ད་པའི་རྐྱེན་མེད་པས་ལེན་པ་ཉེ་བར་ ཞི་ཞིང་རྟོན་པ་མེད་པའོ། །ཉེ་བར་ལེན་པ་འགགས་པས་སྲིད་པ་འགག་གོ་ཞེས་བྱ་བ་ནི་ཉེ་བར་ལེན་པའི་རྐྱེན་མེད་པས་སྲིད་པ་ཉེ་བར་ཞི་ཞིང་རྟོན་པ་མེད་པའོ། །སྲིད་པ་འགགས་ པས་སྐྱེ་བ་འགག་གོ་ཞེས་བྱ་བ་ནི་སྲིད་པའི་རྐྱེན་མེད་པས་སྐྱེ་བ་ཉེ་བར་ཞི་ཞིང་རྟོན་པ་མེད་པའོ། །སྐྱེ་བ་འགགས་པས་རྒ་ཤི་འགག་གོ་ཞེས་བྱ་བ་ནི་སྐྱེ་བའི་རྐྱེན་མེད་པས་རྒ་ཤི་ཉེ་བར་ཞི་ཞིང་རྟོན་པ་ མེད་པའོ། །དེ་ལ་མ་རིག་པ་དང་སྲིད་པ་དང་ཉེ་བར་ལེན་པ་ནི་ཉོན་མོངས་པའི་ལམ་གྱི་རྒྱུན་མི་འཆད་པའོ། །འདུ་བྱེད་དང་སྲིད་པ་ནི་ལས་ཀྱི་ལམ་གྱི་རྒྱུན་མི་འཆད་པའོ། །ལྷག་མ་ 74-1-116a རྣམས་ནི་སྡུག་བསྔལ་གྱི་ལམ་གྱི་རྒྱུན་མི་འཆད་པའོ། །རབ་ཏུ་རྣམ་པར་ཕྱེ་བས་སྔུན་གྱི་མཐའ་དང་ཕྱི་མའི་མཐའ་འགགས་པས་ལམ་གྱི་རྒྱུན་མི་འཆད་པའོ། །དེ་ལྟར་ལམ་གྱི་གསུམ་ ནི་བདག་མེད་ཅིང་བདག་དང་བདག་གི་དང་བྲལ་བར་འབྱུང་ཞིང་འཇིག་པ་སྟེ་རང་བཞིན་གྱིས་མདུང་ཁྱིམ་ལྟ་བུའོ། །དེ་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཤེས་བྱ་བ་འདི་ནི་སྔོན་གྱི་མཐའ་ལ་བལྟས་པའོ། ། རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་དྲུག་གི་སྐྱེ་མཆེད་དང་རེག་པ་དང་། ཚོར་བ་འདི་དག་ནི་ད་ལྟར་བྱུང་བ་ལ་བལྟས་པའོ། །སྲིད་པ་དང་ཉེ་བར་ལེན་པ་དང་སྲིད་པ་དང་། སྐྱེ་བ་ཞེས་བྱ་བ་འདི་ནི་ཕྱི་ མའི་མཐའ་ལ་བལྟས་པ་སྟེ། དེ་ཕན་ཆད་དུ་འང་དེ་དག་རྒྱུན་དུ་འབྱུང་ངོ་། །མ་རིག་པ་འགགས་པས་འདུ་བྱེད་རྣམས་འགག་ཅེས་བྱ་བ་འདི་ནི་ལྟ་བ་རྒྱུན་ཆད་པ་སྟེ་ལྷག་མ་རྣམས་ཀྱང་དེ་བཞིན་ནོ། །ཡང་ འདི་ལྟར་སྲིད་པའི་ཡན་ལག་བཅུ་གཉིས་པོ་འདི་དག་གི་རྒྱུས་སྡུག་བསྔལ་གསུམ་འབྱུང་སྟེ། དེ་ལ་མ་རིག་པ་དང་འདུ་བྱེད་དང་རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་། དྲུག་གི་སྐྱེ་མཆེད་ཅེས་བྱ་བ་ནི། འདུ་བྱེད་ཀྱི་སྡུག་བསྔལ་ལོ། །རེག་པ་དང་ཚོར་བ་ཞེས་བྱ་བ་འདི་ནི་སྡུག་བསྔལ་གྱི་ཡང་སྡུག་བསྔལ་ལོ། །སྲེད་པ་དང་ཉེ་བར་ལེན་པ་དང་སྲིད་པ་དང་སྐྱེ་བ་ནས་འཁྲུག་པ་ཞེས་བྱ་བའི་བར་འདི་ ནི་འགྱུར་བའི་སྡུག་བསྔལ་ལོ། །མ་རིག་པ་འགགས་པས་འདུ་བྱེད་རྣམས་འགག་ཅེས་བྱ་བ་འདི་ནི་སྡུག་བསྔལ་གསུམ་རྒྱུན་ཆད་པའོ། །མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཤེས་བྱ་བ་ནི་ འདུ་བྱེད་རྣམས་རྒྱུ་དང་རྐྱེན་ལས་བྱུང་སྟེ། ལྷག་མ་རྣམས་ཀྱང་དེ་བཞིན་ནོ། །མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་བྱ་བ་ནི། འདུ་བྱེད་རྣམས་མེད་པ་སྟེ་ལྷག་མ་རྣམས་ཀྱང་དེ་ 74-1-116b བཞིན་ནོ། །མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཤེས་བྱ་བ་ནི་སྐྱེ་བ་རྣམ་པར་འབྲེལ་བ་སྟེ་ལྷག་མ་རྣམས་ཀྱང་དེ་བཞིན་ནོ། །མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་བྱ་བ་ནི། འཇིག་པ་རྣམ་པར་འབྲེལ་བ་སྟེ་ལྷག་མ་རྣམས་ཀྱང་དེ་བཞིན་ནོ། །མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཤེས་བྱ་བ་ནི་སྲིད་པ་ལུགས་སུ་འཐུན་པར་བརྟག་པ་སྟེ། ལྷག་མ་རྣམས་ཀྱང་དེ་བཞིན་ ནོ། །མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་བྱ་བ་ནི་ཟད་པ་དང་འཇིག་པའི་ལུགས་འཐུན་པར་བརྟག་པ་སྟེ། ལྷག་མ་རྣམས་ཀྱང་དེ་བཞིན་ནོ་ཞེས་དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ ལུགས་སུ་འཐུན་པ་དང་། མི་འཐུན་པའི་ཚུལ་དུ་རབ་ཏུ་རྟོག་སྟེ། འདི་ལྟར་སྲིད་པའི་ཡན་ལག་རྗེས་སུ་འབྲལ་བ་དང་། སེམས་གཅིག་ཏུ་ཡང་དག་པར་འདུ་བ་དང་། རང་གི་ལས་ མ་འདྲེས་པ་དང་། ཆེད་དུ་བྱེད་པ་མེད་པ་དང་ལམ་གསུམ་གྱི་རྒྱུད་དུ་འབྲང་བ་དང་། སྔོན་གྱི་མཐའ་དང་ད་ལྟར་བྱུང་བ་དང་། ཕྱི་མའི་མཐའ་ལ་བལྟ་བ་དང་། སྡུག་བསྔལ་གསུམ་ འབྱུང་བ་དང་། རྒྱུ་དང་རྐྱེན་ལས་བྱུང་བ་དང་། སྐྱེ་བ་དང་འཇིག་པ་རྣམ་པར་འབྲེལ་བ་དང་། སྲིད་པའི་ལུགས་སུ་འཐུན་པ་དང་། ཟད་པར་འགྱུར་བར་རབ་ཏུ་རྟོག་པའོ། །དེ་དེ་ལྟར་རྟེན་ཅིང་ འབྲེལ་བར་འབྱུང་བ་ལ་རྣམ་པ་བཅུར་རབ་ཏུ་རྟོག་ཅིང་བདག་མེད་པ་དང་སྲོག་མེད་པ་དང་། གང་ཟག་མེད་པ་དང་། ངོ་བོ་ཉིད་ཀྱིས་སྟོང་པ་དང་། རང་བཞིན་གྱིས་བྱེད་པ་པོ་དང་། ཚོར་བ་པོ་མེད་པར་རབ་ཏུ་རྟོག་ པའི་ཚེ། སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་སྐྱེས་པ་ཡིན། སྲིད་པའི་རང་བཞིན་འདི་དག་གི་རང་བཞིན་འགགས་ཤིང་རྣམ་པར་ཐར་པ་ལ་ཤིན་ཏུ་ཉེ་བར་གནས་པར་ཆོས་ཀྱི་མཚན་མ་གང་ཡང་ 74-1-117a མི་སྐྱེ་སྟེ་དེས་དེའི་མཚན་མ་མེད་པའི་རྣམ་པར་ཐར་པའི་སྒོ་སྐྱེས་པ་ཡིན། དེ་ལྟར་དེ་སྟོང་པ་ཉིད་དང་མཚན་མ་མེད་པ་ལ་ཞུགས་པས་སྙིང་རྗེ་ཆེན་པོ་སྔོན་ཏུ་གཏོང་ཞིང་སེམས་ཅན་ཡོངས་སུ་སྨིན་ པར་བྱ་བ་མ་གཏོགས་པར་འདོད་པ་གང་ཡང་མི་སྐྱེ་དེས་དེའི་སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་སྐྱེས་པ་ཡིན། དེ་རྣམ་པར་ཐར་པའི་སྒོ་གསུམ་པོ་འདི་དག་སྒོམ་པས་བདག་དང་ཕ་རོལ་གྱི་འདུ་ཤེས་དང་བྲལ་བ་དང་། བྱེད་པ་པོ་དང་ཚོར་བ་པོའི་འདུ་ཤེས་དང་བྲལ་བ་དང་། ཡོད་པ་དང་མེད་པའི་འདུ་ཤེས་དང་བྲལ་བས། བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་མ་རྫོགས་པ་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོ་སྔོན་དུ་ བཏང་སྟེ་དེ་བས་ཀྱང་ཤིན་ཏུ་བརྩོན་པར་བྱེད་དོ། །དེ་འདི་སྙམ་དུ་སེམས་ཏེ། འདུ་བ་ཡོད་པས་ནི་འདུས་བྱས་འཕེལ་བར་འགྱུར་རོ། །འདུ་བ་དང་བྲལ་བས་ནི་འཕེལ་བ་མེད་དོ། །རྒྱུ་རྐྱེན་དང་ལྡན་པས་ནི་འཕེལ་ པར་འགྱུར་རོ། །རྒྱུ་རྐྱེན་དང་མི་ལྡན་པ་ནི་འཕེལ་བ་མེད་དོ། །དེ་ལྟར་བདག་གིས་དེ་ལྟ་བུའི་འདུས་བྱས་ཉེ་བར་མང་པོའི་སྐྱོན་ཅན་ཤེས་པར་བྱས་ཏེ་འདུ་བ་དང་རྒྱུ་རྐྱེན་ལྡན་པ་འདི་དག་རྒྱུན་གཅད་པར་བྱའོ། ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདུ་བྱེད་རྣམས་ཤིན་ཏུ་ཞི་བའང་མངོན་ཏུ་མི་བྱའོ་ཞེས་སྟེ། ཀྱེ་རྒྱལ་བའི་སྲས་དག་དེ་དེ་ལྟར་འདུ་བྱེད་ཀྱི་རྣམ་པ་དེ་ལྟར་ཉེས་པ་མང་པོའི་སྐྱོན་ཅན་སྙིང་ པོ་དང་རང་བཞིན་མེད་པ་སྐྱེ་བ་མེད་པ་འགག་པ་མེད་པའི་རང་བཞིན་དུ་རབ་ཏུ་རྟོག་པ་དང་སྙིང་རྗེ་ཆེན་པོ་རབ་ཏུ་བསྒྲུབ་པ་དང་། སེམས་ཅན་ཡོངས་སུ་མི་གཏོང་བས་ཆགས་པ་མེད་པའི་ཡེ་ ཤེས་མངོན་སུམ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་སྣང་བའི་ཚུལ་དུ་མངོན་སུམ་དུ་འགྱུར་རོ། །དེ་དེ་ལྟ་བུའི་ཡེ་ཤེས་དང་ལྡན་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ 74-1-117b པས་སྣང་བར་གྱུར་ནས་ཀྱང་བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་སྡུད་པའི་རྐྱེན་ཉེ་བར་སྩོགས་ཤིང་ཡང་དག་པར་བསྡུད་པའོ། །འདུས་བྱས་དང་འགྲོགས་པར་ཡང་མི་གནས་སོ། །འདུ་བྱེད་རྣམས་རང་བཞིན་ གྱིས་ཞི་བ་ཡང་རབ་ཏུ་རྟོག་གོ། །འོན་ཀྱང་བྱང་ཆུབ་ཀྱི་ཡན་ལག་རྣམས་མ་རྫོགས་པའི་ཕྱིར་དེ་ལ་མི་གནས་ཏེ། །དེ་བྱང་ཆུབ་སེམས་དཔའི་ས་མངོན་སུམ་འདི་ལ་གནས་པའི་ཚེ་འཇུག་པ་སྟོང་པ་ཉིད་ཞེས་ བྱ་བའི་ཏིང་ངེ་འཛིན་སྐྱེ་བར་འགྱུར་རོ། །རང་བཞིན་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། འདུ་བ་སྟོང་པ་ཉིད་དང་། མངོན་པར་བསྒྲུབ་པ་སྟོང་པ་ཉིད་དང་། ཡང་དག་ པ་ཇི་ལྟ་བ་བཞིན་དུ་རྣམ་པར་རྟོག་པའི་སྟོང་པ་ཉིད་དང་། ལྟོས་པ་སྟོང་པ་ཉིད་དང་། ཐ་དད་པ་དང་ཐ་དད་པ་མེད་པ་སྟོང་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ཀྱང་སྐྱེ་བར་འགྱུར་ཏེ། དེ་དག་ལ་སྩོགས་ པ་སྟོང་ཉིད་ཀྱི་སྒོའི་ཏིང་ངེ་འཛིན་བརྒྱ་སྟོང་ཕྲག་བཅུ་དེ་ལ་མངོན་སུམ་དུ་འགྱུར་རོ། །དེ་བཞིན་དུ་མཚན་མ་མེད་པའི་སྒོའི་ཏིང་ངེ་འཛིན་བརྒྱ་སྟོང་ཕྲག་བཅུ་དང་སྨོན་པ་མེད་པའི་སྒོའི་ཏིང་ངེ་འཛིན་བརྒྱ་སྟོང་ ཕྲག་བཅུ་པོ་མངོན་སུམ་དུ་འགྱུར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའི་ས་མངོན་སུམ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ཕྱིར་ཞིང་མི་ཕྱེད་པའི་བསམ་པ་ཡོངས་སུ་རྫོགས་པ་འཐོབ་པོ། ། ངེས་པའི་བསམ་པ་དང་དགེ་བའི་བསམ་པ་དང་། ཟབ་པའི་བསམ་པ་དང་། ཕྱིར་མི་ལྡོག་པའི་བསམ་པ་དང་། རྒྱུན་མི་འཆད་པའི་བསམ་པ་དང་། དྲི་མ་མེད་པའི་བསམ་པ་དང་། མཐའ་ཡས་ པའི་བསམ་པ་དང་། ཡེ་ཤེས་ལ་མངོན་པར་མོས་པའི་བསམ་པ་དང་། ཐབས་དང་ཤེས་རབ་ཏུ་ལྡན་པའི་བསམ་པ་ཡོངས་སུ་རྫོགས་པ་ཐོབ་སྟེ། བྱང་ཆུབ་སེམས་དཔའི་བསམ་པ་འདི་བཅུ་ 74-1-118a ནི། དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་རྗེས་སུ་སོང་བ་ཡིན། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱི་ཕྱིར་མི་ལྡོག་པ་ཡིན། ཡེ་ཤེས་ཀྱི་ས་ལ་ཡང་དག་པར་གཞོལ་བ་ ཡིན། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་རྣམ་པར་ལོག་པ་ཡིན། སངས་རྒྱས་ཀྱི་ཡེ་ཤེས་མངོན་དུ་བྱ་བ་ལ་ཤིན་ཏུ་ངེས་པ་ཡིན། བདུད་དང་ཉོན་མོངས་པ་ཀུན་ནས་རྒྱུ་བས་ཐམས་ ཅད་ཀྱིས་མི་འཕྲོགས་པ་ཡིན། བྱང་ཆུབ་སེམས་དཔའི་སྣང་བ་ལ་ཤིན་ཏུ་གནས་པ་ཡིན། སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་ཆོས་ཡང་དག་པར་སྤྱད་པ་ཡོངས་སུ་བསྒོམས་པ་ཡིན། ཐབས་དང་ ཤེས་རབ་དང་ཡེ་ཤེས་རྣམ་པར་དཔྱོད་པ་དང་ལྡན་པ་ཡིན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་མངོན་པར་བསྒྲུབ་པ་དང་། རྣམ་པར་འདྲེས་པ་ཡིན། དེ་ལྟར་དེ་བྱང་ཆུབ་སེམས་དཔའི་ས་མངོན་སུམ་འདི་ལ་གནས་ པའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་ཤས་ཆེ་བ་ཡིན། ཆོས་དེ་དག་ལ་ཚུལ་བཞིན་དུ་འཐུན་པར་བྱེད་ཅིང་མི་མཐུན་པར་མི་བྱེད་པས་འཐུན་པའི་བཟོད་པ་གསུམ་པོ་རབ་ཏུ་རྣོ་བར་རབ་ཏུ་སྐྱེ་བ་ ཡིན། དེ་ལྟར་དེ་བྱང་ཆུབ་སེམས་དཔའི་ས་མངོན་སུམ་འདི་ལ་གནས་པའི་ཚེ་དེའི་ལྟ་བ་རྒྱ་ཆེན་པོ་དང་སྨོན་ལམ་གྱི་སྟོབས་ཀྱི་སངས་རྒྱས་མང་པོ་སྣང་བར་གྱུར་ཏེ། ལྟ་བ་རྒྱ་ཆེན་པོ་དང་སྨོན་ ལམ་གྱི་སྟོབས་ཀྱི་སངས་རྒྱས་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་སྟོང་ཕྲག་མང་པོ་དང་། སངས་རྒྱས་བརྒྱ་སྟོང་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་བརྒྱ་སྟོང་ཕྲག་མང་པོ་དང་། སངས་ རྒྱས་ཁྲག་ཁྲིག་ཕྲག་མང་པོ་དང་། སངས་རྒྱས་ཁྲག་ཁྲིག་བརྒྱ་ཕྲག་མང་པོ། སངས་རྒྱས་ཁྲག་ཁྲིག་སྟོང་ཕྲག་མང་པོ་དང་། སངས་རྒྱས་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་ 74-1-118b ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་སྣང་བར་འགྱུར་རོ། །དེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་མཐོང་ནས་བསམ་པ་རྒྱ་ཆེན་པོས་རིམ་གྲོ་བྱེད་དོ། ། བཀུར་བསྟི་བྱེད་དོ། །སྟི་སྟང་བྱེད་དོ། །མཆོད་པ་བྱེད་དོ། །ན་བཟའ་དང་བསོད་སྙོམས་དང་གཟིམས་ཆ་དང་སྙུན་ཀྱི་རྐྱེན་སྨན་དང་ཡོ་བྱད་དག་ཀྱང་འབུལ་ཞིང་བྱང་ཆུབ་སེམས་དཔའི་བདེན་པའི་ ཡོ་བྱད་ཐམས་ཅད་ཀྱང་ཡོངསུ་འབུལ་ལོ། །དགེ་འདུན་གྱི་ཚོགས་རྣམས་ལ་ཡང་ཡང་དག་པར་མཆོད་པ་བྱེད་དེ་དགེ་བའི་རྩ་བ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་བསྙེན་བཀུར་བྱེད་ཅིང་རིམ་གྲོ་དང་། བཀུར་བསྟིར་ནན་ཏན་ཏུ་དུ་ཆོས་ཉན་ཅིང་ལེན་ཏོ་འཛིན་ཏོ། །ཐོས་ནས་ཀྱང་ ཡང་དག་པ་ཇི་ལྟ་བ་བཞིན་དུ་སྙོམས་པར་འཇུག་པ་དང་། ཤེས་རབ་དང་ཡེ་ཤེས་ཀྱི་སྣང་བས་རབ་ཏུ་བརྩོན་པར་བྱེད་དེ་ནན་ཏན་གྱིས་ཡོངས་སུ་འཛིན་པས་དེ་སྔོན་བས་ཀྱང་དེ་བཞིན་གཤེགས་པའི་ཆོས་ ཀྱི་མཛོད་རབ་ཏུ་ཐོབ་པ་ཡིན། དེ་ལྟར་དེ་བྱང་ཆུབ་སེམས་དཔའི་ས་མངོན་སུམ་འདི་ལ་གནས་པའི་ཚེ་དགེ་བའི་རྩ་བ་དེ་དག་ཀྱང་བསྐལ་པ་དུ་མ་དང་། བསྐལ་པ་བརྒྱ་ཕྲག་དུ་མ་དང་། བསྐལ་པ་ སྟོང་ཕྲག་དུ་མ་དང་། བསྐལ་པ་བརྒྱ་སྟོང་ཕྲག་དུ་མ་དང་། བསྐལ་པ་བྱེ་བ་བརྒྱ་སྟོང་ཕྲག་དུ་མ་དང་། བསྐལ་པ་ཁྲག་ཁྲིག་ཕྲག་དུ་མ་དང་། བསྐལ་པ་ཁྲག་ཁྲིག་བརྒྱ་ཕྲག་དུ་མ་ དང་། བསྐལ་པ་ཁྲག་ཁྲིག་སྟོང་ཕྲག་དུ་མ་དང་། བསྐལ་པ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ 74-1-119a དུ་མར་སྔོན་བས་ཀྱང་ཆེས་བྱང་བ་དང་། ཆེས་འོད་གསལ་ཞིང་དང་བར་གནས་སོ། །ཀྱེ་རྒྱལ་བའི་སྲས་དག །འདི་ལྟ་སྟེ་དཔེར་ན། གསེར་གྱི་ས་ལེ་སྦྲམ་དེ་ཉིད་བཻ་ཌཱུརྱ་བཏབ་ན་སྔོན་ བས་ཀྱང་ཤིན་ཏུ་འཚེར་ལ་འོད་གསལ་ཞིང་དང་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་མངོན་སུམ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་ བ་དེ་དག་ཀྱང་ཤེས་རབ་ཀྱི་ཤིན་ཏུ་བརྟགས་པས། སྔོན་བས་ཀྱང་ཤིན་ཏུ་བྱང་ལ་འོད་གསལ་ཞིང་དང་བ་ཡིན་ཏེ། ཕྱི་ཕྱིར་ཞིང་ཡང་རབ་ཏུ་ཞི་བས་མི་འཕྲོགས་པར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག ། འདི་ལྟ་སྟེ་དཔེར་ན། ཟླ་བའི་འོད་ནི་སེམས་ཅན་གྱི་ལུས་ཀྱང་སིམ་པར་བྱེད་ལ། རླུང་གི་དཀྱིལ་འཁོར་ཆེན་པོ་བཞིས་ཀྱང་མི་ཕྲོགས་པ་ཡིན། ཀྱེ་རྒྱལ་བའི་སྲས་དག །དེ་བཞིན་དུ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ། བྱང་ཆུབ་སེམས་དཔའི་ས་མངོན་སུམ་འདི་ལ་གནས་པའི་དགེ་བའི་རྩ་བ་དེ་དག་སྔོན་བས་ཀྱང་སེམས་ཅན་དུ་མའི་བསམ་པའི་ཉོན་མོངས་པ་འབར་བ་ཡང་ཞི་ཞིང་སིམ་པར་ བྱེད་ལ། བདུད་ཀྱི་ལམ་གྱི་རྒྱུད་བཞིས་ཀྱང་མི་འཕྲོགས་པ་ཡིན། དེའི་ཕ་རོལ་ཏུ་ཕྱིན་པ་བཅུ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཤས་ཆེ་བ་ཡིན་ཏེ། ལྷག་མ་རྣམས་ཀྱང་ཅི་ཚུལ་ཅི་ནུས་སུ་ཡང་དག་པར་ མི་བསྒྲུབ་པ་མ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག་འདི་ནི་བྱང་ཆུབ་སེམས་དཔའི་ས་མངོན་སུམ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའི་ས་དྲུག་པའོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཕལ་ཆེར་ ལྷའི་རྒྱལ་པོ་རབ་འཕྲུལ་དགར་འགྱུར་ཏེ། སེམས་ཅན་ཐམས་ཅད་ཀྱི་ལྷག་པའི་ང་རྒྱལ་ཞི་བར་བྱ་བ་ལ་མཁས་ཤིང་མཐུ་ཡོད་པ་ཡིན། ཉན་པ་ཐམས་ཅད་ཀྱི་ཡོངས་སུ་དྲི་བས་མི་འཕྲོགས་པ་ཡིན། 74-1-119b དེ་སྦྱིན་པ་འམ། ངག་སྙན་པ་འམ། དོན་བསྒྲུབ་པ་འམ། དོན་འཐུན་པས་དགེ་བའི་རྩ་བ་གང་ཅི་རྩོམ་ཡང་རུང་སྟེ། དེ་ཐམས་ཅད་ཇི་ལྟར་ན་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར། གཙོ་བོར་ འགྱུར། ཐུ་བོར་འགྱུར། དམ་པར་འགྱུར། བླ་ན་མེད་པར་འགྱུར། འདྲེན་པར་འགྱུར། ཡོངས་སུ་འདྲེན་པར་འགྱུར་བ་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བརྟེན་པའི་བར་དུ་འགྱུར་སྙམ་སྟེ། སངས་རྒྱས་ཡིད་ལ་བྱ་བ་དང་། ཆོས་ཡིད་ལ་བྱ་བ་དང་། དགེ་འདུན་ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་ དཔའི་ས་ཡིད་ལ་བྱ་བ་དང་། ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱ་བ་དང་། སྟོབས་ཡིད་ལ་བྱ་བ་དང་། མི་འཇིགས་པ་ཡིད་ལ་བྱ་བ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡིད་ལ་བྱ་བ་ནས། རྣམ་པའི་ མཆོག་ཐམས་ཅད་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་ཡིད་ལ་བྱ་བ་དང་མི་འབྲལ་བ་ཡིན་ཏེ། དེ་འདོད་ན་སྐད་ཅིག་ཡུད་ཙམ་ཏུ་ཏིང་ངེ་འཛིན་ཁྲག་ཁྲིག་བརྒྱ་སྟོང་རབ་ཏུ་འཐོབ་ཅིང་དེ་དག་ ལ་མཉམ་པར་གཞོག་པ་དང་། སངས་རྒྱས་ཁྲག་ཁྲིག་བརྒྱ་སྟོང་མཐོང་བ་དང་། དེ་དག་གི་བྱིན་གྱིས་རླབས་ཀྱང་ཡང་དག་པར་ཤེས་པ་དང་། འཇིག་རྟེན་གྱི་ཁམས་ཁྲག་ཁྲིག་བརྒྱ་སྟོང་བསྐྱོད་པ་དང་། སངས་རྒྱས་ཀྱི་ཞིང་ཁྲག་ཁྲིག་བརྒྱ་སྟོང་དུ་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་ཁྲག་ཁྲིག་བརྒྱ་སྟོང་སྣང་བར་བྱ་བ་དང་། སེམས་ཅན་ཁྲག་ཁྲིག་བརྒྱ་སྟོང་ཡོངས་སུ་སྨིན་པར་བྱ་བ་དང་། བསྐལ་པ་ཁྲག་ ཁྲིག་བརྒྱ་སྟོང་དུ་གནས་པར་བྱ་བ་དང་། སྔོན་གྱི་མཐའ་དང་ཕྱི་མའི་མཐའི་བསྐལ་པ་ཁྲག་ཁྲིག་བརྒྱ་སྟོང་ལ་རབ་ཏུ་འཇུག་པ་དང་། ཆོས་ཀྱི་སྒོ་ཁྲག་ཁྲིག་བརྒྱ་སྟོང་རྣམ་པར་འབྱེད་པ་དང་། ལུས་བྱེ་བ་ 74-1-120a བརྒྱ་སྟོང་ཡོངས་སུ་བསྟན་པ་དང་། ལུས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་ཁྲག་ཁྲིག་བརྒྱ་སྟོང་ཡང་དག་པར་བསྟན་པར་བྱ་བའི་བརྩོན་འགྲུས་ཀྱི་རྣམ་པ་དེ་ལྟ་བུ་རྩོམ་མོ། །དེ་ ཡན་ཅད་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་མཐུ་ཅན་རྣམས་སྨོན་ལམ་གྱི་ཁྱད་པར་གྱིས་རྣམ་པར་འཕྲུལ་ཏེ་དེ་དག་གི་ལུས་སམ། འོད་དམ་རྫུ་འཕྲུལ་ལམ། མིག་གམ། སྤྱོད་ཡུལ་ལམ། དབྱངས་ སམ། སྤྱོད་པ་འམ། རྒྱན་ཏམ་བྱིན་གྱིས་རླབས་སམ། མོས་པ་འམ། མངོན་པར་འདུ་བྱེད་པ་དག་ཀྱང་བསྐལ་པ་དུ་མ་དང་། བསྐལ་པ་བརྒྱ་ཕྲག་དུ་མ་དང་། བསྐལ་པ་སྟོང་ཕྲག་དུ་མ་ དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མའི་བར་གྱིས་ཀྱང་བགྲང་བར་དཀའོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་སའི་དོན་འདི་ཉིད་ ཡང་བརྟག་པར་བྱ་བ་དང་བསྟན་པར་བྱ་བའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །མཁས་པས་ལམ་གྱི་སྤྱོད་པ་ལྔ་པོར་ཡོངས་རྫོགས་ནས། །ཆོས་རྣམས་མཚན་མེད་མཚན་ཉིད་མེད་དང་ མ་སྐྱེས་དང་། །མ་བྱུང་སྔ་ནས་ཡོངས་སུ་ཞི་ཞིང་སྤྲོས་མེད་པ། །ཡོངས་སུ་སྒོམ་པས་ཡེ་ཤེས་བློ་ཅན་དྲུག་པ་གནོན། །ཆོས་རྣམས་དབེན་ཞིང་ལེན་མེད་རྣམ་པར་རྟོག་མེད་དང་། །སྒྱུ་མའི་རང་ བཞིན་གཉིས་ཀྱི་དངོས་ལས་རྣམ་གྲོལ་བས། །ཆོས་ཀྱི་ཚུལ་ལ་འགལ་མེད་རྗེས་སུ་འཐུན་བྱེད་ཅིང་། །ཡེ་ཤེས་ལྡན་པའི་དམ་པ་དྲུག་པ་ཡོངས་སུ་ནོན། །འཐུན་པ་རྣལ་འབྱོར་གནས་ཤིང་ ཡེ་ཤེས་སྟོབས་ལྡན་པ། །འཇིག་རྟེན་ཀུན་གྱི་འབྱུང་དང་འཇིག་ལ་རབ་ཏུ་རྟོག །གཏི་མུག་མུན་པས་འགྲོ་བ་འབྱུང་བ་ཀུན་ཏུ་བསྐྱེད། །གཏི་མུག་དེ་ཉིད་བྲལ་བས་མེད་པ་ཡིན། །རྐྱེན་གྱི་ 74-1-120b རྣམ་པ་དོན་དམ་སྟོང་པར་འབྱེད། །བྱ་བ་མི་འགལ་རྒྱུ་རྐྱེན་བྱེ་བ་མཉམ་པར་ཤེས། །ཡང་དག་ཇི་བཞིན་བྱེད་པ་མེད་པར་ལས་ཤེས་ནས། །འདུས་བྱས་སྤྲིན་སྡུག་ལྟ་བུར་བྱེད་པ་མེད་པར་ཤེས། །བདེན་ པ་མི་ཤེས་དེ་ནི་ཡང་དག་མ་རིག་པ། །ལས་ནི་སེམས་ཀྱི་སྟོབས་ཀྱིས་མགོ་རྨོངས་བྱུང་བར་གྱུར། །སེམས་ལ་རྟེན་ཏེ་ལྷན་ཅིག་བྱུང་བ་མིང་དང་གཟུགས། །དེ་ལྟར་སྡུག་བསྔལ་ཕུང་པོའི་བར་དུ་འབྱུང་། ། ཁམས་གསུམ་སེམས་ཀྱི་རྒྱུ་ལས་བྱུང་བར་དེ་འཇུག་སྟེ། །སྲིད་པའི་ཡན་ལག་བཅུ་གཉིས་འདི་དག་སེམས་གཅིག་རྟེན། །འདོད་ཆགས་སྐྱེས་པ་དེ་ལས་སེམས་སུ་བརྗོད་པ་ཡིན། །དེ་བཞིན་སྲིད་ པའི་དངོས་པོ་སེམས་ཀྱི་རྣམ་པའོ། །མ་རིག་བྱ་བ་གཉིས་བྱེད་རྨོངས་པའི་དངོས་པོ་ལ། །རྨོངས་པར་བྱས་ཤིང་དེ་ནས་སེམས་པའི་རྒྱུ་ཡང་འབྱིན། །དེ་བཞིན་རྒ་བ་ཕུང་པོ་གཞིག་བྱ་འཇིག་ བྱེད་པར། །དེ་ལས་སྡུག་བསྔལ་མིང་ཐོགས་ཐམས་ཅད་མི་ཟད་འབྱུང་། །མ་རིག་རྐྱེན་གྱི་ཆད་པར་འགྱུར་བ་ཡོད་པ་ཡིན། །རྣམ་པར་ཆད་ཅིང་རྒྱུ་རྐྱེན་བྲལ་བས་དེ་ཡོང་འགག །གཏི་མུག་སྲེད་ པ་ཉེར་ལེན་ཉོན་མོངས་ལམ་ཡིན་ཏེ། །ལས་དང་སྲིད་པ་སེམས་པ་ལྷག་མ་སྡུག་བསྔལ་ཡིན། །གཏི་མུག་སྐྱེ་མཆེད་བར་དུ་འདུས་བྱས་སྡུག་བསྔལ་ཏེ། །རེག་དང་ཚོར་བ་དེ་དག་སྡུག་བསྔལ་ཡིན། ། ཡན་ལག་ལྷག་མ་འགྱུར་བའི་སྡུག་བསྔལ་རྣམས་འཕེལ་བ། །བདག་མེད་ཤེས་པས་སྡུག་བསྔལ་གསུམ་པོ་འཆད་པར་འགྱུར། །མུན་པ་སེམས་དཔའ་འདུས་བྱས་འདི་ནི་སྔོན་ལྟས་ཡིན། ། རྣམ་པར་ཤེས་ནས་ཚོར་བའི་རྒྱུད་ཏུ་ད་ལྟར་བྱུང་། །སྲེད་དང་སྲིད་པར་སྡུག་བསྔལ་འབྱུང་བ་ཕྱི་མའི་མཐའ། །འགགས་ཤིང་ཟད་པ་དེ་དག་ལྟ་བ་ཆད་པ་ཡིན། །གཏི་མུག་རྐྱེན་གྱི་དེ་དག་རྣམ་ 74-1-121a པར་འབྲེལ་བ་འབྱུང་། །ཟད་པས་བྱང་ཆུབ་རྐྱེན་རྣམས་རྣམ་པར་འབྲེལ་བ་ཡིན། །རྒྱུ་ལས་རྒྱུ་འབྱུང་མེད་ན་རྒྱུ་ཡི་རྒྱུན་ཆད་འགྱུར། །བདེ་ཕན་ཤེས་ལྡན་རང་བཞིན་སྟོང་པ་དེ་ལྟར་ རྟོག །རྒྱུད་དུ་འཐུན་པ་གཏི་མུག་མུན་ལས་བྱུང་བ་ཡིན། །མི་འཐུན་བཟློག་པ་གཏི་མུག་ཟད་པས་མི་འབྱུང་བའོ། །ཟབ་པའི་རྐྱེན་དང་དེ་དག་ཡོད་དང་མེད་པ་ལས། །གནས་པ་མེད་བློ་ རྣམ་པ་བཅུར་ནི་དེ་ལྟར་རྟོག །སྲིད་པའི་ཡན་ལག་མཚམས་དང་སེམས་གཅིག་ལས་འཐུན་དང་། །ཆེད་དུ་མི་བྱེད་རྒྱུད་གསུམ་རྗེས་འབྲང་སྔོན་མཐའ་དང་། །སྡུག་བསྔལ་གསུམ་དང་རྒྱུས་ བྱུང་སྐྱེ་དང་འཇིག་པ་དང་། །སྲིད་པའི་མཐར་ཕྱིན་ཟད་དང་རྐྱེན་གྱི་ལུགས་འཐུན་པར། །དེ་ལྟར་རྟེན་འབྲེལ་འབྱུང་ལ་ཡང་དག་འཇུག་བྱེད་པས། །སྒྱུ་འདྲ་ཡང་དག་མ་ཡིན་ཚོར་བར་བྱེད་མེད་ཅིང་། །རྨི་ ལམ་འདྲ་བ་དེ་བཞིན་མིག་ཡོར་འདྲ་བ་སྟེ། །བྱིས་པ་བསླུ་བའི་སྨིག་སྒྱུ་རང་བཞིན་མཚུངས་མཉམ་པ། །དེ་ལྟར་བསྒོམ་པ་མཁས་པའི་སྟོང་པ་ཉིད་ཀྱི་སྒོ། །རྐྱེན་རྣམས་མེད་པ་དེ་ནི་མཚན་མ་མེད་པ་སྟེ། ། ལོག་པར་ཤེས་པས་ནམ་ཡང་སྨོན་པ་མེད་པ་ཡིན། ལོག་པར་ཤེས་པས་ཉམ་ང་སྨོན་པ་མེད་པ་ཡིན། །གཞན་དུ་སེམས་ཅན་སྙིང་བརྩེའི་དོན་ཏུ་སྐྱེ་བ་འཛིན། །དེ་འདྲའི་རྣམ་ཐར་སྒོ་ལ་སྒོམ་བྱེད་ མཐུ་ཆེ་བ། །སྙིང་བརྩེའི་བློ་ལྡན་སངས་རྒྱས་ཡོན་ཏན་མངོན་འདོད་ཅིང་། །འདུས་བྱས་འདུས་མ་བྱས་པ་ཡོངས་སུ་རྟོག་བྱེད་པས། །བསམ་པ་ངེས་ཤིང་གཅིག་མུན་ལེགས་དང་ལྡན་པ་ཡིན། །སྟོང་ཉིད་ ཏིང་འཛིན་སྟོང་ཕྲག་བཅུ་རྣམས་ཡོངས་སུ་རྒྱས། །དེ་བཞིན་བརྟན་པ་མཚན་མ་མེད་དང་སྨོན་མེད་ལྡན། །ཤེས་རབ་ཤེས་ཆེ་འཐུན་པའི་བཟོད་པ་མཆོག་ཅན་ཏེ། །མཁས་པའི་རྣམ་ཐར་ཡེ་ཤེས་ 74-1-121b ཆགས་པ་མེད་དང་ལྡན། །དེ་འདྲའི་བསམ་པས་དྲང་སྲོང་ཆེ་མང་མཆོད་བྱེད་པས། །རྒྱལ་བའི་བསྟན་པ་འདི་ལ་ཤིན་ཏུ་བརྟགས་པ་ཡིན། །དེ་ནི་སངས་རྒྱས་མཚན་ཐོབ་ཁོང་དུ་ཆུད་པས་ན། །བཻ་ཌཱུཪྻ་ བཏབ་གསེར་མཆོག་བཞིན་དུ་སྔོན་བས་གསལ། །ཟླ་བའི་འོད་ནི་འགྲོ་བའི་ལུས་ལ་སིམས་པར་བྱེད། །རླུང་བཞི་ལངས་པས་ཡོངས་སུ་འཕྲོགས་པར་མི་ནུས་སོ། །ཀྱེ་རྒྱལ་བའི་སྲས་འོད་ཀྱང་བདུད་ ཀྱི་ལམ་ལས་ཤིན་ཏུ་འདས། །ཉོན་མོངས་ཡོངས་སུ་གདུང་དང་སྡུག་བསྔལ་ནད་ཀྱང་སེལ། །ས་འདི་ཕྱོགས་སུ་ཕྱིན་པ་ལྷ་ཡི་བདག་པོར་འགྱུར། །འཕྲུལ་དགའི་དམ་པ་ལྷག་པའི་ང་རྒྱལ་སེལ་ལ་མཁས། ། ཡེ་ཤེས་ལམ་དང་ལྡན་པའི་དེ་ནི་ཅི་རྩོམ་ཡང་། །ཉན་ཐོས་ལམ་ལས་འདས་ཏེ་བརྟན་ཞིང་མི་འཕྲོགས་པའོ། །བདེ་གཤེགས་སྲས་པོ་བརྩོན་འགྲུས་ལྡན་པ་འདོད་གྱུར་ན། །ཏིང་འཛིན་བྱེ་བ་བརྒྱ་སྟོང་ཚང་ པ་ཐོབ་པར་བྱེད། །སྐད་གཅིག་ཅིག་ཏུ་ཕྱོགས་བཅུར་སངས་རྒྱས་མང་པོ་ལྟ། །དཔྱིད་ཀྱི་ཉི་མ་གསལ་ཞིང་ལྷན་པར་བྱེད་པ་བཞིན། །ཟབ་ཅིང་བལྟ་དཀའ་ཕྲ་བ་སྟེ། །ཉན་ཐོས་ང་རྒྱལ་ཤེས་མི་ནུས། ། བདག་ཉིད་ཆེ་ལ་ས་དྲུག་པ། །རྒྱལ་བའི་སྲས་ཀྱིས་བཤད་པ་ཡིན། །མངོན་སུམ་པ་ཞེས་བྱ་བ་སྟེ། །བྱང་ཆུབ་སེམས་དཔའི་ས་དྲུག་པའོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་ རྒྱས་པ་ཆེན་པོའི་མདོའ། བམ་པོ་བཅུ་བདུན་པ། དེ་ནས་སྣ་ཚོགས་ཡིད་འོང་སྤྲིན། །ལྷ་ཚོགས་མང་པོ་མཁའ་ལ་གནས་ཤིང་མངོན་པར་འཐོར། །ཚིག་སྙན་རྣམ་པར་བརྗོད་པ་བྱེད། ། དགའ་བའི་དམ་པ་མཆོག་གིས་ཡོངས་སུ་རྒྱས། །དགེའོ་དོན་དམ་སེམས་མཛད་ཅིང་། །ཡོན་ཏན་བརྒྱ་དང་ཡང་དག་ལྡན་ཞིང་དབང་བསྒྱུར་བ། །མི་ཡི་པུན་ད་རི་ཀ་ཡིན། །འགྲོ་ལ་ཕན་པའི་སྤྱོད་ 74-1-122a རབ་ཡང་དག་བཤད། །ཡིད་འོང་འོད་མཆོག་ལྡན་ཁྱོད་དང་། །མི་ཡི་གཙོ་བོ་མྱ་ངན་ཡོངས་སུ་སེལ་མཛད་ལ། །དབང་ཕྱུག་ཆེན་པོ་མཁས་གནས་ཤིང་། །སྤོས་སྤྲིན་ཡིད་འོང་དམ་ པ་མངོན་པར་འཐོར། །ཚིག་སྙན་རབ་ཏུ་བརྗོད་པ་བྱེད། །ལྷ་ཚོགས་མང་པོ་མཐའ་ལས་དགར་འགྱུར་དབྱངས་སྒྲོག་ཅིང་། །གང་གིས་ས་བསྟན་འདི་ཐོས་པ། །དེ་དག་འཐོབ་པ་བཟང་པོ་ཐོབ་ཅེས་ཟེར། ། རོལ་མོ་བརྡུང་དཀྲོལ་དབྱངས་སྙན་པ། །བརྒྱ་མང་ལྷ་ཡི་བུ་མོས་དགའ་བར་བྱས། །བདེ་བར་གཤེགས་དང་ཁྱོད་མཐུ་ཡིས། །ཚིག་རབ་འདི་འདྲ་རབ་ཏུ་བརྗོད་པར་གྱུར། །ཞི་དང་དེས་སྤྱོད་དམ་པ་ཅན། ། མ་དུལ་འདུལ་མཛད་འཇིག་རྟེན་ཀུན་གྱི་མཆོད་བྱས་པ། །འཇིག་རྟེན་ཀུན་ལས་འདས་པ་ཡི། །འཇིག་རྟེན་སྤྱོད་པ་ཤིན་ཏུ་ཕྲ་བ་བསྟན། །སྣ་ཚོགས་ལུས་ཀྱང་རབ་ཏུ་བསྟན། །ལུས་དང་ལུས་ ལ་ཆོས་ཉིད་ཕུན་སུམ་ཚོགས་ཤིང་ལྡན། །རྣམ་སྤྱོད་ཞི་གནས་མཐུས་པ་ཅི་ལ་བས། །དབྱངས་སུ་སྒྲོག་ཀྱང་ཡི་གེ་བརྗོད་མི་བྱེད། །ཞིང་རྣམས་རྒྱར་ཡང་འདོད་བྱེད་ཅིང་། །མགོན་པོ་མཆོད་པར་ འོས་ལ་མཆོད་རབ་བྱེད། །ཞིང་རྒྱལ་བདག་ཏུ་འདུ་ཤེས་པ། །ཡེ་ཤེས་དབང་བསྒྱུར་མཆོག་གིས་རབ་ཏུ་བསྩལ། །སེམས་ཅན་ཡོངས་སུ་སྨིན་བྱེད་ཀྱང་། །བདག་དང་གཞན་གྱིས་འདུ་ཤེས་རྣམས་ པ་ཀུན་ཏུ་མེད། །དགེ་བ་ཡངས་པ་ཡང་དག་སྩོགས། །འོན་ཀྱང་དགེ་བ་སྩོགས་ལ་གནས་པ་མེད། །འདོད་ཆགས་ཞེ་སྡང་གཏི་མུག་གིས། །འཇིག་རྟེན་ཐམས་ཅད་རབ་ཏུ་འབར་བར་མཐོང་གྱུར་ཅིང་། ། འདུ་ཤེས་ཐམས་ཅད་རྣམ་སྤངས་ནས། །སྙིང་བརྩེ་ལྡན་པར་བརྩོན་འགྲུས་རབ་ཏུ་རྩོམ། །ལྷ་མང་ལྷ་ཡི་བུ་མོ་ཡིས། །གསུང་བའི་མཆོག་ལ་མཆོད་བྱེད་ན། །ཀུན་ཀྱང་མི་སྨྲ་དགར་གྱུར་ཏེ། །དྲང་ 74-1-122b སྲོང་ཆེ་ལ་ལྟ་ཞིང་གནས། །ཐར་པའི་ཟླ་བས་ཡང་སྨྲས་པ། །འཁོར་རྣམས་ཤིན་ཏུ་རྣམ་པར་དང་། །ས་བདུན་པ་ཡི་རྣམ་པ་དག །རྒྱལ་བའི་སྲས་ཀྱིས་བཤད་པ་མཛོད། །བྱང་ཆུབ་སེམས་ དཔའ་རྡོ་རྗེའི་སྙིང་པོས་སྨྲས་པ། ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའི་ས་དྲུག་པ་ལ་དེ་ལྟར་སའི་ལམ་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་ས་བདུན་པ་ ཡོངས་སུ་གནོན་ཏོ། །དེ་ཐབས་དང་ཤེས་རབ་ཀྱིས་མངོན་པར་བསྒྲུབས་པའི་ལམ་བརྩམས་པའི་ཁྱད་པར་བཅུས་ཡོངས་སུ་གནོན་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་ པ་མེད་པའི་ཏིང་ངེ་འཛིན་ཤིན་ཏུ་བསྒོམས་པའི་ཡིད་དང་ཡང་ལྡན་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཡང་ཡང་དག་པར་སྩོགས་པ་ཡིན། བདག་མེད་པ་དང་། གསོ་བ་མེད་པ་དང་། གང་ ཟག་མེད་པའི་ཆོས་ལ་འོད་རབ་ཏུ་འཇུག་ལ་ཚད་མེད་པ་བཞི་མངོན་པར་བསྒྲུབ་པ་ཡང་ཡོངས་སུ་མི་གཏོང་བ་ཡིན། བསོད་ནམས་ཀྱི་ཚོགས་ཀྱིས་ཤིན་ཏུ་མཐོ་བའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་ པའང་མངོན་པར་བསྒྲུབ་ལ། ཆོས་གང་ལའང་མངོན་པར་ཆགས་པ་མེད་པ་ཡིན། ཁམས་གསུམ་པ་ལས་དབེན་པར་གྱུར་པའང་ཐོབ་ལ་ཁམས་གསུམ་པ་བསྡུ་བ་དང་། རྒྱན་མངོན་པར་བསྒྲུབ་པ་ ཡིན། ཉོན་མོངས་པ་འབར་བ་ཐམས་ཅད་ཤིན་ཏུ་ཞི་ཞིང་རབ་ཏུ་ཞི་སྟེ། ཉེ་བར་ཞི་བའང་ཡིན་ལ་སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་། ཉོན་མོངས་པའི་མེ་ལྕེ་ རབ་ཏུ་ཞི་བར་མངོན་པར་བསྒྲུབ་པ་ཡིན། སྒྱུ་མ་དང་རྨི་ལམ་དང་མིག་ཡོར་དང་། སྒྲ་སྙན་དང་། ཆུའི་ཟླ་བ་དང་། གཟུགས་བརྙན་དང་། སྤྲུལ་པའི་རང་བཞིན་ལྟ་བུར་ཡོད་པ་དང་། མེད་པ་དང་། 74-1-123a གཉིས་ཀ་དང་གཉིས་ཀ་མ་ཡིན་པ་ཐམས་ཅད་ཀྱང་ཁོང་དུ་ཆུད་ལ། ལས་དང་བྱ་བ་རྣམ་པར་ཕྱེ་བ་ཚད་མེད་པའི་བསམ་པ་ཡང་མངོན་པར་བསྒྲུབ་པ་ཡིན། ཞིང་གི་ཐ་གྲུ་ནམ་མཁའ་དང་ མཉམ་པར་ཤིན་ཏུ་བསྒོམས་པའི་ཡིད་དང་ཡང་ལྡན་ལ། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་ཞིང་བསྒྲུབ་པ་དང་རྒྱན་ཀྱང་མངོན་པར་བསྒྲུབ་པ་ཡིན། སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ དང་ཆོས་དང་སྐུ་དང་ནམ་མཁའ་ལྟ་བུར་ཡང་རབ་ཏུ་འཇུག་ལ། གཟུགས་དང་མཚན་དང་དཔེ་བྱད་བཟང་པོ་བསྡུ་ཞིང་རྒྱན་མངོན་པར་བསྒྲུབ་པ་ཡིན། དེ་བཞིན་གཤེགས་པའི་གསུང་ རང་བཞིན་གྱིས་ཞི་ཞིང་བརྗོད་དུ་མེད་པའི་སྒྲ་དབྱངས་དང་ལྡན་པར་ཡང་ཡིད་ཆེས་ལ་སེམས་ཅན་ཐམས་ཅད་ཀྱི་དབྱངས་ཀྱི་ཡན་ལག་རྣམ་པར་ཕྱེ་བའི་རྒྱན་མངོན་པར་བསྒྲུབ་པ་ཡང་མངོན་པར་ བསྒྲུབ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སྐད་ཅིག་གཅིག་ཏུ་དུས་གསུམ་ཐུགས་སུ་ཆུད་པར་ཡང་ཁོངསུ་ཆུད་ལ་དུས་དང་བསྐལ་པའི་གྲངས་མཚན་ཉིད་ཐ་དད་པ་ལ་སེམས་ཅན་གྱི་བསམ་པ་ རྣམ་པར་བསྒོམ་པའི་ཕྱིར་རྗེས་སུ་འཇུག་པ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་དག །ཐབས་དང་ཤེས་རབ་ཀྱི་མངོན་པར་བསྒྲུབ་པའི་ལམ་བརྩོན་པའི་ཁྱད་པར་འདི་བཅུས་བྱང་ཆུབ་སེམས་ དཔའ་ས་དྲུག་པ་ལ་རྣམ་པར་དབྱེ་བ་ཤིན་ཏུ་བྱས་པ་ས་བདུན་ཡོངས་སུ་གནོན་ཏོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལམ་གྱི་ཚོགས་ཐམས་ ཅད་ཤེས་རབ་ཀྱི་མངོན་པར་བསྒྲུབ་པའི་ཁྱད་པར་སྣང་བར་གྱུར་པ་འདི་དག་མངོན་པར་བསྒྲུབས་པས་བྱང་ཆུབ་སེམས་དཔའི་ས་བདུན་ཡོངས་སུ་གནོན་ཅེས་བྱ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའི་ས་བདུན་ 74-1-123b ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི་སེམས་ཅན་གྱི་ཁམས་ཚད་མེད་པ་ལ་འཇུག་གོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སེམས་ཡོངས་སུ་སྨིན་པར་མཛད་པ་དང་། འདུལ་ བའི་ཕྲིན་ལས་ཚད་མེད་པ་ལ་འཇུག་གོ། །འཇིག་རྟེན་གྱི་ཁམས་མང་པོ་ཚད་མེད་པ་ལ་འཇུག་གོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སེམས་ཅན་གྱི་ཞིང་རྣམ་པར་དག་པ་ཚད་མེད་པ་ལ་འཇུག་གོ། ། ཆོས་ཐ་དད་པ་ཚད་མེད་པ་ལ་འཇུག་གོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་མངོན་པར་འཚང་བརྒྱ་བ་ཚད་མེད་པ་ལ་འཇུག་གོ། །བསྐལ་པ་གྲངས་མེད་པ་ལ་འཇུག་གོ། །སངས་རྒྱས་ བཅོམ་ལྡན་འདས་རྣམས་ཀྱི་དུས་གསུམ་ཐུགས་སུ་ཆུད་པ་ཚད་མེད་པ་ལ་འཇུག་གོ། །སེམས་ཅན་གྱི་མོས་པའི་ཁྱད་པར་ཚད་མེད་པ་ལ་འཇུག་གོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཚན་དང་། གཟུགས་དང་སྐུ་སྣ་ཚོགས་སྟོན་པ་ཚད་མེད་པ་ལ་འཇུག་གོ། །སེམས་ཅན་རྣམས་ཀྱི་བསམ་པ་དང་དབང་པོ་ཐ་དད་པ་ཚད་མེད་པ་ལ་འཇུག་གོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གསུང་བརྗོད་པས། སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་ལ་འཇུག་གོ། །སེམས་ཅན་རྣམས་ཀྱི་སེམས་དང་སྤྱོད་པ་ཚད་མེད་པ་ལ་འཇུག་གོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡེ་ཤེས་འབྱམ་ཀླས་པ་ ཐུགས་སུ་ཆུད་པ་ཚད་མྱེད་པ་ལ་འཇུག་གོ། །ཉན་ཐོས་ཀྱི་ཐེག་པས་བྱུང་བ་ལ་མོས་པ་ཚད་མེད་པ་ལ་འཇུག་གོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ལམ་ཤིན་ཏུ་བསྟན་པའི་ཡེ་ཤེས་ལ་འཇུག་པ་ཚད་ མེད་པ་ལ་འཇུག་ཅིང་མོས་པར་བྱེད་དོ། །རང་སངས་རྒྱས་ཀྱི་ཡེ་ཤེས་ཡང་དག་པར་བསྒྲུབ་པ་ཤིན་ཏུ་རྫོགས་པར་བྱ་བ་ཚད་མེད་པ་ལ་འཇུག་གོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ཟབ་ 74-1-124a མོའི་སྒོར་འཇུག་པ་བསྟན་པ་ཚད་མེད་པ་ལ་འཇུག་གོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པའི་སྤྱོད་པ་ཚད་མེད་པ་ལ་འཇུག་གོ། །སངས་རྒྱས་བཅོམ་ལྡན་ འདས་རྣམས་ཀྱི་ཐེག་པ་ཆེན་པོ་ཡང་དག་པར་བསྒྲུབ་པ་ལ་འཇུག་པ་ཤིན་ཏུ་བསྟན་པ་ཚད་མེད་པ་ལ་འཇུག་གོ། །དེ་འདི་སྙམ་དུ་སེམས་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་རྣམས་ཀྱི་སྤྱོད་ཡུལ་ནི་དེ་ལྟར་ཚད་མེད་པ་སྟེ། དེ་ནི་བསྐལ་པ་བརྒྱ་ཕྲག་ཁྲག་ཁྲིག་དང་། བསྐལ་པ་སྟོང་ཕྲག་ཁྲག་ཁྲིག་དང་། བསྐལ་པ་བརྒྱ་སྟོང་ཕྲག་ཁྲག་ཁྲིག་ནས་དེ་སྙེད་ཀྱི་ བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་ཀྱང་གྲངས་པར་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱོད་ཡུལ་དེ་བདག་གིས་ལྷུན་གྱིས་གྲུབ་པར་བྱའོ། །རྟོག་པ་མེད་པ་དང་རྣམ་པར་རྟོག་པ་ མེད་པར་ཡོངས་སུ་རྫོགས་པར་བྱའོ་ཞེས་དེ་དེ་ལྟར་ཤིན་ཏུ་བརྟགས་པའི་ཡེ་ཤེས་དང་མངོན་པར་ཤེས་པ་དང་ལྡན་ཞིང་རྟག་ཏུ་རྒྱུན་མི་འཆད་པར་མངོན་པར་བརྩོན་པ་ནི། ཐབས་དང་ཤེས་རབ་ཀྱིས་ཡོངས་ སུ་བསྒོམས་པའི་ལམ་གྱི་ཚོགས་རྒྱ་ཆེན་པོའི་ཡེ་ཤེས་ལ་མི་གཡོ་བའི་ཚུལ་གྱིས་ཡོངས་སུ་གནས་པ་ཡིན། དེ་སྐད་ཅིག་གཅིག་ཏུ་ཡང་ལམ་མངོན་པར་བསྒྲུབ་པ་ལས་ལྡང་བར་མི་བྱེད་དེ། དེ་འགྲོ་ ཡང་དེ་ལྟ་བུའི་ཡེ་ཤེས་མངོན་པར་བསྒྲུབ་པ་ཡིན། འགྲེང་བ་དང་འདུག་པ་དང་ཉལ་བ་དང་རྨི་ལམ་དག་ཏུ་སྒྲིབ་པ་མེད་ཅིང་སྤྱོད་ལམ་ཐམས་ཅད་ལ་གནས་ཀྱང་རྣམ་པ་འདི་ལྟ་བུའི་འདུ་ཤེས་ཡིད་ ལ་བྱ་བ་དང་མི་འབྲལ་བ་ཡིན། དེའི་སེམས་བསྐྱེད་པ་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་བཅུ་དང་བྱང་ཆུབ་སེམས་དཔའི་ས་བཅུ་ལ་ཡང་དག་པར་བསྒྲུབ་པ་ཡང་དག་པར་འབྱུང་ 74-1-124b ངོ་། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སྙིང་རྗེ་ཆེན་པོ་སྔོན་དུ་བཏང་བའི་སེམས་བསྐྱེད་པ་བྱུང་བ་རེ་རེ་ཞིང་ཡང་སངས་རྒྱས་ཀྱི་ཆོས་ཡང་དག་པར་བསྒྲུབ་ པ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་དོན་དུ་ཡོངས་སུ་བསྔོ་བས་དེ་ལ་གང་སངས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་ཚོལ་ཞིང་སེམས་ཅན་རྣམས་ལ་དགེ་བའི་རྩ་བ་ཡོངས་སུ་གཏོང་བ་འདི་ནི་དེའི་ སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །གང་ཉོན་མོངས་པའི་ཡོངས་སུ་གདུང་བ་ཐམས་ཅད་རབ་ཏུ་ཞི་བ་འདི་ནི་དེའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་སྙིང་རྗེ་དང་བྱམས་པ་སྔོན་དུ་འགྲོ་བས་སེམས་ ཅན་ཐམས་ཅད་ལ་འཚིག་པ་མེད་པ་འདི་ནི་དེའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །གང་གོང་ནས་གོང་དུ་དགེ་བའི་ཆོས་ཚོལ་བས་མ་ངོམས་པར་དམ་བཅའ་བ་འདི་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། གང་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་བྱ་བའི་ཕྱིར་འགྱོད་པ་མེད་པའི་ལམ་དང་ལྡན་པ་འདི་ནི་དེའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །གང་རང་བཞིན་གྱིས་མ་སྐྱེས་པ་མངོན་དུ་གྱུར་པ་འདི་ནི་དེའི་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་ཡེ་ཤེས་ཚད་མེད་པ་མངོན་པར་བསྒྲུབ་པ་འདི་ནི་དེའི་ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པའོ། །གང་གོང་ནས་གོང་དུ་ཡེ་ཤེས་ལ་དམིགས་ཤིང་མངོན་པར་ བསྒྲུབ་པ་འདི་ནི་དེའི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའོ། །གང་ཕས་ཀྱི་རྒོལ་བ་ཐམས་ཅད་དང་བདུད་ཀྱི་ཚོགས་ཐམས་ཅད་ཀྱིས་ལམ་ཡོངསུ་མི་མཆོད་པ་འདི་ནི་དེའི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་ ཆོས་ཐམས་ཅད་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་པ་འདི་ནི་དེའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཀྱེ་རྒྱལ་བའི་སྲས་དག དེ་ལྟར་ན་བྱང་ཆུབ་སེམས་དཔའི་ས་རིང་དུ་སོང་བ་འདི་ལ་གནས་ 74-1-125a པའི་བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་དེ་དག་དེ་ལྟར་ཡོངས་སུ་རྫོགས་པར་འགྱུར་ཏེ་བསྡུ་བའི་དངོས་པོ་བཞི་ཡང་ཡོངས་སུ་རྫོགས་པར་འགྱུར་རོ། །བྱིན་གྱིས་རླབས་ བཅུ་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། མདོར་བསྡུ་ན་བྱང་ཆུབ་ཀྱི་ཡན་ལག་གི་ཆོས་ཐམས་ཅད་སྐད་ཅིག་སྐད་གཅིག་ཏུ་ཡོངས་སུ་རྫོགས་པར་ འགྱུར་རོ། །དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་རྣམ་པར་གྲོལ་བའི་ཟླ་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་ཅི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ། བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པ་འབའ་ཤིག་གི་བྱང་ཆུབ་ཀྱི་ཡན་ལག་ཐམས་ཅད་སྐད་ཅིག་སྐད་ཅིག་ཏུ་ཡོངས་སུ་རྫོགས་པར་འགྱུར་རམ། འོན་ཏེ་མ་ཡིན་གྱིས་ས་བཅུ་པོ་ཐམས་ཅད་ལའང་དེ་བཞིན་དུ་ཡོངས་སུ་རྫོགས་པར་འགྱུར། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་སྨྲས་པ། ཀྱེ་རྒྱལ་བའི་སྲས་ས་བཅུ་པོ་ཀུན་ལའང་བྱང་ཆུབ་ སེམས་དཔའི་བྱང་ཆུབ་ཀྱི་ཡན་ལག་ཐམས་ཅད་སྐད་ཅིག་སྐད་ཅིག་དུ་ཡོངས་སུ་རྫོགས་པར་ལྟ་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ས་བདུན་པོ་འདི་ལ་ནི་དེ་དག་བས་ལྷག་པར་ཡོངས་སུ་རྫོགས་པར་ འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་ས་འདི་ནི་ནན་ཏན་དུ་བྱ་བའི་སྤྱོད་པ་ཡོངས་སུ་རྫོགས་པར་བྱེད་པ་ཡེ་ཤེས་དང་མངོན་པར་ཤེས་པའི་སྤྱོད་པ་ཡོངས་སུ་གནོན་ པ་སྟེ། དེ་ལྟར་ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་ནི་སྨོན་ལམ་ཐམས་ཅད་ལ་ལྷག་པར་དམིགས་པས་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པར་ 74-1-125b འགྱུར་རོ། །གཉིས་པ་ལ་སེམས་ཀྱི་དྲི་མ་ཐམས་ཅད་བསྩལ་བས་གསུམ་པ་ལ་སྨོན་ལམ་རྣམ་པར་འཕེལ་བ་དང་། ཆོས་ཀྱི་སྣང་བ་ཐོབ་པས། བཞི་པ་ལ་ལམ་ལ་འཇུག་པས། ལྔ་པ་ ལ་འཇིག་རྟེན་གྱི་སྤྱོད་པའི་རྗེས་སུ་འབྲང་བས། དྲུག་པ་ལ་ཆོས་ཟབ་མོའི་སྒོར་འཇུག་པས་བྱང་ཆུབ་ཀྱི་ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ ལ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་གྲུབ་པས་བྱང་ཆུབ་ཀྱི་ཡན་ལག་ཐམས་ཅད་སྐད་ཅིག་སྐད་གཅིག་ཏུ་ཡོངས་སུ་གྲུབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའི་ས་དང་པོ་ ནས་བཟུང་སྟེ། བྱང་ཆུབ་སེམས་དཔའི་ས་བདུན་པའི་བར་དུ་བྱང་ཆུབ་སེམས་དཔས་མངོན་པར་བསྒྲུབ་པའི་ཡེ་ཤེས་མངོན་པར་བསྒྲུབ་པའི་སྦྱོར་བའི་ཡན་ལག་དེ་དག་བྱང་ཆུབ་སེམས་དཔའི་ས་བརྒྱད་ པར་ཡན་ལག་ལྷུན་གྱི་གྲུབ་པར་ཡོངས་སུ་འགྲུབ་བོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན། ཀུན་ནས་ཉོན་མོངས་ཤིང་རྣམ་པར་དག་པའི་འཇིག་རྟེན་གྱི་ཁམས་དང་ཤིན་ཏུ་དག་པའི་འཇིག་རྟེན་གྱི་ ཁམས་དག་གིས་འཇིག་རྟེན་གྱི་ཁམས་ཀྱི་བར་ནི་སྨོན་ལམ་དང་ཐབས་དང་ཤེས་རབ་དང་མངོན་པར་ཤེས་པའི་སྟོབས་དང་ཤུགས་ཆེན་པོ་མ་གཏོགས་པར་མདོ་འདོད་བརྒལ་བར་མི་ནུས་སོ། །ཀྱེ་རྒྱལ་བའི་སྲས་ དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་འདྲེས་པ་དང་ཡོངས་སུ་དག་པའི་བར་ཡང་སྨོན་པ་དང་། ཐབས་དང་ཤེས་རབ་དང་། མངོན་པར་ཤེས་པ་དང་། ཡེ་ཤེས་ཀྱི་སྟོབས་དང་ཤུགས་ཆེན་པོ་མ་གཏོགས་ མོད་འདོད་རྒྱལ་བར་མི་ནུས་སོ། །བྱང་ཆུབ་སེམས་དཔའ་རྣམ་པར་གྲོལ་བའི་ཟླ་བས་སྨྲས་པ། ཀྱེ་རྒྱལ་བའི་སྲས་འོ་ན་ཅི་བྱང་ཆུབ་སེམས་དཔའ་ས་བདུན་རྣམས་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཉོན་ 74-1-126a མོངས་པར་ཡིད་ཆེས་པར་བྱ་བ་ཡིན་ནམ། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་སྨྲས་པ། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་ས་དང་པོ་རབ་ཏུ་དགའ་བ་ཉིད་བཟུང་བ་ཡན་ ཅད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་དབང་གིས་ཉོན་མོངས་པའི་རྙོག་པ་དང་བྲལ་བར་བྱར་འོས་པའི་ཚུལ་གྱི་ལམ་མཉམ་པ་ཉིད་ཀྱིས་ཡིད་ཆེས་པས་བྱ་སྟེ། དེ་ ཙམ་གྱིས་ས་བདུན་པོ་རྣམས་ཉོན་མོངས་པའི་སྤྱོད་པ་ལས་ཡང་དག་པར་འདས་ཤེས་ནི་མི་བྱའོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན། འཁོར་ལོ་བསྒྱུར་བའི་རྒྱལ་པོ་ནི་ལྷ་རྫས་ཀྱི་གླང་ པོ་རིན་པོ་ཆེ་ལ་ཞོན་ཞིང་གླིང་བཞི་དག་ཏུའང་འགྲོ། མིའི་སྡུག་བསྔལ་དང་ཕོངས་པ་དང་ཀུན་ནས་ཉོན་མོངས་པའི་ཉེས་པ་རྣམས་ཀྱང་རབ་ཏུ་ཤེས་ཏེ་འོན་ཀྱང་ཉེས་པ་དེ་དག་གིས་གོས་པར་མི་འགྱུར་རོ། ། དེ་ཙམ་གྱིས་མིའི་ལུས་ལས་ཡོངས་སུ་འདས་པའང་མ་ཡིན་ཏེ། ནམ་མིའི་ལུས་སྤངས་སྟེ་ཚངས་པའི་འཇིག་རྟེན་དུ་སྐྱེས་པར་གྱུར་པ་དེའི་ཚེ་ནི་ཚངས་པའི་གཞལ་མེད་ཁང་ན་གནས་ཤིང་སྟོང་གིས་ འཇིག་རྟེན་གྱི་ཁམས་ཀྱང་མཐོང་། དེ་དག་དུ་འང་འགྲོ་ཚངས་པའི་གཟུགས་བརྙན་ཡང་ཀུན་ཏུ་སྟོན་ཏེ་མི་ཞེས་ཀྱང་མི་བརྗོད་དོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་དང་པོ་བཟུང་ བ་ཡན་ཅད་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་ཞོན་ཞིང་འགྲོ་བ་ཐམས་ཅད་དུ་རྒྱུ་བའི་ཚེ་ཀུན་ནས་ཉོན་མོངས་པའི་ཉེས་པ་རྣམས་ཀྱང་རབ་ཏུ་ཤེས་ཏེ་ཡང་དག་པའི་ལམ་དུ་ཞུགས་ པས་ཀུན་ནས་ཉོན་མོངས་པ་དེ་དག་གིས་གོས་པར་ཡང་མི་འགྱུར་རོ། །འོན་ཀྱང་དེ་ཙམ་གྱི་ས་བདུན་པོ་རྣམས་ལ་ཉོན་མོངས་པའི་ཉེས་པ་རྣམས་ལས་ཡང་དག་པར་འདས་ཤེས་ནི་མི་བྱ་སྟེ། ནམ་སྦྱོར་ 74-1-126b བ་ཅན་གྱི་སྤྱོད་པ་ཐམས་ཅད་སྤངས་ཏེ་ས་བདུན་པོ་ནས་ས་བརྒྱད་པ་ཡོངས་སུ་ནོན་པར་གྱུར་ཏེ། བྱང་ཆུབ་སེམས་དཔའི་ཐེག་པ་ཡོངས་སུ་དག་པ་ལ་ཞོན་ཞིང་འགྲོ་བ་ཐམས་ཅད་དུ་རྒྱུ་བའི་ཚེ་ཀུན་ནས་ཉོན་ མོངས་པའི་ཉེས་པ་ཐམས་ཅད་ཀྱང་རབ་ཏུ་ཤེས་ཏེ། འཇིག་རྟེན་གྱི་བྱ་བ་ཀུན་ལས་འདས་པས་ཉེས་པ་དེ་དག་གིས་ཀུན་ནས་ཉོན་མོངས་པར་གྱུར་ཅེས་མི་བྱའོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་ དཔའི་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་འདོད་ཆགས་ལས་སྩོགས་པའི་ཉོན་མོངས་པ་མང་པོ་ཐམས་ཅད་ལས་ཀྱང་ཤིན་ཏུ་ཤས་ཆེ་བར་འདའ་སྟེ། བྱང་ཆུབ་སེམས་ དཔའི་ས་བདུན་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཉོན་མོངས་པ་ཅན་ཞེས་མི་བྱ། ཉོན་མོངས་པ་མེད་པ་ཞེས་ཀྱང་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་ཐམས་ཅད་རྒྱུ་བ་མེད་པས་ ཉོན་མོངས་པ་ཅན་ཞེས་མི་བྱའོ། །དེ་བཞིན་གཤེགས་པའི་ཡེ་ཤེས་མངོན་པར་འདོད་ཅིང་བསམ་པ་ཡོངས་སུ་མ་རྫོགས་པས་ཉོན་མོངས་པ་མེད་པ་ཞེས་ཀྱང་མི་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའི་ས་བདུན་པ་ལ་ གནས་པའི་བྱང་ཆུབ་སེམས་དཔའ་ནི་ལྷག་པའི་བསམ་པས་ཡོངས་སུ་དག་པའི་ལུས་ཀྱི་ལས་དང་ལྡན་པ་ཡིན། ལྷག་པའི་བསམ་པས་ཡོངས་སུ་དག་པའི་ངག་གི་ལས་དང་ལྡན་པ་ཡིན། ལྷག་པའི་ བསམ་པས་ཡོངས་སུ་དག་པའི་ཡིད་ཀྱི་ལས་དང་ལྡན་པ་ཡིན། དེ་ནི་འདི་ལྟར་མི་དགེ་བའི་ལས་ཀྱི་ལས་དེ་བཞིན་གཤེགས་པས་སྨད་པ་ཀུན་ནས་ཉོན་མོངས་པ་དང་བཅས་པ་དེ་དག་ལས་ཐམས་ཅད་ཀྱི་ཐམས་ཅད་ དུ་ཡང་དག་པར་འདས་པ་ཡིན། གང་འདི་དག་དགེ་བའི་ལམ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསྔགས་པ་དེ་དག་གི་རྗེས་སུ་རྟག་ཏུ་རྒྱུན་མི་འཆད་པར་འབྲང་བ་ཡིན། གང་ཡང་བྱང་ཆུབ་ 74-1-127a སེམས་དཔའི་ས་ལྔ་པ་ལ་བཟོད་པའི་གནས་དང་ལས་ཀྱི་གནས་ཇི་ལྟར་མངོན་པར་བསྒྲུབས་པ་དེ་དག་ཐམས་ཅད་ཀྱང་ལྷུན་གྱི་གྲུབ་པར་རབ་ཏུ་འབྱུང་ངོ་། །དེ་ནི་སྟོང་གསུམ་གྱི་སྟོང་ ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སློབ་དཔོན་དུ་བྱ་བ་ཡིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ཡན་ཅད་ཀྱི་ བྱང་ཆུབ་སེམས་དཔའ་མ་གཏོགས་པར་སུའང་དེ་དང་བསམ་པ་འམ་སྦྱོར་བ་མཉམ་པ་མེད་དོ། །འདི་ལྟར་ཡང་དག་འདི་དག་བསམ་གཏན་རྣམས་དང་། ཏིང་ངེ་འཛིན་དག་དང་སྙོམས་པར་འཇུག་པ་རྣམས་དང་། མངོན་ པར་ཤེས་པ་དང་། རྣམ་པར་ཐར་པ་རྣམས་ཀྱང་ཐམས་ཅད་དུ་བསྒོམ་པ་མངོན་པར་བསྒྲུབ་པའི་སྒོའི་ཚུལ་མངོན་ཏུ་འགྱུར་ཏེ། འོན་ཀྱང་ད་དུང་བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ལ་ཇི་ལྟ་བ་དེ་བཞིན་དུ་ནི་ རྣམ་པར་སྨིན་པས་ཡོངས་སུ་རྫོགས་པ་མ་ཡིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་ཐམས་ཅད་ལ་ཤེས་རབ་དང་ཐབས་དང་བསྒོམ་པའི་ སྟོབས་ཡོངས་སུ་རྫོགས་པར་འགྱུར་ཏེ། སྔོན་བས་ཀྱང་བྱང་ཆུབ་ཀྱི་ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པ་རབ་ཏུ་འཐོབ་བོ། །དེ་དེ་ལྟར་བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་ཚེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྣམ་པར་དབྱེ་བ་ཤིན་ཏུ་ཕྱེ་བ་ཞེས་བྱ་བ་ལ་མཉམ་པར་གཞོག་སྟེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དོན་ཤིན་ཏུ་བསམ་པ་ཞེས་བྱ་བ་དང་། ཁྱད་པར་གྱི་བློ་གྲོས་ ཤེས་བྱ་བ་དང་། རབ་ཏུ་ཕྱེ་བའི་དོན་གྱི་མཛོད་ཅེས་བྱ་བ་དང་། ཆོས་ཇི་ལྟ་བ་བཞིན་དུ་རྣམ་པ་བྱེད་པ་ཞེས་བྱ་བ་དང་། རྩ་བ་ཤིན་ཏུ་གནས་པས་བརྟན་པ་ཞེས་བྱ་བ་དང་། ཡེ་ཤེས་དང་མངོན་ 74-1-127b པར་ཤེས་པའི་སྒོ་ཞེས་བྱ་བ་དང་། ཆོས་ཀྱི་དབྱིངས་ཡོངས་སུ་སྦྱངས་པ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པའི་ཡོན་ཏན་ཞེས་བྱ་བ་དང་། དོན་སྣ་ཚོགས་ཀྱི་མཛོད་འཁོར་བ་དང་མྱ་ངན་ལས་འདས་ པའི་སྒོ་ཞེས་བྱ་བ་ལ་ཡང་མཉམ་པར་གཞོག་སྟེ། དེ་དག་ལ་སྩོགས་པ་མངོན་པར་ཤེས་པ་དང་། ཡེ་ཤེས་ཆེན་པོའི་སྒོའི་ཏིང་ངེ་འཛིན་ས་ཡོངས་སུ་སྦྱོང་བར་བྱེད་པ་བརྒྱ་སྟོང་ཕྲག་བཅུ་ཚང་བ་ལ་སྙོམས་པར་ འཇུག་གོ། །དེ་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་སྦྱངས་པའི་ཏིང་ངེ་འཛིན་དེ་དག་རབ་ཏུ་ཐོབ་པ་དང་། སྙིང་རྗེ་དང་སྙིང་བརྩེ་བའི་མཐུས་ཉན་ཐོས་ཀྱི་ས་ལས་འདས་པ་ཡིན། རང་སངས་རྒྱས་ཀྱི་ས་ལས་ འདས་པ་ཡིན། ཤེས་རབ་དང་ཡེ་ཤེས་ཀྱིས་རྣམ་པར་དཔྱོད་པའི་ས་མངོན་སུམ་དུ་གྱུར་པ་ཡིན། དེ་ལྟར་དེ་བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་ཚེ། ལུས་ཀྱི་ལས་ཚད་མེད་པ་མཚན་ མ་དང་བྲལ་བ་རབ་ཏུ་འབྱུང་ངོ་། །ངག་གི་ལས་ཚད་མེད་པ་མཚན་མ་དང་བྲལ་བ་རབ་ཏུ་འབྱུང་ངོ་། །ཡིད་ཀྱི་ལས་མཚན་མ་དང་བྲལ་བ་ཤིན་ཏུ་རྣམ་པར་སྦྱངས་པ་མི་སྐྱེ་བའི་ཆོས་ཀྱི་བཟོད་པས་ སྣང་བར་གྱུར་པ་ཚད་མེད་པ་རབ་ཏུ་འབྱུང་ངོ་། །བྱང་ཆུབ་སེམས་དཔའ་རྣམ་པར་གྲོལ་བའི་ཟླ་བས་སྨྲས་པ། ཀྱེ་རྒྱལ་བའི་སྲས་དེ་ལྟར་གོང་དུ་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་གནས་པའི་ཚེ་འང་ བྱང་ཆུབ་སེམས་དཔའི་ལུས་དང་ངག་དང་ཡིད་ཀྱི་ལས་ཚད་མེད་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་སྤྱོད་པ་ལས་ཡང་དག་པར་འདས་ན་ཅི་རུང་། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་ སྨྲས་པ། ཀྱེ་རྒྱལ་བའི་སྲས་དེ་ལྟར་འདི་ཡིན་ཏེ། དེ་ནི་སངས་རྒྱས་ཀྱི་ཆོས་ལ་དམིགས་པའི་མཐུར་ཟད་ཀྱིས་རང་གི་བློ་གྲོས་རྣམ་པར་དཔྱད་པའི་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ས་བདུན་ 74-1-128a པོ་འདི་ལ་ནི་རང་གི་བློའི་སྤྱོད་ཡུལ་རྣམ་པར་སྤྱོད་པ་རབ་ཏུ་ཐོབ་པས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་མི་འཕྲོགས་པ་ཡིན། ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན། རྒྱལ་ པོའི་རིགས་སུ་སྐྱེས་པའི་རྒྱལ་པོའི་བུ་རྒྱལ་པོའི་མཚན་དང་ལྡན་པ་ནི་བཙས་མ་ཐག་ཏུ་རྒྱལ་པོའི་བྱིན་གྱིས་བློན་པོའི་ཚོགས་ཐམས་ཅད་ཟིལ་གྱིས་གནོན་གྱི་རང་གི་བློས་རྣམ་པར་དཔྱད་པས་ནི་མ་ ཡིན་ནོ། །ནམ་ནར་སོན་པར་གྱུར་པ་དེའི་ཚེ་རང་གི་བློའི་མཐུས་བློན་པོ་ཐམས་ཅད་ཀྱི་བྱེད་པའི་ཚུལ་ལས་ཤིན་ཏུ་འདས་པ་ཡིན། ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་སྐྱེད་ མ་ཐག་ཏུ་ལྷག་པའི་བསམ་པའི་བདག་ཉིད་ཆེན་པོས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་ཏེ། རང་གི་བློས་རྣམ་པར་བརྟགས་པ་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རང་གི་ཡུལ་གྱི་ཡེ་ཤེས་ཀྱི་སྟོབས་ཀྱི་ཤུགས་ཀྱིས་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱེད་པའི་ཚུལ་ལས་ཤིན་ཏུ་འདས་པ་ཡིན་ནོ། །ཀྱེ་རྒྱལ་བའི་ སྲས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་ཚེ་ལུས་དང་ངག་དང་ཡིད་ཀྱི་ལས་ཟབ་ཅིང་དབེན་ལ་རྒྱུ་བ་མེད་པ་དང་ལྡན་པའང་རབ་ཏུ་ཐོབ་ པ་ཡིན་ཏེ། ཁྱད་པར་གོང་དུ་བཙལ་བའི་བརྩོན་འགྲུས་ཀྱང་ཡོངས་སུ་མི་གཏོང་ངོ་། །ཡོངས་སུ་བཙལ་བའི་བརྩོན་འགྲུས་དེས་ཀྱང་ཡང་དག་པའི་མཐར་གནས་ཏེ། ཁྱད་པར་གོང་མ་ཤིན་ཏུ་ཐོབ་ པར་བྱ་བའི་ཕྱིར་ཡང་དག་པའི་མཐའ་མངོན་དུའང་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་རྣམ་པར་གྲོལ་བའི་ཟླ་བས་སྨྲས་པ། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་ས་གང་ང་ཡན་ཅད་དུ་བྱང་ཆུབ་ 74-1-128b སེམས་དཔའི་འགོག་པ་ལ་སྙོམས་པར་འཇུག །བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་སྨྲས་པ། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་ས་དྲུག་པ་ཡན་ཅད། བྱང་ཆུབ་སེམས་དཔའི་འགོག་པ་ལ་ སྙོམས་པར་འཇུག་སྟེ། བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ཀྱི་སྐད་ཅིག་རེ་རེ་ཡང་འགོག་པ་ལ་སྙོམས་པར་འཇུག་སྟེ། འགོག་པ་མངོན་དུ་བྱས་ ཤེས་ནི་མི་བྱའོ། །དེ་བས་ན་དེའི་བསམ་གྱི་མི་ཁྱབ་པའི་ལུས་དང་། ངག་དང་ཡིད་ཀྱི་ལས་དང་ལྡན་ཞེས་བྱ་བ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལྟར་བྱང་ཆུབ་སེམས་དཔའ་ཡང་དག་པའི་ མཐའ་ལ་གནས་པས་ཀྱང་། གནས་ལ་ཡང་དག་པའི་མཐའ་མངོན་ཏུ་ཡང་མི་བྱེད་པ་ནི་ངོ་མཚར་ཆེའོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན། མི་ལ་ལ་ཞིག་རྒྱ་མཚོ་ཆེན་པོའི་གྲུ་ཆེན་པོར་ཞུགས་ཏེ་རྒལ་ བའི་ཐབས་ལ་མཁས་ཤིང་རླུང་ལ་མཁས་པ་དང་། ཆུ་ལ་མཁས་པ་ནི་རྒྱ་མཚོ་ཆེན་པོའི་ཆུའི་ཉེས་པས་མི་གོས་སོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བྱང་ཆུབ་སེམས་དཔའི་ས་བདུན་པོ་འདི་ལ་གནས་ཤིང་ཕ་རོལ་ཏུ་ཕྱིན་པའི་གྲུ་ཆེན་པོར་ཞུགས་པ་ཡང་ཡང་དག་པའི་མཐའ་ལ་གནས་པས་ཀྱང་གནས་ལ་ཡང་དག་པའི་མཐའ་མངོན་དུ་ཡང་མི་བྱེད་དོ། ། དེ་ལྟར་དེ་ཡེ་ཤེས་ཀྱི་སྟོབས་དང་ཤུགས་ཐོབ་པ་ནི་ཏིང་ངེ་འཛིན་དང་ཡེ་ཤེས་ཀྱི་སྟོབས་དང་ཤུགས་ཀྱིས་མངོན་པར་བསྒྲུབས་པའི་བློ་དང་ཐབས་དང་ཤེས་རབ་ཀྱི་སྟོབས་དང་ཤུགས་ཆེན་པོས་འཁོར་བའི་ སྒོ་ཡང་སྟོན་ལ་མྱ་ངན་ལས་འདས་པའི་བསམ་པ་དང་ཡང་མི་བྲལ་བ་ཡིན། འཁོར་མང་པོས་ཀུན་ནས་བསྐོར་བར་སྣང་ཡང་རྟག་ཏུ་རྒྱུན་མི་འཆད་པར་སེམས་ཀྱི་དབེན་པ་ཡང་རབ་ཏུ་ཐོབ་པ་ཡིན། 74-1-129a ཁམས་གསུམ་དུ་སྐྱེ་བ་ཡང་སྨོན་ལམ་གྱི་དབང་པོ་མངོན་པར་བསྒྲུབ་ལ་འཇིག་རྟེན་གྱི་ཉེས་པས་ཀྱང་མི་གོས་པ་ཡིན། ཞི་ཞིང་རབ་ཏུ་ཞི་བའང་ཡིན་ལ་ཐབས་ཀྱིས་ཀྱང་རབ་ཏུ་འབར་ཏེ། དེ་ལྟར་ འབར་ཡང་ཚིག་པར་མི་འགྱུར་བ་ཡིན། སངས་རྒྱས་ཀྱི་ཡེ་ཤེས་ལའང་ཡོངས་སུ་འཇུག་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་ཀྱང་ཕྱིར་མི་ལྡོག་པ་ཡིན། སངས་རྒྱས་གྱི་ཡུལ་གྱི་མཐིལ་དུ་ཡང་ཕྱིན་ ལ་བདུད་ཀྱི་ཡུལ་ནའང་འདུག་པར་སྣང་བ་ཡིན། བདུད་ཀྱི་ལམ་བཞི་ལས་ཀྱང་ཡང་དག་པར་འདས་ལ་བདུད་ཀྱི་ཡུལ་དང་སྤྱོད་ཡུལ་ཡང་ཡང་དག་པར་སྟོན་པ་ཡིན། མུ་སྟེགས་ཅན་གྱི་གནས་ཐམས་ཅད་ནའང་འདུག་པར་ སྣང་ལ། སངས་རྒྱས་ཀྱི་མུ་སྟེགས་ཀྱི་གནས་ཀྱི་བསམ་པ་ཡང་མི་གཏོང་བ་ཡིན། འཇིག་རྟེན་གྱི་བྱ་བ་ཐམས་ཅད་དང་ཡང་ལྡན་པར་སྣང་ལ། འཇིག་རྟེན་ལས་འདས་པའི་ཚུལ་ལ་ཡང་ཡང་དག་པར་ གཞོལ་བ་ཡིན། ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མི་འམ་ཅི་དང་། མི་དང་མི་མ་ཡིན་པ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་གྱི་མགོན་པོས་ ཐམས་ཅད་ལས་ལྷག་པའི་རྒྱན་དང་ལྷབ་ལྷུབ་ཤིན་ཏུ་བསྒྲུབ་པ་ཡང་རབ་ཏུ་ཐོབ་ལ་ཆོས་ལ་དགའ་བ་ཡིད་ལ་བྱ་བ་འང་མི་སྤོང་བ་ཡིན། དེ་ལྟར་དེ་ལྟ་བུའི་ཡེ་ཤེས་དང་ལྡན་པར་བྱང་ཆུབ་སེམས་དཔའི་ས་རིང་དུ་སོང་ བ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའི་ལྟ་བ་རྒྱ་ཆེན་པོ་དང་། སྨོན་ལམ་གྱི་སྟོབས་ཀྱིས་སངས་རྒྱས་མང་པོ་སྣང་བར་འགྱུར་ཏེ། ལྟ་བ་རྒྱ་ཆེན་པོ་དང་སྨོན་ལམ་གྱི་སྟོབས་ཀྱིས་སངས་རྒྱས་བརྒྱ་ ཕྲག་མང་པོ་དང་། སངས་རྒྱས་སྟོང་ཕྲག་མང་པོ་དང་། སངས་རྒྱས་བརྒྱ་སྟོང་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་སྟོང་ཕྲག་མང་པོ་དང་། སངས་རྒྱས་ 74-1-129b ཁྲག་ཁྲིག་མང་པོ་དང་། སངས་རྒྱས་ཁྲག་ཁྲིག་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་ཁྲག་ཁྲིག་སྟོང་ཕྲག་མང་པོ་དང་། སངས་རྒྱས་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་ ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་སྣང་བར་འགྱུར་རོ། །དེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་མཐོང་ནས་བསམ་པ་རྒྱ་ཆེན་པོས་རིམ་གྲོ་བྱེད་དོ། །བཀུར་སྟི་ བྱེད་དོ། །སྟི་སྟང་བྱེད་དོ། །མཆོད་པ་བྱེད་དོ། །ན་བཟའ་དང་བསོད་སྙོམས་དང་། གཟིམས་ཆ་དང་སྙུན་ཀྱི་རྐྱེན་སྨན་དང་། ཡོ་བྱད་དག་ཀྱང་འབུལ་ཞིང་བྱང་ཆུབ་སེམས་དཔའི་བདེ་བའི་ཡོ་བྱད་ཐམས་ ཅད་ཀྱང་ཡོངས་སུ་འབུལ་ལོ། །དགེ་འདུན་གྱི་ཚོགས་རྣམས་ལ་ཡང་ཡང་དག་པར་མཆོད་པ་བྱེད་དེ། དགེ་བའི་རྩ་བ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། ། དེ་ལྟར་དེ་བཞིན་གཤེགས་པ་དེ་དག་ལ་བསྙེན་བཀུར་བྱེད་ཅིང་དེ་དག་ལ་ཞེ་ས་དང་རིམ་གྲོས་ནན་ཏན་དུ་ཆོས་བསྟན་པ་ཉན་ཅིང་ལེན་ཏོ་འཛིན་ཏོ། །ཐོས་ནས་ཀྱང་མ་ནོར་བའི་སྙོམས་པར་འཇུག་པ་དང་། ཤེས་རབ་ དང་ཡེ་ཤེས་ཀྱི་སྣང་བས་རབ་ཏུ་བརྩོན་པར་བྱེད་ཅིང་ནན་ཏན་གྱིས་ཡོངས་སུ་འཛིན་ཏོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་བསྟན་པ་ཡང་ཡང་དག་པར་འཛིན་ཏོ། །ཉན་ཐོས་དང་། རང་སངས་རྒྱས་ཀྱི་མངོན་ པར་རྟོགས་པ་ཡོངས་སུ་དྲི་བས་ཀྱང་མི་འཕྲོགས་པ་ཡིན་ཏེ། དེ་སྔོན་བས་ཀྱང་སེམས་ཅན་ལ་ཕན་འདོགས་པའི་ཆོས་ཀྱི་བཟོད་པ་རྣམ་པར་དག་པར་འགྱུར་བ་ཡིན། དེ་ལྟར་བྱང་ཆུབ་སེམས་དཔའི་ས་རིང་དུ་ སོང་བ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའི་དགེ་བའི་རྩ་བ་དེ་དག་སྔོན་བས་ཀྱང་བསྐལ་པ་དུ་མ་དང་། བསྐལ་པ་བརྒྱ་ཕྲག་དུ་མ་དང་། བསྐལ་པ་སྟོང་ཕྲག་དུ་མ་དང་། བསྐལ་པ་བརྒྱ་སྟོང་ཕྲག་དུ་མ་དང་། 74-1-130a བསྐལ་པ་བྱེ་བ་ཁྲག་ཁྲིག་ཕྲག་དུ་མ་དང་། བསྐལ་པ་ཁྲག་ཁྲིག་བརྒྱ་ཕྲག་དུ་མ་དང་། བསྐལ་པ་ཁྲག་ཁྲིག་སྟོང་ཕྲག་དུ་མ་དང་། བསྐལ་པ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དང་། བསྐལ་ པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མར་ཤིན་ཏུ་དག་ཅིང་ཡོངས་སུ་བྱེད་བར་གནས་སོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན། གསེར་གྱི་ས་ལེ་སྦྲམ་དེ་ཉིད་རིན་པོ་ཆེ་ཐམས་ཅད་ཀྱིས་རབ་ཏུ་སྤྲས་པ་ནི་སྔོན་བས་ ཀྱང་རྒྱན་གྱི་རྣམ་པ་གཞན་དང་གཞན་གྱི་མི་ཐུབ་པ་དང་། ཆེས་འོད་གསལ་ཞིང་དང་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བྱང་ཆུབ་སེམས་ དཔའི་ས་རིང་དུ་སོང་བ་འདི་ལ་གནས་པའི་ཐབས་དང་ཤེས་རབ་ཀྱི་བསྒྲུབས་པའི་དགེ་བའི་རྩ་བ་དེ་དག་སྔོན་བས་ཀྱང་ཆེས་ཤིན་ཏུ་བྱང་བ་དང་། ཆེས་འོད་གསལ་ཞིང་དང་བར་འགྱུར་རོ། །ཉན་ཐོས་དང་རང་སངས་རྒྱས་ ཐམས་ཅད་ཀྱིས་ཀྱང་མི་འཕྲོགས་པ་ཡིན། ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན་ཉི་མའི་འོད་ནི་སྐར་མའི་ཚོགས་དང་ཟླ་བའི་འོད་ཀྱིས་མི་འཕྲོགས་ཤིང་འཛམ་བུའི་གླིང་ན་རླན་གྱི་བག་ཡོད་པ་ཐམས་ཅད་ཀྱང་ཤིན་ ཏུ་སྐེམ་པར་བྱེད་དོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་རིང་དུ་སོང་བ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་དེ་དག་ཀྱང་སྔོན་བས་ཀྱང་ཉན་ཐོས་དང་། རང་སངས་ རྒྱས་ཐམས་ཅད་ཀྱི་མི་འཕྲོགས་པ་ཡིན། ཕྱིན་ཅི་ལོག་བཞི་དང་ལྡན་པའི་ཉོན་མོངས་པའི་རླན་གྱི་རྣམ་པ་ཐམས་ཅད་ཀྱང་ཡོངས་སུ་སྐེམ་མོ། །དེའི་ཕ་རོལ་ཏུ་ཕྱིན་པ་བཅུ་ལས་ཐབས་མཁས་པའི་ཕ་ རོལ་ཏུ་ཕྱིན་པའི་ཤས་ཆེ་བ་ཡིན་ཏེ། ལྷག་མ་རྣམས་ཀྱང་ཅི་ཚུལ་ཅི་ནུས་སུ་མི་བསྒྲུབ་པ་མ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རིང་དུ་སོང་བ་ཞེས་ 74-1-130b བྱ་བ་སྟེ། བྱང་ཆུབ་སེམས་དཔའ་ས་བདུན་པ་མདོར་བསྟན་པའོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕལ་ཆེར་ལྷའི་རྒྱལ་པོ་དབང་སྒྱུར་དུ་འགྱུར་ཏེ། སེམས་ཅན་ རྣམས་ལ་མངོན་པར་རྟོགས་པའི་ཡེ་ཤེས་ཡང་དག་པར་བསྟན་པ་ལ་མཁས་ཤིང་མཐུ་ཡོད་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཡོངས་སུ་དྲི་བས་མི་ཟད་པ་ཡིན། སེམས་ཅན་སྐྱོན་ མེད་པར་ཤིན་ཏུ་བཟླ་བར་བྱ་བ་ལའང་མཁས་པ་ཡིན་ཏེ། སྦྱིན་པ་འམ་ངག་སྙན་པ་འམ། དོན་བསྒྲུབ་པ་འམ། དོན་འཐུན་པས་དགེ་བའི་རྩ་བ་གང་ཅི་རྩོམ་ཡང་རུང་སྟེ། དེ་ཐམས་ཅད་ཇི་ལྟར་ན་སེམས་ ཅན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར། གཙོ་བོར་འགྱུར། ཐུ་བོར་འགྱུར། ཕུལ་དུ་འགྱུར། དམ་པར་འགྱུར། བླ་ན་མེད་པར་འགྱུར། འདྲེན་པར་འགྱུར། ཡོངས་སུ་འདྲེན་པར་འགྱུར་རོ་ ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རྟེན་པའི་བར་དུ་འགྱུར་སྙམ་སྟེ། སངས་རྒྱས་ཡིད་ལ་བྱ་བ་དང་ཆོས་ཡིད་ལ་བྱ་བ་དང་། དགེ་འདུན་ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཡིད་ ལ་བྱ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་དཔའི་ས་ཡིད་ལ་བྱ་བ་དང་། ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱ་བ་དང་། སྟོབས་ཡིད་ལ་བྱ་བ་དང་མི་འཇིགས་པ་ ཡིད་ལ་བྱ་བ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡིད་ལ་བྱ་བ་ནས། རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་ཡིད་ལ་བྱ་བ་དང་མི་འབྲལ་བ་ཡིན་ཏེ། དེ་ འདོད་ན་སྐད་ཅིག་ཡུད་ཙམ་ཐང་ཅིག་ཏུ་ཏིང་ངེ་འཛིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་རབ་ཏུ་ཐོབ་ཅིང་དེ་དག་ལ་སྙོམས་པར་འཇུག་པ་དང་། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མཐོང་བ་དང་། དེ་དག་གི་བྱིན་གྱིས་ 74-1-131a བརླབས་ཀྱང་ཡང་དག་པར་ཤེས་པ་ཡང་། འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྣང་བར་བྱ་བ་དང་། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཡོངས་སུ་སྨིན་པར་ བྱ་བ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གནས་པར་བྱ་བ་དང་། སྔོན་གྱི་མཐའ་དང་ཕྱི་མའི་མཐའི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ལ་རབ་ཏུ་གནས་པ་དང་། ཆོས་ཀྱི་སྒོ་བྱེ་བ་ཁྲག་ ཁྲིག་བརྒྱ་སྟོང་རྣམ་པར་འབྱེད་པ་དང་། ལུས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཡོངས་སུ་བསྟན་པ་དང་། ལུས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་བྱེ་བ་བརྒྱ་སྟོང་ཡང་དག་པར་བསྟོན་པར་བྱ་བའི་བརྩོན་འགྲུས་ ཀྱི་རྣམ་པ་དེ་ལྟ་བུ་རྩོམ་མོ། །དེ་ཡན་ཅད་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་མཐུ་ཅན་རྣམས་སྨོན་ལམ་གྱི་ཁྱད་པར་གྱིས་རྣམ་པར་འཕྲུལ་ཏེ། དེ་དག་གི་ལུས་སམ་འོད་དམ། རྫུ་འཕྲུལ་ལམ་མིག་གམ། སྤྱོད་ཡུལ་ལམ། དབྱངས་སམ། སྤྱོད་པ་འམ། རྒྱན་ཏམ་བྱིན་གྱིས་བརླབས་སམ། མོས་པ་འམ། མངོན་པར་འདུ་བྱེད་པ་དག་ཀྱང་བསྐལ་པ་དུ་མ་དང་། བསྐལ་པ་བརྒྱ་ཕྲག་དུ་མ་དང་བསྐལ་པ་སྟོང་ཕྲག་ དུ་མ་དང་། བསྐལ་པ་བརྒྱ་སྟོང་ཕྲག་དུ་མ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མའི་བར་གྱིས་ཀྱང་བགྲང་བར་དཀའོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་སའི་དོན་འདི་ཉིད་ཡང་དག་པར་ བསྟན་པར་བྱ་བ་དང་བསྟན་པའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཡེ་ཤེས་ཟབ་མོ་དོན་དམ་ཚིག་གི་རྗེས་སྙེགས་ཤིང་། །ས་དྲུག་རྟོགས་པའི་ཡིད་ལྡན་བདག་ཉིད་མཉམ་བཞག་པ། ། ཤེས་རབ་ཐབས་གཉིས་ཟུང་དུ་འབྲེལ་པ་མངོན་པར་བསྒྲུབ། །མཁས་པ་ས་བདུན་སྦྱོང་བ་དམ་པ་ཡོངས་སུ་གནོན། །སྟོང་པ་མཚན་མེད་མི་སྨོན་སྙིང་རྗེ་བྱམས་དང་ལྡན། །ཆོས་ཉིད་མཉམ་པའི་རྗེས་འགྲོ་ 74-1-131b སངས་རྒྱས་མཆོད་པར་བྱེད། །ཤེས་པས་ཤེས་བྱས་བསོད་ནམས་སྟོབས་ཀྱིས་མི་ངོམས་པས། །དེའི་ཕྱིར་མཁས་པ་བདུན་པའི་ས་ཕྱོགས་ཡོངས་སུ་གནོན། །ཁམས་གསུམ་མངོན་པར་བསྒྲུབ་ བྱེད་ཤིན་ཏུ་དབེན་པ་ཐོབ། །ཉོན་མོངས་སྟོབས་རྣམས་ཞི་ཡང་འགྲོ་བ་ཞི་ལ་མོས། །མིག་ཡོར་སྒྱུ་མ་རྨི་ལམ་མིག་གཉིས་ཆོས་སྤྱོད་ཀྱང་། །སྙིང་རྗེ་ལས་སྤྱོད་སྟོན་པ་མཁས་པས་བདུན་པ་གནོན། ། ནམ་མཁའི་བསམ་པས་ཞིང་རྣམས་ཡོངས་སྦྱོང་རྣམ་མི་རྟོགས། །རྒྱལ་བའི་མཚན་དང་ལྡན་ཞིང་མི་གཡོ་ཆོས་དང་ལྡན། །བརྗོད་པའི་དབྱངས་བྲལ་འགྲོ་བ་དགར་བྱ་དོན་ཏུ་གཉེར། །སྐད་ཅིག་སེམས་ ཀྱིས་རྒྱལ་བས་ཀུན་མཁྱེན་ཡང་དག་གཞོལ། །ཆོས་རྣམས་འདི་དག་སྤྱད་པས་སྣང་བ་ཐོབ་གྱུར་པས། །འགྲོ་བའི་དོན་འདོད་ས་མཆོག་ཡོངས་སུ་གནོན་ཅེས་བྱ། །དེ་དག་ས་འདི་གནས་ཤིང་མཐའ་ ཡས་སེམས་ཅན་སྤྱོད། །བདེ་གཤེགས་ཚད་མེད་ལས་མཁྱེན་རྣམ་པར་དཔྱོད་པ་བྱེད། །ཞིང་དང་བསྐལ་པ་ཆོས་གྲངས་སྣ་ཚོགས་དུ་མ་དང་། །མོས་དང་བསམ་པ་སེམས་དང་སྤྱོད་པ་སྣ་ཚོགས་ དང་། །ཐེག་པ་གསུམ་པོ་བསྟན་པ་ཚད་མེད་ཡང་དག་འཇུག །བདག་གིས་སེམས་ཅན་དེ་དག་ཡོངས་སུ་སྨིན་བྱ་ཞེས། །དེ་དག་དེ་ལྟར་རྣམ་ཕྱེ་ཤེས་རབ་ལམ་ལྡན་པ། །སྤྱོད་ལམ་བཞི་པོར་ མངོན་པར་བརྩོན་ཞིང་ཐབས་དང་ལྡན། །སེམས་ཀྱི་སྐད་ཅིག་ཀུན་ལ་བྱང་ཆུབ་ཡོན་ཏན་བསྒྲུབ། །ཕ་རོལ་ཕྱིན་པ་བཅུར་འཇུག་ཡོངས་སུ་རྫོགས་པར་བྱེད། །སེམས་བསྐྱེད་འགྲོ་ལ་ཡོངས་སྔོ་ དེ་ནི་སྦྱིན་པའོ། །ཚུལ་ཁྲིམས་ཉོན་མོངས་ཞི་བ་བཟོད་པ་མི་ཚིག་པ། །བརྩོན་འགྲུས་དེ་ནས་ཁྱད་པར་གོང་དུ་བརྩོམ་པ་སྟེ། །ལམ་ལས་མི་སྒུལ་དེ་ནི་ལེགས་ལྡན་བསམ་གཏན་ནོ། །མི་སྐྱེ་བཟོད་པ་རྡུལ་ 74-1-132a མེད་མཁས་པའི་ཤེས་རབ་མཆོག །ད་དུང་མངོན་འདོད་བསྔོ་བ་དེ་ཡི་སྨོན་ལམ་སྟེ། །མི་ཐུབ་སྟོབས་ཡིན་ཤིན་ཏུ་རྟོགས་པ་ཡེ་ཤེས་སོ། །དེ་ལྟར་བྱང་ཆུབ་ཡོན་ཏན་ཐམས་ཅད་ སྐད་ཅིག་ལྡན། །དང་པོར་དམིགས་པས་ཡོན་ཏན་ཡོངས་སུ་རྫོགས་པར་འགྱུར། །གཉིས་ལ་དྲི་མ་བསྩལ་ཕྱིར་གསུམ་ལ་བགེགས་བསྩལ་པས། །བཞི་ལ་ལམ་གྱིས་ལྔ་ལ་མཉམ་པ་ཉིད་ ཀྱིས་སྟེ། །མི་སྐྱེའི་སྣང་བས་མཁས་པ་དྲུག་པོ་རྣམ་པར་འཕེལ། །བདུན་པོ་འདིར་ཕྱིན་ཡོན་ཏན་མཐའ་དག་ཀུན་རྫོགས་པར། །སྨོན་ལམ་དུ་མ་སྣ་ཚོགས་མངོན་པར་བསྒྲུབ་པ་བྱེད། །ཅི་ ཕྱིར་ཞེ་ན་ཡེ་ཤེས་སྤྱོད་པ་འདིར་གྲུབ་པ། །དེ་ནི་བརྒྱད་པ་ཡན་ཅད་ཀུན་ཏུ་རྣམས་དག་འགྱུར། །འདའ་དཀའ་ཕྱིན་དཀའ་ཡེ་ཤེས་མང་པོའི་ལས་ཀྱིས་འགྲུབ། །ཞིང་གཉིས་བར་མཚམས་ཇི་ལྟར་ ཡོངས་སུ་བརྒལ་དཀའ་བཞིན། །བདུན་ལ་སྤྱོད་པ་རྒྱལ་པོ་ཆགས་མེད་ཇི་བཞིན་ཏེ། །ལམ་ལ་གནས་པ་ཡིན་གྱི་ཐམས་ཅད་བརྟན་མ་འདས། །བརྒྱད་པའི་ཡེ་ཤེས་ས་དང་གང་ཚེ་ ལྡན་གྱུར་པ། །དེ་ཚེ་སེམས་ཀྱི་ཡུལ་འདས་ཡེ་ཤེས་ལས་ལ་གནས། །ཚངས་པ་འགྲོ་ལ་ལྟ་འང་མིའི་བདག་ཉིད་མིན། །དེ་བཞིན་མཁས་པ་པད་མོ་བཞིན་དུ་མི་ཆགས་སྤྱོད། །འདི་ ལ་གནས་པ་ཉོན་མོངས་སྣ་ཚོགས་རབ་ཏུ་འདའ། །དེ་དག་ཉོན་མོངས་སྤྱོད་མེད་བྱང་བའང་ཐོབ་པ་མིན། །ལམ་ལ་གནས་ཀྱང་དེ་འདྲའི་ཉོན་མོངས་སྤྱོད་མེད་མིན། །རྒྱལ་བའི་ཡེ་ཤེས་ མངོན་འདོད་དེ་བས་ཟད་པ་མིན། །འཇིག་རྟེན་བཟོ་དང་ལས་གནས་རྣམ་པ་སྣ་ཚོགས་དག །མཁས་པས་གཙུག་ལག་རྒྱུ་ལ་གནས་ཏེ་ཤེས་བྱས་དང་། །བསམ་གཏན་མངོན་ཤེས་ 74-1-132b སྟོབས་བསྒོམས་ལྡན་པ་རྣམས། །དེ་བས་གསལ་འགྱུར་ཏིང་འཛིན་སྣ་ཚོགས་མངོན་པར་བསྒྲུབ། །ཉན་ཐོས་རང་རྒྱལ་སྤྱོད་ལས་ཡོངས་སུ་འདས་པ་སྟེ། །བདུན་པའི་བྱང་ཆུབ་སེམས་ དཔའི་སྤྱོད་ལ་མཁས་པ་གནས། །སྔོན་ཅད་བསམ་པས་ཡིན་ཀྱི་འདི་ལ་ཡེ་ཤེས་ཀྱི། །ནར་སོན་མཐུ་དང་ལྡན་པའི་རྒྱལ་པོའི་བུ་བཞིན་ནོ། །ཤིན་ཏུ་ཟབ་དང་ལྡན་པས་གང་དུ་རྩོམ་ བྱེད་དེ། །འགོག་པའི་སེམས་དང་ལྡན་ཡང་མངོན་པར་མི་བྱེད་དོ། །ཇི་ལྟར་རྒྱ་མཚོར་ཕྱིན་ཞིང་གྲུ་ཆེན་ཞུགས་གྱུར་པ། །ཆུ་ཚལ་ཐམས་ཅད་མངོན་པར་གྲུབ་ལ་སྐྱོན་མི་འགྱུར། །དེ་དག་སྔོན་ བས་ཐབས་དང་ཤེས་རབ་མཆོག་དང་ལྡན། །ཤེས་དཀའ་འགྲོ་བ་ཀུན་ཏུ་ཤེས་སྤྱོད་ཡོན་ཏན་མང་། །སངས་རྒྱས་བྱེ་བ་ཡང་དུ་བསམ་པ་དག་པས་མཆོད། །གསེར་སྦྲམ་དེ་ཉིད་རིན་ཆེན་མང་པོས་སྤྲས་ པ་བཞིན། །འདི་ལ་གནས་པའི་མཁས་པའི་ཤེས་རབ་མཆོག་གི་འོད། །སྲེད་པའི་ཆུ་རྣམས་ཇི་ལྟར་གཉིས་བཞིན་ཡོངས་སུ་སྐེམ། །ས་མཆོག་འདི་ལ་གནས་པ་དབང་བསྒྱུར་རྒྱལ་པོར་འགྱུར། ། ཡེ་ཤེས་དམ་པའི་འབྲས་བུ་སྟོན་ལ་མཐུ་ཡོད་མཁས། །འདོད་ན་བརྩོན་འགྲུས་དམ་པའི་སྟོབས་དང་ལྡན་གྱུར་པ། །སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚང་བ་དག །ཕྱོགས་རྣམས་ཀུན་ ཏུ་ཤིན་ཏུ་མཉམ་པར་བཞག་པས་མཐོང་། །ཡན་ཅད་སྨོན་ལམ་ཡོན་ཏན་མཆོག་ཅན་ཚད་ཀྱང་མེད། །འདི་ནི་ས་མཆོག་བདུན་པ་སྟེ། །རང་རྒྱས་དབང་ལ་སྤྱོད་པ་དང་། །འཇིག་རྟེན་ཀུན་གྱིས་ ཤེས་པར་དཀའ། །ཐབས་དང་ཤེས་རབ་སྦྱོད་པའོ། །རིང་དུ་སོང་བ་ཞེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའི་ས་བདུན་པའོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་ 74-1-133a རྒྱས་པ་ཆེན་པོའི་མདོ། བམ་པོ་བཅྭོ་བརྒྱད་པ། མཁས་པའི་སྤྱོད་པ་དེ་འདྲ་དམ་པ་ཐོས་ནས། །ལྷ་ཡི་ཚོགས་དང་ལྷའི་དབང་པོ་ཀུན་དགའ། །བྱང་ཆུབ་ སེམས་དཔའ་འགྲོ་ཕན་བརྩོན་པ་མང་པོ། །བདེ་བར་གཤེགས་དང་རྒྱལ་སྲས་རྣམས་ལ་མཆོད་བྱེད། །མེ་ཏོག་ཕྲེང་བ་རྒྱལ་མཚན་བ་དན་ཡིད་འོང་། །སྤོས་དང་ཕྱེ་མ་རིན་ཆེན་ན་བཟའ་བརྒྱན་ པ། །དབྱིག་གིས་སྨྲས་པའི་གདུགས་རབ་ཁྲག་ཁྲིག་དུ་མ། །ཕྲེང་བའི་སྤྲིན་ཀྱི་དམ་པའི་ཆར་ཡང་མངོན་འབེབས། །ལྷའི་བུ་མོ་ཡིད་དུ་འོང་བའི་སྒྲ་དབྱངས། །དུ་མའི་སིལ་སྙན་གར་གྱི་མཆོག་ དང་ལྡན་བྱས། །བདེ་བར་གཤེགས་དང་རྒྱལ་སྲས་མཆོད་པའི་དོན་ཏུ། །ཐུབ་པའི་ཡོན་ཏན་རྨད་དུ་བྱུང་བ་རྗོད་བྱེད། །ཐམས་ཅད་གཟིགས་པ་རྐང་གཉིས་ཁྱུ་མཆོག་གཙོ་བོ། །སངས་རྒྱས་ སྤྱོད་ཡུལ་འགྲོ་ལ་ཕན་ཕྱིར་སྟོན་མཛད། །དབྱངས་སྤྲིན་ཡིད་དུ་འོང་བ་རབ་ཏུ་འབྱུང་བའི། །རྔ་དང་སིལ་སྙན་སྣ་ཚོགས་རྣམས་ལས་འདི་འབྱུང་། །སྐྲ་ཡི་རྩེ་ལ་བདེ་གཤེགས་བརྒྱ་ཕྲག་སྟོང་སྙེད། ། འགའ་འགའ་ཁྲག་ཁྲིག་བྱེ་བའི་རྡུལ་བས་དེ་མང་། །ཞིང་མཆོག་དམ་པ་མཉམ་པ་དག་ན། །ཁྱུ་མཆོག་རྣམས་ནི་རྡུལ་བྲལ་ཆོས་རྣམས་སྟོན་མཛད། །སྤུ་རྩེ་གཅིག་ལ་འབྱམ་ཀླས་དམ་ པའི་ཞིང་མང་། །གླིང་བཞི་དུ་མ་རྒྱ་མཚོ་མཚོ་ཆེན་ཀུན་གནས། །ཁོར་ཡུག་བྱེ་བ་དེ་བཞིན་རི་རབ་ཐམས་ཅད། །སོ་སོའི་ཚུལ་དང་ལྡན་པར་ཀུན་ཀྱང་སྣང་གྱུར། །སྐྲ་ཡི་རྩེ་མོ་དེ་ལ་འགྲོ་རྒྱུད་དྲུག་པོ། ། ཡི་དགས་བྱོལ་སོང་མི་དང་སེམས་དམྱལ་ལྷ་དང་། །གནོད་སྦྱིན་སྲིན་པོ་ཀླུ་དང་ལྷ་མིན་མང་པོ། །སྣ་ཚོགས་ལས་ཀྱི་ཡུལ་ལ་ཀུན་ཀྱང་སྤྱོད་བྱེད། །རྡུལ་བྲལ་ཀུན་གྱི་ཞིང་གི་སྤྱོད་ཡུལ་ཀུན་ཏུ། ། 74-1-133b འཁོར་ལོ་དམ་པའི་མཆོག་ཀྱང་དེ་ཚེ་འཁོར་གྱུར། །འགྲོ་བའི་འདུ་ཤེས་སེམས་དང་དེ་བཞིན་སྤྱོད་པ། །བདེ་གཤེགས་གསུང་གི་དམ་པས་ཀུན་ཀྱང་བསྟན་བྱས། །སེམས་ཅན་ལུས་ལ་བདེ་ གཤེགས་ཞིང་མང་སྣ་ཚོགས། །ཞིང་ལ་སེམས་ཅན་རྨད་སྙེད་ལུས་ཀྱང་དེ་བཞིན། །ལྷ་དང་མི་ཡི་ལམ་རྒྱུད་དེ་བཞིན་སྣ་ཚོགས། །མཁྱེན་ནས་བདེ་བར་གཤེགས་པ་ཆོས་རྣམས་ཀུན་སྟོན། ། ཤིན་ཏུ་ཡངས་པའི་ཞིང་ལ་འདུ་ཤེས་ཕྲར་གྱུར། །རྡུལ་གྱི་མཚན་མ་དག་ལ་འདུ་ཤེས་ཡངས་གྱུར། །དེ་ལས་སྩོགས་པ་བདེ་བར་གཤེགས་པའི་རྫུ་འཕྲུལ། །འཇིག་རྟེན་ཀུན་གྱི་བརྗོད་ཀྱང་ ཟད་པར་མི་འགྱུར། །ཆེ་བ་ཉིད་དབྱངས་དེ་སྐད་དུ། །སྙན་པའི་དབྱངས་སུ་གྲག་གྱུར་ནས། །འཁོར་རྣམས་རབ་ཏུ་དགའ་ཞིང་ཞི། །གསུང་བའི་མཆོག་ལ་ལྟ་ཞིང་གནས། །འཁོར་རྣམས་ཞི་བར་ ཤེས་གྱུར་ནས། །རྣམ་གྲོལ་ཟླ་བས་ཡང་སྨྲས་པ། །ས་བརྒྱད་པ་ཡི་རྣམ་པ་དང་། །དེ་ལ་འཇུག་པ་བསྣན་པར་མཛོད། །བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་སྨྲས་པ། ཀྱེ་རྒྱལ་ བའི་སྲས་དག །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བྱང་ཆུབ་སེམས་དཔའི་ས་བདུན་པ་ལ་རྣམ་པར་དབྱེ་བ་ཤིན་ཏུ་བྱས་པ། ཐབས་དང་ཤེས་རབ་ཀྱིས་ལམ་ཤིན་ཏུ་སྦྱངས་པ། ཆོས་ཤིན་ཏུ་བསྩག་པ། སྨོན་ལམ་ཆེན་པོ་ཤིན་ཏུ་བཏབ་པའི་སྟོབས་དང་ཤུགས་ཅན། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་པ། རང་གི་དགེ་བའི་རྩ་བའི་སྟོབས་དང་ཤུགས་ཐོབ་པ། དེ་བཞིན་ གཤེགས་པའི་སྟོབས་དང་མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡིད་ལ་བྱ་བ་དང་ལྡན་པ། བསམ་པ་དང་ལྷག་པའི་བསམ་པས་ཡོངས་སུ་སྦྱངས་པའི་སེམས་དང་ལྡན་པ། བསོད་ 74-1-134a ནམས་དང་ཡེ་ཤེས་ཀྱི་སྟོབས་ཀྱིས་མངོན་པར་འཕགས་པ། སྙིང་རྗེ་དང་སྙིང་བརྩེ་བ་ཆེན་པོས་སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་མི་གཏོང་བའི་སྦྱོར་བ་དང་ལྡན་པ། ཡེ་ཤེས་ ཀྱི་ལམ་ཚད་མེད་པའི་རྗེས་སུ་སོང་བ་དེ་ཆོས་ཐམས་ཅད་ཐོགས་མ་ནས་མ་བྱུང་བ་ཉིད་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་འཇུག་གོ། །མ་སྐྱེས་པ་དང་། མཚན་ཉིད་མེད་པ་དང་། སྐྱེ་བ་མེད་པ་དང་། འཇིག་ པ་མེད་པ་དང་། ཐུག་པ་མེད་པ་དང་། མི་རྒྱུ་བ་དང་། མི་ལྡོག་པ་དང་། དངོས་པོ་མེད་པའི་རང་བཞིན་དང་། ཐོག་མ་དང་ཐ་མ་དང་དབུས་མཉམ་པ་ཉིད་དང་། དེ་བཞིན་ཉིད་ཀྱིས་རྣམ་པར་མི་ རྟོག་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འང་ཡང་དག་པ་ཇི་ལྟ་བ་བཞིན་དུ་འཇུག་སྟེ། དེས་རྣམ་པ་ཐམས་ཅད་དུ་སེམས་དང་ཡིད་དང་རྣམ་པར་ཤེས་པའི་རྣམ་པར་རྟོག་པ་དང་། འདུ་ཤེས་དང་ བྲལ་ཞིང་ཐོགས་པ་མེད་ལ་ནམ་མཁའ་དང་འདྲ་ཞིང་ནམ་མཁའི་རང་བཞིན་དུ་ཁོང་དུ་ཆུད་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལ་དེ་ལྟ་བུའི་བཟོད་པ་དང་ ལྡན་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་ཐོབ་མ་ཐག་ཏུ་བྱང་ཆུབ་སེམས་དཔའི་གནས་ཟབ་མོ་ཤེས་པར་དཀའ་བ་ཐ་མི་དད་པ་མཚན་མ་ཐམས་ཅད་དང་བྲལ་བ་འདུ་ཤེས་ ཀྱི་བགེགས་ཐམས་ཅད་ལས་ཕྱིར་ལོག་པ་ཚད་མེད་པ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་མི་འཕྲོགས་པ། དཔེར་ན་ཐམས་ཅད་མངོན་ཏུ་གྱུར་པ། ཤིན་ཏུ་ཐོབ་པ་ཡིན། ཀྱེ་རྒྱལ་ བའི་སྲས་དག །འདི་ལྟ་སྟེ་དཔེར་ན། དགེ་སློང་རྫུ་འཕྲུལ་དང་ལྡན་པ་སེམས་ཅན་ཐམས་ཅད་ལ་དབང་ཐོབ་པ། མཐར་གྱིས་འགོག་པའི་བར་དུ་མཉམ་པར་བཞག་པ་ནི་རྒྱུ་དང་སེམས་དཔའ་དང་། 74-1-134b གཡོ་བའི་རྣམ་པར་རྟོག་པ་དང་། འདུ་ཤེས་ཐམས་ཅད་དང་བྲལ་བ་ཡིན། ཀྱེ་རྒྱལ་བའི་སྲས་དག །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་སེམས་དཔའི་ས་བརྒྱད་པ་མི་གཡོ་བ་འདི་ཐོབ་མ་ ཐག་དུ་ཆེད་དུ་བྱ་བ་ཐམས་ཅད་དང་བྲལ་ཏེ་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཐོབ་ཅིང་ལུས་ངག་དང་སེམས་ཀྱི་རྩོལ་བ་ཐམས་ཅད་དང་བྲལ་ཏེ་ཤིན་ཏུ་དབེན་པའི་ཆོས་ཉིད་ལ་གནས་པ་ཡིན། ཀྱེ་རྒྱལ་བའི་སྲས་དག་ འདི་ལྟ་སྟེ་དཔེར་ན། མི་ལ་ལ་ཞིག་གཉིད་ཀྱིས་ལོག་པའི་རྨི་ལམ་དུ་བདག་ཆུ་ཀླུང་ཆེན་པོས་ཁྱེར་བ་སྙམ་བྱེད་ལ། དེ་དེ་ནས་ཅི་ཕྱིན་ཏུ་འབད་ཅིང་རྩོལ་བ་ཆེན་པོ་རྩོམ་རྩོམ་པ་ལས་དེ་འབད་ཅིང་ རྩོལ་བ་ཆེན་པོ་དེ་ཉིད་ཀྱིས་སད་པར་གྱུར་ན། དེ་སད་མ་ཐག་ཏུ་འབད་ཅིང་རྩོལ་བ་ཐམས་ཅད་དང་བྲལ་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཉོན་མོངས་པའི་ ཆུ་ཀླུང་ཆེན་པོ་བཞིར་སེམས་ཅན་མང་པོ་དོང་བར་ཤེས་ནས་འབད་ཅིང་རྩོལ་བ་ཡོངས་སུ་རྩོམ་མོ། །དེ་བརྩོན་འགྲུས་མིན་པ་དང་ལྡན་པས་བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་འདི་ཐོབ་མ་ཐག་ཏུ་ཆེད་དུ་ བྱ་བ་ཐམས་ཅད་བྲལ་བ་ཡིན་ཏེ། དེའི་ཉིན་མོ་རྒྱུ་བ་འམ། མཚན་མོ་རྒྱུ་བ་དག་ཀྱང་ཐམས་ཅད་དུ་མི་སྣང་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག །འདི་ལྟ་སྟེ་དཔེར་ན། ཚངས་པའི་འཇིག་རྟེན་ དུ་སྐྱེས་ཤིང་གནས་པ་ནི་འདོད་པ་ལ་སྤྱོད་པའི་ཉོན་མོངས་པ་རྣམས་ཡོངས་སུ་མི་རྒྱུ་བ་ཡིན། ཀྱེ་རྒྱལ་བའི་སྲས་དག །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་ལ་གནས་པའི་བྱང་ཆུབ་སེམས་ དཔའ་ཡོངས་སུ་ཡིད་དང་། རྣམ་པར་ཤེས་པ་ཡོངས་སུ་རྒྱུ་བ་རྣམས་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་མི་རྒྱུ་བ་ཡིན་ཏེ། སངས་རྒྱས་ལ་ཡོངས་སུ་རྒྱུ་བ་འམ། བྱང་ཆུབ་ལ་ཡོངས་ 74-1-135a སུ་རྒྱུ་བ་འམ། བྱང་ཆུབ་སེམས་དཔའ་ལ་ཡོངས་སུ་རྒྱུ་བ་འམ། རང་སངས་རྒྱས་ལ་ཡོངས་སུ་རྒྱུ་བ་འམ། ཉན་ཐོས་ལ་ཡོངས་སུ་རྒྱུ་བ་འམ། མྱ་ངན་ལས་འདས་ པ་ལ་ཡོངས་སུ་རྒྱུ་བ་འམ། དགྲ་བཅོམ་པ་ལ་ཡོངས་སུ་རྒྱུ་བ་འམ། ཕྱིར་མི་འོང་བ་ལ་ཡོངས་སུ་རྒྱུ་བ་འམ། ལན་ཅིག་ཕྱིར་འོང་བ་ལ་ཡོངས་སུ་རྒྱུ་བ་འམ། རྒྱུན་ཏུ་ཞུགས་པ་ལ་ཡོངས་ སུ་རྒྱུ་བ་ཡང་ཡོངས་སུ་མི་རྒྱུ་ན་འཇིག་རྟེན་པའི་ཡོངས་སུ་རྒྱུ་བ་ཡོངས་སུ་མི་རྒྱུ་བ་ལྟ་ཅི་སྨོས། ཀྱེ་རྒྱལ་བའི་སྲས་དག །དེ་ལྟར་མི་གཡོ་བའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་སྔོན་གྱི་སྨོན་ ལམ་གྱི་སྟོབས་དང་ཤུགས་ལ་གནས་པ་དེའི་ཆོས་ཀྱི་སྒོའི་རྒྱུད་དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་ཉེ་བར་བསྒྲུབ་པ་མཛད་དེ། དེ་ལ་འདི་སྐད་ཅེས་ཀྱང་ བཀའ་སྩལ་ཏོ། །རིགས་ཀྱི་བུ་ལེགས་སོ་ལེགས་སོ། །སངས་རྒྱས་ཀྱི་ཆོས་རྗེས་སུ་རྟོགས་པར་བྱ་བ་ལ་འདི་ནི་དོན་དམ་པའི་བཟོད་པ་འདི་ཡིན། འོན་ཀྱང་རིགས་ཀྱི་བུ་ངེད་ཀྱི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པ་དེ་ཁྱོད་ལ་མེད་ཅིང་སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པ་དེ་དག་ཡོངས་སུ་བཙལ་བའི་ཕྱིར་བརྩོན་འགྲུས་རྩོམས་ཤིག །བཟོད་ པའི་སྒོ་འདི་ཉིད་ཀྱང་མ་གཏང་ཤིག །རིགས་ཀྱི་བུ་འདི་ལྟ་སྟེ། ཁྱོད་ཀྱིས་དེ་ལྟར་ཞི་བའི་རྣམ་པར་ཐར་པ་ཐོབ་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་འདི་དག་ཞི་བ་མ་ཡིན་རབ་ཏུ་ཞི་བ་མ་ཡིན་ཏེ། ཉོན་མོངས་པ་སྣ་ ཚོགས་ཡོངས་སུ་རྒྱུ་བར་གྱུར་ན། དེ་ལྟར་རྣམ་པར་རྟོག་པ་རྣམ་པ་སྣ་ཚོགས་ཀྱིས་ཡོངས་སུ་མནར་པ་ལ་སོམས། འདི་ལྟར་ཡང་རིགས་ཀྱི་བུ་ཁྱོད་ཀྱི་སྔོན་གྱི་སྨོན་ལམ། སེམས་ཅན་ཀྱི་དོན་ 74-1-135b ཡོངས་སུ་འགྲུབ་པར་བྱ་བར་བཏབ་པ་དང་། ཡེ་ཤེས་ཀྱི་སྒོ་བསམ་གྱི་མི་ཁྱབ་པ་དྲན་པར་གྱིས་ཤིག །འདི་ལྟར་ཡང་རིགས་ཀྱི་བུ་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ། དེ་བཞིན་གཤེགས་པ་རྣམས་ བྱུང་ཡང་རུང་མ་བྱུང་ཡང་རུང་། ཆོས་ཀྱི་དབྱིངས་དང་ཆོས་ཀྱི་གནས་ཉིད་འདི་ནི་དེ་བཞིན་དུ་འདུག་པ་སྟེ། འདིས་ནི་དེ་བཞིན་གཤེགས་པ་རྣམས་ཉི་ཙེ་བརྗོད་པར་བྱ་བ་མ་ཡིན་ཏེ། ཉན་ཐོས་དང་རང་ སངས་རྒྱས་ཐམས་ཅད་ཀྱང་རྣམ་པར་མི་རྟོག་པའི་ཆོས་ཉིད་འདི་འཐོབ་པོ། །རིགས་ཀྱི་བུ་ཁྱོད་ངེད་ཀྱི་ལུས་ཚད་མེད་པ་དང་། ཡེ་ཤེས་ཚད་མེད་པ་དང་། སངས་རྒྱས་ཀྱི་ཞིང་ཚད་མེད་པ་དང་། ཡེ་ཤེས་མངོན་ པར་བསྒྲུབ་པ་ཚད་མེད་པ་དང་། འོད་ཀྱི་དཀྱིལ་འཁོར་ཚད་མེད་པ་དང་། དབྱངས་ཀྱི་ཡན་ལག་རྣམ་པར་དག་པ་ཚད་མེད་པ་ལ་ལྟོས། ཁྱོད་ཀྱིས་ཀྱང་དེ་བཞིན་དུ་མངོན་པར་བསྒྲུབ་པར་བྱ་དགོས་སོ། །འདི་ ལྟར་རིགས་ཀྱི་བུ་གང་དེ་ལྟར་ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པ་དེ་ནི་ཁྱོད་ཀྱི་སྣང་བ་གཅིག་པུར་ཟད་དེ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་སྣང་བ་ནི་འདི་འདྲ་སྟེ་ཡོངས་སུ་མཐའ་ཡས་པར་ སོང་ལ་ཡོངས་སུ་མཐའ་ཡས་པར་བསྒྲུབ་པ་སྟེ། དེ་སྙེད་ཀྱི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་ཀྱང་བགྲང་བར་དཀའ། དེ་དག་ཐོབ་པར་བྱ་བའི་ཕྱིར་མངོན་པར་བསྒྲུབ་པ་བསྐྱེད་ཅིག ། འདི་ལྟར་ཡང་རིགས་ཀྱི་བུ་ཕྱོགས་བཅུའི་ཞིང་ཚད་མེད་པ་དང་། སེམས་ཅན་ཚད་མེད་པ་དང་། ཆོས་རྣམ་པར་ཕྱེ་བ་ཚད་མེད་པ་ལྟོས་ཏེ་དེ་དག་ཐམས་ཅད་མ་ནོར་བར་བགྲང་བར་གྱིས་ཤིག་ཅེས་སྟེ། ཀྱེ་རྒྱལ་བའི་སྲས་དག །དེ་ལྟར་དེ་ལྟ་བུའི་ཡེ་ཤེས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཡེ་ཤེས་མངོན་པར་བསྒྲུབ་པའི་སྒོ་དེ་དག་ལ་སྩོགས་པ་གང་གིས་བྱང་ཆུབ་ 74-1-136a སེམས་དཔའ་ཡེ་ཤེས་རྣམ་པར་ཕྱེ་བའི་ཚུལ་མངོན་པར་བསྒྲུབ་པའི་ལས་ཚད་མེད་པ་ཡོངས་སུ་རྫོགས་པར་བྱེད་པ་གཞལ་དུ་མེད་པ་དེ་དག་ཉེ་བར་སྒྲུབ་པ་མཛད་དོ། །ཀྱེ་རྒྱལ་ བའི་སྲས་དག་ཁྱེད་ཀྱིས་ཡིད་ཆེས་པ་དང་། ཁོང་དུ་ཆུད་པར་བྱ་ན་གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའ་དེ་མངོན་པར་བསྒྲུབ་པའི་སྒོར་གཞུག་པ་མཛད་དུ་ཟིན་ན། དེ་ཉིད་དེའི་མཐའ་ལས་བརྒལ་བའི་མྱ་ངན་ལས་འདས་པར་འགྱུར་ཏེ། སེམས་ཅན་ཐམས་ཅད་ཀྱི་གོས་པ་འང་རྒྱུན་བཅད་པར་འགྱུར་རོ། །དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་དག་ནི། བྱང་ ཆུབ་སེམས་དཔའ་དེ་ལ་ཡེ་ཤེས་མངོན་པར་བསྒྲུབ་པའི་ལས་གང་གིས་སྐད་ཅིག་གཅིག་ཏུ་མངོན་པར་བསྒྲུབ་པས་ཀྱང་ཐོག་མ་སེམས་བསྐྱེད་པ་ཕྱིན་བཅད་ས་བདུན་པ་ལ་ཞུགས་ཤིང་། རྗེས་སུ་སོང་ བ་ཡོངས་སུ་རྩོམ་པའི་བར་སྔ་མ་དེ་དག་གིས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང་ཁྲག་ཁྲིག་གི་ཆ་དང་། ཁྲག་ཁྲིག་སྟོང་གི་ཆ་དང་། ཁྲག་ཁྲིག་བརྒྱ་ཕྲག་གི་ཆ་དང་། བྱེ་བ་ཁྲག་ཁྲིག་ བརྒྱ་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོ་བ་ནས་བསྒྲུབ་པ་ཙམ་གྱི་བར་དུའང་མི་ཆོག་པ་དེ་སྙེད་དུ་ཚད་མེད་པའི་ཡེ་ཤེས་ མངོན་པར་བསྒྲུབ་པ་ལས་ཉེ་བར་བསྒྲུབ་པ་མཛད་དོ། །ཀྱེ་རྒྱལ་བའི་སྲས་དག །དེ་ཅིའི་ཕྱིར་ཞེ་ན། སྔོན་ཅད་ལུས་གཅིག་གིས་མངོན་པར་བསྒྲུབ་པས་སྤྱོད་པ་མངོན་པར་བསྒྲུབ་པར་གྱུར་གྱི་འདི་ལ་ གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ལུས་རྣམ་པར་ཕྱེ་བ་ཚད་མེད་པས་བྱང་ཆུབ་སེམས་དཔའི་སྤྱོད་པའི་མཐུ་ཡོངས་སུ་སྡུད་དེ། དབྱངས་མངོན་པར་བསྒྲུབ་པ་ཚད་མེད་པ་དང་། ཡེ་ཤེས་ 74-1-136b མངོན་པར་བསྒྲུབ་པ་ཚད་མེད་པ་དང་། སྐྱེ་བ་མངོན་པར་བསྒྲུབ་པ་ཚད་མེད་པ་དང་། ཞིང་ཡོངསུ་སྤྱད་པ་ཚད་མེད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཚད་མེད་པ་དང་། སངས་ རྒྱས་མཆོད་ཅིང་བསྙེན་བཀུར་བ་ཚད་མེད་པ་དང་། ཆོས་ཀྱི་ཚུལ་ཁོང་དུ་ཆུད་པ་ཚད་མེད་པ་དང་། མངོན་པར་ཤེས་པ་མངོན་པར་བསྒྲུབ་པའི་སྟོབས་དང་ཤུགས་ཚད་མེད་པ་དང་། འཁོར་གྱི་དཀྱིལ་ འཁོར་ཚད་མེད་པ་རྣམ་པར་ཕྱེ་བ་དང་། ཚད་མེད་པའི་རྗེས་སུ་སོང་བའི་ལུས་དང་། ངག་དང་ཡིད་ཀྱི་ལས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཀྱི་མཐུ་མི་སྒུལ་བའི་ཚུལ་གྱིས་ཡང་ དག་པར་བསྒྲུབ་པོ། །ཀྱེ་རྒྱལ་བའི་སྲས་དག །འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོར་འགྲོ་བའི་གྲུ་ནི་རྒྱ་མཚོ་ཆེན་པོར་མ་ཕྱིན་ཀྱི་བར་དུ་ཆེད་དུ་བསྐྱོད་ཅིང་འགྲོ་བར་བྱ་བ་ཡིན་ཏེ། རྒྱ་མཚོ་ཆེན་པོ་ལ་ཞེན་ མ་ཐག་ཏུ་རླུང་གི་དཀྱིལ་འཁོར་གྱིས་བསྩུ་བས་ཆེད་དུ་བསྐྱོད་མི་དགོས་པ་ཡིན། དེས་རྒྱ་མཚོ་ཆེན་པོ་ལ་ཉིན་ཅིག་གིས་ཅི་ཆོད་པ་དེ་ནི་སྔོན་ཆེད་དུ་བསྐྱོད་ཅིང་འགྲོ་བས་ལོ་བརྒྱར་ཡང་དེ་ལྟར་ཚད་མེད་པར་ཕྱིན་པར་མི་ ནུས་སོ། །ཀྱེ་རྒྱལ་བའི་སྲས་དག །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་ཆེན་པོའི་ཚོགས་ཡང་དག་པར་བསྩགས་པ། ཐེག་པ་ཆེན་པོའི་གྲུར་ཞུགས་པ་ཡང་བྱང་ཆུབ་ སེམས་དཔའི་སྤྱོད་པའི་རྒྱ་མཚོར་ཕྱིན་ནས། ཡུད་ཙམ་ཅིག་ཏུ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱི་ས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཇི་ཙམ་ཡང་དག་པར་གནོན་པ་དེ་ནི་སྔོན་གྱི་ཆེད་དུ་བྱ་བའི་ལས་ཀྱིས་ བསྐལ་པ་བརྒྱ་སྟོང་དུ་ཡང་ཡང་དག་པར་གནོན་པར་མི་ནུས་སོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལ་བྱང་ཆུབ་སེམས་དཔའི་ས་བརྒྱད་པ་འདི་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་ཐབས་མཁས་པའི་ཡེ་ཤེས་ཀྱིས་ 74-1-137a བསྒྲུབ་པ་ལྷུན་ཀྱི་གྲུབ་པ་ལ་ཤིན་ཏུ་ཞུགས་པའི། བྱང་ཆུབ་སེམས་དཔའི་བློས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རྣམ་པར་དཔྱད་ཅིང་འཇིག་རྟེན་གྱི་ཁམས་འབྱུང་བ་ཡང་རྣམ་པར་དཔྱོད་དོ། ། འཇིག་རྟེན་གྱི་ཁམས་འཇིག་པའང་རྣམ་པར་དཔྱོད་དོ། །དེ་འཇིག་རྟེན་ཇི་ལྟར་འབྱུང་བ་དེ་ཡང་རབ་ཏུ་ཤེས་སོ། །འཇིག་རྟེན་ཇི་ལྟར་འཇིག་པ་དེ་ཡང་རབ་ཏུ་ཤེས་སོ། །ལས་གང་བསྩགས་པས་འཇིག་རྟེན་ འབྱུང་བར་འགྱུར་བ་དེ་ཡང་རབ་ཏུ་ཤེས་སོ། །ལས་གང་བསྩགས་པས་འཇིག་རྟེན་ན་འཇིག་པར་འགྱུར་བ་དེ་ཡང་རབ་ཏུ་ཤེས་སོ། །དུས་ཇི་སྲིད་ཀྱིས་འཇིག་རྟེན་འབྱུང་བར་འགྱུར་བ་དེ་ཡང་རབ་ཏུ་ཤེས་སོ། །དུས་ ཇི་སྲིད་ཀྱིས་འཇིག་རྟེན་འཇིག་པར་འགྱུར་བ་དེ་ཡང་རབ་ཏུ་ཤེས་སོ། །དུས་ཇི་སྲིད་དུ་བྱུང་ནས་གནས་པ་དེའང་རབ་ཏུ་ཤེས་སོ། །དུས་ཇི་སྲིད་དུ་འཇིག་རྟེན་ཞིག་པར་གནས་པའི་བར་དེ་ཡང་རབ་ཏུ་ཤེས་སོ། །དེ་ སའི་ཁམས་ཤིན་ཏུ་ཆུང་བ་ཡང་རབ་ཏུ་ཤེས་སོ། །སའི་ཁམས་ཆེ་བའང་རབ་ཏུ་ཤེས་སོ། །སའི་ཁམས་ཚད་མེད་པ་ཡང་རབ་ཏུ་ཤེས་སོ། །སའི་ཁམས་རྣམ་པར་ཕྱེ་བ་ཡང་རབ་ཏུ་ཤེས་སོ། །དེ་ཆུའི་ ཁམས་ཤིན་ཏུ་ཆུང་བ་ཡང་རབ་ཏུ་ཤེས་སོ། །ཆུའི་ཁམས་ཤིན་ཏུ་ཆེ་བའང་རབ་ཏུ་ཤེས་སོ། །ཆུའི་ཁམས་ཚད་མེད་པ་འང་རབ་ཏུ་ཤེས་སོ། །ཆུའི་ཁམས་རྣམ་པར་ཕྱེ་བ་ཡང་རབ་ཏུ་ཤེས་སོ། །དེ་མྱེའི་ཁམས་ཤིན་ ཏུ་ཆུང་བ་ཡང་རབ་ཏུ་ཤེས་སོ། །མྱེའི་ཁམས་ཤིན་ཏུ་ཆེ་བ་ཡང་རབ་ཏུ་ཤེས་སོ། །མྱེའི་ཁམས་ཚད་མེད་པ་ཡང་རབ་ཏུ་ཤེས་སོ། །མྱེའི་ཁམས་རྣམ་པར་ཕྱེ་བ་ཡང་རབ་ཏུ་ཤེས་སོ། །དེ་རླུང་གི་ཁམས་ཤིན་ཏུ་ཆུང་ བ་ཡང་རབ་ཏུ་ཤེས་སོ། །རླུང་གི་ཁམས་ཤིན་ཏུ་ཆེ་བ་འང་རབ་ཏུ་ཤེས་སོ། །རླུང་གི་ཁམས་ཚད་མྱེད་པ་ཡང་རབ་ཏུ་ཤེས་སོ། །རླུང་གི་ཁམས་རྣམ་པར་ཕྱེ་བ་ཡང་རབ་ཏུ་ཤེས་སོ། །དེ་ཤིན་ཏུ་ཕྲ་བའི་ 74-1-137b རྡུལ་ཕྲ་བ་ཉིད་ཀྱང་ཤིན་ཏུ་ཤེས་སོ། །ཤིན་ཏུ་ཕྲ་བའི་རྡུལ་ཡངས་པ་ཡང་རབ་ཏུ་ཤེས་སོ། །ཤིན་ཏུ་ཕྲ་བའི་རྡུལ་ཚད་མེད་པ་ཡང་རབ་ཏུ་ཤེས་སོ། །ཤིན་ཏུ་ཕྲ་བའི་རྡུལ་རྣམ་པར་ཕྱེ་བ་ཡང་རབ་ཏུ་ ཤེས་སོ། །འཇིག་རྟེན་གྱི་ཁམས་གང་ན་སའི་ཁམས་ཀྱིས་རྡུལ་ཤིན་དུ་ཕྲ་བ་ཇི་སྙེད་པ་དེ་དག་ཀྱང་རབ་ཏུ་ཤེས་སོ། །ཆུའི་ཁམས་གྱི་རྡུལ་ཤིན་ཏུ་ཕྲ་བ་ཇི་སྙེད་པ་དེ་དག་ཀྱང་རབ་ཏུ་ཤེས་སོ། །མྱེའི་ཁམས་ཀྱི་ རྡུལ་ཤིན་ཏུ་ཕྲ་བ་དེ་དག་ཀྱང་རབ་ཏུ་ཤེས་སོ། །རླུང་གི་ཁམས་གྱི་རྡུལ་ཤིན་ཏུ་ཕྲ་བ་དེ་དག་ཀྱང་རབ་ཏུ་ཤེས་སོ། །རིན་པོ་ཆེ་རྣམ་པར་ཕྱེ་བ་ཇི་སྙེད་ཡོད་པ་དང་། རིན་པོ་ཆེའི་རྡུལ་ཤིན་ཏུ་ཕྲ་བ་ཇི་སྙེད་ ཡོད་པ་དག་ཀྱང་རབ་ཏུ་ཤེས་སོ། །སེམས་ཅན་གྱི་ལུས་ལ་རྡུལ་ཇི་སྙེད་ཡོད་པ་དེ་དག་ཀྱང་རབ་ཏུ་ཤེས་སོ། །ཞིང་གི་ལྷུན་ལ་རྡུལ་ཤིན་ཏུ་ཕྲ་བ་ཇི་སྙེད་ཡོད་པ་དག་ཀྱང་རབ་ཏུ་ཤེས་སོ། །དེ་ སེམས་ཅན་གྱི་ལུས་ཆེ་བ་དང་། ལུས་ཡངས་པ་དང་། ལུས་ཕྲ་བ་དང་། ལུས་རྣམ་པར་ཕྱེ་བ་ཡང་རབ་ཏུ་ཤེས་སོ། །སེམས་ཅན་དམྱལ་བ་པའི་ལུས་རྡུལ་ཤིན་ཏུ་ཕྲ་བ་ཇི་སྙེད་ཀྱིས་བྱུང་བ་དང་། བྱོལ་ སོང་གི་སྐྱེ་གནས་པའི་ལུས་རྡུལ་ཤིན་ཏུ་ཕྲ་བ་ཇི་སྙེད་ཀྱིས་བྱུང་བ་དང་། གཤིན་རྗེའི་འཇིག་རྟེན་པའི་ལུས་རྡུལ་ཤིན་ཏུ་ཕྲ་བ་ཇི་སྙེད་ཀྱི་བྱུང་བ་དང་། ལྷ་མ་ཡིན་གྱི་འཇིག་རྟེན་པའི་ལུས་རྡུལ་ཤིན་ཏུ་ཕྲ་བ་ཇི་ སྙེད་ཀྱིས་བྱུང་བ་དང་། ལྷའི་འཇིག་རྟེན་པའི་ལུས་རྡུལ་ཤིན་དུ་ཕྲ་བ་ཇི་སྙེད་ཀྱི་བྱུང་བ་དང་། མྱིའི་རིས་སུ་གཏོགས་པའི་ལུས་རྡུལ་ཤིན་ཏུ་ཕྲ་བ་ཇི་སྙེད་ཀྱིས་བྱུང་བ་དེ་དག་ཀྱང་རབ་ཏུ་ཤེས་སོ། །དེ་དེ་ལྟར་ རྡུལ་ཤིན་ཏུ་ཕྲ་བ་རབ་ཏུ་ཕྱེ་བ་ལ་ཞུགས་པ་ནི་འདོད་པའི་ཁམས་འཇིག་པ་ཡང་རབ་ཏུ་ཤེས་སོ། །གཟུགས་ཀྱི་ཁམས་འཇིག་པ་ཡང་རབ་ཏུ་ཤེས་སོ། །གཟུགས་མྱེད་པའི་ཁམས་འཇིག་པ་ཡང་ 74-1-138a རབ་ཏུ་ཤེས་སོ། །འདོད་པའི་ཁམས་འདུལ་བ་ཡང་རབ་ཏུ་ཤེས་སོ། །གཟུགས་ཀྱི་ཁམས་འདུལ་བ་ཡང་རབ་ཏུ་ཤེས་སོ། །གཟུགས་མེད་པའི་ཁམས་འདུལ་བ་ཡང་ རབ་ཏུ་ཤེས་སོ། །འདོད་པའི་ཁམས་ཆུང་བ་ཡང་རབ་ཏུ་ཤེས་སོ། །འདོད་པའི་ཁམས་ཆེ་བ་འང་རབ་ཏུ་ཤེས་སོ། །འདོད་པའི་ཁམས་ཚད་མྱེད་པ་འང་རབ་ཏུ་ཤེས་སོ། །འདོད་པའི་ཁམས་ རྣམ་པར་ཕྱེ་བ་ཡང་རབ་ཏུ་ཤེས་སོ། །གཟུགས་ཀྱི་ཁམས་དང་གཟུགས་མྱེད་པའི་ཁམས་ཆུང་བ་ཡང་རབ་ཏུ་ཤེས་སོ། །ཆེ་བ་འང་རབ་ཏུ་ཤེས་སོ། །ཚད་མྱེད་པ་འང་རབ་ཏུ་ཤེས་སོ། །རྣམ་པར་ཕྱེ་ བ་འང་རབ་ཏུ་ཤེས་སོ། །དེ་ཁམས་གསུམ་རྣམ་པར་དཔྱད་པའི་ཡེ་ཤེས་ཁོང་དུ་ཆུད་པ་མངོན་པར་བསྒྲུབ་པའི་ཡེ་ཤེས་ཀྱི་སྣང་བ་དང་ལྡན་ལ། སེམས་ཅན་གྱི་ལུས་རབ་ཏུ་དབྱེ་བ་ལ་མཁས་ཤིང་། ཞིང་གི་ལྷུན་རྣམ་པར་དབྱེ་བའི་ཡེ་ཤེས་ལ་མཁས་པས་སྐྱེ་བའི་སྐྱེ་མཆེད་ཐམས་ཅད་མངོན་པར་བསྒྲུབ་པ་ལ་བློ་ཤིན་ཏུ་གཏོང་སྟེ། དེ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བའི་ཕྱིར་སེམས་ ཅན་རྣམས་ཀྱི་སྐྱེ་བ་དང་། ཡོངས་སུ་གྲུབ་པ་ཅི་འདྲ་བ་དེ་ལྟ་བུར་རང་གི་ལུས་བྱིན་གྱིས་རློབ་པོ། །དེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྒྱས་པར་བཀང་ཞིང་སེམས་ཅན་གྱི་མོས་པ་ཇི་ ལྟ་བ་དེ་བཞིན་དུ་རང་གི་མྱིག་ཡོར་ལྟ་བུའི་ཡེ་ཤེས་ཀྱི་རྗེས་སུ་འབྲང་བས་སྐྱེ་བར་བྱ་བའི་ཕྱིར་མངོན་པར་བསྒྲུབ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཉིས་སམ། གསུམ་མམ། བཞི་འམ། ལྔ་འམ། བཅུ་འམ། ཉི་ཤུ་འམ། སུམ་བཅུ་འམ། བཞི་བཅུ་འམ། ལྔ་བཅུ་དག་ནས་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མེད་པའི་བར་དག་རྒྱས་པར་བཀང་སྟེ། སེམས་ཅན་ 74-1-138b གྱི་མོས་པ་ཇི་ལྟ་བ་དེ་བཞིན་དུ་རང་གི་ལུས་མྱིག་ཡོར་ལྟ་བུའི་ཡེ་ཤེས་ཀྱི་རྗེས་སུ་འབྲང་བས་སྐྱེ་བར་བྱ་བའི་ཕྱིར་མངོན་པར་བསྒྲུབ་པོ། །དེ་དེ་ལྟ་བུའི་ཡེ་ཤེས་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་གཅིག་ནས་ཀྱང་ མྱི་གཡོ་ལ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པ་དག་གི་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་དག་དུ་ཡང་སྣང་བར་ཕྱིན་པ་ཡིན། སེམས་ཅན་རྣམས་ཀྱི་ལུས་རྣམ་པར་ཕྱེ་བ་དང་། མོས་པ་དང་ བསམ་པ་ཇི་ལྟ་བ་བཞིན་དུ་ཞིང་དེ་དང་དེ་དག་དང་། འཁོར་གྱི་དཀྱིལ་འཁོར་དེ་དང་། དེ་དག་ཏུ་དེ་ལྟ་དེ་ལྟར་རང་གི་ལུས་སྟོན་ཏེ། དགེ་སྦྱོང་གི་འཁོར་ཀྱི་དཀྱིལ་འཁོར་དུ་དགེ་སྦྱོང་གི་ཁ་དོག་དང་གཟུགས་སྟོན་ ཏོ། །བྲམ་ཟེའི་འཁོར་གྱི་དཀྱིལ་འཁོར་དུ། བྲམ་ཟེའི་ཁ་དོག་དང་གཟུགས་སྟོན་ཏོ། །རྒྱལ་རིགས་ཀྱི་འཁོར་ཀྱི་དཀྱིལ་འཁོར་དུ་རྒྱལ་རིགས་ཀྱི་ཁ་དོག་དང་གཟུགས་སྟོན་ཏོ། །རྗེའུ་རིགས་ཀྱི་འཁོར་ ཀྱི་དཀྱིལ་འཁོར་དུ་རྗེའུ་རིགས་ཀྱི་ཁ་དོག་དང་གཟུགས་སྟོན་ཏོ། །ཁྱིམ་བདག་གི་འཁོར་གྱི་དཀྱིལ་འཁོར་དུ་ཁྱིམ་བདག་གི་ཁ་དོག་དང་གཟུགས་སྟོན་ཏོ། །རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་འཁོར་གྱི་ དཀྱིལ་འཁོར་དུ། རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་འཁོར་ཀྱི་ཁ་དོག་དང་གཟུགས་སྟོན་ཏོ། །སུམ་བཅུ་རྩ་གསུམ་པའི་འཁོར་ཀྱི་དཀྱིལ་འཁོར་དུ་སུམ་བཅུ་རྩ་གསུམ་པའི་ཁ་དོག་དང་གཟུགས་སྟོན་ཏོ། །དེ་ བཞིན་དུ་མཚེ་མའི་འཁོར་ཀྱི་དཀྱིལ་འཁོར་དང་། དགའ་ལྡན་གྱི་འཁོར་གྱི་དཀྱིལ་འཁོར་དང་། འཕྲུལ་དགའི་འཁོར་གྱི་དཀྱིལ་འཁོར་དང་། གཞན་འཕྲུལ་དབང་བྱེད་ཀྱི་འཁོར་གྱི་དཀྱིལ་འཁོར་དང་། ཚངས་ པའི་འཁོར་གྱི་དཀྱིལ་འཁོར་ནས་འོག་མིན་གྱི་འཁོར་གྱི་དཀྱིལ་འཁོར་གྱི་བར་ཏུ་དེ་ལྟ་དེ་ལྟ་བུའི་ཁ་དོག་དང་གཟུགས་སྟོན་ཏོ། །ཉན་ཐོས་ཀྱི་འདུལ་བའི་སེམས་ཅན་རྣམས་ལ་ཉན་ཐོས་ཀྱི་ལུས་དང་ཁ་དོག་དང་ 74-1-139a གཟུགས་སྟོན་ཏེ། རང་སངས་རྒྱས་ཀྱི་འདུལ་བའི་སེམས་ཅན་རྣམས་ལ་རང་སངས་རྒྱས་ཀྱི་ལུས་དང་ཁ་དོག་དང་གཟུགས་སྟོན་ཏོ། །བྱང་ཆུབ་སེམས་དཔས་འདུལ་བའི་སེམས་ ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་ལུས་དང་ཁ་དོག་དང་གཟུགས་སྟོན་ཏོ། །དེ་བཞིན་གཤེགས་པས་འདུལ་བའི་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྐུ་དང་ཁ་དོག་དང་གཟུགས་སྟོན་ ཏོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལྟར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་ཇི་སྙེད་པ་དེ་དག་གི་སེམས་ཅན་རྣམས་ཀྱི་མོས་པ་རབ་ཏུ་མང་བ་དེ་དག་ཐམས་ཅད་དུ་རང་གི་ལུས་དེ་ལྟ་དེ་ལྟར་རྣམ་པར་ ཕྱེ་བ་ཡོངས་སུ་སྟོན་ཏོ། །དེ་ལུས་ཀྱི་རྣམ་པར་རྟོག་པ་དང་། འདུ་ཤེས་ཐམས་ཅད་དང་རྣམ་པར་བྲལ་བ་སྟེ། ལུས་མཉམ་པ་ཉིད་ཐོབ་པས། སེམས་ཅན་གྱི་ལུས་རབ་ཏུ་ཤེས་སོ། །ཞིང་གི་ ལུས་དང་རྣམ་པར་སྨིན་པའི་ལུས་དང་། ཉན་ཐོས་ཀྱི་ལུས་དང་། རང་སངས་རྒྱས་ཀྱི་ལུས་དང་། བྱང་ཆུབ་སེམས་དཔའི་ལུས་དང་། དེ་བཞིན་གཤེགས་པའི་སྐུ་དང་། ཡེ་ཤེས་ཀྱི་ལུས་ དང་། ཆོས་ཀྱི་ལུས་དང་། ནམ་མཁའི་ལུས་ཀྱང་རབ་ཏུ་ཤེས་སོ། །དེས་སེམས་ཅན་རྣམས་ཀྱི་སེམས་དང་བསམ་པ་མངོན་པར་བསྒྲུབ་པ་ཡོངས་སུ་ཤེས་པས། འདོད་ན་སེམས་ཅན་གྱི་ལུས་ ནམ་མཁའི་ལུས་སུ་བྱིན་གྱི་རློབ་བོ། །དེ་བཞིན་དུ་ཞིང་གི་ལུས་དང་ལས་རྣམ་པར་སྨིན་པའི་ལུས་དང་། ཉན་ཐོས་ཀྱི་ལུས་དང་། རང་སངས་རྒྱས་ཀྱི་ལུས་དང་། བྱང་ཆུབ་སེམས་ དཔའི་ལུས་དང་། དེ་བཞིན་གཤེགས་པའི་སྐུ་དང་། ཡེ་ཤེས་ཀྱི་ལུས་དང་། ཆོས་ཀྱི་ལུས་ཀྱང་ནམ་མཁའི་ལུས་སུ་བྱིན་གྱི་རློབ་བོ། །དེས་སེམས་ཅན་རྣམས་ཀྱི་སེམས་དང་བསམ་ 74-1-139b པ་མངོན་པར་བསྒྲུབ་པ་ཡོངས་སུ་ཤེས་པས་སེམས་ཅན་གྱི་ལུས་རང་གི་ལུས་སུ་བྱིན་གྱིས་རློབ་པོ། །དེ་བཞིན་དུ་ཞིང་གི་ལུས་དང་ལས་རྣམ་པར་སྨིན་པའི་ལུས་དང་། ཉན་ཐོས་ཀྱི་ལུས་དང་། རང་སངས་རྒྱས་ཀྱི་ལུས་དང་། བྱང་ཆུབ་སེམས་དཔའི་ལུས་དང་། དེ་བཞིན་གཤེགས་པའི་སྐུ་དང་། ཡེ་ཤེས་ཀྱི་ལུས་དང་། ཆོས་ཀྱི་ལུས་དང་ནམ་མཁའི་ལུས་ཀྱང་རང་གི་ལུས་ སུ་བྱིན་གྱིས་རློབ་པོ། །དེས་སེམས་ཅན་རྣམས་ཀྱི་སེམས་དང་བསམ་པ་མངོན་པར་བསྒྲུབ་པ་ཡོངས་སུ་ཤེས་པས། ལུས་གང་དང་གང་། ལུས་གང་འདོད་པ་དེ་དང་དེའི་ལུས་སུ་ ལུས་དེ་དང་དེ་དག་བྱིན་གྱིས་རློབ་བོ། །དེས་སེམས་ཅན་ཀྱི་ལུས་རྣམས་ཀྱི་ལས་ཀྱི་ལུས་ཀྱང་རབ་ཏུ་ཤེས་སོ། །རྣམ་པར་སྨིན་པའི་ལུས་དང་། ཉོན་མོངས་པའི་ལུས་དང་། གཟུགས་ཀྱི་ལུས་དང་། གཟུགས་མེད་པའི་ལུས་ཀྱང་རབ་ཏུ་ཤེས་སོ། །ཞིང་གི་ལུས་རྣམས་ཀྱི་ཆུང་བའི་རང་བཞིན་ཡང་རབ་ཏུ་ཤེས་སོ། །ཆེ་བ་དང་ཚད་མེད་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་དག་པ་དང་། སྣྲེལ་བཞི་དང་། སྤྱིའུ་ཚུགས་དང་། གཞི་མཉམ་པར་ཡང་དག་པར་འཇུག་པ་དང་། ཕྱོགས་ཀྱི་དྲ་བ་རྣམ་པར་དཔྱད་པ་ཡང་རབ་ཏུ་ཤེས་སོ། །ལས་རྣམ་པར་སྨིན་པའི་ལུས་རྣམ་པར་ཕྱེ་བའི་ བརྡ་ཡང་རབ་ཏུ་ཤེས་སོ། །དེ་བཞིན་དུ་ཉན་ཐོས་ཀྱི་ལུས་རྣམ་པར་ཕྱེ་བའི་བརྡ་དང་། རང་སངས་རྒྱས་ཀྱི་ལུས་རྣམ་པར་ཕྱེ་བའི་བརྡ་དང་། བྱང་ཆུབ་སེམས་དཔའི་ལུས་རྣམ་པར་ཕྱེ་བའི་བརྡ་དེ་ རབ་ཏུ་ཤེས་སོ། །དེ་བཞིན་གཤེགས་པའི་སྐུ་རྣམས་ཀྱི་མངོན་པར་འཚང་རྒྱ་བའི་ལུས་ཀྱང་རབ་ཏུ་ཤེས་སོ། །སྨོན་ལམ་གྱི་ལུས་དང་སྤྲུལ་པའི་ལུས་དང་། བྱིན་གྱིས་རླབས་ཀྱི་ལུས་དང་། 74-1-140a གཟུགས་དང་མཚན་དང་དཔེ་བྱད་བཟང་པོའི་རྒྱན་གྱི་ལུས་དང་། འོད་ཀྱི་ལུས་དང་ཡིད་ཀྱི་རང་བཞིན་གྱི་ལུས་དང་། བསོད་ནམས་ཀྱི་ལུས་དང་། ཡེ་ཤེས་ཀྱི་ལུས་དང་། ཆོས་ ཀྱི་ལུས་རབ་ཏུ་ཤེས་སོ། །ཡེ་ཤེས་ཀྱི་ལུས་རྣམས་ཀྱི་ཤིན་ཏུ་རྣམ་པར་དཔྱད་པ་ཉིད་ཀྱང་རབ་ཏུ་ཤེས་སོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྟགས་པ་ཡང་རབ་ཏུ་ཤེས་སོ། །འབྲས་བུའི་སྦྱོར་བས་ཡང་ དག་པར་བཟུང་བ་དང་། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་རྣམ་པར་ཕྱེ་བ་དང་། ཐེག་པ་གསུམ་རྣམ་པར་དགོད་པ་དང་། ཐུན་མོང་དང་ཐུན་མོང་མ་ཡིན་པ་དང་། འབྱུང་བ་དང་མི་འབྱུང་བ་ དང་། སློབ་པ་དང་། མི་སློབ་པ་ཡང་རབ་ཏུ་ཤེས་སོ། །ཆོས་ཀྱི་ལུས་རྣམས་ཀྱི་མཉམ་པ་ཉིད་ཀྱང་རབ་ཏུ་ཤེས་སོ། །འཁྲུལ་པ་མེད་པ་ཡང་རབ་ཏུ་ཤེས་སོ། །གནས་དང་བརྡ་དང་ཀུན་རྫོབ་ རྣམ་པར་དགོད་པ་དང་། སེམས་ཅན་དང་སེམས་ཅན་མ་ཡིན་པའི་ཆོས་རྣམ་པར་དགོད་པ་དང་། སངས་རྒྱས་དང་ཆོས་དང་འཕགས་པའི་དགེ་འདུན་རྣམ་པར་དགོད་པ་ཡང་རབ་ཏུ་ཤེས་སོ། །ནམ་ མཁའི་ལུས་རྣམས་ཀྱི་ཚད་མྱེད་པ་ཉིད་ཀྱང་རབ་ཏུ་ཤེས་སོ། །ཐམས་ཅད་ཀྱི་རྗེས་སུ་སོང་བ་དང་། ལུས་མྱེད་པ་དང་། ནོར་བ་མེད་ཅིང་མཐའ་ཡས་པ། གཟུགས་མང་པོ་མངོན་ཞིང་གསལ་བར་བྱེད་པ་ཡང་ རབ་ཏུ་ཤེས་སོ། །དེས་ལུས་ཀྱི་ཡེ་ཤེས་མངོན་པར་བསྒྲུབ་པ་དེ་ལྟ་བུ་རབ་ཏུ་ཐོབ་པས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་ཆེར་བྱིན་གྱི་བརླབ་པའི་ཕྱིར། ཚེའི་དབང་རབ་ཏུ་འཐོབ་པོ། །ཏིང་ ངེ་འཛིན་ཤིན་ཏུ་རྟོགས་པའི་ཡེ་ཤེས་ལ་འཇུག་པར་བྱ་བའི་ཕྱིར་སེམས་ཀྱི་དབང་རབ་ཏུ་ཐོབ་པོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱན་དུ་མས་རབ་ཏུ་བརྒྱན་ཅིང་ཤིན་ཏུ་ཀླུབས་པའི་བྱིན་གྱི་རླབས་ཡང་ 74-1-140b དག་པར་བསྟན་པའི་ཕྱིར་ཡོ་བྱད་ཀྱི་དབང་རབ་ཏུ་འཐོབ་པོ། །ལས་ཀྱི་རྣམ་པར་སྨིན་པའི་བྱིན་གྱིས་རླབས་དུས་བཞིན་དུ་མ་ནོར་བར་བསྟན་པའི་ཕྱིར་ལས་ཀྱི་དབང་རབ་ཏུ་འཐོབ་པོ། །འཇིག་རྟེན་གྱི་ ཁམས་ཐམས་ཅད་དུ་སྐྱེ་བ་ཡོངས་སུ་བསྟན་པའི་ཕྱིར་སྐྱེ་བའི་དབང་རབ་ཏུ་འཐོབ་པོ། །སངས་རྒྱས་ཀྱི་ཞིང་དང་དུས་གཅིག་དགའ་བར་མངོན་པར་འཚང་རྒྱ་བ་ཡང་དག་པར་བསྟན་པའི་ཕྱིར་སྨོན་ལམ་ གྱི་སྟོབས་རབ་ཏུ་འཐོབ་པོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱིས་རབ་ཏུ་གང་བ་ཡང་དག་པར་བསྟན་པའི་ཕྱིར་མོས་པའི་དབང་རབ་ཏུ་འཐོབ་པོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་ དུ་རྫུ་འཕྲུལ་དང་རྣམ་པར་འཕྲུལ་པ་ཡང་དག་པར་བསྟན་པའི་ཕྱིར་རྫུ་འཕྲུལ་གྱི་སྟོབས་རབ་ཏུ་འཐོབ་པོ། །དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ དང་། མཚན་དང་དཔེ་བྱད་བཟང་པོ་དང་མངོན་པར་འཚང་རྒྱ་བ་ཡང་དག་པར་བསྟན་པའི་ཕྱིར་ཡེ་ཤེས་ཀྱི་དབང་རབ་ཏུ་འཐོབ་པོ། །མཐའ་དང་དབུས་མེད་པའི་ཆོས་ཀྱི་སྒོ་སྣང་བ་ཡང་དག་པར་བསྟན་པའི་ ཕྱིར་ཆོས་ཀྱི་དབང་རབ་ཏུ་འཐོབ་པོ། །དེ་བྱང་ཆུབ་སེམས་དཔའི་དབང་པོ་འདི་དག་ཐོབ་མ་ཐག་ནས། བསམ་གྱི་མི་ཁྱབ་པའི་ཡེ་ཤེས་དང་ལྡན་པ་ཡིན། ཚད་མེད་པའི་ཡེ་ཤེས་དང་ལྡན་པ་ཡིན། ཡངས་པའི་ཡེ་ཤེས་དང་ལྡན་པ་ཡིན། མི་འཕྲོགས་པའི་ཡེ་ཤེས་དང་ལྡན་པ་ཡིན། དེས་དེ་ལྟ་བུའི་རྗེས་སུ་སོང་ཞིང་དེ་ལྟ་བུའི་ཡེ་ཤེས་དང་ལྡན་པས་ལུས་ཀྱི་ལས་ཁ་ན་མ་ཐོ་བ་ཤིན་ཏུ་མེད་པ་ ཡང་དག་པར་རྒྱུ་ཞིང་འབྱུང་བ་ཡིན། ངག་གི་ལས་ཁ་ན་མ་ཐོ་བ་ཤིན་ཏུ་མེད་པ་ཡང་དག་པར་རྒྱུ་ཞིང་འབྱུང་བ་ཡིན། ཡིད་ཀྱི་ལས་ཁ་ན་མ་ཐོ་བ་ཤིན་ཏུ་མེད་ཅིང་ཡེ་ཤེས་སྔོན་དུ་འགྲོ་བ་ཡེ་ཤེས་རྗེས་ 74-1-141a སུ་འབྲང་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་དབང་བསྒྱུར་བ་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ་ཐབས་མཁས་པས་ཤིན་ཏུ་རྣམ་པར་ཕྱེ་བ་སྨོན་ལམ་གྱིས་ཤིན་ཏུ་མངོན་པར་ བསྒྲུབས་པ། དེ་བཞིན་གཤེགས་པའི་བྱིན་གྱིས་ཤིན་ཏུ་བརླབས་པ། སེམས་ཅན་གྱི་དོན་བྱ་ཞིང་སྦྱོར་བ་རྒྱུན་མ་ཆད་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྣམ་པར་ཕྱེ་བ་ཡང་དག་པར་རྒྱུ་ ཞིང་འབྱུང་ངོ་། །ཀྱེ་རྒྱལ་བའི་སྲས་དག །དེ་ལ་མདོར་བསྡུ་ན་བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་འདི་ཐོབ་པའི་བྱང་ཆུབ་སེམས་དཔའི་ལུས་དང་ངག་དང་ཡིད་ཀྱི་ལས་ནི་སངས་རྒྱས་ཀྱི་ཆོས་ ཐམས་ཅད་ཡང་དག་པར་བསྡུད་པའི་ཕྱིར་ཡང་དག་པར་རྒྱུ་ཞིང་འབྱུང་ངོ་། །དེ་ལྟར་དེས་བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་འདི་ཐོབ་པས། ཉོན་མོངས་པའི་རྒྱུ་བ་ཐམས་ཅད་དང་བྲལ་བའི་ཕྱིར་བསམ་པའི་ སྟོབས་ཤིན་ཏུ་བརྟན་པ་ཡིན། ལམ་དང་མི་འབྲལ་བའི་ཕྱིར་ལྷག་པའི་བསམ་པ་ཤིན་ཏུ་བརྟན་པ་ཡིན། སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བའི་ཕྱིར་སྙིང་རྗེ་ཆེན་པོའི་སྟོབས་ཤིན་ཏུ་བརྟན་པ་ ཡིན། འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པའི་ཕྱིར་བྱམས་པ་ཆེན་པོའི་སྟོབས་ཤིན་ཏུ་བརྟན་པ་ཡིན། ཉམས་པ་མེད་པའི་ཆོས་དང་ལྡན་པའི་ཕྱིར་གཟུངས་ཀྱི་སྟོབས་ཤིན་ཏུ་བརྟན་པ་ཡིན། སངས་ རྒྱས་ཀྱི་ཆོས་ཐམས་ཅད་རབ་ཏུ་དབྱེ་བའི་བྱེ་བྲག་ལ་མཁས་པའི་ཕྱིར་སྤོབས་པའི་སྟོབས་ཤིན་ཏུ་བརྟན་པ་ཡིན། འཇིག་རྟེན་གྱི་ཁམས་མཐའ་ཡས་པར་སྤྱོད་པའི་རྣམ་པ་ལ་མཁས་པས་མངོན་ པར་ཤེས་པའི་སྟོབས་ཤིན་ཏུ་བརྟན་པ་ཡིན། བྱང་ཆུབ་སེམས་དཔའི་བྱ་བ་ཐམས་ཅད་ཡོངས་སུ་མི་གཏོང་བས་སྨོན་ལམ་གྱི་སྟོབས་ཤིན་ཏུ་བརྟན་པ་ཡིན། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་ 74-1-141b པར་བསྒྲུབ་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པའི་སྟོབས་ཤིན་ཏུ་བརྟན་པ་ཡིན། ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པ་ཐམས་ཅད་དུ་མངོན་ཏུ་གྱུར་པས་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ སྟོབས་ཤིན་ཏུ་བརྟན་པ་ཡིན་ཏེ། དེ་དེ་ལྟ་བུའི་སྟོབས་ཀྱི་ཤུགས་དང་ལྡན་པས་བྱ་བ་ཐམས་ཅད་ཀྱང་ཡང་དག་པར་སྟོན་ལ་བྱ་བ་ཐམས་ཅད་ལ་ཁ་ན་མ་ཐོ་བའང་མེད་པ་ཡིན། ཀྱེ་རྒྱལ་བའི་སྲས་ དག །འདི་ནི་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་ས་བརྒྱད་པ་སྟེ། མི་འཕྲོགས་པའི་ཕྱིར་མི་གཡོ་བ་ཞེས་བྱའོ། །ཡེ་ཤེས་མི་ཟློག་པའི་ཕྱིར་མི་འགྱུར་བ་ཞེས་བྱའོ། །འགྲོ་བ་ཐམས་ཅད་ཀྱིས་ཤེས་པར་དཀའ་བས་ན་ཐོབ་པར་བཀའ་བའི་ས་ཞེས་བྱའོ། ། ཁ་ན་མ་ཐོ་བ་མེད་པའི་ཕྱིར་གཞོན་ནུའི་ས་ཞེས་བྱའོ། །བསམ་པ་ཇི་ལྟ་བ་བཞིན་དུ་དབང་བསྒྱུར་བས་སྐྱེ་བའི་ས་ཞེས་བྱའོ། །གཟོད་བྱ་བ་མེད་པ་ཡོངས་སུ་རྫོགས་པའི་ས་ཞེས་བྱའོ། །ཡེ་ཤེས་ཀྱི་ ས་རྣམ་པར་དབྱེ་བ་ཤིན་ཏུ་བྱ་བས་མཐར་ཐུག་པའི་ས་ཞེས་བྱའོ། །སྨོན་ལམ་ཤིན་ཏུ་མངོན་པར་བསྒྲུབ་པས་མྱ་ངན་ལས་འདས་པའི་ས་ཞེས་བྱའོ། །གཞན་གྱི་རྣམ་པར་མི་འཁྲུགས་པས་བྱིན་གྱིས་ རླབས་ཀྱི་ས་ཞེས་བྱའོ། །སྔོན་གྱི་མཐར་མངོན་པར་བསྒྲུབ་པས་ལྷུན་གྱིས་གྲུབ་པའི་ས་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལྟར་བྱང་ཆུབ་སེམས་དཔའ་དེ་ལྟ་བུའི་ཡེ་ཤེས་མངོན་པར་ བསྒྲུབ་པ་དང་ལྡན་ཞིང་། སངས་རྒྱས་ཀྱི་རིགས་ཀྱི་རྗེས་སུ་སོང་བ། སངས་རྒྱས་ཀྱི་ཡོན་ཏན་གྱིས་ཤིན་ཏུ་གསལ་བར་གྱུར་པ། དེ་བཞིན་གཤེགས་པའི་སྤྱོད་ལམ་དང་། སྤྱོད་པ་དང་ ཚུལ་གྱི་རྗེས་སུ་སོང་བ། སངས་རྒྱས་ཀྱི་ཡུལ་ལ་མངོན་དུ་གྱུར་པ་དེ་ནི་རྟག་ཏུ་རྒྱུན་མི་འཆད་པར་དེ་བཞིན་གཤེགས་པའི་བྱིན་གྱིས་ཤིན་ཏུ་བརླབས་པ་ཡིན། བརྒྱ་བྱིན་དང་། ཚངས་ 74-1-142a པ་དང་། འཇིག་རྟེན་གྱི་མགོན་པོས་རབ་ཏུ་གསུ་བ་ཡིན། ལག་ན་རྡོ་རྗེ་རྟག་པར་རྗེས་སུ་འབྲང་བ་ཡིན། ཏིང་ངེ་འཛིན་གྱི་སྟོབས་ཡོངས་སུ་མ་བཏང་བ་ཡིན། ལུས་རྣམ་ པར་ཕྱེ་བ་ཚད་མེད་པ་མངོན་པར་བསྒྲུབ་པ་ཡིན། ལུས་ཀྱི་སྤྱོད་པའི་སྟོབས་ཐམས་ཅད་དང་ལྡན་པ་ཡིན། མངོན་པར་ཤེས་པ་ཆེན་པོའི་རྣམ་པར་སྨིན་པ་ཡོངས་སུ་རྫོགས་པ་ཡིན། ཏིང་ ངེ་འཛིན་མཐའ་ཡས་པ་ལ་དབང་བསྒྱུར་བ་ཡིན། ལུང་བསྟན་པ་ཚད་མེད་པ་ཡང་དག་པར་ནོད་པ་ཡིན། ཡོངས་སུ་སྨིན་པའི་ཚུལ་བཞིན་དུ་འགྲོ་བ་རྣམས་ལ་མངོན་པར་འཚང་རྒྱ་བ་ཡོངས་ སུ་སྟོན་པ་ཡིན་ཏེ། དེ་དེ་ལྟ་བུའི་ས་དང་ལྡན་ཞིང་ཐེག་པ་ཆེན་པོའི་དཀྱིལ་འཁོར་ལ་རབ་ཏུ་ཞུགས་པ་ཤིན་ཏུ་རྣམ་པར་དཔྱད་པའི་ཡེ་ཤེས་མངོན་པར་ཤེས་པ་ཆེན་པོ་དང་ལྡན་པ། རྟག་ཏུ་རྒྱུན་མི་ཆད་ པར་ཤེས་རབ་སྣང་བའི་འོད་གཟེར་གཏོང་བ། ཆོས་ཀྱི་དབྱིངས་ཆགས་པ་མེད་པའི་ལམ་དུ་ཞུགས་པ། འཇིག་རྟེན་གྱི་ཁམས་ཀྱི་ལམ་རྣམ་པར་དབྱེ་བ་ལ་མཁས་པ། ཡོན་ཏན་གྱི་རྣམ་པ་ ཐམས་ཅད་ཡང་དག་པར་སྟོན་པ། རང་གིས་སེམས་སྐྱེད་པ་ལ་དབང་བསྒྱུར་བ་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཤིན་ཏུ་རྟོགས་པའི་ཡེ་ཤེས་ཅན། བདུད་ཀྱི་ལམ་ཐམས་ཅད་ཡོངས་སུ་ བཟློག་པའི་ཡེ་ཤེས་དང་ལྡན་པ། དེ་བཞིན་གཤེགས་པའི་ཡུལ་དང་སྤྱོད་ཡུལ་རྗེས་སུ་ཞུགས་པ་ནི་འཇིག་རྟེན་གྱི་ཁམས་འབྱམ་ཀླས་ཤིང་མུ་མེད་པ་དག་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཕྱིར་མི་ ལྡོག་པའི་ཚུལ་གྱིས། སྤྱོད་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ནི་བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་ཐོབ་པ་ཡིན་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལ་བྱང་ཆུབ་སེམས་དཔའི་ 74-1-142b ས་མི་གཡོ་བ་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་མངོན་པར་བསྒྲུབས་པས་རྟག་ཏུ་རྒྱུན་མི་འཆད་པར་དེ་བཞིན་གཤེགས་པ་མཐའ་ཡས་པ་མཐོང་བ་དང་མི་འབྲལ་བ་ ཡིན། སངས་རྒྱས་མཐོང་བ་ལ་མཆོད་ཅིང་བསྙེན་བཀུར་བ་རྒྱ་ཆེན་པོ་ཡང་ཡོངས་སུ་མི་གཏོང་སྟེ། དེ་བསྐལ་པ་རེ་རེ་དང་། འཇིག་རྟེན་གྱི་ཁམས་འབྱམ་ཀླས་པར་རེ་རེ་དག་དུ་ཡང་སངས་རྒྱས་ དུ་མ་དང་། སངས་རྒྱས་བརྒྱ་ཕྲག་དུ་མ་དང་། སངས་རྒྱས་སྟོང་ཕྲག་དུ་མ་དང་། སངས་རྒྱས་བརྒྱ་སྟོང་ཕྲག་དུ་མ་དང་། སངས་རྒྱས་བྱེ་བ་བརྒྱ་སྟོང་ཕྲག་དུ་མ་དང་། སངས་རྒྱས་ཁྲག་ ཁྲིག་དུ་མ་དང་། སངས་རྒྱས་ཁྲག་ཁྲིག་བརྒྱ་ཕྲག་དུ་མ་དང་། སངས་རྒྱས་ཁྲག་ཁྲིག་སྟོང་ཕྲག་དུ་མ་དང་། སངས་རྒྱས་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དང་། སངས་རྒྱས་བྱེ་བ་ཁྲག་ ཁྲིག་བརྒྱ་སྟོང་ཕྲག་དུ་མ་ལ་རིམ་གྲོ་བྱེད་དོ། །བཀུར་བསྟི་བྱེད་དོ། །སྟི་སྟང་བྱེད་དོ། །མཆོད་པ་བྱེད་དོ། །མཆོད་པ་མངོན་པར་བསྒྲུབ་པའི་རྣམ་པ་ཐམས་ཅད་ཀྱང་ཡང་དག་པར་འབུལ་ལོ། ། དེ་བཞིན་གཤེགས་པ་དེ་དག་ལ་བསྙེན་བཀུར་བྱེད་ཅིང་འཇིག་རྟེན་གྱི་ཁམས་རྣམ་པར་དབྱེ་བ་སྔོན་དུ་འགྲོ་བའི་ཆོས་སྣང་བ་ཉེ་བར་བསྒྲུབ་པ་ཡང་དག་པར་ལེན་ཏོ། །དེ་བསྔོན་བས་ཀྱང་དེ་བཞིན་ གཤེགས་པའི་ཆོས་ཀྱི་མཛོད་རབ་ཏུ་ཐོབ་པས། འཇིག་རྟེན་གྱི་ཁམས་རྣམ་པར་ཕྱེ་བ་ཡོངས་སུ་བྲི་བ་ཤིན་ཏུ་བསྟན་པས་མི་འཕྲོགས་པ་ཡིན། དེའི་དགེ་བའི་རྩ་བ་དེ་དག་ཀྱང་བསྐལ་ པ་དུ་མ་དང་། བསྐལ་པ་བརྒྱ་ཕྲག་དུ་མ་དང་། བསྐལ་པ་སྟོང་ཕྲག་དུ་མ་དང་། བསྐལ་པ་བརྒྱ་སྟོང་ཕྲག་དུ་མ་དང་། བསྐལ་པ་བྱེ་བ་བརྒྱ་སྟོང་ཕྲག་དུ་མ་དང་། བསྐལ་པ་ 74-1-143a ཁྲག་ཁྲིག་དུ་མ་དང་། བསྐལ་པ་ཁྲག་ཁྲིག་བརྒྱ་ཕྲག་དུ་མ་དང་། བསྐལ་པ་ཁྲག་ཁྲིག་སྟོང་ཕྲག་དུ་མ་དང་། བསྐལ་པ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དང་། བསྐལ་ པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་ཤིན་ཏུ་བྱང་བ་དང་ཡོངས་སུ་དག་པ་དང་ཤིན་ཏུ་འོད་གསལ་ཞིང་དང་བར་གནས་པ་ཡིན། ཀྱེ་རྒྱལ་བའི་སྲས་དག །འདི་ལྟ་སྟེ་དཔེར་ན། གསེར་གྱིས་ ས་ལེ་སྦྲམ་དེ་ཉིད་མགར་བ་མཁས་པ་དེས་ཡོངས་སུ་ཟིན་པར་གྱུར་ནས་འཛམ་བུའི་གླིང་གི་བདག་པོའི་མགུལ་ལམ་མགོ་ལ་བཏགས་ན་སེམས་ཅན་འཛམ་བུའི་གླིང་པ་ཐམས་ཅད་ཀྱི་རྒྱན་གྱི་ རྣམ་པ་ཀུན་གྱིས་མི་ཐུབ་མི་འཕྲོགས་པ་ཡིན། ཀྱེ་རྒྱལ་བའི་སྲས་དག །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་དེ་དག་ཉན་ ཐོས་དང་རང་སངས་རྒྱས་ཐམས་ཅད་ནས་བྱང་ཆུབ་སེམས་དཔའི་ས་བདུན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བར་གྱིས་ཀྱང་མི་འཕྲོགས་པ་ཡིན། བྱང་ཆུབ་སེམས་དཔའི་ ས་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་འོད་ཆེན་པོ་ནི་ཡེ་ཤེས་ཀྱི་སྒོ་ཤིན་ཏུ་རྣམ་པར་ཕྱེ་བས་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་མུན་པ་རབ་ཏུ་སེལ་ཏོ། །ཀྱེ་རྒྱལ་བའི་སྲས་ དག །འདི་ལྟ་སྟེ་དཔེར་ན། སྟོང་ལ་དབང་བའི་ཚངས་པ་ནི། སྟོང་གིས་འཇིག་རྟེན་གྱི་ཁམས་བྱམས་པས་བཀང་ཞིང་འོད་ཀྱིས་སྣང་བར་བྱེད་དོ། །ཀྱེ་རྒྱལ་བའི་སྲས་དག །དེ་བཞིན་དུ་བྱང་ཆུབ་ སེམས་དཔའི་ས་མི་གཡོ་བ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་བར་གྱི་འཇིག་རྟེན་གྱི་ཁམས་སྣང་བས་རྒྱས་པར་བཀང་ 74-1-143b ཞིང་། སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་ཡོངས་སུ་གདུང་བ་མཐར་གྱིས་ཞི་བར་བྱེད་དོ། །ལུས་ཀྱང་ཤིན་ཏུ་ཚིམ་པར་བྱེད་དོ། །དེ་བཞིན་དུ་ཕ་རོལ་དུ་ཕྱིན་པ་བཅུ་ལས་སྨོན་ལམ་གྱི་ཕ་རོལ་ ཏུ་ཕྱིན་པའི་ཤས་ཆེ་བ་ཡིན་ཏེ། ལྷག་མ་རྣམས་ཀྱི་ཚུལ་ཅི་ནུས་སུ་ཡང་དག་པར་མི་བསྒྲུབ་པར་མ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་ཞེས་ བྱ་བ་སྟེ། བྱང་ཆུབ་སེམས་དཔའི་ས་བརྒྱད་པ་མདོར་བསྟན་པའོ། །རྒྱ་ཆེར་ནི་བསྐལ་པ་མུ་མེད་པས་བསྟན་པའི་མཐར་ཐུག་པར་ཤེས་པར་བྱའོ། །དེ་ལ་གནས་པའི་བྱང་ཆུབ་ སེམས་དཔའ་ནི་ཕལ་ཆེར་སྟོང་གིས་བདག་པོ་ཚངས་པ་ཆེན་པོར་འགྱུར་ཏེ། གཞན་ཟིལ་གྱིས་གནོན་ཅིང་། གཞན་གྱིས་ཟིལ་གྱིས་མི་གནོན་པ་དང་། དོན་མཐོང་ཞིང་དབང་ཐོབ་པར་འགྱུར་ཏེ། སེམས་ཅན་རྣམས་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་ལ་མཁས་ཤིང་མཐུ་ཡོད་པས་ན། འཇིག་རྟེན་གྱི་ཁམས་རྣམ་པར་ཕྱེ་བ་ཡོངས་ སུ་དྲིས་པས་མི་འཕྲོགས་པ་ཡིན། དེ་སྦྱིན་པ་འམ། ངག་སྙན་པ་འམ། དོན་བསྒྲུབ་པ་འམ། དོན་འཐུན་པས་དགེ་བའི་རྩ་བ་གང་ཅི་རྩོམ་ཡང་རུང་སྟེ། དེ་དག་ཐམས་ཅད་ཇི་ ལྟར་ན་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར། གཙོ་བོར་འགྱུར་ཐུ་བོར་འགྱུར། ཕུལ་དུ་འགྱུར། དམ་པར་འགྱུར། བླ་ན་མེད་པ་འདྲེན་པར་འགྱུར། ཡོངས་སུ་ འདྲེན་པར་འགྱུར་བ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བརྟེན་པའི་བར་དུ་འགྱུར་སྙམ་སྟེ། སངས་རྒྱས་ཡིད་ལ་བྱ་བ་དང་། ཆོས་ཡིད་ལ་བྱ་བ་དང་། དགེ་འདུན་ཡིད་ལ་བྱ་བ་དང་། 74-1-144a བྱང་ཆུབ་སེམས་དཔའ་ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་དཔའི་ས་ཡིད་ལ་བྱ་བ་དང་། ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱ་བ་དང་། སྟོབས་ ཡིད་ལ་བྱ་བ་དང་། མྱི་འཇིགས་པ་ཡིད་ལ་བྱ་བ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡིད་ལ་བྱ་བ་ནས་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་ ཡིད་ལ་བྱ་བ་དང་། མྱི་འབྲལ་བ་ཡིན་ཏེ། དེ་འདོད་ན་སྐད་ཅིག་ཡུད་ཙམ་ཐང་ཅིག་དང་། ཏིང་ངེ་འཛིན་སྟོང་གསུམ་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་འཐོབ་ཅིང་དེ་དག་ལ་སྙོམས་པར་ འཇུག་པ་དང་། སངས་རྒྱས་སྟོང་གསུམ་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་མཐོང་བ་དང་། དེ་དག་གི་བྱིན་གྱིས་རླབས་ཀྱང་ཡང་དག་པར་ཤེས་པ་དང་། འཇིག་རྟེན་གྱི་ཁམས་སྟོང་གསུམ་ བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བསྐྱེད་པ་དང་། སངས་རྒྱས་ཀྱི་ཞིང་སྟོང་གསུམ་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དུ་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་སྟོང་གསུམ་ བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་སྣང་བར་བྱ་བ་དང་། སེམས་ཅན་སྟོང་གསུམ་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོངས་སུ་སྨིན་པར་བྱ་བ་དང་། བསྐལ་པ་སྟོང་གསུམ་ བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དུ་གནས་པར་བྱ་བ་དང་། སྔོན་གྱི་མཐའ་དང་ཕྱི་མའི་མཐའི་བསྐལ་པ་སྟོང་གསུམ་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་རབ་ཏུ་འཇུག་པ་དང་། ཆོས་ཀྱི་སྒོ་སྟོང་གསུམ་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རྣམ་པར་འབྱེད་པ་དང་། ལུས་སྟོང་གསུམ་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོངས་སུ་བསྟན་པ་དང་། ལུས་རེ་རེ་ལ་ 74-1-144b ཡང་བྱང་ཆུབ་སེམས་དཔའི་འཁོར་སྟོང་གསུམ་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡང་དག་པར་བསྟན་པར་བྱ་བའི་བརྩོན་འགྲུས་ཀྱི་རྣམ་པ་དེ་ལྟ་བུ་རྩོམ་མོ། །དེ་ཡན་ཅད་བྱང་ཆུབ་སེམས་དཔའ་ སྨོན་ལམ་གྱི་མཐུ་ཅན་རྣམས་སྨོན་ལམ་གྱི་ཁྱད་པར་གྱིས་རྣམ་པར་འཕྲུལ་ཏེ་དེ་དག་གི་ལུས་སམ་འོད་དམ། རྫུ་འཕྲུལ་ལམ། མིག་གམ། སྤྱོད་ཡུལ་ལམ། དབྱངས་སམ། སྤྱོད་པ་འམ། བརྒྱན་དམ། བྱིན་གྱི་རླབས་སམ། མོས་པ་འམ། མངོན་པར་འདུས་བྱེད་པ་དག་ཀྱང་བསྐལ་པ་དང་། བསྐལ་པ་བརྒྱ་ཕྲག་དུ་མ་དང་། བསྐལ་པ་སྟོང་ཕྲག་དུ་མ་དང་། བསྐལ་པ་བརྒྱ་ སྟོང་ཕྲག་དུ་མའི་བར་གྱི་ཀྱང་བགྲང་བར་དཀའོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་སའི་དོན་འདི་ཉིད་ཡང་བརྟག་པར་བྱ་བ་དང་། བསྟན་པར་བྱ་བའི་ཕྱིར། དེའི་ཚེ་ཚིགས་སུ་བཅད་ པ་འདི་དག་སྨྲས་སོ། །དེ་དག་ས་བདུན་ཤེས་རབ་ཐབས་ཀྱིས་ལམ་སྦྱངས་ཤིང་། །ཤིན་ཏུ་མཆོག་བསྩགས་སྨོན་ལམ་ཆེན་པོ་རབ་བཏབ་པ། །མྱི་ཡི་དམ་པས་བྱིན་རླབས་དགེ་བའི་ རྩ་དང་ཞིང་། །ཡེ་ཤེས་མངོན་འདོད་མཁས་པ་བརྒྱད་པ་ཡོངས་སུ་གནོན། །བསོད་ནམས་ཡེ་ཤེས་རབ་བསྩགས་སྙིང་རྗེ་བྱམས་ལྡན་ཞིང་། །ཚད་མེད་སེམས་ཀྱི་རྗེས་སོང་མཁའ་དང་འདྲ་བའི་བློ། ། དྲང་སྲོང་ཆེན་པོ་ཐོས་ཆོས་རྟོགས་པའི་སྟོབས་ལྡན་པ། །མྱི་སྐྱེ་བ་ཡི་བཟོད་པ་ཕྲ་ཞིང་ཞི་བ་རབ་ཏུ་འཐོབ། །སྔ་ནས་མ་སྐྱེ་མི་སྐྱེ་མཚན་ཉིད་མེད་པ་དང་། །མ་བྱུང་འཇིག་པ་མེད་ཅིང་རྒྱུ་བ་མེད་ པ་དང་། །དངོས་པོ་སྐྱེ་འཇིག་མེད་པའི་དེ་བཞིན་རྟོག་མེད་པ། །ཡིད་དང་སེམས་ཀྱི་རྒྱུ་བ་མེད་ཅིང་ནམ་མཁའ་འདྲ། །དེ་དག་འདི་འདྲའི་བཟོད་ལྡན་སྤྲོས་པ་མེད་གྱུར་པའི། །མཁས་པས་ 74-1-145a ཟབ་སྤྱོད་ཞི་བའི་གནས་རབ་ཐོབ་པ་ཡིན། །དགྲ་བཅོམ་རང་རྒྱལ་འགྲོ་བ་ཀུན་ཀྱིས་ཤེས་པར་དཀའ། །མཚན་མ་སྣ་ཚོགས་འཛིན་པའི་འདུ་ཤེས་རྣམ་པར་བསྩལ། །དེ་ལྟར་ གནས་པའི་ཡིད་དང་སེམས་དང་རྟོགས་པ་མེད། །དགེ་སློང་འགྲོགས་དང་ལྡན་པར་རྣམ་པར་མྱི་རྟོག་ཐོབ། །རྨི་ལམ་ཆུས་ཁྱེར་གཉིད་སད་བཞིན་དུ་བརྩོལ་དང་བྲལ། །ཚངས་པའི་གནས་ ཀྱི་འདོད་པ་ཇི་བཞིན་གཉིས་ཀྱང་མེད། །སྔོན་གྱི་བྱིན་གྱིས་བདེ་གཤེགས་ཡང་དག་བསྐུལ་བ་མཛད། །འདི་ནི་བདེ་གཤེགས་དབང་བསྐུར་བཟོད་པ་དམ་པ་སྟེ། །ངེད་ཀྱི་ཡེ་ཤེས་སྟོབས་ཡང་ སངས་རྒྱས་ཆོས་ཀྱི་གནས། །དེ་དག་ཁྱོད་ལ་མེད་ཅིང་དེ་ལ་བརྩོན་འགྲུས་རྩོམ། །ཅི་ཕན་ཁྱོད་ཀྱི་ཉོན་མོངས་འབར་བ་ཀུན་ཞི་ཡང་། །འཇིག་རྟེན་ཉོན་མོངས་མྱེས་ཚིག་དེ་དག་མི་བལྟ་འམ། ། སེམས་ཅན་ཕན་ཕྱིར་སྤྱད་པའི་སྔོན་གྱི་སྨོན་ལམ་སེམས། །འགྲོ་བ་མཐར་རྒྱུར་ཡེ་ཤེས་དོན་ཞུགས་ཤེས་པར་གྱིས། །ཆོས་ཉིད་དེ་བཞིན་ཉིད་འདི་མྱི་ཏོག་རྟག་ཏུ་འདུག །ས་འདི་རྒྱལ་བ་ ཉན་ཐོས་རང་རྒྱལ་ཀུན་ཀྱི་སྟེ། །འདིས་ནི་འཇིག་རྟེན་དག་ཏུ་སྟོབས་བཅུ་མི་བརྗོད་དེ། །གཞན་དུ་ཡེ་ཤེས་ཡངས་པ་དུས་གསུམ་ཚད་ཀྱིས་བརྗོད། །དེ་ལྟར་དེ་ལ་མཚུངས་མེད་ལྷ་དང་མྱིས་མཆོད་ པ། །ཡེ་ཤེས་སྒོ་མོ་ཉེ་བར་བསྒྲུབ་པ་མཛད། །རྒྱལ་བའི་ཆོས་བསྒྲུབ་ཕ་རོལ་མཐའ་ཡས་གཞུགས་མཛད་པ། །དེ་ལ་སྔོན་གྱི་བྱང་ཆུབ་སྤྱོད་པས་ཆར་མྱི་འགྲོ། །ཁྱུ་མཆོག་དེ་ དག་ཡེ་ཤེས་ས་མཆོག་འདི་ཐོབ་ནས། །ཕྱོགས་རྣམས་ཀུན་ཏུ་སྐད་གཅིག་ཅིག་གི་རྒྱས་འགེངས་པ། །ཡེ་ཤེས་ཤུགས་དང་ལྡན་ཞིང་མངོན་ཤེས་མཆོག་ཐོབ་པས། །རྒྱ་མཚོ་ཆེར་ 74-1-145b ཕྱིན་གྲུ་ཆེན་རླུང་གིས་བཀུར་བ་བཞིན། །ཆེད་དུ་བསྐྱོད་སེམས་བྲལ་ཞིང་ཡེ་ཤེས་ལས་ལ་གནས། །ཞིང་རྣམས་འབྱུང་ཞིང་གནས་པ་རྣམ་པར་དཔྱོད་པ་བྱེད། །ཁམས་རྣམས་བཞི་པོ་ཁ་ དོག་ཐ་དད་ཡངས་པ་དང་། །ཕྲ་ཞིང་ཆེ་དང་རྣམ་པར་ཕྱེ་ལ་ཡང་དག་འཇུག །སྟོང་གསུམ་ཤིན་ཏུ་རྡུལ་ཕྲ་ཀུན་ལ་འཇུག་བྱེད་དེ། །ཁམས་བཞི་འགྲོ་བའི་ལུས་རྣམས་རྣམ་པར་ཕྱེ་བ་ དང་། །རྒྱུ་དྲུག་རིན་ཆེན་རྣམ་པར་ཕྱེ་བའི་རྡུལ་ཕྲན་རྣམས། །རྣམ་པར་ཕྱེ་ཞིང་ཡེ་ཤེས་ཡུལ་གྱིས་མ་ལུས་འགྲང་། །ཡེ་ཤེས་རྣམས་བསྒོམས་ཡིད་ལྡན་ལུས་རྣམས་ཐམས་ཅད་དུ། ། སྟོང་པའི་དོན་ཕྱིར་རང་གིས་ལུས་རྣམས་གཟུང་བ་བྱེད། །སྟོང་གསུམ་ཐམས་ཅད་སྣ་ཚོགས་གཟུགས་ཀྱིས་ཁྱབ་བྱས་ཤིང་། །འཇིག་རྟེན་མཐའ་ཡས་དག་ཏུ་སྣ་ཚོགས་ལུས་ཀྱང་ སྟོན། །བར་སྣང་མཁའ་ལ་ཉི་ཟླ་རླུང་གིས་རྒྱུ་འགྲོ་ཡང་། །སོ་སོའི་དཀྱིལ་འཁོར་གཟུགས་བརྙན་ཆུ་དཀྱིལ་རབ་ཏུ་སྣང་། །དེ་བཞིན་མི་གཡོའི་ཆོས་ལ་ཡེ་ཤེས་དམ་པས་རྒྱུ། ། བསམ་དག་འགྲོ་བ་རྣམས་ལ་མཁས་པའི་གཟུགས་བརྙན་སྣང་། །འགྲོ་བའི་བསམ་པ་བཞིན་དུ་ལུས་ཀྱི་རྣམ་ཕྱེ་བ། །ལྷ་དང་མྱི་དང་འཁོར་རྣམས་ཀུན་ཏུ་སྟོན་པ་བྱེད། ། ཉན་ཐོས་རང་རྒྱལ་བདེ་གཤེགས་སྲས་ཀྱི་ལུས་རྣམས་དང་། །བདེ་བར་གཤེགས་སྐུ་ཡན་ལག་བརྒྱད་པ་རབ་ཏུ་སྟོན། །སེམས་ཅན་ཞིང་དང་དེ་བཞིན་ལས་ཀྱི་རྣམ་སྨྱིན་ལུས། །འཕགས་ ལུས་སྣ་ཚོགས་དེ་བཞིན་ཆོས་དང་ཡེ་ཤེས་ལུས། །ནམ་མཁའི་ལུས་དང་མཉམ་པ་ཉིད་དུ་ཁྱུ་མཆོག་ལྡན། །རྫུ་འཕྲུལ་སྣ་ཚོགས་འགྲོ་བ་ཚིམ་པར་བྱ་ཕྱིར་སྟོན། །དབང་བཅུ་དྲི་མ་ 74-1-146a མྱེད་པའི་ཡེ་ཤེས་དཔྱོད་པ་ཐོབ། །ཡེ་ཤེས་སྤྱོད་དང་ལས་རྣམས་སྙིང་རྗེ་འཐུན་པའང་ཐོབ། །ལས་རྣམས་ཇི་སྙེད་རྒྱལ་བའི་ཆོས་རྣམས་ཡོངས་སུ་བསྒྲུབ། །སྡོམ་པ་གསུམ་ ལ་གནས་ཤིང་མི་གཡོ་རི་རབ་བཞིན། །རྒྱལ་སྲས་རྣམས་ཀྱི་སྟོབས་བཅུ་བསྐྱོད་པར་མི་ནུས་པ། །དེ་དག་ཀུན་ལྡན་བདུད་རྣམས་ཀུན་གྱིས་ཡོང་མི་བཟློག །སངས་རྒྱས་བྱིན་རླབས་ བརྒྱ་བྱིན་ཚངས་པས་ཕྱག་ཀྱང་བྱས། །ལག་ན་རྡོ་རྗེའི་དཔུང་རྣམས་རྟག་ཏུ་ཕྱི་བཞིན་འབྲང་། །ས་ཕྱོགས་འདི་ལ་གནས་པའི་ཡོན་ཏན་མཐའ་ཡས་ཏེ། །དེ་དག་བསྐལ་པ་ཁྲག་ཁྲིག་སྟོང་ གིས་ཟད་མི་ནུས། །དེ་དག་སངས་རྒྱས་བྱེ་བ་བསྙེན་བཀུར་ཡང་བྱེད་པས། །རྒྱལ་པོའི་མགོ་ལ་འདུག་པའི་བརྒྱན་ནི་ཤིན་ཏུ་གསལ། །ས་ཕྱོགས་འདི་གནས་བྱང་ཆུབ་སེམས་དཔའ་ཤེས་ ལྡན་པ། །སྟོང་གིས་བདག་པོ་ཚངས་ཆེན་ཡོན་ཏན་མང་པོར་འགྱུར། །ཐེག་པ་གསུམ་སྟོན་ཡོངས་སུ་མྱི་འཁྲུགས་མི་འཕྲོགས་སྟེ། །འོད་བཟང་བྱམས་པའི་བསམ་པས་འགྲོ་བའི་ཉོན་ མོངས་སེལ། །སྐད་གཅིག་ཅིག་ཏུ་སྟོང་ཕྲག་བཅུའི་ཞིང་རྣམས་ཀྱི། །རྡུལ་ཁམས་ཇི་སྙེད་དེ་སྙེད་ཏིང་འཛིན་ལྡན་པ་འཐོབ། །ཕྱོགས་བཅུའི་སེམས་ཅན་གཙོ་བོ་དེ་སྙེད་མང་པོ་མཐོང་། ། ཡན་ཅད་སྨོན་ལམ་མཆོག་གིས་རྒྱན་ཅན་གཅིག་མིན་ནོ། །འདི་ནི་མདོར་བསྡུས་རྒྱལ་སྲས་ཀྱི། །ས་བརྒྱད་ཤིན་ཏུ་བསྟན་པ་སྟེ། །རྒྱ་ཆེ་བསྐལ་པ་བྱེ་བར་ཡང་། །ཐམས་ཅད་མཐར་ ཕྱིན་མྱི་ནུས་སོ། །བྱང་ཆུབ་སེམས་དཔའི་ས་བརྒྱད་པ་སྟེ་མི་གཡོ་བ་ཞེས་བྱ་བའོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། 74-1-146b བམ་པོ་བཅུ་དགུ་པ། །ས་ཡི་དམ་པ་འདི་བཤད་ཚེ། །དེ་བཞིན་གཤེགས་པའི་བྱིན་བརླབས་ཀྱིས། །ཚད་མེད་བསམ་གྱི་མི་ཁྱབ་པའི། །བྱེ་བའི་ཞིང་རྣམས་གཡོས་ པར་གྱུར། །ཐམས་ཅད་གཟིགས་པའི་སྐུ་ལས་ཀྱང་། །འོད་གཟེར་ཡིད་དུ་འོང་བ་བཀྱེ། །དེས་ནི་ཞིང་རྣམས་སྣང་བར་བྱས། །སེམས་ཅན་རྣམས་ཀྱང་བདེ་བར་གྱུར། །བྱང་ཆུབ་སེམས་དཔའ་ སྟོང་སྙེད་ཀྱང་། །བར་སྣང་གནས་ལ་འཁོད་གྱུར་ཏེ། །ལྷ་རྫས་ལྷག་པའི་མཆོད་པ་ཡིས། །གསུང་པའི་མཆོག་ལ་མཆོད་པ་བྱེད། །ལྷའི་རྒྱལ་དབང་པོ་དབང་ཕྱུག་དང་། །དབང་ བསྒྱུར་རྣམས་ཀྱང་དགའ་བར་གྱུར། །མཆོད་པ་རྣམ་པ་སྣ་ཚོགས་ཀྱིས། །ཡོན་ཏན་རྒྱ་མཚོ་མཆོད་པ་བྱེད། །དེ་ནས་ལྷ་ཡི་བུ་མོ་སྟོང་། །དགའ་ཞིང་དབང་པོ་བདེར་གྱུར་པས། ། སྦྱར་ལེགས་སྙན་པའི་ཀླུ་ཡི་དབྱངས། །སྟོན་པ་མཆོད་པའི་དོན་དུ་ལེན། །རོལ་མོའི་སྒྲ་དབྱངས་དེ་དག་ལས། །དྲང་སྲོང་ཆེན་པོའི་བྱིན་རླབས་ཀྱིས། །འདི་འདྲའི་སྒྲ་དབྱངས་སྟོང་སྙེད་ དུ། །སྙན་པའི་དབྱངས་སུ་གྲག་པར་གྱུར། །ཞི་དུལ་རབ་ཞི་དྲི་མ་ཐམས་ཅད་མྱེད་གྱུར་ཅིག །ས་ཡི་མཆོག་དང་ལྡན་པས་སྤྱོད་པ་ལེགས་སྤྱོད་པ། །ཕྱོགས་བཅུར་འགྲོ་ལ་ ཕན་པར་སྤྱོད་པའི་ཁྱུ་མཆོག་རྣམས། །མཁའ་དབྱིངས་འདྲ་བའི་ཡིད་ཀྱི་རྒྱལ་བའི་སྤྱོད་པ་སྟོན། །མྱི་ཡི་གནས་དང་ལྷ་ཡི་གནས་དང་ཀླུ་གནས་སུ། །ཕྱོགས་བཅུར་བསོད་ནམས་ སྟོབས་ཀྱི་རྒྱན་རྣམས་མང་པོ་བྱུང་། །དེ་ལས་ཡང་དུས་རྒྱལ་སྲས་ཡེ་ཤེས་ལ་མོས་པ། །རྒྱལ་བའི་ཡོན་ཏན་བསྔགས་པ་རྒྱ་ཆེན་རབ་ཏུ་སྟོན། །ཞིང་གཅིག་མ་གཡོས་རྡུལ་མེད་ཞིང་ 74-1-147a རྣམས་ཐམས་ཅད་དུ། །འགྲོ་ལ་ཕན་བྱེད་ཟླ་བ་ལྟ་བུའི་འོད་ལྡན་པ། །ཐམས་ཅད་དབྱངས་སུ་འདུ་ཤེས་སེམས་ཞི་ཡིད་རབ་ཀྱིས། །སོ་སོའི་སྐད་བཞིན་སྒྲ་སྐད་བརྒྱ་ ཡང་རྣམ་པར་བརྗོད། །སེམས་ཅན་རྣམས་གང་བློ་ཞན་ཡིད་ནི་དམན་གྱུར་པ། །དེ་ལ་མཁས་པ་ཁྱུ་མཆོག་ཉན་ཐོས་སྤྱོད་པ་སྟོན། །སེམས་ཅན་གང་རྣམས་སེམས་རྣོ་རང་ རྒྱལ་ཐེག་བརྩོན་པ། །དེ་ལ་རྡུལ་མེད་རང་རྒྱལ་ཐེག་པའི་ཡེ་ཤེས་སྟོན། །སེམས་ཅན་གང་རྣམས་ཕན་སེམས་སྙིང་རྗེ་བརྩེ་ཡིད་ཅན། །དེ་ལ་དེ་དག་རྒྱལ་སྲས་སྤྱོད་པའི་མཆོག་ ཀྱང་སྟོན། །སེམས་ཅན་གང་རྣམས་བློ་མཆོག་དམ་པའི་ཡིད་མོས་པ། །དེ་ལ་མཁས་པ་ཚད་མྱེད་སངས་རྒྱས་སྐུ་སྟོན་ཏོ། །ཇི་ལྟར་སྒྱུ་མཁན་འགྲོ་བ་རྣམས་ལ་སྒྱུ་སྟོན་པ། ། ལུས་མང་བྱེ་བ་སྣ་ཚོགས་དེ་དག་དངོས་པོ་མྱེད། །དེ་བཞིན་རྒྱལ་སྲས་མཁས་པ་ཡེ་ཤེས་སྒྱུ་མཁས་པ། །སྤྱོད་པ་ཐམས་ཅད་སྟོན་ཀྱང་དེ་དག་དངོས་པོ་མྱེད། །འདི་འདྲའི་སྒྲ་སྐད་ བརྒྱ་སྟོང་དུ། །སྙན་པའི་དབྱངས་སུ་བརྗོད་བྱས་ནས། །ལྷའི་བུ་མོ་མི་སྨྲ་བར། །ཞི་ལ་མོས་པས་རྒྱལ་བ་ལྟ། །འཁོར་རྣམས་རྣམ་པར་དང་བས་ན། །བདེ་གཤེགས་སྲས་ལ་ ཡང་སྨྲས་པ། །དམ་ཆོས་སྤྱོད་པའི་སྤྱོད་པ་རྣམས། །བརྒྱད་པའི་གོང་དུ་ཡང་གསུང་ཤིང་། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་སྨྲས་པ། ཀྱེ་རྒྱལ་བའི་སྲས་དག །དེ་ ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ལ་གནས་པ་ནི་དེ་ལྟ་བུའི་བློ་ཚད་མེད་པའི་ཡེ་ཤེས་ཀྱིས་རྣམ་པར་དཔྱད་པས་དེ་ནས་གོང་དུ་རྣམ་པར་ཐར་པ་ཞི་བ་ལ་མོས་པར་ 74-1-147b ཞེ་ནོན་ཅིང་དེ་ནས་གོང་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་ཤིན་ཏུ་རྫོགས་པ་རྣམ་པར་སྤྱད་པ་དང་། དེ་བཞིན་གཤེགས་པས་གསུངས་པའི་རྗེས་སུ་འཇུག་པར་བྱ་བ་ལ་འཇུག་པ་དང་། ཡེ་ཤེས་བསམ་གྱི་མི་ཁྱབ་པའི་ཆེ་བ་ཉིད་རྣམ་པར་བྱ་བ་དང་། གཟུངས་དང་། ཏིང་ངེ་འཛིན་རབ་ཏུ་བྱེ་བ་ཡོངས་སུ་སྦྱང་བ་དང་། མངོན་པར་ཤེས་པ་རྒྱ་ཆེན་པོ་མངོན་པར་བསྒྲུབ་པ་དང་། འཇིག་རྟེན་གྱི་ཁམས་རྣམ་པར་དབྱེ་བ་ཁོང་དུ་ཆུད་པར་བྱ་བ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡོངས་སུ་མི་འཕྲོགས་ པ་སྤྱད་པར་བྱ་བ་དང་། དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཁྱུ་མཆོག་གིས་མཐུ་ཕྱུང་བའི་རྗེས་སུ་འབྲང་བར་བྱ་བ་དང་། སྙིང་རྗེ་ཆེན་པོའི་མཐུ་ཕྱུང་བ་ཡོངས་སུ་མྱི་གཏོང་ བར་བྱེད་པས། བྱང་ཆུབ་སེམས་དཔའི་ས་དགུ་པ་ཡོངས་སུ་གནོན་ཏེ། དེ་བྱང་ཆུབ་སེམས་དཔའི་ས་འདི་ལ་གནས་པའི་ཚེ། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པའི་ཆོས་མངོན་པར་ འདུ་བྱ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཆོས་མངོན་པར་འདུ་བྱ་བ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ ཆོས་མངོན་པར་འདུ་བྱ་བ་དང་། བསམ་པ་དང་བསམ་དུ་མེད་པའི་ཆོས་མངོན་པར་འདུ་བྱ་བ་དང་ངེས་པ་དང་མ་ངེས་པའི་ཆོས་མངོན་པར་འདུ་བྱ་བ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་མངོན་ པར་འདུ་བྱ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པའི་ཆོས་མངོན་པར་འདུ་བྱ་བ་དང་། དེ་བཞིན་གཤེགས་པའི་སའི་ཆོས་མངོན་པར་འདུ་བྱ་བ་དང་། དུས་བྱས་ཀྱི་ཆོས་མངོན་པར་འདུ་བྱ་ 74-1-148a བ་དང་། འདུས་མ་བྱེད་པའི་ཆོས་མངོན་པར་འདུ་བྱ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་དེ་ལྟ་བུའི་ཤེས་པ་ཁོང་དུ་ཆུད་པར་བྱ་བའི་བློ་སེམས་ཅན་གྱི་སེམས་ ཐིབས་པོ་རབ་ཏུ་རྒྱུ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཉོན་མོངས་པའི་ཐིབས་པོ་རབ་ཏུ་རྒྱུ་བ་དང་། ལས་ཐིབས་པོ་རབ་ཏུ་རྒྱུ་བ་དང་། དབང་པོ་ཐིབས་པོ་རབ་ཏུ་རྒྱུ་བ་དང་། མོས་པའི་ཐིབས་པོ་རབ་ཏུ་རྒྱུ་བ་དང་། ཁམས་ཐིབས་པོ་རབ་ཏུ་རྒྱུ་བ་དང་། བསམ་པ་དང་བག་ལ་ཉལ་བ་ཐིབས་པོ་རབ་ཏུ་རྒྱུ་བ་དང་། སྐྱེ་བ་ཐིབས་པོ་རབ་ཏུ་རྒྱུ་བ་དང་། བག་ཆགས་ཀྱི་ མཚམས་སྦྱོར་བ་ཐིབས་པོ་རབ་ཏུ་རྒྱུ་བ་དང་། ཕུང་པོ་གསུམ་དུ་རྣམ་པར་གནས་པ་ཐིབས་པོ་རབ་ཏུ་རྒྱུ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ནི་སེམས་ཅན་རྣམས་ཀྱི་ སེམས་རྣམ་པ་ཐ་དད་པ་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། སེམས་རྣམ་པ་སྣ་ཚོགས་དང་། སེམས་སྐད་ཅིག་ཏུ་མྱུར་དུ་འགྱུར་ཞིང་འཇིག་པ་དང་མི་འཇིགས་པ་དང་། སེམས་ལུས་མེད་པ་དང་། སེམས་མཐའ་ཡས་ཤིང་ཐམས་ཅད་དུ་དབང་བྱེད་པ་དང་། སེམས་འོད་གསལ་ཞིང་དང་བ་དང་། སེམས་ཉོན་མོངས་པ་དང་བཅས་པ་དང་། ཉོན་མོངས་ པ་མེད་པ་དང་། སེམས་བཅིངས་པ་དང་། རྣམ་པར་གྲོལ་བ་དང་། སེམས་སྒྱུ་མ་ལྟ་བུར་རྣམ་པར་བསྒྲུབ་པ་དང་། སེམས་འགྲོ་བའི་རྒྱུད་ཇི་ལྟ་བ་བཞིན་དུ་ཉེ་བར་གནས་པ་ནས། སེམས་ སྣ་ཚོགས་སྟོང་ཕྲག་དུ་མའི་བར་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ནི་ཉོན་མོངས་པ་རྣམ་པ་རིང་དུ་སོང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། སྦྱོར་བ་མཐའ་ཡས་པ་ 74-1-148b དང་ལྷན་ཅིག་སྐྱེས་ཤིང་ཐ་མྱི་དད་པ་དང་། བག་ལ་ཉལ་བ་དང་། ཀུན་ནས་འཁོར་བའི་གནས་གཅིག་པ་དང་། སེམས་དང་ལྡན་པ་དང་། མྱི་ལྡན་པ་དང་སྐྱེ་བའི་མཚམས་སྦྱོར་བ་དང་། ལམ་གྱི་རྒྱུད་ཇི་ལྟ་བ་བཞིན་དུ་ཉེ་བར་གནས་པ་དང་། ཁམས་གསུམ་རྣམ་པར་ཕྱེ་བ་དང་། སྲེད་པ་དང་མ་རིག་པ་དང་། ལྟ་བའི་ཟུག་རྔུ་དང་། ང་རྒྱལ་དང་གཏི་མུག་གི་ཁ་ན་མ་ཐོ་བ་ཆེན་པོ་ དང་། ལས་རྣམ་པ་གསུམ་གྱི་གཞི་རྒྱུན་མི་ཆད་པ་ནས་མདོར་བསྡུ་ན་ཉོན་མོངས་པའི་རྒྱུད་སྟོང་ཕྲག་བརྒྱད་བཅུ་རྩ་བཞིའི་བར་དུ་རྗེས་སུ་འཇུག་པར་བྱ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ནི་ ལས་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། རྣམ་པར་དམྱིགས་པ་དང་། རྣམ་པར་མི་དམྱིགས་པ་དང་། སེམས་དང་ལྷན་ ཅིག་ཏུ་སྐྱེས་ཤིང་ཐ་མི་དད་པ་དང་། རང་གི་ངང་གིས་སྐད་ཅིག་ཏུ་རྒྱུས་འབྱུང་ཞིང་འཇིགས་ལ་འབྲས་བུ་ཆུད་མྱི་ཟ་བར་མཚམས་སྦྱོར་བ་དང་། རྣམ་པར་སྨིན་པ་ཡོད་པ་དང་། རྣམ་པར་ སྨིན་པ་མེད་པ་དང་། ནག་པོ་དང་། དཀར་པོ་དང་། མྱི་དཀར་མྱི་གནག་པ་དང་། ཕྱོགས་དུ་མའི་ལས་ཡོངས་སུ་ལེན་པ་རྣམ་པ་ཐ་དད་པ་དང་། ལས་ཀྱི་ཞིང་ཚད་མེད་པ་དང་འཕགས་པ་ དང་། འཇིག་རྟེན་པ་རྣམ་པར་ཕྱེ་བ་དང་། འཇིག་རྟེན་ལས་འདས་པའི་ཆོས་རྣམ་པར་དགོད་པ་དང་། ཉེ་བར་ལེན་པ་དང་བཅས་པ་དང་། ཉེ་བར་ལེན་པ་མྱེད་པ་དང་། འདུས་ བྱས་དང་། འདུས་མ་བྱས་དང་། ཚེ་འདི་དང་སྐྱེ་བ་དང་། རྒྱུད་གཞན་དུ་ཚོར་བར་འགྱུར་བ་དང་། ཐེག་པ་དང་ཐེག་པ་མ་ཡིན་པར་ངེས་པ་དང་། ལུ་རྣམ་པ་ཐ་དད་པ་སྟོང་ཕྲག་བརྒྱ་བཅུ་ 74-1-149a རྩ་བཞིའི་བར་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ནི་དབང་པོ་ཞན་པ་དང་། འབྲིང་དང་རབ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཏེ། སྔོན་གྱི་མཐའ་ དང་ཕྱི་མའི་མཐར་ཐ་དད་པ་དང་། ཐ་མི་དད་པ་དང་། ཡངས་པ་དང་། འབྲིང་དང་ཐ་མ་དང་། ཉོན་མོངས་པ་དང་། ལྷན་གཅིག་ཏུ་སྐྱེས་ཤིང་ཐ་མི་དད་པ་དང་། ཐེག་པ་དང་ཐེག་ པ་མ་ཡིན་པར་ངེས་པ་དང་། མ་ངེས་པ་དང་། ཡོངས་སུ་སྨིན་པའི་ཚུལ་དུ་འདུལ་བ་དང་། དབང་པོའི་དྲ་བའི་རྗེས་སུ་འབྲང་ཞིང་མྱུར་དུ་འཇིག་པ་དང་། མཚན་མར་འཛིན་པ་དང་། དབང་ པོའི་དབང་པོ་གཞན་གྱིས་མྱི་ཐུལ་བ་དང་། དབང་པོའི་རྣམ་པ་ཕྱིར་བཟློག་ཏུ་རུང་བ་དང་། ཕྱིར་བཟློག་ཏུ་མི་རུང་བ་དང་། རིང་དུ་སོང་བ་དང་། ལྷན་ཅིག་སྐྱེས་པ་སྣ་ཚོགས་ཐ་དད་པ་ རྣམས་དབང་པོ་རྣམ་པ་ཐ་དད་པ་སྟོང་ཕྲག་བརྒྱ་བཅུ་རྩ་བཞིའི་བར་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ནི་མོས་པ་ཞན་པ་དང་འབྲིང་དང་། རབ་རྣམས་ཡང་དག་པ་ཇི་ལྟ་བ་ བཞིན་དུ་རབ་ཏུ་ཤེས་པ་ནས། དབང་པོའི་ཚུལ་བཞིན་དུ་མོས་པ། རྣམ་པ་ཐ་དད་པ་སྟོང་ཕྲག་བརྒྱད་བཅུ་རྩ་བཞིའི་བར་དུ་ཡང་དག་པ་ཇི་བལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ནི་ཁམས་ ཐ་མ་དང་འབྲིང་དང་། རབ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ནས་ཁམས་རྣམས་པ་ཐ་དད་པ་སྟོང་ཕྲག་བརྒྱད་བཅུ་རྩ་བཞིའི་བར་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ ཤེས་སོ། །དེ་ནི་བསམ་པ་ཐ་མ་དང་འབྲིང་དང་། རབ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་རྣམས་བསམ་པ་ཐ་དད་པ་སྟོང་ཕྲག་དུ་མའི་བར་དུ་ཡང་དག་པ་ཇི་ལྟ་བ་ 74-1-149b བཞིན་དུ་རབ་ཏུ་ཤེས་སོ། །དེ་ནི་བག་ལ་ཉལ་བ་རྣམས་བསམ་པ་དང་། ལྷན་ཅིག་སྐྱེ་བ་དང་། སེམས་དང་། ལྷན་ཅིག་སྐྱེས་པ་དང་། སེམས་དང་ལྡན་པ་དང་། སེམས་དང་མྱི་དང་ ལྡན་པ་དང་རིང་དུ་སོང་བ་དང་། ཐོག་མ་མེད་པ་ནས། གུད་དུ་མ་བསྐྱོད་པ་དང་། བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང་། མངོན་པར་ཤེས་ པ་བཟོད་པར་དཀའ་བ་དང་། ཁམས་གསུམ་པའི་མཚམས་ཤིན་ཏུ་སྦྱོར་བ་དང་། ཐོག་མ་མེད་པའི་དུས་ཀྱི་སེམས་ཀྱི་རྒྱུད་ཀུན་ཏུ་རྒྱུ་བར་བྱེད་པ་དང་། སྐྱེ་བའི་སྒོ་ཀུན་ནས་འབྱུང་བ་རྣམ་པར་དམྱིགས་ པར་བྱེད་པ་དང་། གཉེན་པོ་ཐོབས་པས་དངོས་པོར་མྱི་འགྱུར་བ་དང་། སའི་སྐྱེ་མཆེད་དང་ཕྲད་པ་དང་། འཕགས་པའི་ལམ་ཐ་དད་པ་མྱེད་པས་ཡང་དག་པར་བསྩལ་བ་ཡང་དག་པར་ བསམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ནི་སྐྱེ་བ་རྣམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ལས་ཇི་ལྟ་བ་བཞིན་དུ་སྐྱེ་བ་དང་། སེམས་ཅན་དམྱལ་བ་ དང་བྱོལ་སོང་དང་ཡི་དགས་དང་། ལྷ་མ་ཡིན་དང་མྱི་དང་། ལྷའི་གནས་རྣམ་པར་དགོད་པ་དང་། གཟུགས་དང་གཟུགས་མྱེད་པར་སྐྱེ་བ་དང་། འདུ་ཤེས་ཡོད་པ་དང་འདུ་ཤེས་མྱེད་པར་སྐྱེ་ བ་དང་། ལས་ཀྱི་ཞིང་དང་། སྲིད་པའི་རླན་དང་། མ་རིག་པའི་མུན་པ་དང་། རྣམ་པར་ཤེས་པའི་ས་བོན་གྱིས་ཡང་སྲིད་པ་རབ་ཏུ་འབྱུང་བ་དང་། མྱིང་གཟུགས་ལྷན་གཅིག་སྐྱེས་ཤིང་ ཐ་མྱི་དད་པ་དང་། སྲིད་པར་འགོ་ཡུང་ཁྱེར་ཞིང་སྲིད་པས་མངོན་པར་མོས་པའི་མཚམས་སྦྱོར་བ་དང་། སྤྱོད་པར་འདོད་པ་དང་། འབྱུང་བར་འདོད་པ་དང་། སེམས་ཅན་ལ་མོས་པ་ 74-1-150a དང་། ཐོག་མ་དང་ཐ་མ་མྱེད་པ་དང་། ཁམས་གསུམ་པ་ཡོངས་སུ་འཛིན་པ་དང་། སྲིད་པ་ཉིང་གི་མཚམས་སྦྱོར་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ནི་ བག་ཆགས་རྣམས་རྒྱུ་བ་དང་མྱི་རྒྱུ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ལམ་གྱི་རྒྱུད་གང་དང་ཇི་ལྟར་འབྲེལ་བའི་བག་ཆགས་ཀྱིས་བསྒོས་པ་དང་། སེམས་ཅན་སྤྱད་པ་སྤྱོད་ པ་ཇི་ལྟ་བ་བཞིན་དུ་བསྒོས་པ་དང་། ལས་དང་ཉོན་མོངས་པ་ལ་གོམས་པ་ཇི་ལྟ་བ་བཞིན་དུ་བསྒོས་པ་དང་། དགེ་བ་དང་མྱི་དགེ་བ་དང་། ལུང་དུ་མ་བསྟན་པའི་ལས་ལ་གོམས་པས་བསྒོས་ པ་དང་། ཡང་སྲིད་པར་འགྲོ་བར་བསྒོས་པ་དང་། མཐར་ཀྱིས་བསྒོས་པ་དང་། རིང་དུ་སོང་ཞིང་རྒྱུན་མི་འཆད་པ་དང་། ཉོན་མོངས་པ་བསྩལ་བས་བསྒོས་པ་དང་། དངོས་པོ་གྱུར་པ་དང་ དངོས་པོར་མ་གྱུར་པས་བསྒོས་པ་དང་། ཉན་ཐོས་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་མཐོང་ཞིང་ཐོས་པས་བསྒོས་པ་ཡང་དག་པ་ཇི་ལྟ་བ་ བཞིན་དུ་རབ་ཏུ་ཤེས་སོ། །དེ་ནི་སེམས་ཅན་གྱི་ཕུང་པོ་ཡང་དག་པར་ངེས་པ་དང་། ལོག་པར་ངེས་པ་དང་། གཉིས་ཀར་མ་ངེས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཡང་དག་པར་ ལྟ་བས་ཡང་དག་པར་ངེས་པ་དང་། ལོག་པར་བལྟ་བས་ལོག་པར་ངེས་པ་དང་། དེ་གཉིས་ཀ་དང་བྲལ་བས་མ་ངེས་པ་དང་། མཚམས་མྱེད་པ་ལྔ་ལས་གང་ཡང་རུང་བར་ལོག་པར་ངེས་པ་དང་། དབང་པོ་ལྔར་ཡང་དག་པར་ངེས་པ་དང་། དེ་གཉིས་ཀ་དང་བྲལ་བས་མ་ངེས་པ་དང་། ལོག་པ་བརྒྱད་དུ་ལོག་པར་ངེས་པ་དང་། ཡང་དག་པ་ལ་ཡང་དག་པར་ངེས་པ་དང་། ཕྱིས་བྱར་མྱེད་ 74-1-150b པ་དང་དེ་གཉིས་ཀ་དང་བྲལ་བས་མ་ངེས་པ་དང་། སེར་སྣ་དང་ཕྲག་དོག་དང་། སྙིང་མྱི་བརྩེ་བ་ལ་ཉེ་བར་སྤྱོད་པ་མ་བཏང་བས་ལོག་པར་ངེས་པ་དང་། འཕགས་པ་བླ་ན་མེད་པའི་ལམ་ བསྒོམ་པས་ཡང་དག་པར་ངེས་པ་དང་། དེ་གཉིས་ཀ་དང་བྲལ་བས་མ་ངེས་པའི་ཕུང་པོ་བསྟན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལྟར་དེ་ ལྟ་བུའི་ཡེ་ཤེས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་ས་ལེགས་པའི་བློ་གྲོས་ལ་རབ་ཏུ་གནས་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའི་ས་ལེག་པའི་བློ་གྲོས་འདི་ ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི་སེམས་ཅན་གྱི་སྤྱོད་པ་རྣམ་པ་ཐ་དད་པ་དེ་ལྟ་བུ་དག་ཡོངས་སུ་ཤེས་ནས། དེའི་ཚུལ་བཞིན་དུ་ཐར་པ་ཉེ་བར་བསྒྲུབ་པ་ཉེ་བར་སྒྲུབ་པོ། །དེ་ སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། སེམས་ཅན་གདུལ་བ་དང་། ཉན་ཐོས་ཀྱི་ཐེག་པ་བསྟན་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ བསྟན་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་བསྟན་པ་དང་། དེ་བཞིན་གཤེགས་པའི་ས་བསྟན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེས་དེ་ལྟར་ཤེས་ནས་སེམས་ཅན་ རྣམས་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་ཏེ། བསམ་པ་རྣམ་པར་དབྱེ་བའི་ཚུལ་ཇི་ལྟ་བ་དང་། བག་ལ་ཉལ་བ་རྣམ་པར་དབྱེ་བའི་ཚུལ་ཇི་ལྟ་བ་དང་། དབང་པོ་རྣམ་པར་དབྱེ་བའི་ཚུལ་ ཇི་ལྟ་བ་དང་། མོས་པ་རྣམ་པར་དབྱེ་བའི་ཚུལ་ཇི་ལྟ་བ་དང་། སྤྱོད་ཡུལ་རྣམ་པར་དབྱེ་བའི་ཚུལ་ཇི་ལྟ་བ་བཞིན་དུ་ཡེ་ཤེས་ཉེ་བར་བསྒྲུབ་པ་དང་། སྤྱོད་ཡུལ་ཐམས་ཅད་ཀྱི་རྒྱུས་ཁོང་དུ་ཆུད་ 74-1-151a པ་དང་། ཁམས་ཐེག་པོ་ཡོངས་སུ་རྒྱུ་བའི་ཚུལ་ཇི་ལྟ་བ་བཞིན་དུ་རྗེས་སུ་འབྲང་བར་བྱ་བ་དང་། སྐྱེ་བ་དང་། ཉོན་མོངས་པའི་ལས་ཀྱི་བག་ཆགས་རྣམ་པ་གང་དང་གང་ ཡོངས་སུ་དག་པའི་ཕྱིར་བཟློག་པར་བྱ་བ་དང་། ཕུང་པོ་རྣམ་པར་དགོད་པའི་ཚུལ་ཇི་ལྟ་བ་བཞིན་དུ་ཚུལ་དང་སྦྱར་བ་དང་། ཐེག་པ་གང་ལ་མོས་པའི་རྣམ་པར་ཐར་པ་ཐོབ་པར་བྱ་བས་སྟོན་ ཏེ། དེ་ལྟར་བྱང་ཆུབ་སེམས་དཔའི་ས་ལེགས་པའི་བློ་གྲོས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་སྨྲ་བ་ཆེན་པོའི་གོ་འཕང་ལ་གནས་ཤིང་དེ་བཞིན་གཤེགས་པའི་ཆོས་ ཀྱི་མཛོད་ཡོངས་སུ་བསྲུང་བ་ཡིན། དེ་ཆོས་སྨྲ་བའི་ཚུལ་དང་ལྡན་པའི་ཡེ་ཤེས་ལ་མཁས་པ་ཚད་མེད་པའི་རྗེས་སུ་སོང་ཞིང་ཐ་དད་པ་ཡང་དག་པར་ཤེས་པ་བཞིས་མངོན་པར་བསྒྲུབ་པའི་ བྱང་ཆུབ་སེམས་དཔའི་ཚིགས་གི་ཆོས་སྟོན་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་ཐ་དད་པ་ཡང་དག་པར་ཤེས་པ་བཞི་རྟག་ཏུ་རྒྱུན་མི་ཆད་ཅིང་མ་འདྲེས་པར་ཡང་དག་པར་འབྱུང་ངོ་། །བཞི་ གང་ཞེ་ན་འདི་ལྟ་སྟེ། ཆོས་ཐ་དད་པ་ཡང་དག་པར་ཤེས་པ་དང་། དོན་ཐ་དད་པ་ཡང་དག་པར་ཤེས་པ་དང་། ངེས་པའི་ཚིག་ཐ་དད་པ་ཡང་དག་པར་ཤེས་པ་དང་། སྤོབས་པ་ཐ་དད་པ་ ཡང་དག་པར་ཤེས་པའོ། །དེ་ཆོས་ཐ་དད་པ་ཡང་དག་པར་ཤེས་པས། ཆོས་རྣམས་ཀྱི་རང་གི་མཚན་ཉིད་རབ་ཏུ་ཤེས་སོ། །དོན་ཐ་དད་པ་ཡང་དག་པར་ཤེས་པས་ཆོས་རྣམས་ཀྱི་རྣམ་པར་ དབྱེ་བ་རབ་ཏུ་ཤེས་སོ། །ངེས་པའི་ཚིག་ཐ་དད་པ་ཡང་དག་པར་ཤེས་པས་ཆོས་རྣམས་མ་འདྲེས་པར་བསྟན་པ་རབ་ཏུ་ཤེས་སོ། །སྤོབས་པ་ཐ་དད་པ་ཡང་དག་པར་ཤེས་པས་ཆོས་རྣམས་ 74-1-151b འཐུན་པར་རྗེས་སུ་མཚམས་སྦྱར་བ་རྒྱུན་མི་འཆད་པ་རབ་ཏུ་ཤེས་སོ། །གཞན་ཡང་ཆོས་ཐ་དད་པ་ཡང་དག་པར་ཤེས་པས་ཆོས་རྣམས་ཀྱི་རང་བཞིན་མྱེད་པ་རབ་ཏུ་ཤེས་སོ། །དོན་ཐ་དད་པ་ ཡང་དག་པར་ཤེས་པས་ཆོས་རྣམས་ཀྱི་འབྱུང་བ་དང་། འཇིགས་པ་རབ་ཏུ་ཤེས་སོ། །ངེས་པའི་ཚིག་ཐ་དད་པ་ཡང་དག་པར་ཤེས་པས་ཆོས་ཐམས་ཅད་རྣམ་པར་དགོད་པ་རྒྱུན་ཆད་པ་ མེད་པར་ཆོས་སྟོན་ཏོ། །སྤོབས་པ་ཐ་དད་པ་ཡང་དག་པར་ཤེས་པས་ཇི་ལྟར་རྣམ་པར་དགོད་པ་བཞིན་དུ་འཁྲུག་པ་མྱེད་པ་མཐའ་ཡས་པས་ཆོས་སྟོན་ཏོ། །གཞན་ཡང་ཆོས་ཐ་དད་པ་ཡང་དག་པར་ ཤེས་པས། ད་ལྟར་བྱུང་བའི་ཆོས་རྣམ་པར་དབྱེ་བ་རབ་ཏུ་ཤེས་སོ། །དོན་ཐ་དད་པ་ཡང་དག་པར་ཤེས་པས་འདས་པ་དང་། མ་འོངས་པ་དང་ད་ལྟར་བྱུང་བའི་ཆོས་རྣམ་པར་དབྱེ་བ་རབ་ཏུ་ཤེས་སོ། །ངེས་པའི་ ཚིག་ཐ་དད་པ་ཡང་དག་པར་ཤེས་པས་འདས་པ་དང་། མ་འོང་པ་དང་། ད་ལྟར་བྱུང་བ་མ་འདྲེས་པར་ཆོས་སྟོན་ཏོ། །སྤོབས་པ་ཐ་དད་པ་ཡང་དག་པར་ཤེས་པ་དུས་རེ་རེ་ཞིང་ཆོས་ཀྱི་སྣང་ བ་མུ་མྱེད་པར་ཆོས་སྟོན་ཏོ། །གཞན་ཡང་ཆོས་ཐ་དད་པ་ཡང་དག་པར་ཤེས་པས་ཆོས་ཀྱི་བྱེ་བྲག་རབ་ཏུ་ཤེས་སོ། །དོན་ཐ་དད་པ་ཡང་དག་པར་ཤེས་པས་དོན་གྱི་བྱེ་བྲག་རབ་ཏུ་ཤེས་སོ། ། ངེས་པའི་ཚིག་ཐ་དད་པ་ཡང་དག་པར་ཤེས་པས་སྐད་ཇི་ལྟ་བ་བཞིན་དུ་བསྟན་པས་ཆོས་སྟོན་ཏོ། །སྤོབས་པ་ཐ་དད་པ་ཡང་དག་པར་ཤེས་པས་བསམ་པ་ཇི་ལྟ་བ་བཞིན་དུ་ཤེས་པས་ཆོས་ སྟོན་ཏོ། །ཡང་ཆོས་ཐ་དད་པ་ཡང་དག་པར་ཤེས་པས་ཆོས་ཀྱི་རྒྱུས་རྣམ་པར་དབྱེ་བ་མ་འདྲེས་པ་མཁས་པར་རབ་ཏུ་ཤེས་སོ། །དོན་ཐ་དད་པ་ཡང་དག་པར་རྗེས་སུ་འགྲོ་བའི་ཡེ་ཤེས་དེ་བཞིན་ཉིད་ 74-1-152a དུ་རྣམ་པར་དགོད་པ་རབ་ཏུ་ཤེས་སོ། །ངེས་པའི་ཚིགས་ཐ་དད་པ་ཡང་དག་པར་ཤེས་པས་ཀུན་རྫོབ་ཀྱི་རྒྱུས་ཡང་དག་པར་བསྟན་པས་ཆོས་སྟོན་ཏོ། །སྤོབས་པ་ཐ་དད་པ་ ཡང་དག་པར་ཤེས་པས་དོན་དམ་པའི་རྒྱུ་ལ་མཁས་པས་ཆོས་སྟོན་ཏོ། །གཞན་ཡང་ཆོས་ཐ་དད་པ་ཡང་དག་པར་ཤེས་པས་ཆོས་རྣམས་ཚུལ་གཅིག་ལས་མི་འགྱུར་བ་རབ་ཏུ་ཤེས་ སོ། །དོན་ཐ་དད་པ་ཡང་དག་པར་ཤེས་པས་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པར་ཁོང་དུ་ཆུད་པར་བྱ་བ་ཡང་དག་པར་འཇུག་ གོ། །ངེས་པའི་ཚིག་ཐ་དད་པ་ཡང་དག་པར་ཤེས་པས་འགྲོ་བ་ཐམས་ཅད་མངོན་པར་སྨོན་པའི་སྒྲ་དབྱངས་ཤིན་ཏུ་སྙན་པའི་ཚིག་གིས་ཆོས་སྟོན་ཏོ། །སྤོབས་པ་ཐ་དད་པ་ཡང་ དག་པར་ཤེས་པས། ཕྱི་ཕྱིར་ཞིང་དྲན་པ་མཐའ་ཡས་པས་ཆོས་སྟོན་ཏོ། །གཞན་ཡང་ཆོས་ཐ་དད་པ་ཡང་དག་པར་ཤེས་པས་ཐེག་པ་གཅིག་ལ་ཡང་དག་པར་གཞོལ་བ་ཐ་ དད་པ་རབ་ཏུ་ཤེས་སོ། །དོན་ཐ་དད་པ་ཡང་དག་པར་ཤེས་པས་ཐེག་པ་རབ་ཏུ་རྣམ་པར་ཕྱེ་བའི་རྣམ་པ་ཐ་དད་པ་རབ་ཏུ་ཤེས་སོ། །ངེས་པའི་ཚིག་ཐ་དད་པ་ཡང་དག་པར་ཤེས་པས་ཐེག་ པ་ཐམས་ཅད་ཐ་དད་པ་མེད་པར་ཤིན་ཏུ་སྟོན་ཏོ། །སྤོབས་པ་ཐ་དད་པ་ཡང་དག་པར་ཤེས་པས་ཐེག་པ་རེ་རེ་ལ་ཡང་ཆོས་ཀྱི་སྣང་བ་མུ་མྱེད་པར་ཤིན་ཏུ་སྟོན་ཏོ། །གཞན་ཡང་ཆོས་ཐ་དད་པ་ ཡང་དག་པར་ཤེས་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། ཡེ་ཤེས་ཀྱི་སྤྱོད་པ་དང་། ཆོས་ཀྱི་སྤྱོད་པ་ཐམས་ཅད་ཡེ་ཤེས་ཀྱི་ཁོང་དུ་ཆུད་པར་བྱ་བ་ལ་རབ་ཏུ་འཇུག་གོ། །དོན་ཐ་དད་པ་ 74-1-152b ཡང་དག་པར་ཤེས་པས་ས་བཅུ་རྣམ་པར་དགོད་ཅིང་། ཤིན་ཏུ་བསྟན་པ་རྣམ་པར་ཕྱེ་བ་ལ་ཡང་དག་པར་འཇུག་གོ། །ངེས་པའི་ཚིག་ཐ་དད་པ་ཡང་དག་པར་ཤེས་པས་སའི་ལམ་ཇི་ལྟ་བ་ བཞིན་དུ་ཉེ་བར་བསྒྲུབ་པ་ཐ་མྱི་དད་པར་ཡང་དག་པར་སྟོན་ཏོ། །སྤོབས་པ་ཐ་དད་པ་ཡང་དག་པར་ཤེས་པས་ས་རེ་རེ་ཞིང་རྣམ་པ་མུ་མྱེད་པར་ཡང་དག་པར་སྟོན་ཏོ། །གཞན་ཡང་ཆོས་ཐ་ དད་པ་ཡང་དག་པར་ཤེས་པས་དེ་བཞིན་གཤེགས་པ་ཐམས་ཅད་མཚན་ཉིད་གཅིག་ཏུ་ཁོང་དུ་ཆུད་པར་བྱ་བ་ལ་རབ་ཏུ་འཇུག་གོ། །དོན་ཐ་དད་པར་ཤེས་པས་དུས་དང་དངོས་པོ་དང་། མཚན་ ཉིད་རྣམ་པར་ཕྱེ་བ་སྣ་ཚོགས་ཁོང་དུ་ཆུད་པར་བྱ་བ་རབ་ཏུ་ཤེས་སོ། །ངེས་པའི་ཚིག་ཐ་དད་པ་ཡང་དག་པར་ཤེས་པས། ཁོང་དུ་ཆུད་པ་རྣམ་པར་ཕྱེ་བ་ཇི་ལྟ་བ་བཞིན་དུ་བསྟན་པས་ཆོས་སྟོན་ ཏོ། །སྤོབས་པ་ཐ་དད་པ་ཡང་དག་པར་ཤེས་པས་ཆོས་ཀྱི་ཚིག་རེ་རེ་ལ་ཡང་བསྐལ་པ་མཐའ་ཡས་པར་རྒྱུན་མི་ཆད་པར་ཆོས་སྟོན་ཏོ། །གཞན་ཡང་ཆོས་ཐ་དད་པ་ཡང་དག་པར་ཤེས་ པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་དང་སྟོབས་དང་། མྱི་དམིགས་པ་དང་། སངས་རྒྱས་ཀྱི་ཆོས་དང་། བྱམས་པ་ཆེན་པོ་དང་། ཐུགས་རྗེ་ཆེན་པོ་དང་། ཐ་དད་པ་ ཡང་དག་པར་མཁྱེན་པའི་ཚུལ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་རྟོགས་པར་བྱ་བ་རབ་ཏུ་ཤེས་སོ། །དོན་ཐ་དད་པ་ཡང་དག་པར་ཤེས་པས་སེམས་ ཅན་གྱིས་སྤྱོད་པ་སྟོང་ཕྲག་བརྒྱ་བཅུ་རྩ་བཞི་དང་། བསམ་པ་ཇི་ལྟ་བ་དང་། དབང་པོ་ཇི་ལྟ་བ་དང་། མོས་པ་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་རབ་ཏུ་ཤེས་སོ། །ངེས་པའི་ 74-1-153a ཚིག་ཐ་དད་པ་ཡང་དག་པར་ཤེས་པས། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་དང་། མ་འདྲེས་པའི་དེ་བཞིན་གཤེགས་པའི་གསུང་རྗེས་སུ་བསྒྲག་པས་ཆོས་སྟོན་ཏོ། ། སྤོབས་པ་ཐ་དད་པ་ཡང་དག་པར་ཤེས་པས། དེ་བཞིན་གཤེགས་པའི་ཡེ་ཤེས་འོད་གསལ་བ་དང་། སྤྱོད་པའི་དཀྱིལ་འཁོར་ལ་མོས་པས་ཆོས་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་དག །དེ་ ལྟར་ཐ་དད་པ་ཡང་དག་པར་ཤེས་པའི་ཡེ་ཤེས་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་ཆོས་ཀྱི་མཛོད་ཐོབ་ཅིང་། བྱང་ཆུབ་སེམས་དཔའི་ས་དགུ་པ་ལ་ གནས་པ་ཆོས་སྨྲ་བ་ཆེན་པོའི་གོ་འཕང་ལ་གནས་པའི་ཚེ། དོན་དང་ལྡན་པའི་གཟུངས་རབ་ཏུ་ཐོབ་པ་ཡིན། ཆོས་དང་ལྡན་པའི་གཟུངས་རབ་ཏུ་ཐོབ་པ་ཡིན། ཡེ་ཤེས་མངོན་པར་ བསྒྲུབ་པ་དང་ལྡན་པའི་བཟུངས་རབ་ཏུ་ཐོབ་པ་ཡིན། སྣང་བ་དང་ལྡན་པའི་གཟུངས་རབ་ཏུ་ཐོབ་པ་ཡིན། བློ་གྲོས་བཟང་པོ་དང་ལྡན་པའི་གཟུངས་དང་། དབྱིབས་དང་ལྡན་པའི་གཟུངས་ དང་། གྲགས་པ་དང་ལྡན་པའི་གཟུངས་དང་། གཟི་བརྗིད་དང་ལྡན་པའི་གཟུངས་དང་། ཆགས་པ་མྱེད་པའི་སྒོའི་གཟུངས་དང་། མཐའ་ཡས་པ་དང་ལྡན་པའི་གཟུངས་དང་། དོན་སྣ་ ཚོགས་ཀྱི་མཛོད་དང་ལྡན་པའི་གཟུངས་རབ་ཏུ་ཐོབ་པ་ཡིན། དེ་གཟུངས་དེ་དག་ལ་སྩོགས་པ་གཟུངས་ཀྱི་སྒོ་བརྒྱ་སྟོང་གྲངས་མྱེད་པ་ཕྲག་བཅུ་ཡོངས་སུ་ཚངས་པར་ཐོབ་པར་འགྱུར་རོ། ། གཟུངས་ཀྱི་སྒོ་བརྒྱ་སྟོང་གྲངས་མྱེད་པ་ཕྲག་བཅུ་དང་ལྡན་པའི་དབྱངས་ཀྱི་ཡན་ལག་ལ་མཁས་པས་དེ་སྙེད་དུ་ཚད་མེད་པ་ཉིད་དང་ལྡན་པའི་སྤོབས་པ་རྣམ་པར་ཕྱེ་བའི་སྒོས་ཆོས་སྟོན་ཏོ། ། 74-1-153b དེ་དེ་ལྟར་ཚད་མེད་པའི་གཟུངས་ཀྱི་སྒོ་བརྒྱ་སྟོང་གྲངས་མྱེད་པས་ཚད་མེད་པའི་སངས་རྒྱས་བཅོམ་ལྡན་འདས་ལས་ཆོས་ཉན་ཅིང་ཐོས་ནས་ཀྱང་བརྗེད་པར་མྱི་བྱེད་དེ། ཇི་སྐད་དུ་ཐོས་པ་ ཡང་ཚད་མྱེད་པ་རྣམ་པར་ཕྱེ་བས་ཤིན་ཏུ་སྟོན་ཏོ། །དེ་ནི་དེ་བཞིན་གཤེགས་པ་གཅིག་ལས་གཟུངས་ཀྱི་སྒོ་བརྒྱ་སྟོང་གྲངས་མེད་པ་ཕྲག་བཅུ་ཆོས་ཁོང་དུ་ཆུད་པར་བྱེད་དེ། དེ་བཞིན་ གཤེགས་པ་གཅིག་ལས་ཇི་ལྟ་བ་དེ་བཞིན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་མཐའ་ཡས་པ་ལས་གཟུངས་ཀྱི་སྒོ་བརྒྱ་སྟོང་གྲངས་མྱེད་པ་ཕྲག་བཅུས་ཆོས་ཁོང་དུ་ཆུད་པར་བྱེད་དོ། །དེ་སྨོན་ པ་ཙམ་གྱིས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལས་ཆོས་ཀྱི་སྒོ་སྣང་བ་ཆེས་མང་དུ་ཡང་དག་པར་འཛིན་གྱི་ཉན་ཐོས་ཤིན་ཏུ་མང་དུ་ཐོས་པ་དང་ལྡན་པ་ཐོས་པ་འཛིན་པའི་གཟུངས་ རབ་ཏུ་ཐོབ་པ་རྣམས་ཀྱིས་ནི་བསྐལ་པ་བརྒྱ་ཕྲག་སྟོང་དུ་ཡང་གཟུངས་བའི་བྱིན་གྱི་རླབས་ཀྱི་དེ་ལྟར་མྱི་ཟིན་ཏོ། །དེ་ལྟར་དེ་ལྟ་བུའི་གཟུངས་ཐོབ་ཅིང་སྤོབས་པ་ཐོབ་པས་ཆོས་ཀྱི་གཏམ་བྱ་བའི་ཕྱིར་ འདུག་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་བཀང་སྟེ། ཆོས་ཀྱི་སྟན་ལ་འདུག་ཅིང་སེམས་ཅན་རྣམས་ལ་བསམ་པ་ཇི་ལྟ་བ་བཞིན་དུ་རྣམ་པར་ཕྱེ་ ཞིང་ཆོས་སྟོན་ཏོ། །དེའི་ཆོས་ཀྱི་སྟན་ཡང་དེ་བཞིན་གཤེགས་པ་དག་དང་། བྱང་ཆུབ་སེམས་དཔའ་དབང་བསྐུར་བའི་ས་ཐོབ་པ་མ་གཏོགས་པར་ཐམས་ཅད་ལས་འཕགས་ཤིང་སྣང་བ་ཚད་མྱེད་ པ་དང་ལྡན་པ་ཡིན། དེ་འདོད་ན་ཆོས་ཀྱི་སྟན་ལ་འདུག་ཅིང་དབྱངས་གཅིག་གིས་འཁོར་ཐམས་ཅད་དུ་སྒྲ་སྐད་སྣ་ཚོགས་རྣམ་པ་ཐ་དད་པས་ཡང་དག་པར་གོ་བར་བྱེད་དོ། །འདོད་ན་སྒྲ་ 74-1-154a སྐད་སྣ་ཚོགས་དང་། དབྱངས་ཀྱི་ཡན་ལག་ཐ་དད་པ་རྣམ་པར་ཕྱེ་བས་འཁོར་ཐམས་ཅད་མངོན་པར་གོ་བར་བྱེད་དོ། །འདོད་ན་འོད་གཟེར་གྱི་སྒོ་ཉེ་བར་བསྒྲུབ་པས་ཆོས་ ཀྱི་སྒོ་ཤིན་ཏུ་བརྗོད་དོ། །འདོད་ན་བ་སྤུའི་བུ་ག་ཐམས་ཅད་ནས་དབྱངས་རྣམ་པར་ཕྱེ་བ་ཤིན་ཏུ་བརྗོད་དོ། །འདོད་ན་སྟོང་གསུམ་གྱིས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གཟུགས་སུ་ སྣང་བ་ཇི་སྙེད་ཡོད་པའི་གཟུགས་སུ་སྣང་བ་དེ་དག་ལས་ཆོས་ཀྱི་སྒྲ་འབྱུང་བར་བྱེད་དོ། །འདོད་ན་དབྱངས་ཀྱི་ཡན་ལག་གཅིག་གི་སྒྲས་ཆོས་ཀྱི་དབྱིངས་ཐམས་ཅད་ཁོང་དུ་ཆུད་པར་བྱེད་དོ། ། འདོད་ན་སྒྲ་དང་དབྱངས་ཐམས་ཅད་ཆོས་ཀྱི་སྒྲར་བྱིན་གྱིས་རློབས་པོ། །འདོད་ན་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཡོད་པའི་གླུ་དང་རོལ་མོ་བརྡུང་བ་དང་དཀྲོལ་བའི་སྒྲ་ཐམས་ཅད་ལས་ ཆོས་ཀྱི་སྒྲ་འབྱུང་བར་བྱེད་དོ། །འདོད་ན་ཡི་གེ་གཅིག་གི་སྒྲ་ལས་ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་ཕྱེ་བའི་སྒྲ་འབྱུང་བར་བྱེད་དོ། །འདོད་ན་འཇིག་རྟེན་གྱི་ཁམས་མཐའ་ཡས་ཤིང་བརྗོད་དུ་ མྱེད་པའི་ས་དང་ཆུ་དང་མྱེ་དང་རླུང་གིས་ཕུང་པོ་རྡུལ་ཤིན་ཏུ་ཕྲ་བ་རྣམ་པར་ཕྱེ་བ་རྡུལ་ཤིན་ཏུ་ཕྲ་བ་རེ་རེ་ལས་ཆོས་ཀྱི་སྒོ་བརྗོད་དུ་མྱེད་པ་འབྱུང་བར་བྱེད་དོ། །གལ་ཏེ་དེ་ལ་སྟོང་གསུམ་གྱི་སྟོང་ཆེན་ པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་རྣམས་འོངས་ཏེ། སྐད་ཅིག་ཡུད་ཙམ་ཐང་གཅིག་ཏུ་དྲི་བ་ཡོངས་སུ་འདྲི་ཞིང་དེ་དག་རེ་རེས་ཀྱང་སྒྲ་རྣམ་པ་ཐ་དད་པ་ཚད་མྱེད་པས་ཡོངས་ སུ་དྲིས་པར་གྱུར་ལ། གཅིག་གིས་གང་དྲིས་པ་གཞན་མི་འདྲི་བར་གྱུར་ན་འང་དེ་ལ་བྱང་ཆུབ་སེམས་དཔའ་དེས་སེམས་ཅན་དེ་དག་ཐམས་ཅད་སྒྲ་ཚིག་སོ་སོ་དང་། ཡི་གེའི་འབྲུ་ཡན་ 74-1-154b ཅད་མ་ལུས་པར་བཟུང་སྟེ། བཟུང་ནས་ཀྱང་ཚིག་གཅིག་མངོན་པར་བརྗོད་པས་སེམས་ཅན་དེ་དག་ཐམས་ཅད་ཀྱི་སེམས་དང་བསམ་པ་ཚིམ་པར་བྱེད་པ་ནས། འཇིག་རྟེན་ གྱི་ཁམས་བརྗོད་དུ་མྱེད་པའི་བར་དུ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱིས་སྐད་ཅིག་ཐང་ཅིག་ཡུད་ཙམ་དུ་དྲི་བ་ཡོངས་སུ་དྲིས་ཏེ། དེ་དག་རེ་རེ་ཞིང་ཡང་སྒྲ་རྣམ་པ་ཐ་དད་པ་ ཚད་མེད་པས་འདྲི་བར་འགྱུར་ལ། གཅིག་གིས་ཅི་དྲིས་པ་དེ་བཞིན་མྱི་འདྲི་བར་གྱུར་ན་འང་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་དེས་སྐད་ཅིག་ཡུད་ཙམ་ཐང་ཅིག་ཏུ་མ་ལུས་པར་བཟུང་ སྟེ། སྒྲ་གཅིག་གིས་བརྗོད་པས་དེ་དག་ཐམས་ཅད་ཁོང་དུ་ཆུད་པར་བྱེད་དོ། །དེ་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་བར་དག་ཀྱང་རྒྱས་པར་བཀང་ཞིང་སེམས་ཅན་རྣམས་ལ་བསམ་ པ་དང་། དབང་པོ་དང་མོས་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་ཏོ། །ཆོས་ཀྱི་གཏམ་ལ་ཞུགས་པའི་ཚེ་ཡང་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ལེན་ཅིང་། སངས་རྒྱས་ཀྱི་མཛད་པ་ ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་ལ་ཉེ་བར་གནས་པ་ཡིན་ཡང་། དེ་ལྟ་བུའི་ཡེ་ཤེས་སྣང་བས་འཛིན་པ་ཡོངས་སུ་རྩོམ་སྟེ། གལ་ཏེ་སྐྲའི་རྩེ་མོ་གོ་གཅིག་ལ་འཇིག་རྟེན་ གྱི་ཁམས་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་ཇི་སྙེད་པ་དེ་སྙེད་ཀྱི་དེ་བཞིན་གཤེགས་པ་བཞུགས་ལ་སྙེད་དུ་ཚད་མེད་པར་གྱུར་པའི་འཁོར་གྱི་དཀྱིལ་འཁོར་དུ་ཆོས་སྟོན་ཏེ། དེ་བཞིན་ གཤེགས་པ་དེ་དག་རེ་རེས་ཀྱང་དེ་སྙེད་ཀྱི་སེམས་ཅན་ཚད་མྱེད་པ་ལ་ཆོས་རྣམ་པ་ཐ་དད་པར་ཤིན་ཏུ་བསྟན་ཏེ། སེམས་ཅན་གྱི་བསམ་པའི་རྒྱུད་རེ་རེ་ལ་དེ་སྙེད་དུ་ཆོས་ཉེ་བར་བསྒྲུབ་པ་ཚད་མྱེད་པ་ 74-1-155a ཉེ་བར་བསྒྲུབ་པར་གྱུར་ལ། དེ་བཞིན་གཤེགས་པ་གཅིག་གི་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་སྟེ། སྐྲའི་རྩེ་མོའི་གོ་ གཅིག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་ཀྱི་དབྱིངས་ཐམས་ཅད་དུ་དེ་ལྟར་གྱུར་ཀྱང་དེ་དག་ཐམས་ཅད་ཟིན་པར་གྱུར་ན། འཇིག་རྟེན་གྱི་ཁམས་དེ་དག་གིས་སེམས་ཅན་རྣམས་ཀྱི་ལྟ་སྨོས་ཀྱང་ཅི་དགོས། དེ་ དེ་ལྟར་བྱང་ཆུབ་སེམས་དཔའི་ས་ལེགས་པའི་བློ་གྲོས་འདི་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་ཉིན་མཚན་དུ་ཡིད་ལ་བསམ་པ་གཞན་མེད་པར་སངས་རྒྱས་ཀྱི་སྤྱོད་ཡུལ་ལ་ཞུགས་པས་དེ་བཞིན་ གཤེགས་པ་དང་འགྲོགས་པ་རབ་ཏུ་ཐོབ་ཅིང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཟབ་མོ་རབ་ཏུ་ཐོབ་པ་ཡིན། དེ་དེ་ལྟ་བུའི་ཡེ་ཤེས་དང་ལྡན་ཞིང་མཉམ་པར་བཞག་ཀྱང་དེ་བཞིན་ གཤེགས་པ་ལྟ་བ་ཡོངས་སུ་མི་སྤོང་སྟེ། བསྐལ་པ་རེ་རེ་ཞིང་ཡང་སངས་རྒྱས་དུ་མ་ནས། སངས་རྒྱས་བརྒྱ་སྟོང་བྱེ་བ་ཁྲག་ཁྲིག་ལྟ་ཞིང་མཐོང་ནས་ཀྱང་རིམ་གྲོ་དང་། བཀུར་བསྟི་དང་། བསྟི་སྟང་དང་། མཆོད་པ་བྱེད་དོ། །སངས་རྒྱས་མཐོང་ཞིང་མཆོད་པ་བྱེ་བ་རྒྱ་ཆེན་པོ་ཡོངས་སུ་མི་གཏོང་ངོ་། །དེ་བཞིན་གཤེགས་པ་དེ་དག་ལ་ཞུ་བ་ཡོངསུ་ཞུ་བ་བྱེད་དེ། ཆོས་ཀྱི་གཟུངས་རབ་ ཏུ་བསྟན་པ་ལས་ཤིན་ཏུ་འབྱུང་བ་ཡིན། དེའི་དགེ་བའི་རྩ་བ་དེ་དག་སྔོན་བས་ཀྱང་ཤིན་ཏུ་བྱང་ཞིང་མྱི་འཕྲོགས་པར་འགྱུར་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ་དཔེར་ན། གསེར་གྱི་ས་ ལེ་སྦྲམ་དེ་ཉིད་མགར་བ་མཁས་པས་རྒྱན་ཏུ་བྱས་ཏེ། ཡོངས་སུ་ཟིན་པ་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཡན་ལག་གི་དམ་པ་མགོ་འམ་འགུལ་དུ་བཏགས་ན། ཁམས་ཀྱི་རྒྱལ་པོ་ཐམས་ 74-1-155b ཅད་དང་། གླིང་བཞི་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱན་གྱི་རྣམ་པས་མྱི་ཐུབ་ཅིང་མྱི་འཕྲོགས་པ་ཡིན། ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་ལེགས་པའི་བློ་གྲོས་འདི་ ལ་གནས་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་དེ་དག་ཀྱང་ཉན་ཐོས་དང་། རང་སངས་རྒྱས་དང་། ས་འོག་མ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མི་འཕྲོགས་པ་ཡིན། དེའི་དགེ་བའི་རྩ་བ་སྣང་བ་དེས་ནི་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་དང་། སེམས་ཀྱི་ཐིབས་པོ་སྣང་བར་བྱས་ཏེ། དེ་ཉིད་ནས་ཕྱིར་ལྡོག་གོ། །ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ་དཔེར་ན། སྟོང་ གཉིས་ལ་དབང་བའི་ཚངས་པ་ཆེན་པོ་ནི་སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཐིབས་པོ་དམའ་བར་གཞོལ་བ་ཡོངས་སུ་སྣང་བར་བྱེད་དོ། །ཀྱེ་རྒྱལ་བའི་སྲས་དག །དེ་བཞིན་དུ་བྱང་ཆུབ་ སེམས་དཔའི་ས་ལེགས་པའི་བློ་གྲོས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བའི་སྣང་བ་དེ་ཡང་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་དང་། སེམས་ཀྱི་ཐིབས་པོ་སྣང་བར་བྱས་ཏེ། དེ་ཉིད་ནས་ཕྱིར་ལྡོག་གོ། །དེ་ཕ་རོལ་ཏུ་ཕྱིན་པ་བཅུ་ལས་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཤས་ཆེ་བ་ཡིན་ཏེ། ལྷག་མ་རྣམས་ཀྱང་ཅི་ཚུལ་ཅི་ནུས་སུ་ཡང་དག་པར་མྱི་བསྒྲུབ་པ་མ་ཡིན་ནོ། །ཀྱེ་ རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའི་ས་ལེགས་པའི་བློ་གྲོས་ཤེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའི་ས་དགུ་པ་མདོར་བསྟན་ཏོ། །རྒྱ་ཆེར་ནི་བསྐལ་པ་མུ་མེད་པས་བསྟན་པའི་ མཐར་ཐུགས་པར་ཤེས་སོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཕལ་ཆེར་ཚངས་པ་ཆེན་པོར་གྱུར་ཏེ། སྟོབས་དང་མཐུ་ཆེན་པོ་ཐོབ་པ་སྟོང་གཉིས་ལ་དབང་ཞིང་ཟིལ་གྱིས་མི་ནོན་པ། 74-1-156a འཐུན་པའི་དོན་མཐོང་བ་དབང་ཤིན་ཏུ་ཐོབ་པ། སེམས་ཅན་རྣམས་ལ་ཉན་ཐོས་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་སྟོན་པ་ལ་མཁས་ཤིང་ མཐུ་ཡོད་པ་སྟེ། སེམས་ཅན་གྱི་བསམ་པ་ཡོངས་སུ་དྲིས་པ་བསྟན་པས་མྱི་འཕྲོགས་པ་ཡིན། དེ་སྦྱིན་པ་འམ། ངག་སྙན་པ་འམ། དོན་བསྒྲུབ་པ་འམ། དོན་མཐུན་པས་དགེ་ བའི་རྩ་བ་གང་ཅི་རྩོམ་ཡང་རུང་སྟེ། དེ་ཐམས་ཅད་ཇི་ལྟར་ན་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར། གཙོ་བོར་འགྱུར། ཐུ་བོར་འགྱུར། ཕུལ་དུ་འགྱུར། དམ་པར་ འགྱུར། བླ་ན་མེད་པར་འགྱུར། འདྲེན་པར་འགྱུར། ཡོངས་སུ་འདྲེན་པར་འགྱུར་བ་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བརྟེན་པའི་བར་དུ་འགྱུར་སྙམ་སྟེ། སངས་རྒྱས་ཡིད་ ལ་བྱ་བ་དང་། ཆོས་ཡིད་ལ་བྱ་བ་དང་། དགེ་འདུན་ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་ དཔའི་ས་ཡིད་ལ་བྱ་བ་དང་། ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱ་བ་དང་། སྟོབས་ཡིད་ལ་བྱ་བ་དང་། མྱི་འཇིགས་པ་ཡིད་ལ་བྱ་བ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡིད་ལ་བྱ་བ་ནས། རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་ཡིད་ལ་བྱ་བ་དང་། མྱི་འབྲལ་བ་ཡིན་ཏེ། དེ་འདོད་ན་སྐད་ཅིག་ཡུད་ཙམ་ཐང་ཅིག་ཏུ་ཏིང་ངེ་འཛིན་སངས་ རྒྱས་ཀྱི་ཞིང་གྲངས་མྱེད་པ་བརྒྱ་སྟོང་ཕྲག་བཅུ་ཚང་བའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་ཐོབ་ཅིང་དེ་དག་ལ་སྙོམ་པར་འཇུག་པ་དང་། སངས་རྒྱས་ཀྱི་ཞིང་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་ཚང་བའི་རྡུལ་ 74-1-156b ཤིན་ཏུ་ཕྲ་བ་སྙེད་མཐོང་བ་དང་། དེ་དག་གི་བྱིན་གྱི་རླབས་ཀྱང་ཡང་དག་པར་ཤེས་པ་དང་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གྲངས་མྱེད་པ་བརྒྱ་སྟོང་ཕྲག་བཅུ་ཚང་བའི་རྡུལ་ཤིན་དུ་ཕྲ་བ་ སྙེད་བསྐྱོད་པ་དང་། སངས་རྒྱས་ཀྱི་ཞིང་གྲངས་མྱེད་པ་བརྒྱ་སྟོང་ཕྲག་བཅུ་ཚང་བའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དུ་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་བརྒྱ་སྟོང་ ཕྲག་བཅུ་ཚང་བའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་སྣང་བར་བྱ་བ་དང་། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་ཚང་བའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོངས་སུ་སྨྱིན་པར་ བྱ་བ་དང་། བསྐལ་པ་སངས་རྒྱས་ཀྱི་ཞིང་གྲངས་མྱེད་པ་བརྒྱ་སྟོང་ཕྲག་བཅུ་ཚང་བའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དུ་གནས་པར་བྱ་བ་དང་། སྔོན་གྱི་མཐའ་དང་ཕྱི་མའི་མཐའི་བསྐལ་པ་སངས་ རྒྱས་ཀྱི་ཞིང་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་ཚང་བའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་རབ་ཏུ་འཇུག་པ་དང་། ཆོས་ཀྱི་སྒོ་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་ཚང་བའི་རྡུལ་ཤིན་ཏུ་ ཕྲ་བ་སྙེད་རྣམ་པར་འབྱེད་པ་དང་། ལུས་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་ཚང་བའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོངས་སུ་བསྟན་པ་དང་། ལུས་རེ་རེ་ཡང་བྱང་ཆུབ་སེམས་ དཔའི་འཁོར་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་ཚང་བའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡང་དག་པར་བསྟན་པའི་བརྩོན་འགྲུས་ཀྱི་རྣམ་པ་དེ་ལྟ་བུ་རྩོམ་མོ། །དེ་ཡན་ཅད་བྱང་ཆུབ་ སེམས་དཔའི་སྨོན་ལམ་གྱི་མཐུ་ཅན་རྣམས་སྨོན་ལམ་གྱི་ཁྱད་པར་གྱི་རྣམ་པར་འཕྲུལ་ཏེ། དེ་དག་གི་ལུས་སམ་འོད་དམ་རྫུ་འཕྲུལ་ལམ། མྱིག་གམ་སྤྱོད་ཡུལ་ལམ། དབྱངས་སམ་སྤྱོད་ 74-1-157a པ་འམ། རྒྱན་ཏམ་བྱིན་གྱིས་རླབས་སམ། མོས་པ་འམ་མངོན་པར་འདུ་བྱེད་པ་དག་ཀྱང་སྐལ་པ་དུ་མ་དང་། བསྐལ་པ་བརྒྱ་ཕྲག་དུ་མ་དང་། བསྐལ་པ་ སྟོང་ཕྲག་དུ་མ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཀྱང་བགྲང་བར་དཀའོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་སའི་དོན་འདི་ཉིད་ཡང་བརྟག་པར་བྱ་འི་ཕྱིར་ དེའི་ཚེ། ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །དེ་དག་ཚད་མྱེད་སྟོབས་ཀྱི་བློ་ཡི་རྣམས་སྤྱོད་ཅིང་། །ཡེ་ཤེས་ཕྲ་བའི་དམ་པ་འགྲོ་བས་ཤེས་དཀའ་བ། །དེ་བཞིན་ གཤེགས་པ་གསང་བའི་གནས་ལ་ཡང་དག་འཇུག །འགྲོ་བའི་དོན་བྱེད་དེ་དག་ས་དགུ་ཡོངས་སུ་གནོན། །དེ་དག་གཟུངས་མཆོག་ཏིང་འཛིན་ཆེ་བ་ཉིད་མཆོག་དང་། །མངོན་ཤེས་ཡངས་དང་དེ་བཞིན་ ཞིང་འཇུག་མཐའ་ཡས་དང་། །སྟོབས་དང་རྟོགས་པའི་ཡེ་ཤེས་རྒྱལ་བའི་བརྟན་གནས་དང་། །སྨོན་ལམ་སྙིང་རྗེའི་བསམ་པས་ས་དགུ་དག་ལ་འཇུག །ས་དགུ་ལྡན་པ་དེ་དག་རྒྱལ་བ་མཛོད་ འཛིན་ཅིང་། །དགེ་བའི་ཆོས་དང་མྱི་དགེ་ལུང་དུ་མ་བསྟན་དང་། །ཟག་དང་བཅས་དང་འཇིག་རྟེན་པ་དང་འཕགས་པ་དང་། །བསམ་དུ་རུང་དང་བསམ་དུ་མི་རུང་མཁས་པས་ཤེས། །ངེས་པའི་ ཆོས་དང་མ་ངེས་ཆོས་ཀྱང་རབ་ཏུ་རྟོགས། །ཐེག་གསུམ་ཕུན་སུམ་ཚོགས་པའི་བྱ་བ་ཡོངས་སུ་འཇལ། །འདུས་བྱས་རྣམ་པར་ཕྱེ་དང་གྲངས་དང་རྒྱུ་བ་དག །འཇིག་རྟེན་ཇི་ལྟར་མངོན་བྱེད་ དེ་ལ་རབ་ཏུ་འཇུག །དེ་དག་དེ་འདྲའི་ཤེས་ལྡན་བློ་མཆོག་འཕྲོ་ལྡན་པ། །སེམས་ཅན་སེམས་ཀྱི་ཐིབས་པོ་ཡོངས་སུ་རྟོག་པ་བྱེད། །རྣམ་ཤེས་སྣ་ཚོགས་མྱུར་དུ་འགྱུར་ཞིང་ལྡོག་པ་དང་། ། 74-1-157b རྣམ་ཤེས་མཐའ་ཡས་འབྱུང་ལ་རྟག་ཏུ་མཁས་པ་འཇུག །ཉོན་མོངས་མཐའ་ཡས་སྦྱོར་དང་གྲོགས་སུ་འགྱུར་བ་དང་། །ཀུན་ནས་འཁོར་དང་བག་ཉལ་འགྲོ་རྒྱུད་མཚམས་སྦྱོར་དང་། །ལས་ རྣམས་སྣ་ཚོགས་རྣམ་པར་ཕྱེ་ལ་འང་དེ་བཞིན་འཇུག །རྒྱུ་དང་འགོག་དང་འབྲས་བུ་འཇིག་ལ་འང་ཡང་དག་འཇུག །དབང་པོ་རྣོ་དང་ཐ་མ་འབྲིང་དང་ཡངས་པ་དང་། །ཐ་དད་སྔོན་དང་ཕྱི་མའི་ མཐའ་ལ་འང་ཡང་དག་འཇུག །མོས་པ་དགེ་དང་མི་དགེ་སྣ་ཚོགས་དུ་མ་དག །སྟོང་ཕྲག་བརྒྱ་བཅུ་རྩ་བཞི་ཀུན་ལ་ཡང་དག་འཇུག །ཁམས་ཀྱི་རྣམ་པ་ཉོན་མོངས་ལྟ་བ་སྲིད་པ་ རྣམས། །ཐིབས་པོ་གྱུར་པ་སྔ་ཕྱི་མེད་ཅིང་འཆད་མྱེད་དང་། །བག་ཉལ་བསམ་པ་ལྷན་ཅིག་སྐྱེས་པའི་རྒྱུད་རྣམས་ཀྱི། །སེམས་རྣམས་ཀུན་རྒྱུ་འབྲེལ་ཅིང་རྒྱུན་ཆད་མྱི་འགྱུར་བ། ། བསམ་པ་བག་ཉལ་རྒྱུད་ཡོད་དངོས་པོ་མ་ཡིན་ཏེ། །ཡུལ་ལ་མི་གནས་བསམ་པ་ཡོངས་སུ་འབྲལ་མྱི་འགྱུར། །ཤེས་པར་དཀའ་བའི་བསམ་གཏན་ཡུལ་ལས་ཕྱིར་མི་ལྡོག །རྡོ་རྗེ་ ལྟ་བུའི་ལམ་གྱི་ཆོད་འགྱུར་གཞན་གྱིས་མྱིན། །རྒྱུད་དྲུག་སྐྱེ་བ་རྣམ་པར་ཕྱེ་ལ་རབ་ཏུ་འཇུག །སྲེད་རླན་མ་རིག་མུན་པ་བཞིན་དུ་ལས་ཀྱི་ཞིང་། །རྣམ་ཤེས་ས་བོན་བཅས་འབྱུང་མྱུ་ གུ་མྱིང་དང་གཟུགས། །ཁམས་གསུམ་སྔོན་མཐའ་མེད་པར་དེ་དག་རབ་ཏུ་འཇུག །དེ་དག་བག་ཆགས་ཚུལ་དང་ཉོན་མོངས་ལས་དང་སེམས། །འདོད་ཆགས་བྲལ་བས་ལམ་གྱི་རྒྱུད་ དུ་འབྱུང་བ་མྱིན། །སེམས་ཅན་ཕུང་པོ་གསུམ་དུ་ངེས་པ་ཡང་དག་ཤེས། །ལྟ་བར་བྱིང་བ་ཤེས་པའི་ལམ་དང་དེ་དག་ལྡན། །དེ་འདྲའི་ཤེས་ལྡན་ས་མཆོག་འདི་ལ་གནས་པ་སྟེ། ། 74-1-158a སེམས་ཅན་བསམ་པ་མོས་པ་དབང་པོའི་ཚུལ་བཞིན་དུ། །ཆོས་རྣམས་རྣམ་པར་ཕྱེ་ཞིང་ཤིན་ཏུ་སྟོན་པ་བྱེད། །ཐ་དད་ཡང་དག་དོན་ཤེས་ངེས་ཚིག་སྤོབས་པ་ཡིས། །དེ་དག་ཆོས་སྨྲའི་ ཚུལ་ལ་གནས་པ་རབ་ཏུ་ཐོབ། །སེང་གེ་ཁྱུ་མཆོག་དཔེ་འདྲ་རི་ཡི་རྒྱལ་པོ་འདྲ། །བདུད་རྩི་སྤྲིན་ཆེན་ཞིམ་པའི་ཆར་ཡང་རབ་ཏུ་འབེབས། །ཀླུ་ཡི་རྒྱལ་པོས་རྒྱ་མཚོ་རྒྱས་པར་བྱེད་པ་བཞིན། ། དོན་ཀྱི་དོན་ཤེས་དེ་བཞིན་ཆོས་ཉིད་རབ་ཏུ་ཤེས། །ངེས་ཚིག་རྗེས་སུ་སོང་ཞིང་སྤོབས་པ་རབ་ཏུ་ཐོབ། །དེ་དག་གྲངས་མྱེད་སྟོང་ཕྲག་བཅུ་ཡི་གཟུངས་ཐོབ་པས། །ཆོས་རྣམས་འཛིན་པ་རྒྱ་མཚོ་ སྤྲིན་ཆེན་ཆར་འཛིན་བཞིན། །དེ་དག་དེ་འདྲའི་ཏིང་འཛིན་གསུང་གསལ་ཐོབ་གྱུར་པས། །སྐད་ཅིག་གཅིག་གིས་སངས་རྒྱས་མང་པོ་སྟོང་ཡང་མཐོང་། །རིན་ཆེན་ཆོས་རྣམས་ཐོབ་ནས་ཡང་དུ་སྟོན་ བྱེད་དེ། །ཚིག་གི་དཀྱིལ་འཁོར་རྣམ་དག་དབྱངས་ཀྱི་ཡན་ལག་ལྡན། །འདོད་ན་སྟོང་གསུམ་འཇིག་རྟེན་ཁམས་སུ་གཏོགས་པ་ཡིས། །སེམས་ཅན་བསམ་སེམས་སྣ་ཚོགས་ཚུལ་ བཞིན་སྦྱིན་བྱེད་ཅིང་། །ཐམས་ཅད་བསམ་པ་དབང་པོ་ཇི་བཞིན་ཚིམ་པར་བྱེད། །གླིང་བཞི་རྒྱ་མཚོའི་སྤྲིན་བཞིན་ཡང་དག་རབ་ཏུ་འཇུག །དེ་བས་གོང་དུ་ལེགས་ལྡན་བརྩོན་འགྲུས་རབ་ཐོབ་ པ། །སྐྲ་རྩེའི་གོ་གཅིག་བསམ་གྱིས་མི་ཁྱབ་སེམས་དཔའ་བྱེད། །སེམས་ཅན་སྣ་ཚོགས་མང་ལ་བདེ་གཤེགས་ཆོས་སྟོན་པ། །ཐོས་ནས་ས་བོན་ཀུན་འཛིན་ས་བཞིན་ཡོངས་སུ་འཛིན། ། ཕྱོགས་རྣམས་བཅུ་པོའི་སེམས་ཅན་མང་པོ་ཇི་སྙེད་པ། །དེ་དག་ཐམས་ཅད་འཁོར་གཅིག་འདུས་པར་འཁོད་གྱུར་ཀྱང་། །དེ་དག་བསམ་པ་སྐད་ཅིག་གཅིག་གིས་བསམ་བྱས་ཤིང་། །སྒྲ་སྐད་ 74-1-158b གཅིག་གིས་དེ་དག་ཐམས་ཅད་ཚིམ་པར་བྱེད། །འདི་ལ་གནས་པ་ཆོས་རྒྱལ་ལྷ་མྱི་མཆོག་ཏུ་འགྱུར། །རྒྱལ་བའི་སྲས་པོ་ཆོས་ཀྱིས་ཡོངས་སུ་སྐྱོང་བ་ཡིན། །ཉིན་མཚན་ཀུན་ཏུ་རྒྱལ་བ་རྣམས་ དང་རྟག་པར་འགྲོགས། །ཟབ་ཡངས་ཡེ་ཤེས་རྣམ་པར་ཐར་པ་ལྡན་པར་གནས། །དེ་དག་ཡང་དུ་སངས་རྒྱས་ཁྲག་ཁྲིག་བསྙེན་བཀུར་བྱེད། །འཁོར་ལོས་བསྒྱུར་བའི་རྒྱན་བཟང་ཡོངས་སུ་ བྱང་བ་བཞིན། །དེ་ཡི་འོད་ཀྱང་ཉོན་མོངས་ཐིབས་པོ་སྣང་བར་བྱེད། །ཚངས་པའི་འོད་ཀྱི་སྟོང་གཉིས་འཇིག་རྟེན་ཇི་བཞིན་ནོ། །འདི་ལ་གནས་པ་ལེགས་ལྡན་ཚངས་ཆེན་འཇིག་རྟེན་དུ། །སྐྱེ་འགྱུར་ ཐེག་གསུམ་སྟོན་ལ་མཁས་ཤིང་མཐུ་ཡོད་པ། །འགྲོ་བ་ཀུན་ལ་ཕན་ཕྱིར་ཅི་རྩོམ་གང་ཡང་རུང་། །ཡོན་ཏན་ཤེས་ལྡན་བདེ་གཤེགས་ཡེ་ཤེས་ལྡན་པར་སྔོའ། །གྲངས་མེད་ཞིང་དུ་གཏོགས་ པ་རྡུལ་ཕྲན་དུ་ཡོད་པ། །དེ་སྙེད་ཏིང་འཛིན་སྐད་ཅིག་གཅིག་ཏུ་བསྟན་པས་འཐོབ། །ཕྱོགས་རྣམས་ཀུན་ཀྱི་རྒྱལ་བ་མཐོང་ཞིང་གསུང་ཡང་ཉན། །ཡན་ཅད་སྨོན་ལམ་ལྡན་པ་ཚད་ མེད་རྣམ་པར་འཕྲུལ། །འདི་ནི་ས་རབ་དགུ་པ་སྟེ། །ཡེ་ཤེས་ཆེན་པོ་རྣམ་པར་སྤྱོད། །ཟབ་ཅིང་བལྟ་དཀའ་ཤིན་ཏུ་ཕྲ། །རྒྱལ་བའི་སྲས་ཀྱིས་བསྟན་པ་ཡིན། །ལེགས་པའི་བློ་གྲོས་ ཤེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའི་ས་དགུ་པའོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་ཉི་ཤུ་ པའོ། །སྤྱོད་པ་བླ་ན་མྱེད་པ་འདི་ཐོས་ནས། །གཙང་གནས་ལྷ་རྣམས་བྱེ་བ་རབ་ཏུ་དག །དབང་པོ་ཚིམ་པར་བར་སྣང་མཁའ་ལ་གནས། །བདེ་བར་གཤེགས་ལ་རྗེ་སར་མཆོད་པ་བྱེད། ། 74-1-159a བྱང་ཆུབ་སེམས་དཔའ་བྱེ་བ་བསམ་ཡས་པ། །བར་སྣང་མཁའ་གནས་རབ་ཏུ་དགར་གྱུར་ཅིང་། །སྤོས་སྤྲིན་ཚད་མེད་ཡིད་དུ་འོང་བ་དག །འགྲོ་བའི་ཉོན་མོངས་སེལ་བ་དྲི་ཞིམ་བདུག་པ་བྱེད། །ལྷ་ཡི་དབང་པོ་ དབང་བསྒྱུར་རབ་དགའ་ཞིང་། །བར་སྣང་གནས་ལས་ལྷ་འཁོར་ཁྲག་ཁྲིག་དང་། །རིམ་གྲོ་བཅས་པར་གོས་རྣམས་འདོར་བར་བྱེད། །ཡིད་འོང་གོས་བརྒྱ་ཡོངས་སུ་བསྐོར་བ་བྱས། །ལྷ་ཡི་བུ་མོ་མང་པོ་ཤིན་ཏུ་དགའ། ། བདེ་བར་གཤེགས་ལ་རྗེས་སུ་མཆོད་པ་བྱེད། །རོལ་མོ་བརྡུང་བ་བྱེ་བ་ཁྲག་ཁྲིག་བྱེད། །འདི་འདྲའི་སྒྲ་དབྱངས་ཀུན་ལས་བྱུང་བར་གྱུར། །ཞིང་མཆོག་གཅིག་ན་བདེ་བར་གཤེགས་པ་བཞུགས། །ཞིང་རྣམས་ ཀུན་ཏུ་སྐུ་གཟུགས་རབ་ཏུ་བསྟན། །སྐུ་གཟུགས་སྣ་ཚོགས་ཁྲག་ཁྲིག་ཡིད་དུ་འོང་། །ཆོས་དབྱིང་རྒྱ་ཆེན་ཡོངས་སུ་རྒྱས་པར་གང་། །སྤུ་གཅིག་རྩེ་ནས་བདེ་གཤེགས་འོད་བཀྱེ་བ། །འགྲོ་བའི་ཉོན་མོངས་ཡོངས་ སུ་ཞི་བར་འཕྲོ། །ཞིང་གི་རྡུལ་ཁམས་ཟད་པར་ནུས་འགྱུར་གྱི། །དེ་དག་བགྲངས་བས་ཤེས་པར་མྱི་ནུས་སོ། །ལ་ལས་སངས་རྒྱས་མཚན་རབ་མངའ་བར་མཐོང་། །འཁོར་ལོས་བསྒྱུར་བའི་དམ་པར་ལ་ལས་ མཐོང་། །ཞིང་རྣམས་ལ་ལར་སྤྱོད་པ་མཆོག་མཛད་ཅིང་། །དག་ཅིང་ཞི་བར་རྐང་གཉིས་དམ་པ་མཐོང་། །དགའ་ལྡན་གནས་ན་མགོན་པོ་བཞུགས་པ་དང་། །འཕོ་དང་གཤེགས་པར་དེ་བཞིན་རབ་ཏུ་སྣང་། །ཞིང་ རྣམས་བྱེ་བར་ཡུམ་གྱི་སྐུར་བཞུགས་དང་། །ཞིང་རྣམས་ལ་ལར་སྐྱེ་བ་དེ་བཞིན་སྣང་། །འགྲོ་བའི་དོན་དུ་མགོན་པོ་འབྱུང་མཛད་དང་། །བྱང་ཆུབ་དམ་པ་མཆོག་ཏུ་འཚང་རྒྱ་ཞིང་། །ཆོས་ཀྱི་འཁོར་ལོ་མྱ་ངན་འདའ་བ་ དག །ཞིང་མང་ཁྲག་ཁྲིག་ཀུན་ན་དེ་བཞིན་སྣང་། །སྒྱུ་མའི་མཁན་པོ་མཁས་པར་ལོབས་གྱུར་པ། །ཇི་ལྟར་འཚོ་ཕྱིར་གཟུགས་མང་སྟོན་པ་བཞིན། །དེ་བཞིན་སྟོན་པ་ཡེ་ཤེས་མཆོག་མཁྱེན་པ། །སྐུ་གཟུགས་ཀུན་ 74-1-159b ཏུ་འགྲོ་བ་རྣམས་ལ་སྟོན། །སྟོང་པ་ཞི་བ་རང་བཞིན་མཚན་ཉིད་མྱེད། །ཆོས་ཉིད་བར་སྣང་མཁའ་དང་མཉམ་པར་ཡང་། །སངས་རྒྱས་སྟོན་པ་དོན་དམ་དེ་ཉིད་དུ། །སངས་རྒྱས་སྤྱོད་ཡུལ་ མཆོག་གིས་ཡང་དག་བསྟན། །བདེ་གཤེགས་སྤྱོད་ཡུལ་རང་བཞིན་ཅི་འདྲ་བ། །སེམས་ཅན་ཀུན་གྱི་ཆོས་ཉིད་དེ་འདྲ་སྟེ། །མཚན་དང་མཚན་གཞི་མཉམ་པ་ཉིད་ཀྱིས་འདྲ། །མཚན་ཉིད་ མེད་པ་ཆོས་རྣམས་ཀུན་གྱི་མཆོག །བདེ་གཤེགས་ཡེ་ཤེས་དོན་དུ་སུ་གཉེར་བས། །རྟོག་དང་རྣམ་རྟོག་ཡོངས་སུ་སྤོངས། །དངོས་དང་དངོས་མེད་མཉམ་ཉིད་ཤེས་པར་གྱིས། །མྱུར་དུ་མི་ཡི་གཙོ་བོ་ མཆོག་ཏུ་འགྱུར། །འདི་འདྲའི་སྒྲ་སྐད་སྟོང་སྙེད་དུ། །སྙན་པའི་དབྱངས་སུ་བརྗོད་བྱས་ནས། །ལྷའི་བུ་མོ་མི་སྨྲ་ཞིང་། །ཞི་ལ་དགའ་བར་བདེ་གཤེགས་ལྟ། །འཁོར་རྣམས་ཞི་བར་ཤེས་ གྱུར་ནས། །རྣམ་ཐར་ཟླ་བ་འཇིགས་མེད་པས། །རྡོ་རྗེའི་སྙིང་པོས་འཇིགས་མྱེད་པ། །རྒྱལ་སྲས་དེ་ལ་ཡང་སྨྲས་པ། །བཅུ་པར་ཡང་དག་འཕར་བ་ཡི། །རྣམ་པ་ཡོན་ཏན་སྤྱོད་ཡུལ་ དང་། །མཚན་མ་དག་དང་ཆོ་འཕྲུལ་རྣམས། །མཁས་པས་ཀུན་ཀྱང་བསྟན་པར་མཛོད། །བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་སྨྲས་པ། ཀྱེ་རྒྱལ་བའི་སྲས་དག །དེ་ལྟར་བྱང་ཆུབ་ སེམས་དཔའ་དེ་བྱང་ཆུབ་སེམས་དཔའི་ས་དགུ་པའི་བར་དུ་ཤེས་པར་བྱ་བ། ཚད་མེད་པ་ཡོངས་སུ་བརྟགས་པའི་བློས་རྣམ་པར་དབྱེ་བ་ཤིན་ཏུ་རྣམ་པར་ཕྱེ་བ། ཆོས་དཀར་པོ་ཤིན་ཏུ་རྫོགས་ པ་བསྩགས་པར་བྱ་བའི་ཚོགས་མཐའ་ཡས་པ་ཤིན་ཏུ་བསྩགས་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཟིན་པ། སྙིང་རྗེ་ཆེན་པོ་ཤིན་ཏུ་ཡངས་པ་ཐོབ་པ། འཇིག་རྟེན་ 74-1-160a གྱི་ཁམས་རྣམ་པར་ཕྱེ་བ་རྣམ་པ་ཐ་དད་པ་ལ་མཁས་པ། སེམས་ཅན་གྱི་ཁམས་ཐིབས་པོས་ཉེ་བར་སྤྱོད་པ་ལ་རབ་ཏུ་ཞུགས་པ། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་འཇུག་ པ་དང་ལྡན་པའི་འདུ་ཤེས་དང་། ཡིད་ལ་བྱེད་པ་ཅན་སྟོབས་དང་མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་ལ་ལྷག་པར་དམྱིག་པའི་རྗེས་སུ་སོང་བ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ དབང་བསྐུར་བའི་ས་ཐོབ་པ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་ཡེ་ཤེས་དེ་ལྟ་བུ་དང་ལྡན་ཞིང་དབང་བསྐུར་བའི་ས་ཐོབ་པ་དེ་ལ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དྲི་མ་ མྱེད་པ་ཞེས་བྱ་བ་མངོན་དུ་འགྱུར་རོ། །བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཆོས་ཀྱི་དབྱིངས་རྣམ་པར་ཕྱེ་བ་ལ་འཇུག་པ་ཞེས་བྱ་བ་དང་། སྙིང་པོ་བྱང་ཆུབ་གྱི་རྒྱན་རྣམ་པར་ཕྱེ་བ་ཞེས་བྱ་བ་དང་། འོད་གཟེར་གྱི་མེ་ཏོག་རྣམ་པ་ཐམས་ཅད་ཅེས་བྱ་བ་དང་། རྒྱ་མཚོའི་སྙིང་པོ་ཞེས་བྱ་བ་དང་། རྒྱ་མཚོའི་ཕྱ་རྒྱ་ཞེས་བྱ་བ་དང་། ནམ་མཁའི་དབྱིངས་ལྟར་ཡངས་པ་ཞེས་བྱ་བ་དང་། ཆོས་ ཐམས་ཅད་རང་བཞིན་རྣམ་པར་འབྱེད་པ་ཞེས་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པའི་རྗེས་སུ་སོང་བ་ཞེས་བྱ་བ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་མངོན་སུམ་དུ་བཞུགས་ པ་ཞེས་བྱ་བ་མངོན་དུ་འགྱུར་ཏེ། དེ་ལ་དེ་དག་ལ་སྩོགས་པ་ཏིང་ངེ་འཛིན་བརྒྱ་སྟོང་ཕྲག་གྲངས་མེད་པ་ཕྲག་བཅུ་མངོན་དུ་འགྱུར་རོ། །དེ་ཏིང་ངེ་འཛིན་དེ་དག་ཐམས་ཅད་ལ་མཉམ་པར་གཞོག་ཅིང་རྣམ་ པར་ལྡང་ངོ་། །ཏིང་ངེ་འཛིན་ལ་མཁས་པ་དང་ལྡན་པ་ཡིན་ཏེ། ཏིང་ངེ་འཛིན་གྱི་དགོས་པ་དེ་དག་ཐམས་ཅད་ལ་ཡང་རབ་ཏུ་སྤྱོད་དོ། །ཏིང་ངེ་འཛིན་བརྒྱ་སྟོང་གྲངས་མེད་པ་ཕྲག་བཅུའི་ཐ་མ་ལ་ཐམས་ 74-1-160b ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཁྱད་པར་གྱིས་མངོན་པར་དབང་བསྐུར་བ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་མངོན་དུ་འགྱུར་ཏེ། མངོན་དུ་གྱུར་མ་ཐག་ཏུ་སྟོང་གསུམ་བརྒྱ་སྟོང་ཕྲག་ བཅུའི་ཐ་གྲུ་དང་མཉམ་པའི་རིན་པོ་ཆེའི་པད་མོ་རིན་པོ་ཆེ་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་དུ་སྤྲས་ཤིང་བརྒྱན་པ་འཇིག་རྟེན་ཐམས་ཅད་ཀྱི་སྤྱོད་ཡུལ་ལས་འདས་པ། འཇིག་རྟེན་ལས་འདས་ པའི་དགེ་བའི་རྩ་བས་བྱུང་བ། སྒྱུ་མའི་རང་བཞིན་དང་། སྤྱོད་ཡུལ་གྱིས་ཡོངས་སུ་གྲུབ་པ། ཆོས་ཀྱི་དབྱིངས་ལ་ཤིན་ཏུ་གནས་པར་སྣང་བ། ལྷའི་ཡུལ་ལས་ཤིན་ཏུ་འདས་པ། ནོར་ བུ་རིན་པོ་ཆེ་བཻ་ཌཱུརྱའི་ཆུ་བོ་ཆེན་པོ་ཅན། ཙན་དན་གྱི་རྒྱལ་པོ་མཚུངས་པ་མེད་པའི་སྙིང་པོ་ཅན། ཨ་སྨ་གར་བྷ་རབ་ཟེ་བ་ཅན། འཛམ་བུ་ཆུ་ཀླུང་གི་གསེར་ལྟར་སྣང་བའི་ལོ་མ་ཅན། འོད་གཟེར་ཚད་མེད་པས་ཤིན་ཏུ་རྒྱས་པའི་ལྷུན་ཅན། རིན་པོ་ཆེ་ཐམས་ཅད་ཀྱིས་ནང་ཡོངས་སུ་སྤྲས་པ་རིན་པོ་ཆེ་མུ་མེད་པའི་དྲ་བས་ཀུན་ནས་ཡོག་པ། སྟོང་གསུམ་བརྒྱ་སྟོང་ཕྲག་བཅུ་ཚང་བ་ རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་རིན་པོ་ཆེའི་པད་མོ་ཆེན་པོའི་འཁོར་དང་ལྡན་པ་འབྱུང་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེའི་ལུས་ཀྱང་དེ་དང་རྐྱེན་ཏུ་འཚམ་ཞིང་དེའི་ཚུལ་དང་ལྡན་པར་གནས་སོ། །དེ་ ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཁྱད་པར་གྱིས་དབང་བསྐུར་བ་དང་ལྡན་པའི་ཏིང་ངེ་འཛིན་ཐོབ་མ་ཐག་ཏུ་རིན་པོ་ཆེའི་པད་མོའི་རྒྱལ་པོ་ཆེན་པོ་དེ་ལ་འཏུག་པར་སྣང་སྟེ། རིན་པོ་ཆེའི་པད་མོའི་ རྒྱལ་པོ་དེ་ལ་བྱང་ཆུབ་སེམས་དཔའ་དེ་འཏུག་མ་ཐག་ཏུ་རིན་པོ་ཆེ་དེའི་འཁོར་རིན་པོ་ཆེའི་པད་མོ་ཇི་སྙེད་བྱུང་བ་དེ་སྙེད་ཀྱི་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་དེ་ཡོངས་སུ་བསྐོར་ཏེ། རིན་ 74-1-161a པོ་ཆེའི་པད་མོ་དེ་དག་ལ་འཁོད་ནས། བྱང་ཆུབ་སེམས་དཔའ་དེ་ཉིད་ལ་བལྟ་ཞིང་དེ་དག་རེ་རེ་ཞིང་ཡང་ཏིང་ངེ་འཛིན་བརྒྱ་སྟོང་ཕྲག་བཅུ་ལ་སྙོམས་པར་འཇུག་གོ། །བྱང་ཆུབ་སེམས་དཔའ་ དེ་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་མཉམ་པར་བཞག་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་ཐམས་ཅད་མ་ལུས་པར་གཡོ་བར་གྱུར་རོ། །ངན་སོང་ཐམས་ཅད་རྩེ་ཞིལ་བར་འགྱུར་རོ། །ཆོས་ཀྱིས་ དབྱིངས་ཐམས་ཅད་སྣང་བས་རྒྱས་པར་གྱུར་རོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་དག་པར་གྱུར་རོ། །ཞིང་ཐམས་ཅད་དུ་སངས་རྒྱས་ཀྱི་སྒྲ་གྲག་པར་གྱུར་རོ། །སྐལ་བ་དང་སྤྱོད་ པ་འཐུན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་འདུ་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ལྷ་དང་མྱིའི་རོལ་མོ་བརྡུང་བ་དང་དཀྲོལ་བའི་སྒྲ་ཡང་འབྱུང་བར་འགྱུར་རོ། །སེམས་ཅན་ཐམས་ ཅད་ཀྱི་བདེ་བ་ཡང་སྐྱེ་བར་འགྱུར་རོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་བསམ་གྱི་མི་ཁྱབ་པའི་མཆོད་པ་དང་། རིམ་གྲོ་ཡང་རབ་ཏུ་འབྱུང་བར་འགྱུར་རོ། །དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་འཁོར་ཀྱི་དཀྱིལ་འཁོར་ཀྱང་རྣམ་པར་དམྱིགས་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་དེ་ནི་རིན་པོ་ཆེའི་པད་མོའི་རྒྱལ་པོ་དེ་ལ་འདུག་མ་ ཐག །རྐང་པའི་འཐིལ་གཉིས་ཀྱི་འོག་ནས་འོད་གཟེར་བརྒྱ་སྟོང་གྲངས་མེད་པ་ཕྲག་བཅུ་འབྱུང་ངོ་། །བྱུང་ནས་ཀྱང་ཕྱོགས་བཅུར་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་ཡན་ཅད་སྣང་བར་བྱས་ཏེ། སྡུག་བསྔལ་རྣམས་ཀྱང་རབ་ཏུ་ཞི་བར་བྱེད་དོ། །པུས་མོའི་ལྷ་ང་གཉིས་ནས་འོད་གཟེར་བརྒྱ་སྟོང་གྲངས་མེད་པ་ཕྲག་བཅུ་འབྱུང་སྟེ། བྱུང་ནས་ཀྱང་ཕྱོགས་བཅུར་བྱོལ་སོང་གི་སྐྱེ་གནས་ཀྱི་ཐམས་ཅད་ 74-1-161b སྣང་བ་བྱས་ནས་ཀྱང་རབ་ཏུ་ཞི་བར་བྱེད་དོ། །ལྟེ་བའི་དཀྱིལ་འཁོར་ནས་འོད་གཟེར་བརྒྱ་སྟོང་གྲངས་མེད་པ་ཕྲག་བཅུ་འབྱུང་སྟེ། བྱུང་ནས་ཀྱང་ཕྱོགས་བཅུར་གཤིན་རྗེའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ སྣང་བར་བྱས་ནས། སྡུག་བསྔལ་རྣམས་ཀྱང་རབ་ཏུ་ཞི་བར་བྱེད་དོ། །གཡས་གཡོན་གྱི་རྩིབ་ལོགས་གཉིས་ནས་འོད་གཟེར་བརྒྱ་སྟོང་གྲངས་མེད་པ་ཕྲག་བཅུ་བྱུང་སྟེ། བྱུང་ནས་ཀྱང་ཕྱོགས་བཅུར་མིའི་ གནས་རྣམས་སྣང་བར་བྱས་ཏེ། སྡུག་བསྔལ་རྣམས་ཀྱང་རབ་ཏུ་ཞི་བར་བྱེད་དོ། །ལག་པའི་མཐིལ་གཉིས་ནས་འོད་གཟེར་བརྒྱ་སྟོང་གྲངས་མེད་པ་ཕྲག་བཅུ་བྱུང་སྟེ། བྱུང་ ནས་ཀྱང་ཕྱོགས་བཅུར་ལྷ་དང་ལྷ་མ་ཡིན་གྱི་གནས་རྣམས་སྣང་བར་བྱས་ནས། སྡུག་བསྔལ་རྣམས་ཀྱང་རབ་ཏུ་ཞི་བར་བྱེད་དོ། །ཕྲག་པ་གཉིས་ནས་འོད་གཟེར་བརྒྱ་སྟོང་གྲངས་མེད་པ་ཕྲག་ བཅུ་འབྱུང་སྟེ། བྱུང་ནས་ཀྱང་ཕྱོགས་བཅུར་ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་གནས་སྣང་བར་བྱས་ནས། ཆོས་སྣང་བའི་སྒོ་ཡང་ཉེ་བར་བསྒྲུབ་པོ། །རྒྱབ་དང་མགུལ་ནས་འོད་གཟེར་བརྒྱ་སྟོང་ གྲངས་མེད་པ་ཕྲག་བཅུ་བྱུང་སྟེ། བྱུང་ནས་ཀྱང་རང་སངས་རྒྱས་ཀྱི་གནས་ཐམས་ཅད་སྣང་བར་བྱས་ནས་ཞི་བའི་ཏིང་ངེ་འཛིན་གྱི་ཚུལ་གྱི་སྒོའང་ཉེ་བར་བསྒྲུབ་བོ། །ཁའི་སྒོ་ནས་འོད་གཟེར་བརྒྱ་ སྟོང་གྲངས་མེད་པ་ཕྲག་བཅུ་བྱུང་སྟེ། བྱུང་ནས་ཀྱང་ཕྱོགས་བཅུར་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ནས་བཟུང་དགུ་པ་ཐོབ་པའི་བར་དག་སྣང་བར་བྱས་ནས། ཤེས་རབ་དང་ཐབས་ ཀྱི་ཚུལ་གྱི་སྒོ་ཡང་ཉེ་བར་བསྒྲུབ་པོ། །སྨྱིན་མཚམས་ཀྱི་མཛོད་སྤུ་ནས་འོད་གཟེར་བརྒྱ་སྟོང་གྲངས་མེད་པ་བཅུ་བྱུང་སྟེ། བྱུང་ནས་ཀྱང་ཕྱོགས་བཅུ་བདུད་ཀྱི་གནས་ཐམས་ཅད་ཟིལ་གྱིས་མནན་ཏེ། 74-1-162a དབང་བསྐུར་བའི་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་སྣང་བར་བྱས་ནས། དེ་དག་གི་ལུས་སུ་ནུབ་པར་འགྱུར་རོ། །ཡན་ལག་དམ་པའི་སྤྱི་གཙུག་ནས་འོད་གཟེར་སྟོང་ གསུམ་བརྒྱ་སྟོང་གྲངས་མེད་པ་ཕྲག་བཅུ་ཚང་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱུང་སྟེ། བྱུང་ནས་ཀྱང་ཕྱོགས་བཅུར་དེ་བཞིན་གཤེགས་པའི་འཁོར་ཀྱི་དཀྱིལ་འཁོར་ཐམས་ཅད་སྣང་བར་བྱས་ཏེ། འཇིག་ རྟེན་ལན་བཅུར་བསྐོར་བ་བྱས་ནས། སྟེང་གི་ནམ་མཁའི་དབྱིངས་ལ་འདུག་སྟེ། འོད་གཟེར་གྱི་དྲ་བའི་དཀྱིལ་འཁོར་དུ་བྱས་ནས། དེ་བཞིན་གཤེགས་པ་ལ་མཆོད་ཅིང་རིམ་གྲོ་བྱ་བ་འོད་ཤིན་ ཏུ་གསལ་བ་ཞེས་བྱ་བ་རབ་ཏུ་འབྱེད་དོ། །མཆོད་པ་དང་རིམ་གྲོ་དེ་ལ་སེམས་དང་པོ་བསྐྱེད་པ་ཉེ་བར་བཟུང་བ་ཡན་ཅད་ས་དགུ་པ་ཐོབ་ཀྱི་བར་དུ་དེ་བཞིན་གཤེགས་པ་མཆོད་ཅིང་རིམ་གྲོ་བྱ་བས་ བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་བརྒྱ་སྟོང་གི་ཆ་དང་། ཁྲག་ཁྲིག་གི་ཆ་དང་། ཁྲག་ཁྲིག་བརྒྱའི་ཆ་དང་། ཁྲག་ཁྲིག་སྟོང་གི་ཆ་དང་ཁྲག་ཁྲིག་བརྒྱ་སྟོང་གིས་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །གྲངས་དང་ཆ་དང་། བགྲང་བ་དང་དཔེ་དང་རྒྱུར་ཡང་ཉེ་བར་མི་འགྲོ་བ་ནས་བསྒྲུན་པ་ཙམ་གྱི་བར་དུའང་མྱི་ཆོག་གོ། །འོད་གཟེར་གྱི་དྲ་བའི་ དཀྱིལ་འཁོར་ཆེན་པོ་དེ་ལས་ཕྱོགས་བཅུའི་མེ་ཏོག་དུ་མ་གདགས་པ་དང་། སྤོས་དང་། གདུག་པ་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ནམ་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རིན་པོ་ཆེའི་རྒྱན་དང་། ནོར་བུ་རིན་པོ་ཆེར་གདགས་པ་ཅི་ཡོད་པ་དེ་དག་ཐམས་ཅད་ལས་ལྷག་ཅིང་འཇིག་རྟེན་གྱི་ཡུལ་ཐམས་ཅད་ལས་འདས་ལ་འཇིག་རྟེན་ 74-1-162b ལས་འདས་པའི་དགེ་བའི་རྩ་བའི་དབང་གིས་གྲུབ་པ་དག་སྤྲིན་ཆེན་པོའི་ཆར་བཞིན་དུ་མངོན་པར་བབ་བོ། །མཆོད་པ་དེ་དག་སེམས་ཅན་གང་གིས་མཐོང་བ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་རོ། །མཆོད་པ་དང་། རིམ་གྲོའི་རྣམ་པ་དེ་ལྟ་བུ་དག་བྱས་ནས་ཀྱང་འོད་གཟེར་དེ་དག་གིས་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་སྣང་བར་བྱས་ ནས། འཇིག་རྟེན་ལན་བཅུར་བསྐོར་བ་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཞབས་ཀྱི་མཐིལ་གྱི་འོག་ཏུ་ནུབ་པར་གྱུར་ཏེ། དེ་ནས་དེ་ བཞིན་གཤེགས་པ་དེ་དག་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་འཇིག་རྟེན་གྱི་ཁམས་འབྱམ་པས་ཀླས་པ་ཆེ་གེ་མོ་ཞིག་ཏུ་དེ་ལྟ་བུའི་སྤྱོད་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དབང་བསྐུར་བའི་ དུས་ལ་བབ་པར་ཐུགས་སུ་ཆུད་དོ། །ཀྱེ་རྒྱལ་བའི་སྲས་དག །དེར་ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའི་ས་དགུ་ལ་གནས་པའི་བར་གྱི་བྱང་ཆུབ་སེམས་དཔའ་མཐའ་ཡས་པ་འོངས་ཏེ། བྱང་ཆུབ་སེམས་ དཔའ་དེ་ལ་ཀུན་ནས་བསྐོར་ནས། མཆོད་པ་ཆེན་པོ་བྱས་ཏེ་བྱང་ཆུབ་སེམས་དཔའ་དེ་ཉིད་ལ་བལྟ་ཞིང་ཏིང་ངེ་འཛིན་སྟོང་ཕྲག་བཅུ་བཅུ་ལ་སོ་སོ་ནས་མཉམ་པར་གཞོག་གོ། །བྱང་ཆུབ་སེམས་དཔའ་དབང་བསྐུར་ བའི་ས་ཐོབ་པ་རྣམས་ཀྱི་དཔལ་གྱི་བེའུ་དང་རྡོ་རྗེ་དང་། བཀྲ་ཤིས་ལ་བདུད་ཀྱི་དགྲ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་འོད་གཟེར་ཆེན་པོ་གཅིག །འོད་གཟེར་གྱི་འཁོར་བརྒྱ་སྟོང་གྲངས་མེད་པ་ཕྲག་ བཅུ་དང་ལྡན་པར་བྱུང་སྟེ། བྱུང་ནས་ཀྱང་ཕྱོགས་བཅུར་སྣང་བར་བྱས་ནས་ཆོ་འཕྲུལ་མུ་མེད་པ་ཡང་དག་པར་བསྟན་ཏེ། བྱང་ཆུབ་སེམས་དཔའ་དེའི་དཔལ་གྱི་བེའུ་དང་། རྡོ་རྗེ་དང་བཀྲ་ 74-1-163a ཤིས་སུ་ནུབ་པར་འགྱུར་རོ། །འོད་གཟེར་དེ་དག་དེར་ནུབ་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་དེའི་སྟོབས་དང་། མཐུ་ཡང་བརྒྱ་ཕྲག་སྟོང་གྱུར་པས་ཀྱང་ལྷག་པར་མངོན་ པར་འཕེལ་བར་སྣང་ངོ་། །ཀྱེ་རྒྱལ་བའི་སྲས་དག །དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་སྨིན་མཚམས་ཀྱི་མཛོད་སྤུ་ནས་ཐམས་ཅད་ མཁྱེན་པའི་མངོན་པར་ཤེས་པ་དང་ལྡན་པ་ཞེས་བྱ་བའི་འོད་གཟེར་གྱི་འཁོར་གྲངས་མེད་པ་དང་ལྡན་པ་འབྱུང་སྟེ། དེ་དག་གི་ཕྱོགས་བཅུ་ཐམས་ཅད་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་མ་ལུས་པར་ སྣང་བར་བྱས་ནས། འཇིག་རྟེན་ལན་བཅུར་བསྐོར་ཏེ། དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་ཆེན་པོ་བསྟན་ནས། བྱང་ཆུབ་སེམས་དཔའ་བརྒྱ་སྟོང་བྱེ་བ་ཁྲག་ཁྲིག་མང་པོ་ཡང་དག་ པར་བསྐུལ་ནས། སངས་རྒྱས་ཀྱི་ཞིང་འབྱམ་ཀླས་པ་ཐམས་ཅད་རྣམ་པ་དྲུག་ཏུ་བསྐྱོད་དེ། ངན་སོང་ཐམས་ཅད་ཀྱི་ལམ་གྱི་རྒྱུད་དང་སྐྱེ་བ་དང་། ཤི་འཕོ་རབ་ཏུ་ཞི་བར་བྱས་ནས་བདུད་ཀྱི་ གནས་ཐམས་ཅད་ཟིལ་གྱིས་མནན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་འཚང་རྒྱ་བ་རྣམ་པར་སངས་རྒྱས་པའི་སངས་རྒྱས་ཀྱི་གདན་ཡང་དག་པར་བསྟན་ནས། སངས་རྒྱས་ ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་བརྒྱད་པའི་མཐུ་རབ་ཏུ་བསྟན་ཏེ། འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པ་ཐམས་ཅད་སྣང་བར་བྱས་ནས། ཕྱིར་ ལོག་སྟེ། བྱང་ཆུབ་སེམས་དཔའི་འཁོར་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི་སྟེང་ནས་བསྐོར་བ་བྱས་ཏེ། རྒྱན་ཆེན་པོ་བསྟན་ནས། འོད་གཟེར་དེ་དག་བྱང་ཆུབ་སེམས་དཔའ་དེའི་ཡན་ལག་གིས་ 74-1-163b དམ་པར་ནུབ་པོ། །དེའི་འཁོར་གྱི་འོད་གཟེར་རྣམས་ཀྱང་དེ་ལྟར་ཚོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མགོར་ནུབ་པར་འགྱུར་རོ། །འོད་གཟེར་དེ་དག་གིས་ཕོག་མ་ཐག་ཏུ་བྱང་ཆུབ་སེམས་ དཔའ་དེ་དག་གིས་སྔན་ཅད་མ་ཐོབ་པའི་ཏིང་ངེ་འཛིན་སྟོང་ཕྲག་བཅུ་བཅུ་རབ་ཏུ་འཐོབ་པོ། །འོད་གཟེར་དེ་དག་ཀྱང་དུས་གཅིག་ཏུ་བྱང་ཆུབ་སེམས་དཔའ་དེའི་ཡན་ལག་དམ་པ་ལ་འཆར་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡུལ་ལ་མངོན་པར་དབང་བསྐུར་ཞེས་བྱའོ། །སྟོབས་བཅུ་ཡོངས་སུ་རྫོགས་པའི་སངས་རྒྱས་སུ་བགྲངས་བ་ཡང་འཐོབ་ པར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག །འདི་ལྟ་སྟེ་དཔེར་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་བུ་ཐུའོ་གཞོན་ནུ་བཙུན་མོ་དམ་པ་ལས་བཙས་པ། རྒྱལ་པོའི་མཚན་དང་ལྡན་པ་དེ་ འཁོར་ལོས་བསྒྱུར་བའི་རྒྱལ་པོས་ལྷའི་གླང་པོ་ཆེ་ལ་གསེར་གྱི་ཁྲི་དམ་པའི་སྟེང་དུ་བཞག་སྟེ། སྟིང་ནས་བླ་རེ་བྲེས་ཤིང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རོལ་མོ་ བརྡུང་བ་དང་། དཀྲོལ་བ་དང་། གླུའི་དབྱངས་ལ་སྩོགས་པའི་རྒྱན་ཆེན་པོ་བྱས་ཏེ། རྒྱ་མཚོ་ཆེན་པོ་བཞི་ལས་ཆུ་བླངས་པ་གསེར་གྱི་བུམ་པས་བཅུས་ཏེ། ཆུ་དེས་གཞོན་ནུས་དེའི་སྤྱི་བོ་ནས་ མངོན་པར་དབང་བསྐུར་ནས། དབང་བསྐུར་མ་ཐག་ཏུ་དེ་ནི་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཞེས་བྱ་བའི་གྲངས་སུ་འགྲོའོ། །དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་རྫོགས་ནས་ནི་ འཁོར་ལོས་བསྒྱུར་བར་བགྲང་བ་རབ་ཏུ་འཐོབ་པོ། །ཀྱེ་རྒྱལ་བའི་སྲས་དག །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་དབང་བསྐུར་མ་ཐག་ཏུ། ཡེ་ཤེས་ 74-1-164a ཀྱི་དབང་མངོན་པར་བསྐུར་བས་མངོན་པར་དབང་བསྐུར་བ་ཞེས་བྱའོ། །སྟོབས་བཅུ་ཡོངས་སུ་རྫོགས་ནས་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གྲངས་སུ་འགྲོའོ། །ཀྱེ་ རྒྱལ་བའི་སྲས་དག །འདི་ནི། གང་འདི་ནི་གང་གི་དོན་དུ་བྱང་ཆུབ་སེམས་དཔའ་དཀའ་བ་བརྒྱ་སྟོང་དུ་མ་བརྩོམ་པའི་བྱང་ཆུབ་སེམས་དཔའི་མངོན་པར་དབང་བསྐུར་བའོ། །དེ་དེ་ལྟར་མངོན་པར་ དབང་བསྐུར་ཞིང་ཡོན་ཏན་དང་ཡེ་ཤེས་རྣམ་པར་འཕེལ་བ་ནི། བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་ལ་གནས་པ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལ་བྱང་ཆུབ་སེམས་དཔའི་ས་ ཆོས་ཀྱི་སྤྲིན་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱི་ཁམས་ཡང་དག་པར་བསྒྲུབ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདོད་པའི་ཁམས་ཡང་དག་པར་བསྒྲུབ་པ་དང་། གཟུགས་ཀྱི་ཁམས་ཡང་དག་པར་བསྒྲུབ་པ་དང་། གཟུགས་མེད་པའི་ཁམས་ཡང་དག་པར་བསྒྲུབ་པ་དང་། འཇིག་རྟེན་གྱི་ཁམས་ཡང་དག་པར་བསྒྲུབ་པ་དང་། སེམས་ཅན་གྱི་ཁམས་ ཡང་དག་པར་བསྒྲུབ་པ་དང་། རྣམ་པར་ཤེས་པའི་ཁམས་ཡང་དག་པར་བསྒྲུབ་པ་དང་། འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་ཡང་དག་པར་བསྒྲུབ་པ་དང་། ནམ་མཁའི་ཁམས་ཡང་དག་པར་བསྒྲུབ་ བསྒྲུབ་པ་དང་། ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་ཁམས་བསྟན་པ་ཡང་དག་པར་བསྒྲུབ་པ་དང་། མྱ་ངན་ལས་འདས་པའི་ཁམས་ཡང་དག་པར་བསྒྲུབ་པ་དང་། ལྟ་བའི་རྣམ་པ་ དང་ཉོན་མོངས་པ་ཡང་དག་པར་བསྒྲུབ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འཇིག་རྟེན་གྱི་ཁམས་འཇིགས་པ་དང་འདུ་བ་ཡང་དག་པར་བསྒྲུབ་པ་དང་། ཉན་ཐོས་ཀྱི་སྤྱོད་པ་ཡང་དག་ 74-1-164b པར་བསྒྲུབ་པ་དང་། རང་སངས་རྒྱས་ཀྱི་སྤྱོད་པ་ཡང་དག་པར་བསྒྲུབ་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་དག་པར་བསྒྲུབ་པ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མྱི་འཇིགས་པ་དང་། གཟུགས་ཀྱི་སྐུ་དང་། ཆོས་ཀྱི་སྐུ་ཡང་དག་པར་བསྒྲུབ་པ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡང་དག་པར་བསྒྲུབ་པ་དང་། མངོན་པར་རྫོགས་པར་འཚང་རྒྱ་བ་དང་། ཆོས་ཀྱིས་ འཁོར་ལོ་བསྐོར་བ་དང་། བཟློག་པ་བསྟན་པ་ཡང་དག་པར་བསྒྲུབ་པ་དང་། མདོར་བསྡུ་ན་ཆོས་ཐམས་ཅད་རྣམ་པར་ཕྱེ་བ་ལ་འཇུག་ཅིང་ཤིན་ཏུ་བརྟག་པ་ཡང་དག་པར་བསྒྲུབ་པ་ཡང་དག་པ་ཇི་ལྟ་བ་བཞིན་ དུ་རབ་ཏུ་ཤེས་སོ། །དེ་དེ་ལྟ་བུའི་ཡེ་ཤེས་དང་ལྡན་པའི་བློས་གོང་དུ་སེམས་ཅན་རྣམས་ཀྱི་སྤྲུལ་པའི་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཉོན་མོངས་པའི་སྤྲུལ་པ་དང་། ལྟ་བའི་རྣམ་པའི་ སྤྲུལ་པ་དང་། འཇིག་རྟེན་གྱི་ཁམས་ཀྱི་སྤྲུལ་པ་དང་། ཆོས་ཀྱི་ཁམས་ཀྱི་སྤྲུལ་པ་དང་། ཉན་ཐོས་ཀྱི་སྤྲུལ་པ་དང་། རང་སངས་རྒྱས་ཀྱི་སྤྲུལ་པ་དང་། བྱང་ཆུབ་སེམས་དཔའི་སྤྲུལ་པ་དང་། དེ་བཞིན་གཤེགས་པའི་སྤྲུལ་པ་དང་། སྤྲུལ་པ་ཐམས་ཅད་ཀྱི་རྣམ་པར་དགོད་པ་དང་། རྣམ་པར་མི་དགོད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་སངས་རྒྱས་ཀྱི་བྱིན་གྱིས་རླབས་ཀྱང་ཡང་ དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཆོས་ཀྱི་བྱིན་གྱིས་བརླབས་དང་། དགེ་འདུན་གྱི་བྱིན་གྱིས་རླབས་དང་། ལས་ཀྱིས་བྱིན་གྱི་རླབས་དང་། ཉོན་མོངས་པའི་བྱིན་གྱི་རླབས་དང་། དུས་ཀྱི་བྱིན་ རླབས་དང་། སྨོན་ལམ་གྱི་བྱིན་གྱི་རླབས་དང་། མཆོད་པའི་བྱིན་གྱི་བརླབས་དང་། སྤྱོད་པའི་བྱིན་ཀྱི་རླབས་དང་། བསྐལ་པའི་བྱིན་གྱི་རླབས་དང་། ཡེ་ཤེས་ཀྱི་བྱིན་གྱི་རླབས་ཡང་དག་པ་ཇི་ 74-1-165a ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གང་འདི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཕྲ་བ་ལ་འཇུག་པའི་ཡེ་ཤེས་འདི་ལྟ་སྟེ། སྤྱོད་པ་ ཕྲ་བ་ལ་འཇུག་པའི་ཡེ་ཤེས་སམ། སྐྱེ་བ་དང་འཕོ་བ་དང་། ཕྲ་བ་ལ་འཇུག་པའི་ཡེ་ཤེས་སམ། སྐུ་ཚེ་ཕྲ་བ་ལ་འཇུག་པའི་ཡེ་ཤེས་སམ། མངོན་པར་འབྱུང་བ་ཕྲ་བ་ལ་འཇུག་པའི་ཡེ་ཤེས་ སམ། མངོན་པར་བྱང་ཆུབ་པ་ཕྲ་བ་ལ་འཇུག་པའི་ཡེ་ཤེས་སམ། རྣམ་པར་འཕྲུལ་པ་ལ་འཇུག་པའི་ཡེ་ཤེས་སམ། ཆོས་ཀྱི་འཁོར་ལོ་བསྐོར་བ་ཕྲ་བ་ལ་འཇུག་པའི་ཡེ་ཤེས་སམ། སྐུ་ཚེའི་ཚད་བྱིན་གྱིས་རླབས་པ་ཕྲ་བ་ལ་འཇུག་པའི་ཡེ་ཤེས་སམ། ཡོངས་སུ་མྱ་ངན་ལས་འདས་པ་ཕྲ་བ་ལ་འཇུག་པའི་ཡེ་ཤེས་སམ། བསྟན་པ་གནས་པ་ཕྲ་བ་ལ་འཇུག་པའི་ཡེ་ཤེས་ དེ་དག་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་དེས་རབ་ཏུ་ཤེས་སོ། །གང་འདི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་གསང་བ་ལ་འཇུག་པའི་ གནས་འདི་ལྟ་སྟེ། སྐུའི་གསང་བ་འམ། གསུང་གི་གསང་བ་འམ། ཐུགས་ཀྱིས་གསང་བ་འམ། དུས་དང་དུས་མ་ཡིན་པ་ཐུགས་སུ་ཆུད་པའི་གསང་བ་འམ། བྱང་ཆུབ་སེམས་ དཔའ་ལུང་བསྟན་པའི་གསང་བ་འམ། སེམས་ཅན་བསྡུ་བ་དང་། ཚར་གཅོད་པ་གསང་བ་འམ། ཐེག་པ་ཐ་དད་པ་གསང་བ་འམ། སེམས་ཅན་གྱི་སྤྱོད་པ་དང་། དབང་པོ་རྣམ་པར་ཕྱེ་ བ་གསང་བ་འམ། ལས་དང་བྱ་བ་ལ་འཇུག་པ་གསང་བ་འམ། སྤྱོད་པ་དང་མངོན་པར་འཚང་རྒྱ་བའི་རང་བཞིན་བརྗོད་པ་ཐུགས་སུ་ཆུད་པ་གསང་བ་དེ་དག་ཐམས་ཅད་ཡང་དག་པ་ཇི་ལྟ་ 74-1-165b བ་བཞིན་དུ་དེས་རབ་ཏུ་ཤེས་སོ། །གང་འདི་དག་བསྐལ་པ་ལ་འཇུག་པའི་ཡེ་ཤེས་འདི་ལྟ་སྟེ། བསྐལ་པ་གཅིག་ལ་བསྐལ་པ་གྲངས་མེད་པར་ཡང་དག་པར་འཇུག་པ་དང་། གྲངས་མེད་པའི་ བསྐལ་པ་ལ་བསྐལ་པ་གཅིག་ཏུ་ཡང་དག་པར་འཇུག་པ་དང་། བསྐལ་པ་གྲངས་མེད་པ་ལ་བསྐལ་པ་གྲངས་མེད་པར་ཡང་དག་པར་འཇུག་པ་དང་། སྐད་ཅིག་ལ་བསྐལ་པ་དང་བསྐལ་པ་ལ་སྐད་ཅིག་ཏུ་ཡང་དག་པར་ འཇུག་པ་དང་། བསྐལ་པ་ལ་བསྐལ་པ་མ་ཡིན་པར་ཡང་དག་པར་འཇུག་པ་དང་། བསྐལ་པ་མ་ཡིན་པ་ལ་བསྐལ་པར་ཡང་དག་པར་འཇུག་པ་དང་། སངས་རྒྱས་དང་བཅས་པའི་བསྐལ་ པ་ལ་སངས་རྒྱས་མེད་པའི་བསྐལ་པར་ཡང་དག་པར་འཇུག་པ་དང་། སངས་རྒྱས་མེད་པའི་བསྐལ་བ་ལ་སངས་རྒྱས་དང་བཅས་པའི་བསྐལ་པར་ཡང་དག་པར་འཇུག་པ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་། འདས་པ་དང་མ་འོངས་པའི་བསྐལ་པར་འཇུག་ཅིང་། མ་འོངས་པ་དང་ད་ལྟར་བྱུང་བའི་བསྐལ་པར་ཡང་དག་པར་འཇུག་པ་དང་། བསྐལ་པ་རིང་པོ་ལ་བསྐལ་པ་ ཐུང་ངུར་ཡང་དག་པར་འཇུག་པ་དང་། བསྐལ་པ་ཐུང་ངུ་ལ་བསྐལ་པ་རིང་པོར་ཡང་དག་པར་འཇུག་པ་དང་། བསྐལ་པ་ཐམས་ཅད་ལ་མྱིང་དུ་བཏགས་པ་ཡང་དག་པར་འཇུག་པ་དེ་དག་ཐམས་ཅད་ཀྱང་ ཡང་དག་པ་ཇི་ལྟ་བ་བཞིན་དུ་དེས་རབ་ཏུ་ཤེས་སོ། །གང་འདི་དག་དེ་བཞིན་གཤེགས་པ་རྣམས་ཀྱིས་ཐུགས་སུ་ཆུད་པའི་ཡེ་ཤེས་འདི་ལྟ་སྟེ། སྐྲའི་རྩེ་མོ་ལ་འཇུག་པའི་ཡེ་ཤེས་སམ། རྡུལ་ཤིན་ ཏུ་ཕྲ་བ་ལ་འཇུག་པའི་ཡེ་ཤེས་སམ། ཞིང་མང་པོ་མངོན་པར་འཚང་རྒྱ་བ་ལ་འཇུག་པའི་ཡེ་ཤེས་སམ། སེམས་ཅན་གྱི་ལུས་དང་། སེམས་མངོན་པར་འཚང་རྒྱ་བ་ལ་འཇུག་པའི་ཡེ་ཤེས་སམ། 74-1-166a ཐམས་ཅད་དུ་ཁྱབ་པར་མངོན་པར་འཚང་རྒྱ་བ་ལ་འཇུག་པའི་ཡེ་ཤེས་སམ། སྨྲེལ་ཞིའི་སྤྱོད་པ་ལ་འཇུག་པ་ཡང་དག་པར་བསྟན་པའི་ཡེ་ཤེས་སམ། ལུགས་དང་མཐུན་པའི་སྤྱོད་ པ་ཡང་དག་པར་བསྟན་པ་ལ་འཇུག་པའི་ཡེ་ཤེས་སམ། ལུགས་དང་མི་མཐུན་པའི་སྤྱོད་པ་ཡང་དག་པར་བསྟན་པ་ལ་འཇུག་པའི་ཡེ་ཤེས་སམ། འཇིག་རྟེན་བསམ་དུ་རུང་བ་དང་། བསམ་དུ་མི་རུང་བ་དང་། རྣམ་པར་ཤེས་པར་རུང་བ་དང་། རྣམ་པར་ཤེས་པར་མྱི་རུང་བའི་སྤྱོད་ པ་ཡང་དག་པར་བསྟན་པ་ལ་འཇུག་པའི་ཡེ་ཤེས་སམ། ཉན་ཐོས་ཀྱི་ཤེས་པར་བྱ་བ་དང་རང་སངས་རྒྱས་ཀྱིས་ཤེས་པར་བྱ་བ་དང་། བྱང་ཆུབ་སེམས་དཔས་ཤེས་པར་བྱ་བ་དང་། དེ་བཞིན་ གཤེགས་པས་མཁྱེན་པར་བྱ་བའི་སྤྱོད་པ་ཡང་དག་པར་བསྟན་པ་ལ་འཇུག་པའི་ཡེ་ཤེས་དེ་དག་ཐམས་ཅད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་དེས་རབ་ཏུ་ཤེས་སོ། །ཀྱེ་རྒྱལ་བའི་སྲས་དག ། དེ་ལྟར་བྱང་ཆུབ་སེམས་དཔའི་ས་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ཤིན་ཏུ་ཡངས་པ་ཚད་མེད་པས། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔས་ཁོང་དུ་ཆུད་པའི་ཡེ་ཤེས་ཀྱང་ ཚད་མེད་དོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལྟར་བྱང་ཆུབ་སེམས་དཔའི་ས་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསམ་གྱི་མི་ཁྱབ་པ་ཞེས་བྱ་བ་རབ་ཏུ་འཐོབ་པོ། །བསྒྲུབ་ པ་མེད་པ་ཞེས་བྱ་བ་དང་། རྣམ་པར་དག་པའི་རབ་ཏུ་དབྱེ་བ་ཞེས་བྱ་བ་དང་། སྒོ་ཀུན་ཏུ་སྣང་བ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པའི་མཛོད་ཅེས་བྱ་བ་དང་། འཁོར་ལོ་ཐོགས་པ་མེད་པ་དང་ལྡན་ པ་ཞེས་བྱ་བ་དང་། དུས་གསུམ་གྱི་རྗེས་སུ་སོང་བ་ཞེས་བྱ་བ་དང་། ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་ཞེས་བྱ་བ་དང་། རྣམ་པར་ཐར་པའི་དཀྱིལ་འཁོར་སྣང་བ་ཞེས་བྱ་བ་དང་། ཡུལ་མ་ལུས་པ་ཞེས་ 74-1-166b བྱ་བའི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་རབ་ཏུ་འཐོབ་པོ། །ཀྱེ་རྒྱལ་བའི་སྲས་དག །འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བཅུ་པོ་དེ་དག་ལས་སྩོགས་པ་རྣམ་པར་ཐར་པའི་སྒོ་བརྒྱ་ སྟོང་གྲངས་མེད་པ་བྱང་ཆུབ་སེམས་དཔའི་ས་བཅུ་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔས་རབ་ཏུ་འཐོབ་སྟེ། དེ་བཞིན་དུ་ཏིང་ངེ་འཛིན་བརྒྱ་ཕྲག་སྟོང་དང་། གཟུངས་བརྒྱ་ཕྲག་སྟོང་དང་། མངོན་ པར་ཤེས་པ་མངོན་པར་བསྒྲུབ་པ་བརྒྱ་ཕྲག་སྟོང་ཡང་རབ་ཏུ་འཐོབ་པོ། །དེ་ཡེ་ཤེས་དེ་ལྟ་བུ་དང་ལྡན་པའི་བློ་དང་ཚད་མེད་པ་རྗེས་སུ་སོང་བའི་དྲན་པ་མཁས་པ་དང་ལྡན་པ་ཡིན། དེ་ཕྱོགས་བཅུའི་སངས་ རྒྱས་བཅོམ་ལྡན་འདས་གྲངས་མེད་པ་ལས་སྐད་ཅིག་ཡུད་ཙམ་ཐང་ཅིག་ཏུ་ཆོས་ཀྱི་སྣང་བ་ཆེན་པོ་ཚད་མེད་པ་དང་། ཆོས་ཀྱི་འོད་ཆེན་པོ་དང་། ཆོས་ཀྱི་སྤྲིན་ཆེན་པོ་ཡང་དག་པར་འཛིན་ཏོ། །མོས་ པར་བྱེད་དོ། །ཡང་དག་པར་ལེན་ཏོ། །བདག་གིར་བྱེད་དོ། །ཀྱེ་རྒྱལ་བའི་སྲས་དག །འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོའི་ཀླུའི་རྒྱལ་པོའི་སྤྲིན་ལས་རྣམ་པར་བཀྱེ་བའི་ཆུའི་ཕུང་པོ་ཆེན་པོ་ ནི་རྒྱ་མཚོ་ཆེན་པོ་མ་གཏོགས་པར་སའི་ཕྱོགས་གཞན་གྱིས་བཟོད་པ་འམ། བདག་གིར་བྱ་བ་འམ། བླང་བ་འམ། གཟུང་བར་མྱི་ནུས་སོ། །ཀྱེ་རྒྱལ་བའི་སྲས་དག་དེ་དག་དེ་བཞིན་ གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་གསང་བ་ལ་འཇུག་པ་དང་། ཆོས་ཀྱི་སྣང་བ་ཆེན་པོ་དང་། ཆོས་ཀྱི་འོད་ཆེན་པོ་དང་། ཆོས་ཀྱི་སྤྲིན་ཆེན་པོ་དེ་དག་ནི་སེམས་ཅན་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། ས་དང་པོ་ལ་ཉེ་བར་བཟུང་བ་ཡན་ཅད། ས་དགུའི་བར་ལ་གནས་པའི་བྱང་ཆུབ་སེམས་དཔའ་དག་གིས་ཀྱང་བཟོད་པ་འམ། བླང་བ་འམ། ཡང་དག་ 74-1-167a པར་གཟུང་བ་འམ། བདག་གིར་བྱ་བ་སླ་བ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་དེ་དག་ཐམས་ཅད་ལ་མོས་པར་བྱེད་དོ། ། ཡང་དག་པར་ལེན་ཏོ། །ཡང་དག་པར་འཛིན་ཏོ། །བདག་གིར་བྱེད་དོ། །ཀྱེ་རྒྱལ་བའི་སྲས་དག །འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་ནི་ཀླུའི་རྒྱལ་པོ་ཆེན་པོ་གཅིག་གིས་སྤྲིན་ཆེན་པོ་ཡང་བཟོད་ དོ། །ལེན་ཏོ་འཛིན་ཏོ། །བདག་གིར་བྱེད། །ཀླུའི་རྒྱལ་པོ་ཆེན་པོ་གཉིས་དང་། གསུམ་ནས་ཚད་མྱེད་པའི་བར་གྱི་སྤྲིན་ཆེན་པོ་དག་ཀྱང་སྐད་ཅིག་ཡུད་ཙམ་ཐང་ཅིག་གིས་བཟོད་དོ། །ལེན་ཏོ། །འཛིན་ཏོ། ། བདག་གིར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རྒྱ་མཚོ་ཆེན་པོ་དེ་ཚད་མེད་པར་རྒྱ་ཆེ་ཞིང་ཡངས་པའི་ཕྱིར་རོ། །ཀྱེ་རྒྱལ་བའི་སྲས་དག །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་འདི་ལ་ གནས་པའི་བྱང་ཆུབ་སེམས་དཔའ་ཡང་དེ་བཞིན་གཤེགས་པ་གཅིག་ལས་ཀྱང་སྐད་ཅིག་ཏུ་ཡུད་ཙམ་ཐང་ཅིག་ཏུ་ཆོས་ཀྱི་སྣང་བ་ཆེན་པོ་དང་། ཆོས་ཀྱི་འོད་ཆེན་པོ་དང་། ཆོས་ཀྱི་སྤྲིན་ཆེན་པོ་ཚད་མེད་ པ་རྣམས་བཟོད་དོ། །ཡང་དག་པར་ལེན་ཏོ། །ཡང་དག་པར་འཛིན་ཏོ། །ཡང་དག་པར་བདག་གིར་བྱེད་དོ། །དེ་བཞིན་གཤེགས་པ་གཉིས་དང་། གསུམ་ནས་ཚད་མེད་པའི་བར་དག་ལས་ཀྱང་སྐད་ཅིག་ཡུད་ ཙམ་ཐང་ཅིག་ཏུ་ཆོས་ཀྱི་སྣང་བ་ཆེན་པོ་དང་། ཆོས་ཀྱི་འོད་ཆེན་པོ་དང་། ཆོས་ཀྱི་སྤྲིན་ཆེན་པོ་ཚད་མེད་པ་བཟོད་དོ། །ཡང་དག་པར་འཛིན་ཏོ། །ཡང་དག་པར་ལེན་ཏོ། །བདག་གིར་བྱེད་དོ། །དེ་ཅིའི་ ཕྱིར་ཞེ་ན། ས་འདི་ཡང་ཆོས་ཀྱི་སྤྲིན་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་རྣམ་པར་གྲོལ་བའི་ཟླ་བས་སྨྲས་པ། ཀྱེ་རྒྱལ་བའི་སྲས་དེ་བཞིན་གཤེགས་པ་ཇི་སྙེད་ཅིག་ལས་བྱང་ཆུབ་སེམས་དཔའ་སྐད་ 74-1-167b ཅིག་ཡུད་ཙམ་ཐང་ཅིག་ཏུ་ཆོས་ཀྱི་སྣང་བ་ཆེན་པོ་དང་། ཆོས་ཀྱི་འོད་ཆེན་པོ་དང་། ཆོས་ཀྱི་སྤྲིན་ཆེན་པོ་བཟོད་པར་བྱེད་པ་དང་། ཡང་དག་པར་འཛིན་པ་དང་། ཡང་དག་པར་ལེན་ཅིང་བདག་གིར་བྱེད་པ་ དེ་དག་བགྲང་བར་ནུས་སམ། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་སྨྲས་པ། ཀྱེ་རྒྱལ་བའི་སྲས་དེ་བཞིན་གཤེགས་པ་འདི་ཇི་སྙེད་ཅིག་ལས་བྱང་ཆུབ་སེམས་དཔའ་སྐད་ཅིག་ཡུད་ཙམ་ཐང་ གཅིག་ཏུ་ཆོས་ཀྱི་སྣང་བ་ཆེན་པོ་དང་། ཆོས་ཀྱི་འོད་ཆེན་པོ་དང་། ཆོས་ཀྱི་སྤྲིན་ཆེན་པོ་བཟོད་ཅིང་ཡང་དག་པར་ལེན་པ་དང་། ཡང་དག་པར་འཛིན་ཅིང་བདག་གིར་བྱེད་དོ། །ཞེས་གྲངས་ཀྱི་ཤིན་ཏུ་ སྟོན་པའི་ཚུལ་ཏུ་བགྲང་བར་སླ་བ་ཡིན་ཏེ། འོན་ཀྱང་དཔེ་ཙམ་དུ་བསྟན་པར་བྱའོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་རྗོད་དུ་མེད་པའི་བྱེ་བ་ ཁྲག་ཁྲིག་བརྒྱ་ཕྲག་སྟོང་གིས་རྡུལ་ཕྲ་བ་སྙེད་ན་སེམས་ཅན་གྱི་ཁམས་མ་ལུས་པའི་ཚུལ་དུ་ཇི་སྙེད་ཅིག་ཡོད་པ་དེ་དག་ལས། སེམས་ཅན་གཅིག་ཅིག་ཐོས་པ་འཛིན་པའི་གཟུངས་རབ་ཏུ་ཐོབ་པར་ གྱུར་ཏེ། འདི་ལྟ་སྟེ་དཔེར་ན། བཅོམ་ལྡན་འདས་རྡོ་རྗེ་པད་མོ་བླ་ན་མེད་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགེ་སློང་རྣམ་པར་རྒྱལ་བ་ཆེན་པོ་ཞེས་བྱ་བ་ དེ་བཞིན་དུ་དེ་བཞིན་གཤེགས་པའི་ཞམ་རིང་ན། ཉན་ཐོས་ཆེན་པོ་ཐོས་པ་འཛིན་པའི་མཆོག་ཏུ་ཕྱིན་པར་གྱུར་ལ། རྣམ་པ་དེ་ལྟ་བུ་ཐོས་པ་འཛིན་པའི་སྟོབས་ཀྱི་ཤུགས་དང་། སེམས་ཅན་ གཅིག་པོ་དེ་ལྡན་པར་གྱུར་ཏེ། སེམས་ཅན་ཅིག་པོ་དེ་ཅི་འདྲ་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་ལྡན་པར་གྱུར་ལ། གཅིག་གིས་གཟུང་བ་གཞན་གྱིས་མ་བཟུང་ 74-1-168a ན། ཀྱེ་རྒྱལ་བའི་སྲས་དེ་ལ་ཇི་སྙམ་དུ་སེམས་སེམས་ཅན་དེ་དག་གི་ཐོས་པ་འཛིན་པའི་ཤེས་པ་དེ་དག་ཚད་མེད་ཅིང་མང་བ་ཡིན་མོད། བྱང་ཆུབ་སེམས་དཔའ་རྣམ་པར་གྲོལ་ བའི་ཟླ་བས་སྨྲས་པ། ཀྱེ་རྒྱལ་བའི་སྲས་སེམས་ཅན་དེ་དག་ཐོས་པ་འཛིན་པའི་ཤེས་པ་དེ་ནི་མང་སྟེ་ཚད་ཀྱང་མྱེད་དོ། །བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་སྨྲས་པ། ཀྱེ་རྒྱལ་བའི་ སྲས་ཁྱོད་ཀྱི་ཁོང་དུ་ཆུད་པ་དང་། ཡིད་ཆེས་པར་བྱ་ན་དེ་ལྟར་བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་དེ་བཞིན་གཤེགས་པ་གཅིག་ལས་ཀྱང་སྐད་ ཅིག་ཡུད་ཙམ་ཐང་ཅིག་དུ་ཆོས་ཀྱི་སྣང་བ་དང་། འོད་དང་སྤྲིན་ཆེན་པོ་དང་། ཆོས་ཀྱི་དབྱིངས་དུས་གསུམ་གྱི་མཛོད་ཅེས་བྱ་བ་བཟོད་ཅིང་ཡང་དག་པར་ལེན་ཏོ། །བདག་ཡང་དག་པར་འཛིན་ ཏོ། །བདག་གིར་བྱེད་དོ། །ཆོས་ཀྱི་སྣང་བ་དང་། འོད་དང་སྤྲིན་ཆེན་པོ་ཡང་དག་པར་འཛིན་པའི་ཤེས་པ་དེ་ལ་ཐོས་པ་ཤེས་པའི་འཛིན་པ་སྔ་མས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ ཆ་དང་། བརྒྱ་ཕྲག་སྟོང་གི་ཆ་དང་། བྱེ་བའི་ཆ་དང་བྱེ་བ་བརྒྱའི་ཆ་དང་། བྱེ་བ་སྟོང་གི་ཆ་དང་། བྱེ་བ་བརྒྱ་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོ་བས་ནས་བསྒྲུན་པ་ཙམ་གྱི་བར་དུ་འང་མི་ཆོག་གོ། །དེ་བཞིན་གཤེགས་པ་གཅིག་ལས་ཇི་ལྟ་བ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ སྔ་མ་དག་ན་རྡུལ་ཤིན་ཏུ་ཕྲ་བ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། དེ་དག་བས་ཀྱང་ཆེས་མང་ཞིང་ཚད་མེད་པའི་དེ་བཞིན་གཤེགས་པ་རྣམས་ལས་ 74-1-168b སྐད་ཅིག་ཡུད་ཙམ་ཐང་ཅིག་ཏུ་ཆོས་ཀྱི་སྣང་བ་དང་། འོད་དང་སྤྲིན་ཆེན་པོས་ཆོས་ཀྱི་དབྱིངས་དུས་གསུམ་གྱི་མཛོད་ཅེས་བྱ་བ་བཟོད་ཅིང་ཡང་དག་པར་ལེན་ཏོ། །ཡང་དག་པར་འཛིན་ཏོ། །བདག་གིར་ བྱེད་དོ། །དེ་བས་ན་ས་འདི་ཡང་ཆོས་ཀྱི་སྤྲིན་ཅེས་བྱའོ། །ཀྱེ་རྒྱལ་བའི་སྲས་གཞན་ཡང་བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རང་གི་སྨོན་ལམ་གྱི་སྟོབས་ དང་ཤུགས་ཀྱིས་སྙིང་བརྩེ་བ་དང་སྙིང་རྗེ་ཆེན་པོའི་སྤྲིན་ཆོས་ཀྱི་སྣང་བ་ཆེན་པོ་རབ་ཏུ་སྒྲོག་པའི་འབྲུག་སྒྲ་ཤིན་ཏུ་སྒྲོག་པ་མངོན་པར་ཤེས་པ་དང་། རིག་པ་དང་མི་འཇིགས་པའི་གློག་རྣམ་པར་འགྱུར་བ། འོད་གཟེར་ཆེན་པོའི་རླུང་གིས་ཤིན་ཏུ་སྤྱོད་པ། བསོད་ནམས་དང་ཡེ་ཤེས་ཀྱི་སྤྲིན་གྱི་དྲ་བ་སྟུག་པོས་ཀུན་ནས་ཁེབས་པ། ལུས་སྣ་ཚོགས་ཀྱི་སྤྲིན་གྱི་གློང་ཡང་དག་པར་སྟོན་པ། ཆོས་ཀྱི་སྒྲ་ཆེན་པོ་རབ་ ཏུ་སྒྲོག་པ། བདུད་ཀྱི་འཁོར་ཐམས་ཅད་ཤིན་ཏུ་ཚར་གཅོད་པ། ཡོངས་སུ་བསླང་སྟེ། སྐད་ཅིག་ཡུད་ཙམ་ཐང་ཅིག་ཏུ་ཕྱོགས་བཅུའི་འཇིག་རྟེན་སྔ་མ་དེ་དག་ན་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་ འཇིག་རྟེན་གྱི་ཁམས་ཀྱང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དང་། དེ་དག་བས་ཀྱང་ཆེས་མང་ཞིང་ཚད་མེད་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་རྒྱས་པར་བཀང་སྟེ། དགེ་བའི་བདུད་རྩིའི་རྒྱུན་ གྱི་ཆར་ཆེན་པོས་བསམ་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ཀྱི་མི་ཤེས་པ་ལས་སངས་པའི་ཉོན་མོངས་པའི་རྡུལ་གྱི་མེ་ལྕེ་ཐམས་ཅད་རབ་ཏུ་ཞི་བར་བྱེད་དེ། དེ་བས་ན་ས་འདི་འང་ཆོས་ཀྱི་སྤྲིན་ ཅེས་བྱའོ། །ཀྱེ་རྒྱལ་བའི་སྲས་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་གྱི་ཁམས་གཅིག་ཏུ་ཡང་དགའ་ལྡན་གྱི་གནས་ན་བཞུགས་པ་ནས་བཟུང་སྟེ། འཕོ་བ་དང་ཡུམ་གྱི་སྐུར་བཞུད་པ་དང་། 74-1-169a སྐུ་ན་བཞུག་པ་དང་། ཚེ་དང་མངོན་པར་འབྱུང་བ་དང་། མངོན་པར་འཚང་རྒྱ་བ་དང་། གསོལ་བ་གདབ་པ་དང་། ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བ་དང་། མྱ་ངན་ལས་ འདས་པ་ཆེན་པོ་བསྟན་པའི་བར་དུ་སེམས་ཅན་གྱི་བསམ་པའི་ཚུལ་དང་། འདུལ་བའི་ཚུལ་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པའི་འཕྲིན་ལས་ཐམས་ཅད་བྱིན་གྱིས་རློབ་བོ། །དེ་བཞིན་དུ་འཇིག་རྟེན་ གྱི་ཁམས་གཉིས་ནས་འཇིག་རྟེན་གྱི་ཁམས་སྔ་མ་དེ་དག་ན་རྡུལ་ཕྲ་རབ་ཇི་སྙེད་ཡོད་པས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་པའི་བར་དག་ཏུ་ཡང་དགའ་ ལྡན་གྱི་གནས་ན་བཞུག་པ་ནས་བཟུང་སྟེ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་བསྟན་པའི་བར་དུ་སེམས་ཅན་རྣམས་ཀྱི་བསམ་པའི་ཚུལ་དང་། འདུལ་བའི་ཚུལ་ཇི་ལྟ་བ་བཞིན་དུ་དེ་བཞིན་ གཤེགས་པའི་སྤྲིན་ལས་ཐམས་ཅད་བྱིན་གྱིས་རློབ་བོ། །དེ་དེ་ལྟ་བུའི་ཡེ་ཤེས་དང་ལྡན་ཞིང་ཤིན་ཏུ་བརྟགས་པའི་མངོན་པར་ཤེས་པ་ཆེན་པོ་ཐོབ་པས། འདོད་ན་འཇིག་རྟེན་གྱི་ཁམས་དོག་པ་ཡངས་ པར་བྱིན་གྱིས་རློབ་པོ། །ཡངས་པ་ཡང་དོག་པར་བྱིན་གྱིས་རློབ་པོ། །འདོད་ན་ཀུན་ནས་ཉོན་མོངས་པ་རྣམ་པར་དཔྱད་པར་བྱིན་གྱིས་རློབ་པོ། །རྣམ་པར་དག་པ་ཀུན་ནས་ཉོན་མོངས་པར་བྱིན་གྱིས་རློབས་པོ། །དེ་བཞིན་ དུ་རྒྱ་ཆེན་པོ་དང་ཤིན་ཏུ་ཡངས་པ་དང་། ཚད་མེད་པ་དང་། ཕྲ་བ་དང་། ཐ་གྲུ་ཆེན་པོ་དང་། སྣྲེལ་གཞི་དང་། སྤྱིའུ་ཙུགས་དང་། གཞི་མཉམ་པ་ལས་སྩོགས་པའི་འཇིག་རྟེན་གྱི་ཁམས་ཐམས་ ཅད་ཀྱང་ཁྱུ་མཆོག་གི་མཐུ་ཕྱུང་བས་མངོན་པར་བསྒྲུབ་པ་དང་དེར་བྱིན་གྱིས་རློབ་པོ། །དེ་འདོད་ན་རྡུལ་ཤིན་ཏུ་ཕྲ་བ་གཅིག་ལ་འཇིག་རྟེན་གྱི་ཁམས་ཁོར་ཡུག་གི་འོབས་དང་བཅས་པ་ཐམས་ཅད་དང་ལྡན་ 74-1-169b པ་གཅིག་ཀྱང་བྱིན་གྱིས་བརློབ་སྟེ། རྡུལ་ཤིན་ཏུ་ཕྲ་བ་དེའང་མི་འཕེལ་ལ་བྱ་བ་དེ་དག་ཀྱང་ཡོངས་སུ་སྟོན་ཏོ། །རྡུལ་ཤིན་ཏུ་ཕྲ་བ་གཅིག་ལ་འཇིག་རྟེན་གྱི་ཁམས་གཉིས་དང་གསུམ་དང་བཞི་དང་ལྔ་ནས་ འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་བར་དུ་ཐམས་ཅད་ཀྱང་ཁོར་ཡུག་གི་འོབས་དང་བཅས་པ་རྣམས་པ་ཐམས་ཅད་དང་ལྡན་པར་བྱིན་གྱིས་རློབ་སྟེ། རྡུལ་ཤིན་ཏུ་ཕྲ་བ་དེ་ཡང་མི་འཕེལ་ལ་བྱ་བ་ དེ་དག་ཀྱང་ཡོངས་སུ་སྟོན་ཏོ། །འདོད་ན་འཇིག་རྟེན་གྱི་ཁམས་གཅིག་ཏུ་འཇིག་རྟེན་གྱི་ཁམས་གཉིས་ཀྱི་རྒྱུན་ཡོངས་སུ་སྟོན་ཏོ། །འདོད་ན་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་བར་གྱི་རྒྱུན་ཡོངས་ སུ་སྟོན་ཏོ། །འདོད་ན་འཇིག་རྟེན་གྱི་ཁམས་གཅིག་གི་རྒྱན་འཇིག་རྟེན་གྱི་ཁམས་གཉིས་སུ་ཡོངས་སུ་སྟོན་ཏོ། །འདོད་ན་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པ་དག་ཏུ་ཡང་ཡོངས་སུ་སྟོན་ཏོ། །འདོད་ ན་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པ་དག་ན། སེམས་ཅན་གྱི་ཁམས་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་འཇིག་རྟེན་གྱི་ཁམས་གཅིག་ཏུ་སྡུད་དེ་སེམས་ཅན་དེ་དག་ལ་ཡང་གནོད་པར་མི་འགྱུར་རོ། ། འདོད་ན་འཇིག་རྟེན་གྱི་ཁམས་གཅིག་ན་སེམས་ཅན་གྱི་ཁམས་བརྗོད་དུ་མེད་པར་སྡུད་དེ། སེམས་ཅན་དེ་དག་ལ་ཡང་གནོད་པར་མི་འགྱུར་རོ། །འདོད་ན་སྐྲའི་རྩེ་མོ་གཅིག་ལ་སངས་རྒྱས་ཀྱི་ཡུལ་གྱི་རྒྱན་རྣམ་པ་ ཐམས་ཅད་དང་ལྡན་པ་གཅིག་སྟོན་ཏོ། །འདོད་ན་སངས་རྒྱས་ཀྱི་ཡུལ་གྱི་རྒྱན་རྣམ་པ་ཐམས་ཅད་དང་ལྡན་པར་བརྗོད་དུ་མེད་པའི་བར་དུ་སྟོན་ཏོ། །འདོད་ན་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པ་དག་ན་རྡུལ་ ཤིན་ཏུ་ཕྲ་བ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་ལུས་སྐད་ཅིག་ཡུད་ཙམ་ཐང་ཅིག་ཏུ་ཤིན་ཏུ་སྤྲུལ་པ་བྱེད་དོ། །ལུས་རེ་རེ་ལ་ཡང་དེ་སྙེད་ཀྱི་ལག་པ་ཡོངས་སུ་གཏོན་ཏེ། ལག་པ་དེ་དག་གིས་ཀྱང་ཕྱོགས་བཅུར་ 74-1-170a སངས་རྒྱས་མཆོད་པ་རབ་ཏུ་བྱེད་དེ། ལག་པ་རེ་རེས་ཀྱང་མེ་ཏོག་གི་ཕུང་པོ་ཆུ་ཀླུང་གང་གའི་བྱེ་མ་སྙེད་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་མངོན་པར་འཐོར་རོ། །མེ་ཏོག་ཇི་སྙེད་ བ་དེ་བཞིན་དུ་སྤོས་དང་། ཕྲེང་བ་དང་བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། དེ་བཞིན་དུ་རྒྱན་ཐམས་ཅད་ཀྱང་ཡོངས་སུ་འབུལ་ལོ། ། ལུས་རེ་རེ་ལ་ཡང་དེ་སྙེད་ཀྱི་མགོ་བྱིན་གྱིས་རློབ་ཅིང་མགོ་རེ་རེ་ལ་ཡང་དེ་སྙེད་ཀྱི་ལྕེ་བྱིན་གྱིས་རླབས་ཏེ། དེ་དག་ཀྱང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཡོན་ཏན་ཤིན་ཏུ་བརྗོད་པ་བྱེད་དོ། །སེམས་ བསྐྱེད་པ་རེ་རེ་ལ་ཡང་ཕྱོགས་བཅུ་རྒྱས་པར་ཁྱབ་པར་འགྲོ་སྟེ། སེམས་བསྐྱེད་པ་ཙམ་གྱིས་ཀྱང་མངོན་པར་རྫོགས་པར་བྱང་ཆུབ་པ་ཚད་མེད་པ་ནས། མྱ་ངན་ལས་འདས་པ་ཆེན་པོ་རྒྱན་གྱི་བར་དུ་བྱིན་ གྱིས་རློབ་བོ། །དུས་གསུམ་གྱི་ལུས་ཚད་མེད་པ་ཡང་བྱིན་གྱིས་རློབ་སྟེ། རང་གི་ལུས་ལ་སངས་རྒྱས་བཅོམ་ལྡན་འདས་ཚད་མེད་པ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་དང་རྒྱན་ཚད་མེད་པ་བྱིན་ གྱིས་རློབ་བོ། །འཇིག་རྟེན་གྱི་ཁམས་འཇིགས་པ་དང་འདུ་བ་ཐམས་ཅད་ཀྱང་རང་གི་ལུས་ལ་བྱིན་གྱིས་རློབ་པོ། །རླུང་གི་དཀྱིལ་འཁོར་ཐམས་ཅད་ཀྱང་བ་སྤུའི་ཁུང་བུ་གཅིག་ནས་གཏོང་སྟེ། སེམས་ ཅན་རྣམས་ལ་ཡང་གནོད་པར་མི་བྱེད་དོ། །འདོད་ན་ཆུའི་ཕུང་པོ་ཡན་ཅད་འཇིག་རྟེན་གྱི་ཁམས་གཅིག་བྱིན་གྱིས་རློབ་བོ། །དེར་ཡང་པད་མོ་ཆེན་པོ་བྱིན་གྱིས་རློབ་བོ། །པད་མོ་ཆེན་པོ་དེའི་འོད་ རྣམ་པར་ཕྱེ་བས་ཀྱང་འཇིག་རྟེན་གྱི་ཁམས་མུ་མེད་པ་རྒྱས་པར་གང་བར་བྱེད་དོ། །དེ་ལ་ཡང་བྱང་ཆུབ་ཀྱི་ཤིང་ཆེན་པོ་ཡོངས་སུ་སྟོན་པ་ནས། རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་ 74-1-170b ཐམས་ཅད་མཁྱེན་པའི་བར་དུ་ཡང་དག་པར་སྟོན་ཏོ། །རང་གི་ལུས་ལ་ཕྱོག་བཅུའི་ནོར་བུ་དང་། གློག་དང་ཉི་ཟླ་བྱིན་གྱིས་རློབ་པ་ནས། སྣང་བ་དང་འོད་ཐམས་ཅད་ཀྱི་བར་དུ་བྱིན་གྱིས་རློབ་བོ། ། ཁའི་དབུགས་ཀྱིས་ཀྱང་ཕྱོགས་རེ་རེའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་གཡོ་བར་བྱེད་དོ། །སེམས་ཅན་རྣམས་འཇིག་པར་ཡང་མི་བྱེད་དོ། །ཕྱོགས་བཅུར་རླུང་གིས་འཇིགས་པ་དང་། མྱེས་འཇིགས་པ་དང་། ཆུས་འཇིག་པར་བྱིན་གྱིས་རློབ་ལ་འདོད་ན་སེམས་ཅན་ཐམས་ཅད་བསམ་པ་བཞིན་དུ་གཟུགས་ཀྱི་ལུས་དང་། གནས་ཡོངས་སུ་རྒྱན་པར་བྱིན་གྱིས་རློབ་བོ། །རང་གི་ ལུས་ལ་དེ་བཞིན་གཤེགས་པའི་སྐུ་བྱིན་གྱིས་རློབ་བོ། །དེ་བཞིན་གཤེགས་པའི་སྐུ་ལ་རང་གི་ལུས་བྱིན་གྱིས་རློབ་བོ། །དེ་བཞིན་གཤེགས་པའི་སྐུ་ལ་རང་གི་སངས་རྒྱས་ཀྱི་ཞིང་བྱིན་གྱིས་རློབ་བོ། །རང་ གིས་སངས་རྒྱས་ཀྱི་ཞིང་དུ་དེ་བཞིན་གཤེགས་པའི་སྐུ་བྱིན་གྱི་རློབ་བོ། །ཀྱེ་རྒྱལ་བའི་སྲས་དེ་ལྟར་བྱང་ཆུབ་སེམས་དཔས་ཆོས་ཀྱི་སྤྲིན་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རྫུ་འཕྲུལ་དང་རྣམ་པར་ འཕྲུལ་པ་འདི་དག་དང་། གཞན་ཡང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་པ་ཡོངས་སུ་སྟོན་ཏོ། །དེ་ནས་འཁོར་དེའི་བྱང་ཆུབ་སེམས་དཔའ་ལ་ལ་དང་། ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་ཀྱི་མགོན་པོ་དང་། དབང་ཕྱུག་ཆེན་པོ་དང་། གཙང་མའི་གནས་སུ་གཏོགས་པ་ཁ་ཅིག་འདི་སྙམ་དུ་སེམས་ཏེ། དེ་ལྟར་དེ་སྟེ་ བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་མངོན་པར་འདུ་བྱ་བའི་སྤྱོད་ཡུལ་ཡང་དེ་ལྟར་ཚད་མེད་ན། དེ་བཞིན་གཤེགས་པ་རྣམས་ཀྱི་རྫུ་འཕྲུལ་ཀྱི་རྣམ་པ་ཅི་འདྲ་བ་ཞིག་ཡོད་སྙམས་པ་དང་། དེ་ནས་ 74-1-171a བྱང་ཆུབ་སེམས་དཔའ་རྣམ་པར་གྲོལ་བའི་ཟླ་བས་འཁོར་དེ་དག་གི་སེམས་དང་བསམ་པའི་རྒྱུད་ཤེས་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་ སྲས་འཁོར་འདི་དག་ཐེ་ཙོམ་དུ་གྱུར་ན། དེ་དག་གི་ཐེ་ཙོམ་གཅོད་པའི་ཕྱིར་བྱང་ཆུབ་སེམས་དཔའི་ཆོ་འཕྲུལ་རྣམ་པར་ཕྱེ་བ་ཆུང་ཟད་གཅིག་མི་བསྟན་ཏམ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་ཉི་ཤུ་གཅིག་པ། དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་དེའི་ཚེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སངས་རྒྱས་ཀྱི་ཞིང་ཐམས་ ཅད་ཀྱི་ལྷུན་དང་། རང་བཞིན་ཡང་དག་པར་སྟོན་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སངས་རྒྱས་ཀྱི་ཞིང་ ཐམས་ཅད་ལྷུན་དང་། རང་བཞིན་ཡང་དག་པར་སྟོན་པ་ལ་སྙོམས་པར་ཞུགས་མ་ཐག་ཏུ་དེ་ནས་དེ་ཉིད་ཀྱི་ཚེ། བྱང་ཆུབ་སེམས་དཔའི་འཁོར་དེ་དག་ཐམས་ཅད་དང་། ལྷ་དང་ཀླུ་དང་གནོད་སྦྱིན་ དང་དྲི་ཟ་དང་ལྷ་མ་ཡིན་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་གྱི་མགོན་པོ་དང་། དབང་ཕྱུག་ཆེན་པོ་དང་། གཙང་མའི་གནས་ཀྱི་རིས་སུ་གཏོགས་པའི་འཁོར་དེ་དག་ཐམས་ཅད་ བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོའི་ལུས་ཀྱི་ནང་ན་འཁོད་པར་རང་གིས་ཤེས་པར་གྱུར་ཏེ། དེར་སངས་རྒྱས་ཀྱི་ཞིང་མངོན་དུ་གྲུབ་པར་ཤེས་སོ། །སངས་རྒྱས་ཀྱི་ཞིང་དེའི་རྣམ་པ་དང་། རྒྱན་ཇི་སྙེད་ པ་དེ་དག་ཀྱང་བསྐལ་པ་ཁྲག་ཁྲིག་ཚངས་བས་ཀྱང་བརྗོད་པར་མི་ནུས་པར་མཐོང་སྟེ། དེར་བྱང་ཆུབ་ཀྱི་ཤིང་སྟོང་གསུམ་བརྒྱ་སྟོང་ཕྲག་བཅུར་ཁྱབ་པའི་ལྷུན་ཅན་སྟོང་གསུམ་ཁྲག་ཁྲིག་ཡོངས་སུ་ཚང་ 74-1-171b བ་ཙམ་དུ་ཡངས་ཤིང་། ཚད་མེད་པའི་ཡལ་ག་ཅན། རྩེ་མོ་ཤིན་ཏུ་མཐོ་བ་བྱུང་སྟེ། དེ་དག་རྐྱེན་དུ་བབ་པར་དིའི་དྲུང་གི་སྙིང་པོ་བྱང་ཆུབ་ལ་སེང་གེའི་ཁྲི་རྒྱ་ཆེན་པོ་བྱུང་ནས་དེ་ལ་དེ་བཞིན་གཤེགས་པ་མངོན་ པར་ཤེས་པའི་བློ་གྲོས་ཐམས་ཅད་ཀྱི་རྒྱལ་པོ་ཞེས་བྱ་བ་སྙིང་པོ་བྱང་ཆུབ་ཏུ་གཤེགས་ཏེ་བཞུགས་པར་མཐོང་ངོ་། །དེ་ལྟར་དེ་ན་རྒྱན་ཇི་སྙེད་སྣང་བར་གྱུར་པ་དེ་དག་ནི་བསྐལ་པ་ཁྲག་ཁྲིག་ཡོངས་སུ་ཚངས་ བས་ཀྱང་བརྗོད་པར་དཀའོ། །དེས་ཆོ་འཕྲུལ་ཆེན་པོ་འདི་བསྟན་ནས་བྱང་ཆུབ་སེམས་དཔའི་འཁོར་དེ་དག་ཐམས་ཅད་དང་། ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། བརྒྱ་བྱིན་དང་ཚངས་པ་དང་འཇིག་རྟེན་གྱི་མགོན་པོ་དང་། དབང་ཕྱུག་ཆེན་པོ་དང་། གནས་གཙང་མའི་རིས་སུ་གཏོགས་པའི་འཁོར་དེ་དག་ཐམས་ཅད་སོ་སོའི་གནས་ཇི་བཞིན་དུ་བཀོད་པ་དང་། དེ་ནས་ འཁོར་དེ་དག་ཐམས་ཅད་ངོ་མཚར་དང་རྨད་དུ་གྱུར་ནས། མི་སྨྲ་བར་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་དེ་ཉིད་ལ་སེམས་ཤིང་འཁོད་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་རྣམ་པར་གྲོལ་བའི་ཟླ་ བས། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་ཏིང་ངེ་འཛིན་འདིའི་མཐུའ་རྣམ་པར་བཀོད་པ་དེ་ནི་རྨད་དུ་བྱུང་བར་ངོ་མཚར་ཆེ་ན། ཀྱེ་རྒྱལ་བའི་སྲས་ཏིང་ངེ་འཛིན་ དེའི་མྱིང་ཅི་ཞེས་བྱ། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་སྨྲས་པ། ཀྱེ་རྒྱལ་བའི་སྲས་ཏིང་ངེ་འཛིན་འདི་ནི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་ལྷུན་དང་རང་བཞིན་ཡང་དག་པར་སྟོན་པ་ཞེས་ བྱའོ། །བྱང་ཆུབ་སེམས་དཔའ་རྣམ་པར་གྲོལ་བའི་ཟླ་བས་སྨྲས་པ། ཀྱེ་རྒྱལ་བའི་སྲས་འོ་ན་ཏིང་ངེ་འཛིན་འདིའི་སྤྱོད་ཡུལ་དང་། ཡུལ་དང་རྒྱན་ཇི་ལྟ་བུ་ཡིན། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་ 74-1-172a པོས་སྨྲས་པ། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་ལ་ཤིན་ཏུ་གོམས་པ་ནི། འདོད་ན་སངས་རྒྱས་ཀྱི་ཞིང་འདི་འདྲ་བ་འཇིག་རྟེན་གྱི་ཁམས་ཆུ་ཀླུང་གང་གའི་ བྱེ་མ་སྙེད་དམ། དེ་བས་ཀྱང་མང་དུ་རང་གི་ལུས་ལ་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདྲ་བ་བརྒྱ་སྟོང་ཤིན་ ཏུ་མང་བ་རབ་ཏུ་འཐོབ་སྟེ། དེ་བས་བྱང་ཆུབ་སེམས་དཔའ་དེའི་ལུས་སམ། ལུས་ཀྱི་ལས་ནི་བྱང་ཆུབ་སེམས་དཔའ་རྒྱལ་ཚབ་ཀྱི་གོ་འཕང་ཐོབ་ཅིང་བྱང་ཆུབ་སེམས་དཔའི་ས་ལེགས་པའི་ བློ་གྲོས་ལ་གནས་པ་དག་གིས་ཤེས་པར་སླ་བ་མ་ཡིན་ནོ། །ངག་གམ་ངག་གི་ལས་ཀྱང་ཤེས་པར་སླ་བ་མ་ཡིན་ནོ། །ཡིད་དམ་ཡིད་ཀྱི་ལས་ཀྱང་ཤེས་པར་སླ་བ་མ་ཡིན་ནོ། །རྫུ་འཕྲུལ་ཤེས་པར་ སླ་བ་མ་ཡིན་ནོ། །དུས་གསུམ་ལ་རྣམ་པར་ལྟ་བ་ཤེས་པར་སླ་བ་མ་ཡིན་ནོ། །ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ལ་འཇུག་པ་ཤེས་པར་སླ་བ་མ་ཡིན་ནོ། །ཡེ་ཤེས་ཀྱི་ཡུལ་ཤེས་པར་སླ་བ་མ་ཡིན་ནོ། ། རྣམ་པར་ཐར་པས་རྣམ་པར་རོལ་བ་ཤེས་པར་སླ་བ་མ་ཡིན་ནོ། །འཕྲུལ་པའི་ལས་ཤེས་པར་སླ་བ་མ་ཡིན་ནོ། །བྱིན་གྱིས་བརླབ་ཀྱི་ལས་ཤེས་པར་སླ་བ་མ་ཡིན་ནོ། །མཐུའི་ལས་ཤེས་པར་སླ་བ་མ་ ཡིན་པ་ནས་མདོར་བསྡུ་ན་གོམ་པ་འདོར་ཞིང་འདེགས་པའི་ལས་ཀྱི་བར་དུ་ཡང་བྱང་ཆུབ་སེམས་དཔའ་རྒྱལ་ཚབ་ཀྱི་གོ་འཕང་ཐོབ་ཅིང་བྱང་ཆུབ་སེམས་དཔའི་ས་ལེགས་པའི་བློ་གྲོས་ལ་གནས་པ་ རྣམས་ཀྱི་ཀྱང་ཤེས་པར་སླ་བ་མ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་འདི་ནི་མདོར་བསྡུས་ཏེ་བསྟན་ན་ཡང་དེ་ལྟར་ཚད་མེད་པ་སྟེ། རྒྱ་ཆེར་ནི་བསྐལ་པ་བརྒྱ་སྟོང་ 74-1-172b གྲངས་མེད་པས་ཀྱང་བསྟན་པའི་མཐར་ཐུག་པར་མི་གྱུར་བར་ཤེས་པར་བྱའོ། །བྱང་ཆུབ་སེམས་དཔའ་རྣམ་པར་གྲོལ་པའི་ཟླ་བས་སྨྲས་པ། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་སྤྱོད་ཡུལ་དང་བྱིན་གྱིས་རླབས་ཀྱང་དེ་ལྟར་ཚད་མེད་ན་དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱོད་ཡུལ་དང་ཡུལ་གྱི་རྒྱུད་ཅི་འདྲ་བ་ཞིག་ཡོད། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་སྨྲས་པ། ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན། མྱི་ལ་ལ་ཞིག་གིས་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ནས་རྡེའུ་རྒྱ་ཤུགས་གི་ཚིག་གུ་ཙམ་གཉིས་སམ་གསུམ་ཞིག་བླངས་ཏེ། འཇིག་རྟེན་གྱི་ཁམས་ མཐའ་ཡས་པ་དག་ན། སའི་ཁམས་ཇི་སྙེད་ཅིག་ཡོད་པ། རྡོ་བ་འདི་ལས་ཇི་ཙམ་ཞིག་གིས་ལྷག་པར་འཕགས་ཤིང་ལྷག་པར་ཚད་མེད་པ་ཞིག་ཡོད་ན། ཀྱེ་རྒྱལ་བའི་སྲས་དེ་ལྟར་ཁྱོད་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་ཚད་མེད་པ་མངའ་བ་རྣམས་ཀྱི་ཆོས་ཉིད་བྱང་ཆུབ་སེམས་དཔའི་ཆོས་ཉིད་ཀྱིས་འཇལ་བ་ནི་ཁྱོད་ཀྱི་ཚིག་འདི་དེ་དང་ འདྲ་བར་བདག་གིས་དཔགས་སོ། །ཀྱེ་རྒྱལ་བའི་སྲས་ཇི་ལྟར་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ནས་གང་བླངས་པའི་སའི་ཁམས་ཆུང་ཟད་ལ་ལྷག་མ་ལས་ཚད་མེད་པ་དེ་བཞིན་དུ། ཀྱེ་རྒྱལ་ བའི་སྲས་བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་འདི་ཁོ་ན་ཡང་བསྐལ་པ་གྲངས་མེད་པར་ཤིན་ཏུ་བསྟན་ཀྱང་ཕྱོགས་ཙམ་ཞིག་བསྟན་ཏུ་ཟད་ན། དེ་བཞིན་གཤེགས་པའི་ས་ལྟ་སྨོས་སུའང་ག་ལ་ ཡོད། ཀྱེ་རྒྱལ་བའི་སྲས་ཁྱོད་ཀྱིས་ཁོང་དུ་ཆུད་པ་དང་། ཡིད་ཆེས་པར་བྱ་ན་དེ་བཞིན་གཤེགས་པ་འདི་བདག་གི་མདུན་དུ་དཔང་དུ་བཞུགས་ཏེ། ཀྱེ་རྒྱལ་བའི་སྲས། གལ་ཏེ་ཕྱོགས་ 74-1-173a བཅུའི་ཕྱོགས་རེ་རེའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མུ་མེད་པ་རྡུལ་ཤིན་ཏུ་ཕྲ་བ་ཇི་སྙེད་ཅིག་ས་འདི་ལྟ་བུ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བུ་རམ་ཤིང་གི་ ཚལ་ལམ། སྨིག་མའི་ཚལ་ལམ། འོད་མའི་ཚལ་ལམ། ཏིལ་གྱི་ཞིང་ཐིབས་པོ་བཞིན་དུ་ཡོངས་སུ་གང་བར་གྱུར་ཀྱང་། བྱང་ཆུབ་སེམས་དཔའི་སྤྱོད་པ་མངོན་པར་བསྒྲུབ་པ་ བསྐལ་པ་མུ་མེད་པར་མངོན་པར་བསྒྲུབ་པ་དེ་དག་གིས་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་སྐད་ཅིག་ཡུད་ཙམ་ཐང་ཅིག་ཏུ་བྱུང་བའི་དེ་བཞིན་གཤེགས་པའི་ཡུལ་གྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། ། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། བྱེ་བ་བརྒྱའི་ཆ་དང་། བྱེ་བ་བརྒྱ་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་གྲངས་དང་ཆ་དང་བགྲང་བ་དང་དཔེ་དང་རྒྱུ་དང་ བསྒྲུན་པ་ཙམ་དུ་ཡང་ཉེ་བར་མི་འགྲོའོ། །ཀྱེ་རྒྱལ་བའི་སྲས་དེ་ལྟར་ཡེ་ཤེས་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་དང་གཉིས་སུ་མེད་པ་ནི། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་སྟོབས་ཀྱང་ཡོངས་སུ་མི་གཏོང་ལ་སངས་རྒྱས་བལྟ་བ་དང་། མཆོད་པ་དང་རིམ་གྲོ་ཡང་རབ་ཏུ་བྱེད་དེ། བསྐལ་པ་རེ་རེ་ལ་ཡང་དེ་བཞིན་གཤེགས་པ་མཐའ་ ཡས་པ་ལ་མཆོད་པ་རྣམ་པ་ཐམས་ཅད་དུ་མངོན་པར་བསྒྲུབ་པའི་མཆོད་པ་རྒྱ་ཆེན་པོའི་རྗེས་སུ་སོང་བས་མཆོད་པ་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་བྱིན་གྱིས་རླབས་ཀྱི་སྣང་བ་ཡང་ དག་པར་འཛིན་ཏོ། །དེ་ནི་སྔོན་བས་ཀྱང་བསྐལ་པ་དུ་མ་དང་། བསྐལ་པ་བརྒྱ་ཕྲག་དུ་མ་དང་། བསྐལ་པ་སྟོང་ཕྲག་དུ་མ་དང་། བསྐལ་པ་བྱེ་བ་བརྒྱ་སྟོང་ཕྲག་དུ་མ་དང་། བསྐལ་ 74-1-173b པ་ཁྲག་ཁྲིག་ཕྲག་དུ་མ་དང་། བསྐལ་པ་ཁྲག་ཁྲིག་བརྒྱ་ཕྲག་དུ་མ་དང་། བསྐལ་པ་ཁྲག་ཁྲིག་སྟོང་ཕྲག་དུ་མ་དང་། བསྐལ་པ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དང་། བསྐལ་ པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མར་ཆོས་ཀྱི་དབྱིངས་ཡོངས་སུ་དྲིས་པ་ཤིན་ཏུ་བསྟན་པས་མི་འཕྲོག་པར་གནས་སོ། །ཀྱེ་རྒྱལ་བའི་སྲས་དག །འདི་ལྟ་སྟེ་དཔེར་ན། ལྷ་རྫས་ཀྱི་རྒྱན་ གྱི་རྣམ་པ་མགར་བས་མ་བརྡུངས་པ་རིན་པོ་ཆེའི་དམ་པས་སྤྲས་པ། ལྷའི་དབང་པོ་དབང་བསྒྱུར་གྱི་ཡན་ལག་གི་དམ་པ་མགོ་འམ་མགུལ་དུ་བཏགས་ན། དེ་མ་ཡིན་པའི་ལྷ་དང་མྱིའི་རྒྱན་ གྱི་རྣམ་པ་གཞན་གྱིས་མི་འཕྲོགས་ཤིང་མི་ཐུབ་པ། ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ས་བཅུ་པ་ཆོས་ཀྱི་སྤྲིན་འདི་ཐོབ་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་རྒྱུད་དེ་དག་ཀྱང་ སེམས་ཅན་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་ས་དང་པོ་ཉེ་བར་བཟུང་བ་ཡན་ཅད་བྱང་ཆུབ་སེམས་དཔའ་ས་དགུ་པ་ཐོབ་པའི་བར་ གྱི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་མི་འཕྲོགས་པ་ཡིན། བྱང་ཆུབ་སེམས་དཔའི་ས་འདི་ལ་གནས་པའི་ཡེ་ཤེས་སྣང་བ་ནི་སེམས་ཅན་རྣམས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ ལ་གཟུད་པའི་རྒྱུ་ཡིན་ཏེ། དེ་མ་ཡིན་པའི་ཡེ་ཤེས་སྣང་བ་གཞན་གྱིས་མི་འཕྲོགས་སོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན། ལྷའི་རྒྱལ་པོ་དབང་ཕྱུག་ཆེན་པོའི་འོད་ཀྱིས་ནི་སྐྱེ་བའི་སྐྱེ་ མཆེད་ཐམས་ཅད་དུའང་ཁྱབ་ལ་སེམས་ཅན་རྣམས་ཀྱི་ལུས་ཀྱང་སིམ་པར་བྱེད་དོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ས་བཅུ་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་ 74-1-174a ཡེ་ཤེས་སྣང་བ་ཡང་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་ས་དང་པོ་ལ་ཉེ་བར་བཟུང་བ་ཡན་ཅད་བྱང་ཆུབ་སེམས་དཔའི་ས་དགུ་པ་ལ་གནས་པའི་བར་གྱི་བྱང་ཆུབ་ སེམས་དཔའ་རྣམས་ཀྱིས་ཀྱང་མི་འཕྲོགས་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་གྱི་ཆོས་ཉིད་ལ་ཡང་སེམས་ཅན་རྣམས་རབ་ཏུ་གཞོག་གོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་ཡེ་ ཤེས་དེ་ལྟ་བུ་དང་ལྡན་པ་ལ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དུས་གསུམ་གྱི་ཡེ་ཤེས་ཡང་དག་པར་སྟོན་ཏོ། །ཆོས་ཀྱིས་དབྱིངས་རབ་ཏུ་ཕྱེ་བའི་ཡེ་ཤེས་དང་། འཇིག་རྟེན་གྱི་ཁམས་ ཐམས་ཅད་རྒྱས་པར་དཀང་བ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྣང་བར་བྱིན་གྱི་རླབ་པ་དང་། སེམས་ཅན་ཐམས་ཅད་དང་ཞིང་གི་ཆོས་ཡོངསུ་ཤེས་པར་བྱ་བ་དང་། སེམས་ཅན་ཐམས་ ཅད་ཀྱི་སེམས་དང་། སྤྱོད་པ་ལ་འཇུག་པའི་ཡེ་ཤེས་ནས་མདོར་བསྡུ་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབས་པར་བྱ་བའི་བར་དུ་ཡང་དག་པར་བསྟན་ཏོ། །དེའི་ཕ་རོལ་ཏུ་ཕྱིན་པ་བཅུ་ལས་ཡེ་ ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་སྤྲིན་ཅེས་བྱ་བ། བྱང་ཆུབ་སེམས་དཔའི་ས་བཅུ་པ་མདོར་བསྟན་པའོ། །རྒྱ་ཆེར་ནི་བསྐལ་ པ་གྲངས་མྱེད་པ་མུ་མེད་པས་བསྟན་པའི་མཐར་ཐུག་པར་ཤེས་པར་བྱའོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཕལ་ཆེར་ནི་ལྷའི་རྒྱལ་པོ་དབང་ཕྱུག་ཆེན་པོར་འགྱུར་ཏེ། སེམས་ཅན་རྣམས་ལ་ ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ལ་མཁས་ཤིང་མཐུ་ཡོད་པ་ཡིན། ཆོས་ཀྱི་དབྱིངས་རྣམ་པར་ཕྱེ་བ་ཡོངས་སུ་དྲིས་པ་བསྟན་པས་མི་འཕྲོགས་ 74-1-174b པ་ཡིན། སྦྱིན་པ་འམ། ངག་སྙན་པ་འམ། དོན་བསྒྲུབ་པ་འམ། དོན་འཐུན་པས་དགེ་བའི་རྩ་བ་གང་ཅི་རྩོམ་ཡང་རུང་སྟེ། དེ་ཐམས་ཅད་ཇི་ལྟར་ན་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་ འགྱུར། གཙོ་བོར་འགྱུར། ཐུ་བོར་འགྱུར། ཕུལ་དུ་འགྱུར། དམ་པར་འགྱུར། བླ་ན་མེད་པར་འགྱུར། འདྲེན་པར་འགྱུར། ཡོངས་སུ་འདྲེན་པར་འགྱུར་ བ་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རྟེན་པའི་བར་དུ་འགྱུར་སྙམ་སྟེ། སངས་རྒྱས་ཡིད་ལ་བྱ་བ་དང་། ཆོས་ཡིད་ལ་བྱ་བ་དང་། དགེ་འདུན་ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་དཔའི་ས་ཡིད་ལ་བྱ་བ་དང་། ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱ་བ་དང་། སྟོབས་ཡིད་ལ་བྱ་བ་དང་། མི་འཇིགས་པ་ཡིད་ལ་བྱ་བ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡིད་ལ་བྱ་བ་ནས་རྣམ་པའི་མཆོག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་ཡིད་ ལ་བྱ་བ་དང་། མི་འབྲལ་བ་ཡིན་ཏེ། དེ་འདོད་ན་སྐད་ཅིག་ཡུད་ཙམ་ཐང་ཅིག་ཏུ་ཏིང་ངེ་འཛིན་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ རབ་ཏུ་འཐོབ་ཅིང་དེ་དག་ལ་སྙོམས་པར་འཇུག་པ་དང་། སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་མཐོང་བ་དང་། དེ་དག་གི་བྱིན་ གྱི་རླབ་ཀྱང་ཡང་དག་པར་ཤེས་པ་དང་། འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་བསྐྱེད་པ་དང་། སངས་རྒྱས་ཀྱི་ཞིང་ 74-1-175a བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བར་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བར་སྣང་བར་བྱ་བ་དང་། སེམས་ཅན་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་ཡོངས་སུ་སྨིན་པར་བྱ་བ་དང་། བསྐལ་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དུ་གནས་པར་བྱ་བ་དང་། སྔོན་གྱི་མཐའ་དང་ཕྱི་མའི་མཐའི་བསྐལ་པ་སངས་རྒྱས་ཀྱི་ ཞིང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་ལ་རབ་ཏུ་འཇུག་པ་དང་། ཆོས་ཀྱི་སྒོ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ ཤིན་ཏུ་ཕྲ་བ་རྣམ་པར་དབྱེ་བར་བྱ་བ་དང་། ལུས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་ཡོངས་སུ་བསྟན་པ་དང་། ལུས་རེ་རེ་ལ་ཡང་ བྱང་ཆུབ་སེམས་དཔའི་འཁོར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་ཡང་དག་པར་བསྟན་པའི་བརྩོན་འགྲུས་ཀྱི་རྣམ་པ་དེ་ལྟ་བུ་རྩོམ་མོ། །དེ་ཡན་ཅད་ བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་མཐུ་ཅན་རྣམས་སྨོན་ལམ་གྱི་ཁྱད་པར་གྱི་རྣམ་པར་འཕྲུལ་ཏེ། དེ་དག་གི་ལུས་སམ་འོད་དམ། རྫུ་འཕྲུལ་ལམ། མྱིག་གམ་སྤྱོད་ཡུལ་ལམ། དབྱངས་སམ་ སྤྱོད་པ་འམ་རྒྱན་ཏམ། བྱིན་གྱིས་རླབསམ། མོས་པ་འམ། མངོན་པར་འདུ་བྱ་བ་དག་ཀྱང་བསྐལ་པ་དུ་མ་དང་། བསྐལ་པ་བརྒྱ་ཕྲག་དུ་མ་དང་། བསྐལ་པ་སྟོང་ཕྲག་དུ་མ་དང་། 74-1-175b བསྐལ་པ་བརྒྱ་སྟོང་ཕྲག་དུ་མའི་བར་གྱིས་ཀྱང་བགྲང་བར་དཀའོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་ས་བཅུ་པོ་དེ་དག་ནི་རིམ་གྱིས་མངོན་དུ་གཞོལ་བས། ཐམས་ཅད་མཁྱེན་ པའི་ཡེ་ཤེས་ལ་རྣམ་པ་ཐམས་ཅད་དུ་རྗེས་སུ་སོང་བར་ལྟའོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་མ་དྲོས་པ་ལས་བྱུང་བའི་འབབ་ཆུ་ནི་ཆུ་ཀླུང་ཆེན་པོའི་རྒྱུད་ཀྱི་ སྒོ་བཞིས་འཛམ་བུའི་གླིང་ཡོངས་སུ་ངོམས་པར་བྱེད་ནས་མི་ཟད་པར་བྱས་ཏེ། གོང་དུ་རྣམ་པར་འཕེལ་བ་དང་། རྒྱ་མཚོ་ཆེན་པོའི་བར་དུ་ཞེན་པར་འགྱུར་ཏེ། ཆུ་དེ་ནི་ཐོག་ མ་ནས་ཀྱང་རྒྱ་མཚོ་ཆེན་པོ་ལ་མངོན་པར་གཞོལ་བ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ལས་བྱུང་བའི་དགེ་བའི་རྩ་བའི་ཆུ་འབབ་པ་ཡང་སྨོན་ལམ་ཆེན་ པོའི་ཆུ་ཀླུང་གིས་རྒྱུན་གྱི་སྒོ་ནས་བསྡུ་བའི་དངོས་བཞིས་སེམས་ཅན་གྱིས་ཁམས་ངོམས་པར་བྱས་ཏེ། མི་ཟད་པར་བྱས་ནས་གོང་དུ་རྣམ་པར་འཕེལ་བ་དང་། རྣམ་པ་ ཐམས་ཅད་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་གྱི་རྒྱ་མཚོ་ཆེན་པོ་ལ་ཞེན་པར་གྱུར་ཏེ། དགེ་བའི་རྩ་བ་ཆུང་ངུ་དེ་ནི་ཐོག་མ་ནས་ཀྱང་ཐམས་ཅད་མཁྱེན་པ་ཉིད་ ཀྱི་རྒྱ་མཚོ་ཆེན་པོ་ལ་མངོན་པར་གཞོལ་བ་ཡིན། ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའི་ས་བཅུ་པོ་དེ་དག་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་གཞི་ལས་ཡོད་པར་ འགྱུར་ཏེ། ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན། ས་ཆེན་པོའི་གཞི་ལས་རིའི་རྒྱལ་པོ་ཆེན་པོ་བཅུ་ཡོད་པར་གྱུར་པ་འདི་ལྟ་སྟེ། རིའི་རྒྱལ་པོ་ཆེན་པོ་ཁ་བ་ཅན་ 74-1-176a དང་། རིའི་རྒྱལ་པོ་ཆེན་པོ་སྤོས་ངད་ཅན་དང་། རིའི་རྒྱལ་པོ་ཆེན་པོ་རྣམ་པར་འདུལ་བ་དང་། རིའི་རྒྱལ་པོ་ཆེན་པོ་དྲང་སྲོང་རི་དང་། རིའི་རྒྱལ་པོ་ཆེན་པོ་གཉའ་ ཤིང་འཛིན་དང་། རིའི་རྒྱལ་པོ་རྟ་རྣ་རི་དང་། རིའི་རྒྱལ་པོ་ཆེན་པོ་ས་འཛིན་དང་། རིའི་རྒྱལ་པོ་ཆེན་པོ་འཁོར་ཡུག་དང་། རིའི་རྒྱལ་པོ་དཔལ་ཆེན་དང་། རིའི་རྒྱལ་པོ་ཆེན་པོ་ རི་རབ་པོ། །ཀྱེ་རྒྱལ་བའི་སྲས་དེ་ལ་འདི་ལྟ་སྟེ་དཔེར་ན། རིའི་རྒྱལ་པོ་ཆེན་པོ་ཁ་བ་ཅན་ནི་སྨན་གྱི་རྣམ་པ་ཐམས་ཅད་ཀྱི་འབྱུང་གནས་སྟེ། སྨན་སྣ་ཚོགས་ཐམས་ ཅད་བླངས་པས་མཐར་ཐུག་པ་མེད་དོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་འཇིག་རྟེན་པའི་གཙུག་ ལག་དང་། ཚིག་དང་སྔགས་དང་། རིགས་པའི་གནས་ཀྱི་འབྱུང་གནས་ཡིན་ཏེ། འཇིག་རྟེན་པའི་གཙུག་ལག་དང་ཚིགས་དང་སྔགས་དང་། རིགས་པའི་གནས་བརྟན་ པས་མཐར་ཐུག་པ་མེད་དོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན། རིའི་རྒྱལ་པོ་སྤོས་ཀྱི་ངད་ཅན་ནི། སྤོས་ཀྱི་རྣམ་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་ཏེ། སྤོས་ཀྱི་རྣམ་པ་སྣ་ཚོགས་བླངས་པས་མཐར་ཐུག་པ་མེད་དོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་དྲི་མ་དང་བྲལ་བ་ལ་གནས་པའི་བྱང་ཆུབ་ སེམས་དཔའ་འང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དང་། སྡོམ་པ་དང་ཚུལ་ཐམས་ཅད་ཀྱི་འབྱུང་གནས་ཡིན་ཏེ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དང་། 74-1-176b སྡོམ་པ་དང་། ཚུལ་རྣམ་པ་སྣ་ཚོགས་ཀྱི་སྤོས་ཀྱི་མཐར་ཐུག་པ་མེད་དོ། །ཀྱེ་རྒྱལ་བའི་སྲས། འདི་ལྟ་སྟེ་དཔེར་ན། རིའི་རྒྱལ་པོ་རྣམ་པར་འདུལ་བ་ནི། རིན་ པོའི་ཆེའི་རང་བཞིན་ཤིན་ཏུ་དག་པ། རིན་པོ་ཆེའི་རྣམ་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་ཏེ། རིན་པོ་ཆེ་རྣམ་པ་སྣ་ཚོགས་ཐམས་ཅད་བླངས་པས་ཟད་པ་མེད་དོ། ། ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་འོད་བྱེད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་འཇིག་རྟེན་པའི་བསམ་གཏན་དང་། རྣམ་པར་ ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམ་པར་འཇུག་པ་རྣམས་ཀྱི་འབྱུང་གནས་ཡིན་ཏེ། འཇིག་རྟེན་པའི་བསམ་གཏན་དང་། མངོན་པར་ཤེས་ པ་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཡོངས་སུ་དྲི་པ་བསྟན་པས་ཟད་པ་མེད་དོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ། དཔེར་ན། རིའི་རྒྱལ་པོ་ཆེན་པོ་དྲང་སྲོས་རིན་པོ་ཆེའི་རང་བཞིན་རྣམ་པར་དག་པ་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པའི་འབྱུང་གནས་ཏེ། མངོན་པར་ཤེས་པ་ལྔ་དང་ ལྡན་པའི་དྲང་སྲོང་བགྲངས་པས་ཟད་པ་མེད་དོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་འོད་འཕྲོ་བ་ཅན་ལ་གནས་པའི་བྱང་ཆུབ་སེམས་དཔའ་ ཡང་ལམ་དང་ལམ་མ་ཡིན་པའི་ཁྱད་པར་དང་། བྱེ་བྲག་ཤེས་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་ཏེ། ལམ་དང་ལམ་མ་ཡིན་པའི་ཁྱད་པར་དང་བྱེ་བྲག་གིས་རྒྱུས་ 74-1-177a ཡོངས་སུ་དྲིས་པ་ཡོངས་སུ་བསྟན་པས་ཟད་པར་མི་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན། རིའི་རྒྱལ་པོ་ཆེན་པོ་གཉའ་ཤིང་འཛིན་ནི་རིན་ པོ་ཆེའི་རང་བཞིན་རྣམ་པར་དག་པ་གནོད་སྦྱིན་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་རྣམས་ཀྱི་འབྱུང་གནས་ཡིན་ཏེ། གནོད་སྦྱིན་རྫུ་འཕྲུལ་ཆེན་པོ་ཅན་བགྲངས་པས་ཟད་པ་མེད་དོ། །ཀྱེ་ རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་ཤིན་ཏུ་རྒྱལ་བར་དཀའ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་མངོན་པར་ཤེས་པ་དང་། རྗུ་འཕྲུལ་དང་རྣམ་ པར་འཕྲུལ་པ་དང་། ཆོ་འཕྲུལ་ཐམས་ཅད་ཀྱི་འབྱུང་གནས་ཡིན་ཏེ། མངོན་པར་ཤེས་པ་དང་། རྫུ་འཕྲུལ་དང་རྣམ་པར་འཕྲུལ་པ་དང་། ཆོ་འཕྲུལ་ཡོངས་སུ་དྲིས་ པ་བསྟན་པས་ཟད་པ་མེད་དོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན། རིའི་རྒྱལ་པོ་ཆེན་པོ་རྟ་རྣ་རི་ནི་རིན་པོ་ཆེའི་རང་བཞིན་རྣམ་པར་དག་པ། ཤིང་ཏོག་ གི་རྣམ་པ་ཐམས་ཅད་ཀྱི་འབྱུང་གནས་ཏེ། ཤིང་ཏོག་གི་རྣམ་པ་སྣ་ཚོགས་ཐམས་ཅད་བླངས་པས་ཟད་པར་མི་འགྱུར་རོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་བྱང་ཆུབ་སེམས་ དཔའི་ས་མངོན་སུམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པ་ཤིན་ཏུ་བསྟན་པའི་འབྱུང་གནས་ཡིན་ཏེ། ཉན་ཐོས་ཀྱི་འབྲས་བུ་ཁོང་དུ་ ཆུད་པར་བྱ་བ་ཡོངས་སུ་དྲིས་པ་བསྟན་པས་ཟད་པ་མེད་དོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན། རིའི་རྒྱལ་པོ་ཆེན་པོ་ས་འཛིན་ནི་རིན་པོ་ཆེའི་རང་བཞིན་རྣམ་པར་དག་པ། 74-1-177b ཀླུ་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་རྣམས་ཀྱི་འབྱུང་གནས་ཏེ། ཀླུ་རྫུ་འཕྲུལ་ཆེན་པོ་ཅན་བགྲངས་པས་ཟད་པ་མེད་དོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ། བྱང་ཆུབ་སེམས་ དཔའི་ས་རིང་དུ་སོང་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་ཐབས་དང་ཤེས་རབ་ཤིན་ཏུ་བསྟན་པའི་འབྱུང་གནས་ཡིན་ཏེ། རང་སངས་རྒྱས་ཀྱི་འབྲས་བུ་མངོན་པར་ཁོང་དུ་ཆུད་པར་ བྱ་བ་ཡོངས་སུ་དྲིས་པ། བསྟན་པས་ཟད་པ་མེད་དོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན། རིའི་རྒྱལ་པོ་ཆེན་པོ་ཁོར་ཡུག་ནི་རིན་པོ་ཆེ་ཆེན་པོའི་རང་བཞིན་ རྣམ་པར་དག་པ་དབང་དུ་གྱུར་པ་རྣམས་ཀྱི་འབྱུང་གནས་ཡིན་ཏེ། དབང་དུ་གྱུར་པས་ཟད་པ་མེད་དོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་མི་ གཡོ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་། བྱང་ཆུབ་སེམས་དཔའི་དབང་མངོན་པར་བསྒྲུབ་པ། ཡོངས་སུ་དྲིས་པ་ཤིན་ཏུ་བསྟན་པའི་འབྱུང་གནས་ཡིན་ ཏེ། འཇིག་རྟེན་གྱི་ཁམས་རྣམ་པར་ཕྱེ་བ་ཡོངས་སུ་དྲིས་པ་བསྟན་པས་ཟད་པ་མེད་དོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན། རིའི་རྒྱལ་པོ་དཔལ་ དང་ལྡན་པ་ནི་རིན་པོ་ཆེའི་རང་བཞིན་རྣམ་པར་དག་པ། ལྷ་མ་ཡིན་གྱི་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་རྣམས་ཀྱི་འབྱུང་གནས་ཡིན་ཏེ། ལྷ་མ་ཡིན་རྫུ་འཕྲུལ་ཆེན་པོ་ཅན་ བགྲངས་པས་ཟད་པ་མེད་དོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་ལེགས་པའི་བློ་གྲོས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་འབྱུང་བ་དང་། འཇིག་ 74-1-178a རྟེན་པའི་ཤེས་པའི་རྒྱུད་ཐམས་ཅད་ཀྱིས་འབྱུང་གནས་ཡིན་ཏེ། འགྲོ་བ་ཐམས་ཅད་འབྱུང་བ་ཡོངསུ་ཟད་པ་མེད་དོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན། རིའི་རྒྱལ་ པོ་རི་རབ་ནི་རིན་པོ་ཆེའི་རང་བཞིན་རྣམ་པར་དག་པ་ལྷ་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་རྣམས་ཀྱི་འབྱུང་གནས་ཡིན་ཏེ། ལྷ་རྫུ་འཕྲུལ་ཆེན་པོ་ཅན་བགྲང་བས་ཟད་པ་མེད་དོ། །ཀྱེ་རྒྱལ་བའི་ སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་དེ་བཞིན་གཤེགས་པའི་སྟོབས་དང་། མྱི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་ པ་རྣམས་ཀྱི་འབྱུང་གནས་ཡིན་ཏེ། སངས་རྒྱས་ཀྱི་སྤྲིན་ལས་ཡང་དག་པར་བསྟན་པས་ཟད་པ་མེད་དོ། །ཀྱེ་རྒྱལ་བའི་སྲས་ཇི་ལྟར་རིན་པོ་ཆེ་ཆེན་པོ་རྒྱ་མཚོ་ལས་བྱུང་ཞིང་རྒྱ་མཚོ་ཆེན་པོ་ལས་སྨོས་པ་ དེ་བཞིན་དུ། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་ས་བཅུ་པོ་འདི་དག་ཀྱང་ཐམས་ཅད་མཁྱེན་པ་ཉིད་ལས་བྱུང་ངོ་། །ཐམས་ཅད་མཁྱེན་པ་ཉིད་ལས་སྨོས་པའོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་ སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་ནི་རྣམ་པ་བཅུས་མྱི་འཕྲོགས་པའི་ཕྱིར་རྒྱ་མཚོའི་གྲངས་སུ་འགྲོ་སྟེ། བཅུ་གང་ཞེ་ན་འདི་ལྟ་སྟེ། རིམ་གྱིས་གཞོལ་བ་དང་། ཤི་བའི་རོ་དང་མྱི་འགྲོགས་པ་དང་། ཆུ་གཞན་གྱི་གྲངས་ཡོངས་སུ་སྤངས་པ་དང་། རོ་གཅིག་པ་དང་། རིན་པོ་ཆེ་མང་བ་དང་། ཟབ་ཅིང་གཏིང་རིང་བ་དང་། ཡངས་ཤིང་ཚད་མེད་པ་དང་། འབྱུང་པོ་མང་པོའི་གནས་སུ་གྱུར་པ་དང་། དབྲེས་ཀྱི་ཚུལ་ལས་མྱི་འདའ་བ་དང་། སྤྲིན་ཆེན་པོའི་ཆར་ཐམས་ཅད་ཡོངས་སུ་འཛིན་པས་མི་ངོམས་པའོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སྤྱོད་ 74-1-178b པའི་རྣམ་པ་བཅུས་མི་འཕྲོགས་པའི་གྲངས་སུ་འགྲོའོ། །བཅུ་གང་ཞེ་ན་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ས་རབ་ཏུ་དགའ་བ་ལ་སྨོན་ལམ་ཆེན་པོ་རིམ་གྱིས་མངོན་པར་བསྒྲུབ་པས་གཞོལ་བ་ དང་བྱང་ཆུབ་སེམས་དཔའ་ས་དྲི་མ་དང་བྲལ་བ་ལ་ཚུལ་ཁྲིམས་ངན་པའི་རོ་དང་མྱི་འགྲོགས་པ་དང་། བྱང་ཆུབ་སེམས་དཔའི་ས་འོད་བྱེད་པ་ལ་འཇིག་རྟེན་པ་རྣམ་པར་གདགས་པའི་ གྲངས་ཡོངས་སུ་སྤངས་པ་དང་། བྱང་ཆུབ་སེམས་དཔའི་ས་འོད་འཕྲོ་བ་ཅན་ལ། སངས་རྒྱས་ལ་མོས་པ་མི་ཕྱེད་པའི་རོ་གཅིག་པ་དང་། བྱང་ཆུབ་སེམས་དཔའི་ས་ཤིན་ཏུ་རྒྱལ་བར་ དཀའ་བ་ལ་ཐབས་དང་མངོན་པར་ཤེས་པ་ཚད་མེད་པས་འཇིག་རྟེན་གྱི་བྱ་བ་མངོན་པར་བསྒྲུབ་པའི་ས་ཤོ་ཚད་མེད་པ་དང་། བྱང་ཆུབ་སེམས་དཔའི་ས་མངོན་སུམ་པ་ལ་རྟེན་ཅིང་འབྲེལ་ པར་འབྱུང་བ་རབ་ཏུ་བརྟགས་པས་ཤིན་ཏུ་ཟབ་པ་དང་། བྱང་ཆུབ་སེམས་དཔའི་ས་རིང་དུ་སོང་བ་ལ་བློ་དང་རྣམ་པར་འབྱེད་པ་དང་། མཁས་པ་ཡངས་ཤིང་ཚད་མེད་པ་དང་། བྱང་ཆུབ་སེམས་དཔའི་ ས་མི་གཡོ་བ་ལ་རྒྱན་ཆེན་པོ་མངོན་པར་བསྒྲུབ་པ་ཡང་དག་པར་བསྟན་པས་འབྱུང་པོ་མང་པོ་གནས་པ་དང་། བྱང་ཆུབ་སེམས་དཔའི་ས་ལེགས་པའི་བློ་གྲོས་ལ་རྣམ་པར་ཐར་པ་ཟབ་མོ་དང་། འགྲོ་བ་ཐམས་ ཅད་ཀྱི་སྤྱོད་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པའི་ཚུལ་གྱི་དབྲེས་ལས་མི་འདའ་བ་དང་། བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་སྣང་བས་སྤྲིན་ཆེན་པོའི་ཆར་ ཡང་དག་པར་བཟུངས་བས་མ་ངོམས་པའོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ནི་ནོར་བུ་རིན་པོ་ཆེའི་མཁན་པོ་མཁས་པས་ཤིན་ཏུ་སྲེགས་ཤིན་ཏུ་བསྒྲུབས་ཤིན་ 74-1-179a ཏུ་སྦྱངས་ཤིན་ཏུ་ཡང་དག་པར་བྱས་ལེགས་པར་ཕུག །རིན་པོ་ཆེའི་སྲད་བུས་ལེགས་པར་བཏགས། རིན་པོ་ཆེའི་བཻ་ཌཱུརྱའི་རྩ་བའི་རྒྱལ་མཚན་གྱི་རྩེ་མོ་ལ་བཞག་སྟེ། འོད་ ཐམས་ཅད་འབྱུང་བར་འགྱུར་ལ་རྒྱལ་པོས་བསྔགས་པར་གྱུར་ཏེ། རིན་པོ་ཆེའི་རིགས་བཅུ་ལས་འདས་ཤིང་ཤིན་ཏུ་འཕག་པར་གྱུར་པ་དེའི་ཚེ། སེམས་ཅན་ཐམས་ཅད་ལ་རིན་པོ་ཆེས་ཕན་ གདགས་པའི་དོན་དུ་ཉེ་བར་གནས་པ་ཡིན། ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་རིན་པོ་ཆེ་བསྐྱེད་པ་ཡང་སྦྱངས་པའི་སྡོམ་པ་དང་ཚུལ་ ཁྲིམས་དང་བརྟུལ་ཤུགས་དང་དཀའ་ཐུབ་གྱིས་ཤིན་ཏུ་བསྲེགས། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པས་ཤིན་ཏུ་བསྒྲུབས། ལམ་གྱི་ཡན་ ལག་གིས་རྣམ་པས་ཤིན་ཏུ་སྦྱངས། ཐབས་དང་མངོན་པར་ཤེས་པས་ཤིན་ཏུ་དག་པར་བྱས། རྟེན་ཅིང་འབྲེལ་པར་འབྱུང་བས་ཤིན་ཏུ་ཕུག །ཐབས་དང་ཤེས་རབ་རིན་པོ་ཆེ་སྣ་ཚོགས་ ཀྱིས་སྲད་བུས་ཤིན་ཏུ་བཏགས། དབང་གིས་རིན་པོ་ཆེ་བཻ་ཌཱུརྱའི་ཡུ་བའི་རྒྱལ་མཚན་གྱི་རྩེ་མོ་ལ་བཞགས། སེམས་ཅན་གྱི་སྤྱོད་པ་རབ་ཏུ་བཏགས་པ་དང་། ཐོས་པའི་ཡེ་ཤེས་གྱི་འོད་ རབ་ཏུ་འབྱུང་བར་འགྱུར་ཏེ། ཆོས་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་གྱི་མངོན་པར་དབང་བསྐུར་བར་གྱུར་པ་དེའི་ཚེ། སེམས་ ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཕྲིན་ལས་རིན་པོ་ཆེ་ཐམས་ཅད་ཀྱིས་ཡང་དག་པར་ཕན་གདགས་པའི་དོན་དུ་ཉེ་བར་གནས་པ་ཡིན་ཏེ། དེའི་ཚེ་ཐམས་ཅད་མཁྱེན་པ་ཞེས་ཀྱང་བྱའོ། ། 74-1-179b ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་དག་པར་སྒྲུབ་ཅིང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཡོན་ཏན་ཡང་དག་པར་བསྩགས་པའི་ཆོས་ཀྱི་སྒོའི་རྒྱུད་འདི་ནི་སེམས་ ཅན་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ཀྱི་རྣ་ལམ་དུ་གྲགས་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམ་པར་གྲོལ་བའི་ཟླ་བས་སྨྲས་པ། ཀྱེ་རྒྱལ་བའི་སྲས་འོ་ན་རྣམ་པ་ཐམས་ཅད་མཁྱེན་ པའི་ཡེ་ཤེས་དང་ཡང་དག་པར་བསྩགས་པའི་ཆོས་ཀྱི་སྒོའི་རྒྱུད་འདི་གང་གི་རྣ་ལམ་དུ་གྲགས་པར་གྱུར་པ་དེ་དག་བསོད་ནམས་ཀྱི་ཚོགས་ཇི་ཙམ་ཞིག་དང་ལྡན་པར་འགྱུར། བྱང་ཆུབ་སེམས་དཔའ་ རྡོ་རྗེའི་སྙིང་པོས་སྨྲས་པ། ཀྱེ་རྒྱལ་བའི་སྲས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མཐུ་ཇི་ཙམ་པ་དེ་སྙེད་ཀྱི་བསོད་ནམས་ཀྱི་ཚོགས་ནི་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་ཅིང་སྒྲུབ་པར་ དམྱིགས་པ་ལ་ཡོད་དེ། ཆོས་ཀྱི་སྒོའི་རྒྱུད་འདི་གྲགས་ཅིང་མངོན་པར་གྱུར་པའི་བསོད་ནམས་ཀྱི་ཚོགས་ཀྱང་དེ་ཙམ་དུ་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་རྣམས་པ་ཐམས་ ཅད་མཁྱེན་པའི་ཡེ་ཤེས་དང་ཡོན་ཏན་ཡང་དག་པར་བསྩགས་པའི་ཆོས་ཀྱི་རྒྱུད་འདི་ནི་བྱང་ཆུབ་སེམས་དཔའ་མ་ཡིན་པས་མཉན་པ་འམ། མོས་པར་བྱ་བ་འམ། གཟུང་བར་མི་ནུས་ན་བསྒོམ་ པའི་རྣམ་པར་སྦྱོར་བས་བརྩོན་པར་མི་ནུས་པ་ལྟ་ཅི་སྨོས། དེ་བས་ན་ཀྱེ་རྒྱལ་བའི་སྲས་གང་གིས་ཆོས་ཀྱི་སྒོའི་རྒྱུད་འདི་ཐོས་ཏེ་ཐོས་ནས་མོས་པར་བྱེད་པ་དང་། མོས་པར་བྱས་ཤིང་འཛིན་པ་དང་། བསྒོམ་པས་རྣམ་པར་བརྩོན་པར་བྱེད་ན། སེམས་ཅན་དེ་དག་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྒོ་དང་ལྡན་པར་ཤེས་པར་བྱའོ། །དེ་ནས་དེའི་ཚེ་སངས་རྒྱས་ཀྱི་མཐུ་དང་ཆོས་ཉིད་ཐོབ་པས། 74-1-180a ཕྱོགས་བཅུར་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་ཁྲག་ཁྲིག་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རྣམ་པ་དྲུག་དང་ལྟས་ཆེན་པོ་བཅྭོ་བརྒྱད་དུ་གཡོས་སོ། །རབ་ཏུ་གཡོས་སོ། །ཀུན་ཏུ་གཡོས་སོ། ། འགུལ་ཏོ་རབ་ཏུ་འགུལ་ཏོ། །ཀུན་ཏུ་འགུལ་ཏོ། །ལྡེག་གོ་རབ་ཏུ་ལྡེག་གོ། །ཀུན་ཏུ་ལྡེག་གོ། །ཆེམ་ཆེམ་རབ་ཏུ་ཆེམ་ཆེམ། ཀུན་ཏུ་ཆེམ་ཆེམ་མོ། །འུར་འུར་རབ་ཏུ་འུར་འུར། ཀུན་ཏུ་འུར་འུར་རོ། ། ཤིག་ཤིག་རབ་ཏུ་ཤིག་ཤིག །ཀུན་ཏུ་ཤིག་ཤིག་གོ། །སངས་རྒྱས་ཀྱི་མཐུ་དང་ཆོས་ཉིད་རབ་ཏུ་ཐོབ་པས་ལྷ་རྫས་ཀྱི་ཕྱེ་མའི་སྤྲིན་གྱི་ཆར་མངོན་པར་བབ་བོ། །ལྷ་རྫས་ཀྱི་གོས་ཀྱི་སྤྲིན་གྱི་ཆར་མངོན་པར་ བབ་པོ། །ལྷ་རྫས་ཀྱི་རིན་པོ་ཆེའི་སྤྲིན་གྱི་ཆར་མངོན་པར་བབ་པོ། །ལྷ་རྫས་ཀྱི་གདུགས་ཀྱི་སྤྲིན་གྱི་ཆར་མངོན་པར་བབ་པོ། །ལྷ་རྫས་ཀྱི་རྒྱལ་མཚན་གྱི་སྤྲིན་གྱི་ཆར་མངོན་པར་བབ་པའོ། །ལྷ་རྫས་ཀྱི་བ་དན་ གྱི་སྤྲིན་གྱི་ཆར་མངོན་པར་བབ་པོ། །ལྷ་རྫས་ཀྱི་རོལ་མོ་བརྡུང་བ་དང་། དཀྲོལ་བ་དང་གླུའི་དབྱངས་ཀྱི་སྤྲིན་གྱི་སྒྲ་མངོན་པར་སྒྲོག་གོ། །ལྷ་རྫས་ལས་འདས་པའི་ཐམས་ཅད་མཁྱེན་པའི་ས་ལ་མངོན་པར་བསྟོད་པའི་གླུ་ དབྱངས་ཀྱི་སྤྲིན་གྱི་སྒྲ་དབྱངས་མངོན་པར་སྒྲོག་གོ། །ཇི་ལྟར་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདི་གཞན་འཕྲུལ་དབང་བྱེད་ཀྱི་གནས་སུ་ལྷའི་རྒྱལ་པོ་དབང་བསྒྱུར་གྱི་གཞལ་མེད་ཁང་ནོར་བུ་རིན་པོ་ཆེའི་སྙིང་པོར་ཇི་ལྟ་བ་དེ་ བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡང་ཕྱོགས་བཅུ་རྒྱས་པར་གང་ཞིང་ཆོས་བསྟན་པ་འདི་ཡང་ཐམས་ཅད་དུ་བྱུང་བར་གྱུར་ཏོ། །སངས་རྒྱས་ཀྱི་མཐུས་ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་སངས་ རྒྱས་ཀྱིས་ཞིང་ཁྲག་ཁྲིག་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཕྱོགས་བཅུས་རྒྱས་པར་བྱེད་ཅིང་ལྷགས་ཏེ་དེ་དག་ཕྱིན་ནས་ཀྱང་འདི་སྐད་ཅེས་ཟེར་རོ། །ཀྱེ་རྒྱལ་བའི་སྲས་དེ་ལྟར་ཁྱོད་ཀྱིས་ 74-1-180b བྱང་ཆུབ་སེམས་དཔའི་ཆོས་ཉིད་འདི་བརྗོད་པ་ལེགས་སོ་ལེགས་སོ། །ཀྱེ་རྒྱལ་བའི་སྲས་བདག་ཅག་ཀྱང་རྡོ་རྗེའི་སྙིང་པོ་ཞེས་བྱ་བར་མིང་འཐུན་པ་ཤ་སྟག་སྟེ། འཇིག་རྟེན་གྱི་ཁམས་རྡོ་རྗེའི་དཔལ་ཞེས་བྱ་བ་ནས་ དེ་བཞིན་གཤེགས་པ་མཚན་རྡོ་རྗེའི་རྒྱལ་མཚན་ཞེས་བྱ་བ་དག་གི་དྲུང་ནས་འདིར་ལྷགས་ཏེ། འཇིག་རྟེན་གྱིས་ཁམས་དེ་དག་ཐམས་ཅད་ན་ཡང་ཆོས་བསྟན་པ་འདི་ཉིད་སངས་རྒྱས་ཀྱི་མཐུས་འཁོར་ཀྱི་རྣམ་པ་འདི་འདྲ་ བ་དག་ལ་ཚིག་འདི་དག་ཉིད་དང་ཡི་གེ་འདི་དག་ཉིད་དང་ཁོང་དུ་ཆུད་པར་བྱ་བ་འདི་དག་ཉིད་དང་། དོན་འདི་ཉིད་ལྷག་ཆད་མེད་པར་མངོན་པར་བརྗོད་དེ་འབྱུང་བར་གྱུར་ཏོ། །ཀྱེ་རྒྱལ་བའི་སྲས་བདག་ཅག་ཀྱང་དབང་ དུ་གྱུར་པ་ཤ་སྟག །སངས་རྒྱས་ཀྱི་མཐུས་འཁོར་འདིར་ཕྱིན་ཏོ། །ཀྱེ་རྒྱལ་བའི་སྲས་འཇིག་རྟེན་གྱི་ཁམས་འདིར་བདག་ཅག་ཇི་ལྟར་ཕྱིན་པ་དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ ཅད་ཀྱི་གླིང་བཞི་པའི་འཇིག་རྟེན་གྱིས་ཁམས་རེ་རེའི་གཞན་འཕྲུལ་དབང་བྱེད་ཀྱི་གནས་ཀྱི་ལྷའི་རྒྱལ་པོ་དབང་བསྒྱུར་གྱི་གཞལ་མེད་ཁང་ནོར་བུ་རིན་པོ་ཆེའི་སྙིང་པོར་ཡང་སངས་རྒྱས་ཀྱི་ཞིང་ཁྲག་ཁྲིག་ཕྲག་བཅུའི་ རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཕྱིན་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས། ཕྱོགས་བཅུར་བལྟས་ཏེ་འཁོར་ཀྱི་དཀྱིལ་འཁོར་ཐམས་ཅད་ལ་བལྟས་ནས། ཆོས་ཀྱི་དབྱིངས་ལ་རྣམ་པར་བལྟ་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སེམས་བསྐྱེད་པ་ཡང་དག་པར་བརྗོད་པ་དང་། བྱང་ཆུབ་སེམས་དཔའི་ཡུལ་ཡང་དག་པར་བསྟན་པ་དང་། སྤྱོད་པའི་སྟོབས་ ཡོངས་སུ་སྦྱངས་པ་དང་། རྣམས་པ་ཐམས་ཅད་མཁྱེན་པ་ཡང་དག་པར་བསྒྲུབ་པ་བརྗོད་པ་དང་། འཇིག་རྟེན་གྱི་དྲི་མ་སེལ་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཉེ་བར་བསྒྲུབ་པ་དང་། 74-1-181a བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་རྒྱན་ཡོངས་སུ་བསྟན་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡོན་ཏན་རབ་ཏུ་བརྗོད་པ་བྱེད་ཅིང་སའི་དོན་འདི་འང་བརྟག་པར་བྱ་བ་དང་། བསྟན་པའི་ཕྱིར་ སངས་རྒྱས་ཀྱི་མཐུས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཞི་དང་དུལ་དགའ་ཞི་ཞིང་དུལ་བའི་ཡིད་ལྡན་ལ། །ནམ་མཁའི་དབྱིངས་འདི་བར་སྣང་ནམ་མཁའ་དང་འདྲ་ཞིང་། །ཐ་བའི་དྲི་མ་རྣམ་ སྤངས་ལམ་རྣམས་ཤེས་པ་ཡིས། །བྱང་ཆུབ་སེམས་དཔའི་སྤྱོད་པའི་ཁྱད་པར་རབ་ཏུ་ཉོན། །བསྐལ་པ་བྱེ་བར་དགེ་བ་བརྒྱ་སྟོང་རབ་བསགས་ཤིང་། །སངས་རྒྱས་བརྒྱ་སྟོང་དྲང་སྲོང་ཆེན་པོ་མཆོད་ བྱས་ཏེ། །དབང་བསྒྱུར་རྣམས་དང་རང་རྒྱལ་མཐའ་ཡས་མཆོད་བྱས་ནས། །འགྲོ་བ་ཀུན་ལ་ཕན་ཕྱིར་བྱང་ཆུབ་སེམས་སྐྱེའོ། །བརྟུལ་ཤུགས་དཀའ་ཐུབ་དཀའ་སྤྱད་དུལ་བཟོད་ལྡན་གྱུར་ལ། །ཁྲེལ་ ཡོད་དཔལ་གྱིས་སྤྱོད་དམན་ཡེ་ཤེས་དགེ་འཕགས་ཤིང་། །བློ་གྲོས་རིགས་ཡང་སངས་རྒྱས་ཡེ་ཤེས་སེམས་ལྡན་གྱི། །བྱང་ཆུབ་སེམས་རབ་རྒྱལ་བའི་སྟོབས་དང་མཉམ་འདྲ་སྐྱེ། །དུས་ གསུམ་རྒྱལ་བ་ཇི་སྙེད་མཆོད་རབ་མཆོད་པའི་ཕྱིར། །ནམ་མཁའི་དབྱིངས་ཚད་ཞིང་རྣམས་ཐམས་ཅད་ཡོངས་སུ་སྦྱོང་། །ཆོས་རྣམས་ཐམས་ཅད་ཇི་སྙེད་དེ་དག་མཉམ་རྟོགས་པས། །འགྲོ་བ་དགྲོལ་ བའི་དོན་དུ་བྱང་ཆུབ་སེམས་སྐྱེའོ། །གཞལ་ཡས་སེམས་སྐྱེས་ས་མཆོག་རབ་ཏུ་ཐོབ་གྱུར་ནས། །སྡིག་པ་ཐམས་ཅད་བསལ་ཕྱིར་རྡུལ་མྱེད་རབ་ཏུ་དགའ། །སྨོན་ལམ་སྟོབས་དསྤྱད་དཀར་ཆོས་ཡང་དག་ བསྩགས་བྱས་ནས། །སྙིང་རྗེ་བརྩེ་ལྡན་ས་ཡི་གོང་མ་ཡོངས་སུ་གནོན། །འགྲོ་ཕྱིར་བྱམས་སེམས་ཚུལ་ཁྲིམས་ཐོས་དང་ཡོན་ཏན་ལྡན། །དྲི་མེད་དྲི་བྲལ་རང་བཞིན་ཡང་དག་བསམ་པ་ཡི་ 74-1-181b འཇིག་རྟེན་ཐམས་ཅད་མེ་གསུམ་འབར་བར་མཐོང་གྱུར་ནས། །གསུམ་པ་རྣམ་ཡངས་བློ་ཡིས་འགྲོ་བའི་དོན་དུ་གནོན། །སྡུག་བསྔལ་མི་རྟག་ནད་པ་ཟུག་རྔུས་མི་བདེ་བའི། །ཁམས་ གསུམ་རྟག་ཏུ་སྡུག་བསྔལ་བརྒྱ་ཡི་མེ་འབར་བའི། །འདུས་བྱས་ཉེས་མཐོང་རྒྱལ་བའི་ལེགས་པ་མངོན་མོས་ཤིང་། །ཡེ་ཤེས་འོད་འཕྲོ་ཡངས་ལྡན་འོད་འཕྲོ་ཡོད་པ་གནོན། །དྲན་དང་བློ་ལྡན་ ལམ་གྱི་ཡེ་ཤེས་ཐོབ་གྱུར་ཅིང་། །ས་མཆོག་དེ་ལ་སངས་རྒྱས་བརྒྱ་སྟོང་བསྙེན་བཀུར་ནས། །མི་ཡིས་གརྩོ་བོའི་ཡོན་ཏན་རྟག་ཏུ་དྲན་བྱེད་ཅིང་། །འགྲོ་བ་ཀུན་གྱིས་ཐུབ་དཀའ་རྒྱལ་བར་ དཀའ་བ་གནོན། །ཡེ་ཤེས་བློ་གྲོས་ཐབས་དང་ཤེས་རབ་བློ་དཔྱོད་པས། །འགྲོ་དོན་མཐའ་ཡས་སྣ་ཚོགས་བྱ་བ་བསྟན་བྱས་ཤིང་། །སྟོབས་བཅུ་མཆོད་པ་སེམས་ཅན་དོན་རྣམས་བསྒྲུབ་བྱས་ཏེ། ། མི་སྐྱེ་མངོན་སུམ་མཐའ་ཡས་ས་དྲུག་ཡོངས་སུ་གནོན། །འཇིག་རྟེན་ཀུན་ཏུ་འགྲོ་བས་ཤེས་དཀའ་སྤྱོད་བྱེད་ཅིང་། །བདག་བྲལ་བྱེད་མེད་ཡོད་དང་མེད་པ་རྣམ་སེལ་བའི། །རང་བཞིན་སྟོང་ཆོས་ ཡན་ལག་བཅུ་གཉིས་རབ་འབྱུང་ཞེས། །ཕྲ་ཞིང་རྣོ་བའི་སེམས་ལྡན་བདུན་པ་ཡོངས་སུ་གནོན། །ཐབས་དང་ཤེས་རབ་སེམས་ཡངས་རབ་ཏུ་ཐོབ་གྱུར་ཅིང་། །རིང་དུ་སོང་བ་གདུལ་དཀའ་རིང་དུ་སོང་བ་གནོན། ། རང་བཞིན་དུལ་ཞིང་ཞི་ཕྱིར་དུ་མའི་སེམས་སྤངས་ཏེ། །དེ་ནས་ནམ་མཁའ་འདྲ་བ་ཡི་མི་གཡོ་ཡོངསུ་གནོན། །དེ་ལ་མཁས་པའི་ཡེ་ཤེས་ལས་རྣམས་སྣ་ཚོགས་ཕྱིར། །ཞི་བ་དེ་ལས་བསླང་ཞིང་མྱི་ཡི་མཆོག་ཏུ་ བསྣབས། །དབང་བཅུ་ལྡན་ཞིང་འཇིག་རྟེན་ཡང་དག་ཉིད་དཔྱོད་པའི། །རང་བཞིན་ཆེན་པོ་འགྲོ་ཕྱིར་ལེགས་པའི་བློ་གྲོས་གནོན། །འདི་ལ་ཤིན་ཏུ་ཕྲ་བར་འཇིག་རྟེན་ཀུན་དཔྱད་ཅིང་། །སེམས་ཅན་ 74-1-182a ཐིབས་པོའི་སྤྱོད་ལྡན་ཉོན་མོངས་ལས་དཔྱད་དེ། །དེ་དག་གདུལ་བས་སྤྱོད་པའི་ཡོན་ཏན་མང་པོ་གནོན། །བདེ་གཤེགས་མཛོད་ཐོབ་དོན་གྱི་དམ་པ་རབ་ཏུ་སྟོན། །དཀར་ཆོས་རིམ་གྱིས་ དེ་འདྲའི་སྤྱོད་དང་ལྡན་གྱུར་པས། །ས་དགུའི་བར་དུ་བསོད་ནམས་ཡེ་ཤེས་ཚོགས་ཐོབ་ཅིང་། །རྒྱལ་བ་རྣམས་ཀྱི་སྟོབས་མཆོག་དོན་དམ་མངོན་འདོད་པ། །ཡེ་ཤེས་ཡོན་ཏན་དབང་བསྐུར་སངས་རྒྱས་ ཀུན་ནས་ཐོབ། །བརྒྱ་སྟོང་ཕྲག་བཅུའི་ཏིང་འཛིན་གྲངས་མེད་གང་ཡོད་པ། །སྤྱོད་ཡུལ་ཤེས་པ་ཆེ་ཉིད་ཤེས་ཡངས་ཐོབ་གྱུར་ནས། །དེ་ཡི་རྗེས་ལ་ཐམས་ཅད་མཁྱེན་པར་དབང་བསྐུར་འཐོབ། ། ཡུལ་ཡངས་ཏིང་འཛིན་དེ་དག་ཐོས་པ་དེ། །གང་ཚེ་དེ་ཡིས་ཀུན་མཁྱེན་དབང་བསྐུར་ཐོབ་པའི་ཚེ། །པད་མོ་རྒྱ་ཆེན་རིན་ཆེན་ཀུན་གྱིས་བརྒྱན་པ་འབྱུང་། །དེ་ཡི་ཚུལ་འཐུན་ལུས་ཀྱི་དབྱིངས་སུ་གནས་ པར་འགྱུར། །རྒྱལ་བའི་སྲས་ཀྱིས་ཡོངས་བསྐོར་དེ་ལ་ལྟ་ཞིང་གནས། །དེ་ཡི་འོད་གཟེར་ཁྲག་ཁྲིག་མཐའ་ཡས་སྟོང་ཕྲག་མང་། །ཕྱོགས་བཅུའི་འགྲོ་བའི་སྡུག་བསྔལ་ཀུན་ཀྱང་ཞི་བར་བྱེད། ། མགོ་ཡི་གཙུག་ནས་འོད་གཟེར་བྱེ་བ་སྟོང་བྱུང་ཞིང་། །ཕྱོགས་རྣམས་ཀུན་གྱི་མི་ཡི་གཙོ་བོའི་འཁོར་དུ་རྒྱུ། །སྟིང་གི་ནམ་མཁའི་དབྱིངས་ལ་འོད་གཟེར་དྲ་བ་གནས། །སངས་རྒྱས་མཆོད་ཕྱིར་བརྩོན་ པར་རྒྱལ་བའི་ཞབས་སུ་འདོང་། །དེའི་ཚེ་རྒྱལ་བ་རྣམས་དང་རྒྱལ་སྲ་རྣམས་ཀྱིས་ཀྱང་། །ཆོས་རབ་དོན་དུ་རྒྱལ་སྲས་དབང་བསྐུར་འཐོབ་པར་མཁྱེན། །མཆོད་པའི་དོན་དུ་རྒྱལ་སྲས་མཐའ་ཡས་ཀུན་ཀྱང་འདོང་། ། དེ་ཚེ་ཀུན་མཁྱེན་དབང་བསྐུར་མི་མཆོག་མཛོད་སྤུ་ནས། །དབང་བསྐུར་འོད་གཟེར་དམ་པ་མང་པོ་འབྱུང་བར་འགྱུར། །འོད་གཟེར་མཆོག་གིས་བསྐོར་ཅིང་སྤྱི་བོའི་གཙུག་ཏུ་ནུབ། །གང་ཚེ་རྒྱལ་ 74-1-182b མཆོག་བུའི་ཐུ་བོ་སྲིད་མཆོག་ལ། །དབང་བསྐུར་བཞིན་དུ་སངས་རྒྱས་ཀུན་གྱིས་དབང་བསྐུར་ཚེ། །ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ཀུན་ནས་གཡོ་བར་འགྱུར། །མནར་མེད་བར་གྱི་སྡུག་བསྔལ་ ཞི་ཞིང་ནུབ། གང་ཚེ་ཀུན་མཁྱེན་དབང་གིས་མངོན་པར་དབང་བསྐུར་བ། །དེ་ཕྱིར་མཁས་པས་ཆོས་སྤྲིན་ས་མཆོག་ཐོབ་ཅེས་བྱ། །མཁས་པ་འདི་ལ་གནས་པའི་ཤེས་རྒྱུད་ཚད་མེད་དེ། །ས་རབ་འདི་ལ་ གནས་པ་འགྲོ་ཀུན་གཙོ་ཡིན་ནོ། །གཟུགས་དང་གཟུགས་མེད་དེ་བཞིན་འདོད་པའི་ཁམས་ཡངས་དང་། །སེམས་ཅན་ཁམས་དང་ཞིང་དང་ཆོས་ཁམས་ཡངས་པ་དང་། །གྲངས་དང་གྲངས་མེད་ནམ་ མཁའི་ཁམས་ཀྱི་བར་དུ་སྟེ། །ཆོས་དབྱིངས་ཡངས་པས་ཐམས་ཅད་མ་ནོར་ཁོང་དུ་ཆུད། །འདི་ལ་མཁས་པ་མཐུ་ཆེན་སྤྲུལ་པའི་ལས་ཀུན་དང་། །དེ་བཞིན་བྱིན་རླབས་རྒྱལ་བའི་ཡེ་ཤེས་ཕྲ་བ་དང་། ། མི་མཆོག་གསང་བ་བསྐལ་པའི་གྲངས་རྣམས་ཤེས་བྱ་དང་། །སྐྲ་རྩེ་གཅིག་ཏུ་འཇིག་རྟེན་ཁམས་རྣམས་གཟུད་པ་དང་། །མི་ཡི་གཙོ་བོ་འབྱུང་དང་སྐུ་ཚེ་འཚང་རྒྱ་དང་། །འཁོར་ལོ་དམ་པ་བསྐོར་དང་མྱ་ངན་ འདའ་བ་རྣམས། །ཐམས་ཅད་རབ་ཤེས་གོང་དུ་རྣམ་ཐར་ཞི་བ་དག །སྔན་ཆད་མ་ཐོབ་ཀུན་ཀྱང་དེ་ཚེ་རབ་ཏུ་འཐོབ། །འདི་ལ་གནས་པའི་མཐུ་ཆེན་རྒྱལ་བའི་ཆོས་ཀྱི་སྤྲིན། །ཐམས་ཅད་ཁོང་དུ་ ཆུད་བྱེད་དྲན་པས་ཀུན་ཀྱང་འཛིན། །ཀླུ་རྣམས་ཀུན་གྱི་སྤྲིན་ཆར་རྒྱ་མཚོ་འཛིན་པ་ལྟར། །དེ་བཞིན་རྒྱལ་བའི་ཆོས་སྤྲིན་ཆར་ཆེན་ཀུན་ཀྱང་འཛིན། །རྒྱལ་བ་གཅིག་ལས་ཆོས་གང་མཐུ་ཆེན་དེས་ ཐོབ་པ། །དེ་ལ་ཕྱོགས་བཅུ་མཐའ་ཡས་ཞིང་གི་སེམས་ཅན་རྣམས། །ཐམས་ཅད་བདེ་གཤེགས་ཉན་ཐོས་འཛིན་གྱུར་ཀྱང་། །བྱང་ཆུབ་སེམས་དཔའ་ཐོས་པའི་གྲངས་ཆར་ཉེར་མི་ 74-1-183a འགྲོ། །ཡེ་ཤེས་སྤྱོད་པའི་སྟོབས་ཀྱིས་སྔན་ཅད་སྤྱད་པའི་མཐུས། །སྐད་གཅིག་ཡུད་ཙམ་གཅིག་ཏུ་ཁྲག་ཁྲིག་ཞིང་བཀང་ཞིང་། །བདུད་རྩིའི་ཆར་འབེབ་ཉོན་མོངས་ཀུན་ཀྱང་ཞི་ བར་བྱེད། །དེ་ཕྱིར་རྒྱལ་བས་འདི་མིང་ཆོས་ཀྱི་སྤྲིན་ཅེས་གསུངས། །འདི་ནས་མཐུ་ཆེན་ལྷའི་འཇིག་རྟེན་གཙོར་གྱུར་པའི། །ཕྱོགས་རྣམས་ཀུན་ཏུ་མི་ཡི་གཙོ་བའི་ཡུལ་ཡང་སྟོན། ། རྣམ་འཕྲུལ་ཁྲག་ཁྲིག་སྟོང་ཕྲག་དུ་མ་ཡང་སྟོན་ཏེ། །བྱང་ཆུབ་སྤྱོད་པ་དེ་སེམས་འགྲོ་བ་མོས་པར་བྱེད། །མཁས་པ་ལེགས་ལྡན་འདི་གནས་གོམ་པ་བོར་བ་ཙམ། །ས་དགུའི་བར་དུ་གནས་པས་ཤེས་པར་མི་ ནུས་ན། །སེམས་ཅན་གཞན་གྱིས་ཤེས་པར་མི་འགྱུར་སྨོས་ཅི་དགོས། །དུས་གསུམ་ཉན་ཐོས་རང་རྒྱལ་ཀུན་གྱིས་དེ་བཞིན་ནོ། །འདི་གནས་ཐམས་ཅད་མཁྱེན་པར་འགྲོ་བ་ཀུན་ལ་སྟོན། །ཤེས་པས་ དུས་གསུམ་ཀུན་ཏུ་ཐོགས་མེད་ཞི་ཆོས་ཅན། །ཞིང་རྣམས་ཀུན་ཏུ་རྒྱས་བཀང་ཆོས་རྣམས་ཀུན་གྱི་བར། །རྒྱལ་བ་ཡོན་ཏན་བརྗོད་ཅིང་སྟོན་པ་བྱེད། །མཁས་པ་འདི་ལ་གནས་པ་སངས་རྒྱས་ མཆོད་བྱེད་ཅིང་། །ཕྱོགས་རྣམས་ཀུན་ཏུ་ཞིང་དང་ཆོས་ཀྱི་དབྱིངས་བཀང་སྟེ། །རྒྱལ་བ་མངོན་དུ་མཆོད་པས་མཆོད་བྱིན་འཕྲོག་པ་མེད། །ཡོན་ཏན་ཀུན་དང་ལྡན་པས་ལྷའི་ལྷ་ཞེས་བྱ། །མཁས་ པ་འདི་གནས་ཤེས་རབ་སྣང་བས་འགྲོ་ཀུན་གྱིས། །མུན་པ་ཀུན་ལ་ཆོས་ཀྱི་ཚུལ་ཡང་རབ་ཏུ་སྟོན། །དབང་ཕྱུག་དམ་པའི་མཐུ་ཡིས་འགྲོ་བའི་འདོད་ཆགས་སེལ། །དེ་བས་རྒྱལ་ སྲས་ཉོན་མོངས་སེལ་ལ་མཁས་ཤེས་བྱ། །འདི་ལ་གནས་པ་དེ་དག་ཁམས་གསུམ་དབང་ཕྱུག་འགྱུར། །ཡེ་ཤེས་ཚུལ་ཤེས་ཐེག་པ་གསུམ་པོ་སྟོན་ལ་མཁས། །སྐད་གཅིག་ཡུད་ཙམ་ 74-1-183b གཅིག་གིས་ཏིང་འཛིན་གཅིག་མིན་ཐོབ། །ཕྱོགས་བཅུ་ཀུན་ཏུ་རྒྱལ་བའི་དམ་པ་གཅིག་མིན་སྟོན། །འདི་ནི་བདག་གིས་རྒྱལ་སྲས་ས་རྣམས་མདོར་བསྟན་གྱི། །རྒྱ་ཆེར་བསྐལ་པ་བརྒྱ་ཕྲག་ སྟོང་གིས་བསྟན་མི་ནུས། །ཡོན་ཏན་འདི་འདྲའི་སངས་རྒྱས་ཡེ་ཤེས་ས་འདི་ལ། །གནས་པ་རྟག་ཏུ་རི་ཡི་རྒྱལ་པོ་བཞིན་མྱི་གཡོ། །རྒྱལ་སྲས་ཐོག་མ་གཙུག་ལག་ཀུན་གྱིས་མི་གཡོ་སྟེ། ། སྨན་གྱི་རྣམ་པ་ཀུན་ནས་རི་རྒྱལ་གང་བཞིན་ནོ། །ཚུལ་ཁྲིམས་ཐོས་པས་གཉིས་པ་སྤོས་ངད་སྤོས་དང་འདྲ། །རྣམ་འདུལ་མེ་ཏོག་ཇི་བཞིན་གསུམ་པ་ཤེས་པར་བྱ། །ལམ་ལ་མོས་བཞིན་མི་འཁྲུགས་འོད་ འཕྲོ་ཐོབ་པ་སྟེ། །དྲང་སྲོང་གནས་བཞིན་མཁས་པ་རྣམས་ཀྱི་བརྟེན་གྱུར་པའི། །གནོད་སྦྱིན་གཉའ་ཤིང་འཛིན་བཞིན་བསམ་ཡས་ལྔ་པ་ཐོབ། །རྟ་རྣའི་ཤིང་ཏོག་འདྲ་བར་དྲུག་པའི་འབྲས་ བུ་སྟེ། །བདུན་པ་ས་འཛིན་ཀླུ་བཞིན་ཤེས་རབ་ཆེན་པོས་ཐོབ། །འཁོར་ཡུག་དབང་ལྡན་བཞིན་དུ་བརྒྱད་པ་དབང་ཅན་ཐོབ། །དགུ་པ་དྲི་མ་སེལ་བ་དཔལ་ཅན་ལྷ་མིན་བཞིན། །བཅུ་པ་རྒྱལ་བའི་ ལེགས་ལྡན་རི་རབ་ལྷ་གནས་འདྲ། །དང་པོ་སྨོན་ལམ་སྔོན་འགྲོ་གོང་མ་ཚུལ་ཁྲིམས་ཚོགས། །གསུམ་པ་སྤྱོད་པའི་ཡོན་ཏན་བཞི་པ་གཅིག་གི་དངོས། །ལྔ་པ་དགེ་མང་དྲུག་པ་ཤིན་ཏུ་ཟབ་ པའི་དངོས། །བརྒྱད་པ་བློ་གྲོས་ཡངས་པ་ཀུན་ཏུ་གཅིག་མིན་བརྒྱན། །དགུ་པ་མཁས་པ་ཡེ་ཤེས་ཕྲ་ཞིང་ཟབ་དང་ལྡན། །འགྲོ་རྒྱུད་ཐམས་ཅད་ཡེ་ཤེས་ལྡན་པས་རབ་ཏུ་གནོན། །བཅུ་པ་ རྒྱལ་བ་རྣམས་ལས་ཡང་དག་ཆོས་འཛིན་ཏེ། །རྒྱལ་སྲས་སྤྱོད་པ་མི་སྐུལ་རྒྱ་མཚོ་དེ་འདྲའོ། །སྤྱོད་པ་བཅུ་འདས་ཐོག་མའི་སེམས་རབ་སྐྱེ་བར་འགྱུར། །དཀའ་ཐུབ་རྟུལ་བས་གཉིས་པ་ 74-1-184a གསུམ་པ་བསམ་གཏན་གྱིས། །དགུ་པས་བཞི་པ་ཤིན་ཏུ་བྱང་བས་ལྔ་པའོ། །དྲུག་པ་རྣོན་པོས་རྟོགས་པ་བདུན་པ་མི་ཕྱེད་པ། །བརྒྱད་པ་མཐུ་ཆེན་རྡོ་རྗེའི་རྒྱལ་མཚན་ཡིན། ། དགུ་པ་ཡེ་ཤེས་ལྡན་པས་ཐིབས་པོའི་སྤྱོད་པ་ཤེས། །བཅུ་ལ་རྒྱལ་བས་དབང་བསྐུར་རྒྱལ་པོ་དབང་ཐོབ་བཞིན། །ཡོན་ཏན་རིན་ཆེན་དག་པས་དེ་བཞིན་རིམ་དུ་འཕར། །ཕྱོགས་རྣམས་ཀུན་གྱི་ཞིང་རྣམས་ གཞིག་སྟེ་བགྲང་བར་ནུས། །རྣམ་ཤེས་གཅིག་གིས་འགྲོ་བ་ཀུན་སེམས་ཤེས་པར་རུང་། །ནམ་མཁའི་དབྱིངས་ཀུན་སྐྲ་ཡིས་གཞལ་བར་ནུས་སྲིད་ཀྱི། །རྒྱལ་པོ་ཡོན་ཏན་ཁྲག་ཁྲིག་བསྐལ་ པར་བཤད་མི་ནུས། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་མངོན་པར་གནང་སྟེ། ཡིད་དགའ་བར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྡོ་རྗེའི་སྙིང་པོས་དེ་སྐད་ཅེས་སྨྲས་པ་དང་། བཅོམ་ལྡན་འདས་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་ནང་ན་བཞུགས་ཤིང་མངོན་པར་སངས་རྒྱས་ནས་རིང་པོར་མ་ལོན་ཏེ། ཞག་བདུན་པ་གཉིས་ལ་ བབ་པའི་ཚེ་ལྷའི་རྒྱལ་པོ་དབང་བྱེད་ཀྱི་གཞལ་མེད་ཁང་ནོར་བུ་རིན་པོ་ཆེའི་སྙིང་པོ་ཅན་ན་བཞུགས་པས། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་བཤད་པ་ལ་མངོན་པར་དགྱེས་པ་མཛད་དོ། ། བྱང་ཆུབ་སེམས་དཔའི་འཁོར་དེ་དག་ཐམས་ཅད་དང་། ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་ལྷ་མ་ཡིན་དང་། བརྒྱ་བྱིན་དང་ཚངས་པ་དང་། འཇིག་རྟེན་མགོན་དང་། དབང་ཕྱུག་ཆེན་པོ་དང་། གཙང་མའི་རིས་སུ་གཏོགས་པའི་ལྷ་ཐམས་ཅད་ཀྱང་མངོན་པར་དགའོ། །ས་བཅུའི་ལེའུ་སྟེ་གསུམ་བཅུ་གཅིག་པའོ།། །། སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། 74-1-184b བམ་པོ་ཉི་ཤུ་གསུམ་པའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་སོགས་པ་ཐམས་ཅད་ཀྱང་བྱང་ ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་གནས་པ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུ་དང་ཐབས་གཅིག་ཏུ་བཞུགས་ ཏེ། དེའི་ཚེ་འཁོར་གྱི་དཀྱིལ་འཁོར་དེ་ཉིད་དུ། ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་ཁྲི་ཆགས་པ་མེད་པའི་རྒྱན་གྱི་སྙིང་པོ་ཅན་ལ་འཁོད་པ་བཅུ་ཐོན་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་དག་རེ་རེ་ཞིང་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་སེང་གེའི་ཁྲི་ཆགས་པ་མེད་པའི་རྒྱན་ཀྱི་སྙིང་པོ་ཅན་ལ་འཁོད་པ། སངས་རྒྱས་ཀྱི་ཞིང་ བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་བསྐོར་ཅིང་མདུན་དུ་བྱས་པ་ཤ་སྟག་གོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་དེ་དག་ཐམས་ཅད་ཀྱང་མིང་འདི་ཞེས་བྱ་བ་དག་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་སྣང་བས་མཛོད་ཀྱི་སྙིང་པོས་བྱུང་བ་ཞེས་བྱ་བ་དང་། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཟབ་མོའི་མཛོད་ཀྱི་སྙིང་པོས་བྱུང་བ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔལ་གྱི་གཟི་བརྗིད་ཀྱི་སྙིང་པོས་བྱུང་བ་ཞེས་བྱ་བ་དང་། 74-1-185a བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཟབ་མོའི་རྣམ་པ་ཐ་དད་པའི་མཛོད་ཀྱི་སྙིང་པོས་བྱུང་བ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་ མི་ཕྱེད་པའི་གརྩུག་གིས་མཛོད་ཀྱི་སྙིང་པོས་བྱུང་བ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངག་གི་ལམ་གྱིས་གཡོ་བར་ཀུན་ཏུ་འགྲོ་བའི་འོད་གཟེར་སྣང་བའི་གཟི་ བརྗིད་ཀྱི་མཛོད་ཀྱི་སྙིང་པོས་བྱུང་བ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲགས་པ་སྙན་པར་ཀུན་ཏུ་རྣམ་པར་གྲགས་པའི་འོད་ཀྱི་གཟི་བརྗིད་ཀྱི་སྙིང་པོས་བྱུང་བ་ཞེས་བྱ་བ་ དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིའི་རྒྱལ་པོ་མི་གཡོ་བའི་འོད་གཟེར་སྣང་བའི་གཟི་བརྗིད་ཀྱི་མཛོད་ཀྱི་སྙིང་པོས་བྱུང་བ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཀུན་ནས་བལྟ་བའི་གཟུགས་རྣམ་པར་དམིགས་པའི་འོད་གཟེར་གྱི་རྒྱལ་པོ་སྣང་བའི་གཟི་བརྗིད་ཀྱི་མཛོད་ཀྱི་སྙིང་པོས་བྱུང་བ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ སྟོབས་བཅུ་རྣམ་པར་དག་པ་ཐུབ་པ་མེད་པའི་འོད་གཟེར་སྣང་བའི་གཟི་བརྗིད་ཀྱི་མཛོད་ཀྱི་སྙིང་པོས་བྱུང་བ་ཞེས་བྱ་བ་དག་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དེ་ལྟར་ཐོན་ མ་ཐག་ཏུ་དེའི་མོད་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་མ་གཏོགས་པར་བྱང་ཆུབ་སེམས་དཔའི་འཁོར་དེ་དག་ཐམས་ཅད་ཀྱང་ལངས་པར་གྱུར་ཏོ། །བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོའི་འོད་མ་གཏོགས་པར་འོད་ཐམས་ཅད་ཀྱང་མི་སྣང་བར་གྱུར་ཏེ། ཐམས་ཅད་ཀྱང་ཟིལ་གྱིས་གནོན་པར་གྱུར་ཏོ། །སངས་རྒྱས་ཀྱི་མཆོད་པ་བསམ་ 74-1-185b གྱིས་མི་ཁྱབ་པ་ཆོས་ཀྱི་དབྱིངས་རྒྱས་པར་ཁྱབ་པ་མང་པོ་འང་མངོན་པར་བྱུང་བར་གྱུར་ཏེ། འདི་ལྟར་སྤོས་ཀྱི་སྤྲིན་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་ཁྱབ་པ་བྱེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ གི་ཆར་མངོན་པར་བབ་པར་གྱུར་ཏོ། །མེ་ཏོག་གི་སྤྲིན་ཆོས་ཀྱི་དབྱིངས་རྒྱས་པར་ཁྱབ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་ཆར་མངོན་པར་བབ་པར་གྱུར་ཏོ། ། བྱུག་པའི་སྤྲིན་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་ཁྱབ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་ཆར་མངོན་པར་བབ་པར་གྱུར་ཏོ། །གདུགས་ཀྱི་སྤྲིན་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་ཁྱབ་པ་ཁྲག་ཁྲིག་ བརྒྱ་སྟོང་གི་ཆར་མངོན་པར་བབ་པར་གྱུར་ཏོ། །གོས་ཀྱི་སྤྲིན་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་ཁྱབ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་མངོན་པར་བབ་པར་གྱུར་ཏོ། །རིན་པོ་ཆེའི་སྤྲིན་ཆོས་ཀྱི་དབྱིངས་ ཐམས་ཅད་རྒྱས་པར་ཁྱབ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་མངོན་པར་བབ་པར་གྱུར་ཏོ། །རྒྱལ་མཚན་གྱི་སྤྲིན་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་ཁྱབ་པ་བྱེ་བ་ཁྲག་ཁྲིག་བརྒྱ་ སྟོང་གི་ཆར་མངོན་པར་བབ་པར་གྱུར་ཏོ། །བ་དན་གྱི་སྤྲིན་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་ཁྱབ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་མངོན་པར་བབ་པར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་ ཡོངས་སུ་དག་པའི་སྤྲིན་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་ཁྱབ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་མངོན་པར་བབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་གྱི་ སྤྲིན་གྱི་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་ཁྱབ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་མངོན་པར་བབ་པར་གྱུར་ཏོ། །འོད་གཟེར་གྱི་དྲ་བ་སྣང་བ་ཆེན་པོའི་སྤྲིན་ཆོས་ཀྱི་དབྱིངས་ཐམས་ 74-1-186a ཅད་རྒྱས་པར་ཁྱབ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་མངོན་པར་བབ་པར་གྱུར་ཏོ། །རིན་པོ་ཆེ་སྣ་ཚོགས་ཀྱི་གཞལ་མེད་ཁང་གི་སྤྲིན་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་ ཁྱབ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་མངོན་པར་བབ་པར་གྱུར་ཏོ། །སྙིང་པོ་བྱང་ཆུབ་ཀྱི་རྒྱན་རྣམ་པར་ཕྱེ་བའི་སྤྲིན་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་ཁྱབ་པ་བྱེ་བ་ཁྲག་ཁྲིག་བརྒྱ་ བརྒྱ་སྟོང་གི་ཆར་མངོན་པར་བབ་པར་གྱུར་ཏོ། །དེ་བཞིན་གཤེགས་པའི་གཟུགས་བརྙན་སྣང་བའི་གོས་ཀྱི་སྤྲིན་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་ཁྱབ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ ཆར་མངོན་པར་བབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་སེང་གེའི་ཁྲི་མང་པོ་དེ་དག་ལས་བྱང་ཆུབ་སེམས་དཔའ་རེ་རེའི་སིང་གེའི་ཁྲིའི་རྒྱན་རིན་པོ་ཆེ་རྣམ་པར་ དག་པ་རེ་རེ་དང་དམྱིགས་པ་མང་པོ་དེ་དག་ཐམས་ཅད་ལས་དམྱིགས་པ་རེ་རེ་ལས་ཀྱང་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་ཡོངས་སུ་སྣང་བར་གྱུར་ཏོ། །དམྱིགས་པ་ མང་པོ་དེ་དག་ཐམས་ཅད་ལས་དམྱིག་པ་རེ་རེ་ཞིང་ཡང་སེམས་ཅན་གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་ཡོངས་སུ་སྣང་བར་གྱུར་ཏོ། །དམྱིགས་པ་མང་པོ་དེ་དག་ཐམས་ཅད་ལས་ དམྱིགས་པ་རེ་རེ་ཞིང་ཡང་དེ་བཞིན་གཤེགས་པ་འབྱམ་ཀླས་པ་ཐམས་ཅད་ཡོངས་སུ་སྣང་བར་གྱུར་ཏོ། །དམྱིགས་པ་མང་པོ་དེ་དག་ཐམས་ཅད་ལས་དམྱིགས་པ་རེ་རེ་ཞིང་ཡང་བྱང་ ཆུབ་སེམས་དཔའ་འབྱམ་ཀླས་པ་ཐམས་ཅད་ཡོངས་སུ་སྣང་བར་གྱུར་ཏོ། །དམྱིགས་པ་མང་པོ་དེ་དག་ཐམས་ཅད་ལས་དམྱིགས་པ་རེ་རེ་ཞིང་ཡང་དུས་འབྱམ་ཀླས་པ་ཐམས་ཅད་ཡོངས་སུ་སྣང་ 74-1-186b བར་གྱུར་ཏོ། །དམྱིགས་པ་མང་པོ་དེ་དག་ཐམས་ཅད་ལས་དམྱིགས་པ་རེ་རེ་ཞིང་ཡང་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མེད་པ་སངས་རྒྱས་འབྱུང་བ་དང་ བཅས་པ། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་བཅས་པ། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ། སེམས་ ཅན་འདུལ་བ་དང་བཅས་པ། མྱིང་གིས་འཁོར་ལོ་དང་བཅས་པ། མང་པོ་ཡོངས་སུ་སྣང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་གིས་སྔོན་གྱི་མཐའི་མུར་ཐུག་པའི་དུས་དག་ཏུ་འཇིག་རྟེན་གྱི་ ཁམས་གང་དང་གང་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་གྱུར་པ་དེ་དག་ཀྱང་ཡོངས་སུ་སྣང་བར་གྱུར་ཏོ། །དེ་བཞིན་གཤེགས་པ་དེ་དག་གིས་ཞབས་ཀྱི་དྲུང་ན། འཁོད་ཅིང་ཕ་རོལ་ཏུ་ཕྱིན་པ་ ཐམས་ཅད་སྤྱད་པ་ཡང་ཡོངསུ་སྣང་བར་གྱུར་ཏོ། །དམྱིགས་པ་མང་པོ་དེ་དག་ཐམས་ཅད་ལས་དམྱིགས་པ་རེ་རེ་ཞིང་ཕྱི་མའི་མཐའི་མུར་ཐུག་པའི་དུས་ཀྱི་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་སངས་རྒྱས་སྐྱེ་བ་དང་བཅས་པ་ཆོས་ཀྱི་འཁོར་ལོ་དང་བཅས་པ། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ། བྱང་ཆུབ་སེམས་ དཔའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ། སེམས་ཅན་འདུལ་བ་དང་བཅས་པ། མྱིང་གི་འཁོར་ལོ་དང་བཅས་པ་མང་པོ་ཡོངས་སུ་སྣང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་ གི་ཕྱི་མའི་མཐའི་མུར་ཐུག་པའི་དུས་དག་ཏུ་འཇིག་རྟེན་གྱི་ཁམས་གང་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་འགྱུར་བ་དེ་དག་ཀྱང་ཡོངས་སུ་སྣང་བར་གྱུར་ཏོ། །དེ་བཞིན་གཤེགས་པ་ 74-1-187a དེ་དག་གི་ཞབས་ཀྱི་དྲུང་ན་འཁོད་ཅིང་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྤྱོད་པ་བྱེད་པ་དག་ཀྱང་ཡོངས་སུ་སྣང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་འདི་སྙམ་དུ་གྱུར་ཏེ། བྱང་ཆུབ་སེམས་དཔའ་འདི་དག་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ནི་གང་དང་གང་ནས་ལྷགས། དེ་བཞིན་གཤེགས་པ་ནི་གང་དང་གང་གི་ཞབས་ཀྱི་དྲུང་ནས་ཕྱིན་སྙམ་སྟེ། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་ སེམས་དཔའ་འདི་དག་ལྷགས་ནི་གང་ནས་ལྷགས། འཇིག་རྟེན་གྱིས་ཁམས་འབྱམ་ཀླས་པ་ནི་གང་ཤེད་ནས། དེ་བཞིན་གཤེགས་པ་ནི་གང་ཞིག་གི་ཞབས་ཀྱི་དྲུང་ནས་འདིར་ཕྱིན། དེ་ནས་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་དག་དེ་བས་ན་ཁྱོད་ ཉིད་ཀྱིས་བྱང་ཆུབ་སེམས་དཔའ་འདི་དག་འཇིག་རྟེན་གྱི་ཁམས་ནི་གང་ནས་ལྷགས། དེ་བཞིན་གཤེགས་པ་ནི་གང་གི་ཞབས་ཀྱི་དྲུང་ནས་ཕྱིན་པ་ཡོངས་སུ་བརྟག་པ་དང་། ཡོངས་སུ་ དཔྱད་པ་གྱིས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་ཆགས་པ་མྱེད་པའི་མྱིག་གིས་ཀུན་ཏུ་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཐམས་ཅད་ཀྱི་རྗེས་སུ་སོང་བ་ཞེས་བྱ་བ་དང་། ཆོས་ཀྱི་དབྱིངས་ ཤིན་ཏུ་རྣམ་པར་ཕྱེ་བ་ཞེས་བྱ་བ་དང་། མངོན་པར་ཤེས་པ་ཐམས་ཅད་དང་ལྡན་པ་ཞེས་བྱ་བ་དང་། དམིགས་པ་ཐམས་ཅད་དུ་ཤིན་ཏུ་རྣམ་པར་ཕྱེ་བའི་སྙིང་པོ་ཞེས་བྱ་བ་དང་། སེམས་ཅན་ཐམས་ 74-1-187b ཅད་ཀྱི་ལུས་མངོན་པར་ཤེས་པ་དང་ལྡན་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་གཞི་རབ་ཏུ་རྟོགས་པ་ཞེས་བྱ་བ་དག་ལ་མཉམ་པར་ གཞག་གོ། །དེ་ལྟར་དེ་དག་ལ་སྩོགས་པ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུ་ལ་བྱང་ཆུབ་སེམས་དཔའ་རེ་རེས་ཀྱང་མཉམ་པར་བཞགས་ སྟེ། ཀུན་གྱིས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གཞན་དང་གཞན་ཤ་སྟག་ལ་མཉམ་པར་གཞག་ཀྱང་མ་མཐོང་། དེ་བཞིན་གཤེགས་པ་གང་གི་ཞབས་ཀྱི་དྲུང་ན་བྱང་ཆུབ་དཔའ་ དེ་དག་ཚངས་པའི་སྤྱད་པ་སྤྱོད་པ་དེ་དག་ཀྱང་མ་མཐོང་ནས། ཏིང་ངེ་འཛིན་དེ་དག་ལས་ལངས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། ། ཀྱེ་རྒྱལ་བའི་སྲས་བདག་ཅག་བྱང་ཆུབ་སེམས་དཔའ་རེ་རེས་ཀྱང་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྲངས་མང་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུ་ལ་མཉམ་པར་གཞག་ཀྱང་འཇིག་ རྟེན་གྱི་ཁམས་འབྱམ་ཀླས་པ་དེ་དག་ཀྱང་མ་མཐོང་། བྱང་ཆུབ་སེམས་དཔའ་དེ་དག་སངས་རྒྱས་བཅོམ་ལྡན་འདས་གང་གི་ཞབས་ཀྱི་དྲུང་ན་ཚངས་པར་སྤྱོད་པའི་དེ་བཞིན་གཤེགས་པ་ དེ་དག་ཀྱང་མ་མཐོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས། ཡང་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དེ་དག་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས་ དག །ད་དུང་དུ་བྱང་ཆུབ་སེམས་དཔའ་དེ་དག་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་གང་ནས་ལྷགས་པ་དང་། དེ་བཞིན་གཤེགས་པ་གང་གིས་ཞབས་ཀྱི་དྲུང་ནས་ལྷགས་པ་བརྟག་པར་གྱིས་ 74-1-188a ཤིག་དཔྱད་པར་གྱིས་ཤིག །འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་དེ་དག་ནི་མཐོང་བར་དཀའོ། །སངས་རྒྱས་བཅོམ་ལྡན་འདས་གང་གི་ཞབས་ཀྱི་དྲུང་ན་བྱང་ཆུབ་སེམས་དཔའ་ འདི་དག་ཚངས་པའི་སྤྱད་པ་སྤྱོད་པའི་དེ་བཞིན་གཤེགས་པ་དེ་དག་ཀྱང་དེ་བས་ཀྱང་ཤིན་ཏུ་མཐོང་བར་དཀའོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ལས་བྱང་ཆུབ་སེམས་དཔའ་རེ་རེས་ཀྱང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་དུ་ཕྲ་བ་སྙེད་ལ་མཉམ་པར་གཞག་གོ། །དེ་ལྟར་མཉམ་པར་གཞག་ཀྱང་བྱང་ཆུབ་སེམས་དཔའ་དེ་དག་གིས་འཇིག་རྟེན་གྱི་ ཁམས་འབྱམ་ཀླས་པ་དེ་དག་ཀྱང་མ་མཐོང་། སངས་རྒྱས་བཅོམ་ལྡན་འདས་གང་གི་ཞབས་ཀྱི་དྲུང་ན་བྱང་ཆུབ་སེམས་དཔའ་དེ་དག་ཚངས་པའི་སྤྱད་པ་སྤྱོད་པའི་དེ་བཞིན་གཤེགས་པ་དེ་དག་ ཀྱང་མ་མཐོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ཏིང་ངེ་འཛིན་དེ་དག་ལས་ལངས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་སྨྲས་ སོ། །ཀྱེ་རྒྱལ་བའི་སྲས་བདག་ཅག་བྱང་ཆུབ་སེམས་དཔའ་རེ་རེས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་མཉམ་པར་གཞག་ཀྱང་ འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་དེ་དག་ཀྱང་མ་མཐོང་ངོ་། །གང་གི་ཞབས་ཀྱི་དྲུང་ན་བྱང་ཆུབ་སེམས་དཔའ་དེ་དག་ཚངས་པའི་སྤྱད་པ་སྤྱོད་པའི་དེ་བཞིན་གཤེགས་པ་དེ་དག་ཀྱང་མ་ མཐོང་ངོ་། །དེ་དག་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་སྟན་དེ་ལས་ནམ་མཁའི་དབྱིངས་སུ་འཕགས་ཏེ། བཅོམ་ལྡན་འདས་ལ་ལན་བརྒྱ་སྟོང་དུ་ 74-1-188b མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་གཤེགས་པའི་ སྐུ་ཆགས་པ་མྱི་མངའ་བའི་རྒྱན་དང་ལྡན་པ་དུས་གསུམ་མཚུངས་པའི་མཉམ་པར་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་ཀུན་ཏུ་ཁྱབ་པ་ཆོས་ཀྱི་དབྱིངས་ཁོངས་སུ་ ཆུད་པ། འགྲོ་བ་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་རྣམ་པར་དམྱིགས་པ་འདི་ལ་ལྟོས་ཤིག་དང་དེ་ལ་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་ཀྱང་གཟུགས་བརྙན་ དུ་གྱུར་པར་སྣང་ངོ་། །དེ་བཞིན་གཤེགས་པ་འབྱམ་ཀླས་པ་ཐམས་ཅད་ཀྱང་གཟུགས་བརྙན་དུ་གྱུར་པར་སྣང་ངོ་། །བྱང་ཆུབ་སེམས་དཔའ་འབྱམ་ཀླས་པ་ཐམས་ཅད་ཀྱང་གཟུགས་བརྙན་དུ་ འགྱུར་པར་སྣང་ངོ་། །སེམས་ཅན་གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་ཀྱང་གཟུགས་བརྙན་དུ་གྱུར་པར་སྣང་ངོ་། །ལམ་གྱི་རྒྱུད་འབྱམ་ཀླས་པ་ཐམས་ཅད་ཀྱང་གཟུགས་བརྙན་དུ་ འགྱུར་པར་སྣང་ངོ་། །ཀྱེ་རྒྱལ་བའི་སྲས་དག་དེ་བས་ན་ཁྱོད་ཀྱི་རང་གི་ལུས་ཀུན་ཏུ་ལྟ་བའི་མྱིག་དང་ལྡན་པར་བྱིན་གྱིས་རློབས་ལ་ཤེས་རབ་ཀྱི་མྱིག་ནམ་མཁའི་དབྱིངས་ཀྱིས་ཀླས་ པར་བྱིན་གྱིས་རློབས་ཏེ། ཡེ་ཤེས་ཡངས་པའི་མྱིག་དམྱིགས་པ་ཐམས་ཅད་ཀྱི་རྗེས་སུ་སོང་ལ་ཁོང་དུ་ཆུད་པར་གྱིས་ཕྱོགས་འབྱམ་ཀླས་པ་ཐམས་ཅད་དུ་དེ་བཞིན་གཤེགས་ པ་ཐམས་ཅད་བྱིན་གྱི་རློབ་སྟེ། དེ་བཞིན་གཤེགས་པའི་སྐུ་ཐམས་ཅད་དུ་མྱི་གནས་པ་འདི་ལ་གནས་པ་ཐམས་ཅད་ཡོངས་སུ་བསལ་བའི་བལྟ་བས་བལྟོས་ཤིག ། 74-1-189a མངོན་པར་ཞེན་པ་ཐམས་ཅད་ལས་གྱེན་དུ་འཕགས་པ་དང་སྲིད་པ་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ་དང་ཤིན་ཏུ་ཕྲ་བའི་ཚུལ་གྱིས་སྟོབས་བཅུའི་སྟོབས་ཡོངས་སུ་ནོན་པ་དང་། དམྱིགས་ པ་ཆུང་ངུ་ལ་རྒྱ་ཆེན་པོར་འཇུག་པའི་ལྟ་བས་ལྟོས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཀུན་ཏུ་བཟང་པོའི་གདམ་ངག་བཞིན་དུ་ ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་སེམས་ཤིང་རྟོག་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ཀྱི་མཐིལ་གཉིས་འཁོར་ལོ་རྩིབས་སྟོང་ལྡན་པ་ལ་འཇིག་རྟེན་གྱི་ ཁམས་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་ཞེས་བྱ་བ་ཡོད་ཏེ། འཇིག་རྟེན་གྱི་ཁམས་དེ་ན་དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས་ཀྱི་རྒྱན་གྱི་རྒྱལ་པོ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་ངོ་ཆོས་ སྟོན་ཏོ། །དེའི་སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་སྣང་བ་མཛོད་ཀྱི་སྙིང་པོས་བྱུང་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་འཁོར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་ མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་བསྐོར་ཅིང་མདུན་དུ་བྱས་ཏེ་འོངས་ནས་སེང་གེའི་ཁྲི་ཆགས་པ་མེད་པའི་རྒྱན་གྱི་སྙིང་པོ་ཅན་ལ་འདུག་གོ། །བཅོམ་ལྡན་འདས་ ཀྱི་ཞབས་རི་དགས་ཨེ་ན་ཡའི་བྱིན་པ་ལྟ་བུ་གཉིས་ལ་འཇིག་རྟེན་གྱི་ཁམས་ཆགས་པ་མྱེད་པའི་སྙིང་པོ་ཅན་ཞེས་བྱ་བ་ཡོད་དེ་དེ་ན་དེ་བཞིན་གཤེགས་པ་འོད་རྒྱ་མཚོ་ཆགས་པ་མྱེད་ཅིང་དྲི་མ་མྱེད་ པའི་སྙིང་པོ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་ངོ་། །ཆོས་སྟོན་ཏོ། །དེའི་སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་སེམས་དཔའ་ཟབ་མོའི་མཛོད་ཀྱི་སྙིང་པོས་བྱུང་བ་ཞེས་བྱ་བ་བྱང་ཆུབ་སེམས་ 74-1-189b དཔའི་འཁོར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་བསྐོར་ཅིང་མདུན་དུ་བྱས་ཏེ། འོངས་ནས་སེང་གེའི་ ཁྲི་ཆགས་པ་མེད་པའི་རྒྱན་གྱི་སྙིང་པོ་ཅན་ལ་འདུག་གོ། །དེ་བཞིན་གཤེགས་པའི་ཞབས་པུས་མོ་གཉིས་ཀྱི་ལྷ་ང་ལ་འཇིག་རྟེན་གྱི་ཁམས་ས་ལེ་སྦྲམ་ཡོད་པ་ཞེས་བྱ་བ་ཡོད་དེ་དེ་ན་དེ་ བཞིན་གཤེགས་པ་གསེར་འབར་བ་དམ་པ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་ངོ་ཆོས་སྟོན་ཏོ། །དེའི་སངས་རྒྱས་ཀྱི་ཞིང་ན་བྱང་ཆུབ་སེམས་དཔའ་དཔལ་གྱི་གཟི་བརྗིད་མཛོད་ཀྱི་སྙིང་ པོས་བྱུང་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་འཁོར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་ བསྐོར་ཅིང་མདུན་དུ་བྱས་ཏེ། འོངས་ནས་སེང་གེའི་ཁྲི་ཆགས་པ་མྱེད་པའི་རྒྱན་གྱི་སྙིང་པོ་ཅན་ལ་འདུག་གོ། །བཅོམ་ལྡན་འདས་ཀྱི་སྐུ་སྟ་ཟུར་གྱི་དཀྱིལ་འཁོར་ལ་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་ ཚོགས་ཀྱི་རྒྱན་གྱི་སྙིང་པོ་ཅན་ཞེས་བྱ་བ་ཡོད་དེ། དེ་བཞིན་གཤེགས་པ་དགེ་བ་སྣ་ཚོགས་ཀྱི་སྙིང་པོ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་ངོ་ཆོས་སྟོན་ཏོ། །དེའི་སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་ སེམས་དཔའ་སྤྲིན་སྒྲ་ཟབ་མོ་རྣམ་པ་ཐ་དད་པའི་མཛོད་ཀྱི་སྙིང་པོས་བྱུང་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་འཁོར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མྱེད་པ་བྱེ་བ་ཁྲག་ ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་བསྐོར་ཅིང་མདུན་དུ་བྱས་ཏེ་འོངས་ནས་སེང་གེའི་ཁྲི་ཆགས་པ་མེད་པའི་རྒྱན་གྱི་སྙིང་པོ་ཅན་ལ་འདུག་གོ། །བཅོམ་ལྡན་འདས་ཀྱི་སྐུ་ལྟེ་ 74-1-190a བའི་དཀྱིལ་འཁོར་ན་འཇིག་རྟེན་གྱི་ཁམས་རྣམ་པར་སྣང་བའི་སྙིང་པོ་ཅན་ཞེས་བྱ་བ་ཡོད་དེ་ན་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་གཟི་བརྗིད་རྒྱལ་པོ་ཞེས་བྱ་བ་བཞུགས་ཤིང་འཚོ་ སྐྱོང་ངོ་ཆོས་སྟོན་ཏོ། །དེའི་སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་མྱི་ཕྱེད་པའི་གཙུག་གི་མཛོད་ཀྱི་སྙིང་པོས་བྱུང་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་འཁོར་སངས་རྒྱས་ཀྱི་ཞིང་ བརྗོད་དུ་མྱེད་པ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་བསྐོར་ཅིང་མདུན་དུ་བྱས་ཏེ་དེར་འོངས་ནས་སེང་གེའི་ཁྲི་ཆགས་པ་མེད་པའི་སྙིང་པོ་ཅན་ལ་འདུག་གོ། །བཅོམ་ལྡན་འདས་ ཀྱི་ཐུགས་ཀ་ན་འཇིག་རྟེན་གྱི་ཁམས་དཔལ་གྱི་འོད་གཟེར་སྙིང་པོ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དཔལ་གྱི་བེའུ་རྒྱན་གྱིས་བརྒྱན་པའི་སྙིང་པོ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་ངོ་ ཆོས་སྟོན་ཏོ། །དེའི་སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་སེམས་དཔའ་ངག་གི་ལམ་མྱི་གཡོ་བར་ཀུན་ཏུ་འགྲོ་བའི་འོད་གཟེར་སྣང་བའི་གཟི་བརྗིད་ཀྱི་མཛོད་ཀྱི་སྙིང་པོས་བྱུང་བ་ཞེས་བྱ་བ་བྱང་ཆུབ་ སེམས་དཔའི་འཁོར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མྱེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་གྱིས་བསྐོར་ཅིང་མདུན་དུ་བྱས་ཏེ། འོངས་ ནས་སེང་གེའི་ཁྲི་ཆགས་པ་མྱེད་པས་བརྒྱན་པའི་སྙིང་པོ་ཅན་ལ་འདུག་གོ། །བཅོམ་ལྡན་འདས་ཀྱི་སྐུ་ཕྲག་པའི་ལྷུན་གཉིས་ལ་འཇིག་རྟེན་གྱི་ཁམས་གསེར་ཡོད་པ་ཞེས་བྱ་བ་ཡོད་དེ་དེ་ན་དེ་ བཞིན་གཤེགས་པ་གསེར་འབར་བའི་སྙིང་པོ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་ངོ་ཆོས་སྟོན་ཏོ། །དེའི་སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་སེམས་དཔའ་གྲགས་པ་སྙན་པར་ཀུན་ཏུ་ 74-1-190b རྣམ་པར་གྲགས་པའི་འོད་ཀྱི་གཟི་བརྗིད་ཀྱི་མཛོད་ཀྱི་སྙིང་པོས་བྱུང་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་འཁོར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་ རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་བསྐོར་ཅིང་མདུན་དུ་བྱས་ཏེ་འོངས་ནས། སེང་གེའི་ཁྲི་ཆགས་པ་མྱེད་པའི་རྒྱན་གྱི་སྙིང་པོ་ཅན་ལ་འདུག་གོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཞལ་གྱི་ གསུང་གི་དབྱངས་ལ་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་ཚོགས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་འོད་གཟེར་དཔག་ཏུ་མྱེད་པའི་གཟི་བརྗིད་ཀྱིས་རབ་ཏུ་རྒྱན་པའི་རྒྱལ་པོ་ཞེས་བྱ་བ་ བཞུགས་ཤིང་འཚོ་སྐྱོང་ངོ་ཆོས་སྟོན་ཏོ། །དེའི་སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་སེམས་དཔའ་རིའི་རྒྱལ་པོ་མྱི་གཡོ་བའི་འོད་གཟེར་སྣང་བའི་གཟི་བརྗིད་མཛོད་ཀྱི་སྙིང་པོས་བྱུང་བ་ཞེས་བྱ་ བ་བྱང་ཆུབ་སེམས་དཔའི་འཁོར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་བསྐོར་ཅིང་མདུན་དུ་བྱས་ཏེ་འོངས་ ནས་སེང་གེའི་ཁྲི་ཆགས་པ་མྱེད་པའི་རྒྱན་གྱི་སྙིང་པོ་ཅན་ལ་འདུག་གོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྨྱིན་མཚམས་ན་འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་མི་ཟད་པའི་ མཛོད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ཡེ་ཤེས་དུས་གསུམ་དུ་མི་ཟད་པའི་མཛོད་ཅེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་ངོ་ཆོས་སྟོན་ཏོ། །དེའི་སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་སེམས་ དཔའ་ཀུན་ནས་བལྟ་བའི་གཟུགས་རྣམ་པར་དམྱིགས་པའི་འོད་གཟེར་གྱི་རྒྱལ་པོ་སྣང་བའི་གཟི་བརྗིད་མཛོད་ཀྱི་སྙིང་པོས་བྱུང་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་འཁོར་སངས་རྒྱས་ཀྱི་ཞིང་ 74-1-191a བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་གྱིས་བསྐོར་ཅིང་མདུན་དུ་བྱས་ཏེ། འོངས་ནས་སེང་གེའི་ཁྲི་ཆགས་པ་མྱེད་པའི་རྒྱན་གྱི་ སྙིང་པོ་ཅན་ལ་འདུག་གོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དབུ་ལ་འཇིག་རྟེན་གྱི་ཁམས་གཞི་སྤྱིའུ་ཚུགས་ཀྱི་ལྷུན་ཡོངས་སུ་འཛིན་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་རིན་ པོ་ཆེའི་མྱེ་ཏོག་བརྩེགས་པ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་ངོ་ཆོས་སྟོན་ཏོ། །དེའི་སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་སེམས་དཔའ་སྟོབས་བཅུ་རྣམ་པར་དག་པ་ཐུབ་པ་མྱེད་པའི་འོད་གཟེར་སྣང་བའི་ གཟི་བརྗིད་ཀྱི་མཛོད་ཀྱི་སྙིང་པོས་བྱུང་བ་བྱ་བ། བྱང་ཆུབ་སེམས་དཔའི་འཁོར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་ བ་སྙེད་ཀྱིས་བསྐོར་ཅིང་མདུན་དུ་བྱས་ཏེ་འོངས་ནས། སེང་གེའི་ཁྲི་ཆགས་པ་མྱེད་པའི་རྒྱན་ཀྱི་སྙིང་པོ་ཅན་ལ་འདུག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་འཇིག་རྟེན་ གྱི་ཁམས་རྒྱ་མཚོ་དེ་དག་དང་། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་དེ་དག་དང་། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དེ་དག་དང་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་དེ་དག་མཐོང་ བར་གྱུར་ནས། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལས་བྱང་ཆུབ་སེམས་དཔའ་རེ་རེས་ཀྱང་ཏིང་ངེ་འཛིན་ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་ལ་སྩོགས་པ་ཏིང་ངེ་འཛིན་སངས་རྒྱས་ཀྱི་ཞིང་བཅུའི་ རྡུལ་ཤིན་ཏུ་ཕྲ་བ་སྙེད་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་རེ་རེས་ཀྱང་གཟུངས་ཆོས་ཐམས་ཅད་ལས་སྩོགས་པ་གཟུངས་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཐོབ་ 74-1-191b པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་རེ་རེས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡུལ་དང་བྲལ་བའི་སྙིང་པོ་ལ་སྩོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ ཤིན་ཏུ་ཕྲ་བ་སྙེད་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལས་བྱང་ཆུབ་སེམས་དཔའ་རེ་རེས་ཀྱང་སྟོབས་ཀྱི་གློག་ལ་སྩོགས་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གློག ། སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཐོབ་པར་གྱུར་ཏོ། །ཀྱེ་རྒྱལ་བའི་སྲས་དག་ཆོས་ཀྱི་སྒོ་འདི་དག་ནས་བསམ་པ་རྡོ་རྗེ་དམ་པ་ལྟ་བུར་བྱས་ཏེ། ཡོངས་སུ་ཆུབ་པར་བྱའོ། །རིམ་གྲོ་ཆེན་པོ་ དང་ལྡན་པའི་བསམ་པས་ཡོངས་སུ་སྲུང་བར་བྱའོ། །ཀྱེ་རྒྱལ་བའི་སྲས་ཆོས་ཀྱི་སྒོ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ། ཀུན་ཏུ་བཟང་ པོའི་སྤྱོད་པ་ལ་ཞུགས་པ་རྣམས་མ་གཏོགས་པར་གཞན་གྱི་རྣ་ལམ་དུ་འགྲོ་བར་མྱི་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས་དེ་སྐད་ཅེས་སྨྲས་པ་དང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དེ་དག་ཡིད་དགའ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས་སྨྲས་པ་ལ་མངོན་པར་དགའོ། །ཀུན་ཏུ་བཟང་པོས་བསྟན་པའི་ལེའུ་ཞེས་བྱ་ བ་སྟེ། སུམ་ཅུ་རྩ་གཉིས་པའོ།། །། བཅོམ་ལྡན་འདས་ཐོག་མ་མངོན་པར་སངས་རྒྱས་པ་ཕོ་བྲང་འོད་ཐམས་ཅད་ཀྱི་སྙིང་པོ་ཅན་ན་དེ་བཞིན་དུ་མཉམ་པར་གཞག་པར་བཅོམ་ལྡན་འདས་བསམ་ གཏན་ཁྲག་ཁྲིག་བརྒྱའི་ཏིང་ངེ་འཛིན་དང་། ཐམས་ཅད་ཀྱིས་མྱེ་ཕྱིད་པའི་ལྷག་པའི་བསམ་པས་ཐོབ་པའི་ཐམས་ཅད་མཁྱེན་པའི་སྟོབས་དང་དེ་བཞིན་གཤེགས་པའི་སྐུ་ཤིན་ཏུ་དག་པ་ 74-1-192a དང་། གནས་མྱེད་པ་ལ་རྟེན་པའི་སངས་རྒྱས་ཀྱི་སྐུ་དང་མྱི་གཉིས་པའི་ཞི་གནས་དང་ཡང་དག་པར་ལྡན་པ་དང་། ཚད་མྱེད་པར་ཁྱབ་པའི་སངས་རྒྱས་ཀྱི་ཆེ་བ་ཉིད་དང་མྱི་གནས་ པའི་བསམ་གཏན་གྱི་རྒྱུད་དང་འགྲོ་བ་ཐམས་ཅད་ཀྱིས་རྣམ་པར་དམྱིགས་པའི་དེ་བཞིན་གཤེགས་པ་ལྟ་བ་དང་དུས་ལ་བབ་པའི་སངས་རྒྱས་འབྱུང་བ་དང་སྐད་ཅིག་གཅིག་གིས་བྱུང་བའི་ མཚན་ཉིད་མྱེད་པ་ལ་སྤྱོད་པས་བཞུགས་ཏེ། བྱང་ཆུབ་སེམས་དཔའ་དབང་བསྐུར་བ་བྱང་ཆུབ་སེམས་དཔའི་རྣམ་པར་དགོད་པ་ལ་རབ་ཏུ་གནས་པ་མཐའ་དང་དབུས་མྱེད་པའི་ཆོས་ཀྱི་ དབྱིངས་ཀྱི་བྱང་ཆུབ་སེམས་དཔའི་ཡོངས་སུ་དག་པ་དང་ལྡན་པ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཀུན་ཏུ་ལྟ་བ་རབ་ཏུ་ཐོབ་པ་འགྲོ་བ་ཐམས་ཅད་བདེ་བར་བྱེད་པའི་སྙིང་རྗེ་ཆེན་ པོ་རབ་ཏུ་ཐོབ་པོ། །བདུད་ཀྱི་དཔུང་ཐམས་ཅད་རབ་ཏུ་འཇོམས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡང་དག་པར་བསྒྲུབ་པ་འགྲོ་བ་ཐམས་ཅད་རབ་ཏུ་ཞི་བར་གནས་པར་བྱེད་པས། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་མྱི་གནས་པ་ལ་གནས་པ། སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ཐབས་གཅིག་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྡོ་རྗེའི་ གརྩུག་དང་གཞལ་དུ་མྱེད་པའི་བློ་གྲོས་དང་། ཞི་བའི་བློ་གྲོས་དང་གཏོང་བའི་བློ་གྲོས་དང་། ཀླུའི་བློ་གྲོས་དང་ཐོབ་པའི་བློ་གྲོས་དང་། སྦྱིན་པའི་བློ་གྲོས་དང་སྟོབས་ཀྱི་བློ་གྲོས་དང་བསམ་གྱི་ མྱི་ཁྱབ་པའི་བློ་གྲོས་དང་། ཆགས་པ་མྱེད་པའི་བློ་གྲོས་དང་། མཆོག་གི་བློ་གྲོས་དང་ལྷའི་བློ་གྲོས་དང་། མཆོད་སྦྱིན་བྱས་པའི་བློ་གྲོས་དང་མཐུའི་བློ་གྲོས་དང་། དོན་གྱི་ 74-1-192b བློ་གྲོས་དང་ཆོས་ལ་དད་པའི་བློ་གྲོས་དང་། ཆོས་ཀྱི་བློ་གྲོས་དང་ཞི་བའི་བློ་གྲོས་དང་། ནམ་མཁའི་བློ་གྲོས་དང་། སྐད་ཅིག་གཅིག་གི་བློ་གྲོས་དང་། ལེགས་པའི་བློ་གྲོས་དང་སྡོམ་པའི་བློ་གྲོས་དང་། ནམ་མཁའི་བློ་གྲོས་དང་། སྟོབས་ཀྱི་བློ་གྲོས་དང་། གླང་པོའི་བློ་གྲོས་དང་། སངས་རྒྱས་ཀྱི་མཐུའི་བློ་གྲོས་དང་། དོན་རྣམ་པར་དམིགས་པའི་བློ་གྲོས་དང་། དམ་པའི་བློ་གྲོས་དང་། ཡེ་ཤེས་སྣང་བའི་བློ་གྲོས་དང་འཕགས་པའི་བློ་གྲོས་དང་དྲན་པའི་རྒྱན་དང་། དངོས་པོ་མྱེད་པའི་མཐར་ཕྱིན་པ་དང་། རང་བཞིན་གྱི་རྒྱན་དང་ཡུལ་ཟབ་མོ་དང་གནས་དང་གནས་མ་ཡིན་པ་ ལ་མཁས་པ་དང་། ཀླུའི་འོད་དང་སྣང་བ་འཛིན་པ་དང་། སངས་རྒྱས་ཀྱི་རིམ་གྲོ་ལ་བརྩོན་པ་དང་། སེམས་ཀྱི་རྒྱལ་པོ་དང་སྤྱོད་པ་གཅིག་པ་དང་མངོན་པར་ཤེས་པ་མཉམས་པ་དང་ཡེ་ཤེས་ཀྱི་ཚོགས་ དང་ཡོན་ཏན་འབྱུང་གནས་དང་ཆོས་ཀྱི་སྒྲོན་མ་དང་འགྲོ་བ་འཛིན་པ་དང་བདེ་བ་བྱེད་པ་དང་། མཆོག་ཏུ་གྱུར་པ་དང་བླ་ན་མྱེད་པ་དང་མཉམ་པ་མེད་པ་དང་འདྲ་བ་མྱེད་པ་དང་། འོད་ཐོགས་པ་མྱེད་པ་དང་། འོད་རབ་ཏུ་སྣང་བ་དང་། གྲགས་པ་མེད་པའི་འོད་དང་ཤིན་ཏུ་རྣམ་པར་སྣང་བ་དང་ལགས་པ་བརྟན་པ་དང་ཆོས་ཀྱི་ཆར་པ་དང་ཐིག་ལེ་དམ་པ་དང་། ཡེ་ཤེས་ཀྱི་མིག་དང་ཆོས་ཀྱི་མིག་དང་ཤེས་ རབ་ཀྱི་སྤྲིན་དང་སའི་རྒྱལ་པོ་དང་སྨོན་ལམ་ཁྱད་པར་དུ་ཐོགས་པ་མེད་པས་འགྲོ་བ་དང་ཡེ་ཤེས་སྙིང་པོ་དང་བསམ་པའི་རྒྱལ་པོ་དང་ནང་གིས་ཡང་དག་པར་གྲུབ་པ་དང་ཐམས་ཅད་མཁྱེན་པའི་ སྤྱོད་ཡུལ་དང་། སའི་སྟོབས་ཀྱིས་རྣམ་པར་གནོན་པ་དང་ས་དང་སྟོབས་དང་། མྱི་འཇིགས་པ་འཛིན་པ་དང་ཟླ་བ་བཟང་པོ་དང་རི་བོ་ཆེན་པོ་དཔལ་དང་། རིན་པོ་ཆེ་ཆེན་པོའི་དཔལ་དང་བར་སྣང་གི་ 74-1-193a རྒྱུད་དང་། ཁམས་ཆེན་པོའི་རྒྱལ་པོ་དང་དཀྱིལ་འཁོར་མཉམ་པ་ཁོང་དུ་ཆུད་པ་དང་། གཟི་བརྗིད་གཞན་གྱིས་མི་ཕམ་པ་དང་ཀླུ་ཆེན་པོ་ལྟ་བའི་དཔལ་དང་མཉམ་པ་ཉིད་ཀྱི་ངང་ཚུལ་དང་ཕྱིར་ མྱི་ལྡོག་པའི་བརྩོན་འགྲུས་དང་སངས་རྒྱས་ཀྱི་འཁོར་ལོ་ཡང་དག་པར་འཛིན་པའི་དཔལ་དང་། དྲན་པའི་ཡུལ་ཉམས་པ་མྱེད་པ་དང་བསམ་གྱིས་མྱི་ཁྱབ་པའི་བློ་གྲོས་ཀྱིས་རྣམ་པར་རྟོགས་པ་ དང་མཐའ་དང་དབུས་མེད་པའི་བློ་རྣམ་པར་རོལ་པ་དང་། མཛོད་ཟད་མི་ཤེས་པ་དང་ཡེ་ཤེས་ཉི་མའི་དཔལ་དང་ཆོས་ཀྱི་ཉི་མ་དང་། ཡེ་ཤེས་ཕུན་སུམ་ཚོགས་པའི་སྙིང་པོ་དང་བློ་དམ་པའི་ཆར་ འབེབས་པ་དང་། ཀུན་ཏུ་ལྟ་བ་དང་བལྟ་ན་དོན་ཡོད་པ་དང་རྡོ་རྗེ་མངོན་པར་ཤེས་པ་དང་། ཡེ་ཤེས་རྡོ་རྗེའི་བློ་གྲོས་དང་ཀུན་ཏུ་མྱིག་གི་དཔལ་དང་། སངས་རྒྱས་ཀྱི་དོན་གྱི་ཉི་མ་དང་སངས་རྒྱས་ ཀྱི་རྡོ་རྗེ་ཡང་དག་པར་གཟུང་བའི་བསམ་པ་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱིག་གི་ཡུལ་ཀུན་ཏུ་ཡེ་ཤེས་ཀྱི་རྒྱན་དང་། དེ་དག་ལས་སྩོགས་པ་བྱང་ཆུབ་སེམས་དཔའ་སངས་ རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་ཀུན་ཀྱང་སྔོན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། དགེ་བའི་རྩ་བ་ལ་གྲོགས་སུ་གྱུར་པ་ ཤ་སྟག་དང་ཐབས་གཅིག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་མྱིག་དེའི་ཚེ་སངས་རྒྱས་ཀྱི་མཐུས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་གཡས་པའི་ 74-1-193b ལྷ་ང་ས་ལ་བརྩུགས་སྟེ། བཅོམ་ལྡན་འདས་ག་ན་བ་དེར་ཐལ་མོས་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་བདག་གིས་ཞུས་ནས་ཞུས་པའི་ལུང་བསྟན་པར་བཅོམ་ ལྡན་འདས་ཀྱིས་སྐབས་དབྱེ་བར་གནང་ན། བདག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱོགས་གཅིག་ཅིག་ཞུའོ། །དེ་སྐད་ཅེས་གསོལ་པ་ དང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་མྱིག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་ཏུ་མྱིག་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་ཅི་དང་ཅི་འདོད་པ་དྲིས་ ཤིག་དང་ངས་དྲིས་པ་དེ་དང་། དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་ཚིམ་པར་བྱའོ། །དེ་སྐད་ཅེས་བཀའ་བསྩལ་པ་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་མྱིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཏིང་ངེ་འཛིན་རྣམ་པར་ཐར་པ་དུ་མ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྒོ་དང་། ཀུན་ཏུ་བཟང་པོའི་སྤྱོད་པ་དང་སྨོན་ལམ་དུ་ལྡན་ པ་རྣམས་ཏིང་ངེ་འཛིན་དང་རྣམ་པར་ཐར་པ་ལ་སྙོམས་པར་འཇུག་ཅིང་རྣམ་པར་ལྡང་བ་ལགས། ཏིང་ངེ་འཛིན་གྱི་ཁྱད་པར་གྱི་གནས་འཐོབ་པ་ལགས། བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་ བསམ་གྱིས་མྱི་ཁྱབ་པ་ལ་སྙོམས་པར་འཇུག་པ་དང་རྣམ་པར་ལྡང་བ་ལ་མཁས་པ་རྒྱུན་མྱི་འཆད་པ་འཐོབ་པ་ལགས། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཁྱུ་མཆོག་གི་མཐུ་དང་རྣམ་པར་འཕྲུལ་པ་དང་ལྡན་པ་ལགས་ དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་མྱིག་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ། །ཀུན་ཏུ་མྱིག་དེ་ལྟར་ཁྱོད་ཀྱིས་འདས་པ་དང་མ་འོངས་དང་པ། 74-1-194a ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཐམས་ཅད་དང་། དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཐམས་ཅད་ཀྱི་དོན་དུ་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་ སེམས་པ་ལེགས་སོ་ལེགས་སོ། །ཀུན་ཏུ་མྱིག་དེ་བས་ན་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་བསམ་གྱི་མྱི་ཁྱབ་པའི་བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་དང་ལྡན་པ། བྱང་ཆུབ་ སེམས་དཔའི་ཁྱུ་མཆོག་གི་མཐུ་བསྒྲུབ་པར་དཀའ་བ་དང་ལྡན་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཚད་མྱེད་པས་མངོན་པར་བྱུང་བ། བྱང་ཆུབ་སེམས་དཔའི་ཆོ་འཕྲུལ་དང་། རྣམ་ པར་འཕྲུལ་པ་ལ་ཤིན་ཏུ་བསླབས་པ་བྱང་ཆུབ་སེམས་དཔའི་སྨོན་ལམ་བསྒྲུབ་པར་དཀའ་བས་རྣམ་པར་སྦྱངས་པ་བྱང་ཆུབ་སེམས་དཔའི་འབྱུང་བ་ཕྱིར་མྱི་ལྡོག་པ་དང་ལྡན་པ། ཕ་རོལ་ཏུ་ཕྱིན་ པའི་ཚུལ་མཐའ་ཡས་པས་རྣམ་པར་སྦྱངས་པ། གཟུངས་འཐོབ་པར་བྱ་བ་མུ་མྱེད་པ་དང་ལྡན་པ་ཐ་དད་པ་ཡང་དག་པར་ཤེས་པ། ཟད་མྱི་ཤེས་པས་ཐོགས་པ་མྱེད་པར་རྣམ་པར་དག་པ། འགྲོ་བ་ ཐམས་ཅད་ལ་སྐྱོ་བ་མྱེད་པ་ཐོབ་པའི་སྙིང་རྗེ་ཆེན་པོས་ཕྱི་མའི་མཐའི་མུར་ཐུག་པའི་སྨོན་ལམ་དང་ལྡན་པ། འདི་འཁོར་འདིར་འདུས་ཏེ། འདུག་པ་ཡིན་གྱིས་དེ་ལ་དྲིས་ཤིག་དང་། ཏིང་ངེ་འཛིན་དང་ རྣམ་པར་འཕྲུལ་པ་སྟོན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའི་འཁོར་དེ་དག་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་མྱིང་ཐོས་མ་ཐག་ཏུ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་བསམ་གྱིས་མྱི་ཁྱབ་ པ་མངོན་དུ་གྱུར་ཏོ། །ཆགས་པ་མྱེད་པའི་སེམས་རྣམ་པར་ཕྱེ་བས་ཀྱང་བྱིན་གྱིས་བརླབས་པར་གྱུར་ཏོ། །ཡེ་ཤེས་བསམ་གྱིས་མྱི་ཁྱབ་པར་འཇུག་པར་བྱ་བ་ལ་འང་རབ་ཏུ་གཞོལ་བར་གྱུར་ཏོ། ། 74-1-194b ཡེ་ཤེས་མྱི་ཕྲོགས་པའི་སྤྱོད་ཡུལ་ཡང་རབ་ཏུ་བྱུང་ངོ་། །དེ་བཞིན་གཤེགས་པ་གྲངས་མྱེད་པ་མཐོང་ཞིང་རྣམ་པར་དམྱིགས་པ་ཡང་མངོན་དུ་གྱུར་ཏོ། །དེ་བཞིན་གཤེགས་པའི་སྟོབས་ཚད་མེད་པ་ཁོང་ དུ་ཆུད་པར་གྱུར་ཏོ། །དེ་བཞིན་གཤེགས་པ་དང་རྒྱུད་ཀྱི་ཚུལ་གཅིག་པ་ཡང་རྗེས་སུ་རྟོགས་པར་གྱུར་ཏོ། །དུས་གསུམ་མཐའ་ཡས་པ་ལ་འཇུག་པ་ཡང་ཁོང་དུ་ཆུད་པར་གྱུར་ཏོ། །བསོད་ནམས་ཟད་ མྱི་ཤེས་པའི་བྱིན་ཀྱང་ཐོབ་པར་གྱུར་ཏོ། །རྣམ་པར་འཕྲུལ་པ་བཟང་པོ་ཡོངས་སུ་རྫོགས་པར་བྱ་བ་འང་ཁོང་དུ་ཆུད་པར་གྱུར་ནས། དེ་དག་ཐམས་ཅད་རིམ་གྲོ་དང་བཅས་ཤིང་བརྗེད་པ་དང་བཅས་པས་ དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་བལྟ་བར་གྱུར་ན། དེ་བཞིན་གཤེགས་པའི་བྱིན་གྱི་བརླབས་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྫུ་འཕྲུལ་གྱི་ཁྱུ་མཆོག་གི་མཐུས་ བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཡང་མ་མཐོང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ལུས་ཀྱང་མ་མཐོང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་གང་ན་གནས་པའི་སྟན་ཡང་ མ་མཐོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་མྱིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ད་ལྟ་ག་ལ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ཀུན་ཏུ་མྱིག་འཁོར་འདི་ཉིད་ན་ངའི་ཞབས་ཀྱི་དྲུང་ན་འདུག་གོ། །ངའི་ཞབས་ཀྱི་དྲུང་ནས་སྤྱོད་དོ། །ངའི་ཞབས་ཀྱི་དྲུང་ནས་མ་གཡོས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་མྱིག་དང་། བྱང་ཆུབ་སེམས་དཔའི་འཁོར་དེ་དག་ཐམས་ཅད་ཀྱིས་ཡང་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་རྣམ་པར་བལྟས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ 74-1-195a བདག་ཅག་གིས་ཀུན་ཏུ་བཟང་པོ་དེ་མ་མཐོང་ངོ་། །དེའི་ལུས་ཀྱང་མ་མཐོང་དེའི་སྟན་ཡང་མ་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་ཁྱེད་ཀྱིས་ བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ལུས་མ་མཐོང་ཞིང་སྟན་མ་མཐོང་བ་ནི། དེ་དེ་བཞིན་ཏེ་ཡུས་སོ་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དེ་ནི་བརྗོད་དུ་ མྱེད་ཅིང་ཟབ་པ་ལ་གནས་པ་སྟེ། འདི་ལྟར་ཡེ་ཤེས་ཀྱི་དབྱིངས་མཐའ་ཡས་པ་ལ་འཇུག་པ་ལ་ཞུགས་པའོ། །སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་རབ་ཏུ་ཐོབ་པའོ། །སངས་རྒྱས་ ཀྱི་ཆོ་འཕྲུལ་བླ་ན་མྱེད་པ་རབ་ཏུ་ཐོབ་པའོ། །ཆགས་པ་མྱེད་པའི་མཐས་རྣམ་པར་དག་པའི་དེ་བཞིན་གཤེགས་པའི་སྟོབས་བཅུས་གྲུབ་པའོ། །ཆོས་ཀྱི་དབྱིངས་དམ་པའི་ལས་དང་ལྡན་པའོ། ། སངས་རྒྱས་ཐམས་ཅད་ཀྱི་བྱིན་ཀྱི་བརླབས་ལ་གནས་པའོ། །འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་དང་ཡེ་ཤེས་ཐ་མྱི་དད་པའི་རྒྱུན་དང་ལྡན་པའོ། །འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་འདི་ནི་སེམས་སྐད་ཅིག་གི་མཐའི་རྗེས་སུ་འབྲང་བའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་མྱིག་གིས་དེ་བཞིན་གཤེགས་པ་ལས་ཀུན་ཏུ་བཟང་ པོའི་ཡོན་ཏན་རྣམ་པར་དག་པ་ཐོས་མ་ཐག་ཏུ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྲངས་མྱེད་པ་བརྒྱ་སྟོང་ཕྲག་བཅུ་ལ་མཉམ་པར་བཞགས་སྟེ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ མངོན་པར་འདོད་ཅིང་མཐོང་བར་བྱ་བ་དང་། གསོལ་བ་གདབ་པའི་བསམ་པས་ཚོལ་ལོ། །ཡོངས་སུ་ཚོལ་ལོ་རབ་ཏུ་རྟོག་གོ། །ཤིན་ཏུ་ཞིབ་ཅིང་བརྟགས་པར་རྣམ་པར་དཔྱོད་དོ། །རྗེས་སུ་རྟོག་ 74-1-195b གོ། །རྣམ་པར་ལྟའོ་འོན་ཀྱང་བྱང་ཆུབ་སེམས་དཔའ་ཀུན་ཏུ་མྱིག་གིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་མ་མཐོང་ངོ་། །བྱང་ཆུབ་སེམས་དཔའི་འཁོར་དེ་དག་ཐམས་ཅད་ཀྱིས་ ཀྱང་མཐོང་བར་མ་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་མྱིག་ཏིང་ངེ་འཛིན་དེ་ལས་ལངས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཏིང་ངེ་འཛིན་གྲངས་ མ་མཆིས་པ་སྟོང་ཕྲག་བཅུ་ལ་མཉམ་པར་གཞག་སྟེ། རྣམ་པར་བལྟས་ཀྱང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་མ་མཐོང་ངོ་། །དེའི་ལུས་ཀྱི་ལས་ཀྱང་མ་མཐོང་ངོ་། །དེའི་ངག་དང་ངག་ གིས་ལས་ཀྱང་མ་ཐོང་ངོ་། །དེའི་ཡིད་དང་ཡིད་ཀྱིས་ལས་ཀྱང་མ་མཐོང་ངོ་། །དེའི་སྟན་ཡང་མ་མཐོང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཀུན་ཏུ་བཟང་པོ་དེ་གང་ན་མཆིས་པ་དང་སྤྱད་པའི་ཕྱོགས་དེ་ཡང་མ་ མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་མྱིག་དེ་ནི་དེ་བཞིན་ཏེ། ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དེ་མྱི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་ དཔའི་རྣམ་པར་ཐར་པ་བསམ་གྱིས་མྱི་ཁྱབ་པ་ལ་ཤིན་ཏུ་བསླབས་པས་ན་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའོ། །ཀུན་ཏུ་མྱིག་དེ་ལ་ཇི་སྙམ་དུ་སེམས། སྒྱུ་མའི་གཟུགས་ཀྱི་རྣམ་པ་ སྣ་ཚོགས་མང་པོ་སྒྱུ་མའི་སྔགས་ཀྱི་ཡི་གེ་གང་ལ་གནས་པ་དམྱིགས་པར་ནུས་སམ། བཙུན་པ་བཅོམ་ལྡན་འདས་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་མྱིག་སྒྱུ་ མའི་སྔགས་ཀྱི་གཟུགས་ཀྱིས་རྣམ་པ་དེ་དག་ཀྱང་དམྱིགས་ཤིང་བསྟན་པར་མྱི་ནུས་ན། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ལུས་ཀྱི་སྤྱོད་ཡུལ་གསང་བ་དང་། ངག་གི་སྤྱོད་ཡུལ་ 74-1-196a གསང་བ་དང་། ཡིད་ཀྱི་སྤྱོད་ཡུལ་གསང་བ་ལ་འཇུག་པར་མྱི་ནུས་པ་དང་། མཐོང་བར་མྱི་ནུས་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ ནི་ཟབ་ཅིང་། བསམ་གྱིས་མྱི་ཁྱབ་པར་རྣམ་པར་དཔྱོད་པའོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ནི་ཚད་མྱེད་ཅིང་ཚད་ལས་འདས་པ་སྟེ། ཡེ་ཤེས་རྡོ་རྗེའི་བློ་དང་ལྡན་པའོ། །ཆོས་ཀྱི་ དབྱིངས་མཐའ་དང་དབུས་མྱེད་པ་ལ་ཡང་དག་པར་གནས་པའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གནས་མྱེད་པར་སྤྱོད་ཅིང་། སེམས་ཅན་ཐམས་ཅད་ཀྱི་ལུས་དང་གཟུགས་ཀྱི་རྗེས་ སུ་ཞུགས་པའོ། །བླང་བ་མྱེད་པའི་ཆོས་ཀྱི་ཚུལ་དང་ལྡན་པའོ། །མྱི་ཟད་ཅིང་ཐ་མྱི་དད་པའི་རྫུ་འཕྲུལ་དང་ཁྱུ་མཆོག་གི་མཐུ་ལ་ལྷུན་གྱིས་གྲུབ་པར་གནས་པའི་མཐར་ཕྱིན་པའོ། །བྱང་ཆུབ་ སེམས་དཔའ་ཀུན་ཏུ་བཟང་པོ་ནི་ཆོས་ཀྱི་དབྱིངས་ཁོང་དུ་ཆུད་པ་དང་ལྡན་པའོ། །དེ་ལྟར་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ནི་བལྟ་ན་དོན་ཡོད་པའོ། །མཉན་ན་དོན་ཡོད་ པའོ་བསྙེན་བཀུར་བྱེད་པ་དོན་ཡོད་པའོ། །བསམ་པ་དོན་ཡོད་པའོ་རྗེས་སུ་དྲན་པ་དོན་ཡོད་པའོ། །དེ་ལ་དད་པར་བྱ་བ་དོན་ཡོད་པའོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དེ་ནི་མཐོང་ན་དོན་ ཡོད་པའོ། །ཐོས་པ་དོན་ཡོད་པའོ། །བསྙེན་བཀུར་བ་དོན་ཡོད་པའོ་བསམ་པ་དོན་ཡོད་པའོ། །རྗེས་སུ་དྲན་པར་བྱས་པ་དོན་ཡོད་པའོ། །དེ་ལ་དད་པར་བྱས་པ་དོན་ཡོད་པའོ་བལྟ་ན་དོན་ ཡོད་པའོ། །བརྟགས་ན་དོན་ཡོད་པའོ། །བརྩལ་བ་དོན་ཡོད་པའོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ནི་རྗེས་སུ་སྨོན་ལམ་གདབ་པ་དོན་ཡོད་པའོ། །དེ་ནས་བྱང་ཆུབ་སེམས་ 74-1-196b དཔའ་ཀུན་ཏུ་མྱིག་དང་། བྱང་ཆུབ་སེམས་དཔའི་འཁོར་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་མཐོང་བར་འདོད་ཅིང་། ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་དང་བྱང་ཆུབ་ སེམས་དཔའ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ཞིང་ཚིག་འདི་སྐད་ཅེས་བརྗོད་དོ། །སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ ལོ། །སངས་རྒྱས་ཐམས་ཅད་ལ་བཏུད་དེ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་བཏུད་དེ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཀུན་ ཏུ་མྱིག་དང་བྱང་ཆུབ་སེམས་དཔའི་འཁོར་ཆེན་པོ་དེ་དག་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་ཕྱག་འཚོལ་ལ། གསོལ་བ་ཐོབ་ཤིག་ཕྱོགས་ཐམས་ ཅད་དུ་མངོན་དུ་གྱིས་ལ་ཀུན་ཏུ་མྱིག་གི་ལས་སུ་བྱིན་ཀྱི་རློབ་སྟེ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་དམྱིགས་པ་གྱིས་ལ། ཆོས་ཀྱི་དབྱིངས་ཐམས་ཅད་མངོན་ཏུ་བྱ་བའི་སེམས་ ཀྱིས་བྱིན་གྱིས་བརླབས་པ་གྱིས་ཤིག་སྟེ། ཆོས་ཐམས་ཅད་འདོད་ཆགས་དང་བྲལ་བར་ཁོང་དུ་ཆུད་པར་གྱིས་ལ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་སྨོན་ལམ་གཅིག་པར་བྱུང་སྟེ། གཉིས་སུ་མྱེད་པ་ ལ་མཉམ་པར་ཞོག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་ལུས་ལས་བྱུང་བར་མངོན་པར་བྱིན་གྱི་རློབ་སྟེ་དབང་པོ་ཐ་མྱི་དད་པའི་རྗེས་སུ་འབྲང་བར་གྱིས་ལ། ཀུན་ཏུ་བཟང་པོའི་སྨོན་ལམ་ཀུན་ཏུ་འགྲོ་ བ་ཡོངས་སུ་སྦྱང་བར་གྱིས་ཤིག་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་མཐོང་བར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་མྱིག་གིས་བཅོམ་ལྡན་འདས་ཀྱིས་ 74-1-197a བཀའ་བསྩལ་པ་དེ་ཐོས་ནས། བྱང་ཆུབ་སེམས་དཔའི་འཁོར་དེ་དག་དང་བཅས་པས་སྤྱི་བོས་གཏུགས་ཏེ་ཕྱག་འཚལ་ནས། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་གསོལ་བ་ བཏབ་པོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་གསོལ་བ་བཏབ་པོ། །བྱང་ཆུབ་སེམས་དཔའ་དེ་དག་གིས་གསོལ་བ་བཏབ་མ་ཐག་ཏུ་དེའི་ཚེ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་ པོས་རྣམ་པར་ཐར་པའི་རྣམ་པར་འཕྲུལ་པ་གང་གིས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དེ་བཞིན་གཤེགས་པའི་དྲུང་ན་གནས་ཤིང་ པད་མོའི་སྟན་ལ་འདུག་པར་མཐོང་བར་འགྱུར་བ་དང་། འཁོར་དེའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་ཀྱི་ལས་ཀྱང་འབྱུང་བར་སྣང་བ་དང་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་འབྱམ་ཀླས་པ་ དག་ནས་ཀྱང་འོང་བར་སྣང་བ་དང་། སངས་རྒྱས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཡང་དག་པར་སྟོན་པ་དང་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་ དུ་རབ་ཏུ་བརྗོད་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་རབ་ཏུ་སྟོན་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ལམ་སྣང་བར་བྱེད་པ་དང་། བྱང་ཆུབ་སེམས་དཔའི་རྣམ་ པར་འཕྲུལ་པ་ཐམས་ཅད་ཡང་དག་པར་སྟོན་པ་དང་། བྱང་ཆུབ་སེམས་དཔའི་ཁྱུ་མཆོག་གི་མཐུ་ཕྱུང་བ་ཐམས་ཅད་ཡང་དག་པར་བརྗོད་པ་དང་། དེ་བཞིན་གཤེགས་པ་ཚད་མྱེད་པའི་ དུས་གསུམ་རབ་ཏུ་སྟོན་པ་དེ་ལྟ་བུའི་རྣམ་པར་ཐར་པའི་རྣམ་པར་འཕྲུལ་པ་ཀུན་ཏུ་བསྟན་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་མྱིག་དང་བྱང་ཆུབ་སེམས་དཔའི་འཁོར་དེ་ 74-1-197b དག་ཐམས་ཅད་ཀྱིས་རྣམ་པར་འཕྲུལ་པ་དེ་དག་མཐོང་ནས་དགའ་ཞིང་མགུ་སྟེ། རངས་ནས་རབ་ཏུ་དགའ་ཞིང་བདེ་བ་དང་ཡིད་དགའ་བ་སྐྱེས་ནས་དམྱིགས་པ་ཐམས་ཅད་ཀྱིས་བཏུད་པའི་ རྗེས་སུ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དེའི་ཚེ་སངས་རྒྱས་ཀྱི་བྱིན་གྱི་རླབས་དང་བྱང་ཆུབ་སེམས་དཔའ་དེ་དག་མོས་པ་དང་བྱང་ཆུབ་སེམས་དཔའ་ ཀུན་ཏུ་བཟང་པོའི་སྔོན་གྱི་དགེ་བའི་རྩ་བས་སྤྲིན་གྱི་ཆར་སྟོང་ཕྲག་བཅུ་མངོན་པར་བབ་པར་གྱུར་པ་འདི་ལྟ་སྟེ། མེ་ཏོག་སྣ་ཚོགས་ཀྱི་སྤྲིན་གྱི་ཆར་མངོན་པར་བབ་བོ། །ཕྲེང་བ་སྣ་ཚོགས་ཀྱི་སྤྲིན་གྱི་ཆར་ མངོན་པར་བབ་བོ། །སྤོས་སྣ་ཚོགས་ཀྱི་སྤྲིན་གྱི་ཆར་མངོན་པར་བབ་བོ། །སྤོས་ཀྱི་ཕྱེ་མ་སྣ་ཚོགས་ཀྱི་སྤྲིན་གྱི་ཆར་མངོན་པར་བབ་བོ། །གདུགས་སྣ་ཚོགས་ཀྱི་སྤྲིན་གྱི་ཆར་མངོན་པར་ ནམ་བཟའ་སྣ་ཚོགས་ཀྱི་སྤྲིན་གྱི་ཆར་མངོན་པར་བབ་བོ། །རྒྱན་སྣ་ཚོགས་ཀྱི་སྤྲིན་གྱི་ཆར་མངོན་པར་བབ་བོ། །རིན་པོ་ཆེ་སྣ་ཚོགས་ཀྱི་སྤྲིན་གྱི་ཆར་མངོན་པར་བབ་བོ། །སྤོས་སྣ་ཚོགས་ ཀྱི་སྤྲིན་གྱི་ཆར་མངོན་པར་བབ་བོ། །སྣམ་བུ་རིན་པོ་ཆེའི་སྤྲིན་གྱི་ཆར་མངོན་པར་བབ་བོ། །འཇིག་རྟེན་གྱི་ཁམས་བརྗོད་དུ་མྱེད་པ་རྣམ་པ་དྲུག་ཏུ་གཡོས་སོ་རོལ་མོ་བརྡུང་བ་དང་། དཀྲོལ་བ་ཐམས་ཅད་ ཀྱིས་སྒྲ་མང་པོ་བྱུང་ངོ་། །ལྷའི་ང་རོ་སྙན་པ་མང་པོ་རབ་ཏུ་བྱུང་ངོ་། །འཇིག་རྟེན་གྱི་ཁམས་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་སྣང་བ་ཆེན་པོས་ཁྱབ་པར་སྣང་ངོ་། །འཇིག་རྟེན་གྱི་ ཁམས་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པའི་སེམས་ཅན་རྣམ་པར་དག་པར་གྱུར་ཏེ། །ངན་སོང་གི་ལམ་གྱི་རྒྱུད་གསུམ་རྣམ་པར་ཞི་བར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་བརྗོད་དུ་མྱེད་ 74-1-198a པའི་ཡང་བརྗོད་དུ་མྱེད་པ་རྣམ་པར་དག་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་ཞུགས་པར་ གྱུར་ཏོ། །བྱང་ཆུབ་སེམས་དཔའ་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་ཡོངས་སུ་གྲུབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་བརྗོད་དུ་མྱེད་ པའི་ཡང་བརྗོད་དུ་མྱེད་པ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་སྨོན་ལམ་ཡོངས་སུ་རྫོགས་པར་བྱས་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་ པར་སངས་རྒྱས་པར་གྱུར་ཏེ། དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་མྱིག་གིས་བཅོམ་ལྡན་འདས་ལ་འདི་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ནི། བདག་ཉིད་ཆེ་བ་ལ་མངོན་པར་སྤྱོད་པའོ། །མཚུངས་པ་མ་མཆིས་པ་ལ་རྣམ་པར་སྤྱོད་པའོ། །ཡོངས་སུ་མི་མཆོད་པ་ལ་རྣམ་པར་སྤྱོད་པའོ། །སླར་མྱི་ལྡོག་པ་ལ་རྣམ་པར་སྤྱོད་ པའོ། །མཉམ་པ་ཉིད་རྗེས་སུ་རྟོགས་པ་ལ་རྣམ་པར་སྤྱོད་པའོ། །གཞན་གྱིས་མྱི་ཟློག་པ་ལ་རྣམ་པར་སྤྱོད་པའོ། །ཆོས་ཐམས་ཅད་ཐ་མྱི་དད་པ་ལ་རྣམ་པར་སྤྱོད་པའོ། ། ཆོས་ཐམས་ཅད་མ་འདྲེས་པར་དཔྱོད་པའོ། །སེམས་ཅན་ཐམས་ཅད་ཀྱི་བྱིན་གྱིས་བརླབས་མཁས་པ་ལ་རྣམ་པར་སྤྱོད་པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ནི་ ཆོས་ཐམས་ཅད་ཀྱི་དབང་དང་། ཏིང་ངེ་འཛིན་དང་རྣམ་པར་ཐར་པ་ལ་རྣམ་པར་སྤྱོད་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ཀུན་ཏུ་མྱིག་དེ་ཁྱེད་ཀྱིས་ཇི་སྐད་དུ་སྨྲས་པ་དེ་བཞིན་ཏེ། 74-1-198b བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ནི་ཡོན་ཏན་གྲངས་མྱེད་པས་རྣམ་པར་དག་པའོ། །ཡོན་ཏན་མཚུངས་པ་མྱེད་པས་རྣམ་པར་བརྒྱན་པའོ། །ཡོན་ཏན་ཚད་མེད་པ་རིན་པོ་ཆེ་དང་ལྡན་པའོ། ། ཡོན་ཏན་བསམ་གྱིས་མྱི་ཁྱབ་པའི་འབྱུང་གནས་རྒྱ་མཚོའོ། །ཡོན་ཏན་དཔག་ཏུ་མྱེད་པའི་མཚན་ཉིད་དོ། །ཡོན་ཏན་མུ་མྱེད་པའི་སྤྲིན་ཏོ། །ཡོན་ཏན་ས་འཚམས་མྱེད་པས་བསྔགས་ཤིང་བསྟོད་པའོ། ། ནོར་བུ་རིན་པོ་ཆེ་ཟད་མྱི་ཤེས་པའོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་ནི་སངས་རྒྱས་ཐམས་ཅད་གྱིས་ཡོན་ཏན་བརྗོད་ཅིང་བསྔགས་པ་མྱི་ཟད་པར་ཤེས་པའོ། །དེ་ནས་བཅོམ་ལྡན་འདས་ ཀྱིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་ཏུ་བཟང་པོ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་མྱིག་དང་། བྱང་ཆུབ་སེམས་དཔའི་འཁོར་ཐམས་ ཅད་ལ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་། སྨོན་ལམ་ཡོངས་སུ་རྫོགས་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་ཤི་ཏུ་བསྟན་ པ་གང་གིས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའི་སྤྱོད་པ་བྱུང་བ་དང་། འབྱུང་བ་དང་འབྱུང་བར་འགྱུར་བའི་ཏིང་ངེ་འཛིན་བཅུ་ཤིན་ཏུ་བསྟན་པ་ལ་མཁས་པས་ ཏིང་ངེ་འཛིན་རྒྱ་ཆེན་པོ་ཤིན་ཏུ་བསྟན་པ་སྤོབས་པར་གྱིས་ཤིག །བཅུ་གང་ཞེ་ན་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྒྱ་ཆེན་པོ་ལ་མཁས་པ་རབ་ཏུ་ཐོབ་པ་དང་། རྗེས་སུ་འགྲོ་བ་སྣང་བ་ ཞེས་བྱ་བ་དང་། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྒྱ་ཆེན་པོ་རབ་ཏུ་ཐོབ་པ་ཡིད་དུ་འོང་བ་ཞེས་བྱ་བ་དང་། འདི་ལྟ་སྟེ། ཞིང་འབྱམ་ཀླས་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྗེས་སུ་ 74-1-199a སོང་བ་དང་། འདི་ལྟ་སྟེ། ལྷག་པའི་བསམ་པ་གཙང་མས་སྤྱོད་པ་ཞེས་བྱ་བ་དང་། འདི་ལྟ་སྟེ་འདས་པའི་རྒྱན་གྱི་སྙིང་པོ་ཞེས་བྱ་བ་དང་། འདི་ལྟ་སྟེ། ཡེ་ཤེས་རྣམ་པར་སྣང་བའི་སྙིང་ པོ་ཞེས་བྱ་བ་དང་། འདི་ལྟ་སྟེ། སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་དཀོད་པའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱན་ཅེས་བྱ་བ་དང་། འདི་ལྟ་སྟེ། སེམས་ཅན་གྱི་ལུས་ཐ་མྱི་དད་པ་ཞེས་བྱ་བ་དང་། འདི་ལྟ་སྟེ། སེམས་ཅན་གྱི་ཁམས་ལ་དབང་བ་ཞེས་བྱ་བ་དང་། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྒྱ་ཆེན་པོ་ལ་མཁས་པ་རབ་ཏུ་ཐོབ་པ་ཆགས་པ་མྱེད་པའི་དཀྱིལ་འཁོར་ཅེས་བྱ་ བ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་རྒྱ་ཆེན་པོ་འདི་བཅུ་ནི། འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་སོ། ། གསུང་ངོ་གསུང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་གང་གིས་ཏིང་ངེ་འཛིན་བཅུ་པོ་འདི་དག་ལ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། དངོས་པོར་བྱས་པ་དང་ཤེས་པར་བྱས་པ་དང་། མངོན་དུ་བྱས་པ་དང་མདུན་དུ་བྱས་པ་དང་། མཉམ་པར་བཞག་པ་དང་། ཤིན་ཏུ་བརྩམས་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་བཅུ་པོ་འདི་དག་དང་ལྡན་པས། བྱང་ཆུབ་སེམས་ དཔའ་ཡིན་ཡང་སངས་རྒྱས་ཤེས་བྱའོ། །དེ་བཞིན་གཤེགས་པ་ཞེས་བྱའོ། །སྟོབས་བཅུ་པ་ཞེས་བྱའོ། །འདྲེན་པ་ཞེས་བྱའོ། །རྣམ་པར་འདྲེན་པ་ཞེས་བྱའོ། །ཐམས་ཅད་མཁྱེན་པ་ཞེས་བྱའོ། །ཐམས་ཅད་གཟིགས་པ་ཞེས་ བྱའོ། །ཆགས་པ་མེད་པ་ལ་གནས་པ་ཞེས་བྱའོ། །སྒྲིབ་པ་མྱེད་པའི་སྤྱོད་ཡུལ་ཅན་ཞེས་བྱའོ། །ཆོས་ཐམས་ཅད་ཀྱི་དབང་ཕྱུག་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་གང་གིས་ཏིང་ངེ་འཛིན་ 74-1-199b འདི་དག་ཐོབ་པ་དེ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་སུ་སོང་བ་ཡང་ཡིན་ལ། འཇིག་རྟེན་གྱི་ཁམས་ཐམས་ཅད་ནས་ཕྱིར་ལོག་པ་འང་ཡིན། སེམས་ཅན་ཐམས་ཅད་ཀྱི་ཁམས་སུ་རབ་ཏུ་སོང་ བ་འང་ཡིན་ལ། སེམས་ཅན་མྱེད་པའི་མཐའ་ཡང་ཁོང་དུ་ཆུད་པ་ཡིན། ཆགས་པ་མྱེད་པའི་ལུས་ཀྱི་སྙིང་པོའི་རྗེསུ་སོང་བ་འང་ཡིན་ལ། ཆོས་ཀྱི་དབྱིངས་ཐམས་ཅད་ལ་འཇུག་པར་སྤྱོད་པ་ཡིན་ནོ། ། ཆོས་ཀྱི་དབྱིངས་མཐའ་དང་དབུས་མྱེད་པས་ཀྱང་རྣམ་པར་དག་པ་ལ་འདས་པ་དང་། མ་བྱོན་པ་དང་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡང་རྗེསུ་འབྲང་བ་ཡིན། དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་རྣམ་པར་མཐོང་བ་ཡང་ཡིན་ལ། སྤྱོད་པ་ཐམས་ཅད་ཀྱི་ཡང་རྗེས་སུ་སོང་བ་ཡིན། དབྱངས་ཀྱི་ཡན་ལག་དང་ཡི་གེ་ལ་རབ་ཏུ་སྤོབས་ཤིང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ ཡོངས་སུ་རྫོགས་པས་རྣམ་པར་དག་པ་ཡིན་ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་པར་ཕྱེ་བ་ཡོངས་སུ་རྫོགས་པར་བྱ་བ་ལ་འང་རབ་ཏུ་གནས་པ་ཡིན། རྟག་པར་དུས་གསུམ་སྐད་ ཅིག་དུ། ཞུགས་པ་འང་ཡིན་ལ་དུས་གསུམ་ཐམས་ཅད་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ཡང་ཡང་དག་པར་གཞོལ་བ་འང་ཡིན། སངས་རྒྱས་ཐམས་ཅད་ཀྱི་ཆོས་སྟོན་པ་ཡང་ ཡིན་ལ། ཐབས་ཀྱིས་ཆོས་ཐམས་ཅད་ཀྱི་འཁོར་ལོ་བསྐོར་བ་ལས་ཕྱིར་མྱི་ལྡོག་པའི་ལུས་དང་ཡང་ལྡན་པ་ཡིན། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་ དཔའ་ཐམས་ཅད་རྣམ་པར་འཚང་རྒྱ་བར་བྱ་བའི་ཚུལ་ལ་ཡང་རབ་ཏུ་ཞུགས་ལ་སངས་རྒྱས་གཅིག་མངོན་པར་སངས་རྒྱས་པ། སངས་རྒྱས་ཐམས་ཅད་དུ་འང་ཤིན་ཏུ་སྟོན་པ་ཡིན་ཏེ། 74-1-200a འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་རྣམ་པའི་ཚུལ་ལོ། །འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་རྣམས་སྦྱངས་པའི་ཚུལ་ལོ། །ཐམས་ཅད་མཁྱེན་ པའི་རྒྱལ་མཚན་གཞན་གྱིས་མྱི་ཕམ་པའི་ཚུལ་ལོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་སྨོན་ལམ་གྱི་ཚུལ་ལོ། །བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་རྣོན་པོ་དང་། འགྲོགས་པའི་ཚུལ་ལོ། །གཟུངས་དང་སྤོབས་པ་ཐམས་ཅད་ཀྱི་ཚུལ་ལོ། །དུས་གསུམ་ཐ་མྱི་དད་པའི་ཚུལ་ལོ། །འདས་པ་དང་། མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་ ཚུལ་ལོ། །སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ལ་རབ་ཏུ་དགོད་པའི་ཚུལ་ལོ། །འདི་དག་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་དག་པར་ བྱ་བའི་ཁྱུ་མཆོག་གི་མཐུ་བསྟན་པའི་ཚུལ་ལོ། །བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་དག་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་མཐུ་མི་ཟད་པའི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་སྟོབས་ཐོབ་ པ་ཡིན་ནོ། །འཕོ་བ་མྱེད་པའི་མཐར་ཐུག་པར་འགྱུར་བའི་ནམ་མཁའི་དབྱིངས་ལྟར་ཚད་མེད་པ་ཡིན། ཆོས་ཀྱི་རྒྱལ་སྲིད་ལ་འགྲོ་བ་དབང་བསྐུར་བའི་ཕྱིར་དབང་མཐའ་ཡས་པར་བསྒྱུར་བ་ ཡིན། སྟོབས་བཅུ་ཤིན་ཏུ་ཡངས་པའི་ཚུལ་ཐོབ་པའི་ཕྱིར། འགྲོ་བ་ཐམས་ཅད་དུ་ཚད་མྱེད་པའི་ཡེ་ཤེས་ཐོབ་པ་ཡིན། རབ་ཏུ་ཞི་བའི་མཐའ་ལ་ཞུགས་པས། ཉོན་མོངས་པ་མེད་པའི་སེམས་ རབ་ཏུ་བསྒོམས་པ་ཡིན། ཤུགས་དང་ལྡན་པའི་རྩལ་བདོག་པས་སྙིང་རྗེ་ཆེན་པོའི་སེང་གེ་ཡིན། ཡོན་ཏན་དང་བསྔགས་པ་ཐམས་ཅད་དང་ལྡན་པས། ཆོས་ཀྱི་སྒྲོན་མ་ཡང་དག་པར་གཞོལ་ཞིང་ 74-1-200b མྱི་ཟད་པ་ཡིན། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་བསམ་གྱིས་མྱི་ཁྱབ་པ་ཡིན། ཆོས་ཤེས་ཤིང་ཁོང་དུ་ཆུད་པས་གནས་ཀྱི་མཐར་ཕྱིན་པ་ཡིན། སྤྱོད་པ་རྣམ་པར་དག་པ་དང་། བརྡ་དང་ཐམས་ཅད་ལ་སྣ་ཚོགས་སུ་ཤིན་ཏུ་བསྟན་པ་བྱེད་པར་མཁས་པ་ཡིན། ཆོས་ཐམས་ཅད་མཚན་མ་མྱེད་པ་ལ་མཁས་པ་ལ་ཞུགས་པས། མཚན་མ་མྱེད་པ་ལ་མོས་པ་ཡིན། དེ་བཞིན་ གཤེགས་པའི་མངའ་ཆེན་པོས་རྣམ་པར་དག་པས་རིགས་དང་། རྒྱུད་རྣམ་པར་དག་པ་ཡིན། གཞི་མྱེད་པ་ལ་འཇུག་པའི་ཡེ་ཤེས་ཀྱིས་ཆོས་ཀྱི་གཞི་རབ་ཏུ་དབྱེ་བའི་སྙིང་པོའི་རྗེསུ་སོང་བ་ཡིན། ཆོས་ཡོངས་སུ་གཏོང་བ་ལ་བརྩོན་པས་དུས། ཐམས་ཅད་དུ་མཁས་པ་དང་ལྡན་པ་ཡིན། ཤེས་པར་བྱ་བ་ཐམས་ཅད་ཁོང་དུ་ཆུད་པས་སེམས་ཅན་གྱི་ནང་ན་མཁས་པ་ཡིན། སྐྱེ་དགུ་ཐམས་ ཅད་ཤིན་ཏུ་དག་པར་བྱེད་པས་མཐའ་ཡས་པ་རྣམ་པར་སྦྱངས་བ་ཡིན། སངས་རྒྱས་ཀྱི་བྱང་ཆུབ་རྣམ་པར་སངས་རྒྱས་པ་དང་། འཚང་རྒྱ་བར་བྱ་བའི་སྤྱོད་པ་ཡང་དག་པར་སྟོན་པས་བྱང་ཆུབ་སེམས་ དཔའི་འཁོར་གྱི་དཀྱིལ་འཁོར་གྱི་ཐབས་ལ་མཁས་པ་ཡིན། བྱང་ཆུབ་སེམས་དཔའི་སྤྱོད་པའི་བྱིན་གྱི་བརླབས་ཟད་མྱི་ཤེས་པ་ཡིན། ཐམས་ཅད་མཁྱེན་པའི་ཡུལ་རྣམ་པར་འཚང་རྒྱ་བར་བྱ་བ་ ལ་མཁས་པས། ཆོ་འཕྲུལ་ཆེན་པོ་སྟོན་པ་ཡིན་གྱིས་དེ་བས་ན་ཀུན་ཏུ་བཟང་པོ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་བཅུ་པོ་འདི་དག་རྒྱ་ཆེར་སྤྲོས་ཏེ། བཤད་པས་བསྟན་པར་གྱིས་ཤིག ། བྱང་ཆུབ་སེམས་དཔའི་འཁོར་འདི་དག་ཐམས་ཅད་མཉན་པར་འདོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་ 74-1-201a དཔའ་དེ་དག་གིས་གསོལ་བ་བཏབ་པར་ཤེས་ནས། བྱང་ཆུབ་སེམས་དཔའ་ཀུན་ཏུ་མྱིག་དང་། བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས་དག །བཅུ་པོ་ འདི་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ཆོས་མ་ལུས་པར་མཐར་ཐུག་པ་སྟེ། བཅུ་གང་ཞེ་ན་འདི་ལྟ་སྟེ། སངས་རྒྱས་སྐྱེ་བ་ཁོང་དུ་ཆུད་པའི་ཡེ་ ཤེས་དང་། སེམས་ཅན་དྲི་མ་མྱེད་པར་མངོན་པར་བསྒྲུབ་པར་བྱ་བའི་ཡེ་ཤེས་དང་། འཇིག་རྟེན་གྱི་ཁམས་མྱིག་ཡོར་ལྟ་བུར་ཤེས་པའི་ཡེ་ཤེས་དང་། ཆོས་ཀྱི་དབྱིངས་ཀྱི་རྗེས་སུ་འཇུག་པའི་ཡེ་ཤེས་ དང་། བྱང་ཆུབ་སེམས་དཔའ་རབ་ཏུ་བཟུང་བ་ལ་མཁས་པའི་ཡེ་ཤེས་དང་། ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའི་ཐབས་ཡོངས་སུ་གནས་པའི་ཡེ་ཤེས་དང་། དོན་ཐམས་ཅད་དང་ལྡན་པའི་ ཆོས་ཀྱི་ལྷག་མཐོང་ལ་མཁས་པའི་ཡེ་ཤེས་དང་། བྱང་ཆུབ་ཀྱི་སེམས་ཀྱི་མཐུའི་རྗེས་སུ་སོང་བའི་ཡེ་ཤེས་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང་། ཐམས་ཅད་མཁྱེན་ པའི་སྨོན་ལམ་དང་བྱིན་གྱིས་རླབས་ཀྱི་ཡེ་ཤེས་ཏེ། ཀྱེ་རྒྱལ་བའི་སྲས་དག །དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ཆོས་མ་ལུས་པར་མཐར་ཐུག་པའོ། ། ཀྱེ་རྒྱལ་བའི་སྲས་དག །བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སེམས་བསྐྱེད་པ་མཐའ་དང་དབུས་མྱེད་པ་སྟེ། བཅུ་གང་ཞེ་ན་འདི་ལྟ་སྟེ། སེམས་ཅན་ཐམས་ ཅད་ཉེ་བར་བཟུང་བ་དང་། ཡོངས་སུ་དཀྲོལ་བ་དང་། སེམས་སྐྱེད་པ་མཐའ་དང་དབུས་མྱེད་པ་དང་། འདི་ལྟ་སྟེ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་བསྒྲུབ་པའི་ཕྱིར། སེམས་བསྐྱེད་པ་ 74-1-201b མཐའ་དང་དབུས་མྱེད་པ་དང་། འདི་ལྟ་སྟེ་སངས་རྒྱས་ཐམས་ཅད་བསྙེན་བཀུར་ཞིང་མཆོད་པའི་ཕྱིར་སེམས་སྐྱེད་པ་མཐའ་དང་དབུས་མྱེད་པ་དང་། འདི་ལྟ་སྟེ་སངས་རྒྱས་ཐམས་ཅད་མཐོང་བར་ བྱ་བའི་མྱིག་ཚད་མྱེད་པ་ཡང་དག་པར་བསྒྲུབ་པའི་ཕྱིར་སེམས་བསྐྱེད་པ་མཐའ་དང་དབུས་མྱེད་པ་དང་། འདི་ལྟ་སྟེ་སངས་རྒྱས་ཐམས་ཅད་ཀྱི་གསུང་དང་དབྱངས་དང་བཀའ་ཡང་དག་པར་བཟུང་ཞིང་ ཉམས་པ་མྱེད་པར་བྱ་བའི་ཕྱིར་སེམས་སྐྱེད་པ་མཐའ་དང་དབུས་མྱེད་པ་དང་། འདི་ལྟ་སྟེ་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པའི་བྱེ་བྲག་ཐ་དད་པ་རྣམ་པར་དབྱེ་བ་ལ་མཁས་པར་ཁོང་དུ་ ཆུད་པ་བསྐྱེད་པའི་ཕྱིར་སེམས་བསྐྱེད་པ་མཐའ་དང་དབུས་མྱེད་པ་དང་། འདི་ལྟ་སྟེ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ཀྱི་མཚམས་སྦྱར་བའི་སྟོབས་ལ་འཇུག་པར་བྱ་བའི་ཕྱིར། སེམས་བསྐྱེད་པ་མཐའ་དང་དབུས་མྱེད་པ་དང་། འདི་ལྟ་སྟེ་ཐམས་ཅད་མཁྱེན་པའི་སྟོབས་མཐའ་ཡས་པས་ཤིན་ཏུ་ཕྲ་བར་དམྱིགས་ཤིང་། ཡོངསུ་མནན་པའི་སངས་རྒྱས་ཀྱི་ཆོས་རབ་ཏུ་བསྟན་ པའི་ཕྱིར་སེམས་བསྐྱེད་པ་མཐའ་དང་དབུས་མྱེད་པ་དང་། འདི་ལྟ་སྟེ་སངས་རྒྱས་ཀྱི་ཁྱུ་མཆོག་གི་མཐུ་བསམ་གྱི་མྱི་ཁྱབ་ཅིང་འབྱམ་ཀླས་པ་ལ་འཇུག་པ་དང་ཁོང་དུ་ཆུད་པར་བྱ་བའི་ཕྱིར། སེམས་བསྐྱེད་པ་མཐའ་དང་དབུས་མྱེད་པ་དང་། འདི་ལྟ་སྟེ་སངས་རྒྱས་ཀྱི་ཐ་དད་པ་ཡང་དག་པར་མཁྱེན་པ་མངོན་དུ་བྱ་བར་ལྷག་པའི་བསམ་པ་ཡང་དག་པར་གཏང་ཞིང་སངས་རྒྱས་ཀྱི་ཆོས་ཐམས་ ཅད་ཡང་དག་པར་བླང་བའི་ཕྱིར། སེམས་བསྐྱེད་པ་མཐའ་དང་དབུས་མྱེད་པ་དང་། འདི་ལྟ་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་འཇུག་ཅིང་ལུས་སྣ་ཚོགས་ཀྱིས་ 74-1-202a བྱིན་གྱིས་རླབས་ཡང་དག་པར་བསྟན་པའི་ཕྱིར། སེམས་བསྐྱེད་པ་མཐའ་དང་དབུས་མྱེད་པ་སྟེ། ཀྱེ་རྒྱལ་བའི་སྲས་དག །བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་ པ་མཐའ་དང་དབུས་མྱེད་པའོ། །ཀྱེ་རྒྱལ་བའི་སྲས་དག །བཅུ་པོ་དག་འདི་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་ཀྱི་བྱེ་བྲག་ལ་འཇུག་པའི་ཡེ་ཤེས་ཏེ། བཅུ་གང་ཞེ་ན་འདི་ལྟར་ཤར་ཕྱོགས་སུ་སྙོམས་པར་ཞུགས་ཏེ། ལྷོ་ཕྱོགས་ནས་རྣམ་པར་ལྟང་བ་དང་། ལྷོ་ཕྱོགས་སུ་སྙོམས་པར་ཞུགས་ཏེ། ཤར་ཕྱོགས་ནས་རྣམ་པར་ལྡང་བ་དང་ཤར་དང་ བྱང་མཚམསུ་སྙོམས་པར་ཞུགས་ཏེ། ལྷོ་ནུབ་ཀྱི་ཕྱོགས་ནས་རྣམ་པར་ལྡང་བ་དང་། ལྷོ་ནུབ་གྱི་ཕྱོགས་མཚམསུ་སྙོམས་པར་ཞུགས་ཏེ། ཤར་ཕྱོགས་དང་བྱང་གིས་ཕྱོགས་མཚམས་ནས་ རྣམ་པར་ལྡང་བ་དང་། ལྷོ་ཕྱོགས་སུ་སྙོམས་པར་ཞུགས་ཏེ། བྱང་ཕྱོགས་ནས་རྣམ་པར་ལྡང་བ་དང་། བྱང་ཕྱོགས་སུ་སྙོམས་པར་ཞུགས་ཏེ། ལྷོ་ཕྱོགས་ནས་རྣམ་པར་ལྡང་བ་དང་། ནུབ་དང་ བྱང་གི་ཕྱོགས་སུ་སྙོམས་པར་ཞུགས་ཏེ། ཤར་དང་ལྷོའི་ཕྱོགས་མཚམས་ནས་རྣམ་པར་ལྡང་བ་དང་། ཤར་དང་ལྷོའི་མཚམས་སུ་སྙོམས་པར་ཞུགས་ཤིང་། ནུབ་དང་བྱང་གིས་མཚམས་ ནས་རྣམ་པར་ལྡང་བ་དང་། འོག་གི་ཕྱོགས་སུ་སྙོམས་པར་ཞུགས་ཏེ། སྟེང་གི་ཕྱོགས་ནས་རྣམ་པར་ལྡང་བ་དང་། སྟེང་གི་ཕྱོགས་སུ་སྙོམས་པར་ཞུགས་ཤིང་། འོག་གི་ཕྱོགས་ནས་རྣམ་པར་ལྡང་བ་སྟེ། ཀྱེ་རྒྱལ་བའི་སྲས་འདི་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གི་ཏིང་ངེ་འཛིན་གྱི་བྱེ་བྲག་ལ་འཇུག་པའི་ཡེ་ཤེས་སོ། །ཀྱེ་རྒྱལ་བའི་སྲས་དག་བཅུ་པོ་འདི་རྣམས་ནི། 74-1-202b བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་རྒྱ་ཆེན་པོར་བྱ་བ་ལ་མཁས་པ་སྟེ། བཅུ་གང་ཞེ་ན་འདི་ལྟ་སྟེ། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་པད་མོ་གཅིག་ཏུ་བྱིན་གྱིས་བརླབས་ཏེ། པད་མོ་གཅིག་དེ་རང་གི་བསྐྱིལ་མོ་དཀྲུང་གིས་རྒྱས་པར་ཁྱབ་པར་བྱིན་གྱིས་རློབ་བོ། །རང་གི་ལུས་དེ་ལས་ ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྟོན་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེར་ཡང་གླིང་བཞི་པ་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱ་སྟོན་ཏོ། །གླིང་བཞི་པ་ ཁྲག་ཁྲིག་བརྒྱ་པོ་རེ་རེ་ཞིང་ཡང་བདག་གི་ལུས་རེ་རེ་བྱིན་གྱི་རློབ་སྟེ། ལུས་དེ་དག་རེ་རེ་ལ་འང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཁྲག་ཁྲིག་བརྒྱ་བརྒྱ་སྟོན་ཏོ། །འཇིག་རྟེན་གྱི་ཁམས་ དེ་དག་གི་གླིང་བཞི་པ་རེ་རེར་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཁྲག་ཁྲིག་བརྒྱ་སྟོང་དག་པར་སྟོན་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་དེ་དག་རེ་རེ་ལ་ཡང་མོས་པ་བྱེ་བ་ཁྲག་ཁྲིག་བརྒྱ་བརྒྱ་མངོན་པར་ བསྒྲུབ་བོ། །མོས་པ་དེ་དག་རེ་རེ་ལ་ཡང་དབང་པོ་སྣ་ཚོགས་རྣམ་པར་ཕྱེ་བ་ཁྲག་ཁྲིག་བརྒྱ་བརྒྱ་ཡོངས་སུ་རྫོགས་པ་རབ་ཏུ་ཐོབ་པར་བྱ་བ་ཡོངས་སུ་རྫོགས་པར་བྱེད་དོ། །དབང་པོ་སྣ་ཚོགས་རྣམ་ པར་ཕྱེ་བ་དེ་དག་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་ཕྲག་བརྒྱ་བརྒྱ་ཕྱིར་མྱི་ལྡོག་པའི་ལས་ཀྱིས་བྱང་ཆུབ་སེམས་དཔའི་ཆོས་ལ་རབ་ཏུ་གཞོག་གོ། །འོན་ཀྱང་ལུས་མང་པོ་འམ་ ལྷག་པར་འཕེལ་བར་མྱི་བྱེད་དེ། མཉམ་པར་བཞག་པ་འང་ཉམས་པར་འགྱུར་བ་མྱེད་དོ། །ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ་དཔེར་ན། ལྷ་མ་ཡིན་གྱི་དབང་པོ་སྒྲ་ཅན་ཞེས་བྱ་བ་ཡོད་དེ། དེའི་རང་ 74-1-203a བཞིན་གྱི་ལུས་ནི་དཔག་ཚད་བདུན་བརྒྱའོ། །དེའི་སྤྲུལ་པའི་ལུས་ནི་དཔག་ཚད་བརྒྱ་སྟོང་ཕྲག་དྲུག་བཅུ་རྩ་བརྒྱད་དེ། དེའི་ལུས་ཕྱེད་རྒྱ་མཚོ་ཆེན་པོའི་ནང་ན། འདུག་ཀྱང་ལུས་གྱི་སྟོད་ གྱེན་དུ་འཕགས་པ་རི་རབ་ཀྱི་རྩེ་མོ་དང་སྙམ་པ་ཡང་། ཀྱེ་རྒྱལ་བའི་སྲས་ལྷ་མ་ཡིན་གྱི་དབང་པོ་སྒྲ་ཅན་དེ་སྤྲུལ་པའི་ལུས་ཚད་བརྒྱ་སྟོང་ཕྲག་དྲུག་བཅུ་རྩ་བརྒྱད་པ་དེས་སྔོན་གྱི་ལུས་ འཇིག་པར་མྱི་བྱེད་དོ། །སྔོན་སྐྱེ་བའི་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་ཀྱང་ཡོངས་སུ་ཉམས་པར་མི་འགྱུར་རོ། །ལུས་ཆེན་པོ་དེ་ཡོད་པས་ཀྱང་སྤྲུལ་པའི་ལུས་ལ་གཞན་དུ་འདུ་ཤེས་ པར་མི་འགྱུར་ཏེ། ལུས་སྔ་མ་ཤི་འཕོས་པའི་འདུ་ཤེས་ཀྱང་མེད་ལ་གསར་དུ་སྐྱེས་པའི་ལུས་ཀྱིས་ཀྱང་ཉམས་དགའ་བ་རབ་ཏུ་ཐོབ་པ་ཡིན་ནོ། །སྤྲུལ་པའི་ལུས་དེས་མཐུ་དང་དབང་ བྱེད་པར་དབང་སྒྱུར་བར་ཡང་ཡང་དག་པར་སྟོན་ན། རྨོངས་ཤིང་འཁྲུལ་བར་གྱུར་པ་འང་མྱེད་དེ། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་དེ་ནི་འདོད་ཆགས་ཅན་ཞེ་སྡང་ཅན་གཏི་མུག་ཅན་ཏེ། ང་བརྒྱལ་དང་ དྲེགས་པ་དང་ལྡན་ཡང་རྒྱ་མཚོའི་ནང་ན་གནས་ཤིང་བརྒྱ་མཚོ་འི་ནང་གི་ཁྱིམ་ན་འདུག་བཞིན་དུ་རྣམ་པ་དེ་ལྟ་བུའི་སྤྲུལ་པའི་ལུས་གྱིས་མངོན་པར་འཕགས་ན། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་སྒྱུ་མའི་རྣམ་པར་རབ་ཏུ་རྟོགས་པ། འཇིག་རྟེན་ཐམས་ཅད་ན་དཔེ་མྱེད་པ། མྱིག་ཡོར་དང་སྙམ་པར་རབ་ཏུ་ཞུགས་པ། འཇིག་རྟེན་གྱི་ཁམས་ ཐམས་ཅད་སངས་རྒྱས་སྐྱེས་པའི་སྤྲུལ་པ་རྣམ་པར་དམྱིགས་པ་ལྟ་བུར་ཁོང་དུ་ཆུད་པ། སྒྲ་དབྱངས་རྣམ་པར་དམྱིགས་པ་ཐམས་ཅད་རིའི་བྲག་ཅ་ལྟ་བུར་ཤེས་པ། ཡང་དག་པའི་ཆོས་རབ་ 74-1-203b ཏུ་མཐོང་བ། ཆོས་ཇི་ལྟ་བ་བཞིན་གྱི་ལུས་དང་ལྡན་པ། རང་བཞིན་གྱིས་འོད་གསལ་ཞིང་དང་བའི་ཆོས་ལ་ཞུགས་པ། སེམས་ཀྱི་རང་བཞིན་དངོས་པོ་མྱེད་པར་རབ་ཏུ་རྟོགས་པ། ལུས་ཀྱི་ཡུལ་ཚང་ པ་ལ་གནས་པ། སངས་རྒྱས་ཀྱི་ཡེ་ཤེས་སྣང་བས་བྱང་ཆུབ་ཀྱི་སྤྱོད་པ་རྣམ་པར་སྦྱངས་པ་ལྟ་བུ་སྨོས་ཀྱང་ཅི་དགོས་ཏེ། དེ་ཏིང་ངེ་འཛིན་ཆེན་པོ་དེ་ལ་གནས་པས་ཆུང་ཟད་དུ་འཁྲུལ་པ་འང་མེད་ན་ བློང་ཞིང་རྨོངས་པར་འགྱུར་བ་ལྟ་ཅི་སྨོས། དེ་ལུས་ཀྱི་སྟོད་ལྷའི་འཇིག་རྟེན་དུ་འཕགས་པར་བྱིན་གྱིས་རློབ་ཅིང་ལུས་ཀྱི་སྨད་འདོད་པའི་ཁམས་ན་འདུག་པར་བྱིན་གྱིས་རློབ་ཀྱང་ཤིན་ཏུ་མཉམ་ པར་བཞག་པས་རབ་ཏུ་སྦྱར་བའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཆེན་པོ་དེས་ལྷ་མ་ཡིན་གྱི་དབང་པོ་སྒྲ་ཅན་དེ་ཡང་རང་གི་ལུས་ཀྱི་ནང་དུ་རླག་པ་དེ་ལུས་ཆེན་པོ་སྟོན་ཅིང་སྤྱོམས་པའི་སྐྱེ་བ་དང་ རྫུ་འཕྲུལ་ཐམས་ཅད་ལུས་ཀྱི་ནང་དུ་རླག་པར་བྱིན་གྱིས་རློབ་པོ། །ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ་དཔེར་ན། མྱི་སྡུག་པ་སྒོམ་པ་ལ་གནས་པའི་དགེ་སློང་ནི། མྱི་སྡུག་པའི་མཚན་མར་རྣམ་ པར་ལྟ་ཞིང་ནང་གི་ལུས་ལ་རྟོག་པ་ལ་མངོན་པར་བརྩོན་པ་ཡིན། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ལུས་སུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཆུད་པར་བྱ་བའི་ ཕྱིར་ཆོས་ཀྱི་ལུས་ལ་རྟག་པར་མངོན་པར་བརྩོན་པ་ཡིན་ཏེ། ལུས་དེ་ལ་འཇིག་རྟེན་དང་། འཇིག་རྟེན་གྱི་ཆོས་མཐོང་བ་ཡང་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ཁྱུ་མཆོག་གི་མཐུ་དང་། རྣམ་པར་ འཕྲུལ་པ་དང་། ཏིང་ངེ་འཛིན་རབ་ཏུ་ཐོབ་པས་ལུས་ལ་འཇིག་རྟེན་དང་འཇིག་རྟེན་གྱི་ཆོས་ཀྱིས་ཆགས་པ་མྱེད་དོ། །ཀྱེ་རྒྱལ་བའི་སྲས་དག་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ 74-1-204a པོ་རྣམས་ཀྱི་ཏིང་ངེ་འཛིན་རྒྱ་ཆེན་པོ་ལ་མཁས་པའི་ཡེ་ཤེས་རྗེས་སུ་འགྲོ་བ་སྣང་བ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས། སྟོང་གི་འཇིག་རྟེན་གྱི་ཁམས་རེ་རེ་ལ་བྱིན་གྱིས་ རློབ་སྟེ། འཇིག་རྟེན་གྱི་ཁམས་དེ་དག་རེ་རེ་ཡང་ལུས་རྣམ་པར་དམྱིགས་པ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡང་དག་པར་སྟོན་ཏོ། །ལུས་དེ་དག་རེ་རེ་ལས་ ཀྱང་འོད་གཟེར་གྱི་དཀྱིལ་འཁོར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་འགྱེད་དོ། །འོད་གཟེར་རེ་རེ་ལ་ཡང་ཁ་དོག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡང་དག་པར་སྟོན་ཏེ། ཁ་དོག་དེ་དག་རེ་རེས་ཀྱང་འཇིག་རྟེན་གྱི་ཁམས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་སྣང་བར་བྱེད་ དོ། །སྣང་བ་དེ་དག་རེ་རེས་ཀྱང་སེམས་ཅན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོངས་སུ་སྨིན་པར་བྱེད་དོ། །དེ་ལ་ཡང་བྱང་ཆུབ་སེམས་དཔའ་དེས་ འཇིག་རྟེན་གྱི་ཁམས་རབ་ཏུ་ཤེས་སོ། །འཇིག་རྟེན་གྱི་ཁམས་རྣམ་པར་ཕྱེ་བ་རབ་ཏུ་ཤེས་སོ། །འཇིག་རྟེན་གྱི་ཁམས་ཀུན་ནས་ཉོན་མྱོངས་པ་རབ་ཏུ་ཤེས་སོ། །འཇིག་རྟེན་གྱི་ཁམས་སྣང་ བར་བྱ་བ་རབ་ཏུ་ཤེས་སོ། འཇིག་རྟེན་གྱི་ཁམས་རྣམ་པར་དམྱིགས་པས། འཇིག་རྟེན་གྱི་ཁམས་སྤྲོ་བར་ཡང་མྱི་བྱེད་དེ། ཆོས་ཀྱི་རང་བཞིན་ལས་ཀྱང་འཇིག་རྟེན་གྱི་ཁམས་འཇིག་ 74-1-204b པར་མྱི་བྱེད་དོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་ཉི་ཤུ་གསུམ་པ། ཀྱེ་རྒྱལ་བའི་སྲས་དག །འདི་ལྟ་སྟེ་དཔེར་ན་ལྷའི་བུ་ཉི་མ་འཆར་བའི་ཚེ་རི་རབ་རིའི་ རྒྱལ་པོ་འཁོར་བར་གནས་པའི་རིན་པོ་ཆེའི་རི་བདུན་ལ་འཆར་བར་འགྱུར་ཏེ། རི་བདུན་པོ་དེ་དག་ལ་ཤར་ནས་རི་མཚམས་ཀྱི་གནས་བདུན་པོ་ཤིན་ཏུ་རུབ་པ་དེ་དག་དུ་འང་སྣང་བའི་ཚུལ་གྱིས་ཀུན་ཏུ་ འཆར་རོ། །དེ་ཡང་རིན་པོ་ཆེའི་རི་བདུན་པོ་གསེར་གྱི་མདོག་ཅན་དེ་དག་ལ་ཉི་མའི་གཟུགས་བརྙན་སྣང་བས་རི་བདུན་གྱི་ཉི་མའི་གཟུགས་བརྙན། རི་མཚམས་བདུན་པོ་དེ་དག་དུ་སྣང་བའི་ཚུལ་གྱིས་འཆར་ བར་འགྱུར་ཏེ། རི་མཚམས་བདུན་པོ་དེ་དག་ཀྱང་གསེར་གྱི་མདོག་ཏུ་འདུག་པས་དེ་དག་ལས་ཀྱང་རི་བདུན་པོ་དེ་དག་ལ་གཟུགས་བརྙན་གྱི་ཚལ་དུ་ཉི་མའི་འོད་འཆར་ཤིང་རྣམ་པར་དམྱིགས་པར་ འགྱུར་རོ། །དེ་ལྟར་ན་གཅིག་གིས་གཅིག་སྣང་བར་བྱ་བའི་ཚུལ་དུ་རི་མཚམས་དེ་དག་ཏུ་ཉི་མའི་གཟུགས་བརྙན་ཤར་ཅིང་རིན་པོ་ཆེའི་རི་དེ་དག་ལ་ཉི་མའི་གཟུགས་བརྙན་འབྱུང་བ་དེའི་ཕྱིར་རིན་པོ་ཆེའི་ རི་རྣམས་ལ་ཉི་མ་འཆར་ཞེས་བྱའོ། །དེ་ལྟར་གཅིག་ནས་གཅིག་ཏུ་སྣང་བར་རྣམ་པར་དམྱིགས་པར་བརྒྱུད་པས་ཉི་མའི་དཀྱིལ་འཁོར་གྱི་མཐར་ཐུག་པ་མེད་དོ། །དེ་ལྟར་སྣང་བ་ཡང་དངོས་པོ་ཡང་ མ་ཡིན། དངོས་པོ་མྱེད་པ་འང་མ་ཡིན། ཡོད་པ་འང་མ་ཡིན་མྱེད་པ་འང་མ་ཡིན། རི་རྣམས་ལ་གནས་པ་འང་མ་ཡིན། ནང་དུ་ཕྱིན་པ་འང་མ་ཡིན། ཕྱི་རོལ་ན་གནས་པ་འང་མ་ཡིན། དེ་དག་དང་ བྲལ་བར་གནས་པ་འང་མ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་ལ་གནས་པ་ཡང་ 74-1-205a འཇིག་རྟེན་གྱི་ཁམས་རྣམ་པར་དམིགས་པ་འཇིག་པར་ཡང་མི་བྱེད་དོ། །ཆོས་རྣམས་ཀྱི་རང་བཞིན་ཡང་ཡོངས་སུ་མྱི་སྤོང་ངོ་། །བྱང་ཆུབ་སེམས་དཔའ་དེ་ཉིད་འཇིག་རྟེན་གྱི་ཁམས་ཀྱི་ནང་ དུ་ཕྱིན་པ་འང་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དེ་དག་འཇིག་རྟེན་གྱི་ཁམས་རྣམ་པར་དམྱིགས་པའི་ཕྱི་རོལ་ན་འདུག་པ་འང་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དེ་འཇིག་རྟེན་གྱི་ ཁམས་ལ་རྣམ་པར་རྟོག་པ་འང་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དེ་འཇིག་རྟེན་གྱི་ཁམས་མཚན་མ་རྣམ་པར་འཇིག་པར་བྱེད་པ་ཡང་མ་ཡིན་ནོ། །ཆོས་ཐམས་ཅད་ཀྱི་མཚན་ཉིད་ གཅིག་པོ་ཡང་མཚན་ཉིད་མེད་པ་ལས་རྣམ་པར་མི་ཟློག་སྟེ། བྱང་ཆུབ་སེམས་དཔའ་དེ་ཡང་ཆོས་རྣམ་པར་དབྱེ་བར་ཁྲུག་པར་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་དེ་དེ་བཞིན་ཉིད་ཀྱི་རང་ བཞིན་གནས་པ་དེ་ལས་ཀྱང་ཕྱིར་མི་ལྡོག་གོ། །ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་གཙུག་ལག་མྱིག་འཕྲུལ་ཞེས་བྱ་བ་འཇིག་རྟེན་ན་ཡོད་དེ། སྒྱུ་མའི་མཁན་པོ་སྒྱུ་མའི་ གཙུག་ལག་དེ་ལ་ཤིན་ཏུ་བསླབས་ཤིང་། ནན་ཏན་ཏུ་བྱེད་བྱེད་པ་རྣམས་ལམ་པོ་ཆེའི་བཞི་མདོ་དག་ཏུ་འཁོད་ཅིང་འགྲོ་བའི་ཚོགས་ཆེན་པོ་འདུག་པ་དག་གི་མདུན་དུ་སྐད་ཅིག་ཡུད་ཙམ་དུ་ཉི་ མ་གཅིག་དང་། ཉིན་ཞག་བདུན་དང་ཟླ་བ་ཕྱེད་དང་། ཟླ་བ་གཅིག་དང་ཟླ་བ་གཅིག་ཀྱང་སྟོན་ཏོ། །ལོ་གཅིག་ཀྱང་སྟོན་ཏོ། །ལོ་བརྒྱ་ཡང་སྟོན་ཏོ། །གྲོང་ཡང་སྟོན་ཏོ། །ཡུལ་ཡང་སྟོན་ ཏོ། །ཆུ་ཀླུང་གི་རྒྱུད་ཀྱང་སྟོན་ཏོ། །རྒྱ་མཚོ་ཡང་སྟོན་ཏོ། །སྤྲིན་ཡོངས་སུ་སྡུད་པ་ཡང་སྟོན་ཏོ། །སྤྲིན་ལས་ཆར་འབབ་པ་ཡང་སྟོན་ཏོ། །གནམ་སྟོང་པ་ལས་ཆར་བབ་པ་ཡང་སྟོན་ཏོ། ། 74-1-205b འཇིག་རྟེན་གྱི་གནས་རྣམ་པ་སྣ་ཚོགས་ཡང་སྟོན་ཏེ། དེ་ལྟར་བསྟན་པས་ཉི་མ་གཅིག་པོ་འཇིག་པར་མི་འགྱུར་རོ། །ཉི་མ་གཅིག་པོས་ཀྱང་ཉིན་ཞག་དང་ཟླ་བ་དང་ལོ་དེ་དག་འཇིག་པར་མི་འགྱུར་རོ། ། ཡུན་རིང་པོས་ཀྱང་སྒྱུ་མ་སྟོན་ཅིང་བསྒྲུབ་པ་ཟད་པར་མི་འགྱུར་ཏེ། སྒྱུ་མ་བསྟན་པའི་དུས་ཀྱིས་ཀྱང་ཡུན་རིང་པོ་རྣམ་པར་དམྱིགས་པ་ཟད་པར་མྱི་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་ལ་མཉམ་པར་གཞག་པ་ཡང་འཇིག་རྟེན་གྱི་ཁམས་གཅིག་ཏུ་འཇིག་རྟེན་གྱི་ཁམས་གྲངས་མྱེད་པ་ལ་འཇུག་པ་ལ་རབ་ཏུ་སྟོན་ཏོ། །རླུང་གི་ ཕུང་པོ་དང་། མེའི་ཕུང་པོ་དང་། ཆུའི་ཕུང་པོ་དང་། སའི་ཕུང་པོར་བཅས་པ་དང་། རྒྱ་མཚོ་དང་གླིང་དུ་བཅས་པ་དང་། རིན་པོ་ཆེའི་ཕུང་པོ་རི་དང་རི་རབ་དང་ཁོར་ཡུག་དང་། བཏང་བཟུང་དང་འཁོར་ཡུག་ ཆེན་པོས་ཡོངས་སུ་བསྐོར་བར་བྱས་པ་དང་མྱིའི་འཇིག་རྟེན་དང་གྲོང་རྡལ་དང་ཡུལ་གྲུ་དང་གྲོང་གི་གང་བར་བཅས་པ་དང་བཟའ་ཤིང་གི་ར་བ་དང་། ཆུ་ཀླུང་དང་། མཚོ་དང་ལྟེང་གར་བཅས་པ་དང་། ལྷའི་ གནས་དང་། རྒྱན་དུ་བཅས་པ་དང་། ཀླུའི་གནས་དང་བཅས་པ་དང་། གནོད་སྦྱིན་གྱི་གནས་སུ་བཅས་པ་དང་། དྲི་ཟའི་གནས་སུ་བཅས་པ་དང་། ལྷ་མ་ཡིན་གྱི་གནས་སུ་བཅས་པ་དང་ནམ་ མཁའ་ལྡིང་གི་གནས་སུ་བཅས་པ་དང་། མྱིའམ་ཅིའི་གནས་སུ་བཅས་པ་དང་། མྱིའི་རྒྱན་དང་གནས་སུ་བཅས་པ་དང་། འདོད་པའི་ཁམས་ཀྱི་ཡུལ་དང་བཅས་པ་དང་། གཟུགས་ ཀྱི་ཁམས་ཀྱི་ཡུལ་དང་བཅས་པ་དང་། གཟུགས་མྱེད་པའི་ཁམས་ཀྱི་ཡུལ་དང་བཅས་པ་དང་། འཇིག་རྟེན་གྱི་ཁམས་བྱུར་བུར་བཅས་པ་དང་། འཇིག་རྟེན་གྱི་ཁམས་སྟོང་དུ་བཅས་ 74-1-206a པ་དང་། འཇིག་རྟེན་གྱི་ཁམས་སྟོང་གསུམ་དུ་བཅས་པ་དང་། ལས་དང་རྣམ་པར་སྨྱིན་པར་བཅས་པ་དང་། ཤི་འཕོ་དང་སྐྱེ་བར་བཅས་པ་དང་། སེམས་ཅན་དུ་བཅས་པ་དང་ཡུན་ རིང་པོར་བཅས་པ་དང་། ཡུད་རྩམ་ཐང་ཅིག་དུ་གནས་པ་དང་། ཉི་མར་བཅས་པ་དང་། དུས་མཚམས་སུ་བཅས་པ་དང་། ཟླ་བ་དང་ལོ་དང་ལོར་བཅས་པ་དང་བསྐལ་པ་དང་། འཇིག་པ་ དང་འདུ་བར་བྱས་པ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་དག་པ་དང་། ཡངས་པ་དང་ཕྲ་བ་དང་རྒྱ་ཆེ་བ་དང་ཚད་མེད་པར་བཅས་པ་དང་། སངས་རྒྱས་སྐྱེ་བར་བཅས་པ་དང་། བྱང་ཆུབ་ སེམས་དཔའི་འཁོར་དུ་བཅས་པ་དང་། འདུལ་བའི་སེམས་ཅན་དུ་བཅས་པ་དང་། སངས་རྒྱས་རྣམ་པར་འཕྲུལ་པའི་ཡུལ་དང་ཐམས་ཅད་དུ་བྱིན་གྱིས་བརླབས་པ་དང་། སངས་རྒྱས་ཀྱི་ཞིང་རྣམ་ པར་དག་པར་བཅས་པ་དང་། ཡུལ་དང་ཕྱོགས་དང་། གཞི་གནས་དང་། གནས་སྣོད་དུ་མས་གང་བ་དང་། འགྲོ་བའི་རྒྱུད་སྣ་ཚོགས་དང་། སེམས་ཅན་གྱི་རིས་བསམ་གྱིས་མྱི་ཁྱབ་པར་བཅས་པ་དང་། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་། ད་ལྟར་བྱུང་བ་དང་། རིན་པོ་ཆེ་སྣ་ཚོགས་དང་། རིན་པོ་ཆེ་སྣ་དུ་མ་དང་། ལས་དང་རྣམ་པར་སྨིན་པ་སྣ་ཚོགས་རྣམ་པར་དག་པར་བཅས་པ་དང་། འཇིག་རྟེན་གྱི་ཁམས་དེ་དག་ འཇིག་རྟེན་གྱི་ཁམས་གཅིག་དུ་འཇུག་པའི་ཚེ། འཇིག་རྟེན་ན་ཡོད་པ་དང་། འཇིག་རྟེན་དུ་གཏོགས་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱང་སྟོན་ཏོ། །མཐོང་བར་བྱེད་དོ། །ཤེས་པར་བྱེད་དོ། ། རྣམ་པར་དཔྱོད་དོ། །རྟོགས་པར་བྱེད་དོ། །རབ་ཏུ་ཤེས་པར་བྱེད་དོ། །ཁོང་དུ་ཆུད་པར་བྱེད་དོ། །དེ་ལ་ཡང་དག་པར་འཇུག་པ་ཡང་མྱི་ཟད་པའི་ཡེ་ཤེས་ཀྱི་ཐོབ་པར་གྱུར་པར་ཡང་དག་པ་ཇི་ལྟ་བ་ 74-1-206b བཞིན་དུ་མ་ནོར་བར་ལྟའོ། །འཇིག་རྟེན་གྱི་ཁམས་ཀྱི་གྲངས་དེ་དག་གིས་ཀྱང་འཇིག་རྟེན་གྱི་ཁམས་དེ་དག་རྣམ་པར་འཇིག་པར་མི་བྱེད་དེ་འཇིག་རྟེན་གྱི་ཁམས་འདི་དག་གིས་འཇིག་རྟེན་གྱི་ཁམས་དེ་ དག་རྣམ་པར་འཇིག་པར་མྱི་བྱེད་དོ། །དེ་ཅི་བྱ་བ་དང་། བྱང་ཆུབ་སེམས་དཔའ་ནི་ཆོས་ཐམས་ཅད་ལ་སྲོག་མེད་པའི་ཆོས་ལ་ཡོངས་སུ་རབ་ཏུ་ཞུགས་པ་སྟེ། བྱང་ཆུབ་སེམས་དཔའ་ནི་བྱེད་པ་མྱེད་ པ་ལ་རབ་ཏུ་ཞུགས་པས་སྤྱོད་པ་ཐམས་ཅད་ལ་རློམ་སེམས་མྱེད་དོ། །བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་ཐམས་ཅད་ཉོན་མོངས་པ་མེད་པའི་ཆོས་ལ་བརྩོན་པས་བདག་མྱེད་པ་ལ་སྤྱོད་པ་ཡིན། བྱང་ཆུབ་སེམས་དཔའ་ནི་ལུས་ཐམས་ཅད་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལྟ་བས་སེམས་ཅན་མེད་པ་ལ་སྤྱོད་པ་ཡིན། བྱང་ཆུབ་སེམས་དཔའ་ནི་སྐྱེ་བ་དང་འཇིག་ པ་ཐམས་ཅད་ཆོས་ཀྱི་རྒྱུད་ཀྱི་རྒྱུ་ལས་བྱུང་བའི་ཆོས་སུ་གཏོགས་པས་གང་ཟག་མྱེད་པ་ལ་སྤྱོད་པ་ཡིན། བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱི་རང་བཞིན་ཡང་དག་པར་བླང་བ་ལ་ཞུགས་པས་ཤེད་ ཅན་དང་ཤེད་ལས་སྐྱེས་པ་མེད་པ་ལ་གནས་པ་ཡིན། བྱང་ཆུབ་སེམས་དཔའ་ནི་ཆོས་ཐམས་ཅད་རང་བཞིན་གྱི་དབེན་པས་བྱེད་པ་པོ་མེད་པ་ལ་སྤྱོད་པ་ཡིན། བྱང་ཆུབ་སེམས་དཔའ་ནི་ཆོས་ཐམས་ ཅད་ལ་དེ་བཞིན་གཤེགས་པའི་སྤྱོད་པ་རྣམ་པ་གཅིག་གིས་སྤྱོད་པས་རྣམ་པར་མི་རྟོག་པ་ལ་སྤྱོད་པ་ཡིན། བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱི་དབྱིངས་དབྱེར་མེད་པའི་ཆོས་ཉིད་ཀྱིས་བསམ་གྱིས་ མི་ཁྱབ་པ་ལ་གནས་པ་ཡིན། བྱང་ཆུབ་སེམས་དཔའ་ནི་ཐབས་ཀྱི་རྣམ་གྲངས་ལ་མཁས་ཤིང་སེམས་ཅན་འདུལ་བ་ལ་བརྩོན་པས་སྙིང་རྗེ་ཆེན་པོ་ལ་སྤྱོད་པ་ཡིན་ཏེ། དེ་ལྟར་ན་བྱང་ཆུབ་ 74-1-207a སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་གྱི་ཁམས་གཅིག་རྣམ་པར་གཞོག་པས་འཇིག་རྟེན་གྱི་ཁམས་རྣམ་པར་དགོད་པ་གྲངས་མེད་པ་ལ་འཇུག་གོ། །བསྐལ་པ་ གྲངས་མེད་པའི་རྒྱུད་རབ་ཏུ་ཤེས་སོ། །བྱང་ཆུབ་སེམས་དཔའི་འཇུག་པ་གྲངས་མེད་པ་ཡང་དག་པར་མཐོང་ངོ་། །སངས་རྒྱས་གྲངས་མེད་པའི་རྗེས་སུ་ཡང་དག་པར་འབྲང་ངོ་། ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཆོས་བསྟན་པ་དེ་ཡང་དག་པར་འཛིན་ཏོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་དེ་ལ་བདག་ཡང་ དག་པར་སྤྱོད་པར་མཐོང་སྟེ། འདི་ནས་ཀྱང་བདག་གུད་དུ་གཡོ་བ་བྱེད་དོ། །དེ་དབང་པོ་བདག་ཏུ་ཐ་དད་པ་མེད་པར་ཡང་རབ་ཏུ་དངས་ཏེ། ཆོས་ཀྱི་དབྱིངས་ལ་འཇུག་པས་ཀྱང་རྒྱུན་ཆད་པ་མེད་ པར་རབ་ཏུ་འཇུག་གོ། །ཡེ་ཤེས་ཀྱི་རྗེས་སུ་འཇུག་ཅིང་། ཕྱིར་མྱི་ལྡོག་པ་འང་རབ་ཏུ་ཤེས་ཏེ། དཔེར་ན་སྒྱུ་མའི་མཁན་པོ་དེ་ས་འདི་ལ་གནས་ཤིང་སྒྱུ་མ་ཐམས་ཅད་སྟོན། རྒྱུ་མའི་སྤྲུལ་པ་དེས་ སྐྱོན་ཅན་དུ་འང་མྱི་འགྱུར་ལ། སྒྱུ་མའི་སྤྲིན་དེ་དག་གིས་ཀྱང་ས་འདི་རླན་པར་མྱི་འགྱུར་ཏེ། སྒྱུ་མའི་ཉི་མ་དེས་མུན་པའི་གྲངས་སུ་བྱ་བ་འདི་དག་བསྩལ་བར་ཡང་མི་འགྱུར་རོ། །དེ་བཞིན་ དུ་བྱང་ཆུབ་སེམས་དཔའ་ཡང་སངས་རྒྱས་ཀྱི་ཞིང་གིས་ཡུལ་ལ་ཞིང་དུ་འཇུག་པ་འང་བྱེད། འཇིག་རྟེན་པའི་ཡུལ་ལ་འཇིག་རྟེན་ཡང་རབ་ཏུ་ཤེས། གཟུགས་མྱེད་པའི་ཡུལ་ལ་གཟུགས་ སུ་བྱིན་གྱིས་རློབ་པ་འང་ཤིན་ཏུ་སྟོན་ཏེ། གཅིག་གིས་གཉིས་པ་ཡང་འཇིག་པར་མི་བྱེད་དོ། །གཉིས་བས་ཀྱང་གཅིག་འཇིག་པར་མི་བྱེད་དོ། །དེ་ནི་དེས་འཇིག་རྟེན་གྱི་ཆོས་ཐམས་ཅད་ 74-1-207b སྒྱུ་མའི་དྲ་བར་ཆོས་ཀྱི་རང་བཞིན་ལ་འཇུག་པས་རབ་ཏུ་ཤེས་ཤིང་ཁོང་དུ་ཆུད་པ་དང་། ཡེ་ཤེས་ཀྱི་རང་བཞིན་ལ་འཇུག་པ་དང་། ལས་ཀྱི་རང་བཞིན་ལ་འཇུག་པས་ཁོང་དུ་ཆུད་པ་དང་། ལས་ཀྱི་རང་བཞིན་ཡེ་ཤེས་ཀྱི་རང་བཞིན་དུ་རབ་ཏུ་བསྒྲུབ་པ་དང་། ཡེ་ཤེས་ཀྱི་རང་བཞིན་དུ་ལས་ཐམས་ཅད་རབ་ཏུ་སྤྱོད་པས་དེའི་ཕྱིར་རབ་ཏུ་ཤེས་སོ། །འདི་ལྟ་སྟེ་དཔེར་ན། སྒྱུ་མའི་ མཁན་པོ་དེ་ནི་སྒྱུ་མའི་རྣམ་པར་སྟོན་ནས་ས་མྱེད་པར་ཡོངས་སུ་སྟོན་པ་མ་ཡིན་ནོ། །སྐྱེ་བོའི་ཚོགས་སྣ་ཚོགས་མྱེད་པར་ཡོངས་སུ་སྟོན་པ་འང་མ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་ དཔའ་ཡང་ནམ་མཁའི་རང་བཞིན་མེད་པར་འཇིག་རྟེན་ཐམས་ཅད་ལ་ཡོངས་སུ་འཇུག་པ་འང་མ་ཡིན། འཇིག་རྟེན་གྱི་ཁམས་རྣམ་པ་མེད་པར་ནམ་མཁའི་རང་བཞིན་ལ་འཇུག་པ་འང་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། ནམ་མཁའི་རང་བཞིན་ཡང་འཇིག་རྟེན་དང་ཐ་མྱི་དད། འཇིག་རྟེན་གྱི་རྣམ་པ་ཡང་ནམ་མཁའི་རང་བཞིན་དང་ཐ་མྱི་དད་དེ། བྱང་ཆུབ་སེམས་དཔའ་དེ་ནི་ནམ་མཁའི་རང་ བཞིན་དེ་ལ་འཇིག་རྟེན་གྱི་ཡུལ་དང་ལས་སྣ་ཚོགས་ཀྱི་རྒྱན་རྣམ་པ་སྣ་ཚོགས་ལ་རབ་ཏུ་འཇུག་གོ། །མངོན་པར་བསྒྲུབ་བོ། །ཡང་དག་པར་ལྟའོ། །རྣམ་པར་ལྟའོ། །ཁོང་དུ་ཆུད་པར་བྱེད་ དོ། །རྟོག་པར་བྱེད་དོ། །གོམས་པར་བྱེད་དོ། །རབ་ཏུ་རྟོག་གོ། །རྣམ་པར་དཔྱོད་དོ། །སེམས་ཀྱི་སྐད་ཅིག་གིས་འཇིག་རྟེན་གྱི་ཁམས་གྲངས་མེད་པའི་འཇིག་པ་དང་། འདུ་བའི་རྣམ་པ་ ཡང་རབ་ཏུ་ཤེས་སོ། །བསྐལ་པ་གཅིག་ནས་ཅིག་ཏུ་རྒྱུད་པའི་རྣམ་པ་ལ་བརྩོན་པར་བྱ་བ་ཡང་རབ་ཏུ་ཤེས་སོ། །སྐད་གཅིག་ཅིག་གིས་བསྐལ་པ་དེ་དག་གཅིག་ནས་གཅིག་ཏུ་བརྒྱུད་ 74-1-208a པའི་དུས་ཐམས་ཅད་དབང་དུ་བྱེད་དོ། །སེམས་སྐད་གཅིག་རེ་རེ་ལ་བསྐལ་པ་དང་དུས་རྣམ་པར་དམྱིགས་པས་མང་དུ་བྱེད་པ་དེ་ཡང་ལུས་ལས་གཞན་དུ་མྱི་བྱེད་དེ། དེ་ཡང་དེ་བཞིན་ གཤེགས་པའི་ཡེ་ཤེས་བསམ་གྱིས་མྱི་ཁྱབ་པའི་རྣམ་པར་ཐར་པའི་སྒྱུ་མ་ལ་བྱང་ཆུབ་སེམས་དཔའ་རབ་ཏུ་སློབ་ཅིང་ཡོངས་སུ་གྲུབ་པའི་ཕ་རོལ་ཏུ་ཕྱིན་པས་ཡེ་ཤེས་སྒྱུ་མའི་མཐར་ཕྱིན་པ་དང་། འཇིག་རྟེན་སྒྱུ་མའི་གྲངས་ཀྱི་རྗེས་སུ་ཞུགས་པ་དང་། ཆོས་ཐམས་ཅད་སྒྱུ་མའི་རང་བཞིན་དུ་རྟོགས་པ་དང་། འཇིག་རྟེན་དང་འགལ་བ་མེད་པའི་ཡེ་ཤེས་སྒྱུ་མའི་མཐར་ཕྱིན་པ་དང་། དུས་ གསུམ་སྒྱུ་མ་ཐ་མྱི་དད་པར་ཁོང་དུ་ཆུད་པ་དང་། མངོན་པར་ཤེས་པ་སྒྱུ་མ་ངེས་པར་རྟོགས་པ་དང་། སེམས་སྒྱུ་མ་མཐའ་ཡས་ཤིང་མུ་མེད་པ་ལ་རབ་ཏུ་ཞུགས་པ་དང་སངས་རྒྱས་ཐམས་ཅད་ སྒྱུ་མའི་རང་བཞིན་དུ་ཡང་དག་པར་མོས་པར་བྱ་བའི་ཕྱིར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་རབ་ཏུ་འཇུག་ཅིང་རྣམ་པར་སྤྱོད་ཀྱང་ཐམས་ཅད་དུ་ཆགས་པ་མྱེད་ དེ། ཀུན་ལ་འང་རློམ་སེམས་མྱེད་དོ། །འདི་ལྟ་སྟེ་དཔེར་ན། སྒྱུ་མ་བྱེད་པ་ནི་མྱིག་འཕྲུལ་དང་སྒྱུ་མ་ཐམས་ཅད་སྟོན་ཀྱང་ཡོངས་སུ་སྟོན་པ་ཡང་མྱེད། དེ་ལ་རྨོངས་པར་ཡང་མྱི་འགྱུར་རོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཆོས་ཐམས་ཅད་ལ་འཇུག་པའི་ཕ་རོལ་ཏུ་འང་ཕྱིན་ལ་ཆོས་ལ་ཞུགས་པས་རློམ་པ་ཡང་མེད་དོ། །ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་རྒྱ་ཆེན་པོ་ལ་མཁས་པའི་ཡེ་ཤེས་ཡིད་དུ་འོང་བ་ཞེས་བྱ་བ་སྟེ་གཉིས་པའོ། །ཀྱེ་རྒྱལ་བའི་སྲས་དག །གཞན་ཡང་བྱང་ཆུབ་སེམས་ 74-1-208b དཔའ་སེམས་དཔའ་ཆེན་པོ་དག་ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གྲངས་མེད་པ་འདས་ཤིང་། དེར་སངས་རྒྱས་ཀྱི་ཞིང་འཇམ་ཀླས་པ་གཅིག་ནས་ཅིག་ཏུ་བརྒྱུད་པའི་རྗེས་སུ་སོང་ བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ། །འཇིག་རྟེན་གྱི་ཁམས་དེ་དག་ཇི་སྙེད་འདས་པ་དེ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་ནས། འཇིག་རྟེན་གྱི་ཁམས་དེ་དག་ཏུ་འང་འཇིག་རྟེན་གྱི་ཁམས་ལ་ལར་ཉི་མ་རངས་པར་སྙོམས་པར་འཇུག་གོ། །ལ་ལར་སྔ་དྲོའི་དུས་ལ་ལར་ཉི་མ་གུང་གི་དུས་ལ་ལར་ཕྱི་དྲོའི་དུས་ལ་ལར་སྔ་དྲོའི་ཐུན་གྱི་ དུས། ལ་ལར་ཉི་མ་གུང་གི་ཐུན་གྱི་དུས། ལ་ལར་ཕྱི་དྲོའི་ཐུན་གྱི་དུས། ལ་ལར་སྐད་ཅིག་གཅིག་གི་དུས། ལ་ལར་ཡུད་ཙམ་གཅིག་གི་དུས། ལ་ལར་ཐང་གཅིག་གི་དུས། ལ་ལར་སྲིད་ཀྱི་དུས། ལ་ལར་ཡུད་དུ་ཡན་མན་གྱི་དུས། ལ་ལར་ཟླ་བ་གཅིག་གི་དུས། ལ་ལར་ལོའི་དུས། ལ་ལར་ལོ་བརྒྱ་སྟོང་གི་དུས། ལ་ལར་ལོ་བྱེ་བ་བརྒྱ་སྟོང་གི་དུས། ལ་ལར་ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ གི་དུས། ལ་ལར་བསྐལ་པ་གཅིག་གིས་དུས། ལ་ལར་བསྐལ་པ་བརྒྱའི་དུས། ལ་ལར་བསྐལ་པ་སྟོང་གི་དུས། ལ་ལར་བསྐལ་པ་བརྒྱ་ཕྲག་སྟོང་གི་དུས། ལ་ལར་བསྐལ་པ་བྱེ་བ་ཁྲག་ ཁྲིག་བརྒྱ་ཕྲག་སྟོང་གི་དུས། ལ་ལར་བསྐལ་པ་ཚད་མྱེད་པའི་དུས། ལ་ལར་བསྐལ་པ་དཔག་ཏུ་མྱེད་པའི་དུས། ལ་ལར་བསྐལ་པ་མུ་མེད་པའི་དུས། ལ་ལར་བསྐལ་པ་མཐའ་ཡས་པའི་དུས། ལ་ལར་བསྐལ་པ་གྲངས་མེད་པའི་དུས། ལ་ལར་བསྐལ་པ་བསམ་གྱིས་མྱི་ཁྱབས་པའི་དུས། ལ་ལར་བསྐལ་པ་དཔག་ཏུ་མྱེད་པའི་དུས། ལ་ལར་བསྐལ་པ་བགྲང་དུ་མྱེད་པའི་དུས། 74-1-209a ལ་ལར་བསྐལ་པ་མཚམས་མྱེད་པའི་དུས། ལ་ལར་བསྐལ་པ་བརྗོད་དུ་མྱེད་པའི་དུས་སུ་སྙོམས་པར་འཇུག་ཀྱང་། བྱང་ཆུབ་སེམས་དཔའ་དེས་ཆོས་སྒྱུ་མ་དེ་དག་རིང་དུ་གནས་པར་ སེམས་པར་མྱི་འགྱུར་རོ། །དུས་གཞན་དུ་རྗེས་སུ་འབྲང་བར་ཡང་མྱི་སེམས་ཏེ། བྱང་ཆུབ་སེམས་དཔའ་དེ་དུས་རྣམ་པ་ཐ་དད་པ་སྣ་ཚོགས་དེ་དག་ལ་མངོན་པར་ཆགས་པར་ཡང་མྱི་བྱེད་དོ། ། མངོན་པར་ཞེན་པ་ཡང་མྱི་བྱེད་དོ། །དབང་དུ་ཡང་མྱི་བྱེད་དོ། །མྱི་རྟོག་གོ། །རྣམ་པར་མྱི་རྟོག་གོ། །ཆོས་ཐམས་ཅད་ལ་ཉམས་པ་མེད་པར་གཞོལ་བས་བྱམས་པའི་མངོན་པར་ཤེས་ པ་དང་ལྡན་པ་ཡིན། ཏིང་ངེ་འཛིན་གྱི་མངོན་པར་ཤེས་པ་དང་ལྡན་པ་ཡིན། ཀྱེ་རྒྱལ་བའི་སྲས་དག །འདི་ལྟ་སྟེ་དཔེར་ན། ལྷའི་བུ་ཉི་མ་ནི་ཉིན་པར་སྣང་བར་བྱེད་ཅིང་འགྲོ་ཡང་། ཉིན་བར་དང་ཡང་འགྲོགས་པ་མྱེད། མཚན་མོ་དང་ཡང་མི་འགྲོགས་སོ། །འགྲོ་བའི་ཚེ་འང་ཉིན་མོར་སྣང་ལ་ནུབ་ནས་ཀྱང་མཚན་མོར་སྣང་ངོ་། །འོན་ཀྱང་ཉིན་པར་ཡང་སྐྱེད་པ་ མྱེད་ལ་མཚན་མོ་ཡང་གཤིག་པ་མྱེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འཇིག་རྟེན་གྱི་ཁམས་གྲངས་མྱེད་པ་དག་ཏུ་སྙོམས་པར་ཞུགས་ཤིང་། གྲངས་སུ་བརྗོད་པས་རྣམ་པར་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་རྒྱ་ཆེན་པོ་ལ་མཁས་པའི་ཡེ་ཤེས་འབྱམ་ ཀླས་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྗེས་སུ་སོང་བ་ཞེས་བྱ་བ་སྟེ་གསུམ་པའོ། །ཀྱེ་རྒྱལ་བའི་སྲས་དག །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ 74-1-209b རྣམས་ནི་སེམས་ཅན་གྱི་ལུས་སངས་རྒྱས་ཀྱི་སྐུར་མངོན་པར་མོས་པར་བྱེད་དེ། དེས་མངོན་པར་དེ་བཞིན་གཤེགས་པ་ཤིན་ཏུ་མང་པོ་མཐོང་བས་འཇིག་རྟེན་གྱི་ཁམས་གྲངས་མྱེད་པའི་རྡུལ་ཤིན་ཏུ་ ཕྲ་བ་སྙེད་ཀྱི་དེ་བཞིན་གཤེགས་པ་དེ་དག་ལ་སྤོས་ཀྱི་རྣམ་པའི་མཆོག་ཐམས་ཅད་ཀྱིས་མཆོད་པ་བྱེད་དོ། །མེ་ཏོག་སྣ་ཚོགས་ཡིད་དུ་འོང་བ་ཐམས་ཅད་ཀྱི་མཆོད་དོ། །ཞིང་ཡངས་པའི་རྣམ་པ་ སངས་རྒྱས་ཀྱི་ཞིང་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་མཆོད་པ་བྱེད་དོ། །རྒྱན་གྱི་རྣམ་པར་འགྲོ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཐམས་ཅད་ཀྱི་མཆོད་པ་བྱེད་དོ། །འགྲོ་བ་ཐམས་ཅད་ཀྱི་རིན་ པོ་ཆེ་སྣ་ཚོགས་ཚད་མྱེད་པས་ཀུན་ཏུ་གཡོག་པའི་རྣམ་པ་ཐམས་ཅད་ཀྱིས་མཆོད་པ་བྱེད་དོ། །རྒྱན་རྣམ་པར་ཕྱེ་བའི་ཚོགས་ཀྱི་རྣམ་པ་ཐམས་ཅད་ཀྱི་མཆོད་པ་བྱེད་དོ། །ནོར་བུ་རིན་པོ་ཆེ་སྣ་ ཚོགས་དམ་པའི་གཙུག་ལག་ཁང་གི་རྣམ་པ་གྲངས་མྱེད་པ་ཐམས་ཅད་ཀྱིས་མཆོད་པ་བྱེད་དོ། །ལྷ་རྫས་ལས་ཀྱང་འདས་པའི་ན་བཟའ་དང་། ཞལ་ཟས་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ པའི་རྣམ་པ་དམ་པ་ཐམས་ཅད་ཀྱི་མཆོད་པ་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་རྣམ་པར་དག་པར་བྱ་བའི་རྒྱན་སྣ་ཚོགས་རྣམ་པ་སྣ་ཚོགས་རྣམ་པ་ཐ་དད་པ་མ་ལུས་པ་སངས་རྒྱས་བསྙེན་ བཀུར་བ་དང་། མཆོད་པའི་རྣམ་པར་རྟོག་པ་སངས་རྒྱས་ཐམས་ཅད་ལ་རིམ་འགྲོ་བྱ་བའི་ཚུལ་དང་ལྡན་པར་མཆོད་པ་བྱེད་དོ། །དེ་བཞིན་གཤེགས་པ་དེ་དག་གི་ཞབས་ལའང་ཕྱག་འཚལ་ཞིང་ལུས་ ཐམས་ཅད་ཀྱི་རབ་ཏུ་འབེབས་སོ། །རྗེ་བར་ཞུགས་པ་རྣམས་ཀྱང་བྱེད་དེ། སངས་རྒྱས་ཀྱི་ཆོས་ཀྱང་ཤིན་ཏུ་རྟོགས་པར་བྱེད་དོ། །སངས་རྒྱས་ཀྱི་བསྟན་པ་ཡང་རབ་ཏུ་འཛིན་ཏོ། །སངས་རྒྱས་ 74-1-210a ཀྱི་ཆེ་བ་ཉིད་ཀྱང་ཁོང་དུ་ཆུད་པར་བྱེད་དོ། །དེ་བཞིན་ཉིད་ལ་ཡང་ཡང་དག་པར་འཇུག་པས་རབ་ཏུ་འཇུག་གོ། །སྙིང་རྗེ་ཆེན་པོའི་རྗེས་སུ་འབྲང་བ་འང་རབ་ཏུ་བྱེད་དོ། །ཆགས་པ་མྱེད་པའི་ སྟོབས་རབ་ཏུ་སྤེལ་བ་ལ་འང་མངོན་པར་མོས་ཤིང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་ཡོངས་སུ་འཐོབ་པར་བྱེད་དོ། །སེམས་ཅན་ཐམས་ཅད་ཀྱི་གཙོ་བོའི་རྗེས་སུ་ཡང་རབ་ཏུ་འབྲང་སྟེ། སྐད་ཅིག་ གཅིག་གིས་མཐར་ཡང་རབ་ཏུ་འཇུག་གོ། །དེ་བཞིན་གཤེགས་པ་དེ་དག་འབྱུང་བའི་ཚེ་འང་སྐྱེ་བ་མྱི་དམྱིགས་སོ། །དེ་བཞིན་གཤེགས་པ་དེ་དག་མྱ་ངན་ལས་འདའ་བའི་ཚེ་འང་འཇིག་པ་མྱི་དམྱིགས་ སོ། །ཀྱེ་རྒྱལ་བའི་སྲས་དག །འདི་ལྟ་སྟེ་དཔེར་ན། གཡེང་བའི་སེམས་ཀྱིས་ཡུལ་རྣམ་པར་དམྱིགས་པ་ནི་གཟུགས་ལས་ཀྱང་མ་བྱུང་དམྱིགས་པ་ལས་ཀྱང་མ་བྱུང་ངོ་། །སེམས་ཅན་རྣམ་པར་ མྱི་དམྱིགས་པའི་ཚེ་འང་མྱི་དམྱིགས་པ་གང་ལས་ཀྱང་འགག་པར་མྱི་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག །དེ་བཞིན་དུ་བྱང་ཆུབ་སེམས་དཔས་ཀྱང་དེ་བཞིན་གཤེགས་པ་དེ་དག་འབྱུང་བ་མྱི་དམྱིགས་ སོ། །དེ་བཞིན་གཤེགས་པ་དེ་དག་མྱ་ངན་ལས་འདའ་བའི་ཚེ་འང་འཇིག་པར་མྱི་དམྱིགས་སོ། །ཀྱེ་རྒྱལ་བའི་སྲས་དག །འདི་ལྟ་སྟེ་དཔེར་ན། ཉི་མ་གུང་ལ་སྨྱིག་རྒྱུ་སྣང་བ་ནི་སྤྲིན་ལས་བྱུང་བ་ མ་ཡིན། རྒྱ་མཚོ་ལས་བྱུང་བ་མ་ཡིན། སྤྲིན་ལ་གནས་པ་ཡང་མ་ཡིན། ས་ལ་གནས་པ་ཡང་མ་ཡིན། ཕྱོགས་ནས་བྱུང་བ་ཡང་མ་ཡིན། དགེ་བ་ཡང་མ་ཡིན། མི་དགེ་བ་ཡང་མ་ཡིན། དད་པ་ཡང་མ་ཡིན། རྙོག་པ་ཅན་ཡང་མ་ཡིན། བཏུང་བ་ཅན་ཡང་མ་ཡིན། རེད་པོ་པ་ཡང་མ་ཡིན། དངོས་པོ་ཡོད་པ་ཡང་མ་ཡིན། དངོས་པོ་མྱེད་པ་ཡང་མ་ཡིན། རོ་དང་ལྡན་པ་ཡང་མ་ཡིན། 74-1-210b རྣམ་པར་དམྱིགས་པ་དང་རྣམ་པར་མྱི་དམྱིགས་པའི་གྲངས་སུ་ཡང་མྱི་ཆུད་ན། དེའི་རྐྱེན་གྱིས་རྣམ་པར་ཤེས་པར་གདགས་པ་འང་ཡོད་དེ། སྨྱིག་རྒྱུ་བའི་རྒྱུད་ཇི་ལྟ་བ་དེ་བཞིན་དུ་ཆུ་ཀླུང་གི་འདུ་ཤེས་སྐྱེ་ དེ། རྒྱང་རིང་པོ་ནས་འདུ་ཤེས་དང་རྣམ་པར་ཤེས་པ་སྐྱེའོ། །ཉེ་བར་བསྙེན་ན་འདུག་ཅིང་སྨྱིག་རྒྱུ་བར་རྣམ་པར་དམྱིགས་པ་ཡང་མྱེད་དོ། །ཀྱེ་རྒྱལ་བའི་སྲས་དག །དེ་བཞིན་དུ་བྱང་ཆུབ་སེམས་དཔས་ ཀྱང་དེ་བཞིན་གཤེགས་པ་དེ་དག་སྐྱེ་བའི་ཚེ་འང་མི་དམྱིགས་སོ། །དེ་བཞིན་གཤེགས་པ་དེ་དག་མྱ་ངན་ལས་འདའ་བའི་ཚེ་འང་འཇིག་པར་མྱི་དམྱིགས་ཀྱང་མཚན་ཡོད་པས་སངས་རྒྱས་ལ་སངས་རྒྱས་ ཀྱི་འདུ་ཤེས་ཀྱིས་རྣམ་པར་དམྱིགས་སོ། །མཚན་མ་མྱེད་པས་མཚན་མ་མྱེད་པའི་མཚན་མས་མྱི་དམྱིགས་ཏེ། ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ ཏིང་ངེ་འཛིན་ལྷག་པའི་བསམ་པ་གཙང་མས་སྤྱོད་པ་ཞེས་པ་སྟེ། དེ་ལ་སྙོམས་པར་ཞུགས་ཤིང་རྣམ་པར་ལངས་ཀྱང་དེ་ནི་འཇིགས་པ་མྱེད་དོ། །ཀྱེ་རྒྱལ་བའི་སྲས་དག །འདི་ལྟ་སྟེ་དཔེར་ན། མྱི་གཉིད་ཀྱིས་ལོག་པ་རྨི་ལམ་རྨྱིས་ནས་སད་དེ་མཚན་མ་ཡིད་ཀྱིས་ཟིན་ལ་དྲན་ཞིང་རྨི་ལམ་ལ་སྒྲིབ་པ་མྱེད་པ་རྣམ་པར་དམྱིགས་པ་ནི་སད་ཀྱང་རྨི་ལམ་རྗེས་སུ་དྲན་པས་ཡོངས་སུ་དྲན་ནོ། །ཀྱེ་རྒྱལ་ བའི་སྲས་དག །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་སངས་རྒྱས་མཐོང་བའི་མཚན་མ་ཡང་ཡོངས་སུ་འཇིག་པར་མི་བྱེད་དོ། །སངས་རྒྱས་ཀྱི་ཆོས་བླངས་པ་ རྣམས་ཀྱང་ཡང་དག་པར་འཛིན་ཏོ། །དེ་བཞིན་གཤེགས་པ་དེ་དག་གིས་འཁོར་གྱི་དཀྱིལ་འཁོར་རྣམ་པར་དག་པར་ཡང་བསམ་པ་ཇི་ལྟ་བ་བཞིན་དུ་རྣམ་པར་དམྱིགས་སོ། །སངས་རྒྱས་ཀྱི་ 74-1-211a ཞིང་གི་རྒྱན་ཀྱང་རྗེས་སུ་འཐོབ་པར་བྱེད་དོ། །དོན་གྱི་ཚུལ་ཡང་རྣམ་པར་འཕེལ་བར་བྱེད་དོ། །ཆོས་ཐམས་ཅད་ཀྱི་ཚུལ་ཡང་རྣམ་པ་དུ་མར་ཡོངས་སུ་སྦྱོང་ངོ་། །ཡེ་ཤེས་ཀྱི་སྒྲོན་མེ་ཡང་ ཤིན་ཏུ་ཡངས་པར་བྱེད་དོ། །སངས་རྒྱས་ཀྱི་རིགས་ཀྱང་རྣམ་པར་འཕེལ་བར་བྱེད་དོ། །མྱི་འཇིགས་པ་ཡོངས་སུ་དག་པ་ཡང་རབ་ཏུ་བརྗོད་དོ། །ཐ་དད་པ་ཡང་དག་པར་ཤེས་པ་མི་ཟད་པ་ འང་རབ་ཏུ་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་དག །འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་རྒྱ་ཆེན་པོ་ལ་མཁས་པའི་ཡེ་ཤེས་བཞི་པའོ། །ཀྱེ་རྒྱལ་བའི་ སྲས་དག །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་འོད་ལ་རབ་ཏུ་འཇུག་གོ། །བསྐལ་པ་གཅིག་ནས་གཅིག་ དུ་བརྒྱུད་པས། ཞིང་གཅིག་ནས་གཅིག་དུ་བརྒྱུད་པ་ཁོང་དུ་ཆུད་པར་བྱེད་དོ། །ཞིང་གཅིག་ནས་གཅིག་ཏུ་བརྒྱུད་པས་སངས་རྒྱས་གཅིག་ནས་གཅིག་ཏུ་བརྒྱུད་པ་རབ་ཏུ་ཤེས་སོ། ། སངས་རྒྱས་གཅིག་ནས་གཅིག་ཏུ་བརྒྱུད་པས་ཆོས་བསྟན་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་རབ་ཏུ་ཤེས་སོ། །ཆོས་གཅིག་ནས་གཅིག་ཏུ་བརྒྱུད་པས། བསམ་པ་གཅིག་ནས་ གཅིག་ཏུ་བརྒྱུད་པ་རབ་ཏུ་ཤེས་སོ། །བསམ་པ་གཅིག་ནས་གཅིག་ཏུ་བརྒྱུད་པས། དབང་པོ་གཅིག་ནས་གཅིག་ཏུ་བརྒྱུད་པ་རབ་ཏུ་ཤེས་སོ། །དབང་པོ་གཅིག་ནས་གཅིག་ཏུ་བརྒྱུད་པས། འདུལ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་རབ་ཏུ་ཤེས་སོ། །འདུལ་བ་གཅིག་ནས་གཅིག་ཏུ་བརྒྱུད་པས། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་ཚེ་གཅིག་ནས་གཅིག་ཏུ་བརྒྱུད་པ་རབ་ཏུ་ཤེས་ 74-1-211b སོ། །སྐུ་ཚེ་གཅིག་ནས་གཅིག་ཏུ་བརྒྱུད་པས། ལོ་གྲངས་བྱེ་བ་ཁྲག་ཁྲིག་གཅིག་ནས་གཅིག་ཏུ་ཤེས་ཏེ། དེ་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་མཐའ་ཡས་པ་འདབ་ཆགས་ པར་རབ་ཏུ་ཤེས་སོ། །དེ་བཞིན་དུ་འདས་པའི་ཞིང་རྣམ་འདབ་ཆགས་པར་རབ་ཏུ་ཤེས་སོ། །དེ་བཞིན་དུ་འདས་པའི་ཆོས་ཀྱི་རྣམ་གྲངས་རྣམས་འདབ་ཆགས་པར་རབ་ཏུ་ཤེས་སོ། ། དེ་བཞིན་དུ་འདས་པའི་བསྐལ་པ་རྣམས་འདབ་ཆགས་པར་རབ་ཏུ་ཤེས་སོ། །དེ་བཞིན་དུ་འདས་པའི་ཆོས་རྣམས་འདབ་ཆགས་པར་རབ་ཏུ་ཤེས་སོ། །དེ་བཞིན་དུ་འདས་པའི་སེམས་ཅན་རྣམས་ འདབ་ཆགས་པར་རབ་ཏུ་ཤེས་སོ། །དེ་བཞིན་དུ་འདས་པའི་མོས་པ་རྣམས་འདབ་ཆགས་པར་རབ་ཏུ་ཤེས་སོ། །དེ་བཞིན་དུ་འདས་པའི་སེམས་ཅན་གྱི་སྤྱོད་པ་རྣམས་འདབ་ཆགས་ པར་རབ་ཏུ་ཤེས་སོ། །དེ་བཞིན་དུ་འདས་པའི་ཉོན་མོངས་པ་རྣམས་འདབ་ཆགས་པར་རབ་ཏུ་ཤེས་སོ། །དེ་བཞིན་དུ་འདས་པའི་བག་ཆགས་རྣམས་འདབ་ཆགས་པར་རབ་ཏུ་ཤེས་ སོ། །དེ་བཞིན་དུ་འདས་པའི་རྣམ་པར་བྱང་བ་རྣམ་པར་དག་པ་རྣམས་འདབ་ཆགས་པར་རབ་ཏུ་ཤེས་སོ། །དེ་དག་ཏིང་ངེ་འཛིན་འདས་པ་རྣམ་པར་དག་པའི་སྙིང་པོ་ཞེས་བྱ་བ་ལ་སྙོམས་ པར་འཇུག་སྟེ། སེམས་བསྐྱེད་པ་གཅིག་གིས་བསྐལ་པ་བརྒྱ་ཕྲག་སྟོང་ལ་འཇུག་གོ། །དེ་དང་འདབ་ཆགས་པའི་སེམས་མཐའ་ཡས་པས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་ སྟོང་ལ་འཇུག་གོ། །བསྐལ་པ་ཚད་མྱེད་པ་ལ་འཇུག་གོ། །བསྐལ་པ་དཔག་ཏུ་མེད་པ་ལ་འཇུག་གོ། །བསྐལ་པ་གཞལ་དུ་མེད་པ་ལ་འཇུག་གོ། །བསྐལ་པ་མུ་མེད་པ་ལ་འཇུག་གོ། ། 74-1-212a བསྐལ་པ་ས་མཚམས་མྱེད་པ་ལ་འཇུག་གོ། །བསྐལ་པ་གྲངས་མྱེད་པ་ལ་འཇུག་གོ། །བསྐལ་པ་བསམ་གྱིས་མྱི་ཁྱབ་པ་ལ་འཇུག་གོ། །བསྐལ་པ་དཔག་གིས་མི་ཁྱབ་པ་ལ་འཇུག་གོ། ། བསྐལ་པ་བརྗོད་དུ་མྱིད་པའི་ཡང་བརྗོད་དུ་མེད་པ་ལ་འཇུག་གོ། །དེ་དག་ཏིང་ངེ་འཛིན་ད་ལྟར་བྱུང་བའི་འགག་པ་མྱེད་པ་ལ་འདས་པ་མ་སྐྱེས་ཤིང་སྒྲིབ་པ་མྱེད་པ་ཞེས་བྱ་བ་ལ་སྙོམས་པར་འཇུག་ཏེ། ཏིང་ངེ་འཛིན་དེ་དག་ཆོས་བཅུས་དབང་བསྐུར་བ་ཡིན། དེ་དག་དེ་ལས་ལངས་ནས་ཀྱང་དེ་བཞིན་གཤེགས་པ་རྣམས་ལ་དབང་བསྐུར་བའི་ཆོས་བཅུ་པོ་དེ་དག་ལ་བསམ་ཀྱིས་མི་ཁྱབ་པར་ཡང་ དག་པར་འཇུག་གོ། །རབ་ཏུ་འཐོབ་པར་བྱེད་དོ། །ཤིན་ཏུ་བརྩོན་པར་བྱེད་དོ། །ཡོངས་སུ་རྫོགས་པར་བྱེད་དོ། །ཐོགས་པ་མེད་པར་ཡོངས་སུ་ཁོང་དུ་ཆུད་པར་བྱེད་དོ། །རྟོགས་པར་བྱེད་དོ། ། རྗེས་སུ་འཐོབ་པར་བྱེད་དོ། །ཡོངས་སུ་རྒྱས་པར་བྱེད་དོ། །ཡོངས་སུ་འཛིན་ཏོ། །འཁོར་གསུམ་ལ་རབ་ཏུ་ཞུགས་པས་མཉམ་པ་ཉིད་དུ་འཛིན་པར་བྱེད་དོ། །བཅུ་གང་ཞེ་ན་འདི་ལྟ་སྟེ། དོན་ཐ་དད་པ་ཡང་དག་པར་ཤེས་པ་དང་། ངེས་པའི་ཚིག་ཐ་དད་པ་ཡང་དག་པར་ཤེས་པས་ཆུད་མི་ཟ་བ་དང་། འཕྲུལ་དུ་བསྒྲུབ་པ་མ་ཡིན་པའི་སྤོབས་པ་ཐ་དད་པ་ཡང་དག་པར་ཤེས་པ་དང་། གརྩད་དུ་མེད་པའི་ཆོས་ཐ་དད་པ་ཡང་དག་པར་ཤེས་པ་དང་། མི་འཇིགས་པ་རྣམས་ལ་རང་བྱུང་བ་དང་། སེམས་ཅན་མྱེད་པའི་ཚིག་རབ་ཏུ་བརྟེན་པ་དང་། སེམས་ཅན་ཐམས་ཅད་ཀྱི་ འཇུག་པའི་ཚུལ་དང་། ཁམས་གསུམ་པའི་དམ་པ་དང་དགེ་བའི་རྩ་བ་བླ་ན་མེད་པ་དང་། དེ་བཞིན་གཤེགས་པའི་སྐུ་རྡུལ་གཅིག་གི་ཚད་དུ་སྟོན་པ་སྟེ། དེས་དེ་བཞིན་གཤེགས་པའི་སྐུ་རྡུལ་བརྒྱའི་ 74-1-212b བར་གྱི་ཚད་དུ་རབ་ཏུ་མཐོང་ངོ་། །དེ་བཞིན་གཤེགས་པའི་སྐུ་རྡུལ་སྟོང་གི་ཚད་དུ་རབ་ཏུ་མཐོང་ངོ་། །དེ་བཞིན་གཤེགས་པའི་སྐུ་རྒྱང་གྲགས་ཙམ་དུ་རབ་ཏུ་མཐོང་ངོ་། །དེ་བཞིན་གཤེགས་པའི་སྐུ་དཔག་ ཚད་གཅིག་ཙམ་དུ་རབ་ཏུ་མཐོང་ངོ་། །དེ་བཞིན་གཤེགས་པའི་སྐུ་དཔག་ཚད་བཅུ་ཙམ་དུ་རབ་ཏུ་མཐོང་ངོ་། །དེ་བཞིན་གཤེགས་པའི་སྐུ་དཔག་ཚད་བརྒྱ་ཙམ་དུ་རབ་ཏུ་མཐོང་ངོ་། །དེ་བཞིན་གཤེགས་ པའི་སྐུ་དཔག་ཚད་བརྒྱ་སྟོང་ཙམ་དུ་རབ་ཏུ་མཐོང་ངོ་། །དེ་བཞིན་གཤེགས་པའི་སྐུ་འཛམ་བུའི་གླིང་ཙམ་དུ་རབ་ཏུ་མཐོང་ངོ་། །དེ་བཞིན་གཤེགས་པའི་སྐུ་གླིང་བཞིའི་འཇིག་རྟེན་གྱི་ཁམས་ཙམ་དུ་རབ་ཏུ་ མཐོང་ངོ་། །དེ་བཞིན་གཤེགས་པའི་སྐུ་སྟོང་གི་འཇིག་རྟེན་གྱི་ཁམས་ཙམ་དུ་རབ་ཏུ་མཐོང་ངོ་། །དེ་བཞིན་གཤེགས་པའི་སྐུ་སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་ཙམ་དུ་རབ་ཏུ་མཐོང་ངོ་། ། དེ་བཞིན་གཤེགས་པའི་སྐུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཙམ་དུ་མཐོང་ངོ་། །དེ་བཞིན་གཤེགས་པའི་སྐུ་འཇིག་རྟེན་གྱི་ཁམས་བརྒྱའི་ཚད་དུ་རབ་ཏུ་མཐོང་ངོ་། །དེ་བཞིན་ གཤེགས་པའི་སྐུ་འཇིག་རྟེན་གྱི་ཁམས་སྟོང་གི་ཚད་དུ་རབ་ཏུ་མཐོང་ངོ་། །དེ་བཞིན་གཤེགས་པའི་སྐུ་འཇིག་རྟེན་གྱི་ཁམས་བརྒྱ་ཕྲག་སྟོང་གི་ཚད་དུ་རབ་ཏུ་མཐོང་ངོ་། །དེ་བཞིན་གཤེགས་ པའི་སྐུ་འཇིག་རྟེན་གྱི་ཁམས་བྱེ་བ་བརྒྱ་སྟོང་གི་ཚད་དུ་རབ་ཏུ་མཐོང་ངོ་། །དེ་བཞིན་གཤེགས་པའི་སྐུ་འཇིག་རྟེན་གྱི་ཁམས་བརྒྱ་ཕྲག་སྟོང་གི་ཚད་རབ་ཏུ་མཐོང་ངོ་། །དེ་བཞིན་གཤེགས་པའི་སྐུ་ འཇིག་རྟེན་གྱི་ཁམས་དཔག་ཏུ་མྱེད་པའི་ཚད་དུ་རབ་ཏུ་མཐོང་ངོ་། །དེ་བཞིན་གཤེགས་པའི་སྐུ་འཇིག་རྟེན་གྱི་ཁམས་གྲངས་མྱེད་པའི་ཚད་དུ་རབ་ཏུ་མཐོང་ངོ་། །དེ་བཞིན་གཤེགས་པའི་སྐུ་འཇིག་ 74-1-213a རྟེན་གྱི་ཁམས་མཐའ་ཡས་པའི་ཚད་དུ་རབ་ཏུ་མཐོང་ངོ་། །དེ་བཞིན་གཤེགས་པའི་སྐུ་འཇིག་རྟེན་གྱི་ཁམས་མུ་མྱེད་པའི་ཚད་དུ་རབ་ཏུ་མཐོང་ངོ་། །དེ་བཞིན་གཤེགས་པའི་སྐུ་འཇིག་ རྟེན་གྱི་ཁམས་བསམ་གྱིས་མྱི་ཁྱབ་པའི་ཚད་དུ་རབ་ཏུ་མཐོང་ངོ་། །དེ་བཞིན་གཤེགས་པའི་སྐུ་འཇིག་རྟེན་གྱི་ཁམས་གཞལ་དུ་མེད་པའི་ཚད་དུ་རབ་ཏུ་མཐོང་ངོ་། །དེ་བཞིན་གཤེགས་པའི་སྐུ་ འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པའི་ཚད་དུ་རབ་ཏུ་མཐོང་ངོ་། །དེ་བཞིན་གཤེགས་པའི་སྐུ་འཇིག་རྟེན་གྱི་ཁམས་བགྲང་དུ་མྱེད་པའི་ཚད་ཏུ་རབ་ཏུ་མཐོང་ངོ་། །དེ་བཞིན་གཤེགས་པའི་སྐུ་འཇིག་ རྟེན་གྱི་ཁམས་ས་མཚམས་མྱེད་པའི་ཚད་དུ་རབ་ཏུ་མཐོང་ངོ་། །དེ་བཞིན་གཤེགས་པའི་སྐུ་འཇིག་རྟེན་གྱི་ཁམས་བརྗོད་དུ་མྱེད་པའི་ཚད་དུ་རབ་ཏུ་མཐོང་ངོ་། །དེ་བཞིན་གཤེགས་པའི་སྐུ་འཇིག་རྟེན་ གྱི་ཁམས་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མེད་པའི་ཚད་དུ་མཐོང་ངོ་། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་སྐུ་དེ་ལྟ་བུ་ཁ་དོག་ཚད་མེད་པར་རབ་ཏུ་མཐོང་ངོ་། །དེ་ལྟ་བུའི་སྐུ་ གཟུགས་ཚད་མྱེད་པ་རབ་ཏུ་མཐོང་ངོ་། །དེ་ལྟ་བུའི་མཚན་ཚད་མྱེད་པ་རབ་ཏུ་མཐོང་ངོ་། །དེ་ལྟ་བུའི་འོད་ཚད་མེད་པར་རབ་ཏུ་མཐོང་ངོ་། །དེ་ལྟ་བུའི་འོད་གཟེར་གྱི་དྲ་བ་སྣང་བ་ཚད་མྱེད་པར་རབ་ཏུ་མཐོང་ ངོ་། །ཆོས་ཀྱི་དབྱིངས་ཚད་མྱེད་པར་རབ་ཏུ་མཐོང་ངོ་། །ཆོས་ཀྱི་དབྱིངས་མཐའ་དང་དབུས་མྱེད་པར་རབ་ཏུ་མཐོང་ངོ་། །ཆོས་ཀྱི་དབྱིངས་ཐམས་ཅད་ཡེ་ཤེས་ཀྱིས་ཁོང་དུ་ཆུད་པར་རབ་ཏུ་མཐོང་ངོ་། ། ཆགས་པ་མྱེད་པའི་ལུས་རབ་ཏུ་མཐོང་ངོ་། །སྒྲིབ་པ་མྱེད་པའི་རྣམ་པར་དག་པ་རབ་ཏུ་མཐོང་ངོ་། །དེ་ལྟར་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་སྐུ་རབ་ཏུ་མཐོང་ངོ་། ། 74-1-213b ཡང་དེ་བཞིན་གཤེགས་པའི་སྐུ་དེ་རྣམ་པར་འཕེལ་བར་ཡང་མི་བྱེད། འགྲིབ་པར་ཡང་མྱི་བྱེད་དོ། །ཀྱེ་རྒྱལ་བའི་སྲས་དག །འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་ཡུང་དཀར་སྲིན་བུས་ཟོས་པའི་ སྦུབས་ཀྱིས་ཆུང་ངུ་བྱས་པ་ཡང་མ་ཡིན། འཇིག་རྟེན་གྱི་ཁམས་གྲངས་མྱེད་པ་དང་། འཇིག་རྟེན་གྱི་ཁམས་གྱི་མཚན་དེ་དག་གིས་ཡངས་པར་བྱས་པ་ཡང་མ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་ དག །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ཡང་ལྟ་བ་རྒྱ་ཆེན་པོས་ཡངས་པར་བྱས་པ་འང་མ་ཡིན། ལྟ་བ་རྒྱ་ཆུང་ངུས་བལྟས་པས་ཆུང་ངུ་བྱས་པ་ཡང་མ་ཡིན་ནོ་ཀྱེ་རྒྱལ་བའི་སྲས་དག ། འདི་ལྟ་སྟེ་དཔེར་ན། ཟླ་བའི་དཀྱིལ་འཁོར་ནི་འཛམ་བུའི་གླིང་ནས་ལྟ་བས་ཆུང་ངུ་བྱས་པ་འང་མ་ཡིན། ཟླ་བའི་དཀྱིལ་འཁོར་ལ་གནས་ཏེ་བལྟས་པས་ཆེར་བྱས་པ་འང་མ་ཡིན་ནོ། །ཀྱེ་རྒྱལ་བའི་ སྲས་དག །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་དག་ཏིང་ངེ་འཛིན་འདི་དག་ལ་གནས་ཤིང་སངས་རྒྱས་དེ་དག་མཐོང་བར་ཡང་འགྱུར་ལ། དེ་བཞིན་གཤེགས་པའི་སྤྲུལ་པ་དེ་དག་ཀྱང་འཇིག་ པར་མི་བྱེད་དོ། །བསམ་པ་ཇི་ལྟ་བ་བཞིན་དུ་ཡང་སངས་རྒྱས་མཐོང་བར་བྱེད་དོ། །སངས་རྒྱས་ཀྱི་གསུང་དེ་བཞིན་གཤེགས་པའི་དབྱངས་ཀྱི་ཆོས་ཇི་སྙེད་དུ་བརྗོད་ཅིང་བསྟན་པ་དེ་ དག་ཐམས་ཅད་ཀྱང་རབ་ཏུ་འཛིན་ཅིང་ཤེས་པར་བྱེད་པ་ཡིན། རབ་ཏུ་ཤེས་པར་བྱེད་པ་ཡིན། ཉམས་པ་མྱེད་པའི་ཆོས་ལ་རབ་ཏུ་རྟེན་པ་ཡིན། ཀྱེ་རྒྱལ་བའི་སྲས་དག །འདི་ལྟ་སྟེ་དཔེར་ན། སེམས་ ཅན་རྣམས་ཀྱི་འཆི་འཕོ་དང་སྐྱེ་བ་ནི་སེམས་ལ་གསོལ་བ་གདབ་པ་མྱེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་དག་ལ་གནས་པའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱན་དང་སངས་རྒྱས་ 74-1-214a རྣམ་པར་དམྱིགས་པ་ཡང་ནན་ཏན་བྱ་མྱི་དགོས་པར་རྣམ་པར་དག་སྟེ། བྱང་ཆུབ་སེམས་དཔའ་དེ་ནི་མྱུར་བ་བཅུ་དང་ལྡན་པ་ཡིན། བཅུ་གང་ཞེ་ན་འདི་ལྟ་སྟེ། སྤྱོད་པ་ལ་ཡང་དག་པར་བྱུང་ བས་ཡོངས་སུ་རྫོགས་པར་བྱ་བ་མྱུར་དུ་ཡོངས་སུ་རྫོགས་པར་བྱེད་པ་ཡིན། སངས་རྒྱས་ཀྱི་ཆོས་སྣང་བས་འཇིག་རྟེན་མྱུར་དུ་སྣང་བར་བྱེད་པ་ཡིན། ཆོས་ཀྱི་འཁོར་ལོའི་ཐབས་མཁས་པས་སེམས་ ཅན་མྱུར་དུ་ཡོངས་སུ་སྨྱིན་པར་བྱེད་པ་ཡིན། ལས་ཇི་ལྟ་བ་བཞིན་དུ་སེམས་ཅན་མྱུར་དུ་ཡོངས་སུ་སྨིན་པར་བྱེད་པ་ཡིན། ལས་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམ་པར་དམྱིགས་པས་སངས་རྒྱས་ཀྱི་ཞིང་མྱུར་དུ་ཡོངས་སུ་སྦྱོང་བ་ཡིན། སྟོབས་བཅུ་མཉམ་པ་ཉིད་ཀྱི་ཡེ་ཤེས་མྱུར་ དུ་གནོན་པ་ཡིན། དེ་བཞིན་གཤེགས་པ་ཐམས་ཅད་དང་མྱུར་དུ་འགྲོགས་པ་ཡིན། བྱམས་པ་ཆེན་པོའི་སྟོབས་ཀྱིས་བདུད་ཀྱི་དཀྲུག་མ་མྱུར་དུ་འཇོམས་པ་ཡིན། ཐེ་ཙོམ་ཡོངས་སུ་གཅོད་པས་ སེམས་ཅན་ཐམས་ཅད་མྱུར་དུ་ཚིམ་པར་བྱེད་པ་ཡིན། མོས་པ་དང་འདུལ་བ་ཇི་ལྟ་བ་བཞིན་རྣམ་པར་འཕྲུལ་བ་མྱུར་དུ་ཡང་དག་པར་སྟོན་པ་ཡིན། འཇིག་རྟེན་ཐམས་ཅད་དུ་སྒྲ་སྐད་སྣ་ཚོགས་ རྣམ་པར་དག་པར་འགྱུར་བའི་ཕྱིར་ཆོས་ཐམས་ཅད་ཀྱི་རང་བཞིན་དང་མྱུར་དུ་ལྡན་པར་གྱུར་བ་ཡིན། བྱང་ཆུབ་སེམས་དཔའ་དེ་ནི་ཆོས་ཐམས་ཅད་ལ་བྱང་ཆུབ་སེམས་དཔའི་རྒྱ་བཅུས་བཏབ་པ་ཡིན་ཏེ། བཅུ་གང་ཞེ་ན་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་དེ་ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་དང་། དགེ་བའི་རྩ་བ་གཅིག་པ་ཡིན། བྱང་ཆུབ་སེམས་དཔའ་དེ་ནི་ མཐའ་དབུས་མྱེད་པའི་ལུས་ཀྱིས་ཡེ་ཤེས་ཀྱི་རང་བཞིན་གཅིག་པ་ཡིན། བྱང་ཆུབ་སེམས་དཔའ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པས་སྤྱོད་པ་གཅིག་པ་ཡིན། བྱང་ཆུབ་སེམས་ 74-1-214b དཔའ་དེ་ནི་གཉིས་སུ་མྱེད་པ་ཡང་དག་པར་བླང་བ་ལ་རྟོགས་པར་བཞག་པས་དཀྱིལ་འཁོར་ཚང་བ་ཡིན། བྱང་ཆུབ་སེམས་དཔའ་དེ་ནི་ཆོས་ཀྱི་དབྱིངས་ཡོངས་སུ་ཤེས་པས་སྤྱོད་པའི་ཆགས་པ་མེད་པའི་ ཡུལ་དང་ལྡན་པ་ཡིན། བྱང་ཆུབ་སེམས་དཔའ་དེ་ནི་སྟོབས་བཅུའི་སྣང་བ་ཐོབ་པས་སྒྲིབ་པ་མྱེད་པའི་སྤྱོད་ཡུལ་དང་ལྡན་པ་ཡིན། བྱང་ཆུབ་སེམས་དཔའ་དེ་ནི་མི་གཉིས་པ་ལ་ཡང་དག་པར་སྤྱོད་པས་ དགང་སླ་བ་ཡིན། བྱང་ཆུབ་སེམས་དཔའ་དེ་ནི་དོན་ཤེས་ཤིང་འགྲོ་བ་ཐམས་ཅད་ཡོངས་སུ་འདུལ་བར་བྱེད་པའི་ཕྱིར་རྒྱུན་འཆད་པ་མྱེད་པ་ཡིན། བྱང་ཆུབ་སེམས་དཔའ་དེ་ནི་དོན་ཤེས་ཤིང་མཁས་པར་བྱ་བ་ལ་ཤིན་ཏུ་ རྟོགས་པར་བྱ་བ་ཡིན། བྱང་ཆུབ་སེམས་དཔའ་དེ་ནི་སངས་རྒྱས་ཐམས་ཅད་དང་མྱི་གཉིས་པ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་ རྒྱ་ཆེན་པོ་ལ་མཁས་པའི་ཡེ་ཤེས་ཀྱི་ཚུལ་སངས་རྒྱས་ཐམས་ཅད་ཀྱིས་རྣམ་པར་བཀོད་པའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱན་ཅེས་བྱ་བ་སྟེ། ཏིང་ངེ་འཛིན་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་ནི་སངས་ རྒྱས་ཀྱི་ཆོས་ཐམས་ཅད་ལ་སློབ་དཔོན་མྱེད་པ་ཡིན། འགྲོ་བ་ཐམས་ཅད་དུ་འགྲོ་བའི་རྩལ་ཡོད་པས་གཞན་གྱི་དྲིང་མྱི་འཇོག་པ་ཡིན། སེམས་རང་བཞིན་གྱིས་འོད་གསལ་ཞིང་དག་པ་དང་ལྡན་པས་ ཤིན་ཏུ་དག་པ་ཡིན། འཇིག་རྟེན་ཐམས་ཅད་ཡོངས་སུ་འདྲེན་པ་ལ་ཞུགས་པས་ཐུ་བོ་དམ་པ་ཡིན། སྐྱེ་དགུ་ཐམས་ཅད་ལ་བསམ་པ་ཐག་པ་ནས་ཕན་པ་ཡིན། མ་འོངས་པའི་སངས་རྒྱས་ཀྱི་རིགས་ རབ་ཏུ་བསྒྲུབ་པ་ཡིན། ཐམས་ཅད་མཁྱེན་པའི་སྒོ་ལ་རབ་ཏུ་གཞོག་པ་ཡིན། གཉིས་སུ་མྱེད་པར་སྨྲ་ཞིང་ནོར་བ་མྱེད་པར་ཁོང་དུ་ཆུད་པར་སྟོན་པས་དེ་ཁོ་ན་ཉིད་ལ་མཁས་པ་ཡིན། སངས་རྒྱས་ 74-1-215a ཀྱི་ཆོས་ཐམས་ཅད་ཀྱི་ཆོས་ཀྱི་མཛོད་རབ་ཏུ་གཏང་བ་ཡིན། སེམས་ཅན་གྱི་རིས་རྣམས་སུ་བསམ་པ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་སྤྲིན་གྱི་ཆར་འབེབས་པ་ཡིན། ཀྱེ་རྒྱལ་བའི་སྲས་དག ། འདི་ལྟ་སྟེ་དཔེར་ན། བརྒྱ་བྱིན་མངོན་པར་དགའ་བའི་ནོར་བུ་རིན་པོ་ཆེ་ནི། ལྷའི་རྒྱལ་པོའི་སྤྱི་བོ་ལ་བཏགས་ན། ནོར་བུ་དེའི་བྱིན་གྱིས་ལྷའི་དབང་པོ་བརྒྱ་བྱིན་འོད་དང་ལྡན་པར་གྱུར་པ་སྟེ། ནོར་བུ་རིན་ པོ་ཆེ་བདག་པོས་ལྷའི་རྒྱལ་པོ་བརྒྱ་བྱིན་ཆོས་བཅུས་སུམ་ཅུ་རྩ་གསུམ་པའི་ལྷ་ཐམས་ཅད་ཟིལ་གྱི་གནོན་ཏེ། བཅུ་གང་ཞེ་ན། སུམ་བཅུ་རྩ་གསུམ་རིགས་ཀྱི་ལྷའི་བུ་གཞན་ཐམས་ཅད་ཀྱི་ལྷ་རྫས་ ལས་འདས་པའི་མདོག་དང་། ལྷ་རྫས་ལས་འདས་པའི་གཟུགས་དང་། ལྷ་རྫས་ལས་འདས་པའི་བལྟ་ན་མཛེས་པ་དང་། ལྷ་རྫས་ལས་འདས་པའི་འཁོར་དང་། ལྷ་རྫས་ལས་འདས་པའི་ལོངས་ སྤྱོད་དང་། ལྷ་རྫས་ལས་འདས་པའི་རྫུ་འཕྲུལ་དང་། ལྷ་རྫས་ལས་འདས་པའི་དབང་ཆེན་པོ་དང་། ལྷ་རྫས་ལས་འདས་པའི་སྤྱོད་པ་དང་། ལྷ་རྫས་ལས་འདས་པའི་བློ་གྲོས་དང་། ལྷ་རྫས་ ལས་འདས་པའི་ཤེས་རབ་སྟེ། དེ་ནི་ལྷ་རྫས་ལས་འདས་པའི་བསོད་ནམས་རབ་ཏུ་གྲུབ་པས་ནོར་བུ་རིན་པོ་ཆེ་དེ་ཐོབ་པའི་ཕྱིར་རོ། །ཀྱེ་རྒྱལ་བའི་སྲས་དག །དེ་བཞིན་དུ་བྱང་ཆུབ་སེམས་ དཔའ་དེ་ཡང་ཏིང་ངེ་འཛིན་འདི་ཐོབ་པས་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཡངས་པའི་གཏེར་ཆེན་པོ་བཅུ་འཐོབ་པོ། །བཅུ་གང་ཞེ་ན། འདི་ལྟ་སྟེ་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྣང་བར་བྱ་བའི་ ཡེ་ཤེས་རབ་ཏུ་ཐོབ་པོ། །འདི་ལྟ་སྟེ་སེམས་ཅན་གྱི་ཁམས་ཐམས་ཅད་དུ་སྐྱེ་ཞིང་འབྱུང་བའི་ཡེ་ཤེས་རབ་ཏུ་ཐོབ་པོ། །འདི་ལྟ་སྟེ། དུས་གསུམ་དུ་སྤྲུལ་པའི་བྱིན་གྱིས་རླབས་པའི་ཡེ་ཤེས་ 74-1-215b རབ་ཏུ་ཐོབ་པོ། །འདི་ལྟ་སྟེ་སངས་རྒྱས་ཐམས་ཅད་ཀྱི་སྐུའི་བྱིན་གྱིས་བརླབས་པའི་ཡེ་ཤེས་རབ་ཏུ་ཐོབ་བོ། །འདི་ལྟ་སྟེ། ཆོས་ཐམས་ཅད་རྟོགས་པར་རིག་པའི་ཡེ་ཤེས་རབ་ཏུ་ཐོབ་པོ། །འདི་ལྟ་ སྟེ། ཆོས་ཐམས་ཅད་ཉེ་བར་སྟོན་པའི་ཆོས་ཤིན་ཏུ་བརྗོད་པའི་ཡེ་ཤེས་རབ་ཏུ་ཐོབ་པོ། །འདི་ལྟ་སྟེ། འགྲོ་བ་ཐམས་ཅད་ཁོངས་སུ་ཆུད་པའི་ཆོས་ཀྱི་ལུས་ཀྱི་ཡེ་ཤེས་རབ་ཏུ་ཐོབ་བོ། །འདི་ལྟ་སྟེ། ཆོས་ཐམས་ཅད་མངོན་དུ་གྱུར་ཅིང་ཀུན་ཏུ་མཐོང་བའི་ཡེ་ཤེས་མྱིག་གིས་ཡེ་ཤེས་རྣམ་པར་དག་པ་རབ་ཏུ་ཐོབ་པོ། །འདི་ལྟ་སྟེ། དབང་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་རབ་ཏུ་ཐོབ་བོ། ། འདི་ལྟ་སྟེ། ཆོས་འབྱམ་ཀླས་པ་ཐམས་ཅད་མ་ལུས་པར་ཁོང་དུ་ཆུད་པ་རབ་ཏུ་ཐོབ་བོ། །ཏིང་ངེ་འཛིན་འདི་ཐོབ་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་དེ་རྣམ་པར་དམྱིགས་པ་ཐམས་ཅད་འཇིག་རྟེན་གྱི་ ཁམས་ཐམས་ཅད་རྣམ་པར་བརྒྱན་པར་བྱ་བའི་ཕྱིར་དག་པའི་ལུས་བཅུ་འཐོབ་བོ། །བཅུ་གང་ཞེ་ན་འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མྱེད་པ་སྣང་བར་བྱ་བའི་ ཕྱིར། འོད་ཀྱི་དཀྱིལ་འཁོར་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་རབ་ཏུ་འགྱེད་དོ། །འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་རྣམ་པར་དག་པར་བྱ་བའི་ཕྱིར། ཁ་དོག་དུ་མ་དང་། ཁ་དོག་སྣ་ཚོགས་ དང་། འོད་ཀྱི་འཁོར་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པར་བྱིན་གྱིས་བརློབ་པོ། །འདི་ལྟ་སྟེ། སེམས་ཅན་བྱིན་གྱིས་བརླབ་ཅིང་འདུལ་བའི་ཕྱིར་འོད་གཟེར་ཀྱི་དཀྱིལ་འཁོར་བརྗོད་དུ་མྱེད་ པའི་ཡང་བརྗོད་དུ་མྱེད་པ་རབ་ཏུ་འགྱེད་དོ། །འདི་ལྟ་སྟེ། སངས་རྒྱས་ཐམས་ཅད་ཀྱི་སྤྱན་སྔར་འགྲོ་བའི་ཕྱིར་ལུས་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པར་བྱིན་གྱིས་རློབ་པོ། །འདི་ལྟ་སྟེ། 74-1-216a སངས་རྒྱས་ཐམས་ཅད་བསྙེན་བཀུར་བའི་ཕྱིར། སྤོས་དང་མྱེ་ཏོག་སྣ་ཚོགས་ཡིད་དུ་འོང་བའི་སྤྲིན་དུ་མ་བརྗོད་དུ་མྱེད་པ་ཡང་བརྗོད་དུ་མྱེད་པའི་ཆར་མངོན་པར་འབེབས་སོ། །འདི་ལྟ་ སྟེ་སངས་རྒྱས་བསྙེན་བཀུར་བ་དང་། སེམས་ཅན་འདུལ་བའི་ཕྱིར་བ་སྤུའི་ཁུང་བུ་རེ་རེར་ཡང་རོལ་མོ་བརྡུང་བ་དང་དཀྲལ་བ་དང་བརྒྱ་ཕྲག་དུ་མ་ཡིད་དུ་འོང་ཞིང་རྒྱ་ཆེ་བ་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་ མྱེད་པ་བྱིན་གྱིས་རློབ་བོ། །འདི་ལྟ་སྟེ་སེམས་ཅན་མོས་པའི་ཚུལ་བཞིན་ཡོངས་སུ་སྨྱིན་པར་བྱ་བའི་ཕྱིར། སྤྲུལ་པའི་རྒྱུད་རྣམ་པ་སྣ་ཚོགས་རྣམ་པར་དག་པ་དང་། ཁྱུ་མཆོག་གི་མཐུ་དང་ རྣམ་པར་སྤྲུལ་པའི་སྤྲུལ་པ་དུ་མ་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་ལ་རབ་ཏུ་རྟེན་ཏོ། །འདི་ལྟ་སྟེ་ཕྱོགས་བཅུར་སངས་རྒྱས་ཀྱི་ཆོས་རྣམ་པ་ཐ་དད་པ་སྣ་ཚོགས་ཡོངས་སུ་དྲི་བའི་ཕྱིར་གོམ་པ་ རེ་རེས་འཇིག་རྟེན་གྱི་ཁམས་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་ཡོངས་སུ་འདའ་བར་བྱེད་དོ། །འདི་ལྟ་སྟེ། མཐོང་བ་དང་། ཐོས་པ་དང་། མཆོད་པ་ཐམས་ཅད་དོན་ཡོད་པར་བྱ་བའི་ ཕྱིར་སྤྱི་གཙུག་བལྟར་མྱི་སྣང་བའི་ལུས་རྣམ་པར་དག་པ་དང་། གཟུགས་དང་མཚན་སྣ་ཚོགས་རྣམ་པར་དག་པ་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་རབ་ཏུ་འཐོབ་བོ། །འདི་ལྟ་སྟེ་སྒྲ་སྐད་སྣ་ ཚོགས་དང་། སྒྲ་སྐད་དུ་མས་འགྲོ་བ་རྣམས་རྣམ་པར་བསྟན་པའི་ཕྱིར། སྒྲ་དང་སྐད་དང་། ང་རོ་དང་དབྱངས་ཀྱི་ཡན་ལག་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་རབ་ཏུ་བརྗོད་དོ། །དེ་ལྟར་བྱང་ཆུབ་སེམས་ དཔའ་ལུས་ཀྱི་གཟི་བརྗིད་ཕུན་སུམ་ཚོགས་ཤིང་། རྣམ་པར་དག་པ་བཅུ་རབ་ཏུ་ཐོབ་པོ། །བྱང་ཆུབ་སེམས་དཔའ་དེ་ནི་སེམས་ཅན་བྱིན་གྱིས་བརླབ་པ་ཡོངས་སུ་རྫོགས་པར་བྱ་བ་བཅུ་རབ་ཏུ་ཐོབ་ 74-1-216b སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་མཐོང་ཞིང་རྣམ་པར་དམྱིགས་པར་བྱ་བའི་ཕྱིར། སེམས་ཅན་རྣམས་བྱིན་གྱིས་རློབ་བོ། །འདི་ལྟ་སྟེ། སངས་རྒྱས་ལ་དད་པ་རབ་ཏུ་འཐོབ་པར་བྱ་ བའི་ཕྱིར། སེམས་ཅན་རྣམས་བྱིན་གྱིས་རློབ་བོ། །འདི་ལྟ་སྟེ་ཆོས་ཉན་ཅིང་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སེམས་ཅན་རྣམས་བྱིན་གྱིས་རློབ་བོ། །འདི་ལྟ་སྟེ་སངས་རྒྱས་དང་བཅས་པའི་འཇིག་ རྟེན་གྱི་ཁམས་བསྟན་པའི་ཕྱིར། སེམས་ཅན་རྣམས་བྱིན་གྱིས་རློབ་བོ། །འདི་ལྟ་སྟེ་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཡང་དག་པར་བསྟན་པའི་ཕྱིར་སེམས་ཅན་རྣམས་བྱིན་གྱིས་རློབ་བོ། ། འདི་ལྟ་སྟེ་ལས་ཇི་ལྟར་བསགས་པ་བཞིན་དུ་དྲན་པར་བྱ་བའི་ཕྱིར་སེམས་ཅན་རྣམས་བྱིན་གྱིས་རློབ་བོ། །འདི་ལྟ་སྟེ་རྩེ་གཅིག་ཏུ་འགྱུར་བ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སེམས་ཅན་བྱིན་གྱིས་ རློབ་བོ། །འདི་ལྟ་སྟེ་སངས་རྒྱས་ཀྱི་ཆ་བྱད་རྣམ་པར་དག་པར་བྱ་བའི་ཕྱིར་སེམས་ཅན་རྣམས་ལ་བྱིན་གྱིས་རློབ་བོ། །འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་ལ་འཇུག་པར་བྱ་བའི་ཕྱིར་སེམས་ཅན་ རྣམས་བྱིན་གྱི་རློབ་བོ། །འདི་ལྟ་སྟེ། སངས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སེམས་ཅན་རྣམས་བྱིན་གྱིས་རློབ་བོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལྟར་བྱང་ཆུབ་སེམས་དཔའ་ དེ་ནི་སེམས་ཅན་བྱིན་གྱིས་བརླབ་པ་བཅུས་ཡོངས་སུ་རྫོགས་པར་བྱེད་དོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་བྱིན་གྱིས་བརླབ་པ་བཅུ་ཡོངས་སུ་རྫོགས་པར་ བྱས་ནས་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པ་བཅུ་བྱེད་དེ། བཅུ་གང་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་ཐོས་པས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱེད་པས་ 74-1-217a སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པ་བྱེད་པ་ཡིན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ནི་མཐོང་བས་ཀྱང་སེམས་ཅན་འདུལ་བའི་ཕྱིར། སངས་རྒྱས་ཀྱི་མཛད་པ་བྱེད་ པ་ཡིན། བྱང་ཆུབ་སེམས་དཔའ་ནི་རྗེས་སུ་དྲན་པས་ཀྱང་སེམས་རྣམ་པར་དག་པར་འགྱུར་བས་སངས་རྒྱས་ཀྱི་མཛད་པ་བྱེད་པ་ཡིན། བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་གྱི་ཁམས་ སྐྱོད་པས་ཀྱང་ངན་སོང་གསུམ་རྣམ་པར་བཟློག་པའི་ཕྱིར། སངས་རྒྱས་ཀྱི་མཛད་པ་བྱེད་པ་ཡིན། བྱང་ཆུབ་སེམས་དཔའ་ནི་བྱིན་གྱིས་རླབས་ཀྱིས་ཀྱང་སེམས་ཅན་རྣམས་ཀྱི་དྲན་པ་ཉམས་པར་མྱི་འགྱུར་ བའི་ཕྱིར། སངས་རྒྱས་ཀྱི་མཛད་པ་བྱེད་པ་ཡིན། བྱང་ཆུབ་སེམས་དཔའ་ནི་རྨྱི་ལམ་དུ་མཐོང་བས་ཀྱང་སེམས་ཅན་རྣམས་ཀྱི་དྲན་པ་ཉམས་པར་མྱི་འགྱུར་བའི་ཕྱིར། སངས་རྒྱས་ཀྱི་མཛད་པ་བྱེད་པ་ ཡིན། བྱང་ཆུབ་སེམས་དཔའ་ནི་འོད་ཀྱི་དཀྱིལ་འཁོར་འགྱེད་པས་ཀྱང་སེམས་ཅན་རྣམས་ཀྱི་དྲན་པ་ཉམས་པར་མི་འགྱུར་བའི་ཕྱིར། སངས་རྒྱས་ཀྱི་མཛད་པ་བྱེད་པ་ཡིན། བྱང་ཆུབ་སེམས་དཔའ་ ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་དག་པར་སྟོན་པས་ཀྱང་སེམས་ཅན་སྨོན་ལམ་བསམ་གྱིས་མི་ཁྱབ་པ་ལ་རབ་ཏུ་གཞོག་པས་སངས་རྒྱས་ཀྱི་མཛད་པ་བྱེད་པ་ཡིན། བྱང་ཆུབ་སེམས་དཔའ་ ནི་མངོན་པར་འཚང་རྒྱ་བས་ཀྱང་སེམས་ཅན་རྣམས་ཆོས་ཁོང་དུ་ཆུད་པར་རྟོགས་པར་འགྱུར་བའི་ཕྱིར་སངས་རྒྱས་ཀྱི་མཛད་པ་བྱེད་པ་ཡིན། བྱང་ཆུབ་སེམས་དཔའ་ནི་མྱ་ངན་ལས་འདས་པ་སྟོན་ པས་ཀྱང་སེམས་ཅན་མི་དགའ་བ་ལྡན་པས་ཤིན་ཏུ་རྟོགས་པར་བྱ་བའི་ཕྱིར། སངས་རྒྱས་ཀྱི་མཛད་པ་བྱེད་པ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་དག །འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་ 74-1-217b ཅན་ལ་སངས་རྒྱས་ཀྱི་མཛད་པ་བཅུ་བྱེད་དོ། །ཀྱེ་རྒྱལ་བའི་སྲས་དག །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཏིང་ངེ་འཛིན་ཆེན་པོ་ལུས་ཡང་དག་པར་འདྲེས་པ་ཞེས་བྱ་ བ་ལ་སྙོམས་པར་འཇུག་སྟེ། ལུས་ཡང་དག་པར་འདྲེས་པ་དེས་མྱི་གནས་པ་བཅུ་ཡོངས་སུ་རྫོགས་པར་བྱེད་དོ། །བཅུ་གང་ཞེ་ན་འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་མྱི་ གནས་པ་དང་། ཕྱོགས་ཐམས་ཅད་ལ་མྱི་གནས་པ་དང་། བསྐལ་པ་ཐམས་ཅད་ལ་མི་གནས་པ་དང་། སེམས་ཅན་ཐམས་ཅད་ལ་མྱི་གནས་པ་དང་། ཆོས་ཐམས་ཅད་ལ་མྱི་གནས་ པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་མྱིག་གནས་པ་དང་། བྱང་ཆུབ་སེམས་དཔའི་སྨོན་ལམ་ཐམས་ཅད་ལ་མི་གནས་པ་དང་། ཏིང་ངེ་འཛིན་ཐམས་ཅད་ལ་མྱི་གནས་པ་ དང་། སངས་རྒྱས་ཐམས་ཅད་ལ་མྱི་གནས་པ་དང་། ས་ཐམས་ཅད་ལ་མྱི་གནས་པ་སྟེ། བྱང་ཆུབ་སེམས་དཔའ་ལུས་ཡང་དག་པར་འདྲེས་པའི་ཏིང་ངེ་འཛིན་ལ་གནས་པའི་ཚེ། གནས་མེད་པ་བཅུ་པོ་འདི་དག་རབ་ཏུ་འཐོབ་པོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་ཉི་ཤུ་བཞི་པ། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་ལུས་ཡང་དག་པར་འདྲེས་པ་ལ་མཉམ་པར་གཞོག་ཅེ་ན། ཀྱེ་རྒྱལ་བའི་སྲས་དག །འདི་ལ་བྱང་ཆུབ་ སེམས་དཔའ་ནང་གི་ལུས་སུ་སྙོམས་པར་ཞུགས་ཞིང་ཕྱི་རོལ་གྱི་ལུས་ལས་རྣམ་པར་ལྡང་ངོ་། །ཕྱི་རོལ་གྱི་ལུས་ལ་སྙོམས་པར་ཞུགས་ཤིང་། ནང་གིས་ལུས་ལས་རྣམ་པར་ལྡང་ངོ་། ། 74-1-218a ལུས་གཅིག་ཏུ་སྙོམས་པར་ཞུགས་ཤིང་། ལུས་ཐ་དད་པ་ལ་སྙོམས་པར་ཞུགས་ཤིང་མྱིའི་ལུས་ལས་རྣམ་པར་ལྡང་ངོ་། །མྱིའི་ལུས་སུ་སྙོམས་པར་ཞུགས་ཤིང་། གནོད་ སྦྱིན་གྱི་ལུས་ལས་རྣམ་པར་ལྡང་ངོ་། །གནོད་སྦྱིན་གྱི་ལུས་སུ་སྙོམས་པར་ཞུགས་ཤིང་། ཀླུའི་ལུས་ལས་རྣམ་པར་ལྡང་ངོ་། །ཀླུའི་ལུས་སུ་སྙོམས་པར་ཞུགས་ཤིང་། ལྷ་མ་ཡིན་གྱི་ ལུས་ལས་རྣམ་པར་ལྡང་ངོ་། །ལྷ་མ་ཡིན་གྱི་ལུས་སུ་སྙོམས་པར་ཞུགས་ཤིང་། ལྷའི་ལུས་ལས་རྣམ་པར་ལྡང་ངོ་། །ལྷའི་ལུས་སུ་སྙོམས་པར་ཞུགས་ཤིང་། ཚངས་པའི་ལུས་ལས་རྣམ་ པར་ལྡང་ངོ་། །ཚངས་པའི་ལུས་སུ་སྙོམས་པར་ཞུགས་ཤིང་། འདོད་པའི་ཁམས་ལས་རྣམ་པར་ལྡང་ངོ་། །འདོད་པའི་ཁམས་ནས་ཉོན་མོངས་པར་ཞུགས་ཤིང་། མཐོ་རིས་ཀྱི་འཇིག་རྟེན་ནས་ རྣམ་པར་ལྡང་ངོ་། །མཐོ་རིས་ཀྱི་འཇིག་རྟེན་དུ་སྙོམས་པར་ཞུགས་ཤིང་། སེམས་ཅན་དམྱལ་བ་ནས་རྣམ་པར་ལྡང་ངོ་། །སེམས་ཅན་དམྱལ་བར་སྙོམས་པར་ཞུགས་ཤིང་། མྱིའི་ཁམས་ ནས་རྣམ་པར་ལྡང་ངོ་། །མྱིའི་ཁམས་ནས་སྙོམས་པར་ཞུགས་ཤིང་། དེ་མ་ཡིན་པའི་ལམ་གྱི་རྒྱུད་གཞན་ནས་རྣམ་པར་ལྡང་ངོ་། །དེ་མ་ཡིན་པའི་ལམ་གྱི་རྒྱུད་ལས་སྙོམས་པར་ཞུགས་ ཤིང་། མྱིའི་ཁམས་ལུས་སྟོང་ལས་རྣམ་པར་ལྡང་ངོ་། །ལུས་སྟོང་ལ་སྙོམས་པར་ཞུགས་ཤིང་། ལུས་གཅིག་ལས་རྣམ་པར་ལྡང་ངོ་། །ལུས་གཅིག་ལས་སྙོམས་པར་ཞུགས་ཤིང་། ལུས་བྱེ་བ་ལས་རྣམ་པར་ལྡང་ངོ་། །ལུས་བྱེ་བ་ལས་སྙོམས་པར་ཞུགས་ཤིང་། ལུས་གཅིག་ལས་རྣམ་པར་ལྡང་ངོ་། །ལུས་གཅིག་ལས་སྙོམས་པར་ཞུགས་ཤིང་། ལུས་ཁྲག་ཁྲིག་ 74-1-218b ལས་རྣམ་པར་ལྡང་ངོ་། །ལུས་ཁྲག་ཁྲིག་ལ་སྙོམས་པར་ཞུགས་ཤིང་། འཛམ་བུའི་གླིང་དུ་གཏོགས་པའི་སེམས་ཅན་ལས་རྣམ་པར་ལྡང་ངོ་། །འཛམ་བུའི་གླིང་དུ་གཏོགས་པའི་སེམས་ཅན་ལ་ སྙོམས་པར་ཞུགས་ཤིང་། ནུབ་ཀྱི་བ་ལང་སྤྱོད་དུ་གཏོགས་པའི་སེམས་ཅན་ལས་རྣམ་པར་ལྡང་ངོ་། །ནུབ་ཕྱོགས་ཀྱི་བ་ལང་སྤྱོད་དུ་གཏོགས་པའི་སེམས་ཅན་ལ་སྙོམས་པར་ཞུགས་ཤིང་། བྱང་གི་སྒྲ་མྱི་སྙན་དུ་གཏོགས་པའི་སེམས་ཅན་ལས་རྣམ་པར་ལྡང་ངོ་། །བྱང་གི་སྒྲ་མི་སྙན་དུ་གཏོགས་པའི་སེམས་ཅན་ལ་སྙོམས་པར་ཞུགས་ཤིང་། ཤར་གྱི་ལུས་འཕགས་པོར་གཏོགས་པའི་ སེམས་ཅན་ལས་རྣམ་པར་ལྡང་ངོ་། །ཤར་གྱི་ལུས་འཕགས་པོར་གཏོགས་པའི་སེམས་ཅན་ལ་སྙོམས་པར་ཞུགས་ཤིང་། གླིང་གསུམ་དུ་གཏོགས་པའི་སེམས་ཅན་ལས་རྣམ་པར་ལྡང་ངོ་། ། གླིང་གསུམ་དུ་གཏོགས་པའི་སེམས་ཅན་ལ་སྙོམས་པར་ཞུགས་ཤིང་། གླིང་གཉིས་སུ་གཏོགས་པའི་སེམས་ཅན་ལས་རྣམ་པར་ལྡང་ངོ་། །གླིང་གཉིས་སུ་གཏོགས་པའི་སེམས་ཅན་ལ་སྙོམས་ པར་ཞུགས་ཤིང་། གླིང་བཞིར་གཏོགས་པའི་སེམས་ཅན་ལས་རྣམ་པར་ལྡང་ངོ་། །གླིང་བཞིར་གཏོགས་པའི་སེམས་ཅན་ལ་སྙོམས་པར་ཞུགས་ཤིང་། རྒྱ་མཚོར་གཏོགས་པའི་སེམས་ཅན་ ལས་རྣམ་པར་ལྡང་ངོ་། །རྒྱ་མཚོར་གཏོགས་པའི་སེམས་ཅན་ལ་སྙོམས་པར་ཞུགས་ཤིང་། རྒྱ་མཚོའི་ལྷའི་བུས་ལས་རྣམ་པར་ལྡང་ངོ་། །རྒྱ་མཚོའི་ལྷའི་ལུས་སུ་སྙོམས་པར་ཞུགས་ཤིང་། རྒྱ་མཚོར་གཏོགས་པའི་ཆུའི་ཕུང་པོ་ལས་རྣམ་པར་ལྡང་ངོ་། །རྒྱ་མཚོར་གཏོགས་པའི་ཆུའི་ཕུང་པོ་ལ་སྙོམས་པར་ཞུགས་ཤིང་། རྒྱ་མཚོ་གཏོགས་པའི་སའི་ཕུང་པོ་ལས་རྣམ་པར་ལྡང་ངོ་། ། 74-1-219a རྒྱ་མཚོར་གཏོགས་པའི་སའི་ཕུང་པོ་ལ་སྙོམས་པར་ཞུགས་ཤིང་། རྒྱ་མཚོར་གཏོགས་པའི་མེའི་ཕུང་པོ་ལས་རྣམ་པར་ལྡང་ངོ་། །རྒྱ་མཚོར་གཏོགས་པའི་མེའི་ཕུང་པོ་ལ་སྙོམས་ པར་ཞུགས་ཤིང་། རྒྱ་མཚོར་གཏོགས་པའི་རླུང་གི་ཕུང་པོ་ལས་རྣམ་པར་ལྡང་ངོ་། །རྒྱ་མཚོར་གཏོགས་པའི་རླུང་གི་ཕུང་པོ་ལ་སྙོམས་པར་ཞུགས་ཤིང་། འབྱུང་བ་ཆེན་ པོ་བཞི་ལས་རྣམ་པར་ལྡང་ངོ་། །འབྱུང་བ་ཆེན་པོ་བཞི་ལ་སྙོམས་པར་ཞུགས་ཤིང་། ཆོས་འབྱུང་བ་མེད་པ་ལས་རྣམ་པར་ལྡང་ངོ་། །ཆོས་འབྱུང་བ་མེད་པ་ལ་སྙོམས་ པར་ཞུགས་ཤིང་། རི་རབ་ལས་རྣམ་པར་ལྡང་ངོ་། །རི་རབ་ལས་སྙོམས་པར་ཞུགས་ཤིང་། རིན་པོ་ཆེའི་རི་བདུན་ལས་རྣམ་པར་ལྡང་ངོ་། །རིན་པོ་ཆེའི་རི་བདུན་ལ་སྙོམས་པར་ ཞུགས་ཤིང་། རིན་པོ་ཆེའི་རྒྱན་བདུན་ལས་རྣམ་པར་ལྡང་ངོ་། །རིན་པོ་ཆེའི་རྒྱན་བདུན་ལ་སྙོམས་པར་ཞུགས་ཤིང་། ས་བོན་དང་ལོ་ཏོག་དང་། ས་དང་ཤིང་དང་རི་ནག་པོ་ སྣ་ཚོགས་ལས་རྣམ་པར་ལྡང་ངོ་། །ས་བོན་དང་ཤིང་དང་ལོ་ཏོག་དང་། ས་དང་། ཤིང་དང་། རི་ནག་པོ་སྣ་ཚོགས་ལ་སྙོམས་པར་ཞུགས་ཤིང་། མེ་ཏོག་བཟང་པོ་དང་། དྲི་ ཞིམ་པོ་དང་། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་རི་ལས་རྣམ་པར་ལྡང་ངོ་། །མེ་ཏོག་བཟང་པོ་དང་། དྲི་ཞིམ་པོ་དང་། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་རི་ལ་སྙོམས་པར་ཞུགས་ཤིང་། གླིང་བཞི་པར་གཏོགས་པའི་བླ་དང་འོག་ཐམས་ཅད་དང་། སེམས་ཅན་རྣམ་པར་ཕྱེ་བ་ཐམས་ཅད་ཀྱི་སྐྱེ་གནས་ནས་རྣམ་པར་ལྡང་ངོ་། །གླིང་བཞི་བར་གཏོགས་པའི་བླ་འོག་ཐམས་ཅད་དང་སེམས་ཅན་རྣམ་ 74-1-219b པར་ཕྱེ་བ་ཐམས་ཅད་ཀྱི་སྐྱེ་གནས་ལ་སྙོམས་པར་ཞུགས་ཤིང་། སྟོང་གི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་ལས་རྣམ་པར་ལྡང་ངོ་། །སྟོང་གི་འཇིག་རྟེན་གྱི་ཁམས་སུ་གཏོགས་ པའི་སེམས་ཅན་ལ་སྙོམས་པར་ཞུགས་ཤིང་། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་ལས་རྣམ་པར་ལྡང་ངོ་། །སྟོང་གཉིས་སུ་གཏོགས་པའི་སེམས་ ཅན་ལ་སྙོམས་པར་ཞུགས་ཤིང་། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་ལས་རྣམ་པར་ལྡང་ངོ་། །སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་ སེམས་ཅན་ལ་སྙོམས་པར་ཞུགས་ཤིང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་ལས་རྣམ་པར་ལྡང་ངོ་། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་ རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་ལ་སྙོམས་པར་ཞུགས་ཤིང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཁྲག་ཁྲིག་བརྒྱར་གཏོགས་པའི་སེམས་ཅན་ལས་རྣམ་པར་ ལྡང་ངོ་། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཁྲག་ཁྲིག་ཕྲག་བརྒྱར་གཏོགས་པའི་སེམས་ཅན་ལ་སྙོམས་པར་ཞུགས་ཤིང་། བྱེ་བ་བརྒྱ་ཕྲག་སྟོང་དུ་གཏོགས་པའི་སེམས་ ཅན་ལས་རྣམ་པར་ལྡང་ངོ་། །འཇིག་རྟེན་གྱི་ཁམས་བརྒྱ་ཕྲག་སྟོང་དུ་གཏོགས་པའི་སེམས་ཅན་ལ་སྙོམས་པར་ཞུགས་ཤིང་། འཇིག་རྟེན་གྱི་ཁམས་ཚད་མྱེད་པར་གཏོགས་པའི་སེམས་ ཅན་ལས་རྣམ་པར་ལྡང་ངོ་། །འཇིག་རྟེན་གྱི་ཁམས་ཚད་མྱེད་པར་གཏོགས་པའི་སེམས་ཅན་ལ་སྙོམས་པར་ཞུགས་ཤིང་། འཇིག་རྟེན་གྱི་ཁམས་གྲངས་མྱེད་པར་གཏོགས་པའི་སེམས་ཅན་ 74-1-220a ལས་རྣམ་པར་ལྡང་ངོ་། །འཇིག་རྟེན་གྱི་ཁམས་གྲངས་མྱེད་པར་གཏོགས་པའི་སེམས་ཅན་ལ་སྙོམས་པར་ཞུགས་ཤིང་། སངས་རྒྱས་ཀྱི་ཞིང་དཔག་ཏུ་མྱེད་པར་གཏོགས་པའི་ སེམས་ཅན་ལས་རྣམ་པར་ལྡང་ངོ་། །སངས་རྒྱས་ཀྱི་ཞིང་དཔག་ཏུ་མྱེད་པར་གཏོགས་པའི་སེམས་ཅན་ལ་སྙོམས་པར་ཞུགས་ཤིང་། སངས་རྒྱས་ཀྱི་ཞིང་དཔག་ཏུ་མྱེད་པར་གཏོགས་པའི་སེམས་ ཅན་ལས་རྣམ་པར་ལྡང་ངོ་། །སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པའི་སེམས་ཅན་ལ་སྙོམས་པར་ཞུགས་ཤིང་། སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་གཏོགས་པའི་སེམས་ཅན་ལས་རྣམ་པར་ ལྡང་ངོ་། །སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་གཏོགས་པའི་སེམས་ཅན་ལ་སྙོམས་པར་ཞུགས་ཤིང་། སངས་རྒྱས་ཀྱི་ཞིང་མུ་མྱེད་པར་གཏོགས་པའི་སེམས་ཅན་ལས་རྣམ་པར་ལྡང་ངོ་། ། སངས་རྒྱས་ཀྱི་ཞིང་མུ་མྱེད་པར་གཏོགས་པའི་སེམས་ཅན་ལ་སྙོམས་པར་ཞུགས་ཤིང་། འཇིག་རྟེན་གྱི་ཁམས་གཞལ་དུ་མྱེད་པར་གཏོགས་པའི་སེམས་ཅན་ལས་རྣམ་པར་ལྡང་ངོ་། འཇིག་ རྟེན་གྱི་ཁམས་གཞལ་དུ་མྱེད་པར་གཏོགས་པའི་སེམས་ཅན་ལ་སྙོམས་པར་ཞུགས་ཤིང་། འཇིག་རྟེན་གྱི་ཁམས་བསམ་གྱི་མྱི་ཁྱབ་པར་གཏོགས་པའི་སེམས་ཅན་ལས་རྣམ་པར་ ལྡང་ངོ་། །འཇིག་རྟེན་གྱི་ཁམས་བསམ་གྱིས་མྱི་ཁྱབ་པར་གཏོགས་པའི་སེམས་ཅན་ལ་སྙོམས་པར་ཞུགས་ཤིང་། འཇིག་རྟེན་གྱི་ཁམས་དཔག་གིས་མྱི་ལང་བར་གཏོགས་པའི་སེམས་ཅན་ ལས་རྣམ་པར་ལྡང་ངོ་། །འཇིག་རྟེན་གྱི་ཁམས་དཔག་གིས་མྱི་ལང་པར་གཏོགས་པའི་སེམས་ཅན་ལ་སྙོམས་པར་ཞུགས་ཤིང་། འཇིག་རྟེན་གྱི་ཁམས་བརྗོད་དུ་མྱེད་པའི་ 74-1-220b སེམས་ཅན་ལས་རྣམ་པར་ལྡང་ངོ་། །འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་སེམས་ཅན་ལ་སྙོམས་པར་ཞུགས་ཤིང་། འཇིག་རྟེན་གྱི་ཁམས་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པར་གཏོགས་ པའི་སེམས་ཅན་ལས་རྣམ་པར་ལྡང་ངོ་། །འཇིག་རྟེན་གྱི་ཁམས་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པར་གཏོགས་པའི་སེམས་ཅན་ལ་སྙོམས་པར་ཞུགས་ཤིང་། ཀུན་ནས་ཉོན་མོངས་ པའི་སེམས་ཅན་ལས་རྣམ་པར་ལྡང་ངོ་། །ཀུན་ནས་ཉོན་མོངས་པའི་སེམས་ཅན་ལ་སྙོམས་པར་ཞུགས་ཤིང་། རྣམ་པར་བྱང་བའི་སེམས་ཅན་ལས་རྣམ་པར་ལྡང་ངོ་། །རྣམ་པར་ བྱང་བའི་སེམས་ཅན་ལ་སྙོམས་པར་ཞུགས་ཤིང་། མྱིག་གི་སྐྱེ་མཆེད་ལས་རྣམ་པར་ལྡང་ངོ་། །མྱིག་གི་སྐྱེ་མཆེད་ལ་སྙོམས་པར་ཞུགས་ཤིང་། རྣ་བའི་སྐྱེ་མཆེད་ལས་རྣམ་པར་ ལྡང་ངོ་། །རྣ་བའི་སྐྱེ་མཆེད་ལ་སྙོམས་པར་ཞུགས་ཤིང་། སྣའི་སྐྱེ་མཆེད་ལས་རྣམ་པར་ལྡང་ངོ་། །སྣའི་སྐྱེ་མཆེད་ལ་སྙོམས་པར་ཞུགས་ཤིང་། ལྕེའི་སྐྱེ་མཆེད་ལས་རྣམ་པར་ལྡང་ངོ་། ། ལྕེའི་སྐྱེ་མཆེད་ལ་སྙོམས་པར་ཞུགས་ཤིང་། ལུས་ཀྱི་སྐྱེ་མཆེད་ལས་རྣམ་པར་ལྡང་ངོ་། །ལུས་ཀྱི་སྐྱེ་མཆེད་ལ་སྙོམས་པར་ཞུགས་ཤིང་། རེག་གི་སྐྱེ་མཆེད་ལས་རྣམ་པར་ལྡང་ངོ་། །རེག་གི་སྐྱེ་ མཆེད་ལ་སྙོམས་པར་ཞུགས་ཤིང་། རོའི་སྐྱེ་མཆེད་ལས་རྣམ་པར་ལྡང་ངོ་། །རོའི་སྐྱེ་མཆེད་ལ་སྙོམས་པར་ཞུགས་ཤིང་། དྲིའི་སྐྱེ་མཆེད་ལས་རྣམ་པར་ལྡང་ངོ་། །དྲིའི་སྐྱེ་མཆེད་ལ་ སྙོམས་པར་ཞུགས་ཤིང་། སྒྲའི་སྐྱེ་མཆེད་ལས་རྣམ་པར་ལྡང་ངོ་། །སྒྲའི་སྐྱེ་མཆེད་ལ་སྙོམས་པར་ཞུགས་ཤིང་། གཟུགས་ཀྱི་སྐྱེ་མཆེད་ལས་རྣམ་པར་ལྡང་ངོ་། །གཟུགས་ཀྱི་སྐྱེ་ 74-1-221a མཆེད་ལ་སྙོམས་པར་ཞུགས་ཤིང་། རྡུལ་ཤིན་ཏུ་ཕྲ་བ་གཅིག་ལས་རྣམ་པར་ལྡང་ངོ་། །རྡུལ་ཤིན་ཏུ་ཕྲ་བ་གཅིག་ལ་སྙོམས་པར་ཞུགས་ཤིང་། འཇིག་རྟེན་གྱི་ཁམས་གྲངས་ མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་རྣམ་པར་ཕྱེ་བ་ལས་རྣམ་པར་ལྡང་ངོ་། །འཇིག་རྟེན་གྱིས་ཁམས་གྲངས་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་རྣམ་པར་ཕྱེ་བ་ལ་སྙོམས་པར་ཞུགས་ཤིང་། ཉན་ཐོས་ལས་ རྣམ་པར་ལྡང་ངོ་། །ཉན་ཐོས་ལ་སྙོམས་པར་ཞུགས་ཤིང་། རང་སངས་རྒྱས་ལས་རྣམ་པར་ལྡང་ངོ་། །རང་སངས་རྒྱས་ལ་སྙོམས་པར་ཞུགས་ཤིང་། རང་གིས་ལུས་ལས་རྣམ་པར་ ལྡང་ངོ་། །རང་གི་ལུས་ལ་སྙོམས་པར་ཞུགས་ཤིང་། སངས་རྒྱས་ཀྱི་སྐུ་ལས་རྣམ་པར་ལྡང་ངོ་། །སངས་རྒྱས་ཀྱི་སྐུ་ལ་སྙོམས་པར་ཞུགས་ཤིང་། སེམས་ཀྱི་སྐད་ཅིག་གཅིག་ ལས་རྣམ་པར་ལྡང་ངོ་། །སེམས་ཀྱི་སྐད་ཅིག་གཅིག་ལ་སྙོམས་པར་ཞུགས་ཤིང་། བསྐལ་པ་བྱེ་བ་ལས་རྣམ་པར་ལྡང་ངོ་། །བསྐལ་པ་བྱེ་བ་ལ་སྙོམས་པར་ཞུགས་ཤིང་། སྔོན་གྱི་མཐའ་ ལས་རྣམ་པར་ལྡང་ངོ་། །སྔོན་གྱི་མཐའ་ལ་སྙོམས་པར་ཞུགས་ཤིང་། ཕྱི་མའི་མཐའ་ལས་རྣམ་པར་ལྡང་ངོ་། །ཕྱི་མའི་མཐའ་ལ་སྙོམས་པར་ཞུགས་ཤིང་། ད་ལྟར་བྱུང་བའི་མཐའ་ ལས་རྣམ་པར་ལྡང་ངོ་། །ད་ལྟར་བྱུང་བའི་མཐའ་ལ་སྙོམས་པར་ཞུགས་ཤིང་། དུས་གསུམ་ལས་རྣམ་པར་ལྡང་ངོ་། །དུས་གསུམ་ལ་སྙོམས་པར་ཞུགས་ཤིང་། སྐད་གཅིག་གི་ཐང་ ལས་རྣམ་པར་ལྡང་ངོ་། །སྐད་གཅིག་གི་མཐའ་ལས་སྙོམས་པར་ཞུགས་ཤིང་། དུས་གསུམ་ལ་རྣམ་པར་ལྡང་ངོ་། །དུས་གསུམ་ལས་སྙོམས་པར་ཞུགས་ཤིང་། 74-1-221b ཕྱོགས་ནས་རྣམ་པར་ལྡང་ངོ་། །ཕྱོགས་བཅུར་སྙོམས་པར་ཞུགས་ཤིང་། ངག་གི་ལམ་ལས་རྣམ་པར་ལྡང་ངོ་། །ངག་གི་ལམ་ལ་སྙོམས་པར་ཞུགས་ཤིང་། ཕྱོགས་བཅུ་ནས་རྣམ་པར་ ལྡང་ངོ་། །ཀྱེ་རྒྱལ་བའི་སྲས་དག །འདི་ལྟ་སྟེ་དཔེར་ན། འབྱུང་པོ་གནད་ད་སྦྱིན་གྱིས་ནོན་པའི་མྱི་ནི་གནོད་སྦྱིན་གྱི་དབང་གིས་ལུས་དེ་དང་དེར་གྱུར་ཅིང་འཕྱན་ཏེ་རང་ལ་དབང་མྱེད་དོ། །འབྱུང་བའི་ གནོད་སྦྱིན་དེ་ཡང་གཞན་གྱི་དབང་གིས་འགྲོ་སྟེ། ཀྱེ་རྒྱལ་བའི་སྲས་དག །བདག་གི་ལུས་མི་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་དག །དེ་བཞིན་དུ་ཏིང་ངེ་འཛིན་འདི་ཐོབ་པའི་བྱང་ཆུབ་སེམས་དཔའ་ ཡང་ནང་དུ་སྙོམས་པར་ཞུགས་ཤིང་། ཕྱི་རོལ་ལས་རྣམ་པར་ལྡང་ངོ་། །ཕྱི་རོལ་དུ་སྙོམས་པར་ཞུགས་ཤིང་། ནང་ནས་རྣམ་པར་ལྡང་ངོ་། །འདི་ལྟ་སྟེ་དཔེར་ན། ཤི་བའི་རོ་སྔགས་ཀྱི་ བྱིན་གྱིས་བརླབས་པ་ནི་འགྲོ་ཞིང་རྒྱུའོ། །གང་གིས་ཕྱིར་ཡོངས་སུ་བསླང་བ་དེ་ལ་ཡང་ཅི་དགའ་བ་བྱེད་དེ། ཤི་བའི་རོ་དེ་དང་སྔགས་སུ་ཡང་གཅིག་པ་མ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་ དེ་བཞིན་དུ། ཏིང་ངེ་འཛིན་འདི་ཐོབ་པའི་བྱང་ཆུབ་སེམས་དཔའ་ཡང་དམྱིགས་པ་བསྐལ་པ་མཉམ་པར་སྙོམས་པར་ཞུགས་ཤིང་། བསྐལ་པ་མྱི་མཉམ་པའི་དམྱིགས་པ་ལས་རྣམ་པར་ ལྡང་ངོ་། །བསྐལ་པ་མྱི་མཉམ་པའི་དམྱིགས་པ་ལ་སྙོམས་པར་ཞུགས་ཤིང་། སྐལ་པ་མཉམ་པའི་དམྱིགས་པ་ལས་རྣམ་པར་ལྡང་ངོ་། །ཀྱེ་རྒྱལ་བའི་སྲས་དག །འདི་ལྟ་སྟེ། དགེ་སློང་དབང་ཐོབ་པ་ནི་གཅིག་ཏུ་གྱུར་ཅིང་མང་པོར་འགྱུར་རོ། །མང་པོར་གྱུར་ཅིང་གཅིག་ཏུ་འགྱུར་རོ། །ལུས་གཅིག་ནས་ཤི་འཕོས་ཏེ། དེའི་ཚེ་ལུས་མང་པོ་དེ་དག་ཏུ་སྐྱེས་པ་འང་མ་ཡིན། 74-1-222a ལུས་མང་པོ་དེ་དག་ལས་ཤི་འཕོས་ཏེ། དེའི་ཚེ་ལུས་གཅིག་ཏུ་སྐྱེས་པ་འང་མ་ཡིན་ནོ། །གཅིག་ཏུ་གྱུར་པ་ལས་ཤི་འཕོས་ཏེ། མང་པོར་སྐྱེས་པ་འང་མ་ཡིན། མང་པོར་གྱུར་པ་ ལས་ཤི་འཕོངས་ཏེ། གཅིག་ཏུ་གྱུར་པ་འང་མ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ལུས་གཅིག་ཏུ་སྙོམས་པར་ཞུགས་ཤིང་། ལུས་མང་པོ་ལས་རྣམ་པར་ ལྡང་ངོ་། །ལུས་མང་པོ་ལ་སྙོམས་པར་ཞུགས་ཤིང་། ལུས་གཅིག་ལས་རྣམ་པར་ལྡང་ངོ་། །འདི་ལྟ་སྟེ་དཔེར་ན། ས་གཅིག་གི་རྣམ་པ་གཅིག་པ་སྟེ། ལོ་ཐོག་མང་པོ་དང་། འབྱུང་བ་མང་ པོ་སྣ་ཚོགས་སུ་རང་གི་རོ་ཀུན་ཏུ་གཏོང་ཡང་། སའི་རོ་དུས་དུས་སུ་རྣམ་པ་ཐ་དད་པར་འགྱུར་བ་མ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་ཐོབ་པ་ཡང་རྣམ་པ་གཅིག་ལ་ སྙོམས་པར་ཞུགས་ཤིང་། རྣམ་པ་མང་པོ་ལས་རྣམ་པར་ལྡང་ངོ་། །རྣམ་པ་མང་པོ་ལ་སྙོམས་པར་ཞུགས་ཤིང་། རྣམ་པ་གཅིག་ལས་རྣམ་པར་ལྡང་ངོ་། །ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སེམས་ཅན་རྣམས་ཀྱི་ཁམས་ཐ་མྱི་དད་པ་ཞེས་བྱ་བ་སྟེ་བརྒྱད་པའོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ རབ་ཏུ་བསྔགས་པའི་ཆོས་བཅུས་རབ་ཏུ་བསྔགས་པ་ཡིན་བཅུ་གང་ཞེ་ན་འདི་ལྟ་སྟེ། དེ་བཞིན་ཉིད་ལ་མཉམ་པར་བཞག་པའི་ཚུལ་གྱིས་དེ་བཞིན་གཤེགས་པ་ཞེས་བྱ། སངས་རྒྱས་ཀྱི་ཆོས་ ཐམས་ཅད་ཁོང་དུ་ཆུད་པར་རྟོགས་པས་སངས་རྒྱས་ཞེས་བྱ། འཇིག་རྟེན་ཐམས་ཅད་ལ་རབ་ཏུ་སྟོན་པས་སྟོན་པ་ཞེས་བྱ། ཆོས་ཐམས་ཅད་ཤེས་པར་གྱུར་པས། ཐམས་ཅད་མཁྱེན་པ་ཞེས་བྱ། 74-1-222b འགྲོ་བ་ཐམས་ཅད་ཀྱི་རྟེན་དུ་གྱུར་པས་མགོན་ཞེས་བྱ། ཆོས་ཐམས་ཅད་ཀྱི་ཚུལ་རྗེས་སུ་རྟོགས་པས་འདྲེན་པ་ཞེས་བྱ། སེམས་ཅན་ཐམས་ཅད་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀུན་ཏུ་ བྱིན་པར་བྱེད་པས། རྣམ་པར་འདྲེན་པ་ཞེས་བྱ། འགྲོ་བ་ཐམས་ཅད་དུ་སྣང་བའི་སྒྲོན་མར་གྱུར་པས་སྣང་བ་ཞེས་བྱ། དོན་གྲུབ་ཏེ་བྱ་བ་བྱས་ལ་ཆོས་ཐམས་ཅད་རབ་ཏུ་ཕྱེ་བ་ཤེས་ཤིང་ ཆགས་པ་མྱེད་པ་ལ་སྤྱོད་པ་ཡོངས་སུ་རྫོགས་པས། སྟོབས་བཅུ་མངའ་བ་ཞེས་བྱ། ཆོས་ཀྱི་འཁོར་ལོ་ཐམས་ཅད་ལ་དབང་བའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པས་ཐམས་ཅད་གཟིགས་ པ་ཞེས་བྱ་བ་སྟེ། ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་དེ་ནི་རབ་ཏུ་བསྔགས་པའི་ཆོས་འདི་བཅུ་རབ་ཏུ་བསྔགས་པ་ཡིན་བྱང་ཆུབ་སེམས་དཔའ་དེ་ནི་སྣང་བར་བྱས་པ་ཡིན་ཏེ། བཅུ་གང་ ཞེ་ན་འདི་ལྟ་སྟེ། སངས་རྒྱས་ཀྱི་སྣང་བ་དང་། སེམས་ཅན་གྱི་ཁམས་ཡང་དག་པར་བླངས་ཏེ། རྣམ་པར་བརྒྱན་ཅིང་བྱིན་གྱིས་བརླབས་པའི་སྣང་བ་དང་། གདུལ་ཞིང་བྱིན་གྱིས་བརླབས་པའི་སྣང་བས་ སེམས་ཅན་ཐམས་ཅད་ཀྱི་སྣང་བ་དང་། ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ཐམས་ཅད་དུ་སྟོན་པས་མྱི་འཇིགས་པ་ཚད་མྱེད་པའི་སྣང་བ་དང་ཆོས་ཐམས་ཅད་ལ་ཐ་དད་པར་བྱེད་པ་མེད་པས་ཐ་དད་པར་བྱེད་པ་མེད་པའི་སྣང་ བ་དང་། ཆོས་ཐམས་ཅད་འདོད་ཆགས་དང་བྲལ་བར་ཁོང་དུ་ཆུད་པས་ཚུལ་ལ་འཇུག་པའི་སྣང་བ་དང་། ཆོས་ཐམས་ཅད་འདོད་ཆགས་དང་བྲལ་བས་མཉམ་པ་ཉིད་ཀྱིས་ཐ་དད་པར་བྱ་བ་མྱེད་པ་ལ་འཇུག་ པའི་སྣང་བ་དང་། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་རྒྱུན་མྱི་འཆད་པས་འགྲོ་བ་ཐམས་ཅད་ཀྱི་སྐྱེ་གནས་སུ་རྣམ་པར་འཕྲུལ་པའི་སྣང་བ་དང་། སངས་རྒྱས་ཐམས་ཅད་ཀྱི་ཁྱུ་ 74-1-223a མཆོག་གི་མཐུ་ཕྱུང་བ་ཕ་རོལ་ཏུ་ཕྱིན་པ་ཐོབ་པས། མུན་པ་ཤིན་ཏུ་བསྩལ་བའི་སྣང་བ་དང་། ཐམས་ཅད་ལ་གནས་པར་ཤིན་ཏུ་བསྟན་པ་ལ་མཁས་ཤིང་གཞོལ་བས། ཆོས་ཐམས་ ཅད་ཀྱི་དེ་བཞིན་ཉིད་ཀྱི་སྣང་བ་སྟེ། སྣང་བ་འདི་བཅུས་བྱང་ཆུབ་སེམས་དཔའ་དེ་སྣང་བར་བྱས་པ་ཡིན། བྱང་ཆུབ་སེམས་དཔའ་དེ་ཐམས་ཅད་དུ་མངོན་པར་འདུ་བྱ་བ་མྱེད་པས་བཅུས་ ཤིན་ཏུ་བསླབས་པ་ཡིན། བཅུ་གང་ཞེ་ན་འདི་ལྟ་སྟེ། མངོན་པར་འདུས་མ་བྱས་པའི་ལུས་ཀྱི་ལས་དང་། མངོན་པར་འདུས་མ་བྱས་པའི་ངག་གི་ལས་དང་། མངོན་པར་འདུས་མ་བྱས་པའི་ ཡིད་ཀྱི་ལས་དང་། དངོས་པོ་མེད་པ་ལ་གནས་ཤིང་། མངོན་པར་འདུས་མ་བྱས་པའི་རྫུ་འཕྲུལ་དང་། མཉམ་ཤིང་མངོན་པར་འདུས་མ་བྱས་པའི་ཆོས་ཉིད་དང་། ཐ་མྱི་དད་པའི་ཡེ་ཤེས་དང་། མ་སྐྱེས་པའི་ཡེ་ཤེས་དང་། མ་འགགས་པའི་ཆོས་ཉིད་དང་། བསྟན་པའི་ཚིག་རབ་ཏུ་ཤེས་པ་དང་། དོན་ཉམས་པ་མྱེད་པ་སྟེ། ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་དེ་ཐམས་ཅད་ དུས་མངོན་པར་འདུས་མ་བྱས་པའི་ཚིག་བཅུ་པོ་འདི་དག་གིས་ཤིན་ཏུ་བརླབས་པ་ཡིན། ཀྱེ་རྒྱལ་བའི་སྲས་དག །དེ་ལྟར་ན་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་རྣམ་ པ་ཐ་དད་པའི་དམིགས་པ་རྣམས་ཀྱིས་གཅིག་དང་མང་པོ་ལ་སྙོམས་པར་འཇུག་ཅིང་། རྣམ་པར་ལྡང་བ་དང་། བསྐལ་པ་མྱི་མཉམ་པ་དང་། བསྐལ་པ་མཉམ་པ་དང་། ཡངས་པ་དང་ཕྲ་བ་དང་། ཕྲ་བ་དང་ཡངས་པ་དང་། ཆུང་བ་དང་། ཆེ་བ་དང་། ཆེ་བ་དང་ཆུང་བ་དང་། རྗེས་སུ་འགྲོ་བ་དང་། རྣམ་པར་ཕྱེ་བ་དང་། རྗེས་སུ་འགྲོ་བ་དང་། ལུས་མྱེད་པ་མྱེད་དེ་། ལུས་དང་བཅས་པ་དང་། 74-1-223b ལུས་མྱེད་པ་དང་། རྣམ་པར་ལྡང་བ་དང་། སྙོམས་པར་ཞུགས་པ་དང་། རྣམ་པར་ལྡང་བ་དང་། རྣམ་པར་དམྱིགས་པ་དང་། དམྱིགས་པ་མྱེད་པ་དང་། རྣམ་པར་ དམྱིགས་པས་ཏིང་ངེ་འཛིན་འདི་ནི་ཆོ་འཕྲུལ་ཐམས་ཅད་ཀྱི་ཡུལ་ལོ། །ཀྱེ་རྒྱལ་བའི་སྲས་དག །འདི་ལྟ་སྟེ་དཔེར་ན། རིགས་སྔགས་ཅན་ཆེན་པོའི་རིགས་སྔགས་ཀྱིས་བསྒྲུབས་པ་ནི་གཟུགས་ཀྱི་ རྣམ་པ་སྣ་ཚོགས་བསྟན་པའི་འབྱུང་གནས་སུ་རབ་ཏུ་འགྲུབ་པར་འགྱུར་ཡང་སྔགས་དེ་ཡང་གཞན་ལ་སྒྱུ་མའི་གཟུགས་ཀྱི་རྣམ་པར་སྣང་བ་དག་ཀྱང་གཞན་ནོ། །དེ་ལྟ་ཡིན་ཡང་སྒྱུ་མའི་རྣམ་པར་དེ་དག་ནི་ སྔགས་ཀྱི་སྒྲའི་མཐར་ཐུག་པ་ཡིན་ཏེ། མྱིག་གི་རྣམ་པར་ཤེས་པས་ཤེས་པར་བྱ་བའི་སྒྱུ་མའི་གཟུགས་ཀྱི་རྣམ་པ་དང་། སྒྱུ་མ་དང་། རྣ་བའི་རྣམ་པར་ཤེས་པས་ཤེས་པར་བྱ་བའི་སྒྱུ་མའི་སྒྲ་དང་སྒྱུ་མ་དང་། སྣའི་རྣམ་པར་ཤེས་པས་ཤེས་པར་བྱ་བའི་སྒྱུ་མའི་དྲི་དང་། སྒྱུ་མ་དང་། ལྕེའི་རྣམ་པར་ཤེས་པས་ཤེས་པར་བྱ་བའི་སྒྱུ་མའི་རོ་དང་། སྒྱུ་མ་དང་། ལུས་ཀྱི་རྣམ་པར་ཤེས་པས་ཤེས་པར་བྱ་བའི་ སྒྱུ་མའི་རིག་པ་དང་། སྒྱུ་མ་དང་། ཡིད་ཀྱི་རྣམ་པར་ཤེས་པས་ཤེས་པར་བྱ་བའི་སྒྱུ་མའི་རྣམ་པ་དང་། སྤྲུལ་པ་མང་པོས་ཆེས་འཕྲུལ་ཞིང་རྣམ་པར་འགྱུར་བ་དག་ཀྱང་དེ་བཞིན་ནོ། ། ཀྱེ་རྒྱལ་བའི་སྲས་དག །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་བསྐལ་པ་མཉམ་པར་སྙོམས་པར་ཞུགས་ཤིང་། བསྐལ་པ་མྱི་མཉམ་པ་ལས་རྣམ་པར་ལྡང་བར་སྟོན་ཏོ། ། བསྐལ་པ་མྱི་མཉམ་པ་ལ་སྙོམས་པར་ཞུགས་ཤིང་། སྐལ་པ་སྙམ་པ་ལས་རྣམ་པར་ལྡང་བར་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་དག །འདི་ལྟ་སྟེ་དཔེར་ན། 74-1-224a ལྷ་དང་ལྷ་མ་ཡིན་གཡུལ་དུ་ལྷགས་པའི་ཚེ། ལྷ་རྣམས་རྒྱལ་ཞིང་ལྷ་མ་ཡིན་ཕམ་པར་གྱུར་ན། དེའི་ཚེ་ལྷའི་དབང་པོ་དཔག་ཚད་བརྒྱའི་ལུས་མྱིག་སྟོང་དང་ལྡན་པ། དཔུང་གི་ཚོགས་ཡན་ལག་བཞིས་ཡོངས་སུ་བསྐོར་ཅིང་། ལྷ་མ་ཡིན་རྣམ་པར་མཐོར་ཏེ། དེའི་ཚེ་ལྷ་མ་ཡིན་གྱི་དབང་པོ་དེ་ལྷ་མ་ཡིན་གྱི་སྒྱུ་ལ་ཤིན་ཏུ་མཁས་པས། སུམ་ཅུ་རྩ་གསུམ་པའི་ ལྷའི་སྡེ་ཀུན་ཏུ་འབྱོར་བ་དང་། རྫིང་བདེ་བ་བྱུང་བའི་དྲུང་གི་ཁུང་ནས་ལྷ་མ་ཡིན་ཤིང་རྟ་དང་། གཞོན་པ་དང་དཔུང་དུ་བཅས་པ་མང་པོ་འབྱུང་བར་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་དག །དེ་བཞིན་དུ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་སྒྱུ་མ་ལྷའི་བུའི་ཡེ་ཤེས་ལ་གནས་པ་ཡོངས་སུ་གྲུབ་པའི་ཕྱིར་ཐ་མི་དད་པའི་ཆོས་ལ་སྙོམས་པར་ཞུགས་ཤིང་། ཐ་དད་པའི་ཆོས་ལས་རྣམ་པར་ ལྡང་བ་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་དག །འདི་ལྟ་སྟེ་དཔེར་ན། ས་བོན་མང་པོ་དང་འབྱུང་བ་མང་པོ་དག་ལས་ས་བོན་ས་ལ་བཏབ་ནས་ས་བོན་ནི་འོག་ཏུ་འགྲོ། འབྲས་བུ་ནི་སྟེང་དུ་འབྱུང་བ་ཡིན། ཀྱེ་རྒྱལ་བའི་སྲས་དག །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཏིང་ངེ་འཛིན་གྱི་རྒྱུད་ཀྱི་ཚུལ་གཅིག་པར་སྙོམས་པར་ཞུགས་ཤིང་། ཚུལ་གྱི་རྣམ་པ་ཐ་དད་པ་ལས་རྣམ་པར་ལྡང་བ་སྟོན་ཏོ། །འདི་ལྟ་སྟེ་ དཔེར་ན། བུད་མྱེད་སྐྱེས་པ་དང་ཕྲད་པར་གྱུར་པའི་ཁྲག་སྡུས་པ་ལས་བུར་འགྱུར་ཏེ། སྡུས་པ་དེ་མའི་ཁོང་ན་གནས་ཤིང་རིམ་གྱིས་སྐྱེས་པ་དང་། ཟླ་བ་བཅུ་ལ་ལས་ཡོངས་སུ་དག་པ་ནི་ཡན་ ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ། དབང་པོ་ཚང་ཞིང་རྣམ་པར་དག་པར་སྐྱེ་ཡང་ཁྲག་སྡུས་པ་དེ་ཡང་གཞན་དབང་པོ་དྲུག་རྣམས་ཀྱང་གཞན་ནོ། ། 74-1-224b ཁྲག་སྡུས་པ་དེ་ལ་ཡང་དབང་པོ་དྲུག་ཕྲ་བའི་ཚུལ་དུ་མེད་པ་ཡིན་ཏེ། སྲིད་པའི་ཡན་ལག་གི་མཚན་ཉིད་དང་ལྡན་པ་ལས་གཅིག་ནས་གཅིག་ཏུ་རྒྱུད་པས་བསྐྱེད་ཅིང་རླུང་དང་ལྡན་ན། ལས་ཀྱི་ རྣམ་པར་སྨྱིན་པ་ཇི་ལྟ་བ་བཞིན་དུ་ཡན་ལག་མ་ཉམས་པར་སྐྱེའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཐམས་ཅད་མཁྱེན་པའི་དངོས་པོའི་ཚུལ་དུ་སྙོམས་པར་ཞུགས་ཤིང་། དངོས་ པོ་མྱེད་པའི་ཚུལ་ལས་རྣམ་པར་ལྡང་ངོ་། །འདི་ལྟ་སྟེ་དཔེར་ན། ཀླུའི་གནས་ནི་ས་ལ་རྟེན་མོད་ཀྱི་བར་སྣང་གནས་ལ་སྤྲིན་ཀྱང་སྐྱེད་པར་སྣང་ལ་ཀླུའི་གནས་དང་། ཁྱིམ་མྱེད་ཀྱང་སྤྲིན་གྱི་ཆར་འདོད་ པའི་མྱི་རྣམས་གྱེན་དུ་ལྟ་ཞིང་། ཀླུའི་སྤྲུལ་པ་བར་སྣང་གིས་གནས་ལ་ཡོད་པ་ལ་འདི་ལྟ་སྟེ། གནས་འོག་ན་འདུག་ཀྱང་སྤྲིན་བླ་ན་ལྡིང་བར་སྣང་ངོ་། །དེ་བཞིན་དུ་ཏིང་ངེ་འཛིན་འདི་ཐོབ་པའི་བྱང་ཆུབ་ སེམས་དཔའ་ཡང་མཚན་ཉིད་མྱེད་པ་ལ་སྙོམས་པར་ཞུགས་ཤིང་། མཚན་ཉིད་ལས་རྣམ་པར་ལྡང་ངོ་། །འདི་ལྟ་སྟེ་དཔེར་ན། ཚངས་པ་ཡིད་དུ་འོང་བ་ཞེས་བྱ་བའི་ཚངས་པའི་གཞལ་མྱེད་ ཁུང་ཆེན་པོ་རྣམ་པར་དག་པ་ཕུལ་ཞེས་བྱ་བ་ཡོད་དོ། གཞལ་མྱེད་ཁང་ཆེན་པོ་དེ་ལ་སྟོང་གི་འཇིག་རྟེན་ཐམས་ཅད་སྣང་ངོ་། །སྟོང་ཕྲག་བཅུའི་འཇིག་རྟེན་ཐམས་ཅད་སྣང་ངོ་སྟོང་ཕྲག་བརྒྱའི་འཇིག་རྟེན་ཐམས་ཅད་སྣང་ངོ་སྟོང་ གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལྷའི་གནས་དང་བཅས་པ། ཀླུའི་གནས་དང་བཅས་པ། གནོད་སྦྱིན་གྱི་གནས་དང་བཅས་པ། དྲི་ཟའི་གནས་དང་བཅས་པ། ལྷ་དང་ལྷ་མ་ཡིན་གྱི་གནས་དང་བཅས་པ། ནམ་མཁའ་ལྡིང་གིས་གནས་དང་བཅས་པ། མྱིའམ་ཅིའི་གནས་དང་བཅས་པ། ལྟོ་ཕྱེ་ཆེན་པོའི་གནས་དང་བཅས་པ། 74-1-225a མྱིའི་འཇིག་རྟེན་དང་བཅས་པ། ངན་སོང་གྱི་རྒྱུད་གསུམ་དང་བཅས་པ། རི་རབ་དང་བཅས་པ། ཁོར་ཡུག་དང་བཅས་པ། རིན་པོ་ཆེའི་རི་དང་བཅས་པ། བཏང་བཟུང་དང་ བཅས་པ། རྒྱ་མཚོ་དང་བཅས་པ། གླིང་བཞི་མ་འདྲེས་པར་འཁོར་དང་བཅས་པ། གྲོང་ཁྱེར་དང་། གྲོང་བརྡལ་དང་། ཕོ་བྲང་འཁོར་དང་། རྒྱལ་པོའི་གནས་དང་བཅས་པ། རི་དང་བྲག་དང་། ཤིང་མང་པོ་སྣ་ཚོགས་དང་བཅས་པ། རིན་པོ་ཆེའི་རྒྱན་དང་བཅས་པ། སྨན་དང་ནགས་ཚལ་དང་རྫིང་དང་། ལུ་མའི་རྒྱན་དང་། ཆུ་ཀླུང་དང་ཆུ་ཀླུང་ཆེན་པོ་དང་། ཁོར་ཡུག་ཆེན་པོའི་མཐར་ཐུག་པ་ཐམས་ཅད་སྣང་སྟེ། དེ་ཡང་དེ་ཙམ་དུ་ཟད་ཀྱི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་གཏོགས་པས། ཆུང་ངུ་ན་རྡུལ་ཤིན་ཏུ་ཕྲ་བའི་ གཟེགས་མ་བར་སྣང་བ་གནས་ལ་འཕྱོ་བ་ལྟ་བུར་ཕྲ་བ་དང་། ར་བ་དང་ཆུ་ཀླུང་ཡངས་པ་དེ་དག་ཐམས་ཅད་ཀྱང་ཚངས་པའི་གཞལ་མྱེད་ཁང་འགྲོ་བ་ཐམས་ཅད་ན་ཕུལ་དུ་གྱུར་ཅིང་། རྣམ་པར་དག་པའི་ ལྷུན་ལ་གཟུགས་བརྙན་གྱི་ཚུལ་དུ་སྣང་ཞིང་རྣམ་པར་དམྱིགས་ལ་མཐོང་བར་གྱུར་ཀྱང་དེ་དག་ལ་ཐག་ཐོགས་གང་ཡང་མྱེད་དོ། །དེ་ཡང་འདི་ལྟར་དཔེར་ན། མྱེ་ལོང་གི་དཀྱིལ་འཁོར་ལ་ བཞིན་གྱི་གཟུགས་བརྙན་སྣང་བ་བཞིན་དུ་གཞལ་མྱེད་ཁུང་ཆེན་པོ་ལ་སྣང་བ་ཐམས་ཅད་ཀྱང་གསལ་ལ། ཐམས་ཅད་ཀྱང་དམྱིགས་ཏེ། ཐམས་ཅད་ཀྱི་གཟུགས་བརྙན་དམྱིགས་པར་ཡོད་དོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་གྱི་ཁམས་ཐ་མྱི་དད་པ། ཞེས་བྱ་བའི་ཏིང་ངེ་འཛིན་འདིས་ཞིང་གིས་རྒྱུད་ཀྱང་རབ་ཏུ་ཤེས་སོ། ། 74-1-225b སངས་རྒྱས་ཀྱི་རྒྱུད་ཀྱང་རབ་ཏུ་ཤེས་སོ། །སེམས་ཅན་གྱི་རྒྱུད་ཀྱང་རབ་ཏུ་ཤེས་སོ། །ཆོས་ཀྱི་རྒྱུད་ཀྱང་རབ་ཏུ་ཤེས་སོ། །སྤྱོད་པའི་རྒྱུད་ཀྱང་རབ་ཏུ་བསྒྲུབ་བོ། །མོས་པའི་རྒྱུད་ཀྱང་ཡོངས་སུ་ རྫོགས་པར་བྱེད་དོ། །ཏིང་ངེ་འཛིན་གྱི་རྒྱུད་ལ་རྣམ་པར་འཕྲུལ་པར་བྱེད་དོ། །རྣམ་པར་ལྡང་བའི་རྒྱུད་ཀྱང་ཡོངས་སུ་སྟོན་ཏོ། །ཡེ་ཤེས་ཀྱི་རྒྱུད་ཀྱང་རབ་ཏུ་ཐོབ་བོ། །སྐད་གཅིག་གི་མཐའི་ རྒྱུད་ལ་འང་རབ་ཏུ་གནས་སོ། །ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་དེ་ནི་རྣམ་པར་འཕྲུལ་པ་བཅུས་ཀྱང་མཆོག་དུ་གྱུར་པ་ཡིན་ཏེ། བཅུ་གང་ཞེ་ན་འདི་ལྟར། སངས་རྒྱས་ཀྱི་ རྣམ་པར་འཕྲུལ་པ་ནམ་མཁའི་དབྱིངས་ཀྱིས་ཀླས་པ། ཆོས་ཀྱི་དབྱིངས་ཀྱི་མཐས་གཏུགས་པ། བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་ཐ་དད་པ་མེད་པའི་མཐར་ཐུག་པ་ཐ་མི་དད་པའི་དབང་ དམ་པའི་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། སྨོན་ལམ་ཆེན་པོའི་རྣམ་པར་འཕྲུལ་བ་དེ་བཞིན་ཉིད་ལ་ཞུགས་ཤིང་། སངས་རྒྱས་ཀྱི་མཛད་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་ པ་དང་། འཇིག་རྟེན་གྱི་ཁམས་རྣམ་པར་འཕྲུལ་པ་དམྱིགས་པ་ཐམས་ཅད་དོན་ཡོད་ཅིང་རྣམ་པར་དག་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་རབ་ཏུ་སྣང་བར་བྱ་བའི་བྱིན་གྱིས་བརླབས་ཅན་དང་། སེམས་ཅན་ཐམས་ཅད་རྣམ་པར་འཕྲུལ་པ་བསམ་གྱིས་མྱི་ཁྱབ་པའི་ལས་རྣམ་པར་སྨྱིན་པ་སྒྱུ་མ་ལྟ་བུ་ལ་འཇུག་པ་དང་། ཡེ་ཤེས་དང་། ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་ཡངས་པ་དང་། ཕྲ་བའི་ཏིང་ངེ་འཛིན་གྱི་མཚན་ཉིད་དང་། ཏིང་ངེ་འཛིན་ལས་ལྡང་བ་ཤེས་པ་དང་། འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་མཐུ་བྱང་ཆུབ་སེམས་དཔའི་ཁོང་དུ་ཆུད་པས། དེ་བཞིན་གཤེགས་ 74-1-226a པའི་ཡུལ་ལ་འཇུག་ཅིང་འབྱུང་བ་དང་། དེ་བཞིན་གཤེགས་པའི་སྐུ་སྟོན་པའི་རྣམ་པར་འཕྲུལ་བ་དང་། གཞན་ཡང་བྱང་ཆུབ་སེམས་དཔའ་སངས་རྒྱས་སྤྲུལ་པ་དང་། སངས་རྒྱས་སུ་བྱིན་གྱིས་རློབ་པ་དང་། ཆོས་ཀྱི་འཁོར་ལོ་སྤྲུལ་པ་དང་། འདུལ་བ་བྱིན་གྱིས་བརླབ་པ་བྱེད་ཅིང་། དེ་བཞིན་གཤེགས་པའི་རིགས་དང་། རྒྱུད་དུ་སྐྱེ་བ་དང་། སངས་རྒྱས་ཀྱི་ སྒྲ་གྲག་པར་བྱ་བ་རབ་ཏུ་བསྒྲུབ་པའི་རྫུ་འཕྲུལ་དང་། རྣམ་པར་འཕྲུལ་པ་སེམས་པ་ལྟར་མགྱོགས་པའི་ཕ་རོལ་ཏུ་ཕྱིན་པ་ཡིན། གཞན་ཡང་བྱང་ཆུབ་སེམས་དཔའ་སངས་རྒྱས་བརྗོད་དུ་མེད་ པའི་སྟོན་པ་དང་། ལྡེམ་པོ་དག་རབ་ཏུ་ཤེས་ཏེ། ཆོས་ཀྱི་སྒྲ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པས་ཆོས་ཀྱི་འཁོར་ལོ་རྣམ་པར་འཕྲུལ་བ་དག་པར་བྱེད་དོ། ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉིན་ཞག་གྲངས་དང་ཡུད་དུ་ཡན་མན་དང་། ཟླ་བའི་གྲངས་དང་ལོ་དང་བསྐལ་པའི་གྲངས་རབ་ཏུ་ཤེས་ཏེ། སྐད་ཅིག་གཅིག་དང་ལྡན་པའི་ ཡེ་ཤེས་ཀྱིས་དུས་གསུམ་མངོན་པར་བསྒྲུབ་པའི་རྣམ་པར་འཕྲུལ་པ་ཡང་དག་པར་སྟོན་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་པར་འཕྲུལ་པ་བཅུ་པོ་འདི་དག་ལ་འང་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་ཡིན་ ཏེ། ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་རྒྱ་ཆེན་པོ་ལ་མཁས་པའི་ཡེ་ཤེས་སེམས་ཅན་གྱི་ཁམས་ཐ་མྱི་དད་པ་ཞེས་བྱ་བ་སྟེ་བརྒྱད་པའོ། ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་གི་ལུས་དང་མྱིག་གི་སྐྱེ་མཆེད་ནས་ཡིད་ཀྱི་སྐྱེ་མཆེད་ཀྱི་མཐར་ཐུག་པའི་བར་དུ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཆོས་ཀྱི་དབྱིངས་ 74-1-226b ལ་དབང་བསྒྱུར་བ་ཞེས་བྱ་བ་ལ་སྙོམས་པར་འཇུག་སྟེ། བདག་གི་བ་སྤུའི་ཁུང་བུ་རེ་རེས་ཡང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཆོས་ཀྱི་དབྱིངས་ལ་དབང་བསྒྱུར་བ་ལ་སྙོམས་པར་འཇུག་གོ། ། དེའི་རང་བཞིན་གྱི་ཆོས་ཉིད་ཀྱང་དེར་བྱིན་གྱིས་རློབ་སྟེ། དེ་ཉིད་ནས་འཇིག་རྟེན་ཡང་རབ་ཏུ་ཤེས་སོ། །འཇིག་རྟེན་གྱི་ཆོས་ཀྱང་རབ་ཏུ་ཤེས་སོ། །འཇིག་རྟེན་གྱི་མཁམས་ཀྱང་རབ་ཏུ་ཤེས་སོ། །འཇིག་རྟེན་ གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཡང་རབ་ཏུ་ཤེས་སོ། །འཇིག་རྟེན་གྱི་ཁམས་གྲངས་མྱེད་པ་ཡང་རབ་ཏུ་ཤེས་སོ། །འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་ བ་སྙེད་ཀྱང་རབ་ཏུ་ཤེས་སོ། །འཇིག་རྟེན་གྱི་ཁམས་དེ་དག་ཀྱང་བྱང་ཆུབ་སེམས་དཔའི་ཡོན་ཏན་ཡོངས་སུ་རྫོགས་ཤིང་། དག་པས་རྣམ་པར་དག་ལ་འོད་གསལ་ཤེས་རྒྱན་བཟང་པོ་ཤིན་ཏུ་མང་ བས་རྣམ་པ་དུ་མར་བརྒྱན་ཅིང་། རིན་པོ་ཆེ་སྣ་ཚོགས་ཀྱིས་ཤིན་ཏུ་གང་བར་མཐོང་སྟེ། དེ་ནས་བསྐལ་པ་བརྒྱར་ཡང་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་ཅིང་གནས་སོ། །བསྐལ་པ་སྟོང་དང་། བསྐལ་པ་ ཁྲག་ཁྲིག་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དང་། བསྐལ་པ་ཚད་མེད་པ་དང་། བསྐལ་པ་གྲངས་མྱེད་པ་དང་། བསྐལ་པ་དཔག་ཏུ་མྱེད་པ་དང་། བསྐལ་པ་མུ་མེད་པ་དང་། བསྐལ་ པ་བགྲང་དུ་མྱེད་པ་དང་། བསྐལ་པ་མཐའ་ཡས་པ་དང་། བསྐལ་པ་མཚུངས་པ་མྱེད་པ་དང་། བསྐལ་པ་བསམ་གྱིས་མྱི་ཁྱབ་པ་དང་། བསྐལ་པ་གཞལ་དུ་མྱེད་པ་དང་། བསྐལ་པ་བརྗོད་དུ་མྱེད་པ་དང་། བསྐལ་པ་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་དང་། བསྐལ་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་གནས་སོ། །ཡོངས་སུ་རྒྱུན་མྱི་གཅོད་དོ། ། 74-1-227a དེ་ན་དེ་ལྟར་བྱང་ཆུབ་སེམས་དཔའི་དེ་མཉམ་པར་བཞག་པས་སྙོམས་པར་འཇུག་གོ། །རྣམ་པར་ལྡང་ངོ་། །དེ་དེ་ལྟར་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཤིང་། རྣམ་པར་ལྡང་བ་དང་། འཇིག་རྟེན་གྱི་ ཁམས་མངོན་པར་བསྒྲུབ་པ་དག་ཀྱང་རབ་ཏུ་སྤྱོད་དོ། །དེར་ཡང་སེམས་ཅན་གྱི་ཁམས་ཡོངས་སུ་སྨྱིན་པར་བྱེད་དོ། །ཆོས་ཀྱི་དབྱིངས་ཁོང་དུ་ཆུད་པར་བྱེད་དོ། །དུས་ཤེས་པར་བྱ་བ་རབ་ཏུ་རྟོགས་པར་ བྱེད་དོ། །ཆོས་བསྟན་པ་ཤིན་ཏུ་བྱིན་གྱིས་རློབ་པོ། །ཆགས་པ་མྱེད་ཅིང་ཐོགས་པ་མྱེད་པའི་རྒྱུད་ཀྱང་ཡོངས་སུ་རྫོགས་པར་བྱེད་དོ། །ཆོས་ཀྱི་དབྱིངས་ཀྱི་དབང་གིས་མྱིག་ཐ་དད་པ་མྱེད་པ་འང་ཁོང་དུ་ ཆུད་པ་ཡིན། རྣ་བ་ཐ་དད་པ་མྱེད་པའི་ཕ་རོལ་ཏུ་ཕྱིན་པ་ཡིན། སྣ་ཐ་དད་པ་ལ་མཁས་པར་གྱུར་པ་ཡིན། ལྕེ་ཐ་དད་པ་མྱེད་པའི་བསླབ་པ་ལ་ཤིན་ཏུ་བསླབས་པ་ཡིན། ལུས་ཐ་དད་པ་མྱེད་ པ་ཤིན་ཏུ་གྲུབ་པ་ཡིན། སེམས་ཐ་དད་པ་མྱེད་པའི་རྗེས་སུ་སོང་ཞིང་ཁོང་དུ་ཆུད་པ་ཡིན་ཏེ། དེ་དེ་ལྟ་བུའི་ཡེ་ཤེས་དང་ལྡན་པས་གཟུགས་ཁྲག་ཁྲིག་སྟོང་ཕྲག་བཅུའི་ཆོས་སྣང་བ་འབྱུང་ངོ་། ། སྤྱོད་པ་ཡོངས་སུ་དག་པ་ཁྲག་ཁྲིག་སྟོང་ཕྲག་བཅུ་ཡོངས་སུ་འགྲུབ་བོ། །དབང་པོ་ཐམས་ཅད་མངོན་པར་ཤེས་པ་ཁྲག་ཁྲིག་སྟོང་ཕྲག་བཅུ་རབ་ཏུ་གནོན་ཏོ། །མངོན་པར་ཤེས་པ་ཁྲག་ཁྲིག་སྟོང་ཕྲག་བཅུ་ ཡོངས་སུ་རྫོགས་པར་འགྱུར་རོ། །ཏིང་ངེ་འཛིན་ཁྲག་ཁྲིག་སྟོང་ཕྲག་བཅུ་ཡོངས་སུ་གནོན་ཏོ། །རྫུ་འཕྲུལ་ཁྲག་ཁྲིག་སྟོང་ཕྲག་བཅུ་ཡོངས་སུ་འགྲུབ་བོ། །སྟོབས་ཁྲག་ཁྲིག་སྟོང་ཕྲག་བཅུ་རྣམ་པར་ འཕེལ་ལོ། །བསམ་པ་ཁྲག་ཁྲིག་སྟོང་ཕྲག་བཅུ་ཡོངས་སུ་རྫོགས་པར་འགྱུར་རོ། །བྱིན་གྱིས་བརླབ་ཁྲག་ཁྲིག་སྟོང་ཕྲག་བཅུ་ཡང་དག་པར་སྟོན་ཏོ། །རྣམ་པར་འཕྲུལ་བ་ཁྲག་ཁྲིག་སྟོང་ 74-1-227b ཕྲག་བཅུ་མངོན་སུམ་དུ་འགྱུར་རོ། །བྱང་ཆུབ་སེམས་དཔའི་ཆགས་པ་མྱེད་པ་ཁྲག་ཁྲིག་སྟོང་ཕྲག་བཅུ་ཡང་དག་པར་འགྲུབ་བོ། །བྱང་ཆུབ་སེམས་དཔའི་ཚོགས་ཁྲག་ཁྲིག་སྟོང་ཕྲག་བཅུ་ཡོངས་སུ་རྫོགས་པར་ འགྱུར་རོ། །བྱང་ཆུབ་སེམས་དཔའི་རིགས་ཁྲག་ཁྲིག་སྟོང་ཕྲག་བཅུས་ཡོངས་སུ་སྦྱོང་ཞིང་ཀུན་ཏུ་འགྲོའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲག་ཁྲིག་སྟོང་ཕྲག་བཅུས་ཡོངས་སུ་སྣང་བར་འགྱུར་རོ། །དོན་ཁྲག་ཁྲིག་ སྟོང་ཕྲག་བཅུ་ཤིན་ཏུ་སྟོན་ཏོ། །སྨོན་ལམ་ཁྲག་ཁྲིག་སྟོང་ཕྲག་བཅུ་དང་ཡང་དག་པར་ལྡན་ནོ། །ཡོངས་སུ་བསྔོ་བ་ཁྲག་ཁྲིག་སྟོང་ཕྲག་བཅུ་ཤིན་ཏུ་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པ་ཁྲག་ཁྲིག་ སྟོང་ཕྲག་བཅུ་ཡོངས་སུ་དག་པར་བྱེད་དོ། །ཆོས་ཀྱི་སྒོ་ཁྲག་ཁྲིག་སྟོང་ཕྲག་བཅུ་རབ་ཏུ་སྣང་བར་བྱེད་དོ། །ཆོས་ཀྱི་སྒོ་ཁྲག་ཁྲིག་སྟོང་ཕྲག་བཅུ་རབ་ཏུ་སྟོང་བར་བྱེད་དོ། །བྱང་ཆུབ་སེམས་དཔའི་ སྟོན་པ་ཁྲག་ཁྲིག་སྟོང་ཕྲག་བཅུ་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་རྣམ་པར་དག་པ་ཁྲག་ཁྲིག་སྟོང་ཕྲག་བཅུ་རྣམ་པར་བྱེད་དེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཆོས་ཀྱི་དབྱིངས་ ལ་དབང་བསྒྱུར་བ་འདི་ལ་གནས་པའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཡོན་ཏན་གྱི་ཚོགས་དུ་མ་དང་ལྡན་པ་ཡིན། ཡོན་ཏན་གྱི་ཚོགས་ཚད་མྱེད་པ་དང་ལྡན་པ་ཡིན། ཡོན་ཏན་གྱི་ ཚོགས་མཐའ་ཡས་པ་དང་ལྡན་པ་ཡིན། ཡོན་ཏན་གྱི་ཚོགས་བསམ་གྱིས་མྱི་ཁྱབ་པ་དང་ལྡན་པ་ཡིན། ཡོན་ཏན་གྱི་ཚོགས་མཚུངས་པ་དང་ལྡན་པ་ཡིན། ཡོན་ཏན་གྱི་ཚོགས་གཞལ་དུ་མྱེད་ པ་དང་ལྡན་པ་ཡིན། ཡོན་ཏན་གྱི་ཚོགས་བརྗོད་དུ་མྱེད་པ་དང་ལྡན་པ་ཡིན། ཡོན་ཏན་གྱི་ཚོགས་ཟད་མྱི་ཤེས་པ་དང་ལྡན་པ་ཡིན། ཡོན་ཏན་གྱི་ཚོགས་ཀུན་ཏུ་མཐའ་ཡས་པ་དང་ལྡན་པ་ 74-1-228a ཡིན། ཡོན་ཏན་གྱི་ཚོགས་དེ་དག་གིས་བྱང་ཆུབ་སེམས་དཔའ་ཤིན་ཏུ་སྦྱངས་པ་ཡིན། ཡང་དག་པར་བྱང་བར་བྱས་པ་ཡིན། རབ་ཏུ་བརྒྱན་པ་ཡིན། ཡོངས་སུ་བཟུང་བ་ཡིན། ཡང་དག་པར་བསྒྲུབ་པར་བྱས་པ་ཡིན། ཡང་དག་པར་བརྗོད་པ་ཡིན། ཉེ་བར་བརྟན་པ་ཡིན། མཐུན་པའི་འབྲས་བུ་དང་ལྡན་པར་བྱས་པ་ཡིན། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཆོས་ཀྱི་དབྱིངས་ ལ་དབང་བསྒྱུར་བ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཤར་ཕྱོགས་ལོགས་ཀྱི་སངས་རྒྱས་ཀྱི་ཞིང་གྲངས་མྱེད་པ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་དེ་བཞིན་གཤེགས་པ་མཚན་ མཐུན་ལ་མཚན་གཅིག་ལ་ཡང་རྣམ་པར་བརྟག་ཅིང་། རྣམ་པར་དབྱེ་བའི་རྣམ་པ་སངས་རྒྱས་ཀྱི་ཞིང་གྲངས་མྱེད་པ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་མངའ་ཞིང་མཚན་གཅིག་ལ་ཇི་ ལྟ་བ་དེ་བཞིན་དུ་མཚན་རེ་རེ་ལས་རྣམ་པར་བརྟག་ཅིང་རྣམ་པར་དབྱེ་བའི་རྣམ་པ་སངས་རྒྱས་ཀྱི་ཞིང་གྲངས་མྱེད་པ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་མངའ་བ་ཤ་སྟག་གིས་བྱིན་ གྱིས་བརླབ་པ་མཛད་དོ། །ཤར་ཕྱོགས་སུ་ཇི་ལྟ་བ་བཞིན་དུ་ལྷོ་ཕྱོགས་དང་། དེ་བཞིན་དུ་ནུབ་ཕྱོགས་དང་། དེ་བཞིན་དུ་བྱང་ཕྱོགས་དང་། དེ་བཞིན་དུ་བྱང་ཤར་གྱི་ཕྱོགས་མཚམས་ དང་། དེ་བཞིན་དུ་ཤར་ལྷོའི་ཕྱོགས་མཚམས་དང་། དེ་བཞིན་དུ་ལྷོ་ནུབ་ཀྱི་ཕྱོགས་མཚམས་དང་། དེ་བཞིན་དུ་ནུབ་བྱང་གི་ཕྱོགས་མཚམས་དང་། དེ་བཞིན་དུ་འོག་གི་ཕྱོགས་ དང་། དེ་བཞིན་དུ་སྟེང་གི་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་གྲངས་མྱེད་པ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་དེ་བཞིན་གཤེགས་པ་མཚན་རྣམ་པར་དགོད་པ་གཅིག་ཏུ་འཐུན་པ་ཤ་སྟག ། 74-1-228b བྱང་ཆུབ་སེམས་དཔའ་དེ་ལ་བྱིན་གྱིས་རློབ་པ་མཛད་ཅིང་ཞལ་མངོན་པར་སྟོན་ཏོ། །བྱང་ཆུབ་སེམས་དཔའ་དེའི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ཡང་བྱིན་གྱིས་རློབ་པ་མཛད་དོ། །དེ་བཞིན་ གཤེགས་པའི་སྲས་ཀྱི་ཐུ་བོར་བརྗོད་པའི་ཕྱིར་ལུས་ཚད་མེད་པ་ཡང་རབ་ཏུ་བརྗོད་པ་མཛད་དོ། །དེ་བཞིན་གཤེགས་པའི་སྤྱན་བསམ་གྱི་མི་ཁྱབ་པའང་རབ་ཏུ་བསྟན་ཏོ། །དེ་བཞིན་གཤེགས་ པའི་སྙན་ཚད་མེད་པའང་ཤིན་ཏུ་མཛད་དོ། །དེ་བཞིན་གཤེགས་པའི་ཤངས་མྱི་བསྙེངས་པའི་དགོངས་པ་དང་ལྡན་པ་ཡང་རབ་ཏུ་བསྟན་ཏོ། །དེ་བཞིན་གཤེགས་པའི་སྲས་ཀྱི་ཐུ་བོའི་ཡོན་ ཏན་ཕུན་སུམ་ཚོགས་པ་ཡང་ཡང་དག་པར་བསྟན་ཏོ། །དེ་བཞིན་གཤེགས་པའི་རྫུ་འཕྲུལ་རྗེས་སུ་བསྒྲག་པ་ཡང་རབ་ཏུ་བཤད་དོ། །དེ་བཞིན་གཤེགས་པའི་བྱང་ཆུབ་མཐའ་དང་དབུས་ མྱེད་པ་ཡང་དག་པར་སྦྱང་བ་མཛད་དོ། །དེ་བཞིན་གཤེགས་པའི་གསུང་དགོངས་པས་རྣམ་པར་དག་པའང་ཐོབ་པར་མཛད་དོ། །དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་ཕྱིར་མྱི་ལྡོག་པ་ ཡང་དག་པར་སྟོན་ཏོ། །དེ་བཞིན་གཤེགས་པའི་འཁོར་མཐའ་ཡས་པ་ཡང་རྣམ་པར་དམྱིགས་པ་མཛད་དོ། །དེ་བཞིན་གཤེགས་པའི་ཆོས་ལྡེམ་མོ་དག་མཐའ་ཡས་པ་ལ་འདི་ རབ་ཏུ་བཞུགས་པ་མཛད་དོ། །དེ་བཞིན་གཤེགས་པའི་དགེ་བའི་རྩ་བ་ཡང་དག་པར་བརྗོད་དོ། །དེ་བཞིན་གཤེགས་པའི་མཉམ་པ་ཉིད་ལ་ཡང་དག་པར་མཛད་དོ། །དེ་བཞིན་གཤེགས་པའི་ རིགས་དང་རྒྱུད་དུས་ཀྱི་ཚད་དང་མཉམ་པ་ཡང་རབ་ཏུ་བརྗོད་དོ། །དེ་བཞིན་གཤེགས་པའི་ཆོས་ཀྱི་རྣམ་པ་དང་བྱེ་བྲག་ཐམས་ཅད་ཀྱང་ཤིན་ཏུ་བསྟན་ཏོ། །དེ་བཞིན་གཤེགས་པའི་ཆོས་ཀྱི་བྱིན་ 74-1-229a བརླབས་རྣམ་པར་དམྱིགས་པར་བྱ་བ་འདི་རབ་ཏུ་བརྗོད་དོ། །དེ་བཞིན་གཤེགས་པའི་ཞིང་བསྟན་པ་ཡང་བྱིན་གྱི་བརླབས་པ་མཛད་དོ། །དེ་བཞིན་གཤེགས་པའི་གསུང་ཆོས་ཀྱི་སྤྲིན་གྱི་ ཆར་རབ་ཏུ་འབེབསོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་རྣམ་པར་དམིགས་པར་བྱ་བ་ཡང་ཡོངས་སུ་བསྟན་ཏོ། །སངས་རྒྱས་ཐམས་ཅད་ཀྱི་སྙོམས་པར་བྱ་བ་ཡང་རབ་ཏུ་སྟོན། སངས་རྒྱས་ཐམས་ཅད་ཀྱི་སྙོམས་པར་འཇུག་པ་ཡང་རབ་ཏུ་བརྗོད་དོ། །སངས་ རྒྱས་ཐམས་ཅད་ཀྱི་འཁོར་ཀུན་ནས་འདུས་པ་གཅིག་བརྒྱུད་པའང་རྣམ་པར་དམིགས་པ་མཛད་དོ། །སངས་རྒྱས་ཐམས་ཅད་ཀྱི་ཆོས་བསམ་གྱི་མི་ཁྱབ་པའང་བྱིན་གྱི་བརླབས་པ་མཛད་དོ། ། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱང་ཡང་དག་པར་བསྟན་ཏོ། །ཆོས་ཐམས་ཅད་མྱི་འཕོ་ཞིང་རྒྱུན་འཆད་མྱེད་པ་ཡང་ཁོང་དུ་ཆུད་པར་མཛད་དོ། །ཆོས་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱིས་ རྗེས་སུ་འགྲོ་བ་ཡང་རབ་ཏུ་རྫོགས་པར་མཛད་དོ། །དེ་བཞིན་གཤེགས་པའི་ཡོན་ཏན་ཚད་མེད་པ་ཡང་ཡོངས་སུ་བསྟན་ཏོ། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཐམས་ཅད་སྤྱད་པ་ ཡང་ཁོང་དུ་ཆུད་པར་མཛད་དོ། །སེམས་སྒྱུ་མ་ལྟ་བུ་མཐར་ཐུག་པ་མྱེད་པ་ཡང་རབ་ཏུ་བསྒྲུབ་པ་མཛད་དོ། །ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཆོས་ ཀྱི་དབྱིངས་ལ་དབང་བསྒྱུར་བ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། སངས་རྒྱས་བཅོམ་ལྡན་འདས་མཚན་ཐ་དད་པ་མཚན་རེ་རེ་ཞིང་ཡང་རྣམ་པར་དབྱེ་བའི་བྱེ་བྲག །སངས་ རྒྱས་ཀྱི་ཞིང་གྲངས་མེད་པ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་མངའ་བ་མཚན་དེ་དག་རེ་རེའི་རྣམ་པར་དབྱེ་བའི་རྣམ་གྲངས་ཀྱང་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་སྟོང་ཕྲག་བཅུའི་རྡུལ་ 74-1-229b ཤིན་ཏུ་ཕྲ་བ་སྙེད་མངའ་བ་དག་གིས་མཐའ་དང་དབུས་མེད་པའི་ཚུལ་དུ་ལུས་ཀྱང་བྱིན་གྱིས་བརླབ་པ་མཛད་དོ། །ཆགས་པ་མེད་པའི་ཚུལ་དུ་སེམས་ཀྱང་བྱིན་གྱིས་བརླབས་པ་མཛད་དོ། །ཆོས་ ཐམས་ཅད་ཉམས་པ་མྱེད་པ་ལ་གཞོལ་བར་དྲན་པའང་བྱིན་གྱིས་བརླབས་པ་མཛད་དོ། །ཆོས་ཐམས་ཅད་རྟོགས་པར་ཁོང་དུ་ཆུད་པར་བློ་གྲོས་ཀྱང་བྱིན་གྱི་བརླབས་པ་མཛད་དོ། །ཆོས་ཐམས་ ཅད་ཤིན་ཏུ་འཛིན་པར་རིག་པའང་བྱིན་གྱིས་བརླབས་པར་མཛད་དོ། །ཆོས་ཐམས་ཅད་ཡངས་ཤིང་འབྱམ་ཀླས་པའི་ཚུལ་དུ་བློ་ཡང་བྱིན་གྱིས་བརླབ་པ་མཛད་དོ། །མངོན་པར་ཤེས་པ་རྣོན་པོས་ ཆོས་ཐ་མི་དད་པར་མཁས་པར་ཁོང་དུ་ཆུད་པར་དབང་པོ་ཚད་མེད་པའང་བྱིན་གྱིས་བརླབས་པ་མཛད་དོ། །བྱིན་གྱི་བརླབས་ཀྱི་ཆོས་ཀྱི་དབྱིངས་ཁོང་དུ་ཆུད་པའི་ཚུལ་དུ་སྤྱོད་ཡུལ་ཐོགས་པ་ མེད་པ་ཡང་བྱིན་གྱིས་བརླབས་པ་མཛད་དོ། །སྒྲིབ་པ་མེད་པའི་ཡེ་ཤེས་རྣམ་པར་དག་པར་ཡེ་ཤེས་ལ་འཇུག་པའང་བྱིན་གྱིས་བརླབས་པ་མཛད་དོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ དུ་རྣམ་པར་འཕྲུལ་པ་ཡང་དག་པར་སྟོན་པར་མངོན་པར་འཚང་རྒྱ་བའང་བྱིན་གྱིས་བརླབས་པ་མཛད་དོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལྟར་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་ལ་ གནས་པའི་བྱང་ཆུབ་སེམས་དཔའ་ནི་རྒྱ་མཚོའི་སྒོ་བཅུ་ལ་ཤིན་ཏུ་རྟོགས་པ་ཡིན་ཏེ། བཅུ་གང་ཞེ་ན། འདི་ལྟར་སངས་རྒྱས་རྒྱ་མཚོ་མཐོང་བས་རྟོགས་པ་ཡིན། སེམས་ཅན་རྒྱ་ མཚོ་མྱིང་གིས་ཁོང་དུ་ཆུད་པ་ཡིན། ཆོས་རྒྱ་མཚོ་ཡེ་ཤེས་ཀྱིས་རབ་ཏུ་རྟོགས་པ་ཡིན། ཞིང་རྒྱ་མཚོ་ལ་དངོས་པོ་མེད་པར་གནས་ཤིང་མངོན་པར་འདུ་མ་བྱས་པའི་བསམ་པས་རྗེས་སུ་ 74-1-230a འབྲང་བ་ཡིན། ཡོན་ཏན་རྒྱ་མཚོ་ཕུན་སུམ་ཚོགས་པས་རབ་ཏུ་རྟོགས་པ་ཡིན། ཡེ་ཤེས་ཀྱི་རྣམ་པར་འཕྲུལ་པ་རྒྱ་མཚོ་རྣམ་པར་དམིགས་པས་ཁོང་དུ་ཆུད་པ་ཡིན། དབང་པོ་རྒྱ་མཚོ་ རྣམ་པར་ཕྱེ་བ་ལ་མཁས་པའི་སའི་ཡེ་ཤེས་ཀྱི་ཁོང་དུ་ཆུད་པ་ཡིན། སེམས་རྒྱ་མཚོ་སེམས་ཅན་གྱིས་རིས་ཐམས་ཅད་ཀྱི་སེམས་ཐ་དད་པ་དང་། སེམས་ཡངས་པ་དང་། སེམས་ཚད་མེད་པ་དང་། ཡོངས་སུ་ཤེས་པས་ཁོང་དུ་ཆུད་པ་ཡིན། སྤྱོད་པ་རྒྱ་མཚོ་སྨོན་ལམ་གྱིས་ཡོངས་སུ་རྫོགས་པར་བྱེད་པ་ཡིན། སྨོན་ལམ་རྒྱ་མཚོ་མཐའ་ལས་བརྒལ་བར་འབྱུང་བ་རྣམ་པར་དག་པས་ ཡོངས་སུ་གྲུབ་པར་བྱེད་པ་ཡིན་ཏེ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་བཅུ་ལ་ཤིན་ཏུ་རྟོགས་པ་རྣམས་སོ། །བྱང་ཆུབ་སེམས་དཔའ་དེ་ནི་མཆོག་ཏུ་བྱ་བ་བཅུ་འཐོབ་པ་ཡིན་ཏེ། བཅུ་ གང་ཞེ་ན། འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་ཕུལ་དུ་བྱ་བ་འཐོབ་པ་ཡིན། ལྷ་ཐམས་ཅད་ཀྱི་མཆོག་ཏུ་བྱ་བ་འཐོབ་པ་ཡིན། ཚངས་པ་ཁྱུ་མཆོག་ཐམས་ཅད་ཀྱི་ནང་ན་ཆགས་པ་ མྱེད་པ་ཐོབ་པ་ཡིན། འཇིག་རྟེན་ཐམས་ཅད་ཀྱིས་མི་འཕྲོགས་པ་ཐོབ་པ་ཡིན། འགྲོ་བ་ཐམས་ཅད་ཀྱིས་མི་ཐུབ་པ་ཐོབ་པ་ཡིན། འགྲོ་བ་ཐམས་ཅད་དང་ཐ་མི་དད་པ་ཐོབ་པ་ཡིན། ལམ་གྱི་རྒྱུད་ཐམས་ཅད་ནས་འབྱུང་བ་ཐོབ་པ་ཡིན། སྐྱེ་བ་ཐམས་ཅད་དུ་དབང་ཕྱུག་འཐོབ་པ་ཡིན། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དབང་ཐོབ་པ་ཡིན། འབྱུང་བའི་རྣམ་པར་ འཕྲུལ་པ་ཐམས་ཅད་ལ་སྟོབས་དང་ཤུགས་འཐོབ་པ་ཡིན་ཏེ། འདི་དག་ནི་བྱང་ཆུབ་སེམས་དཔས་མཆོག་ཏུ་བྱ་བ་བཅུ་འཐོབ་པའོ། །བྱང་ཆུབ་སེམས་དཔའ་དེ་ནི་སྟོབས་བཅུས་སེམས་ 74-1-230b ཅན་གྱི་ཁམས་སུ་ནན་ཏན་བྱེད་པ་ཡིན་ཏེ། བཅུ་གང་ཞེ་ན། འདི་ལྟར་འགྲོ་བ་ཐམས་ཅད་འདུལ་བའི་སྟོབས་ཀྱི་འབྱུང་བའི་དེད་དཔོན་དུ་འགྱུར་བ་དང་། བརྩོན་འགྲུས་ཀྱི་སྟོབས་ཀྱིས་ཕྱིར་མྱི་ལྡོག་ པ་དང་། ཆགས་པ་མྱེད་པའི་སྟོབས་ཀྱིས་དྲི་མ་མྱེད་པ་དང་། ཞི་བའི་སྟོབས་ཀྱིས་སྒྲིབ་པ་མྱེད་པ་དང་། སེམས་ཀྱི་རྒྱུད་ཡོངས་སུ་བསྒྱུར་བའི་སྟོབས་ཀྱིས་ཆོས་ཐམས་ཅད་ལ་དབང་བསྒྱུར་བ་དང་། རང་བཞིན་གྱི་ཆོས་ཀྱི་སྟོབས་ཀྱིས་དོན་གྱི་དབང་དང་། སྒྲིབ་པ་མྱེད་པའི་སྟོབས་ཀྱིས་ཤེས་རབ་ཆེ་བ་དང་། མི་འཇིགས་པའི་སྟོབས་ཀྱིས་ཆོས་སྟོན་པ་དང་། ཐ་དད་པ་ཡང་དག་པར་ཤེས་པའི་སྟོབས་ ཀྱིས་བྱིན་གྱི་བརློབས་པའི་ཆོས་ཉིད་དང་། རང་བྱུང་གི་སྟོབས་ཀྱིས་མཐའ་ཡས་པའི་ཡེ་ཤེས་རྣམ་པར་སྟོན་པ་སྟེ། སྟོབས་ཆེན་པོ། སྟོབས་འཕགས་པ། སྟོབས་དཔེ་མེད་པ། སྟོབས་ ཚད་མེད་པ། སྟོབས་ཤིན་ཏུ་བསྒྲུབས་པ། སྟོབས་མྱི་གཡོ་བ། སྟོབས་ཤིན་ཏུ་བརྟན་པ། སྟོབས་འཁྲུགས་པ་མེད་པ། སྟོབས་ཡེ་ཤེས་ཀྱི་བློ་གྲོས་ཅན། སྟོབས་ལེགས་པར་ བསྒྲུབས་པ། སྟོབས་མཉམ་པར་བཞག་པ། སྟོབས་ཡོངས་སུ་དག་པ། སྟོབས་ཆོས་ཀྱི་ལུས་ཅན། སྟོབས་ཆོས་སྣང་བ་ཅན། སྟོབས་ཆོས་ཀྱི་སྒྲོན་མ་ཅན། སྟོབས་ ཆོས་ཀྱི་ཚུལ་ཅན། སྟོབས་ཟིལ་གྱིས་མྱི་ནོན་པ། སྟོབས་ཤིན་ཏུ་མཉམ་པར་བཞག་པ། རྩལ་དམ་པ་དང་ལྡན་པའི་སྟོབས། སྐྱེས་བུ་དམ་པའི་སྟོབས། སྐྱེས་བུ་དམ་པ་བསྟེན་ པའི་སྟོབས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་སྟོབས། རྣམ་པ་ཐམས་ཅད་དུ་དགེ་བའི་རྩ་བ་ལ་བརྟེན་པའི་སྟོབས། དགེ་བའི་རྩ་བ་ཚད་མྱེད་པ་ 74-1-231a ལ་གནས་པའི་སྟོབས། དེ་བཞིན་གཤེགས་པའི་སྟོབས་ལ་ཞུགས་པའི་སྟོབས། སེམས་རྟོགས་པར་བཞག་པའི་སྟོབས། བྱང་ཆུབ་སེམས་དཔའི་དགའ་བ་རྣམ་པར་འཕེལ་ བའི་སྟོབས། བྱང་ཆུབ་སེམས་དཔའི་དད་པ་རབ་ཏུ་བསྐྱེད་པའི་སྟོབས། བྱང་ཆུབ་སེམས་དཔའི་ཤུགས་ཤིན་ཏུ་འཕེལ་བར་བྱེད་པའི་སྟོབས། བྱང་ཆུབ་སེམས་དཔའི་སེམས་ཀྱི་རྒྱུ་མཐར་ཕྱིན་ པའི་སྟོབས། བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་རྣམ་པར་དག་པར་བྱེད་པའི་སྟོབས། བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ལ་ཡོངས་སུ་གནས་པ་དང་། རྒྱུ་མཐུན་པའི་སྟོབས། ཆོས་ལ་ཤིན་ཏུ་གཞོལ་བའི་སྟོབས། ལུས་ལ་ཐོགས་པ་མེད་པའི་སྟོབས། ཐབས་མཁས་པའི་ཚུལ་ལ་ཞུགས་པའི་སྟོབས། ཆོས་ཐམས་ཅད་འོད་དང་ཞིང་རྣམ་པར་སྣང་བའི་སྟོབས། འགྲོ་ བ་ཐམས་ཅད་དུ་གཡོ་མྱེད་པའི་ཕུན་སུམ་ཚོགས་པའི་སྟོབས། སེམས་ཅན་ཐམས་ཅད་ཀྱིས་མྱི་འཕྲོགས་ཤིང་མྱི་སྒུལ་བའི་སྟོབས་བཅུས་སེམས་ཅན་གྱི་ཁམས་སུ་ནན་ཏན་བྱེད་པ་སྟེ། བྱང་ཆུབ་ སེམས་དཔའ་དེའི་ཡོན་ཏན་དེ་ལྟར་ཚད་མེད་པ་དང་། ཆོས་ཀྱི་བསྔགས་པ་དེ་ལྟར་ཚད་མྱེད་པ་ཡོངས་སུ་རྫོགས་པར་འགྱུར་རོ། །མངོན་པར་སྣང་བར་འགྱུར་རོ། །འབྱུང་བར་འགྱུར་རོ། ། འཕེལ་བར་འགྱུར་རོ། །རབ་ཏུ་སྐྱེ་བར་འགྱུར་རོ། །རབ་ཏུ་རྟོགས་པར་འགྱུར་རོ། །ཡང་དག་པར་འཕེལ་བར་འགྱུར་རོ། །རྣམ་པར་དག་པར་འགྱུར་ཞིང་ཡོངས་སུ་དག་པར་འགྱུར་ཏེ། ཡོན་ ཏན་དེ་དག་ལ་མཐའ་མེད་དོ། །བདེན་པ་ཤེས་པ་ལ་མཐའ་མྱེད་དོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་དེ་དག་ལ་མཐའ་མེད་དོ། །བྱང་ཆུབ་སེམས་དཔའི་ཚུལ་དེ་དག་ལ་མཐའ་མེད་དོ། །བྱང་ཆུབ་ 74-1-231b སེམས་དཔའི་ཁྱུ་མཆོག་གིས་མཐུས་དེ་དག་ལ་མཐའ་མྱེད་དོ། །བྱང་ཆུབ་སེམས་དཔའི་དགའ་བ་སྤྱོད་པ་དེ་དག་ལ་མཐའ་མྱེད་དོ། །བྱང་ཆུབ་སེམས་དཔའི་མངོན་པར་གྲུབ་པ་དེ་དག་ལ་མཐའ་མྱེད་དོ། ། བྱང་ཆུབ་སེམས་དཔའི་རྣམ་པར་དག་པ་དེ་དག་ལ་མཐའ་མེད་དོ། །བྱང་ཆུབ་སེམས་དཔའི་འབྱུང་བ་དེ་དག་ལ་མཐའ་མེད་དོ། །བྱང་ཆུབ་སེམས་དཔའི་ལས་ལ་དབང་བསྒྱུར་བ་དེ་དག་གི་མཐའ་ནི་བསྐལ་པ་བརྗོད་དུ་ མྱེད་པས་ཀྱང་བརྗོད་པར་མི་ནུས་སྟེ། དེ་དག་ནི་བྱང་ཆུབ་སེམས་དཔའ་དེས་འཐོབ་པོ། །དེ་དག་ནི་བྱང་ཆུབ་སེམས་དཔའ་དེས་འགྲུབ་བོ། །དེ་དག་ནི་བྱང་ཆུབ་སེམས་དཔའ་དེས་གནོན་ཏོ། །དེ་དག་ ནི་བྱང་ཆུབ་སེམས་དཔའ་དེ་ལ་མངོན་སུམ་དང་བར་འགྱུར་རོ། །དེ་དག་ནི་བྱང་ཆུབ་སེམས་དཔའ་དེ་ལ་རབ་ཏུ་སྣང་ངོ་། །དེ་དག་ནི་བྱང་ཆུབ་སེམས་དཔའ་དེས་ཡོངས་སུ་ཤེས་སོ། །དེ་དག་ནི་བྱང་ཆུབ་ སེམས་དཔའ་དེའི་ཆོས་ཀྱི་ཚུལ་དུ་འབྱུང་ངོ་། །དེ་དག་ནི་བྱང་ཆུབ་སེམས་དཔའ་དེའི་རྣམ་པར་དགོད་པའི་ཡེ་ཤེས་སུ་འགྲོའོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ ཆེན་པོའི་མདོ། བམ་པོ་ཉི་ཤུ་ལྔ་པ། ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཏིང་ངེ་འཛིན་ཚད་མྱེད་པ་གྲངས་མེད་པ། གཞལ་ དུ་མེད་པ། མུ་མྱེད་པ། ཀུན་ཏུ་མཐའ་ཡས་པ། དཔག་ཏུ་མྱེད་པ། བསམ་གྱིས་མྱི་ཁྱབ་པ། མཚུངས་པ་མྱེད་པ། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དག་ལ་དམྱིགས་པ་རེ་རེ་ནས་ འཇུག་པས་སྙོམས་པར་འཇུག་གོ། །རྣམ་པར་ལྡང་ངོ་། །ཏིང་ངེ་འཛིན་དེ་དག་དང་། ཏིང་ངེ་འཛིན་གྱི་ཁྱད་པར་ཡང་རབ་ཏུ་ཤེས་སོ། །ཏིང་ངེ་འཛིན་གཞལ་དུ་མེད་པ་ཡང་རབ་ཏུ་ཤེས་སོ། ། 74-1-232a ཏིང་ངེ་འཛིན་ཤིན་ཏུ་ཡངས་པ་ཡང་རབ་ཏུ་ཤེས་སོ། །ཏིང་ངེ་འཛིན་ལ་རྣམ་པར་སྤྱད་པ་འང་རབ་ཏུ་ཤེས་སོ། །ཏིང་ངེ་འཛིན་གྱི་མཚན་མ་ཡང་རབ་ཏུ་ཤེས་སོ། །ཏིང་ངེ་འཛིན་གྱི་བསྟན་ པ་ཡང་རབ་ཏུ་ཤེས་སོ། །ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ཡང་རབ་ཏུ་ཤེས་སོ། །ཏིང་ངེ་འཛིན་གྱི་རྒྱུ་འཐུན་པའི་འབྲས་བུ་འང་རབ་ཏུ་ཤེས་སོ། །ཏིང་ངེ་འཛིན་གྱི་དབེན་པ་འང་རབ་ཏུ་ཤེས་སོ། །ཏིང་ངེ་ འཛིན་གྱི་རང་བཞིན་ཡང་རབ་ཏུ་ཤེས་སོ། །ཏིང་ངེ་འཛིན་གྱི་འབྱུང་བ་འང་རབ་ཏུ་ཤེས་སོ། །འདི་ལྟ་སྟེ་དཔེར་ན། ཀླུའི་རྒྱལ་པོ་ཆེན་པོ་མ་དྲོས་པའི་གནས་ན། ཆུ་ཀླུང་ཆེན་པོ་མ་དྲོས་རྙོགས་ མེད་པ། དང་བ་འོད་གསལ་བ། དྲི་མ་མྱེད་པ་དག་པ། ནམ་མཁའ་ལྟ་བུ་དྲི་མ་དང་བྲལ་བ་བཞི་འབབ་སྟེ། དེ་དག་ཀྱང་གཉིས་དང་གསུམ་དང་བཞིའི་སྒོ་ནས་འབབ་སྟེ། འདི་ལྟར་ཆུ་ཀླུང་ ཆེན་པོ་གང་གཱ་ནི་གླང་པོའི་ཁ་ནས་འབབ་བོ། །ཆུ་ཀླུང་ཆེན་པོ་སི་ཏ་ནི་སེང་གེའི་ཁ་ནས་འབབ་བོ། །ཆུ་ཀླུང་ཆེན་པོ་སིན་དྷུ་ནི་གླང་གི་ཁ་ནས་འབབ་བོ། །ཆུ་ཀླུང་ཆེན་པོ་པཀྴུ་ནི་རྟའི་ཁ་ནས་ འབབ་བོ། །དེ་དག་དེ་ལྟར་ཕྱོགས་བཞི་ནས་ཁ་བཞི་འབབ་སྟེ། ཆུ་ཀླུང་གང་གཱ་ནི་དོང་ནས་དངུལ་གྱི་བྱེ་མ་འདྲེན་ཅིང་འབབ་སྟེ། དངུལ་གྱི་བྱེ་མ་ལ་གནས་སོ། །ཆུ་ཀླུང་སི་ཏ་ནི་དོང་ནས་རྡོ་རྗེའི་ བྱེ་མ་འདྲེན་ཅིང་འབབ་སྟེ། རྡོ་རྗེའི་བྱེ་མ་ལ་གནས་སོ། །ཆུ་ཀླུང་སིན་དྷུ་ནི་དོང་ནས་གསེར་གྱི་བྱེ་མ་འདྲེན་ཅིང་འབབ་སྟེ། གསེར་གྱིས་བྱེ་མ་ལ་གནས་སོ། །ཆུ་ཀླུང་ཆེན་པོ་པཀྴུ་ནི་དོང་ ནས་བཱཻ་ཌཱུརྱ་སྔོན་པོའི་བྱེ་མ་འདྲེན་ཅིང་འབབ་སྟེ། བཱཻ་ཌཱུརྱ་སྔོན་པོའི་བྱེ་མ་ལ་གནས་སོ། །ཆུ་ཀླུང་ཆེན་པོ་གང་གཱ་ནི་ལྷ་རྫས་ཀྱི་དངུལ་གྱི་ཁ་དོག་ལྟ་བུའི་སྒོ་ནས་འབབ་པོ། །ཆུ་ཀླུང་ 74-1-232b ཆེན་པོ་སི་ཏ་ནི་ལྷ་རྫས་ཀྱི་རྡོ་རྗེའི་ཁ་དོག་ལྟ་བུའི་ཁ་ནས་འབབ་བོ། །ཆུ་ཀླུང་ཆེན་པོ་སིན་དྷུ་ནི་ལྷ་རྫས་ཀྱི་གསེར་གྱི་ཁ་དོག་ལྟ་བུའི་སྒོ་ནས་འབབ་བོ། །ཆུ་ཀླུང་ཆེན་པོ་པཀྴུ་ནི་ལྷ་རྫས་ཀྱི་བཱཻ་ཌཱུརྱ་ སྔོན་པོའི་ཁ་དོག་ལྟ་བུའི་སྒོ་ནས་འབབ་བོ། །ཆུ་ཀླུང་ཆེན་པོ་དེ་བཞི་ཡང་ཁའི་སྒོ་དཔག་ཚད་ཙམ་གྱི་ཚད་ནས་འབབ་སྟེ། དེ་དག་འབབ་པའི་ཚེ་རེ་རེས་ཀྱང་མཚོ་ཆེན་པོ་ལ་ལན་བདུན་ དུ་གཡས་སུ་བསྐོར་ཏེ། ཕྱོགས་བཞིར་འབབ་ཅིང་རྒྱ་མཚོ་ཆེན་པོ་གངས་ཆེན་མཚོ་ལ་ཞེན་པར་འདོང་ངོ་། །དེ་ལྟར་ཆུ་ཀླུང་ཆེན་པོ་རྣམས་ཀྱིས་ལན་བདུན་དུ་གཡས་ཕྱོགས་སུ་བསྐོར་བའི་ བར་གྱི་གླིང་དེ་དག་ཀྱང་མེ་ཏོག་ཨུཏ་པ་ལ་དང་། པད་མོ་དང་། ཀུ་མུ་ད་དང་། པུན་ད་རི་ཀ་དང་། ལྷ་རྫས་ཀྱི་རིན་པོ་ཆེའི་རང་བཞིན་ལས་གྲུབ་པ་ཡིད་དུ་འོང་བ་དྲི་ཞིམ་པ། མཐའི་རྒྱན་དུ་ འདུག་པ། མདོག་གསལ་བ་རིན་པོ་ཆེ་སྣ་ཚོགས་ཀྱི་ཁ་དོག་ལྟར་འདུག་པ། འོད་དང་ཞིང་གསལ་བ། གཅིག་གི་གཟུགས་བརྙན་གཅིག་ཏུ་སྣང་བ་མདངས་དགའ་བ་བལྟ་ན་ཡིད་དུ་འོང་བ། རང་བཞིན་དང་ཞིང་ཤིན་ཏུ་རྣམ་པར་དག་པས་བརྒྱན་པ་སྟེ། བལྟ་ན་ཁ་དོག་གསལ་བ། མུན་པ་སེལ་ཅིང་སྣང་བ་འབྱིན་པ། བལྟ་ན་གཏང་མི་བྲ་ཞིང་ཤིན་ཏུ་རྣམ་པར་ཕྱེ་བར་བརྒྱན་པ། ཁ་དོག་སྣ་ཚོགས་སུ་མེ་ཏོག་གིས་ཀུན་ནས་ཡོག་པ། འདབ་མ་སྣ་ཚོགས་དང་ལྡན་ཞིང་སྙིང་པོ་ཁ་དོག་སྣ་ཚོགས་ཅན། ཟེ་བ་མདོག་དུ་མར་སྣང་བའི་མྱེ་ཏོག་གིས་ཡོངས་སུ་བརྒྱན་པ་སྟེ། མཚོ་ཆེན་པོ་དེའི་ནང་དང་། མཚོའི་དཀྱིལ་འཁོར་ནི་རྒྱར་དཔག་ཚད་ལྔ་བཅུ་ཡོད་པ་དེ། ཟབས་སུ་དཔག་ཚད་ལྔ་བཅུ་ཡོད་དོ། །དེའི་གཞི་ནི་རིན་པོ་ཆེའི་གསེག་མ་བདལ་བ་སྟེ། 74-1-233a རིན་པོ་ཆེ་སྣ་ཚོགས་ཁ་དོག་དུ་མ་དང་ལྡན་པས་ཤིན་ཏུ་བརྒྱན་པར་གནས་པའོ། །དེའི་ངོགས་ནི་རིན་པོ་ཆེ་སྣ་ཚོགས་ཕ་གུ་བརྩེགས་པ་ལྟར་འདུག་པས་ཀུན་ནས་འཁོར་བའོ། །དེའི་ དྲི་ནི་ཙན་དན་བཟང་པོའི་བཅུད་ལྟ་བུ་སྟེ། མེ་ཏོག་ཁ་དོག་དུ་མ་ཅན་ལས་བསུང་གི་ངད་རྣམ་པ་དུ་མ་ལངས་པ་དང་ལྡན་པ། མེ་ཏོག་ཨུཏ་པ་ལ་དང་པད་མོ་དང་། ཀུ་མུ་ད་དང་པུན་ད་རི་ཀས་ ཀུན་ནས་ཡོགས་པའོ། །རིན་པོ་ཆེའི་ཤིང་མེ་ཏོག་རབ་ཏུ་རྒྱས་པས་ཀུན་ནས་འཁོར་བ་སྟེ། ནམ་ལྷའི་བུ་ཉི་མ་འཆར་བའི་ཚེ་ཉི་མའི་འོད་ཟེར་དེ་དག་མཚོའི་རིན་པོ་ཆེ་དང་གསེག་མ་དང་། མེ་ཏོག་དང་། ཆུ་ཀླུང་གི་རྒྱུད་ཀྱི་བྱེ་མ་དང་། ཆུ་ཀླུང་གཡས་ཕྱོགས་སུ་བསྐོར་བའི་མཚོ་དང་རིན་པོ་ཆེའི་ཤིང་གི་ལྷུན་དང་། ཡལ་ག་དང་ལོ་མ་དང་མེ་ཏོག་ལ་བབ་པར་གྱུར་ན། དེའི་ཚེ་འོད་ཟེར་རེ་རེས་ཕྱོགས་ ཀྱང་རིན་པོ་ཆེའི་འབྱུང་གནས་སྣ་ཚོགས་ཀྱི་དབྱིངས་ན་གནས་པའི་འོད་ཟེར་གྱི་དྲ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་ཀུན་ནས་ཡོག་པ་ལྟ་བུར་སྣང་སྟེ། ཐམས་ཅད་ཀྱང་འོད་ཀྱི་མདོག་དམ་པ་དེས། འཇམ་འཇམ་ལྟར་འདུག་པས་མཚོ་ཆེན་པོ་མ་དྲོས་པ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པར་སྣང་ངོ་། །མཚོ་ཆེན་པོ་མ་དྲོས་པ་དེའི་འཁོར་ན་རིན་པོ་ཆེ་རྒྱན་དུ་འཁོད་པ་ཡིད་དུ་འོང་ཞིང་ཚལ་ བར་རྒྱས་ལ་རྒྱ་ཆེ་བར་འདལ་བ་དེ་དག་ཐམས་ཅད་ཀྱང་ཉི་མའི་དཀྱིལ་འཁོར་ལྟ་བུར་གྱུར་བར་སྣང་ངོ་། རིན་པོ་ཆེ་དམ་པ་སྣ་ཚོགས་ཤིན་ཏུ་ཕྲ་བ་ཐམས་ཅད་དང་། རིན་པོ་ཆེའི་བྱེ་མ་ཀུན་ ཏུ་བརྡལ་བ་དང་། རིན་པོ་ཆེའི་རྒྱན་སྣ་ཚོགས་ཤིན་ཏུ་ཕྲ་བ་དང་། རིན་པོ་ཆེའི་རྡུལ་ཤིན་ཏུ་ཕྲ་བ་དང་། རིན་པོ་ཆེའི་རྡུལ་ཤིན་ཏུ་ཕྲ་བའི་བྱེ་མ་དེ་ལྟར་ཕྲ་བ་དག་ལའང་ཕན་ཚུན་དུ། 74-1-233b གཟུགས་བརྙན་སྣང་ན། ཆུང་ཞེས་དོགས་པ་འམ་ཆེ་ཞེས་ཡངས་པ་མེད་པར་དངོས་པོ་ཇི་ལྟ་བ་བཞིན་དུ་མ་ནོར་བར་སྣང་ངོ་། །ཆུ་ཀླུང་ཆེན་པོ་དེ་དག་ཇི་ལྟར་མཚོ་ཆེན་པོ་མ་དྲོས་ པ་ལས་ཁ་བཞི་ནས་འབབ་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐ་དད་པ་ཡང་དག་པར་ཤེས་པ་བཞིའི་ཆུ་ཀླུང་ཆེན་པོ་འབབ་པ་ཡང་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚོ་ ལ་ཞེན་པར་འདོང་ངོ་། །ཇི་ལྟར་ཆུ་ཀླུང་ཆེན་པོ་གང་གཱ་གླང་པོའི་ཁ་དངུལ་གྱི་ཁ་དོག་དུ་འདུག་པ་ནས་དངུལ་གྱི་བྱེ་མ་འདྲེན་ཅིང་འབབ་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆོས་དཀར་པོ་དག་པར་བྱེད་ པའི་སྒོ་ནས་དོན་ཐ་དད་པ་ཡང་དག་པར་ཤེས་པ། དེ་བཞིན་གཤེགས་པའི་ཚུལ་ཐམས་ཅད་ཡོངས་སུ་སྤྱོད་པ། དོན་གྱིས་ཚུལ་ཐམས་ཅད་ཤིན་ཏུ་དག་པར་བྱེད་པ་ཡང་ཆོས་ ཐམས་ཅད་ཀྱི་སྣང་བ་རྣམ་པར་གསལ་བར་བྱེད་ཅིང་འབབ་སྟེ། སྒྲིབ་པ་མེད་པའི་རྒྱ་མཚོའི་མཐར་ཐུག་པར་འགྲོའོ། །ཇི་ལྟར་ཆུ་ཀླུང་ཆེན་པོ་ཤི་ཏ་སེང་གེའི་ཁ་རྡོ་རྗེའི་ཁ་དོག་དུ་ འདུག་ནས། རྡོ་རྗེའི་བྱེ་མ་འདྲེན་ཅིང་འབབ་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའི་ཆོས་ཐ་དད་པ་ཡང་དག་པར་ཤེས་པར་སངས་རྒྱས་ཀྱི་རྡོ་རྗེའི་ཚིག་བརྗོད་པ་དང་། འགྲོ་བ་ ཐམས་ཅད་ལ་སྣང་བར་བྱ་བ་དང་། ཡེ་ཤེས་ཀྱི་རྡོ་རྗེའི་ཚིག་རབ་ཏུ་འདྲེན་ཅིང་འབབ་སྟེ། ཆགས་པ་མེད་པའི་རྒྱ་མཚོ་ལ་ཞེན་པར་འགྲོའོ། །ཇི་ལྟར་ཆུ་ཀླུང་ ཆེན་པོ་སིན་དྷུ་གླང་གི་ཁ་གསེར་གྱི་ཁ་དོག་དུ་འདུག་པ་ནས་གསེར་གྱི་བྱེ་མ་འདྲེན་ཅིང་འབབ་པ་དེ་བཞིན་དུ་བྱང་ཆུབ་ 74-1-234a སེམས་དཔའི་ཚིག་ཐ་དད་པ་ཡང་དག་པར་ཤེས་པ་སེམས་ཅན་གྱི་ཚོགས་ཐམས་ཅད་ཁོང་དུ་ཆུད་པར་བྱེད་ཅིང་འགལ་བ་མྱེད་པ་དང་། འགྲོ་བ་ཐམས་ཅད་ཚིམ་པར་བྱེད་པ། ཤིན་ཏུ་འགྲོ་ བ་ཡང་ཚུལ་རྣམ་པར་དག་པའི་ཡན་ལག་གིས་ཡོངས་སུ་སྨྱིན་པར་བྱ་བ་དང་། འདུལ་བ་ལ་རྟག་ཏུ་བརྩོན་པར་འབབ་སྟེ། རྟེན་ཅིང་འབྲེལ་བར་བྱུང་བའི་ཚུལ་གྱིས་རྒྱ་མཚོ་ལ་ཞེན་པར་འགྲོའོ། །ཇི་ ལྟར་ཆུ་ཀླུང་ཆེན་པོ་པག་ཤུ་རྟའི་ཁ་བཻ་ཌཱུརྱ་སྔོན་པོའི་ཁ་དོག་དུ་འདུག་པ་ནས། བཻ་ཌཱུརྱ་སྔོན་པོའི་བྱེ་མ་འདྲེན་ཅིང་འབབ་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྤོབས་པ་ཐ་དད་པ་ཡང་ཆོས་བརྗོད་དུ་མེད་པ་ བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་རབ་ཏུ་སྣང་བར་བྱ་བ་དང་། དམ་པའི་ཆོས་ཀྱི་ཆུ་ཀླུང་རྒྱུན་ཏུ་འབབ་པར་བྱ་བའི་ཀླུང་རབ་ཏུ་བསྐྱེད་པར་བྱེད་ཅིང་ཆོས་ཐམས་ཅད་ཀྱི་རྒྱ་མཚོ་ལ་གཞོལ་བར་འབབ་སྟེ། བྱང་ ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཆོས་རྒྱ་མཚོ་ལ་ཞེན་པར་འགྲོའོ། །ཇི་ལྟར་ཆུ་ཀླུང་ཆེན་པོ་བཞི་པོ་དེ་དག་གིས་མཚོ་ཆེན་པོ་མ་དྲོས་པ་ལ་གཡས་ཕྱོགས་སུ་བསྐོར་བ་བྱས་ཏེ། ཕྱོགས་བཞི་ནས་ རྒྱ་མཚོ་ལ་ཞེན་པར་འདོང་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའི་ཡང་ལུས་ཀྱི་ལས་འཐུན་པ་དང་ལྡན་པ་ཡིན། ངག་གི་ལས་འཐུན་པ་དང་ལྡན་པ་ཡིན། ཡིད་ཀྱི་ལས་འཐུན་པ་དང་ལྡན་པ་ ཡིན། འཐུན་པའི་ཡེ་ཤེས་སྔོན་དུ་འགྲོ་བ་དང་ལྡན་པ་ཡིན། ཇི་ལྟར་དེ་དག་ཕྱོགས་བཞི་ནས་རྒྱ་མཚོ་ཆེན་པོ་ལ་ཞེན་པར་འདོང་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཡང་ཕྱོགས་བཞི་ནས་ ཐམས་ཅད་མཐོང་བའི་ཡེ་ཤེས་ཀྱི་རྒྱ་མཚོ་ལ་ཞེན་པར་འགྲོ་བ་ཡིན་ཏེ། བཞི་གང་ཞེ་ན་འདི་ལྟ་སྟེ། སངས་རྒྱས་རྣམ་པར་དམྱིགས་པས། སངས་རྒྱས་ཐམས་ཅད་མཐོང་བའི་ཕྱོགས་དང་། འདི་ལྟ་སྟེ། 74-1-234b ལུས་ཀྱི་ལས་ངེས་པ་དང་། གཟུངས་བརྗོད་དུ་མེད་པས་ཡོངས་སུ་འཛིན་པས་ཆོས་ཐམས་ཅད་སྣང་བའི་ཕྱོགས་དང་། འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་ བའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ཕྱོགས་དང་། ཆོས་ཀྱི་འཁོར་ལོ་བསྐོར་བས་སེམས་ཅན་ཐམས་ཅད་དགའ་བར་བྱ་བ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོའི་ཕྱོགས་སོ། །ཇི་ལྟར་ཆུ་ཀླུང་ ཆེན་པོ་དེ་དག་གིས་ལན་བདུན་དུ་བསྐོར་བའི་བར་གླིང་རྣམས་མེ་ཏོག་ཨུད་པ་ལ་དང་། པད་མོ་དང་ཀུ་མུ་དང་། པུན་ད་རི་ཀས་ཀུན་ནས་ཡོག་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བར་མ་དོར་འདུལ་བར་ མ་གྱུར་བའི་སེམས་ཅན་རྣམས་ལ་བཏང་སྙོམས་སུ་གཞོག་པ་ཡང་ཏིང་ངེ་འཛིན་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གིས་ཀུན་ཏུ་ཁྱབ་པའོ། །སངས་རྒྱས་མཐོང་བའི་རྣམ་པ་སྣ་ཚོགས་སུ་བརྒྱན་པའོ། ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་ཅིང་རྡུལ་མེད་པས་ཡིད་དུ་འོང་བའོ། །ཇི་ལྟར་མཚོ་ཆེན་པོ་མ་དྲོས་པ་རིན་པོ་ཆེའི་ཤིང་གིས་ཡོངས་སུ་འཁོད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་ ཏུ་མངོན་པར་འཚང་རྒྱ་བ་སྟོན་ན་སངས་རྒྱས་ཀྱི་ཞིང་གིས་ཀུན་ནས་འཁོད་ཅིང་བརྒྱན་པ་ཡིན། ཇི་ལྟར་མཚོ་ཆེན་པོ་མ་དྲོས་པའི་ནང་དཔག་ཚད་ལྔ་བརྒྱ་ཡོད་ལ་དང་ཞིང་རྙོག་པ་མེད་པ་དང་གསལ་ བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་མངོན་པར་འཚང་རྒྱ་བའི་སེམས་ཀྱང་དགེ་བའི་རྩ་བ་ཐམས་ཅད་ཀྱིས་ཡོངས་སུ་རྒྱས་པས་དང་ཞིང་རྙོག་པ་མེད་པ་གསལ་བ་དང་། མཐའ་དང་དབུས་མེད་པ་ཡིན། ཇི་ལྟར་མཚོ་ཆེན་པོ་མ་དྲོས་པ་རིན་པོ་ཆེའི་ཕ་གུས་བརྩིགས་པས་མཐའ་བསྐོར་ཅིང་ཙན་དན་དྲི་ཞིམ་པོའི་བསུང་དང་ལྡན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མངོན་པར་འཚང་རྒྱ་བའི་ 74-1-235a སེམས་ཀྱང་ཡེ་ཤེས་རིན་པོ་ཆེ་ཁྲག་ཁྲིག་སྟོང་ཕྲག་བཅུས་ཤིན་ཏུ་བརྒྱན་ཅིང་ཁྱད་པར་དུ་འཕགས་པའི་སྨོན་ལམ་གྱི་ཡེ་ཤེས་དང་། ལྡན་པའི་དགེ་བའི་རྩ་བ་དྲི་ཞིམ་པོ་ཐམས་ཅད་དང་ལྡན་ པའོ། །ཇི་ལྟར་མཚོ་ཆེན་པོ་མ་དྲོས་པའི་ནང་ན་རིན་པོ་ཆེ་ཐམས་ཅད་ཀྱི་གྲམ་བུས་ཡོངས་སུ་བརྒྱན་ཅིང་ནོར་བུ་རིན་པོ་ཆེ་རྣམས་པ་སྣ་ཚོགས་ཀྱིས་མཛེས་པར་གྱུར་པ་དེ་བཞིན་དུ། བྱང་ཆུབ་སེམས་ དཔའི་ཡེ་ཤེས་ཕྲ་བ་ཁོང་དུ་ཆུད་པའི་དྲན་པས་ཡང་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པའི་རིན་པོ་ཆེ་རྣམ་པར་བརྒྱན་ཅིང་ད་ལྟར་བྱུང་བའི་ཆོས་ཐམས་ཅད་ལ་ཐོགས་པ་ མེད་པའི་སངས་རྒྱས་ཐམས་ཅད་ཀྱི་གནས་ལ་རྣམ་པར་སྤྱོད་པའི་ཚུལ་ཐ་དད་དུ་ཤེས་པར་བྱ་བ་ཐམས་ཅད་ལ་ཞུགས་པ་ཡིན། ཇི་ལྟར་ཀླུའི་རྒྱལ་པོ་ཆེན་པོ་མ་དྲོས་པ་གཙེ་བ་དང་། མི་བདེ་བ་ཐམས་ ཅད་ལས་རྣམ་པར་འདས་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཡང་འཇིག་རྟེན་གྱིས་གཙེ་བ་དང་། འཇིགས་པ་ཐམས་ཅད་དང་བྲལ་བ་ཡིན་ཏེ། འཇིག་རྟེན་ཐམས་ཅད་དུ་སྣང་བར་ གནས་ཀྱང་འཇིག་རྟེན་ཐམས་ཅད་ཀྱིས་མི་གོས་པ་ཡིན། ཇི་ལྟར་ཆུ་ཀླུང་ཆེན་པོ་བཞི་པོ་དེ་དག་གིས་འཛམ་བུ་གླིང་མངོན་པར་བརླན་ཅིང་ཡོངས་སུ་བརླན་ནས་རྒྱ་མཚོ་ཆེན་པོ་ལ་ཞེན་པར་འདོང་ བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཡེ་ཤེས་ཀྱི་ཆུ་ཀླུང་ཆེན་པོ་བཞིས་ལྷ་དང་འཇིག་རྟེན་དུ་བཅས་པ། ཚངས་པར་བཅས་པ། དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུར་བཅས་པ་མངོན་པར་བླན་ཏེ། བླ་ ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་རྒྱ་མཚོ་སྟོབས་བཅུས་རྣམ་པར་བརྒྱན་པ་ལ་ཞེན་པར་འགྲོའོ། །བཞི་གང་ཞེ་ན་འདི་ལྟ་སྟེ། སྨོན་པའི་ཡེ་ཤེས་ཀྱི་ཆུ་ཀླུང་འགྲོ་བ་ཐམས་ཅད་བསྐྱབ་ 74-1-235b པ་དང་། འགྲོ་བ་ཐམས་ཅད་འདུལ་བའི་ཕྱིར་རྒྱུན་མི་འཆད་པར་འགྲོ་བ་དང་། འདི་ལྟ་སྟེ་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་ཆུ་ཀླུང་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་པར་དག་པས་རབ་ཏུ་དང་བ། སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཕན་འདོགས་ཤིང་མི་ཟད་པའི་རྒྱུན་གྱིས་མཐར་ཐུག་པས་དུས་གསུམ་གྱི་ཡེ་ཤེས་རྒྱ་མཚོ་ལ་ཞེན་པར་འབབ་པ་དང་། འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་ མཉམ་པ་མེད་པའི་ཡེ་ཤེས་ཀྱི་ཆུ་ཀླུང་ཏིང་ངེ་འཛིན་རིན་པོ་ཆེ་གྲངས་མེད་པས་བརྒྱན་པ་སངས་རྒྱས་ཐམས་ཅད་ལྟ་ཞིང་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྒྱ་མཚོ་ལ་ཞེན་པར་འབབ་པ་དང་། འདི་ལྟ་ སྟེ། སྙིང་རྗེ་ཆེན་པོའི་ཡེ་ཤེས་ཀྱི་ཆུ་ཀླུང་བྱམས་པ་ཆེན་པོའི་དབང་དུ་གྱུར་པ། འགྲོ་བ་ཐམས་ཅད་ནས་ཕྱིར་མི་ལྡོག་ཅིང་འགྲོ་བ་ཐམས་ཅད་ཉེ་བར་བཟུང་བའི་ཕྱིར། ཐབས་མཁས་པའི་མཚམས་ སྦྱོར་བ་གྲངས་མེད་པས། ཡོངས་སུ་གདུང་བ་ཞི་བར་བྱེད་ཅིང་སྟོབས་བཅུ་རྒྱ་མཚོ་ལ་ཞེན་པར་འབབ་པའོ། །ཇི་ལྟར་ཆུ་ཀླུང་ཆེན་པོ་བཞི་པོ་དེ་དག་མཚོ་ཆེན་པོ་མ་དྲོས་པ་ནས་མི་ཟད་པའི་རྒྱ་མཚོ་ལས་ཞེན་ པར་འདོད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཁྱད་པར་དུ་འཕགས་པའི་སྨོན་ལམ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཟད་མི་ཤེས་པའི་མཐར་ཐུག་པར་འགྲོ་ཞིང་རྣམ་ པར་འཚང་རྒྱ་བར་རྣམ་པར་རོལ་པས་རྣམ་པར་འཚང་རྒྱ་བ་ཡིན། ཇི་ལྟར་ཆུ་ཀླུང་ཆེན་པོ་བཞི་པོ་དེ་དག་རྒྱ་མཚོ་ཆེན་པོ་ལ་ཞེན་པར་དོང་ཞིང་ཕྱིར་མི་ལྡོག་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སྨོན་ ལམ་གྱི་རྒྱུན་མ་འཆད་པར་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྨོན་ལམ་ལ་རབ་ཏུ་བརྩོན་པ་ཡང་ཐམས་ཅད་མཁྱེན་པ་ཉིད་དུ་མངོན་པར་བསྒྲུབ་པ་ལས། ཕྱིར་མི་ལྡོག་ཅིང་སངས་རྒྱས་ཀྱི་ 74-1-236a བྱང་ཆུབ་ཆོས་ཐམས་ཅད་ལ་སྒྲིབ་པ་མྱེད་པ་དང་། ཆགས་པ་མེད་པ་ལ་གནས་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་རྒྱ་མཚོ་ལ་ཞེན་པར་འགྲོའོ། །ཇི་ལྟར་ཆུ་ཀླུང་ཆེན་པོ་བཞི་པོ་དེ་ དག་བསྐལ་པར་གནས་ཤིང་སྐྱོ་བ་དང་། ཡོངས་སུ་སྐྱོ་བ་མེད་པར་རྒྱ་མཚོ་ལ་ཞེན་པར་འདོད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་། སྨོན་ལམ་ལ་བརྩོན་ པའི་བྱང་ཆུབ་སེམས་དཔའ་ཡང་ཕྱི་མའི་མཐའི་མུར་ཐུག་པའི་བསྐལ་བར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་ཡོངས་སུ་མི་སྐྱོ་བར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྒྱ་མཚོ་ རྒྱུན་མ་ཆད་པར་རྗེས་སུ་གཞོལ་ཞིང་ཞེན་པར་འགྲོ་བ་ཡིན། ཇི་ལྟར་མཚོ་ཆེན་པོ་མ་དྲོས་པ་དེ་རིན་པོ་ཆེ་སྣ་ཚོགས་ཀྱི་མདོག་ལྟར་འདུག་ཅིང་དངུལ་གྱི་བྱེ་མའི་མདོག་དུ་སྣང་བ་དང་། གསེར་གྱི་བྱེ་མའི་ མདོག་དུ་སྣང་བ་དང་། རྡོ་རྗེའི་བྱེ་མའི་མདོག་དུ་སྣང་བ་དང་། བཻ་ཌཱུརྱའི་བྱེ་མའི་མདོག་དུ་སྣང་བ་དང་། ཉི་མའི་འོད་གཟེར་གྱིས་ཕོག་ན་ཉི་མའི་དཀྱིལ་འཁོར་རྣམ་པ་ཐམས་ཅད་དང་ལྡན་པའི་གཟུགས་སུ་ མངོན་ཞིང་སྣང་བ་དང་། ཉི་མའི་འོད་ཟེར་དང་ཕྲད་ན་མཚོ་ཆེན་པོ་མ་དྲོས་པ་དམྱིགས་པ་ཐམས་ཅད་ཀྱི་གཟུགས་སུ་གྱུར་བར་སྣང་ཡང་གཟུགས་ལུས་ཀྱི་གཟུགས་སུ་སྣང་བ་དང་། རིན་པོ་ཆེ་སྣ་ ཚོགས་ཀྱི་རྣམ་པར་སྣང་བར་གྱུར་པ་དེ་དག་གཅིག་གིས་བདེ་ཞིང་ཕན་ཚུན་དུ་གནོད་པར་འགྱུར་བ་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཆོས་ཀྱི་དབྱིངས་ལ་དབང་བསྒྱུར་བའི་ཏིང་ངེ་འཛིན་ འདི་ལ་གནས་པས་རང་གིས་ལུས་གྱི་བ་སྤུའི་ཁུང་བུ་རེ་རེ་ཡང་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་མཐོང་ངོ་། ། 74-1-236b སངས་རྒྱས་ཀྱི་ཞིང་ཡང་མཐོང་ངོ་། །འཁོར་གྱི་དཀྱིལ་འཁོར་དུ་ཡང་འཇུག་གོ། །ཆོས་བསྟན་པ་ཡང་ཉན་ཏོ། །དེ་དག་ཐམས་ཅད་ཀྱང་མཉེས་པར་བྱེད་དོ། །དེ་བཞིན་གཤེགས་པའི་སྐུ་ཚད་མེད་པ་ལ་འང་ ཡིད་ཆེས་ཤིང་ཁོང་དུ་ཆུད་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་དེ་དག་ན་དེ་བཞིན་གཤེགས་པ་རྣམས་ལ་བསྙེན་བཀུར་བྱེད་ཅིང་ཆོས་ཉན་པས་ཀྱང་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་ འདའ་བར་བྱེད་ཀྱང་ཡུན་རིང་པོའི་འདུ་ཤེས་ཀྱང་མྱི་སྐྱེ། ཡུན་ཐུང་ངུའི་འདུ་ཤེས་ཀྱང་མི་སྐྱེའོ། །བ་སྤུའི་བུ་ག་དེ་དག་དུ་འང་དེའི་ལུས་ལ་མི་བདེ་བ་མེད་ཅིང་འཇིག་རྟེན་གྱི་ཁམས་དེ་དག་དང་། དེ་བཞིན་ གཤེགས་པ་བཞུགས་པ་དེ་དག་དང་། འཁོར་གྱི་དཀྱིལ་འཁོར་དེ་དག་དང་སེམས་ཅན་གྱི་ཁམས་སྣ་ཚོགས་འཁོད་པ་དེ་དག་ལ་འང་གནོད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་ཀྱི་ དབྱིངས་ལ་འཇུག་པ་དེ་སེམས་ཤིན་ཏུ་ཕྲ་བས་མཐའ་དང་དབུས་མེད་པ་ལས་ཀྱི་རྣམ་པར་སྨིན་པ་དཔེ་མེད་མེད་པའི་ཚུལ་ལ་འཇུག་པ། ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པའི་ཡུལ་རྟོགས་པར་ གནས་པ། བསམ་གྱིས་མི་ཁྱབ་པའི་ཡུལ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་རྣམ་པར་བསྒྲུབ་པ། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་བརླབས་བསམ་གྱི་མི་ཁྱབ་པ་སངས་རྒྱས་ཀྱི་ རྣམ་པར་འཕྲུལ་པ་ཚད་མྱེད་པ་བསྒྲུབ་པར་དཀའ་བ། བཟོད་པར་དཀའ་བ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་འཛིན་པ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ དང་། དམྱིགས་པ་ཡོངས་སུ་རྫོགས་པར་བྱེད་པ། སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་འཕྲུལ་བ་ལ་འཇུག་བས་སྐྱོ་བ་མེད་པའི་ཕྱིར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་ཀྱི་སྐད་ཅིག་ 74-1-237a ལ་བསྙོམས་པར་ཞུགས་ཤིང་རྣམ་པར་ལྡང་བ་དང་ཡུན་རིང་པོ་ཡང་འཇིག་པར་མི་བྱེད། མངོན་པར་ཞེན་པར་མི་ལྟུང་། དམིགས་པ་ཐམས་ཅད་ལ་འང་གནས་པ་མེད་དེ། དངོས་པོ་ཐམས་ ཅད་ལ་འདི་མི་གནས་སོ། །སྐད་ཅིག་གི་རྒྱུད་ལ་འང་རབ་ཏུ་འཇུག་གོ། །སེམས་ཀྱི་དོན་ཀྱང་ཡང་དག་པར་བསྒྲུབ་པོ། །སངས་རྒྱས་ཀྱི་ཁྱུ་མཆོག་གི་མཐུ་ཆུང་བ་མཐོང་བས་ཀྱང་ངོམས་པར་མི་བྱེད་དོ། ། ཆོས་ཀྱི་དབྱིངས་ཀྱི་མཐར་དབྱུང་བས་ཀྱང་སྒྱིད་ལུག་པར་མི་བྱེད་དོ། དེ་ལ་བཞག་པར་བྱ་བ་ཡང་གང་མེད་དོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་བསྒྲུབ་པའི་རྗེས་སུ་ཡང་རབ་ཏུ་ འཇུག་གོ། །ཡེ་ཤེས་ཀྱི་སྤྲུལ་པ་ཡང་བྱིན་གྱིས་བརློབས་པོ། །སེམས་ཅན་གྱི་རིས་ལ་འཇུག་པར་ཡང་མཐའ་དང་དབུས་མྱེད་པར་འཇུག་གོ། །འཇིག་རྟེན་གྱིས་ཁམས་ཐམས་ཅད་རྣམ་ པར་དག་པ་ཡང་ཡོངས་སུ་རྫོགས་པར་བྱེད་དོ། །འཇིག་རྟེན་གྱི་ཕྱིན་ཅི་ལོག་ཐམས་ཅད་ཀྱང་རྣམ་པར་རྟོག་པ་མྱེད་པས་རབ་ཏུ་ཤེས་སོ། །རྟོགས་པའི་ས་ཐམས་ཅད་ལས་ཀྱང་ཡོངསུ་འདའོ། ། མཚན་མ་སྣ་ཚོགས་ཡོངས་སུ་ཤེས་པ་ཡང་མི་སྤོང་ངོ་། །བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་ཐབས་ལ་མཁས་པ་ཡང་ཡོངས་སུ་རྫོགས་པར་བྱེད་དོ། །ཤིན་ཏུ་རྣམ་པར་དག་པ་ལ་འང་ རྟོག་པར་མི་བྱེད་དོ། །ཐམས་ཅད་ཟིལ་གྱི་གནོན་པའི་ས་ཡང་རབ་ཏུ་ཐོབ་པར་བྱེད་དོ། །འདི་ལྟ་སྟེ་དཔེར་ན། ནམ་མཁའི་རང་བཞིན་ནི་དངོས་པོ་ཐམས་ཅད་ཀྱི་རྗེས་སུ་སོང་བ་འང་ ཡིན་ལ། དངོས་པོ་ཐམས་ཅད་ལས་ཀྱང་རྣམ་པར་འདས་པའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འང་རྒྱུ་ལ། འཇིག་རྟེན་གྱི་ཁམས་ཐམས་ 74-1-237b ཅད་ལས་ཀྱང་རྣམ་པར་འདས་པ་ཡིན། སེམས་ཅན་གྱི་ཁམས་ཡོངས་སུ་དགྲོལ་བ་ལ་འང་བརྩོན་ལ་སེམས་ཅན་གྱི་འདུ་ཤེས་ཀྱང་མྱེད་པ་ཡིན། ཆོས་ཀྱི་དབྱིངས་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་ གྱུར་ལ་ཆོས་ཐམས་ཅད་ཀྱི་སྙེམས་པའི་སེམས་ཀྱང་མེད་པ་ཡིན། སངས་རྒྱས་ཐམས་ཅད་ལ་བལྟ་བས་ཀྱང་མྱི་ངོམས་ལ། སངས་རྒྱས་ཐམས་ཅད་ལ་བལྟ་བའི་གནས་ཀྱང་ཡོངས་སུ་བསལ་བ་ ཡིན། ཏིང་ངེ་འཛིན་གྱི་རྣམ་པ་ཐམས་ཅད་ལ་མཁས་པར་བྱ་བ་འང་ཁོང་དུ་ཆུད་ལ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཁོང་དུ་ཆུད་པས་ཆགས་པ་ཡང་མྱེད་པ་ཡིན། ཆོས་ཀྱི་ཚིག་རྣམ་པར་ ཤེས་པ་མཐའ་ཡས་པའི་སྤོབས་པ་དང་ལྡན་ལ་ཚིག་མེད་ཅིང་ཡི་གེ་མྱེད་པ་ཡང་ཁོང་དུ་ཆུད་པ་ཡིན། བརྗོད་དུ་མེད་པ་ལ་འང་ཤིན་ཏུ་སྤྱོད་ལ། དབྱངས་ཀྱི་ཡན་ལག་རྣམ་པར་དག་པ་དང་། ཡང་ལྡན་པ་ཡིན། ཆོས་ཐམས་ཅད་ཀྱི་འང་མཐར་ཕྱིན་ལ་གཟུགས་སྣ་ཚོགས་ཀྱིས་འདུལ་བ་རྣམས་ཀྱང་ཡུལ་དུ་བྱེད་པ་ཡིན། ཆོས་ཐམས་ཅད་ཀྱི་རང་བཞིན་གྱི་མཐར་ཡང་རབ་ཏུ་ཐུག་ལ་སྙིང་ རྗེ་ཆེན་པོས་སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་དགྲོལ་ཞིང་གདུལ་བ་ལ་ཡང་རབ་ཏུ་བརྩོན་པ་ཡིན། སེམས་ཅན་གྱི་ཁམས་འཕེལ་བ་དང་། འགྲིབ་པ་མྱེད་པ་འང་རབ་ཏུ་ཤེས་ལ་ཆོས་ཀྱི་དབྱིངས་ ཀུན་ཏུ་ཁྱབ་པ་ཁོང་དུ་ཆུད་པ་ལས་ཀྱང་མི་གཡོ་བ་ཡིན། འགྲོ་བ་ཐམས་ཅད་གདུལ་བ་ཡང་རྒྱུན་མི་གཅོད་ལ་དེ་བཞིན་གཤེགས་པའི་སྤྱོད་པ་འཁོར་གསུམ་ཡོངས་སུ་དག་པ་ཡང་ཁོང་དུ་ཆུད་པ་ཡིན། ཆོས་ རྣམ་པ་སྣ་ཚོགས་ལ་འང་རྣམ་པར་མྱི་རྟོག་ལ་བསྟན་པ་སྣ་ཚོགས་ལ་འཇིགས་པ་མྱེད་པས་ཆོས་བསྟན་པའི་ཆོས་ཀྱི་འཁོར་ལོ་ཡང་རྒྱུན་མྱི་ཆད་པ་ཡིན། ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་ 74-1-238a སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་རྒྱ་ཆེན་པོ་ལ་མཁས་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་ལ་དབང་བསྒྱུར་བ་ཞེས་བྱ་བ་སྟེ་དགུ་པའོ། །ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་རྒྱ་ཆེན་པོ་ལ་མཁས་པའི་ཡེ་ཤེས་བཅུ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ སེམས་དཔའི་ཏིང་ངེ་འཛིན་ཆགས་པ་མྱེད་པ་དྲི་མ་མེད་པ་ཞེས་བྱ་བ་ལ་སྙོམས་པར་འཇུག་སྟེ། ཏིང་ངེ་འཛིན་དེ་ལ་བསྙོམས་པར་འཇུག་པའི་ཚེ་ལུས་ཀྱི་ལས་ཆགས་པ་མེད་པར་ཡང་དག་པར་གནས་སོ། ། ངག་གི་ལས་ཆགས་པ་མེད་པར་ཡང་དག་པར་གནས་སོ། །ཡིད་ཀྱི་ལས་ཆགས་པ་མེད་པར་ཡང་དག་པར་གནས་སོ། །སངས་རྒྱས་ཀྱི་ཞིང་མཉམ་པ་ཉིད་ཆགས་པ་མེད་པར་ཡང་དག་པར་གནས་ སོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཡེ་ཤེས་ཆགས་པ་མེད་པ་ལ་ཡང་དག་པར་འཇུག་གོ། །སེམས་ཅན་གདུལ་བའི་ཡེ་ཤེས་ཆགས་པ་མེད་པར་ཡང་དག་པར་གནས་སོ། །འོད་གཟེར་ ཀུན་ཏུ་དགྱེ་བ་ཆགས་པ་མེད་པས་རབ་ཏུ་འགྱེད་དོ། །འོད་ཀྱི་དཀྱིལ་འཁོར་ཆགས་པ་མེད་པ་རབ་ཏུ་གཏོང་ངོ་། །སྤྲུལ་པ་མང་པོ་ཆགས་པ་མེད་པ་རབ་ཏུ་འགྱེད་དོ། །ཆོས་ཀྱི་འཁོར་ལོ་ཆགས་པ་ མྱེད་པ་རབ་ཏུ་བསྐོར་རོ། །བྱང་ཆུབ་སེམས་དཔའི་ཁྱུ་མཆོག་གི་མཐུ་བྱུང་བའང་རབ་ཏུ་ཐོབ་པར་བྱེད་དོ། །སངས་རྒྱས་ཀྱི་སྟོབས་རྣམས་ལའང་ཡང་དག་པར་འཇུག་གོ། །སངས་རྒྱས་ཀྱི་ཡེ་ཤེས་ ཀྱང་རབ་ཏུ་ཐོབ་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ལས་རྣམ་པར་ལྡང་ངོ་། །སངས་རྒྱས་ཀྱི་རྣམ་པར་འཕྲུལ་བ་སྣང་བས་ཉེ་བར་སྤྱོད་དོ། །བྱང་ཆུབ་སེམས་དཔའི་དེ་ཏིང་ངེ་འཛིན་འདི་ལ་གནས་ 74-1-238b པའི་ཚེ་ཐམས་ཅད་མཁྱེན་པ་ཉིད་ལ་རབ་ཏུ་རྟོག་གོ། །ཐམས་ཅད་མཁྱེན་པ་ཉིད་ལ་ཡོངས་སུ་བལྟའོ། །ཐམས་ཅད་མཁྱེན་པ་ཉིད་ཁོང་དུ་ཆུད་བར་བྱད་དེ། ཐམས་ཅད་མཁྱེན་པ་ཉིད་རྟོགས་པར་བྱེད་དོ། ། ཐམས་ཅད་མཁྱེན་པ་ཉིད་དམྱིགས་པར་བྱེད་དོ། །ཐམས་ཅད་མཁྱེན་པ་ཉིད་ལ་རབ་ཏུ་བལྟའོ། །ཐམས་ཅད་མཁྱེན་པ་ཉིད་ལ་རྗེས་སུ་བལྟའོ། །ཐམས་ཅད་མཁྱེན་པ་ཉིད་ལ་རྣམ་པར་ལྟ་སྟེ། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་དེ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྨོན་ལམ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་སེམས་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་སྐྱོད་པ་ཆེན་པོ་དང་། བྱང་ཆུབ་ སེམས་དཔའི་ཁོང་དུ་ཆུད་པ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་རྟོགས་པ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་སྣང་བ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་སྐྱེ་བ་ཆེན་པོ་དང་། བྱང་ཆུབ་སེམས་ དཔའི་བྱིན་གྱི་བརླབས་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་སྤྲུལ་པ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་རྒྱུན་ཆེན་པོ་ཡོངས་སུ་མི་གཅོད་དོ། །ལྡོག་པར་མི་བྱེད་དོ། །སྐྱོ་བར་མི་བྱེད་དོ། །གཏོང་ བར་མྱི་བྱེད་དོ། །འགྱེད་པར་མི་བྱེད་དོ། །སྒྱིད་ལུག་པར་མི་བྱེད་དོ། །གཞོག་པར་མི་བྱེད་དོ། །བྱང་ཆུབ་སེམས་དཔའི་རྒྱུན་མཐར་འབྱིན་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་བྱང་ཆུབ་སེམས་དཔའི་ ཆོས་ལ་སྨོན་ལམ་ཆེན་པོས་རབ་ཏུ་གྲུབ་པ་དང་། ཡང་དག་པར་འཇུག་པའི་འབྱུང་གནས་ཆེན་པོ་དང་། འཇིགས་པ་མེད་པའི་སངས་རྒྱས་ཀྱི་ཆོས་རྒྱ་མཚོ་ཆེན་པོ་ཤིན་ཏུ་བསླབས་པས་བྱང་ཆུབ་སེམས་ དཔའི་སྨོན་ལམ་ཁྱད་པར་དུ་འཕགས་པ་དང་ལྡན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཁྱད་པར་དང་ལྡན་པའི་ཕྱིར་རོ། །ཐབས་མཁས་པའི་ཡེ་ཤེས་སྣང་བ་ལ་ཤིན་ཏུ་བསླབ་པའི་ཕྱིར་རོ། །བྱང་ཆུབ་སེམས་ 74-1-239a དཔའི་སྤྲུལ་པ་ཡོངས་སུ་ཤེས་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ཀྱི་གཙོ་བོས་བྱིན་གྱིས་བརླབས་པའི་ཕྱིར་རོ། །འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱིས་ ཐུགས་རྗེ་ཆེན་པོས་རྗེས་སུ་བསྲེག་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཆོས་འགྱུར་བ་མེད་པ་ཡོངས་སུ་བསྒྲུབ་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ་དཔེར་ན། མི་ལ་ལ་ཞིག་གིས་ནོར་བུ་རིན་པོ་ཆེ་སྣ་ ཚོགས་ཚོན་གྱིས་བསྒྱུར་བའི་གོས་ཀྱི་སྟེང་དུ་བཞག་ན། ནོར་བུ་རིན་པོ་ཆེ་དེ་ཡང་ཁོང་ནས་ཚོན་གྱིས་བསྒྱུར་པར་སྣང་སྟེ། ནོར་བུ་རིན་པོ་ཆེའི་རང་བཞིན་ནི་འགྱུར་བ་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་ དཔའ་ཡང་ཏིང་ངེ་འཛིན་རིན་པོ་ཆེ་ཐོབ་པའི་ཡེ་ཤེས་ཀྱིས་སྒོས་ཐམས་ཅད་མཁྱེན་པ་ཉིད་ལ་ཡོངས་སུ་བལྟ་ཞིང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་འང་རྒྱུན་མི་གཅོད་དོ། །ཇི་ལྟར་ནོར་བུ་ རིན་པོ་ཆེ་དེ་ཁ་དོག་ཐམས་ཅད་སྟོན་ཀྱང་ནོར་བུའི་རང་བཞིན་ཡོངས་སུ་མི་སྤོང་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པའི་རང་བཞིན་ཐམས་ཅད་མཁྱེན་པའི་ཡོན་ཏན་ཅན་ཡོངས་ སུ་མི་སྤོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་དེ་ནི་འགྲོ་བ་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་ཞུགས་པའི་ཕྱིར་རོ། །འགྲོ་བ་ཐམས་ཅད་དགྲོལ་བའི་ཕྱིར་རོ། །སངས་རྒྱས་ ཐམས་ཅད་མཉེས་པར་བྱེད་པ་ལས་ཕྱིར་མྱི་ལྡོག་པའི་ཕྱིར་རོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པར་སྤྱོད་པས་སྒྱིད་ལུག་པ་མེད་པའི་ཕྱིར་རོ། །འགྲོ་བ་ཐམས་ཅད་དུ་རྒྱུན་མི་ཆད་པར་སྤྱོད་ པས་སྐྱོ་བ་མེད་པའི་ཕྱིར་རོ། །ཆོས་རྒྱ་མཚོ་མཐའ་དབུས་མེད་ཅིང་ཚད་མེད་པས་ཡོངས་སུ་ཡི་ཆད་པ་མེད་པའི་ཕྱིར་རོ། །སེམས་ཅན་རྣམ་པར་དག་པར་བྱ་བའི་དམིགས་པ་རྣམ་པར་འཕེལ་བ་ཐམས་ 74-1-239b ཅད་སྟོན་པའི་ལས་ཕྱིར་འགྱེད་པ་མེད་པའི་ཕྱིར་རོ། །འགྲོ་བ་ཐམས་ཅད་ལ་རིམ་གྲོ་བས་སྙོམ་པ་མེད་ཅིང་སྒྱིད་ལུག་པ་མེད་པའི་ཕྱིར་རོ། །འགྲོ་བ་ཐམས་ཅད་སྣང་བར་བྱ་བས་སྐྱོ་བ་མེད་པའི་ཕྱིར་རོ། ། ཆོས་ཀྱི་སྒོ་མཐའ་ཡས་པ་ལ་འཇུག་པ་ལས་ཕྱིར་མི་ལྡོག་ཅིང་ཡོངས་སུ་སྐྱོ་བ་མེད་པའི་ཕྱིར་རོ། །འདི་ལྟ་སྟེ་དཔེར་ན། ནམ་མཁའི་རང་བཞིན་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་འཛིན་ཅིང་ རྟེན་ཀྱང་ངལ་བ་མྱེད་ཅིང་དུབ་པ་མེད་ལ་ཉམ་ཆུང་བར་མི་འགྱུར་ཞིང་དགའ་བར་མི་འགྱུར། འཇིག་པར་མི་འགྱུར་འགྱེས་པར་མི་འགྱུར། བྱང་བར་མི་འགྱུར། རྣམ་པ་ཐ་དད་པར་མི་འགྱུར། རྣམ་པ་གཞན་དུ་མྱི་འགྱུར། དངོས་པོ་གཞན་དུ་མི་འགྱུར། རང་བཞིན་རྣམ་པར་མི་སྤོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ནམ་མཁའི་རང་བཞིན་ཆོས་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་ བྱང་ཆུབ་སེམས་དཔའ་ཡང་སྨོན་ལམ་ཆེན་པོ་རྒྱ་ཆེ་ཞིང་ཡངས་ལ་ཚད་མྱེད་པ་དང་ལྡན་པས་སེམས་ཅན་ཐམས་ཅད་དགྲོལ་བ་ལ་ཉེ་བར་གནས་པའི་སྒོས་སྐྱོད་ཞིང་དུབ་པའི་སེམས་མི་བསྐྱེད་དོ། ། འདི་ལྟ་སྟེ་དཔེར་ན། མྱ་ངན་ལས་འདས་པ་ནི་དུས་གསུམ་གྱི་སེམས་ཅན་མཐའ་དང་དབུས་མྱེད་པ་དེ་སྙེད་ཅིག་ཡོངས་སུ་མྱ་ངན་ལས་ཟློ་ཡང་བར་འགའ་ཙམ་ཡང་སྐྱོ་བ་མྱེད་ཅིང་སྒྱིད་ལུག་ པ་མྱེད་དེ་ཡོངས་སུ་ཡི་ཆད་པ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། མྱ་ངན་ལས་འདས་པའི་མཐར་ཐུག་པ་འདི་ནི་ཆོས་ཐམས་ཅད་ཀྱིས་དབེན་པ་ཉིད་དེ་དེ་བས་ན་གང་ལས་ཀྱང་ ཕྱིར་ནུར་བར་བྱ་བ་མྱེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་འགྲོ་བ་ཐམས་ཅད་གདོན་པའི་ཕྱིར་འཇིག་རྟེན་དུ་སྐྱེས་པས་སེམས་ཅན་ཐམས་ཅད་ཡོངས་སུ་དགྲོལ་བ་ལ་སྐྱོ་ 74-1-240a བའི་སེམས་མྱི་བསྐྱེད་དོ། །འདི་ལྟ་སྟེ་དཔེར་ན། ཐམས་ཅད་མཁྱེན་པ་ཉིད་ལ་བྱང་ཆུབ་སེམས་དཔའ་དེ་སྙེད་ཅིག་བྱང་ཆུབ་ཀྱི་དོན་དུ་གནས་ཀྱང་སྐྱོ་བ་དང་དུབ་པ་མྱེད་དོ། །འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བ་རྣམས་སངས་རྒྱས་ཀྱི་མངའ་བསྒྱུར་བ་ལ་བསྒྲུབས་སོ། །བསྒྲུབ་པོ། །བསྒྲུབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཟད་པ་མེད་པའི་ཆོས་ཉིད་ཐོབ་པའི་ཕྱིར་ཏེ། དེ་ལས་གཞན་དུ་འགྱུར་བ་མྱེད་ ཅིང་འདུལ་བའི་ཆོས་ལ་མངོན་པར་ཆགས་པ་མྱེད་པས་ཕྱིར་ནུར་བ་མྱེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཏིང་ངེ་འཛིན་མང་པོ་བདག་གི་ཐོབ་པར་བྱེད་ཁོང་དུ་ཆུད་པར་ བྱེད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དེའི་ཏིང་ངེ་འཛིན་དེ་ནི་འོད་ཕྱོགས་ཐམས་ཅད་ཀྱི་མཐས་ཀླས་པར་འདས་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོད་གཟེར་ཐོགས་པ་མེད་པ། ཡོན་ཏན་སྣ་ ཚོགས་དུ་མའི་སྙིང་པོ་ཅན་གོས་བརྗོད་དུ་མྱེད་པ་ཡོངས་སུ་འབྱུང་བ་རིན་པོ་ཆེ་བརྗོད་དུ་མེད་པ་ཡོངས་སུ་འབྱུང་བ། སྤོས་བརྗོད་དུ་མེད་པ་ཡོངས་སུ་འབྱུང་བ་རྒྱན་དང་། ལྷབ་ལྷུབ་དུ་མ་དང་ལྡན་པ། གསེར་གྱི་དྲ་བ་རྒྱ་ཆེན་པོས་ཀུན་ནས་ཡོག་པ། དྲིལ་བུའི་དྲ་བའི་སྒྲ་ཀུན་ནས་འབྱུང་བ། བལྟ་ན་བཟང་ཞིང་ཡིད་དུ་འོང་བ། རིན་པོ་ཆེ་སྣ་ཚོགས་བརྗོད་དུ་མྱེད་པའི་མཛོད་དང་ལྡན་པ། རིན་པོ་ཆེ་སྣ་ཚོགས་ མང་པོ་སྟོན་པས་དག་ཅིང་བཟང་བར་སྤྱོད་པ་གནས་ཤིན་ཏུ་བརྟན་པ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སྒོ་སྟོན་པའི་ཡོན་ཏན་ཅན། དེ་བཞིན་གཤེགས་པ་མང་པོས་བྱིན་གྱིས་བརླབས་པ། དགེ་བའི་ རྩ་བ་དག་པ་ཐམས་ཅད་ཀྱི་ཡང་དག་པར་བྱུང་བས་རྣམ་པར་སྣང་བར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ་གྱི་བྱིན་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ལས་ 74-1-240b བྱུང་བ། ལུས་གཅིག་ཏུ་གནས་ཀྱང་ཕྱོགས་བཅུ་བརྗོད་དུ་མྱེད་ཅིང་ཚད་མྱེད་པར་བྱང་ཆུབ་སེམས་དཔའ་འབྱུང་བའི་གོ་འཕང་དང་ཡོན་ཏན་ཚད་མྱེད་པ་གྲངས་མེད་པ། བརྒྱ་སྟོང་རྣམ་པར་དག་པ་ཕུན་སུམ་ ཚོགས་པ་ཐམས་ཅད་མཁྱེན་པ་ཉིད་དུ་མཐུན་ཞིང་གནས་སུ་གྱུར་པ། སངས་རྒྱས་ཐམས་ཅད་མཁྱེན་པ་ཉིད་དུ་མཐུན་ཞིང་གནས་སུ་གྱུར་པ། སངས་རྒྱས་ཐམས་ཅད་ཀྱི་སྣང་བ་བྱུང་བར་བྱེད་པ། འགྲོ་ བ་ཐམས་ཅད་ཀྱི་མཆོད་རྟེན་དུ་གྱུར་པ། འཇིག་རྟེན་ཐམས་ཅད་ཀྱིས་ཕྱག་བྱ་ཞིང་མདུན་དུ་བྱ་བར་འོས་པ། ཆོས་ཉིད་སྒྱུ་མ་ལྟ་བུའི་འཐུན་པ་འབྲས་བུ་སྤྲུལ་པ་ཀུན་ཏུ་འགྱེད་པ། འགྲོ་བ་ཐམས་ཅད་ཀྱི་ དཔེ་དང་དཔེ་མྱེད་པའི་ཡོན་ཏན་ཅན་ཏེ། དེ་ལ་གནས་པའི་ཚེ། བྱང་ཆུབ་སེམས་དཔའི་སྐྱིལ་མོ་ཀྲུང་གཅིག་ཏུ་གནས་ཤིང་དེའི་བདག་ཉིད་ཡོངས་སུ་རྫོགས་པར་བྱེད་པའི་ཚེ། འཇིག་རྟེན་གྱི་ཁམས་ཐམས་ ཅད་མ་ལུས་པར་བྱང་ཆུབ་སེམས་དཔའི་སྐྱིལ་མོ་ཀྲུང་གཅིག་གིས་ཡོངས་སུ་ཁྱབ་པར་འགྱུར་ཏེ། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པ་སྟེ། དེ་ལྟར་གནས་པའི་ཚེ། བ་སྤུའི་ཁུང་བུ་ གཅིག་ནས་ཀྱང་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འོད་གཟེར་འབྱུང་སྟེ། བ་སྤུའི་ཁུང་བུ་གཅིག་ནས་ཇི་ལྟ་བ་དེ་བཞིན་དུ་བ་སྤུའི་ཁུང་བུ་ ཐམས་ཅད་ནས་ཀྱང་འོད་གཟེར་དེ་སྙེད་དེ་སྙེད་འབྱུང་ངོ་། །འོད་ཟེར་གྱི་སྒོ་དེ་དག་རེ་རེ་ལས་ཀྱང་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྗོད་དུ་མེད་པ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ནོར་བུ་རིན་ པོ་ཆེ་རྣམ་པར་སྣང་བའི་སྙིང་པོ་ཅན་ཁ་དོག་དུ་མར་སྣང་བ། རྒྱན་སྣ་ཚོགས་དང་ལྡན་པ། ཡོན་ཏན་གྱི་རྣམ་པ་དུ་མ་དང་ལྡན་པ། རིན་པོ་ཆེའི་དྲ་བ་རྒྱ་ཆེན་པོས་ཀུན་ཏུ་ཁེབས་པ། མེ་ཏོག་གི་དྲ་ 74-1-241a བ་རྒྱ་ཆེན་པོས་ཡོངས་སུ་ཁེབས་པ། སྤོས་རིན་པོ་ཆེ་ཁྲག་ཁྲིག་བརྒྱ་སྟོང་ཀུན་ཏུ་གཏོང་བ། རིན་པོ་ཆེའི་རྒྱན་ཡིད་དུ་འོང་བ་སྣ་ཚོགས་ཀྱི་སྙིང་པོ་ཅན། རིན་པོ་ཆེའི་གདུག་བསམ་གྱིས་ མི་ཁྱབ་པས་བཀབ་པ་འབྱུང་སྟེ། རིན་པོ་ཆེ་དེ་དག་རེ་རེ་ལས་ཀྱང་ཁང་པ་བརྩེགས་པ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱུང་ངོ་། །ཁང་བུ་བརྩེགས་པ་དེ་དག་རེ་རེ་ ལས་ཀྱང་སེང་གེའི་ཁྲི་པད་མོའི་སྙིང་པོ་ཅན་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱུང་ངོ་། །སེང་གེའི་ཁྲི་པད་མོའི་སྙིང་པོ་ཅན་དེ་དག་རེ་རེ་ལས་ཀྱང་ འོད་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱུང་ངོ་། །འོད་དེ་དག་རེ་རེ་ལས་ཀྱང་ཁ་དོག་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་ མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱུང་ངོ་། །ཁ་དོག་དེ་དག་རེ་རེ་ལས་ཀྱང་སྣང་བའི་དཀྱིལ་འཁོར་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འབྱུང་ངོ་། ། སྣང་བའི་དཀྱིལ་འཁོར་དེ་དག་རེ་རེ་ལས་ཀྱང་ནོར་བུ་རིན་པོ་ཆེ་རྣམ་པར་སྣང་བ་སྣ་ཚོགས་ཀྱི་མེ་ཏོག་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྗོད་དུ་མེད་པ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱུང་ངོ་། ། མེ་ཏོག་དེ་དག་རེ་རེ་ལས་ཀྱང་རིན་པོ་ཆེ་ཐམས་ཅད་ཀྱི་རྒྱན་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྗོད་དུ་མེད་པ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱུང་ངོ་། །རྒྱན་དེ་དག་རེ་རེ་ལས་ཀྱང་ཁྱུ་མཆོག་ གིས་མཐུ་ཕྱུང་བ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མྱེད་པ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འབྱུང་ངོ་། །ཁྱུ་མཆོག་གི་མཐུ་ཆུང་བ་དེ་དག་རེ་རེ་ལས་ཀྱང་སངས་རྒྱས་ཀྱི་ 74-1-241b ཆོས་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཆར་རབ་ཏུ་འབབ་བོ། །ཆོས་ཀྱི་ཚིག་རྣམ་པར་ཕྱེ་བའི་ཆར་དེ་དག་རེ་རེ་ལས་ཀྱང་ཆོས་ཁོང་དུ་ཆུད་པར་བྱ་བའི་ མདོའི་ཚུལ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོངས་སུ་བརྗོད་དོ། །མདོའི་ཚུལ་ཡོངས་སུ་བརྗོད་པ་དེ་དག་རེ་རེ་ལས་ཀྱང་ཆོས་ཀྱི་སྒོ་སངས་རྒྱས་ཀྱི་ཞིང་བྱེ་བ་ ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་སྟོན་ཏོ། །ཆོས་ཀྱི་སྒོ་རབ་ཏུ་སྟོན་ཏོ། །དེ་དག་རེ་རེ་ཞིང་ཡང་ཡེ་ཤེས་རྡོ་རྗེ་ལྟ་བུས་གཏན་ལ་ཕེབས་པའི་ཆོས་ཀྱི་འཁོར་ལོ་ ཆོས་ཀྱི་རྣམ་གྲངས་སྣ་ཚོགས་དང་ལྡན་པ་བསྟན་པ་རྒྱ་ཆེན་པོ་ཅན་ཆོས་ཀྱི་ཚིག་རྣམ་པ་ཐ་དད་པ་དང་ལྡན་པར་འཁོར་བ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ ཏུ་བསྐོར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་དག་རེ་རེ་ཞིང་ཡང་སེམས་ཅན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོངས་སུ་སྨྱིན་པར་ བྱེད་དོ། །སེམས་ཅན་གྱི་ཁམས་ཡོངས་སུ་སྨྱིན་པར་བྱ་བ་འབྱམ་ཀླས་པ་དེ་དག་རེ་རེ་ཞིང་ཡང་སེམས་ཅན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ སངས་རྒྱས་ཀྱི་ཆོས་ལ་འདུལ་ཏེ། དེ་ལྟར་སྙོམས་པར་ཞུགས་ཤིང་རྣམ་པར་འཕྲུལ་པ་རྒྱ་ཆེན་པོ་སྟོན་པ། ཏིང་ངེ་འཛིན་གྱི་ཡུལ་ཟིལ་གྱིས་མི་ནོན་པ། སྤྲུལ་པའི་སྒྱུ་མ་སྣ་ཚོགས་ལ་མངོན་པར་ཞེན་པ་ མྱེད་པ། རང་བཞིན་ཚད་མྱེད་པ་མཐའ་དང་དབུས་མེད་པ་བརྗོད་དུ་མྱེད་པ་དང་ལྡན་པ། ཆོས་ཀྱི་དབྱིངས་རྡུལ་མྱེད་པའི་རང་བཞིན་ཅན་ཡང་དག་པའི་མཐའི་མཚན་ཉིད་ཅན། དེ་བཞིན་གཤེགས་པའི་ 74-1-242a རིགས་ལ་སྤྱོད་པ། ཆགས་པ་མྱེད་པའི་མཐར་ཐུག་པ་གནས་པ་མྱེད་པ་ལེན་པ་མྱེད་པ། རྩ་བ་མྱེད་པ་ཟབ་པ། གཏིང་དཔག་དཀའ་བ། མངོན་སུམ་དུ་ཆུད་པས་རབ་ཏུ་རྟོགས་པ། ཚད་མྱེད་པ་ རྨོངས་པ་མྱེད་པ། གཞི་མྱེད་པའི་ཆོས་ཀྱི་དབྱིངས་ཀྱི་གནས་གཞི་མྱེད་པ་དང་ལྡན་པ། འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱིས་བསྔགས་པ་དེ་བཞིན་གཤེགས་པའི་ སྟོབས་དང་རྒྱུ་འཐུན་པའི་འབྲས་བུ་ཅན། སངས་རྒྱས་ཀྱི་ཡུལ་གྱི་རྗེས་སུ་སྙེག་པ། བྱང་ཆུབ་སེམས་དཔའི་ཚེ་གཅིག་པའི་མངོན་སུམ་དུ་གྱུར་པ། བྱང་ཆུབ་སེམས་དཔའི་མྱིག་རྡུལ་ མྱེད་པ་དང་ལྡན་པ། ཤེས་རབ་ཀྱི་མྱིག་ཀུན་ཏུ་སྤྱོད་པ་ཅན། ཤའི་མྱིག་རྡུལ་དང་བྲལ་ཞིང་རྡུལ་མེད་པར་ཡང་དག་པར་སྐྱེས་པས། སངས་རྒྱས་ཀྱི་སྤྱན་ཀུན་ཏུ་སྣང་བ་ཅན། ཡེ་ཤེས་ཀྱི་མྱིག་ ཤེས་བྱ་བའི་དོན་གྱི་ཡུལ་དང་། རྣམ་པ་རབ་ཏུ་སྟོན་པ་ཅན་ཆོས་ཀྱི་སྒོ་འབྱེད་པའི་སྐྱེས་བུའི་དམ་པ་ཡང་དག་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཡོངས་སུ་རྫོགས་པ། ཡུལ་ལ་ཐོགས་པ་ མེད་པའི་ཡེ་ཤེས་ཀྱི་རྣམ་པའི་འབྱུང་གནས་སུ་གྱུར་པ། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ་སྐྱེ་བ་མེད་པ་ཡང་དག་པར་བྱུང་བ། རྣམ་པར་འཕྲུལ་བས་སྐྱེ་བ་ཀུན་ཏུ་སྟོན་པ། བྱིན་གྱི་བརླབས་ཀྱིས་ཡུལ་ལ་མཁས་པའི་ཡོན་ཏན་མཆོག་གིས་རྣམ་པར་དག་པ། བསམ་པ་འོད་བསིལ་བའི་སྙིང་པོ་ཅན། ཤིན་ཏུ་དག་པས་ཡེ་ཤེས་ནམ་མཁའི་དབྱིངས་ཀུན་ནས་ཁེབས་ པ་དང་ལྡན་པ། འཕགས་པའི་ཚོགས་ཀྱིས་བལྟ་བར་འོས་པ། སྨོན་ལམ་མངོན་དུ་གྱུར་པ། འདོད་ས་ཡོངས་སུ་རྫོགས་པ། ཡོན་ཏན་བསྔགས་པ་ཟད་མི་ཤེས་པ། སངས་རྒྱས་ཐམས་ཅད་ 74-1-242b ཀྱི་ལྷག་མཐོང་གིས་མཛོད་དུ་གྱུར་པ། སངས་རྒྱས་ཀྱི་བྱང་ཆུབ་ཀྱི་འབྱུང་གནས་རྒྱ་མཚོར་གྱུར་བ་ཡེ་ཤེས་རིན་པོ་ཆེ་ཐམས་ཅད་ཀྱིས་ཤིན་ཏུ་བརྒྱན་པ། ཡེ་ཤེས་ཀྱི་སྐྱེས་བུ་པུན་ཏ་རི་ཀར་བྱུང་བ། སེམས་ཅན་གྱི་དོན་མཐའ་དང་དབུས་མེད་པར་རབ་ཏུ་སྒྲུབ་པ། སངས་རྒྱས་ཀྱི་ཡེ་ཤེས་མུ་མེད་པ་ལ་ཞུགས་པའི་འོད་གཟེར་གྱི་སྣང་བར་གྱུར་པ། ཡེ་ཤེས་ཀྱི་འོད་ཡོངས་སུ་སྣང་བ། ཆོས་རྣམ་པར་ དག་པ་སྣང་བས་ཀུན་ཏུ་སྤྱོད་པ། ཤིན་ཏུ་དབེན་པའི་སྒོར་གྱུར་པ། སངས་རྒྱས་ཐམས་ཅད་ལ་ཐོགས་པ་མེད་པར་དམིགས་པའི་ཡེ་ཤེས་མཐར་ཐུག་པ། སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་ཐབས་ དང་ལྡན་པ། ཡོན་ཏན་གྱི་སྤྱོད་པ་ལས་བྱུང་བ། སྐྱེས་བུ་དམ་པ་བྱང་ཆུབ་སེམས་དཔའི་ཚུལ་རབ་ཏུ་ཤེས་པ། བྱང་ཆུབ་སེམས་དཔའི་མཛོད་སྤུ་ལ་རབ་ཏུ་གནས་པ། སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ ཡང་དག་པར་དགོངས་པས། རབ་ཏུ་ཞུགས་པ། སངས་རྒྱས་ཀྱི་ཆོས་ཀྱི་སྐུའི་བྱིན་དང་། སྙིང་པོ་ཅན་དྲན་པ། བསམ་གྱིས་མི་ཁྱབ་པ་རྩེ་གཅིག་ཏུ་གྱུར་པ། དམྱིགས་པ་མེད་པའི་ཡུལ་དང་མཚན་མ་ སྟོན་པ། ཤིན་ཏུ་ཡངས་པ་ལས་ཡང་དག་པར་བྱུང་བའི་རྒྱུད་ཅན། ཆགས་པ་མེད་པའི་སྤྱོད་ཡུལ་དུ་ཁོང་དུ་ཆུད་པའི་ཆོས་ཀྱི་དབྱིངས་ཀྱི་བྱང་ཆུབ་ཚད་མེད་པ་ནམ་མཁའི་དབྱིངས་ལྟར་ཡོངས་སུ་གང་ ཤིང་ས་མཚམས་མྱེད་པའི་སངས་རྒྱས་ཀྱི་ཡུལ་གྱིས་འཇིག་རྟེན་ཐམས་ཅད་དུ། སེམས་ཅན་གྱི་དོན་བྱེད་པ་ཐམས་ཅད་མཁྱེན་པའི་དགེ་བའི་རྩ་བ་དང་། རྒྱུ་འཐུན་པའི་ཡེ་ཤེས་ཚད་མེད་པའི་ཡུལ་ རྣམ་པར་ནོན་པ་དག་ཅིང་དྲག་ཤུལ་ཆེ་བའི་ཡེ་ཤེས་གྲུབ་པ། བྱང་ཆུབ་སེམས་དཔའི་བསམ་པ་དང་ཡང་དག་པར་འགྲོགས་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རིགས་དག་པར་བྱེད་པར་ 74-1-243a དེ་བཞིན་གཤེགས་པའི་བྱང་ཆུབ་ཡིད་དུ་འོང་བ་དང་ལྡན་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ཀྱི་ཁ་ན་མ་ཐོ་བ་མྱེད་པའི་ཚུལ་ཤིན་ཏུ་ཕྲ་བའི་ཐབས་ཤེས་པ་རྟོགས་པ་རྡོ་རྗེ་ ལྟ་བུའི་སྟོབས་དང་མཐུས་བྱུང་བ། སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱི་རྟོགས་པར་གྱུར་པ། སེམས་ཅན་ཐོས་པར་དཀའ་བ་མི་གཉིས་པའི་སྒོར་ཞུགས་པ། ཆོས་ཀྱི་ཚུལ་མཚན་ཉིད་མེད་པ་ལ་གཞོལ་ བ། མཚན་མའི་རྒྱུད་ཀྱི་ཆོས་སྟོན་པ་ཐམས་ཅད་ལས་ཤིན་ཏུ་འཕགས་པ། སེམས་ཅན་བསམ་པ་བཞིན་དུ་འདུལ་བ་ཡང་དག་པར་སྟོན་པ། ཐ་དད་པ་ཇི་ལྟ་བ་བཞིན་དུ་འགྲོ་བ་ཚིམ་པར་བྱེད་པ། ཆོས་ཀྱི་དབྱིངས་ ཐ་མི་དད་པའི་རང་བཞིན་ཅན་ཡེ་ཤེས་མི་ཟད་པའི་ཡུལ་ཤིན་ཏུ་ནོན་པ། བྱང་ཆུབ་སེམས་དཔའི་མཐུ་ཆེན་པོས་བྱུང་བ། བྱང་ཆུབ་སེམས་དཔའི་མཉམ་པ་ཉིད་ཐུབ་པ་མྱེད་པ་རབ་ཏུ་ཐོབ་པ། དེ་བཞིན་གཤེགས་ པ་མཐོང་བའི་ཡོན་ཏན་ལ་འཇུག་པ། ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་རྣམ་པར་ཕྱེ་བ་ཐམས་ཅད་ལ་མཁས་པའི་ཡེ་ཤེས་དང་ལྡན་པ། ཆོས་ཀྱི་གྲགས་པ་ཡོངས་སུ་སྟོན་པ། ཞིང་ཐམས་ཅད་རྣམ་པར་ དམྱིགས་པར་བྱ་བ་ལ་རབ་ཏུ་གཞོལ་བ། ཞིང་དག་པར་བྱ་བར་དཀའ་བ་ཐམས་ཅད་ཀྱི་རྒྱན་དུ་གྱུར་པ། སངས་རྒྱས་ཀྱི་ཆོས་སྣང་བ་ཐམས་ཅད་ཡང་དག་པར་སྟོན་པ། བྱང་ཆུབ་སེམས་དཔའི་གནས་ཀྱིས་བྱུང་ བ་འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་ཆོས་རབ་ཏུ་བརྗོད་པ་དང་། འཇིག་རྟེན་ཐམས་ཅད་ལ་རྣམ་པར་ལྟ་བ་དགེ་བ་མཐའ་དང་མུ་མེད་པས་ཡང་དག་པར་བྱུང་བ། འཇིག་ རྟེན་གྱི་རྩོམ་པ་ཐམས་ཅད་ལས་རྣམ་པར་འདས་པ། སངས་རྒྱས་ཀྱི་འཇིག་རྟེན་ལས་འདས་པས་ཤིན་ཏུ་བྱུང་བ། མཚུངས་པ་མེད་པ་དང་འདྲ་བ་མྱེད་པའི་དབང་གི་ཤེས་པར་གྱུར་པ། མཁས་པས་ཁོང་ 74-1-243b དུ་ཆུད་པ། སྐྱེས་བུ་དམ་པས་ཡང་དག་པར་བསུ་བ། མ་བྱོན་པའི་སངས་རྒྱས་ཐམས་ཅད་ཀྱི་རྒྱུད་ཡོངས་སུ་འཛིན་པ། བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་གྱིས་བྱུང་བ། ལྷག་པའི་བསམ་ པ་རྣམ་པར་དག་པས་འབྲས་བུ་ཡོངས་སུ་གྲུབ་པ། ལྷག་པའི་བསམ་པ་ཆེ་བ་ཉིད་ལ་གནས་པ་རབ་ཏུ་ཐོབ་པ། མཉན་པ་དང་བསྟན་པའི་དགེ་བའི་རྩ་བ་ཐོབ་པ་ཆོས་ཐམས་ཅད་ལ་ཆགས་པ་མྱེད་ པར་གནས་པའི་མཐའི་དཀྱིལ་འཁོར་དང་ལྡན་པ། གཡོ་བ་མྱེད་པར་ཀུན་ཏུ་སྤྱོད་པ་རློམ་སེམས་ཐམས་ཅད་རྣམ་པར་འཇིག་པ། གཡོ་བ་ཐམས་ཅད་ལས་ཡང་དག་པར་ལངས་པ། ཆོས་ལ་ གནས་པས་ཡེ་ཤེས་རྣམ་པར་སྣང་བ་དང་ལྡན་པ། མུན་པ་མྱེད་པ་ལ་ཞུགས་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཡང་དག་པར་ཞུགས་པས་སྣང་བ་ཐོབ་པ། འགག་པ་མྱེད་པར་སྲིད་པ་ ཐམས་ཅད་ལས་ཤིན་ཏུ་འཕགས་པ། སྲིད་པ་ཐམས་ཅད་ཁོང་དུ་ཆུད་པ་འདུས་བྱས་ཐམས་ཅད་ཡུལ་དུ་གྱུར་པའི་ཐ་དད་པ་ཡང་དག་པར་ཤེས་པ་དང་ལྡན་པ། མངོན་པར་འདུ་བྱ་བ་མྱེད་པའི་རང་ བཞིན་དང་། ངོ་བོ་ཉིད་ཅན་ལུས་ཀྱི་ལས་མཐའ་ཡས་པ་དང་ལྡན་པ། ངག་གི་ལས་མུ་མེད་པ་དང་ལྡན་པ། ཡིད་ཀྱི་ལས་མཐའ་དང་དབུས་མྱེད་པ་དང་ལྡན་པ། ཐ་སྙད་དང་ཡི་གེའི་རྒྱུད་བརྗོད་ དུ་མེད་པ་དང་ལྡན་པ། སངས་རྒྱས་ཀྱི་ཡོན་ཏན་རྒྱ་མཚོ་ལ་ཞུགས་པ། འདུ་ཤེས་ཀྱི་རྣམ་པ་ཐམས་ཅད་ཁོང་དུ་ཆུད་པས་ཆགས་པ་མྱེད་ཅིང་བཅིངས་པ་མྱེད་པ་འདུ་ཤེས་ཐམས་ཅད་དང་བྲལ་ བའི་ཡུལ་ལ་ཤིན་ཏུ་བསྒོམས་པ། ཆོས་ཀྱི་དབྱིངས་གཟུགས་མྱེད་པ་ནམ་མཁའི་རང་བཞིན་ལྟ་བུས་ཡང་དག་པར་བྱུང་བ། ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་རྣམ་པར་བསྒོམ་པ་ལ་ 74-1-244a རབ་ཏུ་ཞུགས་པ། ཆོས་ཀྱི་དབྱིངས་བསྟན་པ་ལ་ཡེ་ཤེས་དབང་དུ་གྱུར་པ། ཐམས་ཅད་མཁྱེན་པའི་ཡུལ་མ་འདྲེས་པའི་སྒོ་མངོན་པར་བསྒྲུབས་པ། སྟོབས་བཅུའི་སར་ཤེས་པར་བྱ་བ་ ཤིན་ཏུ་བསླབས་པ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྟེགས་དང་ལྡན་པ། ཆོས་ཐམས་ཅད་ལ་ལྷག་མཐོང་གི་ཡེ་ཤེས་དང་ལྡན་པ། བྱང་ཆུབ་སེམས་དཔའ་ཆོས་དེ་དང་དེ་དག་རྣམ་པར་ དགོད་པའི་དོན་ཁོང་དུ་ཆུད་པར་བྱ་བ་ལ་ཡེ་ཤེས་ཀྱི་མྱིག་གིས་ཞི་གནས་ཀྱི་ཡང་དག་པར་ནོན་ཅིང་ཡེ་ཤེས་ཆེན་པོ་བསྒོམ་པས་རྣམ་པར་སྣང་བར་གྱུར་པའི་ཁྱད་པར་ཅན་གྱི་སྨོན་ལམ་དང་ལྡན་པ། རབ་ ཏུ་སྟོན་པ་སངས་རྒྱས་ཐམས་ཅད་ཀྱི་དེ་བཞིན་གཤེགས་པའི་མཐུ་ཐ་དད་པ་མྱེད་པ་བསྟན་པ་ཏེ། དེ་ཉིད་ཆགས་པ་མེད་པའི་སྒོའི་ཚུལ་ལོ། །དེ་ཉིད་བྱང་ཆུབ་སེམས་དཔའ་མང་པོའི་འབྱུང་བའོ། །དེ་ཉིད་ བྱང་ཆུབ་པའི་སེམས་དཔའི་མཐུས་ཐམས་ཅད་མཁྱེན་པའི་བརྩོན་འགྲུས་ལ་འཇུག་པ་སྟེ། ཆགས་པ་མྱེད་པ་ལ་གནས་པར་བྱ་བའི་ཕྱིར་ཞིང་རྣམས་ཀྱི་ཞིང་ངོ་། །སེམས་ཅན་མྱེད་པའི་མཐའ་ ལ་གནས་པར་བྱ་བའི་ཕྱིར། སེམས་ཅན་གྱི་ཁམས་རྣམས་འདུལ་བའོ། །དམྱིགས་པ་ཐམས་ཅད་མྱི་དམྱིགས་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཆོས་ཐམས་ཅད་རབ་ཏུ་སྟོན་པའོ། །རྟོག་པ་ཐམས་ ཅད་ལས་རབ་ཏུ་དབེན་པར་བྱ་བའི་ཕྱིར་གཉིས་སུ་མེད་པ་ཤིན་ཏུ་སྟོན་པའོ། །གཉིས་སུ་མེད་པའི་དོན་དུ་མངོན་པར་འདུ་བྱ་བ་མྱེད་པ་ཐམས་ཅད་ཀྱི་མངོན་པར་འདུ་བྱ་བ་རབ་ཏུ་བརྗོད་པའོ། ། གཟུགས་སུ་དམྱིགས་པ་མྱེད་ཀྱང་གཟུགས་ཀྱི་གྲངས་སུ་བསྟན་པ་དང་། ཚོར་བའི་ཡུལ་མྱེད་ཀྱང་ཚོར་བའི་ཡུལ་དུ་བརྗོད་པའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཆེད་དུ་བརྗོད་པའོ། ། 74-1-244b ཕྱིན་ཅི་ལོག་ཐམས་ཅད་ཀྱང་བྱང་ལ་འདུ་ཤེས་ཀྱི་གནས་ཐམས་ཅད་ཀྱང་ཡོངས་སུ་སྟོན་པའོ། །མངོན་པར་འདུ་བྱ་བ་མྱེད་པར་ཡང་བསྟན་ལ་འདུ་བྱེད་ཐམས་ཅད་ཀྱང་རབ་ཏུ་བརྗོད་པའོ། །འདུ་བྱེད་ཐམས་ ཅད་ཀྱང་རྣམ་པར་མྱི་དམྱིགས་ལ་ཆོས་ཐམས་ཅད་རྣམ་པར་ཤེས་པར་ཡང་རབ་ཏུ་བརྗོད་པའོ། །ཆོས་ཀྱི་འཁོར་ལོ་ཡང་བྱིན་གྱིས་བརླབས་ལ། ཆོས་ཀྱི་འཁོར་ལོ་ཡང་ཐམས་ཅད་བརྗོད་དུ་མེད་པར་ ཡང་རབ་ཏུ་སྟོན་པའོ། །ཆོས་ཐམས་ཅད་ལའང་རྒྱུ་བ་མེད་ལ་ཆོས་ཀྱི་འཁོར་ལོའང་ཤིན་ཏུ་བསྐོར་བའི། །ཆོས་ཐམས་ཅད་ལའང་རྣམ་པ་ཐ་དད་པ་མྱེད་པ་ལ་རྣམ་པར་དབྱེ་བ་ལ་ཡང་ཡོངས་སུ་སྟོན་པའོ། ། ཆོས་ཐམས་ཅད་ལ་སྐྱེ་བ་མྱེད་པར་སྟོན་ལ། གཟུགས་རྣམས་འཇིག་པའི་མཚན་ཉིད་དུའང་བརྗོད་པའོ། །ཆོས་ཐམས་ཅད་ཤིན་ཏུ་ཕྲ་བར་ཡང་ཁོང་དུ་ཆུད་ལ། ཕྲ་བ་རྣམས་ཤིན་ཏུ་ཡངས་པར་སྟོན་པའོ། ། བླ་ན་མེད་པའི་ཆོས་ཀྱང་སྦྱིན་པར་བྱེད་ལ། གོང་མའི་གོ་འཕང་ཤེས་པར་བྱ་བ་ཡང་རབ་ཏུ་སྟོན་པའོ། །ཆོས་ཐམས་ཅད་བརྗོད་དུ་མྱེད་པར་ཡང་རྗོད་ལ། བརྗོད་པའི་ཚིག་དང་ཡི་གེའི་རྒྱན་རྣམ་པར་ དག་པ་ཡང་རབ་ཏུ་སྟོན་པའོ། །ཕྱི་དང་ནང་གི་ཆོས་མྱེད་པར་བསྟན་པ་ལའང་ཤིན་ཏུ་མཁས་ལ་ཆོས་ཐམས་ཅད་སེམས་མྱེད་ཅིང་བརྟས་པའི་རྒྱུད་ཇི་ལྟ་བ་བཞིན་དུའང་རབ་ཏུ་སྟོན་པའོ། །ཡོངས་སུ་ འགྲུབ་པ་ཚད་མྱེད་པར་འབྱུང་བ་ཡང་ཁོང་དུ་ཆུད་ལ་བྱ་བའི་མཐར་ཕྱིན་པས་ཆོས་ཐམས་ཅད་ཟག་པ་ཟད་པར་ཡང་རབ་ཏུ་སྟོན་པའོ། །ཆོས་ཐམས་ཅད་ཉོན་མོངས་པ་མྱེད་པར་ཁོང་དུ་ཆུད་ལ་རང་ བྱུང་གིས་འདུ་ཤེས་ཀྱང་རབ་ཏུ་བརྗོད་པའོ། །ཆོས་ཐམས་ཅད་ལ་སློ པོན་མྱེད་པ་ཡང་ཤིན་ཏུ་བསྟན་ལ་བླ་མ་ལ་རྟེན་ཅིང་སྟེན་པར་ཡང་རབ་ཏུ་སྟོན་པའོ། །ཆོས་ཐམས་ཅད་གཞན་གྱི་དྲིང་མི་འཇོག་ 74-1-245a པར་ཡང་ཤེས་ལ་དགེ་བའི་བཤེས་གཉེན་གྱི་སྤྱོད་ཡུལ་ཡང་རབ་ཏུ་བརྗོད་པའོ། །ཆོས་ཐམས་ཅད་རྒྱུ་བ་མྱེད་པར་ཡང་བརྗོད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་ཤིན་ཏུ་བསྟན་པའོ། །ཆོས་ཐམས་ ཅད་འབྱུང་བ་མྱེད་པར་ཡང་རབ་ཏུ་ཤེས་ལ། རྒྱུ་ལས་འབྱུང་བའང་ཡོངས་སུ་མི་གཏོང་བའོ། །ཆོས་ཐམས་ཅད་ཐོག་མ་མྱེད་པར་ཡང་རབ་ཏུ་བརྗོད་ལ་སྔོན་གྱི་མཐའི་མུ་ཡང་རབ་ཏུ་སྤྱོད་པའོ། །ཆོས་ཐམས་ ཅད་འོང་བ་མྱེད་པར་ཡང་ཁོང་དུ་ཆུད་ལ་འོང་བའི་མཐའ་ཡང་རབ་ཏུ་བརྗོད་པའོ། །ཆོས་ཐམས་ཅད་མ་འོངས་པ་དང་། ད་ལྟར་བྱུང་བ་མྱེད་པར་ཡང་རབ་ཏུ་སྟོན་ལ། ད་ལྟར་བྱུང་བར་ཡང་ཤིན་ཏུ་སྟོན་པའོ། །བྱ་བ་ མྱེད་པའི་ལམ་ཡང་ཡོངས་སུ་བརྗོད་ལ་བྱ་བའི་ལམ་ཡང་ཤིན་ཏུ་སྟོན་པའོ། །ཆོས་ཐམས་ཅད་རྒྱུ་བ་མེད་པར་ཡང་རབ་ཏུ་ཤེས་ལ། རྒྱུ་བསྩགས་པར་ཡང་རབ་ཏུ་བརྗོད་དོ། །ཆོས་ཐམས་ཅད་མཉམ་ པ་མྱེད་པར་ཡང་སྟོན་ལ། མཉམ་པ་ཉིད་ཀྱི་ལམ་གྱིས་ལམ་གོས་པ་འང་རབ་ཏུ་བརྗོད་པའོ། །ཆོས་ཐམས་ཅད་ཚིག་གི་ལམ་དང་བྲལ་བར་ཡང་སྟོན་ལ་དུས་གསུམ་ཤིན་ཏུ་བསྟན་པའང་ཤིན་ཏུ་ རྟོགས་པར་བྱེད་པའོ། །ཆོས་ཐམས་ཅད་གནས་པ་མྱེད་པར་ཡང་སྟོན་ལ་གནས་ཤིན་ཏུ་གཞོམ་པ་ལ་རབ་ཏུ་མཁས་པའོ། །ཆོས་ཐམས་ཅད་ལུས་མེད་ཀྱང་། འདས་པ་དང་མ་བྱོན་པ་དང་ད་ལྟར་ བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་ཡང་རབ་ཏུ་ཐོབ་པར་བྱེད་པའོ། །འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱང་ཤིན་ཏུ་བསྟན་ལ་སངས་རྒྱས་གཅིག་པར་བསྟན་ པ་ཡང་རབ་ཏུ་སྟོན་ཏོ། །ཆོས་ཐམས་ཅད་ལ་བརྗོད་པ་མྱེད་པར་ཡང་ཁོང་དུ་ཆུད་ལ་ཆོས་ཐམས་ཅད་ཡོངས་སུ་བརྗོད་པ་འང་རབ་ཏུ་སྟོན་ཏོ། །ཆོས་ཐམས་ཅད་བལྟར་མྱེད་པར་ཡང་སྟོན་ལ་ལྟ་བ་འང་ 74-1-245b རབ་ཏུ་བརྗོད་པའོ། །ཆོས་ཐམས་ཅད་ལ་མཐའ་མྱེད་པར་ཡང་སྟོན་ལ་ཆོས་བསྟན་པའི་རྣམ་པས་ཀྱང་རབ་ཏུ་བརྗོད་དོ། །ཆོས་ཐམས་ཅད་ལ་ཡུལ་མྱེད་ཀྱང་ཡེ་ཤེས་ཀྱི་ཡུལ་དུ་རབ་ཏུ་བརྗོད་པའོ། །ཆོས་ ཀྱི་རྣམ་གྲངས་ཐམས་ཅད་ཁྱད་པར་མྱེད་ཀྱང་འབྲས་བུའི་ཁྱད་པར་རྣམ་པར་སྦྱང་བ་རབ་ཏུ་སྟོན་པའོ། །ཆོས་ཐམས་ཅད་ལ་འབྱུང་བ་མྱེད་ཀྱང་སྤྱོད་པས་འབྱུང་བའི་ཁྱད་པར་རབ་ཏུ་སྟོན་པའོ། །ཆོས་ཐམས་ ཅད་ཀུན་ཏུ་ཁྱབ་པ་ཡིན་ཡང་མདོས་ཡོངས་སུ་བརྗོད་པ་ཤིན་ཏུ་སྟོན་པའོ། །ཆོས་ཐམས་ཅད་ལ་སྣང་བ་མྱེད་ཀྱང་སྣང་བ་ཡོངས་སུ་བརྗོད་པའི་ཕྱིར་རྣམ་པར་སྣང་བར་བྱེད་པ་སྟེ། དེ་ལྟར་རྒྱ་ཆེ་བའི་ཏིང་ངེ་ འཛིན་གྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོ་ལ། བྱང་ཆུབ་སེམས་དཔའ་རྣམས་འཇུག་གོ། །ཁོང་དུ་ཆུད་པར་བྱེད་དོ། །ཐོབ་པར་བྱེད་དོ། །རྗེས་སུ་སྙེག་པར་བྱེད་དོ། །ཤིན་ཏུ་བསྒྲུབ་པར་བྱེད་དོ། །ཡོངས་སུ་ རྫོགས་པར་བྱེད་དོ། །ཤིན་ཏུ་སྩོགས་སོ། །ཡོངས་སུ་སྦྱོང་ངོ་། །སྙོམས་པར་འཇུག་གོ། །ཆོས་ཐམས་ཅད་དེའི་ཆོས་ཉིད་དང་རང་བཞིན་དང་ཡེ་ཤེས་ཀྱི་སྙིང་པོའི་ཚུལ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ ཆོས་སུ་ཁོང་དུ་ཆུད་པར་བྱེད་ཀྱང་། བྱང་ཆུབ་སེམས་དཔའ་དེ་ནི་འདི་སྙམ་དུ་མི་སེམས་ཏེ་བྱང་ཆུབ་སེམས་དཔའ་ནི་འདི་སྙེད་གཅིག་གོ། །བྱང་ཆུབ་སེམས་དཔའི་ཆོས་ནི་འདི་སྙེད་ཅིག་གོ། །བྱང་ ཆུབ་སེམས་དཔའི་མཐར་ཐུག་པ་ནི་འདི་ཙམ་ཞིག་གོ། །སྤྲུལ་པའི་བྱིན་གྱི་བརླབས་ཀྱི་ནི་འདི་ཙམ་ཞིག་གོ། །མངོན་པར་ཤེས་པ་བསྒྲུབ་པ་ནི་འདི་སྙེད་ཞིག་གོ། །ཡེ་ཤེས་ནི་འདི་ཙམ་ཞིག་གོ། ། ངེས་པར་རྟོགས་པར་བྱ་བ་ནི་འདི་ཙམ་ཞིག་གོ། །རྗེས་སུ་སྙེག་པ་ནི་འདི་ཙམ་ཞིག་གོ། །འཇུག་པར་བྱ་བ་ནི་འདི་ཙམ་ཞིག་གོ། །བྱང་ཆུབ་སེམས་དཔའི་ཡུལ་ནི་འདི་ཙམ་ཞིག་གོ་སྙམ་དུ་ 74-1-246a སེམས་པ་མྱེད་དོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་ཉི་ཤུ་དྲུག་པ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་ དཔའི་ཏིང་ངེ་འཛིན་རྣམས་ནི་རྣམ་པ་དེ་ལྟ་བུ་དེ་ལྟར་ཚད་མྱེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྣམས་ནི་དེ་ལྟ་བུའི་ཁྱད་པར་དང་ལྡན་པའི་ཕྱིར་རོ། །དེ་དག་ནི་གཞན་དང་གཞན་གྱི་བསྐྱེད་ པ་གཞན་དང་གཞན་དུ་བྱིན་གྱི་བརླབས་པ། གཞན་དང་གཞན་དུ་རྒྱུ་བ། ཆོས་རྣམ་པ་སྣ་ཚོགས་ཀྱི་སྒོ་ཅན་ཡེ་ཤེས་ཀྱི་སྒོ་བརྗོད་དུ་མེད་པ། བློས་རྣམ་པར་བརྟག་ཅིང་རྣམ་པར་དབྱེ་བས་ཁྱད་པར་གྱི་ མཐའ་མྱེད་པར་ངེས་པར་རྟོགས་པ་གྲངས་མྱེད་པར་ཁོང་དུ་ཆུད་པ། ཡེ་ཤེས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མྱེད་པས་རྒྱ་ཆེ་བ། སངས་རྒྱས་མཐོང་བ་སྣ་ཚོགས་ཀྱི་མཛོད་དུ་གྱུར་པས་མཐའ་ དང་དབུས་མྱེད་པ་མོས་པས་རྣམ་པར་དག་པ། དབང་པོ་ཤིན་ཏུ་ཡངས་པ། མངོན་པར་ཤེས་པ་རབ་ཏུ་རྣོ་བ་བསྩགས་པ་མྱེད་པའི་སྤྱོད་ཡུལ་ཅན་ཀུན་ཏུ་ལྟ་བས་རབ་ཏུ་ཐོབ་པ། སངས་རྒྱས་ཐམས་ ཅད་བལྟ་བས་བསྒྲུབས་པ། ཀུན་ཏུ་བཟང་པོའི་ལྷག་པའི་བསམ་པས་བསྒྲུབས་པ། ཡེ་ཤེས་ཀྱི་རྒྱལ་པོའི་སྐུ་ལས་བྱུང་བ། དེ་བཞིན་གཤེགས་པས་བསྟན་པའི་ཡེ་ཤེས་ཚད་མྱེད་པ་རྣམ་པར་འཕྲུལ་པའི་ རྣམ་པར་ཕྱེ་བ་མཐའ་དང་དབུས་མྱེད་པ། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཟད་མི་ཤེས་པ་ལས་གོལ་བ་མེད་པའི་སྒོ་ཅན། སངས་རྒྱས་ཀྱི་ཡུལ་ཐམས་ཅད་མངོན་སུམ་དུ་གྱུར་པ། བྱང་ཆུབ་སེམས་ དཔའ་ཀུན་ཏུ་བཟང་པོའི་ཡེ་ཤེས་ཀྱི་ཁྱུ་མཆོག་གི་མཐུ་ཕྱུང་བས་རྣམ་པར་སྦྱང་བ། སྒོ་ཐམས་ཅད་ཀྱི་དཀྱིལ་འཁོར་རབ་ཏུ་ཕྱེ་བས་དཔེ་མེད་པར་བརྗོད་པ། དམྱིགས་པ་ཤིན་ཏུ་ཕྲ་བས་ཆོས་ཀྱི་དབྱིངས་ 74-1-246b ཐམས་ཅད་ལ་ཡང་དག་པར་གཞོལ་བ་ཆོས་ཀྱི་དབྱིངས་ཐམས་ཅད་མ་ལུས་པར་དམྱིགས་པ། ཤིན་ཏུ་ཕྲ་བས་བྱིན་གྱི་བརློབས་པ། འཕགས་པས་གསུངས་པའི་ཐམས་ཅད་མཁྱེན་པ་ཤིན་ཏུ་སྣང་བར་ བྱས་པ། དབང་གི་དམྱིགས་པ་ཐམས་ཅད་མངོན་པར་བསྒྲུབ་པ། ཆོས་ཀྱི་སྒོ་ཐམས་ཅད་ཀྱི་མཐར་ཕྱིན་པའི་ཐ་དད་པ་ཡང་དག་པར་ཤེས་པ་ཅན། ཆོས་ཀྱི་དབྱིངས་ཀྱི་ཀླས་པའི་ཡེ་ཤེས་ཀྱི་ལུས་དང་ ལྡན་པ། ཐམས་ཅད་དུ་འགྲོ་བའི་ལམ་གྱིས་གྲུབ་པ། ཏིང་ངེ་འཛིན་ཐམས་ཅད་མཁས་པར་ཁོང་དུ་ཆུད་པ། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པ་དག་སྟེ། སེམས་སྐད་ཅིག་རེ་རེ་ལ་བྱང་ ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་གནས་ཏེ། ཏིང་ངེ་འཛིན་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་བྱེ་བ་ཕྲག་བརྒྱ་ལ་སྙོམས་པར་ཞུགས་ཀྱང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ ཏིང་ངེ་འཛིན་དང་། ཡུལ་གྱི་རྒྱན་གྱིས་སྣང་བས་ཡོངས་སུ་སྣང་བར་བྱ་བ་རྣམས་ཀྱི་མཐའ་དམྱིགས་པར་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་བྱིན་གྱིས་བརླབས་པ་སྟེ། ཐམས་ཅད་ ཁོང་དུ་ཆུད་པར་བྱའོ། །ཞིང་རྣམས་ནི་མུ་མེད་པ་སྟེ་ཐམས་ཅད་ཀྱང་ཁོང་དུ་ཆུད་པར་བྱའོ། །སེམས་ཅན་གྱི་ཁམས་ཐམས་ཅད་ནི་བསམ་གྱི་མི་ཁྱབ་པ་སྟེ། དེ་དག་ནི་རྡོ་རྗེའི་ཚིག་ཁོང་དུ་ཆུད་པར་ བྱའོ། །དེ་དག་གི་ཁྱད་པར་ཐམས་ཅད་ཁོང་དུ་ཆུད་པར་བྱའོ། །སྔོན་གྱིས་མཐའ་ནི་ཐོག་མ་དང་ཐ་མ་མྱེད་པ་སྟེ། དེ་དག་ཀྱང་ཐམས་ཅད་ཁོང་དུ་ཆུད་པར་བྱའོ། །ཕྱི་མའི་མཐའ་ནི་མུ་མྱེད་པ་སྟེ། དེ་དག་ཀྱང་ལྷག་མ་མ་ལུས་པར་ཁོང་དུ་ཆུད་པར་བྱའོ། །ད་ལྟར་བྱུང་བའི་དུས་ནི་མཐའ་དང་དབུས་མྱེད་པ་སྟེ། ནམ་མཁའི་དབྱིངས་ཀྱི་ཀླས་པ། ཆོས་ཀྱི་དབྱིངས་ཀྱི་མཐས་གཏུགས་པ་སྟེ། དེ་ཡང་ 74-1-247a མ་ལུས་པར་ཁོང་དུ་ཆུད་པར་བྱ་བའོ། །སངས་རྒྱས་ཀྱི་ཡུལ་ནི་བསམ་གྱིས་མི་ཁྱབ་པའི་ཡུལ་ཏེ། དེ་དག་ཀྱང་ཐམས་ཅད་ཁོང་དུ་ཆུད་པར་བྱའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་གྲངས་མྱེད་པ་ སྟེ། དེ་དག་ཀྱང་ཐམས་ཅད་ཁོང་དུ་ཆུད་པར་བྱའོ། །སངས་རྒྱས་ཀྱི་ཐུགས་སུ་ཆུད་པ་དང་དགོངས་པ་ནི་ཡུལ་མཐའ་ཡས་པ་ཡུལ་བརྗོད་དུ་མྱེད་པ་སྟེ། དེ་དག་ཀྱང་ཐམས་ཅད་ཁོང་དུ་ཆུད་པར་བྱའོ། །ཆོས་སུ་ དམྱིགས་པ་ཐམས་ཅད་ནི་ཆོས་ཀྱི་རང་བཞིན་མཐར་ཕྱིན་པ་མྱེད་པ་སྟེ། དེ་དག་ཀྱང་ཐམས་ཅད་ལྷག་མ་མྱེད་པར་ཁོང་དུ་ཆུད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ་དཔེར་ན། ཡིད་བཞིན་གྱི་ནོར་བུ་ལས་ནི་ཇི་ བསམ་པ་ཐམས་ཅད་འབྱུང་ཡང་དེ་སྙེད་དུ་མངོན་པར་འདུ་བྱེད་པས་སྟོངས་པར་མི་འགྱུར་ཞིང་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་ཡང་རྒྱུན་ཆད་པ་མེད་དོ། །ཟད་པར་འགྱུར་བ་མྱེད་དོ། །ཡིད་ བཞིན་གྱི་ནོར་བུ་དེ་ཡང་རྒྱུན་གཅོད་པར་སེམས་དཔའ་མྱེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སེམས་སྒྱུ་མ་ལྟ་བུ་ལ་ཞུགས་པས་ཆོས་ཀྱི་དམྱིགས་པ་ཐམས་ཅད་མངོན་པར་བསྒྲུབ་ཀྱང་མཐར་ཕྱིན་ པའི་སེམས་མྱི་བསྐྱེད་དེ་ཏིང་ངེ་འཛིན་དེ་དང་དེ་དག་གི་རྒྱུན་ཡོངས་སུ་མི་གཅོད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་སྒྱུ་མའི་དཀྱིལ་འཁོར་ཡངས་ཤིང་རྒྱ་ཆེ་བ་ཚད་མྱེད་པ་ལ་ཞུགས་ པས་ཀུན་ཏུ་བཟང་པོའི་སྤྱོད་པ་དོན་ཡོད་པ་ངེས་པར་རྟོགས་པ་ལ་གནས་པ་དང་། མངོན་པར་བསྒྲུབ་པ་ཁོང་དུ་ཆུད་པའི་ཡེ་ཤེས་ཀྱི་སྒོ་དང་ལྡན་པས་དེ་ལ་རྒྱས་པར་འགྱུར་བ་འམ། འབྲི་བར་འགྱུར་བ་ མྱེད་དོ། །འདི་ལྟ་སྟེ་དཔེར་ན། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་སེམས་ཀྱི་སྒོ་མུ་མྱེད་པ་སྟེ། དེ་དག་གི་སེམས་ནི་མ་སྐྱེས་མི་སྐྱེ་སྐྱེ་བར་མི་འགྱུར་བ་ཡིན་ཡང་། དེ་དག་གི་སེམས་སྐྱེ་བ་དང་། སྐྱེ་བར་འགྱུར་ 74-1-247b བའང་མཐའ་མེད་པ་སྟེ། ཐུག་པ་མྱེད་པའོ། །ཟད་པར་མི་འགྱུར་བའོ། །སེམས་ཀྱི་རྒྱུད་ཡོངས་སུ་རྒྱུན་ཆད་པ་མྱེད་དེ་བསམ་གྱི་མི་ཁྱབ་པའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་གྱི་རྣམ་པ་སྒྱུ་ མའི་སྒོ་མང་པོ་ཀུན་དང་ལྡན་པ་འདི་ལྟ་བུ་ལ་སྙོམས་པར་ཞུགས་པ་ལའང་མུར་ཐུག་པ་མྱེད་དོ། །ཚད་ཀྱིས་གཅལ་བ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་དེ་དང་དེ་བཞིན་དུ་ཚད་མྱེད་པའི་ ཆོས་ཀྱི་ཚུལ་གྱི་སྒོ་ཁོང་དུ་ཆུད་པའི་ཕྱིར། །འདི་ལྟ་སྟེ་དཔེར་ན། ཀླུའི་རྒྱལ་པོ་རྒྱ་མཚོ་ཆེན་པོ་དང་། དགའ་བོ་དང་ཉེ་དགའ་བོ་དང་ཡིད་དུ་འོང་བ་དང་། ཀླུའི་རྒྱལ་པོ་ཆེན་པོ་དེ་མ་ཡིན་པ་དག་གིས་ཆར་ ཕབ་ན་ཆར་པའི་ཐིགས་པ་རེ་རེ་ཞིང་བ་རུ་རའི་འབྲས་བུ་ཙམ་གྱི་རྒྱུན་དུ་ཕབ་ཀྱང་ཆར་པ་དེ་དག་ལ་ཟད་ཅེས་བྱ་བ་མྱེད་དོ། །སྔར་བབ་པ་དེ་ཉིད་ཕྱིར་འབབ་ཅེས་བྱ་བ་མྱེད་དོ། །སྤྲིན་གྱིས་མངོན་པར་འདུ་བྱ་ བ་ལ་ཟད་ཅེས་བྱ་བ་མྱེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་གྱི་སྒོ་དང་ཡེ་ཤེས་ཀྱི་སྒོ་དང་། ཆོས་ཀྱི་སྒོ་དང་སངས་རྒྱས་ལྟ་བའི་སྒོ་དང་། ཕྱོགས་སུ་འགྲོ་བའི་སྒོ་ དང་སེམས་ཀྱི་དབང་གི་རྗེས་སུ་འགྲོ་བའི་སྒོ་དང་། བྱིན་གྱིས་བརླབས་ཀྱི་སྒོ་དང་། ཆོ་འཕྲུལ་གྱི་སྒོ་དང་། རྣམ་པར་འཕྲུལ་བའི་སྒོ་དང་། མྱ་ངན་ལས་འདས་པའི་ཚུལ་གྱི་སྒོ་དང་། ཆོས་ཀྱི་ཚུལ་ གྱི་སྒོ་དང་། བྱང་ཆུབ་སེམས་དཔའི་ཚོགས་རྒྱ་མཚོ་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་ཡོངས་སུ་རྫོགས་པར་བྱ་བའི་སྒོ་དང་། དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་ཡང་ བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་མངོན་པར་སངས་རྒྱས་པའི་དྲུང་དུ་འགྲོ་བའི་སྒོ་དང་། དབང་པོ་འདྲི་བ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མྱེད་པ་ལ་འཇུག་ཅིང་ཁོང་དུ་ཆུད་པར་བྱ་བའི་སྒོ་དང་། 74-1-248a འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཐ་དད་པའི་བྱེ་བྲག་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མེད་པ་སེམས་ཀྱི་ཚད་ཀྱི་ཁོང་དུ་ཆུད་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་འབྱམ་ཀླས་པའི་སྒོ་དང་། འཇིག་ རྟེན་གྱི་ཁམས་དངོས་པོ་ཡོད་པ་དང་དངོས་པོ་མྱེད་པ་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པའི་སྒོ་དང་། སེམས་ཅན་འདུ་ཤེས་ཁོང་དུ་ཆུད་པར་བྱ་བ་དང་། རྗེས་སུ་བསྟན་པ་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་ མྱེད་པའི་སྒོ་དང་། དུས་རྣམ་པ་ཐ་དད་ཅིང་བསྐལ་པ་མྱི་འཐུན་པ་ཁོང་དུ་ཆུད་པར་བྱ་བ་དང་། བསྟན་པ་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པའི་སྒོ་དང་། འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་འབྱུང་ བ་དང་། འཇིག་པ་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པས་ཁོང་དུ་ཆུད་པའི་སྒོ་དང་། སངས་རྒྱས་ཀྱི་ཞིང་སྤྱིའུ་ཚུགས་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་ དང་། སྣྲེལ་བཞིར་རྒྱུ་བ་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་དག་ཏུ་སེམས་ཀྱི་སྐད་ཅིག་གཅིག་གིས་བྱང་ཆུབ་ཏུ་རྣམ་པར་འཚང་རྒྱ་བར་བྱ་བའི་སྒོ་ལ་མཐའ་མྱེད་དོ། །ཟད་པ་མྱེད་དོ། །ས་མཚམ་ མེད་དོ། །མུ་མེད་དོ། །སྐྱེ་བ་མེད་དོ། །ཡོངས་སུ་ཡི་འཆད་པ་མྱེད་དོ། །ཐུག་པ་མྱེད་དོ། །རྒྱུན་ཆད་པ་མྱེད་དོ། །ཕྱིར་ལྡོག་པ་མྱེད་དོ། །ཆུད་ཟ་བ་མྱེད་དོ། །འོན་ཀྱང་བྱང་ཆུབ་སེམས་དཔའ་དེ་ཆོས་ཀྱི་ སྒོས་ཐུག་པ་མྱེད་པར་ཡང་མྱི་འགྱུར་རོ། །ངེས་པར་རྟོགས་པར་བྱ་བར་ཡོངས་སུ་ཡིད་ཆད་བར་འགྱུར་བ་མྱེད་དོ། །ཐམས་ཅད་མཁྱེན་པའི་སྒོ་ཟད་པར་འགྱུར་བ་མྱེད་དོ། །སངས་རྒྱས་ཀྱི་ཞིང་འབྱམ་ ཀླས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱ་བ་ལས་ཕྱིར་ལྡོག་པ་མྱེད་དོ། །ཆོས་ཀྱི་འཁོར་ལོ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མྱེད་པ་རབ་ཏུ་བསྐོར་བ་ལ་བཏང་སྙོམས་སུ་ 74-1-248b བྱེད་པ་མྱེད་དོ། །སངས་རྒྱས་ཀྱི་དགོངས་པ་ཡོངས་སུ་དྲི་བ་ལ་ཟད་པར་འགྱུར་བ་མྱེད་དོ། །སངས་རྒྱས་ཀྱི་བྱང་ཆུབ་བལྟ་བ་ལ་མཐར་ཐུག་པ་མྱེད་དོ། །སེམས་ཅན་གྱི་ཁམས་ཐམས་ཅད་འདུལ་བར་བྱ་བ་ ཡོངས་སུ་གཏོང་བ་མྱེད་དེ། ཀུན་ཏུ་བཟང་པོའི་སྤྱོད་པ་དང་། སྨོན་ལམ་གྱིས་འབྱུང་བ་རྒྱུན་ཆད་པར་འགྱུར་བ་མྱེད་དོ། །ཁ་དོག་མཐའ་ཡས་པའི་ལུས་ཚད་མྱེད་པ། བརྗོད་དུ་མྱེད་པའི་ཡང་ བརྗོད་དུ་མྱེད་པ་ཡོངས་སུ་བསྟན་པས་ས་མཚམས་སུ་འགྱུར་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ་དཔེར་ན། མྱེ་ནི་ཇི་སྲིད་དུ་ཤིང་ཡོད་པ་དེ་སྲིད་དུ་འབར་ཏེ། མྱེ་འབར་བ་ལ་མཐར་ཐུག་པ་མྱེད་དོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཇི་ཙམ་དུ་སེམས་ཅན་གྱི་ཁམས་ལ་རྣམ་པར་དཔྱོད་པ་དང་། ཇི་ཙམ་དུ་ཆོས་ཀྱི་དབྱིངས་ལ་འཇུག་པ་དང་། ཇི་ཙམ་དུ་འཇིག་རྟེན་གྱི་ཁམས་སུ་རྒྱུ་བ་དང་། ཇི་ཙམ་ དུ་ནམ་མཁའི་རང་བཞིན་གྱི་ཚད་མྱི་དམྱིགས་པ་དང་། ཇི་ཙམ་དུ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཞིང་གཅིག་ཏུ་རྒྱུད་པའི་སེམས་ཀྱི་སྐད་ཅིག་རེ་རེ་ལ་ འཇུག་ཅིང་ཁོང་དུ་ཆུད་པར་བྱ་བ་དང་། ཇི་ཙམ་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་སངས་རྒྱས་ཀྱི་ཞིང་འབྱམ་ཀླས་པ་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་དག་གི་ཆོས་ཀྱི་བྱེ་བྲག་རྣམ་པར་ཕྱེ་བ་ ལ་འཇུག་པ་དང་། ཇི་ཙམ་དུ་སེམས་ཅན་གྱི་ཁམས་ཀྱི་རྒྱུད་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་དགེ་བའི་རྩ་བ་ལ་གཞོག་ཅིང་ཉེ་བར་འཚོ་བར་བྱེད་པ་དང་། ཉེ་བར་སྟོན་པ་དང་། ཤིན་ཏུ་རྣམ་པར་དག་ པར་བྱེད་པ་དང་། ཇི་ཙམ་དུ་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་དམ་པ་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་ཡང་དག་པར་མཐོང་ཞིང་སྨོན་ལམ་གཅིག་ཏུ་ངེས་པ་མྱེད་པ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་། 74-1-249a སྨོན་ལམ་ལ་ངེས་པར་བྱ་བ་དང་། ཀུན་ཏུ་བཟང་པོའི་སྤྱོད་ཡུལ་གྱི་ཡེ་ཤེས་ཀྱི་སྒོ་ལ་གཞོལ་བ་དང་། ཇི་ཙམ་དུ་དུས་གསུམ་ལ་འཇུག་པའི་རྒྱུད་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་ འབྱམ་ཀླས་པ་དང་། སྙོམས་ཤིང་རྣམ་པར་རྟོགས་པའི་དུས་ལ་འཇུག་པས་མཐའ་དང་དབུས་མེད་པའི་ཚུལ་དུ་འཇུག་པ་དང་། ཇི་ཙམ་དུ་འཇིག་རྟེན་གྱི་ཁམས་འགྱུར་བ་དང་། འཇིག་པ་དང་གནས་ པ་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་རྣམ་པར་རྟོག་པའི་དམྱིགས་པ་ཀུན་ཏུ་རྒྱུ་བ་འབྱུང་ཞིང་རྒྱུན་མི་འཆད་པ་དེ་ཙམ་དུ་ཡེ་ཤེས་ཀྱི་དམྱིགས་པ་སྙིང་རྗེ་ཆེན་པོ་ལས་བྱུང་བ། སྨོན་ལམ་ཆེན་པོས་ སྤྲུལ་པ། འགྲོ་བ་ཐམས་ཅད་མ་ལུས་པར་གདུལ་བ་ལ་བརྩོན་པ་ཡང་མཐར་ཐུག་ཅེས་བྱ་བ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་། སྨོན་ ལམ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པའི་ཁྱད་པར་ཡེ་ཤེས་ཀྱི་བསྒྲུབ་པས་འགྲོ་བ་ཐམས་ཅད་ཡོངས་སུ་དགྲོལ་བར་བྱ་བ་ལ་བརྩོན་པའི་ཕྱིར་རོ། ། དེ་བས་ན་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་གྱི་རྣམ་པ་དེ་ལྟ་བུ་དང་། དེ་ལྟ་བུའི་ཡུལ་དེ་ལྟར་རྒྱ་ཆེ་བ་དང་། དེ་ལྟར་ཡངས་པ་དང་། དེ་ལྟར་ཚད་མྱེད་པ་དང་། དེ་ལྟར་བསམ་གྱིས་མི་ཁྱབ་པ་དང་། དེ་ལྟར་ འོད་ཀུན་ཏུ་མཐའ་ཡས་པ་དང་། དེ་ལྟར་སངས་རྒྱས་ཐམས་ཅད་མངོན་དུ་གྱུར་པ་དང་། དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པ་དང་། དེ་ལྟར་དགེ་བའི་རྩ་བ་ཐམས་ཅད་ ཀྱིས་ཡོངས་སུ་གྲུབ་པ་དང་། དེ་ལྟར་མྱི་འཁྲུགས་པའི་སེམས་དང་ལྡན་པ་ལ་མངོན་པར་བརྩོན་པར་བྱའོ། །ཡོངས་སུ་ཡི་ཆད་པ་མྱེད་པས་བརྟན་པར་བྱའོ། །སྐྱོ་བ་མྱེད་པས་སེམས་ཀྱི་བསྒྲུབ་པར་ 74-1-249b བྱའོ། །བསམ་པ་ཕྱིར་མྱི་ལྡོག་པར་བསྐྱེད་པར་བྱའོ། །གདོན་མྱི་ཟ་བར་འབྱུང་བར་སྦྱར་བར་བྱའོ། །རྩོམ་པའི་ནན་ཏན་གྱིས་འཐུན་པར་སྤྱད་པར་བྱའོ། །བསམ་གྱིས་མྱི་ཁྱབ་པའི་ཡེ་ཤེས་ཡོངས་སུ་ གནོན་པར་བྱའོ། །སྒྱུའི་ས་ལ་མངོན་པར་ཞེན་པ་མྱེད་པར་བྱའོ། །འཇིག་རྟེན་གྱི་ཡུལ་ཐམས་ཅད་ལ་མྱི་གནས་པར་བྱའོ། །ཆོས་ཐམས་ཅད་ལ་ཆགས་པ་མྱེད་པར་བྱའོ། །རློམ་སེམས་ཐམས་ ཅད་ཡང་དག་པར་བསལ་བར་བྱའོ། །དངོས་པོ་ཐམས་ཅད་ལ་ཆགས་པ་མྱེད་པར་བྱའོ། །དམྱིགས་པ་ཐམས་ཅད་ལ་ཐོགས་པ་མྱེད་པར་བྱའོ། །ཁོང་དུ་ཆུད་པར་བྱ་བ་ལ་ཚོད་འཛིན་པ་མྱེད་པར་བྱའོ། ། ཆོས་ཀྱི་ཡེ་ཤེས་རྟོག་པར་ཁོང་དུ་ཆུད་པར་བྱའོ། །ཐམས་ཅད་མཁྱེན་པའི་གདན་ལ་སངས་རྒྱས་སུ་བྱང་ཆུབ་པས་རྨོངས་པ་མྱེད་པར་བྱའོ། །ཆོས་ཀྱི་སྣང་བ་ཡོངས་སུ་བསྒྲུབ་པར་བྱའོ། །འགྲོ་ བ་ཐམས་ཅད་དགེ་བའི་རྩ་བས་ཡོངས་སུ་བསྡུ་བར་བྱའོ། །བདུད་ཀྱི་ཡུལ་ལས་སེམས་ཅན་ཡོངས་སུ་བསྐྱོད་པར་བྱའོ། །ཆོས་ཀྱི་ཡུལ་ལ་སེམས་ཅན་རབ་ཏུ་དགོད་པར་བྱའོ། །སངས་རྒྱས་ཀྱི་ ཡུལ་ལ་རབ་ཏུ་གཟུང་བར་བྱའོ། །སྨོན་ལམ་གྱི་ཡུལ་ལས་ཕྱིར་ལྡོག་པ་མྱེད་པར་བྱའོ། །འབྱུང་བའི་ཡུལ་ལ་རྟོག་པས་གཞག་པར་བྱའོ། །རྣམ་པར་དག་པའི་ཡུལ་ལ་རབ་ཏུ་ཞེན་པར་བྱའོ། །ཕ་རོལ་ ཏུ་ཕྱིན་པའི་ཡུལ་ཁོང་དུ་ཆུད་པར་བྱའོ། །སངས་རྒྱས་ཐམས་ཅད་ལ་ཤིན་ཏུ་མོས་པར་བྱའོ། །ཆོས་ཐམས་ཅད་ལ་དངོས་པོ་མྱེད་པའི་བདག་ཉིད་དུ་ཡང་དག་པར་འཇུག་པར་བྱའོ། །ཆོས་ཐམས་ ཅད་རང་བཞིན་མྱེད་པ་ཁོང་དུ་ཆུད་པར་བྱའོ། །འཇིག་རྟེན་གྱིས་ཁམས་རང་བཞིན་སྣང་བར་བྱའོ། །ཆོས་མཛད་པ་རབ་ཏུ་བརྗོད་པར་བྱའོ། །ཡེ་ཤེས་ཀྱི་རང་བཞིན་ཡང་དག་པར་བསྟན་པར་བྱའོ། ། 74-1-250a གོ་ཅའི་དམ་པ་བགོས་པ་ཡོངས་སུ་མྱི་སྤངས་པར་བྱའོ། །བསྐལ་པ་མཉམ་པར་སྤྱོད་པ་རྣམས་དང་ལྷན་ཅིག་གནས་པར་བྱའོ། །སངས་རྒྱས་ཐམས་ཅད་རྗེས་སུ་དྲན་པ་ལ་སེམས་ལྷོད་པ་ མྱེད་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་རྣམ་པར་བལྟ་བར་བྱའོ། །ཆོས་ཀྱི་དབྱིངས་ཐ་དད་པ་མྱེད་པ་ལ་བདག་རབ་ཏུ་སྦྱར་བར་བྱའོ། །སེམས་སྒྱུ་མ་ལྟ་བུར་རབ་ཏུ་ཤེས་པར་བྱའོ། །འཇིག་རྟེན་གྱི་རྒྱུད་ ཐམས་ཅད་རྨི་ལམ་ལྟ་བུར་ཁོང་དུ་ཆུད་པར་བྱའོ། །སྨོན་ལམ་དང་སངས་རྒྱས་བལྟ་བར་བྱ་བ་ཐམས་ཅད་མྱི་ཡོར་ལྟ་བུར་ཤེས་པར་བྱའོ། །སློབ་པ་མྱེད་པའི་ཆོས་འབྱམ་ཀླས་པ། ཐམས་ཅད་སྤྲུལ་ པ་ལྟ་བུར་ཤེས་པར་བྱའོ། །ཚིག་གི་ལམ་ཐམས་ཅད་སྒྲ་བརྙན་ལྟ་བུར་ཁོང་དུ་ཆུད་པར་བྱའོ། །ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པར་བྱའོ། །ཤི་འཕོ་དང་སྐྱེ་བ་ཐམས་ཅད་འཁྲུལ་འཁོར་ལྟ་བུར་ ཤེས་པར་བྱའོ། །སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་ཐམས་ཅད་ལུས་མྱེད་པར་ཁོང་དུ་ཆུད་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་སངས་རྒྱས་ཀྱི་ཆོས་དྲི་བས་ཡོངས་སུ་སྐྱོ་བ་མྱེད་པར་ བྱའོ། །འཇིག་རྟེན་གྱི་ཆོས་ཐམས་ཅད་འཇིག་པར་བསྟན་པའི་ས་དང་། གདམ་ངག་དང་མན་ངག་ཏུ་བྱ་བ་ལ་བཏང་སྙོམས་མྱེད་པར་བྱའོ། །འདུལ་བར་བྱ་བ་དུས་ལ་བབ་པའི་སེམས་ཅན་ རྣམས་ཡོངས་སུ་སྨིན་པར་བྱའོ། །ཞེས་དེ་ལྟར་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་ནན་ཏན་བྱེད་པ་དང་། དེ་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པའི་ དཀྱིལ་འཁོར་ཡོངས་སུ་བསྒྲུབ་པ་དང་། དེ་ལྟར་བྱང་ཆུབ་སེམས་དཔའི་འབྱུང་བ་ལ་རབ་ཏུ་བརྩོན་པ་དང་། དེ་ལྟར་འདས་པ་དང་། མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་ཀྱི་ཆོས་ 74-1-250b ཡོངས་སུ་འཛིན་པ་དང་། དེ་ལྟར་ཆོས་ཉིད་འཁྲུགས་པ་མྱེད་པ་རྣམ་པར་འབྱེད་པ་དང་། དེ་ལྟར་སངས་རྒྱས་ཀྱི་ཞིང་འབྱམ་ཀླས་པ་རྣམ་པར་སྤྱོད་པ་དང་། དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ལ་མོས་པར་ བྱེད་པ་དང་། དེ་ལྟར་སངས་རྒྱས་ཀྱི་སྟོབས་འབྱམ་ཀླས་པ་ཁོང་དུ་ཆུད་པར་བྱེད་པ་དང་། དེ་ལྟར་ཆགས་པ་མྱེད་པའི་སེམས་ཀྱིས་རབ་ཏུ་འབྱེད་པ་དང་། ཕྱོགས་མཚམས་མྱེད་པ་བརྗོད་དུ་མྱེད་ པའི་ཡང་བརྗོད་དུ་མྱེད་པ་རྣམ་པ་ཐ་དད་པ་དག་དུ་བསྐལ་པ་མཉམ་པར་རྣམ་པར་དགོད་པ་ལ་འགྲོ་བ་རྣམས་རབ་ཏུ་དགོད་པའི་ཚེ། སངས་རྒྱས་ཀྱི་ཞིང་དེ་བཞིན་གཤེགས་པ་དང་བཅས་པ། སངས་ རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཐམས་ཅད་མ་ལུས་པ་དེ་དག་གིས་ཕྱོགས་ཅིག་གི་དེ་བཞིན་གཤེགས་པ་མཚན་ཐ་དད་པ་དང་། མཚན་གཅིག་པ་ཐམས་ ཅད་དང་། ཕྱོགས་གཅིག་ནས་ཇི་ལྟ་བ་བཞིན་དུ་ཕྱོགས་བཅུའི་ཕྱོགས་འབྱམ་ཀླས་པའི་རྒྱུད་ཐམས་ཅད་ནས་ཀྱང་དེ་བཞིན་ཏེ། ཕྱོགས་འབྱམ་ཀླས་པའི་རྒྱུད་གཅིག་ནས་ཇི་ལྟ་བ་བཞིན་དུ་ ཕྱོགས་ཀྱི་རྒྱུད་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཐམས་ཅད་ནས་ཀྱང་དེ་བཞིན་ཏེ། ཕྱོགས་རེ་རེ་ནས་ཀྱང་མཚན་རེ་རེའི་སྒོས་དེ་བཞིན་གཤེགས་པ་ སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་ཞལ་མངོན་པར་བསྟན་ཏོ། །དེ་བཞིན་དུ་ཆོས་ཀྱི་དབྱིངས་ཀྱི་མཐས་ཀླས་པའི་ཕྱོགས་བཅུ་མ་ལུས་པར་ རྫོགས་པའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ནས་ཀྱང་། དེ་བཞིན་གཤེགས་པ་ཀུན་གྱིས་ཞལ་མངོན་པར་བསྟན་ཏེ། བྱང་ཆུབ་སེམས་དཔའ་དེ་ཡེ་ཤེས་ཆེན་པོའི་ཏིང་ངེ་འཛིན་ 74-1-251a དང་སྙོམས་པར་འཇུག་པ་ཀུན་ཏུ་བཟང་པོའི་སྤྱོད་ཡུལ་ལ་ཡང་དག་པར་གནས་པའི་རྣམ་པ་དེ་ལྟ་བུ་དང་། དེ་བཞིན་གཤེགས་པའི་ཡུལ་ལ་རྨོངས་པ་མྱེད་ཅིང་ཆོས་ཐམས་ཅད་ལ་ རབ་ཏུ་གཞོལ་བར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་བློ་གྲོས་ཉེ་བར་བསྒྲུབ་པ་མཛད་དོ། །ཐམས་ཅད་མཁྱེན་པ་ཉིད་དུ་ཡང་དག་པར་གཞོལ་ཞིང་ཆོས་རྣམ་པ་ཐ་དད་པ་ཐམས་ཅད་ཀྱི་དོན་ཁོང་ དུ་ཆུད་པར་བྱའོ། །ཕྱིར་བློ་གྲོས་ཉེ་བར་བསྒྲུབ་པ་མཛད་དེ། ཆགས་པ་མྱེད་པ་ལ་རྟོགས་པར་བཞོག་པས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་འཛིན་པར་བྱ་བའི་ཕྱིར་རིག་པ་ཉེ་བར་ བསྒྲུབ་པ་མཛད་དོ། །ཡེ་ཤེས་འབྱམ་ཀླས་པ་ཁོང་དུ་ཆུད་པར་བྱ་བ་དང་། བློས་རྣམ་པར་སངས་རྒྱས་པའི་ཆོས་དབྱིངས་ཀྱི་ཡུལ་གྱི་མཐའ་ཀླས་པ་ཐམས་ཅད་ལ་སངས་རྒྱས་ཀྱི་བྱང་ཆུབ་ ཉེ་བར་བསྒྲུབ་པར་མཛད་དོ། །བྱང་ཆུབ་སེམས་དཔའ་དེ་ཆོས་ཀྱི་སྣང་བ་དང་། འོད་ཐམས་ཅད་ཀྱིས་མུན་པ་མྱེད་པའི་ཡེ་ཤེས་འབྱམ་ཀླས་པ་ལས་ཕྱིར་མྱི་ལྡོག་པར་བྱ་བའི་ཕྱིར་ཤེས་རབ་ ཉེ་བར་བསྒྲུབ་པ་མཛད་དོ། །བྱང་ཆུབ་སེམས་དཔའ་དེ་ཐབས་མཁས་པ་འཇིག་རྟེན་ཐམས་ཅད་ལས་འཕགས་པས་སེམས་ཅན་འདུལ་བ་ལ་བསྒྲིབ་པ་མྱེད་པར་བྱ་བའི་ཕྱིར་ཡེ་ཤེས་ཉེ་བར་ བསྒྲུབ་པ་མཛད་དོ། །བྱང་ཆུབ་སེམས་དཔའ་དེ་ཆོས་ཀྱི་རྒྱུད་མཐའ་ཡས་པ་བརྗོད་པ་ལ་ཟད་མྱི་ཤེས་པ་ཐ་དད་པ་ཡང་དག་པར་ཤེས་པ་སྐྱོད་པའི་ཕྱིར་སྤོབས་པ་ཉེ་བར་བསྒྲུབ་པ་མཛད་དོ། །བྱང་ ཆུབ་སེམས་དཔའ་དེ་འགྲོ་བ་ཐམས་ཅད་དུ་ལུས་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པའི་རྒྱུ་དེ་དང་ཁ་དོག་མཐའ་ཡས་པ་རྣམ་པ་ཐ་དད་པ་རྣམ་པར་སྟོན་པར་བྱ་བའི་ཕྱིར་སྤྲུལ་པ་ཉེ་བར་བསྒྲུབ་ 74-1-251b པ་མཛད་དོ། །བྱང་ཆུབ་སེམས་དཔའ་དེ་སེམས་ཅན་སྣ་ཚོགས་ཐམས་ཅད་ལ་དབྱངས་ཀྱི་ཡན་ལག་དང་ལྡན་པའི་སྒྲ་དབྱངས་དང་སྐད་སྣ་ཚོགས་བསྟན་པར་བྱ་བའི་ཕྱིར་ལྕེ་ཡངས་པ་ཉེ་བར་བསྒྲུབ་པ་མཛད་དོ། ། བྱང་ཆུབ་སེམས་དཔའ་དེ་མཐོང་མ་ཐག་ཏུ་སྟོན་པ་དང་། ཐོས་པར་བྱས་པས་སེམས་ཅན་ཐམས་ཅད་ལ་ཡོངས་སུ་སྨྱིན་པར་བྱ་བ་ལ་རྨོངས་པ་མྱེད་པར་བྱ་བ་ཕྱིར་ཉེ་བར་བསྒྲུབ་པ་མཛད་དོ། ། བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་ཡོངས་སུ་གྲུབ་པ་ཡིན། ཡོངས་སུ་གྲུབ་ནས་ཡང་ཐམས་ཅད་མཁྱེན་པའི་སྒོ་ཡོངས་སུ་རྫོགས་པར་བྱ་བས་དེ་བཞིན་ གཤེགས་པའི་རིགས་ལ་འཇུག་གོ། །འབྱུང་བའི་སྒོ་ཡོངས་སུ་དག་པར་བྱེད་དོ། །ཆགས་པ་མྱེད་པའི་སྒོས་ཡོངས་སུ་འབྱུང་བར་བྱེད་དོ། །སེམས་ཅན་ཐམས་ཅད་འབྱུང་བའི་སྒོ་ཡོངས་སུ་བརྩོམ་ ཞིང་བྱིན་གྱི་བརློབས་པོ། །ཆོས་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པའི་སྒོ་ཡང་དག་པར་སྟོན་ཏོ། །ཆོ་འཕྲུལ་གྱི་སྒོ་ཚད་མྱེད་པས་སེམས་ཅན་འདུལ་བ་ལ་རབ་ཏུ་འཇུག་གོ། །བྱང་ཆུབ་སེམས་དཔའ་ ཀུན་ཏུ་བཟང་པོའི་སྤྱོད་པའི་རྣམ་པ་ལ་རབ་ཏུ་མཁས་པར་སྦྱོང་ངོ་། །སངས་རྒྱས་ཐམས་ཅད་ཀྱི་ཁྱུ་མཆོག་གི་མཐུ་ཕྱུང་བ་ལ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པས་ཡང་དག་པར་འབྱུང་ ངོ་། །ཕྱི་མའི་མཐའི་མུར་ཐུག་པའི་འགྲོ་བ་ཐམས་ཅད་གདུལ་བའི་ཕྱིར་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་འགྲོ་བ་ཐམས་ཅད་གདུལ་བའི་མཐར་ ཐུག་པར་བྱིན་གྱིས་བརླབས་ཀྱི་བྱིན་ཏུ་རློབ་པོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྨོན་ལམ་གྱི་ཁྱད་པར་དེ་ལྟ་བུ་དང་ལྡན་པས་ཡོངས་སུ་གྲུབ་པར་གྲུབ་ན། འཇིག་རྟེན་ཐམས་ 74-1-252a ཅད་ཀྱི་སློབ་དཔོན་དུ་གྱུར་པ་ཡིན། ཆོས་ཀྱི་ཉི་མ་འཇིག་རྟེན་དུ་ཤར་བ་ཡིན། ཡེ་ཤེས་ཀྱི་བླ་མ་འཇིག་རྟེན་ཐམས་ཅད་དུ་སྣང་བར་བྱུང་བ་ཡིན། ཡེ་ཤེས་དམ་པའི་རི་རབ་མྱི་གཡོ་བ་འཇིག་ རྟེན་ཐམས་ཅད་ལས་མངོན་པར་འཕགས་པ་ཡིན། ཡེ་ཤེས་ཀྱི་རྒྱ་མཚོ་ཚད་མྱེད་པ་འཇིག་རྟེན་ཐམས་ཅད་དུ་ཡང་དག་པར་གནས་པ་ཡིན། བསྒྲུབ་པ་རྒྱུན་མྱི་ཆད་པས་འཇིག་རྟེན་ཐམས་ཅད་དུ་ ཆོས་ཀྱི་ནན་ཏན་བྱེད་པ་ཡིན། འཇིག་རྟེན་གྱི་ཁམས་ས་མཚམས་མྱེད་པ་ཐམས་ཅད་དུ་རབ་ཏུ་སྣང་བ་ཡིན། རྣམ་པར་དག་པ་ཡངས་ཤིང་མཐའ་ཡས་པ་འགྲོ་བ་ཐམས་ཅད་དུ་བརྗོད་པ་ཡིན། སེམས་ཅན་གྱི་ཁམས་མཐའ་དང་དབུས་མྱེད་པ་དགེ་བའི་རྩ་བ་དང་བསོད་ནམས་ཀྱི་རྒྱུད་དང་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སྨོན་ལམ་ཆེན་པོ་རབ་ཏུ་བརྩོན་པར་གཞོག་པ་ཡིན། ཀུན་ ཏུ་བཟང་པོས་སྤྱོད་པའི་བརྩོན་འགྲུས་ཡངས་པ་རྒྱ་ཆེན་པོའི་སྨོན་ལམ་ཆེན་པོ་ལ་རབ་ཏུ་གཞོག་པ་ཡིན། སྤྱོད་པ་ཆེན་པོ་དང་ཏིང་ངེ་འཛིན་ཡངས་པའི་རྣམ་པར་འཕྲུལ་པ་བརྗོད་དུ་མྱེད་པའི་ཡང་ བརྗོད་དུ་མྱེད་པ་ལ་སེམས་ཅན་གྱི་ཁམས་ཡང་དག་པར་གཞོག་ཅིང་རབ་ཏུ་སྦྱོར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དེ་ལྟ་བུའི་ངང་ཚུལ་ཅན་དེ་ལྟ་བུའི་ཡེ་ཤེས་ཅན། དེ་ལྟ་བུའི་ཆོས་ཐོབ་པར་ གྱུར་པ། དེ་ལྟ་བུའི་ཆོས་ཀྱི་སྣང་བར་གྱུར་པ། དེ་ལྟ་བུའི་ཆོས་ལ་གནས་པ། ཆོས་དེ་ལྟ་བུ་མཐོང་བར་གྱུར་པ། མངོན་པར་ཤེས་པ་དེ་ལྟ་བུའི་ཡིད་དང་ལྡན་པ། ཆོ་འཕྲུལ་དམ་པ་དེ་ལྟ་བུ་ དང་ལྡན་པ། ཆོ་འཕྲུལ་མཆོག་ཏུ་བྱ་བ་ཕུལ་དུ་བྱུང་བ་དེ་ལྟ་བུས་ཡང་དག་པར་བསྒྲུབ་པ། རྟག་ཏུ་བརྩོན་པའི་སྙིང་རྗེ་ཆེན་པོས་མངོན་པར་འཕགས་པ། ཆོས་ཀྱི་དོན་བཟང་པོ་ལ་རྟག་ཏུ་རྒྱུན་ 74-1-252b མྱི་འཆད་པར་བརྩོན་པ། བདེ་བའི་ལམ་ཡང་དག་པར་སྟོན་པ། བསོད་ནམས་ཆེན་པོ་དང་ཡེ་ཤེས་ཡངས་པའི་འོད་ཟེར་གྱི་རྒྱལ་མཚན་དུ་གྱུར་པ། རྣམ་པར་ཐར་པ་བསམ་གྱིས་མྱི་ཁྱབ་པ་ཤིན་ཏུ་ ཐོབ་པ། ཐམས་ཅད་མཁྱེན་པའི་ཡུལ་ལ་དོན་ཡོད་པར་རྗེས་སུ་སོང་བ། སངས་རྒྱས་ཀྱི་རྣམ་པར་ཐར་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ། རྣམ་པར་ཐར་པའི་ཚུལ་ཤིན་ཏུ་ཕྲ་བ། བསམ་གྱིས་མི་ཁྱབ་ པ་རབ་ཏུ་སྒོམས་པ། ཆོས་ཀྱི་དབྱིངས་ཀྱི་རྒྱུད་དང་། ཚུལ་རྨོངས་པ་མྱེད་པར་ཁོང་དུ་ཆུད་པ། ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་ལ་རྣམ་པར་བརྩེ་ཞིང་བརྗོད་ པ། སིང་གེ་བསྒྱིངས་པའི་ཡེ་ཤེས་ཀྱིས་གྲུབ་པ་ལ་ཤིན་ཏུ་གནས་པ། སེམས་དང་ཡིད་རྣམ་པར་ཤེས་པ་ལ་ཆགས་པ་མྱེད་པ་རྣམས་ཀྱི་ཆོས་ཀྱི་བསམ་པ་དང་། ལྷག་པའི་བསམ་པ་རབ་ཏུ་ ཡངས་པ་ཆེན་པོ་བཅུ་འབྱུང་ངོ་། །བཅུ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཐམས་ཅད་རྗེས་སུ་དྲན་པས་གནས་པ་ཡིན། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཚད་མྱེད་ པ་ལ་གནས་པ་ཡིན། སེམས་ཅན་ཐམས་ཅད་འདུལ་བའི་སྙིང་རྗེ་ཆེན་པོས་གནས་པ་ཡིན། ཞིང་རྣམ་པར་དག་པའི་གནས་བསམ་གྱིས་མྱི་ཁྱབ་པའི་ཕྱིར་གནས་པ་རྣམ་པར་དག་པས་གནས་པ་ ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡུལ་ལ་མོས་པ་རྣམ་པར་དག་པས་གནས་པ་ཡིན། འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཐ་དད་ པར་མྱི་བྱེད་པས་གནས་པ་ཡིན། ཆགས་པ་མྱེད་པའི་མཐའ་སྒྲིབ་པ་མེད་པའི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དང་། རང་བཞིན་མཚན་ཉིད་མྱེད་པས་གནས་པ་ཡིན། དེ་བཞིན་གཤེགས་པ་ 74-1-253a ཐམས་ཅད་ཀྱི་དགེ་བའི་རྩ་བ་འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བ་ཐམས་ཅད་དང་རྒྱུད་ཀྱི་ཚུལ་གཅིག་ཏུ་གྱུར་པས་གནས་པ་ཡིན། དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི་སྐུའི་ཕྲིན་ལས་དང་གསུང་གི་ཕྲིན་ལས་དང་། ཐུགས་ཀྱི་ཕྲིན་ལས་འདས་པ་དང་མ་བྱུང་བ་དང་། ད་ལྟར་བྱུང་བ་མྱེད་པའི་ཆོས་ཀྱི་དབྱིངས་ཤིན་ཏུ་སྟོན་པའི་ཡེ་ཤེས་སྔོན་དུ་འགྲོ་བའི་གནས་པ་ ཡིན། དེ་བཞིན་གཤེགས་པ་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བ་ཐམས་ཅད་ཀྱི་སྐྱེ་བ་དང་། མངོན་པར་འབྱུང་བ་དང་། སྙིང་པོ་བྱང་ཆུབ་ཏུ་གཤེགས་པ་དང་། མངོན་པར་འཚང་རྒྱ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདའ་བ་དུས་རྣམ་པ་ཉིད་དུ་ཐུགས་སུ་ཆུད་པ། སྐད་ཅིག་གཅིག་གི་མཐར་འཇུག་པ་ཡིན་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་ པ་དེ་དག་ནི་ཚད་མྱེད་པ། ཤིན་ཏུ་ཡངས་པ་བགྲང་དུ་མྱེད་པ་གཞལ་དུ་མྱེད་པ། ཟད་མི་ཤེས་པ་བརྗོད་པར་དཀའ་བ། བསམ་གྱི་མི་ཁྱབ་པ་བརྗོད་དུ་མྱེད་པ། བཟོད་པར་དཀའ་བ། འགྲོ་བ་ཐམས་ ཅད་ཀྱིས་མྱི་འཕྲོགས་པ་དག་སྟེ། ཆོས་ཐམས་ཅད་ཀྱི་ཡེ་ཤེས་རབ་ཏུ་བསྒྲུབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་དག་ལྷག་པའི་བསམ་པ་དེ་ལྟ་བུས་གནས་སོ། །དེ་དག་གི་བྱང་ཆུབ་སེམས་དཔའ་ དེ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་ཡིན་ཏེ། ཆོས་རྣམ་པར་དག་པར་ཡང་རབ་ཏུ་ཐོབ་བོ། །བསམ་པའི་སྟོབས་ཀྱང་རྣམ་པར་འཕེལ་བར་བྱེད་དོ། །སེམས་ ཅན་རྣམས་ལ་དགེ་བའི་རྩ་བ་ཚད་མྱེད་པ་ཡང་ཡང་དག་པར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྟོབས་ཀྱང་རྣམ་པར་འཕེལ་བར་བྱེད་དོ། །བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་མི་ཁོམ་པ་ཁོམ་པར་ 74-1-253b བྱེད་པ་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་བྱེད་དོ། །ཤིན་ཏུ་འབྱུང་བའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཡོངས་སུ་གྲུབ་པ་ཡང་རབ་ཏུ་ཐོབ་པོ། །སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་ བཟུངས་ཀྱི་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་ཡང་དག་པར་འཛིན་ཏོ། །འདོད་ཆགས་དང་བྲལ་བའི་མཐར་སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཡང་དག་ པར་བལྟའོ། །ཚིག་གི་ལམ་གྱིས་རྒྱུད་ཀྱི་སེམས་ཅན་ཐམས་ཅད་འདུལ་བ་ཡོངས་སུ་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཏིང་ངེ་འཛིན་རྒྱ་ཆེན་པོ་དེ་ལྟ་བུ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ ཉིད་དེ། དེས་བྱང་ཆུབ་སེམས་དཔའ་དེ་སངས་རྒྱས་ཀྱི་ཡེ་ཤེས་འབྱམ་ཀླས་པ་ཐམས་ཅད་ལ་མཆོག་ཏུ་བྱ་བར་རབ་ཏུ་ཐོབ་པོ། །དེའི་ཕྱིར་ཆོས་འབྱམ་ཀླས་པ་ཐམས་ཅད་སྟོན་པ་ལ་མཁས་པའི་ཐ་ དད་པ་ཡང་དག་པར་ཤེས་པ་རབ་ཏུ་ཐོབ་བོ། །དེའི་ཕྱིར་འཇིག་རྟེན་ཐམས་ཅད་དུ་ཆོས་ཀྱི་དམ་པ་འཇིགས་པ་མྱེད་པ་རྣམ་པར་དག་པ་རབ་ཏུ་ཐོབ་པོ། །དེའི་ཕྱིར་ཏིང་ངེ་འཛིན་ཐམས་ཅད་ཀྱི་རྗེས་སུ་འགྲོ་ བའི་ཡེ་ཤེས་རབ་ཏུ་ཐོབ་པོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའི་ཚུལ་ཐམས་ཅད་ལ་མཁས་པའི་དམ་པར་རབ་ཏུ་ཐོབ་པོ། །དེའི་ཕྱིར་ཚུལ་ཐམས་ཅད་ཀྱི་རྒྱན་རབ་ཏུ་ཐོབ་པོ། །དེའི་ཕྱིར་འཇིག་རྟེན་ ཐམས་ཅད་དུ་ཆོས་ཀྱི་དབུགས་ཕྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པར་འགྱུར་རོ། །དེའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་དུས་དང་དུས་མ་ཡིན་པ་རབ་ཏུ་ཤེས་སོ། །དེའི་ཕྱིར་འཇིག་རྟེན་གྱིས་ཁམས་ ཐམས་ཅད་སྣང་བར་བྱ་བ་རབ་ཏུ་ཤེས་སོ། །དེའི་ཕྱིར་སེམས་ཅན་ཐམས་ཅད་ལ་སྒྲིབ་པ་མྱེད་པའི་ཡེ་ཤེས་ཁོང་དུ་ཆུད་པར་འགྱུར་རོ། །དེའི་ཕྱིར་དོན་ཐམས་ཅད་བསྒྲུབ་པར་ཡོན་ཏན་ཐམས་ཅད་ 74-1-254a ལ་ཡན་ལག་རབ་ཏུ་གནས་པར་འགྱུར་རོ། །དེའི་ཕྱིར་ཐེག་པའི་དམ་པ་རབ་ཏུ་བརྩོན་པར་བྱས་ཏེ། སེམས་ཅན་ཐམས་ཅད་ལ་མཉམ་པར་གཞག་པ་རྣམ་པར་དག་པ་རབ་ཏུ་བརྗོད་དོ། །དེ་ ཅིའི་ཕྱིར་ཞེ་ན། དེ་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་ལ་གནས་པ་སྙིང་རྗེ་ཆེན་པོ་དེ་ལྟ་བུ་རྣམ་པར་འཕེལ་བར་བྱེད་པ་དང་། དགེ་བའི་བཤེས་གཉེན་བསྟེན་པར་འདོད་པ། སངས་རྒྱས་ཐམས་ ཅད་བལྟ་བར་འདོད་པ། ཆོས་ཐམས་ཅད་སྣང་བར་བྱ་བར་འདོད་པ། ཞིང་ཐམས་ཅད་ཏུ་འགྲོ་བར་འདོད་པས་བགྲོད་པ། ཕྱོགས་ཐམས་ཅད་དུ་རྒྱུ་བར་འདོད་པ། དུས་གསུམ་མཉམ་པ་ཉིད་ཁོང་དུ་ཆུད་ པར་འདོད་པ། ཆོས་ཐམས་ཅད་མཉམ་པ་ཉིད་མངོན་པར་འཚང་རྒྱ་བར་འདོད་པ། སངས་རྒྱས་མཉམ་པ་ཉིད་ལ་རབ་ཏུ་གནས་པར་འདོད་པ། ཡེ་ཤེས་མཉམ་པ་ཉིད་ལ་འདུས་པར་འདོད་པས་ ཆོས་འདི་དག་ལ་ལས་དེ་ལྟ་བུར་བརྩོན་ཞིང་ལས་གཞན་མྱེད་པ་དང་། དོན་ཤེས་པ་དང་། སེམས་མ་འཁྲུགས་པ་དང་། ཡིད་རྩེ་གཅིག་ཏུ་གྱུར་པ་དང་། དེ་ལྟར་གནས་པ་ལ་བརྩོན་པ་དང་། དེ་ལྟར་ ཁོང་དུ་ཆུད་པའི་ཡིད་དང་། དེ་ལྟར་མཉམ་པའི་སེམས་དང་། དེ་ལྟ་བུའི་ཡིད་བདེ་བ་དང་། དེ་ལྟར་ལས་སུ་རུང་བ་དང་། དེ་ལྟར་བརྩོན་པ་དང་། དེ་ལྟར་མཐར་འབྱིན་པ་དང་། དེ་ལྟར་རྣམ་པར་སྤྱོད་ པ་དང་། ནན་ཏན་དུ་བྱ་ཞིང་མངོན་པར་བསྒྲུབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ནི་ལེགས་པར་སྨྲ་བ་ཡིན། བྱང་ཆུབ་སེམས་དཔའ་རྣམས་ནི་གཞན་དུ་སྨྲ་བ་མ་ཡིན་ ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་ཇི་སྐད་དུ་སྨྲས་པ་དེ་བཞིན་དུ་བྱེད་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ་དཔེར་ན། རྡོ་རྗེ་གཅིག་ཏུ་མྱི་རུང་བར་རྗོད་པ་སྟེ། མྱི་ཚོགས་པའི་རང་བཞིན་ཡོངས་སུ་ 74-1-254b མི་སྟོང་ངོ་། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཆོས་འདི་དག་ལས་བརྗོད་པ་སྟེ་འདི་ལྟ་བུའི་ཆོས་ལ་གནས་པ་ཡོངས་སུ་མི་གཏོང་ངོ་། །འདི་ལྟ་སྟེ་དཔེར་ན། གསེར་ནི་ཁ་དོག་ཤིན་ཏུ་བཟང་བར་བརྗོད་ པ་སྟེ། གསེར་གྱི་ཁ་དོག་བཟང་པོས་རྣམ་པར་དག་པ་ཡོངས་སུ་མྱི་གཏོང་ངོ་། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་དེ་ལྟར་དགེ་ཞིང་བཟང་བའི་ཆོས་ཀྱིས་བརྗོད་པ་སྟེ། དེ་ལྟར་དགེ་ཞིང་བཟང་པོའི་ ཆོས་ལ་གནས་པ་ཡོངས་སུ་མི་གཏོང་ངོ་། །འདི་ལྟ་སྟེ་དཔེར་ན། ལྷའི་བུ་ཉི་མ་ནི་སྣང་བའི་དཀྱིལ་འཁོར་གྱིས་བརྗོད་པ་སྟེ། སྣང་བ་ཡོངས་སུ་མྱི་གཏོང་ངོ་། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་འགྲོ་ བ་ཐམས་ཅད་དུ་སྣང་བས་བརྗོད་པ་སྟེ། བྱང་ཆུབ་སེམས་དཔའི་སྣང་བ་ཡོངས་སུ་མྱི་གཏོང་ངོ་། །འདི་ལྟ་སྟེ་དཔེར་ན། རིའི་རྒྱལ་པོ་རི་རབ་ནི་རིན་པོ་ཆེ་བཞིའི་ཕུང་པོ་རྒྱ་མཚོ་ལས་ཤིན་ཏུ་འཕགས་ པར་བརྗོད་པ་སྟེ། རྒྱ་མཚོ་ལས་འཕགས་པ་ཡོངས་སུ་མྱི་གཏོང་ངོ་། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་འཇིག་རྟེན་ཐམས་ཅད་ལ་དགེ་བའི་རྩ་བས་ཤིན་ཏུ་འཕགས་པར་བརྗོད་པ་སྟེ། འཇིག་ རྟེན་ཐམས་ཅད་ལས་ཤིན་ཏུ་འཕགས་པ་ཡོངས་སུ་མི་གཏོང་ངོ་། །འདི་ལྟ་སྟེ་དཔེར་ན། ས་ཆེན་པོ་ནི་འགྲོ་བ་ཐམས་ཅད་ཡོངས་སུ་སྟོན་པར་བརྗོད་པ་སྟེ། རྟེན་པའི་རང་བཞིན་ཡོངས་སུ་མྱི་གཏོང་ ངོ་། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་འགྲོ་བ་ཐམས་ཅད་ཡོངས་སུ་འགྲེལ་པས་བརྗོད་པ་སྟེ། སྙིང་རྗེ་ཆེན་པོ་ཡོངས་སུ་མྱི་གཏོང་ངོ་། །འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་ནི་རིན་པོ་ཆེ་ ཐམས་ཅད་ཀྱི་འབྱུང་གནས་སུ་བརྗོད་པ་སྟེ། རྒྱ་མཚོའི་ཆུ་ཡོངས་སུ་མྱི་གཏོང་ངོ་། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་དགེ་བའི་རྩ་བ་ཐམས་ཅད་ཀྱི་འབྱུང་གནས་སུ་བརྗོད་པ་སྟེ། སེམས་ 74-1-255a ཅན་ཐམས་ཅད་ཡོངས་སུ་དགྲོལ་བའི་སྨོན་ལམ་ཡོངས་སུ་མྱི་གཏོང་ངོ་། །འདི་ལྟ་སྟེ་དཔེར་ན། འཕོང་གི་སློབ་དཔོན་ནི་མདའ་གཞུ་དང་འཕོང་ལ་ཟོ་བདོག་བདེ་བས་ཇི་སྲིད་དུ་མདའ་གཞུ་ དང་ལྡན་ཞིང་མདའ་གཞུ་ལ་བརྩོན་པས་བརྗོད་པར་བྱ་སྟེ། འཕོང་གི་ཚུལ་དུ་བྱ་བ་ཡོངས་སུ་མི་གཏོང་ངོ་། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཇི་ཙམ་དུ་ཏིང་ངེ་འཛིན་གྱི་སྒོ་དང་། ཡུལ་གྱི་རྣམ་པ་ འདི་ལྟ་བུ་ལ་མངོན་པར་བརྩོན་ཞིང་ཡོངས་སུ་བསྒྲུབ་པ་དེ་ཙམ་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་སྣང་བར་འགྱུར་བ་ཡིན། འདི་ལྟ་སྟེ་དཔེར་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ནི་ཇི་ཙམ་དུ་ཚེ་རིང་ བ་དེ་ཙམ་དུ་བདེ་བ་ཡོད་པ་ཡིན། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཇི་ཙམ་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་རྣམ་པ་འདི་ལྟ་བུའི་ཏིང་ངེ་འཛིན་ཆེན་པོ་ལ་སྙོམས་པར་འཇུག་པ་དེ་ཙམ་དུ་ སེམས་ཅན་གྱི་ཁམས་རྣམ་པར་དག་པར་འགྱུར་རོ། །ཤིན་ཏུ་རྣམ་པར་དག་པ་ཡང་དག་པར་ཐོབ་བོ། །འདི་ལྟ་སྟེ་དཔེར་ན། ཇི་ཙམ་དུ་ས་བོན་བཏབ་པ་དེ་ཙམ་དུ་རྣམ་པར་འཕེལ་ལོ། །དེ་བཞིན་དུ་བྱང་ ཆུབ་སེམས་དཔའ་ཡང་ཅི་ཙམ་དུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་བརྩོན་པ་དེ་ཙམ་དུ་སེམས་ཅན་གྱི་ཁམས་རྣམས་དགེ་བའི་རྩ་བ་ལ་རྣམ་པར་དག་པར་འགྱུར་རོ། །འདི་ལྟ་སྟེ་དཔེར་ ན། སྤྲིན་ཆེན་པོ་ནི་ཇི་ཙམ་དུ་ཆར་འབེབ་པ་དེ་ཙམ་དུ་དབྱར་གྱི་དུས་ལ་ས་བོན་རྣམ་པར་འཕེལ་བར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཇི་ཙམ་དུ་ཆོས་ཀྱི་སྤྲིན་གྱི་ཆར་འབེབས་ཤིང་ བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་དང་། རྣམ་པ་འདི་ལྟ་བུའི་ཏིང་ངེ་འཛིན་ཆེན་པོ་ལ་སྙོམས་པར་འཇུག་པ་དེ་ཙམ་དུ་སེམས་ཅན་རྣམས་ཤིན་ཏུ་རྣམ་པར་དག་པར་འགྱུར་ཏེ། ཤིན་ཏུ་མཐར་ 74-1-255b ཐུག་པར་འགྱུར་བ་དང་། ཤིན་ཏུ་བདེ་བ་ཕུན་སུམ་ལྡན་པ་དང་། མཆོག་ཏུ་བྱ་བ་ཤིན་ཏུ་འཐོབ་པ་དང་། ཕ་རོལ་ཏུ་ཕྱིན་པ་དང་། འཇིག་རྟེན་ཐམས་ཅད་ཤིན་ཏུ་ཚིམ་པར་བྱེད་པ་དང་། སྐྱེ་དགུ་ ཐམས་ཅད་ཀྱི་བྱ་བ་ཐམས་ཅད་ལ་ཐེ་ཙོམ་ཤིན་ཏུ་གོམ་པ་དང་། སྦྱིན་སྲེགས་ཡོངས་སུ་སྤྱོད་པས་བསོད་ནམས་རྨད་དུ་བྱུང་བ་དང་། ཕྱིར་མྱི་ལྡོག་པའི་འཁོར་ལོ་ལ་རབ་ཏུ་གཞོག་པའི་ ཐམས་ཅད་མཁྱེན་པ་ཉིད་དུ་སྐལ་བ་ཤིན་ཏུ་མཉམ་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ཁམས་གསུམ་ལས་བསྒྲལ་བའི་ཕྱིར་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པར་བྱེད་པ་ཡིན། ཐམས་ཅད་ མཁྱེན་པའི་ཡེ་ཤེས་ལ་སེམས་ཅན་རྣམས་དགོད་པའི་ཕྱིར་ཆོས་ཀྱི་འཁོར་ལོས་བསྒྱུར་བ་དམ་པར་འགྱུར་བ་ཡིན། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱི་ཆོས་ཀྱི་དབྱིངས་རྣམ་པར་ཕྱེ་ བ་སྟེ། བསམ་གྱིས་མྱི་ཁྱབ་པའོ། །ཚད་མྱེད་པའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་པར་སྤྱོད་པའོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱིར་ཡེ་ཤེས་སྦྱོང་བའོ། །ཡོངས་སུ་འདུལ་བས་སེམས་ཅན་ སྦྱོང་བའོ། །ཡོངས་སུ་བསྔོ་བས་ཞིང་སྦྱོང་བའོ། །རབ་ཏུ་གཞོག་པས་ཆོས་སྦྱོང་བའོ། །ཞུམ་པ་མྱེད་པས་མི་འཇིགས་པ་སྦྱོང་བའོ། །རབ་ཏུ་བསྟན་པ་ཐ་དད་པ་ཡང་དག་པར་ཤེས་པ་སྦྱོང་བའོ། །ཤིན་ཏུ་ བསྟན་པས་ཆོས་སྦྱོང་བའོ། །ཆོས་ཐམས་ཅད་ལས་ཕྱིར་མྱི་ལྡོག་པར་གཟུངས་སྦྱོང་བའོ། །སངས་རྒྱས་ཀྱི་འབྱུང་བ་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་བསྟན་པ་སྦྱོང་བའོ། །དེ་ལྟར་བྱང་ཆུབ་ སེམས་དཔའ་ཏིང་ངེ་འཛིན་འདི་ལ་གནས་པ་ནི་ཡོན་ཏན་འདི་དག་དང་། གཞན་ཡང་ཡོངས་སུ་དག་པ་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་རབ་ཏུ་ཐོབ་པོ། །ཏིང་ངེ་འཛིན་ཆེན་ 74-1-256a པོའི་དཀྱིལ་འཁོར་འདི་དག་གི་དབང་དང་། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་། རང་གི་དགེ་བའི་རྩ་བའི་རྒྱུའི་སྟོབས་དང་། ཡེ་ཤེས་ཀྱི་སས་སྒྲོལ་བའི་མཐུ་དང་། དགེ་ བའི་བཤེས་གཉེན་གྱིས་ཉེ་བར་བརྟེན་པའི་སྟོབས་དང་། བདུད་ཀྱི་ལས་ཐམས་ཅད་རབ་ཏུ་འཇོམས་པའི་མཐུ་དང་། དགེ་བའི་ལས་སྐལ་པ་མཉམ་པ་རྣམས་ཀྱི་གཞུང་གཅིག་པའི་མཐུ་དང་སྨོན་ལམ་ རྣམས་ཀྱི་དག་པའི་སྟོབས་དང་། ཇི་ལྟར་བསྐྱེད་པའི་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྒྲུབ་པའི་སྟོབས་དང་། འཇིག་རྟེན་ལས་འདས་པའི་བསོད་ནམས་ཐུབ་པ་མྱེད་ཅིང་ཟད་མྱི་ཤེས་པའི་མཐུ་དེ་ ལྟར་སྙོམས་པར་འཇུག་པ་ལ་གནས་པ་ནི། ཡོན་ཏན་མཚུངས་པ་མཉམ་པ་བཅུས་སངས་རྒྱས་འདས་པ་དང་། མ་བྱོན་པ་དང་ད་ལྟར་བྱུང་བའི་ཐམས་ཅད་མཚུངས་པ་མཉམ་པ་ཡིན་ཏེ། བཅུ་ གང་ཞེ་ན། འདི་ལྟར་གཟུགས་དང་མཚན་དང་དཔེ་བྱད་བཟང་པོས་སྣ་ཚོགས་ཀྱི་བྱང་ཆུབ་སེམས་དཔའ་མཚུངས་པ་མཉམ་པ་ཡིན། འོད་དང་འོད་ཟེར་གྱིས་དྲ་བ་རབ་ཏུ་འགྱེད་པ་རྣམ་པར་དག་ པས་བྱང་ཆུབ་སེམས་དཔའ་མཚུངས་པ་མཉམ་པ་ཡིན། རྫུ་འཕྲུལ་དང་རྣམ་པར་འཕྲུལ་བ་དང་། སྤྲུལ་པ་སེམས་ཅན་འདུལ་བའི་ཚུལ་བཞིན་དུ་སྟོན་པས། བྱང་ཆུབ་སེམས་དཔའ་མཚུངས་ པ་མཉམ་པ་ཡིན། ལུས་ཚད་མྱེད་པ་དང་། ཁ་དོག་མཐའ་ཡས་པ་དང་། དབྱངས་ཐམས་ཅད་རྣམ་པར་དག་པས། བྱང་ཆུབ་སེམས་དཔའ་མཚུངས་པ་མཉམ་པ་ཡིན། སངས་རྒྱས་ཀྱི་ཞིང་རྣམ་ པར་དག་པ་བྱིན་གྱིས་བརློབ་ཅིང་སེམས་ཅན་གྱི་ལས་དང་སྤྱོད་པ་ཇི་ལྟ་བ་བཞིན་དུ་རྣམ་པར་དམྱིགས་པ་ཡང་དག་པར་སྟོན་པས་བྱང་ཆུབ་སེམས་དཔའ་མཚུངས་པ་མཉམ་པ་ཡིན། སེམས་ཅན་ 74-1-256b ཐམས་ཅད་ཀྱི་ཐ་སྙད་གཟུངས་དམ་པའི་འཛིན་པའི་མཐུ་དང་དྲན་པ་ཉམས་པ་མྱེད་པའི་མཐར་ཐུག་པར་གནས་པར་བྱང་ཆུབ་སེམས་དཔའ་མཚུངས་པ་མཉམ་པ་ཡིན། ཐ་དད་པ་ཡང་དག་པར་ཤེས་ པ་མྱི་ཟད་པས་སེམས་ཅན་ཐམས་ཅད་ཀྱི་སྒྲ་སྐད་ཤེས་པས། སྟོན་ཅིང་ཆོས་ཀྱི་འཁོར་ལོ་བསྐོར་བས་བྱང་ཆུབ་སེམས་དཔའ་མཚུངས་པ་མཉམ་པ་ཡིན། མྱི་འཇིགས་པས་བག་ཚ་བ་མྱེད་པར་ སེང་གེའི་ང་རོ་སྒྲོག་ཅིང་ཆོས་དང་མཐུན་པར་སེམས་ཅན་ཁོང་དུ་ཆུད་པར་བྱེད་པས། བྱང་ཆུབ་སེམས་དཔའ་མཚུངས་པ་མཉམ་པ་ཡིན། དུས་གསུམ་གྱི་ཚིག་ལམ་ལ་འཇུག་པ་སྐད་ཅིག་གི་མཐར་ འཇུག་པར་བྱེད་པས་བྱང་ཆུབ་སེམས་དཔའ་མཚུངས་པ་མཉམ་པ་ཡིན། སངས་རྒྱས་ཀྱི་སྟོབས་དང་དེ་བཞིན་གཤེགས་པའི་ཡུལ་རྣམ་པར་ཕྱེ་བ་སེམས་ཅན་རྣམས་ལ་ཡང་དག་པར་སྟོན་པས། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་དང་མཚུངས་པ་མཉམ་པ་ཡིན། དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་མྱིག་གིས། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་ སྨྲས་སོ། །ཀྱེ་རྒྱལ་བའི་སྲས་དེ་ལྟར་བྱང་ཆུབ་སེམས་དཔའ་དེ་རྣམ་པ་དེ་ལྟ་བུ་དེ་དག་དང་ལྡན་པས་དེ་བཞིན་གཤེགས་པ་ཐམས་ཅད་དང་མཚུངས་པ་མཉམ་པ་ཡིན་ན། ཅིའི་ཕྱིར་སངས་རྒྱས་མ་ ཡིན། ཅིའི་ཕྱིར་སྟོབས་བཅུ་པ་མ་ཡིན། ཅིའི་ཕྱིར་ཐམས་ཅད་མཁྱེན་པ་མ་ཡིན། ཅིའི་ཕྱིར་ཀུན་ཏུ་གཟིགས་པ་མ་ཡིན། ཅིའི་ཕྱིར་ཐམས་ཅད་ཀྱི་དཀྱིལ་འཁོར་ལ་སྒྲིབ་པ་མྱི་མངའ་བར་ གཟིགས་པ་མ་ཡིན། ཅིའི་ཕྱིར་ཆོས་ཐམས་ཅད་མངོན་པར་སངས་རྒྱས་པ་མ་ཡིན། ཅིའི་ཕྱིར་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་དང་མྱི་གཉིས་པར་སྤྱོད་པ་མ་ཡིན། 74-1-257a ཅིའི་ཕྱིར་གནས་པའི་མཐར་གྱུར་བའི་ཡེ་ཤེས་དང་ལྡན་པ་མ་ཡིན། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་སྨོན་ལམ་རྒྱུན་གཅོད་པ་མ་ཡིན། ཅིའི་ཕྱིར་ཆོས་ཀྱི་དབྱིངས་ ཀྱི་མཐར་ཐུག་པ་མ་ཡིན། ཅིའི་ཕྱིར་བྱང་ཆུབ་སེམས་དཔའི་རྒྱུད་ཉེ་བར་ལེན་པ་བཏང་སྙོམས་སུ་མྱི་གཞོག །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས། བྱང་ཆུབ་སེམས་དཔའ་ཀུན་ཏུ་མྱིག་ ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་ཁྱོད་དེ་སྐད་དུ་གལ་ཏེ། བྱང་ཆུབ་སེམས་དཔའ་དེ་དེ་བཞིན་གཤེགས་པ་ཐམས་ཅད་དང་མཚུངས་པ་མཉམ་པ་ཡིན་ན། ཅིའི་ཕྱིར་སངས་རྒྱས་མ་ཡིན་ཞེས་ ཟེར་དེ་ཇི་སྐད་སྨྲས་པ་དེ་བཞིན་ཏེ་ལེགས་སོ་ལེགས་སོ། །ཀྱེ་རྒྱལ་བའི་སྲས་ནམ་བྱང་ཆུབ་སེམས་དཔའི་སྤྱོད་པའི་དཀྱིལ་འཁོར་དང་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སྨོན་ལམ་ཐ་མྱི་དད་པར་ ཞུགས་པས་སྐྱེ་བའི་ཡུལ་ཐོབ་པར་གྱུར་པ་དེའི་ཚེ་སངས་རྒྱས་ཤེས་བྱའོ། །དེ་བཞིན་གཤེགས་པའི་དོན་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྒྱུན་མི་གཅོད་པས་བྱང་ཆུབ་སེམས་དཔའ་ཞེས་བྱའོ། ། ནམ་དེ་བཞིན་གཤེགས་པ་རྣམས་ཀྱི་སྟོབས་བཅུ་ལ་ཞུགས་པར་གྱུར་པ་དེའི་ཚེ་སྟོབས་བཅུ་ཞེས་བྱའོ། །དེ་བཞིན་གཤེགས་པའི་སྟོབས་བསྒྲུབས་ཅིང་བྱང་ཆུབ་སེམས་དཔའི་སྤྲོ་བ་རྒྱུན་མྱི་གཅོད་པས་ བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ནམ་ཆེད་དུ་བྱ་བ་མྱེད་པར་ཆོས་ཀྱི་དབྱིངས་ཤིན་ཏུ་བསྟན་པ་ཐམས་ཅད་རྟོགས་པར་གྱུར་པ་དེའི་ཚེ་ཐམས་ཅད་མཁྱེན་པ་ཞེས་བྱའོ། །ཆོས་ཀྱི་དབྱིངས་ཐམས་ཅད་ཤིན་ ཏུ་བསྟན་པ་ཐ་དད་པ་ལ་འཇུག་པ་རིག་པར་སྤྱོད་ཅིང་མཁས་པར་བྱ་བ་ལས་ཕྱིར་མྱི་ལྡོག་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ནམ་བྱང་ཆུབ་སེམས་དཔའ་དེ་ཆོས་ 74-1-257b ཐམས་ཅད་མྱི་གཉིས་པར་ཡང་དག་པར་སྤྱོད་པ་ཡོངས་སུ་ཤེས་པར་གྱུར་པ་དེའི་ཚེ་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྣམ་པར་སངས་རྒྱས་པའི་བློ་མངའ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་དེ་ཆོས་ ཐམས་ཅད་གཉིས་པ་དང་གཉིས་མ་ཡིན་པ་ལ་མཁས་པས་རྣམ་པ་ཐ་དད་པའི་རྒྱུད་ལ་འཇུག་ཅིང་ཆོས་གཅིག་ཏུ་རྒྱུད་པ་མཁས་པ་ལ་གནས་པས་དེ་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ནམ་བྱང་ཆུབ་ སེམས་དཔའ་དེ་ཀུན་ཏུ་གཟིགས་པའི་ཡུལ་ཡེ་ཤེས་ཀྱི་སྒོས་ཁོང་དུ་ཆུད་པར་གྱུར་པ་དེའི་ཆོས་ཀུན་ཏུ་གཟིགས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་དེ་ཀུན་ཏུ་གཟིགས་པའི་ཡུལ་མངོན་པར་སྒྲུབ་ ཅིང་སེམས་དང་ཡེ་ཤེས་སྐད་ཅིག་ཏུ་རྣམ་པར་འཕེལ་བས་ཡོངས་སུ་སྐྱོ་བར་མྱི་བྱེད་པས་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ནམ་བྱང་ཆུབ་སེམས་དཔའ་དེ་ཆོས་སྣང་བའི་སྒོ་ཐམས་ཅད་ཀྱིས་སྣང་བར་ བྱེད་ཅིང་མུན་པ་མྱེད་པའི་ས་ལ་གནས་པ་དེའི་ཚེ་སྒྲིབ་པ་མྱེད་པར་གཟིགས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་དེ་སྒྲིབ་པ་མྱེད་པའི་ཡེ་ཤེས་སྟོན་པའི་དོན་དུ་སངས་རྒྱས་རྗེས་སུ་དྲན་པས་དེ་བྱང་ཆུབ་ སེམས་དཔའ་ཞེས་བྱའོ། །ནམ་བྱང་ཆུབ་སེམས་དཔའ་དེས་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་ཚུལ་མངོན་པར་ཁོང་དུ་ཆུད་པར་གྱུར་པ་དེའི་ཚེ། ཆོས་ཐམས་ཅད་མངོན་པར་སངས་ རྒྱས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་དེ་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་ཚུལ་མངོན་པར་སངས་རྒྱས་པ་ལ་སྤྱོད་ཅིང་རྟོགས་པ་ལ་ཁོང་དུ་ཆུད་པས་དེ་བྱང་ཆུབ་སེམས་དཔའ་ཞེས་ བྱའོ། །ནམ་བྱང་ཆུབ་སེམས་དཔའ་དེ་དེ་བཞིན་གཤེགས་པའི་གནས་ལ་སྤྱོད་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་དང་མི་གཉིས་པར་གྱུར་པ་དེའི་ཚེ་འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་ 74-1-258a སངས་རྒྱས་ཐམས་ཅད་དང་མྱི་གཉིས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་དེ་དེ་བཞིན་གཤེགས་པའི་སྐུ་ཐོབ་པར་བྱ་བའི་ཕྱིར་བདག་ཡོངས་སུ་སྦྱོང་ཞིང་རྣམ་པར་སྒོམ་པས་བྱང་ཆུབ་ སེམས་དཔའ་ཞེས་བྱའོ། །ནམ་བྱང་ཆུབ་སེམས་དཔའ་དེ་འགྲོ་བ་ཐམས་ཅད་དུ་གནས་པ་ཡང་དག་པའི་མཐའ་ཁོང་དུ་ཆུད་པར་གྱུར་པ་དེའི་ཚེ་ཡང་དག་པའི་མཐའ་མཁྱེན་པ་ཞེས་བྱའོ། །བྱང་ཆུབ་ སེམས་དཔའ་དེ་གནས་པའི་མཐའ་ལ་རྟོགས་པར་གཞོག་ཅིང་ཡང་དག་པའི་མཐའ་མངོན་དུ་མི་བྱེད་ལ། ཆོས་ཐམས་ཅད་རབ་ཏུ་དབྱེ་བའི་རྒྱུད་བཏང་སྙོམས་རབ་ཏུ་ཐོབ་པ་ཡང་མ་ཡིན་པས་དེ་བྱང་ཆུབ་ སེམས་དཔའ་ཞེས་བྱའོ། །ནམ་བྱང་ཆུབ་སེམས་དཔའ་དེ་ལེན་པ་མྱེད་ཅིང་འདོར་བ་མྱེད་པ་ལ་རྟོག་པ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་པར་གྱུར་པ་དེའི་ཚེ། སྨོན་ལམ་ཡོངས་སུ་བཏང་བ་ཞེས་བྱའོ། །བྱང་ ཆུབ་སེམས་དཔའ་དེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་རྫོགས་པར་བྱེད་ཅིང་ཤིན་ཏུ་ཡངས་པར་བྱེད་པ་དང་། རྣམ་པར་སྤྱོད་པ་དང་ཕྱིར་མྱི་ལྡོག་པར་བྱེད་པས་བྱང་ཆུབ་སེམས་དཔའ་ཀུན་ཏུ་ བཟང་པོའི་སྤྱོད་པ་དང་སྨོན་ལམ་རྒྱུན་མི་གཅོད་པ་ཞེས་བྱའོ། །ནམ་བྱང་ཆུབ་སེམས་དཔའ་དེ་ཆོས་ཀྱི་དབྱིངས་སྣང་བར་བྱ་བའི་ཚུལ་གྱི་ཆོས་ཀྱི་དབྱིངས་མཐའ་དང་དབུ་མྱེད་པ་རབ་ཏུ་ཤེས་ཤིང་མཚན་ ཉིད་གཅིག་གིས་ཆོས་ཐམས་ཅད་ཀྱི་མཚན་ཉིད་རབ་ཏུ་ཤེས་པར་གྱུར་པ་དེའི་ཚེ་ཆོས་ཀྱི་དབྱིངས་ཀྱི་མཐར་ཐུག་པ་ཞེས་བྱའོ། །ནམ་བྱང་ཆུབ་སེམས་དཔའ་དེ་ཕྱིར་མྱི་ལྡོག་པའི་བཏང་སྙོམས་དང་ ལྡན་པར་གྱུར་པ་དེའི་ཚེ། བྱང་ཆུབ་སེམས་དཔའི་རྒྱུ་ཉེ་བར་ལེན་པ་ལ་གཏང་སྙོམས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་དེ་ཆོས་ཀྱི་དབྱིངས་ལ་འཇུག་པ་རབ་ཏུ་ཤེས་པའི་ཚུལ་གྱི་ཆོས་ཀྱི་ 74-1-258b དབྱིངས་མཐའ་དང་དབུས་མྱེད་པ་རབ་ཏུ་ཤེས་ཤིང་ཆོས་ཐམས་ཅད་མཚན་ཉིད་ཐ་དད་པའི་ཚུལ་གྱིས་མཚན་ཉིད་སྣ་ཚོགས་རབ་ཏུ་ཤེས་ལ་ཕྱི་མའི་མཐའི་མུར་ཐུག་པའི་བསྐལ་པར་སྐྱོ་བ་མྱེད་ཅིང་ ཡོངས་སུ་ཡི་ཆད་པ་མྱེད་དོ། །འགྲོ་བ་ཐམས་ཅད་སྙིང་རྗེ་ཆེན་པོས་ཡོངས་སུ་སྐྱབས་པའི་སེམས་ཀྱི་སེམས་ཅན་ཐམས་ཅད་ཡོངས་སུ་འགྲོལ་ཅིང་འདུལ་བས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ ཀུན་ཏུ་བཟང་པོ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ་དཔེར་ན། གླང་པོའི་རྒྱལ་པོ་ཤུགས་དང་ལྡན་པ་ཞེས་བྱ་བ་ནི་རི་གསེར་གྱིས་ལོགས་ཤེས་བྱ་བའི་རིན་པོ་ཆེ་བདུན་གྱི་རང་བཞིན་གྱིས་ ལུང་པ་རིན་པོ་ཆེའི་ར་བ་བདུན་གྱིས་བསྐོར་བ། རིན་པོ་ཆེའི་ཤིང་སོགས་ཀྱི་དྲ་བ་བདུན་གྱིས་བསྐོར་བ་རིན་པོ་ཆེའི་དྲ་བས་ཀུན་ནས་ཡོག་པ་ན་གནས་ཏེ། གླང་པོའི་རྒྱལ་པོ་ཤུགས་དང་ལྡན་པ་དེ་ཡང་ཐམས་ ཅད་དུ་དཀར་བ་གངས་ཀྱི་མདོག་ལྟར་འདུག་པ། གསེར་གྱི་རྒྱལ་མཚན་ཅན། གསེར་གྱི་རྒྱན་གྱིས་བརྒྱན་པ། གསེར་གྱི་ཕྱང་འཕྲུལ་གྱིས་ཀླུབས་པ། གསེར་གྱི་དྲ་བས་བཀབ་པ་དྲིལ་བུའི་ དྲ་བས་རྒྱུས་པ། རིན་པོ་ཆེ་ཐམས་ཅད་ཀྱི་དྲ་བས་ཀུན་ནས་བཀབ་པ། རིན་པོ་ཆེའི་དྲིལ་བུའི་ཕྲེང་བ་ཀུན་ནས་བརྒྱུས་པ། ཡན་ལག་བདུན་ཤིན་ཏུ་གནས་པ། མཆེ་བ་དྲུག་དང་ལྡན་པ། ཡིད་ དུ་འོང་བ་གཟུགས་དང་ཁ་དོག་མི་འཐུན་པ་མྱེད་པ་ལྟ་ན་སྐྱོ་མྱི་ཤེས་པར་སྡུག་པ་རྣམ་པར་དག་པ། རིགས་དང་ལྡན་པའི་ཅང་ཤེས་པ་ཡིད་བཞིན་དུ་བྱེད་པ་སྟེ། དེ་ནི་ལྷའི་དབང་པོ་སུམ་བཅུ་རྩ་ གསུམ་གྱི་བདག་པོ་བརྒྱ་བྱིན་གྱིས་སྒོ་ན་གསེར་གྱི་ལོགས་ཀྱི་རི་ལུང་པ་ནས་མྱི་སྣང་བར་གྱུར་ཏེ། སུམ་བཅུ་རྩ་གསུམ་ལྷའི་རྒྱལ་པོ་རྒྱ་བྱིན་ལ་རིམ་གྲོ་བྱ་བའི་ཕྱིར་འོང་ངོ་། །དེ་ནས་ལྷའི་རྒྱལ་པོ་ 74-1-259a བརྒྱ་བྱིན་གྱིས་གླང་པོ་ཤུགས་དང་ལྡན་པ་ལ་ཞོན་པར་གྱུར་ན། དེའི་ཚེ་གླང་པོའི་རྒྱལ་པོ་ཤུགས་དང་ལྡན་པ་དེ་རྫུ་འཕྲུལ་གྱི་རྣམ་པ་སྣ་ཚོགས་སྟེ། མགོ་སུམ་བཅུ་རྩ་གསུམ་མངོན་པར་ སྤྲུལ་པ་བྱེད་དོ། །མགོ་རེ་རེ་ལ་ཡང་མཆེ་བ་དྲུག་དྲུག་མངོན་པར་སྤྲུལ་པ་བྱེད་དོ། །སོ་སོ་རེ་རེ་ལ་ཡང་རྫིང་བུ་བདུན་བདུན་མངོན་པར་སྤྲུལ་པ་མྱེད་དོ། །རྫིང་བུ་རེ་རེ་ཞིང་ཡང་པད་མོ་བདུན་བདུན་མངོན་པར་ སྤྲུལ་པ་བྱེད་དོ། །པད་མོ་རེ་རེ་ལ་ཡང་ལྷའི་བུ་མོ་བརྒྱ་ཕྲག་བདུན་བདུན་མངོན་པར་སྤྲུལ་པ་བྱེད་དོ། །ལྷའི་བུ་མོ་དེ་དག་ཐམས་ཅད་ཀྱང་ལྷ་རྫས་ཀྱི་རོལ་མོ་སྟོང་ཕྲག་དུ་མའི་སྒྲ་འབྱིན་པས་ལྷའི་ དབང་པོ་རྒྱ་བྱིན་ལ་རིམ་གྲོར་བྱེད་དོ། །ལྷའི་དབང་པོ་བརྒྱ་བྱིན་ཡང་ཤུགས་དང་ལྡན་པའི་རིམ་གྲོ་དང་སྤྲུལ་པ་ལ་ལོངས་སྤྱོད་པའི་ཕྱིར་ཆུ་ཀླུང་ཕྱོགས་མཚམས་ཤེས་བྱ་བའི་ངོགས་ནས་པུན་ད་རི་ཀ་ གཅིག་གིས་ཁེབས་པ་ཞེས་བྱ་བའི་བཟའ་ཤིང་གི་ར་བར་འགྲོའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་པུན་ད་རི་ཀ་གཅིགས་གིས་ཁེབས་པའི་བཟའ་ཤིང་གི་ར་བར་ཕྱིན་ནས། གླང་པོའི་རྒྱལ་པོ་ཤུགས་ དང་ལྡན་པ་ལས་བབས་སྟེ། ཁང་པ་རིན་པོ་ཆེ་ཐམས་ཅད་ཀྱི་རྒྱན་དང་སྙིང་པོ་ཅན་ན་གནས་ཤིང་ལྷའི་བུ་མོ་མཐའ་ཡས་པ་དང་རྩེའོ། །དེ་ནས་གླང་པོའི་རྒྱལ་པོ་ཤུགས་དང་ལྡན་པའི་ལུས་ སྣ་ཚོགས་ཀྱིས་རྫུ་འཕྲུལ་བརྟུལ་ཏེ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་དང་པུན་ད་རི་ཀ་གཅིག་གིས་ཁེབས་པའི་བཟའ་ཤིང་གི་ར་བ་དེ་ན་ལྷ་མོ་རྣམས་དང་ལྷན་ཅིག་རྩེ་དགའ་ཞིང་དགའ་བར་སྤྱོད་དོ། ། དེ་ལྟར་གླང་པོའི་རྒྱལ་པོ་ཤུགས་དང་ལྡན་པ་རྩེ་དགའ་ཞིང་དགའ་བར་སྤྱོད་པའི་ཚེ་སུམ་བཅུ་རྩ་གསུམ་པའི་ལྷ་དང་ལུས་མཚུང་པར་གནས་པས་སུམ་བཅུ་རྩ་གསུམ་པའི་ལྷ་དང་གླང་པོའི་ 74-1-259b རྒྱལ་པོ་ཤུགས་དང་ལྡན་པས་ལུས་ཤེས་ལུས་ཀྱི་ཁྱད་པར་མྱེད་དོ། །ཁ་དོག་ཅེས་ཁ་དོག་གི་ཁྱད་པར་མྱེད་དོ། །གཟི་བརྗིད་ཀྱི་ཁྱད་པར་དང་། འོད་དང་རྒྱན་དང་གོས་དང་རྩེད་མོ་དང་ལོངས་སྤྱོད་དང་བལྟ་ བ་དང་ཚུལ་གྱིས་ཀྱང་ཁྱད་པར་གང་ཡང་མྱེད་དེ། གླང་པོའི་རྒྱལ་པོ་ཤུགས་དང་ལྡན་པ་དང་། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་སུ་འདི་དག་ནི་སུམ་བཅུ་རྩ་གསུམ་པའི་ལྷའོ། །འདི་དག་ནི་ གླང་པོའི་རྒྱལ་པོ་ཤུགས་དང་ལྡན་པའོ་ཞེས་བྱ་བར་རྣམ་པར་བརྟག་ཏུ་མྱེད་དོ། །སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་དང་གླང་པོའི་རྒྱལ་པོ་ཤུགས་དང་ལྡན་པར་འདྲའོ། །གླང་པོའི་རྒྱལ་པོ་ཤུགས་དང་ ལྡན་པ་དང་། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་སུ་འདྲའོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་གླང་པོའི་རྒྱལ་པོ་ཤུགས་དང་ལྡན་པ་གསེར་གྱི་ལོགས་ཀྱི་རི་རིན་པོ་ཆེ་བདུན་གྱི་རང་བཞིན་ གྱི་ལུང་པ་ནས་དགའ་བ་སྣ་ཚོགས་མངོན་པར་སྤྲུལ་པ་བྱས་ཏེ། སུམ་བཅུ་རྩ་གསུམ་པའི་ལྷའི་ནང་དུ་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལོངས་སྤྱོད་ཀྱི་དོན་ཏུ་འོངས་ནས་ལྷའི་དབང་པོ་བརྒྱ་བྱིན་ལ་མཆོད་པ་དང་རིམ་ གྲོ་བྱ་བ་དང་། བཀུར་བསྟི་བྱ་བ་དང་། ཕུ་དུད་བྱ་བའི་ཕྱིར་སུམ་བཅུ་རྩ་གསུམ་པའི་ལྷ་དང་ཐ་མྱི་དད་པའི་ཚུལ་གྱིས་ལྷའི་དགའ་བ་ལ་སྤྱོད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བྱང་ ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་སྨོན་ལམ་ལ་བརྩོན་པ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རིན་པོ་ཆེའི་རྒྱན་གྱི་བརྒྱན་པ། བྱང་ཆུབ་སེམས་དཔའི་ཡོན་ཏན་བྱང་ཆུབ་ཀྱི་ཡན་ ལག་བདུན་ཤིན་ཏུ་གནས་པ། འོད་གཟེར་ཀུན་ཏུ་འགྱེད་པའི་ལུས་དང་ལྡན་པ། ཆོས་ཀྱི་དྲིལ་གྱི་སྒྲ་ཀུན་ཏུ་སྒྲོག་པའི་དབྱངས་དང་ལྡན་པ། ཆོས་ཀྱི་རྒྱལ་མཚན་རབ་ཏུ་བསྒྲེང་བའི་རྒྱལ་མཚན་ཅན། 74-1-260a སྙིང་རྗེའི་ལུང་པའི་གནས་ན་འདུག་པ། མཐུ་བོ་ཆེའི་སྟོབས་ཀྱི་ལུས་ཀྱི་ཁྱད་པར་ཅན། ཐེག་པ་ཆེན་པོའི་སྨོན་ལམ་གྱི་མཆེ་བ་དང་ལྡན་པ། དྲག་ཤུལ་གྱི་སེང་གེས་བག་ཚ་བ་མྱེད་པ། ཡེ་ ཤེས་ཀྱི་རྒྱུད་ཀྱི་ཆོས་ཀྱི་ཅོད་པན་བཏགས་པ། གསང་བའི་གནས་ཐམས་ཅད་ནས་རབ་ཏུ་འབྱུང་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་སྨོན་ལམ་གྱི་སྐྱོ་བ་མྱེད་པའི་བྱང་ཆུབ་ཀྱི་ཤིང་དྲུང་ན་མོས་ཤིང་སྤྱོད་པ་དང་། སྨོན་ལམ་གྱི་རྒྱུན་མྱི་གཅོད་པ་དང་། བྱང་ཆུབ་ཀྱི་ཤིང་དྲུང་དུ་འདུག་ཅིང་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྫིང་བུ་ཐ་དད་པ་མྱེད་པར་མངོན་པར་འཚང་རྒྱ་བར་མངོན་སུམ་དུ་གྱུར་པ། བྱང་ཆུབ་སེམས་དཔའ་ཀུན་ཏུ་ བཟང་པོའི་སྤྱོད་པ་དང་སྨོན་ལམ་རྒྱ་ཆེན་པོ་རྣམ་པར་འཕེལ་བར་བྱེད་པ་དང་། བློ་རྣམ་པར་སངས་རྒྱས་པ་བྱང་ཆུབ་སེམས་དཔའི་སྨོན་ལམ་མངོན་པར་བསྒྲུབ་ཅིང་རྒྱུན་མྱི་གཅོད་པ། ལྷོད་པར་ མི་བྱེད་པ། ཕྱིར་ལྡོག་པར་མྱི་བྱེད་པ། སྙིང་རྗེ་ཆེན་པོ་མཐའ་དང་དབུས་མྱེད་པ་རྣམ་པར་འཕེལ་བར་བྱེད་པ། སྨོན་ལམ་ཆེན་པོའི་ཐེག་པས་སེམས་ཅན་ཐམས་ཅད་ཀྱི་རིས་ན་ཀུན་ཏུ་བཟང་པོའི་སྤྱོད་ པ་ལ་མངོན་པར་གནས་ཤིང་བརྩོན་འགྲུས་ཡོངས་སུ་མྱི་གཏོང་བ། ཕྱི་མའི་མཐའི་མུར་ཐུག་པར་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཡོངས་སུ་སེལ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་ བཟང་པོའི་ལམ་ཡོངས་སུ་ཆད་པར་མྱི་བྱེད་ཀྱང་བྱང་ཆུབ་ཏུ་མངོན་པར་ཡང་འཚང་མི་རྒྱ་སྟེ། རྫོགས་པར་བྱང་ཆུབ་པའི་སྒོ་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བའི་ སྒོ་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་དང་། སྒོམ་པའི་བསམ་པ་སྣ་ཚོགས་ཀྱི་སྒོ་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མེད་པ་དང་། ཞིང་འབྱམ་ཀླས་པ་སྣ་ཚོགས་ཀྱི་གནས་སུ་མྱ་ངན་ལས་འདའ་ 74-1-260b བ་དང་། རྣམ་པར་འཕྲུལ་པ་དང་མངོན་པར་འཚང་རྒྱ་བ་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ། འཇིག་རྟེན་གྱི་ཁམས་སྣ་ཚོགས་འབྱམ་ཀླས་པ་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་དག་ཏུ་སྐྱེ་བར་སྣང་ངོ་། །བྱང་ ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱད་པ་སྤྱོད་པར་སྣང་ངོ་། །དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་ཤིང་དྲུང་དུ་མངོན་པར་སངས་རྒྱས་པ་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ། བྱང་ཆུབ་སེམས་དཔའི་ཚོགས་ བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པས་ཀུན་ནས་བསྐོར་བ་དག་གི་ཞབས་ཀྱི་དྲུང་དུ་འགྲོ་བར་སྣང་ངོ་། །ཕྱོགས་འབྱམ་ཀླས་པ་དང་། ཕྱོགས་མཚམས་འབྱམ་ཀླས་པའི་སངས་རྒྱས་ཀྱི་ཞིང་མང་པོ་རྒྱ་ མཚོ་དག་དུ་མངོན་པར་སངས་རྒྱས་ནས་སྐད་ཅིག་གཅིག་ལོན་པ་དང་། མངོན་པར་སངས་རྒྱས་ནས་ཡུད་ཙམ་གཅིག་ལོན་པ་དང་། མངོན་པར་སངས་རྒྱས་ནས་དུས་གཞན་དུ་གྱུར་པ་དང་། མངོན་ པར་སངས་རྒྱས་ནས་ཉི་མ་གཅིག་ལོན་པ་དང་། མངོན་པར་སངས་རྒྱས་ནས་ཟླ་བ་ཕྱེད་ལོན་པ་དང་། མངོན་པར་སངས་རྒྱས་ནས་ལོ་གཅིག་ལོན་པ་དང་། མངོན་པར་སངས་རྒྱས་ནས་ལོ་གྲངས་ མྱེད་པ་ལོན་པ་དང་། མངོན་པར་སངས་རྒྱས་ནས་བསྐལ་པ་གཅིག་ལོན་པ་དང་། མངོན་པར་སངས་རྒྱས་ནས་བསྐལ་པ་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་སྙེད་ལོན་པའི་དེ་བཞིན་གཤེགས་ པ་དག་གིས་ཞབས་ཀྱི་དྲུང་དུ་ཉེ་བར་འགྲོའོ། །དེ་བཞིན་དུ་ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་གི་སངས་རྒྱས་ཐམས་ཅད་ལ་རིམ་གྲོ་བྱེད་དོ། །མཆོད་པ་བྱེད་དོ་ཕྱག་འཚལ་ལོ། །རབ་ཏུ་འདུད་དོ། ། སངས་རྒྱས་རྣམས་ལ་ཞུ་བ་བྱེད་དོ། །རྣམ་པར་འཕེལ་བའི་སྒྱུ་མའི་དཀྱིལ་འཁོར་གྱི་ཞིང་ཡོངས་སུ་བྱང་ཞིང་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་པར་དག་པ་མཐའ་ཡས་པ་དང་། ཡེ་ཤེས་བརྗོད་ 74-1-261a དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་བ་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པས་བྱང་ཆུབ་སེམས་དཔའི་ཁྱུ་མཆོག་གི་མཐུ་ཕྱུང་བ་སྣ་ཚོགས་དང་བྱང་ ཆུབ་སེམས་དཔའི་ཡེ་ཤེས་ཡངས་པ་སྣ་ཚོགས་དང་། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་སྣ་ཚོགས་དང་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་སྣ་ཚོགས་དང་། བྱང་ཆུབ་སེམས་དཔའི་མངོན་པར་སྒྲུབ་ པའི་ཁྱུ་མཆོག་གིས་མཐུ་མཐའ་དང་དབུས་མྱེད་པ་སྣ་ཚོགས་དང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ལ་རྣམ་པར་རྩེ་བ་སྣ་ཚོགས་དང་། བྱང་ཆུབ་སེམས་དཔའི་ཆོས་སྣང་བ་རྣམ་པར་དག་ པའི་ཚུལ་སྣ་ཚོགས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། སྨོན་ལམ་གྱིས་ཐམས་ཅད་དུ་སྤྱོད་པར་སྣང་ངོ་། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྫུ་འཕྲུལ་དང་། ཁྱུ་མཆོག་གི་མཐུ་ཕྱུང་ བའི་ཚུལ་གྱིས་སྔོན་གྱི་མཐའ་ཡང་འཇིག་པར་བྱེད་དེ། འཁོར་བའི་འཁོར་ལོ་རྒྱུན་གཅོད་པ་དང་། འཇིག་རྟེན་གྱིས་ཁམས་ཀྱི་རྒྱུད་འབྱམ་ཀླས་པ་རྣམ་པར་དག་པར་བྱ་བ་དང་དེ་བཞིན་གཤེགས་ པའི་རྒྱུད་དང་། སངས་རྒྱས་ཐམས་ཅད་མཐོང་བར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་འཇུག་ཅིང་ཁོང་དུ་ཆུད་པར་བྱ་བ་དང་། དུས་གསུམ་གྱི་རྒྱུད་ཀྱི་ཚུལ་རྗེས་སུ་དྲན་པར་བྱ་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུད་རྣམ་པ་ཐ་དད་པའི་སྒྲ་དང་། ཆོས་ཐམས་ཅད་ཀྱི་རྒྱུ་ཕྱོགས་ཀྱི་རྒྱུད་དང་ཆོས་ཀྱི་ལུས་ཐམས་ཅད་ཀྱི་རྗེས་སུ་འབྲང་བར་བྱ་བ་དང་། བྱང་ཆུབ་ སེམས་དཔའི་སྤྱོད་པ་ཐམས་ཅད་ཡང་དག་པར་གཟུངས་བའི་རྒྱུད་ཁོང་དུ་ཆུད་ཅིང་ཡོངས་སུ་རྫོགས་པར་བྱ་བ་དང་། ཀུན་ཏུ་བཟང་པོའི་རྒྱུད་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཁྱུ་མཆོག་ 74-1-261b གི་མཐུ་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། སེམས་ཅན་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་རྣམ་པར་དག་པར་བྱེད་དོ། །ཀྱེ་རྒྱལ་བའི་སྲས་དག་ལྟོས་དང་། དེ་ལྟར་ཀུན་ཏུ་བཟང་པོའི་སྤྱོད་པ་ རྒྱུན་མྱི་འཆད་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་འཆད་པ་མྱེད་པ་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་སྣང་བ་ཉམས་པ་མྱེད་པ་དང་། སངས་རྒྱས་ཐམས་ཅད་ཡོངས་སུ་བལྟ་བའི་ ཕྱིར་ཀུན་ཏུ་བཟང་པོའི་སྤྱོད་པ་རྒྱ་ཆེན་པོ་འབྱུང་ཞིང་ཐམས་ཅད་མཁྱེན་པའི་ཁྱུ་མཆོག་གི་མཐུ་ཕྱུང་བ་མང་བར་བྱེད་པ་ངོ་མཚར་མྱི་ཆེ་བ་འམ། ཀྱེ་རྒྱལ་བའི་སྲས་དག་གླང་པོའི་རྒྱལ་པོ་ཤུགས་ དང་ལྡན་པ་དེ་ནི་གླང་པོའི་གནས་ནས་ཀྱང་འཕོ་བ་མྱེད་པ་ལ་སུམ་བཅུ་རྩ་གསུམ་གྱི་སྐྱེ་བའི་སྐྱེ་མཆེད་དུ་ཡང་རབ་ཏུ་སྐྱེའོ། །བཞོན་པའི་དངོས་པོར་ཡང་རྣམ་པར་སྤྱོད་དོ། །ལྷའི་རྩེ་བ་ལ་འང་ཡོངས་ སུ་སྤྱོད་དོ། །རིམ་གྲོ་བྱ་བའི་ཚུལ་ཡང་ཡོངས་སུ་མྱི་སྤོང་ངོ་། །ལྷའི་བུ་མོ་རྣམས་དང་ཡང་ཀུན་ཏུ་རྩེའོ། །ལྷ་རྣམས་དང་ཡང་མཚུངས་ཤིང་མཉམ་སྟེ། རྣམ་པ་ཐ་དད་པ་མྱེད་དོ། །ཀྱེ་རྒྱལ་བའི་སྲས་ དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཀུན་ཏུ་བཟང་པོའི་སྤྱོད་པ་ཐེག་པ་ཆེན་པོ་ཡང་ཡོངས་སུ་མྱི་གཏོང་ཞིང་ཤི་འཕོ་བ་ཡང་མྱེད་ལ་སངས་རྒྱས་ཀྱི་ཁྱུ་མཆོག་གི་མཐུ་ཆུང་བ་ལ་ཡང་རབ་ཏུ་སྤྱོད་དོ། ། ཐམས་ཅད་མཁྱེན་པ་ཉིད་ལ་ཡང་རབ་ཏུ་རྩེའོ། །སངས་རྒྱས་ཀྱི་རྣམ་པར་ཐར་པ་ཡང་རབ་ཏུ་ཤེས་སོ། །ཆགས་པ་མྱེད་པ་ཉིད་ཀྱང་མངོན་པར་སྒྲུབ་བོ། །ཆགས་པ་མྱེད་ཅིང་སྒྲིབ་པ་མྱེད་པར་ ཡང་རྣམ་པར་དག་པར་བྱེད་དོ། །ཞིང་རྣམས་ལ་ཡང་གནས་པ་མྱེད་དོ། །སངས་རྒྱས་ཀྱི་ཆོས་རྣམས་ལ་ཡང་རློམ་སེམས་མྱེད་ཅིང་མྱི་རྟོག་རྣམ་པར་མྱི་རྟོག་གོ། །ཆོས་ཐམས་ཅད་ཀྱང་མཉམ་པ་ 74-1-262a ཉིད་དུ་བྱེད་དོ། །མྱི་གཉིས་པ་དང་ཡང་འགལ་བར་མྱི་བྱེད་དེ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་མྱི་གཏོང་སྟེ། དེ་ལྟ་ན་བྱང་ཆུབ་སེམས་དཔའ་དེ་འདས་པ་དང་། མ་བྱོན་པ་དང་ད་ལྟར་ བྱུང་བའི་སངས་རྒྱས་ཐམས་ཅད་དང་ཡང་མཚུངས་ཤིང་མཉམ་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་རྒྱུན་མི་གཅོད་པ་ཡིན། ཀྱེ་རྒྱལ་བའི་སྲས་དག་གླང་པོའི་རྒྱལ་པོ་ཤུགས་དང་ལྡན་པ་དེ་གླང་ པོའི་ཡུལ་ན་ཡང་སྣང་ལ་ལྷའི་ཡུལ་ན་ཡང་སྤྱོད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་འདི་ལྟ་བུའི་ཆོས་རྒྱ་ཆེན་པོ་དང་ལྡན་པ་ཡང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་ བཟང་པོའི་སྤྱོད་པ་དང་། སྨོན་ལམ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་རྣམ་པར་དག་པས་ཡང་དག་པར་གནས་པ་ཡིན། ཀྱེ་རྒྱལ་བའི་སྲས་དག་འདི་ནི་ཏིང་ངེ་ འཛིན་གྱི་དཀྱིལ་འཁོར་རྒྱ་ཆེན་པོ་ཚད་མྱེད་པ་བྱང་ཆུབ་སེམས་དཔའ་ཉེ་བར་སྤྱོད་པ། ལྷག་པའི་བསམ་པས་རབ་ཏུ་ཐོབ་པ། ཡེ་ཤེས་ཆེན་པོ་ལ་ཞུགས་པ་བཅུ་སྟེ། ཀྱེ་རྒྱལ་བའི་སྲས་དག་ འདི་དག་ནི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་རྒྱ་ཆེན་པོའི་དཀྱིལ་འཁོར་བཅུ་རྣམས་སོ། །ཏིང་ངེ་འཛིན་བཅུའི་ལེའུ་སྟེ། སུམ་བཅུ་རྩ་གསུམ་པའོ།། །། སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་ཉི་ཤུ་བདུན་པ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས་ཡང་ བྱང་ཆུབ་སེམས་དཔའ་དེ་དག་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས་དག་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མངོན་པར་ཤེས་པ་སྟེ་བཅུ་གང་ཞེ་ན། 74-1-262b ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཅིག་ཏུ་སེམས་ཅན་ཇི་སྙེད་སྐྱེས་པ་དེ་དག་ཐམས་ཅད་ཀྱི་སེམས་ དང་བསམ་པའི་རྒྱུད་རབ་ཏུ་ཤེས་སོ། །སེམས་བསྐྱེད་པ་རབ་ཏུ་ཤེས་སོ། །དགེ་བ་དང་མྱི་དགེ་བ་དང་ཡངས་པ་དང་། དོག་པ་དང་རྒྱ་ཆེན་པོ་དང་། རྒྱ་ཆུང་ངུ་དང་། འཁོར་བའི་རྗེས་སུ་འགྲོ་བ་དང་འཁོར་ བ་ལས་ལྡོག་པ་དང་། ཡིད་གསལ་བ་དང་། ཉན་ཐོས་ཀྱི་སེམས་དང་རང་སངས་རྒྱས་ཀྱི་སེམས་དང་། བྱང་ཆུབ་སེམས་དཔའི་སེམས་དང་། ཉན་ཐོས་ཀྱི་སྤྱོད་པ་དང་། རང་སངས་རྒྱས་ཀྱི་སྤྱོད་ པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མྱི་དང་མི་མ་ཡིན་པ་དང་། སེམས་ཅན་དམྱལ་བ་དང་། བྱོལ་ སོང་གི་སྐྱེ་གནས་པ་དང་། གཤིན་རྗེའི་འཇིག་རྟེན་པ་དང་། ཡི་དགས་དང་། མྱི་ཁོམ་པར་སྐྱེས་པ་རྣམས་ཀྱི་སེམས་དང་སྤྱོད་པ་ཡང་རབ་ཏུ་ཤེས་ཏེ། སེམས་ཅན་གྱི་རིས་སྣ་ཚོགས་དང་། སེམས་ ཅན་གྱི་རིས་དུ་མ་རྣམ་པར་དབྱེ་བ་དང་། རྣམ་པར་གདགས་པ་འབྱམ་ཀླས་པ་མང་པོ་དག་གི་སེམས་ཅན་རྣམས་ཀྱི་བསམ་པ་སེམས་ཀྱིས་རབ་ཏུ་ཤེས་སོ། །དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ བརྒྱ་དང་། འཇིག་རྟེན་གྱི་ཁམས་སྟོང་དང་། འཇིག་རྟེན་གྱིས་ཁམས་བརྒྱ་སྟོང་དང་། འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ནས་གཞུང་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་བརྗོད་དུ་ མྱེད་པའི་ཡང་བརྗོད་དུ་མྱེད་པ་དང་། འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བརྒྱ་ཕྲག་སྟོང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དུ་སྐྱེས་པའི་སེམས་ཅན་དེ་དག་གི་བསམ་པ་སེམས་ཀྱི་རབ་ཏུ་ཤེས་སྟེ། 74-1-263a ཀྱེ་རྒྱལ་བའི་སྲས་དག་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ལ་མཁས་ཤིང་ཤེས་པ་ཞེས་བྱ་བ་སྟེ། ཡེ་ཤེས་ཀྱི་མངོན་པར་ཤེས་པ་དང་པོའོ། །ཀྱེ་རྒྱལ་བའི་སྲས་དག་ གཞན་ཡང་བྱང་ཆུབ་སེམས་དཔས་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་བར་དག་ན་སེམས་ཅན་ཤི་འཕོ་བ་དང་སྐྱེ་བར་འགྱུར་བ་ འདི་ལྟ་སྟེ། བདེ་བའི་ལམ་དང་ངན་སོང་དང་། ཁ་དོག་སྡུག་པ་དང་། ཁ་དོག་མྱི་སྡུག་པ་དང་། ངན་པ་དང་བཟང་པོ་དང་། ཀུན་ནས་ཉོན་མོངས་པ་དང་ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་དང་རྣམ་པར་མ་བྱང་བ་དང་། དེ་ལྟར་སེམས་ཅན་གྱི་རིས་དུ་མའི་ལྷའི་རིས་དང་། ཀླུའི་རིས་དང་། གནོད་སྦྱིན་གྱི་རིས་དང་། དྲི་ཟའི་རིས་དང་། ལྷ་མ་ཡིན་གྱི་རིས་དང་། ནམ་མཁའ་ལྡིང་གི་རིས་དང་། མྱིའམ་ཅིའི་རིས་དང་། ལྟོ་ འཕྱེ་ཆེན་པོའི་རིས་དང་མྱིའི་རིས་དང་། མྱི་མ་ཡིན་པའི་རིས་དང་དོག་པའི་རིས་དང་། ཡངས་པའི་རིས་དང་། ཆུང་བའི་རིས་དང་ཆེ་བའི་རིས་དང་། རྣམ་པར་དགོད་པ་སྣ་ཚོགས་ཀྱི་རིས་ཀྱི་སྐྱེ་བ་དང་ཤི་འཕོ་ རབ་ཏུ་ཤེས་ཏེ། དེ་ལྷའི་མྱིག་ཐོགས་པ་མྱེད་ཅིང་དག་ལ་རྣམ་པར་དག་པས་སེམས་ཅན་རྣམས་ལས་ཇི་ལྟར་བསགས་པའི་ཚུལ་བཞིན་དུ་ཡང་དག་པར་མཐོང་སྟེ། བདེ་བ་དང་སྡུག་བསྔལ་རྣམ་པ་ཇི་ལྟ་བུ་ མྱོང་བ་དང་ལས་ཇི་ལྟ་བུར་བསྩགས་པ་དང་། ལས་ཀྱི་མངོན་པར་འདུ་བྱ་བ་རྣམ་པ་ཇི་ལྟ་བུ་དང་ལྡན་པ་དང་། བསམ་པའི་རྣམ་པ་ཇི་ལྟ་བུ་ཡིན་པ་དང་། རྟོག་པ་ཇི་ལྟ་བུ་དང་ལྡན་པ་དང་། ལྟ་བ་ཇི་ལྟ་བུ་དང་ལྡན་པ་དང་། སྤོབས་པ་ཇི་ལྟ་བུ་དང་ལྡན་པ་དང་། རྒྱུ་ཇི་ལྟ་བུ་དང་ལྡན་པ་དང་། ལས་ཇི་ལྟ་བུ་དང་ལྡན་པ་དང་། དམྱིགས་པ་ཇི་ལྟ་བུ་དང་ལྡན་པ་དང་རྣམ་པ་ཇི་ལྟ་བུས་རྒྱུ་བ་དེ་དག་ཐམས་ཅད་ཀྱང་རབ་ཏུ་མཐོང་ངོ་། །ཀྱེ་རྒྱལ་བའི་ 74-1-263b སྲས་དག་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལྷའི་མྱིག་སྟེ། ཡེ་ཤེས་ཀྱི་མངོན་པར་ཤེས་པ་གཉིས་པའོ། །ཀྱེ་རྒྱལ་བའི་སྲས་དག །གཞན་ཡང་བྱང་ཆུབ་སེམས་དཔས་བདག་ དང་སེམས་ཅན་གཞན་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་བར་ཏུ་གཏོགས་པ་རྣམས་ཀྱི་སྔོན་གྱི་གནས་རྗེས་སུ་དྲན་ཞིང་རབ་ཏུ་ ཤེས་ཏེ། བདག་གི་སྔོན་གྱི་གནས་ཀྱང་བསྐལ་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རྗེས་སུ་དྲན་ནོ། །སེམས་ཅན་གཞན་གྱི་གནས་ཀྱང་བསྐལ་པ་ སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རྗེས་སུ་དྲན་ཞིང་རབ་ཏུ་ཤེས་སོ། །བདག་ནི་སྔོན་ཆེ་གེ་མོ་ཞིག་ན་འདུག་འདུག་སྟེ་མྱིང་ནི་འདི་ཞེས་བྱའོ། །རུས་ནི་འདི་ཞེས་ བྱའོ། །རིགས་ནི་འདི་ཞེས་བྱའོ། །ཁ་ཟས་ནི་འདི་ཟ་ཟའོ། །བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང་བར་གྱུར་ཏོ། །ཞེས་བྱ་བར་བདག་གི་སྔོན་གྱི་གནས་རྗེས་སུ་དྲན་ཞིང་རབ་ཏུ་ཤེས་སོ། །སེམས་ ཅན་འདི་ནི་སྔོན་ཆེ་གེ་མོ་ཞིག་ན་འདུག་འདུག་སྟེ། མྱིང་ནི་འདི་ཞེས་བྱའོ། །རུས་ནི་འདི་ཞེས་བྱའོ། །རིགས་ནི་འདི་ཞེས་བྱའོ། །ཁ་ཟས་ནི་འདི་ཟ་ཟའོ། །བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང་བར་ གྱུར་ཏོ། །ཞེས་བྱ་བར་སེམས་ཅན་གཞན་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་བར་དག་ཏུ་གཏོགས་པ་རྣམས་ཀྱི་སྔོན་གྱི་གནས་ རྗེས་སུ་དྲན་ཞིང་རབ་ཏུ་ཤེས་སོ། །སེམས་ཅན་དེ་དག་རེ་རེ་ཞིང་ཡང་ཚེའི་རྒྱུད་གཅིག་ནས་གཅིག་ཏུ་བརྒྱུད་པའི་སྲིད་པའི་རྒྱུད་རྒྱུ་དང་བཅས་རྐྱེན་དང་བཅས་པ་དང་། ཚེའི་རྒྱུད་དུ་གནས་ཤིང་འདུག་ 74-1-264a འདུག་པའི་རྣམ་པ་སྔོན་གྱི་མཐའ་རྣམ་པ་སྣ་ཚོགས་སུ་གནས་གནས་པ་དང་། འཇིག་རྟེན་གྱི་རྒྱུད་དང་། བྱུང་བའི་རྒྱུད་གཅིག་ནས་གཅིག་ཏུ་རྒྱུད་པ་དང་། མཚན་ཉིད་ཐ་དད་པའི་ཡུལ་རྣམ་པ་ ཐ་དད་པ་སྣ་ཚོགས་ཐམས་ཅད་ལས་རྣམ་པ་ཐ་དད་པ་སྣ་ཚོགས་བསྩགས་པའི་སྐྱེ་བའི་སྒོ་སྣ་ཚོགས་ཀྱི་སྐྱེ་གནས་སུ་གྱུར་པ་དང་། བག་ལ་ཉལ་བ་དང་། ལས་དང་ལྟ་བ་སྣ་ཚོགས་ཀྱིས་སེམས་རྣམ་པ་ ཐ་དད་པ་སྣ་ཚོགས་བསྐྱེད་པ་དང་། རྒྱུ་དང་རྐྱེན་སྣ་ཚོགས་གཞན་གྱིས་འབྱུང་བ་རྣམ་པ་ཐ་དད་པའི་ལས་ཀྱི་རྒྱུད་རྣམ་པ་སྣ་ཚོགས་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་ ཡང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རྗེས་སུ་དྲན་ཞིང་རབ་ཏུ་ཤེས་སོ། །འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་གཅིག་གི་སེམས་ཅན་རྣམས་ཀྱི་ལས་ཇི་ལྟར་ཤེས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ ཀྱི་རྒྱུད་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སེམས་ཅན་རྣམས་ཀྱི་སྔོན་གྱིས་གནས་ན་འདུག་ཅིང་སྤྱོད་སྤྱོད་པ་རྗེས་སུ་དྲན་ཞིང་རབ་ཏུ་ཤེས་སོ། ། སྔོན་གྱི་མཐའི་བསྐལ་པ་དེ་དང་དེ་དག་གི་འཇིག་རྟེན་གྱི་ཁམས་དེ་དང་དེ་དག་ཏུ་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱུང་ བ་རྣམས་མཚན་ནི་འདི་ཞེས་བྱའོ། །བྱུང་བ་ནི་འདི་ལྟར་བྱུང་ངོ་། །འཁོར་གྱི་རྣམ་པ་ནི་འདི་ལྟ་བུའོ། །ཡབ་དང་ཡུམ་གྱི་མཚན་ནི་འདི་སྐད་ཅེས་བྱའོ། །ཞམ་རིང་བའི་མྱིང་ནི་འདི་སྐད་ཅེས་བྱའོ། ། ཉན་ཐོས་མཆོག་གི་ཟུང་དང་བཟང་པོའི་ཟུང་གི་མྱིང་ནི་འདི་སྐད་ཅེས་བྱའོ། །རིགས་ནི་འདི་ཞེས་བྱའོ། །རྒྱལ་པོའི་ཕོ་བྲང་ནི་མྱིང་འདི་ཞེས་བྱ་བ་ནས་མངོན་པར་བྱུང་སྟེ། བྱང་ཆུབ་ཀྱི་ཤིང་མྱིང་འདི་ 74-1-264b ཞེས་བྱ་བའི་དྲུང་དུ་རྟེན་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཏེ་གནས་ཀྱི་མྱིང་འདི་ཞེས་བྱ་བ་དག་ན་བཞུགས་ཤིང་མདོ་འདི་སྙེད་ཅིག་ཡང་དག་པར་བསྟན་ ཏོ། །སེམས་ཅན་འདི་སྙེད་གཅིག་གི་དོན་མཛད་དོ། །སྐུའི་ཚད་འདི་ཙམ་ཞིག་གི་སངས་རྒྱས་ཀྱི་མཛད་པ་ཡང་དག་པར་བསྟན་སྟེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་ མྱ་ངན་ལས་འདས་སོ། །མྱ་ངན་ལས་འདས་ནས་ཀྱང་དེ་དག་གི་ཆོས་ནི་འདི་སྲིད་གཅིག་ཏུ་གནས་པར་གྱུར་ཏོ། །ཞེས་མཚན་རྣམ་པར་དགོད་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་ བ་སྙེད་དང་མཚན་དེ་དག་རེ་རེའི་རྣམ་པ་ཡང་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་དེ་དག་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དང་བཅས། སྨོན་ལམ་དང་བཅས་སྤྱོད་པ་དང་བཅས་འབྱུང་བ་དང་སངས་རྒྱས་མཆོད་པ་དང་བཅས། སེམས་ཅན་ཡོངས་སུ་སྨྱིན་པར་མཛད་པ་དང་བཅས། འཁོར་ གྱི་དཀྱིལ་འཁོར་དང་བཅས། ཆོས་ཀྱི་འཁོར་ལོ་དང་བཅས་དུས་གང་དུ་བྱུང་བ་དང་བཅས། སྐུ་ཚེ་ཇི་སྲིད་དང་བཅས། སངས་རྒྱས་ཀྱི་ཆོ་འཕྲུལ་དང་བཅས། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཡང་དག་པར་ བསྟན་པ་དང་བཅས། ཡོངས་སུ་མྱ་ངན་ལས་འདས་པ་དང་བཅས། ཆོས་འབར་བར་དེ་གནས་པ་དང་བཅས། མཆོད་རྟེན་རྣམ་པར་ཕྱེ་བའི་རྒྱན་དང་བཅས། སེམས་ཅན་གྱི་དགེ་བའི་རྩ་བ་བསྐྱེད་པ་དང་བཅས་ པར་རྗེས་སུ་དྲན་ཞིང་རབ་ཏུ་ཤེས་སོ། །ཀྱེ་རྒྱལ་བའི་སྲས་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྔོན་གྱི་གནས་རྗེས་སུ་དྲན་པ་ཞེས་བྱ་བ་ཡེ་ཤེས་ཀྱི་མངོན་པར་ཤེས་པས་ 74-1-265a སྔོན་གྱི་མཐའི་མུར་གྱུར་པའི་བསྐལ་པ་ལ་འཇུག་པ་སྟེ། གསུམ་པའོ། །ཀྱེ་རྒྱལ་བའི་སྲས་དག་གཞན་ཡང་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐའི་མུར་གྱུར་པའི་བསྐལ་པ་ལ་འཇུག་སྟེ། འཇིག་ རྟེན་གྱིས་ཁམས་རེ་རེ་ཞིང་ཡང་བསྐལ་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་རབ་ཏུ་འཇུག་གོ། །བསྐལ་པ་གྲངས་མྱེད་པ་དེ་དག་ལ་སེམས་ཅན་གྱི་ལམ་གྱི་རྒྱུད་ཇི་སྙེད་ བྱུང་བ་དང་། སེམས་ཅན་ཤི་འཕོ་བར་གྱུར་པ་ཇི་སྙེད་པ་དང་། སེམས་ཅན་གྱི་སྐྱེ་བ་ཇི་སྙེད་པ་དང་། སེམས་ཅན་གྱི་སྲིད་པའི་རྒྱུད་གཅིག་ནས་གཅིག་ཏུ་བརྒྱུད་པ་ཇི་སྙེད་པ་དང་། སེམས་ཅན་གྱི་ལས་ཇི་སྙེད་ པ་དང་། རྣམ་པར་སྨིན་པ་ཇི་སྙེད་པ་དང་། དགེ་བ་འམ་མི་དགེ་བ་འམ། འབྱུང་བ་འམ་མི་འབྱུང་བ་འམ། ངེས་པ་འམ་མ་ངེས་པ་འམ། ལོག་པར་ངེས་པ་འམ། ཡང་དག་པར་ངེས་པ་འམ། བག་ལ་ཉལ་བ་ དང་བཅས་པའི་དགེ་བའི་རྩ་བ་འམ། བག་ལ་ཉལ་བ་མྱེད་པའི་དགེ་བའི་རྩ་བ་འམ། ཕུན་སུམ་ཚོགས་པའི་དགེ་བའི་རྩ་བ་འམ། རྒུད་པར་གྱུར་པའི་དགེ་བའི་རྩ་བ་འམ། དགེ་བས་ཡོངས་སུ་བཟུང་བ་འམ། མྱི་ དགེ་བས་ཡོངས་སུ་བཟུང་བ་འམ། ཡང་དག་པར་བླངས་པའི་དགེ་བའི་རྩ་བ་འམ། ཡང་དག་པར་མ་བླངས་པའི་དགེ་བའི་རྩ་བ་འམ། མངོན་པར་བསྒྲུབ་པས་སྡིག་པའི་ཆོས་སམ། མངོན་པར་མ་བསྒྲུབ་པའི་ ཆོས་ཀྱང་རུང་སྟེ་དེ་དག་ཐམས་ཅད་རབ་ཏུ་ཤེས་སོ། །དེ་དག་རེ་རེ་ལ་ཡང་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དུ་ཕྱི་མའི་མཐའི་མུར་ཐུག་པའི་ བསྐལ་པ་རབ་ཏུ་འཇུག་གོ། །འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་དེ་དག་རེ་རེ་ཞིང་བསྐལ་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་གཅིག་ནས་གཅིག་ 74-1-265b ཏུ་རྒྱུད་པ་ལ་རབ་ཏུ་འཇུག་གོ། །སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་གཅིག་ནས་གཅིག་ཏུ་རྒྱུད་པ་ལ་རབ་ཏུ་འཇུག་གོ། ། སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་མཚན་འདི་ཞེས་བྱ་བ་དག་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནས། མཚན་རྣམ་པར་ཕྱེ་ བ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པའི་ རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་པོ་ཐུགས་བསྐྱེད་པ་དང་བཅས། སྨོན་ལམ་དང་བཅས་སྤྱོད་པ་དང་བཅས། འབྱུང་བ་དང་བཅས། སངས་རྒྱས་མཆོད་ཅིང་རིམ་གྲོ་མཛད་པ་དང་བཅས། སེམས་ཅན་ཡོངས་སུ་ སྨིན་པར་མཛད་པ་དང་བཅས། ཆོས་ཀྱི་འཁོར་ལོ་དང་བཅས། འཁོར་གྱི་དཀྱིལ་འཁོར་དང་བཅས་དུས་ཇི་ལྟ་བ་དང་བཅས། སྐུ་ཚེའི་ཚད་ཇི་ལྟ་བ་དང་བཅས། སངས་རྒྱས་ཀྱི་ཆོ་འཕྲུལ་དང་བཅས། སངས་རྒྱས་ཀྱི་རྣམ་པར་འཕྲུལ་བ་ཡང་དག་པར་བསྟན་པ་དང་བཅས། ཡོངས་སུ་མྱ་ངན་ལས་འདས་པ་དང་བཅས། ཆོས་འབར་བར་གནས་པ་དང་བཅས། མཆོད་རྟེན་རྣམ་པར་ཕྱེ་བའི་རྒྱན་དང་བཅས། སེམས་ ཅན་གྱི་དགེ་བའི་རྩ་བ་བསྐྱེད་པ་དང་བཅས་པར་རྗེས་སུ་དྲན་ཞིང་ཁོང་དུ་ཆུད་དོ། །ཀྱེ་རྒྱལ་བའི་སྲས་དག་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱི་མའི་མཐའི་མུར་གྱུར་པའི་བསྐལ་པ་ཤེས་པར་ འཇུག་སྟེ། ཡེ་ཤེས་ཀྱི་མངོན་པར་ཤེས་པ་བཞི་པའོ། །ཀྱེ་རྒྱལ་བའི་སྲས་དག་གཞན་ཡང་བྱང་ཆུབ་སེམས་དཔའ་ཆགས་པ་མྱེད་པའི་རྣམ་པར་དག་པ་མངོན་པར་བསྒྲུབ་ཅིང་རྣམ་པར་སྦྱོང་། 74-1-266a ཡོངས་སུ་སྤྱོད་པ་ཡོངས་སུ་རྫོགས་པར་བྱེད་པ་ཡངས་པར་བྱེད་ཚད་མྱེད་པར་བྱེད། ཐོབ་པར་བྱེད་མངོན་དུ་བྱེད། འོད་གསལ་བར་བྱེད། སྒྲིབ་པ་མྱེད་པར་བྱེད། ཁོང་དུ་ཆུད་པར་བྱེད་དེ། དེ་ཆགས་པ་མྱེད་པའི་རྣམ་པ་མངོན་པར་བསྒྲུབས་པ་དང་ལྡན་པས་སྒྲ་ཇི་སྙེད་མཉན་པར་འདོད་པ་དེ་དག་རབ་ཏུ་ཉན་ཏོ། །གང་མྱི་འདོད་པ་དེ་དག་ནི་མྱི་ཉན་ཏོ། །དེ་ཤར་ཕྱོགས་ཀྱི་སངས་རྒྱས་བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་བཤད་པ་དེ་དག་རབ་ཏུ་ཉན་ཏོ། །ཤར་ ཕྱོགས་ན་སངས་རྒྱས་བཅོམ་ལྡན་འདས་དེ་དག་སྟོན་པ་དང་གསུང་བ་དང་། འཆང་བ་དང་བརྗོད་པ་དང་རྣམ་པར་དགོད་པ་མཛད་པ་དང་། ཇི་སྙེད་དུ་སྨྱིན་པར་མཛད་པ་དང་། ཇི་སྙེད་དུ་འདུལ་བ་དང་། ཇི་སྙེད་དུ་དྲན་པར་བསྐུལ་བ་དང་། ཇི་སྙེད་དུ་ཆོས་སྟོན་པ་ཟབ་ཅིང་ཡངས་ལ་རྣམ་པར་ཕྱེ་བ་སྣ་ཚོགས་དང་ལྡན་པ་ཐབས་ཀྱི་ཚུལ་མཐའ་ཡས་ཤིང་རྣམ་པར་དག་ལ། ཚད་མྱེད་པ་ལ་ མཁས་པ་དང་ལྡན་པ་དེ་དག་ཐམས་ཅད་རབ་ཏུ་འཛིན་ཏོ། །དོན་བཟང་པོ་དང་ཡི་གེ་བཟང་པོ་འཁོར་གྱི་དཀྱིལ་འཁོར་དུ་ངེས་པའི་ཚིག་དང་བཅས་པ་ཇི་ལྟར་ཤེས་པར་བྱས་པ་ཇི་ལྟར་ཁོང་ དུ་ཆུད་པར་བྱས་པ། ཇི་ལྟར་འདུལ་བར་གྱུར་པ་ཇི་ལྟར་དམྱིགས་པར་གྱུར་པ། ཇི་ལྟར་བརྟེན་པར་གྱུར་པ། ཇི་ལྟར་འབྱུང་བར་གྱུར་པ་དེ་དག་ཐམས་ཅད་རབ་ཏུ་འཛིན་ཏོ། །ཡང་དག་པར་ འཛིན་ཏོ་ཆུད་ཟོས་པར་མི་བྱེད་དོ། །ཞིག་པར་མྱི་བྱེད་དོ་ཐོགས་པར་མྱི་བྱེད་དོ། །ལྡོག་པར་མྱི་བྱེད་དོ། །འཁྲུལ་པར་མྱི་བྱེད་དོ། །རྨོངས་པར་མྱི་བྱེད་དོ། །གཞན་ལ་རབ་ཏུ་སྟོན་ཅིང་། 74-1-266b གཞན་གྱི་ཁོང་དུ་ཆུད་པར་བྱེད་ཀྱང་དེ་ལ་ཚིག་གཅིག་གམ་ཡི་གེ་གཅིག་ཀྱང་འཁྲུལ་བར་མྱི་བྱེད་དོ། །དེ་དེ་ལྟར་ཡི་གེ་དང་ཚིག་ཡན་ཅད་དུ་ཆགས་པ་མྱེད་པའི་སྣང་བའི་རྣམ་པར་ཤེས་པས་འཛིན་ ཏེ། ཇི་ལྟར་ཤར་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ལེགས་པར་གསུང་པ་དེ་དག་ཉན་པ་དེ་བཞིན་དུ་ལྷོ་ཕྱོགས་དང་དེ་བཞིན་དུ་ནུབ་ཕྱོགས་དང་། དེ་བཞིན་དུ་བྱང་ཕྱོགས་དང་། དེ་བཞིན་དུ་བྱང་ཤར་གྱི་ཕྱོགས་མཚམས་དང་། དེ་བཞིན་དུ་ཤར་ལྷོའི་ཕྱོགས་མཚམས་དང་། དེ་བཞིན་དུ་ལྷོ་ནུབ་ཀྱི་ཕྱོགས་མཚམས་དང་། དེ་བཞིན་དུ་ནུབ་བྱང་གི་ཕྱོགས་མཚམས་དང་། དེ་ བཞིན་དུ་འོག་གི་ཕྱོགས་དང་། དེ་བཞིན་དུ་སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་ མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་གསུངས་པ་རབ་ཏུ་ཉན་ཏོ། །ཀྱེ་རྒྱལ་བའི་སྲས་དག་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐོགས་པ་མྱེད་པའི་རྣ་བ་རྣམ་པར་ དག་པ་ཞེས་བྱ་བ་སྟེ། ཡེ་ཤེས་ཀྱི་མངོན་པར་ཤེས་པ་ལྔ་པའོ། །ཀྱེ་རྒྱལ་བའི་སྲས་དག །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དངོས་པོ་མྱེད་པ་ལ་གནས་ཤིང་མངོན་ པར་འདུས་མ་བྱས་པའི་རྫུ་འཕྲུལ་ཐོབ་པ་ཡིན་ཏེ། མཚན་ཉིད་ཐོབ་པ་ཡིན། མཉམ་པ་ཉིད་ཐོབ་པ་ཡིན། རྒྱ་ཆེན་པོ་ཐོབ་པ་ཡིན། ཚད་མྱེད་པ་ཐོབ་པ་ཡིན། མྱི་གནས་པ་ཐོབ་ པ་ཡིན། སེམས་ལྟར་མགྱོགས་པ་ཐོབ་པ་ཡིན། ཐུབ་པ་མྱེད་པ་ཐོབ་པ་ཡིན། ལྡོག་པ་མྱེད་པ་ཐོབ་པ་ཡིན། མྱི་གཡོ་བ་ཐོབ་པ་ཡིན། རྣམ་པར་འཕེལ་བ་ཐོབ་པ་ཡིན། 74-1-267a རྗེས་སུ་འགྲོ་བ་ཐོབ་པ་ཡིན། དེ་འཇིག་རྟེན་གྱི་ཁམས་ཇི་སྲིད་དུ་རིང་ཡང་རུང་སྟེ། དེ་དག་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་གསུང་ཐོས་ཏེ། འཇིག་རྟེན་གྱི་ཁམས་ ཐམས་ཅད་ན་བཞུགས་པ་དང་། འཇིག་རྟེན་གྱི་ཁམས་ཚད་མྱེད་པ་ན་བཞུགས་པ་དང་། འཇིག་རྟེན་གྱི་ཁམས་གྲངས་མྱེད་པ་ན་བཞུགས་པ་དང་། འཇིག་རྟེན་གྱི་ཁམས་དཔག་ཏུ་མྱེད་པ་ན་བཞུགས་པ་དང་། འཇིག་རྟེན་གྱི་ཁམས་མཚུངས་པ་མྱེད་པ་ན་བཞུགས་པ་དང་། འཇིག་རྟེན་གྱི་ཁམས་བསམ་གྱི་མྱི་ཁྱབ་པ་ན་བཞུགས་པ་དང་། འཇིག་རྟེན་གྱི་ཁམས་གཞལ་དུ་མྱེད་པ་ན་བཞུགས་པ་དང་། འཇིག་ རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ན་བཞུགས་པ་དེ་དག་ཐམས་ཅད་ཀྱི་གསུང་ཉན་ཏོ། །ཐོས་ནས་ཀྱང་འཇིག་རྟེན་གྱི་ཁམས་དེར་ བདག་ཉིད་ཕྱིན་པར་བྱེད་དེ། དེ་ཡང་གང་ན་སངས་རྒྱས་སྐྱེ་བ་སངས་རྒྱས་ཀྱི་ཞིང་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོད་པའི་འཇིག་རྟེན་གྱི་ཁམས་དེ་དང་དེ་དག་གཅིག་ནས་གཅིག་ཏུ་རྒྱུད་པའི་ཕྱོགས་བཅུའི་རྒྱུད་ ཕྱོགས་རྣམ་པ་ཐ་དད་པར་གནས་པ་དང་། ཕྱོགས་བཅུའི་དྲ་བའི་འཁོར་སྣ་ཚོགས་སྤྱིའུ་ཚུགས་སུ་རྒྱུ་བའི་ཕྱོགས་ཀྱི་ཚུལ་དང་། སྣྲེལ་བཞིར་རྒྱུ་བའི་ཕྱོགས་ཀྱི་ཚུལ་དང་། ཕྱོགས་རྒྱ་མཚོ་སངས་ རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཕྱོགས་ལ་འཇུག་པ་རྣམ་པ་སྣ་ཚོགས་དང་། ཕྱོགས་ཀྱི་མཚན་ཉིད་ཐ་དད་པར་རྗེས་སུ་འབྲང་བར་བྱ་བ་སངས་ རྒྱས་མུ་མྱེད་པ་སྐྱེ་བ་དང་ལྡན་པ་སངས་རྒྱས་ཀྱི་ཞིང་རྣམ་པ་ཐ་དད་པ་ཡོངས་སུ་དག་པ་སངས་རྒྱས་སྐྱེ་བ་དང་ལྡན་པ་འཇིག་རྟེན་གྱི་ཁམས་ཀྱི་རྒྱན་གཞན་དང་གཞན་ཡོད་པ་ཡོན་ཏན་བྱ་བ་སྣ་ཚོགས་ 74-1-267b ཀྱི་རྣམ་པར་སྦྱངས་པ་ཡོན་ཏན་ཚད་མྱེད་པས་ཡོངས་སུ་རྒྱས་པའི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་དག་ཏུ་རྣམ་པར་འཕྲུལ་པ་སྣ་ཚོགས་ཀྱིས་རྣམ་པར་འཕྲུལ་པ་དང་། དེ་བཞིན་གཤེགས་པའི་མཚན་ ཡོངས་སུ་བརྗོད་པ་བྱེད་ཅིང་དེ་དག་ཏུ་བདག་ཕྱིན་པར་བྱེད་པས། དེ་བཞིན་གཤེགས་པ་དག་གི་ཞབས་ཀྱི་དྲུང་ན་འདུག་ཀྱང་འདི་ནས་ཀྱང་གཡོས་པ་མྱེད་དོ། །དེར་སོང་བ་འང་མྱེད་ལ་དེར་ཡང་བདག་ཕྱིན་པར་རབ་ཏུ་ སྟོན་ཅིང་དེ་བཞིན་གཤེགས་པ་དེ་དག་གི་ཞལ་བལྟའོ། །དེ་དག་ལ་ཕྱག་འཚལ་ལོ། །དེ་དག་ལ་འདུད་པ་བྱེད་དོ། །དེ་དག་ལ་མཆོད་པ་བྱེད་དོ། །དེ་དག་ལ་རིམ་གྲོ་བྱེད་དོ། །དེ་དག་ལ་བསྙེན་བཀུར་བྱེད་དོ། །བྱང་ཆུབ་སེམས་ དཔའི་ཆོས་ཀྱང་ཡོངས་སུ་འདྲིའོ། །སངས་རྒྱས་ཀྱི་ཡེ་ཤེས་མངོན་པར་བསྒྲུབ་པ་ལའང་རབ་ཏུ་འཇུག་གོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་འཁོར་གྱི་དཀྱིལ་འཁོར་གྱི་མཚན་མ་ཡང་རབ་ཏུ་ཤེས་ སོ། །ཆོས་བསྟན་པའི་མཚན་མ་འང་རབ་ཏུ་ཤེས་སོ། །སངས་རྒྱས་ཀྱི་ཞིང་གི་མཚན་མ་འང་རབ་ཏུ་ཤེས་སོ། །དེ་དག་ལ་མངོན་པར་ཆགས་པ་འང་མྱེད་དོ། །དེ་དག་ལ་འང་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ཐོབ་ པ་ཡིན། སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་དང་། སངས་རྒྱས་ཀྱི་ཞིང་ལ་དམྱིགས་པས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་འགྲོ་ཡང་འགྲོ་བ་དང་། སངས་རྒྱས་བལྟ་བའི་རྣམ་པར་དམྱིགས་པ་མཐར་ཐུག་པ་མྱེད་དོ། །སངས་རྒྱས་ཀྱི་ཞིང་གཅིག་ནས་གཅིག་ཏུ་རྒྱུད་པ་ལས་ཕྱིར་ལྡོག་པ་མྱེད་དོ། །དེ་བཞིན་གཤེགས་པའི་ཞལ་བལྟ་བའི་ རྒྱུན་གཅོད་པ་མྱེད་དོ། །དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་མྱི་དམྱིགས་པར་བྱེད་པ་མྱེད་དོ། །ཤུགས་ལ་ཉམས་པ་མྱེད་དོ། །སངས་རྒྱས་ཀྱི་ཆོས་ཡོངས་སུ་དྲི་བའི་རྒྱུན་ 74-1-268a གཅོད་པ་མྱེད་དོ། །སངས་རྒྱས་ཀྱི་ཆོས་བཙལ་བས་ཡོངས་སུ་ཡི་ཆད་པ་མྱེད་དོ། །སྨོན་ལམ་གྱི་ཁྱད་པར་དང་ལྡན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཀུན་ཏུ་བཟང་པོའི་སྨོན་ལམ་གྱིས་ ཡོངས་སུ་རྫོགས་པར་བྱ་བ་སངས་རྒྱས་ཀྱི་རིགས་འབྱམ་ཀླས་པ་ཚད་མྱེད་པའི་དོན་དུ་ཞུགས་པ་ལས་ཕྱིར་ལྡོག་པ་མྱེད་དོ། །ཕྱོགས་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཞིང་དེ་བཞིན་གཤེགས་པའི་ ཐུགས་སུ་ཆུད་པ་དག་ཏུ་འགྲོ་ཞིང་ཡང་དག་པར་གཞོལ་བར་བྱ་བ་ལ་ཐོགས་པ་མྱེད་དོ། །ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དངོས་པོ་མྱེད་པ་ ལ་གནས་ཤིང་མངོན་པར་འདུ་མ་བྱས་པའི་རྫུ་འཕྲུལ་ཞེས་བྱ་བ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་བའི་ཡེ་ཤེས་ཀྱི་མངོན་པར་ཤེས་པ་སྟེ་དྲུག་པའོ། །ཀྱེ་རྒྱལ་བའི་སྲས་དག་གཞན་ཡང་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་སྐད་སྣ་ཚོགས་ རབ་ཏུ་ཤེས་ཏེ། འཕགས་པའི་སྐད་ཤེས་སོ། །འཕགས་པ་མ་ཡིན་པའི་སྐད་ཤེས་སོ། །ལྷའི་སྐད་ཤེས་སོ། །ཀླུའི་སྐད་ཤེས་སོ། །གནོད་སྦྱིན་གྱི་སྐད་ཤེས་སོ། །ལྷ་མ་ཡིན་གྱི་སྐད་ཤེས་སོ། ། ནམ་མཁའ་ལྡིང་གི་སྐད་ཤེས་སོ། །མྱི་འམ་ཅིའི་སྐད་ཤེས་སོ། །ལྟོ་འཕྱེ་ཆེན་པོའི་སྐད་ཤེས་སོ། །མྱིའི་སྐད་ཤེས་སོ། །མྱི་མ་ཡིན་པའི་སྐད་ཤེས་པ་ནས་སེམས་ཅན་གྱི་རིས་བརྗོད་དུ་མྱེད་པའི་ཡང་ བརྗོད་དུ་མྱེད་པའི་བར་གྱི་སེམས་ཅན་ཀྱི་སྐད་དང་། སྒྲ་དང་ཚིག་དང་བརྡ་རྣམས་རབ་ཏུ་ཤེས་སོ། །རྣམ་པར་དགོད་པའི་མཁས་པ་ཐམས་ཅད་ལ་རབ་ཏུ་འཇུག་གོ། །བརྡའ་ལ་འཇུག་པ་ཐམས་ 74-1-268b ཅད་རབ་ཏུ་ཤེས་སོ། །སྤྱོད་པ་རྣམ་པར་དགོད་པ་ཐམས་ཅད་རབ་ཏུ་ཤེས་སོ། །སྐད་རྣམ་པར་དབྱེ་བ་ཐམས་ཅད་རབ་ཏུ་ཤེས་སོ། །སྐད་རྣམ་པ་ཐ་དད་པ་རྒྱ་མཚོ་ཐམས་ཅད་ལ་རབ་ཏུ་འཇུག་སྟེ། དེ་ཇི་ལྟ་ཇི་ལྟར་ འཇིག་རྟེན་གྱི་ཁམས་ལ་འཇུག་པ་དེ་ལྟ་དེ་ལྟར་སེམས་ཅན་གྱི་ཁམས་ལ་འཇུག་གོ། །ཇི་ལྟ་ཇི་ལྟར་སེམས་ཅན་གྱི་ཁམས་ལ་འཇུག་པ་དེ་ལྟ་དེ་ལྟར་སྐད་རྣམ་པར་ཕྱེ་བ་ཐམས་ཅད་ཁོང་དུ་ཆུད་པར་ བྱེད་དེ། དེ་ལ་སེམས་ཅན་གཞན་གྱི་སྐད་ཀྱིས་རྨོངས་པར་འགྱུར་བ་མྱེད་དོ། །འདི་ལྟ་སྟེ་དཔེར་ན་ལྷའི་བུ་ཉི་མ་ནི་ཤར་མ་ཐག་ཏུ་གཟུགས་རྣམ་པར་ཕྱེ་བའི་རྒྱུད་ཐམས་ཅད་སྣང་བར་བྱེད་དོ། །དེ་ནས་མྱིག་དང་ལྡན་ པ་རྣམས་གཟུགས་དེ་དང་དེ་དག་མཐོང་བས་མཚན་མ་ཡོངས་སུ་འཛིན་ཏོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སྐད་ཀྱི་སྤྲིན་རྣམ་པར་ཕྱེ་བ་ཐམས་ཅད་ལ་འཇུག་སྟེ། སྐད་ཐམས་ཅད་མངོན་པར་ ཤེས་པའི་སྐད་དང་དབྱངས་ཀྱི་ཚུལ་མཁས་པ་ལ་འཇུག་ཅིང་ཁོང་དུ་ཆུད་པར་བྱེད་དོ། །ཀྱེ་རྒྱལ་བའི་སྲས་དག་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐད་ཀྱི་ཚུལ་ཐམས་ཅད་ལ་མཁས་པ་ ཞེས་བྱ་བ་སྟེ། ཡེ་ཤེས་ཀྱི་མངོན་པར་ཤེས་པ་བདུན་པའོ། །ཀྱེ་རྒྱལ་བའི་སྲས་དག་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཁ་དོག་དང་བྲལ་བར་རབ་ཏུ་ཤེས་ཏེ། ཐ་ མི་དད་པའི་མདོག་རྣམ་པ་མྱེད་པའི་ཁ་དོག་དང་། བྱེ་བྲག་མེད་པའི་ཁ་དོག་དང་། རྣམ་པར་དབྱེ་བ་མྱེད་པའི་ཁ་དོག་དང་། སྔོན་པོ་མྱེད་པའི་ཁ་དོག་དང་། སེར་པོ་མྱེད་པའི་ཁ་དོག་དང་། དཀར་པོ་མྱེད་པའི་ཁ་ དོག་དང་། ནག་པོ་མྱེད་པའི་ཁ་དོག་དང་། དམར་པོ་མྱེད་པའི་ཡང་རབ་ཏུ་ཤེས་ཏེ། དེ་དེ་བས་ཀྱང་ཆོས་ཀྱི་དབྱིངས་ལ་འཇུག་པའི་ཚེ། རང་གི་ལུས་ཁ་དོག་སྣ་ཚོགས་དང་ལྡན་པར་བྱིན་གྱིས་བརློབ་ཏེ། 74-1-269a མཐའ་ཡས་པའི་ཁ་དོག་དང་ཚད་མྱེད་པའི་ཁ་དོག་དང་རྣམ་པར་དག་པའི་ཁ་དོག་དང་། ཤིན་ཏུ་བརྒྱན་པའི་ཁ་དོག་དང་། ཐམས་ཅད་དང་ལྡན་པའི་ཁ་དོག་དང་། དཔེ་མྱེད་པའི་ཁ་དོག་དང་། ཀུན་ཏུ་སྣང་ བའི་ཁ་དོག་དང་། ཡིད་དུ་འོང་བའི་ཁ་དོག་དང་། མྱི་བསྡུག་པ་མྱེད་པའི་ཁ་དོག་དང་། ཟད་མྱི་ཤེས་པའི་ཁ་དོག་དང་། ཤིན་ཏུ་བསལ་བའི་ཁ་དོག་དང་། ཁ་ན་མ་ཐོ་བ་མྱེད་པའི་ཁ་དོག་དང་མཐུ་ཆེན་པོ་དང་ལྡན་པའི་ཁ་དོག་ དང་ཐུབ་པར་དཀའ་བའི་ཁ་དོག་དང་། ཉམས་པར་མི་འགྱུར་བའི་ཁ་དོག་དང་། ཡོངས་སུ་ཤིན་ཏུ་བསྒྲུབ་པའི་ཁ་དོག་དང་། ཤིན་ཏུ་མཛེས་པའི་ཁ་དོག་དང་། དཔག་ཏུ་མྱེད་པའི་ཁ་དོག་དང་། ཤིན་ཏུ་བསྲུངས་པའི་ ཁ་དོག་དང་། ཤིན་ཏུ་བསགས་པའི་ཁ་དོག་དང་། ཡོངས་སུ་སྨིན་པར་བྱེད་པའི་ཁ་དོག་དང་། འདུལ་བ་ཇི་ལྟ་བ་བཞིན་དུ་བསྒྲུབ་པའི་ཁ་དོག་དང་། ཐོགས་པ་མྱེད་པའི་ཁ་དོག་དང་། ཤིན་ཏུ་དང་བའི་ཁ་དོག་དང་། རྙོག་པ་ མྱེད་པའི་ཁ་དོག་དང་། རབ་ཏུ་བསལ་བའི་ཁ་དོག་དང་། མདངས་དང་ལྡན་པའི་ཁ་དོག་དང་། བསམ་གྱི་མི་ཁྱབ་པའི་ཚུལ་དང་ལྡན་པའི་ཁ་དོག་དང་། ཟིལ་གྱིས་གནོན་པའི་ཁ་དོག་དང་། ཐམས་ཅད་ཟིལ་གྱིས་གནོན་ པའི་ཁ་དོག་དང་། ཐམས་ཅད་ཟིལ་དུ་བརླག་པའི་ཁ་དོག་དང་། ཐམས་ཅད་ཟིལ་དུ་བརློག་པར་བྱེད་པའི་ཁ་དོག་དང་། རབ་རིབ་མྱེད་པའི་ཁ་དོག་དང་། མུན་པ་མྱེད་པའི་ཁ་དོག་དང་། ཤིན་ཏུ་མཉམ་པར་བཞག་ པའི་ཁ་དོག་དང་། སེམས་བདེ་བའི་ཁ་དོག་དང་། མཚན་སྣ་ཚོགས་དང་ལྡན་པའི་ཁ་དོག་དང་། དཔེ་བྱད་བཟང་པོ་སྣ་ཚོགས་དང་ལྡན་པའི་ཁ་དོག་དང་། ཆེ་བ་ཉིད་དང་ལྡན་པའི་ཁ་དོག་དང་། སྤྱོད་ཡུལ་དང་ལྡན་པའི་ ཁ་དོག་དང་། ཡང་དག་པར་བསྒྲུབ་པའི་ཁ་དོག་དང་། བསམ་པ་རྣམ་པར་དག་པའི་ཁ་དོག་དང་། ཤིན་ཏུ་སྦྱངས་པའི་ཁ་དོག་དང་། མཆོག་ཏུ་བྱུང་ཞིང་རྒྱ་ཆེ་བའི་ཁ་དོག་དང་། ཐུབ་པ་མྱེད་པའི་ཁ་དོག་དང་། 74-1-269b གནས་པ་མྱེད་པའི་ཁ་དོག་དང་། ཀུན་ཏུ་མཐའ་ཡས་པའི་ཁ་དོག་དང་། སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པར་རབ་ཏུ་བརྡལ་བའི་ཁ་དོག་དང་། རྣམ་པར་འཕེལ་བའི་ཁ་དོག་དང་། སྙིང་པོ་བཟུང་བའི་ཁ་ དོག་དང་། ཡོན་ཏན་མཆོག་དང་ལྡན་པའི་ཁ་དོག་དང་། ཡིད་བཞིན་གྱི་ཁ་དོག་དང་། མོས་པ་རྣམ་པར་སྤྱོད་པའི་ཁ་དོག་དང་། ཚོགས་ཤིན་ཏུ་བསྩགས་པའི་ཁ་དོག་དང་། ཆོས་སྒྲིབ་པ་མྱེད་པར་ཤིན་ ཏུ་རྟོགས་པའི་ཁ་དོག་དང་། ནམ་མཁའ་ལྟར་འོད་དང་བའི་ཁ་དོག་དང་། རྣམ་པར་དག་བས་བརྒྱན་པའི་ཁ་དོག་དང་། དྲི་མ་མྱེད་པའི་ཁ་དོག་དང་། རྡུལ་དང་བྲལ་བའི་ཁ་དོག་དང་། རྡུལ་མྱེད་པའི་ཁ་དོག་དང་། དྲི་མ་མྱེད་པའི་ཁ་དོག་དང་། མཚུངས་པ་མྱེད་པའི་ཁ་དོག་དང་། བལྟ་ན་བཟང་པོའི་ཁ་དོག་དང་། གནས་ལ་བལྟ་བའི་ཁ་དོག་དང་། དུས་བཞིན་དུ་ཡང་དག་པར་སྟོན་པའི་ཁ་དོག་དང་། རབ་ཏུ་ཞི་བའི་ཁ་དོག་ དང་། འདོད་ཆགས་དང་བྲལ་བའི་ཁ་དོག་དང་། འོད་ཤིན་ཏུ་བསགས་པའི་ཁ་དོག་དང་། བསོད་ནམས་ཀྱི་ཞིང་དུ་གྱུར་པའི་ཁ་དོག་དང་། བདེ་བར་བྱེད་པའི་ཁ་དོག་དང་། འཇིགས་པ་མྱེད་པའི་གཏི་མུག་མྱེད་ པར་སྤྱོད་པའི་ཁ་དོག་དང་། ཡེ་ཤེས་ཀྱི་རྣམ་པར་གནོན་པའི་ཁ་དོག་དང་། ཆགས་པ་མྱེད་པའི་ལུས་ཀྱི་ཁ་དོག་དང་། ལུས་ཀྱི་རྒྱན་ཀུན་ཏུ་མཐའ་ཡས་པའི་ཁ་དོག་དང་། དོན་ཡོད་པའི་ཁ་དོག་དང་། བྱམས་ པ་ཆེན་པོས་ཡང་དག་པར་འཕགས་པའི་ཁ་དོག་དང་། སྙིང་རྗེ་ཆེན་པོས་བྱིན་གྱི་བརླབས་པའི་ཁ་དོག་དང་། ཚུལ་མཐུན་པ་ལ་འབྱུང་བའི་ཁ་དོག་དང་། བསོད་ནམས་ཀྱི་སྟོབས་དང་ལྡན་པའི་ཁ་དོག་ དང་། རྗེས་སུ་དྲན་པར་བྱ་བའི་ཁ་དོག་དང་། རིན་པོ་ཆེ་མཐའ་ཡས་པའི་ཁ་དོག་དང་། རིན་པོ་ཆེ་དམ་པ་རྣམ་པར་སྣང་བའི་ཁ་དོག་དང་། འགྲོ་བ་ཐམས་ཅད་དད་པར་བྱེད་པའི་ཁ་དོག་དང་། ཐམས་ 74-1-270a ཅད་མཁྱེན་པ་ཉིད་ལ་མངོན་དུ་གྱུར་པའི་ཁ་དོག་དང་། བཞིན་འཛུམ་པའི་ཁ་དོག་དང་། རིན་པོ་ཆེའི་རྒྱན་གྱི་དམ་པ་ཐམས་ཅད་དང་ལྡན་པའི་ཁ་དོག་དང་། སེམས་མི་གནས་པའི་ཁ་དོག་དང་། གནས་ མྱེད་པའི་ཁ་དོག་དང་། བྱིན་གྱི་བརླབས་ཀྱི་རྣམ་པར་འཕྲུལ་པའི་ཁ་དོག་དང་། རྫུ་འཕྲུལ་རྣམ་པ་དུ་མས་ཁྱུ་མཆོག་གི་མཐུ་ཕྱུང་བའི་ཁ་དོག་དང་། དེ་བཞིན་གཤེགས་པའི་རིགས་སུ་ཡང་དག་པར་ བྱུང་བའི་ཁ་དོག་དང་། འདྲ་བ་མྱེད་པའི་ཁ་དོག་དང་། ཆོས་ཀྱི་དབྱིངས་སུ་བརྡལ་བའི་ཁ་དོག་དང་། འཁོར་ཇི་ལྟ་བ་བཞིན་དུ་འགྲོ་བའི་ཁ་དོག་དང་། རྣམ་པ་སྣ་ཚོགས་ཀྱི་ཁ་དོག་དང་། ཤིན་ཏུ་གྲུབ་པའི་ཁ་དོག་དང་། ཤིན་ཏུ་སྦྱང་པས་རབ་ཏུ་བྱུང་ བའི་ཁ་དོག་དང་། འདུལ་བ་ཇི་ལྟ་བ་བཞིན་དུ་སྤྱོད་ལམ་སྟོན་པའི་ཁ་དོག་དང་། བལྟ་ན་མི་ངོམས་པའི་ཁ་དོག་དང་། རྣམ་པ་སྣ་ཚོགས་སུ་འོད་གསལ་བའི་ཁ་དོག་དང་། འོད་གཟེར་གྱི་དྲ་བ་གྲངས་མྱེད་པ་ རབ་ཏུ་འགྱེད་པའི་ཁ་དོག་དང་། འོད་སྣ་ཚོགས་བརྗོད་དུ་མྱེད་པའི་ཁ་དོག་དང་། དྲི་ཞིམ་པོ་དང་འོད་བསམ་གྱི་མི་ཁྱབ་པས་ཁམས་གསུམ་ལས་ཡང་དག་པར་འདའ་བའི་ཁ་དོག་དང་། ཉི་མའི་དཀྱིལ་འཁོར་ ལྟ་བུའི་འོད་གཟེར་གྱིས་ཚད་མྱེད་པར་སྣང་བའི་ཁ་དོག་དང་། འཁོར་ལོ་དཔེ་མྱེད་པའི་གཟུགས་བྱིན་གྱིས་བརློབ་པའི་ཁ་དོག་དང་། མེ་ཏོག་གི་སྤྲིན་ཡིད་དུ་འོང་བ་མཐའ་ཡས་པར་རབ་ཏུ་འཐོར་བའི་ཁ་དོག་དང་། ཕྲེང་བའི་སྤྲིན་གྱི་པད་མོ་སྣ་ཚོགས་སུ་བསྒྲུབ་པས་ཡང་དག་པར་བརྒྱན་པའི་ཁ་དོག་དང་། འགྲོ་བ་ཐམས་ཅད་ལས་ཤིན་ཏུ་འདས་པའི་ཁ་དོག་དང་། སྤོས་ཞིམ་པོ་ཐམས་ཅད་ཀྱི་བཅུད་འབྱུང་བས་སྤོས་ འཕྲོ་བར་འགྱེད་པའི་ཁ་དོག་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཛོད་སྤུ་ནས་བྱུང་བའི་ཁ་དོག་དང་། སྒྲ་དབྱངས་བརྗོད་དུ་མྱེད་པས་ཆོས་ཐམས་ཅད་བསྟན་པ་ཡང་དག་པར་སྟོན་པའི་ཁ་ 74-1-270b དོག་དང་། རྣམ་པའི་མཆོག་ཐམས་ཅད་དང་ལྡན་པས་ཀུན་ཏུ་བཟང་པོའི་ཁ་དོག་ཏུ་བདག་གི་ལུས་བྱིན་གྱིས་རློབས་སྟེ། ཀྱེ་རྒྱལ་བའི་སྲས་དག །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ ཁ་དོག་མྱེད་པའི་ཆོས་ཀྱི་དབྱིངས་ལ་ཞུགས་པས་མཐོང་བས་འདུལ་བ་དང་། རྗེས་སུ་དྲན་པས་འདུལ་བ་དང་། ཆོས་ཀྱི་འཁོར་ལོས་འདུལ་བ་དང་། དུས་ཀྱིས་འདུལ་བ་དང་། སྙེང་བཀུར་བས་འདུལ་བ་དང་། ཁོང་ དུ་ཆུད་པར་བྱ་བས་འདུལ་བ་དང་། རྫུ་འཕྲུལ་གྱི་འདུལ་བ་དང་། རྣམ་པར་འཕྲུལ་བ་སྣ་ཚོགས་ཀྱིས་འདུལ་བ་དང་། ཆོ་འཕྲུལ་བསམ་གྱི་མི་ཁྱབ་པས་འདུལ་བ་རྣམས་དེ་ལྟ་བུའི་ཁ་དོག་ཏུ་རང་གི་ལུས་ བྱིན་གྱིས་རློབ་པོ། །ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཁ་དོག་གྲངས་མྱེད་པའི་ལུས་མངོན་པར་བསྒྲུབ་པའི་རྒྱན་ཅེས་བྱ་བ་མངོན་པར་ཤེས་པའི་ ཡེ་ཤེས་འགྲོ་བ་ཐམས་ཅད་ཡོངས་སུ་འགྲེལ་བ་ལ་བརྩོམ་སྟེ། བརྒྱད་པའོ། །ཀྱེ་རྒྱལ་བའི་སྲས་དག་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་བདག་མྱེད་པར་ རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་འོང་བ་མྱེད་པར་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་འབྲལ་བ་མྱེད་པར་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་བྱེ་བྲག་མྱེད་པར་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་ ཐ་དད་པ་མྱེད་པར་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་གཉིས་སུ་བྱར་མྱེད་པར་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་མྱི་གཉིས་པ་དང་མྱི་གཉིས་པ་མ་ཡིན་པར་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་ བདག་ཉིད་མྱེད་པར་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་འདྲ་བ་མྱེད་པར་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་འགྲོ་བ་མྱེད་པར་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་མ་སྐྱེས་པར་རབ་ཏུ་ཤེས་སོ། ། 74-1-271a ཆོས་ཐམས་ཅད་མ་འགག་པར་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་འཕོ་བ་མྱེད་པར་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་འཇིག་པ་མྱེད་པར་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་བདེན་པ་མྱེད་པར་རབ་ ཏུ་ཤེས་སོ། །ཆོས་ཐམས་ཅད་བརྫུན་པ་མྱེད་པར་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་མཚན་ཉིད་མྱེད་པས་མཚན་ཉིད་གཅིག་པར་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་ཡོད་པ་འང་མ་ཡིན་པར་རབ་ཏུ་ཤེས་སོ། ། ཆོས་ཐམས་ཅད་མྱེད་པ་འང་མ་ཡིན་པར་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་ཆོས་ཀྱང་མ་ཡིན་པར་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་ཆོས་མ་ཡིན་པ་འང་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་སྤྱོད་ པ་ལ་གཞོལ་བ་ཡང་མ་ཡིན་པར་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་སྤྱོད་པ་ལ་མི་གཞོལ་བ་འང་མ་ཡིན་པར་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་ལས་ཀྱང་མ་ཡིན་པར་རབ་ཏུ་ཤེས་སོ། །ཆོས་ཐམས་ ཅད་ལས་མ་ཡིན་པ་འང་མ་ཡིན་པར་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་རྣམ་པར་སྨིན་པ་འང་མ་ཡིན་པར་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་རྣམ་པར་སྨིན་པ་མ་ཡིན་པ་འང་མ་ཡིན་པར་རབ་ཏུ་ཤེས་ སོ། །ཆོས་ཐམས་ཅད་མངོན་པར་འདུ་བྱ་བ་མྱེད་པར་ཡང་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་མངོན་པར་འདུ་བྱ་བ་མྱེད་པ་ཡང་མ་ཡིན་པར་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་བདེ་བ་འང་མ་ཡིན་པར་རབ་ ཏུ་ཤེས་སོ། །ཆོས་ཐམས་ཅད་བརྡ་མ་ཡིན་པར་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་དོན་དམ་པ་འང་མ་ཡིན་པར་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་དོན་དམ་པ་མ་ཡིན་པ་འང་མ་ཡིན་པར་རབ་ཏུ་ཤེས་ སོ། །ཆོས་ཐམས་ཅད་འབྱུང་བ་འང་མ་ཡིན་པར་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་མི་འབྱུང་བ་འང་མ་ཡིན་པར་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་འབྱིན་པ་འང་མ་ཡིན་པར་རབ་ཏུ་ཤེས་སོ། །ཆོས་ 74-1-271b ཐམས་ཅད་མྱི་འབྱིན་པ་འང་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་ཚད་མྱེད་པར་ཡང་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་ཚད་མྱེད་པ་མ་ཡིན་པར་ཡང་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་འཇིག་རྟེན་པ་ འང་མ་ཡིན་པར་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་འཇིག་རྟེན་ལས་འདས་པ་འང་མ་ཡིན་པར་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་རྒྱུ་ལས་བྱུང་བ་འང་མ་ཡིན་པར་རབ་ཏུ་ཤེས་སོ། །ཆོས་ཐམས་ ཅད་རྒྱུ་ལས་མ་བྱུང་བ་འང་མ་ཡིན་པར་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་ཁ་དོག་ངེས་པ་མྱེད་པ་འང་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་ཁ་དོག་ངེས་པ་མྱེད་པ་འང་མ་ཡིན་པར་རབ་ཏུ་ཤེས་སོ། །ཆོས་ཐམས་ ཅད་ཁ་དོག་ཡོངས་སུ་གྲུབ་པ་ཡང་མ་ཡིན་པར་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་ཁ་དོག་ཡོངས་སུ་མ་གྲུབ་པ་འང་མ་ཡིན་པར་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་འབྱུང་བ་འང་མ་ཡིན་པར་རབ་ ཏུ་ཤེས་སོ། །ཆོས་ཐམས་ཅད་བྱུང་བ་འང་མ་ཡིན་མ་བྱུང་བར་མ་ཡིན་པར་ཡང་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་རྣམ་པར་བརྟགས་པ་ཡང་མ་ཡིན་པར་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་ རྣམ་པར་བརྟགས་པ་མ་ཡིན་པ་ཡང་མ་ཡིན་པར་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་ཚུལ་ཡང་མ་ཡིན་པར་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་ཚུལ་མ་ཡིན་པ་འང་མ་ཡིན་པར་རབ་ཏུ་ཤེས་སོ། ། དེ་ནི་སྤྱོད་པ་ལ་མངོན་པར་ཆགས་པ་མྱེད་དོ། །དོན་དམ་པ་ལ་གནས་པ་མྱེད་དོ། །ཆོས་ལ་རབ་ཏུ་རྟོག་པ་མྱེད་དོ། །ཡི་གེ་ཡོངས་སུ་བསྒྲུབ་པ་མྱེད་དོ། །ཞི་བའི་རྗེས་སུ་ཤིན་ཏུ་འབྲང་ངོ་། །སྨོན་ལམ་ཡོངས་སུ་མྱི་ གཏོང་ངོ་། །དོན་གྱི་ཚུལ་ལ་རྣམ་པར་བལྟའོ། །ཆོས་ཀྱི་ཚུལ་ལ་རབ་ཏུ་འཇུག་གོ། །ཆོས་ཀྱི་སྤྲིན་ཀུན་ནས་སློང་ངོ་། །ཆོས་སུ་འབབ་པའི་ཡི་གེའི་ཆར་མངོན་པར་འབེབསོ། །ཆོས་བརྗོད་དུ་མྱེད་པ་ལ་ 74-1-272a འཇུག་གོ། །ཐ་དད་པ་ཡང་དག་པར་ཤེས་པ་ཟད་མི་ཤེས་པ་དོན་གྱི་ཚུལ་རབ་ཏུ་བརྗོད་ཅིང་ཆོས་ཀྱི་ཚུལ་མངོན་པར་སྟོན་པས་ཆོས་ཐམས་ཅད་ཀྱི་ངེས་པའི་ཚིག་ལ་མཁས་པ་དང་། ཆོས་ཐམས་ ཅད་སྤོབས་པས་ཐབས་མཁས་པའི་ཚུལ་བརྗོད་དུ་མྱེད་པའི་ཡང་རྗོད་དུ་མྱེད་པ་ལ་རབ་ཏུ་འཇུག་གོ། །བྱམས་པ་ཆེན་པོ་རྣམ་པར་དག་པ་དང་ལྡན་ཞིང་སྙིང་རྗེ་ཆེན་པོ་རབ་ཏུ་ཐོབ་པ། ཡི་གེ་མྱེད་པའི་ཡུལ་དང་ལྡན་པ། ཡི་ གེ་མངོན་པར་བསྒྲུབ་པའི་དོན་ལ་བརྩོན་ཞིང་འགལ་བ་མྱེད་པ། རང་གཞན་གྱི་ཆོས་ལ་བརྩོན་པ་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བར་སྟོན་པས་གོས་པ་མྱེད་པ། བརྗོད་པ་ཐམས་ཅད་ཀྱི་རྗེས་སུ་སོང་ བའི་སྤོབས་པ་དང་ལྡན་པ། དེ་ཆོས་ཐམས་ཅད་ཟད་མི་ཤེས་པའི་སྤོབས་པས་སྟོན་ཏོ། །བརྗོད་དོ། །རྣམ་པར་འགོད་དོ། །ཡང་དག་པར་སྟོན་ཏོ། །འགྲེལ་ཏོ་རྣམ་པར་འགྱེད་དོ། །འབྱིན་ཏོ། །ཁོང་དུ་ཆུད་པར་བྱེད་དོ། ། རབ་ཏུ་ནན་ཏན་ཏེ། །རྟོགས་པར་བྱེད་དོ། །རབ་ཏུ་བསྒྲུབ་པོ་རྣམ་པར་སྤྱོད་དོ། །ཐེ་རྩོམ་སེལ་ཏོ་དོགས་པ་གཅོད་དོ། །དེ་ཁོ་ན་སྟོན་ཏོ་རང་བཞིན་བརྗོད་དོ། །འགྲོ་བ་ལ་ཕན་འདོགས་སོ། །ཆོས་ཉིད་ལས་མི་ཉམས་སོ། ། མི་གཉིས་པ་ལ་འཇུག་གོ་ཆགས་པ་མྱེད་པའི་སྒོ་སྟོན་ཏོ། །དབྱངས་ཀྱི་ཡན་ལག་ཐམས་ཅད་ཡང་དག་པར་བསྒྲུབ་པས་རབ་ཏུ་འཇོམ་པའི་སྒྲས་སྒྲའི་ཆར་ཡང་བསམ་པ་ཇི་ལྟ་བུའི་དུས་ལས་ཡོལ་བར་ མྱི་བྱེད་པར་མངོན་པར་འབེབས་སོ། །ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་ཀྱི་མངོན་པར་ཤེས་པ་སྟེ། དགུ་པའོ། ། ཀྱེ་རྒྱལ་བའི་སྲས་དག །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་སྐད་ཅིག་རེ་རེ་ཞིང་ཆོས་ཐམས་ཅད་འགོག་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཀྱང་། བྱང་ཆུབ་སེམས་ 74-1-272b དཔའི་ལམ་གྱི་རྒྱུད་མྱི་གཅོད་དོ། །བྱང་ཆུབ་སེམས་དཔའི་ལས་ཀྱང་ཐོགས་པར་མྱི་བྱེད་དོ། །བྱང་ཆུབ་སེམས་དཔའི་བྱམས་པ་ཆེན་པོ་ལས་ཀྱང་རྣམ་པར་མི་འདའོ། །སྙིང་རྗེ་ཆེན་པོ་ལས་ཀྱང་ཕྱིར་མྱི་ལྡོག་ གོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱང་རྒྱུན་མྱི་གཅོད་དོ། །ཞིང་ཐམས་ཅད་རབ་ཏུ་འགྱེད་ཅིང་མཁས་པས་ཀྱང་སྐྱོ་བར་མྱི་བྱེད་དོ། །འགྲོ་བ་ཐམས་ཅད་ཡོངསུ་དགྲོལ་བའི་སྨོན་ལམ་ཡང་རྒྱུན་མྱི་གཅོད་དོ། ། ཆོས་ཀྱི་འཁོར་ལོ་ཡང་ཐོགས་པར་མྱི་བྱེད་དོ། །སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བ་དང་། གདུལ་བར་བྱ་བ་ཡང་རིང་དུ་མྱི་སྤོང་ངོ་། །སངས་རྒྱས་མཆོད་ཅིང་རིམ་གྲོ་བྱ་བ་ཡང་རྒྱུན་མྱི་གཅོད་དོ། ། ཆོས་ཐམས་ཅད་ལ་དབང་བསྒྱུར་བའི་སྒོ་ལས་ཀྱང་ཕྱིར་མྱི་ལྡོག་གོ། །སངས་རྒྱས་མཐོང་བའི་བསྐལ་བ་མྱེད་པར་ཡང་མྱི་འགྱུར་རོ། །ཆོས་ཐམས་ཅད་ཡོངསུ་དྲི་བ་ལས་ཀྱང་ཕྱིར་མྱི་ལྡོག་གོ། མཉམ་ པ་ཉིད་དང་སྟོང་པ་ཡང་རབ་ཏུ་ཤེསོ། །སྒྲིབ་པ་མྱེད་པར་ཡང་མངོན་པར་བསྒྲུབ་པོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཁྱད་པར་གྱི་སྨོན་ལམ་མཉམ་པ་ཉིད་ཀྱང་ཡོངས་སུ་རྫོགས་པར་བྱེད་དོ། །ཞིང་ ཐམས་ཅད་ཀྱི་གཞི་དང་། དབྱིབས་ཐ་དད་པའི་རྗེས་སུ་འང་རབ་ཏུ་འཇུག་སྟེ། སངས་རྒྱས་ཀྱི་རིགས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་འཐོབ་པ་ཡིན། འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་དེ་དང་དེ་དག་ཏུ་ ཆོས་ཐམས་ཅད་སྤྲུལ་པ་ལྟ་བུར་བསླབ་པའང་ཤིན་ཏུ་བསླབས་པ་ཡིན། ཆོས་ཐམས་ཅད་མཚན་མ་མྱེད་པ་ལ་ཞུགས་པས་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང་ ལྡན་པ་ཡིན། ཆོས་ཐམས་ཅད་ལུས་མྱེད་པའི་ཚུལ་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་གྱི་ཚུལ་དང་སྤྱོད་པའི་ཚུལ་ཁོང་དུ་ཆུད་པ་དང་ལྡན་པ་ཡིན། ཆོས་ཐམས་ཅད་ཀྱི་རྗེས་སུ་འབྲང་བ་ 74-1-273a ལ་མྱི་གནས་པ་ཡིན། ཆོས་ཀྱི་ཚུལ་ཐམས་ཅད་རབ་ཏུ་རྟོགས་ཤིང་བསམ་པ་དང་། དབང་པོ་ཇི་ལྟ་བའང་རབ་ཏུ་རྟོགས་པ་ཡིན། དེ་འདོད་ན་བསྐལ་པ་དང་བསྐལ་པ་གཅིག་དང་། བསྐལ་ པ་བརྒྱ་དང་། བསྐལ་པ་སྟོང་དང་། བསྐལ་པ་ཁྲག་ཁྲིག་དང་། བསྐལ་པ་ཁྲི་ཁྲག་བརྒྱ་དང་། བསྐལ་པ་ཁྲག་ཁྲིག་སྟོང་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དང་། བསྐལ་པ་ཚད་མྱེད་པ་དང་། དཔག་ཏུ་མྱེད་པ་དང་། གྲངས་མྱེད་པ་དང་། བསམ་གྱི་མྱི་ཁྱབ་པ་དང་མཚུངས་པ་མྱེད་པ་དང་། གཞལ་དུ་མྱེད་པ་དང་། ཀུན་ཏུ་མཐའ་ཡས་པ་དང་། མུ་མྱེད་པ་དང་ས་ མཚམས་མྱེད་པ་དང་། བསྐལ་པ་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པར་ཆོས་ཐམས་ཅད་འགག་པའི་ཏིང་ངེ་འཛིན་གཅིག་ལ་སྙོམས་པར་འཇུག་ཀྱང་དེའི་ལུས་དུབ་པར་མྱི་འགྱུར་རོ། །ཉམས་ ཆུང་བར་མི་འགྱུར་རོ། །བསྐལ་པ་ཞན་པར་མི་འགྱུར་རོ། །ཆུད་མྱི་ཟ། རྣམ་པར་ཆུད་མྱི་ཟའོ། །ཞུམ་པར་མྱི་འགྱུར་རོ། །རྣམ་པར་ཞུམ་པར་མྱི་འགྱུར་རོ། །ཟད་པར་མི་འགྱུར་རོ། །དངོས་པོ་ཡོད་ པ་དང་མྱེད་པར་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའི་བྱ་བ་ཡང་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་ཆོས་ཉིད་ཀྱང་བརྗོད་དོ། །སེམས་ཅན་གྱི་དུས་ཀྱང་ཡོངས་སུ་མྱི་སྤོང་ངོ་། ། སེམས་ཅན་འདུལ་བའི་དུས་ལ་བབ་པ་ཡང་ཐོགས་པར་མྱི་བྱེད་དོ། །སངས་རྒྱས་ཀྱི་ཆོས་ཉིད་ཀྱང་རྣམ་པར་འཕེལ་བར་བྱེད་དོ། །བྱང་ཆུབ་སེམས་དཔའི་མཉམ་པ་ཉིད་ཀྱང་ཡོངས་སུ་རྫོགས་པར་བྱེད་དོ། ། སེམས་ཅན་ཐམས་ཅད་ཀྱི་དོན་ཀྱང་ཡོངས་སུ་མྱི་གཏོང་ངོ་། །སྤྲུལ་པའི་རྒྱུད་ཀྱང་རྒྱུན་མྱི་གཅོད་དོ། །མྱིག་ཡོར་ལྟ་བུའི་ཆོས་ཀྱི་ཚུལ་ལས་ཀྱང་ལྡོག་པར་མྱི་བྱེད་དོ། །བསམ་གཏན་དང་། ཏིང་ 74-1-273b ངེ་འཛིན་ལས་ཀྱང་མྱི་གཡོའོ། །ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་ཐམས་ཅད་འགག་པ་ཞེས་བྱ་བ་སྟེ། ཡེ་ཤེས་ཀྱི་མངོན་པར་ཤེས་ པ་བཅུའོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལྷ་དང་འཇིག་རྟེན་དུ་བཅས་པས་བསམ་གྱི་མི་ཁྱབ་པ་ཡིན། འགྲོ་བ་ཐམས་ཅད་ཀྱིས་བསམ་གྱིས་མི་ ཁྱབ་པ་ཡིན། ཉན་ཐོས་ཐམས་ཅད་ཀྱི་བསམ་གྱིས་མྱི་ཁྱབ་པ་ཡིན། རང་སངས་རྒྱས་ཐམས་ཅད་ཀྱི་བསམ་གྱིས་མྱི་ཁྱབ་པ་ཡིན། ས་འོག་མ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ ཐམས་ཅད་ཀྱི་བསམ་གྱིས་མྱི་ཁྱབ་པ་ཡིན་ལུས་ཀྱི་ལས་བསམ་གྱིས་མྱི་ཁྱབ་པ་ཡིན། ངག་གི་ལས་བསམ་གྱིས་མྱི་ཁྱབ་པ་ཡིན། ཡིད་ཀྱི་ལས་བསམ་གྱིས་མྱི་ཁྱབ་པ་ཡིན་ཏིང་ངེ་འཛིན་ རྣམ་པར་འཕྲུལ་པ་ལ་འཇུག་པ་བསམ་གྱིས་མྱི་ཁྱབ་པ་ཡིན། ཡེ་ཤེས་ཀྱི་སྤྱོད་ཡུལ་བསམ་གྱིས་མྱི་ཁྱབ་པ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་སེམས་དཔའ་ དེ་དག་བསྟན་པར་མཛད་ཅིང་བཤད་པ་དང་། གནས་པ་དེ་དག་དགོད་པར་མཛད་དེ། ཁོང་དུ་ཆུད་པར་མཛད་པ་དང་། མངོན་པར་ཤེས་པ་དེ་ལྟ་བུ་ཐོབ་པའི་བྱང་ཆུབ་སེམས་དཔའ་བསྟན་པ་དང་། བརྗོད་པ་ དང་། སྟོན་པ་དང་། བཀྲོལ་ཏུ་བསྟན་པ་དང་། ཡོངསུ་བརྗོད་པ་ནི་མ་གཏོགས་སོ། །ཀྱེ་རྒྱལ་བའི་སྲས་དག་བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པ་སྟེ། དེ་དག་ལ་ གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་དུས་གསུམ་ཐམས་ཅད་ཀྱི་མངོན་པར་ཤེས་པ་སྒྲིབ་པ་མྱེད་པ་རབ་ཏུ་འཐོབ་པོ། །མངོན་པར་ཤེས་པའི་ལེའུ་སྟེ་ 74-1-274a སུམ་བཅུ་རྩ་བཞི་པའོ།། །། སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་ཉི་ཤུ་བརྒྱད་པ། དེ་ནས་བྱང་ཆུབ་སེམས་ དཔའ་ཀུན་ཏུ་བཟང་པོས། ཡང་བྱང་ཆུབ་སེམས་དཔའ་དེ་དག་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས་དག་བཅུ་པོ་གང་འདི་རྣམས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བཟོད་པ་ཐོབ་པ་སྟེ། བཟོད་པ་ཐོབ་པ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་བཟོད་པ་ཐམས་ཅད་ཀྱིས་སྒྲིབ་པ་མྱེད་པ་ཐོབ་པས། སངས་རྒྱས་ཀྱི་ཆོས་ཟད་མྱི་ཤེས་པ་སྒྲིབ་པ་མྱེད་པ་ཐམས་ཅད་ཐོབ་པར་འགྱུར་བ་དག་གོ། ། བཅུ་གང་ཞེ་ན་འདི་ལྟ་སྟེ་སྒྲ་ཁོང་དུ་ཆུད་པའི་བཟོད་པ་དང་། འཐུན་པའི་བཟོད་པ་དང་། མི་སྐྱེ་བའི་ཆོས་ཀྱི་བཟོད་པ་དང་། སྒྱུ་མ་ལྟ་བུའི་བཟོད་པ་དང་། སྨྱིག་རྒྱུ་ལྟ་བུའི་བཟོད་པ་དང་། རྨི་ལམ་ལྟ་བུའི་ བཟོད་པ་དང་། སྒྲ་བརྙན་ལྟ་བུའི་བཟོད་པ་དང་། གཟུགས་བརྙན་ལྟ་བུའི་བཟོད་པ་དང་། སྤྲུལ་པ་ལྟ་བུའི་བཟོད་པ་དང་། ནམ་མཁའ་ལྟ་བུའི་བཟོད་པའོ། །ཀྱེ་རྒྱལ་བའི་སྲས་དག་བཅུ་པོ་དེ་རྣམས་ བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པ་ཐོབ་པ་སྟེ། འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ། ། ཀྱེ་རྒྱལ་བའི་སྲས་དག་དེ་ལ་བཟོད་པ་དང་པོ་སྒྲ་ཁོང་དུ་ཆུད་པ་གང་ཞེ་ན། འདི་ལྟ་སྟེ་ཆོས་དེ་དག་ཐོས་ནས་མྱི་འཇིགས་མི་སྐྲག །སྐྲག་པར་མྱི་འགྱུར་ཞིང་དད་པ་དང་། ཡིད་ཆེས་པ་དང་། མོས་ པ་དང་སྤྲོ་བ་དང་། འཇུག་པ་དང་རྗེས་སུ་འབྲང་བ་དང་། དེ་འདི་བཞིན་དུ་གནས་ཤིང་ཁོང་དུ་ཆུད་པར་བྱེད་པ་སྟེ། ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ 74-1-274b པོ་རྣམས་ཀྱི་སྒྲ་ཁོང་དུ་ཆུད་པའི་བཟོད་པ་སྟེ་དང་པོའོ། །ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་འཐུན་པའི་བཟོད་པ་ཐོབ་པ་གཉིས་པ་གང་ཞེ་ན། ཀྱེ་རྒྱལ་ བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འདི་དག་ནི་མཐུན་པ་ཞེས་བྱ་བར་རྟོག་གོ། །དཔྱོད་དོ། །མཉམ་པར་བྱེད་དོ། །མྱི་འགལ་བར་བྱེད་དོ། །ཆོས་དེ་དག་ལ་ཇི་ལྟར་ འཐུན་པར་འཇུག་པར་བྱ་བ་དེ་ལྟར་རྣམ་པར་སྒོམ་མོ། །བསམ་པ་རྣམ་པར་དག་པར་བྱེད་དོ། །མཉམ་པར་བྱེད་དོ། །བརྩོན་པར་བྱེད་དོ། །རྟོགས་པར་བྱེད་དོ། །རབ་ཏུ་བསྒྲུབ་པོ། །ཀྱེ་རྒྱལ་བའི་ སྲས་དག་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཐུན་པའི་བཟོད་པ་ཐོབ་པ་སྟེ་གཉིས་པའོ། །ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ ཀྱི་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ཐོབ་པ་གསུམ་པ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡུལ་ཙམ་གྱི་ཆོས་ཀྱང་གང་ཡང་སྐྱེས་པར་མཐོང་བ་མྱེད་དོ། ། ཆོས་གང་ཡང་འགག་པར་མཐོང་བ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་མ་སྐྱེས་པ་དེ་ནི་མ་འགགས་པའོ་གང་མ་འགགས་པ་དེ་ནི་མི་ཟད་པའོ། །གང་མྱི་ཟད་པ་དེ་ནི་རྡུལ་མྱེད་པའོ། །གང་རྡུལ་མྱེད་པ་དེ་ནི་ ཐ་མི་དད་པའོ། །གང་ཐ་མྱི་དད་པ་དེ་ནི་གཞི་མྱེད་པའོ། །གང་གཞི་མྱེད་པ་དེ་ནི་ཞི་བའི་སའོ། །གང་ཞི་བའི་ས་ཡིན་པ་དེ་ནི་འདོད་ཆགས་དང་བྲལ་བའོ། །གང་འདོད་ཆགས་དང་བྲལ་བ་དེ་ནི་མངོན་པར་ འདུ་བྱ་བ་མྱེད་པའོ། །གང་མངོན་པར་འདུ་བྱ་བ་མྱེད་པ་ནི་སྨོན་པ་མྱེད་པའོ། །གང་སྨོན་པ་མྱེད་པ་དེ་ནི་གནས་པ་མྱེད་ཅིང་ལེན་པ་མྱེད་པ་སྟེ། ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་ 74-1-275a དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་སྟེ། གསུམ་པའོ། །ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ ཀྱི་སྒྱུ་མ་ལྟ་བུའི་བཟོད་པ་ཐོབ་པ་བཞི་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་ གྱིས་སྒྱུ་མ་ལྟ་བུར་འཇུག་སྟེ། ཆོས་ཀྱི་རྣམ་པ་གཅིག་ལ་རྣམ་པ་མང་པོར་མོས་པར་བྱེད་དོ། །ཆོས་རྣམ་པ་མང་པོ་ལ་ཆོས་ཀྱི་རྣམ་པ་གཅིག་ཏུ་མོས་པར་བྱེད་དོ། །དེ་ནི་ཆོས་དེ་དག་ལ་ སྒྱུ་མའི་ཚུལ་གྱིས་ཞིང་དུ་འང་སྒོམ་པར་བྱེད་དོ། །སེམས་ཅན་དུའང་ཁོང་དུ་ཆུད་པར་བྱེད་དོ། །ཆོས་ཐམས་ཅད་ཀྱི་དབྱིངས་དུ་ཡང་རྟོགས་པར་བྱེད་དོ། །འཇིག་རྟེན་གྱི་ཁམས་སུ་ཡང་ མཉམ་པར་བྱེད་དོ། །སངས་རྒྱས་སྐྱེ་བར་ཡང་མཚུངས་པར་བྱེད་དོ། །འཇུག་ཏུ་མྱེད་པའི་ཚུལ་གྱིས་ཀྱང་རྗེས་སུ་འཇུག་གོ། །བྱིན་གྱི་བརླབས་ཀྱི་ཚུལ་གྱིས་ཀྱང་མངོན་པར་བསྒྲུབསོ། །འདི་ལྟ་ སྟེ་དཔེར་ན། སྒྱུ་མ་ནི་གླང་པོའི་ལུས་ལ་ཡང་མྱི་གནས་སོ། །རྟའི་ལུས་ལ་ཡང་མྱི་གནས་སོ། །ཤིང་རྟའི་ལུས་ལ་ཡང་མི་གནས་སོ། །རྐང་ཏང་གི་ལུས་ལ་ཡང་མི་གནས་སོ། །སྐྱེས་པ་ ལ་འང་མྱི་གནས་སོ། །རོགས་པོ་ལ་འང་མྱི་གནས་སོ། །བུ་མོ་ལ་འང་མི་གནས་སོ། །ཤིང་ལ་འང་མྱི་གནས་སོ། །ལོ་མ་ལ་འང་མྱི་གནས་སོ། །མེ་ཏོག་ལ་འང་མྱི་གནས་སོ། །འབྲས་བུ་ལ་འང་ མྱི་གནས་སོ། །ས་དང་ཆུ་དང་མྱེ་དང་རླུང་ལ་འང་མྱི་གནས་སོ། །ཉིན་ཞག་དང་ཟླ་བ་ཡར་ཁམ་མར་ཁམ་དང་། ཟླ་བ་དང་ལོ་ལ་འང་མྱི་གནས་སོ། །ལོ་བརྒྱ་ལ་འང་མྱི་གནས་སོ། །ཟླ་བ་དང་ཉི་ 74-1-275b མ་ལ་འང་མྱི་གནས་སོ། །བསྐལ་པ་ལ་འང་མྱི་གནས་སོ། །ཞི་བ་དང་རབ་ཏུ་ཞི་བ་ལ་འང་མྱི་གནས་སོ། །སྣ་ཚོགས་དང་རྣམ་པ་སྣ་ཚོགས་ལ་འང་མྱི་གནས་སོ། །གཅིག་པ་དང་ཐ་དད་པ་ལ་འང་མི་ གནས་སོ། །ཡངས་པ་དང་དོག་པ་ལ་འང་མི་གནས་སོ། །རྒྱ་ཆེན་པོ་དང་རྒྱ་ཆུང་ངུ་ལ་འང་མི་གནས་སོ། །ཚད་ཡོད་པ་དང་ཚད་མྱེད་པ་ལ་འང་མྱི་གནས་སོ། །ཕྲ་བ་དང་རགས་པ་ལ་འང་མྱི་གནས་སོ། །འཁོར་ སྣ་ཚོགས་ལ་འང་མྱི་གནས་སོ། །འཁོར་ཀྱང་སྒྱུ་མ་ལ་མི་གནས། སྒྱུ་མ་ཡང་འཁོར་ལ་མི་གནས་ཏེ། སྒྱུ་མ་ཀུན་ཏུ་བསྟན་པ་དང་སྣ་ཚོགས་ཀྱི་སྒྱུ་མ་རྣམ་པ་ཐ་དད་པ་བསྟན་པའི་གྲངས་སུ་ བགྲང་བ་ཡང་ཡོད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འཇིག་རྟེན་ཐམས་ཅད་ལ། སྒྱུ་མ་ལྟ་བུར་འཇུག་ཅིང་ལས་ཀྱི་འཇིག་རྟེན་དང་། ཉོན་མོངས་པའི་འཇིག་རྟེན་ དང་། ཞིང་གི་འཇིག་རྟེན་དང་ཆོས་ཀྱི་འཇིག་རྟེན་དང་། དུས་ཀྱིས་འཇིག་རྟེན་དང་། རྒྱུད་ཀྱི་འཇིག་རྟེན་དང་། ལྡན་པའི་འཇིག་རྟེན་དང་། མྱི་ལྡན་པའི་འཇིག་རྟེན་དང་། འཇུག་པའི་འཇིག་རྟེན་དང་། མངོན་པར་འདུ་བྱ་བའི་འཇིག་རྟེན་ལ་འཇུག་པའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་གྱིས་ཐམས་ཅད་ལ་སྒྱུ་མའི་རྣམ་པར་འཇུག་པས་སེམས་ཅན་རྣམས་ སྐྱེ་བར་མྱི་བྱེད་དོ། །འཇིག་པར་མྱི་བྱེད་དོ། །ཞིང་རྣམས་སྐྱེ་བར་མི་བྱེད་དོ། །འཇིག་པར་མི་བྱེད་དོ། །ཆོས་རྣམས་སྐྱེ་བར་མྱི་བྱེད་དོ། །འཇིག་པར་མི་བྱེད་དོ། །འདས་པ་ལ་མི་རྟོག་གོ། །འདས་པ་ལ་རྣམ་ པར་མྱི་རྟོག་གོ། །མ་འོངས་པ་ལ་མངོན་པར་འདུ་མྱི་བྱེད་དོ། །མ་འོངས་པ་འབྱུང་བར་མྱི་བྱེད་དོ། །ད་ལྟར་བྱུང་བ་ལ་གནས་པ་མྱེད་དོ། །ད་ལྟར་བྱུང་བ་ལ་ཆགས་པ་མྱེད་དོ། །བྱང་ཆུབ་སེམས་དཔའ་ 74-1-276a ལ་དཔྱོད་པ་མྱེད་དོ། །བྱང་ཆུབ་ལ་ཡོངས་སུ་རྟོག་པ་མྱེད་དོ། །སངས་རྒྱས་འབྱུང་བར་མི་བྱེད་དོ། །སངས་རྒྱས་ཡོངས་སུ་མྱ་ངན་ལས་འདའ་བར་མི་བྱེད་དོ། །སྨོན་ལམ་ལ་གནས་པར་མི་ བྱེད་དོ། །སྐྱོན་མེད་པ་ལ་ཆགས་པར་མི་བྱེད་དོ། །མཉམ་པ་ཉིད་མི་ལེན་ཏོ། །ཆགས་པ་མྱེད་པ་མི་འདོར་རོ། །ཞིང་ལ་ཆགས་པ་མྱེད་དོ། །ཐ་དད་པ་མེད་པར་ཡང་ཁོང་དུ་ཆུད་དོ། །སེམས་ཅན་ གྱི་ཁམས་ཀྱང་མངོན་པར་བསྒྲུབ་སྟེ། སེམས་ཅན་གྱི་ཁམས་ཐ་དད་པའང་རབ་ཏུ་ཤེས་སོ། །ཆོས་ཀྱི་དབྱིངས་ཀྱང་ཁོང་དུ་ཆུད་དེ་གནས་པའི་ཆོས་ཉིད་ལས་ཀྱང་མྱི་གཡོའོ། །དུས་མཉམ་པ་ཉིད་ ལའང་རབ་ཏུ་འཇུག་སྟེ། དུས་ལ་རྣམ་པར་རྟོག་པས་ཀྱང་འགལ་བར་མི་བྱེད་དོ། །ཕུང་པོ་དང་སྐྱེ་མཆེད་རྣམས་ཀྱང་མངོན་པར་བསྒྲུབ་སྟེ། གནས་ཡང་དག་པར་གཞན་པ་ འང་ཁོང་དུ་ཆུད་པར་བྱེད་དོ། །སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་དེ། ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཐ་དད་པ་མྱེད་པར་ཡང་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་བརྗོད་དུ་མྱེད་ཅིང་ཡི་གེ་ མྱེད་པར་ཡང་རབ་ཏུ་ཤེས་ཏེ། སོ་སོ་ཡང་དག་པར་རིག་པས་ཀྱང་ཐོགས་པ་མྱེད་དོ། །སེམས་ཅན་ཐམས་ཅད་དགྲོལ་བའི་དོན་དུ་འདོད་པ་ལ་འང་ཆགས་པར་མྱི་བྱེད་དོ། །སྙིང་རྗེ་ཆེན་པོས་ ཀྱང་འདུལ་བའི་སེམས་ཅན་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་རོ། །སེམས་ཅན་ལ་ལྟ་བའི་ཕྱིར་སྙིང་རྗེ་ཆེན་པོ་འང་བྱིན་གྱིས་བརློབ་སྟེ། སྙིང་རྗེ་ཆེན་པོའི་ཕྱོགས་ལ་འང་སེམས་ཅན་ ཐམས་ཅད་ཡོངས་སུ་འགྲེལ་ཏོ། །སྔོན་གྱི་རྒྱུ་ཡང་རབ་ཏུ་བརྗོད་དེ་རྒྱུ་འཕོ་བ་མྱེད་པ་འམ་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་ 74-1-276b དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྒྱུ་མ་ལྟ་བུའི་བཟོད་པ་ཐོབ་པ་སྟེ་བཞི་པའོ། །ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྨྱིག་རྒྱུ་བ་ལྟ་བུར་རབ་ཏུ་ཤེས་ཏེ། བཟོད་ པ་ཐོབ་པ་ལྔ་པ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་ཐམས་ཅད་སྨྱིག་རྒྱུ་ལྟ་བུར་རབ་ཏུ་ཤེས་ཏེ། འདི་ལྟ་སྟེ་དཔེར་ན། སྨྱིག་རྒྱུ་ནི་ཡུལ་ ན་འང་མྱི་གནས་ཕྱོགས་ན་འང་མྱི་གནས་པའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཡུལ་ན་ཡང་མྱི་གནས། ཕྱོགས་ན་འང་མི་གནས་པའི་ཆོས་ཉིད་རབ་ཏུ་ཤེས་ཏེ། འཇིག་ རྟེན་ན་འང་མྱི་གནས། ཕྱི་རོལ་ན་འང་མི་གནས་པ་དང་། ཡོད་པ་འང་མ་ཡིན། མྱེད་པ་འང་མ་ཡིན་པ་དང་། རྟག་པ་འང་མ་ཡིན། ཆད་པ་འང་མ་ཡིན་པར་རྣམ་པར་རིག་པར་གྱུར་པ་རབ་ཏུ་ཤེས་སོ། །ཡང་ དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ནང་ཞེས་བྱ་བ་ནང་ན་གནས་པ་མ་ཡིན་པ་དང་། ནང་ཞེས་བྱ་བ་ཕྱི་རོལ་ན་གནས་པ་མ་ཡིན་པ་དང་། ཁ་དོག་གཅིག་པ་མ་ཡིན་པ་དང་། ཁ་དོག་ཐ་དད་པ་མ་ཡིན་པ་ འང་རབ་ཏུ་ཤེས་ཏེ། ཆོས་ཐམས་ཅད་ཁ་དོག་མྱེད་པའི་ས་ཐོབ་པར་བྱ་བ་འང་རབ་ཏུ་རྫོགས་པར་བྱེད་དོ། །ཀྱེ་རྒྱལ་བའི་སྲས་དག་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མིག་ རྒྱུ་ལྟ་བུའི་བཟོད་པ་ཐོབ་པ་སྟེ། ལྔ་པའོ། །ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྨི་ལམ་ལྟ་བུའི་བཟོད་པ་ཐོབ་པ་དྲུག་པ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་ དག་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་ཐམས་ཅད་རྨི་ལམ་ལྟ་བུར་རབ་ཏུ་ཤེས་སྟེ། འདི་ལྟ་སྟེ་དཔེར་ན་རྨི་ལམ་ནི་འཇིག་རྟེན་ལས་བྱུང་བ་འང་མ་ཡིན། འཇིག་རྟེན་ 74-1-277a ལས་འདས་པ་འང་མ་ཡིན། རྨི་ལམ་ནི་ཀུན་ནས་ཉོན་མོངས་འདོད་པའི་ཁམས་ཀྱང་མ་ཡིན། གཟུགས་ཀྱི་ཁམས་ཀྱང་མ་ཡིན། གཟུགས་མྱེད་པའི་ཁམས་ཀྱང་མ་ཡིནོ། །རྨི་ལམ་ ནི་ཤི་འཕོ་བ་འང་མ་ཡིན། སྐྱེ་བ་འང་མ་ཡིན་ནོ། །རྨི་ལམ་ནི་ཀུན་ནས་ཉོན་མོངས་པ་འང་མ་ཡིན། རྣམ་པར་བྱང་བ་འང་མ་ཡིན་ནོ། །རྨི་ལམ་ནི་ལྟ་བ་འང་མ་ཡིན། རྣམ་པར་དག་པ་འང་མ་ཡིན་ཏེ། རྨི་ལམ་སྣང་བ་ཡང་མྱེད་པ་འང་མ་ ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འཇིག་རྟེན་ཐམས་ཅད་འཁྲུག་པ་མྱེད་པའི་ཚུལ་གྱིས་རྨི་ལམ་གྱི་ངོ་བོ་ཉིད་ཀྱི་ཚུལ་དང་། རྨི་ལམ་ལ་མངོན་པར་ཆགས་པ་དང་། རྨི་ལམ་རབ་ཏུ་དབེན་པ་དང་། རྨི་ལམ་གྱི་རང་བཞིན་དང་། རྨི་ལམ་གྱི་བྱིན་གྱིས་རླབས་པ་དང་། རྨི་ལམ་ཐ་མི་དད་པ་དང་། རྨི་ལམ་གྱི་འདུ་ཤེས་དང་རྣམ་པར་རྟོག་པ་དང་། རྨི་ལམ་གྱི་འཇིག་རྟེན་ ཁོང་དུ་ཆུད་པ་ལྟ་བུར་རབ་ཏུ་ཤེས་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྨི་ལམ་ལྟ་བུའི་བཟོད་པ་ཐོབ་པ་སྟེ་དྲུག་པའོ། །ཀྱེ་རྒྱལ་བའི་སྲས་དག ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྒྲ་བརྙན་ལྟ་བུའི་བཟོད་པ་ཐོབ་པ་བདུན་པ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་ པའི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཆོས་ཉིད་མངོན་པར་བསྒྲུབ་པའི་བསླབ་པ་ལ་ཆེད་དུ་བསླབས་པ་ལ་མཁས་པ་ཡིན་ཏེ། འདི་ལྟ་སྟེ་དཔེར་ན། སྒྲ་བརྙན་ནི་སྒྲ་སྣ་ཚོགས་གྲག་པར་བྱེད་ཀྱང་ འཕོ་བ་མྱེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་། དེ་བཞིན་གཤེགས་པའི་གསུང་ནང་ན་བརྗོད་པ་མ་ཡིན་པར་རབ་ཏུ་ཤེས་སོ། །དེ་བཞིན་གཤེགས་པའི་གསུང་ 74-1-277b ཕྱི་རོལ་ན་བརྗོད་པ་ཡང་མ་ཡིན་པར་རབ་ཏུ་ཤེས་སོ། །དེ་དེ་ལྟར་ཤེས་པ་དེ་ཡང་ནང་ནས་ཤེས་པ་འང་མ་ཡིན་པར་རབ་ཏུ་ཤེས་སོ། །ཕྱི་རོལ་ནས་ཤེས་པ་འང་མ་ཡིན་པར་རབ་ཏུ་ཤེས་སོ། །ཕྱི་ནང་ནས་ ཤེས་པ་འང་མ་ཡིན་པར་རབ་ཏུ་ཤེས་ཏེ། འོན་ཀྱང་བསྟན་པ་མངོན་པར་བསྒྲུབ་པ་འང་རབ་ཏུ་ཤེས་སོ། །བྱིན་གྱིས་བརླབས་ལ་མཁས་པས་འཇུག་པ་ཡང་རབ་ཏུ་ཤེས་སོ། །ཚིག་ཀྱང་རབ་ཏུ་ཤེས་ སོ། །སྒྲ་བརྙན་ལྟ་བུར་རྟེན་ཅིང་འབྲེལ་བར་འབྱུང་བའི་གྲངས་པར་གྱུར་པའི་ཆོས་ཉིད་ཀྱང་འཁྲུག་པར་མྱི་བྱེད་དེ། སྒྲོ་འདོགས་པར་ཡང་མྱི་བྱེད་ལ་དབྱངས་ཀྱི་ཡན་ལག་རྣམ་པ་ཐ་དད་པ་ལ་འཇུག་ ཅིང་བསླབ་པ་ལ་འང་ཤིན་ཏུ་བསླབས་པ་ཡིན་ཏེ། འདི་ལྟ་སྟེ་དཔེར་ན་ལྷའི་དབང་པོ་བརྒྱ་བྱིན་གྱི་ལྷའི་བུད་མྱེད་འགྲོགས་མའི་ཁའི་དབུགས་ཀྱིས་ལན་གཅིག་བུས་པས་ཁའི་དབུགས་ཡན་ལག་སྟོང་དང་ ལྡན་པ་འབྱུང་ངོ་། །ཁའི་དབུགས་ལ་རྣམ་པར་རྟོག་པ་མྱེད་ཀྱང་དབྱངས་ཀྱི་ཡན་ལག་རྣམ་པ་སྟོང་དུ་སྒྲོག་གོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་རྣམ་པར་མི་ རྟོག་པ་དང་ལྡན་པའི་དབྱིངས་ལ་འཇུག་པའི་ཚེ། དབྱངས་ཀྱི་ཡན་ལག་མཐའ་ཡས་པ་རྣམ་པར་བསྒོམ་པ་ལ་མཁས་པས་འཇིག་རྟེན་གྱི་ཁམས་མཐའ་དང་དབུས་མྱེད་པར་འགྲོ་བ་ཐམས་ ཅད་ལ་ཕྱིར་མྱི་ལྡོག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་རབ་ཏུ་འཇུག་ཅིང་འཁོར་རྣམས་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་ཏོ། །ལྕེ་ཤིན་ཏུ་ཡངས་པ་འང་བྱིན་གྱིས་རློབས་སྟེ། དབྱངས་ཆགས་ པ་མྱེད་པ་འང་རབ་ཏུ་བརྗོད་དོ། །ཞིང་ཐམས་ཅད་དུ་འགེངས་པའི་དབྱངས་ཀྱང་བྱིན་གྱི་བརློབ་བོ། །སེམས་ཅན་རྣམས་ཀྱི་མཐའ་ཡས་པར་ཁོང་དུ་ཆུད་པར་ཡང་བྱིན་གྱི་རློབས་བོ། །ཆོས་རྣམ་ 74-1-278a པར་ཕྱེ་བ་འབྱམ་ཀླས་པ་ཡང་རབ་ཏུ་སྣང་བར་བྱེད་དོ། །དབྱངས་ཐམས་ཅད་ལ་འཇུག་པ་མྱེད་དོ། །ཡང་རབ་ཏུ་ཤེས་སོ། །སྒྲ་རྣམ་པར་དམྱིགས་པ་འང་རྣམ་པར་དམྱིགས་པ་མྱེད་ པར་རབ་ཏུ་ཤེས་སོ། །དབྱངས་སྣ་ཚོགས་ཀྱང་རྣམ་པར་དགོད་དོ། །དབྱངས་ཀྱི་ཡན་ལག་གི་དཀྱིལ་འཁོར་ཁོང་དུ་ཆུད་པས་ཀྱང་རབ་ཏུ་སྤྱོད་དོ། །ཀྱེ་རྒྱལ་བའི་སྲས་དག་འདི་ནི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་ཀྱིས་སྒྲ་བརྙན་ལྟ་བུའི་བཟོད་པ་ཐོབ་པ་སྟེ། བདུན་པའོ། །ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་གཟུགས་བརྙན་ ལྟ་བུའི་བཟོད་པ་ཐོབ་པ་བརྒྱད་པ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་ནས་ཤི་འཕོ་བ་མྱེད་དོ། །འཇིག་རྟེན་དུ་སྐྱེ་བ་མྱེད་དོ། ། འཇིག་རྟེན་གྱི་ནང་ན་མྱི་གནས་སོ། །འཇིག་རྟེན་གྱི་ཕྱི་རོལ་ན་མྱི་གནས་སོ། །འཇིག་རྟེན་དུ་རྒྱུ་བ་མྱེད་དོ། །འཇིག་རྟེན་དུ་རྒྱུན་འཆད་པ་མྱེད་དོ། །འཇིག་རྟེན་དང་འདྲེས་པ་མྱེད་དོ། །འཇིག་རྟེན་ དང་ཐ་དད་པ་མྱེད་དོ། །འཇིག་རྟེན་ལས་བྲོས་པ་མྱེད་དོ། །འཇིག་རྟེན་ཏུ་གཞོལ་བར་འགྲོ་བ་མྱེད་དོ། །འཇིག་རྟེན་ལས་ལྡོག་པ་མྱེད་དོ། །བྱང་ཆུབ་སེམས་དཔའ་དེ་ཉིད་ཀྱང་འཇིག་རྟེན་མ་ཡིན་ཏེ། འཇིག་རྟེན་ལས་འདས་པ་འང་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་འང་མ་ཡིན་ཏེ། སྨོན་ལམ་ཆེན་པོ་རྒྱུན་གཅོད་པ་འང་མ་ཡིན་ནོ། །མང་བ་འང་མ་ཡིན། ཉུང་བ་འང་མ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་རྫོགས་པར་ཐོབ་པར་བྱ་བ་ལ་འང་དོན་ཡོད་པར་སྤྱོད་དོ། །འཇིག་རྟེན་གྱི་བྱ་བ་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་བྱེད་དོ། །འཇིག་རྟེན་གྱི་རྒྱུད་ཀྱི་རྗེས་སུ་འབྲང་ 74-1-278b བ་འང་མ་ཡིན་ནོ། །ཆོས་ཀྱི་རྒྱུད་ཐོགས་པར་བྱེད་པ་འང་མ་ཡིན་ནོ། །འདི་ལྟ་སྟེ་དཔེར་ན། གཟུགས་བརྙན་ན་ཉི་མ་འམ། ཟླ་བ་འམ་བུད་མེད་དམ་སྐྱེས་པ་འམ། ཤིང་རི་འམ་གནས་སམ་རྩིག་པ་ འམ་ས་འམ། ཆུ་ཀླུང་གི་རྒྱུད་དམ། དངོས་པོ་སྣ་ཚོགས་མཐའ་ཡས་པ་ཚད་མྱེད་པ་རྣམས་ཀྱི་གཟུགས་གང་དང་གང་ཡོད་པ་དེ་དག་ཐམས་ཅད་རྣམ་པར་དམྱིགས་པར་བྱེད་དེ། ཆུ་འམ་ཏིལ་མར་ རམ་ནོར་བུ་འམ་མཆིང་བུ་འམ། མེ་ལོང་ངམ་གཞན་ཡང་ཡོ་བྱད་ཁ་དོག་གསལ་བ་གང་ཡང་རུང་སྟེ། དེ་དག་ཤིན་ཏུ་དང་བའི་ཕྱིར་དེ་དག་ཏུ་གཟུགས་བརྙན་རྣམ་པར་དམྱིགས་པར་བྱེད་ཀྱང་ གཟུགས་བརྙན་ནི་ཤིན་ཏུ་དང་བའི་དབྱིངས་དེ་དང་འདྲེས་པ་འང་མྱེད་དེ། གཟུགས་བརྙན་དེ་དེ་ལས་གུད་ན་འདུག་པ་འང་མ་ཡིན་ནོ། །གཟུགས་བརྙན་དེ་དེ་ལྟར་རྣམ་པར་དམྱིགས་པ་དང་ཡང་འགྲོག་པ་ མྱེད་དོ། །དང་བའི་དངོས་པོ་དེ་ཡང་གཟུགས་བརྙན་གྱི་ས་དང་འགྲོགས་པ་མྱེད་དོ། །གཟུགས་བརྙན་དེ་ཆུ་ཀླུང་གི་རྒྱུན་གྱིས་ཀྱང་ཁྱེར་བར་མི་ནུས་སོ། །གཟུགས་བརྙན་དེ་ཆུ་བོའི་རྒྱ་མཚོར་འཆི་ བར་ཡང་མི་འགྱུར་རོ། །དང་བ་སྣ་ཚོགས་དེ་དག་གིས་ཀྱང་གཟུགས་བརྙན་དེ་ལ་གོས་པར་མྱི་འགྱུར་ཏེ། དེ་དག་ཏུ་གཟུགས་བརྙན་རྣམ་པར་དམྱིགས་པ་འང་ཡོད་ཅིང་དེ་དག་གིས་བཟུང་བ་འདྲ་ཡང་ གཟུགས་བརྙན་གང་དུ་དམྱིགས་པར་གྱུར་པ་དེས་དེའི་ཆ་གཟུང་བ་མྱེད་དོ། །གཟུགས་བརྙན་དེ་ནི་རིང་བར་ཡང་སྣང་ཉེ་བར་སྣང་སྟེ་དེ་ལྟར་རིང་བ་དང་ཉེ་བ་འང་མྱེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཡང་རང་གི་ཡེ་ཤེས་ཀྱི་དཀྱིལ་འཁོར་གཞན་གྱི་རྒྱུད་ཀྱི་ཡུལ་དུ་སྣང་བར་བྱེད་ཀྱང་འདི་ནི་གཞན་གྱི་རྒྱུད་དོ། །འདི་ནི་བདག་གི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཏོ། །ཞེས་གཉིས་ 74-1-279a སུ་མི་བྱེད་དོ། །བདག་གི་ཡུལ་དང་གཞན་གྱི་ཡུལ་རྣམ་པར་དབྱེ་བ་འང་རབ་ཏུ་ཤེས་སོ། །འདི་ལྟ་སྟེ་དཔེར་ན་ས་བོན་དུ་གྱུར་པ་ནི་ཤིན་ཏུ་འཕེལ་ཞིང་སྐྱེ་བ་ཡིན་ཏེ། ཆུ་བ་དང་ལོ་མ་དང་། སྦུ་ གུའི་གནས་སུ་གྱུར་པ་ནས་རྣམ་པར་དབྱེ་བ་འང་ཡོད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཆོས་ཉིད་མི་གཉིས་པ་ལ་གཉིས་ཀྱི་མཚན་ཉིད་མི་འཐུན་པའི་ཡེ་ཤེས་ལ་ ཆགས་པ་མྱེད་པའི་མཐའི་ཚུལ་གྱིས་རབ་ཏུ་འཇུག་གོ། །ཀྱེ་རྒྱལ་བའི་སྲས་དག་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་གཟུགས་བརྙན་ལྟ་བུའི་བཟོད་པ་ཐོབ་པ་སྟེ། བརྒྱད་པའི་བཟོད་པ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སངས་རྒྱས་ཀྱི་ཞིང་བསམ་གྱིས་མྱི་ཁྱབ་པ་དག་ཏུ་འགྲོ་བ་འང་མྱེད་ལ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པ་དག་ ཏུ་ཡང་སྣང་ངོ་། །འཇིག་རྟེན་གྱིས་ཁམས་གང་ནས་ཀྱང་གཡོ་བ་མྱེད་ཅིང་། འཇིག་རྟེན་གྱིས་ཁམས་གང་དུ་ཡང་འགྲོ་བ་མྱེད་ཅིང་། འཇིག་རྟེན་གྱིས་ཁམས་གང་དུ་ཡང་འགྲོ་བ་མྱེད་ལ་ལུས་ ཀྱི་དཀྱིལ་འཁོར་གཟུགས་བརྙན་དུ་གྱུར་པ་ཡང་ཀུན་ཏུ་རྣམ་པར་དམིགས་པར་བྱེད་དོ། །རྗེས་སུ་སོང་བའི་ལུས་ཀྱང་འཇིག་རྟེན་ཐམས་ཅད་དུ་ཕྱིན་པར་བྱེད་དོ། །ལུས་རྣམ་པར་དབྱེ་བ་ཆགས་ པ་མྱེད་པས་སྤྱོད་པ་ཡང་རབ་ཏུ་ཤེས་སོ། །གང་ཡང་འཇིག་རྟེན་ན་འཇིག་རྟེན་གྱི་མཚན་མ་དང་། འཇིག་རྟེན་ངང་སྐམ་ཡོད་པ་དེ་དག་འདྲེས་པ་འང་མ་ཡིན། ཐ་དད་པ་ཡང་མ་ཡིན་པར་རབ་ཏུ་ཤེས་ སོ། །དེ་བཞིན་གཤེགས་པའི་རིགས་སུ་རིགས་དང་ལྡན་པར་བྱུང་བའི་ལུས་དང་ངག་དང་ཡིད་རྣམ་པར་དག་པ་འང་རབ་ཏུ་འཐོབ་པོ། །ཁ་དོག་མཐའ་ཡས་པའི་ལུས་ཐམས་ཅད་རྣམ་པར་དག་པ་ 74-1-279b འང་རབ་ཏུ་འཐོབ་པོ། །ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤྲུལ་པ་ལྟ་བུའི་བཟོད་པ་ཐོབ་པ་དགུ་པ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་ཐམས་ཅད་སྤྲུལ་པ་ལྟ་བུར་རབ་ཏུ་འཇུག་སྟེ། སེམས་ཅན་ཐམས་ཅད་ཀྱི་བསམ་པས་སྤྲུལ་པ་དང་། བསམས་ཏེ་སྤྲུལ་པ་དང་། འཇིག་རྟེན་གྱི་ཁམས་ མངོན་པར་འདུ་བྱེད་པས་སྤྲུལ་པ་དང་། རྣམ་པར་རྟོག་པས་སྤྲུལ་པ་དང་། བདེ་བ་དང་སྡུག་བསྔལ་ཐམས་ཅད་ཀྱི་ཕྱིན་ཅི་ལོག་གིས་སྤྲུལ་པ་དང་། སྒྲོ་བཏགས་པས་སྤྲུལ་པ་དང་། འཇིག་རྟེན་ གྱི་ཆོས་ཐམས་ཅད་མྱེད་པས་སྤྲུལ་པ་དང་། ཚིག་གི་ལམ་གྱིས་བྱིན་གྱིས་བརླབས་ཀྱི་སྤྲུལ་པ་དང་། ཉོན་མོངས་པ་ཐམས་ཅད་ཀྱི་ཡོངས་སུ་རྟོག་པས་སྤྲུལ་པ་དང་། འདུ་ཤེས་ཀྱི་སྤྲུལ་པ་དང་། འདི་ ལྟ་སྟེ་འདུལ་བ་རྣམ་པར་བྱང་བར་བྱ་བ་དང་། རྣམ་པར་དག་པར་བྱ་བའི་ཡོངས་སུ་རྟོགས་པས་སྤྲུལ་པ་དང་། འདི་ལྟ་སྟེ་དུས་གསུམ་དུ་ཕྱིར་མྱི་ལྡོག་པས་སྤྲུལ་པ་མཉམ་པ་ཉིད་ཀྱི་བྱུང་བ་མྱེད་པ་དང་། འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་སྤྲུལ་པ་སྤྱོད་པས་ཡངས་པར་བྱ་བ་དང་། འདི་ལྟ་སྟེ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོས་སྤྲུལ་པ་འགྲོ་བ་ཐམས་ཅད་ལ་བསྟན་པར་ རྣམ་པར་བཀོད་པ་དང་། འདི་ལྟ་སྟེ་ཆོས་ཀྱི་འཁོར་ལོ་དང་། ཐབས་མཁས་པའི་ཡེ་ཤེས་ཀྱི་སྤྲུལ་པ་མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པའི་ཡེ་ཤེས་ཀྱིས་འཇུག་པ་རབ་ཏུ་ཤེས་ཏེ་དེ་ ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་སྤྲུལ་པ་རབ་ཏུ་ཤེས་པར་བྱེད་དོ། །ཁོང་དུ་ཆུད་པར་བྱེད་དོ། །རྟོགས་པར་བྱེད་དོ། །ཡངས་ 74-1-280a པར་བྱེད་དོ། །མཐའ་དང་དབུས་དང་མུ་མྱེད་པར་ཇི་ལྟར་བསྐྱེད་པ་བཞིན་དུ་ཐོབ་པར་བྱེད་དོ། །གྲུབ་པར་བྱེད་དོ། །དབང་དུ་བྱེད་དོ། །དེ་ཁོ་ན་ཉིད་དུ་ཤེས་སོ། །ཡང་དག་པ་ཉིད་ལས་མྱི་གཡོ་བར་བྱེད་དོ། ། ཡང་དག་པར་ལྟའོ། །ཇི་ལྟར་སྤྱོད་པ་བཞིན་དུ་ཆུད་ཟ་བར་མྱི་བྱེད་དོ། །འདི་ལྟ་སྟེ་དཔེར་ན། སྤྲུལ་པ་ནི་སེམས་ལས་མྱི་འབྱུང་སྟེ། སེམས་ཀྱི་ཆོས་ལས་མ་བྱུང་ལས་ཀྱིས་བསྒྲུབས་པ་མ་ཡིན། རྣམ་ པར་སྨྱིན་པའི་རྗེས་སུ་འབྲང་བ་མ་ཡིན། འཇིག་རྟེན་དུ་སྐྱེས་པ་མ་ཡིན། འཇིག་རྟེན་དུ་འགག་པ་མ་ཡིན། ཆོས་ཀྱི་རྗེས་སུ་སྙེག་པ་མ་ཡིན། ཆོས་ཐོབ་པར་བྱེད་པ་མ་ཡིན། རིང་དུ་གནས་ པ་མ་ཡིན་ནོ། །ཡིད་ཙམ་དུ་གནས་པ་མ་ཡིན། འཇིག་རྟེན་ན་སྤྱོད་པ་མ་ཡིན། འཇིག་རྟེན་ལས་འདས་པ་མ་ཡིན། ཕྱོགས་སུ་འགྲོ་བ་མ་ཡིན། ཕྱོགས་ལ་གཞོལ་བ་མ་ཡིན། ཚད་ཡོད་ པ་མ་ཡིན། ཚད་མྱེད་པ་མ་ཡིན། སྐྱོ་བ་མ་ཡིན་སྐྱོ་བ་མྱེད་པ་མ་ཡིན། རྒྱུན་ཆད་པ་མ་ཡིན་རྒྱུན་མི་ཆད་པ་མ་ཡིན། འཕགས་པ་མ་ཡིན། སོ་སོ་སྐྱེ་བོ་མ་ཡིན། ཀུན་ནས་ ཉོན་མོངས་པ་མ་ཡིན། རྣམ་པར་བྱང་བ་མ་ཡིན། ཤི་འཕོ་བ་མ་ཡིན། སྐྱེས་པ་མ་ཡིན་ཤེས་པ་མ་ཡིན། སྣང་བ་མ་ཡིན་འཇིག་པ་མ་ཡིན། འཇིག་རྟེན་ལ་གནས་པ་མ་ཡིན། ཆོས་ཀྱི་དབྱིངས་ལ་གཞོལ་བ་མ་ཡིན། མཁས་པ་མ་ཡིན། ཤེས་རབ་འཆལ་པ་ཅན་མ་ཡིན། ཉེ་བར་ལེན་པར་མ་ཡིན། ཉེ་བར་མི་ལེན་པ་མ་ཡིན། འཁོར་བ་མ་ཡིན། མྱ་ངན་ལས་ འདས་པ་མ་ཡིན། ཡོད་པ་མ་ཡིན། མྱེད་པ་མ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འཕྲུལ་བའི་བྱིན་གྱིས་བརླབས་ལ་མཁས་པས། འཇིག་ 74-1-280b རྟེན་ན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དེ། དེ་འཇིག་རྟེན་གྱི་ཆོས་ལ་ལྟ་ཞིང་བདག་མངོན་པར་སྤྲུལ་པ་བྱེད་ཀྱང་འཇིག་རྟེན་གྱི་སྤྲུལ་པ་ལ་མངོན་པར་ཆགས་པ་མྱེད་དོ། །བདག་གིས་ སྤྲུལ་པ་ལ་མངོན་པར་ཆགས་པ་མྱེད་དོ། །བདག་དང་འཇིག་རྟེན་གྱི་ཁམས་མངོན་པར་སྤྲུལ་པ་ལ་ཡོངས་སུ་རྟོག་པ་མྱེད་དོ། །འཇིག་རྟེན་ལ་གནས་པ་མྱེད་དོ། །འཇིག་རྟེན་རྒྱུན་གཅོད་པ་ མྱེད་དོ། །ཆོས་ལ་གནས་པ་མྱེད་དོ། །ཆོས་ཀྱི་དབང་དུ་འགྲོ་བ་མ་ཡིན་ནོ། །སེམས་ཅན་གྱི་ཁམས་རྡུལ་ཙམ་ཡང་འདུལ་བ་མྱེད་དོ། །སེམས་ཅན་གྱི་ཁམས་སྨོན་ལམ་ལས་ཡོངས་སུ་སྤོང་བ་ མྱེད་དོ། །ཆོས་དེ་དག་ལ་རྟོག་པ་མྱེད་དོ། །རྣམ་པར་རྟོག་པ་མྱེད་དོ། །ཆོས་དེ་དག་ལ་ལེན་པ་མྱེད་དོ། །ཆོས་དེ་དག་ལ་འདོར་བ་མྱེད་དོ། །སངས་རྒྱས་ཀྱི་ཆོས་ཡོད་པ་མ་ཡིན་པ་དེ་དག་ཀྱང་ཡོངས་ སུ་རྫོགས་པར་བྱེད་དེ། ཆོས་དེ་དག་ཀྱང་ཡོད་པ་འང་མ་ཡིན་མྱེད་པ་འང་མ་ཡིན་ནོ། །ཇི་ལྟར་སྤྲུལ་པ་དེ་ཡོད་པ་འང་མ་ཡིན་མྱེད་པ་ཡང་མ་ཡིན་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཡང་སྤྲུལ་པ་ལྟ་བུའི་བཟོད་པ་ལ་གནས་ཤིང་། སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཀྱང་ཡོངས་སུ་རྫོགས་པར་བྱེད་དོ། །སེམས་ཅན་གྱི་དོན་ཀྱང་རབ་ཏུ་བྱེད་དོ། །ཀྱེ་ རྒྱལ་བའི་སྲས་དག་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤྲུལ་པ་ལྟ་བུའི་བཟོད་པ་ཐོབ་པ་སྟེ། དགུ་པའོ། །བཟོད་པ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ནི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་མི་གནས་པ་ཡིན་ཏེ། ཇི་ལྟར་སྤྲུལ་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་ནི་གནས་པར་སྤྱོད་ཅིང་། སངས་རྒྱས་ཀྱི་ཆོས་ 74-1-281a ཐམས་ཅད་ལ་རྣམ་པར་རྟོག་པ་མྱེད་པར་སྤྱོད་པ་དང་། ཇི་ལྟར་སྤྲུལ་པ་དེ་སངས་རྒྱས་ཀྱི་བྱང་ཆུབ་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་དུབ་པ་མྱེད་པར་སྤྱོད་པ་དང་། ཇི་ལྟར་ སྤྲུལ་པ་དེ་ཕྱིན་ཅི་ལོག་མྱེད་ཅིང་ལུས་སུ་དམྱིགས་པ་ཐམས་ཅད་ལ་ལུས་མྱེད་པར་སྤྱོད་པ་དང་། ཇི་ལྟར་སྤྲུལ་པ་དེ་བྱིན་གྱི་རླབས་ཀྱིས་གཟུགས་ཀྱི་རྣམ་པ་ཐམས་ཅད་ཀྱི་གཟུགས་ལ་མྱི་ གནས་པར་སྤྱོད་པ་དང་། ཇི་ལྟར་སྤྲུལ་པ་དེ་རང་བཞིན་སྣང་བའི་ཚུལ་དུ་ཡང་དག་པའི་མཐའ་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པ་དང་། ཇི་ལྟར་སྤྲུལ་པ་དེ་ཆོས་ཐམས་ཅད་ལ་རྣམ་ པར་གྲོལ་བའི་ཆོས་གནས་མེད་པར་སྤྱོད་པ་དང་། ཇི་ལྟར་སྤྲུལ་པ་དེ་གནས་མྱེད་པའི་རང་བཞིན་དང་། ཆོས་ཐམས་ཅད་ཀྱི་ཚུལ་གྱི་རྣམ་པར་བྱང་བ་ལ་སྤྱོད་པ་དང་། ཇི་ལྟར་སྤྲུལ་པ་དེ་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་འཁོར་དུ་ཆོ་འཕྲུལ་གྱི་ཉེ་བར་འགྲོ་བ་མྱེད་པར་སྤྱོད་པ་དང་། ཇི་ལྟར་སྤྲུལ་པ་དེ་ཁོར་ཡུག་དང་། རི་རབ་ཐམས་ཅད་ལ་སྣང་བ་བཞིན་ནོ། །ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་ཀྱི་ནམ་མཁའ་ལྟ་བུའི་བཟོད་པ་ཐོབ་པ་བཅུ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་ཇི་ལྟ་བ་དེ་ལྟར་མཚན་ཉིད་མྱེད་ པའི་ཚུལ་གྱིས་ཆོས་ཀྱི་དབྱིངས་ཐམས་ཅད་ལ་འཇུག་གོ། །ནམ་མཁའ་ཇི་ལྟ་བ་དེ་ལྟར་ཞིང་ཐམས་ཅད་བསྒྲུབ་པ་མྱེད་པའི་ཚུལ་གྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་འཇུག་གོ། །ནམ་མཁའ་ ཇི་ལྟ་བ་དེ་ལྟར་གཉིས་སུ་མྱེད་པའི་ཚུལ་གྱིས་ཆོས་ཐམས་ཅད་ལ་འཇུག་གོ། །ནམ་མཁའ་ཇི་ལྟ་བ་དེ་ལྟར་འཇུག་པ་མྱེད་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ལ་འཇུག་གོ། །ནམ་ 74-1-281b མཁའ་ཇི་ལྟ་བ་དེ་ལྟར་རྣམ་པར་དབྱེ་བ་མྱེད་པའི་ཚུལ་གྱིས་སངས་རྒྱས་ཐམས་ཅད་ལ་འཇུག་གོ། །ནམ་མཁའ་ཇི་ལྟ་བ་དེ་ལྟར་ཐ་དད་པ་མྱེད་པའི་ཚུལ་གྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་སྟོབས་ ཐམས་ཅད་ལ་འཇུག་གོ། །ནམ་མཁའ་ཇི་ལྟ་བ་དེ་ལྟར་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་། ད་ལྟར་བྱུང་བའི་ཚུལ་གྱིས་བསམ་གཏན་ཐམས་ཅད་ལ་རབ་ཏུ་འཇུག་གོ། །ནམ་མཁའ་ཇི་ལྟ་བ་དེ་ལྟར་ བརྗོད་དུ་མྱེད་པའི་ཚུལ་གྱིས་ཆོས་ཐམས་ཅད་ཡང་དག་པར་བསྟན་པ་ལ་འཇུག་གོ། །ནམ་མཁའ་ཇི་ལྟ་བ་དེ་ལྟར་ཆགས་པ་མྱེད་ཅིང་སྒྲིབ་པ་མྱེད་པའི་ཚུལ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི་སྐུ་ལ་འཇུག་གོ། །ནམ་མཁའ་ཇི་ལྟ་བ་དེ་ལྟར་ནམ་མཁའི་དབྱིངས་ཀྱི་ཚུལ་གྱི་ཆོས་ཐམས་ཅད་གསལ་བ་མྱེད་པ་ལ་འཇུག་གོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་ མཁའ་ལྟ་བུའི་ཆོས་ཐམས་ཅད་ལ་དེ་ལྟ་བུའི་བཟོད་པ་ལས་བྱུང་བའི་ཡེ་ཤེས་ཀྱི་འཇུག་པའི་ཚེ། ལུས་ནམ་མཁའ་ལྟ་བུར་རབ་ཏུ་འཐོབ་པོ། །ནམ་མཁའ་ལྟ་བུའི་ལུས་ཀྱི་ལས་རབ་ཏུ་འཐོབ་བོ། ། ནམ་མཁའ་ལྟ་བུའི་ངག་རབ་ཏུ་ཐོབ་པོ། །ནམ་མཁའ་ལྟ་བུའི་ངག་གི་ལས་རབ་ཏུ་ཐོབ་པོ། །ནམ་མཁའ་ལྟ་བུའི་ཡིད་རབ་ཏུ་ཐོབ་པོ། །ནམ་མཁའ་ལྟ་བུའི་ཡིད་ཀྱི་ལས་རབ་ཏུ་ཐོབ་པོ། །འདི་ལྟ་སྟེ་དཔེར་ ན་ནམ་མཁའ་ནི་ཆོས་ཐམས་ཅད་དང་ལྡན་ཏེ། འཆི་འཕོ་བའང་མྱེད་དོ་སྐྱེ་བ་འང་མྱེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཆོས་ཐམས་ཅད་ཀྱི་ལུས་དང་ལྡན་ཏེ་ཤི་འཕོ་བའང་ མྱེད་དོ། །སྐྱེ་བ་ཡང་མྱེད་དོ། །འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་གཞི་མྱེད་དེ་ཐ་དད་པ་མྱེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཆོས་ཐམས་ཅད་ཤེས་པས་གཞི་མྱེད་ 74-1-282a དེ་སངས་རྒྱས་ཀྱི་སྟོབས་རྣམས་དང་ཐ་མྱི་དད་དོ། །འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་འཇིག་རྟེན་ཐམས་ཅད་ཀྱི་གཞི་སྟེ། རང་བཞིན་མྱེད་པ་དང་ཡུལ་མེད་པས་གཞི་ཡང་མ་ཡིན་ནོ། །དེ་བཞིན་ དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཆོས་ཐམས་ཅད་ཀྱི་གཞི་ཡིན་ཏེ། ཆོས་ཐམས་ཅད་ཀྱི་རང་བཞིན་མྱེད་པས་གཞི་ཡང་མ་ཡིན་ནོ། །འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་སྐྱེ་བ་མྱེད་ཅིང་ འགག་པ་མྱེད་ཀྱང་འཇིག་རྟེན་ཐམས་ཅད་ཀྱི་སྐྱེ་བ་དང་འགག་པ་འཛིན་ཏོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འཇུག་པ་འང་མྱེད་ཡོངས་སུ་རྫོགས་པ་ཡང་མྱེད་དེ། འཇིག་ རྟེན་ཐམས་ཅད་ཀྱི་རྣམ་པར་དག་པ་ཡང་རབ་ཏུ་སྟོན་ཏོ། །འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་ཕྱོགས་ཀྱང་མ་ཡིན། ཕྱོགས་མཚམས་ཀྱང་མ་ཡིན་ཏེ། ཕྱོགས་རྒྱ་མཚོ་མཐའ་ཡས་པ་ལ་འང་ཡང་ དག་པར་གཞོལ་ལོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ལས་ཀྱང་མ་ཡིན། རྣམ་པར་སྨིན་པ་ཡང་མ་ཡིན་ཏེ་ལས་དང་རྣམ་པར་སྨྱིན་པ་རྒྱ་མཚོ་ཡང་ཡོངས་སུ་ སྟོན་ཏོ། །འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་ལྡང་བ་མྱེད་ཅིང་འདུག་པ་མྱེད་དེ། རྣམ་པར་ཕྱེ་བ་མཐའ་ཡས་པ་འང་ཡོངས་སུ་སྟོན་ཏོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཡང་སྤྱོད་པ་ཡང་མེད་གནས་པ་ཡང་མྱེད་དེ། སྤྱོད་པ་རྣམ་པར་ཕྱེ་བ་འང་ཡོངས་སུ་སྟོན་ཏོ། །འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་ཁ་དོག་ཀྱང་མ་ཡིན། ཁ་དོག་མྱེད་པ་འང་མ་ཡིན་ཏེ། ཁ་དོག་གིས་ རྣམ་པ་ཡང་ཡོངས་སུ་སྟོན་ཏོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འཇིག་རྟེན་གྱི་ཁ་དོག་ཀྱང་མ་ཡིན། འཇིག་རྟེན་ལས་འདས་པའི་ཁ་དོག་ཀྱང་མ་ཡིན་ 74-1-282b ཏེ། ཁ་དོག་མཐའ་ཡས་པ་ཡང་ཡོངས་སུ་སྟོན་ཏོ། །འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་རིང་དུ་གནས་པ་ཡང་མ་ཡིན་ཡུད་ཙམ་དུ་གནས་པ་ཡང་མ་ཡིན་ཏེ། གནས་པ་དང་ཡོངས་སུ་གནས་པ་ཡང་རབ་ཏུ་སྟོན་ ཏོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་རིང་དུ་གནས་པ་ཡང་མ་ཡིན། ཡུད་ཙམ་དུ་གནས་པ་ཡང་མ་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་དང་། ཡོངས་སུ་གནས་ པ་ཡང་རབ་ཏུ་སྟོན་ཏོ། །འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་ཀུན་ནས་ཉོན་མོངས་པས་ཉོན་མོངས་པར་གྱུར་པའང་མྱེད་ལ་རྣམ་པར་བྱང་བས་རྣམ་པར་བྱང་བར་གྱུར་པ་ཡང་མྱེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཡང་འཇིག་རྟེན་ལ་འཇུག་པས་སྒྲིབ་པ་ཡང་མྱེད་པར་དག་ཅིང་བསྩལ་བར་གྱུར་པ་ཡང་མྱེད་དོ། །འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་འཇིག་རྟེན་ཐམས་ཅད་ཀྱི་མངོན་སུམ་དུ་ གྱུར་པ་ཡིན་ཏེ། འཇིག་རྟེན་ཐམས་ཅད་ནི་ནམ་མཁའི་མངོན་སུམ་དུ་གྱུར་པ་མ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཆོས་ཐམས་ཅད་ལ་མངོན་དུ་གྱུར་པ་ཏེ། བྱང་ཆུབ་ སེམས་དཔའ་ནི་ཆོས་ཐམས་ཅད་ཀྱི་མངོན་སུམ་དུ་གྱུར་པ་མ་ཡིན་ནོ། །འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་གནས་ཐམས་ཅད་ལ་རབ་ཏུ་གཞོལ་བ་ཡིན་ཏེ། ནམ་མཁའི་མཐའ་ནི་ཡོད་པ་མ་ཡིན་ ཏེ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཆོས་ཀྱི་གནས་ཐམས་ཅད་ལ་གནས་ཏེ། བྱང་ཆུབ་ཀྱི་སེམས་ནི་མཐའ་ཡོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་བདག་ཉིད་ ནམ་མཁའ་དང་མཉམ་པར་བྱས་ཏེ་ཡོངས་སུ་བསྒོམས་པ་དང་། རྣམ་པར་སྦྱངས་པ་དང་། ཤིན་ཏུ་བསྒྲུབ་པ་དང་། མཉམ་པ་ཉིད་དུ་བྱས་པ་དང་། རྒྱུད་ཀྱི་ཚུལ་གཅིག་ཏུ་བྱས་པ་དང་། རོ་གཅིག་ 74-1-283a ཏུ་བྱས་པ་དང་། ཚད་གཅིག་ཏུ་བྱས་པ་དང་། ནམ་མཁའ་ལྟ་བུར་དག་པའི་ཁ་དོག་ཏུ་བྱས་པ་དང་། ཐམས་ཅད་དུ་འགྲོ་བར་བྱས་པའི་ཕྱིར་རོ། །ཆོས་ཐམས་ཅད་ལ་ཡང་དག་པར་སེམས་པ་ དང་། ཁོང་དུ་ཆུད་པར་བྱེད་པ་དང་། ཆོས་ཐམས་ཅད་ཐ་མྱི་དད་པ་རབ་ཏུ་ཐོབ་པར་བྱེད་པ་དང་། ཞིང་ཐམས་ཅད་དུ་འགྲོ་བར་བསྒྲུབ་པ་དང་། ལུས་ཐམས་ཅད་ལ་གནས་པ་མྱེད་པ་ཡོངས་སུ་རྫོགས་པར་བྱེད་ པ་དང་། ཕྱོགས་ཐམས་ཅད་ལ་མ་རྨོངས་པ་ཁོང་དུ་ཆུད་པར་བྱེད་པ་དང་། སྟོབས་ཐམས་ཅད་ཐ་མྱི་དད་པར་བསྒྲུབ་པ་དང་། ཡོན་ཏན་ཐམས་ཅད་ཡུལ་མཐའ་ཡས་པར་ཡོངས་སུ་རྫོགས་པར་བྱེད་པ་དང་། ཆོས་ཐམས་ཅད་ཀྱི་འབྱུང་གནས་རབ་ཏུ་ཐོབ་པར་བྱེད་པ་དང་། དཔག་ཏུ་མེད་པ་ཐོབ་པར་བྱེད་པ་དང་། རྡོ་རྗེ་ལྟར་བརྟན་པ་ལ་རབ་ཏུ་གཞོག་པ་དང་། དབྱངས་ཀྱི་ཡན་ལག་ཚད་མྱེད་པ་ཐམས་ཅད་མངོན་པར་ བསྒྲུབ་པ་དང་། འཇིག་རྟེན་ཐམས་ཅད་དུ་ཕྱིན་ཅིང་ཆོས་ཀྱི་འཁོར་ལོ་ཡོངས་སུ་མི་གཏོང་བའི་ཕྱིར་རོ། །ཀྱེ་རྒྱལ་བའི་སྲས་དག་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ནམ་ མཁའ་ལྟ་བུའི་བཟོད་པ་ཐོབ་པ་སྟེ་བཅུ་པའོ། །བཟོད་པ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འགྲོ་བ་མྱེད་པའི་ཚུལ་དུ་འགྲོ་བ་མྱེད་པའི་ལུས་རབ་ཏུ་འཐོབ་བོ། །འགག་པ་ མྱེད་པའི་ཚུལ་དུ་སྐྱེ་བ་མྱེད་པའི་ལུས་རབ་ཏུ་ཐོབ་པོ། །འཇིགས་པ་མྱེད་པའི་ཚུལ་དུ་འཕོ་བ་མྱེད་པའི་ལུས་རབ་ཏུ་ཐོབ་པོ། །ཇི་ལྟར་མཐོང་བ་མ་ཡིན་པའི་ཚུལ་དུ་བདེན་པ་མྱེད་པའི་ལུས་རབ་ཏུ་ ཐོབ་པོ། །མཚན་ཉིད་མྱེད་པའི་ཚུལ་དུ་མཚན་ཉིད་གཅིག་པའི་ལུས་རབ་ཏུ་ཐོབ་པོ། །སངས་རྒྱས་ཀྱི་སྟོབས་ཚད་མྱེད་པའི་ཚུལ་དུ་ཚད་མྱེད་པའི་ལུས་རབ་ཏུ་ཐོབ་པོ། །དེ་བཞིན་ཉིད་ཀྱི་ 74-1-283b མཚན་ཉིད་ཀྱི་ཚུལ་དུ་མཉམ་པ་ཉིད་ཀྱི་ལུས་རབ་ཏུ་ཐོབ་པོ། །དུས་གསུམ་མཉམ་པ་ཉིད་ཁོང་དུ་ཆུད་ཅིང་བཟོད་པའི་ཚུལ་དུ་ཐ་དད་པའི་ལུས་རབ་ཏུ་ཐོབ་པོ། །མཉམ་པ་ཉིད་ཀྱི་མྱིག་རྣམ་པར་དག་པས་སྒྲིབ་པ་མྱེད་པའི་ཚུལ་དུ་ཐམས་ཅད་དུ་ འགྲོ་བའི་ལུས་རབ་ཏུ་ཐོབ་པོ། །ཆོས་ཐམས་ཅད་ལྡན་པ་དང་མྱི་ལྡན་པ་མྱེད་པའི་ཚུལ་དུ་འདོད་ཆགས་དང་བྲལ་བའི་མཐའི་ལུས་རབ་ཏུ་ཐོབ་པོ། །བསོད་ནམས་ཟད་མྱི་ཤེས་པའི་ཚུལ་དུ་ནམ་མཁའ་ལྟར་མཐའ་དང་མུ་མྱེད་པ་རབ་ཏུ་ཐོབ་ པོ། །ཆོས་ཐམས་ཅད་ནམ་མཁའི་རང་བཞིན་གྱི་མཚན་ཉིད་ཀྱིས་མཚན་ཉིད་གཅིག་པའི་ཚུལ་དུ་ཆོས་ཉིད་མཉམ་པ་ཉིད་ཐོབ་པས་ཟད་མི་ཤེས་ཤིང་ཐོགས་པ་མྱེད་པ་རབ་ཏུ་ཐོབ་པོ། །ནམ་མཁའ་ལྟར་ཐོགས་པ་མྱེད་པའི་ཚུལ་དུ་དབྱངས་ མཐའ་ཡས་ཤིང་ཚད་མྱེད་པ་རབ་ཏུ་ཐོབ་པོ། །ནམ་མཁའ་ལྟར་ཐམས་ཅད་ལ་ཐོགས་པ་མྱེད་པའི་ཚུལ་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་མཁས་པ་ཡོངས་སུ་རྫོགས་ཤིང་རྣམ་པ་རབ་ཏུ་ཐོབ་པོ། །ནམ་མཁའ་ ལྟར་རྒྱུན་ཆད་པ་མྱེད་པའི་ཚུལ་དུ་སངས་རྒྱས་ཀྱི་ཆོས་རྒྱ་མཚོ་གཅིག་ནས་གཅིག་ཏུ་རྒྱུད་པ་ཚད་མྱེད་པ་ཐམས་ཅད་རབ་ཏུ་ཐོབ་པོ། །ནམ་མཁའ་ལྟར་ཚད་མྱེད་ཅིང་མཐར་ཐུག་པ་མྱེད་པའི་ཚུལ་དུ་སངས་རྒྱས་ཀྱི་ཞིང་ཐམས་ ཅད་ཚད་མྱེད་པའི་ཞིང་དུ་བྱིན་གྱིས་རློབ་པ་རབ་ཏུ་ཐོབ་པོ། །ནམ་མཁའ་རྒྱ་མཚོའི་ཚུལ་དུ་ཆོས་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་རྒྱུན་མི་འཆད་པ་ཡང་དག་པར་སྟོན་པ་ཡང་ཡོངས་སུ་རྫོགས་པར་འགྱུར་རོ། །ནམ་མཁའ་ ལྟར་འཇིག་རྟེན་ཐམས་ཅད་འཛིན་པའི་ཚུལ་དུ་ལུས་ཐམས་ཅད་འཇིག་པ་མྱེད་ཅིང་ཤིན་ཏུ་བརྟན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །འཇིག་རྟེན་གྱི་གདུང་བ་ཐམས་ཅད་ཀྱི་ནམ་མཁའ་ཚིག་པར་མི་འགྱུར་ བའི་ཚུལ་དུ་རྡོ་རྗེ་ལྟར་སྲ་ཞིང་བརྟན་ལ་རྣོ་བའི་དབང་པོ་ཡོངས་སུ་འགྲུབ་པར་འགྱུར་རོ། །ནམ་མཁའ་ལྟ་བུའི་ཡེ་ཤེས་ཀྱི་བྱིན་གྱིས་བརླབས་ཀྱིས་ཚུལ་ 74-1-284a དུ་འཇིག་རྟེན་ཐམས་ཅད་རབ་ཏུ་འཛིན་པའི་སྟོབས་ལ་ཡང་དག་པར་འབྱུང་ངོ་། །ཀྱེ་རྒྱལ་བའི་སྲས་དག་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བཟོད་པ་ ཐོབ་པ་བཅུའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས་དོན་འདི་ཉིད་དེ་བས་ཀྱང་གསལ་བར་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་དེ་དག་ལ་ཚིགས་སུ་བཅད་ དེ་སྨྲས་པ། ཇི་ལྟར་སྐྱེས་བུ་ལ་ལ་ཞིག །རིན་ཆེན་འབྱུང་གནས་ཐོས་གྱུར་ནས། །ནོར་ཚོགས་ཆེན་པོ་བསགས་དོན་དུ། །རབ་ཏུ་དགའ་བ་སྐྱེ་བ་ཡིན། །དེ་བཞིན་ཤེས་རབ་ཆེ་ལྡན་པའི། །བྱང་ ཆུབ་སེམས་དཔའ་རྒྱལ་སྲས་རྣམས། །དེ་བཞིན་གཤེགས་པའི་ཆོས་ཀྱི་མཚན། །ཟབ་ཅིང་ཞི་བ་རབ་ཏུ་ཉན། །ཟབ་པའི་ཆོས་ནི་ཐོས་གྱུར་ཅིང་། །དེ་དག་ཡིད་ནི་འཇིགས་མི་འགྱུར། །དེ་དག་ སེམས་ལ་ལྷོད་པ་མྱེད། །སྐྲག་པ་སྐྱེ་བར་མི་འགྱུར་རོ། །རྒྱ་ཆེན་དབྱངས་ནི་ཐོས་གྱུར་ནས། །བཟོད་པའི་དབྱངས་ཀྱིས་བྱང་ཆུབ་ཏུ། །ཤེས་རབ་ཆེན་པོ་ཡང་དག་འཇུག །དེ་ལ་ཐེ་རྩོམ་སྐྱེ་བ་མེད། ། བདག་ནི་ཐམས་ཅད་མཁྱེན་པར་བྱེད། །བདག་ནི་མིའི་མགོན་དུ་བྱ། །ཆོས་རབ་ཤིན་ཏུ་ཟབ་པ་རྣམས། །བདག་གིས་སྒྲ་ཡི་སྒོ་ནས་ཐོས། །སྒྲ་ཡི་རྗེས་སུ་འབྲང་བས་ནི། །དགའ་བའི་དམ་པ་མི་ ཐོབ་ཅེས། །དེ་བཞིན་གཤེགས་པའི་ཆོས་དོན་དུ། །དེ་ཡི་མོས་པ་བརྟན་པ་སྐྱེ། །བསམ་པ་བྱང་ཆུབ་སེམས་རབ་ཀྱི། །འདུལ་ཞིང་ཡོངས་སུ་སྒོམ་པ་བྱེད། །ཆོས་རྣམས་འཁྲུག་པར་མི་བྱེད་དེ། ། དེ་ཡིས་དད་པ་རྣམ་པར་འཕེལ། །དེས་ནི་སྒྲ་རྗེས་འགྲོ་བ་ཡིས། །བཟོད་པ་རབ་ཏུ་ཐོབ་པར་འགྱུར། །སྤྱོད་ལ་ཤིན་ཏུ་བརྩོན་བྱེད་ཅིང་། །དབྱངས་ཀྱི་བཟོད་ལ་རབ་ཏུ་གནས། །ཆོས་ཀྱི་འབྱུང་གནས་ 74-1-284b ཡིན་པས་ན། །ཤིན་ཏུ་བརྩོན་པ་རབ་ཏུ་ཚོལ། །བརྩོན་འགྲུས་ལྡོག་པར་མི་བྱེད་དེ། །སངས་རྒྱས་བྱང་ཆུབ་བསྒྲུབས་པར་བྱེད། །དབྱངས་ཙམ་གྱིས་ནི་གནས་བྱེད་པས། །བྱང་ཆུབ་སེམས་ལ་བག་ཚ་ མྱེད། །དབྱངས་ཀྱིས་མོས་པ་རབ་ཏུ་ཐོབ། །དེས་ནི་རྒྱལ་བ་མཉེས་པར་བྱེད། །སྐྱེས་བུ་ལ་ལ་བསོད་ནམས་རྒྱས་གྱུར་པས། །གསེར་འབྱུང་གནས་ནི་ཆེན་པོ་རྙེད་གྱུར་ནས། །རྒྱན་པའི་གནས་ཀྱི་རྒྱན་དུ་རབ་སྦྱངས་ ན། །དེ་དག་ལུས་དང་འཐུན་པའི་རྒྱན་དུ་བྱེད། །དེ་བཞིན་མཁས་པས་ཆོས་ཀྱི་ཕུལ་ཐོས་ན། །སེམས་དང་བློ་ཡངས་རྒྱ་མཚོར་བསྒྱུར་བྱས་ཤིང་། །ཇི་ལྟར་སྔོན་ཐོས་ཆོས་རྣམས་རྟོགས་པར་བྱེད། །མི་མཐུན་ ཚུལ་དུ་ཆོས་ལ་ཚོལ་མི་བྱེད། །དེ་དག་རྟོགས་ནས་ཤིན་ཏུ་འཐུན་པར་སྤྱོད། །རྣམ་པར་མི་སྒོམ་ཆོས་ནི་གང་ཡང་མྱེད། །དེ་དག་ཆོས་རྣམས་ཇི་བཞིན་འཐུན་བྱེད་ཅིང་། །དེ་བཞིན་ཆོས་རྣམས་ཁོང་དུ་ཆུད་ པར་བྱེད། །མཁས་པའི་སེམས་ནི་རྣམ་དག་སྐྱེ་གྱུར་ཏེ། །དགའ་བའི་སེམས་ཡིད་རྣམ་དག་གསལ་བ་སྐྱེ། །ཆོས་ཀྱི་ཡིད་ལ་བདག་ཉིད་ཆེ་བ་བརྩོན། །རྟེན་ཅིང་འབྲེལ་འབྱུང་ཆོས་ལ་རབ་ཏུ་འཇུག ། ཆོས་རྣམས་མཉམ་པ་ཉིད་ལ་དེ་བརྩོན་ཏེ། །དངོས་པོ་རྣམ་པར་བསྒོམ་ལ་མངོན་པར་བརྩོན། །རྒྱལ་བའི་མཛོད་དང་འགལ་བར་མི་བྱེད་དེ། །ཆོས་རྣམས་མི་མཉམ་མེད་པར་རབ་ཏུ་ཤེས། །དེ་ནི་ བསམ་པ་མཐར་ཐུག་རབ་བརྟན་པས། །རྒྱལ་བའི་བྱང་ཆུབ་ཇི་བཞིན་རབ་ཏུ་སྤྱོད། །རི་རབ་བཞིན་དུ་མྱི་གཡོ་བརྟན་པ་ཡིས། །དེ་ཡི་བསམ་པ་བྱང་ཆུབ་མཆོག་ལ་བརྟེན། །མཉམ་གཞག་སེམས་ དང་ལྡན་པས་དེ་བརྩོན་ཏེ། །བརྩོན་འགྲུས་ལྡན་པའི་ཡིད་ཀྱིས་རབ་ཏུ་སྤྱོད། །བསྐལ་པ་སྟོང་དུ་སྤྱད་པ་སྤྱོད་བྱེད་ཀྱང་། །དེ་ནི་བརྩོན་འགྲུས་འཇིག་པར་མི་འགྱུར་རོ། །འདི་དག་ཆོས་ལ་ཡང་དག་དེ་འཇུག་སྟེ། ། 74-1-285a རྒྱལ་བའི་རྟོགས་བྱའི་གཏིང་ཡང་རབ་ཏུ་རྙེད། །ཆོས་ཉིད་ཞི་བ་རབ་ཏུ་ཐོབ་གྱུར་པས། །དེ་ལ་འཇུག་པའི་ཡིད་ནི་གང་ཡང་མྱེད། །དཔེ་ཟླ་མེད་པས་ཇི་སྐད་གསུངས་པ་ལྟར། །དེ་ནི་ཆོས་རྣམས་མཉམ་པ་ ཉིད་དུ་བྱེད། །མྱི་མཉམ་ཚུལ་དུ་བཟོད་པ་མི་བསྐྱེད་དེ། །ཡེ་ཤེས་མཉམ་ཉིད་ཡོངས་སུ་རྫོགས་པར་བསྒྲུབ། །བདེ་བར་གཤེགས་པས་འཐུན་པར་གང་གསུངས་པ། །དེ་དག་བཟོད་པའི་སྒོ་ནས་རབ་ཏུ་འགྲུབ། །ཆོས་ རྣམས་འཇིག་དང་ལྡན་པ་མ་ཡིན་ཏེ། །ཆོས་ཉིད་ཇི་བཞིན་དེ་འདྲ་རབ་ཏུ་ཤེས། །ལྷ་གནས་འདིར་ལྷའི་བུ་རྣམས་འདིར་འདུས་དང་། །སུམ་བཅུ་རྩ་གསུམ་གནས་སུ་ལྷ་རྣམས་སྐྱེ་གྱུར་པ། །དེ་དག་ཟིལ་ དངར་སྣ་ཚོགས་རྣམ་པ་གཞན་དང་གཞན། །དེ་དག་ཁར་བའི་སྣོད་གཅིག་སྔོན་སྤྱོད་ཟད་གྱུར་ན། །ཟིལ་དངར་ཞིམ་པ་དེ་དག་འོང་བ་མ་ཡིན་ཏེ། །ཕྱོགས་བཅུ་ཀུན་ནས་ཟིལ་དངར་སྟོབ་པ་མྱེད། །ལས་རྣམས་ཇི་ ལྟ་ཇི་བཞིན་ལྷ་རྣམས་དེ་ལྟར་ཟ། །དེ་ལ་སྐྱེ་བ་མྱེད་དེ་བཟའ་བ་མྱེད་པ་མྱིན། །དེ་བཞིན་བྱང་ཆུབ་སེམས་དཔའི་སེམས་རབ་མངོན་སྐྱེས་ཀྱང་། །དེ་ལ་རྡུལ་ཆའི་ཆོས་ཀྱང་སྐྱེས་པ་མྱེད། །མ་སྐྱེས་གང་ཡིན་ ཆོས་དེ་ནམ་ཡང་འགག་པ་མྱེད། །དམ་པའི་ཆོས་ཀྱི་རྐྱེན་བརྟེན་མཁས་པ་རབ་ཏུ་ཞུགས། །མ་འགག་གང་ཡིན་མི་ཟད་ཆོས་རྒྱུད་དེ་དང་དེ། །ཆོས་ཉིད་འདི་ཡི་ཚུལ་ལ་རབ་ཏུ་གནས་པ་ཡིན། །ཐ་དད་ མྱེད་པའི་ཆོས་དབྱིངས་འདི་ལ་རབ་ཏུ་འཇུག །འཇིག་རྟེན་ཐ་དད་མྱེད་པའི་རྒྱུད་ཀྱི་ཚུལ་ཡང་ཤེས། །དེ་བཞིན་ཉིད་མཉམ་འཇིག་རྟེན་ཞི་བའི་གཞིར་གྱུར་པ། །གཞི་མེད་ཐ་དད་མེད་པའི་ཡང་དག་མཐའ་ཤེས་ཏེ། ། སྨོན་ལམ་རྡོ་རྗེའི་རང་བཞིན་འགྲོ་ལ་ཕན་ཕྱིར་འདེབས། །རྒྱལ་སྲས་དེ་ནི་བདེ་གཤེགས་མཁྱེན་པ་ལའང་མངོན་ཆགས་མྱེད། །དེ་ནི་དབེན་གཞོལ་སངས་རྒྱས་ཆོས་རྣམས་སྟོན་པ་བྱེད། །ཆོས་ཀྱི་ཤུགས་ 74-1-285b ལས་འོན་ཀྱང་གཡོ་བར་འགྱུར་བ་མྱེད། །བརྡ་དང་གྲངས་ཀྱི་ཚུལ་གྱིས་མངོན་པར་འདུ་བྱེད་དེ། །འཇིག་རྟེན་སྙིང་བཙེར་སྨོན་ལམ་དམ་པ་རབ་ཏུ་འདེབས། །སྨོན་ལམ་འདེབས་ལ་གནས་ཀྱང་སྟོབས་ བཅུ་ལྡན་པ་སྟེ། །འགྲོ་བ་མ་ལུས་ཀུན་ལ་དེ་ནི་གནས་པ་མྱེད། །མཁས་པའི་ཡེ་ཤེས་ཡོངས་སུ་ལེན་དང་འདོར་བ་སྤངས། །ཆོས་དང་ཆོས་ཀྱི་མན་ངག་རྣམ་པའི་ཚུལ་ལ་མཁས། །འདི་ནི་བཟོད་ པའི་དམ་པ་མ་སྐྱེས་ཆོས་ཅན་ཏེ། །དེས་ནི་ཆོས་རྣམས་ཟད་མེད་ཟད་པར་མྱི་འགྱུར་རོ། །མྱི་སྐྱེའི་ཚུལ་གྱིས་ཡོངས་སུ་གདམ་བྱའི་ཆོས་ཀྱི་དབྱིངས། །དེ་བཞིན་ཉིད་ལས་བརྟན་པ་རྣམ་པར་འགྱུར་བ་ མྱེད། །རྒྱལ་སྲས་བྱང་ཆུབ་དོན་དུ་བཟོད་པ་འདིར་གནས་པ། །དེ་ལ་ཕྱོགས་ཀུན་སངས་རྒྱས་མཐའ་ཡས་ལུང་ཡང་སྟོན། །རྒྱལ་སྲས་དེ་ལ་སངས་རྒྱས་མཁྱེན་པས་དབང་བསྐུར་མཛད། ། ཕྱོགས་བཅུ་ཀུན་ནས་རབ་ཏུ་སྣང་བར་དོན་དུ་གནས། །དེ་དག་ཆོས་ཀུན་རབ་ཏུ་ཞི་བའི་སེམས། །མངོན་པར་བསྒྲུབ་ཅིང་དགེ་བ་ཀུན་ལ་འགྲོ་བ་འགོད། །དུས་གསུམ་ཆོས་རྣམས་ཀུན་གྱིས་མཚན་ཉིད་ དེ་འདྲ་བས། །མཚན་རྣམས་ཡོངས་སུ་དག་བྱས་སེམས་ཅན་འདུལ་བ་བྱེད། །སྒྱུ་མ་ལྟ་བུའི་ཆོས་རྣམས་ངེས་པར་སུ་རྟོགས་པ། །དེ་དག་འཇིག་རྟེན་སྣ་ཚོགས་དུ་མ་རྟོགས་བྱེད་ཅིང་། །འཇིག་རྟེན་ སྣ་ཚོགས་སྒྱུ་ཚུལ་ཡང་དག་རྟོགས་བྱས་ནས། །ལས་ཡངས་ཤིན་ཏུ་བསྩགས་པས་རྣམ་པ་སྣ་ཚོགས་པ། །སེམས་ལས་ལས་ཀྱི་རྣམ་པ་དུ་མ་འབྱུང་བར་འགྱུར། །དེ་བས་འཇིག་རྟེན་སེམས་ དེ་སྒྱུ་མ་ལྟ་བུར་བསྟན། །དེ་དག་རྣམ་རྟོགས་སྒྱུ་མ་འདྲ་བས་ནུབ་པར་འགྱུར། །སྲིད་པའི་ལམ་རྒྱུད་མ་ལུས་སྒྱུ་འདྲ་ཡང་དག་སྨིན། །ཇི་ལྟར་སྒྱུ་མའི་རྣམ་པའི་བྱིན་རླབས་བྱས་པའི་གཟུགས། ། 74-1-286a ལམ་གྱིས་བཞི་མདོར་འཇིག་རྟེན་ཕལ་གྱི་ནང་བསྟན་པ། །འགྲོ་བས་མཐོང་ན་དེ་ལ་ཀུན་ཀྱང་མོས་པ་བསྐྱེད། །སྒྱུ་མས་འཇིག་རྟེན་ལས་ནི་གང་ཡང་བསྒྲུབ་མི་འགྱུར། །དེ་བཞིན་འགྲོ་བ་ཇི་སྙེད་གང་ རྣམས་ཡོད་པ་དག །སྒྱུ་མའི་རང་བཞིན་ལྟ་བུ་མ་སྐྱེས་ཆོས་ཉིད་དེ། །དངོས་ཡོད་དངོས་མྱེད་དེ་བཞིན་ཡོད་དང་མྱེད་པ་དང་། །བསྐལ་པ་མི་མཉམ་ཚུལ་གྱི་འགྲོ་རྒྱུད་རབ་ཏུ་སྟོན། །སྒྱུ་མའི་ཚུལ་རྣམས་ཤེས་ནས་ སེམས་ཅན་ཡོངས་སུ་འགྲེལ། །སྒྱུ་མ་ལྟ་བུ་ཡིན་པར་སེམས་ཅན་ཁོང་དུ་ཆུད། །སེམས་ཅན་སྒྱུ་འདྲ་དེ་བཞིན་སྒྱུ་མ་སེམས་ཅན་འདྲ། །སེམས་ཅན་མྱེད་ཅིང་སྒྱུ་མ་འདྲ་བར་འཇིག་རྟེན་ཤེས། །སེམས་ཅན་ ཞིང་དང་ཆོས་དང་དེ་བཞིན་དུས་གསུམ་དང་། །འཇིག་རྟེན་ཐམས་ཅད་སྒྱུ་མའི་རྣམ་པར་རབ་ཏུ་འབྱེད། །སྒྱུ་མའི་རྣམ་པ་ལྟ་བུར་ཆོས་རྣམས་རབ་རྟོགས་པས། །འཇིག་རྟེན་མ་ལུས་འདི་དག་སྒྱུ་མའི་རྣམ་པར་ ཤེས། །སྐྱེས་པ་དག་དང་དེ་བཞིན་བུད་མྱེད་རོགས་པ་དང་། །བུ་མོ་དེ་བཞིན་རྣམ་པར་དུལ་བ་ཉེ་བར་སྟོན། །གླང་པོ་རྟ་དང་བ་གླང་ཕྱུགས་དང་ཤིང་རྣམས་དང་། །མེ་ཏོག་འབྲས་བུ་བཟང་དང་ལྡན་པའི་མཚོ་ཡང་སྟོན། ། ཐབས་ཀྱི་རྣམ་པ་སྣ་ཚོགས་མང་བར་སྒྱུ་མྱི་སེམས། །སྣ་ཚོགས་གནས་ལའང་སྒྱུ་མ་ཡོངས་སུ་གནས་པ་མྱེད། །སྒྱུ་མ་དབེན་ལ་གཞོལ་ཞིང་ཞི་བ་དང་། །འཇིག་རྟེན་རྣམ་པར་རྟོག་པ་སྣ་ཚོགས་མང་པོ་སྟོན། ། དེ་བཞིན་རྒྱལ་སྲས་བཙུན་པ་རིགས་དང་ལྡན་པ་རྣམས། །འཇིག་རྟེན་སྒྱུ་མ་སྣ་ཚོགས་ཇི་བཞིན་སྟོན་པ་བྱེད། །བསྒོམ་དང་རྣམ་པར་བསྒོམ་པའི་དངོས་པོའི་སེམས་ཀྱང་མྱེད། །དངོས་པོ་དངོས་མྱེད་སྒྱུ་མ་ཇི་བཞིན་ རབ་ཏུ་ཤེས། །ཞིང་དང་སེམས་ཅན་ཆོས་ཀྱི་རྣམ་པ་མང་པོར་བཅས། །ལས་རྣམས་སྣ་ཚོགས་རྣམ་པས་ཡོངས་སུ་བསྩགས་པ་ལ། །གནས་པར་མི་བྱེད་མངོན་པར་ཆགས་པ་དེ་བཞིན་མྱེད། །ཆགས་ 74-1-286b མྱེད་མཐའ་ཡིས་སྒྱུ་མའི་ཚུལ་ནི་ངེས་ཤེས་སོ། །དེ་ལྟར་རྒྱལ་སྲས་མཁས་པ་རྣམས། །རབ་ཏུ་དགའ་ཞིང་སྤྲོས་པ་མྱེད་པ་སྟེ། །གནས་མྱེད་ས་དང་ཡང་དག་ལྡན། །ཆོས་དབྱིངས་དེ་དག་རབ་ཏུ་ཞུགས། །དེ་ནི་ ཆོས་ཉིད་རྟོགས་པ་སྟེ། །བརྟན་པ་དེ་དག་རྒྱལ་བའི་སྐུ་སྐྱེས་སྲས་ཡིན་ནོ། །འདུ་ཤེས་སྒྱུ་ལ་མཁས་པ་སྟེ། །འགྲོ་བ་ཐམས་ཅད་འདུ་ཤེས་དྲ་བར་ཤེས། །སྨྱིག་སྒྱུའི་འདུ་ཤེས་འདུ་བ་སྟེ། །འགྲོ་བ་ཐམས་ཅད་དེ་ ལྟར་འདུ་ཤེས་ཕྱིན་ཅི་ལོག །འདུ་ཤེས་རྣམས་ཕྱེ་མཁས་པ་སྟེ། །དེ་ནི་འགྲོ་ཀུན་འདུ་ཤེས་སྤངས་པ་ཡིན། །སེམས་ཅན་སྣ་ཚོགས་ཁོང་དུ་ཆུད། །འཇིག་རྟེན་ཀུན་གྱི་སྣ་ཚོགས་རྣམ་པ་ཀུན་དང་བྲལ། །འཇིག་ རྟེན་འདུ་ཤེས་རབ་ཏུ་ཤེས། །འཇིག་རྟེན་འདུ་ཤེས་མྱེད་མྱིན་འདུ་ཤེས་ལྡན། །ཕྱོགས་རྣམས་འདུ་ཤེས་འདྲ་བ་སྟེ། །སེམས་ཅན་མཐའ་ཡས་འདུ་ཤེས་རྣམ་པ་སྣ་ཚོགས་ཡིན། །མ་ནོར་མྱིག་དང་ལྡན་པ་རྣམས། ། འཇིག་རྟེན་སྣ་ཚོགས་འདུ་ཤེས་རབ་ཏུ་མཐོང་། །འཇིག་རྟེན་སྨྱིག་རྒྱུ་འདྲ་བ་སྟེ། །འདུ་ཤེས་སྣ་ཚོགས་རྣམ་པས་འཇིག་རྟེན་རྣམ་པར་བཀོད། །འཇིག་རྟེན་འདུ་ཤེས་གནས་པ་སྟེ། །དེ་དག་ཕྱིན་ཅི་ལོག་གསུམ་ རྣམ་པར་སྤངས། །ཇི་ལྟར་སྨྱིག་རྒྱུའི་ཚོགས་ཀྱི་རྣམས། །འགྲོ་བ་རྣམས་ལ་ཆུ་ཡི་རྣམ་པར་དམྱིགས་པར་སྣང་། །དེ་ལ་ཆུ་ནི་ཡོད་མིན་ཡང་། །ཆུ་ཡི་འདུ་ཤེས་རྣམ་པར་རབ་ཏུ་བསླུ། །དེ་བཞིན་འཇིག་ རྟེན་ཐམས་ཅད་ཀྱང་། །ཁམས་གསུམ་ལམ་རྒྱུད་རྣམ་པ་སྣ་ཚོགས་མཐའ་ཡས་ཏེ། །འདུ་ཤེས་རྣམ་པ་སྨྱིག་སྒྱུ་བཞིན། །ཆགས་མེད་ཡིད་ལྡན་སྤྱོད་ཡུལ་མཐའ་ཡས་སོ། །འདུ་ཤེས་ཐམས་ཅད་ རྣམ་པར་སྤངས། །ཆགས་མེད་ཡེ་ཤེས་ལྡན་ཞིང་སྤྲོས་པ་མྱེད་པ་རྣམས། །འགྲོ་བར་འདུ་ཤེས་ཆགས་གྱུར་པ། །འདུ་ཤེས་བསླུ་ལས་བརྟན་པར་བྱེད། །ང་རྒྱལ་རློམ་དང་དྲེགས་པ་སྤངས། །འདུ་ཤེས་ཐམས་ 74-1-287a ཅད་བསལ་ཅིང་འཇིག་རྟེན་འདྲེན་པ་བྱེད། །མྱི་ཟད་ཟད་པ་རྟོག་པ་རྣམས། །བདེན་པ་ཟད་མི་ཤེས་པའི་ཚུལ་འདི་ཡིན། །འཇིག་རྟེན་འདི་དག་ཐམས་ཅད་རྨི་ལམ་ལྟ་བུར་ཁོང་དུ་ཆུད། །ཆོས་ རྣམས་ཐམས་ཅད་རྨི་ལམ་ངོ་བོ་ཉིད་དུ་རབ་ཏུ་རྟོགས། །རྨི་ལམ་དེ་དག་ཡུལ་ལ་མི་གནས་ཕྱོགས་ལའང་མི་གནས་ཏེ། །རྨི་ལམ་ལྟ་བུར་འཇིག་རྟེན་རབ་ཏུ་ཞི་ལ་དེ་དག་གཞོལ། །རྨི་ལམ་རང་བཞིན་མཁས་ ཤིང་རྣམ་པར་རྟོག་མེད་ཆོས་དང་ལྡན། །རྨི་ལམ་རྟོགས་པའི་ཡིད་ལྡན་སེམས་ལ་འགྱུར་བ་གང་ཡང་མྱེད། །འཇིག་རྟེན་ཀུན་ཏུ་རྨི་ལམ་ལྟ་བུར་ཤིན་ཏུ་རྒྱུ་ཞིང་སྤྱོད། །དུས་གསུམ་མ་ལུས་ཐམས་ཅད་ སྒྱུ་མ་ལྟ་བུའི་ཚུལ་དུ་རྟོགས། །རྨི་ལམ་ཤི་འཕོར་འགྱུར་བ་མྱེད་ཅིང་སྐྱེ་བ་དེ་བཞིན་མྱེད། །རྨི་ལམ་ཕྱོགས་རྣམས་ཀུན་ན་ཡོད་པ་མ་ཡིན་མྱེད་པ་མྱིན། །ཁམས་གསུམ་རྨི་ལམ་ལྟ་བུར་འདི་ ལ་རྣམ་རྟོག་མྱེད་བྱས་ཤིང་། །རྨི་ལམ་ཤིན་ཏུ་རྟོགས་མཁས་དེ་དག་སེམས་ལ་བཅིང་པ་མྱེད། །འགྲོ་བ་རྨི་ལམ་རང་བཞིན་འདྲ་ལ་དེ་དག་མི་གནས་ཏེ། །འཇིག་རྟེན་འགྲོ་བ་རྣམ་པར་དབེན་ལ་ དེ་དག་བརྟེན་པ་མེད། །འཇིག་རྟེན་རྣམས་ལ་མི་རྟོག་དེ་བཞིན་རྣམ་པར་རྟོག་པ་མྱེད། །རྨི་ལམ་རྟོགས་ཤིང་མཁས་པས་བཟོད་པའི་ས་ནི་འདི་ཡིན་ནོ། །རྨི་ལམ་འགྲོ་བ་རྣམས་ན་རྣམ་ པ་སྣ་ཚོགས་དུ་མ་སྣང་། །ཐ་དད་རྣམ་པ་གཞན་དང་གཞན་དུ་བྱེ་བྲག་རྣམ་པ་མང་། །དེ་བཞིན་ཡེ་ཤེས་ཟླ་བས་འགྲོ་བ་ཐམས་ཅད་རྣམ་པར་མཐོང་། །རྨི་ལམ་སྒྲ་དང་འདྲ་བར་དེ་དག་རྣམ་པར་ རྟོགས་པ་མྱེད། །རྨི་ལམ་ལྟ་བུའི་ཚུལ་གྱིས་རྣམ་པ་བརྟན་པས་རབ་ཏུ་རྟོགས། །དེ་དག་རྨི་ལམ་མཚན་ཉིད་རྣམ་འདས་བསྐལ་པ་མཉམ་པ་མྱིན། །རྨི་ལམ་དེ་དག་གཅིག་པ་མ་ཡིན་ནམ་ 74-1-287b ཡང་མྱེད་པ་མྱིན། །རྨི་ལམ་རྣམ་བཀོད་རྣམ་པར་འགྲོ་བ་ཐམས་ཅད་རབ་ཏུ་ཤེས། །དེ་དག་སེམས་ཅན་ཐམས་ཅད་རྨི་ལམ་འདྲ་བའི་ཆོས་ཅན་དང་། །ཞིང་རྣམས་ཐམས་ཅད་རྨི་ལམ་དང་འདྲ་ཀུན་ནས་ མྱི་རྟོག་ཅིང་། །ཇི་ལྟར་ཉོན་མོངས་དེ་བཞིན་རྣམ་པར་བྱང་བ་རབ་ཏུ་ཤེས། །འཇིག་རྟེན་རྨི་འདྲ་དེ་ལ་རྣམ་པར་རྟོག་པར་བྱེད་པ་གང་ཡང་མྱེད། །རྨི་ལམ་ལྟ་བུའི་སྤྱོད་པས་ཡང་དག་གྲུབ་པར་གྱུར་པ་རྣམས། ། རྨི་ལམ་ལྟ་བུའི་སྨོན་ལམ་རྣམ་པས་གནས་པ་མྱེད་པ་དག །རྨི་ལམ་ལྟ་བུའི་ཆོས་རྣམས་ཀུན་ལ་གནས་ཆ་མི་བྱེད་དོ། །འཇིག་རྟེན་རྨི་ལམ་འདྲ་ལ་ཁྱད་པར་བྱེད་པ་པོ་ཡང་མྱེད། །འཇིག་རྟེན་འདི་དག་ རྨི་ལམ་ལྟ་བུ་བྱུང་བར་ཤེས་ཤིང་དག །རྨི་ལམ་ཚུལ་རྟོགས་འགྲོ་བ་ཀུན་ཏུ་མྱི་འཇིགས་ཆོས་དང་ལྡན། །རྨི་ལམ་བཞིན་སྤྱོད་ལྡན་པས་འཇིག་རྟེན་ཀུན་ཏུ་ཆུད་མི་ཟ། །རིང་ཐུང་ཀུན་ཀྱང་རྨི་ལམ་ རྒྱུད་བཞིན་དེ་དག་རབ་ཏུ་ཤེས། །འདི་ནི་རྨི་ལམ་ལྟ་བུའི་ཡིད་ལྡན་རྣམས་ཀྱི་བཟོད་པ་སྟེ། །རྨི་ལམ་ལྟ་བུའི་འཇིག་རྟེན་སེམས་ཅན་རབ་ཏུ་འདྲེན་པ་བྱེད། །སེམས་ཅན་རྣམས་ཀྱི་བསམ་པ་རྟོག་ བྱས་ཆགས་མྱེད་ཡེ་ཤེས་ཅན། །སེམས་ལ་བཅིངས་མྱེད་འགྲོ་བ་ཁྲག་ཁྲིག་ཡོངས་འགྲེལ་བྱེད། །དེ་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་ཆེ་མཐའ་ཡས། །ཆོས་རྣམས་མངོན་པར་བསྒྲུབ་ པ་ཡོངས་སུ་དག་པ་ཁོང་དུ་ཆུད། །ཆོས་ཀྱི་ཆོས་ཉིད་དུ་མའི་ཚུལ་རྣམས་ཁོང་དུ་ཆུད། །ཆོས་ཚུལ་རྣམ་པ་ཐ་དད་ཀུན་ལ་ཆགས་པ་མྱེད། །འགྲོ་ཀུན་དབྱངས་ཀྱི་ཡན་ལག་རྣམ་པ་ཇི་སྙེད་ཡོད་པ། ། དེ་དག་སྒྲ་དབྱངས་སྒྲ་བརྙན་བཞིན་དུ་དེས་ཆུད། །སྒྲར་བརྗོད་དེ་དག་ནང་ན་མྱེད་པར་རབ་ཏུ་ཤེས་ཏེ། །སྒྲ་རྣམས་ཐམས་ཅད་ཕྱི་ནང་མྱེད་པར་རབ་ཏུ་ཤེས། །སྒྲ་བརྙན་ཇི་ལྟར་རྣམ་པ་སྣ་ཚོགས་སྒྲ་ཚུལ་ 74-1-288a གྲག་སྟེ། །རྣམ་རྟོག་དབྱངས་དང་འདྲ་ཡང་རྣམ་རྟོག་མྱེད་པའི་སྒྲ་ཡིན། །སྒྲ་རྣམས་རྣམ་པ་སྣ་ཚོགས་ཐམས་ཅད་དེ་བཞིན་རབ་ཤེས། །སྒྲ་ལ་མངོན་པར་ཆགས་མྱེད་དེ་བཞིན་རློམ་པའི་ སེམས་མྱེད། །སེམས་ཅན་ཀུན་གྱི་གཙོ་བོ་ཐམས་ཅད་དེས་མཐོང་གྱུར་ཅིག །འཇིག་རྟེན་མགོན་པོ་ཆོས་རྣམས་གསུང་ཞིང་དབྱངས་སྒྲོག་མཛད་པས། །མདོ་གང་བརྗོད་དུ་མྱེད་པ་རབ་ཏུ་གསུང་ཞིང་སྟོན་ཀྱང་། ། རྒྱལ་བའི་གསུང་དབྱངས་དེ་ལ་དེ་ནི་གནས་པར་མྱི་བྱེད། །སྒྲ་བརྙན་དེ་དག་ཇི་ལྟར་སྒྲ་ཡི་རྣམ་པར་གྲག་ཀྱང་། །སྒྲ་བརྙན་རྣམ་པ་དག་ལ་སྒྲ་རྣམས་གང་ཡང་ཡོད་མྱིན། །དེ་ལྟར་དབྱངས་ཀྱི་བྱེ་བྲག་རྗེས་ འབྲང་ཆོས་ཀྱི་རྣམ་པ། །ཆོས་ཉིད་འཇིག་མྱེད་ལྡན་པ་རྣམ་ཕྱེ་ཆོས་ལ་རབ་མཁས། །དེ་དག་སྒྲ་དབྱངས་ཐམས་ཅད་རྣམ་པར་རབ་ཏུ་བསྒོམས་སྟེ། །སྒྲ་རྣམས་རྣམ་པར་དབྱེ་ལ་མཁས་པས་སྒྲ་རྣམས་ སེལ་བྱེད། །འགྲོ་བ་ཀུན་དབྱངས་དབྱངས་ཚུལ་མྱིན་པར་རབ་ཏུ་ཤེས་ཏེ། །དབྱངས་ཀྱི་ཡན་ལག་དག་པ་དེ་དག་དབྱངས་ཀུན་རབ་ཤེས། །ཆོས་རྣམས་དེ་དག་ཀུན་ལ་སྒྲ་མྱེད་སྒྲར་འཇུག་བྱེད་དེ། ། བརྗོད་པ་ཁྲག་ཁྲིག་སྣ་ཚོགས་རྣམས་ཀྱི་རྗེས་སུ་ཞུགས་ཤིང་། །འགྲོ་བ་ཐམས་ཅད་སྒྲ་བརྙན་བཞིན་དུ་མངོན་པར་སྟོན་བྱེད། །འགྲོ་བ་མ་ལུས་ཀུན་གྱི་སྒྲ་ཡང་དེ་བཞིན་རབ་ཤེས་ཏེ། །དེ་དག་ ཚིག་ཚུལ་རྗེས་སུ་འགྲོ་བའི་ཤེས་པ་རྟོགས་ལྡན། །འཇིག་རྟེན་འདི་དག་ཐམས་ཅད་སྒྲ་བརྙན་ཡན་ལག་འདྲར་ཤེས། །དབྱངས་ཀྱི་རང་བཞིན་རྣམ་པར་དག་པར་ཁོང་དུ་ཆུད་དེ། །སྒྲ་ཡི་མཚན་ ཉིད་ཇི་བཞིན་འཇིག་རྟེན་དེ་བཞིན་ཤེས་སོ། །ཇི་ལྟར་སྒྲ་རྣམས་ཆོས་རྣམས་དུ་མ་རྣམ་པར་སྟོན་བྱེད། །སྒྲ་ཡི་རྣམ་རྟོག་སྣ་ཚོགས་དབྱངས་ཀྱི་ཡན་ལག་ཀུན་ལྡན། །འཇིག་རྟེན་མ་ལུས་ 74-1-288b ཀུན་དབྱངས་མཚན་ཉིད་ཅི་འདྲ་དེ་བཞིན། །འགྲོ་བ་ཀུན་གྱི་མཚན་ཉིད་རྒྱལ་བའི་སྲས་ཀྱི་རབ་ཤེས། །བཟོད་པ་འདི་འདྲའི་སྟོབས་ཀྱི་མཁས་གྱུར་དཔའ་བོ་དེ་དག །སྒྲ་དབྱངས་སྣ་ཚོགས་འཇིག་རྟེན་ཀུན་ཏུ་ཡོངས་ སུ་སྤྱོད་དེ། །དུས་གསུམ་ཤེས་པའི་བློ་དང་ལྡན་པས་སྒྲ་ཡི་ཚུལ་ཤེས། །འོན་ཀྱང་རྣམ་རྟོག་གནས་ལ་དེ་དག་གནས་མྱི་འཆའོ། །ཞི་བའི་ཡིད་ལྡན་འདི་ལྟར་བྱང་ཆུབ་བརྩོན། །འཇིག་རྟེན་ཕན་པའི་ དོན་དུ་བྱང་ཆུབ་ཚལ། །ཆོས་ཉིད་རབ་ཏུ་ཞི་ལ་རྟག་ཏུ་འཇུག །བསྟན་པ་འཇིག་རྟེན་རྣམས་ལ་རྟོག་མྱི་བྱེད། །མི་སྒུལ་མཐུ་ཅན་ཡེ་ཤེས་སྟོབས་ལྡན་པས། །ཆོས་ཉིད་དངོས་མྱེད་ཞི་བ་ཇི་བཞིན་དུ། ། འཇིག་རྟེན་ཐམས་ཅད་མ་ལུས་དེས་ཤེས་ཏེ། །དེ་ལ་གཞོལ་ཞིང་ཕན་པར་དེ་སྤྱོད་དོ། །འགྲོ་བ་ཀུན་ལ་ནམ་ཡང་མི་གནས་ཏེ། །འགྲོ་བ་ཀུན་དང་འབྲལ་བར་བྱེད་མ་ཡིན། །འགྲོ་བ་ཀུན་ལ་དེ་ནི་གནས་ མི་འཆའ། །དེ་ལ་གནས་པ་གང་ཡང་ཡོད་པ་མྱིན། །འགྲོ་བ་ཆོས་ཉིད་རང་བཞིན་ལྡན་པར་ཤེས། །དད་བཞིན་དེ་ལ་འང་གནས་པར་མྱི་བྱེད་དེ། །འགྲོ་བ་འདི་ལ་འང་དེ་ནི་རྟེན་མི་བྱེད། །འགྲོ་བའི་ གནས་ལས་ཡོངས་སུ་འགྲོལ་བ་ཡིན། །འཇིག་རྟེན་གནས་པ་ཇི་སྙེད་གང་ཡང་རུང་། །དེ་དག་རང་བཞིན་ཚུལ་རྣམས་ཀུན་ཤེས་ཏེ། །གཉིས་མེད་ཆོས་ཀྱང་བསྟན་པས་རབ་ཏུ་ཤེས། །གཉིས་ མྱེད་དེ་ལའང་དེ་ནི་གནས་མི་འཆ་འ། །དེ་ནི་འཇིག་རྟེན་རྣམས་དང་ལྡན་གྱུར་ཀྱང་། །འཇིག་རྟེན་ལམ་ལ་གནས་པའི་སེམས་མྱེད་དེ། །འཇིག་རྟེན་ཕྱི་རོལ་སྤྱད་པ་སྤྱོད་པ་མྱིན། །ཆོས་ཀུན་ ཡེ་ཤེས་རང་བཞིན་ཡིན་པར་ཤེས། །ཆུ་ལ་གཟུགས་བརྙན་ཇི་ལྟར་སྣང་བ་རྣམས། །ནང་ན་མི་འདུག་ཕྱི་ན་མི་གནས་པ། །དེ་བཞིན་བརྟན་པ་བྱང་ཆུབ་དོན་དུ་སྤྱོད། །འཇིག་རྟེན་རྣམ་སྒོམ་འཇིག་ 74-1-289a རྟེན་ཡོད་པ་མྱིན། །འཇིག་རྟེན་སྐྱེ་མྱེད་གྲོལ་བ་མ་ཡིན་ཏེ། །འཇིག་རྟེན་བརྗོད་པར་མི་ནུས་གྱུར་པ་མྱིན། །འཇིག་རྟེན་ཕྱི་རོལ་རྒྱུ་བའང་མ་ཡིན་ཏེ། །འགྲོ་བ་འདི་ནི་གཟུགས་བརྙན་ཇི་ བཞིན་ནོ། །དེ་ལྟར་ཟབ་པའི་ཚུལ་ལས་བྱུང་བས་ན། །དག་ཅིང་འོད་གསལ་དྲི་མྱེད་སེམས་དང་ལྡན། །ཡེ་ཤེས་གཞོལ་བས་ཆོས་ཀྱི་སྒྲོན་མ་སྟེ། །སྨོན་ལམ་ཀུན་ལས་ཡོངས་ཀྱང་ལྡོག་པ་མྱེད། ། དེ་ནི་འཇིག་རྟེན་སྩོགས་པར་མི་བྱེད་དེ། །ཡེ་ཤེས་མཐར་ཐུག་མཐའ་ཡང་མི་དམྱིགས་སོ། །སྐྱེ་དགུ་མཐའ་ཡས་ཀུན་ལ་བདེ་བྱེད་དེ། །འགྲོ་བ་ཀུན་ལས་ཆགས་པ་རྣམ་པར་བཟློག །དཔེ་མྱེད་ རྣམས་ཀྱི་ཟབ་པ་ཉིད་ལ་ལྟོས། །འགྲོ་བ་ཀུན་གྱི་དོན་དུ་རབ་ཏུ་བརྩོན། །བཟོད་པ་འདི་ནི་ཡེ་ཤེས་གཞོལ་བ་སྟེ། །དེ་ལྟར་གནས་ཤིང་སྤྱད་པ་དེ་འདྲ་སྤྱོད། །ཆོས་གནས་རྣམ་པར་དབེན་ལ་རབ་ཏུ་ ཞུགས། །སྤྲུལ་པ་དེ་འདྲ་ཀུན་དང་ལྡན་གྱུར་ཅིང་། །སྤྲུལ་པའི་དངོས་ལ་སྤྱོད་པ་རྗེས་སོང་བས། །སྤྲུལ་པའི་དངོས་པོ་ནམ་ཡང་གཏོང་བ་མྱེད། །དེ་ནི་བྱང་ཆུབ་སྤྱོད་པས་ས་མཆོག་ཏུ། །སྤྲུལ་ པའི་དངོས་ལྡན་རྗེས་སུ་སྤྱད་པས་ན། །སྤྲུལ་པ་དེ་འདྲའི་ཚུལ་ལ་རྣམ་པར་གནས། །དེ་བས་འགྲོ་ཀུན་སྤྲུལ་པར་རབ་ཏུ་ཤེས། །སྐྱེ་དགུའི་ལས་ཀྱི་རྣམ་པ་མཐའ་ཡས་པ། །སྤྲུལ་པའི་དངོས་ དང་མཉམ་པ་ཉིད་ཀྱིས་མཉམ། །སྤྲུལ་པའི་མཐའ་རྟོགས་ཤིན་ཏུ་རྣམ་པར་དབེན། །མྱི་ཡི་མགོན་པོ་ཐམས་ཅད་སྤྲུལ་པར་ཤེས། །དུས་གསུམ་སངས་རྒྱས་ཇི་སྙེད་གང་བཞུགས་པ། ། སྨོན་ལམ་གང་བཏབ་སྤྱོད་པ་སྤྱད་པའི་རྒྱུ། །དེས་ནི་མྱི་གཙོ་ཐམས་ཅད་སྤྲུལ་པ་ཡིན། །གང་གིས་སེམས་ཅན་རྣམ་དག་སྤྲུལ་པ་ཡིན། །བྱམས་དང་སྙིང་རྗེ་ཆེན་པོ་ཤིན་ཏུ་ཡངས། །དེ་ལྟར་ 74-1-289b སྤྲུལ་པ་རྣམས་ཕྱེ་ཤེས་པ་ན། །དེ་དག་བྱིན་གྱིས་རླབས་འཕྲུལ་སྣང་བར་བྱེད་པའོ། །དེ་དག་འཇིག་རྟེན་རྣམ་པར་རྟོག་པ་མྱེད། །སྤྲུལ་པའི་དངོས་ཚུལ་འགྲོ་བ་ཐམས་ཅད་ཤེས། །འགྲོ་བའི་ལས་གྱི་ རྣམ་པ་གང་ཡོད་པའི། །འཇིག་རྟེན་དེ་དག་སྤྲུལ་པའི་སས་བསྒྲུབས་པའི། །སྤྲུལ་པའི་མཛོད་མང་རྣམ་པར་ཕྱེ་བ་ལ། །ཞུགས་ཤིང་བྱང་ཆུབ་སྤྱོད་པ་སྤྱད་བྱས་པས། །དེ་དག་སྣ་ཚོགས་བྱེ་བྲག་ རྣམ་པ་མང་། །འཇིག་རྟེན་ལས་ཀྱི་རྣམ་པས་བྱས་པ་བཞིན། །སྤྲུལ་པ་རྣམ་པར་རྟོག་པ་མྱེད་པ་སྟེ། །སྤྲུལ་པ་ནམ་ཡང་ཡོངས་སུ་རྟོག་པ་མྱེད། །རྟོག་དང་རྣམ་པར་རྟོག་པས་ཡིད་དབེན་པ། །སྤྲུལ་ པ་བཞིན་དུ་དེ་དག་སྤྱོད་པ་ཡིན། །སྤྲུལ་པ་རྒྱ་མཚོ་ཤེས་པས་ཁོང་དུ་ཆུད། །སྤྲུལ་པའི་དངོས་པོས་འཇིག་རྟེན་རྒྱས་ཀྱང་འདེབས། །སྤྲུལ་པ་མྱི་གནས་འགྲོ་བ་མྱེད་པ་སྟེ། །སྤྲུལ་པ་ཇི་བཞིན་དེ་བཞིན་ ཡེ་ཤེས་སོ། །དེ་ནི་ནམ་མཁའ་གནས་མྱེད་ཇི་བཞིན་དུ། །བཟོད་པ་བཅུ་ཡི་ཚུལ་ལ་རབ་ཏུ་འཇུག །དེ་ནི་མཁའ་འདྲར་ཆོས་རྣམས་ཀུན་བྱས་ཤིང་། །སེམས་ཅན་སེམས་ཅན་མྱེད་པར་ནམ་ མཁའ་ཤེས། །དེ་ནི་ནམ་མཁའ་ལྟ་བུའི་ཤེས་ལྡན་ཏེ། །དེ་ལ་ཆགས་པ་གང་ཡང་ཡོད་པ་མྱིན། །ཇི་ལྟར་ནམ་མཁའ་སྣ་ཚོགས་མ་ཡིན་པ། །དེ་ལྟར་འཇིག་རྟེན་ཆགས་མྱེད་རབ་ཏུ་ཤེས། ། དེ་ནི་བཟོད་པ་མཁའ་འདྲ་མཐུ་ལྡན་པས། །མི་ཟད་ནམ་མཁའ་བཞིན་དུ་ཟད་པ་མྱེད། །དེ་ནི་མཁའ་འདྲའི་སྤྱོད་ཡུལ་ཐོབ་གྱུར་ཀྱང་། །མཁའ་ལ་རྣམ་པར་རྟོག་པ་མི་བྱེད་དོ། །ནམ་མཁའ་ ལ་ནི་ངོ་བོ་ཉིད་མྱེད་དེ། །ནམ་མཁའི་ས་མཚམས་ནམ་ཡང་ཆད་པ་མྱེད། །མཁའ་ལ་བྱེ་བྲག་ཐ་དད་ཡོད་པ་མྱིན། །དེ་ནི་མཁའ་འདྲའི་བློ་ཡི་སྟོབས་དང་ལྡན། །མཁའ་ལ་མཐར་ཐུག་ 74-1-290a རྩ་བ་མྱེད་པ་སྟེ། །ནམ་མཁའ་ལ་ནི་མཐའ་དབུས་ཡོད་པ་མྱིན། །མཁའ་ལ་རྣམ་པ་ཐ་དད་དེ་བཞིན་མྱེད། །ཡེ་ཤེས་སྟོབས་ཀྱང་ནམ་མཁའ་དེ་དང་འདྲ། །བརྟན་པས་དེ་འདྲའི་ཆོས་ཉིད་རབ་ཤེས་ཏེ། ། ཇི་ལྟར་ནམ་མཁའ་སྐྱེས་པ་མྱེད་པ་དང་། །ཇི་ལྟར་ནམ་མཁའ་འགག་པ་མྱེད་ཚུལ་དུ། །དེ་འདྲའི་ཆོས་ཉིད་དམ་པ་ངེས་ཐོབ་པོ། །ནམ་མཁའ་འདྲ་བའི་ཆོས་ལ་དེ་གནས་ཤིང་། །ཕྱོགས་རྣམས་ཀུན་གྱི་འགྲོ་བ་ཀུན་ སྟོན་ཏོ། །བདུད་ཀྱི་དཀྲུགས་མ་ཐམས་ཅད་བཅོམ་བྱས་ཤིང་། །མཁའ་འདྲའི་བཟོད་པའི་ཚུལ་ལ་ཤིན་ཏུ་བརྟན། །དེས་ནི་མཁའ་འདྲར་མཚན་ཉིད་མྱེད་པ་ཀུན། །འཇིག་རྟེན་ཇི་སྙེད་མཚན་ཉིད་ཐ་དད་པ། །མཚན་ ཉིད་མཚན་འདས་མཚན་མ་མྱེད་ཚུལ་དུ། །ཀུན་ཀྱང་ཡང་དག་མཁའ་དང་འདྲ་བར་བྱེད། །གང་ལ་དུས་གསུམ་ཐམས་ཅད་གནས་པ་ཡིན། །ཆོས་ཉིད་མཁའ་འདྲ་དེས་ནི་ཤེས་བྱས་ཤིང་། །དེ་ནི་རྣམ་པར་ཕྱེ་བ་གཅིག་ ཚུལ་གྱིས། །འགྲོ་བ་ཐམས་ཅད་ནམ་མཁའི་ཚུལ་དུ་ཤེས། །དེ་ནི་ནམ་མཁའ་ལྟ་བུའི་ཡེ་ཤེས་ལུས། །དེ་ནི་ནམ་མཁའ་ལྟ་བུའི་སྒྲ་དབྱངས་ལྡན། །དེ་ནི་ནམ་མཁའི་རང་བཞིན་ལུས་ཅན་ཏེ། །ཡེ་ཤེས་ ནམ་མཁའ་ལྟ་བུ་ཞི་བས་གནས། །རྒྱལ་བའི་སྲས་ཀྱི་སྤྱད་པ་སྤྱོད་པའི་ཚེ། །བཟོད་པ་བཅུ་པོ་འདི་དག་དེ་དག་གི། །བཟོད་པའི་སྟོབས་ལ་དེ་དག་རབ་གནས་པ། །འཇིག་རྟེན་ཕན་པའི་དོན་དུ་བཤད་ཅིང་བསྟན། ། དེའི་ཚུལ་ལ་བསྟན་པ་བསླབས་པ་རྣམས། །ཡེ་ཤེས་འདི་ལ་ཤིན་ཏུ་མཐུ་ཆེ་སྟེ། །ཆོས་ཀྱི་མཐུ་དང་ཡེ་ཤེས་མཐུར་ཡང་ལྡན། །བྱང་ཆུབ་ཚུལ་རྗེས་བསམ་པའི་སེམས་དང་ལྡན། །བཟོད་པ་ འདི་ཡི་ཚུལ་ལ་ཞུགས་པ་ནི། །ཡེ་ཤེས་སྟོབས་ཀྱི་ཆགས་པ་མྱེད་ལ་འཇུག །འཇིག་རྟེན་ལྷར་བཅས་དེ་དག་ཟིལ་གྱིས་ནོན། །འཇིག་རྟེན་དག་ཏུ་འཁོར་ལོ་བླ་མེད་བསྐོར། །དེ་དག་སྤྱོད་ཚུལ་ 74-1-290b ཤིན་ཏུ་རྒྱ་ཆེ་བས། །དེ་དག་ཚད་ནི་འཇིག་རྟེན་ཀུན་མྱེད་དེ། །སྐྱེས་བུ་འདུལ་བ་དཔེ་ཟླ་མྱེད་པ་ཡིན། །ཡེ་ཤེས་རྒྱ་མཚོའི་ཚུལ་ལ་དེ་དག་ཞུགས། །བདག་མྱེད་སེམས་ཀྱི་འཇིག་རྟེན་སྤྱོད་པའི་ཚེ། །ཆོས་ཀྱི་ རྣམ་དག་གྱུར་པའི་ཡིད་ལྡན་པས། །བསྟན་པ་དེ་དག་འདི་འདྲའི་ཆོས་ལ་འཇུག །ཆོས་ཉིད་དེས་ཀྱང་འཇིག་རྟེན་ཚིམ་པར་བྱེད། །འགྲོ་བའི་ཚད་ནི་ཐམས་ཅད་ཤེས་པར་ནུས། །སེམས་ཅན་མ་ལུས་ ཐམས་ཅད་བགྲངས་བར་ནུས། །རྡུལ་གཅིག་རྩེ་ལ་མ་ལུས་ཞིང་བགྲང་ནུས། །མཁས་པའི་ཡོན་ཏན་དེ་དག་མཐའ་ཡས་སོ། །སངས་རྒྱས་སྲས་པོ་སྐྱེས་བུ་ཆེན་པོ་ལ། །བཟོད་པ་བཅུ་པོ་འདི་དག་ཡོད་པ་ན། ། ཡེ་ཤེས་སྤྱོད་ཡུལ་སྒོར་ཀྱང་འགྲོ་ཀུན་གྱི། །ཚད་དུ་བགྲང་བར་ནུས་པ་ཡོད་པ་མྱིན། །ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། །སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ལས། བཟོད་པའི་ལེའུ་ཞེས་བྱ་བ་སྟེ། སུམ་ བཅུ་ལྔ་པའོ།། །། སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་ཉི་ཤུ་དགུ་པ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་ཀྱི་རྒྱལ་པོས་འདི་སྐད་ ཅེས་གསོལ་ཏོ། །བཅོམ་ལྡན་འདས་གྲངས་མ་མཆིས་པ་ཤིན་ཏུ་བསྟན་པ་ཞེས་བགྱི་བ་དང་། གྲངས་མ་མཆིས་པའི་གྲངས་མ་མཆིས་པ་ཞེས་བགྱི་བ་དེ། བཅོམ་ལྡན་འདས་ཇི་ལྟར་ན་གྲངས་མ་མཆིས་པ་བསྟན་ པ་ལགས། ཚད་མ་མཆིས་པ་དང་། མུ་མ་མཆིས་པ་དང་། ཀུན་ཏུ་མཐའ་ཡས་པ་དང་། བགྲང་དུ་མི་རུང་བ་དང་། མཚུངས་པ་མ་མཆིས་པ་དང་། བསམ་གྱིས་མི་ཁྱབ་པ་དང་། གཞལ་དུ་མ་མཆིས་པ་དང་། བརྗོད་ དུ་མ་མཆིས་པའི་ཡང་བརྗོད་དུ་མ་མཆིས་པ་ལགས་ན། ཇི་ལྟར་བསྟན་པར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱི་བྱང་ཆུབ་སེམས་དཔའ་སེམས་ཀྱི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་ 74-1-291a བསྩལ་ཏོ། །ཀྱེ་སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ། །སྐྱེས་བུ་དམ་པ་དེ་ལྟར་ཁྱོད་ཀྱིས་འཇིག་རྟེན་ཐམས་ཅད་གྲངས་ཀྱི་རྗེས་སུ་འཇུག་པར་བྱ་བའི་ཕྱིར། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་མཁྱེན་པའི་ དོན་འདི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཞུ་བར་བསམ་པ་ལེགས་སོ་ལེགས་སོ་ལགསོ་དེ་བས་ན་སྐྱེ་བུ་དམ་པ་ལེགས་པར་ཉོན་ལ་རབ་ཏུ་ཡིད་ལ་ཟུང་ཤིག་དང་བསྟན་པར་བྱའོ། །བཅོམ་ལྡན་ འདས་དེ་ལྟར་བགྱིའོ་ཞེས་གསོལ་ནས། བྱང་ཆུབ་སེམས་དཔའ་སེམས་ཀྱི་རྒྱལ་པོ་བཅོམ་ལྡན་འདས་ལ་ཕྱིར་ཉན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྐྱེས་བུ་དམ་པ་དེ་ལ་ འདི་སྐད་ཅེས་བྱ་སྟེ། བརྒྱ་སྟོང་ཕྲག་བརྒྱ་ན་བྱེ་བའོ། །བྱེ་བ་བྱེ་བ་ན་ཁོད་ཁོད་དོ། །ཁོད་ཁོད་ཁོད་ཁོད་ན་ཐ་གུའོ། །ཐ་གུ་ཐ་གུ་ན་ཁྲག་ཁྲིག་གོ། །ཁྲག་ཁྲིག་ཁྲག་ཁྲིག་ན་ཐམས་ཐམས་སོ། །ཐམས་ཐམས་ ཐམས་ཐམས་ན་མྱད་མྱིད་དོ། །མྱད་མྱིད་མྱད་མྱིད་ན་གང་ཡའོ། །གང་ཡ་གང་ཡ་ན་བན་བུན་ནོ། །བན་བུན་བན་བུན་ན་ཕྱར་ཕྱུར་རོ། །ཕྱར་ཕྱུར་ཕྱར་ཕྱུར་ན་ལྕག་ལྕིག་གོ། །ལྕག་ལྕིག་ལྕག་ལྕིག་ན་བྱང་ བྱིང་ངོ་། །བྱང་བྱིང་བྱང་བྱིང་ན་ཆེམ་ཆེམ་མོ། །ཆེམ་ཆེམ་ཆེམ་ཆེམ་ན་ཕྱལ་ཕྱོལ་ལོ། །ཕྱལ་ཕྱོལ་ཕྱལ་ཕྱོལ་ན་ཁྱུད་ཁྱུད་དོ། །ཁྱུད་ཁྱུད་ཁྱུད་ཁྱུད་ན་ཟེར་ཟེར་རོ། །ཟེར་ཟེར་ཟེར་ཟེར་ན་ཁྲིབ་ཁྲིབ་པོ། ། ཁྲིབ་ཁྲིབ་ཁྲིབ་ཁྲིབ་ན་ཡ་གངས་སོ། །ཡ་གངས་ཡ་གངས་ན་ཆོ་མའོ། །ཆོ་མ་ཆོ་མ་ན་ཁྲམ་ཁྲིམ་མོ། །ཁྲམ་ཁྲིམ་ཁྲམ་ཁྲིམ་ན་ནབ་ནུབ་པོ། །ནབ་ནུབ་ནབ་ནུབ་ན་སང་སང་ངོ་། །སང་སང་སང་སང་ན་བརྒྱུད་ ཡས་སོ། །བརྒྱུད་ཡས་བརྒྱུད་ཡས་ན་བཏང་ཡས་སོ། །བཏང་ཡས་བཏང་ཡས་ན་བཀྲ་ཡར་རོ། །བཀྲ་ཡར་བཀྲ་ཡར་ན་གསའ་ཡས་སོ། །གསའ་ཡས་གསའ་ཡས་ན་མཚུངས་མྱེད་དོ། །མཚུངས་ 74-1-291b མྱེད་ཚུངས་མྱེད་ན་ལམ་ལུམ་མོ། །ལམ་ལུམ་ལམ་ལུམ་ན་ཡལ་ཡོལ་ལོ། །ཡལ་ཡོལ་ཡལ་ཡོལ་ན་ཁྲལ་ཁྲུལ་ལོ། །ཁྲལ་ཁྲུལ་ཁྲལ་ཁྲུལ་ན་ཐུད་ཐུད་དོ། །ཐུད་ཐུད་ཐུད་ཐུད་ན་བསམ་ཕྱོད་དོ། །བསམ་ཕྱོད་ བསམ་ཕྱོད་ན་བྲང་བྲེང་ངོ་། །བྲང་བྲེང་བྲང་བྲེང་ན་བགྲོད་ཡས་སོ། །བགྲོད་ཡས་བགྲོད་ཡས་ན་བསྔོ་ཡས་སོ། །བསྔོ་ཡས་བསྔོ་ཡས་ན་ཟང་ཡག་གོ། །ཟང་ཡག་ཟང་ཡག་ན་འཕྱོ་བཀྱེའོ། །འཕྱོ་བཀྱེ་འཕྱོ་བཀྱེ་ ན་བརྩེ་འཕྱོའོ། །བརྩེ་འཕྱོ་བརྩེ་འཕྱོ་ན་ཡོང་ཏན་ནོ། །ཡོང་ཏན་ཡོང་ཏན་ན་འབྲུག་གཡོས་སོ། །འབྲུག་གཡོས་འབྲུག་གཡོས་ན་སང་ཡལ་ལོ། །སང་ཡལ་སང་ཡལ་ན་ཐིང་ཡུག་གོ། །ཐིང་ཡུག་ ཐིང་ཡུག་ན་ཡིད་འཕྱོའོ། །ཡིད་འཕྱོ་ཡིད་འཕྱོ་ན་ནབ་ནེབ་པོ། །ནབ་ནེབ་ནབ་ནེབ་ན་ཁྲིབ་ཐབས་སོ། །ཁྲིབ་ཐབས་ཁྲིག་ཐབས་ན་ཡལ་ཡལ་ལོ། །ཡལ་ཡལ་ཡལ་ཡལ་ན་བགྲང་ཡས་སོ། །བགྲང་ཡས་ བགྲང་ཡས་ན་ཐུག་ཡལ་ལོ། །ཐུག་ཡལ་ཐུག་ཡལ་ན་ཤང་ཤང་ངོ་། །ཤང་ཤང་ཤང་ཤང་ན་ཡག་ཡག་གོ། །ཡག་ཡག་ཡག་ཡག་ན་ཐམ་ཐིམ་མོ། །ཐམ་ཐིམ་ཐམ་ཐིམ་ན་རློམ་བརླལ་ལོ། །རློམ་ བརླལ་རློམ་བརླལ་ན་གཞལ་འཕྱོས་སོ། །གཞལ་འཕྱོས་གཞལ་འཕྱོས་ན་གཞལ་ཡལ་ལོ། །གཞལ་ཡལ་གཞལ་ཡལ་ན་གཞལ་མྱེད་དོ། །གཞལ་མྱེད་གཞལ་མྱེད་ན་གཞལ་འཁོར་ཏོ། །གཞལ་ འཁོར་གཞལ་འཁོར་ན་གཞལ་ཐིམ་མོ། །གཞལ་ཐིམ་གཞལ་ཐིམ་ན་གར་གཞལ་ལོ། །གར་གཞལ་གར་གཞལ་ན་གཞལ་སངས་སོ། །གཞལ་སངས་གཞལ་སངས་ན་གཞལ་ཐག་གོ། །གཞལ་ ཐག་གཞལ་ཐག་ན་གཞལ་ཕུལ་ལོ། །གཞལ་ཕུལ་གཞལ་ཕུལ་ན་གཞལ་ཞིའོ། །གཞལ་ཞི་གཞལ་ཞི་ན་འཕྱོ་འགྱུར་རོ། །འཕྱོ་འགྱུར་འཕྱོ་འགྱུར་ན་ཉར་ཉེར་རོ། །ཉར་ཉེར་ཉར་ཉེར་ན་ཕྱག་ཕྱིག་ 74-1-292a གོ། ཕྱག་ཕྱིག་ཕྱག་ཕྱིག་ན་ཟལ་ཟུལ་ལོ། །ཟལ་ཟུལ་ཟལ་ཟུལ་ན་སལ་སལ་ལོ། །སལ་སལ་སལ་སལ་ན་གཡོ་ལྡེག་གོ། གཡོ་ལྡེག་གཡོ་ལྡེག་ན་ཕན་ཕུན་ནོ། །ཕན་ཕུན་ཕན་ཕུན་ན་བརྣང་ ཡའོ། །བརྣང་ཡ་བརྣང་ཡ་ན་རེམ་འདྲོལ་ལོ། །རེམ་འདྲོལ་རེམ་འདྲོལ་ན་རྫི་ངད་ཏོ། །རྫི་ངད་རྫི་ངད་ན་རྫི་རྡུལ་ལོ། །རྫི་རྡུལ་རྫི་རྡུལ་ན་ཕུན་ཡོལ་ལོ། །ཕུན་ཡོལ་ཕུན་ཡོལ་ན་ངད་ངད་དོ། །ངད་ངད་ངད་ངད་ན་བགྲང་ བརྩིའོ། །བགྲང་བརྩི་བགྲང་བརྩི་ན་ཟབ་བགྲང་ངོ་། །ཟབ་བགྲང་ཟབ་བགྲང་ན་དགའ་རྐྱང་ངོ་། །དགའ་རྐྱང་དགའ་རྐྱང་ན་གཞུང་འདལ་ལོ། །གཞུང་འདལ་གཞུང་འདལ་ན་ཁྲུག་ཕྱོད་དོ། །ཁྲུག་ཕྱད་ཁྲུག་ཕྱད་ན་འོད་ ཕྱོད་དོ། །འོད་ཕྱོད་འོད་ཕྱོད་ན་འདབ་ཡས་སོ། །འདབ་ཡས་འདབ་ཡས་ན་གཅལ་ཡས་སོ། །གཅལ་ཡས་གཅལ་ཡས་ན་བགྲང་ཡས་སོ། །བགྲང་ཡས་བགྲང་ཡས་ན་བྱིམ་འཕྱོའོ། །བྱིམ་འཕྱོ་བྱིམ་ འཕྱོ་ན་ཡམ་མྱེའོ། །ཡམ་མེ་ཡམ་མེ་ན་བརྙལ་ཡས་སོ། །བརྙལ་ཡས་བརྙལ་ཡས་ན་ལྡབ་ལྡེབ་པོ། །ལྡབ་ལྡེབ་ལྡབ་ལྡེབ་ན་ཕན་ཆད་དོ། །ཕན་ཆད་ཕན་ཆད་ན་ཕང་ཕུང་ངོ་། །ཕང་ཕུང་ཕང་ཕུང་ ན་ཁེའུ་ཚང་ངོ་། །ཁེའུ་ཚང་ཁེའུ་ཚང་ན་ཞུང་ཟུང་ངོ་། །ཞུང་ཟུང་ཞུང་ཟུང་ན་མཆོག་ཡལ་ལོ། །མཆོག་ཡལ་མཆོག་ཡལ་ན་མཐའ་རྡུལ་ཏོ། །མཐའ་རྡུལ་མཐའ་རྡུལ་ན་ཡུན་འགྱངས་སོ། །ཡུན་ འགྱངས་ཡུན་འགྱངས་ན་བུན་ལོབ་བོ། །བུན་ལོབ་བུན་ལོབ་ན་ལམ་ལོམ་མོ། །ལམ་ལོམ་ལམ་ལོམ་ན་བསྙད་ཡས་སོ། །བསྙད་ཡས་བསྙད་ཡས་ན་ལང་ལིང་ངོ་། །ལང་ལིང་ལང་ལིང་ན་ལྗབ་ལྗིབ་ པོ། །ལྗབ་ལྗིབ་ལྗང་ལྗིབ་ན་མྱི་བརྩལ་ཏོ། །མི་བརྩལ་མི་བརྩལ་ན་འབྱམ་ཡས་སོ། །འབྱམ་ཡས་འབྱམ་ཡས་ན་ང་འགྲོང་ངོ་། །ང་འགྲོང་ང་འགྲོང་ན་སྨོས་ཡལ་ལོ། །སྨོས་ཡལ་སྨོས་ཡལ་ 74-1-292b ན་བཀྲ་ཆལ་ལོ། །བཀྲ་ཆལ་བཀྲ་ཆལ་ན་ལོ་རྒྱས་སོ། །ལོ་རྒྱས་ལོ་རྒྱས་ན་འབུམ་རྡིབ་པོ། །འབུམ་རྡིབ་འབུམ་རྡིབ་ན་གམ་གུམ་མོ། །གམ་གུམ་གམ་གུམ་ན་ལ་ལོའོ། །ལ་ལོ་ལ་ལོ་ན་བགྲང་འཕྱོས་ སོ། །བགྲང་འཕྱོས་བགྲང་འཕྱོས་ན་བགྲང་འཕྱོས་ལ་བསྒྲེས་སོ། །བགྲང་འཕྱོས་ལ་བསྒྲེས་བགྲང་འཕྱོས་ལ་བསྒྲེས་པ་ན་དཔག་ཡས་སོ། །དཔག་ཡས་དཔག་ཡས་ན་དཔག་ཡས་ལ་བསྒྲེས་པའོ། ། དཔག་ཡས་ལ་བསྒྲེས་པ་དཔག་ཡས་ལ་བསྒྲེས་པ་ན་ཡུལ་ཕྱོང་ངོ་། །ཡུལ་ཕྱོང་ཡུལ་ཕྱོང་ན་ཡུལ་ཕྱོང་ལ་བསྒྲེས་པའོ། །ཡུལ་ཕྱོང་ལ་བསྒྲེས་པ་ཡུལ་ཕྱོང་ལ་བསྒྲེས་པ་ན་མུ་ཡལ་ཏོ། །མུ་ཡལ་ མུ་ཡལ་ན་མུ་ཡལ་ལ་བསྒྲེས་པའོ། །མུ་ཡལ་ལ་བསྒྲེས་པ་མུ་ཡལ་ལ་བསྒྲེས་པ་ན་བགྲང་ཡོལ་ལོ། །བགྲང་ཡོལ་བགྲང་ཡོལ་ན་བགྲང་ཡོལ་ལ་བསྒྲེས་པའོ། །བགྲང་ཡོལ་ལ་བསྒྲེས་པ་བགྲང་ཡོལ་ ལ་བསྒྲེས་པ་ན་མྱི་འཇལ་ཏོ། །མྱི་འཇལ་མྱི་འཇལ་ན་མྱི་འཇལ་ལ་བསྒྲེས་པའོ། །མྱི་འཇལ་ལ་བསྒྲེས་པ་མྱི་འཇལ་ལ་བསྒྲེས་པ་ན་བསམ་ཕྱོད་དོ། །བསམ་ཕྱོད་བསམ་ཕྱོད་ན་བསམ་ཕྱོད་ལ་བསྒྲེས་ པའོ། །བསམ་ཕྱོད་ལ་བསྒྲེས་པ་བསམ་ཕྱོད་ལ་བསྒྲེས་པ་ན་མཐའ་འབྱམ་མོ། །མཐའ་འབྱམ་མཐའ་འབྱམ་ན་དཔག་ཐག་གོ། །དཔག་ཐག་དཔག་ཐག་ན་དཔག་ཐག་ལ་བསྒྲེས་པའོ། །དཔག་ ཐག་ལ་བསྒྲེས་པ་དཔག་ཐག་ལ་བསྒྲེས་པ་ན་བརྗོད་དུ་མྱེད་པའོ། །བརྗོད་དུ་མྱེད་པ་བརྗོད་དུ་མེད་པ་ན་བརྗོད་དུ་མྱེད་པ་ལ་བསྒྲེས་པའོ། །བརྗོད་དུ་མྱེད་པ་ལ་བསྒྲེས་པ་ན་བརྗོད་དུ་མྱེད་པའི་ཡང་ བརྗོད་དུ་མྱེད་པ་ལ་བསྒྲེས་པ་ཤིན་ཏུ་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་ཀྱི་རྒྱལ་པོ་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། བརྗོད་དུ་མྱེད་པའི་བརྗོད་དུ་ 74-1-293a མྱེད་པ་ནི། །བརྗོད་དུ་མྱེད་པ་ཐམས་ཅད་འཚང་བར་འགྱུར། །བརྗོད་དུ་མྱེད་པ་བསྐལ་བར་བརྗོད་བྱས་ཀྱང་། །བརྗོད་དུ་མྱེད་ལ་མཐར་ཐུག་གང་ཡང་མྱེད། །བརྗོད་དུ་མྱེད་པའི་སངས་རྒྱས་ཞིང་གི་རྣམས། ། ཐམས་ཅད་བཤིག་སྟེ་རྡུལ་ཏུ་ཀུན་བླགས་ཤིང་། །གཅིག་རྩེ་ལའང་གཅིག་པོ་བརྗོད་མྱེད་པར། །ཐམས་ཅད་བརྗོད་དུ་མྱེད་པར་རབ་ཏུ་འཇུག །ཞིང་རྣམས་བརྗོད་དུ་མྱེད་པའི་བརྗོད་མྱེད་པ། །སྐད་གཅིག་སེམས་ ཀྱིས་ཀུན་ཀྱང་རབ་ཏུ་འཇིག །སྐད་གཅིག་རེ་རེར་འཇིག་པ་བརྗོད་དུ་མྱེད། །འཇིག་པས་བསྐལ་བ་མང་པོ་ཟད་པར་བྱེད། །དབྱེ་བའི་བྱེ་བྲག་དབྱེ་བ་བརྗོད་དུ་མྱེད། །རྡུལ་ལ་འཇུག་པ་བརྗོད་དུ་མྱེད་པ་སྟེ། །བགྲང་ བའི་ཚུལ་གྱིས་བརྗོད་དུ་མྱེད་པ་ཡི། །བསྐལ་པ་བརྗོད་དུ་མྱེད་པ་ཟད་པར་བྱེད། །རྡུལ་དང་རྡུལ་ལ་མཚན་ཉིད་བརྗོད་དུ་མྱེད། །བརྗོད་དུ་མྱེད་པའི་རྡུལ་རྣམས་ཀུན་བཟུང་སྟེ། །བསྐལ་པ་ཀུན་ཏུ་བཟང་པོར་ བསྟོད་བྱས་ཀྱང་། །ཀུན་ཏུ་བཟང་པོ་དེ་བསྔགས་མཐར་མི་འཇུག །བརྗོད་དུ་མྱེད་པའི་ཀུན་ཏུ་བཟང་པོ་རྣམས། །སྐྲ་རྩེ་རེ་རེ་ཀུན་ལ་ཡང་དག་འཇུག །སྐྲ་རྩེ་གཅིག་བཞིན་ཡུལ་རྣམས་ཀུན་ལ་སྟེ། ། ཆོས་དབྱིངས་མ་ལུས་ཇི་སྙེད་དེ་བཞིན་ནོ། །སྐྲ་རྩེ་རེ་རེར་ཞིང་གི་ཁམས་ཀྱི་རྣམས། །བརྗོད་དུ་མྱེད་པར་ཡང་དག་འཛུད་པར་བྱེད། །མཁའ་དབྱིངས་སྐྲ་ཡི་རྩེ་མོས་གཞལ་དུ་རུང་། །ཞིང་རྣམས་ཐམས་ ཅད་བརྗོད་དུ་མྱེད་པའོ། །སྐྲ་ཡི་རྩེ་མོ་དེ་ལ་སངས་རྒྱས་ཞིང་གི་རྣམས། །རྣམ་པ་སྣ་ཚོགས་རྣམ་པར་ཕྱེ་བ་མང་། །བསྐལ་བ་མི་མཐུན་ཞིང་རྣམས་བརྗོད་དུ་མྱེད། །བསྐལ་བ་མཐུན་པའི་ཞིང་ཡང་བརྗོད་དུ་ མྱེད། །སྐྲ་རྩེ་གཅིག་པོ་དེ་ལ་བརྗོད་མེད་པའི། །ཞིང་རྣམས་དག་པ་བརྗོད་དུ་མྱེད་པ་དང་། །སྣ་ཚོགས་རྒྱན་རྣམས་བརྗོད་དུ་མེད་པ་འགོད། །རྣམ་པ་དུ་མ་ཐ་དད་བརྗོད་དུ་མྱེད། །མིང་གི་ཚོགས་ཀྱང་ 74-1-293b བརྗོད་དུ་མེད་པ་སྟེ། །སྐྲ་རྩེ་གཅིག་ལ་ཐམས་ཅད་རབ་ཏུ་གཞོལ། །དེ་བཞིན་གཤེགས་པའི་མཚན་རྣམས་རེ་རེ་ཡང་། །བརྗོད་དུ་མེད་པའི་བརྗོད་དུ་མེད་པ་ཡིན། །སངས་རྒྱས་རེ་རེ་བརྗོད་དུ་མྱེད་པ་ཡི། །སྐུ་ རྣམས་བ་སྤུའི་ཁུང་བུར་བྱིན་གྱིས་རློབ། །སྤུ་གཅིག་ནས་ཀྱང་བརྗོད་དུ་མྱེད་པ་ཡི། །ཁ་དོག་སྣ་ཚོགས་མང་པོ་རབ་ཏུ་འབྱུང་། །སྤུ་གཅིག་ནས་ཀྱང་བརྗོད་དུ་མྱེད་པ་ཡི། །འོད་གཟེར་བརྗོད་དུ་མེད་པ་རབ་ཏུ་འགྱེད། ། འོད་ཟེར་རེ་རེ་ལས་ཀྱང་བརྗོད་མྱེད་པའི། །པད་མོ་བརྗོད་དུ་མེད་པ་མང་པོ་འབྱུང་། །པད་མོ་རེ་རེ་ལ་ཡང་བརྗོད་མེད་པའི། །ལོ་མ་བརྗོད་དུ་མྱེད་པ་མང་པོ་འབྱུང་། །བརྗོད་དུ་མེད་པའི་བརྗོད་དུ་མྱེད་པ་ཡི། ། ལོ་མ་ཁ་དོག་དཔག་ཏུ་མེད་པ་སྟེ། །ཁ་དོག་རེ་རེ་དེ་བཞིན་བརྗོད་དུ་མེད། །པད་མོ་རེ་རེ་ལོ་མ་བརྗོད་དུ་མེད། །ལོ་མ་རེ་རེའི་འོད་གཟེར་བརྗོད་དུ་མྱེད། །ཁ་དོག་ཐ་དད་རྣམ་པ་བརྗོད་དུ་མྱེད། །ཁ་དོག་རེ་རེ་བརྗོད་མེད་ དེ་དག་ལས། །འོད་ཟེར་མང་པོ་བརྗོད་དུ་མེད་པ་འབྱུང་། །འོད་ཟེར་ཀུན་ལས་བརྗོད་མེད་ཟླ་བ་འབྱུང་། །ཟླ་བ་ལས་ཀྱང་ཟླ་བ་བརྗོད་དུ་མེད། །ཟླ་བ་རེ་རེ་ལས་ཀྱང་བརྗོད་མེད་པའི། །ཁ་དོག་ མཐའ་ཡས་ལྡན་པའི་འོད་མང་འབྱུང་། །ཁ་དོག་རེ་རེ་ལས་ཀྱང་བརྗོད་མེད་པའི། །ཉི་མ་ཀུན་ཏུ་སྣང་བ་བརྗོད་དུ་མྱེད། །ཉི་མ་རེ་རེ་ལས་ཀྱང་བརྗོད་མེད་པའི། །ཁ་དོག་བརྗོད་དུ་མྱེད་པ་སྣ་ཚོགས་ འབྱུང་། །ཁ་དོག་རེ་རེ་ལས་ཀྱང་བརྗོད་མེད་པའི། །འོད་ཟེར་བརྗོད་དུ་མྱེད་པ་རབ་ཏུ་འབྱུང་། །འོད་ཟེར་རེ་རེ་ལའང་བརྗོད་མེད་པའི། །སེང་གེའི་ཁྲི་མང་བརྗོད་མེད་སྣ་ཚོགས་གནས། །སེང་གེའི་ ཁྲི་མང་སྣ་ཚོགས་རེ་རེ་ལས། །འོད་གཟེར་བརྗོད་དུ་མེད་པའི་བརྗོད་མེད་འབྱུང་། །ཁ་དོག་སྣ་ཚོགས་བརྗོད་དུ་མྱེད་པ་དང་། །དག་པ་སྣ་ཚོགས་བརྗོད་དུ་མྱེད་པ་འབྱུང་། །འོད་གསལ་རེ་རེ་ལས་ 74-1-294a ཀྱང་བརྗོད་མྱེད་པའི། །རྣམ་པར་སྣང་བ་སྣ་ཚོགས་རབ་ཏུ་འབྱུང་། །རྣམ་པར་སྣང་བ་སྣ་ཚོགས་རེ་རེ་ལས། །བརྗོད་དུ་མེད་པའི་བརྗོད་དུ་མེད་པ་ཡི། །བརྗོད་དུ་མེད་ལ་བསྒྲེས་པའི་གྲངས་སྙེད་ ཀྱིས། །རི་རབ་པད་མོའི་མཆོག་དང་ལྡན་པ་འབྱུང་། །རི་རབ་རེ་རེའི་ཚད་ཀྱང་འདི་ཙམ་སྟེ། །བརྗོད་དུ་མེད་པའི་བརྗོད་དུ་མེད་པ་ཡི། །ཞིང་རྣམས་བརྗོད་དུ་མྱེད་པ་ཡངས་པ་རྣམས། །རི་རབ་གཅིག་གི་ ཡོངསུ་རྒྱས་པ་སྟེ། །བརྗོད་དུ་མེད་པའི་བརྗོད་དུ་མེད་པ་ཡི། །རི་རབ་ལྷག་མ་རྣམས་ཀྱང་དེ་ཙམ་མོ། །དེ་དག་བཤིག་སྟེ་རྡུལ་ཕྲན་ཆར་བླགས་ན། །ཡོན་ཏན་ལེགས་པ་བརྗོད་མེད་དེ་སྙེད་ལྡན། །དེ་ བཞིན་བྱེ་བྲག་ཁྱད་པར་བཟུང་བྱས་སྟེ། །བརྗོད་དུ་མེད་པའི་བརྗོད་དུ་མེད་པ་སྟེ། །བརྗོད་དུ་མེད་ལ་བསྒྲེས་པ་ཡོངས་བཟུང་ཞིང་། །འོད་ཟེར་བརྗོད་དུ་མེད་པ་རབ་ཏུ་འབྱུང་། །ཚིགས་བཅད་བརྗོད་ དུ་མྱེད་པ་གསལ་བའི་རྣམས། །རྣམ་པར་དབྱེ་བ་བརྗོད་དུ་མེད་པ་འབྱུང་། །བརྗོད་དུ་མེད་པའི་འཇིག་རྟེན་ཁམས་སུ་རྒྱུ། །དེ་བཞིན་སངས་རྒྱས་བརྗོད་དུ་མེད་པ་འབྱུང་། །བརྗོད་དུ་མྱེད་པའི་བརྗོད་དུ་ མེད་པ་ཡི། །སྐད་ཅིག་རེ་རེར་བདེན་པ་བརྗོད་དུ་མེད། །ཕྱི་མའི་མཐའ་ཡི་མུ་མཐར་བསྟན་བྱས་ཀྱང་། །དེ་བཞིན་གཤེགས་པ་དེ་དག་མུ་མེད་དོ། །སངས་རྒྱས་རེ་རེ་ཞིང་ཡང་བརྗོད་མེད་པ། །བརྗོད་དུ་ མེད་ལ་བསྒྲེས་པ་གསལ་དག་པའི། །དབྱངས་ཀྱི་ཡན་ལག་བརྗོད་མེད་གསལ་རིག་པར། །འཁོར་ལོ་བརྗོད་དུ་མེད་པ་རབ་ཏུ་བསྐོར། །འཁོར་ལོ་རེ་རེ་བསྐོར་བས་བརྗོད་མྱེད་པའི། །མདོ་སྡེ་བརྗོད་དུ་ མེད་པ་མང་པོ་འབྱུང་། །མདོ་སྡེ་བརྗོད་དུ་མེད་པ་རེ་རེ་ལས། །ཆོས་ཀྱི་རྣམས་གྲངས་བརྗོད་མེད་གསལ་བར་འབྱུང་། །ཆོས་རྣམས་བརྗོད་དུ་མེད་པ་རེ་རེ་ལས། །ཤིན་ཏུ་བསྟན་ཆོས་བརྗོད་དུ་ 74-1-294b མེད་པར་འབྱུང་། །ཤིན་ཏུ་བསྟན་པ་བརྗོད་མེད་རེ་རེ་ཡང་། །སེམས་ཅན་བརྗོད་དུ་མེད་པ་རྣམ་པར་འདུལ། །དེ་དག་སྐྲ་རྩེ་གཅིག་ལ་འཇུག་པ་སྟེ། །སྐྲ་གཅིག་ཇི་བཞིན་མ་ལུས་ཀུན་ལ་ཡང་། ། བརྗོད་དུ་མེད་པའི་བརྗོད་དུ་མེད་པ་སྟེ། །བསྐལ་པ་བརྗོད་དུ་མེད་པ་ཟད་པར་བྱེད། །ཆགས་མེད་སེམས་ཀྱང་བརྗོད་དུ་མེད་པ་སྟེ། །དེ་དག་སངས་རྒྱས་བརྗོད་མེད་སྤྲུལ་པ་བྱེད། །སངས་རྒྱས་རེ་རེ་བརྗོད་ དུ་མེད་པ་ལས། །བསྒྲེས་པའི་ཚུལ་དུ་སྤྲུལ་པ་ཀུན་ཏུ་འབྱུང་། །ཕྱོགས་རྣམས་བརྗོད་དུ་མེད་པ་ཀུན་ཏུ་འདོད། །དེ་དག་སྐུ་ཡང་བརྗོད་དུ་མེད་པ་སྟེ། །རྣམ་པར་ཕྱེ་སྐུ་དེ་བཞིན་བརྗོད་དུ་མེད། །ཁ་དོག་སྣ་ཚོགས་རྣམ་ པ་གྲངས་མེད་དོ། །སངས་རྒྱས་ཞིང་ཚད་བརྗོད་དུ་མེད་པར་ཡང་། །སེམས་ཅན་བརྗོད་མེད་རྣམ་པར་སྟོན་པར་བྱེད། །རྣམ་པར་བསྟན་པ་དེ་དག་རེ་རེ་ཞིང་། །སེམས་ཅན་བརྗོད་དུ་མེད་པ་ཡོངས་སུ་སྦྱོང་། །དེ་ དག་རྒྱན་བཟང་རྣམ་ཕྱེ་བརྗོད་དུ་མེད། །དེ་དག་རྫུ་འཕྲུལ་མང་པོའང་བརྗོད་དུ་མེད། །རྣམ་དག་དབང་ཡང་བརྗོད་དུ་མེད་པ་སྟེ། །ཆོ་འཕྲུལ་རྣམས་ཀྱང་བརྗོད་དུ་མེད་པར་འབྱུང་། །རྣམ་པར་འཕྲུལ་པ་བརྗོད་ དུ་མེད་པ་སྟེ། །སྤྱོད་ཡུལ་རྣམས་ཀྱང་དེ་བཞིན་བརྗོད་དུ་མེད། །དེ་དག་བྱིན་གྱིས་བརླབས་ཀྱང་བརྗོད་མེད་དེ། །འཇིག་རྟེན་བརྗོད་དུ་མེད་པའི་ཁམས་སུ་འབྱུང་། །ཆོས་ཚུལ་རྣམ་དག་བརྗོད་དུ་མྱེད་ པ་སྟེ། །ཚུལ་གྱིས་མདོ་འདི་བརྗོད་དུ་མྱེད་པ་འབྱུང་། །མདོ་སྡེ་རེ་རེ་ལས་ཀྱང་བརྗོད་མེད་པའི། །བརྗོད་དུ་མེད་ཆོས་ཡང་དག་རབ་ཏུ་འབྱུང་། །ཆོས་རྣམས་རེ་རེ་ལས་ཀྱང་བརྗོད་མྱེད་པའི། །ཤིན་ ཏུ་བསྟན་པ་བརྗོད་དུ་མེད་པ་སྟེ། །བསྟན་པ་རེ་རེ་ཞིང་ཡང་བརྗོད་མེད་པའི། །རྟོགས་པར་ཤེས་པ་བརྗོད་དུ་མེད་པ་འབྱུང་། །རྟོགས་པར་ཤེས་པ་རེ་རེ་བརྗོད་མེད་པའི། །སེམས་ཅན་བརྗོད་དུ་ 74-1-295a མེད་པ་རྣམ་པར་འདུལ། །ཚུལ་འཐུན་ཆོས་ཀྱང་བརྗོད་དུ་མེད་པ་སྟེ། །ཚུལ་འཐུན་སེམས་ཀྱང་བརྗོད་དུ་མེད་པ་འབྱུང་། །མི་འཐུན་ཆོས་ཀྱང་བརྗོད་དུ་མེད་པ་སྟེ། །མི་མཐུན་ སེམས་ཀྱང་དེ་བཞིན་བརྗོད་དུ་མེད། །དབང་པོ་མི་འཐུན་བརྗོད་དུ་མེད་པ་སྟེ། །ཚིག་གི་རྣམ་པ་མི་འཐུན་བརྗོད་དུ་མེད། །དེ་དག་བརྗོད་དུ་མྱེད་པ་རྣམ་པར་འདུལ། །སྐད་གཅིག་རེ་རེ་སྤྱོད་ཡུལ་གྱུར་པ་ ལ། །བརྗོད་དུ་མེད་པའི་རྣམ་པར་སྤྲུལ་པ་སྟོན། །དེ་བས་དེ་དག་བརྗོད་དུ་མེད་པ་ཡིན། །དེ་ལ་དུས་ཀྱང་བརྗོད་དུ་མེད་པ་སྟེ། །བསྐལ་བ་ཐ་དད་བརྗོད་དུ་མེད་པ་ཡི། །བསྟན་པ་དེ་དག་བརྗོད་ དུ་མེད་ལ་འཇུག །གྲངས་ཀྱི་ཚུལ་གྱིས་དེ་དག་བརྗོད་དུ་མེད། །སྐྲ་རྩེ་གཅིག་ལ་བརྗོད་དུ་མེད་པ་ཡི། །ཡངས་དང་དོག་པ་རྣམ་པ་མང་པོ་གནས། །དག་དང་ཉོན་མོངས་བརྗོད་དུ་མེད་པ་སྟེ། ། རྒྱ་ཆེ་ཕྲ་བ་དེ་བཞིན་བརྗོད་དུ་མེད། །ཞིང་གཅིག་ལ་ཡང་བརྗོད་དུ་མེད་པ་ཡི། །བྱེ་བྲག་རྣམ་པར་འཕྲོ་བས་ཞིང་མི་འཐུན། །ཚད་དང་གྲངས་སུ་དེ་དག་བརྗོད་དུ་མེད། །སྐྲ་རྩེ་རེ་རེ་ལ་ཡང་ཡང་དག་ གཞོལ། །སངས་རྒྱས་ཞིང་རྣམས་བརྗོད་དུ་མྱེད་གནས་ཀྱང་། །སྐྲ་རྩེ་གཅིག་ཏུ་དོག་པར་མི་འགྱུར་ཏེ། །དེ་ན་དོག་པའི་རྣམ་པ་གཅིག་མེད་པར། །བརྗོད་དུ་མེད་པར་ཡང་དག་རབ་ཏུ་ གཞོལ། །ཞིང་རྣམས་དེ་དག་འདྲེ་བར་མི་འགྱུར་ཏེ། །འདྲེ་བའི་ཉེས་པ་དེ་དག་ཀུན་ལ་མེད། །གཅིག་ཀྱང་བརྗོད་མེད་ཤིན་ཏུ་ཡངས་པ་སྟེ། །ཞིང་གཅིག་ཇི་བཞིན་དེ་བཞིན་ཐམས་ཅད་ཞིང་། །སྐྲ་ རྩེ་གཅིག་བཟུང་བརྗོད་དུ་མེད་པ་ཡི། །མཁས་པས་མཁའ་དབྱིངས་གཞལ་དུ་རུང་སྲིད་ཀྱི། །སྐྲ་རྩེ་གཅིག་གི་ཞིང་རྣམས་མང་པོ་དག །ཤིན་ཏུ་བསྟན་པས་བརྗོད་དུ་མེད་པ་ཡིན། །སྐྲ་རྩེ་ 74-1-295b གཅིག་དུའང་དེ་བཞིན་སྐྲ་འཇུག་སྟེ། །བརྗོད་དུ་མེད་པ་གཅིག་ནས་གཅིག་བརྒྱུད་པའི། །སྐྲ་རྩེ་བཟུང་བ་བརྗོད་དུ་མེད་པ་སྟེ། །སྐྲ་རྩེ་དེ་དག་མཐར་ཐུག་གང་ཡང་མེད། །བསྐལ་པ་གཅིག་ནས་གཅིག་ ཏུ་བརྒྱུད་པ་ཡི། །ཡུན་རིང་བརྗོད་དུ་མེད་པ་བཟུང་བྱས་ཤིང་། །ཚུལ་འདིར་བརྗོད་དུ་མེད་པ་འཛུད་པ་བྱེད། །བསྐལ་པ་ཀུན་ཀྱང་དེ་བཞིན་བརྗོད་དུ་མེད། །མཐའ་དང་དབུས་མེད་ཚུལ་འདི་བཟུང་བྱས་ཤིང་། ། བརྟན་པ་བརྗོད་དུ་མྱེད་པའི་སྤྱོད་ཡུལ་གྱིས། །དེ་དག་བརྗོད་དུ་མེད་པར་རབ་ཏུ་འཇུག །བརྗོད་དུ་མེད་པའི་འཇུག་ཚུལ་འདི་ཡིན་ནོ། །ཡིད་ཀྱི་དབང་པོ་བརྗོད་དུ་མེད་པ་དང་། །རྣམ་པར་གནོན་པ་བརྗོད་དུ་ མེད་པ་དང་། །རྣམ་པར་འཕྲུལ་པ་བརྗོད་དུ་མེད་པ་ཡིས། །ཕྱོགས་རྣམས་བརྗོད་དུ་མེད་པ་ཀུན་ཏུ་འགྲོ། །དེ་དག་སེམས་ཀྱང་བརྗོད་དུ་མེད་པ་སྟེ། །རྒྱ་ཆེན་ཡངས་པ་བརྗོད་དུ་མྱེད་པས་ན། །དེ་དག་དམྱིགས་ པ་བརྗོད་དུ་མེད་པ་སྟེ། །དེས་ནི་བརྗོད་མེད་ཀུན་གྱི་མཐར་ཕྱིན་བྱེད། །དེ་བཞིན་ལུས་ཀྱི་ལས་ཀྱང་བརྗོད་མེད་དེ། །ངག་གི་ལས་ཀྱང་བརྗོད་དུ་མེད་པ་ཡིན། །དེ་བཞིན་སེམས་ཀྱང་བརྗོད་དུ་མེད་པ་འབྱུང་། ། མོས་པ་དག་པ་དག་ཀྱང་བརྗོད་དུ་མེད། །དེ་དག་རྣམ་ཤེས་དག་པ་བརྗོད་དུ་མེད། །དེ་དག་ཤེས་རབ་གསལ་བ་བརྗོད་དུ་མེད། །བརྗོད་དུ་མེད་པའི་ཚུལ་རྣམས་ཡོངས་སུ་གནོན། །ཐེ་རྩོམ་བརྗོད་དུ་ མེད་པ་རབ་ཏུ་གཅོད། །དེ་དག་འབྱུང་བ་བརྗོད་དུ་མེད་པ་དང་། །ཡོངས་སུ་གནོན་པ་བརྗོད་དུ་མེད་པ་ཡིས། །དེ་དག་ཏིང་འཛིན་བརྗོད་དུ་མེད་པ་སྟེ། །དེས་ནི་བརྗོད་མེད་ཐམས་ཅད་འདའ་བར་བྱེད། ། སེམས་ཅན་ཐམས་ཅད་བརྗོད་དུ་མྱད་པ་སྟེ། །ཞིང་རྣམས་ཀུན་ཀྱང་དེ་བཞིན་བརྗོད་དུ་མེད། །སེམས་ཅན་ལུས་རྣམས་བརྗོད་དུ་མྱེད་པ་སྟེ། །དེ་དག་བསམ་པ་བརྗོད་དུ་མེད་པ་ཡིན། །དེ་དག་ལས་ 74-1-296a ཀྱི་རྣམ་སྨིན་བརྗོད་མེད་དེ། །དེ་དག་མོས་པ་དེ་བཞིན་བརྗོད་དུ་མེད། །ཁམས་ཀྱི་རྣམ་པ་ཐ་དད་བརྗོད་དུ་མེད། །དེ་དག་བྱེ་བྲག་ཁྱད་པར་བརྗོད་དུ་མེད། །དེ་དག་ལུས་མང་བརྗོད་དུ་མེད་པ་སྟེ། །གང་ དུ་འབྱུང་བ་དེ་དག་བརྗོད་དུ་མེད། །ཇི་ལྟར་འབྱུང་བ་བརྗོད་དུ་མྱེད་པ་སྟེ། །འདི་ལས་འབྱུང་བའང་བརྗོད་དུ་མེད་པ་ཡིན། །ཡང་དག་འཇུག་པ་བརྗོད་དུ་མེད་པ་ཤེས། །དེ་དག་ཚུལ་གྱི་ལམ་ཡང་བརྗོད་དུ་མྱེད། ། དེ་དག་རབ་ཏུ་སྟོན་པ་འང་བརྗོད་དུ་མེད། །དུས་རྣམས་བརྗོད་དུ་མེད་པར་ཤིན་ཏུ་འབྱུང་། །བདག་ཉིད་ཆེ་བ་འདི་འདྲའི་སྙིང་པོ་ཅན། །བརྗོད་དུ་མེད་པའི་འཇིག་རྟེན་དག་ན་རྒྱུ། །དེ་དག་ལུས་རྣམས་བརྗོད་ དུ་མེད་པ་ཡི། །བརྗོད་དུ་མེད་པ་རྣམས་ལ་ཡང་དག་འཇུག །སེམས་ཅན་གཙོ་བོ་བརྗོད་དུ་མེད་པ་རྣམས། །མཐོང་བའི་ཤེས་རབ་བརྗོད་དུ་མེད་པ་ཡིས། །ཆོས་རྣམས་བརྗོད་དུ་མེད་པ་ ཞི་བར་བྱེད། །སངས་རྒྱས་དེ་དག་བརྗོད་དུ་མེད་པ་སྟོན། །དེ་དག་ལུས་རྣམས་བརྗོད་དུ་མེད་པ་ཡི། །དེ་ནས་ཞིང་རྣམས་བརྗོད་དུ་མེད་པར་འདོད། །རྣམ་པར་འཕྲུལ་པ་བརྗོད་དུ་མེད་པ་ཡི། ། ཞིང་རྣམས་བརྗོད་དུ་མྱེད་པ་ཀུན་ཏུ་འདོད། །དེ་དག་ལུས་རྣམས་བརྗོད་དུ་མྱེད་པ་ཡིས། །སྐྱེས་བུ་ཁྱུ་མཆོག་བརྗོད་དུ་མྱེད་པ་ལ། །རྣམ་པ་ཐ་དད་བརྗོད་དུ་མེད་པ་ཡིས། །མཆོད་པ་ བརྗོད་དུ་མེད་པ་རབ་ཏུ་བྱེད། །རིན་ཆེན་དག་པ་བརྗོད་དུ་མེད་པ་དང་། །མེ་ཏོག་སྣ་ཚོགས་དེ་བཞིན་བརྗོད་མེད་དང་། །སྤོས་དང་ཕྲེང་མཆོག་བརྗོད་དུ་མེད་པ་ཡིས། །རྒྱལ་བ་བརྗོད་དུ་མྱེད་ པ་བསྙེན་བཀུར་བྱེད། །དེ་དག་དད་པ་བརྗོད་དུ་མེད་པ་སྟེ། །མོས་པ་དག་པ་འང་བརྗོད་དུ་མེད་པ་ཡིན། །བསམ་པ་དེ་བཞིན་བརྗོད་དུ་མེད་པ་ཡིས། །སངས་རྒྱས་བརྗོད་དུ་མེད་ལ་ཕྱག་ 74-1-296b ཀྱང་འཚལ། །སྦྱིན་ཞིང་གཏོང་བ་བརྗོད་དུ་མེད་པ་སྟེ། །མྱི་དམའི་སེམས་ཀྱང་དེ་བཞིན་བརྗོད་དུ་མྱེད། །ཡོངས་སུ་གཏོང་བ་བརྗོད་དུ་མེད་པ་སྟེ། །ཐམས་ཅད་གཏོང་བ་དེ་བཞིན་བརྗོད་དུ་མེད། །ཚུལ་ཁྲིམས་ རྣམ་པར་དག་པ་བརྗོད་དུ་མེད། །ཡིད་གསལ་དང་བ་དེ་བཞིན་བརྗོད་དུ་མེད། །རྒྱལ་བ་བསྔགས་ཤིང་བསྟོད་པ་བརྗོད་མེད་དེ། །ཞི་བའི་ས་ཡང་དེ་བཞིན་བརྗོད་དུ་མེད། །དེ་དག་བཟོད་པ་བརྗོད་དུ་མེད་པ་སྟེ། །མི་སྐྱེའི་ཆོས་ ཀྱང་དེ་བཞིན་བརྗོད་དུ་མེད། །རབ་ཏུ་ཞི་བ་བརྗོད་དུ་མེད་དང་ལྡན། །ཞི་བའི་ས་ཡང་དེ་བཞིན་བརྗོད་དུ་མེད། །བརྩོན་འགྲུས་ཕུང་པོ་བརྗོད་དུ་མེད་པ་སྟེ། །ཞུམ་མེད་སེམས་ཀྱང་བརྗོད་དུ་མེད་པ་ཡིན། །ཕྱིར་ མི་ལྡོག་པའང་བརྗོད་དུ་མེད་པ་སྟེ། །མི་སྒུལ་སེམས་ཀྱང་བརྗོད་དུ་མེད་པའོ། །བསམ་གཏན་མཛོད་ནི་བརྗོད་དུ་མེད་པ་སྟེ། །རྟོགས་པར་བཅད་ཅེས་དེ་བཞིན་བརྗོད་དུ་མེད། །བསམ་གཏན་ཞི་ཡིད་ བརྗོད་དུ་མེད་པ་སྟེ། །བརྗོད་དུ་མེད་པའི་བསམ་གཏན་རབ་ཏུ་ཤེས། །དེ་དག་ཤེས་རབ་བརྗོད་དུ་མེད་ལ་ཞུགས། །དེ་བས་ཏིང་འཛིན་བརྗོད་དུ་མེད་པ་སྟེ། །རབ་ཏུ་དབེན་ཆོས་བརྗོད་དུ་མེད་དང་ལྡན། ། སངས་རྒྱས་བརྗོད་དུ་མེད་ལ་མངོན་པར་འཇུག །སྤྱོད་པའི་སྒོ་ནི་བརྗོད་དུ་མྱེད་པ་སྟེ། །དེ་དག་སྨོན་ལམ་བརྗོད་དུ་མེད་པ་ཡིན། །དེ་དག་སྤྱོད་ཡུལ་བརྗོད་དུ་མེད་པ་ཡིན། །ཆོས་སྒོ་དག་པ་ བརྗོད་དུ་མེད་པ་ཡིན། །དེ་དག་ཆོས་སྟོབས་བརྗོད་དུ་མེད་པ་སྟེ། །ཆོས་ལ་གནས་པའང་བརྗོད་དུ་མེད་པ་ཡིན། །དེ་དག་ཆོས་ཀྱི་དྲན་པ་བརྗོད་དུ་མེད། །དེ་དག་ཆོས་ཀྱི་དབྱིངས་ཀྱང་ བརྗོད་དུ་མེད། །དེ་དག་ཡེ་ཤེས་བརྗོད་དུ་མི་དང་ལྡན། །ཡེ་ཤེས་བརྗོད་དུ་མེད་ལ་ཤིན་ཏུ་བསླབས། །དེ་དག་ཕུང་པོ་ཁམས་ཀྱང་བརྗོད་དུ་མེད། །དེ་དག་བརྗོད་མེད་ཡེ་ཤེས་མཐར་ཡང་ཐུག ། 74-1-297a དེ་དག་ཆོས་ཀྱི་འཁོར་ལོ་བརྗོད་དུ་མེད། །དེ་དག་ཆོས་ཀྱི་ཆར་འབེབས་བརྗོད་དུ་མེད། །དེ་དག་ཆོས་ཀྱི་ཡེ་ཤེས་བརྗོད་དུ་མེད། །དེ་དག་ཆོས་ཀྱི་སྤྲིན་ཀྱང་བརྗོད་དུ་མྱེད། །དེ་དག་རྫུ་འཕྲུལ་རྣམས་ ནི་བརྗོད་མེད་དེ། །ཚུལ་དབྱིངས་བརྗོད་དུ་མེད་པ་ཁོང་དུ་ཆུད། །དངོས་མེད་ཡེ་ཤེས་བརྗོད་དུ་མེད་པ་སྟེ། །སེམས་ཀྱི་སྐད་ཅིག་དེ་དག་བརྗོད་དུ་མེད། །བརྗོད་མེད་ཚད་དུ་རྣམ་པར་ཐ་དད་པ། །སྐད་ གཅིག་སེམས་ཀྱི་བརྗོད་དུ་མེད་པ་ཤེས། །ཞིང་རྣམས་རྒྱ་མཚོ་བརྗོད་དུ་མེད་པ་སྟེ། །བསྟན་པ་དེ་དག་བརྗོད་དུ་མེད་པ་གནོན། །ཞིང་རྣམས་རྣམ་ཕྱེ་བརྗོད་དུ་མྱེད་པ་སྟེ། །རྒྱན་ཀྱང་དེ་བཞིན་བརྗོད་དུ་ མེད་པ་ཡིན། །གཟུགས་དང་དབྱིངས་ཀྱང་བརྗོད་དུ་མྱེད་པ་སྟེ། །ཁ་དོག་མདོག་ཀྱང་དེ་བཞིན་བརྗོད་དུ་མེད། །ཁྱད་པར་སྣ་ཚོགས་བརྗོད་དུ་མེད་པ་སྟེ། །རྣམ་པ་ཐ་དད་དེ་བཞིན་བརྗོད་དུ་མེད། །དག་དང་ ཉོན་མོངས་བརྗོད་དུ་མེད་པ་སྟེ། །རྣམ་པ་མི་མཐུན་ཡེ་ཤེས་བརྗོད་དུ་མེད། །སེམས་ཅན་བརྗོད་དུ་མེད་པ་རབ་ཏུ་ཤེས། །སེམས་ཅན་ཁམས་ཀྱང་བརྗོད་དུ་མེད་པ་སྟེ། །དེ་དག་ལས་ཀྱང་དེ་བཞིན་ བརྗོད་དུ་མེད། །སེམས་ཅན་དེ་དག་སྤྱོད་པ་འང་བརྗོད་དུ་མེད། །དབང་པོ་དག་ཀྱང་བརྗོད་དུ་མེད་པ་སྟེ། །དེ་དག་སེམས་ཀྱང་བརྗོད་དུ་མེད་པ་ཡིན། །ཁམས་ཀྱིས་རྣམ་པ་དེ་དག་བརྗོད་དུ་མེད། །དེ་དག་ མོས་པ་དེ་འང་དེ་བཞིན་བརྗོད་དུ་མེད། །དེ་དག་རྣམ་པར་སྤྱོད་པ་བརྗོད་མྱེད་དེ། །ཀུན་ནས་ཉོན་མོངས་དེ་དག་བརྗོད་དུ་མྱེད། །རྣམ་པར་བྱང་བ་འང་བརྗོད་དུ་མེད་པ་སྟེ། །འདུལ་བ་དེ་བཞིན་བརྗོད་དུ་མེད་པ་ འབྱུང་། །ལུས་ཀྱི་རྣམ་པ་བརྗོད་དུ་མེད་པ་དག །བརྗོད་དུ་མེད་པ་མངོན་པར་སྤྲུལ་བྱས་ཤིང་། །བརྟན་པ་བརྗོད་དུ་མྱེད་པའི་ནན་ཏན་བྱེད། །སེམས་ཅན་བརྗོད་དུ་མེད་པ་ཡོངས་སུ་འགྲེལ། ། 74-1-297b དེ་དག་རྣམ་པར་འཕྲུལ་པ་བརྗོད་དུ་མེད། །འོད་རྣམས་བརྗོད་དུ་མེད་པ་རབ་ཏུ་འགྱེད། །ཁ་དོག་སྣ་ཚོགས་དེ་བཞིན་བརྗོད་དུ་མེད། །སེམས་ཅན་བརྗོད་དུ་མེད་པ་རྣམ་པར་སྦྱོང་། །འོད་ཟེར་དྲ་བ་དེ་བཞིན་ བརྗོད་དུ་མྱེད། །བ་སྤུ་རེ་རེ་ནས་ཀྱང་བརྗོད་མེད་པའི། །བརྗོད་དུ་མེད་པ་མང་པོ་རབ་ཏུ་འབྱུང་། །ཞིང་རྣམས་བརྗོད་དུ་མྱེད་པ་སྣང་བར་བྱེད། །ཡོངས་སུ་གནོན་པ་བརྗོད་དུ་མེད་པ་དང་། །དེ་བཞིན་འབྱུང་ བ་བརྗོད་དུ་མྱེད་པ་དང་། །རྣམ་པར་གནོན་པ་བརྗོད་དུ་མྱེད་པ་ཡིས། །འཇིག་རྟེན་བརྗོད་དུ་མྱེད་པ་རྣམ་པར་འདུལ། །དེ་དག་ལུས་ཀྱི་ལས་ཀྱང་བརྗོད་དུ་མེད། །རྣམ་དག་ཚིག་ཀྱང་དེ་བཞིན་བརྗོད་མྱེད་དེ། ། མཐའ་ཡས་ཡིད་ཀྱང་བརྗོད་དུ་མེད་པ་སྟེ། །སྤྱོད་པའི་ཁྱད་པར་དེ་བཞིན་བརྗོད་དུ་མེད། །ཡེ་ཤེས་རྒྱུད་ཀྱང་བརྗོད་དུ་མྱེད་པ་སྟེ། །ཁམས་རྣམས་བརྗོད་དུ་མེད་པ་ཁོང་དུ་ཆུད། །བསྟན་པ་གཟུངས་ རྣམས་བརྗོད་དུ་མེད་པ་ལ། །ཤིན་ཏུ་བསླབས་པ་བརྗོད་མེད་བྱས་པ་ཡིན། །སྒྲ་དབྱངས་བརྗོད་དུ་མེད་པ་ཤེས་པ་སྟེ། །རྣམ་དག་དབྱངས་ཀྱང་བརྗོད་དུ་མེད་པ་ཡིན། །དེ་དག་བདེན་པ་དྲན་པ་བརྗོད་དུ་མེད། ། འགྲོ་བ་བརྗོད་དུ་མེད་པ་ཤེས་པར་བྱེད། །དེ་དག་སྤྱོད་ལམ་བརྗོད་དུ་མེད་པ་སྟེ། །ནན་ཏན་རྣམ་དག་དེ་བཞིན་བརྗོད་དུ་མེད། །བག་ཚ་མེད་པ་བརྗོད་དུ་མྱེད་པ་སྟེ། །འཇིག་རྟེན་བརྗོད་དུ་མེད་པ་རབ་ཏུ་ འདུལ། །དེ་བཞིན་གཤེགས་སྲས་བརྗོད་དུ་མེད་པ་ཡི། །རྣམ་དག་སྤྱོད་པ་བརྗོད་མེད་འདི་འདྲ་སྟེ། །དེ་དག་ཡོན་ཏན་ལེགས་པ་བརྗོད་དུ་མེད། །དེ་དག་ཟད་པ་མེད་པའང་བརྗོད་དུ་མེད། །འཇིག་ རྟེན་མགོན་པོ་བརྗོད་དུ་མེད་པ་རྣམས། །ཡོན་ཏན་ལེགས་པ་བརྗོད་དུ་མེད་པ་གསུང་། །རྫོགས་པའི་བྱང་ཆུབ་སེམས་དཔའ་བརྗོད་དུ་མེད། །ཡོན་ཏན་རྣམ་དག་དེ་བཞིན་བརྗོད་དུ་མེད། །བརྟན་ 74-1-298a པ་གང་ལ་གནས་པ་བརྗོད་དུ་མེད། །གང་གནས་ཡེ་ཤེས་དེ་ཡང་བརྗོད་དུ་མེད། །བསྐལ་པ་ཇི་སྙེད་ཟད་འགྱུར་བརྗོད་དུ་མེད། །དེ་དག་མཐར་ཐུག་མེད་པ་བརྗོད་དུ་མེད། །སངས་རྒྱས་ཤེས་བྱེད་ཡིད་འོང་ བརྗོད་དུ་མེད། །ཡང་དག་འཇུག་པའི་ཡེ་ཤེས་བརྗོད་དུ་མེད། །དེ་དག་བརྗོད་དུ་མེད་པའི་ཆོས་ལ་འཇུག །དེ་དག་ཆགས་པ་མེད་པ་འང་བརྗོད་དུ་མེད། །དུས་གསུམ་བསམ་པ་བརྗོད་དུ་མེད་པ་སྟེ། །དེ་ལ་ཚད་ བཟུང་བརྗོད་དུ་མེད་པ་མྱིན། །འབྱུང་བའི་ཡེ་ཤེས་བརྗོད་དུ་མེད་པ་སྟེ། །མི་གནས་གནས་པའང་དེ་བཞིན་བརྗོད་དུ་མེད། །སྤྱོད་པའི་ཁྱད་པར་བརྗོད་དུ་མེད་པ་སྟེ། །སྨོན་ལམ་ཁྱད་པར་བརྗོད་དུ་མེད་པ་སྟེ། ། བྱང་ཆུབ་སྒྲུབ་པའང་དེ་བཞིན་བརྗོད་དུ་མེད། །སངས་རྒྱས་བྱང་ཆུབ་བརྗོད་དུ་མེད་པ་ལ། །དེ་དག་ཡེ་ཤེས་བརྗོད་དུ་མེད་པས་བྱུང་། །དོན་རྣམས་བརྗོད་དུ་མེད་པ་ཤེས་པར་བྱེད། །ཐམས་ཅད་མཁྱེན་ཆོས་ དེ་བཞིན་བརྗོད་དུ་མེད། །རྣམ་དག་ཞིང་ཡང་བརྗོད་དུ་མེད་པ་སྟེ། །དེ་དག་སྤྱོད་པའི་སྟོབས་ཀྱང་བརྗོད་དུ་མེད། །དེ་དག་བརྗོད་དུ་མེད་པར་སྒོམ་བྱས་ནས། །སྐད་གཅིག་གཅིག་ཏུ་བརྗོད་ན་མངོན་འཚང་རྒྱ། ། དེ་དག་བརྗོད་དུ་མེད་པའི་རྣམ་པར་འཕྲུལ། །སངས་རྒྱས་བརྗོད་དུ་མེད་པ་རབ་ཏུ་སྟོན། །དེ་དག་ཆོ་འཕྲུལ་བརྗོད་དུ་མེད་པ་ཡིས། །འཇིག་རྟེན་བརྗོད་དུ་མེད་པ་རབ་ཏུ་སྟོན། །བརྟན་པ་ཆོས་ཀྱི་འཁོར་ལོ་བརྗོད་ མེད་པ། །དེ་དག་བརྗོད་དུ་མེད་པར་རབ་ཏུ་བསྐོར། །དེ་དག་སྟོན་པའང་བརྗོད་དུ་མེད་པ་སྟེ། །འཇིག་རྟེན་ཕན་འདོགས་བརྗོད་དུ་མེད་པ་སྟེ། །བསྐལ་པ་བརྗོད་དུ་མྱེད་པ་ཐམས་ཅད་ཀྱང་། །ཟད་པར་འགྱུར་ གྱི་ཡོན་ཏན་བརྗོད་དུ་མེད། །ཡོན་ཏན་དང་ནི་ལེགས་པ་བརྗོད་མེད་པས། །ཟད་པར་མི་ནུས་དེ་བཞིན་བརྗོད་དུ་མེད། །དེ་དག་མགོན་པོ་བརྗོད་དུ་མེད་པ་ལ། །ཚིག་དང་དབང་པོ་བརྗོད་དུ་མེད་པ་ཡིན། ། 74-1-298b བསྐལ་པ་བརྗོད་དུ་མེད་པར་བསྟོད་བྱས་ཀྱང་། །དེ་བཞིན་གཤེགས་པའི་ཡོན་ཏན་མཐར་ཐུག་མེད། །ཕྱོགས་བཅུའི་སེམས་ཅན་ཇི་སྙེད་ཡོད་པ་རྣམས། །མ་ལུས་ཐམས་ཅད་བདེ་བར་གཤེགས་ གྱུར་ཏོ། །སངས་རྒྱས་གཅིག་ལའང་བརྗོད་དུ་མེད་པ་ཡི། །སྐུ་མངའ་ཐམས་ཅད་བརྗོད་དུ་མེད་གྱུར་ལ། །སྐུ་རྣམས་རེ་རེ་བརྗོད་དུ་མེད་པ་ཡི། །བརྗོད་དུ་མེད་པའི་དབུ་རྣམས་མངར་གྱུར་ལ། ། དབུ་རྣམས་རེ་རེ་བརྗོད་དུ་མེད་པ་ཡི། །བརྗོད་དུ་མེད་པའི་ལྗགས་ཡངས་མངའ་གྱུར་ལ། །ལྗགས་ཡངས་རེ་རེ་བརྗོད་དུ་མེད་པ་ཡི། །གསུང་ཟབ་བརྗོད་དུ་མེད་པ་བརྗོད་མཛད་དེ། །དབྱངས་གཅིག་ གིས་ཀྱང་ཡོན་ཏན་བརྗོད་མེད་པར། །བསྐལ་པ་བརྗོད་དུ་མེད་པར་བསྟོད་བྱས་ལ། །སངས་རྒྱས་གཅིག་བཞིན་སངས་རྒྱས་ཐམས་ཅད་དེ། །སྐུ་གཅིག་ཇི་བཞིན་དེ་བཞིན་ཐམས་ཅད་སྐུ། །དབུ་ གཅིག་ཇི་བཞིན་དེ་བཞིན་ཐམས་ཅད་དབུ། །ལྗགས་གཅིག་ཇི་བཞིན་དེ་བཞིན་ཐམས་ཅད་ལྗགས། །དབྱངས་ཀྱི་ཡན་ལག་ལྡན་པས་ལེགས་བརྗོད་ཀྱང་། །བསྐལ་བ་རྣམ་པ་སྣ་ཚོགས་ མཐའ་ཡས་པའི། །བསྐལ་བ་མཐའ་ཡས་མུར་ཐུག་ཟད་པར་འགྱུར། །ལེགས་པ་ཆགས་མེད་མཐར་ཐུག་མི་འགྱུར་རོ། །རྡུལ་རྩེ་གཅིག་ལ་བརྗོད་དུ་མེད་པ་ཡི། །པད་མོའི་ དཔལ་ཞེས་བྱ་བ་བརྗོད་དུ་མེད། །དེ་བཞིན་གཤེགས་པ་བཟང་པོ་ཞེས་བྱ་བའི། །ཞིང་རྣམས་བརྗོད་དུ་མེད་ལ་རབ་ཏུ་འཇུག །རྡུལ་རྩེ་གཅིག་ལ་ཇི་སྙེད་ཡོད་པ་ཡི། །ཆོས་དབྱིངས་ཇི་ཙམ་ ཐམས་ཅད་མ་ལུས་པར། །རྡུལ་གྱིས་ཞིང་རྣམས་བརྗོད་དུ་མེད་པ་དག །འབྱུང་བར་འགྱུར་ཞིང་གཞན་ཡང་འཇིག་པར་འགྱུར། །རྡུལ་གཅིག་རྩེ་ལ་མཐའ་དང་དབུས་མེད་པའི། །ཞིང་རྣམས་ 74-1-299a དུ་མ་བསྟན་པ་ཡང་དག་འཇུག །ཕྱོགས་རྣམས་རྣམ་པར་དབྱེ་བ་བརྗོད་དུ་མེད། །ཞིང་རྣམས་རྒྱ་མཚོ་དེ་བཞིན་བརྗོད་དུ་མེད། །ཞིང་རྣམས་རེ་རེ་དེ་བཞིན་གཤེགས་པ་རྣམས། །བརྗོད་དུ་མེད་པ་ རྣམ་པར་བརྟག་བྱས་ཏེ། །ཞིང་གཅིག་ཇི་བཞིན་དེ་བཞིན་ཞིང་ཀུན་ཏུ། །དེ་དག་བརྗོད་དུ་མེད་པའི་ལུས་སུ་འབྱུང་། །དེ་དག་སྤྱོད་མཐུ་བརྗོད་དུ་མེད་པ་སྟེ། །ཁྱད་པར་འཕགས་ཆོས་དེ་བཞིན་བརྗོད་དུ་མྱེད། །དེ་ དག་རྫུ་འཕྲུལ་བརྗོད་དུ་མེད་པ་སྟེ། །ཆགས་མེད་ཉིད་ཀྱང་དེ་བཞིན་བརྗོད་དུ་མེད། །སྐྲ་ལ་འཇུག་པ་བརྗོད་དུ་མེད་པ་སྟེ། །སྐྲ་ལ་བརྟེན་པ་དེ་བཞིན་བརྗོད་དུ་མེད། །དེ་དག་སྟོབས་བཅུ་བརྗོད་དུ་མེད་པ་སྟེ། །བྱང་ ཆུབ་འཚང་རྒྱ་དེ་བཞིན་བརྗོད་དུ་མེད། །རྟོགས་པ་དག་པ་བརྗོད་དུ་མྱེད་པ་སྟེ། །ཆོས་དབྱིངས་ཡོངས་སུ་གནོན་པ་བརྗོད་དུ་མེད། །དེ་དག་མཛོད་ཤེས་མཛོད་དུ་མྱེད་པ་སྟེ། །དེ་དག་ཉིད་ཀྱང་བརྗོད་དུ་མྱེད་ པ་ཡིན། །ཚད་དང་གྲངས་ཀྱང་བརྗོད་དུ་མེད་པ་སྟེ། །བསྟན་པ་དེ་དག་ཚུལ་བཞིན་རྟོགས་པར་བྱེད། །མགོན་པོའི་ཚུལ་རྣམས་བརྗོད་དུ་མེད་པ་དག །རྣམ་པ་ཚད་མེད་བརྟན་པ་ཡོངས་སུ་གནོན། །ཏིང་ འཛིན་ཐ་དད་རྣམ་པ་སྣ་ཚོགས་རྣམས། །བརྗོད་དུ་མེད་པ་དེ་དག་རབ་ཏུ་འཇུག །སྤྱོད་པ་རྣམ་དག་བརྗོད་དུ་མེད་པ་སྟེ། །བརྗོད་དུ་མེད་པའི་རྒྱལ་བ་མངོན་དུ་འགྱུར། །ཆགས་མེད་སེམས་ཀྱང་བརྗོད་དུ་ མེད་པ་སྟེ། །བརྗོད་དུ་མེད་པའི་གནས་ཀྱང་རྣམ་པར་གནོན། །སྤྱོད་པ་མཐའ་ཡས་བརྗོད་དུ་མེད་པ་སྟེ། །རྫུ་འཕྲུལ་བརྗོད་དུ་མེད་པའང་རབ་ཏུ་སྟོན། །ཞིང་རྣམས་བརྗོད་དུ་མེད་པ་ཤིན་ཏུ་ཤེས། ། དེ་ཕྱིར་སངས་རྒྱས་བརྗོད་དུ་མེད་པ་མཐོང་། །སྤྱོད་པའི་མཐུ་ནི་བརྗོད་དུ་མེད་པ་ཡིས། །ཡེ་ཤེས་བརྗོད་དུ་མེད་པ་ཁོང་དུ་ཆུད། །དེ་ལ་འགྲོ་བ་མེད་ཅིང་ཕྱིར་ལྡོག་མེད། །བརྗོད་དུ་མེད་པའི་ཡུལ་ལའང་ 74-1-299b འང་རབ་ཏུ་འཇུག །བརྗོད་དུ་མེད་པའི་ཞིང་དུ་རྣམ་པར་རྒྱུ། །བརྗོད་དུ་མེད་པའི་བསྐལ་པ་ཟད་པར་བྱེད། །ཚུལ་གྱི་རྣམ་པ་བརྗོད་དུ་མེད་པ་སྟེ། །བརྗོད་དུ་མེད་པས་དེ་བཞིན་ཉིད་ཀྱང་འཐོབ། །ཡེ་ཤེས་ བརྗོད་དུ་མེད་པའང་རབ་ཏུ་འབྱུང་། །སྐད་གཅིག་རེ་རེར་བརྗོད་དུ་མེད་པ་སྟོན། །རེ་རེའི་ཚིག་གིས་བརྗོད་དུ་མེད་པ་ཡི། །སངས་རྒྱས་བརྗོད་དུ་མེད་པ་རབ་ཏུ་ཤེས། །བྱང་ཆུབ་དུས་གཅིག་མངོན་པར་སངས་ རྒྱས་པ། །ཐ་དད་དུས་སུ་ཁོང་དུ་ཆུད་པར་བྱེད། །དེ་དག་སྐྲ་རྩེ་འཇུག་པ་བརྗོད་དུ་མེད། །ཤིན་ཏུ་ཕྲ་ལ་འཇུག་པའང་བརྗོད་དུ་མེད། །རབ་ཏུ་རྒྱ་ཆེའི་རྒྱུད་ཀྱང་བརྗོད་དུ་མེད། །སངས་རྒྱས་རྣམ་པར་མཐོང་ བའང་བརྗོད་དུ་མེད། །སངས་རྒྱས་རིགས་ལ་གང་བཞུགས་དེ་དག་གིས། །ཚུལ་གཅིག་ཉིད་ཀྱང་བརྗོད་དུ་མེད་པ་སྟེ། །དེ་བས་ཞིང་རྒྱུད་བརྗོད་དུ་མེད་པ་ལ། །རྫོགས་པར་འཚང་རྒྱའི་དོན་དུ་ཀུན་ ཏུ་འཇུག །ཞིང་དང་སེམས་ཅན་དེ་བཞིན་གཤེགས་པ་རྣམས། །ཐ་དད་ཁམས་བསྒྱུར་བརྗོད་དུ་མྱེད་པ་དག །བརྟན་པས་ཤེས་པ་བརྗོད་དུ་མེད་པ་སྟེ། །དུས་གསུམ་འཛིན་པ་བརྗོད་དུ་མེད་པ་ཡིན། ། ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། །སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ལས་སེམས་ཀྱི་རྒྱལ་པོས་དྲིས་ནས་གྲངས་ལ་འཇུག་པ་བསྟན་པའི་ལེའུ་ཞེས་བྱ་སྟེ། སུམ་བཅུ་དྲུག་པའོ།། །། དེ་ནས་ བྱང་ཆུབ་སེམས་དཔའ་སེམས་ཀྱི་རྒྱལ་པོས་བྱང་ཆུབ་སེམས་དཔའ་དེ་དག་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས་དག་གང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སངས་རྒྱས་ཀྱི་ཞིང་ འཇིག་རྟེན་གྱི་ཁམས་མི་མཇེད་འདིའི་བསྐལ་བ་ཇི་ཙམ་པ་དེ་ནི་འཇིག་རྟེན་གྱི་ཁམས་བདེ་བ་ཡོད་པའི་ཉིན་ཞག་གཅིག་གོ། །ཀྱེ་རྒྱལ་བའི་སྲས་དག་འཇིག་རྟེན་གྱི་ཁམས་བདེ་བ་ཡོད་པའི་བསྐལ་ 74-1-300a པ་ཇི་ཙམ་པ་དེ་ནི་དེ་བཞིན་གཤེགས་པ་རྡོ་རྗེས་རབ་ཏུ་འཇོམས་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ངུར་སྨྲིག་རྒྱལ་མཚན་གྱིས་ཉིན་ཞག་གཅིག་གོ། །ཀྱེ་རྒྱལ་བའི་སྲས་དག་འཇིག་རྟེན་ གྱི་ཁམས་ངུར་སྨྲིག་རྒྱལ་མཚན་གྱིས་བསྐལ་པ་ཇི་ཙམ་པ་དེ་ནི་དེ་བཞིན་གཤེགས་པ་སྐུ་པད་མོ་ཤིན་ཏུ་རྒྱས་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཕྱིར་མྱི་ལྡོག་པའི་འཁོར་ལོ་རབ་ཏུ་སྒྲོག་པའི་ཉིན་ ཞག་གཅིག་གོ། །ཀྱེ་རྒྱལ་བའི་སྲས་དག་འཇིག་རྟེན་གྱི་ཁམས་འཁོར་ལོ་རབ་ཏུ་སྒྲོག་པའི་བསྐལ་པ་ཇི་ཙམ་པ་དེ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་མཚན་གྱི་སངས་རྒྱས་ཀྱི་ ཞིང་འཇིག་རྟེན་གྱི་ཁམས་རྡུལ་མེད་པའི་ཉིན་ཞག་གཅིག་གོ། །ཀྱེ་རྒྱལ་བའི་སྲས་དག་འཇིག་རྟེན་གྱི་ཁམས་རྡུལ་མེད་པའི་བསྐལ་པ་ཇི་ཙམ་པ་དེ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སེང་ གེའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་སྒྲོན་མ་བཟང་པོའི་ཉིན་ཞག་གཅིག་གོ། །ཀྱེ་རྒྱལ་བའི་སྲས་དག །འཇིག་རྟེན་གྱི་ཁམས་སྒྲོན་མ་བཟང་པོའི་བསྐལ་པ་ཇི་ཙམ་པ་དེ་ནི་བཅོམ་ལྡན་ འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་བའི་སྙིང་པོའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་འོད་བཟང་པོའི་ཉིན་ཞག་གཅིག་གོ། །ཀྱེ་རྒྱལ་བའི་སྲས་དག །འཇིག་རྟེན་གྱི་ཁམས་འོད་བཟང་ པོའི་བསྐལ་པ་ཇི་ཙམ་པ་དེ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་ཀྱི་འོད་ཟེར་གྱི་སྐུའི་པད་མོ་ཤིན་ཏུ་རྒྱས་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་འོད་འབར་དཀའ་བའི་ཉིན་ཞག་ གཅིག་གོ། །ཀྱེ་རྒྱལ་བའི་སྲས་དག །འཇིག་རྟེན་གྱི་ཁམས་འདའ་བར་དཀའ་བའི་བསྐལ་པ་ཇི་ཙམ་པ་དེ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མངོན་པར་མཁྱེན་པ་ཐམས་ཅད་ཀྱིས་ 74-1-300b འོད་ཟེར་གྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་རྒྱན་དང་ལྡན་པའི་ཉིན་ཞག་གཅིག་གོ། །ཀྱེ་རྒྱལ་བའི་སྲས་དག །འཇིག་རྟེན་གྱིས་ཁམས་རྒྱན་དང་ལྡན་པའི་བསྐལ་པ་ཇི་ཙམ་པ་དེ་ནི་བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་ཐུགས་ཟླ་བའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མེ་ལོང་དཀྱིལ་འཁོར་མདོག་གི་ཉིན་ཞག་གཅིག་གོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལྟར་བསྐལ་པ་བགྲང་བ་ལ་ འཇུག་པའི་ཚུལ་འདིས་འཇིག་རྟེན་གྱི་ཁམས་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་འདས་པ་ནི། དེའི་ཕ་རོལ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔལ་བཟང་པོ་བཞུགས་པའི་སངས་རྒྱས་ཀྱི་ ཞིང་འཇིག་རྟེན་གྱི་ཁམས་པད་མོའི་དཔལ་གྱི་ཉིན་ཞག་གཅིག་གོ། །བགྲང་བའི་ཚུལ་འདི་འཇིག་རྟེན་གྱི་ཁམས་ཐམས་ཅད་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་ལྡན་པས་ཡོངས་ སུ་གང་ངོ་། །ཤིན་ཏུ་རྒྱས་པ་ཆེན་པོའི་མདོའ། སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ལས། ཚེའི་ཚད་ཀྱི་ལེའུ་ཞེས་བྱ་བ་སྟེ། སུམ་བཅུ་བདུན་པའོ།། །། དེ་ནས་ཡང་བྱང་ཆུབ་ སེམས་དཔའ་སེམས་ཀྱི་རྒྱལ་པོའི་ཡང་། བྱང་ཆུབ་སེམས་དཔའ་དེ་དག་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས་དག །ཤར་ཕྱོགས་ལོགས་ན་སྔོན་ཚེ་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་ པའི་རི་དྲང་སྲོང་འབྱུང་བ་ཞེས་བྱ་བའི་ཡོད་དེ། དེ་ལ་བྱང་ཆུབ་སེམས་དཔའ་རྡོ་རྗེའི་དཔལ་ཞེས་བྱ་བ། བྱང་ཆུབ་སེམས་དཔའི་འཁོར་སུམ་བརྒྱ་དང་ལྡན་པ་ཆོས་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་ དག་ལྷོ་ཕྱོགས་ལོགས་ན་སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་རི་དཔལ་གྱི་ཕུང་པོ་ཞེས་བྱ་བ་ཡོད་དེ། དེ་ལ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ཞེས་བྱ་བ་བྱང་ཆུབ་ 74-1-301a སེམས་དཔའི་འཁོར་ལྔ་བརྒྱ་དང་ལྡན་པ་ཆོས་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་དག་ནུབ་ཕྱོགས་ལོགས་ན་སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་རི་རྡོ་རྗེའི་འོད་འཕྲོ་ཅན་ཞེས་བྱ་ བ་ཡོད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེང་གེའི་འགྲོས་འགྲོ་བ་ཞེས་བྱ་བ། བྱང་ཆུབ་སེམས་དཔའི་འཁོར་སུམ་བརྒྱ་དང་ལྡན་པ་ཆོས་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་དག་བྱང་ཕྱོགས་ལོགས་ན། སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་རི་སྤོས་ཀྱི་ཕུང་པོ་ཞེས་བྱ་བ་ཡོད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སྤོས་ཀྱི་གླང་པོ་ཞེས་བྱ་བ། བྱང་ཆུབ་སེམས་དཔའི་འཁོར་སྟོང་ཕྲག་ གསུམ་དང་ལྡན་པ་ཆོས་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་དག །ཤར་ཕྱོགས་ལོགས་ན་སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་རི་སྤང་རི་ཞེས་བྱ་བ་ཡོད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་འཇམ་ དཔལ་ཞེས་བྱ་བ། བྱང་ཆུབ་སེམས་དཔའི་འཁོར་སྟོང་ཕྲག་བཅུ་དང་ལྡན་པ་ཆོས་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་དག །བྱང་དང་ཤར་ཀྱི་ཕྱོགས་མཚམས་ལོགས་ན། སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་ པའི་རི་རྒྱ་མཚོ་ཆེན་པོ་བཞིའི་གནས་རྡོ་རྗེའི་རི་ཞེས་བྱ་བ་ཡོད་དེ། དེ་ལ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་འཕགས་པ་ཞེས་བྱ་བ། བྱང་ཆུབ་སེམས་དཔའི་འཁོར་བརྒྱ་ཕྲག་བཅུ་གཉིས་དང་ལྡན་པ་ཆོས་སྟོན་ཏོ། ། ཀྱེ་རྒྱལ་བའི་སྲས་དག །ཤར་ལྷོའི་ཕྱོགས་མཚམས་ལོགས་ན་སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་རི་མཆོད་རྟེན་ཞེས་བྱ་བ་ཡོད་དེ། དེ་ལ་བྱང་ཆུབ་སེམས་དཔའ་ལྷའི་ཕུང་པོ་ཞེས་བྱ་བ་ བྱང་ཆུབ་སེམས་དཔའི་འཁོར་སྟོང་དང་ལྡན་པ་ཆོས་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་དག །ལྷོ་དང་ནུབ་གྱིས་ཕྱོགས་མཚམས་ལོགས་ན། སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་རི་འོད་ 74-1-301b ཅེས་བྱ་བ་ཡོད་དེ། དེ་ལ་བྱང་ཆུབ་སེམས་དཔའ་བཟང་པོའི་དཔལ་ཞེས་བྱ་བ། བྱང་ཆུབ་སེམས་དཔའི་འཁོར་སྟོང་ཕྲག་གསུམ་དང་ལྡན་པ་ཆོས་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་དག །ནུབ་ཕྱོགས་ མཚམས་ལོགས་ན། སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་རི་སྤོས་ཀྱི་ངད་ཅན་ཞེས་བྱ་བ་ཡོད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སྤོས་ཀྱི་འོད་ཟེར་རབ་ཏུ་འགྱེད་པ་ཞེས་བྱ་བ་བྱང་ཆུབ་སེམས་ དཔའི་འཁོར་སྟོང་ཕྲག་ལྔ་དང་ལྡན་པ་ཆོས་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་དག །རྒྱ་མཚོ་ཆེན་པོའི་ནང་ན་སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་གནས་ཕུགས་བཟང་པོ་ཞེས་བྱ་བ་ཡོད་དོ། ། ཀྱེ་རྒྱལ་བའི་སྲས་དག །ཡུལ་ཤིན་ཏུ་ཡངས་པའི་ལྷོ་ཕྱོགས་ལོགས་ན། སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་གནས་རྩ་བ་ཤིན་ཏུ་བརྟན་པ། ཞེས་བྱ་བ་ཡོད་དོ། །ཡུལ་པ་ཏ་ལའི་བུ་ཞེས་ བྱ་བ་ན། སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་དགེ་འདུན་གྱི་ཀུན་དགའ་ར་བ་གསེར་གྱི་གླིང་ཞེས་བྱ་བ་ཡོད་དོ། །ཡུལ་མ་དུ་ར་ན་སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་ གནས་ཚིམ་པར་བྱེད་པའི་ཕུག་ཅེས་བྱ་བ་ཡོད་དོ། །ཡུལ་རིལ་བ་གཏོང་ཞེས་བྱ་བ་ན། སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་གནས་ཆོས་ཀྱི་བསྟན་ཞེས་བྱ་བ་ཡོད་དོ། །ཡུལ་དགེ་བའི་ཕུལ་ དུ་ཕྱིན་པ་ཞེས་བྱ་བ་ན། སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་གནས་བཏང་བཟུང་གི་ཕུག་ཅེས་བྱ་བ་ཡོད་དོ། །ཡུལ་བེའུ་ར་ཞེས་བྱ་བ་ན་སྔོན་བྱང་ཆུབ་སེམས་དཔའ་བཞུགས་ བཞུགས་པའི་གནས་མཐུ་བོ་ཞེས་བྱ་བ་ཀླུ་བཅུག་པ་ཡོད་དོ། །ཡུལ་ཀམ་པོ་ཙ་ན་སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་གནས། བྱམས་པས་འཕགས་པ་ཞེས་བྱ་བ་ 74-1-302a ཡོད་དོ། །རྒྱལ་བའི་གནས་ན་སྔོན། བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི། གནས་མཐུ་བོ་ཆེའི་ཕུག་པ་ཅེས་བྱ་བ་ཡོད་དོ། །ཡུལ་ཁ་ཤ་ན་སྔོན། བྱང་ཆུབ་ སེམས་དཔའ་བཞུགས་བཞུགས་པའི་གནས་བ་ལང་གི་མགོ་བོ་ཞེས་བྱ་བ་ཡོད་དོ། །ཁ་ཆེའི་ཡུལ་ན་སྔོན། བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་གནས་ཤིན་ཏུ་ བསྟན་པ་ཞེས་བྱ་བ་ཡོད་དོ། །ཡུལ་དགའ་བ་འཕེལ་བ་ཞེས་བྱ་བ་ན། སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་གནས་བརྟན་གྱིས་ཕུག་ཅེས་བྱ་བ་ཡོད་དོ། །ཡུལ་ ཆུ་འཛིན་ཅེས་བྱ་བ་ན་སྔོན། བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་གནས་ཁྱོར་པོ་སྟོན་པ་ཞེས་བྱ་བ་ཡོད་དོ། །ཡུལ་ས་འཛིན་གྱི་དཀྱིལ་འཁོར་ན། སྔོན་བྱང་ཆུབ་སེམས་དཔའ་ བཞུགས་བཞུགས་པའི་གནས་བརྒྱགས་ཀྱི་ཕུག་ཅེས་བྱ་བ་ཡོད་དོ། །ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། །སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ལས། བྱང་ཆུབ་ སེམས་དཔའི་གནས་ཀྱི་ལེའུ་ཞེས་བྱ་བ་སྟེ། སུམ་བཅུ་བརྒྱད་པའོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་།། །།སུ་རེནྡྲ་བོ་དྷི་དང་།། །། །། ཞུས་ཆེན་བྱི་ལོ་ཙ་བ་བནྡེ་ཡེ་ཤེས་སྡེ།། །།ལ་སྩོགས་པས་བསྒྱུར་ཅིང་ཞུས་ཏེ།། །། །།གཏན་ལ་ཕབ་པའོ།། །། །། །། །། །། །། །། །། །། 75-1-1a