀྱི་ཕྱིར་ན་མཆོག་སྟེ། རྣམ་པར་སྣང་མཛད་ལ་སོགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དེའི་རིགས་ནི་ཕྱག་རྒྱ་ཆེན་པོའི་རིགས་མཆོག་གོ། །རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས། ། 63-1-35b ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཁམས་གསུམ་གྱི་རྒྱལ་པོར་དབང་བསྐུར་བས་ན་གཙུག་ཏོར་ཆེན་པོ་སྟེ། དེའི་རིགས་ནི་རིགས་ཆེན་གཙུག་ཏོར་ཆེ་སྟེ། རིན་པོ་ཆེའི་རིགས་ཞེས་བྱ་བའི་དོན་ཏོ། །ཆེར་གཟིགས་པའི་དོན་ནི་གོང་དུ་བཤད་ཟིན་ཏོ། །འཕགས་པ་མཚན་ཡང་ དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་པ་མཚན་གསང་སྔགས་ཀྱི་དོན་དུ་རྣམ་པར་ལྟ་བ་ཞེས་བྱ་བ་ལས་རིགས་དྲུག་ལ་གཟིགས་པའི་རིམ་པར་ཕྱེ་བ་སྟེ་གསུམ་པ་ཚིགས་བཅད་གཉིས་པའོ།། །།ད་ནི་དཔལ་སྒྱུ་འཕྲུལ་དྲ་བའི་མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་པ་བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་པ་བཤད་ དེ། དེ་ཡང་དཔལ་སྒྱུ་འཕྲུལ་དྲ་བའི་ལེའུ་ཁྲི་དྲུག་སྟོང་གི་ནང་ནས་བྱུང་བ་ཡིན་ནོ། །དེ་ལ་དང་པོར་རེ་ཞིག་སྔགས་ཀྱི་སྒོར་ཞུགས་ནས་སྤྱད་པ་སྤྱོད་པས། བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྤྱི་གཙུག་གཉིས་སུ་མེད་པ་དོན་དམ་པའི་ མཚན་ཡང་དག་པར་བརྗོད་པ་ཞེས་པ་གཙུག་གི་ནོར་བུ་འདི་མངོན་དུ་བྱེད་འདོད་པའི་བྱང་ཆུབ་སེམས་དཔའ་མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་སྒྲོལ་བའི་བསམ་པ་དང་། བྱང་ཆུབ་ཆེན་པོར་སྨོན་པའི་སེམས་དང་། ཐབས་དང་ཤེས་རབ་ཀྱི་བདག་ཉིད་དང་ལྡན་པས་བསྡུ་ བའི་དངོས་པོ་བཞིས་སེམས་ཅན་རྣམས་བསྡུས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །འདི་སྐད་ཀྱང་བརྗོད་དེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་དགོངས་སུ་གསོལ། བདག་ཆེ་གེ་མོ་ཞེས་བྱ་བ་དུས་འདི་ནས་གཟུང་ནས་ཇི་ཙམ་བྱང་ ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ་བླ་ན་མེད་པའི་བྱང་ཆུབ་མཆོག་གི་སེམས་བསྐྱེད་པར་བགྱིའོ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཉིད་དུ་ངེས་བྱས་པའི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་ པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་རྣམས། །བརྟན་པོར་བདག་གིས་སོ་སོར་གཟུང་། །སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་མེད་མཆོག་གི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །ནམ་དུ་ཡང་ནི་མི་གཏོང་ངོ་། །སྡོམ་པ་སངས་རྒྱས་སྦྱོར་བསྐྱེད་པ། །དེང་ནས་བརྟན་ 63-1-36a པར་གཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དག །དེ་ཉིད་ཁོ་ནས་སོ་སོར་གཟུང་། །སློབ་དཔོན་ཡང་ནི་གཟུང་བར་བགྱི། །དྲུག་ཏུ་བྱས་ཏེ་ཉིན་རེ་ལ། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །ཡིད་དགའ་བ་ ཡི་དམ་ཚིག་གོ། །ཕྱི་དང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་གཟུང་བར་བགྱི། །པདྨའི་རིགས་མཆོག་དག་པ་ཡི། །བྱང་ཆུབ་ཆེན་པོ་ལས་བྱུང་བའོ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་རབ་ལྡན་པ། །སོ་སོར་ཡང་དག་གཟུང་བར་བགྱི། །མཆོད་པའི་ལས་ ཀྱང་ཅི་ནུས་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལའོ། །བླ་ན་མེད་པའི་བྱང་ཆུབ་སེམས། །བསྐྱེད་པར་བྱས་ཏེ་བདག་གིས་ནི། །སེམས་ཅན་ཀུན་གྱི་དོན་དུ་ནི། །སྡོམ་པ་མ་ལུས་གཟུང་བར་བགྱི། །མ་རྒལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་བྱུང་བ་ དབུགས་དབྱུང་སྟེ། །མྱ་ངན་འདས་ལ་སེམས་ཅན་དགོད། །སྡོམ་པ་གཟུང་བ་སྔོན་དུ་འགྲོ་བས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་སྟེ། མངོན་པར་བྱང་ཆུབ་པ་ལྔའི་རིམ་པ་འདིས་བསྒོམ་པར་བྱའོ། །དང་པོར་རེ་ཞིག་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་གཟུགས་བརྙན་གྱི་སྦྱོར་བས་བསྒོམ་པར་བྱ་སྟེ། ཇི་ལྟར་ཡོངས་སུ་དག་ པའི་མེ་ལོང་གི་དཀྱིལ་འཁོར་ལ་དེའི་དྲུང་གི་ཡུལ་དང་དུས་ཀྱི་དངོས་པོའི་རིག་པ་རྣམས་སོ་སོར་སྣང་བ་དེ་ལྟར་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་བྱང་ཆུབ་ཀྱི་སེམས་ཆེན་པོ་ལ་འགྲོ་བ་དང་ཡུལ་དང་སྐྱེ་གནས་ཀྱི་དབྱེ་བས་ཕྱེ་བའི་སེམས་ཅན་གྱི་ཁམས་སྣང་སྟེ། དེ་རྣམས་ཤིན་ཏུ་དྲི་མ་མེད་པའི་མེ་ལོང་ལྟ་ བུའི་ཡེ་ཤེས་དེ་ལ་ཡང་བལྟས་ཏེ་དེའི་ཕྱི་ནས་སེམས་ཅན་ལ་དམིགས་པའི་སྙིང་རྗེ་བསྐྱེད་པར་བྱ་སྟེ། ཨེ་མའོ་སེམས་ཅན་འདི་རྣམས་མགོན་མེད་པ། སྐྱབས་མེད་པ། དཔུང་གཉེན་མེད་པས་སྡུག་བསྔལ་བ་རྣམས་འཁོར་བའི་རྒྱ་མཚོར་བྱིང་བ་དེ་རྣམས་ཀྱི་དོན་དུ་ཇི་ལྟར་བདག་ཉིད་ལྟར་ཐམས་ཅད་ཀྱི་ཐམས་ཅད་དུ་ སྡུག་བསྔལ་ལས་བསྒྲལ་བར་བྱ་སྟེ། ཇི་ལྟར་ཟུག་རྔུ་ཅན་གྱི་སེམས་ཅན་ཐམས་ཅད་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སེམས་ཅན་རྣམས་ཀུན་རྫོབ་ཏུ་སྣང་བར་བྱའོ། །དེ་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་མོས་པར་བྱས་ཏེ། ཆོས་ཐམས་ཅད་བདག་མེད་པའི་མཉམ་པ་ཉིད་དུ་སྦྱོར་བས། ཇི་ལྟར་ཆོས་རྣམས་སྟོང 63-1-36b པ་དང་བདག་མེད་པ་དེ་ལྟར་བདག་ཀྱང་སྟོང་པ་དང་བདག་མེད་པ་ཞེས་བསྒོམས་ཏེ། ཆོས་ཐམས་ཅད་བདག་མེད་པ་ལ་གཟུང་བར་བྱའོ། །དེ་སྐད་ཀྱང་གསུངས་པ། བདག་ཅི་འདྲ་བ་དེ་འདྲར་སེམས་ཅན་ཐམས་ཅད་ཤེས། །སེམས་ཅན་ཐམས་ཅད་ཅི་འདྲ་དེ་འདྲར་ཆོས་ཀུན་ཤེས། །ཞེས་པ་ལ་སོགས་ པའོ། །དེ་ནས་ཆོས་ཐམས་ཅད་བདག་མེད་པའི་རང་བཞིན་དུ་རྟོགས་པས་ཆོས་ལ་དམིགས་པའི་སྙིང་རྗེ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་བསྐྱེད་པར་བྱའོ། །དེ་ནས་ཨ་ཀཱ་རོ་མུ་ཁ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ་ཅེས་སྔགས་བརྗོད་ནས། མ་ལུས་པར་ནི་མདོར་བསྡུས་ཏེ། །སྔགས་པ་སྔགས་དོན་བསྒོམས་ནས་སུ། ། དམིགས་པ་མེད་དང་ལྷན་ཅིག་ཏུ། །ཆོས་བདག་མེད་པ་རྣམ་པར་བསྒོམ། །དེ་ལྟར་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་དེ་ལྟ་བུའི་དེ་མ་ཐག་པ་ཉིད་དུ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་རྗེས་སུ་སོང་བ། གཟུང་འཛིན་ཀུན་ལས་རྣམ་པར་གྲོལ་བ། རང་བཞིན་གྱིས་འོད་གསལ་བ། ཆ་ཤས་ཀྱི་རང་བཞིན་ལས་འདས་པ། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཀྱི་ཡེ་ཤེས་བསྒོམ་པར་བྱའོ། །དེ་ནས་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་དང་བྲལ་བས་ན་རྣལ་འབྱོར་པས་སྔོན་གྱི་སྨོན་ལམ་གྱིས་བསྒོམས་པའི་སེམས་ཀྱི་རྒྱུན་གྱི་དབང་གིས་ལངས་ཏེ། མི་དམིགས་པའི་སྙིང་རྗེ་ཆེན་པོས་བྱ་བ་ནན་ཏན་གྱི་ཡེ་ཤེས་མངོན་དུ་བྱའོ། ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྗེས་ལ་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཉིད་ཀྱི་ཕྱིར་དེའི་དེ་ཉིད་ཀྱིས་སེམས་ཅན་གྱི་དོན་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། །དེའང་འཇུག་པའི་མཚན་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཀུན་རྫོབ་དང་དོན་དམ་པའི་རང་བཞིན་གྱི་རྣམ་པར་བྱང་བའི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བར་རིག་ པར་བྱའོ། །དེ་ནས་རྣལ་འབྱོར་པས་སེམས་ཉིད་སྒྱུ་མའི་རྣམ་པ་ནམ་མཁའི་ཕྱོགས་སུ་གནས་པ་རང་བཞིན་གྱིས་འོད་གསལ་བ་སྐར་མའི་རྣམ་པ་འདྲ་བའི་ཨ་བསམས་ཏེ། དེ་ལས་བྱུང་བ་ཁྲོ་བོ་འབར་བའི་ཕྲེང་བས་འཁྲིགས་པ་སྔོན་པོ་མདོག་དུ་མའི་འོད་ཟེར་བརྒྱ་སྟོང་གིས་ཡོངས་སུ་བསྐོར་བ་མིང་གཞན་ཀུན་དུ་བཟང་པོ་ མཆོག་ཏུ་དགའ་བའི་བདག་ཉིད་ཡི་གེ་ཧཱུྃ་ཆེན་པོ་བསྒོམ་པར་བྱའོ། །ཡི་གེ་ཧཱུྃ་དེ་ལས་རྣམ་པ་དུ་མའི་འོད་རྣམས་ཕྱུང་སྟེ། འོད་ཀྱི་རྩེ་མོ་དེ་ལས་དེ་བཞིན་གཤེགས་པ་ཐམས་ཅད་སྤྲུལ་ནས། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་གཤེགས་ཏེ། མ་ལུས་ཞིང་ལུས་པ་ 63-1-37a མེད་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་གྱི་ཁམས་ཐམས་ཅད་ཡང་དག་པར་སྦྱངས་ཏེ། བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་སོགས་པ་ཡང་བྱས་ནས་ཇི་སྲིད་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པའི་བར་ཡང་བསྟན་ཏེ། ཡང་སླར་ལོག་ནས་ཡི་གེ་ཧཱུྃ་དེ་ལ་ཞུགས་ པར་བསམ་པར་བྱའོ། །དེ་ལས་གྱུར་པའི་སྔོན་པོ་ལ་སོགས་པའི་ཁ་དོག་དྲུག་པོ་མངོན་དུ་དགའ་བ་ལ་སོགས་པ་སངས་རྒྱས་ཀྱི་ཞིང་དྲུག་ཏུ་ཁྱབ་པས་འབར་བའི་གཟི་བརྗིད་ཀྱིས་བདུད་ཐམས་ཅད་ཀྱི་དགྲས་ཐུབ་པར་དཀའ་བ་སྒོ་དྲུག་ལ་རྩེ་ལྔ་པའི་ཡེ་ཤེས་ཀྱི་རྡོ་རྗེ་བསྒོམ་པར་བྱའོ། །དེའི་བུམ་པའི་ནང་ན་གནས་པའི་ཡི་གེ་ བྷྲཱུཾ་དཀར་པོ་བསམ་སྟེ། དེ་ལས་གྱུར་པའི་རིན་པོ་ཆེ་སྣ་བཞིའི་རང་བཞིན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཚད་ཀྱི་མཆོད་རྟེན་བསྒོམས་ལ། དེའི་ནང་དུ་ཡི་གེ་ཧྲཱིཿལས་ཆོས་ཀྱི་འབྱུང་གནས། དེའི་སྟེང་དུ་ཡི་གེ་ཨ་ལས་སྣ་ཚོགས་རྡོ་རྗེ། དེས་ཀྱང་རྡོ་རྗེའི་དངོས་པོ་མདོག་དཀར་པོའི་ས་ གཞིར་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ཡི་གེ་བྷྲཱུཾ་གྱིས་རྩེ་མོ་རྡོ་རྗེ་དང་ནོར་བུ་རིན་པོ་ཆེའི་ཁང་པ་བརྩེགས་པའི་གཞལ་ཡས་ཁང་རྣམ་པར་བསྒོམ་མོ། །དེའང་ཅི་འདྲ་ཞེ་ན། གྲུ་བཞི་པ་ལ་སྒོ་བཞི་པ། །ཏྭ་ར་ན་བཞིས་བརྒྱན་པའོ། །དྲིལ་བུ་དར་དང་འཕན་ལ་སོགས། །མེ་ཏོག་ཕྲེང་དང་རྔ་ཡབ་བཀླུབས། ། གྲུ་མཚམས་དག་ནི་ཐམས་ཅད་དང་། །སྒོ་ཁྱམས་ཀྱི་ནི་མཚམས་སུ་ཡང་། །རྡོ་རྗེ་རིན་ཆེན་རྣམས་དང་ནི། །ཟླ་གམ་རྣམས་ཀྱིས་ཡང་དག་བརྒྱན། །དྲ་བ་དྲ་ཕྱེད་བཀོད་པ་ལ། །སྣ་ཚོགས་གཟུགས་ཀྱིས་བཀླུབས་པའོ། །རྡུལ་ཚོན་ཁ་དོག་ལྔ་ཡིས་ཀྱང་། །ཕྱི་ཡི་དཀྱིལ་འཁོར་བྲི་བར་བྱ། །དཀྱིལ་འཁོར་དེ་ཡི་ གནས་སྐབས་སུ། །ཆུད་ནས་ནང་གི་གཞལ་ཡས་ཁང་། །རྡོ་རྗེ་དབྱིངས་ཞེས་བརྗོད་པ་ནི། །དེ་ནས་གཉིས་པ་དགོད་པར་བྱ། །རྡོ་རྗེ་ཕྲེང་བས་ཡོངས་བསྐོར་བ། །ཀ་བ་བརྒྱད་ཀྱིས་རྣམ་བརྒྱན་པ། །རྡུལ་ཚོན་ལྔ་པོ་ཉིད་ཀྱིས་ནི། །དྲ་བ་དྲ་ཕྱེད་ལ་སོགས་བཀླུབས། །དཀྱིལ་འཁོར་གྱི་ནི་ཕྱི་རོལ་ཡང་། །ཇི་སྐད་ གསུངས་པའི་མཚན་ཉིད་ཀུན། །ཁྱད་པར་དུ་ནི་མདོར་བསྡུས་ནས། །དེ་ཡི་ནང་དུ་ཐམས་ཅད་བྱ། །སྒོ་ཡི་མཚམས་དང་ཏྭ་ར་ན། །གཅིག་ཉིད་དུ་ནི་མི་བྱའོ། །དེ་ཕྱིར་དེ་ཡི་སྒོ་རྣམས་ནི། །ཏྭ་ར་ན་རྣམས་བརྟག་མི་བྱ། །གོ་རིམས་བཞིན་དུ་ལྷ་རྣམས་ཀྱི། །གདན་ནི་ཕྱི་ནས་དགོད་པར་བྱ། །ལྷ་རྣམས་ཇི་བཞིན་ 63-1-37b རིམ་པས་སོ། །དེ་ནས་དབུས་སུ་བཀོད་པ་ཉིད། །གཙོ་བོ་ཡི་ནི་གདན་ཡིན་ནོ། །ཤར་ལ་སོགས་པའི་ཕྱོགས་ཀུན་ལ། །མི་བསྐྱོད་ལ་སོགས་རྣམས་ཀྱི་གདན། །རང་གི་ས་བོན་ལས་གྲུབ་པ། །སྦྱོར་བའི་རིམ་པས་བརྟག་པར་བྱ། །དེ་ལ་གདན་རྣམས་བརྟག་པ་ནི་དབུས་སུ་སེང་གེའི་གདན་དང་། ཤར་དུ་གླང་པོ་ཆེའི་གདན་དང་། ལྷོ་རུ་རྟའི་གདན་དང་། ནུབ་ཏུ་རྨ་བྱའི་གདན་དང་། བྱང་དུ་ནམ་མཁའ་ལྡིང་གི་གདན་ཞེས་སོ། །རྡོ་རྗེ་སེམས་དཔའ་ནས་བརྩམས་ཏེ་རྡོ་རྗེ་འབེབས་པའི་མཐར་ཐུག་པའི་བར་གྱི་ཡི་གེ་ཨ་ལས་བསྐྱེད་པའི་ཟླ་བའི་དཀྱིལ་འཁོར་རྣམས་རྣམ་པར་བསྒོམ་མོ། །དེ་ནས་ཡང་གཙོ་ བོའི་གདན་ལ་ཡི་གེ་ཨ་ལས་ཡོངས་སུ་བསྐྱེད་པའི་རྣམ་པར་སྣང་མཛད་ཆེན་པོའོ། །གང་གི་ཕྱིར་སེམས་གང་ཡིན་པ་ཁོ་ན་གཟུང་བ་ལ་སོགས་པ་དང་བྲལ་བས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །དེ་ཉིད་ཞལ་བཞི་པ་སྟེ། སྟོང་པ་ཉིད་ལ་སོགས་པའི་རྣམ་པར་ཐར་པ་བཞིའོ། །ཆོས་ཀྱི་དབྱིངས་ལ་དམིགས་ པ་ཉིད་ཀྱིས་ཏིང་ངེ་འཛིན་ཐམས་ཅད་རབ་ཏུ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་སྐུ་མདོག་དཀར་པོའོ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རལ་པའི་དབུ་རྒྱན་དང་ལྡན་པའོ། །ཞི་བའི་སེམས་ཉིད་ཀྱི་ཕྱིར་སྐུ་ལ་རྒྱན་མི་མངའ་བའོ། །ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་ཕྱིར་བྱང་ཆུབ་མཆོག་གི་ཕྱག་རྒྱ་དང་ལྡན་ པའོ། །དེ་ལྟ་བུའི་དངོས་པོ་རྣམ་པར་སྣང་མཛད་ཆེན་པོར་བདག་ཉིད་མོས་པར་བྱ་སྟེ། སངས་རྒྱས་བཞིའི་གདན་གྱི་སྦྱོར་བས་སོ། །དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་ཡི་གེ་དྷཱིཿལས་ཡོངས་སུ་བསྐྱེད་པའི་བཅོམ་ལྡན་འདས་དང་པོའི་སངས་རྒྱས་ཞལ་ལྔ་པ་གཙུག་ཕུད་ལྔ་དང་ལྡན་པ་དེ་ཉིད་ཀྱི་ ཕྱིར། གདོང་ལྔ་གཙུག་ཕུད་ལྔ་དང་ལྡན། །ཞེས་གསུངས་སོ། །མདོག་ལྔ་དང་ལྡན་ཏེ་དེ་ཉིད་དང་འབྲེལ་པའི་གཙུག་ཕུད་ལྔ་པའི་ཟུར་ཕུད་ཅན་ནོ། །ཤར་སྔོན་པོ། ལྷོར་སེར་པོ། ནུབ་དམར་པོ། བྱང་ལྗང་གུ། དབུ་སྟེང་ན་རྟ་མཆོག་གི་ཞལ་བཞིན་དུ་གནས་པའི་ཞལ་དཀར་པོ་ཞི་བ་བྱིས་པའི་རྒྱན་གྱིས་བརྒྱན་ པ། སྒེག་པ་དང་ལྡན་པ། སྣ་ཚོགས་ཀྱི་ན་བཟའ་མནབས་པ། ཕྱག་བརྒྱད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ཁ་བཞིར་བགོས་ནས་ཕྱག་བཞིས་ཐུགས་ཀར་ཡང་དག་པར་འཛིན་པ། ཕྱག་གཞན་བཞིས་ནི་ཤེས་རབ་ཀྱི་རལ་གྲི་འདེབས་པའི་ཚུལ་གྱིས་འཛིན་པ། སངས་རྒྱས་བཞིའི་གདན་གྱི་སྦྱོར་ 63-1-38a བས་བཞུགས་པ་བསྒོམ་མོ། །འདིར་དེ་བཞིན་གཤེགས་པའི་ས་བཅུ་གཉིས་ཉེ་བར་མཚོན་པ། ཚིག་གི་བདག་པོས་ཚིགས་སུ་བཅད། །ཅེས་པ་དང་འབྲེལ་ཏོ། །ཇི་ལྟ་བུར་གྱུར་པ་ཞེ་ན། གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང་། །ཞེས་པ་ནི་ཕྱིས་འབྱུང་བའི་སྔགས་དྲུག་དང་ ལྡན་པ་ལ་བྱའོ། །བདག་ཉིད་ཅི་ཞེ་ན། གཉིས་སུ་མེད་པར་འབྱུང་བ་དང་། །ཞེས་པ་ལ། གཉིས་ནི་གཟུང་འཛིན་ནོ། །དེ་མེད་པ་གང་ཡིན་པ་དེ་ནི་གཉིས་སུ་མེད་པའོ། །དེ་ལས་འབྱུང་བ་ནི་སྐྱེ་བའོ། །གཉིས་སུ་མེད་པར་འབྱུང་བ་ནི་གཉིས་སུ་མེད་པར་འབྱུང་བའོ། །ཚིགས་བཅད་གང་ལ་ཡོད་པ་དེ་ནི་ གཉིས་སུ་མེད་པར་འབྱུང་བ་དང་ལྡན་པའི་ཚིགས་བཅད་དོ། །གཞན་ཡང་ཁྱད་པར་ཅི་འདྲ་ཞེ་ན། མི་སྐྱེ་ཆོས་ཅན་འདི་གསུངས་པ། །ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་སྟོང་པ་ཉིད་ཀྱི་རང་བཞིན་ཞེས་པའི་དོན་ཏོ། །འདི་གསུངས་པ་ཞེས་པ་ནི་བཤད་པའི་དོན་ཏོ། །དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ ལས་དེ་བཞིན་གཤེགས་པའི་ས་བཅུ་གཉིས་སུ་གསུངས་ཏེ། ཀུན་དུ་འོད་ཀྱིས་ཆེན་པོའོ། །དེ་ནི་ཉི་མའི་དཀྱིལ་འཁོར་འདྲ། །བདུད་རྩི་འོད་ནི་གཉིས་པ་སྟེ། །ཤིན་ཏུ་འོད་གསལ་ཟླ་བ་འདྲ། །ནམ་མཁའི་འོད་ནི་གསུམ་པ་སྟེ། །ནམ་མཁའི་གཞི་བཞིན་རབ་ཏུ་གནས། །རྡོ་རྗེ་འོད་ནི་བཞི་པ་སྟེ། །ས་ དེ་འོད་ནི་དགའ་བའོ། །ལྷག་པའི་བསམ་པ་བརྟན་སྦྱོར་བས། །རྡོ་རྗེ་ཞེས་ནི་ཡོངས་སུ་བརྟགས། །ལྔ་པ་རིན་འོད་ཅེས་བྱ་བ། །དབང་བསྐུར་བ་ལ་རབ་ཏུ་གནས། །པདྨའི་འོད་ཅེས་དྲུག་པ་སྟེ། །པདྨ་བཞིན་དུ་རབ་ཏུ་སྐྱེ། །རང་བཞིན་དག་པ་ཆོས་ཉིད་ཕྱིར། །དྲི་མ་མེད་ཅིང་ཡོངས་འཛིན་མེད། །བདུན་པ་ལས་ ཀྱི་འོད་ཅེས་པ། །སངས་རྒྱས་ཕྲིན་ལས་བྱེད་པར་འདོད། །བརྒྱད་པ་དཔེ་མེད་ཅེས་བྱ་བ། །དེ་ལ་དཔེ་ནི་ཡོད་མ་ཡིན། །དཔེ་ལྡན་ཞེས་པ་དགུ་པ་སྟེ། །ཐམས་ཅད་དཔེ་ནི་སོ་སོར་རྟོགས། །བཅུ་པ་ཤེས་རབ་འོད་ཅེས་པ། །སངས་རྒྱས་ས་ནི་བླ་ན་མེད། །བཅུ་གཅིག་ཐམས་ཅད་མཁྱེན་པ་ཉིད། །ས་ཆེན་རབ་ཏུ་ འོད་གསལ་བ། །བཅུ་གཉིས་སོ་སོར་རིག་པ་བ། །རྣལ་འབྱོར་ཡེ་ཤེས་རབ་ཏུ་རྫོགས། །ཞེས་སོ། །དེ་རྣམས་ནི་དེ་བཞིན་གཤེགས་པའི་ས་བཅུ་གཉིས་ཨ་ལ་སོགས་པའི་སྒྲའི་ཡི་གེ་བཅུ་གཉིས་སུ་ཡོངས་སུ་རྫོགས་པ་ཉིད་དུ་རིག་པར་བྱའོ། །དུས་གསུམ་བཞུགས་པའི་སངས་རྒྱས་ཀྱི། །ཞེས་ 63-1-38b པ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིའོ། །ཐུགས་ལ་གནས་ལྔ་ནི་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀར་གནས་པའི་ཕྱིར་རོ། །ཡེ་ཤེས་ཀྱི་སྐུ་ཞེས་པ་ནི་ཡེ་ཤེས་ཀྱི་སྐུའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་ཞེས་པ་ནི་ཇི་ལྟར་གནས་པའི་དངོས་ པོའི་དོན་རྟོགས་པའི་ཕྱིར་རོ། །ད་ནི་དང་པོའི་སངས་རྒྱས་དེའི་ཐུགས་ཀར་ཤེས་རབ་ཀྱི་འཁོར་ལོ་བསྒོམ་པར་བྱ་སྟེ། ཅི་འདྲ་བ་ཞིག་གསུངས་ཤེ་ན། །རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་སྟོན་པར་བྱེད་པའོ། །དེ་བཞིན་ཡང་བཤད་པ། རྩིབས་ཀྱི་ལྟེ་བ་ཡང་དག་འཛིན། །རྩིབས་རྣམས་ལྟེ་བ་ལ་ཡང་བརྟེན། ། རྟེན་ཅིང་འབྲེལ་པར་འབྱུང་སྦྱོར་བར། །འཁོར་ལོ་འདི་ནི་རབ་ཏུ་བསྐོར། །ཞེས་སོ། །ཡི་གེ་ཨས་བསྐྱེད་པའི་ཁ་དོག་དྲུག་དང་ལྡན་པ་རྩིབས་དྲུག་པ། མུ་ཁྱུད་བཞི་དང་ལྡན་པ། ཤིན་ཏུ་བཀོད་པའི་ལྟེ་བ་དེའི་དཀྱིལ་ན་ཡི་གེ་ཨ་བསམས་ཏེ། བཅོམ་ལྡན་འདས་ཡེ་ཤེས་སེམས་དཔའི་རྩ་བའི་སྔགས་ལ་ སོགས་པ་སྔགས་རྣམས་མུ་ཁྱུད་བཞི་ལ་མདོག་དཀར་པོ་ཁོ་ན་བསྒོམ་པར་བྱའོ། །དེ་ལ་དང་པོའི་མུ་ཁྱུད་ལ། ཨོཾ་སརྦ་དྷརྨཱ་ཨ་བྷཱ་བ་སྭ་བྷཱ་བ་བི་ཤུདྡྷ་བཛྲ་ཨ་ཨཱ་ཨཾ་ཨཿ། དེའི་ཕྱི་རོལ་དུ་མུ་ཁྱུད་གཉིས་པ་ལ་དེ་བཞིན་གཤེགས་པའི་ས་བཅུ་གཉིས་བརྗོད་པའི་སྒྲའི་ཡི་གེ་བཅུ་གཉིས་བསྒོམ་པར་བྱའོ། ། དེ་ནས་དང་པོའི་ལྕེ་ནས་བརྩམས་ནས་ཇི་ཙམ་དུ་སྔགས་དྲུག་པོ་བཀོད་པའི་རིགས་ཀྱི་མདོག་རིམ་པར་བྱའོ། །འདི་ལྟ་སྟེ་དང་པོ་ལ་ཨོཾ་བཛྲ་ཏཱིཀྵྞཱ་ཡ་ཏེ་ན་མཿ། གཉིས་པ་ལ་ཨོཾ་དུཿཁ་ཙྪེ་དཱ་ཡ་ཏེ་ན་མཿ། གསུམ་པ་ལ་ཨོཾ་པྲཛྙཱ་ཛྙཱ་ན་མཱུརྟཱ་ཡ་ཏེ་ན་མཿ། བཞི་པ་ལ་ཨོཾ་ཛྙཱ་ན་ཀཱ་ཡཱ་ཡ་ཏེ་ན་མཿ། ལྔ་པ་ ལ་ཨོཾ་བཱ་གཱི་ཤྭ་རཱ་ཡ་ཏེ་ན་མཿ། དྲུག་པ་ལ་ཨོཾ་ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿ། འཁོར་ལོའི་ཕྱི་རོལ་མུ་ཁྱུད་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུའི་ཕྲེང་བའི་སྔགས་བཀོད་དེ། ཨ་ཨཱཿཨོཾ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུྃ་ཧྲཱིཿབྷ་ག་ཝཱན། ཛྙཱ་ན་མཱུརྟི། བཱ་གཱི་ཤྭ་ ར། མ་ཧཱ་ཝཱ་ཙ། སརྦ་དྷརྨཱ་ག་ག་ན་ཨ་མ་ལ་སུ་པ་རི་ཤུདྡྷ་དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ། ཕྱི་རོལ་གྱི་མུ་ཁྱུད་གཉིས་པ་ལ་ཀ་ལ་སོགས་པ་ཧའི་མཐར་ཐུག་པའི་ཡི་གེ་དགོད་པར་བྱའོ། །དེ་ནི་འཁོར་ལོའི་སྔགས་དགོད་པའི་རིམ་པའོ། །འཁོར་ལོ་དེའི་དབུས་ན་གནས་པའི་ཡི་གེ་ཨ་ལས་བསྐྱེད་ 63-1-39a པའི་བཅོམ་ལྡན་འདས་ཡེ་ཤེས་སེམས་དཔའ་ཞལ་དྲུག་པ། སྟོན་ཀའི་ཟླ་བའི་མདོག་ཅན། ཨིནྡྲ་ནཱི་ལ་མཆོག་གི་གཙུག་ཕུད་ཉི་མ་འཆར་ཀའི་དཀྱིལ་ལྟར་འོད་ཀྱི་དཀྱིལ་འཁོར་གྱིས་བསྐོར་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གྱི་རྒྱན་གྱི་ཏིང་ངེ་འཛིན་ལ་ སྙོམས་པར་ཞུགས་པ། སྣ་ཚོགས་པདྨའི་གདན་ལ་བཞུགས་པ། ཕྱག་གཉིས་ཀྱིས་ཨུཏྤལ་དམར་པོ་དང་ཨུཏྤལ་སྔོན་པོ་གཉིས་ལ་བརྟེན་ནས་གནས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་གཉིས་འཛིན་པ། ཞི་བའི་ཚུལ་དང་ལྡན་པའི་བདག་ཉིད་བསམས་ཏེ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ བསྒོམས་ནས། དེའི་སྟེང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཐམས་ཅད་མཁྱེན་པའི་ཡེ་ཤེས་འབྱུང་བའི་བྱེད་རྒྱུ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་བསྐྱེད་པར་གྱུར་པ། བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སུ་གྱུར་པ། དོན་དམ་པའི་ཡེ་ཤེས་ཐམས་ཅད་ ཀྱི་བྱེད་རྒྱུར་གྱུར་པའི་ཡི་གེ་ཨ་བཀོད་དེ། དེ་ནས་འཁོར་ལོ་ལ་གནས་པའི་སྔགས་ཀྱི་ཡི་གེ་གང་ཡིན་པ་རྣམས་ཇི་ལྟར་གསུངས་པའི་ཁ་དོག་དང་ལྡན་པ་ཤིན་ཏུ་རྣམ་པར་བཀོད་པ་མི་ཤེས་པའི་རི་བོ་འཇོམས་པར་ནུས་པའི་འོད་དང་ལྡན་པར་བསྒོམས་ཏེ། འོད་དེ་རྣམས་ཀྱིས་རང་གི་ལུས་ལ་སྣང་བར་བྱེད་པ་བསྒོམ་མོ། །འོད་ཀྱིས་ སྣང་བར་བྱས་མ་ཐག་ཏུ་ཞལ་བཞི་ལས་ཕྱུང་སྟེ། མི་མཇེད་འཇིག་རྟེན་གྱི་ཁམས་སྣང་བར་བྱས་ནས། དེ་ནས་རྡོ་རྗེའི་སྒོ་དྲུག་ནས་འོད་ཟེར་ཁ་དོག་དྲུག་ཕྱུང་སྟེ། ནམ་མཁའི་ཁམས་ཐམས་ཅད་དུ་ཁྱབ་པས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་པ་རྣམས་སུ་སོང་ནས་མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་ ཁམས་ཀྱི་དོན་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་དཀྱིལ་འཁོར་ཡང་སྣང་བར་བྱས་ཏེ། དེ་རྣམས་ཀྱི་ཞལ་ནས་ཞུགས་པས་དེ་དག་གི་ཐུགས་ཀའི་རྡོ་རྗེ་ལ་བསྐོར་བ་བྱས་ཏེ། དེ་དག་གི་ཤེས་རབ་ཀྱི་ཡེ་ ཤེས་དེ་དྲངས་ནས་ཆོས་བདག་མེད་པ་མཉམ་པ་ཉིད་ཀྱིས་རང་གི་ཁ་ནས་ཞུགས་ཏེ། རང་གི་སྙིང་ག་ལ་གནས་པའི་ཟླ་བ་ལ་སྔགས་ཀྱི་ཡི་གེ་དང་གཅིག་ཏུ་གྱུར་ནས་གནས་པར་བསྒོམ་པར་བྱའོ། །དེ་ལྟར་རྒྱུན་དུ་ཞུགས་པ་བསྒོམ་པ་ལ་གནས་པ་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔས་བཅོམ་ 63-1-39b ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་གཟུགས་ཡེ་ཤེས་ཀྱི་སྐུའི་སྒོ་ནས་དམིགས་སོ་ཞེས་པ་དང་། ཟླ་བའི་དཀྱིལ་འཁོར་གྱི་དབྱིབས་ཀྱི་སྒོ་ནས་དེའི་གཟུགས་རྗེས་སུ་བསམ་མོ་ཞེས་པ་དང་། ཡི་གེ་ཨའི་གཟུགས་ཀྱི་སྒོ་ནས་དེའི་གཟུགས་རྗེས་སུ་བསྒོམ་མོ་ཞེས་སོ། །དེ་ལྟར་རྣམ་པ་གསུམ་ གྱི་ཚུལ་གྱིས་བསྒོམས་པས་དེ་ཉིད་ཀྱི་སྤྲུལ་པའི་གཟུགས་ཀྱི་སྐུ་དུས་རིང་པོ་མ་ཡིན་པ་ཁོ་ནར་འདུལ་བའི་དབང་ཉེ་བར་གཟུང་སྟེ། མཐོང་བར་འགྱུར་བ་དང་། ནམ་མཁའི་གཞི་ལ་གནས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྲུལ་པའི་གཟུགས་ཀྱི་སྐུ་དང་ལྡན་པར་གྱུར་པ་རྣམས་མཐོང་བར་འགྱུར་ རོ་ཞེས་བྱ་བ་སྟེ། དེ་ཡང་བསྒོམ་པའི་དབང་དེ་ལས་ཚེ་འདི་ཁོ་ན་ལ་སངས་རྒྱས་པ་ཉིད་དང་རྡོ་རྗེ་སེམས་དཔའ་ཉིད་འཐོབ་བོ་ཞེས་པའི་དོན་ཏོ། །དེ་ལྟར་རིམ་པ་འདིས་སྒྱུ་འཕྲུལ་དྲ་བའི་མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་པར་གསུངས་པ་ཡིན་ནོ། །དེ་ནི་འདིའི་རིགས་ཀྱི་དབྱེ་བས་ཤེས་རབ་ཀྱི་འཁོར་ལོ་གཞན་དྲུག་རྣམས་ ཀྱང་བཤད་དེ། དེ་ལ་རེ་ཞིག་དང་པོའི་རྣལ་འབྱོར་ཐམས་ཅད་སྔོན་དུ་བྱས་ལ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོའི་དཀྱིལ་འཁོར་གྱི་དབུས་ན་གནས་པ་བསྡུས་ཏེ། དེའི་གནས་སུ་ཡི་གེ་ཧྲཱིཿལས་བསྐྱེད་པའི་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་ལྡན་པའི་ཏིང་ངེ་འཛིན་ གྱིས་གནས་པར་བསམས་ལ། དེའི་ཐུགས་ཀར་དང་པོའི་སངས་རྒྱས་དེ་བཞིན་དུ་བསྒོམས་ནས། དེའི་ཐུགས་ཀར་ཡང་རྩིབས་བརྒྱད་པའི་འཁོར་ལོ་མུ་ཁྱུད་བཞི་དང་ལྡན་པ་རྩ་བའི་སྔགས་ལ་སོགས་པས་ཡོངས་སུ་བསྐོར་བ་བསྒོམ་པར་བྱའོ། །དེ་ནས་ཡང་རྩིབས་བརྒྱད་ལ་ས་བོན་རྣམས་ནི་ཨོཾ་བཛྲ་ཏཱིཀྵྞཱ་ཡ་ ཏེ་ན་མཿཞེས་བཀོད་དེ། འཁོར་ལོའི་ལྟེ་བའི་དབུས་ན་ཡི་གེ་ཧྲཱིཿལས་གྱུར་པའི་སྐུ་རྡོ་རྗེ་རྣོན་པོ་ཞེས་བྱ་བ་སྐུ་མདོག་དམར་པོ་བྱིས་པའི་རྒྱན་དང་ལྡན་པ། གཙུག་ཕུད་ལྔས་དབུ་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟའ་མནབས་པ། ཕྱག་གཡོན་པས་པདྨ་འཛིན་པ། གཡས་ཀྱི་ཤེས་རབ་ཀྱི་རལ་གྲི་འཛིན་པ་ བསྒོམས་ཏེ། དེའི་ཐུགས་ཀར་སྔོན་བཞིན་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿབསྒོམས་ཏེ། སྤྲོ་བ་དང་བསྡུ་བ་གོང་མ་བཞིན་དུ་རིམ་པར་བྱས་ནས་བསྒོམ་པར་བྱའོ། །དེ་ཁོ་ན་ཉིད་བཞིན་དུ་ཡང་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་ཧཱུྃ་ལས་བསྐྱེད་པའི་མི་བསྐྱོད་པ་སྐུ་མདོག་སྔོན་པོ་ས་གནོན་གྱི་ཕྱག་རྒྱ་དང་ལྡན་པ་ 63-1-40a བསྒོམས་ནས། དེའི་ཐུགས་ཀར་ཡང་དང་པོའི་སངས་རྒྱས་དང་དེ་བཞིན་དུ་འཁོར་ལོ་རྩིབས་བརྒྱད་པ་བསྒོམས་ཏེ། སྔོན་བཞིན་དུ་སྔགས་དགོད་པར་བྱའོ། །ཨོཾ་དུཿཁ་ཙྪེ་དཱ་ཡ་ཏེ་ན་མཿཞེས་པའི་ས་བོན་བརྒྱད་རྩིབས་རྣམས་ལ་བཀོད་ནས། ལྟེ་བ་ལ་ཡི་གེ་ཧཱུྃ་ལས་བསྐྱེད་པའི་ བཅོམ་ལྡན་འདས་འཇམ་དཔལ་སྡུག་བསྔལ་གཅོད་པ་སྐུ་མདོག་སྔོན་པོ་གཞོན་ནུའི་གཟུགས་ཅན་བྱིས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཟུར་ཕུད་ལྔ་པ། རྒྱ་ནག་གི་དར་མནབས་པ། གཡོན་གྱིས་རྡོ་རྗེ། གཡས་ཀྱིས་རལ་གྲི་འཛིན་པ་བསྒོམས་ནས། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ ཡི་གེ་ཧཱུྃ་བསྒོམས་ཏེ། དེ་བཞིན་དུ་སྤྲོ་བ་ལ་སོགས་པ་བྱའོ། །ཡང་དེ་ཁོ་ན་བཞིན་དུ་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་ཨ་ལས་བསྐྱེད་པའི་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་དང་ལྡན་པ་བསྒོམས་ཏེ། དེའི་ཐུགས་ཀར་དང་པོའི་སངས་རྒྱས། དེ་ཁོ་ན་བཞིན་དུ་འཁོར་ལོ་རྩིབས་བཅུ་ པ་ལ་ཨོཾ་པྲཛྙཱ་ཛྙཱ་ན་མཱུརྟཱ་ཡ་ཏེ་མཿཞེས་པའི་ས་བོན་གྱི་ཡི་གེ་རྣམས་རྩིབས་བཅུ་ལ་བཀོད་ནས། འཁོར་ལོའི་ལྟེ་བ་ལ་ཡི་གེ་ཨ་ལས་བྱུང་བའི་བཅོམ་ལྡན་འདས་ཤེས་རབ་ཡེ་ཤེས་སྐུ་མདོག་དཀར་པོ། ཟུར་ཕུད་ལྔ་པ། བྱིས་པའི་རྒྱན་དང་ལྡན་པ། སྣ་ཚོགས་ཀྱི་གོས་ཀྱིས་བརྒྱན་པ། གཡོན་གྱིས་འཁོར་ ལོ། །གཡས་ཀྱིས་ཤེས་རབ་ཀྱི་རལ་གྲི་འཛིན་པ་བསྒོམས་ནས། དེའི་ཐུགས་ཀར་ཟླ་བའི་སྟེང་ན་ཡི་གེ་ཨ་བསྒོམས་ཏེ། དེ་ཁོ་ན་བཞིན་དུ་སྤྲོ་བ་ལ་སོགས་པ་བྱའོ། །དེ་ཁོ་ན་བཞིན་དུ་དཀྱིལ་འཁོར་གྱི་དབུས་ན་ཡི་གེ་ས་བོན་ཨ་ལས་བྱུང་བའི་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་གུ་མི་འཇིགས་པའི་ཕྱག་རྒྱ་དང་ལྡན་ པ་བསྒོམས་ཏེ། དེའི་ཐུགས་ཀར་དང་པོའི་སངས་རྒྱས། དེའི་ཐུགས་ཀར་འཁོར་ལོ་རྩིབས་བརྒྱད་པ། སྔོན་བཞིན་དུ་རྩ་བའི་སྔགས་ལ་སོགས་པ་རྣམ་པར་དགོད་པར་བྱ་བ་བསྒོམས་ནས། དེ་ནས་ཡང་རྩིབས་བརྒྱད་པ་ལ་ཨོཾ་ཛྙཱ་ན་ཀཱ་ཡཱ་ཡ་ཏེ་ན་མཿཞེས་པའི་ས་བོན་བརྒྱད་བཀོད་དེ། འཁོར་ལོའི་ལྟེ་བ་ ལ་ཡི་གེ་ཨ་ལས་གྱུར་པའི་བཅོམ་ལྡན་འདས་ཡེ་ཤེས་ཀྱི་སྐུ་མདོག་ལྗང་གུ། གཞོན་ནུའི་རྒྱན་དང་། གཙུག་ཕུད་ལྔས་དབུ་བརྒྱན་པ། གཡོན་གྱིས་སྣ་ཚོགས་རྡོ་རྗེ། གཡས་ཀྱིས་ཤེས་རབ་ཀྱི་རལ་གྲི་འཛིན་པ་བསྒོམས་ཏེ། དེའི་ཐུགས་ཀར་ཟླ་བའི་སྟེང་ན་ཡི་གེ་ཨ་བསྒོམས་ནས། དེ་ཁོ་ན་བཞིན་ 63-1-40b དུ་སྤྲོ་བ་དང་བསྡུ་བ་བྱས་ནས་བསྒོམ་པར་བྱའོ། །ཡང་ཁོ་ན་བཞིན་དུ་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་ཨོཾ་ལས་བྱུང་བའི་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་མཆོག་སྦྱིན་གྱི་ཕྱག་རྒྱ་དང་ལྡན་པར་བསྒོམས་ནས། དེའི་ཐུགས་ཀར་དང་པོའི་སངས་རྒྱས་དེ་ཁོ་ན་བཞིན་དུ་འཁོར་ལོ་རྩིབས་བརྒྱད་ལ་རྩ་བའི་ སྔགས་ལ་སོགས་པ་དང་ལྡན་པར་བསྒོམས་ཏེ། དེའི་རྩིབས་བརྒྱད་ལ་ཨོཾ་ཝཱ་གཱི་ཤྭ་རཱ་ཡ་ཏེ་ན་མཿཞེས་པའི་ས་བོན་བཀོད་ནས། འཁོར་ལོ་ལྟེ་བ་ལ་ས་བོན་ཡི་གེ་ཨོཾ་ལས་བསྐྱེད་པའི་བཅོམ་ལྡན་འདས་ངག་གི་དབང་ཕྱུག་སྐུ་མདོག་སེར་པོ། རྒྱན་ཐམས་ཅད་དང་ལྡན་པ། ཟུར་ ཕུད་ལྔ་པ། སྣ་ཚོགས་ཀྱི་ན་བཟའ་མནབས་པ། གཡོན་གྱིས་རིན་པོ་ཆེ། གཡས་ཀྱིས་ཤེས་རབ་ཀྱི་རལ་གྲི་འཛིན་པ་བསྒོམས་ཏེ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཨོཾ་བསྒོམས་ནས། དེ་བཞིན་དུ་སྤྲོ་བ་དང་བསྡུ་བ་ལ་སོགས་པ་བྱའོ། །དེ་ཁོ་ན་བཞིན་དུ་དཀྱིལ་ འཁོར་གྱི་དབུས་ན་ཡི་གེ་ཨ་ལས་གྱུར་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སྐུ་མདོག་དཀར་པོ། འཇོ་སྒེག་གི་ཚུལ་དང་ལྡན་པ། རིགས་ལྔའི་དབུ་རྒྱན་ཅན། རྡོ་རྗེ་སྙེམས་པས་བཞུགས་པ། རྒྱན་ཐམས་ཅད་ཀྱིས་བཀླུབས་པ། རྡོ་རྗེ་དང་དྲིལ་བུ་འཛིན་པ་བསྒོམས་ནས། དེའི་ཐུགས་ཀར་བཅོམ་ལྡན་འདས་དང་ པོའི་སངས་རྒྱས་བསྒོམས་ཏེ། དེའི་ཐུགས་ཀར་འཁོར་ལོ་རྩིབས་དགུ་པ་རྩ་བའི་སྔགས་ལ་སོགས་པ་བཀོད་པའི་རྩིབས་ལ་ཨོཾ་ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿཞེས་པའི་ས་བོན་གྱི་ཡི་གེ་དགུ་རྣམས་བཀོད་ནས། འཁོར་ལོའི་ལྟེ་བ་ལ་ཡི་གེ་ཨ་ལས་བསྐྱེད་པ་བཅོམ་ལྡན་འདས་ཨ་ར་པ་ཙ་ན་ཞེས་བྱ་བ་ཡེ་ཤེས་ སེམས་དཔའ་སྐུ་མདོག་དཀར་པོ། བྱིས་པའི་རྒྱན་གྱིས་བརྒྱན་པ། ཟུར་ཕུད་ལྔ་པ་ཅན། སྣ་ཚོགས་ཀྱི་ན་བཟའ་མནབས་པ། ཕྱག་ན་པོ་ཏི་དང་རལ་གྲི་འཛིན་པ་བསྒོམས་ཏེ། དེའི་ཐུགས་ཀར་ཟླ་བའི་སྟེང་ན་ཡི་གེ་ཨ་བསྒོམས་ནས་གོང་མ་བཞིན་དུ་སྤྲོ་བ་དང་བསྡུ་བ་དང་ཞུགས་པ་དང་གནས་པ་ བརྟན་པར་གྱུར་པ་ལ་སོགས་པ་བྱས་ནས་བསྒོམ་པར་བྱའོ་ཞེས་ཀུན་ལ་སྦྱར་བར་བྱའོ། །འདིར་ཡང་རིགས་ཀྱི་དབྱེ་བས་དཔལ་སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་པ་དྲུག་ཏུ་རིག་པར་བྱའོ། །དེ་ཉིད་ཀྱི་ཕྱིར་ན་འཕགས་པ་མཚན་ཡང་དག་པར་བརྗོད་པ་ལ་འཁོར་ལོ་བདུན་ 63-1-41a རིགས་བདུན་དུ་འགྱུར་ཏེ། དེ་རྣམས་ཀྱང་བླ་མའི་མན་ངག་ལས་ཤེས་པར་བྱའོ། །དེ་རྣམས་དང་ལྡན་པ་ནི་སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་པའོ། །འཕགས་པ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་པ་མཚན་གསང་སྔགས་ཀྱི་དོན་དུ་རྣམ་ པར་ལྟ་བ་ཞེས་བྱ་བ་ལས་སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་པའི་དབང་དུ་བྱས་པ་སྟེ་བཞི་པ་ཚིགས་སུ་བཅད་པ་གསུམ་པའོ།། །།དེ་ནས་ད་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་སྒོ་ནས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སྤྲོ་བ་ལ་སོགས་པ་གསུངས་པ་ནི། འདི་ལྟར་སངས་རྒྱས་ བཅོམ་ལྡན་འདས། །ཞེས་པ་ལ་སོགས་པའོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་དོན་བཤད་ཟིན་ཏོ། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཞེས་པ་ནི། དེ་ལ་རྫོགས་པའི་སངས་རྒྱས་ཀྱི་དོན་ནི་བཤད་ཟིན་ཏོ། །ཨ་ལས་བྱུང་བ་ནི་ཡི་གེ་ཨ་ལས་བསྐྱེད་པ་སྟེ། བཅོམ་ལྡན་འདས་ཡེ་ ཤེས་སེམས་དཔའ་ཡོངས་སུ་དག་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུའི་རང་བཞིན་ཡིན་པའི་ཕྱིར་རོ། །ད་ནི་དེའི་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་གི་གང་ཡིན་པ་ཡི་གེ་ཨ་དེའི་ཁྱད་པར་གསུངས་པ། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་པ་སྟེ། རབ་ཏུ་གྱུར་པ་ནི་མཆོག་སྟེ། མཆོག་གི་ དངོས་པོ་ཉིད་ནི་མཆོག་ཉིད་དོ། །ཡི་གེ་ཀུན་ནི་ཡི་གེ་ཐམས་ཅད་དོ། །དེའི་མཆོག་ནི་རབ་སྟེ། དེ་རྣམས་ཀྱི་སྒོ་ཉིད་ཀྱི་ཕྱིར་རོ། །དོན་ཆེན་ཞེས་པ་ལ། དོན་ཡང་ཡིན་ལ་ཆེན་པོ་ཡང་དེ་ཉིད་ཡིན་པས་དོན་ཆེན་ཏེ། འགྲོ་བ་ཀུན་ལ་ཕན་པར་བྱེད་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །ཡི་གེ་དམ་པ་ཡིན་ཞེས་པ་ནི། རྣམ་ གྲངས་གཞན་དང་གཞན་གྱིས་མི་འགྱུར་བའི་ཕྱིར་ན་སྟེ། ཡང་དག་པའི་མཐའི་ངོ་བོ་ཉིད་ཀྱིས་མི་གཡོ་བ་ཉིད་ཀྱི་ཕྱིར་རོ། །ཡི་གེ་ཡང་དེ་ཡིན་ལ་དམ་པ་ཡང་དེ་ཉིད་ཡིན་པས་ཡི་གེ་དམ་པ་ཡིན་ཞེས་སོ། །རིམ་པ་འདིས་ཀྱང་ཡེ་ཤེས་སེམས་དཔའ་ལ་སོགས་པའི་ཡི་གེ་ངག་གི་རང་བཞིན་བརྗོད་པ་ གསུངས་པ་སྟེ། དེ་དག་ཉིད་རེ་རེ་ཡང་རྣལ་འབྱོར་པ་རང་གི་སེམས་ལས་བྱུང་བའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་རང་བཞིན་མི་མཐུན་པའི་ཕྱོགས་མ་ལུས་པ་ལས་བཟློག་པའི་ངོ་བོ་ཉིད་དུ་སོ་སོར་བརྟག་པར་བྱ་བ་ནི། དེ་ལྟར་རང་གི་ཏིང་ངེ་འཛིན་རྣམས་དང་དེའི་ཕྱིན་ཅི་ལོག་མི་དམིགས་པར་སྟོན་ 63-1-41b པ་ཉིད་ཀྱི་ཕྱིར་དམིགས་པ་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོའི་མཚན་ཉིད་དོ། །དེ་ལྟར་མཚན་མ་དང་། ལོག་པའི་སྨོན་པ་དང་། ཕྱིན་ཅི་ལོག་གི་འདུ་བྱེད་དང་ལྡན་པ་རྣམས་ཀྱི་གཉེན་པོའི་ཕྱོགས་ཀྱི་ངོ་བོ་རིམ་པ་བཞིན་དུ་མཚན་མ་མེད་པ་དང་། སྨོན་པ་མེད་ པ་དང་། མངོན་པར་འདུ་བྱེད་པ་མེད་པའི་རྣམ་པར་ཐར་པའི་སྒོའི་བདག་ཉིད་རྣམས་བྱ་སྟེ། དེ་ལ་ཡང་གོ་རིམས་བཞིན་དུ་རྡོ་རྗེ་སེམས་མ་ལ་སོགས་པའི་རིགས་ཀྱི་ཡུམ་གྱི་རང་བཞིན་གྱི་དབང་དུ་བྱས་ནས་གསུངས་པ། ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཅེས་བྱ་བ་ནི་སེམས་མ་རྡོ་རྗེ་མའི་རང་བཞིན་ ནོ། །དེ་ལ་ཡང་ཁོང་ནས་འབྱུང་བ་ནི་ཡི་གེ་ཨའོ། །དེ་ཡང་སྐྱེ་བ་མེད་པའི་རང་བཞིན་ཏེ། དེ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་དང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རྒྱུ་ཉིད་ཀྱི་ཕྱིར་རོ། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །ཞེས་པ་ནི་རིན་ཆེན་རྡོ་རྗེ་མའི་སྒོ་ནས་ཏེ། ཚིག་རྣམས་བརྗོད་པ་ནི་ཚིག་ཏུ་བརྗོད་ པ་སྟེ། དེ་མེད་པ་ནི་སྤངས་པ་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་ཚིག་གི་རྩོལ་བ་མེད་པའི་ཕྱིར་རོ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཅེས་པ་ནི་ཆོས་ཀྱི་རྡོ་རྗེ་མའི་སྒོ་ནས་སོ། །མངོན་པར་བརྗོད་པ་ནི་བརྗོད་པ་སྟེ། ཕུང་པོ་ལ་སོགས་པའི་རང་བཞིན་ཆོས་ཐམས་ཅད་ཀྱི་མངོན་པར་བརྗོད་པ་ནི་བརྗོད་པ་ ཀུན་ཏེ། དེའི་རྒྱུ་ནི་བྱེད་རྒྱུ་སྟེ། སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་སོ། །དེ་ཉིད་ཀྱི་ཕྱིར་མཆོག་སྟེ། གཙོ་བོ་ཞེས་པའི་དོན་ཏོ། །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་པ་ནི་ལས་ཀྱི་རྡོ་རྗེ་མའི་རང་བཞིན་གྱིས་ཏེ། ཚིག་ཀྱང་དེ་ཡིན་ལ་དོན་ཀུན་ཡང་དེ་ཡིན་པས་ཚིག་ཀུན་ཏེ། འདི་ལྟ་སྟེ། ལྷའི་ སྐད་དང་ཀླུའི་སྐད་དང་གནོད་སྦྱིན་སྐད་ཅེས་པ་ལ་སོགས་པ་ལྟ་བུའོ། །དེ་ཉིད་ཀྱི་ཕྱིར་རབ་ཏུ་གསལ་བར་བྱེད་པ་ཞེས་བྱ་བ་སྟེ། ཇི་ལྟར་སྐལ་བ་དང་ལྡན་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སོ་སོར་སྣང་བ་འབྱུང་བས་སོ། །སྒོ་ཐ་དད་པའི་ཆོས་བསྟན་པ་ཡང་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་རང་བཞིན་ ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ན་རྡོ་རྗེ་སེམས་མ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཞི་པོ་འདི་རྣམས་ནི། ཨ་ཨཱ་ཨཾ་ཨཿཞེས་པའི་ཡི་གེ་བཞི་ལས་བསྐྱེད་པར་བྱའོ། །དེ་ནས་ཡང་སེམས་གང་ཁོ་ན་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཐ་མལ་པའི་གཟུང་བ་ལ་སོགས་པའི་རྣམ་པ་དང་བྲལ་བས་དེ་ཉིད་ཁོ་ན་གློ་བུར་གྱི་དྲི་ 63-1-42a མ་མེད་ཅིང་འོད་གསལ་བ་ཉིད་ཀྱི་ཕྱིར་དང་། ཡེ་ཤེས་གཞན་འབྱུང་བའི་མཚན་མ་ཉིད་ཀྱི་ཕྱིར་ན་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་དོ། །ཆོས་ལ་དམིགས་པའི་སྙིང་རྗེ་ལ་སོགས་པའི་བདག་ཉིད་ཀྱིས་རྒྱུད་གཞན་དུ་བྱེད་པ་ལ་མཆོག་ཏུ་མི་འཛིན་པའི་ཕྱིར་ན་མཉམ་པ་ ཉིད་ཀྱི་ཡེ་ཤེས་སོ། །ཤེས་བྱ་ཐམས་ཅད་ལ་ཕྱིན་ཅི་མ་ལོག་པས་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་སོ། །འཇིག་རྟེན་ཀུན་ལ་ཕན་པའི་རྒྱུ་ཉིད་ཀྱི་ཕྱིར་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་བདག་ཉིད་དོ། །འདི་དག་ཀྱང་གོ་རིམས་བཞིན་དུ་རྟག་པ་ལ་སོགས་པ་གཙོ་བོའོ། །རང་བཞིན་ནོ། །དེ་ཉིད་གསུངས་ པ། མཆོད་པ་ཆེན་པོ་འདོད་ཆགས་ཆེ། །ཞེས་པ་ལ་སོགས་པའོ། །དེ་ལ་ཡང་དང་པོར་སྣང་བ་མཐའ་ཡས་ཀྱིས་ཉེ་བར་གཟུང་བ་ནི་འདོད་ཆགས་གཙོ་བོར་གྱུར་པས་གཟུང་བའི་དོན་ཏེ། དེ་ཉིད་གསུངས་པ། འདོད་ཆགས་ཞེ་སྡང་གཏི་མུག་དང་། །ཞེས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནམ་ མཁའ་ཀུན་ལ་ཁྱབ་པའི་མཆོད་པ་བསྟན་པའི་དུས་ལ་ནི་མཆོད་པ་ཆེན་པོ་ཞེས་གསུངས་སོ། །མ་ཧཱའི་སྒྲ་ནི་མཆོད་པ་ལ་བརྗོད་པ་ཡིན་ནོ། །ཆེན་པོའི་བདག་ཉིད་ཀྱི་འདོད་ཆགས་དང་འདོད་ཆགས་ཆེན་པོའོ། །མཆོད་པ་ཡང་དེ་ཡིན་ལ་འདོད་ཆགས་ཆེན་པོ་ཡང་དེ་ཡིན་པས། མཆོད་པ་ཆེན་པོ་འདོད་ཆགས་ ཆེ། །ཞེས་པའོ། །དེ་ལ་འདོད་ཆགས་ཆེ་ནི་སེམས་ཅན་སྨིན་ཅིང་གྲོལ་བའི་མཚན་ཉིད་དོ། །དེ་ཡང་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་མཚན་ཉིད་ཡིན་ཏེ། འདོད་ཆགས་ཆེན་པོ་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཞེས་འབྱུང་བའི་ཕྱིར་རོ། །སེམས་ཅན་ཐམས་ ཅད་དགའ་བར་བྱེད། །ཅེས་པ་ནི་འདོད་ཆགས་ལ་སྤྱོད་པའི་སེམས་ཅན་དགའ་ཞིང་མགུ་ལ་བདེ་བ་ཆེན་པོའི་བདག་ཉིད་བྱེད་པས་ན། སེམས་ཅན་ཐམས་ཅད་དགའ་བར་བྱེད་པ་སྟེ། སྣང་བ་མཐའ་ཡས་ཀྱི་རང་བཞིན་ནོ། །ཞེ་སྡང་ལ་སྤྱོད་པའི་དབང་དུ་བྱས་ནས་གསུངས་པ། མཆོད་པ་ཆེན་པོ་ཞེ་སྡང་ ཆེ། །ཉོན་མོངས་ཀུན་གྱི་དགྲ་ཆེ་བ། །ཞེས་པ་སྟེ། མཆོད་པ་ཆེན་པོ་ཞེས་པའི་དོན་ནི་བཤད་ཟིན་ཏོ། །ཞེ་སྡང་ཆེ་ནི་མི་བསྐྱོད་པའོ། །དེ་ཡང་ཉོན་མོངས་ཀུན་གྱི་དགྲ་ཆེ་བ་ཡིན་ཏེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ཀྱི་དགྲ་ཆེན་པོ་ཞེས་པའི་དོན་ཏོ། །གཏི་མུག་ལ་སྤྱོད་པའི་དབང་ 63-1-42b དུ་བྱས་ནས་གསུངས་པ། མཆོད་པ་ཆེན་པོ་གཏི་མུག་ཆེ། །གཏི་མུག་བློ་སྟེ་གཏི་མུག་སེལ། །ཞེས་པ་སྟེ། མཆོད་པ་ཆེན་པོ་ནི་གོང་མ་བཞིན་ནོ། །གཏི་མུག་ཆེན་པོ་ནི་རྣམ་པར་སྣང་མཛད་དོ། །བློ་ལ་གཏི་མུག་པ་ནི་གཏི་མུག་གི་བློ་སྟེ། གཏི་མུག་ཀྱང་དེ་ཡིན་ལ་བློ་ཡང་དེ་ཉིད་ཡིན་པས་གཏི་མུག་བློའོ། ། དེ་སེལ་བར་བྱེད་པ་ནི་འཇོམས་པར་བྱེད་པའོ། །ཁྲོ་བ་ལ་སྤྱོད་པའི་དབང་དུ་བྱས་ནས་གསུངས་པ། མཆོད་པ་ཆེན་པོ་ཁྲོ་བ་ཆེ། །ཁྲོ་བ་ཆེན་པོ་དགྲ་ཆེ་བ། །ཞེས་པ་སྟེ། མཆོད་པ་ཆེན་པོ་ནི་གོང་མ་བཞིན་ནོ། །ཁྲོ་བ་ཆེན་པོ་ནི་དོན་ཡོད་གྲུབ་པའོ། །ཁྲོ་བ་ཆེན་པོ་དགྲ་ཆེ་བ། །སེམས་ཅན་དང་ སེམས་ཅན་མ་ཡིན་པའི་ཡུལ་གྱི་ཕྱིར་ཁྲོ་བ་ཆེན་པོ་སྟེ། དེ་ཉིད་ཀྱི་དགྲ་ཆེན་པོ་ཞེས་སོ། །ཆགས་པར་བྱེད་པའི་དབང་དུ་བྱས་ནས་གསུངས་པ། མཆོད་པ་ཆེན་པོ་ཆགས་པ་ཆེ། །ཆགས་པ་ཐམས་ཅད་སེལ་བར་བྱེད། །ཅེས་པ་སྟེ། མཆོད་པ་ཆེན་པོའི་དོན་ནི་གོང་མ་བཞིན་དུ་བཤད་དོ། །ཆགས་པ་ཆེན་ པོ་ནི་རིན་ཆེན་འབྱུང་ལྡན་ནོ། །ཆགས་པ་ཐམས་ཅད་སེལ་བར་བྱེད་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པ་ཡོངས་སུ་དག་པར་བྱེད་པའི་དོན་ཉིད་ཀྱི་ཕྱིར་རོ། །སྟོང་པ་ཉིད་ལ་སོགས་པའི་རྣམ་པར་ཐར་པའི་སྒོ་བཞི་རྣམས་དང་། ཆོས་དབྱིངས་ཀྱི་སྐྱེ་མཆེད་ཀྱི་སྒོ་ནས་ཏིང་ངེ་ འཛིན་ཐམས་ཅད་ཀྱི་རྒྱུ་ཉིད་ཀྱི་ཕྱིར་ན་དེ་ཉིད་ཀྱང་ཡང་ནང་དུ་ཕྱིན་ཅི་ལོག་པ་དང་མི་མཐུན་པའི་གཉེན་པོ་ནང་སྟོང་པ་ཉིད་ཀྱི་རྣམ་པ་དང་། ཕྱི་རོལ་དུ་དམིགས་པ་དང་བྲལ་བས་ན་ཕྱི་སྟོང་པ་ཉིད་ཀྱི་རང་བཞིན་དང་། དེ་དག་གི་རྟེན་དང་ལུས་མི་དམིགས་པའི་རང་བཞིན་ཉིད་ཀྱིས་ཕྱི་ནང་སྟོང་པ་ཉིད་ཀྱི་བདག་ཉིད་དང་། སྣོད་ ཀྱི་འཇིག་རྟེན་ལ་ལྷག་པར་ཆགས་པ་དང་བྲལ་བ་ཉིད་ཀྱིས་ཆེན་པོ་སྟོང་པ་ཉིད་ཀྱི་མཚན་ཉིད་དེ། དེ་དག་ཁོ་ན་མེ་ལོང་ལྟ་བུའི་ཡེ་ཤེས་ལ་བརྟེན་པ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཏིང་ངེ་འཛིན་བཞིའི་བདག་ཉིད་ཅེས་པ་འདི་གསུངས་པ། འདོད་པ་ཆེན་པོ་བདེ་བ་ཆེ། །དགའ་བ་ཆེན་པོ་མགུ་བ་ཆེ། །ཞེས་ པ་ནི། དེ་ལ་འདོད་པ་ཆེན་པོ་ནི་རྡོ་རྗེ་སེམས་དཔའོ། །འདོད་པར་བྱེད་པ་ནི་འདོད་པ་སྟེ། འདུན་པ་ཞེས་པའི་དོན་ཏོ། །བདེ་བ་ཆེན་པོ་ནི་རྡོ་རྗེ་རྒྱལ་པོའོ། །དགའ་བ་ཆེན་པོ་ནི་རྡོ་རྗེ་ཆགས་པའོ། །མགུ་བ་ཆེན་པོ་ནི་རྡོ་རྗེ་ལེགས་པའོ། །དེ་ཉིད་ཀྱིས་མིག་དང་གཟུགས་ལ་སོགས་པའི་བག་ཆགས་གནས་ 63-1-43a གྱུར་པའི་རང་བཞིན་མེ་ལོང་ལྟ་བུའི་ཡེ་ཤེས་ལས་གྲུབ་པ་སྟེ། ནང་གི་བདག་ཉིད་མི་དམིགས་པ་ལ་སོགས་པའི་བྱིན་གྱིས་བརླབས་པ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་རང་རང་གི་ཕྱིན་ཅི་ལོག་གི་མི་མཐུན་པའི་ཕྱོགས་བཟློག་པ་ཉིད་ཀྱང་དེ་དག་གིས་བྱང་ཆུབ་ཀྱི་སེམས་འབྱུང་བ་དང་། དགུག་ པ་དང་། རྗེས་སུ་ཆགས་པ་དང་། ལེགས་པའི་དངོས་པོའི་རྒྱུད་ཀྱི་ཕྱིར་ན་ཡང་དེ་རྣམས་ཀྱི་གོ་རིམས་སོ། །དེ་ལྟར་སྟོང་པ་ཉིད་ཀྱི་ཡེ་ཤེས་དེ་ཉིད་ལ་ཡང་མཚན་མ་མེད་པའི་ཕྱིར་ན་སྟོང་པ་ཉིད་སྟོང་པ་ཉིད་དང་། དོན་དམ་པའི་མཚན་མ་ལ་ཡང་མཆོག་ཏུ་མི་འཛིན་པའི་ཕྱིར་ན་དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་པའི་ བསོད་ནམས་ཀྱི་ཚོགས་ཀྱི་མཚན་མ་ཡོངས་སུ་མི་འཛིན་པའི་ཕྱིར་ན་འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་པའི་བྱང་ཆུབ་ཀྱི་ཚོགས་ལ་ཡང་མཚན་མར་མཆོག་ཏུ་མི་འཛིན་པའི་ཕྱིར་ན་འདུས་མ་བྱས་སྟོང་པ་ཉིད་རྣམས་ཏེ། དེ་ཉིད་ཀྱི་ཕྱིར་ན་གསུངས་པ། གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ། །ཁ་དོག་ཆེ་ ཞིང་ལུས་བོང་ཆེ། །མིང་ཡང་ཆེ་ཞིང་རྒྱ་ཆེ་བ། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཞེས་པའོ། །དེ་ལ་གཟུགས་ཆེ་ལུས་ཀྱང་ཆེ་བ་ནི་རྡོ་རྗེ་རིན་ཆེན་ནོ། །གཟུགས་སུ་རུང་བས་ན་གཟུགས་ཏེ། མི་རྟག་ཅེས་པའི་དོན་ཏོ། །གཟུགས་ཆེན་པོ་དང་ལྡན་པ་གང་ཡིན་པ་དེ་ནི་གཟུགས་ཆེན་པོ་སྟེ། ཆེ་བ་ཉིད་ནི་ཡིད་ བཞིན་གྱི་ནོར་བུའི་གཟུགས་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁམས་གསུམ་པ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ན་ལུས་ཆེ་ཞེས་པ་སྟེ། གཞལ་དུ་མེད་པའི་སངས་རྒྱས་ཀྱི་ཞིང་ན་སྣང་བར་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཁ་དོག་ཆེ་ཞིང་ལུས་བོང་ཆེ། །ཞེས་ པ་ནི་རྡོ་རྗེ་ཉི་མ་སྟེ། ཁ་དོག་ཀྱང་དེ་ཡིན་ལ་ཆེ་བ་ཡང་དེ་ཉིད་ཡིན་པས་ཁ་དོག་ཆེ་བ་སྟེ། གདོང་དྲུག་དང་ལྡན་པའི་ཕྱིར་རོ། །ལུས་བོང་ཆེན་པོ་དང་ལྡན་པ་གང་ཡིན་པ་དེ་ནི་ལུས་བོང་ཆེ་སྟེ། ཤིན་ཏུ་རྣམ་པར་དག་པ་ཐོས་པ་དང་བསམ་པ་དང་བསྒོམ་པ་རྣམས་ཀྱི་དངོས་པོ་ཡེ་ཤེས་ཀྱི་འོད་ཀྱི་དཀྱིལ་འཁོར་ཉིད་ཀྱི་ ཕྱིར་རོ། །མིང་ཡང་ཆེ་ཞིང་རྒྱ་ཆེ་བ་ནི་རྡོ་རྗེ་ཏོག་གོ། །མིང་ཡང་ཆེ་བ་དང་གང་ལྡན་པ་དེ་ནི་མིང་ཡང་ཆེ་ཞིང་སྟེ། གྲགས་པ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །གང་ལས་ཤེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མཆོག་ཏུ་མཐར་ཕྱིན་པའི་ཕྱིར་ནའོ། །དེའི་ཕྱིར་ན་ཡང་རྒྱ་ཆེ་བ་ནི་རྒྱ་ཡང་དེ་ཡིན་ལ་ཆེན་པོ་ཡང་དེ་ཡིན་པས་ 63-1-43b རྒྱ་ཆེན་པོ་སྟེ། ཐམས་ཅད་སྦྱིན་པའི་ཕྱིར་རོ། །དཀྱིལ་འཁོར་ཆེན་པོ་ཡངས་པ་ནི་རྡོ་རྗེ་བཞད་པའོ། །དཀྱིལ་ནི་རྒྱན་དང་ཆས་པར་བྱེད་པས་ན་དཀྱིལ་ལོ། །དཀྱིལ་དེ་ལེན་པར་བྱེད་པས་ན་འཁོར་ཏེ། དཀྱིལ་འཁོར་རོ། །ཡངས་པ་ནི་རྒྱས་པ་སྟེ། འཇིག་རྟེན་གྱི་ཁམས་ཀུན་ལ་ཁྱབ་པར་བྱེད་པའི་ ཕྱིར་རོ། །གང་གི་བཤད་པའི་ཡངས་པ་ཆེན་པོའི་དཀྱིལ་འཁོར་གྱི་སྙིང་པོ་དེ་ནི་དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན་ཏེ། ཁམས་གསུམ་སྣང་བར་བྱེད་པ་ཉིད་ཀྱི་ཕྱིར་རོ། །དེ་དག་ཀྱང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་འཁོར་རྡོ་རྗེ་རིན་ཆེན་ལ་སོགས་པ་བཞིའི་བདག་ཉིད་དེ། ཉོན་མོངས་པ་ཅན་གྱི་ཡིད་གནས་ གྱུར་པའི་བདག་ཉིད་མཉམ་ཉིད་ཡེ་ཤེས་ལ་གཟུང་འཛིན་དག་པ་ལ་སོགས་པའི་སྒོ་ནས་ཇི་ལྟར་གསུངས་པའི་མཚན་མ་མེད་པའི་ཕྱིར་དང་། ཇི་ལྟར་རང་གི་མི་མཐུན་པའི་ཕྱོགས་སྤངས་པའི་སྒོ་ནས་ཀྱང་དབང་བསྐུར་བ་དང་། འོད་འཕེལ་བ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་དང་། རབ་ཏུ་དགའ་བ་བསྒྲུབ་ པའི་ཕྱིར་ན་རྡོ་རྗེ་རིན་ཆེན་ལ་སོགས་པ་བཞི་པོ་དེ་དག་གི་གོ་རིམས་སོ། །དེ་ཉིད་མཐའ་དང་ལྡན་པའི་སེམས་ཅན་གྱི་སྨོན་ལམ་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་ན་མཐའ་ལས་འདས་པ་སྟོང་པ་ཉིད་དང་། བདག་གི་ཐོག་མ་དང་ཐ་མ་མེད་པའི་འཁོར་བ་དོར་བར་མི་བྱའོ་ཞེས་པའི་སྨོན་ལམ་ཀུན་དུ་མི་འཛིན་པས་ན་ ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། བདག་གིས་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་དགེ་བ་ཆེད་དུ་དོར་བར་མི་བྱ་ཞེས་པ་ལ་མངོན་པར་མ་ཞེན་པའི་ཕྱིར་ན་དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་གྱི་མཚན་ཉིད་དམ་རིགས་བདག་གིས་དག་པར་བྱའོ་ཞེས་པ་དོན་དུ་གཉེར་བ་དང་ བྲལ་བའི་ཕྱིར་ན་རང་བཞིན་གྱིས་སྟོང་པ་ཉིད་རྣམས་སོ། །དེ་ཉིད་ཀྱི་ཕྱིར་ན་གསུངས་པ། ཤེས་རབ་མཚོན་ཆེན་འཆང་བ་སྟེ། །ཉོན་མོངས་ལྕགས་ཀྱུ་ཆེ་བའི་མཆོག །གྲགས་ཆེན་སྙན་གྲགས་ཆེན་པོ་སྟེ། །སྣང་བ་ཆེན་པོ་གསལ་བ་ཆེ། །ཞེས་སོ། །དེ་ལ་ཤེས་རབ་མཚོན་ཆེན་འཆང་བ་ནི་ རྡོ་རྗེ་ཆོས་སོ། །དེ་ལ་ཤེས་རབ་ནི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཏེ། དེ་ཉིད་མཚོན་ཏེ་མཚོན་ཆའོ། །དེ་འཛིན་པས་ན་ཤེས་རབ་མཚོན་ཆེན་འཆང་བ་སྟེ། དེ་ཉིད་ཡེ་ཤེས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །ཤེས་རབ་མཚོན་ཆེན་འཆང་བ་ཡང་དེ་ཡིན་ལ་ཆེན་པོ་ཡང་དེ་ཉིད་ཡིན་པས་ཤེས་རབ་མཚོན་ 63-1-44a ཆེན་འཆང་བའོ། །ཉོན་མོངས་ལྕགས་ཀྱུ་ཆེ་བའི་མཆོག་ནི་རྡོ་རྗེ་རྣོན་པོའོ། །ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པའོ། །དེ་རྣམས་ཀྱི་ལྕགས་ཀྱུར་གྱུར་པ་ཉིད་ཀྱི་ཕྱིར་ན་ཉོན་མོངས་ལྕགས་ཀྱུའོ། །ལྕགས་ཀྱུ་དང་འདྲ་བས་ལྕགས་ཀྱུ་སྟེ། ཉོན་མོངས་པ་ལ་ དབང་ཐོབ་པ་ཉིད་ཀྱི་ཕྱིར་རོ། །ཉོན་མོངས་པའི་ལྕགས་ཀྱུ་ཡང་དེ་ཉིད་ཡིན་ལ་ཆེན་པོ་ཡང་དེ་ཉིད་ཡིན་པས་ཉོན་མོངས་ལྕགས་ཀྱུ་ཆེའོ། །དེ་ཉིད་ཀྱི་ཕྱིར་ན་ཡང་མཆོག་སྟེ། རབ་ཅེས་བྱ་བའི་དོན་ཏོ། །གྲགས་ཆེན་སྙན་གྲགས་ཆེན་པོ་ནི་རྡོ་རྗེ་རྒྱུ་སྟེ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཐབས་སུ་ གྱུར་པའི་དཀྱིལ་འཁོར་ཐམས་ཅད་རྒྱུད་ལས་བསྟན་པ་དེ་ལ་འཁོར་ལོས་སྒྱུར་བའི་རང་བཞིན་ཉིད་ཀྱི་ཕྱིར་གྲགས་པ་ཆེན་པོ་དང་གང་ལྡན་པ་དེ་ནི་གྲགས་ཆེན་ནོ། །དེ་ཉིད་ཀྱི་ཕྱིར་ན་མ་ལུས་ཤིང་ལུས་པ་མེད་པའི་འཇིག་རྟེན་གྱི་ཁམས་ལ་ཁྱབ་པར་སྙན་གྲགས་དང་གང་ལྡན་པ་དེ་ནི་སྙན་གྲགས་ཆེན་པོ་ཞེས་སོ། ། སྣང་བ་ཆེན་པོ་གསལ་བ་ཆེ་ནི་རྡོ་རྗེ་སྨྲ་བའོ། །ཁམས་གསུམ་ཁྱབ་པར་སྣང་བའི་འོད་ཟེར་ཆེན་པོ་དང་གང་ལྡན་པ་དེ་ནི་སྣང་བ་ཆེན་པོའོ། །དེ་ནས་ཡང་ཚིག་གི་ཉེས་པ་མྱུར་བ་དང་ཐོགས་པ་དང་བར་མ་རྣམས་ཡོངས་སུ་སྤངས་ཏེ་མི་སྨྲ་བའི་རང་བཞིན་གྱིས་བཟླས་པའི་དུས་ན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རྒྱ་ ཆེར་སྣང་བ་ཉིད་ཀྱི་ཕྱིར་ན་གསལ་བ་ཆེའོ། །དེ་རྣམས་ཀྱང་རྣམ་པར་རྟོག་པའི་ཡིད་གནས་གྱུར་པའི་མཚན་ཉིད་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ལ་བརྟེན་པའི་རྡོ་རྗེ་ཆོས་ལ་སོགས་པའི་རང་བཞིན་ཏེ། སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ལ་ཇི་ལྟར་གསུངས་པའི་ཕྱིན་ཅི་ལོག་བྱང་བས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ སོ་སོར་ཀུན་དུ་རྟོག་པའི་ཕྱིར་དེའི་སྒོ་ནས་རང་བཞིན་དག་པའི་ཆོས་ཉིད་དང་། ཤེས་རབ་ཡེ་ཤེས་དང་། ཕྱིར་མི་ལྡོག་པ་དང་། དགོངས་པའི་དོན་མ་ལུས་པ་ཡོངས་སུ་ཤེས་པ་རྣམས་ཀྱི་རྒྱུད་ཉིད་ཀྱི་ཕྱིར་ན་འདི་ཉིད་རྡོ་རྗེ་ཆོས་ལ་སོགས་པ་དེ་རྣམས་ཀྱི་གོ་རིམས་སོ། །དེ་ཉིད་མཚན་དང་དཔེ་བྱད་ཀྱི་བདག་ ཉིད་ཀྱི་གཟུགས་ཀྱི་སྐུ་ལ་འདུ་བྱེད་པའི་ཕྱིར་རང་གི་མཚན་ཉིད་སྟོང་པ་ཉིད་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པའི་རང་བཞིན་གྱི་ཆོས་ཀྱི་སྐུ་ལ་འདུ་མི་བྱེད་པའི་ཕྱིར་ན་ཆོས་ཐམས་ཅད་སྟོང་པ་ཉིད་དང་། གང་ཟག་དང་ཆོས་ལ་སྒྲོ་འདོགས་པར་འདུ་མི་བྱེད་པའི་ཕྱིར་ན་དངོས་པོ་མེད་པ་སྟོང་ 63-1-44b པ་ཉིད་དང་། ཇི་སྐད་གསུངས་པའི་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་སྐུར་པ་འདེབས་པ་དང་མངོན་པར་འདུ་མི་བྱེད་པའི་ཕྱིར་ན་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྣམས་སོ། །དེ་ཉིད་གསུངས་པ། མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་། །སྒྱུ་འཕྲུལ་ཆེན་པོའི་དོན་གྲུབ་པ། །སྒྱུ་འཕྲུལ་ཆེན་པོ་དགའ་ བས་དགའ། །སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་ཅན། །ཞེས་པ་སྟེ། དེ་ལ་མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་ནི་རྡོ་རྗེ་ལས་སོ། །དེ་ལ་སྒྱུ་འཕྲུལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྣ་ཚོགས་ཤིང་རྒྱས་པའི་མཆོད་པ་མང་པོའི་སྤྲུལ་པའོ། །དེ་འཛིན་པའི་ཕྱིར་ན་སྒྱུ་འཕྲུལ་འཆང་བ་སྟེ། ཆེན་པོ་ཡང་དེ་ཡིན་ལ་སྒྱུ་འཕྲུལ་ཡང་དེ་ཉིད་ཡིན་པས་སྒྱུ་འཕྲུལ་ཆེན་པོ་འཆང་བའོ། །དེ་ཉིད་ཀྱི་ཕྱིར་ན་མཁས་པ་པཎྜི་ཏ་སྟེ། མཆོད་པའི་ལས་དེས་བསོད་ནམས་ཀྱི་ཚོགས་བསགས་པའི་ཕྱིར་རོ། །སྒྱུ་འཕྲུལ་ཆེན་པོའི་དོན་གྲུབ་པ་ནི་རྡོ་རྗེ་བསྲུང་བའོ། །དེ་ལ་སྒྱུ་འཕྲུལ་གྱི་དོན་ནི་སྤྲུལ་པའི་དོན་ཏོ། །དེ་ཡིས་ སེམས་ཅན་ལེ་ལོ་ཅན་རྣམས་རབ་ཏུ་སྤྲོ་བ་སྒྲུབ་པར་བྱེད་པས་ན་སྒྱུ་འཕྲུལ་དོན་གྲུབ་སྟེ། ཆེན་པོ་ཡང་དེ་ཡིན་ལ་སྒྱུ་འཕྲུལ་དོན་གྲུབ་ཀྱང་དེ་ཉིད་ཡིན་པས་སྒྱུ་འཕྲུལ་ཆེན་པོའི་དོན་གྲུབ་པའོ། །སྒྱུ་འཕྲུལ་ཆེན་པོ་དགའ་བས་དགའ་ནི་རྡོ་རྗེ་གནོད་སྦྱིན་ནོ། །སྒྱུ་འཕྲུལ་ལ་དགའ་བ་ནི་སྒྱུ་འཕྲུལ་ལ་དགའ་ བ་སྟེ། དེ་བཞིན་གཤེགས་པའི་མཆོད་པའི་སྤྲུལ་པ་ལ་དགའ་བ་ཞེས་པའི་དོན་ཏོ། །སྒྱུ་འཕྲུལ་དགའ་བ་ལ་ཆགས་པ་ནི་དགའ་བ་སྟེ། སྒྱུ་འཕྲུལ་དགའ་བས་དགའོ། །ཆེན་པོ་ཡང་དེ་ཡིན་ལ་སྒྱུ་འཕྲུལ་དགའ་བས་དགའ་བ་ཡང་དེ་ཉིད་ཡིན་པས་སྒྱུ་འཕྲུལ་ཆེན་པོ་དགའ་བས་དགའོ། །སྒྱུ་ འཕྲུལ་ཆེན་པོ་མིག་འཕྲུལ་ཅན་ནི་རྡོ་རྗེ་ཁུ་ཚུར་རོ། །མིག་འཕྲུལ་ཅན་ནི་སྤྲུལ་པའི་ཚོགས་ཏེ། སྐུ་གསུང་ཐུགས་རྡོ་རྗེ་རྣམས་གཅིག་ཏུ་གྱུར་པའོ། །དེ་མཁྱེན་པ་ནི་མིག་འཕྲུལ་ཅན་ནོ། །སྒྱུ་འཕྲུལ་ཆེན་པོ་ཡང་དེ་ཉིད་ཡིན་ལ་མིག་འཕྲུལ་ཅན་ཡང་དེ་ཉིད་ཡིན་པས་སྒྱུ་འཕྲུལ་ཆེན་པོ་མིག་འཕྲུལ་ ཅན་ནོ། །འདི་ལ་ནི་དམ་པའི་ཆོས་ཀྱི་ཚིག་ཡིན་པའི་ཕྱིར་ན་རིང་པོ་མེད་པར་རིག་པར་བྱའོ། །དེ་རྣམས་ཀྱང་བྱ་བ་ནན་ཏན་གྱི་ཡེ་ཤེས་ལ་བརྟེན་པ་དང་། རྡོ་རྗེ་ལ་སོགས་པ་བཞིའི་བདག་ཉིད་དེ། མིག་ལ་སོགས་པའི་ཤེས་པ་གནས་གྱུར་པའི་བདག་ཉིད་བྱ་བ་ནན་ཏན་གྱི་ཡེ་ཤེས་སུ་གནས་པ་སྟེ། 63-1-45a ཇི་སྐད་གསུངས་པའི་ཕྱིན་ཅི་ལོག་སྤངས་པའི་སྒོ་ནས་བདེ་བར་གཤེགས་པ་ཀུན་མཆོད་པ་དང་། མངོན་པར་སྲུང་བར་བྱེད་པ་དང་། བགེགས་ཉེ་བར་ཞི་བར་བྱེད་པ་དང་། སྐུ་ལ་སོགས་པ་སྟོང་པ་ཉིད་དང་། ཡེ་ཤེས་བྱེད་པ་ཉིད་ཀྱི་ཕྱིར་དང་། དེ་ཉིད་ཀྱི་ཕྱིར་རྡོ་རྗེ་ལ་ སོགས་པ་དེ་རྣམས་ཀྱི་ལས་ཀྱི་གོ་རིམས་ཞེས་བྱའོ། །དེ་བཞིན་དུ་སེར་སྣ་དང་། ཚུལ་ཁྲིམས་འཆལ་པ་དང་། མི་བཟོད་པ་དང་། ལེ་ལོ་རྣམས་ཀྱི་གཉེན་པོའི་ཕྱོགས་ཉིད་ཀྱིས་དེ་ཉིད་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ བདག་ཉིད་དེ། དེའི་ཕྱིར་གསུངས་པ། སྦྱིན་བདག་ཆེན་པོ་གཙོ་བོ་སྟེ། །ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག །བཟོད་ཆེན་འཆང་བ་བརྟན་པ་པོ། །བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན། །ཞེས་སོ། །དེ་ལ། སྦྱིན་བདག་ཆེན་པོ་གཙོ་བོ་སྟེ། །ཞེས་པ་རྡོ་རྗེ་སྒེག་མོའོ། །མཆོད་པ་ དང་རྗེས་སུ་འཛིན་པའི་འདོད་པའི་སྦྱིན་པས་ན་སྦྱིན་པའོ། །སྦྱིན་པ་དེའི་བདག་པོ་ནི་སྦྱིན་བདག་སྟེ། སྦྱིན་བདག་དེ་ཡིན་ལ་ཆེན་པོ་ཡང་དེ་ཡིན་པས་ན་སྦྱིན་བདག་ཆེན་པོ་སྟེ། ཟང་ཟིང་དང་། སྐྱབས་དང་། ཆོས་དང་། དབང་བསྐུར་བའི་བདག་ཉིད་སྦྱིན་པ་ཞིག་གཏོང་བར་བྱེད་པའི་ཕྱིར་རོ། ། དེའི་ཕྱིར་གཙོ་བོ་སྟེ། འཇིག་རྟེན་ཐམས་ཅད་ཀྱི་རབ་ཀྱི་ཕྱིར་རོ། །ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག་ནི་རྡོ་རྗེ་ཕྲེང་བ་མའོ། །ལུས་ངག་ཡིད་གསུམ་མཉམ་པར་གཞག་པས་ན་ཚུལ་ཁྲིམས་ནི་མཉམ་པར་གཞག་པའོ་ཞེས་པའི་སྐད་ཀྱི་དབྱིངས་ཞེས་པའི་དོན་ཏོ། །མི་དགེ་བ་བཅུ་སྤངས་པའི་ མཚན་ཉིད་དང་། སོ་སོར་ཐར་པའི་རང་བཞིན་ཏེ། དེ་དག་འཛིན་པས་ན་ཚུལ་ཁྲིམས་འཆང་བའོ། །ཆེན་པོ་ཡང་དེ་ཡིན་ལ་ཚུལ་ཁྲིམས་འཆང་བ་ཡང་དེ་ཉིད་ཡིན་པས་ཚུལ་ཁྲིམས་ཆེན་པོ་འཆང་བའོ། །དེ་ཉིད་ཀྱི་ཕྱིར་མཆོག་སྟེ་མངོན་དུ་འགྲོ་བའི་ཕྱིར་རོ། །བཟོད་ཆེན་འཆང་བ་བརྟན་པ་པོ་ནི་ རྡོ་རྗེ་དབྱངས་ལེན་མའོ། །སྲན་ཚུགས་པར་བྱས་པས་ན་བཟོད་པ་སྟེ། དེ་འཛིན་པས་ན་བཟོད་པ་འཆང་བའོ། །ཆེན་པོ་ཡང་དེ་ཉིད་ཡིན་ལ་བཟོད་པ་ཡང་དེ་ཉིད་ཡིན་པས་ན་བཟོད་ཆེན་འཆང་བའོ། །དེ་ཉིད་ཀྱང་བརྟན་པོ་སྟེ། སྡུག་བསྔལ་ཆེན་པོ་ལ་བརྟན་པར་སྲན་ཐུབ་པའི་ཕྱིར་རོ། །བརྩོན་ 63-1-45b འགྲུས་ཆེན་པོ་བརྟུལ་བ་ཡིན་ནི་རྡོ་རྗེ་གར་མའོ། །བརྩོན་འགྲུས་ཆེ་བ་ནི་དགེ་བ་ལ་སྤྲོ་བ་སྟེ། སྡིག་པ་ལ་སོགས་པ་ལ་སྤྲོ་བ་ནི་དམ་པའི་ཕྱིར་ན་ལེ་ལོ་ཉིད་དེ་བརྩོན་འགྲུས་མ་ཡིན་ནོ། །དེའི་བརྟུལ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ལས་ཡོངས་སུ་རྫོགས་ པར་བྱེད་པའོ། །དེའི་ཕྱིར་གསང་བའི་མཆོད་པ་བཞིའི་བདག་ཉིད་གོ་རིམས་བཞིན་དུ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ལས་གྲུབ་པར་རང་གི་རྣམ་པར་ཐར་པའི་སྒོ་རྣམ་པར་དག་པའི་སྟོབས་ཀྱིས་ལྷུན་གྱིས་གྲུབ་པ་མངོན་པར་དགའ་བའི་ཁྱད་པར་དུ་གྱུར་པར་བྱེད་པའི་ཕྱིར་རོ། །དེ་ཉིད་ཤེས་ རབ་འཆལ་པ་དང་། རྣམ་པར་གཡེང་བ་དང་། ཡང་དག་པའི་སྨོན་ལམ་མེད་པ་དང་། ཉམ་ཆུང་བ་རྣམས་དང་། མི་མཐུན་པའི་ཕྱོགས་ཟིལ་གྱིས་གནོན་པ་ལ་དགའ་བ་ཉིད་ཀྱིས་གསུངས་པ། བསམ་གཏན་ཆེན་པོ་ཏིང་འཛིན་གནས། །ཤེས་རབ་ཆེན་པོ་ལུས་འཆང་བ། །སྟོབས་པོ་ཆེ་ ལ་ཐབས་ཆེ་བ། །སྨོན་ལམ་ཡེ་ཤེས་རྒྱ་མཚོ་ཆེ། །ཞེས་པའོ། །དེ་ལ་ཚིགས་བཅད་འདི་ལ་ནི་བསམ་གཏན་དང་ཤེས་རབ་གཉིས་བསྣོར་བར་ཤེས་པར་བྱའོ། །དེའི་ཕྱིར་ན་དོན་འདི་ལྟ་སྟེ། ཤེས་རབ་ཆེན་པོ་ལུས་འཆང་བ་ནི་རྡོ་རྗེ་བདུག་པ་མའོ། །ཤེས་རབ་ཆེན་པོ་ནི་ཤེས་རབ་ཆེན་པོ་སྟེ། དེ་ཉིད་ཀྱི་ལུས་དེ་འཛིན་པས་ན་ཤེས་རབ་ཆེན་པོ་ལུས་འཆང་བའོ། །བསམ་གཏན་ཆེན་པོ་ཏིང་འཛིན་གནས་ནི་རྡོ་རྗེ་མེ་ཏོག་མའོ། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པའི་མཚན་ཉིད་དོ། །དེ་ལ་བརྟེན་པས་ན་ཏིང་འཛིན་གནས་ཏེ། ཆེ་བ་ཡང་དེ་ཡིན་ལ་བསམ་གཏན་ཡང་དེ་ཉིད་ཡིན་ པས་ན་བསམ་གཏན་ཆེན་པོའོ། །ཆེན་པོ་ནི་བསམ་གཏན་བཞིའི་བདག་ཉིད་ཀྱི་ཕྱིར་ཏེ། བསམ་གཏན་བཞི་པོ་དེ་རྣམས་ཀྱི་ཏིང་ངེ་འཛིན་ལ་གནས་པའོ། །སྨོན་ལམ་ནི་རྡོ་རྗེ་མར་མེའོ། །སྨོན་པར་བྱེད་པས་ན་སྨོན་ལམ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ནི་སྨོན་ལམ་གྱི་དབང་གིས་ སྐྱེ་བའོ། །ཐབས་ཆེ་བ་ནི་རྡོ་རྗེ་དྲི་ཆབ་མའོ། །ཆེན་པོ་ཡང་དེ་ཡིན་ལ་ཐབས་ཀྱང་དེ་ཡིན་པས་ཐབས་ཆེ་བ་སྟེ། ཐབས་ཉིད་དབང་གིས་མ་ལུས་ཤིང་མི་ལུས་པའི་འཇིག་རྟེན་གྱི་ཁམས་ཀྱི་རེ་བ་དང་བསམ་པ་ཇི་ལྟ་བ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །དེ་ཉིད་ནི་ཤེས་རབ་དང་། 63-1-46a བསམ་གཏན་དང་། སྨོན་ལམ་དང་། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་མཚན་ཉིད་ཀྱིས་ཕྱིའི་མཆོད་པའི་བདག་ཉིད་བཞི་རྣམས་སོ། །ལོངས་སྤྱོད་དང་བཅས་པའི་ལམ་ལ་དགའ་བའི་རྒྱུའི་དངོས་པོས་སྟོབས་དང་། ཡེ་ཤེས་གཉིས་ཀྱི་ཆོས་ཀྱི་དབྱིངས་ལ་ འཇུག་པའི་རང་བཞིན་གྱི་ཕྱིར། སྟོབས་དང་ཡེ་ཤེས་དེ་དག་རབ་ཏུ་རྣམ་པར་དབྱེ་བ་སྟེ། དེ་ལ་སྟོབས་ནི་དད་པ་ལ་སོགས་པ་ལྔའོ། །ཡེ་ཤེས་ནི་མཐོང་བའི་ལམ་དང་བསྒོམ་པའི་ལམ་སྟེ། དེ་ལ་མཐོང་བའི་ལམ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ནོ། །བསྒོམ་པའི་ལམ་ནི་འཕགས་པའི་ལམ་ཡན་ ལག་བརྒྱད་དོ། །དེ་དག་ཀྱང་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་གྱི་ངོ་བོ་ཉིད་སྒོ་སྲུང་བཞིའི་བདག་ཉིད་དེ། ཐེག་པ་ཆེན་པོ་ལ་མངོན་པར་ཡིད་ཆེས་པ་དང་། འཇུག་པ་དང་། དེ་རྒྱུན་མི་འཆད་པ་དང་། ཡང་དག་པར་མགུ་བར་བྱེད་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ ཤེས་རབ་ཡོངས་སུ་དག་པ་ཙམ་ལ་ལྟོས་པའི་སྟོང་པ་ཉིད་ཀྱི་རབ་ཏུ་དབྱེ་བ་ཇི་སྐད་བསྟན་པའི་སྒོ་ནས་བྱམས་པ་ལ་སོགས་བཅུ་དྲུག་གི་ཏིང་ངེ་འཛིན་གྱི་བདག་ཉིད་དོ། །དེའི་ཕྱིར་གསུངས་པ། བྱམས་ཆེན་རང་བཞིན་དཔག་ཏུ་མེད། །སྙིང་རྗེ་ཆེན་པོ་བློ་ཡི་མཆོག །ཤེས་རབ་ཆེན་པོ་བློ་ཆེན་ལྡན། ། མཁས་པ་ཆེན་པོ་ཐབས་ཆེ་བ། །ཞེས་པའོ། །དེ་ལ་བྱམས་ཆེན་རང་བཞིན་དཔག་ཏུ་མེད་ནི་བྱམས་པ་སྟེ། འདི་ལ་མཛའ་བ་ཡོད་པ་ནི་མཛའ་བ་ཅན་ཏེ། མཇུག་ནི་དེའི་རྐྱེན་དང་ལྡན་པའོ། །དེ་ནི་སེམས་ཅན་ཐམས་ཅད་ལ་མཛའ་བ་དང་ལྡན་པའི་རང་བཞིན་ཏེ། ཆེ་བ་ཡང་དེ་ཡིན་ལ་བྱམས་ པའི་རང་བཞིན་ཡང་དེ་ཉིད་ཡིན་པས་བྱམས་ཆེན་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་ན་དཔག་ཏུ་མེད་པ་སྟེ། འཇིག་རྟེན་གྱི་ཁམས་ཀུན་ལ་བུ་གཅིག་པ་བཞིན་དུ་བྱམས་པ་ཉིད་ཀྱི་ཕྱིར་རོ། །སྙིང་རྗེ་ཆེན་པོ་བློ་ཡི་མཆོག་ནི་འཇམ་དཔལ་ལོ། །སྙིང་རྗེ་ཆེན་པོ་ནི་མི་དམིགས་པའི་བདག་ཉིད་དོ། །དེ་གང་ ལ་ཡོད་པ་དེ་ནི་སྙིང་རྗེ་ཆེན་པོ་ཅན་ནོ། །བློའི་མཆོག་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན་ནོ། །དེས་ནི་འདི་སྐད་གསུངས་པར་འགྱུར་ཏེ། ཟབ་ཅིང་རྒྱ་ཆེ་བའི་བདག་ཉིད་དེ་བཅོམ་ལྡན་འདས་ཡིན་ནོ་ཞེས་སོ། །ཤེས་རབ་ཆེན་པོ་བློ་ཆེན་ལྡན་ནི་སྤོས་ཀྱི་གླང་པོ་སྟེ། ཤེས་ 63-1-46b རབ་ཆེན་པོ་སྟེ་ཆོས་རྣམ་པར་འབྱེད་པའི་བདག་ཉིད་དོ། །འདི་དང་གང་ལྡན་པ་དེ་ནི་ཤེས་རབ་ཅན་ཏེ། ཆེན་པོ་ཡང་དེ་ཡིན་ལ་ཤེས་རབ་ཀྱང་དེ་ཡིན་པས་ཤེས་རབ་ཆེན་པོ་ཉིད་བློ་ཆེན་ནོ། །མཁས་པ་ཆེན་པོ་ཐབས་ཆེ་བ་ནི་ཡེ་ཤེས་ཏོག་གོ། །གང་ཞིག་ཐབས་ཆེ་བ་ཡིན་པ་དེ་ནི་ཐབས་ཆེ་ བའོ། །དེ་ལ་མཁས་པ་ཆེན་པོ་ནི་བློ་རྫོགས་པ་ཆེན་པོའོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་བག་ལ་ཉལ་བ་ཤེས་པས་དམ་པའི་ཆོས་སྟོན་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །རྫུ་འཕྲུལ་ཆེན་པོ་སྟོབས་དང་ལྡན། །ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ། །རྫུ་འཕྲུལ་ཆེན་པོ་ཆེར་གྲགས་ པ། །སྟོབས་ཆེན་ཕ་རོལ་གནོན་པ་པོ། །ཞེས་དེ་ལ་རྫུ་འཕྲུལ་ཆེན་པོ་སྟོབས་དང་ལྡན་ནི་བཟང་སྐྱོང་ངོ་། །རྫུ་འཕྲུལ་གྱི་སྟོབས་ནི་རྫུ་འཕྲུལ་སྟོབས་ཏེ། དེ་དང་ལྡན་པ་རྫུ་འཕྲུལ་གྱི་སྟོབས་དང་ལྡན་པའོ། །ཆེན་པོ་ཡང་དེ་ཡིན་ལ་རྫུ་འཕྲུལ་གྱི་སྟོབས་དང་ལྡན་པ་ཡང་དེ་ཉིད་ཡིན་པས་རྫུ་འཕྲུལ་ཆེན་པོའི་ སྟོབས་དང་ལྡན་པའོ། །ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ་བློ་གྲོས་རྒྱ་མཚོའོ། །ཤུགས་ཆེན་པོས་འགྲོ་བ་གང་ཡིན་པ་དེ་ནི་ཤུགས་ཆེན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་སྲི་ཞུའི་དོན་དུ་དུ་མའི་འཇིག་རྟེན་དུ་བསྐྱོད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ན་མགྱོགས་པ་ཆེན་པོ་ཞེས་ གསུངས་སོ། །རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ་ནི་བློ་གྲོས་མི་ཟད་པ་སྟེ། འཇིག་རྟེན་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པའི་ཕྱིར་ན་རྫུ་འཕྲུལ་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་ཕྱིར་ན་ ཆེར་གྲགས་སོ། །སྟོབས་ཆེན་ཕ་རོལ་གནོན་པ་པོ་ནི་སྤོབས་པ་བརྩེགས་པའོ། །ཆེན་པོ་ཡང་དེ་ཡིན་ལ་སྟོབས་ཀྱང་དེ་ཉིད་ཡིན་པས་དེ་བཞིན་གཤེགས་པའི་སྟོབས་བཅུ་གནས་དང་གནས་མ་ཡིན་པ་མཁྱེན་པ་ལ་སོགས་པ་ཕྱིས་འབྱུང་བ་རྣམས་གཟུང་ངོ་། །དེ་རྣམས་ཀྱི་ཕ་རོལ་གནོན་པ་ནི་ དེའི་བརྩོན་འགྲུས་བརྩམས་པ་དང་གང་ལྡན་པ་དེ་སྟོབས་ཆེན་ཕ་རོལ་གནོན་པ་པོའོ། །སྲིད་པའི་རི་བོ་ཆེན་པོ་འཇོམས། །མཁྲེགས་ཆེན་རྡོ་རྗེ་ཆེན་པོ་འཆང་། །དྲག་པོ་ཆེན་པོ་དྲག་ཤུལ་ཆེ། །འཇིགས་ཆེན་འཇིགས་པར་བྱེད་པ་པོ། །ཞེས་པ་ནི། དེ་ལ་སྲིད་པའི་རི་བོ་ཆེན་པོ་འཇོམས་པ་ནི་མཐུ་ཆེན་ 63-1-47a པོ་ཐོབ་པའོ། །སྲིད་པ་ནི་ཉེ་བར་ལན་པའི་ཕུང་པོ་ལྔའོ། །དེ་ཉིད་རི་བོ་སྟེ། མི་ཤེས་པའི་བྲག་ཉིད་ཀྱི་ཕྱིར་རོ། །དེ་དག་ཡང་དག་པར་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་ཐོབ་པས་འཇོམས་པའི་ཚུལ་དང་གང་ལྡན་པ་དེ་ནི་འཇོམས་པའོ། །ཆེན་པོ་ཡང་དེ་ཡིན་ལ་སྲིད་པའི་ རི་བོ་འཇོམས་པ་ཡང་དེ་ཉིད་ཡིན་པས། སྲིད་པའི་རི་བོ་ཆེན་པོ་འཇོམས། །ཞེས་སོ། །མཁྲེགས་ཆེན་རྡོ་རྗེ་ཆེན་པོ་འཆང་བ་ནི་ངན་སོང་ཀུན་འདྲེན་ནོ། །རྗེ་ཆེན་པོ་ནི་ཀུན་དུ་བཟང་པོའི་ཡེ་ཤེས་ཏེ། དེ་འཛིན་པས་ན་རྡོ་རྗེ་ནི་ཆེན་པོ་འཆང་ངོ་། །སྲ་བའི་ཕྱིར་དང་ལུས་དང་ལྡན་པའི་ཕྱིར་ན་མཁྲེགས་པའོ། ། དྲག་པོ་ཆེན་པོ་དྲག་ཤུལ་ཆེ་བ་ནི་མྱ་ངན་གྱི་མུན་པ་ཀུན་འཇོམས་པའི་བློ་གྲོས་སོ། །ཆེན་པོ་ཡང་ཡིན་ལ་དྲག་པོ་ཡང་དེ་ཉིད་ཡིན་པས་ན་དྲག་པོ་ཆེན་པོ་སྟེ། གདུལ་དཀའ་བའི་སེམས་ཅན་རྣམས་ལ་ཁྲོ་བོ་ཆེན་པོའི་གཟུགས་སྟོན་པའི་ཕྱིར་རོ། །དྲག་ཤུལ་ཆེ་ནི་བཅོམ་ལྡན་འདས་འཇམ་དཔལ་དེ་ཞི་བ་ཡིན་ཡང་ སེམས་ཅན་གདུལ་བའི་ཕྱིར་དྲག་ཤུལ་ཅན་དུ་ཡང་སྟོན་ཞེས་པའི་དོན་ཏོ། །འཇིགས་ཆེན་འཇིགས་པར་བྱེད་པ་པོ་ནི་དྲ་བ་ཅན་གྱི་འོད་དོ། །འཇིགས་ཆེན་ནི་འཇིགས་བྱེད་ཆེན་པོའི་གཟུགས་འཛིན་པས་ན་འཇིགས་ཆེན་ནོ། །དེ་ཡང་འཇིགས་པར་བྱེད་པས་ན་འཇིགས་ཆེན་འཇིགས་པར་བྱེད་པའོ། །མགོན་ པོ་རིགས་མཆོག་ཆེན་པོ་སྟེ། །བླ་མ་གསང་སྔགས་ཆེ་བའི་མཆོག །ཐེག་པ་ཆེན་པོའི་ཚུལ་ལ་གནས། །ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །ཅེས་པ་ནི། དེ་ལ་མགོན་པོ་རིགས་མཆོག་ཆེན་པོ་ནི་ཟླ་འོད་གཞོན་ནུའོ། །ཆེན་པོ་ཡང་དེ་ཡིན་ལ་རིགས་ཀྱང་དེ་ཉིད་ཡིན་པས་རིགས་མཆོག་ཆེན་པོ་སྟེ། གཟུངས་ བཞིའོ། །དེ་ཡང་ཚིག་དང་། དོན་དང་སྔགས་དང་། ཕྱག་རྒྱའི་བདག་ཉིད་རྣམས་སོ། །དེ་ཉིད་ནི་མགོན་པོ་སྟེ། སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་ལ་ཀུན་དུ་སྤྱོད་པའི་སྡིག་པ་མ་ལུས་པར་ཡང་དག་པར་སྦྱོང་བའི་ཕྱིར་རོ། །བླ་མ་གསང་སྔགས་ཆེ་བའི་མཆོག་ནི་འོད་དཔག་ཏུ་མེད་པའོ། །ཆེན་ པོ་ཡང་དེ་ཉིད་ཡིན་ལ་གསང་སྔགས་ཀྱང་དེ་ཉིད་ཡིན་པས་གསང་སྔགས་ཆེ་བ་སྟེ། ཕྱག་རྒྱ་ཆེན་པོའི་བདག་ཉིད་དོ། །དེའི་མཆོག་ནི་གཙོ་བོ་ཞེས་པའི་དོན་ཏོ། །དེ་ཉིད་བླ་མ་སྟེ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་བག་ལ་ཉལ་ཇི་ལྟ་བ་བཞིན་དུ་ཤེས་ནས་མངོན་པར་རྟོགས་པ་ཉེ་བར་སྟོན་ 63-1-47b པའི་ཕྱིར་རོ། །ཐེག་པ་ཆེན་པོའི་ཚུལ་ལ་གནས་ནི་ནམ་མཁའི་མཛོད་དོ། །ཐེག་པ་ཆེན་པོ་ནི་འོག་ནས་གསུངས་པ་སྟེ། དེའི་ཚུལ་ནི་ལམ་མོ། །དེ་ཞོན་པ་ནི་གནས་པའི་དོན་ཏོ། །ཐེག་པ་ཆེན་པོའི་ཚུལ་གྱི་མཆོག་ནི་སྒྲིབ་པ་རྣམ་པར་སེལ་བའོ། །འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་བརྗོད་དུ་ མེད་པའི་ཆོས་ཉིད་དུ་ཁོང་དུ་ཆུད་པའི་རྟོག་པ་མེད་པའི་ཡེ་ཤེས་ནི་ཐེག་པ་ཆེན་པོ་ཞེས་སོ། །ཡང་ན་འཁོར་བའི་གནས་ཐབས་དང་སྤྱོད་ཡུལ་དང་རྟེན་གྱི་རང་བཞིན་ཏེ། བླ་ན་མེད་པ་རྣམ་པ་གསུམ་གྱིས་ཐེག་པ་ཆེན་པོ་བསྡུས་པ་ཡིན་ཞེས་སོ། །གལ་ཏེ་དེ་ལྟར་ཡིན་ན་ནི་དེའི་ཆེན་པོ་ཇི་ལྟར་ཡིན་ཞེ་ན། གང་ དག་འཇིག་རྟེན་ཐམས་ཅད་ལ་ཕན་པར་བྱེད་པ་སངས་རྒྱས་བཅོམ་ལྡན་འདས་དེས་དེ་ཆེ་བ་ཉིད་དེ། དེ་རྣམས་ཀྱི་ཐེག་པ་འདི་ནི་བསྐྱེད་པའི་དོན་དམ་ངེས་པར་འབྱུང་བའི་དོན་དུ་སྒྲུབ་པའོ། །དེའི་ཕྱིར་ན་དེ་དང་ལྷན་ཅིག་པའི་ཆེན་པོའི་ཐེག་པ་ཡིན་པས་ཐེག་པ་ཆེན་པོའམ། ཆེན་པོ་ཉིད་ཀྱི་ཐེག་པ་ པས་ཐེག་པ་ཆེན་པོའོ། །ཡང་ན་ཆེན་པོ་རྣམ་པ་བདུན་གྱི་ཕྱིར་ཏེ། དམིགས་པ་དང་། སྒྲུབ་པ་དང་། ཡེ་ཤེས་དང་། བརྩོན་འགྲུས་དང་། ཐབས་དང་། ཡང་དག་པར་གྲུབ་པ་དང་། ལས་ཆེ་བ་ཉིད་ཀྱི་ཕྱིར་ཐེག་པ་ཆེན་པོའོ། །ཆེན་པོ་ཡང་དེ་ཡིན་ལ་ཐེག་པ་ཡང་དེ་ཉིད་ཡིན་པས་ཐེག་པ་ཆེན་པོ་ སྟེ། ཐེག་པ་གཞན་ལ་དེ་རྣམས་མེད་པའི་ཕྱིར་རོ། །དེ་བས་ན་དེ་མདོར་བསྡུས་ནས་ཐེག་པ་ཆེན་པོ་ནི་རྣམ་པ་གསུམ་སྟེ། རྒྱུ་དང་ཡུལ་དང་། རྟེན་གྱི་རང་བཞིན་རྣམས་ཡོངས་སུ་སྣང་བའི་དོན་དུ་རིག་པར་བྱའོ། །དེ་ཉིད་ཐབས་ཙམ་ལ་ལྟོས་པས་སམ། མ་ལུས་པའི་འཇིག་རྟེན་དང་འཇིག་རྟེན་ ལས་འདས་པའི་རང་བཞིན་གྱི་ཕྱིར་བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུའོ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཞེས་པ་ཉིད་ལ་སོགས་པ་མཚན་གྱི་སྔགས་ཀྱི་ཡི་གེ་ཚིགས་བཅད་གཞུང་ཚིག་གི་ བྱེ་བྲག་གི་ཁྱད་པར་ཅན་འབྲེལ་ཚིག་མེད་པ་རྣམས་ཀྱིས་ཁྱད་པར་དུ་བྱས་པའི་ཡེ་ཤེས་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་འཇམ་དཔལ་དཔལ་དང་ལྡན་པའི་མཆོག་ཅེས་བྱ་བར་བལྟའོ། །དཀྱིལ་འཁོར་གྱི་ལྷ་སེམས་མ་རྡོ་རྗེ་མ་ལ་ 63-1-48a སོགས་པ་དེ་རྣམས་ཀྱང་ཕྱག་རྒྱ་ཆེན་པོར་སྦྱོར་བས་རང་རང་གི་སྐུ་མདོག་དང་ཕྱག་མཚན་དུ་ལྡན་པ་ཕྱུང་སྟེ། ཕྱུང་ནས་ཀྱང་འཇིག་རྟེན་གྱི་ཁམས་ཀུན་གྱི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པ་བྱས་ཏེ། ཡང་ཕྱིར་ལོག་ནས་མཚན་གྱི་སྔགས་ཀྱི་ཡི་གེ་རྣམས་ཀྱི་རང་རང་ གི་རིགས་ཀྱི་མདོག་དང་ལྡན་པར་བསྒྱུར་ཏེ། ཇི་ལྟར་དོན་གྱི་རིམ་པས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལྔར་བཀོད་པའི་ཟླ་བའི་དཀྱིལ་འཁོར་རྣམས་ལ་བཞུགས་པར་བསྒོམས་ནས། འཁོར་ལོ་དེའི་ལྟེ་བ་ལ་གནས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་འཇམ་དཔལ་ཡེ་ཤེས་སེམས་ དཔའི་གཟུགས་གོང་ནས་གསུངས་པ་བཞིན་དུ་བདག་ཉིད་མོས་ཏེ། བཅོམ་ལྡན་འདས་ཡེ་ཤེས་ཀྱི་སྐུ་དེ་ཉིད་ཀྱི་གཉིས་སུ་མེད་པའི་ཡང་དག་པའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་མཚན་གྱི་གཙུག་གི་ནོར་བུ་འདི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཡང་རུང་བ་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་ པའི་བྱང་ཆུབ་སེམས་དཔས་དུས་གསུམ་དུ་ཁ་ཏོན་དུ་བྱེད་པའམ། གླེགས་བམ་དུ་བྱས་པ་ལ་ཀློག་ཅིང་འདོན་པ་དང་། གཙང་བ་དང་མི་གཙང་བར་གྱུར་པས་ཏེ། ཅི་ཡང་མི་སྨྲ་བར་ཇི་ལྟ་བ་བཞིན་དུ་སུས་ཀྱང་མི་ཐོས་པར་མཚན་གྱི་སྔགས་ཀྱི་ཡི་གེ་ཚིགས་བཅད་དེ་ལྟར་ཀློག་པ་ནི་རིང་པོར་མི་ཐོགས་ པ་ཁོ་ནར་ཡོན་ཏན་ལས་བརྗོད་པའི་ཡོན་ཏན་གྱི་ཚོགས་དང་། གཞན་ཡང་འགྲུབ་པར་འགྱུར་རོ། །དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་ཡང་དག་པར་འཛིན་པའི་སྐྱེས་བུ་གང་ཟག་དེ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཤིན་ཏུ་བསགས་ཏེ། ཤིན་ཏུ་མྱུར་བར་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་ རྣམས་ལ་ཡང་དག་པར་གྱུར་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་། བསྐལ་པ་མང་པོར་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་སུ་འགྱུར་ལ། སེམས་ཅན་ཐམས་ཅད་ལ་བླ་ན་མེད་པའི་ཆོས་སྟོན་པར་བྱེད་ལ། ཕྱོགས་བཅུར་དམ་པའི་ཆོས་ཀྱི་རྔ་སྒྲ་ སྒྲོགས་པའི་ཆོས་ཀྱི་རྒྱལ་པོར་འགྱུར་རོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་དེའི་མཚན་གྱི་སྔགས་ཀྱི་ཡི་གེའི་ཚིག་རྣམས་གཅིག་ཏུ་བསྡུ་བ་བྱས་ནས་མཚན་བརྒྱད་ཅུ་རྩ་དྲུག་རྣམས་ཡིན་ཏེ། དེ་རྣམས་ཀྱང་དཀྱིལ་འཁོར་ཆེན་པོའི་ལྷ་རྣམས་ལ་རྣམ་པར་ཕྱེ་ནས་སྦྱར་བར་བྱའོ། །དེ་ལ་བཞི་ནི་ཡེ་ 63-1-48b ཤེས་སེམས་དཔའ་དང་ཟླ་བའི་དཀྱིལ་འཁོར་གྱིའོ། །ཡི་གེ་ཨ་ནི་གསུམ་མོ། །རྡོ་རྗེ་སེམས་མ་ལ་སོགས་པ་དང་། རྟག་པ་ལ་སོགས་པ་རྣམས་ཀྱི་བཅུ་གཅིག་གོ། །དང་པོ་རྡོ་རྗེ་སེམས་དཔའ་ནས་བརྩམས་ཏེ། ཇི་ཙམ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་མཐར་ཐུག་གི་བར་དུ་མ་ལུས་པའི་ མཚན་གྱི་སྔགས་ཀྱི་ཡི་གེའི་ཚིག་གི་ཁྱད་པར་དང་ཁྱད་པར་ཅན་གྱི་ངོ་བོས་གོ་རིམས་བཞིན་དུ་སྦྱར་བར་བྱའོ། །ཚིགས་བཅད་ནི་བཅུ་བཞི་སྟེ། མཚན་གྱི་སྔགས་ཀྱི་ཡི་གེའི་ཚིག་རྣམས་ནི་བརྒྱད་ཅུ་རྩ་དྲུག་སྟེ། དེ་ནི་མན་ངག་ཡིན་ནོ། །འཕགས་པ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་པ་མཚན་གསང་ སྔགས་ཀྱི་དོན་དུ་རྣམ་པར་ལྟ་བ་ཞེས་བྱ་བ་ལས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་རིམ་པའི་དབང་དུ་བྱས་པ་སྟེ་ལྔ་པའོ།། །།ད་ནི་གཉིས་པ་རྣམ་པར་སྣང་མཛད་ཀྱི་འཁོར་ལོ་བཤད་དེ། དེ་ཡང་འཇམ་དཔལ་ཡེ་ཤེས་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ལྷ་རྣམས་བཀོད་པའི་རིམ་པས་ཆེ་བའི་བདག་ཉིད་བསྟན་ནས། ད་ནི་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྣམ་པར་སྣང་མཛད་ཆེན་པོའི་སྒོ་ནས་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཁྱད་པར་བསྟན་པར་འདོད་པས་རང་གི་རྣམ་པར་ཐར་པའི་སྒོ་ནས་གཏི་མུག་ལ་སྤྱོད་པའི་སེམས་ ཅན་རྣམས་གདུལ་བའི་དོན་དུ་རང་གི་འཁོར་ལོ་དགོད་པ་གསུངས་པའོ། །དེ་ལ་ཡང་རྣམ་པར་སྣང་མཛད་དང་རྣམ་པར་སྣང་མཛད་ཆེན་པོའི་ཁྱད་པར་དུ་བྱ་བ་ཇི་ལྟ་བུ་ཞེ་ན། དེ་མི་ཤེས་པས་དེ་གསུངས་པ། རང་བཞིན་ཅན་གཟུགས་ཀྱི་སྐུའི་རྒྱུ་མཐུན་པའི་གནས་སུ་གྱུར་པའི་མཚན་ཉིད་འོག་མིན་ལྷའི་རྒྱལ་པོའི་གནས་ དེར། ལྷའི་རིགས་སུ་སྐྱེས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་ཀྱི་ལོངས་སྤྱོད་རྫོགས་པ་སོ་སོར་ཉམས་སུ་མྱོང་བར་བྱེད་པའི་དོན་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཏིང་ངེ་འཛིན་གྱི་རིམ་པས་རྣམ་པར་སྨིན་པའི་སྐུར་གྱུར་པ་ཡོངས་སུ་དག་པའི་ཡེ་ཤེས་ཀྱི་སོ་སོར་སྣང་བའི་མཚན་ཉིད་རྒྱུ་མཐུན་པའི་སྐུ་སྟེ། གནས་ དེ་ཉིད་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚོགས་ཀྱིས་བསྐོར་བའི་སྟོན་པ་གང་ཡིན་པ་དེ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དོ། །དེ་ལྟར་ཟླ་གསང་ཐིག་ལེའི་རྒྱུད་ལས་གསུངས་པ། གནས་གཙང་མ་རྣམས་སྤངས་པའོ། །འོག་མིན་གནས་ནི་ཉམས་དགའ་བར། །རྫོགས་པའི་སངས་རྒྱས་དེ་ 63-1-49a སངས་རྒྱས། །སྤྲུལ་པ་པོ་ནི་འདིར་སངས་རྒྱས། །ཞེས་ཚིགས་སུ་བཅད་དོ། །རྣམ་པར་སྣང་མཛད་ཆེན་པོ་ནི་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་ལས་ཤིན་ཏུ་རྣམ་པར་གྲོལ་བ་དངོས་པོ་ཐམས་ཅད་ཀྱི་རང་བཞིན་དུ་སྣང་ཞིང་སྟོན་པར་ནུས་པའོ། ། བཅོམ་ལྡན་འདས་དེ་ཁོ་ན་ཉིད་ཀྱི་རང་བཞིན་དེ་ཉིད་ལས་དངོས་པོ་ཐམས་ཅད་སྟོན་པར་ནུས་པར་ཇི་ལྟར་འགྱུར་ཞེ་ན། དེ་ལྟར་དཔལ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས་གསུངས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཐམས་ ཅད་མཁྱེན་པའི་ཡེ་ཤེས་བརྙེས་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་སེམས་ཅན་ཐམས་ཅད་ལ་རྣམ་པར་ཕྱེ་སྟེ། ཚུལ་སྣ་ཚོགས་དང་། བསམ་པ་སྣ་ཚོགས་དང་། ཐབས་སྣ་ཚོགས་དག་གིས་ཆོས་སྟོན་ཏེ། ཁ་ཅིག་ལ་ནི་ཉན་ཐོས་ཀྱི་ཐེག་པའི་ཚུལ། ཁ་ཅིག་ལ་ནི་རང་སངས་རྒྱས་ཀྱི་ཐེག་པའི་ཚུལ། ཁ་ ཅིག་ལ་ནི་ཐེག་པ་ཆེན་པོའི་ཚུལ། ཁ་ཅིག་ལ་ནི་མངོན་པར་ཤེས་པ་ལྔའི་ཚུལ་ལོ། །ཁ་ཅིག་ལ་ནི་ལྷར་སྐྱེ་བར་བྱ་བ་དང་། ཁ་ཅིག་ལ་ནི་མིར་སྐྱེ་བར་བྱ་བ་དང་། ཇི་སྲིད་དུ་ལྟོ་འཕྱེ་ཆེན་པོ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅིར་སྐྱེ་བར་བྱ་ བའི་བར་དུ་ཆོས་སྟོན་ཏོ། །དེ་ལ་སེམས་ཅན་ལ་ལ་སངས་རྒྱས་ཀྱིས་གདུལ་བར་བྱ་བ་རྣམས་ལ་སངས་རྒྱས་ཀྱི་གཟུགས་སུ་མཐོང་། ལ་ལས་ནི་ཉན་ཐོས་ཀྱི་གཟུགས་སུ། ལ་ལས་ནི་རང་སངས་རྒྱས་ཀྱི་གཟུགས་སུ། ལ་ལས་ནི་བྱང་ཆུབ་སེམས་དཔའི་གཟུགས་སུ། ལ་ལས་ནི་དབང་ཕྱུག་ཆེན་པོའི་གཟུགས་ སུ། ལ་ལས་ནི་ཚངས་པའི་གཟུགས་སུ། ལ་ལས་ནི་སྲེད་མེད་ཀྱི་བུའི་གཟུགས་སུ། ལ་ལས་ནི་རྣམ་ཐོས་ཀྱི་བུའི་གཟུགས་སུ། ལ་ལས་ནི་ལྟོ་འཕྱེ་ཆེན་པོ་དང་མི་དང་མི་མ་ཡིན་པའི་བར་དུ་མཐོང་སྟེ། རང་རང་གི་ཚིག་བརྗོད་པའི་ཚུལ་དང་། སྤྱོད་ལམ་ལ་རྣམ་པར་གནས་པ་སྟེ། ཐམས་ཅད་མཁྱེན་ པའི་ཡེ་ཤེས་དེའང་འདི་ལྟར་དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བའི་རོར་རོ་གཅིག་པའོ་ཞེས་གསུངས་སོ། །དེའི་ཕྱིར་གསུངས་པ། སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཞེས་པ་ནི། དེ་ལ་སངས་རྒྱས་ནི་ཇི་ལྟར་གནས་པའི་དངོས་པོ་ཀུན་མཁྱེན་པའོ། །རྣམ་པར་སྣང་མཛད་ཆེ་ནི་རྣམ་པར་གསལ་ 63-1-49b བས་ན་རྣམ་པར་སྣང་མཛད་དེ། རྣམ་པར་སྣང་བ་ཁོ་ནར་བྱེད་པས་ན་རྣམ་པར་སྣང་མཛད་དེ། རང་གི་དོན་ལ་འཕེལ་བར་བྱེད་པའི་ཕྱིར་རོ། །ཆེན་པོ་ཡང་དེ་ཡིན་ལ་རྣམ་པར་སྣང་མཛད་ཀྱང་དེ་ཉིད་ཡིན་པས་རྣམ་པར་སྣང་མཛད་ཆེ་ཞེས་པའོ། །ཐུབ་པ་ཆེན་པོ་ནི་སྐུ་གསུང་ཐུགས་ཐུབ་ པ་དང་ལྡན་པ་སྟེ། ཆེན་པོ་ཡང་དེ་ཡིན་ལ་ཐུབ་པ་ཡང་དེ་ཉིད་ཡིན་པས་ཐུབ་པ་ཆེན་པོའོ། །ཐུབ་པ་ཆེན་པོ་ཞེས་བྱ་བ་ཇི་ལྟར་ཞེ་ན། རྟག་ཏུ་མཉམ་པར་གཞག་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཡང་གསུངས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྟག་ཏུ་མཉམ་པར་གཞག་པའོ་ཞེས་པའི་ ཚིག་གི་ཕྱིར་རོ། །ལུས་ལ་སོགས་པར་སོན་པའི་གནས་ངན་ལེན་མེད་པའི་ཕྱིར་རོ། །དེ་གང་ལ་ཡོད་པ་དེ་ནི་ཐུབ་ཆེན་ལྡན་ནོ། །ཆེན་པོ་ཡང་དེ་ཡིན་ལ་ཐུབ་པ་ཡང་དེ་ཉིད་ཡིན་པས་ཐུབ་ཆེན་ཏེ། གནས་འཇོག་དང་། རི་བྱི་དང་། གྲོག་མཁར་ལ་སོགས་པ་དྲང་སྲོང་རྣམས་ཡིན་ནོ། །དེས་འདུལ་ བ་རྣམས་ལ་དེ་ལྟ་བུའི་གཟུགས་སུ་སོ་སོར་སྣང་བའི་ཕྱིར་ན་ཐུབ་པ་ཆེན་པོ་ཞེས་གསུངས་སོ། །གསང་སྔགས་ཚུལ་ཆེན་ལས་བྱུང་བ། །ཞེས་པ་ལ། གསང་སྔགས་ཚུལ་ཆེན་ནི་ཐེག་པ་ཆེན་པོ་སྟེ། གསང་སྔགས་ཚུལ་དེ་ལས་བྱུང་བས་ན་གསང་སྔགས་ཚུལ་ཆེན་ལས་བྱུང་བའོ། །ཆེན་པོ་ཡང་དེ་ ཡིན་ལ་གསང་སྔགས་ལས་བྱུང་བ་ཡང་དེ་ཉིད་ཡིན་པས། གསང་སྔགས་ཚུལ་ཆེན་ལས་བྱུང་བ། །ཞེས་པ་སྟེ། དེ་ཉིད་ལས་གྲུབ་པའོ། །དེ་ཉིད་ཀྱི་ཕྱིར་ན། གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། །ཞེས་པ་སྟེ། རྡོ་རྗེ་ཐེག་པ་ཆེན་པོའི་རང་བཞིན་ཞེས་པའི་དོན་ཏོ། །དེ་ཡང་རྣམ་པར་སྣང་མཛད་ ཆེ། །ཞེས་པ་ལ་སོགས་པས་ཀྱང་བཅོམ་ལྡན་འདས་འཇམ་དཔལ་དཔལ་དང་ལྡན་པའི་མཆོག་ཅེས་པའི་བར་ལ་བརྗོད་པར་བྱའོ། །ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ལ་གནས། །ཕ་རོལ་ཕྱིན་བཅུ་དག་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ། །ཞེས་པ་ནི། དེ་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ཐོབ་ པའི་བསམ་པ་རྣམ་པར་དག་པའི་ལམ་རྣམས་ཀྱི་སྒོ་ནས་བསྟན་པ་གསུངས་པ། ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཞེས་པ་དེ་ལ་ཡང་ཕ་རོལ་ཏུ་ཕྱིན་པ་རྣམས་སྟོན་པ་ནི་འདི་ལྟར་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་གསུངས་པ། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་དང་ 63-1-50a ནི་ཤེས་རབ་ཐབས། །སྨོན་ལམ་སྟོབས་དང་ཡེ་ཤེས་དང་། །འདི་དག་ཕ་རོལ་ཕྱིན་བཅུར་འདོད། །ཅེས་སོ། །དེ་ལ་སྦྱིན་པ་རྣམ་པ་གསུམ་སྟེ། ཟང་ཟིང་གི་སྦྱིན་པ་དང་། སྐྱབས་ཀྱི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པའོ། །ཚུལ་ཁྲིམས་ལ་རྣམ་པ་གསུམ་སྟེ། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་སོ། །བཟོད་པ་ལ་རྣམ་པ་གསུམ་སྟེ། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་། གཞན་གྱི་གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་དང་། ཆོས་ལ་ངེས་པར་ སེམས་པའི་བཟོད་པའོ། །བརྩོན་འགྲུས་ལ་རྣམ་པ་གསུམ་སྟེ། གོ་ཆའི་བརྩོན་འགྲུས་དང་། སྦྱོར་བའི་བརྩོན་འགྲུས་དང་། ཡོངས་སུ་མཐར་ཕྱིན་པའི་བརྩོན་འགྲུས་སོ། །བསམ་གཏན་ལ་རྣམ་པ་གསུམ་སྟེ། ཉེས་པ་སྤོང་བ་དང་། རྣམ་པར་གནས་པ་ཅན་དང་། དབང་སྦྱོར་བ་ ཅན་ནོ། །ཤེས་རབ་ལ་རྣམ་པ་གསུམ་སྟེ། ཐོས་པ་ལས་བྱུང་བ་དང་། བསམས་པ་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བའོ། །ཐབས་ལ་རྣམ་པ་གསུམ་སྟེ། རང་གི་སྐྱོན་སྤོང་བ་དང་། སེམས་ཅན་འཇུག་པར་བྱེད་པ་དང་། མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པའོ། ། སྨོན་ལམ་ལ་རྣམ་པ་གསུམ་སྟེ། རང་གི་ཚོགས་དང་འབྲེལ་པ་ཅན་དང་། སེམས་ཅན་གྱི་དོན་དང་རྗེས་སུ་འབྲེལ་པ་ཅན་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའོ། །སྟོབས་ལ་རྣམ་པ་གསུམ་སྟེ། ལས་ལྡོག་པར་བྱེད་པ་དང་། ཉོན་མོངས་པ་སྤོང་བར་བྱེད་པ་དང་། བདུད་དང་ཕ་ རོལ་རྒོལ་བ་ལྡོག་པར་བྱེད་པའོ། །ཡེ་ཤེས་ལ་རྣམ་པ་གསུམ་སྟེ། རྣམ་པར་མི་རྟོག་པ་དང་། རྣམ་པར་རྟོག་པ་མཉམ་པ་ཉིད་དུ་ཁོང་དུ་ཆུད་པ་དང་། ཐབས་ཐམས་ཅད་ལས་ལྐོག་ཏུ་མ་གྱུར་པའོ། །སྦྱིན་པ་ལ་སོགས་པ་དེ་དག་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཡོངས་སུ་རྫོགས་པར་བྱེད་ པ་དང་། སེམས་ཅན་ཐམས་ཅད་ལ་བྱམས་པའི་བསམ་པ་ཡོངས་སུ་བསྒོམས་པས་ན་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་པའོ། །དེ་རྣམས་ཀྱང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་སྟེ། དེ་ལ་བདག་ལ་སོགས་པ་དམིགས་པ་མ་སྤངས་པ་ནི་འཇིག་རྟེན་པའི་ཕ་རོལ་ཏུ་ཕྱིན་པའོ། །འཇིག་རྟེན་ 63-1-50b ལས་འདས་པ་ཡང་ཕུང་པོ་ལ་སོགས་པ་ལ་བདག་མེད་པ་ལ་སོགས་པར་མོས་པས་འཇུག་པ་དང་། དེ་ཁོ་ན་ཉིད་རྟོགས་པས་འཇུག་པ་སྟེ། དེ་ཉིད་དབུ་མ་ལ་འཇུག་པ་ལས་ཟླ་བ་གྲགས་པས་གསུངས་པ། སྦྱིན་དང་ལེན་པ་སྦྱིན་པ་པོས་སྟོང་པ། །སྦྱིན་པ་འཇིག་རྟེན་ལས་འདས་ཕ་ རོལ་ཕྱིན། །དེ་ལ་གང་ན་གཞིན་པ་སྐྱེས་གྱུར་པ། །འཇིག་རྟེན་པ་ཡི་ཕ་རོལ་ཕྱིན་པར་བསྟན། །ཞེས་སོ། །ཐོས་པ་དང་། བསམ་པ་དང་། བསྒོམ་པའི་དངོས་པོ་ལས་ཡེ་ཤེས་འབྱུང་བའི་རིམ་པས་རྣམ་པ་ཐམས་ཅད་མཁྱེན་པའི་རྟོགས་པ་རབ་ཀྱི་མཐར་ཕྱིན་པ་ནི་ཕ་རོལ་གྱི་དོན་ཡིན་ལ། ཕྱིན་ པའི་དོན་ནི་དེའི་ངོ་བོ་སྟེ། དངོས་པོའི་རྐྱེན་ཡིན་ནོ། །དེ་བཞིན་དུ་སྦྱིན་པ་ཉིད་ལ་ཕ་རོལ་ཏུ་ཕྱིན་པའོ། །དེ་ལྟར་ཚུལ་ཁྲིམས་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །དེའི་ཕྱིར་ཡངས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཁོར་གསུམ་ཡོངས་སུ་དག་པའི་མཚན་ཉིད་ཀྱི་སྦྱིན་པ་གང་ཡིན་པའི་ སྦྱིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །གང་སོ་སོའི་སྐྱེ་བོ་རྣམས་ཀྱི་སྦྱིན་པ་ནི་སྦྱིན་པ་ཁོ་ནའོ། །ཕ་རོལ་ཏུ་ཕྱིན་པ་ནི་མ་ཡིན་ཏེ། །འཁོར་གསུམ་ཡོངས་སུ་དག་པའི་ཤེས་རབ་དང་བྲལ་བའི་ཕྱིར་རོ། །དེའི་ཕྱིར་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ རྣམས་ཀྱི་མིག་ཁོ་ནར་ཤེས་པར་བྱའོ། །དེ་ཉིད་ཀྱི་ཕྱིར་ན་དབུ་མ་ལ་འཇུག་པ་ལས་ཟླ་བ་གྲགས་པས་གསུངས་པ། མིག་ལྡན་སྐྱེས་བུ་གཅིག་གིས་ཇི་ལྟར་འདོད་པའི་སར། །ལོང་བའི་ཚོགས་རྣམས་ཐམས་ཅད་བདེ་བར་ཁྲིད་པར་འགྱུར། །དེ་བཞིན་དུ་ནི་དེ་ལ་དམིགས་བུ་མེད་པ་རྣམས། །བློ་ ཡིས་བཟུང་ནས་ཡོན་ཏན་རྒྱལ་བ་ཉིད་དུ་འགྲོ། །ཞེས་སོ། །དེ་ལྟ་བུར་གྱུར་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་ཐོབ་པ་སྟེ། དེ་ལྟར་རྟོགས་པར་གྱུར་པའི་བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་བཤད་དོ། །ཕ་རོལ་ཕྱིན་པ་བཅུ་ལ་གནས། །ཞེས་པ། དེ་ལ་གནས་ནི་རྟེན་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་བཅུ་ པོ་དེ་དག་ཉིད་རྟེན་གྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་དག་བརྟེན་པ་ཡིན་པའི་ཕྱིར་ཏེ། དེས་ནི་འདི་སྐད་གསུངས་པར་འགྱུར་ཏེ། རྟེན་དང་བརྟེན་པ་ཕན་ཚུན་འབྲེལ་པ་ཡིན་པའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་དུ་བསྟན་པར་འགྱུར་རོ། །ཕ་རོལ་ཕྱིན་བཅུ་དག་པ་སྟེ། །ཞེས་པ་ནི་འཁོར་གསུམ་ 63-1-51a ཡོངས་སུ་དག་པའི་ཕྱིར་ཏེ། སྦྱིན་པའི་རྫས་དང་། སྦྱིན་པའི་བདག་པོ་དང་། ལེན་པ་པོ་མི་དམིགས་པས་ཕ་རོལ་ཏུ་ཕྱིན་པ་བཅུ་དག་པ་ཞེས་བྱའོ། །ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ། །ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་ཁོ་ནའི་ཚུལ་དང་། ལམ་དང་ཐབས་གང་ གི་ཡིན་པ་དེ་ལ་དེ་སྐད་གསུངས་སོ། །དེ་རྣམས་ཀྱང་ས་ལ་སྦྱོར་བ་འདི་ལྟ་སྟེ། ས་རབ་ཏུ་དགའ་བ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བར་འགྱུར་བ་དང་། དྲི་མ་མེད་པ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། འོད་བྱེད་པ་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། འོད་འཕྲོ་བ་ཅན་ལ་བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱང་དཀའ་བ་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། མངོན་དུ་གྱུར་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། རིང་དུ་སོང་བ་ལ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། མི་གཡོ་བ་ལ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ལེགས་པའི་བློ་གྲོས་ལ་སྟོབས་ཀྱི་ཕ་ རོལ་ཏུ་ཕྱིན་པ་དང་། ཆོས་ཀྱི་སྤྲིན་ལ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་སོ། །དེ་ལྟར་ས་འདི་རྣམས་ལ་ཆོས་ལ་བདག་མེད་པ་དང་། བྱམས་པའི་རྟོགས་པ་ཁྱད་པར་ཅན་མེད་ཀྱང་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས་ལྷག་པར་བྱིན་གྱིས་བརླབས་པས་ཁྱད་པར་སོ་སོར་ ཐོབ་བོ། །ཉན་ཐོས་ལ་སོགས་པ་ཐམས་ཅད་ཆེ་བ་ནི་སྨོན་ལམ་གྱི་སྟོབས་ཀྱིས་དེ་རྣམས་ལས་མཐའ་ཡས་པ་ཐུན་མོང་མ་ཡིན་པར་གྱུར་པ་ཡིན་ནོ། །དེ་ལས་ཞེས་པ་ནི་ཡེ་ཤེས་ཀྱི་གནས་སྐབས་ཏེ་སྤྱོད་ཡུལ་ཞེས་པའི་བར་དུའོ། །དེ་ལ་རྟོགས་ཤིང་ཁོང་དུ་ཆུད་པའི་ཁྱད་པར་ལས་གོང་མ་གོང་མའི་ ཡེ་ཤེས་ལ་རབ་ཏུ་གནས་པའི་སྦྱོར་བས་ཡེ་ཤེས་དེ་དང་ཡོན་ཏན་གྱི་རྟེན་གྱི་སྦྱོར་བས་ཀྱང་ས་ཞེས་གསུངས་སོ། །ཐམས་ཅད་དུ་སེམས་ཅན་གྱི་ཁམས་ཀྱི་སྤྱིའི་མཚན་ཉིད་ཀྱི་ཕྱིར་ཏེ། གང་གི་ཕྱིར། ཆོས་ཀྱི་དབྱིངས་ལས་མ་གཏོགས་པ། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །ཞེས་སོ། །དེ་བས་ བདག་ཉིད་དང་མཉམ་པ་ཉིད་དུ་འཐོབ་སྟེ། བདག་མེད་པ་ལ་ཁྱད་པར་མེད་པའི་ཕྱིར་རོ། །འདིའི་གནས་སྐབས་ཀྱི་ཁྱད་པར་གྱིས་ཡེ་ཤེས་གཅིག་ལའང་བཅུ་ཞེས་གསུངས་སོ། །དེ་ཉིད་གསུངས་པ། མགོན་པོ་ས་བཅུའི་དབང་ཕྱུག་སྟེ། །ས་བཅུ་ལ་ནི་གནས་པ་པོ། །ཞེས་པ་ནི་རབ་ཏུ་ 63-1-51b དགའ་བ་ལ་སོགས་པའི་ས་བཅུའི་དབང་ཕྱུག་སྟེ། བདག་པོ་ཞེས་པའི་དོན་ཏོ། །དེ་ཉིད་ས་གང་དང་གང་དུ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ་དབང་ཐོབ་པའི་ཕྱིར་ན་མགོན་པོ་ཞེས་གསུངས་སོ། །ས་བཅུ་དེ་དག་ཉིད་ལ་སོ་སོར་གནས་པའི་ཕྱིར་ན། ས་བཅུ་ལ་ནི་གནས་པ་པོ། །ཞེས་གསུངས་ སོ། །ཤེས་བཅུ་རྣམ་དག་ཅེས་པ་ནི་ཤེས་པ་བཅུའི་རྣམ་གྲངས་ནི་ཆོས་ཤེས་པ་དང་། རྗེས་སུ་རྟོགས་པའི་ཤེས་པ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། ཀུན་རྫོབ་ཤེས་པ་དང་། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་བ་ཤེས་པ་དང་། འགོག་པ་ཤེས་པ་དང་། ལམ་ཤེས་པ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པའོ། །དེ་ལ་ཆོས་ཤེས་པ་གང་ཞེ་ན། འདོད་པའི་ཁམས་དང་མཚུངས་པར་ལྡན་པའི་འདུ་བྱེད་རྣམས་ལ་གང་ཟག་པ་མེད་པའི་ཤེས་པ་གང་ཡིན་པ་དང་། འདོད་པའི་ཁམས་དང་མཚུངས་པར་ལྡན་པའི་འདུ་བྱེད་ཀྱི་རྒྱུ་ལ་གང་ཟག་པ་མེད་པའི་ཤེས་པ་དང་། འདོད་པའི་ཁམས་དང་མཚུངས་པར་ལྡན་པའི་འདུ་བྱེད་རྣམས་ཀྱི་འགོག་པ་ལ་གང་ཟག་པ་མེད་པའི་ཤེས་པ་དང་། འདོད་པའི་ཁམས་དང་མཚུངས་པར་ལྡན་པའི་འདུ་བྱེད་རྣམས་འཇོམས་པའི་དོན་དུ་ལམ་ལ་གང་ཟག་པ་མེད་པའི་ཤེས་པ་རྣམས་སོ། །ཡང་ཆོས་ཀྱི་ཤེས་པ་དང་། ཆོས་ཀྱི་ཤེས་པའི་ས་ལ་ གང་ཟག་པ་མེད་པའི་ཤེས་པ་དེ་ཉིད་ཆོས་ཤེས་པ་ཞེས་བརྗོད་དོ། །རྗེས་སུ་ཤེས་པའི་རྟོགས་པ་གང་ཞེ་ན། གཟུགས་དང་གཟུགས་མེད་པའི་ཁམས་དང་མཚུངས་པར་ལྡན་པའི་འདུ་བྱེད་རྣམས་ལ་གང་ཟག་པ་མེད་པའི་ཤེས་པ་དང་། གཟུགས་དང་གཟུགས་མེད་པའི་ཁམས་དང་མཚུངས་པར་ ལྡན་པའི་འདུ་བྱེད་རྣམས་ཀྱི་རྒྱུ་ལ་གང་ཟག་པ་མེད་པའི་ཤེས་པ་དང་། གཟུགས་དང་གཟུགས་མེད་པའི་ཁམས་དང་མཚུངས་པར་ལྡན་པའི་འདུ་བྱེད་རྣམས་ཀྱི་འགོག་པ་ལ་ཟག་པ་མེད་པའི་ཤེས་པ་རྣམས་དང་། གཟུགས་དང་གཟུགས་མེད་པའི་ཁམས་དང་མཚུངས་པར་ལྡན་པའི་འདུ་བྱེད་ རྣམས་འཇོམས་པའི་དོན་དུ་ལམ་ལ་གང་ཟག་པ་མེད་པའི་ཤེས་པ་རྣམས་དང་། ཡང་རྗེས་སུ་རྟོགས་པའི་ཤེས་པ་དང་། རྗེས་སུ་རྟོགས་པའི་ཤེས་པའི་ས་ལ་ཟག་པ་མེད་པའི་ཤེས་པ་ཞེས་གསུངས་པ་དེ་ཉིད་རྗེས་སུ་རྟོགས་པ་ཤེས་པའོ། །ཕ་རོལ་གྱི་སེམས་ཤེས་པ་གང་ཞེ་ན། སྒོམ་པའི་རང་ 63-1-52a བཞིན་གྱི་ཤེས་པ་གང་ཡིན་པའི་བསྒོམས་པའི་འབྲས་བུ་བསྒོམ་པས་བགྲོད་པར་བྱ་བ་སོ་སོར་ཐོབ་ཅིང་བྲལ་བའི་ཤེས་པ་གང་གིས་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པ་རྣམས་ཀྱི་མཉམ་པར་གཞག་པ་མངོན་དུ་གྱུར་པ་སྟེ། ཕ་རོལ་རྣམས་ཀྱི་སེམས་དང་སེམས་ ལས་བྱུང་བའི་ཆོས་རྣམས་ཤེས་པ་སྡེ་ཚན་གཅིག་ཏུ་བྱས་ཏེ། ཟག་པ་མེད་པའི་ཆོས་འདི་ནི་ཕ་རོལ་གྱི་སེམས་ཤེས་པའོ། །ཀུན་རྫོབ་ཤེས་པ་གང་ཞེ་ན། ཟག་པ་དང་བཅས་པ་ཤེས་པའོ། །སྡུག་བསྔལ་ཤེས་པ་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་མི་རྟག་པ་ཉིད་དང་། སྡུག་བསྔལ་ བ་ཉིད་དང་། སྟོང་པ་ཉིད་དང་། བདག་མེད་པ་ཉིད་ཡིད་ལ་བྱེད་པའི་གང་ཟག་པ་མེད་པའི་ཤེས་པ་འདི་ནི་སྡུག་བསྔལ་ཤེས་པའོ། །ཀུན་འབྱུང་བ་ཤེས་པ་གང་ཞེ་ན། ཟག་པ་དང་བཅས་པའི་རྒྱུ་ལ་རྒྱུ་དང་། ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་། རྐྱེན་རྣམས་སུ་ཡིད་ལ་བྱེད་པས་གང་ཟག་ པ་མེད་པའི་ཤེས་པ་གང་ཡིན་པ་དེ་ནི་ཀུན་འབྱུང་ཤེས་པའོ། །འགོག་པ་ཤེས་པ་གང་ཞེ་ན། འགོག་པ་ལ་འགོག་པ་དང་། ཞི་བ་དང་། གྱ་ནོམ་པ་དང་། ངེས་པར་འབྱུང་བ་རྣམས་ཡིད་ལ་བྱེད་པ་གང་ཟག་པ་མེད་པའི་ཤེས་པ་ཞེས་གསུངས་པ་དེ་ནི་འགོག་པ་ཤེས་པའོ། །ལམ་ཤེས་པ་གང་ཞེ་ན། ལམ་ ལ་ལམ་དང་། རིག་པ་དང་། སྒྲུབ་པ་དང་། ངེས་པར་འབྱིན་པ་རྣམས་སུ་ཡིད་ལ་བྱེད་པས་གང་ཟག་པ་མེད་པའི་ཤེས་པ་ཞེས་གང་གསུངས་པ་དེ་ནི་ལམ་ཤེས་པའོ། །ཟད་པ་ཤེས་པ་གང་ཞེ་ན། བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་སོ་ཞེས་པ་དང་། བདག་གིས་ཀུན་འབྱུང་སྤངས་སོ། ། བདག་གིས་འགོག་པ་མངོན་དུ་བྱས་སོ། །བདག་གིས་ལམ་བསྒོམས་ཟིན་པས་སླར་བསྒོམ་དུ་མེད་དོ་ཞེས་ཤེས་པ་དེ་ཉིད་ཉེ་བར་གཟུང་བའི་ཤེས་པ་དང་། མཐོང་བ་དང་། རིག་པ་དང་། རྟོགས་པ་དང་། ཤེས་རབ་ཀྱི་སྣང་བ་དང་། མངོན་པར་རྟོགས་པ་དེ་གསུངས་པ་ནི་ཟད་པ་ཤེས་པའོ། །མི་སྐྱེ་བ་ ཤེས་པ་གང་ཞེ་ན། བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་སོ། །ཡང་ཡོངས་སུ་ཤེས་པར་བྱར་མེད་དོ་ཞེས་པ་དང་། ཀུན་འབྱུང་རབ་ཏུ་སྤངས་སོ། །ཡང་སྤང་དུ་མེད་པ་དང་། འགོག་པ་མངོན་དུ་བྱས་སོ། །ཡང་མངོན་དུ་བྱར་མེད་པ་དང་། ལམ་བསྒོམས་སོ། །ཡང་བསྒོམ་པར་བྱར་མེད་དོ། ། 63-1-52b ཞེས་ཤེས་པ་དེ་ཉེ་བར་གཟུང་སྟེ། ཤེས་པ་དང་། མཐོང་བ་དང་། རིག་པ་དང་། རྟོགས་པ་དང་། ཤེས་རབ་ཀྱི་སྣང་བ་དང་། མངོན་པར་རྟོགས་པ་འདི་ནི་མི་སྐྱེ་བའི་ཤེས་པའོ། །དེ་ཉིད་གསུངས་པ། ཤེས་བཅུ་རྣམ་དག་བདག་ཉིད་ཅན། །ཤེས་བཅུ་རྣམ་དག་འཆང་བ་པོ། །ཞེས་ སོ། །དེ་བས་ན་ཤེས་པ་བཅུ་པོ་དེ་དག་གིས་རྣམ་པར་དག་པའི་བདག་ཉིད་ཀྱི་རང་བཞིན་དང་གང་ལྡན་པའི་བཅོམ་ལྡན་འདས་དེ་ནི། ཤེས་བཅུ་རྣམ་དག་བདག་ཉིད་ཅན། །ཞེས་སོ། །ཤེས་པ་བཅུ་པོ་དེ་རྣམས་ཀྱི་རྣམ་པར་དག་པ་རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་འཛིན་པས་ན། ཤེས་ བཅུ་རྣམ་དག་འཆང་བ་པོ། །ཞེས་པ་སྟེ་མཚན་མ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །རྣམ་པ་བཅུ་ཞེས་པ་ནི་འདི་ལྟར་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་གསུངས་པ། གཅིག་དང་རྒྱུ་དང་ཟ་བ་དང་། །བྱེད་པ་དང་ནི་དབང་བསྒྱུར་དང་། །བདག་པོ་དོན་དང་རྟག་པ་དང་། །ཉོན་མོངས་པ་དང་ དག་པའི་གནས། །རྣལ་འབྱོར་ཅན་དང་མ་གྲོལ་གྲོལ། །འདི་དག་ལ་ནི་བདག་ཏུ་ལྟ། །ཞེས་སོ། །རྣམ་པ་བཅུ་པོ་ནི་འདི་རྣམས་བདག་ཏུ་འཛིན་པས་ཕུང་པོ་ལ་སོགས་པ་ལ་རབ་ཏུ་འཇུག་པ་འདི་ལྟ་སྟེ། གཅིག་པུར་འཛིན་པ་དང་། རྒྱུར་འཛིན་པ་དང་། ཟ་བར་འཛིན་པ་དང་། བྱེད་པར་ འཛིན་པ་དང་། རང་དབང་དུ་འཛིན་པ་དང་། བདག་པོར་འཛིན་པ་དང་། རྟག་པར་འཛིན་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་འཛིན་པ་དང་། རྣལ་འབྱོར་ཅན་དུ་འཛིན་པ་དང་། མ་གྲོལ་བ་གྲོལ་བར་འཛིན་པའོ། །དེའི་ཕྱིར་གསུངས་པ། རྣམ་པ་བཅུ་པོ་ཞེས་གསུངས་ སོ། །དེ་རྣམས་ཏིང་ངེ་འཛིན་གྱི་སེམས་ཕུང་པོ་ལ་སོགས་པ་ལ་ཀུན་དུ་རྣམ་པར་གཡེང་བར་བྱེད་པའི་རྣམ་པ་བདག་ཏུ་འཛིན་པ་བཅུའོ། །དེ་ཉིད་ཀྱི་ཕྱིར་ན་དོན་བསྡུས་པ་ལས་ཕྱོགས་ཀྱི་གླང་པོའི་ཞབས་ཀྱིས་གསུངས་པ། རྣམ་པར་གཡེང་བའི་སེམས་བཅུ་ཡིས། །སེམས་གཡེང་རྣམས་ ཀྱིས་གཞན་ཡིན་ན། །གཉིས་མེད་ཡེ་ཤེས་བསྒྲུབ་པ་ལ། །བྱིས་པ་རྣམས་ནི་སྐལ་མི་ལྡན། །ཞེས་སོ། །དེའི་ཕྱིར་བདག་ཏུ་འཛིན་པ་རྣམ་པ་བཅུ་པོ་དེ་གང་གི་ཡིན་པའི་བཅོམ་ལྡན་འདས་ཏེ། དེ་ལྟར་གསུངས་སོ། །ཅིའི་ཕྱིར་ཞེ་ན། མི་མཐུན་པའི་ཕྱོགས་ཀྱི་རྣམ་པ་ཐམས་ཅད་ཀྱིས་སོ་སོར་ 63-1-53a སྣང་བའི་ཕྱིར་རོ། །དོན་བཅུ་ཞེས་པ་ནི། དེའི་གཉེན་པོའི་དོན་བཅུ་ཡང་དེ་ཉིད་ལ་བརྗོད་དེ། རྩ་བའི་མཚན་ཉིད་དེ་ཁོ་ན། །ཕྱིན་ཅི་མ་ལོག་མཚན་ཉིད་དང་། །འབྲས་བུ་རྒྱུ་ཡི་དེ་ཁོ་ན། །ཕྲ་བ་དང་ནི་རགས་པ་དང་། །གྲགས་དང་རྣམ་པར་དག་ཡུལ་དང་། །བསྡུ་ དང་དབྱེ་བའི་མཚན་ཉིད་དང་། །མཁས་དེ་ཁོ་ན་རྣམ་བཅུ་སྟེ། །བདག་ཏུ་ལྟ་བའི་གཉེན་པོའོ། །ཞེས་བྱ་བ་འདི་དག་གོ། །དེ་ཁོ་ན་རྣམ་པ་བཅུ་སྟེ། །འདི་ལྟ་སྟེ། རྩ་བའི་དེ་ཁོ་ན་ཉིད་དང་། མཚན་ཉིད་ཀྱི་དེ་ཁོ་ན་ཉིད་དང་། ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་དང་། འབྲས་བུ་དང་རྒྱུའི་ དེ་ཁོ་ན་ཉིད་དང་། རགས་པ་དང་ཕྲ་བའི་དེ་ཁོ་ན་ཉིད་དང་། གྲགས་པའི་དེ་ཁོ་ན་དང་། རྣམ་པར་དག་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་དང་། བསྡུ་བའི་དེ་ཁོ་ན་དང་། དབྱེ་བའི་དེ་ཁོ་ན་དང་། མཁས་པའི་དེ་ཁོ་ན་དང་། རྣམ་པ་བཅུ་པོ་དེ་དག་བདག་ཏུ་འཛིན་པ་རྣམ་པ་བཅུའི་གཉེན་པོར་རིག་པར་ བྱའོ། །དེའི་ཕྱིར་གསུངས་པ། དོན་བཅུའི་དོན་ཞེས་སོ། །དེ་ལ་མཁས་པའི་དོན་བཅུ་པོ་འདི་རྣམས་དེའི་གཉེན་པོའི་ཕྱོགས་འབྱུང་བར་འགྱུར་བའི་དོན་གྱི་དེ་ཁོ་ན་སྟེ། དོན་དུ་གཉེར་བར་བྱ་བས་དོན་ཏེ། དམ་པའི་རང་བཞིན་གྱི་ཕྱིར་རོ། །དེའི་ཕྱིར་བཅུ་པོ་དེ་དག་གི་དོན་བཅུ་པོ་ནི་མཁས་ པའི་དེ་ཁོ་ན་ཉིད་དེ། བདག་ཏུ་ལྟ་བའི་གཉེན་པོར་རིག་པར་བྱའོ། །རྒྱས་པར་དེ་ཉིད་དུ་གསུངས་སོ། །འདིར་གཞུང་མངས་སུ་དོགས་ནས་མ་བྲིས་སོ། །རྣམ་པ་བཅུ་པོ་དོན་བཅུའི་དོན། །ཞེས་པ་དེས་ཇི་སྐད་གསུངས་པར་འགྱུར་ཞེ་ན། མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་ཐམས་ ཅད་ཀྱི་རང་བཞིན་དུ་བཅོམ་ལྡན་འདས་དེ་ཉིད་རིག་པར་བྱའོ་ཞེས་པའི་དོན་ཏོ། །ཐུབ་དབང་ཞེས་པ་ནི། དེ་ལ་ཕྱིན་ཅི་མ་ལོག་པར་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཉེ་བར་སྟོན་ཅིང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་ལུས་པར་བསགས་པའི་དབང་ཕྱུག་ཡང་དག་པར་འཕེན་པ་བླ་ན་མེད་པའི་སྟོན་ པ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐུབ་པ་རྣམས་ཀྱི་བདག་པོ་ནི་ཐུབ་པའི་དབང་པོ་དེ་ཉིད་དེ། རྙེད་པར་དཀའ་བའི་ཕྱིར་རོ། །དེའི་ཕྱིར་གསུངས་པ། ཐུབ་དབང་ཞེས་སོ། །དེ་ཉིད་ཀྱི་ཕྱིར་ན་འཕགས་པ་ཀླུ་སྒྲུབ་སྙིང་པོའི་ཞལ་སྔ་ནས་ཀྱིས་གསུངས་པ། གང་གིས་སྐྱེ་དང་འཇིག་པ་དག །འདི་ཡི་ 63-1-53b ཚུལ་གྱིས་རབ་སྤངས་པ། །རྟེན་ཅིང་འབྲེལ་འབྱུང་གསུངས་པ་ཡི། །ཐུབ་དབང་དེ་ལ་ཕྱག་འཚལ་ཏེ། །ཞེས་སོ། །སྟོབས་བཅུ་ཞེས་པ་ནི། དེ་ལ་དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམས་ནི་འདི་ལྟ་སྟེ། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། དབང་པོ་མཆོག་དང་ མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མཁྱེན་པའི་སྟོབས་དང་། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་ དང་། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་དང་། ཟག་པ་ཟད་པ་མཁྱེན་པའི་སྟོབས་ཏེ། དེ་ནི་ཡེ་ཤེས་ཀྱི་སྟོབས་རྣམ་པ་བཅུ་པོ་འདི་ཡང་བཅོམ་ལྡན་འདས་ཀྱིས་མཐུ་ སྟོབས་ཀྱི་ཁྱད་པར་རབ་ཏུ་བསྒོམས་པའི་ཕྱིར་དང་། རྟོག་པ་མེད་པ་མཉམ་པ་ཉིད་ཀྱིས་གནས་ལ་སོགས་པའི་སྤྲོས་པ་ཐུགས་སུ་ཆུད་པའི་ཕྱིར་རོ། །དེའི་ཕྱིར་གསུངས་པ། སྟོབས་བཅུ་ཞེས་པ་སྟེ། དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་དེ་དག་ཐམས་ཅད་དང་གང་ལྡན་པ་དེ་ནི་དེ་སྐད་ཅེས་ གསུངས་སོ། །དེ་ཉིད་ཀྱི་ཕྱིར་ན་ཁྱབ་བདག་ནི་བདག་ཉིད་ཆེན་པོ་སྟེ། གཡོ་བ་དང་མི་གཡོ་བ་ཐམས་ཅད་ཀྱི་དངོས་པོའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །ཀུན་གྱི་དོན་ནི་མ་ལུས་བྱེད། །ཅེས་པ་ནི་མ་ལུས་ཤིང་ལུས་པ་མེད་པའི་འགྲོ་བའི་དོན་བྱེད་པ་ནི། ཀུན་གྱི་དོན་ནི་མ་ལུས་བྱེད། །ཅེས་སོ། །དེ་བྱེད་ པའི་ཚུལ་དང་གང་ལྡན་པ་དེ་ནི། ཀུན་གྱི་དོན་ནི་མ་ལུས་བྱེད། །ཅེས་པ་སྟེ། བཅོམ་ལྡན་འདས་སོ། །རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཞེས་པ་ནི། །དེ་ལ་རྣམ་བཅུ་ནི་དབང་བཅུའོ། །འདི་ལྟ་སྟེ། ཚེ་ལ་དབང་བ་དང་། ལས་ལ་དབང་བ་དང་། ཡོ་བྱད་ལ་དབང་བ་དང་། མོས་པ་ལ་དབང་བ་དང་། སྨོན་ལམ་ལ་དབང་བ་དང་། རྫུ་འཕྲུལ་ལ་དབང་བ་དང་། སྐྱེ་བ་ལ་དབང་བ་དང་། ཆོས་ལ་དབང་བ་དང་། སེམས་ལ་དབང་བ་དང་། ཡེ་ཤེས་ལ་དབང་བ་ཞེས་སོ། །དབང་བ་རྣམ་པ་བཅུ་པོ་དེ་དག་གི་མཚན་ཉིད་ཆོས་རྣམས་ལ་དབང་དུ་གྱུར་པའི་ཚུལ་དང་གང་ལྡན་པ་དེ་ནི་རྣམ་བཅུ་དབང་ 63-1-54a ལྡན་ཏེ། དེའི་ཕྱིར་ཡང་ཐམས་ཅད་ལ་དབང་བའི་ཆོས་བརྙེས་པའི་ཕྱིར་ཆེ་བ་པོ་ཞེས་གསུངས་སོ། །ཐོག་མ་མེད་པ་ཞེས་པ་ནི་ཐོག་མ་སྟེ་སྐྱེ་བ་མེད་པ་གང་ཡིན་པ་དེ་ནི་ཐོག་མ་མེད་པའོ། །སྐྱེ་བ་མེད་པའི་ཕྱིར་ན་འཇིག་པའང་མེད་པར་དོན་གྱི་ཤུགས་ལས་ཤེས་པར་ བྱའོ། །མི་གནས་པའི་མྱ་ངན་ལས་འདས་པའི་ཡེ་ཤེས་ཐོབ་པའི་ཕྱིར་ཐོག་མ་དང་ཐ་མ་བཅོམ་པ་ཞེས་པའི་དོན་ཏོ། །སྤྲོས་མེད་བདག་ཅེས་པ་ནི་སྤྲོས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་། གཟུང་འཛིན་གྱི་མཚན་ཉིད་ཀྱི་ཆོས་དེ་རྣམས་ཀྱི་བདག་ཉིད་དེ་རང་གི་ངོ་བོ་དང་བྲལ་བ་ནི། གང་གི་ཕྱིར་ འདི་སྤྲོས་པ་མེད་པའི་བདག་ཉིད་ཡིན་པ་དེ་ཉིད་ཀྱི་ཕྱིར་ན། དེ་བཞིན་ཉིད་བདག་ཅེས་པ་ནི་དེ་ལ་དེ་བཞིན་ཉིད་ནི་གཞན་དུ་མི་འགྱུར་བས་ན་དེ་བཞིན་ཉིད་ཀྱི་དོན་ཏོ། །རྟག་པ་དང་དེ་བཞིན་ཉིད་ཅེས་བྱ་བར་བྱས་པས་ན་དེ་བཞིན་ཉིད་ཀྱི་བདག་ཉིད་དེ་རང་བཞིན་གང་ཡིན་པ་དེ་ནི་དེ་བཞིན་ཉིད་བདག་སྟེ། སྟོང་པ་ཉིད་ ཀྱི་རང་བཞིན་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ན་དག་པའི་བདག་ཅེས་པ་སྟེ། གློ་བུར་གྱི་དྲི་མ་མེད་པའི་ཕྱིར་ཏེ། དེའི་རང་བཞིན་ནི་གཞན་དུ་མི་འགྱུར་བའི་ཕྱིར་རོ། །བདེན་པར་སྨྲ་ཞིང་ཞེས་པ་ནི། དེ་ལ་བདེན་པ་ནི་འཕགས་པའི་བདེན་པ་བཞིའོ། །དེ་རྣམས་སྨྲ་བར་བྱེད་པའི་ཚུལ་དང་གང་ལྡན་པ་དེ་ ལ་དེ་སྐད་ཅེས་བྱའོ། །ཡང་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོའི་དོན་ནི་བདེན་པའི་དོན་ཏོ། །དེ་སྨྲ་བར་བྱེད་པ་ནི་གོང་མ་དང་འདྲའོ། །དེ་ཉིད་འཕགས་པ་ཀླུ་སྒྲུབ་སྙིང་པོའི་ཞབས་ཀྱིས་གསུངས་པ། འདི་ལ་བསལ་བ་ཅི་ཡང་མེད། །གཞག་པར་བྱ་བ་ཅི་ཡང་མེད། །ཡང་དག་ཉིད་ལ་ ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་སོ། །ཚིག་མི་འགྱུར་ཞེས་པ་ནི་སེམས་ཅན་ཐམས་ཅད་ལ་རིགས་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་རོ། །ཇི་སྐད་སྨྲས་པ་དེ་བཞིན་བྱེད། །ཅེས་པ་ནི། ཇི་ལྟར་ཆོས་ཐམས་ཅད་སྟོང་པ་དང་། བདག་ མེད་པ་དང་། སྒྱུ་མ་དང་། རྨི་ལམ་དང་། སྨིག་རྒྱུད་དང་། དྲི་ཟའི་གྲོང་ཁྱེར་དང་། ཆུ་ཟླ་ལྟ་བུ་ཞེས་སྟོན་ཅིང་དེ་བཞིན་དུ་ཡིད་ལའང་བྱེད་པའི་ཕྱིར་ན། ཇི་སྐད་སྨྲས་པ་དེ་བཞིན་བྱེད། །ཅེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་ཚིག་མི་འགྱུར་ཞེས་ཏེ། བདེན་པའི་ཚིག་གིས་སེམས་ཅན་ཐམས་ཅད་ 63-1-54b ལ་རིགས་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཉིད་ཀྱི་ཕྱིར་རོ། །གཉིས་མེད་ཅེས་པ་ནི་གཟུང་འཛིན་གཉིས་མེད་པ་སྟེ། དེའི་མེད་པའི་དངོས་པོ་ནི་གཉིས་མེད་ཅེས་གསུངས་ཏེ། དེ་ནི་བཅོམ་ལྡན་འདས་དེ་ཉིད་དོ། །དོན་དམ་པར་གཉིས་མེད་ན་ཡང་ཀུན་རྫོབ་ཏུ་གཉིས་ སུ་སྟོན་པའོ་ཞེས་སོ། །ཡང་དག་མཐའ་ལ་རྣམ་པར་གནས། །ཞེས་པ་ནི་ཕྱིན་ཅི་མ་ལོག་པའི་དོན་གྱིས་ཡང་དག་མཐའ་སྟེ། ཕྱིན་ཅི་ལོག་གི་གཞི་མེད་པའི་ཕྱིར་རོ། །ཡང་དག་པའི་མཐའ་དེ་ལ་རྣམ་པར་གནས་པ་དེ་ནི་དེའི་རང་བཞིན་དང་དབྱེར་མེད་པའི་ཕྱིར་རོ། །བདག་མེད་སེང་གེའི་སྒྲ་དང་ལྡན། ། ཞེས་པ་ནི། དེ་ལ་བདག་མེད་པ་ནི་རྣམ་པ་གསུམ་སྟེ། མཚན་ཉིད་མེད་པས་བདག་མེད་པ་དང་། མི་མཐུན་པའི་མཚན་ཉིད་ཀྱིས་བདག་མེད་པ་དང་། རང་གི་མཚན་ཉིད་ཀྱིས་བདག་མེད་པའོ། །བདག་མེད་པ་གསུམ་པོ་དེ་ཉིད་སེང་གེ་བས་ན། བདག་མེད་སེང་གེ་སྟེ། ཀུན་ལ་ཉམ་མི་ང་བ་ཉིད་ཀྱི་ ཕྱིར་སེང་གེ་དང་འདྲ་བས་སེང་གེ་སྟེ། བདག་མེད་པའི་སེང་གེའི་སྒྲ་ནི་བདག་མེད་སེང་གེའི་སྒྲའོ། །དེ་དང་གང་ལྡན་པ་དེ་བདག་མེད་སེང་གེའི་སྒྲ་དང་ལྡན་ཞེས་གསུངས་སོ། །མུ་སྟེགས་རི་དགས་ངན་འཇིགས་བྱེད། །ཅེས་པ་ནི་མྱ་ངན་ལས་འདས་པའི་རྒྱ་མཚོར་འཇུག་པའི་དོན་གྱིས་ལམ་ནི་མུ་དང་ སྟེགས་ཏེ། དེས་ན་མུ་ཡང་ཡིན་ལ་མུ་སྟེགས་ཀྱང་ཡིན་པས་མུ་སྟེགས་ངན་པའོ། །དེ་ཉིད་ཀྱི་ཕྱིར་ན་རི་དགས་ཏེ། བདག་མེད་པའི་སེང་གེའི་སྒྲས་འཇིགས་པའི་ཕྱིར་རོ། །འཇིགས་པར་བྱེད་པའི་ཚུལ་གང་ཡིན་པ་དེ་ནི་འཇིགས་པར་བྱེད་པ་སྟེ། མུ་སྟེགས་རི་དགས་ངན་པ་རྣམས་འཇིགས་པར་བྱེད་ པ་ནི་མུ་སྟེགས་ཏེ་རི་དགས་ངན་པ་འཇིགས་བྱེད་དོ། །དེ་ལྟར་གསུངས་པ། སྟོང་པ་ཉིད་ཀྱི་ཡི་གེ་སྒྲས། །རྒོལ་བ་ཐམས་ཅད་སྐྲག་པར་འགྱུར། །གང་དང་གང་ལ་འཇུག་ན་ཡང་། །དེ་དང་དེ་ལ་སྟོང་པ་ཉིད། །ཅེས་སོ། །ཀུན་དུ་འགྲོ་བ་ཞེས་པ་ནི་བྱིན་རླབས་ལས་བྱུང་བའི་ཤེས་པ་བཞིན་དུ་ཀུན་ དུ་འགྲོ་བས་ན་སྤྲུལ་པའི་སྐུ་སྟེ། དེ་ལྟར་བདག་བརྟགས་པའི་ཕྱིར་རོ། །ཡང་ན་ཀུན་དུ་འགྲོ་བ་ནི་ལྔ་ཀུན་འགྲོ་བ་སྟེ། དེ་ལ་འདི་རྣམས་ནི་ས་ཆེན་པོ་ཞེས་བྱ་སྟེ། ས་ཆེན་པོའི་རིས་ཐམས་ཅད་ཀྱི་སེམས་ལས་བྱུང་བར་གྱུར་པ་སྟེ། དེ་ལ་ཡང་རེ་ཞིག་རེག་པ་དང་། ཡིད་ལ་བྱེད་པ་དང་། ཚོར་ 63-1-55a བ་དང་། འདུ་ཤེས་དང་། སེམས་པའི་བདག་ཉིད་ཀྱི་ཆོས་རྣམས་སོ། །དེ་རྣམས་དང་གང་ལྡན་པ་དེ་ནི་ཀུན་དུ་འགྲོ་བ་ཞེས་སོ། །དོན་ཡོད་སྟབས་ཞེས་པ་ནི་དོན་ཡོད་ནི་བཅིངས་པ་མེད་པའོ། །སྟབས་ནི་འགྲོ་བ་སྟེ། དེ་དང་གང་ལྡན་པ་དེ་ནི་དོན་ཡོད་སྟབས་སོ། ། དེ་བཞིན་གཤེགས་པའི་ཡིད་ལྟར་མགྱོགས། །ཞེས་པ་ནི་སྐད་ཅིག་མ་གཅིག་ཁོ་ནས་གཞལ་དུ་མེད་པའི་འཇིག་རྟེན་གྱི་ཁམས་ཀུན་དུ་འགྲོ་བའི་ཕྱིར་རོ། །རྒྱལ་བ་ཞེས་པ་ནི་མི་དགེ་བའི་ཆོས་རྣམས་ལས་འདིས་རྒྱལ་བའི་ཕྱིར་ན་རྒྱལ་བ་ཞེས་གསུངས་སོ། །རྣམ་རྒྱལ་ཞེས་པ་ནི་རྣམ་པར་ རྒྱལ་བ་དང་ལྡན་པ་ཡིན་པས་ན་རྣམ་རྒྱལ་ལོ། །དགྲ་ལས་རྒྱལ་ཞེས་པ་ནི་དགྲ་ནི་ཉོན་མོངས་པ་རྣམས་སོ། །འདིས་དེ་ལས་རྒྱལ་བའི་ཕྱིར་ན་དགྲ་ལས་རྒྱལ་ལོ། །འཁོར་ལོས་སྒྱུར་བ་ཞེས་པ་ནི་ཆོས་མངོན་པ་ལས་འཁོར་ལོས་སྒྱུར་བ་བཞི་ཞེས་བརྗོད་དོ། །དེ་རྣམས་ཀྱི་ཡང་འབྱུང་བའི་དུས་ ནི་གང་འཁོར་ལོ་ནི་ཇི་ལྟ་བུ་དང་ལྡན། ཅིག་ཅར་འབྱུང་ངམ་ཇི་ལྟ་བུའི་འགྲོ་བ་ཡིན་ཞེ་ན། དེའི་ཕྱིར་དབྱིག་གཉེན་ཞབས་ཀྱིས་གསུངས་པ། འཁོར་ལོས་སྒྱུར་བ་འབྱུང་བ་ནི། །སྟོང་ཕྲག་བརྒྱད་ཅུ་ལས་མི་འཕྱི། །གསེར་དངུལ་ཟངས་ལྕགས་འཁོར་ལོ་ཅན། །དེ་དག་གླིང་གཅིག་གླིང་གཉིས་ དང་། །གསུམ་དང་བཞི་ལམ་རིམ་པ་བཞིན། །ཕས་བསུ་རང་འགྲོ་གཡུལ་བཤམས་དང་། །མཚོན་བརྩམས་ཕས་རྒྱལ་གནོད་པ་མེད། །ལྷན་ཅིག་གཉིས་མིན་སངས་རྒྱས་བཞིན། །ཞེས་སོ། །དེའི་ཚུལ་གྱིས་སོ་སོར་སྣང་བའི་འཁོར་ལོས་སྒྱུར་བའོ། །ཡང་ན་དཔལ་བདེ་མཆོག་གི་རྒྱུད་ལས་ གསུངས་པ། འཁོར་ལོས་སྒྱུར་བའི་གཟུགས་ཉིད་ཀྱི་ཕྱིར་ན་འཁོར་ལོས་སྒྱུར་བའོ། །དེ་ཉིད་ཀྱི་ཕྱིར་སྟོབས་པོ་ཆེ་ཞེས་པ་སྟེ། ཆེན་པོ་ཡང་དེ་ཡིན་ལ་སྟོབས་ཀྱང་དེ་ཡིན་པས་སྟོབས་ཆེན་ནི་དཔུང་གི་ཚོགས་ཡན་ལག་བཞིའོ། །དེ་དང་གང་ལྡན་པ་དེ་སྟོབས་པོ་ཆེ་ཞེས་གསུངས་སོ། །ཚོགས་ཀྱི་སློབ་དཔོན་ ཚོགས་ཀྱི་མཆོག །ཚོགས་རྗེ་ཚོགས་བདག་དབང་དང་ལྡན། །ཞེས་པ་ནི། དེ་ལ་ཚོགས་ནི་ཉན་ཐོས་ཀྱི་ཚོགས་སོ། །དེ་རྣམས་ཀྱི་མཆོག་ནི་ཚོགས་ཀྱི་མཆོག་སྟེ་གཙོ་བོ་ཞེས་པའི་དོན་ཏོ། །ཚོགས་ཀྱི་སློབ་དཔོན་ནི་ཚོགས་ནི་རང་རྒྱལ་གྱི་ཚོགས་སོ། །དེ་རྣམས་ཀྱི་ཕྱིན་ཅི་མ་ལོག་པའི་མན་ངག་སྟོན་ 63-1-55b པའི་ཕྱིར་ན་སློབ་དཔོན་ཏེ་འཇམ་དཔལ་ཉིད་དོ། །ཚོགས་རྗེ་ཞེས་པ་ལ་ཚོགས་ནི་བྱང་ཆུབ་སེམས་དཔའི་ཚོགས་ཏེ། དེ་རྣམས་ཀྱི་རྗེ་བོ་ནི་ཚོགས་རྗེའོ། །ཚོགས་བདག་ཅེས་པ་ནི། ཚོགས་ནི་དེ་བཞིན་གཤེགས་པའི་ཚོགས་སོ། །དེ་རྣམས་ཀྱི་བདག་པོ་ནི་རྗེ་བོ་སྟེ། བྱང་ཆུབ་ཀྱི་སེམས་ ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ན་དབང་ལྡན་ཏེ། དེ་དང་དེའི་རང་བཞིན་ཡང་དག་པར་བསྟན་པ་ཉིད་ཀྱིས་ཐམས་ཅད་ཀྱི་རང་བཞིན་བསྟན་པའི་ཕྱིར་རོ། །མཐུ་ཆེན་གཅེས་པ་འཛིན་པ་སྟེ། །ཚུལ་ཆེན་གཞན་གྱི་དྲིང་མི་འཇོག །ཅེས་པ་ནི། དེ་ལ་མཐུ་ཆེན་ཞེས་པ་ནི། །ཆེ་བའི་བདག་ཉིད་དོ། ། ཆེ་བ་ཡང་དེ་ཡིན་ལ་མཐུ་ཡང་དེ་ཉིད་ཡིན་པས་མཐུ་ཆེན་ནོ། །གཅེས་པ་འཛིན་ཞེས་པ་ནི་གཅེས་པ་ནི་ལེགས་པའི་ཆོས་འཛིན་པའོ། །ཚུལ་ཆེན་ནི་ཆེན་པོ་ཡང་དེ་ཡིན་ལ་ཚུལ་ཡང་དེ་ཉིད་ཡིན་པས་ཚུལ་ཆེན་ཏེ། ཐབས་ཆེན་ཞེས་པའི་དོན་ཏོ། །གཞན་གྱི་དྲིང་མི་འཇོག་པ་ནི་གཞན་གྱི་དྲིང་མི་འཇོག་པ་སྟེ། ཆོས་ཟབ་མོ་ལ་མོས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཡང་མོས་པ་གཙོ་བོ་ཡིན་པའི་ཕྱིར་རང་གི་གྲུབ་པའི་མཐའ་ལས་རྒོལ་བ་གཞན་རྣམས་ཀྱིས་དབྲོག་པར་མི་ནུས་པས་དེ་ནི་གཞན་གྱི་དྲིང་མི་འཇོག་པའོ། །ཚིག་རྗེ་ཚིག་བདག་སྨྲ་མཁས་པ། །ཚིག་ལ་དབང་བ་ཚིག་མཐའ་ཡས། །ཞེས་པ་ནི། དེ་ལ་ ཚིག་རྗེ་ནི་ཚིག་རྣམས་ཀྱི་རྗེ་བོ་ནི་ཚིག་རྗེ་སྟེ། དོན་སོ་སོ་ཡང་དག་པར་རིག་པ་ཐོབ་པའི་ཕྱིར་རོ། །ཚིག་བདག་ནི་ཚིག་ཀུན་གྱི་གཙོ་བོ་ཞེས་པའི་དོན་ཏོ། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཐོབ་པའི་ཕྱིར་རོ། །སྨྲ་མཁས་པ་ནི་ཆོས་སོ་སོ་ཡང་དག་པར་རིག་པ་ཐོབ་པའི་ཕྱིར་རོ། །ཚིག་ལ་ དབང་བ་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཐོབ་པའི་ཕྱིར་རོ། །ས་ལེགས་པའི་བློ་གྲོས་ལ་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པས་ན་ཆོས་བརྗོད་པར་མཁས་པ་ཞེས་བྱའོ་ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་ཚིག་མཐའ་ཡས་ཞེས་གསུངས་སོ། །མཐའ་ཡས་པའི་ཚིག་གི་ངག་དང་ལྡན་པ་དེ་ནི་ ཚིག་མཐའ་ཡས་ཏེ། སྐད་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་ལ་ཇི་ལྟར་སྐལ་བ་དང་ལྡན་པ་ཉིད་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཉིད་ཀྱི་ཕྱིར་རོ། །ཚིག་བདེན་བདེན་པར་སྨྲ་བ་སྟེ། །བདེན་པ་བཞི་ནི་སྟོན་པ་པོ། །ཞེས་པ་ནི། དེ་ལ་ཚིག་བདེན་པ་ནི་བདེན་པ་གཉིས་ཏེ། འདི་ལྟར་ཀུན་རྫོབ་ཀྱི་ 63-1-56a བདེན་པ་དང་། དོན་དམ་པའི་བདེན་པའོ། །དེ་ལ་ཀུན་རྫོབ་ལ་རྣམ་པ་གསུམ་སྟེ། བརྟགས་པའི་ཀུན་རྫོབ་དང་། ཤེས་པའི་ཀུན་རྫོབ་དང་། བརྗོད་པའི་ཀུན་རྫོབ་སྟེ། དེ་རྣམས་ཀྱི་བདེན་པའོ། །དོན་དམ་པའི་བདེན་པ་ནི་གཅིག་པུ་ཡོངས་སུ་གྲུབ་པ་ལས་རིག་པར་ བྱའོ། །དེ་ཡང་དོན་དམ་པ་རྣམ་པ་གསུམ་སྟེ། དོན་དམ་པ་དང་། ཐོབ་པ་དོན་དམ་པ་དང་། སྒྲུབ་པ་དོན་དམ་པའོ། །དེ་ལ་དོན་དོན་དམ་པ་ནི་དེ་བཞིན་ཉིད་དེ། དམ་པའི་ཡེ་ཤེས་ཀྱི་དོན་ཞེས་བྱ་བས་སོ། །ཐོབ་པ་དོན་དམ་པ་ནི་མྱ་ངན་ལས་འདས་པ་སྟེ། དམ་པའི་དོན་ཞེས་བྱ་བས་སོ། ། སྒྲུབ་པ་དོན་དམ་པ་ནི་ལམ་སྟེ། འདི་དོན་དམ་པ་ཞེས་བྱ་བས་སོ། །བདེན་པ་དེ་གཉིས་ལ་བརྟེན་ནས་འཇུག་པའི་ཚིག་དེ་ནི་བདེན་པའི་ཚིག་ཅེས་གསུངས་སོ། །དེ་ལྟར་ཡང་དབུ་མའི་རྩ་བ་ལས་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་གསུངས་པ། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་ གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །གང་དག་བདེན་པ་དེ་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་ཡིས་སངས་རྒྱས་བསྟན་པ་ཡི། །ཟབ་མོའི་དེ་ཉིད་རྣམ་མི་ཤེས། །ཞེས་སོ། །དེ་ཡང་བདེན་པར་སྨྲ་བ་སྟེ་ཞེས་པ་ནི་བདེན་ པ་ནི་ཡང་དག་པ་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །དེ་ལྟར་སྨྲ་བའི་ཚུལ་དང་གང་ལྡན་པ་དེ་ནི་བདེན་པར་སྨྲ་བ་སྟེ་ཞེས་པའོ། །བདེན་པ་བཞི་ནི་སྟོན་པ་པོ། །ཞེས་པ་ནི། དེ་ལ་བདེན་པ་ནི་ཤེས་བྱ་ཀུན་མདོར་བསྡུས་པའི་མཚན་ཉིད་རྣམས་ཏེ་བདེན་པ་བཞིའོ། །སྡུག་བསྔལ་གྱི་བདེན་པ་ནི་ཕུང་པོ་ལ་སོགས་ པ་ལ་ཕྱིན་ཅི་ལོག་པའི་མཚན་ཉིད་དེ། འཕགས་པ་དང་མི་མཐུན་པའི་ཕྱིར་རོ། །ཀུན་འབྱུང་བའི་བདེན་པ་ནི་མདོར་བསྡུ་ན་ཇི་སྐད་གསུངས་པའི་སྡུག་བསྔལ་ཉིད་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པའི་རྐྱེན་ཉིད་ཀྱིས་བདེན་པ་སྟེ། སྡུག་བསྔལ་གྱི་རྒྱུ་ཉིད་ཀྱི་ཕྱིར་རོ། །འགོག་པའི་བདེན་པ་ནི་ཇི་ལྟ་ཇི་ ལྟར་བརྟགས་པའི་ཆོས་ཐམས་ཅད་ཇི་ལྟར་སྐྱེ་བ་མེད་པའི་མཚན་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་སོ། །གཏི་མུག་གི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོར་གྱུར་པ་དེ་རྟོགས་པ་ཡང་ལམ་གྱི་བདེན་པ་སྟེ། རྫོགས་པའི་བྱང་ཆུབ་ཡོངས་སུ་རྫོགས་པར་བྱེད་པ་བྱམས་པའི་མཐུས་གཏོང་བ་ལ་སོགས་པ་སྟེ། 63-1-56b དེ་རྣམས་སྟོན་པ་ནི་བདེན་པ་བཞི་སྟོན་པ་པོའོ། །ཕྱིར་མི་ལྡོག་པ་ཕྱིར་མི་འོང་། །འདྲེན་པ་རང་རྒྱལ་བསེ་རུའི་ཚུལ། །ཞེས་པ་ནི། དེ་ལ་ཕྱིར་མི་ལྡོག་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་གང་ཡིན་པ་དེ་ནི་ཕྱིར་མི་ལྡོག་པ་ཞེས་གསུངས་སོ། །ཇི་ལྟར་ཉན་ཐོས་ ཀྱི་རིགས་ལྟར་ཕྱིར་མི་ལྡོག་ཅིང་དེ་ལ་གསལ་བར་བྱེད་པས་ན་ཕྱིར་མི་ལྡོག་པ་སྟེ། ས་བརྒྱད་པ་མི་གཡོ་བ་ལ་ལུང་བསྟན་པ་ཐོབ་པའི་ཕྱིར་རོ། །ཕྱིར་མི་འོང་བ་ནི་དད་པ་དང་མཐོང་བས་ཐོབ་པ་དེ་ལས་གང་ཞིག་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམ་པ་དགུ་བྱང་བ་དེ་ནི་ཕྱིར་མི་འོང་བ་ཞེས་གསུངས་ སོ། །དེ་ལྟར་ཡང་གསུངས་པ། འདོད་པའི་རྣམ་པ་བརྒྱད་དང་ནི། །དགུ་པ་ཡང་ནི་ཟད་པ་ཡིས། །ལན་ཅིག་ཕྱིར་ནི་འོང་བ་དང་། །གང་ཟག་ཕྱིར་མི་འོང་བ་སྐྱེ། །ཞེས་སོ། །རང་སངས་རྒྱས་ནི་རྣམ་པ་གཉིས་ཏེ། བསེ་རུ་ལྟ་བུར་སྤྱོད་པ་དང་། ཚོགས་ན་སྤྱོད་པའོ། །དེ་ལ་བསེ་རུ་ལྟ་བུའི་དབང་དུ་བྱས་ ནས་གསུངས་པ། བསེ་རུ་ཞེས་པ་ནི་བསེ་རུ་དང་འདྲ་བས་བསེ་རུ་སྟེ། བསེ་ཞེས་པ་ནི་སེམས་ཅན་བསེ་ཉིད་དེ། དེ་ནི་མགོ་ལ་རྭ་གཅིག་ཁོ་ནར་འགྱུར་རོ། །དེ་དང་འདྲ་བའི་ཕྱིར་ན་སངས་རྒྱས་གཅིག་པུར་སྟོན་པས་བསེ་རུའི་ཚུལ་ཞེས་གསུངས་སོ། །འདྲེན་པ་རང་རྒྱལ་ནི་ཚོགས་ན་སྤྱོད་ པའོ། །སོ་སོ་རེ་རེར་གཙོ་བོ་ཡིན་པས་འདྲེན་པ་སྟེ། ཚོགས་ན་སྤྱོད་པ་ཉིད་ཀྱི་ཕྱིར་རོ། །ངེས་འབྱུང་སྣ་ཚོགས་ལས་བྱུང་བ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པོ། །ཞེས་པ་ནི། དེ་ལ། ངེས་འབྱུང་སྣ་ཚོགས་ལས་བྱུང་བ། །ཞེས་པ་ལ་ངེས་འབྱུང་སྣ་ཚོགས་ནི་ཉན་ཐོས་ལ་སོགས་པའི་མྱ་ངན་ལས་འདས་ པའོ། །དེ་རྣམས་ཀྱིས་ངེས་པར་འབྱུང་བས་ན་ངེས་འབྱུང་སྟེ། གང་ཞིག་གདུལ་བྱའི་སེམས་ཅན་རྣམས་ཀྱི་སེམས་ཀྱི་རྒྱུད་ལ་དེའི་གཟུགས་སུ་འབྱུང་བ་སོ་སོར་སྣང་བ་ཉིད་ཀྱི་ཕྱིར་རོ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པོ། །ཞེས་པ་ནི། དེ་ལ་འབྱུང་བ་ནི་ས་ལ་སོགས་པ་བཞིའོ། །ནམ་མཁའ་ཡང་འབྱུང་བ་ཆེན་པོ་ ཉིད་ཀྱི་ཕྱིར་ན་འབྱུང་བ་ཆེན་པོ་ལྔ་ཡིན་པ་ལས་བཞི་ཞེས་གསུངས་པ་ཅིའི་ཕྱིར་ཞེ་ན། དེ་རྣམས་ནི་ཆེན་པོ་ཡང་ཡིན་ལ་འབྱུང་བ་ཡང་ཡིན་པས་འབྱུང་བ་ཆེན་པོ་སྟེ། ནམ་མཁའི་ཡུལ་དང་ཕྱོགས་ལ་རྒྱས་པར་མནན་ནས་གནས་པའི་ཕྱིར་ན་སའི་ཁམས་ལ་སོགས་པ་ཆེན་པོ་ཉིད་དོ། །ཡང་སའི་ཁམས་ 63-1-57a ལ་སོགས་པ་བཞི་པོ་དེ་རྣམས་ནི་ཐུན་མོང་མ་ཡིན་པའི་ལས་ཀྱི་ཁྱད་པར་ལས་འབྱུང་བ་ཉིད་ཀྱི་ཕྱིར་ན་འབྱུང་བ་ཉིད་དོ། །དེ་བས་ནམ་མཁའ་ནི་ཆེན་པོ་ཉིད་དུ་ཡོད་དེ། གཟུགས་ཐམས་ཅད་སྐྱེ་བའི་གོ་འབྱེད་པ་ཉིད་ཀྱི་ཕྱིར་རོ། །འབྱུང་བ་ཉིད་ནི་མ་ཡིན་ཏེ། འདུས་མ་ བྱས་པ་ཉིད་ཀྱི་ཕྱིར་དང་། གང་གི་ཕྱིར་འབྱུང་བའི་དོན་ནི་དངོས་པོའི་དོན་ཡིན་པས་ན། དེའི་ཕྱིར་ནམ་མཁའ་ནི་འབྱུང་བ་ཆེན་པོ་མ་ཡིན་ནོ། །དེའི་ཕྱིར་ན་འབྱུང་བ་ཆེན་པོ་ནི་བཞི་ཁོ་ནའོ། །འབྱུང་བ་ཆེན་པོ་བཞི་པོ་དེ་དག་ནི་རྒྱུ་སྟེ་བྱེད་རྒྱུ་གཅིག་པུ་གཉིས་སུ་མེད་པ་གང་ཡིན་པ་དེ་ནི་དེ་ལ་དེ་ལྟར་ གསུངས་སོ། །དགེ་སློང་དགྲ་བཅོམ་ཟད་པ་ཟད། །འདོད་ཆགས་བྲལ་བས་དབང་པོ་ཐུལ། །ཞེས་པ་ནི། དེ་ལ་དགེ་སློང་ནི་ཆོས་མངོན་པ་ལས་དགེ་སློང་བཞི་བརྗོད་དེ། འདི་ལྟ་སྟེ་མིང་གི་དགེ་སློང་དང་། སློང་བའི་དགེ་སློང་དང་། བཅས་པའི་དགེ་སློང་དང་། དོན་དམ་པའི་དགེ་སློང་ངོ་། །བཞི་ པོ་དེ་རྣམས་ལས་འདི་ནི་དོན་དམ་པའི་དགེ་སློང་སྟེ། ཉོན་མོངས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་དང་། བདུད་ཐམས་ཅད་ཀྱིས་མི་ཕྱེད་པའི་ཕྱིར་རོ། །དགྲ་བཅོམ་པ་ཞེས་པ་ནི་དགྲ་ནི་ཉོན་མོངས་པ་སྟེ། དེ་རྣམས་བཅོམ་པ་དང་ལྡན་པས་ན་དགྲ་བཅོམ་པའོ། །འཁོར་བར་སླར་ཉམས་པར་མི་འགྱུར་བའི་ཆོས་ཉིད་ ཀྱིས་སམ། དོན་མ་ལུས་པར་ཡོངས་སུ་རྫོགས་པའི་ཕྱིར་གཞན་རྣམས་ལ་རྗེས་སུ་སྟོན་པར་བྱེད་པ་འོས་པར་ནུས་པ་ཞེས་པས་སམ། སངས་རྒྱས་དང་ཆོས་དང་དགེ་འདུན་དཀོན་མཆོག་ཏུ་འོས་པ་ཞེས་པས་སམ། ཁམས་གསུམ་གྱི་གཙོ་བོ་རྣམས་ཀྱིས་རྣམ་པ་དུ་མས་མཆོད་པར་བྱ་བར་འོས་པ་ ཞེས་པས་སམ། བླ་ན་མེད་པའི་དེ་བཞིན་གཤེགས་པ་རྣམས་ལ་སྒྲུབ་པའི་མཆོད་པར་འོས་པའི་ཕྱིར་ན་དགྲ་བཅོམ་པ་ཞེས་བཤད་དེ། བཅོམ་ལྡན་འདས་སོ། །ཟག་པ་ཟད་པ་ཞེས་པ་ནི། དེ་ལ་མི་དགེ་བའི་ཆོས་ཀྱི་རྩ་བ་བཞི་ནི་ཟག་ཅིང་སྐྱེ་བར་བྱེད་པའི་ཕྱིར་རམ། ཉོན་མོངས་པའི་རྣག་ ཟག་པ་ཞེས་བྱ་སྟེ། སྲིད་པའི་རྩེ་མོ་ནས་བཟུང་ནས་ཇི་ཙམ་མནར་མེད་པའི་བར་དུ་སྐྱེ་མཆེད་དྲུག་གི་རྨ་ནས་སེམས་ཅན་རྣམས་ཉོན་མོངས་པར་བྱེད། གནོད་པར་བྱེད་པས་ཉོན་མོངས་པའི་ཟག་པ་རྣམས་སོ། །གཟུགས་ལ་སོགས་པའི་ཡུལ་ལྔ་དང་། མ་རིག་པ་དང་ལྷན་ཅིག་སྐྱེས་ 63-1-57b པ་དང་ཀུན་ཏུ་བརྟགས་པ་ལས་བྱུང་བའི་རང་བཞིན་གྱིས་ཡོངས་སུ་བརྟགས་པ་ཉིད་དང་། ལྟ་བ་དྲུག་ཅུ་རྩ་གཉིས་རྣམས་ནི་མ་རིག་པ་ཞེས་བྱའོ། །འདོད་པའི་ཟག་པ་དང་། སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པ་དང་། ལྟ་བའི་ཟག་པ་རྣམས་ཞེས་གསུངས་སོ། །མི་སློབ་པའི་ཚུལ་ ཁྲིམས་དང་། ཏིང་ངེ་འཛིན་གྱི་ཕུང་པོས་ནི་འདོད་པའི་ཟག་པ་ཟད་དོ། །མི་སློབ་པའི་ཤེས་རབ་ཀྱི་ཕུང་པོས་ནི་ལྟ་བའི་ཟག་པ་ཟད་དོ། །མི་སློབ་པའི་རྣམ་པར་གྲོལ་བའི་ཕུང་པོས་ནི་སྲིད་པའི་ཟག་པ་ཟད་དོ། །མི་སློབ་པའི་རྣམ་པར་གྲོལ་བའི་ཡེ་ཤེས་ཀྱི་ཕུང་པོས་ནི་མ་རིག་པའི་ཟག་པ་ཟད་དོ། ། ཚུལ་ཁྲིམས་ཡོངས་སུ་རྫོགས་པའི་ས་ལའམ། མཐོང་བའི་ས་ལ་ཡང་དག་པར་ལྟ་བས་ནི་ལྟ་བའི་ཟག་པ་ཟད་དོ། །ཏིང་ངེ་འཛིན་ཡོངས་སུ་རྫོགས་པའི་ས་ལའམ། ཕྱིར་མི་ལྡོག་པའི་ལམ་ལ་ཡང་དག་པའི་ཏིང་ངེ་འཛིན་གྱིས་འདོད་པའི་ཟག་པ་ཟད་དོ། །ཤེས་རབ་ཡོངས་སུ་རྫོགས་པའི་ས་ ལའམ། དགྲ་བཅོམ་པའི་ལམ་ལ་ཡང་དག་པའི་རྣམ་པར་གྲོལ་བས་ནི་མ་རིག་པའི་ཟག་པ་ཟད་དོ། །རྣམ་པར་གྲོལ་བ་ཡོངས་སུ་རྫོགས་པའི་ས་ལའམ། ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་གཉིས་ཀྱིས་སྲིད་པའི་ཟག་པ་ཟད་དོ། །དགྲ་བཅོམ་པའི་ལམ་ལའམ། འདོད་པའི་ཉོན་མོངས་པ་ ཡོངས་སུ་ཤེས་པའི་ཕྱིར་ན་འདོད་པའི་ཟག་པ་ཟད་དོ། །འདུ་བྱེད་ཀྱི་ཕུང་པོ་ཡོངས་སུ་ཤེས་པའི་ཕྱིར་ན་མ་རིག་པའི་ཟག་པ་ཟད་དོ། །མ་རིག་པའི་རྐྱེན་གྱིས་འདུ་བྱེད་པའི་ཕྱིར་རོ། །ཉོན་མོངས་པའི་ཕུང་པོ་ཡོངས་སུ་ཤེས་པའི་ཕྱིར་ན་ལྟ་བའི་ཟག་པ་ཟད་དོ། །ཕུང་པོའི་རྫས་ཡོངས་སུ་ཤེས་པའི་ ཕྱིར་ན་སྲིད་པའི་ཟག་པ་ཟད་དོ། །སྡུག་བསྔལ་གྱི་བདེན་པ་ཡོངས་སུ་ཤེས་པའི་ཕྱིར་ན་ལྟ་བའི་ཟག་པ་ཟད་དོ། །ལྟ་བ་ཐམས་ཅད་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་དམིགས་པ་ཡིན་ནོ། །སྡུག་བསྔལ་གྱི་བདེན་པ་དང་། ཀུན་འབྱུང་གི་བདེན་པ་ཐམས་ཅད་སྤངས་པའི་ཕྱིར་ན་འདོད་པའི་ཟག་པ་ ཟད་དོ། །འགོག་པའི་བདེན་པ་མངོན་དུ་བྱས་པའི་ཕྱིར་ན་སྲིད་པའི་ཟག་པ་ཟད་དོ། །ལམ་གྱི་བདེན་པ་བསྒོམས་པ་ཉིད་ཀྱིས་མ་རིག་པའི་ཟག་པ་ཟད་དོ། །འདོད་པའི་ཟག་པ་སྤངས་པའི་ཕྱིར་ན་ལྷའི་བུའི་བདུད་བཅོམ་པར་གྱུར་ཏོ། །སྲིད་པའི་ཟག་པ་ཟད་པའི་ཕྱིར་ན་འཆི་བདག་གི་བདུད་བཅོམ་ 63-1-58a པར་གྱུར་ཏོ། །མ་རིག་པ་སྤངས་པའི་ཕྱིར་ན་ཉོན་མོངས་པའི་བདུད་བཅོམ་པར་གྱུར་ཏོ། །ལྟ་བའི་ཟག་པ་ཟད་པའི་ཕྱིར་ན་ཕུང་པོའི་བདུད་བཅོམ་པར་གྱུར་ཏོ། །བདུད་བཞི་ལས་མཆོག་ཏུ་རྒྱལ་བས་བཅོམ་ལྡན་འདས་འཇམ་དཔལ་ནི་ཟག་པ་ཟད་དོ་ཞེས་སོ། །དེའི་ཕྱིར་ ཟག་པ་འདི་དག་ཟད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འདོད་ཆགས་བྲལ་བ་ཞེས་པ་འདིས་ནི་ཁམས་གསུམ་ན་ཀུན་དུ་གནས་པའི་ཉོན་མོངས་པ་རྣམས་འཕགས་པའི་བདེན་པ་བཞི་རྣམ་པ་བཅུ་དྲུག་གི་དབྱེ་བས་ཉོན་མོངས་པ་རྣམ་པ་དགུ་བཅུ་རྩ་བརྒྱད་མཐོང་བ་དང་བསྒོམ་པའི་ལམ་གཉིས་ ཀྱིས་སྤངས་པའི་ཕྱིར། འདོད་ཆགས་དང་བྲལ་བ་ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་ན་དབང་པོ་ཐུལ་ཞེས་པ་སྟེ། སྤྱོད་ཡུལ་ཐམས་ཅད་ཀྱིས་ཟིལ་གྱིས་མི་གནོན་པ་ཉིད་ཀྱི་ཕྱིར་རོ། །བདེ་བ་རྙེད་པས་འཇིགས་མེད་ཐོབ། །བསིལ་བར་གྱུར་པས་རྙོག་པ་མེད། །ཅེས་པ་ནི། དེ་ལ་བདེ་བ་རྙེད་ པ་ནི་བདེ་བ་ནི་ལུས་ཀྱི་ལས་ཏེ། དེ་རྙེད་པ་གང་ཡིན་པ་དེ་ནི་བདེ་བ་རྙེད་པའོ། །འཇིགས་པ་ནི་སྐྲག་པ་སྟེ། གང་ལ་དེ་མེད་པ་ནི་འཇིགས་པ་མེད་པའོ། །འཇིགས་པ་མེད་པ་ངག་གི་ལས་ཏེ། ངག་གི་ལས་ཀྱི་ཚིག་ཐམས་ཅད་སྐྱོན་མེད་པའི་ཕྱིར་རོ། །ངག་གི་ལས་ཐོབ་པ་ནི་འཇིགས་མེད་ཐོབ་པའོ། ། བསིལ་བར་གྱུར་པ་ནི་འདིས་བསིལ་བ་སྟེ། ཞི་བ་ཉིད་ཀྱིས་བདག་ཉིད་སེམས་གཡོ་བ་ལས་ཐམས་ཅད་མེད་པར་གཟིགས་ཏེ། དང་པོ་འདོད་ཆགས་ལ་སོགས་པས་ཟིལ་གྱིས་གནོན་པར་གྱུར་ལ་ཕྱིས་དེ་སྤངས་པའི་ཕྱིར་ན་བསིལ་བར་གྱུར་པའོ། །དེ་ཉིད་ཀྱིས་ལུས་ངག་ཡིད་སྐྱོ་བ་མེད་པའི་ཕྱིར་ན་རྙོག་པ་ མེད་ཅེས་གསུངས་སོ། །རིག་པ་དང་ནི་རྐང་པར་ལྡན། །བདེ་གཤེགས་འཇིག་རྟེན་རིག་པའི་མཆོག །ཅེས་པ་ལ། དེ་ལ་རིག་པ་དང་རྐང་པར་ལྡན་ནི། དེས་ནི་ཡེ་ཤེས་སེམས་དཔའ་དེ་སྟོན་པ་ཕུན་སུམ་ཚོགས་པ་ཐོབ་པའི་རྒྱུ་སྟོན་པར་བྱེད་དེ། རིག་པ་དང་རྐང་པ་ནི་འཕགས་པའི་ལམ་ཡན་ལག་ བརྒྱད་ལས་ཡང་དག་པའི་ལྟ་བ་ནི་རིག་པ་སྟེ། ཡན་ལག་གཞན་ནི་རྐང་པའོ། །མ་མཐོང་ཞིང་རྐང་པ་མེད་ན་འགྲོ་བར་མི་ནུས་ཞེས་བྱ་བས་སོ། །བསླབ་པ་གསུམ་ནི་རིག་པ་དང་། རྐང་པ་སྟེ། ལྷག་པ་ཤེས་རབ་ཀྱི་བསླབ་པ་དང་། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷག་པ་ 63-1-58b སེམས་ཀྱི་བསླབ་པའོ། །དེ་ལ་ཤེས་རབ་ནི་རིག་པའོ། །གཉིས་ནི་རྐང་པའོ། །ཤེས་རབ་ཀྱིས་སྔོན་དུ་བྱས་ནས་བསྐྱོད་པ་ནི་རྐང་པ་ཞེས་བྱའོ། །རིག་པ་སྔོན་དུ་གཟུང་ངོ་། །དེ་ཡོངས་སུ་དག་པའི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་ཡོངས་སུ་དག་པ་སྟེ། འདི་ལྟར་ཤེས་རབ་ཀྱི་སྤྱན་ཉིད་ཀྱིས་ བལྟས་ནས་ཚུལ་ཁྲིམས་དང་ཏིང་ངེ་འཛིན་རྐང་པ་དང་འདྲ་བས་འདི་དག་གིས་འགྲོ་ཞིང་བགྲོད་པར་བྱ་བས་མཐུན་པར་བསླབས་པས་ན་རིག་པ་དང་། རྐང་པའི་སྒྲས་བསླབ་པ་གསུམ་ངེས་པར་བསྟན་པ་ཡིན་ནོ། །དེའི་ཕྱིར་རིག་པ་ལ་སོགས་པ་དང་ལྡན་པས། རིག་པ་དང་ནི་རྐང་པར་ལྡན། །ཞེས་ གསུངས་སོ། །བདེ་གཤེགས་ཞེས་བྱ་བ་དེས་ཀྱང་ཇི་ལྟར་བགྲོད་པར་བྱ་བ་དང་། འགྲོ་བ་ལ་སྟོན་ཏེ། ཤིན་ཏུ་ལེགས་པར་འགྲོ་བས་བདེར་གཤེགས་ཏེ། ཕྱིར་མི་ལྡོག་པའི་དོན་གྱིས་ན་སྟེ། དཔེར་ན་ཚ་བའི་ནད་ཤིན་ཏུ་བྱང་བ་བཞིན་ནོ། །ཡང་ན་ལུས་པ་མེད་པར་གཤེགས་པས་ན་བདེར་ གཤེགས་ཏེ། ཤེས་བྱ་མ་ལུས་པར་ཤེས་པའི་དོན་གྱིས་ན་སྟེ། དཔེར་བུམ་པ་ལེགས་པར་གང་བ་བཞིན་ནོ། །དོན་དེ་གཉིས་ནི་ཕྱི་རོལ་པ་དང་ཉན་ཐོས་ལ་སོགས་པ་ལས་ཁྱད་པར་དུ་གྱུར་པའོ་ཞེས་པའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། ཕྱི་རོལ་པ་ནི་མཐར་ཐུག་པར་གཤེགས་པ་མ་ཡིན་ཏེ། ཕྱིར་ལྡོག་ པའི་ཕྱིར་རོ། །ཉན་ཐོས་ལ་སོགས་པ་རྣམས་ནི་སོ་སོའི་སྐྱེ་བོའི་སྐལ་བ་དང་མི་ལྡན་པའི་ཕྱིར་ཐུག་པར་སོང་བ་ཡིན་ཀྱང་མ་ལུས་པར་སོང་བ་མ་ཡིན་ཏེ། ཤེས་བྱ་ཐམས་ཅད་ལ་ཡེ་ཤེས་ཐོགས་པའི་ཕྱིར་རོ། །དེ་ལྟར་རིག་པ་དང་རྐང་པར་ལྡན་པ་དང་། ལེགས་པར་དང་། མ་ལུས་པར་གཤེགས་ པ་སྟོན་པ་ཕུན་སུམ་ཚོགས་པ་བཅོམ་ལྡན་འདས་ཡེ་ཤེས་སེམས་དཔའ་ཡིན་ཞེས་སྟོན་པའོ། །སྟོན་པ་དེའི་ཕྲིན་ལས་ནི། འཇིག་རྟེན་རིག་པའི་མཆོག་ཅེས་པའི་ཚིག་གཉིས་ཀྱིས་སྟོན་ཏེ། དེ་ཡང་སྟོན་པའི་ལས་རྣམ་པ་གཉིས་ཏེ། སྐལ་བ་དང་ལྡན་པ་དང་། སྐལ་བ་དང་མི་ལྡན་པའི་འཇིག་རྟེན་ ལ་གཟིགས་པ་དང་། སྐལ་བ་དང་ལྡན་པ་འདུལ་བའོ། །དེ་ལ་འཇིག་རྟེན་རིག་པ་ཞེས་པ་དེས་ནི་སྐལ་བ་དང་ལྡན་པ་དང་། སྐལ་བ་དང་མི་ལྡན་པའི་འཇིག་རྟེན་ལ་གཟིགས་པ་སྟོན་ཏོ། །འཇིག་རྟེན་རྟོགས་པ་ནི་འཇིག་རྟེན་རིག་པས་ཏེ། སྐལ་བ་དང་ལྡན་པ་དང་སྐལ་བ་དང་མི་ལྡན་པའི་ 63-1-59a འཇིག་རྟེན་ཡོངས་སུ་ཤེས་པའི་ཕྱིར་ན་དེ་ནི་འཇིག་རྟེན་རིག་པ་ཞེས་བྱའོ། །འདི་ལྟ་སྟེ། བཅོམ་ལྡན་འདས་འཇམ་དཔལ་གྱིས་ཉིན་ལན་གསུམ་མཚན་ལན་གསུམ་དུ་ཤེས་རབ་ཀྱི་སྤྱན་གྱིས་གཟིགས་ཏེ། སུ་ནི་རྒུད། སུ་ནི་འབྱོར། སུ་ནི་ངན་སོང་ལ་གཞོལ། གང་ཞིག་ ངན་སོང་ལས་བཏོན་ཏེ་མཐོ་རིས་དང་ཐར་པ་འདི་ལ་གཞག །གང་གིས་དགེ་བའི་རྩ་བ་མ་བསྐྲུན་པ་དེ་བསྐྲུན་པར་བྱ་བ་དང་། གང་དགེ་བའི་རྩ་བ་བསྐྲུན་པ་རྣམས་ཡོངས་སུ་རྫོགས་པར་བྱ་བ་དང་། གང་ཡོངས་སུ་མ་སྨིན་པ་རྣམས་ཡོངས་སུ་སྨིན་པར་བྱའོ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་ན་མཆོག་སྟེ། དམ་པ་ནི་བཅོམ་ལྡན་འདིའོ། །བདག་གིར་མི་འཛིན་ངར་མི་འཛིན། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །ཞེས་པ་ནི། དེ་ལ་བདག་གིར་མི་འཛིན་པ་ཞེས་པའི་ཚིག་དེས་ནི་གཟུང་བའི་ཕྱོགས་བཀག་པའོ། །ངར་མི་འཛིན་ཞེས་བྱ་བ་དེས་ཀྱང་འཛིན་པའི་ཕྱོགས་བཀག་པ་སྟེ། དེ་གཉིས་ ཀྱང་ལོག་པར་སོ་སོར་སྣང་བའི་ཕྱིར་རོ། །དེ་ལྟར་འཕགས་པ་ཀླུ་སྒྲུབ་སྙིང་པོའི་ཞབས་ཀྱིས་རིན་པོ་ཆེའི་ཕྲེང་བ་ལས་གསུངས་པ། བདག་དང་བདག་གི་གཉིས་ཀ་ཡང་། །དོན་དམ་པར་ནི་འདི་དག་ལོག །ཡང་དག་ཇི་བཞིན་ཡོངས་ཤེས་པས། །གང་ཕྱིར་གཉི་ག་མེད་པས་སོ། །ཞེས་སོ། ། བདེན་པ་གཉིས་ཀྱི་ཚུལ་ལ་གནས། །ཞེས་པའི་དོན་ནི་བཤད་ཟིན་ཏོ། །འཁོར་བའི་ཕ་རོལ་མཐར་སོན་པ། །བྱ་བ་བྱས་པ་སྐམ་སར་གནས། །ཞེས་པ་ནི། དེ་ལ། འཁོར་བའི་ཕ་རོལ་མཐར་སོན་པ། །ཞེས་དེས་འདི་ལྟར་སྟོན་ཏེ། འཁོར་བ་ནི་དངོས་པོའི་རང་བཞིན་ཏེ། ཉེ་བར་ལེན་པའི་ཕུང་པོ་ལྔ་ཉིད་ ཡིན་པའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་ཉོན་མོངས་པ་དང་། ལས་ཀྱིས་འབྲེལ་ཞིང་འགྲོ་བ་དག་ཏུ་འགྲོ་ཞིང་སོང་ལ། འགྲོ་བར་བྱེད་པས་ན་འཁོར་བ་པ་ཞེས་གསུངས་སོ། །འཁོར་བ་ནི་ཚུ་རོལ། དེའི་ཕ་རོལ་ནི་མྱ་ངན་ལས་འདས་པ་སྟེ། དེའང་དངོས་པོ་མེད་པའི་ངོ་བོའོ། །འཁོར་བ་དང་ཕ་རོལ་ ནི་འཁོར་བ་དང་ཕ་རོལ་གཉིས་ཏེ། དེ་གཉིས་ཀྱི་མཐའ་ནི་འཁོར་བ་དང་ཕ་རོལ་གྱི་མཐའོ། །དེ་ལ་གནས་པས་ན་འཁོར་བའི་ཕ་རོལ་མཐར་སོན་པའོ། །དེས་འདི་གསུངས་པར་འགྱུར་ཏེ། དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་གཉིས་ལ་བཅོམ་ལྡན་འདས་འཇམ་དཔལ་དེ་ནི་ཀུན་རྫོབ་ཏུ་ 63-1-59b གནས་པ་སྟེ། དོན་དམ་པར་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་གཉིས་ཀྱི་ཆོས་ཕྲ་བ་ཉིད་ཀྱང་མི་དམིགས་པའི་ཕྱིར་རོ། །དེ་ལྟར་གསུངས་པ། མྱ་ངན་ལས་འདས་མཐའ་མ་གང་། །འཁོར་བའི་མཐའ་མ་དེ་ཉིད་དེ། །དེ་གཉིས་བྱེ་བྲག་འགའ་ཞིག་ཀྱང་། །ཤིན་ཏུ་ཕྲ་བ་ཡང་མེད་དོ། ། ཞེས་སོ། །བྱ་བ་བྱས་ཞེས་པ་ནི་གདོན་མི་ཟ་བར་བྱ་བ་ནི་བྱ་བ་ཞེས་གསུངས་སོ། །དེ་ལ་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཡོངས་སུ་བསགས་པས་སྡུག་བསྔལ་ཐམས་ཅད་ལས་རྣམ་པར་གྲོལ་བ་ནི་ལས་ཀྱི་གཙོ་བོ་སྟེ། དེ་ཡོངས་སུ་རྫོགས་པས་ན་བྱ་བ་བྱས་ཞེས་ གསུངས་སོ། །འདོད་པ་ཆུང་བས་འཇུག་པ་དང་། ཡན་ལག་བསྡམས་པས་འཇུག་པ་དང་། ཡང་དག་པར་ཆགས་པར་བྱ་བ་བསྡམས་པ་ཞེས་བྱ་བ་ལ་སོགས་པ་བསྡམས་པའི་ཁྱད་པར་རྣམས་རྫོགས་པར་བྱ་བ་ནི་བྱས་པ་སྟེ། འདིས་ནི་དེ་ནི་བྱ་བ་བྱས་པར་བསྟན་ཏོ། །སྐམ་སར་གནས་ཞེས་པ་ ནི་སྐམ་ས་ནི་མྱ་ངན་ལས་འདས་པ་སྟེ། བདེ་བའི་གནས་ཉིད་ཀྱི་ཕྱིར་རོ། །དེ་ལ་གནས་པ་ནི་ཐམས་ཅད་ཆོས་ཀྱི་སྐུའི་རང་བཞིན་ཉིད་ཀྱི་ཕྱིར་དང་། གཉིས་སུ་མེད་པའི་ཆོས་ཉིད་ལ་ཆེར་གནས་པའི་ཕྱིར་རོ། །ཡེ་ཤེས་འབའ་ཞིག་ལས་བྱང་བ་ཞེས་པ་ནི། དེ་ལ་འབའ་ཞིག་ནི་དག་པ་སྟེ། དེ་ འབྱུང་བ་འབའ་ཞིག་པའོ། །དེ་ལས་སྐྱེས་པའི་ཡེ་ཤེས་སོ། །འབའ་ཞིག་ཀྱང་དེ་ཡིན་ལ་ཡེ་ཤེས་ཀྱང་དེ་ཡིན་པས་ཡེ་ཤེས་འབའ་ཞིག་ཀྱང་དེའོ། །དེ་ལས་སྐྱེས་པ་ནི་དེ་ལས་བྱུང་བ་སྟེ། དེ་དེ་ལྟར་གསུངས་སོ། །ཤེས་རབ་མཚོན་ཆས་རྣམ་འཇོམས་པ། །ཞེས་པ་ནི། དེ་ལ་ཤེས་རབ་ནི་ཆོས་ རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ཀྱི་བདག་ཉིད་དོ། །དེ་ཉིད་མཚོན་ཆ་སྟེ་ཉོན་མོངས་པ་ཐམས་ཅད་གཅོད་པའི་ཕྱིར་རོ། །ཤེས་རབ་ཀྱི་མཚོན་དེས་ཆོས་ཐམས་ཅད་ལ་སྤོང་བ་དང་བླང་བའི་རྣམ་པར་འབྱེད་པ་ཤེས་པས་ན་དེ་ལ་དེ་ལྟར་གསུངས་སོ། །དམ་ཆོས་ཆོས་རྒྱལ་གསལ་བར་ལྡན། ། འཇིག་རྟེན་སྣང་བར་བྱེད་པའི་མཆོག །ཅེས་པ་སྟེ། དེ་ལ་དམ་པའི་ཆོས་ནི་གཉིས་ཏེ། གཙོ་བོ་མ་ཡིན་པ་དང་གཙོ་བོའོ། །དེ་ལ་དམ་པ་རྣམ་པ་གཉིས་ཀྱི་ཆོས་ནི་དམ་པའི་ཆོས་ཏེ། དམ་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་རྣམས་ཀྱི་ཆོས་ནི་གསུང་རབ་ཡན་ 63-1-60a ལག་བཅུ་གཉིས་སོ། །དེ་ལ་ཡན་ལག་བཅུ་གཉིས་ནི་འདི་ལྟ་སྟེ། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། སྐྱེས་པ་རབས་ ཀྱི་སྡེ་དང་། ཆོས་རྨད་དུ་བྱུང་བའི་སྡེ་དང་། གླིང་གཞིའི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། གཏན་ལ་ཕབ་པའི་སྡེ་དང་། ད་ལྟར་དང་འདས་པའི་སྡེ་ཞེས་བྱ་བ་ཡན་ལག་དེ་རྣམས་ཡི་གེ་རབ་ཏུ་གསལ་བས་གླེགས་བམ་ལ་གནས་པ་ནི་གཙོ་བོ་མ་ཡིན་པའི་ཆོས་སོ་ཞེས་གསུངས་སོ། །གཙོ་ བོའི་ཆོས་ནི་ཆོས་རྒྱལ་ཞེས་པ་སྟེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནི་བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །དེ་ནི་ཤེས་པར་བྱར་མེད་དེ། འདི་ལྟར་ཤེས་རབ་སུམ་བརྒྱ་པ་ནས་གསུངས་པ། སངས་རྒྱས་རྣམས་ནི་ཆོས་ཉིད་ལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། ། ཆོས་ཉིད་ཡང་ནི་ཤེས་བྱ་མིན། །དེ་ནི་ཤེས་པར་མི་ནུས་སོ། །ཞེས་སོ། །དེའི་ཕྱིར་ན་ཡང་གསུངས་པ། གསལ་བར་ལྡན་ཞེས་པ་སྟེ། ཆོས་དེ་གཉིས་ཀ་ཡང་མ་རིག་པའི་ཕྱི་ནང་གི་མུན་པ་སེལ་བར་བྱེད་པའི་ཕྱིར་རོ། །འཇིག་རྟེན་སྣང་བར་བྱེད་པའི་ཞེས་པ་ནི་འཇིག་རྟེན་པའི་མི་ཤེས་པའི་མུན་པས་ བསྒྲིབས་པ་རྣམས་ལ་ཇི་ལྟར་ཀུན་དུ་གནས་པའི་ཆོས་རབ་ཏུ་བསྟན་པའི་ཕྱིར་ན་འཇིག་རྟེན་སྣང་བར་བྱེད་པའོ། །དེ་ཡང་མཆོག་སྟེ་གཙོ་བོ་ནི་བཅོམ་ལྡན་འདས་དེ་ཉིད་དོ། །ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། །ལེགས་པའི་ལམ་ནི་སྟོན་པ་པོ། །ཞེས་པ་ནི། དེ་ལ་ཆོས་ཀྱི་དབང་ཕྱུག་ནི་དགེ་བ་ བཅུའི་ལས་ཀྱི་ལམ་གྱིས་ཆོས་རྣམས་ལ་དབང་བྱེད་པས་ན་ཆོས་ཀྱི་དབང་ཕྱུག་གོ། །དེ་ལྟར་ཡང་གསུངས་པ། མི་དགེ་བཅུ་ལ་མི་འཇུག་དང་། །རྟག་ཏུ་དགེ་ལ་རབ་ཏུ་འཇུག །སེམས་ཀྱི་ལས་དང་ལུས་ངག་གི །ཆོས་འདི་རྣམ་པ་གསུམ་དུ་འདོད། །ཅེས་སོ། །ཆོས་ཀྱི་རྒྱལ་ནི་ཕྱི་ནང་གསང་བའི་ ཐེག་པ་རྣམ་པ་གསུམ་དུ་དབྱེ་བས་ཕྱེ་བའི་ཆོས་ཀྱི་རྒྱལ་པོ་བས་ཆོས་ཀྱི་རྒྱལ་པོའོ། །ལེགས་པའི་ལམ་ནི་སྟོན་པ་པོ་ནི་ལེགས་པ་ཉིད་ཀྱི་ལམ་ནི་ལེགས་པའི་ལམ་སྟེ། དེ་སོ་སོར་སྒྲུབ་པར་བྱེད་པའི་ཆོས་ནི་ལེགས་པའི་ལམ་དུ་གསུངས་སོ། །སྟོན་པར་བྱེད་པ་ནི་ལེགས་པའི་ལམ་ནི་སྟོན་པ་པོ་ 63-1-60b སྟེ། བཅོམ་ལྡན་འདས་སོ། །དེ་ལྟར་ཡང་རིན་པོ་ཆེའི་ཕྲེང་བ་ལས་གསུངས་པ། ངེས་པར་ལེགས་པའི་ཆོས་ཀྱང་ནི། །ཕྲ་དང་ཟབ་མོ་སྟོན་བྱེད་པ། །བྱིས་པ་ཐོས་དང་མི་ལྡན་རྣམས། །རྒྱལ་བས་གསུངས་ལ་སྐྲག་པར་བྱེད། །ཅེས་སོ། །དོན་གྲུབ་བསམ་པ་གྲུབ་པ་སྟེ། །ཀུན་ དུ་རྟོག་པ་ཐམས་ཅད་སྤངས། །ཞེས་པ་ནི། དེ་ལ་དོན་དུ་གཉེར་བས་ན་དོན་ཏེ་གཟུགས་ལ་སོགས་པའི་ཡུལ་ལོ། །དེ་ཡང་གཟུང་བ་དང་འཛིན་པའི་དངོས་པོས་འཇིག་རྟེན་པ་ལ་ཤིན་ཏུ་གྲགས་ཏེ། དོན་ཡང་དེ་ཡིན་ལ་གྲུབ་པ་ཡང་དེ་ཡིན་པས་དོན་གྲུབ་པོ། །འདི་ནི་ཕྱིའི་དོན་ཉིད་དུ་རྣམ་པར་རྟོག་ པ་གོམས་པ་རྣམས་ཀྱི་གཟུགས་ལ་སོགས་པ་དང་། བདག་དང་སྤྱི་དང་། ཡོན་ཏན་དང་། བྱ་བ་ལ་སོགས་པའམ། མཚན་ཉིད་རྣམས་ལ་དེ་ཁོ་ན་ཉིད་དུ་མངོན་པར་ཞེན་པ་ནི་ཀུན་དུ་བརྟགས་པའི་ངོ་བོ་ཉིད་དོ། །དེ་ལྟར་སློབ་དཔོན་དབྱིག་གཉེན་ཞབས་ཀྱིས་གསུངས་པ། རྣམ་པར་རྟོག་པ་ གང་གང་གིས། །དངོས་པོ་གང་གང་རྣམ་བརྟགས་པ། །དེ་ཉིད་ཀུན་དུ་བརྟགས་པ་ཡི། །ངོ་བོ་ཉིད་དེ་དེ་མེད་དོ། །ཞེས་སོ། །བསམ་པ་གྲུབ་པ་ནི་བསམ་པ་ཉིད་པས་བསམ་པའོ། །བསམ་པ་ཡང་དེ་ཡིན་ལ་གྲུབ་པ་ཡང་དེ་ཉིད་ཡིན་པས་བསམ་པ་གྲུབ་པ་སྟེ། གཞན་དབང་གི་ངོ་བོ་ཉིད་དོ། །རྒྱུ་ དང་རྐྱེན་དག་ལ་རག་ལས་པས་ན་གཞན་དབང་ངོ་། །དེ་ལྟར་ཡང་དགེ་བ་དང་མི་དགེ་བ་དང་མི་གཡོ་བ་དང་འདུ་བྱེད་ལ་སོགས་པ་བག་ཆགས་རྣམ་པ་མང་པོ་རྗེས་སུ་འབྲང་བ་རང་གི་བྱེད་རྒྱུའི་ཚོགས་ལས་སྐད་ཅིག་སོ་སོ་ལ་སྐྱེ་བར་འགྱུར་བའི་དེ་ཁོ་ན་ཉིད་ལ་རྨོངས་ནས་གཉིས་སུ་སྣང་བའི་སེམས་དང་སེམས་ ལས་བྱུང་བའི་རྟོག་པའི་མཚན་ཉིད་ཀྱི་གཞན་གྱི་དབང་གང་ཡིན་པ་མི་རྟག་པ་ཉིད་དང་རྒྱུ་ཉིད་དེ། ཡུལ་ཉིད་དུ་རྣམ་པར་རྟོག་པ་དེ་ནི་གཞན་དབང་ངོ་། །འདི་ལྟར་གསུངས་པ། གཞན་གྱི་དབང་གི་ངོ་བོ་ཉིད། རྣམ་རྟོག་ཡིན་ཏེ་རྐྱེན་ལས་བྱུང་། །ཞེས་སོ། །ཀུན་དུ་རྟོག་པ་ཐམས་ཅད་སྤངས། །ཞེས་ པ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ། གཞན་དབང་འདི་རང་བཞིན་གྱི་ས་ལམ་རྣམ་པར་དག་པའམ། སྒྲིབ་པའི་དྲི་མ་ཐམས་ཅད་དང་བྲལ་བ་གཉིས་སུ་མེད་པའི་སྟོང་པ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །དེ་ལྟར་ཡང་གསུངས་པ། གྲུབ་ནི་དེ་ལ་སྔ་མའོ། །རྟག་ཏུ་མེད་པར་འགྱུར་དེ་ཡིན། །ཞེས་སོ། ། 63-1-61a དེའི་ཕྱིར་ན་ངོ་བོ་ཉིད་རྣམ་པ་གསུམ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་སེམས་དཔའོ། །རྣམ་པར་མི་རྟོག་དབྱིངས་མི་ཟད། །ཆོས་དབྱིངས་དམ་པ་ཟད་མི་ཤེས། །ཞེས་པ་ནི། དེ་ལ་རྣམ་པར་མི་རྟོག་པ་ནི་ཡོངས་སུ་གྲུབ་པའི་ ཡེ་ཤེས་ལ་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །དེ་ལྟར་ཡང་གསུངས་པ། རྣམ་པར་རྟོག་ལས་མ་གཏོགས་པ། །འཁོར་བ་ཞེས་བྱ་ཡོད་མ་ཡིན། །དེ་ཕྱིར་རྟོག་དང་མི་ལྡན་པ། །རྟག་ཏུ་ཁྱོད་ནི་མྱ་ངན་འདས། །ཞེས་སོ། །དབྱིངས་ཞེས་པ་ནི་སྐྱེ་བ་དང་ལྡན་པའི་འདུ་བྱེད་ཐམས་ཅད་ཀྱི་རྒྱུའི་དངོས་ པོ་ཉིད་ཀྱི་ཕྱིར་རོ། །འདིར་ནི་དབྱིངས་ཀྱི་དོན་ནི་རྒྱུའི་དོན་ཏོ། །མི་ཟད་ཅེས་པ་ནི་སྟོང་པ་ཉིད་དེ། ནམ་མཁའ་དང་མཉམ་པ་ཉིད་ཀྱི་ཕྱིར་རོ། །ཆོས་དབྱིངས་ནི་འཕགས་པའི་ཆོས་རྣམས་དེ་ལ་དམིགས་ན་སྐྱེ་བ་ཉིད་ཀྱི་ཕྱིར་རོ། །དམ་པ་ཞེས་པ་ནི་ཕྱི་རོལ་པ་དང་ཉན་ཐོས་ལ་སོགས་པ་ལས་ཁྱད་པར་ཉིད་ ཀྱི་ཕྱིར་རོ། །ཟད་མི་ཤེས་པ་ནི་འདུས་མ་བྱས་པ་ཉིད་ཀྱི་ཕྱིར་རོ། །བསོད་ནམས་ལྡན་པས་བསོད་ནམས་ཚོགས། །ཡེ་ཤེས་ཡེ་ཤེས་ཁྱད་པར་ཆེ། །ཞེས་པ་ནི། དེ་ལ་གསོ་ཞིང་གནས་པས་ན་བསོད་ནམས་ཏེ། དེ་དེ་ལ་ཡོད་པས་བསོད་ནམས་ལྡན་པའོ། །བསོད་ནམས་ཚོགས་ནི་ཡང་དག་པར་བསགས་ པ་དེ་ནི་ཚོགས་ཏེ། བསོད་ནམས་ཀྱི་ཚོགས་ནི་བསོད་ནམས་ཀྱི་ཚོགས་སོ། །དེའི་ཕྱིར་ན་འདིར་ཚིག་གཉིས་ཀྱིས་འདི་ལྟར་གསུང་བར་འགྱུར་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསོད་ནམས་ཀྱི་ཚོགས་དང་མི་ལྡན་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །ཡེ་ཤེས་ཞེས་པ་ནི་ཕྱི་རོལ་པ་ དང་ཉན་ཐོས་ལ་སོགས་པའི་ཡེ་ཤེས་སོ། །ཡེ་ཤེས་ཁྱད་པར་ཞེས་པ་ནི་ཕྱི་རོལ་པ་དང་། ཉན་ཐོས་ལ་སོགས་པའི་ཡེ་ཤེས་དེ་ལས་གཞན་པའི་ཡེ་ཤེས་ནི་ཡེ་ཤེས་ཁྱད་པར་ཏེ། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ཡེ་ཤེས་དེར་མ་གཏོགས་པ་ནི་སེམས་ཡིན་ཏེ། ཕྱིའི་ དོན་ནི་ཚད་མ་དང་འགལ་བའི་ཕྱིར་དང་། ཚད་མ་དང་འགལ་བ་ཡང་རྒྱས་པར་སྒྲུབ་པའི་ཕྱིར་རོ། །ཀྱེ་རྒྱལ་བའི་སྲས་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ་ཞེས་ལུང་ལས་འབྱུང་བའི་ཕྱིར་དང་། དངོས་པོ་ཐམས་ཅད་མཐོང་བ་ཡང་ཚད་མ་ཐམས་ཅད་དང་འགལ་བའི་ཕྱིར་ཡེ་ཤེས་ཁྱད་པར་ཅན་ 63-1-61b ཏེ། དེ་ཉིད་ཀྱི་ཕྱིར་ན་ཆེ་བ་ཞེས་པ་སྟེ་མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་གསུམ་ཡོངས་སུ་བསྐྱབ་པའི་བསམ་པ་ཅན་གྱི་ཕྱིར་རོ། །ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །ཚོགས་གཉིས་ཚོགས་ནི་བསགས་པ་པོ། །ཞེས་པ་ནི། དེ་ལ་ཡེ་ཤེས་ལྡན་པ་ནི་དེ་འདྲ་བའི་དངོས་ པོའི་ཡེ་ཤེས་དང་གང་ལྡན་པ་དེ་ནི་ཡེ་ཤེས་ལྡན་པའོ། །ཡོད་མེད་ཤེས་པ་ནི་ཡོད་པ་དང་མེད་པ་ནི་ཡོད་མེད་དོ། །དེ་གཉིས་ཤེས་པ་ནི་ཡོད་མེད་ཤེས་པའོ། །དེ་དེ་ལ་ཡོད་པས་ན་ཡོད་མེད་ཤེས་ཏེ། དེ་ལྟར་སློབ་དཔོན་འཕགས་པ་ལྷའི་ཞབས་ཀྱིས་གསུངས་པ། ཡོད་མེད་ཡོད་མེད་ཅེས་པ་ ནི། །ཕྱོགས་གཉིས་ལ་ཡང་ཡོད་མིན་ལ། །ཉེ་བར་དམིགས་པ་རིང་ནས་ཀྱང་། །དེ་ནི་བརྗོད་པར་ནུས་པ་མིན། །ཞེས་སོ། །ཚོགས་གཉིས་ཚོགས་ནི་བསགས་པ་པོ་ནི་གོང་དུ་གསུངས་པའི་ཚོགས་གཉིས་བསགས་པ་སྟེ། ཡོངས་སུ་རྫོགས་པ་ཞེས་པའི་དོན་ཏོ། །རྟག་པ་ཀུན་ རྒྱལ་རྣལ་འབྱོར་ཅན། །བསམ་གཏན་བསམ་བྱ་བློ་ལྡན་མཆོག །ཅེས་པ་ནི། དེ་ལ་རྟག་པ་ནི་རྒྱུན་གྱི་རྟག་པ་འཁོར་བ་ཇི་སྲིད་ཀྱི་བར་དུ་གནས་པའི་ཕྱིར་ཏེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་མི་འདའ་བའོ་ཞེས་པའི་དོན་ཏོ། །ཀུན་རྒྱལ་ཞེས་པ་ནི། ཀུན་ནི་འགྲོ་བ་སྣ་ཚོགས་ཏེ། རྒྱལ་བ་ ནི་སྣང་བའི་དོན་ཏོ། །ཀུན་གྱི་རྒྱལ་པོ་ནི་ཀུན་ཏེ་གཡོ་བ་དང་མི་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་གྱི་ཕྱིར་རོ། །རྣལ་འབྱོར་ཅན་ནི། ཡེ་ཤེས་ཙམ་ལ་སྙོམས་ཞུགས་པ། །རྣལ་འབྱོར་ཞེས་ནི་བཤད་པ་ཡིན། །ཞེས་པའི་ཚིག་གི་ཕྱིར་ན། རྣལ་འབྱོར་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། ། དེ་དེ་ལ་ཡོད་པས་ན་རྣལ་འབྱོར་ཅན་ནོ། །བསམ་གཏན་ནི་བསམ་གཏན་བཞིའི་བདག་ཉིད་ཀྱི་ཕྱིར་རོ། །བསམ་བྱ་ནི་བསམ་པར་བྱ་བའི་ཡུལ་ཉིད་ཀྱི་ཕྱིར་རོ། །བློ་ལྡན་མཆོག་ནི་བློ་གྲོས་སོ། །བློ་རྣམས་ཀྱི་མཆོག་ནི་གཙོ་བོ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུའི་རང་བཞིན་ཉིད་ཀྱི་ ཕྱིར་རོ། །སོ་སོ་རང་རིག་མི་གཡོ་བ། །མཆོག་གི་དང་པོ་སྐུ་གསུམ་འཆང་། །ཞེས་པ་ནི་སོ་སོ་རང་གིས་རིག་པར་བྱ་བས་ན་སོ་སོ་རང་རིག་སྟེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས་རང་རིག་པ་ཉིད་ཀྱི་ཕྱིར་རོ། །དཔེར་ན་བུ་མོ་ཤིན་ཏུ་དགའ་བའི་བདེ་བ་བཞིན་དུ་གཞན་རྣམས་ལ་བསྟན་པར་མི་འབྱོར་པའི་ 63-1-62a ཕྱིར་རོ། །དེ་ལྟར་ཡང་གསུངས་པ། གཅིག་མིན་དུ་མ་མ་ཡིན་བདག་དང་གཞན་ལ་ཕན་པ་ཕུན་ཚོགས་ཆེན་པོའི་གཞིར་གྱུར་པ། །དངོས་དང་དངོས་མེད་མ་ཡིན་ནམ་མཁའ་བཞིན་དུ་རོ་མཉམ་རྟོགས་དཀའི་རང་བཞིན་ཅན། །གོས་པ་མེད་ཅིང་མི་འགྱུར་གཞི་ལ་མི་མཉམ་ མཉམ་ལ་ཁྱབ་པ་པོ་སྟེ་སྤྲོས་མེད་པ། །སོ་སོ་རང་རིག་དཔེ་མེད་རྒྱལ་བ་རྣམས་ཀྱི་ཆོས་སྐུ་དེ་ལ་བདག་ནི་ཕྱག་འཚལ་ལོ། །ཞེས་སོ། །དེ་ཉིད་ཀྱི་ཕྱིར་ན་མི་གཡོ་བ་ཞེས་པ་ནི་གང་གི་ཕྱིར་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ན་ཡང་བཅོམ་ལྡན་འདས་འཇམ་དཔལ་དེ་ཉིད་མི་གཡོ་བ་སྟེ། རྟོག་པ་ཀུན་ གྱི་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །མཆོག་གི་དང་པོ་ནི་དང་པོའི་དངོས་པོ་སྟེ། མཆོག་ཀྱང་དེ་ཡིན་ལ་དང་པོ་ཡང་ཡིན་པས་མཆོག་གི་དང་པོའོ། །དེ་ནི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའོ། །སྐུ་གསུམ་འཆང་ནི་སྐུ་གསུམ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་ མཚན་ཉིད་ཅན་གྱི་སྐུ་གསུམ་རྣམས་སོ། །དེ་དག་འཛིན་པས་ན་སྐུ་གསུམ་འཆང་ངོ་། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །སངས་རྒྱས་ལྔ་བདག་ཅོད་པན་ཅན། །སྤྱན་ལྔ་ཆགས་པ་མེད་པ་འཆང་། །ཞེས་པ་ནི། དེ་ལ་སངས་རྒྱས་ནི་བཤད་ཟིན་ཏོ། །སྐུ་ ལྔའི་བདག་ཉིད་ཅེས་པ་ནི་ངོ་བོ་ཉིད་དང་ལོངས་སྤྱོད་རྫོགས་པ་དང་། རྣམ་པར་སྨིན་པ་དང་། སྤྲུལ་པ་དང་། ཆོས་ཀྱི་སྐུའི་བདག་ཉིད་རྣམས་ཏེ་སྐུ་ལྔའོ། །དེའི་བདག་ཉིད་ཀྱི་རང་བཞིན་གང་དང་ལྡན་པ་དེ་ནི་སྐུ་ལྔའི་བདག་ཉིད་ཅན་ནོ། །ཁྱབ་བདག་ནི་བཤད་ཟིན་ཏོ། །ཡེ་ཤེས་ལྔའི་བདག་ནི་མེ་ལོང་ ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་ཀུན་དུ་རྟོག་པ་དང་། བྱ་བ་གྲུབ་པ་དང་། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེ་དག་ནི་ཡེ་ཤེས་ལྔའོ། །དེ་རྣམས་ཀྱི་བདག་ཉིད་ཀྱི་རང་བཞིན་དང་གང་ལྡན་པ་དེ་ནི་ཡེ་ཤེས་ལྔའི་བདག་གོ། །སངས་རྒྱས་ལྔ་བདག་ཅོད་པན་ཅན་ནི་ མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་དང་། རྣམ་པར་སྣང་མཛད་རྣམས་ནི་སངས་རྒྱས་ལྔའོ། །དེ་ཉིད་ཀྱི་བདག་ཉིད་དང་དེའི་རང་བཞིན་གྱིས་དབུ་རྒྱན་དང་གང་ལྡན་པ་དེ་ནི་སངས་རྒྱས་ལྔ་བདག་དབུ་རྒྱན་ཅན་ནོ། །སྤྱན་ལྔ་ནི་ཤ་དང་། ལྷ་ 63-1-62b དང་། ཤེས་རབ་དང་། ཆོས་དང་། སངས་རྒྱས་ཀྱི་སྤྱན་རྣམས་གང་ལ་མངའ་བ་དེ་ནི་སྤྱན་ལྔའོ། །དེ་ཉིད་ཀྱི་ཕྱིར་ན་ཆགས་པ་མེད་པ་འཆང་སྟེ། ཤེས་བྱ་ཐམས་ཅད་ལ་ཆགས་པ་མེད་པ་དང་། ཐོགས་པ་མེད་ལ་འཁྲུལ་པ་མེད་པར་གཟིགས་པ་གང་ཡིན་པ་དེ་ནི་ཆགས་པ་མེད་པ་ གཟིགས་པའོ། །དེ་ལྟར་ཆོས་མངོན་པ་ལས་གསུངས་པ། དགྲ་བཅོམ་བསེ་རུ་སྟོན་རྣམས་ཀྱིས། །སྟོང་གཉིས་གཉིས་དང་གྲངས་མེད་མཐོང་། །ཞེས་སོ། །སངས་རྒྱས་ཐམས་ཅད་སྐྱེད་པ་པོ། །སངས་རྒྱས་སྲས་པོ་དམ་པའི་མཆོག །ཅེས་པ་ནི། དེ་ལ་སངས་རྒྱས་ཐམས་ཅད་ སྐྱེད་པ་པོ་ནི་འབྱུང་བ་པོ་སྟེ། སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་ཕྱིར་རོ། །དེ་ལྟར་ཡང་དེ་ཉིད་འདུས་པ་ལས་གསུངས་པ། བྱུང་དང་འབྱུང་བར་འགྱུར་བ་ཡི། །དེ་བཞིན་གཤེགས་རྣམས་ཁྱོད་ལ་བརྟེན། །ཞེས་སོ། །སངས་རྒྱས་སྲས་པོ་ནི་སྒྲིབ་པའི་བག་ ཆགས་ཐམས་ཅད་ལས་རྣམ་པར་གྲོལ་བ་རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་མཁྱེན་པ་དང་། སེམས་ཅན་ཐམས་ཅད་ཀྱི་རྟེན་དུ་གྱུར་པའི་དངོས་པོ་རྣམ་པར་རྟོག་པ་མེད་པའི་ཡེ་ཤེས་ཀྱི་ཁྱད་པར་ནི་སངས་རྒྱས་ཏེ། དེའི་སྲས་པོ་ནི་སངས་རྒྱས་སྲས་པོ་སྟེ། སྲས་ནི་བདག་ལས་སྐྱེས་པས་སོ། ། དེའང་བདག་ཉིད་ནི་དོན་དམ་པར་དེ་བཞིན་ཉིད་ལས་རབ་ཏུ་བྱུང་བའམ། རྟོག་པ་མེད་པའི་ཡེ་ཤེས་སོ་སོར་རྟོག་པ་ལས་བྱུང་བས་ན་སངས་རྒྱས་སུ་བཤད་དེ། དོན་དེས་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་སྲས་ཞེས་གསུངས་སོ། །དམ་པ་ནི་རབ་ཉིད་ཀྱི་ཕྱིར་རོ། །མཆོག་ནི་མངོན་པར་འགྲོ་བར་བྱ་བ་ རྣམས་ཀྱི་ནང་ན་མ་ནོར་བ་མཆོག་ཉིད་དོ། །ཤེས་རབ་སྲིད་འབྱུང་སྐྱེ་གནས་ཉིད། །ཆོས་ཀྱི་འབྱུང་གནས་སྲིད་པ་སེལ། །ཞེས་པ་ནི། དེ་ལ་ཤེས་རབ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པ་སྟེ། དེ་ཡང་འཇིག་རྟེན་ལས་འདས་པའི་ཆོས་དང་གང་ཟག་གཉིས་ཀྱིས་རྣམ་པར་དབེན་པའོ། །ཤེས་ རབ་སྲིད་པ་ནི་དག་པའི་ཕུང་པོ་ལྔ་སྟེ། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་རྣམས་སོ། །དེ་རྣམས་ལས་འབྱུང་བ་ནི་ཤེས་རབ་སྲིད་འབྱུང་ཞེས་བཅོམ་ལྡན་འདས་ལ་གསུངས་སོ། །སྐྱེ་གནས་ནི་བྱེད་རྒྱུ་ 63-1-63a སྟེ། སྐྱེ་བ་དང་ལྡན་ཞིང་བསྒྲུབ་བྱ་དང་ལྡན་པའི་ཆོས་རྣམས་ཀྱི་སྐྱེད་བྱེད་དེ། ཆོས་རྣམས་འབྱུང་བ་ཞེས་པ་ལ། ཆོས་རྣམས་ཀྱི་སྐྱེ་གནས་ནི་ཆོས་ཀྱི་འབྱུང་གནས་ཏེ། ཆོས་ནི་ཟག་པ་མེད་པའི་དགེ་བའི་ལས་ཀྱི་ལམ་རྣམས་སོ། །དེ་རྣམས་ཀྱི་འབྱུང་བའི་གནས་ ནི་རྒྱུ་ཞེས་པའི་དོན་ཏོ། །སྲིད་པ་སེལ་ནི་སྲིད་པ་ནི་འཁོར་བ་སྟེ། དེ་མཐར་བྱེད་པ་ནི་སྲིད་མཐར་བྱེད་དོ། །གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག །སྐྱེས་མ་ཐག་ཏུ་འགྲོ་བའི་བདག །ཅེས་པ་ནི། དེ་ལ་གཅིག་པུ་སྲ་མཁྲེགས་ནི་གཅིག་པུ་སྲ་བ་ཡང་དེ་ཡིན་ལ་མཁྲེགས་པ་ཡང་དེ་ཡིན་ པས་གཅིག་པུ་སྲ་མཁྲེགས་སོ། །སྲ་བ་ནི་བརྟན་པ་སྟེ་བར་ཆད་མེད་པ་དེ་ཉིད་ཀྱི་ཕྱིར་རོ། །མཁྲེགས་པ་ནི་ཉོན་མོངས་པའི་དྲི་མ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ན་རྡོ་རྗེའི་བདག་ཅེས་པ་སྟེ། རྡོ་རྗེ་ལྟ་བུའི་ཡེ་ཤེས་མི་ཕྱེད་པ་ཉིད་ཀྱི་ཕྱིར་རོ། །དེའི་བདག་ཉིད་ཀྱི་རང་བཞིན་གང་དང་ལྡན་ པ་དེ་རྡོ་རྗེའི་བདག་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ཉིད་ཀྱི་ཕྱིར་རོ། །སྐྱེས་མ་ཐག་ནི་གང་དང་གང་དུ་སེམས་ཅན་གྱི་དོན་མཐོང་བ་དེ་དང་དེར་སྐད་ཅིག་ཉིད་ལ་སྐྱེ་བ་ཡོངས་སུ་བཞེས་པའི་ཕྱིར་ན་སྐྱེས་མ་ཐག་ཅེས་གསུངས་ཏེ། སྐྱེ་བ་ལ་དབང་ཐོབ་པའི་ཕྱིར་རོ། །འགྲོ་བའི་ བདག་ནི་འགྲོ་བ་རྣམས་ཀྱི་བདག་པོ་ནི་འགྲོ་བའི་བདག་སྟེ། འགྲོ་བའི་རྗེ་བོ་ཞེས་པའི་དོན་ཏེ། དེ་རྣམས་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྟེན་ཡིན་པའི་ཕྱིར་ན། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཞེས་པ་ནི། དེ་ལ་ནམ་མཁའ་ལས་བྱུང་བ་ནི་ནམ་མཁའ་ནི་ སྟོང་པ་ཉིད་ཀྱི་ཡེ་ཤེས་ཏེ། དེ་ལས་བྱུང་བས་ནམ་མཁའ་ལས་བྱུང་བའོ། །རང་བྱུང་ནི་རང་བྱུང་བས་ན་རང་བྱུང་སྟེ། བྱང་ཆུབ་སེམས་རྡོ་རྗེའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཞེས་པ་ནི། ཤེས་རབ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཚན་ཉིད་ནི་ཤེས་རབ་ཡེ་ཤེས་ ཏེ། རྟོག་པ་མེད་པའི་བདག་ཉིད་ཀྱི་ཡེ་ཤེས་སོ། །དེ་ཉིད་མེ་སྟེ་བག་ཆགས་དང་བཅས་པའི་ཉོན་མོངས་པའི་བུད་ཤིང་སྲེག་པར་ནུས་པ་ཉིད་ཀྱི་ཕྱིར་རོ། །ཆེ་ཞེས་པ་ནི་ས་དང་། ཆུ་དང་། མེ་དང་། རླུང་དང་། མཆོད་སྦྱིན་བྱ་བ་དང་། ནམ་མཁའ་དང་། ཉི་མ་དང་། ཟླ་བ་ཞེས་པ་བརྒྱད་ཀྱི་སྤྱི་ 63-1-63b གཟུགས་ཉིད་པས་ཆེན་པོའོ། །ཡང་ན་ཡེ་ཤེས་དང་། བརྩོན་འགྲུས་དང་། སྟོབས་དང་། གཟི་བརྗིད་དང་། ནུས་པ་དང་། དབང་ཕྱུག་རྣམས་ཏེ། ཡོན་ཏན་དྲུག་དང་ལྡན་པས་སོ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྐར་མ་ལམ་མེ་བ། །ཞེས་པ་ནི། དེ་ལ་འོད་ཆེན་ནི་ ཆེར་གསལ་བར་བྱེད་པས་ན་འོད་ཆེན་ཏེ། ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྒོ་ནས་ཏེ། འོད་ནི་ཤེས་བྱ་གསལ་བར་བྱེད་པས་ཆོས་མཐུན་པའོ། །རྣམ་པར་སྣང་བར་བྱེད་པའི་དོན་ནི་བཤད་ཟིན་ཏོ། །ཡེ་ཤེས་སྐར་མ་ནི་གཟུང་འཛིན་མེད་པའི་ཕྱིར་ན་གཉིས་སུ་མེད་པའི་ཡེ་ཤེས་དེའི་སྐར་མ་ནི་ ཡེ་ཤེས་སྐར་མ་ཞེས་བྱ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །ལམ་མེ་བ་ནི་གསལ་ཞིང་ལམ་མེ་བ་སྟེ། ལོངས་སྤྱོད་རྫོགས་པའི་སྐུས་འགྲོ་བ་ཀུན་གྱི་དོན་བྱེད་པའི་ཕྱིར་རོ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །ཞེས་པ་ནི། དེ་ལ་ འགྲོ་བའི་མར་མེ་ནི་འགྲོ་བ་རྣམས་ཀྱི་མར་མེ་དང་འདྲ་བས་འགྲོ་བའི་མར་མེ་སྟེ། སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཡེ་ཤེས་སྒྲོན་མེ་ཞེས་པ་ནི་ཡེ་ཤེས་ཀྱི་སྒོ་ན་མེའི་འོད་དང་ལྡན་པ་དེ་ནི་ཡེ་ཤེས་སྒྲོན་ཏེ། མཉམ་པ་ཉིང་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ། །གཟི་བརྗིད་ཆེན་པོ་ནི་གཟི་བརྗིད་ ཆེན་པོའི་འོད་དང་གང་ལྡན་པ་དེ་གཟི་བརྗིད་ཆེན་པོ་སྟེ། བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་སྒོ་ནས་སོ། །འོད་གསལ་བ་ནི་ཕུལ་དུ་བྱུང་བས་རབ་ཏུ་གསལ་བ་སྟེ། ཡེ་ཤེས་ལྔའི་བདག་ཉིད་ཀྱི་ཕྱིར་རོ། །ཀུན་ནས་སྣང་བའི་ཚུལ་དང་ལྡན་པ་བཅོམ་ལྡན་འདས་འཇམ་དཔལ་ཡིན་ནོ། །སྔགས་མཆོག་མངའ་ བདག་རིག་སྔགས་རྒྱལ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཅེས་པ་ནི། དེ་ལ་སྔགས་མཆོག་མངའ་བདག་ནི་སྔགས་ཀྱང་དེ་ཡིན་ལ་མཆོག་ཀྱང་དེ་ཡིན་པས་ན་སྔགས་མཆོག་སྟེ། དེའི་བདག་ནི་གཙོ་བོ་སྟེ། འདིར་སྔགས་མཆོག་མངའ་བདག་ནི་ཡི་གེ་ཧཱུྃ་ལས་ཤེས་པར་བྱའོ། །དེའི་ཕྱག་ རྒྱ་ཆེན་པོའི་བདག་ཉིད་ཀྱི་ཕྱིར་རོ། །རིག་སྔགས་རྒྱལ་ནི་རིག་སྔགས་རྣམས་ཀྱི་རྒྱལ་པོ་ནི་རིག་རྒྱལ་ཏེ། ཐམས་ཅད་དུ་རིག་སྔགས་ཏེ་གཟུངས་ཀྱི་དཀྱིལ་འཁོར་དུ་གྱུར་པ་རྣམས་ཀྱིས་སྐྱེད་པ་པོ་ཡིན་པའི་ཕྱིར་རོ། །གསང་སྔགས་རྒྱལ་པོ་ནི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་གསང་ 63-1-64a སྔགས་རྣམས་ཀྱི་རྒྱལ་པོ་ནི་གསང་སྔགས་རྒྱལ་པོའོ། །དོན་ཆེན་བྱེད་ནི་དོན་ཡང་དེ་ཡིན་ལ་ཆེན་པོ་ཡང་དེ་ཡིན་པས་དོན་ཆེན་ནོ། །དེ་བྱེད་པས་ན་དོན་ཆེན་བྱེད་དེ་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཆོད་པ་མ་ལུས་པ་ཕྱི་ དང་གསང་བ་དང་སེམས་ལས་བྱུང་བ་གསུམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པར་བྱེད་པ་ཉིད་ཀྱིས་གཞལ་དུ་མེད་པའི་བསོད་ནམས་ཀྱི་ཚོགས་ཉེ་བར་སོགས་པར་བྱེད་པས་ན་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་ཕྱིར་རོ། །གཙུག་ཏོར་ཆེན་པོ་རྨད་བྱུང་གཙུག །ནམ་མཁའི་བདག་པོ་ སྣ་ཚོགས་སྟོན། །ཞེས་པ་ནི། དེ་ལ་གཙུག་ཏོར་ཆེན་པོ་ནི་གཙུག་ཏོར་ཡང་དེ་ཡིན་ལ་ཆེན་པོ་ཡང་དེ་ཉིད་ཡིན་པས་ན་གཙུག་ཏོར་ཆེན་པོ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་གྱི་རྣམ་པས་ཕུང་པོར་གྱུར་ཅིང་འཕུངས་པར་གྱུར་པར་རྣམ་པར་གནས་པའི་ཕྱིར་རོ། །དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་སྤྱི་གཙུག་ཡིན་པས་དེའི་ཕྱིར་ཡང་གཙུག་ཏོར་ཆེན་པོ་ཞེས་གསུངས་སོ། །རྨད་བྱུང་གཙུག་ནི་གཟི་བརྗིད་སྤུངས་པའི་སྒོ་ནས་གང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དང་ཡེ་ཤེས་སེམས་དཔའ་གང་ཡིན་པ་འདི་གཟི་བརྗིད་ཀྱི་ཕུང་པོའི་སྒོ་ནས་དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་གཙུག་ཏོར་ལས་སྤྲོས་པའི་རྡོ་རྗེའི་ཚུལ་དུ་སྤྱི་བོར་གནས་པ་གང་ཡིན་པ་དེ་ནི་རྨད་བྱུང་གཙུག་ཅེས་གསུངས་སོ། །ནམ་མཁའི་བདག་པོ་ནི་ནམ་མཁའ་ནི་ནམ་མཁའ་སྟེ། ནམ་མཁའ་དེའི་བདག་པོ་སྟེ་སྟོང་པ་ཉིད་ཀྱི་བདག་པོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡང་གསུངས་པ། དམིགས་ པ་དང་ནི་བྲལ་བའི་སེམས། །ནམ་མཁའི་མཚན་ཉིད་ལ་གནས་ཏེ། །ནམ་མཁའ་སྒོམ་པར་བྱེད་པ་འདི། །སྟོང་པ་ཉིད་ནི་བསྒོམ་པར་འདོད། །ཅེས་སོ། །སྣ་ཚོགས་སྟོན་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་རང་བཞིན་སྣ་ཚོགས་ཏེ། རྣམ་པ་ཐ་དད་པའི་ཏིང་ ངེ་འཛིན་དང་རྣམ་པར་ཐར་པའི་སྒོ་སྟོན་པར་བྱེད་པའི་ཚུལ་དང་གང་ལྡན་པ་དེ་སྣ་ཚོགས་སྟོན་ཞེས་པའོ། །སངས་རྒྱས་ཀུན་བདག་ངོ་བོ་མཆོག །འགྲོ་ཀུན་དགའ་བའི་མིག་དང་ལྡན། །ཞེས་པ་ནི། དེ་ལ་སངས་རྒྱས་ཀུན་བདག་ངོ་བོ་མཆོག་ནི་སངས་རྒྱས་ཀྱང་དེ་ཡིན་ལ་ཀུན་ཀྱང་དེ་ཡིན་པས་སངས་རྒྱས་ 63-1-64b ཀུན་ཏེ། རྟག་པ་ལ་སོགས་པ་དེ་རྣམས་ཀྱི་བདག་ཉིད་ནི་སངས་རྒྱས་ཀུན་བདག་གོ། །སངས་རྒྱས་ཀུན་བདག་དེའི་ངོ་བོ་ནི་རང་བཞིན་ནོ། །སངས་རྒྱས་ཀུན་གྱི་བདག་ཉིད་ཀྱི་ངོ་བོ་ཡོད་པ་ནི་ཆོས་ཀྱི་དབྱིངས་ཏེ། མཆོག་གི་དངོས་པོ་ནི་མཆོག་ཉིད་དོ། །སངས་རྒྱས་ཀུན་བདག་ངོ་བོས་དེའི་དེ་ བཞིན་ཉིད་དུ་རོ་གཅིག་པ་ཉིད་ཀྱིས་བཅོམ་ལྡན་འདས་འཇམ་དཔལ་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ཉིད་ཀྱི་ཕྱིར་རོ། །འགྲོ་ཀུན་དགའ་བའི་མིག་དང་ལྡན། །ཞེས་པ་ནི་འགྲོ་བ་ཐམས་ཅད་དགའ་བ་ནི་འགྲོ་བ་དགའ་བ་སྟེ། དེའི་མིག་དང་ལྡན་པ་ནི་བཅོམ་ལྡན་ འདས་འཇམ་དཔལ་ཏེ། གང་གིས་བླང་བ་དང་། སྤོང་བ་རབ་ཏུ་རྣམ་པར་འབྱེད་པའི་སྣང་བས་ན་ཤེས་རབ་ཀྱི་སྤྱན་ནོ། །སྣ་ཚོགས་གཟུགས་ཅན་ཡིད་ལས་བྱུང་། །མཆོད་འོས་བརྗོད་འོས་དྲང་སྲོང་ཆེ། །ཞེས་པ་ནི། དེ་ལ་སྣ་ཚོགས་གཟུགས་ཅན་ནི་གཡོ་བ་དང་། མི་གཡོ་བའི་དངོས་ པོ་ཐམས་ཅད་ཀྱི་རང་བཞིན་ཉིད་ཀྱིས་ན་གཟུགས་སྣ་ཚོགས་པ་སྟོན་པ་ཉིད་ཀྱི་ཕྱིར་རོ། །སྐྱེད་པ་པོ་ནི་སེམས་ཅན་ཐམས་ཅད་ཇི་ལྟར་སྐལ་བ་དང་ལྡན་པའི་ཟུགས་ཉིད་ཀྱི་སྔགས་དང་ཕྱག་རྒྱ་དང་དམ་ཚིག་དང་དཀྱིལ་ཁོར་ཐམས་ཅད་བསྐྱེད་པའི་ཕྱིར་རོ། །དྲང་སྲོང་ཆེ་ནི་དྲང་སྲོང་ཡང་དེ་ཡིན་ལ་ཆེ་བ་ཡང་ དེ་ཉིད་ཡིན་པས་དྲང་སྲོང་ཆེ་སྟེ། སངས་རྒྱས་བཅོམ་ལྡན་འདས་ནི་དྲང་སྲོང་ཆེ་ཞེས་སོ། །མཆོད་འོས་ཞེས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཀུན་གྱིས་མཆོད་པར་འོས་པ་ཉིད་ཀྱིས་མཆོད་འོས་ཏེ། མཆོད་པར་བྱ་བའོ། །དེ་ཉིད་ཀྱི་ཕྱིར་བརྗོད་འོས་ཏེ་སེམས་ཅན་ཐམས་ཅད་ཀྱིས་བསྟོད་པའོ། །རིགས་ གསུམ་འཆང་བ་གསང་སྔགས་འཆང་། །དམ་ཚིག་ཆེན་པོ་གསང་སྔགས་འཛིན། །ཞེས་པ་ནི། དེ་ལ་རིགས་གསུམ་འཆང་བ་ནི་སྐུ་གསུང་ཐུགས་ཀྱི་དབྱེ་བས་དེ་འཛིན་པ་ནི་རིགས་གསུམ་འཆང་བའོ། །གསང་སྔགས་འཆང་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གསང་སྔགས་ཏེ། དེ་ རྣམས་དང་གང་ལྡན་པ་དེ་ནི་གསང་སྔགས་ཅན་ཏེ། དེ་ཉིད་བཅོམ་ལྡན་འདས་ཡེ་ཤེས་སེམས་དཔའ་སྟེ། གསང་སྔགས་ཀྱི་སྐུ་ཐམས་ཅད་འཆང་བ་ཉིད་ཀྱི་ཕྱིར་རོ། །དམ་ཚིག་ཆེན་པོ་གསང་སྔགས་འཛིན་ནི་དམ་ཚིག་ཀྱང་དེ་ཡིན་ལ་ཆེན་པོ་ཡང་དེ་ཡིན་པས་དམ་ཚིག་ཆེན་པོ་སྟེ། དེ་ནི་བཅོམ་ལྡན་ 63-1-65a འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ངོ་བོའོ། །དེའི་སྔགས་ནི་ཤེས་ཤིང་སྐྱོབ་པས་གསང་སྔགས་ཏེ། ཡེ་ཤེས་དང་སྙིང་རྗེའི་བདག་ཉིད་ཀྱི་ཕྱིར་རོ། །དེ་འཛིན་པས་ན་དམ་ཚིག་ཆེན་པོ་གསང་སྔགས་འཛིན་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ ཤེས་ཀྱི་སྐུའོ། །གཙོ་བོ་དཀོན་མཆོག་གསུམ་འཛིན་པ། །ཐེག་པ་མཆོག་གསུམ་སྟོན་པ་པོ། །ཞེས་པ་ནི། དེ་ལ་གཙོ་བོ་ནི་མངོན་པར་འགྲོ་བ་ཐམས་ཅད་ཀྱི་ནང་ན་གང་དང་པོར་ཤིན་ཏུ་མངོན་པར་འགྲོ་བར་འོས་པ་ནི་དེ་གཙོ་བོར་གསུངས་ཏེ། དེ་ཡང་བཅོམ་ལྡན་འདས་འཇམ་དཔལ་ལོ། ། དཀོན་མཆོག་གསུམ་ནི་དཀོན་མཆོག་རྣམས་ནི་གསུམ་སྟེ། ཐོབ་དཀའ་བའི་ཕྱིར་དང་། རིན་ཐང་ཆེ་བའི་ཕྱིར་དང་། རབ་ཏུ་གསལ་བར་བྱེད་པ་ཉིད་ཀྱི་ཕྱིར་རོ། །རིན་པོ་ཆེ་དང་འདྲ་བས་དཀོན་མཆོག་གོ། །གསུམ་ནི་སངས་རྒྱས་དང་། ཆོས་དང་། དགེ་འདུན་རྣམས་སོ། །དེ་རྣམས་འཛིན་ པས་ན་དཀོན་མཆོག་གསུམ་འཛིན་པ་ཞེས་བྱའོ། །ཐེག་པ་མཆོག་གསུམ་སྟོན་པ་པོ་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། ཐེག་པ་ཆེན་པོ་གསུམ་རབ་ཏུ་སྟོན་པ་སྟེ། སེམས་ཅན་གྱི་རིགས་ཐམས་ཅད་ལ་དབང་པོ་དང་། བསམ་པ་དང་། བག་ལ་ཉལ་བ་མཁྱེན་པའི་སྒོ་ནས་སྟོན་ པའི་ཕྱིར་རོ། །དོན་ཡོད་ཞགས་པ་རྣམ་པར་རྒྱལ། །འཛིན་པ་ཆེན་པོ་རྡོ་རྗེ་ཞགས། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །ཞེས་པ་ནི། དེ་ལ་དོན་ཡོད་ཞགས་པ་ནི་དོན་ཡོད་པ་ནི་འབྲས་བུ་ཡོད་པའོ། །ཞགས་པ་དང་འདྲ་བས་ན་ཞགས་པ་སྟེ། དེ་གང་དང་ལྡན་པ་དེ་ནི་དོན་ཡོད་ཞགས་པ་སྟེ། བྱང་ ཆུབ་ཀྱི་སེམས་རྡོ་རྗེས་འདུལ་བའི་སེམས་ཅན་རྣམས་ལ་དེ་བཞིན་དུ་སོ་སོར་སྣང་བའི་ཕྱིར་རོ། །རྣམ་པར་རྒྱལ་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཏིང་ངེ་འཛིན་གྱི་སྒོ་ནས་སོ། །འཛིན་པ་ཆེན་པོ་ཞེས་པ་ནི་འཛིན་པར་བྱེད་པས་ན་འཛིན་པ་སྟེ། འཛིན་པ་ཡང་དེ་ཡིན་ལ་ཆེན་པོ་ཡང་དེ་ཉིད་ཡིན་ པས་འཛིན་པ་ཆེན་པོ་ནི་རྡོ་རྗེ་ལྕགས་སྒྲོག་གོ། །དེ་ཡང་སྣང་བ་མཐའ་ཡས་ཀྱི་རང་བཞིན་གྱི་སྒོ་ནས་སོ། །རྡོ་རྗེ་ཞགས་པ་ནི་རིན་ཆེན་འབྱུང་ལྡན་གྱི་སྒོ་ནས་སོ། །རྡོ་རྗེ་ལྕགས་ཀྱུ་ནི་མི་བསྐྱོད་པའི་ངོ་བོ་ཉིད་ཀྱི་སྒོ་ནས་སོ། །ཞགས་པ་ཆེ་ཞེས་པ་ནི་ཞགས་པ་དང་སྡོམ་ཞེས་པ་འབེབས་པའི་རྣམ་ 63-1-65b གྲངས་ཏེ། ཞགས་པ་ཡང་དེ་ཡིན་ལ་ཆེན་པོ་ཡང་དེ་ཉིད་ཡིན་པས་ཞགས་པ་ཆེ་ནི་རྡོ་རྗེ་འབེབས་པའོ། །དེ་ཡང་དོན་ཡོད་གྲུབ་པའི་ངོ་བོས་སོ། །དེ་ནས་བཅོམ་ལྡན་འདས་འདིར། སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཞེས་པ་ལ་སོགས་པ་མངོན་པར་རྗོད་པར་བྱེད་པའི་སྒྲའི་ཚོགས་རྣམས་ཀྱིས་ སྔགས་ཀྱི་ཡིག་འབྲུའི་རྣམ་པར་དབྱེ་བ་དང་པོའི་མཐའ་ཅན་གྱི་བསྟན་པ་བརྗོད་པར་བྱ་བར་ཤེས་པར་བྱའོ། །དེ་ནས་འདིར་ཡང་སྔོན་བཞིན་དུ་རྣམ་པར་སྣང་མཛད་ཆེན་པོ་ལ་སོགས་པ་སྐུ་མདོག་དཀར་པོ་དང་། འཁོར་ལོ་དང་རལ་གྲི་ཕྱག་ན་འཛིན་པར་གྱུར་པ་རྣམས་ཕྱུང་སྟེ། ཕྱུང་ནས་ཀྱང་སངས་ རྒྱས་ཀྱི་ཞིང་ཐམས་ཅད་དུ་སོང་སྟེ། སེམས་ཅན་ཐམས་ཅད་རང་གི་རྣམ་པར་ཐར་པའི་སྒོ་ནས་དག་པར་བྱས་ཏེ། ཡང་ཕྱིར་ལོག་ནས་མཚན་གྱི་སྔགས་ཀྱི་ཡིག་འབྲུར་གྱུར་ནས་རང་གི་འཁོར་ལོ་ལ་འཁོར་ལོ་ཅན་དུ་གྱུར་ཏེ་གནས་པར་བལྟ་བར་བྱའོ། །དེ་ནས་གོང་མ་བཞིན་དུ་སྔགས་ཀྱི་སྒོ་ནས་སྤྱད་ པ་སྤྱོད་པའི་བྱང་ཆུབ་སེམས་དཔས་མཚན་ཡང་དག་པར་བརྗོད་པ་བཀླག་པར་བྱ་སྟེ། དེ་ཡོན་ཏན་གྱི་ཚོགས་པ་བཀོད་པ་དེ་རྣམས་ཉིད་ཐོབ་པར་འགྱུར་རོ། །རྣམ་པར་སྣང་མཛད་ཆེན་པོའི་འཁོར་ལོ་གཉིས་པ་ལ་མཚན་གྱི་སྔགས་ཀྱི་ཡི་གེའི་གཞི་རྣམས་ནི་རྟག་པ་ལ་སོགས་པ་རིགས་ཀྱི་དབྱེ་བས་སུམ་ ཅུ་རྩ་དྲུག་ཏུ་རྣམ་པར་ཕྱེ་སྟེ། གོང་མ་བཞིན་དུ་ཐམས་ཅད་སྔགས་སུ་བསྒྲུབ་པོ་ཞེས་པ་ནི་མན་ངག་གོ། །ཚིགས་བཅད་ནི་ཚིག་རྐང་གཅིག་མ་ཚང་བ་དང་ཉི་ཤུ་རྩ་ལྔ་སྟེ། མཚན་གྱི་སྔགས་ཀྱི་ཡི་གེ་རྣམས་ནི་བརྒྱ་བརྒྱད་ཅུ་རྩ་གཅིག་བརྩིས་པ་ཡིན་ནོ། །འཕགས་པ་མཚན་ཡང་དག་པར་བརྗོད་པའི་ རྒྱ་ཆེར་འགྲེལ་པ་མཚན་གསང་སྔགས་ཀྱི་དོན་དུ་རྣམ་པར་ལྟ་བ་ཞེས་བྱ་བ་ལས་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བསྟོད་པའི་རིམ་པའི་དབང་དུ་བྱས་པ་སྟེ་དྲུག་པའོ།། །།ད་ནི་གསུམ་པ་ཁྲོ་བོའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ཁམས་གསུམ་རྣམ་ པར་རྒྱལ་བའི་གཟུགས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་བསྟོད་པ་གསུངས་ཏེ། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་པ་ནི་ཟླས་དབྱེ་བ་བསྟན་ཏེ། དེའི་ཕྱིར་དོན་ནི་འདི་ལྟར་འགྱུར་ཏེ། རྡོ་རྗེ་འཇིགས་བྱེད་དང་འཇིགས་པར་བྱེད་པ་ནི་རྡོ་རྗེ་འཇིགས་བྱེད་ 63-1-66a འཇིགས་པར་བྱེད་དེ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ལས་འདི་གཉིས་སུ་ཡོངས་སུ་བརྗོད་པའི་ཕྱིར་རོ། །འདི་ལྟ་སྟེ། རྡོ་རྗེ་འཇིགས་བྱེད་དང་འཇིགས་པར་བྱེད་པ་དེ་ནི་གཉིས་ཉིང་ཀྱི་རང་བཞིན་དང་གང་ལྡན་པ་དེ་འཇིགས་བྱེད་འཇིགས་པར་བྱེད་དེ་བཅོམ་ལྡན་ འདས་འཇམ་དཔལ་ལོ། །དེ་ཅིའི་ཕྱིར་ཞེ་ན། །གསུངས་པ། ཞེ་སྡང་གིས་འདུལ་བ་རྣམས་ཞི་བའི་རྗེས་སུ་མི་འཚམ་པ་སྟེ། དེ་ལྟར་ཡང་དཔལ་བདེ་མཆོག་གི་རྒྱུད་ལས་གསུངས་པ། ཤིན་ཏུ་ཁྲོ་ཞིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ངོ་བོ་ ལས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཅེས་སོ། །ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། །མིག་དྲུག་ལག་དྲུག་སྟོབས་དང་ལྡན། །ཞེས་པ་ནི། །དེ་ལ་ཁྲོ་བོའི་རྒྱལ་པོ་ནི་དཔལ་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ལས་གསུངས་སོ། །ཁྲོ་བོའི་རྒྱལ་པོ་ནི་ཁྲོ་བོའི་རྒྱལ་པོ་སྟེ། དེ་ལྟར་ ཡང་གསུངས་པ། དེ་ནས་འཇམ་པའི་དབྱངས་འདི་ནི། །ཁྲོ་བོའི་མིང་ནི་གཤིན་རྗེ་གཤེད། །དྲག་ལ་མཐུ་རྩལ་ལྡན་པ་པོ། །དེ་མཐོང་ནས་ནི་ཁྲོ་བོ་གཞན། །ཐམས་ཅད་ཀྱིས་ནི་ལག་ཆ་འཆོར། །ཞེས་པ་དེ་ཉིད་ཀྱི་ཕྱིར་ནི་ཁྲོ་བོའི་རྒྱལ་པོའོ། །གདོང་དྲུག་ནི་དཔལ་སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་ གསུངས་ཏེ། གདོང་དྲུག་དང་གང་ལྡན་པ་དེ་ནི་གདོང་དྲུག་སྟེ། ཞབས་དང་ཕྱག་གཉིས་ཀྱང་དོན་གྱིས་དྲུག་ཉིད་དུ་རིག་པར་བྱའོ། །དེ་ཡང་བཅོམ་ལྡན་འདས་སོ། །འཇིགས་ཞེས་པ་ནི་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་ཏེ། འཇིགས་པ་ནི་འཇིགས་སུ་རུང་བའོ། །དེ་ལྟར་ཡང་ཡན་ ལག་ཐམས་ཅད་དང་བ་སྤུའི་བུ་ག་ཐམས་ཅད་ལས་རྡོ་རྗེའི་གཟི་བརྗིད་ལ་སོགས་པའི་དཀྱིལ་འཁོར་འཐོན་ཞིང་དེ་རྣམས་ཀྱིས་ཁྲོ་བོའི་རྒྱལ་པོ་རྣམ་པ་སྣ་ཚོགས་ཀྱི་གཟུགས་དང་སྣ་ཚོགས་ཀྱི་མཚོན་ཆ་དང་ལྡན་པ། སྨིན་མཚམས་ཀྱི་ཁྲོ་གཉེར་གྱི་རླབས་བསྐྱོད་པའི་དཔྲལ་བ་དང་སྨར་གཟེད་པ། མཆེ་བ་གཙིགས་པ་དང་། མིག་བགྲད་པའི་ཞལ་དང་ལྡན་པ་རྣམ་པར་སྤྲོས་ཏེ། འཇིགས་པ་ཉེ་བར་སྟོན་པའི་ཕྱིར་ན་འཇིགས་པ་ཞེས་གསུངས་སོ། །མིག་དྲུག་ནི་དེ་ཉིད་ལས་ཏེ། མིག་དྲུག་དང་གང་ལྡན་པ་དེ་མིག་དྲུག་སྟེ། དེ་ལ་ཕྱོགས་གཅིག་གིས་བསྟོད་པ་སྟེ། ཡན་ལག་ལ་སྤྱི་ 63-1-66b ཉེ་བར་བཏགས་པ་སྟེ། དཔེར་ན་འཇིགས་པའི་སྡེ་ལ་འཇིགས་པ་དང་བདེན་སྣང་ལ་སྣང་བ་ཞེས་པ་ལྟ་བུའོ། །ལག་དྲུག་ནི་དཔལ་རྡོ་རྗེ་སྙིང་པོའི་རྒྱན་གྱི་རྒྱུད་ལས་ཏེ། ཕྱག་དྲུག་དང་ལྡན་པ་ནི་ཡན་ལག་དྲུག་གོ། །སྟོབས་དང་ལྡན་ནི་སྟོབས་ནི་ལུས་ལས་བྱུང་བའི་ནུས་པ་སྟེ། དེ་དང་གང་ ལྡན་པ་ནི་སྟོབས་དང་ལྡན་པ་སྟེ། དཔལ་རིག་པ་མཆོག་གི་རྒྱུད་ཆེན་པོ་ལས་སྟོབས་པོ་ཆེ་ཞེས་རབ་ཏུ་གྲགས་སོ། །ཀེང་རུས་མཆེ་བ་གཙིགས་པ་པོ། །ཧ་ལ་ཧ་ལ་གདོང་བརྒྱ་པ། །ཞེས་པ་ནི། དེ་ལ་ཀེང་རུས་ནི་དཔལ་བདེ་མཆོག་འཁོར་ལོའི་རྒྱུད་ལས་སོ། །མཆེ་བ་གཙིགས་པ་ནི་དཔལ་རྡོ་རྗེ་སྟུག་པོ་ བསྡུས་པ་ལས་ཏེ། མཆེ་བ་གཙིགས་ཤིང་མ་རུངས་པ་འཇིགས་པར་བྱེད་པ་དང་གང་ལྡན་པ་དེ་མཆེ་བ་གཙིགས་པའོ། །ཧ་ལ་ཧ་ལ་གདོང་བརྒྱ་པ། །ཞེས་པ་ནི། དེ་ཡང་གོང་མ་བཞིན་དུ་ཟླས་དབྱེ་བས་བསྟན་ཏེ། ཧ་ལ་ཧ་ལ་ནི་དོན་ཡོད་ཞགས་པའི་རྒྱུད་ལས་སོ། །གདོང་བརྒྱ་པ་ནི་དཔལ་ རྡོ་རྗེ་རྩེ་མོའི་རྒྱུད་ལས་ཏེ། གདོང་སྟེ་ཞལ་བརྒྱ་དང་གང་ལྡན་པ་དེ་གདོང་བརྒྱའོ། །གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ། །རྡོ་རྗེ་ཤུགས་ཅན་འཇིགས་བྱེད་པ། །ཞེས་པ་ནི། དེ་ལ་གཤིན་རྗེ་གཤེད་པོ་ནི་དཔལ་གསང་བ་འདུས་པ་ལས་ཏེ། གཤིན་རྗེ་གཤེད་པོ་སྟེ། ཕུང་བར་བྱེད་པ་ནི་ གཤིན་རྗེ་གཤེད་དོ། །བགེགས་ཀྱི་རྒྱལ་ནི་རྒྱལ་པོ་ཡིན་པས་རྒྱལ་པོ་སྟེ། ཚོགས་བདག་ལ་སོགས་པའི་བགེགས་རྣམས་ཀྱི་རྒྱལ་པོ་ལས་བགེགས་ཀྱི་རྒྱལ་པོ་སྟེ། བདུད་རྩི་འཁྱིལ་བའོ། །དེ་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲ་བ་ལ་སོགས་པའི་རྒྱུད་ལས་གྲགས་སོ། །རྡོ་རྗེ་ཤུགས་འཆང་ ནི་དཔལ་དམ་ཚིག་ཆེན་པོའི་རྒྱུད་ལས་ཏེ། རྡོ་རྗེ་ཤུགས་ནི་རྡོ་རྗེ་ཤུགས་སོ། །དེ་འདྲ་བའི་ཤུགས་དང་གང་ལྡན་པ་དེ་ནི་རྡོ་རྗེ་ཤུགས་འཆང་ངོ་། །འཇིགས་པར་བྱེད་པ་ནི་དཔལ་ཟླ་གསང་ཐིག་ལེའི་རྒྱུད་ལས་གསུངས་ཏེ། སྡང་བ་ཐམས་ཅད་འཇིགས་པར་བྱེད་ཅིང་སྐྲག་པར་བྱེད་པའི་ཕྱིར་རོ། ། རྡོ་རྗེ་གྲགས་པ་རྡོ་རྗེའི་སྙིང་། །སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། །ཞེས་པ་ནི། རྡོ་རྗེ་གྲགས་པ་གཉིས་སུ་མེད་པར་མཉམ་པ་ཉིད་རྣམ་པར་སྦྱོང་བའི་རྒྱུད་ལས་སོ། །ཁྱད་པར་དུ་གྲགས་པ་རྡོ་རྗེ་གྲགས་པ་སྟེ། སྒྲ་ཆེན་ཞེས་པའི་དོན་ཏོ། །དེ་ཉིད་རྡོ་རྗེ་སྟེ་མི་ཤིགས་པའི་ཕྱིར་རོ། །དེ་གང་དང་ 63-1-67a ལྡན་པ་དེ་རྡོ་རྗེ་གྲགས་པའོ། །རྡོ་རྗེ་སྙིང་ནི་དཔལ་ཟླ་གསང་ཐིག་ལེ་ཉིད་ལས་ཏེ། གང་རྡོ་རྗེའི་ཡིན་པ་དེ་རྡོ་རྗེའི་སྙིང་ངོ་། །སྒྱུ་འཕྲུལ་རྡོ་རྗེ་ནི་ཁྲི་དྲུག་སྟོང་ཉིད་ལས་གསུངས་ཏེ། སྒྱུ་འཕྲུལ་ནི་སྤྲུལ་པའོ། །དེ་ཉིད་རྡོ་རྗེ་སྟེ་མི་ཕྱེད་པའི་གཟུགས་ཉིད་ ཀྱི་ཕྱིར་རོ། །དེ་གང་དང་ལྡན་པ་དེ་ནི་སྒྱུ་འཕྲུལ་རྡོ་རྗེའོ། །གསུས་པོ་ཆེ་ཞེས་པ་ནི་དེ་ཁོ་ན་ལས་ཏེ། གསུས་པ་ཆེན་པོ་དང་གང་ལྡན་པ་དེ་ནི་གསུས་པོ་ཆེའོ། །རྡོ་རྗེ་སྐྱེ་གནས་རྡོ་རྗེའི་བདག །རྡོ་རྗེ་སྙིང་པོ་མཁའ་འདྲ་བ། །ཞེས་པ་ནི། དེ་ལ་རྡོ་རྗེའི་སྐྱེ་གནས་ནི་དཔལ་འབྱུང་པོ་འདུལ་ བྱེད་ཀྱི་རྒྱུད་ལས་ཏེ། རྡོ་རྗེ་སྐྱ་གནས་ཏེ་རྒྱུ་གང་ཡིན་པ་དེ་རྡོ་རྗེའི་སྐྱེ་གནས་སོ། །རྡོ་རྗེའི་བདག་ནི་རྡོ་རྗེ་ནི་དེའི་བདག་པོ་གཙོ་བོ་ཞེས་པའི་དོན་ཏོ། །དེ་ཡང་དཔལ་རྡོ་རྗེ་ས་འོག་གི་རྒྱུད་ལས་སོ། །རྡོ་རྗེ་སྙིང་པོ་ནི་དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་སོ། །རྡོ་རྗེ་སྙིང་པོ་ནི་རྡོ་རྗེ་སྙིང་པོ་སྟེ་སྙིང་ཁུ་ཞེས་ པའི་དོན་ཏོ། །མཁའ་འདྲ་བ་ནི་དཔལ་གསང་བ་མཛོད་ཀྱི་རྒྱུད་ལས་སོ། །མི་འགྱུར་བས་ནམ་མཁའ་སྟེ་སྐྱེ་བ་དང་ལྡན་པའི་གོ་སྐབས་སྟེར་བའི་ཕྱིར་རོ། །རང་ཉིད་ཀྱང་འདུས་མ་བྱས་པ་ཉིད་ཀྱི་ཕྱིར་ན་འབྱུང་བ་མེད་དོ་ཞེས་པའི་དོན་ཏོ། །དེ་ཡང་སྟོང་པ་ཉིད་ཀྱི་ངོ་བོ་སྟེ། དེའི་དཔེ་དང་གང་ལྡན་ པ་དེ་དེ་ལྟར་གསུངས་ཏེ་སྟོང་པ་ཉིད་ཀྱི་དཔེ་ཞེས་པའི་དོན་ཏོ། །མི་གཡོ་རལ་པ་གཅིག་གིས་བསྒྱིངས། །གླང་ཆེན་ཀོ་རློན་གོས་སུ་གྱོན། །ཞེས་པ་ནི། དེ་ལ། མི་གཡོ་རལ་པ་གཅིག་གིས་བསྒྱིངས། །ཞེས་པ་ནི་ཟླས་དབྱེ་བ་བསྟན་ཏོ། །དེའི་ཕྱིར་འདིའི་དོན་ནི་མི་གཡོ་བ་དང་རལ་པ་གཅིག་གིས་ བསྒྱིངས་པ་སྟེ། མི་གཡོ་རལ་པ་གཅིག་གིས་བསྒྱིངས་སོ། །དེ་ལ་མི་གཡོ་བ་ནི་དཔལ་སྒྱུ་འཕྲུལ་དྲ་བ་ལ་སོགས་པ་ལས་ཏེ། བདུད་ཐམས་ཅད་ཀྱིས་མི་གཡོ་ཞིང་མི་དངངས་པས་ན་མི་གཡོ་བའོ། །རལ་པ་གཅིག་གིས་བསྒྱིངས་ཞེས་པ་ནི་དཔལ་རྡོ་རྗེ་ཅོད་པན་གྱི་རྒྱུད་ལས་སོ། །རལ་པ་ ཡང་དེ་ཡིན་ལ་གཅིག་ཀྱང་དེ་ཉིད་ཡིན་པས་རལ་པ་གཅིག་གོ། །དེ་བསྒྱིངས་པ་ནི་བསྒྱིངས་པ་སྟེ། རལ་པ་གཅིག་གིས་བསྒྱིངས་པའོ། །གླང་ཆེན་ཀོ་རློན་གོས་སུ་གྱོན། །ཞེས་པ་ནི་དཔལ་འཁོར་ལོ་བདེ་མཆོག་གི་རྒྱུད་ལས་ཏེ། གླང་པོ་ཆེའི་ཀོ་བ་ནི་གླང་ཆེན་ཀོ་བ་སྟེ། གླང་ཆེན་ཀོ་བ་ཡང་ 63-1-67b དེ་ཡིན་ལ་རློན་པ་ཡང་དེ་ཉིད་ཡིན་པས་གླང་ཆེན་ཀོ་རློན་ནོ། །གླང་པོ་ཆེའི་ཀོ་རློན་ཉིད་གྱོན་པ་ཡིན་པས་གླང་ཆེན་ཀོ་རློན་གོས་སུ་གྱོན་པ་སྟེ། དེ་འཛིན་པས་ན། གླང་ཆེན་ཀོ་རློན་གོས་སུ་གྱོན། །ཞེས་པའོ། །དྲག་ཆེན་ཧ་ཧ་ཞེས་སྒྲོགས་པ། །ཧི་ཧི་ཞེས་སྒྲོགས་འཇིགས་པར་བྱེད། །ཅེས་པ་ནི། དེ་ལ་ དྲག་ཆེན་ནི་དཔལ་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ལས་ཏེ། དྲག་པོ་ཡང་དེ་ཡིན་ལ་ཆེན་པོ་ཡང་དེ་ཉིད་ཡིན་པས་དྲག་ཆེན་ནོ། །ཧ་ཧ་ཞེས་སྒྲོགས་ཞེས་པ་ནི་རྒྱུད་དེ་ཉིད་ཀྱི་ཧ་ཧར་གྱུར་པ་ཞེས་བྱ་བའི་དཀྱིལ་འཁོར་དེ་ལ་ཧ་ཧ་བྱས་ནས་གནས་པས་ཧ་ཧ་ཞེས་སྒྲོགས་ཞེས་གསུངས་སོ། །ཧི་ཧི་ ཞེས་སྒྲོགས་ནི་དཔལ་ཁྲོ་བོ་ཟླ་བའི་ཐིག་ལེའི་རྒྱུད་དེ་ལས་གསུངས་ཏེ། དེ་རྗེས་སུ་བྱེད་པས་ལངས་པའི་ཕྱིར་རོ། །འཇིགས་པར་བྱེད་པ་ནི་དཔལ་རྒྱུད་ཀུན་ལས་བཏུས་པ་ལས་གསུངས་སོ། །གད་མོ་ཆེན་པོ་གད་རྒྱངས་ཅན། །རྡོ་རྗེ་གད་མོ་ཆེར་སྒྲོགས་པ། །ཞེས་པ་ནི། དེ་ལ་གད་མོ་ཆེན་པོ་ནི་ རྒྱུན་ཆད་པ་མེད་པའི་དོན་ཏོ། །དེ་ལ་དཔལ་ཐུན་མོང་མ་ཡིན་པའི་གསང་བའི་རྒྱན་བཀོད་པའི་རྒྱུད་ལས་ཏེ། གད་རྒྱངས་ཅན་ནི་གད་མོ་ནི་དགོད་པའོ། །གད་རྒྱངས་ཏེ་གསང་མཐོན་པོས་བཞད་པ་ནི་གད་རྒྱངས་སོ། །རྡོ་རྗེ་གད་མོ་ནི་ཡེ་ཤེས་ཀྱི་བཤད་པ་སྟེ། དེ་ཡང་ཡིད་ཀྱིའོ། །ཆེར་སྒྲོགས་ པ་ནི་འཇིག་རྟེན་གསུམ་གང་བར་བྱེད་པ་སྟེ། ཆེན་པོ་ཡང་དེ་ཡིན་ལ་སྒྲོགས་པ་ཡང་དེ་ཉིད་ཡིན་པས་ཆེར་སྒྲོགས་པའོ། །བཞི་པོ་འདི་ཡང་རྒྱུད་དེ་ཉིད་ལས་བསྟན་ཏོ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། །ཞེས་པ་ནི། དེ་ལ་རྡོ་རྗེ་སེམས་དཔའ་ནི་དཔལ་མཆོག་དང་ པོའི་རྒྱུད་ལས་སོ། །སེམས་དཔའ་ཆེ་ནི་རྡོ་རྗེ་འཛིན་པ་ཆེན་པོ་སྟེ། དཔལ་གསང་བ་འདུས་པ་ལས་གསུངས་སོ། །རྡོ་རྗེ་རྒྱལ་པོ་ནི་དཔལ་གསང་བ་མཛོད་ཀྱི་རྒྱུད་ལས་སོ། །བདེ་བ་ཆེན་པོ་ནི་དཔལ་བདེ་མཆོག་གི་རྒྱུད་ལས་སོ། །དེ་ལ་བདེ་བ་ཆེན་པོ་ཞེས་པ་ནི། དེ་བཞིན་གཤེགས་ པའི་ཟག་པ་མེད་པའི་བདེ་བ་གང་ཡིན་པ་དེ་ནི་བདེ་བ་ཆེན་པོ་ཞེས་གསུངས་སོ། །དེ་ཉིད་ལས་གསུངས་པའང་བདེ་བ་ནི་སཾ་ཞེས་པ་ལ་སོགས་པའོ། །རྡོ་རྗེ་དྲག་པོ་དགའ་བ་ཆེ། །རྡོ་རྗེ་ཧཱུྃ་སྟེ་ཧཱུྃ་ཞེས་སྒྲོགས། །ཞེས་པ་ནི། དེ་ལ་རྡོ་རྗེ་དྲག་པོ་ནི་དཔལ་རྡོ་རྗེ་གསང་བའི་རྒྱན་གྱི་རྒྱུད་ལས་གསུངས་སོ། ། 63-1-68a རྡོ་རྗེ་དྲག་པོ་ནི་རྡོ་རྗེ་དྲག་པོ་སྟེ། དྲག་པོ་ནི་ཤུགས་ཆེན་ཞེས་གསུངས་ཏེ། མཐུ་མྱུར་བར་འགྲོ་བ་ཉིད་ཀྱི་ཕྱིར་རོ། །དགའ་བ་ཆེན་པོ་ནི་དཔལ་ནོར་བུ་གསང་བའི་ཐིག་ལེའི་རྒྱུད་ལས་སོ། །དགའ་བ་ཡང་དེ་ཡིན་ལ་ཆེ་བ་ཡང་དེ་ཉིད་ཡིན་པས་དགའ་བ་ཆེ་ཞེས་པའོ། ། རྡོ་རྗེ་ཧཱུྃ་སྟེ་ཧཱུྃ་ཞེས་སྒྲོགས། །ཞེས་པ་ནི་དཔལ་དེ་ཉིད་འདུས་པའི་རྒྱུད་ལས་ཏེ། རྡོ་རྗེ་ཧཱུྃ་ཧཱུྃ་ཞེས་སྒྲོགས་པ་ནི་ཧཱུྃ་བཞི་སྒྲོགས་པ་སྟེ། དེ་རྣམས་དང་གང་ལྡན་པ་དེ་ནི། རྡོ་རྗེ་ཧཱུྃ་སྟེ་ཧཱུྃ་ཞེས་སྒྲོགས་པའོ། །མཚོན་དུ་རྡོ་རྗེ་མདའ་ཐོགས་པ། །རྡོ་རྗེ་རལ་གྲིས་མ་ལུས་གཅོད། །ཅེས་པ་ནི། དེ་ལ་མཚོན་དུ་ རྡོ་རྗེ་མདའ་ཐོགས་པ་ནི་དཔལ་དམ་ཚིག་ཆེན་པོའི་རྒྱུད་ལས་ཏེ། རྡོ་རྗེས་མཚོན་པའི་མདའ་དང་གཞུ་དེ་དག་ཉིད་མཚོན་ཆ་སྟེ། དེ་འཛིན་པས་མཚོན་དུ་རྡོ་རྗེ་མདའ་ཐོགས་པའོ། །རྡོ་རྗེ་རལ་གྲི་ནི་དཔལ་སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་ཏེ། རྡོ་རྗེ་དང་རལ་གྲི་ནི་རྡོ་རྗེ་རལ་གྲིའོ། །མཚོན་ཆ་དེ་གཉིས་དང་ གང་ལྡན་པ་དེ་རྡོ་རྗེ་རལ་གྲིའོ། །མ་ལུས་གཅོད་པའང་དེ་ཉིད་ལ་བྱའོ། །རྡོ་རྗེ་ཀུན་འཆང་རྡོ་རྗེ་ཅན། །རྡོ་རྗེ་གཅིག་པུ་གཡུལ་སེལ་བ། །ཞེས་པ་ནི། དེ་ལ་སྣ་ཚོགས་རྡོ་རྗེ་འཆང་ནི་དཔལ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས་ཏེ། སྣ་ཚོགས་རྡོ་རྗེ་ནི་རྡོ་རྗེ་རྒྱ་གྲམ་སྟེ། དེ་ འཛིན་པས་ན་སྣ་ཚོགས་རྡོ་རྗེ་འཆང་ངོ་། །རྡོ་རྗེ་ཅན་ནི་རྒྱུད་དེ་ཉིད་ལས་སོ། །དེ་ཉིད་རྡོ་རྗེ་དང་འདྲ་བས་རྡོ་རྗེ་ནི་ཡེ་ཤེས་ཏེ། མི་ཕྱེད་པ་ཉིད་ཀྱི་ཕྱིར་རོ། །རྡོ་རྗེ་གཅིག་པུ་ནི་དཔལ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྒྱུད་ལས་སོ། །རྡོ་རྗེ་ཡང་དེ་ཡིན་ལ་གཅིག་པུ་ཡང་དེ་ཉིད་ཡིན་པས་ རྡོ་རྗེ་གཅིག་པུ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །གཡུལ་སེལ་བ་ནི་དཔལ་ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད་ལས་ཏེ། གཡུལ་ནི་འཐབ་པ་སྟེ། ཉོན་མོངས་པ་རྣམས་དང་ལྷན་ཅིག་འཐབ་པའོ། །དེ་འཇོམས་པས་ན་གཡུལ་སེལ་བའོ། །རྡོ་རྗེ་འབར་བ་ མིག་མི་བཟད། །སྐྲ་ཡང་རྡོ་རྗེ་འབར་བ་སྟེ། །ཞེས་པ་ནི་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ལས་ཏེ། དེ་ལ་རྡོ་རྗེ་འབར་བ་ནི་རྡོ་རྗེ་འབར་བའོ། །དེ་དང་འདྲ་བའི་མི་བཟད་པའི་མིག་དང་གང་ལྡན་པ་དེ། རྡོ་རྗེ་འབར་བ་མིག་མི་བཟད། །ཅེས་པའོ། །སྐྲ་ཡང་རྡོ་རྗེ་འབར་བ་སྟེ། །ཞེས་པ་ནི་མགོ་ 63-1-68b ལས་སྐྱེས་པས་ན་མགོ་སྐྱེས་ཏེ་སྐྲའོ། །རྡོ་རྗེ་འབར་བ་དང་འདྲ་བའི་སྐྲ་གང་དང་ལྡན་པ་དེ། སྐྲ་ཡང་རྡོ་རྗེ་འབར་བ་སྟེ། །ཞེས་སོ། །རྡོ་རྗེ་འབེབས་པ་འབེབས་པ་ཆེ། །མིག་བརྒྱ་པ་སྟེ་རྡོ་རྗེའི་མིག །ཅེས་པ་ནི་དཔལ་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་ཁྲོ་བོ་འདི་བཞིར་བརྗོད་དོ། །དེ་ལ་ རྡོ་རྗེ་འབེབས་པ་ནི་རྡོ་རྗེ་འབེབས་པ་སྟེ། ཡེ་ཤེས་ཀྱི་བྱིན་རླབས་ཞེས་པའི་དོན་ཏོ། །དེ་དང་གང་ལྡན་པ་དེ་ནི་རྡོ་རྗེ་འབེབས་པའོ། །འབེབས་པ་ཆེ་བ་ནི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་གྱི་ཕྱིར་རོ། །མིག་བརྒྱ་པ་ནི་མིག་བརྒྱ་དང་གང་ལྡན་པ་དེ་ནི་མིག་བརྒྱ་པའོ། །རྡོ་རྗེའི་མིག་ནི་རྡོ་རྗེ་དང་འདྲ་བའི་སྤྱན་ དང་གང་ལྡན་པ་དེ་ནི་རྡོ་རྗེ་མིག་གོ། །རྡོ་རྗེའི་བ་སྤུ་མྱུ་གུའི་ལུས། །རྡོ་རྗེ་སྤུ་ནི་གཅིག་པུ་ལུས། །ཞེས་པ་ནི། དེ་གཉིས་ནི་དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་གསུངས་ཏེ། དེ་ལ་རྡོ་རྗེའི་བ་སྤུ་མྱུ་གུའི་ལུས་ནི་རྡོ་རྗེ་དངོས་པོའི་བ་སྤུ་སྟེ། དེ་རྣམས་ཀྱི་མྱུ་གུར་གྱུར་ཅིང་ཕུར་བུར་གྱུར་པའི་ལུས་དང་གང་ལྡན་ པ་དེ་ནི་རྡོ་རྗེ་བ་སྤུ་མྱུ་གུའི་ལུས་སོ། །རྡོ་རྗེ་སྤུ་ནི་གཅིག་པུ་ལུས་ནི་གཅིག་པུ་ཡང་དེ་ཡིན་ལ་ལུས་ཀྱང་དེ་ཉིད་ཡིན་པས་གཅིག་པུ་ལུས་སོ། །རྡོ་རྗེ་སྤུ་ནི་གཅིག་པུ་ཡེ་ཤེས་ཀྱི་སྤུའོ། །དེས་མཚོན་པའི་ལུས་གཅིག་པུ་དང་གང་ལྡན་པ་དེ་རྡོ་རྗེ་བ་སྤུ་ནི་གཅིག་པུ་ལུས་སོ། །སེན་མོ་བརྩམས་པ་རྡོ་རྗེའི་རྩེ། ། རྡོ་རྗེའི་སྙིང་པོ་པགས་པ་མཁྲེགས། །ཞེས་པ་ནི་དཔལ་རྡོ་རྗེ་རྩེ་མོའི་རྒྱུད་ལས་དེ་གཉིས་གསུངས་ཏེ། དེ་ལ། སེན་མོ་བརྩམས་པ་རྡོ་རྗེ་རྩེ། །ཞེས་པ་ལ། རྡོ་རྗེ་རྩེ་མོ་སྟེ་རྩེ་མོ་ནི་ཐོག་མའི་ཆ་ཡིན་ནོ། །དེ་འདྲ་བའི་སེན་མོ་ནི་རྡོ་རྗེ་རྩེ་མོའི་སེན་མོ་ཅན་ནོ། །དེ་རྣམས་བརྩམས་པ་སྐྱེས་པ་དེ་དང་གང་ལྡན་པ་དེ་སེན་ མོ་བརྩམས་པ་རྡོ་རྗེའི་རྩེ་མོའོ། །རྡོ་རྗེ་སྙིང་པོ་པགས་པ་མཁྲེགས་ནི་རྡོ་རྗེ་སྙིང་པོ་དང་འདྲ་བ་སྲ་ཞིང་མཁྲེགས་པའི་པགས་པ་དང་གང་ལྡན་པ་དེ་རྡོ་རྗེ་སྙིང་པོ་པགས་པ་མཁྲེགས་སོ། །རྡོ་རྗེ་ཕྲེང་ཐོགས་དཔལ་དང་ལྡན། །རྡོ་རྗེ་རྒྱན་གྱིས་བརྒྱན་པ་སྟེ། །ཞེས་པ་ནི་དཔལ་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ལས། ཧ་ལའི་འཁོར་ལོ་ལས་འདི་གཉིས་གསུངས་ཏེ། འདི་ལྟ་སྟེ། རྡོ་རྗེ་ཕྲེང་ཐོགས་དཔལ་དང་ལྡན། །རྡོ་རྗེ་རྒྱན་གྱིས་བརྒྱན་པ་སྟེ། །ཞེས་པའོ། །རྡོ་རྗེ་ཕྲེང་བ་འཛིན་པས་ན་རྡོ་རྗེ་ཕྲེང་ཐོགས་སོ། །དཔལ་ལྡན་ནི་དེ་ཉིད་ཀྱི་ཁྱད་པར་ཏེ། སྐལ་བ་ཕུན་སུམ་ཚོགས་པའི་ཕྱིར་རོ། །རྡོ་རྗེའི་རྒྱན་ 63-1-69a གྱིས་བརྒྱན་པ་སྟེ་ནི་རྡོ་རྗེ་ཉིད་རྒྱན་ཡིན་པས་ན་རྡོ་རྗེའི་རྒྱན་ནོ། །དེས་བརྒྱན་ཅིང་བཀླུབས་པས་ན། རྡོ་རྗེའི་རྒྱན་གྱིས་བརྒྱན་པ་སྟེ། །ཞེས་གསུངས་སོ། །གད་རྒྱངས་ཧ་ཧ་སྒྲ་བྲལ་སྒྲོགས། །ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །ཞེས་པ་ནི། དེ་ལ་གད་རྒྱངས་ཧ་ཧ་ཞེས་པ་ནི་དཔལ་དཔུང་བཟངས་ ཀྱི་རྒྱུད་ལས་ཏེ། གད་རྒྱངས་ནི་སྐད་གསང་མཐོན་པོར་བཞད་པ་སྟེ། ཧ་ཧ་ཞེས་བྱས་ནས་བཞད་པ་ནི་གད་རྒྱངས་ཧ་ཧའོ། །སྒྲ་བྲལ་བ་ནི་དཔལ་ལེགས་པར་གྲུབ་པར་བྱེད་པའི་རྒྱུད་ལས་སོ། །སྒྲ་དང་བྲལ་བ་ནི་སྒྲ་དང་བྲལ་བ་སྟེ། ནང་དུ་ཕྱོགས་པ་ཁོ་ན་སྒྲ་ཞེས་པའི་དོན་ཏོ། །ཡི་གེ་དྲུག་པ་ ནི་དཔལ་ཡེ་ཤེས་དྲུག་དང་དམ་ཚིག་ཡི་གེ་བདེ་མཆོག་གི་རྒྱུད་ལས་ཏེ། ཡི་གེ་དྲུག་པ་དང་ལྡན་པ་དེ་ཡི་གེ་དྲུག་གོ། །རྡོ་རྗེའི་སྒྲ་ནི་དཔལ་སྟོང་ཕྲག་བརྒྱ་པ་དེ་ཉིད་འདུས་པའི་རྒྱུད་ལས་སོ། །རྡོ་རྗེ་ཐོག་གི་སྒྲ་ལྟ་བུའི་སྒྲ་དང་གང་ལྡན་པ་དེ་རྡོ་རྗེའི་སྒྲའོ། །འཇམ་དབྱངས་ཆེན་པོ་སྒྲ་ཆེ་བ། །འཇིག་རྟེན་ གསུམ་ན་སྒྲ་གཅིག་པ། །ཞེས་པ་ནི། དེ་ལ་འཇམ་དབྱངས་ནི་འཕགས་པ་འཇམ་དཔལ་གྱི་རྒྱུད་ལས་ཏེ། འཇམ་ཞིང་མཉེན་པའི་དབྱངས་དང་གང་ལྡན་པ་དེ་འཇམ་དབྱངས་སོ། །དེ་ཉིད་ཀྱི་ཕྱིར་ན་ཆེན་པོ་ཞེས་གསུངས་སོ། །སྒྲ་ཆེ་བ་ཞེས་པ་ནི་དཔལ་མངོན་པར་རྟོགས་པའི་རྒྱན་གྱི་རྒྱུད་ལས་གསུངས་ ཏེ་སྒྲ་ཡང་དེ་ཡིན་ལ་ཆེ་བ་ཡང་དེ་ཉིད་ཡིན་པས་སྒྲ་ཆེའོ། །འཇིག་རྟེན་གསུམ་ན་སྒྲ་གཅིག་པ་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད་ཉིད་ལས་སོ། །འཇིག་རྟེན་གསུམ་ནི་ས་འོག་དང་ས་བླ་དང་ས་སྟེངས་སོ། །དེ་ལ་གཅིག་པུ་གཉིས་སུ་མེད་པའི་སྒྲ་གྲག་པ་དང་གང་ལྡན་པ་དེ་ནི་འཇིག་རྟེན་གསུམ་ན་ སྒྲ་གཅིག་པའོ། །ནམ་མཁའི་མཐའ་ཀླས་སྒྲ་སྒྲོགས་པ། །ཞེས་པ་ནི་འཕགས་པ་འཇམ་དཔལ་གྱི་རྒྱུད་དེ་ཉིད་ལས་ཏེ། གང་གི་ཚེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གཤིན་རྗེ་གཤེད་ལ་བཀའ་སྩལ་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་སྟེང་དུ་སྔགས་ཀྱི་ཚུལ་འཇམ་དཔལ་ གྱིས་བསྟན་པ་དེའི་ཚེ་བཅོམ་ལྡན་འདས་གཤིན་རྗེ་གཤེད་དེས་རི་རབ་རིའི་རྩེ་མོ་དེ་ཉིད་ལ་གནས་ཏེ། སྒྲ་ཆེན་པོ་གཅིག་ཁོ་ན་བསྒྲགས་པར་གྱུར་ཏེ། སྒྲ་གང་གིས་ནམ་མཁའི་མཐའ་ཀླས་པ་ཐོས་པའི་སྒྲས་ཡང་དག་པར་གོ་བར་བྱས་ཏེ། དེ་ནས་གསུངས་པ། ནམ་མཁའི་མཐའ་ཀླས་སྒྲ་སྒྲོགས་ 63-1-69b པ། །ཞེས་སོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་དེ་སྒྲ་དང་ལྡན་པ་རྣམས་ཀྱི་མཆོག་ཅེས་པ་སྟེ། སྒྲ་དེ་གང་ལ་ཡོད་པ་གང་ཡིན་པ་དེ་ནི་སྒྲ་དང་ལྡན་པ་རྣམས་ཏེ། སྒྲ་དང་གང་ལྡན་པ་དེ་རྣམས་ཀྱི་ནང་ན་དམ་པ་དང་ཕུལ་དུ་བྱུང་བ་ཞེས་པའི་དོན་ཏོ། །དེ་ནས་ད་ནི་འཁོར་ལོ་གསུམ་པའི་སྤྲོ་བའི་ཆོ་ག་ བསྟན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཡི་གེ་ལས། བཅོམ་ལྡན་འདས་འཇམ་དཔལ་དེ་ཉིད་ནི་ཞེ་སྡང་སྤྱོད་པའི་སེམས་ཅན་དེ་ཉིད་རྗེས་སུ་གཟུང་བའི་དོན་དུ་རྣལ་འབྱོར་དང་། སྤྱོད་པ་དང་། བྱ་བའི་རྒྱུད་རྣམས་ལས་གསུངས་པའི་ཁྲོ་བོའི་ གཟུགས་སུ་དམིགས་ནས་འཇིག་རྟེན་གསུམ་འདུལ་བའི་དོན་དུ་དེ་དག་ཀྱང་རང་གི་ལུས་ལས་རྣམ་པར་འཐོན་པ་ནི་ཀུན་དུ་འབར་བའི་སྙིང་པོ་ཅན། སྨིན་མཚམས་ཀྱི་ཁྲོ་གཉེར་གྱི་རླབས་བསྐྱོད་ཅིང་བསྙེར་བའི་དཔྲལ་བ་དང་། འཇིགས་པའི་མཆེ་བ་གཙིགས་པའི་ཞལ་དང་ལྡན་པ་རྣམས་རྡོ་རྗེ་དང་ལྕགས་ཀྱུ་དང་ ཞགས་པ་ལ་སོགས་པ་རྡོ་རྗེ་འབར་བའི་མེ་འབར་བའི་ཕྱག་མཚན་གྱིས་ཕྱག་མཚན་པ་རྣམ་པ་དུ་མའི་མདོག་དང་རྒྱན་ཅན་ཆ་བྱད་རྣམ་པ་སྣ་ཚོགས་པ་འཆང་བའི་ཁྲོ་བོའི་སྐུ་རྣམ་པར་ཕྱུང་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གདུག་པ་ཅན་ཐམས་ཅད་གདུལ་བར་བྱས་ཏེ། ཡང་སླར་ལོག་ནས་རྡོ་རྗེ་དབྱིངས་ཀྱི་ དཀྱིལ་འཁོར་གྱི་ཕྱི་རོལ་དུ་དཀྱིལ་འཁོར་གཉིས་པ་ལ་མཚན་གྱི་སྔགས་ཀྱི་ཡི་གེ་བདུན་ཅུ་རྩ་གཅིག་རྣམས་རང་གི་རིགས་ཀྱི་ཁ་དོག་དང་གཟུགས་རྣམས་སུ་གྱུར་ཏེ་ཇི་ལྟ་བའི་རིམ་པས་ཡང་དག་པར་གནས་པར་བསམ་པར་བྱའོ། །དེ་རྣམས་རྣམ་པ་ལྔར་བགོས་ཏེ། སངས་རྒྱས་ཧཱུྃ་མཛད་ལ་སོགས་པ་རེ་རེའི་ རིགས་ལ་བཅུ་བཞི་བཅུ་བཞིའི་མཚན་གྱི་སྔགས་ཀྱི་ཡི་གེའི་ཚིག་རྣམས་བྱས་ཏེ། སྤྲོ་བ་དང་བསྡུ་བ་ལ་སོགས་མཐུན་པར་མཛད་ནས། གོང་དུ་གསུངས་པའི་རིམ་པས་མཚན་གྱི་སྔགས་ཀྱི་ཡི་གེའི་ཚིག་ཏུ་བདག་ཉིད་མོས་པས་མཚན་ཡང་དག་པར་བརྗོད་པ་བཀླག་སྟེ། ཡོན་ཏན་གྱི་ ཚོགས་མཐའ་ཡས་པའི་རྣམ་པ་འཐོབ་པོ་ཞེས་མན་ངག་གོ། །ཚིགས་བཅད་འདི་ནི་ཚིག་རྐང་གཅིག་གིས་ལྷག་པའི་བཅུ་ཐམ་པའོ། །མཚན་གྱི་སྔགས་ཀྱི་ཡི་གེ་ནི་བདུན་ཅུ་རྩ་གཅིག་གི་མཚན་ཡིན་ནོ། །འཕགས་པ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་པ་མཚན་གསང་ 63-1-70a སྔགས་ཀྱི་དོན་དུ་རྣམ་པར་ལྟ་བ་ཞེས་བྱ་བ་ལས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་གྱིས་བསྟོད་པའི་རིམ་པའི་དབང་དུ་བྱས་པ་སྟེ་བདུན་པའོ།། །།ད་ནི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱི་སྒོ་ནས་བཅོམ་ལྡན་འདས་ཡེ་ཤེས་ཀྱི་སྐུ་འཇམ་དཔལ་ཡེ་ཤེས་སེམས་ དཔའི་བསྟོད་པ་གསུངས་པ། ཡང་དག་བདག་མེད་དེ་བཞིན་ཉིད། །ཡང་དག་མཐའ་སྟེ་ཡི་གེ་མེད། །ཅེས་པ་ནི། དེ་ལ་དེ་བཞིན་ཉིད་ནི་རང་བཞིན་གྱིས་གཟུང་བ་ལ་སོགས་པའི་རྣམ་པ་དང་བྲལ་བ་སྟེ། ཤེས་པ་དང་ཤེས་པ་མ་ཡིན་པའི་གནས་སྐབས་གཉིས་ལ་མཉམ་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། ། དེ་ཉིད་ནི་ཡང་དག་པའི་མཐའ་མཆོག་སྟེ། ཚད་མ་ཐམས་ཅད་ཀྱིས་མི་སླུ་བའི་ཕྱིར་དང་། བདག་ལ་སོགས་པར་རྟོག་པ་ཡང་རྟོགས་པར་གནོད་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ན་འཇམ་དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་སེམས་དཔའ་ནི་ཕུང་པོ་ལ་སོགས་པའི་བདག་ལ་སོགས་པར་ ཉེ་བར་མི་དམིགས་པ་ཁོ་ནས་མཆོག་ཏུ་ཚད་མ་ཉིད་ཀྱིས་ཉེ་བར་བསྟན་ཏོ། །ཡང་དག་ནི་བདེན་པ་དང་། དེ་བཞིན་ཉིད་དང་། རྟོགས་པ་མེད་པ་ཙམ་ཉིད་ཀྱི་ཕྱིར་རོ། །འདི་ལྟར་གལ་ཏེ་བདག་ལ་སོགས་པའི་དངོས་པོ་མེད་ན་ཆོས་རྣམས་ཀྱི་རང་བཞིན་ནི་ཅི་ཡིན། འབྲས་བུ་ནི་གང་ཡིན་ཞེས་ཐེ་ཚོམ་ ཟ་བར་བྱ་བ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། འདི་ཁོ་ན་ཆོས་དང་གང་ཟག་ལ་སོགས་པ་ཉིད་ཀྱིས་རྣམ་པར་དབེན་པའི་མཚན་ཉིད་གཅིག་པ་དང་། རྣམ་པར་རྟོག་པ་ཅན་གྱི་བདག་གིས་སོ་སོར་སྣང་བའི་ཆོས་ཐམས་ཅད་ཀྱི་ཁམས་སུ་གྱུར་པ་དོན་དམ་པ་ཅན་གྱི་གཡོ་བའི་རང་བཞིན་ནོ། །འབྲས་བུའི་ ཆོས་སྟོབས་ལ་སོགས་པའི་མཚན་ཉིད་རྣམས་ཀྱིའང་རྒྱུ་དེ་ཉིད་ཡིན་པའི་ཕྱིར་རོ། །དེའི་ལམ་གྱི་ཆོས་རྣམས་ཀྱང་རྒྱུ་དང་ཁམས་ཏེ། དེའི་ཕྱིར་ན་བདག་མེད་པ་ནི་ཆོས་ཀྱི་དབྱིངས་ཞེས་གསུངས་སོ། །གང་གི་ཕྱིར་དེ་བཞིན་ཉིད་ལ་སོགས་པ་འདི་དག་རྣམས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཆོས་རྣམས་ཀྱི་སྒོ་ སྟེ། གང་གི་ཕྱིར་དེ་བཞིན་ཉིད་ཀྱི་བྱེད་པའི་སྒོ་ནས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་འཇུག་ཅིང་། དེ་ཡང་སྟོབས་རྣམས་རབ་ཏུ་བྱུང་བས་མེ་ལོང་ལྟ་བུའི་ཡེ་ཤེས་ནི་ཡང་དག་མཐའ་སྟེ་ཞེས་གསུངས་ཏེ། དེ་རྟོགས་པའི་ཕུལ་དུ་བྱུང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ན་དེ་རྣམས་བཞི་ནི་མེ་ལོང་ལྟ་བུའི་ཡེ་ 63-1-70b ཤེས་དང་། མཉམ་པ་ཉིད་དང་། སོ་སོར་ཀུན་དུ་རྟོག་པ་དང་། བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་མཚན་ཉིད་བཞི་པོ་འདི་རྣམས་གང་དང་ལྡན་པའི་བཅོམ་ལྡན་འདས་འཇམ་དཔལ་དེ་ནི། ཡང་དག་བདག་མེད་དེ་བཞིན་ཉིད། །ཡང་དག་མཐའ་སྟེ་ཞེས་གསུངས་སོ། །ཡི་གེ་མེད་ནི་རྣམས་ གྲངས་གཞན་གྱིས་འགྱུར་བ་མེད་པས་ན་མི་འགྱུར་བ་སྟེ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། །ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོག་པ། །ཞེས་པ་ནི། དེ་ལ་སྟོང་པ་ཉིད་སྨྲ་བའི་ཁྱུ་མཆོག་ནི་སྟོང་པ་ཉིད་རྣམ་པ་གསུམ་སྟེ། དངོས་པོ་མེད་པ་སྟོང་པ་ཉིད་དང་། དེའི་དངོས་པོ་མ་ཡིན པའི་ངོ་བོ་ཉིད་དང་། རང་བཞིན་སྟོང་པ་ཉིད་དོ། །དེ་ལ་དངོས་པོ་མེད་པ་སྟོང་པ་ཉིད་ནི་ཀུན་བརྟགས་ཀྱི་མཚན་ཉིད་དོ། །རྣམ་པ་གང་ཞིག་གིས་ཀྱང་ཡོད་པ་མ་ཡིན་པས་ན་དངོས་པོ་མེད་པ་སྟོང་པ་ཉིད་དོ། །དེའི་དངོས་པོ་མེད་པའི་ཕྱིར་སྟོང་པ་ཉིད་ནི་གཞན་དབང་གི་མཚན་ཉིད་དེ། ཇི་ལྟར་བརྟགས་པ་བཞིན་ དུ་དེ་ལྟར་མེད་དེ། དེ་ཐམས་ཅད་དུ་ཡང་མེད་པ་མ་ཡིན་པས་ན་དེའི་དངོས་པོ་མ་ཡིན་པ་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་དེ། སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པས་ན་དེའི་རང་བཞིན་སྟོང་པ་ཉིད་དོ། །དེའི་ཕྱིར་ན་སྟོང་པ་ཉིད་རྣམ་པ་གསུམ་སྨྲ་བའི་ཚུལ་གང་དང་ལྡན་པ་དེ་ སྟོང་པ་ཉིད་སྨྲ་བའོ། །ཁྱུ་མཆོག་ནི་གཙོ་བོ་ཞེས་པའི་དོན་ཏོ། །ཐམས་ཅད་ཀྱིས་གཅེས་པར་འཛིན་པ་ཉིད་ཀྱི་ཕྱིར་རོ། །སྟོང་པ་ཉིད་སྨྲ་བའང་དེ་ཡིན་ལ་ཁྱུ་མཆོག་ཀྱང་དེ་ཉིད་ཡིན་པས་སྟོང་པ་ཉིད་སྨྲ་བའི་ཁྱུ་མཆོག་གོ། །ཟབ་ཅིང་རྒྱ་ཆེ་བའི་སྒྲ་སྒྲོགས་པ་ནི་ཟབ་ཅིང་ནི་གཟུང་འཛིན་ལ་སོགས་པའི་རྣམ་པར་རྟོག་པ་ དང་བྲལ་བ་ཤེས་རབ་ཀྱི་རང་བཞིན་ནོ། །རྒྱ་ཆེ་བ་ནི་སྤྲུལ་པ་སྣ་ཚོགས་པའི་རྗེས་སུ་འབྲང་བས་འོད་ཀུན་ཏུ་སྤྲོ་བ་སྟེ། ཀུན་དུ་བཟང་པོའི་ངོ་བོ་ཉིད་སངས་རྒྱས་ཀྱི་སྐུས་སེམས་ཅན་གྱི་དོན་གྱི་བྱ་བ་བྱེད་པའོ། །གང་གི་ཕྱིར་རྒྱ་ཆེ་བའི་ཐབས་ཀྱང་རང་གི་སེམས་སུ་མཚན་ཉིད་གཅིག་མོད་ཀྱི། ལྡོག་པའི་བྱེ་བྲག་གིས་ཐ་ དད་པར་རྣམ་པར་གཞག་སྟེ། དེའི་ཕྱིར་ན་ཟབ་ཅིང་རྒྱ་ཆེ་བ་གཉིས་ཀྱི་སྒྲ་སྒྲོགས་པས་མུ་སྟེགས་པ་ལ་སོགས་པ་ཐམས་ཅད་ཀྱི་ལྟ་བ་ཟིལ་གྱིས་གནོན་པར་བྱེད་པ་དང་གང་ལྡན་པ་དེ་ནི་དེ་ལྟར་གསུངས་སོ། །ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན། །ཆོས་ཀྱི་གཎྜཱི་སྒྲ་བོ་ཆེ། །ཞེས་པ་ནི། དེ་ལྟར་ཆོས་ཀྱི་དུང་ནི་གང་གི་ཚེ་ལྷའི་ 63-1-71a རིགས་དགའ་ལྡན་ནས་འཛམ་བུའི་གླིང་དུ་འབབ་པར་འདོད་པ་དེའི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་སེམས་དཔའ་ཆོས་ཀྱི་དུང་བུས་ནས་བབས་པ་ཡིན་ནོ། །དེའི་ཕྱིར་བཅོམ་ལྡན་འདས་འདི་ནི་ཆོས་ཀྱི་དུང་ཞེས་སོ། །གཞན་ཡང་ཁྱད་པར་ཅི་འདྲ་ ཞེ་ན། གསུངས་པ། སྒྲ་ཆེན་ལྡན་ཞེས་པ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་དང་ཁམས་གསུམ་ཀུན་དུ་ཐོས་པའི་ཕྱིར་རོ། །ཆོས་ཀྱི་གཎྜཱི་ནི་བདུད་བཞི་ལས་མཆོག་ཏུ་རྒྱལ་བར་བྱས་ནས་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་མངོན་དུ་བྱས་ཏེ། ཆོས་ཉིད་དེ་ཡང་ཤེས་དཀའ་བར་ རིག་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ། རིག་པར་དཀའ་བ་བདག་གིས་ཆོས་རིག་པའི་སེམས་ཅན་ཐམས་ཅད་ལ་མི་བསྟན་ཏེ། རིག་པར་དཀའ་བ་དེ་ཉིད་ཀྱི་ཕྱིར་ན་ཐུགས་ཁྲལ་ཆུང་བར་གནས་པར་གྱུར་ཏོ། །དེའི་ཚེ་ཚངས་པ་ཆེན་པོ་འོངས་ནས་བསྐུལ་བ་བཅོམ་ལྡན་འདས་སེམས་ཅན་རྣམས་དབང་ པོ་རྣོ་བ་དགེ་བའི་རྩ་བ་ཉེ་བར་བསགས་པ་མགོ་སྨོས་པས་གོ་བ་དང་དད་པ་དང་ལྡན་པ་རྣམས་ཀྱང་ཡོད་དོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། དེའི་ཚེ་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོར་ཉེ་བར་ཞུགས་ནས་ཆོས་བསྒྲགས་པའི་དོན་དུ་གཎྜཱིའི་སྒྲ་བསྒྲགས་པར་གྱུར་པ་དེའི་ཕྱིར་གསུངས་ པ། ཆོས་ཀྱི་གཎྜཱི་ཞེས་སོ། །དེ་ཉིད་ཀྱི་ཕྱིར་ཡང་ཁྱད་པར་གསུངས་པ། སྒྲ་བོ་ཞེས་ཏེ། ཆེན་པོ་ཡང་དེ་ཡིན་ལ་སྒྲ་ཡང་དེ་ཉིད་ཡིན་པས་སྒྲ་བོ་ཆེའོ། །དེས་ནི་ཡང་འདི་སྐད་གསུངས་པར་གྱུར་ཏེ། ཆོས་ཀྱི་དུང་ལ་སོགས་པའི་རང་བཞིན་དེ་ཉིད་བཅོམ་ལྡན་འདས་སུ་ཤེས་པར་བྱའོ། །མི་གནས་མྱ་ ངན་འདས་པ་པོ། །ཕྱོགས་བཅུར་ཆོས་ཀྱི་རྔ་བོ་ཆེ། །ཞེས་པ་ནི། དེ་ལ་མི་གནས་མྱ་ངན་འདས་པ་པོ་ནི་སྲིད་པའི་འཁོར་བ་དང་། རྣམ་པ་ཐམས་ཅད་དུ་རྒྱུན་ཆད་མེད་པའི་མྱ་ངན་ལས་འདས་པ་ལྟར་དེ་དག་ལ་མི་གནས་པས་གཉིས་ལ་གནས་པ་ཡང་མ་ཡིན་པའི་ཕྱིར་རོ། །སྲིད་པ་ལ་མི་གནས་ཏེ་སྲིད་པའི་ སྐྱོན་གྱིས་མ་གོས་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་ཡང་མ་ཡིན་ཏེ། སྙིང་རྗེས་གཞན་དབང་ཉིད་ཀྱིས་འཁོར་བ་ཇི་སྲིད་བར་དུ་ཆེར་གནས་པའི་ཕྱིར་རོ། །དེ་ལྟར་ཡང་གསུངས་པ། ཉེས་པ་མཐོང་བ་སྲིད་ལ་མིན། །སྙིང་རྗེས་མྱ་ངན་འདས་ལ་མིན། །གཞན་གྱི་དོན་འབྱུང་མཐོང་བས་ན། ། 63-1-71b སྲིད་པར་ཞུགས་ཤིང་མི་བཞུགས་པའོ། །ཞེས་སོ། །དེས་ན་མི་གནས་པའི་མྱ་ངན་ལས་འདས་པར་གསུངས་སོ། །སྲིད་པ་དང་མྱ་ངན་ལས་འདས་པ་དེ་དག་ཏུ་དབྱེ་བར་རྟོག་པ་མེད་པའི་ཕྱིར་སྟོང་པ་ཉིད་དུ་རོ་གཅིག་པ་གཉི་གར་ཡང་དབྱེར་མེད་པའི་དམིགས་པ་སྟེ། དེ་ལྟར་ཡང་གསུངས་པ། འཁོར་ བ་མྱ་ངན་ལས་འདས་པའི། །གང་ཚེ་ཡང་དག་ཡེ་ཤེས་སྐྱེས། །འཁོར་ཉིད་མྱ་ངན་འདས་པ་ནི། །དེ་ཚེ་འདི་ཡི་འདིར་འགྱུར་རོ། །ཞེས་སོ། །དེ་འདྲ་བའི་བཅོམ་ལྡན་འདས་འཇམ་དཔལ་འདི་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་གསུངས་སོ། །ཕྱོགས་བཅུར་ཆོས་ཀྱི་རྔ་བོ་ནི་ཆོས་ཀྱི་རྔ་བོ་ཆེ་སྟེ། ཕྱོགས་བཅུར་ཆོས་ཀྱི་རྔ་བོ་ཆེ་བསྒྲགས་པ་དང་ལྡན་པ་དེ་ནི་དེ་ལྟར་རོ། །གཟུགས་མེད་གཟུགས་ལྡན་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །ཞེས་པ་སྟེ། དེ་ལ་གཟུགས་མེད་ནི་ཆོས་ཀྱི་སྐུའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །གཟུགས་ལྡན་ནི་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ཉིད་ ཡིན་པའི་ཕྱིར་རོ། །དམ་པ་སྟེ་ཆོས་ཀྱི་རྒྱུ་མཐུན་པ་ཉིད་ཀྱི་ཕྱིར་རོ། །སྣ་ཚོགས་གཟུགས་ཅན་ནི་སྤྲུལ་པའི་སྐུའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཡིད་ལས་སྐྱེས་པ་ནི་དེ་དག་གི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱིས་ན་གཟུགས་ཀྱི་ལུས་ལ་སོགས་པ་དེ་རྣམས་ཀྱི་ཆོས་འདི་དག་ནི་བཅོམ་ལྡན་འདས་དེ་བཞིན གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུར་ཤེས་པར་བྱ་སྟེ། དེའི་རང་བཞིན་ཉིད་ཀྱི་ཕྱིར་ན་བཅོམ་ལྡན་འདས་འཇམ་དཔལ་ལོ། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །གཟུགས་བརྙན་མ་ལུས་འཆང་བ་པོ། །ཞེས་པ་ནི། དེ་ལ་གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ་ནི་འགྲོ་བ་ འདུལ་བའི་རང་བཞིན་གྱིས་སོ། །གཟུགས་རྣམ་པ་སྣ་ཚོགས་ཐམས་ཅད་སྣང་བའི་དཔལ་ནི་གཟུགས་རྣམས་ཐམས་ཅད་དུ་སྣང་བ་སྟེ། གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ་དེ་དང་གང་ལྡན་པ་དེ་ནི་དེ་ལྟར་རོ། །གཟུགས་བརྙན་མ་ལུས་འཆང་བ་པོ་ནི་མ་ལུས་པ་རྣམས་ཀྱི་གཟུགས་བརྙན་ནི་གཟུགས་ བརྙན་མ་ལུས་པའོ། །དེ་འཛིན་པས་ན་གཟུགས་བརྙན་མ་ལུས་འཛིན་པའོ། །ཚུགས་པ་མེད་ཅིང་ཆེར་གྲགས་པ། །ཁམས་གསུམ་དབང་ཕྱུག་ཆེན་པོ་སྟེ། །ཞེས་པ་ནི། དེ་ལ་ཚུགས་པ་མེད་པ་ནི་གཞན་རྣམས་ཀྱིས་ཟིལ་གྱིས་མི་ནོན་པ་ཉིད་ཀྱི་ཕྱིར་རོ། །ཆེར་གྲགས་པ་ནི་བསོད་ནམས་ཀྱི་ཚོགས་མི་ 63-1-72a ཟད་པའི་ཚོགས་བསགས་པའི་ཕྱིར་རོ། །ཁམས་གསུམ་དབང་ཕྱུག་ཆེན་པོ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་ནི་ཁམས་གསུམ་སྟེ། ཁམས་གསུམ་པོ་ཉིད་ནི་ཁམས་གསུམ་པ་སྟེ་ཁམས་གསུམ་དེར་དབང་ཕྱུག་ཆེན་པོ་ནི་ཆེན་པོ་ཡང་དེ་ཡིན་ལ་དབང་ ཕྱུག་ཀྱང་དེ་ཡིན་པས་དབང་ཕྱུག་ཆེན་པོའོ། །འཕགས་ལམ་ཤིན་ཏུ་མཐོ་ལ་གནས། །དར་བ་ཆེན་པོ་ཆོས་ཀྱི་ཏོག །ཅེས་པ་ནི། དེ་ལ་འཕགས་ལམ་ཤིན་ཏུ་མཐོ་ལ་གནས་པ་ནི། ཡང་དག་པར་མཐོ་ཞིང་བསྟོད་པར་གྱུར་པའི་འཕགས་པའི་ལམ་ཡན་ལག་བརྒྱད་པོ་གང་ཡིན་པ་དེ་ནི་འཕགས་ ལམ་ཤིན་ཏུ་མཐོ་བ་སྟེ། དེ་ལ་གནས་པ་ནི་འཕགས་ལམ་ཤིན་ཏུ་མཐོ་ལ་གནས་སོ། །དར་བ་ཆེན་པོ་ནི་དེ་ལས་འབྱུང་བས་ན་དར་བ་སྟེ། ཆེན་པོ་ཡང་དེ་ཡིན་ལ་དར་བ་ཡང་དེ་ཉིད་ཡིན་པས་དར་བ་ཆེན་པོ་སྟེ། ཆེར་འཕེལ་བ་ཞེས་པའི་དོན་ཏོ། །ཆོས་ཀྱི་ཏོག་ནི་ཆོས་རྣམས་ཀྱི་ཏོག་སྟེ། ཆོས་ཀྱི་ རྒྱལ་མཚན་ཞེས་པའི་དོན་ཏོ། །འཇིག་རྟེན་གསུམ་ན་གཞོན་ལུས་གཅིག །གནས་བརྟན་རྒན་པོ་སྐྱེ་དགུའི་བདག །ཅེས་པ་ནི། དེ་ལ་འཇིག་རྟེན་གསུམ་ན་གཞོན་ལུས་གཅིག་ནི་གོང་ནས་གསུངས་པའི་མཚན་ཉིད་ནི་འཇིག་རྟེན་གསུམ་མོ། །དེ་ལ་གཅིག་པུ་གཉིས་སུ་མེད་པ་ཁོ་ནར་གཞོན་ནུའི་ ལུས་དང་འདྲ་བའི་སྐུ་དང་ལྡན་པ་དེ་ནི་འཇིག་རྟེན་གསུམ་ན་གཞོན་ལུས་གཅིག་གོ། །གནས་བརྟན་ནི་ཉན་ཐོས་ལ་སོགས་པ་དེ་རྣམས་ལ་དེའི་ཆོས་ཉེ་བར་བསྟན་པའི་ཕྱིར་རོ། །རྒན་པོ་ནི་རང་སངས་རྒྱས་རྣམས་ཀྱི་མཆོག་ཉིད་ཀྱི་ཕྱིར་དང་། དེའི་ཆོས་སྟོན་པ་ཉིད་ཀྱི་ཕྱིར་རོ། །སྐྱེ་དགུའི་བདག་ པོ་ནི་སོ་སོ་སོ་སོར་སྐྱེ་བས་ན་སྐྱེ་དགུ་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་རྣམས་ཀྱི་བདག་ནི་སྐྱེ་དགུའི་བདག་སྟེ། རྗེ་བོ་ནི་འཇམ་དཔལ་ཉིད་དོ། །སུམ་ཅུ་རྩ་གཉིས་མཚན་འཆང་བ། །སྡུ་གུ་འཇིག་རྟེན་གསུམ་ན་མཛེས། །ཞེས་པ་ནི། དེ་ལ་སུམ་ཅུ་རྩ་གཉིས་མཚན་འཆང་བ་ནི་ཕྱག་དང་ ཞབས་འཁོར་ལོའི་མཚན་དང་ལྡན་པ་ཉིད་དང་། ཞབས་ཤིན་ཏུ་གནས་པ་ཉིད་དང་། ཕྱག་དང་ཞབས་ཀྱི་སོར་མོ་དྲ་བར་འབྲེལ་པ་ཉིད་དང་། ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་ཉིད་དང་། བདུན་མཐོ་བ་ཉིད་དང་། སོར་མོ་རིང་བ་ཉིད་དང་། རྟིང་པ་ཡངས་པ་ཉིད་དང་། སྐུ་ཆེ་ 63-1-72b ཞིང་དྲང་བ་ཉིད་དང་། ཞབས་ལོང་བུ་མི་མངོན་པ་ཉིད་དང་། སྐུའི་སྤུ་གྱེན་དུ་ཕྱོགས་པ་ཉིད་དང་། བྱིན་པ་རི་དགས་ཨེ་ན་ཡ་ལྟ་བུ་ཉིད་དང་། ཕྱག་རིང་ཞིང་མཛེས་པ་ཉིད་དང་། མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་ཉིད་དང་། མདོག་གསེར་དང་འདྲ་བ་ཉིད་དང་། པགས་པ་སྲབ་པ་ཉིད་དང་། སྤུ་རེ་རེ་ནས་གཡས་སུ་འཁྱིལ་བ་ཉིད་དང་། ཞལ་མཛོད་སྤུས་བརྒྱན་པ་ཉིད་དང་། རོ་སྟོད་སེང་གེའི་འདྲ་བ་ཉིད་དང་། དཔུང་མགོ་ཤིན་ཏུ་ཟླུམ་པ་ཉིད་དང་། ཐལ་གོང་རྒྱས་པ་ཉིད་དང་། རོ་བྲོ་བའི་མཆོག་མཁྱེན་པ་ཉིད་དང་། ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་ཉིད་དང་། དབུ་གཙུག་ཏོར་དང་ ལྡན་པ་ཉིད་དང་། ལྗགས་རིང་བ་ཉིད་དང་། ཚངས་པའི་དབྱངས་དང་ལྡན་པ་ཉིད་དང་། འགྲམ་པ་སེང་གེའི་འདྲ་བ་ཉིད་དང་། ཚེམས་དཀར་བ་ཉིད་དང་། ཚེམས་མཉམ་པ་ཉིད་དང་། ཚེམས་ཐགས་བཟང་བ་ཉིད་དང་། ཚེམས་བཞི་བཅུ་མངའ་བ་ཉིད་དང་། སྤྱན་མཐོན་མཐིང་དང་། རྫི་མ་བའི་ལྟ་ བུ་ཉིད་དོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དེ་རྣམས་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། ཉན་ཐོས་ལ་སོགས་པ་དང་མི་མཉམ་པ་ཐམས་ཅད་མཁྱེན་པའི་ས་བོན་ལས་བྱུང་བའི་སྐྱེས་བུ་ཆེན་པོའི་མཚན་རྣམས་ནི་འོད་འབར་བ་དང་། རྫོགས་པ་དང་། གསལ་ལ་གནས་པར་གྱུར་པ་ཡིན་ནོ། །དེ་ ལྟར་ཡང་ཆོས་མངོན་པ་ལས་གསུངས་པ། གསལ་ལ་གནས་པ་འཕགས་འབར་བ། །རྫོགས་པའི་མཚན་ནི་ཐུབ་ཆེན་གྱི། །ཞེས་སོ། །སྡུ་གུ་ནི་སྡུག་པ་སྟེ། འདོད་པར་བྱ་བ་སྟེ། སེམས་ཅན་ཐམས་ཅད་ཀྱིས་འདུན་པ་སྐྱེ་བའི་ཕྱིར་རོ། །འཇིག་རྟེན་གསུམ་ན་མཛེས་པ་ནི། །འཇིག་རྟེན་གསུམ་ནི་ གོང་མ་བཞིན་ནོ། །དེ་ལ་མཛེས་པ་ནི་བལྟ་ན་སྡུག་པ་སྟེ། བལྟ་བས་མི་ངོམས་པའི་གཟུགས་ཅན་གྱི་ཕྱིར་རོ། །དེ་ལ་བལྟ་བས་མི་ངོམས་པ་ནི་རྟེན་གྱི་ཁྱད་པར་ཉིད་ལས་བལྟ་བས་མི་བྲ་བར་ཤེས་པར་བྱ་སྟེ། བཅོམ་ལྡན་འདས་ཀྱི་ཡན་ལག་དང་ཉིང་ལག་དེ་ནི་དུས་རིང་དུ་ལྟ་ན་ཡང་སྔོན་མ་མཐོང་བ་བཞིན་དུ་ མཐོང་ལ། དགའ་བས་བལྟ་བས་མི་ངོམས་པའོ། །བལྟ་བས་མི་ངོམས་པའི་གཟུགས་སོ་ཞེས་གསུངས་སོ། །འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ། །འཇིག་རྟེན་སློབ་དཔོན་འཇིག་པ་མེད། །ཅེས་པ་ནི། དེ་ལ་འཇིག་རྟེན་ཤེས་གེགས་སློབ་དཔོན་ནི་ཤེས་པ་དང་། ལེགས་པ་རྣམས་ནི་ཤེས་ 63-1-73a ལེགས་སོ། །འཇིག་རྟེན་རྣམས་ཀྱི་ཤེས་ལེགས་ནི་འཇིག་རྟེན་ཤེས་ལེགས་ཏེ། དེ་རྣམས་ཀྱི་སློབ་དཔོན་ནི་བཅོམ་ལྡན་འདས་ཞེས་སོ། །འཇིག་རྟེན་སློབ་དཔོན་ནི་ལྷ་དང་མི་ལ་སོགས་པ་རྣམས་ལ་སྐལ་བ་ཇི་ལྟ་བ་བཞིན་དུ་དམ་པའི་ལམ་ཉེ་བར་སྟོན་པས་ན་འཇིག་རྟེན་ སློབ་དཔོན་ཞེས་གསུངས་སོ། །འཇིགས་པ་མེད་པ་ནི་སྤྲུལ་པ་སྣ་ཚོགས་ཀྱི་གཟུགས་བསྟན་པའི་སྒོ་ནས་འགྲོ་བའི་དོན་མ་ལུས་པར་བྱེད་པའི་ཕྱིར་ན་འཇིགས་པ་མེད་པ་སྟེ། བག་ཚ་བ་མེད་པའི་དོན་ཏོ། །མགོན་སྐྱོབ་འཇིག་རྟེན་ཡིད་གཅུགས་པ། །སྐྱབས་དང་སྐྱོབ་པ་བླ་ན་མེད། །ཅེས་པ་ནི། དེ་ལ་ མགོན་ནི་མགོན་མེད་པའི་སེམས་ཅན་འཁོར་བའི་རྒྱ་མཚོར་བྱིང་བ་རྣམས་ཀྱི་མགོན་དུ་གྱུར་པའི་ཕྱིར་རོ། །སྐྱོབ་པ་ནི་སྲུང་བ་དང་སྐྱབས་འདོད་པ་རྣམས་སྐྱོབ་པའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །འཇིག་རྟེན་གསུམ་གྱི་ཡིད་གཅུགས་པ་ནི། འཇིག་རྟེན་ཡིད་གཅུགས་པ་སྟེ། རྣམ་པ་ཐམས་ཅད་དུ་སྟོང་པ་ཉིད་ ཆེན་པོ་རབ་ཏུ་བསྟན་པ་ཉིད་ཀྱིས་ལྟ་བ་ངན་པའི་ཐིབས་པོའི་འགྲོ་བ་མ་ལུས་པ་འཇོམས་པ་ཉིད་ཀྱི་ཕྱིར་རོ། །སྐྱབས་ནི་སྐྱབས་འདོད་པའི་སེམས་ཅན་རྣམས་ཀྱི་སྐྱབས་ཉིད་ཀྱི་ཕྱིར་རོ། །སྐྱོབ་པ་ནི་དེ་བཞིན་གཤེགས་པའི་གདུང་རྒྱུན་མི་འཆད་པ་ཉིད་ཀྱི་ཕྱིར་རོ། །བླ་ན་མེད་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ བླ་ན་མེད་པའི་ཡེ་ཤེས་ཐོབ་པ་ཉིད་ཀྱི་ཕྱིར་རོ། །ནམ་མཁའི་ལོངས་སྤྱོད་ཡང་དག་སྤྱོད། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ། །ཞེས་པ་ནི། དེ་ལ་ནམ་མཁའི་ལོངས་སྤྱོད་ཡང་དག་སྤྱོད་ནི་ནམ་མཁའ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྗེས་སུ་ལོངས་སྤྱོད་པ་ནི་ལེགས་པར་གནས་པའི་ཡེ་ཤེས་ཀྱི་མཐུའོ། ། ཡང་དག་པར་ལོངས་སྤྱོད་པ་ནི་ཡང་དག་པར་ལོངས་སྤྱོད་དེ། ནམ་མཁའི་ལོངས་སྤྱོད་ཡང་དག་སྤྱོད་དོ། །ནམ་མཁའི་ལོངས་སྤྱོད་ཡང་དག་སྤྱོད་ནི་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་སྲིད་ལ་དབང་སྒྱུར་བའི་གཙོ་བོའི་ཕྱིར་རོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ་ནི་ཐམས་ཅད་མཁྱེན་པས་ན་ཐམས་ ཅད་མཁྱེན་པ་སྟེ། དེའི་ཡེ་ཤེས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ། ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་སོ། །དེ་ཉིད་མཚོ་སྟེ་ཤིན་ཏུ་རྒྱ་ཆེ་བ་ཉིད་ཀྱི་ཕྱིར་རོ། །མ་རིག་སྒོ་ངའི་སྦུབས་འབྱེད་པ། །སྲིད་པའི་དྲ་བ་འཇོམས་པ་པོ། །ཞེས་པ་ནི། དེ་ལ་མ་རིག་པ་ནི་ལས་དང་འབྲས་བུ་བདེན་ 63-1-73b པ་དང་དཀོན་མཆོག་རྣམས་མི་ཤེས་པའི་བདག་ཉིད་ཀྱི་གཏི་མུག་སྟེ། དེ་ཉིད་རྟེན་ཅིང་འབྲེལ་པར་འབྱུང་བའི་དང་པོ་ཉིད་ཀྱི་ཕྱིར་དང་། འགྲོ་བ་འབྱུང་བའི་རྒྱུད་ཉིད་ཀྱི་ཕྱིར་ན་མ་རིག་སྒོ་ངའི་སྦུབས་ཞེས་གསུངས་སོ། །དེ་འབྱེད་པ་ནི་འཇོམས་པའི་ཚུལ་དང་གང་ལྡན་པ་སྟེ། འདྲལ་བའི་ངོ་བོ་ཉིད་ཀྱི་ ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ན། སྲིད་པའི་དྲ་བ་འཇོམས་པ་པོ། །ཞེས་པ་སྟེ། སྲིད་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །དེ་ཉིད་དྲ་བ་སྟེ་མི་ཐར་པའི་གནས་ཉིད་ཀྱི་ཕྱིར་རོ། །དེ་འཇོམས་པ་ནི་ཡང་དག་པའི་དོན་བསྒོམས་པས་མཆོག་ཏུ་ཡོངས་སུ་མཐར་ཕྱིན་པ་ཉིད་ཀྱི་ཕྱིར་རོ། །ཉོན་མོངས་མ་ལུས་ཞི་བྱེད་ པ། །འཁོར་བའི་རྒྱ་མཚོའི་ཕ་རོལ་ཕྱིན། །ཞེས་པ་ནི། དེ་ལ་ཉོན་མོངས་པ་མ་ལུས་པ་ནི་རྣམ་པ་གསུམ་སྟེ། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པའོ། །དེ་ལ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ནི་མ་རིག་པ་ དང་། སྲེད་པ་དང་། ལེན་པའོ། །ལས་ཀྱི་ཀུན་ནས་ཉོན་མོངས་པ་ནི་འདུ་བྱེད་དང་། སྲིད་པའོ། །སྐྱེ་བའི་ཀུན་ནས་ཉོན་མོངས་པ་ནི་ཡན་ལག་ལྷག་མ་རྣམས་སོ། །ཡང་ན་ཉོན་མོངས་པ་ནི་རྣམ་པ་གཉིས་ཏེ། རྒྱུའི་ཀུན་ནས་ཉོན་མོངས་པ་དང་། འབྲས་བུའི་ཀུན་ནས་ཉོན་མོངས་པའོ། །དེ་ལ་རྒྱུའི་ ཀུན་ནས་ཉོན་མོངས་པ་ནི་ཉོན་མོངས་པ་དང་། ལས་ཀྱི་རང་བཞིན་གྱི་ཡན་ལག་རྣམས་སོ། །འབྲས་བུའི་ཀུན་ནས་ཉོན་མོངས་པ་ནི་ཡན་ལག་ལྷག་མ་རྣམས་སོ། །ཡང་ན་ཉོན་མོངས་པ་རྣམ་པ་བདུན་ནི་རྒྱུ་རྣམ་པ་བདུན་ཏེ། ཕྱིན་ཅི་ལོག་པའི་རྒྱུ་ནི་མ་རིག་པའོ། །ཟག་པ་མེད་པའི་རྒྱུ་ནི་འདུ་བྱེད་དོ། ། ཉེ་བར་སྦྱོར་བའི་རྒྱུ་ནི་རྣམ་པར་ཤེས་པའོ། །ཡོངས་སུ་འཛིན་པའི་རྒྱུ་ནི་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་གོ། །ཉེ་བར་སྤྱོད་པའི་རྒྱུ་ནི་རེག་པ་དང་ཚོར་བའོ། །འདྲེན་པའི་ནི་སྲེད་པ་དང་། ལེན་པ་དང་། སྲིད་པའོ། །ཡིད་འབྱུང་བའི་རྒྱུ་ནི་སྐྱེ་བ་དང་། རྒ་ཤི་སྟེ། ཉོན་མོངས་པ་དེ་དག་ནི་ཡང་དག་པ་མ་ ཡིན་པའི་ཀུན་དུ་རྟོག་པ་ལས་བྱུང་བའོ། །མ་ལུས་ཞི་བྱེད་ནི་མ་ལུས་མི་ལུས་པའི་ཉོན་མོངས་པ་ཐམས་ཅད་ཉེ་བར་ཞི་བ་དང་གང་ལྡན་པ་དེ་ནི་དེ་ལྟར་རོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར། འཁོར་བའི་རྒྱ་མཚོའི་ཕ་རོལ་ཕྱིན། །ཞེས་གསུངས་སོ། །ཡེ་ཤེས་དབང་བསྐུར་དབུ་རྒྱན་ཅན། །ཡང་དག་ 63-1-74a རྫོགས་པའི་སངས་རྒྱས་རྒྱན། །ཞེས་པ་ནི་དེ་ལ་ཡེ་ཤེས་དབང་བསྐུར་དབུ་རྒྱན་ཅན་ནི་དབང་བསྐུར་བའི་དོན་གྱི་དབུ་རྒྱན་ནི་དབང་བསྐུར་དབུ་རྒྱན་ཅན་ནོ། །ཀུན་དུ་བཟང་པོའི་ཡེ་ཤེས་ཀྱི་དབང་བསྐུར་བའི་ཅོད་པན་དེ་དང་གང་ལྡན་པ་དེ་ནི་ཡེ་ཤེས་དབང་བསྐུར་དབུ་རྒྱན་ཅན་ནོ། །དེ་ཡང་ དབུ་རྒྱན་ནི། །ཡང་དག་རྫོགས་པའི་སངས་རྒྱས་རྒྱན། །ཞེས་པ་སྟེ། དེ་རྣམས་ཀྱིས་བརྒྱན་པ་ཉིད་ཀྱི་ཕྱིར་རོ། །སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི། །གསུམ་སེལ་མཐའ་ཡས་གྲོལ་གསུམ་འགྲོ། །ཞེས་པ་ནི། དེ་སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི་ནི་གཉིས་བསྟན་ཏེ། སྡུག་བསྔལ་ གསུམ་ནི་སྡུག་བསྔལ་གྱི་སྡུག་བསྔལ་དང་། ཉེ་བར་ལེན་པའི་སྡུག་བསྔལ་དང་། མཚན་གྱི་སྡུག་བསྔལ་ལོ། །སྡུག་བསྔལ་གྱི་བདེན་པའི་ཚོར་བ་རྒྱུ་དང་བཅས་པའི་དོན་དེ། གང་ཅུང་ཟད་མྱོང་བ་དེ་ནི་འདིར་སྡུག་བསྔལ་ཞེས་བྱ་བའི་ཕྱིར་རོ། །ཡང་ཚོར་བའི་རྒྱུ་ནི་ཚོར་བའི་གནས་སུ་འོས་པའི་ཆོས་རྣམས་ རིག་པར་བྱའོ། །དེ་ལྟར་གསུངས་པ། སྡུག་བསྔལ་ནི་འཁོར་བའི་ཕུང་པོ་རྣམས་སོ་ཞེས་སོ། །སྡུག་བསྔལ་ནི་དེའི་རྒྱུ་གྲུབ་པ་ཀུན་འབྱུང་གི་བདེན་པ་སྟེ། སྡུག་བསྔལ་གྱི་བདེན་པའི་རྒྱུ་ནི་གྲུབ་བྱེད་གང་ཡིན་པའོ། །ཞི་བ་ནི་དེ་གཉིས་ནི་ཞི་བའི་དོན་གྱིས་ན་འགོག་པའི་བདེན་པའོ། །དེའི་ཕྱིར་གསུངས་པ། སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི། །ཞེས་གསུངས་པ་ནི། བཅོམ་ལྡན་འདས་འཇམ་དཔལ་ཞེས་སོ། །གསུམ་མཐའ་ནི་བདེན་པ་གསུམ་གྱི་མཐའ་མ་ཡིན་པས་ན་གསུམ་མཐའ་ཞེས་བྱ་སྟེ། ལམ་གྱི་དེན་པའོ། །དེ་ཡང་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལམ་གྱི་བདེན་པ་ཞེས་བྱ་བའི་ཚིག་གི་ཕྱིར་ ནའོ། །དེ་ལ་སེམས་ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་གྱུར་པས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཉེ་བར་བསྟན་པ་སྟེ། དེའི་ཕྱིར་གསུངས་པ། མཐའ་ཡས་ཞེས་སོ། །གྲོལ་གསུམ་འགྲོ་ནི་གྲོལ་གསུམ་ནི་ཉན་ཐོས་ལ་སོགས་པས་ཕྱེ་བའི་གྲོལ་བར་འགྲོ་བས་ན་ གྲོལ་གསུམ་འགྲོ་སྟེ། བཅོམ་ལྡན་འདས་འཇམ་དཔལ་ལོ། །སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཞེས་པ་ནི། དེ་ལ་སྒྲིབ་པ་ཀུན་ལས་ངེས་པར་གྲོལ་ནི་ཀུན་ཡང་དེ་ཡིན་ལ་སྒྲིབ་པ་ཡང་དེ་ཡིན་པས་སྒྲིབ་པ་ཀུན་ཏེ། ཉོན་མོངས་པ་དང་ལས་དང་རྣམ་པར་ 63-1-74b སྨིན་པ་དང་ཤེས་བྱ་དང་ཉོན་མོངས་པར་འཇུག་པའི་སྒྲིབ་པ་རྣམས་ཕྱེ་ནས། ལྔ་པོ་རྣམས་ནི་སྒྲིབ་པ་ཀུན། །ཞེས་གསུངས་སོ། །དེ་རྣམས་ལས་རྣམ་པར་གྲོལ་བ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུའོ། །དེ་ཉིད་ཀྱི་ཕྱིར་ན་གསུངས་པ། མཁའ་ལྟར་མཉམ་པ་ཉིད་ ལ་གནས། །ཞེས་པ་སྟེ། སྒྲིབ་པ་ཐམས་ཅད་ལས་ངེས་པར་གྲོལ་བ་ཉིད་ཀྱི་ཕྱིར་རོ། །ཉོན་མོངས་དྲི་མ་ཀུན་ལས་འདས། །དུས་གསུམ་དུས་མེད་རྟོགས་པ་པོ། །ཞེས་པ་ནི། དེ་ལ་ཉོན་མོངས་དྲི་མ་ཀུན་ལས་འདས་ནི་ཉོན་མོངས་ཀུན་ནི་གོང་དུ་བཤད་པའི་མཚན་ཉིད་རྣམས་ཏེ། དེ་རྣམས་ཉིད་ དྲི་མ་རྣམས་སོ། །དེ་དག་ལས་འདས་པ་ནི་ཐལ་བ་སྟེ། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པའི་དྲི་མ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །དུས་གསུམ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་རང་བཞིན་གྱི་ཕྱིར་ན་སྟེ། གསུམ་གྱི་དུས་ཀྱིས་སོ། །དུས་མེད་རྟོགས་པ་པོ་ནི་དུས་མེད་པས་ ན་དུས་མེད་པ་སྟེ། དེའི་ཕྱིར་ནའང་འདས་པ་ནི་འདས་པ་ཉིད་ཀྱི་ཕྱིར་དང་། མ་འོངས་པ་ནི། མ་ཐོབ་པ་ཉིད་ཀྱི་ཕྱིར་དང་། ད་ལྟར་ནི་གཉིས་ཀ་མེད་པའི་ཕྱིར་གནས་པ་མེད་དོ། །དེའི་ཕྱིར་ན་དུས་གསུམ་མི་འགྲུབ་སྟེ། དུས་དེ་དག་མེད་པར་རྟོགས་པས་ན་དུས་གསུམ་དུས་མེད་རྟོགས་པ་པོའོ། ། སེམས་ཅན་ཀུན་གྱི་ཀླུ་ཆེན་པོ། །ཡོན་ཏན་ཐོད་ཅན་རྣམས་ཀྱི་ཐོད། །ཅེས་པ་ནི། དེ་ལ་སེམས་ཅན་ཀུན་ཀྱི་ཀླུ་ཆེན་ནི་རྟོགས་པ་ཁྱད་པར་ཅན་གྱི་ཆོས་དེ་རྙེད་པའི་ཕྱིར་ན་ཀླུ་ཆེན་པོའོ། །ཆེན་པོ་ནི་སེམས་ཅན་ཀུན་གྱི་ཀླུ་སྟེ། དཔོན་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ན། ཡོན་ཏན་ཐོད་ཅན་ རྣམས་ཀྱི་ཐོད། །ཅེས་སོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཀུན་གྱི་མངོན་པར་འགྲོ་བར་བྱ་བ་ལ་སོགས་པ་ཡོན་ཏན་རྣམས་ཀྱི་ཐོད་དེ། གཙུག་གི་ནོར་བུ་ནི། ཡོན་ཏན་ཐོད་ཅན་རྣམས་ཀྱི་ཐོད། །ཅེས་གསུངས་སོ། །དཔེར་ན་མེ་ཏོག་རྣམས་སྤྱི་བོར་བཞག་ན། འཇིག་རྟེན་ན་ཐོད་ཅེས་གྲགས་པ་དེ་ བཞིན་དུ་དེ་ལྟར་ཡོན་ཏན་གྱི་ཚོགས་ཐམས་ཅད་ཀྱི་སྟེང་ན་གནས་པའི་ཕྱིར་ན་ཡོན་ཏན་ཐོད་ཅན་རྣམས་ཀྱི་ཐོད་ཅེས་སོ། །ལུས་ཀུན་ལས་ནི་རྣམ་གྲོལ་ཞིང་། །ནམ་མཁའི་ལམ་ལ་རབ་གནས་པ། །ཞེས་པ་ནི། དེ་ལ་ལུས་ཀུན་ལས་ནི་རྣམ་གྲོལ་བ་ནི་ལུས་ནི་བཞི་སྟེ། ཆོས་དང་། ནོར་དང་། 63-1-75a འདོད་པ་དང་། འཇུག་པའི་མཚན་ཉིད་རྣམས་སོ། །ཆོས་དེ་བཞི་རྣམས་ལས་ཀྱང་གྲོལ་བ་ཉིད་ཀྱི་ཕྱིར་ན་ལུས་ཀུན་ལས་ནི་རྣམ་གྲོལ་བའོ། །ཆོས་ཐམས་ཅད་ཀྱིས་མི་འཇིགས་པ་ཉིད་ཀྱི་ཕྱིར་དང་། མི་འགྱུར་བ་ཉིད་ཀྱི་ཕྱིར་རོ། །ནམ་མཁའི་ལམ་ལ་རབ་གནས་པ་ནི་ ནམ་མཁའི་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཤིན་ཏུ་གནས་པའི་ཕྱིར་རོ། །དེ་ལྟར་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས་གསུངས་པ། རབ་འབྱོར་འདི་ལྟ་སྟེ། ནམ་མཁའ་བསྒོམ་པ་རྣམ་པར་བསྒོམ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་རྣམ་པར་བསྒོམ་པའོ་ཞེས་ སོ། །ཡིད་བཞིན་ནོར་བུ་ཆེན་པོ་འཆང་། །ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག །ཅེས་པ་ནི། དེ་ལ་ཡིད་བཞིན་ནོར་བུ་ཆེན་པོ་འཆང་ནི་ཡིད་བཞིན་ནོར་བུ་ཡང་དེ་ཡིན་ལ་ཆེན་པོ་ཡང་དེ་ཉིད་ཡིན་པས་ཡིད་བཞིན་ནོར་བུ་ཆེན་པོ་སྟེ། འདི་ལྟར་འདོད་པའི་དོན་ཡང་དག་པར་གྲུབ་པར་བྱེད་པའི་ཕྱིར་རོ། ། དེ་འཛིན་པས་ན་ཡིད་བཞིན་ནོར་བུ་ཆེན་པོ་འཆང་ངོ་། །དེ་ཉིད་ཀྱི་ཕྱིར། རིན་ཆེན་ཀུན་གྱི་མཆོག་ཅེས་པ་སྟེ། རིན་པོ་ཆེ་ཐམས་ཅད་ཀྱི་ནང་ན་མཆོག་ཏུ་གྱུར་པའི་ཕྱིར་རོ། །ཁྱབ་བདག་གི་དོན་ནི་བཤད་ཟིན་ཏོ། །དཔག་བསམ་ཤིང་ཆེན་རྒྱས་པ་སྟེ། །བུམ་པ་བཟང་པོ་ཆེ་བའི་མཆོག །ཅེས་པ་ནི། དེ་ལ་ དཔག་བསམ་ཤིང་ཆེན་རྒྱས་པ་ནི་དཔག་བསམ་གྱི་ཤིང་ཡང་དེ་ཡིན་ལ་ཆེན་པོ་ཡང་དེ་ཉིད་ཡིན་པས་དཔག་བསམ་ཤིང་ཆེན་ཏེ། མངོན་པར་འདོད་པའི་དོན་གྱི་དངོས་གྲུབ་རབ་ཏུ་སྦྱིན་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ན་རྒྱས་པ་སྟེ། ཐམས་ཅད་ཡང་དག་པར་འཕེལ་བ་ཉིད་ཀྱི་ཕྱིར་རོ། །བུམ་པ་བཟང་པོ་ ཆེ་བའི་མཆོག་ནི་བུམ་པ་བཟང་པོ་ཆེ་བ་ཡང་དེ་ཡིན་ལ་མཆོག་ཀྱང་དེ་ཉིད་ཡིན་པས་བུམ་པ་བཟང་པོ་ཆེ་བའི་མཆོག་གོ། །བྱེད་པ་སེམས་ཅན་ཀུན་དོན་བྱེད། །ཕན་འདོགས་སེམས་ཅན་མཉེས་གཤིན་པ། །ཞེས་པ་ནི། དེ་ལ་སེམས་ཅན་ཀུན་དོན་བྱེད་པ་ནི་ཡིད་བཞིན་གྱི་ནོར་བུ་ལ་སོགས་པ་དེ་རྣམས་ ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་ཕྱིར་ན་སེམས་ཅན་ཀུན་དོན་བྱེད་དེ་འཇམ་དཔལ་ལོ། །དེ་ཉིད་ཀྱི་ཕྱིར་ན་དགེ་བསྙེན་ཙནྡྲ་གོ་མིའི་ཞབས་ཀྱིས་ཛམྦྷ་ལའི་བསྟོད་པ་གསུངས་པ། བུམ་པ་བཟང་པོ་དང་ནི་དཔག་བསམ་ཤིང་། །ཡིད་བཞིན་ནོར་རྣམས་སེམས་དང་མི་ལྡན་ཡང་། །དེས་ཀྱང་ 63-1-75b སེམས་ཅན་རྣམས་ནི་བདེ་འགྱུར་ན། །སྙིང་རྗེས་དབང་མེད་བཅོམ་ལྡན་སྨོས་ཅི་དགོས། །ཞེས་པ་སྟེ། སེམས་ཅན་འདུལ་དབང་གིས་མི་གཡོ་བ་རྣམས་ཀྱི་གཟུགས་ཀྱིས་ཀྱང་སོ་སོར་སྣང་བ་ཉིད་ཀྱི་ཕྱིར་རོ། །བྱེད་པ་སྐལ་བ་ཇི་ལྟ་བ་དང་བསམ་པའི་དབང་ཉིད་ཀྱིས་ཆོས་ཉེ་བར་སྟོན་པ་ཉིད་ཀྱི་ ཕྱིར་རོ། །ཕན་འདོགས་པ་ནི་ཕྱི་མར་ཕན་པ་ཉིད་ཀྱི་ཕྱིར་རོ། །དེ་སྟོན་པའི་ཚུལ་དང་གང་ལྡན་པ་དེ་ཕན་འདོགས་སོ། །སེམས་ཅན་མཉེས་གཤིན་པ་ནི་འགྲོ་བ་ལ་བུ་གཅིག་པ་བཞིན་དུ་བྱམས་པ་ཉིད་ཀྱི་ཕྱིར་རོ། །བཟང་ངན་ཤེས་ཤིང་དུས་ཤེས་ལ། །ཁྱབ་བདག་དམ་ཤེས་དམ་ཚིག་ ལྡན། །ཞེས་པ་ནི། དེ་ལ་བཟང་ངན་ཤེས་ཤིང་ནི་བཟང་པོ་དང་ངན་པ་ནི་བཟང་ངན་ཏེ། དགེ་བ་དང་མི་དགེ་བའི་དོན་ཏོ། །དེ་མཁྱེན་པས་ན་བཟང་ངན་ཤེས་པ་བཅོམ་ལྡན་འདས་འཇམ་དཔལ་ལོ། །ཁ་ཅིག་ཏུ་མི་དགེ་བ་ཡང་ཤེས་ཏེ། སེམས་ཅན་གྱི་དོན་གྱི་དབང་གི་ཕྱིར་རོ། །དེ་ལྟར་ཡང་གསུངས་ པ། སྙིང་བརྩེར་བྱས་ན་ཉེས་པ་མེད། །ཅེས་སོ། །དུས་ཤེས་པ་ནི་དུས་མཁྱེན་པས་ན་དུས་ཤེས་པའོ། །དེ་ནི་འཇུག་པའི་དུས་སོ། །འདི་ནི་ཆོས་བསྟན་པའི་དུས་སོ། །འདི་ནི་སེམས་ཅན་གྱི་དོན་བྱ་བའི་དུས་སོ། །འདི་ནི་བཏང་སྙོམས་ཀྱི་དུས་སོ། །འདི་ནི་མྱ་ངན་ལས་འདས་པའི་དུས་སོ། ། ཞེས་དེ་ལྟ་བུའི་ཆ་དང་མཐུན་པའོ། །ཁྱབ་བདག་གི་དོན་ནི་བཤད་ཟིན་ཏོ། །དམ་ཤེས་ནི་སྙིང་པོ་དང་། ཕྱག་རྒྱ་དང་། སྔགས་དང་། རིག་པ་རྣམས་ཀྱི་ངོ་བོ་ཉིད་ཤེས་ཤིང་རྟོགས་པས་ན་དམ་ཤེས་སོ། །དེ་ཉིད་ཀྱི་ཕྱིར་ན་དམ་ཚིག་ལྡན་ཞེས་སོ། །དུས་ཤེས་སེམས་ཅན་དབང་དོན་ཤེས། ། རྣམ་གྲོལ་གསུམ་ལ་མཁས་པ་པོ། །ཞེས་པ་ནི། དེ་ལ་དུས་ཤེས་ནི་དུས་རྣམས་ཤེས་པས་དུས་ཤེས་ཏེ། སློང་བའི་སེམས་ཅན་རྣམས་ཀྱི་བསམ་པ་ཤེས་ནས་དུས་སུ་སྦྱིན་པ་ལ་སོགས་པའི་སྦྱིན་པ་ནི་མི་ཟད་པའི་ཕྱིར་རོ། །སེམས་ཅན་དབང་དོན་ཤེས་ནི་སེམས་ཅན་རྣམས་ཀྱི་དབང་པོ་སྟེ། སེམས་ ཅན་ཐམས་ཅད་དང་འབྲེལ་པའི་དབང་པོ་རྟུལ་པོ་ལ་སོགས་པ་དེ་རྣམས་མཁྱེན་པས་ན་སེམས་ཅན་དབང་པོ་ཤེས་སོ། །རྣམ་གྲོལ་གསུམ་ལ་མཁས་པ་པོ་ནི་ཉན་ཐོས་ལ་སོགས་པ་རྣམ་པར་གྲོལ་བ་གསུམ་གྱི་ཆར་བརྟག་པའི་མཚན་ཉིད་ལ་ཞིབ་ཏུ་མཁྱེན་པ་ཉིད་ཀྱི་ཕྱིར་ན་མཁས་པ་པོ་ཞེས་གསུངས་ 63-1-76a སོ། །ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེས། །ཆོས་ཤེས་བཀྲ་ཤིས་བཀྲ་ཤིས་འབྱུང་། །ཞེས་པ་ནི་དེ་ལ་ཡོན་ཏན་ལྡན་ཞིང་ནི་རང་གིའོ། །ཡོན་ཏན་ཤེས་ནི་ཕྱི་རོལ་པ་དང་། ཉན་ཐོས་པ་རྣམས་ཀྱི་ཡོན་ཏན་མཁྱེན་པས་ན་ཡོན་ཏན་ཤེས་སོ། །ཆོས་ཤེས་ནི་འཇིག་རྟེན་ དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་མཁྱེན་པས་ན་ཆོས་ཤེས་སོ། །བཀྲ་ཤིས་ནི་ཐུན་མོང་མ་ཡིན་པའི་སྐྱེས་བུ་ཆེན་པོ་ལ་སོགས་པའི་མཚན་དང་ལྡན་པའི་ཕྱིར་རོ། །བཀྲ་ཤིས་འབྱུང་ནི་འདི་ལས་འབྱུང་བ་སྟེ། འཇིག་རྟེན་ལ་སོགས་པའི་བཀྲ་ཤིས་རྣམས་དེ་ལས་བྱུང་བས་ན་བཀྲ་ཤིས་འབྱུང་ སྟེ། བཅོམ་ལྡན་འདས་འཇམ་དཔལ་ལོ། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ། །ཞེས་པ་ནི། དེ་ལ་བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ་ནི་བཀྲ་ཤིས་ཀྱི་ནང་ནས་ལེགས་པ་བཀྲ་ཤིས་སོ། །བཀྲ་ཤིས་ཀུན་ཏེ་ཤིན་ཏུ་དགའ་བར་བྱེད་པའི་ནང་ནས་བཀྲ་ཤིས་པའི་ཕྱིར་རོ། ། གྲགས་པ་ནི་རྒྱལ་བུ་ཐམས་ཅད་སྒྲོལ་དང་། རི་བོང་གི་ལུས་ཀྱིས་རྨད་དུ་བྱུང་བ་དུ་མས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་ན་དེང་སང་ཡང་མི་ཉམས་པར་གྲགས་པ་ཞེས་པ་ནི་བཅོམ་ལྡན་འདས་དེའི་སྟེ། དེའི་མི་ཟད་པའི་ལུས་ཡིན་པའི་ཕྱིར་རོ། །བཀྲ་ཤིས་ནི་སེམས་རྩེ་གཅིག་ཏུ་བསྒོམ་པ་ལ་བརྩོན་ པའི་རིགས་ཀྱི་བུ་ལ་སོགས་པ་རྣམས་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྟེན་དུ་གྱུར་པ་ཉིད་ཀྱི་ཕྱིར་ན་བཀྲ་ཤིས་ཏེ། བཅོམ་ལྡན་འདས་འཇམ་དཔལ་ལོ། །སྙན་གྲགས་ནི་སྦྱིན་པ་ལ་སོགས་པ་མཆོག་ཏུ་ཡོངས་སུ་མཐར་ཕྱིན་པའི་ཕྱིར་དང་། དྲི་མའི་སྐྱོན་ཐམས་ཅད་མེད་པའི་ཕྱིར་དང་། དྲི་མ་མེད་ པའི་གྲགས་པའི་ཕུང་པོ་ཉིད་ཀྱི་ཕྱིར་ན་ཡང་སྙན་གྲགས་ཞེས་གསུངས་སོ། །དགེ་ཞེས་པ་ནི་དགེ་བ་བཅུའི་ལས་ཀྱི་ལམ་གྱི་བདག་ཉིད་ཀྱི་ཕྱིར་རོ། །དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ། །དགའ་ཆེན་རོལ་མོ་ཆེན་པོ་སྟེ། །ཞེས་པ་ནི། དེ་ལ་དབུགས་འབྱིན་ཆེན་པོ་ནི་དབུགས་འབྱིན་པས་ན་དབུགས་འབྱིན་ པ་སྟེ། དབུགས་འབྱིན་པ་ཡང་དེ་ཡིན་ལ་ཆེན་པོ་ཡང་དེ་ཉིད་ཡིན་པས་དབུགས་འབྱིན་ཆེན་པོ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཏིང་ངེ་འཛིན་གྱིས་འདོད་ཆགས་ལ་སོགས་པ་ལ་མོས་པའི་སེམས་ཅན་རྣམས་ལ་ཡང་དག་པར་དབུགས་འབྱིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །དགའ་སྟོན་ཆེ 63-1-76b ནི་དགའ་བ་ཡང་དེ་ཡིན་ལ་ཆེན་པོ་ཡང་དེ་ཡིན་པས་དགའ་སྟོན་ཆེ་སྟེ། མཆོད་སྦྱིན་མཆོག་ཏུ་གསུངས་སོ། །ལོ་རེ་རྗེས་མཐུན་དད་པ་ཡིས། །གང་ཞིག་ཆོ་ག་ཇི་བཞིན་བྱེད། །རྟག་ཏུ་མཆོད་སྦྱིན་ལ་འཇུག་པ། །དེ་ནི་མཆོད་སྦྱིན་མཆོག་ཏུ་བཤད། །གཞན་དུ་ཐར་པའི་ལམ་དུ་གཤེགས་ རྟག་ཏུ་མཆོད་སྦྱིན་མཆོག་རིག་པའོ། །ཞེས་ཏེ། རྣམ་པ་གཉིས་ཀ་ལྟར་ཡང་བཅོམ་ལྡན་འདས་འཇམ་དཔལ་ཉིད་མཆོག་ཏུ་འགྲོ་བ་སྟེ། རྟག་ཏུ་སྦྱིན་པ་ལ་འཇུག་པའི་ཕྱིར་དང་། རྟག་ཏུ་མྱ་ངན་ལས་འདས་པའི་ལམ་ཉིད་དུ་གཤེགས་པའི་ཕྱིར་དང་། དགེ་བའི་ཕྱོགས་ལ་གཞོལ་བས་ན་དགའ་སྟོན་ ཆེ་བའི་ཕྱིར་རོ། །དགའ་ཆེན་ནི་དགའ་བ་ཡང་དེ་ཡིན་ལ་ཆེན་པོ་ཡང་དེ་ཉིད་ཡིན་པས་དགའ་ཆེན་ཏེ། འཇིག་རྟེན་ཐམས་ཅད་ཀྱི་སྐལ་བ་ཇི་ལྟ་བ་བཞིན་གྱི་གཟུགས་ཉིད་ཀྱིས་བླ་ན་མེད་པའི་ཆོས་སྟོན་པར་བྱེད་པས་དགའ་བ་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །རོལ་མོ་ཆེན་པོ་སྟེ་ནི་རོལ་མོ་ཆེན་པོའི་དགའ་བ་ ཟག་པ་མེད་པའི་མཚན་ཉིད་དང་གང་ལྡན་པ་དེ་རོལ་མོ་ཆེན་པོ་སྟེ་བཅོམ་ལྡན་འདས་དེའོ། །བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས། །མཆོག་ཏུ་དགའ་བ་གྲགས་བདག་དཔལ། །ཞེས་པ་ནི། དེ་ལ་བཀུར་སྟི་ནི་ཁམས་གསུམ་དུ་དམ་པའི་བཀུར་སྟི་དང་མཆོད་པར་འོས་པའི་ཕྱིར་རོ། །བྱེད་པ་ནི་རིམ་གྲོ་སྟེ། རིམ་ གྲོ་མཆོག་ནི་ཉན་ཐོས་ལ་སོགས་པ་གང་ཡིན་པ་དེ་རྣམས་ཀྱི་མཆོད་པ་ཇི་ལྟར་འོས་པ་གྲུབ་པས་ན་དམ་པ་སྟེ། དེ་ལྟར་ཡང་གསུངས་པ། རིམ་གྲོ་མཆོག་གི་ལུང་དབོག་དང་། །ཇི་བཞིན་ཡན་ལག་བཅས་པར་རིག །སྔགས་དོན་ཡང་ནི་རྣམ་པར་དཔྱད། །རིམ་གྲོ་མཆོག་ཏུ་དེ་བརྗོད་དོ། །ཞེས་སོ། །བཅོམ་ལྡན་འདས་ འཇམ་དཔལ་ཡང་མཆོག་བྱེད་པ་སྟེ། དོན་དམ་པའི་རིག་པ་དང་། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ལུང་དབོག་པ་དང་། སྔགས་ཐམས་ཅད་ཀྱི་དོན་རྣམ་པར་དཔྱོད་པའི་ཕྱིར་ན་ཡང་མཆོག་ཅེས་གསུངས་སོ། །ཕུན་སུམ་ཚོགས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྟེན་གྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །མཆོག་ ཏུ་དགའ་བ་ནི་རབ་ཏུ་དགའ་བ་ཐམས་ཅད་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །གྲགས་བདག་དཔལ་ཞེས་པ་ལ། དཔལ་ནི་ལྷ་མོ་སྟེ། དེའི་གྲགས་པ་ནི་བདེ་བ་དང་ཡིད་བདེ་བ་རྣམས་སོ། །དེ་རྣམས་ཀྱི་བདག་པོ་སྟེ། གཙོ་བོ་ནི་བཅོམ་ལྡན་འདས་སོ། །མཆོག་ལྡན་མཆོག་སྦྱིན་གཙོ་བོ་སྟེ། །སྐྱབས་ཀྱི་ 63-1-77a དམ་པ་སྐྱབས་སུ་འོས། །ཞེས་པ་ནི། དེ་ལ་མཆོག་ལྡན་ནི་མངོན་པར་འགྲོ་བར་བྱ་བ་རྣམས་ཀྱི་ནང་ན་མཆོག་ཉིད་ཀྱི་ཕྱིར་རོ། །མཆོག་སྦྱིན་ནི་མཆོག་སྦྱིན་པས་ན་མཆོག་སྦྱིན་ཏེ། བསམ་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །གཙོ་བོ་སྟེ་ནི་ཕྱི་ རོལ་པ་དང་ཉན་ཐོས་ལ་སོགས་པ་ཐམས་ཅད་ཀྱི་ནང་ན་མཆོག་ཏུ་གྱུར་པའི་ཕྱིར་རོ། །སྐྱབས་སུ་འོས་པ་ནི་དམན་ཞིང་སྡུག་བསྔལ་བ་དང་སྐྱབས་མེད་པ་རྣམས་ཀྱི་སྐྱབས་སུ་འོས་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ན་སྐྱབས་ཀྱི་དམ་པའོ། །འཇིགས་ཆེན་དགྲ་སྟེ་རབ་ཀྱི་མཆོག །འཇིགས་པ་མ་ ལུས་སེལ་བ་པོ། །ཞེས་པ་ནི། དེ་ལ་འཇིགས་ཆེན་དགྲ་ནི་གནམ་གྱིས་བསྐོས་པ་ལ་སོགས་པ་འཇིགས་པ་ཆེན་པོ་བརྒྱད་དེ། ནད་དང་། འཆི་བ་དང་། མུ་གེ་དང་། མེ་དང་། ཆུ་དང་། སྲིན་པོ་དང་། ཆག་པ་དང་། བྱི་བ་རྣམས་སོ། །དེ་རྣམས་ཀྱི་དགྲ་སྟེ། ནད་ལ་སོགས་པ་ངེས་པར་ འཇོམས་པ་ཉིད་ཀྱིས་ཡམས་དང་ཉེ་བར་འཚེ་བ་རྣམས་ཟད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ན་རབ་ཀྱི་མཆོག་ཅེས་གསུངས་སོ། །འཇིགས་པ་མ་ལུས་སེལ་བ་པོ་ནི་ལུས་པ་མེད་པའི་འཇིགས་པ་ཆེན་པོ་བརྒྱད་དེ། དེ་དག་ནི་སེང་གེ་དང་། གླང་པོ་ཆེ་དང་། མེ་དང་། སྦྲུལ་དང་། རྐུན་ མ་དང་། རྒྱལ་པོའི་ཆད་པ་དང་། མཚོན་དང་། ལྕེ་འབབ་པ་རྣམས་ལ་སོགས་པའོ། །འཇིགས་པ་དེ་རྣམས་མ་ལུས་པར་སེལ་བར་བྱེད་པ་ཉིད་ཀྱི་ཕྱིར་ན། འཇིགས་པ་མ་ལུས་སེལ་བ་པོ་སྟེ། བཅོམ་ལྡན་འདས་འཇམ་དཔལ་ཏེ། དེ་རྗེས་སུ་དྲན་པ་ཙམ་གྱིས་འཇིགས་པ་མ་ལུས་ པ་ཟད་པར་བྱེད་པའི་ཕྱིར་རོ། །ད་ནི་སེམས་ཅན་ཐམས་ཅད་ལ་འགྲོ་བ་འདུལ་བའི་རང་བཞིན་གྱིས་གང་ལ་གུས་པ་རྣམས་ལ་དེའི་གཟུགས་ཀྱིས་ཀྱང་སྣང་བར་བྱེད་པར་བསྟན་པའི་ཕྱིར་རོ། །གཙུག་ཕུད་ཕུད་བུ་ལྕང་ལོ་ཅན། །རལ་པ་མུཉྫི་ཅོད་པན་ཐོགས། །ཞེས་པ་སྟེ། དེ་ལ་གཙུག་ཕུད་ནི་འདི་ ལ་གཙུག་ཕུད་ཡོད་པས་ན་གཙུག་ཕུད་ཅན་ཏེ། ཁ་ཅིག་ཏུ་བྱིས་པའི་གཟུགས་སུ་སྣང་བའོ། །ཕུད་བུ་ནི་ལྷ་གཞོན་ནུའི་གཟུགས་སོ། །ལྕང་ལོ་ནི་ལྕང་ལོ་དང་གང་ལྡན་པ་དེ་ལྕང་ལོ་ཅན་ཏེ། རལ་པ་ཅན་གྱི་གཟུགས་ཀྱིས་སོ། །རལ་པ་ནི་ཐོར་ཚུགས་གཅིག་པའི་གཟུགས་ཀྱིས་སོ། །མུཉྫ་ 63-1-77b ནི་མགོ་བོ་འཆང་བའི་གཟུགས་ཀྱིས་སོ། །ཅོད་པན་ཐོགས་ནི་ཅོད་པན་ནི་དབུ་རྒྱན་ནོ། །དེ་དང་གང་ལྡན་པ་དེ་ནི་ཅོད་པན་ཐོགས་ཏེ་ཉི་མ་ལ་སོགས་པའི་གཟུགས་ཀྱིས་སོ། །གང་དང་གང་གིས་འདུལ་བའི་གཟུགས་ཅན་རྣམས་ལ་དེ་དང་དེའི་གཟུགས་ཀྱིས་དེ་རྣམས་ཀྱི་སེམས་ཀྱི་རྒྱུད་ལ་སོ་ སོར་སྣང་བར་བྱེད་པའི་ཕྱིར་ན་དེ་ལྟར་གསུངས་སོ། །གདོང་ལྔ་གཙུག་ཕུད་ལྔ་དང་ལྡན། །ཟུར་ཕུད་ལྔ་པ་མེ་ཏོག་ཐོད། །ཅེས་པ་ནི་ཚིག་བདུན་པའི་ཚིགས་སུ་བཅད་པ་ཕྱེད་པོས་ནི་བླ་མའི་མན་ངག་གིས་དང་པོ་སངས་རྒྱས་ཀྱི་སྦྱོར་བ་དང་པོའི་བསྒོམ་ཁོག་དེ་ཁོ་ན་ལས་ཤེས་པར་བྱ་ཞིང་དེ་ཡང་ བཤད་ཟིན་པ་ཉིད་ཀྱི་ཕྱིར་ན་ཡང་འདིར་ཡང་མ་བཤད་དོ། །བརྟུལ་ཞུགས་ཆེ་འཆང་མུན་ཛ་ཅན། །ཚངས་པར་སྤྱོད་པ་བརྟུལ་ཞུགས་མཆོག །ཅེས་པ་ནི། དེ་ལ་མུན་ཛ་ཞེས་པ་ནི་རྩྭ་མུན་ཛའི་སྐེ་རགས་ཅན་གྱི་བརྟུལ་ཞུགས་འཛིན་པའི་གཟུགས་ཀྱིས་བརྟུལ་ཞུགས་ཆེན་པོ་པ་ནི་ལ་ལས་ཕྱག་ རྒྱ་ལྔའི་རྒྱན་དང་ལྡན་པར་སོ་སོར་སྣང་བའི་ཕྱིར་རོ། །ཚངས་པར་སྤྱོད་པ་ནི་བསྐལ་པ་མཐའ་ཡས་པར་ཚངས་པར་སྤྱོད་པ་ལ་ཆེར་སྤྱོད་པའི་ཕྱིར་རྣམ་པར་འགྱུར་བའི་རྒྱུ་གང་ཡིན་པ་འདི་མི་འགྱུར་བ་དེ་ཉིད་ཀྱིས་ན་བཅོམ་ལྡན་འདས་འཇམ་དཔལ་ཚངས་པར་སྤྱོད་པའི་གཟུགས་ཀྱིས་ཁ་ཅིག་ཏུ་སོ་ སོར་སྣང་ངོ་། །བརྟུལ་ཞུགས་མཆོག་ནི་དེ་ཡོངས་སུ་འོས་པ་སྟེ། སོ་སོར་ཤེས་པའི་ལོ་བཅུ་གཉིས་སུ་ཚངས་པར་སྤྱོད་པ་ལ་སྤྱད་པས་སོ་སོར་ཉམས་སུ་མྱོང་བ་ཡོངས་སུ་མཐར་ཐུག་པས་ཆོག་གིས་ཁྱིམ་དུ་ངལ་སོ་བ་མ་བྱས་པ་ཉིད་དུ་སློང་མོ་བྱེད་པ་ཉིད་དམ། ནགས་ཁྲོད་ན་གནས་པའི་དངོས་པོ་ ཉིད་ཀྱིས་གང་ཞིག་སྐྱེ་བ་མ་ལུས་དྲངས་པ་དང་ལྡན་ཞིང་སྨྱུང་བས་ཆོག་པ་དེ་ནི་ཚངས་པར་སྤྱོད་པར་བཤད་དེ། བརྟུལ་ཞུགས་མཆོག་ནི་དེ་ཉིད་ཀྱི་ཕྱིར་ན་བརྟུལ་ཞུགས་ཐམས་ཅད་ཀྱི་ནང་ན་མཆོག་ཏུ་གྱུར་པ་ཉིད་ཀྱི་ཕྱིར་ན་འཇམ་དཔལ་ཁོ་ན་ལ་རིགས་ཏེ། བསྐལ་པ་གྲངས་མེད་པར་ཡེ་ཤེས་ཀྱི་ སྤྱོད་པ་ལ་སྤྱད་པའི་ཕྱིར་རོ། །དཀའ་ཐུབ་མཐར་ཕྱིན་དཀའ་ཐུབ་ཆེ། །གཙང་གནས་དམ་པ་གཽ་ཏ་མ། །ཞེས་པ་ནི། དེ་ལ་དཀའ་ཐུབ་མཐར་ཕྱིན་ནི་འཇིག་རྟེན་ཐམས་ཅད་ཀྱི་དཀའ་ཐུབ་ནི་གང་དབང་པོ་ཉེ་བར་ཞི་བར་བྱེད་པའི་མཚན་ཉིད་དེ་ན་དཀའ་ཐུབ་བོ། །དེ་མཐར་ཕྱིན་པ་རྫོགས་པ་དང་གང་ 63-1-78a ལྡན་པ་དེ་ནི་དཀའ་ཐུབ་མཐར་ཕྱིན་ཏེ། དེ་ལ་ཡང་འཇམ་དཔལ་ལོ། །དཀའ་ཐུབ་ཆེན་པོ་ནི་དཀའ་ཐུབ་ཆེན་པོ་དང་གང་ལྡན་པ་དེ་ནི་དཀའ་ཐུབ་ཆེན་པོ་སྟེ། ལོ་དྲུག་ཏིལ་བྱེད་ཕྱེད་གསོལ་ནས་དཀའ་ཐུབ་ཀྱི་སྤྱོད་པ་ལ་སྤྱི་ཆེར་གནས་པའི་ཕྱིར་ཏེ། དེ་རབ་ཏུ་བསྟན་པའང་ དེས་འདུལ་བ་རྣམས་གཟུང་བའི་ཕྱིར་རོ། །དེའི་ཕྱིར་ཡང་བཅོམ་ལྡན་འདས་འཇམ་དཔལ་དེ་དཀའ་ཐུབ་ཆེ་ཞེས་གསུངས་སོ། །གཙང་གནས་ནི་རིག་བྱེད་འདོན་པ་དང་། བརྟུལ་ཞུགས་གསུམ་རྫོགས་པ་ནི་གཙང་གནས་ཏེ། བརྟུལ་ཞུགས་ཐམས་ཅད་དང་རིག་བྱེད་ཐམས་ཅད་ཡོངས་སུ་མཐར་ཕྱིན་ པའི་ཕྱིར་ན་འཕགས་པ་འཇམ་དཔལ་ཉིད་གཙང་གནས་ཞེས་གསུངས་སོ། །གཽ་ཏ་མ་ནི་རིགས་ཀྱི་མཚན་དེས་བཅོམ་ལྡན་འདས་དེ་ལ་བཏགས་པའོ། །དེ་ཉིད་ཀྱི་ཕྱིར་ན་དམ་པ་ཞེས་པ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པའི་ཕྱིར་དང་། རང་གི་རིགས་ལ་གོང་ན་མེད་པའི་ཕྱིར་རོ། །བྲམ་ ཟེ་ཚངས་པ་ཚངས་པ་ཤེས། །མྱ་ངན་འདས་པ་ཚངས་པ་ཐོབ། །ཅེས་པ་ནི། དེ་ལ་བྲམ་ཟེ་ནི། དཀའ་ཐུབ་ཐོས་དང་སྐྱེ་གནས་ཏེ། །འདི་དག་བྲམ་ཟེ་བྱེད་པའོ། །ཞེས་སོ། །གང་གི་ཕྱིར་བཅོམ་ལྡན་འདས་ཉིད་དུས་མཐའ་ཡས་པ་ལས་སྐྱེས་པས་དཀའ་ཐུབ་དང་ལྡན་པ་དང་། ཡོངས་སུ་མཐར་ཐུག་པ་མེད་པའི་ ཐོས་པ་དང་ལྡན་པའི་ཕྱིར་དང་ཟག་པ་མེད་པའི་ལམ་ལས་སྐྱེས་པའི་སྐྱེ་གནས་ཀྱི་ཕྱིར་ཏེ། ཡོན་ཏན་གསུམ་དང་ལྡན་པས་ན་གཞན་དུ་ནི་བྲམ་ཟེ་ནི་བཅོམ་ལྡན་འདས་ཡིན་ནོ། །ཡང་ན་སྔགས་དང་བྲམ་ཟེ་རྣམས་དབྱེ་བས་ན་གཉིས་སུ་དབྱེ་བ་རྣམ་པ་གཉིས་ཏེ། དེ་ལ་གང་བྲམ་ཟེའི་བདག་ཉིད་ རིག་པ་སྟེ་འདི་ནི་བཅོམ་ལྡན་འདས་འཇམ་དཔལ་ཏེ། དེ་དག་གིས་བསྒྲུབ་པར་བྱ་བའི་འབྲས་བུ་ནི་བཅོམ་ལྡན་འདས་ཁོ་ན་བསྒྲུབ་པར་བྱ་བ་ཉིད་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཁ་ཅིག་ཏུ་དེ་དག་གི་གཟུགས་ཀྱིས་ཀྱང་སྣང་བར་བྱེད་པའི་ཕྱིར་རོ། །ཚངས་པ་ནི་གཟུགས་ཁམས་ཀྱི་བསམ་གཏན་དང་པོ་གྲུབ་པ་ ཚངས་པ་གཟུང་སྟེ། དེའི་གཟུགས་ཀྱིས་ཀྱང་སྣང་བར་བྱེད་པའི་ཕྱིར་རོ། །ཚངས་པ་ཤེས་པ་ནི་ཚངས་པའི་སྒྲ་ནི་རིག་བྱེད་དུ་བཤད་དེ། དེ་མཁྱེན་པས་ན་ཚངས་པ་ཤེས་པའོ། །ཚངས་པ་ལ་སོགས་པའི་རྗེས་སུ་བརྗོད་པ་ལ་བཤད་པར་གྲགས་ཏེ། རྗེས་སུ་བརྗོད་པ་རྣམས་ནི་འདི་ལྟར་དྲན་པར་བྱའོ། ། 63-1-78b ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དེ་དག་གིས་མཆོག་ཏུ་དང་པོ་རིག་བྱེད་ནམ་མཁའ་ལ་གནས་པ་རྗེས་སུ་རྟོགས་ཏེ་བཤད་པར་གྱུར་པ་འདི་ནི་སྐྱེ་དགུའི་བདག་པོ་ལའོ། །སྐྱེ་དགུའི་བདག་པོས་ནི་དབང་པོ་ལའོ། །དབང་པོས་ནི་དྲང་སྲོང་གནས་འཇོག་ལའོ། །དྲང་སྲོང་གནས་འཇོག་གིས་ རྩིབ་ལོགས་སྐྱེས་ལའོ། །རྩིབ་ལོགས་སྐྱེས་ཀྱིས་ཀྲྀཥྞ་རྡེ་བ་ཡན་ལའོ། །ཀྲྀཥྞ་རྡེ་བ་ཡ་ནས་ནི་རྒྱལ་དཔོག་པ་ལའོ། །ཞེས་པ་ལ་སོགས་པ་སྟེ། དེ་ལྟ་བུའི་མཚན་ཉིད་ནི་བཅོམ་ལྡན་འདས་འཇམ་དཔལ་ཁོ་ན་སྟེ་རྗེས་སུ་བརྗོད་པར་རིགས་སོ། །གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་ཐོས་ པ་གསུམ་དུ་འདུས་པའི་གསུང་རབ་མ་ལུས་པར་རྗེས་སུ་རྟོགས་ཤིང་འདུལ་བ་རྣམས་ལ་བརྗོད་པས་ན། དེའི་ཕྱིར་ན་འཇམ་དཔལ་དེ་ཚངས་པ་ཤེས་པའི་གཟུགས་ཀྱང་དེ་ལ་གུས་པ་རྣམས་སོ་སོར་སྣང་ཞེས་སོ། །མྱ་ངན་འདས་པ་ཚངས་པ་ཐོབ་ནི་ཚངས་པའི་མྱ་ངན་ལས་འདས་པ་ནི་ཚངས་ པ་མྱ་ངན་ལས་འདས་པའོ། །ཚངས་པའི་མྱ་ངན་ལས་འདས་པ་ཡང་དགའ་བའོ། །དེ་ལྟར་ཡང་གསུངས་པ། དགའ་བ་ཚངས་པའི་ངོ་བོ་སྟེ། །འདི་མིན་འདི་མིན་ཞེས་གསུངས་སོ། །ཞེས་སོ། །འདི་གཟུགས་ཀྱིས་ཀྱང་བཅོམ་ལྡན་འདས་ཉིད་དོ། །གཅུགས་ལྡན་ནི་མི་སླུ་བས་ན་ གཅུགས་ལྡན་ཏེ། དེ་ལྟར་ཡང་གསུངས་པ། ཕ་དང་གྲོགས་ལ་སོགས་གཅུགས་ནི། །དཀའ་བ་དགའ་ཡང་བྱེད་མོད་ཀྱི། །ཐམས་ཅད་མཁྱེན་པའི་དབང་དོན་ལ། །འཕྲོ་བའོ་ཞེ་ན་བཅོས་མ་མིན། །ཞེས་སོ། །འཇམ་དཔལ་ཡང་ཐུན་མོང་མ་ཡིན་པའི་ཡེ་ཤེས་ཀྱི་རྗེས་སུ་འཛིན་པ་དང་ལྡན་ པས་ན་མཆོག་ཏུ་ཡིད་གཅུགས་པ་སྟེ། དེ་གང་ལ་ཡོད་པ་དེ་གཅུགས་པ་དང་ལྡན་ཞེས་བྱའོ། །གྲོལ་བ་ཐར་པ་རྣམ་གྲོལ་ལུས། །རྣམ་གྲོལ་ཞི་བ་ཞི་བ་ཉིད། །ཅེས་པ་ནི་དེ་ལ་གྲོལ་བ་ནི་སྟོང་པ་མཐོང་བའོ། །དེ་ལྟར་ཡང་ཆོས་ཀྱི་གྲགས་པས་གསུངས་པ། སྟོང་ཉིད་མཐོང་བ་གྲོལ་བ་ཡིན། ། བསྒོམ་པ་མ་ལུས་དེ་ཡི་དོན། །ཞེས་སོ། དེ་ཡང་བཅོམ་ལྡན་འདས་ཁོ་ན་གྲོལ་བ་སྟེ། སྟོང་པ་ཉིད་རྣམ་པར་དབྱེ་བ་ལས་འཇུག་པའི་ཕྱིར་རོ། །ཐར་པ་ནི་ཆགས་པ་དང་བྲལ་བ་ཉིད་ལ་ཞུགས་པའི་རྣལ་འབྱོར་པ་དེའི་དོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པ་སྐྱེ་ 63-1-79a བ་ན་རབ་ཏུ་མགུ་བ་དང་། རབ་ཏུ་དགའ་བ་དང་ཚིམ་པ་འབྱུང་ཞིང་ཡིད་དགའ་བའི་ལུས་ཤིན་ཏུ་སྦྱངས་པར་འགྱུར་རོ། །ལུས་ཤིན་ཏུ་སྦྱངས་པས་བདེ་བ་ཚོར་རོ། །བདེ་བར་གྱུར་པའི་སེམས་མཉམ་པར་འཇོག་གོ། །མཉམ་པར་གཞག་པའི་སེམས་ཀྱིས་ཡང་དག་ པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ངོ་། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ནས་ཡིད་འབྱུང་ངོ་། །ཡིད་བྱུང་བས་ཆགས་པ་དང་བྲལ་ལོ། །ཆགས་པ་དང་བྲལ་ནས་རྣམ་པར་གྲོལ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་ནི་ བཅོམ་ལྡན་འདས་ཀྱིས་རྣམ་པར་གྲོལ་བའི་སེམས་ཉིད་ཆེར་གཞག་སྟེ། དེ་ཡང་དག་པར་མཐོང་བའི་ཕྱིར་རོ། །དེ་ལྟར་གསུངས་པ། བྱིང་བ་མེད་པའི་ལུས་ཀྱིས་ནི། །ཚོར་བ་སྟ་གོན་གནས་པར་བྱ། །མར་མེ་འདྲ་བར་མྱ་ངན་འདས། །དེ་ཡི་སེམས་ནི་རྣམ་པར་ཐར། །ཞེས་སོ། །སློབ་དཔོན་ཀ་མ་ ལ་ཙརྱས་ཀྱང་གསུངས་པ། འདོད་ཆགས་ལ་སོགས་བསྐོར་སེམས་ནི། །འཁོར་བའོ་དེ་ལ་ཆགས་བྲལ་བ། །སྒྲིབ་མེད་སེམས་ནི་ཐར་པ་སྟེ། །མདོར་བསྡུས་ནས་ནི་རྒྱལ་བས་བཤད། །ཅེས་སོ། །དེ་ལྟ་བུའི་ཚུལ་གྱིས་ཉན་ཐོས་ལ་སོགས་པའི་ཐེག་པ་ལ་བཅོམ་ལྡན་འདས་རྣམ་པར་ གཞག་སྟེ། དེ་ཡང་བཅོམ་ལྡན་འདས་འཇམ་དཔལ་ཉིད་དུ་རིག་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་དེའི་ཡིན་པའི་ཕྱིར་རོ། །གྲོལ་ཡན་ལག་ནི་རྣམ་པར་ཐར་པའི་ཡན་ལག་རྣམས་ནི་གྲོལ་ཡན་ལག་སྟེ། རྣམ་པར་ཐར་པ་ནི་བྱང་ཆུབ་བོ། །དེའི་ཡན་ལག་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་རྣམས་སོ། །ཇི་ལྟར་གསུངས་པ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། འདི་དག་ནི་ཡང་དག་པ་བྱང་ཆུབ་ཀྱི་ཡན་ལག་དང་ཆ་ཤས་སུ་གྱུར་པ་སྟེ། བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །ཉོན་མོངས་པའི་སྒྲིབ་ 63-1-79b པའི་གཉེན་པོའི་དངོས་པོ་དེ་རྣམས་ལས་གཞན་ཤེས་བྱའི་སྒྲིབ་པ་འཇོམས་པའི་དོན་དུ་བསྒོམ་པའི་ལམ་རབ་ཏུ་གོམས་པའི་འཕགས་པའི་ལམ་ཡན་ལག་བརྒྱད་པོ་རྣམས་སོ། །འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་ དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་རྣམས་ཏེ། འདི་ལྟར་དེ་དག་ནི་མཐོང་བའི་ལམ་དང་། བསྒོམ་པའི་ལམ་ལ་རྣམ་པར་ཐར་པ་བྱང་ཆུབ་ཀྱི་ཡན་ལག་རྣམས་ཏེ། ཁ་ཅིག་ཏུ་བཅོམ་ ལྡན་འདས་འཇམ་དཔལ་དེ་གྲོལ་ཡན་ལག་ཅེས་གསུངས་སོ། །དེ་གཉིས་སུ་དེའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །རྣམ་གྲོལ་ནི་འདོད་ཆགས་ལ་སོགས་པའི་བཅིངས་པ་ལས་སོ། །འདི་ལྟ་སྟེ། བཅིངས་པ་ནི་གསུམ་སྟེ། འདོད་ཆགས་ཀྱིས་འཆིང་བ་དང་། ཞེ་སྡང་གིས་འཆིང་བ་དང་། གཏི་མུག་ གིས་འཆིང་བའོ། །དེ་རྣམས་ཀྱིས་བཅིངས་པས་ཁམས་གསུམ་ལས་མི་འདའ་བའི་ཕྱིར་ན་འཆིང་བ་རྣམས་ཏེ། རྣམ་པར་གྲོལ་བར་བྱེད་པས་ན་རྣམ་གྲོལ་ཞེས་གསུངས་སོ། །དེ་ལྟར་ཡང་འདིར་ཡོན་ཏན་ཕྱི་ནས་གསུངས་པ། འཆིང་བ་ཐམས་ཅད་ལས་རྣམ་པར་གྲོལ་བའོ་ཞེས་གསུངས་ སོ། །ཞི་བ་ནི་འགོག་པ་ལ་སོགས་པ་རྩོད་པའི་གནས་བརྒྱད་པོ་རྣམས་ལས་རྣམ་པར་གྲོལ་བ་གང་རྟེན་ཅིང་འབྲེལ་པར་འབྱུང་བ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་མཚན་ཉིད་ཞི་བའོ། །དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་སེམས་དཔའ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ རང་བཞིན་ཉིད་ཀྱི་ཕྱིར་ན་ཞི་བ་ཞེས་གསུངས་སོ། །དེ་ལྟར་ཡང་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས་གསུངས་པ། གང་གིས་རྟེན་ཅིང་འབྲེལ་པར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །རྟག་པ་མེད་པ་ཆད་མེད་པ། །ཐ་དད་དོན་མེད་དོན་གཅིག་མིན། །འོང་བ་མེད་པས་འགྲོ་མེད་པ། །སྤྲོས་ པ་ཉེར་ཞི་ཞི་སྤྱོད་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་སོ། །ཞི་བ་ཉིད་ནི་སེམས་ཀྱི་ཉེ་བར་གཡོ་བ་གཟུང་འཛིན་ལ་སོགས་པའི་རྣམ་པར་རྟོག་པ་ཐམས་ཅད་ཉེ་བར་ཞི་བ་ཉིད་ཀྱི་ཕྱིར་ན་ཞི་བ་ཉིད་ཅེས་གསུངས་སོ། །མྱ་ངན་འདས་པ་མྱ་ངན་ཞི། །ལེགས་ 63-1-80a པར་ངེས་འབྱུང་མཐར་འགྲོ་བ། །བདེ་སྡུག་མཐར་བྱེད་མཐར་ཐུག་པ། །ཆགས་བྲལ་ལུས་ནི་ཟད་པ་པོ། །ཞེས་པ་ནི་དེ་ལ་མྱ་ངན་ལས་འདས་པ་ནི་མདོར་བསྟན་པ་སྟེ། ལྷག་མའི་ཚིགས་བཅད་རྣམས་ནི་རིགས་ཀྱི་དབྱེ་བས་དེའི་རྣམ་པར་བཤད་དོ། །རིན་པོ་ཆེའི་ཕྲེང་བ་ལས་མྱ་ ངན་ལས་འདས་པའི་མཚན་ཉིད་གསུངས་པ། ཡོད་པའང་མྱ་ངན་ལས་འདས་མིན། །མེད་པ་ཉིད་ལྟ་ག་ལ་ཡིན། །དངོས་པོ་དངོས་མེད་མཆོག་འཛིན་པའི། །ཟད་པ་མྱ་ངན་མེད་པར་གསུངས། །མྱ་ངན་ནི་མྱ་ངན་ལས་འདས་པ་སྟེ། དེའང་ཕྱི་རོལ་པ་རྣམས་ཀྱིས་ཏེ། དེ་རྣམས་ཀྱིས་དེ་ཙམ་ ལ་དམིགས་པའི་ཕྱིར་རོ། །ཞི་བ་ནི་ཞི་བ་ཉིད་པས་ཞི་བ་སྟེ། དེ་ནི་ཉན་ཐོས་པ་རྣམས་ཀྱིའོ། །ལེགས་པར་ངེས་པར་འབྱུང་ནི་ལེགས་པར་ངེས་པར་འབྱུང་བ་སྟེ། སངས་རྒྱས་རྣམས་ཀྱིའོ། །མཐར་འགྲོ་བ་ནི་མཐའ་སྟེ། རྣམ་པར་འཇིག་པར་འགྲོ་ཞིང་འགྱུར་བས་ན་མཐར་འགྲོ་བ་ནི་མི་བསྐྱོད་ པ་སྟེ། ཞེ་སྡང་ལ་སྤྱོད་པ་རྣམས་རང་གི་རྣམ་པར་ཐར་པའི་སྒོ་ནས་ཡང་དག་པར་སྤྱོད་པ་ཉིད་ཀྱི་ཕྱིར་རོ། །བདེ་སྡུག་མཐར་བྱེད་ནི་རིན་ཆེན་འབྱུང་ལྡན་ཏེ། སེར་སྣ་ལ་སྤྱོད་པའི་སེམས་ཅན་རྣམས་སྦྱིན་པ་རྣམ་པར་དག་པ་རབ་ཏུ་སྦྱིན་པའི་རང་བཞིན་གྱིས་དེ་རྣམས་ཀྱི་བདེ་བ་དང་སྡུག་བསྔལ་མཐར་བྱེད་པའི་ ཕྱིར་རོ། །མཐར་ཐུག་པ་ནི་སྣང་བ་མཐའ་ཡས་ཏེ། འདོད་ཆགས་ལ་སྤྱོད་པའི་སེམས་ཅན་རྣམས་འདོད་ཆགས་རྣམ་པར་དག་པའི་ཆོས་ཉིད་རབ་ཏུ་བསྟན་པའི་སྒོ་ནས་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་མཐར་ཐུག་པར་སོན་པའི་ཕྱིར་རོ། །ཆགས་བྲལ་ནི་དོན་ཡོད་གྲུབ་པ་སྟེ། ལེ་ལོ་ལ་སྤྱོད་པའི་ སེམས་ཅན་རྣམས་རང་གི་རྣམ་པར་ཐར་པའི་གཟུགས་ཀྱིས་དེ་རྣམས་ལ་ཆགས་པ་དང་བྲལ་བ་བསྐྱེད་ནས་དགེ་བའི་ཕྱོགས་ལ་སེམས་ངེས་པར་སྦྱོར་བ་སྟེ། མྱ་ངན་ལས་འདས་པའི་ལམ་རབ་ཏུ་སྟོན་པར་བྱེད་པའི་ཕྱིར་རོ། །ལུས་ནི་ཟད་པ་པོ་ནི་རྣམ་པར་སྣང་མཛད་དེ། ལུས་ནི་བག་ཆགས་སོ། ། དེའི་ཟད་པ་ནི་རྣམ་པར་འཇིག་པར་བྱེད་པ་སྟེ། གཏི་མུག་ལ་སྤྱོད་པའི་སེམས་ཅན་རྣམས་ཡང་དག་པ་ཇི་ལྟ་བའི་ཆོས་བསྟན་པའི་སྒོ་ནས་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གསལ་བར་བྱེད་པའི་ཕྱིར་རོ། །དེ་ཡང་ཐར་པ་རྣམ་པ་གཉིས་ཏེ། ཕུང་པོ་ལྷག་མ་དང་བཅས་པ་དང་། 63-1-80b ཕུང་པོ་ལྷག་མ་མེད་པའོ། །དེ་ལ་ཕྱི་པ་ལ་སོགས་པ་རྣམས་ཀྱིས་ལྷག་མ་དང་བཅས་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ནི་ལྷག་མ་མེད་པའོ། །དེ་ཉིད་ཀྱི་ཕྱིར་ན་གསུངས་པ། བག་ཆགས་བཅས་པའི་སྐྱོན་རྣམས་ཏེ། །སྐྱོབ་པ་ཁྱོད་ཀྱི་སྐྱོན་རྣམས་ནི། །བག་ཆགས་བཅས་པར་ གཅིག་མི་མངའ། །དེའི་ཕྱིར་མྱ་ངན་འདས་གཉིས་དང་། །རང་བཞིན་གྱིས་ནི་དེ་ཉིད་དོ། །ཞེས་གསུངས་སོ། །དེ་གཉིས་ཀའི་རང་བཞིན་གྱིས་ཀྱང་བཅོམ་ལྡན་འདས་འཇམ་དཔལ་ཉིད་ལ་ཤེས་པར་བྱའོ། །དེའི་ཕྱིར་ན་གསུངས་ཏེ། མྱ་ངན་ལས་འདས་པ་ལ་སོགས་པའོ། །ཚུགས་པ་མེད་ པ་དཔེ་མེད་པ། །མི་མངོན་མི་སྣང་གསལ་བྱེད་མིན། །ཞེས་པ་ནི་དེ་ལ་ཚུགས་པ་མེད་པ་ནི་གཞན་རྣམས་ཀྱིས་དབང་བྱ་བར་མི་ནུས་པས་ན་ཚུགས་པ་མེད་པའོ། །དཔེ་མེད་པ་ནི་དཔེ་ཐམས་ཅད་མེད་པའི་ཕྱིར་རོ། །མི་མངོན་པ་ནི་བུད་མེད་ལ་སོགས་པའི་གཟུགས་མེད་པའི་ཕྱིར་རོ། །མི་སྣང་བ་ནི་སྣང་ བ་དང་བྲལ་བའི་ཕྱིར་རོ། །གསལ་བྱེད་མིན་ནི་གོས་པ་མེད་པའི་ཕྱིར་རོ། །གང་གི་ཕྱིར་བཅོམ་ལྡན་འདས་དེ་ཉིད་དོན་དམ་པའི་རང་བཞིན་གྱི་ཕྱིར་ན་ཁྱད་པར་གྱི་ཚིག་ལྔས་བཟུང་བའོ། །མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །ཕྲ་ཞིང་ཟག་མེད་ས་བོན་བྲལ། །ཞེས་པ་ནི་དེ་ལ་མི་འགྱུར་བ་ནི་འགྱུར་བ་དང་བྲལ་བའི་ཕྱིར་རོ། ། ཀུན་འགྲོ་ནི་ཐམས་ཅད་དུ་སོང་བའི་ཕྱིར་རོ། །ཁྱབ་པ་ནི་གཡོ་བ་དང་མི་གཡོ་བའི་དོན་གྱི་རང་བཞིན་གྱི་ཕྱིར་རོ། །རྡུལ་ཕྲན་ནི་ཕྲ་བའི་ཕྱིར་ན་ཕྲ་ཞིང་ངོ་། །ཟག་མེད་ནི་ལམ་གྱི་བདེན་པའི་རང་བཞིན་གྱི་ཕྱིར་རོ། །ཡང་ན་འདུས་མ་བྱས་པ་བཞིའི་རང་བཞིན་གྱི་ཕྱིར་རོ། །དེ་རྣམ་པ་བཞི་ནི་ནམ་མཁའ་དང་། སོ་སོར་ བརྟགས་པའི་འགོག་པ་དང་། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་དང་། དེ་བཞིན་ཉིད་དོ། །ས་བོན་ནི་ཆོས་དང་ཆོས་མ་ཡིན་པ་དང་མི་གཡོ་བའི་ས་བོན་བསགས་པ་ཀུན་གཞི་རྣམ་པར་ཤེས་པའོ། །དེ་ཉིད་ཀྱང་བཅོམ་ལྡན་འདས་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །རྡུལ་མེད་རྡུལ་བྲལ་དྲི་མ་མེད། ། ཉེས་པ་སྤངས་པ་སྐྱོན་མེད་པ། །ཞེས་པ་ནི་དེ་ལ་རྡུལ་མེད་ནི་འདོད་ཆགས་ལ་སོགས་པའི་རྡུལ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །རྡུལ་བྲལ་ནི་དེ་བཞིན་ཉིད་རྣམ་པར་དག་པ་ལས་གཞན་དུ་གྱུར་པ་མེད་པའི་ཕྱིར་རོ། །དྲི་མ་མེད་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ལ་དྲི་མ་ནི་གློ་བུར་བའི་ཕྱིར་ན། བཅོམ་ 63-1-81a ལྡན་འདས་དེ་ཉིད་དྲི་མ་དང་བྲལ་བ་ཞེས་གསུངས་སོ། །ཉེས་པ་སྤངས་པ་ནི་འདོད་ཆགས་ལ་སོགས་པའི་ཉེས་པ་གང་གིས་བོར་བ་དེ་ནི་ཉེས་པ་སྤངས་པ་སྟེ། དེ་ཉིད་ཀྱི་ཕྱིར་ན་སྐྱོན་མེད་པ་ཞེས་པ་སྟེ། སྐྱོན་ནད་ལས་འདས་པ་གང་ཡིན་པ་དེ་ནི་སྐྱོན་མེད་པའོ། །དེ་འདྲ་ བའི་ཡོན་ཏན་གྱི་དོན་ཁྱད་པར་ཅན་ཡང་བཅོམ་ལྡན་འདས་དེ་ཉིད་དོ། །ཤིན་ཏུ་སད་པ་རྣམ་སད་བདག །ཀུན་ཤེས་ཀུན་རིག་དམ་པའོ། །ཞེས་པ་ནི་དེ་ལ་ཀུན་ཤེས་པ་ནི་ཤིན་ཏུ་ལེགས་ཤིང་ཕུལ་དུ་བྱུང་བས་ཤིན་ཏུ་སད་པ་སྟེ། ཇི་བཞིན་དུ་གནས་པའི་དངོས་པོ་ཕྱིན་ཅི་མ་ལོག་པར་མཁྱེན་པའི་ཕྱིར་རོ། ། རྣམ་སད་བདག་ནི་ཉན་ཐོས་ལ་སོགས་པ་ལས་ཁྱད་པར་དུ་སད་པ་ནི་སད་པ་སྟེ། དེའི་བདག་ཉིད་ནི་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །དེ་ཉིད་གང་དང་གང་ལྡན་པ་དེ་རྣམས་སད་པའི་བདག་གོ། །ཀུན་ཤེས་ནི་ཀུན་ཏེ་མ་ལུས་པའི་ཤེས་བྱ་མཁྱེན་པ་ཉིད་ཀྱི་ཕྱིར་ན་ཀུན་ཤེས་སོ། །ཀུན་རིག་ནི་སེམས་ཅན་ཐམས་ ཅད་ཀྱི་སེམས་ཀྱི་སྤྱོད་པ་བསམ་པ་དང་བག་ལ་ཉལ་རིག་པས་ན་ཀུན་རིག་སྟེ། དེ་ཉིད་ཀྱི་ཕྱིར་ན་དམ་པ་པོ་ནི་རབ་སྟེ་བཅོམ་ལྡན་འདས་དེ་ཉིད་དོ། །རྣམ་པར་ཤེས་པ་ཆོས་དབྱིངས་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །ཞེས་པ་ནི་དེ་ལ་རྣམ་པར་ཤེས་པ་ཆོས་ཉིད་འདས་ནི་རྣམ་པར་ཤེས་པ་ནི་མིག་ལ་ སོགས་པ་མ་གཏོགས་པ་ཀུན་གཞི་རྣམ་པར་ཤེས་པ་ཡོད་དེ། དེ་ཉིད་ཀྱང་ས་བོན་ཐམས་ཅད་པ་ཡིན་གྱི། མིག་ལ་སོགས་པའི་རྣམ་པར་ཤེས་པ་ནི་མ་ཡིན་ནོ། །དེ་ཇི་ལྟར་ཤེས་པར་བྱ་ཞེ་ན། ལུང་དང་རིགས་པས་སོ། །དེ་ལ་རིགས་པ་ནི་སྒོ་དུ་མས་རྒྱས་པ་དང་བཅས་པ་བསྒྲུབས་པས་འདིར་མ་བྲིས་སོ། ། ལུང་ལ་ནི་རྩོད་པའི་གཞི་དང་བྲལ་བའི་ཕྱིར་དང་། ཚིག་ཉུང་བ་ཉིད་ཀྱི་ཕྱིར་ཡང་བརྗོད་དོ། །དེའི་ཕྱིར་གསུངས་པ། དེ་ཡང་ཆོས་མངོན་པའི་མདོ་ལས། ཐོག་མ་མེད་པ་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པའང་ཐོབ་པ་ཡིན། །ཞེས་སོ། །དེའི་ ཆོས་ཉིད་ནི་རྣམ་པར་ཤེས་པའི་ཆོས་ཉིད་དོ། །དེ་ཡིས་འདས་པ་ནི་འདས་པ་སྟེ། དེ་ཡང་མི་དམིགས་པའི་ཕྱིར་རོ། །ཡེ་ཤེས་ནི་ཐམས་ཅད་དུ་ཡང་བདག་པོར་བསྒོམས་པའི་ཕྱིར་ཤིན་ཏུ་རྣམ་པར་དག་པ་ཆོས་ཉིད་ལས་ཏེ། དེ་ཉིད་ཀྱི་ཕྱིར་ན་གཉིས་མེད་ཚུལ་འཆང་བ་ཞེས་པ་སྟེ། ཟབ་ཅིང་རྒྱ་ཆེ་བའི་བདག་ 63-1-81b ཉིད་ཀྱི་ཕྱིར་རོ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །དུས་གསུམ་སངས་རྒྱས་དོན་བྱེད་པ། །ཞེས་པ་ནི། དེ་ལ་རྣམ་པར་རྟོག་མེད་ནི་དོན་དམ་པར་རྣམ་པར་རྟོག་པ་ལ་ཡང་མི་རྟོག་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཡང་གསུངས་པ། དོན་དམ་པ་ཡི་རྣམ་རྟོག་ལའང་། །མཁས་པས་རྟག་ཏུ་བྱིང་མི་བྱེད། ། དགེ་བ་དང་ཡང་མི་དགེ་བའི། །རྣམ་པར་རྟོག་ལ་དབྱེར་ཅི་ཡོད། །ཅེས་སོ། །དེའི་ཕྱིར་ན་བཅོམ་ལྡན་འདས་དེ་ཉིད་རྣམ་པར་རྟོག་མེད་དོ། །ལྷུན་གྱིས་གྲུབ་ནི་མངོན་པར་འདུ་བྱེད་པ་མེད་ཅེས་བྱ་བའི་དོན་ཏོ། །རྩོལ་བ་དང་བྲལ་བས་ན་ལྷུན་གྱིས་གྲུབ་པ་སྟེ། དེ་ཡང་དོན་འདིར་འགྱུར་ཏེ། སྔོན་གྱི་ དུས་ན་མངོན་པར་འདུ་བྱེད་པ་དང་བཅས་པའི་འཇུག་པའི་ཤེས་རབ་ཀྱིས་རབ་ཏུ་དཔྱད་པས་སྨོན་ལམ་གང་ཡིན་པ་ཡིད་བཞིན་གྱི་ནོར་བུ་བཞིན་དུ་རྟོག་པ་མེད་ན་ཡང་མཉམ་པར་སྐལ་བ་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་དོན་ཕྱིས་བྱེད་པར་གྱུར་ཅིག་ཅེས་གང་སྔོན་གྱི་སྨོན་ལམ་འདེབས་པ་དེས་མངོན་པར་འདོད་པས་ འཕགས་པ་རྟག་ཏུ་འཇུག་པ་ལྷུན་གྱིས་གྲུབ་པ་ནན་ཏན་མེད་པས་གཞན་གྱི་དོན་བྱ་བ་དང་གང་ལྡན་པ་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ཐམས་ཅད་ལྷུན་གྱིས་གྲུབ་པ་གསུངས་སོ། །ཚིག་དེ་གཉིས་ཀྱིས་ཐབས་དང་ཤེས་རབ་ཀྱི་བདག་ཉིད་བཅོམ་ལྡན་འདས་ཞེས་གསུངས་པར་འགྱུར་རོ། །དེ་ ལྟར་ཡང་གསུངས་པ། སྔོན་གྱི་སྨོན་ལམ་གྱིས་འཕངས་རྟག་ཏུ་ནི། །ལྷུན་གྱིས་གྲུབ་པས་གཞན་གྱི་དོན་རྣམས་འབྱུང་། །ཞེས་སོ། །དུས་གསུམ་སངས་རྒྱས་དོན་བྱེད་པ་ནི་དུས་གསུམ་གྱི་རྫོགས་པའི་སངས་རྒྱས་རྣམས་ནི་དུས་གསུམ་སངས་རྒྱས་ཏེ། བཅོམ་ལྡན་འདས་དེ་ཉིད་དོ། །སངས་རྒྱས་ཐོག་མ་ཐ་མ་མེད། ། དང་པོའི་སངས་རྒྱས་རྒྱུ་མེད་པ། །ཞེས་པ་ནི་དེ་ལ་སངས་རྒྱས་ཞེས་བྱ་བ་ལ་འོན་ཏེ། སངས་རྒྱས་ཞེས་བྱ་བ་འདི་ཇི་ལྟར་ན་སངས་རྒྱས་ལ་འཇུག་པར་འགྱུར་ཞེ་ན། ཅི་སྟེ་མི་འགྱུར་ཏེ། སངས་རྒྱས་ནི་ཡེ་ཤེས་ཀྱི་དོན་ཉིད་ཀྱི་ཕྱིར་རོ། །དེ་ཡང་གཅིག་ཉིད་ཀྱིས་དངོས་པོ་དང་ལས་གཉིས་སུ་སྦྱོར་བ་མཐོང་ངོ་། ། ལྷ་སྦྱིན་སངས་རྒྱས་ལ་རག་ལས་པར་གྱུར་ཏོ། །ལྷ་སྦྱིན་གྱིས་སངས་རྒྱས་བསྟན་ཞིང་བཅོས་སོ། །ལས་སུ་ཡང་སངས་རྒྱས་ཀྱི་དགྲར་འདོད་དེ། འདི་ནི་སངས་རྒྱས་དང་ལྡན་ནོ། །ལས་ཐམས་ཅད་ཅེས་བྱ་བས་ན་སངས་རྒྱས་ཏེ། སངས་རྒྱས་འདི་ནི་དངོས་པོ་ཐམས་ཅད་ཤེས་པའི་བློ་དང་གང་ལྡན་ 63-1-82a པ་དེའོ། །ཡི་གེ་ཨ་ནི་ལྡན་པའི་དོན་དང་། ཕུལ་དུ་བྱུང་བའི་དོན་ཏོ། །ཡང་ན་སངས་རྒྱས་ནི་ཐུགས་སུ་ཆུད་པའི་དོན་ཡིན་ལ་ཕུལ་དུ་བྱུང་བ་ཡང་རྟོགས་པ་སྟེ། རྟོགས་པའི་དོན་དུ་ཡང་གསུངས་སོ། །དངོས་པོ་དང་ལས་དང་བྱེད་པར་འགྱུར་བ་ལས་བྱེད་པ་གང་ཡིན་པ་ ཡང་ལས་ཐམས་ཅད་དེ། རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་ཤེས་པ་དང་ལྡན་པ་ནི་སངས་རྒྱས་ཏེ། བཅོམ་ལྡན་འདས་སོ། །ཐོག་མ་ཐ་མ་མེད་པ་ནི་ཐོག་མ་དང་ཐ་མ་ནི་ཐོག་མ་དང་ཐ་མ་གཉིས་སོ། །ཐོག་མ་དང་ཐ་མ་མེད་པ་གང་དང་ལྡན་པ་དེ་ཐོག་མ་དང་ཐ་མ་མེད་པ་སྟེ། བཅོམ་ལྡན་ འདས་དེ་སྐྱེ་བ་དང་འགག་པ་དང་བྲལ་བའི་ཕྱིར་རོ། །དང་པོའི་སངས་རྒྱས་ནི་དང་པོ་ཁོ་ནའི་སངས་རྒྱས་ཏེ། དེ་ཡང་ཡེ་ཤེས་ལྔའི་བདག་ཉིད་དོ། །གལ་ཏེ་ཇི་ལྟ་ཞེ་ན། དེའི་ཕྱིར་གསུངས་པ། སྟོབས་ཀྱིས་རབ་ཏུ་བསྒོམས་པ་ནི། །མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་ལ་སྟོབས་ནི་ལྔ་སྟེ། དད་པ་དང་། དྲན་པ་དང་། བརྩོན་འགྲུས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱིས་ཉེ་བར་མཚོན་པ་རྣམས་ཏེ། དེ་རྣམས་ཀྱིས་རབ་ཏུ་བསྒོམས་པ་ཉིད་ཀྱི་ཕྱིར་ན་ཡང་དག་པའི་མཐའ་ཐུགས་སུ་ཆུད་པའི་ཕུལ་དུ་བྱུང་བའོ། །མི་འཇིགས་པའི་མཚན་ཉིད་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ལ་མི་འཇིགས་ པ་རྣམས་ནི་ཡེ་ཤེས་ལ་མི་འཇིགས་པ་རྣམས་དང་། ཟག་པ་ཟད་པ་ལ་མི་འཇིགས་པ་དང་། ཉོན་མོངས་པའི་རྒྱུ་ཉེ་བར་བསྟན་པ་ལ་མི་འཇིགས་པ་དང་། རྣམ་པར་བྱང་བའི་རྒྱུ་བསྟན་པ་ལ་མི་འཇིགས་པ་སྟེ། དེ་བས་ན་མི་འཇིགས་པ་བཞིས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ་བོ། །ཀུན་དུ་མཚན་མ་མེད་ པས་ཤིན་ཏུ་ཕྲ་བའི་རྟོག་པ་རྣམ་པར་དག་པ་དེའི་ཕྱིར་སོ་སོ་ཡང་དག་པར་རིག་པའི་རང་བཞིན་ནི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་སོ། །དེ་ལ་སོ་སོ་ཡང་དག་པར་རིག་པ་བཞི་ནི་དོན་དང་། ཆོས་དང་། ངེས་པའི་ཚིག་དང་། སྤོབས་པ་རྣམས་ཀྱི་ཚུལ་གྱིས་སོ། །དེ་རྣམས་ཀྱིས་སོ་སོར་ཀུན་ཏུ་རྟོག་ པའི་ཡེ་ཤེས་ཐོབ་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ཀྱི་ཆོས་ཐམས་ཅད་ཀྱི་སྙིང་པོ་ཉིད་ལྷག་པར་མོས་པའི་བསམ་པ་ཡང་སྟེ། དེའི་ཕྱིར་སྙིང་རྗེ་ཆེན་པོ་དང་བྱམས་པའི་ཚུལ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །བདག་པོ་ཐམས་ཅད་ཤེས་པ་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། 63-1-82b ད་ལྟར་ཡེ་ཤེས་ལྔའི་བདག་ཉིད་དང་། རིགས་ལྔའི་བདག་ཉིད་ནི་བཅོམ་ལྡན་འདས་འདི་ལྟ་སྟེ། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་སྒོ་ནས་དམིགས་པ་གཅིག་པ་ཉིད་དུ་བལྟ་བར་བྱའོ། །དེའང་འཇམ་དཔལ་ཁོ་ན་སྟེ། འདི་ནི་རྒྱུད་མེད་པ་ཞེས་བྱ་བའོ། །རྒྱུད་ནི་རིམ་པ་སྟེ། རྒྱུད་དང་རིམ་པ་གང་ལ་ མེད་པ་དེ་ནི་རྒྱུད་མེད་པ་སྟེ། སྐྱེ་བ་དང་འགག་པ་མེད་པའི་ཕྱིར་རོ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཞེས་པ་ནི་དེ་ལ་ཡེ་ཤེས་མིག་གཅིག་ནི་ཡེ་ཤེས་ཉིད་གཅིག་པུའི་མིག་དང་གང་ལྡན་པ་དེ་ནི་ཡེ་ཤེས་མིག་གཅིག་གོ། །དེ་ཉིད་ཀྱི་ཕྱིར་ན་དྲི་མ་མེད་ ཅེས་པ་སྟེ། འདོད་ཆགས་ལ་སོགས་པའི་དྲི་མ་མེད་པའི་ཕྱིར་རོ། །ཡེ་ཤེས་ལུས་ཅན་ཞེས་པ་ནི་ཡེ་ཤེས་ཉིད་ལུས་ཏེ། གཟུགས་ལ་སོགས་པ་མེད་པ་གང་ཡིན་པ་དེ། ཡེ་ཤེས་ལུས་ཅན་ནོ། །དེ་ཉིད་དེ་བཞིན་གཤེགས་པ་སྟེ། དེའི་དོན་ནི་བཤད་ཟིན་ཏོ། །ཚིག་གི་དབང་ཕྱུག་སྨྲ་བ་ཆེ། །སྨྲ་ བའི་སྐྱེ་མཆོག་སྨྲ་བའི་རྒྱལ། །སྨྲ་བའི་དམ་པ་མཆོག་གི་གནས། །སྨྲ་བའི་སེང་གེ་ཚུགས་པ་མེད། །ཅེས་པ་ནི་དེ་ལ་ཚིག་གི་དབང་ཕྱུག་ལ་སོགས་པའི་ཚིག་བརྒྱད་པོ་རྣམས་ཀྱིས་རྒྱུ་དང་རྒྱུ་ལས་བྱུང་བ་ཅན་གྱི་དངོས་པོས་འབྲས་བུ་མཆོག་ཏུ་ཡོད་པ་ལ་སོགས་པ་བཤད་དེ། དེ་ཡང་གསུངས་པ་ཚིག་གི་དབང་ ཕྱུག་ནི་ཚིག་རྣམས་ཀྱི་དབང་ཕྱུག་གོ། །དེ་ཉིད་ཀྱི་ཕྱིར་ན་སྨྲ་བ་ཆེ་སྟེ། སྨྲ་བ་ཡང་དེ་ཆེན་པོ་ཡང་དེ་ཉིད་ཡིན་པས་སྨྲ་བ་ཆེའོ། །དེ་ཉིད་ཀྱི་ཕྱིར་ན་སྨྲ་བའི་སྐྱེས་མཆོག་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ན། སྨྲ་བའི་རྒྱལ་ཞེས་པ་ལ་མཛེས་པས་ན་རྒྱལ་པོ་སྟེ། སྨྲ་བ་རྣམས་ཀྱི་རྒྱལ་པོ་ནི་སྨྲ་བའི་རྒྱལ་པོའོ། །དེ་ཉིད་ཀྱི་ ཕྱིར་ན་སྨྲ་བའི་དམ་པ་སྟེ། གཙོ་བོ་ཞེས་གསུངས་ཏེ། སྨྲ་བ་རྣམས་ཀྱི་དམ་པ་ནི་སྨྲ་བའི་དམ་པའོ། །དེ་ཉིད་ཀྱི་ཕྱིར་ན་མཆོག་གི་གནས་སོ། །དེ་ཉིད་ཀྱི་ཕྱིར་ན་སྨྲ་བའི་སེང་གེ་ཞེས་སོ། །དེ་ཉིད་ཀྱི་ཕྱིར་ན་ཚུགས་པ་མེད་པ་སྟེ། གཞན་རྣམས་ཀྱིས་མི་ཚུགས་པས་ན་ཚུགས་པ་མེད་དོ། །དེ་ཉིད་ཀྱི་ཡོན་ཏན་གྱི་ ཁྱད་པར་ཡང་བཅོམ་ལྡན་འདས་འཇམ་དཔལ་ལོ། །ཀུན་དུ་ལྟ་བ་མཆོག་ཏུ་དགའ། །གཟི་བརྗིད་ཕུང་པོ་བལྟ་ན་སྡུག །ཅེས་པ་ནི་དེ་ལ་ཀུན་དུ་ལྟ་བ་ནི་ཀུན་ནས་ལྟ་བའི་ཚུལ་དང་གང་ལྡན་པ་དེ་ཀུན་དུ་ལྟ་བ་སྟེ། ཀུན་དུ་བཟང་པོའི་ཡེ་ཤེས་བརྙེས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ན་བཅོམ་ལྡན་འདས་ཀུན་ 63-1-83a དུ་སྤྲོ་བ་མཁྱེན་པའོ། །མཆོག་ཏུ་དགའ་ནི་དོན་དང་ཆོས་སོ་སོ་ཡང་དག་པར་རིག་པའི་ཕྱིར་རོ། །གཟི་བརྗིད་ཕུང་པོ་ནི་གཟི་བརྗིད་ནི་འོད་དོ། །ཕུང་པོ་ནི་ཕྲེང་བའོ། །གཟི་བརྗིད་ཕུང་པོ་གང་དང་ལྡན་པ་དེ་གཟི་བརྗིད་ཕུང་པོའོ། །བལྟ་ན་སྡུག་ནི་ཡེ་ཤེས་མཛེས་པ་དང་གང་ལྡན་པ་དེ་བལྟ་ན་ སྡུག་སྟེ། སྡུ་གུ་མ་ཞེས་པ་ནི་རིག་པ་དང་གང་ལྡན་པ་དེ་ཉིད་ཀྱི་ཕྱིར་རོ། །འོད་བཟངས་འབར་བ་དཔལ་གྱི་བེའུ། །ལག་པ་འོད་འབར་སྣང་བ་པོ། །ཞེས་པ་ནི། དེ་ལ་འོད་བཟངས་ནི་འོད་བཟང་པོས་དཀྱིལ་འཁོར་བྱས་ནས་རྣམ་པར་གནས་པའི་ཕྱིར་རོ། །འབར་བ་ནི་མ་ལུས་ཤིང་ལུས་པ་མེད་པའི་ འཇིག་རྟེན་ལ་ཆེར་སྣང་བའི་ཕྱིར་རོ། །དཔལ་གྱི་བེའུ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ན་དཔལ་བེའུའི་གཟུགས་ཅན་ཉན་ཐོས་ལ་སོགས་པ་ཐམས་ཅད་དང་ཐུན་མོང་མ་ཡིན་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ས་བོན་ལས་བྱུང་བའི་དངོས་པོ་འགྲོ་བ་ཐམས་ཅད་སྐྱེད་པར་བྱེད་པ་དེ་བཞིན་ གཤེགས་པའི་མཚན་ཡོད་དོ། །དེ་ཡང་ཐུན་མོང་མ་ཡིན་པའི་ཕྱིར་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་སེམས་དཔའ་ཁོ་ན་སྟེ། དེ་རྣམས་ཀྱི་ཐུགས་ཀར་གནས་པའི་ཕྱིར་རོ། །ལག་པ་འོད་འབར་སྣང་བ་པོ་ནི་འོད་ཀྱི་སྒྲ་ནི་གཟི་བརྗིད་ཀྱི་རྣམ་གྲངས་ཏེ། མཐའ་ན་ཡང་ཡི་གེ་ཨ་ ཡོད་པའོ། །ལག་པ་ཡང་དེ་འོད་ཀྱང་དེ་ཉིད་ཡིན་པས་ལག་པའི་འོད་རྣམས་ནི་ཁྲོ་བོ་འབར་བའི་འོད་ཀྱིས་ལག་པ་འབར་བ་ནི་ལག་པའི་འོད་འབར་བ་སྟེ། དེ་རྣམས་ཀྱི་སྣང་བ་ནི་ལག་པའི་འོད་འབར་སྣང་བ་པོའོ། །དེ་ཁྲོ་བོས་འདུལ་བའི་སེམས་ཅན་རྣམས་ལ་དེའི་གཟུགས་འོད་ཟེར་འཕྲོ་བའི་སྒོ་ནས་ འདུལ་བར་བྱེད་པའི་དོན་ཏེ། འདི་ལྟ་བུའི་བཅོམ་ལྡན་འདས་ལག་པའི་འོད་འབར་སྣང་བ་པོ་ཞེས་གསུངས་སོ། །སྨན་པ་ཆེ་མཆོག་གཙོ་བོ་སྟེ། །ཟུག་རྔུ་འབྱིན་པ་བླ་ན་མེད། །ཅེས་པ་ནི་དེ་ལ་སྨན་པ་ཆེ་ནི་སྨན་པ་ཡང་དེ་ཡིན་ལ་ཆེན་པོ་ཡང་དེ་ཉིད་ཡིན་པས་སྨན་པ་ཆེ་ནི་སྨན་པའི་རྒྱལ་པོ་ཆེ་ཞེས་པའི་དོན་ཏོ། །འདོད་ ཆགས་ལ་སོགས་པའི་ནད་ཐམས་ཅད་འཇོམས་པ་ཉིད་ཀྱི་ཕྱིར་རོ། །མཆོག་ནི་མི་ཤེས་པའི་ནད་རབ་ཏུ་ཞི་བར་བྱེད་པའི་དོན་དུ་ཕྱིན་ཅི་མ་ལོག་པའི་མན་ངག་གི་སྨན་གཏོང་བར་བྱེད་པའི་ཕྱིར་ན། མཆོག་ཅེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་ན་གཙོ་བོ་ཞེས་པ་སྟེ། འགྲོ་བ་ཐམས་ཅད་མངོན་པར་འདོན་པའི་ 63-1-83b ཕྱིར་རོ། །ཟུག་རྔུ་འབྱིན་པ་ནི་ཟུག་རྔུ་འབྱིན་མཁན་ནོ། །ཟུག་རྔུ་འབྱིན་པའི་ཚུལ་དང་གང་ལྡན་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་ལ་སོགས་པའི་སྙིང་གི་ཟུག་རྔུ་འབྱིན་པར་བྱེད་པའི་ཕྱིར་ཡང་དག་པ་ཇི་ལྟ་བ་བཞིན་དུ་དེའི་གཉེན་པོ་ཆོས་ཉིད་རབ་ཏུ་བསྟན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ ན་བླ་ན་མེད་ཅེས་ཏེ། བཅོམ་ལྡན་འདས་འཇམ་དཔལ་ལོ། །སྨན་རྣམས་མ་ལུས་ལྗོན་པའི་ཤིང་། །ནད་དོ་ཅོག་གི་དགྲ་ཆེ་བ། །ཞེས་པ་ནི་དེ་ལ་སྨན་རྣམས་མ་ལུས་ལྗོན་པའི་ཤིང་ནི་མ་ལུས་ཤིང་ལུས་པ་མེད་པའི་སྨན་རྣམས་ནི་སྨན་རྣམས་སོ། །དེ་རྣམས་ཀྱི་ལྗོན་ཤིང་ནི་སྨན་རྣམས་མ་ལུས། ལྗོན་པའི་ཤིང་ངོ་། །གང་གི་ཕྱིར་བཅོམ་ལྡན་འདས་དེས་འགྲོ་བ་ཀུན་རྗེས་སུ་གཟུང་བའི་དོན་དུ་སྨན་རྣམས་ཀྱི་རྒྱལ་པོ་ཆེན་པོར་གྱུར་པར་སོ་སོར་སྣང་ངོ་། །དེ་ལྟར་ཡང་གསུངས་པ། དེ་དག་དགོན་ཆེན་ལྗོན་པའི་ཤིང་དུ་གྱུར། །ཞེས་སོ། །ནད་དོ་ཅོག་གི་དགྲ་ཆེ་བ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་ པ་དེ་ནད་དེ་ཡིན་པས་ནད་དོ་ཅོག་གོ། །དེ་རྣམས་ཀྱི་དགྲ་ཆེན་ཏེ་དེའི་གཉེན་པོ་ཆོས་ཉིད་རབ་ཏུ་བསྟན་པའི་ཕྱིར་རོ། །སྡུ་གུ་འཇིག་རྟེན་གསུམ་ན་མཛེས། །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན། །ཞེས་པ་ནི་དེ་ལ་སྡུ་གུའི་དོན་ནི་བཤད་ཟིན་ཏོ། །འཇིག་རྟེན་གསུམ་ན་མཛེས་ནི་འགྲོ་བ་ཐམས་ཅད་དང་མི་མཉམ་ པས་འཇིག་རྟེན་གསུམ་གྱི་སྤྱི་གཙུག་དབུ་རྒྱན་ཐུབ་པ་ཉིད་ཀྱི་ཕྱིར་ན་དེ་དེ་ལྟར་གསུངས་སོ། །དཔལ་ལྡན་ནི་དེ་བཞིན་ནོ། །རྒྱུ་སྐར་དཀྱིལ་འཁོར་ཅན་ནི། རྒྱུ་སྐར་རྣམས་ཀྱི་དཀྱིལ་འཁོར་རོ། །དེ་འདྲ་བའི་གཟུགས་དང་གང་ལྡན་པ་བཅོམ་ལྡན་འདས་དེ་ནི་རྒྱུ་སྐར་དཀྱིལ་འཁོར་ཅན་ ཏེ་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །ཕྱོགས་བཅུ་ནམ་མཁའི་མཐའ་གཏུགས་པར། །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། །ཞེས་པ་ནི་དེ་ལ་ཕྱོགས་བཅུ་རྣམས་ཀྱི་ནམ་མཁའ་ནི་ཕྱོགས་བཅུའི་ནམ་མཁའ་སྟེ། དེ་ཡོངས་སུ་མཐར་ཐུག་པ་ནི་ཕྱོགས་བཅུ་ནམ་མཁའི་མཐའ་གཏུགས་པའོ། ། ཆོས་ཀྱི་རྒྱལ་མཚན་ཡིན་པས་ན་ཆོས་ཀྱི་རྒྱལ་མཚན་ཏེ། ཆེན་པོ་ཡང་དེ་ཡིན་ལ་འཛུགས་པ་ཡང་དེ་ཡིན་པས་ཆེན་པོ་འཛུགས་སོ། །དེའི་དོན་ནི་འདི་ལྟ་སྟེ། ཕྱོགས་བཅུ་ནམ་མཁའ་མཐར་ཐུག་པ་རྣམས་སུ་ཆོས་ཀྱི་རྒྱལ་མཚན་ཆེན་པོ་བསྒྲེང་བ་དང་གང་ལྡན་པ་དེ་ནི་དེ་ལྟར་གསུངས་ཏེ། འཇིག་ 63-1-84a རྟེན་ཐམས་ཅད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པར་འཕེལ་བའི་རྒྱལ་མཚན་བཙུགས་པ་ཉིད་ཀྱི་ཕྱིར་རོ། །འགྲོ་བའི་གདུགས་གཅིག་ཡངས་པ་སྟེ། བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན། །ཞེས་པ་ནི་དེ་ལ་འགྲོ་བའི་གདུགས་གཅིག་ཡངས་པ་སྟེ་ནི་འགྲོ་བ་རྣམས་ལ་ གདུགས་ནི་འགྲོ་བའི་གདུགས་ཏེ། གཅིག་པུ་ནི་གཉིས་སུ་མེད་པའོ། །ཡངས་པ་སྟེ་རྒྱ་ཆེ་བ་གང་ཡིན་པ་སྟེ། བཅོམ་ལྡན་འདས་འགྲོ་བའི་གདུགས་གཅིག་ཡངས་པ་སྟེ། ཉོན་མོངས་པའི་གདུང་བ་ཐམས་ཅད་འཇོམས་པའི་ཕྱིར་རོ། །བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན་ནི་བྱམས་དང་སྙིང་རྗེ་ སྟེ། དེ་རྣམས་ཀྱི་དཀྱིལ་འཁོར་ནི་དེའི་སྙིང་པོ་ལེན་པའི་ཕྱིར་རོ། །དཔལ་ལྡན་པདྨ་གར་གྱི་བདག །ཁྱབ་བདག་ཆེན་པོ་རིན་ཆེན་གདུགས། །ཞེས་པ་དེ་ལ་དཔལ་ལྡན་གྱི་དོན་ནི་བཤད་ཟིན་ཏོ། །པདྨ་གར་གྱི་བདག་ནི་ཏིང་ངེ་འཛིན་རྟོགས་པ་སྟེ། དེ་ཡང་བཅོམ་ལྡན་འདས་སོ། །ཁྱབ་བདག་ཆེན་ པོ་ནི་ཁྱབ་བདག་ཀྱང་དེ་ཡིན་ལ་ཆེན་པོ་ཡང་དེ་ཉིད་ཡིན་པས་ཁྱབ་བདག་ཆེན་པོ་སྟེ། དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །རིན་ཆེན་གདུགས་ནི་རིན་ཆེན་ཐམས་ཅད་ཀྱི་དམ་ཚིག་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་ཀུན་གྱི་རྒྱལ་པོ་ཆེ། །སངས་རྒྱས་ཀུན་བདག་ངོ་བོ་འཆང་། །ཞེས་པ་ནི་དེ་ལ་སངས་ རྒྱས་ཀུན་གྱི་རྒྱལ་པོ་ཆེ་ནི་རྒྱལ་པོ་ཡང་དེ་ཡིན་ལ་ཆེན་པོ་ཡང་དེ་ཉིད་ཡིན་པས་རྒྱལ་པོ་ཆེའོ། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་རྒྱལ་པོ་ཆེན་པོ་ནི་སངས་རྒྱས་ཀུན་གྱི་རྒྱལ་པོ་ཆེ་སྟེ། བྱང་ཆུབ་ཀྱི་སེམས་རྡོ་རྗེའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་ཀུན་བདག་ངོ་བོ་འཆང་ནི་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ནི་ སངས་རྒྱས་ཀུན་བདག་སྟེ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱིར་རོ། །དེའི་ངོ་བོ་ནི་ཡོད་པའོ། །དེ་འཛིན་པས་ན་སངས་རྒྱས་ཀུན་བདག་ངོ་བོ་འཆང་ངོ་། །སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ། །སངས་རྒྱས་ཀུན་གྱི་བསྟན་པ་གཅིག །ཅེས་པ་ནི་དེ་ལ་སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ་ནི་རྣལ་འབྱོར་ཡང་དེ་ཡིན་ ལ་ཆེན་པོ་ཡང་དེ་ཡིན་པས་རྣལ་འབྱོར་ཆེའོ། །སངས་རྒྱས་ཐམས་ཅད་ཀྱི་རྣལ་འབྱོར་ཆེན་པོ་ནི་སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀར་གནས་པ་ཉིད་ཀྱི་ཕྱིར་རོ། །འདི་ལྟ་སྟེ། ཡང་གསུངས་པ། རྣལ་འབྱོར་ཆེན་པོ་བཅོམ་ལྡན་འདས། །རྡོ་རྗེ་སེམས་ 63-1-84b དཔའ་དེ་བཞིན་གཤེགས། །ཞེས་སོ། །དེ་དེ་ལྟར་གསུངས་སོ། །སངས་རྒྱས་ཀུན་གྱི་བསྟན་པ་གཅིག་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་གཅིག་སྟེ། ཐེག་པ་ཆེན་པོ་གང་ཡིན་པ་དེ་ནི་སངས་རྒྱས་ཀུན་གྱི་བསྟན་པ་གཅིག་གོ། །དེ་ལྟར་ཐེག་པ་ནི་གཅིག་ཁོ་ན་སྟེ། འདི་ལྟར་ ཐེག་པ་ཆེན་པོ་ཞེས་གསུངས་པའི་ཕྱིར་རོ། །རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ། །རིན་ཆེན་ཀུན་བདག་དབང་ཕྱུག་སྟེ། །འཇིག་རྟེན་ཀུན་གྱི་དབང་ཕྱུག་རྗེ། །རྡོ་རྗེ་འཆང་བ་ཀུན་གྱི་བདག །སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། །ཞེས་པ་ནི་དེ་ལ་རྡོ་རྗེ་རིན་ཆེན་ནི་མི་བསྐྱོད་པའོ། །དེ་བཞིན་དུ་དབང་བསྐུར་དཔལ་ནི་ རྡོ་རྗེ་སེམས་མའོ། །རིན་ཆེན་ཀུན་བདག་དབང་ཕྱུག་སྟེ་ནི་རིན་ཆེན་ཀུན་ནི་རིན་ཆེན་འབྱུང་ལྡན་ནོ། །དེའི་བདག་པོ་དང་དབང་ཕྱུག་ནི་རིན་ཆེན་རྡོ་རྗེ་མའོ། །འཇིག་རྟེན་ཀུན་གྱི་དབང་ཕྱུག་ནི་སྣང་བ་མཐའ་ཡས་སོ། །དེའི་རྗེ་བོ་ནི་ཆོས་ཀྱི་རྗེ་མའོ། །རྡོ་རྗེ་འཆང་བ་ཀུན་གྱི་བདག་ནི་རྡོ་རྗེ་འཆང་བ་ཀུན་ནི་དོན་ཡོད་གྲུབ་པའོ། ། དེའི་བདག་ནི་ལས་ཀྱི་རྡོ་རྗེ་མའོ། །སངས་རྒྱས་ཀུན་གྱི་ཐུགས་ཆེ་ནི་སངས་རྒྱས་ཀུན་ནི་རྣམ་པར་སྣང་མཛད་དོ། །དེའི་ཐུགས་ཆེ་བ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའོ། །དེ་ཡང་དོན་འདི་ལྟར་འགྱུར་ཏེ། རྡོ་རྗེ་རིན་ཆེན་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་དང་གང་འབྲེལ་པ་དེ་རྣམས་ཀྱི་རིགས་ཀྱི་ཡུམ་ལྔ་ གང་ཡིན་པ་དེའི་རང་བཞིན་བཅོམ་ལྡན་འདས་འཇམ་དཔལ་ཏེ། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། སྣ་ཚོགས་རྡོ་རྗེ་དང་། འཁོར་ལོ་རྣམས་ཐོབ་པའི་ཕྱིར་རོ། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །ཞེས་པ་ནི་དེ་ལ སངས་རྒྱས་ཀུན་གྱི་ཐུགས་ལ་གནས་ནི་ཐུགས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་ཀུན་གྱི་སྐུ་ཆེ་བ་ནི་སྐུའི་རང་བཞིན་ཉིད་ཕྱིར་རོ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན་ནི། གསུང་གི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ན་དཔལ་གསང་བ་འདུས་པའི་རྒྱུད་ལས་གསུངས་པ། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཞེས་སོ། །དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་སེམས་དཔའོ། །རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ཅེས་པ་ནི་དེ་ལ་རྡོ་རྗེ་ཉི་མ་སྣང་བ་ཆེ་ནི་རྡོ་རྗེ་ཉི་མ་ནི་ཡེ་ཤེས་ཀྱི་སྣང་བ་ཆེན་པོས་ཁམས་གསུམ་པ་ 63-1-85a ཐམས་ཅད་ཆེར་སྣང་བར་བྱེད་པ་ཉིད་ཀྱི་ཕྱིར་དེ་ལ་དེ་སྐད་ཅེས་གསུངས་སོ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ཅེས་པ་ནི་རྡོ་རྗེ་ཟླ་བ་ནི་ཡེ་ཤེས་ཟླ་བ་སྟེ། དེའི་དྲི་མ་མེད་པ་ནི་ཉོན་མོངས་པ་ཐམས་ཅད་ཀྱི་བག་ཆགས་ཀྱི་སྐྱོན་ཐམས་ཅད་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །འོད་ནི་གསལ་བ་སྟེ་གྲངས་ མེད་པའི་འཇིག་རྟེན་གྱི་ཁམས་སྣང་བར་བྱེད་པ་དང་གང་ལྡན་པ་དེ་ལ་དེ་ལྟར་གསུངས་སོ། །ཚིག་དེ་གཉིས་ནི་འདི་ལྟར་བསྟན་པར་འགྱུར་ཏེ། སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པའི་རིགས་ཀྱི་བུ་ལ་སོགས་པར་རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་རམ་ཟླ་བའི་དཀྱིལ་འཁོར་བསྟན་པར་བྱས་ཏེ། དེའི་ སྟེང་དུ་ཡི་གེ་ཨ་བསམས་ནས་མིང་གི་དོན་གཞན་དང་གཞན་སོ་སོ་གང་ཡང་རུང་བ་དོན་མངོན་དུ་བྱས་ཏེ་འཕགས་པ་མཚན་ཡང་དག་པར་བརྗོད་པ་བཀླག་པར་བྱའོ་ཞེས་མན་ངག་ཏུའོ། །ཆགས་བྲལ་ལ་སོགས་ཆགས་པ་ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །ཅེས་པ་ལ། དེ་ལ་ཆགས་བྲལ་ལ་ སོགས་ཆགས་པ་ཆེ། །ཞེས་པ་ནི། དེས་ནི་རྣལ་འབྱོར་པ་རྣམས་ཀྱི་རང་བཞིན་ཕྱེ་བ་གསུངས་ཏེ། འདོད་ཆགས་དང་འདོད་ཆགས་དང་བྲལ་བ་ལ་ཞུགས་པ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པ་རྣམས་ཀྱི་དེའི་རང་བཞིན་མེད་པ་དེ་ཁོ་ན་ལ་བཅོམ་ལྡན་འདས་སོ། ། ཁ་དོག་སྣ་ཚོགས་འབར་བའི་འོད། །ཅེས་པ་ལ་ཁ་དོག་སྣ་ཚོགས་ནི་ཁ་དོག་སྣ་ཚོགས་པ་སྟེ། དེའི་འབར་བའི་འོད་ནི་མུན་པ་ཐམས་ཅད་རྣམ་པར་འཇོམས་ཤིང་གསལ་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་ཡང་འདིར་བཅོམ་ལྡན་འདས་འཇམ་དཔལ་དེ་ཉིད་ཀྱིས་འོད་སྣ་ཚོགས་ པའི་སྒོ་རྣམས་ཀྱིས་སྣ་ཚོགས་པའི་འཇིག་རྟེན་གྱི་ཁམས་ནི་གནས་པའི་གདུལ་བྱ་སྣ་ཚོགས་པའི་རིགས་དང་། བསམ་པ་དང་། སྤྱོད་པ་དང་། མོས་པ་དང་། དབང་པོ་རྣམས་སྐད་ཅིག་གིས་དུས་གཅིག་ཁོ་ནར་མི་རྟག་པ་དག་སྡུག་བསྔལ་བ་དང་། མི་སྐྱེ་བ་དང་། མི་འགག་པ་ལ་སོགས་པ་ཞི་བ་ དང་རང་བཞིན་གྱིས་མྱ་ངན་ལས་འདས་པ་ལ་སོགས་པའི་དབྱེ་བ་དང་། ཕུང་པོ་དང་ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། འཕགས་པའི་བདེན་པ་ལ་སོགས་པར་ཕྱེ་བ་དང་། དྲན་པ་ཉེ་བར་གཞག་པ་ནས་ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་ 63-1-85b པོ་ལ་སོགས་པའི་དབྱེ་བས་དང་། སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་དབྱེ་བས་དང་། སྐད་སྣ་ཚོགས་དང་སྒོ་སྣ་ཚོགས་དང་། མངོན་པར་བརྗོད་པ་སྣ་ཚོགས་པ་དང་། ཆོ་འཕྲུལ་སྣ་ཚོགས་དང་། འཇུག་པ་སྣ་ཚོགས་དང་། ཐེག་པ་སྣ་ཚོགས་དང་། འབྲས་བུ་རྟོགས་པ་སྣ་ཚོགས་རྣམས་ཀྱིས་སྐད་ཅིག་མ་དེ་ཉིད་ཁོ་ན་ལ་བསྟན་པའི་མཁྱེན་པས་ཆོས་རབ་ཏུ་བསྟན་པར་མཛད་པས་ན། ཁ་དོག་སྣ་ཚོགས་འབར་བའི་འོད། །ཅེས་བྱ་བ་འདི་གསུངས་སོ། །མཚན་གྱི་སྔགས་ཀྱི་ཚིག་འདི་ཡང་བླ་མས་བསྟན་པའི་མན་ངག་གང་ལས་བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་སེམས་དཔའ་ལ་སྦྱར་བར་བྱའོ་ཞེས་སོ། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །སངས་རྒྱས་འགྲོ་བའི་ཆོས་འཛིན་པ། །ཞེས་པ་ནི་དེ་ལ་རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས་ནི་བཅོམ་ལྡན་འདས་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་རྡོ་རྗེ་སྐྱིལ་ཀྲུང་ནི་རྡོ་རྗེ་སྐྱིལ་ཀྲུང་རྫོགས་ སངས་རྒྱས་ཞེས་སོ། །བཅོམ་ལྡན་འདས་གང་ཡིན་པ་འདིས་བདུད་བཞི་ལས་མཆོག་ཏུ་རྒྱལ་བས་ན་ཟད་པ་དང་མི་སྐྱེ་བ་མཁྱེན་པ་མངོན་དུ་བྱེད་པ་དང་ལྡན་པའི་ཕྱིར་དེ་ཡང་བཅོམ་ལྡན་འདས་དེ་ཉིད་དོ། །སངས་རྒྱས་འགྲོ་བའི་ཆོས་འཛིན་པ་ནི་འགྲོ་བར་མཛད་པས་ན་འགྲོ་བ་སྟེ། སངས་རྒྱས་རྣམས་ཀྱི་འགྲོ་ བ་ནི་སངས་རྒྱས་རྣམས་ཀྱི་འགྲོ་བའོ། །དེ་ལྟར་ཡང་འགྲོ་བར་བྱ་ཞིང་བདག་གིས་བརྩད་པར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཆོས་ཏེ་དེ་འཛིན་པས་ན་སངས་རྒྱས་འགྲོ་བའི་ཆོས་འཛིན་ཏེ་དེ་ཡང་བཅོམ་ལྡན་འདས་དེ་ཉིད་དོ། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་ མཛོད་འཛིན་པ། །ཞེས་པ་ནི་དེ་ལ་དཔལ་ལྡན་ནི་བཤད་ཟིན་ཏོ། །སངས་རྒྱས་པདྨ་སྐྱེས་ནི་སངས་རྒྱས་ཉིད་པདྨ་བས་སངས་རྒྱས་པདྨ་རྣམས་ཏེ། ཉོན་མོངས་པའི་བག་ཆགས་ཀྱི་དྲི་མ་རྣམས་ཀྱིས་ཉེ་བར་མགོས་པའི་ཕྱིར་རོ། །དེ་ལས་བྱུང་བས་ན་སངས་རྒྱས་པདྨ་སྐྱེས་སོ། །དེ་ཉིད་བཅོམ་ལྡན་འདས་སོ། ། ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཀུན་མཁྱེན་ཡེ་ཤེས་སོ། །དེ་ཉིད་མཛོད་དང་སྣོད་ཁྱིམ་སྟེ། དེ་འཆང་བས་ན་ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་ནོ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིག་སྔགས་འཆང་། །ཞེས་པ་ནི་དེ་ལ་རྒྱལ་པོ་ནི་ 63-1-86a དགེ་བ་བཅུའི་ལས་ཀྱི་ལམ་བསྟན་ཅིང་ལེགས་པར་བཤད་པ་དག་གིས་འཇིག་རྟེན་ལ་བསྒོ་བར་བྱེད་པས་ན་རྒྱལ་པོ་སྟེ། དེ་ཉིད་བཅོམ་ལྡན་འདས་སོ། །སྒྱུ་འཕྲུལ་སྣ་ཚོགས་འཆང་ནི་སྒྱུ་འཕྲུལ་སྣ་ཚོགས་པ་སྟེ། སྤྲུལ་པ་རྣམ་པ་སྣ་ཚོགས་པའོ། །དེ་འཛིན་པས་ན་སྒྱུ་འཕྲུལ་ སྣ་ཚོགས་འཆང་ངོ་། །ཆེ་བ་སངས་རྒྱས་རིག་སྔགས་འཆང་། །ཞེས་པ་ལ་སངས་རྒྱས་རྣམས་ཀྱི་རིག་སྔགས་ནི་སངས་རྒྱས་རིག་སྔགས་ཏེ། སངས་རྒྱས་རིག་སྔགས་ནི་གཟུངས་བཞི་སྟེ། ཆོས་དང་དོན་དང་སྔགས་དང་བཟོད་པའི་མཚན་ཉིད་རྣམས་སོ། །དེ་རྣམས་འཛིན་པས་ནི་འདི་སངས་རྒྱས་རིག་ སྔགས་འཆང་ངོ་། །དེ་ཉིད་ཆེ་བ་ཞེས་པ་སྟེ། །ཀུན་དུ་འགྲོ་བ་ཉིད་ཀྱི་ཕྱིར་རོ། །རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །ཡི་གེ་མཆོག་སྟེ་རྣམ་པར་དག །ཅེས་པ་ནི་དེ་ལ་རྡོ་རྗེ་རྣོན་པོ་ནི་ཕྱག་རྒྱ་ཆེན་པོའི་ངོ་བོས་སོ། །རལ་གྲི་ཆེ་ནི་ལས་ཀྱི་ཕྱག་རྒྱའི་རང་བཞིན་ནོ། །རྣམ་པར་དག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་ བམ་སྟེ། དེ་ཡང་དམ་ཚིག་གི་ཕྱག་རྒྱའི་སྒོ་ནས་སོ། །ཡི་གེ་མཆོག་ནི་ཆོས་ཀྱི་ཕྱག་རྒྱའི་སྒོ་ནས་སོ། །དེ་ཡང་བཅོམ་ལྡན་འདས་དང་པོའི་སངས་རྒྱས་དེ་ཁོ་ན་ཕྱག་རྒྱ་བཞིས་རྒྱས་བཏབ་པས་རྡོ་རྗེ་རྣོན་པོ་ཞེས་གསུངས་སོ། །ཐེག་པ་ཆེན་པོ་སྡུག་བསྔལ་གཅོད། །མཚོན་ཆ་ཆེན་པོ་རྡོ་རྗེ་ཆོས། །ཞེས་པ་ནི་ དེ་ལ་སྡུག་བསྔལ་ནི་ཉེ་བར་ལེན་པའི་ཕུང་པོ་རྣམས་ཏེ། དེ་རྣམས་གཅོད་པས་ན་སྡུག་བསྔལ་གཅོད་པའོ། །དེ་ཉིད་ཐེག་པ་ཆེན་པོ་སྟེ། ལམ་གྱི་བདེན་པ་ཉིད་ཀྱི་ཕྱིར་རོ། །དེའི་རྡོ་རྗེ་ཆོས་ནི་ཡེ་ཤེས་ཀྱི་ཆོས་ཏེ། ཆོས་དེ་མི་མཐུན་པའི་ཕྱོགས་གཅོད་པའི་ཕྱིར་མཚོན་ཆ་ཆེན་ པོའོ། །དེ་དང་གང་ལྡན་པ་དེ་ནི། ཐེག་པ་ཆེན་པོ་སྡུག་བསྔལ་གཅོད། །མཚོན་ཆ་ཆེན་པོ་རྡོ་རྗེ་ཆོས་ཏེ། བཅོམ་ལྡན་འདས་སོ། །རྡོ་རྗེ་ཟབ་མོ་ཛི་ན་ཛིཀ །རྡོ་རྗེ་བློ་གྲོས་དོན་བཞིན་རིག །ཅེས་པ་ནི་དེ་ལ་རྡོ་རྗེ་ཟབ་མོ་རྡོ་རྗེ་སྟེ། ཡེ་ཤེས་ཟབ་མོ་འདི་རྡོ་རྗེ་ཟབ་མོའོ། །ཡང་ན་ཟབ་མོ་ནི་གཟུང་འཛིན་ལ་སོགས་ པའི་རྣམ་པར་རྟོག་པ་དང་བྲལ་བ་ཤེས་རབ་ཀྱི་རང་བཞིན་དང་གང་ལྡན་པ་དེ་ལ་དེ་ལྟར་གསུངས་སོ། །ཛི་ན་ནི་དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་སོགས་པ་རྣམས་སོ། །དེ་རྣམས་ལས་རྒྱལ་བ་དང་ཟིལ་གྱིས་གནོན་པ་ལ་བདག་པོ་ཡིན་པས་ན་ཛི་ན་ཛིཀ་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ། 63-1-86b དེ་ཡང་བཅོམ་ལྡན་འདས་འཇམ་དཔལ་ཉིད་དོ། །རྡོ་རྗེ་བློ་གྲོས་ནི་རྡོ་རྗེ་འདྲ་བའི་མི་ཕྱེད་པའི་བློ་གྲོས་དང་གང་ལྡན་པ་དེ་རྡོ་རྗེ་བློ་གྲོས་ཏེ། གཟུང་འཛིན་ལ་སོགས་པའི་རྣམ་པར་རྟོག་པས་བསྡུས་པ་ཐམས་ཅད་ཀྱིས་མི་ཕྱེད་པ་ཉིད་ཀྱི་ཕྱིར་རོ། །དོན་བཞིན་རིག་ནི་ཇི་ལྟར་གནས་པའི་དོན་རྣམ་པར་རིག་པས་ དོན་བཞིན་རིག་གོ། །ཕ་རོལ་ཕྱིན་པ་ཀུན་རྫོགས་པ། །ས་རྣམས་ཀུན་གྱི་རྒྱན་དང་ལྡན། །ཞེས་པ་ལ་ཕ་རོལ་ཕྱིན་པ་ཀུན་རྫོགས་པ་ནི་ཕ་རོལ་ཕྱིན་པ་ཀུན་ནི་སྦྱིན་པ་ལ་སོགས་པ་རྣམས་སོ། །དེ་རྣམས་རྫོགས་པའི་ཚུལ་དང་གང་ལྡན་པ་དེ་ལ་དེ་ལྟར་གསུངས་སོ། །ས་རྣམས་ཀུན་གྱི་རྒྱན་དང་ལྡན་ནི་ས་ རྣམས་ཀུན་ནི་རབ་ཏུ་དགའ་བ་ལ་སོགས་པ་རྣམས་སོ། །དེ་ཉིད་ཀྱི་རྒྱན་ཏེ་དཀྱིལ་འཁོར་གང་ཡིན་པ་དེ་ལ་དེ་ལྟར་གསུངས་སོ། །རྣམ་པར་དག་པ་ཆོས་བདག་མེད། །ཡང་དག་ཡེ་ཤེས་ཟླ་འོད་བཟང་། །ཞེས་པ་ནི་དེ་ལ་རྣམ་པར་དག་པའི་ཆོས་ནི་རྣམ་པར་དག་པ་སོ་སོར་རྟོག་པའི་མཚན་ཉིད་གྲུབ་ པ་སྟེ། བདག་མེད་པ་ནི་སྣང་བ་མེད་པར་བྱེད་པའོ། །ཡང་དག་པའི་ཡེ་ཤེས་དེ་ཉིད་ཟླ་བ་སྟེ། ཀུན་དུ་བཟང་པོའི་སེམས་བསྐྱེད་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ཉིད་ཀྱི་ཕྱིར་ཏེ། དེ་ཉིད་བཅོམ་ལྡན་འདས་སོ། །འོད་བཟང་བ་ནི་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་རང་བཞིན་ གྱིས་འོད་གསལ་བའི་ཡེ་ཤེས་ཏེ་དེ་དང་གང་ལྡན་པ་དེ་ལ་དེ་ལྟར་རོ། །བརྩོན་ཆེན་སྒྱུ་འཕྲུལ་དྲ་བ་སྟེ། །རྒྱུད་ཀུན་གྱི་ནི་བདག་པོ་མཆོག །ཞེས་པ་ནི་དེ་ལ། བརྩོན་ཆེན་སྒྱུ་འཕྲུལ་དྲ་བ་སྟེ། །ཞེས་པ་ནི། སྒྱུ་འཕྲུལ་དྲ་བ་ནི་སྤྲུལ་པའི་ཚོགས་ཏེ། བརྩོན་ཆེན་དང་གང་ལྡན་པ་དེ་ལ་དེ་ལྟར་རོ། །རྒྱུད་ཀུན་གྱི་ནི་བདག་ པོ་ནི་རྒྱུད་ཀུན་ནི་རྣལ་འབྱོར་གྱི་རྒྱུད་ལ་སོགས་པའི་བདག་པོ་ནི་གཙོ་བོ་སྟེ། དེའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །མཆོག་ནི་བཤད་ཟིན་ཏོ། །རྡོ་རྗེ་གདན་ནི་མ་ལུས་ལྡན། །ཡེ་ཤེས་སྐུ་རྣམས་མ་ལུས་འཆང་། །ཞེས་པ་ནི་མ་ལུས་ཤིང་ལུས་པ་མེད་པའི་ཏིང་ངེ་འཛིན་གྱི་རང་བཞིན་གྱི་སྐྱིལ་མོ་ཀྲུང་དང་གང་ལྡན་པ་དེ་ནི་ རྡོ་རྗེ་གདན་ནི་མ་ལུས་ལྡན་ནོ། །དེ་ཉིད་ཀྱི་ཕྱིར། ཡེ་ཤེས་སྐུ་རྣམས་མ་ལུས་འཆང་། །ཞེས་པ་སྟེ། ཡེ་ཤེས་ལྔ་པོ་མ་ལུས་པའི་སྐུ་རྣམས་མ་ལུས་འཆང་ངོ་། །ཀུན་དུ་བཟང་པོ་བློ་གྲོས་བཟང་། །ས་ཡི་མངལ་ཏེ་འགྲོ་བ་འཛིན། །ཞེས་པ་ནི་དེ་ལ་ཀུན་དུ་བཟང་པོ་ནི་ཀུན་ལས་བཟང་ཞིང་དགེ་བ་གང་ཡིན་ 63-1-87a པ་དེ་ནི་ཀུན་དུ་བཟང་པོ་སྟེ། བྱང་ཆུབ་ཀྱི་སེམས་རྡོ་རྗེའི་བདག་ཉིད་ཀྱི་ཕྱིར་རོ། །བློ་གྲོས་བཟང་ནི་ལེགས་པའི་བློ་གྲོས་ནི་བློ་གྲོས་བཟང་པོ་སྟེ། རྟོག་པའི་དྲ་བ་ཐམས་ཅད་མེད་པའི་ཕྱིར་རོ། །སའི་མངལ་ཞེས་པ་ནི། དེ་ལ་སའི་ཁམས་ཏེ་སྣོད་ཀྱི་འཇིག་རྟེན་ནོ། །དེའི་མངལ་ནི་ སྐྱེད་པར་བྱེད་པ་གང་ཡིན་པ་དེ་སའི་མངལ་ལོ། །འགྲོ་བ་འཛིན་ནི་འགྲོ་བ་ནི་སེམས་ཅན་གྱི་འཇིག་རྟེན་ནོ། །དེ་འཛིན་པ་ནི་འཛིན་པར་བྱེད་པས་ན་འགྲོ་བ་འཛིན་ཏེ་འགྲོ་བ་ཀུན་གྱི་རྟེན་ཞེས་པའི་དོན་ཏོ། །ཚིག་དེ་གཉིས་ཀྱིས་གཡོ་བ་དང་མི་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་དེ་ཡིན་པའི་ཕྱིར་རོ། ། སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་། །ཞེས་པ་ནི་དེ་ལ་སངས་རྒྱས་ཀུན་གྱི་སྙིང་པོ་ཆེ་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྐྱེད་པའི་རྒྱུ་ཉིད་ཀྱི་ཕྱིར་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་དེ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་བདག་ཉིད་ཡིན་པ་དེའི་ཕྱིར། སངས་རྒྱས་ ཀུན་གྱི་སྙིང་པོ་ཆེ། །ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་ན། སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་། །ཞེས་པ་སྣ་ཚོགས་ནི་རྣམ་པ་སྣ་ཚོགས་པའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་ཡང་དག་པར་སྟོན་པའི་བདག་ཉིད་ཀྱི་སྤྲུལ་པ་ནི་སྣ་ཚོགས་སྤྲུལ་པའོ། །དེའི་འཁོར་ལོ་ནི་སྤྲུལ་པའི་འཁོར་ ལོ་སྟེ་དཀྱིལ་འཁོར་རོ། །དེ་འཛིན་པས་ན་སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་ངོ་། །དངོས་པོ་ཀུན་གྱི་རང་བཞིན་མཆོག །དངོས་པོ་ཀུན་གྱི་རང་བཞིན་འཛིན། །ཞེས་པ་ནི་དེ་ལ་དངོས་པོ་ཀུན་གྱི་རང་བཞིན་མཆོག་ནི་དངོས་པོ་ཡང་དེ་ཡིན་ལ་ཀུན་ཡང་དེ་ཡིན་པས་དངོས་པོ་ཀུན་ནི་གཡོ་བ་དང་མི་གཡོ་བ་ལ་སོགས་ པ་རྣམས་སོ། །དེ་རྣམས་ཀྱི་རང་བཞིན་ནི་དངོས་པོ་ཀུན་གྱི་རང་བཞིན་ཏེ། དངོས་པོ་ཀུན་གྱི་རང་བཞིན་ཡང་དེ་ཡིན་ལ་མཆོག་ཀྱང་དེ་ཉིད་ཡིན་པས་དངོས་པོ་ཀུན་གྱི་རང་བཞིན་མཆོག་གོ། །དེ་ཇི་ལྟར་ཞེ་ན། བཅོམ་ལྡན་འདས་དེའི་ཡང་དག་པའི་མཐའི་དེ་བཞིན་ཉིད་ཀྱི་ཡོངས་སུ་དག་པའི་དེ་བཞིན་ཉིད་ཀྱི་ཡེ་ཤེས་ ཀྱི་སྐུའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དངོས་པོ་ཀུན་གྱི་རང་བཞིན་འཛིན་ནི་དེ་ཉིད་ཀྱི་ཕྱིར་ན་དངོས་པོ་ཀུན་གྱི་རང་བཞིན་ཏེ། ཆོས་ཐམས་ཅད་བདག་མེད་པར་འཇུག་པ་འཛིན་པས་ན་དངོས་པོ་ཀུན་གྱི་རང་བཞིན་འཛིན་ཏེ། རྣམ་པ་ཐམས་ཅད་དུ་ཆེན་པོ་སྟོང་པ་ཉིད་ཀྱི་ཕྱིར་རོ། །སྐྱེ་མེད་ཆོས་དེ་སྣ་ཚོགས་ 63-1-87b དོན། །ཆོས་ཀུན་ངོ་བོ་ཉིད་འཆང་བ། །ཞེས་པ་ནི་དེ་ལ་སྐྱེ་མེད་ཆོས་ནི་སྐྱེ་བ་མེད་ཅིང་རང་བཞིན་མེད་པའི་ཆོས་དང་གང་ལྡན་པ་དེ་སྐྱེ་མེད་ཆོས་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ནི་དོན་དམ་པར་སྐྱེ་བ་མེད་པའི་ཕྱིར་རོ། །སྣ་ཚོགས་དོན་ནི་ཀུན་རྫོབ་ཏུ་འགྲོ་བ་ཐམས་ཅད་རྗེས་སུ་འཛིན་པའི་དོན་ བྱེད་པ་ཉིད་ཀྱི་ཕྱིར་རོ། །ཆོས་ཀུན་ངོ་བོ་ཉིད་འཆང་བ་ནི་དེ་ལ་ཆོས་ཀུན་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་དང་། ས་དང་། སྟོང་པ་ཉིད་དང་། བྱང་ཆུབ་ཀྱི་ཕྱོགས་དང་། བདེན་པ་དང་། བསམ་གཏན་དང་། ཚད་ མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་ འདྲེས་པ་དང་། དགེ་སྦྱོང་གི་འབྲས་བུ་དང་། རྣམ་པ་ཐམས་ཅད་མཁྱེན་པ་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། མཚན་མ་མེད་པ་དང་། དོན་དམ་པ་དང་། ཆོས་ཀྱི་དབྱིངས་ཞེས་བྱ་བ་ཆོས་དེ་རྣམས་ཀྱི་རང་བཞིན་ནི་ཆོས་ཀུན་རང་བཞིན་ཏེ། དེ་ཡང་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་ནས་དེ་འཛིན་ པས་ན་ཆོས་ཀུན་ངོ་བོ་ཉིད་འཆང་ངོ་། །དེ་ལྟར་ཡང་ཡེ་ཤེས་ཞབས་ཀྱིས་གསུངས་པ། ཡང་དག་བྱང་ཆུབ་སེམས་བསྐྱེད་ནས། །བྱམས་པ་ཆེན་པོར་རབ་སྦྱར་ཏེ། །ཆོས་རྣམས་ཐམས་ཅད་བདག་མེད་པ། །དེ་ལྟར་ཤེས་ན་རྣམ་པར་གྲོལ། །ཞེས་སོ། །ཤེས་རབ་ཆེན་པོའི་སྐད་ཅིག་ལ། །ཆོས་ཀུན་མངོན་པར་ རྟོགས་པ་འཆང་། །ཞེས་པ་ནི་དེ་ལ་ཤེས་རབ་ཀྱང་དེ་ཡིན་ལ་ཆེན་པོ་ཡང་དེ་ཉིད་ཡིན་པས་ཤེས་རབ་ཆེན་པོ་སྟེ། ཆོས་ཐམས་ཅད་རྣམ་པར་འབྱེད་པའི་བདག་ཉིད་དོ། །སྐད་ཅིག་ཀྱང་དེ་ཡིན་ལ་གཅིག་ཀྱང་དེ་ཉིད་ཡིན་པས་སྐད་ཅིག་གོ། །དེ་བས་ན་དེའི་དོན་ནི་འདི་ལྟར་འགྱུར་ཏེ། དུས་ཀྱི་སྐད་ཅིག་མ་ཉིད་ ལ་ཤེས་རབ་ཆེན་པོ་ཉིད་ཀྱིས་ཇི་ལྟར་གསུངས་པའི་ཆོས་ཐམས་ཅད་དུ་ཤེས་པའི་ཕྱིར་ན། ཤེས་རབ་ཆེན་པོའི་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པའོ། །དེ་འཛིན་པས་ན་ཤེས་རབ་ཆེན་པོའི་སྐད་ཅིག་ལ་ཆོས་ཀུན་མངོན་པར་རྟོགས་པ་འཆང་ངོ་། །ཆོས་ཀུན་མངོན་པར་རྟོགས་པ་སྟེ། ཡང་དག་ 63-1-88a མཐར་ཐུག་མཆོག་གི་བློ། །ཞེས་པ་ནི། དེ་ལ་ཆོས་ཀུན་མངོན་པར་རྟོགས་པ་ཞེས་པ་ལ། ཆོས་ཐམས་ཅད་ཀྱི་རང་བཞིན་མངོན་པར་རྟོགས་པ་ནི་ཆོས་ཀུན་མངོན་པར་རྟོགས་པ་སྟེ། ཡང་དག་པར་ཐུགས་སུ་ཆུད་པ་དང་གང་ལྡན་པ་དེ་ནི་ཆོས་ཀུན་མངོན་པར་རྟོགས་པའོ། ། ཡང་དག་མཐར་ཐུག་ཅེས་པ་ལ་ཡང་དག་པ་ནི་བདེན་པ་སྟེ། དེ་བཞིན་ཉིད་ཅེས་པའི་བར་དུའོ། །དེའི་མཐའ་ནི་ཡང་དག་མཐའོ། །མཐར་ཐུག་པ་ཡང་དེ་ཡིན་ལ་ཡང་དག་མཐའ་ཡང་དེ་ཉིད་ཡིན་པས་ཡང་དག་མཐར་ཐུག་གོ། །དེ་ཉིད་ཀྱི་ཕྱིར་ན་མཆོག་གི་བློ་ནི་རྣལ་འབྱོར་ཅན་གྱི་ཡེ་ཤེས་ཏེ། ཡང་དག་ པའི་དོན་བསྒོམས་པས་རབ་ཀྱི་མཐར་ཕྱིན་པ་ཡིན་པའི་ཕྱིར་རོ། །མི་གཡོ་རབ་ཏུ་དང་བའི་བདག །ཡང་དག་རྫོགས་པའི་བྱང་ཆུབ་འཆང་། །ཞེས་པ་ནི་དེ་ལ་མི་གཡོ་བ་ནི་ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་སུ་སོང་བའི་བྱིང་བ་དང་རྒོད་པ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ན་རབ་ཏུ་དང་བའི་བདག་ཅེས་པ་ སྟེ། ཏིང་ངེ་འཛིན་གྱི་བར་ཆད་གཉིས་མེད་པའི་ཕྱིར་རོ། །ཡང་དག་རྫོགས་པའི་བྱང་ཆུབ་འཆང་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཛིན་པའི་ཕྱིར་ན་བཅོམ་ལྡན་འདས་དེ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཆང་ཞེས་གསུངས་སོ། །སངས་རྒྱས་ཀུན་གྱི་མངོན་སུམ་པ། །ཡེ་ཤེས་མེ་ ལྕེ་འོད་རབ་གསལ། །ཞེས་པ་ལ། དེ་ལ། སངས་རྒྱས་ཀུན་གྱི་མངོན་སུམ་པ། །ཞེས་པ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་མངོན་སུམ་པ་ནི་ཡང་དག་པར་རང་གིས་རིག་པ་ཉིད་ཀྱི་ཕྱིར་རོ། །ཡེ་ཤེས་མེ་ལྕེ་ནི་ཤེས་རབ་ཀྱི་མར་མེའོ། །འོད་རབ་གསལ་ནི་བརྗོད་ཀྱིས་མི་ལང་བའི་སངས་རྒྱས་ཀྱི་ཞིང་ ཀུན་དུ་སྣང་བར་བྱེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་འགྲོ་བ་ཐམས་ཅད་ལ་ཕན་པའི་རང་བཞིན་གྱིས་དབང་པོའང་རབ་འབྲིང་ཐ་ཆུངས་ཀྱི་སེམས་ཅན་གདུལ་བྱ་རྣམས་ལ་ཕན་འདོགས་པས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ ཅད་ཀྱི་ཏིང་ངེ་འཛིན་བསྟན་པའི་སྒོ་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་། ས་དང་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་འབྲས་བུ་རབ་ཏུ་རྫོགས་པའི་དོན་དུ་གཟུགས་སྣ་ཚོགས་སྟོན་པར་བྱེད་པ་ཡིན་ནོ། །དེ་དབང་པོ་རྟུལ་པོའི་སེམས་ཅན་འགའ་ཞིག་འདུལ་བ་ལ་ཚངས་པའི་གཟུགས་ཀྱིས་དང་། དབང་པོ་ 63-1-88b འབྲིང་པོ་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་རྣམས་ཁ་ཅིག་ལ་ཕན་འདོགས་པའི་དོན་དུ་དེའི་གཟུགས་ཀྱིས་ཀྱང་སྣང་ངོ་། །དབང་པོ་རྣོན་པོ་བྱང་ཆུབ་སེམས་དཔའི་རིགས་རྣམས་ལ་འགའ་ཞིག་ཏུ་བྱང་ཆུབ་སེམས་དཔའ་དང་། ཚོགས་དང་། ས་དང་། ཕ་རོལ་ཏུ་ཕྱིན་པའི་རིམ་པས་བདག་གི་དངོས་ པོ་བསྟན་པས་དང་། འགའ་ཞིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ངོ་བོ་དང་། འགའ་ཞིག་ཏུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་བདག་ཉིད་རྣམས་དང་། སེམས་ཅན་བཀྲེས་པ་རྣམས་ཁ་ཅིག་ལ་ཕན་འདོགས་པའི་དོན་དུ་བུམ་པ་བཟང་པོ་ལ་སོགས་ པའི་གཟུགས་ཀྱིས་དང་། ནད་ཆེན་པོས་གཟིར་བའི་སེམས་ཅན་ཁ་ཅིག་ལ་སྨན་ཆེན་པོ་ལ་སོགས་པའི་གཟུགས་ཀྱིས་དང་། དེ་ལ་སོགས་པ་རྣམས་ཀྱིས་གཡོ་བ་དང་མི་གཡོ་བ་ལ་སོགས་པའི་དངོས་པོ་ཐམས་ཅད་ཀྱིས་འགྲོ་བ་ལ་ཕན་འདོགས་པའི་དོན་དུ་རྗེས་སུ་སྒྲུབ་པར་བྱེད་པའི་སྔགས་ཀྱི་ ཡི་གེ་ཚིག་ཉིས་བརྒྱ་བདུན་ཅུ་རྩ་ལྔར་རྣམ་པར་སྤྲོས་ཏེ། དེ་རྣམས་ཀྱི་རིགས་ཀྱི་དབྱེ་བས་རྣམ་པ་ལྔར་ཕྱེ་ལ། རིགས་རེ་རེ་ལ་ཡང་མཚན་གྱི་སྔགས་ཀྱི་ཡི་གེའི་ཚིག་ལྔ་བཅུ་རྩ་ལྔར་སྦྱར་ནས་མཚན་གྱི་སྔགས་ཀྱི་ཡི་གེ་དེ་རྣམས་ཀྱིས་ཀྱང་ཕྱོགས་བཅུ་མཐའ་ཡས་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་སོང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཛད་པ་མཐུན་པར་བསྒྲུབས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འཁོར་ཡང་སྣང་བར་བྱས་ནས་འདོད་ཆགས་ལ་སྤྱོད་པའི་སེམས་ཅན་རྣམས་རང་གི་རྣམ་པར་ཐར་པའི་སྒོ་ནས་དག་པར་བྱས་ཏེ། རང་ གི་རིགས་ཀྱི་ཁ་དོག་གིས་ཉེ་བར་བསྒོས་པ་རྣམས་ཡང་ཕྱིར་ལོག་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་འཁོར་ལོ་གསུམ་པ་ལ་ཇི་ལྟ་བའི་རིམ་པས་རྣམ་པར་གནས་པར་བལྟའོ། །དེ་བས་ན་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་སྔར་བསྟན་པའི་གཟུགས་ རྣམ་པ་གསུམ་དུ་དམིགས་ཏེ། འཕགས་པ་མཚན་ཡང་དག་པར་བརྗོད་པ་བཀླག་གོ། །ཡོན་ཏན་གྱི་ཚོགས་ཐོབ་བོ་ཞེས་པ་ནི་མན་ངག་གོ། །ཚིགས་བཅད་ནི་བཞི་བཅུ་རྩ་གཉིས་ཏེ། མཚན་གྱི་སྔགས་ཀྱི་སྒོ་ཡི་གེའི་ཚིག་ནི་ཉིས་བརྒྱ་བདུན་ཅུ་རྩ་ལྔ་སྟེ་གྲངས་སོ། །འཕགས་པ་མཚན་ཡང་ 63-1-89a དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་པ་མཚན་གསང་སྔགས་ཀྱི་དོན་དུ་རྣམ་པར་ལྟ་བ་ལས་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པའི་རིམ་པར་ཕྱེ་བ་སྟེ་བརྒྱད་པའོ།། །།ད་ནི་མཉམ་པ་ཉིད་ཡེ་ཤེས་ཀྱི་སྒོ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི་ཡེ་ཤེས་སེམས་དཔའ་འཇམ་དཔལ་ཡེ་ཤེས་ཀྱི་སྐུའི་བསྟོད་པའི་དབང་དུ་བྱས་ནས་གསུངས་པ། འདོད་པའི་དོན་གྲུབ་དམ་པ་སྟེ། །ངན་སོང་ཐམས་ཅད་རྣམ་སྦྱོང་བ། །མགོན་པོ་སེམས་ཅན་ཀུན་གྱི་མཆོག །སེམས་ཅན་ཐམས་ཅད་རབ་གྲོལ་བྱེད། །ཅེས་པ་ལ་སོགས་པ་སྟེ། དེ་ལ་འདོད་ པའི་དོན་གྲུབ་ནི་དོན་དུ་གཉེར་བར་བྱ་བས་ན་དོན་ཏེ། འདོད་པ་ཡང་དེ་ཡིན་ལ་དོན་ཡང་དེ་ཉིད་པས་འདོད་པའི་དོན་ཏེ། དེ་སྒྲུབ་པར་བྱེད་ཅིང་སྐྱེད་པར་བྱེད་པ་ནི་རིན་ཆེན་འབྱུང་ལྡན་ཏེ། སེར་སྣས་སྡུག་བསྔལ་བའི་སེམས་ཅན་རྣམས་ལ་རྣམ་པར་དག་པའི་སྦྱིན་པའི་སྒོ་ནས་ཡང་དག་པར་སྦྱོར་བར་བྱེད་པ་ཉིད་ ཀྱི་ཕྱིར་ན་དེ་ཡང་བཅོམ་ལྡན་འདས་ཉིད་དོ། །དེ་ཉིད་ཀྱི་ཕྱིར་ན་ཡང་དམ་པ་སྟེ། འཁོར་གསུམ་ཡོངས་སུ་དག་པའི་སྦྱིན་པ་རབ་ཏུ་འཇུག་པའི་ཕྱིར་རོ། །ངན་སོང་ཐམས་ཅད་རྣམ་སྦྱོང་བ། །ཞེས་པ་ལ། ངན་སོང་ཐམས་ཅད་ནི་དམྱལ་བ་དང་། ཡི་དགས་དང་། བྱོལ་སོང་རྣམས་སོ། །དེ་རྣམས་རྣམ་ པར་སྦྱོང་བ་ནི་དེར་འཇུག་པའི་ལས་ཡང་དག་པར་སྦྱོང་བས་དེ་དག་ངན་སོང་ལས་འདོན་པར་བསྒྲུབ་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ན་སེམས་ཅན་ཐམས་ཅད་ཀྱི་མཆོག་སྟེ། གཞན་དོན་བྱ་བ་ལ་མངོན་པར་བརྩོན་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཡང་མགོན་མེད་པའི་སེམས་ཅན་གྱི་མགོན་ཞེས་གསུངས་སོ། ། སེམས་ཅན་ཐམས་ཅད་རབ་གྲོལ་བྱེད་ནི་གདུལ་བྱའི་རིགས་དང་། སྤྱོད་པ་དང་། བག་ལ་ཉལ་དང་། མོས་པ་དང་། དབང་པོ་རྣམས་ཀྱིས་འདུལ་བ་རྣམས་ལ་ཉན་ཐོས་ལ་སོགས་པའི་བྱང་ཆུབ་ཀྱི་ལམ་གྱི་མན་ངག་རབ་ཏུ་སྦྱིན་པའི་སྒོ་ནས་རབ་ཏུ་གྲོལ་བར་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཉོན་མོངས་གཡུལ་དུ་ གཅིག་དཔའ་བ། །མི་ཤེས་དགྲ་ཡི་དྲེགས་པ་འཇོམས། །དཔལ་ལྡན་དྷཱིཿསྟེ་སྒེག་འཆང་ཞིང་། །དཔའ་བོ་མི་སྡུག་གཟུགས་འཆང་བ། །ཞེས་པ་ནི་དེ་ལ་ཉོན་མོངས་པའི་གཡུལ་དུ་གཅིག་དཔའ་བ་ནི་ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པ་དེ་རྣམས་དང་ལྷན་ཅིག་འཐབ་པ་གང་ཡིན་པ་དེ་ཉོན་ 63-1-89b མོངས་གཡུལ་དེར་དཔའ་བོ་གཅིག་པུ་ཁོ་ན་གཉིས་སུ་མེད་པ་ནི་ཉོན་མོངས་པའི་གཡུལ་དུ་གཅིག་དཔའ་བ་སྟེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་རོ་མཉམ་པར་ཡོངས་སུ་སྦྱོང་བར་རྩོམ་ཞིང་ཆོས་རྫོགས་པར་བྱེད་པའི་ཕྱིར་རོ། །མི་ཤེས་དགྲ་ཡི་དྲེགས་པ་འཇོམས་ནི་མི་ཤེས་པ་ནི་ གཏི་མུག་སྟེ། བདེན་པ་ལ་སོགས་པ་ལ་བློ་ཕྱིན་ཅི་ལོག་གང་ཡིན་པའོ། །དེ་ཉིད་དགྲ་སྟེ་དགེ་བའི་ཕྱོགས་སོ་སོར་འཆིང་བ་ཉིད་ཀྱི་ཕྱིར་རོ། །དེའི་ང་རྒྱལ་ནི་དྲེགས་པའོ། །དེ་འཇོམས་པས་ན་མི་ཤེས་དགྲའི་དྲེགས་པ་འཇོམས་སོ། །དཔལ་ལྡན་ནི་བཤད་ཟིན་ནོ། །དྷཱིཿཞེས་བྱ་བ་ནི་དང་པོ་སངས་རྒྱས་ བསྐྱེད་པའི་ས་བོན་ཏེ། དེ་ཉིད་སྒེག་པར་ལྡན་ཏེ། སྒེག་པ་ནི་ཤུ་ཀྲའོ། །ཀུན་ནས་བསྐྱེད་པ་དང་འབྱིན་པས་ན་སྒེག་འཆང་སྟེ། དེ་ཡང་དབང་པོ་ལ་ཁྱབ་པར་བྱེད་པ་ཉིད་ཀྱི་ཕྱིར་དེ་འཛིན་པས་ན་དེ་ལ་དེ་སྐད་ཅེས་བྱའོ། །དཔའ་བོ་མི་སྡུག་གཟུགས་འཆང་བ་ནི་དཔའ་བོའི་ཉམས་དང་ལྡན་པ་དང་། མི་སྡུག་པའི་ ཉམས་དང་ལྡན་པའི་ཁྲོ་བོའི་ཁྱད་པར་གང་ཡིན་པ་དེ་རྣམས་ཀྱི་གཟུགས་ནི་དཔའ་བོ་མི་སྡུག་གཟུགས་ཏེ། དེ་འཛིན་པས་ན་དཔའ་བོ་མི་སྡུག་གཟུགས་འཆང་བའོ། །ལག་པ་བརྒྱ་པོ་ཀུན་བསྐྱོད་ཅིང་། །གོམ་པའི་སྟོབས་ཀྱིས་གར་བྱེད་པ། །དཔལ་ལྡན་ལག་པ་བརྒྱས་རྩོལ་བ། །ནམ་མཁའ་ ཁྱབ་པར་གར་བྱེད་པ། །ཞེས་པ་ནི། དེ་ལ་ལག་པ་བརྒྱ་པོ་ཀུན་བསྐྱོད་ཅིང་། །གོམ་པའི་སྟབས་ཀྱིས་གར་བྱེད་པ་ནི་ལག་པ་བརྒྱ་པོ་རྣམས་ཀུན་བསྐྱོད་ཅིང་ཞེས་པ་ནི། ལག་པ་བརྒྱ་པོ་རྣམས་ཀུན་དུ་བསྐྱོད་པས་ཕྱི་རོལ་དུ་བསྐོར་ཞིང་གོམ་པའི་གནས་ལ་གཡས་བརྐྱང་པ་ལ་སོགས་པའོ། །དེའི་ སྟོབས་ཀྱིས་མཐོ་ལྔ་ལ་སོགས་པར་བསྐྱོད་པ་སྟེ། ལག་པ་བརྒྱ་པོ་ཀུན་བསྐྱོད་པ་དང་གོམ་པའི་སྟབས་དེ་གཉིས་ཀྱིས་གར་བྱེད་པ་དང་གང་ལྡན་པ་དེ་དེ་ལྟར་རོ། །ས་ལ་སྤྱོད་པའི་གར་བསྟན་ནས་གཞན་ཡང་ནམ་མཁའ་ལ་སྤྱོད་པའི་གར་བསྟན་པར་འདོད་པས་གསུངས་པ། དཔལ་ལྡན་ལག་པ་བརྒྱས་ རྩོལ་བ། །ནམ་མཁའ་ཁྱབ་པར་གར་བྱེད་པ། །དཔལ་ལྡན་ནི་པདྨ་གར་གྱི་དབང་ཕྱུག་གོ། །དེའི་ལག་པ་བརྒྱ་ནི་དཔལ་ལྡན་ལག་པ་བརྒྱ་པའོ། །དེ་རྣམས་ཀྱིས་རྩོལ་བ་ནི་མཛེས་པར་གནས་པ་སྟེ། དཔལ་ལྡན་ལག་པ་བརྒྱས་རྩོལ་བའོ། །དེས་ནམ་མཁའི་སྟེ་ནམ་མཁའ་ལ་ཀུན་དུ་རྩོལ་ཞིང་ 63-1-90a ཡོངས་སུ་བསྐོར་བའི་ཕྱག་རྒྱ་དང་གང་ལྡན་པ་དེ་ལ་དེ་ལྟར་གསུངས་སོ། །ས་ཡི་དཀྱིལ་འཁོར་གཞི་གནོན་པ། །རྐང་པ་ཡ་གཅིག་མཐིལ་གྱིས་གནོན། །རྐང་མཐེབ་སེན་མོའི་ཁྱོན་གྱིས་ཀྱང་། །ཚངས་པའི་ཡུལ་ས་རྩེ་ནས་གནོན། །ཞེས་པ་དེ་ལ། ས་ཡི་དཀྱིལ་འཁོར་ གཞི་གནོན་པ། །རྐང་པ་ཡ་གཅིག་མཐིལ་གྱིས་གནོན། །ཞེས་པ་ལ། སའི་དཀྱིལ་འཁོར་གཞི་ནི་སའི་དཀྱིལ་འཁོར་ངོས་ཏེ། འཁོར་གྱི་སྒྲ་མི་སྣང་བར་བྱས་ནས་འདིར་བསྟན་པའམ། དམ་པའི་ཆོས་ཀྱི་ཚིག་གི་ཡང་ཕྱིར་རོ། །རྐང་པའང་དེ་ཡིན་ལ་ཡ་གཅིག་ཀྱང་དེ་ཉིད་ཡིན་པས་རྐང་པ་ ཡ་གཅིག་སྟེ། དེའི་མཐིལ་ནི་རྐང་པ་ཡ་གཅིག་གི་མཐིལ་ལོ། །རྐང་པ་ཡ་གཅིག་མཐིལ་གྱིས་སའི་ཀྱིལ་འཁོར་གཞི་གནས་པ་གནོན་པ་ནི་སའི་དཀྱིལ་འཁོར་ངོས་གནས་པ། རྐང་པ་ཡ་གཅིག་མཐིལ་གྱིས་གནོན་པ་སྟེ། སའི་དཀྱིལ་འཁོར་ངོས་གནོན་པ་དང་གང་ལྡན་པ་དེ་སའི་དཀྱིལ་ འཁོར་ངོས་གནོན་པའོ། །རྩོམ་པའི་ལས་གསུངས་པ། རྐང་མཐེབ་སེན་མོའི་ཁྱོན་གྱིས་ཀྱང་། །ཚངས་པའི་ཡུལ་ས་རྩེ་ནས་གནོན་ནི་རྐང་པའི་མཐེབ་མོ་ནི་རྐང་པའི་མཐེ་བོ་སྟེ། དེའི་སེན་མོ་ནི་རྐང་མཐེབ་སེན་མོའོ། །ཚངས་པའི་ཡུལ་གྱི་སའི་རྩེ་མོ་ནི་ཚངས་པའི་ཡུལ་སའི་རྩེ་མོའོ། །དེས་ གནོན་པས་རྐང་མཐེབ་སེན་མོས་གནོན་པ་དང་གང་ལྡན་པ་དེ་རྐང་མཐེབ་སེན་མོ་ཁྱོན་གྱིས་ཀྱང་། ཚངས་པའི་ཡུལ་ས་རྩེ་ནས་གནོན་ཏེ། ཚིག་དེ་གཉིས་ཀྱིས་ནི་དེས་འདུལ་བའི་སྐྱེ་བོ་ལ་ཕན་གདགས་པའི་དོན་དུ་བཅོམ་ལྡན་འདས་དེའི་རྫུ་འཕྲུལ་རབ་ཏུ་བསྟན་པ་ཡིན་ནོ། །དོན་གཅིག་གཉིས་ མེད་ཆོས་ཀྱི་དོན། །དམ་པའི་དོན་དེ་འཇིགས་པ་མེད། །རྣམ་རིག་སྣ་ཚོགས་གཟུགས་དོན་ཅན། །སེམས་དང་རྣམ་པར་ཤེས་པའི་རྒྱུད། །ཅེས་པ་ནི་དེ་ལ་དོན་གཅིག་ནི་ཡང་དག་པའི་དོན་དམ་པའི་རང་བཞིན་གྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ན་གཉིས་མེད་ཆོས་ཀྱི་དོན་ཞེས་ཏེ། གཟུང་འཛིན་གཉིས་མི་ འཐད་པའི་ཕྱིར་རོ། །དམ་པའི་དོན་ནི་དོན་དང་། ཐོབ་པ་དང་། སྒྲུབ་པ་དག་ལས་ཐོབ་པ་དོན་དམ་པ་ཉིད་དོ། །འཇིགས་པ་མེད་ནི་ནམ་མཁའ་དང་འདྲ་བ་ཉིད་ཀྱི་ཕྱིར་རོ། །རྣམ་རིག་སྣ་ཚོགས་གཟུགས་དོན་ཅན་ནི་འཇུག་པའི་རྣམ་པར་ཤེས་པ་དྲུག་གོ། །སེམས་ནི་ཀུན་གཞི་རྣམ་པར་ཤེས་པའོ། ། 63-1-90b རྣམ་པར་ཤེས་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་དོ། །དེ་ཡང་རིམ་པ་འདི་ཡིན་ཏེ། སེམས་ཀུན་གཞི་རྣམ་པར་ཤེས་པའི་མཚན་ཉིད་ལས་ཉོན་མོངས་པ་ཅན་གྱི་ཡིད་དོ། །དེ་ལས་ཀྱང་འཇུག་པའི་རྣམ་པར་ཤེས་པ་དྲུག་རྣམས་ཏེ། ཡུལ་ལ་རྣམ་པར་གཡོ་བའི་མཚན་ཉིད་རྣམས་སོ། །ཡང་དེའི་ བག་ཆགས་ཀུན་གཞི་རྣམ་པར་ཤེས་པ་ལ་བསྒོས་པ་ཀུན་གཞི་རྣམ་པར་ཤེས་པ་ལས་ཀྱང་ཉོན་མོངས་པ་ཅན་གྱི་ཡིད་དེ། དེ་ལས་ཀྱང་ཡང་འཇུག་པའི་རྣམ་པར་ཤེས་པ་དྲུག་གོ། །དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བའི་འཁོར་ལོ་ཕྲ་མོ་ཡོངས་སུ་འཁོར་རོ། །དེ་ལྟར་ཡང་གསུངས་པ། རྣམ་པར་ སྨིན་དང་ངར་སེམས་དང་། ཡུལ་ལ་རྣམ་པར་རིག་པའོ། །ཞེས་སོ། །དེས་ཅི་གསུང་བར་འགྱུར་ཞེ་ན། གང་ཡུལ་རིག་པའི་མཚན་ཉིད་རྣམས་ལ་ངར་སེམས་དང་། གང་ཉོན་མོངས་པ་ཅན་གྱི་ཡིད་དེ། དེ་རྣམས་ནི་བཅོམ་ལྡན་འདས་དེ་ཉིད་དོ། །དངོས་དོན་མ་ལུས་རྣམས་ལ་དགའ། །སྟོང་པ་ ཉིད་དགའ་མཆོག་གི་བློ། །སྲིད་པའི་འདོད་ཆགས་སོགས་ལས་འདས། །སྲིད་གསུམ་དགའ་བ་ཆེན་པོ་པ། །ཞེས་པ་ནི་དེ་ལ་དངོས་དོན་མ་ལུས་རྣམས་ལ་དགའ་ནི་མ་ལུས་ཤིང་ལུས་པ་མེད་པའི་དངོས་པོའི་དོན་རྣམས་ཏེ་གནས་པ་ལ་སོགས་པ་དེ་རྣམས་ལ་དགའ་བ་ནི་སྤྲོ་བ་སྟེ། འཇིག་རྟེན་གྱི་ཐ་སྙད་ ཀྱི་དབང་གི་ཕྱིར་རོ། །དེ་ལྟར་ཡང་ཀླུ་སྒྲུབ་ཞབས་ཀྱིས་གསུངས་པ། གནས་དང་སྐྱེ་དང་འཇིག་རྟེན་ཡོད་མེད་དང་། །དམན་དང་མཉམ་དང་ཁྱབ་པར་གང་ཡང་རུང་། །འཇིག་རྟེན་ཐ་སྙད་དབང་གིས་སངས་རྒྱས་རྣམས། །གསུང་གི་ཡང་དག་དབང་ལས་མ་ཡིན་ནོ། །ཞེས་སོ། །སྟོང་པ་ཉིད་དགའ་ ནི་སྟོང་པ་ཉིད་ལ་དགའ་ཞིང་སྤྲོ་བ་སྟེ། སྟོང་པ་ཉིད་དགའ་སྟེ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་བཞིན་ཉིད་ཀྱི་ཕྱིར་རོ། །དོན་དམ་པར་ནི་དེ་ཡང་ཉེ་བར་མི་དམིགས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ན་མཆོག་གི་བློ་ཞེས་སོ། །སྲིད་པའི་འདོད་ཆགས་སོགས་ལས་འདས་ནི། དེ་འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་པའི་སྲིད་པ་གསུམ་ལས་འདོད་ཆགས་སོ། །གཟུགས་དང་གཟུགས་མེད་པའི་སྲིད་པ་ནི་སྲིད་པའི་འདོད་ཆགས་ཁོ་ན་སྟེ། འདོད་པའི་འདོད་ཆགས་ནི་མ་ཡིན་ནོ། །དེ་ལྟར་ཡང་ཆོས་མངོན་པ་ལས་གསུངས་པ། ཁམས་གཉིས་ལས་སྐྱེས་སྲིད་ 63-1-91a འདོད་ཆགས། །ཞེས་སོ། །དེ་དེ་ལྟར་འདོད་པའི་འདོད་ཆགས་ལ་སོགས་པ་ལས་འདས་ཤིང་བརྒལ་བས་ན། སྲིད་པའི་འདོད་ཆགས་སོགས་ལས་འདས། །ཞེས་གསུངས་ཏེ། དེ་ཉིད་བཅོམ་ལྡན་འདས་འཇམ་དཔལ་ལོ། །སྲིད་གསུམ་དགའ་བ་ཆེན་པོ་པ་ནི་འདོད་པའི་ཁམས་ལ་ སོགས་པའི་སྲིད་པ་གསུམ་པོ་ཡང་སྔ་མ་དེ་བཞིན་ཏེ། ས་དེ་ལས་སྐྱེས་པའི་ལྷའི་བུ་རྣམས་ལ་ཕན་གདགས་པའི་དོན་དུ་དེ་དང་དེ་རུ་སྐྱེ་བ་བསྟན་པའི་ཕྱིར་ན། སྲིད་གསུམ་དགའ་བ་ཆེན་པོ་པ། །ཞེས་སོ། །སྤྲིན་དཀར་དག་པ་བཞིན་དུ་དཀར། །འོད་བཟངས་སྟོན་ཀའི་ཟླ་བའི་འོད། །ཉི་མ་འཆར་ཀའི་ དཀྱིལ་ལྟར་མཛེས། །སེན་མོའི་འོད་ནི་ཤས་ཆེར་དམར། །ཅོད་པན་བཟང་པོ་མཐོན་ཀའི་རྩེ། །སྐྲ་མཆོག་མཐོན་ཀ་ཆེན་པོ་འཆང་། །ནོར་བུ་ཆེན་པོ་འོད་ཆགས་དཔལ། །སངས་རྒྱས་སྤྲུལ་པའི་རྒྱན་དང་ལྡན། །ཞེས་པ་ནི་དེ་ལ་དག་པ་ནི་མ་རིག་པའི་དྲི་མ་སྤངས་པའི་ཕྱིར་རོ། །ལྷག་མ་ཚིགས་ བཅད་རྣམས་ནི་ཤེས་རབ་ཀྱི་འཁོར་ལོའི་ནང་དུ་གཏོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུའི་རྣལ་འབྱོར་དང་པོ་ལས་བཤད་པའི་ཚིག་ཁྱད་པར་ཅན་གཞན་རྣམས་ཡིན་པ་དེ་བས་ན་འདིར་མ་བཀྲོལ་ལོ། །འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད་པ། །རྫུ་འཕྲུལ་རྐང་པའི་སྟོབས་དང་ལྡན། ། དེ་ཉིད་དྲན་པ་ཆེན་པོ་འཆང་། །དྲན་པ་བཞི་པོ་ཏིང་འཛིན་རྒྱལ། །ཞེས་པ་ནི་དེ་ལ་འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད་པ་ནི་འཇིག་རྟེན་ཁམས་བརྒྱ་རྣམས་ནི་འཇིག་རྟེན་ཁམས་བརྒྱའོ། །དེ་ཀུན་བསྐྱོད་པའི་ཚུལ་དང་གང་ལྡན་པ་དེ་འཇིག་རྟེན་གྱི་ཁམས་བརྒྱ་ཀུན་བསྐྱོད་པའོ། །དེས་ནི་ས་རབ་ཏུ་དགའ་བ་ ལ་རྣམ་པར་གནས་པའི་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་ཆེ་བའི་བདག་ཉིད་བསྟན་པ་ཡིན་ནོ། །དེ་ལྟར་ཡང་ཟླ་བ་གྲགས་པའི་ཞབས་ཀྱིས་གསུངས་པ། འདི་ནི་དེ་བཞིན་གཤེགས་པའི་རིགས་སུ་སྐྱེ་འགྱུར་ཞིང་། །དེ་ཡི་ཀུན་སྦྱོར་གསུམ་ཡང་ཐམས་ཅད་ཟད་པར་བྱས། །འཇིག་རྟེན་ཁམས་བརྒྱ་གཡོ་ བ་སྐྱེད་པར་ནུས་པ་སྟེ། །གཞན་ཡང་དགའ་བ་རྣམས་འཆང་དེ་ནི་བྱང་ཆུབ་སེམས་དཔའོ། །ཞེས་སོ། །རྫུ་འཕྲུལ་རྐང་པའི་སྟོབས་ཆེན་ལྡན་ནི་ལུས་དང་སེམས་རྣམ་པར་དབེན་པ་ལ་བརྟེན་ཏེ། མི་མཐུན་པའི་ཕྱོགས་ལ་འདོད་ཆགས་དང་བྲལ་བ་དང་། འགོག་པ་ལ་ཡང་དག་པར་བསྟན་ནས་ 63-1-91b མངོན་པར་འདུ་བྱ་བ་མེད་པར་འཇུག་པ་ཡོངས་སུ་མཐར་ཕྱིན་པར་བྱེད་པ་རྣམས་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་རྣམས་སོ། །རྫུ་འཕྲུལ་གྱི་རྐང་པ་དེ་རྣམས་ཀྱི་སྟོབས་ཆེན་པོ་དང་གང་ལྡན་པ་ཕ་རོལ་གནོན་པ་གང་ཡིན་པ་དེ་རྫུ་འཕྲུལ་རྐང་པའི་སྟོབས་ཆེན་ལྡན་ནོ། །དེ་ཉིད་ཀུན་བརྟགས་དང་། གཞན་དབང་ དང་། ཡོངས་སུ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །ངོ་བོ་ཉིད་གསུམ་པོ་འདི་ལ་དེ་ཉིད་དུ་ཅི་ལྟར་འདོད་ཅེ་ན། ངོ་བོ་ཉིད་གསུམ་རྟག་མེད་དང་། །ཡོད་དང་ཁོ་ན་མ་ཡིན་དང་། །ཡོད་དང་མེད་དེ་ཁོ་ན་སྟེ། །ངོ་བོ་ཉིད་ནི་གསུམ་དུ་འདོད། །ཅེས་སོ། །ཀུན་བརྟགས་ཀྱི་མཚན་ཉིད་ནི་རྟག་ཏུ་མེད་པའོ། །དེ་ནི་ཀུན་བརྟགས་ པའི་མཚན་ཉིད་ལ་ཁོ་ན་ཞེས་བྱ་སྟེ། ཕྱིན་ཅི་མ་ལོག་པའི་ཕྱིར་རོ། །གཞན་གྱི་དབང་གི་མཚན་ཉིད་ནི་ཡོད་ཀྱང་ཡང་དག་པ་མ་ཡིན་ཏེ་འཁྲུལ་པའི་ཕྱིར་རོ། །དེ་བས་ན་འདི་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་དེ་ཁོ་ན་ཞེས་བྱའོ། །ཡོངས་སུ་གྲུབ་པའི་མཚན་ཉིད་ནི་ཡོད་པ་དང་མེད་པ་ཁོ་ན་སྟེ། དེ་བས་འདི་ནི་ ཡོངས་སུ་གྲུབ་པའི་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་ལ་དེ་ཁོ་ན་ཉིད་དེ། དེ་ཁོ་ན་གསུམ་སྦྱོར་བས་བཅོམ་ལྡན་འདས་དེ་ཉིད་ལ་དེ་ཉིད་ཅེས་གསུངས་སོ། །དྲན་པ་ཆེན་པོ་འཆང་ནི་ཤིན་ཏུ་ཆེ་བའི་དྲན་པ་ནི་དྲན་པ་ཆེན་པོ་སྟེ། དེ་ཡང་འདྲེས་པའི་དངོས་པོ་མ་བརྗེད་པའི་མཚན་ཉིད་དོ། །དེ་འཛིན་པས་ན་དེ་ལ་དེ་སྐད་ གསུངས་སོ། །དྲན་པ་བཞི་པོ་ཏིང་འཛིན་རྒྱལ་ནི་དྲན་པ་ཉེ་བར་གཞག་པ་བཞིའོ། །འདི་ལྟ་སྟེ། ལུས་དྲན་པ་ཉེ་བར་གཞག་པ་ནི་ཡན་ལག་སྣ་ཚོགས་པ་ལ་ཞེན་པ་ཙམ་གྱི་དངོས་པོ་ནི་མ་ལུས་ཏེ། གཟུང་བ་ལ་སོགས་པ་རྣམས་དབེན་པ་ཉིད་ཀྱི་མཚན་ཉིད་དོ་ཞེས་ལུས་དྲན་པ་ཉེ་བར་གཞག་པའོ། །དེ་ལྟར་ ཚོར་བ་དྲན་པ་ཉེ་བར་གཞག་པ་དང་། ཆོས་དྲན་པ་ཉེ་བར་གཞག་པའོ། །རྣམ་པ་བཞི་ཆར་ལ་ཡང་བརྩོན་འགྲུས་དང་། ཏིང་ངེ་འཛིན་དང་། དྲན་པ་དང་། ཤེས་བཞིན་དུ་སྦྱོར་བའི་ཕྱིར་རོ། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པའོ། །དེ་རྒྱལ་བས་རྒྱལ་བའོ། །དྲན་པ་ཉེ་བར་གཞག་པ་བཞི་པོ་རྣམས་ཀྱི་ཏིང་ ངེ་འཛིན་རྒྱལ་བ་ནི་དྲན་པ་བཞི་པོ་ཏིང་ངེ་འཛིན་རྒྱལ་ཏེ། བཅོམ་ལྡན་འདས་དེ་ཉིད་དོ། །བྱང་ཆུབ་ཡན་ལག་མེ་ཏོག་དགའ། །དེ་བཞིན་གཤེགས་པའི་ཡོན་ཏན་མཚོ། །ལམ་གྱི་ཡན་ལག་བརྒྱད་ཚུལ་རིག །ཡང་དག་སངས་རྒྱས་ལམ་རིག་པ། །ཞེས་པ་ནི་དེ་ལ་བྱང་ཆུབ་ཡན་ལག་མེ་ཏོག་དགའ་ནི་མངོན་ 63-1-92a པར་འདུས་མ་བྱས་པར་འཇུག་ཅིང་མཆོག་ཏུ་གྱུར་པའི་དད་པ་ལ་སོགས་པ་རྣམས་མཐོང་བའི་ལམ་ཡོངས་སུ་ཆུབ་པ་ཆོས་ཀྱི་དབྱིངས་ཀྱི་སྤྱོད་ཡུལ་བྱང་ཆུབ་ཀྱི་ཡན་ལག་བདུན་པོ་གསུངས་པའི་མཚན་ཉིད་དེ་རྣམས་ཉིད་ནི་མེ་ཏོག་སྟེ། བསྒོམ་པའི་ལམ་འབྲས་བུའི་རྒྱུའི་དངོས་ པོ་ཉིད་ཀྱི་ཕྱིར་ན་བྱང་ཆུབ་ཀྱི་ཡན་ལག་ནི་མེ་ཏོག་རྣམས་ཞེས་གསུངས་སོ། །དེ་རྣམས་ཀྱི་དགའ་བ་ནི་ཐོས་པའི་རང་བཞིན་གྱི་ཡེ་ཤེས་ཀྱིས་རིག་པའི་ངོ་བོ་ཉིད་ཀྱིས་འགྲོ་བ་རྣམས་རྨི་ལམ་དང་། སྨིག་རྒྱུ་དང་། དྲི་ཟའི་གྲོང་ཁྱེར་རྣམས་ཀྱི་ཚུལ་དུ་སོ་སོར་སྣང་བའི་མཚན་ཉིད་ཀྱི་མཐོང་བའི་ལམ་དེ་མངོན་ དུ་བྱེད་པ་ཉིད་ཀྱི་ཕྱིར་སེམས་རབ་ཏུ་དགའ་བར་གྱུར་པས་ན། བྱང་ཆུབ་ཡན་ལག་མེ་ཏོག་དགའ། །ཞེས་གསུངས་སོ། །དེ་བཞིན་གཤེགས་པའི་ཡོན་ཏན་མཚོ་ནི་དེ་བཞིན་གཤེགས་པའི་ཡོན་ཏན་རྣམས་ནི་དེ་བཞིན་གཤེགས་པའི་ཡོན་ཏན་རྣམས་ཏེ། མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་སངས་རྒྱས་ཀྱི་ ཆོས་རྣམས་སོ། །དེ་རྣམས་ཉིད་མཚོ་སྟེ་རྒྱ་ཆེ་བའི་ཕྱིར་དང་། གཞན་ཡོན་ཏན་རིན་པོ་ཆེ་རྣམས་ཀྱི་ཡང་འབྱུང་གནས་ཡིན་པའི་ཕྱིར་ན་དེ་བཞིན་གཤེགས་པའི་ཡོན་ཏན་མཚོ་ནི་བཅོམ་ལྡན་འདས་སོ། །ལམ་གྱི་ཡན་ལག་བརྒྱད་ཚུལ་རིག་ནི་བསྒོམ་པའི་ལམ་རབ་ཏུ་བསྒོམས་པའི་འཕགས་པའི་ལམ་ཡན་ ལག་བརྒྱད་སྔོན་དུ་བཤད་པ་རྣམས་སོ། །དེ་རྣམས་ཀྱི་ཚུལ་ནི་ལམ་སྟེ། ཐབས་ཞེས་པའི་བར་དུ་སྟེ། དེ་རིག་ཅིང་ཤེས་པ་ནི་ལམ་གྱི་ཡན་ལག་བརྒྱད་ཚུལ་རིག་གོ། །ཡང་དག་སངས་རྒྱས་ལམ་རིག་པ་ནི་ཡང་དག་སངས་རྒྱས་ནི་གཞན་གྱིས་མན་ངག་ཉེ་བར་མ་བསྟན་པར་རང་ཉིད་ཀྱིས་དེ་ཁོ་ན་ ཐུགས་སུ་ཆུད་པའི་ཕྱིར་དང་། དམ་པའི་ལམ་ཀུན་དུ་རྟོགས་པའི་ཕྱིར་རོ། །ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་ལམ་ནི་ཆོས་ཀྱི་དབྱིངས་སོ། །དེ་ཤེས་པས་ན་ཡང་དག་སངས་རྒྱས་ལམ་རིག་སྟེ། དེ་ཉིད་བཅོམ་ལྡན་འདས་སོ། །སེམས་ཅན་ཀུན་ལ་ཤས་ཆེར་ཆགས། །ནམ་མཁའ་ལྟ་ བུར་ཆགས་པ་མེད། །སེམས་ཅན་ཀུན་གྱི་ཡིད་ལས་སྐྱེས། །སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས། །ཞེས་པ་ནི་དེ་ལ་སེམས་ཅན་ཀུན་ལ་ཤས་ཆེར་ཆགས་ནི་ཆེན་པོ་ཡང་དེ་ཡིན་ལ་ཆགས་པ་ཡང་དེ་ཡིན་པས་ན་ཤས་ཆེར་ཆགས་པ་སྟེ། སེམས་ཅན་ཀུན་ལ་ཤས་ཆེར་ཆགས་པ་ནི་སེམས་ 63-1-92b ཅན་ཀུན་ལ་ཤས་ཆེར་ཆགས་སོ། །དེ་ལ་བསྡུ་བའི་དངོས་པོ་ནི་བཞི་སྟེ། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་མཐུན་པ་དང་། དོན་བཞིན་སྤྱོད་པ་རྣམས་ལས་སྦྱིན་པ་ནི་རྫས་ཤེས་པའོ། །སྙན་པར་སྨྲ་བ་ནི་དུས་ཤེས་པའོ། །དོན་མཐུན་པ་ནི་འཁོར་ཤེས་པའོ། །དོན་སྤྱོད་པ་ནི་ ཆོས་ཤེས་པའོ། །སེམས་ཅན་མཆོག་དང་མཆོག་མ་ཡིན་པ་ཤེས་པར་བསྒྲུབ་པ་བསྡུ་བའི་དངོས་པོ་དེ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ལ་བདག་ཉིད་མངོན་དུ་བྱེད་པས་ན། སེམས་ཅན་ཀུན་ལ་ཤས་ཆེར་ཆགས། །ཞེས་གསུངས་སོ། །བཅོམ་ལྡན་འདས་དེ་ཉིད་ཀུན་རྫོབ་ཏུའོ། །དོན་དམ་པར་ ནི་བཅོམ་ལྡན་འདས་དེ་ཉིད་ཆགས་པ་མེད་པ་ཞེས་པ་སྟེ། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ན་བཅོམ་ལྡན་འདས་ནམ་མཁའ་ལྟ་བུ་ཞེས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཀྱི་ཕྱིར་རོ། །སེམས་ཅན་ཀུན་གྱི་ཡིད་ལས་སྐྱེས་པ་ནི་སེམས་ཅན་གྱི་ཡིད་ལས་སྐྱེས་སོ། ། དེ་ལྟར་ཡང་གསུངས་པ། སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཞེས་སོ། །སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས་ནི་དེ་བཞིན་གཤེགས་པའི་ཤུགས་ཞེས་གསུངས་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཡིད་ལྟར་མགྱོགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་ཡིད་ལྟར་མགྱོགས་ པ་སྟེ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ལ་འཇུག་པས་སོ། །སེམས་ཅན་ཀུན་གྱི་དབང་དོན་ཤེས། །སེམས་ཅན་ཀུན་གྱི་ཡིད་འཕྲོགས་པ། །ཕུང་པོ་ལྔ་དོན་དེ་ཉིད་ཤེས། རྣམ་དག་ཕུང་པོ་ལྔ་འཆང་བ། །ཞེས་པ་ནི་དེ་ལ་སེམས་ཅན་ཀུན་གྱི་དབང་དོན་ཤེས་ནི་སེམས་ཅན་ཐམས་ཅད་ཀྱི་དབང་པོ་ རྟུལ་པོ་དང་། འབྲིང་པོ་དང་། རྣོན་པ་དེ་རྣམས་ཀྱི་དོན་ནི་སེམས་ཅན་གྱི་དབང་དོན་ཏེ། དེ་མཁྱེན་པས་ན་སེམས་ཅན་གྱི་དབང་དོན་ཤེས་ཏེ། དེ་ཉིད་བཅོམ་ལྡན་འདས་སོ། །སེམས་ཅན་ཀུན་གྱི་ཡིད་འཕྲོགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་ཡིད་ཀྱི་ཆ་སྟེ། སེམས་ཅན་རྣམས་ཀྱི་སྐལ་བ་ཇི་ལྟ་བ་ བཞིན་དུ་ཆོས་བསྟན་པའི་སྒོ་ནས་འཕྲོགས་པས་དེ་དེ་ལ་དེ་སྐད་ཅེས་བྱའོ། །ཕུང་པོ་ལྔ་དོན་དེ་ཉིད་ཤེས་ནི། དེ་ལ་ཕུང་པོ་ལྔ་ནི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ཀྱི་མཚན་ཉིད་དོ། །དེ་ལ་གཟུགས་ཀྱི་ཕུང་པོ་ནི་མིག་དང་། རྣ་བ་དང་། སྣ་དང་། 63-1-93a ལྕེ་དང་། ལུས་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་དང་། རྣམ་པར་རིག་བྱེད་མ་ཡིན་པ་རྣམས་ཀྱི་མཚན་ཉིད་དོ། །ཚོར་བའི་ཕུང་པོ་ནི་བདེ་བ་དང་། སྡུག་བསྔལ་དང་། གཉིས་ཀ་མ་ཡིན་པའི་རང་བཞིན་ནོ། །འདུ་ཤེས་ཀྱི་ཕུང་པོ་ནི་ཡུལ་ལ་ མཚན་མར་འཛིན་པའི་མཚན་ཉིད་དོ། །འདུ་བྱེད་ཀྱི་ཕུང་པོ་ནི་སེམས་དང་མཚུངས་པར་ལྡན་པ་མ་ཡིན་པ་ཉིད་དོ། །རྣམ་པར་ཤེས་པའི་ཕུང་པོ་ནི་རྣམ་པར་ཤེས་པ་ཚོགས་བརྒྱད་རྣམས་སོ། །དེ་རྣམས་ཀྱི་དོན་ནི་ཕུང་པོ་ལྔའི་དོན་ཏེ། དེ་ཡང་སྤུངས་པའི་དོན་ཏོ། །དེའི་དེ་ཉིད་ནི་རྣམ་པར་དབེན་པའི་ དོན་དུ་ཁོང་དུ་ཆུད་པར་བྱ་སྟེ། ཕུང་པོ་ལྔ་དོན་དེ་ཉིད་དེ། དེ་ཡང་གཅིག་ལ་སོགས་པའི་མཚན་ཉིད་དེ་ལོག་པ་ནི་བདག་མེད་པ་སྟེ། དེ་ལས་ནི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །དེ་དེ་ལྟར་གྱུར་པའི་ཕུང་པོ་ལྔའི་དོན་མཁྱེན་པས་ན་ཕུང་པོ་ལྔའི་དོན་དེ་ཉིད་ཤེས་ཏེ། དེ་ཉིད་ བཅོམ་ལྡན་འདས་སོ། །དེ་ལྟར་ཡང་སློབ་དཔོན་དབྱིག་གཉེན་ཞབས་ཀྱིས་གསུངས་པ། ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས། །གང་ཕྱིར་ཉེ་བར་ཞི་བར་བྱ་བའི་ཐབས་མེད་པ། །ཉོན་མོངས་ལས་ཀྱང་འཇིག་རྟེན་སྲིད་མཚོ་འདིར་འཁྱམས་ཏེ། །དེ་བས་དེའི་ཕྱིར་འདི་ནི་ སྟོན་པས་གསུངས་སོ་ལོ། །ཞེས་པ་ལ་སོགས་པའོ། །རྣམ་དག་ཕུང་པོ་ལྔ་འཆང་ནི་རྣམ་པར་དག་པ་ཡང་དེ་ཡིན་ཕུང་པོ་ཡང་དེ་ཉིད་ཡིན་པས་རྣམ་དག་ཕུང་པོ་ལྔ་སྟེ། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་མཚན་ཉིད་རྣམས་ སོ། །དེ་རྣམས་འཛིན་པས་ན་རྣམ་དག་ཕུང་པོ་ལྔ་འཆང་བ་སྟེ། དེ་ཉིད་བཅོམ་ལྡན་འདས་སོ། །ངེས་འབྱུང་ཀུན་གྱི་མཐའ་ལ་གནས། །ངེས་པར་འབྱུང་བ་ཀུན་ལ་མཁས། །ངེས་འབྱུང་ཀུན་གྱི་ལམ་ལ་གནས། །ངེས་པར་འབྱུང་བ་ཀུན་སྟོན་པ། །ཞེས་པ་ནི་དེ་ལ་ངེས་འབྱུང་ཀུན་གྱི་མཐའ་ ལ་གནས་ནི་འཇིག་རྟེན་གྱི་མྱ་ངན་ལས་འདས་པ་གང་ཅུང་ཟད་དེ་རྣམས་ཀྱི་མཐར་ཐུག་པར་གྱུར་བའོ། །དེ་ལ་གནས་པས་ན་ངེས་འབྱུང་ཀུན་གྱི་མཐའ་ལ་གནས་སོ། །ངེས་པར་འབྱུང་བ་ཀུན་ལ་མཁས་ནི་ཉན་ཐོས་རྣམས་ཀྱི་མྱ་ངན་ལས་འདས་པ་ལ་མཁས་ཤིང་བྱང་བས་ན་ངེས་པར་འབྱུང་བ་ཀུན་ལ་ 63-1-93b མཁས་སོ། །ངེས་འབྱུང་ཀུན་གྱི་ལམ་ལ་གནས་ནི་རང་སངས་རྒྱས་རྣམས་ཀྱི་མྱ་ངན་ལས་འདས་པའི་ལམ་ལ་གནས་པ་སྟེ། ངེས་འབྱུང་ཀུན་གྱི་ལམ་ལ་གནས་སོ། །ངེས་པར་འབྱུང་བ་ཀུན་སྟོན་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་མྱ་ངན་ལས་འདས་པ་ནི་ངེས་པར་འབྱུང་བ་ཀུན་ ནོ། །དེ་སྟོན་པ་ནི་རབ་ཏུ་སྟོན་པ་སྟེ། དེ་ཉིད་བཅོམ་ལྡན་འདས་སོ། །ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །དག་པ་རྣམ་པ་བཅུ་གཉིས་འཆང་། །བདེན་བཞིའི་ཚུལ་གྱི་རྣམ་པ་ཅན། །ཤེས་པ་བརྒྱད་པོ་རྟོགས་པ་འཆང་། །ཞེས་པ་ལ་དེ་ལ་ཡན་ལག་བཅུ་གཉིས་སྲིད་རྩ་བཏོན་ནི། ཡན་ལག་བཅུ་ གཉིས་རྣམས་ནི་འདི་ལྟ་སྟེ། མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་། གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་རྣམས་སོ། །དེ་ལ་དེ་ཁོ་ན་ཉིད་ལ་སྒྲིབ་པའི་ཕྱིར་ན་མ་རིག་པ་ནི་ཇི་ལྟར་ མངོན་པར་འདོད་པའི་དོན་མཐོང་བ་ལ་གེགས་བྱེད་པ་ཉིད་ཀྱི་ཕྱིར་དེ་ཁོ་ན་ཉིད་ལ་སྒྲིབ་པའོ། །འདེབས་པའི་ཕྱིར་ན་འདུ་བྱེད་དེ། དེས་རྣམ་པར་ཤེས་པ་ལ་ལས་ཀྱི་བག་ཆགས་སོ་སོར་འཇོག་པའི་ཕྱིར་རོ། །ཁྲིད་པའི་ཕྱིར་ན་རྣམ་པར་ཤེས་པ་སྟེ། སྐྱེ་བའི་སར་ཕྱིན་པར་བྱེད་པའི་ཕྱིར་རོ། །ཀུན་འཛིན་པར་ བྱེད་པའི་ཕྱིར་ན་མིང་དང་གཟུགས་སོ། །བདག་གི་དངོས་པོ་རྫོགས་པར་བྱེད་པའི་ཕྱིར་ན་སྐྱེ་མཆེད་དྲུག་གོ། །གསུམ་འདུས་ནས་ཡོངས་སུ་གཅོད་པའི་ཕྱིར་ན་རེག་པའོ། །ཉེ་བར་སྤྱོད་པའི་ཕྱིར་ན་ཚོར་བའོ། །སྡུད་པའི་ཕྱིར་ན་སྲིད་པའོ། །ལས་ཀྱིས་འཕངས་པའི་སྲིད་པ་ཕྱི་མ་དང་སྦྱར་བའི་ཕྱིར་ན་ལེན་ པའོ། །རྣམ་པར་ཤེས་པ་སྐྱེ་བ་དང་མཐུན་པའི་འདོད་ཆགས་ལ་སོགས་པ་མངོན་དུ་བྱེད་པའི་ཕྱིར་ན་སྲིད་པ་སྟེ། ལས་བྱས་པའི་སྲིད་པ་ཕྱི་མ་ལ་རྣམ་པར་སྨིན་པ་འབྱུང་ཞིང་མངོན་དུ་བྱེད་པའི་ཕྱིར་རོ། །སྡུག་བསྔལ་གྱི་ཕྱིར་ན་སྐྱེ་བ་དང་རྒ་ཤི་རྣམས་སོ། །དེ་བས་ན་ཡན་ལག་བཅུ་གཉིས་ཏེ། དེ་རྣམས་ ཀྱི་འཁོར་བའི་སྲིད་རྩ་ནི་ཉེ་བར་ལེན་པའི་ཕྱིར་ཕུང་པོ་ལྔའི་བདག་ཉིད་དོ། །དེ་གང་གིས་རྩ་ནས་ཕྱུང་ཞིང་བཏོན་པ་དེ། ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །ཞེས་གསུངས་སོ། །དེ་ལྟར་ཡང་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་གསུངས་པ། སྒྲིབ་པའི་ཕྱིར་དང་འདེབས་པ་དང་། །ཁྲིད་པའི་ཕྱིར་དང་ 63-1-94a འཛིན་པའི་ཕྱིར། །རྫོགས་བྱེད་ཕྱིར་དང་གསུམ་གཅོད་ཕྱིར། །ཉེ་བར་སྤྱོད་ཅིང་སྡུད་པའི་ཕྱིར། །སྦྱོར་བའི་ཕྱིར་དང་མངོན་དུའི་ཕྱིར། །སྡུག་བསྔལ་ཕྱིར་ན་འགྲོ་ཉོན་མོངས། །ཞེས་སོ། །དག་པ་རྣམ་པ་བཅུ་གཉིས་འཆང་ནི། རྣམ་པ་བཅུ་གཉིས་ནི་སྐྱེ་མཆེད་བཅུ་གཉིས་རྣམ་ པར་དག་པ་སྟེ། གཟུང་འཛིན་གྱི་རྣམ་པར་རྟོག་པ་གཉིས་དབེན་པའི་ཕྱིར་རོ། །དེ་རྣམས་འཛིན་པས་ན་དག་པ་རྣམ་པ་བཅུ་གཉིས་འཆང་ངོ་། །བདེན་བཞིའི་ཚུལ་གྱི་རྣམ་པ་ཅན་ནི་སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་རྣམས་ནི་འཕགས་པའི་བདེན་པ་རྣམས་སོ། །བདེན་པ་ བཞི་པོ་དེ་རྣམས་ཀྱི་ཚུལ་ནི་ལམ་མོ། །དེ་ཉིད་ཀྱི་རྣམ་པའི་ཚུལ་དང་གང་ལྡན་པ་དེ་བདེན་བཞིའི་ཚུལ་གྱི་རྣམ་པ་ཅན་ཏེ། དེ་ཉིད་བཅོམ་ལྡན་འདས་སོ། །ཤེས་པ་བརྒྱད་པོ་རྟོགས་པ་འཆང་ནི། དེ་ལ་ཤེས་པ་བརྒྱད་ནི་ཇི་སྐད་གསུངས་པའི་ཆོས་ཤེས་པ་དང་། རྗེས་སུ་ཤེས་པ་དང་། སྡུག་བསྔལ་ ཤེས་པ་དང་། ཀུན་འབྱུང་ཤེས་པ་དང་། འགོག་པ་ཤེས་པ་དང་། ལམ་ཤེས་པ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་རྣམས་སོ། །དེ་རྣམས་རྟོགས་པ་ནི་མངོན་དུ་བྱེད་པའོ། །དེ་འཛིན་པས་ན་ཤེས་པ་བརྒྱད་པོ་རྟོགས་པ་འཆང་སྟེ། དེ་ཉིད་བཅོམ་ལྡན་འདས་སོ། །བདེན་དོན་རྣམ་པ་བཅུ་ གཉིས་ལྡན། །དེ་ཉིད་རྣམ་པ་བཅུ་དྲུག་རིག །རྣམ་པ་ཉི་ཤུས་བྱང་ཆུབ་པ། །རྣམ་པ་སངས་རྒྱས་ཀུན་རིག་མཆོག །ཅེས་པ་ནི་དེ་ལ་བདེན་དོན་རྣམ་པ་བཅུ་གཉིས་ལྡན་ནི་བདེན་པ་རྣམས་ཀྱི་དོན་ནི་བདེན་པའི་དོན་ཏེ། དེ་དག་པ་རྣམ་པ་བཅུ་གཉིས་ཀྱིས་རབ་ཏུ་རྣམ་པར་འབྱེད་པས་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་ གཉིས་ལན་གསུམ་དུ་བསྐོར་བ་ནི་འདི་ལྟ་སྟེ། སྡུག་བསྔལ་གྱི་བདེན་པ་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པའོ། །ཀུན་འབྱུང་གི་བདེན་པ་ལ་ཀུན་འབྱུང་བ་དང་། རྒྱུ་དང་རབ་ཏུ་སྐྱེད་པའོ། །འགོག་པའི་བདེན་པ་ལ་འགོག་པ་དང་། ཞི་བ་དང་། གྱ་ནོམ་པའོ། །ལམ་གྱི་བདེན་པ་ལ་ལམ་ དང་། རིགས་པ་དང་། སྒྲུབ་པའོ། །དེ་དེ་ལྟར་གྱུར་པ་སྐལ་བ་ཇི་ལྟ་བ་བཞིན་དུ་བདེན་པ་རྣམ་པ་བཅུ་གཉིས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་ན་བཅོམ་ལྡན་འདས་འདི་ནི། བདེན་དོན་རྣམ་པ་བཅུ་གཉིས་ལྡན། །ཞེས་གསུངས་སོ། །དེ་ཉིད་རྣམ་པ་བཅུ་དྲུག་རིག་ནི། དེ་ལ་འདོད་པ་ན་སྤྱོད་པའི་སྡུག་བསྔལ་གྱི་བདེན་པ་ 63-1-94b ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་རྣམས་ཡིད་ལ་བྱེད་པས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་ཆོས་ཤེས་པ་འབྱུང་ངོ་། །དེ་ཉིད་ཀྱིས་ཀྱང་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་བཅུ་པོ་དེ་རྣམས་རབ་ཏུ་སྤོང་ངོ་། །གཟུགས་དང་གཟུགས་མེད་པ་ ན་སྤྱོད་པའི་སྡུག་བསྔལ་གྱི་བདེན་པ་ལ་དེ་བཞིན་དུ་ཡིད་ལ་བྱེད་པས་སྡུག་བསྔལ་ལ་རྗེས་སུ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་རྗེས་སུ་ཤེས་པ་འབྱུང་ངོ་། །དེ་གཉིས་ཀྱིས་ཀྱང་དེ་རྣམས་ཉིད་ལས་ཁོང་ཁྲོ་མ་གཏོགས་པ་གཟུགས་ན་སྤྱོད་པ་དགུ་དང་། གཟུགས་མེད་པ་ན་སྤྱོད་པ་དགུ་སྟེ། དེ་ལྟར་ བཅོ་བརྒྱད་ཡོད་པར་འགྱུར་རོ། །དེ་ལྟར་ཁམས་གསུམ་གྱི་སྡུག་བསྔལ་གྱི་བདེན་པ་མངོན་པར་རྟོགས་པས་ན་ཆོས་དང་། རྗེས་སུ་དང་། བཟོད་པ་དང་། ཤེས་པའི་མཚན་ཉིད་བཞི་རྣམས་ཀྱི་ཕྲ་རྒྱས་ཉི་ཤུ་རྩ་བརྒྱད་ནི་སྡུག་བསྔལ་གྱི་བདེན་པ་མཐོང་བ་ལས་སྤོང་བར་འགྱུར་རོ། །ཕྲ་རྒྱས་བཅུ་པོ་འདི་རྣམས་ཉིད་ ལས་འཇིག་ཚོགས་ཀྱི་ལྟ་བ་དང་། མཐར་འཛིན་པའི་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་རྣམས་མ་གཏོགས་པར་འདོད་པའི་ཁམས་ཀྱི་གཞན་ཕྲ་རྒྱས་བདུན་ནི་འདོད་པ་ན་སྤྱོད་པའི་ཀུན་འབྱུང་གི་བདེན་པ་ལ་རྒྱུ་དང་ཀུན་འབྱུང་བ་དང་རབ་ཏུ་བསྐྱེད་པ་དང་རྐྱེན་ཉིད་དུ་ཡིད་ལ་བྱེད་ པས་དེ་ཉིད་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་དང་། ཆོས་ཤེས་པ་དེ་གཉིས་ཀྱིས་སྤོང་བར་འགྱུར་རོ། །དེ་རྣམས་ཉིད་ལས་ཁོང་ཁྲོ་མ་གཏོགས་པ་ཁམས་གཉིས་ལ་ཕྲ་རྒྱས་བཅུ་གཉིས་ཀུན་འབྱུང་གི་བདེན་པ་མཐོང་བས་ཏེ་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་དང་། ཤེས་པ་གཉིས་ཀྱིས་སྤོང་བར་འགྱུར་ བས་ན་དེ་དེ་ལྟར་ཕྲ་རྒྱས་དགུ་བཅུ་ཀུན་འབྱུང་གི་བདེན་པ་མཐོང་བས་སྤང་བར་འགྱུར་རོ། །དེ་བཞིན་དུ་འདོད་པ་ན་སྤྱོད་པའི་སྡུག་བསྔལ་འགོག་པའི་བདེན་པ་ལ་འགོག་པ་དང་། ཞི་བ་དང་། གྱ་ནོམ་པ་དང་། ངེས་པར་འབྱུང་བ་བཞིར་ཡིད་ལ་བྱས་པས་ཀུན་འབྱུང་ལ་གསུངས་པའི་ཕྲ་རྒྱས་བདུན་པོ་དེ་ཁོ་ན་ འགོག་པ་ལ་ཆོས་ཤེས་པའི་བཟོད་པ་དང་། ཆོས་ཤེས་པ་གཉིས་ཀྱིས་ཡོངས་སུ་སྤོང་བར་འགྱུར་རོ། །དེ་ལྟར་རྗེས་སུ་བཟོད་པ་དང་། རྗེས་སུ་ཤེས་པ་གཉིས་ཀྱིས་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཕྲ་རྒྱས་བཅུ་གཉིས་སྤོང་བར་བྱེད་པས་ན་ཁམས་གསུམ་གྱི་ཕྲ་རྒྱས་བཅུ་དགུ་སྡུག་བསྔལ་འགོག་པའི་ 63-1-95a བདེན་པ་མཐོང་བ་ལས་སྤོང་བར་འགྱུར་རོ། །དེ་བཞིན་དུ་འདོད་པ་ན་སྤྱོད་པའི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་གྱི་བདེན་པ་ལམ་དང་། རིགས་པ་དང་། ངེས་པར་འབྱིན་པ་དང་། སྒྲུབ་པ་དང་། རྣམ་པ་བཞིར་ཡིད་ལ་བྱས་པས་ལམ་ལ་ཆོས་ཤེས་པའི་བཟོད་པ་དང་། ཆོས་ཤེས་པ་དེ་གཉིས་ཀྱི་གོང་དུ་གསུངས་པའི་བདུན་ཁོ་ན་ལ་ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་བསྣན་པས་བརྒྱད་ནི་ལམ་གྱི་བདེན་པ་མཐོང་བས་སྤོང་བར་འགྱུར་རོ། །ལམ་ལ་རྗེས་སུ་བཟོད་པ་དང་། ཤེས་པ་གཉིས་ཀྱི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་བཅུ་བཞི་ནི་ལམ་མཐོང་ བ་ལས་སྤོང་བར་འགྱུར་བས་ན་དེ་ལྟར་ན་ཕྲ་རྒྱས་ཉི་ཤུ་རྩ་གཉིས་ལམ་གྱི་བདེན་པ་མཐོང་བས་སྤོང་བར་འགྱུར་རོ། །དེ་ལྟ་བས་ན་རྣམ་པ་བཅུ་དྲུག་གིས་འཕགས་པའི་བདེན་པ་བཞི་མངོན་དུ་བྱེད་པས་ཁམས་གསུམ་པའི་ཉོན་མོངས་པ་མེད་ཅིང་ཕྱིན་ཅི་མ་ལོག་པའི་དངོས་པོ་རྟོགས་པའི་དེ་ཁོ་ན་སྐྱེ་བ་སྟེ། དེ་ རིག་ཅིང་མཁྱེན་པས་ན། དེ་ཉིད་རྣམ་པ་བཅུ་དྲུག་རིག་སྟེ། དེ་ཉིད་བཅོམ་ལྡན་འདས་སོ། །རྣམ་པ་ཉི་ཤུས་བྱང་ཆུབ་པ་ནི་ཕུང་པོ་ལྔ་རྣམས་རྣམ་པ་ཉི་ཤུར་སོ་སོར་ཀུན་དུ་རྟོག་པའི་རྣམ་པས་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་དུ་མཛད་པ་ནི་འདི་ལྟ་སྟེ། གཟུགས་ཉིད་བདག་ཡིན། གཟུགས་ལ བདག་གནས། གཟུགས་བདག་གི་ཡིན། བདག་གཟུགས་དང་ལྡན། ཚོར་བ་བདག་ཡིན། ཚོར་བ་ལ་བདག་གནས། ཚོར་བ་བདག་གི་ཡིན། བདག་ཚོར་བ་དང་ལྡན། འདུ་ཤེས་བདག་ཡིན། འདུ་ཤེས་ལ་བདག་གནས། འདུ་ཤེས་བདག་གི་ཡིན། བདག་འདུ་ཤེས་དང་ལྡན། འདུ་ བྱེད་བདག་ཡིན། འདུ་བྱེད་ལ་བདག་གནས། འདུ་བྱེད་བདག་གི་ཡིན། བདག་འདུ་བྱེད་དང་ལྡན། རྣམ་པར་ཤེས་པ་བདག་ཡིན། རྣམ་པར་ཤེས་པ་ལ་བདག་གནས། རྣམ་པར་ཤེས་པ་བདག་གི་ཡིན། བདག་རྣམ་པར་ཤེས་པ་དང་ལྡན་པའོ། །དེ་ལྟར་ཕྱེ་བའི་རྣམ་པ་ཉི་ཤུ་རྣམས་ཀྱིས་གང་ གིས་རྫོགས་པའི་བྱང་ཆུབ་རྟོག་པ་མེད་པའི་ཡེ་ཤེས་ལ་ལྷག་པར་རྟོགས་པ་སྟེ། དེ་རྣམ་པ་ཉི་ཤུས་བྱང་ཆུབ་པ་ཞེས་གསུངས་སོ། །དེ་ལྟར་ཀླུ་སྒྲུབ་ཞབས་ཀྱིས་གསུངས་པ། རིག་པ་ཡིས་ནི་རྣམ་དཔྱད་ན། །ཕུང་པོ་ལས་ནི་གཞན་ཀུན་ན། །མུ་སྟེགས་རྣམས་ཀྱིས་གང་བརྟགས་པའི། ། 63-1-95b བདག་ནི་འགའ་ཡང་ཡོད་མ་ཡིན། །ཕུང་པོ་ཡིན་ན་དེ་མི་རྟག །དེ་ཡང་བདག་གི་ཚུལ་མ་ཡིན། །རྟག་དང་མི་རྟག་མེད་པའི་ཕྱིར། །རྟེན་དང་བརྟེན་པའང་ནམ་ཡང་མེད། །ཅེས་སོ། །རྣམ་པར་སངས་རྒྱས་ཀུན་རིག་མཆོག་གི་ཚིག་གསུམ་གྱི་དོན་ནི་བཤད་ཟིན་ཏོ། །སངས་རྒྱས་ཀུན་གྱི་སྤྲུལ་ པའི་སྐུ། །དཔག་མེད་མཐའ་ཡས་འབྱེད་པ་པོ། །སྐད་ཅིག་ཐམས་ཅད་མངོན་པར་རྟོགས། །སེམས་ཀྱི་སྐད་ཅིག་དོན་ཀུན་རིག །ཅེས་པ་ནི་དེ་ལ་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་སྤྲུལ་པའི་སྐུ་རྣམས་ནི་དཔག་མེད་སངས་རྒྱས་སྤྲུལ་པ་སྟེ། དེ་རྣམས་ཀྱི་སྐུ་ནི་འདུས་པ་སྟེ། དཔག་མེད་སངས་རྒྱས་སྤྲུལ་ པའི་སྐུའོ། །ཇི་ལྟ་ཇི་ལྟར་འདུལ་བའི་སེམས་ཅན་རྣམས་ཡོངས་སུ་སྨིན་པའི་དབང་གི་ཕྱིར་ན་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་སྤྲུལ་པའི་མཐའ་འགྱེད་པར་བྱེད་པ་སྟེ། འཕྲོ་བ་གང་ཡིན་པ་དེ་ཉིད་བཅོམ་ལྡན་འདས་ཁོ་ན་ཡིན་པས་ན། སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུ། །དཔག་མེད་མཐའ་ཡས་འགྱེད་ པ་པོ། །ཞེས་གསུངས་སོ། །སྐད་ཅིག་ཐམས་ཅད་མངོན་པར་རྟོགས་པ་ནི་སྐད་ཅིག་ཀྱང་དེ་ཡིན་ལ། ཐམས་ཅད་ཀྱང་དེ་ཡིན་པས་སྐད་ཅིག་ཐམས་ཅད་དེ། སྐད་ཅིག་བཅུ་དྲུག་གི་བདག་ཉིད་རྣམས་སོ། །དེ་རྣམས་ཤེས་པ་ནི་རྒྱུན་དུ་ཞུགས་པའི་མངོན་པར་རྟོགས་པ་སྟེ། དེ་ཉིད་བཅོམ་ལྡན་འདས་སོ། ། དེ་ལྟར་ཡང་ཆོས་མངོན་པ་ལས་གསུངས་པ། གོ་རིམས་བཞིན་དུ་ཆེར་འཇུག་པ། །སྐད་ཅིག་བཅུ་དྲུག་མཐོང་ལམ་གྱིས། །དེ་ཡི་འབྲས་བུ་སྤངས་པའོ། །ཞེས་སོ། །སེམས་ཀྱི་སྐད་ཅིག་དོན་ཀུན་རིག་ནི་སེམས་ཅན་ཐམས་ཅད་ཀྱི་སྐད་ཅིག་ཀུན་ནོ། །དེའི་དོན་མཁྱེན་པས་ནི་སེམས་ཀྱི་སྐད་ཅིག་དོན་ཀུན་རིག་ སྟེ། དེ་ཉིད་བཅོམ་ལྡན་འདས་སོ། །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་འཕྲོ་བར་བྱེད། །ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གིས་འབྲས་བུར་གནས། །ཞེས་པ་སྟེ། དེ་ལ་ཐེག་པ་སྣ་ཚོགས་ཞེས་པ་ལ་སོགས་པ་ནི་སྣ་ཚོགས་པར་གྱུར་པའི་ཐེག་པ་ནི་ཐེག་པ་སྣ་ ཚོགས་ཏེ། ཉན་ཐོས་ལ་སོགས་པ་རྣམས་ཀྱིའོ། །དེ་རྣམས་ཀྱི་ཚུལ་ནི་ལམ་མོ། །དེའི་ཐབས་ནི་ཐེག་པ་སྣ་ཚོགས་ཐབས་ཀྱི་ཚུལ་ལོ། །དེའི་ཕྱིར་ཐེག་པ་སྣ་ཚོགས་ཐབས་ཀྱི་ཚུལ་དེས་འགྲོ་བ་རྣམས་ཀྱི་དོན་བྱེད་པ་ནི་འགྲོ་དོན་ཏེ། དེ་ལ་རྣམ་པར་རྟོགས་ཤིང་འཕྲོ་བས་ན། ཐེག་པ་སྣ་ཚོགས་ཐབས་ཚུལ་ 63-1-96a གྱིས། །འགྲོ་བའི་དོན་ལ་འཕྲོ་བར་བྱེད་དོ། །ཐེག་པ་གསུམ་གྱིས་ངེས་འབྱུང་ལ་ནི་འདུལ་བའི་དབང་གིས་ཐེག་པ་གསུམ་གྱིས་ངེས་པར་འབྱུང་བས་ན་ཐེག་པ་གསུམ་གྱིས་ངེས་པར་འབྱུང་བ་ལའོ། །དོན་དམ་པར་ནི་ཐེག་པ་གཅིག་གིས་འབྲས་བུར་གནས་ཞེས་པ་སྟེ། གཅིག་ཁོ་ ནའི་ཐེག་པ་ནི་ཐེག་པ་གཅིག་གོ། །དེའི་འབྲས་བུ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་དོ། །དེ་ལ་གནས་པས་ན་ཐེག་པ་གཅིག་གིས་འབྲས་བུར་གནས་ཏེ། དེ་ལྟར་ཡང་ཐེག་པ་ནི་གཅིག་ཁོ་ན་སྟེ། འདི་ལྟ་སྟེ། ཐེག་པ་ཆེན་པོའོ་ཞེས་སོ། །དེ་ལྟར་ཡང་ཀམྤ་ལའི་ ཞལ་སྔ་ནས་གསུངས་པ། འཐབ་པའི་གླང་ཆེན་མགོན་པོ་བོར་ནས་མགོན་མེད་བོང་བུའི་ཐེག་པས་སུ་ཞིག་འགྲོ། །རིགས་ལྡན་ཕྱུག་པོའི་བུད་མེད་ཁྱད་པར་སྤང་ནས་སྨད་འཚོང་འདོད་པ་བཞིན། །ཞེས་སོ། །ཉོན་མོངས་ཁམས་རྣམས་དག་པའི་བདག །ལས་ཀྱི་ཁམས་རྣམས་ཟད་བྱེད་པ། ། ཆུ་བོ་རྒྱ་མཚོ་ཀུན་ལས་བརྒལ། །སྦྱོར་བའི་དགོན་པ་ལས་བྱུང་བ། །ཞེས་པ་ནི་དེ་ལ་ཉོན་མོངས་ཁམས་དག་པའི་བདག་ནི་ཉོན་མོངས་པའི་བདག་ཉིད་ཀྱི་ཁམས་རྣམས་ནི་ཉོན་མོངས་ཁམས་རྣམས་ཏེ། ཁམས་བཅོ་བརྒྱད་དོ། །དེའི་ཕྱིར་ན་དེ་རྣམས་ལས་རྣམ་པར་དག་པའི་བདག་ཉིད་གང་ཡིན་པ་དེ་ནི་ཉོན་ མོངས་ཁམས་རྣམས་དག་པའི་བདག་གོ། །ལས་ཀྱི་ཁམས་རྣམས་ཟད་བྱེད་པ་ནི་དགེ་བ་ལ་སོགས་པའི་ལས་ཀྱི་ཁམས་རྣམས་ནི་ལས་ཀྱི་ཁམས་རྣམས་ཏེ། འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཞེས་བྱའོ། །དེ་རྣམས་ཟད་པར་བྱེད་པས་ན་ཟད་པར་བྱེད་པ་སྟེ། འཇོམས་པར་ བྱེད་པས་ཞེས་པའི་དོན་ཏེ། དེ་རྣམས་འཇིག་པར་འགྱུར་བའི་ལས་བྱེད་པའི་ཕྱིར་རོ། །ཆུ་བོ་རྒྱ་མཚོ་ཀུན་ལས་བརྒལ་བ་ནི་ཆུ་བོ་ནི་བཞི་སྟེ། འདོད་པའི་ཆུ་བོ་དང་། སྲིད་པའི་ཆུ་བོ་དང་། ལྟ་བའི་ཆུ་བོ་དང་། མ་རིག་པའི་ཆུ་བོའོ། །དེ་ལ་ལྟ་བ་དང་མ་རིག་པ་ལས་གཞན་ལ་འདོད་པའི་ཟག་པ་ཉིད་འདོད་ པའི་ཆུ་བོ་རྣམས་ཏེ། རྫས་ཉི་ཤུ་རྩ་དགུ་རྣམས་སོ། །སྲིད་པའི་ཟག་པ་ཉིད་སྲིད་པའི་ཆུ་བོ་སྟེ། །རྫས་ཉི་ཤུ་རྩ་བརྒྱད་རྣམས་སོ། །ཁམས་གསུམ་གྱི་ལྟ་བ་རྣམས་ནི་ལྟ་བའི་ཆུ་བོ་སྟེ་རྫས་སུམ་ཅུ་རྩ་དྲུག་རྣམས་སོ། །མ་རིག་པའི་ཟག་པ་ཉིད་མ་རིག་པའི་ཆུ་བོ་རྣམས་ཏེ་རྫས་བཅོ་ལྔ་རྣམས་སོ། །དེ་ཉིད་ 63-1-96b རྒྱ་མཚོ་སྟེ། མང་བ་ཉིད་ཀྱི་ཕྱིར་རོ། །ཆུ་བོ་རྒྱ་མཚོ་དེ་རྣམས་ལས་གང་གིས་ཡང་དག་པར་བརྒལ་བ་དེ་དེ་ལྟར་གསུངས་ཏེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་ཕྱིར་རོ། །སྦྱོར་བའི་དགོན་པ་ལས་བྱུང་བ། །ཡེ་ཤེས་ཙམ་ལ་སྙོམས་འཇུག་པ། །རྣལ་ འབྱོར་ཞེས་ནི་མངོན་པར་བཤད། །ཅེས་པ་ནི་དེ་ཉིད་དགོན་པ་སྟེ། ཤེས་དཀའ་བའི་ཕྱིར་དང་། རྒལ་དཀའ་བའི་ཕྱིར་རོ། །དེ་ལས་ངེས་པར་འབྱུང་བ་ནི་བརྒལ་བ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྦྱོར་བ་རྣམས་ཀྱི་ཡོངས་སུ་མཐར་ཕྱིན་པ་ཉིད་ཀྱི་ཕྱིར་ན་སྦྱོར་བའི་དགོན་པ་ལས་བྱུང་བ་སྟེ། དེ་ཉིད་བཅོམ་ལྡན་འདས་སོ། །ཉོན་མོངས་ཉེ་བའི་ཀུན་ཉོན་མོངས། །བག་ཆགས་བཅས་པར་གཏན་སྤངས་པ། །སྙིང་རྗེ་ཆེན་པོ་ཤེས་རབ་ཐབས། །དོན་ཡོད་འགྲོ་བའི་དོན་བྱེད་པ། །ཞེས་པ་ནི་དེ་ལ་ཉོན་མོངས་ཉེ་བའི་ཀུན་ཉོན་མོངས་ལ་སོགས་པ་ནི། ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་ པ་དྲུག་གོ། །ཉེ་བའི་ཉོན་མོངས་པ་ནི་ཁྲོ་བ་ལ་སོགས་པ་ཉི་ཤུ་རྩ་བཞིའོ། །ཀུན་ཉོན་མོངས་ནི་སྡུག་བསྔལ་བདུན་ནོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་ཀུན་ནས་ཉོན་མོངས་པའི་ཆོས་དེ་རྣམས་ཉིད་བག་ཆགས་དང་བཅས་པར་གཏན་དུ་སྤངས་པ་དང་གང་ལྡན་པ་དེ་ནི། ཉོན་མོངས་ཉེ་བའི་ ཀུན་ཉོན་མོངས། །བག་ཆགས་བཅས་པར་གཏན་སྤངས་པ། །ཞེས་གསུངས་སོ། །ཡང་ན་ཉོན་མོངས་པ་ནི་མ་རིག་པ་དང་། སྲིད་པ་དང་། ལེན་པ་རྣམས་སོ། །ཉེ་བའི་ཉོན་མོངས་པ་ནི་འདུ་བྱེད་དང་། སྲིད་པའོ། །གཞན་རྣམས་ནི་གོང་མ་བཞིན་ནོ། །སྙིང་རྗེ་ཆེ་དང་ཤེས་རབ་ཐབས། །ཞེས་པ་ནི་ ཤེས་རབ་དང་ཐབས་ནི་ཤེས་རབ་དང་ཐབས་ཏེ། སྙིང་རྗེ་ཡང་དེ་ཡིན་ལ་ཤེས་རབ་ཆེན་པོ་ཡང་དེ་ཡིན་པས་སྙིང་རྗེ་ཆེན་པོའོ། །ཤེས་རབ་དང་ཐབས་དང་སྙིང་རྗེ་ཆེན་པོ་གང་ཡིན་པ་དེ་ནི། སྙིང་རྗེ་དང་ཤེས་རབ་ཐབས་ཏེ། དེ་ནི་བཅོམ་ལྡན་འདས་སོ། །དོན་ཡོད་འགྲོ་བའི་དོན་བྱེད་པ་ནི་དོན་ཡོད་པ་ནི་འབྲས་བུ་ ཡོད་པའོ། །དོན་ཡོད་ཀྱང་དེ་ཡིན་ལ་འགྲོ་བའི་དོན་ཡང་དེ་ཉིད་ཡིན་པས་དོན་ཡོད་འགྲོ་བའི་དོན་བྱེད་པའོ། །དེ་བྱེད་པས་ན་དོན་ཡོད་འགྲོ་བའི་དོན་བྱེད་པ་སྟེ། དེ་ཉིད་བཅོམ་ལྡན་འདས་སོ། །འདུ་ཤེས་ཀུན་གྱི་དོན་སྤངས་ཤིང་། རྣམ་ཤེས་དོན་ནི་འགོག་པར་འཛིན། །སེམས་ཅན་ཀུན་ཡིད་ཡུལ་ 63-1-97a དང་ལྡན། །སངས་རྒྱས་ཀུན་གྱི་ཐུགས་རིག་པ། །ཞེས་པ་ནི། དེ་ལ་འདུ་ཤེས་ཀུན་གྱི་དོན་སྤངས་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པ་དང་། འགོག་པའི་སྙོམས་པར་འཇུག་པ་རྣམས་ཏེ། གཟུགས་ཀྱི་ཁམས་སུའོ། །གཟུགས་མེད་པའི་ ཁམས་སུ་ཡང་ཉེ་བར་སྐྱེ་བའི་གནས་དང་པོ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དེ། དེ་རྣམས་གསུམ་ནི་འདུ་ཤེས་ཀྱི་སྒྲར་གསུངས་སོ། །འདུ་ཤེས་གསུམ་པོ་དེ་རྣམས་ཀྱིས་སྤངས་པའི་སེམས་དང་སེམས་ལས་བྱུང་བའི་དོན་གང་ཡིན་པ་དེ་འདུ་ཤེས་དོན་སྤངས་ཤིང་སྟེ། དེ་ཉིད་བཅོམ་ལྡན་འདས་ སོ། །རྣམ་ཤེས་དོན་ནི་རྣམ་པར་ཤེས་པའི་དོན་ཡིན་པས་རྣམ་ཤེས་ཏེ། གཟུགས་མེད་པའི་ཁམས་ཉིད་དོ། །སྐྱེ་བའི་གནས་གཉིས་པོ་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དེ། དེ་རྣམ་པར་ཤེས་པ་ཁོ་ན་ལ་དམིགས་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་དོན་དང་གང་ལྡན་པ་དེ་རྣམ་ཤེས་ཏེ་དེ་ཉིད་ བཅོམ་ལྡན་འདས་སོ། །འགོག་པ་འཛིན་ནི་དེ་ཉིད་ཀྱིས་སྐྱེ་བའི་གནས་བཞི་པ་དང་། འགོག་པའི་སྙོམས་པར་འཇུག་པ་ནི་ཞེས་གསུངས་ཏེ། དེ་འཛིན་པས་ན་འགོག་པ་འཛིན་ཏེ། དེ་ཉིད་བཅོམ་ལྡན་འདས་སོ། །སེམས་ཅན་ཀུན་ཡིད་ཡུལ་དང་ལྡན་ནི་སེམས་ཅན་ཐམས་ཅད་ཀྱི་ཡིད་ནི་ཉོན་མོངས་ པ་ཅན་གྱི་ཡིད་དེ། སེམས་ཅན་ཀུན་གྱི་ཡིད་དོ། །དེ་ཉིད་ཡུལ་དང་གང་ལྡན་པ་དེ་སེམས་ཅན་ཀུན་ཡིད་ཡུལ་དང་ལྡན་ཏེ། དེ་ཉིད་བཅོམ་ལྡན་འདས་སོ། །སངས་རྒྱས་ཀུན་གྱི་ཐུགས་རིག་པ་ནི་དུས་གསུམ་ན་གནས་པའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་ དབྱིངས་ཀྱི་ཡེ་ཤེས་སོ། །དེ་རིག་པས་ན་སངས་རྒྱས་ཀུན་གྱི་ཐུགས་རིག་པའོ། །དེ་ལྟར་ཡང་གསུངས་པ། ཀུན་ནས་ཉོན་མོངས་རྣམ་པར་དག །དེ་ནི་དྲིར་བཅས་དྲི་མ་མེད། །ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །ཅེས་སོ། །སེམས་ཅན་ཀུན་གྱི་ ཡིད་ལ་གནས། །དེ་དག་སེམས་ནི་མཉམ་ཉིད་སོན། །སེམས་ཅན་ཀུན་ཡིད་ཚིམ་པར་བྱེད། །སེམས་ཅན་ཀུན་གྱི་ཡིད་དགའ་བ། །ཞེས་པ་ནི་དེ་ལ་སེམས་ཅན་ཀུན་གྱི་ཡིད་ལ་གནས་ནི་སེམས་ཅན་ཐམས་ཅད་ཀྱི་ཡིད་ནི་སེམས་སོ། །དེའི་དཀྱིལ་དུ་གནས་པས་ན་སེམས་ཅན་ཀུན་གྱི་ཡིད་ 63-1-97b ལ་གནས་ཏེ། དེ་ཉིད་བཅོམ་ལྡན་འདས་སོ། །དེ་ཉིད་ཀྱི་ཕྱིར་ན་དེ་དག་སེམས་ནི་མཉམ་ཉིད་སོན་ཏེ། སེམས་ཅན་དེ་དག་གི་སེམས་ནི་མཉམ་པ་ཉིད་དེ་དག་སེམས་དང་མཉམ་ཉིད་དེ། དེ་བཞིན་ཉིད་སྟོང་པ་ཉིད་ཀྱི་བར་དུའོ། །དེ་ལྟར་ཡང་ཤེས་རབ་བརྒྱད་སྟོང་པ་ལས་གསུངས་པ། གང་སོ་ སོའི་སྐྱེ་བོའི་དེ་བཞིན་ཉིད་དང་། གང་ཉན་ཐོས་ཀྱི་དེ་བཞིན་ཉིད་དང་། གང་རང་སངས་རྒྱས་ཀྱི་དེ་བཞིན་ཉིད་དང་། གང་བྱང་ཆུབ་སེམས་དཔའི་དེ་བཞིན་ཉིད་དང་། གང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དེ་བཞིན་ཉིད་རྣམས་ནི་དེ་བཞིན་ཉིད་གཅིག་ཁོ་ནའོ་ཞེས་གསུངས་པ་དེ་ལྟར་བྱས་ནས་ སེམས་ཅན་ཀུན་གྱི་སེམས་ཀྱི་དེ་བཞིན་དང་། དེ་དག་མཉམ་པ་ཉིད་དུ་སོན་པར་ཐོབ་པ་དེ་ནི་དེ་བཞིན་ཉིད་དོ། །དེའི་ཕྱིར་ན། སེམས་ཅན་ཀུན་ཡིད་ཚིམ་པར་བྱེད། །ཅེས་ཏེ། སེམས་ཅན་དེ་དག་ཉིད་ཕྱིན་ཅི་ལོག་ལས་འདས་པས་བདེ་བ་ཆེན་པོའི་ཡེ་ཤེས་བསྐྱེད་པ་ཉིད་ཀྱིས་སེམས་ཅན་ཀུན་གྱི་ཡིད་ ཚིམ་པར་བྱེད་ཅེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་ན། སེམས་ཅན་ཀུན་གྱི་ཡིད་དགའ་བ། །ཞེས་གསུངས་ཏེ། སེམས་ཅན་ཐམས་ཅད་ཀྱི་ཡིད་དགའ་བ་ནི་ཐམས་ཅད་དེ་བཞིན་གཤེགས་པའི་ཟག་པ་མེད་པའི་བདེ་བའོ། །ངོ་བོ་ལྷག་པར་ཆགས་པས་བསྐྱོད་པས་གཡོ་བ་དང་མི་གཡོ་བའི་དངོས་པོ་ ཐམས་ཅད་བདག་ཉིད་ཁོ་ནའོ་ཞེས་ཡིད་ཀྱི་འདུ་བྱེད་ཀྱི་དབྱེ་བས་ལྷག་པར་ཆགས་པ་ཁོ་ནས་རབ་ཏུ་འཇུག་པའོ། །གྲུབ་པའི་མཐའ་ལ་འཁྲུལ་པ་མེད། །ནོར་བ་ཐམས་ཅད་རྣམ་པར་སྤངས། །དོན་གསུམ་ཐེ་ཚོམ་མེད་པའི་བློ། །ཀུན་དོན་ཡོན་ཏན་གསུམ་གྱི་བདག །ཅེས་པ་ནི་དེ་ལ་གྲུབ་པའི་མཐའ་ལ་ འཁྲུལ་པ་མེད་ནི་གྲུབ་པའི་མཐའ་སྟེ། བརྩམས་པའི་མཐའ་དེ་ལ་འཁྲུལ་པ་མེད་ཅིང་མ་ངེས་པའི་བློ་གྲོས་བྲལ་བ་གང་ཡིན་པ་དེ་ནི་གྲུབ་པའི་མཐའ་ལ་འཁྲུལ་པ་མེད་པ་ནི་དེ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་ན། ནོར་བ་ཐམས་ཅད་རྣམ་པར་སྤངས། །ཞེས་པ་སྟེ། དོན་གྱི་རང་བཞིན་ཇི་ལྟར་གནས་པ་ཡོངས་ སུ་ཤེས་པའི་ཕྱིར་རོ། །ཡང་། དོན་གསུམ་ཐེ་ཙོམ་མེད་པའི་བློ། །ཞེས་པ་ལ་ཐེ་ཚོམ་མེད་པའི་བློ་དང་གང་ལྡན་པ་དེ་ནི་ཐེ་ཚོམ་མེད་པའི་བློ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གྲུབ་པའི་མཐའ་ཡོངས་སུ་ཤེས་པའི་ཕྱིར་རོ། །དོན་གསུམ་ནི་འདས་པ་དང་མ་འོངས་པ་དང་། ད་ལྟར་གྱི་དོན་ཏེ། 63-1-98a དེའི་རང་བཞིན་ཡང་འཇམ་དཔལ་ལོ། །ཀུན་དོན་ནི་གཡོ་བ་དང་མི་གཡོ་བའི་དངོས་པོའི་རང་བཞིན་ཡིན་པའི་ཕྱིར་རོ། །ཡོན་ཏན་གསུམ་གྱི་བདག་ཉིད་ནི་སྙིང་སྟོབས་དང་རྡུལ་དང་། མུན་པ་ལ་འཇུག་པའི་ཕྱིར་རོ། །དེ་ལྟར་ཡང་གསུངས་པ། སྙིང་སྟོབས་དང་རྡུལ་དང་མུན་པ་ ཡང་། །གང་ཕྱིར་སེམས་ཅན་དོན་དུ་གྱུར། །དེ་ཕྱིར་ཀུན་དུ་བཟང་པོའི་བདག །བྱང་ཆུབ་སྤྱོད་པ་ཇི་བཞིན་འགྲོ། །ཞེས་སོ། །ཕུང་པོ་ལྔ་དོན་དུས་གསུམ་དུ། །སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་བྱང་ཆུབ། །སངས་རྒྱས་ཀུན་གྱི་རང་བཞིན་འཆང་། །ཞེས་པ་ནི་ དེ་ལ་ཕུང་པོ་ལྔ་དོན་དུས་གསུམ་དུ་ནི་ཕུང་པོ་ལྔ་རྣམས་ཀྱི་དོན་ནི་དུས་གསུམ་གྱི་རྣམ་གྲངས་ཀྱི་བདག་ཉིད་ཀྱི་ཕྱིར་ན། ཕུང་པོ་ལྔ་དོན་དུས་གསུམ་ཉིད། །ཅེས་སོ། །དེ་ལྟར་ཡང་ཆོས་མངོན་པ་ལས་གསུངས་པ། འདུས་བྱས་ཆོས་རྣམས་དེ་དག་ཀྱང་། །གཟུགས་ལ་སོགས་པའི་ཕུང་པོ་ལྔ། །དེ་དག་ཉིད་ དུས་གཏམ་བཞི་དང་། །ངེས་པར་འབྱུང་བཅས་བཞི་དང་བཅས། །གང་དག་ཟག་བཅས་ཉེར་ལེན་པའི། །ཕུང་པོའང་དེ་དག་འཐབ་བཅས་དང་། །སྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང་། །ལྷ་བཅས་སྲིད་པའང་དེ་དག་ཡིན། །ཞེས་སོ། །སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད་ནི་རྒྱུའི་གནས་སྐབས་ན་ སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དགེ་བའི་རྩ་བ་བསགས་པའི་དགེ་བའི་རྩ་བ་བསགས་ཤིང་ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའི་ཐབས་དང་ཤེས་རབ་ཀྱི་ཆོས་ཐམས་ཅད་རིག་པས་ན། སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད། །ཅེས་གསུངས་སོ། །འབྲས་བུའི་གནས་སྐབས་སུ་ནི། སྐད་ཅིག་གཅིག་མངོན་ རྫོགས་བྱང་ཆུབ་སྟེ། སྐད་ཅིག་ཀྱང་དེ་ཡིན་ལ་གཅིག་ཀྱང་དེ་ཡིན་པས་སྐད་ཅིག་གཅིག་གོ། །གང་གིས་སྐད་ཅིག་མ་གཅིག་ཁོ་ན་ལ་ཟད་པའི་ཡེ་ཤེས་དང་མི་སྐྱེ་བའི་ཡེ་ཤེས་ཀུན་དུ་བཟང་པོ་ཞེས་བྱ་བ་མངོན་དུ་བྱེད་པ་དེ་ནི་སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་སོ། །སངས་རྒྱས་ཀུན་གྱི་རང་ བཞིན་འཆང་ནི་དུས་གསུམ་དུ་གནས་པའི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་འདི་ཁོ་ན་སྟེ། འདི་ལྟར། སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །ཅེས་བྱ་བའོ། །དེ་འཛིན་པས་སངས་རྒྱས་ཀུན་གྱི་རང་བཞིན་འཆང་ངོ་། །དེ་ལྟར་ཡང་གསུངས་པ། སངས་རྒྱས་ཐམས་ཅད་ཚོགས་དང་ 63-1-98b ནི། །ཆོས་སྐུ་འགྲོ་བའི་དོན་སྤྱོད་པས། །མཉམ་པ་ཉིད་དུ་སྐུ་ཚེ་དང་། །རིགས་དང་སྐུ་བོང་ཚད་དག་མིན། །ཞེས་སོ། །ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ལུས་ནི་བྱེ་བ་འཕྲོ་བར་བྱེད། །གཟུགས་རྣམས་མ་ལུས་སྟོན་པ་པོ། །ནོར་བུ་ཆེན་པོ་རིན་ཆེན་ཏོག །ཅེས་པ་ནི་དེ་ལ་ལུས་མེད་ལུས་ ཏེ་ནི་ལུས་ཡོད་པ་མ་ཡིན་པ་ནི་ལུས་མེད་དེ། མེད་པའི་ལུས་དང་གང་ལྡན་པ་དེ་ལུས་མེད་ལུས་ཏེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ན་ལུས་ཀྱི་མཆོག་སྟེ། ལོངས་སྤྱོད་རྫོགས་པ་ལ་སོགས་པའི་སྐུའི་ནང་ན་མཆོག་སྟེ། རབ་ཅེས་པའི་དོན་ཏོ། །ལུས་རྣམས་ཏེ་སྐུ་བྱེ་བ་ནི་ ལུས་བྱེ་བ་གྲངས་མེད་པའོ། །དེ་རྣམས་འགྲོ་བར་བྱེད་པ་སྟེ། འཕྲོ་བར་བྱེད་པས་ན་ལུས་ནི་བྱེ་བ་འཕྲོ་བར་བྱེད་པའོ། །དེ་ཉིད་ཀྱི་ཕྱིར་ན། གཟུགས་རྣམས་མ་ལུས་སྟོན་པ་པོ། །ཞེས་ཏེ། མ་ལུས་ཤིང་ལུས་པ་མེད་པའི་གཟུགས་ཀྱིས་འདུལ་བ་རྣམས་ལ་ཡང་དག་པར་སྟོན་པའི་ཚུལ་དང་གང་ལྡན་པ་དེ་ གཟུགས་རྣམས་མ་ལུས་སྟོན་པ་པོ་སྟེ། དེ་ཉིད་བཅོམ་ལྡན་འདས་སོ། །རིན་ཆེན་ཏོག་ནི་འགྲོ་བ་ཐམས་ཅད་ཆགས་པར་བྱེད་པའི་དོན་གྱིས་རིན་ཆེན་ནོ། །རིན་ཆེན་དེས་མཚན་པའི་ཏོག་གོ། །དེ་ཉིད་ཕྱག་རྒྱ་སྟེ། དེ་འཛིན་པ་ཡང་བཅོམ་ལྡན་འདས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱིས་བསམ་པ་ ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར་དང་། དེ་བཞིན་གཤེགས་པ་ཐམས་ཅད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་སྦྱོར་བ་ཉིད་ཀྱི་ཕྱིར་ན་རིན་ཆེན་ཏོག་ནི་འཇམ་དཔལ་ཞེས་སོ། །ད་ནི་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་དུ་ཡང་བཅོམ་ལྡན་འདས་དེ་བསྟན་པ་ཉེ་བར་བསྡུ་བ་གསུངས་པ། ནོར་བུ་ཆེན་པོ་ ཞེས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་མཐའ་ཡས་པ་ཉིད་ཀྱིས་འདི་ལྟར་གསུངས་པར་འགྱུར་ཏེ། དེ་བཞིན་གཤེགས་པ་མཐའ་ཡས་པ་ནོར་བུ་ཆེན་པོ་ལས་བྱུང་བའི་ཕྱིར་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། དེས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པ་རྣམས་རང་གི་ ཕྱག་རྒྱས་ཁམས་གསུམ་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོར་དབང་བསྐུར་བ་སྦྱིན་པར་བྱེད་པས་ན་དེའི་ཕྱིར་ན་ནོར་བུ་ཆེན་པོ་ཞེས་གསུངས་ཏེ། བཅོམ་ལྡན་འདས་འཇམ་དཔལ་ཉིད་དོ། །དེ་ནས་ད་ནི་ནམ་མཁའི་སྙིང་པོའི་ཏིང་ངེ་འཛིན་ལ་གནས་པའི་བཅོམ་ལྡན་འདས་འཇམ་དཔལ་ཕྱོགས་བཅུ་མཐའ་ 63-1-99a ཡས་འབྱམ་ཀླས་པའི་སངས་རྒྱས་ཀྱི་ཞིང་དུ་གཤེགས་ནས་སེམས་ཅན་གྱི་ཁམས་རྣམས་ཀྱི་སེར་སྣ་བཅོམ་སྟེ། རང་གི་རྣམ་པར་ཐར་པའི་སྒོ་ནས་དག་པར་བྱས་ནས་གང་མཚན་གྱི་སྔགས་ཀྱི་ཡི་གེའི་ཚིག་བརྒྱ་རྩ་བཞི་དེ་རྣམས་རྟག་པ་ལ་སོགས་པའི་རིགས་ཀྱི་དབྱེ་བས་རྣམ་པ་ ལྔར་བགོས་ཏེ། རིགས་རེ་རེ་ལས་ཉི་ཤུ་རྩ་རེ་རེར་མཚན་པ་རྣམས་རྗེས་སུ་སྦྱར་ཏེ། དེ་རྣམས་ཀྱིས་ཀྱང་སངས་རྒྱས་ཀྱི་མཛད་པ་བྱས་ཏེ། ཡང་སླར་ལོག་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་འཁོར་ལོ་བཞི་པ་ལ་རང་རང་གི་ཁ་དོག་གིས་ཁ་དོག་བསྒྱུར་བའི་ཡི་གེ་རྣམས་སུ་གྱུར་ཏེ། ཇི་ ལྟར་གོ་རིམས་བཞིན་དུ་རྣམ་པར་གཞག་གོ། །དེ་ལྟར་ཡང་གོང་དུ་གསུངས་པའི་གཟུགས་རྣམ་པ་གསུམ་དུ་བདག་ཉིད་དམིགས་ཏེ། སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་འཕགས་པ་མཚན་ཡང་དག་པར་བརྗོད་པ་ཀློག་པས་ནི་འོག་ནས་གསུངས་པའི་ཡོན་ཏན་ཆེར་ཐོབ་ཅེས་ མན་ངག་གོ། །ཚིགས་སུ་བཅད་པ་ནི་ཉི་ཤུ་རྩ་བཞིའོ། །མཚན་གྱི་སྔགས་ཀྱི་ཡི་གེ་གྲངས་ནི་བརྒྱ་རྩ་བཞིའོ། །འཕགས་པ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་པ་མཚན་གསང་སྔགས་དོན་དུ་རྣམ་པར་ལྟ་བ་ཞེས་པ་ལས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་གྱི་བསྟོད་པའི་རིམ་པའི་དབང་ དུ་བྱས་པ་སྟེ་དགུ་པའོ།། །།ད་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་སྒོ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུའི་བསྟོད་པ་འདི་བརྗོད་པའི་དབང་དུ་བྱས་ནས་གསུངས་པ། སངས་རྒྱས་ཀུན་གྱིས་རྟོགས་བྱ་བ། །སངས་རྒྱས་བྱང་ཆུབ་བླ་ན་མེད། །གསང་སྔགས་ ལས་བྱུང་ཡི་གེ་མེད། །གསང་སྔགས་ཆེན་པོ་རིགས་གསུམ་པ། །ཞེས་པ་ནི། དེ་ལ་སངས་རྒྱས་ཀུན་གྱིས་རྟོགས་བྱ་བ་ནི་དུས་གསུམ་དུ་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱིས་རྟོགས་པར་བྱ་ཞིང་ཤེས་པར་བྱ་བ་མངོན་དུ་བྱ་བ་ནི་བཅོམ་ལྡན་འདས་དེ་ཉིད་ཡིན་པས་སངས་རྒྱས་ཀུན་གྱིས་རྟོགས་ བྱ་བའོ། །དེ་ལྟར་ཡང་དཔལ་དེ་ཉིད་འདུས་པ་ལས་གསུངས་པ། མངོན་པར་བྱང་ཆུབ་ཁྱེད་ལ་བརྟེན། །ཁྱེད་ནི་ཀུན་གཟིགས་ཡབ་ཡིན་ཏེ། །བྱུང་དང་འབྱུང་བར་འགྱུར་བ་ཡི། །དེ་བཞིན་གཤེགས་རྣམས་ཁྱེད་ལ་བརྟེན། །ཞེས་སོ། །སངས་རྒྱས་བྱང་ཆུབ་ནི་ཉན་ཐོས་ལ་སོགས་པ་གསུམ་ 63-1-99b པོའི་བྱང་ཆུབ་ནི་སངས་རྒྱས་བྱང་ཆུབ་པོ། །འདི་ལྟ་སྟེ། བྱང་ཆུབ་རྣམ་པ་གསུམ་ནི་ཇི་སྐད་གསུངས་པའི་ཉན་ཐོས་ཀྱི་བྱང་ཆུབ་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་རྣམས་སོ། །རྣམ་པ་གསུམ་ཡིན་ཡང་དེ་ཉིད་བླ་ན་མེད་པ་ཞེས་བྱ་བ་སྟེ། འདི་ལས་བླ་ན་ མེད་པས་བླ་ན་མེད་པའོ། །གསང་སྔགས་ལས་བྱུང་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གསང་སྔགས་རྣམས་ཀྱི་སྐྱེ་བའི་གནས་ཉིད་ཀྱི་ཕྱིར་ན་གསང་སྔགས་འབྱུང་བ་སྟེ། བྱེད་རྒྱུ་ཞེས་པའི་དོན་ཏོ། །ཡི་གེ་མེད་ནི་གང་ལ་བརྗོད་པར་བྱ་བ་དང་། བརྗོད་པའི་མཚན་ཉིད་ཀྱི་ཡི་གེ་རྣམས་མེད་པ་ དེ་ནི་ཡི་གེ་རྣམས་མེད་པ་སྟེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཕྱིར་རོ། །གསང་སྔགས་ཆེན་པོ་རིགས་གསུམ་པ་ནི་གསང་སྔགས་ཀྱང་དེ་ཡིན་ལ་ཆེན་པོ་ཡང་དེ་ཉིད་ཡིན་པས་གསང་སྔགས་ཆེན་པོ་སྟེ། རྟག་པ་དང་། མི་བསྐྱོད་པ་དང་། སྣང་བ་མཐའ་ཡས་ཏེ་རིགས་གསུམ་པོ་རྣམས་ནི་རིགས་གསུམ་ མོ། །གསང་སྔགས་ཆེན་པོའི་བདག་ཉིད་རིགས་གསུམ་དང་གང་ལྡན་པ་དེ་ནི་གསང་སྔགས་ཆེན་པོ་རིགས་གསུམ་པ་སྟེ། སྐུ་གསུང་ཐུགས་ནམ་མཁའ་དང་མཉམ་པ་ཉིད་ཀྱི་ཕྱིར་རོ། །དེ་ཡང་དཔལ་གསང་བ་འདུས་པ་ལས། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནམ་མཁའི་ཚུལ་ངེས་པར་སྦྱོར་ཞིང་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་སོ། །གསང་སྔགས་དོན་ཀུན་སྐྱེད་པ་པོ། །ཐིག་ལེ་ཆེན་པོ་ཡི་གེ་མེད། །སྟོང་པ་ཆེན་པོ་ཡི་གེ་ལྔ། །ཐིག་ལེ་སྟོང་པ་ཡི་གེ་དྲུག །ཅེས་པ་ནི་དེ་ལ་གསང་ སྔགས་དོན་ཀུན་སྐྱེད་པ་པོ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གསང་སྔགས་ཐམས་ཅད་ཀྱི་དོན་ཏེ། དེ་སྐྱེད་པ་ནི་འབྱིན་པར་བྱེད་པ་སྟེ། དེ་ཉིད་བཅོམ་ལྡན་འདས་སོ། །ཐིག་ལེ་ཆེན་པོ་ནི་དང་པོའི་ཡི་གེ་ཨ་ནས་ཧ་ལ་ཐུག་པའི་བར་དུ་དབྱངས་དང་གསལ་བྱེད་རྣམས་ནི་ཐིག་ལེ་ཆེན་པོ་ཞེས་གསུངས་ ཏེ། དེ་ཡང་བཅོམ་ལྡན་འདས་ཉིད་དོ། །ཡི་གེ་མེད་ནི་དོན་དམ་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །སྟོང་པ་ཆེན་པོ་ནི་སྟོང་པ་ཉིད་རྣམ་པ་བཅུ་དྲུག་གི་རང་བཞིན་ཉིད་ཀྱི་ཕྱིར་རོ། །ཡི་གེ་ལྔ་ནི་རྟག་པ་ལ་སོགས་པའི་ཡི་གེ་འབྲུ་ཨཱ་ཨོཾ་ཧཱུྃ་ཧྲཱི་ཨཿཞེས་པའི་བདག་ཉིད་ཀྱི་ཕྱིར་ན་ཡི་གེ་ཨ་ཞེས་གསུངས་སོ། ། 63-1-100a ཐིག་ལེ་སྟོང་པ་ཞེས་པ་ལ་ཐིག་ལེ་ནི་ས་བོན་གྱི་ཡི་གེའོ། །དེ་ལ་དོན་དམ་པར་མི་དམིགས་པའི་རང་བཞིན་གྱི་ཕྱིར་རོ། །ཡི་གེ་དྲུག་ནི་ཨོཾ་ཝཱ་གཱི་ཤྭ་རི་མུཾ་ཞེས་ཏེ་ཡི་གེ་དྲུག་པའི་བདག་ཉིད་ཀྱི་ཕྱིར་རོ། །རྣམ་པ་ཀུན་གྱི་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཡན་ལག་མེད་ པའི་རྩིས་ལས་འདས། །བསམ་གཏན་བཞི་ཡི་རྩེ་མོ་ཅན། །ཞེས་པ་ནི་དེ་ལ་རྣམ་པ་ཀུན་གྱི་རྣམ་པ་མེད་ནི་རྣམ་པ་ཀུན་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པའི་ཆོས་དེ་རྣམས་ཀུན་གང་ཡིན་པ་ལས་འདས་ཤིང་མེད་པའི་རྣམ་པའི་ཡན་ལག་དང་གང་ལྡན་པ་དེ་ལ་དེ་ལྟར་གསུངས་སོ། ། དེ་ལྟར་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སུམ་བརྒྱ་པ་ལས་གསུངས་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པར་བལྟའམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པར་བལྟ་བར་ བྱ་བ་འདི་ནི་མ་ལགས་སོ། །དེ་ཅིའི་ཕྱིར་ཞེ་ན། གང་མཚན་ཕུན་སུམ་ཚོགས་པ་དེ་བཞིན་གཤེགས་པས་གསུངས་པ་དེ་ཉིད་མཚན་ཕུན་སུམ་ཚོགས་པ་མ་ལགས་པའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་ཇི་སྲིད་དུ་མཚན་ཕུན་སུམ་ཚོགས་པ་དེ་སྲིད་ དུ་བརྫུན་ནོ། །ཇི་སྲིད་དུ་མཚན་ཕུན་སུམ་ཚོགས་པ་མེད་པ་དེ་སྲིད་དུ་བརྫུན་པ་མ་ལགས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་མཚན་མ་ཡིན་པར་བལྟ་བར་བྱའོ་ཞེས་ཏེ། དེ་ཀུན་རྫོབ་དང་དོན་དམ་པའི་རང་བཞིན་ཡིན་པའི་ཕྱིར་རོ། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཡན་ལག་ མེད་པའི་རྩིས་ལས་འདས། །བསམ་གཏན་བཞི་ཡི་རྩེ་མོ་ཅན་ནི་དེ་བདག་གི་བླ་མའི་ལུང་ཡིན་པའི་ཕྱིར་ན་ཚིག་རྐང་གསུམ་གྱི་དོན་བདག་གིས་མ་བཤད་དོ། །དེའི་ཕྱིར་ན་བདག་ཅག་གི་བླ་མས་ཇི་ལྟ་བ་བཞིན་དུ་བདག་ལ་གསུངས་པ། སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པ་ལས་ཐམས་ཅད་སོ་སོར་ རྟོགས་པ་དད་པ་དང་ཡང་དག་པར་ལྡན་པའི་སློབ་མ་རྣམས་དུས་རིང་པོར་མཉེས་པར་བྱེད་པའི་བསམ་པའི་ཁྱད་པར་ལས་སྒྱུ་འཕྲུལ་དྲ་བའི་མངོན་པར་བྱང་ཆུབ་པའི་བླ་མའི་མན་ངག་སྙན་ཁུང་ནས་སྙན་ཁུང་དུ་བརྒྱུད་པ་རབ་ཏུ་བསྟན་པར་བྱའོ། །དེའི་ཕྱིར་དེའི་སྦྱོར་བ་འཚམ་པ་བགོམས་པས་ 63-1-100b འཇིགས་པས་ཊཱི་ཀཱ་ལས་འདི་རྣམ་པར་མ་སྤྲོས་སོ། །བསམ་གཏན་ཡན་ལག་ཀུན་ཤེས་ཤིང་། །ཏིང་འཛིན་རིགས་དང་རྒྱུད་འཆང་བ། །ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག །ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། །ཞེས་པ་ནི་དེ་ལ་བསམ་གཏན་ཡན་ལག་ཀུན་ཤེས་ཤིང་ནི་བསམ་གཏན་ཀུན་ནི་ བཞི་རྣམས་ཏེ། རྟོག་པ་དང་། དཔྱོད་པ་དང་། དགའ་བ་དང་། བདེ་བ་ཞེས་པ་རྣམས་ལས་སོ། །དེ་ལ་རྟོག་པ་དང་བཅས། དཔྱོད་པ་དང་བཅས། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་ནི་བསམ་གཏན་དང་པོའོ། །རྟོག་པ་དང་དཔྱོད་པ་སྤངས་པ་ནི་བསམ་གཏན་གཉིས་པའོ། །དགའ་བ་ ཡང་མེད་ཅིང་བཏང་སྙོམས་དང་དྲན་པ་ཡང་དག་པར་ལྡན་པ་ནི་བསམ་གཏན་གསུམ་པའོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་ནི་བསམ་གཏན་བཞི་པའོ། །བསམ་གཏན་བཞི་པོ་དེ་དག་གི་ཡན་ལག་སྟེ་ཆ་ཤས་འདི་རྣམས་སོ། །དེ་ཤེས་ན་ ནི་མཁས་པ་སྟེ། བསམ་གཏན་དེ་རབ་ཏུ་འབྱེད་པ་ལ་ཡང་སྦྱོར་བའི་ཕྱིར་ཏེ། དེ་ལ་མོས་པའི་སེམས་ཅན་ཀུན་དུ་བཟང་པོའི་དོན་ཡིན་ནོ། །དེ་ལྟར་ཡང་གསུངས་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསམ་གཏན་དང་པོ་ལ་སོགས་པ་མངོན་དུ་བྱེད་དེ། སེམས་ཅན་གྱི་དོན་གྱིས་གནས་པས་ ན་དེའི་དབང་གིས་སྐྱེ་བ་ནི་མ་ཡིན་ནོ། །དེ་བཞིན་དུ་འོག་ནས་བཤད་པ་ལས་ཀྱང་ལྷ་ཚེ་རིང་པོར་མི་སྐྱེ་བར་ཤེས་པ་སྟེ། དེ་རྣམས་སུ་སྐྱེ་བ་ལ་དབང་ཐོབ་པའི་ཕྱིར་རོ། །ཏིང་འཛིན་རིགས་དང་རྒྱུད་འཆང་བ་ནི་ཏིང་ངེ་འཛིན་རྣམས་ནི་དེ་ཡང་མཆོག་ཏུ་དགེ་བ་ལ་རྩེ་གཅིག་པའི་རྣམ་པར་བསྒོམ་པ་ཉིད་ ཀྱི་ཕྱིར་ན་བསམ་གཏན་དང་པོ་ལ་སོགས་པའི་མཚན་ཉིད་དོ། །གོ་རིམས་བཞིན་དུ་རང་གི་མིང་དང་དོན་གྱི་རྗེས་སུ་དྲན་པའི་རབ་ཏུ་དབྱེ་བ་དཔག་ཏུ་མེད་དེ། དེ་བས་ན་དེ་རྣམས་ཀྱི་རིགས་དང་རྒྱུད་ནི་གདོན་མི་ཟ་བར་ཉན་ཐོས་ལ་སོགས་པ་སྟེ། དེ་འཛིན་པས་ན་ཏིང་འཛིན་རིགས་དང་རྒྱུད་འཆང་བའོ། །ཏིང་ འཛིན་ལུས་ཅན་ལུས་ཀྱི་མཆོག་ནི་ཏིང་ངེ་འཛིན་གྱི་ལུས་ནི་ལུས་ཀྱི་སྐུའོ། །དེ་ཉིད་ཀྱི་ཕྱིར་སྤྲུལ་པ་ལ་སོགས་པའི་ལུས་ཐམས་ཅད་ལས་མཆོག་དང་རབ་ཡིན་པས་ན་ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག་སྟེ། དེ་ཉིད་བཅོམ་ལྡན་འདས་སོ། །ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ་ནི་ལོངས་སྤྱོད་ 63-1-101a རྫོགས་པའི་སྐུ་ཐམས་ཅད་དུ་གྱུར་པ་བཅོམ་ལྡན་འདས་འཇམ་དཔལ་འཁོར་ཐམས་ཅད་ཀྱི་ནང་ན་ཆེ་བའི་བདག་ཉིད་ཕུན་སུམ་ཚོགས་པ་བདེན་པའི་དོན་འབྲས་བུ་དང་བཅས་པ་སྣ་ཚོགས་པ་བསམ་དུ་མེད་པའི་འཇིག་རྟེན་ལས་འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ དགའ་བའི་རྒྱུ་རབ་ཏུ་སྟོན་པར་བྱེད་པའི་ཕྱིར་ན་བསྟན་ཏོ། །དེའང་དེ་ཉིད་བསྟན་པའི་སྒོ་ནས་མཛེས་ཤིང་འབར་བས་ན་ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ་ལོ། །དེ་ལྟར་ཡང་གསུངས་པ། བདག་གི་སྦྱོར་བ་འཇིག་རྟེན་ལས་འདས་བསམ་གྱིས་མི་ཁྱབ་ལེགས་མཛད་ལེགས་པའི་འབྲུ། །བློ་ཆེན་ རྣམས་ཀྱི་དགའ་བའི་རྒྱུ་ནི་འཁོར་བའི་ནང་དུ་སྣ་ཚོགས་རབ་སྟོན་ཅིང་། །དམ་པའི་ཆོས་ཀྱི་སྒྲ་ཆེན་རྟག་ཏུ་འཇིག་རྟེན་ཁམས་རྣམས་ཀུན་དུ་རབ་འཕྲོ་བ། །སངས་རྒྱས་ཆོས་ཀྱི་རྒྱལ་སྲིད་ཆེ་ལ་བཞུགས་པ་དེ་ལ་འདིར་ནི་ཕྱག་འཚལ་ལོ། །ཞེས་སོ། །སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག །སངས་རྒྱས་ སྤྲུལ་པའི་རྒྱུད་འཆང་བ། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཇི་བཞིན་འགྲོ་བའི་དོན་བྱེད་པ། །ཞེས་པ་ནི་དེ་ལ་སྤྲུལ་པའི་སྐུ་སྟེ་སྐུའི་མཆོག་ནི་སྤྲུལ་པའི་བདག་ཉིད་ཀྱི་སྐུ་ནི་སྤྲུལ་པའི་སྐུའོ། །དེའང་གཞན་འཇིག་རྟེན་པའི་སྤྲུལ་པ་རྣམས་ཀྱི་ནང་ན་རབ་ཀྱི་ཕྱིར་ན་སྐུའི་མཆོག་ཅེས་གསུངས་ སོ། །དེ་ལྟར་ཡང་གསུངས་པ། སེམས་ཅན་རྣམས་ཀྱི་སྨིན་པའི་རྒྱུ་ཕྱིར་ལ་ལར་འབར་བའི་མེ་བཞིན་གང་སྣང་ཞིང་། །ལ་ལར་ཡང་ནི་རྫོགས་བྱང་ཆུབ་དང་ཆོས་ཀྱི་འཁོར་ལོ་རབ་བཞིར་གང་སྣང་བ། །རྣམ་པ་དུ་མར་འཇུག་ཅིང་སྲིད་གསུམ་རབ་འཛིན་སྣ་ཚོགས་ཐབས་ཀྱིས་འཇོམས་མཛད་པ། །ཐུབ་ པ་རྣམས་ཀྱི་དོན་ཆེན་ཕྱོགས་བཅུར་རྗེས་མངོན་སྤྲུལ་སྐུ་དེ་ལ་ཕྱག་འཚལ་ལོ། །ཞེས་སོ། །སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ་ནི་དུས་གསུམ་ན་བཞུགས་པའི་སངས་རྒྱས་རྣམས་ཀྱི་སྤྲུལ་པ་དེ་རྣམས་ཀྱི་རྒྱུད་ནི་རིམ་པ་སྟེ། སངས་རྒྱས་སྤྲུལ་པའི་རྒྱུད་དོ། །དེ་འཛིན་པས་ན་སངས་རྒྱས་ སྤྲུལ་པའི་རྒྱུད་འཆང་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གདུང་རྒྱུན་མི་གཅོད་པ་ཉིད་ཀྱི་ཕྱིར་རོ། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་པ་ནི་ཕྱོགས་བཅུ་པོ་རྣམས་སུ་རྣམ་པ་སྣ་ཚོགས་ཐ་དད་པའི་སྤྲུལ་པའི་ཆོ་འཕྲུལ་དང་གང་ལྡན་པ་དེ་ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད་པའོ། ། 63-1-101b དེ་ཉིད་ཀྱི་ཕྱིར་ན་ཇི་བཞིན་འགྲོ་བའི་དོན་བྱེད་པ་སྟེ། ཇི་བཞིན་ཕྱིན་ཅི་མ་ལོག་པར་དོན་བསྟན་པའི་སྒོ་ནས་འགྲོ་བའི་དོན་བྱེད་པས་ན་ཇི་བཞིན་འགྲོ་བའི་བྱེད་པའོ། །ལྷ་ཡི་དབང་པོ་ལྷ་ཡི་ལྷ། །ལྷ་མིན་དབང་པོ་ལྷ་མིན་བདག །འཆི་མེད་དབང་པོ་ལྷ་ཡི་བླ། །འཇོམས་བྱེད་འཇོམས་བྱེད་དབང་ཕྱུག་ པོ། །ཞེས་པ་ནི་དེ་ལ་ལྷའི་དབང་པོ་ནི་ཁྱབ་འཇུག་གི་རང་བཞིན་ཉིད་ཀྱི་ཕྱིར་རོ། །ལྷའི་ལྷ་ནི་ཚངས་པའི་བདག་ཉིད་ཀྱི་ཕྱིར་རོ། །ལྷ་མིན་དབང་པོ་ནི་རྣམ་པར་སྣང་བྱེད་འབེ་ལེའི་གཟུགས་ཀྱིས་སོ། །ལྷ་མིན་བདག་ནི་གཟའ་རཱ་ཧུ་ལའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །འཆི་མེད་དབང་པོ་ནི་གྲོང་ཁྱེར་འཇིག་གི་ གཟུགས་ཉིད་ཀྱི་ཕྱིར་རོ། །ལྷའི་བླ་ནི་གཟའ་ཕུར་བུའི་གཟུགས་ཉིད་ཀྱི་ཕྱིར་རོ། །འཇོམས་བྱེད་ནི་ཚོགས་བདག་གི་རང་བཞིན་ཉིད་ཀྱི་ཕྱིར་རོ། །འཇོམས་བྱེད་དབང་ཕྱུག་ནི་མ་ཧཱ་དེ་ཝའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །ལྷའི་དབང་པོ་ལ་སོགས་པ་རྣམས་ཀྱིས་བཅོམ་ལྡན་འདས་དེ་ཉིད་ལ་མངོན་པར་བརྗོད་ པར་བྱའོ། །སྲིད་པའི་དགོན་པ་ལས་བརྒལ་བ། །སྟོན་པ་གཅིག་པོ་འགྲོ་བའི་བླ། །འཇིག་རྟེན་ཕྱོགས་བཅུར་རབ་གྲགས་པ། །ཆོས་ཀྱི་སྦྱིན་བདག་ཆེ་བ་པོ། །ཞེས་པ་ནི་དེ་ལ་སྲིད་པའི་དགོན་པ་ལས་བརྒལ་བ་ནི་སྲིད་པ་ནི་འཁོར་བའོ། །དེ་ཉིད་ཀྱི་དགོན་པ་སྟེ་བརྒལ་དཀའ་བ་ཉིད་ཀྱི་ཕྱིར་ན་སྲིད་པའི་ དགོན་པའོ། །གང་གིས་སྲིད་པའི་དགོན་པ་ལས་བརྒལ་བ་དེ་ནི་སྲིད་པའི་དགོན་པ་ལས་བརྒལ་བའོ། །གཅིག་པུ་ནི་གཉིས་སུ་མེད་པ་སྟེ། དེ་དང་འདྲ་བ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ན་སྟོན་པ་ཞེས་པ་སྟེ། སྟོན་པ་ནི་གང་སེམས་ཅན་ཐམས་ཅད་ཀྱི་བྱ་བ་སྟོན་པར་བྱེད་པས་ན་སྟོན་པ་ཡིན་ནོ། ། དེ་ལ་སེམས་ཅན་ཐམས་ཅད་ཀྱི་སྟོན་པ་ནི་ཁྱད་པར་མེད་པ་བཅོམ་ལྡན་འདས་འཇམ་དཔལ་དེ་ཉིད་དེ། སེམས་ཅན་ཐམས་ཅད་ཀྱི་བྱ་བ་སྟོན་པར་བྱེད་པ་ཉིད་ཀྱིས་བྱེད་པའོ། །འདི་ལྟ་སྟེ། ངན་སོང་དུ་སྐྱེས་པ་རྣམས་ལ་ཡང་དེ་བཞིན་གཤེགས་པའི་སྐུ་ཡི་འོད་ཟེར་ལས་དེ་བཞིན་གཤེགས་པའི་སྐུ་ བསྟན་པས་རབ་ཏུ་དང་བར་བྱས་ཏེ་མཐོ་རིས་ལ་སོ་སོར་འཇོག་པར་བྱེད་དོ། །མཐོ་རིས་སུ་སྐྱེས་པ་རྣམས་ལ་ཡང་སྐལ་བ་དང་མི་ལྡན་པ་ཁ་ཅིག་རྣམས་ལ་གོང་དུ་གསུངས་པའི་ཆོ་གས་བསམ་པ་ཡོངས་སུ་དག་པར་བྱས་ནས་འཁོར་བའི་བདེ་བའི་ལས་སྦྱིན་པ་ལ་སོགས་པ་ལ་སོ་སོར་འཇོག་ 63-1-102a པར་བྱེད་དེ། སྐལ་བ་དང་ལྡན་པ་རིགས་རྣམས་ལ་ཡང་བསམ་པ་རྣམ་པ་གཉིས་ཀྱིས་ཉེ་བར་སྟོན་པ་རྣམས་ཀྱིས་ཏེ། དགེ་བའི་རྩ་བ་མ་བསགས་པ་རྣམས་ཀྱི་དགེ་བའི་རྩ་བ་བསྐྲུན་པར་བྱ་བ་དང་། དགེ་བའི་རྩ་བ་ཡོངས་སུ་བསྐྲུན་པ་རྣམས་ནི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་ བྱེད་དོ། །དགེ་བའི་རྩ་བ་ཡོངས་སུ་སྨིན་པ་རྣམས་ནི་ཡོངས་སུ་གྲོལ་བར་བྱས་ཏེ། རིགས་ཇི་ལྟ་བ་བཞིན་དུ་ཉན་ཐོས་ལ་སོགས་པ་ལ་སོ་སོར་འཇོག་གོ། །དེ་ལྟར་ངན་སོང་དང་མཐོ་རིས་སུ་སྐྱེས་པ་རྣམས་ཀྱི་སྐལ་བ་དང་ལྡན་པ་དང་མི་ལྡན་པའི་རིགས་རྣམས་ལ་བྱ་བ་མཐུན་པར་བསྒྲུབ་པའི་ཕྱིར་ ན་དེ་ཉིད་སེམས་ཅན་ཐམས་ཅད་ཀྱི་སྟོན་པ་ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་ན་འགྲོ་བའི་བླ་མ་སྟེ། འགྲོ་བ་རྣམས་ཀྱི་བླ་མ་ཡིན་པས་འགྲོ་བའི་བླ་མའོ། །འཇིག་རྟེན་ཕྱོགས་བཅུར་རབ་གྲགས་པ། །ཆོས་ཀྱི་སྦྱིན་བདག་ནི་ཕྱོགས་བཅུ་རྣམས་ཀྱི་འཇིག་རྟེན་ནི་ཕྱོགས་བཅུའི་འཇིག་རྟེན་ནོ། །ཕྱོགས་ བཅུའི་འཇིག་རྟེན་ཀྱང་དེ་ཡིན་ལ་རབ་གྲགས་ཀྱང་དེ་ཉིད་ཡིན་པས་འཇིག་རྟེན་ཕྱོགས་བཅུར་རབ་གྲགས་པ་སྟེ། འཇིག་རྟེན་ན་ཕྱོགས་བཅུར་གྲགས་པ་སྟེ། དེ་རྣམས་ལ་ཆོས་ཀྱི་སྦྱིན་བདག་གང་ཡིན་པ་དེ། འཇིག་རྟེན་ཕྱོགས་བཅུར་རབ་གྲགས་པ། །ཆོས་ཀྱི་སྦྱིན་བདག་གོ། །དེ་ཉིད་ཆེ་བ་པོ་ཞེས་ ཏེ། གཡོ་བ་དང་མི་གཡོ་བའི་དངོས་པོ་རྣམས་ལ་ཁྱབ་པའི་ཕྱིར་རོ། །དེ་ལྟར་ཡང་དཔལ་བདེ་མཆོག་གི་རྒྱུད་ལས་གསུངས་པ། ཀུན་དུ་ཀུན་ནས་ཐམས་ཅད་དུ། །བདག་ཉིད་རྟག་ཏུ་རྣམ་པ་ཀུན། །སངས་རྒྱས་ལ་སོགས་བརྟན་གཡོ་ཀུན། །ཀུན་གྱི་དངོས་པོར་བདག་གྱུར་ཏོ། །ཞེས་སོ། ། བྱམས་པའི་གོ་ཆ་ཆས་པ་སྟེ། །སྙིང་རྗེ་ཡི་ནི་ཡ་ལད་བགོས། །ཤེས་རབ་རལ་གྲི་མདའ་གཞུ་ཐོགས། །ཉོན་མོངས་མི་ཤེས་གཡུལ་ངོ་སེལ། །ཞེས་པ་ནི་དེ་ལ་བྱམས་པའི་གོ་ཆ་ཆས་པ་སྟེ་ནི། བྱམས་པ་ནི་སེམས་ཅན་ཐམས་ཅད་ལ་བཤེས་དང་གྲོགས་དང་བུ་གཅིག་པ་བཞིན་དུ་བྱམས་པ་རྣམས་ སོ། །བྱམས་པ་དེས་གོ་ཆ་ནི་བྱམས་པའི་གོ་ཆ་གང་གིས་ཆས་པ་སྟེ། བྱམས་པའི་གོ་ཆ་ཆས་པའོ། །སྙིང་རྗེ་ཡི་ནི་ཡ་ལད་བགོས་ནི་སྙིང་རྗེ་ནི་ཇི་སྙེད་གསུངས་པའི་མཚན་ཉིད་དོ། །དེ་ཉིད་ཡ་ལད་དེ་སྙིང་རྗེའི་ཡ་ལད་དོ། །སྙིང་རྗེའི་ཡ་ལད་དེ་བགོས་པས་བསྲུང་བ་གང་ཡིན་དེ་སྙིང་རྗེའི་ཡ་ལད་ 63-1-102b བགོས་སོ། །ཤེས་རབ་རལ་གྲི་མདའ་གཞུ་ཐོགས་ནི། ཤེས་རབ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུསྟིའོ། །རལ་གྲི་ནི་ཡེ་ཤེས་ཀྱི་རལ་གྲིའོ། །མདའ་ནི་སེམས་ཕྲ་མོ་ཡོངས་སུ་འབིགས་པའི་བདག་ཉིད་དོ། །གཞུ་ནི་རྡོ་རྗེའི་གཞུའོ། །དེས་ཀྱང་ཅི་གསུང་བར་འགྱུར་ཞེ་ན། བྱམས་ པའི་གོ་ཆ་ཆས་ཤིང་སྙིང་རྗེའི་ཡ་ལད་ཀྱིས་བསྲུངས་པའི་ཤེས་རབ་ལ་སོགས་པའི་ཕྱག་རྒྱ་དང་ལྡན་པ་ཉོན་མོངས་པའི་མི་ཤེས་པ་ནི་འདོད་ཆགས་པའི་གཏི་མུག་གོ། །དེ་ཉིད་གཡུལ་ཏེ་འཐབ་མོའོ། །དེ་སེལ་ཞིང་སྤོང་བས་ན་བཅོམ་ལྡན་འདས་དངོས་པོ་དེ་ཉོན་མོངས་མི་ཤེས་གཡུལ་ངོ་སེལ་བ་ཡིན་ནོ། ། མན་ངག་ནི་འདིའོ། །མདོག་དམར་བ་དང་ཕྱག་བཞི་པར་ཤེས་པར་བྱའོ། །དཔའ་བོ་བདུད་དགྲ་བདུད་འདུལ་བ། །བདུད་བཞིའི་འཇིགས་པ་སེལ་བར་བྱེད། །བདུད་ཀྱི་དཔུང་རྣམས་ཕམ་པར་བྱེད། །རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན། །ཞེས་པ་ནི་དེ་ལ་བདུད་དགྲ་ནི་བདུད་རྣམས་ཏེ་བགེགས་ཀྱི་དགྲ་ སྟེ་བདུད་དགྲའོ། །དེ་ཉིད་བདུད་འདུལ་ཞེས་པ་སྟེ། རྡོ་རྗེ་གདན་ལ་བཞུགས་ནས་བདུད་མི་མཐུན་པའི་ཕྱོགས་རྣམས་འཇོམས་པས་ན་བདུད་འདུལ་བའོ། །དེ་ཉིད་ཀྱི་ཕྱིར་ན་དཔའ་བོ་སྟེ། མི་མཐུན་པའི་ཕྱོགས་གཞན་རྣམས་ཀྱིས་ཟིལ་མི་ནོན་པ་ཉིད་ཀྱི་ཕྱིར་རོ། །བདུད་བཞིའི་འཇིགས་པ་སེལ་བར་བྱེད་ནི་བདུད་ རྣམས་ནི་བདུད་བཞིའོ། །དེ་རྣམས་འཇིགས་པ་ནི་བདུད་བཞི་འཇིགས་སོ། །དེ་སེལ་བར་བྱེད་ཅིང་མེད་པར་བྱེད་པས་ན་བདུད་བཞིའི་འཇིགས་པ་སེལ་བར་བྱེད་དོ། །བདུད་ཀྱི་དཔུང་རྣམས་ཕམ་བྱེད་པ་ནི་བདུད་ཐམས་ཅད་ཀྱི་དཔུང་ནི་བདུད་ཀྱི་དཔུང་སྟེ་དེའོ། །དེ་ཕམ་པར་བྱེད་པའི་ཚུལ་དང་གང་ལྡན་པ་དེ་ནི་ བདུད་ཀྱི་དཔུང་རྣམས་ཕམ་བྱེད་པའོ། །རྫོགས་པའི་སངས་རྒྱས་ནི་མཚན་རྣམས་ཉེ་བར་བསྡུ་བ་གསུངས་པ་ཡིན་ནོ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཞེས་པ་དང་པོ་ནས་ཇི་ཙམ་འདིའི་མཐར་ཐུག་པའི་བར་དུ་ནི་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ཕལ་ཆེར་ ལ་གསུངས་པའོ། །འཇིག་རྟེན་འདྲེན་ནི་འཇིག་རྟེན་རྣམས་ཀྱི་འདྲེན་པ་པོ་འཇིག་རྟེན་འདྲེན་ཏེ། འགྲོ་བ་ཀུན་མངོན་པར་འདོད་པའི་ཕྱིར་རོ། །མཆོད་འོས་བསྟོད་འོས་ཕྱག་གི་གནས། །རྟག་ཏུ་རི་མོར་བྱ་བའི་འོས། །བཀུར་འོས་རྗེད་པར་བྱ་བའི་འོས། །ཕྱག་བྱར་འོས་པ་བླ་མའི་རབ། །ཅེས་ 63-1-103a པ་ནི་དེ་ལ་མཆོད་འོས་ནི་ཐོས་པ་དང་དྲན་པ་རྣམས་ཡོངས་སུ་མཐར་ཕྱིན་པ་ནི་མཆོད་འོས་ཞེས་བརྗོད་པ། བཅོམ་ལྡན་འདས་འཇམ་དཔལ་ཡང་གྲུབ་པའི་མཐའ་ཐམས་ཅད་ཀྱི་ཕ་རོལ་ཏུ་སོན་པའི་ཕྱིར་ན་མཆོད་འོས་ཞེས་གསུངས་སོ། །བསྟོད་འོས་ནི་བསྟོད་པར་འོས་པ་ཉིད་ཀྱི་ ཕྱིར་རོ། །ཕྱག་གི་གནས་ནི་ལྷ་རྣམས་དང་བཅས་པའི་འཇིག་རྟེན་རྣམས་ཀྱིས་ཕྱག་བྱ་བར་འོས་པ་ཉིད་ཀྱི་ཕྱིར་རོ། །རྟག་ཏུ་རི་མོར་བྱ་བའི་འོས་ནི་ཉན་ཐོས་ལ་སོགས་པ་ཐམས་ཅད་ཀྱིས་རི་མོར་བྱ་བར་འོས་པ་ཉིད་ཀྱི་ཕྱིར་རོ། །བཀུར་འོས་ནི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་ཉིད་ཀྱི་ཕྱིར་ན་འཇམ་ དཔལ་ཉིད་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སོ། །རྗེད་པར་བྱ་བའི་མཆོག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྗེད་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །ཕྱག་བྱར་འོས་པ་ནི་སྔགས་ཀྱི་སྒོ་སྤྱད་པ་སྤྱོད་པ་རྣམས་ཀྱིས་ཕྱག་བྱར་འོས་པ་ཉིད་ཀྱི་ཕྱིར་རོ། །བླ་མ་ནི་སེམས་ཅན་འདི་དག་ཐམས་ཅད་ལ་རྗེས་སུ་ སྟོན་པའི་ཕྱིར་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀར་གནས་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ན་རབ་ནི་མཆོག་གི་ཕྱིར་ཏེ། དེ་ཉིད་བཅོམ་ལྡན་འདས་སོ། །འཇིག་རྟེན་གསུམ་ཉིད་གོམ་གཅིག་བགྲོད། །མཁའ་ལྟར་མཐའ་མེད་རྣམ་པར་གནོན། །གསུམ་རིག་གཙང་མ་དག་པ་ སྟེ། །མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག །ཅེས་པ་ནི་དེ་ལ་འཇིག་རྟེན་གསུམ་ཉིད་གོམ་གཅིག་བགྲོད་ནི་འཇིག་རྟེན་གསུམ་པོ་རྣམས་མཉམ་པོར་བསྡུས་པ་ནི་འཇིག་རྟེན་གསུམ་སྟེ། འཇིག་རྟེན་གསུམ་ཉིད་ནི་འཇིག་རྟེན་གསུམ་མོ། །འཇིག་རྟེན་གསུམ་པོ་དེ་ལ་གོམ་པ་གཅིག་ཁོ་ནས་བགྲོད་པའི་ ཞབས་དང་གང་ལྡན་པ་དེ་འཇིག་རྟེན་གསུམ་ཉིད་གོམ་གཅིག་བགྲོད་དོ། །དེས་ནི་བཅོམ་ལྡན་འདས་དེའི་རྫུ་འཕྲུལ་ཆེན་པོའི་བདག་ཉིད་ཡང་དག་པར་བསྟན་པ་ཡིན་ནོ། །མཁའ་ལྟར་མཐའ་མེད་རྣམ་པར་གནོན་ནི་མཁའ་ནི་མཁའོ། །དེ་ཡོངས་སུ་མཐའ་ཡས་པ་ནི་མཁའ་ལྟར་མཐའ་མེད་པའོ། །དེ་རྣམ་ པར་གནོན་པ་ནི་ཕ་རོལ་གནོན་པ་གང་ཡིན་པ་དེ་ནི་མཁའ་ལྟར་མཐའ་མེད་རྣམ་པར་གནོན་ནོ། །ཚིག་དེས་ཀྱང་བཅོམ་ལྡན་འདས་དེའི་སེམས་ཅན་གྱི་དོན་དུ་གནོན་པ་ངེས་པར་སྟོན་པ་ཡིན་ནོ། །གསུམ་རིག་ནི་རིག་བྱེད་རིག་པར་བསྟན་པ་གསུམ་སྟེ། ངེས་བརྗོད་དང་། མཆོད་སྦྱིན་དང་། སྙན་ངག་གི་ 63-1-103b མཚན་ཉིད་རྣམས་ནི་རིག་བྱེད་གསུམ་པོ་གསུམ་ལྡན་དང་། རྗེས་སུ་ལྟ་བ་དང་། གཏམ་གྱི་མཚན་ཉིད་ཀྱང་རུང་བ་བསྒྲུབ་པའམ་རིག་པས་ན་གསུམ་རིག་གོ། །དེའི་རང་བཞིན་ཡང་བཅོམ་ལྡན་འདས་སོ། །ཡང་ན་ཐེག་པ་གསུམ་པོ་ཉིད་ཀྱིས་བསྡུས་པ་སྟེ་སྡེ་སྣོད་གསུམ་གྱི་རང་བཞིན་རིག་པ་ནི་གསུམ་ པོ་སྒྲུབ་པས་སམ་རིག་པས་ནའོ། །ཡང་རྫུ་འཕྲུལ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། ཟག་པ་ཟད་པའི་མངོན་པར་ཤེས་པའི་རང་བཞིན་རིག་པས་ན་གསུམ་རིག་པའོ། །དེ་ཉིད་ཀྱི་ཕྱིར་ན་གཙང་མ་ཞེས་པ་སྟེ། རིག་བྱེད་རིག་པའི་རང་བཞིན་ལྟ་བ་ཡིན་ལ། འདུན་པས་འདོད་ཕྱིར་ན་གཙང་མ་ཞེས་ གསུངས་སོ། །བཅོམ་ལྡན་འདས་འཇམ་དཔལ་ཡང་གྲངས་མེད་པའི་ཐེག་པ་ལ་འདུན་པས་འདོད་པའི་ཕྱིར་ན་གཙང་མ་ཞེས་གསུངས་སོ། །དག་པ་ནི་དེས་དག་པར་བྱེད་པས་ན་དག་པ་སྟེ། དག་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་བཤད་པ་ཆེན་པོ་ལས་གསུངས་སོ། །ས་ལ་ཆུའི་ས་ཡོངས་ སུ་དག །ཆུ་ལའང་སྔགས་རྣམས་མཆོག་ཏུ་དག །དེ་ཡང་དུས་ཚོད་ཚོགས་པས་དག །དྲང་སྲོང་ཆེན་པོས་ལུང་བསྟན་གསུངས། །ཞེས་གསུངས་སོ། །དེ་ལྟར་ཡང་བཅོམ་ལྡན་འདས་དག་པ་ཉིད་ཀྱི་ཕྱིར་ན་དག་པ་ཞེས་གསུངས་སོ། །མངོན་ཤེས་དྲུག་ལྡན་ནི་ལྷའི་རྣ་བ་དང་ཕ་རོལ་གྱི་སེམས་ ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། རྫུ་འཕྲུལ་དང་། ཟག་པ་ཟད་པའི་མངོན་པར་ཤེས་པ་རྣམས་སོ། །མངོན་པར་ཤེས་པ་དེ་རྣམས་དྲུག་དང་གང་ལྡན་པ་དེ་མངོན་ཤེས་དྲུག་ལྡན་ནོ། །རྗེས་དྲན་དྲུག་ནི་ཇི་སྙེད་གསུངས་པའི་སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་རྗེས་སུ་དྲན་པ་དང་། དགེ་འདུན་རྗེས་སུ་དྲན་པ་དང་། རིགས་རྗེས་སུ་དྲན་པ་དང་། ཁྲོ་བོ་རྗེས་སུ་དྲན་པ་དང་། དམ་ཚིག་རྗེས་སུ་དྲན་པ་རྣམས་སོ། །དེའི་ཕྱིར་རྗེས་སུ་དྲན་པ་དང་གང་ལྡན་པ་དེ་ལ་དེ་སྐད་ཅེས་གསུངས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །རྫུ་འཕྲུལ་ཆེན་པོ་འཇིག་རྟེན་འདས། །ཤེས་རབ་ཕ་རོལ་ ཕྱིན་པའི་མཐའ། །ཤེས་རབ་དེ་ཉིད་དེ་ཉིད་ཐོབ། །ཅེས་པ་ནི་དེ་ལ་བྱང་ཆུབ་སེམས་དཔའ་ནི་ཆོས་ཐམས་ཅད་ལ་ཆགས་པ་མེད་པས་བྱང་ཆུབ་སྟེ། རང་གི་དོན་ཕུན་སུམ་ཚོགས་པ་ལ་སེམས་དཔའི་བློ་དང་གང་ལྡན་པ་དེ་བྱང་ཆུབ་སེམས་དཔའོ། །དེ་ལྟར་ཡིན་ན་ཉན་ཐོས་ལ་ཐལ་བར་འགྱུར་རོ། །དེའི་ 63-1-104a ཕྱིར་གསུངས་པ། སེམས་དཔའ་ཆེ་ཞེས་པ་སྟེ། གཞན་གྱི་དོན་ཕུན་སུམ་ཚོགས་པ་ཆེན་པོ་ལ་སེམས་དཔའི་བློ་དང་གང་ལྡན་པ་དེ་སེམས་དཔའ་ཆེའོ། །ཆེན་པོ་ཡང་གཞན་དུ་འགྱུར་ཏེ། མུ་སྟེགས་ཀྱི་སྐྱེ་བོ་བཟང་པོ་ལྟ་བུའོ་ཞེ་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་ གསུངས་སོ། །དེ་བས་ན་ཚིག་དེ་གཉིས་ཀྱིས་ཉེ་བར་མཚོན་པ་ནི་བཅོམ་ལྡན་འདས་དེ་ཉིད་ཡིན་ནོ། །དེ་ཡང་འཇིག་རྟེན་འདས་ཞེས་པ་སྟེ། འཁོར་བའི་ཆུ་བོ་ཆེན་པོའི་རྒྱུད་ལས་ཀུན་དུ་བརྒལ་བའི་ཕྱིར་རོ། །རྫུ་འཕྲུལ་ཆེན་པོ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་ཕྱིར་རོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐའ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེའི་མཐའ་ནི་མཐར་ཕྱིན་ཅིང་མཇུག་བརྟུལ་བར་སོན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐའོ། །ཤེས་རབ་དེ་ཉིད་ནི་ཤེས་རབ་དེ་ཁོ་ན་ སྟེ། ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་ཏེ། བཅོམ་ལྡན་འདས་དེ་ཉིད་དོ། །དེ་ཉིད་ཐོབ་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཁོ་ན་སྟེ། དེ་ཐོབ་ཅིང་མངོན་དུ་གྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་གསུངས་སོ། །བདག་རིག་གཞན་རིག་ཐམས་ཅད་པ། །ཀུན་ལ་ཕན་པའི་གང་ཟག་མཆོག ། དཔེར་བྱ་ཀུན་ལས་འདས་པ་སྟེ། །ཤེས་དང་ཤེས་བྱའི་བདག་པོ་མཆོག །ཅེས་པ་ནི་དེ་ལ་བདག་རིག་ནི་བདག་ཉིད་རིག་པས་ན་བདག་རིག་གོ། །གཞན་རིག་ནི་གཞན་རྣམས་རིག་པས་ན་གཞན་རིག་གོ། །ཐམས་ཅད་ནི་མ་ལུས་པའི་དངོས་པོ་བསྟན་པའི་ཕྱིར་རོ། །ཀུན་ལ་ཕན་པ་ནི་ཐམས་ ཅད་ལ་ཕན་པ་བྱེད་པས་ན་ཀུན་ལ་ཕན་པ་སྟེ། འགྲོ་བ་ཀུན་ལ་བུ་གཅིག་པ་བཞིན་དུ་བྱམས་པའི་ཕྱིར་རོ། །རྒྱུ་དེའི་ཕྱིར་ན་གང་ཟག་མཆོག་སྟེ། བཅོམ་ལྡན་འདས་སོ། །དཔེར་བྱ་ཀུན་ལས་འདས་པ་སྟེ་ནི་དངོས་པོ་འདི་ཐམས་ཅད་ཀྱི་དཔེར་བྱ་ཀུན་ནོ། །དཔེར་བྱ་དེ་ཀུན་ལས་འདས་པ་ཤིན་ཏུ་འདས་པ་ གང་ཡིན་པ་དེ་ནི་དཔེར་བྱ་ཀུན་ལས་འདས་སོ་ཞེས་བྱ་བ་ནི་གཟུང་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཤེས་པའི་བདག་པོ་ནི་འཛིན་པ་པོའི་རང་བཞིན་གྱི་ཕྱིར་རོ། །མཆོག་ནི་རབ་ཉིད་ཀྱི་ཕྱིར་རོ། །ཆོས་ཀྱི་སྦྱིན་བདག་གཙོ་བོ་སྟེ། །ཕྱག་རྒྱ་བཞི་པོའི་དོན་སྟོན་པ། །འགྲོ་བའི་བསྙེན་བཀུར་གནས་ཀྱི་མཆོག ། 63-1-104b ངེས་འབྱུང་གསུམ་པོ་བགྲོད་པ་པོ། །ཞེས་པ་ནི། དེ་ལ་ཆོས་ཀྱི་སྦྱིན་བདག་ནི་སྐལ་བ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་ཆོས་ཀྱི་སྦྱིན་པ་སྦྱིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ན་གཙོ་བོ་ཞེས་བྱ་བ་སྟེ། མངོན་པར་འགྲོ་བར་བྱ་བ་རྣམས་ཀྱི་ནང་ན་མཆོག་སྟེ། བཅོམ་ལྡན་འདས་དེ་ཉིད་དོ། །ཕྱག་རྒྱ་བཞི་ པོའི་དོན་སྟོན་པ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཞི་རྣམས་ཀྱི་དོན་ནི་ཕྱག་རྒྱ་བཞིའི་དོན་ཏེ། དེའི་སྟོན་པ་པོ་ནི་རབ་ཏུ་སྟོན་པ་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུའི་རང་བཞིན་ཉིད་ཀྱི་ཕྱིར། འགྲོ་བའི་བསྙེན་བཀུར་གནས་ཀྱི་མཆོག །ཅེས་བྱའོ། །ངེས་འབྱུང་གསུམ་པོ་ནི་ཉན་ཐོས་ལ་ སོགས་པའི་ངེས་པར་འབྱུང་བ་སྟེ། དེས་བགྲོད་པའི་ཚུལ་དང་གང་ལྡན་པ་དེ་ནི་ངེས་འབྱུང་གསུམ་གྱིས་བགྲོད་པའོ། །དེ་བས་ན་ངེས་འབྱུང་གསུམ་གྱིས་བགྲོད་པའི་འགྲོ་བ་ཐམས་ཅད་ཀྱི་བསྙེན་བཀུར་གྱི་གནས་ནི་བཅོམ་ལྡན་འདས་དེ་ཉིད་དེ། ཐར་པ་ཐམས་ཅད་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དོན་གྱི་ དམ་པ་རྣམ་དག་དཔལ། །འཇིག་རྟེན་གསུམ་ན་སྐལ་བཟང་ཆེ། །དཔལ་ལྡན་འབྱོར་པ་ཀུན་བྱེད་པ། །འཇམ་དཔལ་དཔལ་དང་ལྡན་པའི་མཆོག །ཅེས་པ་ནི་དེ་ལ་དོན་དམ་ཆོས་ཀྱི་དབྱིངས་ཀྱི་རྣམ་པར་དག་པའི་དཔལ་དང་གང་ལྡན་པ་དེ་ནི་དོན་གྱི་དམ་པ་རྣམ་དག་དཔལ་ཏེ། ཐབས་དང་ཤེས་རབ་ ཀྱི་བདག་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ན་འཇིག་རྟེན་གསུམ་ན་སྐལ་བཟང་ནི་འཇིག་རྟེན་གསུམ་ཁོ་ན་ལ་སྐལ་བ་བཟང་པོ་སྟེ། སེམས་ཅན་ཀུན་གྱི་དོན་བྱེད་པའི་ཕྱིར་རོ། །དེ་ལྟར་ཡང་དཔལ་བདེ་མཆོག་གི་རྒྱུད་ལས་གསུངས་པ། སེམས་ཅན་ཀུན་དོན་བྱེད་ཕྱིར་ན། །སྐལ་བཟང་བཅོམ་ལྡན་རྡོ་རྗེ་ ཅན། །གཏན་དུ་མྱ་ངན་འདས་ཕྱིར་ན། །ཉན་ཐོས་ཐམས་ཅད་སྐལ་ངན་ཡིན། །ཞེས་གསུངས་སོ། །ཆེ་ནི་ཀུན་ལ་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །དཔལ་ལྡན་ནི་སྐལ་བ་ཕུན་སུམ་ཚོགས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །འབྱོར་པ་ཀུན་བྱེད་པ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྟེན་གྱི་དངོས་པོ་ཉིད་ ཀྱི་ཕྱིར་རོ། །འཇམ་དཔལ་ནི་མཚན་བརྗོད་པ་ཡིན་ནོ། །དཔལ་དང་ལྡན་པའི་མཆོག་ནི་དེ་དང་ལྡན་པའི་ནང་ན་རབ་ཅེས་པའི་དོན་ཏོ། །དེ་ལྟར་དེ་ནས་དེ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་རང་བཞིན་གྱིས་བཅོམ་ལྡན་འདས་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་སེམས་དཔའ་དེ་བཞིན་གཤེགས་ 63-1-105a པ་ཐམས་ཅད་ཀྱི་ཕྱག་རྒྱ་ཀུན་ཡང་དག་པར་རིག་པའི་བྱ་བ་སྣ་ཚོགས་མཛད་པའི་ཕྱིར་མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་ཐམས་ཅད་ལ་བསམ་པ་ཀུན་ཡོངས་སུ་རྫོགས་པར་བྱེད་པ་དེ་ཉིད་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ ཡོངས་སུ་ཁྱབ་པར་སོན་པས། མཚན་གྱི་སྔགས་ཀྱི་ཡི་གེ་ཚིག་དགུ་བཅུ་རྩ་ལྔ་རྣམས་རིགས་ཀྱི་དབྱེ་བས་རྣམ་པ་ལྔར་བགོས་ཏེ། རྣམ་པ་རེ་རེ་ཞིང་ཡང་མཚན་གྱི་ཡི་གེར་གྱུར་པ་རྣམ་པ་བཅུ་དགུ་བཅུ་དགུར་བྱས་ཏེ། དེ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ལེ་ལོ་མེད་པར་བྱས་ནས་དགེ་བའི་ ཕྱོགས་ལ་གནས་པར་བྱས་ཏེ། རང་གི་རྣམ་པར་ཐར་པའི་སྒོ་ནས་དེའི་འོད་ཀྱིས་ཡང་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་གསལ་བར་བྱས་ནས་ཡང་དེ་རྣམས་སླར་ལོག་ནས་གོང་དུ་གསུངས་པའི་མཚན་ཉིད་རྣམས་ཀྱི་སྔགས་ཀྱི་ཡི་གེའི་ཚིག་རྣམས་སུ་གྱུར་ཏེ། རྡོ་རྗེ་དབྱིངས་ཀྱི་ དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་འཁོར་ལོ་ལྔ་པ་ལ་ཇི་ལྟ་བའི་རིམ་པས་རྣམ་པར་གནས་སོ། །ཡང་ཇི་ལྟར་གསུངས་པའི་གཟུགས་སུ་བདག་ཉིད་དམིགས་ཏེ། སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་འཕགས་པ་མཚན་ཡང་དག་པར་བརྗོད་པ་ཀློག་པས་འོག་ནས་འབྱུང་ བའི་ཡོན་ཏན་ཐོབ་བོ་ཞེས་པ་ནི་མན་ངག་གོ། །འདི་ལ་ཚིགས་བཅད་ནི་བཅོ་ལྔའོ། །མཚན་གྱི་སྔགས་ཀྱི་ཚིག་རྣམས་ནི་དགུ་བཅུ་རྩ་ལྔ་སྟེ་གྲངས་སོ། །འཕགས་པ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་པ་མཚན་གསང་སྔགས་ཀྱི་དོན་དུ་རྣམ་པར་ལྟ་བ་ལས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་སྒོ་ནས་ བསྟོད་པའི་རིམ་པའི་དབང་དུ་བྱས་པ་སྟེ་བཅུ་པའོ།། །།ད་ནི་རྣམ་པར་སྣང་མཛད་ཆེན་པོ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་ཚིགས་བཅད་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་སྐུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་དབུས་ན་བཞུགས་པ་ལ་བསྟོད་ པ་འདི་ལྟ་སྟེ། མཆོག་སྦྱིན་ལ་སོགས་པས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནས་སོ། །སངས་རྒྱས་ཆགས་པ་ལ་སོགས་པས་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་སྒོ་ནས་སོ། །སངས་རྒྱས་འཛུམ་པ་ལ་སོགས་པས་ནི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱི་སྒོ་ནས་སོ། །མེད་པ་ལས་བྱུང་ 63-1-105b ལ་སོགས་པས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས་སོ། །སྒྱུ་འཕྲུལ་དྲ་བ་ལ་སོགས་པས་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་སྒོ་ནས་སོ། །ཚིགས་བཅད་ལྔའོ། །འཕགས་པ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་པ་མཚན་གསང་སྔགས་ཀྱི་དོན་དུ་རྣམ་པར་ལྟ་བ་ལས་ཉེ་བར་བསྡུ་བའི་ སྒོ་ནས་བསྟོད་པའི་རིམ་པའི་དབང་དུ་བྱས་པ་བཅུ་གཅིག་པ་སྟེ་ཡོངས་སུ་རྫོགས་སོ།། །།དེ་ནས་ད་ནི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་ལ། དེ་ལ་རེ་ཞིག་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང་པོའི་སྒོ་ནས་ཡོན་ཏན་གསུངས་པ། ཕྱག་ན་རྡོ་རྗེ་རྡོ་རྗེ་འཆང་ཞེས་པ་ལ་སོགས་པ་སྟེ། བཅོམ་ལྡན་ འདས་ཤཱཀྱ་ཐུབ་པས་རྡོ་རྗེ་འཛིན་པ་པོས་པ་ནི་དེ་ཁོ་ནས་གསོལ་བ་བཏབ་པའི་ཕྱིར་རོ། །དེ་ཁོ་ན་ལ་བོས་པ་མཛད་དེ། མཚན་ཡང་དག་པར་བརྗོད་པ་ཡོན་ཏན་དང་བཅས་པ་གསུངས་པ་ནི་དད་པ་དང་ལྡན་པ་རབ་ཏུ་འཇུག་པའི་ཕྱིར་ན་གསུངས་པ་སྟེ། ཕྱག་ན་རྡོ་རྗེ་རྡོ་རྗེ་འཆང་འདི་དང་འདི་ནི་ཞེས་པ་ནི། འདི་ དང་འདི་ནི་མཚན་ཡང་དག་པར་བརྗོད་པའོ། །ཀྱེ་ཕྱག་ན་རྡོ་རྗེ་ཞེས་པ་ནི་དབང་བསྐུར་བའི་སྒོ་ནས་སོ། །རྡོ་རྗེ་འཆང་ནི་ཡེ་ཤེས་ཀྱི་སྒོ་ནས་སོ། །ཡོན་ཏན་དེ་གཉིས་དང་ལྡན་པས་སྡུད་པར་བྱེད་པ་ཉིད་ཀྱི་དབང་དུ་བྱས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཡེ་ཤེས་ཀྱི་སྐུ། དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་སྐུ་འཇམ་དཔལ་ཡེ་ཤེས་སེམས་དཔའ་དང་འབྲེལ་པའི་མཚན་ཡང་དག་པར་བརྗོད་པ་ཡིན་ཏེ། ཅི་འདྲ་བ་ཞིག་ཅེ་ན། ཐུན་མོང་མ་ཡིན་པའི་ཡོངས་སུ་དག་པ་ཞེས་པ་ནི། དེ་ལ་ཐུན་མོང་ནི་ཉོན་མོངས་པ་དང་འདྲེས་པའོ། །ཉོན་མོངས་པ་རྣམས་དང་ལྷན་ཅིག་མ་འདྲེས་པ་ནི་ཐུན་མོང་མ་ཡིན་ པ་སྟེ། དག་པའི་རང་བཞིན་ནི། སྲིད་པ་དང་མ་འདྲེས་པ་ཡོངས་སུ་དག་པའི་མཚན་ཡང་དག་པར་བརྗོད་པ་དེ་དག་གིས་ཞེས་བསྟན་ཏོ་ཞེས་ཕྱིས་འབྱུང་བའི་ཚིག་དང་འབྲེལ་པ། ཅིའི་དོན་དུ་ཞེ་ན། གསུངས་པ། ཁྱོད་ཀྱིས་དགའ་བ་དང་། དང་བ་དང་། མགུ་བ་ཆེན་པོ་བླ་ན་མེད་པ་བསྐྱེད་པའི་དོན་ དང་ཞེས་པ་ནི། དེ་ལ་དགའ་བ་ནི་སྤྲོ་བའོ། །དད་པ་ནི་དད་པ་སྟེ། དེ་ཡང་ལས་དང་། འབྲས་བུ་དང་། བདེན་པ་དང་། དཀོན་མཆོག་རྣམས་ལ་ཡིད་ཆེས་པའོ། །མགུ་བ་ཆེན་པོ་ནི་བརྩོན་འགྲུས་སོ། །དེ་ཡང་དགེ་བའི་ཆོས་ལ་མངོན་པར་སྤྲོ་བའོ། །ཕྱག་ན་རྡོ་རྗེ་ཁྱོད་ཀྱིས་དེ་རྣམས་བསྐྱེད་ 63-1-106a པ་ནི་འབྱུང་བར་བྱ་བའི་དོན་དུའོ། །ལུས་དང་ངག་དང་ཡིད་ཀྱིས་གསང་བ་ཡོངས་སུ་དག་པར་བྱ་བའི་དོན་དང་ཞེས་པ་ལ། ལུས་ངག་ཡིད་རྣམས་ཀྱི་གསང་བ་ནི་བྱང་ཆུབ་སེམས་རྡོ་རྗེའི་རང་བཞིན་ཏེ། དེ་ཡོངས་སུ་དག་པར་བྱ་བའི་དོན་དུའོ། །ཡོངས་སུ་མ་རྫོགས་པའི་དང་། ཡོངས་སུ་མ་དག་པའི་ས་དང་ཕ་རོལ་ཏུ་ཕྱིན་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དེ་ཡོངས་སུ་རྫོགས་པ་དང་ཡོངས་སུ་དག་པར་བྱ་བ་དང་ཞེས་པ། ཡོངས་སུ་མ་རྫོགས་པའི་རྣམས་དང་ཡོངས་སུ་དག་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཏེ། ཡོངས་སུ་མ་རྫོགས་པ་རྣམས་དང་། ཡོངས་སུ་ མ་དག་པའི་ས་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་སོ། །དེ་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དེ་ཡོངས་སུ་རྫོགས་པ་དང་ཡོངས་སུ་དག་པར་བྱེད་པའི་དོན་དུའོ། །བླ་ན་མེད་པའི་དོན་མ་རྟོགས་པ་རྟོགས་པར་བྱ་བ་དང་ཞེས་པ་ནི་བླ་ན་མེད་པའི་དོན་ཡང་དེ་ཡིན་ལ་མ་རྟོགས་པ་ཡང་དེ་ཉིད་ཡིན་ པས་བླ་ན་མེད་པའི་དོན་མ་རྟོགས་པ་སྟེ། དེ་རྟོགས་པར་བྱ་བའི་དོན་དུའོ། །མ་ཐོབ་པ་ཐོབ་པར་བྱ་བ་དང་ཞེས་པ་ནི་མ་ཐོབ་པའི་སངས་རྒྱས་ཀྱི་ཆོས་ལ་སོགས་པ་ཐོབ་པར་བྱ་བའི་དོན་དུའོ། །ཇི་སྲིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཚུལ་ཡང་དག་པར་གཟུང་བའི་ཕྱིར་ཞེས་པ་ནི་ཇི་སྲིད་ཀྱི་སྒྲའི་ རིམ་པ་ལ་ལྟོས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་པའི་ཆོས་ཀྱི་ཚུལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་གྱིས་ཡང་དག་པར་གཟུང་བར་བྱ་བའི་དོན་དུ་ངས་བཤད་ཅིང་ཞེས་པ་ནི་བྱང་ཆུབ་སེམས་རྡོ་རྗེའི་རང་བཞིན་གྱི་སྒོ་ནས་སོ། །བསྟན་ ཏེ་ཞེས་པ་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྒོ་ནས་སོ། །བཀྲོལ་ཞིང་ཞེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནས་སོ། །རྣམ་པར་ཕྱེ་ལ་ཞེས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས་སོ། །བྱིན་གྱིས་བརླབ་པར་བྱའོ་ཞེས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་སྒོ་ནས་སོ། །ཀྱེ་ ལག་ན་རྡོ་རྗེ་ཞེས་པ་ནི་བོད་པའི་དོན་ཏོ། །འདི་ནི་ཞེས་པ་ནི་མཚན་ཡང་དག་པར་བརྗོད་པའི་ཞེས་པའི་དོན་ཏོ། །ངས་ཞེས་པ་ནི་ཤཱཀྱ་ཐུབ་པ་ངས་ཞེས་པའི་དོན་ཏོ། །ཁྱོད་ཀྱི་རྒྱུད་ལ་ཞེས་པ་ནི་ཁྱོད་ཀྱི་སེམས་ཀྱི་རྒྱུད་ལའོ་ཞེས་པའི་དོན་ཏོ། །གསང་སྔགས་ཐམས་ཅད་ཀྱི་ཆོས་ཉིད་ཀྱི་བྱིན་གྱི་རླབས་ 63-1-106b ཀྱིས་བརླབ་པོ་ཞེས་པ་ནི་གསང་སྔགས་ཐམས་ཅད་ཀྱི་ཆོས་ཉིད་ནི་གསང་སྔགས་ཐམས་ཅད་ཀྱི་ཆོས་ཉིད་དེ། སྟོང་པ་ཉིད་དོ། །དེ་བྱིན་གྱིས་བརླབས་པ་ནི་བརྟན་པར་བྱེད་པའོ། །འཁོར་ལོ་དང་པོའི་ཡོན་ཏན་ཏེ། ཚིགས་བཅད་བཅུ་གཅིག་སྟེ་གྲངས་སོ། །དེ་ནི་འཁོར་ལོ་གཉིས་པའི་ཕན་ཡོན་གྱི་ དབང་དུ་བྱས་ཏེ་གསུངས་པ། ལག་ན་རྡོ་རྗེ་རྡོ་རྗེ་འཆང་གཞན་ཡང་མཚན་ཡང་དག་པར་བརྗོད་པ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤིན་ཏུ་དག་ཅིང་ཡོངས་སུ་བྱང་བའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། སྐུ་དང་གསུང་དང་ཐུགས་གསང་བར་གྱུར་པའོ་ཞེས་པ་ལ། ཀུན་ནས་ཡོངས་སུ་བྱང་བ་ནི་ཤིན་ ཏུ་ཡོངས་སུ་དག་ཅིང་ཡོངས་སུ་བྱང་བ་ཡང་དེ་ཡིན་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་དེ་ཉིད་ཡིན་པས་ཤིན་ཏུ་དག་ཅིང་ཡོངས་སུ་བྱང་བའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །དེའི་སྐུ་གསུང་ཐུགས་ཀྱི་ཆ་དེ་རྣམས་གསང་བར་གྱུར་པ་ནི་སྣང་བ་མ་ཡིན་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་ཀྱི་ བྱང་ཆུབ་བོ་ཞེས་པ་ནི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ནི། སངས་རྒྱས་ཀྱི་བྱང་ཆུབ་སྟེ། ཉན་ཐོས་ཀྱི་བྱང་ཆུབ་མ་ཡིན་ཞེས་པའི་དོན་ཏོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་མངོན་པར་རྟོགས་པའོ་ཞེས་པ་ནི་མངོན་པར་རྟོགས་པ་ནི་ཡེ་ཤེས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། ། དེ་བཞིན་གཤེགས་པ་ཐམས་ཅད་བླ་ན་མེད་པའོ་ཞེས་པ་ནི་དེའི་གོང་ན་མེད་པའི་ཕྱིར་བླ་ན་མེད་པའོ། །བདེ་བར་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་ཐུགས་སུ་ཆུད་པའོ་ཞེས་པ་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །རྒྱལ་བ་རྣམས་ཀྱིས་བདུད་ཀྱི་སྟོབས་ཐམས་ཅད་ཕམ་པར་མཛད་པའོ་ཞེས་པ་ནི། བདུད་ བཞིའི་སྟོབས་ཀྱིས་མི་ཐུབ་པའི་ཕྱིར་རོ། །སྟོབས་བཅུ་དང་ལྡན་པ་ཐམས་ཅད་ཀྱི་སྟོབས་བཅུ་ཉིད་དོ་ཞེས་པ་ནི་སྟོབས་བཅུ་ནི་གོང་དུ་གསུངས་པའི་མཚན་ཉིད་དོ། །དེ་རྣམས་དང་མཚན་ཡང་དག་པར་བརྗོད་པ་དང་ལྡན་པ་དེ་སྟོབས་བཅུའོ། །དེའི་དངོས་པོ་ནི་སྟོབས་བཅུ་ཉིད་དོ། །ཐམས་ཅད་མཁྱེན་པའི་ ཡེ་ཤེས་རྣམས་ནི་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་པ་ནི་ཐམས་ཅད་ཤེས་པས་ན་ཐམས་ཅད་མཁྱེན་པའོ། །དེའི་ངོ་བོ་ནི་ཐམས་ཅད་མཁྱེན་པ་ཉིད་དོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ལུང་ངོ་ཞེས་བྱ་བ་ནི་གཞན་ལས་འོངས་པའི་ཕྱིར་ལུང་ངོ་། །དེ་ཡང་རྣམ་པ་གཉིས་ཏེ། ལུང་གི་མཚན་ཉིད་དང་། 63-1-107a རྟོགས་པའི་མཚན་ཉིད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཡང་དག་པར་གྲུབ་པའོ་ཞེས་པ་ནི་ཉན་ཐོས་ལ་སོགས་པའི་སངས་རྒྱས་རྣམས་ཀྱིས་ཏེ། ཉན་ཐོས་ལ་སོགས་པའི་སངས་རྒྱས་ཀྱི་རང་གི་ངོ་བོས་མངོན་དུ་བྱེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་བསོད་ ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་དྲི་མ་མེད་ཅིང་ཤིན་ཏུ་རྣམ་པར་དག་པའོ་ཞེས་པ་ནི། ཤིན་ཏུ་རྣམ་པར་དག་པ་ཡང་དེ་ཡིན་ལ་དྲི་མ་མེད་པ་ཡང་དེ་ཉིད་ཡིན་པས་ན་དྲི་མ་མེད་ཅིང་ཤིན་ཏུ་རྣམ་པར་དག་པ་སྟེ། དེ་ཉིད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དེ་ཡིན་ལ་དྲི་མ་མེད་ཅིང་ ཤིན་ཏུ་རྣམ་པར་དག་པ་ཡང་དེ་ཉིད་ཡིན་པས་ན་དྲི་མ་མེད་ཅིང་ཤིན་ཏུ་རྣམ་པར་དག་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་དྲི་མ་མེད་ཅིང་ཤིན་ཏུ་རྣམ་པར་དག་པའོ། །དེ་ཡོངས་སུ་རྫོགས་པ་གང་ཡིན་པ་དེ་ནི་མཚན་ཡང་དག་པར་བརྗོད་པ་སྟེ། དེ་དང་གང་ལྡན་པ་དེ་ལ་དེ་སྐད་ཅེས་ གསུངས་སོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སྐྱེ་གནས་ནི་དེ་རྣམས་ཀྱི་འབྱུང་བའི་གནས་ཉིད་ཀྱི་ཕྱིར་རོ། །ལྷ་དང་མི་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་ཞིང་ངོ་ཞེས་པ་ནི། དེ་ལ་ཞིང་ནི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་འབྱུང་གནས་ཀྱི་ཕྱིར་རོ། །ཐེག་པ་ཆེན་པོའི་གཞིའོ་ཞེས་ པ་ནི་སྔར་མཚན་ཉིད་གསུངས་པའི་ཐེག་པ་ཆེན་པོའི་གནས་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་ཀྱི་འབྱུང་ཁུངས་སོ་ཞེས་པ་ནི། དེ་ལ་འབྱུང་ཁུངས་ནི་སྐྱེ་བའི་གནས་ཉིད་ཀྱི་ཕྱིར་རོ། །འཕགས་པའི་ལམ་ཐམས་ཅད་ཀྱི་མཐའོ་ཞེས་པ་ནི། དེ་ལ་མཐའ་ནི་མཇུག་བསྡུ་བའོ། ། རྣམ་པར་གྲོལ་བ་རྣམས་ཀྱི་བརྟག་པའོ་ཞེས་པ་ནི་དེ་ལ་བརྟག་པ་ནི་ཡོངས་སུ་བརྟག་པའི་གནས་ཏེ། ཇི་ལྟར་གསེར་ལ་སྲེག་པ་དང་བཅད་པ་དང་བདར་བའི་གནས་ལྟ་བུའོ། །ངེས་པར་འབྱུང་བའི་ལམ་སྐྱེ་བའི་གནས་སོ་ཞེས་པ་ནི་མྱ་ངན་ལས་འདས་པའི་ཐབས་ཀྱི་རྒྱུར་གྱུར་པ་ཡིན་པའི་ཕྱིར་རོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གདུང་མི་འཆད་པའོ་ཞེས་པ་ནི། དེ་ལ་གདུང་མི་འཆད་པ་ནི་རྒྱུན་རྣམ་པར་མི་འཆད་པ་སྟེ། དེ་བཞིན་གཤེགས་པའི་བྱ་བ་བྱེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིགས་དང་རྒྱུད་རབ་ཏུ་འཕེལ་བའོ་ཞེས་པ་ནི་དེ་ཁོ་ནར་ཕུལ་དུ་བྱུང་ 63-1-107b བས་མཆོག་ཏུ་དགའ་བ་འཕེལ་བར་འགྱུར་རོ། །ཕ་རོལ་རྒོལ་བ་ཐམས་ཅད་ཚར་གཅོད་པའོ་ཞེས་པ་ནི་གང་གིས་ཚར་གཅོད་པར་བྱེད་པ་ནི་གཅོད་པའོ། །དེ་ལྟར་ཡང་དཔལ་བདེ་མཆོག་གི་རྒྱུད་ལས་གསུངས་པ། ཁ་ཅིག་ཕ་རོལ་མུ་སྟེགས་རྣམས། །ཆོས་དང་མཐུན་པར་ཚར་གཅོད་དོ། ། ཞེས་སོ། །མུ་སྟེགས་ཐམས་ཅད་རྣམ་པར་འཇོམས་པའོ་ཞེས་པ་ནི། དེ་ལ་འཇོམས་པ་ནི་རང་གི་ཆེ་བའི་བདག་ཉིད་རབ་ཏུ་བསྟན་པའི་སྒོ་ནས་སྤ་འགོང་བར་བྱེད་པ་སྟེ། དཔེར་ན་ལྷ་ལས་བབས་པའི་ཚེ་ལྟ་བུའོ། །བདུད་བཞིའི་སྟོབས་ཀྱི་དཔུང་དང་སྡེ་ཕམ་པར་བྱེད་པའོ་ཞེས་པ་ནི། དེ་ལ་སྟོབས་ ནི་ཡན་ལག་བཞིའི་སྟོབས་སོ། །དཔུང་ནི་རྣམ་པར་བཀོད་པའོ། །དེ་ནི་བསྡུས་པའོ། །དེའི་ཕྱིར་ན་དོན་འདི་ལྟར་འགྱུར་རོ། །བདུད་བཞི་རྣམས་ཀྱི་སྟོབས་དང་དཔུང་དང་སྡེ་ཕམ་པར་བྱེད་པའི་མཚན་ཡང་དག་པར་བརྗོད་པ་དེའོ། །སེམས་ཅན་ཐམས་ཅད་ཡང་དག་པར་སྡུད་པའོ་ཞེས་པ་ནི་དེ་ལ་སྦྱིན་པ་ དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པའི་མཚན་ཉིད་དེ། དེ་ཉིད་དེས་བསྡུས་པ་ནི་བསྡུས་པའོ། །ངེས་པར་འབྱུང་བ་བགྲོད་པ་ཐམས་ཅད་ཀྱི་འཕགས་པའི་ལམ་ཡོངས་སུ་སྨིན་པའོ་ཞེས་པ་དང་། དེ་ལ་འཕགས་པའི་ལམ་ཡོངས་སུ་སྨིན་པ་ནི་འཕགས་པའི་ལམ་ཡན་ལག་ བརྒྱད་པ་ཡོངས་སུ་སྨིན་པ་ཉིད་དོ། །ཚངས་པའི་གནས་པ་བཞི་ལ་གནས་པ་རྣམས་ཀྱི་ཏིང་ངེ་འཛིན་ཏོ་ཞེས་པ་ནི། དེ་ལ་ཏིང་ངེ་འཛིན་ནི་ཉེ་བར་བརྟགས་པའི་གཞི་ལ་སེམས་རྩེ་གཅིག་པའོ། །དེ་ཡང་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་རྣམས་ཀྱིའོ། །སེམས་རྩེ་གཅིག་ པ་རྣམས་ཀྱི་བསམ་གཏན་ནོ་ཞེས་པ་ནི། དེ་ལ་བསམ་གཏན་ནི་རྟོག་དཔྱོད་དང་དགའ་བདེ་ཞེས་བྱ་བའོ། །ལུས་དང་ངག་དང་ཡིད་འདུལ་བ་ལ་བརྩོན་པ་རྣམས་ཀྱི་རྣལ་འབྱོར་རོ་ཞེས་པ་ནི། དེ་ལ་རྣལ་འབྱོར་ནི་སེམས་ཙམ་ལ་སྙོམས་པར་འཇུག་པའོ། །ཀུན་དུ་སྦྱོར་བ་ཐམས་ཅད་དང་བྲལ་བའོ་ཞེས་པ་ནི། དེ་ལ་ཀུན་དུ་སྦྱོར་བ་དགུ་དང་བྲལ་བ་སྟེ། ཀུན་དུ་སྦྱོར་བ་དགུ་ནི་རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བ་དང་། ཁོང་ཁྲོ་བའི་ཀུན་དུ་སྦྱོར་བ་དང་། ང་རྒྱལ་གྱི་ཀུན་དུ་སྦྱོར་བ་དང་། མ་རིག་པའི་ཀུན་དུ་སྦྱོར་བ་དང་། ལྟ་བའི་ཀུན་དུ་སྦྱོར་བ་དང་། མཆོག་ཏུ་འཛིན་པའི་ཀུན་དུ་སྦྱོར་བ་དང་། ཐེ་ཚོམ་གྱི་ཀུན་དུ་སྦྱོར་ 63-1-108a བ་དང་། ཕྲག་དོག་གི་ཀུན་དུ་སྦྱོར་བ་དང་། སེར་སྣའི་ཀུན་དུ་སྦྱོར་བ་རྣམས་སོ། །ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ཐམས་ཅད་སྤོང་བའོ་ཞེས་པ་ནི་འདོད་ཆགས་ལ་སོགས་པ་དང་ཁོང་ཁྲོ་བ་ལ་སོགས་པ་རྣམས་སྤོང་བའོ། །སྒྲིབ་པ་ཐམས་ཅད་ཉེ་བར་ཞི་བའོ་ ཞེས་པ་ནི་ཤེས་བྱ་དང་ཉོན་མོངས་པ་དང་ལས་དང་རྣམ་པར་སྨིན་པའི་སྒྲིབ་པ་རྣམས་གཏན་དུ་མེད་པའོ། །འཆིང་བ་ཐམས་ཅད་ལས་རྣམ་པར་གྲོལ་བའོ་ཞེས་པ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་འཆིང་བ་རྣམས་ལས་རྣམ་པར་གྲོལ་བའི་རྒྱུ་ཉིད་ཀྱི་ཕྱིར་རོ། །ཕུང་པོ་ཐམས་ཅད་ལས་ ཐར་པའོ་ཞེས་པ་ནི་ལྷག་མ་དང་བཅས་པ་དང་ལྷག་མ་མེད་པའི་མཚན་ཉིད་དེ། དེ་དག་གི་རང་བཞིན་ཉིད་ཀྱི་ཕྱིར་རོ། །སེམས་ཀྱི་གཡེང་བ་ཐམས་ཅད་ཞི་བའོ་ཞེས་པ་ནི་ཞི་བར་བྱེད་པས་ཞི་བ་སྟེ་ཞི་བར་གནས་པ་ཉིད་ཀྱི་ཕྱིར་རོ། །འབྱོར་པ་ཐམས་ཅད་ཀྱི་འབྱུང་གནས་སོ་ཞེས་པ་ནི་འཇིག་རྟེན་དང་འཇིག་ རྟེན་ལས་འདས་པ་ཐམས་ཅད་ཀྱི་འབྱོར་པའི་འབྱུང་གནས་ཉིད་ཀྱི་ཕྱིར་རོ། །རྒུད་པ་ཐམས་ཅད་སེལ་བའོ་ཞེས་པ་ནི་སྐྱོན་ཐམས་ཅད་སྤོང་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ངན་སོང་གི་སྒོ་ཐམས་ཅད་གཅོད་པའོ་ཞེས་པ་ནི་དམྱལ་བ་དང་། ཡི་དགས་དང་། བྱོལ་སོང་གི་བདག་ཉིད་ཀྱི་ངན་སོང་གི་སྒོ་རྣམས་ གཅོད་པའི་ཕྱིར་རོ། །རྣམ་པར་གྲོལ་བའི་གྲོང་ཁྱེར་གྱི་ལམ་བཟང་པོའོ་ཞེས་པ་ནི་ལམ་རྣམས་ཀྱང་དེ་ཡིན་ལ་བཟང་པོ་ཡང་དེ་ཉིད་ཡིན་པས་ལམ་བཟང་པོའོ། །འཁོར་བའི་འཁོར་ལོར་མི་འཇུག་པའོ་ཞེས་པ་ནི་རབ་ཏུ་འཇུག་པ་ནི་འཇུག་པའོ། །འཇུག་པ་མེད་པ་ནི་མི་འཇུག་པའོ། །ཆོས་ཀྱི་འཁོར་ལོ་ བསྐོར་བའོ་ཞེས་པ་ནི་སྐལ་བ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་རོ། །དེ་བཞིན་གཤེགས་པའི་བསྟན་པའི་གདུགས་དང་རྒྱལ་མཚན་དང་བ་དན་བསྒྲེང་བའོ་ཞེས་པ་ནི། ཕྱི་རོལ་པ་དང་ཉན་ཐོས་ལ་སོགས་པ་རྣམས་ཀྱི་བསོད་ནམས་ཟིལ་གྱིས་གནོན་པའི་གདུགས་དང་རྒྱལ་ མཚན་དང་། བ་དན་བསྒྲེང་བ་ནི་མཚན་ཡང་དག་པར་བརྗོད་པ་ཉིད་ཀྱི་ཕྱིར་རོ། །ཆོས་ཐམས་ཅད་བསྟན་པའི་གནས་སོ་ཞེས་པ་ནི་གནས་ནི་བསྟན་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་ཀྱི་མྱུར་དུ་འགྲུབ་པའོ་ཞེས་པ་ལ། དེ་ལ་མྱུར་དུ་འགྲུབ་པ་ནི་ཡང་ 63-1-108b སྤྱོད་པ་ལ་མི་ལྟོས་པ་ཉིད་ཀྱིས་མྱུར་དུ་འགྲུབ་པའོ། །བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་བརྩོན་པ་རྣམས་ཀྱི་སྒོམ་པ་རྟོགས་པའོ་ཞེས་པ་ལ། བསྒོམ་པ་ནི་ཡང་དང་ཡང་དུ་གོམས་པའོ། །རྟོགས་པ་ནི་མངོན་དུ་བྱེད་པའོ། །གཉིས་སུ་མེད་པར་སོ་སོར་རྟོགས་པ་ བསྒོམ་པ་ལ་མངོན་པར་བརྩོན་པ་རྣམས་ཀྱི་སྟོང་པ་ཉིད་སོ་སོར་རྟོགས་པ་ནི་ཡང་དང་ཡང་དུ་འབིགས་པའོ། །སྟོང་པ་ཉིད་ལ་སོ་སོར་རྟོགས་པ་ནི་སྟོང་པ་ཉིད་ལ་སོ་སོར་རྟོགས་པའོ། །ཕ་རོལ་ཏུ་ཕྱིན་པ་དང་ཚོགས་ཐམས་ཅད་ངེས་པར་འགྲུབ་པའོ་ཞེས་པ་ལ་ངེས་པར་འགྲུབ་པ་ནི་ཕུན་སུམ་ཚོགས་པ་རྫོགས་ པའོ། །ས་ཐམས་ཅད་ཡོངས་སུ་རྫོགས་པ་ཡོངས་སུ་དག་པའོ་ཞེས་པ་ནི། ཀུན་དུ་ཡོངས་སུ་དག་པའི་ཡོངས་སུ་དག་པའོ། །འཕགས་པའི་བདེན་པ་བཞི་པོ་ཡང་དག་པའོ་ཞེས་པ་ནི་གྲུབ་པའི་རྟོགས་པའོ། །ཆོས་ཐམས་ཅད་ཀྱི་དྲན་པ་ཉེ་བར་གཞག་པ་བཞི་པོ་རྣམས་ཀྱི་ཆོས་ཐམས་ཅད་སེམས་རྩེ་གཅིག་ གིས་རྟོགས་པའོ་ཞེས་པ་ནི། དེ་ལ་ཆོས་ཐམས་ཅད་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །དེ་རྣམས་ལ་སེམས་རྩེ་གཅིག་གི་དམིགས་པ་ཉིད་ཀྱིས་དེ་རྟོགས་པའོ། །དེའི་དོན་ནི་བཤད་ཟིན་ཏོ། །མཚན་ཡང་དག་པར་བརྗོད་པ་འདི་ནི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་བར་དུ་ཡོངས་སུ་རྫོགས་ པར་བྱེད་པའོ་ཞེས་པའི་བར་དུའོ། །རྣམ་པར་སྣང་མཛད་ཆེན་པོའི་འཁོར་ལོ་གཉིས་པའི་ཡོན་ཏན་ཏེ་ཚིག་རྐང་ལྔ་བཅུ་རྩ་གཉིས་སོ། །དེ་ནས་ད་ནི་འཁོར་ལོ་གསུམ་པའི་ཡོན་ཏན་གྱི་དབང་དུ་བྱས་ནས་གསུངས་པ། ལག་ན་རྡོ་རྗེ་རྡོ་རྗེ་འཆང་གཞན་ཡང་མཚན་ཡང་དག་པར་བརྗོད་པ་འདི་ནི་ སེམས་ཅན་ཐམས་ཅད་ཀྱི་ལུས་དང་ངག་དང་ཡིད་ལ་ཀུན་དུ་སྤྱོད་པའི་སྡིག་པ་མ་ལུས་པར་རབ་ཏུ་ཞི་བར་བྱེད་པའོ་ཞེས་པ་ནི་མ་ལུས་མི་ལུས་པའི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་སྟེ། ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་སྡིག་པ་གང་ཡིན་པ་ཞི་བར་བྱེད་པའོ། །སེམས་ཅན་ཐམས་ཅད་ཀྱི་ངན་སོང་ ཐམས་ཅད་རྣམ་པར་སྦྱོང་བའོ། །ངན་འགྲོ་ཐམས་ཅད་བཟློག་པའོ་ཞེས་པ་ནི་ངན་འགྲོ་ཐམས་ཅད་ལས་ཏེ་གསུམ་ལས་བཟློག་པ་ནི་ངན་འགྲོ་ཐམས་ཅད་ལས་བཟློག་པའོ། །ལས་ཀྱི་སྒྲིབ་པ་ཐམས་ཅད་ཡང་དག་པར་གཅོད་པའོ་ཞེས་པ་ནི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡང་དག་པར་གཅོད་པའི་ 63-1-109a ཕྱིར་རོ། །མི་ཁོམ་པ་བརྒྱད་པོ་ཐམས་ཅད་ཀྱི་སྐྱེ་བའི་རྒྱུན་མི་སྐྱེ་བར་བྱེད་པའོ་ཞེས་པ་ནི། དེ་ལ་མི་ཁོམ་པ་ཐམས་ཅད་ནི། ཁོམ་པ་དང་གོ་སྐབས་ཡོད་པ་དང་ལོང་ཡོད་པ་ཞེས་པ་ནི་དོན་གྱི་རྣམ་གྲངས་ཏེ། མངོན་པར་རྟོགས་པའི་སྒྲུབ་པའི་གོ་སྐབས་མེད་པའི་ཕྱིར་ན་ མི་ཁོམ་པ་ཞེས་གསུངས་སོ། །དེ་ཡང་བརྒྱད་དེ། འདི་ལྟ་སྟེ། དམྱལ་བར་སྐྱེ་བ་དང་། བྱོལ་སོང་དུ་སྐྱེ་བ་དང་། ཡི་དགས་སུ་སྐྱེ་བ་དང་། མཐའ་འཁོབ་ཏུ་སྐྱེ་བ་དང་། གཟུགས་མེད་པ་དང་འདུ་ཤེས་མེད་པའི་སྲིད་པར་སྐྱེ་བ་དང་། ལོང་བ་དང་འོན་པ་དང་གླེན་པ་ལ་སོགས་པར་སྐྱེ་བར་ འགྱུར་བ་དང་། ལྟ་བ་ལོག་པ་ཉིད་དང་། སངས་རྒྱས་མེད་པའི་སྐལ་བ་ལ་སྐྱེས་པ་རྣམས་སོ། །འཇིགས་པ་ཆེན་པོ་བརྒྱད་རྣམ་པར་ཞི་བར་བྱེད་པའོ། །རྨི་ལམ་ངན་པ་ཐམས་ཅད་སེལ་བར་བྱེད་པའོ། །ལྟ་བ་ངན་པ་ཐམས་ཅད་སེལ་བར་བྱེད་པའོ། །སྡང་བ་དང་དགྲ་བགེགས་ཐམས་ ཅད་ཞི་བར་བྱེད་པའོ། །བདུད་ཀྱི་དགྲའི་ལས་ཐམས་ཅད་རིང་དུ་སྤོང་བར་བྱེད་པའོ། །དགེ་བའི་རྩ་བ་དང་བསོད་ནམས་ཐམས་ཅད་འཕེལ་བར་བྱེད་པའོ་ཞེས་པ་རྣམས་ཀྱི་དོན་གོ་བར་ཟད་དོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཐམས་ཅད་མི་སྐྱེ་བར་བྱེད་པའོ་ཞེས་པ་ནི་ཚུལ་བཞིན་མ་ཡིན་པ་ ཡིད་ལ་བྱེད་པ་ནི་ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་སུ་གྱུར་པ་རྣམས་མེད་པར་བྱེད་པའི་ཕྱིར་རོ། །རྒྱགས་པ་དང་། དྲེགས་པ་དང་། ང་རྒྱལ་དང་། ང་ཡིར་འཛིན་པ་ཐམས་ཅད་མ་ལུས་པར་འཇོམས་པར་བྱེད་པའོ་ཞེས་པ་ནི། དེ་ལ་རྒྱགས་པ་ནི་རང་གི་ཕུན་སུམ་ཚོགས་པ་ལ་ཆགས་པ་དང་དགའ་ བའི་སེམས་ཀྱི་ཞེན་པའོ། །དྲེགས་པ་ནི་བདག་ཏུ་འཛིན་པའོ། །ང་རྒྱལ་ནི་ཁེངས་པའོ། །ང་ཡིར་འཛིན་པ་ནི་བདག་གིར་འཛིན་པའོ། །དེ་རྣམས་མ་ལུས་པར་འཇོམས་པར་བྱེད་པ་དེ་ལ་དེ་ལྟར་གསུངས་སོ། །སྡུག་བསྔལ་བ་དང་ཡིད་མི་བདེ་བ་ཐམས་ཅད་མི་སྐྱེ་བར་བྱེད་པའོ་ཞེས་པ་ནི། དེ་ལ་ལུས་དང་ ཡིད་ལས་སྐྱེས་པའི་སྡུག་བསྔལ་བ་དང་ཡིད་མི་བདེ་བ་ཐམས་ཅད་མི་སྐྱེ་བར་བྱེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོར་གྱུར་པའོ་ཞེས་པ་ནི་འདི་ལས་སྐྱེས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གསང་བར་འགྱུར་བ་ནི་སྦ་བར་བྱ་བ་ཉིད་ཀྱི་ཕྱིར་རོ། །ཉན་ཐོས་ 63-1-109b དང་རང་སངས་རྒྱས་ཐམས་ཅད་ཀྱི་གསང་ཆེན་དུ་གྱུར་པ་ནི་རབ་ཏུ་མ་བསྟན་པའི་ཕྱིར་རོ། །ཕྱག་རྒྱ་དང་གསང་སྔགས་ཐམས་ཅད་དོ་ཞེས་པ་ནི་ཕྱག་རྒྱ་ཐམས་ཅད་ནི་ཕྱག་རྒྱ་བཞིའོ། །གསང་སྔགས་ཐམས་ཅད་ནི་སྙིང་པོ་ལ་སོགས་པ་རྣམས་ཏེ། དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ བརྗོད་དུ་མེད་པའི་སྨྲ་བ་རྣམས་ཀྱི་དྲན་པ་དང་ཤེས་བཞིན་ཡང་དག་པར་བསྐྱེད་པའོ་ཞེས་པ་ནི། ཆོས་ཐམས་ཅད་ནི་ཕུང་པོ་ལ་སོགས་པ་རྣམས་སོ། །དེ་རྣམས་ཀྱི་བརྗོད་པ་ནི་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དོ། །དེ་སྨྲ་བའི་ཚུལ་དང་གང་ལྡན་པ་དེ་དེ་ལྟར་གསུངས་སོ། །དེ་བས་ན་དེ་རྣམས་ཀྱི་དྲན་པ་ནི་འདྲིས་ པའི་དངོས་པོ་ལ་སེམས་ཀྱིས་མི་བརྗོད་པར་སེམས་ཀྱིས་མངོན་པར་བརྗོད་པ་ཉིད་དོ། །ཤེས་བཞིན་ནི་ལུས་ངག་གི་རང་དབང་དུ་གནས་པ་སྟེ། དེ་གཉིས་ཡང་དག་པར་བསྐྱེད་པར་བྱ་བའི་དོན་ཏོ། །བླ་ན་མེད་པའི་ཤེས་རབ་བསྐྱེད་པ་དང་ཡིད་གཞུངས་པར་བྱེད་པའོ་ཞེས་པ་ནི་ཤེས་རབ་དང་ཡིད་གཞུངས་པར་ བྱེད་པ་གཉིས་ནི་ཤེས་རབ་དང་ཡིད་གཞུངས་པའོ། །བླ་ན་མེད་པའི་ཤེས་རབ་དང་ཡིད་གཞུངས་པར་བྱེད་པའི་ཚུལ་དང་གང་ལྡན་པ་དེ་ལ་དེ་ལྟར་རོ། །ནད་མེད་པ་དང་། སྟོབས་དང་། དབང་ཕྱུག་ཕུན་སུམ་ཚོགས་པར་བྱེད་པའོ་ཞེས་པ་ནི། དེ་ལ་ནད་མེད་པར་བྱེད་པ་ནི་ནད་མེད་པ་ཉིད་དོ། །སྟོབས་ནི་ ལུས་ཀྱི་ནུས་པའོ། །དབང་ཕྱུག་ནི་གླང་པོ་ཆེ་དང་རྟ་ལ་སོགས་པའོ། །ཕུན་སུམ་ཚོགས་པ་ནི་ནོར་དང་འབྲུ་ལ་སོགས་པའོ། །དེ་ཀུན་བྱ་བའི་ཚུལ་དང་གང་ལྡན་པ་དེ་ལ་དེ་ལྟར་གསུངས་སོ། །དཔལ་དང་། དགའ་བ་དང་། ཞི་བ་དང་། ལེགས་པ་རབ་ཏུ་འཕེལ་བར་བྱེད་པའོ་ཞེས་པ་ནི། དེ་ལ་དཔལ་ནི་ གཡང་ངོ་། །དགེ་བ་ནི་བཟང་པོའོ། །ཞི་བ་ནི་བདེ་ལེགས་སོ། །ལེགས་པ་ནི་བཀྲ་ཤིས་ཏེ་དེ་རྣམས་རབ་ཏུ་འཕེལ་བར་བྱེད་པའི་ཕྱིར་རོ། །གྲགས་པ་དང་། སྙན་པ་དང་། ཚིགས་སུ་བཅད་པ་དང་། བསྟོད་པ་གྲགས་པར་བྱེད་པའོ་ཞེས་པ་ནི། དེ་ལ་སྙན་པ་ནི་ཆོས་ཀྱི་སྦྱིན་པའི་སྒོ་ནས་སོ། །གྲགས་ པ་ནི་ཟང་ཟིང་གི་སྦྱིན་པའི་སྒོ་ནས་སོ། །ཚིགས་སུ་བཅད་པ་ནི་མི་འཇིགས་པའི་སྦྱིན་པས་སོ། །བསྟོད་པ་ནི་དབང་བསྐུར་བའི་སྦྱིན་པས་སོ། །དེ་ཡང་དེ་རྣམས་ཀྱི་སྦྱིན་པ་བཞི་པོ་འདི་རྣམས་རབ་ཏུ་སྟོན་པར་བྱེད་པའི་ཕྱིར་རོ། །ནད་དང་འཇིགས་པ་ཆེན་པོ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའོ་ཞེས་ 63-1-110a པ་ནི་ནད་ཐམས་ཅད་ཁོ་ན་འཇིགས་པ་ཆེན་པོ་རྣམས་ཡིན་པས་ནད་ཉིད་འཇིགས་པ་ཆེན་པོའོ། །དེ་རྣམས་རབ་ཏུ་ཞི་བར་བྱེད་པའོ། །ཤིན་ཏུ་རྣམ་པར་དག་པ་རྣམས་ཀྱི་ཡང་ཤིན་ཏུ་རྣམ་པར་དག་པའོ། །ཤིན་ཏུ་དག་པར་བྱེད་པ་རྣམས་ཀྱི་ཡང་ཤིན་ཏུ་དག་པར་བྱེད་པའོ་ཞེས་པ་ ནི། ཧ་རི་ནི་རྐྱེན་གྱི་སྒོ་ནས་སོ། །རབ་ཏུ་བྱང་བ་རྣམས་ཀྱི་ཡང་རབ་ཏུ་བྱང་བའོ། །རབ་ཏུ་བཀྲ་ཤིས་པ་ཐམས་ཅད་ཀྱི་ཡང་རབ་ཏུ་བཀྲ་ཤིས་པའོ་ཞེས་པ་ནི་ཏ་མའི་རྐྱེན་གྱི་རང་བཞིན་བསྟན་པ་ཡིན་ནོ། །སྐྱབས་འདོད་པ་རྣམས་ཀྱི་ཡང་སྐྱབས་སོ་ཞེས་པ་ནི་སྐྱབས་ཉིད་དོ། །གནས་མེད་པ་རྣམས་ཀྱི་ གནས་སོ་ཞེས་པ་ནི་ཆེར་གནས་པ་ཉིད་དོ། །སྐྱོབ་པ་འདོད་པ་རྣམས་ཀྱི་ཡང་རབ་ཏུ་བྱ་ཞེས་པ་ནི་སྲུང་བ་ཉིད་དོ། །དཔུང་གཉེན་འདོད་པ་རྣམས་ཀྱི་ཡང་དཔུང་གཉེན་ནོ་ཞེས་པ་ནི་གཞན་དོན་ཉིད་དོ། །གླིང་འདོད་པ་རྣམས་ཀྱི་གླིང་ངོ་ཞེས་པ་ནི། དེ་ལས་ཆུས་བསྐོར་བ་ནི་གླིང་ངོ་། །གླིང་འདོད་པ་རྣམས་ལ་དེ་ ལྟར་གྱུར་པ་ཉིད་དོ། །འཁྲས་འདོད་པ་རྣམས་ཀྱི་འཁྲས་བླ་ན་མེད་པའོ་ཞེས་པ་ནི་བླ་ན་མེད་པའི་འཁྲས་ཉིད་ཀྱི་ཕྱིར་རོ། །སྲིད་པའི་རྒྱ་མཚོའི་ཕ་རོལ་ཏུ་འགྲོ་བ་རྣམས་ཀྱི་གྲུའོ་ཞེས་པ་ནི་ཆོས་ཀྱི་ཕ་རོལ་ཏུ་འགྲོ་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ནད་ཐམས་ཅད་སེལ་བའི་སྨན་གྱི་རྒྱལ་པོའོ་ཞེས་པ་ནི་དོན་གོ་བར་ཟད་ དོ། །བླང་བ་དང་། དོར་བའི་དངོས་པོ་བྱེ་བྲག་ཕྱེད་པའི་རྒྱུ་ཉིད་ཀྱི་ཕྱིར་རོ་ཞེས་པ་ནི་བླང་བ་དང་དོར་བ་ནི་གོ་བར་བྱེད་པ་རྣམས་ཀྱི་རྒྱུ་ཉིད་ཀྱི་ཕྱིར་རོ། །ལྟ་བ་ངན་པའི་མུན་ནག་ཐམས་ཅད་སེལ་བའི་ཡེ་ཤེས་ཀྱི་སྣང་བའོ་ཞེས་པ་ནི་དེའི་ཕྱིར་ན་དེ་དེ་ལྟར་གསུངས་སོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་བསམས་ པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་རྫོགས་པར་བྱེད་པའི་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ་ཞེས་པ་ནི་སེམས་ཅན་ཐམས་ཅད་ཀྱི་ཡིད་ལ་འདོད་པ་ཡོངས་སུ་རྫོགས་པ་ཉིད་ཀྱི་ཕྱིར་རོ། །འཇམ་དཔལ་ཡེ་ཤེས་ཀྱི་སྐུ་ཐོབ་པར་བྱ་བ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ་ཞེས་པ་ནི་ཡེ་ཤེས་དང་མཚུངས་པར་ལྡན་པ་ཉིད་ཀྱི་ཕྱིར་རོ། ། སྤྱན་ལྔ་ཐོབ་པར་བྱ་བའི་ཕྱིར་ཡེ་ཤེས་མཐོང་བ་ཡོངས་སུ་ཐོབ་པའོ་ཞེས་པ་ནི། སྤྱན་དེ་ལས་མཚུངས་པར་ལྡན་པའི་བདག་ཉིད་ཀྱི་ཕྱིར་རོ། །ཟང་ཟིང་དང་མི་འཇིགས་པ་དང་ཆོས་ཀྱི་སྦྱིན་པ་གཏོང་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའོ་ཞེས་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་ 63-1-110b པ་རྣམས་མཐར་སོན་པའི་ཕྱིར་རོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ཏིང་ངེ་འཛིན་ཡོངས་སུ་རྫོགས་པའི་ཕྱིར་ས་བཅུ་ཐོབ་པའོ་ཞེས་པ་ནི། བསོད་ནམས་ལ་སོགས་པ་རྣམས་ཡོངས་སུ་མཐར་ཕྱིན་པའི་ཕྱིར་རོ། །ཆོས་གཉིས་དང་བྲལ་བའི་ཕྱིར་གཉིས་སུ་མེད་པའི་ཆོས་ཉིད་དོ་ཞེས་པ་ནི་ གཟུང་འཛིན་གཉིས་སུ་མེད་པའི་ཕྱིར་རོ། །སྒྲོ་བཏགས་པ་མེད་པའི་ཕྱིར་དེ་བཞིན་ཉིད་ཀྱི་རང་བཞིན་དང་གཞན་མ་ཡིན་པའི་ཆོས་ཉིད་དོ་ཞེས་པ་ནི་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་ལས་འདས་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ཡོངས་སུ་དག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ ཡང་དག་པའི་མཐའི་རང་བཞིན་ཉིད་དོ་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །ལྟ་བ་ངན་པའི་ཚང་ཚིང་བརྒྱ་སྟོང་དུ་མ་མ་ལུས་པར་སེལ་བའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་སྟོང་པ་ཉིད་ཀྱི་རང་བཞིན་ནོ་ཞེས་པ་ནི་དེ་དེ་ལྟར་རོ། །མཚན་ཡང་དག་པར་བརྗོད་པ་འདི་ནི་འདི་ལྟ་སྟེ་གཉིས་སུ་ མེད་པའི་ཆོས་ཉིད་ཀྱི་དོན་གྱི་མཚན་ཡང་དག་པར་འཛིན་པ་སྟོན་པའི་ཕྱིར་ཆོས་ཐམས་ཅད་བརྗོད་དུ་མེད་པའི་རང་བཞིན་ཉིད་དོ་ཞེས་པ་ནི། དེ་ལ་ཆོས་གཉིས་སུ་མེད་པ་ནི་སྟོང་པ་ཉིད་དོ། །དེ་ལ་འཇུག་པའི་དོན་དུ་མཚན་རྣམ་པར་འཛིན་པ་དེའི་སྟོན་པ་སྟེ་རྒྱུར་གྱུར་པ་ཉིད་དོ། །དེ་ནི་འཁོར་ལོ་གསུམ་པའི་ཡོན་ ཏན་ཏེ། དེའི་ཚིག་རྣམས་ནི་ལྔ་བཅུ་རྩ་གཉིས་གྲངས་སོ། །འཁོར་ལོ་བཞི་པའི་ཡོན་ཏན་གྱི་དབང་དུ་བྱས་ནས་གསུངས་པ། ལག་ན་རྡོ་རྗེ་རྡོ་རྗེ་འཆང་གཞན་ཡང་ཞེས་པ་ལ་སོགས་པ་སྟེ། དེ་ལ་སྨད་པ་ལ་སོགས་པ་དང་འབྲེལ་བའི་སྐྱེ་བ་ལས་བཟློག་པ་དེ་རིགས་ཏེ། རྒྱལ་རིགས་ལ་སོགས་པ་དེ་རྒྱལ་བར་ བྱེད་ཅིང་བརྟན་པར་བྱེད་པ་དག་འཁོར་བ་ལས་བརྒལ་བའི་དོན་གྱིས་ན་བུ་སྟེ། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོའོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གསང་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པ་གང་ལ་ལས་བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ ཤེས་ཀྱི་སྐུ་གཉིས་སུ་མེད་པའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་མཚན་གྱི་གཙུག་གི་ནོར་བུ་འདི་ནི་ཐམས་ཅད་ཡོངས་སུ་རྫོགས་པ་དང་། མ་ཉམས་ཤིང་ལྷག་ཆད་མེད་པས་ཚིགས་སུ་བཅད་པའི་ཚིག་དང་ཡིག་འབྲུ་འདི་དག་ཉིད་ཀྱིས་ཞེས་པ་ནི། དེ་ལ་འདི་ནི་གོང་དུ་གསུངས་པ་རྣམས་ཀྱིས་སོ། ། 63-1-111a ཉིན་གཅིག་བཞིན་དུ་ནི་ཉི་མ་རེ་རེ་ཞིང་ངོ་། །དུས་གསུམ་དུ་འཆང་བ་དང་ཞེས་པ་ནི་གཞུང་དང་དོན་གྱིས་སོ། །ཀློག་པ་དང་ཞེས་པ་ནི་གླེགས་བམ་ཀློག་པའོ། །ཀུན་ཆུབ་པར་བྱེད་པ་དང་ཞེས་པ་ནི་བསམ་པའོ། །ཚུལ་བཞིན་ཡིད་ལ་བྱེད་པ་དང་གཞན་ལ་ཡང་ཞེས་པ་ནི་ འདུལ་བ་རྣམས་ལའོ། །དམ་ཚིག་ཇི་ལྟ་བ་བཞིན་དུ་བསྟན་པ་དང་ཞེས་པ་ནི་དུས་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་བསྟན་ཏོ་ཞེས་པའི་དོན་ཏོ། །མཚན་གྱི་དོན་གང་ཡང་རུང་བ་རེ་རེ་ནས་ཀྱང་ཞེས་པ་ནི། མཚན་རྣམས་ཀྱི་དོན་ནི་མཚན་གྱི་དོན་ཏོ། །འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ་ལ་དམིགས་ ཏེ་སེམས་རྩེ་གཅིག་ཏུ་བསྒོམ་པ་ཞེས་པ་ནི། དེ་ལ་སེམས་རྩེ་གཅིག་ནི་མཉམ་པར་གཞག་པའི་ཡིད་དོ། །ཀུན་ནས་སྒོའི་གནས་པས་གནས་པ་དང་ཞེས་པ་ལ་སོགས་པ་ནི། དེ་ལ་མོས་པ་ནི་དེ་བཞིན་དུ་འཛིན་པའོ། །དེ་ཁོ་ན་ཉིད་ནི་ཕྱིན་ཅི་མ་ལོག་པའོ། །དེ་བས་ན་མོས་པ་དང་དེ་ཁོ་ན་ཉིད་གཉིས་ཡིད་ ལ་བྱེད་པས་ཀུན་ནས་སྒོའི་གནས་པས་གནས་པ་ཞེས་པའོ། །ཆོས་ཐམས་ཅད་རྟོགས་པ་ནི་ཞེས་པ་ནི། དེ་ལ་ཆོས་ཐམས་ཅད་ནི་ཕུང་པོ་ལ་སོགས་པའོ། །དེ་རྣམས་རྟོགས་པའི་བདག་ཉིད་ཀྱི་དད་པས་སོ། །དེས་ཅི་འདྲ་བ་ཞེ་ན། མཆོག་ནི་རབ་བོ། །རྙོག་པ་མེད་པ་ནི་སྐྱོན་མེད་པའོ། །ཤེས་ རབ་རྗེས་སུ་འབིགས་པའི་དད་པ་དང་ཞེས་པ་ནི། དེ་ལྟར་ཡང་གསུངས་པ། དད་པ་ཉིད་ཀྱིས་ཆོས་སྟོན་ཏོ། །ཤེས་རབ་ཀྱིས་ནི་དེ་ཉིད་རིག །དེ་གཉིས་ལ་ཡང་ཤེས་རབ་གཙོ། །དེའི་ཡང་སྔོན་དུ་དད་པ་འགྲོ། །ཞེས་སོ། །ལྡན་བཞིན་ནི་གསང་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པ་ཅན་གྱིའོ། ། དེ་ལ་དུས་གསུམ་གྱི་དུས་མེད་པ་ནི་དུས་གསུམ་ནི་དུས་རྣམ་པ་གསུམ་མོ། །དེ་ལ་དུས་མེད་པའོ། །ལྡན་པ་ནི་ཡོངས་སུ་འབྲེལ་པར་བྱེད་པ་དང་ལྡན་པའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འདུས་ཏེ་གཤེགས་ནས་ནི་ཞེས་པ་ནི་འདུས་ནས་འགྲོ་བའི་དོན་ཏོ། །ཆོས་ཀྱི་སྒོ་ཐམས་ཅད་ནི་ སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོའོ། །རྟོགས་པར་མཛད་དེ་སྐུ་ཡང་སྟོན་ཏོ་ཞེས་སོ། །མ་རུངས་པ་འདུལ་བ་ཁྲོ་བོའི་རྒྱལ་པོ་ཆེན་པོ་རྣམས་དང་། རྡོ་རྗེ་འཆང་ཆེན་པོ་ལ་སོགས་པ་འགྲོ་བ་ཡོངས་སུ་སྐྱོབ་པ་རྣམས་ཀྱང་སྤྲུལ་པའི་ལུས་ཀྱི་གཟུགས་སྣ་ 63-1-111b ཚོགས་དང་མདངས་དང་སྟོབས་དང་ཞེས་པ་ནི་སྟོབས་ནི་ཤེད་མོའོ། །གཟི་བརྗིད་ཟིལ་གྱིས་མི་ནོན་པ་དང་ཞེས་པ་ནི་གཟི་བརྗིད་ཟིལ་གྱིས་མི་གནོན་ཞིང་མི་འཕྲོགས་པའོ། །གསང་སྔགས་དང་ཕྱག་རྒྱ་རྣམས་ཀྱི་མངོན་པར་རྟོགས་པའི་དཀྱིལ་འཁོར་རྣམས་ཞེས་པ་ནི་རྡོ་རྗེ་དབྱིངས་ལ་སོགས་ པ་རྣམས་སོ། །དེ་རྣམས་སྒྲུབ་པར་བྱེད་པའོ་ཞེས་པའོ། །གསང་སྔགས་དང་རིག་སྔགས་ཀྱི་རྒྱལ་པོ་མ་ལུས་པ་དང་། བགེགས་དང་། ལོག་འདྲེན་དང་། བདུད་ཀྱི་དགྲ་དང་། ཕྱིར་རྒོལ་བ་དང་། གཞན་གྱིས་མི་ཚུགས་པ་ཆེན་པོ་ཐམས་ཅད་ཀྱང་ཉིན་མཚན་ཕྱེད་པར་སྐད་ཅིག་རེ་ རེ་ལ་ཞེས་པ་ནི། དེ་ལ་མ་ལུས་པ་ནི་ལུས་པ་མེད་པའོ། །མཚན་མོ་དང་ལྷན་ཅིག་ཏུ་གྱུར་པས་ན་ཉིན་མཚན་ཕྱེད་དོ། །སྐད་ཅིག་མ་རེ་རེ་ནི་སྐད་ཅིག་དང་སྐད་ཅིག་ཉིད་པས་སྐད་ཅིག་རེ་རེའོ། །སྤྱོད་ལམ་ཐམས་ཅད་ནི་བཞི་ལའོ། །སྲུང་བ་དང་སྐྱོབ་པ་དང་སྦེད་པ་བྱེད་དོ་ཞེས་པ་ནི་སྲུང་བ་ཡང་དེ་སྐྱོབ་ པ་ཡང་དེ་རྣམས་ཉིད་དོ། །དེ་རྣམས་ཀྱི་སྦེད་པ་དེ་བྱེད་པ་ཞེས་སོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་མཛད་དོ། །སྐུ་གསུང་ཐུགས་ཐམས་ཅད་ཀྱིས་དེའི་རྒྱུད་ལ་ཡང་དག་པར་བྱིན་གྱིས་རློབ་བོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ ཕན་གདགས་པས་ཀྱང་ཕན་གདགས་པར་མཛད་དེ། ཆོས་ཐམས་ཅད་ལ་མི་འཇིགས་པའི་སྤོབས་པ་ཡང་གྲུབ་པར་མཛད་དོ་ཞེས་པ་ནི། དེ་ལ་ཆོས་ཐམས་ཅད་ཀྱི་མི་འཇིགས་པ་དེའི་སྤོབས་པ་ནི་ཆོས་ཐམས་ཅད་ལ་མི་འཇིགས་པའི་སྤོབས་པའོ། །དེ་སྒྲུབ་པར་མཛད་པས་དབུལ་བར་ མཛད་ཅེས་པའི་དོན་ཏོ། །དགྲ་བཅོམ་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱང་འཕགས་པའི་ཆོས་ལ་སྡུག་པར་འཛིན་པའི་བསམ་པས་ལུས་སྟོན་པར་བྱེད་དོ་ཞེས་པ་ནི་འཕགས་པ་རྣམས་ཀྱི་ཆོས་ནི་འཕགས་པའི་ཆོས་སོ། །དེ་ལ་སྡུག་པ་ནི་བྱམས་པའི་བློ་ཉིད་ཀྱིས་རང་གི་ ལུས་ཀྱི་ངོ་བོ་ཉིད་དེ་ཡང་ཉེ་བར་བསྟན་ཏོ། །ཚངས་པ་དང་། དབང་པོ་དང་། ཉེ་དབང་དང་། དྲག་པོ་དང་། ཚན་པོ་ཆེ་དང་། ཀུན་འགྱེད་གཞོན་ནུ་དང་། དབང་ཕྱུག་ཆེན་པོ་དང་། སྨིན་དྲུག་གི་བུ་དང་། ནག་པོ་ཆེན་པོ་དང་། དགའ་བྱེད་དབང་ཕྱུག་དང་། གཤིན་རྗེ་དང་། ཆུ་ལྷ་དང་། 63-1-112a ཀུ་བེ་ར་དང་། འཕྲོག་མ་དང་། ཕྱོགས་བཅུའི་འཇིག་རྟེན་སྐྱོང་བ་གང་ཡིན་པ་དེ་དག་ཀྱང་རྟག་ཏུ་རྒྱུན་མི་འཆད་པར་ནི་དུས་ཐམས་ཅད་དུའོ། །ཉིན་མཚན་ཕྱད་པར་འགྲོ་ཡང་རུང་། འགྲེང་ཡང་རུང་། འདུག་ཀྱང་རུང་། ཉལ་ཡང་རུང་། གཉིད་ལོག་ཀྱང་རུང་། མ་ལོག་ཀྱང་ རུང་བ་ན་སྲུང་བ་དང་། སྐྱོབ་པ་དང་། སྦེད་པ་བྱེད་པར་འགྱུར་རོ། །མཉམ་པར་བཞག་ཀྱང་རུང་། མ་བཞག་ཀྱང་རུང་། གཅིག་པུར་འདུག་ཀྱང་རུང་། སྐྱེ་བོ་མང་པོའི་ནང་དུ་འདུག་ཀྱང་རུང་སྟེ། གྲོང་ནི་གྲོང་ཁྱེར་གྱི་ཕྱི་རོལ་གྱི་མཐའ་མའོ། །གྲོང་ཁྱེར་དང་གྲོང་རྡལ་ནི་ཡུལ་ལོ། །ལྗོངས་ནི་ དཔྱ་འདུ་བའི་སའོ། །ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དང་། སྲ་དང་། སྲ་ཆུང་དང་། གྲོང་ཁྱེར་གྱི་སྒོ་དང་། ཁྲི་ལམ་ནི་རྒྱལ་པོ་འགྲོ་བའི་ལམ་མོ། །སྲང་དང་བཞི་མདོ་ནི་ལམ་ཁ་བྲག་གོ། །སུམ་མདོ་ནི་ལམ་སུམ་མདོའོ། །གྲོང་བར་དང་ཚོང་ཁང་ནི་འཚོང་བར་བྱེད་པའི་རྫས་འཚོང་བའོ། ། དེའི་མཛོད་ནི་ཚོང་ཁང་ངོ་། །དེ་ལ་འདུག་པ་ནི་འདུག་པའོ། །ཁང་སྟོང་དང་། རི་དང་། ཆུ་ཀླུང་དང་། ནགས་ཚལ་དང་། ནགས་ཚང་ཚིང་ནི་ནགས་ཀྱི་ཚང་ཚིང་ངོ་། །འདུག་ཀྱང་རུང་། གཙང་སྦྲ་མ་བྱས་པ་དང་། ར་རོ་ནི་ཆང་གིས་གཞན་དུ་འགྱུར་བའོ། །བག་མེད་པ་ནི་དབང་ཕྱུག་ གིས་གཞན་དུ་གྱུར་པའི་ཕྱིར་རོ། །རྟག་ཏུ་རྣམ་པ་ཐམས་ཅད་དུ་ཅིའི་སྒོ་ནས་ཀྱང་མཆོག་ཏུ་སྲུང་བ་དང་། སྐྱོབ་པ་དང་། སྦེད་པར་བྱེད་དོ། །ཉིན་མཚན་དུ་ཡང་མཆོག་ཏུ་བདེ་ལེགས་སུ་འགྱུར་བར་བྱེད་དོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཞེས་པ་དང་། དེ་ལ་ལྟོ་འཕྱེ་ཆེན་པོ་ནི་ཀླུའི་རིགས་བརྒྱད་དོ། །མི་དང་མི་མ་ཡིན་པ་ནི་ཡི་དགས་ལ་སོགས་པའོ། །གཞན་དག་ཀྱང་གཟའ་དང་། རྒྱུ་སྐར་དང་། མ་མོ་རྣམས་དང་། ཚོགས་ཀྱི་བདག་པོ་གཞན་དང་། མ་མོ་ བདུན་པོ་གང་ཡིན་པ་རྣམས་དང་། གནོད་སྦྱིན་མོ་དང་། སྲིན་མོ་དང་། ཤ་ཟ་མོ་གང་ཡིན་པ་དེ་དག་ཀྱང་འདུ་ཞིང་ཞེས་པ་ནི་ཚོགས་པའོ། །གཅིག་ཏུ་མཐུན་པ་ཡོངས་སུ་རྫོགས་པའི་དཔུང་དང་བཅས་པ་ནི་ཡན་ལག་གི་སྟོབས་བཞིའོ། །འཁོར་དང་བཅས་པ་ནི་རྗེས་སུ་འབྲང་བ་དང་ 63-1-112b བཅས་པའོ། །སྲུང་བ་དང་སྐྱོབ་པ་དང་སྦེད་པ་ཐམས་ཅད་བྱེད་པར་འགྱུར་རོ། །མདངས་དང་སྟོབས་དང་གཟི་བརྗིད་མཆོག་ཀྱང་དེའི་ལུས་ལ་འཇུག་པར་བྱེད་དོ། །ནད་མེད་པ་དང་སྟོབས་དང་ཚེ་ནུར་བ་ཡང་འགྲུབ་པར་བྱེད་དོ་ཞེས་པ་ནི་རྗེས་སུ་འདོགས་པར་བྱ་བའི་དོན་ཏེ། །འཁོར་ལོ་བཞི་པའི་ ཡོན་ཏན་ཏེ་དེའི་ཚིག་རྣམས་ནི་གྲངས་བཅུ་དགུའོ། །དེ་ནས་ད་ནི་འཁོར་ལོ་ལྔ་པའི་ཡོན་ཏན་གྱི་དབང་དུ་བྱས་ནས་གསུངས་པ། ལག་ན་རྡོ་རྗེ་རྡོ་རྗེ་འཆང་ཞེས་པ་ལ་སོགས་པ་སྟེ། གཞན་ཡང་མཚན་གྱི་གཙུག་གི་ནོར་བུ་གང་གིས་ཉིན་གཅིག་བཞིན་དུ་ཞེས་པ་ནི་ཉི་མ་རེ་རེའོ། །དུས་གསུམ་དུ་མཉམ་ པར་ཡི་དམ་དུ་ལན་གསུམ་དུ་ནི་སུམ་འགྱུར་དུ་བྱས་པའོ། །ཁ་དོན་དུ་འདོན་ཏམ་གླེགས་བམ་དུ་བྱས་པ་ཀློག་ཅིང་བརྗོད་པ་ནི་ཀློག་པའོ། །བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་གཟུགས་ཡིད་ལ་དམིགས་ཤིང་། གཟུགས་དང་མཐུན་པར་སེམས་ཏེ། དེའི་གཟུགས་དང་མཐུན་པར་ བསམ་གཏན་བྱེད་པ་ནི་ཞེས་པ་ནི་གོང་དུ་གསུངས་པའི་རིམ་པས་གཟུགས་རྣམ་པ་གསུམ་དུ་རྗེས་སུ་བསམས་ནས་བཀླག་པར་བྱའོ། །འདུལ་བའི་དབང་གི་ཕྱིར་རིང་པོ་མི་ཐོགས་པ་དེ་ཉིད་སྤྲུལ་པའི་གཟུགས་ཀྱི་ལུས་མཐོང་བར་འགྱུར་རོ་ཞེས་པ་ནི་སེམས་ཀྱི་བསམ་པའི་དབང་གིས་མཐོང་ངོ་། །སངས་ རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གཟུགས་ཀྱི་སྐུ་རྣམ་པ་སྣ་ཚོགས་དང་ལྡན་པ་ནམ་མཁའི་དཀྱིལ་ན་བཞུགས་པ་དག་ཀྱང་མཐོང་བར་འགྱུར་རོ། །སེམས་ཅན་ཆེན་པོ་དེ་ནི་ནམ་ཡང་ཇི་ལྟར་གྱུར་ཀྱང་ངན་འགྲོ་ངན་སོང་དུ་ལྟུང་བར་མི་འགྱུར་རོ། །རིགས་ངན་དུ་སྐྱེ་བར་མི་འགྱུར་རོ་ཞེས་པ་ནི་གདོལ་ པ་ལ་སོགས་པའོ། །ཡུལ་མཐའ་འཁོབ་ཏུ་སྐྱེ་བར་མི་འགྱུར་རོ་ཞེས་པ་ནི་གྲོང་གི་མཐའ་གང་ན་སངས་རྒྱས་ཀྱི་སྒྲ་མི་ཤེས་པ་དེར་སྐྱེ་བར་མི་འགྱུར་རོ། །དབང་པོ་མ་ཚང་བར་སྐྱེ་བར་མི་འགྱུར་རོ། །མིག་ལོང་བ་དང་འོན་པ་དང་། གླེན་པ་ལ་སོགས་པའི་ངོ་བོར་མི་འགྱུར་རོ། །ལོག་པར་ལྟ་ བ་དང་། ལྟ་བ་ངན་པའི་རིགས་སུ་སྐྱེ་བར་མི་འགྱུར་རོ་ནི་ལྟ་བ་ལོག་པ་ནི་མེད་པར་ལྟ་བ་སྟེ། ལྟ་བ་ཐམས་ཅད་རྩད་ནས་འབྱིན་པའོ། །དེའི་རིགས་ནི་ལྟ་བ་ལོག་པའི་རིགས་སོ། །དེ་དེ་ལ་མི་སྐྱེ་བར་འགྱུར་རོ། །སངས་རྒྱས་མི་བཞུགས་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་མི་འགྱུར་རོ། །སངས་ 63-1-113a རྒྱས་བཞུགས་ན་ཡང་དེས་བསྟན་པའི་ཆོས་སྤོང་བ་དང་བསྐལ་པར་མི་འགྱུར་རོ། །སངས་རྒྱས་འབྱུང་བ་དང་མི་མཇལ་བ་དང་དེ་ཡིས་བསྟན་པའི་ཆོས་དང་མ་ཕྲད་པར་མི་འགྱུར་རོ། །ལྷ་ཚེ་རིང་པོ་རྣམས་ཀྱི་ནང་དུ་སྐྱེ་བར་མི་འགྱུར་རོ། །མུ་གེ་དང་ནད་དང་མཚོན་གྱི་བསྐལ་ པའི་ནང་དུ་སྐྱེ་བར་མི་འགྱུར་རོ། །དེ་ལྟར་ཡང་ཆོས་མངོན་པ་མཛོད་ལས་གསུངས་པ། བསྐལ་པ་མཚོན་དང་ནད་དང་ནི། །མུ་གེས་ངེས་པར་མཐར་འབྱིན་ནོ། །ཞག་རྣམས་དང་ནི་ཟླ་བ་དང་། །ལོ་བདུན་དག་ཏུ་གོ་རིམས་བཞིན། །ཞེས་སོ། །དེ་རྣམས་ལ་ཡང་སྐྱེ་བར་མི་འགྱུར་བའོ། ། སྙིགས་མ་ལྔའི་དུས་སུ་ཡང་སྐྱེ་བར་མི་འགྱུར་རོ་ནི་སྙིགས་མ་ལྔ་ནི་སེམས་ཅན་དང་། ཚེ་དང་། ལྟ་བ་དང་། བསྐལ་པ་དང་། ཉོན་མོངས་པ་ལ་སོགས་པ་ཉིད་དོ། །སྙིགས་མའི་དབྱིངས་ནི་སྙིགས་མའི་ཕྱིར་དང་། གཟིར་བའི་ཕྱིར་ནི་སྙིགས་མ་ཞེས་གསུངས་སོ། །དེའི་དུས་ལ་ཡང་སྐྱེ་བར་མི་ འགྱུར་རོ། །རྒྱལ་པོ་དང་དགྲ་དང་ཆོམ་རྐུན་གྱི་འཇིགས་པ་ཡང་འབྱུང་བར་མི་འགྱུར་རོ། །ཅི་ནས་ཀྱང་དམན་པ་དང་དབུལ་བའི་འཇིགས་པ་ཡང་འབྱུང་བར་མི་འགྱུར་རོ། །གོས་ལ་སོགས་པའི་ཡོ་བྱད་ཐམས་ཅད་དང་བྲལ་བའི་དབུལ་བའི་འཇིགས་པ་དེ་ཡང་འབྱུང་བར་མི་འགྱུར་རོ། །དྲི་ངས་དང་། སྐུར་པ་དང་། སྣད་པ་དང་། མི་སྙན་པ་དང་། གཏམ་ངན་གྱི་འཇིགས་པ་འབྱུང་བར་མི་འགྱུར་རོ། །དྲི་ངས་ལ་སོགས་པ་ནི་བཤད་ཟིན་ཏོ། །དེ་ཡང་བསྐལ་པ་སྟོང་གི་བར་དུ་ཡང་དེའི་འཇིགས་པ་འབྱུང་བར་མི་འགྱུར་རོ། །རྒྱུད་དང་རུས་དང་། རིགས་བཟང་པོ་དང་ཡང་ལྡན་པར་འགྱུར་རོ། །ཀུན་ནས་ མཛེས་པ་དང་གཟུགས་དང་ཁ་དོག་དང་ལྡན་པར་འགྱུར་རོ་ནི། །ཀུན་ནི་ཐམས་ཅད་དོ། །དེ་རྣམས་ཀྱིས་ལྡན་པར་འགྱུར་རོ། །འཇིག་རྟེན་རྣམས་ལ་སྡུག་པ་ནི་ཚིག་འཇམ་པའོ། །ཡིད་དུ་འོང་བ་ནི་སེམས་ཅན་ཐམས་ཅད་ཀྱི་ཡིད་ལ་ཁྱབ་པའོ། །འགྲོགས་ན་བདེ་བ་ནི་སྡུག་བསྔལ་མེད་པའི་ཕྱིར་རོ། །མཐོང་ བ་དགའ་བར་འགྱུར་རོ་ནི་མཛེས་པའི་གཟུགས་ཉིད་ཀྱི་ཕྱིར་རོ། །སེམས་ཅན་གྱི་འཇིག་རྟེན་རྣམས་ལའོ། །སྐལ་བ་དང་ལྡན་པ་དང་ཚིག་བཙན་པར་ཡང་འགྱུར་རོ་ནི་གང་དགེ་བའི་སྐལ་བ་དང་ལྡན་པ་དང་ཚིག་བཙན་པ་དེ་དེ་ལྟར་སྦྱར་རོ། །གང་དང་གང་དུ་སྐྱེ་བ་དེ་དང་དེར་ཡང་ཚེ་རབས་དྲན་པར་འགྱུར་ 63-1-113b རོ། །ལོངས་སྤྱོད་ཀྱི་གཞི་ཆེན་པོ་ནི་ནོར་དང་འབྲུ་ལ་སོགས་པ་རྣམས་ཀྱིས་སོ། །འཁོར་མང་བ་ནི་བྲན་གཡོག་དང་སྐྱེ་བོ་མང་པོ་ཕུན་སུམ་ཚོགས་པའོ། །ལོངས་སྤྱོད་ཀྱི་གཞི་མི་ཟད་པ་དང་འཁོར་མི་ཟད་པར་འགྱུར་རོ་ནི་ཇི་ཙམ་འཚོའི་བར་དུ་རྒྱུན་མི་འཆད་པའི་ཕྱིར་རོ། །སེམས་ཅན་ཐམས་ ཅད་ཀྱི་མཆོག་ཏུ་ནི་མདུན་དུ་འགྲོ་བའོ། །ཡོན་ཏན་གྱི་མཆོག་དང་ལྡན་པར་འགྱུར་རོ་ནི་འབྱོར་པ་ཉིད་དོ། །རང་བཞིན་གྱིས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཡོན་ཏན་དང་ལྡན་པར་འགྱུར་རོ། །ཚངས་པའི་གནས་བཞི་ལ་ཡང་གནས་པར་འགྱུར་རོ། །དྲན་པ་དང་ཤེས་བཞིན་དང་ཐབས་དང་སྟོབས་དང་ སྨོན་ལམ་དང་ཡེ་ཤེས་དང་ལྡན་པར་འགྱུར་རོ་ནི་དེ་དག་གི་དོན་གོ་བར་ཟད་དོ། །བསྟན་བཅོས་ཐམས་ཅད་ལ་འཇིགས་པ་མེད་པ་ནི་མི་སྐྲག་པའོ། །སྨྲ་མཁས་པར་ཡང་འགྱུར་རོ། །མི་བླུན་པ་ནི་ཤེས་རབ་དང་ལྡན་པར་འགྱུར་བའོ། །ཚིག་གསལ་བ་ནི་གསལ་པོར་སྨྲ་བའོ། །སྒྲིན་པོར་ཡང་འགྱུར་ རོ་ནི་སྤོབས་པ་དང་ལྡན་པའོ། །ཤེས་ཉེན་ཅན་ནི་བྱས་པ་ཀུན་ལ་མོས་པ་དང་ལྡན་པའོ། །ལེ་ལོ་མེད་པ་ནི་དགེ་བའི་ཕྱོགས་ལ་བརྩོན་པའོ། །ཆོག་ཤེས་པ་ནི་འདོད་པ་ཆུང་བ་ཉིད་ཀྱི་ཕྱིར་རོ། །དོན་ཆེ་བ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་ཉིད་ཀྱི་ཕྱིར་རོ། །སྲིད་པ་མེད་པར་ཡང་འགྱུར་རོ་ ནི་ཡུལ་ཐམས་ཅད་ལ་མི་ལྟ་བའོ། །སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་ཡིད་བརྟན་པར་བྱ་བ་ནི་གདོན་མི་ཟ་བར་བྱ་བའོ། །སློབ་དཔོན་དང་བླ་མ་བཀུར་བར་ཡང་འགྱུར་རོ་ནི་བཀུར་འདོད་པའོ། །དེས་སྔོན་མ་ཐོས་པའི་བཟོ་དང་། སྒྱུ་རྩལ་དང་། མངོན་པར་ཤེས་པ་དང་། བསྟན་བཅོས་ ཐམས་ཅད་ཀྱང་དོན་དང་ཡི་གེའི་སྒོ་ནས་ཤེས་པར་འགྱུར་རོ། །དེ་དག་ནི་དོན་གོ་བར་ཟད་དོ། །ཚུལ་ཁྲིམས་དང་། འཚོ་བ་དང་། ཀུན་དུ་སྤྱོད་པ་ཤིན་ཏུ་ཡོངས་སུ་དག་པར་སྤྱོད་པ་དང་། ལེགས་པར་རབ་ཏུ་བྱུང་བ་དང་། ལེགས་པར་བསྙེན་པར་རྫོགས་པར་འགྱུར་རོ་ཞེས་པ་ལ་ལེགས་ པར་ཡོངས་སུ་དག་པ་ནི་ཤིན་ཏུ་ཡོངས་སུ་དག་པའི་ཚུལ་ཁྲིམས་དང་ལྡན་པ་དེས་འཚོ་བར་གནས་པ་དེ་ཉིད་ཀྱིས་ཡང་དག་པར་སྤྱོད་པའི་ཐ་སྙད་དེས་སྤྱོད་པའི་ཚུལ་དང་གང་ལྡན་པ་དེ་དེ་ལྟར་ཏེ། ལོག་པར་འཚོ་བ་མེད་པའི་ཕྱིར་རོ། །ལེགས་པར་རབ་ཏུ་བྱུང་བ་ནི་ཚུལ་ཁྲིམས་མཉམ་པའི་ 63-1-114a ཕྱིར་རོ། །ལེགས་པར་བསྙེན་པར་རྫོགས་པར་བྱུང་བ་ནི་ཚུལ་ཁྲིམས་ལ་རལ་བ་མེད་པའོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱང་མི་བརྗོད་པར་འགྱུར་རོ་ཞེས་པ་ལ། མི་བརྗེད་པ་ནི་ཐམས་ཅད་མཁྱེན་པའི་བྱང་ཆུབ་ཀྱི་སེམས་དང་གང་ལྡན་པ་དེ་དེ་ ལྟར་རོ། །ཉན་ཐོས་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་ཀྱི་ངེས་པ་ལ་རྣམས་ཀྱང་འཇུག་པར་མི་འགྱུར་རོ། །ཉན་ཐོས་དང་དགྲ་བཅོམ་པ་དང་རང་སངས་རྒྱས་ཀྱི་ངེས་པ་དེའི་བྱང་ཆུབ་མྱུར་བ་རྣམས་ཀྱང་མི་འགྱུར་རོ། །ལག་ན་རྡོ་རྗེ་རྡོ་རྗེ་འཆང་ཞེས་པ་ནི་བསྡུས་པའི་སྒོ་ནས་ཡོན་ ཏན་རྣམས་ཀྱི་མཐར་གསུངས་པའོ། །དེ་ལྟར་ཡང་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ། །གསང་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པ་དེ་ལྟར་ཡང་ཐོབ་པར་འགྱུར་རོ། །གཞན་ཡང་རྣམ་པ་དེ་ལྟ་བུའི་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པ་ནི་དེ་དང་རིགས་མཐུན་པའོ། །གཞན་ དང་ཡང་ལྡན་པར་འགྱུར་རོ། །ལག་ན་རྡོ་རྗེ་རྡོ་རྗེ་འཆང་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་འདི་ཡང་དག་པར་འཛིན་པའི་སྐྱེས་བུ་གང་ཟག་དེ་ནི་གཙོ་བོ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་བསགས་ཤིང་སངས་རྒྱས་ཀྱི་ཡོན་ཏན་རྣམས་ ཤིན་ཏུ་མྱུར་དུ་ནི་ཐོགས་པ་མེད་པའོ། །བསྒྲུབས་པ་ནི་བཟུང་བའོ། །རིང་པོར་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བསྐལ་པ་མང་པོར་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་སུ་མི་འགྱུར་བར་སེམས་ཅན་ཐམས་ཅད་ ལ་བླ་ན་མེད་པའི་ཆོས་སྟོན་པ་དང་། ཕྱོགས་བཅུར་དམ་པའི་ཆོས་ཀྱི་རྔ་སྒྲ་ཆེན་པོ་རྒྱུན་མི་འཆད་པར་སྒྲོགས་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོར་འགྱུར་རོ་ཞེས་སོ། །ཁོར་ལོ་ལྔ་པའི་ཡོན་ཏན་ཏེ། དེའི་ཚིགས་བཅད་ཀྱི་གྲངས་ལྔ་བཅུ་རྩ་གཅིག་གོ། །དེ་ནས་ལག་ན་རྡོ་རྗེ་ཞེས་པ་ནས་བརྩམས་ཏེ། ཇི་ ཙམ་ཆོས་ཀྱི་རྒྱལ་པོ་ཞེས་པའི་བར་དུ་ཡོན་ཏན་རྣམ་པ་གཅིག་ཏུ་བྱས་ཏེ། འཕགས་པ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་པ་མཚན་གསང་སྔགས་ཀྱི་དོན་དུ་རྣམ་པར་ལྟ་བ་ལས་ཡོན་ཏན་གྱི་རིམ་པར་ཕྱེ་བ་སྟེ་བཅུ་གཉིས་པའོ།། །།དེ་ནས་ད་ནི་དྲུག་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཤེས་རབ་ 63-1-114b ཀྱི་འཁོར་ལོའི་དང་པོ་སངས་རྒྱས་ཀྱི་ཐུགས་ཀར་བསྒོམས་པ་གང་ཡིན་པ་དེ་ལ་བཀོད་པའི་སྔགས་ཀྱི་དབང་དུ་བྱས་ནས་གསུངས་པ། ཨོཾ་སརྦ་དྷརྨཱ་བྷཱ་བ་སྭ་བྷཱ་ཝ་བི་ཤུདྡྷ་བཛྲ་ཨ་ཨཱ་ཨྃ་ཨཿ། ཞེས་པ་དེ་མཚན་ཡང་དག་པར་བརྗོད་པ་དེའི་རྩ་བའི་སྔགས་སོ། །པྲ་ཀྲྀ་ཏི་པ་རི་ ཤུདྡྷཿསརྦ་དྷརྨཱ་ཞེས་པ་ནི་ལྷུན་གྱིས་གྲུབ་པ་རང་བཞིན་གྱིས་ཡོངས་སུ་དག་པ་ནི། པྲ་ཀྲྀཏ་པ་རི་ཤུདྡྷ་དེ་གང་ཞེ་ན། སརྦ་དྷརྨཱ་སྟེ། ཕུང་པོ་ལ་སོགས་པའི་ཆོས་ཐམས་ཅད་དོ། །ཡ་དུ་ཏ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀ་ཡ་མཉྫུ་ཤྲཱི་པ་རི་ཤུདྡྷི་ཏཱ་ནི་ཡོངས་སུ་དག་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གང་ཡིན་པ་དེ། མུ་པཱ་དཱ་ཡ་ཏི་ནི་ཁས་བླང་ངོ་། །གཟུང་བར་བྱའོ་ཞེས་པའོ། །ཨ་ཨཱཿཨོཾ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུྃ་ཧྲཱིཿ། བྷ་ག་བཱན། ཛྙཱ་ན་མུརྟི། ཝཱ་གཱི་ཤྭ་ར། མ་ཧཱ་ཝཱ་ཙ། སརྦ་དྷརྨཱ། ག་ག་ན། ཨ་མ་ལ་སུ་པ་རི་ཤུདྡྷ་དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿཞེས་པ་ནི་འཕགས་པ་མཚན་ཡང་དག་པར་ བརྗོད་པའི་སྔགས་ཀྱི་ཕྲེང་བའོ། །འཕགས་པ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་པ་མཚན་གསང་སྔགས་ཀྱི་དོན་དུ་རྣམ་པར་ལྟ་བ་ལས་ཤེས་རབ་ཀྱི་འཁོར་ལོ་ལ་བཀོད་པའི་སྔགས་ཀྱི་རིམ་པར་ཕྱེ་བ་སྟེ་བཅུ་གསུམ་པའོ།། །།དེ་ནས་ད་ནི་བསྡུས་པའི་སྒོ་ནས་བཅོམ་ལྡན་འདས་ རྡོ་རྗེ་འཛིན་པས་ལག་ན་རྡོ་རྗེ་མང་པོ་དང་ལྷན་ཅིག་གིས་མགོན་པོ་ཞེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་དོ། །བཅོམ་ལྡན་འདས་ཞེས་པ་ནི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེ་བཞིན་གཤེགས་པ་ཞེས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ། །རྫོགས་པའི་ སངས་རྒྱས་ཞེས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་གཟུགས་སོ། །དེ་ལྟར་ཡེ་ཤེས་བཞིའི་བདག་ཉིད་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ནས། གསང་བསྟོད་ནས་ནི་ཚིག་འདི་གསོལ། །ཞེས་པ་དང་འབྲེལ་ཏོ། །དེའི་ཕྱིར་གསུངས་པ། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །དགའ་ཞིང་མགུ་ནས་ཐལ་ མོ་སྦྱར། །མགོན་པོ་བཅོམ་ལྡན་དེ་བཞིན་གཤེགས། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །དེ་ནི་མགོན་པོ་གསང་བའི་བདག །ལག་ན་རྡོ་རྗེ་ཁྲོ་བོའི་རྒྱལ། །སྣ་ཚོགས་གཞན་དང་ལྷན་ཅིག་ཏུ། །གསང་བསྟོད་ནས་ནི་ཚིག་འདི་གསོལ། །མགོན་པོ་བདག་ཅག་ཡི་ 63-1-115a རང་ངོ་། །ལེགས་སོ་ལེགས་སོ་ལེགས་པར་གསུངས། །བདག་ཅག་ཡང་དག་རྫོགས་པ་ཡི། །བྱང་ཆུབ་ཐོབ་པའི་དོན་ཆེན་མཛད། །ཅེས་པ་ནི་དེ་ལ། །ཀྱེ་མགོན་པོ་བདག་ཅག་ཡི་རང་ངོ་། །ལེགས་སོ་ལེགས་སོ་ལེགས་པར་གསུངས་སོ། །ཤིན་ཏུ་གསུངས་པ་ ནི་ལེགས་པར་གསུངས་སོ། །བདག་ཅག་གི་དོན་ཆེན་བྱས་སོ། །དོན་ཅི་འདྲ་བ་ཞེ་ན་གསུངས་པ། ཡང་དག་རྫོགས་པའི་བྱང་ཆུབ་ཐོབ་པ་ནི་སངས་རྒྱས་ཐོབ་པར་བྱེད་པའོ། །རྣམ་གྲོལ་འབྲས་བུ་འཚལ་བ་ཡི། །འགྲོ་བ་མགོན་མེད་རྣམས་ཀྱི་ཡང་། །སྒྱུ་འཕྲུལ་དྲ་བའི་ཚུལ་སྟོན་པ། ། འདི་ནི་རྣམ་དག་ལེགས་པའི་ལམ། །ཞེས་པ་ནི་དེ་ལ་བདག་ཅག་ཉི་ཚེའི་མ་ཡིན་ཏེ། མགོན་པོ་སྒྱུ་འཕྲུལ་དྲ་བའི་ཚུལ་འདི་ནི། །རྣམ་གྲོལ་འབྲས་བུ་འདོད་པ་ཡི། །འགྲོ་བ་མགོན་མེད་རྣམས་ཀྱི་ཡང་དོན་ཆེན་ཡིན་ནོ། །དེ་ཅི་འདྲ་ཞེ་ན། རྣམ་དག་ཅེས་ཏེ། ཆོས་ཀྱི་དབྱིངས་ཀྱི་རང་ བཞིན་ཉིད་ཀྱི་ཕྱིར་རོ། །ལེགས་པའི་ལམ་ནི་མྱ་ངན་ལས་འདས་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །ཟབ་ཅིང་ཡངས་ལ་རྒྱ་ཆེ་སྟེ། །དོན་ཆེན་འགྲོ་བའི་དོན་བྱེད་པ། །སངས་རྒྱས་རྣམས་ཀྱི་ཡུལ་འདི་ནི། །རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད། །ཅེས་པ་ནི་དེ་ལ་དོན་ཅིའི་ཕྱིར་ན་ཟབ་ཅིང་ཡངས་པའི་ དོན་ཆེ་བ་ཡིན་པ་དེའི་ཕྱིར་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཡིན་ཏེ། ཉན་ཐོས་ལ་སོགས་པ་གཞན་རྣམས་ཀྱི་ནི་མ་ཡིན་ན། དེ་ཅི་འདྲ་ཞེ་ན། འགྲོ་བའི་དོན་བྱེད་པ་ཞེས་པ་སྟེ། སྙིང་རྗེ་ཆེན་པོས་ཡོངས་སུ་བཟུང་བ་ཉིད་ཀྱི་ཕྱིར་རོ། །རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད། །ཅེས་པ་ནི་ དུས་གསུམ་ལ་གནས་པའི་རྫོགས་པའི་སངས་རྒྱས་རྣམས་ཀྱིས་འདི་བཤད་པ་ཡིན་ནོ། །འཕགས་པ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་པ་མཚན་གསང་སྔགས་ཀྱི་དོན་དུ་རྣམ་པར་ལྟ་བ་ལས་བསྡུས་པའི་རིམ་པར་ཕྱེ་བ་སྟེ་བཅུ་བཞི་པའོ།། །།བདག་གི་བློ་གྲོས་འདྲ་ བའི་ནུས་པས་མཚན་ཡང་དག་པར་བརྗོད་པའི་ཚུལ་ལ་ནི། །བློ་གྲོས་ཞན་པས་གཟུང་བར་དཀའ་བའི་རིམ་པས་རྣམ་པར་འགྲེལ་པ་བྱས་པ་ཡིན། །དེ་ཡི་དགེ་བས་དྲི་མ་མེད་པ་གྲངས་མེད་ཐོབ་པས་སེམས་ཅན་སྡུག་བསྔལ་བའི། །སྲིད་པའི་འདོད་ཆགས་ཞི་བར་བྱས་ནས་མཆོག་གི་བྱང་ 63-1-115b ཆུབ་དམ་པ་ཐོབ་གྱུར་ཅིག །འཕགས་པ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་པ་མཚན་གསང་སྔགས་ཀྱི་དོན་དུ་རྣམ་པར་ལྟ་བ་ཞེས་བྱ་བ་རྒྱ་གར་གྱི་མཁན་པོ་སྒེག་པའི་རྡོ་རྗེ་ཉི་མ་ཅན་གྱི་རིན་པོ་ཆེ་གླིང་ན་བཞུགས་པ་དཔལ་ལྡན་བྱང་ཆུབ་མཆོག་གི་སྐལ་བ་དང་ལྡན་པ་གང་གི་ མཚན་དཔལ་སྣ་ཚོགས་གཟུགས་ཅན་དུ་གྲགས་པ་དེས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་བསྒྱུར་ཏེ་བཤད་ནས་གཏན་ལ་ཕབ་པའོ། །ཕྱིས་རྒྱ་གར་གྱི་མཁན་པོ་ཕྱག་ན་རྡོ་རྗེ་དང་། ལོ་ཙཱ་བ་ཀློག་སྐྱ་ཤེས་རབ་བརྩེགས་ཀྱིས་བཅོས་ནས་གཏན་ལ་ ཕབ་པའོ། །འདི་ལ་གཞུང་ཚད་ནི་ཤློ་ཀ་ཉིས་སྟོང་ལྔ་བརྒྱའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི་ཊཱི་ཀཱ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་བཤད་པ། གསུང་གི་མངའ་བདག་འཇམ་དཔལ་ ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །མཆོག་ཏུ་དྲི་མེད་བློ་ཡི་རྣམ་པ་ཀུན་མཁྱེན་གཟོད་ནས་ཞི་བའི་ངོ་བོ་ཉིད། །སྣ་ཚོགས་སེམས་ཅན་དོན་རྣམས་འབྱོར་པས་ཆེ་བ་གསལ་འགྱུར་མཚན་རྣམས་ཡང་དག་བརྗོད། །རང་བཞིན་ཞི་བརྙེས་རྫོགས་སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་ཡོན་ཏན་མཉམ་མེད་པ། །གཟོད་ནས་གྲངས་འདས་ཀྱིས་གསུངས་དེ་ཡི་མཚན་རྣམས་དབྱེ་འདིར་བདག་གིས་བྲི་བར་བྱ། །ངག་གི་སྤྱོད་ཡུལ་ཀུན་ལས་འདས། །མཚན་རྣམས་ཀུན་གྱི་ཡོན་ཏན་ལྡན། །ཚིག་རྗེ་དང་བས་རབ་བཏུད་དེ། །དེའི་མཚན་དོན་ནི་ རྣམ་པར་དབྱེ། །བླ་མའི་མན་ངག་ལས་བརྒྱུད་ཅིང་། །སྣ་ཚོགས་རྒྱུད་དོན་མཐོང་བ་དང་། །ཕ་རོལ་ཕྱིན་པ་ཀུན་ལྡན་པའི། །མདོ་སྡེའི་དོན་རྣམས་མཐོང་བ་ལས། །ནུས་པ་ཀུན་དང་རྣམ་བྲལ་ཡང་། །བདག་ཉིད་དྲན་པར་བྱ་བའི་ཕྱིར། །རྣམ་པར་འབྱེད་ལ་འགལ་མེད་དེ། །གཞན་ གྱི་དོན་དུའང་དགག་པ་མེད། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་མཆོག་ཏུ་དད་པས་བསྐལ་པའམ་བསྐལ་པ་ལས་ལྷག་པར་བརྗོད་ན་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་རབ་ཏུ་སྐྱེ་བར་འགྱུར་ 63-1-116a ཞེ་ན། དེ་ལ་ནི་གྲངས་མེད་ཅིང་ཚད་མེད་པ་རབ་ཏུ་སྐྱེ་བར་འགྱུར་རོ། །ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ་ཞེས་མཚན་བཟུང་ན་སྔ་མ་ལས་འདི་ཉིད་བསོད་ནམས་ཀྱི་ཕུང་པོ་ཤིན་ཏུ་མང་པོ་ རབ་ཏུ་སྐྱེ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་མཐའ་ཡས་པའི་དགེ་བའི་བཤེས་གཉེན་དུ་གྱུར་པའི་ཕྱིར་རོ། །དེ་ཡང་འཇམ་དཔལ་གཞོན་ནུར་གྱུར་པས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་བཅོམ་ལྡན་འདས་དང་པོར་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་ལ་ སོགས་པ་ནས། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རིམ་གྱིས་སངས་རྒྱས་ཉིད་ལ་རབ་ཏུ་གཞག་པས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཡང་དག་པར་བསྔགས་པ་གསུངས་པ་ལ། ལ་ལ་དག་ཅི་འདི་དག་དོན་ཇི་ལྟ་བ་ཉིད་ཡིན་ནམ། ཡང་ན་གུས་པ་བསྐྱེད་ པར་བྱ་བའི་ཕྱིར་བསྟོད་པར་མཛད་པ་ཡིན་ཞེས་རྣམ་པར་རྟོག་པ་སྐྱེ་སྟེ། རྣམ་པར་རྟོག་པ་དེ་བསལ་ཞིང་བཟློག་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་ན་དམ་ཚིག་དང་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་ལ་འཇུག་པའི་ལེའུ་ལ་སོགས་པ་ཐམས་ཅད་དུ་བཅོམ་ ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པའི་བསྔགས་པ་གསུངས་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་བདག་ཉིད་ཀྱི་སྔགས་དང་ཕྱག་རྒྱ་དང་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་ངོ་བོ་ཉིད་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ དང་གཉིས་སུ་མེད་པའི་ངོ་བོ་ཉིད་ནི་འཇམ་དཔལ་གཞོན་ནུར་གྱུར་པའོ་ཞེས་གསུངས་ཀྱི་རང་བཞིན་ནི་མ་བསྟན་ཏོ་ཞེས་སོམ་ཉི་དང་བཅས་པ་རྣམས་ཀྱི་སེམས་ལ་སེམས་ཀྱིས་ཡོངས་སུ་རྟོག་པ་ཕྱག་ན་རྡོ་རྗེས་མཁྱེན་ནས་དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་ གསུངས་སོ། །ཡང་བཅོམ་ལྡན་འདས་བདག་ཉིད་ཀྱིས་མ་འོངས་པའི་སེམས་ཅན་དཔག་ཏུ་མེད་པའི་དོན་གྱི་བྱ་བ་དོན་ཡོད་པར་མཁྱེན་ནས་གསོལ་བ་འདེབས་པར་བྱ་བའི་ཕྱིར་ཕྱག་ན་རྡོ་རྗེ་ལ་གཟིགས་པར་གྱུར་ཏེ། དེ་ནས་དེའི་འོག་ཏུ་ཕྱག་ན་རྡོ་རྗེས་ཞུས་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་ 63-1-116b སོགས་པ་གསུངས་སོ། །ཡང་ན་ཏིང་ངེ་འཛིན་གྱི་དྲ་བའི་ལེའུར་དཀྱིལ་འཁོར་པའི་ལྷ་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཁྱད་པར་གསུངས་ནས། དེའི་འོག་ཏུ་སྐབས་རྙེད་པ་དང་ཏིང་ངེ་འཛིན་ཐམས་ཅད་ཀྱི་ངོ་བོ་ཉིད་འཇམ་དཔལ་གཞོན་ནུར་གྱུར་པའི་མཚན་ཉེ་བར་བསྟན་པར་བཤད་པར་ བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བས་ན་དེ་ནས་ཞེས་བྱ་བའི་སྒྲ་འདི་ནི་དེ་མ་ཐག་པར་རབ་ཏུ་སྦྱར་གྱི་བཀྲ་ཤིས་པ་ལ་སོགས་པར་བལྟ་བར་མི་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ཉན་པ་པོའི་སྐྱེ་བོ་རྣམས་འཇུག་པར་བྱ་བའི་ཕྱིར་འབྲེལ་པ་དང་། བརྗོད་པ་དང་། བརྗོད་པར་བྱ་བ་དང་། དགོས་པ་དང་དགོས་པའི་དགོས་པ་ཡང་བརྗོད་པར་བྱ་སྟེ། དེ་ལ་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་བདག་ཉིད་མཚན་ཡང་དག་པར་བརྗོད་པའི་ངོ་བོ་ཉིད་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རང་བཞིན་རྗེ་བཙུན་གསུང་གི་དབང་ཕྱུག་ནི་བརྗོད་ པར་བྱ་བ་ཡིན་ལ་དེ་སྟོན་པའི་གཞུང་གི་ཚོགས་ནི་མཚན་ཡང་དག་པར་བརྗོད་པ་སྟེ། དེ་དག་ཀྱང་བརྗོད་པར་བྱ་བ་དང་བརྗོད་པའི་མཚན་ཉིད་དམ་བསྟན་པར་བྱ་བ་དང་སྟོན་པར་བྱེད་པའི་མཚན་ཉིད་དམ་ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་དམ་རྒྱུ་དང་འབྲས་བུའི་མཚན་ཉིད་ནི་འབྲེལ་པ་ སྟེ་གདུལ་བྱའི་ཁྱད་པར་གྱི་ཚིག་གོ། །དགོས་པ་ནི་མཚན་གྱི་དོན་གང་ཡང་རུང་བ་བསྒོམས་པ་རབ་ཀྱི་མཐར་ཐུག་པ་རྗེ་བཙུན་འཇམ་དཔལ་གྱི་ངོ་བོ་ཉིད་རྫོགས་པར་བྱས་པའོ། །དགོས་པའི་དགོས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་ནས་འགྲོ་བ་མ་ལུས་པའི་དོན་བྱེད་པ་སྟེ་ དགོས་པའི་མཐར་ཐུག་པའོ། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། །ཞེས་བྱ་བར་སྦྱར་ཏེ། དེ་ལ་དཔལ་ནི་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དེ་དག་ཡོངས་སུ་རྫོགས་པ་དང་ལྡན་ པས་དཔལ་ལྡན་ནོ། །རྡོ་རྗེ་ནི་མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་གྲུབ་པ་དང་། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་རྩེ་ལྔ་པ་གཉིས་སུ་མེད་པའི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་འཆང་ཞིང་ལག་མཐིལ་དུ་གཞག་པ་ 63-1-117a བཞིན་དུ་དེའི་བདག་ཉིད་ཀྱི་མངོན་སུམ་དུ་མཛད་པའི་ཕྱིར་འཛིན་པར་མཛད་པས་ན་རྡོ་རྗེ་འཆང་ངོ་། །དཀའ་བ་འདུལ་བའི་ཕྱིར་གདུལ་དཀའ་བ་སྟེ། དབང་ཕྱུག་ཆེན་པོ་ལ་སོགས་པའོ། །གདུལ་དཀའ་བ་རྣམས་འདུལ་བས་ན་གདུལ་དཀའ་འདུལ་བ་པོའོ། །གཞན་ ཡང་སྲེད་མེད་ཀྱི་བུ་ལ་སོགས་པས་ཀྱང་ལྷ་མ་ཡིན་གདུག་པ་ཅན་རྣམས་འདུལ་བའི་ཕྱིར་གདུལ་དཀའ་འདུལ་བ་པོ་མ་ཡིན་ནོ་ཞེས་རྟོག་པ་ལ་མཆོག །དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ། །ཞེས་བྱ་བ་སྨོས་ཏེ། མཆོག་ནི་ཕུལ་དུ་བྱུང་བའོ། །དཔའ་བོ་ནི་གཉིས་པ་མེད་པ་དང་། འཇིགས་ པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །འཇིག་རྟེན་གསུམ་ལས་རྒྱལ་ཞེས་བྱ་བ་ལ་འཇིག་རྟེན་གསུམ་གྱི་སྒྲས་ནི་དེ་ན་གནས་པའི་ལྷ་དང་། ལྷ་མ་ཡིན་དང་། མི་ལ་སོགས་པ་སྟེ། དེ་རྣམས་བཏུལ་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་དཀྱིལ་འཁོར་དུ་བཅུག་པ་ལ་སོགས་པ་སངས་རྒྱས་ཀྱི་ བྱང་ཆུབ་ལ་སྨོན་ལམ་འདེབས་སུ་བཅུག་ནས་རང་གི་འཁོར་ཉིད་དུ་འཐོག་ཅིང་འཇིག་རྟེན་གསུམ་གྱི་བདག་པོར་གྱུར་པ་ཉིད་དུ་གནས་པར་མཛད་པས་ན་འཇིག་རྟེན་གསུམ་ལས་རྒྱལ་བ་སྟེ། འཇིག་རྟེན་རྣམས་ལས་རྒྱལ་བའི་ངང་ཚུལ་འདི་ལ་མངའ་བས་ན་འཇིག་རྟེན་ གསུམ་ལས་རྒྱལ་བའོ། །ཡང་ན་ཐབས་སྣ་ཚོགས་ཀྱིས་འཇིག་རྟེན་གསུམ་དུ་རྣམ་པ་ཐམས་ཅད་དུ་རྒྱལ་བ་འདི་ལ་མངའ་བས་ན་འཇིག་རྟེན་གསུམ་ལས་རྒྱལ་བའོ། །རྡོ་རྗེས་ཉེ་བར་མཚོན་པའི་རིགས་ནི་རྡོ་རྗེའི་རིགས་ཀྱི་སྒྲར་བརྗོད་དེ། དེ་བས་ན་རྡོ་རྗེའི་རིགས་ཀྱི་བདག་པོ་ནི་རྡོ་རྗེའི་ དབང་ཕྱུག་གོ། །གསང་བ་པ་ནི་གནོད་སྦྱིན་རྣམས་ཏེ། དེ་གདུལ་བར་བྱ་བའི་ཕྱིར་དེའི་རིགས་སུ་སྐྱེ་བ་ཡོངས་སུ་འཛིན་པ་ཉེ་བར་བསྟན་ནས་དེ་རྣམས་ཀྱི་དབུས་ན་རྒྱལ་པོར་གྱུར་པས་མཛེས་ཤིང་སྣང་བར་གྱུར་པའི་ཕྱིར་ན་གསང་བའི་རྒྱལ་པོའོ། །པདྨ་དཀར་པོ་རྒྱས་པ་དང་འདྲ་བར་ཡིད་འཕྲོག་པའི་སྤྱན་ གང་ལ་ཡོད་པ་དེ་ནི་པདྨ་དཀར་པོ་རྒྱས་འདྲའི་སྤྱན་ཞེས་བྱའོ། །པདྨ་རྒྱས་འདྲའི་ཞལ་མངའ་བ། །ཞེས་བྱ་བ་ནི་ཞལ་མཐའ་དག་ཀྱང་མཛེས་པར་གསུངས་པ་ཡིན་ནོ། །རང་གི་ལག་གིས་ཞེས་པ་ནི་རང་གི་ལག་པས་སོ། །རྡོ་རྗེ་མཆོག་ནི་ཡེ་ཤེས་ལྔའི་བདག་ཉིད་ཅན་ནོ། །ཡང་དང་ཡང་དུ་ནི་ 63-1-117b ཡང་ནས་ཡང་དུའོ། །གསོར་བྱེད་པ་ནི་ཤིན་ཏུ་གསོར་བར་བྱེད་པ་སྟེ། འདི་དག་གིས་ནི་ཁྲོ་བོ་སྒེག་པའི་གཟུགས་ཉིད་དུ་གསུངས་པ་ཡིན་ནོ། །དེ་ལྟར་རྡོ་རྗེ་འཆང་བའི་བྱེ་བྲག་རྣམས་བསྟན་ནས། དེའི་འཁོར་གྱི་ཚུལ་གྱིས་གནས་པ་རྣམས་ཀྱི་ཡང་ཁྱད་པར་ཐམས་ཅད་དང་ལྡན་པ་དེ་བསྟན་པར་བྱ་ བའི་ཕྱིར། ཁྲོ་གཉེར་རིམ་པར་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྲོ་གཉེར་རིམ་པར་ལྡན་པ་དང་། འདོད་པའི་རྒྱལ་པོ་དང་། དབྱུག་སྔོན་ཅན་དང་། སྟོབས་པོ་ཆེ་དང་། མི་གཡོ་བ་དང་། གནོད་མཛེས་དང་། ས་འོག་དང་། རྡོ་རྗེ་འོད་འཕྲོ་དང་། གྷུ་ལུ་གྷུ་ལུ་དང་། རྡོ་རྗེ་ཀུམྦྷི་ དང་། རྡོ་རྗེ་རྩེ་མོ་དང་། རྡོ་རྗེ་འཇིགས་བྱེད་དང་། གཞན་གྱིས་མི་ཐུབ་པ་ལ་སོགས་པ་ཞེས་བྱ་སྟེ། དེ་རྣམས་ཀྱིས་ཡོངས་སུ་བསྐོར་བས་ན་མཐའ་ཡས་པ་ཉིད་དོ། །དེ་བས་ན་ཁྲོ་གཉེར་རིམ་པར་ལྡན་ལ་སོགས་པ་ལག་ན་རྡོ་རྗེ་མཐའ་ཡས་པ་དང་ལྷན་ཅིག་ཏུ་ཕྱག་འཚལ་ནས་ཞེས་བྱ་བར་སྦྱར་ ཏེ། ཇི་སྐད་དུ་བཤད་པའི་ལག་ན་རྡོ་རྗེ་གང་ཡིན་པ་དེ་རྣམས་ལ་དེ་སྐད་ཅེས་བྱ་སྟེ། དེ་རྣམས་ཀྱིས་ཞེས་ཐམས་ཅད་ལ་སྦྱར་བར་བྱའོ། །འཇིགས་པ་མེད་པས་ན་དཔའ་བོའོ། །ཇི་སྐད་དུ་བཤད་པའི་གདུག་པ་རྣམས་འདུལ་བས་ན་གདུལ་དཀའ་འདུལ་བ་པོའོ། །འཇིགས་སུ་ རུང་བ་ལ་སོགས་པའི་ཉམས་དང་ལྡན་པས་འཇིགས་སུ་རུང་དང་དཔའ་བྱད་ཅན་ནོ། །རྡོ་རྗེ་རྩེ་མོ་རབ་འཕྲོ་བ། །རང་གི་ལག་གིས་གསོར་བྱེད་པ། །ཞེས་བྱ་བས་ནི་ལག་པའི་མཐིལ་ན་གནས་པའི་རྡོ་རྗེ་དཔག་ཏུ་མེད་པ་འཕྲོ་བར་སྟོན་པའོ། །སྙིང་རྗེ་ཆེན་པོ་དང་ཞེས་བྱ་བ་ལ་སོགས་པས་ ནི་འགྲོ་བའི་དོན་བྱེད་པའི་ཐབས་རྣམས་སྟོན་པ་ཡིན་ཏེ། སྙིང་རྗེ་ཆེན་པོ་དང་ཐབས་དང་ཤེས་རབ་ཀྱིས་འགྲོ་བའི་དོན་བྱེད་པ་ཞེས་བྱ་བར་སྦྱར་རོ། །དེ་ཡང་སྙིང་རྗེ་ཆེན་པོ་ནི་འགྲོ་བའི་དོན་ལ་རབ་ཏུ་འཇུག་པའོ། །ཤེས་རབ་ནི་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་པའི་ཚུལ་ལོ། །ཐབས་ནི་ རྣམ་པ་དཔག་ཏུ་མེད་པས་སེམས་ཅན་རྣམས་ཀྱི་དོན་བྱེད་པའོ། །ཡང་ན་ཤེས་རབ་དང་ཐབས་གཉིས་ནི་སེམས་ཅན་རྣམས་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པའོ། །སྙིང་རྗེ་ཆེན་པོ་ནི་འཁོར་བ་ཇི་སྲིད་པར་སེམས་ཅན་མ་ལུས་པའི་དོན་བྱེད་པའི་ངོ་བོ་སྟེ། སེམས་ཅན་ལ་དམིགས་པ་དང་། 63-1-118a ཆོས་ལ་དམིགས་པའི་བདག་ཉིད་ཅན་ནོ། །དེ་བས་ན་སྙིང་རྗེ་ཆེན་པོ་དང་ཤེས་རབ་དང་ཐབས་ལ་སོགས་པའམ། སྙིང་རྗེ་ཆེན་པོ་དང་ཤེས་རབ་དང་ཐབས་ཀྱིས་འགྲོ་བ་རྣམས་ཀྱི་ཀུན་ནས་དོན་བྱེད་པའོ། །དེ་ཉིད་ཀྱིས་ན་མཆོག་གོ། །རྒྱུའི་ཁྱད་པར་མཐོང་བས་ན་དགའ་བའོ། ། འབྲས་བུའི་ཁྱད་པར་མཐོང་བས་ན་མགུ་བའོ། །གཉི་ག་རྫོགས་པར་མཐོང་བས་ན་རངས་པའི་བསམ་པ་ཅན་ནོ། །ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པ། །ཞེས་བྱ་བ་ནི་ཁྲོ་བོའི་གཟུགས་ཅན་ཡིན་གྱི་ཁྲོས་པ་ནི་མ་ཡིན་ཏེ། ཐུགས་རྗེ་ཆེན་པོའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་ སངས་རྒྱས་ཕྲིན་ལས་བྱེད་པའི་མགོན་ཏེ། མགོན་མེད་པ་རྣམས་ཀྱི་མགོན་དུ་གྱུར་པ་སྟེ། དེ་རྣམས་དང་ལྷན་ཅིག་པ་ནི་དེ་དག་དང་བཅས་པའོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། ལུས་བཏུད་རྣམས་དང་ཞེས་བྱ་བའོ། །དེ་བཞིན་གཤེགས་པ་བཅོམ་ལྡན་འདས། །རྫོགས་སངས་རྒྱས་ལ་ཕྱག་ འཚལ་ནས། །ཞེས་བྱ་བ་ནི་འོག་ནས་རྒྱ་ཆེར་བཤད་པར་བྱའོ། །ཐལ་མོ་སྦྱར་བ་བྱས་ནས་ནི། །ཞེས་བྱ་བ་འདི་ནི་འོག་ནས་བཤད་པའི་གསོལ་བ་འདེབས་པའི་ཚུལ་སྨོས་པ་ཡིན་ནོ། །སྤྱན་སྔར་འདུག་སྟེ་ཞེས་བྱ་བ་ནི་རྗེས་མ་ཡིན་པ་སྤང་བར་བྱ་བའི་ཕྱིར་རྒྱབ་དང་ལོགས་སུ་ནི་མི་འདུག་གོ་ཞེས་བྱ་ བའི་དོན་ཏོ། །ཁྱབ་བདག་བདག་ལ་སྨན་པ་དང་། །ཞེས་བྱ་བ་འཇིག་རྟེན་ཕྱི་མའི་འབྲས་བུ་རྫོགས་པའི་དོན་དུ་གསུངས་པ་ནི་བདག་ལ་སྨན་པའོ། །ཚེ་འདིའི་འབྲས་བུ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་གསུངས་པ་ནི་བདག་གི་དོན་ཏོ། །ཐུགས་བརྩེ་བའི་ཕྱིར་ནི་གཉི་ག་རྫོགས་པར་བྱ་བའི་ ཕྱིར་རོ། །སྒྱུ་འཕྲུལ་དྲ་བས་མངོན་རྫོགས་པའི། །བྱང་ཆུབ་ཅི་ནས་བདག་ཐོབ་མཛོད། །ཅེས་བྱ་བ་ལ། སྣ་ཚོགས་པར་སྤྲུལ་པ་ནི་སྒྱུ་འཕྲུལ་ལོ། །འཆིང་བའི་བདག་ཉིད་ཅན་ཡིན་པས་དྲ་བའོ། །དེ་ལྟར་ན་སྤྲུལ་པ་སྣ་ཚོགས་པས་འཁོར་བའི་རྒྱ་མཚོར་ནུབ་པའི་སེམས་ཅན་རྣམས་དྲ་བ་ ཉིད་ཀྱིས་བཏོན་ནས་མྱ་ངན་ལས་འདས་པའི་ཐང་གི་སྐམ་སར་གཞག་པའི་ཕྱིར། རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་ལས་ཕྱིན་ཅི་མ་ལོག་པར་མངོན་པར་བྱང་ཆུབ་པ་ནི་སྒྱུ་འཕྲུལ་དྲ་བས་མངོན་པར་བྱང་ཆུབ་པའོ། །དེ་བས་ན་དེ་ལྟ་བུའི་བྱང་ཆུབ་ཇི་ལྟར་བདག་གིས་ཐོབ་པར་འགྱུར་བ་ 63-1-118b དེ་ལྟར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཚན་ཡང་དག་པར་བཤད་དུ་གསོལ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་བདག་ལ་ཕན་པ་དང་གཞན་ཡང་། ཉོན་མོངས་པས་ནི་སེམས་དཀྲུགས་ཤིང་། །ཞེས་བྱ་བ་སྟེ། ཉོན་མོངས་པ་རྣམས་ཀྱིས་སེམས་དཀྲུགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་ བྱ་སྟེ། དེ་རྣམས་ལ་ཕན་པ་དང་། མི་ཤེས་པ་ཉིད་འདམ་ཡིན་པས་ན་མི་ཤེས་འདམ་དུ་ཞེས་བྱ་སྟེ། མི་ཤེས་པའི་འདམ་དུ་བྱིང་བ་རྣམས་ལ་ཕན་པའི་ཕྱིར་རོ། །ཕན་པ་ཉིད་བསྟན་པའི་ཕྱིར། སེམས་ཅན་ཀུན། བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར། །ཞེས་བྱ་བ་སྨོས་ཏེ། བླ་ན་མེད་པའི་ འབྲས་བུ་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །འགྲོ་བའི་བླ་མས་བཤད་དུ་གསོལ། །ཞེས་བྱ་བར་སྦྱར་རོ། །དམ་ཚིག་ཆེན་པོ་དེ་ཉིད་མཁྱེན། །ཞེས་བྱ་བ་ལ། དམ་ཚིག་ཅེས་བྱ་བའི་སྒྲ་ནི་བརྡ་དང་། གྲུབ་པའི་མཐའ་དང་། སྡོམ་ པ་དང་། དཀྱིལ་འཁོར་དང་། སྔགས་དང་ཕྱག་རྒྱ་དང་ལྷ་རྣམས་ལ་རབ་ཏུ་སྦྱར་ལ། བརྡ་ལ་སོགས་པའི་ཡུལ་ཐམས་ཅད་ཀྱི་དེ་ཁོ་ན་མཁྱེན་པས་ན། དམ་ཚིག་ཆེན་པོ་དེ་ཉིད་མཁྱེན། །ཞེས་བྱའོ། །དབང་པོ་བསམ་པ་མཁྱེན་མཆོག་གིས། །ཞེས་བྱ་བ་ལ། དད་པ་དང་། བརྩོན་ འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་སྟེ་ལྔ་པོ་ནི་དབང་པོའོ། །དབང་པོ་དེ་རྣམས་བསམ་པ་སྣ་ཚོགས་པས་ཆུང་ངུ་དང་། འབྲིང་དང་ཆེན་པོའི་དབྱེ་བས་དབང་པོ་རྣམ་པ་དགུར་དབྱེ་བ་མཁྱེན་པའོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། འཇིག་ རྟེན་པའི་ལྷ་རྣམས་དང་། མཐོ་རིས་དང་ཐར་པ་སྣ་ཚོགས་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡུལ་གྱིས་དཔག་ཏུ་མེད་པར་ཕྱེ་བ་ནི་བསམ་པ་སྟེ། དབང་པོ་རྣམས་དང་བསམ་པ་རྣམས་མཁྱེན་པས་ན། དབང་པོ་བསམ་པ་མཁྱེན་མཆོག་གིས། ། ཞེས་པ་སྟེ། ཕུལ་དུ་བྱུང་བས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་སྐུ་མཚན་ཡང་དག་པར་བརྗོད་པ་བཤད་དུ་གསོལ་ཞེས་སྦྱར་རོ། །བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་སྐུ་ཡིན་པས་ན་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་སྐུ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་ཡེ་ 63-1-119a ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་སྐད་དུ་དཔལ་རྡོ་རྗེ་སྙིང་པོའི་རྒྱན་ལས། བདེ་གཤེགས་དྲི་མེད་ཤེས་རབ་ནི། །རྡོ་རྗེ་རྣོན་པོར་དེ་བཤད་དོ། །ཞེས་གསུངས་སོ། །དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དྲི་མ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་སྐུ་ནི་ཡེ་ཤེས་ཀྱི་ སྐུ་སྟེ་དེའི་གཙུག་ཏོར་ཆེན་པོའི་ངོ་བོ་ཉིད་ཀྱི་ཚིག་གི་བདག་པོ་སྟེ་གསུང་ཐམས་ཅད་ལ་རབ་ཏུ་འཇུག་པར་བྱེད་པའོ། །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །ཞེས་བྱ་བ་ནི་ཡེ་ཤེས་ཉིད་ཀྱི་སྐུ་ཡིན་ཏེ། ཕྱིའི་དོན་གྱི་གཟུགས་ཀྱི་སྐུ་ཟླ་བ་ལ་སོགས་པ་ནི་མེད་དེ། ཀུན་རྫོབ་ཏུ་རྣམ་པར་གཞག་པ་ཡིན་པའི་ ཕྱིར་རོ། །ཕྱི་རོལ་གྱི་དམིགས་པ་ལས་མ་སྐྱེས་པའི་ཕྱིར་དང་། རང་ཉིད་རྣམ་པར་དག་པའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྒྱུན་ལས་འཁྲུངས་པ་ཡིན་པའི་ཕྱིར་རང་འབྱུང་བའོ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །ཞེས་བྱ་བ་ལ། ཡེ་ཤེས་ཀྱི་སྐུ་དང་ཡེ་ཤེས་སེམས་དཔའ་ལ་ཁྱད་པར་ ཅི་ཞིག་ཡོད་ཅེ་ན། ཕྱག་རྒྱ་ཆེན་པོ་ནི་ཡེ་ཤེས་ཀྱི་སྐུའོ། །དམ་ཚིག་གི་ཕྱག་རྒྱ་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་དང་རྡོ་རྗེའི་གཟུགས་སུ་གྱུར་པས་ན་ཡེ་ཤེས་སེམས་དཔའ་སྟེ་ཁྱད་པར་ནི་དེ་ཡིན་ནོ། །མིང་ནི་ཡང་དག་བརྗོད་པའི་མཆོག །ཅེས་བྱ་བ་ལ། མཚན་རྣམས་ཀྱི་འགྲེལ་པ་ བརྗོད་པ་ནི་མཚན་ཡང་དག་པར་བརྗོད་པའོ། །ཐམས་ཅད་ལས་ཕུལ་དུ་བྱུང་བས་ན་མཆོག་གོ། །དོན་ཟབ་དོན་ནི་རྒྱ་ཆེ་ཞིང་། །དོན་ཆེན་མཚུངས་མེད་རབ་ཞི་བ། །ཞེས་བྱ་བ་ལ། སྟོང་པ་ཉིད་སྟོན་པས་ན་དོན་ཟབ་པའོ། །དེ་ལས་གཞན་པའི་སངས་རྒྱས་རྣམས་ཀྱི་ཡོན་ཏན་ཡང་སྟོན་ པས་ན་དོན་རྒྱ་ཆེ་བའོ། །ཟབ་ཅིང་རྒྱ་ཆེ་བའི་དོན་གཉིས་ཀྱིས་སངས་རྒྱས་ཉིད་རབ་ཏུ་སྟོན་པས་ན་དོན་ཆེན་པོའོ། །མཉམ་པ་མེད་པས་ན་མཚུངས་པ་མེད་པའོ། །མྱ་ངན་ལས་འདས་པ་རབ་ཏུ་སྟོན་པས་ན་ཞི་བ་སྟེ། དེ་བས་ན་དེ་བཤད་དུ་གསོལ་ཞེས་སྦྱར་རོ། །ཐོག་མ་བར་དང་མཐར་དགེ་ བ། །ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པ་སྟོན་པས་ན་ཐོག་མར་དགེ་བའོ། །རང་སངས་རྒྱས་ཀྱི་ཐེག་པ་ཐོབ་པར་བྱེད་པས་ན་བར་དུ་དགེ་བའོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྦྱོར་བས་ན་ཐ་མར་དགེ་བའོ། །ཡང་ན་བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་གྱི་དབྱེ་བས་ 63-1-119b དེ་སྐད་བྱ་བའམ། ཡང་ན་ཐོས་པ་དང་བསམ་པ་དང་བསྒོམ་པའི་དབྱེ་བས་སོ། །དགེ་བ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པས་སོ། །དེ་བས་ན་ཡོན་ཏན་ཐམས་ཅད་དང་ལྡན་པ་དེ་བཤད་དུ་གསོལ་ཞེས་སྦྱར་རོ། །འདས་པའི་སངས་རྒྱས་ཞེས་བྱ་བ་ལ་སོགས་ པས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་མཚུངས་པར་གསུངས་ཤིང་། །བསྔགས་པ་ཡིན་པར་བསྟན་པའི་ཕྱིར། །འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུངས་པ་གང་། ། ཞེས་བྱ་བ་གསུངས་སོ། །རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ལས། །རྡོ་རྗེ་འཆང་ཆེན་གསང་སྔགས་འཆང་། །དཔག་མེད་རྣམས་ཀྱི་བཀའ་བཞིན་དུ། །གླུར་བླངས་གང་ལགས་བཤད་དུ་གསོལ། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་འབའ་ཞིག་གིས་གསུངས་པ་ཡིན་གྱི། རྡོ་རྗེ་འཆང་ཆེན་པོ་ རྣམས་ཀྱིས་ཀྱང་སྒྱུ་འཕྲུལ་དྲ་བ་སྟོང་ཕྲག་བཅུ་དྲུག་པ་འདི་ཉིད་གཞན་དག་ཏུ་ཡང་གླུར་བླངས་ཤིང་གསུངས་ཏེ། དཔག་ཏུ་མེད་པའི་གསང་སྔགས་འཛིན་པ་རྣམས་ཀྱིས་གསང་སྔགས་དང་དོན་གཟུང་བའོ། །མགོན་པོ་རྫོགས་སངས་རྒྱས་ཀུན་གྱི། །གསང་འཛིན་ཅི་ནས་བདག་འགྱུར་ཕྱིར། ། ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་གསང་བ་དང་། གསུང་གི་གསང་བ་དང་། ཐུགས་ཀྱི་གསང་བ་འཛིན་པར་བྱེད་པས་ན་གསང་བ་འཛིན་པར་གྲགས་པར་བདག་བགྱིད་དོ་ཞེས་པའོ། །ངེས་པར་འབྱུང་གི་བར་དུ་འདི། །ཞེས་བྱ་བ་ནི་མྱ་ངན་ལས་འདས་ཀྱི་བར་དུའོ། །བདག་གི་ བསམ་པ་བརྟན་པོས་གཟུང་། །ཞེས་བྱ་བ་ནི་མི་གཡོ་བའི་བསམ་པས་སོ། །དེ་ནི་མཚན་ཡང་དག་པར་བརྗོད་པ་བཟུང་བས་ཕྱིན་ཅི་མ་ལོག་པར་གསང་བ་པ་ཇི་ལྟ་བ་བཞིན་དུ་གཟུང་བར་བགྱི་ཞིང་དེ་བཞིན་དུ་བསྟན་པར་བགྱིའོ་ཞེས་སྦྱར་རོ། །ད་ནི་བདག་གི་དོན་ཕུན་སུམ་ཚོགས་པ་རྫོགས་ན་ གཞན་གྱི་དོན་བྱེད་པར་ནུས་སོ་ཞེས་བསྟན་པར་བྱ་བའི་ཕྱིར། ཉོན་མོངས་མ་ལུས་བསལ་བ་དང་། །མི་ཤེས་མ་ལུས་སྤང་བའི་ཕྱིར། །བསམ་པའི་ཁྱད་པར་ཇི་བཞིན་དུ། །སེམས་ཅན་རྣམས་ལ་བཤད་པར་འཚལ། །ཞེས་བྱ་བ་སྣོས་ཏེ། ཅིའི་ཕྱིར་སྟོན་པར་བྱེད་ཅེས་རྟོག་ 63-1-120a པ་ལ། ཉོན་མོངས་མ་ལུས་བསལ་བ་དང་། །མི་ཤེས་མ་ལུས་སྤང་བའི་ཕྱིར། །ཞེས་བྱ་བ་གསུངས་ཏེ། ཉོན་མོངས་པ་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་། ལུས་ཀྱི་ཀུན་ནས་ཉོན་མོངས་པ་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པ་སྟེ། འདི་དག་ཐམས་ཅད་ ནི་བྱང་ཆུབ་ལ་སྒྲིབ་པར་གྱུར་པ་ཡིན་པས་སྤང་བར་བྱ་བ་ཡིན་ནོ། །མི་ཤེས་པ་ནི་མ་རིག་པའོ། །དེ་ཀུན་དུ་འགྲོ་བས་འདོད་ཆགས་ལ་སོགས་པའང་འཁོར་བའི་རྒྱུར་གྱུར་ཅིང་ཕྱིན་ཅི་ལོག་ལ་ཞུགས་པ་ཡིན་པས་སྤང་བར་བྱ་བའོ། །དེ་བས་ན་བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་ལས་ དང་མི་ཤེས་པ་བསལ་ཞིང་སྤང་བར་བྱ་བའི་ཕྱིར་ཏེ། དེའི་དོན་དུ་སེམས་ཅན་ཐམས་ཅད་ལ་མཚན་ཡང་དག་པར་བརྗོད་པ་བསྟན་པར་བགྱིའོ་ཞེས་པའོ། །བསམ་པའི་ཁྱད་པར་ཇི་བཞིན་དུ། །སེམས་ཅན་རྣམས་ལ་བཤད་པར་འཚལ། །ཞེས་བྱ་བ་ནི་གང་གི་བསམ་པ་ཆུང་ངུ་དང་། འབྲིང་དང་། ཆེན་ པོ་ལ་སོགས་པའི་དབྱེ་བས་བྱེ་བྲག་ཏུ་ཕྱེ་བ་གང་ཡིན་པ་དེའི་ཁྱད་པར་ཤེས་པར་བགྱིས་ལ་བསྟན་པར་བགྱིའོ། །ཐུན་མོང་གི་ཚུལ་གྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གསང་དབང་ལག་ན་རྡོ་རྗེ་ཡིས། །དེ་བཞིན་གཤེགས་ལ་དེ་སྐད་དུ། །གསོལ་ནས་ཐལ་མོ་སྦྱར་བྱས་ཏེ། །ལུས་བཏུད་ནས་ ནི་སྤྱན་སྔར་འདུག །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །གསང་དབང་ལ་ནི་སླར་གསུངས་པ། །ཞེས་བྱ་བར་སྦྱར་ཏེ། དེ་ནས་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེས་ཞུས་པའི་འོག་ཏུའོ། །དབང་ཕྱུག་ལ་སོགས་པ་དང་ལྡན་པས་ན་བཅོམ་ལྡན་འདས་སོ། །ཕྱིན་ཅི་མ་ལོག་པའི་དོན་ཐུགས་སུ་ཆུད་པས་ན་རྫོགས་ པའི་སངས་རྒྱས་སོ། །ལྷ་དང་མི་རྣམས་ཀྱི་དམ་པར་གྱུར་པས་ན་རྐང་གཉིས་མཆོག་གོ། །ཅི་ཞིག་མཛད་ནས་སླར་གསུངས་ཤེ་ན། ཉིད་ཀྱི་ཞལ་ནས་ལྗགས་བཟང་བ། །རིང་ཞིང་ཡངས་པ་བརྐྱང་མཛད་དེ། །ཞེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་སེམས་ཅན་ གཞན་གྱི་ཁ་དང་ལྕེ་ལྟ་བུས་ཀྱང་ཆོས་སྟོན་པར་མཛད་པ་ཡང་སྲིད་དོ་ཞེས་པ་དེ་དགག་པར་བྱ་བའི་ཕྱིར་ཉིད་ཀྱི་ཞལ་ཞེས་བྱ་བ་སྨོས་སོ། །རང་གི་ཞལ་ཡིན་ཡང་གདུལ་བྱའི་དབང་གིས་རྫུ་འཕྲུལ་གྱིས་གཞན་དག་ཏུ་སྟོན་པ་ཡང་སྲིད་དོ་ཞེས་རྟོག་པ་བཟློག་པའི་ཕྱིར་ཉིད་ཀྱི་ཞལ་ནས་ལྗགས་ 63-1-120b ཞེས་ཁྱད་པར་དུ་གསུངས་སོ། །བཟང་བ་ཞེས་བྱ་བ་ནི་བསོད་ནམས་ཀྱི་ཚོགས་ལས་ངེས་པར་བྱུང་བ་དང་། གཞན་གྱི་རྒྱུད་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྐྱེད་པར་མཛད་པ་ཞེས་བྱ་བའི་དོན་ཏོ། །རིང་བ་ནི་ཆུར་རིང་བའོ། །ཡངས་པ་ནི་དཔྲལ་བའི་མཐར་ཐུག་གི་བར་དུ་ཞལ་ གྱི་དཀྱིལ་འཁོར་རབ་ཏུ་ཁེབས་པ་སྟེ། སྲབ་ཅིང་ཆེ་ལ་ཟངས་ཀྱི་མདོག་ལྟ་བུ་ལ་སོགས་པའི་མཚན་ཉིད་དང་ལྡན་པའོ། །བརྐྱང་བར་མཛད་པ་ནི་ཕྱུང་བར་མཛད་པ་སྟེ། ཅིའི་ཕྱིར་ཡང་དེ་ལྟ་བུའི་ལྗགས་བཟང་ཞིང་ཡངས་པ་སྟོན་པར་མཛད་ཅེ་ན། བསྐལ་པ་དུ་མར་བདེན་པ་གསུངས་པ་ལ་ གོམས་པར་ཉེ་བར་བསྟན་པའི་ཕྱིར་ཏེ། དེ་ཉིད་ཀྱང་སེམས་ཅན་ཐམས་ཅད་ལ་སླུ་བ་མེད་པའི་ཆོས་སྟོན་པར་མཛད་པ་ཉིད་དུ་བསྟན་པར་བྱ་བའི་ཕྱིར་རོ། །ཡང་ན་ལྗགས་བརྐྱང་བར་མཛད་ཅིང་འཛུམ་པའང་ཡང་དག་པར་བསྟན་པར་མཛད་ནས། གསང་དབང་ལ་ནི་སླར་གསུངས་པ། །ཞེས་བྱ་བར་ སྦྱར་རོ། །འཛུམ་པའི་ཁྱད་པར་བསྟན་པའི་ཕྱིར། །འཇིག་རྟེན་གསུམ་པོ་སྣང་བྱེད་ཅིང་། །བདུད་བཞི་དགྲ་རྣམས་གདུལ་བྱེད་པ། །སེམས་ཅན་རྣམས་ཀྱི་ངན་སོང་གསུམ། །སྦྱོང་བར་བྱེད་པའི་འཛུམ་བསྟན་ནས། །ཞེས་བྱ་བ་སྨོས་ཏེ། འཇིག་རྟེན་གསུམ་པོ་སྣང་བར་བྱེད་པ་ནི་ཁམས་ གསུམ་པོ་སྣང་ཞིང་གསལ་བར་མཛད་པའོ། །བདུད་བཞི་ནི་ཕུང་པོ་དང་། ཉོན་མོངས་པ་དང་། འཆི་བདག་དང་། ལྷའི་བུའི་བདུད་ཅེས་གྲགས་པ་རྣམས་ཏེ། དེ་དག་ཉིད་ནི་དགྲ་རྣམས་སོ། །དེ་རྣམས་འདུལ་བར་བྱེད་པ་ནི་རང་གི་ཡུལ་ལས་སྤོས་ནས་བྱང་ཆུབ་ཀྱི་ལམ་ལ་ངེས་པར་སྦྱར་ བའོ། །དེ་འབའ་ཞིག་ཏུ་མ་ཟད་ཀྱི་གཞན་ཡང་། སེམས་ཅན་རྣམས་ཀྱི་ངན་སོང་གསུམ། །སྦྱོང་བར་བྱེད་པའི་འཛུམ་བསྟན་ནས། །ཞེས་བྱ་བ་སྨོས་ཏེ། ངན་སོང་གསུམ་ནི་དམྱལ་བ་དང་། ཡི་དགས་དང་། དུད་འགྲོའི་སྐྱེ་གནས་ཏེ། གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་ འཛུམ་པ་མཛད་པ་དེའི་ཚེ་ཞལ་ལས་འོད་ཟེར་ཁ་དོག་སྣ་ཚོགས་བྱུང་ནས་སེམས་ཅན་དམྱལ་བ་དང་། ཡི་དགས་དང་། དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སེམས་ཅན་རྣམས་སྣང་བར་མཛད་ལ། དེ་རྣམས་འོད་ཟེར་དེས་ཡང་དག་པར་རེག་པ་དང་སེམས་ཅན་དམྱལ་བ་ལ་ 63-1-121a སོགས་པའི་ལུས་དང་ངག་དང་ཡིད་ཀྱི་སྡུག་བསྔལ་ཉེ་བར་ཞི་ཞིང་རྒྱུན་ཆད་ནས་སངས་རྒྱས་མཐོང་ངོ་། །དེ་མཐོང་བས་དྲན་པ་རྙེད་པར་གྱུར་ཏེ། དེ་ནས་སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཞེས་དཀོན་མཆོག་ གསུམ་དྲན་མ་ཐག་ཏུ། དེ་ནས་ཤི་འཕོས་ཏེ་ལྷ་དང་། མི་རྣམས་དང་སྐལ་བ་མཉམ་པར་སྐྱེས་ཏེ། དང་པོ་བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་ནས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པར་བྱས་པས་རིམ་གྱིས་སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་ཏེ། དེ་ལྟ་བས་ན་ངན་སོང་ གསུམ་སྦྱོང་བའོ། །ཡང་ན་ངན་སོང་གསུམ་གྱི་རྒྱུ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་རྣམ་པར་སྦྱངས་པས་ན་སྦྱོང་བའོ། །ཡང་ན་ངན་སོང་གསུམ་གྱི་རྒྱུར་གྱུར་པ་བདག་དང་། རྫས་དང་། ཡོན་ཏན་དང་། ལས་དང་། སྤྱི་དང་། བྱེ་བྲག་དང་། འདུ་བ་དང་། དབང་ ཕྱུག་ལ་སོགས་པ་ཡོད་པ་ཉིད་དུ་སྟོན་པར་བྱེད་པ་ལ་སྙིང་སྟོབས་དང་། རྡུལ་དང་། མུན་པའི་གཟུགས་ཅན་དྲག་པོ་དང་། སྲེད་མེད་ཀྱི་བུ་དང་། ཚངས་པ་སྟེ་དེ་དག་རྣམ་པར་སྦྱངས་པས་ན་ངན་སོང་གསུམ་སྦྱོང་བར་བྱེད་པ་ཞེས་བྱ་སྟེ། དེ་ལྟ་བུའི་འཛུམ་པ་སེམས་ཅན་རྣམས་ལ་ཡང་དག་ པར་སྟོན་པར་མཛད་པའམ། སེམས་ཅན་རྣམས་དང་འབྲེལ་པའི་ངན་སོང་གསུམ་སྦྱོང་བར་མཛད་པའོ་ཞེས་བྱ་བར་སྦྱར་རོ། །ཚངས་པའི་གསུང་ནི་སྙན་པ་ཡིས། །འཇིག་རྟེན་གསུམ་པོ་ཀུན་བཀང་ནས། །ལག་ན་རྡོ་རྗེ་སྟོབས་པོ་ཆེ། །གསང་དབང་ལ་ནི་སླར་གསུངས་པ། །ཞེས་བྱ་བ་ལ། ཚངས་པའི་གསུང་ནི་ཇི་ལྟར་ཡུལ་ཉེ་བར་གནས་པ་དག་གིས་ཐོས་པ་དེ་བཞིན་དུ་ཕྱི་རོལ་གྱི་ཡུལ་ཐག་རིང་བ་འཇིག་རྟེན་གྱི་ཁམས་རྣམས་ཀྱིས་ཀྱང་ཐོས་ཏེ། གང་ན་གནས་པ་རྣམས་ལ་སྒྲིབ་པ་མེད་པར་ཐོས་པ་གཅིག་པུར་མ་ཟད་ཀྱི། ཐག་རིང་བ་ན་གནས་པའམ། དམན་ཞིང་རྣ་བ་མི་གསང་ བ་རྣམས་ཀྱིས་ཀྱང་སྙན་ཞིང་ཡིད་དུ་འོང་ལ་རྣམ་པར་གསལ་བའི་དོན་སྟོན་པའི་ཚུལ་ཏེ། དེས། སྙིང་རྗེ་ཆེ་དང་ལྡན་གྱུར་པ། །ཞེས་བྱ་བ་ལ་སོགས་པ་སླར་གསུངས་པ་ཡིན་ནོ། །སྙིང་རྗེ་ཆེ་དང་ལྡན་གྱུར་པ། །འགྲོ་ལ་ཕན་པའི་དོན་དུ་ཁྱོད། །ཡེ་ཤེས་ལུས་ཅན་འཇམ་དཔལ་གྱི། །མིང་བརྗོད་ 63-1-121b པ་ནི་དོན་ཆེ་བ། །དག་པར་བྱེད་ཅིང་སྡིག་སེལ་བ། །ང་ལས་ཉན་པར་བརྩོན་པ་ནི། །ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང་། །ལག་ན་རྡོ་རྗེ་ཁྱོད་ལེགས་སོ། །ཞེས་བྱ་བ་ལ། འགྲོ་ལ་ཕན་པའི་སྙིང་རྗེ་ཆེན་པོ་དང་ལྡན་པར་གྱུར་པས་དོན་ཆེན་པོ་དང་ལྡན་པའི་མཚན་ཡང་དག་པར་བརྗོད་པ་ཉན་པ་ལ་ཁྱོད་ བརྩོན་པར་བྱེད་དེ། དེ་བས་ན་ལེགས་སོ་ལེགས་སོ་ཞེས་རབ་ཏུ་དགྱེས་པས་ན་ལན་གཉིས་སུ་གསུངས་པ་ཡིན་ནོ། །སངས་རྒྱས་ཉིད་འཐོབ་པའི་རྒྱུར་གྱུར་པས་ན་དོན་ཆེ་བའོ། །ཉེས་པ་སྤྱོད་པའི་གཉེན་པོར་གྱུར་པས་ན་དག་པར་བྱེད་པའོ། །སྡིག་པ་ཐམས་ཅད་རྣམ་པར་འགོག་པར་བྱེད་པས་ན་ སྡིག་སེལ་བའོ། །དེ་ལྟ་བུའི་ཡོན་ཏན་གྱིས་ཕུལ་དུ་བྱུང་བ་དང་ལྡན་པའི་མཚན་ཡང་དག་པར་བརྗོད་པ་གང་གི་ཡིན་ཞེ་ན། ཡེ་ཤེས་ལུས་ཅན་འཇམ་དཔལ་གྱི། །ཞེས་བྱ་བ་གསུངས་སོ། །གསང་བའི་བདག་པོ་དེ་ཕྱིར་ངས། །ཁྱོད་ལ་ལེགས་པར་བསྟན་པར་བྱ། །ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ ཉོན། །བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ། །ཞེས་བྱ་བ་ལ་གང་གི་ཕྱིར་གང་ཞིག་ཁྱོད་ཉན་པ་ལ་འཇུག་པ་དེའི་ཕྱིར་ལེགས་པར་བསྟན་པར་བྱའོ་ཞེས་བཤད་པར་བྱ་བའི་ཁྱད་པར་ཡིན་ཏེ། ངས་ཁྱོད་ལ་ཕྱིན་ཅི་མ་ལོག་པར་མཚན་ཡང་དག་པར་བརྗོད་པ་བཤད་ཅིང་བསྟན་པར་བྱ་ཡིས། ཀྱེ་གསང་ བའི་བདག་པོ་ཁྱོད་རྩེ་གཅིག་པའི་ཡིད་ཀྱིས་ཉོན་ཅིག་ཅེས་པ་སྟེ། སེམས་རྣམ་པར་གཡེངས་པས་ནི་ཇི་སྐད་དུ་བཤད་པའི་དོན་ཁོང་དུ་ཆུད་པར་མི་ནུས་ཏེ། དེ་བས་ན་བཤད་པ་འབྲས་བུ་མེད་པར་འགྱུར་ཞེས་མ་འོངས་པའི་འགྲོ་བ་རྣམས་ལ་བསླབ་པར་བྱ་བའི་ཕྱིར་འདི་སྐད་དུ་གསུངས་པ་ ཡིན་གྱི་གཞན་དུ་ན་རྡོ་རྗེ་འཛིན་པ་ཆེན་པོ་ནི་མ་བསྟན་པ་ཉིད་དུ་རྟག་ཏུ་སེམས་མི་གཡེངས་པ་ཁོ་ན་ཡིན་པའི་ཕྱིར་རོ། །བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ། །ཞེས་བྱ་བ་ནི་གང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རྩེ་གཅིག་པའི་ཡིད་ཀྱིས་ཉོན་ཅིག་ཅེས་གསུངས་པ་དེ་ལེགས་ཤིང་ མཛེས་པས་དེ་བཞིན་དུ་མཉན་པར་བགྱིའོ་ཞེས་པའོ། །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཚིག་གི་བདག་པོས་ཚིགས་སུ་བཅད་པ་འདི་གསུངས་པ་ཞེས་བྱ་བར་སྦྱར་ཏེ། དེ་བས་ཞེས་བྱ་བ་ནི་མཉན་པར་ངེས་མ་ཐག་ཏུའོ། །བདུད་ལ་སོགས་པ་བཅོམ་པས་བཅོམ་ལྡན་འདས་སོ། །ཤཱཀྱའི་རིགས་ 63-1-122a ལས་བྱུང་བས་ཤཱཀྱའོ། །སྐུ་དང་གསུང་དང་ཐུགས་ཐུབ་པ་དང་ལྡན་པས་ན་ཐུབ་པའོ། །གསང་སྔགས་རིགས་ཆེན་ཐམས་ཅད་དང་། །ཞེས་བྱ་བ་ནི་བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་གྱི་རྒྱུད་དང་། རྟོག་པ་ལ་སོགས་པ་བསྐྱེད་པའི་གནས་སྐབས་སུ་གྱུར་པ་ན་ གསང་སྔགས་ཀྱི་རིགས་སོ། །ཡུལ་དང་དུས་ལ་སོགས་པ་ཁྱབ་པས་ཆེན་པོའོ། །དེ་ལ་གཟིགས་ནས་ཚིགས་སུ་བཅད་པ་འདི་གསུངས་པ་ཞེས་འོག་ནས་བཤད་པ་རྣམས་ལ་ཡང་སྦྱར་བར་བྱའོ། །གསང་སྔགས་རིག་སྔགས་འཆང་བའི་རིགས་ནི་དེའི་རྒྱུད་ལ་གཟིགས་པའོ། ། རིགས་གསུམ་ནི་དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་པདྨའི་རིགས་ཀྱི་ངོ་བོ་སྟེ། རིགས་ཐམས་ཅད་བསྡུས་པའོ། །རྣམ་པར་གཟིགས་པ་ནི་ངེས་པར་རྟོག་པར་མཛད་པ་སྟེ། འཚམ་པ་དང་མི་འཚམ་པ་དང་སྐལ་བ་དང་ལྡན་ནམ་མི་ལྡན་ཞེས་རང་གི་ངོ་བོ་ལ་ངེས་པར་རྟོག་པར་མཛད་པ་ནི་ གཟིགས་པ་ཐམས་ཅད་ལ་དགོས་པ་ཡིན་པར་བལྟའོ། །འཇིག་རྟེན་འཇིག་རྟེན་འདས་པའི་རིགས། །འཇིག་རྟེན་སྣང་བྱེད་རིགས་ཆེན་དང་། །ཞེས་བྱ་བ་ལ། འཇིག་རྟེན་པའི་སྔགས་ཀྱི་རིགས་ནི་འཇིག་རྟེན་པའི་རིགས་སོ། །འཇིག་རྟེན་ལས་འདས་པའི་གསང་སྔགས་ཀྱི་རིགས་ནི་འཇིག་ རྟེན་ལས་འདས་པའི་རིགས་སོ། །དེ་གཉིས་ཀ་ནི་འཇིག་རྟེན་སྣང་བར་བྱེད་པའི་རིགས་སོ། །ཡང་ན་འཇིག་རྟེན་གྱི་སྣང་བར་བྱེད་པའི་རིགས་ནི་འཇིག་རྟེན་སྣང་བར་བྱེད་པའི་རིགས་ཏེ། འཇིག་རྟེན་ལས་འདས་པ་ནི་ཁྲོ་བོ་ཆེན་པོའི་རིགས་སོ། །ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང་། །རིགས་ ཆེན་གཙུག་ཏོར་ཆེར་གཟིགས་ནས། །ཞེས་བྱ་བ་ལ་ཕྱག་རྒྱ་ཆེན་པོ་ནི་སྤྱན་སོགས་པ་རིག་པའི་རྒྱལ་མོ་རྣམས་སོ། །དེའི་རིགས་ནི་དེ་ལས་བྱུང་བའི་གསང་སྔགས་དང་ཕྱག་རྒྱ་ལས་སྐྱེས་པའི་རྒྱུད་དང་འབྲེལ་པའོ། །རིགས་ཆེན་གཙུག་ཏོར་ཡི་གེ་གཅིག་པ་ལ་སོགས་པ་སྔགས་ཀྱི་སྟོབས་ ལས་བྱུང་བའི་ལྷའི་བྱེ་བྲག་གོ། །འདི་དག་ནི། གསང་སྔགས་རིགས་ཆེན་ཐམས་ཅད་དང་། །ཞེས་བསྡུས་པའི་རབ་ཏུ་དབྱེ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཐམས་ཅད་དུ་ཡང་སྔགས་སྔོན་དུ་བྱས་ནས་རིགས་གཞག་པར་བྱའོ། །ཚིག་གི་བདག་པོས་ཚིགས་སུ་བཅད། །གསང་སྔགས་རྒྱལ་པོ་དྲུག་ 63-1-122b ལྡན་ཞིང་། །གཉིས་སུ་མེད་པར་འབྱུང་བ་དང་། །མི་སྐྱེ་ཆོས་ཅན་འདི་གསུངས་པ། །ཞེས་སྨོས་པ་ལ། ཚིག་གི་བདག་པོ་ནི་རྗེ་བཙུན་གསུང་གི་དབང་ཕྱུག་སྟེ། དེ་དང་འབྲེལ་པའི་ཚིགས་སུ་བཅད་པ་གསུངས་པའོ། །གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང་། །ཞེས་བྱ་བ་ནི་ཨོཾ་བཛྲ་ ཏཱིཀྴྣ་ཞེས་བྱ་བ་ལ་སོགས་པའི་གསང་སྔགས་དྲུག་དང་ལྡན་པའོ། །འདིར་ལ་ལ་དག་ནི། གསང་སྔགས་རྒྱལ་པོ་རྗེས་དྲུག་ལྡན། །ཞེས་འདོན་པར་ཡང་བྱེད་དེ། ཚིག་དེ་ནི་གླེགས་བམ་མང་པོ་ལས་མ་མཐོང་བས་མི་རིགས་སོ། །གཞན་ཡང་རྒྱལ་པོའི་སྒྲ་དང་མཉམ་པར་རྒྱལ་པོ་དང་རྗེས་སུ་བྱ་བའི་སྒྲ་ཡོད་དོ། །དེས་ ན་མཚམས་སྦྱར་བ་ལས་མི་སྣང་བ་ཡིན་ནོ་ཞེས་ལ་ལ་ཟེར་རོ། །ཁ་ཅིག་གཞན་དུ་ཡང་འཆད་མོད་ཀྱི་བཅོམ་ལྡན་འདས་ཀྱིས་རྟོན་པ་བཞི་གསུངས་ཏེ། གང་ཞེ་ན། འདི་ལྟ་སྟེ། དོན་ལ་རྟོན་གྱི་ཚིག་འབྲུ་ལ་མི་རྟོན་པ་དང་། ཡེ་ཤེས་ལ་རྟོན་གྱི་རྣམ་པར་ཤེས་པ་ལ་མི་རྟོན་པ་དང་། ངེས་པའི་དོན་གྱི་ མདོ་སྡེ་ལ་རྟོན་གྱི་དྲང་བའི་དོན་གྱི་མདོ་སྡེ་ལ་མི་རྟོན་པ་དང་། ཆོས་ཉིད་ལ་རྟོན་གྱི་གང་ཟག་ལ་མི་རྟོན་པའོ། །དེ་ལ་དོན་ནི་གང་ཚིག་འབྲུ་ནི་གང་ཞེ་ན། ཚིག་འབྲུ་ཞེས་བྱ་བ་ནི་གང་འཇིག་རྟེན་པའི་ཆོས་དང་། བྱ་བ་ལ་འཇུག་པ་བསྟན་པའོ། །དོན་ཞེས་བྱ་བ་ནི་གང་འཇིག་རྟེན་ལས་འདས་པའི་ཆོས་ རྟོགས་པའོ། །ཚིག་འབྲུ་ཞེས་བྱ་བ་ནི། གང་སྦྱིན་པ་དང་། དུལ་བ་དང་ལེགས་པར་སྡོམ་པ་དང་། ངེས་པ་བསྟན་པའོ། །དོན་ཞེས་བྱ་བ་ནི་གང་སྦྱིན་པ་དང་། དུལ་བ་དང་ལེགས་པར་སྡོམ་པ་དང་། ངེས་པའི་མཉམ་པ་ཉིད་ཤེས་པའོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་འཁོར་བའི་སྐྱོན་སྒྲོགས་ ཤིང་བརྗོད་པའོ། །དོན་ཞེས་བྱ་བ་ནི་གང་འཁོར་བ་ལ་མི་དམིགས་པར་རྟོགས་པའོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་མྱ་ངན་ལས་འདས་པའི་ཡོན་ཏན་དང་ཕན་ཡོན་བརྗོད་པའོ། །དོན་ཞེས་བྱ་བ་ནི་གང་རང་བཞིན་གྱིས་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པའོ། །ཚིག་ འབྲུ་ཞེས་བྱ་བ་ནི་གང་ཐེག་པ་ཇི་ལྟར་རྣམ་པར་གཞག་པ་བཞིན་དུ་སྟོན་པའོ། །དོན་ཞེས་བྱ་བ་ནི་གང་ཆོས་ཀྱི་དབྱིངས་དབྱེར་མེད་ཅིང་ཚུལ་གཅིག་པ་ལ་འཇུག་པ་ཤེས་པའོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་བསྟན་པའོ། །དོན་ཞེས་བྱ་བ་ནི་གང་ 63-1-123a འཁོར་གསུམ་ཡོངས་སུ་དག་པར་ཤེས་པའོ། །ཚིག་འབྲུ་ཞེས་བྱ་བ་ནི་ལུས་དང་ངག་དང་། ཡིད་ཀྱི་སྡོམ་པ་དང་། ཚུལ་ཁྲིམས་དང་། བསླབ་པ་དང་། སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པ་ཐམས་ཅད་ཡང་དག་པར་བླང་བ་བསྟན་པའོ། །དོན་ཞེས་བྱ་བ་ ནི་གང་ལུས་དང་། ངག་དང་། ཡིད་མི་དམིགས་པ་དང་། སྡོམ་པ་དང་། ཚུལ་ཁྲིམས་དང་། བསླབ་པ་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་ཡང་དག་པར་བླང་བ་བསྟན་པ་ཡོངས་སུ་དག་པར་ཤེས་པའོ། །ཚིག་འབྲུ་ཞེས་བྱ་བ་ནི་གནོད་སེམས་དང་། ཐ་བ་དང་། སྐྱོན་དང་། ཁྲོ་ བ་དང་། ཁོན་དུ་འཛིན་པ་དང་། ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་ཐམས་ཅད་ཡང་དག་པར་འཇོམས་ཤིང་བཟོད་པའི་སྟོབས་དང་ངེས་པ་བསྟན་པའོ། །དོན་ཞེས་བྱ་བ་ནི་གང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་ བསྒྲུབ་པ་ལ་བརྩོན་འགྲུས་བརྩམས་པར་བསྟན་པའོ། །དོན་ཞེས་བྱ་བ་ནི་གང་བླང་བ་དང་དོར་བ་ལ་མི་གནས་པའི་བརྩོན་འགྲུས་སོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་བསྟན་པའོ། །དོན་ཞེས་བྱ་བ་ནི་གང་འགོག་ པའི་སྙོམས་པར་འཇུག་པ་ཤེས་པའོ། །ཚིག་འབྲུ་ཞེས་པ་ནི་གང་ཐོས་པ་ཐམས་ཅད་འཛིན་པ་ཤེས་རབ་ཀྱི་རྩ་བའོ། །དོན་ཞེས་བྱ་བ་ནི་གང་བརྗོད་དུ་མེད་པའི་དོན་ཤེས་པའོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང་དག་པར་བསྟན་པའོ། །དོན་ཞེས་བྱ་བ་ནི་གང་བྱང་ ཆུབ་ཀྱི་ཕྱོགས་ཀྱི་ཆོས་སྒྲུབ་པའི་འབྲས་བུ་མངོན་སུམ་དུ་བྱེད་པའོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། ལམ་གྱི་བདེན་པ་ཡང་དག་པར་བསྟན་པའོ། །དོན་ཞེས་བྱ་བ་ནི་གང་འགོག་པ་མངོན་སུམ་དུ་བྱེད་པའོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་མ་རིག་པ་ལ་ སོགས་པ་རྒ་ཤིའི་བར་དུ་ཡང་དག་པར་བསྟན་པའོ། །དོན་ཞེས་བྱ་བ་ནི་གང་མ་རིག་པ་འགོག་པ་ནས་རྒ་ཤི་འགོག་པའི་བར་དུའོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་ཞི་གནས་དང་ལྷག་མཐོང་གི་ཚོགས་བསྟན་པའོ། །དོན་ཞེས་བྱ་བ་ནི་གང་རིག་པ་དང་རྣམ་པར་གྲོལ་བའི་ཡེ་ཤེས་སོ། ། 63-1-123b ཚིག་འབྲུ་ཞེས་བྱ་བ་ནི་གང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཆ་མཉམ་པར་སྤྱོད་པའི་སེམས་ཅན་རྣམས་ལ་བསྟན་པའོ། །དོན་ཞེས་བྱ་བ་ནི་གང་སེམས་རྣམ་པར་གྲོལ་བ་མི་འཁྲུགས་པའི་ཡེ་ཤེས་སོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་སྒྲིབ་པ་དང་སྒྲིབ་པར་འགྱུར་བའི་ཆོས་ ཡང་དག་པར་བསྟན་པའོ། །དོན་ཞེས་བྱ་བ་ནི་གང་སྒྲིབ་པ་མེད་པའི་ཡེ་ཤེས་དང་རྣམ་པར་ཐར་པའོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་དཀོན་མཆོག་གསུམ་གྱི་ཡོན་ཏན་དང་བསྔགས་པ་མཐའ་ཡས་པ་བསྟན་པའོ། །དོན་ཞེས་བྱ་བ་ནི་གང་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་མཐོང་བ་དང་། འདོད་ཆགས་དང་ བྲལ་ཞིང་འགོག་པའི་ཆོས་ཉིད་དང་། འདུས་མ་བྱས་ཀྱི་སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་ཡོན་ཏན་སྒྲུབ་པའི་ཡེ་ཤེས་སོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་སྙིང་པོ་ལ་འདུག་གི་བར་གྱི་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་ཚོགས་བསྟན་པའོ། །དོན་ཞེས་ བྱ་བ་ནི་གང་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་རྫོགས་པར་འཚང་རྒྱ་བ་སྟེ། མདོར་ན་གང་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བསྟན་པ་འདི་ནི་ཚིག་འབྲུ་ཞེས་བྱའོ། །གང་སེམས་ཅན་ཐམས་ཅད་ཀྱི་སྐད་དང་། ཡི་གེ་དང་། ཚིག་འབྲུ་ བརྗོད་དུ་མེད་པའི་དོན་ཏེ། འདི་ནི་དོན་ལ་རྟོན་གྱི་ཚིག་འབྲུ་ལ་མི་རྟོན་པ་ཞེས་བྱའོ། །དེ་ལྟར་ཁོང་དུ་ཆུད་པར་བྱས་ལ་དོན་གྱི་རྗེས་སུ་འབྲང་བར་བྱའོ། །ཡི་གེའི་རྗེས་སུ་འབྲང་བ་ནི་མི་བྱ་བས། གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང་། །ཞེས་བྱ་བའི་སྒྲ་ལ་ནི་བསམ་པར་མི་བྱའོ། །གནས་སྐབས་ཀྱིས་ན་རྟོན་པ་ ལྷག་མ་གསུམ་གྱི་རང་བཞིན་ཡང་རྣམ་པར་གཞག་པར་བྱ་བའི་ཕྱིར་དྲི་བར་བྱ་སྟེ། དེ་ལ་རྣམ་པར་ཤེས་པ་ནི་གང་། ཡེ་ཤེས་ནི་གང་ཞེ་ན། རྣམ་པར་ཤེས་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་གནས་པ་བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་ཤེས་པ་གནས་པ་ན་གཟུགས་ལ་ཉེ་བར་འགྲོ་ཞིང་གནས་པ་དང་། རྣམ་པར་ ཤེས་པ་གནས་པ་ན་ཚོར་བ་ལ་ཉེ་བར་འགྲོ་བ་དང་། འདུ་ཤེས་ལ་ཉེ་བར་འགྲོ་བ་དང་། འདུ་བྱེད་ལ་ཉེ་བར་འགྲོ་ཞིང་གནས་པ་སྟེ། འདི་ནི་རྣམ་པར་ཤེས་པ་ཞེས་བྱའོ། །དེ་ལ་ཡེ་ཤེས་གང་ཞེ་ན། གང་ཕུང་པོ་བཞི་ལ་གནས་པའི་རྣམ་པར་ཤེས་པའི་ཕུང་པོ་ཡོངས་སུ་ཤེས་པ་སྟེ། འདི་ནི་ཡེ་ཤེས་ 63-1-124a ཞེས་བྱའོ། །གཞན་ཡང་རྣམ་པར་ཤེས་པ་ནི་སའི་ཁམས་རྣམ་པར་ཤེས་པ་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་རྣམ་པར་ཤེས་པ་སྟེ། འདི་ནི་རྣམ་པར་ཤེས་པ་ཞེས་བྱའོ། །གང་ཁམས་རྣམ་པ་བཞི་པོ་འདི་དག་ལ་གནས་པའི་རྣམ་པར་ ཤེས་པ་ལ་ཆོས་ཀྱི་དབྱིངས་དབྱེར་མེད་པ་ཤེས་པ་འདི་ཡེ་ཤེས་ཞེས་བྱའོ། །གཞན་ཡང་རྣམ་པར་ཤེས་པ་ནི་གང་མིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་ལ་རྣམ་པར་རིག་པ་དང་། དེ་བཞིན་དུ་རྣ་བས་ཤེས་པར་བྱ་བའི་སྒྲ་རྣམས་དང་། སྣས་ཤེས་པར་བྱ་བའི་དྲི་རྣམས་དང་། ལྕེས་ཤེས་ པར་བྱ་བའི་རོ་རྣམས་དང་། ལུས་ཀྱིས་ཤེས་པར་བྱ་བའི་རེག་བྱ་རྣམས་དང་། ཡིད་ཀྱིས་ཤེས་པར་བྱ་བའི་ཆོས་རྣམས་ལ་རྣམ་པར་རིག་པ་སྟེ། འདི་ནི་རྣམ་པར་ཤེས་པ་ཞེས་བྱའོ། །གང་ཡང་ནང་ཉེ་བར་ཞི་ཞིང་ཕྱི་རོལ་དུ་རྒྱུ་བ་མེད་པ་དང་། ཡེ་ཤེས་ལ་རྟོན་པས་ཆོས་གང་ལ་ཡང་ མི་རྟོག་རྣམ་པར་མི་རྟོག་པ་འདི་ནི་ཡེ་ཤེས་ཞེས་བྱའོ། །གཞན་ཡང་དམིགས་པ་ལས་རྣམ་པར་ཤེས་པ་སྐྱེ་བ་དང་། ཡིད་ལ་བྱེད་པ་ལས་རྣམ་པར་ཤེས་པ་སྐྱེ་བ་དང་། ཡོངས་སུ་རྟོགས་པ་ལས་རྣམ་པར་ཤེས་པ་སྐྱེ་བ་འདི་ནི་རྣམ་པར་ཤེས་པ་ཞེས་བྱའོ། །གང་ཡང་འཛིན་པ་མེད་པ་ དང་། མཆོག་ཏུ་འཛིན་པ་མེད་པ་དང་། དམིགས་པ་མེད་པ་དང་། རྣམ་པར་རིག་པ་ཆེད་པ་དང་། རྟོག་པ་མེད་པ་འདི་ནི་ཡེ་ཤེས་ཞེས་བྱའོ། །གཞན་ཡང་འདུས་བྱས་རྒྱུ་བའི་ཆོས་རྣམས་ལ་རྣམ་པར་ཤེས་པ་སྐྱེ་སྟེ། འདུས་མ་བྱས་ལ་ནི་རྣམ་པར་ཤེས་པ་རྒྱུ་བ་མེད་དོ། །གང་འདུས་མ་ བྱས་སུ་ཤེས་པ་དེ་ནི་ཡེ་ཤེས་སོ། །གཞན་ཡང་སྐྱེ་བ་དང་། འཇིག་པ་ལ་གནས་པ་ནི་རྣམ་པར་ཤེས་པའོ། །མི་སྐྱེ་བ་དང་མི་འགོག་པ་ལ་གནས་པ་ནི་ཡེ་ཤེས་ཏེ། འདི་ནི་ཡེ་ཤེས་ལ་རྟོན་གྱི་རྣམ་པར་ཤེས་པ་ལ་མི་རྟོན་པ་ཞེས་བྱའོ། །དེ་ལ་ངེས་པའི་དོན་གྱི་མདོ་སྡེ་ནི་གང་། དྲང་ བའི་དོན་གྱི་མདོ་སྡེ་ནི་གང་ཞེ་ན། མདོ་སྡེ་གང་དག་ལམ་ལ་འཇུག་པར་བསྟན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱ་བའོ། །མདོ་སྡེ་གང་དག་འབྲས་བུ་ལ་འཇུག་པའི་ཕྱིར་བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་ཀུན་རྫོབ་སྒྲུབ་པར་བསྟན་པ་དེ་དག་ནི་དྲང་བའི་དོན་ཞེས་ 63-1-124b བྱའོ། །མདོ་སྡེ་གང་དག་དོན་དམ་པ་བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་ལས་དང་བྱ་བ་ལ་འཇུག་པར་བསྟན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་ལས་དང་ཉོན་མོངས་པ་ཟད་པར་བྱ་བའི་ཕྱིར་བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ། །མདོ་ སྡེ་གང་དག་ཀུན་ནས་ཉོན་མོངས་པ་བཤད་པར་བྱ་བའི་ཕྱིར་བསྟན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་རྣམ་པར་བྱང་བ་ཡོངས་སུ་དག་པར་བྱ་བའི་ཕྱིར་བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་འཁོར་བ་ལ་ཡིད་འབྱུང་བར་བྱ་བར་བསྟན་པ་དེ་དག་ནི་དྲང་བའི་ དོན་ཞེས་བྱའོ། །མདོ་སྡེ་གང་དག་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པ་ལ་འཇུག་པར་བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་ཚིག་དང་ཡི་གེ་སྣ་ཚོགས་སུ་བསྟན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་ཟབ་མོ་མཐོང་བར་དཀའ་བ་ཁོང་དུ་ ཆུད་པར་དཀའ་བ་བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་ཚིག་དང་ཡི་གེ་མང་ཞིང་སེམས་ཅན་གྱི་སེམས་དགའ་བར་བྱ་བ་བསྟན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་ཚིག་དང་ཡི་གེ་ཉུང་ལ་སེམས་ངེས་པར་སེམས་པར་བྱེད་པར་བསྟན་པ་དེ་དག་ནི་ངེས་པའི་དོན་ ཞེས་བྱའོ། །མདོ་སྡེ་གང་དག་བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ལས་སྐྱེས་དང་། ཤེད་བུ་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། སྒྲ་རྣམ་པ་སྣ་ཚོགས་སུ་བཤད་པ་དང་། བདག་པོ་མེད་པ་ལ་བདག་པོ་དང་བཅས་པར་ བསྟན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་མི་བྱེད་པ་དང་། མ་སྐྱེས་པ་དང་། མ་བྱུང་བ་དང་། དངོས་པོ་མེད་པ་དང་། བདག་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་ དང་། གང་ཟག་མེད་པ་དང་། བདག་པོ་མེད་པ་དང་། རྣམ་པར་ཐར་པའི་སྒོའི་བར་དུ་བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱ་སྟེ། འདི་ནི་ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་གྱི་དྲང་བའི་དོན་གྱི་མདོ་སྡེ་ལ་མི་རྟོན་པ་ཞེས་བྱའོ། །དེ་ལ་ཆོས་ཉིད་ནི་གང་། གང་ཟག་ནི་གང་ཞེ་ན། གང་གང་ཟག་ 63-1-125a ཏུ་ལྟ་བ་ལ་གནས་ཏེ། གང་ཆོས་ཁ་ཅིག་ལ་རྩོམ་པ་འདི་ནི་གང་ཟག་ཅེས་བྱའོ། །གང་ཟག་ཏུ་ལྟ་བ་དེའི་རྩོམ་པ་ཡོངས་སུ་ཤེས་པ་འདི་ནི་ཆོས་ཉིད་ཅེས་བྱའོ། །གཞན་ཡང་སོ་སོའི་སྐྱེ་བོའི་གང་ཟག་དང་། སོ་སོའི་སྐྱེ་བོའི་དགེ་བའི་གང་ཟག་དང་དད་པས་རྗེས་སུ་ འབྱུང་བའི་གང་ཟག་དང་། ཆོས་ཀྱི་རྗེས་སུ་འབྲང་བའི་གང་ཟག་དང་། བརྒྱད་པའི་གང་ཟག་དང་། རྒྱུན་དུ་ཞུགས་པའི་གང་ཟག་དང་། ལན་ཅིག་ཕྱིར་འོང་བའི་གང་ཟག་དང་། ཕྱིར་མི་འོང་བའི་གང་ཟག་དང་། དགྲ་བཅོམ་པའི་གང་ཟག་དང་། རང་སངས་རྒྱས་ཀྱི་གང་ཟག་དང་། བྱང་ཆུབ་སེམས་དཔའི་གང་ཟག་དང་། གང་ཟག་གཅིག་འཇིག་རྟེན་དུ་བྱུང་ན་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མིའི་སྐྱེ་བོ་ཕལ་པོ་ཆེའི་དོན་གྱི་ཕྱིར། ཕན་པའི་ཕྱིར། བདེ་བའི་ཕྱིར་ལྷ་དང་མི་རྣམས་ཀྱི་སྟོན་ པ་སངས་རྒྱས་བཅོམ་ལྡན་འདས་གང་ཟག་གཅིག་པོ་འཇིག་རྟེན་དུ་བྱུང་སྟེ། དེ་ནི་གང་ཟག་ཅེས་བྱའོ། །གང་ཟག་གི་སྒྲ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པས་ཀུན་རྫོབ་ཀྱི་ཚིག་གི་གནས་ཀྱི་སེམས་ཅན་རྣམས་དྲང་བའི་ཕྱིར་བསྟན་པ་སྟེ། དེ་ལ་གང་ཟག་མངོན་པར་ཞེན་པ་དེ་དག་ནི་རྟོན་པ་ མ་ཡིན་པ་ཞེས་བྱ་སྟེ། དེ་དག་རྟོན་པ་ལ་གཟུང་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་ཉིད་ལ་རྟོན་ཅིག་གང་ཟག་ལ་ནི་མ་ཡིན་ནོ་ཞེས་གསུངས་སོ། །དེ་ལ་ཆོས་ཉིད་གང་ཞེ་ན། འདི་ལྟ་སྟེ། འགྱུར་བ་མེད་པ་དང་། སྒྲོ་བཏགས་པ་མེད་པ་དང་། བྱ་བ་མེད་པ་དང་། རྣམ་པར་ བྱ་བ་མེད་པ་དང་། མི་གནས་པ་དང་། རབ་ཏུ་མི་གནས་པ་དང་། རྩ་བ་མེད་པ་དང་། ཐམས་ཅད་དུ་མཉམ་པ་མེད་པ་དང་། མཉམ་པ་དག་ལ་མཉམ་པ་དང་། མི་མཉམ་པ་དག་ལ་མཉམ་པ་དང་། མཉམ་པ་དང་མི་མཉམ་པ་དག་ལ་མཉམ་པ་དང་། རྟོག་པ་མེད་པ་དང་། རྩོམ་ པ་མེད་པ་དང་། ཆོས་ཐམས་ཅད་ལ་སྐྱོན་མེད་པ་རྙེད་པ་དང་། ཤིན་ཏུ་ནམ་མཁའི་རང་བཞིན་གྱི་མཚན་ཉིད་འདི་ནི་ཆོས་ཉིད་ཅེས་བྱའོ། །དེ་ལ་གང་དག་ཆོས་ཉིད་ལ་རྟོན་པ་དག་ནི་ཁམས་གང་ལ་ཡང་མི་རྟོན་ནོ། །དེ་བས་ན་ཆོས་ཀྱི་སྒོའི་ཚུལ་ལ་འཇུག་པ་འདིས་ཆོས་ཐམས་ཅད་ 63-1-125b ལ་རྟོན་པའི་ཕྱིར་ཆོས་ཐམས་ཅད་ཆོས་ཉིད་ཁོ་ནར་འགྱུར་བ་འདི་ནི་ཆོས་ཉིད་ལ་རྟོན་གྱི་གང་ཟག་ལ་མི་རྟོན་པ་ཞེས་བྱའོ། །གཉིས་སུ་མེད་པར་འབྱུང་བ་དང་། །ཞེས་བྱ་བ་ལ། སྔགས་ཀྱི་ཚུལ་གྱིས་ནི་ཤེས་རབ་དང་ཐབས་ནི་གཉིས་སོ། །དེ་གཅིག་ཏུ་གྱུར་པ་ནི་གཉིས་སུ་མེད་པ་སྟེ། ཤེས་ རབ་དང་ཐབས་གཉིས་སུ་མེད་པ་བདེ་བ་ཆེན་པོའི་ངོ་བོ་ཉིད་ནི་གཉིས་སུ་མེད་པ་ཡིན་པར་འདོད་དེ་དེ་ལས་བྱུང་བའོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་ནི་གཟུང་བ་དང་འཛིན་པའམ། བདག་དང་བདག་གིའམ། ཤེས་པ་དང་ཤེས་བྱ་སྟེ་ཇི་སྲིད་དུ་ཡིད་རྣམ་པར་གཡོ་བ་དེ་སྲིད་དུ་ནི་ཐམས་ ཅད་གཉིས་སོ། །གཡོ་བ་ཐམས་ཅད་དང་བྲལ་ཞིང་སྤྲོས་པ་མེད་པ་ཆོས་ཐམས་ཅད་བདག་མེད་པ་ནི་གཉིས་སུ་མེད་པའི་ངོ་བོ་ཉིད་ཆོས་ཉིད་ཀྱི་བདག་ཉིད་ཅན་གྱི་སྐུ་འབྱུང་སྟེ། དེ་བས་ན་གཉིས་སུ་མེད་པར་འབྱུང་བའོ། །གཉིས་སུ་མེད་པར་འབྱུང་བ་ཡང་མི་སྐྱེ་བའི་རྣམ་པས་ཁྱད་པར་དུ་ དབྱེ་བའི་ཕྱིར། མི་སྐྱེ་ཆོས་ཅན་ཞེས་བྱ་བ་སྨོས་ཏེ། སྐྱེ་བ་མེད་པའི་ཆོས་གང་ལ་ཡོད་པ་དེ་ནི་འདིར་མི་སྐྱེ་བའི་ཆོས་ཅན་ནོ། །འདིར་ཡང་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པ་སྟེ། ཀུན་བརྟགས་པ་ཡང་གཟུང་བ་དང་འཛིན་པའི་རྣམ་པ་ཡིན་ལ། གཞན་གྱི་དབང་གི་ཚུལ་ གྱིས་ནི་དོན་དམ་པར་སྐྱེ་བ་ཡོད་དོ་ཞེས་བྱེ་བྲག་ཏུ་སྨྲ་བ་རྣམས་དང་། མདོ་སྡེ་པ་དང་། སེམས་ཙམ་པ་རྣམས་འདོད་དེ། དོན་འདི་ལ་གཏན་ཚིགས་ནི། ཀུན་བརྟགས་པ་ཡི་ངོ་བོ་ཡིས། །ཆོས་རྣམས་ཐམས་ཅད་སྐྱེ་བ་མེད། །གཞན་གྱི་དབང་ལ་གནས་ན་ནི། །མི་རྣམས་རྣམ་རྟོག་སྐྱེ་བར་ འགྱུར། །ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ། གཞན་གྱི་དབང་ལས་སྐྱེ་བ་མེད་པར་བཤད་པ་མདོ་སྡེ་དག་ལས་སྣང་བའི་ཕྱིར་རོ། །དེ་ཡང་འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང་། སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང་། དོན་དམ་པ་ངོ་བོ་ཉིད་མེད་པ་ ཉིད་ལ་དགོངས་ནས་ངས་ཆོས་ཐམས་ཅད་དངོས་པོ་མེད་པ། སྐྱེ་བ་མེད་པ། འགག་པ་མེད་པ། གཟོད་མ་ནས་ཞི་བ། ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་ས་སུ་མྱ་ངན་ལས་འདས་པའོ་ཞེས་གསུངས་སོ། །ཆོས་ཐམས་ཅད་ཀྱི་མཚན་ཉིད་ངོ་བོ་ཉིད་མེད་པ་གང་ཞེ་ན། ཀུན་བརྟགས་པའི་ 63-1-126a མཚན་ཉིད་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་མིང་དང་བརྡར་རྣམ་པར་གཞག་པའི་མཚན་ཉིད་ཡིན་གྱི། རང་གི་མཚན་ཉིད་ཀྱིས་ཕུང་པོ་དང་ཁམས་ལ་སོགས་པ་འདུས་བྱས་དང་འདུས་མ་བྱས་རྣམས་ཀྱི་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་རྣམ་པར་གནས་པ་ནི་མ་ཡིན་ཏེ། དེའི་ ཕྱིར་དེ་ནི་མཚན་ཉིད་མེད་པ་ཉིད་ཅེས་བྱའོ། །ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་གང་ཞེ་ན། ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་རྐྱེན་གཞན་གྱི་སྟོབས་ཀྱིས་འབྱུང་བ་ཡིན་གྱི། བདག་ཉིད་ཀྱིས་ནི་མ་ཡིན་ཏེ། གང་ཡང་རང་ ཉིད་མེད་པ་དེ་ནི་སྐྱེ་བ་མེད་དེ། སྐྱེ་བ་མེད་པ་ལ་ནི་ངོ་བོ་ཉིད་མེད་པས་དེའི་ཕྱིར་དེ་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཞེས་བྱའོ། །ཆོས་རྣམས་ཀྱི་དོན་དམ་པ་ངོ་བོ་ཉིད་མེད་པ་གང་ཞེ་ན། ཆོས་རྣམས་ཀྱི་ཡོངས་སུ་གྲུབ་པའི་མཚན་ཉིད་དེ། དེ་ཡང་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །དེ་ཅིའི་ཕྱིར་ ཞེ་ན། ཆོས་རྣམས་ཀྱི་ཆོས་བདག་མེད་པ་གང་ཡིན་པ་དེ་ནི་དེ་དག་གི་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱ་སྟེ། དེའི་དོན་དམ་པ་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་པས་དེའི་ཕྱིར་དོན་དམ་པའི་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །འདི་ལྟ་སྟེ་དཔེར་ན་ནམ་མཁའི་མེ་ཏོག་ཇི་ལྟ་བ་དེ་ལྟ་བུར་ནི་ མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་བལྟ་བར་བྱའོ། །འདི་ལྟ་སྟེ་དཔེར་ན་སྒྱུ་མ་བྱས་པ་ཇི་ལྟ་བ་དེ་ལྟ་བུར་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཀྱང་བལྟ་བར་བྱའོ། །འདི་ལྟ་སྟེ་དཔེར་ན་ནམ་མཁའི་གཟུགས་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཙམ་གྱིས་རབ་ཏུ་ཕྱེ་བ་དང་ཐམས་ཅད་དུ་སོང་བ་ཇི་ལྟ་བ་དེ་ལྟ་བུར་ནི་དོན་དམ་པ་ངོ་བོ་ཉིད་མེད་ པ་དེ་ལས་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་དང་། ཐམས་ཅད་དུ་སོང་བ་གཅིག་པར་བལྟ་བར་བྱ་བ་སྟེ། ངོ་བོ་ཉིད་མེད་པ་ཡང་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་པོ་དེ་དག་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་ངས་བསྟན་ཏོ་ཞེས་གསུངས་པ་ཡིན་ནོ། །ལུང་འབའ་ཞིག་ཏུ་ཡང་མ་ཟད་ཀྱི་ རིགས་པས་ཀྱང་ཇི་ལྟར་སྐྱེ་བ་མེད་པ་དེ་ལྟར་བསྟན་པར་བྱ་སྟེ། དངོས་པོ་རྣམས་སྐྱེ་བར་གྱུར་པ་ན་རང་གི་ངོ་བོ་ཉིད་དུ་གྱུར་པའི་རྒྱུ་ལས་སམ། གཞན་པར་གྱུར་པའི་རྒྱུ་ལས་སམ། ཐ་དད་པའམ་ཐ་དད་པ་མ་ཡིན་པ་ལས་སམ། རྒྱུ་དང་བྱ་བ་ལ་ལྟོས་པ་མེད་པ་ལས་སྐྱེ་བར་འགྱུར། རྒྱུ་ཡོད་པའམ་ 63-1-126b རྒྱུ་མེད་པར་བརྟགས་པ་དང་དུ་མ་ཞིག་གིས་བྱ་བའི་དངོས་པོ་གཅིག་བསྐྱེད་པར་འགྱུར་བའམ། ཡང་ན་དངོས་པོ་དུ་མ་བསྐྱེད་པར་འགྱུར་བའམ། ཡང་ན་གཅིག་པུ་ཉིད་ཀྱི་རང་བཞིན་གཅིག་བསྐྱེད་པར་འགྱུར་བའམ། ཡང་ན་རང་བཞིན་དུ་མ་སྐྱེས་པར་འགྱུར་བའམ། རྒྱུ་ཞིག་པ་ལས་ འབྲས་བུ་སྐྱེ་བར་འགྱུར་བའམ། མ་ཞིག་པ་ལས་འབྲས་བུ་སྐྱེ་བར་འགྱུར་ཞེས་བྱ་བ་སྟེ། དེ་ལྟ་བུའི་རྣམ་པར་རྟོག་པ་དུ་མ་འབྱུང་བར་འགྱུར་ལ། ཕྱོགས་དེ་དག་ཐམས་ཅད་ཀྱང་རང་གི་ཕྱོགས་ལ་མངོན་པར་ཞེན་པ་ལ་མཆོག་ཏུ་བརྩོན་པས་བསྒྲུབས་པའི་བརྟགས་པ་ཙམ་ལ་སྙིང་པོ་ཉིད་ དུ་སེམས་པར་ཟད་དོ། །དེ་ཡང་རྒྱུའི་རང་བཞིན་དུ་གྱུར་པའི་འབྲས་བུ་ནི་རྒྱུ་དང་འདྲ་བར་བྱུང་བ་ཉིད་དོ། །དེ་བས་ན་དེ་ལས་སྐྱེ་བར་མི་འགྱུར་ཏེ། རྒྱུའི་རང་བཞིན་དང་འདྲ་བར་འབྱུང་བའི་ཕྱིར་སྐྱེ་བ་མི་གཙང་བར་འདོད་པའི་འབྲས་བུ་བདག་ཏུ་གྱུར་པ་ནི་གཙོ་བོའི་མིང་ཅན་གྱི་རྒྱུ་ཞེས་བྱ་བ་དེ་སྐྱེ་བ་མེད་པའི་ ཕྱིར་རི་བོང་གི་རྭ་ལ་སོགས་པ་ལྟར་རྒྱུ་ཉིད་དང་མི་ལྡན་ནོ། །དེ་ཡང་། རང་འདྲ་དེ་ནི་གཞན་མིན་ཕྱིར། །རྒྱུ་ནི་རྒྱུ་མ་ཡིན་པར་འགྱུར། །མ་སྐྱེས་ཕྱིར་ཡང་གང་གང་གི། །རྒྱུ་མིན་པ་ནི་རྒྱུ་རུ་འགྱུར། །ཞེས་བཤད་པ་ཡིན་ནོ། །གཞན་ཞེས་བྱ་བ་ཡང་དངོས་པོ་གཉིས་ལ་ལྟོས་ནས་བཤད་པ་ཡིན་ལ། དངོས་པོ་གཉིས་པ་ནི་འདི་ན་འབྲས་བུ་སྟེ། དེ་ཡང་རྒྱུ་ཡོད་པའི་དུས་ན་ནི་ཡོད་པ་མ་ཡིན་ཏེ། དེ་ཡོད་པའི་དུས་སུ་ཡང་རྒྱུ་ཡོད་པ་མ་ཡིན་ནོ། །དེ་གང་ལ་ལྟོས་ནས་དེ་དག་ལ་གཞན་ཉིད་དུ་དོན་དམ་པར་ཁས་ལེན་ཏེ། བ་ལང་གི་རྭ་ལ་ལྟོས་པའམ། མིའི་རྭ་ལ་ལྟོས་ནས་རྟའི་གཞན་པ་ཉིད་དུ་ཡང་དག་ པར་ཡོད་པ་མ་ཡིན་ནོ། །མངོན་པར་འདོད་པའི་རྒྱུས་ཀྱང་མངོན་པར་འདོད་པའི་འབྲས་བུ་མི་བསྐྱེད་དེ། གཞན་དུ་གྱུར་པས་མངོན་པར་འདོད་པའི་དོན་བཞིན་ནོ། །འབྲས་བུ་འདོད་པ་ཡང་གཞན་དུ་གྱུར་པས་འདོད་པ་མ་ཡིན་ཏེ། དེ་ནི་གཞན་བཞིན་ནོ། །དེ་ཡང་། རང་གི་ངོ་བོ་མ་བྱུང་བར། །གང་ ཞིག་གང་ལས་གཞན་དུ་འདོད། །བ་ལང་རྭའམ་མི་རྭ་ལས། །རྟ་ཡི་རྭ་གཞན་འདོད་མ་ཡིན། །ཞེས་བཤད་པ་ཡིན་ནོ། །རྐྱེན་གཞན་གྱིས་ཀྱང་དོན་དམ་པར་མིག་ལ་སོགས་པས་མིག་གི་རྣམ་པར་ཤེས་པ་བསྐྱེད་པ་མ་ཡིན་ཏེ། གཞན་དུ་གྱུར་པས་བི་བ་རན་ལ་སོགས་པ་བཞིན་ནོ། །མིག་ 63-1-127a ལ་སོགས་པའི་རྒྱུར་རྣམ་པར་གྲགས་པ་རྣམས་ཀྱང་མིག་ལ་སོགས་པའི་རྒྱུར་མི་འདོད་དེ། གཞན་དུ་གྱུར་པའི་ཕྱིར་རམ། སྔ་ནས་མེད་པའི་ཕྱིར་བུམ་པ་དང་སྣམ་བུ་བཞིན་ནོ། །གཉིས་ཀ་ལས་སྐྱེ་བ་མི་རིགས་ཏེ། ཐ་དད་པ་དང་ཐ་དད་པ་མ་ཡིན་པའི་ངོ་བོ་དག་ནི་ཕན་ཚུན་ འགལ་བར་གནས་པའི་མཚན་ཉིད་དག་གཅིག་པུ་འདྲེས་ནས་གནས་པར་གྱུར་པ་མི་སྲིད་དོ། །དེ་བས་ན་འདི་ལྟར་བརྗོད་དུ་མེད་པའི་ཕྱོགས་ཀྱང་མི་རིགས་ཏེ། མ་བརྟགས་པའི་ངོ་བོ་ཉིད་དང་། ཐ་དད་པ་དང་ཐ་དད་པ་མ་ཡིན་པར་རྟོག་པ་ལས་འདས་པ་སྟེ། གང་དེ་ཉིད་ནི་འདི་མ་ཡིན་ནོ་ཞེས་བྱ་ བ་ནི་དེའི་གཟུགས་དོར་བ་སྟེ། དེ་ཉིད་ནི་ཐ་དད་པའོ། །དེ་དགག་པ་ནི་ཐ་དད་པ་མ་ཡིན་པ་སྟེ། དངོས་པོ་རྣམས་རྣམ་པ་གཞན་གང་ཞིག་ལས་འབྱུང་བར་འགྱུར། རྒྱུ་མེད་པ་ལས་ཀྱང་སྐྱེ་བ་མི་རིགས་ཏེ། རྟག་ཏུ་ཡོད་པ་དང་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན། བདག་ལས་མ་ ཡིན་གཞན་ལས་མིན། །གཉི་ག་ལས་མིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་བཤད་པ་ཡིན་ནོ། །དེ་ལ་བདག་ལས་ཞེས་བྱ་བ་ནི་གྲངས་ཅན་ནོ། །གཞན་ལས་ཞེས་བྱ་བ་ནི་སངས་རྒྱས་པ་ཁ་ཅིག་དང་བྱེ་བྲག་པ་སོགས་པའོ། །གཉི་ག་ལས་ཞེས་ བྱ་བ་ནི་དཔྱོད་པ་པ་དང་གཅེར་བུ་པའོ། །རྒྱུ་མེད་པར་སྨྲ་བ་ནི་འཇིག་རྟེན་རྒྱང་པན་པ་དང་རང་བཞིན་རྒྱུར་སྨྲ་བའོ། །ད་ནི་རྒྱུའི་རང་བཞིན་བརྟག་པར་བྱ་སྟེ། ཡོད་པ་ལས་ཀྱང་མི་སྐྱེ་སྟེ། ངོ་བོ་ཉིད་ཡོངས་སུ་གྲུབ་ཟིན་པ་མ་འོངས་པའི་དུས་བཞིན་དུ་སྐྱེ་བའི་དོན་དུ་མི་རིགས་སོ། །གཞན་དུ་གལ་ཏེ་ཡོད་པར་ སྐྱེ་བར་གྱུར་ན་ནི་སྐྱེས་ཟིན་པ་ཡང་སྐྱེ་བར་འགྱུར་རོ། །མེད་པ་ལས་ཀྱང་མི་སྐྱེ་སྟེ། ཤིན་ཏུ་གཟུགས་མེད་པ་རི་བོང་གི་རྭ་ལ་སོགས་པ་དང་འདྲ་ཞིང་། སྐྱེ་བར་འཇུག་པ་དང་མི་ལྡན་པའི་ཕྱིར་རོ། །གཞན་དུ་འདི་དག་ཐམས་ཅད་མེད་པར་འགྱུར་ཞིང་གང་གི་ཕྱིར་དངོས་པོའི་ཕྱོགས་གང་ཡང་རུང་བ་ འགའ་ཞིག་ལས་ཀྱང་དངོས་པོ་ཐམས་ཅད་རྟག་ཏུ་སྐྱེ་བར་འགྱུར་བས་རྒྱུ་དང་འབྲས་བུ་ངེས་པ་མེད་པར་འགྱུར་རོ། །གལ་ཏེ་སོ་སོའི་ནུས་པ་ངེས་པ་མེད་པར་འགྱུར་ཡང་དངོས་པོ་འདི་རྣམས་ཀྱི་ནུས་པ་སོ་སོར་ངེས་པར་འགྱུར་བ་ནི། དངོས་པོ་དེ་རྣམས་ལས་ཅུང་ཟད་ཅིག་སྐྱེ་བར་འགྱུར་བས་ཁྱད་ 63-1-127b པར་མེད་ཀྱང་ཐམས་ཅད་མེད་པ་མ་ཡིན་ནོ་ཞེ་ན། དེ་ནི་མི་རིགས་ཏེ། གལ་ཏེ་འབྲས་བུ་རྣམས་དང་འདྲེས་པའི་གཟུགས་རྣམས་རྐྱེན་དུ་གྱུར་ན་ནི་དེའི་ཚེ་དེ་རྣམས་ཀྱི་སོ་སོར་ངེས་པའི་འབྲས་བུ་དང་འབྲེལ་པར་འགྱུར་བས་འབྲས་བུ་གང་ཞིག་ལས་ནུས་པ་ངེས་པ་ཡིན་ཏེ། དེ་ལྟར་ན་ནུས་པ་ངེས་པ་ ཉིད་དུ་གནས་པར་འགྱུར་རོ། །དེ་བས་ན་ཐམས་ཅད་ལས་ཐམས་ཅད་དུ་སྐྱེ་བར་ཐལ་བར་འགྱུར་བ་བཟློག་དཀའ་བར་འགྱུར་བ་དང་། ཡོད་པ་དང་མེད་པའི་ཕྱོགས་སུ་སྨྲ་བའི་ཉེས་པ་དང་འདྲེས་པར་འགྱུར་རོ། །ཚུལ་གཉི་ག་ལས་ཀྱང་སྐྱེ་བ་འབྱུང་བར་མི་འགྱུར་ཏེ། གཅིག་ལ་ངོ་བོ་ཉིད་གཉིས་སུ་འགྱུར་ བ་མེད་དེ། གཅིག་པ་ཉིད་དང་གཉིས་ཉིད་ནི་ཕན་ཚུན་འགལ་བའི་ཕྱིར་རོ། །དེ་ཡང་། ཡོད་དམ་མེད་པའི་དོན་ལ་ཡང་། །རྐྱེན་ནི་རུང་བ་མ་ཡིན་ཏེ། །ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ། །མེད་ན་གང་གི་རྐྱེན་དུ་འགྱུར། །གང་ཚེ་ཆོས་ནི་ཡོད་པ་དང་། །མེད་དང་ཡོད་མེད་མི་སྒྲུབ་པ། །ཇི་ལྟར་སྒྲུབ་བྱེད་རྒྱུ་ཡིན་ ཞེས། །དེ་ལྟ་ཡིན་ན་མི་རིགས་སོ། །རྐྱེན་རྣམས་སོ་སོར་འདུས་པ་ལས། །འབྲས་བུ་དེ་ནི་མེད་པ་ཉིད། །རྐྱེན་རྣམས་ལ་ནི་གང་མེད་པ། །དེ་ནི་རྐྱེན་གྱིས་ཇི་ལྟར་བསྐྱེད། །ཅི་སྟེ་དེ་ནི་མེད་པར་ཡང་། །རྐྱེན་དེ་དག་ལས་སྐྱེ་འགྱུར་ན། །རྐྱེན་མིན་ལས་ཀྱང་འབྲས་བུ་ནི། །ཅི་ཡི་ཕྱིར་ན་སྐྱེ་མི་འགྱུར། །ཞེས་ བཤད་པ་ཡིན་ནོ། །རྒྱུ་རྣམས་ཀྱང་གལ་ཏེ་མང་པོས་འབྲས་བུའི་རང་བཞིན་གཅིག་བསྐྱེད་པར་འགྱུར་རམ། དེ་ལྟ་མ་ཡིན་གྱི་ལྷན་ཅིག་བྱེད་པའི་གྲོགས་ཐ་དད་པའི་རང་བཞིན་རྣམས་ལས་འབྲས་བུ་གཅིག་བསྐྱེད་པའི་རྒྱུར་འགྱུར་ཏེ། བྱེ་བྲག་རྣམས་བྱེ་བྲག་མེད་པར་གྱུར་རོ། །དེ་ལ་བྱེ་བྲག་མེད་པ་ རྣམས་ཀྱང་བྱེ་བྲག་མེད་པར་མི་འགྱུར་ཏེ། རྒྱུའི་དབྱེ་བ་ཡང་བྱེ་བྲག་མེད་པའི་ཕྱིར་རོ། །གལ་ཏེ་བྱེ་བྲག་ཅན་ལས་བྱེ་བྲག་ཅན་ཉིད་དུ་འགྱུར་ན་ནི། བྱེ་བྲག་མེད་པ་ལས་ཀྱང་བྱེ་བྲག་མེད་པ་ཉིད་དུ་རིགས་ཏེ། རྣམ་པར་བརྟགས་པའི་ངེས་པ་ལ་སོགས་པ་ཡང་རྒྱུ་ཉིད་མ་ཡིན་ཏེ། རྒྱུ་མེད་པ་ཅན་དང་། སྣ་ཚོགས་ པའི་བྱེ་བྲག་ཅན་དང་བྱེ་བྲག་མེད་པར་འགྱུར་ཏེ། དེ་ལས་མ་གཏོགས་པའི་དངོས་པོ་འགའ་ཡང་མི་སྲིད་དེ། དངོས་པོ་ཐམས་ཅད་ཀྱང་གཞན་གྱི་དབང་ལས་མི་སྐྱེ་བ་ཉིད་དུ་ཐལ་བར་འགྱུར་རོ། །རྒྱུའི་རང་བཞིན་ཐ་དད་པ་ལས་འབྲས་བུའི་རང་བཞིན་ཐ་དད་པ་ཀུན་དུ་སྐྱེ་བར་འདོད་ན་ནི་རྒྱུ་དང་བྱ་བས་རྣམ་པར་ 63-1-128a བསྒྲུབས་པ་རྣམས་འཚོལ་བར་འགྱུར་བས་རྒྱུའི་རང་བཞིན་གྱི་ཁྱད་པར་རྣམས་ཇི་ལྟར་ཡུལ་དང་དབང་པོ་དང་ཡིད་ལ་བྱེད་པའི་སྟོབས་ལས་བྱུང་བའི་རྣམ་པར་ཤེས་པ་ཡང་ཡུལ་ལས་དེ་མི་འབྱུང་ཞིང་། དབང་པོ་ལས་ཀྱང་མ་ཡིན་ལ། ཡིད་ལ་བྱེད་པ་ལས་ཀྱང་མ་ཡིན་ཏེ། དབང་པོ་ལས་ཡུལ་ལ་འཛིན་པ་སོ་སོར་ངེས་པར་འགྱུར་གྱི་གཞན་ལས་ནི་མ་ཡིན་ནོ། །དེ་བཞིན་དུ་ཡིད་ལ་བྱེད་པ་དེ་ཉིད་ལས་ཁོང་དུ་ཆུད་པར་འགྱུར་གྱི། ཚུལ་གཞན་ལས་ནི་མ་ཡིན་ནོ། །རྒྱུ་དང་བྱ་བ་དང་ཡུལ་སྣ་ཚོགས་ཉིད་ཀྱང་འབྲས་བུའི་རང་བཞིན་གྱི་དབྱེ་བའི་རྣམ་པར་དབྱེ་བ་མེད་པའི་ ཚུལ་ཉིད་ལས་དམིགས་པར་མི་འགྱུར་རོ། །དེ་ནི་འདིར་ཐུབ་རྒྱལ་གྱི་གཞུང་ལ་བརྟེན་པ་དང་འདྲ་བར་ཁས་ལན་པ་སྟེ། ཇི་ལྟར་དངོས་པོ་འགའ་ཞིག་གི་འབྲས་བུའི་ཁྱད་པར་དག་ཀྱང་དེ་དང་ཐ་མི་དད་པ་ཉིད་སྣ་ཚོགས་པར་མི་འགྱུར་ཏེ། སྣ་ཚོགས་པ་དང་གཅིག་པ་ཉིད་ནི་ཕན་ཚུན་འགལ་བ་ཉིད་ ཡིན་ནོ། །ཡུལ་རྣམས་སུ་སྣང་བ་ལ་སོགས་པ་ཡང་རྣམ་པར་ཤེས་པ་དང་ཐ་མི་དད་པ་ཅན་དུ་ཡུལ་ཇི་ལྟ་བ་རྣམས་ཀྱིས་བྱེད་དོ། །དེ་བཞིན་དུ་དེ་དང་ཐ་མི་དད་པའི་ཁོང་དུ་ཆུད་པའི་ཚུལ་ལ་སོགས་པ་དང་། ཡིད་ལ་བྱེད་པ་ལ་སོགས་པ་རྣམས་ཀྱིས་ཀྱང་སྣ་ཚོགས་པ་ཉིད་ལས་ལྡོག་པར་འགྱུར་ལ། དེ་བས་ན་ཉེས་པ་འདིར་མི་འགྱུར་བར་ཁྱད་པར་གྱི་འབྲས་བུ་ལས་ཐ་དད་པ་ཉིད་དུ་འདོད་དོ། །དེ་ལྟ་ན་ཡང་རྒྱུ་དང་བྱ་བ་ལས་དེ་རྣམས་ཉིད་དང་ཉེ་བར་ལྡན་པས་ན་འབྲས་བུ་དེ་རྒྱུ་མེད་པར་སྣང་བར་འགྱུར་རོ། །བྱ་བ་ཐ་དད་ཉིད་མིན་ཡང་། །བྱེ་བྲག་དག་ནི་གཉིས་སུ་འདོད། །དབྱེ་བ་གཞན་ཡིན་དེ་ཡི་ཕྱིར། །ཁྱོད་ ཀྱི་དབང་ཕྱུག་གིས་སྤྲུལ་གང་། །ཤེས་པའི་ཚུལ་ལས་གཞན་མིན་པས། །དེ་ཡི་གཟུགས་ལས་བྱུང་མ་ཡིན། །དེ་དང་འདྲ་བ་གཞན་མིན་པས། །གཟུགས་ཀྱང་འདིར་ནི་བྱུང་བ་མིན། །གང་གིས་འབྱུང་དང་མི་འབྱུང་བ། །དེ་བཞིན་སྐྱེ་བོ་སྐྱེད་པོ་མིན། །གཅིག་ཏུ་གྱུར་པ་འགལ་མེད་པ། །ཅིག་ཅར་དུ་ ནི་དེ་ཉིད་སྨོས། །གལ་ཏེ་འདི་དག་གཞན་མ་ཡིན། །རྣམ་པར་དབྱེ་བ་གང་གིས་བྱས། །སྨྲས་པའི་ཉེས་པར་ཐལ་འགྱུར་བས། །གླང་པོའི་ཁྲུས་དང་འདྲ་བར་འགྱུར། །གལ་ཏེ་རྒྱུའི་དངོས་པོ་གཅིག་འབྲས་བུ་གཅིག་བསྐྱེད་པར་འདོད་ན། དེ་ལྟ་ན་ནི་འོན་པ་དང་ལོང་བ་ལ་སོགས་པར་ཐལ་བར་ 63-1-128b འགྱུར། མིག་ལ་སོགས་པ་དང་ལྷན་ཅིག་འབྱུང་བའི་སྐད་ཅིག་ཕྱི་མས་བསྐྱེད་པའི་རྣམ་པར་ཤེས་པ་མི་འབྱུང་ངོ་། །རྣམ་པར་ཤེས་པས་བསྐྱེད་པ་ཉིད་ཡིན་ན་ནི་རང་གི་ཆ་སྐད་ཅིག་མ་ཕྱི་མ་དང་མ་ཕྲད་པས་སྐད་ཅིག་མ་གཉིས་པ་ལ་མིག་ལ་སོགས་པ་མེད་པའི་ཕྱིར་ལོང་བ་ལ་སོགས་པ་དེ་ཉིད་དུ་ཐལ་བ་ནི་བཟློག་ པར་དཀའོ། །དེ་བས་ན་བྱ་བ་དང་བྱེད་པ་པོ་དང་དབང་ཕྱུག་ལ་སོགས་པ་དུ་མའམ་རྒྱུ་གཅིག་པུར་སྨྲ་བའི་ཚད་མ་ཐམས་ཅད་ཀྱང་བཅོམ་པ་ཡིན་ནོ། །ཚོགས་པ་ལས་ནི་འབྲས་བུ་རྣམས་རིམ་གྱིས་འབྱུང་བར་སྟོན་པས་འབྲས་བུ་ཡང་གལ་ཏེ་རྒྱུ་འཇིག་པ་ལས་བྱུང་ན་ནི་དེ་ནི་འདིར་རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་ ཏེ། ནམ་མཁའི་པདྨར་རྟོག་པ་རྒྱུ་ཉིད་དུ་འགྱུར་བ་མི་སྲིད་པའི་ཕྱིར་རོ། །གཞན་དུ་མ་ཞིག་པ་ལས་སྐྱེ་བར་འགྱུར་རོ་ཞེ་ན། དེ་ལྟ་ན་ཡང་རྒྱུ་དང་འབྲས་བུ་དུས་གཅིག་པ་ཉིད་དུ་འགྱུར་ཏེ། དེ་ཡང་བ་ལང་གི་རྭ་གཡས་གཡོན་རྒྱུ་དང་འབྲས་བུར་འདོད་པ་ནི་མི་རིགས་ཏེ། སྔོན་མེད་པའི་ནུས་པ་དང་ནུས་པ་ མེད་པའི་འབྲས་བུ་འབྱུང་བ་དང་། རྒྱུ་དང་འབྲས་བུ་ལྷན་ཅིག་འབྱུང་ནི་འགལ་བར་གསལ་བ་ཡིན་པའི་ཕྱིར་རོ། །ཡང་ན་སྐྱེས་པའི་འོག་ཏུ་འབྲས་བུ་དང་དུས་མཉམ་པ་ཉིད་དུ་འདོད་དོ་ཞེ་ན། ལྷན་ཅིག་པ་ཉིད་འགལ་བར་བརྗོད་དོ། །དེ་ལྟ་ན་ཡང་སྐྱེ་བའི་འོག་ཏུ་ཚོགས་པར་འགྱུར་བ་དང་འགལ་བར་ འགྱུར་ཏེ། ཤིན་ཏུ་འབྲས་བུ་བསྐྱེད་པར་བྱུང་བ་མི་རིགས་སོ། །ཡང་ན་རྒྱུ་འཇིག་པའི་དུས་སུ་འབྲས་བུ་འབྱུང་བ་འདི་ལ་ཉེས་པ་མེད་དོ་ཞེ་ན། ཏིང་ངེ་འཛིན་དུ་བརྟགས་པ་ཙམ་དུ་གནས་པར་ཟད་དོ། །དེ་ལྟ་ན་ཡང་བརྗོད་པར་བྱ་སྟེ། འདི་རྒྱུ་གང་ཞིག་འཇིག་པར་འགྱུར། ཅི་རྒྱུའི་རང་བཞིན་ཉིད་དམ། ཡང་ན་དངོས་པོ་རྣམས་སྐད་ཅིག་མར་གནས་པའི་ཆོས་ཅན་རྣམ་པར་འཇིག་གམ། ཡང་ན་རྒྱུ་འགགས་ནས་སམ། གལ་ཏེ་རྒྱུའི་རང་བཞིན་ཉིད་ཡིན་ན་ནི་དེ་ཉིད་རྒྱུ་དང་འབྲས་བུ་ལྷན་ཅིག་པར་ཐལ་བར་འགྱུར་རོ། །ཡང་ན་རྒྱུ་ཞིག་ན་དེ་ཡང་གང་ལས་འབྲས་བུ་དང་དུས་མཉམ་པར་འགྱུར། དངོས་པོ་མེད་ པ་ནི་ནམ་ཡང་འགའ་ཞིག་ཏུ་སྐྱེ་བར་འགྱུར་བ་མེད་དེ། ནམ་ཡང་འགའ་ཞིག་ཏུ་འབྱུང་ན་ནི་རྒྱུ་དང་བཅས་པ་ཉིད་དེ། རྣམ་པར་ཤེས་པ་དངོས་པོར་འགྱུར་བ་བཞིན་ནོ། །ཡང་སྨྲས་པ། རྒྱུ་ཞིག་པ་ལས་ཀྱང་འབྲས་བུ་འབྱུང་བར་མི་རིགས་ལ། མ་ཞིག་པ་ལས་ཀྱང་མི་རིགས་ཏེ། དངོས་ 63-1-129a པོ་སྐྱེ་བ་རྣམས་ནི་རྨི་ལམ་དང་འདྲ་བར་འདོད་དོ། །མ་ཞིག་པ་ལས་འབྲས་བུ་སྐྱེ་ན་ནི་དེའི་ཚེ་འབྲས་བུ་ཅི་ཡང་མེད་དོ། །ཡང་ན་ཞིག་པས་འབྲས་བུ་སྐྱེ་ན་ནི་དེའི་ཚེ་འབྲས་བུ་གང་ཞིག་ལས་འབྱུང་། དེ་བས་ན་དངོས་པོ་སྐྱེས་པ་རྣམས་ལ་ཇི་ལྟ་ཇི་ལྟར་རྣམ་པར་བརྟགས་པ་དེ་ལྟ་དེ་ལྟར་ རིགས་པ་བརྟག་མི་བཟོད་དོ། །དེ་བས་ན་ཚད་མ་དང་འགལ་བར་མ་གྱུར་པར་བྱའོ། །དེ་ལྟ་མོད་ཀྱི་དེའི་ངེས་པའི་ཐབས་གང་ཞིག་ཡོད་དེ། གང་གི་ཕྱིར་མངོན་སུམ་དང་རྗེས་སུ་དཔག་པས་བསྒྲུབས་ནས་རྒྱུ་དང་འབྲས་བུའི་དངོས་པོར་བརྗོད་པར་བྱའོ་ཞེ་ན། མངོན་སུམ་དང་རྗེས་སུ་དཔག་པ་ཡང་རྣམ་ པ་དང་བཅས་པ་དང་། རྣམ་པ་མེད་པ་དག་བསྡུས་པ་ཉིད་དུ་འཛིན་པར་བྱེད་པ་ནི་མི་རིགས་ཏེ། ཡུལ་དུ་བྱས་པའི་སྣང་བ་དང་བྲལ་ན་དོན་དུ་འཛིན་པའི་དངོས་པོ་མེད་པས་འདིས་འདི་ཤེས་སོ་ཞེས་གཞག་པ་མི་རིགས་སོ། །རྣམ་པའི་དོན་ནི་མེད་པ་ལས་ཡང་རྨི་ལམ་ལ་སོགས་པའི་རྐྱེན་རྣམས་ལ་དངོས་པོར་ གྱུར་པས་ཁྱབ་པ་མེད་དེ། ནམ་མཁའ་ལ་བྲིས་པའི་རི་མོ་དང་གཅིག་པ་ཉིད་དུ་གྱུར་པ་སྟེ། རྣམ་པར་ཤེས་པ་མེད་པར་མཚུངས་པ་ཉིད་པས་མི་རིགས་སོ། །ཡང་སྨྲས་པ། རྣམ་པ་མེད་པ་ཡང་མི་རིགས་ཏེ། ཤེས་པའི་ཡུལ་འཛིན་པ་ནི་རྣམ་པའི་ཚད་མེད་པས་ཅིག་ཤོས་ཀྱང་རིགས་པ་མ་ཡིན་ནོ། །དེ་ ལྟར་ན་ཤེས་པས་མངོན་སུམ་དང་རྗེས་སུ་དཔག་པ་ཉིད་དུ་རྒྱུ་དང་འབྲས་བུ་ཉིད་དུ་གྲུབ་པར་ཐབས་གཞན་རྣམ་པར་དཔྱད་པ་ཡང་དེ་ལྟ་མ་ཡིན་ནོ། །དེས་ན་ཐམས་ཅད་མཁྱེན་པས་རྒྱུ་དང་འབྲས་བུ་གསལ་བར་གསུངས་ཤིང་གཞན་གྱི་དབང་གིས་སྐད་ཅིག་མ་མ་གཏོགས་པར་ཅུང་ཟད་ཀྱང་ཤེས་པར་མི་ནུས་སོ། །དེ་ལྟར་ ཤིན་ཏུ་མཁས་པའི་ཚད་མར་སྨྲ་བས་སྐྱེ་བ་རྣམས་སྐྱེ་བ་མེད་པ་ཉིད་དུ་བྱས་ཤིང་རྙོག་པའི་ཉེས་པ་ཐམས་ཅད་དང་བྲལ་བ་ཉིད་ནི་དེ་བཞིན་གཤེགས་པ་ཡིན་ནོ། །དེ་ཅིའི་ཕྱིར་འདི་སྐད་དུ། དེ་བཞིན་གཤེགས་པ་རྟག་ཏུ་སྐྱེ་མེད་ཆོས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་ མར་འཛིན་པ་རྣམས། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་གསུངས་པ་ཡིན་ནོ། །དེ་ལྟར་མི་སྐྱེ་བའི་ཆོས་ཅན་གྱི་ཚིགས་སུ་བཅད་པ་ཐུགས་ལ་ཉེ་བར་གཞག་པ་འདི་གསུངས་སོ་ཞེས་བྱ་བར་སྦྱར་རོ། །ཤེས་རབ་ཀྱི་འཁོར་ལོ་བསྒོམ་པ་ལ་གོམས་པ་ལས་ཤེས་རབ་ཕུལ་དུ་བྱུང་བར་འགྱུར་ 63-1-129b བ་སོ་སོའི་སྐྱེ་བོ་རྣམས་ལའང་སྐྱེ་བར་འགྱུར་ཞིང་། དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་རྣམས་མངོན་པར་རྟོགས་ཤིང་དྲི་མ་མེད་པའི་ཤེས་བྱའི་དཀྱིལ་འཁོར་མ་ལུས་པར་ཁོང་དུ་ཆུད་པ་ལས་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་སུམ་དུ་བྱེད་པར་སྐྱེ་བར་འགྱུར་བའི་ཤེས་རབ་ཀྱི་འཁོར་ལོ་བསྒོམ་པའི་ རིམ་པ་ཉེ་བར་བསྟན་པར་བྱ་བའི་ཕྱིར། ཨ་ཨཱ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་གསུངས་པ་ཡིན་ནོ། །དྲིས་པ་ཚིགས་སུ་བཅད་པ་དག་གསུངས་སོ་ཞེས་བྱ་བར་རིགས་ན། ཚིགས་སུ་བཅད་པ་ཞེས་ཚིག་གཅིག་པར་ཅིའི་ཕྱིར་སྨོས་ཤེ་ན། སྨྲས་པ། སྔགས་ཉེ་བར་མཚོན་པ་ནི་གཙོ་ བོར་འགྱུར་བ་ཡིན་ལ། དབྱངས་ཀྱི་ཡི་གེ་ཉེ་བར་མཚོན་པ་ཡང་དེ་ཉིད་ཡན་ལག་ཏུ་འགྱུར་བ་ཡིན་ཏེ། གཙོ་བོར་གཟུང་བ་ཉིད་ཀྱིས་ཡོན་ཏན་དུ་གྱུར་པ་གཟུང་བ་བར་དུ་ཆོད་པ་མ་ཡིན་པས་ཚིག་གཅིག་པར་གསུངས་པ་ལ་འགལ་བ་མེད་དོ། །གཞན་ཡང་ཅིའི་ཕྱིར་དབྱངས་ཀྱི་ཡི་གེ་བཅུ་གཉིས་ཁོ་ན་གསུངས་ཤེ་ན། ས་དང་ཕ་རོལ་ཏུ་ཕྱིན་པའི་ངེས་པ་བསྟན་པའི་ཕྱིར་ཏེ། སྔགས་ཀྱི་ཚུལ་ཆེན་པོ་ལས་བཅུ་གཉིས་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་གཉིས་སུ་ངེས་པར་གསུངས་ཏེ། ཡི་གེ་ཨ་ནི་སྐྱེ་བ་མེད་པའི་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་དེ་མོས་པ་སྤྱོད་པའི་ས་རབ་ཏུ་སྟོན་པར་བྱེད་པ་ལ་བྱང་ཆུབ་ཀྱི་སེམས་རྣམ་ པར་དག་པ་རབ་ཏུ་སྟོན་པས་རིན་ཆེན་པདྨའི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་ཡང་ཡིན་ནོ། །ཡི་གེ་ཨ་ནི་རབ་ཏུ་དགའ་བའི་ས་སྟོན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་ཡིན་ཏེ། བྱང་ཆུབ་སྤྱོད་དང་སངས་རྒྱས་ཉིད། །མྱ་ངན་འདས་དང་འདས་མ་ཡིན། །ཞེས་གསུངས་པས་རང་དགར་བརྟགས་པ་ནི་མ་ཡིན་ པས་ཨ་ནི་བྱང་ཆུབ་ཀྱི་སེམས་སོ། །ཨཱ་ནི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་རྣམས་སོ། །བྱང་ཆུབ་སེམས་དཔའི་ས་དྲི་མ་མེད་པ་ལ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ལྷག་པར་སྤྱོད་པ་ཡིན་པས་ན་ཨི་སྟེ། རྟོག་པ་ངན་པ་དང་བྲལ་བའི་ཕྱིར་རོ། །འོད་བྱེད་པའི་ས་ལ་བཟོད་པའི་ཕ་ རོལ་ཏུ་ཕྱིན་པ་ལྷག་པར་སྤྱོད་པ་ཡིན་ཏེ། སྡུག་བསྔལ་གྱི་གནས་དང་གཞན་གྱིས་གནོད་པ་བྱས་པ་ལས་བྱུང་ལ་ཆོས་ལ་དམིགས་པའི་བཟོད་པ་དང་ལྡན་པར་འགྱུར་བས་ཨཱི་སྟེ། འདི་ནི་ཡན་ལག་དང་ཉིང་ལག་བཅད་པར་གྱུར་ཀྱང་འཁྲུག་པ་མེད་པར་བསྟན་པའི་ཕྱིར་རོ། །འོད་འཕྲོ་བ་ལ་ནི་བརྩོན་འགྲུས་ 63-1-130a ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ལྷག་པར་སྤྱོད་པ་ཡིན་ཏེ། ལུས་དང་ངག་དང་ཡིད་ཀྱི་བརྩོན་འགྲུས་དང་ལྡན་པས་ཨུ་སྟེ། དགེ་བའི་ལས་རྣམས་ལ་ཀུན་དུ་སྤྲོ་བའི་བརྩོན་འགྲུས་དང་ལྡན་པར་བསྟན་པའི་ཕྱིར་རོ། །སྦྱང་དཀའ་བ་ལ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ལྷག་པར་སྤྱོད་ པ་ཡིན་པས་ཨཱུ་སྟེ། མ་ཚང་བ་དང་ལྷག་ཆད་མེད་པས་ཤིན་ཏུ་ལྷག་པར་གྱུར་པར་བསྟན་པའི་ཕྱིར་རོ། །མངོན་དུ་གྱུར་པ་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ལྷག་པར་སྤྱོད་པ་ཡིན་པས་ཨེ་སྟེ། འདི་ལྟ་བུའི་ངོ་བོ་ཉིད་དེ་གཟོད་མ་ནས་ཞི་བའོ་ཞེས་རྟོགས་པར་འགྱུར་བར་བསྟན་པའི་ཕྱིར་རོ། །རིང་དུ་སོང་བ་ལ་ ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་པས་ཨཻ་སྟེ། རྩོལ་བ་རྣམས་ལས་གཅིག་ཏུ་རྩོལ་བ་མེད་པར་རྣམ་པར་མི་རྟོག་པ་ལ་འཇུག་པར་འགྱུར་བར་བསྟན་པའི་ཕྱིར་རོ། །མི་གཡོ་བ་ལ་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ལྷག་པར་སྤྱོད་པ་ཡིན་པས་ཨོ་སྟེ། རྣམ་པར་རྟོག་པའི་ཆུ་བོ་ལས་བརྒལ་བ་ཉིད་དུ་གྱུར་པར་ བསྟན་པའི་ཕྱིར་རོ། །ལེགས་པའི་བློ་གྲོས་ལ་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ལྷག་པར་སྤྱོད་པ་ཡིན་པས་ཨཽ་སྟེ། དཔེ་ལས་ཤིན་ཏུ་འདས་པའི་ཆོས་ཆེན་པོའི་མཛོད་འཛིན་པར་གྱུར་པ་ཉིད་བསྟན་པའི་ཕྱིར་རོ། །ཆོས་ཀྱི་སྤྲིན་ལ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་སྤྱོད་པ་ཡིན་པས་ཨཾ་སྟེ། བྱང་ཆུབ་སེམས་ དཔའི་སའི་མཐར་གྱུར་པ་ཉིད་ཀྱིས་མངོན་པར་བྱང་ཆུབ་པར་འགྱུར་བ་བསྟན་པའི་ཕྱིར་རོ། །སངས་རྒྱས་ཀྱི་ས་ཀུན་དུ་འོད་ལ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཡེ་ཤེས་ཀྱི་སྣང་བ་མི་གཡོ་ཞིང་མི་འཇིགས་པ་རྡོ་རྗེའི་ལས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། གཉིས་སུ་མེད་པའི་དེ་བཞིན་ཉིད་ཀྱི་བདག་ཉིད་ཅན་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ དུ་བསྟན་པའི་ཕྱིར་ཡི་གེ་ཨཿའོ། །དེ་ལྟར་ས་བཅུ་གཉིས་དང་ཕ་རོལ་ཏུ་ཕྱིན་པ་བཅུ་གཉིས་སྟོན་པའི་ཡི་གེ་བཅུ་གཉིས་ནི་འཁོར་ལོའི་ཕྱིའི་མུ་ཁྱུད་ལ་བལྟ་བར་བྱའོ། །བཛྲ་ཏཱིཀྵྞ་ཞེས་བྱ་བ་ལ་སོགས་པའི་སྔགས་དྲུག་ནི་ཤར་ཕྱོགས་ལ་སོགས་པའི་རྩིབས་དྲུག་ལ་དགོད་པར་བྱའོ། །མུ་ཁྱུད་ཀྱི་ནང་གི་ལྟེ་བ་ལ་ནི་ཨོཾ་མུ་ ཨོཾ་ཞེས་བྱའོ། །ཐམས་ཅད་ཀྱི་ཕྱི་རོལ་དུ་ཀ་ལ་སོགས་པ་ནས་ཀྵའི་བར་དུ་བྲི་བར་བྱ་སྟེ། ཐམས་ཅད་ཀྱང་ཁ་དོག་དཀར་པོ་སྙིང་གའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ལུས་ཐམས་ཅད་སྣང་བར་བྱེད་པར་བསམ་པར་བྱ་སྟེ། དེ་ལྟ་བུ་ནི་རེ་ཞིག་རྩིབས་དྲུག་པའི་འཁོར་ལོ་གཅིག་ཡིན་ནོ། །འཁོར་ལོ་རྩིབས་བཅུ་ 63-1-130b གཉིས་པའི་དབུས་སུ་ནི་ཡི་གེ་ཨོཾ། མདུན་དུ་ཡི་གེ་ཧཱུྃ། རྒྱབ་ཏུ་ཡི་གེ་ཧྲཱིཿ། གཡས་སུ་ཨ། གཡོན་དུ་ཨཱཿ། ཤར་གྱི་རྩིབས་ལ། ཨོཾ་བཛྲ་ཏཱིཀྵྞ་ཡ་ནཱ་མ། བསྐོར་ཕྱོགས་སུ་བྱ་སྟེ། ཨོཾ་དུཿཁཙྪེ་དཱ་ཡ་ནཱ་མ་། གཉིས་པ་ལ་ཨོཾ་པྲཛྙཱ་ཛྙཱ་ནཱ་ཡ་ནཱ་མ། གསུམ་པ་ལ་ཨོཾ་ཛྙཱ་ན་ཀཱ་ཡཱ་ཡ་ནཱ་མ། བཞི་ པ་ལ་ཨོཾ་བཱ་གཱི་ཤྭ་རཱ་ཡ་ནཱ་མ། ལྔ་པ་ལ་ཨོཾ་ཨ་ར་པ་ཙ་ནཱ་ཡ་ནཱ་མ། དྲུག་པ་ལ་ཨོཾ་བ་ར་ད་བཛྲ་ཨ་གྲྭ་ཡ་ནཱ་མ། བདུན་པ་ལ་ཨོཾ་ཤཱུ་ནྱ་ཏཱ་གརྦྷཱ་ཡ་ནཱ་མ། བརྒྱད་པ་ལ་ཨོཾ་ག་ག་ནོཏྠ་བཱ་ཡ་ནཱ་མ། དགུ་པ་ལ་ཨོཾ་ཛྙཱ་ན་སཾ་བྷཱུ་བཱ་ཡ་ནཱ་མ། བཅུ་པ་ལ་ཨོཾ་བུདྡྷ་སཾ་བྷ་བཱ་ཡ་ནཱ་མ། བཅུ་གཅིག་པ་ལ་ཨོཾ་དྷརྨ་དྷཱ་ཏུ་ བཱ་གཱི་ཤྭ་ར་ཡ་ནཱ་མ། ཕྱི་རོལ་གྱི་མུ་ཁྱུད་ལ་ནི་དབྱངས་ཀྱི་ཡི་གེ་བཅུ་གཉིས་སོ། །དེ་ལས་ཀྱང་ཕྱི་རོལ་དུ་ནི་ཀ་ནས་ཀྵའི་མཐར་ཐུག་པ་སྟེ། དེ་བཞིན་གཤེགས་པ་ལྔའི་སྙིང་པོ་ཅན་ས་བཅུ་གཉིས་དང་། ཕ་རོལ་དུ་ཕྱིན་པ་བཅུ་གཉིས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ཏེ། སངས་རྒྱས་ ཐམས་ཅད་ཀྱི་ཡོན་ཏན་བསགས་པ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་དཀྱིལ་འཁོར་སྙིང་གའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྣམ་པར་བསམས་ལ། དེའི་སྟེང་དུ་དགོད་པའི་ཡི་གེའི་ཚོགས་རྣམས་ལས་འོད་ཟེར་སྔོན་པོ་དང་དམར་པོ་ལ་སོགས་པ་འབྱུང་བས་རང་གི་ལུས་སྣང་བར་བྱས་ཏེ། ཕྱི་ རོལ་དུ་བྱུང་བས་མཐའ་ཡས་པའི་ནམ་མཁའི་ཁོངས་ན་གནས་པའི་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་མ་ལུས་པ་རྣམས་རབ་ཏུ་སྣང་བར་བྱས་ལ་བལྟས་ལ། ཤེས་བྱའི་དཀྱིལ་འཁོར་མ་ལུས་པ་མེ་ལོང་ལྟ་བུར་ཤིན་ཏུ་འོད་གསལ་བར་བདག་ཉིད་བསྒོམས་ན་མྱུར་བ་ཉིད་དུ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་ འགྱུར་རོ། །དེ་ལྟར་སྙིང་གར་གནས་པའི་ཡེ་ཤེས་ཀྱི་གཟུགས་ནི་བདག་ཉིད་སངས་རྒྱས་ཏེ། དུས་གསུམ་དུ་བཞུགས་པའི་སངས་རྒྱས་རྣམས་ཡེ་ཤེས་ཀྱི་སྣང་བའི་ངོ་བོ་ཉིད་ཀྱི་ཆོས་ཐམས་ཅད་ཁོང་དུ་ཆུད་པས་རང་གི་སྙིང་གར་གནས་སོ་ཞེས་བྱ་བའི་དོན་ཏོ། །འཁོར་ལོ་རྩིབས་བརྒྱད་པའི་དབུས་ སུ་ཡི་གེ་ཨོཾ། ཤར་ལ་སོགས་པའི་ཕྱོགས་རྣམས་སུ་ནི་བཛྲ་ཏཱིཀྵྞ། མེ་ལ་སོགས་པའི་མཚམས་རྣམས་སུ་ནི་བཱ་གཱི་ཤྭ་ར། ཕྱིའི་མུ་ཁྱུད་ལ་ཡི་གེ་དགོད་པ་ནི་ཐམས་ཅད་དུ་འདྲ་བ་ཡིན་ནོ། །འཁོར་ལོ་གཉིས་པའི་དབུས་སུ་ཡི་གེ་ཁཾ། ཤར་ལ་སོགས་པའི་ཕྱོགས་རྣམས་སུ་ནི་དུཿཁཙྪེ་ད། མེ་ལ་ 63-1-131a སོགས་པའི་མཚམས་རྣམས་སུ་མ་ཧཱ་ཝཱ་ཙ། འཁོར་ལོ་གསུམ་པའི་དབུས་སུ་ནི་དྷཱིཿ། ཤར་ལ་སོགས་པའི་ཕྱོགས་རྣམས་སུ་པྲཛྙཱ་ཛྙཱ་ན། མེ་ལ་སོགས་པའི་མཚམས་རྣམས་སུ་ཨ་ནནྟ་གཱིའོ། །བཞི་པའི་དབུས་སུ་ཨོཾ། ཤར་ལ་སོགས་པའི་ཕྱོགས་རྣམས་ སུ་ཛྙཱ་ན་ཀཱ་ཡ། མཚམས་རྣམས་སུ་མ་ཧཱ་བཱ་དྷཱི། ལྔ་པའི་དབུས་སུ་ཨཿ། ཕྱོགས་རྣམས་སུ་བཱ་གཱི་ཤྭ་རའོ། །མཚམས་རྣམས་སུ་མ་དྷཱི་སིཾ་ཧའོ། །དྲུག་པའི་དབུས་སུ་ནི་ཡི་གེ་ཨ། ཕྱོགས་རྣམས་སུ་ར་པ་ཙ་ན། མཚམས་སུ་བཛྲ་པཱ་ཎི་སྟེ། འཁོར་ལོ་དྲུག་པོ་དེ་དག་ཏུ་ཡི་གེའི་ ཁྱད་པར་གང་དག་ཡོད་པ་དེ་དག་ཐམས་ཅད་དུ་ནི་ཁ་དོག་དཀར་པོ་སྟེ། ཤེས་རབ་ལྷག་པར་བསྐྱེད་པར་ཁོང་དུ་ཆུད་པར་བྱའོ། །གཞན་ཡང་མན་ངག་ལས་བརྒྱུད་པའི་འཁོར་ལོ་མང་དུ་ཡོད་མོད་ཀྱི། དེ་དག་ནི་གཞུང་མངས་སུ་དོགས་པས་མ་བྲིས་སོ། །ད་ནི་མཚན་གྱི་ངོ་བོ་བཤད་པར་བྱ་བའི་ཕྱིར་ གླིང་སློང་བར་མཛད་དེ་གསུངས་པ་ནི་འདི་ལྟར་ཞེས་བྱ་བ་སྟེ། འདི་ལྟར་ཞེས་བྱ་བའི་སྒྲ་ནི་བསྡུས་པ་ཉིད་ཀྱིས་དཔེ་རབ་ཏུ་བསྟན་པའི་ཕྱིར་ཏེ། དོན་འདི་ནི་འདི་ཡིན་ནོ་ཞེས་པའོ། །ཡང་སྔར་སྨྲས་པའི་གསོལ་བ་བཏབ་པས་མཚོན་པ་དེ་ཇི་ལྟར་གནས་པ་བཞིན་དུ་བཤད་དོ་ཞེས་པའི་ཁྱད་པར་རོ། །སངས་རྒྱས་ ཞེས་བྱ་བ་ནི་ཕུལ་དུ་བྱུང་བའི་ཐུགས་ཀྱིས་སངས་རྒྱས་པ་མངའ་བའི་ཕྱིར་སངས་རྒྱས་སོ། །ཡང་སངས་རྒྱས་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། ལྷ་དང་། ཀླུ་ལ་སོགས་པ་ཐམས་ཅད་མཁྱེན་པ་ཉེས་ པ་ཐམས་ཅད་དང་བྲལ་བ་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སོ་ཞེས་ཁོང་དུ་ཆུད་ཅིང་ཤེས་པས་ན་ལས་ཀྱི་མཐར་ཐུག་པ་སྟེ། དེ་ལྟ་ན་ཡང་ཉེས་པ་མེད་དོ། །སངས་རྒྱས་དེ་ཡང་རྣམ་པ་བཅུ་སྟེ། གང་ཞེ་ན། རྒྱུ་མཐུན་པའི་སངས་རྒྱས་དང་། རྣམ་པར་སྨིན་པ་ལས་བྱུང་བའི་སངས་རྒྱས་དང་། ཏིང་ ངེ་འཛིན་གྱི་སངས་རྒྱས་དང་། སྨོན་ལམ་གྱི་སངས་རྒྱས་དང་། སེམས་ཀྱི་སངས་རྒྱས་དང་། ངོ་བོ་ཉིད་ཀྱི་སངས་རྒྱས་དང་། ལོངས་སྤྱོད་རྫོགས་པའི་སངས་རྒྱས་དང་། སྤྲུལ་པའི་སངས་རྒྱས་དང་། བཏགས་པའི་སངས་རྒྱས་དང་། མདུན་དུ་གཞག་པའི་སངས་རྒྱས་སོ། །དེ་ལ་ 63-1-131b རྒྱུ་མཐུན་པའི་སངས་རྒྱས་གང་ཞེ་ན། གང་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རྒྱུ་མཐུན་པ་དང་། ཕ་རོལ་ཏུ་ཕྱིན་པའི་ཆོས་སྒྲུབ་པར་བྱེད་པ་ཡིན་ཏེ། དེ་གཉིས་གང་གྲུབ་པ་དེ་ནི་བསྒྲུབས་པའི་སངས་རྒྱས་ཏེ། དེའི་ཕྱིར་རྒྱུ་མཐུན་པའི་སངས་རྒྱས་ཞེས་བྱའོ། །དེ་ལ་རྣམ་པར་སྨིན་པ་ལས་བྱུང་བའི་ སངས་རྒྱས་གང་ཞེ་ན། རྒྱུ་མཐུན་པ་གང་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རྣམ་པར་སྨིན་པ་ཡིན་ཏེ། རྣམ་པར་སྨིན་པ་དེ་ལས་གང་རྣམ་པར་སྨིན་པའི་སངས་རྒྱས་ཀྱི་གཟུགས་སུ་འབྱུང་བའོ། །དེ་ཡང་སངས་རྒྱས་ཀྱི་བྱིན་གྱི་རླབས་དང་། ཆོས་ཀྱི་བྱིན་གྱི་རླབས་ཀྱི་ཕྱིར་འབྱུང་སྟེ། འདི་ནི་རྣམ་པར་སྨིན་པ་ལས་ བྱུང་བའི་སངས་རྒྱས་ཞེས་བྱའོ། །དེ་ལ་ཏིང་ངེ་འཛིན་གྱི་སངས་རྒྱས་གང་ཞེ་ན། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གང་ལ་སྙོམས་པར་འཇུག་ཅིང་། ཏིང་ངེ་འཛིན་གང་ལ་སྙོམས་པར་ཞུགས་ནས་ལྷུན་གྱིས་གྲུབ་ཅིང་རྩོལ་བ་མི་མངའ་བར་སངས་རྒྱས་བརྒྱ་སྟོང་འབྱུང་སྟེ། ཏིང་ངེ་འཛིན་གྱི་བྱིན་གྱི་རླབས་ དེས་ཏིང་ངེ་འཛིན་ལས་བྱུང་བས་ན་ཏིང་ངེ་འཛིན་གྱི་སངས་རྒྱས་ཞེས་བྱ་སྟེ། འདི་ནི་ཏིང་ངེ་འཛིན་གྱི་སངས་རྒྱས་ཞེས་བྱའོ། །དེ་ལ་སྨོན་ལམ་གྱི་སངས་རྒྱས་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་ཅན་གང་དང་གང་གཟུགས་དང་། ཁ་དོག་དང་སྤྱོད་ལམ་ཇི་ལྟ་ཇི་ལྟ་བུར་གང་དང་གང་གིས་འདུལ་བར་འགྱུར་བ་དེ་ དང་དེ་ལ་དེ་ལྟ་བུའི་གཟུགས་དང་ཁ་དོག་དང་སྤྱོད་ལམ་གྱིས་འདུལ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ན་དེ་སངས་རྒྱས་ཀྱིས་འདུལ་བ་རྣམས་ནི་སངས་རྒྱས་ཀྱི་གཟུགས་ཀྱིས་འདུལ་ཏེ། སྨོན་ལམ་དེ་ལས་བྱུང་བས་སྨོན་ལམ་གྱི་སངས་རྒྱས་ཞེས་བྱ་སྟེ། འདི་ནི་སྨོན་ལམ་གྱི་སངས་རྒྱས་ཞེས་བྱའོ། །དེ་ལ་སེམས་ ཀྱི་སངས་རྒྱས་གང་ཞེ་ན། གང་བྱང་ཆུབ་སེམས་དཔའ་སེམས་ལ་དབང་རབ་ཏུ་ཐོབ་ནས་དེ་སེམས་ལ་དབང་བ་དེས་གང་དང་གང་བསམས་པ་དེ་བཞིན་དུ་འགྱུར་ཏེ། དེ་སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་རྣམས་མཐོང་ནས་བདག་སངས་རྒྱས་ཀྱི་གཟུགས་སུ་གྱུར་ཅིག་ཅེས་མོས་པར་བྱེད་དེ། སེམས་ལས་བྱུང་བས་ ན་སེམས་ཀྱི་སངས་རྒྱས་ཡིན་ཏེ། འདུལ་བ་དེ་དག་ཀྱང་རང་གི་སེམས་ཡོངས་སུ་དག་པས་སངས་རྒྱས་མཐོང་ཞིང་ཤེས་ཏེ། འདི་ནི་སེམས་ཀྱི་སངས་རྒྱས་ཞེས་བྱའོ། །དེ་ལ་ངོ་བོ་ཉིད་ཀྱི་སངས་རྒྱས་གང་ཞེ་ན། ངོ་བོ་ཉིད་ཀྱི་སངས་རྒྱས་ནི་གནས་ངན་ལེན་གྱི་གནས་གྱུར་པ་བསམ་གྱིས་མི་ཁྱབ་པ་དྲི་མ་མེད་པ་ 63-1-132a གཟུགས་སྣ་ཚོགས་ཅན་ཆོས་ཀྱི་དབྱིངས་རྣམ་པ་ཐ་དད་པ་དང་། གཟུགས་དང་། བྱ་བ་དང་། དབྱིབས་སྣ་ཚོགས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་སངས་རྒྱས་གཟུགས་སུ་སྣང་བ་འདི་ནི་ངོ་བོ་ཉིད་ཀྱི་སངས་རྒྱས་ཞེས་བྱའོ། །དེ་ལ་ལོངས་སྤྱོད་རྫོགས་ པའི་སངས་རྒྱས་གང་ཞེ་ན། གང་བྱང་ཆུབ་སེམས་དཔའ་རྣམས་དང་། ལོངས་སྤྱོད་དང་ཀུན་སྤྱོད་པ་མཚུངས་པ་དང་། རྣམ་པ་དང་། ཟས་དང་། སྨྲ་བ་དང་། ཆོ་ག་དང་། སྤྱོད་པ་མཚུངས་པ་འདི་ནི་ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཞེས་བྱའོ། །དེ་ལ་སྤྲུལ་པའི་སངས་རྒྱས་གང་ཞེ་ན། འདི་ལ་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཟུགས་ཐམས་ཅད་སྟོན་པའི་ཏིང་ངེ་འཛིན་ཐོབ་པ་དེ་དག་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཏེ། དབང་ཐོབ་ཅིང་སྙིང་རྗེ་ཆེན་པོ་བསྐུལ་ནས་སངས་རྒྱས་ཀྱི་གཟུགས་སུ་སྤྲུལ་ནས་སེམས་ཅན་རྣམས་འདུལ་བ་འདི་ནི་སྤྲུལ་པའི་སངས་རྒྱས་ཞེས་བྱའོ། །དེ་ལ་བཏགས་ པའི་སངས་རྒྱས་གང་ཞེ་ན། འདི་ལ་ལ་ལ་ཞིག་སློབ་དཔོན་ནམ་མཁན་པོ་ལ་སངས་རྒྱས་བཞིན་དུ་བལྟ་སངས་རྒྱས་བཞིན་དུ་བསྙེན་བཀུར་བྱེད་དེ། དེ་ལ་སློབ་དཔོན་དང་མཁན་པོ་ལ་སངས་རྒྱས་བཞིན་དུ་བལྟ་ཞིང་སངས་རྒྱས་བཞིན་དུ་བསྙེན་བཀུར་བྱས་པས་དེ་སངས་རྒྱས་ཀྱི་ཆོས་རྣམས་རབ་ཏུ་འཛིན་ལ་ཡོངས་སུ་རྫོགས་པར་ བྱེད་དེ། ཡོངས་སུ་སྒྲུབ་པ་འདི་ནི་བཏགས་པའི་སངས་རྒྱས་ཞེས་བྱའོ། །དེ་ལ་མདུན་དུ་གཞག་པའི་སངས་རྒྱས་གང་ཞེ་ན། འདི་ལ་གང་ལ་ལ་ཞིག་སངས་རྒྱས་ཀྱི་གཟུགས་བྱས་སམ་བྱེད་དུ་བཅུག་སྟེ། མཆོད་ཅིང་རིམ་གྲོ་བྱ་བ་ཐམས་ཅད་ཀྱིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད་ཅིང་དེ་སངས་ རྒྱས་ཀྱི་ཆོས་རྣམས་རབ་ཏུ་འཛིན་ལ་ཡོངས་སུ་རྫོགས་པར་བྱེད་དེ། ཡོངས་སུ་སྒྲུབ་པ་འདི་ནི་མདུན་དུ་གཞག་པའི་སངས་རྒྱས་ཞེས་བྱ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུ་པོ་དེ་དག་གིས་སངས་རྒྱས་ཁོང་དུ་ཆུད་པར་བྱའོ་ཞེས་ཆོས་ཡང་དག་པར་སྡུད་པའི་མདོ་ལས་གསུངས་ཏེ། དེ་དག་ཀྱང་བློ་དམན་པ་རྣམས་ཀྱིས་ལེགས་པར་རྟོགས་པར་བྱ་བའི་ཕྱིར་བྲིས་པ་ཡིན་ནོ། །བཅོམ་ལྡན་འདས་ནི། དབང་ཕྱུག་དང་ནི་གཟུགས་བཟང་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་དེ་ལ་ལྡན་ཞེས་བྱ། །དེ་དག་མ་ལུས་ལ་འཇུག་པ། ། 63-1-132b ཇི་ལྟར་རྒྱལ་བ་སྟོན་མཛད་པ། །དེ་འདྲ་གཞན་ལ་ཡོད་མིན་པས། །དེས་ན་བཅོམ་ལྡན་འདས་ཞེས་བྱ། །ཞེས་བྱ་བའམ། ཡང་ན་བདུད་བཞི་བཅོམ་པས་ན་ངེས་པའི་ཚིག་གི་ཚུལ་གྱིས་ཡི་གེ་བཱན་གྱིས་ན་བཅོམ་ལྡན་འདས་ཞེས་ཟེར་རོ། །ཆོས་ཐམས་ཅད་ལས་ཕྱིན་ཅི་མ་ལོག་པར་མངོན་པར་བྱང་ཆུབ་ པས་ན་རྫོགས་པའི་སངས་རྒྱས་སོ། །ཨ་ལས་བྱུང་བ་ནི་ཨ་ནི་གཟོད་མ་ནས་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་སྐྱེ་བ་མེད་པའི་སྒོ་སྟེ། དེ་ལྟར་ན་ཆོས་ཐམས་ཅད་སྐྱེ་བ་མེད་པར་བསྒོམས་པ་ལས་བྱུང་བས་སོ། །ཡང་ན་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་ཨ་ཡོངས་སུ་གྱུར་པ་ལས་ཟླ་བའི་རྣམ་པར་སེམས་སོ་ སོར་རྟོག་པ་ལ་སོགས་པའི་རིམ་པ་ལས་གྲུབ་པས་ན་ཨ་ལས་བྱུང་བ་ཞེས་བཤད་དོ། །འོ་ན་ཡི་གེ་དཔག་ཏུ་མེད་པ་ཡོད་པ་ལས་ཅིའི་ཕྱིར་ཨ་ཉིད་ལས་བྱུང་བ་ཞེས་པའི་རྟོག་པ་བཟློག་པའི་ཕྱིར། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཞེས་བྱ་བ་གསུངས་སོ། །དེ་ཡང་མི་འགྱུར་ བའི་ཕྱིར་ཡི་གེ་སྟེ་ཆོས་ཀྱི་སྐུའོ། །དེའི་ངོ་བོ་ཉིད་ནི་ཨ་སྟེ་ཡི་གེའོ། །དེ་ཉིད་ཀྱི་ཕྱིར་དོན་ཆེན་ཏེ། གང་ལ་དོན་ཆེན་པོ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་བས་ན་ཡི་གེ་ཐམས་ཅད་ཀྱི་མཆོག་ནི་ཡི་གེ་ཨ་ཡིན་ནོ། །ཡང་ན་ཡི་གེ་ཨ་ནི་ཡི་གེ་ཐམས་ཅད་ཀྱི་དང་པོར་གནས་པས་ན་ཀུན་གྱི་མཆོག་གོ། །རྣམ་པ་ གཞན་དུ་ན་ཨ་ནི་མི་བསྐྱོད་པ་དང་། འོད་དཔག་ཏུ་མེད་པའི་ངོ་བོ་ཉིད་དུ་གྱུར་པའི་ཕྱིར་རོ། །དོན་ཡོད་པར་གྲུབ་པའི་ངོ་བོ་ཉིད་དུ་གྱུར་པས་ན་ཀུན་གྱི་མཆོག་སྟེ། རིགས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པས་ན་སྣ་ཚོགས་པའི་གཟུགས་ཅན་ཡིན་པའི་ཕྱིར་རོ། །དོན་འབྱུང་བའི་ངོ་བོ་ཉིད་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་ ཉིད་ཡིན་པས་ན་དོན་ཆེན་ནོ། །རྣམ་པར་སྣང་མཛད་ཀྱི་བདག་ཉིད་ཅན་ཡིན་པས་ན་ཡི་གེ་དམ་པའོ། །དེ་ལྟར་ཡི་གེ་རྣམས་སྦྱར་བ་བྱས་པ་ལ་དོན་མེད་པ་ཡིན་ནམ་འོན་ཏེ་དགོས་པ་ཡོད་པ་ཡིན་ཞེ་ན། དོན་མེད་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། མཚན་ཉིད་དོན་གྱི་རེ་རེ་ནས་བསྒོམ་པར་བྱའོ་ཞེས་གསུངས་ པའི་ཕྱིར་ཏེ། མཚན་རྣམས་ཡང་དག་པར་བསྡུས་པ་ནི་མཚན་ཡང་དག་པར་བརྗོད་པ་ཡིན་ལ། དེ་ཡང་མཚན་རྣམས་དོན་དང་བཅས་པས་སངས་རྒྱས་ཉིད་ཐོབ་པར་འགྱུར་བ་ཡིན་ཏེ། སངས་རྒྱས་རྣམས་ཀྱི་ཡོན་ཏན་ལ་དམིགས་པའི་ཕྱིར་ཡི་གེ་རྣམས་ངེས་པར་སྦྱར་བ་ཡང་དོན་དང་ལྡན་པར་བྱས་པ་ཡིན་ནོ། ། 63-1-133a ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་བྱ་བ་ལ་འབད་པ་ཆེན་པོས་བརྗོད་པ་ན་ཁོང་ནས་བྱུང་བ་སྟེ་ཡི་གེ་ཨའོ། །ཆོས་ཐམས་ཅད་གཟོད་མ་ནས་མ་སྐྱེས་པའོ་ཞེས་སྟོན་པས་ ན་སྐྱེ་བ་མེད་པའོ། །རང་ཉིད་སྐྱེ་བ་མེད་པའི་ངོ་བོ་ཉིད་དུ་གྱུར་པས་ན་ཚིག་ཏུ་བརྗོད་པ་སྤངས་པའོ། །འོ་ན་ཇི་ལྟར་ན་དེ་བསྒོམས་པའི་སྟོབས་ཀྱིས་གསུང་གི་འཁོར་ལོ་རྫོགས་པར་འགྱུར་ཞེས་རྟོག་པ་ལ། བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་གསུངས་ཏེ། འདིས་དོན་ རྣམས་བརྗོད་པར་གྱུར་བས་ན་བརྗོད་པ་སྟེ་སྒྲ་རྣམས་སོ། །བརྗོད་པ་ཡང་ཡིན་ལ་ཀུན་ཡང་ཡིན་པས་ན་བརྗོད་པ་ཀུན་ཏེ། དེ་རྣམས་རྒྱུར་གྱུར་པ་གང་ཡིན་པ་དེ་ནི་བརྗོད་པ་ཀུན་གྱི་རྒྱུ་སྟེ། དེ་རྣམས་ཀྱི་མཆོག་དང་གཙོ་བོ་འཇམ་དཔལ་གྱི་ཡེ་ཤེས་སྐྱེད་པར་བྱེད་དེ། དེ་བས་ན་ངག་ཐམས་ཅད་ལ་འཇུག་ པར་བྱེད་པ་ཡིན་ནོ། །ངག་ཐམས་ཅད་ཀྱི་དོན་མ་ལུས་པར་སྟོན་པས་ན་རབ་ཏུ་གསལ་བར་བྱེད་པའོ། །དེས་ན་འདི་སྐད་སྟོན་པར་འགྱུར་ཏེ། ཡི་གེ་ཨ་ནི་མ་སྐྱེས་པའི་རྣམ་པས་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རྣམས་ཀྱི་གནས་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ འཇམ་དཔལ་གྱི་རང་བཞིན་བསྐྱེད་པས་ན་ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད་ཅིང་། ཚིག་ཐམས་ཅད་རབ་ཏུ་གསལ་བར་བྱེད་པའི་གསུང་གི་འཁོར་ལོའི་རྒྱུར་གྱུར་པའི་ཕྱིར་བརྗོད་པ་ཐམས་ཅད་ཀྱི་རྒྱུའི་མཆོག་ཡིན་ནོ། །རྣམ་པ་གཞན་དུ་ན་གཉིས་སུ་མེད་པའི་ངོ་བོ་ཉིད་ལོངས་སྤྱོད་རྫོགས་པའི་སྐུའི་ཚུལ་གྱིས་ གཉིས་སུ་རྣམ་པར་རྟོག་པའི་ཉེ་བར་དམིགས་པའི་ཐོག་མ་མེད་པའི་སྟོབས་འཇིག་པར་མཛད་པས་ན་ཁོང་ནས་འབྱུང་བའོ། །ཆོས་ཀྱི་སྐུའི་བདག་ཉིད་ཅན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་ངོ་བོ་ཉིད་ཡིན་པས་ན་སྐྱེ་བ་མེད་པའོ། །སོ་སོར་རང་གི་རིག་པའི་མཆོག་ཏུ་དགའ་བ་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་ ངོ་བོ་ཉིད་ཡིན་པས་ན་ཚིག་ཏུ་བརྗོད་པ་སྤངས་པའོ། །དེ་ལྟར་རང་གི་དོན་ཕུན་སུམ་ཚོགས་པ་ལྷུན་གྱིས་གྲུབ་ནས་ཆོས་སྟོན་པའི་སྒྲ་སྣ་ཚོགས་པས་གདུལ་བྱའི་སེམས་ཅན་རྣམས་གདུལ་བར་བྱ་བའི་ཕྱིར་དམ་པའི་ཆོས་རྣམས་སྟོན་པར་མཛད་པས་ན་བརྗོད་པ་ཀུན་གྱི་རྒྱུའི་མཆོག་གོ། །ཡིད་བཞིན་གྱི་ནོར་བུ་ལྟར་ 63-1-133b སེམས་ཅན་མ་ལུས་པའི་མངོན་པར་འདོད་པའི་ཚིག་རྣམས་བསྐྱེད་པའི་རྒྱུར་གྱུར་པས་ན་ཚིག་ཀུན་ནོ། །སྤྲུལ་པའི་འོད་ཟེར་གྱིས་སེམས་ཅན་མ་ལུས་པའི་རྒྱུད་ལ་ཡོད་པའི་མ་རིག་པའི་མུན་ནག་སེལ་བར་མཛད་པས་ན་རབ་ཏུ་གསལ་བར་བྱེད་ཅེས་བྱའོ། །འདོད་ཆགས་ལ་སོགས་པའི་ཚུལ་གྱིས་ཕུལ་ དུ་བྱུང་བ་ཉིད་དུ་བསྟེན་པར་བྱ་བའི་ཕྱིར། མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཉོན་མོངས་ཀུན་གྱི་དགྲ་ཆེ་བ། །མཆོད་པ་ཆེན་པོ་གཏི་མུག་ཆེ། །གཏི་མུག་བློ་སྟེ་གཏི་མུག་སེལ། །མཆོད་པ་ཆེན་པོ་ཁྲོ་བ་ཆེ། །ཁྲོ་བ་ཆེན་ པོ་དགྲ་ཆེ་བ། །མཆོད་པ་ཆེན་པོ་ཆགས་པ་ཆེ། །ཆགས་པ་ཐམས་ཅད་སེལ་བར་བྱེད། །ཅེས་བྱ་བ་གསུངས་ཏེ། དེ་ཡང་འདོད་ཆགས་ཆེ་བ་ནི་ལྷ་ཆེན་པོ་ཡིན་ཏེ། དེས་ལྷའི་ལོ་སྟོང་གི་བར་དུ་འཁྲིག་པ་ཆེན་པོ་སྤྱད་ཀྱང་ཅུང་ཟད་ཙམ་ངོམས་པར་མ་བྱས་ཏེ། ཨུ་མ་གཅིག་པུ་ཡང་ཚིམ་པར་མ་གྱུར་ ཏོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུན་མི་འཆད་ཅིང་ཕུལ་དུ་བྱུང་བའི་དགའ་བ་སྐྱེད་པའི་དེ་ཁོ་ན་ཉིད་མ་ཤེས་པའི་ཕྱིར་རོ། །རྗེ་བཙུན་འཇམ་དཔལ་གྱིས་ནི་སེམས་ཅན་ཐམས་ཅད་སྐྱེ་བ་མེད་པའི་དགའ་བས་ཚིམ་པར་མཛད་དེ། ཆེ་བས་ཀྱང་ཆེས་ཆེ་བའི་ཕྱིར། །མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ ཅན་ཐམས་ཅད་དགའ་བར་བྱེད། །ཅེས་བྱའོ། །ཡང་ན་མ་ཧཱ་ནི་མཆོད་པ་སྟེ་མཆོད་པ་ཆེན་པོ་གང་ལ་ཡོད་པ་དེ་ལ་ནི་མཆོད་པ་ཆེན་པོ་སྟེ། མཆོད་པ་ཆེན་པོ་ཡང་ཡིན་ལ་འདོད་ཆགས་ཆེན་པོ་ཡང་ཡིན་པས་ན། མཆོད་པ་ཆེན་པོ་འདོད་ཆགས་ཆེ། །ཞེས་བྱའོ། །འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། ཅིག་ཅར་ འཇིག་རྟེན་གྱི་ཁམས་མཐའ་ཡས་ཤིང་དཔག་ཏུ་མེད་པ་ན་གནས་པའི་དཀྱིལ་འཁོར་གྱི་འཁོར་ལོའི་ནང་དུ་གཏོགས་པའི་མཆོད་པ་ཆེན་པོའི་བཀོད་པ་རྒྱུན་གྱི་ངོ་བོ་ཉིད་སྤྱན་ལ་སོགས་པའི་པདྨར་རྡོ་རྗེ་རྣམ་པར་ཞུགས་པའི་ཡང་དག་པར་རིག་པ་ལས་བྱུང་བ་རྒྱུན་མི་འཆད་ཅིང་ཕུལ་དུ་བྱུང་བའི་མཆོག་ཏུ་དགའ་བའི་ བདེ་བ་ཆེན་པོའི་རྒྱུར་གྱུར་པས། མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །ཅེས་གསུངས་ཏེ། བཅོམ་ལྡན་འདས་རྗེ་བཙུན་འཇམ་དཔལ་དེ་འདིར་སེམས་ཅན་ཐམས་ཅད་དབང་དུ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་སྟོན་ཏེ། སྟོང་པ་ཉིད་བསྒོམ་པ་སྔོན་དུ་འགྲོ་ 63-1-134a བས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧོཿལས་བྱུང་བ་བདག་ཉིད་འདོད་ཆགས་ཆེན་པོའི་གཟུགས་དམར་སེར་སྒེག་པའི་ཉམས་དང་ལྡན་པ་རོལ་སྟབས་ཀྱིས་གནས་པས་གནས་པ་ཞལ་བཞི་པ། ཕྱག་བརྒྱད་པ། ཞལ་དང་པོ་དམར་སེར། གཡས་པ་གུར་གུམ་ལྟར་དམར་ བ། རྒྱབ་པདྨ་ལྟར་དམར་བ། གཡོན་དམར་སེར། ཕྱག་གཉིས་ན་མདའ་དང་གཞུ་བསྣམས་པ། ཡང་གཉིས་ཀྱིས་ཞགས་པ་དང་ལྕགས་ཀྱུ་བསྣམས་པ། ཡང་དེ་ལས་གཞན་པ་གཉིས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་དང་རལ་གྲི་བསྣམས་པ། ཡང་གཉིས་ཀྱིས་རྡོ་རྗེ་དང་ དྲིལ་བུ་བསྣམས་པ་རྣམ་པར་བསམས་ལ། ཅོད་པན་གྱི་རྩེ་བྲན་ལས་འོད་ཟེར་རྣམས་བྱུང་བས་སྟེང་དུ་སྣང་བར་བྱས་པས་འདོད་ཆགས་ཆེན་པོས་ཆགས་ཤིང་ལུས་རབ་ཏུ་འདུད་པར་ལྟ་ཞིང་། དེ་བཞིན་དུ་ཤར་དང་། ལྷོ་དང་ནུབ་དང་བྱང་དང་། འོག་གི་ཕྱོགས་ན་གནས་པ་ལ་ཞལ་དང་པོ་དང་། གཉིས་པ་དང་ གསུམ་པ་དང་། བཞི་པ་དང་། ཞབས་ཀྱི་འོད་ཟེར་རྣམས་ཀྱིས་ཀུན་དུ་གང་ཞིང་རྗེས་སུ་དགའ་བར་བྱས་ནས་རང་གི་དབང་དུ་གྱུར་པ་ལ་གཞག་པར་ཡིད་ཀྱིས་བསམས་ལ། ཨོཾ་མ་ཧཱ་རཱ་ག་བཛྲ་རཱ་ག་ཡ་ས་རཱ་སཏྭ་ན་ཧོཿཞེས་བྱ་བའི་གསང་སྔགས་བར་བར་དུ་བཟླས་བརྗོད་བྱ་སྟེ། དེ་ནས་ངེས་པར་སེམས་ཅན་ཐམས་ ཅད་དབང་དུ་འགྱུར་རོ་ཞེས་ངེས་པའི་བློས་དེ་ལྟར་རྗེ་བཙུན་འཇམ་དཔལ་གྱི་འདོད་ཆགས་ཆེན་པོའི་སྐུ་བསྒོམ་པར་བྱའོ། །དེ་བཞིན་དུ། མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཞེས་བྱ་བ་ལ་སོགས་པར་སྦྱར་བར་བྱ་སྟེ། ཁྱད་པར་དག་ཀྱང་བརྗོད་པར་བྱ་སྟེ། །ཞེ་སྡང་ཆེ་ནི་ཁྱབ་འཇུག་སྟེ། ཞེ་སྡང་གི་དབང་དུ་གྱུར་པས་ལྷ་མ་ཡིན་ ཐམས་ཅད་ལ་སོགས་པ་གསོད་ཀྱང་རང་གི་སེམས་ལ་གནས་པའི་ཉོན་མོངས་པའི་དགྲ་ནི་བཟློག་པར་མི་ནུས་སོ། །ཡང་བཅོམ་ལྡན་འདས་ནི་བདག་དང་གཞན་གྱི་རྒྱུད་དུ་གཏོགས་པའི་ཉོན་མོངས་པ་ཅན་གྱི་དགྲ་བོའི་སྟོབས་འཇོམས་པར་མཛད་པས། ཉོན་མོངས་ཀུན་གྱི་དགྲ་ཆེ་བ། །ཞེས་བྱ་བ་ལ། དེ་བས་ན། མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཞེས་གསུངས་ཏེ། ཞེ་སྡང་རྡོ་རྗེ་ནི་མི་བསྐྱོད་པའོ། །དེ་ཡང་སྟོང་པ་ཉིད་སྔོན་དུ་འགྲོ་བའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་ངེས་པར་འབྱུང་བའི་རྡོ་རྗེ་ལས་བྱུང་བ་ཨུཏྤལ་སྔོན་པོའི་འདབ་མའི་མདོག་ཅན་ཞལ་བཞི་པ་ཕྱག་བརྒྱད་པ། ཞལ་དང་པོ་ཁྲོ་བ་སྒེག་པ་ 63-1-134b གཡས་པ་དྲག་པོ་སྟེ། ཞལ་གདངས་པ། གཡོན་པ་འཇིགས་སུ་རུང་བ་སྟེ། མ་མཆུའི་སྒྲོས་གནོན་པ། རྒྱབ་ཀྱི་ཞལ་དཔའ་བོ་སྟེ། གདུག་པ་ཐམས་ཅད་སྐྲག་པར་བྱེད་པ། ཕྱག་གཡས་པ་རྣམས་ན་རལ་གྲི་དང་། མདའ་དང་། རྡོ་རྗེ་དང་། ལྕགས་ཀྱུ་བསྣམས་པ། གཡོན་པ་རྣམས་ ན་སྡིགས་མཛུབ་བསྒྲེང་བ་དང་། དྲིལ་བུ་དང་། རྔ་ཡབ་དང་། ཞགས་པ་བསྣམས་པ། གཡོན་བརྐྱང་བའི་གནས་པས་བཞུགས་པ། བ་སྤུའི་བུ་ག་ཐམས་ཅད་ནས་བྱུང་བའི་རྡོ་རྗེ་མེ་ལྟར་འབར་བའི་རྩེ་མོ་རྣམས་ཀུན་དུ་འབར་བས་ཁམས་གསུམ་ཐལ་བར་བྱས་ཏེ། རྣམ་པར་སྦྱངས་ནས་ སངས་རྒྱས་ཀྱི་བྱང་ཆུབ་ལ་ངེས་པར་དགོད་པར་བསྒོམ་པ་ནི། མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཉོན་མོངས་ཀུན་གྱི་དགྲ་ཆེ་བ། །ཞེས་བྱ་སྟེ། རྗེ་བཙུན་རྡོ་རྗེ་རྣོན་པོའོ། །གཏི་མུག་ཆེ་བ་ནི་ཚངས་པ་སྟེ། གཏི་མུག་ལས་བྱུང་བའི་སྲོག་ཆགས་ལ་འཚེ་བ་དང་ཉེ་བར་ལྡན་པའི་མཆོད་སྦྱིན་སྟོན་པས་རང་གི་རྒྱུད་ དུ་གཏོགས་པའི་གཏི་མུག་གིས་ཀུན་དུ་རྨོངས་པའི་ཕྱིར་རོ། །ཡང་ན་འཇམ་པའི་དབྱངས་ནི། མཆོད་པ་ཆེན་པོ་གཏི་མུག་ཆེ། །གཏི་མུག་བློ་སྟེ་གཏི་མུག་སེལ། །ཞེས་བྱ་བ་སྟེ། མི་ཤེས་ཤིང་ལོག་པའི་ཤེས་པའི་བདག་ཉིད་ཅན་རྨོངས་པའི་གཏི་མུག་གང་ཡིན་པ་དེའི་བློ་ནི་གཏི་མུག་བློ་སྟེ། ཕྱིན་ ཅི་ལོག་ལ་མངོན་པར་ཞེན་པ་སྟེ། ཇི་ལྟ་བ་བཞིན་དུ་གནས་པའི་ཆོས་བདག་མེད་པ་ཁོང་དུ་མ་ཆུད་པ་ལ་ཆོས་བདག་མེད་པ་ཐུགས་སུ་ཆུད་ནས་བདག་དང་གཞན་རྟོགས་པར་བྱ་བའི་ཕྱིར་བདག་དང་གཞན་གྱི་རྒྱུད་དུ་གཏོགས་པའི་གཏི་མུག་གི་རྩ་བ་དང་བཅས་པ་དྲུངས་ནས་ཕྱུང་བས། གཏི་མུག་བློ་སྟེ་གཏི་མུག་ སེལ། །ཞེས་བྱའོ། །དེ་ཉིད་ཀྱིས་ན། མཆོད་པ་ཆེན་པོ་གཏི་མུག་ཆེ། །ཞེས་བྱ་བ་སྟེ། ཇི་ལྟར་རིམས་སེལ་བའི་སྔགས་ལ་རིམས་ཀྱི་སྔགས་ཞེས་བྱ་བ་དང་། སྟོང་པ་ཉིད་སྟོན་པའི་སྒྲ་ལ་སྟོང་པ་ཉིད་ཀྱི་སྒྲ་ཞེས་བྱ་བ་དང་མཚུངས་སོ། །འདིར་ཡང་རྣམ་པར་སྣང་མཛད་ཆེན་པོ་སྟོང་པ་ཉིད་སྔོན་དུ་འགྲོ་བ་ཟླ་ བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་གྱི་འཁོར་ལོ་ལས་བྱུང་བ་གཏི་མུག་ཆེན་པོའི་ངོ་བོ་ཉིད་གསེར་གྱི་མདོག་ཅན་ཞལ་བཞི་པ། ཕྱག་བརྒྱད་པ། ཞལ་དང་པོ་སེར་པོ། གཡས་ནག་པོ། གཡོན་དཀར་པོ། རྒྱབ་དམར་པོ། ཕྱག་གཉིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། གཡས་ཀྱི་ཕྱག་ན་རྡོ་རྗེ་དང་། 63-1-135a མདའ་དང་། རལ་གྲི་བསྣམས་པ། གཡོན་དྲིལ་བུ་དང་། གཞུ་དང་ཞགས་པ་བསྣམས་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། བ་སྤུའི་བུ་ག་ཐམས་ཅད་ནས་དེ་བཞིན་གཤེགས་པའི་སྤྲིན་བྱུང་བས་སེམས་ཅན་མ་ལུས་པའི་རྒྱུད་དུ་གཏོགས་པའི་མ་རིག་པའི་མུན་པ་ བསལ་ནས་སངས་རྒྱས་ཉིད་ལ་རབ་ཏུ་འཇོག་པར་བསམ་པར་བྱའོ། །ཁྲོ་བོ་ཆེན་པོ་ནི་ཉི་མ་ལ་སོགས་པ་གཟའ་གདུག་པ་རྣམས་དང་། ཀླུ་ལ་སོགས་པ་སྟེ། སེམས་ཅན་རྣམས་ལ་འཁུ་བའི་བསམ་པས་གནས་པའི་ཕྱིར་ཁྲོ་བ་ཆེན་པོའོ། །ཁྲོ་བས་ཁྲོ་བ་ཐམས་ཅད་དྲུངས་ནས་འབྱིན་པས་ན་མཆོད་པ་ ཆེན་པོ་ཁྲོ་བ་ཆེ་སྟེ་རྡོ་རྗེ་བློའོ། །ཁྲོ་བ་ཐམས་ཅད་དགྲར་གྱུར་པས་ཁྲོ་བ་ཆེན་པོ་དགྲ་ཆེ་བའོ། །འདིར་ཡང་མཆོད་པ་ཆེན་པོ་ཁྲོ་བ་ཆེ་བ་ནི་དོན་ཡོད་པར་གྲུབ་པ་སྟེ། སྐུ་མདོག་ལྗང་གུ་ཞལ་བཞི་པ་ཕྱག་བརྒྱད་པ། ཞལ་དང་པོ་མཆེ་བ་གཙིགས་པ་མདོག་ལྗང་གུ། གཡས་སེར་པོ། གཡོན་དཀར་ པོ། རྒྱབ་དམར་པོ། ཕྱག་གཡས་པ་རྣམས་ན་རལ་གྲི་དང་། རྡོ་རྗེ་དང་། མདའ་དང་། ལྕགས་ཀྱུ་བསྣམས་པ། གཡོན་གྱིས་གདུག་པ་རྣམས་ལ་སྡིགས་མཛུབ་མཛད་པ། དྲིལ་བུ་དང་། གཞུ་དང་། ཞགས་པ་བསྣམས་པ། གཡོན་བརྐྱང་པའི་གནས་པས་བཞུགས་པ། བ་སྤུའི་ བུ་ག་ཐམས་ཅད་ནས་ཁྲོ་བོ་འབར་བ་རྣམས་བྱུང་བས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་དུ་གཏོགས་པའི་ཉོན་མོངས་པ་ཁྲོ་བ་བག་ཆགས་དང་བཅས་པ་ཐམས་ཅད་བསྲེགས་ནས་ཉོན་མོངས་པ་རྣམ་པར་བསལ་བ་དེ་རྣམས་སངས་རྒྱས་ཀྱི་བྱང་ཆུབ་ལ་རབ་ཏུ་གཞག་པར་བསམ་མོ། །ཆགས་པ་ཆེན་པོ་ནི། མ་རིག་ པ་དང་། ང་རྒྱལ་དང་། བདག་དང་། བདག་གིར་ཤིན་ཏུ་ཆགས་པ་དང་། ང་དང་ང་ཡི་ཞེས་བྱ་བ་དང་། བདག་དང་བདག་གིར་མངོན་པར་ཞེན་པ་བསལ་བས་ན། ཆགས་པ་ཐམས་ཅད་སེལ་བར་བྱེད། །ཅེས་བྱ་སྟེ། དེ་ཉིད་ཀྱིས་ན། མཆོད་པ་ཆེན་པོ་ཆགས་པ་ཆེ། །ཞེས་བྱ་བའོ། །འདིར་ ཡང་མཆོད་པ་ཆེན་པོ་ཆགས་པ་ཆེ་བ་ནི་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ཏེ། གསེར་གྱི་མདོག་ཅན་ཞལ་བཞི་པ་ཕྱག་བརྒྱད་པ། ཞལ་གྱི་རྣམ་པར་དབྱེ་བ། སེར་པོ་དང་། ནག་པོ་དང་། དཀར་པོ་དང་། དམར་པོའོ། །ཕྱག་གཡས་དང་གཡོན་རྣམས་ན་རྡོ་རྗེ་དང་། རལ་གྲི་དང་། མདའ་དང་། ལྕགས་ 63-1-135b ཀྱུ་དང་། ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་། དྲིལ་བུ་དང་། གཞུ་དང་། ཞགས་པ་བསྣམས་པ། རྒྱལ་པོའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། བ་སྤུའི་བུ་ག་ཐམས་ཅད་ལས་རིན་ཆེན་འབྱུང་ལྡན་གྱི་སྤྲིན་བྱུང་བས་སེམས་ཅན་ཐམས་ཅད་ཇི་ལྟར་མངོན་པར་འདོད་པ་བཞིན་དུ་བསམ་པ་ཐམས་ ཅད་ཡོངས་སུ་རྫོགས་པར་མཛད་ཅིང་རིན་པོ་ཆེ་ལ་སོགས་པའི་ཆར་ཕབ་པས་ཆགས་པའི་རྡུལ་ཞི་བར་མཛད་ཅིང་སེམས་ཅན་རྣམས་ཀྱི་སེམས་ཆགས་པ་དང་བྲལ་བར་མཛད་དེ། ཆགས་པ་དང་བྲལ་བར་བྱས་པ་རྣམས་སངས་རྒྱས་ཉིད་ལ་སྦྱར་བར་བསམ་པར་བྱའོ། །ཅིའི་ཕྱིར་དེ་ལྟར་སྦྱོར་བ་བྱས་ཤེ་ ན། རྒྱུད་གཞན་དག་ལས། སངས་རྒྱས་ཐམས་ཅད་ཆགས་ལས་འཁྲུངས། །དེ་བཞིན་རྨོངས་དང་སྡང་ལས་འཁྲུངས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་འདི་ལྟར་བཤད་པར་རིགས་པ་ཉིད་དུ་བསྟན་པར་བྱ་བའི་ཕྱིར་རོ། །གཞན་དུ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཁྲོ་བ་དང་། ཆགས་པ་རྣམས་ནི་འཁོར་བའི་རྒྱུ་མ་ཚང་བ་མེད་པ་ཡིན་ཞིང་རྣམ་པར་རྟོག་པའི་ངོ་བོ་ཉིད་ཡིན་ན། ཇི་ལྟར་འཚང་རྒྱ་བ་ཉིད་ཀྱི་རྒྱུར་འགྱུར། གལ་ཏེ་ཐབས་དང་བཅས་པ་ལས་འགྱུར་རོ་ཞེ་ན། ཐབས་ཀྱིས་ཡོངས་སུ་ཟིན་པ་ན། སྔ་མའི་རང་བཞིན་ལས་འཕོས་སམ་འོན་ཏེ་མ་ཡིན། གལ་ཏེ་རང་ བཞིན་སྔ་མ་ལས་འཕོས་ན་དེ་ལྟ་ན་ནི་དེ་ཁྱད་པར་ཅན་ཉིད་ཀྱིས་རྫས་གཞན་སྐྱེས་ནས་སངས་རྒྱས་ཉིད་ཐོབ་པར་བྱེད་པ་ནི་ངེད་ཀྱང་འདོད་པ་ཉིད་ཡིན་ནོ། །འོན་ཏེ་ཕྱོགས་གཉིས་པ་ལྟར་ན་ནི་རྒྱུ་མ་ཚང་བ་མེད་པ་ལས་ཕྱིན་ཅི་ལོག་གི་འབྲས་བུ་འབྱུང་བ་ནི་འགལ་བ་ཉིད་དོ། །ཡང་ན་དུག་གི་ནུས་པ་མེད་པར་བྱས་པ་བཞིན་དུ་ འཁོར་བའི་རྒྱུར་གྱུར་པའི་ནུས་པ་ཉིད་བསལ་ནས་འདོད་ཆགས་ལ་སོགས་པ་ཡང་རང་གི་ངོ་བོ་ཉིད་ཀྱིས་སྟོན་ནོ་ཞེ་ན། རང་གི་ངོ་བོ་ཉིད་ལས་ཐ་དད་པའི་ནུས་པས་ནི་བདེ་བར་གཤེགས་པ་རྣམས་ཀྱི་བསྟན་པ་ལ་མེད་དེ། ནུས་པ་དང་བྲལ་བ་ཉིད་རང་གི་ངོ་བོ་དང་བྲལ་བ་ཡིན་པས་རྫས་གཞན་པ་འབྱུང་བའི་ཕྱོགས་ཉིད་ཡིན་ ལ། རང་བཞིན་མི་འགྱུར་བའི་དངོས་པོ་ནི་འགའ་ཡང་མེད་དེ། ཐམས་ཅད་ཀྱང་སྐད་ཅིག་མ་ཉིད་དུ་བསྟན་པའི་ཕྱིར་རོ། །དེ་བས་ན་དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཉིད་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཁྲོ་བ་དང་། ཆགས་པ་རྣམས་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རང་ 63-1-136a བཞིན་གྱི་ངོ་བོ་ཉིད་དུ་རྟོགས་ན་འཚང་རྒྱ་བ་ཉིད་ཀྱི་རྒྱུར་འགྱུར་བས་དེ་བཞིན་གཤེགས་པ་ལ་སོགས་པའི་ང་རྒྱལ་གྱིས་འདོད་ཆགས་ལ་སོགས་པ་ལ་བརྟེན་པ་ནི་སྔགས་ཀྱི་ཚུལ་ལས་འགལ་བ་མེད་པའམ། ངོ་བོ་ཉིད་མེད་ཅིང་སྒྱུ་མ་ལྟ་བུར་ལྷག་པར་མོས་པས་ནི་ཐམས་ཅད་ལེགས་པར་ གནས་པ་ཡིན་ནོ། །འདོད་པ་ཆེན་པོ་བདེ་བ་ཆེ། །དགའ་བ་ཆེན་པོ་མགུ་བ་ཆེ། །ཞེས་བྱ་བ་ནི་ཡིད་ཀྱི་ཆོས་ཉིད་ཀྱི་ཁྱད་པར་བསྟན་པ་སྟེ། སེམས་ཅན་མ་ལུས་པ་སངས་རྒྱས་ཉིད་ལ་རབ་ཏུ་འགོད་པར་འདོད་པར་བཞེད་པ་གང་ལ་ཡོད་པའམ། ཆེན་པོ་རྣམས་ཀྱི་དེ་འདོད་པར་བྱ་བ་ཡིན་པས་འདོད་པ་ཆེན་པོ་སྟེ། དེ་ནི་བཅོམ་ལྡན་འདས་ངག་གི་དབང་ཕྱུག་གོ། །ཐར་པའི་བདེ་བ་སྐྱེད་པར་བྱེད་པར་འགྱུར་བས་ན་བདེ་བ་ཆེན་པོའོ། །གོང་ནས་གོང་དུ་རབ་ཏུ་དགའ་བའི་རྒྱུར་གྱུར་པས་དགའ་བ་ཆེན་པོའོ། །ཡང་ན་བདེ་བ་ཆེན་པོ་ནི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ལྷ་མོ་ཐམས་ཅད་ལ་རོལ་བར་མཛད་པས་དེ་རྣམས་ཀྱི་འདོད་པར་བྱ་བ་ ཡིན་པས་དེ་ནི་འདོད་པ་ཆེན་པོ་སྟེ། དེ་ཉིད་ཀྱིས་འདི་ལྟར་བདེ་བ་ཆེན་པོ་འབྱུང་བའི་གནས་སྐབས་ཀྱི་ཀུན་དུ་དགའ་བའི་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་དུ་གྱུར་པས་བདེ་བ་ཆེན་པོའོ། །དེ་རྣམས་དང་བདག་ཉིད་རྒྱུན་མི་འཆད་པ་ཡངས་ཤིང་རྒྱ་ཆེ་བའི་རབ་ཏུ་དགའ་བ་འཕེལ་བར་གྱུར་པས་ན་དགའ་བ་ཆེན་པོའོ། །དེ་ཉིད་ དུ་ཚད་མེད་ཅིང་རྒྱུན་མི་འཆད་པའི་དགའ་བ་དང་བདེ་བ་རབ་ཏུ་འཕེལ་བའི་མཐར་ཐུག་པ་ནི་མགུ་བ་ཆེན་པོའོ། །དེ་དག་ཐམས་ཅད་ཀྱང་སྒྱུ་མ་དང་འདྲ་བ་གཉིས་སུ་མེད་པའི་ཆོས་ཉིད་སོ་སོར་རིག་པས་ལྷུན་གྱིས་གྲུབ་པར་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ལ་མཁས་པའི་བློས་བསྟན་པ་ཡིན་པས་ལོག་པར་སྒྲུབ་ པར་ནི་མི་བྱའོ། །ཡང་དག་པར་སྒྲུབ་པའམ་རྣལ་འབྱོར་རྒྱུད་ཀྱི་རྗེས་སུ་འབྲང་བ་ལས་རང་ཉིད་ཀྱིས་རྟོགས་པར་བྱ་ཡི། རང་དགས་ལོག་པར་བརྟག་པར་ནི་མི་བྱའོ། །ད་ནི་བཅོམ་ལྡན་འདས་ཀྱི་སྐུའི་སྒོ་ནས་ཁྱད་པར་དུ་བྱས་པ་ནི། གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ། །ཁ་དོག་ཆེ་ཞིང་ལུས་བོང་ཆེ། །ཞེས་བྱ་ བ་གསུངས་པ་ཡིན་ཏེ། དེ་ལ་གཟུགས་ཆེ་བ་ནི་སྐྱེ་བོ་རྣམས་གདུལ་བར་བྱ་བའི་ཕྱིར་སྣ་ཚོགས་གཟུགས་ཅན་གྱིས་འགྲོ་བ་འདུལ་བའི་དབང་གིས་གཟུགས་སྣ་ཚོགས་པའི་ཚུལ་དང་ལྡན་པར་བདག་ཉིད་ཀྱི་དངོས་པོ་སྤྲུལ་ཞིང་འགྲོ་བ་ཐམས་ཅད་ཁྱབ་ཅིང་ཆེ་བའི་གཟུགས་མངའ་བས་ན་གཟུགས་ཆེ་བའོ། །ཇི་ལྟར་ 63-1-136b ཚད་ཕྲ་རབ་དང་ཆེ་བ་ལ་སོགས་པའི་གཟུགས་ཅན་གྱི་གདུལ་བྱའི་སེམས་ཅན་རྣམས་གདུལ་བར་བྱ་བའི་ཕྱིར་ལྷ་ལ་སོགས་པ་བས་ལྷག་པར་ཆེ་བའི་སྐུ་སྟོན་པས་ན་ལུས་ཀྱང་ཆེ་བ་སྟེ། ལུས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ལུས་ཆེ་བའོ། །སེར་པོ་དང་། ནག་པོ་དང་། དམར་པོ་དང་། དཀར་པོ་དང་། ལྗང་གུ་དང་། འདྲེན་མའི་ཁ་དོག་གི་ཤིན་ཏུ་འབར་བས་ན་ཁ་དོག་ཆེན་པོ་སྟེ། འདི་ལ་ཁ་དོག་ཆེན་པོ་མངའ་བས་ན་ཁ་དོག་ཆེ་བའོ། །དེ་ཡང་ཁ་དོག་གང་གིས་འདུལ་བའི་སེམས་ཅན་རྣམས་གདུལ་བར་བྱ་བའི་ཕྱིར་རོ། །ལུས་ཀྱི་སྐྲའི་མདངས་འོད་འབར་བ་སྟེ། རང་གི་འོད་ཀྱིས་ལྷ་ལ་སོགས་པའི་མདངས་ཟིལ་གྱིས་ གནོན་པས་ན་ལུས་བོང་ཆེན་པོ་མངའ་བ་སྟེ། དེ་ཡང་ལུས་བོང་ཆེ་བའི་གདུལ་བྱ་དག་འདུལ་བའི་ཕྱིར་རོ། །འོད་ལ་སོགས་པ་ཁྱད་པར་དུ་འགྱུར་བ་བསྟན་པའི་ཕྱིར། མིང་ཡང་ཆེ་ཞིང་རྒྱ་ཆེ་བ། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཞེས་བྱ་བ་གསུངས་ཏེ། གང་ལ་མིང་ཆེན་པོ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་ སྟེ། འཇིག་རྟེན་ཐམས་ཅད་ཀྱི་སྐད་དང་རྗེས་སུ་མཐུན་པའི་མིང་དང་བརྡ་དང་ཐ་སྙད་དུ་བརྟགས་པས་རབ་ཏུ་གྲགས་པའི་ཕྱིར་མིང་ཡང་ཆེ་བའོ། །སྦྱིན་པ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་མང་ཞིང་རྒྱ་ཆེ་བ་མངའ་བས་ན་རྒྱ་ཆེ་བའོ། །འོད་ཟེར་གྱི་ཚོགས་ཀྱིས་ཟླུམ་པོར་བསྐོར་བས་ན་དཀྱིལ་འཁོར་ཆེན་པོའོ། ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པས་ཡངས་པའི་འོད་ཀྱི་དཀྱིལ་འཁོར་མངའ་བས་ན། དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཞེས་བྱའོ། །མཚོན་ཆས་ཁྱད་པར་དུ་འགྱུར་བ་བསྟན་པའི་ཕྱིར། ཤེས་རབ་མཚོན་ཆེན་འཆང་བ་སྟེ། །ཉོན་མོངས་ཆེན་པོ་ལྕགས་ཀྱུ་མཆོག །ཅེས་བྱ་བ་གསུངས་ཏེ། ཆོས་ཐམས་ ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྟོགས་པའི་ཚུལ་གྱིས་ངེས་པར་འབྱེད་པའི་ཤེས་རབ་ཆེན་པོ་ནི་ཤེས་རབ་སྟེ། ཐོས་པ་ལ་སོགས་པའི་ངོ་བོ་ཉིད་ནི་མ་ཡིན་ནོ། །དེ་ཉིད་ནི་མཚོན་ཆ་སྟེ། ཉེ་བར་དམིགས་པ་ལ་སོགས་པའི་ཉོན་མོངས་པ་སེལ་བར་བྱེད་པས་ན་མཚོན་ཆེན་ནོ། །དེ་བསྣམས་པ་ནི་འཆང་བའོ། །ཡང་ ན་ཤེས་རབ་དང་མཚོན་ཆ་དག་ནི་ཤེས་རབ་མཚོན་ཆ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་དང་རལ་གྲི་ཕྱག་གཡོན་དང་གཡས་ན་བསྣམས་པའི་རྡོ་རྗེ་རྣོན་པོའི་ཏིང་ངེ་འཛིན་ཉིད་ཡིན་པས་ན་ཤེས་རབ་མཚོན་ཆེན་འཆང་བའོ། །གླང་པོ་ཆེ་མྱོས་པ་དང་འདྲ་བར་བཟློག་པར་དཀའ་ཞིང་ཆེ་བའི་ 63-1-137a འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་བཟློག་ནས་རང་དབང་དུ་མཛད་པས་ལྕགས་ཀྱུ་དང་འདྲ་བའི་ཕྱིར་ལྕགས་ཀྱུའོ། །མཆོག་ནི་གཙོ་བོའོ། །འདིར་ཡང་ལྕགས་ཀྱུ་སྨོས་པ་ནི་ཉེ་བར་མཚོན་པའི་དོན་ཙམ་དུ་ཟད་དེ། དེས་ན་ཞགས་པ་ཡང་གཟུང་བར་བྱ་སྟེ། དེ་ལྟར་ན་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་དང་། རལ་གྲི་དང་། ཞགས་པ་དང་། ལྕགས་ཀྱུ་བསྣམས་པའི་རྗེ་བཙུན་རྡོ་རྗེ་དོན་པོ་ཉིད་འདོད་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པའི་ཁྱད་པར་གྱིས་ཕུལ་དུ་བྱུང་བར་བལྟ་བར་བྱའོ། །ཕྱི་དང་ནང་གི་གྲགས་པ་དང་ཡེ་ཤེས་ཀྱི་བྱེ་བྲག་གིས་ཁྱད་པར་དུ་གྱུར་པ་རབ་ཏུ་བསྟན་པའི་ཕྱིར། གྲགས་ཆེན་སྙན་གྲགས་ཆེན་པོ་སྟེ། །སྣང་བ་ཆེན་པོ་གསལ་བ་ཆེ་། །ཞེས་བྱ་བ་གསུངས་ཏེ། གང་ལ་གྲགས་པ་ཆེན་པོ་ཡོད་པ་དེ་ནི་གྲགས་པ་ཆེན་པོའོ། །ཤེས་རབ་དང་རྟོགས་པ་དང་ཡེ་ཤེས་ཀྱི་ཤིན་ཏུ་ཕུལ་དུ་བྱུང་བས་ཁྱད་པར་དུ་འཕགས་པའི་ཕྱིར་གྲགས་པ་ཆེན་པོ་མངའ་བས་ན་གྲགས་ཆེན། ཆོ་འཕྲུལ་ ཤིན་ཏུ་རྨད་དུ་བྱུང་བ་སྣ་ཚོགས་པས་ཕྱི་རོལ་གྱི་གྲགས་པའི་གནས་སུ་ཉེ་བར་མཚོན་པར་གྱུར་པས་སྙན་གྲགས་ཆེན་པོའོ། །ནང་གི་སེམས་ཀྱི་སྣང་བ་དང་ལྡན་པའི་ཚུལ་ཅན་པས་སྣང་བ་ཆེན་པོའོ། །གསལ་བ་ཆེན་པོ་དང་ལྡན་པ་སྟེ། ཕྱི་རོལ་དུ་འོད་ཟེར་གྱིས་ཀུན་ནས་བསྐོར་བའི་རང་བཞིན་མངའ་བ་སྟེ་གསལ་ ཆེ་བའོ། །སྤྲུལ་པའི་སྒོའི་ཁྱད་པར་དུ་གྱུར་པར་བསྟན་པའི་ཕྱིར། མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་། །སྒྱུ་འཕྲུལ་ཆེན་པོའི་དོན་གྲུབ་པ། །སྒྱུ་འཕྲུལ་ཆེན་པོའི་དགའ་བས་དགའ། །སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་ཅན། །ཞེས་བྱ་བ་གསུངས་ཏེ། སྐྱེ་བོ་རྣམས་ལ་ཇི་ལྟར་སྡུག་པ་དེ་ལྟ་བུའི་རང་ བཞིན་ཅན་གྱི་སྐུ་སྟོན་པར་མཛད་པས་ན་མཁས་པའོ། །གདུལ་བྱའི་སེམས་ཅན་ཇི་ལྟར་འདུལ་བ་དང་། རྗེས་སུ་མཐུན་པའི་གཟུགས་སུ་སྤྲུལ་པ་སྟེ། དེ་ལྟ་བུའི་སྒྱུ་འཕྲུལ་མངའ་བས་ན་སྒྱུ་འཕྲུལ་ཆེན་པོ་འཆང་ངོ་། །སེམས་ཅན་དང་ངན་སོང་རྣམས་ནི་དངོས་པོ་མེད་པ་ཉིད་དེ་དེ་ལྟ་ན་ཡང་སྒྱུ་འཕྲུལ་ཆེན་ པོའི་དོན་སྒྲུབ་པ་སྟེ། གདུལ་བྱའི་སེམས་ཅན་སངས་རྒྱས་ཉིད་ལ་རབ་ཏུ་འཇོག་པ་དེ་སྒྲུབ་པར་མཛད་པས་ན་སྒྱུ་འཕྲུལ་ཆེན་པོའི་དོན་གྲུབ་པའོ། །རྣམ་པ་ཐམས་ཅད་དུ་སེམས་ཅན་གྱི་དོན་མཛད་པ་ལ་མངོན་པར་དགྱེས་པས་སྒྱུ་འཕྲུལ་ཆེན་པོའི་དགའ་བ་ལ་དགྱེས་པས་སྒྱུ་འཕྲུལ་ཆེན་པོ་དགའ་བས་ 63-1-137b དགའོ། །དེ་ཉིད་ཀྱི་ཕྱིར། སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་ཅན། །ཞེས་བྱའོ། །ད་ནི་ས་བཅུ་ལ་བཞུགས་ཤིང་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུའི་ཡོན་ཏན་གྱི་རང་གི་ངོ་བོས་ཤིན་ཏུ་ཕུལ་དུ་བྱུང་བའི་བདག་ཉིད་ཆེན་པོས་ཁྱད་པར་དུ་འཕགས་པར་བསྟན་པའི་ཕྱིར། སྦྱིན་བདག་ཆེན་པོ་གཙོ་བོ་སྟེ། ། ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག །བཟོད་ཆེན་འཆང་བ་བརྟན་པ་པོ། །བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན། །བསམ་གཏན་ཆེན་པོ་ཏིང་འཛིན་གནས། །ཤེས་རབ་ཆེན་པོ་ལུས་འཆང་བ། །སྟོབས་པོ་ཆེ་ལ་ཐབས་ཆེ་བ། །སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །ཞེས་བྱ་བ་གསུངས་ཏེ། དེ་ལ་བྱང་ ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ལྷག་པར་སྤྱད་པས་ན་དེ་ལ་བཞུགས་ཏེ། སྦྱིན་པའི་ལས་ཚད་མེད་པ་མཛད་པས་ན། དེ་ཡང་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། བཙུན་པ་ཤ་ར་དཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ཡོངས་སུ་སྦྱང་བ་ཚད་མེད་པ་སྟེ། འདི་ལྟར་ཚེ་དང་། སྤོབས་པ་དང་། བདེ་བ་དང་། སྟོབས་དང་། ཁ་དོག་ཉེ་བར་བསྟན་པའི་ཕྱིར་ཟས་འདོད་པ་རྣམས་ལ་ནི་ཟས་སྦྱིན་པའོ། །ཉོན་མོངས་པ་དང་། སྲེད་པ་ཐམས་ཅད་བསལ་བའི་ཕྱིར་བཏུང་བ་འདོད་པ་རྣམས་ལ་བཏུང་བ་སྦྱིན་པའོ། །བདེ་བ་དང་འབྱོར་པའི་དངོས་པོ་ཐམས་ཅད་བསྡུ་བའི་ཕྱིར་ བཞོན་པ་འདོད་པ་རྣམས་ལ་བཞོན་པ་སྦྱིན་པའོ། །ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་གསེར་གྱི་ཁ་དོག་ལྟ་བུའི་མདོག་ཡོངས་སུ་སྦྱང་བའི་ཕྱིར་གོས་འདོད་པ་རྣམས་ལ་གོས་སྦྱིན་པའོ། །དེ་བཞིན་གཤེགས་པའི་ལྷའི་སྤྱན་ཡོངས་སུ་གཟིགས་པར་བྱ་བའི་ཕྱིར་མར་མེ་འདོད་པ་རྣམས་ལ་མར་མེ་སྦྱིན་པའོ། །དེ་བཞིན་ གཤེགས་པའི་ལྷའི་སྙན་ཡོངས་སུ་དག་པར་བྱ་བའི་ཕྱིར་རོལ་མོས་སྒྲ་འདོད་པ་རྣམས་ལ་རོལ་མོའི་སྒྲ་སྦྱིན་པའོ། །ཚུལ་ཁྲིམས་དང་ཐོས་པ་དང་ཏིང་ངེ་འཛིན་གྱི་སྤོས་ཀྱིས་བྱུག་པའི་ཕྱིར་སྤོས་དང་བྱུག་པ་སྦྱིན་པའོ། །གཟུངས་དང་སྤོབས་པ་དང་བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་ཐོབ་པར་བྱ་བའི་ཕྱིར་མེ་ཏོག་ཕྲེང་བ་འདོད་པ་ རྣམས་ལ་མེ་ཏོག་ཕྲེང་བ་སྦྱིན་པའོ། །ལུས་ཀྱི་དྲི་ཡིད་དུ་འོང་བ་ཐོབ་པར་བྱ་བའི་ཕྱིར་ཕྱེ་མ་འདོད་པ་རྣམས་ལ་ཕྱེ་མ་སྦྱིན་པའོ། །སྐྱེས་བུ་ཆེན་པོའི་མཚན་རོ་བྲོ་བའི་མཆོག་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རོ་ཐམས་ཅད་འདོད་པ་རྣམས་ལ་རོ་ཐམས་ཅད་སྦྱིན་པའོ། །སེམས་ཅན་ཐམས་ཅད་ཀྱི་གནས་དང་སྐྱབས་དང་མགོན་དང་ 63-1-138a དཔུང་གཉེན་བྱ་བའི་ཕྱིར་གནས་འདོད་པ་རྣམས་ལ་གནས་སྦྱིན་པའོ། །སྒྲིབ་པ་ཐམས་ཅད་རབ་ཏུ་སྤང་བ་དང་། ལྷ་དང་། ཚངས་པའི་གནས་དང་། དེ་བཞིན་གཤེགས་པའི་གཟིམས་ཆ་ཐོབ་པར་བྱ་བའི་ཕྱིར་མལ་ཆ་འདོད་པ་རྣམས་ལ་མལ་ཆ་སྦྱིན་པའོ། །སྟོང་གསུམ་གྱི་སྟོང་ཆེན་ པོའི་ས་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སྙིང་པོའི་རྡོ་རྗེའི་གདན་ཐོབ་པར་བྱ་བའི་ཕྱིར་སྟན་འདོད་པ་རྣམས་ལ་སྟན་སྦྱིན་པའོ། །བྱང་ཆུབ་ཀྱི་ཡོ་བྱད་ཐམས་ཅད་ཡོངས་སུ་བསྐང་བའི་ཕྱིར་ཡོ་བྱད་འདོད་པ་རྣམས་ལ་ཡོ་བྱད་སྦྱིན་པའོ། །མི་རྒ་མི་འཆི་བའི་བདུད་རྩིའི་བདེ་བས་ཡོངས་སུ་བསྐང་བའི་ཕྱིར་ན་བ་དང་སྨན་འདོད་པ་ཐམས་ ཅད་ལ་སྨན་སྦྱིན་པའོ། །རང་དབང་དང་རང་ཉམས་དང་། རང་བྱུང་གི་ཡེ་ཤེས་བསྐང་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྲན་ཕོ་དང་བྲན་མོ་ཡོངས་སུ་གཏོང་བའི་སྦྱིན་པའོ། །སྐྱེས་བུ་ཆེན་པོའི་མཚན་དམ་པ་སུམ་ཅུ་རྩ་གཉིས་ཡོངས་སུ་བསྐང་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གསེར་དང་། དངུལ་ དང་། ནོར་བུ་དང་། མུ་ཏིག་དང་། བེེ་ཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྱེ་རུ་དང་། རིན་པོ་ཆེ་ཐམས་ཅད་ཡོངས་སུ་གཏོང་བའི་སྦྱིན་པའོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱན་སྣ་ཚོགས་སྦྱིན་པའོ། །གཙུག་ཏོར་བལྟར་མི་མཐོང་བ་ཐོབ་པར་ བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཙུག་གི་ནོར་བུ་དང་ཅོད་པན་སྦྱིན་པའོ། །ཐེག་པ་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟ་དང་། བ་ལང་དང་། ཤིང་རྟ་དང་། དཔུང་བུ་ཆུང་དང་། བཞོན་པ་སྦྱིན་པའོ། །བསམ་གཏན་གྱི་ཡན་ལག་དང་ཡན་ལག་གི་ཚོགས་ ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེད་མོས་ཚལ་དང་། གཞལ་མེད་ཁང་དང་། དཀའ་ཐུབ་ཀྱི་ནགས་ཚལ་དང་། གཙུག་ལག་ཁང་ཡོངས་སུ་གཏོང་བའི་སྦྱིན་པའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ ཀྱི་བུ་ཕོ་དང་། ཆུང་མ་དང་། སྡུག་པ་ཡོངས་སུ་གཏོང་བའི་སྦྱིན་པའོ། །དམ་པའི་ཆོས་ཀྱི་མཛོད་དང་། བང་བ་དག་ཡོངས་སུ་དགོང་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནོར་དང་། འབྲུ་དང་། མཛོད་དང་། བང་བ་ཡོངས་སུ་གཏོང་བའི་སྦྱིན་པའོ། །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ 63-1-138b ལྡན་པ་དམ་པའི་ཆོས་ཀྱི་རྒྱལ་པོ་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དང་། འཛམ་བུའི་གླིང་དང་། གླིང་བཞི་པའི་རྒྱལ་སྲིད་ཀྱི་དབང་ཕྱུག་ཐམས་ཅད་ཡོངས་སུ་གཏོང་ བའི་སྦྱིན་པའོ། །ཆོས་ལ་དགའ་ཞིང་མོས་པ་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེ་བ་དང་། དགའ་བ་དང་། རྩེད་མོ་ཐམས་ཅད་གཏོང་བའི་སྦྱིན་པའོ། །དམ་པའི་ཆོས་ཀྱི་རྐང་པས་བྱང་ཆུབ་ཀྱི་ཆོས་ཀྱི་སྙིང་པོར་འགྲོ་བར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྐང་པ་སྦྱིན་པའོ། །སེམས་ ཅན་ཐམས་ཅད་ལ་དམ་པའི་ཆོས་ཀྱི་ལག་པ་སྦྱིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་མཐིལ་སྦྱིན་པའོ། །དབང་པོ་མ་ཉམས་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣ་བ་དང་སྣ་སྦྱིན་པའོ། །སེམས་ཅན་ཐམས་ཅད་ཀྱིས་སྒྲིབ་པ་མེད་པའི་སངས་རྒྱས་ཀྱི་སྤྱན་དང་ཆོས་ཀྱི་སྤྱན་ཐོབ་ པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མིག་སྦྱིན་པའོ། །ཁམས་གསུམ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་མཚན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡན་ལག་གི་དམ་པ་མགོ་སྦྱིན་པའོ། །སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླང་ཞིང་ཉེ་བར་འཚོ་བར་བྱ་ བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤ་དང་ཁྲག་ཡོངས་སུ་གཏོང་བའི་སྦྱིན་པའོ། །འཇམ་པ་དང་སྣུམ་པ་དང་གསེར་གྱི་ཁ་དོག་ལྟ་བུའི་མདོག་ཡོངས་སུ་དག་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་པགས་པ་ཡོངས་སུ་གཏོང་བའི་སྦྱིན་པའོ། །སངས་རྒྱས་ཀྱི་སྐུ་རྡོ་རྗེ་ལྟར་མི་ཤིགས་ཤིང་སྲ་བ་སྲེད་མེད་ཀྱི་ བུ་ལྟར་མཁྲེགས་པ་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རུས་པ་དང་། རྐང་སྦྱིན་པའོ། །བཙུན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ལ་མི་མཐུན་པའི་ལོངས་སྤྱོད་ཡོངས་སུ་ཚོལ་བའི་སྦྱིན་པ་མེད་དོ། །སེམས་ཅན་ཐམས་ཅད་ལ་གནོད་པའི་སྦྱིན་པ་མེད་དོ། ། ང་རྒྱལ་བསྐྱེད་ཅིང་སྦྱིན་པ་མེད་དོ། །འཇིགས་པ་དང་སྡུག་པ་དང་འཛེམ་པའི་སྦྱིན་པ་མེད་དོ། །མགྲོན་དུ་གཉེར་ཏེ་ཡོངས་སུ་མི་གཏོང་བའི་སྦྱིན་པ་མེད་དོ། །ཇི་སྐད་སྨྲས་པ་ལས་ཆུང་བའི་སྦྱིན་པ་མེད་དོ། །བཟང་པོ་ཡོད་ལ་བཟང་པོ་མ་ཡིན་པའི་སྦྱིན་པ་མེད་དོ། །ལྷག་པའི་བསམ་པ་མ་ཡིན་པས་སྦྱིན་ 63-1-139a པ་མེད་དོ། །གཡོ་དང་སྒྱུས་སྦྱིན་པ་མེད་དོ། །བཅོམ་པའི་སྦྱིན་པ་མེད་དོ། །ལས་ཀྱི་རྣམ་པར་སྨིན་པ་དང་རྒོད་པས་སྦྱིན་པ་མེད་དོ། །ལོག་པའི་བསམ་པས་སྦྱིན་པ་མེད་དོ། །གཏི་མུག་གི་བསམ་པས་སྦྱིན་པ་མེད་དོ། །འཚོལ་བའི་བསམ་པས་སྦྱིན་པ་མེད་དོ། །ཕྱིན་ཅི་ལོག་གི་ བསམ་པས་སྦྱིན་པ་མེད་དོ། །མ་དད་པར་སྦྱིན་པ་མེད་དོ། །མི་དགའ་བར་སྦྱིན་པ་མེད་དོ། །ཉེ་བར་གནས་པའི་སྦྱིན་པ་མེད་དོ། །ངོར་བལྟས་ཏེ་སྦྱིན་པ་མེད་དོ། །སེམས་ཅན་ཐ་དད་པའི་སྦྱིན་པ་མེད་དོ། །སྦྱིན་པའི་གནས་འདམ་ཞིང་སྦྱིན་པ་མེད་དོ། །སེམས་ཅན་ཐམས་ཅད་ལ་སྦྱིན་པའི་གནས་མ་ཡིན་ པར་བརྙས་ཤིང་སྦྱིན་པ་མེད་དོ། །ཚུལ་ཁྲིམས་དང་ལྡན་པ་དང་ཚུལ་ཁྲིམས་འཆལ་བ་ལ་བསྟོད་པ་དང་སྨད་པའི་སྦྱིན་པ་མེད་དོ། །ལན་ལ་རེ་བའི་སྦྱིན་པ་མེད་དོ། །གྲགས་པ་དང་སྒྲ་དང་ཚིགས་སུ་བཅད་པའི་ཕྱིར་སྦྱིན་པ་མེད་དོ། །བདག་ལ་བསྟོད་པ་དང་། གཞན་ལ་སྨོད་པའི་སྦྱིན་པ་མེད་དོ། །ཡོངས་སུ་ གདུང་བར་བྱེད་པའི་སྦྱིན་པ་མེད་དོ། །ཡིད་ལ་གཅགས་པའི་སྦྱིན་པ་མེད་དོ། །འགྱོད་པའི་སྦྱིན་པ་མེད་དོ། །གནོད་པར་སྦྱིན་པ་མེད་དོ། །གཞན་གྱི་རེ་བ་ལ་བབ་པའི་སྦྱིན་པ་མེད་དོ། །སྨད་པར་སྦྱིན་པ་མེད་དོ། །ལས་ཀྱི་རྣམ་པར་སྨིན་པ་ལ་རེ་བའི་སྦྱིན་པ་མེད་དོ། །དཔགས་ཏེ་སྦྱིན་པ་མེད་དོ། །ཁྲོ་བ་དང་། ཞེ་སྡང་དང་། གཏི་མུག་དང་། གནོད་སེམས་བསྐྱེད་པའི་སྦྱིན་པ་མེད་དོ། །སློང་བ་རྣམས་ལ་གནོད་པའི་སྦྱིན་པ་མེད་དོ། །འཕྱ་བ་དང་ཅོ་འདྲི་བའི་སྦྱིན་པ་མེད་དོ། །ཕྱིན་ཕྱོགས་སུ་སྦྱིན་པ་མེད་དོ། །བསྐྱུར་ཏེ་སྦྱིན་པ་མེད་དོ། །བསྟི་སྟང་དུ་མ་བྱས་པའི་སྦྱིན་པ་མེད་དོ། །བདག་གི་ལག་མ་བདར་བའི་སྦྱིན་པ་མེད་དོ། །མི་རྟག་པའི་སྦྱིན་པ་ མེད་དོ། །ཤིན་ཏུ་མ་སྦྱངས་པའི་སྦྱིན་པ་མེད་དོ། །གཞན་ལ་རྙོག་པའི་སྦྱིན་པ་མེད་དོ། །ཡོངས་སུ་ཆད་པར་བྱས་ཏེ་སྦྱིན་པ་མེད་དོ། །ཇི་ལྟར་བསྟབས་པ་ལས་ཆུང་བའི་སྦྱིན་པ་མེད་དོ། །སྤྲོ་བ་ལས་མི་སྤྲོ་བར་འགྱུར་བའི་སྦྱིན་པ་མེད་དོ། །སེམས་ཅན་ཞིང་མ་ཡིན་ཞེས་སྦྱིན་པ་མེད་དོ། །ཆུང་ངུ་ལ་བརྙས་ཤིང་སྦྱིན་པ་མེད་ དོ། །སྦྱིན་པ་རྒྱ་ཆེན་པོ་ལ་སྙེམས་ཤིང་སྦྱིན་པ་མེད་དོ། །ལོག་པར་སྒྲུབ་པའི་སྦྱིན་པ་མེད་དོ། །སྐྱེ་བ་འདོད་པའི་སྦྱིན་པ་མེད་དོ། །གཟུགས་དང་ལོངས་སྤྱོད་དང་དབང་ཕྱུག་ལ་མངོན་པར་དགའ་བས་སྦྱིན་པ་མེད་དོ། །བརྒྱ་བྱིན་དང་ཚངས་པ་དང་འཇིག་རྟེན་སྐྱོང་བ་དང་ལྷ་ཐམས་ཅད་དུ་སྐྱེ་བར་སྨོན་ཅིང་སྦྱིན་པ་མེད་ 63-1-139b དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པར་བསྔོ་ཞིང་སྦྱིན་པ་མེད་དོ། །གཞོན་ནུ་དང་རྒྱལ་སྲིད་ཀྱི་དབང་ཕྱུག་འདོད་པས་སྦྱིན་པ་མེད་དོ། །ཚེ་གཅིག་ཏུ་ཟད་པའི་སྦྱིན་པ་མེད་དོ། །ཕྱིན་ཆད་ཆོག་ཅིང་མི་དགོས་པའི་སྦྱིན་པ་མེད་དོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་སུ་མ་བསྔོས་པའི་སྦྱིན་པ་མེད་དོ། །རུང་བ་ མ་ཡིན་པའི་སྦྱིན་པ་མེད་དོ། །དུས་ལ་མ་བབ་པའི་སྦྱིན་པ་མེད་དོ། །དུག་དང་མཚོན་སྦྱིན་པ་མེད་དོ། །སེམས་ཅན་ལ་ཐོ་འཚམས་ཤིང་སྦྱིན་པ་མེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ནི་མཁས་པས་སྨད་པ་མེད་དོ། །སྦྱིན་པ་དེ་ནི་སྟོང་པ་ཉིད་ཀྱི་རྣམ་པས་བསྒྲུབས་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་ པ་དེ་ནི་མཚན་མ་མེད་པས་ཡོངས་སུ་བསྒོམས་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་སྨོན་པ་མེད་པ་ལ་རབ་ཏུ་གནས་པ་སྟེ་དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་མངོན་པར་འདུས་མ་བྱས་པར་ཡོངས་སུ་བསྔོས་པ་སྟེ་དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཡང་དག་པར་ཟིན་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། ། སྦྱིན་པ་དེ་ནི་ཁམས་གསུམ་པ་དང་མ་འདྲེས་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་འབྲས་བུ་རྒྱུ་མཐུན་པ་རྣམ་པར་གྲོལ་བ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་བདུད་ཐམས་ཅད་ཤིན་ཏུ་ཚར་གཅོད་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཉོན་མོངས་པ་ཐམས་ཅད་དང་མ་འདྲེས་པ་སྟེ། དེའི་ཕྱིར་ དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཁྱད་པར་དུ་འགྲོ་བ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ལེགས་པར་བྱས་པ་ངེས་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་བྱང་ཆུབ་ཀྱི་ལམ་གྱི་ཚོགས་བསགས་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཡང་དག་པར་བསྔོས་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་ པ་དེ་ནི་བྱང་ཆུབ་ཀྱི་སྙིང་པོར་རྒྱན་བཀོད་པ་རྣམ་པར་གྲོལ་བ་རྒྱུ་མཐུན་པའི་འབྲས་བུ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་གཙོ་བོ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་མུ་མེད་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཡོངས་སུ་མི་བྲི་བ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་ པ་དེ་ནི་ཀུན་དུ་མི་གཏོགས་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཡོངས་སུ་མ་ཟད་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཡངས་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་མི་གནས་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཐུག་པ་མེད་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་ 63-1-140a པ་དེ་ནི་ཁ་ན་མ་ཐོ་བ་མེད་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་མི་སྐུར་བ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་མི་ཐུལ་བ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཟིལ་གྱིས་མ་ནོན་པ་སྟེ། དེའི་ཕྱིར་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བཏང་བ་སྟེ། དེའི་ཕྱིར་དེ་མི་ཟད་པའོ་ཞེས་ཇི་སྐད་གསུངས་པ་ལྟ་བུའི་སྦྱིན་པ་དེའི་བདག་པོར་གྱུར་པས་ན་སྦྱིན་བདག་ཆེན་པོ་སྟེ། དེ་ཉིད་ཀྱི་ཕྱིར་གཙོ་བོའོ། །བྱང་ཆུབ་སེམས་དཔའི་ས་དྲི་མ་མེད་པ་ལ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ལྷག་པར་སྤྱོད་པ་ཡིན་ཏེ། དེ་བས་ན་དེ་ཁྱད་པར་དུ་བྱ་བའི་ཕྱིར། ཚུལ་ཁྲིམས་ཆེན་པོ་འཆང་ བ་མཆོག །ཅེས་བྱ་སྟེ། དེ་ལེ་ལོ་ཅན་དང་བློ་དམན་པ་རྣམས་ཀྱིས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་མདོ་སྡེ་དག་གི་ནང་ནས་གསུངས་པ་འདིར་བསྟན་པར་བྱ་སྟེ། དེ་ཡང་བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་རྣམ་པ་དྲུག་ཅུ་རྩ་ལྔས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པ་མི་ཟད་པ་ཡིན་ནོ། །དྲུག་ཅུ་རྩ་ལྔ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་མི་གནོད་པ་དང་། གཞན་གྱི་ལོངས་སྤྱོད་དག་ལ་མི་རྐུ་བ་དང་། གཞན་གྱི་ཆུང་མ་དག་ལ་མ་ཆགས་པ་དང་། སེམས་ཅན་ཐམས་ཅད་ལ་མི་སླུ་བ་དང་། བདག་གི་འཁོར་གྱིས་ཆོག་པར་འཛིན་པས་ཕྲ་ མ་མེད་པ་དང་། ཚིག་དྲག་པོ་བཟོད་པས་མི་བརླང་བ་དང་། ཚིག་ཤིན་ཏུ་སྤོང་བས་ཀྱལ་བ་མི་སྨྲ་བ་དང་། གཞན་བདེ་བ་ལ་དགའ་བས་བརྣབ་སེམས་མེད་པ་དང་། ངན་དུ་བརྗོད་པ་དང་། ངན་དུ་སྨྲ་བའི་ཚིག་གི་ལམ་བཟོད་པས་གནོད་སེམས་མེད་པ་དང་། སྟོན་པ་མེད་པ་གཞན་གྱིས་བསྟན་པ་མེད་པས་ཡང་དག་པར་ལྟ་བ་དང་། སེམས་ལ་རྙོག་པ་མེད་པས་སངས་རྒྱས་ལ་དད་པ་དང་། ཆོས་ཉིད་ཀྱིས་ཆོས་དམ་པའི་ཕྱིར་ཆོས་ལ་དད་པ་དང་། འཕགས་པའི་ཚོགས་ཐམས་ཅད་ལ་དགའ་བས་དགེ་འདུན་ལ་དད་པ་དང་། བླ་མ་ལ་གུས་པས་སྲི་ཞུ་ཆེ་བ་དང་། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་ཡན་ལག་ལྔས་ཕྱག་འཚལ་བས་རབ་ཏུ་འདུད་པ་དང་། ཁ་ན་མ་ཐོ་བ་ཆུང་རབ་ལ་ཡང་འཇིགས་པར་ལྟ་བས་ཚུལ་ཁྲིམས་མི་ལྷོད་པ་དང་། ཐེག་པ་གཞན་ལ་མི་བརྟེན་པས་ཚུལ་ཁྲིམས་མ་རལ་པ་དང་། ཉམ་ང་བར་སྐྱེ་བ་སྤོང་བས་ཚུལ་ཁྲིམས་མ་ཉམས་པ་དང་། སྐྱེ་བོ་མི་སྲུན་པ་དང་། ཉོན་མོངས་པ་དང་མ་འདྲེས་པས་ཚུལ་ཁྲིམས་མ་འདྲེས་པ་དང་། དཀར་པོའི་ཆོས་ 63-1-140b ཕྱོགས་གཅིག་ཏུ་འཕེལ་བས་ཚུལ་ཁྲིམས་མ་འཆོལ་བ་དང་། ཇི་ལྟར་འདོད་པ་བཞིན་དུ་འགྲོ་བས་འབྱོངས་པའི་ཚུལ་ཁྲིམས་དང་། མཁས་པས་རབ་ཏུ་བསྔགས་པའི་ཚུལ་ཁྲིམས་དང་། དྲན་པ་དང་ཤེས་བཞིན་རབ་ཏུ་ཉེ་བར་གནས་པས་རྣམ་པ་མཆོག་གི་ཚུལ་ཁྲིམས་དང་། ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པས་མ་སྨད་ པའི་ཚུལ་ཁྲིམས་དང་། དབང་པོ་བསྲུངས་པས་ཤིན་ཏུ་སྦས་པའི་ཚུལ་ཁྲིམས་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སེམས་པས་རྣམ་པར་གྲགས་པའི་ཚུལ་ཁྲིམས་དང་། རུང་བ་ལ་ཚོད་ཤེས་པས་འདོད་པ་ཆུང་བའི་ཚུལ་ཁྲིམས་དང་། ཆགས་པ་སྤོང་བས་ཆོག་ཤེས་པའི་ཚུལ་ཁྲིམས་དང་། ལུས་དང་སེམས་ དབེན་པས་རང་བཞིན་གྱིས་དབེན་པའི་ཚུལ་ཁྲིམས་དང་། འདུ་འཛི་རྣམ་པར་སྤོང་བས་དགོན་པ་ལ་གནས་པའི་ཚུལ་ཁྲིམས་དང་། གཞན་གྱི་ངོར་མི་ལྟ་བས་འཕགས་པའི་རིགས་ཆོག་ཤེས་པའི་ཚུལ་ཁྲིམས་དང་། དགེ་བའི་རྩ་བ་བདག་གི་ཁ་ན་ལས་པས་སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པའི་ཚུལ་ཁྲིམས་ དང་། ལྷ་དང་མི་མགུ་བར་བྱེད་པས་ཇི་ལྟར་སྨྲས་པ་དེ་ལྟར་སྤྱོད་པའི་ཚུལ་ཁྲིམས་དང་། སེམས་ཅན་ཐམས་ཅད་ཀྱི་དཔུང་གཉེན་དུ་གྱུར་པས་བྱམས་པའི་ཚུལ་ཁྲིམས་དང་། སྡུག་བསྔལ་ཐམས་ཅད་བཟོད་པས་སྙིང་རྗེའི་ཚུལ་ཁྲིམས་དང་། སེམས་མ་ཞུམ་པས་དགའ་བའི་ཚུལ་ཁྲིམས་དང་། རྗེས་སུ་ཆགས་ པ་དང་ཁོང་ཁྲོ་བ་སྤངས་པས་བཏང་སྙོམས་ཀྱི་ཚུལ་ཁྲིམས་དང་། བདག་གི་སེམས་ལ་ངེས་པར་སེམས་པས་བདག་གི་འཁྲུལ་པ་རྟོག་པའི་ཚུལ་ཁྲིམས་དང་། གཞན་གྱི་སེམས་སྲུང་བས་གཞན་གྱི་འཁྲུལ་པ་ལ་ཉེས་པར་མི་ལྟ་བའི་ཚུལ་ཁྲིམས་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་སྦྱིན་པའི་ཚུལ་ཁྲིམས་ དང་། ཚུལ་ཁྲིམས་རབ་ཏུ་བསྲུངས་པས་ཤིན་ཏུ་གཟུང་བའི་ཚུལ་ཁྲིམས་དང་། སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པའི་སེམས་མེད་པས་བཟོད་པའི་ཚུལ་ཁྲིམས་དང་། ཕྱིར་མི་ལྡོག་པས་བརྩོན་འགྲུས་ཀྱི་ཚུལ་ཁྲིམས་དང་། བསམ་གཏན་གྱི་ཡན་ལག་གི་ཚོགས་འཕེལ་བར་བྱེད་པས་བསམ་གཏན་གྱི་ ཚུལ་ཁྲིམས་དང་། ཐོས་པའི་དགེ་བའི་རྩ་བས་མི་ངོམས་པའི་ཕྱིར་ཤེས་རབ་ཀྱི་ཚུལ་ཁྲིམས་དང་། ཐོས་པའི་སྙིང་པོ་ལེན་པའི་ཕྱིར་ཐོས་པ་ཚོལ་བའི་ཚུལ་ཁྲིམས་དང་། བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་སྤེལ་བའི་ཕྱིར་དགེ་བའི་བཤེས་གཉེན་ལ་བརྟེན་པའི་ཚུལ་ཁྲིམས་དང་། ལམ་ཉམ་ང་བ་འདོར་བའི་ 63-1-141a ཕྱིར་སྡིག་པའི་གྲོགས་པོ་ཡོངས་སུ་སྤོང་བའི་ཚུལ་ཁྲིམས་དང་། མི་རྟག་པའི་འདུ་ཤེས་ལ་རྟོགས་པས་ལུས་ལ་ལྟ་བའི་ཚུལ་ཁྲིམས་དང་། དགེ་བའི་རྩ་བ་བརྟུན་ཏེ་བྱེད་པས་སྲོག་ལ་ཡང་མི་རྟོན་པའི་ཚུལ་ཁྲིམས་དང་། བསམ་པ་དག་པའི་ཕྱིར་ཡིད་ལ་གཅགས་པ་མེད་པའི་ཚུལ་ཁྲིམས་དང་། སྦྱོར་བ་དག་པའི་ཕྱིར་བཅོས་མ་མ་ཡིན་པའི་ཚུལ་ཁྲིམས་དང་། ལྷག་པའི་བསམ་པ་དག་པའི་ཕྱིར་ཡོངས་སུ་གདུང་བ་མེད་པའི་ཚུལ་ཁྲིམས་དང་། ལས་ལེགས་པར་བྱས་པའི་ཕྱིར་མི་དགའ་བ་མེད་པའི་ཚུལ་ཁྲིམས་དང་། ཁེངས་པ་མེད་པའི་ཕྱིར་ང་རྒྱལ་མེད་པའི་ཚུལ་ཁྲིམས་དང་། འདོད་ཆགས་དང་བྲལ་བའི་ ཕྱིར་མི་རྒོད་པའི་ཚུལ་ཁྲིམས་དང་། དྲང་བའི་ཕྱིར་མི་གཡེང་བའི་ཚུལ་ཁྲིམས་དང་། ཅང་ཤེས་པའི་ཕྱིར་མུ་ཅོར་མི་སྨྲ་བའི་ཚུལ་ཁྲིམས་དང་། མི་འཁྲུག་པའི་ཕྱིར་དུལ་བའི་ཚུལ་ཁྲིམས་དང་། ཉེ་བར་ཞི་བའི་ཕྱིར་ཞི་བའི་ཚུལ་ཁྲིམས་དང་། ཇི་སྐད་སྨྲས་པ་བཞིན་བྱེད་པས་བཀའ་བློ་བདེ་ཞིང་མཐུན་པར་འཛིན་པའི་ཚུལ་ ཁྲིམས་དང་། བསྡུ་བའི་དངོས་པོ་མི་འདོར་བས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཚུལ་ཁྲིམས་དང་། བདག་གི་ནོར་ཆུད་མི་གཟོན་པའི་ཕྱིར་དམ་པའི་ཆོས་ཡོངས་སུ་སྲུང་བའི་ཚུལ་ཁྲིམས་དང་། གཟོད་མ་ནས་ཤིན་ཏུ་དག་པས་བསམ་པ་ཐམས་ཅད་ཡོངས་སུ་སྐོང་བའི་ཚུལ་ཁྲིམས་དང་། དེའི་ཚུལ་ཁྲིམས་ཡོངས་ སུ་བསྔོས་པ་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ལ་ཡང་དག་པར་གཞོལ་བའི་ཚུལ་ཁྲིམས་དང་། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པས་སངས་རྒྱས་ཀྱི་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་ཚུལ་ཁྲིམས་ཏེ། བཙུན་པ་ཤ་ར་དྭ་ཏིའི་བུ་རྣམ་པ་དྲུག་ཅུ་རྩ་ལྔ་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ ཁྲིམས་ཀྱི་ཕུང་པོ་ཡོངས་སུ་མི་ཟད་པ་ཡིན་ནོ། །བཙུན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་གང་ལ་བདག་ཏུ་སྒྲོ་བཏགས་པ་མེད་པ་དང་། སེམས་ཅན་དུ་མ་ཡིན། སྲོག་ཏུ་མ་ཡིན། གསོ་བར་མ་ཡིན། སྐྱེས་བུར་མ་ཡིན། གང་ཟག་ཏུ་མ་ཡིན། ཤེད་ལས་སྐྱེས་སུ་མ་ཡིན་ཞིང་ཤེད་བུར་སྒྲོ་བཏགས་པ་མེད་པ་དེ་ནི་ཚུལ་ ཁྲིམས་སོ། །གང་ལ་གཟུགས་སུ་སྒྲོ་བཏགས་པ་མེད་པ་དང་། ཚོར་བར་མ་ཡིན། འདུ་ཤེས་སུ་མ་ཡིན། འདུ་བྱེད་དུ་མ་ཡིན་ཞིང་རྣམ་པར་ཤེས་པར་སྒྲོ་བཏགས་པ་མེད་པ་དེ་ནི་ཚུལ་ཁྲིམས་སོ། །གང་ལ་སའི་ཁམས་སུ་སྒྲོ་བཏགས་པ་མེད་པ་དང་། ཆུའི་ཁམས་སུ་མ་ཡིན། མེའི་ཁམས་སུ་མ་ཡིན་ཞིང་ 63-1-141b རླུང་གི་ཁམས་སུ་སྒྲོ་བཏགས་པ་མེད་པ་དེ་ནི་ཚུལ་ཁྲིམས་སོ། །གང་ལ་མིག་གི་མཚན་མར་སྒྲོ་བཏགས་པ་མེད་པ་དང་། གཟུགས་ཀྱི་མཚན་མར་སྒྲོ་བཏགས་པ་མེད་པ་དང་། དེ་བཞིན་དུ་རྣ་བར་མ་ཡིན། སྒྲར་མ་ཡིན། སྣར་མ་ཡིན། དྲིར་མ་ཡིན། ལྕེར་མ་ཡིན། རོར་མ་ཡིན། ལུས་སུ་མ་ཡིན། རེག་ བྱར་མ་ཡིན་ཞིང་ཡིད་ཀྱི་མཚན་མར་སྒྲོ་བཏགས་པ་མེད་པ་དེ་ནི་ཚུལ་ཁྲིམས་སོ། །གང་ལ་ལུས་དང་ངག་དང་སེམས་སུ་སྒྲོ་བཏགས་པ་མེད་པ་དེ་ནི་ཚུལ་ཁྲིམས་སོ། །གང་ཚེ་གཅིག་པའི་ཕྱིར་ཞི་གནས་ཀྱི་མཚན་ཉིད་དེ་ནི་ཚུལ་ཁྲིམས་སོ། །ཆོས་རབ་ཏུ་འབྱེད་པ་ལ་མཁས་པས་ལྷག་མཐོང་གི་མཚན་ཉིད་དེ་ནི་ཚུལ་ཁྲིམས་ སོ། །གང་སྟོང་པ་ཉིད་རིག་པ་དང་། མཚན་མའི་མཐའ་དང་། སྨོན་པ་མེད་ཅིང་ཁམས་གསུམ་པ་དང་མ་འདྲེས་པ་དེ་ནི་ཚུལ་ཁྲིམས་སོ། །གང་མངོན་པར་འདུ་མ་བྱས་པ་སྐྱེས་པས་རབ་ཏུ་ཕྱེ་བའི་སྐྱེ་བ་ལ་བཟོད་པ་དེ་ནི་ཚུལ་ཁྲིམས་སོ། །གང་ལ་མ་བྱས་ཤིང་བྱ་བ་མེད་པ་དེ་ནི་ཚུལ་ཁྲིམས་སོ། །གང་སྔོན་གྱི་མཐར་མ་བྱུང་ བ་དང་། ཕྱི་མའི་མཐར་མ་འཕོས་པ་དང་། བར་དུ་མི་གནས་པ་ནི་ཚུལ་ཁྲིམས་སོ། །གང་སེམས་དྲི་མ་མེད་པ་དང་། རྣམ་པར་ཤེས་པ་ལ་མི་གནས་པ་དང་། ཡིད་ལ་བྱེད་པ་དང་མ་འདྲེས་པ་དེ་ནི་ཚུལ་ཁྲིམས་སོ། །གང་འདོད་པའི་ཁམས་ལ་མི་བརྟེན་པ་དང་། གཟུགས་ཀྱི་ཁམས་ལ་མི་གནས་པ་དང་། གཟུགས་མེད་པའི་ཁམས་ལ་མི་འདུག་པ་དེ་ནི་ཚུལ་ཁྲིམས་སོ། །གང་འདོད་ཆགས་ཀྱི་རྡུལ་མེད་པ་དང་། གནོད་སེམས་དང་ཐ་བ་དང་སྐྱོན་དང་ཁོང་ཁྲོ་བ་བསལ་བ་དང་། གཏི་མུག་གི་མུན་པ་དང་མ་རིག་པ་མེད་པ་དེ་ནི་ཚུལ་ཁྲིམས་སོ། །གང་རྟག་པ་མེད་པ་དང་། ཆད་པ་མེད་པ་དང་། བརྟེན་ནས་བྱུང་བ་དང་ འགལ་བ་མེད་པ་དེ་ནི་ཚུལ་ཁྲིམས་སོ། །གང་ངར་འཛིན་པ་མེད་པ་དང་། ང་ཡིར་འཛིན་པ་བོར་བ་དང་། འཇིག་ཚོགས་ལ་ལྟ་བ་ལ་མི་གནས་པ་དེ་ནི་ཚུལ་ཁྲིམས་སོ། །གང་མིང་དང་བརྡ་ལ་མངོན་པར་མ་ཞེན་པ་དང་། གཟུགས་ཀྱི་མཚན་ཉིད་ལ་མི་གནས་པ་དང་། མིང་དང་གཟུགས་དང་མ་འདྲེས་པ་དེ་ནི་ ཚུལ་ཁྲིམས་སོ། །གང་རྒྱུའི་བག་ལ་ཉལ་མེད་པ་དང་། ལྟ་བ་དང་ཀུན་ནས་ལྡང་བ་ཀུན་ནས་མ་ལངས་པ་དང་། སྒྲིབ་པ་དང་འགྱོད་པ་ལ་མི་གནས་པ་དེ་ནི་ཚུལ་ཁྲིམས་སོ། །གང་ལ་ཆགས་པ་མི་དགེ་བའི་རྩ་བའི་གནས་མེད་པ་དང་། ཞེ་སྡང་མི་དགེ་བའི་རྩ་བའི་གནས་མེད་པ་དང་། གཏི་མུག་མི་དགེ་བའི་ 63-1-142a རྩ་བའི་གནས་མེད་པ་དེ་ནི་ཚུལ་ཁྲིམས་སོ། །གང་མི་དགེ་བ་མེད་པ་དང་ཡོངས་སུ་གདུང་བ་མེད་པ་དང་ཤིན་ཏུ་སྦྱངས་པའི་མཚན་ཉིད་དེ་ནི་ཚུལ་ཁྲིམས་སོ། །གང་ཆོས་ཀྱི་སྐུས་སངས་རྒྱས་ཀྱི་རིགས་མི་གཅོད་པ་དང་། ཆོས་ཀྱི་དབྱིངས་དབྱེར་མེད་པའི་ཕྱིར་ཆོས་ཀྱི་རིགས་མི་གཅོད་པ་དང་འདུས་ མ་བྱས་ཀྱི་རབ་ཏུ་ཕྱེ་བའི་ཕྱིར་དགེ་འདུན་གྱི་རིགས་མི་གཅོད་པ་དེ་ནི་ཚུལ་ཁྲིམས་སོ། །བཙུན་པ་ཤ་ར་དྭ་ཏིའི་བུ་ཚུལ་ཁྲིམས་མི་ཟད་པ་ནི་རྒྱུན་མི་ཟད་པའི་ཕྱིར་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། སོ་སོའི་སྐྱེ་བོ་རྣམས་ཀྱི་ཚུལ་ཁྲིམས་ནི་སྐྱེ་བའི་གནས་རྣམས་ཀྱིས་ཟད་པར་འགྱུར་རོ། །ཕྱི་རོལ་པའི་ལྔ་མངོན་པར་ཤེས་པ་རྣམས་ ཀྱི་ཚུལ་ཁྲིམས་ནི་མངོན་པར་ཤེས་པ་ཉམས་པས་ཟད་པར་འགྱུར་རོ། །མི་རྣམས་ཀྱི་ཚུལ་ཁྲིམས་ནི་དགེ་བ་བཅུའི་ལམ་ཟད་པས་ཟད་པར་འགྱུར་རོ། །འདོད་པའི་ཁམས་ཀྱི་ལྷའི་བུ་རྣམས་ཀྱི་ཚུལ་ཁྲིམས་ནི་བསོད་ནམས་ཟད་པས་ཟད་པར་འགྱུར་རོ། །གཟུགས་ཀྱི་ཁམས་ཀྱི་ལྷའི་བུ་རྣམས་ཀྱི་ཚུལ་ཁྲིམས་ནི་ཚད་ མེད་པ་དང་། བསམ་གཏན་ཟད་པས་ཟད་པར་འགྱུར་རོ། །གཟུགས་མེད་པའི་ཁམས་ཀྱི་ལྷའི་བུ་རྣམས་ཀྱི་ཚུལ་ཁྲིམས་ནི་ཇི་ལྟ་བུར་སྙོམས་པར་ཞུགས་པ་སྐྱེས་པ་ཟད་པས་ཟད་པར་འགྱུར་རོ། །སློབ་པ་དང་མི་སློབ་པ་དང་ཉན་ཐོས་ཐམས་ཅད་ཀྱི་ཚུལ་ཁྲིམས་ནི་མྱ་ངན་ལས་འདས་པའི་མཐར་ཟད་པར་ འགྱུར་རོ། །རང་སངས་རྒྱས་རྣམས་ཀྱི་ཚུལ་ཁྲིམས་ནི་སྙིང་རྗེ་ཆེན་པོ་དང་བྲལ་བས་ཟད་པར་འགྱུར་རོ། །བཙུན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ནི་མི་ཟད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཚུལ་ཁྲིམས་དེ་ལས་ཚུལ་ཁྲིམས་ཐམས་ཅད་འབྱུང་བའི་ཕྱིར་ཏེ། བཙུན་པ་ཤ་ར་དྭ་ ཏིའི་བུ་དཔེར་ན་ས་བོན་མི་ཟད་པ་ཐོབ་པ་མི་ཟད་པའོ། །བཙུན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་མི་ཟད་པས་ན་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་མི་ཟད་པར་རིག་པར་བྱ་སྟེ། དེའི་ཕྱིར་ན་སྐྱེས་བུ་དམ་པ་དེ་དག་ནི་ཚུལ་ཁྲིམས་མི་ཟད་པ་ཞེས་བྱའོ། །དེ་ལྟ་བུའི་ཚུལ་ཁྲིམས་ཆེན་པོ་ འཆང་བའི་ཕྱིར་ཚུལ་ཁྲིམས་འཆང་བ་ཐམས་ཅད་ཀྱི་གཙོ་བོར་གྱུར་པས་ན་མཆོག་གོ། །བྱང་ཆུབ་སེམས་དཔའི་ས་འོད་བྱེད་པ་ལ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ལྷག་པར་སྤྱོད་པ་ཡིན་ཏེ། དེ་བས་ན། བཟོད་ཆེན་འཆང་བ་བརྟན་པ་པོ། །ཞེས་བྱ་སྟེ། དེ་ཡང་རྣམ་པ་སུམ་ཅུ་རྩ་གཉིས་ཀྱིས་བྱང་ཆུབ་སེམས་ 63-1-142b དཔའ་རྣམས་ཀྱི་བཟོད་པར་བལྟའོ། །སུམ་ཅུ་རྩ་གཉིས་གང་ཞེ་ན། བག་ལ་ཉལ་སྤངས་པས་བཟོད་པར་བལྟའོ། །མི་གནོད་པས་བཟོད་པར་བལྟའོ། །ཡོངས་སུ་མི་གདུང་བས་བཟོད་པར་བལྟའོ། །གནོད་སེམས་མེད་པས་བཟོད་པར་བལྟའོ། །ཁོན་དུ་འཛིན་པ་མེད་པས་བཟོད་པར་བལྟའོ། །མི་ཁྲོ་བས་ བཟོད་པར་བལྟའོ། །འཐབ་མོ་མེད་པས་བཟོད་པར་བལྟའོ། །རྩོད་པ་མེད་པས་བཟོད་པར་བལྟའོ། །ཡུལ་གྱི་རྨ་མི་ཕྱིན་པས་བཟོད་པར་བལྟའོ། །བདག་དང་གཞན་སྲུང་བས་བཟོད་པར་བལྟའོ། །བྱང་ཆུབ་ཀྱི་སེམས་དང་མཐུན་པས་བཟོད་པར་བལྟའོ། །ཚུལ་བཞིན་རབ་ཏུ་རྟོགས་པས་བཟོད་པར་ བལྟའོ། །ཡིད་བྱུང་ཞིང་འདོད་ཆགས་དང་བྲལ་བས་བཟོད་པར་བལྟའོ། །ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པས་བཟོད་པར་བལྟའོ། །ལུས་ཀྱི་རྒྱུན་གྱིས་བཟོད་པར་བལྟའོ། །ངག་དང་སེམས་ཡོངས་སུ་དག་པས་བཟོད་པར་བལྟའོ། །བསམ་པ་བརྟན་པས་བཟོད་པར་བལྟའོ། །ཡི་གེ་ཡ་མ་བརླ་ཡིན་ པས་བཟོད་པར་བལྟའོ། །ཡོངས་སུ་རྟོགས་པ་མེད་པས་བཟོད་པར་བལྟའོ། །རང་གི་སེམས་ལ་ངེས་པར་སེམས་པས་བཟོད་པར་བལྟའོ། །གཞན་གྱི་སེམས་སྲུང་བས་བཟོད་པར་བལྟའོ། །ཚངས་པའི་འཇིག་རྟེན་གྱི་ལམ་དུ་འགྲོ་བས་བཟོད་པར་བལྟའོ། །ལྷ་དང་མིའི་ཕུན་སུམ་ཚོགས་པ་མྱོང་བའི་ཕྱིར་ བཟོད་པར་བལྟའོ། །མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པར་བྱེད་པས་བཟོད་པར་བལྟའོ། །ཚངས་པའི་སྒྲ་སྐད་འབྱིན་པའི་དབྱངས་ཐོབ་པས་བཟོད་པར་ལྟའོ། །ཉེས་པ་ཐམས་ཅད་བཅོམ་པས་བཟོད་པར་བལྟའོ། །གནོད་སེམས་དང་སྐྱོན་དང་ཐ་བ་ཐམས་ཅད་བཅོམ་པས་བཟོད་པར་བལྟའོ། ། ཁོང་ཁྲོ་བ་ཐམས་ཅད་སྤངས་པས་བཟོད་པར་བལྟའོ། །མི་དགེ་བའི་རྩ་བ་ཐམས་ཅད་སྤངས་པས་བཟོད་པར་བལྟའོ། །ཕྱིར་རྒོལ་བ་ཐམས་ཅད་རབ་ཏུ་བཅོམ་པས་བཟོད་པར་བལྟའོ། །གཞན་གྱིས་གནོད་པར་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པས་བཟོད་པར་བལྟའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་ པས་བཟོད་པར་བལྟ་སྟེ། བཙུན་པ་ཤ་ར་དྭ་ཏིའི་བུ་རྣམ་པ་སུམ་ཅུ་རྩ་གཉིས་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པར་བལྟའོ། །དེ་ལ་བཟོད་པ་གང་ཞེ་ན། ངག་བྲག་ཅའི་སྒྲ་དང་མཚུངས་པ་ཤིན་ཏུ་རྟོགས་པའི་ཕྱིར་སྤྱོ་བ་ལ་སླར་མི་སྤྱོ་བ་དང་། ལུས་གཟུགས་བརྙན་དང་མཚུངས་པར་ 63-1-143a རབ་ཏུ་རྟོགས་པའི་ཕྱིར་བརྡེག་པ་ལ་སླར་མི་བརྡེག་པ་དང་། སེམས་སྒྱུ་མ་དང་མཚུངས་པར་རབ་ཏུ་རྟོགས་པའི་ཕྱིར་གཤེ་བ་ལ་ཕྱིར་མི་གཤེ་བ་དང་། ལྷག་པའི་བསམ་པ་ཞི་བའི་ཕྱིར་ཁྲོས་པ་ལ་ཕྱིར་མི་ཁྲོ་བ་དང་། རང་གི་ཡོན་ཏན་ཡོངས་སུ་རྫོགས་པའི་ཕྱིར་བསྔགས་པ་མ་ཡིན་ པས་ཁོང་ཁྲོ་བར་མི་འགྱུར་བ་དང་། མ་ཐོས་པར་མི་སེམས་པའི་ཕྱིར་བསྔགས་པས་རྗེས་སུ་ཆགས་པར་མི་འགྱུར་བ་དང་། ཤིན་ཏུ་དུལ་བའི་ཕྱིར་རྙེད་པས་དགའ་བ་མེད་པ་དང་། རབ་ཏུ་ཞི་བའི་ཕྱིར་མ་རྙེད་པས་ཁོང་ཁྲོ་བ་མེད་པ་དང་། ཤེས་པས་རབ་ཏུ་བརྟགས་པའི་ཕྱིར་སྙན་པ་ལ་ངོ་མཚར་དུ་མི་འཛིན་པ་ དང་། བློ་ཡངས་པའི་ཕྱིར་མི་སྙན་པས་ཞུམ་པར་མི་འགྱུར་བ་དང་། ལེགས་པར་གནས་པའི་ཕྱིར་སྨད་པས་དམས་པར་མི་སེམས་པ་དང་། མི་གཡོ་བའི་ཕྱིར་བསྟོད་པས་མཐོ་བར་མི་སེམས་པ་དང་། སེམས་ཅན་ལ་བལྟ་བའི་ཕྱིར་སྡུག་བསྔལ་གྱིས་ཡོངས་སུ་མི་སྤྱོ་བ་དང་། འདུས་བྱས་ཀྱི་བདེ་བ་མི་རྟག་པའི་ ཕྱིར་བདེ་བས་དགའ་བར་མི་འགྱུར་བ་དང་། མི་གནས་པའི་ཕྱིར་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་གོས་པ་དང་། གཞན་ལ་མི་གནོད་པའི་ཕྱིར་བདག་ལ་གནོད་པ་བཟོད་པ་དང་། བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡན་ལག་དང་ཉིང་ལག་གཅོད་པའང་ཉམས་སུ་ལེན་པ་དང་། སངས་རྒྱས་ཀྱི་ སྐུ་འདོད་པའི་ཕྱིར་བདག་གི་ལུས་གཅོད་པའང་བཟོད་པ་དང་། ལེགས་པར་བྱས་པའི་ལས་ཀྱི་སྟོབས་བསྐྱེད་པའི་ཕྱིར་ངན་དུ་བྱས་པ་ཐམས་ཅད་བཟོད་པ་དང་། མུ་སྟེགས་ཐམས་ཅད་འཇོམས་པས་དཔའ་བའི་ཕྱིར་གདུང་བ་དང་ཡོངས་སུ་གདུང་བ་ལ་མི་མཇེད་པ་དང་། བརྒྱ་བྱིན་དང་ཚངས་པ་དང་འཇིག་རྟེན་སྐྱོང་བ་ རྣམས་ཟིལ་གྱིས་གནོན་པའི་ཕྱིར་བརྟུལ་ཞུགས་ཐམས་ཅད་ལ་རྩོམ་པའོ། །བཙུན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བཟོད་པ་ཞེས་བྱ་བ་ནི་གང་འདི་ཤིན་ཏུ་རྨ་མི་ཕྱིན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། མི་དམིགས་པའི་ཕྱིར་རོ། །གཤེའོ་ཞེས་བཟོད་པ་དེ་ནི་གཉི་ག་ལ་དམིགས་པའི་བཟོད་པ་སྟེ། དེ་ནི་ཤིན་ཏུ་བཟོད་པ་མ་ ཡིན་ནོ། །འདི་ལ་སུ་ཞིག་གཤེ་ཞེས་བཟོད་པ་དེ་ནི་ཆོས་ལ་འགྲེང་ཞིང་རྟོག་པའི་བཟོད་པ་སྟེ། དེ་ཤིན་ཏུ་བཟོད་པ་མ་ཡིན་ནོ། །ཅི་བདག་གི་མིག་ལ་མིག་གཤེ་འམ་ཞེས་བཟོད་པའམ། དེ་བཞིན་དུ་ཅི་བདག་གི་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ལ་ཡིད་གཤེ་འམ་ཞེས་བཟོད་པ་དེ་ནི་སྐྱེ་ 63-1-143b མཆེད་ལ་རྟོག་པའི་བཟོད་པ་སྟེ། དེ་ནི་ཤིན་ཏུ་བཟོད་པ་མ་ཡིན་པའོ། །འདི་ལ་གང་སུ་ཡང་གཤེ་བ་མེད་དོ་ཞེས་བཟོད་པ་དེ་ནི་བདག་མེད་པ་ལ་རྟོག་པའི་བཟོད་པ་སྟེ། འདི་ནི་ཤིན་ཏུ་བཟོད་པ་མ་ཡིན་ནོ། །འདི་དག་ནི་ཡི་གེའི་སྒྲ་འབྱུང་བའོ་ཞེས་བཟོད་པ་དེ་ནི་བྲག་ཅའི་སྒྲ་ལ་བཟོད་པ་སྟེ། དེ་ནི་ཤིན་ཏུ་བཟོད་པ་ མ་ཡིན་ནོ། །འདིའང་མི་རྟག་པའོ། །བདག་ཀྱང་མི་རྟག་པའོ་ཞེས་བཟོད་པ་དེ་ནི་མི་རྟག་པ་ལ་འདུག་པའི་བཟོད་པ་སྟེ། དེ་ནི་ཤིན་ཏུ་བཟོད་པ་མ་ཡིན་ནོ། །འདི་ནི་ཕྱིན་ཅི་ལོག་ཡིན་གྱི་བདག་ནི་ཕྱིན་ཅི་ལོག་མ་ཡིན་ནོ་ཞེས་བཟོད་པ་དེ་ནི་མཐོ་དམན་གྱི་བཟོད་པ་སྟེ། དེ་ནི་ཤིན་ཏུ་བཟོད་པ་མ་ཡིན་ནོ། །བདག་ནི་རིགས་ཀྱི་འདི་ ནི་མི་རིགས་པའོ་ཞེས་བཟོད་པ་དེ་ནི་རིགས་པ་དང་མི་རིགས་པའི་བཟོད་པ་སྟེ། དེ་ནི་ཤིན་ཏུ་བཟོད་པ་མ་ཡིན་ནོ། །བདག་ནི་ལམ་བཟང་པོ་ལ་གནས་ཀྱི་འདི་ནི་ལམ་ངན་པ་ལ་གནས་སོ་ཞེས་བཟོད་པ་དེ་ནི་ལམ་དང་ལམ་མ་ཡིན་པའི་བཟོད་པ་སྟེ། དེ་ནི་ཤིན་ཏུ་བཟོད་པ་མ་ཡིན་ནོ། །བདག་ནི་མི་རྟག་པ་ལ་བཟོད་ཀྱི་རྟག་པ་ ལ་བདག་མི་བཟོད་དོ་ཞེས་བཟོད་པ་དེ་ནི་གཉེན་པོས་སྤངས་པའི་བཟོད་པ་སྟེ། དེ་ནི་ཤིན་ཏུ་བཟོད་པ་མ་ཡིན་ནོ། །བདག་ནི་སྡུག་བསྔལ་བཟོད་ཀྱི་བདེ་བ་ལ་བདག་མི་བཟོད་དོ། །བདག་ནི་བདག་མེད་པ་ལ་བཟོད་ཀྱི་བདག་ལ་ནི་བདག་མི་བཟོད་དོ། །བདག་ནི་མི་སྡུག་པ་ལ་བཟོད་ཀྱི་སྡུག་པ་ལ་བདག་མི་བཟོད་དོ་ཞེས་བྱ་བ་ནི་ གཉེན་པོས་སྤོང་བའི་བཟོད་པ་སྟེ། དེ་ནི་ཤིན་ཏུ་བཟོད་པ་མ་ཡིན་ནོ། །བདག་ནི་སྟོང་པ་ཉིད་ལ་བཟོད་ཀྱི་ལྟ་བའི་རྣམ་པ་ལ་བདག་མི་བཟོད་དོ། །བདག་ནི་མཚན་མ་མེད་པ་ལ་བཟོད་ཀྱི་མཚན་མར་རྣམ་པར་རྟོག་པ་ལ་བདག་མི་བཟོད་དོ། །བདག་ནི་སྨོན་པ་མེད་པ་ལ་བཟོད་ཀྱི་སྨོན་པ་ལ་བདག་མི་བཟོད་དོ། །བདག་ནི་ མངོན་པར་འདུ་མི་བྱེད་པ་ལ་བཟོད་ཀྱི་མངོན་པར་འདུ་བྱེད་པ་ལ་བདག་མི་བཟོད་དོ། །བདག་ནི་ཉོན་མོངས་པ་ཟད་པ་ལ་བཟོད་ཀྱི་ཉོན་མོངས་པ་ལ་བདག་མི་བཟོད་དོ། །བདག་ནི་དགེ་བ་ལ་བཟོད་ཀྱི་མི་དགེ་བ་ལ་བདག་མི་བཟོད་དོ། །བདག་ནི་འཇིག་རྟེན་ལས་འདས་པ་ལ་བཟོད་ཀྱི་འཇིག་རྟེན་ལ་བདག་མི་བཟོད་དོ། ། བདག་ནི་ཁ་ན་མ་ཐོ་བ་མེད་པ་ལ་བཟོད་ཀྱི་ཁ་ན་མ་ཐོ་བ་དང་བཅས་པ་ལ་བདག་མི་བཟོད་དོ། །བདག་ནི་ཟག་པ་མེད་པ་ལ་བཟོད་ཀྱི་ཟག་པ་དང་བཅས་པ་ལ་བདག་མི་བཟོད་དོ། །བདག་ནི་རྣམ་པར་བྱང་བ་ལ་བཟོད་ཀྱི་ཀུན་ནས་ཉོན་མོངས་པ་ལ་བདག་མི་བཟོད་དོ། །བདག་ནི་མྱ་ངན་ལས་འདས་པ་ལ་བཟོད་ཀྱི་ 63-1-144a འཁོར་བ་ལ་བདག་མི་བཟོད་དོ་ཞེས་བྱ་བ་དེ་ནི་གཉེན་པོས་སྤོང་བའི་བཟོད་པ་སྟེ། དེ་ནི་ཤིན་ཏུ་བཟོད་པ་མ་ཡིན་ནོ། །དེ་ལ་ཤིན་ཏུ་བཟོད་པ་གང་ཞེ་ན། སྟོང་པ་ཉིད་རྟོགས་པ་དེ་ལ་ལྟ་བར་གྱུར་པ་ཡང་བསལ་བ་མེད། སྟོང་པ་ཉིད་དུ་སྒྲོ་འདོགས་པ་ཡང་མེད་དེ། ལྟ་བར་གྱུར་པ་ཉིད་ སྟོང་པའོ་ཞེས་གང་འདི་ལ་བཟོད་པ་དེ་ནི་ཤིན་ཏུ་བཟོད་པའོ། །གང་མཚན་མ་མེད་པར་རྟོགས་པ་དེ་ལ་མཚན་མའི་རྣམ་པར་རྟོག་པ་ཡང་བསལ་བ་མེད། མཚན་མ་མེད་པར་སྒྲོ་འདོགས་པ་ཡང་མེད་དེ་། མཚན་མའི་རྣམ་པར་རྟོག་པ་ཉིད་སྟོང་པ་སྟེ། གང་འདི་ལ་བཟོད་པ་དེ་ནི་ཤིན་ཏུ་བཟོད་པའོ། །གང་ སྨོན་པ་མེད་པར་རྟོགས་པ་དེ་ལ་སྨོན་པ་བསལ་བ་ཡང་མེད། སྨོན་པ་མེད་པར་སྒྲོ་འདོགས་པ་ཡང་མེད་དོ། །སྨོན་པ་ཉིད་སྟོང་པ་སྟེ། གང་འདི་ལ་བཟོད་པ་དེ་ནི་ཤིན་ཏུ་བཟོད་པའོ། །གང་མངོན་པར་འདུ་མི་བྱེད་པར་རྟོགས་པ་དེ་ལ་མངོན་པར་འདུ་བྱེད་པ་བསལ་བ་ཡང་མེད། མངོན་པར་འདུ་མི་བྱེད་པས་སྒྲོ་ འདོགས་པ་ཡང་མེད་དེ། མངོན་པར་འདུ་བྱེད་པ་ཉིད་སྟོང་པ་སྟེ། གང་འདི་ལ་བཟོད་པ་དེ་ནི་ཤིན་ཏུ་བཟོད་པའོ། །གང་ཉོན་མོངས་པ་ཟད་པར་རྟོགས་པ་དེ་ལ་ཉོན་མོངས་པ་བསལ་བ་ཡང་མེད། ཉོན་མོངས་པ་ཟད་པར་སྒྲོ་འདོགས་པ་ཡང་མེད་དེ། ཉོན་མོངས་པ་ཉིད་སྟོང་པ་སྟེ། གང་འདི་ལ་བཟོད་པ་དེ་ནི་ཤིན་ཏུ་བཟོད་ པའོ། །གང་དགེ་བར་རྟོགས་པ་དེ་ལ་མི་དགེ་བ་བསལ་བ་ཡང་མེད། དགེ་བར་སྒྲོ་འདོགས་པ་ཡང་མེད་དེ། མི་དགེ་བ་ཉིད་སྟོང་པ་སྟེ། གང་འདི་ལ་བཟོད་པ་དེ་ནི་ཤིན་ཏུ་བཟོད་པའོ། །གང་འཇིག་རྟེན་ལས་འདས་པར་རྟོགས་པ་དེ་ལ་འཇིག་རྟེན་པ་བསལ་བ་ཡང་མེད། འཇིག་རྟེན་ལས་འདས་པར་སྒྲོ་འདོགས་ པ་ཡང་མེད་དེ། འཇིག་རྟེན་པ་ཉིད་སྟོང་པ་སྟེ། གང་འདི་ལ་བཟོད་པ་དེ་ནི་ཤིན་ཏུ་བཟོད་པའོ། །གང་ཁ་ན་མ་ཐོ་བ་མེད་པར་རྟོགས་པ་དེ་ལ་ཁ་ན་མ་ཐོ་བ་དང་བཅས་པ་བསལ་བ་ཡང་མེད། ཁ་ན་མ་ཐོ་བ་མེད་པར་སྒྲོ་འདོགས་པ་ཡང་མེད་དེ། ཁ་ན་མ་ཐོ་བ་དང་བཅས་པ་ཉིད་སྟོང་པ་སྟེ། གང་འདི་ལ་བཟོད་པ་ དེ་ཉིད་ཤིན་ཏུ་བཟོད་པའོ། །གང་ཟག་པ་མེད་པར་རྟོགས་པ་དེ་ལ་ཟག་པ་བསལ་བ་ཡང་མེད། ཟག་པ་མེད་པར་སྒྲོ་འདོགས་པ་ཡང་མེད་དེ། ཟག་པ་ཉིད་སྟོང་པ་སྟེ། གང་དེ་ལ་བཟོད་པ་དེ་ནི་ཤིན་ཏུ་བཟོད་པའོ། །གང་རྣམ་པར་བྱང་བ་རྟོགས་པ་དེ་ལ་ཀུན་ནས་ཉོན་མོངས་པ་བསལ་བ་ཡང་མེད། རྣམ་ 63-1-144b པར་བྱང་བར་སྒྲོ་འདོགས་པ་ཡང་མེད་དེ། ཀུན་ནས་ཉོན་མོངས་པ་ཉིད་སྟོང་པ་སྟེ། གང་དེ་ལ་བཟོད་པ་དེ་ནི་ཤིན་ཏུ་བཟོད་པའོ། །གང་མྱ་ངན་ལས་འདས་པར་རྟོགས་པ་དེ་ལ་འཁོར་བ་བསལ་བ་ཡང་མེད། མྱ་ངན་ལས་འདས་པར་སྒྲོ་འདོགས་པ་ཡང་མེད་དེ། འཁོར་བ་ཉིད་སྟོང་པ་སྟེ། གང་འདི་ལ་ བཟོད་པ་དེ་ནི་ཤིན་ཏུ་བཟོད་པའོ། །གང་མ་སྐྱེས་པ་མ་བསྐྱེད་པ་མ་བྱུང་བ་མ་ཕྱུང་བ་དེ་ལ་འཇིག་པ་གང་ཡང་མེད་དེ། འཇིག་པ་མེད་པས་ན་ཟད་པ་མེད་དེ། གང་འདི་ལ་བཟོད་པ་དེ་ནི་ཤིན་ཏུ་བཟོད་པའོ། །གང་མ་བྱས་པ་མངོན་པར་འདུ་མ་བྱས་པ། སྒྲོ་འདོགས་པ་མེད་པ། རྣམ་པར་མ་བརྟགས་པ། མ་བསྒྲུབས་ པ། མ་བསྟན་པ། ཉེ་བར་མ་གཏུགས་པ་དེ་ལ་སྐྱེ་བ་གང་ཡང་མེད་དེ། གང་སྐྱེ་བ་མེད་པ་དེ་ནི་མི་སྐྱེ་བའོ། །གང་མི་སྐྱེ་བ་དེ་ནི་ཤིན་ཏུ་བཟོད་པའོ། །གང་དེ་ལྟར་བཟོད་པ་དེ་ནི་མི་སྐྱེ་བ་ལ་བཟོད་པའོ། །གང་མི་སྐྱེ་བ་ལ་བཟོད་པ་དེ་ནི་སྐྱེ་བ་མེད་པར་བཟོད་པའོ། །གང་སྐྱེ་བ་མེད་པར་བཟོད་པ་དེ་ནི་ཤིན་ཏུ་བཟོད་པའོ། ། དེ་ལྟ་བུའི་བཟོད་པའི་ངོ་བོ་ཉིད་དུ་གྱུར་ཅིང་དེའི་བདག་ཉིད་འཆང་བས་བཟོད་ཆེན་འཆང་བའོ། །རབ་ཏུ་མི་གཡོ་བས་བརྟན་པའོ། །བྱང་ཆུབ་སེམས་དཔའི་ས་འོད་འཕྲོ་བ་ལ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ལྷག་པར་སྤྱོད་པ་ཡིན་ཏེ། དེ་བས་ན། བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན། །ཞེས་བྱ་བའོ། །དེ་ཡང་བརྩོན་ འགྲུས་ཡང་དག་པར་བླང་བ་ནི་བརྒྱད་དེ། བརྒྱད་པོ་གང་ཞེ་ན། འདི་ལྟ་སྟེ། ཆོ་ག་མི་ཟད་པ་དང་། བརྟུལ་བ་མི་ཟད་པ་དང་། ཡང་དག་པར་འགྲུབ་པ་མི་ཟད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མི་ཟད་པ་དང་། བསོད་ནམས་ཀྱི་ཚོགས་མི་ཟད་པ་དང་། ཡེ་ཤེས་ཀྱི་ཚོགས་མི་ཟད་པ་དང་། ཤེས་ རབ་ཀྱི་ཚོགས་མི་ཟད་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྒྲུབ་པའི་ཚོགས་མི་ཟད་པའོ། །བཙུན་པ་ཤ་ར་དྭ་ཏིའི་བུ་དེ་ལ་བྱང་ཆུབ་སེམས་དཔའི་གོ་ཆ་མི་ཟད་པ་གང་ཞེ་ན། གང་འཁོར་བ་ན་ཡོངས་སུ་མི་སྐྱོ་བ་སྟེ། དེ་བསྐལ་པ་འདི་སྙེད་ཅིག་ཏུ་གོ་ཆ་བགོ། བསྐལ་པ་འདི་སྙེད་ཅིག་ཏུ་གོ་ ཆ་མི་བགོའོ་ཞེས་བསྐལ་པ་བགྲངས་པས་བྱང་ཆུབ་མི་ཚོལ་གྱི། གོ་ཆ་བསམ་གྱིས་མི་ཁྱབ་པ་ཉིད་གོན་པར་བྱེད་དེ། གལ་ཏེ་འཁོར་བའི་སྔོན་གྱི་མཐའ་ཇི་སྙེད་པ་དེ་སྙེད་ཀྱིས་ཉིན་ཞག་གཅིག་གྱུར་ལ། དེ་ལྟ་བུའི་ཉིན་ཞག་གིས་ཞག་བཅོ་ལྔ་ཞིང་ཟླ་བ་ཕྱེད་ཞག་སུམ་ཅུས་ཟླ་བ་སྟེ། ཟླ་བ་བཅུ་གཉིས་ཤིང་ 63-1-145a ལོར་གྱུར་ལ། ལོའི་བགྲང་བ་འདི་ལྟ་བུའི་ལོ་སྟོང་ཕྲག་བརྒྱ་ལ་བྱང་ཆུབ་ཀྱི་སེམས་གཅིག་བསྐྱེད་ཅིང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཅིག་མཐོང་ལ། འཇུག་པ་དེ་ལྟ་བུ་དང་བགྲང་བ་དེ་འདྲ་བས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བྱང་ ཆུབ་ཀྱི་སེམས་བསྐྱེད་པ་དང་། དེ་བཞིན་གཤེགས་པ་མཐོང་བས་སེམས་ཅན་གཅིག་གི་སེམས་ཀྱི་སྤྱོད་པ་ཤེས་ཏེ། འཇུག་པ་དེ་ལྟ་བུ་དང་བགྲང་བ་དེ་འདྲ་བས་སེམས་ཅན་ཐམས་ཅད་ལ་ཡང་དེ་སྙེད་དེ་སྙེད་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དེ་བཞིན་གཤེགས་པ་མཐོང་བས་སོ་སོ་རེ་རེར་སེམས་ཅན་ཐམས་ ཅད་ཀྱི་སེམས་ཀྱི་སྤྱོད་པ་ཤེས་ཀྱང་མི་འགོང་བའི་གོ་ཆའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འཇུག་པ་འདི་ཉིད་དང་བགྲང་བ་འདི་ཉིད་ཀྱིས་དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་རིམ་གྲོ་བྱེད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ འཇུག་པ་འདི་ཉིད་དུ་བགྲང་བ་ཉིད་ཀྱིས་དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་རིམ་གྲོ་བྱེད་པ་དང་། དེ་བཞིན་དུ་བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་རིམ་གྲོ་བྱེད་ པ་དང་། དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་དང་། མཚན་དང་དཔེ་བྱད་བཟང་པོ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་རིམ་གྲོ་བྱེད་པ་དང་། འཇུག་པ་འདི་ཉིད་དང་། བགྲང་བ་འདི་ཉིད་ཀྱིས་དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་མཐོང་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དག་གིས་སྐྱེས་བུ་ཆེན་པོའི་མཚན་གཅིག་མངོན་པར་སྒྲུབ་ཅིང་རྣམ་གྲངས་འདིས་མཚན་ དང་དཔེ་བྱད་ཐམས་ཅད་ཡོངས་སུ་འགྲུབ་པ་མངོན་པར་སྒྲུབ་པར་བྱེད་ཀྱང་མི་འགོང་བའི་གོ་ཆ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་གོ་ཆ་མི་ཟད་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་བརྟུལ་བ་མི་ཟད་པ་ནི་གང་ཞེ་ན། བྱང་ཆུབ་སེམས་དཔའི་བརྟུལ་བ་མི་ཟད་པ་ནི་གང་སྟོང་གསུམ་གྱི་སྟོང་ཆེན་པོའི་ 63-1-145b འཇིག་རྟེན་གྱི་ཁམས་མེས་ཡོངས་སུ་གང་བ་ལས་ཀྱང་འབོགས་ཏེ། དེ་བཞིན་གཤེགས་པ་བལྟ་བར་སྤྲོ་བའོ། །བྱང་ཆུབ་སེམས་དཔའི་བརྟུལ་བ་ནི་ཆོས་ཉན་པའི་ཕྱིར་སྤྲོ་བའོ། །བྱང་ཆུབ་སེམས་དཔའི་བརྟུལ་བ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྤྲོ་བའོ། །བྱང་ཆུབ་སེམས་དཔའི་ བརྟུལ་བ་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་ཕྱིར་སྤྲོ་བའོ། །བྱང་ཆུབ་སེམས་དཔའི་བརྟུལ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཕྱིར་སྤྲོ་བའོ། །བྱང་ཆུབ་སེམས་དཔའི་བརྟུལ་བ་ནི་ཕ་རོལ་གྱི་དོན་གྱི་ཕྱིར་འཇུག་པས་ན་དེའི་ཕྱིར་བརྟུལ་བ་མི་ཟད་པ་ཞེས་བྱའོ། །ཕ་རོལ་ཞི་བའི་ཕྱིར། ཕ་རོལ་ལ་གདུལ་ བའི་ཕྱིར། ཕ་རོལ་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར། འཇུག་པས་ན་དེའི་ཕྱིར་བརྟུལ་བ་ཞེས་བྱའོ། །མི་ལྷོད་པ་དང་། མ་ཞུམ་པ་དང་། བརྟེན་པ་དང་། མི་བཟློག་པ་དང་། དགེ་བའི་བསམ་པ་དང་། སྙིང་རྗེ་ཆེན་པོ་ལ་གནས་ཤིང་རྟག་ཏུ་སེམས་ཅན་གྱི་དོན་ལ་བརྩོན་པར་འཇུག་པས་ན་དེའི་ ཕྱིར་བརྟུལ་བ་ཞེས་བྱའོ། །གོམ་པ་འདོར་བ་དང་། གོམ་པ་འཇོག་ཅིང་འགྲོ་བ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་མངོན་དུ་བྱེད་དོ། །སེམས་ཅན་ལྟ་བར་ཡང་ལྟ་ཞིང་ཉོན་མོངས་པའི་ཕྱོགས་སུ་ཡང་མི་ལྟུང་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་བརྟུལ་བ་མི་ཟད་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་ དཔའི་ཡང་དག་པར་འགྲུབ་པ་མི་ཟད་པ་གང་ཞེ་ན། གང་ཇི་ལྟར་དགེ་བའི་སེམས་སྐྱེས་ཤིང་བྱུང་བ་བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་སྔོ་བར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་ཡང་དག་པར་འགྲུབ་པ་མི་ཟད་པའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་ཕྱིར་ཏེ། བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་ དགེ་བའི་རྩ་བ་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་མ་འདུག་གི་བར་དུ་བར་མ་དོར་ཡོངས་སུ་ཟད་པའམ་གཏུགས་པར་འགྱུར་བ་གང་ཡང་མེད་དོ། །བཙུན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་ཆུའི་ཐིགས་པ་རྒྱ་མཚོ་ཆེན་པོར་ལྷུང་བ་ནི་བསྐལ་པས་མ་བསྲེགས་ཀྱི་བར་དུ་བར་མ་དོར་ཡོངས་སུ་ཟད་པའམ་གཏུགས་ པར་མི་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་དགེ་བའི་རྩ་བ་ཡང་བྱང་ཆུབ་ཀྱི་སྙིང་པོ་ལ་མ་འདུག་གི་བར་དུ་བར་མ་དོར་ཡོངས་སུ་ཟད་པའམ་གཏུགས་པར་འགྱུར་བ་གང་ཡང་མེད་དོ། །ཡང་དག་པར་འགྲུབ་པ་ཞེས་བྱ་བ་ནི་གང་འདི་ཡང་དག་པའི་སྒྲུབ་པ་སྟེ། ཡང་དག་པར་ཞུགས་ 63-1-146a པ་དེ་ནི་དགེ་བའི་རྩ་བ་གང་དག་ཡང་དག་པར་སྒྲུབ་པ་སེམས་ཅན་ཐམས་ཅད་བསྐྱབ་པ་དང་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་ལ་གཟུད་པའི་ཕྱིར་དགེ་བའི་རྩ་བ་དེ་དག་ཡོངས་སུ་སྔོ་བར་བྱེད་དེ། ཐམས་ཅད་མཁྱེན་ པའི་ཡེ་ཤེས་མངོན་པར་བསྒྲུབ་པའི་ཕྱིར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའི་ཕྱིར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རབ་ཏུ་དགོད་པའི་ཕྱིར་དགེ་བའི་རྩ་བ་ དེ་དག་ཡོངས་སུ་བསྔོ་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་ཡང་དག་པར་འགྲུབ་པ་མི་ཟད་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མི་ཟད་པ་གང་ཞེ་ན། སེམས་ཅན་གྱི་ཁམས་ནི་ཚད་མེད་དེ། དེ་ལ་བྱང་ཆུབ་སེམས་དཔས་བགྲོད་པ་འདི་ལྟ་བུས་འཇུག་པར་བྱའོ། ། གལ་ཏེ་བདག་གིས་ཉིན་གཅིག་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་སྟེ། ཚུལ་འདིས་བསྐལ་པ་དཔག་ཏུ་མེད་པ་གྲངས་མེད་བསམ་གྱིས་མི་ཁྱབ་པར་སེམས་ཅན་གྱི་ཁམས་ཡོངས་སུ་སྨིན་པར་བྱ་ཞིང་། སེམས་ཅན་གྱི་ ཁམས་དེ་སྙེད་དུ་དཔག་ཏུ་མེད་པ། དེ་སྙེད་དུ་གྲངས་མེད་པ་དེ་སྙེད་དུ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་སྨིན་པར་བྱ་སྟེ། དེ་ལྟ་བུར་བྱས་ཀྱང་སེམས་ཅན་རྣམས་ཀྱི་བརྒྱའི་ཆ་གཅིག་ཀྱང་སྨིན་པར་མ་བྱས། བརྒྱ་སྟོང་གི་ཆ་དང་། བྱེ་བའི་ཆ་དང་། བྱེ་བ་བརྒྱའི་ཆ་དང་། བྱེ་བ་སྟོང་གི་ཆ་དང་། བྱེ་བ་བརྒྱ་སྟོང་གི་ ཆ་དང་། གྲངས་དང་ཆ་དང་། བགྲང་བ་དང་། དཔེ་དང་རྒྱུར་ཡང་ཡོངས་སུ་སྨིན་པར་མ་བྱས་སོ་ཞེས་གལ་ཏེ་རབ་ཏུ་བརྗོད་པ་འདི་ཐོས་ནས་བྱང་ཆུབ་སེམས་དཔའ་མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་བ་དེ་ནི་བརྩོན་འགྲུས་བརྩམས་པའི་བྱང་ཆུབ་སེམས་དཔར་རིག་པར་བྱ་སྟེ། འདི་ནི་བྱང་ཆུབ་སེམས་ དཔའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མི་ཟད་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་ཚོགས་མི་ཟད་པ་གང་ཞེ་ན། བྱང་ཆུབ་སེམས་དཔའི་བསོད་ནམས་ནི་ཚད་མེད་དེ། དེ་ལ་བྱང་ཆུབ་སེམས་དཔས་བགྲང་པ་འདི་འདྲ་བས་འཇུག་པར་བྱའོ། །སེམས་ཅན་ཐམས་ཅད་དང་། འདས་ 63-1-146b པ་དང་། ད་ལྟར་བྱུང་བ་དང་། མ་འོངས་པའི་སློབ་པ་དང་། མི་སློབ་པ་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་ཇི་སྙེད་པ་བསོད་ནམས་དེ་སྙེད་བརྒྱར་འགྱུར་བས་དེ་བཞིན་གཤེགས་པའི་སྐུ་ལ་སྤུའི་ཁུང་བུ་གཅིག་འགྲུབ་བོ། །དེ་བཞིན་དུ་སྤུའི་ཁུང་བུ་ཐམས་ ཅད་རེ་རེ་ནས་ཡོངས་སུ་འགྲུབ་པའི་སྤུའི་ཁུང་བུ་ཐམས་ཅད་དུ་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་བརྒྱར་བསྒྱུར་ཏེ་གཏན་པ་མེད་པའི་བསོད་ནམས་ཀྱི་ཕུང་པོ་གཅིག་ཡང་དག་པར་བསྒྲུབས་པ་དེ་བཞིན་གཤེགས་པའི་སྐུ་ལ་དཔེ་བྱད་བཟང་པོ་གཅིག་འགྲུབ་སྟེ། དེ་བཞིན་དུ་དཔེ་བྱད་བཟང་པོ་ ཐམས་ཅད་རེ་རེ་ནས་ཡོངས་སུ་འགྲུབ་པོ། །དཔེ་བྱད་བཟང་པོ་ཐམས་ཅད་དུ་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་སྟོང་དུ་བསྒྱུར་ཏེ་གཏན་པ་མེད་པའི་བསོད་ནམས་ཀྱི་ཕུང་པོ་གཅིག་བསྒྲུབས་པ་དེས། དེ་བཞིན་གཤེགས་པའི་སྐུ་ལ་སྐྱེས་བུ་ཆེན་པོའི་མཚན་གཅིག་མངོན་པར་འགྲུབ་སྟེ། དེ་བཞིན་དུ་སྐུ་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རེ་རེ་ནས་མངོན་པར་འགྲུབ་བོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུར་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་སྟོང་ཕྲག་བཅུར་བསྒྱུར་ཏེ་གཏན་པ་མེད་པའི་བསོད་ནམས་ཀྱི་ཕུང་པོ་གཅིག་ཡང་དག་པར་བསྒྲུབས་པ་དེས་དེ་བཞིན་གཤེགས་པའི་སྐུ་ལ་སྨིན་ མཚམས་ཀྱི་མཛོད་སྤུ་སྐྱེས་བུ་ཆེན་པོའི་མཚན་མངོན་པར་འགྲུབ་བོ། །མཛོད་སྤུར་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་ལས་སྟོང་ཕྲག་བརྒྱར་བསྒྱུར་བའི་བསོད་ནམས་ཀྱི་ཕུང་པོ་ཡང་དག་པར་བསྒྲུབས་པས་དེ་བཞིན་གཤེགས་པའི་སྐུ་ལ་དབུའི་གཙུག་ཏོར་སྤྱི་གཙུག་བལྟར་མི་མཐོང་བ་སྐྱེས་ བུ་ཆེན་པོའི་མཚན་མངོན་པར་འགྲུབ་བོ། །གཙུག་ཏོར་དུ་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་དེ་ལས་བྱེ་བ་ཕྲག་སྟོང་དུ་བསྒྱུར་བ་དེ་བས་ཀྱང་ལྷག་པའི་བསོད་ནམས་ཀྱི་ཕུང་པོ་ཡང་དག་པར་བསྒྲུབས་པས་དེ་བཞིན་གཤེགས་པའི་ཆོས་ཀྱི་དུང་ཡོངས་སུ་འགྲུབ་པར་འགྱུར་ཏེ། ཆོས་ཀྱི་དུང་དེས་དེ་བཞིན་ གཤེགས་པ་བཞེད་ན་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་དབྱངས་ཀྱིས་གོ་བར་མཛད་ཅིང་ཆོས་ཀྱིས་འདུལ་བར་བསམ་པ་དང་། དད་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་དབང་པོ་རྣམས་ཚིམ་པར་མཛད་དོ། །བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱི་ཚོགས་ལ་འཇུག་པ་འདི་ 63-1-147a ཐོས་ནས་མི་སྐྲག་མི་དངངས་ཞིང་དངངས་པར་མི་འགྱུར་བ་འདི་ནི་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་ཚོགས་མི་ཟད་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་ཚོགས་མི་ཟད་པ་གང་ཞེ་ན། བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་ཚོགས་ནི་ཚད་མེད་དེ། དེ་ལ་ བྱང་ཆུབ་སེམས་དཔའ་བགྲང་བ་འདི་འདྲ་བས་འཇུག་པར་བྱའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་དག་འཁོད་པ་དེ་དག་ཐམས་ཅད་དད་པས་རྗེས་སུ་འབྲང་བའི་ཡེ་ཤེས་དང་ལྡན་པར་གྱུར་ཀྱང་། དེ་དག་གི་ཆོས་ཀྱི་རྗེས་སུ་འབྲང་བའི་ཡེ་ཤེས་དང་ལྡན་པའི་བརྒྱའི་ཆར་ ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། བྱེ་བའི་ཆ་དང་། བྱེ་བ་བརྒྱའི་ཆ་དང་། བྱེ་བ་སྟོང་གི་ཆ་དང་། བྱེ་བ་བརྒྱ་སྟོང་གི་ཆ་དང་། གྲངས་དང་ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །དེ་བཞིན་དུ་ཆོས་ཀྱི་རྗེས་སུ་འབྲང་བའི་ཡེ་ཤེས་དང་ལྡན་པ་རྣམས་ནི་ བརྒྱད་པའི་ཡེ་ཤེས་དང་ལྡན་པ་ལའོ། །བརྒྱད་པའི་ཡེ་ཤེས་དང་ལྡན་པ་རྣམས་ནི་རྒྱུན་དུ་ཞུགས་པའི་ཡེ་ཤེས་དང་ལྡན་པ་རྣམས་ལའོ། །རྒྱུན་དུ་ཞུགས་པའི་ཡེ་ཤེས་དང་ལྡན་པ་རྣམས་ནི་ལན་ཅིག་ཕྱིར་འོང་བའི་ཡེ་ཤེས་དང་ལྡན་པ་རྣམས་ལའོ། །ལན་ཅིག་ཕྱིར་འོང་བའི་ཡེ་ཤེས་དང་ལྡན་པ་རྣམས་ ནི་ཕྱིར་མི་འོང་བའི་ཡེ་ཤེས་དང་ལྡན་པ་རྣམས་ལའོ། །ཕྱིར་མི་འོང་བའི་ཡེ་ཤེས་དང་ལྡན་པ་རྣམས་ནི་དགྲ་བཅོམ་པའི་ཡེ་ཤེས་དང་ལྡན་པ་ལའོ། །དགྲ་བཅོམ་པའི་ཡེ་ཤེས་དང་ལྡན་པ་རྣམས་ནི་རང་སངས་རྒྱས་ཀྱི་ཡེ་ཤེས་དང་ལྡན་པ་ལའོ། །རང་སངས་རྒྱས་ཀྱི་ཡེ་ཤེས་དང་ལྡན་པ་རྣམས་ནི་བསྐལ་པ་ བརྒྱས་ངེས་བར་འབྱུང་བའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་ལྡན་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་དཔེ་དང་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །བསྐལ་པ་བརྒྱས་ངེས་པར་འབྱུང་བའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་ལྡན་པ་རྣམས་ནི་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་ ལྡན་པ་ལའོ། །བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་ལྡན་པ་རྣམས་ནི་ཕྱིར་མི་ལྡོག་པའི་ཡེ་ཤེས་དང་ལྡན་པ་ལའོ། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་ལྡན་པ་རྣམས་ནི་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་ལྡན་པའི་བརྒྱའི་ཆར་ཡང་ཉེ་ 63-1-147b བར་མི་འགྲོ་བ་ནས་དཔེ་དང་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་དག་འཁོད་པ་དེ་དག་ཐམས་ཅད་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་ལྡན་པར་གྱུར་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པའི་བྱང་ཆུབ་སེམས་དཔའི་ ཡེ་ཤེས་དང་ལྡན་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་དཔེ་དང་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་སེམས་ཅན་གང་འཁོད་པ་དག་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་ལྡན་པར་གྱུར་ཀྱང་། དེ་དག་གི་དེ་ བཞིན་གཤེགས་པའི་གནས་དང་གནས་མ་ཡིན་པ་མཁྱེན་པའི་ཡེ་ཤེས་ཀྱི་སྟོབས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུ་དང་དཔེའི་བར་དུ་ཡང་ཉེ་བར་མི་འགྲོའོ། །དེ་བཞིན་གཤེགས་པའི་སྟོབས་དང་མི་འཇིགས་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཐམས་ཅད་ཡོངས་སུ་གྲུབ་པའི་རིམ་པ་ ཡང་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའི་གང་ཡེ་ཤེས་ཀྱི་ཚོགས་ལ་འཇུག་པ་འདི་ཐོས་ནས་མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་བ་འདི་ནི་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་ཚོགས་མི་ཟད་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཚོགས་མི་ཟད་པ་གང་ཞེ་ན། གང་སེམས་ཅན་ཐམས་ ཅད་ཀྱི་སེམས་ཀྱི་སྤྱོད་པ་ལ་འཇུག་པ་ཞེས་པ་དེ་ནི་ཤེས་རབ་ཀྱི་ཚོགས་མི་ཟད་པའོ། །སེམས་ཅན་ཐམས་ཅད་ཀྱི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སེམས་ཇི་སྙེད་པ་དེ་དག་སེམས་ཅན་གཅིག་གིས་སེམས་ཀྱི་འཇུག་པ་གཅིག་ལ་ཡོད་པར་འགྱུར་ལ། ཚུལ་འདིས་སེམས་ཅན་ཐམས་ཅད་དེ་སྙེད་ དུ་ཚད་མེད་པའི་སེམས་ཀྱིས་གང་བར་གྱུར་ཏེ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སེམས་ཅན་དེ་དག་ཐམས་ཅད་ཀྱི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གང་དག་ཡིན་པ་དེ་དག་ཐམས་ཅད་སེམས་ཅན་གཅིག་གི་སེམས་གཅིག་ལ་ཡོད་པར་གྱུར་ལ། རྣམ་གྲངས་འདིས་སེམས་ ཅན་ཐམས་ཅད་དེ་སྙེད་དུ་ཚད་མེད་པའི་ཉོན་མོངས་པས་གང་བའི་སེམས་སུ་གྱུར་ན་ཡང་། དེ་ལ་བྱང་ཆུབ་སེམས་དཔའ་གང་ཤེས་རབ་ཀྱི་ཚོགས་གཅིག་བསྒྲུབས་པས་སེམས་ཅན་དེ་དག་གི་སེམས་སུ་གཏོགས་པའི་སེམས་བསྐྱེད་པ་ཇི་སྙེད་པའི་སེམས་བསྐྱེད་པ་དེ་དག་ཐམས་ཅད་སོ་སོའི་དམིགས་པས་ 63-1-148a བྱུང་སྟེ་ཞིག་ཅིང་ཞུ་བ་རྣམས་ཤེས་པར་འགྱུར་བ་དེ་ལྟ་བུའི་ཤེས་རབ་ཀྱི་ཚོགས་བསྐྱེད་པར་བྱའོ། །ཤེས་རབ་དེས་ཀྱང་སེམས་ཅན་དེ་དག་གི་སེམས་སུ་སྣང་བ་དང་ཉོན་མོངས་པར་སྣང་བ་དུས་གསུམ་དང་ལྡན་པ་གང་ཡང་མི་ཤེས་པ་མེད་དོ། །བཙུན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན་ ནམ་མཁའ་འདིས་མ་ཁྱབ་པ་གང་ཡང་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཤེས་རབ་འདིས་ཀྱང་སེམས་ཅན་དེ་དག་གི་སེམས་སྣང་བའམ་ཉོན་མོངས་པར་སྣང་བ་དུས་གསུམ་དང་ལྡན་པ་དེ་དག་གསལ་བར་མ་གྱུར་པའམ་ཡོངས་སུ་མི་ཤེས་པ་མེད་དེ། འདི་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ ཚོགས་མི་ཟད་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པའི་ཚོགས་མི་ཟད་པ་གང་ཞེ་ན། དགེ་བའི་རྩ་བའི་ཚོགས་ཐམས་ཅད་བསགས་པ་དང་། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཚོགས་བསགས་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ བསགས་པ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པའི་ཚོགས་མི་ཟད་པའོ། །དང་པོ་སེམས་བསྐྱེད་པ་ནས་བཟུང་སྟེ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དམིགས་པ་དང་། སྦྱོར་བ་བསགས་པ་གང་དག་ཡིན་པ་དགེ་བའི་སེམས་བསྐྱེད་པའི་ ཚོགས་གང་དག་གིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབས་པ་འདི་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པའི་ཚོགས་མི་ཟད་པ་ཞེས་བྱ་སྟེ། བཙུན་པ་ཤ་ར་དྭ་ཏིའི་བུ་བརྒྱད་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་ཡང་དག་པར་བླང་བའོ། ། བཙུན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་མི་ཟད་པ་ནི་གང་ལུས་ཀྱི་དགེ་བའི་ལས་ཀྱི་རྟེན་དང་། ངག་གི་དགེ་བའི་ལས་ཀྱི་རྟེན་དང་། ཡིད་ཀྱི་དགེ་བའི་ལས་ཀྱི་རྟེན་ཏོ། །དེ་ཅིའི་ཕྱིར་ཞེ་ན། བརྩོན་འགྲུས་གང་ཇི་སྙེད་པ་དེ་དག་ཐམས་ཅད་ལུས་དང་ངག་དང་སེམས་དང་ལྡན་ པའི་ཕྱིར་ཏེ། ལུས་དང་ངག་གི་བརྩོན་འགྲུས་པས་སེམས་ཀྱི་བརྩོན་འགྲུས་ཉིད་མཆོག་ཅེས་བཤད་དོ། །དེ་ལ་སེམས་ཀྱི་བརྩོན་འགྲུས་གང་ཞེ་ན། སེམས་ཀྱི་འཇུག་པ་དང་སེམས་གནས་པ་སྟེ། དེ་ལ་སེམས་ཀྱི་འཇུག་པ་གང་ཞེ་ན། གང་བྱང་ཆུབ་ཀྱི་སེམས་ཀྱི་རྩོམ་པའོ། །དེ་ལ་སེམས་གནས་ 63-1-148b པ་གང་ཞེ་ན། བྱང་ཆུབ་ཀྱི་སེམས་ཉེ་བར་མ་ཞི་བའོ། །དེ་ལ་སེམས་འཇུག་པ་གང་ཞེ་ན། གང་སེམས་ཅན་རྣམས་ལ་སྙིང་རྗེ་བའོ། །སེམས་གནས་པ་གང་ཞེ་ན། གང་བདག་མེད་པ་ལ་བཟོད་པའོ། །དེ་ལ་འཇུག་པ་གང་ཞེ་ན། གང་སེམས་ཅན་ཐམས་ཅད་སྡུད་པའོ། །གནས་པ་གང་ཞེ་ན། གང་ ཆོས་ཐམས་ཅད་མི་འཛིན་པའོ། །དེ་ལ་འཇུག་པ་གང་ཞེ་ན། གང་འཁོར་བ་ན་མི་སྐྱོ་བའོ། །གནས་པ་གང་ཞེ་ན། ཁམས་གསུམ་པ་མི་དམིགས་པའོ། །དེ་ལ་འཇུག་པ་གང་ཞེ་ན། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའོ། །གནས་པ་གང་ཞེ་ན། གང་སྦྱིན་པས་རློམ་སེམས་སུ་མི་བྱེད་པའོ། །དེ་ ལ་འཇུག་པ་གང་ཞེ་ན། གང་བསླབ་པ་ཡང་དག་པར་ལེན་པའོ། །གནས་པ་གང་ཞེ་ན། གང་བསླབ་པས་རློམ་སེམས་སུ་མི་བྱེད་པའོ། །དེ་ལ་འཇུག་པ་གང་ཞེ་ན། གང་བཟོད་ཅིང་མི་མཇེད་པའོ། །གནས་པ་གང་ཞེ་ན། གང་སེམས་ལ་རྨ་མི་ཕྱིན་པའོ། །དེ་ལ་འཇུག་པ་གང་ཞེ་ན། གང་ དགེ་བའི་རྩ་བ་ཐམས་ཅད་རྩོམ་པའོ། །གནས་པ་གང་ཞེ་ན། གང་སེམས་དབེན་པའོ། །དེ་ལ་འཇུག་པ་གང་ཞེ་ན། གང་བསམ་གཏན་ཡང་དག་པར་སྒྲུབ་པའོ། །གནས་པ་གང་ཞེ་ན། གང་སེམས་ལ་ངེས་པར་སེམས་པའོ། །དེ་ལ་འཇུག་པ་གང་ཞེ་ན། གང་ཐོས་པ་ལ་ཆོག་མི་ཤེས་པའོ། ། གནས་པ་གང་ཞེ་ན། གང་ཚུལ་བཞིན་སྦྱོར་བའོ། །དེ་ལ་འཇུག་པ་གང་ཞེ་ན། གང་ཇི་སྐད་ཐོས་པ་བཞིན་དུ་ཆོས་སྟོན་པའོ། །གནས་པ་གང་ཞེ་ན། གང་བརྗོད་དུ་མེད་པའི་ཆོས་ཉིད་དོ། །དེ་ལ་འཇུག་པ་གང་ཞེ་ན། གང་ཤེས་རབ་ཀྱི་ཚོགས་ཡོངས་སུ་ཚོལ་བའོ། །གནས་པོ་གང་ཞེ་ན། གང་སྤྲོས་ པ་ཤིན་ཏུ་ཆད་པའོ། །དེ་ལ་འཇུག་པ་གང་ཞེ་ན། གང་ཚངས་པའི་གནས་པ་རྣམས་ལ་སོགས་པའོ། །གནས་པ་གང་ཞེ་ན། གང་ཡང་དག་པའི་ཤེས་པས་བཏང་སྙོམས་པའོ། །དེ་ལ་འཇུག་པ་གང་ཞེ་ན། གང་མངོན་པར་ཤེས་པ་ལྔ་ཡོངས་སུ་རྫོགས་པར་བྱེད་པའོ། །གནས་པ་གང་ཞེ་ན། གང་ ཟག་པ་མེད་པ་ལ་འདྲིས་པར་བྱེད་པའོ། །དེ་ལ་འཇུག་པ་གང་ཞེ་ན། གང་དྲན་པ་ཉེ་བར་གཞག་པ་བསྐྱེད་པའོ། །གནས་པ་གང་ཞེ་ན། གང་དྲན་པ་ཡིད་ལ་བྱེད་པ་མེད་པའོ། །དེ་ལ་འཇུག་པ་གང་ཞེ་ན། གང་ཡང་དག་པར་སྤོང་བ་ལ་སྦྱོར་བའོ། །གནས་པ་གང་ཞེ་ན། གང་དགེ་བ་དང་མི་དགེ་བའི་ 63-1-149a སེམས་དང་བྲལ་བའོ། །དེ་ལ་འཇུག་པ་གང་ཞེ་ན། གང་རྫུ་འཕྲུལ་གྱི་རྐང་པ་མངོན་པར་སྒྲུབ་པའོ། །གནས་པ་གང་ཞེ་ན། གང་ལྷུན་གྱིས་གྲུབ་པར་བྱ་བ་ལ་འཇུག་པའོ། །དེ་ལ་འཇུག་པ་གང་ཞེ་ན། གང་དབང་པོ་ལ་མཁས་པའོ། །གནས་པ་གང་ཞེ་ན། གང་དབང་པོ་ མེད་པའི་ཆོས་ལ་རྟོག་པའོ། །དེ་ལ་འཇུག་པ་གང་ཞེ་ན། གང་སྟོབས་ཡང་དག་པར་བསྒྲུབ་པའོ། །གནས་པ་གང་ཞེ་ན། གང་མི་བརྫི་བའི་ཡེ་ཤེས་སོ། །དེ་ལ་འཇུག་པ་གང་ཞེ་ན། གང་བྱང་ཆུབ་ཀྱི་ཡན་ལག་ཡང་དག་པར་འབྱུང་བའོ། །གནས་པ་གང་ཞེ་ན། གང་ཆོས་རབ་ཏུ་རྣམ་པར་འབྱེད་ པ་ལ་མཁས་པའི་ཡེ་ཤེས་སོ། །དེ་ལ་འཇུག་པ་གང་ཞེ་ན། གང་ལམ་གྱི་ཚོགས་ཚོལ་བའོ། །གནས་པ་གང་ཞེ་ན། གང་གར་ཡང་མི་འགྲོ་བའོ། །དེ་ལ་འཇུག་པ་གང་ཞེ་ན། གང་ཞིག་གནས་ཚོལ་བའོ། །གནས་པ་གང་ཞེ་ན། གང་ཞིག་གནས་ཀྱི་སེམས་ཞི་བའོ། །དེ་ལ་འཇུག་པ་གང་ཞེ་ན། གང་ ལྷག་མཐོང་སྤྱོད་པའོ། །གནས་པ་གང་ཞེ་ན། གང་ཆོས་ཉིད་ཤེས་པའོ། །དེ་ལ་འཇུག་པ་གང་ཞེ་ན། གང་རྒྱུ་རྟོགས་པའོ། །དེ་ལ་གནས་པ་གང་ཞེ་ན། གང་རྒྱུ་ཀུན་ཤེས་པའོ། །དེ་ལ་འཇུག་པ་གང་ཞེ་ན། གང་གཞན་གྱི་སྒྲ་ཐོས་པའོ། །གནས་པ་གང་ཞེ་ན། གང་ཆོས་ལ་ནན་ཏན་བྱེད་པའོ། །དེ་ལ་ འཇུག་པ་གང་ཞེ་ན། གང་ལུས་ཀྱི་རྒྱན་ནོ། །གནས་པ་གང་ཞེ་ན། གང་ངག་གི་ཆོས་ཉིད་དོ། །དེ་ལ་འཇུག་པ་གང་ཞེ་ན། གང་ངག་གི་རྒྱན་ཏོ། །གནས་པ་གང་ཞེ་ན། གང་འཕགས་པའི་མི་སྨྲ་བའོ། །དེ་ལ་འཇུག་པ་གང་ཞེ་ན། གང་རྣམ་པར་ཐར་པ་གསུམ་ལ་མོས་པའོ། །གནས་པ་གང་ཞེ་ན། གང་བྱེད་ པ་མེད་པའོ། །དེ་ལ་འཇུག་པ་གང་ཞེ་ན། གང་བདུད་བཞི་ཡོངས་སུ་སྤོང་བའོ། །གནས་པ་གང་ཞེ་ན། གང་བག་ཆགས་དང་ཉོན་མོངས་པའི་མཚམས་སྦྱོར་བ་ཐམས་ཅད་བསྩལ་བའོ། །དེ་ལ་འཇུག་པ་གང་ཞེ་ན། གང་ཐབས་སུ་ལྟ་བའོ། །གནས་པ་གང་ཞེ་ན། གང་ཤེས་རབ་ཏུ་ལྟ་བའོ། །དེ་ལ་འཇུག་ པ་གང་ཞེ་ན། གང་རྩོམ་པར་ལྟ་བའོ། །དེ་ལ་གནས་པ་གང་ཞེ་ན། གང་ཉམས་སུ་ལེན་པར་བྱེད་པར་ལྟ་བའོ། །དེ་ལ་འཇུག་པ་གང་ཞེ་ན། གང་བརྡར་ལྟ་བའོ། །གནས་པ་གང་ཞེ་ན། གང་དོན་དམ་པར་ལྟ་བ་སྟེ། འདི་ནི་སེམས་ཀྱི་བརྩོན་འགྲུས་མི་ཟད་པ་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་གང་འཇུག་པ་ 63-1-149b ཐམས་ཅད་དང་གནས་པ་དང་། མཚན་མ་ཐམས་ཅད་དང་བྲལ་བ་དང་། དེ་མཚན་མའི་ལས་ཐམས་ཅད་དུ་ཡང་འཇུག་ལ་ཡེ་ཤེས་ཀྱི་ལས་ཡང་དག་པར་གནས་པ་སྟེ། དེ་ལས་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་བྱ་བ་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་ལས་གང་ཞེ་ན། གང་དགེ་བའི་རྩ་བའི་རྒྱུ་དང་། སེམས་ ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་རྒྱུར་འདུས་བྱས་སུ་ཡང་མི་གཏོང་ཞིང་། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རྒྱུར་འདུས་མ་བྱས་སུ་མི་ལྟ་བས་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་ཟད་པ་ཞེས་བྱའོ། །དེ་ལྟར་ཇི་སྐད་གསུངས་པའི་བརྩོན་འགྲུས་ཡོངས་སུ་རྫོགས་པས་ན། བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན། །ཞེས་བྱའོ། །བྱང་ཆུབ་སེམས་དཔའི་ས་སྦྱང་དཀའ་བ་ལ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ལྷག་པར་སྤྱོད་པ་ཡིན་ཏེ། དེ་བས་ན། བསམ་གཏན་ཆེན་པོ་ཏིང་འཛིན་གནས། །ཞེས་བྱའོ། །དེ་ཡང་བསམ་གཏན་ནི་བཞི་སྟེ། ཉན་ཐོས་དང་རང་སངས་རྒྱས་དང་སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུན་མོང་ཡིན་པ་ལས་བྱང་ཆུབ་སེམས་དཔའ་རྣམས་བསམ་པའི་རྣམ་པ་ཆེན་པོར་གྱུར་པ་ཡིན་ཏེ། དེ་ཡང་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་འདོད་པ་དག་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་ལས་དབེན་པ་རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ་དབེན་ པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་རྫོགས་པར་བྱས་ཏེ་གནས་སོ། །དེས་འདོད་པ་རྣམས་ནི་བསམ་གཏན་དང་པོའི་མི་མཐུན་པའི་ཕྱོགས་ཡིན་ཏེ། གང་སྲེད་པ་དེ་དག་ལས་དབེན་པའོ། །དེ་ལ་སྡིག་པ་མི་དགེ་བའི་ཆོས་རྣམས་ནི་ཆགས་པ་དང་། ཞེ་སྡང་དང་། གཏི་མུག་སྟེ། གཞི་དེ་ ལས་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ངག་རྩུབ་པོ་དང་། ཚིག་ཀྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བའོ། །འདི་ནི་སྡིག་པ་མི་དགེ་བའི་ཆོས་རྣམས་ཞེས་བྱ་སྟེ། དེ་དག་ལས་ དབེན་པ་ནི་བསམ་གཏན་དང་པོའོ། །རྟོག་པ་དང་ལྷན་ཅིག་པ་ནི་རྟོག་པ་དང་བཅས་པ་སྟེ། རྟོག་པ་དེ་དག་གང་ཞེ་ན། གང་དག་བསམ་གཏན་དང་པོ་དང་མཐུན་པའི་རྟོག་པ་སྟེ། དེ་ཆོ་ག་བཞིན་དུ་རྟོག་ཅིང་དེ་དག་ཀུན་ཀྱང་འདུལ་བས་ན་དེ་དག་ནི་རྟོག་པ་ཞེས་བྱ་སྟེ། ཤེས་པ་དང་ཁོང་དུ་ཆུད་པ་དང་དཔྱོད་པ་ 63-1-150a དང་རབ་ཏུ་རྟོག་པ་དང་ཏིང་ངེ་འཛིན་དུ་བྱེད་པ་ནི་རྟོག་པའོ། །དེ་ལ་དཔྱོད་པ་གང་ཞེ་ན། བསམ་གཏན་དང་པོ་དང་མཐུན་པའི་རྟོག་པ་དེ་དག་ཉིད་ལ་དཔྱོད་པ་དང་རྣམ་པར་དཔྱོད་པ་དང་ཉེ་བར་ལོངས་སྤྱོད་པ་དང་ཀུན་དུ་ལོངས་སྤྱོད་པ་དང་ཏིང་ངེ་འཛིན་དུ་བྱེད་པ་དང་། སེམས་རྗེས་སུ་འགྲོ་བ་ ནི་དཔྱོད་པ་ཞེས་བྱ་སྟེ། དེ་དག་དང་ལྷན་ཅིག་པ་ནི་རྟོག་པ་དང་བཅས་པ་དང་། དཔྱོད་པ་དང་བཅས་པ་བསམ་གཏན་དང་པོའོ། །དགའ་བ་དང་བདེ་བ་དབེན་པ་ལས་སྐྱེས་པས་དེའི་ཕྱིར་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཞེས་བྱའོ། །རྫོགས་པར་བྱས་ཏེ་གནས་ཞེས་བྱ་བ་ལ། རྫོགས་པར་བྱས་ཞེས་བྱ་ བ་ནི་སྡོམ་པ་དང་སྡོམ་པར་བྱེད་པ་དང་། སྦེད་པ་དང་སྦེད་པར་བྱེད་པ་དང་། རོ་མྱང་བ་དང་། མངོན་པར་དགའ་བ་སྟེ། བསམ་གཏན་དང་པོ་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཁོང་དུ་ཆུད་པར་བྱ་བའི་འདུན་པ་དང་འདོད་པ་ཐོབ་སྟེ། དེ་མི་སྐྱེ་བའི་ཆོས་ལ་བཟོད་པའི་འདུན་པ་དང་ འདོད་པ་དེས་བསམ་གཏན་དང་པོ་སྙིང་པོར་འདུ་ཤེས་པ་མ་ཡིན་ནོ། །དེ་བསམ་གཏན་གཉིས་པ་རྩོམ་སྟེ། དེ་བསམ་གཏན་དང་པོའི་རྟོག་པ་དང་དཔྱོད་པ་དེ་དག་ཞི་བར་བྱེད་ཉེ་བར་ཞི་བར་བྱེད། དེ་དག་ལས་སེམས་རབ་ཏུ་ཞི་བར་བྱེད་ཅིང་བསམ་གཏན་གཉིས་པའི་ཡོངས་སུ་འགྲུབ་པའི་རྒྱུ་ཚོལ་ཏེ། དེ་རྟོག་པ་ དང་དཔྱོད་པ་དང་བྲལ་བས་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་པ་དང་། དཔྱོད་པ་མེད་པ་དགའ་བ་དང་ལྡན་པ་བསམ་གཏན་གཉིས་པ་རྫོགས་པར་བྱས་ཏེ་གནས་སོ། །དེ་ལ་ནང་ཡོངས་སུ་དང་བ་ནི་དེའི་བསམ་གཏན་གཉིས་པའི་མི་མཐུན་པའི་ཕྱོགས་ཀྱི་ཆོས་གང་ཡིན་པ་དེ་དག་ ཉེ་བར་ཞི་བ་དང་། དང་བ་ཡིན་ཏེ། དེའི་ཕྱིར་ནང་ཡོངས་སུ་དང་བ་ཞེས་བྱའོ། །རྒྱུད་གཅིག་ཏུ་གྱུར་ཞེས་བྱ་བ་ནི་བསམ་གཏན་དང་པོའི་རྟོག་པ་དང་དཔྱོད་པ་དེ་དག་ཐམས་ཅད་རབ་ཏུ་ཞི་ནས་རྒྱ་མཚོའི་ཆུ་ལྟར་རོ་གཅིག་ཏུ་གྱུར་པ་ཐོབ་པའོ། །འདི་ལྟ་སྟེ་དཔེར་ན་རྒྱ་མཚོ་ཆེན་པོར་ཆུ་འབབ་པ་རྣམས་ལན་ཚྭའི་རོར་རོ་གཅིག་ པར་འགྱུར་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བསམ་གཏན་གཉིས་པ་ལ་སྙོམས་པར་ཞུགས་པ་བསམ་གཏན་དང་པོའི་རྟོག་པ་དང་དཔྱོད་པ་དེ་དག་ཐམས་ཅད་ཞི་ནས་རོ་གཅིག་ཏུ་འགྱུར་ཏེ། དེ་ཏིང་ངེ་འཛིན་ཞེས་བྱའོ། །ཏིང་ངེ་འཛིན་དེ་ལས་དེ་སངས་རྒྱས་དང་ཆོས་དང་། དགེ་འདུན་ལ་དགའ་བ་སྐྱེས་ཏེ། 63-1-150b དཀོན་མཆོག་གསུམ་ལ་དགའ་བས་དགེ་བའི་ཆོས་རྣམས་རྫོགས་པར་འགྱུར་རོ། །དེ་ལས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་འདུན་པ་ཤིན་ཏུ་འབར་བ་དང་། ཤིན་ཏུ་འོད་གསལ་བ་དང་། ཤིན་ཏུ་ཡིད་དུ་འོང་བ་འཐོབ་བོ། །དེ་ལ་ཆོས་ལ་བཟོད་པ་ལ་འདུན་པ་དེས་བསམ་གཏན་གཉིས་པ་དེ་ལམ་ ཆགས་ཏེ། བསམ་གཏན་གསུམ་པ་ཀུན་དུ་ཚོལ་ལོ། །དེ་འདི་སྙམ་དུ་སེམས་ཏེ། དགའ་བ་ནི་བསམ་གཏན་གསུམ་པའི་སྒྲིབ་པ་ཡིན་ནོ་སྙམ་ནས་དེ་དགའ་བ་དེ་ལ་འདོད་ཆགས་དང་བྲལ་ནས་བཏང་སྙོམས་ཅན་དྲན་པ་ཡོངས་སུ་དག་པ་འཕགས་པ་རྣམས་ཀྱིས་གང་དེ་དགའ་བ་མེད་པ་བདེ་བ་ལ་གནས་པ་ ཞེས་བརྗོད་པ་བསམ་གཏན་གསུམ་པ་རྫོགས་པར་བྱས་ཏེ་གནས་སོ། །ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་ལ་འདོད་ཆགས་དང་བྲལ་བ་འཐོབ་པ་དེ་གང་དེ་དགའ་བ་མེད་པའི་བདེ་བ་དེ་ནི་གཏན་དུ་བདེ་བ་མ་ཡིན་གྱི་ཟད་པའི་ཆོས་ཅན་ཏེ། དེ་མི་རྟག་ཅིང་མི་བརྟན་ལ་ཐེར་ཟུག་མ་ཡིན་ཞིང་དེ་ཡིད་བརྟན་དུ་མི་རུང་ ངོ་སྙམ་པའི་སེམས་དེ་ལྟ་བུ་འཐོབ་པོ། །དེ་དེ་ལྟར་ཤེས་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པའི་སེམས་འདུན་པ་དྲག་པོ་ཆེན་པོ་འཐོབ་པོ། །དེ་མི་སྐྱེ་བའི་ཆོས་ཀྱི་འདུན་པ་དྲག་པོ་དེས་བདེ་བ་དང་སྡུག་བསྔལ་ལ་མངོན་པར་ཆགས་པ་མི་སྐྱེའོ། །དེ་བདེ་བ་ཡང་སྤངས་ཏེ་སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ ཡིད་བདེ་བ་དང་ཡིད་མི་བདེ་བ་ནུབ་པས་བདེ་ཡང་མ་ཡིན་སྡུག་བསྔལ་བ་མ་ཡིན་པ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་ཡོངས་སུ་རྫོགས་པར་བྱས་ཏེ་གནས་སོ། །དེ་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་པས་སེམས་མཉེན་པ་དང་། སེམས་འདོད་པར་བྱ་བ་དང་། སེམས་ལས་ སུ་རུང་བ་དང་། སེམས་འོད་གསལ་བ་དང་། སེམས་དྲང་བ་དང་། སེམས་བདེ་བ་དེ་སེམས་ཅན་ཐམས་ཅད་ཀྱི་ཕྱིར་མངོན་པར་དགའ་བ་དང་། དེ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་མངོན་པར་ཕྱོགས་པར་འགྱུར་བས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་སྣང་བ་སྐྱེ་བར་འགྱུར་ཏེ། དེའི་གོང་དུ་དེ་ ལ་ལྷུན་གྱིས་གྲུབ་པར་ལམ་ལ་འཇུག་ཅིང་གནས་པར་འགྱུར་རོ། །རྣམ་པ་གཞན་ཡང་བཙུན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མི་ཟད་པ་ནི་རྣམ་པ་བཅུ་དྲུག་སྟེ། དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་མེད་དོ། །དེ་ལ་རྣམ་པ་བཅུ་དྲུག་པོ་ 63-1-151a དག་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་བསམ་གཏན་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་དེ་ལ་ཆགས་པའོ། །བདག་བདེ་བ་ལ་མ་ཆགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་རོ་མྱང་བ་མེད་པའོ། ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྤང་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་སྙིང་རྗེ་ཆེན་པོ་ལ་དམིགས་པའོ། །འདོད་པའི་ཁམས་སུ་དམིགས་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་ཏིང་ངེ་འཛིན་ལྡོག་པའོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ ཀུན་ཤེས་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་མངོན་པར་ཤེས་པ་ཡོངས་སུ་སྦྱང་བ་བྱས་པའོ། །སེམས་ཀྱི་དབང་ཕྱུག་ཤེས་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་སེམས་ལས་སུ་རུང་བའོ། །གཟུགས་དང་གཟུགས་མེད་པའི་ཁམས་ཟིལ་གྱིས་གནོན་པའི་ཕྱིར་བྱང་ ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང་། ལྡང་བ་ཐམས་ཅད་ཤེས་པའོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སྙོམས་པར་འཇུག་པ་ཟིལ་གྱིས་གནོན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ བསམ་གཏན་ནི་ཞི་བ་དང་རབ་ཏུ་ཞི་བའོ། །ཤིན་ཏུ་མཐར་ཐུག་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་མི་འཁྲུགས་པའོ། །ཉོན་མོངས་པ་དང་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ལེགས་པར་འཇོམས་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་ལོག་པར་བསྒྲུབ་པའི་ གཉེན་པོའོ། །འཇིག་རྟེན་ཐམས་ཅད་ལས་བསྒྲལ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་ཤེས་རབ་ལ་འཇུག་པའོ། །སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་སྔོན་དུ་འགྲོ་བའོ། །དེ་བཞིན་གཤེགས་པའི་ བསམ་གཏན་མི་ཟད་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་དཀོན་མཆོག་གསུམ་གྱི་རིགས་མི་གཅོད་པའོ། །རྟག་ཏུ་མཉམ་པར་གཞག་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་མ་ཉམས་པའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་ 63-1-151b རྫོགས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་ཆོས་ཐམས་ཅད་ལ་དབང་བྱེད་པའི་ཡེ་ཤེས་སོ། །ཡེ་ཤེས་ཀྱི་བདག་ཉིད་ཆེ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་ནམ་མཁའ་སྟེ། བཙུན་པ་ཤ་ར་དྭ་ཏའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་བཅུ་དྲུག་སྟེ། གང་ཉན་ཐོས་དང་རང་སངས་རྒྱས་དག་ལ་མེད་པའོ། །དེ་ལ་བསམ་གཏན་ཡོངས་སུ་སྦྱངས་པ་གང་ཞེ་ན། གང་མངོན་པར་ཤེས་པ་དང་། ཡེ་ཤེས་ཡོངས་སུ་རྫོགས་པའོ། །དེ་ལ་མངོན་པར་ཤེས་པ་ནི་གང་། ཡེ་ཤེས་ནི་གང་ཞེ་ན། གང་གི་ གཟུགས་སུ་སྣང་བ་ཐམས་ཅད་མཐོང་བ་འདི་ནི་མངོན་པར་ཤེས་པ་ཞེས་བྱའོ། །གང་གི་གཟུགས་ཐམས་ཅད་ཀྱི་ཆོས་ཉིད་མི་ཟད་པར་ཤེས་ཀྱང་མི་ཟད་པའི་ཆོས་མངོན་སུམ་དུ་མི་བྱེད་པ་འདི་ནི་ཡེ་ཤེས་ཞེས་བྱའོ། །གང་གི་སྒྲར་གྲག་པ་ཐམས་ཅད་ཤེས་པ་དེ་ནི་མངོན་པར་ཤེས་པ་ཞེས་བྱའོ། །གང་སྒྲ་ཐམས་ཅད་ སྔོན་གྱི་མཐའ་དང་ཕྱི་མའི་མཐར་བརྗོད་དུ་མེད་པར་ཤེས་པ་འདི་ནི་ཡེ་ཤེས་ཞེས་བྱའོ། །གང་གིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རྣམས་ཤེས་པ་འདི་ནི་མངོན་པར་ཤེས་པ་ཞེས་བྱའོ། །གང་སེམས་འགོག་པར་ཤེས་ལ་སེམས་འགོག་པ་མངོན་སུམ་དུ་མི་བྱེད་པ་འདི་ནི་ཡེ་ཤེས་ཞེས་བྱའོ། །གང་སྔོན་གྱི་ མཐའ་དང་། ཕྱི་མའི་མཐའ་རྗེས་སུ་དྲན་པ་འདི་ནི་མངོན་པར་ཤེས་པ་ཞེས་བྱའོ། །གང་དུས་གསུམ་ལ་མ་ཆགས་པར་ཤེས་པ་འདི་ནི་ཡེ་ཤེས་ཞེས་བྱའོ། །གང་སངས་རྒྱས་ཐམས་ཅད་ཀྱི་ཞིང་དུ་འགྲོ་བ་འདི་ནི་མངོན་པར་ཤེས་པ་ཞེས་བྱའོ། །གང་གིས་ཞིང་ནམ་མཁའ་དང་མཚུངས་པར་ཤེས་པ་འདི་ནི་ཡེ་ཤེས་ཞེས་བྱའོ། ། གང་དབྱེར་མེད་པའི་ཆོས་འདོད་པ་འདི་ནི་མངོན་པར་ཤེས་པ་ཞེས་བྱའོ། །གང་ཆོས་ཐམས་ཅད་མཉམ་པར་མཐོང་བའི་ཤེས་པ་འདི་ནི་ཡེ་ཤེས་ཞེས་བྱའོ། །གང་འཇིག་རྟེན་ཐམས་ཅད་དབྱེར་མེད་པའི་མཚན་ཉིད་འདི་ནི་མངོན་པར་ཤེས་པ་ཞེས་བྱའོ། །གང་འཇིག་རྟེན་གྱི་ཆོས་ཐམས་ཅད་དང་མ་འདྲེས་པར་ཤེས་པ་ འདི་ནི་ཡེ་ཤེས་ཞེས་བྱའོ། །གང་བརྒྱ་བྱིན་དང་ཚངས་པ་དང་འཇིག་རྟེན་སྐྱོང་བ་རྣམས་ཟིལ་གྱིས་གནོན་པ་འདི་ནི་མངོན་པར་ཤེས་པ་ཞེས་བྱའོ། །གང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སྤྱི་བོར་ཤེས་པ་འདི་ནི་ཡེ་ཤེས་ཞེས་བྱ་སྟེ། བཙུན་པ་ཤ་ར་དྭ་ཏིའི་བུ་དེ་དག་ནི་བྱང་ཆུབ་སེམས་དཔའ་ 63-1-152a རྣམས་ཀྱི་བསམ་གཏན་ཡོངས་སུ་སྦྱང་བ་ཞེས་བྱའོ། །ཡང་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང་སེམས་གཡེང་བ་ཇི་སྙེད་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་གྱི་ཚོགས་དང་སེམས་གཞག་པའང་དེ་སྙེད་དེ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང་སེམས་གཡེང་ བ་ཇི་སྙེད་པ་དེ་སྙེད་དུ་བྱང་ཆུབ་སེམས་དཔས་ཀྱང་བསམ་གཏན་གྱི་ཚོགས་ཡང་དག་པར་བསྒྲུབ་པར་བྱའོ། །མཉམ་པ་དེ་ཉིད་དེ་ལ་གནས་པས་ན་དེའི་ཕྱིར་མཉམ་པར་གཞག་པ་ཞེས་བྱའོ། །སེམས་ཅན་མཉམ་པ་ཉིད་དང་། བསམ་པ་མཉམ་པ་ཉིད་དང་། ལྷག་པའི་བསམ་པ་མཉམ་པ་ཉིད་དང་། སྦྱོར་བ་མཉམ་པ་ཉིད་དང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་མཉམ་པ་ཉིད་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་ལ་གནས་པས་ན་དེའི་ཕྱིར་མཉམ་པར་གཞག་པ་ཞེས་བྱའོ། །ཏིང་ངེ་འཛིན་གང་དང་མཉམ་པ་བྱང་ཆུབ་ཀྱང་དེ་དང་མཉམ་མོ། །བྱང་ཆུབ་གང་ དང་མཉམ་པ་སེམས་ཅན་ཐམས་ཅད་ཀྱང་དེ་དང་མཉམ་མོ། །སེམས་ཅན་ཐམས་ཅད་ཀྱང་དེ་དང་མཉམ་པ་ཆོས་ཐམས་ཅད་ཀྱང་དེ་དང་མཉམ་པ་སྟེ། མཉམ་པ་ཉིད་དེ་ལ་སྙོམས་པར་ཞུགས་པས་ན་དེའི་ཕྱིར་སྙོམས་པར་ཞུགས་པ་ཞེས་བྱའོ། །བྱང་ཆུབ་གང་དང་མཉམ་པ་སྟོང་པ་ཉིད་ཀྱང་དེ་དང་མཉམ་མོ། །སྟོང་པ་ཉིད་གང་དང་མཉམ་པ་ སེམས་ཅན་ཐམས་ཅད་ཀྱང་དེ་དང་མཉམ་མོ། །སེམས་ཅན་ཐམས་ཅད་གང་དང་མཉམ་པ་ཆོས་ཐམས་ཅད་ཀྱང་དེ་དང་མཉམ་སྟེ། མཉམ་པ་ཉིད་དེ་ལ་སྙོམས་པར་ཞུགས་པས་ན་དེའི་ཕྱིར་སྙོམས་པར་ཞུགས་པ་ཞེས་བྱའོ། །སྟོང་པ་ཉིད་གང་དང་མཉམ་པ་མཚན་མ་མེད་པ་ཡང་དེ་དང་མཉམ་མོ། །མཚན་མ་ མེད་པ་གང་དང་མཉམ་པ་སེམས་ཅན་ཐམས་ཅད་ཀྱང་དེ་དང་མཉམ་མོ། །སེམས་ཅན་ཐམས་ཅད་གང་དང་མཉམ་པ་ཆོས་ཐམས་ཅད་ཀྱང་དེ་དང་མཉམ་སྟེ། མཉམ་པ་ཉིད་དེ་ལ་སྙོམས་པར་ཞུགས་པས་ན་དེའི་ཕྱིར་སྙོམས་པར་ཞུགས་པ་ཞེས་བྱའོ། །མཚན་མ་མེད་པ་གང་དང་མཉམ་པ་སྨོན་པ་མེད་ པའང་དེ་དང་མཉམ་མོ། །སྨོན་པ་མེད་པ་གང་དང་མཉམ་པ་སེམས་ཅན་ཐམས་ཅད་ཀྱང་དེ་དང་མཉམ་མོ། །སེམས་ཅན་ཐམས་ཅད་གང་དང་མཉམ་པ་ཆོས་ཐམས་ཅད་ཀྱང་དེ་དང་མཉམ་མོ། །མཉམ་པ་ཉིད་དེ་ལ་སྙོམས་པར་ཞུགས་པས་ན་དེའི་ཕྱིར་སྙོམས་པར་ཞུགས་པ་ཞེས་བྱའོ། །སྨོན་པ་མེད་ 63-1-152b པ་གང་དང་མཉམ་པ་མངོན་པར་འདུ་མི་བྱེད་པའང་དེ་དང་མཉམ་མོ། །མངོན་པར་འདུ་མི་བྱེད་པ་གང་དང་མཉམ་པ་སེམས་ཅན་ཐམས་ཅད་ཀྱང་དེ་དང་མཉམ་མོ། །སེམས་ཅན་ཐམས་ཅད་གང་དང་མཉམ་པ་ཆོས་ཐམས་ཅད་ཀྱང་དེ་དང་མཉམ་སྟེ། མཉམ་པ་ཉིད་དེ་ལ་སྙོམས་པར་ཞུགས་ པས་ན་དེའི་ཕྱིར་སྙོམས་པར་ཞུགས་པ་ཞེས་བྱའོ། །མངོན་པར་འདུ་མི་བྱེད་པ་གང་དང་མཉམ་པ་མི་སྐྱེ་བ་ཡང་དེ་དང་མཉམ་མོ། །མི་སྐྱེ་བ་གང་དང་མཉམ་པ་སེམས་ཅན་ཐམས་ཅད་ཀྱང་དེ་དང་མཉམ་མོ། །སེམས་ཅན་ཐམས་ཅད་གང་དང་མཉམ་པ་ཆོས་ཐམས་ཅད་ཀྱང་དེ་དང་མཉམ་སྟེ། མཉམ་པ་ཉིད་ དེ་ལ་སྙོམས་པར་ཞུགས་པས་ན་དེའི་ཕྱིར་སྙོམས་པར་ཞུགས་པ་ཞེས་བྱའོ། །མི་སྐྱེ་བ་གང་དང་མཉམ་པ་མི་འབྱུང་བ་ཡང་དེ་དང་མཉམ་མོ། །མི་འབྱུང་བ་གང་དང་མཉམ་པ་སེམས་ཅན་ཐམས་ཅད་ཀྱང་དེ་དང་མཉམ་མོ། །སེམས་ཅན་ཐམས་ཅད་གང་དང་མཉམ་པ་ཆོས་ཐམས་ཅད་ཀྱང་དེ་དང་མཉམ་སྟེ། མཉམ་པ་ཉིད་དེ་ལ་སྙོམས་པར་ཞུགས་པས་ན་དེའི་ཕྱིར་སྙོམས་པར་ཞུགས་པ་ཞེས་བྱའོ། །མི་འབྱུང་བ་གང་དང་མཉམ་པ་དངོས་པོ་མེད་པ་ཡང་དེ་དང་མཉམ་མོ། །དངོས་པོ་མེད་པ་གང་དང་མཉམ་པ་སེམས་ཅན་ཐམས་ཅད་ཀྱང་དེ་དང་མཉམ་མོ། །སེམས་ཅན་ཐམས་ཅད་གང་དང་མཉམ་པ་ཆོས་ཐམས་ ཅད་ཀྱང་དེ་དང་མཉམ་སྟེ། མཉམ་པ་ཉིད་དེ་ལ་སྙོམས་པར་ཞུགས་པས་ན་དེའི་ཕྱིར་སྙོམས་པར་ཞུགས་པ་ཞེས་བྱའོ། །དངོས་པོ་མེད་པ་གང་དང་མཉམ་པ་རྣམ་པར་དག་པ་ཡང་དེ་དང་མཉམ་མོ། །རྣམ་པར་དག་པ་གང་དང་མཉམ་པ་སེམས་ཅན་ཐམས་ཅད་ཀྱང་དེ་དང་མཉམ་མོ། །སེམས་ཅན་ཐམས་ ཅད་གང་དང་མཉམ་པ་ཆོས་ཐམས་ཅད་ཀྱང་དེ་དང་མཉམ་སྟེ། མཉམ་པ་ཉིད་དེ་ལ་སྙོམས་པར་ཞུགས་པས་ན་དེའི་ཕྱིར་སྙོམས་པར་ཞུགས་པ་ཞེས་བྱའོ། །རང་གི་སེམས་མཉམ་པས་སེམས་ཅན་ཐམས་ཅད་ཀྱི་སེམས་མཉམ་པ་ཉིད་དེ། དེ་ལ་ཞུགས་པས་ན་དེའི་ཕྱིར་སྙོམས་པར་ཞུགས་པ་ཞེས་ བྱའོ། །དེ་ལྟ་བུ་ལ་སྙོམས་པར་ཞུགས་པས་ན། བསམ་གཏན་ཆེན་པོའི་ཏིང་འཛིན་གནས། །ཞེས་བྱའོ། །བྱང་ཆུབ་སེམས་དཔའི་ས་མངོན་གྱུར་པ་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ལྷག་པར་སྤྱོད་པ་ཡིན་ལ། དེའི་དག་ཉིད་ཅན་ཡིན་པས་ན། ཤེས་རབ་ཆེན་པོ་ལུས་འཆང་བ། །ཞེས་བྱ་སྟེ། 63-1-153a ཤེས་རབ་ཉིད་ལུས་ཡིན་ལ་དེའི་བདག་ཉིད་ཀྱིས་འཛིན་པར་མཛད་པས་ན་ཤེས་རབ་ཆེན་པོ་ལུས་འཆང་བའོ། །དེ་ཡང་ཤེས་རབ་དེའི་རྣམ་པ་ནི་ཇི་ལྟ་བུ། འཇུག་པ་ནི་ཅི་ཞེ་ན། ཐོས་པ་ནི་རྣམ་པའོ། །ཚུལ་བཞིན་ཡིད་ལ་བྱེད་པ་ནི་འཇུག་པའོ། །ཐོས་པ་ཡང་རྣམ་པ་ནི་ཇི་ལྟ་ བུ། འཇུག་པ་ནི་ཅི་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐོས་པའི་རྣམ་པ་ནི་བརྒྱད་ཅུ་རྩ་བཞི་སྟེ། འདི་ལྟ་སྟེ། འདུན་པའི་རྣམ་པ་དང་། བསམ་པའི་རྣམ་པ་དང་། ལྷག་པའི་བསམ་པའི་རྣམ་པ་དང་། སྦྱོར་བའི་རྣམ་པ་དང་། དགེ་བའི་བཤེས་གཉེན་གྱི་རྣམ་པ་དང་། ང་རྒྱལ་ མེད་པའི་རྣམ་པ་དང་། བག་ཡོད་པའི་རྣམ་པ་དང་། གུས་པར་བྱེད་པའི་རྣམ་པ་དང་། མཐུན་པར་འཛིན་པའི་རྣམ་པ་དང་། བཀའ་བློ་བདེ་བའི་རྣམ་པ་དང་། བསྙེན་བཀུར་བྱེད་པའི་རྣམ་པ་དང་། རྣ་བ་བླགས་ཏེ་ཉན་པའི་རྣམ་པ་དང་། ཡིད་ལ་བྱེད་པའི་རྣམ་པ་དང་། རྣམ་པར་མི་གཡེང་བའི་ རྣམ་པ་དང་། གནས་ཀྱི་རྣམ་པ་དང་། ཆོས་ལ་རིན་པོ་ཆེར་འདུ་ཤེས་པའི་རྣམ་པ་དང་། སྨན་དུ་འདུ་ཤེས་པའི་རྣམ་པ་དང་། ཉོན་མོངས་པའི་ནད་ཐམས་ཅད་ཞི་བར་བྱེད་པའི་རྣམ་པ་དང་། དྲན་པའི་སྣོད་ཀྱི་རྣམ་པ་དང་། རྟོགས་པ་ཤེས་པའི་རྣམ་པ་དང་། བློ་གྲོས་འདོད་པའི་རྣམ་པ་དང་། བློ་ལ་ འཇུག་པའི་རྣམ་པ་དང་། སངས་རྒྱས་ཀྱི་ཆོས་ལ་མི་ངོམས་པར་ཉན་པའི་རྣམ་པ་དང་། གཏོང་བ་སྤེལ་བའི་རྣམ་པ་དང་། དུལ་ཞིང་ཅད་ཤེས་པའི་རྣམ་པ་དང་། མང་དུ་ཐོས་པ་ལ་བརྟེན་པའི་རྣམ་པ་དང་། བསྟི་སྟང་དུ་བྱས་ཏེ་དགའ་བ་མྱོང་བར་བྱེད་པའི་རྣམ་པ་དང་། ལུས་བདེ་བའི་རྣམ་ པ་དང་། སེམས་རབ་ཏུ་དགའ་བའི་རྣམ་པ་དང་། མི་སྐྱོ་བར་ཉན་པའི་རྣམ་པ་དང་། དོན་ཉན་པའི་རྣམ་པ་དང་། ཆོས་ཉན་པའི་རྣམ་པ་དང་། ནན་ཏན་དུ་ཉན་པའི་རྣམ་པ་དང་། གཞན་གྱིས་བསྟན་པ་ཉན་པའི་རྣམ་པ་དང་། ཆོས་ཐོས་པ་ཉན་པའི་རྣམ་པ་དང་། མངོན་པར་ཤེས་པ་ཉན་ པའི་རྣམ་པ་དང་། ཐེག་པ་གཞན་ལ་འདོད་པ་མེད་པའི་རྣམ་པ་དང་། ཕ་རོལ་ཏུ་ཕྱིན་པ་ཉན་པའི་རྣམ་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཉན་པའི་རྣམ་པ་དང་། བསྡུ་བའི་དངོས་པོ་ཉན་པའི་རྣམ་པ་དང་། ཐབས་མཁས་པ་ཉན་པའི་རྣམ་པ་དང་། ཚངས་པའི་གནས་པ་ཉན་པའི་ 63-1-153b རྣམ་པ་དང་། དྲན་པ་དང་ཤེས་བཞིན་ཉན་པའི་རྣམ་པ་དང་། སྐྱེ་བ་ལ་མཁས་པའི་རྣམ་པ་དང་། མི་སྐྱེ་བ་ལ་མཁས་པའི་རྣམ་པ་དང་། མི་སྡུག་པའི་རྣམ་པ་དང་། བྱམས་པའི་རྣམ་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་རྣམ་པ་དང་། མི་རྟག་པའི་རྣམ་པ་དང་། སྡུག་བསྔལ་བའི་རྣམ་པ་ དང་། བདག་མེད་པའི་རྣམ་པ་དང་། ཞི་བའི་རྣམ་པ་དང་། སྟོང་པ་ཉིད་ཀྱི་རྣམ་པ་དང་། མཚན་མ་མེད་པའི་རྣམ་པ་དང་། སྨོན་པ་མེད་པའི་རྣམ་པ་དང་། མངོན་པར་འདུ་མི་བྱེད་པའི་རྣམ་པ་དང་། དགེ་བ་མངོན་པར་འདུ་བྱེད་པའི་རྣམ་པ་དང་། བདེན་པས་བྱིན་གྱིས་བརླབས་པའི་རྣམ་པ་དང་། ཆུད་ མི་གཟོན་པའི་རྣམ་པ་དང་། རང་གི་ཁ་ན་ལས་པའི་རྣམ་པ་དང་། རང་གི་སེམས་སྲུང་བའི་རྣམ་པ་དང་། བརྩོན་འགྲུས་མི་གཏོང་བའི་རྣམ་པ་དང་། ཆོས་ལ་ངེས་པར་སེམས་པའི་རྣམ་པ་དང་། ཉོན་མོངས་པའི་གཉེན་པོའི་རྣམ་པ་དང་། རང་གི་ཕྱོགས་སྲུང་བའི་རྣམ་པ་དང་། ཕ་རོལ་གྱི་ཕྱོགས་དང་ཉོན་ མོངས་པ་ཚར་གཅོད་པའི་རྣམ་པ་དང་། ནོར་བདུན་ཡང་དག་པར་འདུ་བའི་རྣམ་པ་དང་། དབུལ་བ་ཐམས་ཅད་གཅོད་པའི་རྣམ་པ་དང་། མཛངས་པས་བསྔགས་པའི་རྣམ་པ་དང་། མཁས་པ་མངོན་པར་དགའ་བའི་རྣམ་པ་དང་། འཕགས་པ་ཀུན་ཤེས་པའི་རྣམ་པ་དང་། འཕགས་པ་མ་ཡིན་པ་ དད་པར་བྱེད་པའི་རྣམ་པ་དང་། བདེན་པ་མཐོང་བའི་རྣམ་པ་དང་། ཕུང་པོའི་སྐྱོན་རྣམ་པར་སྤངས་པའི་རྣམ་པ་དང་། འདུས་བྱས་ཀྱི་སྐྱོན་ལ་ཡོངས་སུ་འཇལ་བའི་རྣམ་པ་དང་། དོན་ལ་རྟོན་པའི་རྣམ་པ་དང་། ཆོས་ལ་རྟོན་པའི་རྣམ་པ་དང་། ཡེ་ཤེས་ལ་རྟོན་པའི་རྣམ་པ་དང་། ངེས་པའི་དོན་གྱི་ མདོ་སྡེ་ལ་རྟོན་པའི་རྣམ་པ་དང་། སྡིག་པ་ཐམས་ཅད་མི་བྱ་བའི་རྣམ་པ་དང་། བདག་དང་གཞན་ལ་ཕན་པའི་རྣམ་པ་དང་། ལེགས་པར་བྱས་པའི་ལས་ཀྱི་རྣམ་པ་དང་། མི་འགྱོད་པའི་རྣམ་པ་དང་། ཁྱད་པར་དུ་འགྲོ་བའི་རྣམ་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་འཐོབ་པའི་རྣམ་པ་སྟེ། དེ་ དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐོས་པ་རྣམ་པ་བརྒྱད་ཅུ་རྩ་བཞི་ཞེས་བྱའོ། །བཙུན་པ་ཤ་ར་དྭ་ཏིའི་བུ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཚུལ་བཞིན་ཡིད་ལ་བྱེད་པ་ལ་འཇུག་པ་ནི་སུམ་ཅུ་རྩ་གཉིས་ཏེ། སུམ་ཅུ་རྩ་གཉིས་གང་ཞེ་ན། འདི་ལྟ་སྟེ། ཞི་གནས་ཀྱི་གནས་ལ་འཇུག་པ་དང་། 63-1-154a ལྷག་མཐོང་རྣམ་པར་དཔྱོད་པའི་གནས་ལ་འཇུག་པ་དང་། སེམས་ལས་སུ་རུང་བ་ལ་འཇུག་པ་དང་། ལུས་དབེན་པ་ལ་འཇུག་པ་དང་། སེམས་དབེན་པ་ལ་འཇུག་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པ་དང་། བདེན་པའི་རྗེས་སུ་མཐུན་པ་ལ་འཇུག་པ་དང་། ཆད་པ་ མེད་པ་ལ་འཇུག་པ་དང་། རྟག་པ་མེད་པ་ལ་འཇུག་པ་དང་། རྒྱུ་དང་རྐྱེན་ལ་འཇུག་པ་དང་། བདག་མེད་པ་དང་སེམས་ཅན་མེད་པ་དང་སྲོག་མེད་པ་དང་གང་ཟག་མེད་པ་ལ་འཇུག་པ་དང་། འོང་བ་དང་འགྲོ་བ་དང་གནས་པ་མེད་པ་ལ་འཇུག་པ་དང་། མི་འཕོ་ཞིང་རྒྱུ་དང་འབྲས་བུ་ཆུད་མི་ཟ་བ་ལ་འཇུག་པ་ དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་འདྲིས་པར་བྱེད་པ་ལ་འཇུག་པ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་མངོན་སུམ་དུ་མི་བྱེད་པ་ལ་འཇུག་པ་དང་། བསམ་གཏན་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་བསྐྱེད་པའི་ཚུལ་ལ་འཇུག་པ་དང་། བསམ་གཏན་དང་ཏིང་ངེ་ འཛིན་དང་སྙོམས་པར་འཇུག་པའི་དབང་གིས་མི་སྐྱེ་བ་ལ་འཇུག་པ་དང་། མངོན་པར་ཤེས་པའི་ཡེ་ཤེས་བསྐྱེད་པ་ལ་འཇུག་པ་དང་། ཟག་པ་ཟད་པར་མངོན་སུམ་དུ་བྱེད་པ་མ་ཡིན་པ་ལ་འཇུག་པ་དང་། ནང་དུ་རྟོག་པ་ལ་འཇུག་པ་དང་། ངེས་པར་འགྱུར་བར་མི་འཇུག་པ་ལ་འཇུག་པ་དང་། འདུས་བྱས་ཀྱི་ སྐྱོན་ཡོངས་སུ་འཇལ་བ་ལ་འཇུག་པ་དང་། འདུས་མ་བྱས་ཀྱི་ཆོས་མངོན་སུམ་དུ་མི་བྱེད་པར་འཇུག་པ་དང་། སེམས་ཅན་ཐམས་ཅད་ལ་བདག་མེད་པར་སོ་སོར་རྟོག་པ་ལ་འཇུག་པ་དང་། སྙིང་རྗེ་ཆེན་པོ་མི་གཏོང་བ་ལ་འཇུག་པ་དང་། སྐྱེ་བ་ཐམས་ཅད་ལ་འཇིག་པར་ལྟ་བ་ལ་འཇུག་པ་དང་། རྟག་ཏུ་ བསམས་བཞིན་དུ་ཤེས་པས་སྲིད་པ་ཐམས་ཅད་ཡོངས་སུ་འཛིན་པར་འཇུག་པ་དང་། ཡིད་འབྱུང་ཞིང་འདོད་ཆགས་དང་བྲལ་བའི་ཆོས་ཀྱིས་མངོན་སུམ་དུ་མི་བྱེད་པ་ལ་འཇུག་པ་དང་། འདོད་པའི་དགའ་བའི་ཡོན་ཏན་ཡལ་བར་འདོར་བ་ལ་འཇུག་པ་དང་། ཆོས་ཀྱི་དགའ་བ་མི་གཏོང་བ་ལ་འཇུག་པ་དང་། སྤྲོས་པ་དང་། རྣམ་པར་རྟོག་པ་ཐམས་ཅད་སྤོང་བ་ལ་འཇུག་པ་དང་། ཐབས་མཁས་པའི་སྤྲོས་པ་དང་། རྣམ་པར་རྟོག་པ་མི་སྤོང་བར་འཇུག་སྟེ། བཙུན་པ་ཤ་ར་དྭ་ཏིའི་བུ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་བཞིན་ཡིད་ལ་བྱེད་པ་ལ་འཇུག་པ་སུམ་ཅུ་རྩ་གཉིས་ཞེས་བྱའོ། །བཙུན་ 63-1-154b པ་ཤ་ར་དྭ་ཏིའི་བུ་གཞན་ཡང་ཚུལ་བཞིན་ཞེས་བྱ་བ་ནི་རིགས་པའི་ཚིག་གོ། །དེ་ནི་ཚུལ་གྱི་ཚིག་གོ། །དེ་ནི་སྒོའི་ཚིག་གོ། །དེ་ནི་ཁའི་ཚིག་གོ། །དེ་ནི་རྒྱུའི་ཚིག་གོ། །དེ་ནི་རྐྱེན་གྱི་ཚིག་གོ། །དེ་ནི་མི་འགོག་པའི་ཚིག་གོ། །དེ་ནི་མི་འགལ་བའི་ཚིག་གོ་ཞེས་བྱ་བ་ནས་དེ་བཞིན་དུ་ཇི་སྲིད་དུ་ཆོས་ཐམས་ཅད་རིགས་པས་ཇི་ལྟར་ གནས་པ་བཞིན་མཐོང་ན་དེ་ལྟར་མཐོང་ན་ནི་ཚུལ་བཞིན་མཐོང་བའོ། །འཁོར་བའི་ཁམས་ཀྱི་ཚུལ་བཞིན་གང་ཡིན་པ་མྱ་ངན་ལས་འདས་པའི་དབྱིངས་ཀྱི་ཚུལ་ཡང་དེ་ཡིན་ནོ་ཞེས་གང་གིས་དེ་ལྟར་མཚུངས་ཤིང་བྱེ་བྲག་མེད་པར་མཐོང་བ་དེ་ནི་ཚུལ་བཞིན་རབ་ཏུ་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་དེ་ལྟར་ ཆོས་ཀྱི་རྣམ་པ་དང་། ཐོས་པའི་རྣམ་པ་དང་། ཚུལ་བཞིན་ལ་འཇུག་པའི་སྦྱོར་བའི་རྒྱུ་མཐུན་པ་དེ་ནི་ཤེས་རབ་ཅེས་བྱའོ། །དེ་ལྟར་དེ་ལྟ་བུའི་རྣམ་པའི་ཤེས་རབ་གང་ཡིན་པ་དེ་ངེས་པར་བྱེད་པའི་ཤེས་རབ་སྟེ། དེ་གཉི་གའི་ངོ་བོ་ཉིད་འཛིན་པར་མཛད་པས་ན། ཤེས་རབ་ཆེན་པོ་ལུས་འཆང་བ། །ཞེས་བྱ་སྟེ། དཔལ་ ལྡན་རྡོ་རྗེ་སྙིང་པོའི་རྒྱན་ལས་ཀྱང་། བདེ་གཤེགས་དྲི་མེད་ཤེས་རབ་ནི། །རྡོ་རྗེ་རྣོན་པོར་དེ་བཤད་དོ། །ཞེས་གསུངས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་ས་རིང་དུ་སོང་བ་ལ་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ལྷག་པར་སྤྱོད་པས་ན་ཐབས་ཆེན་ཏེ། ཐབས་ཀྱི་སྒྲ་འདིས་ནི་ཐབས་ཀྱི་ཕ་རོལ་དུ་ཕྱིན་པ་བསྟན་ཏེ། དེ་ཡང་ བྱང་ཆུབ་སེམས་དཔའི་ཐབས་སྒྲུབ་པ་གང་ཞེ་ན། གང་བྱང་ཆུབ་སེམས་དཔའ་ནི་བདག་ཀྱང་མི་དམིགས་ལ། རྟག་ཏུ་བདག་ཉིད་ཀྱིས་སྦེད་པ་ཡང་སྤྱོད་དོ། །སེམས་ཅན་ཡང་མི་དམིགས་ལ། རྟག་ཏུ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་བརྩོན་པ་ཡང་སྤྱོད་དོ། །ཉོན་མོངས་པ་ཡང་མི་དམིགས་ལ། རྟག་ ཏུ་དབང་པོ་རྣམས་སྦེད་པ་ལ་ཡང་སྤྱོད་དོ། །དེ་ལ་གང་སངས་རྒྱས་ཀྱི་གཟུགས་མ་ཡིན་པའི་གཟུགས་ཅུང་ཟད་ཀྱང་སྣང་བར་མི་འགྱུར་ལ། རྟག་ཏུ་སངས་རྒྱས་མཐོང་བར་འདོད་པ་ཡང་ཡིན་ནོ། །དེ་གང་ཆོས་ཀྱི་སྒྲ་མ་ཡིན་པའི་སྒྲ་གང་ཡང་གྲག་པར་མི་འགྱུར་ལ། རྟག་ཏུ་ཆོས་ཉན་པས་ངོམས་མི་མྱོང་བ་ ཡང་ཡིན་ནོ། །འཁོར་བ་ཡང་མི་དམིགས་ལ་རྟག་ཏུ་འཁོར་བས་འཇིགས་པའི་ཡིད་དང་ལྡན་པ་ཡང་ཡིན་ནོ། །མྱ་ངན་ལས་འདས་པ་ཡང་དག་པར་རྗེས་སུ་མི་མཐོང་ལ། མྱ་ངན་ས་འདས་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བར་ཡང་བྱེད་དོ། །སངས་རྒྱས་དང་བྱང་ཆུབ་ 63-1-155a ཀྱང་མི་དམིགས་ལ། སངས་རྒྱས་ཀྱི་བྱང་ཆུབ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྨོན་ལམ་བརྒྱ་སྟོང་མང་པོ་ཡང་མངོན་པར་སྒྲུབ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་ཐབས་སྒྲུབ་པ་ཞེས་བྱའོ། །གཞན་གྱི་དོན་ལ་འཇུག་པ་ཐམས་ཅད་ནི་ཐབས་ཀྱི་ནང་དུ་འདུས་པའོ། །དེ་ལྟ་བུའི་ཐབས་ཆེན་པོ་ དང་ལྡན་པ་ནི་འཇམ་པའི་དབྱངས་སོ། །བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་ལ་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་སྨིན་པའི་ཚུལ་དུ་ལྷག་པར་སྤྱོད་ཅིང་སྨོན་ལམ་ཆེན་པོ་མངའ་བས་སྨོན་ལམ་ཆེན་པོ་སྟེ། ཆེན་པོའི་སྒྲ་ནི་ཐབས་བཞིན་དུ་འདི་ལ་ཡང་སྦྱར་བར་བྱའོ། །དེ་ལ་སྨོན་ལམ་ཡང་འཇམ་ དཔལ་གྱི་ཞིང་བཀོད་པ་ལས་སྔོན་བཅོམ་ལྡན་འདས་འཇམ་པའི་དབྱངས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནམ་མཁའ་ཞེས་བྱ་བར་གྱུར་པ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འབྲུག་སྒྲ་དབྱངས་ཀྱི་རྒྱལ་པོའི་སྤྱན་སྔར་སྨོན་ལམ་ཚད་མེད་པ་བཏབ་པ་ལྟ་བུ་སྟེ། དེ་ཡང་དེ་ནས་རྒྱལ་པོ་ནམ་མཁའ་སྲོག་ཆགས་ བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འབྲུག་སྒྲ་དབྱངས་ཀྱི་རྒྱལ་པོ་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་དེ་ལ་ལན་བདུན་བསྐོར་བ་བྱས་ནས་ ཕྱོགས་གཅིག་ཏུ་འཁོད་དེ། རིགས་ཀྱི་བུ་དེ་ནས་རྒྱལ་པོ་ནམ་མཁའ་ཞེས་བྱ་བ་དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འབྲུག་སྒྲ་དབྱངས་ཀྱི་རྒྱལ་པོ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། ཁྱོད་ཀྱི་ཞལ་སྔར་ཆོས་དམ་ཞུ། །སྐྱེས་བུ་དམ་པ་ མཆོག་སྐྱེ་བར། །རྣམ་པ་གང་གིས་འགྱུར་བ་དེ། །རྣམ་པར་འདྲེན་པས་བདག་ལ་གསུངས། །རྣམ་འདྲེན་ཁྱོད་ལ་མངོན་སུམ་དུ། །མཆོད་པ་ཡངས་པ་བགྱིད་བགྱིད་ཀྱང་། །མ་ངེས་སེམས་ཀྱིས་བགྱིད་འགྱུར་གྱིས། །གང་ཡང་ཡོངས་སུ་བསྔོ་མ་བགྱིས། །བདག་ནི་གཅིག་པུ་དབེན་གནས་ཚེ། །འདི་འདྲའི་ སེམས་ཞིག་སྐྱེས་པར་གྱུར། །བདག་གིས་བསོད་ནམས་ཆེ་བས་གསན། །ཇི་ལྟར་ཡོངས་སུ་དེ་བསྔོ་སྙམ། །ཚངས་པར་བསྔོའམ་བརྒྱ་བྱིན་ནམ། །གླིང་བཞིའི་དབང་ཕྱུག་ཐོབ་པ་འམ། །འོན་ཏེ་ཉན་ཐོས་དངོས་པོར་རམ། །རང་རྒྱལ་ཐོབ་པའི་ཕྱིར་བསྔོ་སྙམ། །དེ་ལྟར་སེམས་བསྐྱེད་དེ་མ་ཐག ། 63-1-155b ལྷ་རྣམས་སྒྲ་འབྱིན་བརྗོད་པ་ནི། །དམ་པའི་སེམས་ཀྱི་བསོད་ནམས་འདི། །རྣམ་པར་ཆུད་གསོན་མ་བྱེད་ཅིག །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སྨོན་ལམ་རླབས་ཆེན་གདབ་པར་གྱིས། །བྱང་ཆུབ་སེམས་རབ་བསྐྱེད་བྱས་ཤིང་། །འཇིག་རྟེན་རྣམས་ཀྱི་དོན་ཡང་གྱིས། །དེ་བས་ཆོས་ཀྱི་དབང་ ཕྱུག་གཙོ། །རྫོགས་སངས་རྒྱས་ལ་བདག་ཞུ་སྟེ། །ཐུབ་པ་ཇི་ལྟར་སེམས་བསྐྱེད་ན། །རྫོགས་པའི་བྱང་ཆུབ་སྐྱེ་བར་འགྱུར། །ཡེ་ཤེས་དེ་ནི་གང་གིས་འཐོབ། །དེ་དོན་བདག་ལ་བསྟན་དུ་གསོལ། །བྱང་ཆུབ་སེམས་ནི་བསྐྱེད་བགྱིས་ཤིང་། །ཐུབ་པ་ཁྱོད་འདྲར་བདག་ཀྱང་སྨོན། །དེ་ཡི་ཚིག་དེ་གསན་གྱུར་ནས། ། དེ་བཞིན་གཤེགས་པས་བཀའ་སྩལ་པ། །རྒྱལ་པོ་ཆེན་པོས་ཤེས་པར་གྱིས། །རིམ་གྱིས་ཁྱོད་ལ་བསྟན་པར་བྱ། །ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩ་བ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་ཡི་འབྲས་བུ་ཐོབ་པར་འགྱུར། །རྒྱལ་པོ་ངས་ཀྱང་སྔོན་ཆད་ནི། །རྫོགས་པའི་ བྱང་ཆུབ་སེམས་བསྐྱེད་གྱུར། །སེམས་ཅན་ཀུན་ལ་ཕན་དོན་དུ། །ངས་ནི་སྨོན་ལམ་དམ་པ་བཏབ། །སྨོན་ལམ་ཇི་ལྟར་བཏབ་ཚུལ་དུ། །ངས་ནི་འབྲས་བུ་ཐོབ་པར་གྱུར། །བྱང་ཆུབ་དམ་པ་ངས་ཐོབ་པས། །ང་ཡི་བསམ་པ་རྫོགས་པར་གྱུར། །རྒྱལ་པོ་ཆེན་པོ་བརྟན་གྱིས་ལ། །མི་འགྱུར་སེམས་ནི་ བསྐྱེད་པར་གྱིས། །གལ་ཏེ་སྤྱོད་པ་སྤྱད་བྱས་ན། །ཁྱོད་ཀྱང་ཡང་དག་སངས་རྒྱས་འགྱུར། །ཐུབ་པའི་གསུང་ནི་ཐོས་གྱུར་ནས། །རྒྱལ་པོ་དེ་ནི་དགའ་བར་གྱུར། །འཇིག་རྟེན་ཀུན་གྱིས་མངོན་སུམ་དུ། །སེང་གེའི་ང་རོར་ཚིག་འདི་བརྗོད། །འཁོར་བའི་ཐ་མ་མེད་པ་ཡི། །སྔོན་གྱི་མཐའ་ནི་ཇི་སྲིད་པ། །དེ་ སྲིད་སེམས་ཅན་ཕན་དོན་དུ། །སྤྱོད་པ་དཔག་ཡས་སྤྱད་པར་བྱ། །འཇིག་རྟེན་མགོན་པོའི་སྤྱན་སྔ་འདིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །འགྲོ་བ་ཐམས་ཅད་མགྲོན་གཉེར་ཏེ། །དབུལ་ཞིང་ཕོངས་ལས་དགྲོལ་བར་བྱ། །དི་རིང་ཕན་ཆད་གལ་ཏེ་ཡང་། །བདག་གིས་འདོད་ཆགས་སེམས་བསྐྱེད་ན། ། ཕྱོགས་བཅུ་དག་ན་གང་བཞུགས་པའི། །སངས་རྒྱས་ཐམས་ཅད་བསླུས་པར་གྱུར། །བྱང་ཆུབ་ནམ་ཞིག་ཐོབ་བར་དུ། །ཐ་བའི་སེམས་དང་གནོད་སེམས་དང་། །ཕྲག་དོག་དང་ནི་སེར་སྣ་ཡང་། །དེ་རིང་ཕན་ཆད་མི་བྱའོ། །ཚངས་པའི་སྤྱོད་པ་བདག་གིས་སྤྱད། །སྡིག་པའི་སྤྱོད་པ་ཡོངས་སུ་བཏང་། །ཚུལ་ 63-1-156a ཁྲིམས་སྡོམ་དང་ངེས་པ་ལ། །སངས་རྒྱས་རྗེས་སུ་བསླབ་པར་བྱ། །བདག་ནི་བྱང་ཆུབ་རིངས་ཚུལ་དུ། །འཚང་རྒྱར་མོས་ཤིང་སྤྲོ་བ་མེད། །ཕྱི་མཐར་ཐུག་གི་བར་དུ་ཡང་། །སེམས་ཅན་གཅིག་ཕྱིར་སྤྱད་པར་བྱ། །ཚད་མེད་བསམ་གྱིས་མི་ཁྱབ་པའི། །སངས་རྒྱས་ཞིང་ནི་སྦྱང་བར་ བྱ། །ཕྱོགས་རྣམས་བཅུ་པོ་ཐམས་ཅད་དུ། །བདག་གི་མིང་ནི་ཐོས་པར་བྱ། །བདག་གིས་བདག་ལ་ལུང་བསྟན་ཏེ། །སངས་རྒྱས་འགྱུར་བར་དོགས་པ་མེད། །བདག་གི་ལྷག་བསམ་རྣམ་པར་དག །བདག་དབང་འདི་ན་འདྲེན་པ་རྣམས། །ལུས་དང་ངག་གི་ལས་རྣམས་ཀྱང་། །རྣམ་པ་ཀུན་དུ་བདག་ གིས་སྤྱང་། །ཡིད་ཀྱི་ལས་ཀྱང་སྦྱང་བར་བྱ། །མི་དགེའི་ལས་ནི་སྤྱད་མི་བྱ། །མ་འོངས་དུས་ན་སངས་རྒྱས་ཏེ། །འཇིག་རྟེན་མགོན་དུ་འགྱུར་ཞེ་ན། །བདེན་པ་དེས་ནི་ས་འདི་ཡང་། །རྣམ་པ་དྲུག་ཏུ་གཡོས་གྱུར་ཅིག །བདག་གིས་བདེན་ཚིག་གང་བརྗོད་པ། །མ་ནོར་ཡང་དག་སྨྲས་ཤེ་ན། ། བདེན་པ་དེས་ནི་མཁའ་དབྱིངས་ལས། །སིལ་སྙན་དག་གི་སྒྲ་གྲག་ཤོག །བདག་ལ་གལ་ཏེ་གཡོ་མེད་ཅིང་། །དེ་བཞིན་ཐ་བ་མེད་ཅེ་ན། །མནྟ་ར་ཡི་མེ་ཏོག་བཟང་། །བདེན་པ་དེས་ནི་ཆར་དུ་ཕོབ། །ཡང་དག་དོན་དུ་ངེས་པ་ཡི། །ཚིག་བདེན་དེ་སྐད་བརྗོད་པ་དང་། །ཕྱོགས་བཅུ་མཐའ་ཡས་ཐམས་ཅད་ཀྱི། ། བྱེ་བའི་ཞིང་རྣམས་རབ་ཏུ་གཡོས། །དེ་ཡི་མོད་ལ་མཁའ་དབྱིངས་ནས། །སིལ་སྙན་བྱེ་བའི་སྒྲ་ཡང་བྱུང་། །མེ་ཏོག་མནྟ་ར་བ་དག །མི་འགྲེང་བདུན་སྲིད་བབ་པར་གྱུར། །རྒྱལ་པོ་དེ་ཡི་རྗེས་བསླབས་ཏེ། །སྲོག་ཆགས་བྱེ་བ་ཉི་ཤུ་ཡིས། །འདྲེན་པར་བདག་ཅག་གྱུར་སྨོན་ཞེས། །ཡིད་དུ་འོང་བའི་སྒྲ་ ཡང་བསྒྲགས། །ཞེས་བྱ་བ་དང་། གཞན་ཡང་དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མ་མཆིས་པ་ནས་ཉེ་བར་བཟུང་སྟེ། བདག་གིས་སྨོན་ལམ་བཏབ་པ་ནི། །ནམ་བདག་གིས་ཕྱོགས་བཅུ་ མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པས་བལྟས། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་པ་དེ་དག་ཐམས་ཅད་བདག་གིས་བྱང་ཆུབ་ལ་ཡང་དག་པར་བཙུད་པ་དང་། བདག་གིས་བྱང་ཆུབ་ཀྱི་སེམས་ལ་བཀོད་པ་དང་། བདག་གིས་སྦྱིན་པ་ལ་ཡང་ 63-1-156b དག་པར་བཙུད་པ་དང་། དེ་བཞིན་དུ་བདག་གིས་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ལ་ཡང་དག་པར་བཙུད་པ་དང་། བདག་གིས་བསྐུལ་བ་དང་། བདག་གིས་རྗེས་སུ་བསྟན་པར་གྱུར་པ་མ་མཐོང་བ་དེ་སྲིད་དུ་བདག་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བྱའོ། །ནམ་བདག་གིས་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པས་ཕྱོགས་བཅུར་རྣམ་པར་བལྟས་ཀྱང་བདག་གིས་སངས་རྒྱས་ཉིད་ལ་མ་བཀོད་པའི་དེ་བཞིན་གཤེགས་པ་དེ་ལྟ་བུ་གང་ཡང་མཐོང་བར་གྱུར་པ་དེའི་ཚེ་བདག་ཀྱང་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་ཞེས་བགྱི་བར་སྨོན་ལམ་བཏབ་བོ། །བཅོམ་ལྡན་འདས་གཞན་ཡང་བདག་གིས་སྨོན་ལམ་འདི་སྐད་ཅེས་བཏབ་སྟེ། བདག་གིས་ནི་བདག་གི་སངས་རྒྱས་ཀྱི་ཞིང་གཅིག་ལ་གང་གཱའི་ཀླུང་དུ་མའི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ ཙམ་གྱི་ཐ་གྲུར་ཡངས་པར་ཡོངས་སུ་མ་གྲུབ་ཅིང་སངས་རྒྱས་ཀྱི་ཞིང་དེའི་ཕྱི་རིན་པོ་ཆེ་འབུམ་ཕྲག་དུ་མ་ལས་གྲུབ་པ་དང་། རིན་པོ་ཆེ་བརྒྱ་སྟོང་དུ་མས་སྤྲས་པ་སྲིད་པའི་རྩེ་མོའི་ཚད་དུ་མ་གྱུར་གྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བགྱི་བར་སྨོན་ལམ་ བཏབ་པོ། །བཅོམ་ལྡན་འདས་གཞན་ཡང་བདག་གི་སངས་རྒྱས་ཀྱི་ཞིང་དེར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བཅུའི་ཚད་ཙམ་གྱི་བྱང་ཆུབ་ཀྱི་ཤིང་སྐྱེས་ཏེ། བྱང་ཆུབ་ཀྱི་ཤིང་དེའི་འོད་ཀྱིས་སངས་རྒྱས་ཀྱི་ཞིང་དེ་ཐམས་ཅད་རྒྱས་ཤིང་ཁྱབ་པར་གྱུར་ཅིག་ཅེས་བགྱི་བར་སྨོན་ལམ་དེ་སྐད་ བཏབ་པོ། །བཅོམ་ལྡན་འདས་གཞན་ཡང་བདག་གིས་བྱང་ཆུབ་ཀྱི་ཤིང་དྲུང་དུ་འདུག་པའི་ཚེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ནས་ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ་བྱང་ཆུབ་ཀྱི་ཤིང་དྲུང་དེ་ནས་མ་ལངས་ཀྱང་བདག་གི་སྤྲུལ་པ་ཕྱོགས་ བཅུའི་ཕྱོགས་རེ་རེ་ཞིང་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་དག་ཏུ་དོང་ཞིང་སེམས་ཅན་རྣམས་ལ་ཆོས་སྟོན་པར་གྱུར་ཅིག་ཅེས་སྨོན་ལམ་དེ་སྐད་བཏབ་པོ། །བཅོམ་ལྡན་འདས་གཞན་ཡང་བདག་གིས་བདག་གི་སངས་རྒྱས་ཀྱི་ཞིང་དེར་ཉན་ཐོས་དང་རང་སངས་རྒྱས་ཀྱི་མིང་ཙམ་ 63-1-157a ཡང་ཡེ་མེད་པར་གྱུར་ཏེ། བྱང་ཆུབ་སེམས་དཔའི་ཞེ་སྡང་དང་ཐ་བ་དང་འཆབ་པ་མེད་པ་དང་། ཚངས་པར་སྤྱོད་པ་ཡོངས་སུ་དག་པར་སྤྱོད་པ་ཤ་སྟག་གིས་སངས་རྒྱས་ཀྱི་ཞིང་གང་ལ། སངས་རྒྱས་ཀྱི་ཞིང་དེ་ན་བུད་མེད་ཀྱི་མིང་ཡང་མི་གྲག་ཅིང་མངལ་དུ་སྐྱེ་བ་མེད་པ་དང་། བྱང་ཆུབ་ སེམས་དཔའ་དེ་དག་ཐམས་ཅད་ཀྱང་གོས་ངུར་སྨྲིག་གྱོན་ཅིང་སྐྱིལ་མོ་ཀྲུང་བཅས་པར་རྫུས་ཏེ་འབྱུང་བ་དང་སངས་རྒྱས་ཀྱི་ཞིང་དེ་ཤིན་ཏུ་རྣམ་པར་དག་པར་གྱུར་ཏེ། དེ་བཞིན་གཤེགས་པའི་སྤྲུལ་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་གྲངས་མེད་པར་གཤེགས་ཤིང་ སེམས་ཅན་རྣམས་ལ་ཆོས་སྟོན་པ་དེ་དག་ཐེག་པ་གསུམ་ལས་བརྩམས་ཏེ་མོས་པའི་ཚུལ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་སྟོན་པ་མ་གཏོགས་པར་སངས་རྒྱས་ཀྱི་ཞིང་དེ་ན་ཉན་ཐོས་དང་རང་སངས་རྒྱས་མེད་ཅིང་བྱང་ཆུབ་སེམས་དཔས་ཡོངས་སུ་གང་བར་གྱུར་ཅིག་ཅེས་བགྱི་བར་སྨོན་ལམ་དེ་སྐད་ བཏབ་པོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་སྨོན་ལམ་ནི་དེ་བཞིན་གཤེགས་པ་འོད་དཔག་མེད་པས་དགའ་བའི་ཟས་དང་ལྡན་པར་འགྱུར་བར་སྨོན་ལམ་མཛད་པ་ལྟ་བུའང་མ་ལགས་ཏེ། བཅོམ་ལྡན་འདས་ བདག་གིས་ནི་བདག་གི་སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་གང་དག་སྐྱེས་པར་གྱུར་པ་དེ་དག་ཁ་ཟས་ཀྱི་འདུ་ཤེས་ཅིག་སྐྱེས་པར་གྱུར་ན་དེ་མ་ཐག་ཏུ་སྐད་ཅིག་དེ་ལ་དེ་དག་གི་ལག་པ་གཡས་པར་རོ་བྲོ་བ་བརྒྱ་ཕྲག་དུ་མ་དང་ལྡན་པའི་ཁ་ཟས་ཀྱིས་གང་བའི་སྣོད་མངོན་དུ་བྱུང་བར་གྱུར་ལ། སྣོད་ དེ་དག་བྱུང་མ་ཐག་ཏུ་དེ་དག་འདི་སྙམ་དུ་འདི་ལྟར་བདག་ཅག་གིས་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མ་ཕུལ་ཞིང་། སེམས་ཅན་དབུལ་ཞིང་ཕོངས་པས་སྡུག་བསྔལ་བ་དང་། མགོན་མེད་པར་གྱུར་པ་དག་དང་ཡི་དགས་ཀྱི་འཇིག་རྟེན་དུ་སྐྱེས་པ་གང་དག་ལོ་སྟོང་ཕྲག་དུ་མར་ཡང་ མཆིལ་མའི་ཐལ་བ་འགའ་ཡང་མི་རྙེད་པ་དེ་ལྟ་བུ་དག་ཡོངས་སུ་ཚིམ་པར་མ་བྱས་པར་བདག་ཉིད་ཀྱིས་བཟའ་བ་ནི་ཚུལ་དང་མི་འདྲའོ་ཞེས་བགྱི་བར་དྲན་པ་ཐོབ་པར་གྱུར་ཅིག་དེའི་མོད་ལ་དེ་དག་མངོན་པར་ཤེས་པ་ལྔ་ཡོངས་སུ་གྲུབ་པར་གྱུར་ཏེ། རྫུ་འཕྲུལ་དང་ལྡན་ཞིང་ནམ་མཁའ་ལས་འཕྱོ་བ་དང་། 63-1-157b རླུང་ལྟར་ཐོགས་པ་མ་མཆིས་པའི་ཤུགས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་དང་ཚད་མ་མཆིས་པ་དག་ཏུ་ཕྱིན་ནས་ཁ་ཟས་དེ་བཞིན་གཤེགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཡང་ཕུལ། སེམས་ཅན་ཕོངས་ཤིང་ལྟོགས་པ་དང་། མགོན་མ་མཆིས་པ་རྣམས་དང་། ཡི་ དགས་ཀྱི་འཇིག་རྟེན་དུ་སྐྱེས་པ་རྣམས་ཀྱང་ཡོངས་སུ་ཚིམ་པར་བགྱིས་ནས་དེ་དག་ལ་ཆོས་སྟོན་ཏེ། སྐད་ཅིག་གཅིག་གིས་སངས་རྒྱས་ཀྱི་ཞིང་དེར་སླར་མཆི་བར་གྱུར་ཅིག་ཅེས་བགྱི་བར་སྨོན་ལམ་དེ་སྐད་བཏབ་པོ། །བཅོམ་ལྡན་འདས་གཞན་ཡང་བདག་གིས་ནི་བདག་བྱང་ཆུབ་ཐོབ་པའི་ཚེ་བདག་གི་ སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་གང་ཇི་སྙེད་ཅིག་སྐྱེས་པ་དག་གོས་རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱི་ལོངས་སྤྱོད་དང་ལྡན་པར་གྱུར་ཏེ། བསམས་པ་ཙམ་གྱིས་ཅི་ལ་དགའ་བའི་གོས་རིན་པོ་ཆེ་དགེ་སྦྱོང་གི་ཚུལ་དང་མཐུན་པ་རུང་བ་དག་བྱུང་བར་གྱུར་ལ། གོས་རིན་པོ་ཆེ་དེ་དག་བྱུང་མ་ཐག་ཏུ་འདི་ སྙམ་དུ་འདི་ལྟར་བདག་ཅག་གིས་གོས་འདི་ལྟ་བུ་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མ་ཕུལ་བར་བདག་ཅག་ཉིད་ཀྱིས་ཡོངས་སུ་སྤྱོད་པ་ནི་ཚུལ་དང་མི་འདྲའོ་སྙམ་པའི་དྲན་པ་ཐོབ་པར་གྱུར་ནས། དེ་དག་གིས་སེམས་དེ་ལྟར་སྐྱེས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་ཚད་མ་མཆིས་ གྲངས་མ་མཆིས་པ་དག་ཏུ་མཆིས་ཤིང་གོས་དེ་དག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མངོན་པར་བཀབ་སྟེ། སླར་སངས་རྒྱས་ཀྱི་ཞིང་དེར་མཆིས་ནས་ཅི་དགའ་བའི་གོས་རིན་པོ་ཆེ་ལ་སྤྱོད་པར་གྱུར་ཅིག་ཅེས་བགྱི་བར་སྨོན་ལམ་དེ་སྐད་བཏབ་པོ། །བཅོམ་ལྡན་འདས་དེ་བཞིན་དུ་སངས་རྒྱས་ཀྱི་ ཞིང་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་གང་ཇི་སྙེད་ཅིག་མཆིས་པ་དེ་དག་ཐམས་ཅད་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དག་ལ་ཕུལ་ནས་སླད་ཀྱིས་བདག་ཅག་ཡོངས་སུ་སྤྱོད་པར་འགྱུར་བ་དང་། སངས་རྒྱས་ ཀྱི་ཞིང་དེ་ན་མི་ཁོམ་པ་བརྒྱད་མ་མཆིས་པ་དང་། སངས་རྒྱས་ཀྱི་ཞིང་དེ་ན་མི་དགེ་བའི་སྒྲ་མ་མཆིས་པ་དང་། སངས་རྒྱས་ཀྱི་ཞིང་དེ་ན་སྡུག་བསྔལ་གྱི་སྒྲ་མ་མཆིས་པ་དང་། སངས་རྒྱས་ཀྱི་ཞིང་དེ་ན་སྐྱོན་དུ་འགྱུར་བའི་སྒྲ་མ་མཆིས་པ་དང་། སངས་རྒྱས་ཀྱི་ཞིང་དེ་ན་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་པ་ 63-1-158a ཡིད་དུ་མི་འོང་བ་མ་མཆིས་པར་གྱུར་ཅིག་ཅེས་བགྱི་བར་སྨོན་ལམ་བཏབ་པོ། །བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་གཞན་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་སྨོན་ལམ་འདི་ལྟར་བཏབ་སྟེ། བདག་གི་སངས་རྒྱས་ཀྱི་ཞིང་ དེ་རིན་པོ་ཆེ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དུ་མས་གང་ཞིང་ནོར་བུ་རིན་པོ་ཆེ་དུ་མས་སྤྲས་པས་ནོར་བུ་རིན་པོ་ཆེ་ཀུན་དུ་བསྟན་པ་འདྲ་ལ། རིན་པོ་ཆེ་དེ་དག་ཀྱང་ཕྱོགས་བཅུའི་འཇིག་རྟེན་ན་དཀོན་ལ་སྔོན་ཆད་མ་མཐོང་ཞིང་མི་སྲིད་པ་ཤ་སྟག་སྟེ། དེ་དག་གི་མིང་བརྗོད་ན་ཡང་ལོ་བྱེ་བ་བརྒྱ་སྟོང་ཐོགས་ པར་འགྱུར་བ་དེ་ལྟ་བུའི་ནོར་བུ་རིན་པོ་ཆེ་དེ་དག་གིས་སངས་རྒྱས་ཀྱི་ཞིང་དེ་ཡོངས་སུ་གང་བར་གྱུར་ཏེ། སངས་རྒྱས་ཀྱི་ཞིང་དེ་ལ་བྱང་ཆུབ་སེམས་དཔའ་ལ་ལ་ཞིག་སངས་རྒྱས་ཀྱི་ཞིང་འདི་གསེར་ལས་གྲུབ་པར་མཐོང་བར་དགའོ་སྙམ་ན་ཡང་དེས་གསེར་ལས་གྲུབ་པར་མཐོང་བ་དང་། དངུལ་ ལས་གྲུབ་པར་མཐོང་བར་དགའོ་སྙམ་ན་ཡང་དངུལ་ལས་གྲུབ་པར་མཐོང་ལ། གཞན་གྱིས་གསེར་ལས་གྲུབ་པར་མཐོང་བ་མ་མཆིས་པར་མི་འགྱུར་བ་དང་། དེ་བཞིན་དུ་བཻ་ཌཱུརྱ་ལས་གྲུབ་པ་དང་། ཤེལ་ལས་གྲུབ་པ་དང་། མུ་ཏིག་དམར་པོ་ལས་གྲུབ་པ་དང་། རྡོའི་སྙིང་པོ་ལས་གྲུབ་ པ་དང་། སྤུག་ལས་གྲུབ་པ་དང་། དེ་བཞིན་དུ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱུ་ལས་གྲུབ་པའམ། ཙནྡན་ལས་གྲུབ་པའམ། ཨ་ཀ་རུ་ལས་གྲུབ་པའམ། ཏ་ཀ་རུ་ལས་གྲུབ་པའམ། ཏ་མ་ལའི་ལོ་མ་ལས་གྲུབ་པའམ། ཙནྡན་སྦྲུལ་གྱི་སྙིང་པོ་ལས་གྲུབ་པའམ། ཙནྡན་དམར་པོ་ལས་གྲུབ་པའམ། སུ་རྣམ་པ་ཇི་ལྟར་གྲུབ་པར་འདོད་པ་དེ་དག་གིས་དེ་བཞིན་དུ་མཐོང་སྟེ། ཕན་ཚུན་ནས་སངས་རྒྱས་ཀྱི་ཞིང་ཐ་དད་པར་མཐོང་བ་ཡང་མ་མཆིས་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་དེ་ན་བྱང་ཆུབ་ཀྱི་ཤིང་དེ་ལས་འོད་བྱུང་བ་དང་། བྱང་ཆུབ་སེམས་དཔའ་རང་རང་ལས་འོད་བྱུང་བས་སྣང་ཞིང་གསལ་བ་མ་ གཏོགས་པར་ཉི་མ་དང་ཟླ་བའི་འོད་ཀྱང་མི་མངོན། སྐར་མ་དང་། རིན་པོ་ཆེ་དང་། ཞུགས་དང་། གློག་གམ་སེམས་ཅན་གཞན་དག་གི་འོད་ཀྱང་མི་མངོན་པ་དང་། གང་དག་ཇི་ཙམ་དུ་འོད་ཀྱིས་ཁྱབ་པར་དགའ་བ་ཐ་ན་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དེ་སྙེད་དུ་དེ་དག་གིས་འོད་ཀྱིས་ 63-1-158b གསལ་བར་གྱུར་ཏེ། སངས་རྒྱས་ཀྱི་ཞིང་དེ་ན་བྱང་ཆུབ་སེམས་དཔའ་རྣམས་ནི་བསམ་པའི་ཁྱད་པར་གྱིས་མེ་ཏོག་ཁ་ཕྱེ་བ་དང་། ཁ་ཟུམ་པར་འགྱུར་བ་དང་། གང་དུས་དང་ཆོས་རྣམ་པ་ཇི་ལྟ་བུར་ཡོངས་སུ་སྤྱད་པར་འཚལ་བ་དེ་བཞིན་དུ་དེའི་གྲུབ་པ་མ་གཏོགས་པར་ཉིན་མཚན་གྱི་མིང་མ་མཆིས་པ་ དང་། སངས་རྒྱས་ཀྱི་ཞིང་དེ་ན་གྲང་བ་དང་ཚ་བ་མ་མཆིས། རྒ་བ་དང་ན་བ་དང་འཆི་བ་ཡང་མ་མཆིས་ཏེ། བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བ་དེ་འཇིག་རྟེན་གྱི་ཁམས་གཞན་དུ་མཆིས་ཤིང་དགའ་ལྡན་གྱི་གནས་སུ་ཚེ་བས་པར་བགྱིས་ནས་བྱང་ཆུབ་མངོན་ པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་དེའི་སྟེང་གི་བར་སྣང་ལས་སིལ་སྙན་བལྟར་མི་གདའ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་རྟག་ཏུ་རྒྱུན་མི་འཆད་པར་སྒྲ་འབྱིན་པ་དང་། སིལ་སྙན་དེ་དག་ལས་ཀྱང་འདོད་པ་དང་ལྡན་པའི་སྒྲ་མི་འབྱུང་གི་གཞན་དུ་ན་ཕ་རོལ་ཏུ་ཕྱིན་པའི་སྒྲ་དང་། སངས་རྒྱས་ ཀྱི་སྒྲ་དང་། ཆོས་ཀྱི་སྒྲ་དང་། དགེ་འདུན་གྱི་སྒྲ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཀྱི་སྒྲ་འབྱིན་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་དག་ཇི་ལྟ་བུར་མོས་པའི་སྒྲ་དེ་ལྟ་བུ་ཐོས་པར་འགྱུར་བ་དང་། བྱང་ཆུབ་སེམས་དཔའ་དེ་དག་དེ་བཞིན་གཤེགས་པ་དེ་ལ་བལྟ་ འཚལ་ན་འཆག་གམ་འགྲོའམ། སྡོད་དམ། མཆིས་ཀྱང་རུང་སྟེ་གང་དག་དེར་སངས་རྒྱས་བལྟ་བའི་ཡིད་ལ་བགྱི་བ་སྐྱེས་མ་ཐག་ཏུ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་དུ་གཟིགས་པ་བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་པ་དེ་དག་ཉིད་ན་བཞུགས་ པར་མཐོང་བར་གྱུར་ཅིང་། མཐོང་ནས་ཀྱང་བཅོམ་ལྡན་འདས་དེ་མཐོང་མ་ཐག་ཏུ་དེ་དག་ཐེ་ཙོམ་མམ། ནེམ་ནུར་རམ། ཡིད་གཉིས་སམ། ཆོས་ཀྱི་སོམ་ཉི་གང་མཆིས་པ་ཡོངས་སུ་འཆད་པར་འགྱུར་ཏེ། བསྟན་མི་འཚལ་བར་ཆོས་ཀྱི་ཚིག་དེའི་དོན་ཡོངས་སུ་འཚལ་བར་གྱུར་ཅིག་ཅེས་བགྱི་ བར་སྨོན་ལམ་བཏབ་པོ། །བཅོམ་ལྡན་འདས་གཞན་ཡང་བདག་གིས་ནི་དི་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་གྲངས་མེད་པ་དག་ན་བཅོམ་ལྡན་འདས་བཞུགས་པ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་རྒྱན་དང་། སྨོན་ལམ་གྱི་རྒྱན་ 63-1-159a དང་། མཚན་ཉིད་དང་། ཚད་མ་དང་། སྤྱོད་པ་དང་། གནས་ཀྱི་རྣམ་པའི་རྒྱན་གང་ཇི་སྙེད་ཅིག་མཐོང་བ་ལས་ཉན་ཐོས་ཀྱི་བཀོད་པ་དང་། སྙིགས་མ་ལྔའི་སངས་རྒྱས་རྣམས་མ་གཏོགས་པར་དེ་དག་ཐམས་ཅད་བདག་གི་སངས་རྒྱས་ཀྱི་ཞིང་གཅིག་གི་ནང་དུ་འདུས་པ་དང་ ཁོངས་སུ་ཆུད་པར་བྱའོ་ཞེས་བགྱི་བར་སྨོན་ལམ་བཏབ་སྟེ། བཅོམ་ལྡན་འདས་བདག་འཚལ་ན་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བདག་གི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ལས་བརྩམས་ཏེ་རྣམ་པ་གཞན་དང་གཞན་དུ་ཐོགས་པ་མ་མཆིས་པའི་ཚུལ་གྱིས་སུག་ལས་གཞན་མ་མཆིས་ པར་བཤད་དམ། དེ་བས་ཀྱང་རིང་དུ་བཤད་ཀྱང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དེ་དག་མཐར་ཐུག་པར་མི་འགྱུར་རོ། །དེ་ལ་སོགས་པ་སྨོན་ལམ་མཐའ་ཡས་པར་བཏབ་པ་དེ་དག་ཡོངས་སུ་རྫོགས་ཤིང་ལྷུན་གྱིས་གྲུབ་པར་འཇུག་པ་དང་། ཕྱིན་ཅི་མ་ལོག་པར་ཆེན་པོར་གྱུར་པ་ནི་སྨོན་ལམ་ ཆེན་པོའོ། །དེ་དག་ཀྱང་རྗེ་བཙུན་འཇམ་དཔལ་ལ་དད་པ་རྣམས་ཀྱིས་སྨོན་ལམ་ཇི་སྐད་གསུངས་པ་དེ་ལྟ་བུའི་སྨོན་ལམ་གདབ་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར་ཅུང་ཟད་ཙམ་ཞིག་རྣམ་པར་སྤྲོས་ནས་བཤད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ས་ལེགས་པའི་བློ་གྲོས་ལ་ནི་སྟོབས་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་ལྷག་མར་སྤྱོད་པ་ཡིན་ནོ། །སྟོབས་པོ་ཆེ་ལ་ཞེས་བྱ་སྟེ། སྟོབས་ཆེན་པོ་དེ་གང་ལ་ཡོད་པ་དེ་ནི་སྟོབས་པོ་ཆེའོ། །དེ་ལ་བྱང་ཆུབ་སེམས་དཔའི་ས་ལ་ནི་བྱང་ཆུབ་སེམས་དཔའི་སྟོབས་བཅུ་དང་ལྡན་ལ། དེ་བཞིན་གཤེགས་པའི་ས་ལ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུའོ། །དེ་ཡང་བྱང་ ཆུབ་སེམས་དཔའི་སྟོབས་བཅུ་ནི་ཆོས་ཡང་དག་པར་སྡུད་པའི་མདོ་ལས་གསུངས་ཏེ། དེ་དག་གང་ཞེ་ན། འདི་ལྟ་སྟེ། མོས་པའི་སྟོབས་དང་། སོ་སོར་རྟོག་པའི་སྟོབས་དང་། བསྒོམ་པའི་སྟོབས་དང་། བཟོད་པའི་སྟོབས་དང་། ཡེ་ཤེས་ཀྱི་སྟོབས་དང་། སྤོང་བའི་སྟོབས་དང་། ཐོས་པའི་སྟོབས་དང་། སྤོབས་པའི་སྟོབས་དང་། བསོད་ནམས་ཀྱི་སྟོབས་དང་། སྒྲུབ་པའི་སྟོབས་སོ། །དེ་ལ་མོས་པའི་སྟོབས་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་གང་དང་གང་མོས་པ་དེ་དེ་བཞིན་དུ་འགྱུར་རོ། །དེ་མོས་པའི་སྟོབས་དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཟིལ་གྱིས་གནོན་མི་ནུས་ཏེ། འདི་ལ་ 63-1-159b བྱང་ཆུབ་སེམས་དཔའི་མོས་པའི་སྟོབས་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་སོ་སོར་རྟོག་པའི་སྟོབས་གང་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་འདོད་ཆགས་སྐྱེས་པ་མི་སྡུག་པ་བསྒོམས་པས་ཞི་བར་བྱེད་དོ། །ཞེ་སྡང་སྐྱེས་པ་བྱམས་པ་བསྒོམས་པས་ཞི་བར་བྱེད་དོ། །གཏི་མུག་སྐྱེས་པ་རྟེན་ ཅིང་འབྲེལ་པར་འབྱུང་བ་བསྒོམས་པས་ཞི་བར་བྱེད་དོ། །གཤེ་བ་དང་མི་སྙན་པར་ཟེར་བ་རྣམས་ནི་བྲག་ཅ་དང་མཚུངས་པར་ཤེས་པས་ཡོངས་སུ་ཞི་བར་བྱེད་དོ། །གསོད་པ་དང་། འཆིང་བ་དང་། གོ་རར་འཇུག་པ་རྣམས་ནི་ལས་བདག་གིར་བྱ་བ་ཤེས་པས་ཞི་བར་བྱེད་དོ། །ལུས་ལ་བསྡིགས་པ་དང་། ལུས་ལ་ གནོད་པ་དང་། ལུས་ཉམ་ང་བ་རྣམས་ནི་གཟུགས་བརྙན་དང་མཚུངས་པར་ཤེས་པས་ཞི་བར་བྱེད་དོ། །དེ་ལྟར་ཀུན་ནས་ཉོན་མོངས་པའི་སྒོ་ཇི་སྙེད་པར་བྱང་ཆུབ་སེམས་དཔའི་རྣམ་པར་དག་པའི་སྒོ་ཡང་དེ་སྙེད་དུ་མཐོང་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་སོ་སོར་རྟོག་པའི་སྟོབས་ཞེས་བྱའོ། །དེ་ལ་བྱང་ཆུབ་ སེམས་དཔའི་བསྒོམ་པའི་སྟོབས་གང་ཞེ་ན། གང་མོས་པས་སྤྱད་པའི་ས་དང་། མཐོང་བའི་ས་ལ་བར་མཆོད་པར་བྱེད་པའི་ཆོས་དེ་དག་གིས་བྱང་ཆུབ་སེམས་དཔའ་དེ་ལ་བར་ཆད་བྱེད་མི་ནུས་སོ། །དེས་མཐོང་བ་དེ་དང་ལམ་དེ་ལས་ལྷར་བཅས་པའི་འཇིག་རྟེན་གྱིས་དབྲལ་བར་མི་ནུས་ཏེ། འདི་ནི་བྱང་ ཆུབ་སེམས་དཔའི་བསྒོམ་པའི་སྟོབས་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་བཟོད་པའི་སྟོབས་གང་ཞེ་ན། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ནི་སྤྱོ་བ་བྲག་ཅའི་སྒྲ་དང་མཚུངས་པའི་ཤེས་པའི་སྟོབས་ཀྱིས་སླར་སྤྱོ་བར་མི་བྱའོ། །བསྡིགས་ཤིང་བརྡེགས་ཀྱང་གཟུགས་བརྙན་དང་མཚུངས་པར་འདུ་ཤེས་ པས་སླར་མི་བསྡིགས་མི་བརྡེག་གོ། །གཤེ་ཡང་སེམས་སྒྱུ་མ་དང་མཚུངས་པ་ཉིད་དུ་འདུ་ཤེས་པའི་སྟོབས་ཀྱིས་སླར་མི་གཤེའོ། །ཁྲོས་ཀྱང་ནང་རྣམ་པར་དག་པར་ཤེས་པའི་སྟོབས་ཀྱིས་སླར་མི་ཁྲོའོ། །འཇིག་རྟེན་གྱི་ཆོས་རྣམ་པར་དག་པའི་སྟོབས་ཀྱིས་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་འཕྲོགས་ སོ། །རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པར་དག་པ་ཤེས་པའི་སྟོབས་ཀྱིས་ཉོན་མོངས་པ་ཐམས་ཅད་ཀྱིས་མི་བརྫིའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ནི་འཁྲུག་པའི་སྒོ་ཇི་སྙེད་མཐོང་བར་རབ་ཏུ་ཞི་བའི་སྒོ་ཡང་དེ་སྙེད་དུ་མཐོང་སྟེ། འདི་ནི་བཟོད་པའི་སྟོབས་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ 63-1-160a ཡེ་ཤེས་ཀྱི་སྟོབས་གང་ཞེ་ན། བྱང་ཆུབ་སེམས་དཔའ་གང་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཤེས་པ་དེ་དག་ནི་སྟོང་པ། མ་སྐྱེས་པ་མ་འགགས་པའོ། །ཡེ་ཤེས་གང་གིས་སངས་རྒྱས་ཀྱི་བྱང་ཆུབ་ཡང་དག་པར་བསྒྲུབ་པ་དེ་ལས་མུ་སྟེགས་ཅན་དང་དམིགས་པ་ཅན་ཐམས་ཅད་དང་། བདུད་ཐམས་ཅད་སངས་རྒྱས་ཀྱི་གཟུགས་སུ་གནས་པས་ཀྱང་ཡེ་ཤེས་དེ་ལ་ཐེ་ཚོམ་ཟ་བར་བྱེད་མི་ནུས་པ་འདི་ནི་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་སྟོབས་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྤོང་བའི་སྟོབས་གང་ཞེ་ན། གང་དེ་བྱང་ཆུབ་སེམས་དཔའ་གནས་གཅིག་ན་གནས་པའི་གན་དུ་སེམས་ཅན་ ཐམས་ཅད་ལྷགས་ཏེ། ཁ་ངན་ཟེར། མི་སྙན་པ་བརྗོད། ཚིག་བརླང་བ་དང་། ཚིག་རྩུབ་པོ་སྨྲ། སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་མི་བསྔགས་པ་བརྗོད་ཀྱང་། དེ་སེམས་ཅན་དེ་དག་ལ་མི་འཁྲུག་ཅིང་། ཡིད་མི་བདེ་བར་མི་འགྱུར་རོ། །འགྱོད་པར་མི་འགྱུར་རོ། །བག་ལ་ཉལ་བར་མི་བྱེད་དོ། ། ལུས་གཤགས་གཏུབས་ཀྱང་དེ་བཞིན་དུ་བག་ལ་ཉལ་མི་བསྐྱེད་དོ། །སེམས་ཅན་དེ་དག་ཀྱང་དཀོན་མཆོག་གསུམ་ལ་རབ་ཏུ་འགོད་དེ། འདི་ནི་བྱང་ཆུབ་སེམས་དཔའི་སྤོང་བའི་སྟོབས་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཐོས་པའི་སྟོབས་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་མང་དུ་ ཐོས་པ་འཛིན་པ། ཐོས་པ་རྒྱ་མཚོ་ཐོས་པ་བསྩགས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་ཐོས་པའི་སྟོབས་དེ་ལྟ་བུ་དང་ལྡན་ནོ། །གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་ཐེ་ཚོམ་བཟུང་སྟེ། བྱང་ཆུབ་སེམས་དཔའི་གན་དུ་ལྷགས་ནས་གང་སེམས་ཅན་ གཅིག་གི་འདྲི་བ་དེ་བཞིན་མི་འདྲི་བར་ཐམས་ཅད་ཀྱིས་ཐེ་ཚོམ་ཐ་དད་པར་ལན་ཅིག་ཏུ་དྲིས་ཀྱང་བྱང་ཆུབ་སེམས་དཔའ་ཐགས་ཐོགས་མེད་པར་ལན་འདེབས་སོ། །བསྐལ་པ་བརྒྱ་སྟོང་དུ་དྲིས་ཀྱང་དེ་བཞིན་དུ་ལུང་སྟོན་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་ཐོས་པའི་སྟོབས་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་ དཔའི་སྤོབས་པའི་སྟོབས་གང་ཞེ་ན། གལ་ཏེ་བྱང་ཆུབ་སེམས་དཔའ་འཁོར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་ནང་དུ་ཆོས་སྟོན་ན། དེ་མི་སེམས་མི་རྟོག་པར་སེམས་ཅན་གང་དང་གང་གི་འདོད་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་ཅིང་ཐོས་པར་བྱེད་ཀྱང་བྱང་ཆུབ་སེམས་དཔའི་ཆོས་སྟོན་པ་དེ་དོན་ཉམས་པར་མི་ 63-1-160b འགྱུར། ཚིག་འབྲུ་ཉམས་པར་མི་འགྱུར། ཚིག་ཟློས་པར་མི་འགྱུར། ཐོགས་པར་མི་འགྱུར། གཅོད་པར་མི་འགྱུར་བ་འདི་ནི་བྱང་ཆུབ་སེམས་དཔའི་སྤོབས་པའི་སྟོབས་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་སྟོབས་གང་ཞེ་ན། གལ་ཏེ་བྱང་ཆུབ་སེམས་དཔའ་ཤིང་དྲུང་ན་ གནས་པ་དང་། གཙུག་ལག་ཁང་ན་གནས་ཀྱང་རུང་། ཁྱིམ་སྟོང་པ་ན་གནས་ཀྱང་རུང་། བདུད་ཐམས་ཅད་འཁོར་དང་བཅས་ཏེ་ལྷགས་ནས་བགེགས་བྱ་བ་དང་གཙེ་བའི་ཕྱིར་ནན་ཏན་བྱེད་ན་དེ་ལ་བདུད་དེ་དག་བདག་ཉིད་འཇིགས་སྐྲག་མྱོས་ཤིང་གྱེས་ཏེ། བདག་མགོན་མེད་པར་ཤེས་ནས་འབྲོས་པར་ འགྱུར་རོ། །གང་བདུད་དེ་དག་གི་རལ་གྲི་དང་། མཚོན་རྩེ་གཉིས་པ་དང་། མདུང་རྩེ་གསུམ་པ་དང་། རྡོ་བ་དང་། སྟ་རེ་འབབ་པ་དེ་དག་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་བྱིན་གྱིས་མནྟ་ར་བའི་མེ་ཏོག་དང་། ཙམ་པ་ཀ་དང་། སྣ་མའི་མེ་ཏོག་དང་། ཨུཏྤལ་དང་། པདྨར་གྱུར་ནས་འབབ་པོ། ། གང་བདུད་དེ་དག་གི་ཚིག་རྩུབ་པོ་དང་། ཚིག་བརླང་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་ལ་བསྟོད་པར་གྲག་གོ། །བྱང་ཆུབ་སེམས་དཔའ་ལ་ནི་ནམ་ཡང་ཡིད་དུ་མི་འོང་བའི་ཡུལ་དྲུག་སྣང་བར་མི་འགྱུར་རོ། །བསམས་པ་ཙམ་གྱིས་དེའི་ཕུན་སུམ་ཚོགས་པ་ཐམས་ཅད་ནམ་མཁའ་ལས་འབྱུང་ངོ་། །དེ་ཡང་ དེའི་རང་གི་བསོད་ནམས་ཀྱི་དབང་གིས་ནམ་མཁའི་མཛོད་དང་། ལག་ན་རིན་པོ་ཆེ་ལས་ཕུན་སུམ་ཚོགས་པ་ཐམས་ཅད་བྱུང་སྟེ། སེམས་ཅན་ཐམས་ཅད་འཚོ་བར་འགྱུར་རོ། །དེའི་རང་གི་བསོད་ནམས་ཀྱི་དབང་གིས་ལག་ན་རིན་པོ་ཆེ་ནི་ཚེའི་ཚད་བསྐལ་པར་གནས་ཏེ། བརྗོད་ཀྱང་བྱང་ཆུབ་སེམས་ དཔའི་བསོད་ནམས་ཀྱི་སྟོབས་ཀྱིས་མཐའ་རྟོགས་པར་སླ་བ་མ་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་སྟོབས་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་བསྒྲུབ་པའི་སྟོབས་གང་ཞེ་ན། བྱང་ཆུབ་སེམས་དཔའི་བསྒྲུབ་པའི་སྟོབས་ནི་རྣམ་པ་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པ་བསྒྲུབ་པ་དང་། ཚུལ་ཁྲིམས་བསྒྲུབ་པ་དང་། བཟོད་པ་སྒྲུབ་པ་དང་། བརྩོན་འགྲུས་བསྒྲུབ་པ་དང་། བསམ་གཏན་བསྒྲུབ་པ་དང་། ཤེས་རབ་བསྒྲུབ་པ་དང་། ཐབས་བསྒྲུབ་པ་དང་། སྨོན་ལམ་བསྒྲུབ་པ་དང་། སྟོབས་བསྒྲུབ་པ་དང་། ཡེ་ཤེས་བསྒྲུབ་པ་སྟེ། འདི་ནི་ 63-1-161a བྱང་ཆུབ་སེམས་དཔའི་བསྒྲུབ་པ་རྣམ་པ་བཅུ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་བསྒྲུབ་པ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ནི་བསྒྲུབ་པ་བཅུ་པོ་འདིའི་ནང་དུ་འདུས་པར་བལྟའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྦྱིན་པ་བསྒྲུབ་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྦྱིན་པའི་ཆོས་གང་གིས་སེམས་ཅན་རྣམས་ལ་གནོད་པར་འགྱུར་བ་མ་གཏོགས་པར་སེམས་ཅན་རྣམས་ལ་མི་སྦྱིན་པ་གང་ཡང་མེད་དོ། །བྱང་ཆུབ་སེམས་དཔའི་སེམས་གང་གིས་སྦྱིན་པ་བྱིན་པའི་སེམས་དེ་ལ་ནི་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་བཟོད་པ་ཐོབ་ པ་མ་གཏོགས་པར་སེམས་ཅན་གཞན་རྣམས་ཀྱིས་དད་པར་སླ་བ་མ་ཡིན་ན། ཤེས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་སྦྱིན་པ་བསྒྲུབ་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་བསྒྲུབ་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་བསྒྲུབ་པ་ནི་རྣམ་ པ་བཅུའོ། །རྣམ་པ་བཅུ་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་ཀྱི་སྡོམ་པའི་ཚུལ་ཁྲིམས་བསྒྲུབ་པ་དང་། རང་སངས་རྒྱས་ཀྱི་སྡོམ་པའི་ཚུལ་ཁྲིམས་བསྒྲུབ་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་བསྒྲུབ་པ་དང་། དགེ་བའི་ཆོས་ཐམས་ཅད་སྡུད་པའི་ཚུལ་ཁྲིམས་ཀྱི་སྡོམ་པ་བསྒྲུབ་པ་དང་། དགེ་བའི་བཤེས་གཉེན་ཀུན་དུ་ཚོལ་བ་མི་གཏོང་བའི་ཚུལ་ཁྲིམས་བསྒྲུབ་པ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པའི་སྡོམ་པའི་ཚུལ་ཁྲིམས་བསྒྲུབ་པ་དང་། རྟག་ཏུ་གཞན་གྱི་དོན་བསྒྲུབ་པའི་སྡོམ་པའི་ཚུལ་ཁྲིམས་བསྒྲུབ་པ་དང་། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་སྡོམ་པའི་ཚུལ་ཁྲིམས་བསྒྲུབ་པ་དང་། རྟག་ ཏུ་མཉམ་པར་གཞག་པའི་སྡོམ་པའི་ཚུལ་ཁྲིམས་བསྒྲུབ་པ་བག་ཆགས་ཀྱི་མཚམས་སྦྱོར་བ་ཡང་དག་པར་འཇོམས་པ་ལ་བཟོད་པ་སྡོམ་པའི་ཚུལ་ཁྲིམས་བསྒྲུབ་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་མི་རྟོག་པའི་ཚུལ་ཁྲིམས་ཅན་ཡིན་ཏེ། དེ་དག་གི་ཚུལ་ཁྲིམས་བསྒྲུབ་པ་ནི་ཐམས་ཅད་ མཁྱེན་པ་མ་ཡིན་པ་རྣམས་ཀྱིས་ཤེས་པར་སླ་བ་མ་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་བསྒྲུབ་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་བཟོད་པ་བསྒྲུབ་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པ་སྒྲུབ་པ་ནི་རྣམ་པ་གསུམ་མོ། །རྣམ་པ་གསུམ་གང་ཞེ་ན། འདི་ལྟ་སྟེ། 63-1-161b སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་། གཞན་གྱིས་གནོད་པ་བྱས་པ་ལ་མི་མཇེད་པའི་བཟོད་པ་དང་། ཆོས་ལ་ངེས་པར་སེམས་པའི་བཟོད་པའོ། །སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་ནི་ལས་བདག་གིར་བྱ་བ་ལ་ཤེས་པ་འཇུག་པའོ། །གཞན་གྱིས་གནོད་པ་བྱས་པ་ལ་མི་མཇེད་པའི་བཟོད་པ་ནི་ སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་བྱམས་པ་ལ་འཇུག་པའོ། །ཆོས་ལ་ངེས་པར་སེམས་པའི་བཟོད་པ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པར་ཤེས་པ་ལ་འཇུག་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་བཟོད་པ་རྣམ་པ་གསུམ་ཞེས་བྱའོ། །གང་བཟོད་པ་འདི་དག་སྒྲུབ་པ་འདི་ནི་བྱང་ཆུབ་སེམས་དཔའི་ བཟོད་པ་བསྒྲུབ་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་བསྒྲུབ་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་གང་དང་གང་དུ་ཇི་ལྟ་ཇི་ལྟར་དགེ་བའི་ཆོས་རྣམས་ཡོངས་སུ་འགྲུབ་པར་བྱ་བའི་སྦྱོར་བ་དེ་དང་དེ་འདུ་ཤེས་འདི་ལྟར་སྦྱོར་ཏེ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་ཆོས་ འདི་ཡོངས་སུ་བསྒྲུབ་པར་བྱའོ་སྙམ་པ་འདི་ནི་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་བསྒྲུབ་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་བསམ་གཏན་བསྒྲུབ་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་མཉམ་པར་མ་བཞག་པའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ཆོས་ཐམས་ཅད་ནི་རང་ བཞིན་གྱིས་སྙོམས་པར་ཞུགས་པ། ཞི་བ་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་བྲལ་བ་མ་སྐྱེས་མ་འགགས་ཤིང་མི་གཡོ་བ་ཐོབ་པར་མཐོང་ངོ་། །དེ་བདག་ནི་མཉམ་པར་བཞག་ལ་གཞན་ནི་རྣམ་པར་གཡེངས་པའོ་སྙམ་དུ་མི་སེམས་སོ། །བདག་དང་གཞན་ལས་རྣམ་པར་གྲོལ་བའི་ཏིང་ངེ་འཛིན་ གཞན་ཡང་དག་པར་རྗེས་སུ་མི་མཐོང་ལ། བྱང་ཆུབ་ཡང་དག་པར་སྒྲུབ་པའི་བརྩོན་འགྲུས་ཀྱང་མི་ཉམས་པ་འདི་ནི་བྱང་ཆུབ་སེམས་དཔའི་བསམ་གཏན་བསྒྲུབ་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཤེས་རབ་བསྒྲུབ་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་གང་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་རྣམ་ པར་གྲོལ་བ་དང་། གང་སྟོང་པ་ཉིད་ལས་རྣམ་པར་གྲོལ་བ་དང་། གང་མཚན་མ་མེད་པ་ལས་རྣམ་པར་གྲོལ་བ་དང་། གང་སྨོན་པ་མེད་པ་ལས་རྣམ་པར་གྲོལ་བ་དང་། གང་ནམ་མཁའ་ལས་རྣམ་པར་གྲོལ་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ལ། བྱང་ཆུབ་ཀྱི་ལམ་དང་། སེམས་ 63-1-162a ཅན་ཡོངས་སུ་སྨིན་པར་བྱ་བའི་བརྩོན་འགྲུས་ཀྱང་མི་ཉམས་པ་འདི་ནི་བྱང་ཆུབ་སེམས་པའི་ཤེས་རབ་བསྒྲུབ་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཐབས་བསྒྲུབ་པ་གང་ཞེ་ན། གང་བྱང་ཆུབ་སེམས་དཔའ་ནི་བདག་ཀྱང་མི་དམིགས་ལ། རྟག་ཏུ་བདག་ཉིད་ཀྱིས་སྦེད་པ་ཡང་ སྤྱོད་དོ། །སེམས་ཅན་ཡང་མི་དམིགས་ལ། རྟག་ཏུ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་བརྩོན་པ་ཡང་སྤྱོད་དོ། །ཉོན་མོངས་པ་ཡང་མི་དམིགས་ལ། རྟག་ཏུ་དབང་པོ་རྣམས་སྦེད་པ་ཡང་སྤྱོད་དོ། །དེ་ལ་གང་སངས་རྒྱས་ཀྱི་གཟུགས་མ་ཡིན་པའི་གཟུགས་ཅུང་ཟད་ཀྱང་སྣང་བར་མི་འགྱུར་ལ། རྟག་ཏུ་སངས་རྒྱས་མཐོང་བར་འདོད་པ་ཡང་ཡིན་ནོ། །དེ་ལ་གང་ཆོས་ཀྱི་སྒྲ་མ་ཡིན་པའི་སྒྲ་གང་ཡང་གྲག་པར་མི་འགྱུར་ལ། རྟག་ཏུ་ཆོས་ཉན་པས་ངོམས་མི་མྱོང་བ་ཡང་ཡིན་ནོ། །འཁོར་བ་ཡང་མི་དམིགས་ལ། རྟག་ཏུ་འཁོར་བས་འཇིགས་པའི་ཡིད་དང་ལྡན་པ་ཡང་ཡིན་ནོ། །མྱ་ངན་ལས་འདས་པ་ཡང་ ཡང་དག་པར་རྗེས་སུ་མི་མཐོང་ལ། མྱ་ངན་ལས་འདས་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བར་ཡང་བྱེད་དོ། །སངས་རྒྱས་དང་བྱང་ཆུབ་ཀྱང་མི་དམིགས་ལ། སངས་རྒྱས་ཀྱི་བྱང་ཆུབ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྨོན་ལམ་བརྒྱ་སྟོང་མང་པོ་ཡང་མངོན་པར་བསྒྲུབ་སྟེ། འདི་ ནི་བྱང་ཆུབ་སེམས་དཔའི་ཐབས་བསྒྲུབ་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྨོན་ལམ་བསྒྲུབ་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་ཆོས་གང་ཡང་འབྲི་བའམ་འཕེལ་བར་ཡང་དག་པར་རྗེས་སུ་མི་མཐོང་ལ། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་རྣམས་ལ་ཡང་རྗེས་སུ་ཡི་རང་ནས་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོ་བར་བྱེད་དོ། །རང་གི་དགེ་བའི་རྩ་བ་རྣམས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་འདིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །བདག་གི་སངས་རྒྱས་ཀྱི་ཞིང་འདི་འདྲ་བར་ གྱུར་ཅིག །འཁོར་ཕུན་སུམ་ཚོགས་པ་འདི་འདྲ་བར་གྱུར་ཅིག་ཅེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དོ། །དེའི་སྨོན་ལམ་དེ་ཡང་ཡང་དག་པར་འགྲུབ་པ་སྟེ། མི་འགྲུབ་པར་མི་འགྱུར་རོ། །དེའི་ཚུལ་ཁྲིམས་མ་ཞིག་པ། མཉམས་པ། འདྲེན་མ་མ་ཡིན་པ། 63-1-162b མ་གྱུར་པ། མཁས་པས་བསྔགས་པ་བསྲུང་ངོ་། །དེ་ཚུལ་ཁྲིམས་དེ་ལ་རབ་ཏུ་གནས་པས་སེམས་སྨོན་པ་འགྲུབ་པར་འགྱུར་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་སྨོན་ལམ་བསྒྲུབ་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྟོབས་བསྒྲུབ་པ་གང་ཞེ་ན། གལ་ཏེ་ལ་ལ་ཞིག་སངས་རྒྱས་ཀྱི་གཟུགས་ སུ་བསྒྱུར་ནས་བྱང་ཆུབ་སེམས་དཔའི་གན་དུ་འོང་སྟེ། སངས་རྒྱས་ཀྱི་བྱང་ཆུབ་ལས་ཟློག་པར་བྱེད། འདུན་པ་ཟློག་པར་བྱེད། དབྲལ་བར་བྱེད་ཀྱང་བྱང་ཆུབ་སེམས་དཔའ་དེ་འདུན་པ་ཟློག་པར་མི་འགྱུར་རོ། །བྱང་ཆུབ་ཉིད་རྗེས་སུ་དྲན་ནོ། །བྱང་ཆུབ་ཀྱི་སྙིང་པོ་རྗེས་སུ་དྲན་ནོ། །བདུད་འདུལ་བ་དང་། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང་། སྙིང་རྗེ་ཆེན་པོ་མངོན་དུ་བྱེད་དོ། །སེམས་ཅན་གང་བྱང་ཆུབ་སེམས་དཔའ་དེའི་འདུན་པ་ཟློག་པར་བྱེད། རྣམ་པར་ཟློག་པར་བྱེད་པའི་སེམས་ཅན་དེ་ལ་ཡང་བྱང་ཆུབ་སེམས་དཔའ་ཁོང་ཁྲོ་བར་མི་འགྱུར་གྱི། སེམས་ཅན་དེ་ལ་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་བསྐྱེད་ དེ། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་སྟོབས་ལས་ཀྱང་མི་ཉམས་ཏེ། དེའི་ཕྱིར་མི་ལྡོག་པའི་སྟོབས་དེས་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་སངས་རྒྱས་ཀྱི་བྱང་ཆུབ་ལ་རབ་ཏུ་འགོད། རབ་ཏུ་འཛུད་དེ། འདི་ནི་བྱང་ཆུབ་སེམས་དཔའི་སྟོབས་བསྒྲུབ་པ་ ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཡེ་ཤེས་བསྒྲུབ་པ་གང་ཞེ་ན། འདི་ནི་བྱང་ཆུབ་སེམས་དཔའ་ནི་འདི་ལ་སྐྱེ་བའམ། འཆི་བའམ་རྒ་བ་ཡང་མེད་དོ། །འདི་དག་ནི་ཆོས་ཙམ་དུ་ཟད་དེ་བདག་དང་བདག་གི་དང་བྲལ་བའོ་ཞེས་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་ཡེ་ ཤེས་ཀྱི་སྟོབས་དེ་ཉིད་ཀྱིས་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་ཡེ་ཤེས་ཀྱི་སྟོབས་དེ་ལ་རབ་ཏུ་འགོད་དོ། །སེམས་ཅན་ཐམས་ཅད་ཀྱི་ཆོས་ཉིད་དེ་ལས་རྣམ་པར་བཟློག་ནས་འཇིག་རྟེན་གྱི་ཆོས་རྣམས་ལ་རབ་ཏུ་འཇོག་མི་ནུས་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་ཡེ་ཤེས་བསྒྲུབ་པའོ། །འདི་ ནི་བསྒྲུབ་པ་རྣམ་པ་བཅུ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའི་སྟོབས་བཅུ་ཞེས་བྱ་སྟེ། སྟོབས་མཐའ་ཡས་པ་གཞན་དང་གཞན་དག་ཀྱང་རྣམ་པར་སྨིན་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའི་ས་ལེགས་པའི་བློ་གྲོས་ལ་མངོན་པར་འགྱུར་བས་སྟོབས་པོ་ཆེ་ལ་ཞེས་བྱའོ། །བྱང་ཆུབ་སེམས་ 63-1-163a དཔའི་ས་ཆོས་ཀྱི་སྤྲིན་ལ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་སྤྱོད་པས་ན་ཡེ་ཤེས་རྒྱ་མཚོའོ། །དེ་ཡང་རྒྱ་མཚོ་དང་འདྲ་བས་རྒྱ་མཚོ་སྟེ། རྒྱ་མཚོ་ནི་འཇུག་པར་དགའ་བ་ཉིད་དང་། རོ་གཅིག་པ་ཉིད་དང་། རིན་པོ་ཆེ་ཐམས་ཅད་ཀྱི་གནས་སུ་གྱུར་པ་དང་། སེམས་ ཅན་དཔག་ཏུ་མེད་པའི་གནས་སུ་གྱུར་པར་ཆོས་མཐུན་པ་ཅན་ནོ། །དེ་བཞིན་དུ་ཡེ་ཤེས་རྒྱ་མཚོ་དང་འདྲ་སྟེ། ཉན་ཐོས་དང་། རང་རྒྱལ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་ལ་སོགས་པ་ཐམས་ཅད་ཀྱིས་འཇུག་མི་ནུས་པ་དང་། སྟོང་པ་ཉིད་དུ་རོ་གཅིག་པ་དང་། སངས་ རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རིན་པོ་ཆེའི་འབྱུང་གནས་སུ་གྱུར་པ་དང་། སྐྱེ་གནས་དང་འགྲོ་བ་དང་། རིགས་ཀྱི་དབྱེ་བས་ཕྱེ་བའི་སེམས་ཅན་རྣམས་ཉོན་མོངས་པ་ལས་ལྡོག་ཅིང་བདེ་བ་འཐོབ་སྟེ། མཆོག་ཏུ་དབུགས་འབྱིན་པའི་འཚང་རྒྱ་བ་ཉིད་ཀྱི་གནས་སུ་གྱུར་པས་སེམས་ཅན་དཔག་ཏུ་མེད་ པའི་གནས་སུ་གྱུར་པའི་ཡེ་ཤེས་ཀྱི་རྒྱ་མཚོ་དེ་ལྟ་བུ་དང་ཐ་མི་དད་པའི་ཡེ་ཤེས་ནི་འཇམ་པའི་དབྱངས་ཡིན་པས་ཡེ་ཤེས་རྒྱ་མཚོ་ཞེས་བྱ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་མི་ཟད་པ་གང་ཞེ་ན། རྒྱུ་གང་དང་རྐྱེན་གང་དག་གིས་ཡེ་ཤེས་རྟོགས་པར་འགྱུར་བའི་རྒྱུ་དེ་དག་དང་ རྐྱེན་དེ་དག་བྱང་ཆུབ་སེམས་དཔའ་ཡང་དག་པར་བསྒྲུབ་སྟེ། དེ་དག་ལ་རྒྱུ་ནི་གང་། རྐྱེན་ནི་གང་ཞེ་ན། གང་འདི་ཡེ་ཤེས་ཡོངས་སུ་ཚོལ་བ་ལ་རབ་ཏུ་འདུན་པ། ཡེ་ཤེས་རྟོགས་པའི་དགེ་བའི་བཤེས་གཉེན་རྣམས་ལ་རྟག་ཏུ་བསྟན་པ་དང་། འགྲོགས་པ་དང་། བསྙེན་བཀུར་བྱེད་པ་དང་། གང་ ཡང་སངས་རྒྱས་ཀྱི་ཡེ་ཤེས་ལ་རྟོན་ཅིང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡེ་ཤེས་ལ་མི་རྟོན་པ་དང་། དགེ་བའི་བཤེས་གཉེན་དེ་དག་ལ་ང་རྒྱལ་མེད་ཅིང་བླ་མ་བཞིན་དུ་ཕངས་པར་འཛིན་པ་དང་། སྟོན་པ་བཞིན་དུ་ཕངས་པར་འཛིན་པ་སྟེ། དགེ་བའི་བཤེས་གཉེན་དེ་དག་གིས་ཀྱང་འདི་བསམ་པ་ ཕུན་སུམ་ཚོགས་པར་རིག་ནས་འབེལ་བའི་གཏམ་དང་ཡེ་ཤེས་ཀྱི་གཏམ་སྒྲུབ་པར་བྱེད་དོ། །སྣོད་དུ་རིག་ནས་རྒྱུན་མི་འཆད་པར་ཕྱི་རོལ་མ་ཡིན་པའི་ཆོས་སྟོན་ཏོ། །དེས་ཆོས་དེ་དག་ཐོས་ནས་ཆོས་ཀྱི་ཚོགས་ལ་སྦྱོར་བར་བྱེད་དེ། གང་ཆོས་ཀྱི་ཚོགས་ལ་སྦྱོར་བ་དེ་ནི་དེ་ཡེ་ཤེས་ཀྱི་ཚོགས་ཡིན་ནོ། ། 63-1-163b དེ་ལ་ཆོས་ཀྱི་ཚོགས་ལ་སྦྱོར་བ་གང་ཞེ་ན། གང་འདི་དོན་ཉུང་བ་དང་། བྱ་བ་ཉུང་བ་དང་། སྨྲ་བ་ཉུང་བ་དང་། ཡོ་བྱད་ཉུང་བ་དང་། ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་ཞིང་རྣལ་འབྱོར་ལ་བརྩོན་པ་དང་། ཐོས་པའི་དོན་ལ་རྟོགས་པ་དང་། ཡང་དང་ཡང་ཚོལ་བ་དང་། སེམས་ལ་རྙོག་པ་མེད་པ་དང་། སྒྲིབ་ པ་རྣམས་རྣམ་པར་སེལ་བ་དང་། ལྟུང་བ་རྣམས་ལ་བྱུང་བ་ཤེས་པ་དང་། འགྱོད་པ་མེད་པ་དང་། ཀུན་ནས་ལྟུང་བ་མེད་པ་དང་། སྒྲུབ་པ་ལ་སྙིང་པོར་བྱེད་པ་དང་། ཆོས་ལ་གཞོལ་བ་དང་། ཆོས་ལ་འབབ་པ་དང་། རྟུལ་བ་དང་ལྡན་པ་དང་། ཡེ་ཤེས་ཚོལ་བ་ལ་མགོ་དང་གོས་ལ་མེ་འབར་བ་ལྟ་བུ་ དང་། དེ་ལ་མ་ཆགས་པར་གནས་པ་དང་། ཚུལ་ཁྲིམས་ལ་མི་ལྷོད་པ་དང་། བརྩོན་པ་མི་གཏོང་བ་དང་། ཁྱད་པར་དུ་འགྲོ་བ་དང་། འདུ་འཛི་ལ་མི་དགའ་བ་དང་། གཅིག་པུར་དགའ་བ་དང་། དགོན་པ་ལ་མངོན་དུ་ཕྱོགས་ཤིང་ཡིད་ལ་བྱེད་པ་དང་། འཕགས་པའི་རིགས་ཆོག་ཤེས་པ་དང་། སྦྱངས་པའི་ཡོན་ཏན་དག་ལས་མི་གཡོ་བ་དང་། ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པ་དང་། འཇིག་རྟེན་པའི་སྔགས་དྲན་པར་འཛིན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་ཚོལ་བ་དང་། བརྗེད་པ་མེད་པ་དང་། དོན་རྟོགས་པའི་རྗེས་སུ་འགྲོ་བ་དང་། བློ་གྲོས་ཀྱི་ལམ་དང་མཐུན་པ་ དང་། བརྟན་པས་སྡོམ་པ་དང་། རྐྱེན་རྣམས་ཀྱི་ཡེ་ཤེས་ཀྱི་རྗེས་སུ་འགྲོ་བ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པས་བརྒྱན་པ་དང་། ཡེ་ཤེས་ཀྱི་རྗེས་སུ་འགྲོ་བ་ལྷུར་ལེན་པ་དང་། མི་ཤེས་པ་སེལ་བ་དང་། མ་རིག་པ་དང་། གཏི་མུག་གི་མུན་པ་དང་། རབ་རིབ་ཀྱི་ལིང་ཏོག་གིས་ཆོད་པ་ བསལ་བ་དང་། ཤེས་རབ་ཀྱི་མིག་རྣམ་པར་དག་པ་དང་། བློ་ཤིན་ཏུ་རྣམ་པར་དག་པ་དང་། བློ་རྒྱ་ཆེ་བ་དང་། བློ་མ་ཞུམ་པ་དང་། བློ་མ་གྱེས་པ་དང་། མངོན་སུམ་དུ་ཤེས་པ་དང་། ཡོན་ཏན་གཞན་ལ་རག་མ་ལུས་པ་དང་། བདག་གི་ཡོན་ཏན་མི་བསྙེམས་པ་དང་། གཞན་གྱི་ཡོན་ཏན་ ཡོངས་སུ་བརྗོད་པ་དང་། ལེགས་པར་བྱ་བའི་ལས་བྱེད་པ་དང་ལས་ཀྱི་རྣམ་པར་སྨིན་པ་དང་འགལ་བར་མི་བྱེད་པ་དང་། ལས་ཡོངས་སུ་དག་པའི་ཡེ་ཤེས་ཏེ། བཙུན་པ་ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་མི་ཟད་པ་ཞེས་བྱའོ། །གཞན་ 63-1-164a ཡང་སྦྱིན་པ་བཞི་པོ་འདི་དག་ནི་ཡེ་ཤེས་ཀྱི་ཚོགས་རབ་ཏུ་བསགས་པར་འགྱུར་ཏེ། བཞི་པོ་གང་ཞེ་ན། ཆོས་སྨྲ་བ་རྣམས་ལ་གྲོ་ག་དང་། སྨྱུ་གུ་དང་། སྣག་ཚ་དང་གླེགས་བམ་སྦྱིན་པ་དང་། ཆོས་སྨྲ་བ་རྣམས་ལ་ཆོས་ཀྱི་སྟན་སྣ་ཚོགས་སྦྱིན་པ་དང་། ཆོས་སྨྲ་བ་རྣམས་ལ་རྙེད་ པ་དང་། བཀུར་སྟི་དང་ཚིགས་སུ་བཅད་པ་ཐམས་ཅད་སྦྱིན་པ་དང་། ཆོས་སྨྲ་བ་རྣམས་ལ་ཆོས་བསྡུ་བའི་ཕྱིར་གཡོ་མེད་པར་ལེགས་སོ་ཞེས་བྱ་བ་སྦྱིན་པ་སྟེ། སྦྱིན་པ་བཞི་པོ་དེ་དག་ནི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་རོ། །བསྲུང་བ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ ཀྱི་ཚོགས་བསགས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཆོས་སྨྲ་བ་རྣམས་རྗེ་བོ་བཞིན་དུ་བསྲུང་བ་དང་། དགེ་བའི་རྩ་བ་བསྲུང་བ་དང་། ཡུལ་དང་ལྗོངས་ཀྱི་ཕྱོགས་བསྲུང་བ་དང་། ཕན་པའི་དངོས་པོ་བསྲུང་བ་སྟེ། བསྲུང་བ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ ཚོགས་བསགས་པར་འགྱུར་རོ། །ཉེ་བར་སྟོན་པ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཆོས་སྨྲ་བ་རྣམས་ལ་ཟང་ཟིང་གིས་ཉེ་བར་སྟོན་པ་དང་། ཆོས་ཀྱིས་ཉེ་བར་སྟོན་པ་དང་ཤེས་རབ་ཀྱིས་ཉེ་བར་སྟོན་པ་ དང་། ཡེ་ཤེས་ཀྱིས་ཉེ་བར་སྟོན་པ་སྟེ། ཉེ་བར་སྟོན་པ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་རོ། །སྟོབས་ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། མོས་པའི་ ཕྱིར་དད་པའི་སྟོབས་དང་། ཐོས་པ་ཚོལ་བའི་ཕྱིར་བརྩོན་འགྲུས་ཀྱི་སྟོབས་དང་། བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་ཕྱིར་དྲན་པའི་སྟོབས་དང་། མཉམ་པ་ཉིད་ལ་སེམས་ངེས་པར་སེམས་པའི་ཕྱིར་ཏིང་ངེ་འཛིན་གྱི་སྟོབས་དང་། ཐོས་པའི་སྟོབས་ཀྱི་ཕྱིར་ཤེས་རབ་ཀྱི་སྟོབས་ཏེ། སྟོབས་ལྔ་པོ་ དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་རོ། །ཚུལ་ཁྲིམས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཆོས་ལ་རབ་ཏུ་དགའ་བའི་ཚུལ་ཁྲིམས་དང་། ཆོས་ཡོངས་ 63-1-164b སུ་ཚོལ་བའི་ཚུལ་ཁྲིམས་དང་། ཆོས་ལ་ངེས་པར་སེམས་པའི་ཚུལ་ཁྲིམས་དང་། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་ཚུལ་ཁྲིམས་ཏེ། ཚུལ་ཁྲིམས་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་རོ། །བཟོད་པ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཆོས་ཚོལ་བ་ལ་བརྩོན་པས་ངན་དུ་བརྗོད་པ་དང་། ངན་དུ་སྨྲ་བའི་ཚིག་གི་ལམ་བཟོད་པ་དང་། ཆོས་ཚོལ་བ་ལ་བརྩོན་པས་རླུང་དང་། ཉི་མ་དང་། གྲང་བ་དང་། ཚ་བ་དང་། བཀྲེས་པ་དང་། སྐོམ་པ་ བཟོད་པ་དང་། ཆོས་ཚོལ་བ་ལ་བརྩོན་པས་མཁན་པོ་དང་། སློབ་དཔོན་དང་། མཐུན་པར་འཇུག་པའི་བཟོད་པ་དང་། ཆོས་ཚོལ་བ་ལ་བརྩོན་པས་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་ལ་བཟོད་པ་སྟེ། བཟོད་པ་ཆེན་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ ཀྱི་ཚོགས་སོགས་པར་འགྱུར་རོ། །བརྩོན་འགྲུས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཉན་པའི་བརྩོན་འགྲུས་དང་། འཛིན་པའི་བརྩོན་འགྲུས་དང་། བརྟན་པའི་བརྩོན་འགྲུས་དང་། ནན་ཏན་གྱི་བརྩོན་ འགྲུས་ཏེ། བརྩོན་འགྲུས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་རོ། །བསམ་གཏན་གྱི་ཡན་ལག་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། དབེན་པ་དང་ རྩེ་གཅིག་པའི་བསམ་གཏན་དང་། མངོན་པར་ཤེས་པ་ཚོལ་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་ལ་རྟོན་པ་སྟེ། བསམ་གཏན་གྱི་ཡན་ལག་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་རོ། །ཤེས་རབ་ཀྱི་སྣང་བ་བཞི་པོ་འདི་དག་ནི་བྱང་ཆུབ་ སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཆད་པ་ལ་མི་གནས་པ་དང་། རྟག་པ་ལ་མི་འཇུག་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་མི་འགལ་བ་དང་། བདག་མེད་པ་ལ་བཟོད་པ་སྟེ། ཤེས་རབ་ཀྱི་སྣང་བ་བཞི་པོ་འདི་ 63-1-165a དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་རོ། །ཐབས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། འཇིག་རྟེན་གྱི་རྗེས་སུ་འཇུག་པ་དང་། སེམས་ཅན་གྱི་རྗེས་སུ་འཇུག་ དང་། ཆོས་ཀྱི་རྗེས་སུ་འཇུག་པ་དང་། ཡེ་ཤེས་ཀྱི་རྗེས་སུ་འཇུག་པ་སྟེ། ཐབས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་རོ། །ལམ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ ལྟ་སྟེ། ཕ་རོལ་ཏུ་ཕྱིན་པའི་ལམ་དང་། སའི་ལམ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ལམ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ལམ་སྟེ། ལམ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་རོ། །མི་ངོམས་པ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཐོས་པས་མི་ངོམས་པ་དང་། བསྟན་པས་མི་ངོམས་པ་དང་། དཔྱོད་པས་མི་ངོམས་པ་དང་། ཤེས་པས་མི་ངོམས་པ་སྟེ། མི་ངོམས་པ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ ཚོགས་སོགས་པར་འགྱུར་རོ། །གཞན་ཡང་ཡེ་ཤེས་ཀྱི་ཚོགས་ནི་གང་སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་དང་། ཆོས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བའོ། །སྦྱིན་པ་ལས་ཀྱང་ཡེ་ཤེས་ཀྱི་ཚོགས་སུ་བལྟའོ། །དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་ གཏན་དང་། ཤེས་རབ་ལས་ཀྱང་ཡེ་ཤེས་ཀྱི་ཚོགས་སུ་བལྟའོ། །བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལས་ཀྱང་ཡེ་ཤེས་ཀྱི་ཚོགས་སུ་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའི་རྩོམ་པ་ཇི་སྙེད་པ་དེ་དག་ཐམས་ཅད་ཡེ་ཤེས་ཀྱིས་གྲུབ་པ། ཡེ་ཤེས་སྔོན་ དུ་འགྲོ་བ། ཡེ་ཤེས་ལ་རྟོན་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་གནས་པའི་ཕྱིར་ཏེ། ཡེ་ཤེས་དང་ལྡན་པ་ཐམས་ཅད་ལ་རྟོན་པ་ཡིན་ནོ། །བདུད་ཐམས་ཅད་ཀྱིས་ཀྱང་དེ་ལ་གླགས་མི་རྙེད་དོ། །དེ་ལ་སངས་རྒྱས་ཀྱི་ཆོས་ཀྱི་སྣོད་ཐམས་ཅད་ཀྱང་ཉེ་བར་གནས་པ་ཡིན་ཏེ། སངས་ 63-1-165b རྒྱས་ཀྱི་བྱིན་གྱི་རླབས་ཀྱང་འཐོབ་བོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་འཐོབ་པར་བྱེད་དེ། འདི་ནི་ཡེ་ཤེས་ཀྱི་ཚོགས་མི་ཟད་པ་ཞེས་བྱ་སྟེ། སྦྱོར་བ་དེ་དག་གནས་སྐབས་ལ་འདི་ནི་སྦྱོར་ན་ཡང་རྣམ་པར་སྨིན་པའི་ས་ལ་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པ་དང་། མཚན་མ་མེད་པ་ དང་། ལྷུན་གྱིས་གྲུབ་པ་དང་། རྣམ་པར་མི་རྟོག་པ་དང་། སྒྲིབ་པ་མེད་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་གྱུར་པས་ཡེ་ཤེས་ཀྱི་ཚོགས་སུ་རྫོགས་པ་དང་། ཡེ་ཤེས་ཀྱི་ཚོགས་ཉིད་ཡིན་པས་བཅོམ་ལྡན་འདས་ནི་ཡེ་ཤེས་ཀྱི་ཚོགས་ཏེ། ཚིགས་སུ་བཅད་པ་དང་མི་མཐུན་པར་ཚིག་གཞན་ དུ་བསྟན་པ་ནི་སའི་རིམ་པས་བཤད་པས་ན་ཉེས་པ་མེད་དོ། །ད་ནི་ཚངས་པའི་གནས་པ་བཞིའི་ངོ་བོ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། བྱམས་ཆེན་རང་བཞིན་དཔག་ཏུ་མེད། །སྙིང་རྗེ་ཆེན་པོ་བློ་ཡི་མཆོག །ཤེས་རབ་ཆེན་པོ་བློ་ཆེན་ལྡན། །མཁས་པ་ཆེན་པོ་ཐབས་ཆེ་བ། །ཞེས་བྱ་བ་གསུངས་ཏེ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་བཞི་ནི་ཚངས་པའི་གནས་པ་བཞི་སྟེ། ཚངས་པ་ནི་མྱ་ངན་ལས་འདས་པའོ། །དེའི་དོན་དུ་གནས་པས་ན་ཚངས་པའི་གནས་པ་བཞིའོ། །དེ་ལ་བྱམས་པ་ནི་གསུམ་སྟེ། སེམས་ཅན་ལ་དམིགས་པའི་བྱམས་པ་ དང་། ཆོས་ལ་དམིགས་པ་དང་། དམིགས་པ་མེད་པའོ། །དེ་ཡང་དམིགས་པ་མེད་པའི་བྱམས་པའི་བདག་ཉིད་དུ་གྱུར་པས་ན་བྱམས་ཆེན་རང་བཞིན་ཏེ། དེ་ཉིད་ཀྱིས་ན་དཔག་ཏུ་མེད་པའོ། །དེ་ཡང་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་གསུངས་ཏེ། བཙུན་པ་ཤ་ར་དྭ་ཏིའི་བུ་བྱང་ ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ཡང་མི་ཟད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཐུབ་པ་མེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ནི་ཐུག་པ་མེད་པར་བྱས་ཏེ། དེ་དག་གི་བྱམས་པ་ཉེ་བར་སྒྲུབ་པ་ཡོངས་སུ་ཆད་པ་མེད་དོ། །འདི་ལྟར་སེམས་ཅན་གྱི་ཁམས་ཇི་ཙམ་པ་དེ་ ཙམ་དུ་བྱང་ཆུབ་སེམས་དཔའ་དེའི་བྱམས་པའི་སེམས་བསྐྱེད་པས་ཁྱབ་པར་བྱེད་དོ། །བཙུན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་ནམ་མཁའི་ཁམས་འདིས་གར་ཡང་མ་ཁྱབ་པ་མེད་དོ། །བཙུན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་བྱམས་པ་འདིས་གང་མ་ཁྱབ་པའི་ 63-1-166a སེམས་ཅན་དེ་གང་ཡང་མེད་དོ། །འདི་ལྟ་སྟེ་དཔེར་ན་སེམས་ཅན་གྱི་ཁམས་ནི་ཚད་མེད་དེ། དེ་ལ་ཟད་པ་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་བྱམས་པ་བསྒོམ་པ་ཡང་ཚད་མེད་དེ། དེ་ལ་ཟད་པ་མེད་དེ་འདི་ལྟར་ནམ་མཁའ་མི་ཟད་པས་ན་སེམས་ཅན་མི་ཟད་དོ། ། སེམས་ཅན་མི་ཟད་པས་ན་བྱམས་པ་མི་ཟད་དེ། དེའི་ཕྱིར་སྐྱེས་བུ་དམ་པ་དེ་དག་བྱམས་པ་མི་ཟད་པ་ཞེས་བྱའོ། །དེ་སྐད་ཅེས་སྨྲས་པ་དང་། གནས་བརྟན་ཤ་ར་དྭ་ཏིའི་བུས། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་སེམས་ཅན་གྱི་ཁམས་འདི་ཇི་ཙམ། བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ཇི་སྙེད་པ་དེ་བས་ཀྱང་སེམས་ཅན་གྱི་ཁམས་ཆེས་མང་ངོ་། །སྨྲས་པ། རིགས་ཀྱི་བུ་དཔེ་བྱ་བར་མི་ནུས་སམ། བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ཤར་དྭ་ཏིའི་བུ་ནུས་ མོད་ཀྱི། རྒྱུ་ཆུང་ངུས་ནི་མ་ཡིན་ནོ། །བཙུན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དང་། དེ་བཞིན་དུ་ལྷོ་ཕྱོགས་དང་། དེ་བཞིན་དུ་ནུབ་ཕྱོགས་དང་། དེ་བཞིན་དུ་བྱང་ཕྱོགས་དང་། དེ་བཞིན་དུ་ཕྱོགས་བཅུ་ཀུན་དུ་ཕྱོགས་རེ་རེར་ཡང་ འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དེ་དག་ཐམས་ཅད་རྒྱ་མཚོ་ཆེན་པོའི་ཆུས་ཡོངས་སུ་གང་བ་གཅིག་ཏུ་གྱུར་ལ། སེམས་ཅན་གང་གཱའི་ཀླུང་གི་བྱེ་མ་སྙེད་འདུས་ཏེ། སྒྲའི་རྩེ་མོ་བརྒྱར་གཤེགས་པའི་ཆས་དེ་ལ་ཆུའི་ཐིགས་པ་གཅིག་བླངས་ལ། དེ་བཞིན་དུ་གཞན་ཡང་སེམས་ ཅན་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་འདུས་ཏེ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ན་སྐྲའི་རྩེ་མོ་བརྒྱར་གཤེགས་པའི་ཆས་ཆུའི་ཐིགས་པ་གཉིས་བླངས་ལ་མཚན་མ་གཞག་པ་འདི་དང་། བགྲང་བ་འདི་ལྟ་བུས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཅིག་སེམས་ཅན་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གིས་ སྐྲའི་རྩེ་མོ་བརྒྱར་གཤེགས་པའི་ཆས་ཆུའི་ཐིགས་པ་རེ་རེ་བླངས་པས་ཆུའི་ཕུང་པོ་དེ་ཙམ་ཟད་པར་གྱུར་ཀྱང་སེམས་ཅན་ཁམས་དེ་ནི་ཟད་པའམ་མཐའ་ཐུག་པ་གང་ཡང་མེད་དོ། །བཙུན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་སེམས་ཅན་གྱི་ཁམས་ཚད་མེད་དེ། དེ་དག་ལ་བྱང་ཆུབ་སེམས་དཔའི་བྱམས་ 63-1-166b པས་ཁྱབ་པར་བྱེད་དོ། །བཙུན་པ་ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། གང་གི་བྱམས་པ་དེ་ལྟ་བུ་བསྒོམས་པའི་དགེ་བའི་རྩ་བ་ཚད་མེད་པ་དེ་ཟད་པར་ནུས་སམ། སྨྲས་པ་རིགས་ཀྱི་བུ་དེ་ནི་མ་ཡིན་ཏེ། བྱམས་པ་བསྒོམས་པའི་དགེ་བའི་རྩ་བ་དེ་འདྲ་བ་ཟད་པར་སུ་འདོད་པ་དེ་ནི་ནམ་མཁའ་ ཟད་པར་འདོད་དོ། །བྱང་ཆུབ་སེམས་དཔའ་གང་གིས་བྱམས་པ་མི་ཟད་པ་འདི་ཐོས་ནས་སྐྲག་པར་མི་འགྱུར་ན་དེ་དག་ཀྱང་བྱམས་པ་མི་ཟད་པར་འཕགས་པར་འགྱུར་རོ། །བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་བྱམས་པ་ནི་བདག་བསྲུང་ཞིང་གཞན་ལ་ཕན་པར་གནས་པ་ སྟེ། མཆོག་ཏུ་རྩོད་པ་མེད་པ་དང་། གནོད་སེམས་ཀྱི་ཐ་བའི་སྐྱོན་དང་། ཁྲོ་བ་དང་ཁོན་དུ་འཛིན་པ་ཐམས་ཅད་རབ་ཏུ་འཇོམས་པའོ། །བག་ལ་ཉལ་དང་ཀུན་ནས་ལྡང་བ་དང་བྲལ་བ་སྟེ། དད་པ་བསྐྱེད་ཅིང་སེམས་ཅན་ཐམས་ཅད་ཀྱི་འཁྲུལ་པ་ལ་ཉེས་པར་མི་ལྟ་བའོ། །ཡོངས་སུ་གདུང་ བ་མེད་ཅིང་ལུས་དང་སེམས་བདེ་བ་བསྐྱེད་པ་སྟེ། གཞན་གྱིས་གནོད་པར་བྱ་བ་ལས་ཤིན་ཏུ་འདས་པའོ། །ཉེས་པ་ཐམས་ཅད་ཀྱི་འཇིགས་པ་དང་བྲལ་བ་སྟེ། འཕགས་པའི་ལམ་དང་མཐུན་ཞིང་གཤེ་བ་དང་། སྡང་བའི་སེམས་དང་ལྡན་པའི་སེམས་ཅན་རྣམས་དད་པར་བྱེད་པ། ཡུལ་ ཐམས་ཅད་ལས་སྒྲོལ་བ་སྟེ། དབྱིག་དང་། མཚོན་ཆ་འཆང་བ་མ་ཡིན་ནོ། །སེམས་ཅན་ཐམས་ཅད་རབ་ཏུ་ཐར་པར་བྱ་བ་ལ་དགའ་བ། ཁོང་ཁྲོ་བ་ཐམས་ཅད་དང་བྲལ་བ། ཚུལ་འཆོས་པ་དང་། ཁ་གསག་དང་། ཐོབ་ཀྱིས་འཇལ་བ་ཐམས་ཅད་དང་བྲལ་བ་རྙེད་པ་དང་། བཀུར་སྟི་ དང་། ཚིགས་སུ་བཅད་པ་ཐམས་ཅད་འབྱུང་བར་བྱེད་པ། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་ཕྱག་བྱས་པ། རང་གི་གཟི་བརྗིད་ཀྱི་རྒྱན་གྱིས་བརྒྱན་པ། མཁས་པས་རབ་ཏུ་བསྔགས་པ། བྱིས་པ་ཐམས་ཅད་སྲུང་བ། ཚངས་པའི་ལམ་དང་མཐུན་ པ། འདོད་པའི་ཁམས་དང་མ་འདྲེས་པ། སེམས་ཅན་ཐམས་ཅད་ཀྱི་ཐར་པའི་ལམ་གྱི་མཆོག་ཐེག་པ་ཐམས་ཅད་ཡང་དག་པར་བསྡུས་པ། ཟང་ཟིང་མེད་པའི་བསོད་ནམས་ཀྱིས་བཟུང་བ། བསོད་ནམས་ཀྱི་ཚོགས་ཐམས་ཅད་བསགས་པ། རྫས་ལས་བྱུང་བའི་བསོད་ནམས་ 63-1-167a བྱ་བའི་དངོས་པོ་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། དབང་པོ་ཉམས་པ་དང་མ་ཚང་བ་ཐམས་ཅད་སྤངས་པ། བདེ་འགྲོ་ཐམས་ཅད་དང་མྱ་ངན་ལས་འདས་པའི་ལམ་ དང་མཐུན་པ། ངན་སོང་ཐམས་ཅད་དང་མི་ཁོམ་པ་བརྒྱད་ལས་འདས་པ། ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པ། འདོད་པ་དང་ལོངས་སྤྱོད་ཀྱི་དབང་ཕྱུག་ལ་མངོན་པར་དགའ་བ་མེད་པ། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་དང་། སྦྱིན་པའི་སྦྱོར་བ་ཐ་དད་པ་དང་བྲལ་བ་ ཚུལ་ཁྲིམས་དང་བསླབ་པ་ཐམས་ཅད་ཀྱི་སྒོ་དང་། ཚུལ་ཁྲིམས་འཆལ་པ་ཐམས་ཅད་ཡོངས་སུ་སྐྱོབ་པ། བཟོད་པའི་སྟོབས་སྟོན་པ། ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་ཐམས་ཅད་དང་བྲལ་བ། འཕགས་པ་རྣམས་འཇུག་པའི་བསམ་གཏན་དང་ཏིང་ངེ་འཛིན་དང་། སྙོམས་ པར་འཇུག་པའི་རྩ་བ་མི་འཁྲུགས་པའི་བརྩོན་འགྲུས་བརྩམས་ཤིང་ཡང་དག་པར་སྦྱོར་བ། བྱ་བ་ཐམས་ཅད་ལས་ཡང་དག་པར་གྲོལ་བ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པས་ཉོན་མོངས་པ་ཐམས་ཅད་ལས་ངེས་པར་འབྱུང་བ། གསང་སྔགས་དང་ཐོས་པ་ འཛིན་པས་ངེས་པར་སེམས་པའི་ཤེས་རབ་ཀྱི་རྒྱུ་བསྐྱེད་པ། རང་གི་ཕྱོགས་དང་གཞན་གྱི་ཕྱོགས་ལ་ངེས་པ། བདུད་ཀྱི་ཕྱོགས་དང་ཉོན་མོངས་པ་རྣམས་བསལ་བ། འགྲོགས་ན་བདེ་བ། བསྙེན་བཀུར་དང་འཇུག་པའི་རྒྱུ་མཐུན་པ་ལ་སེམས་པ། སྤྱོད་ལམ་སྲུང་བར་བྱེད་པ། རྒོད་པ་ཐམས་ ཅད་ལས་འདས་པ། ང་རྒྱལ་གྱི་ལས་སེལ་བ། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པས་ཕྱུགས་ཤིང་བག་ཆགས་དང་མཚམས་སྦྱོར་བ་དང་ཉོན་མོངས་པའི་དྲི་ང་བ་སྦྱོང་བའོ། །བཙུན་པ་ཤ་ར་དྭ་ཏིའི་བུ་བྱམས་པ་དྲི་ཞིམ་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པ་སྟེ་བྱམས་པ་ཆེན་པོ་ནི་ བདག་གི་བདེ་བ་གཏོང་ཞིང་སེམས་ཅན་རྣམས་ལ་བདེ་བ་སྦྱིན་པའོ། །ཉན་ཐོས་ཀྱི་བྱམས་པ་ནི་བདག་སྐྱོབ་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པའོ། །བཙུན་པ་ཤ་ར་དྭ་ཏིའི་བུ་བྱམས་པ་ནི་ཆུ་བོ་ལས་སྒྲོལ་བའོ། །བཙུན་པ་ 63-1-167b ཤ་ར་དྭ་ཏིའི་བུ་བྱམས་པ་ནི་གསུམ་པོ་འདི་དག་སྟེ། གསུམ་གང་ཞེ་ན་འདི་ལྟ་སྟེ། སེམས་ཅན་ལ་དམིགས་པའི་བྱམས་པ་དང་། ཆོས་ལ་དམིགས་པའི་བྱམས་པ་དང་། དམིགས་པ་མེད་པའི་བྱམས་པའོ། །སེམས་ཅན་ལ་དམིགས་པའི་བྱམས་པ་ནི་སེམས་དང་པོ་བསྐྱེད་པའི་བྱང་ ཆུབ་སེམས་དཔའ་རྣམས་ཀྱིའོ། །ཆོས་ལ་དམིགས་པའི་བྱམས་པ་ནི་སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །དམིགས་པ་མེད་པའི་བྱམས་པ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟེ། བཙུན་པ་ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་བྱམས་པ་མི་ཟད་པ་ཞེས་བྱ་སྟེ། དེ་བས་ན་བྱང་ཆུབ་སེམས་དཔའ་བྱམས་པ་མི་ཟད་པ་ཇི་སྐད་གསུངས་པ་དེ་ལྟ་བུའི་བྱམས་པའི་ངོ་བོ་ཉིད་དུ་འགྱུར་བས། བྱམས་ཆེན་རང་བཞིན་དཔག་ཏུ་མེད། །ཅེས་བྱའོ། །ཐུགས་རྗེ་ཆེན་པོའི་ངོ་བོ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། སྙིང་རྗེ་ཆེན་པོ་བློ་ཡི་ མཆོག །ཅེས་བྱ་བ་གསུངས་ཏེ། ཐུགས་རྗེ་ཆེན་པོས་བརླན་པའི་ངོ་བོ་ཉིད་ཡིན་པས་སྙིང་རྗེ་ཆེན་པོའོ། །འཇམ་པའི་དབྱངས་ནི་ཤེས་རབ་ཀྱི་མཆོག་ཡིན་པས་བློ་ཡི་མཆོག་གོ། །འདི་ཡང་བྱམས་པ་བཞིན་དུ་སེམས་ཅན་དཔག་ཏུ་མེད་པ་ལ་དམིགས་པར་བརྗོད་པར་བྱའོ། །དེ་བས་ན་སྙིང་རྗེ་ ཆེན་པོ་སྔོན་དུ་འགྲོ་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གཞན་དོན་གྱི་ཕྱིར་ཚོགས་ཐམས་ཅད་ཉེ་བར་སྩོགས་པར་འགྱུར་བ་སྟེ། དེ་ཡང་བཙུན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་ཡང་མི་ཟད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། སྔོན་དུ་འགྲོ་བའི་ཕྱིར་རོ། །བཙུན་ པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་དབུགས་འབྱུང་བ་དང་རྔུབ་པ་ནི་སྐྱེས་བུའི་སྲོག་གི་དབང་པོའི་སྔོན་དུ་འགྲོ་བའོ། །དེ་བཞིན་དུ་ཐེག་པ་ཆེན་པོ་ཡང་དག་པར་བསྒྲུབ་པའི་ཕྱིར་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་ནི་སྔོན་དུ་འགྲོ་བའོ། །འདི་ལྟ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ འཁོར་ལོ་རིན་པོ་ཆེ་ནི་རིན་པོ་ཆེ་སྣ་བདུན་གྱི་སྔོན་དུ་འགྲོ་བའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡང་དག་པར་སྒྲུབ་པ་ལ་སྙིང་རྗེ་ཆེན་པོ་ནི་སྔོན་དུ་འགྲོ་བའོ། །འདི་ལྟ་སྟེ། དཔེར་ན་ཚོང་དཔོན་ནམ་ཁྱིམ་བདག་ཞིག་བུ་གཅིག་ལ་སྙིང་ཐག་པ་ནས་སྡུག་ 63-1-168a པར་འཛིན་པ་དེ་བཞིན་དུ་སྙིང་རྗེ་ཆེན་པོ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་ཐམས་ཅད་ལ་སྙིང་ཐག་པ་ནས་སྡུག་པར་འཛིན་པ་ཡིན་ནོ། །བཙུན་པ་ཤ་ར་དྭ་ཏིའི་བུ་སྙིང་རྗེ་ཆེན་པོ་ཞེས་བྱ་བ་ནི་འདི་བདག་ཉིད་ཀྱིས་བྱས་པས་ན་དེའི་ཕྱིར་སྙིང་རྗེ་ཆེན་པོ་ཞེས་ བྱའོ། །རང་གིས་བྱས་པས་ན་སྙིང་རྗེ་ཆེན་པོའོ། །གཞན་གྱི་སྐབས་མི་རྙེད་པས་ན་སྙིང་རྗེ་ཆེན་པོའོ་ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཕྱིར་དེ་ལྟ་བུ་ནི་སྙིང་རྗེ་ཆེན་པོའི་ངོ་བོ་ཉིད་ཡིན་ལ་བཅོམ་ལྡན་འདས་ཀྱང་དེའི་རང་བཞིན་ཡིན་ཏེ། ངེས་པར་འབྱུང་བ་ཐམས་ཅད་ཀྱི་རྒྱུ་ཡིན་པས་ཤེས་པར་བྱ་ སྟེ། དེ་བས་ན་བློའི་མཆོག་ཅེས་བྱའོ། །ཤེས་རབ་ཆེན་པོ་བློ་ཆེན་ལྡན། །ཞེས་བྱ་བ་ནི་དགའ་བ་ཆེན་པོའི་ངོ་བོ་ཉིད་བསྟན་པ་ཡིན་ཏེ། དེ་ལ་དགའ་བ་ཆེན་པོ་གང་ཞེ་ན། གང་སངས་རྒྱས་ཀྱི་ཆོས་རྣམས་དྲན་པ་དང་། རྗེས་སུ་དྲན་པ་དང་དགའ་བ་དང་མོས་པ་དང་། མཆོག་ཏུ་དགའ་བ་ དེ་ལ་ནི་དགའ་བ་ཞེས་བྱ་སྟེ། ཆོས་ཐམས་ཅད་ཁོང་དུ་ཆུད་པས་དགའ་བར་འགྱུར་བ་དེ་ནི་ཤེས་རབ་མེད་ན་མི་འབྱུང་བས་ཤེས་རབ་ཉིད་རྒྱུ་ཡིན་ཏེ་དེ་བས་ན་ཤེས་རབ་ཆེན་པོ་ཞེས་བྱ་སྟེ། གང་ལ་ཤེས་རབ་ཆེན་པོ་ཡོད་པ་དེ་ནི་ཤེས་རབ་ཆེན་པོའོ། །རབ་ཏུ་དགའ་བའི་ཤེས་རབ་བརྙེས་ནས་ཀྱང་སེམས་ ཅན་ཐམས་ཅད་ཀྱི་དོན་མཛད་པ་ལ་ཐུགས་གཞོལ་བས་ན་བློ་ཆེན་ལྡན་ཞེས་བྱ་སྟེ། དྲི་མ་མེད་པའི་བློ་གྲོས་ནི་བློའོ། །ཡུལ་ཐམས་ཅད་པ་ནི་ཆེ་བ་སྟེ། དེ་ལྟ་བུའི་ཤེས་རབ་གང་ལ་མངའ་བ་དེ་ནི་བློ་ཆེན་ལྡན་ཞེས་བྱའོ། །དེ་ལ་དགའ་བ་དང་དེའི་ངོ་བོ་ཉིད་བརྗོད་པར་བྱ་སྟེ། དེ་ཡང་སེམས་ མི་འགོང་ཞིང་མི་བརྫི་བ་དང་། སྲིད་པ་མེད་པ་དང་། འདོད་པའི་དགའ་བ་ཐམས་ཅད་གཏོང་བ་དང་། ཆོས་ཀྱི་དགའ་བ་ཐམས་ཅད་ཀྱི་རྟེན་དང་། སེམས་མཆོག་ཏུ་དགའ་བ་དང་། ལུས་རབ་ཏུ་སིམ་པ་དང་། སངས་རྒྱས་ལ་དགའ་ཞིང་ཡི་རང་བ་དང་། དེ་བཞིན་གཤེགས་པའི་སྐུ་ལ་ དགའ་ཞིང་མོས་པས་མཚན་དང་དཔེ་བྱད་བཟང་པོའི་རྒྱན་ཚོལ་བ་ལ་མཁས་པ་དང་། དགེ་བའི་ཆོས་ཉན་པས་མི་སྐྱོ་བ་དང་། དེ་ཁོ་ནའི་ཆོས་ལ་རྟོན་པའི་ནན་ཏན་དང་། དགའ་བ་དང་། དད་པ་དང་། མཆོག་ཏུ་དགའ་བ་དང་། རབ་ཏུ་དགའ་བས་ཆོས་ལ་མོས་པ་དང་། རྟག་ཏུ་རྒྱུན་ 63-1-168b མི་འཆད་པར་སེམས་ཅན་རྣམས་ལ་ཁོང་ཁྲོ་བ་མེད་པའི་བློ་དང་། སངས་རྒྱས་ཀྱི་ཆོས་ཚོལ་བ་ལ་ཤིན་ཏུ་འདུན་པ་དང་། ཆོས་ལ་འདུན་པ་ཡང་མི་འདོར་བ་དང་། སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་དག་ལ་མོས་ཤིང་རྣམ་པར་གྲོལ་བ་དང་། ཉི་ཚེ་བའི་ཐེག་པ་བསལ་ཏེ་སེམས་བསྐྱེད་པ་དང་། སེར་སྣ་མེད་པས་མ་ཞུམ་པར་སེམས་བསྐྱེད་པ་དང་། སློང་བ་ལ་སྦྱིན་པ་བྱིན་ནས་འཁོར་གསུམ་ཡོངས་སུ་དག་པར་སྦྱངས་པ་དང་། སྦྱིན་པ་ལ་མཆོག་ཏུ་དགའ་བ་དང་། ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་དད་པ་དང་། ཚུལ་ཁྲིམས་འཆལ་པ་རྣམས་ལ་རྗེས་སུ་འཛིན་ཅིང་བྱམས་པ་ དང་། རང་ཚུལ་ཁྲིམས་ཡོངས་སུ་དག་པས་ངན་འགྲོའི་འཇིགས་པ་ཐམས་ཅད་ལས་ཤིན་ཏུ་འདའ་བར་དབུགས་འབྱིན་པ་དང་། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ལ་ཡོངས་སུ་བསྔོ་བ་དང་། བརྟན་ཞིང་མི་ཕྱེད་པ་དང་། ཕ་རོལ་ངན་དུ་བརྗོད་པ་དང་། ངན་དུ་སྨྲ་བའི་ཚིག་གི་ལམ་ལ་ ཁོང་ཁྲོ་བ་མེད་པའི་སེམས་ཀྱིས་བཟོད་ཅིང་ངེས་པ་དང་། ང་རྒྱལ་མེད་པ་དང་། བླ་མ་ལ་འདུད་ཅིང་རི་མོར་བྱེད་པ་དང་། རྟག་ཏུ་འཛུམ་པའི་བཞིན་དང་། ཁྲོ་གཉེར་མེད་པ་དང་། གསོང་པོར་སྨྲ་བ་དང་། ཚུལ་འཆོས་པ་མེད་པ་དང་། ཁ་གསག་མེད་པ་དང་། ཐོབ་ཀྱིས་འཇལ་བ་མེད་པ་ དང་། བསམ་པ་དག་པ་དང་། སེམས་ལ་བརླང་བ་མེད་པ་དང་། གྱ་གྱུ་མེད་པ་དང་། ཐམས་ཅད་ལ་ཕན་ཡོན་དུ་ལྟ་བ་དང་། སྐྱོན་མེད་པར་ལྟ་བ་དང་། ལྟུང་བ་མི་གླེང་བ་དང་། ཡང་དག་པར་དགའ་བར་འགྱུར་བའི་ཆོས་ཀྱི་རྗེས་སུ་འཇུག་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ ལ་སྟོན་པ་ལྟར་ཕངས་སུ་འཛིན་པ་དང་། ཆོས་རྣམས་ལ་བདག་བཞིན་དུ་ཕངས་སུ་འཛིན་པ་དང་། དེ་བཞིན་གཤེགས་པ་རྣམས་ལ་སྲོག་བཞིན་དུ་ཕངས་སུ་འཛིན་པ་དང་། བླ་མ་རྣམས་ལ་ཕ་མ་བཞིན་དུ་ཕངས་སུ་འཛིན་པ་དང་། སེམས་ཅན་རྣམས་ལ་བུ་བཞིན་དུ་ཕངས་སུ་འཛིན་པ་དང་། མཁན་པོ་དང་སློབ་དཔོན་རྣམས་ལ་སངས་རྒྱས་བཞིན་དུ་ཕངས་སུ་འཛིན་པ་དང་། ནན་ཏན་རྣམས་ལ་ཡན་ལག་གི་དམ་པ་མགོ་བཞིན་དུ་ཕངས་སུ་འཛིན་པ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་རྐང་ལག་བཞིན་དུ་ཕངས་སུ་འཛིན་པ་དང་། ཆོས་སྨྲ་བ་རྣམས་ལ་རིན་པོ་ཆེ་ཐམས་ཅད་བཞིན་དུ་ 63-1-169a ཕངས་སུ་འཛིན་པ་དང་། སངས་རྒྱས་ཀྱི་ཆོས་རྣམས་ཐམས་ཅད་ལ་ཡིད་བཞིན་གྱི་ནོར་བུ་བཞིན་དུ་ཕངས་སུ་འཛིན་པ་དང་། རྗེས་སུ་བསྟན་པ་རྣམས་ལ་དགའ་བའི་རྩེད་མོ་བཞིན་དུ་ཕངས་སུ་འཛིན་པ་དང་། ཆོས་ཤེས་པ་རྣམས་ལ་ནད་མེད་པ་བཞིན་དུ་ཕངས་སུ་ འཛིན་པ་དང་། ཆོས་འཚལ་བ་རྣམས་ལ་སྨན་བཞིན་དུ་ཕངས་སུ་འཛིན་པ་དང་། བསྐུལ་ཞིང་དྲན་པར་བྱེད་པ་རྣམས་ལ་སྨན་པ་བཞིན་དུ་སངས་རྒྱས་སུ་འཛིན་པ་སྟེ། བཙུན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་གང་དབང་པོ་ཐམས་ཅད་ལ་དབང་པོ་འགོང་བ་འདི་ནི་དགའ་བ་ཆེན་པོ་ཞེས་བྱའོ། །དགའ་ བ་ཆེན་པོ་ཞེས་བྱ་བ་ནི་རྟོག་པའི་ཡེ་ཤེས་ཀྱི་ཕྱིར་ཞི་བའི་རྣམ་པའོ། །མི་རྒོད་པའི་ཕྱིར་རབ་ཏུ་ཞི་བའི་རྣམ་པའོ། །ཡེངས་པ་མ་ཡིན་པའི་ཕྱིར་ཤིན་ཏུ་སྦྱངས་པའི་རྣམ་པའོ། །རྣམ་པར་མི་གཡེང་བའི་ཕྱིར་དབང་པོ་དགའ་བའི་རྣམ་པའོ། །མི་ཉམས་པའི་ཕྱིར་བརྟུལ་ཞུགས་ཀྱི་རྣམ་པའོ། །འདོད་ པའི་ཕྱིར་ངེས་པའི་རྣམ་པའོ། །བཀའ་བློ་བདེ་བའི་ཕྱིར་ཐོས་པའི་རྣམ་པའོ། །སེམས་ལས་སུ་རུང་བའི་ཕྱིར་ཉེ་བར་ཞི་བའི་རྣམ་པའོ། །ལས་ལེགས་པར་བྱས་པའི་ཕྱིར་དགའ་བའི་རྣམ་པའོ། །ཁ་ན་མ་ཐོ་བ་མེད་པའི་ཕྱིར་མི་འགྱོད་པའི་རྣམ་པའོ། །མ་གཡོས་པའི་ཕྱིར་ཤིན་ཏུ་གནས་པའི་རྣམ་ པའོ། །མི་གནས་པའི་ཕྱིར་མ་གཡོས་པའི་རྣམ་པའོ། །ཐུལ་བར་དཀའ་བའི་ཕྱིར་བསྙེན་དཀའ་བའི་རྣམ་པའོ། །ཆུད་མི་ཟ་བའི་ཕྱིར་དོན་གྱི་རྣམ་པའོ། །མ་ནོར་བ་དེ་བཞིན་ཉིད་ཀྱི་ཕྱིར་བདེན་པའི་རྣམ་པའོ། །དེ་བྱེད་པའི་ཕྱིར་དེ་ཁོ་ནའི་རྣམ་པའོ། །སྟོབས་ཀྱི་ཕྱིར་སྤྲོ་བའི་རྣམ་པའོ། །མི་ བརྫི་བའི་ཕྱིར་སྟོབས་ཀྱི་རྣམ་པའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཚོལ་བས་མི་སྐྱོ་བའི་ཕྱིར་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་པའི་རྣམ་པ་སྟེ། དེ་ལྟ་བུའི་དགའ་བའི་ངོ་བོ་ནི་བཅོམ་ལྡན་འདས་ཡིན་ཞེས་སྟོན་པར་འགྱུར་རོ། །མཁས་པ་ཆེན་ པོ་ཐབས་ཆེ་བ། །ཞེས་བྱ་བ་ནི་བཏང་སྙོམས་ཆེན་པོའི་ངོ་བོ་ཉིད་དུ་བསྟན་པར་བྱ་བའི་ཕྱིར་གསུངས་པ་ཡིན་ཏེ། དེ་ཡང་ཐབས་ཆེན་པོ་གང་ལ་མངའ་བ་དེ་ནི་ཐབས་ཆེན་པོ་ཞེས་བྱའོ། །གནས་སྐབས་འདིར་བཏང་སྙོམས་ཆེན་པོ་ནི་ཐབས་ཆེན་པོ་སྟེ། བསམ་པ་སྣ་ཚོགས་པ་དང་ལྡན་པའི་ 63-1-169b གདུལ་བྱའི་སེམས་ཅན་རྣམས་འདུལ་བའི་ཕྱིར་རོ། །དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཏང་སྙོམས་རྣམ་པ་གསུམ་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། ཉོན་མོངས་པ་ལ་བཏང་སྙོམས་པ་དང་། བདག་དང་གཞན་སྲུང་བའི་བཏང་སྙོམས་དང་། དུས་དང་དུས་མ་ཡིན་པ་ལ་བཏང་སྙོམས་ པའོ། །དེ་ལ་ཉོན་མོངས་པ་ལ་བཏང་སྙོམས་པ་ནི་བསྟི་སྟང་དུ་བྱས་པས་མ་ཐོས་པར་མི་སེམས་པ་དང་། བསྟི་སྟང་དུ་མ་བྱས་པས་དམས་པར་མི་སེམས་པ་དང་། རྙེད་པ་དག་ལ་རློམ་སེམས་མེད་པ་དང་། མ་རྙེད་པ་དག་ལ་ཡི་ཆད་པ་མེད་པ་དང་། སྙན་པ་དག་ལ་མངོན་པར་དགའ་བ་མེད་པ་དང་། མི་སྙན་པ་ལ་ཞུམ་པ་མེད་པ་དང་། སྨད་པས་སྲོ་ཤི་བར་མི་འགྱུར་བ་དང་། བསྔགས་པ་ལ་ཆོས་ཉིད་རབ་ཏུ་གནས་པ་དང་། སྡུག་བསྔལ་དག་ལ་སོ་སོར་རྟོག་པའི་སྟོབས་དང་། བདེ་བ་དག་ལ་མི་རྟག་པ་དང་སྡུག་བསྔལ་བར་རྟོག་པའི་སྟོབས་དང་། རྗེས་སུ་ཆགས་པ་འདོར་བ་དང་། ཁོང་ཁྲོ་བ་ སྤོང་བས་མཛའ་བ་དང་། མི་མཛའ་བ་དག་ལ་སེམས་མཉམ་པ་དང་། ཚུལ་ཁྲིམས་དང་ལྡན་པ་དང་ཚུལ་ཁྲིམས་འཆལ་པ་རྣམས་ལ་བློ་མཉམ་པ་དང་། ལེགས་པར་བྱས་པ་དག་དང་ཉེས་པར་བྱས་པ་རྣམས་ལ་ཡང་གཉིས་སུ་མི་བྱེད་པ་དང་། སྡུག་པ་དང་མི་སྡུག་པར་མི་ལྟ་བ་དང་། ལེགས་ པར་ཐོས་པ་དང་ཉེས་པར་ཐོས་པ་ལ་མི་འབྱེད་པ་དང་། ལེགས་པར་སྨྲས་པ་དང་ཉེས་པར་སྨྲ་བ་ལ་བག་ལ་ཉལ་མེད་པ་དང་། རོ་མྱོང་བའི་ཉེས་དམིགས་རྣམས་ལ་མཚུངས་པར་ཡོངས་སུ་འཇལ་བ་དང་། སེམས་ཅན་ཐམས་ཅད་ལ་བསམ་པ་མཉམ་པ་དང་། ལུས་དང་སྲོག་ལ་མི་ལྟ་བ་དང་། རབ་དང་འབྲིང་དང་ཐ་མ་རྣམས་ལ་འདུ་ཤེས་མཉམ་པ་དང་། བསྔགས་པ་དང་བསྔགས་པ་མ་ཡིན་པ་རྣམས་ལ་སེམས་མཉམ་པ་དང་། བདེ་བ་དང་མི་བདེ་བ་རྣམས་ལ་རང་གི་སེམས་ཡོངས་སུ་དག་པ་སྟེ། བཙུན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་གང་བསྟི་སྟང་དུ་བྱེད་པ་དང་། གནོད་པར་བྱེད་པ་ ལ་མཐོན་དམན་དུ་མི་སེམས་ཤིང་། དེ་ལ་བྱང་ཆུབ་སེམས་དཔའ་བཏང་སྙོམས་པ་ཡིན་ཏེ། བཙུན་པ་ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ལ་བཏང་སྙོམས་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདག་དང་གཞན་བསྲུང་བའི་བཏང་སྙོམས་ 63-1-170a གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ལུས་དང་ཡན་ལག་དང་ཉིང་ལག་རྣམས་བཅད་ཀྱང་ཁོང་ཁྲོ་བར་མི་བྱེད་ཅིང་མི་ཚོལ་ཏེ་བཏང་སྙོམས་པ་ཡིན་ནོ། །ལུས་ཀྱི་རྣམ་པར་འགྱུར་བ་ལས་སམ། ངག་གི་རྣམ་པར་འགྱུར་བ་ལས་ཀྱང་རུང་སྟེ། གཉིས་ཀ་ལས་བཟོད་ པས་ན་དེའི་ཕྱིར་བཏང་སྙོམས་ཞེས་བྱའོ། །མིག་གི་རྣམ་པས་ཀྱང་རྨ་མི་ཕྱིན། གཟུགས་ཀྱི་རྣམ་པ་ལས་ཀྱང་རྨ་མི་ཕྱིན་ཏེ། གཉིས་ཀས་ཀྱང་རྨ་མི་ཕྱིན་ཏོ། །དེ་བཞིན་དུ་རྣ་བས་མ་ཡིན། སྒྲས་མ་ཡིན། སྣས་མ་ཡིན། དྲིས་མ་ཡིན། ལྕེས་མ་ཡིན། རོས་མ་ཡིན། ལུས་ཀྱིས་མ་ཡིན། རེག་ བྱས་མ་ཡིན། ཡིད་ཀྱི་རྣམ་པས་ཀྱང་རྨ་མི་ཕྱིན། ཆོས་ཀྱི་རྣམ་པས་ཀྱང་རྨ་མི་ཕྱིན་ཏེ། དེའི་ཕྱིར་བཏང་སྙོམས་ཞེས་བྱའོ། །རྨ་མི་ཕྱིན་ཅིང་ཉམས་པ་མེད་པས་དེའི་ཕྱིར་བཏང་སྙོམས་ཞེས་བྱའོ། །རྨ་ཕྱུང་བ་ལ་རྨ་མི་ཕྱིན་པས་དེའི་ཕྱིར་བཏང་སྙོམས་ཞེས་བྱའོ། །བདག་དང་གཞན་གཉི་ག་ བསྲུང་བས་དེའི་ཕྱིར་བཏང་སྙོམས་ཞེས་བྱའོ། །ཕན་པར་བྱེད་པ་དང་གནོད་པར་བྱེད་པ་ལ་མཉམ་པར་སྦྱོར་བས་དེའི་ཕྱིར་བཏང་སྙོམས་ཞེས་བྱའོ། །བཏང་སྙོམས་ནི་མཆོག་ཏུ་རྩོད་པ་མེད་པའོ། །བཏང་སྙོམས་ནི་རང་གི་སེམས་ལ་ངེས་པར་སེམས་པའོ། །བཏང་སྙོམས་ནི་གཞན་གྱི་སེམས་བསྲུང་ བའོ། །བཏང་སྙོམས་ནི་བདག་ལ་རྟོག་པའོ། །བཏང་སྙོམས་ནི་སེམས་ཅན་གཞན་ལ་གནོད་པ་མེད་པའོ། །བཏང་སྙོམས་ནི་བྱང་ཆུབ་སེམས་དཔའི་མཉམ་པར་གཞག་པའི་གནས་སྐབས་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་བདག་དང་གཞན་བསྲུང་བའི་བཏང་སྙོམས་ཞེས་བྱའོ། །དེ་ལ་བྱང་ ཆུབ་སེམས་དཔའི་དུས་དང་དུས་མ་ཡིན་པ་ལ་བཏང་སྙོམས་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་དུ་བཏང་སྙོམས་བྱ་བར་བཀའ་མི་སྩོལ་ཏོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྟག་ཏུ་བདག་དང་གཞན་གྱི་དགེ་བའི་ཆོས་བཙལ་བ་ལ་བརྩོན་ཞིང་ འབད་པར་བྱ་བའི་ཕྱིར་ཏེ། དེས་དུས་དང་དུས་མ་ཡིན་པར་བཏང་སྙོམས་པར་བྱའོ། །དེ་ལ་དུས་དང་དུས་མ་ཡིན་པའི་བཏང་སྙོམས་གང་ཞེ་ན། སྣོད་དུ་གྱུར་པ་མ་ཡིན་པ་དང་། ཉན་པར་མི་འདོད་པའི་སེམས་ཅན་རྣམས་ལ་བཏང་སྙོམས་པ་དང་། མ་རྙེད་པ་དང་། སྨད་པ་དང་མི་སྙན་པ་དང་སྡུག་ 63-1-170b བསྔལ་བ་ལ་བཏང་སྙོམས་དང་། སེམས་ཅན་ཉན་ཐོས་ཀྱི་ཐེག་པ་ཅན་སྐྱོན་མེད་པ་ལ་ཞུགས་པ་རྣམས་ལ་བཏང་སྙོམས་དང་། སྦྱིན་པའི་དུས་ན་ཚུལ་ཁྲིམས་བརྟུལ་བའི་བཏང་སྙོམས་དང་། ཚུལ་ཁྲིམས་ཀྱི་དུས་ན་སྦྱིན་པ་བརྟུལ་བའི་བཏང་སྙོམས་དང་། བཟོད་པའི་དུས་ན་བརྩོན་འགྲུས་བརྟུལ་བའི་ བཏང་སྙོམས་དང་། བརྩོན་འགྲུས་ཀྱི་དུས་ན་བསམ་གཏན་བརྟུལ་བའི་བཏང་སྙོམས་དང་། བསམ་གཏན་གྱི་དུས་ན་སྦྱིན་པ་ལ་ཆགས་པ་བརྟུལ་བའི་བཏང་སྙོམས་དང་། ཤེས་རབ་ཀྱི་དུས་ན་ཕ་རོལ་ཏུ་ཕྱིན་པ་ལྔ་ལ་དམིགས་པ་ལ་བརྟུལ་བའི་བཏང་སྙོམས་ཏེ། འདི་ནི་དུས་དང་དུས་མ་ཡིན་པ་ ལ་བཏང་སྙོམས་པ་ཞེས་བྱའོ། །དེ་ལྟར་བཏང་སྙོམས་རྣམ་པ་གསུམ་ནི་ཐབས་ཆེན་པོར་ཡོངས་སུ་གཟུང་བར་བྱ་སྟེ། སེམས་ཅན་སྣ་ཚོགས་པའི་དོན་གྱི་བྱ་བའི་ཐབས་ཀྱི་རྒྱུར་གྱུར་པའི་ཕྱིར་ཐབས་ཆེན་པོ་ཞེས་བྱ་བའི་སྒྲར་གསུངས་ཏེ། དེ་བས་ན་བཅོམ་ལྡན་འདས་ནི་ཐབས་ཆེ་བ་ཞེས་བྱའོ། །དེ་ཉིད་ ཀྱིས་ན་མཁས་པ་ཆེན་པོ་སྟེ། ཐབས་ཀྱི་བྱ་བ་ལ་མཁས་ཤིང་བྱས་པར་མཛད་པས་སོ། །དེ་ལ་འདིར་རིམ་པ་ནི་འདི་ཡིན་ཏེ། བྱམས་པ་ཆེན་པོས་ནི་སེམས་ཅན་ཐམས་ཅད་ཕན་པ་ལ་ངེས་པར་སྦྱོར་བར་མཛད་དོ། །ཐུགས་རྗེ་ཆེན་པོས་ནི་དེ་དག་ཉིད་བག་ཡོད་པ་ལ་ཁོང་དུ་ཆུད་པའི་བདེ་བ་ལ་རབ་ ཏུ་བཀོད་པར་མཛད་དོ། །དགའ་བ་ཆེན་པོས་ནི་དགའ་བ་ཆེན་པོ་ལ་འཇོག་གོ། །བཏང་སྙོམས་ཆེན་པོས་ནི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་བྲལ་བའི་ཆོས་ཀྱི་སྐུའི་མཉམ་པ་ཉིད་ལ་འཇོག་པར་མཛད་པ་ཡིན་ནོ། །དེ་ལྟར་འདིར་ཡི་གེ་དང་འགལ་བར་བཤད་དོ་ཞེས་བྱ་བའི་སོམ་ཉི་མི་བྱའོ། །ཡང་ ན་གསང་སྔགས་ཀྱི་ཚུལ་གྱི་རིམ་པས་ནི་སྦྱིན་བདག་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གཞན་དུ་ཡང་བཤད་དོ། །དེ་ལ་སྦྱིན་དག་ཆེན་པོ་ཞེས་བྱ་བ་ནི་མཆོག་ཏུ་བདེ་བ་འབྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཆུའི་རྒྱུན་འབབ་པའི་ངོ་བོར་གྱུར་པ་གང་ལ་ཡོད་པ་དེ་ནི་སྦྱིན་བདག་ཆེན་པོ་ཡིན་ལ། དེའི་བདག་ པོ་པས་སྦྱིན་བདག་ཆེན་པོ་གཙོ་བོ་ཡིན་ཏེ། དེ་ཡང་འཕགས་པ་འཇམ་དཔལ་གྱི་འཇམ་ཞིང་ཡིད་དུ་འོང་བའི་སྐུས་ཐམས་ཅད་ཀྱི་མངོན་པར་འདོད་པ་ཡོངས་སུ་རྫོགས་པར་མཛད་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས་པའི་དཀྱིལ་འཁོར་ཐམས་ཅད་ཀྱི་འཁོར་ལོའི་ནང་དུ་ཆུད་པའི་ལྷ་མོ་སྒེག་ 63-1-171a མོའི་གཟུགས་ཅན་གྱི་བདག་པོར་གྱུར་པའི་ཕྱིར་ཏེ། གང་ཕྱི་རོལ་པའི་བདག་ཉིད་པས། །སྒེག་མོ་སྦྱིན་པའི་ཕ་རོལ་ཕྱིན། །ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ། བྱང་ཆུབ་ཡན་ལག་འབྲས་སྟེར་བས། །ཕྲེང་བ་ཚུལ་ཁྲིམས་ཕ་རོལ་ཕྱིན། །ཞེས་གསུངས་པས། བྱང་ ཆུབ་ཀྱི་ཡན་ལག་ཅན་གྱི་མེ་ཏོག་གི་ཕྲེང་བས་བརྒྱན་པས་བསིལ་བར་གྱུར་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡན་ལག་ཏུ་འདུས་པའི་སྐུ་དང་ལྡན་པས་ན། ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག །ཅེས་བྱ་སྟེ། ཐམས་ཅད་དུ་འགྲོ་བའི་ཚུལ་ཁྲིམས་ཆེན་པོ་གང་ལ་ཡོད་པ་དེ་ནི་ཚུལ་ ཁྲིམས་ཆེན་པོ་སྟེ། དེ་འཆང་བས་ན་ཚུལ་ཁྲིམས་ཆེན་པོ་འཆང་བའོ། །ཐམས་ཅད་ཀྱི་གཙོ་བོའི་གཟུགས་སུ་གནས་པས་ན་མཆོག་གོ། །བཟོད་པ་ཆེན་པོ་ནི་ལྷ་མོ་རྡོ་རྗེ་དབྱངས་མའི་ངོ་བོ་སྟེ། ཞི་བའི་ཆོས་ལ་རྗེས་མོས་པས། །གླུ་མ་བཟོད་པའི་ཕ་རོལ་ཕྱིན། །ཞེས་གསུངས་པས་སོ། ། དེ་འཛིན་པར་མཛད་པས་ན་བཟོད་པ་ཆེན་པོ་འཆང་བའོ། །མི་གཡོ་བའི་ངོ་བོ་ཉིད་ཡིན་པས་ན་བརྟན་པའོ། །བརྩོན་འགྲུས་ཆེན་པོ་གང་ཡོད་པ་དེ་ནི་བརྩོན་འགྲུས་ཆེན་པོ་སྟེ། ལྷ་མོ་རྡོ་རྗེ་གར་གྱི་གཟུགས་ཅན་ནོ། །དེ་ནི་མཆོག་ཏུ་བརྟུལ་བ་དང་ལྡན་པས་ན། བརྩོན་འགྲུས་ཆེན་པོ་བརྟུལ་བ་ ཡིན། །ཞེས་བྱ་སྟེ། སངས་རྒྱས་མཆོད་ལ་སྐྱོན་མེད་པས། །གར་མ་བརྩོན་འགྲུས་ཕ་རོལ་ཕྱིན། །ཞེས་གསུངས་པའི་ཕྱིར་ཏེ། ཇི་ལྟར་དེ་བཞིན་གཤེགས་པས་གསུངས་པ་དེ་ལྟར་སྦྱར་བ་ཡིན་གྱི་རང་དགར་བྱས་པས་བརྟགས་པ་ནི་མ་ཡིན་ནོ། །བསམ་གཏན་ཆེན་པོ་གང་ལ་ཡོད་པ་དེ་ནི་བསམ་ གཏན་ཆེན་པོ་སྟེ་དེ་རྣམས་དང་ལྷན་ཅིག་བསམ་གཏན་ཆེན་པོའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པས་ན། བསམ་གཏན་ཆེན་པོའི་ཏིང་འཛིན་གནས། །ཞེས་བྱ་སྟེ། སངས་རྒྱས་ཉིད་འབྲས་རྒྱུ་ཡིན་པས། །མེ་ཏོག་བསམ་གཏན་ཕ་རོལ་ཕྱིན། །ཞེས་གསུངས་པའི་ཕྱིར་རོ། །རྡོ་རྗེ་མེ་ ཏོག་མའི་བདག་པོ་ཉིད་དུ་བསྟན་ཏོ། །ཤེས་རབ་ཆེན་པོ་གང་ལ་ཡོད་པ་དེ་ནི་ཤེས་རབ་ཆེན་པོ་སྟེ། ལྷ་མོ་རྡོ་རྗེ་བདུག་པ་མའི་ངོ་བོའོ། །དེའི་ལུས་ནི་ཆོས་འབྱུང་བའི་ཚུལ་ཅན་ཏེ། དེའི་དགའ་བ་བསྒྲུབ་པར་འགྱུར་བའི་ཚུལ་གྱིས་འཛིན་པར་མཛད་པས་ན། ཤེས་རབ་ཆེན་པོ་ལུས་ 63-1-171b འཆང་བ་སྟེ། ཐར་པར་འཇུག་པའི་དགའ་བསྒྲུབ་པས། །བདུག་མ་ཤེས་རབ་ཕ་རོལ་ཕྱིན། །ཞེས་གསུངས་པས་སོ། །མི་ཤེས་མུན་ནག་འཇིག་བྱེད་པས། །རྡོ་རྗེ་མར་མེ་ཐབས་ཆེན་པོ། །ཞེས་གསུངས་པའི་ཕྱིར་རོ། །སྣང་བ་ཐམས་ཅད་ཀྱི་བདག་པོར་གྱུར་པས་ན་རྗེ་བཙུན་འཇམ་པའི་དབྱངས་ ནི་ཐབས་ཆེ་བ་ཞེས་བྱའོ། །ཉོན་མོངས་དྲི་ང་འཇིག་པས་ན། །སྨོན་ལམ་རྡོ་རྗེ་བྱུག་པ་མ། །ཞེས་གསུངས་པའི་ཕྱིར་ཉོན་མོངས་པའི་དྲི་བ་ཐམས་ཅད་སེལ་བར་བྱེད་པ་སྨོན་ལམ་གྱི་ངོ་བོ་རྡོ་རྗེ་བྱུག་པ་མོ་དང་ལྡན་པས་ན་སྨོན་ལམ་མོ། །གཟུངས་ཀྱི་དཀྱིལ་འཁོར་དུ་གྲགས་པའི། །སྒོ་རྣམས་སྲུང་བར་ བྱེད་པ་བཞི། །སོ་སོ་ཡང་དག་རིག་ངོ་བོ། །དེ་རྣམས་སྟོབས་ཆེན་ཕ་རོལ་གནོན། །དེ་དང་ཡན་ལག་ཀུན་སྦྱོར་བ། །བདེ་བ་ཆེན་པོའི་སྟོབས་དང་ལྔ། །བདུད་དགྲའི་སྟོབས་ནི་རབ་འཇོམས་པས། །ཡིད་འོང་དཔལ་ནི་སྟོབས་ཆེན་ནོ། །གཟུགས་དང་སྒྲ་དང་དྲི་ཆེན་པོ། །རོ་དང་རེག་བྱའི་ཁམས་རྣམས་ཏེ། ། མཆོད་པའི་ལྷ་མོ་རྫུ་འཕྲུལ་ཆེ། །དེ་རྣམས་ཡེ་ཤེས་ཆེའི་རང་བཞིན། །ཞེས་གསུངས་པའི་ཕྱིར་རོ། །དེ་རྣམས་དང་གཅིག་ཏུ་འདྲེས་པར་གྱུར་པ་བསྟེན་པར་མཛད་པས་ན་ཡེ་ཤེས་ཆེན་པོའི་རྒྱ་མཚོའོ། །བྱམས་པ་ཆེན་པོའི་རང་བཞིན་ནི་སྤྱན་གྱི་སྦྱོར་བས་སེམས་ཅན་དཔག་ཏུ་མེད་པའི་གནོད་པ་ཞི་ བར་མཛད་པའི་ཕྱིར་ཏེ། ཞི་བའི་ལས་མཆོག་སྒྲུབ་བྱེད་པས། །སངས་རྒྱས་སྤྱན་ནི་བྱམས་ཆེན་པོ། །ཞེས་གསུངས་སོ། །སྙིང་རྗེ་ཆེན་པོ་ནི་མཱ་མ་ཀཱི་སྟེ། སྡུག་བསྔལ་རྣམས་ལས་སྒྲོལ་བས་ན། །མཱ་མ་ཀཱི་ནི་སྙིང་རྗེ་ཆེ། །ཞེས་གསུངས་པའི་ཕྱིར་རོ། །དེ་དང་ལྷན་ཅིག་སྙོམས་པར་ཞུགས་པའི་ སྦྱོར་བ་ནི་བློ་ཡི་མཆོག་ཡིན་ཏེ། དེ་བས་ན། སྙིང་རྗེ་ཆེན་པོ་བློ་ཡི་མཆོག །ཅེས་བྱ་སྟེ། རྗེ་བཙུན་འཇམ་པའི་དབྱངས་སོ། །རྡོ་རྗེ་པདྨར་རབ་སྦྱོར་བས། །གོས་དཀར་མོ་ནི་དགའ་བར་གྲགས། །ཤེས་རབ་ཆེན་པོ་རབ་སྦྱོར་བས། །འཇིག་རྟེན་ན་ནི་རབ་དགའ་སྐྱེས། །ཤེས་རབ་ཆེན་པོ་བློ་ཆེ་བ། །དེ་དང་ལྡན་ པས་འཇམ་པའི་དབྱངས། །བཏང་སྙོམས་ཆེ་དང་ཐབས་ཆེ་བ། །ལྷ་མོ་སྒྲོལ་མར་རབ་ཏུ་བརྗོད། །མཁས་པ་ཆེན་པོ་ཐབས་ཆེ་བ། །དེ་ལྡན་འཇམ་དབྱངས་ཤེས་པར་བྱ། །ཞེས་འབྱུང་སྟེ། འདི་ནི་དཀྱིལ་འཁོར་ཐམས་ཅད་དུ་མཆོད་པའི་བདག་པོར་གྱུར་པ་ཉིད་མ་ཚང་བ་མེད་པར་སྟོན་པར་ 63-1-172a ཤེས་པར་བྱ་སྟེ། རྣལ་འབྱོར་གྱི་རྒྱུད་ཤེས་པ་རྣམས་ཀྱི་ཆོས་ཀྱི་རྗེས་སུ་འབྲངས་པས་ངེས་པར་དཔྱད་པར་བྱའོ། །རྣམ་གྲངས་གཞན་ཡང་སྦྱིན་པ་ཐམས་ཅད་སྩོལ་བའི་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་ཆེན་པོ་རྡོ་རྗེ་རིགས་ཀྱི་བདག་པོར་གྱུར་པས་ན། སྦྱིན་བདག་ཆེན་པོ་གཙོ་ བོ་ཞེས་བྱའོ། །དབུལ་ཞིང་ཉོན་མོངས་པའི་གདུང་བ་ཐམས་ཅད་སེལ་ཞིང་བསིལ་བའི་ངང་ཚུལ་ཅན་རིན་པོ་ཆེའི་རིགས་བདག་པོ་རིན་ཆེན་འབྱུང་ལྡན་གྱི་སྐུ་འཛིན་པས་ན། ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག་གོ། །ཆོས་ལ་ངེས་པར་སེམས་པའི་བཟོད་པའི་ངོ་བོ་པདྨའི་རིགས་ཀྱི་བདག་ པོ་འོད་དཔག་མེད་ཀྱི་སྐུ་འཛིན་པས་ན། བཟོད་ཆེན་འཆང་བ་བརྟན་པ་པོའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་སྣ་ཚོགས་པའི་རིགས་ཀྱི་བདག་པོ་བྱ་བ་གྲུབ་པ་དོན་ཡོད་གྲུབ་པའི་སྐུའི་ངོ་བོར་གྱུར་པས་ན། བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན། །ཞེས་བྱའོ། །ཆོས་ཀྱི་དཀྱིལ་ འཁོར་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་ལྷའི་བདག་ཉིད་དུ་གྱུར་པས་ན། བསམ་གཏན་ཆེན་པོའི་ཏིང་འཛིན་གནས་སོ། །གཟུངས་ཀྱི་དཀྱིལ་འཁོར་ན་གནས་པའི་གཟུངས་ཀྱི་ལྷ་མོ་ཐམས་ཅད་ཀྱི་ཤེས་རབ་ཀྱི་སྐུ་འཛིན་པར་མཛད་པས་ན། ཤེས་རབ་ཆེན་པོའི་ལུས་འཆང་བའོ། ། སྟོབས་པོ་ཆེ་དང་། རྡོ་རྗེ་ཧཱུཾ་མཛད་དང་། རྡོ་རྗེ་མེ་ལྟར་འབར་བ་དང་། ཧེ་རུ་ཀ་དང་། རྟ་མཆོག་ལ་སོགས་པའི་སྐུའི་ཚུལ་གྱིས་བདུད་དང་། གདུག་པ་ཐམས་ཅད་ཀྱི་སྟོབས་རབ་ཏུ་འཇོམས་པར་མཛད་པས་ན་སྟོབས་པོ་ཆེའོ། །བསྡུ་བའི་དངོས་པོ་བཞིའི་རང་བཞིན་རྡོ་རྗེ་ལྕགས་ཀྱུ་དང་། ཞགས་ པ་དང་། ལྕགས་སྒྲོག་དང་། འབེབས་པ་ལ་སོགས་པའི་གཟུགས་ཀྱིས་འགྲོ་བ་མ་ལུས་པའི་དོན་མཛད་པས་ན་ཐབས་ཆེ་བའོ། །སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་ནུས་པ་ཕུལ་དུ་བྱུང་བའི་སྟོབས་ཀྱིས་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་ཀྱི་ལྷ་ རྣམས་བསྡུས་པར་གྱུར་པས་རྒྱ་མཚོ་ཆེན་པོ་དང་འདྲ་བའི་དཀྱིལ་འཁོར་ཆེན་པོ་བཀོད་པ་རྣམས་ཀྱི་བདག་པོར་གྱུར་པས་ན། སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །ཞེས་གསུངས་སོ། །དེ་ལྟར་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོར་གྱུར་ཀྱང་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ 63-1-172b ལྟར་གཅེས་པར་འཛིན་ཞིང་ཐམས་ཅད་དུ་སྙོམས་པའི་ཐུགས་ཀྱིས་སེམས་ཅན་རྣམས་ཀྱི་དོན་མཛད་པས་ན། བྱམས་ཆེན་རང་བཞིན་དཔག་ཏུ་མེད། །ཅེས་བྱའོ། །ངན་འགྲོ་ཐམས་ཅད་ལས་གདོན་པའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་བདག་ཉིད་དུ་གྱུར་པས་ན། སྙིང་རྗེ་ཆེན་པོ་བློ་ཡི་མཆོག་གོ། ། ཐམས་ཅད་དུ་ཤེས་རབ་ཕུལ་དུ་བྱུང་བའི་སྟོབས་ཀྱིས་འགྲོ་བའི་དོན་མ་ཚང་བ་མེད་པར་མཛད་པས་ན། ཤེས་རབ་ཆེན་པོ་བློ་ཆེན་ལྡན་ནོ། །སེམས་ཅན་མོས་པའི་བྱེ་བྲག་སྣ་ཚོགས་དང་ལྡན་པའི་གདུལ་བྱ་རྣམས་ཤིན་ཏུ་གདུལ་བའི་ཕྱིར་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་གྱི་རྒྱུད་ཀྱི་ཐབས་ཀྱི་དབྱེ་བས་སེམས་ ཅན་རྣམས་ཀྱི་དོན་མཛད་པས་ན། མཁས་པ་ཆེན་པོ་ཐབས་ཆེ་བ། །ཞེས་བྱ་སྟེ། མཁས་པ་ཆེན་པོ་ནི་རྗེ་བཙུན་འཇམ་པའི་དབྱངས་སོ། །ད་ནི་རྫུ་འཕྲུལ་དང་ཆོ་འཕྲུལ་གྱིས་འདུལ་བའི་སེམས་ཅན་སྡུད་པའི་རང་གི་ངོ་བོ་བསྟན་པའི་ཕྱིར། རྫུ་འཕྲུལ་ཆེན་པོའི་སྟོབས་དང་ལྡན། །ཤུགས་ཆེན་མགྱོགས་ པ་ཆེན་པོ་སྟེ། །རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ། །སྟོབས་ཆེན་ཕ་རོལ་གནོན་པ་པོ། །ཞེས་བྱ་བ་གསུངས་ཏེ། དེ་ལ་རྫུ་འཕྲུལ་ཆེན་པོ་ནི་འབྱོར་པ་ལ་བྱའོ། །དེ་ཡང་རྣམ་པ་གསུམ་སྟེ། ལུས་ཀྱི་རྫུ་འཕྲུལ་ནི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ན་གནས་པའི་སེམས་ཅན་རྣམས་ཀྱི་ལུས་དང་རྗེས་ སུ་མཐུན་པའི་སྐུའི་མཆོག་ཅིག་ཅར་སྟོན་ཅིང་འདུལ་ལོ། །ངག་གི་རྫུ་འཕྲུལ་ནི་སེམས་ཅན་ཐམས་ཅད་ཀྱི་སྐད་དང་བརྡ་ཆོས་སྟོན་པར་མཛད་པའོ། །ཡིད་ཀྱི་རྫུ་འཕྲུལ་ནི་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པའི་རྗེས་སུ་ཞུགས་ནས་ཡང་དག་པར་བསྐུལ་ཞིང་སྣང་བར་བྱས་ཏེ། སངས་རྒྱས་ཀྱི་བྱང་ཆུབ་ལ་རབ་ ཏུ་འཇོག་པར་མཛད་པའོ། །རྫུ་འཕྲུལ་གྱི་སྟོབས་ནི་རྫུ་འཕྲུལ་སྟོབས་ཏེ། བདུད་དང་མུ་སྟེགས་ལ་སོགས་པས་བསྐྱོད་པར་མི་ནུས་ཤིང་ཐོགས་པ་མེད་པའི་ནུས་པ་དང་ལྡན་པ་ནི་སྟོབས་ཞེས་བྱ་སྟེ། དེ་ལྟ་བུའི་རྫུ་འཕྲུལ་ཆེན་པོའི་སྟོབས་དང་ཉེ་བར་ལྡན་པ་གང་ཡིན་པ་དེ་ནི་རྫུ་འཕྲུལ་ཆེན་པོའི་སྟོབས་དང་ ལྡན་ཞེས་བྱའོ། །གཡོ་བ་མེད་ཀྱང་ཐམས་ཅད་དུ་བདག་ཉིད་ཀྱི་དངོས་པོ་སྟོན་པས་ན་ཤུགས་ཆེན་ནོ། །དེ་བཞིན་དུ་ཡིད་ལྟར་མགྱོགས་པའི་འགྲོ་བ་རྣམ་པས་མགྱོགས་པས་ན་མགྱོགས་པ་ཆེན་པོའོ། །གང་གི་ཕྱིར་དེ་ལྟར་ཡིན་པས་ན། རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ། །ཞེས་བྱ་བ་སྟེ། ཐམས་ 63-1-173a ཅད་ཀྱི་གཙོ་བོ་ཞེས་བྱ་བའི་དོན་ཏོ། །རྫུ་འཕྲུལ་གྱི་སྟོབས་ཆེན་པོས་གཞན་གྱི་དོན་དུ་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམ་པར་གནོན་པས། སྟོབས་ཆེན་ཕ་རོལ་གནོན་པ་པོ། །ཞེས་བྱའོ། །ད་ནི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་སྒྲའི་དོན་བསྟན་པར་བྱ་བའི་ ཕྱིར། སྲིད་པའི་རི་བོ་ཆེན་པོ་འཇོམས། །མཁྲེགས་ཤིང་རྡོ་རྗེ་ཆེན་པོ་འཆང་། །དྲག་པོ་ཆེན་པོ་དྲག་ཤུལ་ཆེ། །འཇིགས་ཆེན་འཇིགས་པར་བྱེད་པ་པོ། །ཞེས་བྱ་བ་གསུངས་ཏེ། དེ་ལ་འབྱུང་བའི་ཕྱིར་སྲིད་པ་སྟེ། ཡང་ནས་ཡང་དུ་འགྲོ་བ་ལྔར་སྐྱེ་བས་ན་སྲིད་པའོ། །དེ་ཡང་ཐོག་མ་མེད་པས་ན་ ཆེན་པོ་སྟེ། སྲིད་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་སྲིད་པ་ཆེན་པོའོ། །སྲིད་པ་ཆེན་པོ་དེ་ཉིད་ནི་རི་བོ་སྟེ། དེ་ཡང་དག་པར་འཇོམས་པས་ན། །སྲིད་པའི་རི་བོ་ཆེན་པོ་འཇོམས། །ཞེས་བྱ་ལ། དེ་བས་ན། མཁྲེགས་ཤིང་རྡོ་རྗེ་ཆེན་པོ་འཆང་། །ཞེས་བྱ་སྟེ། སྟོང་པ་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ མི་ཕྱེད་པ་ལ་གཉིས་སུ་གྱུར་པའི་བུ་ག་མེད་པས་ན་མཁྲེགས་ཤིང་ཞེས་བྱའོ། །རྡོ་རྗེ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་རྡོ་རྗེ་ཆེན་པོ་སྟེ། དངོས་པོ་ཐམས་ཅད་ལ་ཉེ་བར་དམིགས་པ་འཇིག་པར་བྱེད་པའི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ཡང་དེའི་བདག་ཉིད་ཀྱིས་འཛིན་པས་ན་རྡོ་རྗེ་ཆེན་པོ་འཆང་སྟེ། རྗེ་བཙུན་འཇམ་དཔལ་ལོ། །ཐོག་མ་མེད་པའི་བག་ཆགས་ཀྱི་རྣམ་པར་རྟོག་པ་དང་ཉེ་བར་དམིགས་པའི་ཉོན་མོངས་པའི་དགྲ་བོ་དྲག་པོའི་བག་ཆགས་རྩ་བ་ནས་འབྱིན་པས་ན་དྲག་པོ་ཆེན་པོའོ། །ཤིན་ཏུ་གདུག་པའི་སེམས་དང་ལྡན་པའི་སེམས་ཅན་རྣམས་འདུལ་བས་ན་དྲག་ཤུལ་ཆེ་བའོ། །འཇིགས་ ཆེན་འཇིགས་པར་བྱེད་པ་པོ། །ཞེས་བྱ་བ་ལ། འཇིགས་པ་ཆེན་པོ་ནི་ལྔ་སྟེ། འཚོ་བ་མེད་པའི་འཇིགས་པ་དང་། ཚིགས་སུ་བཅད་པ་མེད་པའི་འཇིགས་པ་དང་། འཆི་བའི་འཇིགས་པ་དང་། ངན་འགྲོའི་འཇིགས་པ་དང་། འཁོར་གྱིས་བག་ཚ་བའི་འཇིགས་པའོ། །བདག་ཏུ་འདུ་ཤེས་པ་ དང་བྲལ་བས་བདག་ལ་ཆགས་པར་ཡང་མི་འགྱུར་ལ། ལོངས་སྤྱོད་ཐམས་ཅད་ལ་ཆགས་པ་ལྟ་སྨོས་ཀྱང་ཅི་དགོས་པ་སྟེ། དེ་བས་ན་འདི་ལ་འཚོ་བ་མེད་པས་འཇིགས་པར་མི་འགྱུར་རོ། །འདུས་བྱས་ཅི་ཡང་རུང་སྟེ་གང་ལ་ཡང་འདོད་པར་མི་བྱེད་ཅིང་། གཞན་དུ་ན་བདག་ཉིད་ཀྱིས་འདི་རྣམས་ལ་དགོས་པའི་ཡོ་བྱད་ཐམས་ 63-1-173b ཅད་མང་དུ་སྦྱིན་པར་བྱའོ་ཞེས་སེམས་ཏེ། དེ་བས་ན་ཚིགས་སུ་བཅད་པ་མེད་པས་འཇིགས་པར་མི་འགྱུར་རོ། །བདག་ཏུ་ལྟ་བ་དང་བྲལ་བས་བདག་ཏུ་འདུ་ཤེས་པར་མི་འགྱུར་ཏེ། དེ་བས་ན་འཆི་བས་འཇིགས་པར་མི་འགྱུར་རོ། །ཤི་འཕོས་ནས་ཀྱང་ངེས་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་ཕྲད་ པར་འགྱུར་བས་ན་ངན་འགྲོས་འཇིགས་པར་མི་འགྱུར་རོ། །འཇིག་རྟེན་ཐམས་ཅད་ན་བདག་དང་བསམ་པ་མཉམ་པ་འགའ་ཡང་མེད་ན་ལྷག་པ་ལྟ་སྨོས་ཀྱང་ཅི་དགོས། དེ་བས་ན། འཁོར་གྱིས་འཇིགས་པར་མི་འགྱུར་ལ། འཇིགས་པ་ཇི་སྙེད་པ་ཐམས་ཅད་ནི་འདི་ཉིད་ཀྱི་ནང་དུ་འདུས་པ་ཡིན་པས་ན་ འཇིགས་པ་ཆེན་པོ་སྟེ། དེ་རྣམས་འཇིགས་པར་མཛད་པས་ན། འཇིགས་ཆེན་འཇིགས་པར་བྱེད་པ་པོ། །ཞེས་བྱའོ། །ཡང་ན་སྲིད་པ་ནི་ལྷ་ཆེན་པོ་སྟེ། དེ་ཡང་བདག་ཉིད་ཆེ་བ་ཉིད་ཀྱི་དངོས་པོར་སྤྲུལ་ནས་རིའི་རྒྱལ་པོ་རི་རབ་བཞིན་དུ་འཁོར་གྱི་ཚོགས་དང་བཅས་པས་ཡོངས་སུ་བསྐོར་ལ། ཤིན་ཏུ་དྲག་ ཅིང་དྲག་ཤུལ་ཆེ་བའི་འཇིགས་བྱེད་ཆེན་པོའི་གཟུགས་འཇིགས་སུ་རུང་བ་བསྟན་ནས་གཞན་དག་ཀུན་དུ་སྐྲག་པའི་བསམ་པས་གནས་པ་ལ། དེ་གདུལ་བར་བྱ་བའི་ཕྱིར་རྗེ་བཙུན་འཇམ་དཔལ་གཞོན་ནུའི་རོལ་པས་སེམས་ཅན་གདུག་པ་འདི་གདུལ་བར་མི་ནུས་སོ་སྙམ་དུ་དགོངས་ནས་རྡོ་རྗེ་འཆང་ཆེན་པོར་ གྱུར་ཏེ། སྲིད་པ་ཆེན་པོའི་རི་བོ་འཇོམས་པར་མཛད་པས་སོ། །སྲིད་ཆེན་རི་བོ་ཡང་དག་འཇོམས། །ཞེས་བྱ་སྟེ། མཚམས་སྦྱར་བ་ནི་སྔ་མ་བཞིན་ནོ། །འཁོར་གྱི་ཚོགས་ཀྱི་སྟོབས་རྣམ་པར་འཇོམས་པས་ཡང་དག་པར་འཇོམས་ཞེས་བྱའོ། །བཀུག་ནས་ངེས་པར་འགྱེལ་ཏེ། རང་གི་རང་ བཞིན་ལས་བསྒྱུར་བའི་བསད་པའི་དགོངས་པས་གནོན་པར་མཛད་པས་ན་དྲག་པོ་ཆེན་པོའོ། །དྲག་ཤུལ་ཅན་གྱི་ལས་རྣམ་པར་བཟློག་པའི་ཕྱིར་ཡི་གེ་ཧཱུྃ་གིས་གསོད་པས་ན་དྲག་ཤུལ་ཆེན་པོའོ། །འདི་ལ་འཇིགས་པ་མི་མངའ་བས་ན། འཇིགས་མེད་དེ་མགོན་པོ་འཇམ་དབྱངས་སོ། །འཇིགས་ པ་མེད་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་འཇིགས་མེད་ཆེན་པོའོ། །འཇིགས་མེད་ཆེན་པོ་ཡང་ཡིན་ལ་འཇིགས་པར་བྱེད་པ་ཡང་ཡིན་པས་ན། འཇིགས་མེད་ཆེན་པོ་འཇིགས་པར་བྱེད། །ཅེས་བྱ་སྟེ། ཤེས་རབ་དང་ཐུགས་རྗེའི་རང་བཞིན་ཅན་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་ཤེས་རབ་ཀྱིས་ནི་ 63-1-174a དངོས་པོ་མེད་པ་ཉིད་ཐུགས་སུ་ཆུད་ལ། ཐུགས་རྗེས་ནི་དྲག་པོ་ཆེན་པོ་ལ་སོགས་པའི་གཟུགས་སུ་སྟོན་པར་མཛད་པ་ཡིན་པས་ན་ཐམས་ཅད་འགལ་བ་མེད་པར་ལེགས་པར་གནས་པ་ཡིན་ནོ། །བཅོམ་ལྡན་འདས་དེ་ཉིད་རིག་པ་དང་གསང་སྔགས་ལ་སོགས་པའི་རབ་ཏུ་དབྱེ་བའི་ གནས་སྐབས་ཀྱིས་བཞུགས་པར་བསྟན་པའི་ཕྱིར། མགོན་པོ་རིག་མཆོག་ཆེན་པོ་སྟེ། །བླ་མ་གསང་སྔགས་ཆེ་བའི་མཆོག །ཅེས་བྱ་བ་གསུངས་ཏེ། དེ་ལ་རིག་པ་ནི་ལྷ་མོར་བྱིན་གྱིས་བརླབས་པའི་སྔགས་སོ། །ལྷ་ཕོར་བྱིན་གྱིས་རློབ་པའི་སྔགས་ལ་ནི་གསང་སྔགས་སོ། །ལ་ལ་ནི་རིག་པ་ཆེན་མོ་ ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྟེ། དེ་ཡང་ཀུན་རྫོབ་དང་དོན་དམ་པའི་དབྱེ་བས་རྣམ་པ་གཉིས་སུ་གསུངས་ན་ཀུན་རྫོབ་ཏུ་ནི་གཟུགས་དང་ལྡན་པ་སྟེ། དེ་ཡང་སྔགས་ཀྱི་གཟུགས་ཀྱི་ངོ་བོ་ཉིད་དང་ལྡན་པའི་ཕྱིར་མགོན་པོ་མཆོག་སྟེ། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྒྱུར་གྱུར་པའོ། །དོན་དམ་པའི་ངོ་བོ་ ཉིད་ཀྱིས་ཀྱང་གཅིག་ཏུ་འདྲེས་པར་གྱུར་པས་གཉིས་སུ་མེད་པའི་ངོ་བོ་ནི་རིག་མཆོག་ཆེན་པོ་སྟེ། དེ་ཉིད་སྤྲོས་པ་མ་ལུས་པའི་རྒྱུར་གྱུར་པས་ན་མགོན་པོའོ། །མན་ནི་ཡེ་ཤེས། ཏྲ་ནི་སྐྱོབ་པ་སྟེ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་ནི་གསང་སྔགས་ཆེན་པོའོ། །དེ་ལས་བྱུང་བ་བྷྲཱུཾ་ལ་སོགས་པའི་ ཡི་གེའི་བདག་ཉིད་ཅན་ཡང་གསང་སྔགས་ཆེན་པོ་སྟེ། གསང་སྔགས་ཆེན་པོ་ཉིད་ཀྱིས་ན་བླ་མའི་མཆོག་གོ། །ཡང་ན་གསང་སྔགས་ཆེན་པོའི་ཚུལ་གྱིས་སྔགས་ཐམས་ཅད་ལ་རབ་ཏུ་འཇུག་པར་བྱེད་པའི་སྟོན་པ་པོ་ཡིན་པས་ན། བླ་མ་གསང་སྔགས་ཆེ་བའི་མཆོག་གོ། །ཐེག་པ་ཆེན་པོའི་ཚུལ་ནི་གསང་ སྔགས་ཀྱི་ཚུལ་དང་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལོ། །དེ་ལ་གནས་པ་ནི་གདུལ་བྱ་རྣམས་ལ་དེ་ལྟར་རབ་ཏུ་སྣང་བའི་ཕྱིར་རོ། །དོན་དམ་པར་ནི་གང་གི་ཆོས་ཀྱི་དབྱིངས་ལ་མ་གཏོགས་པའི་ཆོས་ནི་གང་ཡང་མེད་པ་དེ་ཉིད་ཀྱི་ངོ་བོ་ཉིད་དེ་ཚུལ་འདི་ནི། ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །ཅེས་བྱ་བ་གསུངས་པ་ཡིན་ནོ། །སངས་ རྒྱས་རྣམ་པར་སྣང་མཛད་ཆེ། །ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པ་ནི་སངས་རྒྱས་རྣམ་པར་སྣང་མཛད་ཆེན་པོ་སྟེ། དེ་ཁོ་ན་ཉིད་དུ་དབྱེར་མེད་པ་ལ་གདུལ་བྱ་རྣམས་ལ་སྣང་བའི་བདག་ཉིད་ཀྱིས་འདི་ནི་དེ་བཞིན་གཤེགས་པའོ། །འདི་ 63-1-174b ནི་བྱང་ཆུབ་སེམས་དཔའོ་ཞེས་རྣམ་པར་གཞག་པ་ཡིན་ནོ། །ཐུབ་པ་ཆེན་པོ་ནི་སྐུ་དང་གསུང་དང་ཐུགས་དང་འབྲེལ་བའི་མི་དགེ་བའི་ལས་ཀྱི་ལམ་བཅུ་མི་མཛད་པའི་ཕྱིར་ཏེ། དེ་ཉིད་ཀྱིས་ནི་ཐུབ་ཆེན་ལྡན་ནོ། །གསང་སྔགས་ཚུལ་ཆེན་ཞེས་བྱ་བ་ནི། འདིར་སྟོང་པ་ཉིད་བསྒོམ་པའི་སྔོན་དུ་འགྲོ་བའི་ཟླ་བའི་ དཀྱིལ་འཁོར་གྱི་སྟེང་དུ་རང་གི་ས་བོན་གྱི་ཡི་གེ་ཡོངས་སུ་གྱུར་པ་ལས་རང་གི་ལྷའི་གཟུགས་སུ་བྱུང་བ་སྟེ། དེ་བས་ན། གསང་སྔགས་ཚུལ་ཆེན་ལས་བྱུང་བ། །ཞེས་བྱ་བ་གསུངས་སོ། །གལ་ཏེ་གསང་སྔགས་ལས་སྐྱེས་པ་ཡིན་ན་ནི་དེའི་ཚེ་གསང་སྔགས་ཀྱི་བདག་ཉིད་དུ་མི་འགྱུར་ཏེ། རྒྱུ་དང་འབྲས་བུ་ཐ་དད་ པའི་ཕྱིར་རོ། །ཡང་ན་རྒྱུ་ཉིད་འབྲས་བུར་གྱུར་ན་ནི་དེ་ལྟ་ན་ཡང་ཡོངས་སུ་གྱུར་པའི་ཕྱོགས་སུ་འགྱུར་བས་དེ་དག་གཉིས་ཀ་ཡང་རིགས་པ་མ་ཡིན་ནོ་ཞེ་ན། གང་གི་ཕྱིར་གཉིས་སུ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་བཅོམ་ལྡན་འདས་དེ་ལ་ལར་ནི་གསང་སྔགས་ལས་བྱུང་བའི་ཚུལ་དུ་རབ་ཏུ་སྣང་ལ། ལ་ལར་ནི་གསང་ སྔགས་ཀྱི་ཚུལ་གྱིས་སོ། །གཞན་དག་ཏུ་ནི་གཉིས་སུ་མེད་པའི་ཚུལ་གྱིས་བཞུགས་ཏེ། དེ་ཁོ་ན་ཉིད་དུ་རྒྱུ་དང་འབྲས་བུ་དང་ཡོངས་སུ་གྱུར་པ་ལ་སོགས་པས་བཞུགས་པ་ནི་མ་ཡིན་ནོ། །དེ་བས་ན། གསང་སྔགས་ཚུལ་ཆེན་ལས་བྱུང་བ། །གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། །ཞེས་བྱ་བ་ལ་འགལ་བ་མེད་ དོ། །བཅོམ་ལྡན་འདས་འཇམ་པའི་དབྱངས་དེ་ཉིད་ཕ་རོལ་ཏུ་ཕྱིན་པ་བཅུ་དག་པ་ལ་སོགས་པའི་ཚུལ་གྱིས་བཞུགས་སོ་ཞེས་བསྟན་པར་བྱ་བའི་ཕྱིར། ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ལ་གནས། །ཕ་རོལ་ཕྱིན་བཅུ་དག་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ། །མགོན་པོ་ས་བཅུའི་དབང་ཕྱུག་ སྟེ། །ས་བཅུ་ལ་ནི་གནས་པ་པོ། །ཞེས་བྱ་བ་གསུངས་ཏེ། དེ་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཕ་རོལ་ཏུ་ཕྱིན་པ་བཅུ་ནི་འདི་དག་གོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་འདི་དག་ཡང་དག་པར་བརྗོད་པ་ནི་འདི་ལྟ་སྟེ། 63-1-175a སྦྱིན་པས་རློམ་སེམས་མེད་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། རྒྱུན་མི་འཆད་པར་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བར་མི་བྱེད་པ་ཡང་མ་ཡིན་ནོ། །ཚུལ་ཁྲིམས་ཀྱིས་རློམ་སེམས་མེད་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཚུལ་ཁྲིམས་དང་བསླབ་པ་དང་སྦྱངས་པའི་ཡོན་ ཏན་དང་ཡོ་བྱད་བསྙུངས་པ་ཐམས་ཅད་ལ་མི་འཇུག་པ་ཡང་མ་ཡིན་ནོ། །བཟོད་པས་རློམ་སེམས་མེད་པས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། རྟག་ཏུ་བཟོད་པ་དག་ལ་ཡང་མི་འཇུག་པ་ཡང་མ་ཡིན་ནོ། །བརྩོན་འགྲུས་ཀྱིས་རློམ་སེམས་མེད་པས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རྒྱུན་མི་འཆད་པ་དགེ་ བའི་རྩ་བ་ཐམས་ཅད་ཡང་དག་པར་མི་བསྒྲུབ་པ་ཡང་མ་ཡིན་ནོ། །བསམ་གཏན་གྱིས་རློམ་སེམས་མེད་པས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རྟག་ཏུ་ངེས་པར་སེམས་པ་ལྷུར་མི་ལེན་པ་ཡང་མ་ཡིན་ནོ། །ཤེས་རབ་ཀྱིས་རློམ་སེམས་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རྟག་ཏུ་ཐོས་པ་ཚོལ་བ་ལ་ མངོན་པར་མི་བརྩོན་པ་ཡང་མ་ཡིན་ནོ། །ཐབས་ཀྱིས་རློམ་སེམས་མེད་པས་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། མུ་སྟེགས་ཅན་གྱི་གནས་ཐམས་ཅད་དང་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་བྱ་བའི་རྩོམ་པ་རྣམས་ནི་མི་སྣང་བ་ཡང་མ་ཡིན་ནོ། །སྨོན་ལམ་གྱིས་རློམ་སེམས་མེད་པས་སྨོན་ལམ་གྱི་ཕ་རོལ་ཏུ་ ཕྱིན་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་དང་བདག་གི་དགེ་བའི་རྩ་བ་སྣ་ཚོགས་ཀྱི་སྒོ་ནས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པ་རྫོགས་པའི་བྱང་ཆུབ་ཏུ་མི་བསྔོ་བ་ཡང་མ་ཡིན་ནོ། །སྟོབས་ཀྱིས་རློམ་སེམས་མེད་པས་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། སྲེད་ མེད་ཀྱི་བུ་དང་། ལག་ན་རྡོ་རྗེའི་གཟུགས་རྣམས་ཀྱིས་ང་རྒྱལ་དང་རྒྱགས་པ་དང་དྲེགས་པས་ཁེངས་པའི་སེམས་རྣམས་མི་གདུལ་བ་ཡང་མ་ཡིན་ནོ། །ཡེ་ཤེས་ཀྱིས་རློམ་སེམས་མེད་པས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བཟོའི་གནས་དང་། སྦྱོར་བའི་གནས་དང་། ལས་ཀྱི་གནས་ཐམས་ཅད་ལ་ མི་འཇུག་པ་ཡང་མ་ཡིན་ཏེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རབ་ཏུ་ལྡན་པའི་ཆོས་ཡང་དག་པར་བརྗོད་པའོ། །གཞན་ཡང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ནི་ལག་ན་རིན་པོ་ཆེ་དང་ནམ་མཁའི་མཛོད་འཐོབ་བོ། །ཚུལ་ 63-1-175b ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་ངན་སོང་ཐམས་ཅད་ལས་ཤིན་ཏུ་འདའ་བ་དང་། འཆི་འཕོ་དང་སྐྱེ་བ་ལ་དབང་བ་དང་། ཅང་ཤེས་པའི་སེམས་འཐོབ་བོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པས་ནི་དེ་བཞིན་གཤེགས་པའི་སྐུ་མཚན་དང་དཔེ་བྱད་བཟང་པོས་ལེགས་པར་བརྒྱན་པ་བལྟ་བས་མི་ངོམས་པ་ཐོབ་ བོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་མངོན་པར་ཤེས་པ་མྱུར་བ་དང་། ཆོས་ཐམས་ཅད་ལ་དབང་བྱེད་པ་འཐོབ་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ནི་ལུས་དང་སེམས་ཡིད་དུ་འོང་བ་དང་། གཟུངས་དང་སྤོབས་པ་ཐ་དད་པ་དང་ཉོན་མོངས་པའི་སྒྲིབ་པ་སྤོང་བ་འཐོབ་བོ། །ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་འཐོབ་བོ། །ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་བྱ་སླ་བ་དང་། ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་ཁ་ན་མ་ཐོ་བ་མེད་པ་འཐོབ་བོ། །སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པས་ནི་སྐྱེ་བ་ཐམས་ཅད་དུ་སྐྱེ་བ་དྲན་པ་དང་ཇི་ལྟར་འདོད་པ་བཞིན་དུ་ དགའ་བར་འགྱུར་བ་འཐོབ་བོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་ཉོན་མོངས་པ་ཐམས་ཅད་དང་བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་བརྫི་བ་དང་། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ་འཐོབ་བོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་ཕུང་པོ་དང་། འཆི་བདག་དང་། ཉོན་མོངས་པ་དང་། ལྷའི་ བུའི་བདུད་ལས་ཡང་དག་པར་འདའ་བ་ཐོབ་བོ། །གཞན་ཡང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ནི་སྦྱིན་པའི་བསྔགས་པ་སྨྲ་བ་ཡང་ཡིན་ལ། སྦྱིན་པས་ངག་གོ་སྙམ་དུ་ཡང་མི་སེམས་སོ། །དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་ དང་། སྨོན་ལམ་དང་། སྟོབས་དང་། ཡེ་ཤེས་ཀྱི་བསྔགས་པ་ཡང་སྨྲ་ལ་ཡེ་ཤེས་ཀྱི་ངག་གོ་སྙམ་དུ་ཡང་མི་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་དག་ཐམས་ཅད་ནི་ཡང་དག་པར་བསྒྲུབས་ནས་སྤང་བར་བྱའོ། །འདི་དག་ཐམས་ཅད་ནི་ཡོངས་སུ་བརྟགས་པ་ལས་འབྱུང་བའོ། །དེ་བས་ན་གང་ཡོངས་ སུ་རྟོགས་པ་དང་། ཡོངས་སུ་རྟོགས་པ་ལས་བྱུང་བའི་ཆོས་དེ་དག་ནི་སྤང་བར་བྱའོ། །དེ་བས་ན་བྱང་ཆུབ་སེམས་དཔའ་ནི་ཡོངས་སུ་རྟོགས་པ་དང་། ཡོངས་སུ་རྟོགས་པ་ལས་བྱུང་བའི་ཆོས་རྣམས་ཀྱི་ངག་གོ་སྙམ་དུ་སེམས་ཏེ། གཞན་དུ་རྣམ་པར་མི་རྟོག་པའི་སྤྲོས་པ་མེད་པའི་ཡུལ་གྱི་ཡེ་ 63-1-176a ཤེས་ཐོབ་ནས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལྟ་བུའི་ཕ་རོལ་ཏུ་ཕྱིན་པ་དག་པ་ནི་ཆོས་ཡང་དག་པར་སྡུད་པའི་མདོ་ལས་རྒྱ་ཆེར་ཤེས་པར་བྱའོ། །རང་ཉིད་ཕ་རོལ་ཏུ་ཕྱིན་པ་བཅུ་ཐོབ་ཅིང་གཞན་དག་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་གནས་པར་མཛད་པས་ན། ཕ་རོལ་ཕྱིན་ བཅུ་ཐོབ་པ་སྟེ། ཁྱད་པར་དུ་ཐོབ་ཅིང་བརྙེས་པ་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་ཐོབ་པ་སྟེ། ཐོབ་པ་ཕ་རོལ་ཏུ་ཕྱིན་པ་ཞེས་ཚིག་གི་ཕྲད་སྔོན་དུ་མི་འབྱུང་བ་ནི་མི་རྟག་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་གནས་ནས་གཞན་དག་ཕ་རོལ་ཏུ་ཕྱིན་པ་བཅུ་རྫོགས་པར་མཛད་པས་ན། ཕ་རོལ་ཕྱིན་པ་བཅུ་ལ་གནས། ། ཞེས་བྱའོ། །ཕ་རོལ་ཕྱིན་བཅུའི་དག་པ་ནི་ཇི་སྐད་དུ་གསུངས་པའི་རྣམ་པར་དག་པའི་ངོ་བོ་ཉིད་དུ་གྱུར་པས་སོ། །ཀུན་རྫོབ་དང་དོན་དམ་པའི་ཚུལ་གཉི་གས་འདྲེན་ཅིང་སྟོན་པ་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་བཅུའི་ཚུལ་ལོ། །ཡང་ན་ཕ་རོལ་ཏུ་ཕྱིན་པ་བཅུའི་ཚུལ་གྱི་གཞུང་ལུགས་གང་ལ་མངའ་བ་ནི་ཕ་ རོལ་ཕྱིན་པ་བཅུའི་ཚུལ་ལོ། །མགོན་པོ་ས་བཅུའི་དབང་ཕྱུག་སྟེ། །ས་བཅུ་ལ་ནི་གནས་པ་པོ། །ཞེས་བྱ་བ་ལ། དེ་ཡང་ས་དང་པོ་ནི་དོན་ཆེ་བ་འདྲིས་པ་མ་ཡིན་པ་འཇིག་རྟེན་ལས་འདས་པའི་སེམས་ཐོབ་པས་དགའ་བ་དང་མཆོག་ཏུ་དགའ་བ་རྒྱ་ཆེ་བའི་ཕྱིར་རབ་ཏུ་དགའ་བ་ཞེས་བྱའོ། །ས་གཉིས་པ་ནི་ལྟུང་བ་ ཕྲ་མོ་དང་འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་ཐམས་ཅད་བྲལ་བ་ཉིད་ཀྱི་ཕྱིར་དྲི་མ་མེད་པ་ཞེས་བྱའོ། །ས་གསུམ་པ་ནི་ཏིང་ངེ་འཛིན་དང་ཐོས་པའི་གཟུངས་ངེས་ཤེས་པའི་སྣང་བ་ཚད་མེད་པའི་གནས་ཉིད་ཡིན་པའི་ཕྱིར་འོད་བྱེད་པ་ཞེས་བྱའོ། །ས་བཞི་པ་ནི་ཉོན་མོངས་པའི་བུད་ཤིང་བསྲེག་པའི་ཕྱིར་བྱང་ཆུབ་ ཀྱི་ཕྱོགས་དང་མཐུན་པའི་ཆོས་བསྒོམ་པ་དེ་ཡེ་ཤེས་ཀྱི་མེའི་འོད་འཕྲོ་བར་གྱུར་པའི་ཕྱིར་འོད་འཕྲོ་བ་ཅན་ཞེས་བྱའོ། །ས་ལྔ་པ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སོ། །ཆོས་དེ་དག་ཉིད་ཐབས་ཀྱི་སྒོམ་པ་དེ་ལ་དབང་བྱ་བར་དཀའ་བ་ཉིད་ཀྱི་ཕྱིར་ཤིན་ཏུ་སྦྱང་དཀའ་བ་ཞེས་བྱའོ། །ས་དྲུག་པ་ནི་འདུ་ བྱེད་ཀྱི་འཇུག་པ་མངོན་སུམ་དུ་གྱུར་པ་ཉིད་དང་། མཚན་མ་མེད་པ་ལ་ལན་མང་དུ་ཡིད་ལ་བྱེད་པ་མངོན་སུམ་དུ་གྱུར་པའི་ཕྱིར་མངོན་དུ་གྱུར་པ་ཞེས་བྱའོ། །ས་བདུན་པ་ནི་མཚན་མ་མེད་པ་ཡིད་ལ་བྱེད་པ་བར་ཆད་མེད་ཅིང་རྒྱུན་མི་འཆད་པར་རིང་དུ་རྗེས་སུ་ཞུགས་པ་དང་། རྣམ་པར་དག་པའི་ས་དང་ 63-1-176b རྗེས་སུ་འབྲེལ་པ་ཉིད་ཀྱི་ཕྱིར་རིང་དུ་སོང་བ་ཞེས་བྱའོ། །ས་བརྒྱད་པ་ནི་མཚན་མ་མེད་པ་ལ་ལྷུན་གྱིས་གྲུབ་པ་ཉིད་དང་། མཚན་མའི་ཉོན་མོངས་པ་ཀུན་དུ་འབྱུང་བས་མི་བསྐྱོད་པ་ཉིད་ཀྱི་ཕྱིར་མི་གཡོ་བ་ཞེས་བྱའོ། །ས་དགུ་པ་ནི་རྣམ་པ་ཐམས་ཅད་དུ་ཆོས་སྟོན་པའི་དབང་ལ་ཁ་ན་མ་ཐོ་བ་མེད་པའི་ བློ་གྲོས་ཤིན་ཏུ་ཡངས་པ་ཐོབ་པ་ཉིད་ཀྱི་ཕྱིར་ལེགས་པའི་བློ་གྲོས་ཞེས་བྱའོ། །ས་བཅུ་པ་ནི་གནས་ངན་ལེན་གྱི་ལུས་ནམ་མཁའ་ལྟ་བུ་ལ་ཆོས་ཀྱི་སྐུ་སྤྲིན་ཆེན་པོ་ལྟ་བུས་ཁྱབ་ཅིང་ཁེབས་པའི་ཕྱིར་ཆོས་ཀྱི་སྤྲིན་ཞེས་བྱའོ། །ས་བཅུ་གཅིག་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་མོ་སྤངས་ པས་ཆགས་པ་མེད་ཅིང་ཐོགས་པ་མེད་པར་ཤེས་བྱའི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ཉིད་ཀྱི་ཕྱིར་སངས་རྒྱས་ཀྱི་ས་ཞེས་བྱའོ། །བཅོམ་ལྡན་འདས་དེ་དག་ལ་ཀུན་དུ་རྨོངས་པ་ནི་དུ་མཆིས། གནས་ངན་ལེན་གྱི་མི་མཐུན་པའི་ཕྱོགས་ནི་དུ་མཆིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། སྤྱན་རས་གཟིགས་དབང་ཕྱུག་ཀུན་དུ་རྨོངས་པ་ཉི་ཤུ་རྩ་གཉིས་དང་། གནས་ངན་ལེན་གྱི་མི་མཐུན་པའི་ཕྱོགས་བཅུ་གཅིག་སྟེ། ས་དང་པོ་ལ་ནི་གང་ཟག་དང་ཆོས་ལ་མངོན་པར་ཞེན་པ་ཀུན་དུ་རྨོངས་པ་དང་། ངན་སོང་བའི་ཉོན་མོངས་པས་ཀུན་དུ་རྨོངས་པ་དང་། དེའི་གནས་ངན་ལེན་གྱི་མི་ མཐུན་པའི་ཕྱོགས་སོ། །གཉིས་པ་ལ་ནི་ལྟུང་བ་ཕྲ་མོའི་འཁྲུལ་པ་ལ་ཀུན་དུ་རྨོངས་པ་དང་། ལས་ཀྱི་རྣམ་པ་སྣ་ཚོགས་ལ་ཀུན་དུ་རྨོངས་པ་དང་། དེའི་གནས་ངན་ལེན་གྱི་མི་མཐུན་པའི་ཕྱོགས་སོ། །གསུམ་པ་ལ་ནི་འདོད་པའི་འདོད་ཆགས་ཀྱི་ཀུན་དུ་རྨོངས་པ་དང་། ཐོས་པའི་གཟུངས་ཡོངས་སུ་རྫོགས་ པ་ལ་ཀུན་དུ་རྨོངས་པ་དང་། དེའི་གནས་ངན་ལེན་གྱི་མི་མཐུན་པའི་ཕྱོགས་སོ། །བཞི་པ་ལ་ནི་སྙོམས་པར་འཇུག་པ་ལ་སྲེད་པ་ཀུན་དུ་རྨོངས་པ་དང་། ཆོས་ལ་སྲེད་པ་ཀུན་དུ་རྨོངས་པ་དང་། དེའི་གནས་ངན་ལེན་གྱི་མི་མཐུན་པའི་ཕྱོགས་སོ། །ལྔ་པ་ལ་ནི་འཁོར་བ་ལ་གཅིག་ཏུ་མི་ཕྱོགས་པ་ཉིད་ དང་། མངོན་དུ་ཕྱོགས་པ་ཉིད་ཡིད་ལ་བྱེད་པ་ཀུན་དུ་རྨོངས་པ་དང་། མྱ་ངན་ལས་འདས་པ་ལ་གཅིག་ཏུ་མི་ཕྱོགས་པ་ཉིད་དང་མངོན་དུ་ཕྱོགས་པ་ཉིད་ཡིད་ལ་བྱེད་པ་ཀུན་དུ་རྨོངས་པ་དང་། དེའི་གནས་ངན་ལེན་གྱི་མི་མཐུན་པའི་ཕྱོགས་སོ། །དྲུག་པ་ལ་ནི་འདུ་བྱེད་ཀྱི་འཇུག་པ་མངོན་དུ་བྱ་བ་ 63-1-177a ཉིད་ལ་ཀུན་དུ་རྨོངས་པ་དང་། མཚན་མ་མང་པོ་ཀུན་དུ་འབྱུང་བ་ཀུན་དུ་རྨོངས་པ་དང་། དེའི་གནས་ངན་ལེན་གྱི་མི་མཐུན་པའི་ཕྱོགས་སོ། །བདུན་པ་ལ་ནི་མཚན་མ་ཕྲ་མོ་ཀུན་དུ་འབྱུང་བ་ཀུན་དུ་རྨོངས་པ་དང་། མཚན་མ་མེད་པ་གཅིག་ཏུ་ཡིད་ལ་བྱེད་པ་ཐབས་ཀུན་དུ་ རྨོངས་པ་དང་། དེའི་གནས་ངན་ལེན་གྱི་མི་མཐུན་པའི་ཕྱོགས་སོ། །བརྒྱད་པ་ལ་ནི་མཚན་མ་མེད་པ་ལ་སྩོལ་བ་ཀུན་དུ་རྨོངས་པ་དང་། མཚན་མ་རྣམས་ལ་མི་དབང་བ་ཀུན་དུ་རྨོངས་པ་དང་། དེའི་གནས་ངན་ལེན་གྱི་མི་མཐུན་པའི་ཕྱོགས་སོ། །དགུ་པ་ནི་ཆོས་བསྟན་པ་དཔག་ཏུ་མེད་པ་དང་ ཆོས་ཀྱི་ཚིག་དང་ཡི་གེ་དཔག་ཏུ་མེད་པ་དང་། གོང་ནས་གོང་དུ་ཤེས་རབ་དང་། སྤོབས་པ་དང་གཟུངས་ཀྱི་དབང་ལ་ཀུན་དུ་རྨོངས་པ་དང་། སྤོབས་པའི་དབང་ལ་ཀུན་དུ་རྨོངས་པ་དང་། དེའི་གནས་ངན་ལེན་གྱི་མི་མཐུན་པའི་ཕྱོགས་སོ། །བཅུ་པ་ལ་མངོན་པར་ཤེས་པ་ཆེན་པོ་ལ་ཀུན་དུ་རྨོངས་པ་ དང་། གསང་བ་དང་། ཕྲ་བའི་རྗེས་སུ་འཇུག་པ་ལ་ཀུན་དུ་རྨོངས་པ་དང་། དེའི་གནས་ངན་ལེན་གྱི་མི་མཐུན་པའི་ཕྱོགས་སོ། །སངས་རྒྱས་ཀྱི་ས་ལ་ནི་ཤེས་བྱ་ཐམས་ཅད་ལ་ཆགས་པ་ཤིན་ཏུ་ཕྲ་མོ་ཀུན་དུ་རྨོངས་པ་དང་། ཐོགས་པ་མེད་པ་ཀུན་དུ་རྨོངས་པ་དང་། དེའི་གནས་ངན་ལེན་གྱི་མི་ མཐུན་པའི་ཕྱོགས་སོ། །སྤྱན་རས་གཟིགས་དབང་ཕྱུག་དེ་དག་ནི་ཀུན་དུ་རྨོངས་པ་ཉི་ཤུ་རྩ་གཉིས་དང་། གནས་ངན་ལེན་བཅུ་གཅིག་པོ་དེ་དག་གིས་རྣམ་པར་གཞག་པ་ཡིན་ནོ་ཞེས་དགོངས་པ་ངེས་པར་འགྲེལ་པ་ལས་མདོར་གསུངས་ཏེ། རྒྱ་ཆེར་ནི་ས་བཅུ་པའི་སའི་གནས་སྐབས་གཞག་ པ་ལས་ཤེས་པར་བྱ་སྟེ། ས་བཅུ་པོ་དེ་དག་ལ་གཙོ་བོར་གྱུར་པ་དང་ལྡན་པས། མགོན་པོ་ས་བཅུའི་དབང་ཕྱུག་སྟེ། །ཞེས་བྱ་བ་ལ། དེ་དག་ཉིད་དུ་བྱང་ཆུབ་སེམས་དཔའི་ཚུལ་གྱིས་བཞུགས་པས། ས་བཅུ་ལ་ནི་གནས་པ་པོ། །ཞེས་བྱའོ། །ད་ནི་ཤེས་པ་བཅུ་དང་བདེན་པ་བཅུ་དང་སྟོབས་བཅུ་ དང་། དབང་བཅུའི་ངོ་བོ་ཉིད་བསྟན་པར་བྱ་བའི་ཕྱིར། ཤེས་བཅུ་རྣམ་དག་བདག་ཉིད་ཅན། །ཤེས་བཅུ་རྣམ་དག་འཆང་བ་པོ། །རྣམ་པ་བཅུ་པོ་དོན་བཅུའི་དོན། །ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག །ཀུན་གྱི་དོན་ནི་མ་ལུས་བྱེད། །རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཞེས་བྱ་བའི་ 63-1-177b ཚིགས་སུ་བཅད་པ་བྱེད་དང་གཉིས་གསུངས་ཏེ། དེ་ལ་ཤེས་པ་བཅུ་ནི་འདི་ལྟ་སྟེ། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་ཤེས་པ་དང་། འགོག་པ་ཤེས་པ་དང་། ལམ་ཤེས་པ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་དང་། ཆོས་ཤེས་པ་དང་། རྗེས་སུ་རྟོགས་པ་ཤེས་པ་དང་། ཀུན་ རྫོབ་ཤེས་པ་དང་། འདྲིས་པ་ཤེས་པ་དང་། སྒྲ་ཇི་བཞིན་པ་ཤེས་པའོ། །དེ་ལ་སྡུག་བསྔལ་ཤེས་པ་གང་ཞེ་ན། སྡུག་བསྔལ་མི་སྐྱེ་བར་ཤེས་པའོ། །དེ་ལ་ཀུན་འབྱུང་ཤེས་པ་གང་ཞེ་ན། ཀུན་འབྱུང་སྤང་བར་ཤེས་པའོ། །དེ་ལ་འགོག་པ་ཤེས་པ་གང་ཞེ་ན། སྡུག་བསྔལ་འགོག་པར་ཤེས་ པའོ། །དེ་ལ་ལམ་ཤེས་པ་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་ཤེས་པའོ། །དེ་ལ་ཟད་པ་ཤེས་པ་གང་ཞེ་ན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཟད་པར་ཤེས་པའོ། །དེ་ལ་མི་སྐྱེ་བ་ཤེས་པ་གང་ཞེ་ན། སྲིད་པའི་རྒྱུད་སྐྱེ་བ་མེད་པར་ཤེས་པའོ། །དེ་ལ་ཆོས་ ཤེས་པ་གང་ཞེ་ན། ཕུང་པོ་ལྔ་སྒྱུ་མར་ཡོངས་སུ་རྟོགས་ཤིང་ཤེས་པའོ། །དེ་ལ་རྗེས་སུ་རྟོགས་པ་ཤེས་པ་གང་ཞེ་ན། སྐྱེ་མཆེད་དང་། ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བ་མི་རྟག་ཅེས་བྱ་བར་ཤེས་པའོ། །དེ་ལ་ཀུན་རྫོབ་ཤེས་པ་གང་ཞེ་ན། སེམས་ཅན་གཞན་དང་གང་ཟག་གཞན་གྱི་ སེམས་སེམས་ཀྱིས་ཤེས་པའོ། །དེ་ལ་འདྲིས་པ་ཤེས་པ་གང་ཞེ་ན། གང་གིས་ལམ་ཤེས་པ་དང་ཡོངས་སུ་བྱང་བ་ཤེས་པའོ། །དེ་ལ་སྒྲ་ཇི་བཞིན་ཤེས་པ་གང་ཞེ་ན། དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཏེ། དེ་ཡང་དམིགས་པ་མེད་པའི་ཚུལ་གྱིས་སོ། ། དེ་ལྟར་ཤེས་པ་བཅུ་པོ་རྣམ་པར་དག་པའི་བདག་ཉིད་ཅན་གྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི། ཤེས་བཅུ་རྣམ་དག་བདག་ཉིད་ཅན་ནོ། །ཤེས་པ་བཅུས་རྣམ་པར་དག་པའི་སྒྲ་ཇི་བཞིན་ཤེས་པའི་དེ་བཞིན་གཤེགས་པ་འཛིན་པར་བྱེད་པས་ན། ཤེས་བཅུ་རྣམ་དག་འཆང་བའོ། །བདེན་པ་རྣམ་པ་བཅུ་ གང་ཡིན་པ་དེ་ནི་རྣམ་པ་བཅུ་པའོ། །དེ་ལ་བདེན་པ་རྣམ་པ་བཅུ་གང་ཞེ་ན། འདི་ལྟ་སྟེ། ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པ་དང་། མཚན་ཉིད་ཀྱི་བདེན་པ་དང་། རྣམ་པར་དབྱེ་བའི་བདེན་པ་དང་། ཕྱེ་སྟེ་རྟོག་པའི་བདེན་པ་དང་། དངོས་པོའི་བདེན་པ་དང་། ནུས་པའི་ 63-1-178a བདེན་པ་དང་། ཟད་པ་དང་མི་སྐྱེ་བ་ཤེས་པའི་བདེན་པ་དང་། ལམ་ལ་འཇུག་པ་ཤེས་པའི་བདེན་པ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཀུན་འབྱུང་བའི་བདེན་པ་སྟེ། འདི་དག་ནི་བདེན་པ་བཅུའོ། །དེ་ལ་ཀུན་རྫོབ་ཀྱི་བདེན་པ་ནི་ཚད་དང་དེ་དང་འབྲེལ་བར་ཡུལ་ཡོངས་སུ་ ཆད་པ་ཀུན་དུ་ཐ་སྙད་གདགས་པའི་ཕྱིར་གཞན་གྱི་རྐྱེན་གྱི་དབང་གིས་སྟོན་པ་ཆུང་བ་རྒྱ་ཆེན་པོ་མ་ཡིན་པ་སྟེ། འདི་ནི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ། །དེ་ལ་དོན་དམ་པའི་བདེན་པ་ནི་ཟབ་པ། སྟོང་པ་ཉིད་དང་རབ་ཏུ་ལྡན་པ། ཡུལ་ཡོངས་སུམ་ཆད་པ། གཞན་གྱི་རྐྱེན་གྱིས་མ་ཡིན་པ། མཉམ་ པ་དང་མི་མཉམ་པ་མེད་པ། མ་འཁྲུགས་པ། རྩོད་པ་མེད་པའི་མཚན་ཉིད་དང་། ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་མཚན་ཉིད་དེ། འདི་ནི་དོན་དམ་པའི་བདེན་པའོ། །དེ་ལ་མཚན་ཉིད་ཀྱི་བདེན་པ་ནི་གནོད་པའི་མཚན་ཉིད་ནི་སྡུག་བསྔལ་བ། རབ་ཏུ་སྐྱེ་བའི་མཚན་ཉིད་ནི་ཀུན་འབྱུང་བ། ཞི་བའི་མཚན་ ཉིད་ནི་འགོག་པ་ངེས་པར་འབྱིན་པའི་མཚན་ཉིད་ནི་ལམ་སྟེ། འདི་ནི་མཚན་ཉིད་ཀྱི་བདེན་པ་ཞེས་བྱའོ། །གཞན་ཡང་ཆོས་ཐམས་ཅད་རང་བཞིན་གྱིས་བདག་མེད་པའི་མཚན་ཉིད་དུ་ཤེས་ནས་ངེས་པར་གྱུར་པ་ལ་འཇུག་སྟེ། མཚན་ཉིད་ལས་གྱུར་པའི་ངེས་པར་གྱུར་པ་ནི་མཚན་ཉིད་ཀྱི་བདེན་པ་ཞེས་ བྱའོ། །དེ་བཞིན་དུ་ཆོས་ཐམས་ཅད་རང་བཞིན་གྱིས་ཞི་བའི་མཚན་ཉིད་དང་རང་བཞིན་གྱིས་དབེན་པའི་མཚན་ཉིད་དང་། རང་བཞིན་གྱིས་སྟོང་པའི་མཚན་ཉིད་དང་། རང་བཞིན་གྱིས་མི་སྐྱེ་མི་འགག་པའི་མཚན་ཉིད་དུ་ཤེས་ནས་ངེས་པར་འཇུག་པ་སྟེ། མཚན་ཉིད་ལས་གྱུར་པའི་ངེས་པར་གྱུར་པ་ནི་ མཚན་ཉིད་ཀྱི་བདེན་པ་ཞེས་བྱའོ། །དེ་ལ་རྣམ་པར་དབྱེ་བའི་མཚན་ཉིད་ནི་ཆོས་ཐམས་ཅད་མཚན་ཉིད་གཅིག་པ་ལས་གཞན་གྱི་དབང་གིས་རྣམ་པར་ཕྱེ་སྟེ་བསྟན་པའོ། །མཚན་ཉིད་གཅིག་ཅེས་བྱ་བ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་ནི་ཆོས་ཐམས་ཅད་མཚན་མ་མེད་པ། སྨོན་པ་མེད་པ་། མངོན་པར་ འདུ་མི་བྱེད་པ་མ་སྐྱེས་པ་མ་བྱུང་བ། མ་འགགས་པ་འདི་ནི་སྟོང་པ་ཉིད་དེའི་རྣམ་པར་དབྱེ་བ་སྟེ། རྣམ་པར་དབྱེ་བ་དེ་དག་ཐམས་ཅད་ཀྱང་སྟོང་པ་ཉིད་ཀྱི་མཚན་ཉིད་དོ། །དེ་ལྟར་སྟོང་པ་ཉིད་ལ་སླུ་བར་མི་བྱེད་པ་དེའི་ཕྱིར་རྣམ་པར་དབྱེ་བའི་བདེན་པ་ཞེས་བྱ་སྟེ། འདི་ནི་རྣམ་པར་དབྱེ་བའི་བདེན་པ་ 63-1-178b ཞེས་བྱའོ། །དེ་ལ་ཕྱེ་སྟེ་རྟོག་པའི་བདེན་པ་གང་ཞེ་ན། ཕྲལ་ནས་རྟོག་པ་ནི་ཕྱེ་སྟེ་རྟོག་པས་སོ། །ངེས་པར་སེམས་པ། རིག་པ་མཐོང་བ། ཁོང་དུ་ཆུད་པ། མངོན་པར་རྟོགས་པ་ཤེས་པ་ཞེས་བྱ་བ་ལ་མི་སླུ་བ་སྟེ། དེའི་ཕྱིར་ཕྱེ་སྟེ་རྟོག་པའི་བདེན་པ་ཞེས་བྱའོ། །དེ་ལ་དངོས་པོའི་བདེན་པ་ནི་དངོས་ པོ་ཤེས་པ་སྟེ། དངོས་པོ་དེ་དག་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དེ་དག་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། སྟོང་པ་དང་དངོས་པོ་མེད་པར་ཤེས་ཏེ། དེ་ལྟར་ཤེས་ནས་ངེས་པར་འགྱུར་བ་ལ་འཇུག་པས་དེའི་ཕྱིར་དངོས་པོའི་བདེན་པ་ཞེས་བྱའོ། །དེ་ལ་ནུས་པའི་བདེན་པ་ནི་ཡེ་ཤེས་དེ་དང་སྤོང་བ་དེ་དང་ ལམ་དེས་ཉོན་མོངས་པ་སྤོང་བར་བྱེད་པ་དང་། སྟོབས་དང་། མི་འཇིགས་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཁོང་དུ་ཆུད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཉིད་ཁོང་དུ་ཆུད་པར་ནུས་པ་སྟེ། དེའི་ཕྱིར་ནུས་པའི་བདེན་པ་ཞེས་བྱའོ། །དེ་ལ་ཟད་པ་དང་མི་སྐྱེ་བ་ཤེས་པའི་བདེན་པ་ནི་ འདུས་བྱས་ཐམས་ཅད་ཟད་པ་ཅན་དུ་སྟོན་ཏེ། ཟད་པ་དེ་ཡང་མི་ཟད་ལ། ཟད་པ་ལ་ཟད་པ་མེད་དོ། །གལ་ཏེ་ཟད་པ་ལ་ཟད་པ་ཡོད་དུ་ཟིན་ན་འགོག་པ་ཡང་ཟད་པར་འགྱུར་ཏེ། དེའི་ཕྱིར་ཟད་པ་ཟད་པར་མི་འགྱུར་རོ། །གང་ཟད་པར་མི་འགྱུར་བ་དེ་མི་སྐྱེ་སྟེ། འདི་ནི་ཟད་པ་དང་མི་སྐྱེ་བ་ཤེས་པའི་བདེན་ པ་ཞེས་བྱའོ། །དེ་ལ་ལམ་ལ་འཇུག་པ་ཤེས་པའི་བདེན་པ་གང་ཞེ་ན། ཡེ་ཤེས་ཀྱི་ལམ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་གང་གིས་ཆོས་ཐམས་ཅད་མ་སྐྱེས་མ་འགགས་པར་ཤེས་པ་དེས་འཇུག་ཅིང་འཛུད་པ་སྟེ། དེའི་ཕྱིར་ལམ་ལ་འཇུག་པ་ཤེས་པའི་བདེན་པ་ཞེས་བྱའོ། །དེ་ལ་དེ་བཞིན་ གཤེགས་པའི་ཡེ་ཤེས་ཀུན་འབྱུང་བའི་བདེན་པ་གང་ཞེ་ན། ཆོས་ཀྱི་སྤྲིན་གྱི་ས་དང་དེ་བཞིན་གཤེགས་པའི་སའི་ཆར་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀུན་འབྱུང་བའི་བདེན་པ་སྟེ། དེ་བསྟན་པའི་ལམ་གྱིས་མངོན་པར་རྟོགས་པའོ། །འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེན་པ་ བཅུའོ། །བདེན་པ་བཅུ་པོ་འདི་རྣམས་ཀྱི་ཚིག་རབ་ཏུ་སྟོན་པའི་ཚིག་གི་དོན་ནི་དོན་ཏེ། དགོངས་པ་གང་ཡིན་པ་དེ་ནི་དོན་བཅུའི་དོན་ནོ། །ཐུབ་པ་ནི་ཉན་ཐོས་དང་རང་རྒྱལ་ཏེ། དེ་རྣམས་ཀྱི་གཙོ་བོར་གྱུར་པས་ན་ཐུབ་དབང་ངོ་། །སྟོབས་བཅུ་ཁྱབ་པའི་བདག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའི་ 63-1-179a སྟོབས་བཅུ་དང་ལྡན་པས་ན་སྟོབས་བཅུ་ཁྱབ་པའི་བདག་སྟེ་གཙོ་བོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དེ་བཞིན་གཤེགས་པའི་སྟོབས་བཅུ་གང་ཞེ་ན། འདི་ལྟ་སྟེ། གནས་དང་གནས་མ་ཡིན་པ་ནི་དགེ་བའི་ལས་ཀྱི་ལམ་བཅུ་ཡོངས་སུ་རྫོགས་ནས་མཐོ་རིས་སུ་སྐྱེ་བ་ནི་གནས་སོ། ། དམྱལ་བར་སྐྱེ་བ་ནི་གནས་མ་ཡིན་ནོ། །དེ་བཞིན་དུ་མཚམས་མེད་པ་རྣམ་པ་ལྔ་བྱེད་པ་རྣམས་མནར་མེད་པར་སྐྱེ་བ་ནི་གནས་སོ། །མཐོ་རིས་སུ་སྐྱེ་བ་ནི་གནས་མ་ཡིན་ནོ་ཞེས་བྱ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་རྒྱ་ཆེར་སྦྱར་རོ། །དེ་བཞིན་དུ་འདས་པ་དང་། མ་འོངས་པ་དང་། ད་ལྟར་ བྱུང་བའི་ལས་དང་། ལས་ཡོངས་སུ་ལེན་པའི་རྣམ་པར་སྨིན་པ་གནས་ཀྱི་རྣམ་པ་དང་། རྒྱུའི་རྣམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འཇིག་རྟེན་ནི་ཁམས་སྣ་ཚོགས་ཅན་ཏེ། འཇིག་རྟེན་ནི་ཁམས་དུ་མ་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་ཏུ་རབ་ཏུ་ཤེས་སོ། །སེམས་ཅན་གཞན་ དང་གང་ཟག་གཞན་གྱི་མོས་པ་སྣ་ཚོགས་དང་། མོས་པ་དུ་མ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སེམས་ཅན་གཞན་དང་གང་ཟག་གཞན་གྱི་དབང་པོ་རབ་དང་ཐ་མ་ཤེས་པར་བྱ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཀུན་དུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ ཤེས་སོ། །དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྣམ་པར་དགོད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་རྣམ་པ་དུ་མར་སྔོན་གྱི་ གནས་རྗེས་སུ་དྲན་ཏེ། ཚེ་རབས་གཅིག་ཀྱང་རྗེས་སུ་དྲན་པ་ནས་རྣམ་པ་དང་བཅས། ས་མལ་དང་བཅས། གཏན་ཚིགས་དང་བཅས་པའི་བར་དུ་རྣམ་པ་དུ་མར་སྔོན་གྱི་གནས་རྗེས་སུ་དྲན་ནོ། །ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པས་སེམས་ཅན་འཆི་འཕོ་དང་། སྐྱེ་བ་དག་ཀྱང་ཡང་དག་པ་ཇི་ལྟ་བ་ བཞིན་དུ་རབ་ཏུ་ཤེས་སོ། །ཟག་པ་ཟད་པའི་ཕྱིར་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བ་ཟག་པ་མེད་པ་རང་གི་མངོན་པར་ཤེས་པས་མངོན་པར་བྱས་ཏེ། ཉེ་བར་བསྒྲུབས་ཤིང་རྣམ་པར་དཔྱོད་དོ། །བདག་གི་སྐྱེ་བ་ནི་ཟད་དོ། །བདག་གིས་ཚངས་པར་སྤྱོད་པ་ནི་སྤྱད་དོ། །བྱ་བ་ནི་བྱས་སོ། ། 63-1-179b རྣམ་པ་འདི་ལྟ་བུ་གཞན་ནི་མེད་དོ་ཞེས་བྱ་བར་རབ་ཏུ་ཤེས་ཏེ། འདི་དག་ནི་དེ་བཞིན་གཤེགས་པའི་སྟོབས་བཅུའོ། །དགུ་པ་ལ་ནི་བྱང་ཆུབ་སེམས་དཔའི་སྟོབས་བཅུའོ་ཞེས་ཡང་བཟླས་ཏེ་མ་སྨྲས་པ་ཡིན་ནོ། །དེ་ལྟར་སྟོབས་བཅུ་དང་ལྡན་པ་ཟིལ་གྱིས་མི་ནོན་ཅིང་ཆགས་པ་དང་ཐོགས་པ་མེད་པའི་ནུས་པས་ འགྲོ་བ་མ་ལུས་ཤིང་སྣ་ཚོགས་པ་མོས་པ་ཐ་དད་པའི་དབྱེ་བས་དབྱེ་བའི་འགྲོ་བའི་དོན་ཐར་པ་ཐོབ་པའི་མཚན་ཉིད་ཅན་སྐལ་བ་ཇི་ལྟ་བ་བཞིན་དུ་མཛད་པས་ན། ཀུན་གྱི་དོན་ནི་མ་ལུས་བྱེད། །ཅེས་བྱ་སྟེ། འཇམ་པའི་དབྱངས་སོ། །རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཞེས་བྱ་བ་ལ། དབང་ཡོད་པས་ན་དབང་ལྡན་ པ་སྟེ། དེ་ཡང་རྣམ་པ་བཅུ་ཡོད་པས་ན་རྣམ་བཅུ་དབང་ལྡན་ནོ། །དབང་བཅུ་གང་ཞེ་ན། ཚེ་ལ་དབང་བ་དང་། སེམས་ལ་དབང་བ་དང་། ཡོ་བྱད་ལ་དབང་བ་དང་། ལས་ལ་དབང་བ་དང་། སྐྱེ་བ་ལ་དབང་བ་དང་། རྫུ་འཕྲུལ་ལ་དབང་བ་དང་། མོས་པ་ལ་དབང་བ་དང་། སྨོན་ལམ་ལ་དབང་བ་དང་། ཡེ་ ཤེས་ལ་དབང་བ་དང་། ཆོས་ལ་དབང་བ་སྟེ། དེ་དག་ནི་དབང་བཅུའོ། །བདུད་རྩི་ཐོབ་པའི་ཕྱིར་ཚེ་ལ་དབང་བའོ། །སེམས་ཙམ་དུ་ཡོངས་སུ་ཤེས་པའི་ཕྱིར་སེམས་ལ་དབང་བའོ། །ལག་ན་རིན་པོ་ཆེ་དང་། ནམ་མཁའི་མཛོད་རབ་ཏུ་རྙེད་པའི་ཕྱིར་ཡོ་བྱད་ལ་དབང་བའོ། །བག་ཆགས་དང་བཅས་ པའི་ལས་ཀྱི་ལམ་ཀུན་ཆད་པའི་ཕྱིར་ལས་ལ་དབང་བའོ། །ཏིང་ངེ་འཛིན་རྣམ་པར་བཟློག་པའི་བསམ་གཏན་རྙེད་པའི་ཕྱིར་སྐྱེ་བ་ལ་དབང་བའོ། །ལྷུན་གྱིས་གྲུབ་པར་བྱ་བ་ལ་འཇུག་པ་ཐོབ་པའི་ཕྱིར་རྫུ་འཕྲུལ་ལ་དབང་བའོ། །ཟད་པར་གྱི་སྐྱེ་མཆེད་ཐོབ་པའི་ཕྱིར་མོས་པ་ལ་དབང་བའོ། །བསམ་པ་ཙམ་གྱིས་ དོན་ཐོབ་པའི་ཕྱིར་སྨོན་ལམ་ལ་དབང་བའོ། །ཡེ་ཤེས་སྔོན་དུ་འགྲོ་བའི་ལུས་དང་ངག་དང་ཡིད་ཀྱི་ལས་ཐོབ་པའི་ཕྱིར་ཡེ་ཤེས་ལ་དབང་བའོ། །དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའ་མཉམ་པའི་ཡེ་ཤེས་དྲི་མ་མེད་པའི་ཕྱིར་ཆོས་ལ་དབང་བའོ། །གཞན་ཡང་རིགས་ཀྱི་བུ་འཇིག་རྟེན་ནི་ འཆི་བས་འཇིགས་སྐྲག་སྟེ། དེའི་གཉེན་པོར་ཚེ་ལ་དབང་བའོ། །འཇིག་རྟེན་ནི་སེམས་ཀུན་ནས་ཉོན་མོངས་པས་འཇིགས་སྐྲག་སྟེ། དེའི་གཉེན་པོར་སེམས་ལ་དབང་བའོ། །འཇིག་རྟེན་ནི་ཡོ་བྱད་ཀྱིས་འཇིགས་སྐྲག་སྟེ། དེའི་གཉེན་པོར་ཡོ་བྱད་ལ་དབང་བའོ། །འཇིག་རྟེན་ནི་ཉེས་པར་སྤྱོད་པས་ 63-1-180a འཇིགས་སྐྲག་སྟེ། དེའི་གཉེན་པོར་ལས་ལ་དབང་བའོ། །འཇིག་རྟེན་ནི་ངན་འགྲོས་འཇིགས་སྐྲག་སྟེ། དེའི་གཉེན་པོར་སྐྱེ་བ་ལ་དབང་བའོ། །འཇིག་རྟེན་ནི་ཀུན་དུ་རྩོལ་བའི་ཕོངས་པས་འཇིགས་སྐྲག་སྟེ། དེའི་གཉེན་པོར་རྫུ་འཕྲུལ་ལ་དབང་བའོ། །འཇིག་རྟེན་ནི་དམ་པའི་ཆོས་ཀྱིས་ ཕོངས་པར་འགྱུར་བའི་ལས་ཀྱིས་འཇིགས་སྐྲག་སྟེ། དེའི་གཉེན་པོར་མོས་པ་ལ་དབང་བའོ། །འཇིག་རྟེན་ནི་འདོད་པའི་འཆིང་བས་འཇིགས་སྐྲག་སྟེ། དེའི་གཉེན་པོར་སྨོན་ལམ་ལ་དབང་བའོ། །འཇིག་རྟེན་ནི་ཐེ་ཚོམ་གྱི་ཟུག་རྔུས་འཇིགས་སྐྲག་སྟེ། དེའི་གཉེན་པོར་ཡེ་ཤེས་ལ་དབང་བའོ། ། འཇིག་རྟེན་ནི་འཁོར་གྱི་ནང་ན་བག་ཚ་བས་འཇིགས་སྐྲག་སྟེ། དེའི་གཉེན་པོར་ཆོས་ལ་དབང་བའོ། །གཞན་ཡང་རིགས་ཀྱི་བུ་སྲོག་གཅོད་པ་སྤངས་ཤིང་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བའི་སེམས་མེད་པ་ནི་ཚེ་ལ་དབང་ཐོབ་པར་བྱ་བའི་རྒྱུའོ། །བདེན་པ་རྣམས་ལ་སྒྲིབ་པ་མེད་པའི་བྱམས་པ་ཆེན་པོ་དང་། སྡུག་བསྔལ་བ་རྣམས་ལ་སྒྲིབ་པ་མེད་པའི་སྙིང་རྗེ་ཆེན་པོ་ནི་སེམས་ལ་དབང་ཐོབ་པར་བྱ་བའི་རྒྱུའོ། །སེམས་སྙོམས་ཤིང་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བ་བྱང་ཆུབ་ཏུ་བསྔོ་བ་ནི་ཡོ་བྱད་ལ་དབང་བ་ཐོབ་པར་བྱ་བའི་རྒྱུའོ། །ལས་དང་བྱ་བ་ལ་ཞུགས་ནས་ལུས་དང་ངག་དང་ཡིད་ཡོངས་སུ་དག་པའི་ རྒྱུ་ལས་ཀྱི་བྱ་བ་ལས་བདག་གིར་བྱ་བ་ལ་འཇུག་པ་སྟོན་པ་ནི་ལས་ལ་དབང་བ་ཐོབ་པར་བྱ་བའི་རྒྱུའོ། །བྱང་ཆུབ་ཀྱི་སེམས་ཀྱིས་ཡང་དག་པར་བསྡུས་པའི་དགེ་བ་བཅུའི་ལས་ཀྱི་ལམ་ནི་སྐྱེ་བ་ལ་དབང་བ་ཐོབ་པར་བྱ་བའི་རྒྱུའོ། །རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་ཐམས་ཅད་སྦྱིན་པ་དང་། བཞོན་པ་ སྦྱིན་པ་ནི་རྫུ་འཕྲུལ་ལ་དབང་བ་ཐོབ་པར་བྱ་བའི་རྒྱུའོ། །སེམས་ཅན་ཐམས་ཅད་དཀོན་མཆོག་གསུམ་ལ་འགོད་ཅིང་འཛུད་དེ། མོས་པར་བྱེད་པ་ནི་མོས་པ་ལ་དབང་བ་ཐོབ་པར་བྱ་བའི་རྒྱུའོ། །སེམས་ཅན་ཐམས་ཅད་ཀྱི་ལུས་དང་ངག་དང་ཡིད་ཡོངས་སུ་དག་པ་སྒྲུབ་པ་ནི་སྨོན་ལམ་ལ་དབང་བ་ཐོབ་པར་ བྱ་བའི་རྒྱུའོ། །ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་སྦྱིན་པ་ནི་ཡེ་ཤེས་ལ་དབང་བ་ཐོབ་པར་བྱ་བའི་རྒྱུའོ། །སེམས་ཅན་ཐམས་ཅད་ལ་ཆོས་མཉམ་པ་ཉིད་ཁོང་དུ་ཆུད་པར་བྱེད་པ་དང་། ཆོས་མཚུངས་པར་སྟོན་པ་དང་། དེ་བཞིན་གཤེགས་པའི་སྐུ་ནི་ཆོས་ཀྱི་སྐུ་སྟེ། ཟང་ཟིང་གི་སྐུ་མ་ཡིན་ནོ་ཞེས་ 63-1-180b ཡོངས་སུ་འབྱེད་པ་ནི་ཆོས་ཐམས་ཅད་ལ་དབང་ཐོབ་པར་བྱ་བའི་རྒྱུ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའི་དབང་བཅུའོ། །དབང་བཅུ་པོ་དེ་དག་མངོན་སུམ་དུ་མཛད་པ་དང་། ཇི་ལྟར་བཞེད་པ་བཞིན་དུ་མཛད་པ་སྟེ། དེ་དག་རྟག་ཏུ་ཉེ་བར་གྱུར་པས་སྒྲིབ་པ་མེད་ཅིང་དེ་ཉིད་ལ་བྱང་ཆུབ་སེམས་དཔའ་ དབང་དུ་གྱུར་པས་ན། རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཞེས་གསུངས་སོ། །ཆོས་ཉིད་ཀྱི་རང་གི་ངོ་བོ་ཉིད་བསྟན་པར་བྱ་བའི་ཕྱིར། ཐོག་མ་མེད་པ་སྤྲོས་མེད་བདག །དེ་བཞིན་ཉིད་བདག་དག་པའི་བདག །ཅེས་བྱ་བ་གསུངས་ཏེ། འདི་ལ་ཐོག་མ་ཡོད་པ་མ་ཡིན་པས་ཐོག་མ་མེད་པའོ། །གལ་ཏེ་ཐོག་མའི་ སྔོན་གྱི་རྒྱུ་ཡོད་པ་གང་ཡིན་པ་དེ་ནི་ཐོག་མ་མེད་པ་ཞེས་བྱ་བ་མི་རིགས་ཏེ། རྒྱུ་ལས་གཞན་པ་ལས་གང་ཡང་མི་འབྱུང་བའི་ཕྱིར་རོ། །ཡང་ན་སེམས་པ་ཡང་དག་པར་ཡོད་པ་དགག་པའི་ཕྱིར་གསུངས་སོ་ཞེ་ན། ཐམས་ཅད་ཀྱང་ཐོག་མ་མེད་པར་གྱུར་པས་སུ་ཞིག་ཕུལ་དུ་བྱུང་བར་ཤེས་པར་འགྱུར་ཞེ་ན། འདིར་བཅོམ་ལྡན་འདས་ཀྱི་དགོངས་པ་ནི་འདི་ཡིན་ཏེ། རྒྱུ་དགག་པར་མཛད་པ་ཡང་མ་ཡིན་ལ། སེམས་པ་ཡང་དག་པར་ཡོད་པ་དགག་པ་མ་ཡིན་ནོ། །དེ་ལྟ་མོད་ཀྱི་དང་པོ་སྦས་པར་གྱུར་པ་ཕྱིས་རྣམ་པར་དག་པའི་རྣམ་པར་དག་པ་ལ་ཐོག་མ་ཞེས་བཤད་པ་ལས་རང་བཞིན་གྱིས་རྣམ་པར་དག་ པ་ཡིན་པས་དེ་མེད་དེ། དེ་ཡང་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་ནི་གནས་པ་ཉིད་དེ། ཆོས་གནས་པ་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་ཞེས་བྱ་བའི་ཚུལ་གྱིས་ན་ཐོག་མ་མེད་པ་ཞེས་བཤད་ དོ། །དེ་བས་ན་འདི་ལྟར་སྤྲོས་མེད་བདག་ཅེས་བཤད་དེ། སྤྲོས་པ་ནི་རྒྱུ་དང་། འབྲས་བུ་དང་། གཟུང་བ་དང་། འཛིན་པ་དང་། བདག་དང་། བདག་གི་དང་བཅས་པ་ནས་ཇི་སྲིད་འཇིག་རྟེན་གྱི་ཐ་སྙད་དུ་བྱ་བའི་ཕྱིར་དང་། ནང་གི་ཀུན་དུ་རྟོག་པ་དང་བྲལ་བར་གྱུར་པ་དེའི་ཚེ་ནི་ཉེས་པ་ཐམས་ཅད་དང་བྲལ་ བའི་ཕྱིར་དག་པའི་བདག་ཉིད་དོ། །གང་གི་ཚེ་རང་བཞིན་དེ་ལས་འཕོས་ཏེ། དེ་བཞིན་དུ་གྱུར་པས་དེ་བཞིན་ཉིད་བདག་གོ། །ཡང་ན་སྔ་མའི་རྒྱུས་ཕྱི་མ་ཕྱི་མ་འགྲུབ་སྟེ། ཐོག་མ་མེད་པ་ནས་སྤྲོས་པ་མེད་པའོ། །སྤྲོས་པ་མེད་པས་ན་དེ་བཞིན་ཉིད་དོ། །དེ་བཞིན་ཉིད་པས་ན་དག་པའི་བདག་ཉིད་དོ། ། 63-1-181a ཡང་ན་བཟློག་སྟེ། དག་པའི་དག་པས་ན་དེ་བཞིན་ཉིད་བདག་གོ། །དེ་བཞིན་ཉིད་དག་པས་ན་སྤྲོས་པ་མེད་པའོ། །སྤྲོས་པ་མེད་པས་ན་ཐོག་མ་མེད་པ་སྟེ། གདུལ་བྱའི་བསམ་པ་ལས་དོན་གྱི་དབྱེ་བས་ཕྱེ་བ་ཡིན་གྱི་རྣམ་གྲངས་ནི་མ་ཡིན་ནོ། །དོན་ཇི་ལྟར་ཐུགས་སུ་ཆུད་པའི་དོན་ གསུངས་པ་ཉིད་བསྟན་པར་བྱ་བའི་ཕྱིར། བདེན་པར་སྨྲ་ཞིང་ཚིག་མི་འགྱུར། །ཇི་སྐད་སྨྲས་པ་དེ་བཞིན་བྱེད། །གཉིས་སུ་མེད་དང་གཉིས་མེད་སྟོན། །ཡང་དག་མཐའ་ལ་རྣམ་པར་གནས། །ཞེས་བྱ་བ་གསུངས་ཏེ། ཡང་དག་པ་དང་བདེན་པ་དང་ཕྱིན་ཅི་མ་ལོག་པའི་ཆོས་ཉིད་ཀྱི་ངོ་བོ་ཉིད་དེ་ཁོ་ན་ སྟོན་པའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་བདེན་པར་སྨྲ་བའོ། །གང་གི་ཕྱིར་ཇི་སྐད་དུ་གསུངས་པ་དེ་བཞིན་རྗེས་སུ་མཐུན་པར་གནས་པར་མཛད་པས་ན་ཚིག་མི་འགྱུར་བ་སྟེ། གཞན་སླུ་བར་འགྱུར་བའི་ཚིག་མི་མངའ་བས་ན་ཚིག་མི་འགྱུར་ཞེས་བཤད་དོ། །དམ་བཅས་པའི་དོན་རྫོགས་པར་མཛད་ པས་ན། ཇི་སྐད་སྨྲས་པ་དེ་བཞིན་བྱེད། །ཅེས་བྱ་སྟེ། འགྲོ་བ་རྣམས་ལ་ཕན་པར་བྱ་བའི་ཕྱིར་འཚང་རྒྱ་བར་བྱའོ་ཞེས་དམ་བཅས་པ་དེ་བཞིན་དུ་རྫོགས་པར་མཛད་པའི་ཕྱིར་རོ། །ཡང་ན་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་དང་ལྡན་པའི་ཆོས་ཕ་རོལ་ལ་ཇི་སྙེད་སྟོན་པ་དེ་བཞིན་དུ་བདག་ཉིད་ ཀྱང་སྦྱིན་པ་ལ་སོགས་པ་ལ་ནན་ཏན་ལྷུར་ལེན་པ་རབ་ཏུ་འཇུག་པར་མཛད་པས་ན། ཇི་སྐད་སྨྲས་པ་དེ་བཞིན་བྱེད། །ཅེས་བྱའོ། །གཉིས་སུ་མེད་དང་གཉིས་མེད་སྟོན། །ཞེས་བྱ་བ་ལ། གཉིས་ནི་གཟུང་བ་དང་། འཛིན་པ་དང་། ཤེས་པ་དང་། ཤེས་པར་བྱ་བ་དང་། ནང་གི་མིག་ལ་སོགས་པ་དང་ཕྱིའི་ གཟུགས་ལ་སོགས་པ་ནས་ཇི་སྲིད་དུ་ཡིད་དང་། ཆོས་ཀྱི་བར་དུ་སྟེ། གཉིས་སུ་རྟག་པ་དེ་དག་མི་མངའ་བས་ན་གཉིས་མེད་དོ། །ཇི་ལྟར་གཉིས་སུ་མེད་པ་ཡིན་ཞེ་ན། དེ་ཡང་མིག་གིས་གཟུང་བར་བྱ་བའི་གཟུགས་དང་། མིག་གི་རྐྱེན་གྱི་ཚུལ་ལས་མིག་གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ལ། དེ་ བཞིན་དུ་ཇི་སྲིད་ཡིད་དང་ཆོས་ཀྱི་རྐྱེན་གྱིས་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་རོ། །དེ་ལ་གཟུགས་ལ་སོགས་པ་མིག་ལ་སོགས་པའི་ཡུལ་ཉིད་དུ་བརྟགས་ན་དེ་ཅི་རྡུལ་ཕྲ་རབ་ཀྱི་ངོ་བོ་ཉིད་ཡིན་ནམ། འོན་ཏེ་ཡན་ལག་ཅན་གྱི་ངོ་བོ་ཉིད་ཡིན་པ་བརྟག་པར་བྱ་སྟེ། གལ་ཏེ་རྡུལ་ཕྲ་རབ་ཡིན་ན་འདུས་ 63-1-181b པའམ། ཐག་རིང་བའི་ཕྱོགས་ན་གནས་པའམ། བར་མཚམས་མེད་པར་གནས་ན་རྣམ་པར་ཤེས་པའི་རྒྱུར་འགྱུར། འདུས་པའི་ཕྱོགས་ལྟར་ན་བདག་ཉིད་ཐམས་ཅད་ཀྱིས་འདུས་སམ། ཕྱོགས་གཅིག་གིས་འདུས། བདག་ཉིད་ཐམས་ཅད་ཀྱིས་འདུས་ན་ནི་ཆ་ཤས་མེད་པར་འགྱུར་བས་ འགྲོ་བ་ཐམས་ཅད་ཕྲ་རབ་ཙམ་དུ་འགྱུར་རོ། །ཅི་སྟེ་ཕྱོགས་གཅིག་གིས་འདུས་ན་ནི་དེ་ལྟ་ན་ཡང་ཆ་ཤས་ཅན་ཉིད་དུ་འགྱུར་བས་ཆ་ཤས་ཅན་ཉིད་ཀྱིས་ན་དམ་བཅས་པ་ལས་ཉམས་པར་འགྱུར་ཞིང་། ཕྲ་རབ་ཉིད་ཀྱང་མི་འགྲུབ་སྟེ། ཆ་ཤས་ཅན་ཡིན་པའི་ཕྱིར་བུམ་པ་དང་འདྲའོ། །ཐག་རིང་ བར་གནས་པ་རྣམས་ཀྱང་དབང་པོའི་ཡུལ་ལས་འདས་པར་གྱུར་པ་ཉིད་ཀྱིས་ཡུལ་མ་ཡིན་ནོ། །བར་མཚམས་མེད་པའི་ཕྱོགས་ཀྱང་འདུས་པའི་ཕྱོགས་ལས་གུད་ན་མེད་དེ། དེ་བས་ན་རྡུལ་ཕྲ་རབ་རྣམས་ནི་མིག་ལ་སོགས་པའི་ཡུལ་དུ་གྱུར་པར་མི་ནུས་ཏེ། གང་གི་ཕྱིར་རྡུལ་ཕྲ་རབ་རྣམས་ནི་དབང་ པོའི་ཡུལ་ལས་འདས་པས་མཐོང་མི་སྲིད་དོ། །ཡན་ལག་ཅན་དུ་བརྟགས་པ་དེ་ཡང་མི་རིགས་ཏེ། ཕྲ་རབ་གཉིས་ལ་སོགས་པའི་རིམ་གྱིས་བརྩམས་ཏེ། ཡན་ལག་ཅན་ཡིན་ན་གྲུབ་པའི་མཐའ་ལས་རྡུལ་ཕྲ་རབ་བསགས་པ་ལ་སོགས་པ་མེད་པ་དེའི་ཚེ་འདུས་པའི་ཡན་ལག་ཅན་ལྟ་ག་ལས་ འབྱུང་། དེ་ཡོད་པའི་ཚད་མ་ཡང་ཡོད་པ་མ་ཡིན་ཏེ། མངོན་སུམ་དུ་ནི་དབང་པོའི་ཡུལ་ལས་འདས་པས་རྡུལ་ཕྲ་རབ་རྣམས་ཀྱང་མེད་པ་ཉིད་དུ་གཟུང་བ་ཡིན་ལ། རྗེས་སུ་དཔག་པ་ཡང་དེ་སྔོན་དུ་འགྲོ་བ་ཡིན་པས་རང་དགར་བྱེད་པས་བརྟགས་པ་ནི་མ་ཡིན་ནོ། །དེ་བཞིན་ལ་ཡང་འཇུག་པར་ནུས་པ་ མ་ཡིན་ཞེས་དཔེ་གཅིག་ལས་སྨོས། ཇི་ལྟ་བ་བཞིན་དུ་བསྟན་པའི་ཚད་མ་གཞན་དག་ཀྱང་ཡོད་པ་མ་ཡིན་ཏེ། ཚད་མ་གཉིས་གཟུང་བ་ཉིད་བརྟགས་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །གལ་ཏེ་སྦོམ་པོ་གང་ཡིན་པ་དེ་ནི་ཕྲ་བ་བསགས་པ་སྔོན་དུ་འགྲོ་བ་ལས་སྣང་བ་ཡིན་ཏེ། དཔེར་ན་མུངྒ་ལ་སོགས་ པའི་ཕུང་པོ་དང་། ཕྲ་རབ་གསུམ་པ་ལ་སོགས་པ་སྦོམ་པོར་སྣང་བ་དེ་ཕྲ་མོ་བསགས་པ་སྔོན་དུ་འགྲོ་བ་ཡིན་ལ། གང་རྣམ་པར་ཕྱེ་བའི་གཟུགས་ཅན་དེ་ནི་ཕྲ་རབ་ཡིན་ནོ་ཞེས་བྱ་བ་ཡང་མི་རིགས་ཏེ། སྦོམ་པོའི་དོན་མ་གྲུབ་པས་ཕྱོགས་ཉིད་དཔེར་མི་རུང་སྟེ། ཕྱོགས་དཔེ་དང་ཐ་དད་པ་མེད་པར་ 63-1-182a ཐལ་བར་འགྱུར་རོ། །འོན་ཏེ་དེ་ལྟར་རྗེས་སུ་དཔག་པ་ཉིད་དུ་ནུས་ཀྱང་གང་སྦོམ་པོར་ཐ་དད་པར་བྱས་པས་ན་རྣམ་པར་བཤིག་ནས་སྟོན་པར་འགྱུར་ཏེ། དཔེར་ན་སྲན་མ་ཤའི་ཕུང་པོ་རེ་རེ་ནས་སྤུང་སྟེ། ཇི་སྲིད་ཐམས་ཅད་བསལ་ན་སྟོང་པ་ནམ་མཁའི་ཕྱོགས་ཙམ་ཞིག་ལུས་ པར་འགྱུར་རོ། །དེ་བཞིན་དུ་ཇི་སྲིད་ཕྲ་རབ་ཀྱི་མཐར་ཐུག་པར་བྱས་ལ་ཕྲ་རབ་རྣམས་ཀྱང་ཆ་ཤས་ཀྱི་རྣམ་པར་དབྱེ་བ་བྱས་ན་ཐམས་ཅད་མེད་པར་འགྱུར་བ་ཉིད་དོ། །དེ་བས་ན་ཕྲ་རབ་ཀྱང་གཟུང་བར་བྱ་བ་མ་ཡིན་ལ། ཆ་ཤས་ཅན་དུ་ཡང་གནས་པ་མ་ཡིན་ནོ། །གལ་ཏེ་རྡུལ་ཕྲ་རབ་ཏུ་ཡང་མི་གཟུང་ ལ། ཆ་ཤས་ཅན་དུ་ཡང་མ་ཡིན་ན་འོ་ན་ཇི་ལྟར་རགས་པའི་རྣམ་པ་མདུན་ན་གནས་ནས་སྔོན་པོ་ལ་སོགས་པའི་རྣམ་པར་སྣང་བ་ཡིན། རྒྱུ་མེད་པར་ཡང་ཡུལ་དང་དུས་དང་རྣམ་པར་ངེས་པའི་ཤེས་པའི་ཡུལ་དུ་ཇི་ལྟར་ཉེ་བར་འགྱུར། གལ་ཏེ་ཕྱིའི་རྒྱུ་ཡང་དེའི་ཚེ་རྡུལ་ཕྲ་རབ་ཀྱི་ཚུལ་དུ་འམ། དེ་ ལས་གཞན་པར་ཕྱིའི་དོན་གྲུབ་པར་བཟུང་སྟེ། རྣམ་པ་མེད་པའི་རྣམ་པར་ཤེས་པ་དུས་མཉམ་པར་འགྱུར་བས་ཤེས་པར་འགྱུར་རོ་ཞེས་བྱེ་བྲག་ཏུ་སྨྲ་བ་དང་། སྤྱོད་པ་ཅན་ལ་སོགས་པ་སྨྲ་སྟེ། དེ་ཡང་། སྔ་མ་ཡི་ནི་ཚོགས་པ་ཉིད། །ཤེས་བྱེད་ཡུལ་གྱི་སྐད་ཅིག་པ། །སྣང་དང་བཅས་པའི་གཟུགས་ བཞིན་ཏེ། །དེས་ན་ཤེས་དང་བཅས་པར་འགྱུར། །ཞེས་བྱ་སྟེ། དེ་ལྟར་ཡང་ཕྱི་རོལ་གྱི་ཡུལ་ཡང་དག་པར་ཤེས་པ་མངོན་སུམ་དུ་ཉེ་བར་དམིགས་པར་འགྱུར་རོ་ཞེ་ན། དེ་ནི་མི་རིགས་ཏེ། འདིར་ཚད་མ་མེད་པས་རྣམ་པ་མེད་པའི་རྣམ་པར་ཤེས་པ་དོན་དང་། ལྷན་ཅིག་སྐྱེའོ་ཞེས་བྱ་བའི་ཚད་མ་མེད་དེ། དེ་ ལ་རེ་ཞིག་མངོན་སུམ་དུ་ནི་འཇུག་པར་མི་ནུས་སོ། །ཤེས་པ་ཚད་མའི་ཡིན་གྱི་དབང་པོའི་ཤེས་པ་ནི་མ་ཡིན་ནོ་ཞེ་ན། ཤེས་པ་ནི་རང་རིག་པའམ་གཞན་རིག་པའམ་གཉི་ག་རིག་པར་འགྱུར་ན། གལ་ཏེ་རང་རིག་པ་ཡིན་ན་དོན་རིག་པར་ཇི་ལྟར་འགྱུར། ཤེས་པའི་རང་བཞིན་ཉིད་ཡིན་ན་ནི་དོན་གྱི་རང་བཞིན་ མ་ཡིན་ལ། རང་རིག་པ་ཉིད་གཞན་རིག་པ་མ་ཡིན་ཏེ། དེ་ལྟ་ན་ནི་ཁམས་གསུམ་པ་ཐམས་ཅད་ཤེས་པར་ཐལ་བར་འགྱུར་རོ། །དེ་བས་ན་རང་རིག་པའི་ཕྱོགས་ལ་དོན་རིག་པར་འགྱུར་བ་མེད་དོ། །ཡང་ན་ཤེས་པ་ནི་གཞན་རིག་པ་ཡིན་ནོ་ཞེ་ན། དེ་ཡང་ངོ་བོ་ཉིད་འཛིན་པའི་ཚད་མ་མེད་པའི་ 63-1-182b ཕྱིར་རང་ཉིད་མ་གྲུབ་ན་གཞན་ཇི་ལྟར་ཤེས་པ་སྨྲོས་ཤིག །ཡང་ན་དོན་གྱིས་གོ་བས་རང་བཞིན་གྱིས་འཇོག་ན་ནི་དེ་ལྟ་ན་ཡང་ཤེས་པ་ཉིད་ལ་རྗེས་སུ་དཔོག་པ་འབྱུང་གི་མི་ཤེས་པའི་དོན་ལ་སུ་ཞིག་བློ་འཇུག་པར་འགྱུར་ཏེ། གལ་ཏེ་རྗེས་སུ་དཔག་པ་ལས་དོན་གྱིས་གོ་བ་རྟོགས་པར་འགྱུར་རོ་ཞེས་ བཤད་ན། དེ་ལ་རྣམ་པར་དཔྱད་པར་བྱ་སྟེ། དོན་གྱིས་གོ་བ་འདིར་གང་ཞིག་ཡིན། མངོན་སུམ་མམ། རྗེས་སུ་དཔག་པ་ཡིན། གལ་ཏེ་དོན་གྱིས་གོ་བ་མངོན་སུམ་ཡིན་ན་ནི་ཤེས་པ་མངོན་སུམ་དུ་ཡོད་པ་དེ་ཡང་མ་གྲུབ་པས་དེས་ཤེས་པར་འགྱུར་རོ་ཞེས་བྱ་བ་ཤིན་ཏུ་ལེགས་པར་སྨྲས་སོ། །ཡང་ན་དོན་ མཐོང་བའམ་ཐོས་པ་ནི་གཞན་དུ་མི་རིགས་སོ། །མ་མཐོང་བའི་དོན་ལ་ཡོངས་སུ་རྟོག་པ་ནི་དོན་གྱིས་གོ་བའོ་ཞེས་བཤད་པས་མངོན་སུམ་དུ་གང་ཞིག་ལ་རྟོག་སྙམ་ན་དགོངས་པའི་རང་བཞིན་མ་ཤེས་པ་ལས་ནི་ཚད་མ་ཡོངས་སུ་ཆད་པར་མི་འགྱུར་ཏེ། དེ་ཡང་མངོན་སུམ་མམ། རྗེས་སུ་དཔག་པ་ཡིན་ པར་བརྟག་པར་བྱ་སྟེ། གལ་ཏེ་མངོན་སུམ་ཡིན་ན་ནི་དེ་ཉིད་སུན་ཕྱུང་བ་ཡིན་པར་དགོངས་སོ། །ཅིའི་ཕྱིར་ཞེ་ན། གལ་ཏེ་མཐོང་བའི་དོན་དུ་མི་རིགས་ན་དོན་གྱིས་གོ་བ་ནི་ཤིན་ཏུ་ཡང་མི་རིགས་ཏེ། དོན་གྱིས་གོ་བ་ཡང་ཤེས་པར་བྱེད་པར་ཇི་ལྟར་འགྱུར། ཡང་ན་མི་མཐོང་བ་དག་ཀྱང་གལ་ཏེ་མཐོང་ བའི་ཤེས་པ་སྐྱེད་པར་འགྱུར་ན་ནི་གང་ཞིག་མཐོང་ནས་དོན་གྱིས་གོ་བའི་གནས་སྐབས་རིག་པར་འགྱུར་ཏེ། རྩ་བ་མེད་པས་གནས་སྐབས་ཐམས་ཅད་དུ་མེད་པར་འགྱུར་རོ། །ཡང་ན་ཕྱོགས་གཉིས་པ་ལྟར་ན་མི་མཐོང་བ་སྒྲུབ་ན་ནི། རི་བོང་གི་རྭ་ལས་བོང་བུའི་རྭ་སྒྲུབ་པར་འགྱུར་རོ། །དོན་གྱིས་གོ་བ་ རྗེས་སུ་དཔག་པའི་ཕྱོགས་ལས་སྒྲུབ་པར་འགྱུར་ན་ཡང་འབྲེལ་པ་མེད་པས་དོན་གྱིས་གོ་བའི་འབྱུང་བ་ཉིད་མེད་དོ། །དོན་གྱིས་གོ་བ་ལས་རྣམ་པར་ཤེས་པ་སྒྲུབ་པར་ཡང་མི་འགྱུར་ལ། གཞན་གྱི་ཤེས་པའི་རིགས་པ་ལས་དོན་གྱིས་གོ་བ་ཡང་མི་འགྲུབ་བོ། །གཉི་ག་ལས་ཤེས་པའི་ཕྱོགས་ཀྱང་ ཕྱོགས་གཉི་གར་བཤད་པའི་ཉེས་པ་དང་ལྡན་པར་ཐལ་བར་འགྱུར་བས་གཉི་གའི་བདག་ཉིད་ཅན་གྱི་རང་གི་ངོ་བོ་ཉིད་དང་འགལ་བའི་ཕྱིར་མི་རིགས་སོ། །རྣམ་པ་མེད་པའི་ཤེས་པས་དོན་རིག་པ་རིགས་པ་མ་ཡིན་ལ། རྣམ་པ་དང་བཅས་པའི་ཤེས་པས་ཀྱང་དོན་འཛིན་པར་མི་རིགས་ཏེ། རྣམ་པའང་ 63-1-183a ཤེས་པ་འཁྲུལ་པ་ལས་འབྱུང་བར་འགྱུར་བ་ཡིན་ནོ། །ཡང་ན་སླུ་བ་དང་མི་སླུ་བར་བྱེད་པ་ནི་འཁྲུལ་པ་དང་གཞན་པའི་རྣམ་པར་དབྱེ་བ་ཡིན་ཏེ། རྨི་ལམ་ན་ཡང་འཁྲུལ་པ་ཡོད་པས་དེ་བས་ན་སླུ་བ་ལ་ནི་བདེན་པ་ཉིད་མེད་ལ། མི་སླུ་བ་ལ་ཡང་ལོག་པ་ཉིད་མེད་པས་རྨི་ལམ་གྱི་ ནང་ན་ཡང་དོན་ལ་རྟོག་པ་དང་ལྡན་པ་མ་ཡིན་ཏེ། ཐམས་ཅད་ཀྱང་རྨི་ལམ་གྱི་ནང་དང་འདྲ་བར་ཐལ་བར་འགྱུར་རོ། །འཇིག་རྟེན་པ་མ་ཡིན་པ་དང་ཕྱིན་ཅི་ལོག་པར་བཤད་པའི་དྲན་པ་དང་། བརྗེད་པ་ལ་སོགས་པ་ཡང་རིག་པའི་ཚུལ་འདི་ཉིད་ཀྱིས་ཐམས་ཅད་འཇིག་རྟེན་པ་མ་ཡིན་པར་ཐལ་བར་ འགྱུར་བས་བརྟག་པར་མི་བྱའོ། །རྣམ་པར་ཤེས་པ་ལ་གནས་པའི་རྣམ་པ་ཡང་ཕྱིའི་དོན་དང་ལྷན་ཅིག་རབ་ཏུ་འབྲེལ་པའི་ཚད་ཡོད་པ་མ་ཡིན་ཏེ། ཐ་དད་པའི་རྟོག་པ་ཙམ་འདིར་རྟེན་ཡིན་ནོ། །སོ་སོར་ངེས་པའི་ཡུལ་དང་དུས་དང་རྣམ་པ་དང་ལྡན་པ་ནི་རྒྱུ་མེད་པ་ལས་སྣང་བ་མི་འབྱུང་བས་དེ་ཡང་མི་རིགས་ཏེ། བག་ཆགས་ཙམ་ལས་ཀྱང་སྲིད་པའི་ཕྱིར་རོ། །དེ་བས་ན་ནང་གི་བག་ཆགས་ཙམ་གྱི་རྒྱུ་ལས་འབྱུང་བས་རྨི་ལམ་དང་། སྒྱུ་མ་དང་། དྲི་ཟའི་གྲོང་ཁྱེར་གྱི་རྣམ་པ་དང་འདྲ་བར་སྣང་བ་ཙམ་ཉིད་དོ། །རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་རྣམས་དེ་ལས་ཕྱིའི་དོན་མེད་པས་རྣམ་པར་ཤེས་པ་ཙམ་ནི་གཉིས་སུ་མེད་པ་ཡིན་ གྱི། གཉིས་མེད་པ་ནི་གཉིས་སུ་མེད་པ་མ་ཡིན་ནོ་ཞེས་འདོད་པ་དེ་འདིར་ཚད་མ་དང་ལུང་གི་རྗེས་སུ་འབྲངས་ནས་བརྟག་པར་བྱ་སྟེ། དེ་ཡང་ལུང་ལས་རྣམ་པར་ཤེས་པ་ནི་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། གནས་པ་མེད་པ་ཞེས་གསུངས་ན་ཇི་ལྟར་ཕྱིའི་ཡུལ་དུ་སྔོན་ པོ་དང་། སྟུག་པོ་དང་། སྦོམ་པོ་ལ་སོགས་པའི་རྣམ་པར་སྣང་བར་འགྱུར་བར་སོམས་ཤིག །རྣམ་པར་ཤེས་པ་སྔོན་པོ་ལ་སོགས་པར་ཡོད་པ་མ་ཡིན་པ་དེ་མ་ཡིན་པ་ནི་བདེན་མོད་ཀྱི་འོན་ཀྱང་མ་རིག་པའི་བག་ཆགས་ཀྱི་སྟོབས་ཀྱིས་ཕྱི་རོལ་དུ་སྔོན་པོ་ཉིད་དུ་སྣང་སྟེ། སེམས་འདི་ནི་རང་ བཞིན་གྱིས་འོད་གསལ་ཏེ། དྲི་མ་ནི་གློ་བུར་དུ་འོངས་པའོ་ཞེས་གསུངས་པ་དང་། དེ་བཞིན་དུ། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །སྣ་ཚོགས་ལྟ་བུར་སྣང་བ་ཡིན། །ཞེས་བཤད་པའི་ཕྱིར་རོ་ཞེ་ན། འདིར་བརྟག་པར་བྱ་སྟེ། ཅི་རང་གི་བག་ཆགས་གང་ཞིག་ཡིན། སེམས་ཉིད་ 63-1-183b བག་ཆགས་ཡིན་ནམ། སེམས་ལས་ཐ་དད་པ་གཞན་འགའ་ཞིག་ཡོད། ཅི་གལ་ཏེ་སེམས་ཉིད་བག་ཆགས་ཡིན་ན་ནི་འདས་པ་ནི་འགགས་ལ། མ་འོངས་པ་ནི་མ་ཕྱིན། ད་ལྟར་བྱུང་བ་ནི་མི་གནས་པ་ཡིན་པས་ལྷན་ཅིག་གནས་པ་ནི་མ་ཡིན་ཏེ། སྐད་ཅིག་མ་ཉིད་དུ་ཁས་བླངས་པའི་ཕྱིར་འདིའི་ཞིག་ པའམ་མ་ཞིག་པའི་གནས་པ་པོ་ཐམས་ཅད་འཇིག་པར་འགྱུར་ཏེ། གནས་པ་པོ་ཐམས་ཅད་འཇིག་པར་འགྱུར་བ་དེ་བཞིན་དུ་རྒྱུན་ལ་ངེས་པ་མེད་དོ། །ཅི་སྟེ་སྔར་གྱི་རྒྱུར་གྱུར་པའི་རྣམ་པར་ཤེས་པ་རང་དང་རྗེས་སུ་མཐུན་པའི་ནུས་པ་བསྐྱེད་པ་ལས་འབྲས་བུ་གནས་པ་པོ་དེ་ཡང་རང་གི་མཚན་ཉིད་དུ་ཡོད་བཞིན་པ་ ཡིན་ནོ་ཞེ་ན། རྒྱུའི་རྣམ་པར་ཤེས་པའི་སྐད་ཅིག་ལ་ནི་འབྲས་བུ་མི་སྐྱེད་དེ། ཇི་ལྟར་ན་མེད་བཞིན་དུ་ནུས་པ་བསྐྱེད་པ་ཡིན། ཅི་ནུས་པ་ལས་ཤེས་པ་ཡང་ཐ་དད་པ་ཡིན་ནམ་ཐ་མི་དད་པ་ཡིན། གལ་ཏེ་ཐ་མི་དད་ན་ནི་དེའི་ཚེ་ཤེས་པས་ཤེས་པ་བསྐྱེད་དེ། ཤེས་པ་ལ་རྗེས་སུ་འཇུག་པ་ནི་མེད་པའམ་ འཇུག་པར་བྱེད་པ་གཉིས་པ་མེད་དོ། །གནས་དང་གནས་པ་པོ་མེད་པའི་ཕྱིར་རོ། །ཅི་སྟེ་ཐ་དད་པ་ཡིན་ན་ནི་ཤེས་པ་དང་ཐ་དད་པས་བེམས་པོར་འགྱུར་ཏེ། རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་ལས་ཉམས་སོ། །དེ་བཞིན་དུ་བག་ཆགས་དང་ཐ་དད་པའི་ཕྱོགས་ལ་ཡང་ཉེས་པ་འདི་ཡོད་དེ། སོ་སོར་ངེས་པའི་རྒྱུ་ ཤེས་པར་མི་ནུས་ལ། སྐད་ཅིག་མ་གཅིག་ཏུ་གནས་པའི་ཆོས་རྣམས་ལ་འདི་ནི་རྒྱུའོ། །འདི་ནི་འབྲས་བུའོ་ཞེས་ཤེས་པར་མི་ནུས་སོ། །དེའི་ཕྱིར་བག་ཆགས་ཀྱི་སྟོབས་ཀྱིས་སྔོན་པོ་ལ་སོགས་པའི་གཟུགས་སུ་ཤེས་པ་ཉིད་དུ་སྣང་བ་ཡིན་ནོ་ཞེས་བྱ་བ་ནི་མི་རིགས་སོ། །དེ་ལྟ་ན་ཡང་བག་ཆགས་མ་ ལུས་པ་དང་བྲལ་བ་དེའི་ཚེ་སེམས་དེ་ཇི་ལྟ་བུ་ཡིན། གལ་ཏེ་རྟོག་པ་ཙམ་ལ་ཤིན་ཏུ་རྣམ་པར་དག་པ་ཡིན་ནོ་ཞེ་ན། དེའི་ཚེ་ནི་དེ་སྔོན་པོ་ལ་སོགས་པའི་རྣམ་པ་གང་ལས་འོངས། ཕྱི་རོལ་ནས་ཀྱང་མ་ཡིན་ཏེ། དེ་རྣམ་པ་མེད་པའི་ཕྱིར་རོ། །སེམས་ལས་ཀྱང་མ་ཡིན་ཏེ། དེ་ཡང་རྣམ་པ་མེད་པའི་ངོ་ བོ་ཉིད་ཡིན་པའི་ཕྱིར་རོ། །འདི་དག་ཐམས་ཅད་ནི་མ་རིག་པའི་རྣམ་པར་འཕྲུལ་པ་སྟེ། དེ་བས་ན་ཀུན་རྫོབ་ཡིན་ནོ་ཞེ་ན། དེ་རྣམ་པར་ཤེས་པ་དང་དེ་ལས་གཞན་པའི་ངོ་བོ་ཉིད་ཀྱིས་ངེས་པར་བརྟགས་པ་ན་བག་ཆགས་དང་འདྲ་བ་ཉིད་དུ་རྣམ་པར་འཇིག་པར་འགྱུར་རོ། །དེ་ལྟར་ཕྱི་རོལ་མེད་པའི་ 63-1-184a ཕྱིར་གཟུང་བར་བྱ་བ་མེད་དེ། དེ་མེད་པས་དེ་འཛིན་པར་བྱེད་པའི་མིག་ལ་སོགས་པའི་རྣམ་པར་ཤེས་པ་དང་བྲལ་བ་ཡིན་པས་འཛིན་པ་པོ་ཡང་མེད་པ་ཉིད་ཡིན་ནོ། །གཉིས་མེད་པས་གཉིས་སུ་མེད་པ་ཞེས་བྱ་བར་གྲུབ་པ་ཡིན་ཏེ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉི་ ཁྲི་ལྔ་སྟོང་པ་ལས་རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི་ཇི་ལྟ་བུ། དབང་པོ་ནི་ཇི་ལྟ་བུ། རྣམ་པ་ནི་ཇི་ལྟ་བུ། མཚན་ཉིད་ནི་ཇི་ལྟ་བུ་ཞེ་ན། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི་དངོས་པོ་མེད་པའོ། །དབང་པོ་ནི་དྲན་པའོ། །རྣམ་པ་ནི་ཞི་བའོ། ། མཚན་ཉིད་ནི་མཚན་ཉིད་མེད་པ་ཡིན་ཏེ། དེ་ལས་དངོས་པོ་ནི་ཇི་ལྟ་བུ་ལགས། དངོས་པོ་མེད་པ་ནི་ཇི་ལྟ་བུ་ལགས། རབ་འབྱོར་གཉིས་ནི་དངོས་པོའོ། །གཉིས་སུ་མེད་པ་ནི་དངོས་པོ་མེད་པ་སྟེ། རབ་འབྱོར་གཉིས་ཞེས་བྱ་བ་ནི་མིག་དང་། གཟུགས་དང་། རྣ་བ་དང་། སྒྲ་ནས། དེ་བཞིན་དུ་ཡིད་དང་ ཆོས་དག་ནི་གཉིས་ཏེ། ནང་གི་བདག་ཉིད་ཅན་ནི་ནང་གི་བདག་ཉིད་ཅན་གྱི་ངོ་བོ་ཉིད་ཀྱིས་སྟོང་ལ། ཕྱིའི་ཆོས་རྣམས་ནི་ཕྱིའི་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིག་ནི་མིག་གི་ངོ་བོ་ཉིད་ཀྱིས་སྟོང་པ་དང་། སྟོང་པ་ཉིད་ནི་གཞན་མ་ཡིན་ཏེ། དེའི་རང་བཞིན་ནི་དེ་ ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གཟུགས་ནི་གཟུགས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བ་ནས། ཇི་སྲིད་དུ་ཡིད་དང་ཆོས་རྣམས་ནི་ཡིད་དང་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་ངོ་ཞེས་རྒྱ་ཆེར་སྦྱར་རོ། །ཅི་ཐམས་ཅད་དུ་མ་མཆིས་ལགས་སམ། ཐམས་ཅད་མེད་པ་ཞེས་སུ་ཞིག་གིས་སྨྲས། ཅི་ ཐམས་ཅད་ཡོད་དོ་ཞེས་བྱ་བ་འདི་ཡང་སུ་ཞིག་གིས་སྨྲས། དངོས་པོ་ཐམས་ཅད་ཅེས་བྱ་བ་དེ་གང་གི་ཚིག་དང་ལྡན་པ་ཡིན། དངོས་པོ་ཐམས་ཅད་ནི་གཉིས་ཀྱང་མ་ཡིན་ལ་དངོས་པོ་ཐམས་ཅད་ཀྱང་མ་ཡིན་ནོ་ཞེས་བྱ་བའི་ཚིག་འདི་དག་ཉིད་རིགས་པས་དངོས་པོ་ཐམས་ཅད་ནི་གཉིས་ཀྱང་མ་ ཡིན་ལ་གཅིག་པ་ཡང་མ་ཡིན་ནོ་ཞེས་བྱ། ཅི་ཐམས་ཅད་དུ་མེད་པའམ། མེད་པ་མ་ཡིན་ཅི་ཡོད་པ་ཞིག་གམ། ཅི་ཐམས་ཅད་དུ་བརྗོད་དུ་མེད་པ་ཡིན་ནམ། ཅི་དོན་དམ་པ་གྲུབ་པས་བསྒྲུབ་པར་བྱ་བ་ཡིན་ནམ། ཡང་ན་ཀུན་རྫོབ་ཏུ་ཚིག་གིས་བཏགས་པས་ཡིན་ནམ། ཡང་ན་ཀུན་རྫོབ་ 63-1-184b ཀྱི་ངོ་བོར་བསྟན་པ་བརྗོད་པར་བྱ་སྟེ། དེ་ལ་དངོས་པོ་མེད་པ་ནི་ཀུན་རྫོབ་མ་ཡིན་ཏེ། དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་། སྟོང་པ་ཉིད་དང་། གཉིས་སུ་མེད་པ་དང་། མྱ་ངན་ལས་འདས་པ་དང་། ཆོས་ཀྱི་སྐུ་དང་། ཆོས་ཉིད་དོ་ཞེས་ཀྱང་གསུངས་ཏེ། དེ་ལྟར་ཉེ་བར་གནས་པས་ན་དག་ ཅིང་གཉིས་སུ་མེད་པའི་ངོ་བོ་ཉིད་ནི་བཅོམ་ལྡན་འདས་ཡིན་པས་ན་གཉིས་སུ་མེད་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་གཉིས་སུ་མེད་པ་སྟོན་པ་ཡིན་ཞེ་ན། རྣམ་པར་རྟོག་པ་མེད་པ་དང་གཉིས་སུ་མེད་པའི་ངོ་བོ་ཉིད་ཡིན་པས་རྣམ་པར་རྟོག་པའི་རིགས་མཐུན་པ་དང་རྗེས་སུ་འབྲེལ་པའི་སྒྲའི་རང་བཞིན་མ་ ཡིན་ནོ། །འོན་ཀྱང་རྒྱུ་ཙམ་དང་རྗེས་སུ་འབྲེལ་པ་སྟེ། རྒྱུ་ཡང་རྒྱུན་ཙམ་དུ་བྱ་བ་བྱེད་ཀྱི་ལས་ཀྱི་དབང་གིས་ནི་མ་ཡིན་ཏེ། དེ་ཡང་བྱ་བ་དང་བྲལ་དུ་ཟིན་ཀྱང་ཡིད་བཞིན་གྱི་ནོར་བུ་བཞིན་དུ་གདུལ་བྱའི་མངོན་པར་འདོད་པའི་དོན་མཛད་པར་སྣང་སྟེ། རྐྱེན་གྱིས་བྱུང་བ་ལ་གཉིས་སུ་མེད་པར་སྟོན་པ་ཞེས་བྱ་ བར་གཞག་པ་ཡིན་ནོ། །དང་པོ་ཞེས་བྱ་བའི་སྒྲ་ནི་སྡུད་པ་སྟེ། རང་ཉིད་གཉིས་སུ་མེད་པའི་ངོ་བོ་ཉིད་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི་དེ་སྟོན་པའི་སྒྲ་ཡང་གཉིས་སུ་མེད་པའི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་དག་པ་ཞེས་བྱ་བ་ནི་བདེན་པའོ། །དེའི་མཐའ་ནི་མཐར་ཐུག་པ་སྟེ། དེ་ལས་གཞན་ པའི་དེ་ཁོ་ན་ཉིད་མེད་པས་ན་ཡང་དག་པའི་མཐའོ། །དེ་ལ་དེའི་བདག་ཉིད་ཀྱིས་རྣམ་པ་ཐམས་ཅད་དུ་ཆོས་ཀྱི་དབྱིངས་མི་གཡོ་བའི་ངོ་བོས་བཞུགས་ན། ཡང་དག་མཐའ་ལ་རྣམ་པར་གནས། །ཞེས་བྱའོ། །དཔེ་ཁ་ཅིག་ལས། ཡང་དག་མཐའ་ནི་རྣམ་པར་གནས། །ཞེས་ཟེར་ཏེ། དེར་ནི་གང་གི་ཕྱིར་ཡང་ དག་པའི་མཐའ་ཡིན་པས་དེས་ན་རྣམ་པར་གནས་པའོ་ཞེས་རྒྱུ་ཉིད་དུ་གྱུར་པ་བཤད་དོ། །བདག་ལ་སོགས་པ་མངོན་པར་ཞེན་པའི་སེམས་ཅན་རྣམས་ཀྱི་དྲེགས་པ་སེལ་བའི་ངོ་བོ་ཉིད་བསྟན་པར་བྱ་བའི་ཕྱིར། བདག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་རི་དགས་ངན་འཇིགས་བྱེད། །ཅེས་བྱ་བ་ གསུངས་ཏེ། བདག་དང་བྲལ་བའི་ཕྱིར་བདག་མེད་པ་སྟེ། བདག་མེད་པའི་ངོ་བོ་ཉིད་དོ། །སེང་གེ་དང་འདྲ་བར་འཇིགས་པ་མེད་ཅིང་ངེས་པའི་སྒྲ་གང་ལ་ཡོད་པ་དེ་ལ་ནི་དེ་སྐད་ཅེས་བྱ་ལ། ཆོས་ཐམས་ཅད་བདག་མེད་པའོ་ཞེས་བྱ་བ་འདི་ནི་སེང་གེའི་སྒྲ་སྟེ་དེ་དང་ལྡན་པའོ། །མུ་སྟེགས་ངན་པའི་ 63-1-185a ལམ་དང་ལྡན་པ་གང་ཡིན་པ་དེ་ནི་མུ་སྟེགས་ངན་པའོ། །མུ་སྟེགས་ངན་པ་དེ་ཉིད་རི་དགས་དང་འདྲ་བས་ན་རི་དགས་ཏེ། དེ་རྣམས་འཇིགས་པར་མཛད་པས་ན། མུ་སྟེགས་རི་དགས་ངན་འཇིགས་བྱེད། །ཅེས་བྱའོ། །མུ་སྟེགས་ངན་པ་ཉིད་ཀྱང་ཇི་ལྟ་བུ་ཞེ་ན། ཚད་མ་ དང་འགལ་བ་བདག་ཡོད་པ་ཉིད་དུ་ཁས་ལེན་པ་སྟེ། རིགས་པ་ཅན་དང་། བྱེ་བྲག་པ་དང་། དཔྱོད་པ་པ་དང་། གྲངས་ཅན་དང་གཅེར་བུ་པ་ལ་སོགས་པ་བདག་ཡོད་པ་ཉིད་དུ་རྟོག་པའི་གཏན་ཚིགས་སྨྲ་བ་རྣམས་སོ། །དེ་ལ་རིགས་པ་ཅན་དག་སྨྲ་བ་ནི་གལ་ཏེ་བདག་མེད་ན་ལས་དང་འབྲས་བུ་དག་གི་བྱེད་ པ་པོ་དང་དཔྱོད་པ་པོ་གདགས་པའི་སྐབས་མེད་པར་འགྱུར་ཏེ། བྱེད་པ་པོ་གཅིག་མེད་པས་བྱས་པ་འཇིག་ཅིང་མ་བྱས་པ་འཐོབ་པ་ཐལ་བར་འགྱུར་རོ། །དེའི་ཡོད་པ་ཉིད་དང་། རྟག་པ་ཉིད་དང་། ཁྱབ་པ་ཉིད་དང་། བྱེད་པ་པོ་ཉིད་དང་། དཔྱོད་པ་ཉིད་དུ་སྒྲུབ་པའི་ཚད་མ་དག་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག་ ཡོད་པ་ཉིད་ནི་སྤོབས་པ་དང་བྲལ་བ་བཞིན་དུ་འཇལ་བར་བྱེད་དེ། ཡོད་པ་ལ་སོགས་པ་བྱེ་བྲག་པའི་ཡུལ་དང་ཡུལ་མ་ཡིན་པའི་ཤེས་བྱའི་ཡུལ་བདག་ཅེས་བྱ་བའི་མངོན་སུམ་དང་། རྗེས་སུ་དཔག་པ་དང་། འཇལ་བ་དང་། སྒྲ་དང་། དྲན་པ་དང་། སོ་སོར་ཤེས་པ་དང་། གྲུབ་པའི་ལྟ་བ་དང་། དྲང་སྲོང་གི་ ལུང་དང་། སོམ་ཉི་དང་། ཕྱིན་ཅི་ལོག་དང་། ཡིད་ཆེས་པར་བྱ་བ་མ་ཡིན་པ་དང་། རྨི་ལམ་དང་། རྨི་ལམ་གྱི་རྨི་ལམ་རྣམས་ནི་ཤེས་པ་སྟེ། བདག་གི་ལུས་ལ་སོགས་པ་ལས་ཐ་དད་པའི་ཤེས་པ་པོས་རིག་པ་ནི་རང་གི་རྒྱུད་ལ་རག་ལས་པ་ཉིད་དང་། སྐྱེ་བ་དང་ལྡན་པ་ཉིད་དང་། བྱེ་བྲག་དང་། ཁྱབ་ པ་དང་ལྡན་པ་ཉིད་དང་ཁོང་དུ་ཆུད་པའི་བདག་ཉིད་ཅན་དང་། ཤིན་ཏུ་མྱུར་བར་འཛིན་པ་ཉིད་དང་། འདུ་བྱེད་སྐྱེད་པར་བྱེད་པ་ཉིད་དང་། རྒྱུ་རྣམས་ཡོད་པའི་ཕྱིར་སྐྱེས་བུ་གཞན་གྱི་ཤེས་པ་ཡིན་ནོ། །ཆོས་མི་མཐུན་པས་མི་སྣང་བར་གྱུར་པ་ནི་བུམ་པ་ལ་སོགས་པ་དང་འདྲའོ། །དེ་ལ་ཡོད་པ་ལ་ སོགས་པ་དྲུག་ནི་བྱེ་བྲག་མེད་པ་སྟེ། ཡོད་པ་དང་མི་རྟག་པ་དང་། རྫས་ཅན་དང་རྒྱུ་དང་འབྲས་བུ་ཉིད་དང་། སྤྱི་དང་བྱེ་བྲག་དང་ལྡན་པ་ཉིད་དེ། དེ་དག་ནི་རྫས་དང་ཡོན་ཏན་དང་ལས་ཀྱི་བྱེ་བྲག་མེད་པ་ཡིན་ནོ། །དེ་རྣམས་ཀྱི་ཡུལ་ནི་རྫས་དང་ཡོན་ཏན་དང་ལས་རྣམས་ཡིན་ནོ། །ཡུལ་མ་ཡིན་པ་ནི་སྤྱི་ 63-1-185b དང་བྱེ་བྲག་དང་འདུའོ། །གང་ལ་ཡུལ་གཉིས་པོ་དེ་དག་དང་ཡོད་པའི་མངོན་སུམ་ལ་སོགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །གྲུབ་པའི་ལྟ་བ་སྐར་རྩིས་ཀྱི་བསྟན་པས་འདྲེན་པ་སྟེ། དེ་ཡང་གྲུབ་པ་རྣམས་ཀྱིས་མཐོང་བའོ། །དྲང་སྲོང་རྣམས་ཀྱི་ལུང་ནི་མངོན་པར་ཤེས་པ་དང་འབྲེལ་བ་སྟེ། དཔེར་ ན་ངའི་སྤུན་ཟླ་ནང་པར་འོང་ངོ་ཞེས་བྱ་བ་ལྟ་བུའོ། །དེ་ནི་དྲང་སྲོང་རྣམས་ལ་ཡོད་དོ་ཞེས་གྲགས་པས་དྲང་སྲོང་རྣམས་ཀྱི་ཞེས་བཤད་དོ། །སོམ་ཉི་ཐེ་ཚོམ་དུ་གྱུར་པའོ། །ཕྱིན་ཅི་ལོག་ནི་ལོག་པའི་ཤེས་པའོ། །ཡིད་ཆེས་པར་བྱ་བ་མ་ཡིན་པ་ནི་ངེས་པ་མེད་པའོ། །རྨི་ལམ་དང་པོའི་སྐབས་སུ་མཐོང་བ་ནི་རྨི་ལམ་ མོ། །རྨི་ལམ་གྱི་ནང་དུ་རྨི་ལམ་རྨི་བ་ནི་རྨི་ལམ་གྱི་རྨི་ལམ་མོ་ཞེས་བུད་མེད་དང་རྗེའུ་རིགས་དག་ངོ་མཚར་སྐྱེ་བའི་ཕྱིར་མུ་སྟེགས་ཀྱི་སྟོན་པ་རྣ་བུག་མེད་ཀྱིས་བཤད་དོ། །འདི་ནི་ཚིག་དཀའ་བ་ཙམ་ཕྱེ་བ་སྟེ་ལྷག་མ་རྣམས་ནི་གོ་སླའོ། །འཇལ་བར་བྱེད་པ་ཞེས་བྱ་བ་ཡང་འདི་ལྟར་འཇལ་བར་བྱེད་དེ། ལྷས་བྱིན་གྱི་ གཟུགས་དང་། སྒྲ་དང་། རོ་དང་། དྲི་དང་། རེག་བྱའི་ཤེས་པ་རྣམས་ཀྱི་རྒྱུ་ནི་གཅིག་དང་དུ་མ་ཡིན་ཏེ། ངས་མཐོང་ངོ་། །ངས་ཐོས་སོ་ཞེས་བྱ་བ་ལ་སོགས་པས་བྱེད་པ་པོ་གཅིག་པར་མཚམས་སྦྱོར་བའི་ཕྱིར་རོ། །གཅིག་མང་པོའི་ཡང་རྒྱུར་འགྱུར་ཏེ། གར་མཁན་གྱི་སྨིན་མ་བསྐྱོད་པ་གཅིག་གིས་དུ་མའི་ཤེས་པ་ ཅིག་ཅར་བསྐྱེད་པ་ལྟ་བུ་དང་། ཡང་དཔེར་ན་བྱ་བའི་དུས་སུ་བྱེད་པ་པོ་སྣ་ཚོགས་པའི་ཤེས་པ་སྣ་ཚོགས་པར་གྱུར་པ་རྒྱུ་གཅིག་ལས་འབྱུང་བ་ལྟ་བུའོ། །དེ་བཞིན་དུ་འདིར་ཡང་ཡུལ་སྣ་ཚོགས་པའི་ཤེས་པ་རྒྱུ་གཅིག་པའི་ཕྱིར་གཅིག་ཏུ་ཉེ་བར་སྦྱོར་བར་འགྱུར་ལ་རྒྱུ་གཅིག་པུ་གང་ཡིན་པ་དེ་ནི་བདག་ཅེས་བྱའོ། ། དེ་བཞིན་དུ་སྦྱོར་བ་གཞན་ཡང་བདག་ཅེས་བྱ་བའི་ཚིག་ནི་ལུས་དང་། དབང་པོ་དང་། ཡིད་དང་། བློ་དང་། ཚོར་བ་བསྡུས་པ་ལས་ཐ་དད་པའི་ཚིག་ཡིན་ལ། རབ་ཏུ་གྲགས་པའི་རྣམ་གྲངས་ལས་ཐ་དད་པ་ཉིད་ཀྱིས་ན་ཚིག་གཅིག་པ་ཉིད་དེ། བུམ་པ་དང་འདྲའོ། །དེ་བཞིན་དུ་སྲོག་དང་ལྡན་པའི་ ཚོར་བ་འདི་ནི་བདག་མེད་པ་མ་ཡིན་ཏེ། སྲོག་དང་མི་ལྡན་ཐལ་བར་འགྱུར་བས་བུམ་པ་དང་འདྲའོ། །དེ་ལྟར་ཡོད་པ་ཉིད་ཀྱི་ཚད་མ་སྨྲས་ནས། རྟག་པ་ཉིད་དང་། ཁྱབ་པ་ཉིད་ཀྱི་ཚད་མ་དག་བསྟན་པར་བྱ་བའི་ཕྱིར་རྣ་བུག་མེད་པས་སྨྲས་པ། མའི་ཁོང་ནས་བྱུང་བའི་དུས་ན་བདག་གི་ཤེས་པ་དང་པོ་ཚོར་ 63-1-186a བ་པོ་དང་། ཤེས་པ་པོར་ཡོད་པས་དུས་གཞན་དག་ཏུ་ཡང་བདག་གི་ཤེས་པ་ཡོད་པས་བདག་གི་ཤེས་པ་ཡིན་པའི་ཕྱིར་ཐོག་མ་བདག་གི་ཤེས་པ་དང་འདྲའོ། །དེ་བས་ན་རྟག་པ་ཡིན་ནོ། །ཁྱབ་པར་བྱེད་པ་ལ་ཡང་དེ་ཉིད་འཇལ་བར་བྱེད་དེ། ས་དང་ཆུ་དང་མེ་དང་རླུང་དང་། ཡིད་ ལོག་པར་རྟོག་པའི་ཡུལ་དུ་གྱུར་པ་ཤིན་ཏུ་ཐག་རང་དུ་གནས་ཀྱང་ངའི་བདག་དང་འབྲེལ་པ་ཡིན་ཏེ། གཟུགས་དང་ལྡན་པ་ཉིད་དང་། ཤུགས་དང་ལྡན་པ་ཉིད་དང་། གཞན་ཉིད་དང་། གཞན་མ་ཡིན་པ་ཉིད་དང་། ཕན་ཚུན་ཀུན་དུ་འདྲེ་བ་དང་། ཆར་གནས་པ་ཉིད་ཡིན་པའི་ཕྱིར་བདག་གི་ལུས་ལ་སོགས་ པ་དང་འདྲ་བའི་ཕྱིར་རོ་ཞེས་དེ་དག་གི་ཡོད་པ་ཉིད་དང་། རྟག་པ་ཉིད་དང་། ཁྱབ་པ་ཉིད་དུ་བསྒྲུབ་བོ། །དེ་ལྟར་རྟག་པ་ཉིད་དང་། ཁྱབ་པ་ཉིད་ཡིན་དུ་ཟིན་ཀྱང་བྱེད་པ་པོ་དང་། ལོངས་སྤྱོད་པ་པོ་དང་། སྐྱེ་བ་དང་། འཆི་བ་དང་། འཚོ་བ་དང་། འཚེ་བ་ལ་སོགས་པ་དང་ལྡན་པ་ལ་འགལ་བ་མེད་དོ། ། དེ་ལ་ཤེས་པ་དང་། བྱེད་འདོད་པ་དང་། འབད་པ་དང་། བདག་དང་འདུས་པ་ནི་བྱེད་པ་པོ་ཉིད་ཡིན་ནོ། །བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་དང་། འདུ་བ་ནི་ལོངས་སྤྱོད་པ་ཉིད་ཡིན་ཏེ། དེ་ཡང་བདེ་བ་དང་སྡུག་བསྔལ་གཉིས་ཀྱི་ཤེས་པ་ནི་ལོངས་སྤྱོད་ཡིན་ལ། དེ་བདག་དང་འདུས་པ་ནི་ལོངས་སྤྱོད་ པ་པོ་ཉིད་ཡིན་ནོ། །སྐྱེ་བ་ནི་ལུས་དང་དབང་པོ་དང་བློ་དང་། ཚོར་བ་ལ་སོགས་པ་ཁྱད་པར་ཅན་སྔོན་མ་བྱུང་བ་དེ་དང་འབྲེལ་པའོ། །སྔ་མ་དེ་དང་བྲལ་བ་ནི་འཆི་བའོ། །ལུས་དང་བཅས་པའི་བདག་ཡིད་དང་འབྲེལ་ཞིང་ཆོས་མ་ཡིན་པ་ལ་ལྟོས་པར་བྱེད་པ་ནི་འཚེ་བའོ། །འབྲས་བུའི་རྟེན་གྱི་བྱེད་པ་པོ་གསོད་ པས་ན་འཚེ་བའོ། །འདིའི་དོན་ནི་འདི་ཡིན་ཏེ། རྒྱུན་མི་འཆད་པའི་ཆོས་དང་ལྡན་པའི་སེམས་ཅན་གྱི་བདེ་བ་ལ་སོགས་པ་ཡང་དག་པར་ཚོལ་བར་བྱེད་པའི་འབྲས་བུའི་རྟེན་ལུས་དང་ཡུལ་ལ་ཉེ་བར་དམིགས་པ་གཉིས་ཀྱི་བྱེད་པ་པོ་དབང་པོ་རྣམས་གསོད་པས་ན་འཚེ་བ་ཞེས་བྱ་བར་རྣམ་པར་གཞག་ པ་ཡིན་ནོ། །འདིར་ལན་བརྗོད་པར་བྱ་སྟེ། ཡོད་པ་ལ་སོགས་པའི་སྦྱོར་བའི་ཚིག་དྲུག་པོ་གང་ཡིན་པ་དེ་མངོན་སུམ་ལ་སོགས་པའི་ཡུལ་ཡིན་པར་མི་འགྲུབ་སྟེ། རྫས་དང་། ཡོན་ཏན་དང་། ལས་དང་། སྤྱི་དང་། ཁྱད་པར་དང་། འདུ་བ་རྣམས་ནི་མངོན་སུམ་པ་ལ་སོགས་པས་མི་འཛིན་པའི་ 63-1-186b ཕྱིར་རོ། །མི་འཛིན་པ་དེ་ཡང་མིག་ལ་སོགས་པ་ནི་ཡུལ་སོ་སོར་ངེས་པ་ཡིན་པའི་ཕྱིར་རོ། །དེ་ཡང་མིག་གི་ཡུལ་ནི་གཟུགས་ཉིད་ཡིན་གྱི། རོ་ལ་སོགས་པ་ནི་མ་ཡིན་ཏེ། དབང་པོ་ལྷག་མ་རྣམས་འབྲས་བུ་མེད་པར་ཐལ་བར་གྱུར་རོ། །དེ་བཞིན་དུ་རྣ་བས་ནི་སྒྲ་ཉིད་འཛིན་པར་བྱེད་ཀྱི་གཟུགས་ ལ་སོགས་པ་མ་ཡིན་ནོ། །དེ་བཞིན་དུ་ལྷག་མ་རྣམས་ཀྱིས་ཀྱང་རང་རང་གི་ཡུལ་འཛིན་པར་ངེས་པ་ཡིན་ནོ། །གཟུགས་ལ་སོགས་པ་ལས་ཐ་དད་པའི་རྫས་ལ་སོགས་པ་དེ་གང་གིས་འཛིན་པར་བྱེད། འོན་ཏེ་རྗེས་སུ་དཔག་པས་སྒྲུབ་པར་བྱེད་ན་དེ་ཡང་མངོན་སུམ་སྔོན་དུ་འགྲོ་བ་ཅན་པས་དེ་མེད་ན་ འཇུག་པར་ཇི་ལྟར་ནུས། བདག་གི་ཤེས་པ་བདག་གི་ལུས་ལས་ཐ་དད་པའི་ཚོར་བ་པོས་རིག་གོ་ཞེ་ན། དེས་ན་གྲུབ་པ་ལ་སྒྲུབ་པ་ཉིད་ཡིན་ཏེ། ཁྱེད་ཀྱིས་ལུས་ལས་ཐ་དད་པའི་ཐམས་ཅད་མཁྱེན་པ་དང་། དགྲ་བཅོམ་པ་དང་། རྣལ་འབྱོར་པ་རྣམས་ཀྱི་ཤེས་པ་ཡིན་པའི་ཕྱིར་རོ། །སྐྱེས་བུ་གཞན་གྱི་ཤེས་པ་ བཞིན་ནོ་ཞེས་བྱ་བ་ཆོས་མཐུན་པའི་དཔེར་སྨྲས་པ་གང་ཡིན་པ་དེ་ཡང་བསྒྲུབ་པར་བྱ་བ་མ་ཚང་བ་ཡིན་ཏེ། རྣམ་པར་ཤེས་པ་ཐམས་ཅད་ཀྱང་རང་རིག་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །ཤེས་པ་གཞན་གྱིས་རིག་པར་བྱེད་པའི་ཕྱོགས་ལྟར་ན་ཡང་གནས་པའི་མཐར་ཐུག་པ་མེད་པས་ཤེས་པ་མ་ཡིན་ནོ། །ཡང་ གང་གི་གཞུང་ལ་འདི་དག་མ་ལུས་པ་ནི། རྣམ་པར་ཤེས་པ་ཙམ་ཉིད་ཡིན་ཞིང་རང་རིག་པའི་མཐར་ཐུག་པ་ཡིན་པས། དེ་ལས་ལོགས་ཤིག་ན་གཞན་དག་མེད་དོ་ཞེས་ལྟ་བ་དེའི་ཚུལ་ལྟར་ན་ཡང་གྲུབ་པ་ལ་སྒྲུབ་པའི་ཉེས་པ་འདི་ནི་ཤིན་ཏུ་གསལ་བ་ཡིན་ནོ། །དེ་བཞིན་དུ་སྐྱེ་བ་དང་ལྡན་པ་ཉིད་ལ་སོགས་པ་ གཞན་དག་ལ་ཡང་གྲུབ་པ་ལ་སྒྲུབ་པའི་སྐྱོན་བརྗོད་པར་བྱའོ། །གང་གསལ་བར་བྱེད་པ་ཞེས་བྱ་བར་ལྷ་སྦྱིན་གྱི་གཟུགས་ལ་སོགས་པར་མངོན་པར་སྦྱོར་བའི་ཤེས་པ་ངས་མཐོང་ངོ་། །ངས་ཐོས་སོ་ཞེས་བྱ་བ་ལ་སོགས་པས་བྱེད་པ་པོ་གཅིག་པ་ཉིད་དུ་ཤེས་ལ། གང་དེ་ལྟར་རབ་ཏུ་སྦྱོར་བར་བྱེད་པ་དེ་ནི་བདག་ ཡིན་ནོ་ཞེས་ཟེར་བ་དེ་ཡང་མི་རིགས་ཏེ། རྟག་པ་དང་ཐམས་ཅད་དུ་སོང་བ་དང་གཅིག་ཏུ་གྱུར་པ་རབ་ཏུ་སྦྱོར་བར་བྱེད་པ་ནི་མ་མཐོང་བའི་ཕྱིར་དང་མི་སྲིད་པའི་ཕྱིར་རོ། །རྟག་པ་དང་། ཐམས་ཅད་དུ་སོང་བའི་བྱེད་པ་པོ་དང་། ལོངས་སྤྱོད་པ་པོ་དང་། རྗེས་སུ་བོར་བར་བྱེད་པ་པོ་ལ་སོགས་པ་ཡིན་ 63-1-187a པའི་རྗེས་སུ་འགྲོ་བ་དང་ལྡོག་པ་མེད་པས་མོ་གཤམ་གྱི་བུ་དང་འདྲ་བར་བཏགས་པ་ཙམ་དུ་ཟད་དོ། །དེ་ལྟར་ན་སུ་ཞིག་གི་མཚམས་སྦྱོར་བར་བྱེད་པ་ཡིན། སེམས་སྐད་ཅིག་མ་ཉིད་ནི་ཐོག་མ་མེད་པའི་མ་རིག་པས་གཅིག་པ་ཉིད་དུ་སྒྲོ་བཏགས་པ་ལ་ཉིང་མཚམས་སྦྱོར་བར་འཁྲུལ་ པ་ཡིན་གྱི། དངོས་པོར་སྦྱོར་བ་མ་ཡིན་ཞིང་དངོས་པོའི་ཡང་དག་པ་ཉིད་དང་། འབྲེལ་པ་མ་ཡིན་ནོ། །དེ་བས་ན་བདག་ཡོད་དོ་ཞེས་རྟོག་པ་ནི་ཤིན་ཏུ་སྡིག་ཅན་ཡིན་ནོ། །ཚིག་གཅིག་ཡིན་པའི་ཕྱིར་བྱ་བའི་སྒྲུབ་པ་དེ་ཡང་བདག་ལས་གོ་བཟློག་པའི་སྒྲུབ་པ་ཡིན་ཏེ། ཚིག་ཅེས་བརྗོད་པ་ནི་སྤྱི་ ཡིན་ལ། སྤྱི་ནི་བདག་མ་ཡིན་ཏེ། གཞན་ལས་ལྡོག་པའི་ཡུལ་ཡིན་པའི་ཕྱིར་ཚིག་ནི་ཡུལ་མེད་པ་མ་ཡིན་ནོ། །དེ་བས་ན་ཡུལ་མེད་དོ་ཞེས་བྱ་བར་སྟོན་ཏོ། །སྲོག་དང་ལྡན་པའི་འཚོ་བ་འདི་ནི་བདག་མེད་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ཡང་འབྲེལ་པ་ཡོད་པ་མ་ཡིན་ཏེ། སྲོག་ལ་སོགས་པ་དང་ བདག་ཏུ་འབྲེལ་པ་གྲུབ་པ་མ་ཡིན་ནོ། །དེ་ཡང་དེའི་བདག་ཉིད་དུ་འབྲེལ་པ་ཡང་མ་ཡིན་ཏེ། དབྱེ་བ་ཡོད་པར་ཁས་བླངས་པའི་ཕྱིར་རོ། །དེ་ལས་བྱུང་བ་ཡང་མ་ཡིན་ཏེ། རྟག་པ་ནི་རིམ་དང་ཅིག་ཅར་དག་གི་དོན་གྱི་བྱ་བ་བྱེད་པར་འགལ་བའི་ཕྱིར་རོ། །དེ་ལ་རེ་ཞིག་རིམ་གྱིས་བསྐྱེད་པར་མི་འཐད་དེ། སྐྱེ་བ་ པོ་ཉིད་དང་སྐྱེ་བ་པོ་ཉིད་མ་ཡིན་པ་ཉིད་ཀྱི་རང་བཞིན་གཉིས་གཅིག་ལ་དུས་གཅིག་ཏུ་ཡོད་པ་འགལ་བ་ཡིན་ནོ། །རྣམ་པར་འགྱུར་བ་མེད་པ་ལ་ལྷན་ཅིག་བྱེད་པའི་རྒྱུ་སྟོང་ཕྲག་གཅིག་ཀྱང་ཕུལ་དུ་བྱུང་བ་བསྐྱེད་པར་ནུས་པ་མི་སྲིད་པའི་ཕྱིར་རོ། །རྟག་པ་ལ་ནི་ལྷན་ཅིག་བྱེད་པ་ལ་ལྟོས་པ་ཡང་ག་ལ་ཡོད་ དེ། ཅིག་ཅར་བྱེད་པ་ཡིན་པའི་ཕྱིར་རོ། །སྐད་ཅིག་མ་གཅིག་ལ་ཐམས་ཅད་བྱེད་པས་སྐད་ཅིག་མ་གཉིས་པ་ལ་བྱ་བ་མེད་པའི་ཕྱིར་རོ། །དབུགས་རྔུབ་པ་ལ་སོགས་པ་མེད་པའི་མཚན་ཉིད་ཅན་འཆི་བའམ། ཐམས་ཅད་མེད་པའི་མཚན་ཉིད་ཅན་གྱིས་ཐལ་བར་འགྱུར་རོ། །དེ་བས་ནི་ལྡོག་ པར་བརྟགས་པ་ཡང་རིགས་པ་མ་ཡིན་ནོ། །གང་ཡང་རྟག་པ་ཉིད་དང་། ཁྱབ་པ་ཉིད་ལས་བརྟན་པར་བྱ་བའི་ཕྱིར་སྒྲུབ་པ་གཉིས་སྨྲས་པ་དེ་ཡང་ཤིན་ཏུ་མི་རིགས་ཏེ། ཆོས་ཅན་མེད་པས་ཆོས་ཅན་གྱི་བདག་མི་འགྲུབ་བོ། །འོན་ཏེ་ལུས་ལ་སོགས་པ་ཕྱོགས་སུ་བྱས་ནས་དང་པོའི་རྣམ་པར་ཤེས་པ་ 63-1-187b སྐྱེད་པར་བྱེད་པ་ལས་དུས་ཕྱིས་འབྱུང་བའི་རྣམ་པར་ཤེས་པ་ཡང་སྐྱེའོ་ཞེས་སྒྲུབ་ན་དེ་ཡང་མི་རིགས་ཏེ། དེ་ཉིད་ལས་འདི་སྐྱེའོ་ཞེས་བྱ་བའི་ཚད་མ་ཡོད་པ་མ་ཡིན་ནོ། །རེ་ཞིག་མངོན་སུམ་ཡང་མ་ཡིན་ཏེ། སྔོན་ཡང་ཕྱི་མའི་དུས་སུ་གནས་པ་ཡང་མ་ཡིན་ནོ། །རྗེས་སུ་དཔག་པ་ཡང་མངོན་སུམ་ སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་དེ་མེད་པར་འཇུག་པ་དང་ལྡན་པ་མ་ཡིན་ནོ། །རྗེས་སུ་དཔག་པ་ལ་རྗེས་སུ་དཔག་པ་སྔོན་དུ་འགྲོ་བ་ཅན་ཡང་མ་ཡིན་ཏེ། གནས་མེད་པའི་ཕྱིར་རོ། །སྦྱོར་བ་གཉིས་པ་ལ་ལུས་དང་ལྡན་པའི་ཕྱིར་བདག་གི་ལུས་དང་འདྲའོ་ཞེས་བྱ་བའི་དཔེ་ཉིད་ཀྱང་བདག་དང་འབྲེལ་ པ་མ་གྲུབ་ན་ཐམས་ཅད་དུ་སོང་བའི་ཁྱབ་པ་ག་ལ་ཡོད་དེ། བྱིས་པའི་ཚིག་ལྟར་འབྲེལ་པ་མེད་པ་ཡིན་ནོ། །དེ་ལྟར་ན་ཡང་བྱིས་པའི་ཚིག་སུན་དབྱུང་བའི་ཕྱིར་སྒྲུབ་པའི་ལན་བརྗོད་པར་བྱ་སྟེ། གང་ལ་སྐྱེ་བ་མེད་པ་ལ་ནི་འཇིག་པ་ཡང་མེད་དེ། དེ་ལ་ཡོད་པ་མེད་པའི་ཕྱིར། དཔེར་ན་རི་བོང་གི་རྭ་དང་ འདྲའོ། །གཞན་དག་མངོན་པར་འདོད་པའི་བདག་ཅེས་བྱ་བ་ལ་སྐྱེ་བ་དང་འགག་པ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །དེ་བཞིན་དུ་གང་རིམ་གྱིས་སམ་ཅིག་ཅར་དོན་གྱི་བྱ་བ་བྱེད་པ་གང་ཡིན་པ་དེ་ནི་རྟག་པ་མ་ཡིན་ཞིང་ཁྱབ་པ་ཡང་མ་ཡིན་ལ། མེད་པ་ཡང་མ་ཡིན་ནོ། ། དཔེར་ན་མར་མེ་དང་ས་བོན་དང་མྱུ་གུ་དང་ལྕུག་མ་ལ་སོགས་པ་རིམ་གྱིས་སམ་ཅིག་ཅར་དོན་གྱི་བྱ་བ་བསྐྱེད་ན་རྟག་པ་ཉིད་དང་། ཁྱབ་པ་ཉིད་དང་། མེད་པ་ཉིད་ལས་ལྡོག་པར་གྱུར་པ་མ་ཡིན་ནོ། །མེད་པ་དང་འགལ་བའི་ཡོད་པ་ཉེ་བར་དམིགས་པ་འགལ་བའི་ཁྱབ་པ་ཉེ་བར་དམིགས་པ་ཡིན་ནོ། །ཡང་ ན་རིམ་གྱིས་སམ་ཅིག་ཅར་དོན་གྱི་བྱ་བ་བྱེད་པར་མི་འགྱུར་བ་གང་ཡིན་པ་དེ་ནི་ཡོད་པ་མ་ཡིན་ཏེ། རི་བོང་གི་རྭ་དང་། རུས་སྦལ་གྱི་སྤུ་ལ་སོགས་པ་དང་འདྲའོ། །ཆོས་མི་མཐུན་པ་ནི་མྱུ་གུ་ལ་སོགས་པ་དང་འདྲའོ། །བདག་རྟག་པ་ལས་ནི་རིམ་གྱིས་སམ་ཅིག་ཅར་དོན་གྱི་བྱ་བ་བྱེད་པ་མི་འབྱུང་ངོ་། ། དེ་བས་ན་རིམ་གྱིས་སམ་ཅིག་ཅར་གྱི་མཚན་ཉིད་ཀྱིས་དོན་བྱ་བ་བྱེད་པས་རྟག་པ་ལས་ལྡོག་ན་རང་གི་ཁྱབ་པར་བྱ་བ་ཡོད་པ་ལས་ལྡོག་པ་ཡིན་པ་ཁྱབ་པར་བྱེད་པ་མི་དམིགས་པ་ཡིན་ནོ། །ཡང་ན་དངོས་པོ་ཉིད་དང་། ཡོད་པ་ཉིད་དང་། བྱས་པ་ཉིད་དང་། སྐྱེ་བ་དང་ལྡན་པ་ཉིད་ལ་སོགས་ 63-1-188a པའི་ཆོས་དང་ལྡན་པ་གང་ཡིན་པ་དེ་ཐམས་ཅད་ནི་བདག་མེད་པ་ཡིན་ཏེ། དཔེར་ན་ཕྱིའི་བུམ་པ་ལ་སོགས་པ་དང་འདྲའོ། །ནང་གི་སྲོག་དང་། ལུས་དང་། ཡིད་དང་། བློ་དང་། བདེ་བ་དང་། སྡུག་བསྔལ་ལ་སོགས་པའི་དངོས་ པོ་ཉིད་ལ་སོགས་པའི་ཆོས་དང་ལྡན་པ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །དཔྱོད་པ་ཅན་ལ་སོགས་པ་མངོན་སུམ་ལ་སོགས་པའི་ཚད་མ་དང་འགལ་བར་བདག་ཡོད་པར་སྨྲ་བ་རྣམས་ཀྱང་རིམ་པ་འདི་ཉིད་ཀྱིས་ཚར་གཅོད་པར་འགྱུར་རོ། །དེ་ལྟ་མོད་ཀྱི་ཅུང་ཟད་ ཙམ་ཞིག་བསྟན་པར་བྱའོ། །དེ་ལ་དཔྱོད་པ་པ་རྣམས་བཟློག་པ་དང་རྗེས་སུ་མཐུན་པའི་རང་བཞིན་གྱི་སེམས་ཀྱི་བདག་ཉིད་ཅན་བདེ་བ་དང་། སྡུག་བསྔལ་ལ་སོགས་པའི་ཚུལ་གྱིས་ནི་ཐ་དད་པ་བཟློག་པ་ཡིན་ལ། སེམས་དང་ལྡན་པའི་ཚུལ་གྱིས་ནི་རྗེས་སུ་མཐུན་པ་ ཡིན་པར་བདག་ཅེས་བྱ་བའི་རང་བཞིན་ཁས་ལེན་ཏོ། །དེ་ཡང་གཅིག་ཏུ་འཇིག་ན་ནི་བྱས་ན་ཆུད་ཟ་བ་དང་། མ་བྱས་པ་དང་ཕྲད་པར་འགྱུར་རོ། །སྐྱེས་བུ་གཅིག་ཏུ་རྟག་པ་ཉིད་ཡིན་ན་ཡང་བྱེད་པ་པོའི་རང་བཞིན་མི་འདོར་བས་ལོངས་སྤྱོད་པ་ཉིད་དུ་མི་འགྱུར་རོ། །དེ་ ཡང་ཀུ་མ་ར་རི་ལས། །དེ་བས་གཉི་ག་སྤངས་ནས་ནི། །བཟློག་དང་རྗེས་མཐུན་བདག་ཅན་དུ། །སྐྱེས་བུས་ཁས་ནི་བླང་བྱ་སྟེ། །ལུས་བསྐྱིལ་སོགས་པ་སྦྲུལ་དང་འདྲ། །ཞེས་བཤད་པ་ཡིན་ནོ། །བྱེད་པ་པོ་ཉིད་དང་། ལོངས་སྤྱོད་ཉིད་ནི་བདག་ལ་བརྟེན་པ་ཡིན་ཏེ། གནས་སྐབས་ལ་བརྟེན་པ་ནི་མ་ཡིན་ནོ། །དེ་ཉིད་ནི་བྱེད་པ་པོ་དང་ལོངས་སྤྱོད་པ་ཡིན་པར་སོ་སོར་མངོན་པར་ཤེས་པའི་སྟོབས་ཀྱིས་རྣམ་པར་འཇོག་གོ། །བདག་དེ་ཡང་ཤེས་པས་རྟོགས་པར་བྱ་བ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་ཡུལ་གཅིག་ ཏུ་བྱེད་པས་རྟག་པ་ཡིན་པ་སྟེ། ངས་ཤེས་པར་གྱུར་ཏོ། །ཤེས་པར་འགྱུར་རོ། །ཤེས་སོ་ཞེས་ཡུལ་གཅིག་པ་ཉིད་དུ་རྟོགས་པའི་ཕྱིར་རོ། །དེ་སྐད་ཟེར་བ་འདི་ནི་ཚད་མ་ལ་ཤིན་ཏུ་བཟོ་བས་ཁྱེད་བྲམ་ཟེ་ཁོ་ན་ལ་སྲིད་པར་ཟད་དོ། །དེ་ཡང་འདས་པ་དང་། མ་འོངས་པ་ལ་སོགས་ 63-1-188b པའི་དུས་ལ་ཁྱབ་པའི་དངོས་པོ་གཉི་གའི་བདག་ཉིད་ཅན་ཤེས་སོ་ཞེས་ཟེར་བས་འདས་པ་དང་མ་འོངས་པ་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཤེས་སོ་ཞེས་སྨྲས་པར་འགྱུར་བས་ཞིག་ཟིན་པའི་འདས་པ་དང་། མ་སྐྱེས་པའི་མ་འོངས་པ་དག་མངོན་སུམ་དུ་ཤེས་སོ་ཞེས་ སྨྲས་པས་ཡོད་པའི་བར་དུ་སྦྱོར་བའི་མདོར་བྱས་པ་དང་འགལ་བར་འགྱུར་རོ། །མངོན་སུམ་ནུས་པས་མ་འོངས་པའམ། ཅུང་ཟད་ཀྱང་ནི་མཐོང་མི་འགྱུར། །ཞེས་སྨོས་པ་དང་ཡང་འགལ་བར་འགྱུར་རོ། །འདས་པ་དང་། མ་འོངས་པའི་ཡུལ་གཉིས་རྣལ་འབྱོར་ མངོན་སུམ་ཡིན་པ་ལ་འཇུག་ན་ནི། རིག་བྱེད་ལས་སྐྱེས་བུས་བྱས་པ་མ་ཡིན་པ་ཉིད་ལ་སོགས་པར་སྒྲུབ་པའི་དལ་བ་དོན་མེད་པར་འགྱུར་རོ། །དེ་བས་ན་མངོན་སུམ་གྱིས་ནི་ད་ལྟར་ཙམ་འཛིན་པ་ཡིན་པར་ཁས་བླང་བར་བྱའོ། །དེའི་ཕྱིར་ཡང་སྔོན་དང་། ཕྱི་མ་དང་བྲལ་བའི་ ད་ལྟར་བྱུང་བ་ཙམ་གྱི་བདག་གི་རང་བཞིན་རང་རིག་པ་ཙམ་གྱིས་ཤེས་པར་འགྱུར་བས་རྣམ་པར་ཤེས་པ་ཉིད་སྔོན་དང་། ཕྱི་མའི་རྗེས་སུ་འགྲོ་བ་མ་ཡིན་པའི་སྐད་ཅིག་མར་རིག་པའི་བདག་ཉིད་ཅན་དེ་ཁས་བླངས་པ་ལ་བདག་ཅེས་བྱ་བར་མིང་བཏགས་པར་གྱུར་པ་ ཙམ་དུ་ཟད་དོ། །ཡང་ན་རྗེས་སུ་དཔག་པས་བདག་རྟག་པ་ཉིད་སྒྲུབ་ན་དེ་ཡང་མངོན་སུམ་སྔོན་དུ་འགྲོ་བ་ཅན་ཡིན་ན། རྗེས་སུ་དཔག་པ་སྔོན་དུ་འགྲོ་བ་ཅན་ཉིད་ལས་ནི་ཐུག་པ་མེད་པར་འགྱུར་རོ། །མངོན་སུམ་འཇུག་པ་མེད་ན་དེ་སྔོན་དུ་འགྲོ་བའི་རྗེས་སུ་དཔག་པ་འཇུག་ པར་ཇི་ལྟར་འགྱུར། འོན་ཏེ་ང་རྒྱལ་གྱི་སྟོབས་ཀྱིས་བདག་སྒྲུབ་ན་བདག་ཏུ་ཤེས་པ་ནི་ལུས་ལ་དམིགས་པ་ཡིན་ཏེ། ངའི་ཡན་ལག་ཕྲའོ། །སྦོམ་མོ། །དཀར་རོ་ཞེས་བྱ་བའི་གཞི་མཉམ་པ་ཡིན་པའི་ཕྱིར་རོ། །བདག་གི་བདག་ཅེས་བྱ་བ་ནི་གཞི་མཉམ་པ་མེད་ན་ དེ་འདི་ལྟར་འགྱུར་ཏེ། མིག་ལ་སོགས་པ་སྤྱིར་བདག་གི་ལུས་ཙམ་དུ་དམིགས་པའི་ང་རྒྱལ་གྱི་སྟོབས་ཀྱིས་བདག་ཡོད་པར་སྨྲ་ན་མིག་ལ་སོགས་པའི་སྤྱིའི་བདག་ཉིད་ཅན་གྱི་ལུས་ཀྱི་རང་བཞིན་ལ་བདག་ཅེས་བྱའོ་ཞེས་སྟོན་པར་འགྱུར་བས་དེ་ལ་ཡང་མིང་ཙམ་དུ་ཟད་པས་ལོག་ 63-1-189a པར་བསྒྲུབ་པ་མེད་དོ། །བྱེད་པ་པོ་དང་ལོངས་སྤྱོད་ལ་སོགས་པ་ཡང་སྐད་ཅིག་པའི་རྣམ་པར་ཤེས་པ་ཡིན་གྱི། རྒྱུ་དང་འབྲས་བུར་གྱུར་པའི་ཁྱད་པར་ཅན་གཞན་ཡོད་པ་མ་ཡིན་པས་བྱས་པ་ཆུད་ཟ་བ་དང་མ་བྱས་པ་དང་ཕྲད་པར་རྒོལ་བ་ཡང་རྒོལ་ བ་མ་ཡིན་པ་ཉིད་ཡིན་ནོ། །དེ་བས་ན་དཔྱོད་པ་ཅན་གྱིས་བཏགས་པ་ནི་བཏགས་པ་ཁོ་ན་ཙམ་དུ་ཟད་དོ། །གཅེར་བུ་པ་རྣམས་ཀྱང་རྨ་བྱའི་སྤུ་ཡང་སྤྲུག་ཅིང་གར་བྱེད་བཞིན་དུ་ལུས་ཕྱིའི་དྲི་མས་བསྒོས་པ་དང་། བདག་ཡོད་པར་བསྒྲུབ་པར་བྱ་བའི་ཕྱིར་ལངས་ཏེ་སྨྲས་ པ་བདག་ནི་མངོན་སུམ་ཉིད་དུ་རྗེས་སུ་འཇུག་པ་དང་ཟློག་པའི་རང་བཞིན་གཉིས་ཀྱིས་བདག་ཉིད་ཅན་དུ་ཉེ་བར་དམིགས་སོ། །དེ་ཡང་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་གནས་སྐབས་ཐ་དད་དུ་ཟིན་ཀྱང་གནས་པ་པོ་གང་ཡིན། དེ་ནི་གནས་སྐབས་ཐམས་ཅད་དུ་ སེམས་དང་ལྡན་པར་ཉེ་བར་དམིགས་སུ་རུང་སྟེ། བདག་དེ་ནི་རྫས་ཡིན་ནོ། །རྣམ་གྲངས་སུ་ནི་བདེ་བ་ལ་སོགས་པའི་གནས་སྐབས་ཀྱི་དབྱེ་བས་རིམ་གྱིས་འབྱུང་བ་ཡིན་ལ། དེ་ནི་མངོན་སུམ་དུ་གྲུབ་པ་ཡིན་ནོ། །དེ་ཡང་ཆོས་དང་ཆོས་ཅན་གཉིས་ནི་ཡུལ་དང་དུས་ ཀྱི་རང་བཞིན་དབྱེ་བས་དབྱེ་བ་མེད་ལ། གྲངས་དང་། མིང་དང་། མཚན་ཉིད་དང་། བྱ་བའི་དབྱེ་བས་དབྱེ་བ་ཡོད་པ་ཡིན་ཏེ། དཔེར་ན་བུམ་པ་དང་། དེའི་གཟུགས་ལ་སོགས་པ་བཞིན་ཏེ། བུམ་པ་དང་གཟུགས་ལ་སོགས་པ་ནི་ཡུལ་ལ་སོགས་པས་དབྱེ་བ་ མེད་པ་ཡིན་ཏེ། བུམ་པའི་ཕྱོགས་དང་དུས་རང་བཞིན་གང་ཁོ་ན་ཡིན་པ་དེ་ཉིད་ནི་དེའི་གཟུགས་ལ་སོགས་པའི་ཡང་ཡིན་ནོ། །གྲངས་ལ་སོགས་པ་ནི་བུམ་པ་ལས་གཟུགས་ལ་སོགས་པ་དབྱེ་བ་ཡོད་པ་ཡིན་ཏེ། དེ་ཡང་གྲངས་ཀྱི་དབྱེ་བ་ནི་གཅིག་དང་གཉིས་ལ་སོགས་པའོ། ། མིང་གི་དབྱེ་བ་ནི་བུམ་པ་དང་། རྣ་རྒྱན་དང་། དཔུང་རྒྱན་དང་། ནོར་བུ་ཞེས་བྱ་བ་ལ་སོགས་པའོ། །མཚན་ཉིད་ཀྱི་དབྱེ་བ་ལས་རྗེས་སུ་འཇུག་པའི་མཚན་ཉིད་ནི་གསེར་རོ། །བཟློག་པའི་མཚན་ཉིད་ནི་གདུ་བུ་ལ་སོགས་པའོ། །བྱ་བའི་བྱེད་པ་ནི་བུམ་པས་ཆུ་འཛིན་པ་ལ་ 63-1-189b སོགས་པ་དང་། རང་དང་རྗེས་སུ་མཐུན་པའི་རྒྱན་ལ་སོགས་པའི་བྱ་བ་བྱེད་པའོ། །འདིར་བརྗོད་པར་བྱ་སྟེ། སེམས་པའི་བདག་ཉིད་ཅན་གྱི་རྫས་གང་ཡིན་པ་དེ་རྣམ་གྲངས་དང་འབྲེལ་པ་ནི་ཅི་སྔ་མའི་རང་བཞིན་མ་སྤངས་པའམ་སྤངས་ནས་འབྲེལ་ཞེས་གཉིས་སུ་བརྟག་ པར་བྱའོ། །དེ་ལ་བརྟག་པ་དང་པོ་ལྟར་ན་སྔོན་དང་ཕྱི་མའི་གནས་སྐབས་ཁྱད་པར་བྱེད་ན་སེམས་པ་ཇི་ལྟར་ཡོངས་སུ་འགྱུར་བ་ཞེས་བྱ་བ་ཡིན། འགྱུར་བ་ཞེས་པ་བརྟགས་པ་ནི་སྔ་མའི་གནས་སྐབས་ཡོངས་སུ་སྤངས་ནས་གནས་སྐབས་གཞན་དག་ཡོངས་སུ་གཟུང་བ་ལ་བྱ་ན། མི་འགྱུར་བའི་ རང་བཞིན་ལ་ནི་དེ་ཡང་ཡོད་པ་མ་ཡིན་པས་འགྱུར་བ་ཞེས་ཐ་སྙད་ཙམ་དུ་བརྟག་ཏུ་མི་རུང་ངོ་། །སྦྱོར་བ་ལ་ཡང་སྔོན་དང་ཕྱི་མའི་གནས་སྐབས་ཁྱབ་པར་མེད་པ་གང་ཡིན་པ་དེ་ནི་འགྱུར་བ་ཅན་ཡང་མ་ཡིན་ཏེ། དཔེར་ན་ནམ་མཁའ་དང་འདྲའོ། །སེམས་པ་སྔོན་དང་ ཕྱི་མའི་གནས་སྐབས་སུ་ཁྱབ་པར་མེད་ཀྱང་ནི་ཁྱབ་པར་བྱེད་པ་མི་དམིགས་པ་ཡིན་ནོ། །འོན་ཏེ་བརྟག་པ་གཉིས་པ་ལྟར་ན་སྔ་མའི་རང་བཞིན་ཡོངས་སུ་སྤངས་ན་དེའི་རང་བཞིན་གཞན་པ་ཉིད་དུ་འབྱུང་སྟེ། དཔེར་ན་སྣལ་མ་ལས་སྣམ་བུར་གྱུར་པ་དེའི་ཚེ་འགྱུར་བ་ཇི་ལྟར་ ཡིན། སྦྱོར་བ་ནི་གང་དུ་རང་བཞིན་མི་འགྱུར་བ་གནས་སུ་ཟིན་ཀྱང་གཞན་དུ་གྱུར་པ་གང་ཡིན་པ་དེ་ཉིད་དེའི་ཡོངས་སུ་འགྱུར་བ་མ་ཡིན་ཏེ། དཔེར་ན་བུམ་པའི་རང་བཞིན་མ་གྱུར་པར་གནས་པ་ལས་སྣམ་བུར་གྱུར་པ་དང་འདྲའོ། །སྔ་མའི་རང་བཞིན་སྤངས་ནས་རང་བཞིན་གཞན་དུ་སྐྱེ་ བ་ནི་ཁྱབ་པར་བྱེད་པའི་འགལ་བ་ཉེ་བར་དམིགས་པ་ཡིན་ནོ། །འོན་ཏེ་གཉི་གའི་བདག་ཉིད་ཅན་ཡིན་པས་རྫས་དང་རྣམ་གྲངས་གཅིག་ཏུ་བྱ་བ་ཡོད་པའང་མ་ཡིན་ལ། དབྱེ་བ་མེད་པའང་མ་ཡིན་མོད་ཀྱི། འོན་ཀྱང་དེ་གཉི་ག་ཡང་དབྱེ་བ་ཡོད་པ་དང་། དབྱེ་བ་མེད་པ་ཡིན་པ་དེའི་ ཕྱིར་ཇི་སྐད་དུ་བཤད་པའི་ཉེས་པ་མེད་དོ་ཞེ་ན། དེ་ནི་བཟང་པོ་མ་ཡིན་ཏེ། གལ་ཏེ་རྫས་དང་རྣམ་གྲངས་བྱེ་བྲག་མེད་པར་ཡང་ཁས་ལེན་ན་དེའི་ཚེ་རྣམ་པ་ཐམས་ཅད་དུ་དབྱེ་བ་མེད་པ་ཡིན་གྱི། དེ་བས་གོ་བཟློག་པའི་དབྱེ་བ་ཅན་དུ་ཇི་ལྟར་འགྱུར་ཏེ། གཅིག་ལ་གཅིག་ཕན་ཚུན་འགལ་ 63-1-190a བའི་སྒྲུབ་པ་དང་། དགག་པ་ཡོད་པར་རིགས་པ་མ་ཡིན་ནོ། །སྦྱོར་བ་ནི་གང་དུ་དབྱེ་བ་མེད་པ་དེ་ནི་དེ་དང་འགལ་བའི་དབྱེ་བའི་གོ་སྐབས་ཡོད་པ་མ་ཡིན་ཏེ། དེ་རྣམས་ཉིད་ཀྱི་རྣམ་གྲངས་དང་རྫས་ཀྱི་སོ་སོར་ངེས་པ་ཐུན་མོང་མ་ཡིན་པ་བདག་གི་རང བཞིན་དེའི་ངོ་བོ་ཉིད་དེ་ལས་གཞན་དུ་བྱ་བའི་གོ་སྐབས་མེད་དོ། །རྫས་དང་རྣམ་གྲངས་དབྱེ་བ་ཡོད་པ་དང་དབྱེ་བ་མེད་པས་གནས་པ་ནི་འགལ་བ་ཉེ་བར་དམིགས་པ་ཡིན་ནོ། །གང་ན་བཟློག་པ་དང་ལྡན་པའི་རང་བཞིན་ལས་ངོ་བོ་ཉིད་ཐ་མི་དད་པ་དེ་ནི་བཟློག་པ་དང་ ལྡན་པའི་སྟེ། དཔེར་ན་རྣམ་གྲངས་ཀྱི་རང་བཞིན་དང་འདྲའོ། །བཟློག་པ་དང་ལྡན་པའི་རང་བཞིན་ལས་ཐ་མི་དད་པའི་རྫས་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གཏན་ཚིགས་སོ། །ཡང་ན་རྗེས་སུ་མཐུན་པའི་བདག་ཉིད་ཅན་གྱི་རང་བཞིན་ལས་ཐ་མི་དད་པ་དེ་ནི་རྗེས་སུ་ འགྲོ་བའི་བདག་ཉིད་ཅན་ཡིན་ཏེ། དཔེར་ན་རྫས་ཀྱི་རང་བཞིན་དང་འདྲའོ། །རྗེས་སུ་མཐུན་པའི་བདག་ཉིད་ཅན་གྱི་རང་བཞིན་ལས་བདེ་བ་ལ་སོགས་པའི་རྣམ་གྲངས་ཐ་མི་དད་པའི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བ་ཡང་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །གལ་ཏེ་འགལ་ བའི་ཆོས་ལ་ལྷག་པར་ཆགས་སུ་ཟིན་ཀྱང་དབྱེ་བ་མེད་ན་དབྱེ་བ་མ་གྲུབ་པས་དབྱེ་བ་མེད་པ་ཡང་མེད་དོ། །དབྱེ་བ་དང་དབྱེ་བ་མེད་པའི་ཐ་སྙད་རྒྱུན་ཆད་ན་ནི་འགྲོ་བ་རྣམས་ཀྱི་འཇུག་པ་དང་ལྡོག་པ་མེད་པར་འགྱུར་ཏེ། འདི་ནི་གོ་བཟློག་པས་གནོད་པའི་ཚད་ མ་ཡིན་ནོ། །དེ་བས་ན་མངོན་སུམ་ནི་རྗེས་སུ་འགྲོ་བ་དང་བཟློག་པའི་རང་བཞིན་དང་བྲལ་བ་སྔོན་དང་ཕྱི་མའི་ཚུལ་ལས་དབེན་པ་ད་ལྟར་བྱུང་བ་ཙམ་གྱི་རང་བཞིན་འཛིན་པར་བྱེད་པ་རང་རིག་པའི་བདག་ཉིད་ཅན་ཡིན་པས་བདག་མེད་པ་ནི་མངོན་སུམ་དུ་གྲུབ་ པ་ཡིན་ནོ། །བདག་མེད་པ་མངོན་སུམ་དུ་གྲུབ་ཏུ་ཟིན་ཀྱང་གཞན་གྱི་གཞུང་ཚུལ་སྙིང་པོ་མེད་པར་བསྟན་པར་བྱ་བའི་རྗེས་སུ་དཔག་པ་ཡོད་པས་འདིར་མངོན་པར་ཞེན་པར་མི་བྱའོ། །ཚད་མ་དང་བྲལ་བར་རྨོངས་པས་བདག་ཡོད་པར་ཁས་འཆེ་བའི་མུ་སྟེགས་ངན་པ་ 63-1-190b གཞན་དག་ལ་ཡང་ཚུལ་འདི་བཞིན་དུ་ཚར་གཅད་པར་བྱའོ། །ད་ནི་དཀྱུས་མ་ཉིད་ལ་འཇུག་པར་བྱ་སྟེ། རྗེ་བཙུན་འཇམ་དཔལ་གྱིས་འགྲོ་བ་ཐམས་ཅད་ཀྱི་དོན་ཡོད་པར་མཛད་པ་ལ་སོགས་པའི་ཁྱད་པར་གྱིས་ཕུལ་དུ་བྱུང་བའི་ངོ་བོ་ཉིད་དུ་བསྟན་པར་བྱ་བའི་ཕྱིར་རོ། །ཀུན་དུ་ འགྲོ་བའི་དོན་ཡོད་སྟོབས། །དེ་བཞིན་གཤེགས་པའི་ཡིད་ལྟར་མགྱོགས། །རྒྱལ་བ་དགྲ་རྒྱལ་རྣམ་པར་རྒྱལ། །འཁོར་ལོས་སྒྱུར་བ་སྟོབས་པོ་ཆེ། །ཞེས་བྱ་བ་གསུངས་ཏེ། ཐམས་ཅད་དུ་ཅིག་ཅར་གདུལ་བྱ་རྣམས་ལ་སྣང་ཞིང་གཤེགས་པས་ན་ཀུན་དུ་འགྲོ་ བའོ། །ཡང་ན་གང་གི་ཕྱིར་ཆོས་ཀྱི་དབྱིངས་ལ་མ་གཏོགས་པའི་ཆོས་ནི་འགའ་ཡང་མེད་དོ་ཞེས་བྱ་བའི་རིགས་པས་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་པས་ན་ཀུན་དུ་འགྲོ་བའོ། །དོན་ཡོད་པ་ནི་འབྲས་བུ་ཡོད་པ་སྟེ། གདུལ་བྱ་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་ རྫོགས་པའི་འགྲོ་བ་གང་ལ་ཡོད་པ་དེ་ནི་དོན་ཡོད་སྟོབས་སོ། །བཤད་པ་གཉིས་པ་ཡང་ཆོས་ཀྱི་སྐུ་མངའ་བརྙེས་པས་དོན་ཡོད་ལ། ཐོགས་པ་མེད་པར་གཤེགས་པ་ནི་ཐུགས་སུ་ཆུད་པ་སྟེ། དེ་བཞིན་ཉིད་ཐུགས་སུ་ཆུད་པས་སྐལ་བ་དང་ལྡན་པ་རྣམས་ལ་ཡིད་བཞིན་གྱི་ནོར་ བུ་རིན་པོ་ཆེ་དང་འདྲ་བར་གྱུར་པས་ན། ཀུན་དུ་འགྲོ་བ་དོན་ཡོད་སྟོབས། །ཞེས་བྱ་སྟེ། ཆོས་ཀྱི་སྐུའོ། །དེ་བཞིན་གཤེགས་པའི་ཡིད་ལྟར་མགྱོགས་པའི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་དུ་འགྱུར་བས། དེ་བཞིན་གཤེགས་པའི་ཡིད་ལྟར་མགྱོགས། །ཞེས་བྱའོ། །ཡང་ན་དེ་ བཞིན་གཤེགས་པའི་ཡིད་ལྟར་མགྱོགས་པས་དོན་ཡོད་པའི་སྟོབས་སོ། །དོན་ཡོད་སྟོབས་པས་ཀུན་དུ་འགྲོ་བའོ་ཞེས་རྒྱུ་དང་འབྲས་བུའི་ངོ་བོར་གྱུར་པར་བཤད་དོ། །ནང་གི་ཉོན་མོངས་པ་ལས་ངེས་པར་རྒྱལ་བས་ན་རྒྱལ་བ་སྟེ་། སྡིག་པའི་ཆོས་ལས་ང་རྒྱལ་ཏེ། །དེའི་ ཕྱིར་ཉེར་འགྲོ་ང་རྒྱལ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །ཕྱི་རོལ་གྱི་བདུད་ཀྱི་དགྲ་ལས་རྣམ་པར་རྒྱལ་བས་ན་དགྲ་ལས་རྒྱལ་བ་སྟེ། བདུད་དང་མུ་སྟེགས་ལ་སོགས་པའི་དགྲ་ལས་གང་ཞིག་རྒྱལ་བ་དེ་ནི་དགྲ་ལས་རྒྱལ་བའོ། །ནང་དང་ཕྱིའི་ཉོན་མོངས་པ་དང་། བདུད་ཀྱི་དགྲ་ 63-1-191a ལས་རྒྱལ་བ་རྣམ་པ་སྣ་ཚོགས་པ་འདི་ལ་མངའ་བས་ན་རྣམ་པར་རྒྱལ་བའོ། །དེ་བས་ན་ཟིལ་གྱིས་མི་ནོན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པས་ན་འཁོར་ལོས་སྒྱུར་བ་སྟེ། གང་ལ་འཁོར་ལོས་སྒྱུར་བའི་ངང་ཚུལ་ཡོད་པ་དེ་ལ་ནི་དེ་སྐད་ཅེས་བྱའོ། ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལས་ངེས་པར་འབྱུང་བ་སྟོབས་ཆེ་བའི་བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པའི་འཁོར་གྱི་ཚུལ་གང་ལ་ཡོད་པ་དེ་ནི་སྟོབས་པོ་ཆེའོ། །ཡང་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བདག་ཉིད་ཅན་ཟིལ་གྱིས་གནོན་པར་མི་ནུས་པའི་གཟུགས་ དང་ནུས་པ་ལ་སྟོབས་ཞེས་བྱའོ་ཞེས་བཤད་དོ། །བཅོམ་ལྡན་འདས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་བདག་པོ་ཉིད་དུ་གྱུར་པར་བསྟན་པར་བྱ་བའི་ཕྱིར། ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་མཆོག །ཚོགས་རྗེ་ཚོགས་བདག་དབང་དང་ལྡན། །མཐུ་ ཆེན་གཅེས་པར་འཛིན་པ་སྟེ། །ཚུལ་ཆེན་གཞན་གྱི་དྲིང་མི་འཇོག །ཅེས་བྱ་བ་གསུངས་ཏེ། དེ་ལ་ཉན་ཐོས་ལ་སོགས་པའི་དགེ་འདུན་བསླབ་པའི་ཀུན་དུ་སྤྱོད་པ་འཛིན་དུ་མཛད་པས་ན། ཚོགས་ཀྱི་སློབ་དཔོན་ནོ། །ཚོགས་རྣམས་ཀྱི་གཙོ་བོ་ཡིན་པས་ན་ ཚོགས་ཀྱི་མཆོག་སྟེ། བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་གཙོ་བོར་གྱུར་པས་ན་ཚོགས་ཀྱི་མཆོག་གོ། །རྫུ་འཕྲུལ་ཆེན་པོ་དང་ལྡན་པའི་ལྷ་རྣམས་ཀྱི་ཚོགས་ཀྱི་གཙོ་བོར་གྱུར་པས་ན་ཚོགས་རྗེའོ། །དེ་ལས་གཞན་པའི་གནོད་སྦྱིན་དང་ལྷ་མ་ཡིན་ལ་སོགས་པ་ཚོགས་ རྣམས་ཀྱི་གཙོ་བོར་གྱུར་ཅིང་སྐྱོང་བར་མཛད་པས་ན་ཚོགས་བདག་གོ། །ཇི་ལྟར་ན་ཐམས་ཅད་དུ་འདི་ལྟར་གྱུར་པ་ཡིན་ཞེ་ན། དེའི་ཕྱིར་དབང་དང་ལྡན་ཞེས་བྱ་བ་གསུངས་ཏེ། དབང་དུ་གྱུར་པ་ཉིད་ཐོབ་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །ཡང་ན་དེ་བཞིན་གཤེགས་པའི་ དཀྱིལ་འཁོར་ཆེན་པོ་དེ་བཞིན་གཤེགས་པ་ནི་བྱང་ཆུབ་སེམས་དཔའ་ལ་སོགས་པའི་ཚོགས་རྣམས་ཀྱི་གཙོ་བོར་གྱུར་པས་ན་ཚོགས་ཀྱི་མཆོག་གོ། །ཁྲོ་བོའི་དཀྱིལ་འཁོར་དུ་དྲག་པོས་མནན་ནས་སྟོབས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་འཛིན་དུ་འཛུད་པར་མཛད་ 63-1-191b པས་ན་ཚོགས་ཀྱི་སློབ་དཔོན་ནོ། །འཇིག་རྟེན་པའི་ཕྱི་རོལ་གྱི་རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་བཞག་ནས་འདི་ནི་བདག་ཅག་གི་སྟོན་པ་དང་གཙོ་བོ་དང་དབང་པོའོ་ཞེས་མཆོད་པར་བྱེད་པས་ན་ཚོགས་ཀྱི་མཆོག་གོ། །གཟུངས་ཀྱི་དཀྱིལ་འཁོར་དུ་གཟུངས་ཀྱི་ལྷ་ མོ་ཐམས་ཅད་ཀྱི་ཚོགས་རྣམས་དགའ་བ་བསྐྱེད་པའི་བདག་པོར་གྱུར་ནས་བཞུགས་པས་ན་ཚོགས་རྗེའོ། །ཐམས་ཅད་དུ་ཅིག་ཅར་བདག་པོར་གྱུར་པས་ན་ཚོགས་བདག་གོ། །འདི་ཡང་དབང་དུ་གྱུར་པས་ན་དབང་དང་ལྡན་པ་ཞེས་བྱའོ། །ཐམས་ཅད་དུ་ལེགས་ པར་གནས་པའི་ཕྱིར་མཐུ་ཆེན་པོ་འདི་ལ་མངའ་བས་ན་མཐུ་ཆེན་ནོ། །སེམས་ཅན་མ་ལུས་པའི་དོན་མཛད་པའི་ཕྱིར་དེ་བཞིན་གཤེགས་པའི་གཅེས་པ་ལ་ངེས་པར་སྦྱོར་བས་ན་གཅེས་པར་འཛིན་པ་སྟེ་ཞེས་བྱའོ། །དེ་ལྟ་ན་ནི་གཞན་ལ་རག་ལས་པ་ཉིད་འགྱུར་རོ་སྙམ་ པའི་རྟོག་པ་བསལ་བར་བྱ་བའི་ཕྱིར། ཚུལ་ཆེན་གཞན་གྱི་དྲིང་མི་འཇོག །ཅེས་བྱ་བ་གསུངས་ཏེ། འདིས་སེམས་ཅན་རྣམས་སངས་རྒྱས་ཉིད་དུ་འཁྲིད་པར་མཛད་པས་ན་ཚུལ་ཞེས་བྱ་སྟེ་ལམ་མོ། །ཐེག་པ་ཆེན་པོའི་བདག་ཉིད་ཅན་གྱི་ཆེ་བའི་ཚུལ་གང་ལ་ཡོད་པ་དེ་ནི་ཚུལ་ཆེན་ནོ། ། གཞན་གྱིས་བཀྲིར་མེད་པས་ན་གཞན་གྱི་དྲིང་ལ་མི་འཇོག་པ་སྟེ། གཞན་གྱིས་ཁ་དྲང་དུ་མེད་པའོ། །དེ་ལྟ་མོད་ཀྱི་རང་ཉིད་བདག་ཉིད་ཀྱིས་བདག་ཉིད་སེམས་ཅན་གྱི་དོན་བྱེད་པ་ལ་ངེས་པར་སྦྱོར་བ་དང་ལྡན་པས་ན་གཅེས་པར་འཛིན་པ་དང་། གཞན་གྱི་དྲིང་ལ་མི་འཇོག་ པ་ཞེས་བྱ་བ་ལ་འགལ་བ་མེད་དོ། །ད་ནི་ངག་གིས་རབ་ཏུ་དབྱེ་བས་བདག་པོར་གྱུར་པ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། ཚིག་རྗེ་ཚིག་བདག་སྨྲ་མཁས་པ། །ཚིག་ལ་དབང་བ་ཚིག་མཐའ་ཡས། །ཚིག་བདེན་པ་དང་བདེན་པར་སྨྲ། །བདེན་པ་བཞི་ནི་སྟོན་པ་པོ། ། ཞེས་བྱ་བ་གསུངས་ཏེ། འདིར་སོ་སོ་ཡང་དག་པར་རིག་པ་བཞི་དང་སྦྱར་བར་བལྟ་སྟེ། དེ་ཡང་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་རྒྱས་པར་བསྟན་ཏེ། འདི་ནི་མདོ་ཙམ་དུ་སྦྱར་བར་བྱའོ། །དེ་ལ་དོན་སོ་སོ་ཡང་དག་པར་རིག་པ་ནི་གང་ཆོས་ཐམས་ཅད་ལ་དོན་ 63-1-192a དམ་པར་ཤེས་པ་སྟེ། ཆོས་ཤེས་པ་དང་། སོ་སོར་རྟོག་པ་ཤེས་པ་དང་། རྗེས་སུ་འགྲོ་བ་ཤེས་པ་དང་། རྒྱུ་ཤེས་པ་དང་། རྐྱེན་ཤེས་པ་དང་། གཉིས་སུ་མེད་པར་ཤེས་པ་དང་། ཚོགས་པར་ཤེས་པ་དང་། ཐ་མར་མི་འགྲོ་བ་ ཤེས་པ་དང་། བར་ན་མི་འདུག་པ་ཤེས་པ་དང་། རྐྱེན་ལ་འཇུག་པ་ཤེས་པ་དང་། ཆོས་ཀྱི་དབྱིངས་དབྱེར་མེད་པ་ཤེས་པ་དང་། དེ་བཞིན་ཉིད་ཀྱི་རྗེས་སུ་འཇུག་པ་ཤེས་པ་དང་། ཡང་དག་པའི་མཐའ་ལ་གནས་པ་ཤེས་པ་དང་། སྟོང་པ་ཉིད་རྟོགས་ པའི་ཤེས་པ་དང་། དེ་བཞིན་དུ་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་མི་བྱེད་པ་དང་། ཚུལ་གཅིག་པ་དང་། བདག་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པ་དོན་དམ་པར་ཤེས་པ་ ནས་ཐེག་པ་ཆེན་པོ་ལ་དགེ་བའི་རྩ་བ་དང་ཚོགས་ཐམས་ཅད་སྤེལ་བར་ཤེས་པ་འདི་ནི་དོན་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །དོན་སོ་སོ་ཡང་དག་པར་རིག་པ་ནི་དོན་སོ་སོ་ཡང་དག་པར་རིག་པ་གང་གིས་ཆོས་ཐམས་ཅད་དོན་ལ་རྟོན་པས་རྟོན་པའོ། །དེ་ཅིའི་ ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་མ་ལུས་པར་སྟོང་སྟེ། གང་སྟོང་པ་དེ་ནི་དོན་ནོ། །དེ་བཞིན་དུ་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་མི་བྱེད་པ་དང་། མི་སྐྱེ་བ་དང་། མ་བྱུང་བ་དང་། དངོས་པོ་མེད་པ་དང་། དབེན་པ་དང་། བདག་མེད་པ་དང་། སེམས་ཅན་མེད་ པ་དང་། སྲོག་དང་གང་ཟག་མེད་པའི་དོན་དེ་ནི་དོན་ཏེ། ཞེས་བྱ་བ་ནས། དོན་སོ་སོ་ཡང་དག་པར་རིག་པ་དེ་ནི་དོན་ཐམས་ཅད་བསྟན་པ་ལ་མི་ཟད་པ་ཡིན་ཏེ། དེ་ལྟ་བུའི་མི་ཟད་པར་བསྟན་པའི་ཚིག་རྣམས་ལ་དབང་ཕྱུག་ཏུ་གྱུར་པས་ན་ཚིག་རྗེའོ། །དེ་ལ་ཆོས་སོ་སོ་ཡང དག་པར་རིག་པ་ནི་གང་ཆོས་ཐམས་ཅད་ལ་རྗེས་སུ་འཇུག་པ་ཤེས་པ་ནས་ཇི་སྲིད་དུ་སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་གི་སེམས་ཀྱི་འཇུག་པ་དང་། འབབ་པ་ཤེས་པ་དང་། སོ་སོ་ཅི་རིགས་པར་ཆོས་སྟོན་པར་ཤེས་པ་དང་འདུས་པ་ལས་ 63-1-192b མི་འདའ་བར་ཤེས་པ་དང་། སྣོད་ཀྱི་བྱེ་བྲག་ཇི་ལྟ་བ་བཞིན་དུ་ཤེས་པ་དང་། འབྲས་བུ་ཡོད་པར་ཆོས་བསྟན་པ་ཤེས་པ་དང་། མ་ཆད་མ་ལྷག་པར་ཆོས་སྟོན་པ་ཤེས་པ་སྟེ། དེ་ལྟར་ཚིག་རྣམས་ཀྱི་བདག་པོར་གྱུར་པས་ན་ཚིག་བདག་གོ། །དེ་ལ་ངེས་པའི་ཚིག་ སོ་སོ་ཡང་དག་པར་རིག་པ་ནི་གང་སེམས་ཅན་ཐམས་ཅད་ཀྱི་སྐད་ལ་འཇུག་པ་ཤེས་པ་སྟེ། ལྷའི་སྐད་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པའི་སྐད་ལ་ འཇུག་པ་ཤེས་པ་སྟེ། མདོར་ན་ཇི་སྙེད་དུ་འགྲོ་བ་ལྔར་སྐྱེས་པའི་སེམས་ཅན་རྣམས་ཀྱི་སྐད་དང་། སྒྲ་དང་། དབྱངས་དང་། ཚིག་གི་ལམ་དང་། ངེས་པའི་ཚིག་དང་། བརྡ་དང་། སྤྱོད་པ་ཇི་སྙེད་པ་དེ་དག་ཐམས་ཅད་རབ་ཏུ་ཤེས་ཏེ། ཤེས་ནས་ཀྱང་སྒྲ་དེ་དང་དེ་དག་ དང་། ངེས་པའི་ཚིག་དེ་དང་དེ་དག་གིས་སེམས་ཅན་དེ་དང་དེ་དག་ལ་སྒྲ་ཇི་ལྟ་བ་བཞིན་དུ་འཇུག་པས་ཆོས་སྟོན་པས་ན་མཁས་པའོ། །དེ་བཞིན་དུ་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པའི་སྤྱོད་པ་འདི་དག་འདི་ལྟ་བུར་བརྟག་པར་བྱ། ཆོས་འདི་དག་འདི་ལྟ་བུར་བརྟུལ་བར་བྱ། ཆོས་འདི་དག་འདི་ལྟ་བུར་མཚམས་སྦྱར་བར་བྱ། ཆོས་འདི་དག་འདི་ལྟ་བུར་ཁོང་དུ་ཆུད་པར་བྱ། ཆོས་འདི་དག་འདི་ལྟ་བུར་ཡི་གེ་རྣམས་ཀྱིས་བརྟག་པར་བྱའོ་ཞེས་དེ་དག་གཅིག་གི་ཚིག་ཀྱང་ཤེས་པ་ནས་ཇི་སྲིད་གཉིས་ཀྱི་ཚིག་ནས། ཡི་གེ་དུ་མར་སྒྲོ་བཏགས་པ་ཡང་ ཤེས། སྒྲོ་བཏགས་པ་མེད་པ་ཡང་ཤེས་ཏེ། དེའི་ཕྱིར་ཚིག་རྣམས་ཀྱི་བདག་པོར་གྱུར་པས་ན་ཚིག་ལ་དབང་བའོ། །ངེས་པའི་ཚིག་དེ་ཡང་ཐོགས་པ་མེད་པ་འཁྲུལ་པ་མེད་པ་ཞེས་བྱ་བ་ནས་སེམས་ཅན་ཐམས་ཅད་མགུ་བར་བྱེད་པའི་བར་ཏེ། དེས་ན་སྨྲ་མཁས་ པའོ། །དེ་ལ་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི་ཆགས་པ་མེད་པར་ལུང་བསྒོ་བ་བསྟན་པ་ཤེས་པ་དང་། དཔྱད་པར་ལུང་བསྒོ་བ་བསྟན་པ་ཤེས་པ་དང་། ཐོགས་པ་མེད་པར་ལུང་བསྒོ་བ་བསྟན་པ་ཤེས་པ་དང་། མྱུར་བའི་སྤོབས་པ་དང་། ལ་གོར་དུ་སྤོབས་པ་དང་། མགྱོགས་ 63-1-193a པའི་སྤོབས་པ་དང་། འབྲས་བུ་ཡོད་པའི་སྤོབས་པ་དང་། ཇི་ལྟར་དྲིས་པ་བཞིན་དུ་སྤོབས་པ་དང་། མི་འཕྲོགས་པའི་སྤོབས་པ་དང་། ཡོངས་སུ་མི་ཉམས་པའི་སྤོབས་པ་ནས་ཇི་སྲིད་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བསྟན་པས་སེམས་ཅན་ཐམས་ ཅད་ཀྱི་སེམས་ཀྱི་སྤྱོད་པ་ཚིམ་པར་བྱ་བའི་སྤོབས་པ་སྟེ། མི་དོར་མི་ལྐུགས་པའི་ཚིག་དང་། ཚིག་མི་བརླང་བ་དང་། བརྟན་པ་དང་། མི་རྩུབ་པ་དང་། འཇམ་པ་དང་། དག་པ་དང་། རབ་ཏུ་གྲོལ་བ་དང་། ཐོགས་པ་མེད་པ་དང་། ཟུར་ཕྱིན་པ་དང་། ངེས་པ་དང་། མི་གཡོ་ བ་དང་། མི་རྒོད་པ་དང་། ཞི་བ་དང་། གཟུང་བའི་ཚིག་དང་། བཙུན་པའི་ཚིག་ནས་དེ་བཞིན་དུ་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་ངེས་པར་འབྱུང་བར་འགྱུར་ཏེ། གདུལ་བར་བྱ་བའི་ཐབས་དཔག་ཏུ་མེད་པའི་གསུང་གང་མངའ་བ་དེ་ནི་ཚིག་མཐའ་ཡས་པའོ། །དེ་ལྟར་སོ་ སོ་ཡང་དག་པར་རིག་པ་བཞི་དབྱེ་བས་ཚིག་རྣམས་སྟོན་པའི་དབྱེ་བ་ཡོད་པས་རྣམ་གྲངས་སུ་བྱས་ནས་བཤད་པ་ཡང་མ་ཡིན་ནོ། །ཡང་ན་ཚིག་ཐམས་ཅད་བསྐྱེད་པའི་སྔགས་ཀྱི་བདག་ཉིད་ཀྱིས་བཞུགས་པས་ན་ཚིག་རྗེ་སྟེ། གཙོ་བོ་ནི་དབང་པོར་གྱུར་པ་ ཡིན་པས་རྒྱུར་གྱུར་པ་ལས་འབྲས་བུའི་ཚུལ་དུ་གྲུབ་པའོ། །ཚིག་འབྱུང་བ་རྒྱུན་མི་འཆད་པར་སྦྱོར་བས་ན་ཚིག་བདག་གོ། །དེ་ལྟར་གྲུབ་པའི་ཚིག་གི་རྒྱུན་འབྱུང་བས་ཕ་རོལ་སྨྲ་བ་པོ་མ་ལུས་པར་ཚར་གཅོད་པས་ཚིག་གི་ནུས་པ་དང་ལྡན་པ་སྨྲ་མཁས་པའོ། ། སཾ་སྐྲྀ་ཏ་དང་། སྐད་ཐ་མལ་པ་དང་། ཟུར་བཅག་པ་དང་། ཤ་ཟའི་སྐད་དང་། མ་ག་དྷཱ་པའི་སྐད་དང་། ཟུང་དུ་འཇུག་པའི་སྐད་དང་། ཐ་དད་པ་ལ་སོགས་པའི་སྐད་ཐམས་ཅད་ལ་མཁས་ཤིང་ཐམས་ཅད་དུ་ཚིག་གིས་སྟོན་པས་ན་ཚིག་ལ་དབང་བའོ། །དེ་བཞིན་དུ་འཁོར་ ཐམས་ཅད་ཀྱིས་ཟིལ་གྱིས་ནོན་པར་མི་ནུས་ཀྱང་ཚིག་གི་རྒྱུན་ལ་ཡུལ་དང་དུས་ཀྱི་གནས་སྐབས་ཀྱི་ཁྱད་པར་གྱིས་ལེན་འགའ་རྒྱུན་ཆད་པར་དོགས་པ་དེ་ལྟ་བུ་འདི་ལ་མི་མངའ་སྟེ། དེ་ལྟར་གྱུར་པའི་རྒྱུའི་ཁྱད་པར་བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད་ལ་ཟད་པ་མེད་པའི་ཕྱིར་རོ། ། 63-1-193b དེ་ཡང་། བསྟན་གང་ཚིག་གཅིག་སྟོན་པར་མཛད་པ་ན། །བསྐལ་པ་བསམ་མི་ཁྱབ་པར་འདས་གྱུར་ཀྱང་། །ཟད་པ་མེད་པའི་ཚིག་གི་དབྱེ་བ་ཡིས། །དོན་རྟོགས་མཛད་པར་ཐུགས་ནི་རྣམ་པར་སྦྱངས། །ཞེས་བཤད་པ་ལྟ་བུའོ། །དེ་བས་ན་ཡུལ་དང་དུས་ཀྱི་གནས་སྐབས་ ཀྱི་བྱེ་བྲག་གིས་རྒྱུན་ཆད་པ་མེད་པར་རྣམ་པ་ཐམས་ཅད་དུ་རྒྱུན་མི་འཆད་པའི་ཚིག་རྒྱུན་འབྱུང་བས་ན་ཚིག་མཐའ་ཡས་ཞེས་བྱ་སྟེ། རྒྱུ་ཉིད་དང་འབྲས་བུ་ཉིད་དུ་གཞག་པའི་བྱེ་བྲག་གི་གནས་སྐབས་ཡོངས་སུ་བཟུང་ནས། བཅོམ་ལྡན་འདས་དེ་ཉིད་ཐམས་ཅད་དུ་བཞུགས་ པའོ་ཞེས་སྟོན་པ་ཡིན་པའི་ཕྱིར་རྣམ་གྲངས་ནི་མ་ཡིན་ནོ། །ཡང་ན་རྣམ་གྲངས་ཉིད་དུ་བྱ་ན་ཡང་ཚིག་འགའ་ཞིག་ལ་དེ་ལས་གཞན་པའི་ཚིག་འགས་གསང་སྔགས་ཀྱི་ཚུལ་དུ་གྱུར་པས། ཇི་ལྟར་མངོན་པར་འདོད་པའི་དོན་ཐོབ་པར་འགྱུར་བས་ན་རྣམ་གྲངས་ཀྱིས་སྟོན་པར་ མཛད་པ་ཡང་སྲིད་པའམ་ཡང་ན་ཚིག་སྔ་མ་སྔ་མའི་བཤད་པར་གྱུར་པ་ནི་ཚིག་ཕྱི་མ་ཕྱི་མ་ཡིན་པར་བཅོམ་ལྡན་འདས་ཀྱི་བཀའ་ཉིད་ལས་ཤེས་ཏེ། ངས་བཤད་ཅིང་བསྟན་ཏེ་བཀྲོལ་ཞིང་རྣམ་པར་ཕྱེ་ལ་གསལ་བར་བྱའོ་ཞེས་གསུངས་ཏེ། གཞན་དུ་རྣམ་པར་ཕྱེ་བ་ལ་སོགས་པ་ནི་ མེད་པས་གཞན་དག་ཏུ་ཡང་རྣམ་གྲངས་ཀྱི་ཚིག་འདི་ལྟར་སྦྱར་བ་ལ་ཉེས་པ་མེད་དོ། །ཚིག་བདེན་ཞེས་བྱ་བ་ལ། དེ་ལ་བྱང་ཆུབ་སེམས་དཔའི་བདེན་པ་གང་ཞེ་ན། གང་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་ནས་སེམས་ དེ་སྲོག་གི་ཕྱིར་ཡང་ཡོངས་སུ་མི་འདོར་ཞིང་སེམས་ཅན་རྣམས་ལ་ལོག་པར་ཡང་མི་སྒྲུབ་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་བདེན་པའོ། །གང་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཕྱིས་སེམས་འདོར་ཞིང་ སེམས་ཅན་ཐམས་ཅད་ལ་ལོག་པར་སྒྲུབ་པ་འདི་ནི་བྱང་ཆུབ་སེམས་དཔའི་རབ་ཏུ་སྨད་པའི་བརྫུན་དུ་སྨྲ་བའོ་ཞེས་ཆོས་ཡང་དག་པར་སྡུད་པ་ལས་འབྱུང་སྟེ། སླུ་བར་བྱེད་པ་ནི་སྐྱེས་བུ་གཙོ་བོའི་དོན་ཐོས་པ་མ་ཡིན་པས་ཐ་དད་པར་མི་གསུང་སྟེ། དེ་བས་ན་གཙོ་བོར་གྱུར་ 63-1-194a པས་སངས་རྒྱས་ཉིད་ཐོབ་པ་ལས་གཞན་དུ་མི་འགྱུར་བའི་གསུང་མངའ་བས་ནི་ཚིག་བདེན་ནོ། །མྱ་ངན་ལས་འདས་པ་དང་། སྟོང་པ་ཉིད་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་ནི་བདེན་པའོ། །དེ་ལས་གཞན་པ་ཐམས་ཅད་ནི་བརྫུན་ ཞིང་སླུ་བའི་ཆོས་ཏེ། རྣམ་པ་ཐམས་ཅད་དུ་བདེན་པ་དེ་གསུང་བའི་ངང་ཚུལ་གང་ལ་མངའ་བ་དེ་ནི་བདེན་པར་སྨྲ་བའོ། །དང་ཞེས་བའི་སྒྲ་ནི་ངེས་པར་གསུང་བ་སྟེ། བདེན་པ་ནི་འདི་ཉིད་དོ་ཞེས་རྣམ་པར་ཕྱེ་བའི་རིམ་པ་ཡིན་པར་བལྟ་བར་བྱའོ། །བདེན་པ་བཞི་ནི་ སྟོན་པ་པོ། །ཞེས་བྱ་བ་ལ། བདེན་པ་བཞི་ནི་འདི་ལྟ་སྟེ། སྡུག་བསྔལ་གྱི་བདེན་པ་དང་། ཀུན་འབྱུང་གི་བདེན་པ་དང་། འགོག་པའི་བདེན་པ་དང་། ལམ་གྱི་བདེན་པའོ། །དེ་ལ་སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། འཁོར་བར་གྱུར་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་ ཡིན་ཏེ། དེ་ཡང་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་ཏེ། སྡུག་བསྔལ་དེ་གསུམ་དང་ལྡན་པའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་ལོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་སྡུག་བསྔལ་གྱི་མཚན་ཉིད་ཅན་ འདི་ནི། སྡུག་བསྔལ་ཞེས་བྱ་སྟེ། སྡུག་བསྔལ་གྱིས་སྡུག་བསྔལ་བའི་མཚན་ཉིད་ཅན་གྱིས་གང་སྟོང་པ་ཉིད་དུ་སོ་སོར་རྟོག་པ་འདི་ནི་སྡུག་བསྔལ་བ་ལ་སྡུག་བསྔལ་ཤེས་པའི་འཕགས་པའི་བདེན་པའོ། །གང་ཕུང་པོ་ལྔའི་བག་ལ་ཉལ་བ་དང་། སྲིད་པའི་རྒྱུ་ དང་། ལྟ་བའི་རྒྱུ་འདི་ནི་ཀུན་འབྱུང་བ་སྟེ། གང་སྲེད་པའི་རྒྱུ་དང་ལྟ་བའི་རྒྱུ་ཡང་དག་པར་ལེན་པ་དང་རྗེས་སུ་འཛིན་པ་དང་། ཡོངས་སུ་ཚོལ་བ་འདི་ནི་ཀུན་འབྱུང་ཤེས་པའི་འཕགས་པའི་བདེན་པའོ། །གང་ཕུང་པོ་ལྔ་པོ་རྣམས་ཀྱི་ཟད་པ་དང་། མཐར་ཐུག་ པ་དང་། འགོག་པ་དང་། སྔོན་གྱི་མཐར་མི་འབྱུང་ཕྱི་མའི་མཐར་མི་འཕོ་བ་དང་། ད་ལྟར་གྱི་དུས་སུ་ཐོབ་པ་མེད་པ་འདི་ནི་འགོག་པའི་བདེན་པ་ཞེས་བྱ་སྟེ། དེ་ནི་གང་འདི་ལྟར་ཤེས་པ་འདི་ནི་འགོག་པ་ལ་འགོག་པར་ཤེས་པའི་འཕགས་པའི་བདེན་པའོ། ། 63-1-194b ལམ་གང་ཞིག་རྟོགས་པས་སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་ཤེས་པ་དང་། འགོག་པ་ཤེས་པ་ལ་རེག་པར་གྱུར་ཅིང་རྗེས་སུ་ཤེས་པ་འཇུག་པ་འདི་ནི་འགོག་པར་འགྲོ་བའི་ལམ་སྒྲུབ་པའི་འཕགས་པའི་བདེན་པའོ། །འདི་གང་སྟོང་པ་ཉིད་ཤེས་པ་འདི་ནི་ ལམ་ལ་ལམ་གྱི་འཕགས་པའི་བདེན་པ་ཤེས་པ་སྟེ། ཉན་ཐོས་རྣམས་ཀྱི་སྡུག་བསྔལ་ཡོངས་སུ་ཤེས་པ་དང་། ཀུན་འབྱུང་སྤང་བར་བྱ་བ་དང་། འགོག་པ་མངོན་དུ་བྱ་བ་དང་། ལམ་བསྒོམ་པར་བྱའོ་ཞེས་བྱ་བ་དང་། སྡུག་བསྔལ་ལ་སོགས་པ་ལ་མི་རྟག་པ་ དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་ཞེས་བྱ་བ་དང་། ཀུན་འབྱུང་བ་དང་། རྒྱུ་དང་། རྐྱེན་དང་། རབ་ཏུ་འབྱུང་བ་ཞེས་བྱ་བ་དང་། འགོག་པ་དང་། ཞི་བ་དང་། གྱ་ནོམ་པ་དང་། ངེས་པར་འབྱུང་བ་ཞེས་བྱ་བ་དང་། ལམ་དང་། རིགས་པ་ དང་། སྒྲུབ་པ་དང་། ངེས་པར་འབྱིན་པ་ཞེས་བྱ་བ་སྟེ། རྣམ་པ་བཅུ་དྲུག་ཏུ་བྱའོ། །མདོར་བསྡུ་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་བའོ་ཞེས་བྱ་བ་ལ། མི་རྟག་པ་ལ་སོགས་པའི་རྣམ་པས་ཤེས་པར་བྱའོ། །ཀུན་འབྱུང་གི་བདེན་པ་ནི་གང་སྲེད་པ་དང་། ཡང་འབྱུང་ བར་བྱེད་པ་དང་། ཀུན་དུ་དགའ་བའི་འདོད་ཆགས་དང་ལྡན་པ་དེ་དང་དེར་མངོན་པར་དགའ་བ་དང་། འདི་ལྟ་སྟེ། འདོད་པའི་སྲིད་པ་དང་། གཟུགས་དང་གཟུགས་མེད་པའི་སྲིད་པའོ། །འགོག་པའི་བདེན་པ་ནི་སྲེད་པ་ཉིད་གང་མ་ལུས་པ་དང་། བྲལ་བ་དང་། འགོག་པ་དང་། སྤངས་པ་དང་། སོ་སོར་འབྱུང་བ་དང་། གྲོལ་བ་དང་། མི་གནས་པའོ། །ལམ་གྱི་བདེན་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། མདོར་བསྡུས་ནས་ཅུང་ཟད་ཅིག་བཤད་པ་ཡིན་ཏེ། གཞུང་མངས་ཀྱིས་འཇིགས་པས་རྒྱ་ཆེར་སྤྲོས་པ་ནི་མ་བྱས་སོ། །དེ་ལྟར་ཐུན་མོང་མ་ ཡིན་པའི་ཚུལ་གྱིས་བསམ་པ་དང་རྗེས་སུ་མཐུན་པར་ཉེ་བར་སྟོན་པར་མཛད་པས་ན། བདེན་པ་བཞི་ནི་སྟོན་པ་པོ། །ཞེས་བྱའོ། །ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཀྱི་ཚུལ་གྱི་གནས་སྐབས་ཀྱི་ཉན་ཐོས་ལ་སོགས་པའི་མིང་དུ་སྟོན་པའི་ཕྱིར་ཚིགས་སུ་ 63-1-195a བཅད་པ་གསུམ་གྱིས་རང་གི་ངོ་བོ་ཉིད་བསྟན་པ་ནི། ཕྱིར་མི་ལྡོག་པ་ཕྱིར་མི་འོང་། །འདྲེན་པ་རང་རྒྱལ་བསེ་རུའི་ཚུལ། །ངེས་འབྱུང་སྣ་ཚོགས་ལས་བྱུང་བ། །འབྱུང་བ་ཆེན་པོའི་རྒྱུ་གཅིག་པོ། །དགེ་སློང་དགྲ་བཅོམ་ཟག་པ་ཟད། །འདོད་ཆགས་བྲལ་བ་དབང་པོ་ཐུལ། །བདེ་བ་རྙེད་ པས་འཇིགས་མེད་ཐོབ། །བསིལ་བར་གྱུར་པ་རྙོག་པ་མེད། །རིག་པ་དང་ནི་རྐང་པར་ལྡན། །བདེ་གཤེགས་འཇིག་རྟེན་རིག་པའི་མཆོག །བདག་གིར་མི་འཛིན་ངར་མི་འཛིན། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །ཞེས་བྱ་བ་གསུངས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་ པ་མེད་པས་ན་ཕྱིར་མི་ལྡོག་པ་སྟེ། ཕྱིར་མི་ལྡོག་པ་ཉིད་ཡིན་པའི་ཕྱིར་ཕྱིར་མི་ལྡོག་པ་ཞེས་བྱ་བས་ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡིན་པར་ཤེས་པར་བྱའོ། །ཕྱིར་མི་འོང་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པའི་འབྲས་བུ་ལ་གནས་པའི་སློབ་པ་ཡིན་པར་བཤད་དེ། འཇིག་རྟེན་འདིར་མི་ འོང་བར་དེ་ཉིད་དུ་ཉོན་མོངས་པ་ཟད་པར་བྱས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་ཕྱེད་པ་སྟེ། ཉན་ཐོས་ཀྱི་ཐེག་པས་འདུལ་བ་རྣམས་རྗེས་སུ་གཟུང་བའི་ཕྱིར་ཕྱིར་མི་འོང་བ་ཞེས་བཤད་པ་ནི་ཀུན་རྫོབ་བོ། །དོན་དམ་པར་ཡང་ལྡོག་པར་མི་འགྱུར་བས་ཕྱིར་མི་འོང་བ་ཞེས་བཤད་དོ། །འདྲེན་པ་རང་རྒྱལ་ཞེས་ བྱ་བ་ནི་ཚོགས་ན་སྤྱོད་པའི་རང་སངས་རྒྱས་རྣམས་ཀྱི་ཚོགས་ཡིན་པར་བཤད་དེ། སོ་སོར་རེ་རེ་གཙོ་བོ་མཛད་ཅིང་རང་སངས་རྒྱས་དཔག་ཏུ་མེད་པས་འདུལ་བའི་སེམས་ཅན་རྣམས་འདུལ་བའི་ཕྱིར་རང་སངས་རྒྱས་ཀྱི་གཟུགས་སུ་བདག་ཉིད་སྟོན་པས་ན་འདྲེན་པ་རང་རྒྱལ་ཏེ་ཀུན་རྫོབ་བོ། །དོན་དམ་པར་བརྡ་ནི་ འདྲེན་པར་མཛད་པས་ན་མཛད་པའོ། །འདྲེན་པ་ཡང་ཡིན་ལ་སོ་སོར་གཙོ་བོར་མཛད་པས་ན་འདྲེན་པ་རང་རྒྱལ་ལོ། །འཇིག་རྟེན་གྱི་ཁམས་སོ་སོ་དག་ཏུ་སངས་རྒྱས་ལ་སྦྱོར་བར་མཛད་པའི་གཙོ་བོ་གཅིག་པུ་ཡིན་པའི་ཕྱིར་འདྲེན་པ་རང་རྒྱལ་ལོ། །ཡང་ན་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་རེ་རེས་གཙོ་བོ་ དང་འདྲེན་པར་མཛད་པས་ན་འདྲེན་པ་རང་རྒྱལ་ཞེས་བཤད་དོ། །བསེ་རུ་ལྟར་གཅིག་པུ་སྤྱོད་པའི་རང་སངས་རྒྱས་ལ་ནི་བསེ་རུ་ཞེས་བཤད་དེ། རང་སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་རྣམས་སྨིན་པར་བྱ་བའི་ཕྱིར་དེའི་གཟུགས་སུ་སྟོན་པར་མཛད་པས་ན་འཇམ་དབྱངས་ལ་ཡང་བསེ་རུ་ཞེས་བྱ་སྟེ་ཀུན་ 63-1-195b རྫོབ་བོ། །དོན་དམ་པར་ནི་གཉིས་པ་མེད་པས་ན་བསེ་རུའི་ཚུལ་ཞེས་བྱའོ། །དེ་ལྟར་སོ་སོར་འགྲོ་བའི་དོན་མཛད་པའི་ཕྱིར། ངེས་འབྱུང་སྣ་ཚོགས་ལས་བྱུང་བ། །ཞེས་བྱ་སྟེ། དེ་ཡང་འདིས་འགྲོ་བ་རྣམས་ངེས་པར་འབྱུང་བ་སྟེ་ལམ་མོ། །མྱ་ངན་ལས་འདས་པའི་དངོས་སོ་གྲུབ་པས་ན་མྱ་ངན་ལས་འདས་ པ་དེ་ལས་བྱུང་བ་ཞེས་བཤད་དོ། །དེ་བས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ལམ་དང་འབྲས་བུའི་ཚུལ་གྱིས་དེར་བདག་ཉིད་ཀྱི་དངོས་པོ་སྟོན་པར་མཛད་པས་ན། ངེས་འབྱུང་སྣ་ཚོགས་ལས་བྱུང་བ། །ཞེས་བྱ་སྟེ་ཀུན་རྫོབ་བོ། །དོན་དམ་པར་ནི་འབྱུང་བ་ཆེན་པོ་སྟེ། རྫུ་འཕྲུལ་ཆེན་པོ་དང་ལྡན་པའི་སེམས་ ཅན་གཞན་རྣམས་སངས་རྒྱས་ཉིད་ཐོབ་པའི་རྒྱུ་གཅིག་པུ་ཡིན་པས་ཐམས་ཅད་ཀྱི་བདག་ཉིད་དེ་ཁོ་ན་ཉིད་ཀྱི་གཟུགས་ཅན་ནི་བཅོམ་ལྡན་འདས་ཡིན་ཏེ། འབྱུང་བ་ཆེན་པོའི་རྒྱུ་གཅིག་པོ། །ཞེས་བྱའོ། །ཚུར་ཤོག་ཅེས་བྱ་བས་བསྙེན་པར་རྫོགས་པའི་དགེ་སློང་དང་། གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་ པར་རྫོགས་པའི་དགེ་སློང་ནི་དགེ་སློང་ངོ་། །དགྲ་རྣམས་བཅོམ་པས་ན་དགྲ་བཅོམ་པ་སྟེ། ངེས་པའི་ཚིག་གི་ཚུལ་གྱིས་ཕྱི་རོལ་གྱི་ཉེ་བར་འཚེ་བའི་དགྲ་ལས་ངེས་པར་རྒྱལ་བས་ན་དགྲ་བཅོམ་པའོ། །ནང་གི་ཉོན་མོངས་པའི་ཟག་པ་ཟད་པར་གྱུར་པ་གང་ཡིན་པ་ནི་ཟག་པ་ཟད་པའོ། །གང་གིས་འདོད་པའི་ འདོད་ཆགས་དང་། གཟུགས་མེད་པའི་འདོད་ཆགས་རྣམས་དང་བྲལ་ཞིང་བསལ་བ་དེ་ནི་འདོད་ཆགས་དང་བྲལ་བའོ། །གང་གིས་དབང་པོ་རྣམས་ཡུལ་ལ་འཇུག་པ་བཀག་པས་རྒྱལ་བ་དེ་ནི་དབང་པོ་ཐུལ་བའོ། །དེ་ལྟར་དེའི་གཟུགས་དང་མིང་གིས་སེམས་ཅན་རྣམས་འདུལ་བའི་ཕྱིར་དེ་དང་དེར་སྟོན་ པར་མཛད་པ་ནི་ཀུན་རྫོབ་བོ། །དོན་དམ་པར་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་ཉོན་མོངས་པ་བཅོམ་པས་ན་དགེ་སློང་ངོ་། །ཐམས་ཅད་དུ་མཆོད་པར་འོས་པས་ན་དགྲ་བཅོམ་པའོ། །ཟག་པ་ཟད་པ་ནི་ཉན་ཐོས་ཀྱི་བྱང་ཆུབ་དང་རང་སངས་རྒྱས་ཀྱི་བྱང་ཆུབ་སྟེ། དེས་ན་ཟག་པ་ཟད་པ་ཞེས་བྱ་མོད་ཀྱི། བདག་ཉིད་ནི་བདུན་བརྒྱ་པ་ལས་གསུངས་པ་ལྟ་བུའི་ཟག་པ་མེད་པ་ཡིན་གྱི་དགྲ་བཅོམ་པ་ལྟར་ཉོན་མོངས་པ་ཐམས་ཅད་ཟད་པ་ལས་ནི་མ་ཡིན་ནོ། །དེ་ལྟར་ག་ལས་ཤེས་ཤེ་ན། ཉོན་མོངས་པ་དང་ཉེ་བར་དམིགས་པ་མེད་པས་ཆོས་ཐམས་ཅད་གཟོད་མ་ནས་ཟད་པ་ཉིད་དོ་ཞེས་འབྱུང་བའི་ཕྱིར་རོ། །གང་གིས་ 63-1-196a འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་དམིགས་པས་ཞེན་པའི་མཚན་ཉིད་ཅན་གྱི་འདོད་ཆགས་དང་བྲལ་ཞིང་བོར་བ་དེ་ནི་འདོད་ཆགས་དང་བྲལ་བའོ། །ཇི་ལྟར་ན་དབང་པོ་ཐུལ་བ་ཡིན་ཞེ་ན། ཉན་ཐོས་ལ་སོགས་པ་ལྟར་དབང་པོ་བསྡམས་པས་དབང་པོ་ཐུལ་བ་ནི་མ་ ཡིན་གྱི། འོན་ཀྱང་དད་པ་ལ་སོགས་པའི་དབང་པོ་ལྔ་མངོན་སུམ་དུ་མཛད་པས་ན་དབང་པོ་ཐུལ་བ་སྟེ། དེ་ལ་དབང་པོ་ལྔ་ནི་དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ། །དེ་ལ་དད་པའི་དབང་པོ་གང་ཞེ་ ན། དད་པ་གང་གིས་ཆོས་བཞི་ལ་དད་པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། འཁོར་བ་ན་སྤྱོད་པའི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་དད་པ་སྟེ། དེ་ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པ་ཡིན། དགེ་བའམ་སྡིག་པའམ་ལས་གང་དང་གང་བྱས་པ་ལས་དེ་དང་དེའི་རྣམ་པར་སྨིན་པ་མྱོང་བར་འགྱུར་རོ་ སྙམ་སྟེ་སྲོག་གི་ཕྱིར་ཡང་སྡིག་པའི་ལས་མི་བྱེད་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་དད་པ་སྟེ། སྤྱོད་པ་དེ་ལ་ཞུགས་ནས་ཀྱང་ཐེག་པ་གཞན་ལ་འདོད་པ་མི་བསྐྱེད་པ་དང་། ཆོས་ཐམས་ཅད་ལ་དོན་དམ་པ་ངེས་པའི་དོན་ཟབ་མོ་རྟེན་ཅིང་འབྲེལ་པར་འབྱུང་བ་བདག་མེད་པ། སེམས་ཅན་མེད་པ། སྲོག་མེད་པ། གསོ་བ་མེད་པ། གང་ཟག་མེད་པ། རྣམ་པར་དཔྱོད་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་མཚན་ཉིད་དུ་དད་པ་སྟེ། ལྟ་བར་གྱུར་པ་ཐམས་ཅད་བག་ལ་ཉལ་བར་མི་བྱེད་པ་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ ཅད་ལ་དད་པ་སྟེ། དད་པའི་ཕྱིར་ཐེ་ཚོམ་དང་བྲལ། ནེམ་ནུར་དང་བྲལ་བས་སངས་རྒྱས་ཀྱི་ཆོས་དེ་ཡང་དག་པར་སྒྲུབ་པ་སྟེ། འདི་ནི་དད་པའི་དབང་པོ་ཞེས་བྱའོ། །དེ་ལ་བརྩོན་འགྲུས་ཀྱི་དབང་པོ་གང་ཞེ་ན། ཆོས་གང་དག་དད་པའི་དབང་པོས་དད་པར་གྱུར་པའི་ཆོས་དེ་དག་བརྩོན་འགྲུས་ཀྱི་དབང་ པོས་ཡང་དག་པར་སྒྲུབ་སྟེ། འདི་ནི་བརྩོན་འགྲུས་ཀྱི་དབང་པོ་ཞེས་བྱའོ། །དེ་ལ་དྲན་པའི་དབང་པོ་གང་ཞེ་ན། ཆོས་གང་དག་བརྩོན་འགྲུས་ཀྱི་དབང་པོས་ཡང་དག་པར་བསྒྲུབ་པའི་ཆོས་དེ་དག་དྲན་པའི་དབང་པོ་ཆུད་མི་གསོན་ཏེ། འདི་ནི་དྲན་པའི་དབང་པོ་ཞེས་བྱའོ། །དེ་ལ་ཏིང་ངེ་འཛིན་གྱི་ 63-1-196b དབང་པོ་གང་ཞེ་ན། དྲན་པའི་དབང་པོས་ཆོས་གང་དག་ཆུད་མི་གསོན་པའི་ཆོས་དེ་དག་ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་བྱེད་དེ། འདི་ནི་ཏིང་ངེ་འཛིན་གྱི་དབང་པོ་ཞེས་བྱའོ། །དེ་ལ་ཤེས་རབ་ཀྱི་དབང་པོ་གང་ཞེ་ན། ཆོས་གང་དག་ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་བྱས་པའི་ཆོས་དེ་དག་ ཤེས་རབ་ཀྱི་དབང་པོས་རབ་ཏུ་རྟོག་ཅིང་ཤིན་ཏུ་རྟོག་པར་བྱེད་དེ། གང་ཆོས་དེ་དང་དེ་དག་ལས་གཞན་གྱི་དྲིང་ལ་མི་འཇོག་པར་ཤེས་ཤིང་སོ་སོར་ཤེས་པ་འདི་ནི་ཤེས་རབ་ཀྱི་དབང་པོ་ཞེས་བྱའོ། །དེ་ལྟར་ན་དབང་པོ་ལྔ་པོ་འདི་དག་ནི་ལྷན་ཅིག་འགྲོགས་ཤིང་རྗེས་སུ་འབྲེལ་བ་སྟེ། སངས་རྒྱས་ཀྱི་ཆོས་ ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། །ལུང་བསྟན་པའི་ས་ཡང་འཇོག་གོ། །བཙུན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་ཕྱི་རོལ་པའི་ལྔ་མངོན་པར་ཤེས་པ་རྣམས་སེམས་ཅན་མངལ་དུ་སོང་བ་རྣམས་ནི་ཇི་སྲིད་དུ་དེའི་ཕོའི་དབང་པོ་དང་མོའི་དབང་པོ་མངོན་པར་གྲུབ་པར་མ་གྱུར་པ་དེ་སྲིད་དུ་ལུང་མི་ སྟོན་ཏོ། །དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་བྱང་ཆུབ་སེམས་དཔའ་དག་ལ་ཇི་སྲིད་དུ་འཇིག་རྟེན་ལས་འདས་པའི་དབང་པོ་འདི་དག་དང་ལྡན་པར་མ་གྱུར་པ་དེ་སྲིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མི་སྟོན་ཏེ། འདི་དག་ནི་བྱང་ཆུབ་སེམས་དཔའི་དབང་པོ་ ལྔའོ། །དེ་ལྟར་དབང་པོ་ལྔ་ཐུལ་ཞིང་དབང་དུ་བྱེད་དེ་རང་དགར་མཛད་པས་ན་དབང་པོ་ཐུལ་བའོ། །བདེ་བ་རྙེད་པས་འཇིགས་མེད་ཐོབ། །ཅེས་བྱ་བ་ལ། བདེ་བའི་སྒྲ་དང་འཇིགས་པ་མེད་པའི་སྒྲས་ཀྱང་མྱ་ངན་ལས་འདས་པ་ཡིན་པར་བཤད་དོ། །དེ་བས་མྱ་ངན་ལས་འདས་པ་ཐོབ་པའི་དགྲ་བཅོམ་ པ་ཡིན་པར་བཤད་པ་ནི་ཀུན་རྫོབ་པོ། །དོན་དམ་པར་ནི་ཉེ་བར་དམིགས་པའི་ཉོན་མོངས་པ་དང་། གནས་ངན་ལེན་ཐམས་ཅད་དང་བྲལ་བས་བདེ་བ་རྙེད་པའོ། །འཇིགས་པ་མེད་པ་ཐོབ་པ་ཡང་ཆོས་ཐམས་ཅད་མཉམ་པ་ཉིད་ལ་གནས་པ་ལ་བྱ་བར་བཤད་དོ། །ཉམ་ང་ཞིང་མི་བདེ་བ་དང་འཇིགས་ པ་དང་བཅས་པ་ཉིད་ནི་མཉམ་པ་ཉིད་ཐོབ་པ་ལ་གཉིས་པོ་འདི་དག་མེད་པས་ན་བསིལ་བར་གྱུར་པ་ཞེས་བྱ་སྟེ། མར་མེ་ལྟ་བུར་མྱ་ངན་ལས་འདས་པ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ལ་ཡང་བྱ་མོད་ཀྱི། བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་གདུང་བ་ཐམས་ 63-1-197a ཅད་སེལ་བས་མཚོ་ཆེན་དང་འདྲ་བར་བསིལ་ཞིང་ཡིད་འཕྲོག་པའི་གཟུགས་སུ་སྣང་བས་བསིལ་བའི་རྒྱུར་གྱུར་པས་ན་བསིལ་བར་གྱུར་པ་ཞེས་བཤད་དེ། རྒྱུ་དང་འབྲས་བུའི་ཚུལ་གྱིས་སོ། །རྙོག་པ་ནི་དྲི་མ་དང་བཅས་པ་སྟེ་དེ་དང་བྲལ་བས་ན་རྙོག་པ་མེད་པ་ཡིན་ཏེ། ཉོན་མོངས་ པ་དང་བྲལ་བ་ལ་རྙོག་པ་མེད་པ་ཞེས་བྱའོ། །འདིར་ཡང་རྙོག་པ་ནི་གཅིག་དང་དུ་མ་ལ་སོགས་པའི་རྣམ་པར་རྟོག་པ་དང་ལྡན་པ་ཡིན་ལ། དེ་མེད་པས་ན་རྙོག་པ་མེད་པ་ཞེས་བྱ་སྟེ། གང་གི་ཕྱིར་རྟོག་པའི་རྙོག་པ་ཐམས་ཅད་དང་བྲལ་བ་དེ་ནི་རྙོག་པ་མེད་པའོ། །རིག་པ་དང་ནི་རྐང་པར་ལྡན། །ཞེས་བྱ་བ་ལ་ རིག་པ་ནི་ཡང་དག་པའི་ལྟ་བའོ། །ཡན་ལག་ལྷག་མ་ནི་རྐང་པ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་དོ། །དེ་དག་གི་ཚུལ་དང་ལྡན་པས་ན་འདི་སྐད་ཅེས་བྱ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པོ་ནི་འདིའི་འོག་ནས་རྒྱ་ཆེར་བཤད་པར་བྱའོ། །བདེ་བར་གཤེགས་པ་ཞེས་བྱ་བའི་དོན་ནི་རྣམ་པ་གསུམ་ དུ་ཉེ་བར་གཟུང་སྟེ། མཛེས་པར་གཤེགས་པས་ན་བདེ་བར་གཤེགས་པ་ཡིན་ཏེ། གཟུགས་བཟང་བ་བཞིན་ནོ། །མ་ལུས་པར་གཤེགས་པས་ན་བདེ་བར་གཤེགས་པ་སྟེ། བུམ་པ་ལེགས་པར་གང་བ་བཞིན་ནོ། །ཕྱིར་མི་ལྡོག་པར་གཤེགས་པས་ན་བདེ་བར་གཤེགས་པ་སྟེ། རིམས་ནད་ལེགས་པར་བྱང་བ་བཞིན་ ནོ། །གཤེགས་པའི་དོན་ཐམས་ཅད་ནི་མཁྱེན་པའི་དོན་ཏེ། ཕྱིན་ཅི་མ་ལོག་པའི་ལམ་གྱིས་ཤེས་བྱ་མ་ལུས་པར་རྟོགས་པས་ཆོས་ཉིད་ཐུགས་སུ་ཆུད་ཅིང་ཡོངས་སུ་མ་ཉམས་པ་ཉིད་དུ་བཤད་དོ། །འཇིག་རྟེན་རིག་པ་ཞེས་བྱ་བ་ནི་འགྲོ་བ་དང་། སྐྱེ་གནས་དང་། རིགས་ཀྱི་དབྱེ་བས་ཐ་དད་པའི་ སེམས་ཅན་གྱི་འཇིག་རྟེན་དང་། སྣོད་ཀྱི་འཇིག་རྟེན་རྣམས་ཇི་ལྟ་བ་བཞིན་དུ་མཁྱེན་པས་ན་འཇིག་རྟེན་རིག་པའོ། །མཆོག་ཅེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ལས་ཀྱང་ཤིན་ཏུ་ཕུལ་དུ་བྱུང་བའོ་ཞེས་བྱ་བའི་དོན་ཏོ། །བདག་གིར་མི་འཛིན་བར་མི་འཛིན། །ཞེས་བྱ་བ་ལ་འདི་ནི་བདག་ གིའོ་བདག་གིར་བྱ་བ་མེད་པས་ན་བདག་གིར་མི་འཛིན་པའོ། །བདག་རྐྱེན་དུ་གཟུང་བའི་བདག་ཉིད་མེད་པས་ན་ངར་མི་འཛིན་པའོ། །དེ་དག་ཐམས་ཅད་ཀྱང་ཀུན་རྫོབ་དང་དོན་དམ་པའི་ངོ་བོ་ཉིད་གཉིས་སུ་གཞག་པ་ལ་འགལ་བ་མེད་པར་བསྟན་པར་བྱ་བའི་ཕྱིར། བདེན་པ་གཉིས་ཀྱི་ཚུལ་ལ་ 63-1-197b གནས། །ཞེས་བྱ་བ་གསུངས་ཏེ། བདེན་པ་གཉིས་པོ་ཉིད་ཚུལ་ཏེ་གཞུང་ལུགས་སོ། །དེ་ལ་གནས་པ་ནི་ཀུན་རྫོབ་ཀྱི་བདེན་པའི་ཚུལ་གྱིས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་ཐུགས་སུ་ཆུད་ཅིང་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ལ་སོགས་པའི་ཚུལ་གྱིས་བཞུགས་པའོ། ། དོན་དམ་པའི་བདེན་པའི་ཚུལ་གྱིས་ཀྱང་ཆོས་ཀྱི་དབྱིངས་སྤྲོས་པ་མེད་པའི་ངོ་བོ་ཉིད་ལ་མངའ་བརྙེས་པ་མགོན་པོ་འཇམ་པའི་དབྱངས་ཉིད་གདུལ་བྱ་རྣམས་དེ་ལྟར་སྣང་བས་ན། བདེན་པ་གཉིས་ཀྱི་ཚུལ་ལ་གནས། །ཞེས་བྱ་སྟེ། གནས་པ་མེད་པའི་ཚུལ་གྱིས་གནས་ཏེ། བྱེ་བྲག་ནི་དེ་ཡོད་དོ། །བདེན་ པ་གཉིས་ཀྱི་ཚུལ་དུ་གནས་པ་འདི་ནི་བར་གྱི་གླིང་དང་འདྲ་བས་འོག་ནས་བཤད་པ་ལ་ཡང་སྦྱར་བར་བྱའོ། །བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་བདག་ཉིད་ཅན་དུ་བསྟན་པར་བྱ་བའི་ཕྱིར། འཁོར་བའི་ཕ་རོལ་མཐར་སོན་པ། །བྱ་བ་བྱས་པས་སྐམ་སར་གནས། །ཤེས་པ་འབའ་ཞིག་ངེས་བསལ་བ། ། ཤེས་རབ་མཚོན་ཆས་རྣམ་འཇོམས་པ། །དམ་ཆོས་ཆོས་རྒྱལ་གསལ་བར་ལྡན། །འཇིག་རྟེན་སྣང་བར་བྱེད་པའི་མཆོག །ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། །ལེགས་པའི་ལམ་ནི་སྟོན་པ་པོ། །དོན་གྲུབ་བསམ་པ་གྲུབ་པ་སྟེ། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །རྣམ་པར་མི་རྟོག་དབྱིངས་མི་ཟད། ། ཆོས་དབྱིངས་དམ་པ་ཟད་མི་ཤེས། །བསོད་ནམས་ལྡན་པ་བསོད་ནམས་ཚོགས། །ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ། །ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །ཚོགས་གཉིས་ཚོགས་ནི་བསགས་པ་པོ། །ཞེས་བྱ་བའི་ཚིགས་སུ་བཅད་པ་བཞི་གསུངས་པ་ཡིན་ཏེ། དེ་ལ་འཁོར་བ་ནི་དམྱལ་བ་དང་། ཡི་དགས་དང་། དུད་འགྲོ་དང་། མི་དང་། ལྷ་ལ་སོགས་པའི་སྲིད་པར་ཡང་དང་ཡང་དུ་འཁོར་བར་བྱེད་པས་འཁོར་བའོ། །འཁོར་བ་དེའི་ཕ་རོལ་གྱི་མཐའ་ནི་འཁོར་བའི་ཕ་རོལ་ཏེ། དེར་སོན་པ་ནི་དེ་ལ་གནས་པའོ། །དེ་ཡང་ཇི་ལྟར་འཁོར་ཞེ་ན། ལས་དང་ཉོན་མོངས་པ་སྐྱེ་བའི་བདག་ཉིད་ཀྱི་ རང་གི་ངོ་བོ་ཡོངས་སུ་མ་ཤེས་པས་འཁོར་བར་འཇུག་ལ། རང་གི་ངོ་བོ་ཡོངས་སུ་ཤེས་པ་ནི་ཕ་རོལ་ཏེ་མཐའོ། །འཁོར་བ་དང་མྱ་ངན་ལས་འདས་པའི་བྱེ་བྲག་མི་དམིགས་པར་དེ་ལ་གནས་པ་ནི་ཆོས་ཉིད་ཀྱི་གཟུགས་ཀྱིས་བཞུགས་པ་ཡིན་གྱི། རྟེན་དང་བརྟེན་པའི་དངོས་པོར་ཡོད་པ་ནི་མ་ཡིན་ཏེ། 63-1-198a གང་གི་ཕྱིར། མྱ་ངན་འདས་པའི་མཐའ་གང་ཡིན། །དེ་ནི་འཁོར་བའི་མཐའ་ཡིན་ཏེ། །འདི་གཉིས་བྱེ་བྲག་ཅུང་ཟད་ཙམ། །ཤིན་ཏུ་ཕྲ་བའང་ཡོད་མ་ཡིན། །ཞེས་བཤད་པའི་ཚུལ་གྱིས་སོ། །བྱ་བ་བྱས་པ་ཞེས་པ་ནི་གང་གིས་བྱ་བ་སྟེ། ལས་སུ་བྱ་བ་བྱས་པ་དེ་ནི་བྱ་བ་བྱས་པའོ། །ཇི་ ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱ་བ་བྱས་པ་ཡིན། བྱ་བ་མེད་ན་ནི་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་ཐལ་བར་འགྱུར་རོ་ཞེ་ན། འདི་ནི་དགོངས་པ་ཡོངས་སུ་མ་ཤེས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱ་བ་བྱས་པ་ནི་སེམས་ཅན་མ་ལུས་པའི་དོན་མཛད་པར་སྤྱོད་པའི་བདག་ཉིད་ ཀྱི་དངོས་པོ་བསྐྱེད་པ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ས་དང་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མཛད་པ་ནི་བྱ་བ་བྱས་པའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པས་ན་འགལ་བ་མེད་དོ། །སྐམ་སར་གནས་ཞེས་བྱ་བ་ནི། འཁོར་བའི་སྐྱེ་བོ་ལས་འཕགས་ཤིང་མཐོ་བའི་བསོད་ནམས་དང་ཡེ་ཤེས་ཀྱི་ ཚོགས་དང་ས་དང་ཕ་རོལ་ཏུ་ཕྱིན་པའི་ཐང་ཐམས་ཅད་ལས་མཐོན་པོ་ལ་གནས་པས་ན་སྐམ་སར་གནས་ཞེས་བྱའོ། །ཉན་ཐོས་ཀྱི་ཐེག་པ་ལ་ནི། འཁོར་བའི་ཕ་རོལ་མཐར་སོན་པ། །བྱ་བ་བྱས་པས་སྐམ་སར་གནས། །ཞེས་བྱ་བ་འདི་གཉིས་ཀ་མྱ་ངན་ལས་འདས་པ་ཐོབ་པ་ལ་བྱའོ་ཞེས་ཟེར་ཏེ། དེ་ལྟ་ན་ནི་མྱ་ངན་ ལས་འདས་པ་ལ་སོགས་པས་འདུལ་བའི་སེམས་ཅན་དེ་དག་ལ་དེ་དང་དེ་ལྟ་བུར་སྟོན་པ་ནི་ཀུན་རྫོབ་ཡིན་ཏེ། དེ་ལྟར་ན་སྔར་བཤད་པ་བཞིན་དུ་སྦྱར་རོ། །ཤེས་པ་འབའ་ཞིག་ངེས་བསལ་བ། །ཞེས་བྱ་བ་ལ། ཡེ་ཤེས་འབའ་ཞིག་ཕྱུང་ཞིང་བསལ་བ་སྟེ། གཙོ་བོའི་བདག་དང་བདག་གི་ལ་སོགས་པའི་རྒྱུ་གང་གིས་ བསལ་བ་དེ་ནི་ཡེ་ཤེས་འབའ་ཞིག་ངེས་ཕྱུང་བ་ཞེས་བྱ་སྟེ། ངེས་ཕྱུང་ཤེས་པ་འགའ་ཞིག་གོ་ཞེས་ཚིག་གི་ཕྲད་གོང་དུ་མི་འབྱུང་གི། ཚིག་གི་ཕྲད་སྔར་བྱུང་བ་ནི་རྟག་པ་མ་ཡིན་པའི་ཕྱིར་རོ། །ཡང་ན་ཤེས་པ་འབའ་ཞིག་ནི་གྲངས་ཅན་དང་གཅེར་བུ་པའི་གཞུང་གིས་ཐར་པའི་རྒྱུར་ཡོངས་སུ་བརྟགས་པའི་ ཤེས་པ་འབའ་ཞིག་པའོ། །དེ་ཕྱུང་བ་ནི་བསལ་བ་སྟེ། སྙིང་པོ་མེད་པས་གང་གིས་ཡོངས་སུ་དོར་བ་དེ་ལ་དེ་སྐད་ཅེས་བྱ་སྟེ། སྔ་མ་བཞིན་དུ་ཚིག་གི་ཕྲད་ནི་གོང་དུ་མི་འབྱུང་ངོ་། །ཥྛི་བ་ནི་ར་ས་ན་ཞེས་སྐད་ཀྱི་བྱིངས་ལས་འབྱུང་བས་ཐ་དད་སྐད་ཀྱི་བྱིངས་ཀྱི་ཚིག་ནི་དེ་ལྟར་བཤད་དེ། གང་གི་ཚེ་ཐ་དད་པའི་ 63-1-198b ཚིག་ནི་གླེགས་བམ་གང་ལ་ཡང་མེད་པས་ན་སྐད་ཀྱི་བྱིངས་ཥྛ་བུ་ནི་ར་ས་ན་ནི་ཤ་མ་ན་ཡོ་ཞེས་བྱ་བའི་སྐད་ཀྱི་བྱིངས་ལ་བརྟེན་པས་ན། ཤེས་པ་འབའ་ཞིག་ངེས་བསལ་བ། །ཞེས་བཤད་པ་ཡིན་ནོ། །ཤེས་རབ་ཉིད་མཚོན་ཆ་ཡིན་པས་ན་ཤེས་རབ་ཀྱི་མཚོན་ཆ་རྣོན་པོ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་ དེ་ལྟ་བུའི་ཤེས་རབ་ཀྱི་མཚོན་ཆ་དང་ལྡན་པ་ནི་ངེས་པར་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་མ་རིག་པ་རྣམ་པ་སྣ་ཚོགས་ཀྱི་ཚུལ་གྱིས་འཇོམས་པའོ། །གང་གི་ཚེ་ཚིག་རྣམ་པར་ཕྱེ་བ་དེའི་ཚེ་ནི་ཤེས་རབ་ཀྱི་མཚོན་ཆ་གང་ལ་མངའ་བ་དེ་ནི་ཤེས་རབ་མཚོན་ཆའོ། །ལོག་པའི་བློ་གྲོས་འཇོམས་པས་ན་རྣམ་ འཇོམས་པའོ། །ཡང་ན། ཤེས་རབ་མཚོན་ཆས་རྣམ་འཇོམས་པ། །ཞེས་བྱ་བ་ནི་མ་རིག་པ་འཇོམས་པས་ན་རྣམ་འཇོམས་པ་ཞེས་བར་གྱི་ཚིག་མི་མངོན་པར་བྱས་ནས་མཚམས་སྦྱར་བ་སྟེ། རྒྱལ་པོ་ཤ་ག་ལ་སོགས་པ་བཞིན་ནོ། །དམ་ཆོས་ཆོས་རྒྱལ་ཞེས་བྱ་བ་ལ། དམ་པ་རྣམས་ཀྱི་ཆོས་ཡིན་པས་ན་ དམ་པའི་ཆོས་ཏེ། དམ་པའི་ཆོས་ནི་མཐོ་རིས་དང་ཐར་པ་སྒྲུབ་པའི་ཐབས་སྙིང་བརྩེ་བ་དང་། སྦྱིན་པ་ལ་སོགས་པའི་མཚན་ཉིད་ཅན་ཡིན་ལ། བཅོམ་ལྡན་འདས་ཀྱང་ཐུགས་རྗེ་དང་། སྦྱིན་པ་ལ་སོགས་པའི་ངོ་བོ་ཉིད་ཡིན་པས་ན་དམ་པའི་ཆོས་སོ། །ཡང་ན་ལུང་ལས་ནི་དམ་པའི་ཆོས་ཀྱི་སྒྲས་བཤད་ པའི་བདག་ཉིད་ཅན་དང་། རྟོགས་པའི་བདག་ཉིད་ཅན་ལ་ཟེར་ཏེ། དེ་ལ་རྟོགས་པའི་བདག་ཉིད་ཅན་ནི་དམ་པའི་ཆོས་ཀྱི་ངོ་བོ་ཉིད་དུ་གྱུར་པས་དམ་པའི་ཆོས་སོ། །ལུང་གི་བདག་ཉིད་ཅན་གྱི་ཆོས་ཀྱང་སྔགས་ལ་སོགས་པའི་གཟུགས་ཀྱི་ཡི་གེ་ཐམས་ཅད་ལ་ཁྱབ་པས་ན་དམ་པའི་ཆོས་ཞེས་བྱའོ། །དེ་ཡང་དམ་ པ་ཡང་ཡིན་ལ་ཆོས་ཀྱང་ཡིན་པས་ན་དམ་པའི་ཆོས་ཏེ། དེ་བཞིན་ཉིད་ཀྱི་ཚུལ་གྱིས་རྣམ་པ་ཐམས་ཅད་དུ་དམ་པར་གྱུར་པས་ན་དམ་པའོ། །རང་གི་མཚན་ཉིད་འཛིན་པས་ན་ཆོས་སོ། །དེ་བས་ན་ཉེས་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་སྣང་བའི་ངོ་བོ་ཉིད་ཀྱིས་མཛེས་ཤིང་སྣང་བར་གྱུར་པས་ན་ཆོས་རྒྱལ་ ལོ། །གསལ་བར་ལྡན། འཇིག་རྟེན་སྣང་བར་བྱེད་པའི་མཆོག །ཅེས་བྱ་བ་ལ་གསལ་བར་ལྡན་པའི་མཆོག་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་དུ་གཏོགས་པའི་མི་ཤེས་པའི་མུན་ནག་དང་བྲལ་བར་བྱེད་པ་ལ་མཁས་པའི་ཆོས་ཀྱི་འོད་ཟེར་ཤིན་ཏུ་རྒྱས་པས་ཁྱབ་ 63-1-199a པའི་སྣང་བར་གྱུར་པ་སྟེ། གླིང་བཞི་པ་ཙམ་གྱི་ཕྱི་རོལ་སྣང་བར་བྱེད་པ་ནི་མཆོག་མ་ཡིན་ནོ། །གཞན་ཡང་གསལ་བར་ལྡན་ཞེས་བྱ་བ་ཐ་དད་པར་བསྟེན་པའི་ཕྱིར་མཆོག་ཅེས་བྱ་བས་ཁྱད་པར་དུ་བྱས་པ་ཡིན་ནོ། །ཆོས་ཀྱི་དབང་ཕྱུག་ཅེས་བྱ་བ་ནི་ཆོས་ཀྱིས་བདག་དང་གཞན་ལ་ཁ་ན་མ་ཐོ་བ་ མེད་པའི་དགའ་བ་དང་བདེ་བའི་སྐལ་བ་བཟང་པོ་ཅན་གྱི་ནོར་ཟད་པ་མེད་པའི་མཛོད་ཀྱི་ངོ་བོ་ཉིད་དུ་གྱུར་ཅིང་དབང་བྱེད་པས་ན་ཆོས་ཀྱི་དབང་ཕྱུག་གོ། །ཡང་ཆོས་རྣམས་པ་དབང་བས་ན་ཆོས་ཀྱི་དབང་ཕྱུག་སྟེ། ཆོས་ཐམས་ཅད་ལ་དབང་སྒྱུར་བའི་ཕྱིར་ཆོས་ཐམས་ཅད་དེ་ལ་རག་ལས་པས་འཇུག་པས་ན་ཆོས་ཀྱི་དབང་ཕྱུག་གོ། ། ཆོས་ཀྱིས་སེམས་ཅན་ཐམས་ཅད་རྗེས་སུ་འདུལ་བ་དང་། ཡོངས་སུ་སྐྱོང་བས་རྣམ་པ་ཐམས་ཅད་དུ་མཛེས་པའམ། སྣང་ཞིང་གསལ་བས་ཆོས་ཀྱི་རྒྱལ་པོའོ། །དེ་ཡང་གང་གི་ཕྱིར། ལེགས་པའི་ལམ་ནི་སྟོན་པ་པོ། །ཞེས་བྱ་སྟེ། ཉན་ཐོས་རྣམས་ལ་ནི་མྱ་ངན་འདས་པ་དང་རྗེས་སུ་མཐུན་པའི་ལམ་རབ་ཏུ་སྟོན་ པར་མཛད་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྔོན་དུ་འགྲོ་བས་བདག་མེད་པ་གཉིས་དང་། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་སྟོན་པ་སྟེ། དེ་བས་ན་ཆོས་ཀྱི་རྒྱལ་པོའོ། །དོན་གྲུབ་ཅེས་བྱ་བ་ལས་ས་བཅུ་དང་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཅན་གྱི་དོན་གྱི་དགོངས་པ་གང་ཡིན་པ་ དེ་ལ་ནི་དེ་སྐད་ཅེས་བྱ་སྟེ། དེ་གྲུབ་ན་ཡོངས་སུ་རྫོགས་པའོ། །བསམ་པ་གྲུབ་པ་སྟེ་ཞེས་བྱ་བ་ལ་སེམས་པས་ན་རྟོག་པ་སྟེ། ཡང་དག་པའི་རྟོག་པ་ནི་ཕྱིན་ཅི་མ་ལོག་པའི་རྟོག་པའོ། །གྲུབ་པ་ནི་མཐར་ཕྱིན་པ་ཡིན་པས་དེ་སྐད་ཅེས་བྱའོ། །དེ་ནི་འདི་སྐད་སྟོན་པར་འགྱུར་ཏེ། སྔོན་ལས་དང་པོ་པའི་གནས་ སྐབས་སུ་བྱང་ཆུབ་ཏུ་སེམས་བསྐྱེད་པས་སྨོན་ལམ་དཔག་ཏུ་མེད་པ་བཏབ་པ་ནི་ཡང་དག་པའི་རྟོག་པ་ཙམ་དུ་བྱུང་ཞིང་རྣམ་པར་གྲོལ་བའི་ཡིད་ལ་བྱེད་པས་བྱས་པ་དེ་རྣམས་གྲུབ་པ་ནི་རྣམ་པར་སྨིན་པའི་ཚུལ་དུ་རྫོགས་པར་གྱུར་པས་བསམ་པ་གྲུབ་པ་སྟེ། བཅོམ་ལྡན་འདས་འཇམ་པའི་དབྱངས་སོ། །འདིར་དགོངས་ པ་མ་རྟོགས་པ་ལ་ལས་དྲིས་པ། གལ་ཏེ་བཅོམ་ལྡན་འདས་ཀུན་དུ་རྟོག་པ་གྲུབ་ན་ནི་བྱིས་པ་སོ་སོའི་སྐྱེ་བོ་དང་འདྲ་བར་ཕྱིན་ཅི་ལོག་གི་ཉོན་མོངས་པ་དང་ལྡན་པ་ཡིན་པས་ཇི་ལྟར་ན་ཡོན་ཏན་མ་ལུས་པའི་གཞིར་འགྱུར་ཞེ་ན། དེ་ནི་སྔར་བསྟན་པ་ཡིན་ཏེ། བཅོམ་ལྡན་འདས་ལ་འགལ་བ་མེད་དོ། །འགལ་བ་མེད་ 63-1-199b པ་ཉིད་དུ་བསྟན་པའི་ཕྱིར། ཀུན་དུ་རྟོག་པ་ཐམས་ཅད་སྤངས། །ཞེས་བྱ་བ་གསུངས་ཏེ། ཀུན་དུ་རྟོག་པ་ཐམས་ཅད་སྤངས་ཤིང་དོར་བས་སྐབས་མི་ཕྱེད་པ་སྟེ། ཆོས་ཀྱི་དབྱངས་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་ཉིད་དེ་ལ་མ་རིག་པའི་བདག་ཉིད་ཅན་གྱི་རྣམ་པར་རྟོག་པའི་སྐབས་མེད་ན་ཇི་ལྟར་དེ་འབྱུང་བར་འགྱུར། དཔེར་ན་ཉི་མའི་དཀྱིལ་འཁོར་ཤིན་ཏུ་འོད་གསལ་བའི་མདུན་དུ་མུན་པ་མུན་ནག་གི་ཚོགས་ཀྱི་རབ་རིབ་འདུག་པའི་སྐབས་མེད་པ་དང་འདྲ་བར་ཡང་དག་པའི་ཡེ་ཤེས་དང་། ལོག་པའི་ཤེས་པ་དག་ནི་སྣང་བ་དང་མུན་པ་ལྷན་ཅིག་གནས་པ་ལྟ་བུར་མཚན་ཉིད་དང་འགལ་བ་ཡིན་པའི་ཕྱིར་ཏེ། གང་གི་ཕྱིར་རྣམ་ པར་རྟོག་པ་ནི་མི་རིགས་ཏེ། དེ་ནི་རང་ཉིད་ཕྱིན་ཅི་ལོག་ཡིན་པའི་རིགས་པ་འདིས་ན་མི་སྲིད་དོ། །དེ་ལྟར་ན་ཇི་ལྟར་བཅོམ་ལྡན་འདས་ཆོས་སྟོན་པར་མཛད་པ་ན་རྣམ་པར་རྟོག་པ་སྣ་ཚོགས་པ་ལ་ལྷག་པར་སྤྱོད་པའི་ཚིག་སྟོན་པར་མཛད་པ་དང་། དེ་བཞིན་དུ་འཇིག་རྟེན་ལས་འདས་པའི་རྗེས་ལས་ཐོབ་པའི་དག་ པ་ནི་འཇིག་རྟེན་པའི་ཡེ་ཤེས་མངོན་སུམ་དུ་མཛད་ནས་བཅོམ་ལྡན་འདས་ཆོས་སྟོན་པར་མཛད་དོ་ཞེས་ཇི་ལྟར་ལུང་དང་ཡང་འགལ་བ་མེད་པ་ཡིན་ཞེས་རྟོག་ན། ཐེག་པ་འདི་ནི་གཞན་ཉིད་ཡིན་ཏེ། དེས་ན་དགོངས་པ་ཅན་ཡིན་པའི་ཕྱིར་འདི་ལ་འགལ་བ་མེད་དོ། །ཐེག་པ་དམན་པ་ལ་མོས་པ་རྣམས་ལ་བྱའི་དོན་ བསྟན་པ་དེ་ནི་གང་ཟག་ལ་སོགས་པ་ཡོད་པར་བསྟན་པ་དང་འདྲ་བར་དེ་དག་ཉིད་ཀྱིས་དེ་ལྟར་བརྟགས་པ་ནི་རང་གི་མོས་པའི་དབང་ཡིན་གྱི་དེ་ཁོ་ན་ཉིད་དུ་ནི་མ་ཡིན་ནོ། །དེ་ཁོ་ན་ཉིད་དུ་ནི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ལ་བཅོམ་ལྡན་འདས་མངའ་བརྙེས་པས་བསམ་པ་ཇི་ལྟ་བ་དང་རྗེས་ སུ་མཐུན་པའི་ཆོས་སྟོན་པ་ལྟ་བུར་སྣང་བ་གདུལ་བྱ་རྣམས་ཀྱི་རྐྱེན་ལས་བྱུང་བ་ཡིན་ལ། དེ་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་སྒྲའི་ཚོགས་རྣམས་བྱུང་བར་གྱུར་པ་ཤེས་ཤིང་། བཅོམ་ལྡན་འདས་ནི་ཆོས་རྣམས་སྟོན་པར་མཛད་དོ་ཞེས་བྱ་བར་རྣམ་པར་འཇོག་པས་ན་བཅོམ་ལྡན་འདས་ནི་ ཆོས་སྟོན་པར་མཛད་དོ་ཞེས་ཟེར་རོ། །དེ་སྐད་དུ། དེ་ཡི་བྱིན་གྱིས་བརླབས་ཙམ་གྱིས། །སྐྱེས་བུ་ཡིད་བཞིན་ནོར་བུ་ལྟར། །རྩིག་པ་ལ་སོགས་རྣམས་ལས་ཀྱང་། །ཇི་ལྟར་འདོད་བཞིན་སྟོན་པ་འབྱུང་། །དེ་ཡི་དོན་རྣམས་དཔྱད་ནས་ནི། །མི་རྣམས་ཀྱིས་ནི་ཀུན་ཤེས་ཏེ། །ཕན་པ་རྣམས་ལ་ཅི་ 63-1-200a རིགས་པར། །མྱུར་བ་ཉིད་དུ་སྦྱོར་བར་འགྱུར། །ཞེས་བཤད་པ་དང་། དེ་བཞིན་དུ། གཙོ་བོ་ཁྱོད་ཀྱིས་ཡི་གེ་ནི། །གཅིག་ཙམ་ཞིག་ཀྱང་མ་གསུངས་ཀྱང་། །གདུལ་བྱའི་སྐྱེ་བོ་མ་ལུས་རྣམས། །ཆོས་ཀྱི་ཆར་གྱིས་ཚིམ་པར་མཛད། །ཅེས་བྱ་བ་དང་། དེ་བཞིན་དུ་གཞན་དག་ ལས་ཀྱང་། སྐྱོབ་པ་མཛད་པ་མི་མངའ་ཡང་། །འཁོར་ལོ་འཁོར་བའི་ཚུལ་གྱིས་ནི། །ཚོགས་རྣམས་ཉིད་ཀྱི་མཐུ་ཡིས་ན། །སྟོན་པ་ལ་ཡང་འཇུག་པར་མཛད། །རྩོལ་བ་ཐམས་ཅད་སྤངས་པར་ནི། །ངེས་པ་ཉིད་དུ་ཤེས་བྱ་སྟེ། །གཞན་དུ་འདི་ལྟར་མི་འགྱུར་བར། །དེ་ནི་རྟག་ཏུ་ཤེས་པར་བྱ། །རྣམ་ རྟོག་འདི་ནི་རང་ཉིད་དག །མ་རིག་ངོ་བོར་གྱུར་པ་ཡི། །ནང་གི་རྣམ་པ་ཕྱི་གཟིགས་ཀྱི། །གང་ཕྱིར་བརྟགས་ནས་འཇུག་པ་ཡིན། །མགོན་པོ་ཤེས་བྱའི་སྒྲིབ་ཟད་པས། །དེའི་ཕྱིར་འདི་ནི་ཡོད་མ་ཡིན། །འདྲེན་བྱ་འཇིག་རྟེན་རྣམ་ཤེས་དག །མངོན་སུམ་མཛད་ནས་སྟོན་མི་མཛད། །སངས་རྒྱས་རིན་ཆེན་ དབང་སྒྱུར་བས། །སྣ་ཚོགས་རིན་ཆེན་བཞིན་བསམ་འདས། །སྐལ་ལྡན་རྣམས་ལ་དྲེགས་པ་ནི། །འབྱུང་བར་ཐུབ་པ་རྣམ་པར་བསམ། །ང་རྒྱལ་དེ་ཡི་རྗེས་འཇུག་རྣམས། །སྡུད་པར་བྱེད་པའི་མཁས་རྣམས་ཀྱི། །མདོ་དང་ཆོས་མངོན་འདུལ་བ་ལ། །ཚིག་ནི་དེ་ལྟར་བྱས་པ་ཡིན། །སངས་རྒྱས་རིན་ཆེན་ མཐུ་ཡིས་ན། །དོན་རྣམས་སྣ་ཚོགས་སྟོན་པ་ལྟར། །རྐྱེན་གྱིས་མ་འདྲེས་པར་སྟོན་པ། །རྟོག་པའི་དྲ་བ་རྣམ་པར་བཤིག །གདུལ་བྱ་ཇི་ལྟར་མོས་པ་བཞིན། །དེ་ལ་འདི་ནི་སྟོན་པར་འདོད། །ཁྱོད་ཀྱིས་གདུལ་བྱར་བྱ་བ་རྣམས། །དེ་ཉིད་ལ་ནི་བརྟེན་པ་ཡིན། །གཞན་འདི་ཇི་ལྟར་ཕྱི་རོལ་བཞིན། །དེ་འདི་ ཡིན་ཞེས་སྨྲ་བར་བྱེད། །གཞན་དང་གཞན་གྱི་འདི་ནི་དེ་བཞིན་ཤེས་པར་བྱ། །འདི་ལྟར་ཁོང་དུ་ཆུད་བྱ་སྟེ། །གཞན་དུ་ཕྱི་རོལ་པ་ཡི་སྒྲ། །ཇི་ལྟར་ལྟ་བ་པོའི་དབྱེ་བས། །དྲིས་པ་མགུ་བྱ་ཇི་ལྟ་བུར། །བཤད་པ་དག་ནི་གཅིག་གིས་ཀྱང་། །གཅིག་གིས་འཛིན་པའང་བཟློག་མིན་ན། །རྒྱུ་རྣམས་ཀྱིས་ནི་དབྱེ་ བ་ཡིས། །སྒྲ་ནི་མང་པོར་གྱུར་པ་ཡིན། །འོན་ཀྱང་ཐུབ་པ་ཆེན་པོ་ཡི། །གསུང་གཅིག་དུ་མའི་སྣང་བར་ནི། །དེ་ནི་དུ་མའི་བདག་ཉིད་དུ། །གདུལ་བྱ་རྣམས་ཀྱིས་གོ་བར་གྱུར། །གདུལ་བྱ་རྣམས་ལ་ཡེ་ཤེས་དེ། །དེ་ལྟར་སྣང་ཞིང་གྱུར་པ་ཡང་། །གལ་ཏེ་ཕྱི་དོན་ཡུལ་རྣམས་ནི། །ཐམས་ཅད་རྣམ་ 63-1-200b པ་གཅིག་ཏུ་འགྱུར། །སྣང་བ་དུ་མར་གྱུར་པས་ན། །ཡེ་ཤེས་ཙམ་དུ་རྣམ་པར་མཛེས། །སྒྲ་ནི་དུ་མའི་བདག་ཉིད་མིན། །གཅིག་དང་དུ་མར་འགལ་བ་ཉིད། །གང་ཞིག་དུ་མར་གྱུར་པ་ཡང་། །རྟོག་པ་ཉིད་དུ་འགྱུར་བ་ཡིན། །ཡུལ་གྱི་ཤེས་པ་དེ་ཉམས་པས། །ཤེས་པར་བྱ་བའང་འདྲེས་པར་གྱུར། །རྒྱལ་ བས་ཡི་གེ་གཅིག་ཙམ་ཡང་། །ཅུང་ཟད་ཙམ་ཡང་མ་གསུངས་ཏེ། །རྣམ་པར་མི་རྟོག་ཚུལ་འདི་ནི། །ཤིན་ཏུ་མཛེས་པར་གྱུར་པ་ཡིན། །དེ་བས་རྟོག་པ་ཀུན་སྤངས་པར། །འདི་ནི་གནས་པར་གྱུར་པ་ཡིན། །ཞེས་བཤད་པ་ཡིན་ནོ། །གང་གི་ཕྱིར་རྣམ་པར་རྟོག་པ་ཐམས་ཅད་སྤངས་པ་དེས་ན། རྣམ་ པར་མི་རྟོག་དབྱིངས་མི་ཟད། །ཅེས་བྱ་སྟེ། དེ་ཡང་གང་ཡིན་ཞེ་ན། ཆོས་ཀྱི་དབྱིངས་ཞེས་བྱ་བ་སྟེ། ཆོས་རྣམས་ཀྱི་རིགས་སོ། །མཆོག་ཏུ་ཕུལ་དུ་བྱུང་བས་ན་དམ་པའོ། །ནམ་ཡང་གཞན་དུ་མི་འགྱུར་བས་ན་ཟད་མི་ཤེས་པ་སྟེ། ཆོས་ཀྱི་དབྱིངས་ནི་ཟད་པར་ཡང་མི་འགྱུར་ལ། འཕེལ་བར་ ཡང་མི་འགྱུར་རོ་ཞེས་གསུངས་པའི་ཕྱིར་འཕེལ་བ་དང་འབྲི་བ་དང་བྲལ་བས་ན་ཆོས་ཀྱི་དབྱིངས་ཞེས་བྱའོ། །བསོད་ནམས་ལྡན་པ་བསོད་ནམས་ཚོགས། །ཞེས་བྱ་བ་ལ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་སྟེ་ཕ་རོལ་ཏུ་ཕྱིན་པ་གསུམ་ནི་བསོད་ནམས་ཀྱི་ཚོགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་དང་། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཕ་རོལ་ཏུ་ཕྱིན་པ་ལྔ་ནི་ཡེ་ཤེས་ཀྱི་ཚོགས་སོ། །བརྩོན་འགྲུས་དང་བསམ་གཏན་ནི་གཉི་གར་གཏོགས་སོ། །དེ་ལ་བསོད་ནམས་དང་ལྡན་པ་ནི་རྒྱུའི་ གནས་སྐབས་སུའོ། །བསོད་ནམས་ཀྱི་ཚོགས་ནི་འབྲས་བུའི་གནས་སྐབས་ཏེ། དེའི་རང་བཞིན་དུ་གྱུར་པས་སོ། །ཡེ་ཤེས་ནི་ཡེ་ཤེས་ཀྱི་ཚོགས་ཏེ་རྒྱུའི་གནས་སྐབས་སོ། །ཡེ་ཤེས་ཀྱི་གནས་ནི་འབྲས་བུའི་གནས་སྐབས་ཏེ། ཡེ་ཤེས་གཞན་གྱི་རྒྱུར་གྱུར་པའི་ཕྱིར་ཏེ། ཡེ་ཤེས་ཀྱི་འབྱུང་གནས་ཀྱི་ཡེ་ ཤེས་ཀྱི་ཆེ་བ་ཉིད་ནི་ཐམས་ཅད་དུ་ཡོངས་སུ་སྨིན་པའི་དབང་གིས་ཡེ་ཤེས་ཀྱི་རྒྱུར་གྱུར་པས་ན་ཡེ་ཤེས་ཀྱི་འབྱུང་གནས་སོ། །འབྲས་བུར་གྱུར་པའི་ཡེ་ཤེས་ཀྱིས་ན་ཡེ་ཤེས་དང་ལྡན་པ་ཞེས་བྱའོ། །ཡོད་པ་དང་མེད་པ་དག་ནི་ཡོད་མེད་ཅེས་བྱ་སྟེ། གཉིས་པོ་དེ་དག་ཤེས་པའི་ངང་ཚུལ་གང་ལ་ཡོད་པ་དེ་ནི། 63-1-201a ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །ཞེས་བྱའོ། །དེ་མ་རྟོགས་པའི་གཟུང་བ་དང་འཛིན་པ་ཐམས་ཅད་ནི་མེད་པ་སྟེ། རང་གི་ངོ་བོ་ཉིད་ཤེས་པ་ལས་གཞན་མི་ཤེས་པའོ་ཞེས་བྱ་བའི་ཚུལ་གྱིས་ན་དེ་སྐད་ཅེས་བྱ་བས་དེ་དག་ནི་ཀུན་རྫོབ་ཡིན་པར་བཤད་དོ། །དོན་དམ་པར་ནི་ཡོད་པ་དང་མེད་པའི་ངོ་བོ་ཉིད་གཉི་ ག་དང་བྲལ་བ་གཉིས་སུ་མེད་པའི་མཉམ་པ་ཉིད་ཀྱི་ཤེ་ཤེས་ནི་ཡོད་མེད་ཤེས་པའོ། །དེ་ལྟ་བུའི་ཡོད་མེད་ཤེས་པའི་ཡེ་ཤེས་དེ་རྗེ་བཙུན་འཇམ་དཔལ་ལ་མངའ་བས་ན་ཡོད་མེད་ཤེས་ཞེས་བཤད་དེ། གཉིས་སུ་མེད་པའི་ཡེ་ཤེས་ལས་ཐ་དད་པའི་རྗེ་བཙུན་འཇམ་དཔལ་གཞན་ཡོད་པ་མ་ཡིན་ནོ། །ཇི་ལྟར་ཤེས་ཤེ་ ན། བདེན་པ་ལས་གཞན་ན་མེད་པའི་ཕྱིར་རོ། །དེ་མངའ་བས་ན་ཀུན་རྫོབ་ཀྱི་བདེན་པར་བཤད་པ་ལ་ཡང་ཉེས་པ་མེད་དོ། །དེ་བས་ན་ཀུན་རྫོབ་དང་དོན་དམ་པའི་སྒོ་ནས་ཚོགས་རྣམ་པ་གཉིས་ཡང་དག་པར་བསགས་པས་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་རྫོགས་སོ་ཞེས་བྱ་བའི་དོན་ཏོ། ། ད་ནི་ཚིགས་སུ་བཅད་པ་བཅུ་དགུས་གསང་སྔགས་ཀྱི་ཚུལ་གྱི་ལྷ་རྣམས་ཀྱི་ངོ་བོ་ཉིད་དང་། ཏིང་ངེ་འཛིན་དང་། གསང་སྔགས་དང་། ཁྲོ་བོ་ལ་སོགས་པའི་གཟུགས་ཀྱིས་འདུལ་བའི་འགྲོ་བ་རྣམས་གདུལ་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་དེ་དང་དེའི་གཟུགས་ཀྱིས་བཞུགས་སོ་ཞེས་བསྟན་པར་བྱ་བའི་ ཕྱིར། རྟག་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི། རྟག་པ་ཀུན་རྒྱལ་རྣལ་འབྱོར་ཅན། །བསམ་གཏན་བསམ་བྱ་བློ་ལྡན་བདག །སོ་སོ་རང་རིག་མི་གཡོ་བ། །མཆོག་གི་དང་པོ་སྐུ་གསུམ་འཆང་། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །སངས་རྒྱས་མངའ་ བདག་ཅོད་པན་ཅན། །སྤྱན་ལྔ་ཆགས་པ་མེད་པ་འཆང་། །སངས་རྒྱས་ཐམས་ཅད་སྐྱེད་པ་པོ། །སངས་རྒྱས་སྲས་པོ་དམ་པའི་མཆོག །ཤེས་པ་སྲིད་འབྱུང་སྐྱེ་གནས་མེད། །ཆོས་ལས་བྱུང་བ་སྲིད་པ་སེལ། །གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག །སྐྱེས་མ་ཐག་ཏུ་འགྲོ་བའི་བདག །ནམ་མཁའ་ལས་བྱུང་ རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །སྔགས་དྲག་སྔགས་བདག་རིག་སྔགས་རྒྱལ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །གཙུག་ཏོར་ཆེན་པོ་རྨད་ 63-1-201b འབྱུར་གཙུག །ནམ་མཁའི་བདག་པོ་སྣ་ཚོགས་སྟོན། །སངས་རྒྱས་ཀུན་བདག་དངོས་པོ་མཆོག །འགྲོ་ཀུན་དགའ་བའི་མིག་དང་ལྡན། །སྣ་ཚོགས་གཟུགས་ཅན་སྐྱེད་པ་པོ། །མཆོད་ཅིང་བརྗོད་པ་དྲང་སྲོང་ཆེ། །རིགས་གསུམ་འཆང་བ་གསང་སྔགས་འཆང་། །ཚིག་ཆེན་པོ་ནི་གསང་སྔགས་ འཛིན། །གཙོ་བོ་དཀོན་མཆོག་གསུམ་འཛིན་པ། །ཐེག་པ་མཆོག་གསུམ་སྟོན་པ་པོ། །དོན་ཡོད་ཞགས་པ་རྣམ་པར་རྒྱལ། །འཛིན་པ་ཆེན་པོ་རྡོ་རྗེ་ཞགས། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། །མིག་དྲུག་ལག་དྲུག་སྟོབས་དང་ ལྡན། །ཀེང་རུས་མཆེ་བ་གཙིགས་པ་པོ། །ཧ་ལ་ཧ་ལ་གདོང་བརྒྱ་པ། །གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ། །རྡོ་རྗེ་ཤུགས་ཅན་འཇིགས་བྱེད་པ། །རྡོ་རྗེ་གྲགས་པ་རྡོ་རྗེའི་སྙིང་། །སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། །རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག །རྡོ་རྗེའི་སྙིང་པོ་མཁའ་འདྲ་བ། །མི་གཡོ་རལ་པ་གཅིག་གིས་ བསྒྱིངས། །གླང་ཆེན་ཀོ་ལོན་གོས་སུ་གྱོན། །དྲག་ཆེན་ཧཱ་ཧཱ་ཞེས་སྒྲོགས་པ། །ཧཱི་ཧཱི་ཞེས་སྒྲོགས་འཇིགས་པར་བྱེད། །གད་མོ་ཆེན་པོ་གད་རྒྱངས་ཅན། །རྡོ་རྗེ་གད་མོ་ཆེར་སྒྲོགས་པ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། །རྡོ་རྗེ་དྲག་པོ་དགའ་བ་ཆེ། །རྡོ་རྗེ་ཧཱུྃ་སྟེ་ཧཱུྃ་ཞེས་ སྒྲོགས། །མཚོན་དུ་རྡོ་རྗེའི་མདའ་ཐོགས་པ། །རྡོ་རྗེའི་རལ་གྲིས་མ་ལུས་གཅོད། །རྡོ་རྗེ་ཀུན་འཆང་རྡོ་རྗེ་ཅན། །རྡོ་རྗེ་གཅིག་པུ་གཡུལ་སེལ་བ། །རྡོ་རྗེ་འབར་བ་མིག་མི་བཟད། །སྐྲ་ཡང་རྡོ་རྗེ་འབར་བ་སྟེ། །རྡོ་རྗེ་འབེབས་པ་འབེབས་པ་ཆེ། །མིག་བརྒྱ་པ་སྟེ་རྡོ་རྗེ་མིག །ལུས་ནི་རྡོ་རྗེའི་བ་སྤུ་ཅན། ། རྡོ་རྗེའི་སྤུ་ནི་གཅིག་པུའི་ལུས། །སེན་མོ་སྐྱེས་པ་རྡོ་རྗེའི་རྩེ། །རྡོ་རྗེ་སྙིང་པོ་པགས་པ་མཁྲེགས། །རྡོ་རྗེའི་ཕྲེང་ཐོགས་དཔལ་དང་ལྡན། །རྡོ་རྗེའི་རྒྱན་གྱིས་བརྒྱན་པ་སྟེ། །གད་རྒྱངས་ཧཱ་ཧཱ་ཞེས་པར་སྒྲོགས། །ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །འཇམ་དབྱངས་ཆེན་པོའི་སྒྲ་ཆེ་བ། །འཇིག་རྟེན་གསུམ་ན་སྒྲ་གཅིག་པ། ། ནམ་མཁའི་མཐའ་ཀླས་སྒྲ་སྒྲོགས་པ། །སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཅེས་བྱ་བ་ཡིན་ནོ། །དེ་ལ་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཉིད་ཀྱི་ཐམས་ཅད་དུ་རྒྱུན་མི་འཆད་པའི་གཟུགས་ཀྱིས་བཞུགས་པའི་ཕྱིར་རྟག་པའོ། །སྣ་ཚོགས་པ་ནི་འགྲོ་བ་རྣམ་པ་ཐ་དད་པ་སྟེ། དེ་ན་མཛེས་པར་གནས་པས་ན་ཀུན་རྒྱལ་ཏེ། 63-1-202a དོན་ཡོད་པར་གྲུབ་པའི་ངོ་བོ་ཉིད་དུ་གྱུར་པས་ཀུན་རྒྱལ་ལོ། །ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་གྱི་རྣལ་འབྱོར་འདི་ལ་མངའ་བས་ན་རྣལ་འབྱོར་ཅན་ཏེ། འོད་དཔག་ཏུ་མེད་པའི་ངོ་བོ་ཉིད་དུ་གྱུར་པའི་ཕྱིར་རོ། །ཡང་ན་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པར་འཇུག་པའི་ལམ་ ནི་རྣལ་འབྱོར་རོ། །དེ་ཡང་བཅོམ་ལྡན་འདས་འཇམ་དཔལ་གྱིས་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པ་སྟེ། དེ་བས་ན་དེ་ཉིད་ནི་དོན་དམ་པར་རྣལ་འབྱོར་ཅན་ཞེས་བྱ་བས་ལས་ཀྱི་ས་ལ་སློབ་པར་གྱུར་པ་ན་ཡང་ཉེ་བར་གདགས་པས་རྣལ་འབྱོར་ཅན་དུ་གྱུར་པ་ཉིད་ཡིན་ནོ་ཞེས་བྱ་བར་དགོངས་སོ། ། བསམ་གཏན་དང་། བསམ་པ་པོ་དང་། བསམ་པར་བྱ་བ་དང་། བྲལ་བའི་རྣམ་པར་མི་རྟོག་པ་ཅན་གྱི་ཐུགས་ཀྱི་བདག་ཉིད་མི་བསྐྱོད་པའི་ངོ་བོ་ཉིད་དུ་གྱུར་པའི་ཕྱིར་བསམ་གཏན་ནོ། །སངས་རྒྱས་ཉིད་འདོད་པ་རྣམས་ཀྱིས་བསླབ་པར་བྱ་བ་ཡིན་པའི་ཕྱིར་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་ཉིད་ཀྱིས་བཞུགས་པས་ ན་བསམ་བྱའོ། །དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཉིད་ཀྱིས་བཞུགས་པ་འདི་སུ་ཞིག་ཡིན་པ་བསྟན་པར་བྱ་བའི་ཕྱིར། བློ་ལྡན་བདག་ཅེས་པ་གསུངས་ཏེ། བློ་ལྡན་ཞེས་བྱ་བ་དེ་བཞིན་གཤེགས་པ་ལྔའི་ཤེས་རབ་རྣམས་ཀྱི་བདག་པོ་སྟེ། གཙོ་བོར་གྱུར་པའོ། །དེ་ཡང་དཔལ་རྡོ་རྗེ་སྙིང་པོའི་རྒྱན་ལས། བདེ་གཤེགས་དྲི་མེད་ཤེས་རབ་ནི། །འཇམ་པའི་དབྱངས་སུ་དེ་བཤད་དོ། །ཞེས་གསུངས་པའི་ཕྱིར་དང་། དངོས་དང་དངོས་མེད་རྣམ་དཔྱད་ན། །སངས་རྒྱས་ཀུན་ལ་བདག་མེད་ཀྱང་། །བདག་གི་དབང་དུ་འཇུག་འགྱུར་བ། །ཨེ་མའོ་ཆོས་ཀྱི་ཆོས་ཉིད་ཡིན། །ཞེས་གསུངས་པས་བདག་པོ་ཉིད་བསྟན་ པས་ན་ལོག་པར་བརྟག་པར་མི་བྱའོ། །གང་གི་ཕྱིར་བློ་དང་ལྡན་པ་ཐམས་ཅད་ཀྱི་བདག་པོ་ཡིན་པ་དེས་ན་མཆོག་གི་དང་པོ་ཞེས་བྱ་སྟེ། དང་པོར་གྱུར་པའོ། །མཆོག་ཀྱང་ཡིན་ལ་དང་པོ་ཡང་ཡིན་པས་ན་མཆོག་གི་དང་པོའོ། །དེ་ནི་འདི་སྐད་སྟོན་པར་འགྱུར་ཏེ། དེ་ཉིད་ནི་ཐམས་ཅད་ཀྱི་དང་པོ་སྟེ། དེ་ ཐོབ་ནས་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་རྣམས་དང་། རང་སངས་རྒྱས་རྣམས་འབྱུང་བར་འགྱུར་བ་ཡིན་པས་མཆོག་གི་དང་པོ་ཞེས་བཤད་དོ། །མཆོག་གི་དང་པོའི་ངོ་བོ་ཉིད་དུ་གྱུར་ཀྱང་གལ་ཏེ་རང་གི་ངོ་བོ་ཉིད་ལས་ཉམས་པར་འགྱུར་རོ་ཞེས་རྟོག་ 63-1-202b པ་ལ་མི་གཡོ་བ་ཞེས་གསུངས་ཏེ། རང་གི་ངོ་བོ་ཉིད་དུ་འགྱུར་བའི་མཚན་ཉིད་ཅན་གྱི་གཡོ་བ་མེད་པས་ན་མི་གཡོ་བ་ཞེས་བྱ་བའི་རི་བྲགས་ལྟར་གནས་ནས་རྟོག་པ་ཉིད་དུ་མི་གཡོ་བ་ནི་མ་ཡིན་ནོ། །དེ་ཡང་དེ་ལྟ་བུའི་ངོ་བོ་ཉིད་དུ་གྱུར་པ་གང་གིས་ཇི་ལྟར་རྟོགས་པར་བྱ་ཞེ་ན། སོ་སོ་རང་རིག་ཅེས་བྱ་བ་ གསུངས་ཏེ། སོ་སོ་རང་རིག་པའི་ངོ་བོ་ཉིད་ལ་མ་གཏོགས་པར་གང་གིས་ཇི་ལྟར་ཡང་རྟོགས་པར་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཐོག་མ་དང་ཐ་མ་མེད་པ་དང་། རྣམ་པར་མི་གཡོ་བའི་ངོ་བོ་ཉིད་དང་། སོ་སོ་རང་རིག་པའི་ངོ་བོ་ཉིད་ཡིན་ན་ཇི་ལྟར་ཆོས་དང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་ སྐུ་ལ་སོགས་པའི་གཟུགས་ཀྱིས་གཞན་ཡང་དག་པར་རྟོགས་པར་གཞག་ཅེས་རྟོག་པ་བསལ་བར་བྱ་བའི་ཕྱིར། སྐུ་གསུམ་འཆང་ཞེས་བྱ་བ་གསུངས་ཏེ། དེ་ལ་དེའི་དགོངས་པ་ནི་འདི་ཡིན་ཏེ། སོ་སོ་རང་རིག་པའི་ཆོས་ཉིད་ཀྱི་བདག་ཉིད་ཅན་གྱི་སྐུ་ལ་དབང་སྒྱུར་བས་སྐུ་གསུམ་དུ་སྣང་སྟེ། གདུལ་བྱའི་ རྒྱུད་ལ་ཡོད་པའི་རང་རིག་པའི་ཚུལ་ཡང་རྟོགས་པར་མཛད་ནས། དེས་དེ་རྣམ་པར་གཞག་པའི་ཕྱིར་སྐུ་གསུམ་འཆང་ཞེས་བྱ་སྟེ། ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་བརྟེན་པ་ཡིན་པས་ན་འགལ་བ་མེད་དོ། །སྐུ་གསུམ་པོ་དེ་དག་ཀྱང་ཡང་རྣམ་པ་ལྔར་དབྱེ་བར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ སྐུ་ལྔའི་བདག་ཉིད་ཅན། །ཞེས་བྱ་བ་གསུངས་ཏེ། དེ་ཡང་ངོ་བོ་ཉིད་ཀྱི་སྐུ་དང་། ཆོས་ཀྱི་སྐུ་དང་། ཡེ་ཤེས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུའོ། །དེ་ལ། ཆོས་གང་རྣམ་པ་ཐམས་ཅད་དུ། །རྣམ་དག་ཟག་པ་མེད་བརྙེས་པ། །ཐུབ་པའི་ངོ་བོ་ཉིད་སྐུ་སྟེ། དེ་ཡི་རང་གི་མཚན་ཉིད་ དོ། །ཞེས་བྱ་སྟེ། ཆོས་ཐམས་ཅད་ནི་རང་བཞིན་གྱིས་དྲི་མ་མེད་པའི་ངོ་བོ་ཉིད་ཡིན་པས་ཆོས་ཉིད་ཀྱི་དེ་ཁོ་ན་ཉིད་ཀྱི་བདག་ཉིད་ཅན་གྱི་སྐུ་ཡིན་པའི་ཕྱིར་ཆོས་ཀྱི་སྐུའོ། །ཆོས་སྐུ་གཉིས་པ་ནི་ཆོས་རྣམས་ཀྱི་བདག་ཉིད་ཅན་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་སོགས་པ་ནས་ཇི་སྲིད་དུ་རྣམ་པ་ཐམས་ཅད་ མཁྱེན་པའི་ཡེ་ཤེས་ཀྱི་མཐར་ཐུག་པའི་བར་དུ་སྣང་བའི་ཆོས་ཀྱི་ཚུལ་ཡིན་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ཀྱི་དོན་དང་བྱ་བ་རྣམས་ཐུགས་སུ་ཆུད་པའི་བདག་ཉིད་ནི་ཐུབ་པའི་ཡེ་ཤེས་ཀྱི་སྐུའོ། །ཐུབ་མཚན་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བཟང་པོ་བརྒྱད་ཅུ་འདི། །ཐེག་ཆེན་ཉེ་བར་ 63-1-203a ལོངས་སྤྱོད་འདིར། །ལོངས་སྤྱོད་རྫོགས་པའི་སྐུར་འདོད་དོ། །ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །རང་གིས་ཕན་པ་སྣ་ཚོགས་པ། །འགྲོ་ལ་སྙོམས་པར་མཛད་པ་སྟེ། །འཁོར་བ་སྲིད་དུ་རྒྱུན་མི་གཅོད། །ཐུབ་པའི་སྤྲུལ་པའི་སྐུ་ཡིན་ནོ། །ཞེས་བྱ་བ་ནི་སྤྲུལ་པའི་སྐུའོ། །དེ་ ལ་ཆོས་ཀྱི་སྐུ་ལ་ནི་ཆོས་ཉིད་ཀྱི་བདག་ཉིད་ཅན་དང་ཆོས་རྣམས་ཀྱི་བདག་ཉིད་ཅན་དང་། ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་དབྱེ་བ་གསུམ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་དང་གཉིས་ཏེ། ལྔ་པོ་དེ་དག་ནི། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཞེས་བྱའོ། །དེ་ལ་སྐུ་གསུམ་ནི་སོ་ སོ་རང་གིས་རིག་པ་སྟེ། ཐུན་མོང་མ་ཡིན་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་ཐུན་མོང་ངོ་། །སྤྲུལ་པའི་སྐུ་ནི་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་ཐམས་ཅད་དང་ཐུན་མོང་ཡིན་པས་འདི་ནི་དབྱེ་བ་སྟེ། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་སྐུ་དང་། ལོངས་ སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུའི་ངོ་བོ་རྣམས་ཕྱེ་སྟེ་སྤྲོས་པ་དང་། འོག་ནས་རང་གི་གནས་སྐབས་ཉིད་དུ་བསྟན་པས་ན་འདིར་མ་སྤྲོས་སོ། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཅེས་བྱ་བ་ལ་བཅོམ་ལྡན་འདས་དེ་ཉིད་ལྡོག་པའི་དབྱེ་བ་དང་། མཛད་པའི་དབྱེ་བས་འདི་ལྟར་རྣམ་པར་བཞུགས་ཏེ། མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་སྒྲུབ་པ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཞེས་བྱ་བ་ནི་ཡེ་ཤེས་ལྔ་རྣམས་སོ། །དེ་ལ་མེ་ལོང་གི་དཀྱིལ་འཁོར་ཤིན་ཏུ་དྲི་མ་མེད་པ་ལ་སོགས་པའི་ཁ་དོག་དང་ཉེ་བའི་ཕྱོགས་ན་གནས་པའམ་ནམ་མཁའི་ངོས་ན་གནས་པའི་སྐར་མའི་ ཚོགས་ལ་སོགས་པའི་གཟུགས་བརྙན་སྣང་ཡང་མེ་ལོང་ནི་འདི་སྙམ་དུ་འདི་ནི་སྔོན་པོའོ། །འདི་ནི་སེར་པོའོ། །འདི་ནི་ཐག་རིང་བའོ། །འདི་ནི་ཐག་ཉེ་བའོ་སྙམ་དུ་མི་སེམས་ཀྱང་དེའི་གནས་པ་རྣམས་སྔོན་པོ་དང་། སེར་པོ་དང་། རིང་བ་ལ་སོགས་པ་རྣམ་པར་རྟོག་ཅིང་འཇོག་པར་བྱེད་དོ། །དེ་བཞིན་དུ་ཉོན་ མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམས་དང་བྲལ་བས་དྲི་མ་མེད་ཅིང་རྣམ་པར་མི་རྟོག་ལ། ཤེས་བྱ་ཐམས་ཅད་ལ་ཁྱབ་པའི་ཡེ་ཤེས་ཀྱི་མེ་ལོང་ལ་ནི་འདི་དག་ཐམས་ཅད་ཉེ་བར་གྱུར་ཅིང་ཐམས་ཅད་སོ་སོར་སྣང་ལ། གདུལ་བྱའི་ཚོགས་རྣམས་ཀྱི་བསོད་ནམས་དང་རྗེས་སུ་མཐུན་པའི་གཟུགས་བརྙན་ 63-1-203b འཆར་ཞིང་སྣང་བའི་རྒྱུར་འགྱུར་བས་ན་མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བྱའོ། །དེ་ཡང་ཆོས་ཀྱི་མཉམ་པ་ཉིད་ཀྱིས་ཐམས་ཅད་མཉམ་པས་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཞེས་བྱའོ། །དེ་ཉིད་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཉིད་རྟོག་པའི་སོ་སོ་རང་གི་རིག་པས་སོ་སོར་རྟོགས་པས་ན་སོ་སོར་རྟོག་ པའི་ཡེ་ཤེས་ཞེས་བྱའོ། །དེ་ལྟ་ཡིན་དུ་ཟིན་ཀྱང་འགྲོ་བ་མ་ལུས་པའི་མངོན་པར་འདོད་པའི་དོན་བྱེད་པའི་ཁྱད་པར་ཅན་གྱི་བྱ་བ་སྒྲུབ་པར་མཛད་དེ། སོ་སོར་སྣང་བར་བསྐྱེད་པས་ན་བྱ་བ་སྒྲུབ་པའི་ཡེ་ཤེས་ཞེས་བྱའོ། །དེ་ལྟར་གདུལ་བྱ་རྣམས་ཉེ་བར་འཇོག་པར་མཛད་དུ་ཟིན་ཀྱང་། དེ་ཤིན་ཏུ་ཡང་རང་ བཞིན་གྱིས་དྲི་མ་མེད་པའི་ཕྱིར། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཞེས་བྱ་སྟེ། དེ་ལྟར་གཅིག་པ་ཡིན་ཡང་རྣམ་པར་རྟོག་པའི་དབྱེ་བ་བྱས་པ་ཡིན་གྱི། གཞན་དུ་ན་ཡེ་ཤེས་ལྔའི་བདག་ཉིད་གཅིག་པུ་ཉིད་དུ་མི་རིགས་སོ། །གཞན་དག་ནི་གཞན་དུ་ཡང་སྟོན་ཏོ། །མི་བསྐྱོད་པའི་ངོ་བོ་ཉིད་ དུ་གྱུར་པས་ན་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། རྣམ་པར་རྟོག་པ་དང་བཅས་ཀྱང་ཐམས་ཅད་མངོན་སུམ་དུ་གྱུར་ཏེ། ཇི་ལྟར་ལ་ལས་མེ་ལོང་ལ་གཟུགས་བརྙན་དུ་གྱུར་པའི་ཤེས་བྱ་རྣམས་མཐོང་བ་དེ་བཞིན་དུ་རང་གི་ཡེ་ཤེས་ཀྱི་མེ་ལོང་ལ་ཤེས་བྱ་སྣང་བ་རྣམས་ཤེས་ཤིང་། གཞན་རྣམས་ལ་ཡང་སྟོན་པ་ ཡིན་ཏེ། དེ་བས་ན་མེ་ལོང་དང་ཆོས་མཐུན་པས་ན་མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བྱའོ། །རིན་ཆེན་འབྱུང་ལྡན་གྱི་བདག་ཉིད་ཡིན་པའི་ཕྱིར་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། རོ་གཅིག་པའི་བདེ་བ་ཐམས་ཅད་ཉམས་སུ་མྱོང་བའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཞེས་བྱའོ། །འོད་དཔག་ཏུ་མེད་པའི་ངོ་བོ་ཉིད་དུ་གྱུར་ པས་སོ་སོར་རྟོག་པའི་ཡེ་ཤེས་ཏེ། འདོད་ཆགས་ལ་སོགས་པས་མ་གོས་པའི་ངོ་བོ་ཉིད་ལ་རྣམ་པར་དཔྱོད་པའི་བདག་ཉིད་ཅན་ནོ། །དོན་ཡོད་པར་གྲུབ་པའི་ངོ་བོ་ཉིད་དུ་གྱུར་པས་བྱ་བ་སྒྲུབ་པའི་ཡེ་ཤེས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱི་ནང་གི་མཆོད་པའི་བྱ་བ་ལ་འཇུག་པར་བྱེད་དོ། །རྣམ་པར་སྣང་ མཛད་ཀྱི་བདག་ཉིད་ཅན་དུ་གྱུར་པའི་ཕྱིར་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཏེ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བདེ་བ་ཆེན་པོ་ཉམས་སུ་མྱོང་བ་འབྱུང་བ་རྒྱུན་མི་འཆད་དེ། ཤིན་ཏུ་རྣམ་པར་དག་པའི་ཆོས་འབྱུང་བ་ལས་སྐྱེས་པའི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ཐམས་ཅད་ 63-1-204a ཀྱང་རྣམ་པར་རྟོག་པ་དང་བཅས་པ་སྟེ། གཞན་དུ་གསང་སྔགས་ཀྱི་ཚུལ་འབྱུང་བ་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བ་འདི་ལ་ཅུང་ཟད་ཅིག་དཔྱད་པར་བྱ་བ་ཡོད་དེ། གལ་ཏེ་ཡེ་ཤེས་དེ་དག་རྒྱུན་ཐ་དད་པར་གནས་ན་ཇི་ལྟར་ཡེ་ཤེས་ཀྱི་བདག་ཉིད་ཅན་གཅིག་པུར་འགྱུར། ཡང་ན་གཅིག་པུ་ལ་ ཕན་ཚུན་རྗེས་སུ་ཞུགས་པ་ཡིན་ན་རྒྱུན་ཐ་དད་པར་མ་གྱུར་པར་གནས་པ་ནི་ཤིན་ཏུ་ཡང་འཇུག་པ་མི་སྲིད་དོ། །དེ་ལྟ་མོད་ཀྱི་སྔགས་ཀྱི་ཚུལ་ལ་ཡང་རྣམ་པར་མི་རྟོག་པའི་ཕྱོགས་ཉིད་དང་སྦྱར་བར་བྱ་བ་ཡིན་ཏེ། རྣམ་རྟོག་གཏི་མུག་ཆེན་པོ་ནི། །འཁོར་བའི་རྒྱ་མཚོར་བྱིང་བ་ཉིད། །མི་རྟོག་ཏིང་འཛིན་ལ་གནས་ ན། །མཁའ་བཞིན་དྲི་མ་མེད་པར་སྣང་། །ཞེས་གསུངས་པས་རྣམ་པར་མི་རྟོག་པ་ལ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་མཐར་ཐུག་པ་ཡོད་པ་མ་ཡིན་ནོ། །ཞར་ལ་འོངས་པས་ཆོག་གི་དཀྱུས་མ་ཉིད་ལ་འཇུག་པར་བྱའོ། །སངས་རྒྱས་ལྔ་བདག་ཅོད་པན་ཅན། །ཞེས་བྱ་བ་ལ། བཅོམ་ལྡན་འདས་ རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་པར་གྲུབ་པ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ལྔ་ལས་བསྒྲུབས་པའི་ཅོད་པན་ནི་སངས་རྒྱས་ཀྱི་རིན་པོ་ཆེ་དང་ལྡན་པ་ཡིན་པས་ན་སངས་རྒྱས་ལྔ་བདག་གོ། །ཅོད་པན་དེས་དམ་ པའི་དབང་ཕྱུག་གི་བདག་པོ་ཉིད་དུ་དབང་བསྐུར་བར་གྱུར་པ་གང་ཡིན་པ་དེ་ནི་སངས་རྒྱས་མངའ་བདག་ཅོད་པན་ནོ། །ཡང་ན་ཡེ་ཤེས་ལྔའི་བདག་ཉིད་ཅན་གྱི་སངས་རྒྱས་ལྔའི་ངོ་བོ་ཉིད་དུ་འགྱུར་བས་རང་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་ལྔའི་ཅོད་པན་གྱི་གཟུགས་ཀྱིས་ཐམས་ཅད་ལ་དབང་ བསྐུར་བའི་ངོ་བོ་ཉིད་དུ་ཞུགས་པས་ན་སངས་རྒྱས་མངའ་བདག་ཅོད་པན་ཞེས་བཤད་དོ། །སྤྱན་ལྔ་ཆགས་པ་མེད་པ་འཆང་། །ཞེས་བྱ་བ་ལ་ཤའི་སྤྱན་དང་། ལྷའི་སྤྱན་དང་། ཤེས་རབ་ཀྱི་སྤྱན་དང་། ཆོས་ཀྱི་སྤྱན་དང་། སངས་རྒྱས་ཀྱི་སྤྱན་ཞེས་པའི་སྤྱན་ལྔ་པོ་ཆགས་པ་མེད་པ་དང་། ཐོགས་ པ་མེད་པའི་ནུས་པ་དང་ལྡན་པ་འཆང་བར་མཛད་པས་ན། སྤྱན་ལྔ་ཆགས་པ་མེད་པ་འཆང་། །ཞེས་བྱའོ། །ཡང་ན་ཇི་སྐད་དུ་སྤྱན་ལྔ་གང་ལ་ཡོད་པ་དེ་ནི་སྤྱན་ལྔ་ཞེས་བྱ་བ་ལ་ཆགས་པ་ནི་ཐོགས་པ་སྟེ་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མངོན་པར་ཞེན་པའོ། །དེ་ལྟ་བུའི་མངོན་པར་ཞེན་པ་མེད་པས་ན་ 63-1-204b ཆགས་པ་མེད་པའོ། །ཆགས་པ་མེད་པ་དེ་གཉིས་སུ་མེད་པར་འཛིན་པར་མཛད་པས་ན་ཆགས་པ་མེད་པ་འཆང་ཞེས་བྱའོ། །སངས་རྒྱས་ཐམས་ཅད་སྐྱེད་པ་པོ། །སངས་རྒྱས་སྲས་པོ་དམ་པའི་མཆོག །ཅེས་བྱ་བ་ལ་འདི་ནི་རྒྱན་དང་འགལ་བར་བཤད་པས་ངོ་བོ་ཉིད་བཤད་པ་ཡིན་ཏེ། ཇི་ལྟར་ སངས་རྒྱས་ཐམས་ཅད་སྐྱེད་པ་པོ་ཡིན་ཞེ་ན་གསང་སྔགས་ཀྱི་ཚུལ་ལ་ནི་བྱང་ཆུབ་ཀྱི་སེམས། རྡོ་རྗེ་ནི་དེ་བཞིན་གཤེགས་པ་དྲུག་སྟེ་རྣམ་པར་སྣང་མཛད་ལ་སོགས་པ་སྐྱེད་པ་ཡིན་པར་འདོད་ལ། དེ་ཡང་མགོན་པོ་འཇམ་པའི་དབྱངས་ཡིན་ཏེ་དེ་བས་ན་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ་ཡིན་ནོ། །ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལྟར་ན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སངས་རྒྱས་ཐམས་ཅད་འབྱུང་བར་འདོད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྡོ་རྗེ་བློའོ་ཞེས་གསུངས་པས་ན། སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པས་ གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་དང་། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡང་དག་པར་འཛིན་དུ་བཅུག་ནས་སངས་རྒྱས་ཀྱི་བྱང་ཆུབ་ལ་རབ་ཏུ་གཞག་པ་ཡིན་པས་ན་རྣམ་པ་གསུམ་ཅར་གྱིས་ཀྱང་སངས་རྒྱས་ཐམས་ཅད་སྐྱེད་པ་ཡིན་པར་ སྟོན་ཏོ། །གལ་ཏེ་སྐྱེད་པ་པོ་ཡིན་ན་ཇི་ལྟར་ན་སངས་རྒྱས་ཀྱི་སྲས་སུ་འགྱུར་བ་ཡིན་ཞེ་ན། སངས་རྒྱས་སྲས་པོ་དམ་པའི་མཆོག །ཅེས་བྱ་བ་གསུངས་ཏེ། སངས་རྒྱས་ཀྱི་སྲས་པོ་མཆོག་ནི་སངས་རྒྱས་རྣམས་ནི་མཐར་ཕྱིན་པ་སྟེ། བྱང་ཆུབ་སེམས་དཔའི་གཟུགས་ཀྱི་གནས་སྐབས་ཀྱིས་བཞུགས་པ་ལ་དགྱེས་ སོ་ཞེས་བྱ་བའི་དོན་ཏེ། ཆོས་ཀྱི་མཆོག་ནི་ཆོས་ཀྱི་མཐར་ཐུག་པའོ་ཞེས་བྱ་བ་བཞིན་ནོ། །གླེགས་བམ་ལ་ལས་ནི། སངས་རྒྱས་སྲས་པོ་དམ་པ་མཆོག །ཅེས་ཟེར་ཏེ་དེ་ལ་རང་གི་དོན་ལ་རབ་ཀྱི་མཐར་ཐུག་པར་བྱོན་པས་ན་དམ་པའོ། །གཞན་གྱི་དོན་ལ་རབ་ཀྱི་མཐར་ཐུག་པར་བྱོན་པས་ན་མཆོག་གོ་ཞེས་ བྱ་བར་བལྟ་བར་བྱའོ། །ཤེས་པ་སྲིད་འབྱུང་སྐྱེ་གནས་མེད། །ཆོས་ལས་འབྱུང་བ་སྲིད་པ་སེལ། །ཞེས་བྱ་བ་ལ་ཤེས་རབ་ཉིད་སྲིད་པ་ཡིན་པས་ན་སྲིད་པ་སྟེ། འདི་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་འབྱུང་བས་ན་སྲིད་པ་ཡིན་པའམ། དེ་ 63-1-205a རྣམས་ལས་བྱུང་བའི་ནང་ནས་མཐོ་བ་ཉིད་དུ་སྐྱེས་པ་གང་ལ་ཡོད་པ་དེ་ནི་ཤེས་པ་སྲིད་འབྱུང་ཞེས་བྱའོ། །སྐྱེ་གནས་མེད་ཅེས་བྱ་བ་ནི་སྐྱེ་གནས་ཀྱི་རྒྱུ་དང་སྐྱེ་གནས་ཀྱི་ལམ་ལ་བྱ་ལ། དེ་དག་མེད་པ་སྟེ་འཁོར་བར་སྐྱེ་བའི་རྒྱུ་མེད་པ་གང་ཡིན་པ་དེ་ལ་ནི་སྐྱེ་གནས་མེད་ཅེས་བྱའོ། །སྐྱེ་བའི་ རྒྱུ་མེད་ན་ཇི་ལྟར་བྱང་ཆུབ་སེམས་དཔར་འགྱུར། རྒྱུ་མེད་པ་ལས་ནི་ཅི་ཡང་འབྱུང་བར་མི་འགྱུར་བ་རིགས་པས་བརྟགས་ན་སེམས་ཅན་ནམ་སེམས་ཅན་མ་ཡིན་པ་རྣམས་ནི་རྒྱུ་ལས་གཞན་དུ་ལྟོས་པ་མེད་པར་སྐྱེ་བར་མི་རིགས་སོ་ཞེས་རྟོགས་པ་ལ་ཆོས་ལས་འབྱུང་བ་ཞེས་བྱ་བ་གསུངས་ཏེ། ཆོས་རྣམས་ཀྱི་སྐྱེ་ གནས་ཡིན་པས་ན་ཆོས་ལས་འབྱུང་བ་ཡིན་པའམ། འདི་ལ་ཆོས་ཀྱི་སྐྱེ་གནས་མངའ་བས་ན་ཆོས་ལས་འབྱུང་བ་སྟེ། གང་གི་ཚེ་ཆོས་རྣམས་ཀྱི་སྐྱེ་གནས་ཞེས་དྲུག་པས་མཚམས་སྦྱར་བ་དེའི་ཚེ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དུ་གྱུར་པས་ཆོས་རྣམས་ཀྱི་རྒྱུ་སྟེ། དེའི་རྒྱུ་གཞན་མེད་པས་སྐྱེ་གནས་མེད་པ་དང་། ཆོས་ལས་འབྱུང་བ་ཞེས་འགལ་བ་མེད་ལ། འབྲུ་མང་པོ་པའི་ཕྱོགས་ལྟར་ན་ཡང་འཁོར་བའི་རྒྱུར་གྱུར་པ་མེད་པས་སྐྱེ་གནས་མེད་པ་ཡིན་གྱི། ཤེས་རབ་དང་ཐབས་གཉིས་སུ་མེད་པའི་སྦྱིན་པ་ལ་སོགས་པའི་ཆོས་རྣམས་ལས་བྱུང་བས་ན་ཆོས་ལས་བྱུང་ཞེས་བྱ་བ་ལ་འགལ་བ་མེད་དེ། དེ་བཞིན་དུ་ཤེས་པ་སྲིད་ འབྱུང་ཞེས་བྱ་བ་དང་སྲིད་པ་སེལ་ཞེས་བྱ་བ་ཡང་དེ་དང་འདྲ་སྟེ། ཇི་སྐད་དུ་བསྟན་པའི་དོན་མ་རྟོགས་པས་འགལ་བར་ཁོང་དུ་ཆུད་པར་འགྱུར་གྱི། བདག་གིས་ཇི་ལྟར་བཤད་པ་དེ་ལྟར་ནི་འགལ་བ་འགའ་ཡང་མེད་དོ། །དེ་བས་ན་འདི་ལྟར་རྒྱན་དང་འགལ་བའི་བཤད་པ་གསུངས་པ་ཡིན་ནོ། །ཇི་ལྟར་ན་སྲིད་པ་ སེལ་བ་ཉིད་ཡིན་ཞེ་ན། གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག །ཅེས་གསུངས་ཏེ་སྲ་བ་ནི་འཐས་ཤིང་ཆ་ཤས་མེད་པའོ། །རྩེ་མོ་དང་བཅས་པར་གནས་པས་ན་རྩེར་བཅས་ཏེ་རྩེ་མོ་དང་བཅས་པའོ། །དེ་ལྟ་བུའི་བྱེ་བྲག་གིས་ཁྱད་པར་དུ་བྱས་པ་གང་ཡིན་ཞེ་ན། རྡོ་རྗེའི་བདག་ཅེས་བྱ་བ་གསུངས་ཏེ། བདག་ ཅེས་བྱ་བའི་སྒྲ་ནི་རང་བཞིན་གྱི་རྣམ་གྲངས་སོ། །དེ་ནི་འདི་སྐད་དུ་སྟོན་པར་འགྱུར་ཏེ། རྡོ་རྗེའི་བདག་ཉིད་ཅན་དེ་ནི་ཡེ་ཤེས་ལྔའི་རང་བཞིན་གྱི་རྩེ་ལྔ་ཡོད་པས་ན་རྩེ་བཅས་སོ། །ཐོགས་པ་མེད་པའི་ནུས་པ་དང་ལྡན་པས་ན་གཅིག་པུའོ། །གཞན་གྱིས་སྐབས་མི་ཕྱེད་པས་ན་སྲ་བའོ། །རྡོ་རྗེའི་ 63-1-205b གཟུགས་ཀྱིས་མི་ཤེས་པའི་སྲིད་པ་འཇིག་པར་བྱེད་པས་སྲིད་པ་སེལ་ཞེས་བཤད་དོ། །ཡང་ན་གཅིག་པུ་གཉིས་སུ་མེད་པ་སྲ་བའི་མཁྲེགས་པ་གང་ཡིན་པ་དེ་ནི་གཅིག་པུ་སྲ་མཁྲེགས་སོ། །འདིའི་དོན་ནི་འདི་ཡིན་ཏེ། གཉིས་སུ་མེད་ཅིང་མཁྲེགས་ལ་ཁོང་སྟོང་ལྟ་བུའི་གཉིས་སུ་མེད་པས་ན་གཅིག་པུ་ སྟེ་གཉིས་སུ་མེད་པ་དེ་ནི་རང་རིག་པ་ལ་མ་གཏོགས་པ་རིག་པར་བྱ་བ་མེད་པས་ན་དེ་ཉིད་ནི་མཁྲེགས་པ་སྟེ་གཉིས་པ་ནི་ཚད་མ་དང་འགལ་བས་སྙིང་པོ་མེད་པའོ། །དེ་བས་ན་རྡོ་རྗེ་དང་འདྲ་བར་མི་ཤིགས་པའི་གཟུགས་ཅན་གྱུར་པས་རྡོ་རྗེའི་བདག་ཅེས་བྱ་སྟེ། གཉིས་སུ་མེད་པའི་ངོ་བོ་ཉིད་བཅོམ་ལྡན་ འདས་རྗེ་བཙུན་འཇམ་དཔལ་ལོ། །སྐྱེས་མ་ཐག་པ་འགྲོ་བའི་བདག །ཅེས་བྱ་བ་ལ་སྐྱེས་མ་ཐག་པ་ནི་ཧཱུྃ་མཛད་དེ། དེའི་སྐད་ཅིག་ཉིད་ལ་རྡོ་རྗེའི་བདག་ཉིད་དུ་སྐྱེས་ཤིང་བྱུང་བའོ། །འགྲོ་བའི་བདག་ཅེས་བྱ་བ་ནི་བཀའ་བསྒོ་བ་ཉན་ཅིང་རང་དབང་དུ་མཛད་པས་ན་འགྲོ་བའི་བདག་གོ། །ཡང་ན་དམ་པ་ ཡིན་ཞིང་མཛེས་པའི་བདག་པོར་འཁྲུངས་པ་གང་ཡིན་པ་དེ་ནི་འཇམ་པའི་དབྱངས་སོ་ཞེས་རྗེས་སུ་དཔག་པར་བྱའོ། །ཡང་སྐྱེས་མ་ཐག་པ་སྟེ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་སྐད་ཅིག་མ་ཉིད་ལ་འགྲོ་བའི་བདག་པོར་གྱུར་པ་ནི་བྱང་ཆུབ་ཀྱི་སེམས་ཡིན་པས་ན་རིགས་ཀྱི་ཁྱད་པར་གྱིས་འཁོར་ལོས་སྒྱུར་ བའི་སྲས་དམ་པ་དང་མཚུངས་སོ། །དེ་ནི་ནམ་མཁའ་དང་མཉམ་པར་ཆོས་ཐམས་ཅད་ཐུགས་སུ་ཆུད་པ་ལས་ཡང་དག་པར་འཁྲུངས་པ་ཡིན་པས་ན་ནམ་མཁའ་ལས་བྱུང་བའོ། །གདུལ་བྱའི་དབང་གིས་དེ་དང་དེའི་གཟུགས་སུ་རང་ཉིད་དུ་གྱུར་པས་ན་རང་བྱུང་བའོ། །དེ་ལྟ་ན་ནི་གདུལ་བྱའི་དབང་གིས་འགྲོ་བ་ ཐམས་ཅད་དུ་སོང་བ་དེར་གཏོགས་པའི་ཉེས་པའི་སྐྱོན་དང་ལྡན་པར་འགྱུར་རོ་ཞེས་རྟོག་པ་བསལ་བའི་ཕྱིར། ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཞེས་བྱ་བ་གསུངས་པ་ཡིན་ནོ། །འདི་སྐད་སྟོན་པར་འགྱུར་ཏེ། ཉོན་མོངས་པའི་བུད་ཤིང་མ་ལུས་པར་སྲེག་པའི་ནུས་པ་དང་ལྡན་པའི་ཤེས་རབ་ཡེ་ཤེས་ཀྱི་མེའི་གཟུགས་ ཅན་བཅོམ་ལྡན་འདས་ལ་ནི་འགྲོ་བ་ཐམས་ཅད་དུ་གཏོགས་པའི་ཉེས་པ་རྣམས་ཀྱི་སྐབས་མེད་པའི་ཕྱིར་ཤེས་རབ་ཡེ་ཤེས་ཏེ། ཆོས་ཐམས་ཅད་དངོས་པོ་མེད་པ་ཉིད་དུ་ཐུགས་སུ་ཆུད་པའོ། །དེ་ཉིད་ཀྱིས་ནི་ཉེ་བར་དམིགས་པའི་ཉོན་མོངས་པའི་ཤིང་རྣམས་ཐལ་བར་བྱེད་པས་ན་མེ་བོ་ཆེ་སྟེ། འཇིག་རྟེན་ལས་ 63-1-206a འདས་པའི་ཡེ་ཤེས་ཀྱི་བདག་ཉིད་དོ། །དེ་བས་ན་དེ་ཉིད་གདུལ་བྱ་སྣ་ཚོགས་པའི་རྒྱུད་ལ་རྣམ་པ་ཐ་དད་པའི་ཚུལ་གྱིས་སྣང་ཞིང་གསལ་བར་བྱེད་པས་ན་རྣམ་པར་སྣང་བར་བྱེད་པའོ། །ཞིང་མཐའ་ཡས་པ་སྣང་བར་བྱེད་ཅིང་ཐམས་ཅད་དུ་ཆོས་ཉིད་གསལ་བར་བྱེད་པས་ན་འོད་ཆེན་ནོ། །ཉི་ མ་ལ་སོགས་པའི་འོད་ལྟར་བེམས་པོ་མ་ཡིན་པར་ཁྱད་པར་དུ་བྱ་བ་བསྟན་པར་བྱ་བའི་ཕྱིར་ཡེ་ཤེས་སྣང་བ་ཞེས་བྱ་བ་གསུངས་ཏེ། ཡེ་ཤེས་ཀྱི་རང་བཞིན་གྱི་སྣང་བ་དེས་རྣམ་པ་སྣ་ཚོགས་པའི་ཚུལ་གྱིས་སྣང་བར་མཛད་པས་ན་ལམ་མེ་བའོ། །དེ་ལྟར་རྣམ་པར་སྣང་བར་མཛད་པ་ནི་ཉི་མའི་དཀྱིལ་འཁོར་ལྟར་སོ་སོར་ངེས་ པར་འཇིག་རྟེན་གྱི་ཁམས་སུ་སྣང་བར་མཛད་དམ། འོན་ཏེ་དེ་ཉིད་གཅིག་པུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྣང་བར་མཛད་ཅེ་ན། དེ་ནི་གཅིག་པུ་ཉིད་ཀྱིས་སྣང་བར་མཛད་པ་བསྟན་པའི་ཕྱིར་འགྲོ་བའི་མར་མེ་ཞེས་བྱ་བ་གསུངས་ཏེ། མར་མེ་ནི་སྒྲིབ་པ་དང་བཅས་པ་དང་། ཐོགས་པ་དང་བཅས་པའི་ ཕྱོགས་ངེས་པ་ན་གནས་པ་ཉིད་དུ་འབྱུང་བར་གྱུར་པ་ཡིན་ལ། ཡེ་ཤེས་ཀྱི་མར་མེ་བཅོམ་ལྡན་འདས་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་དང་ཐོགས་པ་དང་བཅས་པའི་ཕྱིའི་དོན་མི་མངའ་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གདུལ་བྱའི་རྒྱུད་ཐམས་ཅད་ཀྱི་མི་ཤེས་པའི་མུན་པ་ཅིག་ཅར་སེལ་ བར་མཛད་པའི་ཡེ་ཤེས་ཀྱི་སྣང་བ་ཤར་ནས་འགྲོ་བའི་མར་མེར་གྱུར་པ་ལ་ཉམས་པ་མི་མངའ་བའོ། །སྒྲོན་མ་དང་འདྲ་བའི་ཡེ་ཤེས་ཀྱིས་སྣང་བས་འཇིག་རྟེན་ཐམས་ཅད་སྣང་བར་མཛད་ཅིང་ནམ་མཁའ་ལ་བཞུད་པར་སྟོན་པ་ནི་ཡེ་ཤེས་སྒྲོན་མ་སྟེ། ཡེ་ཤེས་ཀྱི་སྒྲོན་མ་གང་ཡིན་པ་དེ་ནི་ཡེ་ཤེས་སྒྲོན་མའོ། །ཐམས་ ཅད་དུ་འགྲོ་བའི་ནུས་པས་ཕུལ་དུ་བྱུང་བའི་མཚན་ཉིད་ཀྱིས་ཆེ་བའི་གཟི་བརྗིད་གང་ཡིན་པ་དེ་ནི་གཟི་བརྗིད་ཆེན་པོའོ། །ཤིན་ཏུ་གསལ་བར་སྣང་བར་གྱུར་པའི་ངང་ཚུལ་ཅན་ཡིན་པས་ན་འོད་གསལ་བའོ། །གཙུག་ཏོར་འཁོར་ལོས་སྒྱུར་བ་ལ་སོགས་པའི་གསང་སྔགས་ཀྱི་ལྷ་རྣམས་ཀྱི་བདག་ཉིད་ཅན་དུ་གྱུར་པའི་ བྱེ་བྲག་བསྟན་པར་བྱ་བའི་ཕྱིར། སྔགས་དྲག་སྔགས་བདག་རིག་སྔགས་རྒྱལ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྲོ་བོའི་གསང་སྔགས་ཀྱི་བདག་པོར་གྱུར་པས་ན་སྔགས་དྲག་སྔགས་བདག་གོ། །རིག་སྔགས་ཀྱི་རྒྱལ་པོ་གནོད་མཛེས་ཏེ། ཧཱུཾ་བཞིའི་ངོ་བོ་ཉིད་དུ་གྱུར་པའི་ཕྱིར་རོ། །གསང་སྔགས་རྒྱལ་པོ་ནི་ཡི་ 63-1-206b གེ་བྷྲཱུཾ་སྟེ། གསང་སྔགས་ཐམས་ཅད་ཀྱི་བདག་པོར་གྱུར་པའི་ཕྱིར་ཏེ། དེའི་ངོ་བོ་ཉིད་དུ་གྱུར་པས་ན་གསང་སྔགས་རྒྱལ་པོའོ། །གཙུག་ཏོར་ཀུན་ནས་སྣང་བའི་ངོ་བོ་ཉིད་དུ་གྱུར་པས་ན་དོན་ཆེན་བྱེད་དོ། །གཙུག་ཏོར་འཁོར་ལོས་སྒྱུར་བའི་ཡི་གེ་གཅིག་པའི་ངོ་བོ་ཉིད་དུ་གྱུར་པས་གཙུག་ཏོར་ཆེན་པོའོ། །འཁོར་ ལོས་སྒྱུར་བའི་ཉོན་མོངས་པ་སེལ་བའི་ངོ་བོ་ཉིད་དུ་གྱུར་པས་ན་རྨད་བྱུང་གཙུག་གོ། །གཙུག་ཏོར་གྱེན་དུ་འཕགས་ཀྱི་ངོ་བོ་ཉིད་དུ་གྱུར་པས་ན་ནམ་མཁའི་བདག་པོའོ། །གཟི་བརྗིད་ཕུང་པོའི་ངོ་བོ་ཉིད་དུ་གནས་པས་ན་སྣ་ཚོགས་སྟོན་ཏོ། །གསང་སྔགས་ཀྱི་མཛོད་ཀྱི་གཙུག་ཏོར་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པས་ ན་སངས་རྒྱས་ཀུན་བདག་དངོས་པོ་མཆོག་གོ། །ཡང་ན་ཁྲོ་བོའི་དཀྱིལ་འཁོར་གྱི་གསང་སྔགས་ཀྱི་བདག་པོར་གྱུར་པས་ན་སྔགས་དྲག་སྔགས་བདག་གོ། །རིག་པ་ནི་སྤྱན་ལ་སོགས་པ་ཡིན་ཏེ། དེ་རྣམས་ཀྱི་དབུས་སུ་རྒྱལ་པོར་གྱུར་པས་ན་རིག་སྔགས་རྒྱལ་ཏེ་གཟུངས་དཀྱིལ་འཁོར་གྱི་བདག་པོ་མཛད་ཅེས་བྱ་བའི་དོན་ ཏོ། །གསང་སྔགས་ཀྱི་བདག་པོ་ཉིད་དུ་གྱུར་པའི་ཆོས་ཀྱི་དཀྱིལ་འཁོར་དུ་གསང་སྔགས་ཐམས་ཅད་ཀྱི་བདག་པོར་གྱུར་པས་ན་གསང་སྔགས་རྒྱལ་པོའོ། །དེ་ལྟར་རྣམ་པ་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་མ་ལུས་པར་མཛད་པས་ན་དོན་ཆེན་བྱེད་ཅེས་བྱའོ། །གཙུག་ཏོར་འཁོར་ལོས་སྒྱུར་བ་བཅུ་གཉིས་ཀྱི་ དཀྱིལ་འཁོར་གྱི་གསང་སྔགས་ཀྱི་ལྷ་རྣམས་དང་། ཏིང་ངེ་འཛིན་གྱི་ཁྱད་པར་རྨད་དུ་བྱུང་བ་ལ་སོགས་པའི་ཚུལ་གྱིས་ཞུགས་པས་ན་གཙུག་ཏོར་ཆེན་པོ་རྨད་བྱུང་གཙུག་གོ། །ནམ་མཁའི་སྙིང་པོའི་དཀྱིལ་འཁོར་གྱི་བདག་པོར་གྱུར་པས་ན་ནམ་མཁའི་བདག་པོའོ། །སྣ་ཚོགས་པ་ལ་ལྟ་བའི་ངང་ཚུལ་གང་ལ་ཡོད་པ་དེ་ལ་ དེ་སྐད་ཅེས་བྱ་སྟེ་འགྲོ་བ་འདུལ་བའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་གཟུགས་ཀྱིས་འགྲོ་བ་རྣམས་འདུལ་བར་མཛད་པས་ན་སྣ་ཚོགས་སྟོན་ཞེས་བྱའོ། །རྣམ་པར་སྣང་མཛད་ཆེན་པོ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་དཀྱིལ་འཁོར་ཆེན་པོའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ངོ་བོ་ཉིད་དུ་གྱུར་པས་ན། སངས་རྒྱས་ཀུན་བདག་ དངོས་པོ་མཆོག །ཅེས་བྱའོ། །དེ་ལ་མཉམ་པར་ལྟ་བས་འགྲོ་བ་རྣམས་ལ་གཟིགས་པས་ཀུན་དུ་དགའ་བར་བྱེད་པའི་སྤྱན་གང་ཡིན་པ་དེ་ནི། འགྲོ་ཀུན་དགའ་བའི་མིག་དང་ལྡན། །ཞེས་བྱའོ། །སེམས་ཅན་ཐམས་ཅད་གདུལ་བར་བྱ་བའི་ཕྱིར་གཟུགས་ཐམས་ཅད་དུ་སྤྲུལ་པ་སྣ་ཚོགས་ཤིང་ཐ་དད་པའི་སྐུ་མངའ་བས་ 63-1-207a ན་སྣ་ཚོགས་གཟུགས་ཅན་ནོ། །མཐོ་རིས་དང་ཐར་པ་ཉེ་བར་སྟོན་པའི་འབྱིན་པ་པོ་ཡིན་པས་ན་སྐྱེད་པ་པོའོ། །དང་ཞེས་བྱ་བ་ནི་སྡུད་པ་སྟེ་སྣ་ཚོགས་པའི་གཟུགས་ཀྱིས་འདུལ་བ་དང་དགེ་བའི་ལས་ཀྱི་ལམ་སྟོན་པར་མཛད་པའོ། །བཅོམ་ལྡན་འདས་དེ་ཉིད་ཚངས་པ་དང་། ཁྱབ་ འཇུག་དང་། དབང་ཕྱུག་ཆེན་པོ་ལ་སོགས་པ་རྣམས་ཀྱིས་མེ་ཏོག་ལ་སོགས་པའི་མཆོད་པའི་རྣམ་པ་ཐམས་ཅད་ཀྱིས་མཆོད་པར་འོས་པ་ཡིན་པས་ན་མཆོད་པའོ། །མཆོད་ཡོན་དང་ཞབས་བསིལ་དང་གདན་ལ་སོགས་པ་ཕུལ་བས་རྗེད་པར་འོས་པ་ཡིན་པས་ན་རྗེད་པའོ། །ཆོས་རྣམས་མངོན་དུ་བྱེད་པས་ན་དྲང་སྲོང་ ངོ་ཞེས་བཤད་པའི་ཕྱིར་ཏེ་དེ་ཁོ་ན་ཉིད་གཟིགས་པས་དྲང་སྲོང་ངོ་། །འཇིག་རྟེན་པའི་ལམ་ལ་ཡང་ཅུང་ཟད་ཙམ་གྱི་སྣང་བ་ཐོབ་པར་གྱུར་པའི་འཇིག་རྟེན་པའི་དྲང་སྲོང་རྣམས་དང་འཇིག་རྟེན་ལས་འདས་པ་ཡང་ཉན་ཐོས་དགྲ་བཅོམ་པ་ལ་སོགས་པ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དྲང་སྲོང་དེ་རྣམས་ཀྱི་ནང་ན་ཆེས་ མཆོག་ཡིན་ཞིང་། དེ་ཁོ་ན་ཉིད་མ་ལུས་པ་རྣམ་པ་ཐམས་ཅད་དུ་མངོན་སུམ་དུ་མཛད་པས་ན་དྲང་སྲོང་ཆེན་པོའོ། །དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། པདྨ་སྟེ་རིགས་གསུམ་གྱི་ངོ་བོ་ཉིད་དུ་གྱུར་པའི་བདག་ཉིད་འཛིན་པར་མཛད་པས་ན་རིགས་གསུམ་འཆང་བའོ། །རིགས་གསུམ་གྱི་ནང་དུ་གཏོགས་པའི་ རིགས་ཐམས་ཅད་ཀྱི་གསང་སྔགས་རྣམས་འཛིན་པས་ན་གསང་སྔགས་ཅན་ཏེ། འདི་ལ་གསང་སྔགས་མངའ་བས་ན་གསང་སྔགས་ཅན་ཞེས་བྱའོ། །གྲུབ་པའི་མཐའ་ཐམས་ཅད་ཀྱི་གསང་སྔགས་རབ་ཏུ་སྟོན་པའི་གཙོ་བོར་གྱུར་པ་ཉིད་ཀྱིས་འཆང་བར་མཛད་པས་ན། དམ་ཚིག་ཆེན་པོ་གསང་སྔགས་འཛིན། །ཞེས་ བྱའོ། །མཆོག་ཏུ་གྱུར་པས་ན་གཙོ་བོའོ། །སངས་རྒྱས་དང་ཆོས་དང་དགེ་འདུན་གསུམ་སྐྱོང་བར་མཛད་ཅིང་རྒྱུན་མི་འཆད་པར་འཇུག་པར་མཛད་པས་ན་དཀོན་མཆོག་གསུམ་འཛིན་པའོ། །ཐེག་པ་མཆོག་གསུམ་སྟོན་པ་པོ། །ཞེས་བྱ་བ་ལ་ངེས་པར་འབྱིན་པར་བྱེད་པའི་ཐེག་པ་ནི་རྣམ་པ་གསུམ་སྟེ་གསུམ་གང་ཞེ་ ན། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་ཐེག་པ་ཆེན་པོའོ། །དེ་ལ་ཉན་ཐོས་ཀྱི་ཐེག་པ་གང་ཞེ་ན་སངས་རྒྱས་འབྱུང་བ་མེད་པར་ཉན་ཐོས་ཀྱི་ཐེག་པ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་རྣམས་ཀྱི་ཡང་དག་པར་ལྟ་བ་ནི་ཕ་རོལ་གྱི་སྒྲའི་རྗེས་སུ་འགྲོ་བའོ། །དེ་ལ་ཉན་ཐོས་ནི་གང་འདི་ 63-1-207b ཚུལ་ཁྲིམས་སྡོམ་པ་སྟེ་བསླབ་པ་ཇི་ལྟར་བཅས་པ་བཞིན་དུ་རྗེས་སུ་འཇུག་པས་ན་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་འགྱུར་ལ། ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་ནས་ཏིང་ངེ་འཛིན་གྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱེད་ལ། ཏིང་ངེ་འཛིན་གྱི་ཕུང་པོ་ཡོངས་སུ་རྫོགས་ནས་ཤེས་རབ་ཀྱི་ཕུང་པོ་ ཡོངས་སུ་རྫོགས་པར་བྱེད་ལ། ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་རྫོགས་ནས་རྣམ་པར་གྲོལ་བའི་ཕུང་པོ་ཡོངས་སུ་རྫོགས་པར་བྱེད་ལ། རྣམ་པར་གྲོལ་བའི་ཕུང་པོ་ཡོངས་སུ་རྫོགས་ནས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཡོངས་སུ་རྫོགས་པར་བྱེད་པ་སྟེ། གང་འདི་ལ་མཁས་པ་འདི་ནི་ཉན་ཐོས་ཀྱི་ཐེག་པ་ ལ་མཁས་པ་ཞེས་བྱའོ། །གཞན་ཡང་ཉན་ཐོས་ཀྱི་ཐེག་པ་ནི་གང་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་འདུ་བྱེད་རྣམས་ལ་རྣམ་པར་སྨོད་པ་དང་། ཁམས་གསུམ་པ་ཐམས་ཅད་ལ་ཡིད་བྱུང་ཞིང་འདོད་ཆགས་དང་བྲལ་བ་དང་། འདུ་བྱེད་ཐམས་ཅད་ལ་མི་རྟག་པ་དང་སྡུག་ བསྔལ་བར་རྟོག་པ་དང་། ཆོས་ཐམས་ཅད་ལ་བདག་མེད་པར་རྟོག་པ་དང་། མྱ་ངན་ལས་འདས་པ་ཞི་བ་ལ་མངོན་པར་དགའ་བ་དང་། སྐད་ཅིག་ཀྱང་སྲིད་པར་སྐྱེ་བར་མི་འདོད་པ་དང་། རྟག་ཏུ་འཇིགས་པར་ལྟ་བ་དང་། རྟག་ཏུ་ཡིད་མི་སྟོན་པ་དང་། ཕུང་པོ་རྣམས་ལ་གསོད་པར་འདུ་ཤེས་པ་དང་། ཁམས་ རྣམས་ལ་སྦྲུལ་གདུག་པ་ལྟ་བུར་རྟོག་པའི་འདུ་ཤེས་དང་། སྐྱེ་མཆེད་རྣམས་ལ་གྲོང་སྟོང་པ་ལྟ་བུར་འདུ་ཤེས་པ་དང་། སྐྱེ་བའི་གནས་ཐམས་ཅད་ལ་སྨོན་པ་མེད་པའི་འདུ་ཤེས་དང་། མྱ་ངན་ལས་འདས་པ་ལ་གནས་དང་སྐྱབས་སུ་འདུ་ཤེས་པ་དང་། གང་འདི་ལྟར་སྟོན་པ་དང་། རབ་ཏུ་སྟོན་པ་འདི་ནི་ཉན་ ཐོས་ཀྱི་ཐེག་པ་ཞེས་བྱའོ། །དེ་ལ་རང་སངས་རྒྱས་ཀྱི་ཐེག་པ་གང་ཞེ་ན། རྣམ་པ་གང་དག་དང་། རྐྱེན་གང་དག་གིས་རང་སངས་རྒྱས་རྣམས་ངེས་པར་འབྱུང་བར་འགྱུར་བའི་རྣམ་པ་དེ་དག་དང་། རྐྱེན་དེ་དག་བྱང་ཆུབ་སེམས་དཔས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དེ་དག་གང་ཞེ་ན་འདུན་པ་དང་། བརྩོན་འགྲུས་དང་། བག་ཡོད་པ་ཆེན་པོས་ཉན་ཐོས་ཀྱི་ལྟ་བུ་མ་ཡིན་པའི་སྦྱིན་པའི་བསོད་ནམས་ཀྱི་ཚོགས་སོག་པ་དང་། ཚུལ་ཁྲིམས་ཀྱི་བསོད་ནམས་ཀྱི་ཚོགས་སོག་པ་དང་། ཐོས་པ་ཉུང་བ་ལ་ཆོས་ཀྱི་ནན་ཏན་བྱེད་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རིམ་གྲོ་དང་བསྙེན་བཀུར་ 63-1-208a བྱེད་པ་ལ་ཡང་ཞུམ་པ་མེད་པ་དང་། དབང་པོ་བདེ་བ་དང་། རྟག་ཏུ་རབ་ཏུ་འབྱུང་བ་ལ་གཞོལ་བ་དང་། དོན་ཉུང་བ་དང་། བྱེད་པ་ཉུང་བ་དང་། འདུ་འཛི་ལ་མི་དགའ་ཞིང་དབེན་པ་ལ་དགའ་བ་དང་། རབ་ཏུ་དབེན་པར་གནས་མལ་འཆའ་བ་དང་། བསྙེན་པར་དཀའ་བ་ དང་། མཐུ་ཆེ་བ་དང་། སྦྱིན་པའི་གནས་ཀྱི་ས་ལ་མངོན་པར་དགའ་བ་དང་། རྒྱུན་མི་འཆད་པར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ལྟ་བ་དང་། ངེས་པར་འབྱུང་བའི་དབྱིངས་གཅིག་ལ་རྟོག་པ་དང་། རང་བྱུང་གི་ཡེ་ཤེས་ཀྱི་རབ་ཏུ་བརྒལ་བར་བྱ་བ་དང་། དམིགས་པ་ལ་འཇུག་པ་ཐོབ་པ་དང་། བསམ་ གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རྒྱུན་མི་འཆད་པ་དང་། གཞན་གྱི་དྲིང་ལ་མི་འཇོག་པའི་ཡེ་ཤེས་བསྐྱེད་པ་དང་། དམིགས་པ་གང་ཡང་རུང་བ་ལ་རྐྱེན་གྱིས་ཡེ་ཤེས་རྟོགས་པ་སྟེ། གང་དེ་ལྟར་འཆད་པ་དང་། སྟོན་པ་དང་། རབ་ཏུ་སྟོན་པ་འདི་ནི་བྱང་ཆུབ་ སེམས་དཔའི་རང་སངས་རྒྱས་ཀྱི་ཐེག་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་གང་ཞེ་ན། བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ནི་དཔག་ཏུ་མེད་དེ། དེ་ལས་ཕྱོགས་ཙམ་ཞིག་བསྟན་ཏོ། །ཐེག་པ་ཆེན་པོ་དེ་སེམས་ཅན་ཐམས་ཅད་ཀྱི་གོ་སྐབས་འབྱེད་པས་ན་དཔག་ཏུ་མེད་པའོ། །ཐེག་པ་དེ་ནི་ཆགས་ པ་མེད་པའི་ཡེ་ཤེས་ལ་བཏང་བ་སྟེ་སྒྲིབ་པ་མེད་པའོ། །ཐེག་པ་དེ་ནི་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བ་སྟེ། བསོད་ནམས་ཀྱི་ཚོགས་དང་དགེ་བའི་རྩ་བ་ཐམས་ཅད་བསགས་པའོ། །ཐེག་པ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ལ་ལས་སུ་རུང་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་ སྦྱོང་བ་བྱས་པའོ། །ཐེག་པ་དེ་ནི་ཐོགས་པ་མེད་པར་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཚོགས་ཉམས་སུ་ལེན་པར་བྱེད་པའོ། །ཐེག་པ་དེ་ནི་སེམས་ཅན་ཐམས་ཅད་ལ་སྦྱིན་པའི་གནས་ཀྱི་ཕྱིར་སེམས་ཅན་ཐམས་ཅད་ལ་ཐོགས་པ་མེད་པའི་འོད་ཟེར་མཉམ་པར་གཏོང་བའོ། ། ཐེག་པ་དེ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་སུམ་དུ་གྱུར་པའི་ཕྱིར་ལས་ངན་པའི་འཇིགས་པ་ཐམས་ཅད་ལས་འདས་པའོ། །ཐེག་པ་དེ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་དང་རྟེན་ཅིང་འབྲེལ་པར་འབྱུང་བའི་རྒྱལ་མཚན་དང་། བ་དན་བསྒྲེང་བ་སྟེ། བདུད་དང་ཕས་ཀྱི་རྒོལ་བ་དང་ངན་པའི་ཚོགས་ 63-1-208b ཐམས་ཅད་རབ་ཏུ་འཇོམས་པའོ། །ཐེག་པ་དེ་ནི་སངས་རྒྱས་ཀྱི་ཐེག་པ་སྒྲིབ་པ་མེད་པར་གྱུར་པ་སྟེ་མཐའ་དང་མཐའ་མེད་པ་སྟེ་རྟག་པ་དང་། ཆད་པ་དང་། འབྱུང་བ་དང་། འཇིག་པ་དང་། ལྟ་བར་འགྱུར་བ་ཐམས་ཅད་དང་། ཀུན་ནས་ལྡང་བ་དང་། སྒྲིབ་པ་དང་། ཆོད་པ་དང་། ཐེ་ཙོམ་དང་། འགྱོད་པ་སེལ་ བའོ། །ཐེག་པ་དེ་ནི་ལྷག་པའི་བསམ་པ་དང་སྙིང་རྗེ་ཆེན་པོས་ཕྱེ་བས་ན་ཆོས་ཐམས་ཅད་ཕུན་སུམ་ཚོགས་པའི་རིན་པོ་ཆེ་ཐམས་ཅད་དང་ལྡན་པ་དང་ཕུན་སུམ་ཚོགས་པ་ཐམས་ཅད་རྙེད་པ་མི་སླུ་བའི་ལམ་དུ་འགྲོ་བ་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའོ། །ཐེག་པ་དེ་ནི་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པ་སྟེ་སྟོབས་བཅུ་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། མཚན་དང་། དཔེ་བྱད་བཟང་པོ་དང་། ལུས་དང་ངག་དང་། སེམས་ཀྱི་རྒྱན་གྱིས་བརྒྱན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ལ་མཁས་པ་ཞེས་བྱ་སྟེ་ངེས་པར་འབྱིན་པར་བྱེད་པ་འདི་དག་དེའི་རྣམ་པར་དབྱེ་བས་དེ་དང་དེ་ལྷག་པར་མོས་པ་ རྣམས་ལ་དེ་བཞིན་དུ་སྟོན་པར་མཛད་པས་ན། ཐེག་པ་མཆོག་གསུམ་སྟོན་པ་པོ། །ཞེས་བྱའོ། །དོན་ཡོད་ཞགས་པ་ཞེས་བྱ་བ་ནི་གདུག་པ་ཐམས་ཅད་བཅིངས་ནས་ཐེག་པ་ཆེན་པོ་ལས་མི་འགྱུར་བར་མཛད་པས་དོན་ཡོད་ཅིང་འབྲས་བུ་དང་བཅས་པའི་ཐུགས་རྗེ་ཆེན་པོ་མི་གཡོ་བ་འཇིག་རྟེན་དབང་ཕྱུག་གི་ངོ་བོ་ཉིད་ཀྱི་ཞགས་པ་ གང་ལ་ཡོད་པ་དེ་ནི་དོན་ཡོད་ཞགས་པའོ། །རྣམ་པར་རྒྱལ་ནི་བདུད་དང་མུ་སྟེགས་པ་ལས་རྣམ་པར་རྒྱལ་བར་གྱུར་པས་ན་རྣམ་པར་རྒྱལ་ལོ། །བསྡུ་བའི་དངོས་པོ་བཞིའི་ངོ་བོ་ཉིད་མི་བྱེད་པས་སེམས་ཅན་ཐམས་ཅད་ཡང་དག་པར་སྡུད་པར་མཛད་པས་ན། འཛིན་པ་ཆེན་པོ་རྡོ་རྗེ་ཞགས། །ཞེས་བྱའོ། ། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་པ་དོན་ཡོད་ཅིང་དྲི་མ་མེད་པའི་ཐུགས་རྗེ་ཆེན་པོའི་ཡེ་ཤེས་ཀྱི་ལྕགས་ཀྱུའི་ངོ་བོ་ཉིད་དུ་གྱུར་པས་ན་རྡོ་རྗེ་ལྕགས་ཀྱུའོ། །རྡོ་རྗེ་ལྕགས་ཀྱུས་དྲངས་པ་རྣམས་ཆོས་ཐམས་ཅད་བདག་མེད་པར་ངེས་པར་བཏུལ་བས་ན་ཞགས་པ་ཆེན་པོའོ། །འཇིགས་བྱེད་ཆེན་པོའི་ གཟུགས་ཀྱིས་འཇིག་རྟེན་གསུམ་ལ་འཇིགས་པ་ཡང་དག་པར་བསྟན་པའི་ཕྱིར་བཞེངས་ནས་ལྷ་ཆེན་པོ་ལ་སོགས་པ་དྲེགས་པ་བཅོམ་པས་གདུལ་བའི་ཕྱིར་འཕགས་པ་གཤིན་རྗེ་གཤེད་ལ་སོགས་པའི་གཟུགས་ཀྱིས་རྗེ་བཙུན་འཇམ་དཔལ་གཞོན་ནུར་གྱུར་པ་བཞུགས་པ་སྟེ་དེ་ཡང་། གང་དང་གང་གི་ 63-1-209a གཟུགས་ཀྱིས་ནི། །ལུས་ཅན་རྣམས་ནི་འདུལ་འགྱུར་བ། །དེ་དང་དེར་ནི་རྣམ་སྟོན་ཏེ། །སྣ་ཚོགས་ནོར་བ་ཇི་བཞིན་ནོ། །ཞེས་གསུངས་པའོ། །དེའི་ཕྱིར་རྡོ་རྗེ་འཇིགས་བྱེད་ཀྱང་ཡིན་ལ་འཇིགས་པར་བྱེད་པ་ཡང་ཡིན་པས་ན། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་ ཁྱད་པར་གྱི་མཚམས་སྦྱར་བ་ཡིན་གྱི་དྲུག་པའི་མཚམས་སྦྱར་བ་ནི་མ་ཡིན་ཏེ། འདིར་རྡོ་རྗེ་འཇིགས་བྱེད་ཅེས་བྱ་བའི་སྒྲས་ནི་གཤིན་རྗེ་གཤེད་ལ་བྱ་བར་དགོངས་པས་དེ་འཇིགས་པ་སྐྱེད་པར་བྱེད་པའི་ནུས་པ་ནི་འགའ་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཁྲོ་བོ་རྣམས་ཀྱི་གཙོ་བོ་ཡིན་པས་ན་ཁྲོ་བོའི་རྒྱལ་པོའོ། །ཕ་རོལ་ ཏུ་ཕྱིན་པ་དྲུག་གི་ངོ་བོ་ཉིད་ཞལ་དྲུག་གང་ལ་ཡོད་པ་དེ་ནི་གདོང་དྲུག་ཅེས་བྱ་སྟེ། ཞལ་གྱི་དབྱིབས་ནི་དུ་མ་སྟེ། །སྒྲ་ནི་རྒྱ་མཚོ་འཁྲུགས་པ་འདྲ། །ཁ་ཅིག་བཞད་ཅིང་ཁ་ཅིག་ཞི། །ཁ་ཅིག་འཇིགས་པར་བགྲད་པའི་ཞལ། །ཁ་ཅིག་ཞལ་ནི་གདངས་པ་སྟེ། །ལྗགས་ཀྱང་བསྐྱོད་པར་མཛད་པ་དང་། །ཁ་ཅིག་ཀྱང་ ནི་མཆེ་བ་གཙིགས། །ཞེས་གསུངས་པའོ། །འཇིགས་པ་ནི་འཇིགས་སུ་རུང་བའོ། །མངོན་པར་ཤེས་པ་དྲུག་གི་རང་བཞིན་དངོས་པོ་མ་ལུས་པར་མཐོང་བའི་ངོ་བོ་ཉིད་ཀྱི་སྤྱན་དཔྲལ་བའི་ཕྱོགས་ན་ཡོད་པ་གང་ཡིན་པ་དེ་ནི་མིག་དྲུག་གོ། །བཤད་པ་འདི་ནི་སྔོན་མ་བྱུང་བ་ཞིག་ཡིན་ཏེ་གཞན་དུ་ན་ནི་སྤྱན་བཅོ་ བརྒྱད་པར་འགྱུར་རོ། །རྗེས་སུ་དྲན་པ་དྲུག་གི་ངོ་བོ་ཉིད་ཀྱིས་ཕྱག་དྲུག་གང་ཡིན་པ་དེ་ནི་ལག་དྲུག་ཅེས་བྱའོ། །འདི་ལ་དད་པ་ལ་སོགས་པའི་སྟོབས་ལྔ་མངའ་བས་ན་སྟོབས་དང་ལྡན་པའོ། །མི་མགོ་རློན་དང་སྐམ་པོ་དང་། །ཡི་དགས་ཕྲེང་བས་བརྒྱན་པར་བསྒོམ། །ཞེས་གསུངས་པས་ན་ཀེང་རུས་ཀྱི་རྒྱན་ དང་ལྡན་པའི་ཕྱིར་ཀེང་རུས་སོ། །ངེས་པར་འབྱེད་པའི་ཤེས་རབ་རྣོན་པོའི་མཆེ་བ་གཙིགས་པའི་ཚེམས་མཐོན་པོ་མངའ་བས་ན་མཆེ་བ་གཙིགས་པའོ། །ཀེང་རུས་ཅན་ཡང་ཡིན་ལ་མཆེ་བ་གཙིགས་པ་ཡང་ཡིན་པས་ན། ཀེང་རུས་མཆེ་བ་གཙིགས་པ་པོ། །ཞེས་བྱ་བར་སྦྱར་རོ། །ལྟ་བ་དང་། མཆེ་བ་ དང་། ཁ་ཆུ་དང་། རེག་པའི་དུག་དང་ལྡན་པའི་ཀླུ་ཆེན་པོ་རྣམས་ནི་ཧ་ལ་ཧ་ལ་ཞེས་པ་སྟེ། མེ་འབར་བ་ལྟར་དུག་འབར་ཞིང་རྣམ་པར་འཕྱོ་བས་གཟེངས་པ། མིག་ཤིན་ཏུ་གདུག་པ། ལྕེ་ཤིན་ཏུ་བསྐྱོད་ཅིང་གློག་ལྟར་འགྱུ་བ། ཤིན་ཏུ་འཇིགས་སུ་རུང་བ་ནོར་བུ་གཟུགས་སྣ་ཚོགས་དང་ཁ་དོག་སྣ་ 63-1-209b ཚོགས་པའི་གདེངས་ཀ་ཅན་གྱི་སྦྲུལ་གྱིས་སྐྲ་བཅིངས་པ་དང་། དཔྲལ་བར་དར་དཔྱངས་སུ་བཅིངས་པ་དང་རྣ་རྒྱན་དང་། མགུལ་རྒྱན་དང་། དོ་ཤལ་དང་། མཆོད་ཕྱིར་ཐོགས་དང་། ལུས་ལ་སྐ་རགས་དང་། གདུ་བུ་དང་། དཔུང་རྒྱན་དང་། ཞབས་གདུབ་དང་། རྒྱན་རྣམས་སུ་བྱས་ པའི་སྦྲུལ་ཆེན་པོའི་གདེངས་ཀའི་གདོང་བརྒྱ་སྙེད་འདུས་པར་སྟོན་པའི་སྐུ་དང་ལྡན་པས་ན། ཧ་ལ་ཧ་ལ་གདོང་བརྒྱ་པ། །ཞེས་བྱའོ། །གཤིན་རྗེ་མཐར་གཏུགས་པར་མཛད་པས་ན་གཤིན་རྗེ་གཤེད་དེ་སྔོན་གྱི་རང་བཞིན་ལས་སྤྲས་ནས་བྱང་ཆུབ་ཀྱི་ལམ་ལ་ངེས་པར་བཀོད་པ་ཡིན་གྱི་གསང་བ་ནི་མ་ཡིན་ནོ། ། ཡང་ན་ཡཱ་མ་ཞེས་བྱ་བའི་སྒྲ་ནི་གཉིས་ལ་ཟེར་བས་གཟུང་བ་དང་འཛིན་པ་དང་། རྟག་པ་དང་ཆད་པ་གང་མཐར་ཕྱིན་པར་མཛད་ཅིང་མ་ལུས་པར་བསལ་བས་ན་གཤིན་རྗེ་གཤེད་དེ། མཚེ་མ་ཞེས་བྱ་བ་དང་འདྲའོ། །བགེགས་ཐམས་ཅད་ཀྱི་གཙོ་བོར་གྱུར་པས་ན་བགེགས་ཀྱི་རྒྱལ་ལོ། །ཐོགས་པ་མེད་པར་ བཞུད་པས་ན་རྡོ་རྗེ་ཤུགས་ཅན་ནོ། །འཇིགས་བྱེད་པ་ཞེས་བྱ་བ་ལ་གདུག་པ་རྣམས་ཞེས་བྱ་བ་ནི་ལྷག་མའོ། །རྡོ་རྗེ་འཇིགས་བྱེད་ཅེས་བྱ་བ་ནས་བརྩམས་ཏེ། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཅེས་བྱ་བའི་བར་གྱིས་འཕགས་པ་གཤིན་རྗེའི་གཤེད་ཉིད་ཀྱི་བྱེ་བྲག་བསྟན་པ་ཡིན་ལ། དེའི་གཟུགས་དང་རྗེ་བཙུན་ འཕགས་པ་འཇམ་དཔལ་ཁྱད་པར་མེད་དེ། ཉེ་བར་གདགས་པས་ཁྱད་པར་དུ་བྱས་པ་ཡིན་པས་དེའི་མཚན་རྣམས་ཡིན་པའམ། ཡང་ན་དོན་གྱི་ཤུགས་ལ་སོགས་པའི་དབྱེ་བས་ཁྲོ་བོ་ལ་སོགས་པའི་གཟུགས་ཀྱི་ཁྱད་པར་གྱིས་བྱེ་བྲག་ཏུ་ཕྱེ་བ་ཡིན་པར་བལྟ་བར་བྱའོ། །རྡོ་རྗེ་གྲགས་པ་ཞེས་བྱ་བ་ལ། ཤིན་ ཏུ་འཇིགས་པ་ཉིད་དང་། མི་ཕྱེད་པ་ཉིད་ཀྱིས་ན་རྡོ་རྗེའོ། །གྲགས་པ་ནི་འཇིག་རྟེན་གསུམ་དུ་སྒྲོགས་པས་ན་གྲགས་པ་སྟེ། རྡོ་རྗེ་གྲགས་པ་ནི་གཤིན་རྗེའི་གཤེད་དོ། །ཁྲོ་བོ་རྡོ་རྗེ་གྲགས་པའམ། རྡོ་རྗེ་གུ་ལུ་གུ་ལུར་ཐུགས་ཀར་རབ་ཏུ་གཞག་པའི་རྡོ་རྗེ་ཡིན་པས་རྡོ་རྗེ་སྙིང་པོའོ། །ཡང་ན་འདོད་པའི་ རྒྱལ་པོ་ལ་བྱའོ། །སྣ་ཚོགས་པར་སྤྲུལ་པ་མཛད་པས་ན་སྒྱུ་འཕྲུལ་རྡོ་རྗེའོ། །སྐུ་ཆེ་བས་གསུས་ཁྱིམ་ཆེ་བའི་ཕྱིར་གསུས་པོ་ཆེའོ། །སྐྱེ་བའི་རྒྱུའི་རྡོ་རྗེ་ཡིན་ཞིང་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་དུ་གྱུར་པས་ན་རྡོ་རྗེ་ལས་སྐྱེས་སོ། །རྡོ་རྗེ་རིགས་ཀྱི་གཙོ་བོར་གྱུར་པས་ན་རྡོ་རྗེ་བདག་པོའོ། །རྡོ་རྗེ་དཀྱིལ་འཁོར་ 63-1-210a གྱི་སྙིང་པོ་རྡོ་རྗེའི་རྒྱུའི་ངོ་བོ་ཉིད་པས་ན་རྡོ་རྗེ་སྙིང་པོའོ། །སེམས་ཅན་ཐམས་ཅད་ལ་གོ་སྐབས་འབྱེད་པ་དང་ཉེས་པ་ཐམས་ཅད་ཀྱིས་མ་གོས་པས་ན་མཁའ་འདྲ་བའོ། །གང་གིས་ཀྱང་བསྐྱོད་པར་མི་ནུས་པའམ་རང་གིས་དམ་བཅས་པ་ལས་མི་འགྱུར་བའམ། འཕགས་པ་ཁྲོ་བོ་མི་ གཡོ་བའི་གཟུགས་འཛིན་པས་ན་མི་གཡོ་བའོ། །རལ་པ་གཅིག་གིས་བསྒྱིངས་ཤིང་རལ་པའི་མཆོག་གཅིག་ལྷག་པར་འཕྱང་བའི་རལ་པའི་ཐོར་ཚུགས་དང་ལྡན་པའམ། ཁྲོ་བོ་རལ་པ་གཅིག་པའི་གཟུགས་ཅན་ཡིན་པས་ན་རལ་པ་གཅིག་གིས་བསྒྱིངས་པའོ། །གླང་ཆེན་ཀོ་རློན་གོས་སུ་གྱོན། །ཞེས་བྱ་བ་ ལ་ཚོགས་ཀྱི་བདག་པོའི་ངོ་བོ་གླང་པོ་ཆེའི་པགས་པ་རློན་པ་གོས་སུ་གྱོན་ཞིང་འཆང་བས་ན། གླང་ཆེན་ཀོ་རློན་གོས་སུ་གྱོན། །ཞེས་བྱའོ། །འབྱུང་པོའི་དཀྱིལ་འཁོར་དུ་ཕྲ་མེན་མར་གཏོགས་པའི་ཧ་ཧའི་སྒྲའི་ངོ་བོ་ཉིད་དྲག་པོ་ཆེན་པོ་སེམས་ཅན་དམན་པ་བརྒྱལ་བར་བྱ་བའི་ཕྱིར་དྲག་ཆེན་ཧཱ་ཧཱ་ཞེས་པའམ་ཡང་ན་ཡི་གེ་ ཧཱ་ཧཱ་ཞེས་བྱ་བའི་གསང་སྔགས་ཀྱི་བདག་ཉིད་ཅན་དུ་གྱུར་པའི་ཕྱིར་དྲག་པོ་ཆེན་པོའོ། །ཧི་ཧི་ཞེས་སྒྲོགས་འཇིགས་པར་བྱེད། །ཅེས་བྱ་བ་ལ་རྟ་མཆོག་གི་གཟུགས་ཀྱིས་ཧི་ཧི་ཞེས་བྱ་བའི་སྒྲས་ཚངས་པ་ལ་སོགས་པ་ལྟུང་བར་བྱེད་ཅིང་གཞན་རྣམས་ཀྱང་འཇིགས་པ་སྐྱེད་པར་མཛད་པའམ། ཡང་ན་ཡི་གེ་ཧི་ཧི་ཞེས་ བྱ་བའི་གསང་སྔགས་ཀྱི་གཟུགས་ཀྱིས་འཇིགས་པར་བྱེད་པས་ན། ཧི་ཧི་ཞེས་སྒྲོགས་འཇིགས་པར་བྱེད། །ཅེས་བྱའོ། །འཇིག་རྟེན་གྱི་ཁམས་མ་ལུས་པར་ཁྱབ་པར་མཛད་པས་ན་གད་མོ་ཆེན་མོའོ། །རྡོ་རྗེ་བཞད་པའི་གཟུགས་ཀྱིས་ཤིན་ཏུ་རྨད་དུ་བྱུང་བའི་དོན་སྟོན་པར་མཛད་པས་ན་གད་རྒྱངས་ཅན་ཞེས་བྱའོ། ། གཞན་གྱིས་དབྱེ་བས་མི་ཕྱེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཡིན་པས་ན་རྡོ་རྗེའི་གད་མོའོ། །སྒྲ་ཆེན་པོ་ཉིད་དང་ལྡན་པས་ན་ཆེར་སྒྲོགས་པའོ། །རྡོ་རྗེ་དང་འདྲ་བར་མི་ཕྱེད་པའི་ཐུགས་མངའ་བའམ་རྡོ་རྗེ་སེམས་དཔའི་གཟུགས་འཛིན་པར་མཛད་པས་ན་རྡོ་རྗེ་སེམས་དཔའོ། །ཤིན་ཏུའམ་གཅིག་ཏུ་གཞན་གྱི་དོན་མཛད་ པའམ་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་ཡིན་པས་ན་སེམས་དཔའ་ཆེན་པོའོ། །རྡོ་རྗེ་དང་འདྲ་བར་མི་ཕྱེད་པའི་གཟུགས་ཀྱིས་མཛེས་པའམ། རྡོ་རྗེ་ལྕགས་ཀྱུའི་གཟུགས་འཛིན་པར་མཛད་པས་ན་རྡོ་རྗེ་རྒྱལ་པོའོ། །མཆོག་ཏུ་ཕུལ་དུ་བྱུང་ཞིང་ལྷུན་གྱིས་གྲུབ་པར་འབྱུང་བའི་བདེ་བ་ཆེན་པོའི་ངོ་བོ་ཉིད་དུ་གྱུར་ 63-1-210b པའམ་རྡོ་རྗེ་ཆགས་པའི་གཟུགས་ཅན་ཡིན་པས་ན་བདེ་བ་ཆེན་པོའོ། །སེམས་ཅན་ཤིན་ཏུ་གཏུམ་པོ་རྣམས་གདུལ་བར་བྱ་བའི་ཕྱིར་དྲག་པོའི་གཟུགས་འཛིན་པར་མཛད་པས་ན་རྡོ་རྗེ་དྲག་པོའོ། །གདུལ་བའི་སེམས་ཅན་དགའ་བ་བསྐྱེད་པར་བྱ་བའི་ཕྱིར་དང་། བདག་ཉིད་ཀྱང་དགའ་བའི་བདག་ ཉིད་ཅན་དུ་གྱུར་པས་ན་དགའ་བ་ཆེའོ། །ཁམས་གསུམ་རྣམ་པར་རྒྱལ་བ་རྡོ་རྗེ་ཧཱུྃ་མཛད་ཀྱི་གཟུགས་ཀྱིས་སྲིད་གསུམ་མ་ལུས་པ་རྣམས་སུ་ཡང་ཡི་གེ་ཧཱུྃ་སྤྲོ་བར་མཛད་པས་ན། རྡོ་རྗེ་ཧཱུྃ་སྟེ་ཧཱུྃ་ཞེས་སྒྲོགས། །ཞེས་བྱའོ། །རྡོ་རྗེས་མཚན་པའི་མདའ་དང་གཞུ་བསྣམས་པས་ན། མཚོན་དུ་རྡོ་རྗེའི་མདའ་ཐོགས་པ། ། ཞེས་བྱའོ། །ཉེ་བར་དམིགས་པའི་མི་ཤེས་པ་མ་ལུས་པ་གཅོད་པར་བྱེད་པའི་ངོ་བོ་ཉིད་དུ་གྱུར་པས་ན། རྡོ་རྗེ་རལ་གྲིས་མ་ལུས་གཅོད། །ཅེས་བྱའོ། །རྡོ་རྗེ་ལས་ཀྱི་ངོ་བོ་ཉིད་ཀྱིས་རྡོ་རྗེ་རྩེ་བཅུ་གཉིས་པ་འཛིན་པར་མཛད་པས་ན། རྡོ་རྗེ་ཀུན་འཆང་རྡོ་རྗེ་ཅན། །ཞེས་བྱའོ། །རྡོ་རྗེ་གཅིག་པུས་བདུད་དང་མུ་སྟེགས་དང་ཉོན་ མོངས་པའི་དགྲ་རྣམས་འཇོམས་པར་མཛད་པས་ན། རྡོ་རྗེ་གཅིག་པུ་གཡུལ་སེལ་བ། །ཞེས་བྱའོ། །རྡོ་རྗེ་འབར་བའི་ཁ་རྣམ་པར་གྱེས་པ་ཤིན་ཏུ་དྲག་ཅིང་དམར་ལ་སེར་སྐྱ་དང་། དམར་སེར་གྱི་སྤྱན་གང་མངའ་བ་དེ་ནི། རྡོ་རྗེ་འབར་བ་མིག་མི་བཟད། །ཅེས་བྱའོ། །ཁྲོ་བོ་རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའི་གཟུགས་ ཀྱིས་ཚངས་པའི་འཇིག་རྟེན་མཐར་ཐུག་པ་འབར་ཞིང་སྲེག་པའི་ངོ་བོ་ཉིད་ཀྱི་སྐྲ་གང་ལ་ཡོད་པ་དེ་ནི། སྐྲ་ཡང་རྡོ་རྗེ་འབར་བ་སྟེ། །ཞེས་བྱའོ། །རྡོ་རྗེ་ཧཱུཾ་དང་བཅས་པས་སྐུ་དང་གསུང་དང་ཐུགས་སོ་སོར་རྟོགས་པས་ན་རྡོ་རྗེ་འབེབས་པའོ། །གཞན་གྱིས་མི་འཕྲོག་པར་གྱུར་ཅིང་ཐམས་ཅད་དུ་སོང་བའི་ཡུལ་ཆེ་བ་ཉིད་ དུ་གྱུར་པས་འབེབས་པ་ཆེན་པོའོ། །ནམ་མཁའི་སྒྲོན་མ་ཞེས་བྱ་བ་ལ་སོགས་པ་གྲངས་བརྒྱར་ཆད་པའི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་ཀྱིས་དངོས་པོའི་དོན་ཇི་ལྟར་གནས་པ་བཞིན་དུ་གཟིགས་པའི་ངོ་བོ་ཉིད་དུ་གྱུར་པའི་མིག་གང་ལ་ཡོད་པ་དེ་ནི་མིག་བརྒྱ་པ་སྟེ་དེ་ཡང་རྡོ་རྗེ་ཆེན་པོ་འབར་བ་དང་ལྡན་པས་ན་རྡོ་རྗེའི་མིག་གོ། ། རྡོ་རྗེའི་གཟུགས་ཅན་གྱི་བ་སྤུ་ནི་རྡོ་རྗེའི་སྤུ་སྟེ། དེ་ཡང་ཤིན་ཏུ་རྣོ་བའི་མྱུ་གུ་ལྟ་བུ་དང་ལྡན་པའི་ལུས་གང་ཡིན་པ་དང་ལྡན་པ་དེ་ནི། ལུས་ནི་རྡོ་རྗེའི་བ་སྤུ་ཅན། །ཞེས་བྱའོ། །མི་མཐུན་པའི་སྤུ་མེད་པས་ན་རྡོ་རྗེའི་སྤུ་ཞེས་བྱའོ། །དེ་ལྟ་བུའི་གཅིག་པུ་གཉིས་སུ་མེད་པའི་ལུས་གང་ཡིན་པ་དེ་ལ་ནི། རྡོ་རྗེའི་སྤུ་ནི་ 63-1-211a གཅིག་པུའི་ལུས། །ཞེས་བྱའོ། །རྡོ་རྗེའི་རྩེ་མོ་རྣམས་ཀྱིས་ཤིན་ཏུ་བརྟན་ཞིང་སྲ་བར་བྱ་བའི་སེན་མོ་སྐྱེ་ཞིང་རྩོམ་པ་གང་ཡིན་པ་དེ་ནི། སེན་མོ་སྐྱེས་པ་རྡོ་རྗེའི་རྩེ། །ཞེས་བྱའོ། །རྡོ་རྗེ་དང་འདྲ་བར་སྲ་ལ་མཁྲེགས་ཤིང་ཤིན་ཏུ་འཐས་པའི་པགས་པ་གང་ཡིན་པ་དེ་ནི། རྡོ་རྗེ་སྙིང་པོ་ པགས་པ་མཁྲེགས། །ཞེས་བྱའོ། །རྡོ་རྗེའི་ཕྲེང་ཐོགས་དཔལ་དང་ལྡན། །རྡོ་རྗེའི་རྒྱན་གྱིས་བརྒྱན་པ་སྟེ། །ཞེས་པ་ནི་རྡོ་རྗེའི་རང་བཞིན་གྱི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཞེས་བྱ་བའི་དོན་ཏོ། །གད་རྒྱངས་ཧཱ་ཧཱ་ངེས་པར་སྒྲོགས། །ཞེས་བྱ་བ་ནི་ཆོས་ཉིད་ངེས་པ་ཉིད་དུ་སྒྲོགས་པའི་ཕྱིར་རོ། །ཡི་གེ་དྲུག་པ་ནི། ཨོཾ་བཱ་ཀྱེ་དཾ་ན་མཿ། ཨོཾ་ཝཱ་གཱི་ཤྭ་རི་མུཾ། ཨོཾ་བཛྲ་ཏཱིཀྵྞཱ་དྷཱཾ། ཨོཾ་མཉྫུ་གྷོ་ཥ་མུཿཞེས་བྱ་བའི་ཡི་གེ་དྲུག་པའི་གསང་སྔགས་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་གྱུར་པས་ན་ཡི་གེ་དྲུག་པའོ། །རྡོ་རྗེའི་ཐེག་པ་སྟོན་པས་ན་རྡོ་རྗེའི་སྒྲའོ། །སྙན་ལ་ཡིད་དུ་འོང་བའི་གསུང་དང་ལྡན་པས་ན་འཇམ་པའི་དབྱངས་སོ། །ཆོས་ཐམས་ཅད་ བདག་མེད་པའི་སྒྲ་ཆེན་པོ་སྒྲོགས་པས་ན་སྒྲ་ཆེ་བའོ། །འཇིག་རྟེན་གསུམ་ན་གཅིག་པུར་གྱུར་པས་ན། འཇིག་རྟེན་གསུམ་ན་སྒྲ་གཅིག་པའོ། །གཉིས་སུ་མེད་པའི་སྒྲ་ཡིན་པས་ན་དེ་ཉིད་ཆེན་པོ་སྟེ་དོན་ཆེན་པོ་སྟོན་པའི་ཕྱིར་རོ། །ནམ་མཁའི་ཁམས་ཀྱི་མཐར་ཐུག་པར་ཁྱབ་པའི་སྒྲ་དང་ལྡན་པས་ན། ནམ་ མཁའི་མཐའ་ཀླས་སྒྲ་སྒྲོགས་པའོ། །སྒྲ་དང་ལྡན་པ་རྣམས་ཀྱི་ནང་ན་དམ་པ་ཡིན་པས་ན། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཅེས་བྱའོ། །དེ་ནི་ཆོས་ཉིད་ཀྱི་དེ་བཞིན་ཉིད་ལ་སོགས་པའི་ཚུལ་གྱིས་བཅོམ་ལྡན་འདས་འཇམ་པའི་དབྱངས་ཀྱི་མཚན་ཉིད་དུ་གྱུར་པ་ཚིགས་སུ་བཅད་པ་བཅུ་དྲུག་གིས་ བསྟན་པ་ནི། ཡང་དག་བདག་མེད་དེ་བཞིན་ཉིད། །ཅེས་བྱ་བ་ནས་བརྩམས་ཏེ། འཇིགས་པ་མ་ལུས་སེལ་བར་བྱེད། །ཅེས་བྱ་བའི་བར་དུ་ཡིན་ནོ། །དེ་ལ། ཡང་དག་བདག་མེད་དེ་བཞིན་ཉིད། །ཡང་དག་མཐའ་སྟེ་ཞེས་བྱ་བའི་སྒྲའི་རྣམ་གྲངས་ཀྱི་དེ་ཁོ་ན་ཉིད་སྟོན་པ་ཡིན་ཏེ། ཚིག་ལ་ལ་ནི་ཚིག་གཞན་ འགའ་ཞིག་གིས་དོན་དེ་རྟོགས་པར་འགྱུར་བས་རྣམ་གྲངས་ཀྱིས་སྟོན་པར་མཛད་པ་ཡིན་ཏེ། རྣམ་གྲངས་དེ་ནི་གཞན་དག་ཏུ་ཡང་ཤེས་པར་བྱའོ། །ཡི་གེ་ཐམས་ཅད་ཀྱིས་བརྗོད་དུ་མེད་པས་ན་ཡི་གེ་མེད་པའོ། །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་སྨྲ་བའི་ངང་ཚུལ་གང་ཡིན་པ་དེ་ནི་སྟོང་པ་ 63-1-211b ཉིད་སྨྲ་བ་སྟེ། སྟོང་པ་ཉིད་སྨྲ་བའི་མཚན་ཉིད་ནི་ཆོས་ཡང་དག་པར་སྡུད་པ་ལས་རྒྱ་ཆེར་བསྟན་ཏེ། དེ་ཡང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུས་སྟོང་པ་ཉིད་སྨྲ་བ་ཁོང་དུ་ཆུད་པར་བྱ་སྟེ་བཅུ་གང་ཞེ་ན་འདི་ལྟ་སྟེ། མི་འཕྲོགས་པ་དང་། རྣམ་པར་མི་འགྲོ་བ་དང་། ཆགས་ པ་མེད་ཅིང་ཆགས་པ་དང་བྲལ་བ་ཡང་མ་ཡིན་པ་དང་། འཇུག་པ་མེད་ཅིང་ལྡོག་པ་མེད་པ་དང་། འཐབ་པ་མེད་ཅིང་རྩོད་པ་མེད་པ་དང་། བྲི་བ་མེད་ཅིང་གང་བ་མེད་པ་དང་། འདུ་བྱེད་ཐམས་ཅད་རང་བཞིན་གྱིས་འགག་པར་བཟོད་པ་དང་། ཆོས་གང་ཡང་སོ་སོའི་སྐྱེ་བོ་རྣམས་ཀྱིས་མ་བསྐྱེད་སངས་རྒྱས་ རྣམས་ཀྱིས་མ་བཀག་གོ་ཞེས་ཐོས་ན་མི་སྐྲག་པ་དང་། འཁོར་བའི་རང་བཞིན་དང་མྱ་ངན་ལས་འདས་པའི་རང་བཞིན་དེ་དག་མཚུངས་སོ་ཞེས་ཐོས་ན་ཐེ་ཚོམ་མི་ཟ་བ་དང་། དེ་བཞིན་གཤེགས་པའི་སྐུ་ནི་རྟག་པ་ཆོས་རྣམས་ནི་མི་ཟད་པའོ་ཞེས་ཐོས་ན་འཇུག་པའོ། །དེ་ལ་ཇི་ལྟར་ན་མི་འཕྲོགས་པས་སྟོང་པ་ཉིད་ སྨྲ་བ་ཁོང་དུ་ཆུད་པར་བྱ་ཞེ་ན། སྟོང་པ་ཉིད་སྨྲ་བ་ནི་མི་གནས་པའི་ཕྱིར་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་འཕྲོགས་པ་སྟེ་རྙེད་པས་དགའ་བ་ཡང་མེད། མ་རྙེད་པས་མི་དགའ་བ་ཡང་མེད། གྲགས་པས་ཡིད་སོས་པ་ཡང་མེད། མ་གྲགས་པས་སྲོ་ཤི་བ་ཡང་མེད། སྨད་པས་ཞུམ་པ་ཡང་མེད། བསྟོད་ པས་དགའ་བར་སེམས་པ་ཡང་མེད། བདེ་བས་ཆགས་པར་འགྱུར་བ་ཡང་མེད། སྡུག་བསྔལ་བས་ཡིད་འབྱུང་བར་འགྱུར་བ་ཡང་མེད་དོ། །གང་དེ་ལྟར་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་འཕྲོགས་པ་དེ་ནི་སྟོང་པ་ཉིད་ཤེས་པ། དེ་ལྟར་མི་འཕྲོགས་པས་སྟོང་པ་ཉིད་སྨྲ་བ་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་ ན་རྣམ་པར་མི་འགྲོ་བས་སྟོང་པ་ཉིད་སྨྲ་བ་ཁོང་དུ་ཆུད་པར་བྱ་ཞེ་ན་སྟོང་པ་ཉིད་སྨྲ་བ་ནི་གང་ནས་ཀྱང་རྣམ་པར་མི་འགྲོ། གང་དུ་ཡང་མི་འགྲོ། དེ་གང་ནས་རྣམ་པར་འགྲོ་བ་དང་། གང་དུ་རྣམ་པར་འགྲོ་བ་དེ་སྟོང་པ་ཉིད་དུ་མཐོང་སྟོང་པ་ཉིད་དུ་ཤེས་སོ། །གང་མི་འགྲོ་རྣམ་པར་མི་འགྲོ་བ་དེ་ཡང་སྟོང་པ་ཉིད་དུ་ཤེས་ ཏེ། དེ་ལྟར་རྣམ་པར་མི་འགྲོ་བས་སྟོང་པ་ཉིད་དུ་སྨྲ་བ་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་ན་ཆགས་པ་མེད་ཅིང་ཆགས་པ་དང་བྲལ་བ་ཡང་མ་ཡིན་པས་སྟོང་པ་ཉིད་སྨྲ་བ་ཁོང་དུ་ཆུད་པར་བྱ་ཞེ་ན། སྟོང་པ་ཉིད་སྨྲ་བ་ནི་གང་དུ་ཡང་ཆགས་པའམ་མི་ཆགས་པ་མེད་དེ། དེ་གང་ལ་ཆགས་པ་དང་གང་ལ་མི་ 63-1-212a ཆགས་པ་དེ་སྟོང་པ་ཉིད་དུ་ཤེས་སྟོང་པ་ཉིད་དུ་མཐོང་ཞིང་། གང་ཆོས་གང་ལ་ཆགས་པ་དང་ཆགས་པ་མེད་པ་དེ་ཡང་སྟོང་པ་ཉིད་དུ་ཤེས་ཏེ་དེ་ལྟར་ཆགས་པ་མེད་ཅིང་ཆགས་པ་དང་བྲལ་བ་ཡང་ཡིན་པས་སྟོང་པ་ཉིད་སྨྲ་བ་ཁོང་དུ་ཆུད་པར་བྱའོ། །དེ་ལ་ཇི་ལྟར་ན་འཇུག་པ་མེད་ ཅིང་ལྡོག་པ་མེད་པས་སྟོང་པ་ཉིད་སྨྲ་བ་ཁོང་དུ་ཆུད་པར་བྱ་ཞེ་ན། སྟོང་པ་ཉིད་སྨྲ་བ་ནི་གང་དུ་ཡང་མི་འཇུག་གང་ནས་ཀྱང་མི་ལྡོག་སྟེ་དེ་གང་ལ་འཇུག་པ་དང་གང་ནས་ལྡོག་པ་དེ་སྟོང་པ་ཉིད་དུ་ཤེས་སྟོང་པ་ཉིད་དུ་མཐོང་ཡང་བྱང་ཆུབ་ཀྱི་ཚོགས་རྣམས་ལ་མི་འཇུག་པ་ཡང་མ་ཡིན་ཏེ་གང་དེ་ལྟར་འཇུག་པ་དེ་ནི་སྟོང་པ་ ཉིད་ཤེས་པ་ཡིན་ཏེ། དེ་ལྟར་འཇུག་པ་མེད་ཅིང་ལྡོག་པ་མེད་པས་སྟོང་པ་ཉིད་སྨྲ་བ་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་ན་འཐབ་པ་མེད་ཅིང་རྩོད་པ་མེད་པས་སྟོང་པ་ཉིད་སྨྲ་བ་ཁོང་དུ་ཆུད་པར་བྱ་ཞེ་ན། གང་ལ་ལ་འཐབ་ཅིང་རྩོད་པར་བྱེད་པ་དེ་ནི་སྟོང་པ་ཉིད་མི་ཤེས་ཏེ། དེ་གང་དང་འཐབ་ཅིང་རྩོད་པར་བྱེད་པ་དེ་ནི་སྟོང་པ་ཉིད་དུ་ཤེས་ སྟོང་པ་ཉིད་དུ་མཐོང་སྟེ། དེ་ལྟར་འཐབ་པ་མེད་ཅིང་རྩོད་པ་མེད་པས་སྟོང་པ་ཉིད་སྨྲ་བ་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་ན་བྲི་བ་མེད་ཅིང་གང་བ་མེད་པས་སྟོང་པ་ཉིད་སྨྲ་བ་ཁོང་དུ་ཆུད་པར་བྱ་ཞེ་ན། སྟོང་པ་ཉིད་སྨྲ་བ་ནི་ཆོས་གང་ཡང་བྲི་བའམ་གང་བར་མི་མཐོང་སྟེ། དེས་ཆོས་གང་སྟོང་པ་དེ་ནི་བྲི་བའམ་འཕེལ་བར་ཡང་དག་ པར་རྗེས་སུ་མི་མཐོང་ངོ་། །སུ་ཆོས་གང་བྲི་བའམ་འཕེལ་བར་ཡང་དག་པར་རྗེས་སུ་མཐོང་བ་དེ་ནི་སྟོང་པ་ཉིད་ཤེས་པ་མ་ཡིན་ཏེ་དེ་ལྟར་བྲི་བ་མེད་ཅིང་གང་བ་མེད་པས་སྟོང་པ་ཉིད་སྨྲ་བ་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་ན་འདུ་བྱེད་ཐམས་ཅད་རང་བཞིན་གྱིས་འགགས་པར་བཟོད་པས་སྟོང་པ་ཉིད་སྨྲ་བ་ཁོང་དུ་ཆུད་པར་བྱ་ཞེ་ ན། སྟོང་པ་ཉིད་སྨྲ་བ་ནི་ཆོས་ཡང་དག་པ་འམ། ཡང་དག་པ་མ་ཡིན་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གང་ཡང་དག་པ་མ་ཡིན། ཡང་དག་པ་མ་ཡིན་པ་ཡང་མ་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱིས་འགགས་པའོ། །གང་ངོ་བོ་ཉིད་ཀྱིས་འགགས་པ་དེ་ནི་རང་བཞིན་གྱིས་འགགས་པ་ཞེས་བྱའོ། །སྟོང་པ་ ཉིད་སྨྲ་བ་ནི་ཆོས་གང་ཡང་སྐྱེས་པའམ་འགག་པར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་འདུ་བྱེད་ཐམས་ཅད་རང་བཞིན་གྱིས་འགག་པར་བཟོད་པས་སྟོང་པ་ཉིད་སྨྲ་བ་ཁོང་དུ་ཆུད་པར་བྱའོ། །དེ་ལ་ཇི་ལྟར་ན་ཆོས་གང་ཡང་སོ་སོའི་སྐྱེ་བོ་རྣམས་ཀྱིས་མ་བསྐྱེད། སངས་རྒྱས་རྣམས་ཀྱིས་ 63-1-212b མ་བཀག་ཅེས་ཐོས་ན་མི་སྐྲག་པས་སྟོང་པ་ཉིད་སྨྲ་བ་ཁོང་དུ་ཆུད་པར་བྱ་ཞེ་ན། སྟོང་པ་ཉིད་སྨྲ་བ་ནི་འདི་ལྟར་འདི་དག་ནི་སོ་སོའི་སྐྱེ་བོའོ། །འདི་དག་ནི་སངས་རྒྱས་སོ་སྙམ་དུ་མི་སེམས་མོད་ཀྱི་སངས་རྒྱས་ཀྱི་ཆོས་མཉམ་པ་ཉིད་ཀྱིས་སོ་སོའི་སྐྱེ་བོའི་ཆོས་མཉམ་པ་ཉིད་དུ་ཤེས་སོ། །གང་སོ་སོའི་སྐྱེ་བོའི་ཆོས་ རྣམ་པས་སངས་རྒྱས་ཀྱི་ཆོས་རྣམས་ནི་རྒྱ་ཆེར་མཐོང་བ་དེ་ནི་སྟོང་པ་ཉིད་ཤེས་པ་ཡིན་ཏེ། དེ་ལྟར་ཆོས་གང་ཡང་སོ་སོའི་སྐྱེ་བོ་རྣམས་ཀྱིས་མ་བསྐྱེད། སངས་རྒྱས་རྣམས་ཀྱིས་མ་བཀག་ཅེས་ཐོས་ན་མི་སྐྲག་པས་སྟོང་པ་ཉིད་སྨྲ་བ་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་ན་འཁོར་བའི་རང་བཞིན་དང་མྱ་ངན་ལས་ འདས་པའི་རང་བཞིན་དེ་དག་མཚུངས་སོ་ཞེས་ཐོས་ན་ཐེ་ཚོམ་མི་ཟ་བས་སྟོང་པ་ཉིད་སྨྲ་བ་ཁོང་དུ་ཆུད་པར་བྱ་ཞེ་ན། གང་འཁོར་བའི་རང་བཞིན་དང་མྱ་ངན་ལས་འདས་པའི་རང་བཞིན་ཐ་དད་པར་མཐོང་བ་དེ་ནི་སྟོང་པ་ཉིད་ཤེས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་འདི་ལྟ་སྟེ་འཁོར་བའི་དེ་བཞིན་ཉིད་དང་། མྱ་ངན་ལས་ འདས་པའི་དེ་བཞིན་ཉིད་དེ་གཉི་ག་ཡང་འདུས་མ་བྱས་ཀྱི་མཚན་ཉིད་དུ་མཚན་ཉིད་གཅིག་སྟེ། གང་འདི་ལྟར་འཁོར་བའི་དེ་བཞིན་ཉིད་དང་། མྱ་ངན་ལས་འདས་པའི་དེ་བཞིན་ཉིད་དག་མཚུངས་ཤིང་བྱེ་བྲག་མེད་པར་མཐོང་བ་ནི་ཐེ་ཚོམ་མི་ཟ་སྟེ། དེ་ལྟར་འཁོར་བའི་རང་བཞིན་དང་མྱ་ངན་ལས་འདས་པའི་རང་བཞིན་ དེ་དག་ཚུངས་སོ་ཞེས་ཐོས་ན་ཐེ་ཚོམ་མི་ཟ་བས་སྟོང་པ་ཉིད་སྨྲ་བ་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་ན་དེ་བཞིན་གཤེགས་པའི་སྐུ་ནི་རྟག་པ་ཆོས་རྣམས་ནི་མི་ཟད་པ་ཞེས་ཐོས་ན་འཇུག་པས་སྟོང་པ་ཉིད་སྨྲ་བ་ཁོང་དུ་ཆུད་པར་བྱ་ཞེ་ན། གང་དེ་བཞིན་གཤེགས་པའི་སྐུ་ནི་རྟག་པ་ཆོས་རྣམས་ནི་མི་ཟད་པ་ཞེས་ཐོས་ན་ མི་འཇུག་པ་དེ་ནི་སྟོང་པ་ཉིད་ཤེས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་དེ་བཞིན་གཤེགས་པའི་སྐུ་ནི་དེ་བཞིན་ཉིད་དང་སྟོང་པ་ཉིད་དེ་གློ་བུར་གྱི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་སྐུ་ནི་མ་ཡིན་ནོ། །གང་དེ་ལྟར་ཤེས་པ་དེ་ནི་སྟོང་པ་ཉིད་ཤེས་པ་སྟེ་དེ་ལྟར་དེ་བཞིན་གཤེགས་པའི་སྐུ་ནི་རྟག་པ་ཆོས་རྣམས་ནི་མི་ཟད་པ་ ཞེས་ཐོས་ན་འཇུག་པས་སྟོང་པ་ཉིད་སྨྲ་བ་ཁོང་དུ་ཆུད་པར་བྱ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུ་པོ་དེ་དག་གིས་སྟོང་པ་ཉིད་སྨྲ་བར་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་གསུངས་ཏེ། ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་མདོ་སྡེ་དུ་མ་དང་གསང་སྔགས་ཀྱི་ཚུལ་རྣམས་ལ་བལྟ་བ་དང་། 63-1-213a ལེ་ལོ་དང་ལྡན་པ་རྣམས་ལ་ལྷན་ཅིག་ཏུ་བསྡུས་པའི་དོན་བསྟན་པས་རང་གི་དོན་དུ་ཡང་འགྱུར་རོ་ཞེས་རྒྱུ་སྔར་སྨྲས་པ་ཡིན་ནོ། །གང་གི་ཕྱིར་སྟོང་པ་ཉིད་དུ་སྨྲ་བ་ནི་སྨྲ་བ་པོ་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་ཡིན་པས་ན་ཁྱུ་མཆོག་ཅེས་བྱའོ། །ཇི་སྐད་དུ་གསུངས་པའི་སྟོང་པ་ཉིད་དང་ སངས་རྒྱས་ཀྱི་ཆོས་རྒྱ་ཆེ་བ་རྣམས་དང་ཕུལ་དུ་བྱུང་བ་རྣམས་སྟོན་པར་མཛད་པས་ན་ཟབ་ཅིང་རྒྱ་ཆེ་སྒྲ་སྒྲོགས་པ་སྟེ་ཟབ་པ་དང་རྒྱ་ཆེ་བའི་སྒྲ་སྒྲོགས་པ་གང་ཡིན་པ་དེ་ལ་ནི་དེ་སྐད་ཅེས་བྱའོ། །གླེགས་བམ་ལ་ལས་ནི། སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། །ཟབ་ཅིང་རྒྱ་ཆེ་སྒྲ་སྒྲོགས་པ། །ཞེས་ཟེར་ཏེ་དེར་ནི་ སྟོང་པ་ཉིད་སྨྲ་བ་རྣམས་ནི་ཁྱུ་མཆོག་སྟེ་གཙོ་བོ་ཞེས་བཤད་པར་བྱའོ། །ལྷག་མ་རྣམས་ནི་སྔ་མ་བཞིན་ནོ། །ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན། །ཆོས་ཀྱི་གཎྜཱི་སྒྲ་བོ་ཆེ། །ཞེས་བྱ་བ་ལ་ཆོས་ཐམས་ཅད་སྟོན་པའི་སྒྲ་རྣམས་རྫོགས་པའི་རྒྱུར་གྱུར་པའི་ཆོས་ཀྱི་དུང་གི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་གྱུར་པས་ན། ཆོས་ཀྱི་དུང་ སྟེ་སྒྲ་ཆེན་ལྡན། །ཞེས་བྱའོ། །དེ་ལ་ཆོས་ཀྱི་དུང་གི་ཏིང་ངེ་འཛིན་ནི་འདི་ཡིན་ཏེ། ཆུའི་དཀྱིལ་འཁོར་ཟླུམ་པོ་བདུད་རྩིའི་རང་བཞིན་ཅན་ཁ་དོག་དཀར་པོ་དེའི་སྟེང་དུ་པདྨ་ཆེན་པོ་འདབ་མ་བརྒྱད་པ་གེ་སར་དང་བཅས་པ། དེའི་དབུས་སུ་ཆོས་ཐམས་ཅད་ཡིད་ལ་བྱེད་པ་དང་བྲལ་བའོ་ཞེས་སྟོན་པའི་སྒྲ་མུཾ་གི་ས་བོན་ལས་ བྱུང་བའི་རྗེ་བཙུན་འཇམ་དཔལ་ཕྱག་གཉིས་པ་སྐུ་མདོག་དཀར་པོ་རྡོ་རྗེའི་སྐྱིལ་མོ་ཀྲུང་གི་སྟེང་དུ་ཕྱག་གཉིས་ཏིང་ངེ་འཛིན་གྱི་ཚུལ་དུ་གནས་པ། གཞོན་ནུའི་རྒྱན་མ་ལུས་པ་དང་ལྡན་པ་ཟུར་ཕུད་ལྔ་པ། གཞོན་ཞུའི་གཟུགས་ཅན་དངས་ཤིང་དྲི་མ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་སྐུར་བདག་ཉིད་བསྒོམས་ལ། རང་ གི་སྙིང་གའི་ཟླ་བ་ལ་གནས་པའི་པདྨའི་སྟེང་དུ་ཡི་གེ་ཁཾ་ལས་དུང་གི་དབུས་སུ་ཡི་གེ་ཨོཾ་བཛྲ་ཛི་ཧཱ་རཾ་རྡོ་རྗེའི་ལྕེ། ལྕེའི་སྟེང་དུ་རིན་པོ་ཆེའི་པདྨ། རིན་པོ་ཆེའི་པདྨའི་སྟེང་དུ་སངས་རྒྱས་བཅོམ་ལྡན་འདས་འོད་དཔག་མེད་པ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་བཅོམ་ལྡན་འདས་ཀྱི་སྟེང་གི་རྐན་གྱི་ཡི་གེ་བཾ་ལས་བདུད་ རྩིའི་ཐིགས་པ་ཐུར་དུ་ཁར་འཛག་པར་གྱུར་པ་སྟེ་དེ་ལྟར་ཟླ་བ་ཕྱེད་དམ། ཟླ་བ་གཅིག་གམ། ཟླ་བ་དྲུག་གི་བར་དུ་བསམ་པར་བྱའོ། །དེ་ནས་མཚན་མ་ཐོབ་པ་དང་དེའི་འོག་ཏུ་དཀྱིལ་འཁོར་བྲི་བར་བྱ་སྟེ་ཕྱི་རོལ་དུ། ཟུར་བཞི་ལ་སྒོ་བཞི་པ་སྒྲོ་སྲུང་རྣམས་དང་ཡང་དག་པར་ལྡན་པ་དང་། ཕྱིའི་དཀྱིལ་ 63-1-213b འཁོར་དུ་ལྷ་མོ་སྒེག་མོ་དང་། ཕྲེང་བ་མ་དང་། གླུ་མ་དང་། གར་མཁན་མ་དང་། བདུག་པ་མ་དང་། མེ་ཏོག་མ་དང་། མར་མེ་མ་དང་། བྱུག་པ་མ་རྣམས་དེ་ལྟར་དགོད་པར་བྱའོ། །དེའི་ནང་དུ་རི་མོ་དཀར་པོ་གཅིག་གིས་བསྐོར་བ་སྒོ་མེད་པ། དེའི་དབུས་སུ་པདྨ་དཀར་པོ་བཟང་པོ་བྲི་བར་བྱའོ། །དེ་ལྟར་ བྲིས་ནས་སྟོན་ཟླ་ར་བའམ། དཔྱིད་ཟླ་ཐ་ཆུངས་ལ་སོགས་པའི་ཟླ་བ་ཉ་ལ་འབྱོར་པ་ཅི་ཡོད་པས་མཆོད་པ་དང་ལྷ་བཤོས་དང་། གཏོར་མ་ལ་སོགས་པ་ཐམས་ཅད་ཕུལ་ལ་མཉམ་པར་གཞག་ནས་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་འདུག་ལ། འཕགས་པ་འཇམ་དཔལ་གྱི་གཟུགས་ ཡོངས་སུ་གྱུར་པ་ལས་སངས་རྒྱས་ཀྱི་སྐུ་ཆོས་ཀྱི་དབྱིངས་དང་མཉམ་པ་འོད་གསལ་བར་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་མཚན་མའི་ཕྱག་རྒྱ་ཐམས་ཅད་ཕྱོགས་ཐམས་ཅད་ནས་བྱོན་ཏེ་རང་གི་ལུས་དང་ངག་དང་ཡིད་ལ་ཞུགས་ཤིང་བརྟན་པར་གྱུར་ཏོ་ ཞེས་ལེགས་པར་བརྟན་པོར་བསམས་ལ། རང་གི་ཟླ་བ་དང་པདྨ་ལ་གནས་པའི་དུང་ལ་གསལ་བར་བལྟ་ཞིང་དེ་ཡོངས་སུ་བསྐོར་བར་གནས་པའི་ཡི་གེ་ཐམས་ཅད་ཀྱི་ངོ་བོ་གེ་སར་གྱི་ཐིག་ལེ་རྣམས་ལས་ངག་གི་ཆ་ཤས་སུ་གྱུར་ཏེ་ལྐོག་མའི་ཕྱོགས་སུ་ཕྱིན་པ་དང་། དབྱངས་ཀྱི་ངོ་བོ་ཉིད་དུ་གྱུར་ལ་དབྱངས་ལས་ནི་སྒྲ། སྒྲ་ལས་ནི་ཡི་གེའི་གཟུགས་སུ་གྱུར་ནས་ལྕེར་ཕྱིན་པ་དང་། རྡོ་རྗེ་ལྟ་བུའི་དབྱིབས་སུ་གཅིག་ལ་གཅིག་ནམ་མཁའི་ཁམས་ཀྱི་མཐར་ཐུག་པ་གསལ་བར་བྱེད་པ་སྒྲིབ་པ་མེད་པར་ནམ་མཁའ་ཐམས་ཅད་དུ་སྤྲོས་ལ། སྒྲའི་རྣམ་པ་དེ་ལ་བསམས་ཤིང་སྒྲ་རྣམས་ཀྱིས་ནམ་མཁའ་ཁེངས་པར་བསམས་ལ། ཨོཾ་བཱ་ཀྱེ་ དཾ་ན་མཿཞེས་བྱ་བའི་སྔགས་སྐྱིལ་མོ་ཀྲུང་མ་བཤིག་པར་མཚན་རངས་པར་བཟླས་བརྗོད་བྱའོ། །མཁས་པས་ཀྱང་ལྕེ་ལས་འོད་ཟེར་རྣམས་ངེས་པར་འབྱུང་བའམ་གྲུབ་བོ་ཞེས་བྱ་བའི་སྒྲ་ཐོས་པ་དང་། མཆུ་འམ་སོ་རྣམས་ལས་འོད་ཟེར་སྣ་ཚོགས་འབྱུང་བ་ལ་སོགས་པ་གྲུབ་པའི་མཚན་མ་རྣམས་ འབྱུང་བར་འགྱུར་རོ། །དེ་ནས་བརྩམས་ཏེ་ཇི་ལྟར་བསམས་པའི་ཚིག་དང་། ངག་དང་སྡེབ་སྦྱོར་སྣ་ཚོགས་དང་། ཚིགས་སུ་བཅད་པ་དང་། གསང་སྔགས་དང་། རིག་སྔགས་དང་། སྙིང་པོ་ལ་སོགས་པ་དང་ལས་འབད་པ་མེད་པ་ཉིད་དུ་འབྱུང་བར་འགྱུར་རོ། །འཇིག་རྟེན་དང་འཇིག་ 63-1-214a རྟེན་ལས་འདས་པའི་བསྟན་བཅོས་ཐམས་ཅད་ཀྱང་ཤེས་པ་དང་བྱེད་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་སྒྲའི་དོན་ཐམས་ཅད་ཡོངས་སུ་ཤེས་པར་འགྱུར་ཞིང་། ཐམས་ཅད་མཁྱེན་པ་ཉིད་དུ་ཡང་རིང་པོར་མི་ཐོགས་པར་འགྱུར་བས་ན། ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན། །ཞེས་ བྱ་སྟེ་ཐམས་ཅད་དུ་སྒྲིབ་པ་མེད་པར་ཆོས་རྣམས་འཆད་ཅིང་རབ་ཏུ་འཆད་པའི་སྒྲའི་རྒྱུར་གྱུར་པའི་ཕྱིར་རོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དམ་པའི་ཆོས་སྟོན་པའི་ལྟས་ཀྱི་སྒྲའི་སྣང་བ་སྐྱེས་པས་ན། ཆོས་ཀྱི་གཎྜཱི་སྒྲ་བོ་ཆེ། །ཞེས་བྱའོ། །མི་གནས་མྱ་ངན་འདས་པ་པོ། །ཕྱོགས་བཅུའི་ཆོས་ཀྱི་རྔ་བོ་ཆེ། ། ཞེས་བྱ་བ་ལ་མི་གནས་པའི་མྱ་ངན་ལས་འདས་པ་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིན་པ་ནི་དཔྱད་པར་བྱ་སྟེ། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ནི་མི་གནས་པའི་མྱ་ངན་ལས་འདས་པའོ་ཞེས་བྱ་བ་རིགས་པ་དང་ལུང་རྣམས་ཀྱིས་རྒྱ་ཆེར་བསྟན་པར་བྱའོ། །དེ་ལ་རེ་ཞིག་རིགས་པ་ནི་གང་ མ་ལུས་པར་གནས་པའི་རྒྱུ་ཅན་དེ་རྣམས་ཀྱི་གནས་པ་ལ་ནི་མཐའ་ཡོད་པ་མ་ཡིན་ཏེ། དཔེར་ན་ཤིང་ཀུན་དུ་སྤུངས་པ་ཚིག་པ་ལ་ནི་དུ་བ་ལ་སོགས་པ་གནས་པའི་རྒྱུ་བྱེད་པར་ནུས་པ་ཡིན་ནོ། །དེ་བཞིན་དུ་འཁོར་བ་ཇི་སྲིད་པར་གནས་པའི་རྒྱུ་མ་ཚང་བ་མེད་པ་དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཡིན་ནོ་ཞེས་བྱ་བ་ ལ་གནས་པ་རྒྱུན་འཆད་པའི་ཁྱབ་པ་ཅན་དང་། མ་ལུས་པར་གནས་པའི་རྒྱུ་ཅན་ཉིད་ནི་འགལ་བས་མ་ལུས་པར་གནས་པའི་རྒྱུར་འདི་ན་བཤད་པ་ཉིད་ཀྱི་ཁྱབ་པ་ཅན་ཡིན་པས་འགལ་བར་ཤེས་པ་སྟེ་དུ་བ་ལ་སོགས་པ་རྒྱུན་ཆད་པ་དང་། བྲེང་མ་ཆད་པ་ཆོས་མི་མཐུན་པ་ཡིན་ཏེ། རྒྱུ་མ་ཚང་བར་གྱུར་པ་ ལས་འབྲས་བུ་མི་འབྱུང་བས་སྦྱོར་བ་འགལ་བ་ཡིན་ན་རྒྱུ་ཇི་ལྟར་གྲུབ་པ་ཡིན་ཞེས་ཟེར་ན་དེ་བརྗོད་པར་བྱ་སྟེ། གནས་པའི་རྒྱུ་མ་ཚང་བ་ནི་སེམས་ཅན་གྱི་དོན་མཛད་པའི་ནུས་པ་ཡོངས་སུ་ཟད་པའམ་ཐུགས་རྗེ་ཆེན་པོ་དང་བྲལ་བའམ། ཚེའི་འདུ་བྱེད་གནས་པ་ལ་མངའ་བརྙེས་པ་ལས་ཉམས་པའམ། སྲོག་གི་དབང་ པོ་གནས་པའི་ལས་ཀྱི་རྣམ་པར་སྨིན་པའི་མཐར་གཏུགས་པའམ། སངས་རྒྱས་ཀྱིས་འདུལ་བ་རྣམས་མེད་པ་ལས་གྱུར་པ་ཡིན་གྱི། དེ་དག་ལས་བཟློག་པ་ནི་གནས་པའི་རྒྱུ་ཉིད་དུ་བཤད་དོ། །དེ་ལ་སྟོན་པ་ནི་ཡེ་ཤེས་ཐོགས་པ་མི་མངའ་བའི་ནུས་པ་དང་ལྡན་པས་སོ་སོར་མཁྱེན་པ་མངའ་བས་དང་པོའི་ 63-1-214b སོམ་ཉི་མེད་དེ། གཞན་དུ་ན་གཅིག་པུར་སྤྱོད་པའི་རང་སངས་རྒྱས་དང་ཁྱད་པར་ཅི་ཞིག་ཡོད། ཡུན་རིང་པོར་མྱ་ངན་ལ་བཟླ་བས་ཉན་ཐོས་སྲིན་བུ་མེ་ཁྱེར་ལྟར་བརྩེ་བ་མེད་པ་ཡང་མ་ཡིན་ཏེ་ཐུགས་རྗེ་ཆེན་པོ་མངོན་སུམ་དུ་མཛད་པས་འབད་པ་དང་བྲལ་ན་དེ་ཉམས་ཤིང་། འབད་ན་ནི་འབད་རྩོལ་ལ་མངོན་པར་ ཆགས་པ་དང་ལྡན་པའི་ཉེས་པ་མངའ་བས་འགྲོ་བའི་དོན་གཟིགས་ཤིང་དེ་ལ་མངོན་པར་ཆགས་པ་མི་མངའ་བས་སངས་རྒྱས་དེ་ཉིད་ནི་ཕྱོགས་སུ་ལྷུང་བ་མེད་པའི་ཕྱིར་སོམ་ཉི་གཉིས་པ་ཡང་མེད་དོ། །རྫུ་འཕྲུལ་རྐང་པ་ལ་གོམས་པའི་མཐར་བྱོན་པས་སོམ་ཉི་གསུམ་པ་ཡང་མ་ཡིན་ནོ། །རིགས་པའི་གནས་སྐབས་ ཀྱི་དེ་འདིར་བརྗོད་པར་བྱ་སྟེ། དེ་ཡང་འདི་ལྟར་ཀུན་དགའ་བོ་གང་ལ་ལ་ཞིག་གིས་རྫུ་འཕྲུལ་གྱི་རྐང་པ་བཞི་མ་ལུས་པར་བསྟེན་ཅིང་བསྒོམས་ལ་མང་དུ་བྱས་པས་དེ་འདོད་ན་བསྐལ་པའམ་བསྐལ་པ་ལས་ལྷག་པར་གནས་པར་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་གཤེགས་པས་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་མ་ ལུས་པར་སྟོན་ཅིང་བསྒོམས་ལ་མང་དུ་མཛད་པས་གལ་ཏེ། དེ་བཞིན་གཤེགས་པ་བཞེད་ན་བསྐལ་པའམ་བསྐལ་པ་ལས་ལྷག་པར་བཞུགས་སོ་ཞེས་གསུངས་པའི་ཕྱིར་རོ། །སྲོག་གི་དབང་པོ་གནས་པའི་ལས་ཀྱི་འབྲས་བུ་ཟད་པ་ཡང་མི་མངའ་སྟེ། བསྐལ་པ་དུ་མར་སྲོག་གཅོད་པ་ལས་ལྡོག་པ་གོམས་ པར་མཛད་པ་དང་། ཐབས་དཔག་ཏུ་མེད་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བླ་མར་མཛད་ཅིང་བསྟན་པ་དང་བསགས་པ་ལས་ཡང་དག་པར་འབྱུང་སྟེ། འདི་ལ་རྒྱུ་དང་འབྲས་བུའི་ཚོགས་དག་ནི་གང་མཆོག་ཏུ་གྱུར་པའི་རྒྱུ་ལས་མཆོག་ཏུ་གྱུར་པའི་འབྲས་བུ་འབྱུང་ལ། མཆོག་མ་ཡིན་པ་ལས་ནི་མཆོག་མ་ཡིན་པ་ འབྱུང་གི་གཞན་དུ་མཆོག་དང་མཆོག་མ་ཡིན་པ་དག་ལས་འབྲས་བུ་དེ་དང་མི་མཐུན་པར་འབྱུང་བ་ནི་མི་སྲིད་པས་ཕན་པ་གནོད་པར་འགྱུར་བ་ནི་མི་སྲིད་དེ། དེར་གཏོགས་པའི་དབྱེ་བ་ལ་ལྟོས་པ་མེད་པའི་ཕྱིར་རོ། །སྟོན་པ་ལ་ཡང་འཚོ་བའི་རྒྱུའང་ཁ་ན་མ་ཐོ་བ་མེད་ཅིང་གཞན་གསོད་པ་སྤང་བ་ལ་སོགས་པ་སྔར་ དུ་སྤྱད་ཟིན་ཀྱང་། ཅིའི་ཕྱིར་ལོ་བརྒྱར་ཡང་མི་བཞུགས་ཤེ་ན། འདི་དག་ཐམས་ཅད་ཀྱི་འབྲས་བུ་ནི་ཐམས་ཅད་མཁྱེན་པ་ཉིད་ཡིན་ནོ་ཞེས་ཡུན་རིང་དུ་འཚོ་བའི་འབྲས་བུ་མངོན་སུམ་དུ་འབྱིན་པར་བཤད་པ་སྲོག་གཅོད་པ་སྤངས་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ནི་རིགས་མཐུན་པར་མ་འདྲེས་ 63-1-215a པ་ཉིད་དུ་འབྲས་བུ་ཚེ་རིང་བར་གསུངས་པ་ཡིན་གྱི། གང་འདི་གང་གི་རྒྱུར་མངོན་པར་བསྟན་པ་དེ་ནི་རྐྱེན་ཡོངས་སུ་ཚོགས་པ་དང་འདུས་པར་གྱུར་ན་དེ་བསྐྱེད་པར་འགྱུར་བ་ཉིད་དང་། གཞན་དག་གི་རྒྱུར་འགྱུར་བ་ནི་ཉེས་པ་མེད་ཀྱི། དེ་མ་ཡིན་ན་ནི་དེ་བསྐྱེད་པར་མི་འགྱུར་ བར་ཐལ་བར་འགྱུར་རོ། །འོན་ཀྱང་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ལ་གོམས་པར་མཛད་པ་ཉིད་ལས་ནི་ཐམས་ཅད་མཁྱེན་པར་གྱུར་པ་ཡིན་ལ། བསོད་ནམས་ནི་ཚོགས་ཀྱི་དེའི་ཁྱད་པར་གཞི་བསྐྱེད་པ་ལ་རྗེས་སུ་མཐུན་པར་གྱུར་པ་ཡིན་ནོ། །དེ་བས་ན་བསོད་ནམས་ཡོངས་སུ་ཟད་པས་བཅོམ་ལྡན་འདས་ མྱ་ངན་ལས་འདས་པར་འགྱུར་ཞེས་བྱ་བ་ནི་ལོག་པར་བཏགས་པ་ཙམ་ཡིན་ནོ། །གལ་ཏེ་དེ་བཞིན་གཤེགས་པ་གདུལ་བར་བྱ་བའི་སེམས་ཅན་རྣམས་མེད་པས་མྱ་ངན་ལས་འདས་པར་འདོད་པ་ཚད་མ་ཡིན་ནོ་ཞེ་ན་དེ་འདིར་དཔྱད་པར་བྱ་སྟེ། ཅི་སངས་རྒྱས་ཀྱི་སྐུས་གདུལ་བའི་སེམས་ཅན་ཉིད་མེད་དམ། ཅི་གཟུགས་གཞན་དག་གིས་གདུལ་བ་རྣམས་ཀྱང་མེད་གལ་ཏེ་ཕྱོགས་སྔ་མ་ལྟར་བྱས་ན་དེའི་ཚེ་བརྒྱ་བྱིན་ལ་སོགས་པའི་གཟུགས་སུ་བསྟན་པས་ཀྱང་གདུལ་བའི་སྐྱེ་བོ་རྣམས་སྲིད་པས་དེའི་གཟུགས་སུ་ཅི་སྟེ་མི་བཞུགས་ཐུགས་བརྩེ་བའི་དབང་དུ་གྱུར་པའི་ཐུགས་དང་ལྡན་པ་རྣམས་ལ་ཕན་པར་བྱ་ བའི་ཕྱིར་ཆ་ལུགས་གཞན་དག་གིས་ཀྱང་གནས་པར་མཛད་དེ། དཔེར་ན་བཅོམ་ལྡན་འདས་ཉིད་འཁོར་ལོས་སྒྱུར་བའི་གཟུགས་སུ་བཞུགས་པ་དང་འདྲ་ཞིང་། བརྒྱ་བྱིན་ལ་སོགས་པའི་གཟུགས་ཀྱིས་འདུལ་བར་འགྱུར་བ་མེད་པའི་གཏན་ཚིགས་ཀྱང་མེད་པ་དང་། བརྒྱ་བྱིན་ལ་སོགས་པ་ གཞན་གྱི་དོན་བྱེད་པ་མི་སྲིད་པར་ཡང་ཐལ་བར་འགྱུར་རོ། །ཡང་ན་འཇིག་རྟེན་གྱི་ཁམས་གཅིག་ཏུ་སངས་རྒྱས་ཀྱི་སྐུས་འདུལ་བའི་སྐྱེ་བོ་རྣམས་མེད་ཀྱང་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་གཞན་རྣམས་ན་དེས་འདུལ་བའི་སྲིད་པ་ཅིའི་ཕྱིར་འདི་ཡོངས་སུ་མྱ་ངན་ལས་འདས་པར་མཛད། འཇིག་རྟེན་གྱི་ ཁམས་གཞན་ན་ཡང་དེ་མེད་དོ་ཞེས་ཟེར་ན་ནི་དེའི་གཏན་ཚིགས་ཀྱང་འདི་ན་ཡོད་པ་མ་ཡིན་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་སངས་རྒྱས་ཀྱི་སྐུ་བསྟན་པས་འདུལ་བའི་སེམས་ཅན་རྣམས་མེད་དོ་ཞེས་བྱ་བ་འདི་ནི་གང་ནས་ཀྱང་མ་གསུངས་སོ། །ཡང་ན་ངེས་པའི་སེམས་ཅན་རྣམས་མེད་པས་ 63-1-215b གཞན་གྱི་དོན་ལ་འཇུག་པ་རྣམས་ཅིའི་ཕྱིར་ཡོངས་སུ་མྱ་ངན་ལས་འདའ་བར་མི་མཛད་དེ་ཡོངས་སུ་མྱ་ངན་ལས་འདའོ་ཞེས་འདོད་ན་འདི་ཉིད་ཀྱི་འགྲུབ་པ་མ་ཡིན་ཏེ། གང་གི་ཕྱིར་འཇིག་རྟེན་གྱི་ཁམས་གཅིག་ཏུ་སངས་རྒྱས་ཀྱི་སྐུ་བསྟན་པས་འདུལ་བའི་སེམས་ཅན་རྣམས་ལ་མྱ་ངན་ལས་འདས་པ་ཉེ་བར་བསྟན་ པས་འདུལ་བའི་སྐྱེ་བོ་རྣམས་རྗེས་སུ་གཟུང་བར་མཛད་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདའ་བར་སྟོན་པར་མཛད་ཀྱང་གཞན་དག་ཏུ་བལྟམས་པ་དང་། མངོན་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་མ་ཚང་བ་མེད་པ་ཉེ་བར་སྟོན་པར་མཛད་པ་ཡིན་ཏེ། དུས་འདི་ནི་ཇི་སྐད་དུ་བསྟན་པ། སངས་ རྒྱས་མྱ་ངན་ཡོང་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །སེམས་ཅན་རྣམས་ནི་སྨིན་མཛད་ཕྱིར། །མྱ་ངན་འདའ་བར་སྟོན་པར་མཛད། །ཅེས་གསུངས་སོ། །ཡང་ན་གལ་ཏེ་ཐུབ་པ་ཆེན་པོ་ནི་འཁོར་བ་ཇི་སྲིད་པར་བཞུགས་ན་འཇིག་རྟེན་གྱི་ཁམས་སུ་ཅི་རིམ་གྱིས་སམ་ཅིག་ཅར་འབྱུང་བར་འགྱུར་ དེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཞན་རྣམས་གང་ཐོགས་པ་མེད་པའི་ཡེ་ཤེས་དང་ལྡན་པ་རྣམས་ནི་གང་དུ་དེ་བཞིན་གཤེགས་པ་གཅིག་པུ་ཉིད་སངས་རྒྱས་ཀྱི་བྱ་བ་མཛད་པ་དེས། དེར་གང་དུ་འཁྲུངས་པའི་འཇིག་རྟེན་གྱི་ཁམས་དེ་དང་འདྲ་བ་ཐོགས་པ་མེད་པའི་ཡེ་ཤེས་དང་ལྡན་པའི་དེ་བཞིན་གཤེགས་ པ་གཅིག་གིས་འཁོར་བ་ཐམས་ཅད་དུ་གཏོགས་པའི་སངས་རྒྱས་ཀྱིས་གདུལ་བ་རྣམས་འདུལ་བར་སྤྱོད་པ་དེ་བཞིན་གཤེགས་པ་གཉིས་པ་ལ་དོན་མེད་པར་འགྱུར་ཏེ། གཞན་དུ་སངས་རྒྱས་འབྱུང་བ་མེད་པའམ། ཡེ་ཤེས་ཐོགས་པ་མེད་པ་ཉིད་མི་རིགས་པར་འགྱུར་རོ། །དེ་བཞིན་དུ་གལ་ཏེ་གཅིག་ པུ་དེ་ཉིད་ཀྱིས་སངས་རྒྱས་ཀྱི་བྱ་བ་མཛད་པར་སྤྱོད་ན་གཞན་དག་ཅིའི་ཕྱིར་འབྱུང་བར་འགྱུར་ཏེ། འདི་ལ་གདུལ་བར་བྱ་བ་མེད་དོ་ཞེས་བྱ་བར་བརྟགས་པ་ཡང་མི་རིགས་ཏེ། སངས་རྒྱས་ཐམས་ཅད་ལ་ཡང་གདུལ་བྱ་མེད་པར་ཐལ་བར་མི་འགྱུར་རོ། །དེ་བས་ན་ཚོགས་མཚུངས་པར་གྱུར་པའི་དེ བཞིན་གཤེགས་པ་རྣམས་ནི་གཅིག་གིས་མི་སྤྱོད་པ་དེར་དེ་བཞིན་གཤེགས་པ་གཞན་དག་གིས་ཀྱང་མི་སྤྱོད་དོ། །རང་གིས་ཡོངས་སུ་སྨིན་པར་བྱས་པའི་སེམས་ཅན་རྣམས་གདུལ་བར་འགྱུར་བ་ཉིད་ནི་ཉན་ཐོས་དང་མཚུངས་ཏེ། དེ་ལྟར་ན་དེ་བཞིན་གཤེགས་པ་རྣམས་ལ་ཐོགས་པ་མེད་པའི་ 63-1-216a ཡེ་ཤེས་མངའ་བ་ཤིན་ཏུ་ཡང་མི་རིགས་ཏེ། ཇི་ལྟར་རང་གིས་ཡོངས་སུ་སྨིན་པར་བྱས་པ་སེམས་ཅན་རྣམས་འདུལ་བ་ནི་ཉན་ཐོས་དང་མཚུངས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་གཞན་རྣམས་ལ་སྐབས་དབྱེ་བར་བྱ་བའི་ཕྱིར་འཇིག་རྟེན་གྱི་ཁམས་གཞན་རྣམས་སུ་ སེམས་ཅན་གྱི་དོན་མི་མཛད་དོ་ཞེ་ན། གླིང་བཞི་པ་སོ་སོར་ཡང་སངས་རྒྱས་འབྱུང་བ་མེད་པ་ཁོ་ནར་ཐལ་བར་འགྱུར་རོ། །གལ་ཏེ་བྱང་ཆུབ་སེམས་དཔའ་གཞན་རྣམས་སྐབས་འབྱེད་པར་འགྱུར་ཏེ། དེ་དག་ལ་ལྟོས་ནས་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་གྱི་ཁམས་གཞན་རྣམས་སུ་སེམས་ཅན་གྱི་དོན་ མཛད་པ་ཡིན་གྱི། མི་སྤྱོད་པའི་ཕྱིར་ནི་མ་ཡིན་ནོ། །དེ་བས་ན་གླིང་བཞི་པར་སངས་རྒྱས་འབྱུང་བ་ཉིད་དུ་འདོད་དོ་ཞེ་ན། གཅིག་པུ་སྟོང་གསུམ་པའི་འཇིག་རྟེན་གྱི་ཁམས་སུ་བྱུང་ནས་གླིང་བཞི་པར་སྤྲུལ་པའི་སྐུས་སེམས་ཅན་རྣམས་ཀྱི་དོན་མཛད་པ་གང་ཞིག་ཡིན། དེ་ལྟར་ན་ཡང་འཁོར་བ་ཐམས་ཅད་དུ་དེ་བཞིན་ གཤེགས་པ་གཅིག་པུ་ཉིད་བྱུང་ནས་འཁོར་བ་མ་ལུས་པར་གཏོགས་པའི་གླིང་བཞི་པ་རྣམས་སུ་སྤྲུལ་པའི་སྐུས་སེམས་ཅན་གྱི་དོན་མཛད་དོ་ཞེས་ཁས་བླང་དགོས་སོ། །དེ་བཞིན་གཤེགས་པས་འཁོར་བ་ཐམས་ཅད་དུ་གཏོགས་པའི་གླིང་བཞི་པ་རྣམས་སུ་སྤྲུལ་པའི་སྐུའི་སྤྱོད་པ་སྟོན་པར་ནི་སྤྱོད་དེ། གལ་ཏེ་ ཐམས་ཅད་དུ་སྤྲུལ་པའི་སྐུའི་སྤྱོད་པ་སྟོན་པར་མི་སྤྱོད་ན་ནི་དེ་བཞིན་གཤེགས་པ་ཐོགས་པ་མེད་པའི་ཡེ་ཤེས་དང་ལྡན་པ་མ་ཡིན་ནོ། །འོན་ཀྱང་འཇིག་རྟེན་ན་ལོང་བ་མགོན་མེད་པ་རྣམས་སུ་མགོན་བྱ་བའི་ཕྱིར་སངས་རྒྱས་པར་བྱའོ་ཞེས་སྨོན་ལམ་འདེབས་པར་མཛད་པར་འཇིག་རྟེན་གྱི་ཁམས་གཞན་དག་ཏུ་དེ་བཞིན་གཤེགས་ པ་མི་འབྱུང་བ་ཡང་མ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་དག་ཏུ་ནི་འགྲོ་བ་རྣམས་ལོང་བར་གྱུར་པར་མི་རིགས་སོ། །འཇིག་རྟེན་གྱི་ཁམས་ཁྱད་མེད་པར་བཤད་ན་ནི་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་འབྱུང་བར་མི་རིགས་པར་ཐལ་བར་འགྱུར་རོ་ཞེ་ན། དེ་ལྟར་ཡོངས་སུ་རྟོག་པར་ གྱུར་ན་སྟོང་གཉིས་པ་དང་སྟོང་གསུམ་པ་རྣམས་ཀྱི་གླིང་བཞི་པ་རྣམས་སུ་ཡང་ཅི་དེ་བཞིན་གཤེགས་པ་རྣམས་འབྱུང་བར་མི་རིགས་པར་འགྱུར་རོ། །དེ་ལྟ་ན་ནི་བྱང་ཆུབ་སེམས་དཔའ་ཤིན་ཏུ་མངའ་བའི་ཚོགས་མཉམ་པར་གྱུར་པའི་ཚོགས་འབྲས་བུ་དང་བཅས་པར་འགྱུར་ཞིང་སེམས་ཅན་ཤིན་ཏུ་མང་པོའི་དོན་ 63-1-216b བྱ་བ་ལ་དེ་བཞིན་གཤེགས་པ་རྣམས་ཤིན་ཏུ་ཡང་ཉོན་མོངས་པ་མེད་པར་འགྱུར་ཏེ། ཡུལ་ཤིན་ཏུ་ཆུང་ངུ་ལ་ཁྱབ་པར་མཛད་པའི་ཕྱིར་གལ་ཏེ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བ་མི་མངའ་ན་སྐུ་གདུང་རྣམས་ཇི་ལྟར་སྣང་བར་འགྱུར། སྨྲས་པ། རྫོགས་སངས་མྱ་ངན་མི་འདའ་ན། །ཉེས་པ་དྲུག་ གཅིག་འབྱུང་འགྱུར་ཏེ། །དོན་མེད་ནུས་པ་མ་ཚང་དང་། །ཐམས་ཅད་གདུལ་བར་མི་འགྱུར་དང་། །ཉན་ཐོས་རྣམས་དང་མཚུངས་འགྱུར་དང་། །སྐུ་གདུང་རྣམས་ནི་མི་འབྱུང་དང་། །གླིང་བཞི་པ་ཙམ་ཉིད་དུ་ནི། །འཁྲུངས་པར་དེ་དག་སྣང་བར་འགྱུར། །སྐལ་བ་མཉམ་པ་ཆད་པ་དང་། །བདེ་གཤེགས་ ཀྱང་ནི་མྱ་ངན་འདས། །ཇི་ལྟར་ཉན་ཐོས་ལ་སོགས་པ། །འཆི་བའི་ལུས་ནི་སྣང་བ་དང་། །མི་མཐུན་ཆོས་སུ་སྟོན་པ་སྟེ། །མོ་གཤམ་བུ་བཞིན་ཤེས་པར་བྱ། གཞན་དུ་སྐུ་གདུང་མེད་པ་ཡི། །ཚད་མ་དང་ནི་འགལ་བར་འདོད། །ཅེས་བྱ་བ་དེ་འདིར་ཤིན་ཏུ་བཏགས་པ་ཙམ་སྟེ། གང་ལུང་ གཞན་དག་ལས་ཀྱང་དེ་བཞིན་གཤེགས་པ་རྣམས་ངེས་པར་སྐྱེ་བ་གཞན་དུ་བཞེས་པ་ལ་དོན་འདི་ལ་ཐེ་ཚོམ་དང་བཅས་པ་ཡིན་ཡང་བཅོམ་ལྡན་འདས་ནི་གཞན་གྱི་དོན་མཛད་པའི་བྱ་བ་ལ་གཞོལ་བར་འདོད་པས་དད་པ་ལ་གཞོལ་བའི་སེམས་དང་ལྡན་པ་རྣམས་འདོར་ཞིང་སྤོང་བར་མཛད་པ་ནི་མི་རིགས་སོ། །ལུང་ གཞན་གྱི་སྟོབས་ལ་ངེས་པར་སྟོན་པ་ལྟ་སྨོས་ཀྱང་ཅི་དགོས། དེ་བཞིན་དུ་ཐེག་པ་མཆོག་གི་ཚུལ་ཡང་ཞོགས་ཤིག །དགེ་འདུན་ཕལ་ཆེན་སྡེའི་ལུང་ལས། འདུས་པ་ལ་སོགས་པ་རྣམས་ནི་དེ་བཞིན་གཤེགས་པ་ཁམས་གཞན་དག་ཏུ་འབྱུང་བར་འཆད་དོ། །གཞན་དོན་འདི་ལ་རིགས་པ་ཡང་ཡོད་དེ། གང་ལྷན་ཅིག་ཏུ་ རྒྱུ་རྣམས་ཉེ་བར་འདུས་པའི་ནུས་པ་དང་ལྡན་པ་དེ་རྣམས་ལྷན་ཅིག་སྐྱེ་བར་འོས་ཏེ། དཔེར་ན་ལྷན་ཅིག་བཏབ་པའི་ས་བོན་ཚོགས་པ་རྣམས་ཀྱི་བར་མ་བཅད་ན་ཚོགས་པ་ལས་ལྷན་ཅིག་མྱུ་གུ་འབྱུང་ངོ་། །བྱང་ཆུབ་ཀྱི་ས་བོན་བཏབ་པའི་རིམ་པ་ལ་ནི་ལྷན་ཅིག་གིས་ཚོགས་བསགས་པར་མི་ནུས་ཏེ། རྒྱུ་ཡང་སྣ་ཚོགས་པ་ལས་ མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་འབྲས་བུ་དང་བཅས་པར་སྟེར་བའི་དེ་བཞིན་གཤེགས་པའི་མྱུ་གུ་རྣམས་འབྱུང་བ་ཡིན་ནོ། །རང་བཞིན་གྱིས་རྒྱུ་ཡོད་པའམ། ནུས་པའི་རྒྱུ་འབྲས་བུ་མི་བསྐྱེད་པ་ནི་རིགས་པ་དང་འགལ་བ་ཡིན་ཏེ། གང་གི་ཕྱིར་འགྲོ་བ་མཐའ་ཡས་པ་མ་ལུས་པ་ཅིག་ཅར་སྟོན་པའི་ཕན་ 63-1-217a པའི་བློ་དང་ལྡན་པའི་བདག་ཉིད་ཆེན་པོ་སྐྱེས་བུ་གཅེས་པར་འཛིན་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་ནས་རྗེས་སུ་གནས་པར་སྣང་ངོ་། །དེ་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཅིག་ཅར་ཡོངས་སུ་རྫོགས་པ་ནི་ངེས་པར་འདོད་པ་ལ་རག་ལས་ཏེ། བསྟན་བཅོས་ལེགས་པར་རྟོགས་པའི་འཆད་པ་བྱེད་པ་དང་མཚུངས་སོ། །དེས་ན་སངས་རྒྱས་ཉིད་དུ་འགྱུར་བའི་རྒྱུ་གང་གིས་དགག་སྟེ། སེམས་ཅན་སྣ་ཚོགས་པ་རྣམས་ལ་དོན་མཛད་བཞེད་པ་ཡང་ཚོགས་བསགས་ནས་ནི་མི་བཞེད་པ་ཉིད་དུ་གེགས་སུ་གྱུར་པ་ཡིན་ནོ། །ཇི་སྐད་དུ་སྙིང་རྗེ་པདྨ་དཀར་པོའི་མདོ་ལས་ཀྱང་། བྱམས་པ་ཁྱོད་མྱུར་དུ་བླ་ན་མེད་པའི་ཡེ་ཤེས་ཀྱིས་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་བཞུགས་པར་ནུས་ཀྱང་གང་གི་ཕྱིར། བྱམས་པ་ཁྱོད་ཡུན་རིང་པོར་འདི་སྙེད་དུ་འཁོར་བར་མངོན་པར་དགའ་བ་དེ་ཐམས་ཅད་ནི་སྨོན་ལམ་གྱི་དབང་གིས་དུས་ལ་སྡོད་པ་ཡིན་ཏེ། དེ་བས་ན་བྱམས་པ་ཁྱོད་ད་ལྟར་ངའི་རྒྱལ་ ཚབ་ཡོངས་སུ་བླངས་པ་ཡིན་ནོ་ཞེས་གསུངས་ཏེ། དེ་ལྟ་མོད་ཀྱི་བཅོམ་ལྡན་འདས་འགྲོ་བའི་དོན་དུའམ། ཡང་ན་སྐྱེས་བུས་སམ། གཞན་གྱིས་དེར་འཇུག་པ་ནི་མ་ཡིན་ཏེ། གང་གི་ཕྱིར་གཅིག་གིས་ཀྱང་ནུས་པས་འདོད་དེ་བདག་གིས་ཅི་ཞིག་བྱ་སྙམ་དུ་དགོངས་ནས་གཞན་ལྡོག་པར་མཛད་པ་དེ་རྣམས་ཀྱང་ ཐུགས་རྗེ་ཆེན་པོ་བསྐྱེད་པ་མངོན་དུ་མཛད་པས་ན། ཇི་ལྟར་ཐུགས་རྗེ་ཆེན་པོ་གཞན་གྱི་དབང་གིས་འཇུག་པ་དེ་བཞིན་དུ་ལྷག་མ་རྣམས་ཀྱང་དེ་དང་འདྲ་སྟེ། རྒྱུ་མ་ཚང་བ་མེད་པའི་དགོངས་པ་དམ་པ་དེ་འདི་ལྟར་གྲངས་སུ་བགྲང་བ་ཇི་ལྟར་མཛད། དེ་རྣམས་ལོངས་སྤྱོད་རྫོགས་པའི་སྐུས་སམ། སྤྲུལ་པའི་ སྐུས་རང་གི་འཇིག་རྟེན་གྱི་ཁམས་སམ་ཁམས་གཞན་གྱི་གླིང་བཞི་རྣམས་སུ་སྐལ་བ་ཇི་ལྟ་བ་བཞིན་དུ་འགྲོ་བའི་དོན་ལྷུན་གྱིས་གྲུབ་པར་རྫོགས་པར་མཛད་ཀྱི་ཐུགས་རྗེའི་རང་བཞིན་གྱི་སྐུ་ཅན་རྣམས་ནི་དམིགས་པ་ཅན་དུ་འོས་པ་མ་ཡིན་ཏེ། སངས་རྒྱས་ཀྱི་རོལ་པ་འདི་ནི་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །ཇི་ལྟར་སྨོན་ ལམ་དང་འགལ་བ་མེད་དེ། གང་གི་ཕྱིར་མགོན་མེད་པ་ཉིད་དང་། ལོང་བར་གྱུར་པའི་འགྲོ་བ་རྣམས་ལ་དེ་བཞིན་གཤེགས་པ་རྣམས་མ་གཏོགས་པར་དགྲ་བཅོམ་པ་ལ་སོགས་པ་མགོན་དུ་གྱུར་པ་དང་། མིག་ཏུ་གྱུར་པ་ནི་མི་རིགས་སོ། །སྐུ་གདུང་མེད་པ་ཡང་མ་ཡིན་ཏེ། བཅོམ་ལྡན་འདས་ 63-1-217b ཀྱི་བྱིན་རླབས་ཉིད་ཀྱིས་སྐྱེ་མཆེད་དང་བའི་རྒྱུད་ལ་སྣང་གིས་སྐུ་གདུང་ཉིད་དེ་ཡོད་པ་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ནི་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་དང་ལྡན་པའི་ཕྱིར་དང་། ཐུབ་པ་རྣམས་ནི་རྙོག་པ་མེད་པའི་ཤེས་རབ་ཀྱིས་འཁོར་བ་ཇི་སྲིད་པར་བཞུགས་པའི་ཕྱིར་ཏེ། ཇི་སྐད་དུ་གསེར་འོད་དམ་པའི་ མདོ་ལས། མཐོ་རིས་སུ་ནི་འཛེག་པའི་ཕྱིར། །ནམ་ཞིག་རི་བོང་རྭ་རྣམས་ལས། །སྐས་ནི་ལེགས་པར་བྱས་གྱུར་པ། །དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །སྐུ་ལ་རུས་པ་ཁྲག་མེད་ན། །རིང་བསྲེལ་ཡོད་པར་གཟུགས་ལ་འགྱུར། །ཞེས་གསུངས་ཏེ། གང་ལ་ཡང་དཔེ་འདིས་ན་གང་དུ་འབྱུང་བའི་འཇིག་ རྟེན་གྱི་ཁམས་བཞིན་དུ་དེ་གྲུབ་པ་མ་ཡིན་ཏེ། དེར་དེ་བཞིན་གཤེགས་པ་དེ་ཉིད་གཅིག་པུ་བྱ་བ་མཛད་པ་མ་ཡིན་ནོ། །མ་གྲུབ་པ་ནི། གང་གི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི་འགྲོ་བའི་དོན་རྫོགས་པར་བྱ་བ་ཡིན་ལ། དེ་མཛད་པ་ཡང་བཅོམ་ལྡན་འདས་གཅིག་པུ་འདུས་པར་མཛད་པའི་ཚུལ་དེས་ འདུལ་བར་འགྱུར་བའི་སྐྱེ་བོ་རྣམས་ནི་སྲིད་དེ། ཇི་སྐད་དུ། འཕགས་པ་རིན་པོ་ཆེ་ཏོག་གི་མདོ་ལས། བཅོམ་ལྡན་འདས་འོད་དཔག་མེད་དང་། ཤཱཀྱ་ཐུབ་པ་ལ་སོགས་པ་གཅིག་ཏུ་འདུས་པར་མཛད་ནས་སེམས་ཅན་དཔག་ཏུ་མེད་པའི་བྱ་བ་མཛད་དོ་ཞེས་འབྱུང་བ་སྟེ། ཕྲག་དོག་མ་ལུས་སྤངས་པ་ རྣམས། །ཕྱོགས་གཅིག་བཞུགས་པ་ཉིད་ན་ཡང་། །བཅོམ་ལྡན་འདས་རྣམས་རྣམ་མཛེས་ཏེ། །འཁོར་ལོས་སྒྱུར་ལས་ཁྱད་པར་འཕགས། །ཞེས་བཤད་པ་སྟེ། ཕྲག་དོག་ནི་ནག་ནོག་གི་སྤྱོད་པ་ཅན་གྱི་འཁོར་ལོས་སྒྱུར་བ་རྣམས་ནི་གཅིག་ལ་གཅིག་གིས་འབྱོར་པ་ལ་ཁོང་ཁྲོ་བར་བྱེད་པ་རྣམས་ གཅིག་ཏུ་མཛེས་པ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་རིགས་ཀྱི་བཅོམ་ལྡན་འདས་ནི་ཡང་ཐུགས་རྗེའི་རང་བཞིན་ལས་རྗེས་སུ་སྤྲུལ་པའི་སྐུ་དང་ལྡན་པ་ཕྲག་དོག་དང་སེར་སྣ་ལ་སོགས་པས་རྗེས་སུ་གོས་པ་མེད་པའི་བདག་ཉིད་ཅན་འགྲོ་བའི་དོན་མཉམ་པ་མེད་པ་ལྷུན་གྱིས་གྲུབ་པར་མཉམ་པར་གྱུར་པ་རྣམས་གཅིག་ཏུ་འདུས་ ཀྱང་ནི་མཛེས་པ་ཅི་ཞིག་ཡོད། འདུས་པར་གྱུར་པའི་ཚུལ་དེས་གདུལ་བའི་སྐྱེ་བོ་རྣམས་མེད་པར་གྱུར་ན་ནི་གཅིག་ཏུ་འདུས་པར་ནི་མཛད་དོ། །དེ་བས་ན་འདི་ལྟར་འཇིག་རྟེན་གྱི་ཁམས་གཅིག་ཏུ་དེ་བཞིན་གཤེགས་པ་མང་པོ་དུས་གཅིག་འབྱུང་བར་སྲིད་པ་ལ་འགལ་བ་ཡོད་པ་མ་ཡིན་ནོ། །དེ་ཡང་དེ་ 63-1-218a རྣམས་ཀྱིས་འདི་ལྟར་སྨོན་ལམ་བཏབ་སྟེ། ཇི་ལྟ་ཇི་ལྟར་གདུལ་བྱ་རྣམས་ཀྱི་དོན་རྫོགས་པར་འགྱུར་བ་འབྱུང་བ་དེ་ལྟ་དེ་ལྟར་བདག་ཅག་ལ་བརྟན་པ་རྣམས་ལ་སྣང་བར་གྱུར་ཅིག་ཅེས་གསུངས་ཏེ། དེའི་གཟུགས་ཙམ་དུ་སྣང་བ་ལས་མ་གཏོགས་པར་འཇིག་རྟེན་གྱི་ཁམས་ཀྱང་མེད་ ལ། རྒྱལ་བའི་གཟུགས་ཀྱི་སྐུ་ཡང་ཡོད་པ་མ་ཡིན་ཏེ། དངོས་པོ་ཐམས་ཅད་ནི་ཡེ་ཤེས་ཀྱི་ལུས་ཉིད་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་ལང་ཀར་གཤེགས་པའི་མདོ་ལས། སེམས་ཅན་ལས་རྣམས་མཐའ་ཡས་ཀུན་དུ་འབྱུང་། །སྣ་ཚོགས་ལ་ལས་འཇིག་རྟེན་ཐམས་ཅད་དེ། །འགྲོ་བ་སེམས་ ཀྱི་ངོ་བོར་ཤེས་ན་ནི། །རང་གི་ལུས་ནི་བསམ་གྱིས་མི་ཁྱབ་སྟོན། །ཞེས་གསུངས་སོ། །ཡང་ན་ཇི་ལྟར་དེ་བཞིན་གཤེགས་པ་གཅིག་ཉིད་ཀྱི་གདུལ་བྱ་ཡིན་པར་གསུངས་སོ་ཞེ་ན། དེ་ལྟ་ན་ཡང་དེ་བཞིན་གཤེགས་པ་གཅིག་ཉིད་ཀྱི་གདུལ་བྱ་ནི་སངས་རྒྱས་ཐམས་ཅད་ཀྱི་གདུལ་བྱ་ཡང་ཡིན་པས་དེ་རྣམས་ཀྱང་སྔ་ མ་བཞིན་དུ་དེ་བཞིན་གཤེགས་པ་གཞན་རྣམས་ཀྱི་ཡང་མཛད་པ་ཡིན་པར་འདོད་དེ། དེ་ཉིད་བསྒྲུབ་པར་བྱ་བ་མ་ཚང་བའི་དཔེར་འགྱུར་རོ། །གཞན་ཡང་གཞན་དག་ཀྱང་ཇི་སྲིད་དུ་སྲིད་པ་སྒོམ་པའི་དམ་པ་རྣམས་ནི་སྙིང་བརྩེ་བས་དབུལ་བར་གྱུར་ཀྱང་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའི་ནོར་ཡོངས་སུ་བསྐྱང་བར་བྱ་བའི་ ཕྱིར་དང་། དམ་བཅས་པའི་དོན་མཐར་ཕྱིན་པར་བྱ་བའི་ཕྱིར་ནུས་པ་ཐམས་ཅད་ཀྱང་ཟད། དེས་ངེས་པར་རྫོགས་པར་བྱེད་པ་དག་སྣང་ན་དེ་བཞིན་གཤེགས་པ་རྣམས་ནི་སྐྱེ་བོ་དམ་པ་མ་ལུས་པའི་གཙུག་གི་ནོར་བུར་གྱུར་ཅིང་། སྲིད་པའི་འཇིགས་པ་རྣམས་ལས་ཡང་དག་པར་བརྒལ་བ། ངོ་ཚ་ཤེས་པ་དང་ བདེན་པ་དང་སྙིང་བརྩེ་བའི་ནོར་རྣམས་མངོན་དུ་བདག་གིར་མཛད་པ་ཡེ་ཤེས་ཀྱི་ནུས་པ་ཐོགས་པ་མེད་པ་རྣམས་ཀྱིས་རྫོགས་པར་མི་མཛད་ཅེས་བྱ་བ་ལ་སེམས་དང་ལྡན་པ་གང་ཞིག་དད་པར་འགྱུར། དམ་བཅས་པ་ཡང་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་ལས་ཤིན་ཏུ་ངེས་པར་གྲོལ་བའི་ཕྱིར་ མཛད་དེ། དེ་ཡང་བཅོམ་ལྡན་འདས་ཀྱིས་སྔོན་གྱི་སྨོན་ལམ་བཏབ་པ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །རྒ་ནད་འཆི་བའི་དབའ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་གདོན་པར་བགྱི། །ཞེས་བྱ་བའི་སྒྲ་ནི་སེམས་ 63-1-218b ཅན་ཉུང་ཟད་ཅིག་གཟུང་བར་རིགས་པ་མ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་དམིགས་པའི་ཐུགས་རྗེ་ཆེན་པོ་མེད་པར་ནི་མ་གྱུར་ཅིག །དེ་བས་ན་ཇི་སྙེད་དུ་སེམས་ཅན་གཅིག་ཡོད་པ་དེ་སྲིད་དུ་ནི་ཐུགས་རྗེའི་རང་བཞིན་ཅན་རྣམས་མྱ་ངན་ལས་འདའ་བར་མཛད་པའི་རིགས་པ་མ་ཡིན་ནོ། །དེ་ཡང་ མཐའ་ཡས་པ་ཡིན་པས་ན་སེམས་ཅན་ཐམས་ཅད་འཁོར་བ་ལས་ངེས་པར་གདོན་མི་སྲིད་དོ་ཞེ་ན། དེ་ཉིད་ཀྱིས་ན་ཐུགས་རྗེའི་རང་བཞིན་ཅན་དེའི་དགོས་པ་དང་ལྡན་པ་རྣམས་ནི་གནས་སྐབས་ནི་མཐའ་ཡས་པ་ཡིན་ཏེ། གཞན་དུ་ན་དམ་བཅས་པ་དང་རྗེས་སུ་མཐུན་པར་སྒྲུབ་པར་མཛད་པར་མི་འགྱུར་ལ། ཐུགས་རྗེ་ཆེན་པོ་དང་རྗེས་སུ་མཐུན་པར་ཡང་མ་ཡིན་ནོ། །དེ་ཡང་ཐུགས་རྗེ་ཆེན་པོ་འདི་ནི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ལས་ཡོངས་སུ་སྐྱོབ་པར་བཞེད་པའི་རྣམ་པ་ཅན་ནོ། །དེ་ལྟར་ན་འདི་ལ་ལེགས་པར་བསྒོམས་པས་ཅིའི་ཕྱིར་དུས་མ་ཡིན་པར་འཆད་པར་འགྱུར་བར་འདོད་དེ། རྒྱུན་མི་འཆད་དོ། །འོན་ ཀྱང་དུས་དེའི་ཚེ་འབྱུང་བའི་སངས་རྒྱས་ཀྱིས་འདུལ་བ་རྣམས་ཏེ། རབ་བཟང་གི་མཐར་ཐུག་པ་དེ་ཐམས་ཅད་བཏུལ་ནས། གང་གཞན་དག་ནི་དུས་གཞན་དག་ཏུ་རྒྱུད་ཡོངས་སུ་སྨིན་པར་འགྱུར་བར་འབྱུང་བ་རྣམས་ལ་དེའི་དོན་མཛད་པའི་ཕྱིར་དེ་བཞིན་གཤེགས་པ་གཞན་རྣམས་རིམ་གྱིས་འབྱུང་བར་འགྱུར་ལ། དེ་ ནས་དེ་རྣམས་ལ་ཕན་པར་རྫོགས་པར་བྱ་བའི་བྱང་ཆུབ་སེམས་དཔའ་གཞན་དག་དབང་བསྐུར་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ཡིན་གྱི། གཞན་དུ་ན་བར་དུ་གཞན་གྱི་དོན་ལ་འཇུག་པ་རྣམས་དོན་མེད་པའི་གནས་སྐབས་སུ་འགྱུར་རོ་ཞེས་བྱ་བ་དེ་ནི་མི་རིགས་ཏེ། སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་ རྣམས་མེད་པར་ནི་གྲུབ་པའི་ཕྱིར་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཆ་ལུགས་གཞན་དག་གིས་འདུལ་བ་དག་ཀྱང་སྲིད་དེ། སྔར་ཇི་སྐད་བཤད་པ་བཞིན་ནོ། །དོན་མེད་པར་བཞུགས་པའང་མ་ཡིན་ཏེ། དེའི་དོན་མཛད་པའི་ཆེད་དུ་བཞུགས་པའི་ཕྱིར་རོ་ཞེས་བཤད་དོ། །དེ་ཡང་ཇི་ལྟར་ཤཱཀྱའི་ རྒྱལ་པོས་ཀྱང་རབ་བཟང་ལ་བཞེས་པར་མཛད་པའི་ཕྱིར་སྐད་ཅིག་ཇི་སྙེད་དུ་བཞུགས་ཏེ། དུས་དེ་ནི་ཤིན་ཏུ་ཆུང་བ་ཡིན་ནོ་ཞེས་ཀྱང་ཡང་དག་པར་མི་བརྟག་སྟེ། གང་རང་ཉིད་ཀྱི་ཐུགས་ལ་མངོན་པར་འདོད་པའི་དོན་བརྙེས་པ་དེ་དག་ནི་དུས་རིང་བ་དང་། ཐུང་བར་བརྩི་བར་མི་མཛད་དོ། །དེར་གཞན་དག་བླ་ 63-1-219a ན་མེད་པའི་ནུས་པ་དང་ལྡན་པ་འབྱུང་བར་འགྱུར་རོ་སྙམ་དུ་ཡང་མི་དགོངས་ཏེ། དེ་ལྟ་ན་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་འབད་པ་མེད་པ་ཁོ་ནར་འགྱུར་ཏེ། འཇིག་རྟེན་མང་པོ་གདོན་པའི་བསམ་པ་ཅན་བྱ་བ་གཟིགས་པ་དེ་དག་གིས་བྱས་ཟིན་ན་འདིར་བདག་གིས་ཅི་ཞིག་བྱ་སྙམ་ དུ་དགོངས་པར་འགྱུར་རོ། །ཐུགས་རྗེ་ཆེན་པོ་དང་ལྡན་པས་དེ་ལྟར་བརྩི་བར་མི་མཛད་པར་འཇུག་གོ་ཞེ་ན། ལྷག་པར་གནས་པར་མཛད་པ་ལ། ཅི་ཕྱིར་བརྩི་བ་ལ་བརྩོན་པར་མི་མཛད། གནས་སྐབས་དེར་བརྩི་བར་མི་མཛད་པར་རིགས་པ་ཡིན་ནོ། །འཇུག་པའི་རྒྱུར་ཐུགས་རྗེ་ཆེན་པོ་མངོན་དུ་མཛད་ པས་དེའི་ཕྱིར་ཡེ་ཤེས་ཐོགས་པ་མེད་པ་དང་ལྡན་ཡང་ལྷན་ཅིག་ཏུ་ཡང་འབྱུང་བར་འགྱུར་རོ། །བཅོམ་ལྡན་འདས་རྣམས་ནི་སེམས་ཅན་རྣམས་ཀྱི་དོན་ལ་འཇུག་པའི་རྒྱུ་མཉམ་པས་སོ་སོའི་སྐྱེ་བོ་ས་ལ་གནས་པ་ན་ཡང་རྒྱལ་པོ་གདོན་པའི་ཕྱིར་རྡོ་འདེགས་པ་དང་མཚུངས་སོ་ཞེ་ན། དེ་ལྟ་ན་ཡང་ཐོགས་པ་མེད་པའི་ཡེ་ ཤེས་དང་ལྡན་པ་གཅིག་གི་ངོ་བོ་གྱུར་པས་རྒྱུ་དང་འབྲས་བུ་རྗེས་སུ་མཚུངས་པར་འགྱུར་ན། གཞན་དག་ཀྱང་དེ་དང་མཉམ་པར་མི་འགྱུར་བས་དེ་བཞིན་དུ་ཁོང་དུ་ཆུད་པར་བྱ་བ་ནི་རིགས་པ་མ་ཡིན་ནོ། །གཅིག་མེད་པར་གྱུར་ནས་དེ་ལས་གཞན་པ་དེ་དང་མཉམ་པའི་རྒྱུ་ལས་ཀྱང་མི་འབྱུང་བ་མ་ཡིན་ནོ། །འདིར་སྨྲས་ པ། བསྐལ་པ་མང་པོའི་གྲངས་སྙེད་དུ། །བསྒོམ་པ་ཡོངས་སུ་རྫོགས་པ་ཡི། །ཐུགས་རྗེ་ཆེན་པོར་ལྡན་པ་གང་། །གཞན་གྱི་ཁ་ན་ལས་པས་བཞུགས། །ཞེས་བཤད་དོ། །བཅོམ་ལྡན་འདས་ཡོན་ཏན་གྱི་རང་བཞིན་གྱི་སྐུ་དང་ལྡན་པ་རྣམས་ཤིན་ཏུ་རྒྱུན་མི་འཆད་པའི་མཚན་ཉིད་ཡོངས་སུ་མྱ་ངན་ལས་ འདས་པར་མ་གྱུར་པ་དེ་ལ་སྐྱབས་སུ་འགྲོ་བ་དོན་དུ་གཉེར་བ་རྣམས་ཀྱང་དེ་ལྟར་དང་ཐ་དད་པར་མི་རིགས་སོ། །དེ་ཡང་བཅོམ་ལྡན་འདས་ནི་སྐྱབས་ཀྱི་དོན་དང་སྐྱོབ་པའི་དོན་དུ་བཤད་དེ། གང་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་འགྲོ་བ་དེ་ནི་སངས་རྒྱས་སུ་བྱེད་པའི་ཆོས་མི་སློབ་པ་ལ་སྐྱབས་སུ་འགྲོ་སྟེ། མར་མེའི་རྒྱུན་ལྟ་བུའི་སངས་རྒྱས་སུ་བྱེད་པའི་མི་སློབ་པའི་ཆོས་ཀྱི་བདག་ཉིད་ཅན་གྱི་རྒྱལ་བ་རྣམས་ཤིན་ཏུ་ཡང་སོ་སོར་ནུབ་པར་གྱུར་ན་དེ་རྣམས་ཀྱི་སྐྱོབ་པར་སྤྱོད་པའི་ནུས་པ་ག་ལས་འོངས། ནུས་པ་མངའ་བ་ལས་ན་མྱ་ངན་ལས་མི་འདའ་བར་ཐལ་བར་འགྱུར་ལ། ནུས་པའི་མཚན་ཉིད་དང་ལྡན་པའི་ 63-1-219b དངོས་པོ་རྣམས་ནི་འདས་པའི་དུས་ན་གནས་ཀྱང་ནུས་པ་ཉམས་པ་མེད་དོ་ཞེ་ན། འདས་པ་དེའི་གཟུགས་ཡོད་པ་དེ་ལྟར་ཡང་ཡོད་པར་བཤད་པ་མི་རིགས་སོ། །དེ་བཞིན་དུ་ཡང་དེ་ཉིད་མི་གནས་པའི་མྱ་ངན་ལས་འདས་པར་གྲུབ་ཅིང་ནུས་པའི་གཟུགས་ནུབ་པར་གྱུར་ན་ནི་ལྷག་མ་ལུས་པ་ཅི་ཞིག་ཡོད། ཡང་ དེས་བསྟན་པའི་གསུང་རབ་རིན་པོ་ཆེས་ཀྱང་སྐྱོབ་པའི་ནུས་པ་ད་དུང་ཡང་ཡོད་པར་འདོད་ན་ནི་དེའི་ནུས་པ་ཡང་བརྗོད་པར་བྱ་སྟེ། གལ་ཏེ་དེ་ལྟ་ན་ནི་དེ་ལ་སྐྱབས་སུ་འགྲོ་བའི་གཙོ་བོར་མི་འགྱུར་ལ། དེའི་འབྲས་བུའི་ནུས་པ་ཡང་དེའི་མ་ཡིན་ཏེ། རང་བཞིན་གྱི་དབྱེ་བས་དེ་དང་ད་ལྟར་གྱི་ནུས་པ་གཅིག་ཏུ་འཕོ་བ་མ་ ཡིན་ཏེ། དེ་མ་བསྟན་པར་དེའི་སྐྱོབ་པའི་དོན་མེད་དོ། །ལུང་འཛིན་པར་བྱེད་པ་གནས་པ་མེད་པ་ཡིན་ཏེ། གང་འདི་རྒྱུ་མེད་པ་ཞེ་འགྲས་པ་བཞིན་དུ་ལུང་དང་རིགས་པ་གཞན་དག་དང་ལྡན་དུ་ཟིན་ཀྱང་མངོན་པར་འདོད་པའི་ལུང་གི་དོན་ལས་འདས་ཤིང་བརྒལ་ལ། དེ་དག་བཅོམ་ལྡན་འདས་འཕོ་བར་སྟོན་ པའི་ཕྱིར་སྤྲོས་པ་དང་བཅས་ཤིང་གནས་པར་འགྱུར་ཏེ། དེ་ཡང་མངོན་པར་འདོད་པ་ཅན་གྱི་མྱ་ངན་ལས་འདས་པ་ནི་ཆོས་ཡང་དག་པར་སྡུད་པ་ལས་གསུངས་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཁོང་དུ་ཆུད་པར་བྱ་སྟེ། བཅུ་གང་ཞེ་ན་འདི་ལྟ་སྟེ། ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤོང་བའི་མཐར་འགྲོ་བ་དང་། གང་ཟག་དང་ཆོས་ཀྱི་ཡུལ་ལ་བདག་མེད་པར་ཁོང་དུ་ཆུད་པ་དང་། སྐྱེ་བ་དང་ཆོས་ཀྱི་གནས་གྱུར་པ་རྙེད་པ་དང་། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་མཛད་པ་བྱེད་པ་ལྷུན་གྱིས་གྲུབ་པ་རྒྱུན་མ་བཅད་པའི་ཡེ་ཤེས་ཐོབ་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་དབྱེར་མེད་པ་ཐོབ་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་རྣམ་པ་གཉིས་སུ་བསམ་པ་དང་བྲལ་བ་དང་། ཆོས་ཐམས་ཅད་ཀྱི་རྩ་བ་ཡོངས་ སུ་དག་པ་དང་། ཆོས་ཐམས་ཅད་སྐྱེ་བ་མེད་ཅིང་འགག་པ་མེད་པ་དེའི་དངོས་པོ་བསྒོམ་པ་དང་། དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས་དང་ཡང་དག་པའི་མཐའ་མཉམ་པའི་ཡེ་ཤེས་ཐོབ་པ་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་དང་མྱ་ངན་ལས་འདས་པའི་རང་བཞིན་དང་མཉམ་པའི་ཡེ་ཤེས་ཐོབ་པ་སྟེ། 63-1-220a རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུ་པོ་དེ་དག་གིས་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཁོང་དུ་ཆུད་པར་བྱའོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུས་དེ་བཞིན་ གཤེགས་པ་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཁོང་དུ་ཆུད་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་ནི་སྨོན་པ་ཡིན་ཏེ། སྨོན་པ་ལས་བྱུང་བའོ། །དེ་བཞིན་གཤེགས་པ་ལ་ནི་སྨོན་པ་མེད་དོ། །དེ་སྨོན་པ་དང་བྲལ་བས་དེ་བཞིན་གཤེགས་པ་ ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །སྨོན་པ་མེད་པས་དེ་བཞིན་གཤེགས་པས་ནི་ཆོས་གང་ཡང་མི་ལེན་ཏོ། །མི་ལེན་པས་མི་འཇུག་མི་ལྡོག་སྟེ། ལེན་པ་མེད་པས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །གང་འཇུག་པ་དང་ལྡོག་པ་ཡང་དག་པར་ཆད་པ་དེ་ནི་ཆོས་ཀྱི་སྐུ་ སྟེ། མི་སྐྱེ་མི་འགག་གོ། །སྐྱེ་བ་དང་འགག་པ་དང་བྲལ་བས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །གང་སྐྱེ་བ་མེད་པ་དང་འགག་པ་མེད་པ་དེ་ནི་ཅིར་ཡང་བརྗོད་པར་བྱ་བ་མ་ཡིན་ཏེ། བརྗོད་པར་བྱ་བ་མེད་པས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་ བྱའོ། །བདག་དང་སེམས་ཅན་མེད་དེ། ཆོས་ཙམ་འདི་སྐྱེ་ཞིང་འགག་པས་ཆོས་ཀྱི་གནས་གྱུར་པའི་ཕྱིར་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ནི་གློ་བུར་བ་ཡིན་ཏེ། ཆོས་ཀྱི་དབྱིངས་ནི་འོང་བ་མེད་ཅིང་འགྲོ་བ་མེད་པས་དེ་གློ་བུར་བ་ ཡང་མ་ཡིན། གནས་པ་ཡང་མ་ཡིན་ཏེ། ཆོས་ཀྱི་དབྱིངས་མཉམ་པའི་ཕྱིར་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །དེ་བཞིན་ཉིད་ནི་བདེན་པ་སྟེ། དེ་བཞིན་ཉིད་མ་གཏོགས་པའི་ཆོས་གཞན་རྣམས་ནི་བརྫུན་པའོ། །བདེན་པའི་ངོ་བོ་ཉིད་ནི་དེ་བཞིན་ཉིད་དེ་དེ་བཞིན་ཉིད་ཀྱི་ངོ་བོ་ ཉིད་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །ཡང་དག་པའི་མཐའ་ནི་སྤྲོས་པ་མེད་པ། ཆོས་གཞན་ནི་སྤྲོས་པའི་ངོ་བོ་ཉིད་དེ། ཡང་དག་པའི་མཐའ་མཉམ་པའི་ཕྱིར་ཏེ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །སྐྱེ་བ་མེད་པ་ནི་བདེན་ཏེ། སྐྱེ་ 63-1-220b བ་ལ་སོགས་པའི་ཆོས་གཞན་རྣམས་ནི་མི་བདེན་པ་ལོག་པ། བརྫུན་པ་བསླུ་བའི་ཆོས་ཅན་ནོ། །དེ་བཞིན་གཤེགས་པ་ནི་བརྫུན་པ་བསླུ་བའི་ཆོས་ཅན་མ་ཡིན་ཏེ། བདེན་པའི་ངོ་བོ་ཉིད་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །ཡང་དག་པ་མ་ཡིན་པ་ནི་མངོན་པར་འདུ་ བྱེད་དེ། ཡང་དག་པ་ལ་ནི་མངོན་པར་འདུ་བྱ་བ་མེད་དོ། །ཡང་དག་པ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་སྟེ། འདུས་མ་བྱས་པ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུ་པོ་དེ་དག་གིས་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོངས་ སུ་མྱ་ངན་ལས་འདའ་བ་ཆེན་པོ་ཁོང་དུ་ཆུད་པར་བྱའོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུས་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཁོང་དུ་ཆུད་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པ་དང་སྦྱིན་པའི་འབྲས་བུ་བདག་མེད་ ཅིང་བདག་གི་བ་མེད་པ་དང་། སྦྱིན་པ་དང་སྦྱིན་པའི་འབྲས་བུ་ཡོངས་སུ་ཤེས་པས་རྣམ་པར་རྟོག་པ་གནས་གྱུར་པ་ཕྱིན་ཅི་མ་ལོག་པ་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །ཚུལ་ཁྲིམས་དང་ཚུལ་ཁྲིམས་ཀྱི་འབྲས་བུ་བདག་མེད་ཅིང་བདག་གི་བ་མེད་པ་དང་། ཚུལ་ཁྲིམས་དང་ཚུལ་ ཁྲིམས་ཀྱི་འབྲས་བུ་ཡོངས་སུ་ཤེས་པས་རྣམ་པར་རྟོག་པ་གནས་གྱུར་པ་ཕྱིན་ཅི་མ་ལོག་པ་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །བཟོད་པ་དང་བཟོད་པའི་འབྲས་བུ་བདག་མེད་ཅིང་བདག་གི་བ་མེད་པ་དང་། བཟོད་པ་དང་བཟོད་པའི་འབྲས་བུ་ཡོངས་སུ་ཤེས་པས་རྣམ་པར་རྟོག་པ་ གནས་གྱུར་པ་ཕྱིན་ཅི་མ་ལོག་པ་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །བརྩོན་འགྲུས་དང་བརྩོན་འགྲུས་ཀྱི་འབྲས་བུ་བདག་མེད་ཅིང་བདག་གི་བ་མེད་པ་དང་། བརྩོན་འགྲུས་དང་བརྩོན་འགྲུས་ཀྱི་འབྲས་བུ་ཡོངས་སུ་ཤེས་པས་རྣམ་པར་རྟོག་པ་གནས་གྱུར་པ་ཕྱིན་ཅི་མ་ལོག་པ་ནི་དེ་བཞིན་ གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །བསམ་གཏན་དང་བསམ་གཏན་གྱི་འབྲས་བུ་བདག་མེད་ཅིང་བདག་གི་བ་མེད་པ་དང་། བསམ་གཏན་དང་བསམ་གཏན་གྱི་འབྲས་བུ་ཡོངས་སུ་ཤེས་པ་རྣམ་པར་རྟོག་པ་གནས་གྱུར་པ་ཕྱིན་ཅི་མ་ལོག་པ་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ 63-1-221a པ་ཞེས་བྱའོ། །ཤེས་རབ་དང་ཤེས་རབ་ཀྱི་འབྲས་བུ་བདག་མེད་ཅིང་བདག་གི་བ་མེད་པ་དང་། ཤེས་རབ་དང་ཤེས་རབ་ཀྱི་འབྲས་བུ་ཡོངས་སུ་ཤེས་པས་རྣམ་པར་རྟོག་པ་གནས་གྱུར་པ་ཕྱིན་ཅི་མ་ལོག་པ་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །སེམས་ཅན་ ཐམས་ཅད་སེམས་ཅན་མ་ཡིན་པ་དང་། ཆོས་ཐམས་ཅད་བདག་མེད་པ་དང་། སེམས་ཅན་དུ་འདུ་ཤེས་པའི་ཕྱིན་ཅི་ལོག་ནི་བྲལ་ཞིང་ཆོས་ཡོངས་སུ་འདུ་ཤེས་པའི་ཕྱིན་ཅི་ལོག་པ་དང་བྲལ་བ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །གང་བདག་ལ་སྡུག་པར་འགྱུར་བ་དེ་ནི་ཚོར་བར་ འགྱུར་རོ། །ཚོར་བ་ལ་བརྩོན་པ་དེ་ནི་ཉོན་མོངས་སོ། །བདག་ལ་སྡུག་པ་དང་བྲལ་ཞིང་ཚོར་བ་ཐམས་ཅད་དང་བྲལ་བ་ནི་ཕྱིར་ཉོན་མོངས་ཏེ། ཉོན་མོངས་པ་མེད་པ་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །འདུས་བྱས་ནི་ཚད་དང་ལྡན་པ་ཡིན་ཏེ། འདུས་མ་བྱས་པ་ནི་ཚད་ མེད་པའོ། །འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ལས་རྣམ་པར་གྲོལ་ཞིང་འདུས་མ་བྱས་ཀྱི་ཆོས་ཉིད་ཐོབ་པ་ཚད་མེད་པའི་ཆོས་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །དེ་བཞིན་གཤེགས་པ་ནི་གང་སྟོང་པ་ཉིད་ལས་རྣམ་པར་གྲོལ་བའི་ཆོས་སམ། སེམས་ཅན་གང་ཡང་མ་ གཟིགས་ཏེ། སྟོང་པ་ཉིད་ནི་ཆོས་སོ། །ཆོས་ཀྱི་སྐུ་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུ་པོ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདས་ པ་ཆེན་པོ་ཁོང་དུ་ཆུད་པར་བྱའོ་ཞེས་མངོན་པར་འདོད་པ་ཅན་གྱི་མྱ་ངན་ལས་འདས་པ་བསྟན་པ་ཡིན་ནོ། །དེ་བཞིན་དུ་ཐོགས་མེད་ཀྱི་ཞལ་སྔ་ནས་ཀྱང་། སྒྲིབ་པ་ཀུན་ལས་ངེས་གྲོལ་ཕྱིར། །མཛད་པ་རྣམས་ཀྱང་མ་རྫོགས་ཕྱིར། །སངས་རྒྱས་གཏན་དུ་མྱ་ངན་འདས། །མྱ་ངན་འདས་པའང་མིན་པར་ འདོད། །ཀུན་ཀྱང་འདྲེས་པའི་ཕྲིན་ལས་ཅན། །རྒྱ་མཚོའི་ཆུ་འདྲ་རྒྱལ་བ་རྣམས། །བྱས་སོ་བྱེད་དོ་བྱའོ་ཞེས། །གཞན་གྱི་དོན་ལ་དགོངས་པ་མེད། །སེམས་ཅན་ཉེས་པས་མི་སྣང་སྟེ། །སྣོད་ཆགས་པ་ཡི་ཟླ་བ་བཞིན། །འཇིག་རྟེན་ཀུན་ལ་ཉི་བཞིན་དུ། །དེ་དག་ཆོས་འོད་ཁྱབ་པར་མཛད། ། 63-1-221b ལ་ལར་རྫོགས་པའི་བྱང་ཆུབ་སྟོན། །ལ་ལར་མེ་བཞིན་མྱ་ངན་འདའ། །ནམ་ཡང་མེད་པ་མ་ཡིན་ཏེ། །དེ་བཞིན་གཤེགས་པ་རྟག་པའི་སྐུ། །སངས་རྒྱས་འཕགས་མིན་ཆོས་རྣམས་དང་། །མི་དང་ངན་སོང་བ་རྣམས་དང་། །ཚངས་སྤྱོད་མ་ཡིན་ཆོས་རྣམས་ལ། །བདག་ཉིད་དང་ནི་བཞུགས་པ་ མཆོག །དེ་དག་ཀུན་ཏུ་རྣམ་པར་དཔྱོད། །གང་དུའང་རྣམ་པར་དཔྱོད་མི་མངའ། །གནས་རྣམས་ཀུན་ནས་མཐོང་མོད་ཀྱི། །དབང་པོ་དྲུག་གི་སྤྱོད་ཡུལ་མིན། །ཉོན་མོངས་ཐུལ་ལ་སྤངས་པ་མེད། །སྔགས་ཀྱིས་བསད་པའི་དུག་དང་འདྲ། །སངས་རྒྱས་སྤྱོད་ནི་ཉོན་མོངས་ལས། །ཉོན་མོངས་ཟད་པ་ཀུན་ མཁྱེན་བརྙེས། །ཐབ་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །འཁོར་བ་ཞི་བའི་བདག་ཉིད་དེ། །དེ་ཕྱིར་དེ་བཞིན་གཤེགས་བསམ་ཡས། །ཁམས་གཅིག་ན་ནི་གཉིས་མེད་ཕྱིར། །བདག་མེད་ལྷན་ཅིག་ཚོགས་བསགས་ཕྱིར། །རིམ་གྱིས་འབྱུང་བར་མི་རིགས་ཕྱིར། །སངས་ རྒྱས་མང་པོ་རབ་ཏུ་གྲགས། །ཞེས་བཤད་པའི་ཕྱིར་དེ་ལྟར་ཤིན་ཏུ་སྤྲོས་པས་ཆོག་གིས། ད་ནི་དཀྱུས་མ་ཉིད་ལ་འཇུག་པར་བྱ་སྟེ། མི་གནས་པའི་མྱ་ངན་ལས་འདས་པར་གྱུར་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སུ། སྐལ་བ་དང་ལྡན་པའི་སེམས་ཅན་རྣམས་རྗེས་སུ་མཐུན་པའི་ཆོས་སྟོན་ པའི་སྒྲས་མངོན་པར་དགའ་བར་མཛད་པས་ན། ཕྱོགས་བཅུའི་ཆོས་ཀྱི་རྔ་བོ་ཆེ། །ཞེས་བྱའོ། །གཟུགས་མེད་གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཀྱི་སྐུའི་ངོ་བོ་ཉིད་དུ་གྱུར་པས་ན་གཟུགས་མེད་དོ། །མཚན་ཐམས་ཅད་ཡོངས་སུ་རྫོགས་ པའི་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཉིད་དུ་གྱུར་པས་ན་གཟུགས་བཟང་དམ་པ་སྟེའོ། །སྤྲུལ་པའི་སྐུ་གདུལ་བྱ་རྣམས་དང་རྗེས་སུ་མཐུན་པར་སྣ་ཚོགས་པའི་གཟུགས་ཀྱི་སྐུ་ཡང་དག་པར་སྟོན་པར་མཛད་པས་ན་སྣ་ཚོགས་གཟུགས་ཅན་ནོ། །ཡིད་ལ་སྐྱེས་པ་ནི་ཕྱི་རོལ་གྱི་དོན་གྱིས་སྟོང་ཞིང་ཡིད་ཙམ་ལས་ངེས་པར་འབྱུང་ ངོ་། །གཟུགས་ཐམས་ཅད་སྣང་བ་ལ་དབང་བསྒྱུར་བས་ན། གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ་ལོ། །འཇིག་རྟེན་གྱི་ཁམས་མ་ལུས་པ་རྣམས་སུ་ཅིག་ཅར་འདུལ་བའི་སྐྱེ་བོ་དྲི་མ་མེད་པའི་ཆུ་ལྟ་བུའི་རྒྱུད་ལ་གཟུགས་བརྙན་འཆར་བ་སོ་སོར་སྣང་བར་མཛད་པས་ན། གཟུགས་བརྙན་མ་ལུས་ 63-1-222a འཆང་བ་པོའོ། །ཐམས་ཅད་དུ་ཐོགས་པ་མེད་པའི་ནུས་པས་མི་གཡོ་བ་ནི་ཚུགས་པ་མེད་པའོ། །ཁམས་གསུམ་མ་ལུས་པའི་བདག་པོ་ཉིད་དུ་བྱེད་པའི་དབང་ཕྱུག་ཆེན་པོ་ལ་སོགས་པ་རྣམས་ཀྱི་ཡང་དེ་ཉིད་གཅིག་པུ་དབང་ཕྱུག་ཆེན་པོ་ཡིན་ཞིང་། ཟིལ་གྱིས་མི་གནོན་པའི་སྐུ་ མངའ་བས་ན། ཆེ་བར་གྲགས། ཁམས་གསུམ་དབང་ཕྱུག་ཆེན་པོ་སྟེ། །ཞེས་བྱའོ། །འདིར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་འཕགས་པའི་ལམ་མོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་བཞུགས་པས་ན་འཕགས་པའི་ལམ་ལ་གནས་པའོ། །ཤིན་ཏུ་མཐོ་བ་ཡང་ཡིན་ལ་འཕགས་པའི་ ལམ་ལ་གནས་པ་ཡང་ཡིན་པས་ན། འཕགས་ལམ་ཤིན་ཏུ་མཐོ་ལ་གནས། །ཞེས་བྱའོ། །དེ་གང་ཞེ་ན། དར་བ་ཆེན་པོ་ཆོས་ཀྱི་ཏོག །ཅེས་བྱ་སྟེ། ཆོས་ཀྱི་མཚན་མ་ཆེན་པོ་འབྱུང་བར་སྟོན་པའོ། །འདི་སྐད་སྟོན་པར་འགྱུར་ཏེ། ཆོས་ཐམས་ཅད་ཀྱི་མཚན་མར་གྱུར་པ་ཡང་དག་པའི་ཡེ་ཤེས་བསྒྲེང་ཞིང་བསླང་ བ་དེ་བཞིན་ཉིད་ཀྱི་ལམ་ལ་བཞུགས་པ་དང་། འབྱུང་བ་ཆེན་པོའི་ཆོས་རྒྱུར་གྱུར་པ་རྗེ་བཙུན་འཇམ་དཔལ་ཉིད་ལ་དེ་སྐད་ཅེས་བཤད་དེ་དེ་ལ་མ་གཏོགས་པའི་ཆོས་རྣམས་ཀྱི་རྒྱུ་མེད་པའི་ཕྱིར་རོ། །ཁམས་གསུམ་ནི་འཇིག་རྟེན་གསུམ་མོ། །དེར་གཞོན་ནུའི་ལུས་ཅན་གཅིག་པུའི་སྐུ་དང་ལྡན་པ་གང་ཡིན་པ་དེ་ནི། འཇིག་རྟེན་གསུམ་ན་གཞོན་ལུས་གཅིག་གོ། །དགེ་འདུན་གྱི་གནས་བརྟན་ཉིད་ཀྱི་ཐམས་ཅད་མཆོག་ཏུ་གྱུར་ཅིང་མཆོད་པར་འོས་པས་ན་གནས་བརྟན་ནོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་བགྲེས་པས་ན་རྒན་པོའོ། །ཚངས་པ་ལ་སོགས་པའི་གཟུགས་སོ་སོར་སྣང་བ་བསྐྱེད་པར་མཛད་པ་ན་སྐྱེ་དགུ་མ་ ལུས་པར་སྐྱེད་པས་ན་སྐྱེ་དགུའི་བདག་གོ། །སུམ་ཅུ་རྩ་གཉིས་མཚན་འཆང་བ། །ཞེས་བྱ་བ་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་གང་ཞེ་ན། ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་དང་། ཞབས་ཤིན་ཏུ་གནས་པ་དང་། ཕྱག་དང་ཞབས་དྲ་བས་འབྲེལ་པ་དང་། ཕྱག་དང་ཞབས་གཞོན་ ཞིང་འཇམ་པ་དང་། བདུན་ཤིན་ཏུ་མཐོ་བ་དང་། སོར་མོ་རིང་བ་དང་། རྟིང་པ་ཡངས་པ་དང་། སྐུ་ཆེ་ཞིང་དྲང་བ་དང་། ཞབས་ལེགས་པར་མཐོ་བ་དང་། ཡན་ལག་གི་སྤུ་གྱེན་དུ་འཁྱིལ་བ་དང་། རི་དགས་ཨེ་ན་ཡའི་བྱིན་པ་ལྟ་བུ་དང་། ཕྱག་བརླ་དྲང་པོར་སླེབས་པ་དང་། གསང་བའི་གནས་ 63-1-222b སྦུབས་སུ་ནུབ་པ་དང་། གསེར་གྱི་ཁ་དོག་དང་། མདོག་ཤིན་ཏུ་འཇམ་པ་དང་། སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་བ་དང་། ཞལ་མཛོད་སྤུས་བརྒྱན་པ་དང་། རོ་སྟོད་སེང་གེ་ལྟ་བུ་དང་། ཕྲག་པའི་ལྷུན་མཛེས་པར་གྲུབ་པ་དང་། ཕྲག་སོ་ཤིན་ཏུ་རྒྱས་པ་དང་། རོ་བྲོ་བའི་མཆོག་དང་། ཤིང་ ནྱ་གྲོ་དྷ་ལྟར་ཆུ་ཞིང་གབ་པ་དང་། དབུ་སྤྱི་གཙུག་དང་ལྡན་པ་དང་། ལྗགས་ཤིན་ཏུ་ཡངས་པ་དང་། ཚངས་པའི་དབྱངས་དང་། སེང་གེའི་འགྲམ་པ་ལྟ་བུ་དང་། ཚེམས་ཤིན་ཏུ་དཀར་བ་དང་། ཚེམས་ཤིན་ཏུ་མཉམ་པ་དང་། ཚེམས་ཐགས་བཟང་བ་དང་། ཚེམས་མཉམ་ཤིང་བཞི་བཅུ་ཚང་བ་དང་། སྤྱན་དཀར་ནག་འབྱེས་པ་དང་བའི་རྫི་མ་ལྟ་བུའོ། །དེ་ལ་བཅོམ་ལྡན་འདས་ཀྱི་ཕྱག་དང་ཞབས་ཀྱི་མཐིལ་ལ་འཁོར་ལོ་རྩིབས་སྟོང་དང་ལྡན་པ་མུ་ཁྱུད་ཅན་ལྟེ་བ་དང་བཅས་པ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་འདི་ལྟ་སྟེ། རུས་པའམ་བ་སོ་ལས་གཟུགས་སུ་བརྐོས་པ་དང་འདྲ་བ་མངའ་བས་ཕྱག་དང་ཞབས་ འཁོར་ལོའི་མཚན་དང་ལྡན་པའོ། །ཞབས་ཀྱི་མཐིལ་གཉིས་མཉམ་པར་ས་ལ་འཇོག་ཅིང་དེ་ཡང་མཐོན་དམན་མེད་པས་ཞབས་ཤིན་ཏུ་གནས་པའོ། །ངང་པའི་རྒྱལ་པོ་ལྟར་ཕྱག་དང་ཞབས་ཀྱི་སོར་མོ་དྲ་བར་འབྲེལ་བས་ཕྱག་དང་ཞབས་དྲ་བར་འབྲེལ་བའོ། །ཤིང་བལ་གྱི་སྒོ་ང་ལྟར་ཤིན་ཏུ་འཇམ་ཞིང་གཞོན་ ལ་མཉེན་པས་ཕྱག་དང་ཞབས་གཞོན་ཞིང་འཇམ་པའོ། །ཕྱག་གཉིས་དང་། ཞབས་གཉིས་དང་། དཔུང་མགོ་གཉིས་དང་། མགུར་གྱི་ལྷུན་ཤིན་ཏུ་མཐོ་བས་བདུན་ཤིན་ཏུ་མཐོ་བའོ། །ཕྱག་དང་ཞབས་གཉིས་སོར་མོ་རིང་བས་སོར་མོ་རིང་བའོ། །རྟིང་པ་རིང་བས་རྟིང་པ་ཡངས་པའོ། །སྐུ་ལག་པ་མདུན་ དུ་འཕགས་པ་ལ་དྲང་བས་སྐུ་ཆེ་ཞིང་དྲང་བའོ། །པུས་མོའི་ལྷ་ང་དང་ལོང་བུ་མཛེས་པར་ནུབ་པས་ཞབས་ལེགས་པར་མཐོ་བའོ། །སྤུ་གྱེན་དུ་གཡས་ཕྱོགས་སུ་འཁྱིལ་བས་ཡན་ལག་གི་སྤུ་གྱེན་དུ་འཁྱིལ་བའོ། །རི་དགས་ཨེ་ན་ཡའི་བྱིན་པ་དང་། སྨིན་མ་དང་། ལྡུམ་བུ་དར་བ་ལྟར་དྲང་ཞིང་མ་ཉམས་ ལ་རིམ་གྱིས་གཞོལ་བར་གྲུབ་ཅིང་བྱིན་པ་ཟླུམ་པས་རི་དགས་ཨེ་ན་ཡའི་བྱིན་པ་ལྟ་བུའོ། །དྲང་པོར་བཞག་སྟེ་མ་བཏུད་ཀྱང་ཕྱག་གི་མཐིལ་འཁྱིལ་གཉིས་ཀྱི་པུས་མོའི་ལྷ་ང་ལ་རེག་པས་ཕྱག་གིས་མ་བཏུད་པར་པུས་མོར་སླེབས་པའོ། །གླང་པོ་ཆེ་དང་། རྟ་ཅང་ཤེས་ལྟར་གསང་གནས་ཤིན་ཏུ་མཛེས་ 63-1-223a པར་སྦུབས་སུ་ནུབ་པས་གསང་བའི་གནས་སྦུབས་སུ་ནུབ་པའོ། །ཤིན་ཏུ་སྦྱངས་པའི་གསེར་གྱི་ཁ་དོག་ལྟ་བུ་དང་ལྡན་པས་གསེར་གྱི་ཁ་དོག་གོ། །གསེར་དང་དངུལ་ཤིན་ཏུ་སྦྱངས་པ་ལྟར་འཇམ་ཞིང་སྙོམས་པའི་མདོག་ཏུ་འདུག་ལ་སྐྲ་ལ་རྡུལ་གྱིས་མི་གོས་པས་མདོག་ཤིན་ཏུ་ འཇམ་པའོ། །ཤིན་ཏུ་རྣམ་པར་ཕྱེ་བའི་སྤུ་རེ་རེར་སྐྱེས་ཤིང་གཉིས་སུ་མེད་པས་སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་བའོ། །མེ་ཏོག་ཀུནྡ་དང་ཟླ་བ་དང་འོ་མ་དང་བ་མོའི་མདོག་ལྟར་འདུག་ལ། ཉི་མ་དང་ཟླ་བ་བརྒྱ་ལས་ཀྱང་འཕགས་ཤིང་འོད་གསལ་བའི་མཛོད་སྤུས་སྨིན་མཚམས་ཤིན་ཏུ་བརྒྱན་པས་ ཞལ་མཛོད་སྤུས་བརྒྱན་པའོ། །རོ་སྟོད་ཆེ་བས་སེང་གེའི་རོ་སྟོད་དོ། །མགུར་དང་རྒྱུད་ལེགས་པར་འབྲེལ་བར་ལྷུན་ཟླུམ་པས་ཕྲག་པའི་ལྷུན་མཛེས་པར་གྲུབ་པས་སོ། །གསེར་གྱི་གཏན་པ་ཤིན་ཏུ་ཕྱིས་པ་ལྟར་ཕྲག་སོ་ལེགས་པར་གྲུབ་པས་ཕྲག་སོ་རྒྱས་པའོ། །རླུང་དང་མཁྲིས་པ་དང་བད་ཀན་གྱིས་མ་ ཉམས་ཤིང་རྣམ་པར་ཤེས་པ་འདྲ་བ་མེད་པས་རོ་བྲོ་བའི་མཆོག་མངའ་བའོ། །སྐུ་ཆེ་ཞིང་མདུན་དུ་མཉམ་པས་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པའོ། །སྤྱི་གཙུག་ཟླུམ་ཞིང་ལེགས་ལ་གཡས་ཕྱོགས་སུ་འཁྱིལ་བ་དང་མཉམ་ཞིང་ལེགས་པར་གྲུབ་ལ་མཛེས་པ་མངའ་བས་དབུ་སྤྱི་གཙུག་དང་ལྡན་པའོ། ། མེ་ཏོག་ཨུཏྤལ་དམར་པོའི་འདབ་མ་དང་ཁ་དོག་ལྟར་འདུག་ཅིང་ཤིན་ཏུ་ཡངས་པས་ལྗགས་ཤིན་ཏུ་ཡངས་ཤིང་སྲབ་པའོ། །ཚངས་པ་དང་བྱ་ཀ་ལ་པིངྐ་ལྟ་བུའི་གསུང་མངའ་བས་ཚངས་པའི་དབྱིངས་སོ། །འགྲམ་པ་མེ་ལོང་གི་དཀྱིལ་འཁོར་ལྟར་ལེགས་པར་གྲུབ་ཅིང་མཛེས་པར་སྐྱེས་ཏེ་ཡིད་དུ་འོང་བས་ སེང་གེའི་འགྲམ་པ་ལྟ་བུའོ། །མེ་ཏོག་ཀུནྡ་དང་དུང་གི་བཅག་འཕྲོ་ལྟར་ཤིན་ཏུ་དཀར་བའི་ཚེམས་མངའ་བས་ཚེམས་དཀར་བའོ། །ཚེམས་ལ་མཐོན་དམན་མེད་པས་ཚེམས་མཉམ་པའོ། །ཚེམས་ལ་མཚམས་མ་དོད་པས་ཚེམས་ཐགས་བཟང་བའོ། །བླ་འོག་དགྱེ་དགུ་མེད་པས་ཚེམས་མཉམ་ ཞིང་བཞི་བཅུ་ཚང་བའོ། །དཀར་ནག་གི་ཆ་མ་འདྲེས་ལ་ཤིན་ཏུ་རྣམ་པར་དག་ཅིང་མདོག་དམར་པོས་མ་གཡོགས་པས་སྤྱན་དཀར་ནག་འབྱེས་པས་སོ། །བཅོམ་ལྡན་འདས་ནི་རྫི་མ་བླ་འོག་ཏུ་ཤིན་ཏུ་ལེགས་པར་གནས་ལ་མ་འཛིངས་པས། བའི་རྫི་མ་ལྟ་བུ་སྟེ། དེ་ལྟ་བུའི་སྐྱེས་བུ་ཆེན་པོའི་མཚན་སུམ་ 63-1-223b ཅུ་རྩ་གཉིས་དང་ལྡན་པའོ། །དེ་ལ་བླ་མ་ལ་བསུ་སྐྱེལ་དང་ཆོས་མཉན་པ་ལ་སྡོད་པ་དང་། གཙུག་ལག་ཁང་དང་མཆོད་རྟེན་ལ་སོགས་པ་ལ་བསྟི་སྟང་བྱས་པས་ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་སྟེ། དེ་ནི་འཁོར་ཤིན་ཏུ་མང་བའི་སྔ་ལྟས་སོ། །ཡི་དམ་ལ་བརྟན་པས་ཤིན་ཏུ་ གནས་པ་སྟེ། དེ་ནི་མི་གཡོ་ཞིང་ཤིན་ཏུ་བརྟན་པའི་སྔ་ལྟས་སོ། །སྦྱིན་པ་དང་། ངག་སྙན་པ་དང་། དོན་སྤྱོད་པ་དང་། དོན་མཐུན་པའི་བསྡུ་བའི་དངོས་པོ་རྣམ་པ་བཞི་གོམས་པར་བྱས་པས་ཕྱག་དང་ཞབས་དྲ་བས་འབྲེལ་པ་སྟེ། དེ་ནི་མྱུར་དུ་འདུ་བའི་སྔ་ལྟས་སོ། །བཟའ་བ་དང་། བཅའ་བ་དང་ བཏུང་བ་ཞིམ་ཞིང་ཉམས་སུ་བདེ་བ་བྱིན་པས་ཕྱག་དང་ཞབས་གཞོན་ཞིང་འཇམ་པ་དང་། བདུན་ཤིན་ཏུ་མཐོ་བ་སྟེ། དེ་གཉིས་བཟའ་བ་དང་བཅའ་བ་དང་བཏུང་བ་ཞིམ་ཞིང་ཉམས་སུ་བདེ་བ་ཐོབ་པའི་སྔ་ལྟས་སོ། །བཅིངས་པ་དགྲོལ་བ་དང་སྲོག་གི་རིམ་གྲོ་བྱས་པ་དང་། སྲོག་གཅོད་པ་སྤངས་པས་སོར་མོ་རིང་ བ་དང་། རྟིང་པ་ཡངས་པ་དང་། སྐུ་ཆེ་ཞིང་དྲང་བ་སྟེ། དེ་ནི་སྐུ་ཚེ་རིང་བའི་སྔ་ལྟས་སོ། །དགེ་བའི་ཆོས་ཡང་དག་པར་བླངས་པ་དང་བཟུང་བ་མངོན་པར་སྤེལ་ཞིང་འགྲིམ་པར་མ་བྱས་པས་ཞབས་ཀྱི་གོང་མཐོ་བ་དང་། ཡན་ལག་གི་སྤུ་གྱེན་དུ་འཁྱིལ་བ་སྟེ། དེ་ནི་མི་ཉམས་པའི་ཆོས་དང་ལྡན་པའི་སྔ་ལྟས་སོ། ། རིག་པ་དང་བཟོའི་ལས་ལ་རིམ་གྲོར་བྱས་ཤིང་གཞན་ལ་བྱིན་པ་དང་བདག་གིས་བླངས་པས་རི་དགས་ཨེ་ན་ཡའི་བྱིན་པ་ལྟ་བུ་སྟེ། དེ་ནི་མྱུར་དུ་འཛིན་པའི་སྔ་ལྟས་སོ། །བདོག་ཅིང་ཡོད་པའི་ནོར་ཡང་བསླངས་ན་མི་འགོང་བར་གཏོང་ཞིང་མེད་ཅེས་མ་བྱས་པས་ཕྱག་གིས་མ་བཏུད་པར་པུས་མོ་སླེབས་པ་སྟེ། དེ་ནི་ཡོ་བྱད་ལ་མངའ་བ་དང་དུལ་བའི་སྔ་ལྟས་སོ། །འགྲོགས་པ་དང་མཛའ་བཤེས་དང་གཉེན་མ་ཕྱེ་བ་དང་། བྱེ་བར་གྱུར་པའི་སེམས་ཅན་རྣམས་ཚངས་པའི་སྤྱོད་པ་ལ་ཡང་དག་པར་བསྐུལ་བ་དང་། གསང་བའི་ཚིག་ཡོངས་སུ་བསྲུང་བས་གསང་བའི་གནས་སྦུབས་སུ་ནུབ་པ་སྟེ། དེ་ནི་བུ་མང་བའི་སྔ་ལྟས་ སོ། །སྟན་དང་གོས་དང་ཁང་པ་དང་གཞན་གཞལ་མེད་ཁང་དང་གནས་བཟང་པོ་བྱིན་པས་གསེར་གྱི་ཁ་དོག་དང་མདོག་ཤིན་ཏུ་འཇམ་པ་སྟེ། དེ་གཉིས་ནི་གདན་དང་ན་བཟའ་དང་ཁང་པ་དང་གཞལ་མེད་ཁང་དང་གནས་བཟང་པོ་ཐོབ་པའི་སྔ་ལྟས་སོ། །འདུ་འཛི་སྤངས་པ་དང་། མཁན་པོ་དང་། སློབ་ 63-1-224a དཔོན་དང་། ཕ་མ་དང་ཕུ་ནུ་ལ་སོགས་པ་བླ་མ་རྣམས་ལ་ཚུལ་དང་འདྲ་བར་རིམ་གྲོ་བྱས་པ་དང་། བཙུན་པར་བྱས་པ་དང་། བཅོལ་བ་རྣ་ལ་མ་གཟོན་པས་སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་བ་དང་། ཞལ་མཛོད་སྤུས་བརྒྱན་པ་སྟེ་དེ་ནི་མཉམ་པ་མེད་པའི་སྔ་ལྟས་སོ། །མི་སྙན་པ་ མི་ཟེར་ཞིང་མི་སྨོད་ལ། སྙན་པར་སྨྲ་ཞིང་ལེགས་པར་བཤད་པ་མཐུན་པར་འཛིན་པས་རོ་སྟོད་སེང་གེ་ལྟ་བུ་དང་། ཕྲག་པའི་ལྷུན་མཛེས་པར་གྲུབ་པ་སྟེ། དེ་ནི་ཐུབ་པ་མེད་པའི་སྔ་ལྟས་སོ། །ན་བ་རྣམས་ལ་རྩི་སྨན་དང་ཉམས་སུ་ཕན་པའི་ཟས་བྱིན་པ་དང་། རིམ་གྲོ་བྱས་པས་ཕྲག་སོ་ཤིན་ཏུ་རྒྱས་ པ་དང་། རོ་བྲོ་བའི་མཆོག་སྟེ། དེ་ནི་ནད་ཉུང་བའི་སྔ་ལྟས་སོ། །སྐྱེད་མོས་ཚལ་དང་འཁོར་དང་བཏུང་བ་དང་། རྫིང་བུ་དང་བརྒལ་དཀའ་བའི་ཟམ་པ་དང་ཁ་ཟས་དང་ཕྲེང་བའི་གནས་དང་སྟེགས་དང་གཙུག་ལག་ཁང་བྱ་བ་ལ་སོགས་པ་གཞན་མོས་པར་བྱ་བ་སྔོན་དུ་གཏོང་ཞིང་བདག་གིས་གཞན་ལ་བྱིན་ པས་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་དང་། དབུ་སྤྱི་གཙུག་དང་ལྡན་པ་སྟེ། དེ་ནི་མངའ་བ་ཆེན་པོ་མངའ་བའི་སྔ་ལྟས་སོ། །ཡུན་རིང་པོར་ཚིག་སྙན་ཅིང་འཇམ་པ་དང་ཉམས་སུ་བདེ་བ་སྨྲས་པས་ལྗགས་ཤིན་ཏུ་ཡངས་ཤིང་སྲབ་པ་དང་། ཚངས་པའི་དབྱངས་ཏེ། དེ་གཉིས་ནི་ཡན་ལག་ལྔ་དང་ལྡན་པའི་ གསུང་མངའ་བའི་སྔ་ལྟས་སོ། །གསུང་ཡན་ལག་ལྔ་དང་ལྡན་པ་ཞེས་བྱ་བ་ནི་ཡོངས་སུ་ཤེས་ཤིང་རྣམ་པར་ཤེས་པར་འགྱུར་བ་དང་། མཉན་ན་དགའ་ཞིང་མི་མཐུན་པ་མེད་པ་དང་། ཟབ་ཅིང་དབྱངས་རྗེས་སུ་འབྱུང་བ་དང་། གཏང་མི་བྲ་ཞིང་རྣར་སྙན་པ་དང་། མ་དཀྲུགས་ཤིང་གསལ་བའོ། །ཡུན་ རིང་པོ་ནས་ཚིག་ཀྱལ་པ་སྤངས་ཤིང་དུས་སུ་སྨྲ་བས་སེང་གེའི་འགྲམ་པ་ལྟ་བུ་སྟེ། དེ་ནི་ཚིག་ཀུན་གྱིས་མཉན་པའི་སྔ་ལྟས་སོ། །རིམ་གྲོ་བྱ་བ་དང་། བརྙེས་པ་མེད་པ་གཉིས་ཀྱིས་འཚོ་བ་ཡོངས་སུ་དག་པས་ཚེམས་ཤིན་ཏུ་དཀའ་བ་དང་། མཉམ་པ་སྟེ། དེ་ནི་འཁོར་སྔ་ནས་བསགས་པའི་སྔ་ལྟས་སོ། །ཡུན་ རིང་པོ་ནས་བལྟ་ཞིང་ཕྲ་མ་མེད་པའི་ཚིག་སྨྲ་བས་ཚེམས་ཐགས་བཟང་བ་དང་། ཚེམས་མཉམ་ཞིང་བཞི་བཅུ་ཚང་པ་སྟེ། དེ་ནི་འཁོར་དབྱེར་མི་ཕྱེད་པའི་སྔ་ལྟས་སོ། །པང་གིས་འཁྱུད་པ་བཞིན་དུ་ཉེས་པས་བསམ་པ་མེད་ལ། མ་ཆགས་མི་སྡང་བ་དང་། རྨོངས་པ་མེད་པའི་མིག་གིས་བལྟ་བས་ 63-1-224b སྤྱན་དཀར་ནག་འབྱེས་པ་དང་། བའི་རྫི་མ་ལྟ་བུའོ། །དེ་ནི་ཀུན་ནས་མཛེས་པའི་སྔ་ལྟས་སོ། །རབ་འབྱོར་དེ་དག་ནི་བཅོམ་ལྡན་འདས་ཀྱི་མཚན་སུམ་ཅུ་རྩ་གཉིས་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་རང་བཞིན་གྱི་འོད་ཀྱིས་སྣང་བར་མཛད་ལ། གལ་ཏེ་བཞེད་ན། འཇིག་ རྟེན་གྱི་ཁམས་དཔག་ཏུ་མེད་པའི་འོག་དང་། སྟེང་དག་ཏུ་སྣང་བར་མཛད་ཀྱང་སེམས་ཅན་རྣམས་ལ་རྗེས་སུ་ཐུགས་བརྩེ་བའི་ཕྱིར་འོད་འདོམ་གང་བར་བྱིན་གྱིས་བརླབས་ཤིང་བཞུགས་ཏེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འོད་འདོམ་གང་བར་བྱིན་གྱིས་བརླབས་སུ་ཟིན་ན་རང་བཞིན་གྱི་འོད་ཀྱི་ཟིལ་གྱིས་ མནན་པས་ཉི་མ་དང་ཟླ་བའི་འོད་ཀྱང་ཤེས་པར་མི་འགྱུར་ཞིང་། ཟླ་བ་དང་ཟླ་བ་ཕྱེད་དང་ལོ་རྣམས་ཀྱང་ཤེས་པར་མི་འགྱུར་རོ། །རང་བཞིན་གྱིས་འོད་འཕྲོ་བའམ། དབྱངས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཁྱབ་པར་མཛད་ཅིང་དེ་བཞིན་དུ་གཉིས་དང་གསུམ་དང་བཞི་ནས་ཇི་སྲིད་བཞེད་ པ་དེ་སྲིད་ཀྱི་བར་དུ་འོད་ཀྱིས་སྣང་བར་མཛད་ཅིང་གསུང་གིས་ཁྱབ་པར་མཛད་དེ། དེ་ལྟ་བུའི་མཚན་སུམ་ཅུ་རྩ་གཉིས་མངའ་བས་ན། སུམ་ཅུ་རྩ་གཉིས་མཚན་འཆང་བ། །ཞེས་བྱའོ། །སྡུ་གུ་འཇིག་རྟེན་གསུམ་ན་མཛེས། །ཞེས་བྱ་བ་ནི་དཔེ་བྱད་བཟང་པོ་བརྒྱད་ཅུས་སྐུའི་ཡན་ལག་དང་ཉིང་ལག་ཐམས་ཅད་བརྒྱན་ པས་མཛེས་པའི་ཕྱིར་འཇིག་རྟེན་གསུམ་ན་སྡུག་པ་ཡིན་ཏེ། དེ་ལ་དཔེ་བྱད་བཟང་པོ་བརྒྱད་ཅུ་གང་ཞེ་ན། འདི་ལྟ་སྟེ། བཅོམ་ལྡན་འདས་ནི་མངོན་པར་འདུ་བྱ་བ་ཐམས་ཅད་ལས་དབེན་པ་སྟེ། སེན་མོ་ཟངས་ཀྱི་མདོག་ལྟར་འདུག་པ་ཡིན། བཤེས་གཉེན་བྱམས་པ་དང་འདྲ་བར་སེམས་ཅན་ལ་ཕན་པ་ དང་། བདེ་བའི་ཐུགས་མངའ་བ་སྟེ། སེན་མོའི་མདོག་སྣུམ་པ་ཡིན། རིགས་དང་རྒྱུད་མཐོན་པོར་བྱུང་བ་སྟེ། སེན་མོ་མཐོ་བ་ཡིན། ཚུལ་ཁ་ན་མ་ཐོ་བ་མི་མངའ་བ་སྟེ། སོར་མོ་ཟླུམ་པ་ཡིན། དགེ་བའི་རྩ་བ་ཤིན་ཏུ་སྩོགས་པ་སྟེ། སོར་མོ་རྒྱས་པ་ཡིན། དགེ་བའི་རྩ་བ་རིམ་གྱིས་གྲུབ་པ་སྟེ། སོར་མོ་རིམ་གྱིས་གཞོལ་བ་ཡིན། ཐུགས་དང་གསུང་དང་སྐུའི་ཕྲིན་ལས་དང་འཚོ་བ་ཤིན་ཏུ་དབེན་པ་སྟེ། རྩ་མི་མངོན་པ་ཡིན། ཉོན་མོངས་པའི་མདུད་པ་འགྲོལ་བ་སྟེ། རྩ་ལ་མདུད་པ་མེད་པ་ཡིན། ཤིན་ཏུ་དབེན་པའི་ཆོས་མངའ་བ་སྟེ། ལོང་བུ་མི་མངོན་པ་ཡིན། མི་མཉམ་པ་ཐམས་ཅད་ལས་ 63-1-225a སྒྲོལ་བ་སྟེ་ཞབས་མཉམ་པ་ཡིན། མིའི་སེང་གེ་སྟེ། སེང་གེའི་འགྲོས་སུ་བཞུད་པ་ཡིན། མིའི་གླང་པོ་སྟེ་གླང་པོའི་འགྲོས་སུ་བཞུད་པ་ཡིན། ངང་པའི་རྒྱལ་པོ་ལྟར་ནམ་མཁའ་ལ་བཞུད་པ་སྟེ། ངང་པའི་སྟབས་སུ་བཞུད་པ་ཡིན། མིའི་ཁྱུ་མཆོག་སྟེ་ཁྱུ་མཆོག་གི་སྟབས་སུ་བཞུད་པ་ཡིན། མཐུན་པའི་ལམ་མངའ་བ་སྟེ། གཡས་ཕྱོགས་སུ་བཞུད་པ་ཡིན། བལྟ་ན་མཛེས་པ་སྟེ། མཛེས་པར་བཞུད་པ་ཡིན། རྟག་ཏུ་ཐུགས་ཡོན་པོ་མི་མངའ་བ་སྟེ། མ་ཡོ་བར་བཞུད་པ་ཡིན། ཚུལ་རྣམ་པར་དག་པའི་ཡོན་ཏན་སྟོན་པ་སྟེ། སྐུ་ཤིན་ཏུ་ལེགས་པ་ཡིན། སྡིག་པའི་ཆོས་རྣམས་ཤིན་ ཏུ་སྦྱངས་པ་སྟེ། སྐུ་ཤིན་ཏུ་སྦྱངས་པ་ཡིན། སྐུ་ཆོས་རིམ་གྱིས་སྟོན་པ་སྟེ། སྐུ་རིམ་གྱིས་གཞོལ་བ་ཡིན། སྐུ་དང་གསུང་དང་ཐུགས་གཙང་མ་དང་ལྡན་པ་སྟེ། སྐུ་ཤིན་ཏུ་གཙང་བ་ཡིན། རང་བཞིན་གྱིས་ཐུགས་འཇམ་པ་དང་ལྡན་པ་སྟེ། སྐུ་ཤིན་ཏུ་འཇམ་པ་ཡིན། རང་བཞིན་གྱིས་རྣམ་པར་དག་པའི་ ཐུགས་མངའ་བ་སྟེ། སྐུ་ཤིན་ཏུ་རྣམ་པར་དག་པ་ཡིན། ཆོས་འདུལ་བ་ཤིན་ཏུ་རྫོགས་པ་སྟེ། དཔེ་བྱད་ཤིན་ཏུ་རྫོགས་པ་ཡིན། ཡོན་ཏན་ཡངས་ཤིང་བཟང་བ་སྟོན་པ་སྟེ། སྐུ་ཆེ་ཞིང་མཛེས་པ་ཡིན། སེམས་ཅན་ཐམས་ཅད་ལ་མཉམ་པའི་ཐུགས་མངའ་བ་སྟེ། སྐུ་ལེགས་པར་མཉམ་པ་ཡིན། ཤིན་ ཏུ་འཇམ་པའི་ཆོས་སྟོན་པ་སྟེ། སྐུ་ཤིན་ཏུ་གཞོན་པ་ཡིན། རྟག་ཏུ་ཞུམ་པ་མེད་པའི་ཐུགས་མངའ་བ་སྟེ། སྐུ་ཞུམ་པ་མེད་པ་ཡིན། མི་དགེ་བའི་རྩ་བ་ཐམས་ཅད་བྱང་བ་སྟེ། སྐུ་ཤིན་ཏུ་རྒྱས་པ་ཡིན། ཡང་འབྱུང་བ་ཤིན་ཏུ་བཅོམ་ཞིང་ཟད་པ་སྟེ། སྐྲ་ཤིན་ཏུ་མཁྲེགས་པ་ཡིན། རྟེན་ཅིང་ འབྲེལ་པར་འབྱུང་བའི་ཡན་ལག་དང་ཉིང་ལག་ལེགས་པར་སྟོན་པ་སྟེ། ཡན་ལག་དང་ཉིང་ལག་སྤ་བར་མཛེས་པ་ཡིན། གཟིགས་པ་ཤིན་ཏུ་དག་པ་སྟེ། སྣང་བ་རབ་རིབ་མེད་ཅིང་རྣམ་པར་དག་པ་ཡིན། ཚུལ་དང་ལྡན་པའི་སློབ་མ་མངའ་བ་སྟེ། ཕྱལ་ཟླུམ་པ་ཡིན། འཁོར་བའི་ཉེས་པ་ ཐམས་ཅད་ཤིན་ཏུ་སྦྱངས་པ་སྟེ། ཕྱལ་ཤིན་ཏུ་བྱང་བ་དང་ལྡན་པ་ཡིན། ང་རྒྱལ་གྱི་མདེའུ་བཅོམ་པ་སྟེ། ཕྱལ་མ་ཞོམ་པ་ཡིན། ཆོས་ཟད་པ་རྣམ་པར་བཟློག་པ་སྟེ། ཕྱལ་ཕྱམ་མེར་འདུག་པ་ཡིན། ཆོས་ཟབ་མོ་ཤིན་ཏུ་ཐུགས་སུ་ཆུད་པ་སྟེ། ལྟེ་བ་ཟབ་པ་ཡིན། མཐུན་པར་འཛིན་ 63-1-225b པའི་སློབ་མ་མངའ་བ་སྟེ། ལྟེ་བ་གཡས་ཕྱོགས་སུ་འཁྱིལ་བ་ཡིན། སློབ་མ་ཀུན་ནས་མཛེས་པའི་དགེ་འདུན་མངའ་བ་སྟེ། ཀུན་ནས་མཛེས་པ་ཡིན། ཐུགས་ཤིན་ཏུ་གཙང་བ་དང་ལྡན་པ་སྟེ། ཀུན་དུ་སྤྱད་པ་ཤིན་ཏུ་གཙང་བ་ཡིན། ཆོས་ནག་པོ་བསྟན་པ་དང་བྲལ་བའི་ཆོས་འདུལ་བ་མངའ་བ་སྟེ། སྐུ་ལ་སྨེ་བ་མེད་པ་ཡིན། ཤིང་བལ་ལྟར་རབ་ཏུ་ཡང་བ་རབ་ཏུ་ཐོབ་པའི་ཆོས་སྟོན་པ་སྟེ། ཕྱག་ཤིང་བལ་ལྟར་ཤིན་ཏུ་འཇམ་པ་ཡིན། རང་གི་སྐྱེ་བོ་དང་སྐྱེ་བོ་ཕལ་ལ་བྱམས་པས་དགེ་སྦྱོང་ཆེན་པོ་མཉེས་པ་སྟེ། ཕྱག་གི་རི་མོ་སྣུམ་པ་ཡིན། ཤིན་ཏུ་ཟབ་ཅིང་བརྟན་པར་བཞུགས་པ་སྟེ། ཕྱག་གི་རི་མོ་ ཟབ་པ་ཡིན། བཟོད་པའི་ཆོས་ཡང་དག་པར་སྟོན་པ་སྟེ། ཕྱག་གི་རི་མོ་རིང་བ་ཡིན། བསླབ་པའི་གནས་ཧ་ཅང་ཡང་མི་རིང་བར་འཆའ་བ་སྟེ། ཞལ་ཧ་ཅང་ཡང་མི་རིང་བ་ཡིན། གཟུགས་བརྙན་འཇིག་རྟེན་དུ་བཀྱེ་བ་སྟེ། ཞལ་ལ་གཟུགས་ཀྱི་གཟུགས་བརྙན་སྣང་བ་ཡིན། འཇམ་པ་སྔོན་དུ་བཏང་ ཞིང་འདུལ་བ་སྟེ། ལྗགས་མཉེན་པ་ཡིན། ཡོན་ཏན་འཐད་པ་མང་བ་སྟེ། ལྗགས་ཤིན་ཏུ་སྲབ་པ་ཡིན། བྱིས་པའི་སྐྱེ་བོ་འདོད་ཆགས་པ་རྣམས་ཀྱིས་ཆོས་འདུལ་བ་གཏིང་དཔག་དཀའ་བ་སྟེ། ལྗགས་ཤིན་ཏུ་དམར་བ་ཡིན། གླང་པོའི་སྒྲ་དང་འབྲུག་གི་སྒྲ་ལྟ་བུས་བསྙེམས་པ་མི་མངའ་བ་སྟེ། གླང་པོའི་ང་རོ་དང་འབྲུག་གི་དབྱངས་དང་ལྡན་པ་ཡིན། སྙན་ཅིང་འཇམ་པ་དང་ཉམས་སུ་བདེ་བར་སྨྲ་བའི་སློབ་མ་མངའ་བ་སྟེ། སྙན་ཅིང་འཇམ་པ་དང་ཉམས་སུ་བདེ་བའི་གསུང་དང་ལྡན་པ་ཡིན། སྲིད་པར་ཀུན་དུ་སྦྱོར་བ་ལས་འདས་པ་སྟེ། ཚེམས་མཆེ་བ་ཤིན་ཏུ་ཟླུམ་པ་ཡིན། སྐྱེ་བོ་རྣོ་བ་རྣམས་ འདུལ་བ་སྟེ། ཚེམས་མཆེ་བ་རྣོ་བ་དང་ལྡན་པ་ཡིན། ཆོས་འདུལ་བ་ཤིན་ཏུ་དཀར་བ་སྟེ། ཚེམས་མཆེ་བ་ཤིན་ཏུ་དཀར་བ་ཡིན། སའི་ཕྱོགས་མཉམ་པ་ལ་བཞུགས་པ་སྟེ། མཆེ་བ་མཉམ་པ་དང་ལྡན་པ་ཡིན། རིམ་གྱིས་མངོན་པར་རྟོགས་པའི་ཆོས་སྟོན་པ་སྟེ། ཚེམས་མཆེ་བ་རིམ་གྱིས་ གཞོལ་བ་ཡིན། ཤེས་རབ་ཀྱི་རི་བོ་མཐོན་པོ་ལ་བཞུགས་པ་སྟེ། ཤངས་ལེགས་པར་མཐོ་བ་དང་ལྡན་པ་ཡིན། གདུལ་བའི་སྐྱེ་བོ་གཙང་བ་མངའ་བ་སྟེ། ཤངས་ཤིན་ཏུ་གཙང་བ་ཡིན། སངས་རྒྱས་ཀྱི་ཆོས་ཕུལ་དུ་ཡངས་པ་མངའ་བ་སྟེ། སྤྱན་རིང་བ་དང་ལྡན་པ་ཡིན། གཟིགས་པ་ 63-1-226a ཤིན་ཏུ་རྣམ་པར་དག་པ་སྟེ། སྤྱན་རྣམ་པར་དག་པ་ཡིན། སེམས་ཅན་གྱི་ཚོགས་ཤིན་ཏུ་དྲངས་པ་སྟེ། རྫི་མ་སྟུག་པ་ཡིན། ལྷ་དང་ལྷ་མ་ཡིན་དང་སྐྱེས་བུ་དང་ན་ཆུང་མཆོག་མིག་དཀར་གནག་འབྱེས་ཤིང་པདྨའི་འདབ་མ་ལྟར་འདུག་པ་རྣམས་ཀྱིས་མངོན་པར་དགའ་བར་བྱ་བ་ སྟེ། སྤྱན་དཀར་གནག་འབྱེས་ཤིང་པདྨའི་འདབ་མ་ལྟར་འདུག་པ་ཡིན། རྟག་ཏུ་ཡངས་པ་གཟིགས་པ་སྟེ། སྨིན་མ་རིང་བ་དང་ལྡན་པ་ཡིན། འཇམ་པར་འདུལ་བ་ལ་མཁས་པ་སྟེ། སྨིན་མ་འཇམ་པ་དང་ལྡན་པ་ཡིན། སྐྱོན་ཐམས་ཅད་མཁྱེན་པ་སྟེ། སྨིན་མའི་སྤུ་མཉམ་པ་དང་ལྡན་པ་ཡིན། དགེ་བའི་རྩ་བའི་སྣུམ་གྱིས་སེམས་ཅན་སྣུམ་པར་གྱུར་པའི་སྐྱེ་བོ་འདུལ་བ་སྟེ། སྨིན་མ་སྣུམ་པ་དང་ལྡན་པ་ཡིན། ཆོས་མཆོག་ཏུ་ཡངས་ཤིང་དོན་དང་ལྡན་པ་མངའ་བ་སྟེ། སྙན་ལེགས་ཤིང་སྙན་ཤལ་རིང་བ་ཡིན། ཉོན་མོངས་པའི་རྒྱུད་ལས་རྣམ་པར་རྒྱལ་བ་སྟེ། སྙན་མཉམ་པ་ཡིན། སེམས་ ཅན་བསམ་པ་མ་ཉམས་པ་འདུལ་བ་སྟེ། སྙན་གྱི་དབང་པོ་མ་ཉམས་པ་དང་ལྡན་པ་ཡིན། ལྟ་བའི་རྣམ་པ་ཐམས་ཅད་ཡོངས་སུ་བྱང་བ་སྟེ། ཞལ་དཔྲལ་བ་ལེགས་པར་གྲུབ་པ་དང་ལྡན་པ་ཡིན། ཕས་ཀྱི་རྒོལ་བ་ཤིན་ཏུ་འདུལ་བ་སྟེ། ཞལ་དང་དཔྲལ་བ་ཡངས་པ་དང་ལྡན་པ་ཡིན། སྨོན་ ལམ་དམ་པ་ཤིན་ཏུ་རྫོགས་པ་སྟེ། དབུ་ཤིན་ཏུ་རྒྱས་པ་དང་ལྡན་པ་ཡིན། ཡུལ་གྱི་བུང་བ་རྣམ་པར་ཟློག་པ་སྟེ། དབུ་བུང་བ་ལྟར་གནག་པ་དང་ལྡན་པ་ཡིན། མཐོང་བ་དང་བསྒོམས་པས་སྤང་བའི་བག་ལ་ཉལ་བ་ཟད་པར་བྱས་པ་སྟེ། དབུ་སྟུག་པ་ཡིན། ཐུགས་འཇམ་པས་བསྟན་པའི་ སྙིང་པོ་ཐུགས་སུ་ཆུད་པ་སྟེ། དབུ་འཇམ་པ་ཡིན། རྟག་ཏུ་མ་འཁྲུགས་པའི་ཐུགས་དང་ལྡན་པ་སྟེ། དབུ་མི་འཛིང་པ་ཡིན། བརླང་བའི་གསུང་དང་ཡོངས་སུ་བྲལ་བ་སྟེ། དབུ་མི་རྩུབ་པ་ཡིན། བྱང་ཆུབ་ཀྱི་ཡན་ལག་སྤོས་ཀྱི་མེ་ཏོག་གིས་སྐྱེ་བོ་མཐུན་པར་བསྒྲུབས་པ་སྟེ། དབུའི་དྲི་ཞིམ་པ་ཡིན། བཅོམ་ལྡན་འདས་རྣམས་ནི་ཕྱག་དང་ཞབས་དཔལ་བེའུ་དང་བཀྲ་ཤིས་དང་དགའ་བ་འཁྱིལ་པས་བརྒྱན་པ་ཡིན་ཏེ། དེ་ལྟར་སྐུའི་ཡན་ལག་དང་ཉིང་ལག་ཐམས་ཅད་རྫོགས་པར་མཛེས་པར་གྱུར་པས་ན། སྡུ་གུ་འཇིག་རྟེན་གསུམ་ན་མཛེས། །ཞེས་བྱའོ། །འཇིག་རྟེན་པའི་ཡེ་ཤེས་དང་ཡོན་ཏན་རྣམས་ 63-1-226b ཀྱི་ཕ་རོལ་ཏུ་ཕྱིན་པས། འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ། །ཞེས་བྱའོ། །ཆོས་དང་རྗེས་སུ་མཐུན་པའི་འཇིག་རྟེན་པའི་ཐ་སྙད་རྣམས་ལ་ཐམས་ཅད་དུ་ལོག་པའི་ལམ་ལས་བཟློག་ཅིང་། དམ་པའི་སྤྱོད་པ་རྣམས་འཛིན་དུ་འཛུད་པར་མཛད་པས་ན། འཇིག་རྟེན་སློབ་དཔོན་ནོ། །དེ་ལྟ་ན་ཡང་ཐ་སྙད་ཀྱི་ ཉེས་པའི་དོགས་པ་ཐམས་ཅད་དང་བྲལ་བས་ན། འཇིགས་པ་མེད་པ་སྟེ་བསྙེངས་པ་དང་བྲལ་བའོ། །དེ་ཅིའི་ཕྱིར་ཞེ་ན། །དེ་ཉིད་གཅིག་པུ་ནི་འགྲོ་བ་རྣམས་ཀྱི་མགོན་པོ་ཡིན་པའི་ཕྱིར་རོ། །ངན་འགྲོ་ངན་སོང་གི་འཇིགས་པ་རྣམས་ལས་སྐྱོབ་པས་ན་སྐྱོབ་པའོ། །འཇིག་རྟེན་ཡིད་གཅུགས་པ་ཞེས་བྱ་བ་ནི། སླུ་ བར་མི་མཛད་པ་དང་། ཉེས་པ་ཐམས་ཅད་དང་བྲལ་བ་ནི་ཡིད་གཅུགས་པའོ། །དེ་ཡང་། ལུང་ནི་ཡིད་ཆེས་ཚིག་ཡིན་ཏེ། །ཉེས་ཟད་ལུང་དུ་ཤེས་པར་བྱ། །ཉེས་པ་ཟད་པར་བརྫུན་གྱི་ཚིག །སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར། །ཞེས་བཤད་པས་སོ། །འཇིག་རྟེན་གསུམ་པོ་ཐམས་ཅད་ན་དེ་ཉིད་ཡིད་གཅུགས་པ་ ཡིན་གྱི་ཚངས་པ་ལ་སོགས་པ་ནི་མ་ཡིན་ཏེ། ལོག་པའི་བདག་ཉིད་ཅན་ལ་མངོན་པར་ཞེན་པ་ཡིན་པའི་ཕྱིར་རོ། །དོན་གྱི་གཙོ་བོ་སངས་རྒྱས་ཉིད་དུ་འགྱུར་བའི་མི་སླུ་བའི་ལམ་ཉེ་བར་སྟོན་པས་བདེན་པ་ཡིན་གྱི། ཅུང་ཟད་ཙམ་གྱི་བདེན་པ་ནི་སོ་སོའི་སྐྱེ་བོ་རྣམས་ལ་ཡང་ཡོད་མོད་ཀྱི། དེ་ཙམ་གྱིས་ནི་ཡིད་ གཅུགས་པ་མ་ཡིན། སངས་རྒྱས་ཉིད་དུ་འགྱུར་བ་ལས་གཞན་ལ་ནི་དོན་གྱི་གཙོ་བོ་མེད་དོ་ཞེས་རྒྱ་ཆེར་བཤད་ཟིན་པས་ཡང་མ་སྨྲས་སོ། །དེ་ཉིད་ཀྱིས་ནི། སྐྱབས་དང་སྐྱོབ་པ་བླ་ན་མེད། །ཅེས་བྱ་སྟེ་ཉོན་མོངས་པའི་དགྲ་བོ་ཐམས་ཅད་ཀྱིས་འཇིགས་ཤིང་སྐྲག་པ་རྣམས་ཀྱི་ཉོན་མོངས་པའི་དགྲ་བོ་ཞི་བར་མཛད་ པའི་ཕྱིར་དང་། དགེ་བའི་རྩ་བའི་སྟོབས་གོང་ནས་གོང་དུ་ཉེ་བར་བརྟན་པར་བྱེད་པ་ནི་ཚངས་པ་དང་། བརྒྱ་བྱིན་དང་། དབང་ཕྱུག་ལ་སོགས་པ་དང་། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་གཞན་རྣམས་ལ་ཡོད་པ་མ་ཡིན་པས་ན། བླ་ན་མེད་པའོ། །ནམ་མཁའི་ཁམས་ཁྱབ་པའི་ལོངས་སྤྱོད་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཆོས་དང་། ཟང་ཟིང་དང་མི་འཇིགས་པ་ལ་སོགས་པའི་མཚན་ཉིད་ཅན་ཏེ། དེ་ལྟ་བུའི་ལོངས་སྤྱོད་གང་ཞིག་སྤྱོད་པ་དེ་ནི། ནམ་མཁའི་མཐའ་ལས་ལོངས་སྤྱོད་པ། །ཞེས་བྱའོ། །ཐམས་ཅད་མཁྱེན་པ་སྟེ། སངས་རྒྱས་རྣམས་ཀྱི་ཡེ་ཤེས་རྣམས་ནི་ཐམས་ཅད་མཁྱེན་ 63-1-227a པའི་ཡེ་ཤེས་སོ། །དེ་ནི་འཇུག་པར་དཀའ་བ་ཉིད་དང་། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་དང་། སེམས་ཅན་ཐམས་ཅད་ཀྱི་གནས་སུ་གྱུར་པས་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ། །ཞེས་བྱའོ། །ཇི་ལྟར་སྒོ་ངའི་སྦུབས་ ཀྱི་ནང་ན་གནས་པ་རྣམས་ནི་ཕྱི་རོལ་ན་སྣང་བ་ཤིན་ཏུ་གསལ་བར་གནས་ཀྱང་གཟུགས་རྣམས་མི་མཐོང་ངོ་། །དེ་བཞིན་དུ་མ་རིག་པའི་ཡན་ལག་གི་སྦུབས་ཀྱི་རབ་རིབ་ཀྱི་ནང་ན་གནས་པ་རྣམས་ལ་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་བསྟན་དུ་ཟིན་ཀྱང་ཆོས་ཐམས་ཅད་བདག་མེད་པའི་དེ་ཁོ་ན་ཉིད་མཐོང་བར་མི་ ནུས་ཀྱི། མ་རིག་པའི་སྒོ་ངའི་སྦུབས་བཅོམ་པ་རྣམས་ཀྱིས་ནི་མཐོང་བར་ནུས་ཏེ། དེ་ཁོ་ན་ཉིད་མཐོང་བའི་རྐྱེན་གྱིས་ཆོས་ཐམས་ཅད་བདག་མེད་པར་ཐུགས་སུ་ཆུད་པའི་རྡོ་རྗེས་བདག་ཏུ་གཏི་མུག་པ་ལ་སོགས་པ་མ་རིག་པའི་སྒོ་ངའི་སྦུབས་ཀྱི་རབ་རིབ་ཐམས་ཅད་ཡང་དག་པར་བསལ་བས་ན། མ་རིག་སྒོ་ ངའི་སྦུབས་འབྱེད་པ། །ཞེས་བྱའོ། །འགྲོ་བ་ལྔའི་འཁོར་བ་ནི་སྲིད་པ་སྟེ། སེམས་ཅན་རྣམས་འདིར་ཡང་དང་ཡང་དུ་འབྱུང་བ་ཡིན་པས་ན་སྲིད་པའོ། །སྲིད་པ་ཉིད་འཆིང་བའི་གནས་སུ་གྱུར་པས་ན་དྲ་བའོ། །ཤེས་རབ་ཀྱི་རལ་གྲིས་ཕྱིན་ཅི་ལོག་མ་ལུས་པའི་འཆིང་བ་རྣམ་པར་འཇོམས་པས་ན། སྲིད་ པའི་དྲ་བ་འཇོམས་པ་པོ། །ཞེས་བྱའོ། །ཉོན་མོངས་མ་ལུས་ཞེས་བྱ་བ་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་དང་། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་སྟེ། ཀུན་ནས་ཉོན་མོངས་པ་ཉེ་བར་མཚོན་པའི་དོན་གྱིས་གཞན་དག་ཀྱང་གཟུང་བར་བྱའོ། །ཡང་ན་མ་ལུས་པ་ ཞེས་སྨོས་པས་ཉོན་མོངས་པ་དགུ་བཅུ་རྩ་བརྒྱད་ཡིན་པར་ཤེས་པར་བྱ་སྟེ། ཉོན་མོངས་མ་ལུས་ཞི་བྱེད་པ། །ཞེས་སྨོས་པའི་ཕྱིར་ཏེ། ཞི་བར་བྱེད་པ་ནི་བྲལ་བའོ། །གང་གི་ཕྱིར་ཉོན་མོངས་པའི་ཉེས་པ་ཐམས་ཅད་དང་བྲལ་བའོ། །རྒྱུ་དེ་ཉིད་ཀྱིས་ན། འཁོར་བའི་རྒྱ་མཚོའི་ཕ་རོལ་ཕྱིན། །ཞེས་བྱ་སྟེ། ཉེས་པ་དང་བྲལ་བ་རྣམས་ནི་འཁོར་བར་འཁོར་བ་མི་སྲིད་པའི་ཕྱིར་རོ། །འཁོར་བ་དེ་ཉིད་ནི་རྒྱ་མཚོ་སྟེ། བློ་བྱང་བར་མ་བྱས་པ་རྣམས་ཀྱིས་རྒྱ་མཚོ་ཆེན་པོ་ལྟར་ཤིན་ཏུ་ཟབ་པ་དང་། རྒལ་བར་དཀའ་བའི་ཕྱིར་རོ། །དེའི་ཕ་རོལ་ནི་མྱ་ངན་ལས་འདས་པ་སྟེ། རྣམ་པར་རྟོག་པ་བསགས་པ་དང་ 63-1-227b བྲལ་བ་ཙམ་གྱིས་རྟོགས་པའི་ཚུལ་གྱི་འགྲོ་བས་ན། འཁོར་བའི་རྒྱ་མཚོའི་ཕ་རོལ་ཕྱིན། །ཞེས་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཡེ་ཤེས་སོ། །ཡེ་ཤེས་ཀྱི་དབང་བསྐུར་བའི་ཅོད་པན་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ལྔ་ལས་བསྒྲུབས་པའོ། །དེ་ཉིད་ཀྱི་ཕྱིར། རྫོགས་ པའི་སངས་རྒྱས་རྒྱན་དུ་ཐོགས། །ཞེས་བྱ་སྟེ། དེས་དབང་བསྐུར་བས་ན། ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །ཞེས་བཤད་དོ། །ཡང་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཅོད་པན་གྱི་ངོ་བོ་ཉིད་དེ། གཉིས་སུ་མེད་པའི་ཡེ་ཤེས་ལས་གཞན་པ་གསེར་ལ་ སོགས་པ་ལས་བརྡུངས་པའི་ཅོད་པན་ནི་མ་ཡིན་ནོ། །དེ་ཉིད་ཀྱིས་ན། རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །ཞེས་བྱ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྒྱན་མངའ་བས་ན་རྫོགས་པའི་སངས་རྒྱས་ཀྱི་རྒྱན་དང་ལྡན་པ་སྟེ། སངས་རྒྱས་རྣམས་ཀྱི་རྒྱན་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ ཤེས་སོ་ཞེས་བཤད་པའི་ཕྱིར་རོ། །སྡུག་བསྔལ་གསུམ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཏེ། རིམས་དང་། ཕོལ་མིག་དང་། ཀླད་པ་གཟེར་བ་ལ་སོགས་པ་ནི། སྡུག་བསྔལ་གྱི་རང་གི་ངོ་བོ་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་གྱི་སྡུག་བསྔལ་ལོ། །ཡོངས་སུ་འགྱུར་བའི་སྡུག་བསྔལ་ཏེ། དུག་གིས་སྦགས་ པའི་ཁ་ཟས་ངན་པ་ཅུང་ཟད་མངར་བ་ཙམ་ལ་རྗེས་སུ་བསྟེན་པས་ཡོངས་སུ་གྱུར་པ་དང་འདྲ་བར་འདོད་ཆགས་ལ་སོགས་པ་ནི་སྡུག་བསྔལ་གྱི་རྒྱུར་གྱུར་པའོ། །འདུ་བྱེད་ཀྱི་སྡུག་བསྔལ་བསལ་ཏེ་སྐྱེ་བ་དང་གནས་པ་མི་རྟག་པའི་བདག་ཉིད་ཅན་དུ་གྱུར་པ་ཡིན་ལ། གང་མི་རྟག་པ་དེ་ཉིད་ནི་སྡུག་ བསྔལ་ཞེས་བྱ་སྟེ། དེ་ཡང་སྡུག་བསྔལ་གྱི་རྒྱུར་གྱུར་པས་སྡུག་བསྔལ་ཞེས་བྱའོ། །ཡང་ན་ནང་གི་བདག་ཉིད་ཅན་ལ་སོགས་པ་དང་ལྷ་སྡང་བ་ལ་སོགས་པ་ལས་བྱུང་བ་དང་། འབྱུང་བ་ལས་གྱུར་པ་དང་། ལས་ལ་སོགས་པའི་དབྱེ་བས་ཕྱེ་བའི་སྡུག་བསྔལ་རྣམ་པ་གསུམ་ནི་སྡུག་བསྔལ་གསུམ་ མོ། །ལུས་དང་ངག་དང་ཡིད་ཀྱི་སྡུག་བསྔལ་བའི་དབྱེ་བས་རྒྱུ་དང་འབྲས་བུར་གྱུར་པའི་སྡུག་བསྔལ་རྣམས་ཞི་བར་མཛད་པས་ན། སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི། །ཞེས་བྱའོ། །སྡུག་བསྔལ་གསུམ་གྱི་བདག་ཉིད་ཅན་གྱི་སྡུག་བསྔལ་དེ་ཞི་བར་བྱས་ཀྱང་ཕྱིའི་དོན་དང་། ནང་ལ་བདག་ཏུ་ 63-1-228a མངོན་པར་ཞེན་པ་རྣམས་ལ་ནི་སླར་ཡང་འབྱུང་བར་འགྱུར་བས་དེ་བསལ་བར་བྱ་བའི་ཕྱིར། གསུམ་སེལ་ཞེས་བྱ་བ་སྨོས་ཏེ། སྡུག་བསྔལ་རྣམ་པ་གསུམ་པོ་དེ་རྣམས་སེལ་བ་ནི་མཐར་འབྱུང་ཞིང་སླར་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པས་ན་གསུམ་སེལ་ལོ། །བདག་ཉིད་ ཀྱང་མི་གནས་པའི་མྱ་ངན་ལས་འདས་པར་གྱུར་ཅིང་སེམས་ཅན་མཐའ་ཡས་པའི་དོན་མཛད་པས་ན་མཐའ་ཡས་སོ། །ཉན་ཐོས་དང་། རང་སངས་རྒྱས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྣམ་པར་གྲོལ་བའི་དབྱེ་བས་ཕྱེ་བའི་རྣམ་པར་གྲོལ་བ་གསུམ་པོ་དེ་དག་ལ་ཐམས་ཅད་དུ་གདུལ་ བྱའི་སྐྱེ་བོ་རྣམས་ཀྱི་དབང་དུ་མཛད་དེ་བདག་ཉིད་དེ་དང་དེའི་གཟུགས་སུ་སྟོན་པས་ན་གྲོལ་གསུམ་ཐོབ་ཅེས་བཤད་དོ། །དོན་དམ་པར་ནི་གང་ནས་ཀྱང་མ་བྱོན་ལ་གང་དུ་ཡང་མི་བཞུད་དེ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་དང་། ལས་ཀྱི་ སྒྲིབ་པ་དང་བྲལ་བས་ན། སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །ཞེས་བྱའོ། །སྒྲིབ་པ་ཐམས་ཅད་དང་བྲལ་བ་ཉིད་དང་། སེམས་ཅན་ཐམས་ཅད་ལ་གོ་སྐབས་འབྱེད་པར་མཛད་པས་ན། མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཞེས་བྱའོ། །ཉོན་མོངས་དྲི་མ་ཀུན་ལས་འདས། །ཞེས་བྱ་བ་ལ་ཉོན་མོངས་ པའི་དྲི་མ་ཐམས་ཅད་སྤངས་པར་གྱུར་པའམ། གང་ཉོན་མོངས་པའི་དྲི་མ་ཐམས་ཅད་ལས་འདས་པར་གྱུར་པས་ན། ཉོན་མོངས་དྲི་མ་ཀུན་ལས་འདས། །ཞེས་བྱའོ། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་གསུམ་དུ་བརྟགས་པའི་ཉོན་མོངས་པའི་དྲི་མ་རྣམས་ལས་འདས་པའི་ ནམ་མཁའ་དང་མཉམ་པའི་ཆོས་ཉིད་ཀྱི་བདག་ཉིད་ཅན་ཡིན་པས་ན། དུས་གསུམ་དུས་མེད་རྟོགས་པ་པོ། །ཞེས་བྱའོ། །གདུལ་དཀའ་བ་རྣམས་གདུལ་བར་བྱ་བའི་ཕྱིར་ཡང་དག་པར་བསྡམས་ཤིང་ལེགས་པར་འདུལ་བ་དང་། ཉོན་མོངས་པའི་གཡུལ་ལས་རྣམ་པར་རྒྱལ་བ་ལ་དཔའ་བས་ཀླུ་ཆེན་པོ་སྟེ། སྤྱོད་པ་ཀུན་དུ་བསྡམས་པས་ཀླུ་ཞེས་བྱ་བ་ལ་སོགས་པ་ལུང་ལས་གསུང་བའི་ཕྱིར་རོ། །ཡང་ན་ཀླུ་ཆེན་པོ་དང་འདྲ་བས་ན་ཀླུ་ཆེན་པོ་སྟེ། ཉོན་མོངས་པའི་གདུང་བ་ཐམས་ཅད་ཞི་བར་མཛད་ཅིང་ལེགས་པར་གསུངས་པའི་ཆོས་ཀྱི་ཆར་འབེབས་པའི་རྒྱུར་གྱུར་པས་ན། སེམས་ཅན་ཀུན་གྱི་ཀླུ་ཆེན་ 63-1-228b པོ། །ཞེས་བྱ། ཡོན་ཏན་ནི་མཆོག་ཏུ་གྱུར་པས་ཐོད་དེ། ཤེ་ཁ་རའི་སྒྲ་མཐོན་པོའི་ཚིག་ཡིན་པའི་ཕྱིར་རོ། །དེ་རྣམས་ཀྱི་རྩེ་མོ་ཡིན་པས་ན། ཐོད་ཅན་རྣམས་ཀྱི་ཐོད་དོ། །ཡང་ན་ཡོན་ཏན་ཉིད་རྩེ་མོ་ཡིན་ཏེ། རབ་ཀྱི་མཐར་ཕྱིན་པའོ། །དེ་རྣམས་ཀྱི་རྩེ་མོ་ནི་ཤིན་ཏུ་དྲི་མ་མེད་པའི་ཡོན་ཏན་གྱི་ནོར་བུའི་རྩེ་མོ་ཡིན་པའི་ ཕྱིར་ཡང་དེ་སྐད་ཅེས་བྱའོ། །ཉོན་མོངས་ཀུན་ལས་རྣམ་གྲོལ་བ། །ཞེས་བྱ་བ་ནི་ཉོན་མོངས་པ་ཐམས་ཅད་ལས་ངེས་པར་གྲོལ་བའོ། །དེས་ན་ནམ་མཁའ་ལྟར་སྒྲིབ་པ་ཐམས་ཅད་དང་བྲལ་ཞིང་རྣམ་པར་མི་རྟོག་པའི་ཆོས་ཀྱི་དབྱིངས་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཉིད་ལ་ལེགས་པར་བཞུགས་ཤིང་མི་གཡོ་ བའི་ངོ་བོ་ཉིད་ཀྱིས་དེའི་ངོ་བོ་ཉིད་དུ་ཡང་གྱུར་པས་ན། ནམ་མཁའི་ལམ་ལ་རབ་གནས་པ། །ཞེས་བྱ་སྟེ། དབྱེ་བ་མེད་པ་ལ་མངོན་པར་དགའ་བའི་སེམས་ཅན་རྣམས་ཀྱི་དབང་དུ་མཛད་ནས་བསྟན་པ་ཡིན་ནོ། །གལ་ཏེ་རྣམ་པར་མི་རྟོག་པའི་ཆོས་ཀྱི་དབྱིངས་སྒྲིབ་པ་ཐམས་ཅད་ལས་ངེས་པར་གྲོལ་བ་ལ་དེའི་ བདག་ཉིད་ལས་མི་གཡོ་བའི་ངོ་བོ་ཉིད་དུ་ལེགས་པར་བཞུགས་ན་ཇི་ལྟར་ན་སེམས་ཅན་ཐམས་ཅད་ཀྱི་བསམ་པ་རྣམས་ཡོངས་སུ་རྫོགས་པར་སྤྱོད། ཉོན་མོངས་པ་མི་མངའ་ན་ནི་སྐྱེ་བ་ལ་སོགས་པས་འདུལ་བར་ཡང་སྲིད་ལ། རྣམ་པར་རྟོག་པ་མི་མངའ་ན་ནི་ཆོས་སྟོན་པ་ཡང་མི་སྲིད་དེ། དེ་བས་ན་མོ་ གཤམ་གྱི་བུ་དང་འདྲ་བར་མཐོ་རིས་དང་། བྱང་གྲོལ་དོན་དུ་གཉེར་བ་རྣམས་ལ་ཐབས་མེད་པར་འགྱུར་རོ་ཞེས་བློ་གྲོས་ངན་པ་རྣམས་ཀྱི་མི་མཐུན་པའི་རྣམ་པར་རྟོག་པ་གཡོ་བ་བསལ་བར་བྱ་བའི་ཕྱིར་དཔེའི་ཚུལ་གྱིས་ཉོན་མོངས་པ་ཐམས་ཅད་དང་བྲལ་ཞིང་རྣམ་པར་རྟོག་པ་མི་མངའ་བ་རྣམས་ཀྱང་སེམས་ཅན་ ཐམས་ཅད་ཀྱི་དོན་མཛད་པར་སྤྱོད་དོ་ཞེས་བསྟན་པའི་ཕྱིར། ཡིད་བཞིན་ནོར་བུ་ཆེན་པོ་འཆང་། །ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག །ཅེས་གསུངས་ཏེ་ཐམས་ཅད་དུ་ཁྱབ་པས་ཆེ་ཞིང་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དང་། གཉིས་སུ་མེད་པའི་སེམས་ཉིད་ནི་ཡིད་བཞིན་གྱི་ནོར་བུ་ཆེན་པོའོ། །དེ་ཉིད་ཀྱིས་ནི་ སེམས་ཅན་མ་ལུས་པའི་མངོན་པར་འདོད་པའི་དོན་རྫོགས་པར་བྱེད་པའི་ཕྱིར་ཏེ། ཕྱི་རོལ་གྱི་ཡིད་བཞིན་གྱི་ནོར་བུ་སྣང་བ་ལས་མཆོག་ཏུ་གྱུར་པ་མི་སྲིད་དེ། སྲིད་ཀྱང་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་སྟེར་བར་མི་ནུས་མོད་ཀྱི། རྣམ་པར་རྟོག་པ་མེད་ཀྱང་ཡིད་ལ་རེ་བའི་གསོལ་བ་པོ་རྣམས་ཀྱི་ 63-1-229a དགོས་པ་དོན་སྟེར་བར་ནུས་ཏེ། དེ་ཙམ་གྱི་ཕྱི་རོལ་གྱི་ནོར་བུ་རིན་པོ་ཆེ་ཡང་དཔེར་བྱར་རུང་སྟེ། དེ་བས་ན་འདི་ལྟར། ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག །ཅེས་བྱ་བས་བྱེ་བྲག་ཏུ་བྱས་པ་ཡིན་ནོ། །དཔག་བསམ་ཤིང་ཆེན་རྒྱས་པ་སྟེ། །བུམ་པ་བཟང་པོ་ཆེ་བའི་མཆོག ། ཅེས་བྱ་བ་ཡང་དེ་བཞིན་ནོ། །དཔེ་གཅིག་གིས་ཀྱང་དོན་རྟོགས་པར་འགྱུར་ན་དཔེ་གཞན་གཉིས་པ་ལ་དོན་ཅི་ཞིག་ཡོད་ཅེ་ན། དོན་རྟོགས་པ་ནི་བདག་བདེན་མོད་ཀྱི་འོན་ཀྱང་འགའ་ཞིག་ལས་ལ་ལ་ཞིག་རབ་ཏུ་གྲགས་པ་ཡོད་པས་དཔེ་གཞན་དག་བསྟན་ཏོ། །ཡང་ན་ནུས་པ་མཆོག་དང་འབྲིང་དང་ཐ་མ་ བསྟན་པར་བྱ་བའི་ཕྱིར་དཔེ་སོ་སོར་བསྟན་ཏེ། དེ་ཡང་ཡིད་བཞིན་གྱི་ནོར་བུས་ནི་རང་གི་ཕྱོགས་ནས་བརྩམས་ཏེ་དཔག་ཚད་སྟོང་གི་བར་དུ་གནས་པ་རྣམས་ཀྱི་མངོན་པར་འདོད་པའི་དོན་རྫོགས་པར་བྱ་བ་ལ། དཔག་བསམ་གྱི་ཤིང་ཡང་རང་གི་གྲིབ་མའི་ནང་དུ་ཆུད་པ་རྣམས་ཀྱིའོ། །བུམ་པ་བཟང་ པོ་ཡང་དེར་ལག་པ་ཆུད་པ་རྣམས་འདོད་པ་རྫོགས་པར་བྱེད་ལ། ཡང་ཉེས་པ་ཐམས་ཅད་དང་བྲལ་བའི་རྣམ་པར་མི་རྟོག་པའི་ཆོས་ཀྱི་དབྱིངས་ཀྱི་ཡིད་བཞིན་གྱི་ནོར་བུ་འདི་ནི་སེམས་ཅན་ཐམས་ཅད་ཀྱི་རེ་བ་རྣམས་ཡོངས་སུ་རྫོགས་པར་མཛད་པ་ལ་ཚད་མེད་པས་དཔག་བསམ་ཤིང་ཆེན་ནོ། །ཐམས་ཅད་དུ་ ཁྱབ་པའི་གྲིབ་མ་དང་ལྡན་པས་ན་རྒྱས་པ་སྟེ། གང་གི་ཕྱིར་ཆོས་ཀྱི་དབྱིངས་ལ་མ་གཏོགས་པའི་ཆོས་ནི་འགའ་ཡང་མེད་དོ་ཞེས་བྱ་བའི་རིགས་པས་སོ། །ནམ་མཁའ་དང་མཚུངས་ལ་དགབ་པ་མེད་ཅིང་ཐམས་ཅད་པའི་ཁ་དང་ལྡན་པས་ན། བུམ་པ་བཟང་པོ་ཆེ་བའི་མཆོག །ཅེས་བྱའོ། །དེ་ལྟར་རྣམ་ པར་རྟོག་པ་མེད་ཀྱང་ཕྱིར་སྒྲིབ་པ་མེད་པའི་ངོ་བོ་ཉིད་དུ་གྱུར་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་དེ། དེ་བས་ན། བྱེད་པ་སེམས་ཅན་ཀུན་དོན་བྱེད། །ཅེས་བྱའོ། །རྣམ་པ་ཐམས་ཅད་དུ་གཞན་གྱི་དོན་རྫོགས་པར་མཛད་པར་དགྱེས་པས་ན་ཕན་འདོད་ཅེས་བྱའོ། །སེམས་ཅན་ཐམས་ཅད་ལ་བུ་ གཅིག་པ་ལྟར་སྡུག་ཅིང་གཅེས་པའི་ཐུགས་རྗེ་ཆེན་པོའི་རང་བཞིན་དང་ལྡན་པས་ན་སེམས་ཅན་མཉེས་གཤིན་པའོ། །དགེ་བ་དང་མི་དགེ་བ་ལ་སོགས་པ་དེ་དག་ཉིད་ལ་དབང་བསྒྱུར་བས་སོ་སོར་སྣང་བས་ན་བཟང་ངན་ཤེས་ཞེས་བཤད་དོ། །གང་རྣམ་པར་རྟོག་པ་དང་དཔྱོད་པ་སྔོན་དུ་འགྲོ་བའི་ཡིད་ཀྱི་རྣམ་ 63-1-229b པར་ཤེས་པས་དགེ་བ་དང་མི་དགེ་བའི་ཤེས་པ་ཉིད་དུ་རྟོག་པ་དེ་རྣམས་ཡོངས་སུ་དགའ་བར་བྱ་བའི་ཕྱིར་དེ་བཞིན་དུ་བཤད་དེ། གཞན་དུ་ན་ལས་དང་པོའི་སེམས་ཅན་རྣམས་འཇུག་པ་ཉིད་དུ་མི་འགྱུར་ཏེ། དེས་ན་སེམས་ཅན་ཐམས་ཅད་སྡུད་པར་བྱེད་པའི་ཆོས་སྟོན་པ་པོར་མི་འགྱུར་རོ། །དེ་ཡང་མཐོ་ རིས་དང་ཐར་པའི་འབྲས་བུ་བཟང་པོ་སྟེར་བར་བྱེད་པ་ནི་བཟང་པོའོ། །ཆགས་ཤིང་ཞེ་སྡང་ལ་སོགས་པ་ལས་སེམས་ཅན་དམྱལ་བ་དང་། ཡི་དགས་དང་། དུད་འགྲོར་འགྲོ་བར་འགྱུར་བ་གང་ཡིན་པ་དེ་ནི་ངན་པའོ། །དེ་དག་གི་དབྱེ་བ་ཡང་དག་པར་མཁྱེན་པས་ན་བཟང་ངན་ཤེས་པའོ། །བསྟན་ པ་དང་བཏང་སྙོམས་དང་ཡོངས་སུ་རྒྱལ་བ་མངོན་སུམ་དུ་བྱ་བའི་དུས་ཀྱི་རྣམ་པར་དབྱེ་བ་མཁྱེན་པས་ན་དུས་ཤེས་པའོ། །གྲུབ་པའི་མཐའ་ཐམས་ཅད་དང་བསྟན་བཅོས་ཐམས་ཅད་མཛད་ཅིང་རྒྱུ་དང་འབྲས་བུ་ཐམས་ཅད་དུ་རྟོགས་པས་ན་ཁྱབ་བདག་གོ། །དམ་ཚིག་ནི་བརྡ་སྟེ། སེམས་ཅན་ ཐམས་ཅད་ཀྱི་སྐད་ཐམས་ཅད་ཡོངས་སུ་མཁྱེན་པས་ན་དམ་ཚིག་ཤེས་སོ། །གྲུབ་པའི་མཐའ་ཐམས་ཅད་གྲུབ་པའི་དམ་ཚིག་ཡོངས་སུ་མཁྱེན་པ་འདི་ལ་མངའ་བས་ན། དམ་ཚིག་ལྡན་ནོ། །སེམས་ཅན་ཡོངས་སུ་སྨིན་པའི་དུས་ལས་འདའ་བར་མི་མཛད་པས་ན་དུས་ཤེས་པའོ། །སེམས་ཅན་ ཐམས་ཅད་ཀྱི་དད་པ་ལ་སོགས་པའི་དབང་པོ་རབ་དང་འབྲིང་དང་ཆུང་ངུའི་དབྱེ་བས་རྣམ་པ་དགུར་ཕྱེ་བ་མཁྱེན་པས་ན་སེམས་ཅན་དབང་པོ་ཤེས་ཞེས་བྱའོ། །ཉན་ཐོས་དང་རང་སངས་རྒྱས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་བ་རྣམས་ལ་ཉོན་མོངས་པ་དང་བྲལ་བ་ རྣམས་ཐམས་ཅད་དུ་ཡོངས་སུ་མཁྱེན་པས་ན། རྣམ་གྲོལ་གསུམ་ལ་མཁས་པ་པོ། །ཞེས་བྱའོ། །སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་ཡོན་ཏན་ནོ། །དྲི་མ་མེད་པར་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་འདི་ལ་མངའ་བས་ན་ཡོན་ཏན་ ལྡན་ཞེས་བྱ་སྟེ། ཡོན་ཏན་རྣམས་ངེས་པར་འབྱོར་བའོ། །གཞན་གྱི་རྒྱུད་ཀྱིས་རྟོགས་པའི་ཡོན་ཏན་རྣམས་ཀྱང་ཁྱད་དུ་མཁྱེན་པས་ན་ཡོན་ཏན་ཤེས་ཞེས་བྱའོ། །དགེ་བ་དང་། མི་དགེ་དང་། ལུང་དུ་སྟོན་པ་དང་། ལུང་དུ་མི་སྟོན་པ་དང་། ཟག་པ་དང་བཅས་པ་དང་། ཟག་ 63-1-230a པ་མེད་པ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཐུན་མོང་དང་། ཐུན་མོང་མ་ཡིན་པ་ལ་སོགས་པའི་ཆོས་ཐམས་ཅད་སྒྱུ་མ་དང་འདྲ་བ་ལ་སོགས་པའི་ཚུལ་གྱིས་ཇི་ལྟ་བ་བཞིན་དུ་མཁྱེན་པས་ན་ཆོས་ཤེས་པའོ། །རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་ པའི་བསོད་ནམས་ཀྱི་རང་བཞིན་ཡིན་པས་ན་བཀྲ་ཤིས་སོ། །བཀྲ་ཤིས་ཐམས་ཅད་ཀྱང་འདི་ལས་འབྱུང་བར་འགྱུར་བས་བཀྲ་ཤིས་འབྱུང་ངོ་། །བཀྲ་ཤིས་ཐམས་ཅད་ཀྱི་རྒྱུར་གྱུར་པ་དང་འབྲས་བུར་གྱུར་པ་དེ་ཉིད་ཡིན་པས་ན་བཀྲ་ཤིས་སོ། །བཀྲ་ཤིས་ཐམས་ཅད་ཀྱི་བདག་ཉིད་ཅན་ཡིན་པས་ན་ཀུན་གྱི་བཀྲ་ ཤིས་པའོ། །གྲགས་པ་རྣམས་ཀྱི་རྒྱུར་གྱུར་པ་དང་གྲགས་པ་ངོ་བོ་ཉིད་ཡིན་པས་ན་གྲགས་པའོ། །ཡང་ན་བསོད་ནམས་ཀྱི་མཐོ་བའི་ཚུལ་གྱིས་ཐམས་ཅད་ཀྱིས་བསྒྲགས་ཤིང་གྲགས་པས་ན་གྲགས་པའོ། །དཔལ་གྱི་གནས་སུ་ཐམས་ཅད་ཀྱི་ཤེས་པ་དང་། དཔལ་གྱི་རྒྱུར་གྱུར་པས་ན་བཀྲ་ཤིས་སོ། ། དྲི་མ་ཐམས་ཅད་དང་བྲལ་བའི་དྲི་མ་མེད་པའི་ཡོན་ཏན་གྱི་རང་བཞིན་གྱི་གྲགས་པའི་གཟུགས་ཅན་ཉིད་ཡིན་པའི་ཕྱིར་དང་གཞན་རྣམས་ཀྱི་ཡང་གྲགས་པའི་རྒྱུར་གྱུར་པས་ན་སྙན་གྲགས་སོ། །བསོད་ནམས་དང་ཡེ་ཤེས་ཀྱི་དགེ་བའི་གཟུགས་ཅན་ཡིན་པའི་ཕྱིར་དང་། སེམས་ཅན་ཐམས་ཅད་ཀྱི་དགེ་ བའི་རྒྱུར་གྱུར་པས་དགེ་བའོ། །འཇིགས་ཤིང་སྐྲག་པ་ཐམས་ཅད་དང་བྲལ་བ་ལ་ནི་དབུགས་འབྱིན་པ་ཐོབ་པ་ཞེས་བཤད་ལ། བཅོམ་ལྡན་འདས་ཀྱང་ཐམས་ཅད་ཀྱི་དབུགས་འབྱིན་པའི་གནས་སུ་གྱུར་པའི་ཕྱིར་དང་། དབུགས་འབྱིན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་དབུགས་འབྱིན་ཆེན་པོའོ། །དགའ་ སྟོན་ནི་བུ་ལ་སོགས་པ་སྐྱེས་པའི་དོན་སྦྱིན་པ་ལ་སོགས་པ་བྱེད་ཅིང་མཆོད་སྦྱིན་དང་སྦྱིན་གཏོང་བྱེད་པ་ལ་དགའ་བ་འདུས་པ་ནི་དགའ་སྟོན་ཞེས་བྱའོ། །བཅོམ་ལྡན་འདས་ཀྱང་སྲིད་གསུམ་ཐམས་ཅད་ཀྱི་དགའ་སྟོན་གྱི་ངོ་བོ་ཉིད་དུ་གྱུར་པའི་ཕྱིར་དང་། དགའ་སྟོན་ཆེན་པོའི་རྒྱུར་གྱུར་པའི་ཕྱིར་དགའ་སྟོན་ཆེན་ པོའོ། །ཐམས་ཅད་དུ་རྒྱུན་མི་འཆད་པའི་བདེ་བ་ཆེན་པོའི་ངོ་བོ་ཉིད་དུ་གྱུར་པའི་ཕྱིར་དང་། སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་དགའ་བའི་རྒྱུར་གྱུར་པས་ན་དགའ་ཆེན་ནོ། །སངས་རྒྱས་ཉིད་དུ་གྱུར་པ་ལ་དགའ་ཞིང་ཆགས་པའམ། སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའི་ཆགས་པ་ 63-1-230b ཆེན་པོ་གང་ཡིན་པའམ། དགའ་བ་ཐམས་ཅད་ཀྱི་རྒྱུར་གྱུར་པ་རྒྱུན་དུ་འགྲོ་བའི་ཆོས་ཉིད་ལ་དགའ་བའི་ངོ་བོ་ཉིད་ཡིན་པས་ན་རོལ་མོ་ཆེན་པོ་སྟེ་ཞེས་བྱའོ། །བསྙེན་བཀུར་སྔོན་དུ་འགྲོ་བའི་མཆོད་པ་ལ་སོགས་པའི་བྱེ་བྲག་ལ་ནི་བཀུར་སྟིའི་སྒྲར་བརྗོད་དོ། །འཇིག་རྟེན་དུ་བཟང་ཞིང་མཛེས་ པར་བྱས་པས་ན་རིམ་གྲོ་སྟེ། དམ་པ་ཡིན་ཞིང་མཛེས་པ་ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་རྫོགས་པར་བྱེད་པ་གང་ཡིན་པ་དེ་ནི་རིམ་གྲོ་ཡིན་པའམ། བཀུར་སྟི་ཐམས་ཅད་ཀྱི་རྒྱུར་གྱུར་པའི་ཕྱིར་དང་། མཛེས་ཤིང་དམ་པའི་བྱ་བ་མཛད་པ་སྟེ། སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ ལ་རབ་ཏུ་གཞན་པའི་ཕྱིར་སྨོན་ལམ་བཏབ་པ་དང་། རྗེས་སུ་མཐུན་པར་བདག་དང་གཞན་གྱི་དོན་རྫོགས་པར་མཛད་པ་གང་ཡིན་པ་དེ་ནི་རིམ་གྲོ་སྟེ། དམ་པར་མཛད་པའོ། །ཕུན་སུམ་ཚོགས་པ་ནི་འབྱོར་པའི་རྒྱུར་གྱུར་པ་བསོད་ནམས་ཀྱི་ཚོགས་ཀྱི་བདག་ཉིད་ཅན་དུ་གྱུར་པའི་ཕྱིར་རམ། ཕུན་སུམ་ཚོགས་ པའི་རྒྱུར་གྱུར་པའི་ཕྱིར་རོ། །ངན་འགྲོ་དང་སྐྱེ་བ་དང་ཉོན་མོངས་པའི་སྡུག་བསྔལ་བསལ་བས་རབ་ཏུ་དགའ་བ་ལ་སོགས་པའི་ས་རྣམས་སུ་འཇུག་པའི་དགའ་བ་སྐྱེད་བ་དང་། རང་ཉིད་ཀྱང་བདེ་བ་དང་ཡིད་བདེ་བ་ཐམས་ཅད་ཀྱི་བདག་ཉིད་ཅན་དུ་གྱུར་པས་ན་མཆོག་ཏུ་དགའ་བའོ། །རྣམ་པ་ཐམས་ ཅད་དུ་ཡོངས་སུ་དག་པའི་རང་བཞིན་ཅན་གྱི་སྐུ་མངའ་བས་ན་གྲགས་བདག་གོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་དང་། དེའི་རྒྱུར་གྱུར་པ་ཡིན་པའི་ཕྱིར་དཔལ་ལོ། །མཆོག་ནི་དམ་པ་སྟེ། མཆོག་ཏུ་འོས་ཤིང་གང་ལ་ཇི་ལྟར་རིགས་པའི་མཆོག་སངས་རྒྱས་ཉིད་དུ་འོས་ པ་དང་ལྡན་པས་ན་མཆོག་ལྡན་ནོ། །སྐལ་བ་དང་ལྡན་པའི་སེམས་ཅན་རྣམས་ལ་མཆོག་ཏུ་གྱུར་པའི་སངས་རྒྱས་ཉིད་སྩོལ་བར་མཛད་པར་འོས་པ་ཡིན་པས་ན་མཆོག་སྦྱིན་ནོ། །འདི་ཉིད་ཀྱི་འབྲེལ་པ་ནི་མཆོག་སྦྱིན་གཙོ་སྟེ་ཞེས་བྱ་བ་ཡིན་ནོ། །མངོན་པར་འདོད་ཅིང་ཁ་ན་མ་ཐོ་བ་མེད་པའི་མཆོག་རྒྱ་ ཆེན་པོ་རབ་ཏུ་སྩོལ་བས་ན་མཆོག་སྦྱིན་གཙོ་བོའོ། །སྐྱབས་འདོད་པ་རྣམས་དང་། དཔུང་གཉེན་འདོད་པ་རྣམས་ལ་ཐམས་ཅད་ཀྱི་སྐྱབས་སུ་གྱུར་པའི་དོན་གྱིས་ན་སྐྱབས་ཀྱི་དམ་པའོ། །གཞན་ཡང་སྐྱབས་ཀྱི་འོས་སུ་འདོད་པ་དབང་ཕྱུག་ཆེན་པོ་ལ་སོགས་པའང་རྗེ་བཙུན་འཇམ་དཔལ་ལ་སྐྱབས་ 63-1-231a སུ་འགྲོ་བ་ཡིན་ཏེ། དེ་བས་ན་དེ་ཉིད་ནི་སྐྱབས་ཀྱི་དམ་པ་དང་སྐྱབས་སུ་འོས་པ་ཡིན་ནོ། །འཁོར་བའི་འཇིགས་པ་ཐམས་ཅད་ཀྱིས་སྐྲག་པ་རྣམས་ཀྱི་སྐྱབས་སུ་འོས་པ་ཡིན་པའི་ཕྱིར་དང་། འཇིགས་པ་དང་བཅས་པ་ལས་འདས་པའི་མྱ་ངན་ལས་འདས་པ་ལ་རབ་ཏུ་འཇོག་པས་ན་ སྐྱབས་སུ་འོས་པའོ། །འཁོར་བའི་རྒྱུར་གྱུར་པའི་མ་རིག་པ་ལ་སོགས་པ་ནི་འཇིགས་པའི་རྒྱུ་ཡིན་པས་འཇིགས་པ་ཆེན་པོའོ། །དེ་རྣམས་ཀྱི་སྒྲ་ནི་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་དག་ཀྱང་ཡིན་མོད་ཀྱི་དེ་རྣམས་ནི་མཆོག་མ་ཡིན་ཏེ། གང་ཟག་ལ་བདག་མེད་པར་རྟོགས་པས་ཉོན་མོངས་པའི་སྒྲིབ་པ་ ཙམ་སྤངས་པ་ཡིན་པའི་ཕྱིར་རོ། །བདག་དང་བདག་གིར་མངོན་པར་ཞེན་པའི་རྩ་བ་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་མི་མངའ་ཞིང་བདག་དང་གཞན་གྱི་རྒྱུད་ལ་གནས་པའི་འཇིགས་པ་ཆེན་པོ་རྣམས་ཀྱི་དགྲའི་རབ་མཆོག་ཏུ་གྱུར་ཅིང་འཇིགས་པར་མཛད་པས་ཉེ་བར་དམིགས་པའི་རྩ་བར་གྱུར་པའི་ འཇིགས་པ་ཐམས་ཅད་ལ་ཉེ་བར་དམིགས་པ་ཐམས་ཅད་དྲུངས་ནས་འབྱིན་པས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་ལ་ནི། འཇིགས་ཆེན་དགྲ་སྟེ་རབ་ཀྱི་མཆོག །འཇིགས་པ་མ་ལུས་སེལ་བ་པོ། །ཞེས་བྱའོ།། །།ད་ནི་མུ་སྟེགས་རྣམས་ཀྱིས་ཡོངས་སུ་བརྟགས་པའི་བརྟུལ་ཞུགས་ཀྱིས་ འདུལ་བའི་སེམས་ཅན་རྣམས་འདུལ་བའི་ཕྱིར་དེའི་བརྟུལ་ཞུགས་སྟོན་པ་པོའི་མཚན་ལ་སོགས་པའི་དོན་བསྟན་པར་བྱ་བའི་ཕྱིར། གཙུག་ཕུད་ཕུད་བུ་ཞེས་བྱ་བ་ལ་སོགས་པ་ནས། ཕྲ་ཞིང་ཟག་མེད་ས་བོན་བྲལ། །ཞེས་བྱ་བའི་བར་གྱིས་ཚིགས་སུ་བཅད་པ་ལྔ་གསུངས་པ་ཡིན་ཏེ། དེ་ལ་སྐྲ་དང་ཁ་སྤུ་ བྲེགས་ནས་གཙུག་ཕུད་ཙམ་འཇོག་ཅིང་འདི་ལ་གཙུག་ཕུད་ཙམ་གྱི་མཚན་མ་ཡོད་པའི་ཕྱིར་རོ། །གཙུག་ཕུད་ཅན་ཏེ། དབྱིག་པ་གསུམ་པ་ཅན་གྱི་ཀུན་དུ་རྒྱུ་བའི་གཟུགས་འཛིན་པའོ་ཞེས་བྱ་བའི་བར་དུའོ། །ཕུད་བུ་ཡོད་པའི་ཕྱིར་ཕུད་བུ་ཅན་ཡིན་ཏེ། མགོ་བོ་དབུས་ཀྱི་སྐྲ་བྲེགས་ནས་དཔྲལ་བའི་ མཐའ་སྐྲ་འཇོག་པས་ན། ཕུད་བུ་ཅན་ཞེས་བྱའོ་ཞེས་ལ་ལ་དག་འདོད་དོ། །གཞན་དག་ནི་མངལ་ནས་སྐྱེས་པ་དང་། སྐྲ་དཔྲལ་བའི་མཚམས་དང་། མགོའི་དབུས་དང་། རྒྱབ་ཀྱི་ཕྱོགས་ཆ་སྟེ་གསུམ་དུ་ཕུད་བུ་གསུམ་འཇོག་པས་ན་ཕུད་བུ་ཅན་ཞེས་བྱའོ་ཞེས་ཟེར་ཁ་ཅིག་ན་རེ་གཙུག་ཕུད་ཅན་ 63-1-231b ཞེས་བྱ་བ་རྨ་བྱ་ལ་ཞོན་པས་གཙུག་ཕུད་ཅན་ཏེ། གཞོན་ནུ་གདོང་དྲུག་པ་ལ་བྱའོ་ཞེས་ཟེར་བས་དེའི་གཟུགས་དང་ཆ་ལུགས་འཛིན་པར་མཛད་པས་ན་གཙུག་ཕུད་ཅན་ནོ། །ཤིང་ཤུན་དང་རལ་པ་འཆང་ཞིང་ལྷ་ཆེན་པོ་ལ་དད་པའི་དྲང་སྲོང་གི་གཟུགས་འཛིན་པར་མཛད་པས་ན་ལྕང་ལོ་ཅན་ནོ། །སྐྲའི་རྩ་བ་ལ་ སོགས་པ་ཐམས་ཅད་སྦོམས་པའི་རལ་པ་བསྡུས་པ་ཡོད་པས་ན་རལ་པ་སྟེ། ཐམས་ཅད་དུ་ཡང་གང་དང་གང་གིས་འདུལ་བའི་སེམས་ཅན་རྣམས་འདུལ་བར་བྱ་བའི་ཕྱིར་དེ་དང་དེའི་གཟུགས་འཛིན་པར་མཛད་པ་ཡིན་ནོ་ཞེས་ཁོང་དུ་ཆུད་པར་བྱའོ། །སྐ་རགས་འཆིང་བ་ཡོངས་སུ་མ་བཏང་བར་ཚངས་པར་སྤྱོད་པ་ བསྲུངས་པས་ན་མུན་ཛའོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ཅོད་པན་དང་རྩེ་བྲན་འཆང་བའི་ལྷའི་བུའི་བརྟུལ་ཞུགས་འཛིན་པའི་གཟུགས་མཛད་པས་ན་ཅོད་པན་ཐོགས་པའོ། །གདོང་ལྔ་ཞེས་བྱ་བ་ནི་སེང་གེ་ལ་བྱ་བར་བཤད་ལ། དེའི་བརྟུལ་ཞུགས་འཛིན་པའི་གཟུགས་འཆང་བར་མཛད་པས་ན་གདོང་ལྔ་ པའོ། །ཡང་ན་ལྷ་ཆེན་པོའི་མཚོན་ཆ་འཆང་བ་ནི་གདོང་ལྔ་པ་ཞེས་བྱ་སྟེ། དེའི་གཟུགས་ཀྱིས་འདུལ་བའི་སེམས་ཅན་རྣམས་འདུལ་བར་བྱ་བའི་ཕྱིར་དེའི་གཟུགས་འཛིན་པར་མཛད་པས་ན་གདོང་ལྔ་པའོ། །དོན་དམ་པར་གདོང་ལྔ་ནི་སྒོ་ལྔ་སྟེ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ དང་། མངོན་པར་འདུས་མ་བྱས་པ་དང་། རང་བཞིན་གྱི་འོད་གསལ་བའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་གདོང་ལྔའོ། །ཕྱོགས་བཞིར་གཙུག་ཕུད་བཞི་དང་། སྤྱི་བོར་གཅིག་སྟེ། གཙུག་ཕུད་ལྔ་པའི་གཞོན་ནུའི་བརྟུལ་ཞུགས་འཛིན་ཅིང་བྱིས་པའི་རྒྱན་གྱིས་བརྒྱན་པ་དེའི་གཟུགས་འཛིན་པར་མཛད་པས་ན་ གཙུག་ཕུད་ལྔའོ། །ཡང་ན་དྲི་ཟའི་རྒྱལ་པོ་གཙུག་ཕུད་ལྔ་པས་འདུལ་བ་རྣམས་དེའི་གཟུགས་འཛིན་པར་མཛད་པས་ན་གཙུག་ཕུད་ལྔའོ། །དོན་དམ་པར་གཙུག་ཕུད་ལྔ་ནི་མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་གྲུབ་པ་དང་། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ ཀྱི་ངོ་བོ་ཉིད་དེ། སྤྱི་གཙུག་བཞིན་དུ་གནས་པ་གང་ཡིན་པ་དེ་ནི་གཙུག་ཕུད་ལྔ་དང་ལྡན་པའོ། །ཟུར་ཕུད་ལྔ་པའི་མེ་ཏོག་གི་ཐོད་ཀྱི་ཅོད་པན་གང་ལ་ཡོད་པ་དེ་ནི་ཟུར་ཕུད་ལྔ་པའི་མེ་ཏོག་ཐོད་དོ། །གཙུག་ཕུད་ལ་སོགས་པ་བོར་ཞིང་ངེས་པར་སྤངས་ཏེ་ངང་པ་མཆོག་གི་མྱ་ངན་ལས་འདས་པའི་དབང་བསྐུར་ 63-1-232a བ་ནི་མགོ་ཟླུམ་ཡིན་པའམ། འདི་ལ་མགོ་བེགས་པ་ཙམ་གྱིས་ཀུན་དུ་རྒྱུ་བའི་རྟགས་ཡོད་པས་ན་མགོ་ཟླུམ་མོ། །ཡུལ་དང་དུས་དང་རིགས་ངེས་པའི་བརྟུལ་ཞུགས་ཀྱི་ངེས་པ་དང་ལྡན་པ་སྟེ། ཡུལ་ནི་འཇུག་ངོགས་དག་ཏུ་སྲོག་ཆགས་གསད་པར་མི་བྱའོ། །ཞེས་བྱ་བ་དང་ དུས་ནི་ཚེས་བརྒྱད་དམ་བཅུ་བཞི་འམ་བཅོ་ལྔ་དག་གོ། །རིགས་ནི་རི་དགས་སམ་བྲམ་ཟེ་རྣམས་མི་བསད་དོ་ཞེས་བྱ་བ་སྟེ། དེ་ལྟ་བུ་ལ་སོགས་པའི་མི་དགེ་བ་བཅུའི་ལས་ཀྱི་ལམ་ལས་བཟློག་པ་ཕྱོགས་ཆད་པ་མེད་པར་ཡུལ་ཐམས་ཅད་དང་། དུས་ཐམས་ཅད་དུ་སྲོག་ཆགས་ཐམས་ཅད་གསོད་ པ་ལ་སོགས་པ་ལས་ལྡོག་པ་ནི་བརྟུལ་ཞུགས་ཆེན་པོ་སྟེ། དེ་འཛིན་པར་མཛད་པས་ན། བརྟུལ་ཞུགས་ཆེན་པོ་འཆང་ཞེས་བྱའོ། །ཞི་བའི་གྲུབ་པའི་མཐའ་ལས་བཤད་པའི་བརྟུལ་ཞུགས་ཆེན་པོས་འདུལ་བ་རྣམས་དགའ་བར་བྱ་བའི་ཕྱིར་དེའི་བརྟུལ་ཞུགས་འཛིན་པར་མཛད་པས་ན་བཏུལ་ ཞུགས་ཆེན་པོ་འཆང་བའོ། །ཡང་ན་སེམས་ཅན་མ་ལུས་པ་འདོན་པར་བྱེད་པ་ལ་ཐུན་མོང་མ་ཡིན་པའི་ཐུགས་རྗེ་ཆེན་པོའི་བརྟུལ་ཞུགས་འཛིན་པར་མཛད་པས་ན་བརྟུལ་ཞུགས་ཆེན་པོ་འཆང་བའོ། །ཡང་ན་རིག་བྱེད་རེ་རེ་ཞིང་ལོ་བཅུ་གཉིས་ཚངས་པར་སྤྱོད་པ་སྤྱད་ནས་ཁྱིམ་ལ་གནས་པར་མི་བྱེད་པ་ ཉིད་དུ་སློང་མོ་སྤྱོད་པ་དང་། ནགས་ན་གནས་པས་གང་ཚེ་ཟད་པར་བྱེད་པ་དེ་ནི་བརྟུལ་ཞུགས་ཆེན་པོའོ། །བུད་མེད་བསྟེན་པ་ལས་ལྡོག་པས་ན་ཚངས་པར་སྤྱོད་པའོ། །ཡང་ན་ཚངས་པ་ནི་མྱ་ངན་ལས་འདས་པའོ། །དེའི་དོན་དུ་སྤྱོད་པ་ནི་ཚངས་པར་སྤྱོད་པ་སྟེ། དེ་དང་ལྡན་པ་གང་ ཡིན་པ་དེ་ནི་ཚངས་པར་སྤྱོད་པ་ཅན་ནོ། །བརྟུལ་ཞུགས་ཐམས་ཅད་ཀྱི་མཆོག་གི་ཕུལ་དུ་བྱུང་བ་ནི་བརྟུལ་ཞུགས་མཆོག་གོ། །གླེགས་བམ་ལ་ལས་ནི། ཚངས་པར་སྤྱོད་པ་བརྟུལ་ཞུགས་མཆོག །ཅེས་ཟེར་བ་ལ་དེའི་དོན་ནི་འདི་ཡིན་ཏེ། བརྟུལ་ཞུགས་ཐམས་ཅད་ཀྱི་རྩ་བ་ནི་ཚངས་པར་སྤྱོད་པ་ཡིན་ ལ། དེ་བས་ན་ཐམས་ཅད་དུ་གཞོན་ནུའི་ཚངས་པར་སྤྱོད་པའི་བརྟུལ་ཞུགས་མ་ཉམས་པ་དང་ལྡན་པས་ན། ཚངས་པར་སྤྱོད་པའི་བརྟུལ་ཞུགས་མཆོག །ཅེས་བྱ་སྟེ། བཅོམ་ལྡན་འདས་རྗེ་བཙུན་འཇམ་དཔལ་ལོ། །དཀའ་ཐུབ་ཐམས་ཅད་ལས་རྣམ་པ་ཐམས་ཅད་དུ་ཡོངས་སུ་མཐར་ཕྱིན་ཅིང་ 63-1-232b རྫོགས་པར་འགྱུར་ལ། དཀའ་ཐུབ་དེ་རྣམས་ཀྱི་མཐར་ཕྱིན་པའི་མཐའ་ལ་དགྱེས་པས་ན་དཀའ་ཐུབ་མཐར་ཕྱིན་ནོ། །རླུང་དང་ཆུ་དང་ལོ་མ་ཟ་བ་དང་། མེ་ལྔ་བསྟེན་པ་ལ་སོགས་པའི་དཀའ་ཐུབ་ཤིན་ཏུ་དྲག་པོའི་ཁྱད་པར་སྟོན་པར་མཛད་པས་ན་དཀའ་ཐུབ་ཆེན་པོའོ། །རིག་བྱེད་རྟོགས་པའི་བརྟུལ་ ཞུགས་དེ་ནི་གཙང་གནས་ཞེས་བྱ་བ་ལ། བརྟུལ་ཞུགས་ཐམས་ཅད་དང་། རིག་བྱེད་ཐམས་ཅད་ཀྱི་ཕ་རོལ་ཏུ་རབ་ཀྱི་མཐར་ཕྱིན་པས་མགོན་པོ་འཇམ་དཔལ་ལ་ཡང་གཙང་གནས་ཞེས་བྱ་བའམ། དེས་འདུལ་བའི་སེམས་ཅན་རྣམས་ལ་དགའ་བར་བྱ་བའི་ཕྱིར་དེའི་གཟུགས་འཛིན་པར་མཛད་པས་ན་ གཙང་གནས་སོ། །གཽ་ཏ་མའི་རིགས་ཀྱི་རབ་མཆོག་ཏུ་གྱུར་པས་ན་དམ་པ་གཽ་ཏ་མ་སྟེ། ཐམས་ཅད་ཀྱི་གཙོ་བོར་གྱུར་པའོ། །ཡང་ན་གཽ་ཏ་མ་ཞེས་བྱ་བའི་སྒྲ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ལ་བྱ་སྟེ། ཐམས་ཅད་དུ་སོང་བས་ན་ཐམས་ཅད་ཁྱབ་པའི་ཕྱིར་རོ། །དེའི་རིགས་སུ་གྱུར་པས་ན་གཽ་ཏ་མའོ། །དེ་ཉིད་ ཀྱིས་ན་དམ་པ་སྟེ། ཐམས་ཅད་ཀྱི་གཙོ་བོ་ཡིན་པའི་ཕྱིར་རོ། །དཀའ་ཐུབ་ཐོས་པ་སྐྱེ་གནས་ཏེ། །དེ་དག་བྲམ་ཟེའི་རྒྱུ་ཡིན་ནོ། །ཞེས་བྱ་བས་ཡོན་ཏན་གསུམ་དང་ལྡན་པ་ནི་བྲམ་ཟེ་ཡིན་པར་བཤད་ལ། མགོན་པོ་འཇམ་པའི་དབྱངས་ཀྱང་དུས་དཔག་ཏུ་མེད་པར་དཀའ་ཐུབ་སྤྱོད་པར་མཛད་པ་དང་། མཐའ་ ཡས་པའི་ཐོས་པ་དང་ལྡན་པ་དང་། ཟག་པ་མེད་པའི་སྟོང་པ་ཉིད་ཀྱི་དགོངས་པ་ལས་ངེས་པར་འཁྲུངས་པ་ཡིན་ཏེ། ཡོན་ཏན་དེ་གསུམ་དང་ལྡན་པས་ན་བྲམ་ཟེ་ཆེན་པོའི་མཆོག་ཡིན་ནོ། །ཡང་ན་བྲམ་ཟེ་གང་ཞེ་ན། སྡིག་པའི་ཆོས་རྣམས་ལས་ཕྱི་རོལ་ཏུ་གྱུར་པའོ་ཞེས་གསུངས་པས་སྡིག་པའི་ཆོས་ཐམས་ ཅད་དང་བྲལ་བའི་ཕྱིར་བྲམ་ཟེའོ། །ཚངས་པས་འདུལ་བའི་སེམས་ཅན་རྣམས་གདུལ་བར་བྱ་བའི་ཕྱིར་ཚངས་པའི་གཟུགས་ཀྱིས་ཆོས་སྟོན་པར་མཛད་པའི་ཕྱིར་དང་། མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་ཉིད་དུ་གྱུར་པས་ན་ཚངས་པའོ། །ཚངས་པ་ཤེས་ཞེས་བྱ་བ་ལ། དེ་ལ་ཡི་གེ་ཨ་ནི་སྙན་ ཚིག་གི་རིག་བྱེད་དོ། །ཡི་གེ་ཨུ་ནི་མཆོད་སྦྱིན་གྱི་རིག་བྱེད་དོ། །ཡི་གེ་མ་ནི་སྲིད་སྲུང་གི་རིག་བྱེད་དོ། །དེ་བཞིན་དུ་ཡི་གེ་ཨ་ནི་ཁྱབ་འཇུག་སྟེ། ཡི་གེ་རྣམས་ལས་ཡི་གེ་ཨ་ནི་ང་ཡིན་ནོ་ཞེས་བཤད་པས་སོ། །སྲུང་བས་ན་ཡི་གེ་ཨུ་སྟེ། ལྷ་ཆེན་པོའོ། །མི་རྣམས་སྐྱོང་བས་ན་མ་སྟེ། ཚངས་པའོ། ། 63-1-233a དེ་བཞིན་དུ་ཡི་གེ་ཨ་ནི་སྙིང་སྟོབས་སོ། །ཡི་གེ་ཨུ་ནི་རྡུལ་ལོ། །ཡི་གེ་མ་ནི་མུན་པ་སྟེ། དེ་དག་སྟོན་པར་བྱེད་པའི་ཡི་གེ་ཨོཾ་གྱི་སྒྲ་ནི་བྲམ་ཟེའོ། །དེ་ཇི་ལྟ་བ་བཞིན་དུ་རིག་པས་ན་ཚངས་པ་ཤེས་པ་སྟེ། ཨོཾ་ཞེས་བྱ་བ་ཚངས་པ་མཆོག །འབྱུང་པོ་ཀུན་གྱི་སྙིང་ལ་གནས། །ཡིད་ ཀྱི་སྒྲོལ་མར་གྱུར་པ་ཡི། །མི་གཡོ་བར་ནི་སྣང་བར་བྱེད། །གློག་དང་ཤེལ་ལྟར་སྣང་བ་དང་། །ཉི་མ་འཆར་ཀ་ལྟ་བུར་ནི། །གང་གི་སྙིང་ལ་གནས་མཐོང་བ། །ཚངས་པ་མཆོག་ནི་དེས་མཐོང་ངོ་། །གནས་གསུམ་དང་ནི་ཙམ་གསུམ་དང་། །ཡོན་ཏན་གསུམ་དང་ལྷ་གསུམ་དུ། །གུག་སྐྱེད་ དང་བྲལ་གུག་སྐྱེད་བཅས། །གང་གིས་དེ་རིགས་ཚངས་པ་ཤེས། །ཞེས་བྱ་བ་ནི་ངེས་བརྗོད་ཀྱི་རིག་བྱེད་བསྡུས་པའི་རབ་ཏུ་བྱེད་པའོ། །བདག་ཚངས་པ་ཡིན་པར་བསྟན་པའི་ཕྱིར་སྨྲས་པ། དབང་ཕྱུག་གིས་ནི་ལུང་བསྟན་སྲོག །འབྱུང་བ་དབང་པོ་བློ་མེད་པར། །གང་གིས་རང་བཞིན་ཉིད་བཞིན་ གསལ། །སྒྱུ་མའི་ཚངས་པར་འགྲོ་འདི་ཡིན། །རླབས་དྲུག་མཐར་འགྲོ་ཚངས་པ་སྟེ། །མ་ཡིན་མ་ཡིན་གང་སྨྲ་བ། །དགའ་བ་རྟག་པ་ཙམ་ཞིག་སྟེ། །གང་ཞིག་སྨྲ་བ་རྒྱུ་མཆོག་ཡིན། །དེ་ལས་སྐྱེ་བ་འགྲོ་བའི་མདོ། །སྔོན་གྱི་སྐྱེ་བ་སྐྱེ་དགུའི་བདག །ཚངས་པ་དག་ཏུ་གང་བཤད་ པ། །མ་ལུས་འབྱིན་པར་བྱེད་པའི་རྒྱུ། །ས་ནི་རྐང་པ་ལྷ་ཡུལ་མགོ། །ཉི་མ་ཟླ་བ་མིག་ཡིན་ཞིང་། །ལྟོ་བ་ནམ་མཁའི་ཁོངས་གང་ཡིན། །དེ་ནི་ཡོངས་སུ་རྒྱུ་མཆོག་སྐྱེས། །མཆོད་སྦྱིན་གྱི་རིག་བྱེད་བསྡུས་པའི་རབ་ཏུ་བྱེད་པའོ། །གང་ཚེ་ན་ནི་ཤེས་གྱུར་པ། །ཐུབ་ཆེན་སངས་རྒྱས་གྲུབ་པར་ འགྱུར། །དེ་ཚེ་བཞི་པ་རྣམ་ཤེས་པ། །དབང་ཕྱུག་ཅེས་ནི་བྱ་བར་གྲགས། །བཞི་པ་ལས་འདས་དམ་པའི་བདག །སྐྱེ་དང་འཇིག་པ་སྤངས་པ་སྟེ། །བཅིངས་དང་གྲོལ་ལས་ངེས་འདས་ཤིང་། །རྟག་པར་ཀུན་ཏུ་འགྲོ་བའི་གཙོ། །གཉིད་མེད་རྨི་ལམ་གཉིད་སྟུག་པ། །བཞི་པ་མཉམ་པར་གནས་ པར་འགྱུར། །གང་དུ་བཞི་པ་ཐིམ་འགྱུར་དང་། །དེ་ནི་རྟག་པའི་ཚངས་པ་ཡིན། །སྙན་ཚིག་གི་རིག་བྱེད་བསྡུས་པའི་རབ་ཏུ་བྱེད་པའོ། །ནམ་མཁའ་འདི་ནི་མཐའ་ཡས་ཏེ། །དེ་ནི་མི་ཟད་མི་འགྱུར་བསྟན། །སྣ་ཚོགས་སྐྱེ་གནས་ཚངས་པ་མཆོག །རྟག་ཏུ་འབྱུང་པོའི་སྐྱབས་མཆོག་ཡིན། །མི་ཟད་ 63-1-233b པ་ཡི་བདག་མཆོག་ནི། །གང་གིས་བདག་ལ་གནས་མཐོང་བ། །ཡོན་ཏན་མེད་ཀྱང་ཡོན་ཏན་སྤྱོད། །དེ་དག་འཇུག་ངོགས་རྗེས་སུ་འབྲང་། །དེ་ནི་གཞན་ལ་བདག་གཞན་ཞེས། །དེ་ལྟར་བློ་ངན་རྣམས་ཀྱིས་མཐོང་། །དེ་ནི་གང་ཡིན་བདག་ཡིན་པར། །ཤེས་པ་ངེས་པར་གྲོལ་བར་འགྱུར། །བདག་ ནི་ཚངས་པ་བདག་ཚངས་པར། །གང་ཞིག་དེ་ཉིད་ཤེས་གྱུར་པ། །སྲིན་པོའམ་བྱིན་ཟ་དག་དང་ནི། །ལས་རྣམས་ཀྱི་ནི་རེག་པ་མེད། །སྲིད་སྲུང་གི་རིག་བྱེད་བསྡུས་པའི་རབ་ཏུ་བྱེད་པའོ། །མ་ལུས་རིག་བྱེད་མཐའ་ཡི་ཆོ་གར་ལྡན། །གཉིས་མེད་དེ་ཉིད་ལ་ལ་གང་གིས་ཤེས། །ཉོན་མོངས་རྣམ་རྟོག་ལྡན་ ཡང་རབ་གྲོལ་ཞིང་། །གྲོལ་བའི་ཐུབ་པར་དེ་ཉིད་ཤེས་པར་བཤད། །རིག་བྱེད་དུ་མའི་མཐའ་དཔྱད་སྙིང་པོ་ནི། །གཅིག་དང་དུ་མ་ཉིད་དུ་རྣམ་རྟོག་སྤང་། །དེ་ཉིད་བདུད་རྩི་བླ་མའི་ལུང་གིས་ཐོབ། །རྩེ་གཅིག་བསམ་པས་རྣམ་པར་བསྒོམ་པར་བྱ། །བསྟན་པའི་གཞུང་གཞན་ངེས་པར་བརྟག་པ་གཞན། །རྒྱུན་མི་ འཆད་པར་ཤེས་ཤིང་རྣམ་དག་གཞན། །རྣམ་རྟོག་སྤྱོད་ཡུལ་ཐམས་ཅད་སྤངས་ན་ནི། །རྒྱུན་མི་འཆད་པར་སེམས་གཞན་བསྒོམ་པར་བྱ། །ཞེས་བྱ་བའི་མན་ངག་སྟོན་པ་སྩོལ་བར་མཛད་པས་ན་ཚངས་པར་ཤེས་པའོ། །མྱ་ངན་ལས་འདས་པའི་ཚངས་པ་ནི་སྤྲོས་པ་ཐམས་ཅད་དང་སོ་སོར་བྲལ་བའི་དམ་ པའི་བདག་ཉིད་ཀྱི་གནས་གང་ཡིན་པ་དེ་ཐོབ་པར་གྱུར་པ་སྟེ། མྱ་ངན་ལས་འདས་པ་དེས་འདུལ་བ་རྣམས་ལ་དེ་བསྟན་པར་བྱ་བའི་ཕྱིར་ཏེ། དམ་པའི་བདག་ཉིད་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དེར་ཐིམ་ཞིང་དེའི་བདག་ཉིད་དུ་གནས་པ་ནི་དེ་ཐོབ་པ་ཡིན་པས་ཐོབ་པར་བྱེད་པ་དང་། ཐོབ་པར་བྱ་བ་རྗེས་སུ་མི་དམིགས་ པའི་ཚུལ་གྱིས་ན། མྱ་ངན་འདས་པ་ཚངས་པ་ཐོབ། །ཅེས་བྱའོ། །ལས་དང་སྐྱེ་བ་དང་སྡུག་བསྔལ་རྣམས་ལས་ལྡོག་པ་ནི་གྲོལ་བའོ། །གཏི་མུག་གི་བདག་ཉིད་ཅན་གྱི་འཁོར་བའི་འཆིང་བ་དང་བྲལ་བས་ན་ཐར་པའོ། །ཡང་དག་པའི་ལྟ་བའི་རིག་པའི་ལམ་གྱི་ངོ་བོ་ཉིད་དུ་གྱུར་པས་ན་རྣམ་གྲོལ་ལུས་སོ། །ཉོན་ མོངས་པ་རྣམ་པ་སྣ་ཚོགས་ཀྱི་རབ་ཏུ་བྱེད་པ་མ་སྐྱེས་པས་ན་རྣམ་གྲོལ་ལོ། །ཆོས་ཐམས་ཅད་མཉམ་པ་ཉིད་ནི་ཞི་བའོ། །ཉོན་མོངས་པའི་གདུང་བའི་ཉེ་བར་འཚེ་བ་དང་བྲལ་བས་ན་ཞི་བ་ཉིད་དམ་རྣམ་པར་རྟོག་པའི་དབའ་རླབས་ཐམས་ཅད་ཞི་བའི་དོན་གྱིས་ན་ཞི་བ་ཉིད་དོ། །དགེ་བ་ཉིད་ཀྱིས་མྱ་ངན་ལས་འདས་ 63-1-234a པ་བྱེ་བྲག་པ་རྣམས་ཀྱིས་བརྟགས་པའི་ཚུལ་ནི་མྱ་ངན་ལས་འདས་པ་སྟེ་དེ་ཐོབ་པའོ། །མར་མེ་ཤི་བ་དང་མཚུངས་པར་ཉེ་བར་འཚེ་བ་ཐམས་ཅད་དང་བྲལ་བས་ན་ཞི་བའོ། །དེའི་ལེགས་པ་ནི་མྱ་ངན་ལས་འདས་པ་ཡིན་ལ། དེ་ཐོས་པར་བྱེད་པའི་ལམ་ནི་ངེས་པར་འབྱུང་བ་སྟེ། མྱ་ ངན་ལས་འདས་པ་དང་ཉེ་བའོ། །དེ་ཡང་འདིས་ངེས་པར་འབྱུང་བས་ན་ངེས་པར་འབྱུང་བ་སྟེ། དེ་ལྟར་ངེས་པར་འབྱུང་བར་རྣམ་པར་གཞག་གོ། །བདེ་བ་དང་སྡུག་བསྔལ་དག་ཟད་པ་ནི་ཐར་པ་ཡིན་ནོ་ཞེས་གཅེར་བུ་པ་རྣམས་འདོད་ལ། དེ་སྐྱེད་པའི་ལས་ཟད་པས་ན་ཟད་པ་ལ་ནི་མཐར་གྱུར་པ་ཞེས་བྱ་སྟེ། གང་གི་ཕྱིར་བདེ་བ་དང་སྡུག་བསྔལ་རྣམས་མཐར་ཕྱིན་པར་མཛད་པའི་མཐར་བྱོན་པས་སོ། །ཡུལ་ཐམས་ཅད་ལ་ཇི་སྲིད་དུ་རང་བཞིན་གྱིས་ཆགས་པ་དང་བྲལ་བས་ན་ཆགས་བྲལ་ལོ། །རྫས་ཐམས་ཅད་ཀྱི་རང་བཞིན་ཡོངས་སུ་གྱུར་པ་ལ་མི་དབེན་པའི་འཆིང་བ་རྣམས་ཟད་པའི་སྐྱེས་བུ་འབའ་ཞིག་ཡིན་པས་ན་ལུས་ ལས་འདས་པ་པོ་སྟེ། ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའི་ངོ་བོ་ཉིད་ཀྱི་སྐྱེས་བུ་ཞེས་བྱ་བའི་དོན་ཏོ། །གཞན་རྣམས་ཀྱིས་བརྒལ་བར་མི་ནུས་པས་ན་ཐུབ་པ་མེད་པའོ། །གཉིས་པ་མེད་པས་ན་དཔེ་མེད་པའོ། །མངོན་པར་གསལ་བའི་གཟུགས་ལ་སོགས་པ་མངའ་བས་ན་མི་མངོན་པའོ། །རྣམ་པ་ ཐམས་ཅད་བྲལ་བ་སྟེ་མི་སྣང་བའོ། །རྣམ་པ་གང་གིས་ཀྱང་རྩིར་མི་ནུས་པས་ན་གསལ་བྱེད་མིན་ནོ། །ཆ་ཐམས་ཅད་ལས་ཡང་དག་པར་འདས་པས་ན་མི་འགྱུར་རོ། །ལུས་མེད་བཞིན་དུ་བརྟེན་པས་ན་ཀུན་འགྲོའོ། །ནུས་པའི་ཚུལ་གྱིས་ཐམས་ཅད་རྫོགས་པར་མཛད་པས་ན་ཁྱབ་པ་པོའོ། །རྣལ་འབྱོར་པ་མ་ ཡིན་པ་རྣམས་ཀྱིས་ཤེས་པར་མི་ནུས་པས་ན་ཕྲ་བའོ། །ཤིན་ཏུ་རྣམ་པར་དག་པར་གྱུར་པས་ན་ཟག་མེད་དོ། །དངོས་པོ་ཐམས་ཅད་ཀྱི་རྒྱུ་མ་ཡིན་པས་ན་ས་བོན་བྲལ་ལོ། །ཅིའི་ཕྱིར་དེ་ལྟར་གཞན་གྱི་གྲུབ་པའི་མཐའི་གྲོལ་བ་ལ་སོགས་པའི་གཟུགས་སུ་བཅོམ་ལྡན་འདས་རྗེ་བཙུན་འཇམ་དཔལ་གཞོན་ ནུར་གྱུར་པ་བཤད་ཅེ་ན། བཅོམ་ལྡན་འདས་ཉིད་ནི་གྲོལ་བ་འདོད་པ་ཐམས་ཅད་ཀྱིས་བསྟན་པར་བྱ་བ་ཡིན་གྱི་དེ་ལས་གཞན་མེད་དོ་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར་དེ་ལྟར་བཤད་དོ། །ཡང་ན་གདུལ་བྱ་དེ་དང་དེ་ལ་དེ་དང་དེའི་གཟུགས་ཀྱིས་འདུལ་བ་ལ་གཞོལ་བར་མཛད་པས་ན་དེའི་མིང་བཏགས་ 63-1-234b པ་ཡིན་པ་ཐམས་ཅད་ལ་ཡང་ཉེས་པ་མེད་དོ། །ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུའི་ཡོན་ཏན་བསྟན་པར་བྱ་བའི་ཕྱིར་རྡུལ་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱི་རོལ་གྱི་ཡུལ་རྣམས་ལ་ཞེན་པའི་འདོད་ཆགས་ཀྱི་རྡུལ་དང་བྲལ་བས་ན་རྡུལ་མེད་པའོ། །སེམས་ཀྱི་ རྣམ་པར་རྟོག་པའི་རྡུལ་སྣ་ཚོགས་པ་དང་བྲལ་བས་ན་རྡུལ་བྲལ་ལོ། །བག་ལ་ཉལ་དང་ཀུན་ནས་དཀྲིས་པ་སྣ་ཚོགས་པ་དང་བྲལ་བས་ན་དྲི་མ་མེད་པའོ། །ཕྱི་དང་ནང་གི་རྣམ་པར་རྟོག་པའི་གནས་ངན་ལེན་གྱི་བག་ཆགས་ཀྱི་ཉེས་པ་སྤངས་པས་ན་ཉེས་པ་སྤངས་པའོ། །ནང་དུ་གྱུར་པའི་བདག་དང་བདག་གིར་ འཛིན་པར་ཞེན་པའི་བག་ཆགས་ཀྱི་མཚམས་སྦྱོར་བ་དང་བྲལ་བས་ན་སྐྱོན་མེད་པའོ། །ཡང་ན་སྔ་མ་སྔ་མའི་བཤད་པར་གྱུར་པ་ནི་ཕྱི་མ་ཕྱི་མའི་རྣམ་གྲངས་ཉིད་ཡིན་པའམ། སྒྲ་འདི་དག་ནི་ཆོས་ཀྱི་སྐུ་སྟོན་པར་བྱེད་པ་ཡིན་ཏེ། ཚིག་ལ་ལ་ལ་ཚིག་གཞན་ལ་ལ་དག་གིས་དོན་རྟོགས་པར་འགྱུར་བས་རྣམ་གྲངས་སུ་ བསྟན་པ་ཉིད་དགོས་པ་ཡིན་ནོ། །ཡང་ན་ཚིག་ལྔས་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་སྟོན་པ་ཡིན་ཏེ། ཨོཾ་ཙིཏྟཱ་པྲ་ཏི་བོ་དྷཾ་ཀ་རོ་མི་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པར་བྱེད་པའི་སེམས་ཙམ་སོ་སོར་རྟོགས་པས་ན་རྡུལ་མེད་དོ། །ཨོཾ་བོ་དྷི་ཙིཏྟཾ་ཨུཏྤཱ་ད་ཡཱ་མི་ཞེས་བྱ་བ་ནི་དྲི་མ་མེད་པའི་འོད་ཟེར་ཟླ་བའི་དཀྱིལ་འཁོར་ གྱི་གཟུགས་རྣམ་པར་སྣང་བ་བཞིན་དུ་འབྱུང་བས་མཛེས་པ་ན་རྡུལ་བྲལ་ལོ། །ཨོཾ་ཏིཥྛ་བཛྲ་བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་རྩེ་ལྔ་པའི་གཟུགས་ཀྱིས་མུ་སྟེགས་པའི་རྣམ་པ་སྣ་ཚོགས་པའི་དྲེགས་པ་འཇོམས་པས་དྲི་མ་མེད་པའོ། །ཨོཾ་ས་མནྟ་བྷ་དྲོ྅ཧཾ་ཞེས་བྱ་བ་ཐམས་ཅད་ཀྱི་མཆོག་ དང་ལྡན་པའི་ཀུན་དུ་བཟང་པོའི་གཟུགས་ཀྱིས་མུན་ནག་ཐམས་ཅད་རྣམ་པར་བསལ་བས་ན་ཉེས་པ་སྤངས་པའོ། །ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏ་ཏ་ཐཱ་ཨ་ཧཾ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དངོས་པོ་དང་མཉམ་པས་འཁོར་བ་ཐམས་ཅད་པའི་ཉེས་པའི་ནད་དང་བྲལ་བས་ན་སྐྱོན་མེད་པའོ། ། དང་པོ་བཤད་པའི་ཕྱོགས་ཆོས་ཀྱི་སྐུ་ལྟར་མ་ལུས་པའི་རབ་ཀྱི་མཐར་ཐུག་པའི་ཆོས་ཐམས་ཅད་ཐུགས་སུ་ཆུད་པའི་བདག་ཉིད་ཅན་ཡིན་པས་ན་ཤིན་ཏུ་སད་པའོ། །གདུལ་བྱའི་སེམས་ཅན་སྣ་ཚོགས་པའི་སེམས་ཀྱི་རྒྱུད་ཐུགས་སུ་ཆུད་པས་ན་སད་པའི་བདག་གོ། །དགེ་སློང་དག་ཆོས་ཐམས་ཅད་ཅེས་བྱ་བ་ནི་ཉེ་ 63-1-235a བར་ལེན་པའི་ཕུང་པོ་ལྔའོ་ཞེས་གསུངས་པ་དེ་མཁྱེན་པའི་ཕྱིར་ཀུན་ཤེས་པའམ་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་དེ་ལྟ་བུའི་ནན་ཏན་ཉམས་སུ་ལེན་པ་བསྐྱེད་པར་མཛད་པས་ན་ཀུན་ཤེས་པ་སྟེ། དེ་བཞིན་གཤེགས་པ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པའོ། །ཉན་ ཐོས་དང་རང་སངས་རྒྱས་ཐམས་ཅད་ལས་མཆོག་ཏུ་གྱུར་ཅིང་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་སོ་སོར་སྣང་བའི་སྤྱོད་ཡུལ་མངའ་བས་ཀུན་རིག་དམ་པའོ། །གལ་ཏེ་ཐམས་ཅད་མཁྱེན་ན་རིག་པར་བྱ་བ་དང་། རིག་པ་པོ་ཡོད་ན་ཇི་ལྟར་རྣམ་པ་ཐམས་ཅད་ཡོངས་སུ་དག་པའི་ ཆོས་ཀྱི་སྐུ་ཡིན་ཞེ་ན། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཞེས་བྱ་བ་གསུངས་ཏེ་བྱེད་པ་པོ་དང་། ལས་དང་བྱ་བ་ལ་སོགས་པར་བརྟགས་པའི་ཆོས་དང་ཆོས་ཅན་གྱི་དངོས་པོར་གྱུར་པའི་རྣམ་པར་ཤེས་པ་ནི་དོན་དམ་པར་མེད་པས་རྣམ་པར་ཤེས་པའི་ཆོས་ཉིད་ལས་འདས་པ་སྟེ་ཆོས་ཀྱི་སྐུའོ། །རྣམ་ པར་ཤེས་པའི་ཆོས་དང་བྲལ་ན་ནི་རྣམ་པ་ཐམས་ཅད་དུ་བེམས་པོར་འགྱུར་རོ་ཞེས་རྟོག་པ་བཟློག་པར་བྱ་བའི་ཕྱིར། ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །ཞེས་བྱ་བ་གསུངས་ཏེ་གཉིས་སུ་མེད་པའི་ཚུལ་དེའི་བདག་ཉིད་ཀྱིས་ཡོངས་སུ་འཆང་བའི་ཡེ་ཤེས་ཡིན་གྱི། ཤེས་པ་དང་ཤེས་པར་བྱེད་པ་པོའི་ཚུལ་ ཅན་ནི་མ་ཡིན་ཏེ། དེ་ལ་རྣམ་པ་ཐམས་ཅད་དུ་མོ་གཤམ་གྱི་བུ་བཞིན་དུ་མེད་དོ། །ཤེས་པ་དང་ཤེས་པར་བྱེད་པ་དང་། ཁོང་དུ་ཆུད་པ་དང་། ཁོང་དུ་ཆུད་པར་བྱེད་པའི་རྣམ་པར་རྟོག་པའི་ཚོགས་ལ་སྤྱོད་པ་ལས་གཞན་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་བྱ་བ་བྱེད་ པར་ཇི་ལྟར་ནུས་ཤེ་ན། འདིར་བཤད་པར་བྱ་སྟེ། རྣམ་པར་མི་རྟོག་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ལ་སངས་རྒྱས་རྣམས་དབང་བསྐྱུར་བས་ཡིད་བཞིན་གྱི་ནོར་བུ་འདྲ་བར་སེམས་ཅན་ཐམས་ཅད་ཀྱི་མངོན་པར་འདོད་པའི་དོན་རྫོགས་པར་མཛད་ཀྱི་རྣམ་པར་ རྟོག་པའི་ཚོགས་ལ་སྤྱོད་པ་ནི་མ་ཡིན་ཏེ། དེ་བས་ན། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །ཅེས་བྱའོ། །དུས་གསུམ་སངས་རྒྱས་ལས་བྱེད་པ། །ཞེས་བྱ་བ་ལ་ཇི་ལྟར་གཅིག་པུས་དུས་གསུམ་གྱི་སངས་རྒྱས་ཀྱི་བྱ་བ་མཛད་པར་འགྱུར་ཞེ་ན། དེ་བརྗོད་པར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་བྱུང་ 63-1-235b ཡང་རུང་། དེ་བཞིན་གཤེགས་པ་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་འདི་ན་གནས་པ་སྟེ། ཆོས་གནས་པ་ཉིད་དང་། ཆོས་མི་འགྱུར་བ་ཉིད་དང་། ཡང་དག་པའི་མཐའ་དང་། སྟོང་པ་ཉིད་དོ་ཞེས་གསུངས་པས་གཅིག་པུ་ཉིད་ཀྱིས་ཀྱང་དུས་གསུམ་གྱི་སངས་རྒྱས་ཀྱི་བྱ་བ་མཛད་པ་ཡིན་ནོ། ། ཡང་ན། ཚོགས་དང་ཆོས་ཀྱི་སྐུ་དག་དང་། །འགྲོ་བའི་དོན་ནི་སྤྱོད་པ་ཡིས། །སངས་རྒྱས་ཐམས་ཅད་མཉམ་པ་སྟེ། །སྐུ་ཚེ་རིགས་དང་ཚད་ཀྱིས་མིན། །ཞེས་འབྱུང་བའི་ཕྱིར་ཆོས་ཀྱི་སྐུ་ལ་ཁྱད་པར་མེད་པས་གཅིག་པུ་ཉིད་ཀྱིས་དུས་གསུམ་གྱི་སངས་རྒྱས་ཀྱི་ཕྲིན་ལས་མཛད་པ་ཡིན་ནོ། །དེ་དག་ཉིད་བསྟན་པ་ ནི། སངས་རྒྱས་ཐོག་མ་ཐ་མ་མེད། །ཅེས་བྱ་སྟེ། ཐོག་མ་དང་ཐ་མ་ནི་ཐོག་མ་དང་ཐ་མའོ། །གང་ལ་ཐོག་མ་དང་ཐ་མ་མེད་པ་དེ་ནི་ཐོག་མ་དང་ཐ་མ་མེད་པ་སྟེ། ཆོས་ཀྱི་སྐུའོ། །དེ་ཉིད་ནི་དོན་དམ་པའི་སངས་རྒྱས་སྟེ། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པས་སྤོང་ བར་ཞུགས་པ་སྟེ། །སྐྱེ་བོ་དེ་དག་ང་མི་མཐོང་། །སངས་རྒྱས་རྣམས་ནི་ཆོས་ཉིད་ལྟར། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཞེས་ཇི་སྐད་དུ་གསུངས་པ་ལྟ་བུའོ། །ཐོག་མ་ཉིད་ཆོས་ཀྱི་སྐུའི་བདག་ཉིད་ཅན་ཡིན་པས་ན་དང་པོའི་སངས་རྒྱས་སོ། །གང་ལས་ཀྱང་སྐྱེ་བ་མེད་པས་ན་རྒྱུ་མེད་པ་སྟེ། རྒྱུ་ནི་རྗེས་སུ་ འགྲོ་བའི་རྒྱུ་དང་། སོ་སོར་འབྲེལ་པ་དང་། གཅིག་ནས་གཅིག་ཏུ་བརྒྱུད་པའོ་ཞེས་བྱ་བའི་བར་དུའོ། །ཡེ་ཤེས་ཉིད་གཅིག་པུ་གཉིས་སུ་མེད་པ་ནི་མིག་དང་འདྲ་བས་ན་མིག་སྟེ། ཆོས་ཀྱི་སྐུ་གང་ཡིན་པ་དེ་ལ། ཡེ་ཤེས་མིག་གཅིག་དྲི་མ་མེད། །ཅེས་བྱའོ། །འདིར་ཆོས་ཐམས་ཅད་རྒྱལ་ཞིང་དེའི་ བདག་ཉིད་དུ་ཐིམ་པར་འགྱུར་བས་ན་ཡེ་ཤེས་ལུས་ཅན་ནོ། །དེ་བཞིན་ཉིད་དུ་གཤེགས་པས་ན་དེ་བཞིན་གཤེགས་པའོ། །བཅོམ་ལྡན་འདས་ཆོས་ཀྱི་སྐུའི་བདག་ཉིད་ཅན་དུ་བཤད་ཟིན་ཏོ། །མངོན་པར་བྱང་ཆུབ་པ་རྣམ་པ་ལྔར་བཤད་པའི་ཕྱོགས་ལྟར་ན་རབ་ཏུ་སད་པའི་རྣམ་པར་སྣང་མཛད་ཀྱི་ ཚུལ་གྱིས་ན་ཤིན་ཏུ་སད་པའོ། །མི་བསྐྱོད་པའི་ངོ་བོ་ཉིད་ཀྱིས་ན་སད་པའི་བདག་གོ། །རིན་ཆེན་འབྱུང་ལྡན་གྱི་བདག་ཉིད་ཅན་ཡིན་པས་ན་ཀུན་ཤེས་པའོ། །སྣང་བ་མཐའ་ཡས་ཀྱི་ངོ་བོ་ཉིད་ཡིན་པས་ན་ཀུན་རིག་གོ། །དོན་ཡོད་པར་གྲུབ་པའི་ངོ་བོ་ཉིད་ཀྱིས་ན་དམ་པའོ། །དེ་ལྟར་མངོན་པར་བྱང་ 63-1-236a ཆུབ་པ་རྣམ་པ་ལྔ་ཡོངས་སུ་རྫོགས་པའི་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་རྣམ་པར་ཤེས་པའི་ཆོས་ཉིད་ལས་འདས་པའོ། །ཡེ་ཤེས་ཀྱི་རང་བཞིན་ཅན་ཐབས་དང་ཤེས་རབ་གཉིས་སུ་མེད་པར་སྙོམས་པར་ཞུགས་པའི་ཚུལ་དང་ལྡན་པས་ན། ཡེ་ཤེས་གཉིས་ མེད་ཚུལ་འཆང་བ། །རྣམ་པར་རྟོག་པ་མེད་ཅིང་ལྷུན་གྱིས་གྲུབ་པར་དུས་གསུམ་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་འཕྲོ་བའི་བདག་ཉིད་ཅན་གྱི་ཕྲིན་ལས་མཛད་པས་ན། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །དུས་གསུམ་སངས་རྒྱས་ལས་བྱེད་པ། །ཞེས་བྱའོ། །ཐོག་མཐའ་མེད་པའི་སེམས་ དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཞེས་བཤད་པས་ན་སངས་རྒྱས་ནི་རྡོ་རྗེ་འཛིན་པ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་དུ་གྱུར་པས་ན་དང་པོའི་སངས་རྒྱས་སོ། །དེ་ཉིད་ནི་ཐམས་ཅད་ཀྱི་རྒྱུར་གྱུར་པས་ན་རྒྱུའོ། །དེའི་རྒྱུ་ནི་གཞན་མེད་པས་ན་རྒྱུ་མེད་པའོ། །ཡེ་ཤེས་ཀྱི་མིག་གཅིག་ནི་སྤྱན་ལྔའི་བྱ་བ་ རྫོགས་པར་བྱེད་པས་ན། ཡེ་ཤེས་མིག་གཅིག་དྲི་མ་མེད། །ཅེས་བྱའོ། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཞེས་བྱ་བ་ནི་གདུལ་བྱའི་དབང་དུ་གཤེགས་པས་ན་དེ་བཞིན་གཤེགས་པ་ཞེས་བྱ་བར་སྦྱར་རོ། །ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཡིན་པར་བསྟན་པའི་ཕྱིར། ཚིག་གི་དབང་ཕྱུག་ སྨྲ་བ་ཆེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ས་བཅུའི་དབང་ཕྱུག་གི་བྱང་ཆུབ་སེམས་དཔའ་རྣམས་དང་ཐུན་མོང་དུ་གྱུར་པའི་ཟབ་ཅིང་རྒྱ་ཆེ་བའི་ཆོས་སྟོན་པ་ལ་མངའ་བརྙེས་པས་ན་གསུང་ལ་དབང་སྒྱུར་བའི་ཕྱིར་ཚིག་གི་དབང་ཕྱུག་གོ། །རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཆེན་པོ་སྟེ། ཆོས་ ཐམས་ཅད་རྣམ་པ་ཐམས་ཅད་ཐུགས་སུ་ཆུད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཏེ། དེ་གསུངས་པའི་ངང་ཚུལ་ཅན་གང་ཡིན་པ་དེ་ནི་སྨྲ་བ་ཆེ་ཞེས་བྱ་བའམ་སྨྲ་བའི་ཡུལ་ཆེན་པོ་མངའ་བས་ན་སྨྲ་བ་ཆེན་པོ་སྟེ། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་རྣམས་ལས་ཆེན་པོར་གྱུར་པ་ཡིན་ཞིང་ལྷག་པར་ གྱུར་པས་ཐམས་ཅད་ཟིལ་གྱིས་གནོན་པའི་གསུང་དང་ལྡན་པས་ན་སྨྲ་བ་ཆེན་པོའོ། །ཉན་ཐོས་ལ་སོགས་པ་ལས་གཞན་པའི་མུ་སྟེགས་བྱེད་སྐྱེས་བུར་སྨྲ་བར་འདོད་པ་རྣམས་ཀྱི་གཙོ་བོར་གྱུར་པས་ན་སྨྲ་བའི་སྐྱེས་མཆོག་གོ། །ཉན་ཐོས་དང་རང་སངས་རྒྱས་དང་། བྱང་ཆུས་སེམས་ 63-1-236b དཔའ་དང་། ཕུར་བུ་དང་། དྲག་པོ་དང་། དབང་པོ་དང་། ཁྱབ་འཇུག་དང་། ཚངས་པ་ལ་སོགས་པའི་སྨྲ་བའི་ཚོགས་རྣམས་ཟིལ་གྱིས་གནོན་པའི་གསུང་གིས་ཤིན་ཏུ་མཛེས་པས་ན་སྨྲ་བའི་རྒྱལ་ལོ། །ཉན་ཐོས་དང་རང་སངས་རྒྱས་དང་། རྒྱལ་བའི་སྲས་དང་། ཚངས་པ་ལ་ སོགས་པ་རྣམས་ཀྱི་སྨྲ་བའི་མཆོག་ཡིན་ཞིང་ཕྱིན་ཅི་མ་ལོག་པ་དང་། མི་སླུ་བའི་རྣམ་པ་ཐམས་ཅད་དུ་ཚད་མ་དང་ལྡན་པའི་དོན་སྟོན་པས་ན་སྨྲ་བའི་དམ་པའོ། །དེ་ཉིད་ཀྱིས་ན། མཆོག་གི་གནས་ཏེ། ཁྱད་པར་དུ་སྨྲ་བ་པོ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའོ། །བདུད་དང་མུ་སྟེགས་ལ་སོགས་པ་ ཐམས་ཅད་ཀྱིས་ཐུབ་པར་མི་ནུས་པས་ན། སྨྲ་བའི་སེང་གེ་ཚུགས་པ་མེད། །ཅེས་བྱའོ། །གསུང་གི་འབྱོར་པས་ཐམས་ཅད་ཟིལ་གྱིས་གནོན་པར་སྤྱོད་པའི་ཐུན་མོང་མ་ཡིན་པ་བསྟན་ནས། སྐུའི་བདག་ཉིད་ཆེ་བའི་ཐུན་མོང་མ་ཡིན་པའི་ཚུལ་བསྟན་པར་བྱ་བའི་ཕྱིར། ཀུན་དུ་བལྟ་བ་མཆོག་ཏུ་དགའ། ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲིབ་པ་མེད་པའི་ཡེ་ཤེས་ཀྱིས་ནམ་མཁའི་མཐས་གཏུགས་པ་ན་སྤྱོད་པའི་དངོས་པོ་མ་ལུས་པ་རྣམ་པ་ཐམས་ཅད་དུ་མ་ལུས་པར་གཟིགས་པའི་ངང་ཚུལ་མངའ་བས་ན་ཀུན་དུ་བལྟ་བའོ། །ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པའི་རབ་ཏུ་དགའ་བའི་སྐུའི་བདེ་བ་ ཆེན་པོས་འཕགས་པ་མཆོག་ཏུ་དགའ་བའོ། །འོད་ཟེར་འཕྲོ་བའི་ཕྲེང་བས་བརྒྱན་པའི་སྐུ་མངའ་བས་ན་གཟི་བརྗིད་ཕྲེང་བའོ། །གཟི་བརྗིད་ཀྱི་ཕྲེང་བས་བསྐོར་ན་ཡང་ཞི་བའི་ངོ་བོ་ཉིད་ཀྱི་སྐུ་དང་ལྡན་པས་ལེགས་པར་སྣང་བའི་ཕྱིར་བལྟ་ན་སྡུག་པའོ། །མི་ཤེས་པའི་མུན་ནག་སེལ་བར་བྱེད་པའི་ཡེ་ ཤེས་དམ་པའི་འོད་མཆོག་མངའ་བས་ན་འོད་བཟང་ངོ་། །ཡེ་ཤེས་ཀྱི་གཟུགས་ཀྱིས་ཤེས་བྱ་རྣམས་ལ་ཁྱབ་ཅིང་གསལ་བར་མཛད་པས་ན་འབར་བའོ། །དཔལ་བེའུའི་དཔེ་བྱད་ཀྱིས་བརྒྱན་པའི་དཔལ་གྱི་ཚོགས་དང་ལྡན་པས་ན་དཔལ་གྱི་བེའུའོ། །རྣམ་པ་ཐམས་ཅད་དུ་མདངས་དང་ལྡན་པས་མཛེས་ པར་གྱུར་ཅིང་གསལ་བར་སྣང་བ་རང་གིས་རྟོགས་པས་ནང་གི་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་སྣང་བ་གང་ལ་ཡོད་པ་དེ་ནི། ལག་ན་འོད་འབར་སྣང་བ་པོ། །ཞེས་བྱ་སྟེ། འཁོར་ཐམས་ཅད་ཟིལ་གྱིས་གནོན་པའི་གཟི་བརྗིད་ཅན་ཞེས་བྱ་བའི་དོན་ཏོ། །ཡང་ན་འོད་ཟེར་རྣམས་ཀྱིས་སྣང་བར་བྱས་ 63-1-237a པའི་ངང་ཚུལ་ནི་སྣང་བ་པོའོ། །ཀ་ནི་བདེ་བ། ར་ནི་སྟེར་བ་སྟེ། དེ་བས་བདེ་བ་སྟེར་བའི་ཕྱིར་ལག་ན་ཀ་ར་ཞེས་བྱའོ། །དེ་ལྟར་ན་བདེ་བ་སྟེར་བ་ཡང་ཡིན་ལ། འོད་འབར་སྣང་བ་པོ་ཡང་ཡིན་པས་ན་དེ་སྐད་ཅེས་བྱའོ། །དེ་ལྟ་བུའི་མ་རིག་པ་སེལ་བར་བྱེད་པའི་བདེ་བ་སྟེར་བར་ བྱེད་པའི་སྣང་བའི་ངོ་བོ་ཉིད་ནི་རང་ཉིད་ཡིན་པས་རྗེ་བཙུན་འཇམ་དཔལ་ལ། བདེ་སྦྱིན་འོད་འབར་སྣང་བ་པོ། །ཞེས་བྱའོ། །དེ་རྣམས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་མཚན་རྣམས་དང་ལྡན་ཞིང་། དཔེ་བྱད་རྣམས་ཀྱིས་བརྒྱན་པའི་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཉིད་ཀྱིས་ནི་ཉིད་ཀྱི་དོན་ ཡོངས་སུ་རྫོགས་པར་བསྟན་ནས། བཅོམ་ལྡན་འདས་རྗེ་བཙུན་འཇམ་དཔལ་གྱིས་གཞན་གྱི་དོན་མཛད་པའི་ཐབས་ཀྱི་ཚུལ་ཉིད་བསྟན་པར་བྱ་བའི་ཕྱིར། སྨན་པ་ཆེ་མཆོག་གཙོ་བོ་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནད་ཐམས་ཅད་རྣམ་པར་ཟློག་པར་བྱེད་པ་བདག་མེད་པ་རྣམ་པ་ གཉིས་སྟོན་པར་མཛད་པའི་དམ་པའི་ཆོས་ཀྱི་སྨན་སྩོལ་ཞིང་ཉོན་མོངས་པའི་ནད་རྣམས་གསོ་བར་མཛད་པས་ན་སྨན་པ་ཆེ་མཆོག་གོ། །བདག་དང་བདག་གིར་མངོན་པར་ཞེན་པའི་རྩ་བ་ཅན་གྱི་ཉོན་མོངས་པའི་ནད་ཀྱི་གཞིའི་ཁྱད་པར་སྟོན་པར་མཛད་པས་ན་གཙོ་བོའོ། །ཐོག་མ་མེད་པའི་སྐྱེ་བ་གཅིག་ ནས་གཅིག་ཏུ་བརྒྱུད་དེ། ཟུག་པའི་ཟུག་རྔུའི་གཟུགས་ཅན་འདོད་ཆགས་ལ་སོགས་པའི་ཟུག་རྔུ་རྩ་བ་ནས་འབྱིན་པས་ན། ཟུག་རྔུ་འབྱིན་པ་བླ་ན་མེད་པའོ། །སྨན་རྣམས་མ་ལུས་པའི་ངོ་བོ་ཉིད་སངས་རྒྱས་ཀྱི་ཆོས་རྣམས་སྦྱར་ཞིང་བསྒྲུབ་པས་ཉོན་མོངས་པའི་ནད་མ་ལུས་པ་ཞི་བར་མཛད་པས་ན། སྨན་ རྣམས་མ་ལུས་ལྗོན་པའི་ཤིང་། །ཞེས་བྱའོ། །ཉོན་མོངས་པ་རྣམས་ཉིད་གསོད་པའི་བདག་ཉིད་ཅན་ཡིན་པས་ན་ནད་དོ་ཅོག་གོ། །དེ་རྣམས་ཀྱི་དགྲ་ནི་དགྲ་བོ་ལྟར་རིགས་རྒྱུད་དུ་བཅས་པ་ཟད་པར་མཛད་པས་ན། ནད་དོ་ཅོག་གི་དགྲ་ཆེ་བའོ། །ཉོན་མོངས་པ་ཐམས་ཅད་ཀྱི་དགྲར་གྱུར་དུ་ཟིན་ཀྱང་མི་ མཐུན་པའི་གཟུགས་ནི་ནམ་ཡང་མི་མངའོ་ཞེས་བསྟན་པར་བྱ་བའི་ཕྱིར། སྡུ་གུ་འཇིག་རྟེན་གསུམ་གྱི་མཆོག །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན། །ཞེས་བྱ་བ་གསུངས་ཏེ། ཐམས་ཅད་ཀྱིས་འདོད་པར་བྱ་བ་ཡིན་པས་ན་སྡུ་གུའོ། །ཁམས་གསུམ་གྱི་མཆོག་ཏུ་གྱུར་པས་ན། 63-1-237b འཇིག་རྟེན་གསུམ་གྱི་མཆོག་གོ། །སྐར་མ་རྣམས་ཀྱི་ནང་ན། ཟླ་བའི་དཀྱིལ་འཁོར་དང་འདྲ་བར་ལྷ་ལ་སོགས་པ་རྣམས་ཀྱི་ནང་ན་ཟླ་བའི་དཀྱིལ་འཁོར་བཞིན་དུ་ཡིད་འཕྲོག་པའི་སྐུ་མངའ་བས་ན། དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན་ནོ། །ཕྱོགས་བཅུའི་ནམ་མཁའི་ཁམས་མཐས་ གཏུགས་པ་རྣམས་སུ་ཆོས་ཀྱི་སྦྱིན་པའི་བ་དན་བསྒྲེངས་པས་ཉེ་བར་མཚོན་པའི་དོན་ཆེན་པོ་འཇུགས་པར་མཛད་པས་ན། ཕྱོགས་བཅུའི་ནམ་མཁའི་མཐར་ཐུག་པར། །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། །ཞེས་བྱའོ། །ཆར་བབ་པ་དང་ཚ་བའི་ཉེ་བར་འཚེ་བ་ཟློག་པར་བྱེད་པའི་ཕྱིར་དང་། ཡོངས་སུ་དུབ་པའི་ཉོན་མོངས་པ་ཞི་བར་བྱེད་པའི་གྲིབ་མ་བྱེད་པའི་ཕྱིར། གདུགས་དང་འདྲ་བས་ན་གདུགས་ཏེ། འགྲོ་བ་ཐམས་ཅད་ཁྱབ་པར་བྱེད་པའི་གྲིབ་མ་བྱེད་ཅིང་སྡུག་བསྔལ་གྱི་ཆར་དང་། ཉོན་མོངས་པའི་གདུང་བ་སེལ་བས་ན་འགྲོ་ན་གདུགས་གཅིག་གོ། །འགྲོ་བ་རྣམས་ཁྱབ་པར་བྱེད་པའི་ གདུགས་གཅིག་གི་བདག་ཉིད་ཅན་ཡིན་ཞིང་། བྱམས་པ་དང་སྙིང་རྗེ་དག་གིས་ཀུན་ནས་འཁོར་བའི་ཚུལ་གྱིས་འགེབས་པས་ན། འགྲོ་ན་གདུགས་གཅིག་ཡངས་པ་སྟེ། །བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན། །ཞེས་བྱའོ། །འདམ་ན་གནས་ཀྱང་དྲི་མས་མ་གོས་པའི་ཕྱིར་པདྨ་དང་འདྲ་སྟེ། འཁོར་ བའི་འདམ་དུ་གནས་པའི་ཉེས་པས་མ་གོས་པར་གདུལ་བྱ་ཇི་ལྟར་འདུལ་བ་དང་། རྗེས་སུ་མཐུན་པའི་ཆ་ལུགས་དང་། རྒྱན་དང་། སྒེག་པ་ལ་སོགས་པའི་གར་སྟབས་ལ་དགྱེས་ཤིང་། ཞལ་དང་། ཚེམས་དང་། སྤྱན་དང་། སྨིན་མ་གཉེར་བ་སྣ་ཚོགས་པ་དང་། ཕྱག་གི་རྩེ་མོ་དང་ཞབས་རྣམ་པར་རོལ་ པས་སྒེག་པའི་ཐབས་ཀྱིས་གར་མཛད་པར་སྟོན་ཅིང་། སེམས་ཅན་མ་ལུས་པ་འདུལ་བར་མཛད་པས་ན། དཔལ་ལྡན་པདྨ་གར་གྱི་བདག །ཅེས་བྱའོ། །འབྱོར་པ་དང་། འོད་ཀྱིས་སྣང་བར་བྱ་བའི་ཕྱིར། དགའ་བ་རྒྱས་པར་བྱེད་པས་ན་རིན་པོ་ཆེ་སྟེ། དཀོན་མཆོག་གསུམ་གྱི་རང་བཞིན་ཅན་གྱི་གདུགས་གང་ཡིན་པ་ དེ་ནི། ཁྱབ་བདག་ཆེན་པོ་རིན་ཆེན་གདུགས། །ཞེས་བྱ་སྟེ། ཐམས་ཅད་ཀྱི་བདག་པོ་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་ཉིད་དུ་གྱུར་པའི་ཕྱིར་རོ། །སངས་རྒྱས་ཀྱང་ཡིན་ལ་ཀུན་ཀྱང་ཡིན་པས་ན། སངས་རྒྱས་ཀུན་ཏེ་མི་བསྐྱོད་པ་ལ་སོགས་པའོ། །དེ་རྣམས་ཀྱི་དབུས་སུ་རྣམ་པར་སྣང་མཛད་ཆེན་པོའི་ཚུལ་གྱིས་ 63-1-238a མཛེས་པས་ན། སངས་རྒྱས་ཀུན་གྱི་རྒྱལ་པོ་ཆེ། །ཞེས་བྱའོ། །དོན་ཡོད་པར་གྲུབ་པའི་ངོ་བོ་ཉིད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་བྱ་བ་རྫོགས་པར་མཛད་པས་ན། སངས་རྒྱས་ཀུན་གྱི་སྐུ་འཆང་བ། །ཞེས་བྱའོ། །རྣལ་འབྱོར་ཆེན་པོ་སྐྱེ་གནས་ཆེ། །སངས་རྒྱས་ཀུན་གནས་མི་ཟད་ པའོ། །ཞེས་གསུངས་པ་སྟེ། མི་བསྐྱོད་པའི་ངོ་བོ་ཉིད་ཀྱིས་བཞུགས་པའི་ཕྱིར། སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ། །ཞེས་བྱའོ། །ཡང་ན་དཀྱིལ་འཁོར་པའི་ལྷ་ཐམས་ཅད་ཀྱི་སྙོམས་པར་འཇུག་པའི་སྦྱོར་བ་ནི། སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ། །ཞེས་བྱའོ། །རྡོ་རྗེ་ཧཱུྃ་མཛད་ལ་སོགས་པ་ཁྲོ་བོའི་ གཟུགས་ཀྱི་དབང་ཕྱུག་ཆེན་པོ་ལ་སོགས་པ་མ་རུངས་པ་ཐམས་ཅད་འདུལ་བར་མཛད་པས་ན་བསྟན་པ་སྟེ། སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་གཅིག་གི་ཚུལ་གང་ཡིན་པ་དེ་ནི། སངས་རྒྱས་ཀུན་གྱི་བསྟན་པ་གཅིག །ཅེས་བྱའོ། །རྡོ་རྗེས་མཚན་པའི་རིན་པོ་ཆེ་ནི་རྡོ་རྗེ་རིན་ཆེན་ནོ། །དེས་དབང་བསྐུར་ བས་ཁམས་གསུམ་གྱི་བདག་པོར་དབང་བསྐུར་བའི་མཚན་ཉིད་ཅན་གྱི་དཔལ་གང་ཡིན་པ་དེ་ནི། རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ། །ཞེས་བྱའོ། །རིན་པོ་ཆེ་ཐམས་ཅད་ལ་དབང་བསྐུར་བས། རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་དེ་ལ་དེ་རྣམས་ཀྱི་དབང་ཕྱུག་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་ཉིད་ཀྱིས་བཞུགས་ པས་ན། རིན་ཆེན་ཀུན་བདག་དབང་ཕྱུག་སྟེ། །ཞེས་བྱའོ། །འགྲོ་བ་འདུལ་བའི་དཀྱིལ་འཁོར་པ་རྣམས་ནི། འཇིག་རྟེན་དབང་ཕྱུག་ཀུན་ཏེ། དེ་རྣམས་ཀྱི་བདག་པོ་འོད་དཔག་ཏུ་མེད་པའི་ངོ་བོ་ཉིད་ཡིན་པས་ན་བདག་པོའོ། །ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་པ་རྣམས་ནི་རྡོ་རྗེ་འཆང་བ་ ཀུན་ནོ། །དེ་རྣམས་ཀྱི་བདག་པོ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། སངས་རྒྱས་ཧཱུཾ་མཛད་ཀྱི་ངོ་བོ་ཉིད་དུ་གྱུར་པས་ན། རྡོ་རྗེ་འཆང་བ་ཀུན་གྱི་རྗེ། །ཞེས་བྱའོ། །སངས་རྒྱས་ཐམས་ཅད་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་དང་། ཐུགས་རྗེ་ཆེན་པོའི་རང་བཞིན་ཅན་རྣམ་པ་ཐམས་ཅད་མཁྱེན་པའི་ཐུགས་ནི་སངས་ རྒྱས་ཀུན་གྱི་ཐུགས་ཆེན་པོ་སྟེ། དེའི་ངོ་བོ་ཉིད་ཡིན་པས་ན། སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། །ཞེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་ཀྱི་ཐུགས་ལ་ཁྱབ་པས་ན། སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །ཞེས་བྱའོ། །མཚན་དང་དཔེ་བྱད་ཐམས་ཅད་ཀྱིས་རྗེས་ 63-1-238b སུ་བརྒྱན་པའི་སངས་རྒྱས་ཐམས་ཅད་སྐུའི་གཟུགས་སུ་བདག་ཉིད་སྟོན་པས་ན། སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །ཞེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་ཐམས་ཅད་ལ་འཇུག་པའི་རྒྱུར་གྱུར་པས་ན། སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །ཞེས་བྱའོ། །རྡོ་རྗེ་ཡེ་ཤེས་ཀྱི་ཉི་མའི་ཚུལ་ གྱིས་ཕྱི་དང་ནང་གི་མུན་པ་དང་། མ་རིག་པ་སེལ་བར་མཛད་ཅིང་སྣང་བར་གྱུར་པས་ན། རྡོ་རྗེ་ཉི་མ་སྣང་བ་ཆེ། །ཞེས་བྱའོ། །མི་ཕྱེད་པའི་ཡེ་ཤེས་ཀྱི་ཟླ་བའི་གཟུགས་ཀྱིས་ཉོན་མོངས་པའི་གདུང་བ་སེལ་བར་མཛད་ཅིང་། དྲི་མ་མེད་དེ། བསིལ་ཞིང་ཡིད་སིམ་པར་བྱེད་པའི་འོད་ཟེར་རབ་ཏུ་གཏོང་བར་མཛད་ པས་ན། རྡོ་རྗེ་ཟླ་བ་དྲི་མེད་འོད། །ཅེས་བྱའོ། །ཆགས་པ་དང་བྲལ་བ་ལ་སོགས་པ་གདུལ་བྱའི་སེམས་ཅན་རྣམས་འདུལ་བར་བྱ་བའི་ཕྱིར། ཤིན་ཏུ་མངོན་པར་ཞེན་པར་མཛད་པས་ན། །ཆགས་བྲལ་ལ་སོགས་ཆགས་པ་ཆེ། །ཞེས་བྱའོ། །ཕྱི་རོལ་གྱི་འོད་དེ་ཉིད་ཁ་དོག་སྣ་ཚོགས་པར་འབར་ཞིང་། ཡིད་ཀྱི་ལས་རྣམས་མཆོག་ཏུ་སྟོན་པ་གང་ཡིན་པ་དེ་ནི། ཁ་དོག་སྣ་ཚོགས་འབར་བའི་འོད། །ཅེས་བྱའོ། །ཡང་ན་སྟོང་པ་ཉིད་དང་ཐུགས་རྗེ་ཆེན་པོ་ཅན་གྱི་སྙིང་པོ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ཉིད་སངས་རྒྱས་ཀྱི་འབྲས་བུ་ཤིན་ཏུ་ཆེ་བ་ཉིད་ཀྱི་རྒྱུར་གྱུར་པས་ན་སངས་རྒྱས་ཐམས་ ཅད་ཀྱི་ཐུགས་ཏེ། དེ་ལྟར་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར། སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། །ཞེས་བྱའོ། །དེ་ཉིད་དཔག་ཏུ་མེད་པའི་ཡིད་ཀྱི་རང་བཞིན་གྱི་རྡོ་རྗེའི་གཟུགས་སུ་གྱུར་ནས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་རྡོ་རྗེའི་ངོ་བོ་ཉིད་དུ་གྱུར་པས་ན། སངས་རྒྱས་ཀུན་གྱི་ཐུགས་ལ་ གནས། །ཞེས་བྱའོ། །རྡོ་རྗེ་ཡོངས་སུ་གྱུར་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་ངོ་བོར་གྱུར་པས་ན། སངས་རྒྱས་ཀུན་གྱི་སྐུ་ཆེ་བའོ། །ལྗགས་ཀྱི་པདྨའི་ཟླ་བ་དང་། རྡོ་རྗེའི་སྟེང་དུ་དཀར་པོ་དང་། དཀར་པོ་མ་ཡིན་པའི་ཆོས་ཀྱི་ཕྱག་རྒྱའི་གཟུགས་ཀྱི་གསུང་གི་འཁོར་ལོ་རབ་ཏུ་བསྐོར་བས་ན། སངས་ རྒྱས་ཀུན་གྱི་གསུང་ཡང་ཡིན། །ཞེས་བྱའོ། །ཤིན་ཏུ་ཡོངས་སུ་རྫོགས་ནས་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་དུ་རྒྱབ་ཏུ་འོད་ཀྱི་དཀྱིལ་འཁོར་གྱི་གཟུགས་ཀྱི་དབྱེར་མེད་པར། ཐམས་ཅད་ལ་སྣང་བ་ཆེན་པོར་མཛད་པས་ན། རྡོ་རྗེ་ཉི་མ་སྣང་བ་ཆེ་བའོ། །ཐུགས་ཀྱི་ཟླ་བའི་རྡོ་རྗེའི་ལྟེ་བའི་དབུས་སུ་གཉིས་ 63-1-239a སུ་མེད་པར་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པའི་བདེ་བ་ཆེན་པོའི་འོད་ཟེར་དྲི་མ་མེད་པ་རབ་ཏུ་དགྱེས་པའི་གཟུགས་ཀྱིས་གནས་པས་ན། རྡོ་རྗེ་ཟླ་བ་དྲི་མེད་འོད་དོ། །སངས་རྒྱས་ཐམས་ཅད་ཀྱི་དབང་ཕྱུག་གི་རང་གི་ངོ་བོ་འབའ་ཞིག་གིས་བཞུགས་པར་མ་ཟད་ཀྱི། གཞན་ཡང་ དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱིས་གཟུགས་རྣམས་ཀྱིས་ཀྱང་། དེ་ཉིད་ཐབས་སྣ་ཚོགས་ལ་དགྱེས་ཤིང་སྣ་ཚོགས་པའི་གཟུགས་ཀྱིས་བཞུགས་པས་ན། ཆགས་བྲལ་ལ་སོགས་ཆགས་པ་ཆེ། །ཞེས་བྱའོ། །ཁ་དོག་སྣ་ཚོགས་པའི་ལྷ་རྣམས་ཀྱི་སྐུ་མདོག་དང་འོད་ཀྱི་ཁ་དོག་གི་དབྱེ་བས་གཅིག་པུ་ཡང་ ཐམས་ཅད་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར། ཁ་དོག་སྣ་ཚོགས་འབར་བའི་འོད། །ཅེས་བྱའོ། །བརླ་གཡས་པ་ལ་རྐང་པ་གཡོན་པ་གཞག་པ། བརླ་གཡོན་པ་ལ་རྐང་པ་གཡས་པ་གཞག་པ་ནི། རྡོ་རྗེ་སྐྱིལ་མོ་ཀྲུང་ཡིན་ཏེ། །གཡོན་པ་ནི་ཤེས་རབ་བོ། །གཡས་པ་ནི་ཐབས་ཏེ། དེ་ལྟར་ཐབས་དང་ཤེས་རབ་མི་ཕྱེད་པས། བདུད་ཐམས་ཅད་འཇིགས་པར་བྱེད་པའི་བདག་ཉིད་ཅན་གྱི། སྐྱིལ་མོ་ཀྲུང་ནི་སངས་རྒྱས་ཐམས་ཅད་ཀྱི་ཡིན་པས་ན། རྡོ་རྗེའི་སྐྱིལ་ཀྲུང་རྫོགས་སངས་རྒྱས། །ཞེས་བྱ་སྟེ། དེ་ཡང་། རྡོ་རྗེ་སྐྱིལ་ཀྲུང་བཅས་ནས་ནི། །བདུད་རྣམས་ཐམས་ཅད་རབ་ཏུ་འཇོམས། །ཞེས་གསུངས་པས་སོ། །སངས་ རྒྱས་རྣམས་ནི་འགྲོ་བ་ནི། འདུས་ནས་ཆོས་ཀྱི་འབྲེལ་པའི་གཏམ་མཛད་པའོ། །དེ་ཡང་ཐུན་མོང་མ་ཡིན་པས་སངས་རྒྱས་ཁོ་ན་ལ་སྲིད་ཀྱི་གཞན་ལ་མ་ཡིན་པས་ན། སངས་རྒྱས་འགྲོ་བའི་ཆོས་འཛིན་པའོ། །གང་གི་ཕྱིར། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པས་ན། དཔལ་ལྡན་ནོ། ། གོས་པ་མེད་པའི་ཆོས་ཉིད་དུ་ཆོས་མཐུན་པས་ན། སངས་རྒྱས་ཉིད་པདྨ་སྟེ། དེ་རྣམས་ལས་བྱུང་བའི་སྐྱེ་བའི་ཆོས་ཀྱི་སྐྱེ་གནས་སུ་གྱུར་པ་སྟེ། དེ་བས་ན། སངས་རྒྱས་པདྨ་སྐྱེས་ཞེས་བྱའོ། །ཀུན་མཁྱེན་པ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་མཛོད་འཛིན་པར་མཛད་ཅིང་། ཚོགས་ གཉིས་མ་ཚང་བ་མེད་པས་ཏེ། འཛིན་པའི་ནུས་པ་མངའ་བས་ན། དཔལ་དང་ལྡན་ཞིང་། ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །ཞེས་བྱའོ། །འགྲོ་བ་རྣམ་པ་སྣ་ཚོགས་ཤིང་། ཐ་དད་པའི་འགྲོ་བ་རྣམས་ལ་སྤྲུལ་པའི་སྒྱུ་འཕྲུལ་སྤྲོ་བ་ལ་བདག་པོར་གྱུར་ཅིང་ཐམས་ཅད་དུ་སྤྲུལ་པའི་བྱེད་པ་པོར་ 63-1-239b གྱུར་པས་ན། རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཞེས་བྱའོ། །སངས་རྒྱས་རྣམས་ནི་རིག་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིག་པའི་སྟོབས་ཀྱིས་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་སྤྲུལ་པ་མཛད་པའི་བདག་ཉིད་ཆེན་པོ་དང་། ཤིན་ཏུ་ལྡན་ པས་ན། རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིག་སྔགས་རྒྱལ། །ཞེས་བྱའོ། །ད་ནི་བཅོམ་ལྡན་འདས་ཀྱིས་སྔར་བཤད་པའི་སྔགས་ཀྱི་དོན་ངོ་བོ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་བདག་མེད་པར་ ཤིན་ཏུ་ཡང་སོ་སོར་རྟོགས་པས་ན་རྡོ་རྗེ་རྣོན་པོའོ། །བདག་ཏུ་གཏི་མུག་པ་ལ་དམིགས་པའི་རྩ་བ་ཅན་འཇིག་ཚོགས་ལ་ལྟ་བའི་ཡལ་ག་དང་། ལོ་མ་དང་། འདབ་མ་དང་ལྡན་པའི་ཉོན་མོངས་པའི་ཤིང་ཆེན་པོ་གཅོད་པར་མཛད་པས་ན་རལ་གྲི་ཆེན་པོའོ། །དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མི་ འགྱུར་ཞིང་མི་ཟད་པ་ལ་རང་གི་ངོ་བོ་ཉིད་གཞན་དུ་མི་འགྱུར་བས་ཡི་གེ་མཆོག་སྟེ། ཆོས་ཀྱི་སྐུའོ། །སྣ་ཚོགས་པའི་མི་བདེན་པའི་རྣམ་པར་རྟོག་པའི་དྲི་མ་མངའ་བས་ན་རྣམ་པར་དག་པའོ། །དེ་ཡང་འདི་སྐད་སྟོན་པར་འགྱུར་ཏེ། ངེས་པར་འབྱེད་པའི་ཤེས་རབ་ཀྱིས་ཉོན་མོངས་པ་དང་། སྡུག་བསྔལ་མ་ ལུས་པར་བཅད་པས་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་སྐུ་ཐུགས་སུ་ཆུད་པས་རྣམ་པར་མི་རྟོག་པ་ཉིད་དུ་གྱུར་པ་ནི་བཛྲ་ཏཱིཀྵྞ་ཞེས་བྱ་བའི་སྔགས་ཀྱི་དོན་ཡིན་ནོ། །སྔགས་གཉིས་པའི་དོན་བསྟན་པའི་ཕྱིར། ཐེག་པ་ཆེན་པོ་སྡུག་བསྔལ་གཅོད། །མཚོན་ཆ་ཆེན་པོ་རྡོ་རྗེ་ཆོས། །ཞེས་བྱ་བ་གསུངས་ཏེ། སྡུག་ བསྔལ་མ་ལུས་པར་གཅོད་པ་ནི་ཐེག་པ་ཆེན་པོ་ཉིད་ཀྱིས་ནུས་སོ། །དེ་བས་ན་སྡུག་བསྔལ་མ་ལུས་པ་གཅོད་པའི་བདག་ཉིད་ཅན་ཐེག་པ་ཆེན་པོ་དང་། དེའི་རྡོ་རྗེའི་ཆོས་ཉིད་མི་ཕྱེད་པ་ཡིན་ཏེ། གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་ནི་སེམས་ཅན་མ་ལུས་པའི་ཐེ་ཚོམ་ཐམས་ཅད་གཅོད་པའི་ཕྱིར་མཚོན་ཆ་ཆེན་ པོའོ། །དེ་ཡང་འདི་སྐད་སྟོན་པར་འགྱུར་ཏེ། ཐེག་པ་ཆེན་པོ་ཐམས་ཅད་ནི་རྡོ་རྗེའི་ཆོས་ཉིད་ཀྱི་དོན་སྟོན་པ་ཡིན་ཏེ། དུཿཁཙྪེ་ད་ཞེས་བྱ་བའི་སྔགས་ཀྱི་དོན་ཡིན་ནོ། །སྔགས་གསུམ་པའི་དོན་བསྟན་པའི་ཕྱིར། རྡོ་རྗེ་ཟབ་མོ་ཛི་ན་ཛིཀ །ཅེས་བྱ་བ་གསུངས་ཏེ། སངས་རྒྱས་ཤེས་རབ་ཡེ་ཤེས་ཀྱི། །སྙིང་ 63-1-240a པོ་ཛི་ན་ཛིག་ཏུ་བཤད། །ཅེས་གསུངས་པས། སོ་སོ་ཡང་དག་པར་རིག་པ་བཞི་བསྒོམས་པས་ཡོངས་སུ་རྫོགས་པས་ཕྱེད་ཅིང་རྟོགས་པར་དཀའ་ལ། མཉམ་པ་མེད་པའི་སངས་རྒྱས་ཀྱི་བློ་དང་ལྡན་པས་ན་རྡོ་རྗེ་ལྟར་ཟབ་པ་ནི་རྡོ་རྗེ་བློ་གྲོས་སོ། །དེ་ཉིད་ཀྱིས་ན་དོན་བཞིན་རིག །ཅེས་བྱ་བ་སྟེ། རྡོ་རྗེ་ལྟར་ཆོས་ཐམས་ཅད་སོ་སོར་འབིགས་པའི་ཤེས་རབ་ཀྱིས་ཟབ་ཅིང་རྒྱ་ཆེ་བའི་སངས་རྒྱས་ཀྱི་ཆོས་རྣམས་ཐུགས་སུ་ཆུད་པ་དང་། ཤེས་བྱ་མ་ལུས་པར་ཐུགས་སུ་ཆུད་པ་ཡང་མྱུར་དུ་འབྱུང་བར་འགྱུར་བ་སྟེ། པྲཛྙཱ་ཛྙཱ་ན་ཞེས་བྱ་བ་སྔགས་ཀྱི་དོན་ཏོ། །ཡི་གེ་བཅུ་གཉིས་པའི་སྔགས་ཀྱི་དོན་བསྟན་པར་བྱ་བའི་ ཕྱིར། ཕ་རོལ་ཕྱིན་པ་ཀུན་རྫོགས་པ། །ས་རྣམས་ཀུན་གྱི་རྒྱན་དང་ལྡན། །ཞེས་བྱ་བ་གསུངས་ཏེ། ས་བཅུ་གཉིས་དང་ཕ་རོལ་ཏུ་ཕྱིན་པ་བཅུ་གཉིས་ཇི་ལྟ་བ་ཉིད་ནི་དེ་ཉིད་དུ་ཡི་གེ་བཤད་པའི་སྐབས་སུ་རྒྱ་ཆེར་སྦྱོར་ཟིན་པས་འདིར་མ་སྤྲོས་སོ། །ཕ་རོལ་ཕྱིན་པ་ཐམས་ཅད་རྫོགས་པར་མངའ་བས་ན། ཕ་རོལ་ ཏུ་ཕྱིན་པ་ཀུན་རྫོགས་པའོ། །ས་ཐམས་ཅད་ཀྱིས་རྣམ་པ་སྣ་ཚོགས་པར་བརྒྱན་པ་དེས་ནས་ཐམས་ཅད་ནི་རྒྱན་དུ་གྱུར་པ་ཡིན་ཏེ། དེས་བརྒྱན་པ་གང་ཡིན་པ་དེ་ནི། ས་རྣམས་ཀུན་གྱི་རྒྱན་དང་ལྡན། །ཞེས་བྱའོ། །སྔགས་བཞི་པའི་དོན་བསྟན་པར་བྱ་བའི་ཕྱིར། རྣམ་པར་དག་པ་ཞེས་བྱ་བ་ལ་སོགས་པ་གསུངས་ ཏེ། རྣམ་པར་དག་པའི་ཆོས་ལ་བདག་མེད་པའི་ཡེ་ཤེས་ཉིད་ནི་ཕྱིན་ཅི་མ་ལོག་པའི་དོན་སྟོན་པའི་ཕྱིར་དང་། སངས་རྒྱས་ཉིད་ཀྱི་འབྲས་བུ་ལ་སླུ་བ་མེད་པའི་ཕྱིར་ཡང་དག་པའི་ཡེ་ཤེས་སོ། །དེ་ཡང་སྙིང་ལ་གནས་པའི་མ་རིག་པའི་མུན་ནག་སེལ་བའི་འོད་གསལ་བ་བསྐྱེད་པས་ན། རྣམ་པར་དག་པ་ བདག་མེད་ཆོས། །ཡང་དག་ཡེ་ཤེས་ཟླ་འོད་བཟང་། །ཞེས་བྱའོ། །དེ་ཡང་འདི་སྐད་སྟོན་པར་འགྱུར་ཏེ། ཕྱི་དང་ནང་གི་བདག་དང་བདག་གི་དང་བྲལ་བའི་རྣམ་པར་དག་པའི་ཆོས་ལ་བདག་མེད་པར་ཐུགས་སུ་ཆུད་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤེས་རབ་དང་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་ཡེ་ཤེས་ ཀྱི་སྐུ་བརྙེས་པས་ན་བདེ་བ་དང་ལྡན་པར་འགྱུར་ཏེ། ཛྙཱ་ན་ཀཱ་ཡ་ཞེས་བྱ་བའི་སྔགས་ཀྱི་དོན་ཡིན་ནོ། །སྔགས་ལྔ་པའི་དོན་བསྟན་པར་བྱ་བའི་ཕྱིར། བརྩོན་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྱུ་འཕྲུལ་ནི་སྤྲུལ་པའོ། །སྒྱུ་འཕྲུལ་ཉིད་འཆིང་བའི་བདག་ཉིད་ཅན་ཡིན་པས་ན་དྲ་བའོ། །སྒྱུ་འཕྲུལ་ཆེན་ 63-1-240b པོ་བརྟུལ་བ་གང་ལ་ཡོད་པ་དེ་ལ་ནི་དེ་སྐད་ཅེས་བྱའོ། །སྔགས་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་དང་། ལྷ་རྣམས་ཀྱི་རྣལ་འབྱོར་དང་། ལས་ཀྱི་ཚོགས་ལ་སོགས་པ་རྒྱུད་ཅིང་ངེས་པར་བྱ་བ་བྱེད་པས་ན་རྒྱུད་དོ། །རྒྱུད་ཐམས་ཅད་ཀྱི་བདག་པོའི་མཆོག་ནི་རྗེ་བཙུན་འཇམ་པའི་དབྱངས་ཇི་ལྟ་ བ་ཉིད་དེ། འདི་སྐད་སྟོན་པར་འགྱུར་ཏེ། སྔགས་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་ལ་སོགས་པ་སྤྲུལ་པ་སྣ་ཚོགས་པའི་གཟུགས་ཀྱིས་བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་གྱི་རྒྱུད་ཀྱི་བདག་པོར་གྱུར་པས་གསུང་གི་འཁོར་ལོ་ཐམས་ཅད་བསྐོར་བས་ན་བཱ་གཱི་ཤྭ་ར་ཞེས་བྱ་བའི་སྔགས་ཀྱི་དོན་ཡིན་ ནོ། །སྔགས་གྲུབ་པའི་དོན་བསྟན་པར་བྱ་བའི་ཕྱིར། རྡོ་རྗེའི་གདན་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་མ་ལུས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཡོངས་སུ་རྫོགས་པའི་མཚན་མ་དང་། མཚོན་པར་གྱུར་པ་ནི་ཆོས་ཐམས་ཅད་ཡི་གེ་ལྔས་མཚན་པ་ཡིན་ཏེ། དེ་ཡང་ཨ་ནི་ཆོས་ ཐམས་ཅད་ཀྱི་སྒོའོ། །ར་ནི་ཆོས་ཐམས་ཅད་རྡུལ་དང་བྲལ་བ་དང་། སངས་རྒྱས་ཐམས་ཅད་ནི་ཐུགས་རྗེ་ཆེན་པོས་ཆགས་པར་མཛད་པའོ། །པ་ནི་སྐྱེ་བ་མེད་པ་དང་། ཐུགས་རྗེ་ཆེན་པོའི་ཆགས་པའི་ཐུགས་རྗེ་དང་ཐབས་ཀྱི་བདག་ཉིད་དུ་གྱུར་པས་ན་དོན་དམ་པའོ། །ཙ་ནི་ས་དང་ཕ་རོལ་ཏུ་ཕྱིན་ པ་ལ་སོགས་པའི་སྤྱོད་པ་དེ་དག་གི་རྒྱུ་དང་བྲལ་བའི་ཕྱིར་རོ། །ན་ནི་ནམ་མཁའ་དང་འདྲ་བར་ཉེ་བར་དམིགས་པའི་སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་སྐུའི་མཐར་ཐུག་པའོ་ཞེས་སྟོན་པའི་ཕྱིར་ཏེ། དེ་བས་ན་ཡི་གེ་ལྔའི་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་ངོ་བོ་ཉིད་ཡིན་པས་ན། ཡེ་ཤེས་སྐུ་རྣམས་མ་ལུས་ འཆང་། །ཞེས་བྱའོ། །རྣམ་པ་ཐམས་ཅད་དུ་ཀུན་ནས་སེམས་ཅན་ཐམས་ཅད་ཀྱི་མངོན་པར་འདོད་པའི་དོན་བཟང་པོ་མཛད་པ་དང་། རྣམ་པ་ཐམས་ཅད་དུ་བཟང་ཞིང་སྡུག་པས་ན་ཀུན་དུ་བཟང་པོའོ། །བདག་དང་གཞན་གྱི་ཕན་པ་རྫོགས་པ་བསྐྱེད་པའི་བློ་གྲོས་བཟང་པོ་མངའ་བས་ན་བློ་གྲོས་བཟང་པོའོ། །ས་ བཞིན་དུ་མི་འགྱུར་བར་སེམས་ཅན་ཐམས་ཅད་ཀྱི་གནས་དང་། སྐྱེད་པའི་རྒྱུར་གྱུར་པས་ན་སའི་སྙིང་པོའོ། །སེམས་ཅན་གྱི་སྣོད་ཀྱི་ངོ་བོ་ཉིད་འགྲོ་བ་རྣམས་རྣམ་པར་འཛིན་པའི་རྒྱུ་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་ཀྱི་བདག་ཉིད་ཅན་ཡིན་པས་ན་འགྲོ་བ་འཛིན་པའོ། །སངས་རྒྱས་ཐམས་ཅད་ཀྱི་ 63-1-241a སྐྱེ་གནས་ཆེན་པོ་ནི། སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །ཞེས་བྱ་སྟེ། གརྦྷ་ཞེས་བྱ་བའི་སྒྲ་འདི་ནི་སྙིང་པོ་ལ་ཡང་ཡོད་དེ། ཤིང་གི་སྙིང་པོ་བཞིན་ནོ། །བསྐྱེད་པ་ལ་ཡང་ཡོད་དེ། མངའ་བ་བཞིན་ནོ། །དེ་བས་ན་བསྐྱེད་པའི་དོན་ལྟར་ན་ཡང་དེ་བཞིན་གཤེགས་པ་ཐམས་ ཅད་ལ་སོགས་པའི་དཀྱིལ་འཁོར་སྤྲོས་པས་ན། སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །ཞེས་བྱ་སྟེ། དེ་བཞིན་གཤེགས་པ་དཔག་ཏུ་མེད་པའི་དཀྱིལ་འཁོར་འཛིན་པར་མཛད་པས་ན། སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་། །ཞེས་བྱའོ། །དེ་ལས་ཕྱོགས་ཙམ་ཉེ་བར་བསྟན་པའི་མིང་དུ་ཟད་དེ། འདིར་ཤེས་རབ་ཅན་གྱིས་གཞན་དག་ཀྱང་དཔག་པར་བྱ་བ་སྦྱར་བར་བྱ་སྟེ། སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་། །ཞེས་བྱ་བ་ལ། །དཀྱིལ་འཁོར་ཐམས་ཅད་བསྡུས་པར་གྱུར་ལ། བཅོམ་ལྡན་འདས་རྗེ་བཙུན་འཇམ་དཔལ་གྱི་དོན་ཐམས་ཅད་གྲུབ་པ་ནམ་ མཁའ་ལྟར་དྲི་མ་མེད་ཅིང་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྙིང་པོ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོའི་དོན་གྱི་དགོས་པ་སྦས་ཏེ། འདུག་པས་ན་ཕྱིན་ཅི་མ་ལོག་པའི་མན་ངག་ལས་བརྒྱུད་དེ་འོངས་པ་བཤད་པར་བྱའོ། །ད་ནི་དཀྱུས་མ་ཉིད་ལ་འཇུག་པར་བྱ་སྟེ། དངོས་པོ་ཀུན་གྱི་རང་ བཞིན་འཛིན། །ཞེས་བྱ་བ་ལ་སོགས་པ་ནི་དཀའ་འགྲེལ་གྱི་ཚུལ་དུ་བྱས་ཏེ། ཤིན་ཏུ་རྒྱ་ཆེ་བར་ནི་མ་སྤྲོས་སོ། །དེ་ལ་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ནི་སྐྱེ་བ་མེད་པའི་སྟོང་པ་སྟེ། དེ་ལྟ་བུའི་ངོ་བོ་ཉིད་ཀྱིས་ན་མཆོག་སྟེ། གཙོ་བོ་ཡིན་པས་ན། དངོས་པོ་ཀུན་གྱི་རང་བཞིན་མཆོག །ཅེས་ བྱ་བ་ལ། དེ་ཉིད་ཀྱིས་ན། དངོས་པོ་ཀུན་གྱི་རང་བཞིན་འཛིན། །ཞེས་བྱའོ། །ཆོས་ཅན་གྱི་ངོ་བོ་ཉིད་དུ་བཤད་ནས། ཆོས་རྣམས་ཀྱི་ངོ་བོ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། སྐྱེ་མེད་ཆོས་ཏེ་སྣ་ཚོགས་དོན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ལ་སྐྱེ་བ་མེད་པའི་ཆོས་ཏེ། ཆོས་ ཅན་ལ་བརྟེན་པ་ཉིད་ཀྱིས་བརྟགས་ན་སྐྱེ་བ་མེད་པས་ན། དེ་ལ་བརྟེན་པའི་ཆོས་རྣམས་ནི་ཤིན་ཏུ་ཡང་སྐྱེ་བ་མེད་པ་ཉིད་དོ་ཞེས་པའི་སྐྱེ་བ་མེད་པའི་དོན་ནི་ཆོས་ཐམས་ཅད་ཀྱི་དོན་ཡིན་ནོ། །དེ་བས་ན། ཆོས་ཀུན་ངོ་བོ་ཉིད་འཆང་བ། །ཞེས་བྱའོ། །རྟོག་པར་བྱ་བའི་ཆོས་ཀྱི་རིམ་པ་མེད་ 63-1-241b པས་རྟོག་པའི་རིམ་པ་ཡང་མེད་དོ་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར། ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་འཆང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་ཕྲིན་ལས་ཡོངས་སུ་ཤེས་ཆེར་སྦྱངས་པ་ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་པའི་ངོ་བོ་ཉིད་ཀྱི་ཤེས་རབ་གང་ ཡིན་པ་དེ་ནི་ཤེས་རབ་ཆེན་པོ་ཡིན་ཏེ། གང་གི་ཕྱིར་སྐད་ཅིག་མ་གཅིག་གིས་ཆོས་ཐམས་ཅད་ཐུགས་སུ་ཆུད་པ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་ལ། དེ་དེའི་བདག་ཉིད་ཀྱིས་འཛིན་པར་མཛད་པས་ན། ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་འཆང་། །ཞེས་བཤད་ དོ། །འདུས་བྱས་དང་། འདུས་མ་བྱས་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་དབྱེ་བས་ཕྱེ་བའི་ཆོས་ཐམས་ཅད་དོ། །དེ་རྣམས་མངོན་པར་རྟོགས་པ་ནི་ཐུགས་སུ་ཆུད་པ་སྟེ། རྣམ་པ་ཐམས་ཅད་དུ་ཐུགས་སུ་ཆུད་པ་གང་ ཡིན་པ་དེ་ནི། ཆོས་ཀུན་མངོན་པར་རྟོགས་པ་སྟེ། །ཞེས་བྱའོ། །ཐུབ་པ་ཞེས་བྱ་བ་ནི་སྐུ་དང་། གསུང་དང་། ཐུགས་ཐུབ་པ་དང་ལྡན་པས་མི་དགེ་བ་བཅུའི་ལས་ཀྱི་ལམ་ལས་ལྡོག་ཅིང་དགེ་བའི་ཆོས་ཐམས་ཅད་ཡང་དག་པར་ལྡན་པས་ན་ཐུབ་པའོ། །བློ་མཆོག་ནི་ཆོས་ཐམས་ཅད་ཐུགས་སུ་ཆུད་པ་དང་ ལྡན་པའི་བློ་གང་ཡིན་པ་དེ་ནི་བློ་མཆོག་གོ། །འབྱུང་བ་ནི་བདེན་པ་སྟེ། དེ་ཁོ་ན་ཉིད་དོ། །དེའི་མཐར་ནི་མཐར་ཐུག་པ་སྟེ། དེ་ཁོ་ན་ཉིད་ཀྱི་མཐའ་ཐུགས་སུ་ཆུད་པ་ནི་འབྱུང་པོའི་མཐའ་ཞེས་བྱའོ། །ཡང་ན་འབྱུང་པོ་ནི་སྲོག་ཆགས་རྣམས་སོ། །དེའི་མཐའ་ནི་མྱ་ངན་ལས་འདས་པ་སྟེ། སྐྱེ་བའི་མཐར་ ཐུག་པ་ནི་མྱ་ངན་ལས་འདས་པ་ཡིན་པའི་ཕྱིར་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་ཉིད་ཀྱིས་ཐུབ་པ་ནི་ཐུབ་པ་ཡང་དག་མཐའ་ཞེས་བྱའོ། །མི་གཡོ་རབ་ཏུ་དང་བའི་བདག །ཅེས་བྱ་བ་ལ་སོགས་པ་ལ་གནས་ངན་ལེན་དང་རྣམ་པར་རྟོག་པ་ཐམས་ཅད་སྤངས་པས་ན་བརྟན་ཞིང་མི་འགྱུར་ བར་གནས་པ་ནི་མི་གཡོ་བའོ། །མ་རིག་པ་དང་འདོད་ཆགས་ལ་སོགས་པའི་རྙོག་པ་དང་བྲལ་བས་ཤིན་ཏུ་ཡང་རབ་ཀྱི་མཐར་ཐུག་པས་དྲི་མ་མེད་པའི་ངོ་བོ་ཉིད་ཀྱི་རང་བཞིན་གྱི་སྐུའི་རང་བཞིན་ཅན་ཡིན་པས་ན་རབ་ཏུ་སྣང་བའི་བདག་གོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཟད་པ་དང་མི་སྐྱེ་བའི་ཡེ་ 63-1-242a ཤེས་ཏེ། ཉོན་མོངས་པ་མ་ལུས་པར་ཟད་པ་དང་། སླར་ཡང་མི་སྐྱེ་བ་དག་ནི་དུས་གཅིག་པ་སྟེ། རྐུན་མ་ཕྱུང་བ་དང་སྒོ་གཏན་བཅུག་པ་ལྟ་བུ་དང་། ཚུལ་མཐུན་ནོ་ཞེས་བྱེ་བྲག་ཏུ་སྨྲ་བ་དག་འདོད་དོ། །ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་དྲི་མ་མེད་པའི་བྱང་ཆུབ་བཤད་པར་ བྱ་སྟེ། ཟད་པ་མེད་པ་ནི་མི་སྐྱེ་བའི་མཐའ་ཡིན་པར་རིམ་པ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །དེ་ཡང་འདུས་བྱས་ཐམས་ཅད་ཟད་པའི་ཚུལ་ཉིད་ནི་སྟོང་པའོ། །སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་པས་ན་འདུས་བྱས་ཉིད་འདུས་མ་བྱས་སོ། །དེ་བས་ན་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་ཟད་པའོ། ། ཟད་པ་དེ་ཡང་འགྲིབ་པ་མེད་དེ། གང་གི་ཕྱིར་ཟད་པ་དེ་ལ་ནི་ཟད་པ་མེད་དོ། །གལ་ཏེ་ཟད་པ་ཟད་པར་གྱུར་ན་ནི་འགོག་པ་ཡང་ཟད་པར་འགྱུར་ཏེ། འགོག་པ་མེད་པར་ཐལ་བར་འགྱུར་བས་མི་འདོད་དོ། །དེ་བས་ན་ཟད་པ་ནི་ཟད་པར་མི་འགྱུར་རོ། །གང་ཟད་པར་མི་འགྱུར་བ་དེ་ནི་མི་སྐྱེ་བའོ། །གང་མི་ སྐྱེ་བ་དེ་ནི་འགག་པར་མི་འགྱུར་རོ། །དེ་ལྟར་ཆོས་ཐམས་ཅད་མཉམ་པ་ཉིད་དང་། ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རྟོགས་པ་ནི་བྱང་ཆུབ་སྟེ། ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ནི་བྱང་ཆུབ་ཅེས་བྱ་ལ། དེ་དེའི་བདག་ཉིད་ཀྱིས་འཛིན་པར་མཛད་པས་ན། རྫོགས་པའི་སངས་རྒྱས་བྱང་ཆུབ་འཆང་། །ཞེས་བྱའོ། །སྒྲིབ་པ་ ཐམས་ཅད་ལས་རྣམ་པར་གྲོལ་བའི་ཡེ་ཤེས་ནི་ཤེས་བྱ་ཐམས་ཅད་སྣང་བའི་བདག་ཉིད་ཅན་ཡིན་པས་མེ་ལྕེ་དང་འདྲ་བས་ན་ཡེ་ཤེས་མེ་ལྕེ་སྟེ། དེ་ནི་རྣམ་པ་ཐམས་ཅད་དུ་འོད་རབ་ཏུ་གསལ་བའོ། །དེ་བས་ན་རྣམ་པ་ཐམས་ཅད་དུ་སངས་རྒྱས་ཀུན་གྱི་མངོན་སུམ་པ་ཡིན་ཏེ། སངས་རྒྱས་རྣམས་ཀྱི་བྱང་ ཆུབ་ནི་ནམ་ཡང་མངོན་སུམ་དུ་མ་གྱུར་པ་མ་ཡིན་ནོ། །སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་ངོ་བོ་ཉིད་དུ་གྱུར་པས་མངོན་སུམ་དུ་གྱུར་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་མེ་ལྕེ་འོད་རབ་ཏུ་གསལ་བའོ། །འདོད་པའི་དོན་ཞེས་བྱ་བ་ལ། འདོད་པ་ནི་དགོས་པའི་གཙོ་བོ་སྟེ། སངས་རྒྱས་ཉིད་དོ། །མཐོ་ རིས་དང་། ལོངས་སྤྱོད་དང་། དབང་ཕྱུག་དང་། རིག་འཛིན་གྲུབ་པ་ལ་སོགས་པ་ནི་ཞར་ལ་འགྲུབ་སྟེ། དེ་བས་ན་དགོས་པ་རྣམ་པ་གཉི་ག་ཡང་འདོད་པའི་དོན་གྲུབ་པ་ནི་རྫོགས་པར་བྱེད་པའོ། །མཆོག་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྲས་བུ་རྩོལ་བའི་ཕུལ་དུ་བྱུང་བ་ཡིན་པས་ 63-1-242b ན། འདོད་པའི་དོན་དམ་སྒྲུབ་པ་སྟེ། །ཞེས་བྱའོ། །སེམས་ཅན་དམྱལ་བ་དང་། ཡི་དགས་དང་། དུད་འགྲོར་འགྲོ་བ་འཇུག་པར་བྱེད་པའི་ལས་ཀྱི་གཉེན་པོར་གྱུར་པ་ཐར་པ་དང་རྗེས་སུ་མཐུན་པའི་ཆོས་རྣམས་སྟོན་པར་མཛད་པས་ན། ངན་སོང་ཐམས་ཅད་རྣམ་སྦྱོང་བའི། །མགོན་པོ་སེམས་ ཅན་ཀུན་གྱི་མཆོག །ཅེས་བྱའོ། །གང་གི་ཕྱིར་ཉོན་མོངས་པའི་འཆིང་བ་ཐམས་ཅད་ལ་མཁས་པའི་སྟོབས་ཀྱིས་སེམས་ཅན་ཐམས་ཅད་ཡོངས་སུ་གྲོལ་བར་མཛད་པས། སེམས་ཅན་ཐམས་ཅད་རབ་གྲོལ་བྱེད། །ཅེས་བྱའོ། །སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པས་ན་ཉོན་མོངས་པ་སྟེ། བདག་དང་ བདག་གིར་མངོན་པར་ཞེན་པའི་རྩ་བ་འདོད་ཆགས་ལ་སོགས་པའོ། །དེ་དང་ལྷན་ཅིག་ཏུ་གཡུལ་སྤྲོད་པས་ན་ཉོན་མོངས་པའི་གཡུལ་དེར་དཔའ་བོ་གཅིག་པའོ། །དགྲ་གང་ཡིན་ཞེ་ན། མི་ཤེས་པའི་དགྲ་བོ་དེའི་དྲེགས་པ་ནི་བདག་ཉིད་གཅིག་པུ་ཉིད་ཀྱིས་སེམས་ཅན་མ་ལུས་པ་མི་ཤེས་པའི་ཞགས་པས་ བཅིངས་ལ་ངན་སོང་གསུམ་དུ་ལྷུང་བར་བྱའོ་ཞེས་བརྙས་པ་དང་བཅས་པའོ། །དེ་བཅོམ་པས་ན། མི་ཤེས་དགྲའི་དྲེགས་པ་འཇོམས་པའོ། །ཡང་ན་ཉོན་མོངས་པའི་གཡུལ་དུ་དཔའ་བ་ཉིད་གང་ཡིན་ཞེ་ན། གང་མི་ཤེས་པའི་དགྲའི་དྲེགས་པ་བསལ་ཏེ། དེ་ཡང་ཉོན་མོངས་པ་རྣམས་ཤེས་རབ་ཀྱི་རལ་གྲིས་མི་ ཤེས་པའི་རྒྱལ་པོ་ངེས་པར་བཅོམ་ནས། དེའི་སྟོབས་ཀྱིས་རྣམ་པར་རོལ་ཅིང་རྩ་བ་བཅད་པས་གཞན་དག་ཀྱང་བཅོམ་པར་གྱུར་པ་ནི། ཉོན་མོངས་གཡུལ་དུ་གཅིག་དཔའ་བ། །མི་ཤེས་དགྲ་ཡི་དྲེགས་པ་འཇོམས། །ཞེས་བྱའོ། །ཤེས་རབ་ཀྱི་རང་བཞིན་གྱི་སྐུ་དང་ལྡན་པ་རྗེ་བཙུན་འཇམ་དཔལ་གཅིག་པུ་ ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པས་དེ་ལས་ལྷག་པ་གཞན་མེད་པར་བསྟན་ནས་ཉོན་མོངས་པ་དང་བདུད་དང་མུ་སྟེགས་ལ་སོགས་པ་མ་ལུས་པ་ལས་རྣམ་པར་རྒྱལ་བའི་དགའ་སྟོན་གྱི་གར་གྱིས་འདུལ་བའི་འགྲོ་བ་རྣམས་གདུལ་བར་བྱ་བའི་ཕྱིར་སྒེག་པ་ལ་སོགས་པ་གར་སྟབས་ཀྱི་ ཉམས་དགུའི་ཁྱད་པར་གྱིས་ཕུལ་དུ་བྱུང་བར་བསྟན་པར་བྱ་བའི་ཕྱིར། དཔལ་ལྡན་བློ་དང་སྒེག་པ་འཆང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་རྣམས་དད་ཅིང་རྗེས་སུ་ཆགས་པར་བྱེད་པའི་ངོ་བོ་ཉིད་ཀྱི་དངོས་པོ་ནི་སྒེག་པའི་གར་སྟབས་ཡིན་ལ། ཤེས་རབ་ཀྱང་དྲི་མ་མེད་ཅིང་སེམས་ཅན་ཐམས་ཅད་ཀྱི་སེམས་ 63-1-243a ཀྱི་སྤྱོད་པ་རྗེས་སུ་མཁྱེན་ནས་རྗེས་སུ་དགའ་བར་མཛད་པའི་ཚུལ་གྱིས་ནི་སྒེག་པའོ། །དེ་འཛིན་པར་མཛད་པས་ན་སྒེག་འཆང་ངོ་། །གླེགས་བམ་ལ་ལ་ལས་ནི། བློ་ལྡན་སྒེག་འཆང་དཔལ་ལྡན་ཞེས་ཟེར་ཏེ། དེར་ནི་བདེ་གཤེགས་དྲི་མེད་པའི། །ཤེས་རབ་རྡོ་རྗེ་རྣམ་པར་ བཤད། །ཅེས་གསུངས་པས་དྲི་མ་མེད་པའི་ཤེས་རབ་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་བློའོ། །གལ་ཏེ་བློ་ཡིན་ན་དེ་ནི་སོ་སོ་རང་རིག་པའི་བདག་ཉིད་ཅན་གཟུགས་ཅན་མ་ཡིན་པས་ཇི་ལྟར་ན་དེས་སྣ་ཚོགས་པའི་གཟུགས་ཀྱིས་གདུལ་བྱའི་དོན་རྫོགས་པར་མཛད་ཅེ་ན། འདིར་བཤད་པར་བྱ་སྟེ། སེམས་ ཤིན་ཏུ་རྣམ་པར་དག་པ་ཉིད་དེ་དང་དེར་སོ་སོར་སྣང་བ་ཡིན་ལ། རྗེ་བཙུན་འཇམ་དཔལ་གྱིས་ཀྱང་དཔལ་རྡོ་རྗེ་སྙིང་པོའི་རྒྱན་གྱི་རྒྱུད་ལས། དེ་བས་སངས་རྒྱས་སྐྱོབ་ཀུན་གྱི། །ཟག་པ་མེད་པའི་ཤེས་རབ་སྟེ། །ཤེས་རབ་དྲི་མེད་བསམ་མི་ཁྱབ། །སེམས་དཔའི་ལུས་སུ་གྱུར་པ་ཡིན། །དངོས་དང་དངོས་མེད་ རྣམ་དཔྱད་པས། །ང་མེད་སངས་རྒྱས་ཐམས་ཅད་ཀྱང་། །བདག་གི་དབང་དུ་འཇུག་གྱུར་པ། །ཨེ་མའོ་ཆོས་ཉིད་བསམ་མི་ཁྱབ། །ཅེས་གསུངས་པའི་ཕྱིར་རོ། །དེ་བས་ན་སྒེག་པ་ལ་སོགས་པའི་ཉམས་དང་ཤིན་ཏུ་ལྡན་པའི་གཟུགས་སྣ་ཚོགས་པས་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་དོན་རྫོགས་པར་མཛད་ པས་ན་དུས་ཐམས་ཅད་དུ་མ་ཚང་བ་མེད་པས་སེམས་ཅན་གྱི་དོན་རྒྱས་པར་མཛད་པ་ཡིན་ནོ། །དེས་ན། བློ་ལྡན་སྒེག་འཆང་དཔལ་དང་ལྡན། །ཞེས་ཟེར་བའི་ཚིག་ཤིན་ཏུ་རིགས་པ་ཡིན་ནོ། །བདུད་ལ་སོགས་པའི་དགྲ་ངེས་པར་བཟློག་ཅིང་འཇིགས་པ་མི་མངའ་བའི་གཟུགས་མོད་ལ་འཛིན་པར་མཛད་ པས་ན་བརྟན་པའི་གཟུགས་འཆང་བའོ། །ཤིན་ཏུ་དྲག་ཅིང་མི་བཟད་པ་འཇིགས་སུ་རུང་བའི་གཟུགས་འཛིན་པར་མཛད་པས་ན་མི་སྡུག་གཟུགས་ཅན་འཆང་བའོ། །དེ་ཡང་སྒེག་པ་དང་། དཔའ་བ་དང་། མི་སྡུག་པ་དང་། དགོད་པ་དང་། རྔམ་པ་དང་། སྙིང་རྗེ་དང་། འཇིགས་སུ་རུང་བ་དང་། ཞི་བ་དང་། རྨད་དུ་ བྱུང་བའི་གར་གྱི་བྱེ་བྲག་གིས་ཀུན་དུ་སྤྱོད་ཅིང་སྨིན་མའི་ཁྲོ་གཉེར་དང་། སྤྱན་འབར་བར་སྣང་ཞིང་ཞལ་གྱི་དབྱིབས་དུ་མ་རྣམས་དང་། མཚོན་ཆ་སྣ་ཚོགས་པ་བསྣམས་པས་གཏུམ་པའི་ལག་པ་བརྒྱ་པོ་གར་གྱི་རྣམ་པའི་བྱ་བ་སྣ་ཚོགས་པར་གཞག་པའི་ཞབས་བརྒྱ་རྣམས་ཀྱིས་ནམ་མཁའི་ཁམས་ཐམས་ 63-1-243b ཅད་ཁྱབ་ཅིང་སྐུ་དང་། ཕྱག་དང་ཞབས་ཀྱིས་ཁྱབ་པའི་རྣམ་པར་རོལ་པ་རྣམས་ཀྱིས་གར་མཛད་ཅིང་སྒྱུ་འཕྲུལ་ཆེན་པོའི་གར་གྱི་དབང་ཕྱུག་ཏུ་གྱུར་པ་ནི་བཅོམ་ལྡན་འདས་ཉིད་ཡིན་ནོ་ཞེས་བྱ་བ་ནི། ལག་པ་བརྒྱ་པོ་ཀུན་བསྐྱོད་ཅིང་། །གོམ་པའི་སྟབས་ཀྱིས་གར་བྱེད་པ། །དཔལ་ལྡན་ལག་པ་ བརྒྱས་གང་ལ། །ནམ་མཁའ་ཁྱབ་པར་གར་བྱེད་པ། །ཞེས་བྱ་བ་བསྡུས་པའི་དོན་ཡིན་ནོ། །ཡན་ལག་གི་དོན་ཡང་བསྟན་པར་བྱ་སྟེ། སེམས་ཅན་གདུག་པ་རྣམས་བརྡེག་པ་དང་། གདུལ་བ་དང་། ཆད་པས་བཅད་པའི་ཕྱིར་ལག་པ་རྣམས་ཀྱི་ལག་ངར་བརྒྱ་སྟེ། དེས་ཀུན་ནས་སེམས་ཅན་གྱི་སྡུག་ བསྔལ་གཡོ་བར་བྱེད་ཅིང་བསྐྱོད་པ་གང་ཡིན་པ་དེ་ནི། ལག་པ་བརྒྱ་པོ་ཀུན་བསྐྱོད་ཅིང་། །ཞེས་བྱའོ། །ཞབས་འཇོག་པ་ནི་སེམས་ཅན་གདུལ་བར་བྱེད་པའི་རྒྱུ། རྫུ་འཕྲུལ་གྱི་རྐང་པ་རྣམ་པ་བཞི་སྟེ། རྫུ་འཕྲུལ་གྱི་རྐང་པ་རྣམ་པ་བཞི་ནི་ཞབས་སོ་ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་རྫུ་འཕྲུལ་དང་། ཆོ་འཕྲུལ་རྣམས་ཀྱིས་མགུ་བར་ མཛད་ནས་མི་གནས་པའི་མྱ་ངན་ལས་འདས་པ་ལ་ངེས་པར་འཇོག་པར་བྱེད་པའི་སྟབས་ནི་གོམ་པའི་སྟབས་སོ། །དེ་ཉིད་ཀྱི་གར་གང་ལ་ཡོད་པ་དེ་ནི་གོམ་པའི་སྟབས་ཀྱིས་གར་བྱེད་པའོ། །འདི་སྐད་སྟོན་པར་འགྱུར་ཏེ། ཐབས་སྣ་ཚོགས་པ་རྣམས་ཀྱིས་སེམས་ཅན་རྣམས་ཐེག་པ་ཆེན་པོ་ལ་བཙུད་དེ། མི་ གནས་པའི་མྱ་ངན་ལས་འདས་པའི་སངས་རྒྱས་ཉིད་དམ། རྡོ་རྗེ་འཆང་ཆེན་པོ་ཉིད་ལ་རབ་ཏུ་འཇོག་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གར་ཡིན་གྱི། ལག་པ་དང་། རྐང་པ་རྣམ་པར་བསྐྱོད་པ་ཙམ་ནི་མ་ཡིན་ཏེ། དེ་བས་ན། ལག་པ་བརྒྱ་པོ་ཀུན་བསྐྱོད་ཅིང་། །གོམ་པའི་སྟབས་ཀྱིས་ གར་བྱེད་པ། །ཞེས་བཤད་དོ། །དེ་ཉིད་ཀྱིས་ན། དཔལ་ལྡན་ལག་པ་བརྒྱས་གང་ལ། །ནམ་མཁའ་ཁྱབ་པར་གར་བྱེད་པ། །ཞེས་བྱ་བ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཚད་མེད་པ་ཉེ་བར་བསགས་པས་ཁྱབ་པ་དང་། ནམ་མཁའི་ཁོངས་ན་གནས་པའི་སེམས་ཅན་གྱི་དོན་མཛད་པར་བྱ་བའི་གར་གྱིས་ གར་མཛད་པའི་དབང་ཕྱུག་དམ་པ་གར་གྱི་སྒྱུ་འཕྲུལ་ཆེན་པོའི་དབང་ཕྱུག་ནི་རྗེ་བཙུན་འཇམ་དཔལ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་གར་གྱི་བྱ་བ་རྣམ་པར་གཞག་པའི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། ས་ཡི་དཀྱིལ་འཁོར་གཞི་ཡི་ཁྱོན། །རྐང་པ་ཡ་གཅིག་མཐིལ་གྱིས་གནོན། །རྐང་མཐེབ་སེན་མོའི་ 63-1-244a ཁྱོན་གྱིས་ཀྱང་། །ཚངས་པའི་ཡུལ་ས་རྩེ་ནས་གནོན། །ཞེས་བྱ་བ་གསུངས་ཏེ། སའི་དཀྱིལ་འཁོར་ནི་ས་ཆེན་པོའི་དཀྱིལ་འཁོར་རོ། །དེའི་གཞི་ནི་སྟེང་གི་ཆ་སྟེ། དེ་ཞབས་གཅིག་གི་མཐིལ་གྱིས་གནོན་ཅིང་ལྗིད་ཀྱིས་ཕབ་པས་བཟུང་ནས་བཞུགས་པས་ན། ས་ཡི་དཀྱིལ་ འཁོར་གཞི་ཡི་ཁྱོན། །རྐང་པ་ཡ་གཅིག་མཐིལ་གྱིས་གནོན། །ཞེས་བྱའོ། །ཚངས་པའི་ཡུལ་སའི་སྒྲས་ནི་སྲིད་པའི་རྩེ་མོའི་སྟེང་ནས་ནམ་མཁའི་མཐར་ཐུག་པའི་ཐོད་པའི་གཟུགས་སུ་མུ་སྟེགས་པ་རྣམས་ཀྱིས་ཡོངས་སུ་བཏགས་པའོ། །དེའི་རྩེ་མོ་ནི་སྟེང་གི་ཆ་སྟེ། དེ་ནི་ཚངས་པའི་ཡུལ་སའི་རྩེ་མོའོ། ། གནོན་པ་ནི་མནན་པའོ། །ཞབས་གང་གི་ཚངས་པའི་ཡུལ་སའི་རྩེ་ནས་གནོན་པའི་ཞབས་དེའི་མཐེ་བོའི་སེན་མོ་དེར་འཇོག་པ་གང་ཡིན་པ་དེ་ནི། རྐང་མཐེབ་སེན་མོའི་ཁྱོན་གྱིས་ཀྱང་། །ཚངས་པའི་ཡུལ་ས་རྩེ་ནས་གནོན། །ཞེས་བྱའོ། །འདི་སྐད་སྟོན་པར་འགྱུར་ཏེ། ཞབས་གཅིག་གི་མཐིལ་གྱིས་ས་གཞི་འོག་ནས་ མནན་ནས། ཞབས་གཉིས་པའི་མཐེ་བོའི་རྩེ་མོས་ཚངས་པའི་ཡུལ་སའི་རྩེ་མོ་ནས་མནན་ཏེ་གར་གྱི་བྱེད་པ་སྣ་ཚོགས་པའི་ཐབས་ཀྱིས་རྣམ་པར་གནོན་ཞིང་ཟབ་ཅིང་བརྟན་པས་ནམ་མཁའི་ཁོངས་ཐམས་ཅད་ཁྱབ་པའི་གར་གྱིས་འགེངས་ལ། དྲི་མ་མེད་ཅིང་མཐའ་ཡས་པའི་སྒྱུ་རྩལ་དང་ལྡན་པས་འཇམ་པའི་ དབྱངས་རབ་ཏུ་གར་མཛད་ཅིང་བཞུགས་པའོ། །ལ་ལ་ལས་ནི། རྐང་མཐེབ་སེན་མོ་གནས་པ་ནི། །ཚངས་པའི་ཡུལ་ས་རྩེ་ནས་གནོན། །ཞེས་ཟེར་ཏེ། དེར་སའི་དཀྱིལ་འཁོར་དུ་རྐང་པ་གཅིག་གིས་མནན་ནས་གནས་པའོ། །དེ་གང་ཡིན་ཞེས་དྲིས་པ་ལ། རྐང་མཐེབ་སེན་མོ་ཞེས་བྱ་བ་ནི་ལན་ནོ། །དེས་ ཇི་ཙམ་ཁྱབ་ནས་གནས་སོ་ཞེས་རྟོག་པ་ལ། ཚངས་པའི་ཡུལ་ས་རྩེ་ནས་གནོན། །ཞེས་བྱ་བ་ནི་ལན་ནོ། །དེར་དེ་ལྟ་བུའི་ཁྱད་པར་ཅན་གྱི་ཞབས་ཀྱི་མཐེ་བོའི་སེན་མོས་བཅོམ་ལྡན་འདས་བཞུགས་སོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཡང་ན་སའི་དཀྱིལ་འཁོར་གཞིའི་ཁྱོན་ལ་གནས་པ་གང་ཡིན་པ་ དེ་ཉིད་ཚངས་པའི་ཡུལ་ས་རྩེ་ནས་གནོན་པ་སྟེ། ཞབས་ཀྱི་རྐང་པའི་མཐེ་བོའི་སེན་མོ་གཅིག་གིས་དེར་ཡང་གནས་སོ་ཞེས་བཤད་དོ། །འཇོག་པ་ནི་གཉི་ག་དང་སྦྱར་བར་ཡང་རིགས་པ་ལས་འདིར་ཚིགས་སུ་བཅད་པའི་ཐུགས་ཀྱིས་དེ་དང་འབྱོར་པའི་དོན་དང་སྦྱར་བར་བྱ་སྟེ། རང་དགར་ནི་མ་ཡིན་ 63-1-244b ནོ། །རང་དགར་ནི་ཕྱི་རོལ་གྱི་བསྟན་བཅོས་ལ་མཚམས་སྦྱོར་ཏེ། བརྟགས་པས་གཞན་དུ་ཚིགས་བཅད་བྱས་པ་ནི་མི་རིགས་ཏེ། ལུང་མ་ཡིན་པར་ཐལ་བར་འགྱུར་རོ། །འདུལ་བའི་ཐབས་རྣམ་པ་སྣ་ཚོགས་པས་སེམས་ཅན་སྣ་ཚོགས་པའི་རྒྱུད་ལ་སེམས་ཅན་རྣམས་འདུལ་བར་ བྱ་བའི་ཕྱིར་སྤྲོས་པའི་གཟུགས་དེ་དག་ཏུ་གསུངས་པ་ཡིན་གྱི། དོན་དམ་པར་ནི། དོན་གཅིག་གཉིས་མེད་ཆོས་ཀྱི་དོན། །དམ་པའི་དོན་དེ་འཇིགས་པ་མེད། །ཅེས་བྱ་བ་སྟེ། དོན་གཅིག་པུ་ཉིད་གང་ཞེ་ན། གཉིས་སུ་མེད་པའི་ཆོས་ཀྱི་དོན་ཏེ། སྤྲོས་པ་ཐམས་ཅད་དང་བྲལ་བའི་དེ་བཞིན་ཉིད་ ཀྱི་བདག་ཉིད་ཅན་གཉིས་སུ་མེད་པའི་ཡེ་ཤེས་སོ། །དོན་དམ་པར་དེ་ལ་ནི་གཞན་དུ་འགྱུར་བ་ཡོད་པ་མིན་ཏེ། རྒྱུན་གྱིས་རྟག་པས་རྣམ་པ་ཐམས་ཅད་དུ་གནས་པས་ན། དམ་པའི་དོན་དེ་འཇིགས་པ་མེད། །ཅེས་བྱའོ། །དེ་ལྟར་གཉིས་སུ་མེད་ཅིང་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་ རང་བཞིན་ཡིན་ཡང་སྔོན་གོམས་པའི་ཐུགས་རྗེ་ཆེན་པོ་དང་། སྨོན་ལམ་གྱི་ཤུགས་ཀྱིས་སྣ་ཚོགས་པར་སྣང་བའི་གདུལ་བྱའི་སྐྱེ་བོ་རྣམས་དང་རྗེས་སུ་མཐུན་པའི་རྣམ་པར་ཤེས་པ་བསྐྱེད་པར་མཛད་པས་ན། རྣམ་རིག་སྣ་ཚོགས་གཟུགས་དོན་ཅན། །ཞེས་བྱའོ། །སེམས་ནི་རྣམ་པར་མི་རྟོག་ པའི་ཡེ་ཤེས་སོ། །རྣམ་ཤེས་ནི་རྣམ་པར་ཤེས་པའི་མཚན་ཉིད་ཅན་ཏེ། རྣམ་པར་རྟོག་པ་དང་བཅས་པའི་ཡིད་དོ། །དེ་གཉིས་ནི་རྒྱུད་ཀྱི་འཇུག་པས་རབ་ཏུ་འཇུག་པ་སྟེ། རྣམ་པར་རྟོག་པ་དང་བཅས་པ་དང་། རྣམ་པར་རྟོག་པ་མེད་པའི་སེམས་ཀྱི་རྒྱུན་རབ་ཏུ་དང་བའི་མེ་ལོང་གི་ངོས་དང་འདྲ་བ་ལ་ གདུལ་བྱའི་སྐལ་བ་དང་རྗེས་སུ་མཐུན་པར་སྣང་བ་བསྐྱེད་པར་མཛད་པས་ན། སེམས་དང་རྣམ་ཤེས་རྒྱུད་དང་ལྡན། །ཞེས་བྱའོ། །དངོས་དོན་མ་ལུས་ནི་རང་དང་སྤྱིའི་ཚུལ་གྱིས་བརྟགས་པའོ། །དེར་དགའ་བ་ནི་ཀུན་དུ་ཞེན་པ་སྟེ། དེ་ངེས་པར་བརྟགས་པའི་ཕྱིར་རོ། །དེ་ཡང་དངོས་པོ་ཐམས་ཅད་ཀྱི་རང་ གི་ངོ་བོ་ཉིད་ཐུགས་སུ་ཆུད་པ་ལས་སངས་རྒྱས་སུ་འགྱུར་གྱི་དངོས་པོ་ལ་མངོན་པར་ཞེན་པ་ལས་གཞན་པས་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་རྣམ་པར་དཔྱོད་པར་མི་འབྱུང་ངོ་། །དེ་བས་ན་དངོས་པོ་ལ་མངོན་པར་ཞེན་པའི་སྐྱེ་བོ་རྣམས་དགའ་བར་བྱ་བའི་ཕྱིར། དངོས་དོན་མ་ལུས་རྣམས་ལ་དགའ། །ཞེས་བྱའོ། ། 63-1-245a དོན་དམ་པར་ནི་སྟོང་པ་ཉིད་ལ་དགའ་ཞིང་མངོན་པར་ཞེན་པ་མེད་པའི་ཚུལ་གྱིས་མངོན་པར་ཞེན་པའི་དགའ་བ་དང་བྲལ་བ་ཉིད་སྟོང་པ་ཉིད་ལ་དགའ་བའོ། །གཟུགས་དང་གཟུགས་མེད་པའི་ཁམས་གཉིས་ལ་མངོན་པར་ཞེན་ཅིང་ཤིན་ཏུ་ཆགས་པ་ནི་སྲིད་པའི་འདོད་ཆགས་ཏེ། ཁ་ནང་དུ་བལྟས་པར་འཇུག་ཅིང་བསམ་གཏན་དང་གཟུགས་མེད་པ་རྣམས་ལ་ཐར་པར་འདུ་ཤེས་པ་རྣམས་ལས་བཟློག་པའི་ཕྱིར་ཁམས་གཉིས་ལས་བྱུང་བའི་འདོད་ཆགས་ནི་སྲིད་པའི་འདོད་ཆགས་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །སྲིད་པའི་འདོད་ཆགས་ལ་སོགས་པ་ལས་འདས་ པར་གྱུར་པས་ན། སྲིད་པའི་འདོད་ཆགས་སོགས་སྤངས་པའོ། །སོགས་པའི་སྒྲས་ནི་འདོད་པའི་འདོད་ཆགས་བཟུང་སྟེ། འདོད་པ་རྣམས་ལ་ཆགས་པས་ན་འདོད་པའི་འདོད་ཆགས་སོ། །དེ་ལྟར་ན། སྲིད་པའི་འདོད་ཆགས་སོགས་སྤངས་པ། །ཞེས་བྱའོ། །ཆོས་ཐམས་ཅད་སྟོང་པ་ཉིད་དུ་ ཐུགས་སུ་ཆུད་པས་འདོད་པ་དང་གཟུགས་དང་གཟུགས་མེད་པར་ཉེ་བར་དམིགས་པའི་འདོད་ཆགས་དེ་དག་དང་བྲལ་དུ་ཟིན་ཀྱང་། ཐུགས་རྗེ་ཆེན་པོས་སྲིད་པ་གསུམ་དུ་སྐྱེས་པའི་སེམས་ཅན་རྣམས། གདོན་པར་བྱ་བ་ལ་མངོན་པར་དགྱེས་པས་ན། སྲིད་གསུམ་དགའ་བ་ཆེན་པོ་པ། །ཞེས་བྱ་སྟེ། སྲིད་པ་ གསུམ་ལ་དགའ་བ་ཆེན་པོ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སེམས་ཅན་གྱི་དོན་མཛད་པའི་གར་སྟབས་ཀྱི་ཚུལ་བཤད་ནས། བཅོམ་ལྡན་འདས་ཤིན་ཏུ་ཡང་མདངས་དང་གཟི་བརྗིད་ཉིད་དང་ལྡན་པར་བྱ་བའི་ཕྱིར། སྤྲིན་དཀར་དག་པ་བཞིན་དུ་དཀར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྲིན་ ནི་ཆུ་འཛིན་ནོ། །དཀར་བ་ནི་ཤིན་ཏུ་ཡང་དཀར་བའོ། །དག་པ་ནི་ཁ་དོག་གཞན་དག་དང་མ་འདྲེས་པའོ། །དེ་ལྟར་ན་སྤྲིན་དཀར་པོ་དག་པ་བཞིན་དུ་དཀར་བ་ལ་ནི། སྤྲིན་དཀར་དག་པ་བཞིན་དུ་དཀར། །ཞེས་བྱའོ། །དང་ཞིང་བསིལ་ལ་འགྲོ་བ་རྣམས་ཚིམ་པར་བྱེད་པའི་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་ མངའ་བས་ན། འོད་བཟང་སྟོན་ཀའི་ཟླ་བའི་འོད། །ཅེས་བྱའོ། །ཐུགས་རྗེ་ཆེན་པོའི་ཆགས་པས་དམར་བའི་སེན་མོ་མངའ་བས་ན། སེན་མོའི་འོད་ནི་ཤས་ཆེར་དམར། །ཞེས་བྱའོ། །དེ་ཉིད་ཀྱིས་ན། ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས། །ཞེས་བྱ་བ་སྟེ། དང་པོ་འཆར་བའི་ཉི་མའི་དཀྱིལ་ 63-1-245b འཁོར་གྱི་མདངས་ལྟར་དམར་བའི་འོད་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་སྐད་སྟོན་པར་འགྱུར་ཏེ། ཤིན་ཏུ་རྣམ་པར་དག་པའི་ཤེས་རབ་ཀྱི་རང་བཞིན་གྱི་སྐུ་དང་ལྡན་པས། སྤྲིན་དཀར་དག་པ་བཞིན་དུ་དཀར། །ཞེས་བྱའོ། །ཤེས་རབ་ཀྱི་འོད་ཟེར་འཕྲོ་བས་རྣམ་པར་མཛེས་པའི་འོད་མངའ་བས་ན་འོད་ བཟང་སྟོན་ཀའི་ཟླ་བའི་འོད་དོ། །ཐུགས་རྗེ་ཆེན་པོའི་ཆགས་པའི་མདངས་ཀྱིས་ཕྱི་རོལ་དུ་སྣང་བའི་འོད་དང་ལྡན་པའི་སྐུ་མངའ་བས་ན། ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས། །སེན་མོའི་འོད་ནི་ཤས་ཆེར་དམར། །ཞེས་བྱའོ། །རིན་པོ་ཆེ་མཐོན་ཀའི་རྩེ་མོའི་འོད་ཀྱི་ཚོགས་ཁ་དོག་སྔོ་བ་སྟེ། མཐོན་ཀའི་རྩེ་ ལྟར་བཟང་ཞིང་མཛེས་པའི་ཟུར་ཕུད་ལྔ་གང་ལ་མངའ་བ་དེ་ནི། ཅོད་པན་བཟང་པོ་མཐོན་ཀའི་རྩེ། །ཞེས་བྱའོ། །སྐྲ་རྣམས་ཀྱི་མཆོག་ནི་མཆོག་སྟེ། སྐྲ་གཞན་ལས་ཐམས་ཅད་ཀྱི་མཆོག་ཅེས་བྱ་བའི་དོན་ཏོ། །མཐོན་ཀ་ཆེན་པོ་ལྟར་ཤིན་ཏུ་སྔོ་བའི་སྐྲའི་མཆོག་འཆང་བར་མཛད་པས་ན། སྐྲ་མཆོག་ མཐོན་ཀ་ཆེན་པོ་ཅན། །ཞེས་བྱའོ། །མཐོན་ཀ་དང་མཐོན་ཀ་ཆེན་པོའི་དབྱེ་བ་ནི་འདི་ཡིན་ཏེ། མཐོན་ཀ་ནི་ཅུང་ཟད་སྔོ་བ་སྟེ། ཅུང་ཟད་དམར་བ་དང་འདྲའོ། །དེ་ཉིད་ཤིན་ཏུ་ཤས་ཆེར་སྔོ་བ་ནི་མཐོན་ཀ་ཆེན་པོ་སྟེ། རིགས་ཀྱི་བྱེ་བྲག་ཡོད་པ་ནི་མ་ཡིན་ནོ། །ནོར་བུ་ཆེན་པོ་ནི་འགྲོ་བ་མ་ལུས་པའི་མངོན་པར་ འདོད་པའི་དོན་ཡང་དག་པར་རྫོགས་པར་མཛད་པ་ལ་གཞོལ་བས་ན་སངས་རྒྱས་བཅོམ་ལྡན་འདས་ལ་བྱའོ། །དེ་རྣམས་ཀྱི་འོད་ཆགས་པ་ནི་ཁ་དོག་སྣ་ཚོགས་པའི་སྤྲུལ་པའི་འོད་ཟེར་རྣམས་ཏེ། འོད་ཟེར་དེ་རྣམས་ཀྱིས་མཛེས་པའི་དཔལ་གང་ལ་ཡོད་པ་དེ་ནི། ནོར་བུ་ཆེན་པོའི་འོད་ཆགས་དཔལ། །ཞེས་ བྱ་སྟེ། གང་གི་ཕྱིར་མདོག་སྣ་ཚོགས་པའི་ངེས་པར་འབྱུང་བའི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་པར་བྱེད་པ་ནི། སངས་རྒྱས་སྤྲུལ་པའི་རྒྱན་དང་ལྡན། །ཞེས་བྱ་སྟེ། ཤིན་ཏུ་ཡང་ལེགས་པར་བརྒྱན་པར་བྱས་པའོ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད་པ། །རྫུ་འཕྲུལ་རྐང་པའི་ སྟོབས་ཆེན་ལྡན། །ཞེས་བྱ་བ་ལ། དེ་ལ་རྫུ་འཕྲུལ་གྱི་རྐང་པ་ནི་བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། འདུན་པ་དང་། བརྩོན་འགྲུས་དང་། སེམས་དང་། དཔྱོད་པའོ། །དེ་རྣམས་ཀྱི་རྩ་བ་དང་གཞི་དང་གནས་ནི་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་སོ། །དེ་ཚད་མེད་ 63-1-246a པ་བཞི་པོ་འདི་བསྟེན་ཅིང་བསྒོམས་ལ་མང་དུ་བྱས་པས་སེམས་ལས་སུ་རུང་བ་ཐོབ་པར་འགྱུར་རོ། །དེ་སེམས་ལས་སུ་རུང་བ་ཐོབ་པས་བསམ་གཏན་དང་པོ་ལ་མཉམ་པར་འཇོག་གོ། །དེ་བཞིན་དུ་གཉིས་པ་དང་། དེ་བཞིན་དུ་གསུམ་པ་དང་། དེ་བཞིན་དུ་བཞི་པ་ལ་ཡང་ མཉམ་པར་འཇོག་སྟེ། དེ་བསམ་གཏན་ཐོབ་པས་ལུས་དང་སེམས་ཡང་བ་ཐོབ་པར་འགྱུར་རོ། །དེ་ལུས་དང་སེམས་ཡང་བ་དང་ལྡན་པས་མངོན་པར་ཤེས་པ་ལ་འཇུག་པ་མངོན་པར་སྒྲུབ་བོ། །དེ་མངོན་པར་ཤེས་པ་ལ་འཇུག་པ་མངོན་པར་སྒྲུབ་པ་དང་ལྡན་པས་འདུན་པ་ལས་སམ། སེམས་ལས་སམ། དཔྱོད་པ་ལས་རྫུ་འཕྲུལ་གྱི་རྐང་པ་བསྐྱེད་དོ། །དེ་ལ་འདུན་པ་ནི་གང་ཆོས་དེ་དག་ལ་མངོན་དུ་ཕྱོགས་པའོ། །དེ་ལ་བརྩོན་འགྲུས་ནི་གང་ཆོས་དེ་དག་སྒྲུབ་པའོ། །སེམས་ཀྱིས་ནི་གང་ཆོས་དེ་དག་རྟོག་པའོ། །དཔྱོད་པ་ནི་གང་ཆོས་དེ་དག་ལ་མཁས་པ་སྟེ། དེ་རྫུ་འཕྲུལ་གྱི་རྐང་པ་མངོན་པར་འགྲུབ་པ་རྣམས་ཀྱིས་ ཡང་དག་པར་འགྲུབ་པ་སྟེ། དེའི་ཕྱིར་ན་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱའོ། །དེ་ལ་འདུན་པས་ནི་རྣམ་པར་སྒྲུབ་པའོ། །བརྩོན་འགྲུས་ཀྱིས་ནི་རྫོགས་པར་བྱེད་པའོ། །སེམས་ཀྱིས་ནི་རྣམ་པར་འཇོག་གོ། །དཔྱོད་པས་ནི་རྣམ་པར་འབྱེད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་མོས་པ་ ལས་བྱུང་བ། མངོན་པར་འདུ་བྱེད་པ་མེད་པ། རང་གི་སེམས་བསྐྱེད་པས་དབང་བྱེད་པ། ཇི་ལྟར་འདོད་པ་བཞིན་དུ་འགྲོ་བ། ཡོངས་སུ་སྦྱང་བ་ལེགས་པར་བྱས་པ། རྩ་བ་ལ་ཤིན་ཏུ་གནས་པ། ཐམས་ཅད་དུ་རྒྱུ་ཞིང་རླུང་དམར་བཞིན་དུ་ཐོགས་པ་མེད་པ་ནམ་མཁའི་མཐར་ཐུག་པ་སྟེ། བཙུན་པ་ ཤ་ར་དྭ་ཏིའི་བུ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་བཞི་མི་ཟད་པའོ་ཞེས་བྱ་བའི་རྫུ་འཕྲུལ་གྱི་རྐང་པས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་གནོན་པར་མཛད་པས་ན། འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད་པ། །རྫུ་འཕྲུལ་རྐང་པའི་སྟོབས་ཆེན་ལྡན། །ཞེས་བྱ་སྟེ། འཇིག་རྟེན་ ཁམས་བརྒྱ་ཞེས་པ་ནི་ཉེ་བར་མཚོན་པའི་དོན་ཙམ་ཡིན་གྱི། གཞན་དུ་ན་ས་དང་པོ་ཉིད་ལ་འཇིག་རྟེན་གྱི་ཁམས་བརྒྱ་གཡོ་བར་བྱེད་པ་ཡིན་པས་ཕུལ་དུ་བྱུང་བ་ཅི་ཞིག་ཡོད་པར་བཤད་པ་ཡིན། དེ་ཡང་ས་བཅུ་པའི་མདོ་ལས། སའི་རྒྱ་ཆེར་གསུངས་ནས་ཉེ་བར་བསྡུ་བའི་ཚུལ་གྱིས་གསུངས་པ་ཇི་ལྟར་ 63-1-246b འདོད་པ་དེ་ལྟ་བུའི་གཟུགས་དང་། བརྩོན་འགྲུས་ཇི་ལྟ་བུ་དག་རྩོམ་ཞེ་ན། དེ་འདོད་ན་སྐད་ཅིག་ཡུད་ཙམ་ཐང་ཅིག་ལ་ཁྱིམ་དང་ཆུང་མ་དང་རྒྱལ་སྲིད་ཐམས་ཅད་ཡོངས་སུ་སྤངས་ཏེ། དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་བ་དང་རབ་ཏུ་བྱུང་ནས་ཀྱང་སྐད་ཅིག་ཡུད་ཙམ་ཐང་ཅིག་ལ་ཏིང་ངེ འཛིན་བརྒྱ་རབ་ཏུ་འཐོབ་ཅིང་སྙོམས་པར་འཇུག་པ་དང་། སངས་རྒྱས་བརྒྱ་མཐོང་བ་དང་། དེ་དག་གི་བྱིན་གྱི་རླབས་ཀྱང་ཡང་དག་པར་ཤེས་པ་དང་། འཇིག་རྟེན་གྱི་ཁམས་བརྒྱ་བསྐྱོད་པ་དང་། སངས་རྒྱས་ཀྱི་ཞིང་བརྒྱར་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་བརྒྱ་སྣང་བར་བྱ་བ་དང་། སེམས་ཅན་བརྒྱ་ ཡོངས་སུ་སྨིན་པར་བྱ་བ་དང་། བསྐལ་པ་བརྒྱར་གནས་པར་བྱ་བ་དང་། སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་བསྐལ་པ་བརྒྱ་ལ་རབ་ཏུ་འཇུག་པ་དང་། ཆོས་ཀྱི་སྒོ་བརྒྱ་རྣམ་པར་འབྱེད་པ་དང་། ལུས་བརྒྱ་ཡོངས་སུ་བསྟན་པ་དང་། ལུས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་བརྒྱ་ཡང་དག་པར་ བསྟན་པར་བྱ་བའི་བརྩོན་འགྲུས་ཀྱི་རྣམ་པ་དེ་ལྟ་བུ་རྩོམ་མོ། །དེ་ཡན་ཆད་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་མཐུ་ཅན་རྣམས་སྨོན་ལམ་གྱི་ཁྱད་པར་གྱིས་རྣམ་པར་འཕྲུལ་ཏེ། དེ་དག་གི་ལུས་སམ། འོད་དམ་རྫུ་འཕྲུལ་ལམ། མིག་གམ། སྤྱོད་ཡུལ་ལམ། དབྱངས་སམ། སྤྱོད་པའམ། རྒྱན་ནམ། བྱིན་གྱི་རླབས་སམ། མངོན་པར་འདུ་བྱེད་པ་དག་ཀྱང་བསྐལ་པ་དུ་མ་དང་། བསྐལ་པ་བརྒྱ་ཕྲག་དུ་མ་དང་། བསྐལ་པ་སྟོང་ཕྲག་དུ་མ་དང་། བསྐལ་པ་བརྒྱ་སྟོང་ཕྲག་དུ་མ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཀྱང་བགྲང་བར་དཀའོ། །དེ་ལྟ་ཡིན་ན་ཡང་ཉེ་བར་མཚོན་པའི་ དོན་ཙམ་དུ་སྨོས་པ་ལ་ཡང་ཉེས་པ་མེད་དོ། །སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་བདག་ཉིད་དུ་གྱུར་པའི་ཕྱིར་དྲན་པ་ཉེ་བར་གཞག་པ་དང་རྗེས་སུ་མཐུན་པའི་ཚུལ་གྱིས་ཁྱད་པར་དུ་འཕགས་པ་བསྟན་པར་བྱ་བའི་ཕྱིར། དེ་ཉིད་དྲན་པ་ཆེན་པོ་འཆང་། །དྲན་པ་བཞི་པོ་ཏིང་འཛིན་རྒྱལ། །ཞེས་བྱ་བ་གསུངས་ ཏེ། དྲན་པ་ཆེན་པོ་ནི་དྲན་པ་ཉེ་བར་གཞག་པའི་ཡུལ་བཅུ་སྟེ། དྲན་པ་ཉེ་བར་གཞག་པ་བཅུ་ནི་ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང་རྒྱ་ཆེར་སྟོན་ཏེ་དེ་ལ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྣམ་པར་གནོན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྩོམ་པ་མེད་ལ་འདི་སྐད་ཅེས་སྨྲས་ 63-1-247a སོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་དྲན་པ་ཉེ་བར་གཞག་པ་ནི་གང་། དྲན་པ་ནི་གང་། དྲན་པའི་གནས་ནི་གང་། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྩོམ་པ་མེད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྣམ་པར་ གནོན་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་ཐམས་ཅད་ལ་མི་སྐྱེ་བ་ཤེས་པ་དྲན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ནི་མི་སྐྱེ་བའི་ཤེས་པའི་སྨོན་ལམ་ཅན་ཡིན་ཏེ། དེ་དག་གི་དྲན་པ་དེ་ཡང་མི་སྐྱེ་བ་ཤེས་པས་ཡོངས་སུ་སྦྱང་བ་བྱས་པ། ཐམས་ཅད་དུ་མི་བསྐྱོད་པ། དྲན་པ་མི་གཡོ་བ། གཏིང་དང་འགྲམ་མི་རྟོག་པ་དང་། འཇིག་རྟེན་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ཤེས་པར་དཀའ་བ་སྟེ། བྱང་ཆུབ་སེམས་དཔའི་དྲན་པ་གང་གིས་སངས་རྒྱས་ཐམས་ཅད་ཀྱིས་གསུངས་ཏེ་ཀུན་འཛིན་པའི་དྲན་པ་དེ་ནི་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་མངོན་སུམ་མོ། །བྱང་ཆུབ་སེམས་དཔའི་དྲན་པ་དེ་ནི་འདི་འདྲའོ། །བྱང་ཆུབ་སེམས་དཔའ་དེའི་གནས་ནི་རྣམ་པ་བཅུ་སྟེ། ལུས་དྲན་པ་ཉེ་བར་གཞག་པ་དང་། ཚོར་བ་དྲན་པ་ཉེ་བར་གཞག་པ་དང་། སེམས་དྲན་པ་ཉེ་བར་གཞག་པ་དང་། ཆོས་དྲན་པ་ ཉེ་བར་གཞག་པ་དང་། སངས་རྒྱས་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་དང་། ཆོས་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་དང་། དགེ་འདུན་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་དང་། ཚུལ་ཁྲིམས་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་དང་། གཏོང་བ་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་ པ་དང་། ལྷ་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་སྟེ། འདི་དག་ནི་དྲན་པ་ཉེ་བར་གཞག་པ་བཅུའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ལུས་འདི་ནི་སྔོན་གྱི་མཐའ་ནས་མ་འོངས། ཕྱི་མའི་མཐར་མི་འཕོ། སྔོན་གྱི་མཐའ་ དང་། ཕྱི་མའི་མཐའ་ལ་མི་གནས་ཏེ། གཞན་དུ་ན་ཡང་དག་པ་མ་ཡིན་པ། ཕྱིན་ཅི་ལོག་ལས་བྱུང་བ། བྱེད་པ་པོ་དང་། ཚོར་བ་པོ་མེད་པ། ཐོག་མ་དང་། ཐ་མ་དང་། དབུས་མེད་པ། རྩ་བ་གནས་པ་མེད་པ། བདག་པོ་མེད་པ་། ང་ཡི་བ་མེད་པ། ཡོངས་སུ་འཛིན་པ་མེད་པ་སྟེ། ཚོགས་ 63-1-247b ཞེས་བྱ་བ་དང་། ལུས་ཞེས་བྱ་བ་དང་། ལོངས་སྤྱོད་ཅེས་བྱ་བ་དང་། གནས་ཞེས་བྱ་བ་དང་། རོ་ཞེས་བྱ་བ་དང་། སྐྱེ་མཆེད་ཅེས་བྱ་བ་ནི་གློ་བུར་གྱི་ཐ་སྙད་དུ་བཏགས་པའོ། །ལུས་འདི་ནི་སྙིང་པོ་མེད་པ་སྟེ། ཕ་མའི་ཁུ་བ་དང་ཁྲག་ལས་བྱུང་བ། རུལ་པ། རང་བཞིན་གྱིས་དྲི་མི་ཞིམ་པ། འདོད་ ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། འཇིགས་པ་དང་། སྒྱིད་ལུག་པའི་རྐུན་པོས་དཀྲུགས་པ། རྟག་ཏུ་འཇིག་པ་དང་། འདྲུལ་བ། འདྲལ་བ། རྣམ་པར་འཐོར་བ། རྣམ་པར་འཇོམས་པའི་ཆོས་ཅན། ནད་ཐ་དད་པ་བརྒྱ་སྟོང་གི་ཚང་ངོ་སྙམ་དུ་ལུས་ལ་དྲན་པ་ཉེ་བར་འཇོག་གོ། ། གཞན་ཡང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ནི་འདི་ལྟར་ལུས་འདི་ནི་རྐང་པ་དང་། རྐང་སོར་དང་། བྱིན་པ་དང་། བརླ་དང་། དཀུ་དོ་དང་། ལྟོ་བ་དང་། ལྟེ་བ་དང་། སྒལ་ཚིགས་དང་། སྙིང་དང་། རྩིབ་ལོགས་དང་། རྩིབ་མ་དང་། ལག་པའི་ཐལ་མོ་དང་། དཔུང་པ་དང་། ཐལ་གོང་དང་། མགྲིན་པ་དང་། འགྲམ་པ་དང་། དཔྲལ་བ་དང་། མགོའི་ཐོད་པ་འདུས་པ་ཙམ་སྟེ། ལུས་འབྱུང་བའི་བྱེད་པས་བསགས་པ་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དང་། ཀུན་དུ་རྟོག་པ་དང་། རྣམ་པར་རྟོག་པ་ཐ་དད་པ་བརྒྱ་སྟོང་གི་གནས་སོ། །འདི་ནི་རྫས་མང་པོ་འདུས་པ་འདི་ལྟ་སྟེ། སྐྲ་དང་། སྤུ་དང་། སེན་མོ་ དང་། སོ་དང་། རུས་པ་དང་། པགས་པ་དང་། ཤ་དང་། ལུས་དང་། རྒྱུས་པ་དང་། ཚིལ་དང་། ཞག་དང་། ཆུ་སེར་དང་། མཆེར་པ་དང་། གཅིན་དང་། ཕྱི་ས་དང་། ཕོ་བ་དང་། ལོང་ཀ་དང་། ཁྲག་དང་། ངར་སྣབས་དང་། མཁྲིས་པ་དང་། རྣག་དང་། མཆིལ་མ་དང་། ཀླད་པ་དང་། ཀླད་རྒྱས་ རྣམས་ཏེ། དེ་ལྟར་རྫས་མང་པོ་འདུས་པ་ཡིན་ན་དེ་ལ་ལུས་ཞེས་ཇི་སྐད་དུ་བྱ་སྙམ་དུ་ལུས་ལ་དྲན་པ་ཉེ་བར་འཇོག་གོ། །དེ་སོ་སོར་རྟོག་པ་ན་འདི་སྙམ་དུ་སེམས་ཏེ། ལུས་འདི་ནི་ནམ་མཁའ་དང་མཚུངས་སོ་སྙམ་ནས་དེ་ལུས་ལ་ནམ་མཁའ་ལྟར་དྲན་པ་ཉེ་བར་འཇོག་གོ། །དེ་ཐམས་ཅད་ནམ་མཁའ་ ལྟར་མཐོང་ངོ་། །དེ་ལུས་ཡོངས་སུ་ཤེས་པར་བྱ་བ་ལུས་གང་དུ་ཡང་དྲན་པ་མི་འཇུག་གོ། །མི་ལྡོག་གོ། །མི་འཇུག་མི་ལྡོག་པས་དྲན་པ་ལ་གནས་པ་ཞེས་བྱའོ། །དེ་ལྟར་དྲན་པ་ལ་གནས་པས་ནི་ལུས་ཇི་ལྟ་བ་དེ་ལྟར་བྱང་ཆུབ་ཀྱང་དེ་བཞིན་དུ་ཤེས་ཏེ་འདི་ལ་ཐོགས་པར་བྱ་བ་མེད་དོ། །དེ་ཅིའི་ཕྱིར་ 63-1-248a ཞེ་ན། གང་དུ་ཐོགས་པ་དེ་ཐམས་ཅད་ནི་ཚུལ་བཞིན་མ་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་ལུས་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཚོར་བ་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། ཚོར་བ་ཞེས་བྱ་བ་ནི་ཁོང་དུ་ཆུད་པ་སྟེ། རིག་པ་དེ་ཡང་ཕྱིན་ཅི་ལོག་དང་། ཕྱིན་ཅི་མ་ལོག་པ་དང་། དེ་གཉི་ག་ལས་རྣམ་པར་གྲོལ་བའོ་སྙམ་མོ། །དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་སེམས་གཡེངས་པ་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་ཀྱི་ཚོར་བ་ནི་ཕྱིན་ཅི་ལོག་སྟེ། དེ་དག་ནི་མི་རྟག་པ་ལ་རྟག་པར་ཚོར་རོ། །སྡུག་ བསྔལ་བ་ལ་བདེ་བར་ཚོར་རོ། །བདག་མེད་པ་ལ་བདག་ཏུ་ཚོར་རོ། །མི་གཙང་བ་ལ་གཙང་བར་ཚོར་རོ། །འདི་ནི་ཕྱིན་ཅི་ལོག་གི་ཚོར་བའོ། །གང་མི་རྟག་པ་ལ་མི་རྟག་པར་ཚོར་བ་དང་། སྡུག་བསྔལ་བ་ལ་སྡུག་བསྔལ་བར་ཚོར་བ་དང་། བདག་མེད་པ་ལ་བདག་མེད་པར་ཚོར་བ་དང་། མི་གཙང་བ་ལ་ མི་གཙང་བར་ཚོར་བ་འདི་ནི་ཉན་ཐོས་རྣམས་ཀྱི་ཚོར་བའོ། །གང་མི་རྟག་པ་ལ་མི་རྟག་པ་དང་། མི་རྟག་པ་ཡང་མ་ཡིན་པར་ཚོར་བ་དང་། སྡུག་བསྔལ་བ་ལ་སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པར་ཚོར་བ་དང་། བདག་མེད་པ་ལ་བདག་མེད་པ་དང་བདག་མེད་པ་ཡང་མ་ཡིན་པར་ཚོར་བ་དང་། མི་ གཙང་བ་ལ་མི་གཙང་བ་དང་མི་གཙང་བ་ཡང་མ་ཡིན་པར་ཚོར་བ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོར་བའོ། །བྱང་ཆུབ་སེམས་དཔའ་དེ་ལྟར་ཚོར་བ་ནི་ཚོར་བ་པོ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་མི་མཐོང་བས་ཚོར་བ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་དས་ཀྱིས་ ཀྱང་འདུས་བྱས་ཐམས་ཅད་ནི་ཚོར་བ་པོ་ཞེས་གསུངས་སོ། །གལ་ཏེ་འདུས་བྱས་ཐམས་ཅད་ཚོར་བ་ཡིན་ན་ནི་འདི་ལ་ཚོར་བ་པོ་ཞེས་བྱ་བ་ཅི་ཞིག་ཡོད། ཚོར་བ་ནི་ཚོར་བར་བྱེད་པ་མ་ཡིན་ཚོར་བ་དང་ཚོར་བར་བྱེད་པ་མ་ཡིན། འདུས་མ་བྱས་ཀྱང་འདུས་བྱས་ཚོར་བར་བྱེད་པ་མ་ཡིན། འདུས་བྱས་དང་འདུས་མ་ བྱས་ལས་རྣམ་པར་གྲོལ་བའི་ཚོར་བར་བྱེད་པ་གང་ཡང་མེད་དེ། དེ་ལྟར་ཚོར་བ་དེ་དག་ཚོར་བ་མེད་པར་ཡང་དག་པར་རྗེས་སུ་མཐོང་ངོ་། །འདི་ལ་ཚོར་བ་ལ་རྩོལ་བ་གང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། བྱང་ཆུབ་ཇི་ལྟར་ཚོར་བ་ཡང་དེ་བཞིན་དུ་ཡང་དག་པར་རྗེས་སུ་མཐོང་བ་འདི་ནི་བྱང་ཆུབ་སེམས་དཔའི་ཚོར་ 63-1-248b བ་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་ཚོར་བ་དེ་ནི་སེམས་ཙམ་མོ། །སེམས་དེ་ཡང་གནས་པ་མེད་པ། གཟུང་དུ་མེད་པ། ལུས་མེད་པའོ། །གང་གནས་མེད་པ། ལུས་མེད་པ་དེའི་གནས་ཇི་ལྟ་བུ་ཞིག་ཡོད་སྙམ་མོ། །སེམས་ཀྱིས་སེམས་མི་ཤེས་སོ། །སེམས་ཀྱིས་སེམས་མི་མཐོང་ངོ་། །གང་ལ་བརྟེན་ནས་འབྱུང་བའི་སེམས་དེ་ཡང་གཞན་རག་ལས་པ་རང་དབང་མེད་པར་མཐོང་ངོ་། །སེམས་མ་རྟོག་པར་བྱང་ཆུབ་ཀྱང་མི་ཤེས་སོ། །དེ་བྱང་ཆུབ་སེམས་ཙམ་དུ་ཤེས་པས་ སེམས་ལ་དབང་ཐོབ་བོ། །དེ་སེམས་ལ་དབང་བས་ཐེག་པ་ཆེན་པོ་ལ་དབང་བྱེད་པ་དང་། སེམས་ཅན་ཐམས་ཅད་ལ་ཡང་སེམས་སྙོམས་པ་དང་། ཐེག་པ་ཆེན་པོ་ལ་གཞན་གྱི་དྲིང་མི་འཇོག་པ་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་སེམས་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ ཆོས་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་དགེ་བའམ། མི་དགེ་བའམ། ཁ་ན་མ་ཐོ་བ་དང་བཅས་པའམ། ཁ་ན་མ་ཐོ་བ་མེད་པའམ། ཟག་པ་དང་བཅས་པའམ། ཟག་པ་མེད་པའམ། འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པའམ། ཉན་ཐོས་ཀྱི་ཆོས་སམ། རང་ སངས་རྒྱས་ཀྱི་ཆོས་སམ། སོ་སོ་སྐྱེ་བོའི་ཆོས་སམ། ཆོས་གང་དང་གང་ལ་དྲན་པ་ཉེ་བར་གཞག་པའི་ཆོས་ཏེ། ཤིན་ཏུ་གཟུང་བ། ཤིན་ཏུ་ཡོངས་སུ་སྦྱང་བ་བྱས་པ། ཤིན་ཏུ་བསགས་པ། ཤིན་ཏུ་བྱང་ཆུབ་པ་རང་གི་ཁ་ན་ལས་པ། ཤིན་ཏུ་དབང་མེད་པའི་དྲན་པ་དེས། སྐྱེ་བ་མེད་པ་དང་འགག་པ་མེད་ པ་མཉམ་པར་བྱེད་དེ། གང་སྐྱེ་བ་མེད་པ་དང་། འགག་པ་མེད་པ་ལས་རྣམ་པར་གྲོལ་བ་དང་། གང་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་རྣམ་པར་གྲོལ་བ་དང་། གང་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་ལས་རྣམ་པར་གྲོལ་བའི་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་འདི་སྙམ་དུ་ སེམས་ཏེ། ཆོས་ཐམས་ཅད་བདག་པོ་མེད་པ་སྟེ། དབེན་པའི་རང་བཞིན་ཅན། ཆོས་ཐམས་ཅད་ནི་བདག་གི་བ་མེད་པ་སྟེ། གཉིས་སུ་མེད་པའི་རང་བཞིན་ཅན། ཆོས་ཐམས་ཅད་ནི་སྒྲིབ་པ་མེད་པ་སྟེ། ནམ་མཁའི་རང་བཞིན་ཅན། ཆོས་ཐམས་ཅད་ནི་རྣམ་པར་མི་རྟོག་པ་སྟེ། སེམས་ 63-1-249a དང་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་དང་བྲལ་བ། ཆོས་ཐམས་ཅད་ནི་རྣམ་པར་གྲོལ་བའི་ངོ་བོ་ཉིད་དེ། ཉོན་མོངས་པ་མེད་པའི་རང་བཞིན་ཅན། ཆོས་ཐམས་ཅད་ནི་སྨྲ་བ་མེད་པ་སྟེ། བརྗོད་དུ་མེད་པའི་རང་བཞིན་ཅན། ཆོས་ཐམས་ཅད་ནི་ཡི་གེ་མེད་པ་སྟེ། འདུས་མ་བྱས་ པའི་རང་བཞིན་ཅན། ཆོས་ཐམས་ཅད་ནི་གྲངས་མེད་པ་སྟེ། གྲངས་ཐམས་ཅད་ལས་ཤིན་ཏུ་འདས་པ། ཆོས་ཐམས་ཅད་ནི་དྲང་བ་མེད་པ་སྟེ། སྤྲོས་པ་ཐམས་ཅད་ལས་ཤིན་ཏུ་འདས་པ། ཆོས་ཐམས་ཅད་ནི་ས་བོན་མེད་པའི་ཕྱིར་རྩ་བ་མེད་པ། ཆོས་ཐམས་ཅད་ནི་རྩ་བ་རྣམ་པར་བྱང་བའི་ཕྱིར་ སྐྱོན་མེད་པ། ཆོས་ཐམས་ཅད་ནི་ལུས་མེད་པའི་ཕྱིར་འོང་བ་མེད་པ། ཆོས་ཐམས་ཅད་ནི་གནས་པ་མེད་པའི་ཕྱིར་སོང་བ་མེད་པ། ཆོས་ཐམས་ཅད་ནི་རང་བཞིན་གྱི་སྟོང་པའི་ཕྱིར་ཆགས་པ་མེད་པའོ། །ཆོས་ཐམས་ཅད་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་སྟོང་པ། ཆོས་ཐམས་ཅད་ནི་རྣམ་པར་མི་རྟོག་ པའི་ཕྱིར་ངེས་པར་བྱུང་བ། ཆོས་ཐམས་ཅད་ནི་ཇི་ལྟར་འདོད་པ་བཞིན་ཁོང་དུ་ཆུད་པའི་ཕྱིར་རང་གི་ཁ་ན་ལས་པ། ཆོས་ཐམས་ཅད་ནི་ཤེས་བྱའི་ངོ་བོ་ཉིད་ཀྱི་ཕྱིར་བྱང་ཆུབ་པ། ཆོས་ཐམས་ཅད་ནི་རྫས་མེད་པའི་ཕྱིར་མིང་ཙམ་པ། ཆོས་ཐམས་ཅད་ནི་བསྟན་དུ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་ལྟ་བ་དང་བྲལ་བ། ཆོས་ཐམས་ཅད་ནི་ལུས་པ་མེད་པའི་ཕྱིར་བཅིངས་པ་མེད་པ། ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པའི་ཕྱིར་གྲོལ་བ་མེད་པ། ཆོས་ཐམས་ཅད་ནི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་ཐིབས་པོ་མེད་པ། ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་དབྱེར་མེད་པའི་ཕྱིར་དབྱིངས་གཅིག་པ། ཆོས་ཐམས་ཅད་ནི་ཡང་དག་པའི་མཐའ་དང་ མཉམ་པའི་ཕྱིར་ཐ་མི་དད་དོ་སྙམ་དུ་དེ་ཉིད་ཆོས་ལ་ཆོས་ཀྱི་དབྱིངས་སུ་ལྟ་ཞིང་གནས་སོ། །དེ་ལྟར་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་དུ་མི་བྱེད། ཐེག་པ་ཐ་དད་དུ་མི་བྱེད། སངས་རྒྱས་ཀྱི་ཞིང་ཐ་དད་དུ་མི་བྱེད། ཐ་མ་དང་། མཆོག་དང་། བཅིངས་པ་དང་། ཐར་པ་ དང་། འཁོར་བ་དང་། མྱ་ངན་ལས་འདས་པ་ཡང་དག་པར་རྗེས་སུ་མི་མཐོང་། སྤོང་བ་མེད་འཛིན་པ་མེད། འཇུག་པ་མེད། ལྡོག་པ་མེད། ལེན་པ་མེད། དོར་བ་མེད། མི་གཡོ་བ་མཐོང་ཞིང་གནས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བ་ལ་གནས་པ་དེ་སངས་རྒྱས་ཀྱི་ཞིང་ཐ་དད་པ་ན་ 63-1-249b གནས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གཟིགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་ཆོས་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་སངས་རྒྱས་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། འདི་ལ་བྱང་ ཆུབ་སེམས་དཔའ་སངས་རྒྱས་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་བསྒོམ་སྟེ། སེམས་ཅན་ཐམས་ཅད་མངོན་དུ་བྱས་ནས་བདག་ཀྱང་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་སྒྲུབ་བོ། །འདི་ལྟར་གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་པོ་དེ་བདག་གིས་བསྒྲུབ་པར་བྱའོ་སྙམ་དུ་དྲན་པ་ཉེ་བར་འཇོག་གོ། །དྲན་པ་དེས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དྲན་པ་བསམ་གྱིས་མི་ཁྱབ་པ། དྲི་མ་མེད་པ། རྣམ་པར་དག་པ། འོད་ གསལ་བ། བག་ལ་ཉལ་མེད་པ། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཡང་དག་པར་ཆད་པ། ཡེ་ཤེས་སྔོན་དུ་འགྲོ་བ། ཡེ་ཤེས་ཀྱི་དབང་དུ་གྱུར་པ། སངས་རྒྱས་ཐམས་ཅད་ཀྱི་དབང་དུ་གྱུར་པ། ཆོས་ཀྱི་དབང་དུ་གྱུར་པ། ལྷའི་དབང་དུ་གྱུར་པ། ངེས་པར་གྱུར་པ་ཐམས་ཅད་ཐོབ་པ། ཤེས་བྱའི་སྒྲིབ་པའི་དྲི་མ་མེད་པ། ཉན་ཐོས་དང་ རང་སངས་རྒྱས་ཐམས་ཅད་ཀྱིས་མི་རྟོགས་པ། རང་བཞིན་གྱིས་རྣམ་པར་མི་རྟོག་པ། ལྷུན་གྱིས་གྲུབ་པ། མཐུ་སྒྲིབ་པ་མེད་པ། ཐོགས་པ་མེད་པར་གནས་པ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་རྒྱས་པར་བྱེད་པ། ནམ་མཁའ་ལྟར་འགྱུར་བ་མེད་པའི་སངས་རྒྱས་ཀྱི་རྗེས་སུ་དྲན་པ་དེ་དག་རྗེས་སུ་དྲན་ནོ། །དྲན་ པ་རིན་པོ་ཆེ་སངས་རྒྱས་རྣམས་ཀྱི་ནོར། སངས་རྒྱས་རྣམས་ཀྱི་མཛོད་དེ་དག་རྗེས་སུ་དྲན་ཏེ། དེའི་ཕྱིར་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱའོ། །སངས་རྒྱས་ནི་དྲན་པ་ཡང་མ་ཡིན། མི་དྲན་པ་ཡང་མ་ཡིན་པར་ཐམས་ཅད་དུ་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པའི་དྲན་པ་དེ་དག་རྗེས་སུ་དྲན་ཏེ། དེའི་ཕྱིར་སངས་རྒྱས་རྗེས་ སུ་དྲན་པ་ཞེས་བྱའོ། །སངས་རྒྱས་ནི་སེམས་ཅན་དང་ཆོས་ལ་དད་པའི་འདུ་ཤེས་མི་མངའ་བ་སྟེ། དེ་དག་གི་དྲན་པ་རྗེས་སུ་དྲན་པས་དེའི་ཕྱིར་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱའོ། །སངས་རྒྱས་ནི་མི་རྟོག་རྣམ་པར་མི་རྟོག །མི་ལེན་མི་འདོར། མི་འཁོར་ཡོངས་སུ་མྱ་ངན་ལས་མི་འདའ། མི་སྐྱེ་མི་འགག་པ་སྟེ། 63-1-250a དེ་དག་རྗེས་སུ་དྲན་པས་དེའི་ཕྱིར་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱའོ། །གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་མངའ་བ། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོའི་སྤྱོད་ཡུལ་ཅན། སེམས་ཅན་གྱི་ཕུང་པོ་ཆེན་པོའི་སྐྱབས་སུ་ གྱུར་པ། མགོན་དུ་གྱུར་པ། སྨན་པ་ཆེན་པོ་ཟུག་རྔུ་འབྱིན་པ། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ། རྟག་ཏུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་བ། འཁོར་བ་དང་མྱ་ངན་ལས་འདས་པ་ལས་རྣམ་པར་གྲོལ་བ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ། སེམས་ཅན་ཆེན་པོའི་གནས་སེམས་ ཅན་ཆེན་པོའི་རྟེན། རྣམ་པར་འདྲེན་པ། ཆོས་ཀྱི་སྐུའི་སྤྱོད་ཡུལ་བ། ཐམས་ཅད་དུ་ཁོང་ཁྲོ་བ་མེད་པའི་སེམས་དང་ལྡན་པ། རྟག་ཏུ་སེམས་ཅན་གྱི་དོན་ལ་དགྱེས་པ། སྐུ་དང་གསུང་དང་ཐུགས་རྒྱ་ཆེ་བ། ཁྱད་པར་ལུང་སྟོན་པ། སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་ཀྱི་མཐའ་ཁ་ན་མ་ཐོ་བ་མེད་པ། བག་ཆགས་དང་བཅས་ པའི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་བཀྲུས་པ། བདུད་དང་ཕྱིར་རྒོལ་བ་ཐམས་ཅད་བཅོམ་པ། རྩོད་པ་མེད་པ། ཆོས་ཀྱི་མཆོག་དང་ལྡན་པ། རྒྱ་མཚོ་ཐམས་ཅད་པས་ཆེས་ཟབ་པ། རི་རབ་ཐམས་ཅད་པས་ཆེས་མཐོ་བ། ས་བས་ཆེས་བརྟན་པ། ཆུ་བས་ཆེས་མཉན་པ། མེ་བས་ཆེས་འབར་བ། རླུང་ བས་ཆེས་ཆགས་པ་མེད་པ། ནམ་མཁའ་བས་ཆེས་དྲི་མ་མེད་པ། ཡིད་ཀྱི་འགྲོ་བས་ཆེས་མགྱོགས་པ་ཡིད་བཞིན་གྱི་ནོར་བུ་བས་ཆེས་ཁྱད་པར་དུ་འཕགས་པ། ཐམས་ཅད་མཁྱེན་པ། སེམས་ཅན་ཐམས་ཅད་ལ་མཚུངས་པར་སྦྱོར་བ། ཆགས་པ་ཐམས་ཅད་དང་བྲལ་བ། སེམས་ཅན་ཐམས་ཅད་ལ་ཕན་ པར་བརྩོན་པའི་རྒྱུན་མ་ཆད་པ། གཟུགས་ཚད་མེད་པ། སྒྲ་ཚད་མེད་པ། ཡོན་ཏན་ཚད་མེད་པ། ཡུལ་ཚད་མེད་པ། བསམ་གྱིས་མི་ཁྱབ་པ། སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་དང་ལྡན་པ། སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་ལས་ཡང་དག་པར་འདས་པ། རིག་ པ་དང་། ཞབས་ཀྱི་སེམས་དང་ལྡན་པ། ལམ་གྱི་སྡིག་པ་རྣམས་ཡང་དག་པར་ཆད་པ། སྙིང་རྗེ་ཆེན་པོའི་ལྷག་པའི་བསམ་པ་ཅན། སེམས་ཅན་ཐམས་ཅད་དང་ཐུན་མོང་པའི་ཡོན་ཏན་ཅན། སེམས་ཅན་ཐམས་ཅད་ཀྱང་ཕ་མ་ལྟ་བུར་གྱུར་པ། དགྲ་ཟུན་ལ་སེམས་སྙོམས་པ་སྟེ། སྟེའུ་དང་། ཙནྡན་ 63-1-250b དུ་མཚུངས་པ། སེམས་ཅན་ཐ་མ་དང་། འབྲིང་དང་། མཆོག་ཐམས་ཅད་ལ་ཐམས་ཅད་དུ་རྟག་ཏུ་གསལ་བར་བྱེད་པའི་ཆོས་ཅན། ཕ་རོལ་གྱིས་དཔག་པར་དཀའ་བ། སེམས་ཅན་ཆེན་པོའི་ལོངས་སྤྱོད་ཆེན་པོ། རིག་པ་དང་ཞབས་སུ་ལྡན་པ་ཆེན་པོ། ཆོས་གསུང་བ་ཆེན་པོ། འདུལ་བ་གསུང་བ་ཆེན་ པོ། སྐྱེས་བུ་ཆེན་པོའི་མཚན་དང་ལྡན་པ། འཇིག་རྟེན་ཐམས་ཅད་ཀྱི་སྣང་བར་གྱུར་པ། རྣལ་འབྱོར་ཆེན་པོ་ལ་རྣལ་འབྱོར་པ་བསམ་གཏན་ཆེན་པོའི་སྤྱོད་ཡུལ་བ། རྣམ་པར་གྲོལ་བ་ཆེན་པོ་ཕུན་སུམ་ཚོགས་པ། བདག་ཉིད་ཆེ་བ། སྐྱེ་བོ་ཆེན་པོའི་ཞབས་འབྲིང་བ་དང་ལྡན་པ། སྐྱེ་བོ་ཁྱད་པར་ཅན་གྱི་ཞབས་ འབྲིང་བ་དང་ལྡན་པ། ལྟ་བ་དང་། ཉན་པ་དང་སྟོན་པ་དང་། བསྙེན་བཀུར་བྱེད་པ་ནི་མི་བཟློག་པ་དང་། བདག་གི་བདེ་བ་ལ་མི་ལྟ་བ། གཞན་གྱི་སྡུག་བསྔལ་ཞི་བར་བྱེད་པ་ལ་དགྱེས་པ། ཆོས་ལ་གཞོལ་བ། ཆོས་ཀྱི་ནོར་ཅན། ཆོས་ཀྱི་ཟས་ཅན། ཆོས་ཀྱི་སྨན་ཅན། ཆོས་ཀྱི་གཏེར་ཅན། ཆོས་ཀྱི་དབང་ཕྱུག །ཆོས་ཀྱི་ བདག་པོ། ཆོས་ཀྱི་སྦྱིན་བདག །རྟག་ཏུ་གཏོང་བ་ལ་མངོན་པར་དགྱེས་པ། རྟག་ཏུ་བག་ཡོད་པ། རྟག་ཏུ་དབེན་པ་ལ་མངོན་པར་དགྱེས་པ། ཐམས་ཅད་དུ་སྟེགས་དང་ཟམ་པར་གྱུར་པ། རྒྱལ་པོའི་ལམ་ཆེན་པོ་དང་འདྲ་བ། ཉི་མ་ཆེན་པོ་དང་འདྲ་བ། ཚངས་པ་ཆེན་པོ་དང་འདྲ་བ། ཡེ་ཤེས་ཆེན་པོའི་རྡོ་རྗེ་འཆང་ བ། ཆོས་ཆེན་པོའི་དབུགས་འབྱིན་པ། གཟུགས་བལྟ་བས་མི་ངོམས་པ། མཐོང་བས་མི་ངོམས་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་དེ་ལྟར་རྗེས་སུ་དྲན་ནོ། །དེ་ལྟར་དེ་དག་རྗེས་སུ་དྲན་པས་དེ་དག་གི་ཡོན་ཏན་ཡོངས་སུ་བསྒྲུབ་པའི་ཕྱིར་སྦྱོར་རོ། །དྲན་པ་ཉེ་བར་འཇོག་གོ། །བརྩོན་འགྲུས་རྩོམ་མོ། །དེའི་ ཕྱིར་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཆོས་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་སངས་རྒྱས་བཅོམ་ལྡན་ འདས་དེ་དག་ནི་ཡོན་ཏན་མཐའ་ཡས་མུ་མེད་པ་སྟེ། དེ་དག་ནི་ཆོས་ལས་སྐྱེས་པ། ཆོས་ཀྱི་བགོ་སྐལ་ལ་སྤྱོད་པ། ཆོས་ཀྱིས་སྤྲུལ་པ། ཆོས་ཀྱི་བདག་པོར་གྱུར་པ། ཆོས་ལས་བྱུང་བ། ཆོས་ཀྱི་སྤྱོད་ཡུལ། ཆོས་ལ་རྟོན་པ། ཆོས་ཀྱིས་གྲུབ་པ་སྟེ། གང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཚན་དང་དཔེ་བྱད་ 63-1-251a བཟང་པོ་དེ་དག་ཀྱང་ཆོས་ལས་སྐྱེས་པ། ཆོས་ཀྱིས་རྙེད་པ། ཆོས་ཀྱིས་གྲུབ་པའོ། །གང་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མི་འཇིགས་པ་བཞི་པོ་དེ་དག་ཀྱང་ཆོས་ལས་སྐྱེས་པ། ཆོས་ཀྱིས་རྙེད་པ། ཆོས་ཀྱིས་གྲུབ་ པའོ། །གང་དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་པོ་དེ་དག་ཀྱང་ཆོས་ལས་སྐྱེས་པ། ཆོས་ཀྱིས་རྙེད་པ། ཆོས་ཀྱིས་གྲུབ་པའོ། །གང་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་བདེ་བ་ཡོད་པ་དེ་དག་ཀྱང་ཆོས་ལས་སྐྱེས་པ། ཆོས་ཀྱིས་ རྙེད་པ། ཆོས་ཀྱིས་གྲུབ་པའོ། །དེ་ལྟ་བས་ན་བདག་སངས་རྒྱས་ཀྱི་བྱང་ཆུབ་ཚོལ་བས་ཆོས་གཙོ་བོར་བྱའོ། །ཆོས་སྤྱོད་ཡུལ་བ་དང་། ཆོས་ལ་བརྟེན་པ་དང་། ཆོས་ལ་གཞོལ་བ་དང་། ཆོས་སྙིང་པོར་བྱེད་པ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པར་བྱའོ་སྙམས་ པ་འདི་ནི་བྱང་ཆུབ་སེམས་དཔའི་ཆོས་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། ཆོས་ནི་སེམས་ཅན་ཐམས་ཅད་ལ་མཉམ་པར་འཇུག་པས་ཆོས་ནི་ཐ་མ་དང་འབྲིང་དང་རབ་མཐོང་ནས་འཇུག་པ་མ་ཡིན་ཏེ། དེ་ལྟར་བདག་གིས་ཀྱང་ ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་ཕྱོགས་སུ་མ་ལྷུང་བ། ཆོས་ནི་ངོར་ལྟ་ཞིང་འཇུག་པ་མ་ཡིན་ཏེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་དུས་ཆད་པ་མེད་པ་འདི་མཐོང་ལ་དོན་ཡོད་པ་རང་གིས་རིག་པས་ཆོས་ནི་དུས་ལ་ལྟ་ཞིང་འཇུག་པ་མ་ཡིན་ཏེ། དེ་ལྟར་བདག་གིས་ཀྱང་ཆོས་ དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་མཐོན་དམན་མེད་པས་ཆོས་ནི་རྒྱ་ཆེ་བ་ལ་འཇུག་པ་མ་ཡིན། དམན་པ་ལ་འཇུག་པ་མ་ཡིན་ཏེ། དེ་ལྟར་བདག་གིས་ཀྱང་ཆོས་དང་མཐུན་པའི་སེམས་སུ་བྱའོ། །ཆོས་ནི་མཆོག་དང་ཐ་མ་དང་བྲལ་བས་ཆོས་ནི་རྣམ་པར་དག་པ་ལ་འཇུག་པ་ཡང་མ་ཡིན། ཉམས་པ་ལ་འཇུག་པ་ཡང་མ་ཡིན་ཏེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་ཞིང་དང་ཞིང་མ་ཡིན་པའི་ལྟ་བ་དང་བྲལ་བས་ཆོས་ནི་འཕགས་པ་ལ་འཇུག་པ་ཡང་མ་ཡིན། སོ་སོའི་སྐྱེ་བོ་ལ་འཇུག་པ་ཡང་མ་ཡིན་ཏེ། དེ་ལྟར་བདག་གིས་ཀྱང་ 63-1-251b ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་རྟག་པ་རྒྱུན་མི་འཆད་པར་འཇུག་པས་ཆོས་ནི་ཉིན་མོ་འཇུག་པ་མ་ཡིན། མཚན་མོ་འཇུག་པ་མ་ཡིན། མཚན་མོ་འཇུག་ལ་ཉིན་མོ་མི་འཇུག་པ་མ་ཡིན་ཏེ། དེ་ལྟར་ན་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་གང་ལ་ཡང་ནམ་ཡང་སྡོད་ པ་མ་ཡིན་པས་ཆོས་ནི་འདུལ་བའི་ཆོས་ལས་ཀྱང་མི་འདའ་སྟེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་ཐམས་ཅད་དུ་འདོད་པ་མེད་པས་ཆོས་ནི་སྣང་བ་ཐམས་ཅད་ལ་ཞེ་འགྲས་པ་ཡང་མེད། དད་པ་རྣམས་ལ་རྗེས་སུ་ཆགས་པ་ཡང་མེད་དེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་ སུ་བྱའོ། །ཆོས་ནི་བྲི་བ་ཡང་མ་ཡིན་གང་བ་ཡང་མ་ཡིན་ཏེ། དཔག་ཏུ་མེད་པ་གྲངས་མེད་པས་ནམ་མཁའ་ལྟར་བྲི་བ་ཡང་མ་ཡིན་འཕེལ་བ་ཡང་མ་ཡིན་ཏེ། དེ་ལྟར་ན་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་སེམས་ཅན་རྣམས་ཀྱིས་བསྲུང་བ་མ་ཡིན་གྱི། ཆོས་ཀྱིས་སེམས་ཅན་རྣམས་བསྲུང་ སྟེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་སྐྱབས་ཡོངས་སུ་ཚོལ་བ་མ་ཡིན་པས། ཆོས་ནི་འཇིག་རྟེན་ཐམས་ཅད་ཀྱི་སྐྱབས་ཡིན་ཏེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་ཐོགས་པ་མེད་པའི་མཚན་ཉིད་པས་ཆོས་ནི་གང་ལ་ཡང་ཐོགས་པ་མེད་ དེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་བག་ལ་ཉལ་ལ་མི་འཇུག་སྟེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་རྟག་ཏུ་རྣམ་པར་མི་རྟོག་པས་ཆོས་ནི་འཁོར་བས་འཇིགས་སྐྲག་པ་ཡང་མ་ཡིན། མྱ་ངན་ལས་འདས་པ་ལ་རྗེས་སུ་ཆགས་པ་ཡང་ མ་ཡིན་ཏེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ་སྙམ་མོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ལ་ཆོས་ལྟར་དྲན་པ་ཉེ་བར་འཇོག་པས་དེའི་ཕྱིར་ཆོས་རྗེས་སུ་དྲན་པ་ཞེས་བྱ་བ་སྟེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའི་ཆོས་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། ། དེ་ལ་བྱང་ཆུབ་སེམས་དཔའི་དགེ་འདུན་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། དགེ་འདུན་ནི་ཆོས་སྨྲ་བ། ཆོས་སྤྱོད་པ། ཆོས་སེམས་པ། ཆོས་ཀྱི་ཞིང་། ཆོས་འཛིན་པ་ཆོས་ལ་རྟོན་པ། ཆོས་ལ་མཆོད་པ། ཆོས་ཀྱི་བྱ་བ་བྱེད་པ། ཆོས་ 63-1-252a སྤྱོད་ཡུལ་བ། ཆོས་སྤྱོད་པ། ཕུན་སུམ་ཚོགས་པ། རང་བཞིན་གྱིས་དྲང་བ། རང་བཞིན་གྱིས་དག་པ། སྙིང་རྗེའི་ཆོས་ཅན། སྙིང་རྗེ་དང་ལྡན་པ། རྟག་ཏུ་དབེན་པ་ལ་སྤྱོད་པ། རྟག་ཏུ་ཆོས་ལ་གཞོལ་བ། རྟག་ཏུ་དཀར་པོ་སྤྱོད་པའོ་སྙམ་མོ། །གཞན་ཡང་བྱང་ཆུབ་ སེམས་དཔའ་ནི་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱིས་དགེ་འདུན་རྣམ་པ་དུ་མར་གསུངས་པ་ནི། འདི་ལྟ་སྟེ། ཀུན་རྫོབ་ཀྱི་དགེ་འདུན་དང་། དོན་དམ་པའི་དགེ་འདུན་དང་། ངོ་ཚ་ཤེས་པའི་དགེ་འདུན་དང་། ངོ་ཚ་མེད་པའི་དགེ་འདུན་དང་། འཕགས་པའི་དགེ་འདུན་དང་། ཅང་ཤེས་ཀྱི་དགེ་འདུན་ དང་། ཕྱིར་མི་ལྡོག་པའི་དགེ་འདུན་ནོ་སྙམ་མོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་ཀུན་རྫོབ་ཀྱི་དགེ་འདུན་བསྡུ་བའི་ཕྱིར་ནན་ཏན་བྱེད་དོ། །དོན་དམ་པའི་དགེ་འདུན་ལ་བརྟེན་པའི་ཕྱིར་ནན་ཏན་བྱེད་དོ། །ངོ་ཚ་མེད་པའི་དགེ་འདུན་ཡོངས་སུ་གདུལ་བར་བྱ་བའི་ཕྱིར་ནན་ཏན་བྱེད་དེ། འཕགས་པའི་དགེ་འདུན་ལ་མཆོད་ཅིང་ བསྟི་སྟང་དུ་བྱ་བའི་ཕྱིར་རིམ་གྲོ་བྱེད་དོ། །ཅང་ཤེས་ཀྱི་དགེ་འདུན་ལ་སངས་རྒྱས་བཞིན་དུ་ནན་ཏན་བྱེད་དོ། །ཕྱིར་མི་ལྡོག་པའི་དགེ་འདུན་ལ་ཆོས་ཀྱི་གཏམ་གྱི་ཕྱིར་ནན་ཏན་བྱེད་དོ། །གཞན་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། རིགས་འཛིན་པའི་ཕྱིར་སངས་རྒྱས་ཀྱི་སྲས་རྣམས་ཀྱི་དགེ་འདུན་ཡིན་ ནོ། །ཡིད་དུ་འོང་བའི་འབྲས་བུ་རབ་ཏུ་སྦྱིན་པའི་ཕྱིར་ཞིང་བཟང་པོ་རྣམས་ཀྱི་དགེ་འདུན་ནོ། །གནས་ངན་ལེན་དང་བྲལ་བའི་ཕྱིར་འཇིགས་པ་མེད་པ་རྣམས་ཀྱི་དགེ་འདུན་ནོ། །ཡོངས་སུ་འཛིན་པ་གཏོང་ཞིང་འདོར་བའི་ཕྱིར་སེམས་རྣམ་པར་གྲོལ་བ་རྣམས་ཀྱི་དགེ་འདུན་ནོ། །ཤིན་ཏུ་དུལ་བའི་ཕྱིར་ཅང་ཤེས་ རྣམས་ཀྱི་དགེ་འདུན་ནོ། །མ་འདྲེས་པའི་ཕྱིར་ཉོན་མོངས་པ་མེད་པ་རྣམས་ཀྱི་དགེ་འདུན་ནོ། །སྡིག་པ་དང་བྲལ་བའི་ཕྱིར་ངོ་ཚ་ཤེས་པ་རྣམས་ཀྱི་དགེ་འདུན་ནོ། །བཀའ་བློ་བདེ་བའི་ཕྱིར་སློབ་མ་རྣམས་ཀྱི་དགེ་འདུན་ནོ། །བདག་ཡོངས་སུ་ཤེས་པ་དང་ལྡན་པའི་ཕྱིར་བདག་གི་བ་མེད་པ་རྣམས་ཀྱི་དགེ་འདུན་ནོ། ། ཞི་བའི་ཕྱིར་རྒྱགས་པ་མེད་པ་རྣམས་ཀྱི་དགེ་འདུན་ནོ། །འདོད་པ་ཉུང་བའི་ཕྱིར་ཕྱིན་ཅི་ལོག་པ་རྣམས་ཀྱི་དགེ་འདུན་ནོ། །རྣམ་པར་རྟོག་པ་ཡང་དག་པར་ཆད་པའི་ཕྱིར་ནད་མེད་པ་རྣམས་ཀྱི་དགེ་འདུན་ནོ། །ཕ་རོལ་དུ་སོན་པའི་ཕྱིར་ཐང་ལ་གནས་པ་རྣམས་ཀྱི་དགེ་འདུན་ནོ། །ཐང་ལ་གནས་པའི་ཕྱིར་ 63-1-252b བདེ་བ་ཐོབ་པ་རྣམས་ཀྱི་དགེ་འདུན་ནོ། །དེ་ཁོ་ན་ཉིད་མཐོང་བའི་ཕྱིར་བག་ཡོད་པ་རྣམས་ཀྱི་དགེ་འདུན་ནོ། །སྐྱོན་མ་ཆགས་པའི་ཕྱིར་དགོན་པ་རྣམས་ཀྱི་དགེ་འདུན་ནོ། །རྒྱ་ཆེ་བའི་ཕྱིར་བྱང་ཆུབ་ལ་གཞོལ་བ་རྣམས་ཀྱི་དགེ་འདུན་ནོ། །བསླབ་པ་གསུམ་གྱི་བྱ་བ་ཤེས་པའི་ཕྱིར་བསླབ་པ་འདོད་པ་རྣམས་ཀྱི་དགེ་འདུན་ ནོ། །དྲན་པ་ཉེ་བར་གཞག་པ་སྤྱོད་ཡུལ་བའི་ཕྱིར་དྲན་པ་དང་ལྡན་པ་རྣམས་ཀྱི་དགེ་འདུན་ནོ། །ཡང་དག་པར་སྤོང་བ་སྤྱོད་ཡུལ་བའི་ཕྱིར་བརྩོན་འགྲུས་བརྩམས་པ་རྣམས་ཀྱི་དགེ་འདུན་ནོ། །རྫུ་འཕྲུལ་གྱི་རྐང་པ་སྤྱོད་ཡུལ་དེའི་ཕྱིར་ངལ་བ་མེད་པ་རྣམས་ཀྱི་དགེ་འདུན་ནོ། །དབང་པོ་སྤྱོད་ཡུལ་བའི་ཕྱིར་མི་ ཕྱེད་པ་རྣམས་ཀྱི་དགེ་འདུན་ནོ། །སྟོབས་སྤྱོད་ཡུལ་བའི་ཕྱིར་ཚེར་མ་དཀྲུགས་པ་རྣམས་ཀྱི་དགེ་འདུན་ནོ། །བྱང་ཆུབ་ཀྱི་ཡན་ལག་སྤྱོད་ཡུལ་བའི་ཕྱིར་སྒྲིབ་པ་མེད་པ་རྣམས་ཀྱི་དགེ་འདུན་ནོ། །ལམ་སྤྱོད་ཡུལ་བའི་ཕྱིར་ཡང་དག་པར་ལྟ་བ་རྣམས་ཀྱི་དགེ་འདུན་ནོ། །བདེན་པ་སྤྱོད་ཡུལ་བའི་ཕྱིར་འཕགས་པ་རྣམས་ཀྱི་དགེ་ འདུན་ནོ། །བསམ་གཏན་སྤྱོད་ཡུལ་བའི་ཕྱིར་མཉམ་པར་གཞག་པ་རྣམས་ཀྱི་དགེ་འདུན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བ་སྤྱོད་ཡུལ་བའི་ཕྱིར་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་རྣམས་ཀྱི་དགེ་འདུན་ནོ། །སྙིང་རྗེ་ཆེན་པོ་དང་ལྡན་པའི་ཕྱིར་ཕྱིར་མི་ལྡོག་པ་རྣམས་ཀྱི་དགེ་འདུན་ནོ། །བསོད་ནམས་ཐམས་ ཅད་ཀྱི་ཚོགས་བསགས་པའི་ཕྱིར་སྐྱེ་བ་གཅིག་གིས་ཐོགས་པ་རྣམས་ཀྱི་དགེ་འདུན་ནོ་སྙམ་མོ། །དེ་ལ་བྱང་ཆུབ་སེམས་དཔའ་འདི་ལྟར་དགེ་འདུན་རྗེས་སུ་དྲན་པས་འདི་སྙམ་དུ་སེམས་ཏེ། གང་དགེ་འདུན་གྱི་ཡང་དག་པའི་ཡོན་ཏན་དེ་དག་ནི་བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཀྱང་བསྒྲུབ་པར་བྱའོ་སྙམ་ པ་འདི་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཕུན་སུམ་ ཚོགས་པ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ཚུལ་ཁྲིམས་ལས་བྱུང་བར་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་ནི་ཕུན་སུམ་ཚོགས་པ་དེ་དག་ཐམས་ཅད་ཀྱི་གནས་ཡིན་ནོ། །འདི་ལྟ་སྟེ་དཔེར་ན་ས་ནི་སྨན་དང་རྩྭ་དང་ནགས་ཚལ་ཐམས་ཅད་ཀྱི་གནས་ཡིན་ནོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱང་ཕུན་སུམ་ 63-1-253a ཚོགས་པ་ཐམས་ཅད་ཀྱི་གནས་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་གནས་ལ་རབ་ཏུ་གནས་པའི་ལྷ་དང་བཅས་པའི་འཇིག་རྟེན་གྱི་སྦྱིན་གནས་ཡིན་ནོ། །སྦྱིན་པའི་ཆོས་ཡོངས་སུ་རྫོགས་པར་བྱེད་དོ། །ཚུལ་ཁྲིམས་ཀྱི་གནས་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་ དཔའ་ནི་དགའ་བ་སྐྱེ་བའོ། །ཡིད་དགའ་བས་འགྱོད་པ་མེད་དོ། །འགྱོད་པ་མེད་པས་མཆོག་ཏུ་དགའ་བ་ཐོབ་བོ། །མཆོག་ཏུ་དགའ་བས་ལུས་དང་སེམས་ཤིན་ཏུ་སྦྱངས་པར་འགྱུར་རོ། །ལུས་དང་སེམས་ཤིན་ཏུ་སྦྱངས་པས་ཏིང་ངེ་འཛིན་ཐོབ་བོ། །ཡིད་མཉམ་པར་གཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ མཐོང་བ་མ་ཡིན་ནོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བའི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་འཇུག་གོ་སྙམ་མོ། །དེ་ཡང་འདི་སྙམ་དུ་སེམས་ཏེ། བདག་གིས་སེམས་ཅན་ཐམས་ཅད་ལ་ཏིང་ངེ་འཛིན་གྱི་སྒོ་འདི་དང་ཆོས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་བསྒྲུབ་པར་བྱའོ་ སྙམ་མོ། །དེ་སྙིང་རྗེ་ཆེན་པོ་དེས་བསྐུལ་བས་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡོངས་སུ་རྫོགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་བས་ན་བདག་གིས་ཀྱང་ཚུལ་ཁྲིམས་ལ་གནས་པ་མི་བསྐྱོད་པ་ མི་ལྷོད་པར་བྱའོ། །སེམས་ཅན་ཐམས་ཅད་མངོན་དུ་བྱས་ནས་ཚུལ་ཁྲིམས་བསྲུང་བར་བྱའོ་སྙམ་མོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དེ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་གནས་ལ་མི་གནས་པ་མ་ཡིན་ནོ། །གཞན་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ ཏེ། བྱང་ཆུབ་སེམས་དཔའི་མངོན་པར་འབྱུང་བའི་ཚུལ་ཁྲིམས་ནི་གནོད་སེམས་མེད་པ་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བའི་ཚུལ་ཁྲིམས་ནི་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་རྫོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་བསླབ་པ་དང་སྡོམ་པ་ཡང་དག་པར་འཛིན་ པའི་ཚུལ་ཁྲིམས་ནི་ལུས་དང་ངག་དང་སེམས་ཡོངས་སུ་དག་པ་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་ངེས་པར་སེམས་པའི་ཚུལ་ཁྲིམས་ནི་མངོན་པར་ཤེས་པ་དྲུག་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་ནང་དུ་ཡང་དག་འཇོག་པའི་ཚུལ་ཁྲིམས་ནི་བྱང་ཆུབ་ཀྱི་ 63-1-253b ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་ཆོས་ཉན་པའི་ཚུལ་ཁྲིམས་ནི་སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་ཐོས་པ་ཡོངས་སུ་ཚོལ་བའི་ཚུལ་ཁྲིམས་ནི་ང་རྒྱལ་མེད་པ་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་སེམས་ དཔའི་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱེད་པའི་ཚུལ་ཁྲིམས་ནི་ཡོན་ཏན་གྱི་ཆོས་ཐམས་ཅད་ཆུད་མི་ཟ་བ་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཁྲིམས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ཇི་ལྟར་ཐོས་པའི་ཆོས་ རྣམས་སྟོན་པའི་ཚུལ་ཁྲིམས་ནི་ཆོས་སྨྲ་བ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ཇི་ལྟར་ཐོས་པའི་ཆོས་རྣམས་སེམས་པའི་ཕྱིར་ཚུལ་ཁྲིམས་ནི་གཟུངས་དང་སྤོབས་པ་ཐོབ་པ་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སེམས་ཀྱི་ཚུལ་ཁྲིམས་ནི་སྐྱེ་བ་ཐམས་ཅད་ལ་ ཡང་དག་པར་འདའ་བར་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་ཚུལ་ཁྲིམས་ནི་བྱང་ཆུབ་ཀྱི་སེམས་ཆུད་མི་ཟ་བ་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སེམས་ཆུད་མི་ཟ་བའི་ཚུལ་ཁྲིམས་ནི་དཀོན་མཆོག་གསུམ་ཆུད་མི་ཟ་ བ་ཡོངས་སུ་རྫོགས་པར་བྱེད་དོ་སྙམ་མོ། །དེ་ཡང་འདི་སྙམ་དུ་སེམས་ཏེ། ཚུལ་ཁྲིམས་བསྲུང་བས་སྲུང་བ་ཐམས་ཅད་བསྲུངས་པ་ཡིན་ནོ་སྙམ་པ་འདི་ནི་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་གཏོང་བ་རྗེས་སུ་དྲན་ པའི་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་ཅི་སྟོང་པ་དེ་ཐམས་ཅད་ནི་འདི་ལྟ་སྟེ། ཟང་ཟིང་གི་གཏོང་བ་དང་། ཆོས་ཀྱི་གཏོང་བ་དང་གཏོང་བ་རྣམ་པ་གཉིས་ཀྱི་ནང་དུ་འདུས་སོ་སྙམ་མོ། །དེ་ལ་ཟང་ཟིང་གི་གཏོང་བས་ནི་བྱང་ཆུབ་སེམས་དཔའི་མཚན་དང་དཔེ་བྱད་ བཟང་པོ་ཡོངས་སུ་མི་སྤོང་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་རྣམ་པར་དག་པ་ཡོངས་སུ་རྫོགས་པར་བྱེད་དོ། །ཆོས་ཀྱི་གཏོང་བས་ནི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་ 63-1-254a བྱེད་དོ། །བག་ཆགས་ཀྱང་ཡང་དག་པར་འཇོག་པར་བྱེད་དོ། །གཞན་ཡང་ཟང་ཟིང་གི་གཏོང་བས་ནི་ཕུང་པོ་ཐམས་ཅད་ངེས་པར་འདོར་བར་བྱེད་དོ། །ཆོས་ཀྱི་གཏོང་བས་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ལས་ཡང་དག་པར་འདའོ། །གཞན་ཡང་ཟང་ཟིང་གི་གཏོང་བས་ནི་སྐྱེ་ བའི་ལུས་ཡོངས་སུ་སྦྱོར་བར་བྱེད་དོ། །ཆོས་ཀྱི་གཏོང་བས་ནི་ཆོས་ཀྱི་སྐུ་ཡོངས་སུ་སྦྱོར་བར་བྱེད་དོ། །གཞན་ཡང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟང་ཟིང་གི་གཏོང་བས་ནི་ཕ་མ་ལས་བྱུང་བའི་སྟོབས་སྒྲུབ་པར་བྱེད། སྟོབས་དེ་ནི་དེ་བཞིན་གཤེགས་པ་དང་ས་བཅུ་ལ་གནས་པའི་བྱང་ཆུབ་ སེམས་དཔའ་རྣམས་མ་གཏོགས་པར་སུ་ལ་ཡང་མེད་དོ། །ཆོས་ཀྱི་གཏོང་བས་ནི་རྫུ་འཕྲུལ་གྱི་སྟོབས་སྒྲུབ་པར་བྱེད་དོ། །སྟོབས་དེ་ནི་དེ་བཞིན་གཤེགས་པ་དང་ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་མ་གཏོགས་པར་སུ་ལ་ཡང་མེད་དོ། །གཞན་ཡང་ཟང་ཟིང་གི་གཏོང་བས་ནི་ཡོངས་སུ་སྨིན་པར་ བྱེད་དོ། །ཆོས་ཀྱི་གཏོང་བས་ནི་རྣམ་པ་ཐ་དད་པར་བྱེད་དོ། །གཞན་ཡང་ཟང་ཟིང་གི་གཏོང་བས་ནི་ཚོགས་སྩོགས་སོ། །ཆོས་ཀྱི་གཏོང་བས་ནི་སྒྲོལ་ལོ། །གཞན་ཡང་ཟང་ཟིང་གི་གཏོང་བས་ནི་ནོར་ཡོངས་སུ་གཏོང་ངོ་། །ཆོས་ཀྱི་གཏོང་བས་ནི་ཐམས་ཅད་གཏོང་ངོ་། །གཞན་ཡང་ཟང་ཟིང་གི་གཏོང་བས་ནི་ཉོན་མོངས་ པའི་སྒྲིབ་པ་ལས་རྣམ་པར་གྲོལ་བ་སྒྲུབ་པར་བྱེད་དོ། །ཆོས་ཀྱི་གཏོང་བས་ནི་ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་བ་སྒྲུབ་པར་བྱེད་དོ། །གཞན་ཡང་གཏོང་བ་ཞེས་བྱ་བ་འདི་ནི་ཡོངས་སུ་རྟོག་པ་གཏོང་བའི་ཚིག་བླ་དགས་སོ། །འདི་ལྟ་སྟེ། ཡོངས་སུ་རྟོག་པ་གཏོང་བ་དེ་ནི་གཏོང་བ་རྣམས་ཀྱི་དམ་པའོ། །དེ་ཅིའི་ཕྱིར་ ཞེ་ན། ཡོངས་སུ་རྟོག་པ་བཏང་བས་བྱང་ཆུབ་སེམས་དཔའ་དག་པ་ཞེས་བྱའོ། །སྨྲས་པ། རིགས་ཀྱི་བུ་ཡོངས་སུ་རྟོག་པ་ཞེས་བྱ་བ་འདི་དེ་གང་གི་ཚིག་བླ་དགས། སྨྲས་པ་རིགས་ཀྱི་བུ་ཡོངས་སུ་རྟོག་པ་ཞེས་བྱ་བ་འདི་ནི་ཡང་དག་པ་མ་ཡིན་ཞིང་། མེད་པ་ལས་སྒྲོ་བཏགས་པའི་ཚིག་བླ་དགས་སོ། །སྨྲས་ པ། ཇི་ལྟར་ན་ཡང་དག་པ་མ་ཡིན་ཞིང་མེད་པ་ལས་སྒྲོ་བཏགས་པ་ཡིན། སྨྲས་པ། ནམ་འདི་ལྟར་བདག་ནི་ཆགས་པ། བདག་ནི་ཞེ་སྡང་བ། བདག་ནི་གཏི་མུག་པ། བདག་ནི་ཉོན་མོངས་པ། བདག་ནི་རྣམ་པར་དག་པ། བདག་ནི་བཅིངས་པ། བདག་ནི་གྲོལ་བ། བདག་ནི་འཁོར་བ། བདག་ནི་ཡོངས་ 63-1-254b སུ་མྱ་ངན་འདས་པའོ་སྙམ་པ་ལ་སོགས་པར་སྒྲོ་བཏགས་པ་ཐམས་ཅད་ནི་ཡང་དག་པ་མ་ཡིན་ཞིང་མེད་པ་ལས་ཡོངས་སུ་བཏགས་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་དག་ཐམས་ཅད་ནི་རྒྱུ་དང་རྐྱེན་ཙམ་སྟེ། འདི་ལ་བདག་དང་བདག་གི་བ་མེད་པ། སེམས་ཅན་མེད། སྲོག་མེད། གང་ཟག་མེད། ཤེད་ ལས་སྐྱེས་མེད་དོ། །ཤེད་བུ་མེད་དོ། །རྒྱུ་དང་རྐྱེན་དེ་དག་ཀྱང་རང་བཞིན་གྱིས་སྟོང་པ། རང་བཞིན་གྱིས་དབེན་པ། སེམས་དང་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་དང་བྲལ་བ། མི་སེམས་པ། ཡོངས་སུ་མི་རྟོག་པ། ཀུན་ནས་ཉོན་མོངས་པ་མ་ཡིན་པ། རྣམ་པར་བྱང་བ་མ་ཡིན་པ། འཁོར་བ་མ་ཡིན་པ། ཡོངས་སུ་ མྱ་ངན་ལས་འདས་པ་མ་ཡིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན་པ་ལ་སྒྲོ་མི་འདོགས་ཤིང་དེ་སྒྲོ་འདོགས་པ་བཏང་བས་གཏོང་བ་ཕུན་སུམ་ཚོགས་པ་ཞེས་བྱའོ། །ནམ་ཆོས་དེ་དག་རྗེས་སུ་དྲན་པ་དེ་ནི་དེའི་གཏོང་བ་རྗེས་སུ་དྲན་པ་ཞེས་བྱའོ། །གཞན་ཡང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཏོང་ བ་རྣམ་པ་གསུམ་སྟེ། གཏོང་བ་དང་། གཏང་བ་ཆེན་པོ་དང་། ཤིན་ཏུ་གཏོང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཏོང་བ་གང་ཞེ་ན། འདི་ལྟ་སྟེ། བཟའ་བ་དང་། འདོད་པ་རྣམས་ལ་བཟའ་བའི་སྦྱིན་པ་དང་། བཏུང་བ་དང་། བཞོན་པ་དང་། གོས་དང་། མར་མེ་དང་། བདུག་སྤོས་དང་། ཕྲེང་ བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ཤིང་རྟ་དང་། རྒྱན་ལ་སོགས་པ་སྦྱིན་པ་སྟེ། སྦྱིན་པ་གང་སེམས་ཅན་རྣམས་ལ་གནོད་པ་དང་། ཕངས་པར་འགྱུར་བ་དེ་མ་གཏོགས་པར་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་མི་སྦྱིན་པ་གང་ཡང་ མེད་དེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཏོང་བ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཏོང་བ་ཆེན་པོ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཏོང་བ་ཕུན་སུམ་ཚོགས་ནས་གཏོང་བ་ཆེན་པོ་བྱེད་དེ། འདི་ལྟ་སྟེ། ཆུང་མ་དང་། བུ་དང་། བུ་མོ་དང་། ཡིད་དུ་འོང་བའི་བྲན་ཕོ་ དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། ཁྱིམ་དང་། རྒྱལ་སྲིད་རྣམས་ཡོངས་སུ་གཏོང་བ་འདི་ནི་བྱང་ཆུབ་སེམས་དཔའི་གཏོང་བ་ཆེན་པོ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤིན་ཏུ་གཏོང་བ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་གཏོང་བ་དང་། གཏོང་བ་ཆེན་ 63-1-255a པོ་ཕུན་སུམ་ཚོགས་ནས་ཤིན་ཏུ་གཏོང་བ་བྱེད་དེ། འདི་ལྟ་སྟེ། ལག་པ་དང་། རྐང་པ་དང་། རྣ་བ་དང་། སྣ་དང་། ཤ་དང་། རུས་པ་དང་། པགས་པ་དང་། མིག་དང་། ལྕེ་དང་། མགོ་རུས་དང་། རྐང་ལ་སོགས་པ་ཡོངས་སུ་གཏོང་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་ཤིན་ཏུ་གཏོང་ བ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་དེས་གཏོང་བ་དང་། གཏོང་བ་ཆེན་པོ་དང་། ཤིན་ཏུ་གཏོང་བ་དེ་དག་རྗེས་སུ་དྲན་ནས་བདག་གིས་ཀྱང་དྲན་པ་དེ་དག་ཡོངས་སུ་རྫོགས་པར་བྱའོ་སྙམ་པ་དེ་ནི་དེའི་གཏོང་བ་རྗེས་སུ་དྲན་པ་ཞེས་བྱ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་གཏོང་བ་རྗེས་སུ་དྲན་པའི་དྲན་པ་ཉེ་བར་ གཞག་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ལྷ་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་གང་རྣམ་པར་དག་པའི་ལྷ་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་རྗེས་སུ་དྲན་ནོ། །འདི་ལྟར་ དེ་དག་རྗེས་སུ་དྲན་ཏེ་སྒྲུབ་པ་དང་། ཡོན་ཏན་དང་། སྐྱེ་བ་དང་། ལོངས་སྤྱོད་དང་། ཀུན་སྤྱོད་པ་དང་། རྩོམ་པ་དང་། རབ་ཏུ་ཐོབ་པ་དང་། ཡོངས་སུ་གྲུབ་པས་ཀྱང་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །གང་ལྷ་གཞན་དེ་དག་ཀྱང་རྗེས་སུ་དྲན་ནོ། །འདི་ལྟར་དེ་དག་རྗེས་སུ་དྲན་ཏེ། ལྷ་འདི་དག་ ནི་ལས་དགེ་བའི་འབྲས་བུ་ལས་བྱུང་བའོ། །དགེ་བའི་ལས་དེ་དག་ནི་འདི་ལྟ་སྟེ། མི་དགེ་བ་བཅུའི་ལས་ཀྱི་ལམ་ལས་བཟློག་པ་རྣམས་སོ། །དེ་ལ་ལྷ་གང་རྣམས་ཁ་དོག་དང་ལྡན་པ། བདེ་བ་མངའ་བ། དབང་པོ་ཚིམ་པ། དེ་ཐམས་ཅད་ནི་དགེ་བ་བཅུའི་ལས་ཀྱི་ལམ་གྱི་རྣམ་པར་སྨིན་པའོ་སྙམ་སྟེ། དེ་ལ་ བྱང་ཆུབ་སེམས་དཔའ་ལྷའི་བདེ་བ་དེ་ལ་རྗེས་སུ་ཡི་རང་ནས་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །ལྷའི་བདེ་བ་དེ་ཡང་སེམས་ཅན་ཐམས་ཅད་ཀྱིར་འདོད་དོ། །བདེ་བ་དེ་སེམས་ཅན་ཐམས་ཅད་ཀྱིར་འདོད་པས། དགེ་བའི་རྩ་བ་ཡོངས་སུ་གྲུབ་ པར་བྱ་བའི་ཕྱིར་བརྩོན་འགྲུས་ཆེན་པོ་རྩོམ་མོ། །ངན་སོང་རྣམས་སུ་སྐྱེས་པའི་སེམས་ཅན་དག་ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ། དེ་འདི་སྙམ་དུ་བདག་གིས་འདི་ལྟར་སེམས་ཅན་ཐམས་ཅད་ལྷའི་འཇིག་རྟེན་དུ་སྐྱེ་བར་འགྱུར་བའི་ལས་བྱེད་དུ་གཟུང་ངོ་། །སེམས་ཅན་ཐམས་ཅད་གང་དག་ལྷར་གྱུར་པ་དེ་དག་ནི་བླ་ན་ 63-1-255b མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །གང་གིས་སེམས་ཅན་རྣམས་ལ་ལྷའི་བདེ་བ་ཐོབ་ནས་ཕྱིས་ཉམས་པར་མི་འགྱུར་བ་དང་། བདེ་བར་གྱུར་ནས་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ཉེ་བར་ཞི་བའི་བདེ་བ་ཐོབ་པར་འགྱུར་བའི་ལས་དེ་དག་སེམས་ཅན་རྣམས་ བྱེད་དུ་གཞུག་གོ་སྙམ་དུ་སེམས་པ་འདི་ནི་བྱང་ཆུབ་སེམས་དཔའི་ལྷ་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་ཞེས་བྱ་སྟེ། རིགས་ཀྱི་བུ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲན་པ་ཉེ་བར་གཞག་པ་བཅུའོ་ཞེས་བྱ་སྟེ། དེ་དག་དང་ལྡན་པས་ན། དེ་ཉིད་དྲན་པ་ཆེན་པོ་འཆང་། །ཞེས་བྱའོ། །དྲན་པའི་ངོ་བོ་ཉིད་ སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རང་བཞིན་གྱིས་འོད་གསལ་བའི་དྲན་པའི་ཚུལ་ཅན་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་བརྒྱ་སྟོང་གི་བདག་པོར་གྱུར་པས་ན། དྲན་པ་བཞི་པོ་ཏིང་འཛིན་རྒྱལ། །ཞེས་བྱའོ། །བྱང་ཆུབ་ཡན་ལག་མེ་ཏོག་སྤོས། །དེ་བཞིན་གཤེགས་ པའི་ཡོན་ཏན་མཚོ། །ཞེས་བྱ་བ་ལ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཉིད་ནི་མེ་ཏོག་སྟེ། དེ་རྣམས་ཀྱི་དྲི་ནི་འཇིག་རྟེན་གྱི་ཁམས་མ་ལུས་པའི་རབ་འབྱམ་ཁྱབ་པའི་ཡོན་ཏན་དང་ཡེ་ཤེས་ཀྱི་རང་བཞིན་གྱི་དྲི་ནི་ཁྱད་པར་གང་ལ་ཡོད་པ་དེ་ནི། བྱང་ཆུབ་ཡན་ལག་མེ་ཏོག་སྤོས། །ཞེས་བྱའོ། །དེ་ལ་བྱང་ཆུབ་ ཀྱི་ཡན་ལག་བདུན་གང་ཞེ་ན། །འདི་ལྟ་སྟེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །དེ་ལ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། དྲན་པ་གང་གིས་ཆོས་རྣམས་རྟོགས་པར་འགྱུར་བ་དང་། ཆོས་རྣམས་སོ་སོར་རྟོག་པ་དང་། ཆོས་རྣམས་ལ་དཔྱོད་པ་དང་། ཆོས་རྣམས་ ལ་ཀུན་དུ་འགྲོ་བ་དང་། ཆོས་རྣམས་ལ་བསམ་པ་དང་། ཆོས་རྣམས་ལ་རྗེས་སུ་རྟོག་པ་སྟེ། དེ་དྲན་པ་དེས་ཆོས་རྣམས་ཀྱི་རང་གི་མཚན་ཉིད་རྟོགས་པར་འགྱུར་རོ། །ཆོས་རྣམས་ཀྱི་རང་གི་མཚན་ཉིད་གང་ཞེ་ན། ཆོས་ཐམས་ཅད་ནི་རང་གི་མཚན་ཉིད་ཀྱིས་སྟོང་སྟེ། གང་གིས་དེ་ལྟར་དྲན་ཞིང་རྟོགས་པ་འདི་ནི་ 63-1-256a དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །དེ་ལ་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། གང་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རབ་ཏུ་རྣམ་པར་འབྱེད་པ་ཤེས་པ་སྟེ། ཆོས་གང་དང་། གང་ཇི་ལྟ་ཇི་ལྟ་བུར་རྣམ་པར་དབྱེ་བར་བྱ་བ་ངེས་པའི་དོན་ཀྱང་ངེས་ པའི་དོན་དུ། དྲང་བའི་དོན་ཀྱང་དྲང་བའི་དོན་དུ། ཀུན་རྫོབ་ཀྱི་དོན་ཀྱང་ཀུན་རྫོབ་ཀྱི་དོན་དུ། དོན་དམ་པ་ཡང་དོན་དམ་པར། བརྡ་ཡང་བརྡར། རྣམ་པར་ངེས་པ་ཡང་རྣམ་པར་ངེས་པར། ཆོས་དེ་དང་དེ་དག་དེ་ལྟ་དེ་ལྟ་བུར་རྣམ་པར་འབྱེད་པའི་འདི་ནི་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ ཅེས་བྱའོ། །དེ་ལ་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། གང་དྲན་པ་འདི་དང་། ཆོས་རྣམ་པར་འབྱེད་པ་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ཤེས་པ་འདི་རབ་ཏུ་འཛིན་པ་དང་། སྤྲོ་བ་དང་། སྟོབས་དང་། བརྟུལ་བ་དང་། ཕྱིར་མི་ལྡོག་ པ་དང་། འདུན་པ་དང་། མཐུ་དང་། བརྩོན་པ་མི་གཏོང་བ་དང་། ལམ་མངོན་པར་རྟོགས་པར་བྱ་བའི་ཕྱིར་བརྩོན་པ་འདི་ནི་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །དེ་ལ་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། ཆོས་ལ་དགའ་བ་དང་། ཆོས་ལ་མོས་པ་དང་། ཆོས་ལ་ མཆོག་ཏུ་དགའ་བ་གང་གིས་སེམས་མ་གོང་བ་དང་། དད་ཅིང་འདོད་པ་སྟེ། ཆོས་ལ་དགའ་བ་གང་གིས་ལུས་དང་སེམས་ཤིན་ཏུ་སྦྱངས་པར་འགྱུར་བ་དང་། ཉོན་མོངས་པ་རྣམས་སེལ་བ་འདི་ནི་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །དེ་ལ་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ ཞེ་ན། གང་ལུས་ཤིན་ཏུ་སྦྱངས་པ་དང་། སེམས་ཤིན་ཏུ་སྦྱངས་པས་ཉོན་མོངས་པ་བསལ་བ་དང་། སྒྲིབ་པ་དང་བྲལ་བ་དང་། ཞི་གནས་ལ་འཇུག་པའི་དམིགས་པ་ལ་སེམས་གཞོལ་བ་འདི་ནི་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །དེ་ལ་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ ཞེ་ན། གང་སེམས་མཉམ་པར་གཞག་པས་ཆོས་ཀྱི་ཡེ་ཤེས་མངོན་པར་རྫོགས་པར་འཚང་རྒྱའི། སེམས་མཉམ་པར་མ་བཞག་པས་ནི་མ་ཡིན་ནོ། །གང་སེམས་མཉམ་པར་གཞག་པས་ཆོས་དེ་དག་མངོན་པར་འཚང་རྒྱའོ། །སེམས་མཉམ་པར་མ་བཞག་པས་ནི་མ་ཡིན་ཏེ། ལྟ་བ་དང་བག་ལ་ཉལ་ 63-1-256b དང་ཀུན་ནས་ལྡང་བ་དེ་དག་བོར་བས་ཀྱང་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། གཞན་དུ་ན་ཆོས་ཐམས་ཅད་མཉམ་པ་ཉིད་དང་། ཆོས་ཐམས་ཅད་ཐ་དད་དུ་དབྱེ་བ་མེད་པས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། འདི་ནི་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། ། དེ་ལ་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། གང་འདི་ཡིད་བདེ་བ་དང་ཡིད་མི་བདེ་བ་ཆ་དང་མཐུན་པའི་ཆོས་རྣམས་ཀྱིས་སེམས་ཡོངས་སུ་མི་གཏུགས་པ་དང་། འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་འཕྲོགས་པ་དང་མཐོ་དམན་དུ་མི་གནས་པའི་ཕྱིར་མི་སྐུལ་བ་ཡིན། གནོད་པ་མེད་པ་དང་། འཕྲོགས་པ་ མེད་པ་དང་། རྗེས་སུ་ཆགས་པ་མེད་པ་དང་། ཞེ་འགྲས་པ་མེད་པ་དང་། འཕགས་པའི་བདེ་བའི་ལམ་དང་མཐུན་པ་འདི་ནི། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་སྟེ། དེ་ལྟར་ན། བྱང་ཆུབ་ཡན་ལག་མེ་ཏོག་སྤོས། །ཞེས་བྱའོ། །དེ་བཞིན་གཤེགས་པའི་ཡོན་ཏན་མཚོ། །ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་ཡོན་ཏན་ འདི་ལ་སེམས་ཤིང་རྟོག་པས་དེ་བཞིན་གཤེགས་པའི་ཡོན་ཏན་མཚོ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཞིར་གྱུར་པའི་ཕྱིར་རམ་ཐུན་མོང་མ་ཡིན་པའི་ཡོན་ཏན་ནི་མ་འདྲེས་པའི་ཆོས་ལ་སོགས་པ་སྟེ། དེའི་གཞིར་གྱུར་པའི་ཕྱིར་རོ། །དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉི་ཁྲི་ལྔ་སྟོང་པ་ཞེས་བྱ་བ་ཐེག་པ་ ཆེན་པོ་སྟོན་པ་ལས། ཐུན་མོང་མ་ཡིན་པའི་ཡོན་ཏན་རྣམས་གསུངས་ཏེ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་གང་ཞེ་ན། དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའོ། །ཅ་ཅོ་མི་མངའོ། ། དགོངས་པ་ཉམས་པ་མི་མངའོ། །འདུ་ཤེས་ཚོགས་མི་མངའོ། །ཐུགས་མཉམ་པར་མ་བཞག་པ་མི་མངའོ། །མ་བརྟགས་པའི་བཏང་སྙོམས་མི་མངའོ། །མོས་པ་ཡོངས་སུ་ཉམས་པ་མི་མངའོ། །བརྩོན་འགྲུས་ཡོངས་སུ་ཉམས་པ་མི་མངའོ། །དགོངས་པ་ཡོངས་སུ་ཉམས་པ་མི་མངའོ། །ཏིང་ངེ་འཛིན་ ཡོངས་སུ་ཉམས་པ་མི་མངའོ། །ཤེས་རབ་ཡོངས་སུ་ཉམས་པ་མི་མངའོ། །རྣམ་པར་གྲོལ་བ་ཡོངས་སུ་ཉམས་པ་མི་མངའོ། །རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཡོངས་སུ་ཉམས་པ་མི་མངའོ། །སྐུའི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་སྟེ། ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། །གསུང་གི་ 63-1-257a ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་སྟེ། ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། །ཐུགས་ཀྱི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་སྟེ། ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། །འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་གོ། །མ་འོངས་པའི་དུས་ལ་མ་ཆགས་ མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་གོ། །ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་སྟེ། དེ་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ་ཞེས་རྒྱ་ཆེར་གསུངས་པ་ཡིན་ནོ། །ལམ་གྱི་ཡན་ལག་བརྒྱད་ཚུལ་རིག །ཡང་དག་སངས་རྒྱས་ལམ་རིག་པ། །ཞེས་བྱ་བ་ལ་འཕགས་ པའི་ལམ་ཡན་ལག་བརྒྱད་པའི་རིག་པ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་དང་ཐུན་མོང་དུ་མ་གྱུར་པ་ཡོངས་སུ་མཁྱེན་པའོ། །དེ་ཉིད་ཀྱིས་ནི་སངས་རྒྱས་ལམ་རིག་པའོ། །འདི་ནི་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་གསུངས་ཏེ། བཙུན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་མི་ ཟད་པ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གང་ཞེ་ན། ལམ་ཞེས་བྱ་བ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་ དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏོ། །དེ་ལ་ཡང་དག་པའི་ལྟ་བ་གང་ཞེ་ན། གང་འདི་འཕགས་པའི་འཇིག་རྟེན་ལས་འདས་པ་སྟེ། བདག་ཏུ་ལྟ་བ་ལས་ཀུན་ནས་ལངས་པ་མ་ཡིན་ཏེ། སེམས་ཅན་དུ་མ་ཡིན། སྲོག་ཏུ་མ་ཡིན། གསོ་བར་མ་ཡིན། སྐྱེས་ བུར་མ་ཡིན། གང་ཟག་ཏུ་མ་ཡིན། ཤེད་ལས་སྐྱེས་སུ་མ་ཡིན། ཤེད་བུར་མ་ཡིན། བྱེད་པ་པོར་མ་ཡིན། ཚོར་བ་པོར་ལྟ་བ་ལས་ཀུན་ནས་ལངས་པ་མ་ཡིན། རྟག་པ་དང་། ཆད་པར་ལྟ་བ་ལས་ཀུན་ནས་ལངས་པ་མ་ཡིན། འབྱུང་བ་དང་། འཇིག་པར་ལྟ་བ་ལས་ཀུན་ནས་ལངས་པ་མ་ཡིན། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མི་སྟོན་པར་ལྟ་བ་ལས་ཀུན་ནས་ལངས་པ་ཡང་མ་ཡིན་པ་ནས་འཁོར་བ་དང་མྱ་ངན་ལས་འདས་པར་ལྟ་བའི་བར་ལས་ཀུན་ནས་ལངས་པ་ཡང་མ་ཡིན་སྟེ་འདི་ནི་ཡང་དག་པའི་ལྟ་བ་ཞེས་བྱའོ། །དེ་ལ་ཡང་དག་པའི་རྟོག་པ་གང་ཞེ་ན། རྟོག་པ་གང་དག་གིས་ 63-1-257b འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཉོན་མོངས་པ་དག་ཀུན་དུ་འབྱུང་བའི་ཀུན་དུ་རྟོག་པ་དེ་དག་ལ་མི་རྟོག་པ་དང་། རྟོག་པ་གང་གིས་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་རྣམས་ཀུན་དུ་འབྱུང་བའི་ རྣམ་པར་རྟོག་པ་དེ་དག་རྟོག་པ་འདི་ནི་ཡང་དག་པའི་རྟོག་པ་ཞེས་བྱའོ། །དེ་ལ་ཡང་དག་པའི་ངག་གང་ཞེ་ན། ངག་གང་གིས་བདག་ལ་ཡང་ཡོངས་སུ་མི་གདུང་ཞིང་གཞན་ལ་ཡང་མ་ཡིན་པ་དང་། བདག་ལ་ཡང་ཀུན་ནས་ཉོན་མོངས་པ་མེད་པར་བྱེད་ཅིང་། གཞན་ལ་ཡང་མ་ཡིན་པ་དང་། བདག་ལ་ཡང་ མི་གནོད་ཅིང་གཞན་ལ་མ་ཡིན་པ་སྟེ། ངག་གང་གིས་འཕགས་པའི་ལམ་ལ་ལེགས་པར་འཇུག་པ་མཉམ་པར་གཞག་པ་ལ་བརྩོན་པའི་ངག་དེ་ལ་ལྡན་པ་ཡིན་ཏེ། འདི་ནི་ཡང་དག་པའི་ངག་ཅེས་བྱའོ། །དེ་ལ་ཡང་དག་པའི་ལས་ཀྱི་མཐའ་གང་ཞེ་ན། གང་ལས་ཀྱང་གནག་ལ་རྣམ་པར་སྨིན་པ་ཡང་གནག་ པའི་ལས་དེ་མངོན་པར་འདུ་མི་བྱེད་པ་དང་། གང་ལས་ཀྱང་དཀར་ལ་རྣམ་པར་སྨིན་པ་ཡང་དཀར་བའི་ལས་དེ་མངོན་པར་འདུ་བྱེད་པ་དང་། གང་ལས་ཀྱང་དཀར་གནག་ལ་རྣམ་པར་སྨིན་པ་ཡང་དཀར་གནག་དུ་འགྱུར་བའི་ལས་དེ་མངོན་པར་འདུ་མི་བྱེད་པ་དང་། ལས་གང་མི་གནག་མི་དཀར་ཞིང་རྣམ་ པར་སྨིན་པ་ཡང་མེད་ལ། ལས་ཀྱིས་ལས་ཟད་པར་འགྱུར་བའི་ལས་དེ་མངོན་པར་འདུ་བྱེད་པའོ། །དེ་ལས་ལ་རྟོན་པས་ཡང་དག་པའི་ལས་ཀྱི་མཐའ་ལ་བརྩོན་པ་ཞེས་བྱ་སྟེ། འདི་ནི་ཡང་དག་པའི་ལས་ཀྱི་མཐའ་ཞེས་བྱའོ། །དེ་ལ་ཡང་དག་པའི་འཚོ་བ་གང་ཞེ་ན། གང་འཕགས་པའི་ རིགས་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པར་མི་གཏོང་བ་དང་། ཚུལ་འཆོས་མེད་པ་དང་། ཁ་གསག་མེད་པ་དང་། ཐོབ་ཀྱིས་འཇལ་བ་མེད་པ་དང་། དགང་སླ་བ་དང་། གསོ་སླ་བ་དང་། ཆོ་ག་བཟང་པོའི་ངང་ཚུལ་ཅན་དང་། གཞན་གྱི་རྙེད་པ་ལ་ཕྲག་དོག་མེད་པ་དང་། བདག་ གི་རྙེད་པས་ཆོག་ཤེས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། འཕགས་པས་གནང་བའི་འཚོ་བ་འདི་ནི་ཡང་དག་པའི་འཚོ་བ་ཞེས་བྱའོ། །དེ་ལ་ཡང་དག་པའི་རྩོལ་བ་གང་ཞེ་ན། རྩོལ་བ་གང་ལོག་པ་འཕགས་པ་རྣམས་ཀྱིས་མ་གནང་བ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་ཉོན་མོངས་པ་ 63-1-258a བག་ལ་ཉལ་བར་བྱེད་པའི་རྩོལ་བ་དེ་མི་འདོད་ཅིང་རྩོལ་བ་གང་ཡང་དག་པ་འཕགས་པའི་ལམ་དང་། བདེན་པ་ལ་འཇུག་པ་མྱ་ངན་ལས་འདས་པར་འགྲོ་བའི་ལམ་དུ་གཏོང་བའི་བརྩོན་པ་དེའི་རྗེས་སུ་འགྲོ་བ་འདི་ནི་ཡང་དག་པའི་རྩོལ་བ་ཞེས་བྱའོ། །དེ་ལ་ཡང་དག་པའི་ དྲན་པ་གང་ཞེ་ན། དྲན་པ་གང་ཤིན་ཏུ་ཉེ་བར་གཞག་པ་དང་། མི་སྐུལ་བ་དང་། དྲང་བ་དང་། གྱ་གྱུ་མེད་པ་དང་། འཁོར་བའི་སྐྱོན་གྱི་ཉེས་དམིགས་ལ་ལྟ་བ་དང་། མྱ་ངན་ལས་འདས་པར་འགྲོ་བའི་ལམ་དུ་འདྲེན་པ་སྟེ། དྲན་པ་དང་། གཞུངས་པ་དང་། འཕགས་པའི་ལམ་མི་བརྗེད་པ་འདི་ནི་ ཡང་དག་པའི་དྲན་པ་ཞེས་བྱའོ། །དེ་ལ་ཡང་དག་པའི་ཏིང་ངེ་འཛིན་གང་ཞེ་ན། ཡང་དག་པ་ཉིད་དུ་མཉམ་པ་དང་། གང་ཆོས་ཐམས་ཅད་ཀྱིས་མཉམ་པ་སྟེ། ཏིང་ངེ་འཛིན་གང་ལ་གནས་པས་སེམས་ཅན་ཐམས་ཅད་རབ་ཏུ་ཐར་པར་བྱ་བའི་ཕྱིར་ཡང་དག་པ་ངེས་པར་གྱུར་པ་ལ་འཇུག་པ་འདི་ནི་ཡང་དག་པའི་ཏིང་ངེ་ འཛིན་ཞེས་བྱའོ། །གང་ཡང་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་ལ་གནས་ནས་སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བའི་ཕྱིར་ཡང་དག་པ་ངེས་པར་གྱུར་པ་ལ་མི་འཇུག་པ་འདི་ནི་བྱང་ཆུབ་སེམས་དཔའ་ཡང་དག་པའི་ཏིང་ངེ་འཛིན་མི་ཟད་པ་ཞེས་བྱའོ། །འདི་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ལམ་སྟེ། དེ་བྱང་ཆུབ་སེམས་དཔའ་མངོན་པར་རྫོགས་པར་སངས་རྒྱས་ནས་འཆད་པ་དང་། སྟོན་པ་དང་། རབ་ཏུ་སྟོན་པ་དང་། འཛིན་དུ་འཇུག་པ་དང་། མོས་པར་བྱེད་པ་དང་། ཀློག་ཏུ་འཇུག་པ་དང་། ཤེས་པར་བྱེད་པ་དང་། རྣམ་པར་ཤེས་པར་ བྱེད་པ་དང་། རབ་ཏུ་ཤེས་པར་བྱེད་པ་དང་། རབ་ཏུ་འཛུད་པ་དང་། རྣམ་པར་འགྲེལ་པ་དང་། རྣམ་པར་འབྱེད་པ་དང་། གསལ་བར་བྱེད་པ་དང་། ཡང་དག་པར་སྟོན་པ་འདི་ནི་བཙུན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་མི་ཟད་པ་ཞེས་བྱའོ། །སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ ལས་འདས་པ་ལ་འཇུག་པའི་ཐུགས་རྗེ་ཆེན་པོའི་ངོ་བོ་ཉིད་དུ་གྱུར་པས་ན། སེམས་ཅན་ཀུན་ལ་ཤས་ཆེར་ཆགས། །ཞེས་བྱའོ། །ཆོས་ཐམས་ཅད་དངོས་པོ་མེད་པར་ཐུགས་སུ་ཆུད་པའི་དྲི་མ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཅན་ཡིན་པས་ན། ནམ་མཁའ་ལྟ་བུར་ཆགས་པ་མེད། ། 63-1-258b ཅེས་བྱའོ། །དཔག་ཏུ་མེད་པའི་ཐབས་དང་ཤེས་རབ་དང་ཐུགས་རྗེའི་རང་བཞིན་ཅན་གྱི་རྒྱལ་བའི་སྲས་ཀྱི་བདག་པོར་འཁྲུངས་པར་གདུལ་བྱ་རྣམས་ལ་སོ་སོར་སྣང་བས་ན་ཕན་ཚུན་གཅིག་ལ་གཅིག་མི་མཐུན་པའི་སེམས་མེད་པར་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཆོས་ཉིད་མཉམ་པ་ཉིད་ཐུགས་སུ་ཆུད་པས་ ན། སེམས་ཅན་ཀུན་གྱི་ཡིད་ལ་འཇུག །ཅེས་བྱ་བ་ཡིན་གྱི། སེམས་སེམས་གཞན་དག་གི་ནང་དུ་ཞུགས་པ་ནི་མ་ཡིན་ཏེ། གཞན་རིགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་དེར་གཤེགས་ཤིང་ཐུགས་སུ་ཆུད་པ་ཉིད་འདུལ་བའི་དུས་ལས་མི་འདའ་བར་མྱུར་བ་ཉིད་དུ་གདུལ་བྱ་ཐམས་ཅད་ལ་ ཅིག་ཅར་སེམས་ཀྱི་རྗེས་སུ་འགྲོ་བས་ཆོས་ཀྱི་དེ་ཉིད་སྣང་བར་མཛད་པས་ན། སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས། །ཞེས་བྱའོ། །དད་པ་ལ་སོགས་པའི་དབང་པོ་རབ་དང་འབྲིང་དང་ཆུང་ངུ་མཁྱེན་ནས་དེ་དང་རྗེས་སུ་མཐུན་པའི་ཆོས་སྟོན་པར་མཛད་པས་ན། སེམས་ཅན་ཀུན་གྱི་དབང་དོན་ཤེས། །ཞེས་བྱའོ། ། སེམས་ཅན་ཐམས་ཅད་རྗེས་སུ་མཐུན་པའི་སྐུ་ཡིད་འཕྲོག་པའི་བདག་ཉིད་ཀྱི་དངོས་པོ་སྟོན་པར་མཛད་པས་ན། སེམས་ཅན་ཀུན་གྱི་ཡིད་འཕྲོག་པ། །ཞེས་བྱའོ། །གཟུགས་ནི་དབུ་བ་ལྟ་བུ་སྟེ། །ཚོར་བ་ཆུ་ཡི་ཆུ་བུར་འདྲ། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་ཆུ་ཤིང་སྙིང་པོ་འདྲ། །རྣམ་པར་ཤེས་པ་སྒྱུ་ འདྲར་ཤེས། །ཉི་མའི་གཉེན་གྱིས་རབ་ཏུ་གསུངས། །ཞེས་བྱ་བའི་གཟུགས་ལ་སོགས་པའི་ཕུང་པོ་ཀུན་རྫོབ་ཀྱི་དེ་ཁོ་ན་ཉིད་དང་། དོན་དམ་པར་གཟོད་ནས་མ་སྐྱེས་པའི་ངོ་བོ་ཉིད་དུ་ཕུང་པོ་ལྔའི་དེ་ཁོ་ན་ཉིད་མཁྱེན་པས་ན། ཕུང་པོ་ལྔ་དོན་དེ་ཉིད་ཤེས། །ཞེས་བྱའོ། །ཚུལ་ཁྲིམས་དང་། ཏིང་ངེ་འཛིན་ དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་རྣམས་ཀྱི་རྣམ་པར་དག་པའི་ངོ་བོ་འཛིན་པར་མཛད་པས་ན། རྣམ་དག་ཕུང་པོ་ལྔ་འཆང་བ། །ཞེས་བྱའོ། །ཉན་ཐོས་དང་། རང་སངས་རྒྱས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ངེས་པར་འབྱུང་ བའི་མཐའ་སྟེ། མཐའ་ཐུག་པ་ལ་རབ་ཏུ་འཇོག་པའི་ཚུལ་གྱིས་རབ་ཏུ་བཞུགས་པས་ན། ངེས་འབྱུང་ཀུན་གྱི་མཐའ་ལ་གནས། །ཞེས་པའོ། །ངེས་པར་འབྱུང་བ་ཐམས་ཅད་ཀྱི་རང་གི་ངོ་བོ་ཉིད་ཀྱི་ཁྱད་པར་ཐུགས་སུ་ཆུད་པས་ན། ངེས་པར་འབྱུང་བ་ཀུན་ལ་མཁས། ཞེས་བྱའོ། །ངེས་པར་ 63-1-259a འབྱུང་བའི་ལམ་ཐམས་ཅད་ལ་ཞུགས་པའི་ཚུལ་གྱིས་ལམ་དེ་ལ་འཇུག་པར་མཛད་པས་ན། ངེས་འབྱུང་ཀུན་གྱི་ལམ་ལ་གནས། །ཞེས་བྱའོ། །ཐེག་པ་གཅིག་གིས་ལམ་སྟོན་པར་མཛད་ཀྱང་རིམ་གྱིས་འདུལ་བའི་སེམས་ཅན་གྱི་ངོ་བོར་ཐེག་པ་ཐམས་ཅད་སྟོན་པར་མཛད་ པས་ན། ངེས་པར་འབྱུང་བ་ཀུན་སྟོན་པ། །ཞེས་བྱའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱི་མཚན་ཉིད་ཅན་གྱི་སྲིད་པ་མིང་གཞན་དུ་ན་འཁོར་བ་ཞེས་ཀྱང་བྱ་བ་དངོས་པོ་མེད་པ་ཉིད་དུ་རབ་ཏུ་བསྟན་པས་མི་སྣང་བར་མཛད་པས་ན། ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །ཞེས་བྱ་ སྟེ། སྐྱེ་བ་མེད་པ་ལ་ནི་རྩ་ནས་བཏོན་པ་མི་སྲིད་དོ། །དེ་ཡང་འཕགས་པ་ས་བཅུ་པའི་མདོ་ལས། རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱི་འཇུག་པ་དང་། ལྡོག་པའི་རྒྱུ་ཉིད་རྒྱ་ཆེར་གསུངས་པ་དེ་བརྗོད་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་སྨྲས་པ། ཀྱེ་རྒྱལ་བའི་སྲས་ དག་དེ་ལྟར་བྱང་ཆུབ་སེམས་དཔའི་ས་ལྔ་པ་ལ་སའི་ལམ་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་དེ་ནི་བྱང་ཆུབ་སེམས་དཔའ་ས་དྲུག་པ་ལ་འཇུག་གོ། །དེ་ཆོས་མཉམ་པ་ཉིད་བཅུས་འཇུག་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་མཚན་མ་མེད་པ་མཉམ་པ་ཉིད་དང་། ཆོས་ཐམས་ ཅད་ཀྱི་མཚན་ཉིད་མེད་པ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་མི་སྐྱེ་བ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་མ་བྱུང་བ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་དབེན་པ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་སྔ་ནས་རྣམ་པར་དག་པ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་སྤྲོས་པ་མེད་པ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་བླང་བ་དང་། དོར་བ་མེད་པ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་དང་མིག་ཡོར་དང་། སྒྲ་བརྙན་དང་། ཆུའི་ཟླ་བ་དང་གཟུགས་བརྙན་དང་སྤྲུལ་པ་དང་མཚུངས་པ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་དངོས་པོ་ཡོད་པ་དང་། དངོས་པོ་མེད་པ་དང་གཉི་ག་མ་ཡིན་ པ་མཉམ་པ་ཉིད་དེ། ཀྱེ་རྒྱལ་བའི་སྲས་དག་ཆོས་མཉམ་པ་ཉིད་བཅུ་པོ་འདི་དག་གིས་བྱང་ཆུབ་སེམས་དཔའ་ས་དྲུག་པ་ལ་འཇུག་གོ། །དེ་ཆོས་ཐམས་ཅད་ལ་རང་བཞིན་དེ་འདྲ་བར་རབ་ཏུ་རྟོག་ཅིང་དཔྱོད་པ་དང་མཐུན་པར་སེམས་ཤིང་མི་ཕྱེད་པས་བྱང་ཆུབ་སེམས་དཔའི་ས་དྲུག་པ་ལ་མཐུན་པའི་བཟོད་པ་རྣོན་ 63-1-259b པོས་འཐོབ་སྟེ། འོན་ཀྱང་ད་དུང་མི་སྐྱེ་བའི་ཆོས་ལ་བཟོད་པ་མངོན་དུ་གྱུར་པ་ནི་ཐོབ་པ་མ་ཡིན་ནོ། །དེ་ཆོས་ཐམས་ཅད་ལ་རང་བཞིན་དེ་ལྟར་རྟོག་པའི་ཚེ་དེ་བས་ཀྱང་སྙིང་རྗེ་ཆེན་པོ་སྔོན་དུ་བཏང་བ་དང་། སྙིང་རྗེ་ཆེན་པོ་ལ་དབང་བསྐུར་བ་དང་། སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འཇིག་རྟེན་ འབྱུང་བ་དང་འཇིག་རྟེན་པ་ལ་རྣམ་པར་ལྟའོ། །དེ་འཇིག་རྟེན་འབྱུང་བ་དང་འཇིག་པ་ལ་ལྟ་བའི་ཚེ་འདི་སྙམ་སྟེ། འཇིག་རྟེན་ཀུན་ཏུ་རྒྱུ་བའི་སྐྱེ་བོ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་བདག་ཏུ་མངོན་པར་ཞེན་པ་ལས་འབྱུང་སྟེ། བདག་ཏུ་མངོན་པར་ཞེན་པ་དང་བྲལ་ན། འབྱུང་བ་ཡང་མེད་པར་འགྱུར་རོ། །བྱིས་ པའི་བློ་ཅན་བདག་ཏུ་མངོན་པར་ཞེན་པ་མི་ཤེས་པའི་རབ་རིབ་ཀྱིས་སྒྲིབ་པ་ཡོད་པ་དང་མེད་པ་དང་མངོན་པར་མོས་པ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ལ་གཞོལ་བས་ཡང་དག་པ་མ་ཡིན་པར་རབ་ཏུ་ཞུགས་པ་ལོག་པའི་རྗེས་སུ་འབྲང་བ་དེ་དག་ནི་བསོད་ནམས་དང་། བསོད་ནམས་མ་ཡིན་པའི་འདུ་བྱེད་ཉེ་བར་སྩོགས་ ཏེ། འདུ་བྱེད་དེ་དག་གིས་ཡོངས་སུ་བསྒོས་པའི་སེམས་ཀྱི་ས་བོན་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་ནི་མ་འོངས་པའི་སྐྱེ་བ་དང་རྒ་ཤི་དང་ཡང་སྲིད་པ་མངོན་པར་འགྲུབ་པ་འབྱུང་བར་ཉེ་བར་སོང་བ་ཡིན་ཏེ། ལས་ཀྱི་ཞིང་གི་གཞི་དང་། མ་རིག་པའི་མུན་པ་དང་། སྲིད་པའི་སྣུམ་དང་། ངའི་ང་རྒྱལ་ གྱིས་བརླན་པའི་ལྟ་བའི་རྣམ་པ་དང་། དྲན་པ་རབ་ཏུ་འཕེལ་བས་མིང་དང་གཟུགས་ཀྱི་མྱུ་གུ་འབྱུང་སྟེ། བྱུང་ནས་རྣམ་པར་འཕེལ་ལོ། །མིང་དང་གཟུགས་ཀྱི་མྱུ་གུ་རྣམ་པར་འཕེལ་ནས་དབང་པོ་ལྔ་འབྱུང་བར་འགྱུར་རོ། །དབང་པོ་ལྔ་བྱུང་ནས་ཕན་ཚུན་འདུས་ཤིང་ཕྲད་པས་རེག་པར་འགྱུར་རོ། །རེག་པ་འདུས་པས་ ཚོར་བར་འབྱུང་ངོ་། །ཚོར་ནས་དེའི་རྗེས་སུ་མངོན་པར་སྨོན་པས་སྲེད་པར་འབྱུང་ངོ་། །སྲེད་པས་ནི་ཉེ་བར་ལེན་པ་རྣམ་པར་འཕེལ་བར་བྱེད་དོ། །ཉེ་བར་ལེན་པ་རྣམ་པར་འཕེལ་བ་ལས་སྲིད་པ་འབྱུང་བར་འགྱུར་རོ། །སྲིད་པ་བྱུང་ནས་ཕུང་པོ་ལྔ་འབྱུང་བར་འགྱུར་ཏེ་ཕུང་པོ་ལྔ་བྱུང་ནས་ལམ་གྱི་རྒྱུད་ལྔར་རིམ་ གྱིས་དེངས་པར་འགྱུར་རོ། །དེ་དེངས་ནས་འབྲལ་བར་འགྱུར་ཏེ། དེངས་ཤིང་བྲལ་བ་མི་དགའ་ཞིང་ཡོངས་སུ་གདུང་བར་འགྱུར་རོ། །མི་དགའ་བ་དང་ཡོངས་སུ་གདུང་བའི་རྒྱུས་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་འབྱུང་བར་འགྱུར་ཡང་ 63-1-260a དེ་དག་ལ་སུ་ཡང་འབྱུང་བར་བྱེད་པ་མེད་དོ། །རང་བཞིན་དང་ལྷུན་གྱིས་གྲུབ་པར་འཇིག་པར་འགྱུར་ཡང་དེ་དག་ལ་འཇིག་པར་བྱེད་པ་སུ་ཡང་མེད་དོ་ཞེས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུགས་སུ་མཐུན་པར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རབ་ཏུ་རྟོག་གོ། །འདི་སྙམ་དུ་ སེམས་ཏེ། བདེན་པ་མངོན་པར་མི་ཤེས་པ་ནི་ཡང་དག་པ་མ་རིག་པ་སྟེ། མ་རིག་པས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་ནི་འདུ་བྱེད་རྣམས་སོ། །འདུ་བྱེད་ལ་གནས་པའི་སེམས་དང་པོ་ནི་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པ་དང་ལྷན་ཅིག་ཏུ་སྐྱེས་པའི་ཉེ་བར་ལེན་པའི་ཕུང་པོ་བཞི་ནི་མིང་དང་གཟུགས་སོ། །མིང་ དང་གཟུགས་རྣམ་པར་ཕེལ་བ་ནི་དྲུག་གི་སྐྱེ་མཆེད་དོ། །དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་གསུམ་ཕྲད་པ་ཟག་པ་དང་བཅས་པ་ནི་རིག་པའོ། །རེག་པའི་རྗེས་ལས་སྐྱེས་པ་ནི་ཚོར་བའོ། །ཚོར་བ་ལ་ཆགས་པ་ནི་སྲིད་པའོ། །སྲེད་པར་རྣམ་པར་འཕེལ་བ་ནི་ཉེ་བར་ལེན་པའོ། །ཉེ་བར་ལེན་པ་ལས་བྱུང་ བའི་ལས་ཟག་པ་དང་བཅས་པ་ནི་སྲིད་པའོ། །ལས་དང་རྒྱུ་མཐུན་པའི་འབྲས་བུ་ནི་སྐྱེ་བའོ། །སྐྱེ་བ་ནི་ཕུང་པོ་འབྱུང་བའོ། །ཕུང་པོ་ཡོངས་སུ་སྨིན་པ་ནི་རྒ་བའོ། །རྒས་ནས་ཕུང་པོ་འཇིག་པ་ནི་འཆི་བའོ། །འཆི་ཞིང་འབྲལ་བའི་ཚེ་མྱོས་ཤིང་ཆགས་པར་འགྱུར་བའི་སེམས་ལ་ཡོངས་སུ་གདུང་བ་ནི་མྱ་ངན་ནོ། ། མྱ་ངན་ལས་བྱུང་བའི་ཚིག་ཏུ་བརྗོད་པ་ནི་སྨྲེ་སྔགས་འདོན་པའོ། །དབང་པོ་ལྔའི་ཉམས་སུ་བབ་པ་ནི་སྡུག་བསྔལ་བའོ། །ཡིད་ཀྱིས་ལྟ་བའི་ཉམས་སུ་བབ་པ་ནི་ཡིད་མི་བདེ་བའོ། །སྡུག་བསྔལ་དང་ཡིད་མི་བདེ་བ་མང་པོ་འབྱུང་བ་ནི་འཁྲུག་པ་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་དང་། སྡུག་ བསྔལ་གྱི་སྡོང་པོ་འབའ་ཞིག་བྱེད་པ་པོ་དང་ཚོར་བ་པོ་མེད་པར་མངོན་པར་འགྲུབ་པར་འགྱུར་རོ། །དེ་འདི་སྙམ་དུ་སྟེ། བྱེད་པ་པོ་ལ་མངོན་པར་ཆགས་པས་ལས་རྣམས་ཡོད་པར་གྱུར་ཏོ། །གང་ན་བྱེད་པ་པོ་མེད་པ་དེ་ནི་དོན་དམ་པར་ན་ལས་ཀྱང་མི་དམིགས་སོ། །དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ཁམས་ གསུམ་པ་འདི་དག་སེམས་ཙམ་སྟེ། གང་འདི་སྲིད་པའི་ཡན་ལག་བཅུ་གཉིས་དེ་བཞིན་གཤེགས་པས་རབ་ཏུ་ཕྱེ་སྟེ་བཀའ་སྩལ་པ་དེ་དག་ཐམས་ཅད་ཀྱང་སེམས་གཅིག་ལ་གནས་པ་དག་གོ། །དེ་ཅིའི་ཕྱིར་ཞེ་ན། དངོས་པོ་གང་ལ་འདོད་ཆགས་དང་ལྡན་པའི་སེམས་བསྐྱེད་པ་དེ་ནི་རྣམ་པར་ཤེས་པའོ། །དངོས་ 63-1-260b པོ་ནི་འདུ་བྱེད་དོ། །འདུ་བྱེད་ལ་མགོ་རྨོངས་པ་ནི་མ་རིག་པའོ། །མ་རིག་པའི་སེམས་དང་ལྷན་ཅིག་སྐྱེས་པ་ནི་མིང་དང་གཟུགས་སོ། །མིང་དང་གཟུགས་དང་རྣམ་པར་འཕེལ་བ་ནི་དྲུག་གི་སྐྱེ་མཆེད་དོ། །དྲུག་གི་སྐྱེ་མཆེད་དང་འབྲེལ་པ་ནི་རེག་པའོ། །རེག་པ་དང་ལྷན་ཅིག་སྐྱེས་པ་ནི་ཚོར་བའོ། །ཚོར་བས་མི་ ངོམས་པ་དེ་སྲེད་པའོ། །སྲེད་པས་མནར་ཏེ་སྡུག་ཅིང་མི་གཏོང་བ་ནི་ཉེ་བར་ལེན་པའོ། །སྲེད་པའི་ཡན་ལག་འབྱུང་བ་འདི་དག་ནི་སྲིད་པའོ། །སྲིད་པ་འབྱུང་བ་ནི་སྐྱེ་བའོ། །སྐྱེ་བ་ཡོངས་སུ་སྨིན་པ་ནི་རྒ་བའོ། །རྒ་བ་དང་བྲལ་བ་ནི་འཆི་བའོ། །དེ་ལ་མ་རིག་པ་ནི་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། སེམས་ ཅན་རྣམས་ཀྱང་དམིགས་པ་ལ་རྨོངས་པར་བྱེད་དོ། །འདུ་བྱེད་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་ཏོ། །འདུ་བྱེད་རྣམས་ཀྱང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། མ་འོངས་པའི་རྣམ་པར་སྨིན་པ་ཡང་མངོན་པར་གྲུབ་པར་བྱེད་དོ། །རྣམ་པར་ཤེས་པ་མངོན་པར་གྲུབ་པའི་རྒྱུ་ཡང་འབྱིན་ཏོ། །རྣམ་པར་ཤེས་པའང་ བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། སྲིད་པའི་ཉིང་གི་མཚམས་ཀྱང་སྦྱོར་རོ། །མིང་དང་གཟུགས་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་ཏོ། །མིང་དང་གཟུགས་ཀྱང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། ཕན་ཚུན་ཉེ་བར་སྟོན་པ་ཡང་བྱེད་དོ། །སྐྱེ་མཆེད་དྲུག་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་ཏོ། །དྲུག་ གི་སྐྱེ་མཆེད་ཀྱང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། རང་གི་ཡུལ་རྣམ་པར་ཕྱེ་བ་སྟོན་ཏོ། །རེག་པ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་ཏོ། །རེག་པ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། དམིགས་པ་ལ་རེག་པར་ཡང་བྱེད་དོ། །ཚོར་བ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་ཏོ། །ཚོར་བ་ཡང་བྱ་ བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བ་དང་། གཉིས་ཀ་མ་ཡིན་པར་ཚོར་བ་སྐྱེད་དོ། །སྲེད་པ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་ཏོ། །སྲེད་པ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། ཆགས་པར་འགྱུར་བའི་དངོས་པོ་ལ་མངོན་པར་ཆགས་པར་ཡང་བྱེད་དོ། ། ཉེ་བར་ལེན་པའི་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་ཏོ། །ཉེ་བར་ལེན་པ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། ཀུན་ནས་ཉོན་མོངས་པས་འཆིང་བར་ཡང་བྱེད་དོ། །སྲིད་པ་མངོན་པར་འབྱུང་བའི་རྒྱུ་ཡང་འབྱིན་ཏོ། །སྲིད་པ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། སྲིད་པའི་རྒྱུ་གཞན་དུ་ 63-1-261a ཡང་གནས་པར་བྱེད་དོ། །སྐྱེ་བ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་ཏོ། །སྐྱེ་བ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། ཕུང་པོ་འབྱུང་བར་ཡང་བྱེད་དོ། །རྒ་བ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་ཏོ། །རྒ་བ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། དངོས་པོ་ཡོངས་ སུ་འགྱུར་བར་ཡང་བྱེད་དོ། །འཆི་བར་འགྱུར་བའི་རྒྱུ་ཡང་འབྱིན་ཏོ། །འཆི་བ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། འདུ་བྱེད་འཇིག་པར་ཡང་བྱེད་དོ། །ཡོངས་སུ་མ་ཤེས་པ་རྒྱུན་མི་འཆད་པའི་རྒྱུ་ཡང་འབྱིན་ཏོ། །དེ་ལ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སོ་ཞེས་བྱ་བ་ནི་མ་རིག་པའི་རྐྱེན་གྱིས་འདུ་ བྱེད་རྣམས་རྒྱུན་མི་འཆད་ཅིང་རྟོན་པའོ། །འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པའོ་ཞེས་བྱ་བ་ནི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་རྒྱུན་མི་འཆད་ཅིང་རྟོན་པའོ། །རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་རྒྱུན་མི་འཆད་ཅིང་རྟོན་པའོ། །མིང་ དང་གཟུགས་ཀྱི་རྐྱེན་གྱིས་དྲུག་གི་སྐྱེ་མཆེད་ཅེས་བྱ་བ་ནི་མིང་དང་གཟུགས་ཀྱི་རྐྱེན་གྱིས་དྲུག་གི་སྐྱེ་མཆེད་རྒྱུན་མི་འཆད་ཅིང་རྟོན་པའོ། །དྲུག་གི་སྐྱེ་མཆེད་ཀྱི་རྐྱེན་གྱིས་རེག་པའོ་ཞེས་བྱ་བ་ནི་དྲུག་གི་སྐྱེ་མཆེད་ཀྱི་རྐྱེན་གྱིས་རེག་པ་རྒྱུན་མི་འཆད་ཅིང་རྟོན་པའོ། །རེག་པའི་ རྐྱེན་གྱིས་ཚོར་བ་རྒྱུན་མི་འཆད་ཅིང་རྟོན་པའི། ཚོར་བའི་རྐྱེན་གྱིས་སྲེད་པའོ་ཞེས་བྱ་བ་ནི་ཚོར་བའི་རྐྱེན་གྱིས་སྲེད་པ་རྒྱུན་མི་འཆད་ཅིང་རྟོན་པའོ། །སྲེད་པའི་རྐྱེན་གྱིས་ཉེ་བར་ལེན་པའོ་ཞེས་བྱ་བ་ནི་སྲེད་པའི་རྐྱེན་གྱིས་ཉེ་བར་ལེན་པ་རྒྱུན་མི་འཆད་ཅིང་རྟོན་པའོ། །ཉེ་བར་ལེན་པའི་རྐྱེན་གྱིས་སྲིད་པའོ་ཞེས་བྱ་བ་ ནི་ཉེ་བར་ལེན་པའི་རྐྱེན་གྱིས་སྲིད་པ་རྒྱུན་མི་འཆད་ཅིང་རྟོན་པའོ། །སྲིད་པའི་རྐྱེན་གྱིས་སྐྱེ་བའོ་ཞེས་བྱ་བ་ནི་སྲིད་པའི་རྐྱེན་གྱིས་སྐྱེ་བ་རྒྱུན་མི་འཆད་ཅིང་རྟོན་པའོ། །སྐྱེ་བའི་རྐྱེན་གྱིས་རྒ་ཤིའོ་ཞེས་བྱ་བ་ནི་སྐྱེ་བའི་རྐྱེན་གྱིས་རྒ་ཤི་རྒྱུན་མི་འཆད་ཅིང་རྟོན་པའོ། །མ་རིག་པ་འགགས་པས་འདུ་བྱེད་རྣམས་འགག་གོ་ ཞེས་བྱ་བ་ནི་མ་རིག་པའི་རྐྱེན་མེད་པས་འདུ་བྱེད་རྣམས་ཉེ་བར་ཞི་ཞིང་རྟོན་པ་མེད་པའོ། །དེ་བཞིན་དུ་ཇི་སྲིད་སྐྱེ་བའི་རྐྱེན་གྱིས་རྒ་ཤི་འགག་གོ་ཞེས་བྱ་བ་ནི་སྐྱེ་བའི་རྐྱེན་མེད་པས་སྐྱེ་བ་ཉེ་བར་ཞི་ཞིང་རྟོན་པ་མེད་པའོ། །དེ་ལྟར་ཐབས་དང་བཅས་པའི་ཤེས་རབ་ཀྱི་སྟོབས་ཀྱིས་ཡན་ལག་བཅུ་གཉིས་ཅན་གྱི་སྲིད་པའི་ 63-1-261b དངོས་པོ་རྣམ་པར་བསྒོམ་པའི་བློ་གྲོས་མངའ་བས་ཤིན་ཏུ་རྣམ་པར་དག་པའི་དེ་བཞིན་ཉིད་ཀྱིས་སྲིད་པའི་ཡན་ལག་འཛིན་པར་མཛད་པས་ན། དག་པ་རྣམ་པ་བཅུ་གཉིས་འཆང་། །ཞེས་བྱ་སྟེ། དེའི་བདག་ཉིད་ཀྱིས་གནས་པ་ཉིད་འཆང་བ་ཡིན་གྱི། གཟུང་བ་དང་འཛིན་པའི་དངོས་པོ་ནི་མ་ཡིན་ནོ། ། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་ལམ་གྱི་མཚན་ཉིད་ཅན་གྱི་བདེན་པ་ནི་རྣམ་པ་བཞིས་ཆོས་ཐམས་ཅད་ཁྲིད་པར་མཛད་པས་ན་བདེན་པ་བཞིའི་ཚུལ་ཏེ་གཞུང་ལུགས་ཀྱི་ལམ་མོ། །དེ་སྟོན་ཅིང་རྣམ་པ་སྣ་ཚོགས་པས་འཆད་པར་མཛད་པའམ་འདིས་འཇོམས་པར་མཛད་པས་ན། བདེན་བཞིའི་ ཚུལ་གྱིས་རྣམ་པ་ཅན། །ཞེས་བྱའོ། །སྡུག་བསྔལ་ལ་ཆོས་ཤེས་པ་དང་། སྡུག་བསྔལ་ལ་རྗེས་སུ་རྟོགས་པ་ཤེས་པ་དང་། ཀུན་འབྱུང་ལ་ཆོས་ཤེས་པ་དང་། ཀུན་འབྱུང་ལ་རྗེས་སུ་རྟོགས་པ་ཤེས་པ་དང་། འགོག་པ་ལ་ཆོས་ཤེས་པ་དང་། འགོག་པ་ལ་རྗེས་སུ་རྟོགས་པ་ཤེས་པ་དང་། ལམ་ལ་ ཆོས་ཤེས་པ་དང་། ལམ་ལ་རྗེས་སུ་རྟོགས་པ་ཤེས་པ་ཞེས་བྱ་བའི་ཤེས་པ་བརྒྱད་པོ་ཉན་ཐོས་དང་། རང་སངས་རྒྱས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་གདུལ་བྱ་དང་རྗེས་སུ་མཐུན་པར་ཐུགས་སུ་ཆུད་ཅིང་མི་མཐུན་པ་མེད་པའི་དོན་ཁོང་དུ་ཆུད་པར་འཛིན་པར་མཛད་པས་ན། ཤེས་པ་བརྒྱད་ པོ་རྟོགས་པ་འཆང་། །ཞེས་བྱའོ། །གླེགས་བམ་ལ་ལས་ནི། བདེན་བཞིའི་ཚུལ་དང་འདྲ་བ་ཡི། །ཤེས་པ་བརྒྱད་པོ་རྟོགས་པ་འཆང་། །ཞེས་ཟེར་ཏེ། དེ་ལ་བདེན་པ་བཞིའི་ཚུལ་ཉན་ཐོས་ལ་སོགས་པ་དང་རྗེས་སུ་མཐུན་པས་རྣམ་པ་བཅུ་དྲུག་ཏུ་བྱ་བ་ནི་བདེན་པ་བཞིའི་ཚུལ་གྱིས་རྣམ་པ་སྟེ། མི་བདེན་ པའི་རྣམ་པ་བཅུ་དྲུག་གཞག་པ་ལས་ཡོངས་སུ་དྲང་བའི་ཚུལ་གྱིས་མི་རྟག་པ་ལ་སོགས་པའི་རྣམ་པ་ཇི་ལྟ་བ་བཞིན་དུ་བསྒོམས་པས་བཟོད་པ་བརྒྱད་དང་ཤེས་པ་བརྒྱད་འབྱུང་བར་འགྱུར་ཏེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་ཆོས་ཤེས་པ་དང་། སྡུག་བསྔལ་ལ་རྗེས་སུ་ཆོས་ ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་རྗེས་སུ་ཆོས་ཤེས་པ་དང་། ཀུན་འབྱུང་བ་ལ་ཆོས་ཤེས་པའི་བཟོད་པ་དང་། ཀུན་འབྱུང་ལ་ཆོས་ཤེས་པ་དང་། ཀུན་འབྱུང་ལ་རྗེས་སུ་ཆོས་ཤེས་པའི་བཟོད་པ་དང་། ཀུན་འབྱུང་ལ་རྗེས་སུ་ཆོས་ཤེས་པ་དང་། འགོག་པ་ལ་ཆོས་ཤེས་པའི་བཟོད་པ་དང་། 63-1-262a འགོག་པ་ལ་ཆོས་ཤེས་པ་དང་། འགོག་པ་ལ་རྗེས་སུ་ཆོས་ཤེས་པའི་བཟོད་པ་དང་། འགོག་པ་ལ་རྗེས་སུ་ཆོས་ཤེས་པ་དང་། ལམ་ལ་ཆོས་ཤེས་པའི་བཟོད་པ་དང་། ལམ་ལ་ཆོས་ཤེས་པ་དང་། ལམ་ལ་རྗེས་སུ་ཆོས་ཤེས་པའི་བཟོད་པ་དང་། ལམ་ལ་རྗེས་སུ་ཆོས་ ཤེས་པ་ཞེས་བྱ་བའི་རིམ་པ་ཐུགས་སུ་ཆུད་ཅིང་སྟོན་པས་དྲི་མ་མེད་པའི་རྟོགས་པ་འཆད་པར་མཛད་པས་ན། བདེན་བཞིའི་ཚུལ་དང་འདྲ་བ་ཡི། །ཤེས་པ་བརྒྱད་པོ་རྟོགས་པ་འཆང་། །ཞེས་བྱའོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ཀྱི་རྣམ་པས་བདེན་པ་ལ་འཇུག་པའི་ཡེ་ཤེས་ཀྱིས་སྐྱེ་མཆེད་ བཅུ་གཉིས་རྣམ་པར་དག་ནས་ས་བཅུ་གཉིས་ཀྱི་མཐར་ཐུག་པའི་བདེ་བའི་དགོངས་པ་དང་ལྡན་པས། བདེན་དོན་རྣམ་པ་བཅུ་གཉིས་ལྡན། །ཞེས་བྱའོ། །དེ་ཉིད་རྣམ་པ་བཅུ་དྲུག་ནི་སྟོང་པ་ཉིད་བཅུ་དྲུག་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉི་ཁྲི་ལྔ་སྟོང་པ་ཞེས་བྱ་བ་ཐེག་པ་ཆེན་པོ་སྟོན་པ་ལས་གསུངས་ ཏེ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་འདི་ལྟ་སྟེ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ། དེ་ལ་ནང་སྟོང་པ་ཉིད་ གང་ཞེ་ན། ནང་གི་ཆོས་ཞེས་བྱ་བ་ནི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་ཡིད་དེ། དེ་ལ་མི་རྟག་མི་འཇིག་པའི་ཕྱིར་མིག་ནི་མིག་གིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །མི་རྟག་མི་འཇིག་པའི་ཕྱིར་རྣ་བ་དང་། རྣ་དང་། ལྕེ་དང་། ལུས་དང་། ཡིད་ནི་ཡིད་ ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་ནང་སྟོང་པ་ཉིད་དོ། །དེ་ལ་ཕྱི་སྟོང་པ་ཉིད་གང་ཞེ་ན། ཕྱིའི་ཆོས་ཞེས་བྱ་བ་ནི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་རྣམས་ཏེ། དེ་ལ་མི་རྟག་མི་འཇིག་པའི་ཕྱིར་གཟུགས་གཟུགས་ཀྱིས་སྟོང་ངོ་། ། 63-1-262b དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་མི་རྟག་མི་འཇིག་པའི་ཕྱིར་སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་ཆོས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་ཕྱི་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཕྱི་ནང་སྟོང་པ་ཉིད་གང་ཞེ་ན། ནང་གི་ མཆེད་དྲུག་དང་། ཕྱིའི་སྐྱེ་མཆེད་དྲུག་པོ་འདི་དག་ནི་ཕྱི་ནང་གི་ཆོས་ཞེས་བྱ་སྟེ། དེ་ལ་མི་རྟག་མི་འཇིག་པའི་ཕྱིར་ནང་གི་ཆོས་རྣམས་ཕྱིའི་ཆོས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །ཕྱིའི་ཆོས་རྣམས་ནང་གི་ཆོས་རྣམས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་ པའི་ཕྱིར་ཏེ། འདི་ནི་ཕྱི་ནང་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་སྟོང་པ་ཉིད་སྟོང་པ་ཉིད་གང་ཞེ་ན། མི་རྟག་མི་འཇིག་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་གང་ཡིན་པའི་སྟོང་པ་ཉིད་དེས་སྟོང་པ་ཉིད་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱའོ། །དེ་ ལ་ཆེན་པོ་སྟོང་པ་ཉིད་གང་ཞེ་ན། མི་རྟག་མི་འཇིག་པའི་ཕྱིར་ཤར་ཕྱོགས་ཤར་ཕྱོགས་ཀྱིས་སྟོང་ངོ་། །ལྷོ་ཕྱོགས་ལྷོ་ཕྱོགས་ཀྱིས་སྟོང་ངོ་། །ནུབ་ཕྱོགས་ནུབ་ཕྱོགས་ཀྱིས་སྟོང་ངོ་། །བྱང་ཕྱོགས་བྱང་ཕྱོགས་ཀྱིས་སྟོང་ངོ་། །འོག་གི་ཕྱོགས་འོག་གི་ཕྱོགས་ཀྱིས་སྟོང་ངོ་། །སྟེང་གི་ཕྱོགས་སྟེང་གི་ཕྱོགས་ཀྱིས་ སྟོང་ངོ་། །ཕྱོགས་མཚམས་རྣམས་ཕྱོགས་མཚམས་རྣམས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་ཆེན་པོ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་དོན་དམ་པ་སྟོང་པ་ཉིད་གང་ཞེ་ན། དོན་དམ་པ་ནི་མྱ་ངན་ལས་འདས་པ་སྟེ། མི་རྟག་མི་འཇིག་པའི་ཕྱིར་མྱ་ངན་ལས་འདས་ པ་དེ་ཡང་མྱ་ངན་ལས་འདས་པས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་དོན་དམ་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་འདུས་བྱས་སྟོང་པ་ཉིད་གང་ཞེ་ན། འདུས་བྱས་ཞེས་བྱ་བ་ནི་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཏེ། དེ་ལ་མི་རྟག་མི་འཇིག་པའི་ཕྱིར་འདོད་པའི་ཁམས་འདོད་པའི་ཁམས་ཀྱིས་སྟོང་ངོ་། །གཟུགས་ཀྱི་ཁམས་གཟུགས་ཀྱི་ཁམས་ཀྱིས་སྟོང་ངོ་། །གཟུགས་མེད་པའི་ཁམས་གཟུགས་མེད་པའི་ཁམས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་འདུས་བྱས་སྟོང་པ་ཉིད་ 63-1-263a ཅེས་བྱའོ། །དེ་ལ་འདུས་མ་བྱས་སྟོང་པ་ཉིད་གང་ཞེ་ན། འདུས་མ་བྱས་ཞེས་བྱ་བ་ནི་གང་ལ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། གནས་པ་ལས་གཞན་དུ་འགྱུར་བ་མེད་པ་འདི་ནི་འདུས་མ་བྱས་ཞེས་བྱ་སྟེ། མི་རྟག་མི་འཇིག་པའི་ཕྱིར་འདུས་མ་བྱས་འདུས་མ་བྱས་ཀྱིས་སྟོང་ངོ་། །དེ་ཅིའི་ ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་འདུས་མ་བྱས་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་མཐའ་ལས་འདས་པ་སྟོང་པ་ཉིད་གང་ཞེ་ན། གང་ལ་མཐའ་མི་དམིགས་པ་དེ་ནི་མཐའ་ལས་འདས་པ་སྟེ། མི་རྟག་མི་འཇིག་པའི་ཕྱིར་མཐའ་ལས་འདས་པ་མཐའ་ལས་འདས་པས་སྟོང་ངོ་། །དེ་ཅིའི་ཕྱིར་ ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་མཐའ་ལས་འདས་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་གང་ཞེ་ན། གང་ལ་ཐོག་མ་མི་དམིགས་ཤིང་ཐ་མ་ཡང་མི་དམིགས་པ་དེ་ལ་འགྲོ་བ་མི་དམིགས་འོང་བ་ཡང་མི་དམིགས་ཏེ། མི་རྟག་མི་འཇིག་པའི་ཕྱིར་ཐོག་མ་དང་། ཐ་མ་མེད་པ་ཐོག་མ་དང་ཐ་མ་མེད་པས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་དོར་བ་མེད་པ་སྟོང་པ་ཉིད་གང་ཞེ་ན། གང་ལ་གང་ཡང་དོར་བ་མེད་པ་སྟེ། མི་རྟག་མི་འཇིག་པའི་ཕྱིར་དོར་བ་མེད་པས་སྟོང་ངོ་། །དེ་ཅིའི་ཕྱིར་ ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་དོར་བ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་རང་བཞིན་སྟོང་པ་ཉིད་གང་ཞེ་ན། འདུས་བྱས་སམ་འདུས་མ་བྱས་ཀྱང་རུང་སྟེ། ཆོས་ཐམས་ཅད་ཀྱི་རང་བཞིན་གང་ཡིན་པ་དེ་ནི་ཉན་ཐོས་རྣམས་ཀྱིས་མ་བྱས། རང་སངས་རྒྱས་རྣམས་ཀྱིས་མ་བྱས། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་མ་བྱས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་མ་བྱས་ཏེ། མི་རྟག་མི་འཇིག་པའི་ཕྱིར་རང་བཞིན་རང་བཞིན་གྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་རང་བཞིན་སྟོང་པ་ཉིད་ཅེས་ བྱའོ། །དེ་ལ་ཆོས་ཐམས་ཅད་སྟོང་པ་ཉིད་གང་ཞེ་ན། དེ་ལ་ཆོས་ཐམས་ཅད་ཅེས་པ་ནི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། 63-1-263b རེག་དང་། ཆོས་དང་། མིག་གི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། མིག་གི་འདུས་ཏེ་རེག་པ་དང་། རྣ་བའི་འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་ རེག་པ་དང་། ལྕེའི་འདུས་ཏེ་རེག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་དང་། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། གཟུགས་ཡོད་པའི་ཆོས་དང་། གཟུགས་མེད་པའི་ཆོས་དང་། འདུས་བྱས་ཀྱི་ཆོས་དང་། འདུས་མ་བྱས་ཀྱི་ཆོས་ཏེ། འདི་དག་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་མི་རྟག་མི་འཇིག་ པའི་ཕྱིར་ཆོས་ཐམས་ཅད་ཆོས་ཐམས་ཅད་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་རང་གི་མཚན་ཉིད་སྟོང་པ་ཉིད་གང་ཞེ་ན། གཟུགས་ནི་འཇིག་པའི་མཚན་ཉིད། ཚོར་བ་ནི་མྱོང་བའི་མཚན་ཉིད། འདུ་ཤེས་ནི་འཛིན་ པའི་མཚན་ཉིད། འདུ་བྱེད་ནི་མངོན་པར་འདུ་བྱེད་པའི་མཚན་ཉིད། རྣམ་པར་ཤེས་པ་ནི་རྣམ་པར་རིག་པའི་མཚན་ཉིད་དང་། མི་རྟག་མི་འཇིག་པའི་ཕྱིར་འདུས་བྱས་ཀྱི་ཆོས་རྣམས་ཀྱི་མཚན་ཉིད་གང་ཡིན་པ་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་མཚན་ཉིད་གང་ཡིན་པའི་རང་རང་གི་མཚན་ཉིད་དེ་དག་ གིས་ཆོས་དེ་དག་ཐམས་ཅད་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་མི་དམིགས་པ་སྟོང་པ་ཉིད་གང་ཞེ་ན། གང་ལ་འདས་པ་མི་དམིགས་པ་དང་། མ་འོངས་པ་མི་དམིགས་པ་དང་། ད་ལྟར་བྱུང་བའི་གནས་མི་ དམིགས་པ་སྟེ། མི་རྟག་མི་འཇིག་པའི་ཕྱིར་མི་དམིགས་པ་མི་དམིགས་པས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་མི་དམིགས་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གང་ཞེ་ན། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་ 63-1-264a འདུས་པའི་ངོ་བོ་ཉིད་མེད་དེ། མི་རྟག་མི་འཇིག་པའི་ཕྱིར་འདུས་པ་འདུས་པས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ་ཞེས་བྱ་བའི་སྟོང་པ་ཉིད་རྣམ་པ་བཅུ་དྲུག་གི་དེ་ཁོ་ན་ཉིད་མཁྱེན་པས་ན། དེ་ཉིད་ རྣམ་པ་བཅུ་དྲུག་རིག །ཅེས་བྱའོ། །དེ་ལ་གཞན་ཡང་སྟོང་པ་ཉིད་བཞི་དང་བཅས་པའི་སྟོང་པ་ཉིད་ཉི་ཤུའི་རྣམ་པ་ཐུགས་སུ་ཆུད་པས་ན། རྣམ་པ་ཉི་ཤུ་བྱང་ཆུབ་པ། །རྣམ་པར་སངས་རྒྱས་ཀུན་རིག་མཆོག །ཅེས་བྱ་སྟེ། དེ་ཡང་རབ་འབྱོར་གཞན་ཡང་དངོས་པོ་ནི་དངོས་པོས་སྟོང་ངོ་། །དངོས་པོ་མེད་པ་ནི་དངོས་ པོ་མེད་པས་སྟོང་ངོ་། །རང་བཞིན་ནི་རང་བཞིན་གྱིས་སྟོང་ངོ་། །གཞན་གྱི་དངོས་པོ་ནི་གཞན་གྱི་དངོས་པོས་སྟོང་ངོ་། །དེ་ལ་དངོས་པོ་དངོས་པོས་སྟོང་ཞེས་བྱ་བ་གང་ཞེ་ན། ཕུང་པོ་ལྔ་པོ་སྟེ། ཕུང་པོ་ལྔ་པོ་དེ་དག་ཀྱང་ཕུང་པོ་རྣམས་ཀྱིས་སྟོང་པས་དེ་ལྟར་ན། དངོས་པོ་དངོས་པོས་སྟོང་ངོ་། །ཇི་ལྟར་ན་དངོས་ པོ་མེད་པ་དངོས་པོ་མེད་པས་སྟོང་ཞེ་ན། དངོས་པོ་མེད་པ་ཞེས་བྱ་བ་ནི་འདུས་མ་བྱས་པ་སྟེ། འདུས་མ་བྱས་དེ་ཡང་འདུས་མ་བྱས་ཀྱིས་སྟོང་པས་དེ་ལྟར་ན་དངོས་པོ་མེད་པ་དངོས་པོ་མེད་པས་སྟོང་ངོ་། །ཇི་ལྟར་ན་རང་བཞིན་རང་བཞིན་གྱིས་སྟོང་ཞེ་ན། རང་བཞིན་ཞེས་བྱ་བ་ནི་ངོ་བོ་ཉིད་མ་ནོར་བ་སྟེ། དེ་ལ་ སྟོང་པ་ཉིད་གང་ཡིན་པ་དེ་ནི་ཤེས་པས་མ་བྱས་མཐོང་བས་མ་བྱས་ཏེ། འདི་ནི་རང་བཞིན་སྟོང་པ་ཉིད་དོ། །དེ་ལ་གཞན་གྱི་དངོས་པོ་སྟོང་པ་ཉིད་གང་ཞེ་ན། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་ཀྱི་གནས་ཉིད་དང་། ཆོས་ཉིད་དང་། ཆོས་ ཀྱི་དབྱིངས་དང་། ཆོས་སྐྱོན་མེད་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་ནི་དེ་བཞིན་ཉིད་དུ་གནས་པ་སྟེ། དེ་ལྟར་ཆོས་དེ་དག་གི་གཞན་གྱི་སྟོང་པ་གང་ཡིན་པ་དེ་ནི་གཞན་གྱི་དངོས་པོ་སྟོང་པ་ཉིད་ཅེས་བྱ་སྟེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །དེ་ལྟ་བུའི་རྣམ་པ་ཉི་ཤུའི་རྫོགས་པའི་བྱང་ཆུབ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་བྱང་ཆུབ་སེམས་དཔའི་ཚེ་བཅུ་དྲུག་གིས་སངས་རྒྱས་ཉིད་ཐོབ་བོ་ཞེས་གསུངས་པས་ན། བྱང་ཆུབ་སེམས་དཔའ་ 63-1-264b བཅུ་དྲུག་གི་རྣམ་པར་ཤེས་པ་ཡོངས་སུ་མཁྱེན་པའི་ཕྱིར། དེ་ཉིད་རྣམ་པ་བཅུ་དྲུག་རིག །ཅེས་བྱ་སྟེ། དེ་ཡང་དཔལ་རྡོ་རྗེ་སྙིང་པོའི་རྒྱན་ཞེས་བྱ་བའི་རྒྱུད་ལས། འགྲོ་ལ་ཡང་དག་སྤྲོ་བའི་སེམས། །བསྟན་ལ་སྙིང་པོ་ལེགས་བསྒོམས་ཤིང་། །སྟོང་ཉིད་དེ་ཉིད་ལས་བྱུང་བ། །རྡོ་རྗེ་སེམས་ དཔའ་དེ་བཤད་དོ། །འགྲོ་བ་ཐམས་ཅད་བཀུག་ནས་ནི། །སངས་རྒྱས་བྱང་ཆུབ་ལ་སྦྱོར་བ། །དོན་ཡོད་ཡེ་ཤེས་དག་པ་སྟེ། །རྡོ་རྗེ་རྒྱལ་པོ་མཆོག་ཏུ་བཤད། །རྡོ་རྗེ་ཆགས་པས་ཆགས་པ་ཡང་། །འགྲོ་བ་མ་ལུས་ལྷག་མ་མེད། །ངོ་བོ་ཉིད་ཀྱིས་བརྟན་གྱུར་པའི། །སེམས་དེ་ཆགས་པ་ཡིན་པར་ བཤད། །ཆོས་རྣམས་ངོ་བོ་ཉིད་ཀྱིས་ནི། །དབེན་ཞིང་དེ་བཞིན་གཉིས་མེད་པར། །གང་ཚེ་དག་པའི་བདག་ཉིད་མཐོང་། །དེ་ཚེ་འདི་ནི་ལེགས་པར་བཤད། །རྡོ་རྗེ་སེམས་དཔའ་བཞི་པོ་ཡི། །མིང་གི་བརྡར་བཏགས་སྦྱར་བ་ནི། །སངས་རྒྱས་ཀུན་དང་མཉམ་སྦྱར་བའི། །བདེ་མཆོག་མཆོག་གི་ དམ་པ་ཡིན། །ཁམས་གསུམ་པ་ཡི་རྒྱལ་པོ་ཆེ། །ཚོགས་གཉིས་ཡོངས་སུ་རྫོགས་པ་དང་། །ས་དང་ཕ་རོལ་ཕྱིན་མཆོག་མཆོག །རྡོ་རྗེ་དབང་བསྐུར་ལེགས་འབྱུང་བའི། །བདེ་གཤེགས་ཀུན་གྱི་ཡེ་ཤེས་ནི། །རྙོག་པ་མེད་ཅིང་འགྱུར་བ་མེད། །འོད་ཀྱི་དཀྱིལ་འཁོར་གཟི་བརྗིད་མཆོག ། བརྟན་ཞིང་རྟག་པར་གྱུར་པ་ཡིན། །ནམ་མཁའི་མཛོད་ནི་མཛོད་ཆེན་པོ། །ཆོས་རྣམས་ཀུན་ལ་དབང་བསྐུར་བ། །ཡིད་བཞིན་ནོར་བུ་རྡོ་རྗེ་འཆང་། །རྡོ་རྗེ་ཏོག་ནི་བླ་མེད་པའོ། །ཡེ་ཤེས་སྣང་བ་རིན་ཆེན་ཆེ། །ངོ་མཚར་ལ་སོགས་ངེས་པར་སྟོན། །དེ་བཞིན་གཤེགས་པ་ཀུན་གྱི་གསང་། །རྡོ་རྗེ་ བཤད་པ་ཞེས་བསྒྲགས་སོ། །བདག་མེད་ཆོས་ལ་ལེགས་པར་བྱུང་། །གཉིས་མེད་ཡེ་ཤེས་དམ་པ་སྟེ། །ཆོས་ཉིད་མཆོག་ཏུ་བསམ་མི་ཁྱབ། །རྡོ་རྗེ་ཆོས་སུ་དེ་བཤད་དོ། །རྡོ་རྗེ་བློ་ནི་སྣང་བ་ཆེ། །ཤེས་རབ་ཡེ་ཤེས་དྲི་མ་མེད། །ཟག་པ་མེད་པའི་ཤེས་རབ་ཆེ། །རྡོ་རྗེ་རྣོན་པོར་དེ་བཤད་དོ། ། སངས་རྒྱས་རྣམས་ཀྱི་ཆོས་འཁོར་ལོ། །གཉིས་མེད་ཐོབ་པའི་མཚན་ཉིད་ཅན། །རྟེན་འབྲེལ་ཡན་ལག་བཅུ་གཉིས་གྲགས། །རྡོ་རྗེ་རྒྱུ་ཞེས་གྲགས་པ་ཡིན། །སེམས་ཅན་སྐད་ཀྱིས་སྤྲོས་པའི་མཆོག །ཡུལ་རྣམས་དག་ནི་ངེས་གསུངས་པ། །སངས་རྒྱས་ཀུན་གྱིས་བཟླས་པ་ཆེ། །རྡོ་རྗེ་ 63-1-265a གསུང་དུ་དེ་བཤད་དོ། །སེམས་ཅན་ཀུན་དོན་ཡང་དག་འབྱོར། །སངས་རྒྱས་ཀུན་གྱི་མཆོག་ཆེན་པོ། །དང་པོའི་སྦྱོར་བ་དག་པ་ཆེ། །རྡོ་རྗེ་ལས་ཞེས་བྱ་བར་བཤད། །བླ་ན་མེད་པའི་བྱམས་པ་ཆེ། །བསྲུང་བ་ལས་ནི་བླ་མེད་པར། །དག་པའི་ཆོས་ནི་བརྩོན་འགྲུས་ ཆེ། །རྡོ་རྗེ་བསྲུང་བ་ཞེས་བཤད་དོ། །སངས་རྒྱས་སྐྱོབ་པ་ཐམས་ཅད་ཀྱི། །ཤེས་རབ་ཐབས་ཀྱི་ཁྲོ་བོ་ཆེ། །ཉོན་མོངས་ཐམས་ཅད་ཟ་བ་ཆེ། །རྡོ་རྗེ་གནོད་སྦྱིན་དུ་དེ་བཤད། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་ནི། །སྒྲིབ་པ་མེད་ཅིང་བླ་མེད་པ། །དེ་བཞིན་གཤེགས་པ་ཀུན་གྱིས་གསང་། །རྡོ་རྗེ་བསྡུས་པར་རྟག་ཏུ་ བཤད། །རྡོ་རྗེ་ཡེ་ཤེས་རྣལ་འབྱོར་ཆེ། །སངས་རྒྱས་ཀུན་གྱི་སྟོབས་ཆེན་པོ། །ཐོག་མ་ཐ་མ་མེད་ཞི་བ། །རིག་པའི་མཆོག་ཏུ་གནས་པ་ཡིན། །ཞེས་བྱ་བ་སྟེ་ཐུགས་ཀྱི་རབ་ཏུ་འཇུག་པའི་རིམ་པའི་དབྱེ་བས་རྣམ་པར་ཕྱེ་བ་ཡིན་གྱི། རྒྱུད་གཞན་ལ་སོ་སོར་སྣང་བས་ནི་ཕྱེ་བ་མ་ཡིན་ཏེ། མཐའ་ཡས་པའི་ རྣམ་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཡང་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་ནས་བརྩམས་ཏེ། ཇི་སྲིད་དུ་སངས་རྒྱས་ཀྱི་བར་དུ་སེམས་ཀྱི་རྒྱུན་གཅིག་གི་དབང་དུ་བྱས་ནས་རྣམ་པའི་དབྱེ་བ་རབ་ཏུ་གཞག་པ་ཡིན་ཏེ། དེ་ལ་དང་པོ་བདུད་དང་མུ་སྟེགས་ལ་སོགས་པས་མི་ཕྱེད་ཅིང་། བརྟན་པའི་བྱང་ཆུབ་ཀྱི་ སེམས་བསྐྱེད་པར་བྱའོ། །བྱང་ཆུབ་ཏུ་སེམས་ཡང་དག་པར་བསྐྱེད་ནས་ཐེག་པ་ཆེན་པོར་སེམས་ཅན་རྣམས་འཛུད་པར་བྱེད་དོ། །བཙུད་པ་རྣམས་འདི་ཉིད་ལ་རྗེས་སུ་ཆགས་པ་ཉིད་དུ་བྱའོ། །ཤིན་ཏུ་རྗེས་སུ་ཆགས་པ་རྣམས་ནི་འདི་ཉིད་ལེགས་སོ་ཞེས་ཆོས་ཉིད་ཀྱི་དེ་ཁོ་ན་ཉིད་རྟོགས་པ་ལ་ངེས་པར་འགྱུར་ རོ། །དེ་ལྟར་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱ་བའི་སངས་རྒྱས་ཉིད་ལས་མི་འགྱུར་བ་རྣམས་ནི་སྲིད་པ་གསུམ་གྱི་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བ་འཐོབ་བོ། །དབང་བསྐུར་བ་རྣམས་ནི་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་བར་བྱ་བའི་ཕྱིར་གཟི་བརྗིད་ཆེན་པོར་འགྱུར་རོ། །རྣམ་ པར་རྒྱལ་བ་དང་རབ་ཏུ་འབར་བའི་གཟི་བརྗིད་ཐོབ་པ་རྣམས་ནི་སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པའི་རྒྱལ་མཚན་སྒྲེང་བར་བྱེད་དོ། །སྦྱིན་པ་ཆེན་པོའི་རྒྱལ་མཚན་བསྒྲེང་བ་རྣམས་ནི་ཤིན་ཏུ་རྨད་དུ་བྱུང་བའི་ཆོས་རབ་ཏུ་སྟོན་པའི་སྔ་ལྟས་བཞད་པར་སྟོན་ལ། ཤིན་ཏུ་རྨད་དུ་བྱུང་བའི་ 63-1-265b བཤད་པ་ཆེན་པོ་ཡང་དག་པར་སྟོན་པ་རྣམས་ནི་རྡོ་རྗེ་ཆོས་ཀྱི་མཉམ་པ་ཉིད་རྟོགས་པར་འགྱུར་རོ། །རྡོ་རྗེ་ཆོས་ཀྱི་མཉམ་པ་ཉིད་ཁོང་དུ་ཆུད་ནས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་རྟོགས་པར་འགྱུར་རོ། །ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་རྟོགས་པ་རྣམས་ནི་ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད་དོ། ། ཆོས་ཀྱི་འཁོར་ལོ་བསྐོར་བ་རྣམས་དགོངས་པའི་དོན་རྣམ་པ་སྣ་ཚོགས་པས་སེམས་ཅན་རྣམས་ཀྱི་དོན་བྱེད་པའི་སྐད་ཐམས་ཅད་ཀྱིས་དེ་ཁོ་ན་ཉིད་སྟོན་ཏོ། །དེ་ཁོ་ན་ཉིད་སྟོན་པ་རྣམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་ཅིང་བསྙེན་བཀུར་ལ་འཇུག་པར་བྱེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་ མཆོད་ཅིང་བསྙེན་བཀུར་ལ་འཇུག་པ་རྣམས་ནི་བྱམས་པ་ཆེན་པོའི་གོ་ཆས་སེམས་ཅན་ཐམས་ཅད་ཡང་དག་པར་སྲུང་བར་བྱེད་དོ། །སེམས་ཅན་ཐམས་ཅད་ཡང་དག་པར་བསྲུང་བ་རྣམས་ནི་སེམས་ཅན་གདུག་པ་རྣམས་དང་ཉོན་མོངས་པའི་ཕྱོགས་ཟད་པར་བྱེད་དོ། །ཉོན་མོངས་པ་མ་ལུས་པར་ཟད་པ་རྣམས་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚོགས་ཡང་དག་པར་བསྡུས་པའི་ཁུ་ཚུར་འཆང་སྟེ། དེ་ལྟར་ན་སེམས་ཅན་གྱི་རྒྱུད་རྣམ་པ་བཅུ་དྲུག་ཉིད་རྟོགས་པ་དང་། དེ་བཞིན་དུ་གཞན་ཡང་རྣམ་པ་བཞི་སྟེ། ཡོངས་སུ་རྫོགས་པའི་སེམས་དེ་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་གྱུར་པ་མི་བསྐྱོད་པའི་ངོ་ བོ་ཉིད་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཅན་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་ཉིད་དང་། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རྣམ་པ་འོད་དཔག་ཏུ་མེད་པའི་ངོ་བོ་ཉིད་དང་། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་དོན་ཡོད་པར་གྲུབ་པའི་ངོ་བོ་ཉིད་དེ། དེ་དག་ནི་རྣམ་པ་ཉི་ཤུ་སྟེ། དབུས་སུ་ཆོས་ཀྱི་ དབྱིངས་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་ཉིད་དུ་རྣམ་པར་སྣང་མཛད་བཞུགས་པ་ལས་རྣམ་པར་སྣང་མཛད་ཆེན་པོའི་ངོ་བོ་ཉིད་བཅོམ་ལྡན་འདས་རྗེ་བཙུན་འཇམ་དཔལ་མངོན་པར་བྱང་ཆུབ་པས་ན། རྣམ་པ་ཉི་ཤུས་བྱང་ཆུབ་པ། །ཞེས་བྱའོ། །འདི་ཉིད་ཀྱིས་ན་རྣམ་པ་སྣ་ཚོགས་པས་སངས་རྒྱས་པའི་ཕྱིར་ན་རྣམ་པར་ སངས་རྒྱས་སོ། །རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བས་ན་ཀུན་རིག་གོ། །ཐམས་ཅད་ཀྱི་དམ་པར་གྱུར་པས་ན་མཆོག་གོ། །སངས་རྒྱས་ཀྱི་སྤྲུལ་པ་དཔག་ཏུ་མེད་པའི་སྤྲིན་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་ཅིང་མཐའ་ཡས་པ་རྣམས་སུ་གཏོགས་པའི་སེམས་ཅན་རྣམས་ 63-1-266a ཀྱི་དོན་ཅིག་ཅར་མཛད་པས་ན། སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། །བྱེ་བ་དཔག་མེད་འགྱེད་པ་པོ། །ཞེས་བྱའོ། །སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་གི་རང་བཞིན་ཐུགས་སུ་ཆུད་པའི་ངོ་བོ་ཉིད་དུ་གྱུར་པས་ན། སྐད་ཅིག་ཐམས་ཅད་མངོན་པར་རྟོགས། །ཞེས་བྱའོ། ། སེམས་ཀྱི་སྐད་ཅིག་དོན་ཀུན་རིག །ཅེས་བྱ་བ་ལ། སེམས་ཀྱི་སྐད་ཅིག་གི་དོན་ནི་སྐྱེ་བ་མེད་པ་དང་དངོས་པོ་མེད་པའོ། །དེ་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་པས་ན། སེམས་ཀྱི་སྐད་ཅིག་དོན་ཀུན་རིག །ཅེས་བྱའོ། །ཐེག་པ་སྣ་ཚོགས་ཞེས་བྱ་བ་ནི་འཇིག་རྟེན་པ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་རྣམས་སོ། །དེ་རྣམས་ཀྱི་ཚུལ་ནི་རིག་པའི་བྱེ་བྲག་གོ། །དེ་ཉིད་འགྲོ་བའི་དོན་བྱེད་པའི་ཐབས་ཏེ། མཐོ་རིས་དང་ཐར་པ་ལ་སོགས་པ་ཐོབ་པར་བྱེད་པས་ཏེ། དེ་བས་ན། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོག་པ་པོ། །ཞེས་བྱ་སྟེ། སངས་རྒྱས་ཉིད་ལ་སོགས་པ་རྫོགས་པར་བྱེད་པས་ན་དེ་སྐད་ཅེས་བྱའོ། །དེ་བས་ན། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཞེས་བྱ་བ་སྨོས་ཏེ། ཤིན་ཏུ་ཡང་ཐེག་པ་དེའི་མཐར་ཐུག་པ་ཉིད་དུ་བདག་ཉིད་བསྟན་པའི་ཕྱིར། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཞེས་བྱ་བ་བཤད་དོ། །དེ་ནི་གདུལ་བྱའི་བསམ་པའི་བྱེ་བྲག་ གི་དབང་དུ་མཛད་པ་ཡིན་གྱི། དོན་དམ་པར་ནི་ཐེག་པ་ལ་དབྱེ་བ་ཡོད་པ་མ་ཡིན། ཐེག་པ་ནི་གཅིག་པུ་ཉིད་དུ་ཟད་ལ། འབྲས་བུ་ཡང་སངས་རྒྱས་ལ་སོགས་པར་གཅིག་པས་ན། ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་བྱ་སྟེ། ཐེག་པ་ཐམས་ཅད་བསྡུས་པའི་ཚུལ་ནི་ཐེག་པ་ཆེན་པོ་ཡིན་ནོ། ། ཇི་སྐད་དུ་དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས། དོན་དམ་པར་ངེས་པར་ཡང་དག་པར་གསུངས་པ་ནི་འདི་ཡིན་ཏེ། མི་མཁས་གང་དག་དམན་ལ་མངོན་དགའ་ཞིང་། །སངས་རྒྱས་བྱེ་བ་མང་ལ་སྤྱོད་མ་སྤྱད། །འཁོར་བར་ཆགས་ཤིང་ཤིན་ཏུ་སྡུག་བསྔལ་བ། །དེ་ལ་མྱ་ངན་ལས་འདའ་ཉེ་བར་བསྟན། ། སངས་རྒྱས་ཡེ་ཤེས་རབ་ཏུ་རྟོགས་བྱའི་ཕྱིར། །དེ་ལྟར་རབ་འབྱུང་བ་ནི་ཐབས་མཛད་དེ། །ཁྱེད་ཅག་སངས་རྒྱས་སུ་ཡང་འགྲུབ་པོ་ཞེས། །དེ་རྣམས་ལ་ནི་རེ་ཞིག་མི་གསུང་ངོ་། །ཞེས་གསུངས་པ་དང་། ཡང་མདོ་དེ་ཉིད་ལས། རང་བྱུང་བདག་ཉིད་ཅི་ལ་གནས་པ་དང་། །སངས་རྒྱས་ཇི་ལྟ་བུ་དང་ཅི་འདྲ་ 63-1-266b བ། །སྟོབས་དང་བསམ་གཏན་རྣམ་ཐར་དབང་པོ་རྣམས། །དེ་དག་ཉིད་ལ་སེམས་ཅན་རབ་ཏུ་འཇོག །བྱང་ཆུབ་རྡུལ་མེད་དམ་པ་ཐོབ་ནས་སུ། །ཐེག་པ་དམན་ལ་སེམས་ཅན་གཅིག་བཀོད་ན། །འདི་ནི་ང་ཡི་ལེགས་པ་མ་ཡིན་ཏེ། །སེར་སྣའི་ཉེས་པ་ང་ལ་ཡོད་པར་འགྱུར། །ཞེས་གསུངས་པ་ཡིན་ནོ། ། བཤད་པ་འདི་ལ་ལང་ཀར་གཤེགས་པའི་མདོ་ལས་བློ་གྲོས་ཆེན་པོ་གཞན་ཡང་མངོན་པར་རྟོགས་པར་འགྱུར་བའི་རིགས་ལྔ་ཡོད་དེ། ལྔ་གང་ཞེ་ན། འདི་ལྟར་ཉན་ཐོས་ཀྱི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་དང་། རང་སངས་རྒྱས་ཀྱི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་དང་། དེ་བཞིན་ གཤེགས་པའི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་དང་། གང་དུའང་མ་ངེས་པའི་རིགས་དང་། རིགས་མེད་པ་དང་ལྔའོ། །བློ་གྲོས་ཆེན་པོ་ཉན་ཐོས་ཀྱི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་ཇི་ལྟར་ཁོང་དུ་ཆུད་པར་བྱ་ཞེ་ན། གང་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རང་དང་སྤྱིའི་མཚན་ཉིད་ ཡོངས་སུ་ཤེས་པ་ཁོང་དུ་ཆུད་པར་འགྱུར་བ་བསྟན་ན་ལུས་ཀྱི་སྤུ་ལྡང་ཞིང་དེའི་བློ་མཚན་ཉིད་ཡོངས་སུ་འདྲིས་པར་བྱ་བའི་ཤེས་པ་ལ་འཇུག་ལ། རྟེན་ཅིང་འབྲེལ་པར་འབྱུང་བ་དང་ཐ་མི་དད་པའི་མཚན་ཉིད་ཡོངས་སུ་འདྲིས་པར་བྱ་བ་ལ་མ་ཡིན་པ་སྟེ། བློ་གྲོས་ཆེན་པོ་འདི་ནི་ཉན་ཐོས་ཀྱི་ཐེག་པ་མངོན་པར་རྟོགས་པར་ འགྱུར་བའི་རིགས་ཏེ། ཉན་ཐོས་ཀྱི་ཐེག་པ་མངོན་པར་རྟོགས་པའི་ལྟ་བས་ས་དྲུག་དང་ལྔ་དག་ཏུ་ཀུན་ནས་ལྟ་བའི་ཉོན་མོངས་པ་རབ་ཏུ་སྤངས་ནས་བག་ཆགས་ཀྱི་ཉོན་མོངས་པ་རབ་ཏུ་མ་སྤངས་པ་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་དང་ལྡན་པ་དེ་ནི་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་ལ་གནས་སོ། །བྱ་ བ་བྱས་སོ་ཞེས་ཡང་དག་པར་སེང་གེའི་སྒྲ་སྒྲོགས་ཤིང་དེ་ལ་སོགས་པ་སྨྲས་ནས་གང་ཟག་ལ་བདག་མེད་པར་ཡོངས་སུ་འདྲིས་པ་ནས་མྱ་ངན་ལས་འདས་པའི་བར་གྱི་བློར་འགྱུར་རོ། །བློ་གྲོས་ཆེན་པོ་གཞན་དག་ནི་བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་ཡོད་ པར་ཁོང་དུ་ཆུད་པར་མྱ་ངན་ལས་འདས་པ་ཚོལ་ལོ། །བློ་གྲོས་ཆེན་པོ་ཡང་གཞན་དག་ནི་དངོས་པོ་ཐམས་ཅད་རྒྱུ་ལ་རག་ལས་པར་མཐོང་ནས་མྱ་ངན་ལས་འདས་པ་འདོད་པའི་བློ་འགྱུར་ཏེ། བློ་གྲོས་ཆེན་པོ་ཆོས་ལ་བདག་མེད་པར་མཐོང་བ་མེད་པའི་ཕྱིར་ཐར་པ་ནི་མེད་དོ། །བློ་གྲོས་ཆེན་པོ་འདི་ནི་ཉན་ཐོས་ཀྱི་ཐེག་ 63-1-267a པ་མངོན་པར་རྟོགས་པར་འགྱུར་བ་དང་། མུ་སྟེགས་ཅན་གྱི་རིགས་འབྱུང་བ་མ་ཡིན་པ་ལས་འབྱུང་བའི་བློ་ཅན་ཏེ། བློ་གྲོས་ཆེན་པོ་འདི་ལ་ཁྱོད་ཀྱིས་ལྟ་བ་ངན་པ་རྣམ་པར་བཟློག་པའི་ཕྱིར་བརྩོན་པར་བྱའོ། །བློ་གྲོས་ཆེན་པོ་དེ་ལ་རང་སངས་རྒྱས་ཀྱི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་ རིགས་ནི་གང་གཅིག་པུའི་ཕྱིར་མངོན་པར་རྟོགས་པར་བསྟན་ན་མཆི་མ་དང་སྙིང་ཡེར་ཞེས་ལུས་ཀྱི་སྤུ་ལྡང་བར་འགྱུར་ཞིང་འདུ་འཛི་མེད་པའི་རྐྱེན་གྱིས་དངོས་པོ་ལ་མངོན་པར་ཞེན་པ་དང་། རང་གི་ལུས་ཀྱིས་རྫུ་འཕྲུལ་སྣ་ཚོགས་པ་རྣམ་པ་མང་པོ་བསྣོར་བ་དང་། ཟུང་གི་ཆོ་འཕྲུལ་བསྟན་པ་རབ་ཏུ་བཤད་ན་དགའ་བར་ འགྱུར་བ་ཡིན་ཏེ། དེ་ནི་རང་སངས་རྒྱས་ཀྱི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་ཅན་དུ་ཤེས་ནས་རང་སངས་རྒྱས་ཀྱི་ཐེག་པ་མངོན་དུ་རྟོགས་པར་འགྱུར་བ་དང་རྗེས་སུ་མཐུན་པའི་གཏམ་བྱའོ། །བློ་གྲོས་ཆེན་པོ་འདི་ནི་རང་སངས་རྒྱས་ཀྱི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་ཅན་གྱི་མཚན་ཉིད་དོ། །བློ་ གྲོས་ཆེན་པོ་དེ་ལ་དེ་བཞིན་གཤེགས་པའི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་ནི་རྣམ་པ་གསུམ་སྟེ། འདི་ལྟར་རང་བཞིན་གྱི་རང་བཞིན་མེད་པའི་ཆོས་མངོན་པར་རྟོགས་པར་འགྱུར་བའི་རིགས་དང་། ཁོང་དུ་ཆུད་པ་དག་གི་སོ་སོ་རང་གི་མངོན་པར་རྟོགས་པར་འགྱུར་བའི་རིགས་དང་། སངས་རྒྱས་ཀྱི་ཞིང་ཕྱི་རོལ་ ཡངས་པ་མངོན་པར་རྟོགས་པའི་རིགས་སོ། །བློ་གྲོས་ཆེན་པོ་རྣམ་པ་གསུམ་པོ་འདི་དག་ལས་གང་ཡང་རུང་བ་ཞིག་བསྟན་པ་དང་། རང་གི་སེམས་སྣང་བའི་ལུས་དང་། ཀུན་གཞི་དང་། ལོངས་སྤྱོད་དང་། གནས་བསམ་གྱིས་མི་ཁྱབ་པའི་ཡུལ་བསྟན་པ་ན་མི་འཇིགས་མི་སྐྲག་སྐྲག་པར་མི་འགྱུར་ན་དེ་ནི་དེ་བཞིན་ གཤེགས་པའི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་ཅན་དུ་ཤེས་པར་བྱ་སྟེ། བློ་གྲོས་ཆེན་པོ་འདི་ནི་དེ་བཞིན་གཤེགས་པའི་ཐེག་པ་མངོན་པར་རྟོགས་པར་འགྱུར་བའི་རིགས་ཅན་གྱི་མཚན་ཉིད་དོ། །བློ་གྲོས་ཆེན་པོ་མ་ངེས་པའི་རིགས་ཅན་གསུམ་པོ་འདི་དག་བསྟན་པའི་ཚེ་གང་ལ་དགའ་བ་དེ་ལ་རྗེས་སུ་སྦྱོར་བར་ བྱའོ། །བློ་གྲོས་ཆེན་པོ་འདི་ལྟར་རིགས་རྣམ་པར་དགོད་པ་འདི་ནི་ཡོངས་སུ་སྦྱང་བའི་ས་སྟེ། སྣང་བ་མེད་པའི་ས་ལ་འཇུག་པའི་ཕྱིར་རྣམ་པར་དགོད་པར་བྱའོ། །སོ་སོ་རང་གི་ཀུན་གཞི་ལ་རང་གི་ཉོན་མོངས་པའི་བག་ཆགས་དག་ནས་ཆོས་ལ་བདག་མེད་པ་མཐོང་བའི་ཕྱིར་ཏིང་ངེ་འཛིན་གྱི་བདེ་བ་ལ་གནས་པ་ཐོབ་ནས་ཉན་ 63-1-267b ཐོས་རྣམས་ཀྱང་རྒྱལ་བའི་སྐུ་ཉིད་རབ་ཏུ་ཐོབ་པར་འགྱུར་རོ་ཞེས་གསུངས་པ་དང་། ཡང་མདོ་དེ་ཉིད་ལས་དེ་ལ་ཐེག་པ་གཅིག་པོ་རྟོགས་པའི་མཚན་ཉིད་གང་ཞེ་ན། འདི་ལྟ་སྟེ། ཐེག་པ་གཅིག་གི་ལམ་རིག་ཅིང་ཁོང་དུ་ཆུད་པས་ཐེག་པ་གཅིག་ཅེས་བྱའོ། །ཐེག་པ་གཅིག་གི་ལམ་རིག་ཅིང་ཁོང་དུ་ཆུད་པ་གང་ ཞེ་ན། འདི་ལྟ་སྟེ། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་གནས་པས་རྣམ་པར་རྟོག་པ་མི་འབྱུང་བའི་ཕྱིར་ཐེག་པ་གཅིག་གི་ཁོང་དུ་ཆུད་པར་བྱས་པ་ཡིན་ནོ། །བློ་གྲོས་ཆེན་པོ་ཐེག་པ་གཅིག་པོ་ཁོང་དུ་ཆུད་པ་འདི་ནི་ང་མ་གཏོགས་པར་མུ་སྟེགས་ཅན་གཞན་དང་། ཉན་ཐོས་དང་། རང་སངས་ རྒྱས་དང་། ཚངས་པ་ལ་སོགས་པས་སྔོན་མ་ཐོབ་བོ། །དེས་ན་དེའི་ཕྱིར་བློ་གྲོས་ཆེན་པོ་ཐེག་པ་གཅིག་ཅེས་བྱའོ། །བློ་གྲོས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་ཀྱིས་ཅིའི་སླད་དུ་ཐེག་པ་གསུམ་དུ་བཤད་དེ། ཐེག་པ་གཅིག་ཏུ་མ་བཤད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་ པོ་འདི་ལྟར་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ནི་དེ་བཞིན་གཤེགས་པའི་གདུལ་བྱ་དང་། རབ་ཏུ་དབེན་པའི་རྣལ་འབྱོར་གྱི་ལུང་གིས་འགྲོལ་གྱིས་རང་གིས་མ་ཡིན་ཏེ། བློ་གྲོས་ཆེན་པོ་བདག་ཉིད་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་བས་ན་ཉན་ཐོས་དང་། རང་སངས་རྒྱས་ཐམས་ ཅད་ལ་ཐེག་པ་གཅིག་ཏུ་མ་བཤད་དོ། །གཞན་ཡང་བློ་གྲོས་ཆེན་པོ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ནི་ཤེས་བྱའི་སྒྲིབ་པ་དང་། ལས་ཀྱི་བག་ཆགས་མ་སྤངས་པའི་ཕྱིར་ཆོས་ལ་བདག་མེད་པ་མ་རྟོགས་ཤིང་བསམ་གྱིས་མི་ཁྱབ་པར་འགྱུར་བའི་ཤི་འཕོ་བ་མ་ཐོབ་པས་ཉན་ཐོས་རྣམས་ལ་ཐེག་ པ་གསུམ་དུ་བསྟན་ཏེ། ཐེག་པ་གཅིག་ཏུ་མ་ཡིན་ནོ། །བློ་གྲོས་ཆེན་པོ་དེ་དག་ནམ་ཉེས་པའི་བག་ཆགས་ཐམས་ཅད་སྤངས་ཤིང་ཆོས་ལ་བདག་མེད་པར་རྟོགས་པ་དེ་དག་བག་ཆགས་ཀྱི་ཉེས་པ་དང་། ཏིང་ངེ་འཛིན་གྱིས་མྱོས་པར་གྱུར་ནས་ཟག་པ་མེད་པའི་དབྱིངས་ནས་སླར་སད་དེ། དེ་ཡང་འཇིག་རྟེན་དང་ འཇིག་རྟེན་ལས་འདས་པ་ཟག་པ་མེད་པའི་དབྱིངས་སུ་གཏོགས་པའི་ཚོགས་རྣམས་ཡོངས་སུ་བཀང་ནས་ཆོས་ཀྱི་སྐུ་བསམ་གྱིས་མི་ཁྱབ་པ་ལ་དབང་བྱེད་པ་རབ་ཏུ་ཐོབ་པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ལྷ་ཡི་ཐེག་དང་ཚངས་པའི་ཐེག །ཉན་ཐོས་ཀྱི་ཡང་དེ་བཞིན་ཏེ། །དེ་བཞིན་གཤེགས་དང་ 63-1-268a རང་རྒྱལ་གྱི། །ཐེག་པ་དེ་དག་ངས་བཤད་དོ། །ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པ་དག་ལ་ཐུག་པ་མེད། །སེམས་ནི་ཤིན་ཏུ་གྱུར་པས་ན། །ཐེག་པ་མེད་ཅིང་འགྲོ་བའང་མེད། །ཐེག་པའི་རྣམ་པ་གཞན་མེད་ཀྱང་། །སེམས་ཅན་རྣམས་ནི་དྲང་བའི་ཕྱིར། །ཐེག་པ་ཐ་དད་ ངས་བཤད་དེ། །ཐེག་པ་གཅིག་ཏུ་ངས་བསྟན་ཏོ། །དེ་བཞིན་རྣམ་གྲོལ་གསུམ་པོ་དང་། །ཆོས་ལ་བདག་མེད་དེ་ཉིད་དང་། །མཉམ་མེད་ཡེ་ཤེས་ཉོན་མོངས་པ། །རྣམ་པར་གྲོལ་བས་དེ་དག་སྤངས། །ཇི་ལྟར་ཤིང་དག་རྒྱ་མཚོ་ལ། །རླབས་རྣམས་ཀྱིས་ནི་རྣམ་པར་གཡེངས། །དེ་བཞིན་ཉན་ཐོས་རྨོངས་པ་ཡང་། ། མཚན་ཉིད་རྣམས་ཀྱིས་རབ་ཏུ་གཡེངས། །ཀུན་ནས་ལྡང་དང་བྲལ་མོད་ཀྱི། །ཉོན་མོངས་བག་ཆགས་རྣམས་དང་འབྲེལ། །ཏིང་འཛིན་མྱོང་བས་དེ་མྱོས་ཏེ། །ཟག་པ་མེད་པའི་དབྱིངས་ན་འཁོད། །ཐ་མར་ཕྱིན་པ་དེ་ལས་མེད། །ཕྱིར་ཡང་དེ་ལས་མི་ལྡོག་སྟེ། །ཏིང་ངེ་འཛིན་གྱི་ལུས་ཐོབ་ནས། །བསྐལ་ པའི་བར་དུ་དེ་མི་སད། །ཇི་ལྟར་སྐྱེས་བུ་ར་རོ་བ། །ཆང་དང་བྲལ་ནས་སད་གྱུར་བཞིན། །དེ་ནས་དེ་དག་གང་ངའི་ཡང་། །ཆོས་ཀྱི་སྐུ་ནི་ཐོབ་པར་འགྱུར། །ཞེས་གསུངས་པ་དང་། ཕྱིར་མི་ལྡོག་པའི་འཁོར་ལོའི་མདོ་ལས་ཀྱང་ཐེག་པ་ཆེན་པོ་གཅིག་ཏུ་བསྟན་པའི་དབང་དུ་མཛད་ནས་གསུངས་པ། དེ་ནས་ བཅོམ་ལྡན་འདས་དེའི་བསྙེན་བཀུར་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲ་དབྱངས་སྙན་པ་ཞེས་བྱ་བ་དེ་པདྨའི་སྟན་དེ་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བགོས་ནས་བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། པུས་མོ་གཡས་པའི་ལྷ་པདྨའི་སྙིང་པོ་ལ་བཙུགས་ནས་བཅོམ་ ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་མི་མཇེད་དེ་ཇི་སྲིད་ཅིག་ན་མཆིས། དེ་སྐད་ཅེས་གསོལ་པ་དང་། དེ་བཞིན་གཤེགས་པ་འོད་ཟེར་གྱིས་ཁེབས་པའི་པདྨ་རབ་ཏུ་རྒྱས་པའི་སྐུས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་སྒྲ་དབྱངས་སྙན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་འདི་ནས་ནུབ་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ནའོ། །གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་དེ་ན་བཅོམ་ལྡན་འདས་གང་ཆོས་སྟོན། 63-1-268b བཅོམ་ལྡན་འདས་དེས་བཀའ་སྩལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་དེ་ནི་ཆོས་སྟོན་པ་ཅི་འདྲ་བ་ཞིག་ལགས། བཀའ་སྩལ་པ། ཐེག་པ་གསུམ་ལས་བརྩམས་ཏེའོ། ། གསོལ་པ། བཅོམ་ལྡན་འདས་ཐེག་པ་གསུམ་པོ་དེ་དག་གང་ལགས། བཀའ་སྩལ་པ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་སྟེ། ཐེག་པ་གསུམ་པོ་དེ་དག་ལས་བརྩམས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་ཤཱཀྱ་ཐུབ་པ་དེ་ཆོས་སྟོན་ཏོ། །གསོལ་པ། བཅོམ་ལྡན་འདས། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་བསྟན་པ་མཐུན་པ་མ་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་བསྟན་པ་ནི་མཐུན་ནོ། །གསོལ་པ། སངས་རྒྱས་བཅོམ་ལྡན་འདས་ རྣམས་ཀྱི་ཆོས་བསྟན་པ་ཅི་ཙམ་ཞིག་མཐུན། བཀའ་སྩལ་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་བསྟན་པ་ནི་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོར་མཐུན་ནོ། །གསོལ་པ། བཅོམ་ལྡན་འདས། ཇི་ལྟར་བཅོམ་ལྡན་འདས་དེ་ཐེག་པ་གསུམ་ལས་བརྩམས་ཏེ། དེ་ལྟར་བཅོམ་ལྡན་འདས་ཆོས སྟོན་ཏོ། །བཀའ་སྩལ་པ། རིགས་ཀྱི་བུ་སེམས་ཅན་དེ་དག་སྙིགས་མ་ལྔའི་དུས་ན་བྱུང་བས་དམན་པ་ལ་མོས་པ་དག་སྟེ། དེ་དག་ཐེག་པ་གཅིག་ལ་མི་འཇུག་པས་ན་ཐབས་མཁས་པས་དེ་དག་དེ་ལྟར་ཉེ་བར་ཁྲིད་དེ། རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཐབས་མཁས་པ་ཆེན་པོ་དང་ ལྡན་པའོ། །བཅོམ་ལྡན་འདས་དེ་ནི་སྙིགས་མ་ལྔའི་དུས་ན་བྱུང་སྟེ། དེ་དག་ནི་ཐེག་པ་གཅིག་ལ་མ་མོས་པ་དག་གོ་ཞེས་གསུངས་པ་དང་། ཡང་དེ་ཉིད་ལས་དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ལགས། འཇམ་དཔལ་གཞོན་ནུར་གྱུར་པ་ཕྱིར་མི་ ལྡོག་པའི་འཁོར་ལོའི་སླད་དུ་ཡོངས་སུ་ཞུ་ལགས་སམ། །བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ཏེ། ཀུན་དགའ་བོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཕྱིར་མི་ལྡོག་པའི་འཁོར་ལོ་བསྐོར་བ་དག་གོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཅི་ལ་དགོངས་ཏེ་དད་པས་རྗེས་སུ་ 63-1-269a འབྲང་བ་བསྟན། ཆོས་ཀྱི་རྗེས་སུ་འབྲང་བ་བསྟན། དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཅི་ལ་དགོངས་ཏེ་བརྒྱད་པ་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གང་ལ་དགོངས་ཏེ་དད་པས་རྗེས་སུ་འབྲང་བ་ཡོངས་སུ་བསྟན་པ་དང་། དེ་བཞིན་དུ། དེ་བཞིན་གཤེགས་པས་གང་ལ་དགོངས་ཏེ་ཆོས་ཀྱི་རྗེས་སུ་འབྲང་བ་དང་། བརྒྱད་པ་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་ དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཡོངས་སུ་བསྟན་པ་དེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའི་ཆོས་ཀྱང་དེ་ཉིད་ལགས་པར་དེ་ལྟར་ཡོངས་སུ་བསྟན་ཏམ། ཅི་ལགས། བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པས་དེ་དག་ཉིད་བྱང་ཆུབ་སེམས་དཔའི་ཆོས་ཞེས་དེ་སྐད་ཡོངས་སུ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་སྙིགས་མ་ལྔའི་ཚེ་སྐྱེས་པའི་སེམས་ཅན་དེ་དག་ནི་དམན་པ་ལ་མོས་པ་དག་སྟེ། དེ་དག་སངས་རྒྱས་ཀྱི་ཡེ་ཤེས་ལ་མངོན་པར་མོས་པས་ཀུན་དགའ་ བོ་སངས་རྒྱས་བཅོམ་ལྡན་འདས་ཐབས་ལ་མཁས་པས་དེ་ལྟར་དེ་དག་ལ་ཆོས་སྟོན་ཏོ། །ཀུན་དགའ་བོ་སེམས་ཅན་གང་དག་རྒྱ་ཆེན་པོ་ལ་མོས་པ་དེ་དག་ནི་ཉུང་སྟེ། ཀུན་དགའ་བོ་སེམས་ཅན་གང་དག་དམན་པ་ལ་མོས་པ་དེ་དག་གི་ཆེད་དུ་དེ་བཞིན་གཤེགས་པ་ཐབས་མཁས་པ་དེ་ལྟ་བུས་ཆོས་སྟོན་ཏོ། ། ཐབས་འདིས་སངས་རྒྱས་ཀྱི་ཆོས་སྟོན་ཏོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས། འདི་ལ་དངོས་པོ་གྲུབ་པ་མེད། །འདི་ལ་སེམས་ཅན་ཡོད་མ་ཡིན། །ཅི་ནས་སུས་ཀྱང་མི་མཐོང་བ། །ཁམས་དེ་རྣམ་པར་ལྟ་བར་གྱིས། །ཉིན་དང་མཚན་དུ་གཡེལ་མེད་པར། །སེམས་ཅན་རྣམས་ལ་དེ་སྐད་སྒྲོགས། །བདག་ ནི་འགའ་ཞིག་སྒྲོགས་སོ་ཞེས། །རློམ་སེམས་དེ་ལ་ཅི་ཡང་མེད། །ཅེས་གསུངས་པ་དང་། ཡང་དེ་ཉིད་ལས། སྤྲོས་པ་མེད་ཅིང་རྙོག་པ་མེད། །ཆགས་པ་མེད་པའི་དབྱིངས་ཀྱང་སྟོན། །སངས་རྒྱས་ཆོས་རྣམས་མ་ལུས་པར། །རྣམ་པར་མཐོང་ནས་སྟོན་པར་བྱེད། །སངས་རྒྱས་ཀྱིས་ནི་གང་གསུངས་པ། ། 63-1-269b ཆོས་དང་རིང་བར་མི་རྟོག་ཅིང་། །ཆོས་དང་ཉེ་བར་མི་རྟོག་སྟེ། །དེ་ཕྱིར་དེ་དག་འདྲེ་བ་མེད། །སྒྲོགས་ཀྱང་འདྲེ་བ་ཡོད་མིན་ཞིང་། །སེམས་ཅན་དཔག་ཏུ་མེད་ལ་བརྗོད། །སེམས་ཅན་དེ་དག་མཐོང་བ་མེད། །དེས་དེ་ཉན་ཐོས་ཞེས་བརྗོད་དོ། །ཀུན་དགའ་འདི་ལ་དགོངས་ནས་ནི། །ང་ཡིས་ཉན་ཐོས་ཡོངས་སུ་བསྟན། ། བྱང་ཆུབ་སེམས་དཔའ་མི་གནས་པ། །ཉན་ཐོས་དེ་ལྟར་ཤེས་པར་གྱིས། །ཞེས་གསུངས་པ་དང་། ཡང་དེ་ཉིད་ལས། ཉོན་མོངས་མེད་ཅིང་བྲལ་བ་མེད། །ཆོས་མེད་རྣམ་པར་སྨིན་པ་མེད། །སངས་རྒྱས་ཆོས་དང་དགེ་འདུན་མེད། །མྱ་ངན་འདས་མེད་རབ་བྱུང་མེད། །དེ་ལ་ཞི་གནས་གང་ཡང་མེད། །ལྷག་མཐོང་ཡང་ ནི་ཡོད་མ་ཡིན། །ཡོ་བྱད་བསྙུངས་མེད་འདོད་ཆུང་མེད། །ལེ་ལོ་མེད་ཅིང་བརྩོན་འགྲུས་མེད། །རྒོད་པ་མེད་ཅིང་འགྱོད་པ་མེད། །སྡོམ་པའང་ཡོད་པ་མ་ཡིན་ཏེ། །གང་ཕྱིར་སྡོམ་པར་གྱུར་པ་ཡི། །འདི་ལ་དངོས་པོ་གྲུབ་པ་མེད། །འདི་ལ་རྟོག་པའང་རྣམ་རྟོག་མེད། །རྣམ་མི་རྟོག་པའང་ཡོད་མ་ཡིན། །འཇིགས་ པ་མེད་ཅིང་དགོན་པ་མེད། །བཅིངས་པ་མེད་ཅིང་ཐར་པ་མེད། །འདི་ནི་སྒྲ་ཡིས་འཇུག་པ་སྟེ། །འཇུག་པ་མེད་པར་ངེས་པར་བསྟན། །ཆོས་རྣམས་ཐམས་ཅད་སྒྲ་མེད་དེ། །སྒྲ་ཉིད་ཀྱིས་ནི་བརྗོད་པ་ཡིན། །འདི་ནི་མངོན་སུམ་གྱུར་པས་ན། །ཟད་མི་ཤེས་པའི་ཚུལ་བསྟན་ཏོ། །ཏིང་འཛིན་འདི་ལ་བརྟེན་ནས་ནི། །དེ་ནི་སྒྲ་ལ་ མི་ཆགས་སོ། །ཅི་འདྲ་གང་གི་གང་ཡིན་པ། །སྒྲ་དེ་དེས་ནི་མངོན་སུམ་ཤེས། །ཆོས་ཀུན་འདི་ལྟར་མཉམ་པ་སྟེ། །བརྗོད་པ་མེད་ཅིང་གནས་པ་མེད། །འདི་ནི་མངོན་སུམ་གྱུར་པས་ན། །ཚུ་རོལ་ནས་ནི་ཕ་རོལ་སོང་། །དེ་ནི་སྨོད་པ་མེད་པ་སྟེ། །རང་རྫོགས་སངས་རྒྱས་ཞེས་བརྗོད་དོ། །ཞེས་གསུངས་པ་དང་། ཡང་དེ་ ཉིད་ལས། ལེན་པ་ལེན་པས་མ་ཡིན་ཏེ། །སྟོང་པར་དེ་ཡིན་རྣམ་པར་བཤིག །དེ་ནི་དངོས་པོར་གྲུབ་མེད་དེ། །སྨིག་རྒྱུ་ལ་ནི་ཆུ་བཞིན་ནོ། །དེ་ཡི་སྲིད་པར་འདུ་ཤེས་གང་། །དེ་ཡི་གཉེན་འདུ་ཤེས་སྡིག་ཅན། །དེ་ནི་དེ་ཡི་རང་བཞིན་གྱིས། །རྟག་པར་ཤིན་ཏུ་དངོས་མེད་ཅེས། །དེ་ལ་སྐྱེ་བ་ཐམས་ཅད་མེད། །དེ་ལ་འཆི་བ་ ཡོད་མ་ཡིན། །དེ་ནི་ནམ་ཡང་གང་ཞིག་ཏུ། །སྐྱེ་བར་འགྱུར་བ་གང་ཡང་མེད། །རྐྱེན་རྣམས་འདི་དག་ཤེས་ནས་ནི། །དེ་ནི་གང་ལའང་མི་གནས་ཏེ། །རང་སངས་རྒྱས་ཞེས་བྱ་བའི་སྒྲར། །བྱང་ཆུབ་སེམས་དཔའ་རབ་ཏུ་བསྟན། །ཞེས་རྒྱ་ཆེར་གསུངས་པ་ཡིན་ནོ། །དེ་བས་ན་ཐེག་པ་ཐམས་ཅད་ནི་ཐེག་པ་གཅིག་ལ་ཞུགས་པ་ཡིན་ 63-1-270a པས་ན། ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་བྱའོ། །ཉོན་མོངས་ཁམས་རྣམས་དག་པའི་བདག །ཅེས་བྱ་བ་ལ། ཉོན་མོངས་པ་རྣམས་ཀྱི་རྒྱུར་གྱུར་པ་ནི། ཉོན་མོངས་པའི་ཁམས་ཏེ། ཉོན་མོངས་པའི་རིགས་སོ། །དེ་ཡང་། སྤུངས་དང་སྐྱེ་སྒོ་རིགས་ཀྱི་དོན། ། ཕུང་པོ་སྐྱེ་མཆེད་ཁམས་རྣམས་སོ། །ཞེས་བཤད་པའི་ཕྱིར་རོ། །དེ་ཡང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ནི་མི་དགེ་བའི་རྩ་བ་གསུམ་སྟེ། འདི་དག་ནི་རང་ཉིད་ཀྱང་མི་དགེ་བའི་ངོ་བོ་ཉིད་ཡིན་ལ། མི་དགེ་བ་གཞན་རྣམས་ཀྱི་ཡང་རྩ་བར་འགྱུར་བ་ཡིན་པས་མི་དགེ་བའི་རྩ་བ་ཞེས་བྱའོ། ། དེ་རྣམས་རྣམ་པར་དག་པས་ཆོས་ཐམས་ཅད་བདག་མེད་པར་མཐོང་བ་སྟེ། དེས་རྩ་བ་མ་ལུས་པར་དྲུངས་ནས་ཕྱུང་བས་ཉོན་མོངས་པའི་ཁམས་རྣམ་པར་དག་པའི་བདག་ཉིད་འབའ་ཞིག་གང་ཡིན་པ་དེ་ནི། ཉོན་མོངས་ཁམས་རྣམས་དག་པའི་བདག །ཅེས་བྱ་བ་ལ། ཡང་ན་ཉོན་མོངས་པ་རྣམས་ཀྱི་ ཁམས་ནི་རང་བཞིན་དང་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ། །རང་བཞིན་གང་ཡིན་ཞེ་ན། ཆོས་ཐམས་ཅད་དང་ཉོན་མོངས་པ་རྣམས་ཀྱི་རང་བཞིན་ནི་གདོད་མ་ནས་མ་སྐྱེས་པ་ཡིན་པས་ན་རང་བཞིན་རྣམ་པར་དག་པའི་བདག་ཉིད་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ལས་ཀྱི་ཁམས་རྣམས་ཟད་བྱེད་པ། ཞེས་བྱ་བ་ལ། ལས་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་ཀུན་ནས་སློང་བར་བྱེད་པའི་སེམས་ནི་ལས་ཀྱི་ཁམས་སོ། །བདག་དང་བདག་གིས་གཟུང་བ་དང་འཛིན་པ་བསྐྱེད་པ་ལ་མངོན་པར་ཞེན་པ་ལས་དེ་འབྱུང་བར་འགྱུར་ལ། ཕྱིན་ཅི་ལོག་དེ་སྐྱེད་པར་བྱེད་པའི་ལས་ཀྱི་ཁམས་ཀུན་དུ་ བསྐྱེད་པ་ཡང་སྐྱེ་བ་མེད་པའི་ཆོས་ཅན་དུ་བསྟན་པས་ན། ལས་ཀྱི་ཁམས་རྣམས་ཟད་བྱེད་པ། །ཞེས་བྱའོ། །ཆུ་བོ་རྒྱ་མཚོ་ཀུན་ལས་བརྒལ། །ཞེས་བྱ་བ་ལ། ཆུ་བོ་ནི་བཞི་སྟེ། འདོད་པའི་ཆུ་བོ་དང་། སྲིད་པའི་ཆུ་བོ་དང་། ལྟ་བའི་ཆུ་བོ་དང་། མ་རིག་པའི་ཆུ་བོའོ། །དེ་ཡང་སེམས་ཅན་རྣམས་ཀྱི་ལེགས་པར་ ཕྲོགས་པས་ན་ཆུ་བོ་སྟེ། ཆུ་བོའི་ཆུ་བོ་དང་འདྲའོ། །ཆུ་བོ་དེ་ནི་རྒལ་དཀའ་བའི་ཕྱིར་རྒྱ་མཚོ་དང་འདྲ་བས་ན་རྒྱ་མཚོའོ། །དེ་ལས་ཡང་དག་པར་ཀུན་དུ་བརྒལ་བ་ནི་རྣམ་པ་ཐམས་ཅད་དུ་ཕ་རོལ་ཏུ་བྱོན་པས་སླར་མི་ལྡོག་པའོ། །སྦྱོར་བའི་དགོན་པ་ལས་བྱུང་བ། །ཞེས་བྱ་བ་ལ། སྦྱོར་བ་ནི་བཞི་སྟེ། འདོད་པའི་སྦྱོར་བ་དང་། 63-1-270b སྲིད་པའི་སྦྱོར་བ་དང་། ལྟ་བའི་སྦྱོར་བ་དང་། མ་རིག་པའི་སྦྱོར་བའོ། །སྦྱོར་བ་དེ་རྣམས་ནི་ཤིན་ཏུ་འཇིགས་སུ་རུང་བས་ན་དགོན་པའོ། །དེ་རྣམས་ལས་བྱུང་བ་ནི་ངེས་པར་མཐོང་བ་སྟེ། དེས་ན། སྦྱོར་བའི་དགོན་པ་ལས་བྱུང་བ། །ཞེས་བྱ་སྟེ། ངེས་པའི་ཚིག་ནི་ཡང་ཁམས་དང་། འགྲོ་བ་དང་། སྐྱེ་གནས་དང་། ས་རྣམས་སུ་ སྦྱོར་ཞིང་སེམས་ཅན་རྣམས་ཆུ་བོར་ལྷུང་བར་འགྱུར་བས་ན་སྦྱོར་བ་ཞེས་བྱའོ། །ཉོན་མོངས་ཉེ་བའི་ཀུན་ཉོན་མོངས། །བག་ཆགས་བཅས་པར་གཏན་སྤངས་པ། །ཞེས་བྱ་བ་ལ། དེ་ལ་ཉོན་མོངས་པ་ནི་དགུ་བཅུ་རྩ་བརྒྱད་དོ། །ཉེ་བའི་ཉོན་མོངས་པ་ཡང་དེ་ཉིད་དེ། དེ་རྣམས་མདོར་བསྡུས་པ་དང་རྒྱས་པར་ཕྱེ་ནས་གསུངས་ པ་ཡིན་ནོ། །དེ་ལ་ཀུན་དུ་སྦྱོར་བ་དགུ་སྟེ། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་དང་། སེར་སྣ་དང་། ཕྲག་དོག་གོ། །དེ་ལ་ཁམས་གསུམ་གྱི་འདོད་ཆགས་ཞེན་པའི་མཚན་ཉིད་རྒྱ་སྐྱེགས་ཞུ་བར་སྦྱར་བ་ལྟ་བུའི་ཆོས་ནི་རྗེས་སུ་ཆགས་ པ་སྟེ། རྗེས་སུ་ཆགས་པ་ཉིད་ཀུན་དུ་སྦྱོར་བའོ། །སེམས་ཅན་རྣམས་ལ་གནོད་ཅིང་གསོད་པའི་མཚན་ཉིད་ཅན་ས་བོན་ཁ་བ་ལྟ་བུའི་ཆོས་ནི་ཁོང་ཁྲོ་བ་སྟེ། ཁོང་ཁྲོ་བ་ཉིད་ཀུན་དུ་སྦྱོར་བའོ། །བདག་དང་གཞན་དུ་ཉེ་བར་བཏགས་ནས་སེམས་མཐོ་བའི་མཚན་ཉིད་ཅན་དུ་སྐྱེས་བུ་རེངས་པ་ལྟ་བུ་ནི་ང་རྒྱལ་ལོ། །དེ་ཡང་ རྣམ་པ་བདུན་ཏེ། ང་རྒྱལ་དང་། ཆེ་བའི་ང་རྒྱལ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་དང་། ངའོ་སྙམ་པའི་ང་རྒྱལ་དང་། མངོན་པའི་ང་རྒྱལ་དང་། ཅུང་ཟད་སྙམ་པའི་ང་རྒྱལ་དང་། ལོག་པའི་ང་རྒྱལ་ལོ། །དེ་ལ་ང་རྒྱལ་ནི་ཆུང་ངུ་བས་བདག་རུས་དང་། རིགས་དང་། གཟུགས་དང་། ནོར་དང་། ཐོས་པ་དང་། ཚུལ་ ཁྲིམས་དང་། བཟོ་ལ་སོགས་པ་དག་གིས་བྱེ་བྲག་ཏུ་འཕགས་པའམ། རུས་ལ་སོགས་པ་འདྲ་བ་དང་མཚུངས་སོ་སྙམ་པ་དེའི་རྒྱུ་ལས་བྱུང་བའི་སེམས་ཀྱི་རློམ་སེམས་དེ་ནི་ང་རྒྱལ་ཞེས་བྱའོ། །ཆེ་བའི་ང་རྒྱལ་ནི་མཚུངས་པ་བས་བདག་རུས་ལ་སོགས་པ་དག་གིས་བྱེ་བྲག་ཏུ་འཕགས་པའམ། ཆེ་བ་དང་ མཚུངས་སོ་སྙམ་པ་དེས་དྲངས་པའི་སེམས་ཁེངས་པ་ནི་ཆེ་བའི་ང་རྒྱལ་ལོ། །ང་རྒྱལ་ལས་ཀྱང་ང་རྒྱལ་ནི་ཆེ་བ་བས་ཀྱང་བདག་ཆེས་ཆེའོ་སྙམ་པ་དེས་དྲངས་པའི་སེམས་ཁེངས་པའོ། །ངའོ་སྙམ་པའི་ང་རྒྱལ་ནི་བདག་ཏུ་ལྟ་བའི་རྗེས་ལས་བྱུང་བའི་སེམས་ཁེངས་པའོ། །མངོན་པའི་ང་རྒྱལ་ནི་རྒྱུན་ 63-1-271a དུ་ཞུགས་པའི་འབྲས་བུ་ལ་སོགས་པ་གོང་མའི་ཁྱད་པར་ཐོབ་པར་བྱ་བ་མ་ཐོབ་པར་བདག་གིས་ཐོབ་པོ་སྙམ་པ་དེའི་རྒྱུ་ལས་བྱུང་བའི་སེམས་ཀྱི་རློམ་སེམས་སོ། །ཅུང་ཟད་སྙམ་པའི་ང་རྒྱལ་ནི་རིགས་ལ་སོགས་པ་ཁྱད་པར་ཆེས་འཕགས་པ་བདག་ཅུང་ཟད་ཅིག་གིས་ ཆུང་བར་བལྟ་ཞིང་དེས་རློམ་སེམས་པའོ། །ལོག་པའི་ང་རྒྱལ་ནི་ཡོན་ཏན་མ་ཡིན་པ་དང་ལྡན་པར་བལྟ་ཞིང་དེས་རློམ་སེམས་པའོ། །ང་རྒྱལ་བདུན་པོ་འདི་དག་ནི་ང་རྒྱལ་གྱིས་ཀུན་དུ་སྦྱོར་བ་ཞེས་བྱའོ། །མ་རིག་པ་ཞེས་བྱ་བ་ནི་ཁམས་གསུམ་པོའི་མི་ཤེས་པ་མི་རྟོག་པའི་མཚན་ཉིད་ལོང་བ་ལྟ་བུ་སྟེ། རིག་པའི་གཉེན་པོ་ནི་མ་རིག་པ་ཞེས་བྱའོ། །དག་པ་ནི་གཉེན་པོ་ལ་གཞག་པའི་ཕྱིར་མི་མཛད་པ་དང་། མི་བདེན་པ་ལ་སོགས་པ་བཞིན་ནོ། །མ་རིག་པ་ཉིད་ཀུན་དུ་སྦྱོར་བ་ནི་མ་རིག་པའི་ཀུན་དུ་སྦྱོར་བའོ། །འཇིག་ཚོགས་དང་མཐར་འཛིན་པ་དང་ལོག་པར་ལྟ་བ་གསུམ་ནི་ལྟ་བའི་ཀུན་དུ་སྦྱོར་བའོ། །དེ་ལ་ཉེ་ བར་ལེན་པའི་ཕུང་པོ་ལྔ་པོ་བདག་མེད་པ་བདག་གི་མེད་པ་རྣམས་ལ་བདག་དང་བདག་གི་ཚུལ་གྱིས་ཞུགས་པ་ཉོན་མོངས་པ་ཅན་གྱི་བློ་ནི་འཇིག་ཚོགས་ལ་ལྟ་བའོ། །དེ་ནི་འཇིག་པ་ཡང་ཡིན་ལ་ཚོགས་ཀྱང་ཡིན་པས་འཇིག་ཚོགས་སོ། །དེ་ལ་ལྟ་བས་འཇིག་ཚོགས་ལ་ལྟ་བའོ། །ཆད་པ་མ་ཡིན་པ་རྟག་ པ་མ་ཡིན་པ་དེ་དག་ཉིད་ལ་ཆད་པ་དང་། རྟག་པའི་ཚུལ་གྱིས་ཞུགས་པ་ཉོན་མོངས་པ་ཅན་གྱི་བློ་ནི་མཐར་འཛིན་པར་ལྟ་བ་སྟེ། མཐའ་གཉིས་སུ་ཞུགས་པའི་ཕྱིར་རོ། །ལས་མེད་དོ། །ལས་ཀྱི་འབྲས་བུ་མེད་དོ། །ཐར་པ་མེད་དོ། །དེ་ཐོབ་པར་བྱེད་པའི་ལམ་ཡང་མེད་དོ་སྙམ་ དུ་དེ་ལྟར་དངོས་པོ་ཡོད་པ་ཡང་དག་པར་འཇིག་པར་ཞུགས་པ་ཉོན་མོངས་པ་ཅན་གྱི་བློ་གང་ཡིན་པ་དེ་ནི་ལོག་པར་ལྟ་བའོ། །ལྟ་བ་གསུམ་པོ་དེ་དག་ནི་ལྟ་བའི་ཀུན་དུ་སྦྱོར་བའོ། །མཆོག་ཏུ་འཛིན་པ་གཉིས་པོ་ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་མཆོག་ ཏུ་འཛིན་པའི་ཀུན་དུ་སྦྱོར་བའོ། །དེ་ལ་ལྟ་བ་མཆོག་ཏུ་མ་ཡིན་པ་དེ་དག་དང་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་མཆོག་མ་ཡིན་པ་རྣམས་ལ་མཆོག་གོ་སྙམ་དུ་མཆོག་ཏུ་འཛིན་པའི་བློའི་བྱེ་བྲག་གང་ཡིན་པ་དེ་ནི་ལྟ་བ་མཆོག་ཏུ་འཛིན་པ་སྟེ། རྟོག་པ་ཞེས་བྱ་བའི་དོན་གང་ཡིན་པའོ། །ཚུལ་ཁྲིམས་ནི་འཆལ་ 63-1-271b པའི་ཚུལ་ཁྲིམས་སྤངས་པའོ། །བརྟུལ་ཞུགས་ནི་ཁྱི་དང་། རི་དགས་དང་། བ་ལང་གི་བརྟུལ་ཞུགས་དང་། གཅེར་བུ་དང་། ཐབ་དང་ཐལ་བའི་ནང་ན་ཉལ་བ་དང་། སྐྲ་འབལ་བ་དང་འབབ་སྟེགས་སུ་འཁྲུ་བ་དང་། འབྲས་བུ་དང་རྩ་བ་ཟ་བ་དང་། རལ་པ་ཐོགས་པ་ལ་ སོགས་པ་སྟེ། དག་པའི་བདག་ཉིད་མ་ཡིན་པ་དེ་གཉི་ག་ལ་དག་པར་ཡིད་ཆེས་པའི་བློའི་བྱེ་བྲག་བྲམ་ཟེའི་ཆོ་ག་ཅན་གཙང་སྦྲ་འདོད་པ་ལྟ་བུའི་ཆོས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །མཆོག་ཏུ་འཛིན་པའི་གཉིས་པོ་དེ་དག་ནི་མཆོག་ཏུ་འཛིན་པའི་ཀུན་ དུ་སྦྱོར་བའོ། །ཐེ་ཚོམ་ནི་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཞེས་བྱ་བ་བདེན་པ་རྣམས་ལ་ཡིད་གཉིས་ཟ་བ་ལས་ལམ་ཁ་བྲག་དང་། རྩ་མི་འདྲ་བའི་ཆོས་ཉིད་དེ། འདི་སྡུག་བསྔལ་ཡིན་ནམ། འདི་སྡུག་བསྔལ་མ་ཡིན་སྙམ་པ་ལ་སོགས་པའོ། །ཐེ་ཚོམ་ཉིད་ཀུན་དུ་སྦྱར་ བས་ཐེ་ཚོམ་གྱི་ཀུན་དུ་སྦྱོར་བའོ། །ཕྲག་དོག་ནི་ཕ་རོལ་གྱི་འབྱོར་པ་ལ་མི་བཟོད་པ་སྟེ། ཕ་རོལ་པོ་ནོར་དང་ལྡན་ནམ། མཁས་ནས་བཀུར་བ་རྣམས་ལ་སེམས་ཁོང་ནས་འཁྲུགས་པ་ཞེས་བྱ་བའི་དོན་གང་ཡིན་པའོ། །ཕྲག་དོག་ཉིད་ཀུན་དུ་སྦྱོར་བས་ཕྲག་དོག་གི་ཀུན་དུ་སྦྱོར་བའོ། །དངོས་པོ་འདི་ དག་ལས་གཞན་ལ་མི་གཏོང་ངོ་སྙམ་དུ་སེམས་ཀྱི་ཀུན་དུ་འཛིན་པ་གང་ཡིན་པ་དེ་ནི་སེར་སྣ་སྟེ། དེ་ཉིད་ཀུན་དུ་སྦྱོར་བས་སེར་སྣའི་ཀུན་དུ་སྦྱོར་བའོ། །ཀུན་དུ་སྦྱོར་བའི་དོན་ནི་འཆིང་བའི་དོན་ཏེ། ཇི་སྐད་དུ་འཇིག་རྟེན་གྱི་མགོན་པོས་ཀྱང་། མིག་གཟུགས་རྣམས་ལ་ཀུན་དུ་མི་སྦྱོར་ལ། གཟུགས་རྣམས་ཀྱང་མིག་ལ་མ་ཡིན་མོད་ཀྱི། དེ་ལ་འདོད་པ་ལ་འདོད་ཆགས་གང་ཡིན་པ་དེ་ནི་འདིར་ཀུན་དུ་སྦྱོར་བ་སྟེ། དཔེར་ན་བ་ལང་ནག་པོ་ཡང་བ་ལང་དཀར་པོ་ལ་ཀུན་དུ་མི་སྦྱོར་ལ། བ་ལང་དཀར་པོ་ཡང་བ་ལང་ནག་པོ་ལ་མ་ཡིན་ནོ། །ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ། །ཀུན་དུ་སྦྱོར་བ་རྣམས་ ནི་འཆིང་བའི་དོན་ཡིན་པས་ཀུན་དུ་སྦྱོར་བ་གང་ཡིན་པ་དེ་ནི་འཆིང་བ་ཡང་ཡིན་མོད་ཀྱི། འོན་ཀྱང་གཙོ་བོར་གྱུར་པའི་ཕྱིར་དེ་བཞིན་གཤེགས་པའི་མདོ་ལས་འདོད་ཆགས་ནི་འཆིང་བ། ཞེ་སྡང་ནི་འཆིང་བ། གཏི་མུག་ནི་འཆིང་བ་ཞེས་འཆིང་བ་གསུམ་གསུངས་ཏེ། དེ་དག་གི་མཚན་ཉིད་ནི་བཤད་ཟིན་ 63-1-272a ཏོ། །ཕྲ་རྒྱས་ནི་བདུན་ཏེ། འདོད་པ་ལ་འདོད་ཆགས་དང་། ཁོང་ཁྲོ་དང་། སྲིད་པའི་འདོད་ཆགས་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་། ཐེ་ཚོམ་གྱི་ཕྲ་རྒྱས་སོ། །དེ་རྣམས་ཀྱི་མཚན་ཉིད་ནི་ཀུན་དུ་སྦྱོར་བ་བསམ་པའི་སྐབས་སུ་བཤད་ཟིན་ཏེ། ཁམས་དང་། ཚུལ་ དང་། རྣམ་པའི་བྱེ་བྲག་དེ་དབྱེ་བར་བྱའོ། །དེ་ལ་འདོད་པ་རྣམས་ལ་འདོད་ཆགས་པ་ནི་འདོད་པའི་འདོད་ཆགས་སོ། །དེ་ཉིད་ཕྲ་རྒྱས་ཡིན་པས་འདོད་པ་ལ་འདོད་ཆགས་ཀྱི་ཕྲ་རྒྱས་སོ། །དེ་ལ་འདོད་པར་གཏོགས་པའི་འདོད་ཆགས་སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བ་ནི་འདོད་པ་ལ་འདོད་ཆགས་ཀྱི་ཕྲ་རྒྱས་སོ། །སྡུག་བསྔལ་ལ་སོགས་པ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཁོང་ཁྲོ་བ་ལྔ་ནི་ཁོང་ཁྲོ་བའི་ཕྲ་རྒྱས་སོ། །གཟུགས་དང་གཟུགས་མེད་པའི་འདོད་ཆགས་བཅུ་པོ་སྡུག་བསྔལ་ལ་སོགས་པ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་ནི་ སྲིད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་སོ། །ནང་དུ་བལྟས་པར་གྱུར་པ་དང་། བསམ་གཏན་དང་། གཟུགས་མེད་པ་རྣམས་ལ་ཐར་པར་འདུ་ཤེས་པ་བཟློག་པའི་ཕྱིར་ཁམས་གཉིས་ནས་སྐྱེས་པའི་འདོད་ཆགས་ནི་སྲིད་པའི་འདོད་ཆགས་སོ་ཞེས་བདེ་བར་གཤེགས་པས་གསུངས་སོ། །དེ་བཞིན་དུ་ ཁམས་གསུམ་པའི་ང་རྒྱལ་བཅོ་ལྔ་སྡུག་བསྔལ་ལ་སོགས་པ་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བ་ནི་ང་རྒྱལ་གྱི་ཕྲ་རྒྱས་སོ། །མ་རིག་པའི་ཕྲ་རྒྱས་ཀྱང་དེ་བཞིན་དུ་ཁོང་དུ་ཆུད་པར་བྱའོ། །ཁམས་གསུམ་པའི་ལྟ་བ་སུམ་ཅུ་རྩ་དྲུག་པོ་དག་ནི་ལྟ་བའི་ཕྲ་རྒྱས་ཏེ། དེ་ལ་འདོད་པར་ གཏོགས་པའི་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཀུན་འབྱུང་མཐོང་བས་སྤང་བར་བྱ་བའི་ ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། འགོག་པ་མཐོང་བས་སྤང་བར་བྱ་བའི་ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ལམ་མཐོང་བས་སྤང་བར་བྱ་བའི་ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་། བརྟུལ་ 63-1-272b ཞུགས་མཆོག་ཏུ་འཛིན་པ་དེ་དག་ནི་ལྟ་བ་བཅུ་གཉིས་སོ། །གཟུགས་དང་གཟུགས་མེད་པའི་ཡང་དེ་བཞིན་ཏེ། ལྟ་བ་སུམ་ཅུ་རྩ་དྲུག་པོ་དེ་དག་ནི་ལྟ་བའི་ཕྲ་རྒྱས་སོ། །ཁམས་གསུམ་པའི་ཐེ་ཚོམ་བཅུ་གཉིས་ནི་ཐེ་ཚོམ་གྱི་ཕྲ་རྒྱས་ཏེ། དེ་ལ་འདོད་པར་གཏོགས་པ་སྡུག་ བསྔལ་ལ་སོགས་པ་མཐོང་བས་སྤང་བར་བྱ་བ་བཞི་དང་། དེ་བཞིན་དུ་གཟུགས་དང་གཟུགས་མེད་པ་དག་གོ། །འདོད་པ་ལ་འདོད་ཆགས་དང་། ཁོང་ཁྲོ་བའི་ཕྲ་རྒྱས་དག་ནི་རྣམ་པ་ཐ་དད་པ་ཉིད་དོ། །ཁམས་ཀྱིས་མ་ཡིན། ཚུལ་གྱིས་མ་ཡིན་ནོ། །སྲིད་པའི་འདོད་ ཆགས་ཀྱི་ཕྲ་རྒྱས་ནི་ཁམས་དང་རྣམ་པ་སྟེ། ཚུལ་གྱིས་མ་ཡིན་ནོ། །ང་རྒྱལ་དང་། མ་རིག་དང་། ཐེ་ཚོམ་གྱི་ཕྲ་རྒྱས་ཀྱང་ཁམས་དང་རྣམ་པ་སྟེ་ཚུལ་གྱིས་མ་ཡིན་ནོ། །ལྟ་བའི་ཕྲ་རྒྱས་ནི་ཁམས་དང་། རྣམ་པ་དང་། ཚུལ་གྱི་བྱེ་བྲག་གིས་ཐ་དད་དོ། །དེ་ལ་ལྟ་བ་རྣམས་ ཀྱི་ཁམས་དང་། ལྟ་བའི་བྱེ་བྲག་ནི་བཤད་ཟིན་ཏོ། །ཚུལ་གྱི་བྱེ་བྲག་ནི་མ་བཤད་དེ་བརྗོད་པར་བྱའོ། །དེ་ལ་བདག་དང་བདག་གི་ཚུལ་གྱིས་ཞུགས་པ་ནི་འཇིག་ཚོགས་ལ་ལྟ་བའོ། །ཆད་པ་དང་རྟག་པའི་ཚུལ་གྱིས་ཞུགས་པ་ནི་མཐར་འཛིན་པར་ལྟ་བའོ། །མེད་པའི་ཚུལ་གྱིས་ཞུགས་ པ་ནི་ལོག་པར་ལྟ་བའོ། །མཆོག་གི་ཚུལ་གྱིས་ཞུགས་པ་ནི་ལྟ་བ་མཆོག་ཏུ་འཛིན་པའོ། །དག་པའི་ཚུལ་གྱིས་ཞུགས་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །ཕྲ་རྒྱས་ཀྱི་དོན་ནི་ཕྲ་རྒྱས་ཀྱི་དོན་ཏོ། །ཡང་ན་ལུས་དང་སེམས་ཀྱི་རྒྱུན་གྱི་རྗེས་སུ་བསྙེགས་པ་སྟེ། ཆུ་ལ་ རྒྱུ་བས་ནམ་མཁའ་ལ་རྒྱུ་བའི་གྲིབ་མ་ལ་བསྙེགས་པ་ལྟ་བུའི་ཕྱིར་ཕྲ་རྒྱས་སོ། །ཡང་ན་རྗེས་སུ་ཞུགས་པ་སྟེ། ཏིལ་རྣམས་ནི་ཏིལ་མར་ལྟ་བུའི་ཕྱིར་ཕྲ་རྒྱས་སོ། །ཡང་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ་དམིགས་པ་དང་ལྡན་པ་རྣམས་ཀྱིས་རྒྱས་པར་འགྱུར་བས་ཕྲ་རྒྱས་སོ། །ཅིའི་ཕྱིར་རྒྱས་ པར་འགྱུར་བ་ཞེ་ན། དམིགས་པ་དང་ལྡན་པ་གཉིས་ཀྱིས་རྟག་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ཕྲ་རྒྱས་བདུན་པོ་ཁམས་དང་ཚུལ་དང་རྣམ་པའི་བྱེ་བྲག་གིས་ཐ་དད་པ་དེ་དག་ནི་དགུ་བཅུ་རྩ་བརྒྱད་དུ་འགྱུར་ཏེ། འདོད་པ་ན་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་བཅུ་སྟེ། འཇིག་ཚོགས་ལ་ལྟ་བ་དང་། 63-1-273a མཐར་འཛིན་པར་ལྟ་བ་དང་། ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་དང་། འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པའོ། །ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་བདུན་ ཏེ། དེ་དག་གི་ནང་ནས་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་མ་གཏོགས་པ་རྣམས་སོ། །འགོག་པ་མཐོང་བས་སྤང་བར་བྱ་བ་བདུན་ཏེ། དེ་དག་ཉིད་དོ། །ལམ་མཐོང་བས་སྤང་བར་བྱ་བ་བརྒྱད་དོ། །བདུན་པོ་དེ་དག་ཉིད་དང་། ཚུལ་ཁྲིམས་ དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །བསྒོམ་པས་སྤང་བར་བྱ་བ་བཞི་སྟེ། ལྟ་བ་རྣམས་དང་ཐེ་ཚོམ་མ་གཏོགས་ཏེ། དེ་ལྟར་དེ་དག་ནི་འདོད་པར་གཏོགས་པའི་ཕྲ་རྒྱས་སུམ་ཅུ་རྩ་དྲུག་གོ། །གཟུགས་ཀྱི་ཁམས་རྣམས་ནི་དེ་དག་ཉིད་ལས་ཁོང་ཁྲོ་བ་ལྔ་མ་གཏོགས་སོ། །གཟུགས་མེད་པ་རྣམས་ན་ཡང་དེ་ བཞིན་ཏེ། དེ་དག་ནི་དགུ་བཅུ་རྩ་བརྒྱད་ཡིན་ནོ། །དེ་ལ་དེ་དག་གཅིག་ཏུ་བསྡུས་ནས་བརྒྱད་ཅུ་རྩ་བརྒྱད་ནི་མཐོང་བས་སྤང་བར་བྱ་བའོ། །བཅུ་ནི་བསྒོམ་པས་སྤང་བར་བྱ་བའོ། །ཁམས་རྣམས་ཀྱི་སྡུག་བསྔལ་དང་། རྒྱུ་མཐོང་བས་སྤང་བར་བྱ་བའི་ལྟ་བ་དང་། ཐེ་ཚོམ་དང་། དགུ་དང་། དེ་དང་ལྡན་པའི་མ་རིག་པ་ དང་། མ་འདྲེས་པའི་མ་རིག་པ་དང་། དེ་དག་ནི་ཀུན་དུ་འགྲོ་བ་ཞེས་བྱའོ། །ལྷག་མ་རྣམས་ནི་ཀུན་དུ་འགྲོ་བ་མ་ཡིན་པ་ཞེས་བྱའོ། །དེ་བཞིན་དུ་འགོག་པ་དང་། ལམ་མཐོང་བས་སྤང་བར་བྱ་བའི་ལོག་པར་ལྟ་བ་དང་ཐེ་ཚོམ་དང་། དེ་དང་ལྡན་པའི་མ་རིག་པ་དང་། མ་འདྲེས་པའི་མ་རིག་པ་དང་། དེ་དག་ནི་ཟག་པ་ མེད་པ་ལ་དམིགས་པ་སྟེ། འགོག་པ་དང་། ལམ་ལ་དམིགས་པ་དང་། དེ་གཉིས་ཀྱང་ཟག་པ་མེད་པའི་ཕྱིར་རོ། །ལྷག་མ་རྣམས་ནི་ཟག་པ་དང་བཅས་པ་ལ་དམིགས་པའོ། །དེ་ལ་གང་དག་ཟག་པ་དང་བཅས་པ་ལ་དམིགས་པ་དེ་དག་ནི། དམིགས་པ་དང་ལྡན་པ་གཉིས་ཀྱིས་རྒྱས་པར་འགྱུར་རོ། །གང་དག་ཟག་པ་མེད་པ་ལ་ དམིགས་པ་དེ་དག་ནི་ལྡན་པས་ཏེ་རང་གི་ཚོགས་རྣམས་སོ། །དེ་བཞིན་དུ་ཁམས་རྣམས་ཀྱི་འགོག་པ་མཐོང་བས་སྤང་བར་བྱ་བའི་ལོག་པར་ལྟ་བ་དང་། ཐེ་ཚོམ་དང་། དེ་དང་ལྡན་པའི་མ་རིག་པ་དང་། མ་རིག་པ་འབའ་ཞིག་པ་དང་། དེ་དག་ནི་འདུས་མ་བྱས་ལ་དམིགས་པའོ། །ལྷག་མ་ 63-1-273b རྣམས་ནི་འདུས་བྱས་ལ་དམིགས་པའོ། །དེ་དག་འབྱུང་བའི་གོ་རིམས་ནི་དང་པོ་ཁོ་ནར་མ་རིག་པ་དང་ལྡན་པས་སེམས་ཅན་བདེན་པ་རྣམས་ལ་རྨོངས་ཏེ། དེ་རྣམས་སྡུག་བསྔལ་ནས་ལམ་གྱི་བར་དེ་དག་མི་འདོད་དོ། །དེ་ནས་གླེན་པ་རྣམས་ཡང་དག་པ་དང་། ལོག་པའི་ཕྱོགས་ གཉིས་ཐོས་ནས་འདི་སྡུག་བསྔལ་ཡིན་ནམ། འདི་སྡུག་བསྔལ་མ་ཡིན་པ་ལ་སོགས་པའི་ཐེ་ཚོམ་སྐྱེའོ། །དེ་ནས་དོགས་པའི་བློས་དམན་པ་མ་ཡིན་པ་དང་། བསྟེན་ནས་ལོག་པར་ཐོས་པ་དང་། ལོག་པར་སེམས་པས་ངེས་པར་བྱུང་སྟེ་སྦྱིན་པ་མེད་དོ་སྙམ་པ་ལ་སོགས་པའོ། ། དེ་ནས་ལོག་པར་ལྟ་བ་ལས་འཇིག་ཚོགས་ལ་ལྟ་བ་འབྱུང་སྟེ། དེས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ་སྡུག་བསྔལ་ཉིད་བསལ་ནས་བདག་ཏུ་མངོན་པར་ཞེན་ཏོ། །དེ་ལས་མཐར་འཛིན་པར་ལྟ་བ་འབྱུང་སྟེ། དེས་བདག་ཆད་པ་དང་། རྟག་པ་མཐའ་གཉིས་བཟུང་བའི་ཕྱིར་རོ། །མཐར་ འཛིན་པ་ལས་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་འབྱུང་ངོ་། །མཐར་འཛིན་པ་གང་ཡིན་པ་དེ་ཉིད་ཀྱིས་དག་པར་ཡིད་ཆེས་སོ། །དེ་ལས་ཀྱང་ལྟ་བ་མཆོག་ཏུ་འཛིན་པ་འབྱུང་ངོ་། །གང་གིས་དག་པར་ཡིད་ཆེས་པ་དེ་ལ་མཆོག་ཏུ་འཛིན་ཏོ། །དེའི་འོག་ཏུ་རང་གི་ལྟ་བ་ལ་འདོད་ ཆགས་སྐྱེའོ། །ལྟ་བ་དེ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་ཅིང་ཕ་རོལ་གྱི་ལྟ་བའམ། རང་གི་རྒྱུད་ཀྱིས་སྔོན་བཟུང་བ་ལས་གཏོང་བ་དག་ལ་ཞེ་སྡང་སྐྱེ་སྟེ། དེ་དག་གི་གོ་རིམས་ནི་དེ་ལྟའོ། །ཉོན་མོངས་པ་རེ་རེ་ཡང་རྒྱུ་གསུམ་གསུམ་ལས་སྐྱེ་སྟེ། གལ་ཏེ་ཕྲ་རྒྱས་མ་སྤངས་ པ་དང་། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དང་། ཡུལ་ཉེ་བར་གནས་པར་གྱུར་ནས་རྒྱུ་དང་ཡུལ་དང་སྦྱོར་བའི་སྟོབས་དེ་དག་ལས་ཉོན་མོངས་པ་སྐྱེའོ། །དེ་དག་ནི་ལུས་དང་སེམས་ཀྱི་རྒྱུ་ཉོན་མོངས་པར་བྱེད་པས་ཉོན་མོངས་པ་རྣམས་ཞེས་བྱ་སྟེ། ཉོན་མོངས་པ་རྣམས་ གང་ཡིན་པ་དེ་དག་ནི་ཉེ་བའི་ཉོན་མོངས་པ་ཡང་ཡིན་མོད་ཀྱིས་གང་དག་དེ་རྣམས་ལས་གཞན་པ་སེམས་ལས་བྱུང་བའི་ཆོས་ཉོན་མོངས་པ་ཅན་འདུ་བྱེད་ཀྱི་ཕུང་པོར་བསྡུས་པ་དེ་དག་ནི་ཉེ་བའི་ཉོན་མོངས་པ་ཉིད་དོ། །དེ་དག་ཀྱང་གང་ཞེ་ན། སྒྱུ་དང་། རྒྱགས་པ་དང་། རྣམ་པར་འཚེ་བ་དང་། 63-1-274a དུས་ཆེ་བ་དང་། ཁོན་དུ་འཛིན་པ་དང་། གཡོ་ལ་སོགས་པ་རྣམ་པ་དུ་མ་རྒྱུད་ལས་བྱུང་བ་རྣམས་སོ། །དེ་ལ་སྒྱུ་ནི་ཕ་རོལ་ལ་སླུ་བའོ། །རྒྱགས་པ་ནི་གཟུགས་དང་། ལང་ཚོ་དང་། རིགས་དང་། ཚུལ་ཁྲིམས་དང་། མང་དུ་ཐོས་པ་ལ་སོགས་པ་ རང་གི་ཆོས་རྣམས་ལ་ཆགས་ཏེ་གཞན་ལ་མི་ལྟོས་པར་སེམས་ཡོངས་སུ་གཏུགས་པའོ། །རྣམ་པར་འཚེ་བ་ནི་ལག་པ་དང་། བོང་བ་དང་། དབྱིག་པས་བརྡེག་པ་དང་། ཕ་རོལ་ལ་ཚིག་རྩུབ་པོས་རྣམ་པར་ཐོ་འཚམས་པའོ། །དུས་ཆེ་བ་ནི་ཁ་ན་མ་ཐོ་བ་དང་བཅས་པའི་དངོས་པོ་ དམ་དུ་འཛིན་པ་སྟེ། དེའི་དབང་གིས་རིགས་པར་བསྒོ་བ་མི་འཛིན་པའོ། །ཁོན་དུ་འཛིན་པ་ནི་ཀུན་ནས་མནར་སེམས་ཀྱི་དངོས་པོ་མང་དུ་བྱེད་པའོ། །གཡོ་ནི་སེམས་གྱ་གྱུ་བ་སྟེ། དེའི་དབང་གིས་གཞན་ནས་གཞན་དུ་བརྒྱུད་ཅིང་གུང་དུ་འདྲེན་ཏེ། གསལ་བར་མི་རྟོག་པར་བྱེད་པའོ། །དེ་ ལ་དེ་དག་ནི་ནང་ནས་སྒྱུ་དང་རྒྱགས་པ་གཉིས་ནི་འདོད་ཆགས་ཀྱི་རྒྱུ་མཐུན་པ་འདོད་ཆགས་ཀྱི་རྗེས་སུ་འགྲོ་བ་སྟེ། འདོད་ཆགས་ཀྱི་རིགས་ལ་བརྟེན་ཞེས་བྱ་བའི་ཐ་ཚིག་གོ། །ཁོན་དུ་འཛིན་པ་དང་། རྣམ་པར་འཚེ་བ་ནི་ཁོང་ཁྲོ་བའི་རྗེས་སུ་འགྲོ་བའོ། །དུས་ཆེ་བ་ནི་ལྟ་བ་སྙེམས་པའི་ རྒྱུ་མཐུན་པའོ། །གཡོ་བ་ནི་ལོག་པར་ལྟ་བའི་རྒྱུ་མཐུན་པའོ། །གྱ་གྱུ་བ་ཇི་ལྟ་བུ་ཞེ་ན། སྡིག་པ་ཅན་གྱི་ལྟ་བའོ་ཞེས་ཚིགས་སུ་བཅད་པ་ལས་འབྱུང་ངོ་། །ཀུན་ནས་དཀྲིས་ཏེ་འདུག་པ་ནི་བཅུ་སྟེ། རྨུགས་པ་དང་། གཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཕྲག་དོག་དང་། སེར་སྣ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། ཁྲོ་བ་དང་། འཆབ་པའོ། །དེ་ལ་རྨུགས་པ་ནི་ལུས་དང་སེམས་ལས་སུ་མི་རུང་བ་སྟེ། སློང་ཞེས་བྱ་བའི་ཐ་ཚིག་གོ། །གཉིད་ནི་ལུས་དང་སེམས་འཛིན་པར་མི་ནུས་པ་དང་། སེམས་སྡུད་པ་སྟེ། དེ་ཡང་ཉོན་མོངས་པ་ ཅན་ཉིད་ཡིན་པས་ཀུན་ནས་དཀྲིས་ཏེ་འདུག་པའོ། །རྒོད་པ་ནི་སེམས་མ་ཞི་བའོ། །ངན་པར་བྱས་པའི་དངོས་པོ་ནི་འགྱོད་པའོ། །འདིར་དེ་ལ་དམིགས་པ་སེམས་ལས་བྱུང་བའི་ཆོས་ལ་འགྱོད་པ་ཞེས་བྱ་སྟེ། ཡིད་ལ་གཅགས་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུ་ལ་འབྲས་ 63-1-274b བུས་བཏགས་ཏེ། དཔེར་ན་མི་སྡུག་པ་ལ་དམིགས་པའི་ཆོས་ལ་མི་སྡུག་ཅེས་བྱ་བ་ལྟ་བུའོ། །འཇིག་རྟེན་ན་ཡང་གནས་ཀྱིས་གནས་པ་སྟོན་ཏེ། དཔེར་ན་གྲོང་ཐམས་ཅད་ལྷགས་སོ་ཞེས་བྱ་བ་ལྟ་བུའོ། །དེ་ཡང་ཉོན་མོངས་པ་ཅན་ཉིད་ཡིན་པས་ཀུན་ནས་དཀྲིས་ཏེ་འདུག་པའོ། ། ཕྲག་དོག་དང་སེར་སྣའི་མཚན་ཉིད་ནི་བཤད་ཟིན་ཏོ། །ངོ་ཚ་མེད་པ་ནི་ཡོན་ཏན་རྣམས་དང་། ཡོན་ཏན་ཅན་རྣམས་ལ་མི་གུས་པ་སྟེ། གུས་པའི་གཉེན་པོའི་ཆོས་སོ། །ཁྲེལ་མེད་པ་ནི་ཁ་ན་མ་ཐོ་བ་ལ་འཇིགས་པར་མི་ལྟ་བའོ། །ཁ་ན་མ་ཐོ་བ་ནི་གང་དམ་པ་རྣམས་ཀྱིས་ སྨད་པ་ངན་སོང་དུ་འགྲོ་བའོ། །ཁྲོ་བ་ནི་ཞེ་སྡང་དང་། རྣམ་པར་འཚེ་བ་མ་གཏོགས་ཏེ། སེམས་ཅན་དང་སེམས་ཅན་མ་ཡིན་པ་དག་ལ་ཀུན་ནས་མནར་སེམས་པའོ། །འཆབ་པ་ནི་ཁ་ན་མ་ཐོ་བ་མཁྱུད་པའོ། །སེམས་ལ་ཀུན་ནས་དམ་དུ་དཀྲིས་ཏེ་གནས་པས་ཀུན་ནས་ དཀྲིས་ཏེ་འདུག་པ་རྣམས་སོ། །དེ་དག་ལས་རྨུགས་པ་དང་། གཉིད་དང་། ཁྲེལ་མེད་པ་ནི་མ་རིག་པའི་རྒྱུ་མཐུན་པའོ། །འགྱོད་པ་ནི་ཐེ་ཚོམ་གྱི་རྒྱུ་ལས་བྱུང་བའོ། །ངོ་ཚ་མེད་པ་དང་། རྒོད་པ་དང་། སེར་སྣ་ནི་འདོད་ཆགས་ཀྱི་རྒྱུ་མཐུན་པའོ། །ཁོང་ཁྲོ་བ་དང་ཕྲག་ དོག་ནི་ཁོང་ཁྲོ་བ་ལས་བྱུང་བའོ། །འཆབ་པ་ནི་སྲེད་པ་དང་མ་རིག་པའི་རྒྱུ་མཐུན་པའོ། །དྲི་མ་རྣམ་པ་བཅུ་པོ་དེ་རྣམས་ཀྱང་ཉེ་བའི་ཉོན་མོངས་པ་ཞེས་བྱའོ། །སེམས་ལས་བྱུང་བ་རྣམས་ཀྱི་རྒྱུ་ཕྲ་བ་སྟེ། དེ་རྒྱུན་དུ་འབབ་པ་ཡང་བྱེ་བྲག་ཕྱེད་པར་མི་ནུས་ན་སྐད་ཅིག་ རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ཀྱི་མཚན་ཉིད་ལ་མཁས་པའི་བློ་ཅན་དག་གིས་ནི། དེའི་འབྲས་བུའི་ཁྱད་པར་མཐོང་བས་དེ་དག་གི་རིགས་བཞིན་སྐྱོན་མེད་པར་རྟོགས་ཀྱི། བདེ་བར་གཤེགས་པའི་གསུང་རབ་འཆད་པའི་ སློབ་དཔོན་ལ་བསྙེན་བཀུར་མ་བྱས་པ་འཁྲུལ་པའི་བློ་གྲོས་ཅན་དག་གིས་ནི་མ་ཡིན་ནོ། །དེ་བཞིན་དུ། སྒྱུ་དང་། དྲེགས་པ་དང་། རྣམ་པར་འཚེ་བ་དང་། ཁེངས་པ་དང་། གཡོ་ལ་སོགས་པ་དཔག་ཏུ་མེད་པ་དག་བཤད་མོད་ཀྱིས་གཞུང་ 63-1-275a མངས་སུ་དོགས་པས་འདིར་མ་སྤྲོས་སོ། །ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དེ་དག་གིས་ཀུན་དུ་སྦགས་ཤིང་ཀུན་ནས་ཉོན་མོངས་པས་ན་ཀུན་ནས་ཉོན་མོངས་པ་སྟེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དེ་རྣམས་ཤིན་ཏུ་མཛེས་ པའི་རྣམ་པ་དང་། ཕུལ་དུ་བྱུང་བའི་རྣམ་པས་བག་ཆགས་དང་བཅས་པར་སྤངས་པ་གང་ཡིན་པ་དེ་ནི། ཉོན་མོངས་ཉེ་བ་ཀུན་ཉོན་མོངས། །བག་ཆགས་བཅས་པར་གཏན་སྤངས་པ། །ཞེས་བྱའོ། །ཐུགས་རྗེ་ཆེན་པོ་དང་ཤེས་རབ་དང་ཐབས་ནི། སྙིང་རྗེ་ཆེ་ དང་ཤེས་རབ་ཐབས། །ཞེས་བྱ་སྟེ། དེ་རྣམས་ཀྱིས་ཀུན་ནས་མ་ལུས་གསུངས་པར་འགྲོ་བའི་དོན་མཐོ་རིས་དང་། བྱང་གྲོལ་གྱི་མཚན་ཉིད་ཅན་དོན་ཡོད་ཅིང་འབྲས་བུ་དང་བཅས་པ་རྟེན་བྱེད་ཅིང་རྫོགས་པར་མཛད་པས་ན། དོན་ཡོད་འགྲོ་བའི་དོན་བྱེད་པ། །ཞེས་བྱའོ། ། མཚན་མར་འཛིན་པ་ནི་འདུ་ཤེས་ཏེ། ཁམས་དང་། འགྲོ་བ་དང་། སྐྱེ་གནས་ཐམས་ཅད་དུ་གཏོགས་པའི་འདུ་ཤེས་ཐམས་ཅད་ནི་འདུ་ཤེས་ཀུན་ནོ། །འདུ་ཤེས་དེ་རྣམས་ནི་དོན་སྤངས་པའི་ཆོས་ཐམས་ཅད་ལ་བདག་མེད་པའི་ཡེ་ཤེས་འདིས་སྤོང་བར་མཛད་པའོ། ། དེ་ཉིད་ནི་དོན་ཏེ། དགོས་པ་གང་ཡིན་པ་དེ་ལ། འདུ་ཤེས་ཀུན་གྱི་དོན་སྤངས་པ། །ཞེས་བྱའོ། །རྣམ་པར་ཤེས་པའི་མཚན་ཉིད་ཅན་ནི་རྣམ་ཤེས་སོ། །དེའི་དོན་ནི་གཟུང་བར་བྱ་བ་སྟེ། ཡུལ་རྣམས་སོ། །དེའི་འགོག་པ་ནི་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པའོ། །དེ་ བྱེད་ཅིང་རྟོགས་པར་མཛད་པས་ནི། རྣམ་ཤེས་དོན་ནི་འགག་པར་བྱེད། །ཅེས་བྱའོ། །འདུ་ཤེས་ཐམས་ཅད་དང་བྲལ་ཞིང་གཟུང་བ་དང་། འཛིན་པའི་ཉེ་བར་དམིགས་པ་རྣམ་པར་སྤངས་སུ་ཟིན་ཀྱང་དོན་ཡོད་པར་འགྲོ་བ་རྣམས་ཀྱི་དོན་མཛད་པས་ན། སེམས་ ཅན་ཀུན་ཡིད་ཡུལ་དང་ལྡན། །སེམས་ཅན་ཀུན་གྱི་ཡིད་རིག་པ། །ཞེས་སྨོས་ཏེ། སེམས་ཅན་ཐམས་ཅད་ཀྱི་ཡིད་ཀྱི་ཡུལ་འདི་ལ་དམིགས་པ་ཉིད་ཀྱིས་སྐལ་བ་དང་ལྡན་པ་དང་། སྐལ་བ་དང་མི་ལྡན་པ་ཉིད་ཐུགས་སུ་ཆུད་པའི་དོན་གྱིས་ན། སེམས་ཅན་ཀུན་ 63-1-275b ཡིད་ཡུལ་དང་ལྡན། །ཞེས་བྱའོ། །ཆུང་ངུ་དང་། འབྲིང་དང་། ཆེན་པོ་ལ་སོགས་པའི་དབྱེ་བས་ཐ་དད་པའི་སེམས་ཅན་རྣམས་ཀྱི་སེམས་ཀྱི་ངོ་བོ་ཉིད་ཐུགས་སུ་ཆུད་པས་ན། སེམས་ཅན་ཀུན་གྱི་ཡིད་རིག་པ། །ཞེས་བྱ་སྟེ། རིག་པ་དང་། རྟོགས་པ་དང་། ཁོང་དུ་ཆུད་པ་ཞེས་བྱ་བ་ནི། རྣམ་གྲངས་ཡིན་པར་ཤེས་པར་བྱའོ། །གང་འདི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ངོ་བོ་ཉིད་བཅོམ་ལྡན་འདས་ཀྱིས་ཐུགས་སུ་ཆུད་དེ། དེ་ལྟ་མོད་ཀྱི་གཞན་དག་གི་སེམས་ནི་བཅོམ་ལྡན་འདས་ཀྱི་ཐུགས་ལས་ཐ་དད་པ་ཡིན་ན། དོན་ཇི་ ལྟར་རྫོགས་པར་འགྱུར་ཞེས་ཀུན་དུ་རྟོག་པ་ལ། སེམས་ཅན་ཀུན་གྱི་ཡིད་ལ་གནས། དེ་དག་སེམས་དང་མཐུན་པར་འཇུག །ཅེས་བྱ་བ་གསུངས་ཏེ། དེ་རྣམས་ཀྱི་སེམས་ནི་དེ་དག་སེམས་སོ། །དེ་རྣམས་ཀྱི་སེམས་དང་མཐུན་པ་ནི་མཉམ་པའོ། །འཇུག་པ་ནི་ ཐོབ་པའོ། །དེས་ན། སེམས་ཅན་ཀུན་གྱི་ཡིད་ལ་གནས། །ཞེས་བྱ་སྟེ། ནང་དུ་སོང་ཞིང་གཉིས་སུ་མེད་པར་ཁོང་དུ་ཆུད་པའི་རྣམ་པས་སོ་སོར་སྣང་བ་སྐྱེས་པས་ན། དེ་རྣམས་ཀྱི་རང་གི་དོན་མ་ཚང་བ་མེད་པར་རྫོགས་པར་འགྱུར་རོ། །ཐག་རིང་བར་རྟོག་པ་རིང་དུ་སྤངས་ པ་ཉིད་ཀྱིས་ཇི་ལྟར་མངོན་པར་འདོད་པའི་དོན་རྫོགས་པར་མཛད་པས་ན། སེམས་ཅན་ཐམས་ཅད་ཀྱི་ཡིད་ཚིམ་པར་མཛད་པའི་ངང་ཚུལ་ཅན་ཡིན་པས་ན། སེམས་ཅན་ཀུན་ཡིད་ཚིམ་པར་བྱེད། །ཅེས་བྱའོ། །མཆོག་ཏུ་དགའ་བའི་བདེ་བ་ཆེན་པོའི་དགའ་བ་སྐྱེད་ པར་མཛད་པས་ན། སེམས་ཅན་ཀུན་གྱི་ཡིད་དགའ་བ། །ཞེས་བྱའོ། །གྲུབ་པ་མཐར་ཕྱིན་འཁྲུལ་པ་མེད། །ནོར་བ་ཐམས་ཅད་རྣམ་པར་སྤངས། །དོན་གསུམ་ཐེ་ཚོམ་མེད་པའི་བློས། །ཞེས་བྱ་བ་ལ། གྲུབ་པ་རྣམས་ཀྱི་མཐའ་ནི་གྲུབ་པའི་ མཐའ་སྟེ། མཐར་ཐུག་པ་དེ་ལས་གཞན་པའི་ལྷག་པ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་འཁྲུལ་པ་རྣམས་དང་བྲལ་བའི་རྒྱུ་གང་གིས་ན་ནོར་བ་ཐམས་ཅད་རྣམ་པར་སྤངས་པའི་ཕྱིར་རོ། །འདི་ལྟར་ཐམས་ཅད་ཇི་ལྟར་ཤེས་ཤེ་ན། གང་གི་ཕྱིར་ཐེ་ཚོམ་མེད་ 63-1-276a པའི་བློ་ཞེས་བྱ་བས་ནོར་བ་ཐམས་ཅད་རྣམ་པར་སྤངས་པ་ཡིན་ལ། ནོར་བ་ཐམས་ཅད་རྣམ་པར་སྤངས་པས་ན་འཁྲུལ་པ་མེད་པའོ། །དེ་ཉིད་ཀྱིས་ན་གྲུབ་པའི་མཐར་ཕྱིན་ཞེས་བྱ་སྟེ། གཞན་རྣམས་ཀྱིས་གྲུབ་པའི་མཐའ་ནི་ཉོན་མོངས་པའི་བག་ ཆགས་ལ་སོགས་པ་ཡོད་པས་མཐར་ཐུག་པར་འགྲོ་བ་མེད་པས་ན་མཐར་ཕྱིན་པ་མ་ཡིན་ནོ། །ཡང་ན་གྲུབ་པའི་མཐའ་ནི་འདིར་ཕྱོགས་འཇོག་པ་སྟེ། ཆོས་ཐམས་ཅད་བདག་མེད་པ་ཉིད་ཐུགས་སུ་ཆུད་པའི་གཉིས་སུ་མེད་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ནི་བཅོམ་ལྡན་ འདས་ཀྱི་དོན་དམ་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལ་འཁྲུལ་པ་ནི་གཞུང་གཞན་སྣ་ཚོགས་པ་དག་གིས་ཀུན་དུ་བསླང་བའི་བདག་དང་བདག་གིར་མངོན་པར་ཞེན་པ་རྣམས་ནི་རྣམ་པ་སྣ་ཚོགས་པར་རིག་པས་རྣམ་པར་འཁོར་བའི་ཕྱིར་འཁྲུལ་པ་སྟེ་དེ་དང་བྲལ་བའོ། །གང་གི་ཕྱིར་ཞེ་ན། འཁྲུལ་པ་ རྣམས་ལས་འདས་པར་གྱུར་པས་ན་འཁྲུལ་པ་མེད་པའོ། །དེ་ལ་རྫས་དང་། ཡོན་ཏན་དང་། ལས་དང་། སྤྱི་དང་། ཁྱད་པར་དང་། ཚོགས་པ་ལས་བདག་དང་བདག་གི་དང་། གཟུང་བ་དང་། འཛིན་པ་པོ་ལ་སོགས་པ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། གང་ཟག་ལ་ སོགས་པ་ནི་ནོར་བའི་བྱེ་བྲག་གི་ཕྱོགས་སྔ་མ་ངེས་པར་སྤངས་པ་སྟེ། ཚད་མས་བཅོམ་པའི་ཕྱིར་རྣམ་པར་སྤངས་པ་གང་ཡིན་པ་དེ་ནི་ནོར་བ་ཐམས་ཅད་རྣམ་པར་སྤངས་པའོ། །ཐེ་ཚོམ་མེད་པའི་བློ་ནི་ཤེས་བྱ་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐུགས་སུ་ཆུད་པའི་ངོ་བོ་ཉིད་ཀྱིས་དྲི་མ་མེད་པའི་བློ་གང་ཡིན་ པ་དེ་ནི་ཐེ་ཚོམ་མེད་པའི་བློ་ཞེས་བྱ་སྟེ། མི་སླུ་བ་ཞེས་བྱ་བའི་དོན་ཏོ། །གསུམ་ནི་བུད་མེད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དོན་ནི་དགོངས་པ་སྟེ། དེས་ཁ་ན་མ་ཐོ་བ་མེད་པར་གཞན་གྱི་དོན་མཛད་པ་གང་ཡིན་པ་དེ་ནི་དོན་གསུམ་མོ། །ཡང་ན་དོན་རྣམ་པ་གསུམ་སྟེ། སྤང་བར་བྱ་བ་དང་། བླང་བར་བྱ་བ་དང་བཏང་སྙོམས་སུ་བྱ་བའོ། །དེ་ལ་སྤང་བར་བྱ་བ་ནི་ཕྱི་རོལ་གྱི་མི་དགེ་བ་བཅུ་ལ་སོགས་པའོ། །བླང་བར་བྱ་བ་ནི་ཆོས་བདག་མེད་པའི་ཡེ་ཤེས་ཀྱི་ཚོགས་དང་བསོད་ནམས་ཀྱི་ཚོགས་སོ། །བཏང་སྙོམས་སུ་བྱ་བ་ནི་ལུང་དུ་མ་བསྟན་པའི་ཆོས་རྣམས་ཏེ། འདི་དག་ཐམས་ཅད་ 63-1-276b ནི་གདུལ་བྱ་དང་རྗེས་སུ་འཚམ་པས་ན་དོན་དེ་དགོངས་པའོ། །དེ་གང་ལ་མངའ་བ་དེ་ནི་དོན་གསུམ་མོ། །རྣམ་པ་ཐམས་ཅད་དུ་མཁྱེན་པ་ཉིད་ནི་ཐམས་ཅད་ཅེས་བྱ་བའི་སྒྲས་བཤད་དོ། །དེ་ལས་དོན་ཐམས་ཅད་པ་གང་ཡིན་པ་དེ་ཀུན་དོན་ཏེ། གང་གི་ཕྱིར་ཐམས་ཅད་ཀྱི་དོན་དུ་འགྱུར་ཞིང་སྐལ་ བ་ཇི་ལྟ་བ་བཞིན་དུ་ཐམས་ཅད་ཅིར་འགྱུར་བས་ན་ཀུན་དོན་ཏོ། །ཡང་ན་དོན་མེད་པ་ནི་སྡུག་བསྔལ་དང་། སྡུག་བསྔལ་གྱི་རྒྱུའོ། །དོན་ནི་བདེ་བ་དང་། བདེ་བའི་རྒྱུ་སྟེ། ཐམས་ཅད་དུ་བདེ་བའི་ངོ་བོ་ཉིད་དུ་གྱུར་པ་དང་། བདེ་བ་ཐམས་ཅད་ནི་རྒྱུར་གྱུར་པས་ན་ཀུན་དོན་ནོ། །སྙིང་སྟོབས་དང་། རྡུལ་དང་། མུན་པ་ནི་ཡོན་ཏན་གསུམ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་བདག་ཉིད་ཅན་ནོ། །དེ་བཞིན་ཡང་ཡེ་ཤེས་ཀྱི་ངོ་བོ་ཉིད་དེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་འདུལ་བའི་སེམས་ཅན་རྣམས་གདུལ་བར་བྱ་བའི་ཕྱིར། དེའི་བདག་ཉིད་ ཅན་གྱི་དེ་བཞིན་གཤེགས་པའི་ངོ་བོ་ཉིད་དུ་གྱུར་པས་ན། ཡོན་ཏན་གསུམ་གྱི་བདག་ཅེས་བྱ་བའི་གྲངས་ཅན་གྱིས་ཡོངས་སུ་བཏགས་པའི་བེམས་པོའི་རང་བཞིན་ཅན་ཡོངས་སུ་གྱུར་པའི་ངོ་བོ་ཉིད་ཀྱི་ཡོན་ཏན་ནི་མ་ཡིན་ཏེ། ཚད་མས་སྟོབས་ཀྱིས་བཅོམ་ཞིང་བརྟགས་ པ་ཙམ་ཡིན་པའི་ཕྱིར་རོ། །ཕུང་པོ་ལྔ་པོ་ཉིད་དུས་གསུམ་ཡིན་གྱི། དུས་གཞན་དག་མེད་དོ་ཞེས་བསྟན་པར་བྱ་བའི་ཕྱིར། ཕུང་པོ་ལྔ་དོན་དུས་གསུམ་དུ། །ཞེས་བྱ་བ་གསུངས་ཏེ། དེ་དང་དེར་སོ་སོར་སྣང་བ་བསྐྱེད་པར་བྱ་བའི་ཕྱིར་དེ་དང་དེར་བསྟན་པས་སྟོན་ པའོ། །དེ་བཞིན་དུ་སྐད་ཅིག་མ་བཅུ་དྲུག་གི་མཚན་ཉིད་དང་ལྡན་པའི་ལམ་ལ་སོགས་པ་ཉེ་བར་སྟོན་པ་འཆད་པར་མཛད་པས་ན། སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད། །ཅེས་བྱའོ། །ཡང་བདག་ཉིད་ནི། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །སངས་ རྒྱས་ཀུན་གྱི་རང་བཞིན་འཆང་། །ཞེས་བྱ་བ་སྟེ། ཆ་ཤས་མེད་ཅིང་དུམ་བུ་མེད་པར་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པ་ལ་ནི་རིམ་པ་ཡོད་པ་མ་ཡིན་ཏེ། ཐུགས་སུ་ཆུད་པར་བྱ་བའི་རིམ་པའི་མཐར་བྱོན་པས་ཐུགས་སུ་ཆུད་པའི་རིམ་པ་ཐམས་ཅད་ཀྱི་བདག་ཉིད་བླངས་སུ་ཟིན་ཀྱང་ 63-1-277a དེ་བཞིན་དུ་མཐར་ཐུག་པ་མེད་པས་བློ་དམན་པ་རྣམས་ནི་རྣམ་པར་དབྱེ་བས་ཁོང་དུ་ཆུད་པར་འགྱུར་རོ། །དེ་བས་ན་དེ་རྣམས་ལ་ཉེ་བར་སྟོན་ཅིང་བསྒོམ་པའི་ལམ་ལ་འཇུག་པར་བྱ་བའི་ཕྱིར་ཡིན་གྱི། དྲི་མ་མེད་པའི་བློ་ལ་ནི་རྣམ་པ་ཐམས་ཅད་དུ་དེ་ལྟ་ མ་ཡིན་ནོ། །ཆོས་ཀྱི་སྐུའི་ངོ་བོ་ཉིད་ཀྱིས་བྱེ་བྲག་མེད་པ་ན། སངས་རྒྱས་ཀུན་གྱི་རང་བཞིན་འཆང་། །ཞེས་བྱའོ། །འཆང་བ་དེ་ཡང་དེའི་བདག་ཉིད་ཀྱིས་ཞུགས་པ་ཡིན་གྱི། གཟུང་བ་དང་། འཛིན་པའི་དངོས་པོ་ནི་དེ་ལ་ཡོད་པ་ནི་མ་ཡིན་ནོ། །སངས་རྒྱས་ཐམས་ཅད་ནི་ ཡོན་ཏན་གྱི་བདག་ཉིད་ཀྱི་སྐུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་རྣམ་པ་ཐམས་ཅད་དུ་མཛད་པ་ལ་རང་དབང་དུ་གྱུར་ཅིང་གཟུགས་ཐམས་ཅད་ལས་ལྷག་པའི་སྐུར་སྤྲུལ་པས་གཟུགས་ཀྱིས་མངོན་པར་རློམ་པའི་སེམས་ཅན་རྣམས་ཀྱི་དྲེགས་པ་བསལ་བས་སེམས་ཅན་ཐམས་ ཅད་ཀྱི་དོན་མཛད་པ་ལ་མཁས་ཤིང་བྱང་བ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ལུས་ཀྱི་མཐའ་ནི་རྟོགས་པ་པོ། །ཞེས་བྱ་བ་གསུངས་ཏེ། འདོད་པའི་ལྷ་དཔག་ཏུ་མེད་པའི་ལུས་ལས་ལྷག་པར་གྱུར་པའི་གཟུགས་དང་། ཁ་དོག་དང་། གཟི་མདངས་ དང་བལྟ་ན་སྡུག་པ་ལ་དབང་སྒྱུར་བ་ལ་སོགས་པས་ཟིལ་གྱིས་གནོན་པའི་སྐུ་དང་ལྡན་པས་ན། ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ཅེས་བྱའོ། །གཟུགས་དེ་མཐའ་ཡས་པའི་སྐུ་སྤྲུལ་པར་མཛད་པས་ན། ལུས་ཀྱི་མཐའ་ནི་རྟོགས་པ་པོ། །ཞེས་བྱའོ། །ལྷ་དང་། ལྷ་མ་ ཡིན་དང་། ལྟོ་འཕྱེ་ཆེན་པོ་དང་། གནོད་སྦྱིན་དང་། མི་ལ་སོགས་པ་འགྲོ་བ་དྲུག་གི་བྱེ་བྲག་གིས་ཕྱེ་བའི་སེམས་ཅན་ཐམས་ཅད་ཀྱི་གཟུགས་ཀྱིས་འདུལ་བ་རྣམས་ཀྱི་དབང་དུ་མཛད་ནས་དེ་དང་དེའི་གཟུགས་སུ་བདག་ཉིད་ཀྱི་དངོས་པོ་ཡང་དག་པར་སྟོན་པའི་ཚུལ་ཅན་གང་ཡིན་པ་ དེ་ནི། གཟུགས་རྣམས་ཐམས་ཅད་ཀུན་དུ་སྟོན། །ཞེས་བྱའོ། །ཉེས་པ་ཐམས་ཅད་དང་བྲལ་ཞིང་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་སྣང་བ་དང་ལྡན་པའི་ནོར་བུ་ཆེན་པོའི་ངོ་བོ་ཉིད་དུ་གྱུར་པས་ན་ནོར་བུ་ཆེན་པོའོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་ཡིད་བཞིན་གྱི་ནོར་བུ་ 63-1-277b རིན་པོ་ཆེས་མཚན་པས་ན་རིན་ཆེན་ཏོག་གོ། །དོན་དམ་པའི་ངོ་བོ་ཉིད་ཆོས་ཀྱི་སྐུའི་བདག་ཉིད་ཅན་དུ་གྱུར་པས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་རྟོགས་པར་བྱ་ཞིང་ཐུགས་སུ་ཆུད་པར་བྱ་བ་ཡིན་པས་ན། སངས་རྒྱས་ཀུན་གྱིས་རྟོགས་བྱ་བའོ། །སངས་རྒྱས་བྱང་ཆུབ་ནི་ཆོས་ཀྱི་སྐུ་ལས་ ལོགས་ཤིག་ན་ཡོད་པ་མ་ཡིན་པས་ན་དེ་ཉིད་སངས་རྒྱས་བྱང་ཆུབ་པོ། །འདི་སྐད་སྟོན་པར་འགྱུར་ཏེ། རྟོགས་པ་དང་། རྟོགས་པར་བྱེད་པ་དང་། རྟོགས་པ་པོའི་ཚུལ་གྱིས་རྣམ་པ་ཐམས་ཅད་དུ་སྟོན་པའི་མཛད་པ་ཐམས་ཅད་རྫོགས་པར་མཛད་པས་ན་ཐམས་ཅད་ཀྱིས་དེ་བཞིན་དུ་མཐར་ཐུག་པ་ཉིད་དུ་བསྟན་པ་ཡིན་ ཏེ། རྣམ་པ་ཐམས་ཅད་དུ་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་དུ་གྱུར་པའི་བླ་ན་མེད་པའི་ཆོས་ཀྱི་སྐུའི་བདག་ཉིད་ཅན་ནི་བཅོམ་ལྡན་འདས་རྗེ་བཙུན་འཇམ་དཔལ་ཡིན་ནོ། །གསང་སྔགས་རྒྱུ་ཡིན་པས་ན་གསང་སྔགས་ལས་བྱུང་བ་སྟེ། སྟོང་པ་ཉིད་ཀྱི་ཡེ་ཤེས་ལས་བྱུང་བའི་གསང་སྔགས་ནི་རྣམ་པར་དག་པའི་རྒྱུ་ལས་ཡང་དག་ པར་བྱུང་བ་ཡིན་པས་ཁྱད་པར་ཅན་གྱི་འབྲས་བུ་བསྐྱེད་ཅིང་སྟེར་བར་འགྱུར་རོ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པས་ན་ཡི་གེ་མེད་པའོ། །རྒྱུ་དེ་གཅིག་པུ་ཡིན་ཡང་རིགས་ཀྱི་དབྱེ་བས་གསུམ་དུ་འགྱུར་བར་བསྟན་པར་བྱ་བའི་ཕྱིར། གསང་སྔགས་ཆེན་པོའི་རིགས་གསུམ་པ། །ཞེས་བྱ་བ་གསུངས་ ཏེ། རྒྱུ་ཆེ་བ་ཉིད་དང་། འབྲས་བུ་ཆེ་བ་ཉིད་ཀྱིས་གསང་སྔགས་ཆེན་པོའོ། །དེ་ལ་རྒྱུ་ཆེ་བ་ཉིད་ནི་ཐམས་ཅད་དུ་ཁྱབ་པའི་ཐུགས་རྗེ་ཆེན་པོ་དང་སྟོང་པ་ཉིད་རྒྱུ་ཡིན་པའི་ཕྱིར་རོ། །འབྲས་བུ་ཆེ་བ་ཉིད་ནི་སེམས་ཅན་མ་ལུས་པའི་བསམ་པ་ཡོངས་སུ་རྫོགས་པར་མཛད་ནས་སྤྱོད་པའི་སངས་ རྒྱས་ཉིད་འབྲས་བུ་ཡིན་པའི་ཕྱིར་རོ། །གསང་སྔགས་ཆེན་པོ་དེ་རྣམས་ཀྱི་རིགས་ནི་སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོ་ཉིད་དུ་གྱུར་པའི་ཕྱིར་གསུམ་སྟེ། རྣམ་པར་སྣང་མཛད་དང་། འོད་དཔག་ཏུ་མེད་པ་དང་། མི་བསྐྱོད་པའི་ངོ་བོ་ཉིད་དང་དེ་བཞིན་གཤེགས་པ་དང་། པདྨ་དང་། རྡོ་ རྗེའི་རིགས་ཏེ། རིགས་གསུམ་པོ་གང་ཡིན་པ་དེ་ནི། གསང་སྔགས་ཆེན་པོའི་རིགས་གསུམ་པ། །ཞེས་བྱའོ། །ཡི་གེ་མེད་ཀྱང་གསང་སྔགས་ཀྱི་རིགས་རྣམས་སྐྱེད་པར་མཛད་པ་དང་། གསང་སྔགས་ཀྱི་དོན་སྐྱེད་པར་མཛད་པས་བཅོམ་ལྡན་འདས་ཉིད་རྣམ་པ་ཐམས་ཅད་དུ་ 63-1-278a ཐམས་ཅད་ཀྱི་རྒྱུ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། གསང་སྔགས་དོན་ཀུན་སྐྱེད་པ་པོ། །ཐིག་ལེ་ཆེན་པོ་ཡི་གེ་མེད། །ཅེས་བྱ་བ་གསུངས་ཏེ། གསང་སྔགས་ཐམས་ཅད་ཀྱི་དོན་ནི་གསང་སྔགས་དོན་ཏོ། །དེ་ཡང་། མན་ནི་ཡེ་ཤེས། ཏྲ་ནི་སྐྱོང་བས་ ན་གསང་སྔགས་ཏེ། མི་གནས་པའི་མྱ་ངན་ལས་འདས་པ་སངས་རྒྱས་པ་ཉིད་ནི་དོན་ཏོ། །དེ་བདག་དང་གཞན་གྱི་རྒྱུད་ལ་རྫོགས་པར་མཛད་པས་ན། གསང་སྔགས་དོན་ཀུན་སྐྱེད་པ་པོ། །ཞེས་བྱའོ། །ཐིག་ལེ་ཆེན་པོ་ནི་སྟོང་པ་ཉིད་ཆེན་པོ་སྟེ། སྤྲོས་པ་ཐམས་ཅད་ཀྱིས་སྟོང་པའི་ཕྱིར་ཆོས་ ཀྱི་སྐུ་ཉིད་ནི་ཐིག་ལེ་ཆེན་པོའོ། །ཡི་གེ་དང་སྒྲ་དང་བརྡ་ཐམས་ཅད་དང་བྲལ་བས་ན་ཡི་གེ་མེད་པའོ། །ཨ་ར་པ་ཙ་ནའི་སྔགས་ཀྱི་བདག་ཉིད་ཅན་དུ་གྱུར་པས་ན་ཡི་གེ་ལྔའོ། །གང་འདི་ལ་ཡི་གེ་མེད་ན། ཡི་གེ་མེད་པ་དང་། ཡི་གེ་ལྔའི་བདག་ཉིད་ཅན་དུ་གྱུར་པ་ཇི་ལྟར་མི་འགལ་ ཞེ་ན། ཡི་གེ་ལྔའི་གསང་སྔགས་ཉིད་སྟོང་པ་ཆེན་པོའི་དོན་ཡིན་པས་འགལ་བ་མེད་དོ་ཞེས་བཤད་པའི་ཕྱིར་སྟོང་པ་ཞེས་བྱ་བ་གསུངས་ཏེ། དེ་ཡང་ཡི་གེ་ཨ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པའོ་ཞེས་སྐྱེ་བ་མེད་པའི་དོན་སྟོན་པར་བྱེད་དོ། །ཡི་གེ་ར་ནི་སྐྱེ་བ་མེད་པས་འདོད་ཆགས་ལ་ སོགས་པའི་རྡུལ་དང་བྲལ་ཞིང་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཐམས་ཅད་མེད་པའོ། །ཡི་གེ་པ་ནི་དོན་དམ་པ་ཉིད་ཡིན་པའི་ཕྱིར་རོ། །ཡི་གེ་ཙ་ནི་འཕེལ་བ་དང་འབྲི་བ་དང་བྲལ་བའོ། །དེས་ན་ཡི་གེ་ན་ནི་ཆོས་ཐམས་ཅད་དངོས་པོ་མེད་པ་ཞེས་བྱ་སྟེ། ཡི་གེ་མེད་པ་ཉིད་དུ་བྱེད་པར་ནུས་པས་ན་སེམས་ འགལ་བ་མེད་དོ། །ཡང་ན་གདུལ་བྱ་རྣམས་ལ་སོ་སོར་སྣང་བ་དང་རྗེས་སུ་མཐུན་པར་གནས་པ་ཡིན་པས་འགལ་བའི་སོ་སོ་ཉིད་མེད་དེ། དངོས་པོའི་ཆོས་ཉིད་རིགས་འདི་ཡིན། །བག་ཆགས་སྟོབས་ཀྱིས་བསྐོས་པས་ན། །བག་ཆགས་སོ་སོར་སྣང་འགྱུར་གྱི། །ངེས་པ་ཅན་ནི་མ་ཡིན་ནོ། །ཞེས་བྱ་བར་ཐམས་ཅད་དུ་བལྟ་ བར་བྱའོ། །ཐིག་ལེ་སྟོང་པ་ཡི་གེ་བརྒྱ། །ཞེས་བྱ་བ་ལ་ཐིག་ལེ་སྟོང་པས་ན་ཐིག་ལེ་སྟོང་པ་སྟེ། ཐིག་ལེ་ནི་སྟོང་པའི་གནས་ཅུང་ཞིག་ཙམ་མོ། །སྟོང་པ་ཉིད་ཀྱི་གནས་དེ་དང་ཅུང་ཞིག་ཙམ་གྱི་སྟོང་པ་ཉིད་ཀྱི་ཡི་གེ་བརྒྱ་ནི་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་བསྡུས་པའི་ཡི་གེ་བརྒྱ་པའི་གསང་སྔགས་ཀྱི་ཚུལ་གྱིས། ཕྱག་རྒྱ་ 63-1-278b ཐམས་ཅད་སྟོན་པར་བྱེད་ཅིང་དམ་ཚིག་ཉམས་པ་ལས་བསླང་བ་དང་། བདག་བསྲུང་བ་ལ་སོགས་པའི་བྱ་བ་ཐམས་ཅད་རྫོགས་པར་བྱེད་པ་དང་། དམ་ཚིག་ཉམས་པ་ལ་སོགས་པའི་བུ་ག་སེལ་བས་ན་ཐིག་ལེ་སྟོང་པའི་ཡི་གེ་བརྒྱ་པོ་ནི་བཅོམ་ལྡན་འདས་སོ། །དེ་ལ་ཡི་གེ་བརྒྱ་པའི་གསང་སྔགས་ནི་འདི་ཡིན་ ཏེ། ཨོཾ་བཛྲ་ཏཱིཀྵྞ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ཏཱིཀྵྞ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོཥྱོ་མེ་བྷ་བ། ཤཱ་ཤྭ་ཏོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོཥྱོ་མེ་བྷ་བ། ཧྲྀ་ད་ཡཾ་མེ་བྷ། ཨ་དྷི་ཏིཥྛ། སརྦ་སིདྡྷི་མྨེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿབྷ་ག་བཱན་མ་མེ་མུཉྩ་བཛྲཱ་བྷ་བ། མ་ཧཱ་ས་མ་ཡ་སཏྭ་ ཨཱཿ། དེ་ལྟར་རྣམ་པ་ཐམས་ཅད་དུ་ཐམས་ཅད་ཤེས་པ་བསྐྱེད་པས་ན་རྣམ་པ་ཀུན་ལྡན་ཏེ། རྣམ་པའི་བག་ཆགས་ཀུན་ནས་བསགས་པས་བསྒོས་པ་རྣམས་ལའོ། །རྣམ་པ་མེད་པ་ནི་རྣམ་པར་མི་རྟོག་པ་སོ་སོ་རང་རིག་པ། ཆོས་ཀྱི་སྐུ་ནི་ངོ་བོ་ཉིད་མེད་པ་ཡིན་པས་རྣམ་པ་མེད་པའོ། །རྣམ་ པ་ཀུན་ལྡན་ཡང་ཡིན་ལ་རྣམ་པ་མེད་པ་ཡང་ཡིན་པས་ན། རྣམ་པ་ཀུན་ལྡན་རྣམ་པ་མེད། །ཅེས་བྱའོ། །ཇི་ལྟར་ན་ཕན་ཚུན་འགལ་བ་དག་རྣམ་པ་ཐམས་ཅད་དང་ལྡན་པ་དང་མི་ལྡན་པ་རུང་ཞེ་ན། རང་དང་གཞན་གྱི་རིག་པ་ལ་ལྟོས་ནས་ཐམས་ཅད་འགལ་བ་མེད་ཅེས་སྔར་རྒྱས་པར་སྨྲས་ཟིན་པས་ འདིར་མ་སྤྲོས་སོ། །ཡང་ན་རྣམ་པ་ཡང་ཡིན་ལ་ཀུན་ཀྱང་ཡིན་པས་ན་རྣམ་པ་ཀུན་ལྡན་ནོ། །རྣམ་པ་ཐམས་ཅད་དང་བྲལ་བས་ན་རྣམ་པ་མེད་པ་སྟེ། གང་གི་ཕྱིར་སྐྱེ་བ་མེད་པའི་མཚན་ཉིད་ཅན་གྱི་སྐུ་ནི། རྣམ་པ་ཀུན་ལྡན་རྣམ་པ་མེད། །ཅེས་བྱ་སྟེ། ཆོས་ཀྱི་བདག་ཉིད་བཅོམ་ལྡན་འདས་རྗེ་བཙུན་ འཇམ་དཔལ་ལོ། །དེ་ཉིད་ནི་གསང་སྔགས་ཀྱི་སྐུའི་སྦྱོར་བས་ཀྱང་བཞུགས་སོ་ཞེས་བསྟན་པར་བྱ་བའི་ཕྱིར། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཞེས་བྱ་བ་གསུངས་ཏེ། བཅུ་དྲུག་ཕྱེད་པ་ནི་ཆ་བཅུ་དྲུག་པའི་ཕྱེད་ཕྱེད་ཀྱི་ཟླ་བ་ལ་ཐིག་ལེ་ཕྱེད་ཕྱེད་པའི་ཐིག་ལེ་རྣམ་པར་འཆང་བ་མཛད་པས་ན། བཅུ་དྲུག་ཕྱེད་ཕྱེད་ ཐིག་ལེ་ཅན། །ཞེས་བྱའོ། །འདི་སྐད་སྟོན་པར་འགྱུར་ཏེ། ཟླ་བ་ཕྱེད་པའི་སྟེང་དུ་ཐིག་ལེ་ཕྱེད་པའི་སྒྲའི་ཚུལ་གྱིས་སྔགས་ཐམས་ཅད་ལ་དབང་བསྒྱུར་བ་འཛིན་པར་མཛད་དོ་ཞེས་བྱ་བའི་དོན་ཏོ། །ཡན་ལག་མེད་པའི་རྩིས་ལས་འདས། །ཞེས་བྱ་བ་ལ་ཡན་ལག་ནི་བགྲངས་ཏེ། དཔག་ཏུ་ཡོད་པར་ཡོངས་སུ་ཆད་པས 63-1-279a ཡོངས་སུ་ཤེས་ཤིང་བསྒྲེས་ལ་རྣམ་པར་ཤེས་པའོ་ཞེས་འཇིག་རྟེན་ན་ཐ་སྙད་དག་སྣང་ངོ་། །གང་གིས་ཀྱང་བགྲང་བར་མི་ནུས་པས་བགྲང་བ་ལས་འདས་པ་ལ་ནི་ཡན་ལག་མེད་པ་ཞེས་བྱ་སྟེ། ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ཆ་ཤས་མེད་པས་ན་ཡན་ལག་མེད་པའོ། །ཡང་ན་སྒྲའི་མཐར་ བགྲང་བའི་ཆ་མེད་པས་ན་ཡན་ལག་མེད་པ་སྟེ། དེ་ཉིད་ཀྱིས་ན་རྩིས་ལས་འདས། །ཞེས་བྱ་སྟེ། བརྩི་བ་ནི་ངེས་པར་བརྟག་པ་སྟེ། འདི་ནི་འདི་དག་ཙམ་མོ་ཞེས་བཞག་ཅིང་བྲིས་པའོ། །དེ་མེད་པས་ན་རྩིས་ལས་འདས་པའོ། །ཅིའི་ཕྱིར་ཞེ་ན། བསམ་གཏན་བཞི་པོའི་རྩེ་མོ་ཅན། །ཞེས་བྱ་སྟེ། བསམ་གཏན་བཞི་ པོའི་རྩེ་མོ་ནི་མཐའ་སྟེ། རྣམ་པར་རྟོག་པས་གཞག་པ་ཐམས་ཅད་དང་བྲལ་བས་གནས་པའོ། །དེ་ཉིད་ཀྱི་ངོ་བོ་ཉིད་དེའི་བདག་ཉིད་ཀྱིས་འཛིན་པར་མཛད་པས་ན། ཡན་ལག་མེད་པའི་རྩིས་ལས་འདས། །ཞེས་བྱའོ། །གལ་ཏེ་རྣམ་པར་རྟོག་པ་ཐམས་ཅད་ལས་འདས་ཤིང་བསམ་གཏན་བཞི་པའི་རྩེ་མོ་ལ་ཞུགས་པ་ཇི་ལྟར་ ན་བསམ་གཏན་གྱི་ཡན་ལག་གི་རྣམ་པར་དབྱེ་བས་སྟོན་པར་མཛད་ཅེས་རྟོག་པ་བཟློག་པར་བྱ་བའི་ཕྱིར། བསམ་གཏན་ཡན་ལག་ཀུན་ཤེས་ཤིང་། །ཞེས་བྱ་བ་གསུངས་ཏེ། དེ་ལ་མངའ་བརྙེས་པས་གདུལ་བྱ་རྣམས་ལ་དེ་བཞིན་དུ་རབ་ཏུ་སྣང་བ་བསྐྱེད་པར་མཛད་པས་ན། བསམ་གཏན་ཡན་ལག་ཀུན་ཤེས་ཤིང་། །ཞེས་ དེས་རྣམ་པར་གནས་ཏེ། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལས་ལངས་པའམ། རང་ཉིད་བསམ་གཏན་གྱི་ཡན་ལག་གི་རྣམ་པར་དབྱེ་བ་སེམས་ཅན་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་རབ་ཏུ་སྟོན་པར་མཛད་པས་ན་དེ་སྐད་ཅེས་བཤད་དོ། །བསམ་གཏན་གྱི་ཡན་ལག་ཀུན་ཤེས་པ་འབའ་ཞིག་ཏུ་ཡང་མ་ཟད་ཀྱི་ཏིང་ངེ་ འཛིན་ཐམས་ཅད་ཀྱི་རབ་ཏུ་དབྱེ་བའི་བྱེ་བྲག་ལ་ཡང་ཤིན་ཏུ་མཁས་པ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། ཏིང་འཛིན་རིགས་དང་རྒྱུད་རིག་པ། །ཞེས་བྱ་བ་གསུངས་ཏེ། ཏིང་ངེ་འཛིན་ནི་དཔའ་བར་འགྲོ་བ་དང་། རིན་ཆེན་ཕྱག་རྒྱ་དང་། སེང་གེ་རྣམ་པར་རྩེ་བ་དང་། ཟླ་བ་བཟང་པོ་དང་། ཟླ་བའི་རྒྱལ་མཚན་དཔལ་གྱི་ཏོག །ཅེས་ བྱ་བ་ལ་སོགས་པའོ། །དེ་རྣམས་ཀྱི་རིགས་ནི་ཏིང་ངེ་འཛིན་གྱི་རྩ་བའི་རྒྱུད་དེ། ཏིང་ངེ་འཛིན་གྱི་རིགས་མཆོག་ཏུ་འབྲེལ་བའི་ངོ་བོ་ཉིད་ནི། ཏིང་ངེ་འཛིན་གྱི་རིགས་སོ། །རྒྱུད་ཇི་ལྟ་བ་བཞིན་དུ་མཁྱེན་པས་ན། ཏིང་འཛིན་རིགས་དང་རྒྱུད་རིག་པ། །ཞེས་བྱའོ། །ཏིང་ངེ་འཛིན་གྱི་ངོ་བོ་ཉིད་མཁྱེན་པའི་ཕྱིར་དེ་ལ་རག་ལས་ 63-1-279b པ་ཉིད་ཀྱིས་ཕུལ་དུ་བྱུང་བར་བསྟན་པར་བྱ་བའི་ཕྱིར། ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག །ཅེས་བྱ་བ་གསུངས་ཏེ། ཏིང་ངེ་འཛིན་གྱི་ངོ་བོ་ཉིད་ཀྱི་སྐུ་ནི་ཏིང་འཛིན་ལུས་ཅན་ཏེ་ཡིད་ཀྱི་རང་བཞིན་ནོ། །ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པའི་ནུས་པ་དང་ལྡན་པའི་ངོ་བོ་ཉིད་དུ་གྱུར་པས་ལུས་ཀྱི་མཆོག་ སྟེ་དེ་ལུས་ཀྱི་གཙོ་བོ་ཞེས་བྱ་བའི་དོན་ཏོ། །ཐུབ་པའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའི་བདག་ཉིད་ཅན་གྱི་སྐུ་འདི་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པར་འདོད་དེ། ཐེག་པ་ཆེན་པོ་ལ་ལོངས་སྤྱོད་པར་མཛད་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལོངས་ སྤྱོད་རྫོགས་པའི་སྐུས་མཛེས་པར་གྱུར་པས་ན། ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། །ཞེས་བྱའོ། །སྤྲུལ་པའི་སྐུས་ཀྱང་ཐམས་ཅད་ཕུལ་དུ་བྱུང་བ་ཉིད་ཡིན་པར་བསྟན་པར་བྱ་བའི་ཕྱིར། སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག །སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ། །ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་ སངས་རྒྱས་རྣམས་ཀྱི་སྤྲུལ་པའི་རྒྱུད་འཆང་བ་དེས་ན། སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག །ཅེས་བྱའོ། །སྐུའི་སྐུ་ཕུལ་དུ་བྱུང་བའི་ཁྱད་པར་དང་ལྡན་པ་ཉིད་བསྟན་པར་བྱ་བའི་ཕྱིར། ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཇི་བཞིན་འགྲོ་བའི་དོན་བྱེད་པ། །ལྷ་དང་ལྷ་དབང་ལྷ་ཡི་ལྷ། །ལྷ་ཡི་བདག་པོ་ལྷ་མིན་ བདག །འཆི་མེད་དབང་པོ་ལྷ་ཡི་བླ། །འཇོམས་བྱེད་འཇོམས་བྱེད་དབང་ཕྱུག་པོ། །ཞེས་བྱ་བ་གསུངས་ཏེ། སྣ་ཚོགས་ཤིང་རྣམ་པ་ཐ་དད་པའི་སྤྲུལ་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱིས་ན་ཇི་ལྟ་བ་བཞིན་དུ་འགྲོ་བའི་དོན་མཛད་པའོ། །དེ་དག་ཉིད་བསྟན་པ་ནི་ལྷ་ཞེས་བྱ་བ་ལ་སོགས་པ་ གསུངས་ཏེ། ལ་ལར་ནི་ལྷ་རྣམས་སུའོ། །ལ་ལར་ནི་ལྷའི་དབང་པོ་སྟེ་བརྒྱ་བྱིན་ནོ། །ལ་ལར་ནི་ལྷའི་ལྷའོ། །གཞན་དག་ཏུ་ནི་ལྷའི་བདག་པོ་སྟེ། དགའ་ལྡན་གྱི་ལྷའི་བདག་པོའོ། །ལྷ་མིན་བདག་ནི་ཐགས་བཟངས་རིས་ལ་སོགས་པའོ། །ལ་ལར་ནི་འཆི་མེད་དབང་པོ་སྟེ། འཐབ་བྲལ་ལ་སོགས་པའི་ ལྷ་རྣམས་ཀྱི་རྒྱལ་པོའོ། །ལྷའི་བླ་མ་ནི་ཕུར་བུའོ། །འཇོམས་བྱེད་ནི་དྲག་པོའི་འཁོར་ལོ་རྣམས་སོ། །འཇོམས་བྱེད་དབང་ཕྱུག་པོ་ཞེས་བྱ་བ་ནི་དྲག་པོ་སྟེ། དེ་དག་ལ་སོགས་པ་སྤྲུལ་པ་སྣ་ཚོགས་པས་འགྲོ་བའི་དོན་མཛད་པའོ། །དེ་ཡང་ཆོས་ཡང་དག་པར་སྡུད་པའི་མདོ་ལས་རྒྱ་ཆེར་གསུངས་ 63-1-280a པར་ཤེས་པར་བྱ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྲུལ་པ་ནི་རྣམ་པ་བཅུར་ཤེས་པར་བྱ་སྟེ། རྣམ་པ་བཅུ་གང་ཞེ་ན། འདི་ལྟ་སྟེ། འཁོར་ལོས་སྒྱུར་བར་འཕྲུལ་པ་དང་། བརྒྱ་བྱིན་དུ་འཕྲུལ་པ་དང་། ཚངས་པར་འཕྲུལ་པ་དང་། ཉན་ཐོས་སུ་འཕྲུལ་པ་ དང་། རང་སངས་རྒྱས་སུ་འཕྲུལ་པ་དང་། བྱང་ཆུབ་སེམས་དཔར་འཕྲུལ་པ་དང་། སངས་རྒྱས་སུ་འཕྲུལ་པ་དང་། སངས་རྒྱས་ཀྱི་ཞིང་དུ་འཕྲུལ་པ་དང་། བྱང་ཆུབ་ཀྱི་སྙིང་པོར་འཕྲུལ་པ་དང་། འཁོར་ཆེན་པོར་འཕྲུལ་པ་སྟེ། བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཕྲུལ་པ་ཆེན་པོར་ཁོང་དུ་ཆུད་པར་བྱའོ། །བྱང་ ཆུབ་སེམས་དཔའ་རྣམས་ཀྱི་འཕྲུལ་པ་ཆེན་པོ་འདི་དག་ཐམས་ཅད་ནི་གཞན་གྱི་བསམ་པ་ལས་གྱུར་པར་ལྟའོ། །དེ་ལ་ནམ་འཇིག་རྟེན་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་གཙོར་བྱེད་ཅིང་ཚུལ་ཁྲིམས་ཡང་དག་པར་འཛིན་པ་དང་། སྤྱོད་པ་གཙོ་བོར་བྱེད་པ་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་ ལོས་སྒྱུར་བའི་བཀོད་པ་རྣམས་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་དོ། །དེ་ལ་འཁོར་ལོ་རིན་པོ་ཆེ་ནི་རྩིབས་སྟོང་ཡོད་པ། ལྷ་དང་མི་ལས་ཤིན་ཏུ་འདས་པ། འཛམ་བུ་ཆུ་བོའི་གསེར་ལས་གྲུབ་པ། མགར་བས་མ་བརྡུངས་པ། རང་གི་སྨོན་ལམ་དང་བསོད་ནམས་ཀྱི་རྫུ་འཕྲུལ་གྱི་མཐུ་ལས་བྱུང་བ། བལྟ་བས་མི་ ངོམས་པའི་གཟུགས་ཅན་ནམ་མཁའ་ལ་འགྲོ་བ་སྟེ། འཁོར་ལོས་སྒྱུར་བ་ཕལ་པ་གཞན་རྣམས་ཀྱི་ལྟ་བུ་མ་ཡིན་ནོ། །གླང་པོ་རིན་པོ་ཆེ་ནི་ཆུ་ཞིང་ཕུན་སུམ་ཚོགས་པ་ཐལ་ཀར་མཆེ་བ་དྲུག་ཡོད་པ། བལྟ་བས་མི་ངོམས་པའི་གཟུགས་ཅན་ནམ་མཁའ་ལ་འགྲོ་བ། མགྱོགས་པའི་ཤུགས་ཕུན་སུམ་ཚོགས་པ། ས་སྲུང་གི་བུ་དང་ནམ་མཁའ་ལྡིང་ལྟར་མགྱོགས་པ། ལེགས་པར་སྤྱོད་པ། ལས་ཀྱི་མཐུ་ལས་བྱུང་བ་སྟེ། འཁོར་ལོས་སྒྱུར་བ་ཕལ་གཞན་རྣམས་ཀྱི་ལྟ་བུ་མ་ཡིན་ནོ། །རྟ་རིན་པོ་ཆེ་ཐམས་ཅད་སྔོ་བ། ཅང་ཤེས་པ། རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་དང་མཚུངས་པ། རླུང་ལྟར་མགྱོགས་པ། ཡིད་བཞིན་གྱི་ ནོར་བུ་ལྟར་བསམ་པ་ཙམ་གྱིས་ཕྱིན་པར་བྱེད་པ། ནམ་མཁའ་ལ་འགྲོ་བ་སྟེ། འཁོར་ལོས་སྒྱུར་བ་ཕལ་གཞན་རྣམས་ཀྱི་ལྟ་བུ་མ་ཡིན་ནོ། །ནོར་བུ་རིན་པོ་ཆེ་ནི་ཟུར་བརྒྱད་པ་མཁན་བཟོས་མ་བྱས་པ། འོད་ཕུན་སུམ་ཚོགས་པ། མེ་དང་ཉི་མའི་འོད་ཟིལ་གྱིས་གནོན་པ། གར་དགའ་མགུར་འགྲོ་བ་ཕུན་སུམ་ཚོགས་ 63-1-280b པ། འདོད་དགུ་ཕུན་སུམ་ཚོགས་པར་སྦྱིན་པ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་སྟེ། འཁོར་ལོས་སྒྱུར་བ་ཕལ་གཞན་རྣམས་ཀྱི་ལྟ་བུ་མ་ཡིན་ནོ། །བུད་མེད་རིན་པོ་ཆེ་ནི་ཧ་ཅང་ཡང་མི་དཀར། ཧ་ཅང་ཡང་མི་སྔོ། ཧ་ཅང་ཡང་མི་རིང་། ཧ་ཅང་ཡང་མི་ཐུང་། ཧ་ཅང་ཡང་མི་ སྐེམས། ཧ་ཅང་ཡང་མི་སྦོམ་པ། དུལ་བའི་མཆོག་ཕུན་སུམ་ཚོགས་པ་བསྟན་བཅོས་དང་བཟོ་དང་། སྙན་ངག་དང་། སྒྱུ་རྩལ་སྣ་ཚོགས་མངོན་པར་ཤེས་པ། མཉེན་ཞིང་ཟབ་པ། སྙན་པའི་སྨྲ་བ་ཕུན་སུམ་ཚོགས་པ་ཡིད་བཞིན་གྱི་ནོར་བུ་དང་མཚུངས་པ་འཛུམ་པ་དང་ཚུལ་ཕུན་སུམ་ཚོགས་པ། ཆོས་སྤྱོད་པ་ལ་དགའ་བ། མཚུངས་པ་མེད་པའི་གཟུགས་ཅན་ཏེ། འཁོར་ལོས་སྒྱུར་བ་ཕལ་གཞན་རྣམས་ཀྱི་ལྟ་བུ་མ་ཡིན་ནོ། །ཁྱིམ་བདག་རིན་པོ་ཆེ་ནི་ལག་ན་རྡོ་རྗེ་དང་འདྲ་བ་ཆུ་ཞིང་རྣམ་ཐོས་ཀྱི་བུ་དང་སྲེད་མེད་ཀྱི་བུ་དང་འདྲ་བ་རྟག་ཏུ་མཉེན་ཞིང་སྙན་ལ་འཇམ་ཞིང་ཡིད་དུ་འོང་བའི་ཚིག་འབྱིན་ པ། ཤའི་མིག་སྒྲིབ་པ་མེད་པ་དང་ལྡན་པ། བྱམས་པ་དང་། སྙིང་རྗེ་མངའ་བ། ཡིད་བཞིན་གྱི་ནོར་བུ་ལྟར་འདོད་དགུར་འཇུད་པ། མི་རིན་པོ་ཆེ་དགེ་བའི་རྩ་བ་སྐལ་བ་མཉམ་པས་གྲུབ་པ་སྟེ། འཁོར་ལོས་སྒྱུར་བ་ཕལ་གཞན་རྣམས་ཀྱི་ལྟ་བུ་མ་ཡིན་ནོ། །བློན་པོ་རིན་ པོ་ཆེ་ནི་རིན་པོ་ཆེའི་རིགས་མ་ལྟ་བུ། དགེ་བའི་རྩ་བ་རྣམས་ཀྱི་གཟུགས་བརྙན་དུ་གྱུར་པ། སྔར་ལྡང་ཞིང་བསམ་པ་དགེ་བ། བལྟས་པ་དང་། མིག་རིག་རིག་བྱས་པས་དོན་གོ་བ། ལས་བཟང་པོ་དང་། རྒྱས་པ་དང་། རྫོགས་པ་དང་། མ་སྨད་པར་བྱེད་པ། ནམ་མཁའ་ ལ་འགྲོ་བ། འདོད་དགུར་འགྲོ་བ་འབྱོར་པ་སྟེ། འཁོར་ལོས་སྒྱུར་བ་ཕལ་གཞན་རྣམས་ཀྱི་ལྟ་བུ་མ་ཡིན་ནོ། །དེ་ལ་སོགས་པ་འཁོར་ལོས་སྒྱུར་བ་རིན་པོ་ཆེ་བཀོད་པ་ཐམས་ཅད་སྤྲུལ་ནས་བྱང་ཆུབ་སེམས་དཔའ་སེམས་ལ་དབང་བ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་ བདེ་བའི་ལྷག་པའི་བསམ་པ་ཅན་མི་རིན་པོ་ཆེ་ཁ་ན་མ་ཐོ་བ་མེད་པའི་ལས་ཟབ་པ། སྣུམ་པ། ཕན་པ། ལྷག་པའི་བསམ་པ་དམ་པའི་ཆོས་ཆེན་པོ་ལ་གཞོལ་བ། འཁོར་ལོས་སྒྱུར་བ་ཆེན་པོ་དགེ་བ་བཅུའི་ལས་ཀྱི་ལམ་ལ་བརྟེན་པ། སྐྱེས་བུ་ཆེན་པོའི་མཚན་ 63-1-281a སུམ་ཅུ་རྩ་གཉིས་དང་ལྡན་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། འདི་ནི་བྱང་ཆུབ་སེམས་དཔའི་འཁོར་ལོས་སྒྱུར་བ་འཕྲུལ་པ་ཆེན་པོ་ཞེས་བྱའོ། །ནམ་འཇིག་རྟེན་ན་བརྒྱ་བྱིན་གཙོ་བོར་བྱེད་པ་དེ་ན། བརྒྱ་བྱིན་གྱི་གཟུགས་སུ་སྤྲུལ་ནས་སུམ་ཅུ་རྩ་གསུམ་ གྱི་ཁང་པར་ཞུགས་ཏེ། བག་ཡོད་པའི་གཏམ་རྣམས་ཀྱིས་ལྷ་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །ནམ་འཇིག་རྟེན་ན་ཚངས་པ་གཙོ་བོར་བྱེད་པ་དེ་ན་ཚངས་པའི་གཟུགས་སུ་སྤྲུལ་ནས་རབ་ཏུ་ཞི་བའི་བསམ་གཏན་དང་། ཚད་མེད་པའི་གཏམ་རྣམས་ཀྱིས་ཚངས་པའི་རིས་ཀྱི་ལྷ་རྣམས་ཡོངས་སུ་སྨིན་ པར་བྱེད་དོ། །ནམ་སེམས་ཅན་རྣམས་ཉན་ཐོས་ཀྱིས་འདུལ་བ་ཡིན་གྱི། རང་སངས་རྒྱས་ཀྱིས་འདུལ་བ་མ་ཡིན་སངས་རྒྱས་ཀྱིས་འདུལ་བ་མ་ཡིན་པ་དེ་ན་ཉན་ཐོས་ཀྱི་གཟུགས་སུ་སྤྲུལ་ནས་སྡུག་བསྔལ་ཟད་པར་བྱ་བ་དང་། མྱ་ངན་ལས་འདས་པ་ཐོབ་པའི་ཕྱིར་ཆོས་སྟོན་ཏོ། །ནམ་སེམས་ཅན་རྣམས་ རང་སངས་རྒྱས་ཀྱིས་འདུལ་བ་ཡིན་གྱི། ཉན་ཐོས་ཀྱིས་འདུལ་བ་མ་ཡིན། སངས་རྒྱས་ཀྱིས་འདུལ་བ་མ་ཡིན་པ་དེ་ན་རང་སངས་རྒྱས་ཀྱི་གཟུགས་སུ་སྤྲུལ་ནས་རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་ལམ་ཡང་དག་པར་རབ་ཏུ་སྟོན་ཏོ། །དབེན་པའི་གཏམ་དང་། འདོད་ཆགས་དང་བྲལ་བའི་ གཏམ་དང་། བསམ་གཏན་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། རྫུ་འཕྲུལ་གྱི་རྐང་པའི་གཏམ་དང་། སྦྱིན་གནས་ཆེན་པོར་དབང་བསྐུར་བའི་གཏམ་དང་། བརྟེན་པའི་གཏམ་དང་། རྣམ་པར་ཐར་པའི་ཚུལ་གྱིས་སེམས་ཅན་རྣམས་ཡོངས་སུ་སྨིན་ པར་བྱེད་དོ། །ནམ་སེམས་ཅན་རྣམས་བྱང་ཆུབ་སེམས་དཔས་འདུལ་བར་གྱུར་པ་དེ་ན་རང་གི་གཟུགས་སུ་གནས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བྱིན་གྱི་རླབས་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། གཟུངས་དང་། དབང་དང་། བཟོད་པ་དང་། སའི་གཏམ་གྱིས་སེམས་ཅན་དེ་དག་ཡོངས་སུ་ སྨིན་པར་བྱེད་དོ། །ནམ་སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་དབང་པོ་དང་། ཁམས་རྒྱ་ཆེ་ཞིང་རྒྱས་པར་འགྱུར་བ་དེ་ན་སངས་རྒྱས་ཀྱི་གཟུགས་སུ་གྱུར་ནས་སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་གཏམ་རྣམས་དང་། སངས་རྒྱས་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཆེན་པོ་རྣམས་ཀྱིས་སེམས་ཅན་ 63-1-281b དེ་དག་ཡོངས་སུ་སྨིན་པར་བྱེད་དོ། །ནམ་སེམས་ཅན་རྣམས་སངས་རྒྱས་ཀྱི་ཞིང་རྒྱ་ཆེན་པོས་འདུལ་བར་འགྱུར་བ་དེ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལག་མཐིལ་ལྟར་མཉམ་ཞིང་འཇམ་པ། ཀ་ཙ་ལིནྡི་ཀ་ལྟར་རེག་ན་བདེ་བ། བེེ་ཌཱུརྱ་སྔོན་པོར་གྱུར་པ། ཤེལ་དུ་ གྱུར་པ། ཙནྡན་སྦྲུལ་གྱི་སྙིང་པོར་གྱུར་པ། འཛམ་བུ་ཆུ་བོའི་གསེར་དུ་གྱུར་པ། རྡོ་དང་། གསེག་མ་དང་། གྱོ་མོ་མེད་པ། མཐོ་དམན་མེད་པ། ངན་སོང་ལོག་པར་ལྷུང་བ་མེད་པ། བུད་མེད་རྒྱུ་བ་མེད་པ། རི་ནག་པོ་མེད་པ། རིན་པོ་ཆེ་སྣ་ཚོགས་ཀྱི་རི་རྣམས་ཀྱིས་མཛེས་པར་བྱས་ པ། ཚེར་མ་དང་། ངམ་གྲོག་དང་། གཡང་ས་མེད་པ། རིན་པོ་ཆེའི་ཤིང་ལྗོན་པ་དང་། སྤོས་ཀྱི་ཤིང་ལྗོན་པ་སྣ་ཚོགས་ཀྱིས་མཛེས་པར་བྱས་པ་སྤྲུལ་ནས་སེམས་ཅན་དེ་དག་ཡོངས་སུ་སྨིན་པར་བྱེད་དོ། །ནམ་སེམས་ཅན་རྣམས་བྱང་ཆུབ་ཀྱི་སྙིང་པོ་རྒྱ་ཆེན་པོས་འདུལ་བར་གྱུར་པ་དེ་ན་བྱང་ཆུབ་ ཀྱི་ཤིང་དཔག་ཚད་བཅུ་གཉིས་ཀྱི་ཚད་དུ་མངོན་པར་སྤྲུལ་ནས་རྩ་བ་ཤིན་ཏུ་ཟུག་པ། སྡོང་པོ་ནི་འཛམ་བུ་ཆུ་བོའི་གསེར། ཡལ་ག་ནི་གསེར་དང་། དངུལ་དང་། བྱི་རུ་དང་། ཤེལ་དང་། རིན་པོ་ཆེ་ཐ་དད་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་མཛེས་པར་བྱས་པ། ལྷའི་བུ་མོ་བརྒྱ་སྟོང་དུ་མ་གནས་ པ་སྤྲུལ་ནས་སེམས་ཅན་དེ་དག་ཡོངས་སུ་སྨིན་པར་བྱེད་དོ། །ནམ་སེམས་ཅན་རྣམས་འཁོར་རྒྱ་ཆེན་པོས་འདུལ་བར་འགྱུར་བ་དེ་ན་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། གཟི་བརྗིད་ཆེ་བ་སྤྲུལ་པ་དང་། ཉན་ཐོས་སོ་སོ་ཡང་དག་པར་རིག་པ་ཐོབ་པ་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་དང་། བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་པ་རྣམས་སྤྲུལ་ནས་སེམས་ཅན་དེ་དག་ཡོངས་སུ་སྨིན་པར་བྱེད་དེ། རིགས་ ཀྱི་བུ་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུ་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཕྲུལ་པ་ཆེན་པོ་ཁོང་དུ་ཆུད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་གཟུགས་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ལ་མཁས་ཤིང་བྱང་བར་གྱུར་ཀྱང་འཁོར་བའི་བག་ཆགས་ཀྱི་ཉེས་ 63-1-282a པ་མི་མངའ་བའི་ཕྱིར། སྲིད་པའི་དགོན་པ་ལས་བརྒལ་བ། །སྟོན་པ་གཅིག་པུ་འགྲོ་བའི་བླ། །ཞེས་བྱ་བ་གསུངས་ཏེ། སྲིད་པ་ནི་འཁོར་བའོ། །ཉེས་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་ན་དགོན་པ་སྟེ། དེ་ལྟ་བུའི་དགོན་པ་ལས་བརྒལ་ བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རྫུ་འཕྲུལ་དང་། ཆོ་འཕྲུལ་ལ་སོགས་པས་འདུན་པར་མཛད་ནས་ཐེག་པ་ཆེན་པོ་རྗེས་སུ་སྟོན་པར་མཛད་པས་ན་སྟོན་པའོ། །གཉིས་པ་མེད་པས་ན་གཅིག་པུའོ། །སྟོན་པར་གྱུར་པ་ཉིད་ཀྱིས་ན་འགྲོ་བའི་བླ་མའི་བླ་མའོ། །ཆོས་དང་། ཟང་ ཟིང་དང་། མི་འཇིགས་པ་དང་། བྱམས་པ་སྦྱིན་པ་ལས་ཆོས་ཀྱི་སྦྱིན་པ་ཤིན་ཏུ་མཆོག་ཏུ་འཕགས་པ་ཡིན་པས་དེ་ཉིད་ཀྱིས་ཕུལ་དུ་བྱུང་བར་བསྟན་པའི་ཕྱིར། འཇིག་རྟེན་ཕྱོགས་བཅུར་རབ་གྲགས་པ། །ཆོས་ཀྱི་སྦྱིན་བདག་ཆེ་བ་པོ། །ཞེས་བྱ་བ་གསུངས་ཏེ། གྲགས་པ་ནི་རབ་ཏུ་གྲགས་པར་གྱུར པ་སྟེ། ཆོས་ཀྱི་སྦྱིན་བདག་ཆེན་པོ་ཉིད་དུ་གྲགས་པའོ། །གང་དུ་གྲགས་ཤེ་ན། འཇིག་རྟེན་ཕྱོགས་བཅུར་ཞེས་བྱ་བ་སྨོས་ཏེ། ཕྱོགས་བཅུའི་ཕྱོགས་རྣམས་ན་སེམས་ཅན་དང་། སྣོད་ཀྱི་འཇིག་རྟེན་གང་དག་ཡོད་པ་དེ་དག་ཐམས་ཅད་དུ་སྦྱིན་བདག་ཆེན་པོ་ཉིད་ཀྱིས་མཆོག་ཏུ་ཡེ་ཤེས་དང་ལྡན་པ་ རྣམས་ཀྱིས་མཁྱེན་ཏོ་ཞེས་བྱ་བའི་དོན་ཏོ། །ཉོན་མོངས་པ་དང་མི་ཤེས་པ་དང་བདུད་ཀྱི་དགྲ་རྣམས་ལས་རྣམ་པར་རྒྱལ་བའི་ཕྱིར་ཇི་ལྟར་མངོན་པར་ཆགས་པ་དེ་ལྟར་བསྟན་པར་བྱ་བའི་ཕྱིར། བྱམས་པའི་གོ་ཆས་ཆས་པ་སྟེ། །སྙིང་རྗེ་ཡི་ནི་ཡ་ལད་བགོས། །ཞེས་བྱ་བ་གསུངས་ཏེ། བློ་གྲོས་ཀྱི་ཚོགས་བཅིངས་ ཤིང་གོ་བགོས་པ་ནི་བྱམས་པའི་གོ་ཆས་ཆས་པར་གྱུར་པ་དང་། ཐུགས་རྗེ་ཆེན་པོ་ཉིད་དུ་དབུག་པར་དགའ་བའི་ཆོས་ཅན་ཡིན་པས་ན་ཡ་ལད་དེ། དེ་ལྟ་བུའི་སྙིང་རྗེ་ཆེན་པོའི་ཡ་ལད་བགོས་པའོ། །ཕྱི་རོལ་གྱི་མཚོན་ཆའི་བྱེ་བྲག་གིས་ཉོན་མོངས་པ་དང་། མི་ཤེས་པ་ལས་རྒྱལ་བར་འགྱུར་མི་སྲིད་ པས་ཕུལ་དུ་བྱུང་བའི་མཚོན་ཆ་དང་ལྡན་པ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། ཤེས་རབ་རལ་གྱི་མདའ་གཞུ་ཐོགས། །ཞེས་བྱ་བ་གསུངས་ཏེ། ཤེས་རབ་ཀྱི་རལ་གྱི་དང་མདའ་གཞུ་ཐོགས་པ་ལ་དེ་ལ་དེ་སྐད་ཅེས་པའོ། །དེ་ལྟར་གོ་ཆ་དང་ཆས་ཤིང་ཡ་ལད་བགོས་ཏེ་མཚོན་ཆ་ཐོགས་ 63-1-282b ནས་ཅི་ཞིག་མཛད་ཅེས་རྟོག་པ་ལ་མཛད་པ་བསྟན་པར་བྱ་བའི་ཕྱིར། ཉོན་མོངས་མི་ཤེས་གཡུལ་ངོ་སེལ། །ཞེས་བྱ་བ་གསུངས་ཏེ། ཉོན་མོངས་པ་རྣམས་དང་། མི་ཤེས་པ་ནི་སྔར་བཤད་ཟིན་པས་འདིར་མ་སྨོས་སོ། །དེ་ཡང་ཉོན་མོངས་པའི་དཔུང་གི་ཚོགས་ཕ་རོལ་གནོད་པ་ དུ་མ་དག་གིས་ཡོངས་སུ་བསྐོར་བའི་མི་ཤེས་པའི་རྒྱལ་པོས་སེམས་ཅན་རྣམས་འཇོམས་ཤིང་གཟིར་བར་བྱེད་པས་ན་གཡུལ་ལོ། །དེ་བཅོམ་ཞིང་རྣམ་པ་ཐམས་ཅད་དུ་མི་སྣང་བར་མཛད་པས་ན། ཉོན་མོངས་མི་ཤེས་གཡུལ་ངོ་སེལ། །ཞེས་བྱའོ། །དེ་ལྟར་རེ་ཞིག་ནང་གི་ཉོན་མོངས་པ་རྣམས་ལས་ ངེས་པར་རྒྱལ་ནས་ཕྱི་རོལ་གྱི་ལྷའི་བུའི་བདུད་ལ་སོགས་པ་རྣམ་པར་བཟློག་ཅིང་འཇོམས་པར་བསྟན་པའི་ཕྱིར། དཔའ་བོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདུད་རྣམས་དགྲར་གྱུར་པ་གང་ཡིན་པའམ། བདུད་རྣམས་ཀྱི་དགྲ་ཡིན་པས་ན་བདུད་ཀྱི་དགྲའོ། །བདུད་ལས་རྒྱལ་བར་མཛད་ པས་ན་བདུད་ཐུལ་བའོ། །དེ་ཉིད་ཀྱིས་ན་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་དགྲ་བོ་ངེས་པར་ཟློག་པར་མཛད་པའི་བརྩོན་འགྲུས་དང་ལྡན་པས་ན་དཔའ་བོའོ། །ཚངས་པ་དང་། དབང་ཕྱུག་ཆེན་པོ་དང་། ཁྱབ་འཇུག་གི་མཐུས་ཟིལ་གྱིས་མནན་པར་མཛད་པས་ན། ཚངས་ པ་མ་དང་། དབང་ཕྱུག་མ་དང་། ཁྱབ་འཇུག་མ་དང་། འདོད་པའི་ལྷའི་དགའ་བ་མོ་མཐུ་སྟོབས་ཀྱིས་དེ་རྣམས་བླངས་པ་སྟེ། དྲག་པོའི་སྟོབས་ཀྱིས་ལེན་པར་མཛད་པས་ན་དཔའ་བོ་སྟེ། འཇིག་རྟེན་པའི་དབང་པོ་རྣམས་ཀྱང་འཇིགས་པ་མེད་པ་དང་། སྙིང་སྟོབས་ དང་ལྡན་པས་གཞན་དག་ཟིལ་གྱིས་གནོན་པའི་རང་བཞིན་ཅན་ལ་དཔའ་བོ་ཞེས་བྱའོ། །བདུད་བཞི་ནི་ཕུང་པོའི་བདུད་དང་། ཉོན་མོངས་པའི་བདུད་དང་། འཆི་བདག་གི་བདུད་དང་། ལྷའི་བུའི་བདུད་ཅེས་གྲགས་པ་སྟེ། དེ་རྣམས་ལས་འཇིགས་པ་གང་དག་ཡོད་པ་དེ་ མཐར་འབྱིན་ཞིང་སེལ་བར་མཛད་པས་ན། བདུད་བཞིའི་འཇིགས་པ་སེལ་བར་བྱེད། །ཅེས་བྱའོ། །གང་གི་ཕྱིར་བདུད་ཐམས་ཅད་ཀྱི་དཔུང་སྟེ། བདུད་ཐམས་ཅད་ཀྱི་སྡེ་ལས་རྒྱལ་བར་མཛད་ཅིང་ཕམ་པར་བྱེད་པ་ཉིད་ཀྱིས་ན། རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན། །ཞེས་བྱའོ། ། 63-1-283a འདི་སྐད་སྟོན་པར་འགྱུར་ཏེ། བྱམས་པ་དང་། སྙིང་རྗེ་དང་། ཤེས་རབ་རྣམས་ཀྱིས་ཉོན་མོངས་པ་དང་། མི་ཤེས་པ་དང་། བདུད་ཀྱི་དགྲ་རྣམས་ལས་མངོན་པར་རྒྱལ་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ། འཇིག་རྟེན་གྱི་འདྲེན་པར་གྱུར་པ་ནི་ བཅོམ་ལྡན་འདས་རྗེ་བཙུན་འཇམ་དཔལ་ལོ། །དེས་ན་དེ་ཉིད་མཆོད་པར་འོས་པ་དང་། བསྟོད་པར་འོས་པ་དང་། ཕྱག་བྱ་བའི་གནས་སུ་གྱུར་པ་དང་། རྟག་ཏུ་རི་མོར་བྱ་བར་འོས་པ་དང་། བཀུར་བར་འོས་པ་དང་། བརྗེད་པར་བྱ་བའི་མཆོག་ཡིན་པ་དང་། ཕྱག་བྱ་བར་འོས་པའི་བླ་མའི་རབ་ ཡིན་ཏེ། ཤིན་ཏུ་བླ་ན་མེད་པ་ཉིད་དུ་བསྟན་པར་གྱུར་པ་ཡིན་ནོ། །རྫོགས་པའི་སངས་རྒྱས་འགྲོ་བ་རྣམས་ཀྱི་བླ་མ་དེ་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་ཐོགས་པ་མེད་པར་བཞུད་པ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། འཇིག་རྟེན་གསུམ་པོ་གོམ་གཅིག་བགྲོད། །མཁའ་ལྟར་མཐའ་མེད་རྣམ་པར་གནོན། ། ཞེས་བྱ་བ་གསུངས་ཏེ། འཇིག་རྟེན་གསུམ་པོ་ཐམས་ཅད་དུ་ཅིག་ཅར་གོམ་པ་གཅིག་པའི་གོམ་པས་འགྲོ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་ནམ་མཁའ་ལ་ནི་མཐའ་མེད་པས་དེའི་མཐར་ཐུག་པའི་རྣམ་པར་གནོན་པ་དང་ལྡན་པས་ན། མཁའ་ལྟར་མཐའ་མེད་རྣམ་པར་གནོན། ། ཞེས་བྱའོ། །གསུམ་རིག་ནི་རིག་པ་གསུམ་སྟེ། དེ་དང་ལྡན་པས་ན་གསུམ་རིག་གོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིག་པ་གསུམ་གང་ཞེ་ན། འདི་ལྟ་སྟེ། ལྷའི་མིག་གི་རིག་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པའི་རིག་པ་དང་། ཟག་པ་ཟད་པའི་རིག་པ་སྟེ། རིག་པ་ནི་ ཤེས་པ་ཞེས་བྱའོ། །དེ་ལ་ལྷའི་མིག་གི་ཤེས་པ་ནི་ལྷའི་མིག་གི་རིག་པ་ཡིན་ནོ། །ལྷའི་མིག་གི་རིག་པ་གང་ཡིན་པ་དེ་ནི་རྣམ་པར་དག་པའི་ལྷའི་མཆོག་རྣམས་ཀྱི་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་ལྷའི་མིག་གི་རིག་པ་དེ་དང་ལྡན་པ་ཡིན་ནོ། །རྣམ་པར་དག་པ་ནི་ཤེས་པ་ཞེས་བྱའོ། །རྣམ་པར་དག་པའི་ལྷ་ནི་ཉན་ ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་དག་ནི་རྣམ་པར་དག་པའི་ལྷའོ། །རྣམ་པར་དག་པའི་ལྷ་དེ་དག་གི་མཆོག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཏེ། རྣམ་པར་དག་པའི་ལྷའི་མཆོག་རྣམས་ཞེས་བྱའོ། །བྱང་ཆུབ་སེམས་དཔས་ནི་ 63-1-283b རྣམ་པར་དག་པ་ལྷའི་མཆོག་རྣམས་ཀྱི་ལྷའི་མིག་གི་རིག་པ་གང་ཡིན་པ་དེ་འཐོབ་སྟེ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ལྟར་མ་ཡིན་པ་འདི་ནི་རིག་པ་དང་པོའོ། །དེ་ལ་སྔོན་གྱི་གནས་རྗེས་སུ་དྲན་པའི་རིག་པ་ནི་དེ་བཞིན་གཤེགས་པས་སྔོན་གྱི་མཐའ་མི་མཁྱེན་པའམ། མི་རིག་ པའམ། མི་རྟོག་པ་གང་ཡང་མི་མངའ་བའོ། །བྱང་ཆུབ་སེམས་དཔའ་ནི་རིག་པ་དེ་འཐོབ་སྟེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ལྟར་མ་ཡིན་པ་དེ་ནི་རིག་པ་གཉིས་པའོ། །དེ་ལ་ཟག་པ་ཟད་པའི་རིག་པ་གང་ཞེ་ན། ཟག་པ་བཞི་སྟེ། བཞི་གང་ཞེ་ན། འདོད་པའི་ཟག་པ་དང་། སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པ་དང་། ལྟ་ བའི་ཟག་པ་སྟེ། ཟག་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་བག་ཆགས་དང་བཅས་པར་སྤོང་བ་ལམ་གྱིས་མངོན་པར་རྟོགས་པ་སྟེ། ཉན་ཐོས་དང་། རང་སངས་རྒྱས་རྣམས་ལྟར་ཉོན་མོངས་པའི་སྒྲིབ་པ་སྤོང་བའི་ལམ་གྱིས་ནི་མ་ཡིན་ནོ། །དེ་ཟག་པ་ཟད་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྐྱེ་བའི་གནས་ ཐམས་ཅད་དུ་སྐྱེ་བ་ཡོངས་སུ་འཛིན་པ་ཐོགས་པ་མེད་པ་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་ཟག་པ་ཟད་པའི་རིག་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའི་རིག་པ་གསུམ་དང་ལྡན་པས་ན་གསུམ་རིག་ཅེས་བྱའོ། །འཇིག་རྟེན་པ་རྣམས་ནི་ངེས་བརྗོད་ཀྱི་རིག་བྱེད་དང་། མཆོད་སྦྱིན་གྱི་རིག་བྱེད། སྙན་ཚིག་གི་ རིག་བྱེད་དེ། གསུམ་ལ་རིག་པ་གསུམ་དུ་འདོད་དོ། །འཇིག་རྟེན་པའི་ཐོས་པ་ལས་བཤད་པའི་གཙང་སྦྲ་སྤྱོད་པ་དང་ལྡན་པས་ན་གཙང་མ་ཞེས་བཤད་དོ། །འཇིག་རྟེན་ལས་འདས་པའི་ཚུལ་ལྟར་ན་ཡང་བདག་དང་བདག་གིར་མངོན་པར་ཞེན་པའི་ཉོན་མོངས་པའི་བག་ཆགས་ཀྱི་མི་གཙང་བ་ཐམས་ཅད་དང་ འདྲེས་པ་དང་། བྲལ་བའི་ཆོས་ཐམས་ཅད་བདག་མེད་པའི་ཆུའི་ཚོགས་ཀྱིས་བཀྲུས་པས་ན་གཙང་མའོ། །དེ་ཉིད་ནི་ཉེས་པ་ཐམས་ཅད་དང་བྲལ་བས་ན་དག་པ་སྟེ་ཞེས་བྱའོ། །ཕྱི་རོལ་གྱི་ཆུའི་ཚོགས་ཀྱིས་བཀྲུས་པ་ནི་མུ་སྟེགས་རྣམས་ཀྱི་ལྟ་བ་ལ་ལྟོས་ནས་བཤད་པ་ཡིན་ཏེ། ཁྱད་པར་དེ་ཡིན་ནོ། །མངོན་ཤེས་དྲུག་ ལྡན་ཞེས་བྱ་བ་ལ་གང་ལ་མངོན་པར་ཤེས་པ་དྲུག་ཡོད་པ་དེ་ནི་མངོན་ཤེས་དྲུག་ལྡན་ཞེས་བྱ་སྟེ། དེ་ལ་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་དྲུག་གང་ཞེ་ན། ལྷའི་མིག་དང་། ལྷའི་རྣ་བ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་དང་། རྫུ་འཕྲུལ་བྱ་བ་ཤེས་པ་དང་། ཟག་པ་ 63-1-284a ཟད་པ་ཤེས་པ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པ་དྲུག་གོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷའི་མིག་གང་ཞེ་ན། དགེ་བའི་ཚོགས་ཐམས་ཅད་བསགས་པ་མ་ཉམས་པ། ཆགས་པ་མེད་པ། ཚད་མེད་པ། སྒྲིབ་ པ་མེད་པ། གནས་པ་མེད་པ། རྨ་མེད་པ། འཁྲུལ་པ་མེད་པ། བསྟན་དུ་མེད་པ། ཁ་ན་མ་ཐོ་བ་མེད་པ། འཇིག་རྟེན་པ་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་དང་། ཐུན་མོང་མ་ཡིན་པ། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཡང་དག་པར་བཅོམ་པ། ཕྱད་པར་ མཐོང་བ། ཕྱད་པར་ལུང་སྟོན་པ་སྟེ། ལྷའི་མིག་དེས་སེམས་ཅན་རྣམས་མཐོང་སྟེ། འཆི་འཕོ་དང་། སྐྱེ་བ་དང་། ཁ་དོག་བཟང་པོ་དང་། ཁ་དོག་ངན་པ་དང་། ཐ་མ་དང་། མཆོག་དང་། ལས་ཉེ་བར་འགྲོ་བ་ཇི་ལྟ་བ་དང་། རྒྱུ་དང་བཅས་པ་དང་། རྣམ་པར་སྨིན་པ་དང་བཅས་པ་ཡང་དག་པ་ཇི་ལྟ་བ་ བཞིན་དུ་མཐོང་ངོ་། །དེའི་ལྷའི་མིག་དེ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་བྱེད་པ་སྟེ། དེར་ངེས་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའི་ལྷའི་རྣ་བ་ནི་ལྷའི་རྣ་བ་སྒྲིབ་པ་མེད་པ། དགེ་བའི་ཚོགས་ཐམས་ཅད་བསགས་པ། བྱིས་པ་སོ་སོའི་སྐྱེ་བོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་ རྟེན་སྐྱོང་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ། ཆོད་པ་མེད་པ། འོད་ གསལ་བ། སྒྲ་ཐམས་ཅད་ཐོས་པ་སྟེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་སྒྲ་དང་། ཐ་ན་སྦྲང་བུ་དང་། གྲོག་མོ་དང་། ཤ་སྦྲང་དང་། འཕགས་པ་ དང་། འཕགས་པ་མ་ཡིན་པའི་སྒྲ་རྣམས་ཀྱང་ཐོས་ཏེ། ཐོས་ནས་ཀྱང་འཕགས་པ་མ་ཡིན་པའི་སྒྲ་རྣམས་ལ་ཁོང་ཁྲོ་བར་ཡང་མི་བྱེད། འཕགས་པའི་སྒྲ་རྣམས་ལ་རྗེས་སུ་ཆགས་པར་ཡང་མི་བྱེད། སོ་སོའི་སྐྱེ་བོའི་སྒྲ་རྣམས་ལ་ཐ་མར་འདུ་ཤེས་པ་ཡང་མ་ 63-1-284b ཡིན་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སྒྲ་རྣམས་ལ་དམ་པར་འདུ་ཤེས་པ་ཡང་མ་ཡིན་ནོ། །འཕགས་པ་མ་ཡིན་པའི་ཚུལ་ལ་ཁོང་ཁྲོ་བ་ཡང་མི་བྱེད། འཕགས་པའི་ཚུལ་ལ་རྗེས་སུ་ཆགས་པར་ཡང་མི་བྱེད། སྒྲ་གང་ལ་ཡང་ཡོན་ཏན་དུ་འདུ་ཤེས་པའམ། ཉེས་ པར་འདུ་ཤེས་པ་མ་ཡིན་ཏེ། གཞན་དུ་ན་སྒྲ་ཐམས་ཅད་བྲག་ཅ་ལྟ་བུ་དང་། སྟོང་པ་དང་། གཡོ་བ་མེད་པ་དང་། བདག་དང་བདག་གི་མེད་ཅིང་དབེན་པར་རབ་ཏུ་ཤེས་ཀྱང་རྣ་བའི་སྐྱེ་མཆེད་འབད་པ་ཡང་མ་ཡིན། སྒྲའི་སྐྱེ་མཆེད་འབད་པ་ཡང་མ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ ལྷའི་རྣ་བ་ནི་འདི་ལྟ་བུ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའི་ཕ་རོལ་གྱི་སེམས་ཤེས་པ་ནི་རང་གི་སེམས་ཡོངས་སུ་ཤེས་པ་དང་ལྡན་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རབ་ཏུ་ཤེས་ཏེ། སེམས་ཅན་གཞན་རྣམས་དང་། གང་ཟག་གཞན་དག་གིས་འདོད་ཆགས་དང་བཅས་པའི་ སེམས་ཀྱང་འདོད་ཆགས་དང་བཅས་པའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས། འདོད་ཆགས་དང་བྲལ་བའི་སེམས་ཀྱང་འདོད་ཆགས་དང་བྲལ་བའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཤེས་ནས་ཀྱང་གང་འདོད་ཆགས་དང་བཅས་པའི་སེམས་ དེ་ལ་ཁོང་ཁྲོ་བར་ཡང་མི་བྱེད། གང་འདོད་ཆགས་དང་བྲལ་བའི་སེམས་དེ་ལ་རྗེས་སུ་ཆགས་པར་ཡང་མི་བྱེད། གཞན་དུ་ན་འདོད་ཆགས་དང་བཅས་པ་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་དོ། །འདོད་ཆགས་དང་བྲལ་བ་རྣམས་ལ་བྱམས་པ་ཆེན་པོ་བསྐྱེད་དོ། །དེ་བཞིན་ དུ་ཞེ་སྡང་དང་བཅས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་དང་བཅས་པ་དང་གཏི་མུག་མེད་པ་དང་། སྲེད་པ་དང་བཅས་པ་དང་སྲེད་པ་མེད་པ་དང་། ལེན་པ་དང་བཅས་པ་དང་ལེན་པ་མེད་པ་དང་། ཉོན་མོངས་པ་དང་བཅས་པ་དང་ཉོན་མོངས་པ་མེད་པ་དང་། ཚད་དང་ལྡན་པ་དང་ ཚད་དང་མི་ལྡན་པ་དང་། མཉམ་པར་གཞག་པ་དང་མཉམ་པར་མ་གཞག་པ་དང་། རྣམ་པར་མ་གྲོལ་བའི་སེམས་དང་རྣམ་པར་གྲོལ་བའི་སེམས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཤེས་ནས་ཀྱང་སེམས་ཅན་སེམས་རྣམ་པར་མ་གྲོལ་བ་རྣམས་ལ་ཁོང་ཁྲོ་བར་ཡང་མི་བྱེད། 63-1-285a སེམས་རྣམ་པར་གྲོལ་བ་རྣམས་ལ་རྗེས་སུ་ཆགས་པར་ཡང་མི་བྱེད། གཞན་དུ་ན་སེམས་རྣམ་པར་གྲོལ་བ་རྣམས་ལ་བྱམས་པ་ཆེན་པོ་བསྐྱེད་དོ། །སེམས་རྣམ་པར་མ་གྲོལ་བ་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་དོ། །སེམས་ཅན་ཐམས་ཅད་ཤེས་ཀྱང་ སེམས་དེ་ལ་སེམས་དེས་བསྙེམས་པ་ཡང་མེད་རློམ་སེམས་ཀྱང་མེད་དོ། །དེ་ལ་ཕ་རོལ་གྱི་སེམས་ཤེས་པ་དེས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རབ་ཏུ་ཤེས་སོ། །སེམས་ཅན་དེ་དག་གིས་ནི་བྱང་ཆུབ་སེམས་དཔའ་དེས་སྐབས་མ་ཕྱེ་བའི་བར་དུ་མི་ཤེས་ཏེ། ཉན་ཐོས་དང་རང་སངས་ རྒྱས་ཀྱི་ལྷའི་ཡེ་ཤེས་ཀྱིས་ཀྱང་མི་ཤེས་ན། ཕལ་པ་གཞན་རྣམས་ཀྱིས་ཤེས་པར་མི་འགྱུར་བར་ལྟ་ཅི་སྨོས་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་ཕ་རོལ་གྱི་སེམས་ཤེས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་བདག་དང་སེམས་ཅན་གཞན་རྣམས་ཀྱི་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ཏེ། སྐྱེ་བ་ གཅིག་ཀྱང་རྗེས་སུ་དྲན་ནོ། །སྐྱེ་བ་གཉིས་དང་། སྐྱེ་བ་བརྒྱ་དང་། སྐྱེ་བ་སྟོང་དང་། སྐྱེ་བ་བརྒྱ་ཕྲག་སྟོང་ནས་སྐྱེ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་གྲངས་མེད་པ་ཡང་རྗེས་སུ་དྲན་ནོ། །འཇིག་པའི་བསྐལ་པ་ཡང་རྗེས་སུ་དྲན་ནོ། །ཆགས་པའི་བསྐལ་པ་ཡང་རྗེས་སུ་དྲན་ནོ། །འཇིག་ པ་དང་ཆགས་པའི་བསྐལ་པ་ཡང་རྗེས་སུ་དྲན་པ་ནས་བསྐལ་པ་ཆེན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པའི་བར་རྗེས་སུ་དྲན་ཏེ། དྲན་པ་དེ་ལ་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་ས་བཅུ་ལ་རབ་ཏུ་གནས་པ་རྣམས་མ་གཏོགས་པར་ལྷ་དང་བཅས་པའི་ འཇིག་རྟེན་མྱོས་པར་འགྱུར་ཏེ། འདི་ལྟར་བདག་ཆེ་གེ་མོ་ཞིག་འདི་འདྲ་བར་གྱུར་ཏེ། རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། མདོག་ནི་འདི་ལྟ་བུ། མིང་ནི་འདི་ཞེས་བྱ། ཁ་ཟས་ནི་འདི་ལྟ་བུ་ཟ་ཟ། ཚེའི་གནས་པ་ནི་འདི་སྲིད་ཅིག་ཐུབ། ཆུ་ཞེང་ནི་འདི་ལྟ་བུ། བདེ་བ་ དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང་སྟེ། བདག་དེ་ནས་ཤི་འཕོས་ནས་ག་གེ་མོ་ཞིག་ཏུ་སྐྱེས། དེ་ནས་ཀྱང་ཤི་འཕོས་ནས་འདིར་སྐྱེས་ཏེ། རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། མདོག་ནི་འདི་ལྟ་བུ། མིང་ནི་འདི་ཞེས་བྱ། ཁ་ཟས་ནི་ 63-1-285b འདི་ལྟ་བུ་ཞིག་ཟ་ཟ། ཚེ་ནི་འདི་ཙམ་ཞིག་ཐུབ། ཆུ་ཞེང་ནི་འདི་ལྟ་བུ། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང་ངོ་ཞེས་རྗེས་སུ་དྲན་ཏེ། བདག་ཇི་ལྟ་བར་སེམས་ཅན་ཐམས་ཅད་ཀྱི་ཡང་དེ་བཞིན་ཏེ། ཐ་ན་སྦྲང་བུ་དང་གྲོག་མོ་རྣམས་ཀྱིས་ཀྱང་རྗེས་སུ་དྲན་ནོ། །དེའི་དྲན་པ་དེ་ཆགས་ པ་མེད་པ་རྒྱུན་མི་འཆད་པ། སྒྲིབ་པ་མེད་པ། ཐོགས་པ་མེད་པ་དང་། དུས་སུ་བསྐུལ་བ་མེད་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་རབ་ཏུ་ལྡན་པ། ཟབ་པ། གཏིང་དཔག་དཀའ་བ། བག་ལ་ཉལ་མེད་པ། བག་ཆགས་ཀྱི་མཚམས་སྦྱོར་བ་རྣམ་པར་དག་པ། བསོད་ ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ཀྱིས་བརྒྱན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་རྫུ་འཕྲུལ་བྱ་བ་ཤེས་པ་ནི་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་ཀྱིས་བསྟན་པ། སྒྲིབ་པ་མེད་པ། ལྷུན་གྱིས་གྲུབ་པ། རྣམ་པར་མ་བརྟགས་པ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པར་སྦྱིན་པ་དང་། དུལ་བ་དང་། མི་འགྱུར་བ་དང་། ཡང་དག་པར་སྡོམ་པ་དང་། ངེས་པ་དང་། བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་ པར་འཇུག་པ་ཡོངས་སུ་སྦྱང་བར་བྱས་པ། བདག་དང་། སངས་རྒྱས་དང་། ལྷའི་དབང་དང་ལྡན་པ་སྟེ། དེ་རྫུ་འཕྲུལ་མངོན་དུ་གྱུར་པ། མངོན་པར་འདུ་བྱ་བ་མེད་པ། སྒྲིབ་པ་མེད་པ། འཇིག་རྟེན་ཐམས་ཅད་ལས་ཁྱད་པར་འཕགས་པ་དེས་སེམས་ཅན་རྣམས་ཀྱི་དོན་བྱེད་ དེ། ཇི་ལྟར་འདོད་པ་དེ་ལྟར་བྱིན་གྱིས་བརླབ་བོ། །ཇི་ལྟར་འདོད་པ་དེ་བཞིན་དུ་ཡུལ་རྣམས་སྟོན་ཏོ། །བྱང་ཆུབ་སེམས་དཔའ་དེའི་རྫུ་འཕྲུལ་གྱི་དབང་ནི་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་སྟེ། དེ་གལ་ཏེ་སེམས་ཅན་གཅིག་ཅིག་སེམས་ཅན་ཐམས་ཅད་ ཀྱི་གཟུགས་ཀྱིས་འདུལ་བར་གྱུར་ན་སེམས་ཅན་གཅིག་པོ་དེའི་མདུན་དུ་སེམས་ཅན་ཐམས་ཅད་ཀྱི་གཟུགས་སྣོད་ཇི་ལྟ་བ་བཞིན་དུ་སྟོན་ཏོ། །སྤྲུལ་པ་དེ་དག་ཐམས་ཅད་ཀྱང་བྱེད་པ་དང་། ཁ་ཟས་དང་། སྨྲ་བ་དང་། སྤྱོད་པ་ཐ་དད་དུ་འཇུག་གོ། །དེ་འདོད་ན་སེམས་ཅན་ཐམས་ཅད་ 63-1-286a ཀྱི་གཟུགས་སངས་རྒྱས་ཀྱི་གཟུགས་སུ་མོས་ན་ཡང་སེམས་ཅན་ཐམས་ཅད་ཀྱི་གཟུགས་སངས་རྒྱས་ཀྱི་གཟུགས་སུ་འགྱུར་རོ། །སངས་རྒྱས་ཀྱི་གཟུགས་སེམས་ཅན་ཐམས་ཅད་ཀྱི་གཟུགས་སུ་མོས་ན་ཡང་སངས་རྒྱས་ཀྱི་གཟུགས་སེམས་ཅན་ཐམས་ ཅད་ཀྱི་གཟུགས་སུ་འགྱུར་རོ། །འཇིག་པའི་བསྐལ་པ་འཆགས་པའི་བསྐལ་པར་མོས་ན་ཡང་འཇིག་པའི་བསྐལ་པ་འཆགས་པའི་བསྐལ་པར་འགྱུར་ཏེ། སེམས་ཅན་དེ་དག་གིས་ཀྱང་འཆགས་པའི་བསྐལ་པར་ཤེས་སོ། །འཆགས་པའི་བསྐལ་པ་འཇིག་པའི་བསྐལ་པར་མོས་ན་ཡང་འཆགས་པའི་ བསྐལ་པ་འཇིག་པའི་བསྐལ་པར་འགྱུར་ཏེ། སེམས་ཅན་དེ་དག་གིས་ཀྱང་འཇིག་པའི་བསྐལ་པར་ཤེས་སོ། །འཇིག་པ་དང་ཆགས་པ་ཡང་གཞན་དུ་གྱུར་པ་མ་ཡིན་ཏེ། མོས་པ་དེ་ལྟར་ཡང་འགྱུར་རོ། །དེ་བཞིན་དུ་བསྐལ་པ་གཅིག་སྔ་དྲོ་ཙམ་དུ་མོས་ན་ཡང་དེ་ནས་སེམས་ཅན་ དེ་དག་གི་བསྐལ་པ་སྔ་དྲོ་ཙམ་དུ་ཤེས་སོ། །སྔ་དྲོ་བསྐལ་པ་ཙམ་དུ་མོས་ན་ཡང་དེ་བཞིན་དུ་འགྱུར་ཏེ། དེ་ནས་སེམས་ཅན་དེ་དག་གི་དེ་བཞིན་དུ་ཤེས་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་མོས་པ་ལས་བྱུང་བའི་རྫུ་འཕྲུལ་ཞེས་བྱའོ། །དེ་ལ་མངོན་དུ་གྱུར་པའི་རྫུ་འཕྲུལ་ནི་གང་ བྱང་ཆུབ་སེམས་དཔའི་བསམ་གྱིས་མི་ཁྱབ་པའི་བསོད་ནམས་དང་ཡེ་ཤེས་ཀྱི་དབང་ལྷུན་གྱིས་གྲུབ་པས་སྒྲིབ་པ་མེད་པར་ཕུན་སུམ་ཚོགས་པ་ཐམས་ཅད་མངོན་དུ་འགྱུར་ཞིང་འགྲུབ་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་མངོན་དུ་གྱུར་པའི་རྫུ་འཕྲུལ་ཞེས་བྱའོ། །དེ་ལ་བྱང་ ཆུབ་སེམས་དཔའི་མངོན་པར་འདུ་བྱེད་པ་ལས་བྱུང་བའི་རྫུ་འཕྲུལ་ནི་གང་བྱང་ཆུབ་སེམས་དཔའི་སེམས་མི་འཇུག་ཅིང་ལྷུན་གྱིས་གྲུབ་པས་སེམས་ཅན་དེ་དག་གི་མོས་པ་ཇི་ལྟ་བ་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་གཟུགས་དང་སྤྱོད་ལམ་ཐ་དད་པས་མཐོང་ཞིང་ཤེས་ཏེ། འདི་ནི་བྱང་ ཆུབ་སེམས་དཔའི་མངོན་པར་འདུ་བྱེད་པ་མེད་པ་ལས་བྱུང་བའི་རྫུ་འཕྲུལ་ཞེས་བྱའོ། །དེ་འཇིག་རྟེན་གྱི་ཁམས་ཇི་སྙེད་ན། སེམས་ཅན་རྣམས་སངས་རྒྱས་འབྱུང་བས་འདུལ་བའི་འཇིག་རྟེན་གྱི་ཁམས་དེ་སྙེད་དུ་སངས་རྒྱས་འབྱུང་བ་སྟོན་ཏེ། དགའ་ལྡན་གྱི་གནས་ 63-1-286b ནས་འཆི་འཕོ་བ་དང་། མངལ་དུ་འཇུག་པ་དང་། བཙས་པ་དང་། བཟོའི་གནས་ལ་མཁས་པ་དང་། བཙུན་མོའི་འཁོར་གྱི་རོལ་པ་དང་། མངོན་པར་འབྱུང་བ་དང་། དཀའ་བ་སྤྱོད་པ་དང་། བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དང་། བདུད་འདུལ་བ་དང་། བྱང་ཆུབ་ཏུ་རྣམ་པར་ འཚང་རྒྱ་བ་དང་། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པ་རྣམས་ཀྱིས་སེམས་ཅན་དེ་དག་ཡོངས་སུ་སྨིན་པར་བྱེད་དོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་གྱི་ཡུལ་ཚད་མེད་པ་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་རྫུ་ འཕྲུལ་བྱ་བ་ཤེས་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཟག་པ་ཟད་པའི་ཤེས་པ་གང་ཞེ་ན། འདི་དག་ནི་ཟག་པ་བཞི་སྟེ། བཞི་གང་ཞེ་ན། འདོད་པའི་ཟག་པ་དང་། སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པ་དང་། ལྟ་བའི་ཟག་པ་སྟེ། བྱང་ཆུབ་སེམས་ དཔའི་ཟག་པ་ཟད་པ་དེ་དག་ཡོངས་སུ་སྤངས་པ་ཡིན། མ་འོངས་པ་ནི་མི་སྐྱེ་བའི་ཆོས་ཅན་དུ་འགྱུར་ཞིང་ཕྱིར་མི་སྐྱེ་མི་འགག་སྟེ། གདུལ་བ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཐམས་ཅད་དུ་སྐྱེ་བ་ཡང་སྟོན་པ་འདི་ནི་བྱང་ཆུབ་སེམས་དཔའི་ལམ་ལྷུན་གྱིས་གྲུབ་པས་རྒྱུན་མི་འཆད་པར་ འཇུག་པ་ཞེས་བྱ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་དྲུག་གོ། །བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་དྲུག་པོ་དེ་དག་དང་མངོན་པར་ལྡན་ཞིང་རྟག་ཏུ་མི་འབྲལ་ཏེ། དེ་བས་ན་མངོན་ཤེས་དྲུག་ལྡན་ནོ། །རྗེས་དྲན་དྲུག་ནི་སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་ རྗེས་སུ་དྲན་པ་དང་། དགེ་འདུན་རྗེས་སུ་དྲན་པ་དང་། ཚུལ་ཁྲིམས་རྗེས་སུ་དྲན་པ་དང་། གཏོང་བ་རྗེས་སུ་དྲན་པ་དང་། ལྷ་རྗེས་སུ་དྲན་པ་སྟེ། དེ་རྣམས་ཀྱི་རང་གི་མཚན་ཉིད་ནི་སྔར་བཤད་པས་འདིར་ཡང་མ་བཤད་དོ། །རྟག་ཏུ་ཕྱིན་ཅི་མ་ལོག་པའི་རྗེས་སུ་དྲན་པ་དྲུག་དང་ལྡན་ པས་ན་རྗེས་སུ་དྲན་པ་དྲུག་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའི་སེམས་གང་ལ་ཡོད་པ་དེ་ནི་བྱང་ཆུབ་སེམས་དཔའོ། །དེ་ཉིད་གཅིག་ཏུ་གཞན་གྱི་དོན་ལ་འཇུག་པ་ནི་སེམས་དཔའ་ཆེན་པོའོ། །ཡང་བྱང་ཆུབ་སེམས་དཔའི་བདག་ཉིད་ཅན་གྱི་སེམས་ནི་བྱང་ 63-1-287a ཆུབ་སེམས་དཔའོ། །ཀུན་ཏུ་འགྲོ་བའི་ཆོས་ཀྱི་དབྱིངས་ཐུགས་སུ་ཆུད་ནས་མངོན་པར་སངས་རྒྱས་པའི་ཕྱིར་སེམས་དཔའ་ཆེན་པོའོ། །རྣམ་པ་ཐམས་ཅད་དུ་ཡུལ་ཆེ་བའི་རྫུ་འཕྲུལ་བརྙེས་པས་ན་རྫུ་འཕྲུལ་ཆེན་པོའོ། །དེ་བཞིན་དུ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐུགས་ སུ་ཆུད་པས་ན་འཇིག་རྟེན་ལས་འདས་པའོ། །ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མངོན་པར་ལྡན་པའི་ཆོས་ཀྱི་སྐུ་ཐུགས་སུ་ཆུད་པའོ། །རྣམ་པ་ཐམས་ཅད་དུ་དེའི་ངོ་བོ་ཉིད་དུ་གྱུར་པས་ན། ཤེས་རབ་ཀྱི་ནི་དེ་ཉིད་ཐོབ། །ཅེས་བྱ་བ་སྟེ། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་ཁོ་ན་ཉིད་ནི་དྲི་མ་མེད་པའི་དེ་བཞིན་ཉིད་དོ། །དེ་ཁོ་ན་ཉིད་ཀྱི་རང་བཞིན་ནི་ཆོས་ཀྱི་སྐུའི་བདག་ཉིད་ཅན་ཡིན་པས་ན། སེམས་ལ་སེམས་ཤེས་པ་མེད་དོ་ཞེས་བརྟག་པར་མི་བྱ་སྟེ། སྦྱོར་བ་བསྟན་པས་ན་སྤྱི་ལས་སྤྱི་ཁས་བླང་བར་བྱ་བ་ཡིན་ནོ། །ཡང་ན་འདི་ནི་ཉེ་བར་ གཞག་པ་ཙམ་དུ་ཟད་ཀྱི། དེ་ལ་མངོན་པར་ཞེན་པར་མི་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཡིན་ཡང་བདག་དང་གཞན་གྱི་དབྱེ་བས་ཐ་སྙད་དུ་བྱ་བ་བདེན་པ་གཉིས་ཀྱི་དབང་དུ་སྟོན་པར་མཛད་པ་ནི། བདག་རིག་གཞན་རིག་ཐམས་ཅད་པ། །ཀུན་ལ་ཕན་ པའི་གང་ཟག་མཆོག །ཅེས་བྱ་བ་གསུངས་པ་ཡིན་ཏེ། དེ་ལ་སོ་སོར་རང་གི་རིག་པའི་ཆོས་ཉིད་ཀྱི་ཚུལ་གྱིས་ན་བདག་རིག་པའོ། །སྒྱུ་མ་ལྟ་བུའི་སེམས་ཀྱི་ངོ་བོ་ཉིད་ཀྱིས་ན་གདུལ་བྱ་རྣམས་ལ་ཁོང་དུ་ཆུད་པར་མཛད་པའི་ཕྱིར་གཞན་རིག་གོ། །རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ ཆོས་ཀྱི་དབྱིངས་སུ་བྱེ་བྲག་མེད་པས་ན་ཐམས་ཅད་པའོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་རྫོགས་པར་མཛད་པས་ན་ཀུན་ལ་ཕན་པའོ། །སེམས་ཅན་ཐམས་ཅད་ཀྱི་གཙོ་བོའི་སྐྱེས་བུ་ཡིན་པས་ན་གང་ཟག་མཆོག་སྟེ། རིགས་པ་ཅན་གྱིས་བརྟགས་ པའི་གང་ཟག་ནི་མ་ཡིན་ཏེ། དེ་ནི་རྣམ་པ་ཐམས་ཅད་དུ་མེད་པའི་ཕྱིར་རོ། །དཔེར་བྱ་ཀུན་ལས་འདས་པ་སྟེ། །ཤེས་དང་ཤེས་བྱའི་བདག་པོ་མཆོག །ཅེས་བྱ་བ་ལ། ཅུང་ཟད་ཙམ་གྱི་མཉམ་པ་ཡང་མེད་པ་རྣམ་པ་ཐམས་ཅད་དུ་དཔེར་བྱ་བ་ཐམས་ཅད་ལས་འདས་པ་ཡིན་ནོ། །དེ་བཞིན་ 63-1-287b གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པས་ཤེས་པ་ཞེས་ཀྱང་བཤད་དོ། །ལེགས་པ་འདོད་པ་རྣམས་ཀྱི་མཐོ་རིས་དང་། ཐར་པའི་རྒྱུར་གྱུར་པས་ན་དེ་ཉིད་ནི་མི་ཤེས་པར་བྱ་བ་དང་བསམ་པར་བྱ་བ་ཡིན་གྱི། དེ་ལས་གཞན་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་མ་ལུས་ པར་བྱུང་བའི་རྒྱུ་ཡིན་པའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བདག་པོའོ། །ཐམས་ཅད་ལས་ཕུལ་དུ་བྱུང་བས་ན་མཆོག་གོ། །ཆོས་ཀྱི་སྦྱིན་པ་ནི་སྦྱིན་པ་ཐམས་ཅད་ཀྱི་གཙོ་བོ་ཡིན་ལ། དེ་སྩོལ་བར་མཛད་པའི་ཕྱིར། གཙོ་བོ་ཆོས་ཀྱི་སྦྱིན་བདག་སྟེ། །ཞེས་བྱ་སྟེ། སྦྱིན་བདག་རྣམས་ཀྱི་མཆོག་ཏུ་ གྱུར་པ་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་བཞི་པོའི་དོན་སྟོན་པ། །ཞེས་བྱ་བ་ལ་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་ནི་ཕྱག་རྒྱ་བཞི་སྟེ། དེ་རྣམས་ཀྱི་དོན་ནི་ཕྱག་རྒྱ་བཞི་པོའི་དོན་སྟོན་པའོ། །དེ་ལ་ཕྱག་རྒྱ་ཆེན་པོ་ནི་ལྷ་དང་རྗེས་སུ་མཐུན་པར་བྱེད་པ་ཡིན་ པས་ལོངས་སྤྱོད་རྫོགས་པའི་སྐུའོ། །དམ་ཚིག་གི་ཕྱག་རྒྱ་ནི་ཐུགས་ཀྱི་ངོ་བོ་ཉིད་ཡིན་པས་སོ་སོ་རང་གི་རིག་པའི་ཆོས་སྐུའོ། །ཆོས་ཀྱི་ཕྱག་རྒྱ་ནི་ཆོས་ཀྱི་ལོངས་སྤྱོད་ཀྱི་བྱིན་གྱིས་བརླབས་ལས་ཆོས་ཀྱི་དེ་ཁོ་ན་ཉིད་སྟོན་པའི་གསང་སྔགས་ཀྱི་ཡི་གེའི་བདག་ཉིད་ཅན་སྣ་ཚོགས་པའོ། །ལས་ཀྱི་ཕྱག་རྒྱ་ ནི་བྱ་བ་སྒྲུབ་པའི་ངོ་བོ་ཉིད་དུ་གྱུར་པས་སྤྲུལ་པའི་མཛད་པ་སྣ་ཚོགས་རྫོགས་པར་བྱེད་པ་སྤྲུལ་པའི་སྐུ་སྟེ། ཕྱག་རྒྱ་བཞི་པོ་དེ་དག་གིས་དོན་སྟོན་པར་མཛད་པའོ། །གང་གི་ཕྱིར་ཉེས་པ་ཐམས་ཅད་ལས་འདས་ཤིང་ཡོན་ཏན་ཐམས་ཅད་ཀྱི་རང་བཞིན་ཅན་ཡིན་ལ། ཐར་པ་ཐམས་ཅད་དང་ཕུན་སུམ་ ཚོགས་པ་ཐམས་ཅད་སྐྱེད་པར་མཛད་པ་ཡིན་ཏེ། དེ་བས་ན། འགྲོ་བའི་བསྙེན་བཀུར་གནས་ཀྱི་མཆོག །ཅེས་བྱའོ། །ངེས་འབྱུང་གསུམ་པོ་བགྲོད་རྣམས་ཀྱི། །ཞེས་བྱ་བ་ནི། ཁྱད་པར་དུ་འགྲོ་བ་རྣམས་ཉན་ཐོས་དང་རང་སངས་རྒྱས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ངེས་པར་ འབྱུང་བ་ལ་མ་གཏོགས་པ་ལ་གཞན་མ་དག་གིས་ངེས་པར་འབྱུང་བ་འཐོབ་མི་སྲིད་པར་བསྟན་པའི་ཕྱིར། ངེས་འབྱུང་གསུམ་པོ་བགྲོད་རྣམས་ཀྱི། །ཞེས་བྱ་བ་ལ་དེའི་དངོས་པོ་གང་ཡིན་ཞེ་ན། འགྲོ་བའི་བསྙེན་བཀུར་གནས་ཀྱི་མཆོག་ཏུ་གྱུར་པ་རྗེ་བཙུན་འཇམ་དཔལ་ལོ། །དེ་ཉིད་ནི་དཔལ་དང་ 63-1-288a ལྡན་པའི་མཆོག་ཡིན་ནོ། །ཇི་ལྟར་ཤེས་ཤེ་ན། དོན་གྱི་དམ་པ་རྣམ་དག་དཔལ། །ཞེས་གསུངས་པ་ལས་ཤེས་སོ། །དེ་དག་ཀྱང་འཇིག་རྟེན་གསུམ་གྱི་སྐལ་བ་བཟང་པོ་ཉིད་དུ་གྱུར་པས་ཐམས་ཅད་ཀྱི་མངོན་པར་འདོད་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཡང་ དག་པར་རྫོགས་པར་མཛད་པས་ན་དཔལ་ལྡན་འབྱོར་པ་ཀུན་བྱེད་པའོ། །དེ་བས་ན་འགྲོ་བ་རྣམས་ཀྱིས་ངེས་པར་འབྱུང་བ་གསུམ་བགྲོད་པར་བྱེད་པ་ཡིན་ཏེ། དེ་ཉིད་གཅིག་པུ་ནི་འགྲོ་བ་རྣམས་ཀྱིས་བསྙེན་བཀུར་བྱེད་པའི་གནས་ཀྱི་མཆོག་ཡིན་གྱི། དེ་ལས་གཞན་མེད་དོ་ཞེས་ངེས་པར་བྱས་པ་ཡིན་ ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་གྱུར་པ་ཡང་དེ་ཉིད་ཡིན་ནོ་ཞེས་ངེས་པར་གཟུང་བ་ལ་ཡང་ཉེས་པ་མེད་དོ། །ད་ནི་མཚན་ཉིད་ཀྱི་དོན་ཐམས་ཅད་ཉེ་བར་བསྡུ་བའི་སྒོ་ནས་བཅོམ་ལྡན་འདས་དེ་རྣམ་པ་ཐམས་ཅད་དུ་མཆོད་པར་འོས་པ་ཡིན་ནོ་ཞེས་སྟོན་ཅིང་ མཚན་ཐམས་ཅད་དོན་ཇི་ལྟ་བ་ཉིད་དུ་བདེན་པའི་མཚན་ཉིད་ཡིན་པར་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པ་ལྔས་ཕྱག་འཚལ་བའི་ཁྱད་པར་གྱིས་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པའི་ཚོགས་རྣམས་མཆོད་པར་བྱས་པའི་ཕྱིར། མཆོག་སྦྱིན་ རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་མཆོག་སྦྱིན་རྡོ་རྗེ་ནི་རྗེ་བཙུན་འཇམ་དཔལ་ཏེ། མཆོག་ཏུ་གྱུར་པ་སངས་རྒྱས་ཉིད་སྩོལ་བར་མཛད་པས་ན་མཆོག་སྦྱིན་ནོ། །མཆོག་སྦྱིན་པ་ལ་རྡོ་རྗེ་ལྟར་མི་ཕྱེད་པས་ན་རྡོ་རྗེ་སྟེ། དེ་ཉིད་ཀྱིས་ན་མཆོག་སྟེ། ཐམས་ ཅད་ཀྱི་གཙོ་བོར་གྱུར་པ་ཞེས་བྱ་བའི་དོན་ཡིན་པས་དེ་ལ་ཡང་དག་པའི་བོད་པ་ནི། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་སྨོས་སོ། །ཡང་དག་པའི་མཐའ་ནི་དེ་བཞིན་ཉིད་དེ། དེ་ལ་ཀྱེ་ཡང་དག་པའི་མཐར་གྱུར་པ་ཁྱོད་ལ་འདུད་ཅིང་ཕྱག་འཚལ་ལོ་ཞེས་པའོ། །སྟོང་ཉིད་ལས་བྱུང་ཁྱོད་ལ་ འདུད། །ཅེས་བྱ་བ་ལ། སྟོང་པ་ཉིད་ལས་བྱུང་བ་ནི་སྟོང་པ་ཉིད་ལས་རབ་ཏུ་སྐྱེས་པའི་ཕྱིར་སྟོང་པ་ཉིད་ལས་བྱུང་བའོ། །ཡང་ན་སྟོང་པ་ཉིད་ཀྱི་སྙིང་པོ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། སྟོང་པ་ཉིད་ཀྱི་སྙིང་པོ་དང་ལྡན་པའི་ཕྱིར་རོ། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །ཅེས་བྱ་བ་ལ་འདིར་ཡང་བོད་པ་ 63-1-288b ནི་སྔ་མ་བཞིན་ནོ། །སངས་རྒྱས་ཀྱི་བྱང་ཆུབ་ནི་སངས་རྒྱས་ཀྱི་བྱང་ཆུབ་བོ་ཞེས་སྦྱར་བའམ་གང་གིས་ན་སངས་རྒྱས་ཀྱི་བྱང་ཆུབ་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཁྱད་པར་མེད་ཀྱང་བྱེ་བྲག་ཏུ་ཉེ་བར་བཏགས་པའོ། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །ཅེས་བྱ་བ་ལ། སངས་རྒྱས་རྣམས་ ལ་ཆགས་ཤིང་ཤིན་ཏུ་ཞེན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་བའམ། སངས་རྒྱས་རྣམས་ཀྱི་ཆགས་པ་ལ་མངོན་པར་ཞེན་པ་གང་ཡིན་པའོ་ཞེས་རྣམ་པར་སྦྱར་རོ། །ཡང་ན་སངས་རྒྱས་ཀྱང་ཡིན་ལ་ཆགས་པ་ཡང་ཡིན་པས་ན་སངས་རྒྱས་ཆགས་པ་སྟེ། དེ་ཁོ་ན་ཉིད་ཐུགས་སུ་ཆུད་ཅིང་སངས་ རྒྱས་པའི་ཆགས་པ་ནི་སེམས་ཅན་ཐམས་ཅད་རྗེས་སུ་དགའ་བར་གྱུར་པ་ཡིན་པའི་ཕྱིར་རོ། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །ཅེས་བྱ་བ་ལ། སངས་རྒྱས་རྣམས་ཀྱི་འདོད་པ་ནི་མངོན་པར་ཆགས་པ་སྟེ། འགྲོ་བ་རྣམས་ལ་མངོན་པར་བཞེད་པའོ། །དེའི་ངོ་བོ་ཉིད་དུ་གྱུར་པས་ན་སངས་རྒྱས་འདོད་ པའོ། །ཡང་ན་སངས་རྒྱས་རྣམས་ཀྱི་འདོད་པར་བྱ་བ་ཡིན་པས་ན་སངས་རྒྱས་འདོད་པ་ཡིན་པའམ། སངས་རྒྱས་པར་འདོད་པ་སྟེ། སངས་རྒྱས་ཀྱི་ངོ་བོ་ཉིད་ཀུན་དུ་བཟང་པོ་ལ་སོགས་པ་འདོད་པར་རབ་ཏུ་སྟོན་པའི་ཕྱིར་རོ། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་ལ་ཕྱག་འཚལ་ འདུད། །ཅེས་བྱ་བ་ལ། སངས་རྒྱས་རྣམས་ཀྱི་དགྱེས་པ་དང་། སངས་རྒྱས་རྣམས་ཀྱི་རོལ་པ་ཡིན་པས་ན་སངས་རྒྱས་རྣམས་ལ་དགྱེས་ཤིང་རོལ་པའོ། །ཡང་ན་དགྱེས་པ་ནི་ལཱ་སྱེའོ། །རོལ་པ་ནི་མཱ་ལེའོ། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སངས་རྒྱས་བཞད་པ་ཁྱོད་ལ་འདུད། ། ཅེས་བྱ་བ་ལ། སངས་རྒྱས་རྣམས་ཀྱི་འཛུམ་པ་ནི་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པས་ཞལ་གྱི་པདྨ་ཁ་དབྱེ་བའོ། །སངས་རྒྱས་ཀྱི་བཤད་པ་ནི་ཤིན་ཏུ་རྨད་དུ་བྱུང་བའི་དོན་སྟོན་ཅིང་བྱང་ཆུབ་སེམས་དཔའ་ཆེན་པོ་ལུང་བསྟན་པའི་ལྟས་སྟོན་པར་བྱེད་པའི་ཡེ་ཤེས་ཀྱི་འོད་ཟེར་གྱི་བྱེ་བྲག་གོ། ། སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །ཅེས་བྱ་བ་ལ། སངས་རྒྱས་ཀྱི་གསུང་ནི་དམ་པའི་ཆོས་སྟོན་པ་ལྟ་བུའི་རྐྱེན་གྱིས་སེམས་ཅན་རྣམས་གདུལ་བྱའི་ཕྱིར་རབ་ཏུ་འཇུག་པའམ། ཡང་ན་སངས་རྒྱས་ཀྱི་གསུང་ནི་རྣམ་པ་བཞི་སྟེ། ཁྲོ་བ་དང་། 63-1-289a གསལ་བ་དང་། རྡོ་རྗེ་དང་། ཕྲ་བའི་གསུང་གི་བྱེ་བྲག་གོ། །སངས་རྒྱས་ཀྱི་ཐུགས་ནི་སངས་རྒྱས་ཉིད་དེ། ཐམས་ཅད་དུ་ཡང་དེའི་རང་བཞིན་དུ་གྱུར་པའི་ཕྱིར་དེ་དང་། དེར་བཤད་པས་ཕྱག་འཚལ་བ་ཡིན་པར་བལྟ་བར་བྱའོ། །མེད་པ་ལས་བྱུང་ ཁྱོད་ལ་འདུད། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །ཅེས་བྱ་བ་ལ། འདི་ལ་དངོས་པོ་ཡོད་པ་མ་ཡིན་པས་ན། དངོས་པོ་མེད་པའོ། །དེ་ལས་བྱུང་བའི་སྐྱེས་པ་སྟེ། དེ་ལས་སྐྱེས་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་ལས་སངས་རྒྱས་རྣམས་བྱུང་བས་ན་སངས་རྒྱས་འབྱུང་བའོ། །འདི་ནི་ སངས་རྒྱས་རྣམས་ལས་འབྱུང་བས་ན། སངས་རྒྱས་འབྱུང་བའོ། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །ཅེས་བྱ་བ་ལ། ནམ་མཁའ་དང་མཉམ་པའི་ཆོས་ཉིད་ཀྱི་དེ་ཁོ་ན་ཉིད་ལས་ངེས་པར་འབྱུང་བས་ན་ནམ་མཁའ་ལས་བྱུང་བའོ། །གཉིས་སུ་མེད་པའི་ དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ལས་ཡང་དག་པར་བྱུང་བའམ། ཡེ་ཤེས་རྣམས་འདི་ལས་བྱུང་བས་ན་ཡེ་ཤེས་ལས་བྱུང་བའོ། །སྒྱུ་འཕྲུལ་དྲ་བ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཅེས་བྱ་བ་ལ། སྒྱུ་འཕྲུལ་དྲ་བའི་སྤྲོས་པ་མ་ལུས་པའི་དངོས་པོའི་བདག་ཉིད་ཐམས་ཅད་ཡང་དག་པར་ སྟོན་པར་མཛད་པས་ན་སྒྱུ་འཕྲུལ་དྲ་བའོ། །ཆ་ལུགས་དང་རྒྱན་དང་གོས་དང་ཉམས་ཀྱི་རྣམ་པར་བཀོད་པ་སྣ་ཚོགས་པའི་ཁྱད་པར་གྱིས་བཞུགས་པས་ན། སངས་རྒྱས་རོལ་སྟོན་ཞེས་བྱའོ། །སྔར་བཤད་པའི་རྣམ་པ་ཐམས་ཅད་དང་ལྡན་པའི་ཡོན་ཏན་གྱི་རང་བཞིན་ཐམས་ཅད་ལ་ཕྱག་ འཚལ་བ་དང་། དེ་དག་ཐམས་ཅད་ཡེ་ཤེས་ཀྱི་སྐུ་ལས་ཐ་མི་དད་ཅིང་ཡེ་ཤེས་སྐུ་ནུས་མཐུ་ལ་དེ་ལྟར་སོ་སོར་སྣང་བ་ཡིན་ཏེ་དེ་བས་ན། ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་གསུངས་སོ། །ཨི་ཏི་ཞེས་བྱ་བའི་སྒྲ་ནི་དེ་དག་གོ་ཞེས་བྱ་བ་སྟེ། ཡང་དག་པའི་ ཡོན་ཏན་གྱི་མཚན་ནི་དེ་དག་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ས་རྣམས་མ་ལུས་འབྱོར་བ་ཡེ་ཤེས་ཕུན་ཚོགས་ལྡན། །སྣ་ཚོགས་ཚུལ་རྣམས་དཔྱད་པས་རྣམ་ཀུན་དག་པ་གྲུབ། །འཇམ་དབྱངས་མཚན་ནི་ཡང་དག་དུས་རྣམས་ཐམས་ཅད་དུ། །དྲན་པས་འགྲོ་བ་ཀུན་གྱི་ཕན་པའི་དོན་འབྱུང་ 63-1-289b འགྱུར། །བྱང་ཆུབ་ཡན་ལག་ཀུན་འདུས་བདེ་གཤེགས་སྲས་འབྱོར་པ། །ནམ་མཁའི་ངོས་ལྟར་ཡངས་ཤིང་དུས་ཚོད་རྣམས་ལས་འདས། །རྒྱལ་བའི་རྡོ་རྗེ་རིན་ཆེན་པདྨ་སྣ་ཚོགས་ལྡན། །རྒྱལ་བས་མཆོད་པ་འཇམ་དབྱངས་མཚན་དོན་རྟོགས་ལས་བྱུང་། །དེ་ལྟར་དོན་ཡང་བརྩིས་ནས་ དད་པའི་རྗེས་འབྲངས་ཏེ། །གུས་པ་ཉུང་ཟད་ཚིག་ལ་ཚིག་དེར་སེམས་དགས་དྲངས། །སྣ་ཚོགས་ཚུལ་གྱི་རྟོག་པས་བརྟགས་པའི་དྲ་བར་ལྡན། །འཇམ་དབྱངས་འཇིག་རྟེན་ཐམས་ཅད་ཉིད་ནི་རང་དག་མིན། །འཇམ་དབྱངས་ཞབས་ཀྱི་རྒྱ་མཚོར་ཅུང་ཟད་ཙམ་དད་པས། །འཇུག་དགའ་འདི་ནི་ རྣམ་བཀྲོལ་སངས་རྒྱས་མཐུ་སྟོབས་ཀྱིས། །བདེ་གཤེགས་སྲས་མཆོག་རྣམས་ཀྱིས་རྟོགས་བྱ་ཕྲ་བ་འདིར། །བདག་འདྲའི་བློ་དམན་སྐྱེ་བོ་གཞན་དག་ཇི་ལྟར་འཇུག །མདོ་དང་ཚད་མའི་ཚུལ་དང་ཕ་རོལ་ཕྱིན་མི་འགལ། །ལུས་ཀུན་ལས་གསུངས་དཔལ་གྱི་ཆོ་ག་འགལ་མེད་དངོས། ། རྒྱལ་བའི་གསང་སྔགས་དོན་རྣམས་ཀུན་གྱི་རྣམ་དག་ལྡན། །ཕྲ་ཞིང་མ་ལུས་ཚུལ་རྣམས་བསྡུས་པའི་རྒྱུར་གྱུར་ཡིན། །བཤད་པའི་ཚུལ་ཀུན་ཉེས་པ་རྣམ་པར་སྤངས་གྱུར་པས། །མ་བརྟགས་མི་སྨད་མཁས་པས་ངེས་པར་བརྟགས་ཏེ་གཟུང་། །ཆོས་དོན་དེ་ཉིད་མི་འགལ་ཤིན་ཏུ་དག་གྱུར་པའི། ། བཤད་པ་འདི་ལ་འགལ་བའི་ཚུལ་གྱིས་སྤང་མི་བྱ། །སྔར་ཁྱོད་ཀྱིས་ང་ལ་གསོལ་བ་བཏབ་པའི་མཚན་ཡང་དག་པར་བརྗོད་པ་འདི་ཅིའི་ཕྱིར་གསུངས་ཞེས་རྟོགས་པར་བྱེད་པ་དག་གི་ཕྱིར། ལག་ན་རྡོ་རྗེ་རྡོ་རྗེ་འཆང་། འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སུ་ཞིག་གི་མཚན་ཡང་དག་པར་ བརྗོད་པ་ཡིན་ཞེ་ན། བཅོམ་ལྡན་འདས་ཡེ་ཤེས་ཀྱི་སྐུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ། འཇམ་དཔལ་ཡེ་ཤེས་སེམས་དཔའི་ཞེས་བྱ་བ་གསུངས་ཏེ། རྣམ་པར་དག་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་ཡེ་ཤེས་ཀྱི་སྐུའོ། །ཆོས་ཀྱི་སྐུའི་ངོ་བོ་ཉིད་ཡིན་པས་ན་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུའོ། །དཀྱིལ་འཁོར་གྱི་བདག་པོ་ཉིད་ཀྱིས་ཡེ་ཤེས་ཀྱི་སེམས་དཔའ་མ་ལུས་པའི་ངོ་བོ་ཉིད་ཡིན་པས་ན་འཇམ་དཔལ་ཡེ་ཤེས་སེམས་དཔའོ། །དེའི་མཚན་ཡང་དག་པར་བརྗོད་པ་དེ་ཡང་དོན་དང་ཡི་གེ་ཡོངས་སུ་དག་པས་ན་ཡོངས་སུ་དག་པའོ། །མ་འདྲེས་ 63-1-290a པས་ན། ཐུན་མོང་མ་ཡིན་པའོ། །ཅིའི་ཕྱིར་འདི་སྟོན་པར་མཛད་ཅེས་རྟོགས་པར་བྱེད་པ་ལ། ཁྱོད་ཀྱིས་དགའ་བ་དང་དང་བ་དང་། མགུ་བ་ཆེན་པོ་བླ་ན་མེད་པ་བསྐྱེད་པ་དང་ཞེས་བྱ་བ་གསུངས་ཏེ། དེ་ལ་ཐ་མལ་ཅན་གྱི་ཚུལ་གྱིས་ཡིད་དགའ་བ་ནི་ཡིད་དགའ་བའོ། །སེམས་ཀྱི་རབ་ཏུ་ དང་བའི་མོས་པའི་ཁྱད་པར་གྱིས་ན་དང་བའོ། །དེ་ཉིད་རབ་ཀྱི་མཐར་ཐུག་པར་སོང་བ་ནི་མགུ་བ་ཆེན་པོའོ། །ལག་ན་རྡོ་རྗེ་རྡོ་རྗེ་འཆང་ཁྱོད་ཀྱིས་ལུས་དང་ངག་དང་ཡིད་ཀྱི་གསང་བ་ཡོངས་སུ་དག་པར་བྱ་བའི་ཕྱིར་བཤད་པར་བྱའོ་ཞེས་ཐམས་ཅད་ལ་སྦྱར་བར་བྱའོ། །དེ་ལ་ལུས་ཀྱི་གསང་བ་ནི་ཉན་ཐོས་དང་། རང་སངས་ རྒྱས་དང་། བདུད་དང་། མུ་སྟེགས་ལ་སོགས་པ་དང་། ཐུན་མོང་མ་ཡིན་པའི་ལུས་ཀྱིས་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་དུ་ཉེ་བར་སོང་བའི་ལུས་ནི་ལུས་ཀྱི་གསང་བའོ། །དེ་བཞིན་དུ་ངག་གི་གསང་བ་ཡང་དེ་བཞིན་གཤེགས་པ་དང་ས་བཅུའི་དབང་ཕྱུག་གི་བྱང་ཆུབ་སེམས་དཔའ་རྣམས་དང་ ཐུན་མོང་དུ་གྱུར་པ་དང་། གཞན་དག་དང་ཐུན་མོང་མ་ཡིན་པའི་ཆོས་སྟོན་པ་ལ་མཁས་པ་ནི་ངག་གི་གསང་བའོ། །དེ་བཞིན་དུ་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྤྱོད་པའི་རྗེས་སུ་ཞུགས་པས་ཆོས་ཀྱི་ལོངས་སྤྱོད་ཉམས་སུ་མྱོང་བ་ནི་ཡིད་ཀྱི་གསང་བ་སྟེ། དེ་ལྟར་ན་ལུས་ དང་ངག་དང་ཡིད་ཀྱི་གསང་བའི་ཁྱད་པར་ནི་མཚན་ཡང་དག་པར་བརྗོད་པའི་དོན་རྟོགས་པ་ལས་ཡོངས་སུ་དག་ཅིང་ཁྱད་པར་ཅན་དུ་འགྱུར་བས་དེ་ཉིད་ལ་མངོན་པར་བརྩོན་པར་བྱའོ། །ཡོངས་སུ་མ་རྫོགས་པ་དང་ཡོངས་སུ་མ་དག་པའི་ས་དང་ཕ་རོལ་ཏུ་ཕྱིན་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ རྣམས་ཡོངས་སུ་རྫོགས་ཤིང་ཡོངས་སུ་དག་པར་བྱ་བ་དང་ཞེས་བྱ་བའི་ས་བཅུ་དང་ཕ་རོལ་ཏུ་ཕྱིན་པ་བཅུ་ཡོངས་སུ་མ་རྫོགས་པ་རྫོགས་པར་བྱ་བའི་ཕྱིར་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་མ་དག་པ་དག་པར་བྱ་བའི་ཕྱིར་བཤད་དོ་ཞེས་བྱ་བར་སྦྱར་རོ། །བླ་ན་མེད་པའི་དོན་མ་རྟོགས་པ་ རྣམས་རྟོགས་པར་བྱ་བ་དང་ཞེས་བྱ་བ་ནི་སངས་རྒྱས་ཉིད་ཀྱི་དོན་རྟོགས་པར་བྱ་བའི་ཕྱིར་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པ་མཐོང་བ་ཐོབ་པར་བྱ་བའི་ཕྱིར་དང་། དེ་བཞིན་དུ་ཇི་སྲིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་པའི་ཆོས་ཀྱི་ཚུལ་ཡང་དག་པར་བཟུང་བའི་བར་གྱི་ཕྱིར་ཞེས་ 63-1-290b བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡང་དག་པར་རྟོགས་ཤིང་གཟུང་བར་བྱ་བའི་ཕྱིར་ཏེ། བཤད་པ་ནི་གཞུང་ཙམ་ཞིག་བསྟན་པའོ། །ཡང་དག་པར་བསྟན་པ་ནི་གཞུང་གི་དོན་བཤད་པའོ། །བཀྲོལ་བ་ནི་རྣམ་གྲངས་གཞན་དག་གིས་བརྡ་སྤྲད་པའོ། །རྣམ་པར་ཕྱེ་བ་ནི་རྣམ་གྲངས་ཀྱི་ དོན་གྱི་ཡུལ་གྱི་རྣམ་པར་དབྱེ་བ་ཉེ་བར་བསྟན་པའོ། །གསལ་བར་བྱས་པ་ནི་ཤིན་ཏུ་ཡང་གསལ་བར་བྱས་པའི་ཕྱིར་རོ། །ལག་ན་རྡོ་རྗེ་རྡོ་རྗེ་འཆང་འདི་ནི་ངས་ཁྱོད་ཀྱི་རྒྱུད་ལ་ཡང་གསང་སྔགས་ཐམས་ཅད་ཀྱི་ཆོས་ཉིད་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་སོ་ཞེས་བྱ་བ་ནི། གསང་སྔགས་ཐམས་ཅད་ཀྱི་ཆོས་ ཉིད་ཐོགས་པ་མེད་པའི་ནུས་པས་བཟུང་བ་དང་། བཅང་བ་དང་། སྟོན་པའི་ནུས་པ་ཕུལ་དུ་བྱུང་བར་བསྐྱེད་པས་བདུད་དང་མུ་སྟེགས་ལ་སོགས་པས་ཟིལ་གྱིས་མི་ནོན་པ་ནི་བྱིན་གྱིས་བརླབས་པ་སྟེ། བསྟན་པར་བྱས་ཞེས་བྱ་བའི་དོན་ཏོ། །ཕན་ཡོན་རྣམ་པ་མང་པོ་རྣམ་གྲངས་དཔག་ཏུ་མེད་པའི་ དབྱེ་བས་བསྟན་པར་བྱ་བའི་ཕྱིར། ལག་ན་རྡོ་རྗེ་རྡོ་རྗེ་འཆང་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་ཡང་ཞེས་བྱ་བ་ནི་གཞན་དུ་ན་ཞེས་བྱ་བའི་དོན་ཏོ། །མིང་ཡང་དག་པར་བརྗོད་པ་འདི་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ཤིན་ཏུ་ ཡོངས་སུ་དག་ཅིང་ཡོངས་སུ་བྱང་བའོ་ཞེས་བྱ་བ་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཏེ། དེ་ཉིད་ནི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བའོ། །ཤིན་ཏུ་ཀུན་ནས་ཡོངས་སུ་དག་ཅིང་བྱང་བ་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པ་མེད་པའི་ཕྱིར་ཏེ། དེ་དག་ ཐམས་ཅད་ཀྱང་མཚན་ཡང་དག་པར་བརྗོད་པའི་ངོ་བོ་ཉིད་རྟོགས་པ་ལས་བྱུང་བས་ན་དེ་སྐད་ཅེས་བཤད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་རྒྱུའི་ངོ་བོ་ཉིད་དུ་གྱུར་པ་དང་། འབྲས་བུའི་ངོ་བོ་ཉིད་དུ་གྱུར་པས་ན་སངས་རྒྱས་ཀྱི་བྱང་ཆུབ་བོ། །རྟོགས་པ་དང་ལམ་ ཕྱིན་ཅི་མ་ཡིན་པའི་རང་བཞིན་དུ་གྱུར་པས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་མངོན་པར་རྟོགས་པའོ། །བདེ་བར་གཤེགས་པ་ཞེས་བྱ་བ་ནི་སླར་མི་ལྡོག་པར་གཤེགས་པ་རྣམས་ཀྱིའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་པ་ནི་དེ་བཞིན་ཉིད་ལ་ཞུགས་པ་རྣམས་ཀྱིའོ། ། 63-1-291a ཆོས་ཀྱི་དབྱིངས་བླ་ན་མེད་པ་ཐུགས་སུ་ཆུད་པ་ནི་ཆོས་ཀྱི་དབྱིངས་ལ་ནན་ཏན་གྱིས་སྒྲུབ་པ་པོའོ། །རྒྱལ་བ་རྣམས་ཀྱིས་བདུད་ཀྱི་སྟོབས་ཐམས་ཅད་ཕམ་པར་མཛད་པའོ་ཞེས་བྱ་བ་ནི་ཕུང་པོ་དང་། ཉོན་མོངས་པ་དང་། འཆི་བདག་དང་། ལྷའི་བུའི་བདུད་ཀྱི་སྟོབས་ཏེ། ནུས་པ་ཟིལ་གྱིས་གནོན་ པའི་ཕྱིར་རོ། །སྟོབས་བཅུ་དང་ལྡན་པ་ཐམས་ཅད་ཀྱི་སྟོབས་བཅུའི་སྟོབས་ཉིད་དོ་ཞེས་བྱ་བ་ནི་བདུད་དང་མུ་སྟེགས་ལ་སོགས་པ་ཕ་རོལ་སྨྲ་བ་རྣམས་ཀྱི་ཟིལ་གྱིས་མི་ནོན་ཅིང་བརྫི་བར་མི་འགྱུར་བའི་སྟོབས་བཅུ་པོ་ཐམས་ཅད་དང་ལྡན་པའི་ཕྱིར་རོ། །ཐམས་ཅད་མཁྱེན་པ་རྣམས་ཀྱི་ཞེས་པ་ནི་ཤེས་བྱ་མ་ལུས་པ་ ཐམས་ཅད་ཐུགས་སུ་ཆུད་པའི་ཡེ་ཤེས་དང་ལྡན་པ་རྣམས་ཀྱིའོ། །ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་རྟོགས་པར་གྱུར་པས་སོ། །ཆོས་ཐམས་ཅད་ཀྱི་ལུང་ངོ་ཞེས་བྱ་བ་ནི་ལུང་དང་རྟོགས་པའི་ཆོས་ཤེས་ཤིང་ཁོང་དུ་ཆུད་པ་འབྱུང་བར་འགྱུར་བའི་ཕྱིར་རོ། །སངས་རྒྱས་ ཐམས་ཅད་ཀྱི་ཡང་དག་པར་སྒྲུབ་པའོ་ཞེས་བྱ་བ་ནི་ཡང་དག་པར་བསྐྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་དྲི་མ་མེད་ཅིང་ཤིན་ཏུ་རྣམ་པར་དག་པའི་སྐྱེ་གནས་སོ་ཞེས་བྱ་བ་ནི་ཉེ་བར་དམིགས་པའི་དྲི་མ་དང་བྲལ་བས་ན་དྲི་མ་ མེད་པའོ། །རྣམ་པར་རྟོག་པའི་བག་ཆགས་མེད་པས་ན་ཤིན་ཏུ་རྣམ་པར་དག་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོགས་གཉིས་ཡིན་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པའོ། །ཐམས་ཅད་དུ་ཡང་མཚན་ཡང་དག་པར་བརྗོད་པ་ཉིད་རྒྱུ་དང་འབྲས་བུར་གྱུར་པ་ཡིན་ནོ་ཞེས་ བྱ་བ་བརྗོད་པར་མི་བྱ་སྟེ། འདི་ཉིད་ཁོ་ན་ལས་སྐྱེས་པ་ཡིན་པས་སོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཞིང་ངོ་ཞེས་བྱ་བ་ནི་གཞིར་གྱུར་པ་དང་བསྐྱེད་པའི་གནས་སོ། །ལྷ་དང་མི་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པའོ་ཞེས་བྱ་བ་ནི་འབྱོར་པའི་གནས་སོ། །ཐེག་པ་ཆེན་པོའི་ཞིའོ་ཞེས་བྱ་ བ་ནི་ཐེག་པ་ཆེན་པོ་ཐམས་ཅད་འདི་ཉིད་དུ་རབ་ཏུ་གནས་པས་ན་ཐེག་པ་ཆེན་པོའི་གཞིའོ་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཀྱི་འབྱུང་གནས་སོ་ཞེས་བྱ་བ་ནི་སྔགས་ཀྱི་སྤྱོད་པ་མ་ལུས་པ་དང་། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་རྣམས་འབྱུང་བའི་རྒྱུ་ཕྱིན་ཅི་མ་ 63-1-291b ལོག་པར་གྱུར་པའི་ཕྱིར་རོ། །འཕགས་པའི་ལམ་ཐམས་ཅད་ཀྱི་མཐའོ་ཞེས་བྱ་བ་ནི་ཡང་དག་པའི་ལམ་གྱི་མཐར་ཐུག་པའོ། །རྣམ་པར་གྲོལ་བ་རྣམས་བརྟག་པའོ་ཞེས་བྱ་བ་ནི་ཡོངས་སུ་བརྟག་པའི་གནས་ཡིན་པས་སོ། །ངེས་པར་འབྱུང་བའི་ལམ་སྐྱེ་བའི་གནས་སོ་ཞེས་བྱ་བ་ནི་ཐེག་པ་ཐམས་ ཅད་བསྡུས་པར་གྱུར་པ་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་གདུང་རྒྱུན་མི་འཆད་པའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་བསྐྱེད་པ་རྒྱུན་མི་གཅོད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཆེན་པོའི་རིགས་དང་རྒྱུད་རབ་ཏུ་འཕེལ་བའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ རྒྱུན་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྒྱུན་རབ་ཏུ་འཕེལ་བར་བྱེད་པས་སོ། །ཕ་རོལ་རྒོལ་བ་ཐམས་ཅད་ཚར་གཅོད་པའོ་ཞེས་བྱ་བ་ནི་གཞན་དུ་ཁས་འཆེ་བའི་ཕྱོགས་ཚར་གཅོད་ཅིང་སུན་འབྱིན་པའི་གནས་ཐོབ་པ་བསྐྱེད་པས་སོ། །མུ་སྟེགས་ཅན་ཐམས་ཅད་རྣམ་པར་འཇོམས་པའོ་ཞེས་བྱ་ བ་ནི་ཆོས་ཐམས་ཅད་བདག་མེད་པར་བསྟན་པས་བདག་ཏུ་མངོན་པར་ཞེན་པ་ལ་སོགས་པ་རྣམ་པར་འཇིག་པས་སོ། །བདུད་བཞིའི་སྟོབས་ཀྱི་དཔུང་དང་སྡེ་ཕམ་པར་བྱེད་པའོ་ཞེས་བྱ་བ་ལ། སྟོབས་ནི་ནུས་པའོ། །དཔུང་ནི་བློན་པོ་ཆེན་པོ་རྣམས་སོ། །སྡེ་ནི་ཐམས་ཅད་བསྡུས་པའི་སྡེ་ཆེན་པོ་སྟེ། སྡེ་ཞེས་ བྱ་བ་ནི་རྣམ་པར་ཕྱེ་བའོ། །དེ་ཡང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བས་ཕུང་པོ་དང་། ཉོན་མོངས་པ་དང་། འཆི་བདག་དང་། ལྷའི་བུའི་བདུད་བཞི་པོ་ལས་རྣམ་པར་རྒྱལ་བའི་རྒྱུར་གྱུར་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ཡང་དག་པར་སྡུད་པའོ་ཞེས་བྱ་བ་ནི་སྦྱིན་པ་དང་། སྙན་པར་སྨྲ་བ་ དང་། དོན་མཐུན་པ་དང་། དོན་སྤྱོད་པ་ཐམས་ཅད་ངོ་བོ་ཉིད་དུ་གྱུར་པའི་ཕྱིར་རོ། །ངེས་པར་འབྱུང་བ་བགྲོད་པ་ཐམས་ཅད་ཀྱི་འཕགས་པའི་ལམ་ཡོངས་སུ་སྨིན་པའོ་ཞེས་བྱ་བ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་དག་པས་ཉན་ཐོས་དང་རང་སངས་རྒྱས་དང་ཡང་དག་པར་རྫོགས་ པའི་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པས་སོ། །ཚངས་པའི་གནས་བཞི་ལ་གནས་པ་རྣམས་ཀྱི་ཏིང་ངེ་འཛིན་ཏོ་ཞེས་བྱ་བ་ནི་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་། བཏང་སྙོམས་ལ་གནས་པ་རྣམས་ཀྱི་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་རྫོགས་པར་བྱེད་པས་ 63-1-292a ན་ཏིང་ངེ་འཛིན་ཏོ། །སེམས་རྩེ་གཅིག་པ་རྣམས་ཀྱི་བསམ་གཏན་ནོ་ཞེས་བྱ་བ་ནི་སྔར་བཤད་པའི་བསམ་གཏན་བཞི་པོ་རྣམས་ཏེ། དེ་རྣམས་བསྐྱེད་པ་ནི་དེ་ལ་གཞོལ་བའི་སེམས་སུ་འགྱུར་བས་སོ། །ལུས་དང་ངག་དང་ཡིད་འདུལ་བ་ལ་བརྩོན་པ་རྣམས་ཀྱི་རྣལ་འབྱོར་རོ་ཞེས་བྱ་བ་ ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པའི་ལམ་ནི་རྣལ་འབྱོར་ཏེ། ལུས་དང་ངག་དང་ཡིད་ཡང་དག་པ་ལ་ཞུགས་པ་རྣམས་ཀྱི་རྣལ་འབྱོར་ཐམས་ཅད་རྫོགས་པར་བྱེད་པའོ། །ཀུན་དུ་སྦྱོར་བ་ཐམས་ཅད་དང་བྲལ་བའོ་ཞེས་བྱ་བ་ནི་ཀུན་དུ་སྦྱོར་བ་དགུ་སྟེ། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་། མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་དང་། ཕྲག་དོག་དང་། སེར་སྣ་ཞེས་བྱ་བ་སྔར་བཤད་པའི་ཀུན་དུ་སྦྱོར་བ་ཐམས་ཅད་ཀྱི་གཉེན་པོར་གྱུར་པས་ན་བྲལ་བའོ་ཞེས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་སྤོང་བའོ་ཞེས་བྱ་བ་ནི་ཉོན་མོངས་པ་དགུ་ བཅུ་རྩ་བརྒྱད་དང་ཉེ་བའི་ཉོན་མོངས་པ་སྔར་བཤད་པ་སྟེ། དེ་ཐམས་ཅད་སྤོང་བ་ནི་བག་ཆགས་དང་བཅས་པ་རྩ་ནས་འབྱིན་པའོ། །སྒྲིབ་པ་ཐམས་ཅད་ཉེ་བར་ཞི་བའོ་ཞེས་བྱ་བ་ནི་ཉོན་མོངས་པའི་སྒྲིབ་པ་དང་། ལས་ཀྱི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་རྣམས་རྣམ་པ་སྣ་ཚོགས་པས་ཉེ་བར་ཞི་བར་བྱེད་པའོ། ། འཆིང་བ་ཐམས་ཅད་ལས་རྣམ་པར་གྲོལ་བའོ་ཞེས་བྱ་བ་ནི་འདོད་ཆགས་ཀྱི་འཆིང་བ་དང་། ཞེ་སྡང་གི་འཆིང་བ་དང་། གཏི་མུག་གི་འཆིང་བ་སྟེ། འཆིང་བ་ཐམས་ཅད་དང་བྲལ་བས་ན་རྣམ་པར་གྲོལ་བའོ། །རྫས་ཐམས་ཅད་ལས་ཐར་པའོ་ཞེས་བྱ་བ་ནི་མ་རིག་པ་དང་། ཉོན་མོངས་པས་སྦགས་པ་དང་བཅས་ པའི་ཉེ་བར་ལེན་པའི་ཕུང་པོ་རྣམ་པ་ལྔ་ནི་རྫས་ཏེ། རྣམ་པ་ཐམས་ཅད་ཏུ་དེ་དང་བྲལ་བས་ཐར་པའོ། །སེམས་ཀྱི་གཡེང་བ་ཐམས་ཅད་ཞི་བའོ་ཞེས་བྱ་བ་ནི་ཉོན་མོངས་པའི་རྒྱུར་གྱུར་པ་འདོད་ཆགས་ལ་སོགས་པ་རྣམས་དང་། རྣམ་པར་རྟོག་པ་སྟེ། དེ་རྣམས་རྣམ་པ་ཐམས་ཅད་ཏུ་ཞི་བ་ནི་ཞི་བའོ། །འབྱོར་ པ་ཐམས་ཅད་ཀྱི་འབྱུང་གནས་སོ་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་སྐྱེ་བའི་གནས་ཡིན་པས་སོ། །རྒུད་པ་ཐམས་ཅད་སེལ་བའོ། །ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་ཕུན་སུམ་ཚོགས་པ་ལས་བཟློག་པའི་མཚན་ཉིད་ཅན་ནི་རྒུད་པ་སྟེ། དེའི་ཕྱིར་དེ་ 63-1-292b སེལ་བ་ནི་སྤོང་བའོ། །ངན་སོང་གི་སྒོ་ཐམས་ཅད་གཅོད་པའོ་ཞེས་བྱ་བ་ནི་ངན་སོང་དུ་འཇུག་པར་འགྱུར་བའི་ལས་ནི་ངན་སོང་གི་སྒོ་སྟེ། དེ་མི་འབྱེད་པས་གཅོད་པར་འགྱུར་བའོ། །རྣམ་པར་གྲོལ་བའི་གྲོང་ཁྱེར་གྱི་ལམ་བཟང་པོའོ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་འཐོབ་པའི་ཐབས་ཏེ། དེ་བས་ན་དེ་ལས་ ལྷག་པའི་ལམ་གཞན་མེད་པས་ན་བཟང་པོའོ། །འཁོར་བའི་འཁོར་ལོ་ལ་མི་འཇུག་པའོ་ཞེས་བྱ་བ་ནི་འཁོར་བའི་འཁོར་ལོའི་རྒྱུ་ནི་མ་རིག་པ་དང་སྲེད་པ་སྟེ། དེ་དག་ཆོས་བདག་མེད་པར་མཐོང་བས་རྩ་བ་ནས་བཏོན་པའི་ཕྱིར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་བའོ་ཞེས་བྱ་བ་ནི། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་ དུ་རྟོགས་ནས་སེམས་ཅན་དཔག་ཏུ་མེད་པའི་དོན་བྱེད་པའི་ཕྱིར་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའོ། །དེ་བཞིན་གཤེགས་པའི་བསྟན་པའི་གདུགས་དང་རྒྱལ་མཚན་དང་བ་དན་བསྒྲེང་བའོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རྟོགས་པའི་རྣམ་པར་རྒྱལ་བ་དང་བ་དན་བསྒྲེང་བ་ནི་བ་དན་ཏེ། དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་བསྟན་པའི་མཚན་མའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དམ་པའི་ཆོས་སྟོན་པའི་གནས་སོ་ཞེས་བྱ་བ་ནི་གནས་ནི་བྱིན་གྱི་རླབས་ཏེ། ཆོས་ཐམས་ཅད་སྟོན་པ་ལ་གེགས་བྱེད་པ་བདུད་ཀྱི་དགྲ་བོ་རྣམས་ཚར་གཅོད་པར་བྱེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོའི་སྤྱད་ པ་སྤྱོད་པ་རྣམས་ཀྱི་མྱུར་དུ་འགྲུབ་པའོ་ཞེས་བྱ་བ་ནི་གསང་སྔགས་སྒྲུབ་པ་ལ་ཞུགས་པ་རྣམས་ཀྱི་བགེགས་ཐམས་ཅད་ཉེ་བར་ཞི་བ་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཉེ་བར་སོགས་པར་སངས་རྒྱས་ཉིད་ཀྱི་མཐར་ཐུག་པའི་བར་གྱི་དངོས་གྲུབ་མྱུར་དུ་འགྲུབ་པའོ། །བྱང་ཆུབ་སེམས་དཔའ་བསྒོམ་པ་ལ་ མངོན་པར་བརྩོན་པ་རྣམས་ཀྱི་རྟོགས་པའོ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་མངོན་སུམ་དུ་བྱེད་པའི་མཚན་ཉིད་ཅན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་བརྩོན་པ་རྣམས་ཀྱི་སྟོང་པ་ཉིད་སོ་སོར་རྟོགས་པའོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་བདག་མེད་པ་ཉམས་ སུ་མྱོང་བ་མངོན་སུམ་དུ་བྱེད་པའོ། །གཉིས་སུ་མེད་པའི་སོ་སོར་རྟོགས་པར་མངོན་པར་བརྩོན་པ་རྣམས་ཀྱི་རྫོགས་པའོ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ་ཞེས་བྱ་བ་ནི་ལྷག་པའོ། །ཕ་རོལ་ཏུ་ཕྱིན་པ་དང་ཚོགས་ཐམས་ཅད་ཡོངས་སུ་རྫོགས་པའོ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་རྫོགས་ 63-1-293a པ་ནི་ཡོངས་སུ་དག་པར་བྱེད་པའོ། །ས་ཐམས་ཅད་ཡོངས་སུ་རྫོགས་པའོ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པའོ། །འཕགས་པའི་བདེན་པ་བཞི་པོ་རྣམས་ཀྱི་སོ་སོར་རྟོགས་པའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་དུ་བྱས་པ་སྟེ། དགྲ་བཅོམ་པ་ ཉིད་ཀྱི་ཕྱིར་ནི་མ་ཡིན་ནོ། །ཆོས་ཐམས་ཅད་ཀྱི་དྲན་པ་ཉེ་བར་གཞག་པ་རྣམས་སེམས་རྩེ་གཅིག་གིས་རྟོགས་པའོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རོ་གཅིག་པ་ཉིད་ཀྱིས་སེམས་ཀྱི་སྐད་ཅིག་མ་གཅིག་ཉིད་ལ་ཆོས་ཐམས་ཅད་ཁོང་དུ་ཆུད་པས་ན་དྲན་པ་ཉེ་བར་གཞག་པ་བཞིའི་རིམ་པས་རྟོགས་པ་སྟེ། བསླབ་པའི་གནས་སྐབས་ཀྱི་རིམ་པས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཕན་ཡོན་རེ་རེ་ནས་མང་དུ་བསྟན་པས་ཅི་ཞིག་བྱ་སྟེ། རེ་རེ་ནས་སྨྲས་ན་བསྐལ་པ་བྱེ་བའི་བར་དུ་ཡང་མཐར་ཐུག་པར་བྱ་བར་མི་ནུས་སོ་ཞེས་བསྟན་པར་བྱ་བའི་ཕྱིར། མིང་ཡང་དག་པར་བརྗོད་པ་འདི་ནི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ ཅད་ཀྱི་བར་དུ་ཡང་ཡོངས་སུ་རྫོགས་པར་བྱེད་པའོ་ཞེས་བྱ་བ་གསུངས་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་རང་བཞིན་གྱི་གཟུགས་ཅན་ནོ་ཞེས་བྱ་བའི་དོན་ཏོ།། །།ད་ནི་མཐོང་བའི་ཆོས་ཅན་གྱི་དགེ་བ་འཕེལ་བར་འགྱུར་བ་དང་། ཡིད་དུ་འོང་བའི་འབྲས་བུ་འཐོབ་པར་འགྱུར་བའི་ ཕན་ཡོན་ལ་སོགས་པ་བསྟན་པར་བྱ་བའི་ཕྱིར། ལག་ན་རྡོ་རྗེ་རྡོ་རྗེ་འཆང་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྐད་དུ་བཤད་པའི་མིང་ཡང་དག་པར་བརྗོད་པ་འདི་ཀློག་པ་དང་འདོན་པ་ལ་སོགས་པས་ཡིད་ལ་བྱས་ན་སེམས་ཅན་ཐམས་ཅད་ཀྱི་ལུས་དང་ངག་དང་ཡིད་ལ་ཀུན་དུ་སྤྱོད་པའི་སྡིག་པ་ མ་ལུས་པ་རབ་ཏུ་ཞི་བར་བྱེད་པའོ་ཞེས་བྱ་བ་སྟེ། ཀུན་དུ་སྤྱོད་པའི་ངོ་བོ་ཉིད་ཀྱི་སྡིག་པ་རྣམས་སེལ་ཞིང་རིམ་གྱིས་རྩ་བ་ནས་འབྱིན་པར་འགྱུར་རོ་ཞེས་དོན་གྱི་དབང་གིས་ཤེས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱི་ངན་སོང་ཐམས་ཅད་རྣམ་པར་སྦྱོང་བའོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་ཡི་དགས་དང་། དུད་འགྲོའི་སྐྱེ་གནས་སུ་འཇུག་པར་འགྱུར་བའི་ལས་རྣམ་པར་སྦྱོང་བར་བྱེད་པ་ཡིན་པས་ན་ངན་སོང་སྦྱོང་བ་སྟེ། རྣམ་པར་སྦྱོང་བ་ནི་དངོས་པོ་མེད་པ་ཉིད་དུ་བསྟན་པའོ། །ངན་འགྲོ་ཐམས་ཅད་བཟློག་པའོ་ཞེས་བྱ་བ་ནི། ངན་འགྲོར་འགྲོ་བའི་ལས་བཟློག་པ་ཡིན་པའི་ཕྱིར་རོ། །ལས་ཀྱི་སྒྲིབ་པ་ཐམས་ཅད་ཡང་ 63-1-293b དག་པ་གཅོད་པའོ་ཞེས་བྱ་བ་ནི་བདག་དང་བདག་ཏུ་འཆིང་བའི་ཉོན་མོངས་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པ་དང་། ལས་ཀྱི་སྒྲིབ་པ་རྣམས་མི་དམིགས་པར་སྟོན་པའི་ཕྱིར་རོ། །མི་ཁོམ་པ་བརྒྱད་པོ་ཐམས་ཅད་ཀྱི་སྐྱེ་བའི་རྒྱུན་མི་སྐྱེ་བར་བྱེད་པའོ་ཞེས་བྱ་བ་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་ རྣམ་པར་སྤོང་བར་སྟོན་པ་དམྱལ་བ་དང་། ཡི་དགས་དང་། དུད་འགྲོ་དང་། མཐའ་འཁོབ་ཀྱི་སྐྱེ་བོ་དང་། ལྷ་ཚེ་རིང་པོ་རྣམས་སུ་སྐྱེ་བ་དང་། དབང་པོ་མ་ཚང་བ་དང་། མེད་པར་ལྟ་བ་ལ་སོགས་པ་སངས་རྒྱས་མི་འབྱུང་བའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བ་སྟེ། དེ་དག་མེད་པའི་ཕྱིར་རོ། །འཇིགས་པ་ཆེན་པོ་ བརྒྱད་རྣམ་པར་ཞི་བར་བྱེད་པའོ་ཞེས་བྱ་བ་ནི་སེང་གེ་དང་། གླང་པོ་ཆེ་མྱོས་པ་དང་། མེ་དྲག་པོ་འབར་བའི་ཚོགས་ཅན་རྣམ་པར་འཕྲོ་བ་དང་། དུག་རྣམ་པར་འཕྲོ་བས་བསྒྱིངས་པའི་སྦྲུལ་དང་། སྐྲ་དང་ཁ་སྤུ་ཁམ་པ་གྱེན་དུ་བརྫེས་པ་མིག་གཏུམ་པའི་སྲིན་པོ་དང་མཚོན་ཆའི་ཚོགས་སྲ་ཞིང་རྣོ་བའི་རྐུན་པོ་དང་། བརྩོན་སྲུང་དང་ལྕགས་སྒྲོག་གིས་ཀུན་དུ་དཀྲུགས་པའི་རྒྱལ་པོའི་འཇིགས་པ་དང་། དབའ་རླབས་ཀུན་དུ་འཁྲུག་པའི་ཆུ་དང་། ཤ་ཟའི་འཇིགས་པ་རྣམས་ལ་དྲན་པ་ཙམ་གྱིས་རྣམ་པར་ཐར་བར་བྱེད་པའི་ཕྱིར་རོ། །རྨི་ལམ་ངན་པ་ཐམས་ཅད་ངེས་པར་འཇིག་པར་བྱེད་པའོ་ཞེས་བྱ་བ་ནི། རྨི་ལམ་གང་གིས་ཡིད་ དུ་མི་འོང་བ་སྟོན་པ་ནི་རྨི་ལམ་ངན་པ་སྟེ། དེ་འཇིག་པར་བྱེད་པ་ནི་གཞིག་པའི་བསམ་པས་ལན་ཅིག་བཀླགས་པ་ཙམ་མམ། དྲན་པ་ཙམ་གྱིས་འཇིག་པར་བྱེད་པའོ། །ལྟས་ངན་པ་ཐམས་ཅད་ངེས་པར་སེལ་བར་བྱེད་པའོ་ཞེས་བྱ་བ་ནི་ཅེ་སྤྱང་སྒྲ་སྒྲོགས་པ་ལ་སོགས་པ་ཡིད་དུ་མི་འོང་བ་སྐྱེད་པར་བྱེད་པ་ནི་ ལྟས་ངན་པ་སྟེ། དེ་ཡང་བཀླགས་པ་ཙམ་མམ་དྲན་པ་ཙམ་གྱིས་སེལ་བར་བྱེད་པ་ཡིན་ནོ། །བརྡ་ངས་དང་བགེགས་ཐམས་ཅད་རྣམ་པར་ཞི་བར་བྱེད་པའོ་ཞེས་བྱ་བ་ནི་བརྡ་ངས་སྟོན་པ་དང་བགེགས་རྣམས་གུས་པ་དང་བཅས་ཏེ་བཀླགས་པས་ཞི་བར་བྱེད་པའོ། །བདུད་ཀྱི་དགྲའི་ལས་ཐམས་ཅད་རིང་དུ་སྤོང་བར་ བྱེད་པའོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་མངོན་དུ་བྱས་ནས་བཀླགས་པས་སོ། །དེ་དགེ་བའི་རྩ་བ་དང་། བསོད་ནམས་ཐམས་ཅད་འཕེལ་བར་བྱེད་པའོ་ཞེས་བྱ་བ་ནི་འདོད་ཆགས་མེད་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པའི་བདག་ཉིད་ཅན་གྱི་དགེ་བའི་རྩ་བ་ལ་འཇུག་པ་རྣམས་ 63-1-294a ལ་བཀླགས་པ་དང་། བཏོན་པ་ལ་སོགས་པ་བྱས་པས་གོང་ནས་གོང་དུ་འཕེལ་བར་བྱེད་པའི་ཕྱིར་རོ། །ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ཐམས་ཅད་མི་སྐྱེ་བར་བྱེད་པའོ་ཞེས་བྱ་བ་ནི་བདག་དང་བདག་གིར་མངོན་པར་ཞེན་པ་སྔོན་དུ་འགྲོ་བ་ནི་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་སྟེ། ལམ་ལ་དམིགས་པའི་སེམས་སྐྱེ་བར་མི་འགྱུར་བའི་ཕྱིར་རོ། །དེ་ཆོས་ལ་བདག་མེད་པར་སྟོན་པའི་དེ་ཁོ་ན་ཉིད་ཡིད་ལ་བྱེད་ཅིང་རྒྱུན་དུ་བཀླགས་པས་ཞི་བར་བྱེད་པའོ། །རྒྱགས་པ་དང་ང་རྒྱལ་དང་དྲེགས་པ་དང་ངར་འཛིན་པ་ཐམས་ཅད་མ་ལུས་པར་འཇོམས་པར་བྱེད་པའོ་ཞེས་བྱ་བ་ནི་རིགས་དང་ནོར་དང་ཤེས་རབ་ ལ་སོགས་པས་སེམས་མཐོ་བར་འགྱུར་བ་ནི་རྒྱགས་པའོ། །ང་རྒྱལ་ནི་རྣམ་པ་བདུན་ཏེ་སྔར་བཤད་པའོ། །དྲེགས་པ་ནི་ང་དང་མཉམ་པ་མེད་དོ་ཞེས་ཁེངས་པ་སྟེ། དེ་དག་ཐམས་ཅད་ཀྱི་རྩ་བ་ནི་ངར་འཛིན་པ་ལ་མངོན་པར་ཞེན་པའོ། །དེ་ཡང་སྒྱུ་མ་ལྟ་བུ་དང་དངོས་པོ་མེད་པ་ཉིད་དུ་ཁོང་དུ་ཆུད་པར་སྟོན་ པས་སོ། །སྡུག་བསྔལ་དང་ཡིད་མི་བདེ་བ་ཐམས་ཅད་མི་སྐྱེ་བར་བྱེད་པའོ་ཞེས་བྱ་བ་ནི་ཆོས་ཀྱི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པའི་དགའ་བ་དང་ལྡན་པའི་དགའ་སྟོན་གྱི་ཟིལ་གྱིས་གནོན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོར་གྱུར་པའོ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་ པའི་ཕྱིར་ཏེ། སྟོང་པ་ཉིད་ཀྱི་ཡེ་ཤེས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཡིན་ལ། དེ་སྟོན་པའི་ཡི་གེའི་བྱེ་བྲག་ཀྱང་སྙིང་པོ་ཡིན་ཏེ། དེ་གཉི་གའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གསང་བར་གྱུར་པའོ་ཞེས་བྱ་བ་ནི་སྐལ་བ་དང་མི་ལྡན་པའི་སེམས་ཅན་རྣམས་ལ་ སྦ་བར་བྱ་བ་ཡིན་པའི་ཕྱིར་རོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་གསང་ཆེན་དུ་གྱུར་པའོ་ཞེས་བྱ་བ་ནི་མཆོག་ཏུ་ཡིད་རྟོན་པའི་གནས་སུ་གྱུར་པའི་ཕྱིར་རོ། །ཕྱག་རྒྱ་དང་གསང་སྔགས་ཐམས་ཅད་དུ་གྱུར་པའོ་ཞེས་བྱ་བ་ལ། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱས་ཀྱང་ལྷའི་འཁོར་ལོ་ཐམས་ཅད་ཀྱང་རྒྱས་འདེབས་པས་ན་ཕྱག་རྒྱ་ཐམས་ཅད་དུ་གྱུར་པའོ། །སྙིང་པོ་དང་། ཉེ་བའི་སྙིང་པོ་དང་རྩ་བའི་གསང་སྔགས་དང་། ཕྲེང་བའི་གསང་སྔགས་ལ་སོགས་པའི་དབྱེ་བའི་བདག་ཉིད་ཅན་ཡིན་པས་ན་གསང་སྔགས་ཐམས་ཅད་དུ་གྱུར་པའོ། །ཆོས་ཐམས་ཅད་ 63-1-294b བརྗོད་དུ་མེད་པར་སྨྲ་བ་རྣམས་ཀྱི་དྲན་པ་དང་ཤེས་བཞིན་ཡང་དག་པར་བསྐྱེད་པའོ་ཞེས་བྱ་བ་ལ། དྲན་པ་ནི་ཆོས་ལ་དམིགས་པའི་ཤེས་རབ་ཀྱི་ཆ་དང་བཅས་པའོ། །ཤེས་བཞིན་ནི་དྲན་པས་འཇོག་པའི་དངོས་པོ་རྣམས་ལ་བརྟན་པར་བྱ་བའི་ཕྱིར་བསྒོམ་པའོ། །བླ་ན་མེད་པའི་ཤེས་རབ་སྐྱེད་པ་དང་། ཡིད་ གཞུངས་པར་བྱེད་པའོ་ཞེས་བྱ་བ་ནི་གཞུང་དང་དོན་ལ་དཔྱོད་ཅིང་རྣམ་པར་འཇིག་པའི་བདག་ཉིད་ཅན་དང་། ངེས་པར་འབྱེད་པའི་བདག་ཉིད་ཅན་ནི་ཤེས་རབ་བོ། །གཞུང་འཛིན་པའི་བདག་ཉིད་ཅན་ནི་ཡིད་གཞུངས་པ་སྟེ། ཤེས་རབ་དང་ཡིད་གཞུངས་པ་དེ་ལས་ལྷན་ཅིག་གོང་མར་གྱུར་པ་མེད་པས་ན་བླ་ན་ མེད་པའི་ཤེས་རབ་དང་ཡིད་གཞུངས་པར་བྱེད་པའོ། །ནད་མེད་པ་དང་། སྟོབས་དང་། དབང་ཕྱུག་ཕུན་སུམ་ཚོགས་པར་བྱེད་པའོ་ཞེས་བྱ་བ་ནི་ལུས་དང་སེམས་ལས་གནོད་པ་སེལ་བར་བྱེད་པའི་ནུས་པ་ཕུལ་དུ་བྱུང་བ་བསྐྱེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ནད་མེད་པའོ། །ཡང་བ་དང་། ཕྲ་བ་དང་། མཆོད་ པར་བྱ་བ་དང་། བདག་པོར་གྱུར་པ་དང་། དབང་ཕྱུག་ཏུ་གྱུར་པ་དང་། གར་ཡང་ཕྱིན་པ་དང་། འདོད་དགུར་ལྡན་པ་དང་། དགའ་དགུར་གནས་པ་སྟེ། ཡོན་ཏན་གྱི་དབང་ཕྱུག་བརྒྱད་ཕུན་སུམ་ཚོགས་པར་བྱེད་པའམ། ཡང་ན་ཕྱི་དང་ནང་གི་བདག་པོར་གྱུར་པ་ལ་ཕུལ་དུ་བྱུང་བར་བྱེད་པས་དབང་ཕྱུག་ཕུན་སུམ་ཚོགས་ པར་བྱེད་པའོ། །དཔལ་དང་དགེ་བ་དང་ཞི་བ་དང་ལེགས་པ་རབ་ཏུ་འཕེལ་བར་བྱེད་པའོ་ཞེས་བྱ་བ་ལ། བསོད་ནམས་ཀྱི་ཚོགས་ནི་དཔལ་ལོ། །ཡེ་ཤེས་ཀྱི་ཚོགས་ནི་དགེ་བའོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ལྡོག་པ་ནི་ཞི་བའོ། །འཚང་རྒྱ་བ་ཉིད་ཀྱིས་མྱ་ངན་ལས་འདས་པ་ནི་ལེགས་ པ་སྟེ། དེ་དག་མ་ལུས་པའི་རབ་ཀྱི་མཐར་ཐུག་པར་འདྲེན་པར་བྱེད་པས་དཔལ་དང་དགེ་བ་དང་ཞི་བ་དང་ལེགས་པར་འཕེལ་བར་བྱེད་པའོ། །གྲགས་པ་དང་སྙན་པ་དང་ཚིགས་སུ་བཅད་པ་དང་བསྟོད་པ་གྲགས་པར་བྱེད་པའོ་ཞེས་བྱ་བ་ནི་སྦྱིན་པ་ཕུལ་དུ་བྱུང་བ་ལས་བྱུང་བ་ནི་གྲགས་པའོ། །ཡེ་ཤེས་ཕུལ་དུ་ བྱུང་བ་ལས་བྱུང་བ་ནི་སྙན་པའོ། །ཡོན་ཏན་ཐམས་ཅད་ཕུལ་དུ་ཕྱིན་པའི་ངོ་བོ་ཉིད་ཀྱིས་ནི་ཚིགས་སུ་བཅད་པ་རྒྱས་པར་འགྱུར་རོ། །རྣམ་པ་ཐམས་ཅད་དུ་མཆོད་པར་འོས་པས་ནི་བསྟོད་པ་རྒྱ་ཆེར་འཕེལ་བར་འགྱུར་རོ་ཞེས་རྣམ་པར་དབྱེའོ། །ནད་དང་འཇིགས་པ་ཆེན་པོ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའོ་ཞེས་བྱ་བ་ནི་ནད་ 63-1-295a ཐམས་ཅད་དང་འཆིང་བ་ལ་སོགས་པ་སེལ་བར་བྱེད་པ་ཡིན་པའི་ཕྱིར་རོ། །ཤིན་ཏུ་རྣམ་པར་དག་པ་རྣམས་ཀྱི་ནང་ན་ཤིན་ཏུ་རྣམ་པར་དག་པ་ཡིན་ཏེ། ཉོན་མོངས་པ་བག་ཆགས་དང་བཅས་པ་སེལ་བར་བྱེད་པ་ཡིན་པའི་ཕྱིར་རོ། །ཤིན་ཏུ་དག་བྱེད་རྣམས་ཀྱི་ཡང་ཤིན་ཏུ་དག་བྱེད་ཀྱང་ཡིན་ཏེ། དེ་བཞིན་གཤེགས་པའི་ཡེ་ ཤེས་དྲི་མ་མེད་པས་སེམས་ཅན་ཐམས་ཅད་དག་པར་བྱེད་པ་ཡིན་པའི་ཕྱིར་རོ། །ཤིན་ཏུ་འབྱོར་ལྡན་རྣམས་ཀྱི་ཡང་ཤིན་ཏུ་འབྱོར་ལྡན་ནོ་ཞེས་བྱ་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་སྐལ་བ་ཕུལ་དུ་བྱུང་བར་བསྐྱེད་པའི་ཕྱིར་རོ། །ཤིན་ཏུ་བཀྲ་ཤིས་པ་རྣམས་ཀྱི་ཡང་ཤིན་ཏུ་བཀྲ་ཤིས་པའོ་ཞེས་བྱ་བ་ནི་དགའ་སྟོན་ཕུལ་དུ་ བྱུང་བའི་ཁྱད་པར་སྐྱེ་བའི་ཕྱིར་རོ། །སྐྱབས་འདོད་པ་རྣམས་ཀྱི་སྐྱབས་སོ་ཞེས་བྱ་བ་ནི་འཇིགས་པ་ཐམས་ཅད་སེལ་བས་སྐྱོང་བའི་ཕྱིར་རོ། །གནས་མེད་པ་རྣམས་ཀྱི་གནས་སོ་ཞེས་བྱ་བ་ནི་རྣམ་པར་འཚེ་བ་ཐམས་ཅད་དང་བྲལ་བའི་མྱ་ངན་ལས་འདས་པའི་གནས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །སྐྱོབ་པ་འདོད་པ་ རྣམས་ཀྱི་སྐྱོབ་པའོ་ཞེས་བྱ་བ་ནི་འཇིགས་པ་ཐམས་ཅད་ལས་སྐྱོབ་པར་བྱེད་པའི་དོན་གྱིས་སོ། །དཔུང་གཉེན་འདོད་པ་རྣམས་ཀྱི་དཔུང་གཉེན་ནོ་ཞེས་བྱ་བ་ནི་ངན་འགྲོ་ཐམས་ཅད་ལས་བཟློག་ནས་བདེ་འགྲོའི་གནས་སྟེར་བའི་ཕྱིར་རོ། །གླིང་འདོད་པ་རྣམས་ཀྱི་གླིང་ངོ་ཞེས་བྱ་བ་ནི་འཁོར་བའི་རྒྱ་མཚོར་ལྷུང་བ་རྣམས་ཀྱི་ངལ་ བསོ་བའི་གནས་སུ་གྱུར་པའི་ཕྱིར་རོ། །འཁྲ་ས་མེད་པ་རྣམས་ཀྱི་འཁྲ་ས་བླ་ན་མེད་པའོ་ཞེས་བྱ་བ་ནི་ལམ་དང་ལམ་མ་ཡིན་པ་ཤེས་པ་ལ་རྨོངས་པ་རྣམས་ནི་ཡང་དག་པའི་ལམ་སྒྲུབ་པའི་རྒྱུར་གྱུར་པའི་ཕྱིར་རོ། །སྲིད་པའི་རྒྱ་མཚོའི་ཕ་རོལ་ཏུ་འགྲོ་བ་རྣམས་ཀྱི་གྲུའོ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་ངོ་བོ་ཉིད་ཡིན་པའི་ ཕྱིར་རོ། །ནད་ཐམས་ཅད་སེལ་བའི་སྨན་གྱི་རྒྱལ་པོ་ཆེན་པོའོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་བདག་མེད་པའི་སྨན་གྱི་རྒྱལ་པོ་ཆེན་པོ་ཡིན་པའི་ཕྱིར་རོ། །བླང་བ་དང་དོར་བའི་དངོས་པོའི་བྱེ་བྲག་ཕྱེད་པའི་ཤེས་རབ་ཉིད་ཅེས་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་དག་ནི་དོར་བའོ། །འགོག་པ་དང་ལམ་གྱི་ཁྱད་པར་ནི་བླང་བར་བྱའོ། ། ཤེས་རབ་ཀྱི་རྣམ་པར་དབྱེ་བའི་ཁྱད་པར་གྱི་སངས་རྒྱས་ཉིད་ཐོབ་པ་ལ་འཇོག་པའི་ཕྱིར་བྱེ་བྲག་ཕྱེད་པའི་ཤེས་རབ་བོ། །ལྟ་བ་དང་ངན་པའི་མུན་པ་མུན་ནག་ཐམས་ཅད་ཡང་དག་པར་སེལ་བའི་ཡེ་ཤེས་ཀྱི་སྣང་བའོ་ཞེས་བྱ་བ་ནི་བདག་དང་། རྟག་པ་དང་དབང་ཕྱུག་དང་། སྐྱེས་བུ་དང་། ཚོར་བ་པོ་ལ་སོགས་པར་ལྟ་ 63-1-295b བ་ངན་པའོ། །དེ་ཉིད་ནི་མུན་པ་མུན་ནག་ལྟར་དེ་ཁོ་ན་ཉིད་འགེགས་པའི་ཕྱིར་མུན་པའོ། །དེ་སེལ་བ་དེ་དང་དེ་ནི་མི་མཐུན་པའི་ཆོས་ཐམས་ཅད་བདག་མེད་པའི་ཡེ་ཤེས་ཀྱི་སྣང་བ་སྟོན་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་རྫོགས་པར་བྱེད་པའི་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ་ཞེས་ བྱ་བ་ནི་ཇི་ལྟར་མངོན་པར་འདོད་པའི་དོན་མ་ཚང་བ་མེད་པ་དང་འགལ་བ་མེད་པར་རྫོགས་པར་བྱེད་པས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་ཡིད་བཞིན་གྱི་ནོར་བུར་གྱུར་པའོ། །འཇམ་དཔལ་ཡེ་ཤེས་ཀྱི་སྐུ་ཡོངས་སུ་ཐོབ་པར་བྱ་བའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ་ཞེས་བྱ་ བ་ནི་གཉིས་སུ་མེད་པའི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་དུ་ཆོས་ཐམས་ཅད་ཁོང་དུ་ཆུད་པའི་ཡེ་ཤེས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ། འཇམ་དཔལ་གྱི་ཡེ་ཤེས་ཀྱི་སྐུའི་བདག་ཉིད་ཅན་གྱི་ངོ་བོ་ཉིད་དོ། །དེ་ཐོབ་པས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །སྤྱན་ལྔ་ཐོབ་པར་བྱ་བའི་ཕྱིར་ཡེ་ཤེས་མཐོང་བ་ཡོངས་སུ་ དག་པའོ་ཞེས་བྱ་བ་ནི་ཤ་དང་། ལྷ་དང་། ཤེས་རབ་དང་། ཆོས་དང་། སངས་རྒྱས་ཀྱི་སྤྱན་རྫོགས་པར་བྱེད་པས་སྤྱན་ལྔ་ཐོབ་པར་བྱེད་ཅིང་ཤིན་ཏུ་ཡོངས་སུ་དག་པའི་ཡེ་ཤེས་མཐོང་བར་བྱེད་པའོ། །ཟང་ཟིང་དང་མི་འཇིགས་པ་དང་ཆོས་ཀྱི་སྦྱིན་པ་གཏོང་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའོ་ཞེས་བྱ་ བ་ནི་ཟང་ཟིང་བྱིན་པས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་སོ། །མི་འཇིགས་པ་བྱིན་པས་ནི་ཚུལ་ཁྲིམས་དང་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་བྱིན་པས་ནི་བསམ་གཏན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐམས་ཅད་དུ་འགྲོ་བ་སྟེ། དེ་ལྟར་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཟང་ཟིང་དང་མི་འཇིགས་པ་དང་ཆོས་ཀྱི་སྦྱིན་པ་ཡོངས་སུ་རྫོགས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་། ཏིང་ངེ་འཛིན་ཡོངས་སུ་ རྫོགས་པའི་ཕྱིར་ས་བཅུ་ཐོབ་པའོ་ཞེས་བྱ་བ་ནི་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་ནི་བསོད་ནམས་ཀྱི་ཚོགས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་ཐམས་ཅད་ཡང་དག་པར་བསྐྱེད་པས་ན་ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་ 63-1-296a པ་ཕ་རོལ་ཏུ་ཕྱིན་པ་ལྔ་ནི་ཡེ་ཤེས་ཀྱི་ཚོགས་སོ། །གང་གི་ཕྱིར་ཕ་རོལ་ཏུ་ཕྱིན་པ་བཅུ་པོས་དེ་རྣམས་ལ་ཡོངས་སུ་རྫོགས་པས་ས་རྣམས་རྫོགས་པར་བྱེད་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་ཕྱིར་ས་བཅུ་ཐོབ་པ་སྟེ། དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཆོས་གཉིས་དང་བྲལ་བའི་ཕྱིར་ གཉིས་སུ་མེད་པའི་ཆོས་ཉིད་དོ་ཞེས་བྱ་བ་ནི་སྔར་བཤད་པའི་གཉིས་སུ་མེད་པའི་ཆོས་ཉིད་ཀྱི་ངོ་བོ་ཉིད་དུ་གྱུར་པས་དོན་དམ་པའི་ངོ་བོ་ཉིད་དོ། །སྒྲོ་བཏགས་པ་མེད་པའི་ཕྱིར་དེ་བཞིན་ཉིད་ཀྱི་རང་བཞིན་དང་གཞན་མ་ཡིན་པའི་ཆོས་ཉིད་དོ་ཞེས་བྱ་བ་ནི་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་དང་ཆོས་དང་ཆོས་ཅན་གྱི་སྒྲོ་བཏགས་པ་ དང་བྲལ་ཞིང་མེད་པའི་ཕྱིར་དེ་བཞིན་ཉིད་ཀྱི་རང་བཞིན་ཏེ། དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་ཡོངས་སུ་དག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཡང་དག་པའི་མཐའི་རང་བཞིན་ཉིད་དོ་ཞེས་བྱ་བ་ལ་དོན་དམ་པར་རོ་ཞེས་བྱ་བ་ནི་ལྷག་མའོ། །ལྟ་བ་ངན་པའི་ཚང་ཚིང་བརྒྱ་སྟོང་མ་ལུས་པར་ སེལ་བའི་ཕྱིར་རྣམ་པ་ཐམས་ཅད་རྣམ་པ་མེད་པ་སྟོང་པ་ཉིད་ཀྱི་རང་བཞིན་ཉིད་དོ་ཞེས་བྱ་བ་ནི་ལྟ་བ་ངན་པའི་ཚང་ཚིང་གཉེན་པོའི་ཕྱོགས་སུ་གྱུར་པ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་སྟོང་པ་ཉིད་དུ་སྟོན་པ་ཡིན་པའི་ཕྱིར་རོ། །མིང་ཡང་དག་པར་བརྗོད་པ་ནི་འདི་ལྟ་སྟེ། གཉིས་སུ་མེད་པའི་ཆོས་ཉིད་ཀྱི་དོན་གྱི་མིང་ ཡང་དག་པར་འཛིན་པ་སྟོན་པའི་ཕྱིར་ཆོས་ཐམས་ཅད་བརྗོད་དུ་མེད་པའི་རང་བཞིན་ཉིད་དོ་ཞེས་བྱ་བ་ནི་བརྗོད་པ་ཐམས་ཅད་དང་བྲལ་བ་ཆོས་ཉིད་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་སྟོན་པའི་མིང་འཆད་པའི་ཕྱིར་རྒྱུ་ལས་འབྲས་བུ་ཉེ་བར་བཏགས་ནས་བཤད་དོ་ཞེས་བྱ་བ་ནི་ལྷག་མའོ།། །།ཐ་མལ་པར་བཀླགས་པའི་ཕན་ཡོན་ རྒྱ་ཆེར་བསྟན་པར་བྱ་བའི་ཕྱིར། ལག་ན་རྡོ་རྗེ་རྡོ་རྗེ་འཆང་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལག་ན་རྡོ་རྗེ་རྡོ་རྗེ་འཆང་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་གང་ལ་ལས་བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའ་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་གཉིས་སུ་མེད་པའི་དོན་དམ་པའི་མིང་ཡང་དག་པར་བརྗོད་པ་མིང་གི་གཙུག་གི་ནོར་བུ་འདི་ཐམས་ཅད་ཡོངས་སུ་རྫོགས་པ་དང་། མ་ཉམས་ཤིང་ལྷག་ཆད་མེད་པར་རིགས་སུ་བཅད་པའི་ཚིག་དང་། ཡི་གེའི་འབྲུ་འདི་དག་གིས་ཉིན་གཅིག་བཞིན་དུ་དུས་གསུམ་དུ་འཆང་བ་དང་། ཀློག་པ་དང་། 63-1-296b ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། གཞན་དག་ལ་ཡང་དམ་ཚིག་ཇི་ལྟ་བ་བཞིན་དུ་སྟོན་པ་དང་། མིང་གི་དོན་གང་ཡང་རུང་བ་རེ་རེ་ནས་ཀྱང་འཇམ་དཔལ་ཡེ་ཤེས་ཀྱི་སྐུ་ལ་དམིགས་ཏེ། ཀུན་ནས་སྒོའི་གནས་པས་གནས་པ་དང་། ཆོས་ཐམས་ཅད་རྟོགས་པའི་མཆོག་རྙོག་པ་མེད་པའི་དད་པ་དང་ལྡན་ བཞིན་པ་དང་མོས་པ་དང་། དེ་ཁོ་ན་ཉིད་ལ་བྱེད་པས་སེམས་རྩེ་གཅིག་ཏུ་བསྒོམ་པ་དེ་ལ་ནི་དུས་གསུམ་གྱི་དུས་མེད་པ་དང་ལྡན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འདུས་ཏེ་གཤེགས་ནས་ཆོས་ཀྱི་སྒོ་ཐམས་ཅད་སྟོན་པར་མཛད་དེ་སྐུ་ཡང་སྟོན་ཏོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ ཅད་ཀྱིས་ཀྱང་བྱིན་གྱིས་རློབ་པར་མཛད་དེ། སྐུ་དང་གསུང་དང་ཐུགས་ཐམས་ཅད་ཀྱིས་དེའི་རྒྱུད་ལ་ཡང་དག་པར་བྱིན་གྱིས་རློབ་བོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕན་གདགས་པས་ཀྱང་ཕན་འདོགས་པར་མཛད་དོ། །ཆོས་ཐམས་ཅད་ལ་མི་འཇིགས་པའི་སྤོབས་པ་ཡང་སྒྲུབ་པར་མཛད་ དོ། །དགྲ་བཅོམ་པ་དང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱང་འཕགས་པའི་ཆོས་ལ་སྡུག་པར་འཛིན་པའི་བསམ་པས་བདག་ཉིད་ཀྱི་དངོས་པོ་ཡང་ཉེ་བར་སྟོན་པར་བྱེད་དོ། །མ་རུངས་པ་འདུལ་བའི་ཁྲོ་བོའི་རྒྱལ་པོ་ཆེན་པོ་རྣམས་དང་། རྡོ་རྗེ་འཆང་ཆེན་པོ་ལ་སོགས་པ་འགྲོ་བ་ཡོངས་སུ་སྐྱོབ་པ་རྣམས་ཀྱང་སྤྲུལ་ པའི་གཟུགས་ཀྱི་ལུས་སྣ་ཚོགས་ཀྱིས་མདངས་དང་སྟོབས་དང་གཟི་བརྗིད་ཟིལ་གྱིས་མི་ནོན་པ་དང་། གསང་སྔགས་དང་། ཕྱག་རྒྱ་དང་། མངོན་པར་རྟོགས་པ་དང་། དཀྱིལ་འཁོར་ཐམས་ཅད་སྒྲུབ་པར་བྱེད་དོ། །གསང་སྔགས་དང་། རིག་སྔགས་ཀྱི་རྒྱལ་མོ་མ་ལུས་པ་དང་། བགེགས་དང་། ལོག་འདྲེན་དང་། བདུད་ཀྱི་དགྲ་དང་། ཕྱིར་བཟློག་པ་དང་། གཞན་གྱིས་མི་ཐུབ་པ་ཆེན་པོ་ཐམས་ཅད་ཀྱང་ཉིན་མཚན་ཕྱེད་པར་སྐད་ཅིག་རེ་རེ་ལ་སྤྱོད་ལམ་ཐམས་ཅད་དུ་སྲུང་བ་དང་སྐྱོབ་པ་དང་སྦེད་པར་བྱེད་དོ། །ཚངས་པ་དང་། དབང་པོ་དང་། ཉེ་དབང་དང་། དྲག་པོ་དང་། ཚན་པོ་ཆེ་དང་། ཀུན་འགྱེད་གཞོན་ནུ་དང་། དབང་ཕྱུག་ཆེན་པོ་ དང་། སྨིན་དྲུག་གི་བུ་དང་། ནག་པོ་ཆེན་པོ་དང་། དགའ་བྱེད་དབང་ཕྱུག་དང་། གཤིན་རྗེ་དང་། ཆུ་ལྷ་དང་། ཀུ་བེ་ར་དང་། འཕྲོག་མ་དང་། ཕྱོགས་བཅུའི་འཇིག་རྟེན་སྐྱོང་བ་གང་ཡིན་པ་དེ་དག་ཀྱང་རྟག་ཏུ་རྒྱུན་མི་འཆད་པར་ཉིན་མཚན་ཕྱེད་པར་འགྲོ་ཡང་རུང་། འགྲེང་ཡང་རུང་། འདུག་ཀྱང་རུང་། ཉལ་ཡང་རུང་། གཉིད་ 63-1-297a ལོག་ཀྱང་རུང་མ་ལོག་ཀྱང་རུང་བ་ན་སྲུང་བ་དང་། སྐྱོབ་པ་དང་སྦེད་པར་བྱེད་དོ། །མཉམ་པར་བཞག་ཀྱང་རུང་མཉམ་པར་མ་བཞག་ཀྱང་རུང་། གཅིག་པུ་འདུག་ཀྱང་རུང་། སྐྱེ་བོ་མང་པོའི་ནང་ན་འདུག་ཀྱང་རུང་། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་ པོའི་ཕོ་བྲང་ན་འདུག་ཀྱང་རུང་། སྒོ་ཁང་དང་། ཁྱིམ་དང་། སྲང་དང་། བཞི་མདོ་དང་། སུམ་མདོ་དང་། གྲོང་བར་དང་། ཚོང་ཁང་ན་འདུག་ཀྱང་རུང་། ཁོང་སྟོང་དང་། རི་དང་། ཆུ་ཀླུང་དང་། ཚལ་དང་། ནགས་ཚང་ཚིང་ན་འདུག་ཀྱང་རུང་གཙང་སྦྲ་མ་བྱས་པ་དང་། ར་རོ་བ་དང་། བག་མེད་པར་འདུག་ཀྱང་རུང་སྟེ། རྟག་ཏུ་རྣམ་པ་ ཐམས་ཅད་དུ་ཅིའི་སྒོ་ནས་ཀྱང་མཆོག་ཏུ་སྲུང་བ་དང་སྐྱོབ་པ་དང་སྦེད་པར་བྱེད་དོ། །ཉིན་མཚན་དུ་ཡང་མཆོག་ཏུ་བདེ་ལེགས་སུ་འགྱུར་བར་བྱེད་དོ། །གང་ཡང་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་ གཞན་དག་ཀྱང་། གཟའ་དང་། རྒྱུ་སྐར་དང་། མ་མོ་རྣམས་དང་། ཚོགས་ཀྱི་བདག་པོ་གཞན་དག་དང་། མ་མོ་བདུན་པོ་གང་ཡིན་པ་རྣམས་དང་། གནོད་སྦྱིན་མོ་དང་། སྲིན་མོ་དང་། ཤ་ཟ་མོ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་འདུ་ཞིང་གཅིག་ཏུ་མཐུན་པར་དཔུང་དང་བཅས། འཁོར་དང་བཅས་པས་བསྲུང་བ་དང་། སྐྱོབ་པ་དང་སྦེད་པ་ཐམས་ཅད་བྱེད་པར་འགྱུར་རོ། །མདངས་དང་སྟོབས་དང་གཟི་བརྗིད་མཆོག་ཀྱང་དེའི་ལུས་ལ་འཇུག་པར་བྱེད་དོ། །ནད་མེད་པ་དང་སྟོབས་དང་ཚེ་འཕེལ་བ་ཡང་སྒྲུབ་པར་བྱེད་དོ་ཞེས་གསུངས་པ་ཡིན་ཏེ། དེ་ལ་དེ་དག་ལས་ཚིག་དོན་ཉུང་ཟད་ཅིག་དབྱེ་བར་བྱ་སྟེ། གསང་སྔགས་ཀྱི་སྒོ་ལ་སྤྱད་ པ་སྤྱོད་པ་ཞེས་སྨོས་པ་ནི་གསང་སྔགས་སྨྲ་བ་ལས་གཞན་དུ་དངོས་གྲུབ་མེད་པར་བསྟན་པར་བྱ་བའི་ཕྱིར་སྨོས་སོ། །ཉིན་གཅིག་བཞིན་དུ་དུས་གསུམ་དུ། །ཞེས་སྨོས་པ་ནི་དུས་མཚམས་ཀྱི་དུས་ལས་མ་འདས་པར་བཀླགས་པ་ལ་སོགས་པ་བྱ་བ་ནི་ངེས་པར་འགྲུབ་པར་བྱ་བའི་ཕྱིར་སྨོས་སོ། །འཆང་བ་དང་ཞེས་ བྱ་བ་ནི་གཞུང་གི་ཚིག་འཛིན་པའི་ཕྱིར་རོ། །ཀློག་པ་དང་ཞེས་བྱ་བ་ནི་དཀྱིལ་འཁོར་བྱས་ལ་མཆོད་པ་རྣམ་པ་ལྔ་སྔོན་དུ་འགྲོ་བས་མཚན་ཡང་དག་པར་བརྗོད་པའི་གླེགས་བམ་ཀློག་པ་སྟེ། དུས་གསུམ་དུ་ཡང་དག་པར་བླངས་པ་ཞེས་བྱ་བ་ནི་ཐམས་ཅད་ལ་སྦྱར་བར་བའོ། །ཀུན་ཆུབ་པར་བྱེད་པ་དང་ཞེས་བྱ་ 63-1-297b བ་ནི་གཞུང་དང་དོན་འཛིན་པའི་ཕྱིར་རོ། །ཚུལ་བཞིན་ཡིད་ལ་བྱེད་པ་དང་། །ཞེས་བྱ་བ་ནི་ཇི་ལྟར་གཟུང་བའི་དོན་གྱི་དེ་ཁོ་ན་ཉིད་བསྒོམ་པའོ། །གཞན་དག་ལ་ཡང་དམ་ཚིག་ཇི་ལྟ་བ་བཞིན་དུ་སྟོན་པ་དང་ཞེས་བྱ་བ་ནི་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དཀྱིལ་འཁོར་དུ་ཞུགས་ཤིང་དམ་ཚིག་དང་ ལྡན་པ་གཞན་ལ་ཡང་དག་པར་སྟོན་པ་དང་། བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་ཀྱི་སྐུའི་དེ་བཞིན་ཉིད་དང་གཉིས་སུ་མེད་པའི་ངོ་བོ་ཉིད་ལ་དམིགས་པར་བྱས་ནས་བསྒོམ་པ་དང་། མོས་པ་དང་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་དང་ལྡན་པ་ནི་ལས་དང་པོ་པ་རྣམས་སོ། །དེ་ཁོ་ན་ཉིད་མཐོང་ཞིང་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་དང་ ལྡན་པས་དགེ་བ་དང་མི་དགེ་བའི་མཚན་མའི་རྣམ་པར་རྟོག་པ་དང་བྲལ་བ་ནི་ཀུན་ནས་སྒོའི་གནས་པས་གནས་པའོ། །ཆོས་ཐམས་ཅད་ངེས་པར་རྟོགས་པས་ཉེ་བར་དམིགས་པའི་དྲི་མ་རྙོག་པ་དང་བྲལ་བའི་ཤེས་རབ་དང་ལྡན་པའི་དད་པ་དང་ཡང་དག་པར་ལྡན་པས་ཡང་དག་པར་འཛིན་པ་ལ་སོགས་པ་བྱེད་པ་དེ་ ལ་ནི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་འདུས་ཏེ་ཞེས་ཡང་དག་པར་འདུ་བ་མཛད་པ་དང་། གཤེགས་ནས་ཞེས་པ་ལ། ལེགས་པར་བྱོན་ནས་ཆོས་ཀྱི་སྒོ་ཐམས་ཅད་ཡང་དག་པར་སྟོན་པར་མཛད་པ་སྟེ། ཐབས་ཀྱི་བྱེ་བྲག་རྗེས་སུ་སྟོན་པར་མཛད་ཅིང་ཐབས་སྣ་ཚོགས་པས་ཆོས་ཀྱི་དེ་ཁོ་ན་ ཉིད་རྟོགས་པར་བྱ་བའི་ཕྱིར་བདག་ཉིད་ཀྱི་སྐུ་ཡང་དག་པར་སྟོན་པར་མཛད་དོ། །བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་མཛད་ཅིང་བདག་གིར་མཛད་པ་དང་། ཉོན་མོངས་པ་དང་བདུད་ཀྱི་ཕྱོགས་ལ་སོགས་པ་རྣམས་ཀྱིས་ གླགས་མི་རྙེད་པར་བྱ་བའི་ཕྱིར་སྐུ་དང་གསུང་དང་ཐུགས་ཀྱིས་ལུས་དང་ངག་དང་ཡིད་བརྟན་པར་མཛད་པར་འགྱུར་རོ། །ས་དང་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་བསྟན་པར་བྱ་བའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕན་འདོགས་པས་ཀྱང་ཕན་འདོགས་པར་མཛད་དོ། །ཆོས་ཐམས་ཅད་ སྟོང་པ་ཉིད་དུ་བསྟན་པ་ལ་སྐྲག་པ་སྤང་བའི་ཕྱིར་དང་། གཞན་རྣམས་ལ་དོགས་པ་མེད་པར་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དོན་བསྟན་པར་བྱ་བའི་ཕྱིར་ཆོས་ཐམས་ཅད་ལ་མི་འཇིགས་པའི་སྤོབས་པ་ཡང་སྒྲུབ་པར་མཛད་དོ། །དགྲ་བཅོམ་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱང་འཕགས་ 63-1-298a པའི་ཆོས་ལ་སྡུག་པར་འཛིན་པའི་བསམ་པས་བདག་ཉིད་ཀྱི་དངོས་པོ་ཡང་ཉེ་བར་སྟོན་པར་བྱེད་དོ་ཞེས་བྱ་བ་ནི་ཇི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སྟོན་པར་འགྱུར་བ་དེ་བཞིན་དུ་འདི་ཡང་སྟོན་པར་འགྱུར་རོ་ཞེས་ཏེའོ། །མ་རུངས་པ་འདུལ་བའི་ཁྲོ་བོའི་རྒྱལ་པོ་ ཆེན་པོ་ལ་སོགས་པ་འགྲོ་བ་རྣམས་ཀྱི་ཡོངས་སུ་སྐྱོབ་པར་གྱུར་པ་རྣམས་ཀྱིས་ཀྱང་སྤྲུལ་པའི་གཟུགས་ཀྱིས་ལུས་སྣ་ཚོགས་པ་བསྟན་ནས་ལུས་ལ་མདངས་འཇུག་པར་འགྱུར་ཏེ། མདངས་དང་ལྡན་པར་བྱེད་པའོ། །མདངས་དང་ལྡན་པ་ཉིད་ཀྱིས་ནི་སྟོབས་ཏེ། བདུད་ལ་སོགས་པ་རྣམས་ཀྱིས་ཟིལ་གྱིས་མི་གནོན་ པའི་ཕྱིར་རོ། །གཟི་བརྗིད་ནི་མཐུ་ཤིན་ཏུ་ཕུལ་དུ་བྱུང་བའི་དོན་གྱིས་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར་རོ། །ལུས་དང་ངག་དང་ཡིད་ལ་འཇུག་པར་མཛད་དོ་ཞེས་བྱ་བ་ནི་ཐམས་ཅད་ལ་བལྟ་བར་བྱའོ། །གསང་སྔགས་དང་། ཕྱག་རྒྱ་དང་། མངོན་པར་རྟོགས་པ་དང་། དཀྱིལ་འཁོར་ཐམས་ཅད་སྒྲུབ་པར་བྱེད་དོ་ ཞེས་བྱ་བ་ནི་གསང་སྔགས་དང་། ཕྱག་རྒྱ་དང་། དམ་ཚིག་ཐམས་ཅད་དང་ལྡན་པའི་དཀྱིལ་འཁོར་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ཕྱིར་ཁྱོད་ཀྱིས་སོམ་ཉི་མེད་པ་དང་དཀྱིལ་འཁོར་ལ་འཇུག་པ་ལ་སོགས་པ་གསང་སྔགས་ཀྱི་འཁོར་ལོ་བསྐོར་ཅིག་ཅེས་ཡང་དག་པར་སྟོན་པའི་ཕྱིར་རོ། །གསང་ སྔགས་དང་རིག་སྔགས་ཀྱི་རྒྱལ་མོ་མ་ལུས་པ་དང་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པ་སྟེ། སངས་རྒྱས་སྤྱན་མ་ལ་སོགས་པ་ཐམས་ཅད་སྤྱོད་ལམ་ཐམས་ཅད་དུ་སྲུང་བ་དང་སྐྱོབ་པ་དང་སྦེད་པ་བྱེད་དོ། །བགེགས་ཐམས་ཅད་ནི་རྣམ་པ་སྣ་ཚོགས་པས་བགེགས་བྱེད་པའོ། །ལོག་འདྲེན་ནི་གཙུག་འཕྱང་ལ་ སོགས་པའོ། །བདུད་ཀྱི་དགྲ་དང་ཕྱིར་བཟློག་པ་དང་ཞེས་བྱ་བ་ནི་གཙུག་ཏོར་གདུགས་དཀར་མོ་ལ་སོགས་པའོ། །གཞན་གྱིས་མི་ཐུབ་པ་ཆེན་པོ་ཞེས་བྱ་བ་ནི་ཁྲོ་བོ་གཞན་གྱིས་མི་ཐུབ་པ་ལ་སོགས་པ་དང་འཇིག་རྟེན་ལས་འདས་པ་རྣམས་ཏེ། དེ་དག་ཐམས་ཅད་ཀྱང་ཉིན་མཚན་ཕྱེད་པར་སྐད་ཅིག་རེ་རེ་ལ་སྤྱོད་ལམ་ཐམས་ཅད་ དུ་སྲུང་བ་དང་སྐྱོབ་པ་དང་སྦེད་པར་བྱེད་དོ། །མཐུ་ཆེན་པོ་དང་ལྡན་པའི་འཇིག་རྟེན་པ་ཚངས་པ་ལ་སོགས་པ་དང་འཇིག་རྟེན་སྐྱོང་བ་རྣམས་དང་ལྷ་ལ་སོགས་པ་གཞན་རྣམས་ཀྱང་རྣམ་པ་ཐམས་ཅད་ནས་སྤྱོད་ལམ་ཐམས་ཅད་དུ་མཆོག་ཏུ་སྲུང་བ་དང་སྐྱོབ་པ་དང་སྦེད་པ་བྱེད་དེ། །ཐམས་ཅད་ཀྱི་གཙོ་བོར་གྱུར་པས་བསྲུང་ 63-1-298b བར་བྱ་བ་ཡིན་པའི་ཕྱིར་རོ། །མ་ཉམས་པ་ཡི་དམ་དུ་བླངས་པའི་ཕན་ཡོན་གྱི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། ལག་ན་རྡོ་རྗེ་རྡོ་རྗེ་འཆང་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལག་ན་རྡོ་རྗེ་རྡོ་རྗེ་འཆང་གཞན་ཡང་མིང་གི་གཙུག་གི་ནོར་བུ་འདི་གང་ཉིན་གཅིག་བཞིན་དུ་དུས་གསུམ་དུ་མ་ཉམས་པར་ཡི་དམ་དུ་ ཞེས་བྱ་བ་ནི་མ་ཉམས་པར་ཡི་དམ་དུ་བླངས་པས་སོ། །ལན་གསུམ་ནི་ཐུན་མཚམས་གསུམ་དུ་ལན་གསུམ་དུ་ཁ་ཏོན་དུ་བྱས་ཏེ་འདོན་ཏམ་གླེགས་བམ་དུ་བྱས་པ་ལན་གསུམ་ཀློག་ཅིང་བརྗོད་ལ། བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་གཟུགས་ཡིད་ལ་མ་དམིགས་ཤིང་ཞེས་པ་ཆོས་ཀྱི་སྐུའི་ཚུལ་ ལོ། །གཟུགས་དང་མཐུན་པར་སེམས་ཏེ་ཞེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་ཚུལ་ལོ། །དེའི་གཟུགས་དང་མཐུན་པར་བསམ་གཏན་དུ་བྱེད་པ་ནི་སྤྲུལ་པའི་སྐུའི་ཚུལ་ལ་སྟེ། དེ་ནི་ལས་དང་པོ་པ་ཡིན་པའི་ཕྱིར་སྤྲུལ་པའི་སྐུ་མཐོང་བར་འགྱུར་རོ། །དགེ་བའི་རྩ་བ་ཡོངས་སུ་སྨིན་པ་ནི་གཟུགས་ཀྱི་ལུས་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་མཐོང་བར་འགྱུར་རོ། །འདུལ་བའི་དབང་གི་ཕྱིར་ཞེས་བྱ་བ་ནི་སྐལ་བ་དང་རྗེས་སུ་མཐུན་པའི་དབང་དུའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གཟུགས་ཀྱི་སྐུ་རྣམ་པ་སྣ་ཚོགས་དང་ལྡན་པ་ནམ་མཁའི་དཀྱིལ་ན་བཞུགས་པ་དག་ཀྱང་མཐོང་བར་འགྱུར་ཞེས་བྱ་བ་ནི་ དད་པ་ཕུལ་དུ་འབྱུང་བའི་མིག་གིས་སོ། །སེམས་ཅན་ཆེན་པོ་དེ་ནི་ནམས་ཀྱང་ཇི་ལྟར་གྱུར་ཀྱང་ངན་འགྲོ་ངན་སོང་དུ་ལྟུང་བར་མི་འགྱུར་རོ། །རིགས་ངན་དུ་སྐྱེ་བར་མི་འགྱུར་རོ། །ཡུལ་མཐའ་འཁོབ་ཏུ་སྐྱེ་བར་མི་འགྱུར་རོ། །དབང་པོ་མ་ཚང་བར་མི་འགྱུར་རོ། །དབང་པོ་ཉམས་པར་མི་འགྱུར་རོ། །ལོག་པར་ ལྟ་བ་དང་ལྟ་བ་ངན་པའི་རིགས་སུ་སྐྱེ་བར་མི་འགྱུར་རོ། །སངས་རྒྱས་མི་བཞུགས་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་མི་འགྱུར་རོ། །སངས་རྒྱས་བཞུགས་ན་ཡང་དེས་བསྟན་པའི་ཆོས་སྤོང་བ་དང་བསྐོལ་བར་མི་འགྱུར་རོ། །ལྷ་ཚེ་རིང་པོའི་ནང་དུ་ཡང་སྐྱེ་བར་མི་འགྱུར་རོ། །མུ་གེ་དང་ནད་དང་མཚོན་གྱི་བར་གྱི་ བསྐལ་པའི་ནང་དུ་ཡང་སྐྱེ་བར་མི་འགྱུར་རོ་ཞེས་བྱ་བ་ནི་མི་ཁོམ་པ་བརྒྱད་དུ་སྐྱེ་བར་འགྱུར་བའི་ལས་རྣམས་ཟད་པའི་ཐབས་ལ་ཞུགས་པའི་ཕྱིར་རོ། །སྙིགས་མ་ལྔའི་དུས་སུ་ཡང་སྐྱེ་བར་མི་འགྱུར་རོ་ཞེས་བྱ་བ་ནི་ལྟ་བ་དང་། ཉོན་མོངས་པ་དང་། སེམས་ཅན་དང་། སྐལ་བ་དང་། ཚེའི་སྙིགས་ 63-1-299a མ་ཞེས་བྱ་བ་ནི་སྙིགས་མ་ལྔ་སྟེ། ལོག་པར་ལྟ་བ་ལ་སོགས་པ་ལྟ་བ་དྲུག་ཅུ་རྩ་གཉིས་ནི་ལྟ་བའི་སྙིགས་མའོ། །འདོད་ཆགས་ཆེན་པོ་ལ་སོགས་པའི་ཉོན་མོངས་པ་རྣམས་ནི་ཉོན་མོངས་པའི་སྙིགས་མའོ། །བསོད་ནམས་དང་བག་ཡོད་པ་ལ་སོགས་པ་དང་བྲལ་བའི་སེམས་ཅན་ནི་སེམས་ ཅན་གྱི་སྙིགས་མའོ། །དུས་རིང་པོར་སྡུག་བསྔལ་བར་བྱེད་པ་ཉིད་ནི་བསྐལ་པའི་སྙིགས་མའོ། །ཚེ་ཐུང་བར་འགྱུར་བ་ཉིད་ནི་ཚེའི་སྙིགས་མ་སྟེ། གཞན་དུ་ཚེ་ཚད་དཔག་མེད་དེ། །འདི་ནི་སེམས་ཅན་ཚེ་ཐུང་འགྱུར། །ཞེས་བཤད་པའི་ཕྱིར་རོ། །དེ་ཡང་གོས་དམར་པོ་དང་འདྲ་བར་བསྒྱུར་བར་དཀའ་བའི་ཕྱིར་ སྙིགས་མ་སྟེ། སྙིགས་མ་ལྔ་པོ་དེ་རྣམས་སུ་ཕྱིན་ཅི་ལོག་གི་ལྟ་བ་དང་བྲལ་བའི་ཕྱིར་སྐྱེ་བར་མི་འགྱུར་རོ། །ལྷག་མ་རྣམས་ནི་གཞུང་ཉིད་གསལ་བས་རྣམ་པར་མི་ཕྱེ་སྟེ། ཚིག་དག་པར་བྱ་བའི་ཕྱིར་བྲིས་པ་ཡིན་ནོ། །རྒྱལ་པོ་དང་། དགྲ་དང་། ཆོམ་རྐུན་གྱི་འཇིགས་པ་ཡང་འབྱུང་བར་མི་འགྱུར་རོ། ། ཅི་ནས་ཀྱང་དམན་པ་དང་དབུལ་བའི་འཇིགས་པ་ཡང་འབྱུང་བར་མི་འགྱུར་རོ་ཞེས་བྱ་བ་ནི་བསོད་ནམས་ཀྱི་ཚོགས་ཉེ་བར་བསྟན་པར་བྱ་བའི་ཕྱིར་རོ། །དྲི་ངས་དང་། སྐུར་པ་དང་། སྨད་པ་དང་། མི་སྙན་པ་དང་། གཏམ་ངན་གྱི་འཇིགས་པ་ཡང་འབྱུང་བར་མི་འགྱུར་རོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྒྱུ་ མ་དང་འདྲ་བར་ཁོང་དུ་ཆུད་པའི་ཕྱིར་རོ། །རྒྱུད་དང་རུས་དང་རིགས་བཟང་པོ་དང་ཡང་ལྡན་པར་འགྱུར་རོ་ཞེས་བྱ་བ་ནི་ཉེས་པར་སྤྱོད་པའི་ལས་ཐམས་ཅད་དང་བྲལ་བར་འགྱུར་བའི་ཕྱིར་རོ། །ཀུན་ནས་མཛེས་པ་དང་གཟུགས་དང་ཁ་དོག་དང་ལྡན་པར་ཡང་འགྱུར་རོ་ཞེས་བྱ་བ་ནི་བཟོད་པ་ཕུན་སུམ་ཚོགས་པའི་ཕྱིར་ རོ། །འཇིག་རྟེན་པ་རྣམས་ལ་སྡུག་པ་དང་ཡིད་དུ་འོང་བ་དང་འགྲོགས་ན་བདེ་བ་དང་མཐོང་ན་དགའ་བར་ཡང་འགྱུར་ཞེས་བྱ་བ་ནི་བྱམས་པ་དང་སྙིང་རྗེའི་མིག་གཉིས་ཀྱིས་སེམས་ཅན་ཐམས་ཅད་ལ་ལྟ་བའི་ཕྱིར་རོ། །འཇིག་རྟེན་རྣམས་ལ་མཛེས་པ་དང་སྐལ་བ་དང་ལྡན་པ་དང་ཚིག་བཙན་པར་ཡང་འགྱུར་ རོ་ཞེས་བྱ་བ་ནི་བསྡུ་བའི་དངོས་པོ་བཞི་ལ་ངེས་པར་སྟོན་པའི་ཕྱིར་རོ། །གང་དང་གང་དུ་སྐྱེས་པ་དེ་དང་དེར་ཡང་ཚེ་རབས་དྲན་པར་འགྱུར་རོ་ཞེས་བྱ་བ་ཆོས་ཀྱི་སྦྱིན་པ་ལ་བསླབས་པའི་ཕྱིར་རོ། །ལོངས་སྤྱོད་ཀྱི་གཞི་ཆེ་བ་དང་། འཁོར་མང་བ་དང་། ལོངས་སྤྱོད་ཀྱི་གཞི་མི་ཟད་པ་དང་ 63-1-299b འཁོར་མི་ཟད་པར་ཡང་འགྱུར་རོ་ཞེས་བྱ་བ་ནི་བདག་གིས་ཐམས་ཅད་ཡོངས་སུ་གཏོང་བ་ལ་བསླབས་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ཀྱི་མཆོག་དང་ཡོན་ཏན་མཆོག་དང་ཡང་ལྡན་པར་འགྱུར་རོ་ཞེས་བྱ་བ་ནི་དྲི་མ་མེད་པའི་ཤེས་རབ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །རང་བཞིན་ གྱིས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཡོན་ཏན་དང་ལྡན་པར་འགྱུར་རོ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ངོ་བོ་ཉིད་བྱང་ཆུབ་ཀྱི་སེམས་མི་བརྗོད་པའི་ཕྱིར་རོ། །ཚངས་པའི་གནས་བཞི་ལ་ཡང་གནས་པར་འགྱུར་རོ་ཞེས་བྱ་བ་ནི་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་གུས་པར་ བྱེད་པའི་ཕྱིར་རོ། །དྲན་པ་དང་། ཤེས་བཞིན་དང་། ཐབས་དང་། སྟོབས་དང་། སྨོན་ལམ་དང་། ཡེ་ཤེས་དང་ལྡན་པར་འགྱུར་རོ་ཞེས་བྱ་བ་ནི་ལྷུན་གྱིས་གྲུབ་པར་འཇུག་པའི་ལམ་འཐོབ་པ་ལས་སོ། །བསྟན་བཅོས་ཐམས་ཅད་ལ་འཇིགས་པ་མེད་པ་དང་སྨྲ་མཁས་པར་ཡང་འགྱུར་རོ། །མི་ བླུན་པ་དང་ཚིག་གསལ་བ་དང་སྒྲིན་པོར་ཡང་འགྱུར་རོ་ཞེས་བྱ་བ་ནི་དྲི་མ་མེད་པའི་ཤེས་རབ་འཐོབ་པའི་ཕྱིར་རོ། །ཤེས་གཉེན་ཅན་དང་། ལེ་ལོ་མེད་པ་དང་། ཆོག་ཤེས་པ་དང་། ནོར་མང་བ་དང་། སྲེད་པ་མེད་པར་ཡང་འགྱུར་རོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པས་བརྩོན་འགྲུས་རྣམ་པ་ གསུམ་འཐོབ་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ཀྱིས་མཆོག་ཏུ་ཡིད་བརྟེན་པར་བྱ་བ་དང་། སློབ་དཔོན་དང་བླ་མར་བཀུར་བར་ཡང་འགྱུར་རོ་ཞེས་བྱ་བ་ནི་མཆོག་ཏུ་ཡིད་བརྟེན་པའི་གནས་ཀྱི་དོན་དང་། ལས་སོ་སོར་རྟོག་པའི་ཆོས་ཉིད་ཐོབ་པའི་ཕྱིར་རོ། །དེས་སྔོན་མ་ཐོས་པའི་བཟོ་དང་། སྒྱུ་ རྩལ་དང་། མངོན་པར་ཤེས་པའི་ཤེས་པ་དང་བསྟན་བཅོས་ཐམས་ཅད་ཀྱང་དོན་དང་ཡི་གེའི་སྒོ་ནས་ཤེས་པར་འགྱུར་རོ་ཞེས་བྱ་བ་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུས་མ་བྱས་པའི་སྒོ་མངོན་སུམ་དུ་བྱས་པའི་ཕྱིར་རོ། །ཚུལ་ཁྲིམས་ དང་། འཚོ་བ་དང་ཀུན་དུ་སྤྱོད་པ་ཤིན་ཏུ་ཡོངས་སུ་དག་པར་སྤྱོད་པ་དང་ལེགས་པར་རབ་ཏུ་བྱུང་བ་དང་། ལེགས་པར་བསྙེན་པར་རྫོགས་པར་ཡང་འགྱུར་རོ་ཞེས་བྱ་བ་ནི་ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་ལས་ལྡོག་པའི་ངོ་བོ་ཉིད་ཀྱིས་ཆོས་རྟོགས་པའི་ཕྱིར་རོ། །ཐམས་ཅད་མཁྱེན་ 63-1-300a པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱང་མི་བརྗེད་པར་འགྱུར་རོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་ཏིང་ངེ་འཛིན་རྫོགས་པར་བྱེད་པའི་ཕྱིར་རོ། །ཉན་ཐོས་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་ཀྱི་ངེས་པ་ལ་ནམས་ཀྱང་འཇུག་པར་མི་འགྱུར་རོ་ཞེས་བྱ་བ་ནི་ཐེག་པ་ དེ་ལ་མངོན་པར་འདོད་པ་མེད་པ་ཉིད་དང་། ཐེག་པ་གཅིག་གི་ཚུལ་ལ་མཁས་པའི་ཕྱིར་རོ། །ལག་ན་རྡོ་རྗེ་རྡོ་རྗེ་འཆང་དེ་ལྟར་ན་ཡོན་ཏན་དཔག་ཏུ་མེད་པ་དག་དང་ལྡན་པར་འགྱུར་ཏེ། རྣམ་པ་དེ་ལྟ་བུའི་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པ་གཞན་དག་དང་ཡང་ལྡན་པར་འགྱུར་རོ། །ལག་ན་ རྡོ་རྗེ་རྡོ་རྗེ་འཆང་དོན་དམ་པའི་མིང་ཡང་དག་པར་བརྗོད་པ་འདི་ཡང་དག་པར་འཛིན་པའི་སྐྱེས་བུ་གང་ཟག་དེ་ནི་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་ལེགས་པར་བསགས་ཤིང་། སངས་རྒྱས་ཀྱི་ཡོན་ཏན་རྣམས་ཤིན་ཏུ་མྱུར་དུ་བསྒྲུབས་ནས་རིང་པོར་མི་ཐོགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། བསྐལ་པ་མང་པོར་ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་སུ་མི་འགྱུར་བར་སེམས་ཅན་ཐམས་ཅད་ལ་བླ་ན་མེད་པའི་ཆོས་སྟོན་པ་དང་། ཕྱོགས་བཅུར་དམ་པའི་ཆོས་ཀྱི་རྔ་སྒྲ་ཆེན་པོ་རྒྱུན་མི་འཆད་པར་སྒྲོགས་པའི་ཆོས་ཀྱི་རྒྱལ་པོ་ཆེན་ པོར་འགྱུར་རོ་ཞེས་བྱ་བ་སྟེ། མྱུར་དུ་མངོན་པར་ཤེས་པས་སོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཨོཾ་སརྦ་དྷརྨཱ་བྷཱ་བ་སྭ་བྷཱ་བ་བི་ཤུདྡྷ་བཛྲ་ཨ་ཨཱ་ཨཾ་ཨཿཔྲ་ཀྲྀ་ཏི་པ་རི་ཤུདྡྷཿསརྦ་དྷརྨཱ། ཡ་དུ་ཏ། སརྦ་ཏ་ཐཱ་ག་ཏཱ་ཛྙཱ་ན་ཀཱ་ཡ་མཉྫུ་ཤྲཱི་པ་རི་ཤུདྡྷི་ཏཱ་མུ་པཱ་དཱ་ཡེ་ཏ་ཨ་ཨཱ་ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཧྲྀ་ད་ཡ་ཧ་ར་ཧ་ར་ཨོཾ་ ཧཱུཾ་ཧྲཱིཿབྷ་ག་བཱན་ཛྙཱ་ན་མཱུརྟི་བཱ་གཱི་ཤྭ་ར་མ་ཧཱ་པཱ་ཙ་སརྦ་དྷརྨ་ག་ག་ནཱ་མ་ལ་སུ་པ་རི་ཤུདྡྷ་དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ། ཞེས་བྱ་བའི་སྔགས་འདི་ཐོག་མ་དང་ཐ་མ་དང་བར་དུ་བྱིན་གྱིས་བརླབ་པའི་ཕྱིར་གསུངས་ཏེ། དེ་ཡང་ཡི་གེ་ཨ་ནི། བྱང་ཆུབ་སེམས་ཀྱི་བདག་ཉིད་ཅན་ནོ། །ཨཱ་ནི་ས་དང་ཕ་རོལ་ཏུ་ ཕྱིན་པ་ལ་སོགས་པའི་སྤྱོད་པའི་ངོ་བོ་ཉིད་དོ། །ཨོཾ་ནི་སངས་རྒྱས་ཉིད་སྟོན་པའོ། །ཨཾ་ནི་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པར་བྱེད་པའོ། །ཨཿནི་ཡེ་ཤེས་ཀྱི་སྐུ་བྱིན་གྱིས་རློབ་པར་བྱེད་པའོ། །ཨོཾ་ཧཱུཾ་ཧྲཱིཿནི་སྐུ་དང་གསུང་དང་ཐུགས་བྱིན་གྱིས་རློབ་པར་བྱེད་པའོ། །ཨ་ནི་རྒྱུ་དང་ 63-1-300b མི་རྒྱུ་བའི་ངོ་བོ་ཉིད་ཀྱི་དངོས་པོ་ཐམས་ཅད་ནི། ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་གི་བདག་ཉིད་ཅན་ཡིན་པས་ཆོས་ཀྱི་སྐུར་རྒྱས་བཏབ་པའི་དོན་དུ་འདིར་གསུངས་པ་ཡིན་པར་ཤེས་པར་བྱའོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་ཏུ་སྟེ། གསང་སྔགས་ཀྱིས་བྱིན་གྱིས་བརླབས་པའི་རྗེས་ཐོགས་ཉིད་ལ། བདུད་ལ་སོགས་པ་རྣམས་ཀྱིས་མི་ཚུགས་པར་བྱིན་གྱིས་བརླབས་ཤིང་རྒྱས་བཏབ་པས་བདག་གི་དོན་ཡོངས་སུ་རྫོགས་པས་ན་དགའ་བའོ། །གཞན་གྱི་དོན་ཡོངས་སུ་རྫོགས་པས་ན་མགུ་བའོ། །དེ་ལྟར་རྡོ་རྗེ་འཛིན་པ་ཆེན་པོ་གསང་བའི་བདག་པོ་ལག་ན་རྡོ་རྗེ་རྣམས་དང་བཅས་པས་བཅོམ་ལྡན་ འདས་ལ་ཕྱག་འཚལ་ནས་ཚིག་འདི་སྐད་ཅེས་གསོལ་པ་སྟེ། མགོན་པོ་བདག་ཅག་ཡི་རང་ངོ་། །ལེགས་སོ་ལེགས་སོ་ལེགས་པར་གསུངས། །རྣམ་གྲོལ་འབྲས་བུ་འཚལ་བ་ཡི། །འགྲོ་བ་མགོན་མེད་རྣམས་དང་ནི། །བདག་ཅག་ཡང་དག་རྫོགས་པ་ཡི། །བྱང་ཆུབ་ཐོབ་པའི་དོན་ཆེན་ མཛད། །ཅེས་བྱ་བ་སྟེ། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་མཛད་པའོ། །གང་གི་ཕྱིར་ཞེ་ན། སྒྱུ་འཕྲུལ་དྲ་བའི་ཚུལ་བསྟན་པ། །འདི་ནི་རྣམ་དག་ལེགས་པའི་ལམ། །ཟབ་ཅིང་ཡངས་ལ་རྒྱ་ཆེ་སྟེ། །དོན་ཆེན་འགྲོ་བའི་དོན་བྱེད་པ། །ཞེས་བྱ་སྟེ། དེ་བས་ན་ངེས་པ་ཁོ་ནར་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པའོ། །དོན་འདི་ལ་ནི་སངས་རྒྱས་ཉིད་ཚད་མར་གྱུར་པ་ཡིན་པའི་ཕྱིར། སངས་རྒྱས་རྣམས་ཀྱི་ཡུལ་འདི་ནི། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་བཤད། །ཅེས་སྨོས་པ་ཡིན་ནོ། །མཚན་མཆོག་ཤིན་ཏུ་ལེགས་པར་བརྒྱན་པའི་སྐུར་ལྡན་ཞིང་། །ནམ་ མཁའི་ངོས་ལྟར་ཡངས་པའི་གྲགས་ཕྲེང་ཀུན་དུ་ཁྱབ། །དགེ་བའི་དྲི་ཚོགས་རྒྱས་པས་མ་ལུས་སད་མཛད་ཅིང་། །ངན་པའི་རབ་རིབ་ཚོགས་དང་ལས་ཀྱི་དྲ་བ་འཇོམས། །བདག་སོགས་རྨོངས་པའི་སྒྲིབ་པའི་རབ་རིབ་སྤོང་བྱེད་པའི། །བདག་མེད་སེང་གེའི་སྒྲ་སྒྲོགས་བདག་བྲལ་དེ་བཞིན་ཉིད། །དེ་ཉིད་དེ་ ལས་མི་འགྱུར་མིང་ལས་མཚན་རྣམས་སུ། །ཡང་དག་བརྗོད་སྒྲར་མཁྱེན་ནས་སྨྲ་མཆོག་རྣམས་ཀྱིས་གསུངས། །མཚན་རྣམས་ཡང་དག་བརྗོད་དེ་ཡོན་ཏན་ཚོགས་ཀྱིས་ཕྱུག །མཉམ་ཉིད་མཚན་འདིར་འབད་དེ་ཚུལ་བཞིན་རྣམ་བཀྲོལ་ནས། །འགྲོ་ཀུན་རྗེས་སུ་བརྩེ་ཕྱིར་བདག་གིས་བྱས་པ་ཡི། །འགྲེལ་འདིས 63-1-301a རྨོངས་པའི་ཚོགས་རྣམས་མ་ལུས་འཇོམས་བྱེད་ཡིན། །སྔགས་དོན་རིག་པས་རབ་གསལ་དགྲོལ་བར་བྱ་མིན་གྱི། །མཁས་པས་ལུང་གི་སྙིང་པོ་སྐྱོན་དོན་བརྟགས་ལ་ཡང་། །ཡང་དག་ཚུལ་སྒོ་དུ་མས་མི་འགལ་རྟོགས་བྱས་ན། །མ་ལུས་དོན་གྱིས་བརྒྱན་ཞིང་ལེགས་པར་རྟོགས་པས་དགྲོལ། ། འདིས་བྱས་བདག་གི་བསོད་ནམས་ཟླ་བ་ལྟར་དགའ་བ། །མཁའ་ལྟར་མཐའ་མེད་མཐར་ཐུག་ཡང་དག་གང་ཐོབ་པའི། །བསོད་ནམས་ཚོགས་དེས་འཇིག་རྟེན་འདི་དག་མ་ལུས་པ། །ཐམས་ཅད་མཁྱེན་ཉིད་ཐོབ་པའི་བདེ་ལ་རེག་གྱུར་ཅིག །དེ་བཞིན་འཇམ་དཔལ་གྲགས་བཅས་འཇིག་རྟེན་འདི་ཀུན་ ཡོན་ཏན་གྱིས་བརྒྱན་ཞིང་། །མཁས་པ་རྣམས་ཀྱི་མཆོག་གྱུར་ཤེས་རབ་ཡེ་ཤེས་མཆོག་གི་ལུས་དང་ལྡན། །ལས་ཀྱི་འཆིང་བ་རྣམས་ལས་རབ་གྲོལ་སྙིང་རྗེ་ཆེན་པོ་རྣམས་འཕྲོ་ཞིང་། །འཁོར་བར་སྐྱོ་མེད་སེམས་ཀྱིས་གཞན་དོན་བྱེད་ལ་རྟག་ཏུ་འཇུག །བདུད་དང་མུ་སྟེགས་ལས་རྒྱལ་བདེ་གཤེགས་སྲས་ མཆོག་འཇམ་དབྱངས་ཉིད་གྱུར་ཅིག །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་ཆེན་པོ་འཇམ་དཔལ་གྲགས་པའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།རྒྱལ་སྲས་དམ་པ་མགོན་པོ་འཇམ་དབྱངས་ཀྱི། །ཡོན་ཏན་ཕུལ་བྱུང་མཚན་གྱི་ཁྱད་ པར་འདི། །ཀུན་ལ་གྲགས་ཀྱང་ཇི་བཞིན་དོན་ལ་ཁྲེལ། །ཡང་དག་དོན་ལ་ནོར་བའི་དྲི་མས་བསླད། །དོན་འདི་གཟིགས་པས་རྗེ་རྒྱལ་བླ་མ་ཡིས། །གཞན་ལ་ཕན་བཞེད་བཀའ་ཡིས་བསྐུལ་བས་ན། །རྒྱ་ཆེན་སྒྲ་དོན་བདག་བློས་མ་རྟོགས་ཀྱང་། །བཀའ་མཉན་མོས་བློ་གཙོ་བོར་བྱས་ པས་བསྒྱུར། །ལེགས་བཀྲོལ་རྒྱ་ཆེན་དོན་ལ་རྨོངས་གྱུར་པས། །ལོག་པར་བསྒྱུར་སོགས་ཚུལ་མིན་བགྱིས་པ་འཆགས། །སྒྲ་དང་དོན་མཁས་ནུས་ལྡན་བྱུང་གྱུར་ན། །ཚིག་དོན་བརྟགས་ལ་ནོར་བ་བཅོས་པར་གསོལ། །ཆོས་དོན་གཉེར་ཞིང་མཚན་མཆོག་རྒྱས་བྱས་པས། །དམ་པའི་ཞིང་འདིར་ དགེ་བ་གང་བསྐྲུན་དེས། །འགྲོ་ཀུན་མཚན་རྟོགས་བློ་ཡི་སྐྱོན་བྲལ་ཞིང་། །བདག་ཀྱང་བློ་མཆོག་འཇམ་དབྱངས་མཚུངས་པར་ཤོག །རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་ཤྲཱདྡྷཱ་ཀ་ར་བརྨ་དང་། ཀ་མ་ལ་གུཔྟ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། 63-1-301b empty page