76-1-1a ༼ཅ༽ ༄༅། ༈ །སངས་རྒྱས་ཕལ་པོ་ཆེ་བཞུགས་སོ། ། (黃) 大方廣佛華嚴經第五部 76-1-1b སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་དང་པོ། ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ཡོངས་སུ་དག་ པ་སྟེ། བཅུ་གང་ཞེ་ན་འདི་ལྟར་ཡོངས་སུ་བཟུང་བ་ཐམས་ཅད་ལས་འབྱུང་བའི་ཕྱིར་རྟག་ཏུ་རྒྱུན་མྱི་འཆད་པར་ རབ་ཏུ་འབྱུང་བས་མངོན་པར་འབྱུང་བའི་སེམས་ཀྱི་བསམ་གཏན་ཡོངས་སུ་དག་པ་དང་། ལམ་བསྟན་པའི་ཕྱིར་ དགེ་བའི་བཤེས་གཉེན་ཚུལ་དང་། འདྲ་བ་རྙེད་པའི་བསམ་གཏན་ཡོངས་སུ་དག་པ་དང་། བདག་ གི་མྱེད་ཅིང་ཡོངས་སུ་འཛིན་པ་མྱེད་པའི་ཕྱིར་བས་མཐའ་དགོན་པའི་གནས་དང་། ནགས་ཚལ་ན་གནས་ པའི་བསམ་གཏན་ཡོངས་སུ་དག་པ་དང་། དབེན་པ་ལ་མོས་པས་དགའ་བའི་ཕྱིར་འདུ་འཛི་སྤོང་ཞིང་ སེམས་ཅན་མི་གཏོང་བའི་བསམ་གཏན་ཡོངས་སུ་དག་པ་དང་། དབང་པོའི་སྒོ་བསྡམས་པའི་ཕྱིར་ 76-1-2a སེམས་དུལ་ཞིང་ལས་སུ་རུང་བའི་བསམ་གཏན་ཡོངས་སུ་དག་པ་དང་། སྒྲའི་ཚེར་མ་ཐམས་ཅད་ཀྱི་བསམ་གཏན་ལ་སྒྲིབ་པ་མེད་པའི་ཕྱིར་རང་གི་ཡེ་ཤེས་ཉེ་བར་ཞི་བའི་བསམ་གཏན་ཡོངས་སུ་དག་པ་དང་། རབ་ཏུ་དབྱེ་བ་ཐམས་ཅད་མངོན་གསུམ་དུ་ཤེས་པས་ལམ་དང་། བྱང་ཆུབ་ཀྱི་ཡན་ལག་ལ་སྦྱོར་བའི་བསམ་གཏན་ཡོངས་སུ་དག་པ་དང་། ད་དུང་འདོད་པའི་ཁམས་སུ་དམྱིགས་པའི་ཕྱིར་བསམ་གཏན་གྱི་རོ་མི་མྱང་བའི་ཐབས་ ལས་རྣམ་པར་མི་ལྡོག་པའི་བསམ་གཏན་ཡོངས་སུ་དག་པ་དང་། སེམས་ཅན་ཐམས་ཅད་ཀྱི་དབང་པོ་རྗེས་སུ་རྟོགས་པར་བྱ་བའི་ཕྱིར་མངོན་པར་ཤེས་པ་དང་། རིག་པ་བསྐྱེད་པའི་བསམ་གཏན་ཡོངས་སུ་དག་པ་དང་། སངས་རྒྱས་ཀྱི་ཏིང་ངེ་འཛིན་བདག་གིར་བྱ་བ་མེད་པ་དང་ལྡན་པའི་ཕྱིར་མངོན་པར་འདུ་མི་བྱེད་པ་ལ་མངོན་པར་ཕྱོགས་ཤིང་རྣམ་པར་རྩེ་བའི་བསམ་གཏན་ཡོངས་སུ་དག་པའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་བསམ་གཏན་ཡོངས་སུ་དག་པ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་བསམ་གཏན་ཡོངས་སུ་དག་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། །ཀྱེ་རྒྱལ་བའི་སྲས་ བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཡོངས་སུ་དག་པ་སྟེ། བཅུ་གང་ཞེ་ན་འདི་ལྟར་འབྲས་བུ་ཆུད་མི་ཟ་བའི་ཚུལ་གྱིས་རྒྱུ་རབ་ཏུ་ཤེས་པའི་ཤེས་རབ་ཡོངས་སུ་དག་པ་དང་། ཚོགས་དང་མི་འགལ་བའི་ ཕྱིར་རྐྱེན་ཐམས་ཅད་ལ་འཇུག་པའི་ཤེས་རབ་ཡོངས་སུ་དག་པ་དང་། རྟེན་པ་ལ་འཇུག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཕྱིར་རྟག་པ་དང་། ཆད་པ་མེད་པའི་ཤེས་རབ་ཡོངསུ་དག་པ་དང་། སེམས་ཅན་དུ་འཛིན་པ་ སྤོང་བའི་ཕྱིར་ལྟ་བ་ཐམས་ཅད་སེལ་བའི་ཤེས་རབ་ཡོངས་སུ་དག་པ་དང་། སྒྱུ་མའི་རང་བཞིན་དུ་ཡོངས་སུ་བརྟགས་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ལ་རྣམ་པར་ལྟ་བའི་ཤེས་རབ་ཡོངས་སུ་དག་པ་དང་། 76-1-2b ཚིག་གི་བྱེ་བྲག་ཐམས་ཅད་བསྟན་པ་ཐོགས་པ་མེད་པར་ལུང་བསྟན་པའི་ཕྱིར་སོ་སོ་ཡང་དག་པར་རིག་པ་ཆེན་པོ་ལ་འཇུག་པའི་ཤེས་རབ་ཡོངས་སུ་དག་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཁྱེན་པ་དང་། མཁས་པའི་ རྗེས་སུ་ཞུགས་པའི་ཕྱིར་བདུད་དང་ཕས་ཀྱི་རྒོལ་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་གཏིང་དཔག་དཀའ་བའི་ཤེས་རབ་ཡོངས་སུ་དག་པ་དང་། ཐམས་ཅད་དུ་ཆགས་པ་མེད་པའི་མཚན་ཉིད་ཀྱི་རྗེས་སུ་ སོང་བའི་ཕྱིར། སངས་རྒྱས་ཐམས་ཅད་ཀྱི་སྐུ་མཐོང་བ་དང་། སེམས་ཅན་ཐམས་ཅད་ཐོག་མ་ནས་རྣམ་པར་དག་པར་མཐོང་བ་དང་། ཆོས་ཐམས་ཅད་དབེན་པར་མཐོང་བ་དང་། ཞིང་ཐམས་ཅད་ ནམ་མཁའི་རང་བཞིན་དུ་མཐོང་བའི་ཤེས་རབ་ཡོངས་སུ་དག་པ་དང་། ཐམས་ཅད་ལ་ཁྱད་པར་ཅན་གྱི་ཡེ་ཤེས་རྗེས་སུ་ཐོབ་པའི་ཕྱིར་གཟུངས་དང་སྤོབས་པ་ལ་བརྟེན་པའི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། ཐབས་ཀྱི་ལག་པ་བརྐྱོང་བའི་ཤེས་རབ་ཡོངས་སུ་དག་པ་དང་། ཆོས་ཐམས་ཅད་ཀྱི་སྤྱི་བོར་གྱུར་པའི་ཡེ་ཤེས་རབ་ཏུ་ཐོབ་པའི་ཕྱིར་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པས་ཆོས་ཐམས་ཅད་མཉམ་པ་ཉིད་ དུ་རྟོགས་པའི་ཡེ་ཤེས་རྡོ་རྗེ་ལྟ་བུ་མྱི་འཁྲུགས་ཤིང་དབྱེར་མེད་པའི་མཚན་ཉིད་ཀྱིས་ཤེས་རབ་ཡོངས་སུ་དག་པའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཡོངས་སུ་ དག་པ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་སྣང་བ་ཆེན་པོ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་བྱམས་པ་ཡོངས་སུ་དག་པ་སྟེ། བཅུ་གང་ཞེ་ན་འདི་ལྟར་སེམས་ཅན་ལ་བྱེ་བྲག་དབྱེ་བ་མེད་པའི་ཕྱིར་སེམས་མཉམ་པའི་བྱམས་པ་ཡོངས་སུ་དག་པ་དང་། སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཅི་ཡོད་ 76-1-3a པ་ལ་བརྩོན་པར་བྱ་བའི་ཕྱིར་ཕན་པའི་དངོས་པོའི་བྱམས་པ་ཡོངས་སུ་དག་པ་དང་། སེམས་ཅན་ཐམས་ཅད་རྒ་ཤིའི་ཉམ་ང་བ་ལས་བསྒྲལ་བའི་ཕྱིར་རང་གིས་སྐྱོབ་པའི་བྱམས་པ་ཡོངས་སུ་དག་པ་དང་། འདུས་བྱས་ཀྱི་དགེ་བའི་རྩ་བ་ལ་ལྷག་པར་དམྱིགས་པའི་ཕྱིར་འགྲོ་བ་ཐམས་ཅད་ཡོངས་སུ་མི་གཏོང་ཞིང་ཕངས་པར་སེམས་པ་དང་ལྡན་པའི་བྱམས་པ་ཡོངས་སུ་དག་པ་དང་། འགྲོ་བ་ཐམས་ཅད་ཀྱི་ཉོན་མོངས་པ་ཡང་ དག་པར་གཅོད་པའི་ཕྱིར་རྣམ་པར་འབྲལ་བའི་བྱམས་པ་ཡོངས་སུ་དག་པ་དང་། འགྲོ་བ་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ལ་མོས་པར་བྱ་བའི་ཕྱིར། བྱང་ཆུབ་ཀྱི་རྣམ་པ་མངོན་པར་བསྒྲུབ་པའི་བྱམས་པ་ ཡོངས་སུ་དག་པ་དང་། ཐམས་ཅད་དུ་འོད་ཟེར་མཉམ་པར་རབ་ཏུ་འགྱེད་པའི་ཕྱིར་འགྲོ་བ་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་བྱམས་པ་ཡོངས་སུ་དག་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱོབ་པའི་ཕྱིར་ནམ་མཁའ་ རྒྱས་པར་འགེངས་པའི་བྱམས་པ་ཡོངས་སུ་དག་པ་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་མངོན་པར་འཚང་རྒྱ་བའི་ཕྱིར་དམིགས་པའི་བྱམས་པ་ཡོངས་སུ་དག་པ་དང་། སེམས་ཅན་སྐྱོན་མེད་པར་གཟུང་བའི་ཕྱིར་སྒྲིབ་པ་ མེད་པའི་བྱམས་པ་ཡོངས་སུ་དག་པའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ཡོངས་སུ་དག་པ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་ གཤེགས་པའི་བྱམས་པ་ཆེན་པོ་བླ་ན་མེད་པ་ཡང་དག་པར་འགྱུར་བ་དག་གོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ་སྟེ། བཅུ་གང་ཞེ་ན་འདི་ལྟར་ཁོང་ནས་ སྙིང་རྗེའི་ཕྱིར་འགྲོགས་པ་མེད་པའི་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ་དང་། སྡུག་བསྔལ་གྱི་ཕུང་པོ་ཐམས་ཅད་ལེན་པ་ལ་ཞུམ་པ་མེད་པའི་ཕྱིར་ཡོངས་སུ་སྐྱོ་བ་མེད་པའི་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ་དང་། 76-1-3b ཆེད་དུ་བསམ་ཏེ། སྐྱེ་བ་ལེན་ཅིང་མངོན་པར་འདྲེན་པའི་ཕྱིར་ངན་སོང་དང་མི་ཁོམ་པར་སྐྱེས་པ་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ་དང་། མི་རྟག་པའི་དོན་ཡོངས་སུ་བསྟན་པའི་ཕྱིར་ལྷ་དང་མིར་སྐྱེས་པ་ཐམས་ཅད་ལ་སྙིང་ རྗེ་ཆེན་པོ་ཡོངས་སུ་དག་པ་དང་། བསྐལ་པ་དཔག་ཏུ་མེད་པར་གོ་ཅ་མི་འདོར་བའི་ཕྱིར་ལོག་པར་ངེས་པ་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ་དང་། སེམས་ཅན་ཐམས་ཅད་ལ་བདེ་བ་ཐོབ་པའི་ཕྱིར་བདག་གིས་བདེ་ བ་ལ་ཆགས་པ་མེད་པའི་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ་དང་། རང་གི་སེམས་ཡོངས་སུ་སྦྱང་བའི་ཕྱིར་ལེགས་པར་བྱས་པ་ཐམས་ཅད་ལ་ལན་མི་རེ་བའི་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་ ཆོས་བསྟན་པའི་ཕྱིར་ཕྱིན་ཅི་ལོག་དང་མི་ཤེས་པ་ལ་གནས་པའི་འཇིག་རྟེན་གྱི་རྒྱུད་རྣམ་པར་ཟློག་པའི་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ་དང་། ཀྱེ་རྒྱལ་བའི་སྲས་གཞན་ཡང་བྱང་ཆུབ་སེམས་དཔས་ཆོས་ཐམས་ ཅད་རང་བཞིན་གྱིས་འོད་དང་ཞིང་གསལ་བ་དང་། ཡོངས་སུ་གདུང་བ་མེད་པ་དང་། ཀུན་ནས་འཁྲུགས་པ་མེད་པ་སྟེ། གློ་བུར་གྱི་དྲི་མ་དང་། ཀུན་ནས་ཉོན་མོངས་པས། ཀུན་ནས་ཉོན་མོངས་པར་གྱུར་ཏོ། ། ཞེས་བྱ་བར་ཤེས་ནས། སེམས་ཅན་ཐམས་ཅད་ལ་ཐོག་མ་ནས་དག་ཅིང་རྣམ་པར་དག་པ་དང་། དྲི་མ་མེད་ཅིང་ཡོངས་སུ་དག་པ་དང་། རང་བཞིན་གྱིས་འོད་དང་ཞིང་གསལ་བའི་ཆོས་བསྟན་པའི་ཕྱིར་སྙིང་རྗེ་ ཆེན་པོ་སྐྱེ་བ་དང་། ཀྱེ་རྒྱལ་བའི་སྲས་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ནམ་མཁའི་བྱ་ལམ་ལྟ་བུ་ཡིན་ཡང་རང་གི་སྒྲིབ་པས་སྒྲིབས་པས་ཤེས་པར་མ་གྱུར་ཏོ། །ཞེས་བྱ་བར་ཤེས་ནས། སེམས་ཅན་ཐམས་ཅད་ལ་ཡང་དག་པའི་ལམ་ཐེག་པ་ཆེན་པོའི་འབྱུང་བ་ཡོངས་སུ་བསྟན་པའི་ཕྱིར་སྙིང་རྗེ་ཆེན་པོ་འབྱུང་བའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་ 76-1-4a ཡོངས་སུ་དག་པ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་བླ་ན་མེད་པ་ཡོངས་སུ་དག་པ་འཐོབ་པར་འགྱུར་བ་དག་གོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་ འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་བ་ཡོངས་སུ་དག་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་རབ་ཏུ་དགའ་བས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི། དགའ་བ་ཡོངས་སུ་དག་པའོ། །གནོད་པ་མེད་པར་བདོག་པ་ཐམས་ ཅད་ཡོངས་སུ་གཏོང་བ་ནི་དགའ་བ་ཡོངས་སུ་དག་པའོ། །སེམས་ཞུམ་པ་མེད་པས་སེམས་ཅན་ཚུལ་ཁྲིམས་ངན་པ་ཅན་ཡོངས་སུ་སྨིན་པར་བྱེད་པ་ནི་དགའ་བ་ཡོངས་སུ་དག་པའོ། །སེམས་ཅན་ཐམས་ཅད་ཀྱི་ཉེས་ བྱས་བཟོད་པར་བྱ་བའི་ཕྱིར་དམ་བཅས་པ་མཐར་ཕྱིན་པར་བྱེད་པ་ནི། དགའ་བ་ཡོངས་སུ་དག་པའོ། །ཆོས་དོན་དུ་གཉེར་བའི་ཕྱིར་ལུས་དང་སྲོག་བཏང་བ་ལ་འགྱོད་པ་མེད་པ་ནི། དགའ་བ་ཡོངས་སུ་དག་པའོ། །ཆོས་ལ་ མོས་ཤིང་དགའ་བ་ནི་དགའ་བ་ཡོངས་སུ་དག་པའོ། །འདོད་པའི་དགའ་བ་ཐམས་ཅད་སྤོང་པ་ནི། དགའ་བ་ཡོངས་སུ་དག་པའོ། །སངས་རྒྱས་བལྟ་བ་དང་། བསྙེན་བཀུར་བས་མི་ངོམ་ཤིང་ཆོས་ཀྱི་དབྱིངས་ཐ་དད་དུ་ མི་འབྱེད་པ་ནི་དགའ་བ་ཡོངས་སུ་དག་པའོ། །བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པས་འབྱུང་བ་ཐམས་ཅད་ལ་སེམས་ཅན་གཞན་ལ་མོས་པར་བྱེད་པ་ནི་དགའ་བ་ཡོངས་སུ་དག་ པའོ། །ཞི་བ་དང་ཐུབ་ཅིང་མི་འཁྲུག་པ་ལ་བསམ་གཏན་འཆའ་བ་ཤེས་རབ་ཀྱི་ཤས་ཆེ་བས་ལྟ་བ་བསམ་པ་དང་། བརྟུལ་ཞུགས་དང་དཀའ་ཐུབ་ཡོངས་སུ་རྫོགས་པར་བྱ་བའི་བསམ་པས་བྱང་ཆུབ་སེམས་ དཔའི་སྤྱོད་པ་རྒྱུན་མི་འཆད་པར་བྱེད་པ་ནི་དགའ་བ་ཡོངས་སུ་དག་པའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་བ་ཡོངས་སུ་དག་པ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་ 76-1-4b དཔའ་རྣམས་དེ་བཞིན་གཤེགས་པའི་དགྱེས་པ་ཆེན་པོ་ཡོངས་སུ་དག་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཏང་སྙོམས་ཡོངས་སུ་དག་པ་སྟེ། བཅུ་ གང་ཞེ་ན། འདི་ལྟར་སེམས་ཅན་ཐམས་ཅད་ཀྱིས་རིམ་གྲོ་བྱས་ཀྱང་དགའ་བ་མེད་ལ་སེམས་ཅན་ཐམས་ཅད་ཀྱིས་རིམ་གྲོ་མ་བྱས་ཀྱང་ཁོང་ཁྲོ་བར་མི་འགྱུར་བའི་བཏང་སྙོམས་ཡོངས་སུ་དག་པ་དང་། འཇིག་རྟེན་ གྱི་ཆོས་བརྒྱད་ལས་རྣམ་པར་འདས་པར་སྤྱོད་པས་བཏང་སྙོམས་ཡོངས་སུ་དག་པ་དང་། སྣོད་མ་ཡིན་པ་རྣམས་ཀྱང་བཀོལ་ཏེ་མི་འདོར་ལ། སྣོད་དུ་གྱུར་པ་རྣམས་ཀྱི་དུས་དང་ཡང་སྦྱོར་བའི་བཏང་སྙོམས་ཡོངས་སུ་ དག་པ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་སློབ་པ་དང་མི་སློབ་པ་རྣམ་པར་དག་པའི་ཆོས་ཐོབ་པར་གྱུར་པ་རྣམས་ལ་རྩོལ་བ་གཏོང་བའི་བཏང་སྙོམས་ཡོངས་སུ་དག་པ་དང་། འདོད་པའི་དགའ་བ་ དང་རྩེད་མོ་དང་ལོངས་སྤྱོད་དང་། ཀུན་ནས་ཉོན་མོངས་པའི་བག་དུ་གྱུར་པའི་ཆོས་ཐམས་ཅད་ལ་སེམས་འབྲེལ་བར་མི་གཏོང་བའི་བཏང་སྙོམས་ཡོངས་སུ་དག་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་ པ་པ་འཁོར་བ་ལ་སྐྱོ་བའི་རྣལ་འབྱོར་ལ་སྤྱོད་པ་རྣམས་དང་སྙེན་པར་མི་བྱེད་པའི་བཏང་སྙོམས་ཡོངས་སུ་དག་པ་དང་། འཇིག་རྟེན་བརྒྱང་ཕན་པའི་གཏམ་ཐམས་ཅད་དང་། མྱ་ངན་ལས་མི་འདའ་བ་དང་། འདོད་ཆགས་ དང་མི་བྲལ་བའི་གཏམ་དང་། མི་རིགས་ཤིང་འདུ་འཛིར་གྱུར་པའི་གཏམ་དང་། གཞན་ཐོ་འཚམ་པའི་གཏམ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་གཏམ་དང་མདོར་ན་བྱང་ཆུབ་སེམས་དཔའི་ལམ་ལས་གོལ་ བའི་གཏམ་ཐམས་ཅད་དང་འདུ་བ་མེད་པའི་བཏང་སྙོམས་ཡོངས་སུ་དག་པ་དང་། དྲན་པ་དང་། བློའི་སྟོབས་དང་། ཤུགས་ཇི་ལྟ་བ་བཞིན་དུ་གང་ལ་ཡོངས་སུ་སྨིན་པར་བྱས་པའི་སེམས་ཅན་དེ་དག་གིས་དེ་ལ་ 76-1-5a གོང་མའི་ཆོས་ཤེས་པར་མི་ནུས་ནའང་དེ་དག་གི་དུས་བསྡད་པས་བཏང་སྙོམས་ཡོངས་སུ་དག་པ་དང་། བྱང་ཆུབ་སེམས་དཔའ་སྔོན་ཡོངས་སུ་སྨིན་པར་བྱས་པ་གང་། དེ་བཞིན་གཤེགས་པའི་སྲས་ འདུལ་བར་གྱུར་པ་དེ་དག་ལ་བསྡད་པའི་ཕྱིར་བཏང་སྙོམས་ཡོངས་སུ་དག་པ་དང་། ཀྱེ་རྒྱལ་བའི་སྲས་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་གྱི་བཏང་སྙོམས་གཉིས་དང་བྲལ་ཞིང་མཐོན་དམན་མེད་ལ་བླང་དོར་མེད་ཅིང་ རྟོགས་པ་དང་། རྣམ་པར་རྟོགས་པ་དང་། ཡོངས་སུ་རྟོགས་པ་དང་། བྲལ་བས་རྟག་ཏུ་མཉམ་པར་གཞག་ཅིང་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་གནས་པའི་བཟོད་པ་ཐོབ་པའི་བཏང་སྙོམས་ཡོངསུ་ དག་པའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཏང་སྙོམས་ཡོངས་སུ་དག་པ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་བཏང་ སྙོམས་ཆེན་པོ་ཡོངས་སུ་དག་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་ཏེ། བཅུ་གང་ཞེ་ན། འདི་ལྟར་ནན་ཏན་ལྷུར་ལེན་པའི་ཕྱིར་ ཐོས་པའི་དོན་དང་། རབ་ཏུ་དབྱེ་བ་ལ་མཁས་པའི་ཕྱིར་ཆོས་ཀྱི་དོན་དང་། དོན་དམ་པ་སྟོང་པ་ཉིད་ཀྱི་ཕྱིར་སྟོང་པ་ཉིད་ཀྱི་དོན་དང་། སེམས་ཅན་གྱི་འདུ་འཛིས་དབེན་པའི་ཕྱིར་དབེན་པའི་དོན་དང་། སེམས་ཅན་གྱི་ སྒྲ་ལ་མངོན་པར་ཆགས་པ་མེད་པའི་ཕྱིར་བརྗོད་དུ་མེད་པའི་དོན་དང་། དུས་གསུམ་མཉམ་པ་ཉིད་ཀྱི་ཕྱིར་ཡང་དག་པ་ཇི་ལྟ་བ་བཞིན་གྱི་དོན་དང་། རོ་མཉམ་པ་ཉིད་ཀྱི་ཕྱིར་ཆོས་ཀྱི་དབྱིངས་ལ་འཇུག་པའི་དོན་དང་། དེ་བཞིན་ཉིད་ཀྱི་རྗེས་སུ་འབྲང་བའི་ཕྱིར་དེ་བཞིན་ཉིད་ཀྱི་དོན་དང་། ཡང་དག་པའི་མཐའ་རྟོགས་པའི་ཕྱིར་ཡང་དག་པའི་མཐའི་དོན་དང་། སྡུག་བསྔལ་གྱི་ཕུང་པོ་ཡང་དག་པར་གཅད་ཅིང་བྱང་ཆུབ་སེམས་དཔའི་སྤྱོད་པ་ 76-1-5b བསྒྲུབ་པ་བསྐྱེད་པའི་ཕྱིར་མྱ་ངན་ལས་འདས་པ་ཆེན་པོའི་དོན་ཏོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་ཏེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་མཁྱེན་ པའི་ཡེ་ཤེས་ཀྱི་དོན་བླ་ན་མེད་པ་ཐོབ་པར་འགྱུར་བ་དག་གོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཏེ། བཅུ་གང་ཞེ་ན་འདི་ལྟར་ཇི་སྐད་དུ་སྨྲས་པ་དེ་བཞིན་དུ་བྱ་བའི་ཕྱིར་དབེན་པའི་ ཆོས་དང་། ལེན་ཅིང་འཛིན་པ་ཐམས་ཅད་ཡོངས་སུ་གཅད་པའི་ཕྱིར་ཡོངས་སུ་འཛིན་པ་མེད་པའི་ཆོས་དང་། ཉོན་མོངས་པའི་འབར་བ་ཐམས་ཅད་རབ་ཏུ་ཞི་བར་བྱ་བའི་ཕྱིར་རྩོད་པ་མེད་པའི་ཆོས་དང་། ཡོངས་སུ་གདུང་ བ་དང་བྲལ་བའི་ཕྱིར་ཞི་བའི་ཆོས་དང་། འདོད་ཆགས་ཀྱི་དྲི་དང་། ཉོན་མོངས་པ་ཐམས་ཅད་དང་བྲལ་བའི་ཕྱིར་འདོད་ཆགས་དང་བྲལ་བའི་ཆོས་དང་། དམིགས་པ་ཐམས་ཅད་རྒྱུན་ཆད་པའི་ཕྱིར་ཡོངས་སུ་རྟོག་ པའི་ཆོས་དང་། ནམ་མཁའ་དང་འདྲའ་ཞིང་མཚུངས་པའི་ཕྱིར་མི་སྐྱེ་བའི་ཆོས་དང་། སྐྱེ་བ་དང་འཇིག་པ་དང་གནས་མེད་པའི་ཕྱིར་འདུས་མ་བྱས་ཀྱི་ཆོས་དང་། རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པའི་ ཕྱིར་རང་བཞིན་གྱི་ཆོས་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་བསྒྲུབ་ཅིང་ཡོངས་སུ་བཟུང་བའི་ཕྱིར་ཕུང་པོ་ཐམས་ཅད་སྤངས་ཏེ། མྱ་ངན་ལས་འདས་པར་འགྲོ་བའི་ཆོས་སོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་ བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཏེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཆོས་ཉིད་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་ བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་ཏེ། བཅུ་གང་ཞེ་ན། འདི་ལྟར་དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་གཅོད་པའི་ཕྱིར། ཕ་རོལ་བྱང་ཆུབ་ཀྱི་སེམས་ལ་ཡིད་དམ་འཆར་གཞུག་པའི་ 76-1-6a བསོད་ནམས་ཀྱི་ཚོགས་དང་། མི་དགེ་བའི་ཆོས་ཐམས་ཅད་སྤང་ཞིང་དགེ་བའི་ཆོས་ཐམས་ཅད་ཡང་དག་པར་བསྡུ་བར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བའི་རྣམ་པ་བཅུའི་རྗེས་སུ་འབྲང་བའི་བསོད་ནམས་ཀྱི་ ཚོགས་དང་། འཇིག་རྟེན་གསུམ་གྱི་བསོད་ནམས་ཟིལ་གྱིས་གནོན་པའི་ཕྱིར་ཤེས་རབ་དང་ཡེ་ཤེས་བསྟན་པའི་བསོད་ནམས་ཀྱི་ཚོགས་དང་། སེམས་ཅན་གྱི་ཁམས་ཐམས་ཅད་ཕ་རོལ་གྱི་མཐར་བསྒྲལ་ བའི་ཕྱིར་ཡོངས་སུ་སྐྱོ་བ་མེད་པའི་བསོད་ནམས་ཀྱི་ཚོགས་དང་། ཡོངས་སུ་གཟུང་བ་ཐམས་ཅད་གཏོང་བའི་ཕྱིར་ཕྱི་ནང་གི་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བའི་བསོད་ནམས་ཀྱི་ཚོགས་དང་། བརྩོན་འགྲུས་ཆེན་ པོ་བརྩམས་པས་སེམས་ཀྱི་སྒོ་གཏན་འབྱེད་ཅིང་མཆོད་སྦྱིན་རབ་ཏུ་བྱ་བའི་ཕྱིར་མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པར་བྱ་བའི་བསོད་ནམས་ཀྱི་ཚོགས་དང་། ཐབས་དང་ཚུལ་དང་འཐད་པས་ ཡོངས་སུ་གཟུང་བའི་ཕྱིར་དགེ་བའི་རྩ་བ་རབ་འབྲིང་དང་ཐ་མས་རློམ་སེམས་མེད་པར་ཡོངས་སུ་བསྔོ་བའི་བསོད་ནམས་ཀྱི་ཚོགས་དང་། སྐྱེས་བུ་དམ་པའི་རྣམ་པར་གནོན་པ་ཡོངས་སུ་བསྟན་པའི་ཕྱིར་ ཡང་དག་པ་དང་། ལོག་པར་ངེས་པ་དང་ཉམས་དམའ་ཞིང་དགེ་བའི་རྩ་བ་མ་བསགས་པ་རྣམས་ལ་བརྙས་པ་མེད་ཅིང་སྙིང་རྗེ་ཆེན་པོ་དང་ལྡན་པའི་བསོད་ནམས་ཀྱི་ཚོགས་དང་། ལྷག་པའི་བསམ་པ་བརྟན་ པས་ཡོངས་སུ་སྐྱོང་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་ཅིང་རིམ་གྲོ་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བསྟན་པ་ལྟར་དབེན་པར་སེམས་པ་དང་། སེམས་ཅན་ ཐམས་ཅད་ཀྱི་བྱ་བ་ཅི་ཡོད་པ་བྱེད་པ་ལ་བརྩོན་པའི་བསོད་ནམས་ཀྱི་ཚོགས་དང་། ཀྱེ་རྒྱལ་བའི་སྲས་དགེ་བའི་རྩ་བ་བསྐལ་པ་གྲངས་མེད་པར་བསགས་ཤིང་ཡོངས་སུ་བསྡུས་ཏེ། ལག་པའི་མཐིལ་དུ་ 76-1-6b ཕྱིན་ཅིང་བདག་ལ་དབང་ཡོད་པར་གྱུར་པའི་བྱང་ཆུབ་ཀྱང་། སེམས་ཅན་ལ་ལ་ཞིག་ལ་ཡོངས་སུ་བཏང་སྟེ། བྱིན་ན་མི་དགེ་བ་མེད་ལ་འགྱོད་པ་མེད་ཅིང་དེ་བཞིན་དུ་སེམས་ཅན་མ་ལུས་པ་ཐམས་ཅད་ལ་ཡང་རང་དབང་ཡོད་པར་ ཡོངས་སུ་བསྡུས་ཏེ། ལག་པའི་འཐིལ་དུ་ཕྱིན་པའི་བྱང་ཆུབ་ཡོངས་སུ་བཏང་སྟེ། བྱིན་ཡང་མི་དགའ་བ་མེད་ལ། ཕྱིས་འགྱོད་པ་མེད་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་ནམ་མཁའི་ དབྱིངས་རྒྱ་ཆེན་པོའི་རྗེས་སུ་སོང་བ་ཞེས་བྱ་བ་སྟེ། ཡེ་ཤེས་ཆེན་པོ་ཡངས་པ་ཁོང་དུ་ཆུད་པའི་རྒྱུར་གྱུར་པའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་ཏེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་བསོད་ནམས་ཀྱི་ཚོགས་ཆེན་པོ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ ཀྱི་ཡེ་ཤེས་ཀྱི་ཚོགས་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟར་བསམ་པ་སྒྱུ་མེད་པར་བྱ་བའི་ཕྱིར། ཡང་དག་པའི་དགེ་བའི་བཤེས་གཉེན་མང་དུ་ཐོས་པ་རྣམས་ལ་བསྟན་པ་དང་། བཀུར་བ་དང་། བསྙེན་བཀུར་བྱ་བ་དང་། རིམ་གྲོ་བྱ་བ་དང་། སྟི་སྟང་དུ་བྱ་བ་དང་། བླ་མར་བྱ་བ་དང་། གུས་པར་བྱ་བ་དང་། བཀའ་བློ་བདེ་ཞིང་འཐུན་པར་ལེན་པའི་ཡེ་ཤེས་ཀྱི་ཚོགས་དང་། བདག་སྣོད་དུ་བྱ་བའི་ཕྱིར་ང་རྒྱལ་མེད་ཅིང་འདུད་པ་དང་། ཕྱག་འཚལ་བ་དང་། རབ་ཏུ་གུས་པ་དང་། ལུས་དང་སེམས་ལས་སུ་རུང་བ་དང་། ཁོང་བདེ་བ་དང་། མི་སླུ་བ་དང་། མི་རྩུབ་པ་དང་། དེས་ཤིང་འཇམ་ལ་མཉེན་པ་དང་། བཞིན་འཛུམ་ཞིང་ཁྲོ་གཉེར་མེད་པ་དང་། འདོར་ཏེ་གསོང་པོར་སྨྲ་བ་དང་། རབ་ཏུ་དགའ་བ་དང་། མི་འཆོས་པ་དང་། གཡོ་མེད་པ་དང་། སྒྱུ་མེད་པའི་ཡེ་ཤེས་ཀྱི་ཚོགས་དང་། ཡེ་ཤེས་རྣམ་པ་བཅུ་ལ་རབ་ཏུ་སྦྱོར་བའི་ཕྱིར་དྲན་པ་ཤེས་བཞིན་དང་། རྟོགས་པ་ 76-1-7a ཁོང་དུ་ཆུད་པ་དང་། བློ་གྲོས་མི་གཡེང་བ་དང་། ངོ་ཚ་ཤེས་པ་དང་། མོས་པ་ལ་རབ་ཏུ་གནས་པ་དང་། རྗེས་སུ་དྲན་པར་བྱ་བ་དྲུག་དྲན་པ་དང་། གུས་པ་དྲུག་ཡོངས་སུ་བསྟན་པ་དང་། སྙིང་པོར་བྱ་བའི་ཆོས་དྲུག་ གི་རྗེས་སུ་འབྲང་བའི་ཡེ་ཤེས་ཀྱི་ཚོགས་སོ། །བསམ་པ་དང་ཡིད་ལ་བྱ་བ་གཞན་མེད་པར་བྱ་བའི་ཕྱིར་ཆོས་དོན་དུ་གཉེར་བ་དང་། ཆོས་འདོད་པ་དང་། ཆོས་ལ་མོས་ཤིང་དགའ་བ་དང་། ཆོས་བཙལ་བ་དང་། ཐོས་ པས་མྱི་ངོམས་པ་དང་། འཇིག་རྟེན་རྒྱང་ཕན་པ་དང་། མ་འདྲེས་པ་དང་། འཇིག་རྟེན་པའི་གཏམ་ཐམས་ཅད་སྤོང་བ་དང་། འཇིག་རྟེན་ལས་འདས་པའི་གཏམ་ལྷུར་ལེན་པ་དང་། ཐེག་པ་དམའ་བ་སྤོང་ཞིང་བློ་གྲོས་ཡང་དག་ པའི་ཐེག་པ་ཆེན་པོ་ལ་ཡང་དག་པར་གཞོལ་བའི་ཡེ་ཤེས་ཀྱི་ཚོགས་དང་། ནན་ཏན་ལྷུར་བླང་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་བཙལ་བ་ལ་འཐུན་པར་བརྩོན་པ་དང་། ཚངས་པའི་གནས་བཞི་རབ་ཏུ་བསྒྲུབ་པ་དང་། རིག་པ་དང་མཐུན་པའི་ཆོས་དང་། བསྟན་པ་དང་མཁས་པའི་སྐྱེ་བོ་ལ་ཡོངས་སུ་འདྲི་བ་དང་། ལམ་ཉམ་ང་བ་དང་བྲལ་ཞིང་ཡང་དག་པའི་ལམ་ལ་མ་ནོར་བར་གཞོལ་བ་དང་། བསྐུལ་བ་དང་དྲན་པར་བྱ་བ་དང་། མོས་པར་ བྱ་བས་རང་གི་སེམས་འདུལ་བ་དང་། ཕ་རོལ་གྱི་སེམས་རྗེས་སུ་བསྲུང་བའི་ཡེ་ཤེས་ཀྱི་ཚོགས་དང་། བདག་དང་གཞན་གྱི་སེམས་རྣམ་པར་སྦྱང་བར་བའི་ཕྱིར་རྟག་ཏུ་རྒྱུན་མི་ཆད་པར་འབྱུང་བའི་སེམས་དང་། ཁམས་གསུམ་ལས་དབེན་པར་དགའ་ཞིང་། རང་གི་སེམས་རྟོག་པར་བྱེད་པ་དང་། མི་དགེ་བའི་སེམས་ཀྱི་སྐབས་མི་འབྱེད་ཅིང་རྣམ་པར་རྟོག་པ་གསུམ་བསྩལ་བས། ལུས་དང་ངག་དང་སེམས་ལས་སུ་རུང་བ་དང་། སེམས་ཀྱི་རང་བཞིན་གཅིག་ཏུ་ངེས་པ་རབ་ཏུ་རྟོགས་པར་བྱེད་པའི་ཡེ་ཤེས་ཀྱི་ཚོགས་དང་། ཀྱེ་རྒྱལ་བའི་སྲས་གཞན་ཡང་ཕུང་པོ་རྣམས་ལ་སྒྱུ་མ་ལྟ་བུར་རྟོགས་པ་དང་། ཁམས་རྣམས་ལ་སྦྲུལ་གདུག་པ་ 76-1-7b ལྟ་བུའི་འདུ་ཤེས་སུ་རྟོགས་པ་དང་། ཆོས་ཐམས་ཅད་སྒྱུ་མ་དང་། སྨིག་རྒྱུ་དང་ཆུའི་ཟླ་དང་། རྨི་ལམ་དང་། མིག་ཡོར་དང་། སྒྲ་བརྙན་དང་། གཟུགས་བརྙན་དང་འདྲ་ཞིང་ནམ་མཁའ་རི་མོ་དང་མཉམ་པ་དང་། མགལ་ མེ་བསྐོར་བ་ལྟ་བུ་སྟེ། འཇིག་ཚོགས་དང་འདྲ་བ་ཉི་མ་དང་ཟླ་བའི་འོད་ལྟ་བུ་སྟེ། ཆོས་ཐམས་ཅད་ནི་གཟུང་དུ་མེད་པ་མཚན་མ་མེད་པ། རྟག་པ་མེད་པ་ཆད་པ་མེད་པ་སོང་བ་མེད་པ། འོང་བ་མེད་པ་སྟེ། ཆོས་ ཐམས་ཅད་མི་གནས་པར་རབ་ཏུ་རྟོག་ཅིང་འཇུག་པ་དང་། མོས་པ་དང་ཡིད་ཆེས་པ་འདི་ནི་སྐྱེ་བ་དང་། འཇིག་པ་ལ་ནི་གནས་པ་ཞེས་བྱ་བ་ཡེ་ཤེས་ཀྱི་ཚོགས་བདུན་པ་སྟེ། ཆོས་ཐམས་ཅད་ཁོང་དུ་ཆུད་པ་ དག་པའི་རྒྱུར་འགྱུར་བའོ། །ཆོས་ཐམས་ཅད་བདག་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པ་དང་། སེམས་མེད་པ་དང་། དོན་མེད་པ་དང་། འདོད་ཆགས་མེད་ པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་། ཉོན་མོངས་པ་མེད་པ་དང་། ལུས་མེད་པ་དང་། རྫས་མེད་པ་དང་། ལྟ་བ་མེད་པ་དང་། དྲི་མ་མེད་པ་དང་། སྙིང་རྗེ་ཆེན་པོ་དང་། གོས་པ་མེད་པ་དང་། རྒྱུ་བ་མེད་པ་དང་། ཟང་ཟིང་མེད་པ་དང་། མྱ་ངན་ལས་འདས་པའི་རྒྱུད་དུ་ཡང་དག་པར་གཞོལ་བ་ཐོས་ན་མོས་ཤིང་ཡིད་ཆེས་ལ་ཡིད་གཉིས་མེད་ཅིང་ཐེ་ཙོམ་མི་ཟ་བ་འདི་ནི་ཡེ་ཤེས་ཀྱི་ཚོགས་བརྒྱད་པ་སྟེ། མོས་པ་ཡོངས་སུ་རྫོགས་པར་འགྱུར་བའོ། །ཀྱེ་རྒྱལ་བའི་སྲས་གཞན་ཡང་བྱང་ཆུབ་སེམས་དཔའ་ཚུལ་གཞན་གྱི་སྦྱོར་བས་ཡང་དག་པར་བྲལ་བས་དབང་པོ་བསྡམས་པ་ལྷག་མཐོང་དང་ཞི་གནས་ཀྱིས་ ཞི་བ་དང་། ཉེ་བར་ཞི་བ་དང་། རབ་ཏུ་ཞི་བར་གྱུར་པ། ཡིད་ལ་བྱ་བ་ཐམས་ཅད་ཀྱིས་མ་བྱས་མ་བསྐྱེད། མངོན་པར་མ་བྱས་པའི་ངང་ཚུལ་ཅན་བདག་མེད་པ་དང་། སེམས་ཅན་མེད་པ་དང་། བདག་གི་འདུ་ 76-1-8a ཤེས་རྣམ་པར་རྒྱུ་བས་ནན་ཏན་དུ་བྱེད་པ་མེད་པའི་བློ་དང་ལྡན་པ། ཟད་པ་མེད་ཅིང་ཚད་མེད་ལ་མི་དམིགས་པའི་བཟོད་པ་ཅན། ལུས་དང་ངག་དང་སེམས་བླང་བ་མེད་པ་དང་དོར་བ་མེད་པས། སྔོན་དུ་འདོར་བའི་བརྩོན་འགྲུས་དང་ལྡན་པ། སེམས་ཅན་ཐམས་ཅད་དང་ཆོས་ཐམས་ཅད་ལ་མི་གནས་པར་བསམ་གཏན་འཆང་བ། ཚུ་རོལ་མེད་པ་ཕ་རོལ་མེད་པ། ཚུ་རོལ་དང་ཕ་རོལ་དང་བྲལ་བ་རྒྱུ་བ་མེད་པ་ རྒྱུ་བ་དང་བྲལ་བའི་ཤེས་རབ་ཀྱིས་དེ་ལྟར་ངེས་པར་རྟོགས་པ་འདི་ནི་ཡེ་ཤེས་ཀྱི་ཚོགས་དགུ་པ་སྟེ། མཚན་མ་དང་ཡོངས་སུ་རྟོགས་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་བའོ། །ཀྱེ་རྒྱལ་བའི་སྲས་རྟེན་པ་མཐོང་བས་ ནི་ཆོས་མཐོང་བ་ཤིན་ཏུ་རྣམ་པར་དག་པར་འགྱུར། ཆོས་མཐོང་བས་ནི་ཞིང་མཐོང་བ་ཤིན་ཏུ་རྣམ་པར་དག་པར་འགྱུར། ཞིང་མཐོང་བས་ནི་ནམ་མཁའ་མཐོང་བ་ཤིན་ཏུ་རྣམ་པར་དག་པར་འགྱུར། ནམ་མཁའ་ མཐོང་བས་ནི་ཆོས་ཀྱི་དབྱིངས་མཐོང་བ་ཤིན་ཏུ་རྣམ་པར་དག་པར་འགྱུར། ཆོས་ཀྱི་དབྱིངས་མཐོང་བས་ནི་ཡེ་ཤེས་མཐོང་བ་ཤིན་ཏུ་རྣམ་པར་དག་པར་འགྱུར་བ་འདི་ནི་ཡེ་ཤེས་ཀྱི་ཚོགས་བཅུ་པ་སྟེ། ཐམས་ཅད་མཁྱེན་ པའི་ཡེ་ཤེས་ཡང་དག་པར་བསྒྲུབ་པའི་རྒྱུར་འགྱུར་བའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་ཏེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་ཆོས་ ཐམས་ཅད་ལ་མ་ཆགས་མ་བསྒྲུབ་པའི་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིག་པ་སྐྱེ་བ་སྟེ། བཅུ་གང་ཞེ་ན་འདི་ལྟར་ཆོས་ཤིན་ཏུ་རྣམ་པར་ཕྱེ་བའི་བློ་ནི་རིག་པ་སྐྱེ་བའོ། །ཆོས་རྣམས་ལ་ཆགས་པ་མེད་པའི་རྣལ་འབྱོར་ནི་རིགས་པ་སྐྱེ་བའོ། །ལྟ་བ་མ་ལོག་པ་ནི་རིགས་པ་སྐྱེ་བའོ། ། 76-1-8b དབང་པོ་རྣམས་ལ་ཤེས་རབ་སྣང་བ་ནི་རིག་པ་སྐྱེ་བའོ། །རིག་པ་བརྩམས་པ་ལ་ཡང་དག་པར་སྦྱོར་བ་ནི་རིག་པ་སྐྱེ་བའོ། །ཡེ་ཤེས་མངོན་པར་རྟོགས་པར་བྱ་བའི་ཕྱིར་བདེན་པ་ལ་འཇུག་པ་ནི་རིག་པ་སྐྱེ་བའོ། ། ལས་དང་ཉོན་མོངས་པ་ཟད་ཅིང་མི་སྐྱེ་བར་ཤེས་པ་ནི་རིག་པ་སྐྱེ་བའོ། །ཤེས་རབ་དང་ཡེ་ཤེས་ཀྱིས་རྣམ་པར་འབྱེད་པའི་ལྷའི་མིག་ནི་རིག་པ་སྐྱེ་བའོ། །སྔོན་གྱི་མཐའ་ནས་རྣམ་པར་སྦྱངས་པའི་སྔོན་གྱི་ གནས་རྗེས་སུ་དྲན་པ་ནི་རིག་པ་སྐྱེ་བའོ། །མངོན་པར་ཤེས་པ་ཡོངས་སུ་སྦྱངས་པས་སེམས་ཅན་ལ་ལྟ་བའི་ཟག་པ་ཟད་པའི་ཡེ་ཤེས་ནི་རིག་པ་སྐྱེ་བའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་ སེམས་དཔའ་རྣམས་ཀྱི་རིག་པ་སྐྱེ་བ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་རིག་པ་སྣང་བ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། །ཀྱེ་རྒྱལ་ བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཡོངས་སུ་ཚོལ་བ་སྟེ། བཅུ་གང་ཞེ་ན་འདི་ལྟར་གཡོ་དང་སྒྱུ་མེད་པས་བསམ་པ་ཐག་པར་ཆོས་ཡོངས་སུ་ཚོལ་བ་དང་། བརྩོན་ འགྲུས་ལྷོད་པ་མེད་པར་སྲན་འཛུགས་པས་བརྩོན་འགྲུས་ཀྱིས་ཆོས་ཡོངས་སུ་ཚོལ་བ་དང་། ལུས་དང་སྲོག་ལ་མི་ལྟ་བར་ཆོས་ཡོངས་སུ་ཚོལ་བ་དང་། རྙེད་པ་དང་སྟོབས་དང་བཀུར་སྟི་དང་། གྲགས་པའི་ཕྱིར་མ་ཡིན་གྱི་འགྲོ་བ་ཐམས་ཅད་ཀྱི་ཉོན་མོངས་པ་སྤང་བའི་ཕྱིར་ཆོས་ཡོངས་སུ་ཚོལ་བ་དང་། བདག་འབའ་ཤིག་ལ་ཕན་པའི་ཕྱིར་མ་ཡིན་གྱི་བདག་དང་གཞན་དང་འགྲོ་བ་ཐམས་ཅད་ལ་ཕན་ པའི་ཕྱིར་ཆོས་ཡོངས་སུ་ཚོལ་བ་དང་། ཆོས་ཀྱི་མདངས་ཀྱིས་རོལ་གཅོད་པའི་ཕྱིར་མ་ཡིན་གྱི་ཤེས་རབ་ལ་འཇུག་པའི་ཕྱིར་ཆོས་ཡོངས་སུ་ཚོལ་བ་དང་། གོ་བ་ལོབ་ལ་དགའ་བའི་ཕྱིར་མ་ཡིན་ 76-1-9a གྱི་རབ་ཏུ་རྟེན་པར་བྱ་བའི་ཕྱིར་ཆོས་ཡོངས་སུ་ཚོལ་བ་དང་། བྱང་ཆུབ་ཀྱི་སེམས་མ་བཏང་བས། སེམས་ཅན་ལ་སྙིང་རྗེའི་ཕྱིར་ཆོས་ཡོངས་སུ་ཚོལ་བ་དང་། ཡིད་གཉིས་དང་བྲལ་བའི་ཕྱིར་ སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་གཅད་པའི་ཕྱིར་ཆོས་ཡོངས་སུ་ཚོལ་བ་དང་། རློམ་སེམས་མེད་ཅིང་འདོད་པ་མེད་པའི་ཕྱིར་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱ་བར་ཆོས་ཡོངས་སུ་ ཚོལ་བའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཡོངས་སུ་ཚོལ་བ་སྟེ། ཆོས་ཡོངས་སུ་ཚོལ་བ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་སངས་ རྒྱས་ཀྱི་ཆོས་ཐམས་ཅད་ལ་གཞན་གྱི་དྲིང་མི་འཇོག་པའི་ཡེ་ཤེས་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ རབ་ཏུ་བརྗོད་པ་སྟེ། བཅུ་གང་ཞེ་ན་འདི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་ཀུན་རྫོབ་ལ་འཇུག་པའི་དགེ་བའི་རྩ་བ་བསྐྱེད་པ་དང་། དད་པའི་རྗེས་སུ་འབྲང་བ་རྣམས་ལ་དད་པ་མི་ཕྱེད་པ་དང་། ཆགས་པའི་གནས་ལས་བཟླ་ཞིང་ཆོས་ཀྱི་རང་བཞིན་ཁོང་དུ་ཆུད་པར་བྱ་བ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ལ་ཆོས་ལ་གནས་པ་དང་། ཆོས་ཀྱི་རྗེས་སུ་བརྩོན་པ་དང་། ཆོས་དང་ གཉེར་བ་ཆོས་ལ་ནན་ཏན་དུ་བྱེད་པ་དང་། བརྒྱད་པ་རྣམས་ལ་ལོག་པ་བརྒྱད་ལས་བཟླ་ཞིང་ཡང་དག་པ་བརྒྱད་ལ་འཇུག་པ་དང་རྒྱུན་ཏུ་ཞུགས་པ་རྣམས་ལ་ཀུན་ཏུ་སྦྱོར་བ་ཡོངས་སུ་སྤང་བ་དང་། འཁོར་བའི་རྒྱུན་གཅོད་པ་དང་། དོན་དམ་པའི་བདེན་པ་མཐོང་བ་དང་། ལེན་ཅིག་ཕྱིར་འོང་བ་རྣམས་ལ་རོ་མྱོང་བའི་ཁ་ན་མ་ཐོ་བ་ཡོངས་སུ་བརྟག་པ་དང་། གང་དུ་ཡང་མ་འོང་ལ་མི་འགྲོ་བའི་ཆོས་རབ་ཏུ་བརྗོད་པ་དང་། ཕྱིར་མི་འོང་བ་རྣམས་ལ་ 76-1-9b ཁམས་གསུམ་དུ་མངོན་པར་དགའ་བ་མེད་པས་སྐད་ཅིག་འགའ་ཙམ་དུ་ཡང་སྐྱེ་བར་མི་སྨོན་པའི་ཕྱིར་ཟག་པ་ཟད་པ་རབ་ཏུ་བརྗོད་པ་དང་། དགྲ་བཅོམ་པ་རྣམས་ལ་མངོན་པར་ཤེས་པ་དྲུག་གིས་རྣམ་པར་འཕྲུལ་ པ་དང་། རྣམ་པར་ཐར་པ་བརྒྱད་ཀྱིས་རྣམ་པར་བརྩེ་བ་དང་། མཐར་གྱིས་སྤྱོད་ཅིང་སྙོམས་པར་འཇུག་པ་དགུའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་རབ་ཏུ་བརྗོད་ པ་དང་། རང་སངས་རྒྱས་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་འཇུག་པའི་རོ་གཅིག་པ་དང་། གཅིག་ཏུ་དགའ་བ་དང་། དབེན་པ་ལ་དགའ་བ་དང་། སྨྲ་བ་ཉུང་བ་དང་། བྱ་བ་ཉུང་བ་དང་། རང་འབྱུང་གིས་ ཡོངས་སུ་གནས་པ་དང་། ཐོས་པ་རང་གི་ཡེ་ཤེས་ཀྱིས་མངོན་པར་རྟོགས་པར་བྱ་བ་རབ་ཏུ་བརྗོད་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་བློ་གྲོས་རྒྱ་ཆེན་པོ་དང་དབང་པོ་རྣོ་བ་དང་། རྟག་ཏུ་རྒྱུན་ མི་གཅད་པར་སེམས་ཅན་རབ་ཏུ་ཐར་བར་བྱེད་པའི་སེམས་དང་། བསོད་ནམས་ཀྱི་ཚོགས་བསགས་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་ རྫོགས་པར་བྱ་བ་རབ་ཏུ་བརྗོད་པའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་རབ་ཏུ་བསྟན་པ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་ གཤེགས་པའི་ཤེས་རབ་དང་ཡེ་ཤེས་ཆེན་པོ་རབ་ཏུ་བརྗོད་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་ནན་ཏན་ཏེ། བཅུ་གང་ཞེ་ན་ འདི་ལྟར་དགེ་བའི་བཤེས་གཉེན་ལ་གུས་པར་བྱེད་པས་ཆོས་ལ་ནན་ཏན་བྱེད་པ་དང་། ལྷས་ཡང་དག་པར་བསྐུལ་ཞིང་ཆོས་ལ་ནན་ཏན་བྱེད་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ངོ་ཚ་དང་ཁྲེལ་གྱིས་ 76-1-10a མཛེམ་ཞིང་ཆོས་ལ་ནན་ཏན་བྱེད་པ་དང་། སེམས་ཅན་ལ་སྙིང་རྗེ་བའི་ཕྱིར་འཁོར་བའི་རྒྱུན་གཅོད་པས་ཆོས་ལ་ནན་ཏན་བྱེད་པ་དང་། ཤིན་ཏུ་མཐར་ཕྱིན་པར་ལེགས་པར་བྱས་པས་ཕྱིར་ འཁྲུལ་པ་མེད་པར་ཆོས་ལ་ནན་ཏན་བྱེད་པ་དང་། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེན་པོ་ཐེག་པ་ཆེན་པོ་ལ་ཞུགས་པ་གཞན་གྱི་རྗེས་སུ་བསླབ་པར་བྱའོ། །ཞེས་ཆོས་ལ་ནན་ཏན་བྱེད་པ་དང་། ཚུལ་བཞིན་གྱི་སྦྱོར་བས་ལོག་པ་སྤང་བའི་ཕྱིར་ཆོས་ལ་ནན་ཏན་བྱེད་པ་དང་། བདུད་ཀྱི་ལས་དང་ཉོན་མོངས་པ་ཐམས་ཅད་གཞོམ་པའི་ཕྱིར་ཆོས་ལ་ནན་ཏན་བྱེད་པ་དང་། སངས་རྒྱས་སུ་གྱུར་ནས་སེམས་ཅན་ ཐམས་ཅད་ཀྱི་དབང་པོ་མཆོག་དང་། འབྲིང་དང་ཐ་མ་ཤེས་པས་ཆོས་བསྟན་པར་བྱའོ། །ཞེས་ཆོས་ལ་ནན་ཏན་བྱེད་པ་དང་། སེམས་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་ལ་ཡངས་ཤིང་རྒྱ་ཆེ་བས་ ཡོངས་སུ་སྦྱང་བའི་ཕྱིར་ཆོས་ལ་ནན་ཏན་བྱེད་པའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་ནན་ཏན་ཏེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་ དེ་བཞིན་གཤེགས་པའི་ནན་ཏན་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཏེ། བཅུ་གང་ཞེ་ན། འདི་ལྟར་མངོན་པར་ཆགས་ པའི་ཕྱིར་ཕུང་པོའི་བདུད་དང་། གླགས་སུ་གྱུར་བའི་ཕྱིར་ཉོན་མོངས་པའི་བདུད་དང་། སྒྲིབ་པའི་ཕྱིར་ལས་ཀྱི་བདུད་དང་། སློང་བའི་ཕྱིར་སེམས་ཀྱི་བདུད་དང་། སྐྱེས་པ་དང་བྲལ་བར་བྱེད་པས་ཚམ་གྱི་ བདུད་དང་། གཡོ་བ་དང་རློམ་པ་དང་འགྱུར་བ་དང་། བག་མེད་པར་སྤྱོད་པས་ལྷའི་བུའི་བདུད་དང་། དེ་ལ་ཞེན་པའི་ཕྱིར་དགེ་བའི་རྩ་བའི་བདུད་དང་། རོ་མྱོང་བར་བྱེད་པའི་ཕྱིར་ཏིང་ངེ་འཛིན་གྱི་བདུད་དང་། 76-1-10b གཟུགས་བརྙན་གྱི་ཕྱིར་དགེ་བའི་བཤེས་གཉེན་གྱི་བདུད་དང་། སྨོན་ལམ་མངོན་པར་མི་བསྒྲུབ་པས་ཆོས་ཀྱི་ཡེ་ཤེས་ཁོང་དུ་ཆུད་པའི་བདུད་དོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ ཀྱི་བདུད་དེ། དེ་དག་ཡོངས་སུ་སྤང་བའི་ཕྱིར་བྱང་ཆུབ་སེམས་དཔས་བརྩོན་པར་བྱ་བ་དག་གོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ཏེ། བཅུ་གང་ཞེ་ན། འདི་ལྟར་ བྱང་ཆུབ་ཀྱི་སེམས་ཉམས་པའི་དགེ་བའི་རྩ་བ་ཐམས་ཅད་ནི་བདུད་ཀྱི་ལས་སོ། །སེམས་མི་ཉམས་པའི་སྦྱིན་པ་ཡོངས་སུ་གཏོང་བ་དང་། ཚུལ་ཁྲིམས་ལ་འཁྲུག་པ་དང་། ངན་སེམས་དང་ལྡན་པ་ཡོངས་སུ་ སྤོང་བ་དང་། ལེ་ལོ་ཅན་ཡོངས་སུ་གཏོང་བ་དང་། སེམས་འཁྲུག་པ་ལ་བརྙས་པ་དང་། ཤེས་རབ་འཆལ་བ་ཅན་ལ་སྨོད་པ་ནི་བདུད་ཀྱི་ལས་སོ། །ཆོས་ལ་སློབ་དཔོན་གྱིས་བཙབ་པ་དང་། ཆོས་ ཀྱི་སྣོད་ལ་ཁྱད་དུ་གསོད་པ་དང་། ཟང་ཟིང་ལ་འབྲེལ་པར་ཆོས་སྟོན་པ་ནི་བདུད་ཀྱི་ལས་སོ། །སྣོད་མ་ཡིན་པ་ལ་ཆོས་རྒྱ་ཆེན་པོ་སྟོན་པ་ནི་བདུད་ཀྱི་ལས་སོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་མི་ཐོས་ པ་དང་། ཐོས་ན་ལོག་པར་འཇུག་པ་དང་། ལོག་པར་ཞུགས་ནས་ལེ་ལོ་བྱེད་པ་དང་། ལེ་ལོ་བྱས་ནས་སེམས་ཞུམ་པར་བྱེད་པ་དང་། སེམས་ཞུམ་པར་གྱུར་ནས་བྱང་ཆུབ་ཀྱི་ལམ་ ཡངས་པ་དང་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་མི་འབྱུང་བ་ནི་བདུད་ཀྱི་ལས་སོ། །སྡིག་པའི་གྲོག་ལ་སྟེན་པ་དང་། དགེ་བའི་བཤེས་གཉེན་ཡོངས་སུ་སྤོང་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་འདོད་པ་དང་། སྐྱེ་བའི་སྐྱེ་མཆེད་ལ་མངོན་པར་མི་དགའ་བ་དང་། མྱ་ངན་ལས་འདའ་བ་དང་། འདོད་ཆགས་དང་བྲལ་བ་དང་། སེམས་ཉེ་བར་ཞི་བ་ནི་བདུད་ཀྱི་ལས་སོ། །བྱང་ཆུབ་ 76-1-11a སེམས་དཔའ་ལ་ཞེ་སྡང་བའི་བསམ་པ་དང་། མི་སྙན་པར་བརྗོད་པ་དང་། འཐོབ་པའི་བགེགས་བྱེད་པ་དང་། འཁྲུལ་པའི་སྐྱོན་ཚོལ་བ་དང་། མི་བདེ་བའི་མིག་གིས་ལྟ་བ་ནི་བདུད་ཀྱི་ལས་སོ། ། དམ་པའི་ཆོས་སྤོང་བ་དང་། མ་ཐོས་པའི་མདོ་སྡེ་ཐོས་ན་སྨོད་པ་དང་། ཆོས་སྨྲ་བ་གཞན་གྱིས་བཤད་པ་ཉན་པར་མི་དགའ་ཞིང་བརྙས་ཏེ། ཁྱད་དུ་བསོད་པ་དང་། བདག་སྟོད་པ་དང་། གཞན་སྨོད་པ་ནི་བདུད་ ཀྱི་ལས་སོ། །འཇིག་རྟེན་བརྒྱང་ཕན་པ་ཚོལ་ཞིང་ཡི་གེ་སྣ་ཚོགས་དང་། འབྲུ་སྣ་ཚོགས་སུ་རང་བཟོར་བྱས་པའི་རང་བཟོ་ལ་དགའ་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་གཏམ་རྗེས་སུ་དྲན་པ་དང་། ཟབ་མོའི་གཏམ་འཆད་ཅིང་སྦེད་པ་དང་། གཏམ་སྣ་ཚོགས་རྣམ་པར་བརྗོད་པ་དང་། སྣོད་མ་ཡིན་པ་ལ་ཟབ་མོའི་ཆོས་སྟོན་པ་དང་། བྱང་ཆུབ་ཀྱི་ལམ་མི་ཚོལ་བ་དང་། ལམ་ངན་པའི་རྒྱུད་ལ་གནས་ པ་ནི་བདུད་ཀྱི་ལས་སོ། །གྲོལ་བ་དང་རྒལ་བ་དང་། དབུགས་ཕྱིན་པ་ལ་ནི་སྟན་ཅིང་བསྙེན་པ་དང་། བཀུར་བ་དང་རིམ་གྲོ་བྱེད་ཀྱི་མ་གྲོལ་བ་དང་། མ་རྒལ་བ་དང་། དབུགས་མ་ཕྱིན་པ་ལ་མི་སྟེན་ མི་བསྙེན་བཀུར་བ་མི་བྱེད། རིམ་གྲོ་མི་བྱེད་ཡོངས་སུ་སྨིན་པར་མི་བྱེད་པ་དང་། མངོན་པའི་ང་རྒྱལ་དུ་ལྷུང་སྟེ། སུ་ལ་འང་མི་འདུད་ཅིང་ང་རྒྱལ་ཡོངས་སུ་འཕེལ་བར་བྱེད་པ་དང་། སེམས་ཅན་ལ་ཁོང་ཁྲོ་བ་ དང་། ཆོས་ཀྱི་ཡེ་ཤེས་མི་ཚོལ་བ་དང་། ཡེ་ཤེས་ཀྱི་གཏེར་མི་བསྲུང་བ་དང་། སེམས་རྟག་ཏུ་བརླང་བ་དང་། མགུ་དཀའ་ཞིང་གསོལ་བ་གཏབ་པར་དཀའ་བ་ནི་བདུད་ཀྱི་ལས་སོ། །ཀྱེ་རྒྱལ་བའི་སྲས་ བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱིས་ལས་ཏེ། དེ་དག་ཡོངས་སུ་སྤངས་ཤིང་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་ཆོས་ཚོལ་བར་འགྱུར་བ་དག་གོ། །ཀྱེ་རྒྱལ་བའི་ 76-1-11b སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་བཟློག་པ་སྟེ། བཅུ་གང་ཞེ་ན་འདི་ལྟར་དགེ་བའི་བཤེས་གཉེན་བཀུར་བའི་ཕྱིར་ང་རྒྱལ་ཐམས་ཅད་ཡོངས་སུ་སྤོང་བ་ནི་ བདུད་ཀྱི་ལས་བཟློག་པའོ། །བདག་ལ་མི་སྟོད་མི་བསྔགས་པ་ནི་བདུད་ཀྱི་ལས་བཟློག་པའོ། །སངས་རྒྱས་ཀྱི་ཆོས་ཟབ་མོ་ལ་མོས་ཤིང་མི་སྤོང་བ་ནི་བདུད་ཀྱི་ལས་བཟློག་པའོ། །ཐམས་ ཅད་མཁྱེན་པའི་སེམས་ཡོངས་སུ་ཉམས་པར་མི་བྱེད་པ་ནི་བདུད་ཀྱི་ལས་བཟློག་པའོ། །ཆོས་ཟབ་མོའི་ཚུལ་ལ་བརྩོན་ཞིང་བག་ཡོད་པར་གནས་པ་ནི་བདུད་ཀྱི་ལས་བཟློག་པའོ། །བྱང་ཆུབ་སེམས་དཔའི་ སྡེ་སྣོད་ལ་གནས་ཤིང་ཆོས་ཐམས་ཅད་ཡོངས་སུ་ཚོལ་བ་ནི་བདུད་ཀྱི་ལས་བཟློག་པའོ། །ཡང་ཡང་མཉེན་ཅིང་ཡང་དག་པའི་གཏམ་གྱིས་ཡོངས་སུ་མི་སྐྱོ་བ་ནི་བདུད་ཀྱི་ལས་བཟློག་པའོ། །འཇིག་ རྟེན་གྱི་ཁམས་ཐམས་ཅད་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་སྐྱབས་དང་དཔུང་གཉེན་ཚོལ་བ་ནི་བདུད་ཀྱི་ལས་བཟློག་པའོ། །བསྒྲུབས་པ་ལ་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་ རླབས་རྗེས་སུ་དྲན་ཞིང་མོས་པས་ཡང་དག་པར་ལེན་པ་ནི་བདུད་ཀྱི་ལས་བཟློགས་པའོ། །བྱང་ཆུབ་སེམས་དཔའ་གྲོགས་ཐམས་ཅད་དགེ་བའི་རྩ་བ་དང་། མི་གཉིས་པར་མངོན་པར་བསྒྲུབ་པ་ནི་བདུད་ཀྱི་ལས་ བཟློག་པའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་བཟློག་པ་སྟེ། དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་བདུད་ཀྱི་ལས་ཐམས་ཅད་ལས་འདའ་བར་འགྱུར་བ་དག་གོ། ། ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་མཐོང་བར་བྱ་བ་སྟེ། བཅུ་གང་ཞེ་ན་འདི་ལྟར་མངོན་པར་རྫོགས་པར་བྱང་ཆུབ་པའི་སངས་རྒྱས་འཇིག་རྟེན་ན་བཞུགས་ 76-1-12a པ་མངོན་པར་ཆགས་པ་མེད་པར་མཐོང་བར་བྱ་བ་དང་། སྨོན་ལམ་གྱི་སངས་རྒྱས་མངོན་པར་བསྒྲུབ་པ་དང་། ལས་རྣམ་པར་སྨིན་པའི་སངས་རྒྱས་ལ་ཡིད་ཆེས་པར་བྱ་བ་དང་། བྱིན་གྱི་ རླབས་ཀྱིས་སངས་རྒྱས་ཀྱི་རྗེས་སུ་འབྲང་བར་བྱ་བ་དང་། མྱ་ངན་ལས་འདའ་བར་སངས་རྒྱས་ཀྱི་ཡེ་ཤེས་ཁོང་དུ་ཆུད་པར་བྱ་བ་དང་། ཆོས་ཀྱི་དབྱིངས་ཀྱི་སངས་རྒྱས་ལ་ཐམས་ཅད་དུ་གཞོལ་བར་བྱ་བ་དང་། སེམས་ཀྱི་སངས་རྒྱས་གནས་པར་བྱ་བ་དང་། ཏིང་ངེ་འཛིན་གྱི་སངས་རྒྱས་ལ་ཚད་དུ་གནས་པར་མི་བྱ་བ་དང་། རང་བཞིན་འོད་གསལ་བའི་སངས་རྒྱས་རབ་ཏུ་རྟོགས་པར་བྱ་བ་དང་། བསམ་པ་ཇི་བཞིན་གྱི་ སངས་རྒྱས་རྒྱ་ཆེན་པོས་བླང་བར་བྱའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་མཐོང་བར་བྱ་བ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་ གཤེགས་པ་མཐོང་བ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་འཕྲིན་ལས་ཏེ། བཅུ་གང་ཞེ་ན་འདི་ལྟར་ཡང་དག་པའི་ ནན་ཏན་ལ་མོས་པར་བྱ་བའི་ཕྱིར་དུས་སུ་བསྐུལ་བ་ནི་སངས་རྒྱས་ཀྱི་འཕྲིན་ལས་སོ། །སྔོན་གྱི་དགེ་བའི་རྩ་བ་ཡང་དག་པར་བསྐུལ་པའི་ཕྱིར་རྨི་ལམ་དུ་སངས་རྒྱས་སྟོན་པ་ནི་སངས་རྒྱས་ཀྱི་འཕྲིན་ལས་སོ། །ཐེ་ཙོམ་མེད་པའི་ ཡེ་ཤེས་ཀྱི་ཕྱིར་མ་ཐོས་པའི་མདོ་སྡེ་སྟོན་པ་ནི་སངས་རྒྱས་ཀྱི་འཕྲིན་ལས་སོ། །ཐེ་ཙོམ་མེད་པའི་སེམས་ཀྱི་ཕྱིར་འགྱོད་པ་ཀུན་ནས་འཁོར་བས་ཡོངས་སུ་གནོན་པ་ལ་འབྱུང་བའི་ལས་ཉེ་བར་བསྒྲུབ་པ་ནི་སངས་རྒྱས་ ཀྱི་འཕྲིན་ལས་སོ། །འཇུངས་པའི་སེམས་དང་ཤེས་རབ་འཆལ་པའི་བར་གྱི་སེམས་དང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སེམས་དང་། ཐེ་ཙོམ་དང་ནེམ་ནུར་གྱི་སེམས་དང་། དེ་ལ་ཞེན་པའི་སེམས་ 76-1-12b དང་། ང་རྒྱལ་གྱི་སེམས་ཤིག་བྱུང་ན་སྔོན་དགེ་བའི་རྩ་བ་མངོན་པར་བསྒྲུབ་པའི་ཕྱིར་མཚན་གྱིས་བརྒྱན་པའི་དེ་བཞིན་གཤེགས་པའི་སྐུ་མདུན་དུ་གནས་ཏེ་བཟློག་པ་ནི་སངས་རྒྱས་ཀྱི་འཕྲིན་ལས་སོ། །ཆོས་མཉན་ པའི་མུ་གེ་བྱུང་བའི་ཚེ། ཆོས་མཉན་པ་གང་ཐོས་པས་གཟུངས་ཀྱི་ཡེ་ཤེས་ཐོབ་པར་འགྱུར་བ་དེ་ལྟ་བུའི་ཆོས་མཉན་པ་ཐོས་པར་བྱེད་ཅིང་མངོན་པར་ཤེས་པའི་ཡེ་ཤེས་ཉེ་བར་བསྟན་ཏེ། མོས་པ་ཤིན་ཏུ་ རྣམ་པར་དག་པའི་ཕྱིར་སེམས་ཅན་གྱི་དོན་ཚད་མེད་པ་ལ་བརྩོན་པར་སྦྱང་བ་འདི་ནི་སངས་རྒྱས་ཀྱི་འཕྲིན་ལས་དྲུག་པའོ། །བདུད་ཀྱི་ལས་ཤིག་བྱུང་བར་གྱུར་ན་ནམ་མཁའི་དབྱིངས་ལས་སྒྲ་སྒྲག་པའི་ཚུལ་ལམ། འོན་ཏམ་ཡན་ལག་ནས་རྒྱུད་པའི་ཚུལ་ལམ། ཐབས་སྣ་ཚོགས་ཀྱིས་བདུད་ཀྱི་ལས་དེ་དག་ཤེས་པར་བྱེད་པ་དང་། ཁོང་དུ་ཆུད་པར་བྱེད་པ་དང་། བརྩལ་བར་འདོད་པར་བྱེད་ཅིང་དེ་ཐོས་ནས་ལྷག་པའི་བསམ་པ་ ཆེ་བ་ཉིད་ཀྱིས་མནན་ཏེ། སྤྱོད་པར་འགྱུར་བ་འདི་ནི་སངས་རྒྱས་ཀྱི་འཕྲིན་ལས་བདུན་པའོ། །སྔོན་སྨོན་ལམ་ཤིན་ཏུ་བསྒྲུབས་པས་མཚམས་མེད་པའི་སེམས་ལས་ཡོངས་སུ་བསྲུང་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སྐྱོན་མེད་པར་འཇུག་པ་ལས་བསྲུང་བ་དང་། དབང་པོ་མ་སྨིན་པར་རྣམ་པར་གྲོལ་བར་དམིགས་པ་ལས་བཟློག་པ་ནི་སངས་རྒྱས་ཀྱི་འཕྲིན་ལས་སོ། །འཁོར་བརྒྱུད་དུ་ འབྲེལ་བར་བྱེད་པའི་ཟག་པ་རྣམས་ཡོངས་སུ་གཅོད་པ་ཡོངས་སུ་འབྲེལ་བར་བྱེད་པའི་ཀུན་ཏུ་སྦྱོར་བ་རྣམས་ཡང་དག་པར་བསྒྲུབ་པ་དང་། སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་མངོན་པར་བསྒྲུབ་པ་དང་། སྤྱོད་པ་ཡོངས་སུ་བསྒྲུབ་པར་མོས་ཀྱང་སྦྱོར་བ་མྱ་ངན་ལས་འདས་པ་དེ་ནི་སངས་རྒྱས་ཀྱི་འཕྲིན་ལས་དགུ་པ་སྟེ། སྤྱོད་པ་རྒྱུན་མི་འཆད་པའི་རྒྱུར་འགྱུར་བའོ། །ཀྱེ་རྒྱལ་བའི་སྲས་ཁྱོད་ཚུར་ཤོགས་ 76-1-13a བདག་དང་སེམས་ཅན་ཀྱང་ཡོངས་སུ་མྱ་ངན་ལས་འདས་པར་ཤེས་པར་གྱིས་ལ། སེམས་ཅན་མ་རྒལ་བས་མི་འཇིགས་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བཙལ་བས་མི་ངོམས་པ་ལ་ སེམས་ཞོག་ཤིག །མངོན་པར་འདུ་བྱེད་པའི་རང་བཞིན་གྱི་མཚན་ཉིད་ཀྱང་མ་བཏང་ཤིག །སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་ཡང་མ་དོར་ཅིག །འདོད་ཆགས་དང་བྲལ་བ་ཡང་ཐོབ་པར་གྱིས་ཤིག ། ཆོས་ཐམས་ཅད་ལ་ཆགས་པ་མེད་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་བཙལ་བར་གྱིས་ཤིག །ཆོས་ཐམས་ཅད་ལ་གཞན་གྱི་དྲིང་འཇོག་པ་མེད་པར་སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་སྦྱང་བར་གྱིས་ ཤིག །ཞིང་གི་མཚན་ཉིད་ནམ་མཁའ་ལྟ་བུར་ཡང་ཤེས་པར་གྱིས་ཤིག །སེམས་ཅན་ཡོངས་སུ་སྨིན་པར་བྱ་བས་ཀྱང་མ་སྐྱེས་ཤིག །བདག་མེད་པའི་མཚན་ཉིད་ཀྱང་མ་སྤོང་ཤིག །མངོན་པར་ཤེས་པའི་ ཡེ་ཤེས་ལ་འང་རྣམ་པར་འཕྲུལ་བར་གྱིས་ཤིག །ཆོས་ཀྱི་དབྱིངས་ལས་ཀྱང་མ་གཡོ་ཤིག །བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཡང་མ་བཏང་ཤིག །ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འང་འབྱུང་བར་གྱིས་ ཤིག །ཆོས་ཀྱི་འཁོར་ལོ་བསྐོར་བས་ཀྱང་སེམས་ཅན་ཐམས་ཅད་ཚིམ་པར་གྱིས་ཤིག །ཆོས་ཉིད་བརྗོད་དུ་མེད་པ་ལས་ཀྱང་འདའ་བར་མ་བྱེད་ཅིག །དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་དང་། བྱིན་གྱིས་རླབས་ཀྱང་ཡོངས་སུ་སྟོན་ཅིག །བྱང་ཆུབ་སེམས་དཔའི་ལུས་ཀྱང་མ་དོར་ཅིག །ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཡོངས་སུ་སྟོན་ཅིག །སྐྱེ་བའི་སྐྱེ་མཆེད་ཐམས་ཅད་དུ་ཡང་སྣང་ བར་གྱིས་ཤིག །ཀྱེ་རྒྱལ་བའི་སྲས་རྣམ་པ་དེ་ལྟ་བུའི་ཆོས་ཟུང་དང་སྣྲེལ་བཞིར་བསྒྲུབ་པ་མངོན་པར་བསྒྲུབ་པ་རྣམས་ཉེ་བར་བསྒྲུབ་པ་འདི་ནི་སངས་རྒྱས་ཀྱི་འཕྲིན་ལས་ཡང་དག་ཕུལ་གྱི་ཆོས་བཅུ་ 76-1-13b པའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་འཕྲིན་ལས་ཏེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་རང་འབྱུང་གི་འཕྲིན་ལས་གཞན་གྱིས་དྲིང་མི་འཇོག་པ་ བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ང་རྒྱལ་གྱི་ལས་ཏེ། བཅུ་གང་ཞེ་ན་འདི་ལྟར་བླ་མ་དང་། སྦྱིན་པའི་གནས་དང་། ཕ་དང་མ་དང་དགེ་ སྦྱོང་དང་། བྲམ་ཟེ་དང་། ཡང་དག་པར་སོང་བ་དང་། ཡང་དག་པར་ཞུགས་པ་ལ་རིམ་གྲོ་མེད་པ་ནི་ང་རྒྱལ་གྱི་ལས་སོ། །ཆོས་སྨྲ་བ་དང་ཁྱད་པར་གྱི་ཆོས་ཁོང་དུ་ཆུད་པ་དང་། ཆོས་རྒྱ་ཆེན་པོ་སྟོན་པ་དང་། ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་དང་། འབྱུང་བའི་ལམ་གྱི་ཚུལ་ཤེས་པ་དང་། གཟུངས་དང་མདོ་སྡེ་ལ་ཤིན་ཏུ་བྱང་བ་རྣམས་ལ་མི་འདུད་ཏེ། ཁེངས་ཤིང་འགྱོད་ལ་ཆོས་སྨྲ་བ་ལ་གུས་པ་མི་བསྐྱེད་ པ་དང་། གུས་པར་མི་ཉན་པ་དང་། ཞེ་ས་མི་བྱེད་པ་ནི་ང་རྒྱལ་གྱི་ལས་སོ། །ཆོས་ཉན་པ་དང་ཡང་དག་པའི་གཏམ་བྱ་བར་འདུག་པ་ལས་ཆོས་ཀྱི་ཤུགས་ཆེན་པོ་སྐྱེས་ཀྱང་ཆོས་སྨྲ་བ་ལ་ལེགས་སོ་བྱ་བ་མི་ སྟེར་ཅིང་ལ་ལ་ཞིག་འདི་ལ་དད་པར་གྱུར་དུ་འོང་ངོ་། །སྙམ་པ་ནི་ང་རྒྱལ་གྱི་ལས་སོ། །ལྷག་པའི་ང་རྒྱལ་བསྐྱེད་དེ་བདག་གི་གཟེངས་བསྟོད་ཅིང་གཞན་གྱི་ཉམས་སྨོད་པ་དང་། རང་གི་དྲོད་མི་འཛིན་ཅིང་ སེམས་ངེས་པར་རྟོགས་པ་མི་བསྐྱེད་པ་ནི་ང་རྒྱལ་གྱི་ལས་སོ། །མཐོང་བའི་ང་རྒྱལ་བསྐྱེད་དེ་ཤེས་བཞིན་དུ་བསྔགས་པར་འོས་པའི་གང་ཟག་རྣམས་ཀྱི་ལེགས་པ་འཆབ་པ་དང་། མི་སྙན་པར་བརྗོད་ཅིང་ གཞན་གྱི་ཡོན་ཏན་བསྔགས་པས་དགའ་བར་མི་འགྱུར་བ་འདི་ནི་ང་རྒྱལ་གྱི་ལས་སོ། །འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་ཡང་དག་པའི་སངས་རྒྱས་ཀྱི་བཀའ་ཡིན་ནོ། །ཞེས་བྱ་བར་ཤེས་པ་གང་ 76-1-14a ཟག་ལ་ཞེ་སྡང་ཞིང་ཆོས་ལ་ཞེ་སྡང་བ་དང་། ཆོས་སྤོང་བ་དང་། གཞན་ཡང་དག་པར་ལྡོག་པར་བྱེད་པ་ནི་ང་རྒྱལ་གྱི་ལས་སོ། །བསྟན་མཐོན་པོ་འདོད་ཅིང་གཅེས་པའི་ཆོས་ཚོལ་བ་ གཞན་གྱི་རིམ་གྲོ་བྱ་བར་སྡོད་ཅིང་མངོན་པར་དགའ་བ་དང་། གནས་བརྟན་རྒན་པ་ཚངས་པའི་སྤྱོད་པ་ཡུན་རིང་དུ་སྤྱོད་པ་རྣམས་ལ་མི་ལྡང་ཞིང་མི་བསྩུ་བ་དང་། བསྙན་བཀུར་མི་བྱེད་པ་ནི་ང་རྒྱལ་གྱི་ལས་སོ། ། བཞིན་ཁྲོ་གཉེར་ཅན་དུ་བྱས་ཤིང་མི་འཛུམ་པ་དང་ཚིག་འཇམ་ཞིང་མཉེན་པ་མེད་ལ་རྟགས་ཏུ་ཁེངས་པའི་སེམས་ཀྱིས་ཀླན་ཀ་ཚོལ་ཞིང་གླགས་ལྟ་བ་ནི་ང་རྒྱལ་གྱི་ལས་སོ། །ལྷག་པའི་ང་རྒྱལ་དུ་ ལྷུང་ཞིང་མཁས་པའི་དྲུང་དུ་མི་འགྲོ་མི་བསྟེན་མི་བསྙེན་རིམ་གྲོ་མི་བྱེད་ཅིང་དགེ་བ་ནི་གང་། མི་དགེ་བ་ནི་གང་། བྱ་བ་ནི་ཅི་མི་བྱ་བ་ནི་ཅི་ཞིག་བྱས་ན་ཡུན་རིང་པོར་དོན་དང་བདེ་བ་དང་ཕན་པར་འགྱུར་ཞེས་མི་འདྲི་ མི་དཔྱོད་དེ། དེ་རྨོངས་པ་ལས་ཀྱང་ཆེས་རྨོངས་པར་གྱུར་ནས་གཏི་མུག་གིས་བློང་ཞིང་ང་རྒྱལ་གྱིས་རྒྱལ་ཏེ། འབྱུང་བ་མི་མཐོང་བ་ནི་ང་རྒྱལ་གྱི་ལས་སོ། །དེ་མངོན་པའི་ང་རྒྱལ་གྱི་ཟིལ་གྱིས་ནོན་ པས་སངས་རྒྱས་སྐྱེ་བ་མཉེས་པར་མི་བྱེད་པ་དང་། སྔོན་གྱི་དགེ་བའི་རྩ་བ་ཟད་པར་བྱེད་ཅིང་གསར་དུ་མི་བསྒྲུབ་ལ་མི་བཤད་པ་འཆད་པ་དང་། འཐབ་མོ་བྱེད་ཅིང་རྩོད་པ་མང་བར་གྱུར་ཏེ། དེ་དེ་ ལྟ་བུའི་ཆོས་ལ་མང་དུ་སྤྱོད་པས་འདོད་པ་ང་རྒྱལ་ཆེན་པོར་ལྷུང་བའི་གནས་སུ་གྱུར་ཀྱང་བྱང་ཆུབ་སེམས་དཔའི་སྟོབས་དང་ཤུགས་ཀྱིས་དེ་ད་དུང་དབང་ཕྱུག་ཐོབ་པར་འགྱུར་ཡང་བསྐལ་པ་བརྒྱ་སྟོང་དུ་མར་ ཡང་སངས་རྒྱས་སྐྱེ་བ་མཐོང་བར་ཡང་མི་འགྱུར་ན་ཆོས་ཉན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། འདི་ནི་ང་རྒྱལ་གྱི་ལས་བཅུ་པའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ 76-1-14b ང་རྒྱལ་གྱི་ལས་ཏེ། དེ་དག་ཡོངས་སུ་སྤངས་ཤིང་བྱང་ཆུབ་སེམས་དཔའ་རྣམས་ཡེ་ཤེས་ཀྱི་ལས་བཅུ་འཐོབ་པར་འགྱུར་བ་དག་གོ། །།སངས་རྒྱས་རྨད་ག་གཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། ། བམ་པོ་གཉིས་པ། ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ལས་ཏེ། བཅུ་གང་ཞེ་ན། འདི་ལྟར་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པས་རྒྱུ་དང་འབྲས་བུ་ ཆུད་མི་ཟ་བ་ནི་ཡེ་ཤེས་ཀྱི་ལས་སོ། །བྱང་ཆུབ་ཀྱི་སེམས་མི་གཏོང་བས་རྟག་ཏུ་རྒྱུན་མི་འཆད་པར་སངས་རྒྱས་ཡིད་ལ་བྱེད་པ་ནི་ཡེ་ཤེས་ཀྱི་ལས་སོ། །དགེ་བའི་བཤེས་གཉེན་ལ་བསྙན་ཅིང་སྟེན་པ་དང་། རིམ་གྲོར་བྱེད་ཅིང་དེ་ལ་ལྡང་བ་དང་། བསྙན་བཀུར་དང་། བླ་མར་བྱ་བ་དང་། ཉན་པར་དགའ་བ་ནི་ཡེ་ཤེས་ཀྱི་ལས་སོ། །ཆོས་དོན་ཏུ་གཉེར་ཅིང་ཆོས་འདོད་པ་དང་། ཆོས་ཚོལ་བ་དང་། ཐོས་པ་བཙལ་ བས་མི་ངོམས་པ་དང་། ཚུལ་བཞིན་ཡིད་ལ་བྱ་བས་སྦྱོར་བ་དང་། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ཡོངས་སུ་སྤོངས་པ་ནི་ཡེ་ཤེས་ཀྱི་ལས་སོ། །སེམས་ཅན་རྣམས་ལ་ང་རྒྱལ་མེད་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་པ་ཙམ་དུ་གཅེས་པར་སེམས་པ་དང་། ཆོས་རྣམས་ལ་བདག་ཙམ་དུ་གཅེས་པར་སེམས་པ་དང་། དེ་བཞིན་གཤེགས་པ་རྣམས་ལ་སྲོག་ཙམ་དུ་གཅེས་ པར་སེམས་པ་དང་། ནན་ཏན་ཉམས་སུ་བླང་བ་ལ་སངས་རྒྱས་ཙམ་དུ་གཅེས་པར་སེམས་པ་ནི་ཡེ་ཤེས་ཀྱིས་ལས་སོ། །ལུས་དང་ངག་དང་ཡིད་ཀྱི་ལས་ཁ་ན་མ་ཐོ་བ་མེད་པ་དང་། ཚོལ་བའི་ དབང་པོ་སྨད་དུ་མི་རུང་བ་དང་། འཚོ་བ་མཁས་པས་བསྔགས་པ་དང་། བྱང་ཆུབ་ཀྱི་ལས་ཀྱི་རྗེས་སུ་རྩོམ་པའི་རྩོལ་བ་ནི་ཡེ་ཤེས་ཀྱི་ལས་སོ། །རྟེན་ཅིང་འབྲེལ་བར་འབྱུང་བ་དང་། 76-1-15a མི་འགལ་བ་དང་ཐིབས་པོ་དང་བྲལ་བ་དང་། གཏི་མུག་གི་མུན་པ་དང་། རབ་རིབ་སེལ་བ་དང་། མ་རིག་པའི་མུན་ནག་མེད་པར་བྱེད་པ་དང་། ཆོས་ཐམས་ཅད་ལ་ཤེས་རབ་ཀྱི་སྣང་བ་རབ་ཏུ་འཐོབ་ པར་བྱེད་པ་ནི་ཡེ་ཤེས་ཀྱི་ལས་སོ། །ཡོངས་སུ་བསྔོ་བ་བཅུའི་རྗེས་སུ་འབྲང་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་མར་འདུ་ཤེས་པ་དང་། ཐབས་མཁས་པ་ལ་ཕར་འདུ་ཤེས་པ་དང་། བསམ་པ་ བྱང་ཆུབ་ཀྱི་རྣམ་པ་ལ་ཞུགས་པ་ནི་ཡེ་ཤེས་ཀྱི་ལས་སོ། །སྦྱིན་པ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། ལྷག་མཐོང་དང་ཞི་གནས་ཡོངས་སུ་ཚོལ་བ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ ཚོགས་ཡོངས་སུ་ཚོལ་བས་མི་སྐྱོ་བ་ནི་ཡེ་ཤེས་ཀྱི་ལས་སོ། །ལས་གང་སངས་རྒྱས་ཀྱིས་བསྔགས་པ་བདུད་ཀྱི་དཀྲུགས་མ་དང་། ཉོན་མོངས་པ་ཐམས་ཅད་དང་བྲལ་བ་བསྒྲིབ་པ་དང་། གཅོད་པ་དང་། ཀུན་ནས་འཁོར་བ་ཐམས་ཅད་ཡོངས་སུ་ཆད་པ་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། རྣམ་པར་འདུལ་བའི་ཡེ་ཤེས་དང་མཐུན་པ་དམ་པའི་ཆོས་ཡོངས་སུ་བཟུང་བ་ལ་ བརྩོན་པ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པའི་མངོན་པར་ཤེས་པ་དང་། རིག་པའི་ཡེ་ཤེས་མངོན་སུམ་དུ་གྱུར་ཅིང་དེ་ལྟ་བུའི་ལས་བྱེད་པ་འདི་ནི་ཡེ་ཤེས་ཀྱི་ལས་ཡང་དག་ཕུལ་གྱི་ཆོས་དང་ ལྡན་པ་བཅུ་པའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ལས་ཏེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་ཆེན་ པོ་སྔོན་དུ་འགྲོ་བས་མངོན་པར་བསྒྲུབ་པ་ལ་མཁས་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་བྱིན་གྱིས་རླབས་ཏེ། བཅུ་གང་ 76-1-15b ཞེ་ན་འདི་ལྟར་སེམས་ཞུམ་པར་གྱུར་པ་ནི་བདུད་ཀྱི་བྱིན་གྱི་རླབས་སོ། །བསམ་པ་འཁྲུགས་པ་ནི་བདུད་ཀྱི་བྱིན་གྱི་རླབས་སོ། །རྒྱ་ཆུང་ངུས་མགུ་བ་ནི་བདུད་ཀྱི་བྱིན་གྱི་རླབས་སོ། །གཅིག་ལས་མི་བཟོད་པ་ནི་ བདུད་ཀྱི་བྱིན་གྱི་རླབས་སོ། །སྨོན་ལམ་ལ་ལྷག་པར་མི་དམིགས་པ་ནི་བདུད་ཀྱི་བྱིན་གྱི་རླབསོ། །ཉོན་མོངས་པ་རྣམ་པར་བཟློག་པ་དང་། ཞི་བ་འདོད་པ་ནི་བདུད་ཀྱི་བྱིན་གྱི་རླབས་སོ། །འཁོར་བའི་ རྒྱུན་མི་གཅོད་པ་ནི་བདུད་ཀྱི་བྱིན་གྱི་རླབས་སོ། །སྤྱོད་པ་ལས་ཕྱིར་ལྡོག་པ་ནི་བདུད་ཀྱི་བྱིན་གྱི་རླབས་སོ། །སེམས་ཅན་ཡོངས་སུ་སྨིན་པར་མི་བྱེད་པ་ནི་བདུད་ཀྱི་བྱིན་གྱི་རླབས་སོ། །ཆོས་ལ་ཐེ་ ཙོམ་ཟ་ཞིང་དམ་པའི་ཆོས་སྤོང་བ་ནི་བདུད་ཀྱི་བྱིན་གྱི་རླབས་སོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བདུད་ཀྱི་བྱིན་གྱི་རླབས་ཏེ། དེ་དག་ཡོངས་སུ་སྤངས་ཤིང་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་ བྱིན་གྱི་རླབས་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་བྱིན་གྱི་རླབས་ཏེ། བཅུ་གང་ཞེ་ན་འདི་ལྟར་ཐོག་མར་བྱང་ཆུབ་ ཏུ་སེམས་བསྐྱེད་པ་ནི་སངས་རྒྱས་ཀྱི་བྱིན་གྱི་རླབས་སོ། །ཚེ་རབས་སུ་བྱང་ཆུབ་ཀྱི་སེམས་མི་སྟོར་བ་ནི་སངས་རྒྱས་ཀྱི་བྱིན་གྱི་རླབས་སོ། །བདུད་ཀྱི་ལས་ཁོང་དུ་ཆུད་ཅིང་དེ་རྣམ་པར་བཟློག་པ་ནི་སངས་རྒྱས་ཀྱི་བྱིན་ གྱི་རླབས་སོ། །ཕ་རོལ་ཏུ་ཕྱིན་པ་གྲག་ཅིང་ཐོས་པར་འགྱུར་བ་དང་། ཐོས་ནས་ཀྱང་ནན་ཏན་བྱེད་པ་ནི་སངས་རྒྱས་གྱི་བྱིན་གྱི་རླབས་སོ། །འཁོར་བའི་སྡུགས་བསྔལ་རབ་ཏུ་ཤེས་ཤིང་ཡོངས་སུ་སྐྱོ་བར་མི་བྱེད་པ་ནི་ སངས་རྒྱས་ཀྱི་བྱིན་གྱི་རླབས་སོ། །ཆོས་ཟབ་མོ་རྟོགས་པར་བྱ་བས་འབྲས་བུ་ཐོབ་པར་བྱེད་པ་ནི་སངས་རྒྱས་ཀྱི་བྱིན་གྱི་རླབས་སོ། །སེམས་ཅན་རྣམས་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྣམ་པར་གྲོལ་བས་ 76-1-16a ཆོས་སྟོན་ཀྱང་དེའི་རྣམ་པར་གྲོལ་བ་ལ་མི་མོས་པ་ནི་སངས་རྒྱས་ཀྱི་བྱིན་གྱི་རླབས་སོ། །འདུས་བྱས་ཀྱི་རང་བཞིན་ལ་རྟོག་ཅིང་འདུས་མ་བྱས་ལ་མི་གནས་ལ། འདུས་བྱས་དང་འདུས་མ་བྱས་ལ་མི་ གཉིས་པར་འདུ་ཤེས་པ་ནི་སངས་རྒྱས་ཀྱི་བྱིན་གྱི་རླབས་སོ། །ཉིང་གི་མཚམས་སྦྱོར་བ་ལ་གནས་ཀྱང་ཉིང་གི་མཚམས་སྦྱོར་བ་སེལ་བ་ནི་སངས་རྒྱས་ཀྱི་བྱིན་གྱི་རླབས་སོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ ཁོང་དུ་ཆུད་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྒྲུབ་པའི་རིགས་རྒྱུན་མི་གཅོད་པ་ནི་སངས་རྒྱས་ཀྱི་བྱིན་གྱི་རླབས་སོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་སངས་རྒྱས་ཀྱི་བྱིན་གྱི་རླབས་ཏེ། དེ་དག་ལ་གནས་ཤིང་ བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་དེ་བཞིན་གཤེགས་པའི་སྟོབས་བཅུའི་བྱིན་གྱི་རླབས་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་ བྱིན་གྱི་རླབས་ཏེ། བཅུ་གང་ཞེ་ན་འདི་ལྟར་འདུས་བྱས་ཐམས་ཅད་མི་རྟག་གོ་ཞེས་བྱ་བ་ནི་ཆོས་ཀྱི་བྱིན་གྱི་རླབས་སོ། །འདུས་བྱས་ཐམས་ཅད་སྡུག་བསྔལ་ལོ་ཞེས་བྱ་བ་ནི་ཆོས་ཀྱི་བྱིན་གྱི་རླབས་སོ། །འདུ་བྱེད་ ཐམས་ཅད་བདག་མེད་དོ་ཞེས་བྱ་བ་ནི་ཆོས་ཀྱི་བྱིན་གྱི་རླབས་སོ། །མྱ་ངན་ལས་འདས་པ་ཞི་བའོ་ཞེས་བྱ་བ་ནི་ཆོས་ཀྱི་བྱིན་གྱི་རླབས་སོ། །ཆོས་རྣམས་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། རྐྱེན་རྣམས་མེད་པར་མི་ འབྱུང་བ་ནི་ཆོས་ཀྱི་བྱིན་གྱི་རླབས་སོ། །ཚུལ་བཞིན་མ་ཡིན་པ་ཀུན་ནས་བྱུང་བས་མ་རིག་པ་ཀུན་ནས་འབྱུང་ངོ་། །མ་རིག་པ་ཀུན་ནས་འབྱུང་བས་རྒ་ཤིའི་བར་དུ་ཀུན་ནས་འབྱུང་ངོ་། །ཚུལ་བཞིན་མ་ཡིན་པ་འགགས་པས་ མ་རིག་པ་འགག་གོ། །མ་རིག་པ་འགགས་པས་རྒ་ཤིའི་བར་དུ་འགག་པར་འགྱུར་བ་ནི་ཆོས་ཀྱི་བྱིན་གྱི་རླབས་སོ། །ཉན་ཐོས་ཀྱི་ཐེག་པ་རྣམ་པར་ཐར་པའི་སྒོ་གསུམ་གྱིས་བྱུང་བ་དང་། རང་སངས་རྒྱས་ཀྱི་ཐེག་པ་ 76-1-16b ཉོན་མོངས་པ་མེད་པའི་ཆོས་ཁོང་དུ་ཆུད་པས་བྱུང་བ་ནི་ཆོས་ཀྱི་བྱིན་གྱི་རླབས་སོ། །ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བསྡུ་བའི་དངོས་པོ་བཞིས་བྱུང་བ་ནི་ཆོས་ཀྱི་བྱིན་གྱི་རླབས་སོ། །སངས་རྒྱས་ཀྱི་ཡུལ་ཞིང་ ཐམས་ཅད་དང་། ཆོས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་དང་དུས་ཐམས་ཅད་རབ་ཏུ་མཁྱེན་པའི་ཡེ་ཤེས་མངའ་བ་ནི་ཆོས་ཀྱི་བྱིན་གྱི་རླབས་སོ། །མྱ་ངན་ལས་འདས་པ་ཡིད་ལ་བྱ་བ་ཐམས་ཅད་ཡོངས་སུ་ ཆད་པ་དང་། འཛིན་པ་ཐམས་ཅད་རྣམ་པར་སྤངས་པ་དང་། སྔོན་གྱི་མཐའ་དང་ཕྱི་མའི་མཐའི་རང་བཞིན་གྱི་རྗེས་སུ་སོང་བར་ཤེས་པ་ནི་ཆོས་ཀྱི་བྱིན་གྱི་རླབས་སོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་ སེམས་དཔའ་རྣམས་ཀྱི་ཆོས་ཀྱི་བྱིན་གྱི་རླབས་ཏེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་ འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་ལྡན་ན་གནས་པའི་ལས་ཏེ། འདི་ལྟར་བཅུ་གང་ཞེ་ན་འདི་ལྟར་འདོད་པའི་ཁམས་ཀྱི་ལྷའི་བུ་རྣམས་ལ་འདོད་པའི་བདེ་བ་བསྟན་པ་དང་། དབང་ཕྱུག་མི་རྟག་པ་བསྟན་པ་དང་། ཕུན་སུམ་ཚོགས་པ་ཐམས་ཅད་རྒུད་པར་འགྱུར་བ་བསྟན་པ་དང་དེ་དག་བྱང་ཆུབ་ཀྱི་སེམས་ལ་ཡང་དག་པར་དགོད་པ་འདི་ནི་དགའ་ལྡན་ན་གནས་པའི་ལས་དང་པོའོ། །གཟུགས་ཀྱི་ཁམས་ཀྱི་ལྷའི་བུ་རྣམས་ལ་བསམ་ གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང་། རྣམ་པར་ལྡང་བ་སྟོན་ཅིང་བསམ་གཏན་དང་། བསམ་གཏན་གྱི་ཡན་ལག་དེ་དག་ལ་མངོན་པར་ཞེན་པ་དང་། སྲེད་པས་བྱུང་བའི་འཇིག་ཚོགས་ སུ་ལྟ་བ་དང་། གཏི་མུག་གི་ཤས་ཆེ་བའི་ཉོན་མོངས་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་བསྟན་པ་དང་། གཟུགས་དང་གཟུགས་མེད་པའི་ཕྱིན་ཅི་ལོག་ལ་ཞུགས་པ་ཐམས་ཅད་ལ་སྡུག་པར་ཡིད་ལ་བྱེད་པ་ 76-1-17a ཐམས་ཅད་མི་སྡུག་ཅིང་མི་རྟག་པར་ཡོངས་སུ་བསྟན་ཏེ། བྱང་ཆུབ་ཀྱི་སེམས་ལ་དགོད་པ་འདི་ནི་དགའ་ལྡན་ན་གནས་པའི་ལས་གཉིས་པའོ། །ཀྱེ་རྒྱལ་བའི་སྲས་དགའ་ལྡན་གྱི་གནས་རབ་ཏུ་ གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་རྒྱན་བཟང་པོའི་ཏིང་ངེ་འཛིན་ལ་གནས་ཏེ། ལུས་ལས་འོད་བཀྱེ་ཞིང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྣང་བ་ཆེན་པོས་རྒྱས་པར་བཀང་ནས་ སེམས་ཅན་རྣམས་ལ་དད་པ་ཇི་ལྟ་བ་བཞིན་དུ་ཆོས་སྣ་ཚོགས་ཀྱི་སྒྲ་སྐད་རབ་ཏུ་བརྗོད་དེ་ཆོས་ཀྱི་སྒྲ་སྐད་དེ་དག་ཐོས་ནས་སེམས་དང་བར་གྱུར་ཏེ། དགའ་ལྡན་གྱི་ལྷ་དང་བརྟུལ་ཞུགས་མཐུན་པར་སྐྱེ་བར་འགྱུར་ཞིང་། དེ་ལྟར་སྐྱེས་ནས་ཀྱང་བྱང་ཆུབ་ཀྱི་སེམས་ལ་འགོད་པ་འདི་ནི་དགའ་ལྡན་ན་གནས་པའི་ལས་གསུམ་པའོ། །ཀྱེ་རྒྱལ་བའི་སྲས་དགའ་ལྡན་གྱི་གནས་རབ་ན་གནས་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་ དཔའི་མིག་སྒྲིབ་པ་མེད་པས། ཕྱོགས་བཅུའི་དགའ་ལྡན་གྱི་གནས་རབ་ན་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་གིས་ཀྱང་བྱང་ཆུབ་སེམས་དཔའ་དེ་མཐོང་ངོ་། ། མཐོང་ནས་ཀྱང་ཆོས་ཡང་དག་པར་འགྲོ་བ་ཆེན་པོ་དང་། ཡང་དག་པའི་ཆོས་ཀྱི་གཏམ་ཆེན་པོ་བྱེད་དོ། །ཡུམ་གྱི་སྐུར་གཤེགས་པ་དང་། སྐྱེ་བ་དང་འབྱུང་བ་དང་། སྙིང་རྗེ་བྱང་ཆུབ་ཀྱི་རྒྱན་རྣམ་པར་བཀོད་པ་ཡང་ཡང་ དག་པར་བགྲོའོ། །སྔོན་གྱི་སྤྱོད་པ་གང་གིས་ཡེ་ཤེས་ཆེ་བ་ཉིད་དེ་ཐོབ་པར་གྱུར་པའི་སྔོན་གྱི་སྤྱོད་པ་དག་ཀྱང་རབ་ཏུ་བརྗོད་དོ། །གནས་ནས་མི་གཡོ་ཡང་བྱ་བ་དེ་ལྟ་བུ་དག་སྟོན་པ་འདི་ནི་དགའ་ལྡན་ན་གནས་པའི་ལས་བཞི་པའོ། ། ཀྱེ་རྒྱལ་བའི་སྲས་དགའ་ལྡན་གྱི་གནས་ན་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའའི་དྲུང་དུ་བྱང་ཆུབ་སེམས་དཔའ་དེ་ལ་བལྟ་བ་དང་ཕྱག་བྱ་བ་དང་། བསྙེན་བཀུར་བའི་ཕྱིར་ཕྱོགས་བཅུ་ནས་དགའ་ལྡན་གྱི་གནས་ 76-1-17b རབ་ན་འཁོད་པའི་བྱང་ཆུབ་སེམས་དཔའ་རྣམས་འོང་སྟེ། བྱང་ཆུབ་སེམས་དཔའ་དེ་དག་གི་སེམས་དང་བསམ་པ་ཡོངས་སུ་ཚིམ་པར་བྱ་བ་དང་། སྨོན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཆོས་ཡང་དག་པར་ བགྲོ་བའི་སྒོ་ཆེན་པོ་ཡང་དག་པར་སྟོན་ཏེ། སོ་སོའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གང་ལ་བྱ་བ་དང་། གང་སྤང་བ་དང་གང་བསྒོམ་པ་དང་གང་མངོན་དུ་བྱ་བ་དེ་དག་ཀྱང་ཡང་དག་པར་སྟོན་ཏོ། ། ཡང་དག་པར་བགྲོ་བའི་ཆོས་དེ་དག་ཐོས་ནས་ཀྱང་རབ་ཏུ་དགའ་ཞིང་མགུ་བ་དང་། རངས་པས་ལེགས་པར་བརྗོད་དོ། །རང་རང་གི་གནས་སུ་འདོང་བར་འགྱུར་བ་འདི་ནི་དགའ་ལྡན་ན་གནས་པའི་ལས་ལྔ་པའོ། །ཀྱེ་ རྒྱལ་བའི་སྲས་དགའ་ལྡན་གྱི་གནས་རབ་ན་གནས་པའི་གན་དུ་ནམ་བདུད་སྡིག་ཅན་འདོད་པའི་ཁམས་ཀྱི་དབང་པོ་འཁོར་མང་པོས་ཡོངས་སུ་བསྐོར་བ་ཞིག་གླགས་བཙལ་བའི་ཕྱིར་འོངས་པར་གྱུར་ན་འང་དེའི་ཚེ་བྱང་ཆུབ་སེམས་ དཔའ་བདུད་ཐམས་ཅད་ཚར་གཅོད་པ་ཞེས་བྱ་བའི་རྡོ་རྗེའི་ཚིག་ལ་གནས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་མཁས་པས་ཡང་དག་པར་གཟུང་བ་ཡེ་ཤེས་ཀྱི་སྒོས་མཉམ་ཞིང་མཉན་པའི་མཐའ་གཉིས་བཟུང་ ནས་ཅི་ནས་ཀྱང་བདུད་སྡིག་ཅན་གྱིས་གླགས་རྙེད་པར་མི་འགྱུར་བ་དེ་ལྟ་དེ་ལྟར་བྱིན་གྱིས་རློབས་བོ། །དེ་ལྟ་དེ་ལྟར་ཆོས་ཀྱང་སྟོན་ཏེ་བདུད་ཀྱི་འཁོར་ཆེན་པོ་དེས་བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་དེ་ལྟ་བུ་མཐོང་ནས་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བ་འདི་ནི་དགའ་ལྡན་ན་གནས་པའི་ལས་དྲུག་པའོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་རབ་ན་གནས་པ་ནི་གང་གི་ཚེ་འདི་ལྟར་འདོད་པའི་ ཁམས་ཀྱི་ལྷའི་བུ་འདི་རྣམས་ཆོས་མཉན་པ་དང་། ཡང་དག་པར་བགྲོ་བས་སྐྱོ་བར་གྱུར་ཏོ། །ཞེས་བྱ་བར་ཤེས་པར་གྱུར་པ་དེའི་ཚེ། འདོད་པའི་ཁམས་ཀྱི་གནས་ཐམས་ཅད་དུ་སྒྲ་སྒྲོག་ཅིང་དབྱངས་འབྱིན་ཏེ། གྲོགས་པོ་ 76-1-18a དག་དེ་རིང་བྱང་ཆུབ་སེམས་དཔའ་བཙུན་མོའི་འཁོར་ཆེན་པོ་སྟོན་པ་མཛད་ཀྱི་བལྟ་བར་སུ་འདོད་པ་དེ་དག་མྱུར་དུ་ཤོག་ཤིག་ཅེས་ནས། དེ་ལྟར་ལྷའི་བུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཀུན་ནས་འདུ་བར་འགྱུར་ཏེ། དེ་དག་དང་ བྱང་ཆུབ་སེམས་དཔའ་རྣམས་ཀུན་ནས་འདུས་པར་གྱུར་ནས་ཀྱང་། ལྷའི་བུ་དེ་དག་གིས་སྔན་ཅད་མ་མཐོང་མ་ཐོས་པའི་བཙུན་མོའི་འཁོར་དེ་ལྟ་བུ་བསྟན་ནས། དེ་དག་ནམ་དགའ་བས་མོས་པར་གྱུར་པ་དེའི་ཚེ། དེ་དག་གིས་ རོལ་མོ་བརྡུང་བ་དང་། དཀྲོལ་བ་དེ་དག་ལས་ཀྱེ་གྲོགས་པོ་རྣམས་འདུ་བྱེད་ཐམས་ཅད་ནི་མི་རྟག་གོ། །འདུ་བྱེད་ཐམས་ཅད་ནི་སྡུག་བསྔལ་ལོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ། ། ཞེས་སྒྲ་འབྱུང་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་བྱ་བའི་སྒྲ་འབྱུང་བ་ཐོས་པར་འགྱུར་ཏེ། དེ་དག་གིས་ཆོས་ཀྱི་སྒྲ་དེ་ཐོས་པ་དང་། སྐྱོ་བ་སྐྱེ་ བར་འགྱུར་ཏེ། བྱང་ཆུབ་ཀྱི་སེམས་ལ་ཡང་དག་པར་གཞོལ་བར་འགྱུར་བ་འདི་ནི་དགའ་ལྡན་ན་གནས་པའི་ལས་བདུན་པའོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་རབ་ན་འདུག་པ་ནི་དགའ་ ལྡན་གྱི་གནས་ནས་ཀྱང་ལུས་མི་སྣང་བར་མ་གྱུར་ལ། ཕྱོགས་བཅུར་ཡང་དེ་བཞིན་གཤེགས་པ་རྣམས་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་འགྲོ་སྟེ། དེ་ལ་སངས་རྒྱས་ བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའི་ས་མངོན་པར་དབང་བསྐུར་བ་ཐོབ་པའི་མཆོག་ཏུ་ཕྱིན་པས་ཐམས་ཅད་མངོན་པར་ཤེས་པ་ཞེས་བྱ་བ་ཡང་ཡང་དག་པར་བསྟན་པར་འགྱུར་བ་དང་། ཐམས་ཅད་ མཁྱེན་པའི་ཡེ་ཤེས་ཡན་ལག་དང་ཉེ་བའི་ཡན་ལག་ཐམས་ཅད་ལྡན་ཞིང་། རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་ལ་འཇུག་པ་སེམས་སྐད་ཅིག་གཅིག་གིས་སྦྱོར་བ་ཡང་དག་པར་བསྟན་པར་འགྱུར་ 76-1-18b བ་འདི་ནི་དགའ་ལྡན་ན་གནས་པའི་ལས་བརྒྱད་པའོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་རབ་ན་གནས་པའི་མཐུས་ཁྱད་པར་འདོད་པ་ཞེས་བྱ་བའི་དེ་བཞིན་གཤེགས་པའི་མཆོད་པ་དང་། རིམ་གྲོ་རྣམ་པ་ཚད་མེད་པས་རྣམ་པར་དག་པ་མཐའ་ཡས་པའི་རྣམ་པ་ཡོངས་སུ་སྟོན་པ། ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པ། འཇིག་རྟེན་གྱི་ཁམས་འབྱམ་ཀླས་པའི་དེ་བཞིན་ གཤེགས་པའི་མཆོད་པའི་ལས་ཀྱི་མངོན་དུ་འབྱུང་སྟེ། མཆོད་པ་དེ་མཐོང་ནས་སེམས་ཅན་གྲངས་མེད་ཚད་མེད་པའི་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། འདི་ནི་དགའ་ལྡན་ན་ གནས་པའི་ལས་དགུ་པའོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་པ་མཐའ་དང་དབུས་མེད་པའི་ཆོས་སྒྱུ་མ་ལ་ཞུགས་པ་མིག་ཡོར་ལྟ་བུས་ཤིན་ཏུ་སྒྲུབ་པའི་ཡེ་ཤེས་ཀྱི་འཇིག་རྟེན་གྱི་ཁམས་ འབྱམ་ཀླས་པ་ཐམས་ཅད་དུ་གཟུགས་སྣ་ཚོགས་དང་། ཁ་དོག་སྣ་ཚོགས་དང་དབྱིབས་སྣ་ཚོགས་དང་། སྤྱོད་ལམ་སྣ་ཚོགས་དང་བྱ་བ་སྣ་ཚོགས་དང་། སྦྱོར་བ་སྣ་ཚོགས་དང་། བསྟན་པ་མངོན་པར་བསྒྲུབ་པ་སྣ་ཚོགས་ དང་། དགོངས་པ་རྣམ་པ་སྣ་ཚོགས་ཀྱིས་སེམས་ཅན་རྣམ་པར་མོས་པ་ཇི་ལྟ་བ་བཞིན་དུ་སེམས་དང་བསམ་པ་མགུ་བར་བྱ་བའི་ཕྱིར་ཆོས་སྟོན་ཅིང་གཟུགས་ཡོངས་སུ་སྟོན་ཏེ། འདི་ནི་དགའ་ལྡན་ན་གནས་པའི་ལས་ བཅུ་པའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་ལྡན་ན་གནས་པའི་ལས་ཏེ། དེ་དག་བྱས་ནས་བྱང་ཆུབ་སེམས་དཔའ་རྣམས་ཕྱི་མའི་འཇིག་རྟེན་དུ་འོང་བར་འགྱུར་བ་དག་གོ། །ཀྱེ་ རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་ལྡན་གྱི་གནས་ནས་ཤི་འཕོས་སྟོན་པ་སྟེ། བཅུ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་འདི་ལ་བྱང་ཆུབ་སེམས་དཔའ་རྣམས་ལྷའི་རིས་དགའ་ལྡན་ནས་ 76-1-19a ཤི་འཕོ་བའི་ཚེ། རྐང་པའི་མཐིལ་གྱི་འོག་ནས་བདེ་བའི་རྒྱན་ཅེས་བྱ་བའི་འོད་ཟེར་བྱུང་སྟེ། དེ་བྱུང་ནས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྣང་བ་ཆེན་པོས་རྒྱས་པར་བཀང་ཞིང་ངན་སོང་དང་མི་ ཁོམ་པའི་རྒྱུད་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ལུས་ལ་བབ་བོ། །དེ་ལྟར་འོད་དེས་ལུས་ལ་བབ་མ་ཐག་ཏུ་དེ་ཉིད་ཀྱི་ཚེ། སེམས་ཅན་དེ་དག་བདེ་བ་ཐམས་ཅད་ཀྱིས་ཚིམ་ཞིང་སྡུག་བསྔལ་གྱི་ཚོར་བ་རྩེ་ཞིལ་བར་འགྱུར་རོ། ། བདེ་བའི་ཉམས་དེ་ཉམས་སུ་ཚོར་མ་ཐག་ཏུ་དེ་དག་གིས་འདི་ལྟར་གྲོགས་པོ་དག་སེམས་ཅན་གཞན་ཞིག་ནི་འཇིག་རྟེན་གྱི་ཁམས་འདིར་སྐྱེས་སོ་ཞེས་བྱ་བར་ཤེས་ཏེ། འདི་ནི་དགའ་ལྡན་གྱི་གནས་ནས་ཤི་འཕོ་སྟོན་པ་དང་པོའོ། ། ཀྱེ་རྒྱལ་བའི་སྲས་གཞན་ཡང་བྱང་ཆུབ་སེམས་དཔའ་དེའི་སྨིན་མཚམས་ཀྱི་མཛོད་སྤུ་ནས་ཡང་དག་པར་བསྐུལ་བ་ཞེས་བྱ་བའི་འོད་ཟེར་འབྱུང་སྟེ། དེ་བྱུང་ནས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ རྒྱས་པར་བཀང་ཞིང་སྔོན་ལྷན་ཅིག་ཏུ་སྤྱོད་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་ལ་འབབ་བོ། །འོད་ཟེར་དེས་དེ་ལྟར་ལུས་ལ་བབ་མ་ཐག་ཏུ། དེ་ཉིད་ཀྱི་ཚེ་བྱང་ཆུབ་སེམས་དཔའ་དེ་དག་གིས་བྱང་ཆུབ་ སེམས་དཔའ་དགའ་ལྡན་གྱི་གནས་ནས་ཤི་འཕོས་པར་ཁོང་དུ་ཆུད་དེ་དེ་དག་ཐམས་ཅད་འདུས་ནས་བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ལས་མངོན་པར་གྲུབ་པ་འདི་ནི་དགའ་ལྡན་གྱི་གནས་ནས་ཤི་འཕོ་སྟོན་པ་གཉིས་ པའོ། །ཀྱེ་རྒྱལ་བའི་སྲས་གཞན་ཡང་བྱང་ཆུབ་སེམས་དཔའི་ལག་པ་གཡས་པའི་འཐིལ་ནས་ཡོངས་སུ་དག་པའི་ཡུལ་ཞེས་བྱ་བའི་འོད་ཟེར་འབྱུང་སྟེ། དེ་བྱུང་ནས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་ རྟེན་གྱི་ཁམས་ཡོངས་སུ་སྦྱོང་ཞིང་དེ་ན་ཟག་པ་མེད་པའི་རང་སངས་རྒྱས་འཁོད་པ་དེ་དག་འཇིག་རྟེན་གྱི་ཁམས་གཞན་དུ་སེལ་ཏོ། །དེ་མ་ཡིན་ན་ཡང་དེ་དག་གང་གི་ཤེས་པར་གྱུར་པ་དེ་དག་ཚེའི་འདུ་བྱེད་འདོར་རོ། །གཞན་ཡང་ 76-1-19b འདུལ་བའི་དབང་དུ་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་པའི་སེམས་ཅན་མ་གཏོགས་པར་བདུད་དང་མུ་སྟེགས་ཅན་དང་ཕས་ཀྱི་རྒོལ་བ་དང་། ཀུན་ཏུ་རྒྱུ་བ་དང་། དམིགས་པ་ལ་མངོན་པར་ཞེན་པའི་སེམས་ཅན་རྣམས་འཇིག་རྟེན་ གྱི་ཁམས་གཞན་དུ་སེལ་ཏེ། འདི་ནི་དགའ་ལྡན་གྱི་གནས་ནས་ཤི་འཕོ་སྟོན་པ་གསུམ་པའོ། །ཀྱེ་རྒྱལ་བའི་སྲས་གཞན་ཡང་བྱང་ཆུབ་སེམས་དཔའ་དེ་འོང་པུས་མོ་གཡས་པའི་ལྷ་ང་གཉིས་ནས་དྲི་མ་མེད་ཅིང་བཟང་ལ་ འོད་གསལ་བའི་རྒྱན་ཅེས་བྱ་བའི་འོད་ཟེར་འབྱུང་སྟེ། དེ་བྱུང་ནས་ཀྱང་ལྷའི་གནས་ཐ་མ་ཉེ་བར་གཟུང་བ་ཡན་ཅད་འོག་མིན་གྱི་ལྷའི་གནས་མན་ཆད་དུ་སྣང་བར་བྱེད་དེ། དེས་ལྷའི་བུ་དེ་དག་གིས་ཀྱང་བྱང་ཆུབ་སེམས་དཔའ་ དགའ་ལྡན་གྱི་གནས་ཀྱི་གནས་ནས་ཤི་འཕོས་པར་ཤེས་ནས། དེ་དག་ཀུན་ཀྱང་སྐྱོ་བ་སྐྱོ་བའི་ཡིད་ཀྱིས་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་ཐོགས་ཏེ། རོལ་མོ་བརྡུང་བ་དང་། དཀྲོལ་བའི་སྒྲ་རབ་ཏུ་བྱུང་ནས་བྱང་ཆུབ་སེམས་དཔའི་དྲུང་དུ་མཆོད་པའི་ལས་ཀྱི་ཕྱིར་འདོང་སྟེ། ཤི་འཕོས་ཉེ་བར་བཟུང་བ་ནས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་བསྟན་གྱི་བར་དུ་བསྙེན་ བཀུར་བྱེད་དོ། །ཕྱི་བཞིན་འབྲང་ངོ་། །འདི་ནི་དགའ་ལྡན་གྱི་གནས་ནས་ཤི་འཕོས་སྟོན་པ་བཞི་པའོ། །ཀྱེ་རྒྱལ་བའི་སྲས་གཞན་ཡང་བྱང་ཆུབ་སེམས་དཔའ་དེ་དཔལ་གྱི་བེའུའི་རྒྱན་དང་ལྡན་པ། རྡོ་རྗེའི་ཁམས་ལྟར་སྲ་ཞིང་བརྟན་པའི་ སྙིང་པོ་ཅན་གྱི་སྙིང་ཀ་ནས་གཞན་གྱིས་མི་ཐུབ་པའི་རྒྱལ་མཚན་ཞེས་བྱ་བའི་འོད་ཟེར་གཏོང་སྟེ། དེ་བཏང་ནས་ཀྱང་ལག་ན་རྡོ་རྗེའི་འཇིག་རྟེན་ཐམས་ཅད་ཡོངས་སུ་སྣང་བར་བྱེད་དོ། །དེ་ནས་ལག་ན་རྡོ་རྗེ་ཁྲག་ཁྲིག་ཕྲག་ བརྒྱ་འོངས་ཏེ། ཤི་འཕོ་སྟོན་པ་ཉེ་བར་བཟུང་བ་ནས། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་བསྟན་གྱི་བར་དུ་བྱང་ཆུབ་སེམས་དཔའི་ཕྱི་བཞིན་འབྲང་སྟེ། འདི་ནི་དགའ་ལྡན་གྱི་གནས་ནས་ཤི་འཕོ་སྟོན་པ་ལྔ་པའོ། ། 76-1-20a ཀྱེ་རྒྱལ་བའི་སྲས་གཞན་ཡང་བྱང་ཆུབ་སེམས་དཔའ་དེའི་བ་སྤུའི་བུ་ག་ཐམས་ཅད་ནས་འགྲོ་བ་ཐམས་ཅད་དུ་རྣམ་པར་ཕྱེ་བ་ཞེས་བྱ་བའི་འོད་ཟེར་འབྱུང་སྟེ། དེ་བྱུང་ནས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་ འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ནས་བྱང་ཆུབ་སེམས་དཔའི་ལུས་ལ་འབབ་བོ། །བྱང་ཆུབ་སེམས་དཔའི་ལུས་ལ་བབ་ནས་ལྷ་དང་མིའི་གནས་སུ་འཆར་རོ། །དེས་བྱང་ཆུབ་སེམས་དཔའ་དེ་དག་ ཀྱང་བདག་ཅག་གིས་འདིར་གནས་ཏེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། དེ་བཞིན་གཤེགས་པ་ལ་མཆོད་པར་བྱ་བར་འགྱུར་རོ། །སྙམ་དུ་ཁོང་དུ་ཆུད་པ་འདི་ནི་དགའ་ལྡན་གྱི་གནས་ནས་ཤི་འཕོ་སྟོན་པ་དྲུག་པའོ། ། ཀྱེ་རྒྱལ་བའི་སྲས་གཞན་ཡང་བྱང་ཆུབ་སེམས་དཔའ་དེའི་ཁང་པ་ནོར་བུ་རིན་པོ་ཆེ་ཆེན་པོའི་སྙིང་པོ་ཅན་ནས། རྣམ་པར་བརྩེགས་པ་ཤིན་ཏུ་གནས་པ་ཞེས་བྱ་བའི་འོད་ཟེར་འབྱུང་སྟེ། དེ་བྱུང་ནས་ཀྱང་ཁྱིམ་གང་དུ་བྱང་ཆུབ་ སེམས་དཔའ་སྐྱེ་བར་འགྱུར་བའི་ཁྱིམ་དེར་འཆར་རོ། །འོད་ཟེར་དེ་དེ་ལྟར་ཤར་མ་ཐག་ཏུ་དེ་ཉིད་ཀྱི་ཚེ། བྱང་ཆུབ་སེམས་དཔའ་དེ་དག་ཁྱིམ་མམ་གྲོང་ཁྱེར་རམ་གྲོང་རྡལ་ལམ། འཛམ་བུའི་གླིང་དུ་སེམས་ཅན་འདུལ་བ་ཉེ་བར་བཟུང་ ཞིང་སྐྱེ་བ་རབ་ཏུ་འཛིན་ཏེ། འདི་ནི་དགའ་ལྡན་གྱི་གནས་ནས་ཤི་འཕོ་སྟོན་པ་བདུན་པའོ། །ཀྱེ་རྒྱལ་བའི་སྲས་གཞན་ཡང་བྱང་ཆུབ་སེམས་དཔའ་དེའི་ཁང་པ་བརྩེགས་པ་ལྷ་ཐམས་ཅད་ཀྱི་གནས་ཀྱི་རྒྱན་ཅེས་བྱ་བ་ལས་ གནས་ཐམས་ཅད་རྣམ་པར་དག་པའི་རྒྱན་ཅེས་བྱ་བའི་འོད་ཟེར་འབྱུང་སྟེ། དེ་དག་བྱུང་མ་ཐག་ཏུ་ཡུམ་གང་གི་སྐུ་གཡས་པར་སྐྱེ་བར་འགྱུར་བ་དེའི་ལུས་ལ་འབབ་བོ། །དེ་ལྟར་བབ་མ་ཐག་ཏུ་དེ་ཉིད་ཀྱི་ཚེ་བྱང་ཆུབ་སེམས་དཔའ་ ཡུམ་བདེ་བ་ཐམས་ཅད་འཐོབ་པར་འགྱུར་ཏེ། ཡོན་ཏན་དང་སྡོམ་པ་ཐམས་ཅད་ལ་འང་གནས་པར་འགྱུར་རོ། །ཡུམ་གྱི་སྐུ་དེར་ཡང་ཕོ་བྲང་བརྩེགས་པ་ཆེན་པོ་རིན་པོ་ཆེའི་དམ་པས་བརྒྱན་པ་བྱང་ཆུབ་སེམས་དཔའ་ལོངས་སྤྱོད་ 76-1-20b ཀྱི་དོན་ཏུ་འབྱུང་སྟེ། འདི་ནི་དགའ་ལྡན་གྱི་གནས་ནས་ཤི་འཕོ་སྟོན་པ་བརྒྱད་པའོ། །ཀྱེ་རྒྱལ་བའི་སྲས་གཞན་ཡང་བྱང་ཆུབ་སེམས་དཔའ་རྐང་པའི་མཐིལ་གྱི་འོག་ནས་གནས་པ་ཞེས་བྱ་བའི་འོད་ཟེར་འབྱུང་སྟེ། དེ་བྱུང་མ་ཐག་ཏུ་ལྷའི་ བུའམ། ཚངས་པ་གང་ལ་ལ་བྱང་ཆུབ་སེམས་དཔའི་མཆོད་པའི་ལས་ཀྱི་དོན་དུ་ཤི་འཕོ་བར་འདོད་པ་ལ་བྱང་ཆུབ་སེམས་དཔའས་ཀྱང་ལྷའི་བུ་དེ་དག་ན་འཁོད་པ་བཞིན་དུ་དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་མངོན་པར་བསྒྲུབ་ པར་ནུས་པར་ཤེས་པ་དེ་དག་གི་ལུས་ལ་འབབ་བོ། །དེ་ལྟར་འོད་ཟེར་དེས་བབ་པར་གྱུར་མ་ཐག་ཏུ་དེ་ཉིད་ཀྱི་ཚེ་ལྷའི་བུ་དེ་དག་ཤི་འཕོའི་ལས་དེ་ལས་རྣམ་པར་ལྡང་སྟེ། དེ་དག་ན་འཁོད་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་ཤི་འཕོ་ཉེ་བར་བཟུང་བ་ ནས་ཡོངས་སུ་མྱ་ངན་ལས་འདས་པར་བསྟན་གྱི་བར་དུ་མཆོད་པའི་ལས་བྱེད་དོ། །འདི་ནི་དགའ་ལྡན་གྱི་གནས་ནས་ཤི་འཕོ་སྟོན་པ་དགུ་པའོ། །ཀྱེ་རྒྱལ་བའི་སྲས་གཞན་ཡང་བྱང་ཆུབ་སེམས་དཔའི་དཔེ་བྱད་བཟང་པོ་རྣམས་ལས་ ཉི་མ་སྣ་ཚོགས་ཀྱི་ཚུལ་ཞེས་བྱ་བའི་འོད་ཟེར་འབྱུང་སྟེ། དེ་བྱུང་ནས་ཀྱང་བྱང་ཆུབ་སེམས་དཔའ་ལུས་སྣ་ཚོགས་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་དེ་ལ་ལྷ་དང་མི་ལ་ལས་ནི་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་རབ་ཉིད་ ན་འདུག་པ་མཐོང་ངོ་། །ལ་ལས་ནི་ཡུམ་གྱི་སྐུར་བཞུད་པ་མཐོང་ངོ་། །ལ་ལས་ནི་སྐྱེ་བར་མཐོང་ངོ་། །ལ་ལས་ནི་འབྱུང་བར་མཐོང་ངོ་། །ལ་ལས་ནི་རྣམ་པར་འཚང་རྒྱ་བར་མཐོང་ངོ་། །ལ་ལས་ནི་ཆོས་ཀྱི་འཁོར་ལོ་བསྐོར་བར་ མཐོང་ངོ་། །ལ་ལས་ནི་དེ་བཞིན་གཤེགས་པ་མྱ་ངན་ལས་འདའ་བར་མཐོང་སྟེ། འདི་ནི་དགའ་ལྡན་གྱི་གནས་ནས་ཤི་འཕོ་སྟོན་པ་བཅུ་པའོ། །ཀྱེ་རྒྱལ་བའི་སྲས་དེ་ལྟར་བྱང་ཆུབ་སེམས་དཔའི་འོད་ཟེར་བཅུ་པོ་དེ་དག་ལས་སོགས་པ། འོད་ཟེར་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་བྱང་ཆུབ་སེམས་དཔའི་ལུས་ལས་འབྱུང་སྟེ། དེ་བཞིན་དུ་སྟན་དང་། གཞལ་མེད་ཁང་དང་། ཁང་པ་བརྩེགས་པ་དག་ནས་ཀྱང་འབྱུང་སྟེ། དེ་དག་བྱུང་ནས་ཀྱང་བྱང་ཆུབ་སེམས་དཔའི་ལུས་སྣ་ 76-1-21a ཚོགས་ཡོངས་སུ་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་དེ་ལྟར་ལས་ཡོངས་སུ་གྲུབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཆོས་ཐམས་ཅད་རབ་ཏུ་གྲུབ་པའི་ཕྱིར་ལྷའི་གནས་དགའ་ལྡན་ནས་ཤི་འཕོ་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་ བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངལ་ན་གནས་པར་སྟོན་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་སེམས་རྒྱ་ཆུང་བ་དང་། དམའ་བ་ལ་མོས་པ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་ དཔའི་དངོས་པོའི་བསོད་ནམས་ཀྱི་རྩ་བ་ལ་ཡིད་མི་ཆེས་པར་གྱུར་དུ་འོང་ཞེས་བྱང་ཆུབ་སེམས་དཔའ་མངལ་ན་གནས་པར་སྟོན་པ་འདི་ནི་མངལ་ན་གནས་པ་སྟོན་པ་དང་པོའོ། །ཕ་མ་དང་གཉེན་བཤེས་ཀྱི་ཚོགས་དང་། སྔོན་ལྷན་ཅིག་ཏུ་སྤྱོད་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། སེམས་ཅན་གང་གི་དགེ་བའི་རྩ་བ་མངལ་ན་གནས་པས་ཡོངས་སུ་སྨིན་པར་བྱ་བ་དེ་དག་གི་དོན་དུ་བྱང་ཆུབ་སེམས་དཔའ་མངལ་ན་གནས་པར་སྟོན་ ཏེ། འདི་ནི་མངལ་ན་གནས་པར་སྟོན་པ་གཉིས་པའོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ནི་རྨོངས་པ་མེད་ཅིང་དྲན་ལ་ཤེས་བཞིན་དུ་མའི་ལྟོར་འགྲོ་སྟེ། མའི་ལྟོ་ན་འདུག་པའི་ཚེ་འང་དྲན་པ་ཉམ་པ་མེད་དེ། འདི་ནི་མངལ་ན་གནས་པར་སྟོན་པ་གསུམ་པའོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ནི་མའི་མངལ་ན་འདུག་ཀྱང་འདི་ལྟ་སྟེ་ཕྱོགས་དང་། འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དང་ བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་གྱི་མགོན་པོ་རྣམས་དང་ལྷན་ཅིག་འགྲོགས་ཤིང་ཆོས་བསྒྲག་པ་དང་། ཡང་དག་པའི་གཏམ་བྱ་བ་རྒྱུན་མི་གཅོད་ཅིང་བྱང་ཆུབ་སེམས་དཔའི་སྟོབས་ཚད་མེད་པ་ཡང་ ཡོངས་སུ་སྟོན་ཏེ། ཀྱེ་རྒྱལ་བའི་སྲས་དེ་དག་མངལ་ན་གནས་ཀྱང་དེ་ལྟ་བུའི་སྨོན་ལམ་གྱི་ཁྱད་པར་བདོག་པས་བྱང་ཆུབ་སེམས་དཔའ་དེ་དག་ནི་ཡེ་ཤེས་མུ་མེད་པ་དང་ལྡན་པ་སྟེ། འདི་ནི་མངལ་ན་གནས་པར་སྟོན་པ་ 76-1-21b བཞི་པའོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་མངལ་ན་གནས་པའི་ཚེ། དེ་ན་འཁོར་གྱི་འཁོར་ཀུན་ནས་གནས་པར་འགྱུར་བ་ཡོད་དེ། བྱང་ཆུབ་སེམས་དཔའ་དེ་དག་གི་སྔོན་གྱི་སྨོན་ལམ་གྱི་དེ་དག་ ཡོངས་སུ་སྨིན་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་མངལ་ན་གནས་པར་སྟོན་ཏེ། འདི་ནི་མངལ་ན་གནས་པར་སྟོན་པ་ལྔ་པའོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ནི་མིའི་འཇིག་རྟེན་དུ་བྱུང་ནས་ཀྱང་མིར་ སྐྱེས་པ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་སྟོན་ཏེ། འདི་ནི་མངལ་ན་གནས་པར་སྟོན་པ་དྲུག་པའོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ནི་མའི་ལུས་ན་འདུག་བཞིན་དུ་འདི་ལྟ་སྟེ་དཔེར་ན་མེ་ལོང་གི་དཀྱིལ་འཁོར་ ཡོངས་སུ་དག་པའི་བཞིན་གྱི་དཀྱིལ་འཁོར་ལྟ་བུར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམསུ་སྣང་སྟེ། དེ་ལ་མོས་པ་ཆེན་པོ་དང་ལྡན་པའི་ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དེ་དག་གིས་ཤེས་པར་གྱུར་ནས་དེ་དག་ཉེ་བར་འོངས་ཤིང་མཆོད་པ་དང་། རིམ་གྲོ་བྱེད་དེ། འདི་ནི་མངལ་ན་གནས་པར་སྟོན་པ་བདུན་པའོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་ དཔའ་མངལ་ན་གནས་པས་འཇིག་རྟེན་གྱི་ཁམས་གཞན་ན་འཁོད་པའི་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མར་པར་གྱུར་པ་རྣམས་དང་ཚོགས་ཏེ། ཆོས་ཀྱི་བརྡའི་སྒོ་ཆེན་པོ་ཡེ་ཤེས་ཆེན་པོའི་སྙིང་པོ་ཞེས་བྱ་བ་ཡང་དག་པར་ འགྲོ་བར་བྱ་བ་ཡོད་དེ། དེ་དག་དང་འདུ་བའི་ཕྱིར་བྱང་ཆུབ་སེམས་དཔའ་མངལ་ན་གནས་པར་སྟོན་ཏེ། འདི་ནི་མངལ་ན་གནས་པ་སྟོན་པ་བརྒྱད་པའོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ནི་དྲི་མ་མེད་པའི་སྙིང་པོ་ཅན་ ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཤིང་མའི་མངལ་དུ་འགྲོ་སྟེ། ཏིང་ངེ་འཛིན་དེའི་མཐུས་མ་ལ་ཡང་གནོད་པར་མི་འགྱུར་བར་དགའ་ལྡན་གྱི་གནས་རབ་བས་ཀྱང་ལྷག་པའི་རྒྱན་མའི་ཁོང་དུ་ཀུན་ནས་གནས་པར་ 76-1-22a འགྱུར་ཏེ། འདི་ནི་མངལ་ན་གནས་པ་སྟོན་པ་དགུ་པའོ། །ཀྱེ་རྒྱལ་བའི་སྲས་གཞན་ཡང་བྱང་ཆུབ་སེམས་དཔའ་མའི་མངལ་ན་འདུག་པའི་མཐུས་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་དུ་དེ་བཞིན་ གཤེགས་པའི་མཆོད་པའི་ལས་ཀྱི་ཕྱིར་བསོད་ནམས་ཆེན་པོའི་མེ་ཏོག་ཀུན་ནས་རྒྱས་པ་ཞེས་བྱ་བའི་དེ་བཞིན་གཤེགས་པའི་མཆོད་པའི་རིམ་གྲོ་འབྱུང་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་དེ་ལ་བྱང་ཆུབ་ སེམས་དཔའི་རྣམ་པར་སྤྱོད་པ་ཆོས་ཀྱི་སྙིང་པོ་མཐའ་དང་དབུས་མེད་པ་ཡང་དག་པར་སྟོན་ཏེ། ཤེས་པར་བྱ་བ་དེ་ཤེས་པས་བྱང་ཆུབ་སེམས་དཔའ་ཤིན་ཏུ་ཕྲ་བའི་འགྲོ་བ་བཅུ་སྟོན་ཏེ། ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་ནི་བྱང་ ཆུབ་སེམས་དཔའ་རྣམས་ཀྱི་ཤིན་ཏུ་ཕྲ་བའི་རྒྱུད་སྟོན་ཏེ། བཅུ་གང་ཞེ་ན་ཀྱེ་རྒྱལ་བའི་སྲས་འདི་ལ་བྱང་ཆུབ་སེམས་དཔའ་མའི་མངལ་ན་ཡང་གནས་ལ་ཐོག་མར་སེམས་བསྐྱེད་པ་ཉེ་བར་བཟུང་བ་ནས་དབང་བསྐུར་བའི་བར་ བར་དུ་ཡང་ཡོངས་སུ་སྟོན་པ་དང་། མའི་མངལ་ན་ཡང་གནས་ལ་དགའ་ལྡན་ན་གནས་པ་ཡང་ཡོངས་སུ་སྟོན་པ་དང་། མའི་མངལ་ན་འང་གནས་ལ་སྐྱེ་བ་ཡང་ཡོངས་སུ་སྟོན་པ་དང་། མའི་མངལ་ན་འང་གནས་ལ་གཞོན་ནུའི་ས་ ཡང་ཡོངསུ་སྟོན་པ་དང་། མའི་མངལ་ན་འང་གནས་ལ་བཙུན་མོའི་འཁོར་གྱི་ནང་དུ་འདུག་པར་ཡང་ཡོངས་སུ་སྟོན་པ་དང་། མའི་མངལ་ན་འང་གནས་ལ་མངོན་པར་འབྱུང་བ་ཡང་ཡོངས་སུ་སྟོན་པ་དང་། མའི་མངལ་ན་ཡང་གནས་ལ་ དཀའ་བ་སྤྱོད་པའི་སྦྱོར་བ་དང་། སྙིང་པོ་བྱང་ཆུབ་ཏུ་འགྲོ་བ་ནས་རྣམ་པར་འཚང་བརྒྱ་བའི་བར་དུ་ཡང་ཡོངས་སུ་སྟོན་པ་དང་། མའི་མངལ་ན་ཡང་གནས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་ཡོངས་སུ་སྟོན་པ་དང་། མའི་མངལ་ན་ གནས་ལ་ཡོངས་སུ་མྱ་ངན་ལས་འདའ་བ་ཡང་ཡོངས་སུ་སྟོན་པ་དང་། མའི་མངལ་ན་གནས་ལ་ཤིན་ཏུ་ཕྲ་ལ་རྒྱ་ཆེ་བར་འཇུག་པའི་ཚུལ་གྱི་མངལ་གྱི་གནས་དེ་ཉིད་དུ་བྱང་ཆུབ་སེམས་དཔའ་དེ་སྤྱོད་པ་ཐམས་ཅད་དང་། 76-1-22b དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པའི་བྱིན་གྱི་རླབས་ཀྱི་རྣམ་པ་དང་། སྒོ་ཡང་ཡོངས་སུ་སྟོན་པའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤིན་ཏུ་ཕྲ་བའི་རྒྱུད་སྟོན་པ་སྟེ། དེ་དག་ལ་གནས་ ཤིང་བྱང་ཆུབ་སེམས་དཔའ་རྣམས་ཡེ་ཤེས་ཆེན་པོ་ཤིན་ཏུ་ཕྲ་བ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེར་སྐྱེ་བ་སྟེ། བཅུ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དེ་ལ་བྱང་ཆུབ་སེམས་དཔའ་དྲན་ཞིང་ཤེས་བཞིན་དུ་སྐྱེ་བ་དང་། འོད་ཟེར་གྱི་དྲ་བ་དང་། སྣང་བ་ཆེན་པོས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྒྱས་པར་བཀང་སྟེ། ལུས་སྣང་བ་དང་ ལྡན་པར་སྐྱེ་བ་དང་ཕྱིར་མི་ལྡོག་ཅིང་སྲིད་པ་ཐ་མ་པར་གྱུར་པར་སྐྱེ་བ་དང་། མ་སྐྱེས་ཤིང་འབྱུང་བ་མེད་པར་སྐྱེ་བ་དང་། ཁམས་གསུམ་པ་སྒྱུ་མའི་རྣམ་པ་ལྟ་བུར་ཁོང་དུ་ཆུད་དེ་སྐྱེ་བ་དང་། ཕྱོགས་བཅུའི་འཇིག་ རྟེན་གྱི་ཁམས་སུ་ལུས་ཡོངས་སུ་སྟོན་ཅིང་སྐྱེ་བ་དང་། ལུས་དེ་ཉིད་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོང་དུ་ཆུད་པར་བྱ་བར་སྐྱེ་བ་དང་། དེ་བཞིན་གཤེགས་པ་མ་ལུས་པ་ཐམས་ཅད་ཀྱི་འོད་ཟེར་བཀྱེ་བས་ ཡང་དག་པར་བསྐུལ་བའི་ལུས་སུ་སྐྱེ་བ་དང་། ཡེ་ཤེས་ཆེན་པོས་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་ལ་སྙོམ་པར་འཇུག་པའི་ལུས་སུ་སྐྱེ་བ་དང་། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་སྐྱེས་ནས་ཀྱང་སངས་རྒྱས་ ཀྱི་ཞིང་ཐམས་ཅད་ཀྱང་རབ་ཏུ་གཡོ་བར་འགྱུར། སེམས་ཅན་ཐམས་ཅད་ཀྱང་རབ་ཏུ་འགྲོལ་བར་འགྱུར། ངན་སོང་ཐམས་ཅད་ཀྱང་རབ་ཏུ་ཞི་བར་འགྱུར། བདུད་ཐམས་ཅད་ཀྱང་རབ་ཏུ་སྤ་འགོང་པར་འགྱུར། བྱང་ཆུབ་ སེམས་དཔའ་དཔག་ཏུ་མེད་པ་ཡང་འོང་བར་འགྱུར་བའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེ་རབ་འབྱུང་བ་སྟེ། དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་འདུལ་བའི་ 76-1-23a དོན་དུ་ཡོངས་སུ་སྟོན་པ་དག་གོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གད་མོ་ཆེར་དགོད་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་ཀྱེ་མའོ། །འཇིག་རྟེན་གནས་པས་འདི་ ནི་འདོད་པའི་འདམ་དུ་བྱིང་བ་སྟེ། འདི་ལ་ངེད་མ་གཏོགས་པར་གཞན་འབྱིན་པར་བྱེད་པ་སུའང་མེད་དོ་སྙམ་ནས་བྱང་ཆུབ་སེམས་དཔའ་རྣམས་གད་མོ་ཆེར་དགོད་པ་དང་། ཀྱེ་མའོ་འཇིག་རྟེན་གནས་པ་འདི་ནི་ཉོན་མོངས་པས་མདོངས་ པར་བྱས་པའོ། །བདག་ནི་ཤེས་རབ་དང་ཡེ་ཤེས་ཀྱིས་ཤིན་ཏུ་བརྒྱན་པའོ། །ཞེས་ནས་བྱང་ཆུབ་སེམས་དཔའ་རྣམས་གད་མོ་ཆེར་དགོད་པ་དང་། ལུས་ཀྱི་གཞི་འདི་ཉིད་ཀྱིས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་བླ་ན་མེད་པ་ ཆེན་པོ་དུས་གསུམ་དུ་རྒྱས་པར་འགེངས་པ་ཐོབ་པར་འགྱུར་རོ། །ཞེས་བྱང་ཆུབ་སེམས་དཔའ་རྣམས་གད་མོ་ཆེར་དགོད་པ་དང་། ཀྱེ་རྒྱལ་བའི་སྲས་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་སེམས་ དཔའི་མིག་སྒྲིབ་པ་མེད་པས་ཕྱོགས་བཅུར་ཚངས་པའི་གནས་ཉེ་བར་བཟུང་བ་ནས་དབང་ཕྱུག་ཆེན་པོའི་གནས་ཀྱི་བར་དུ་རྣམ་པར་ལྟ་ཞིང་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་དག་ནི་ལུས་སུ་འཕེལ་ལོ། ། བདག་ནི་ཡེ་ཤེས་ཀྱི་སྟོབས་དང་ལྡན་པའོ་ཞེས་བྱ་བར་མཐོང་ནས། བྱང་ཆུབ་སེམས་དཔའ་རྣམས་གད་མོ་ཆེར་དགོད་པ་དང་། སྔོན་དགེ་བའི་རྩ་བ་བསྐྱེད་པའི་སེམས་ཅན་རྣམས་ད་དུང་ཕྱིར་མི་ལྡོག་པར་མཐོང་ནས་ བྱང་ཆུབ་སེམས་དཔའ་གད་མོ་ཆེར་དགོད་པ་དང་། ས་བོན་ཆུང་ངུ་ལས་འབྲས་བུ་ཆེར་འགྱུར་བ་དག་མཐོང་ནས། བྱང་ཆུབ་སེམས་དཔའ་རྣམས་གད་མོ་ཆེར་དགོད་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ བསྟན་པ་དོན་ཡོད་པར་མཐོང་ནས། བྱང་ཆུབ་སེམས་དཔའ་རྣམས་གད་མོ་ཆེར་དགོད་པ་དང་། སྔོན་ཐེག་པ་ལ་ལྷན་གཅིག་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཆགས་པའི་གནས་གཞན་དང་གཞན་ལ་ཆགས་ 76-1-23b པས་སངས་རྒྱས་ཀྱི་ཆོས་ཀྱི་ཆེ་བ་ཉིད་མ་ཐོབ་པ་མཐོང་ནས་བྱང་ཆུབ་སེམས་དཔའ་གད་མོ་ཆེར་དགོད་པ་དང་། ཀྱེ་རྒྱལ་བའི་སྲས་གཞན་ཡང་སྔོན་འགྲོགས་པར་གྱུར་པའི་ལྷ་དང་མི་རྣམས་ཆུང་ངུ་ན་བྱིས་པའི་ས་ལས་ཀྱང་ མ་འདས་ཤིང་ཡོངས་སུ་སྐྱོ་བའི་དབང་པོ་དང་ལྡན་པར་འགྱུར་བ་མཐོང་ནས་བྱང་ཆུབ་སེམས་དཔའ་རྣམས་གད་མོ་ཆེར་དགོད་པ་དང་། དེ་བཞིན་གཤེགས་པ་མ་ལུས་པ་ཐམས་ཅད་ཀྱི་འོད་ཟེར་དབུགས་ཕྱིན་པ་ཆེན་པོ་རྣམ་པར་ འཕེལ་བར་བྱེད་པས་རེག་པར་གྱུར་ནས་བྱང་ཆུབ་སེམས་དཔའ་རྣམས་གད་མོ་ཆེར་དགོད་པ་དང་། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གད་མོ་ཆེར་དགོད་པ་སྟེ། དེ་དག་གིས་བྱང་ཆུབ་སེམས་ དཔའ་སེམས་ཅན་འདུལ་བའི་དབང་གི་ཕྱིར་གད་མོ་ཆེར་དགོད་པར་འགྱུར་བ་དག་གོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་གོམ་པས་རྣམ་པར་གནོན་པ་སྟེ། བཅུ་གང་ཞེ་ན་འདི་ལྟར་བྱང་ཆུབ་སེམས་ དཔའི་མཐུ་ཡོངས་སུ་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་གོམ་པས་རྣམ་པར་གནོན་པ་དང་། ནོར་བདུན་ཡོངས་སུ་གཏོང་བར་བསྟན་པའི་ཕྱིར་གོམ་པས་རྣམ་པར་གནོན་པ་དང་། སའི་ལྷའི་བསམ་པ་ ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་གོམ་པས་རྣམ་པར་གནོན་པ་དང་། ཁམས་གསུམ་ལས་འདས་པའི་རྣམ་པར་གནོན་པ་དང་། འགྲོས་ཡོངས་སུ་བསྟན་པའི་ཕྱིར་གོམ་པས་རྣམ་པར་གནོན་པ་དང་། གླང་པོའི་ འགྲོས་དང་། ཁྱུ་མཆོག་གི་འགྲོས་དང་། སེང་གེའི་འགྲོས་དང་། འགྲོས་ཐམས་ཅད་ལས་འདས་ཤིང་བྱང་ཆུབ་སེམས་དཔའི་འགྲོས་ཁྱད་པར་དུ་འཕགས་པ་ཡོངས་སུ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ རྣམས་འགྲོས་ཀྱིས་རྣམ་པར་གནོན་པ་དང་། ཀྱེ་རྒྱལ་བའི་སྲས་ས་ཆེན་པོ་ཡང་རྡོ་རྗེའི་དབྱིངས་ཀྱིས་ཀུན་ནས་བཟུང་བར་འགྱུར་ཏེ། སའི་ཕྱོགས་གཞན་གྱིས་བྱང་ཆུབ་སེམས་དཔའི་ལུས་བཟུང་བར་མི་ནུས་པ་བསྟན་ 76-1-24a པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་གོམ་པས་རྣམ་པར་གནོན་པ་དང་། སེམས་ཅན་གཞན་སྤྲོ་བར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་གོམ་པས་རྣམ་པར་གནོན་པ་དང་། བྱང་ཆུབ་ཀྱི་ཡན་ལག་རིན་ པོ་ཆེ་བདུན་གྱི་ནན་ཏན་ཡོངས་སུ་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་གོམ་པས་རྣམ་པར་གནོན་པ་དང་། ཆོས་ཉིད་རབ་ཏུ་ཐོབ་པས་གཞན་གྱི་དྲིང་མི་འཇོག་པ་ཡོངས་སུ་བསྟན་པའི་ཕྱིར་བྱང་ཆུབ་སེམས་ དཔའ་རྣམས་གོམ་པས་རྣམ་པར་གནོན་པ་དང་། བདག་ནི་འཇིག་རྟེན་ན་གཙོ་བོ་ཡིན། བདག་ནི་འཇིག་རྟེན་ན་ཕུལ་དུ་ཕྱིན་པ་ཡིན་ནོ། །ཞེས་ཚིག་བརྗོད་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་གོམ་པས་རྣམ་ པར་གནོན་པའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གོམ་པས་རྣམ་པར་གནོན་པ་སྟེ། དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་འདུལ་བའི་དོན་དུ་སྟོན་པ་དག་ གོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཞོན་ནུའི་ས་ཀུན་ཏུ་སྟོན་པའི་ལས་ཏེ། བཅུ་གང་ཞེ་ན། འདི་ལྟར་ཡི་གེ་དང་གྲངས་དང་བརྡ་དང་རྩིས་ཀྱི་སྦྱོར་བ་ཐམས་ཅད་ལས་རབ་ཏུ་འདས་ པའི་བྱ་བ་ཀུན་ཏུ་འང་སྟོན་པའི་ལས་དང་། རྟ་དང་གླང་པོ་དང་། ཤིང་རྟ་རྒྱུག་པ་ཐམས་ཅད་དང་། འཕོང་ཀུན་ལས་འཕགས་པ་ཀུན་ཏུ་སྟོན་པའི་ལས་དང་། ཆོ་ལོ་དང་བརྡ་ཐབས་དང་། གར་དང་། རྒྱན་དང་རྩེད་མོ་དང་། འཇིག་རྟེན་གྱི་དགའ་བ་ལ་ཕལ་ལས་འཕགས་པའི་བྱ་བ་ཀུན་ཏུ་སྟོན་པའི་ལུས་དང་། ངག་དང་ཡིད་ཀྱི་ལས་ཁ་ན་མ་ཐོ་བ་མེད་པ་ཀུན་ཏུ་སྟོན་པའི་ལས་དང་། མྱ་ངན་ལས་འདས་པ་སྒོའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ པས། འཇིག་རྟེན་གྱི་ཁམས་ཚད་མེད་པ་རྒྱས་པར་གང་བ་ཀུན་ཏུ་སྟོན་པའི་ལས་དང་། མི་ཐམས་ཅད་དང་། ལྷ་ཐམས་ཅད་དང་། ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་ལྟོ་འཕྱེ་ཆེན་ 76-1-24b པོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་གྱི་མགོན་པོ་ཐམས་ཅད་ལས་ཤིན་ཏུ་འདས་པར་བྱང་ཆུབ་སེམས་དཔའི་མཐུ་ཀུན་ཏུ་སྟོན་པའི་ལས་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་གྱི་མགོན་པོའི་གཟུགས་ དང་ཁ་དོག་དང་གཟི་བརྗིད་ལས་ཤིན་ཏུ་འདས་པར་བྱང་ཆུབ་སེམས་དཔའི་གཟུགས་དང་། ཁ་དོག་དང་། གཟི་བརྗིད་ཀུན་ཏུ་སྟོན་པའི་ལས་དང་། འདོད་པ་དང་། དགའ་བ་དང་། རྩེ་བས་མོས་པའི་སེམས་ཅན་རྣམས་ལ་ཆོས་ཀྱི་ དགའ་བས་རབ་ཏུ་དགའ་བ་ཡང་དག་པར་བསྐྱེད་པ་ཀུན་ཏུ་སྟོན་པའི་ལས་དང་། ཆོས་ཀྱི་རིམ་གྲོ་བསྐྱེད་པ་དང་། དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བྱ་བས་འདོད་པའི་ཁམས་ཐམས་ཅད་རྒྱས་པར་འགེངས་པ་ཀུན་ཏུ་སྟོན་པའི་ ལས་དང་། ཆོས་ལ་དགའ་བའི་སྣང་བས་དེ་བཞིན་གཤེགས་པའི་བྱིན་གྱི་བརླབས་ཡང་དག་པར་བླང་བ་ཀུན་ཏུ་སྟོན་པའི་ལས་སོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཞོན་ནུའི་ས་ཀུན་ཏུ་སྟོན་ པའི་ལས་ཏེ། དེ་དག་ཡོངས་སུ་བསྟན་ནས་དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་རྣམས་བཙུན་མོའི་འཁོར་གྱིས་ནང་དུ་འདོང་བར་འགྱུར་བའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཙུན་མོའི་ འཁོར་ཉེ་བར་སྟོན་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་སྔོན་ལྷན་ཅིག་ཏུ་སྤྱོད་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱ་བའི་དོན་ཏུ་བྱང་ཆུབ་སེམས་དཔའ་རྣམས་བཙུན་མོའི་འཁོར་ཉེ་བར་སྟོན་ པ་དང་། བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་བརྗོད་པའི་ཕྱིར་བཙུན་མོའི་འཁོར་ཉེ་བར་སྟོན་པ་དང་། ལོངས་སྤྱོད་དང་། སྐྱིད་པ་ལ་ཆགས་པའི་ལྷ་དང་མི་རྣམས་ལ་ལོངས་སྤྱོད་དང་སྐྱིད་པའི་ཆེ་བ་ཉིད་ ཡོངས་སུ་བསྟན་པའི་ཕྱིར་བཙུན་མོའི་འཁོར་ཉེ་བར་སྟོན་པ་དང་། རྙོགས་པ་ལྔའི་ཞིང་དུ་སེམས་ཅན་རྣམས་ཀྱི་བསམ་པའི་རྗེས་སུ་འབྲང་བའི་ཕྱིར་བཙུན་མོའི་འཁོར་ཉེ་བར་སྟོན་པ་དང་། བཙུན་མོའི་འཁོར་གྱི་ནང་ན་ཏིང་ངེ་འཛིན་ 76-1-25a ལ་གནས་ཤིང་བྱང་ཆུབ་སེམས་དཔའི་མཐུ་དང་ཆེ་བ་ཉིད་ཡོངས་སུ་བསྟན་པའི་ཕྱིར་བཙུན་མོའི་འཁོར་ཉེ་བར་སྟོན་པ་དང་། སྔོན་གྱི་སྨོན་ལམ་དང་ལྡན་པའི་སེམས་ཅན་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱ་བའི་ ཕྱིར་བཙུན་མོའི་འཁོར་ཉེ་བར་སྟོན་པ་དང་། ཕ་དང་མ་དང་གཉེན་པའི་ཚོགས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བཙུན་མོའི་འཁོར་ཉེ་བར་སྟོན་པ་དང་། ཆོས་ཀྱི་དབྱིངས་ཆེན་པོ་དང་ལྡན་པའི་རོལ་མོ་བརྡུང་བ་དང་། དཀྲོལ་བའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་ཅིང་བསྙེན་བཀུར་བ་ཡོངས་སུ་གྲུབ་པར་བྱ་བའི་ཕྱིར་བཙུན་མོའི་འཁོར་ཉེ་བར་སྟོན་པ་དང་། བཙུན་མོའི་འཁོར་གྱི་ནང་ནས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ ལ་གནས་ཤིང་ཤིན་ཏུ་ཕྲ་བའི་མངོན་པར་རྫོགས་པར་འཚང་རྒྱ་བ་ནས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་བར་དུ་བསྟན་པའི་ཕྱིར། བཙུན་མོའི་འཁོར་ཉེ་བར་སྟོན་པ་དང་། ཆོས་ཀྱི་སྐྱབས་དང་ལྡན་པ་ཡང་དག་ པར་བསྟན་པའི་ཕྱིར་བཙུན་མོའི་འཁོར་ཉེ་བར་སྟོན་པའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཙུན་མོའི་འཁོར་ཉེ་བར་སྟོན་པ་སྟེ། དེ་དག་ནི་སྲིད་པ་ཐ་མའི་བྱང་ཆུབ་སེམས་དཔའི་ས་ ཡོངས་སུ་བསྟན་ནས་དེའི་འོག་ཏུ་མངོན་པར་འབྱུང་བར་འགྱུར་བ་དག་གོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་འབྱུང་བ་སྟེ། བཅུ་གང་ཞེ་ན་འདི་ལྟར་ཁྱིམ་གྱི་གནས་སྨད་ པའི་ཕྱིར་བྱང་ཆུབ་སེམས་དཔའ་མངོན་པར་འབྱུང་བ་དང་། གནས་ལ་དགའ་བའི་སེམས་ཅན་གྱེན་དུ་བསྐྱོད་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་མངོན་པར་འབྱུང་བ་དང་། འཕགས་པ་དང་མཐུན་པའི་ལམ་གྱི་ ལེགས་པ་ཡོངས་སུ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་མངོན་པར་འབྱུང་བ་དང་། རབ་ཏུ་བྱུང་བའི་ཡོན་ཏན་དང་། ལེགས་པ་ཡང་དག་པར་བསྔགས་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ 76-1-25b མངོན་པར་འབྱུང་བ་དང་། མཐའ་གཉིས་ཀྱི་ལྟ་བ་དང་བྲལ་བ་ཡང་དག་པར་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་མངོན་པར་འབྱུང་བ་དང་། འདོད་པའི་བདེ་བ་དང་ཕྲད་པར་བརྩོན་ཞིང་བདག་གི་བདེ་བ་ལྷུར་ལེན་པའི་ སེམས་ཅན་སྐྱོ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་མངོན་པར་འབྱུང་བ་དང་། ཁམས་གསུམ་པ་ཐམས་ཅད་ལས་འབྱུང་བའི་སྔོན་གྱི་ལྟས་ཡང་དག་པར་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ མངོན་པར་འབྱུང་བ་དང་། རང་ལ་རག་ལས་པར་སྤྱོད་ཅིང་གཞན་གྱི་དྲིང་མི་འཇོག་པ་ལ་བསྟེན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་མངོན་པར་འབྱུང་བ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མི་འཇིགས་པ་ཐོབ་ པ་དང་། མཐུན་པར་ཡང་དག་པར་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་མངོན་པར་འབྱུང་བ་དང་། ཀྱེ་རྒྱལ་བའི་སྲས་ཆོས་ཉིད་ཀྱི་ཀྱང་། བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་ནི་གདོན་མི་ཟ་ བར་མངོན་པར་འབྱུང་སྟེ། ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་འདུལ་བའི་དབང་གིས་ཕྱིར་མངོན་པར་འབྱུང་བ་ཡོངས་སུ་སྟོན་པ་དག་གོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་ འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཀའ་བ་སྤྱོད་པའི་སྦྱོར་བ་སྟེ། བཅུ་གང་ཞེ་ན་འདི་ལྟར་དམའ་བ་ལ་མོས་པའི་སེམས་ཅན་གྱི་ཁམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་དཀའ་བ་སྤྱོད་པ་སྟོན་པ་ དང་། ལྟ་བའི་རྣམ་པ་ལ་གནས་པའི་སེམས་ཅན་རྣམས་གྱེན་དུ་བསྐྱོད་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་དཀའ་བ་སྤྱོད་པ་སྟོན་པ་དང་། ལས་དང་བྱ་བས་ཁྱམ་པར་གྱུར་པའི་སེམས་ཅན་རྣམས་ལ་ལས་ཀྱི་རྣམ་པར་ སྨིན་པ་མངོན་སུམ་དུ་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་དཀའ་བ་སྤྱོད་པ་སྟོན་པ་དང་། ཀུན་ནས་ཉོན་མོངས་པའི་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པར་ཆོས་ཉིད་རྗེས་སུ་འབྲང་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་ 76-1-26a དཔའ་རྣམས་དཀའ་བ་སྤྱོད་པ་སྟོན་པ་དང་། བདག་གི་དུབ་པ་ཉེ་བར་ཞི་ཞིང་མཐུ་དང་ལྡན་པ་ཡོངས་སུ་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་དཀའ་བ་སྤྱོད་པ་སྟོན་པ་དང་། མ་ཡིན་ན་ཆོས་ལ་ཆགས་པ་རྣམས་ཀྱི་ དོན་དུ་བྱང་ཆུབ་སེམས་དཔའ་རྣམས་དཀའ་བ་སྤྱོད་པ་སྟོན་པ་དང་། འདོད་པའི་བདེ་བ་དང་ཕྲད་པར་བརྩོན་ཞིང་རང་གི་བདེ་བ་ལྷུར་ལེན་པའི་སེམས་ཅན་རྣམས་སྐྱོ་བར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་དཀའ་བ་སྤྱོད་པ་ སྟོན་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་བརྩམས་པའི་ཁྱད་པར་ཡོངས་སུ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་དཀའ་བ་སྤྱོད་པ་སྟོན་པ་དང་། སྐྱེ་བོ་ཕྱི་མ་རྣམས་བརྩོན་འགྲུས་རྩོམ་པ་ལ་ཡང་དག་པར་ སྦྱར་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་དཀའ་བ་སྤྱོད་པ་སྟོན་པ་དང་། མ་ཡིན་ན་དབང་པོ་ཡོངས་སུ་མ་སྨིན་པའི་ལྷ་དང་མི་རྣམས་ཡོངས་སུ་སྨིན་པར་བྱ་བའི་དུས་བསྡད་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ དཀའ་བ་སྤྱོད་པ་སྟོན་པའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་འདུལ་བའི་དབང་གི་ཕྱིར་དཀའ་བ་སྤྱོད་པའི་སྦྱོར་བ་ཡོངས་སུ་སྟོན་པ་དག་གོ། །ཀྱེ་རྒྱལ་བའི་སྲས་ བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་པོ་བྱང་ཆུབ་ཏུ་འགྲོ་བ་སྟེ། བཅུ་གང་ཞེ་ན་འདི་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ཏུ་ འདོང་བ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་རབ་ཏུ་བསྐྱོད་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ཏུ་འདོང་བ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བདག་གིས་ལུས་རྣམ་པར་ ཕྱེ་བ་ཡོངས་སུ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ཏུ་འདོང་བ་དང་། སྔོན་ལྷན་ཅིག་ཏུ་སྤྱད་པ་སྤྱོད་པའི་གྲོགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་བསྐུལ་བའི་ཕྱིར་བྱང་ཆུབ་ 76-1-26b སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ཏུ་འདོང་བ་དང་། སྙིང་པོ་བྱང་ཆུབ་ཀྱི་རྒྱན་རྣམ་པར་ཕྱེ་བ་ཡོངས་སུ་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ཏུ་འདོང་བ་དང་། སེམས་ཅན་ཇི་ལྟར་མོས་ པ་རྣམས་ལ་ལུས་དང་སྤྱོད་ལམ་དང་། བྱང་ཆུབ་སེམས་ཀྱི་ཤིང་གི་རྒྱན་རྣམ་པར་ཕྱེ་བ་ཡོངས་སུ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ཏུ་འདོང་བ་དང་། འཇིག་རྟེན་གྱི་ཁམས་ ཐམས་ཅད་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་མངོན་དུ་བལྟ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ཏུ་འདོང་བ་དང་། གོམ་པ་དོར་བ་དང་། འདེག་པ་ཐམས་ཅད་དུ་ཏིང་ངེ་འཛིན་ གྱི་སྒོ་ལ་སྙོམས་པར་འཇུག་ཅིང་། སྐད་ཅིག་སྐད་ཅིག་དུ་རྣམ་པར་འཚང་རྒྱ་བ་ལས་མི་འདའ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ཏུ་འདོང་བ་དང་། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་ དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་གྱི་མགོན་པོ་ཐམས་ཅད་ཀྱི་མཆོད་པ་བླང་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ཏུ་འདོང་བ་དང་། ཆགས་པ་མེད་པའི་ཡེ་ཤེས་ཆེན་པོས་རྣམ་པར་ཕྱེ་བའི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པར་ལྟ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཡིད་ལ་བྱེད་ཅིང་ཕྱོགས་ ཐམས་ཅད་དུ་རྣམ་པར་ཕྱེ་བའི་མངོན་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ཏུ་འདོང་བའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་སྙིང་པོ་བྱང་ཆུབ་ཏུ་འགྲོ་བ་སེམས་ཅན་འདུལ་བའི་དབང་གི་ཕྱིར་ཡོངས་སུ་བསྟན་པ་དག་གོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་གསུམ་པ། ། 76-1-27a ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་པོ་བྱང་ཆུབ་ལ་འདུག་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་རབ་ཏུ་སྐྱོད་ཅིང་། བྱང་ཆུབ་སེམས་དཔའ་ རྣམས་སྙིང་པོ་བྱང་ཆུབ་ལ་འཁོད་དོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱེད་ཅིང་། བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ལ་འཁོད་དོ། །ངན་སོང་ཐམས་ཅད་རབ་ཏུ་ཞི་བར་བྱེད་ཅིང་བྱང་ཆུབ་སེམས་དཔའ་ རྣམས་སྙིང་པོ་བྱང་ཆུབ་ལ་འཁོད་དོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་རློབ་ཅིང་། བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ལ་འཁོད་དོ། །དེ་བཞིན་གཤེགས་པའི་གདན་སེང་གེའི་ཁྲི་ ལ་རྣམ་པར་ལྟ་ཞིང་། བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ལ་འཁོད་དོ། །ཡིད་ནམ་མཁའ་དང་མཉམ་པ་ལ་རྣམ་པར་མི་རྟོག་ཅིང་བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ལ་འཁོད་དོ། །དེ་ལྟར་མཐུན་པའི་ ལུས་དང་སྤྱོད་ལམ་ཡོངས་སུ་སྟོན་ཅིང་བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ལ་འཁོད་དོ། །རྡོ་རྗེའི་སྙིང་པོའི་ཏིང་ངེ་འཛིན་རྗེས་སུ་རྟོགས་པར་བྱེད་ཅིང་། བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ལ་འཁོད་དོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་རྣམ་པར་དག་པའི་གནས་ཡང་དག་པར་ལེན་ཅིང་། བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ལ་འཁོད་དོ། །བདག་གི་དགེ་བའི་རྩ་བའི་མཐུས་འགྲོ་བ་ཐམས་ཅད་ བྱིན་གྱིས་རློབ་ཅིང་། བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ལ་འཁོད་དོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ལ་འདུག་གོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ རྣམས་སྙིང་པོ་བྱང་ཆུབ་མཆོག་ལ་འཁོད་ནས་ཀྱང་ངོ་མཚར་རྨད་དུ་བྱུང་བའི་ཆོས་བཅུ་འབྱུང་སྟེ། བཅུ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དེ་ལ་སྙིང་པོ་བྱང་ཆུབ་མཆོག་ལ་འཁོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་འཇིག་རྟེན་ 76-1-27b གྱི་ཁམས་ཐམས་ཅད་ན་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཞལ་མངོན་པར་བསྟན་ཏེ། ཕྱག་གཡས་པ་རྐྱང་ཞིང་། ཀྱེ་དེད་དཔོན་ཆེན་པོ་རྒྱལ་བར་གྱུར་ཅིག ། རྒྱལ་བར་གྱུར་ཅིག་ཅེས་གསུང་བརྗོད་དེ་འདི་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་དང་པོའོ། །ཀྱེ་རྒྱལ་བའི་སྲས་སྙིང་པོ་བྱང་ཆུབ་མཆོག་ལ་འཁོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ དགོངས་པ་དང་། བྱིན་གྱིས་རློབས་པ་ཡང་དག་པར་མཛད་དེ་འདི་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་གཉིས་པའོ། །ཀྱེ་རྒྱལ་བའི་སྲས་སྙིང་པོ་བྱང་ཆུབ་མཆོག་ལ་འཁོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་སྔོན་ལྷན་ཅིག་དུ་སྤྱོད་སྦྱོད་ པའི་བྱང་ཆུབ་སེམས་དཔའ་རྣམས་འོངས་ཏེ། བྱང་ཆུབ་སེམས་དཔའ་དེ་དག་ལ་ཀུདན་ནས་བསྐོར་ཅིང་མཆོད་པའི་ལས་རྣམ་པར་ཕྱེ་བ་རྣམ་པ་སྣ་ཚོགས་མངོན་པར་བསྒྲུབ་སྟེ། འདི་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་ གསུམ་པའོ། །ཀྱེ་རྒྱལ་བའི་སྲས་སྙིང་པོ་བྱང་ཆུབ་མཆོག་ལ་འཁོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྩྭ་དང་གེལ་བ་དང་། སྡོང་པོ་དང་། ནགས་ཚལ་ཐམས་ཅད་ཀྱང་ བསམ་པ་ཡོད་གོ་ལྟ་སྟེ། སྙིང་པོ་བྱང་ཆུབ་གང་ན་བ་དེར་འདུད་ཅིང་ཕྱག་འཚལ་ཏེ། དེ་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་བཞི་པའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལས་ཡང་དག་པར་འདའ་བའི་ཚེ་ཡང་ཆོས་ཀྱི་ དབྱིངས་རྣམ་པར་འབྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་མངོན་དུ་གྱུར་ཏེ། ཏིང་ངེ་འཛིན་དེ་ཐོབ་མ་ཐག་ཏུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལས་ཡང་དག་པར་འདའ་བར་འགྱུར་ཏེ། འདི་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་ལྔ་པའོ། ། ཀྱེ་རྒྱལ་བའི་སྲས་རྒྱ་མཚོ་མཆོག་གི་དམ་པ་དྲི་མ་མེད་ཅིང་ཀུན་ནས་སྣང་ལ་འོད་གསལ་བའི་སའི་སྙིང་པོ་ལ་འཁོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྤྲིན་ཆེན་པོས་ཀུན་ 76-1-28a ནས་ཡོག་པར་འགྱུར་ཏེ། འདི་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་དྲུག་པའོ། །ཀྱེ་རྒྱལ་བའི་སྲས་སྙིང་པོ་བྱང་ཆུབ་ཀྱི་མཆོག་ལ་འཁོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུས་དེ་བཞིན་གཤེགས་པ་ ལ་མཆོད་པ་དང་། རིམ་གྲོར་བྱ་བ་ཤིན་ཏུ་རྒྱ་ཆེན་པོ་རྣམས་དེ་བཞིན་གཤེགས་པའི་མཆོད་པའི་ལས་ཀྱི་ཕྱིར་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་དུ་འབྱུང་སྟེ། འདི་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་བདུན་པའོ། ། ཀྱེ་རྒྱལ་བའི་སྲས་སྙིང་པོ་བྱང་ཆུབ་མཆོག་ལ་འཁོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡེ་ཤེས་མཆོག་གིས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་། དབང་པོ་དང་སྤྱོད་པ་མངོན་དུ་འགྱུར་ཏེ། འདི་ནི་ངོ་ མཚར་རྨད་དུ་བྱུང་བའི་ཆོས་བརྒྱད་པའོ། །ཀྱེ་རྒྱལ་བའི་སྲས་སྙིང་པོ་བྱང་ཆུབ་མཆོག་ལ་འཁོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བློ་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་མངོན་དུ་འགྱུར་ཏེ། ཏིང་ངེ་འཛིན་དེ་ཐོབ་མ་ཐག་ཏུ་ནམ་མཁའི་དབྱིངས་ཚད་མེད་པ་དང་། དུས་གསུམ་རྒྱས་པར་འགེངས་པའི་ལུས་ཀུན་ནས་གནས་པར་འགྱུར་ཏེ། འདི་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་དགུ་པའོ། །ཀྱེ་རྒྱལ་བའི་སྲས་སྙིང་པོ་བྱང་ཆུབ་ མཆོག་ལ་འཁོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་ཀྱི་ལས་དུས་ཐམས་ཅད་ལ་ཡང་དག་པར་གཞོལ་ཞིང་ཡེ་ཤེས་ཆེན་པོ་ཆགས་པ་མེད་པ་རྡུལ་དང་བྲལ་བའི་སྣང་བ་དང་ལྡན་པར་འགྱུར་ཏེ། འདི་ནི་ངོ་མཚར་རྨད་ དུ་བྱུང་བའི་ཆོས་བཅུ་པའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་མཚར་རྨད་དུ་བྱུང་བའི་ཆོས་རྣམས་ཏེ། བྱང་ཆུབ་སེམས་དཔའ་སྙིང་པོ་བྱང་ཆུབ་མཆོག་ལ་གནས་པ་རྣམས་ལ་ འབྱུང་བར་འགྱུར་བ་དག་གོ། །ཀྱེ་རྒྱལ་བའི་སྲས་དོན་རྣམ་པ་བཅུ་པོ་འདི་དག་གི་དབང་ཡང་དག་པར་མཐོང་ནས་སྙིང་པོ་བྱང་ཆུབ་མཆོག་ལ་འདུག་པའི་བྱང་ཆུབ་སེམས་དཔའ་བདུད་འདུལ་བ་སྟོན་ཏེ། བཅུ་གང་ཞེ་ན་ཀུན་ 76-1-28b ནས་ཉོན་མོངས་པའི་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ན་ཐབ་མོ་དང་། གཡུལ་ལ་མོས་པའི་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྟོབས་ཀྱི་ཆེ་བ་ཉིད་ཡང་དག་པར་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་བདུད་ འདུལ་བ་སྟོན་ཏོ། །ཡིད་གཉིས་དང་ཐེ་ཙོམ་དུ་གྱུར་པའི་མི་དང་ལྷ་རྣམས་ཀྱི་ཡིད་གཉིས་དང་ཐེ་ཙོམ་གཅོད་པའི་ཕྱིར་བདུད་འདུལ་བ་སྟོན་ཏོ། །བདུད་ཀྱི་སྡེ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བདུད་འདུལ་བ་སྟོན་ཏོ། །འཐབ་མོ་དང་ གཡུལ་ལ་མོས་པའི་ལྷ་དང་མི་རྣམས་ཀུན་ནས་བསྡུ་བ་དང་། ཀུན་ནས་འདུས་པའི་ལྷ་དང་མི་རྣམས་འདུལ་བའི་དབང་གིས་ཕྱིར་བདུད་འདུལ་བ་སྟོན་ཏོ། །བྱང་ཆུབ་སེམས་དཔའི་མཐུ་ལ་ཐུབ་པ་མེད་པ་ཡོངས་སུ་བསྟན་ པའི་ཕྱིར་བདུད་འདུལ་བ་སྟོན་ཏོ། །སེམས་ཅན་གཞན་མོས་ཤིང་སྤྲོ་བར་བྱ་བའི་ཕྱིར་བདུད་འདུལ་བ་སྟོན་ཏོ། །ཕྱི་མའི་སྐྱེ་བོ་རྣམས་ལ་སྙིང་རྗེ་བའི་ཕྱིར་བདུད་འདུལ་བ་སྟོན་ཏོ། །སྙིང་པོ་བྱང་ཆུབ་ལ་འདུག་གི་བར་གྱི་ བདུད་ཀྱི་ལས་ཡོངས་སུ་བསྟན་པ་དང་། བྱང་ཆུབ་སེམས་དཔའ་བདུད་ཀྱི་ལམ་ཐམས་ཅད་ལས་འདས་པ་ཡོངས་སུ་བསྟན་པའི་ཕྱིར་བདུད་འདུལ་བ་སྟོན་ཏོ། །ཉོན་མོངས་པའི་སྟོབས་ཀྱིས་ཉམསྨད་ཅིང་སྟོབས་མེད་ པར་བྱས་པ་ཡོངས་སུ་བསྟན་པ་དང་། དགེ་བའི་རྩ་བ་བརྗོད་པ་དང་། བྱམས་པའི་སྟོབས་ཡང་དག་པར་བསྟན་པའི་ཕྱིར་བདུད་འདུལ་བ་སྟོན་ཏོ། །ཀུན་ནས་ཉོན་མོངས་པའི་འཇིག་རྟེན་གྱི་ཁམས་འབྱམ་ ཀླས་པ་དག་ཆོས་ཉིད་རྗེས་སུ་འབྲང་བའི་ཕྱིར། བྱང་ཆུབ་སེམས་དཔའ་བདུད་འདུལ་བ་སྟོན་ཏེ། ཀྱེ་རྒྱལ་བའི་སྲས། དོན་བཅུ་པོ་དེ་དག་གི་དབང་མཐོང་ནས་ནི། བྱང་ཆུབ་སེམས་དཔའ་བདུད་ འདུལ་བ་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་མངོན་པར་རྫོགས་པར་བྱང་ཆུབ་པ་སྟེ། བཅུ་གང་ཞེ་ན། 76-1-29a ཀྱེ་རྒྱལ་བའི་སྲས་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་བདུད་དང་ལས་དང་ཉོན་མོངས་པ་ཐམས་ཅད་ལས་འདས་ཤིང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན། བྱང་ཆུབ་ སེམས་དཔའི་ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་ལ་རྣམ་པར་བརྩེ་བ་ཡིན། བྱང་ཆུབ་སེམས་དཔའི་བསམ་གཏན་འབྱམ་ཀླས་པ་ཐམས་ཅད་དང་ལྡན་པ་ཡིན། ཆོས་དཀར་པོའི་ཚོགས་ཐམས་ཅད་ཡང་དག་པར་བསྩགས་པ་ ཡིན། ཆོས་སྣང་བ་རྣམ་པར་དཔྱད་པར་བྱ་བ་ཐམས་ཅད་ཤིན་ཏུ་རྣམ་པར་ཕྱེ་བ་ཡིན། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པའི་ལུས་དང་ལྡན་པ་ཡིན། སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་དང་ དབྱངས་སུ་ལྡན་པ་ཡིན། བྱིན་གྱིས་རླབས་ཐམས་ཅད་ཀྱིས་རབ་ཏུ་ཆོག་པར་བྱིན་གྱིས་རླབས་པ་ཡིན། འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྣམ་ པར་མི་རྟོག་པ་ཐོབ་པ་ཡིན། སྐད་ཅིག་གཅིག་གིས་དུས་གསུམ་རྣམ་པར་འཚང་རྒྱ་བ་ཡིན། ཤིན་ཏུ་རྣམ་པར་སངས་རྒྱས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་རབ་ཏུ་ཐོབ་པ་ཡིན། དེ་བཞིན་གཤེགས་པའི་སྟོབས་ དང་ལྡན་པ་ཡིན་ཏེ། འདི་ལྟར་གནས་དང་གནས་མ་ཡིན་པའི་སྟོབས་དང་ལྡན་པ་ཡིན། ཟག་པ་ཟད་པ་ཤེས་པའི་བར་གྱི་སྟོབས་དང་ལྡན་པ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ ཀྱི་དེ་བཞིན་གཤེགས་པའི་སྟོབས་མངོན་པར་རྫོགས་པར་བྱང་ཆུབ་པ་སྟེ། སྟོབས་བཅུ་པོ་དེ་དག་དང་ལྡན་པའི་དེ་བཞིན་གཤེགས་པ་རྣམས་ནི་དེ་བཞིན་གཤེགས་པ་ཞེས་བྱ་བའི་གྲངསུ་འགྲོའོ། །ཀྱེ་རྒྱལ་བའི་སྲས་ དེ་ལྟར་མངོན་པར་སངས་རྒྱས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཆོས་ཀྱི་འཁོར་ལོ་ཆེན་པོ་རྣམ་པ་བཅུར་བསྐོར་ཏེ། རྣམ་པ་བཅུ་གང་ཞེ་ན་འདི་ལྟར་མྱི་འཇིགས་པ་ཤིན་ཏུ་ 76-1-29b སྦྱངས་པའི་ཡེ་ཤེས་དང་ལྡན་པ་དང་། སོ་སོར་ཡང་དག་པར་རིག་པ་བཞི་སྒྲ་རྗེས་སུ་བསྒྲགས་པ་དང་། བདེན་པ་བཞིའི་ཚུལ་གྱིས་ཤིན་ཏུ་རྟོགས་པ་དང་། སངས་རྒྱས་ཀྱི་རྣམ་པར་ཐར་པ་སྒྲིབ་པ་མྱེད་པའི་རྗེས་སུ་སོང་ བ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་དགའ་བར་འགྱུར་བ་དང་། ཐོགས་པ་མྱེད་ཅིང་བལྟ་བར་དཀའ་ལ་གཡོ་བ་མྱེད་ཅིང་སྡུག་བསྔལ་གྱི་གསལ་ཤིང་འབྱིན་པ་དང་། སྔོན་གྱི་སྙིང་རྗེ་ཆེན་པོའི་བྱིན་གྱིས་རླབས་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གྲག་པ་དང་། བསྐལ་པ་གྲངས་མྱེད་པར་ཆོས་སྟོན་པ་རྒྱུན་མི་འཆད་པ་དང་། དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་དང་། བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་ སྙོམས་པར་འཇུག་པ་དང་། ལེགས་པར་སྤྱོད་པས་བསྐོར་བའོ། །ཀྱེ་རྒྱལ་བའི་སྲས་སྒོ་རྣམ་པ་བཅུ་པོ་དེ་དག་ལ་སྩོགས་པ་རྣམ་པ་ཚད་མྱེད་པར་དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོ་སྐོར་རོ། །ཀྱེ་རྒྱལ་བའི་སྲས་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་འཁོར་ལོ་དེ་ནི་སེམས་ཅན་གཞན་གྱི་རྒྱུད་ལ་ཆོས་དཀར་པོའི་རྣམ་པ་བཅུས་ཐོགས་པ་མྱེད་པ་དང་། མངོན་པར་ཆགས་པ་མྱེད་ པར་འབྱུང་བར་འགྱུར་ཏེ། བཅུ་གང་ཞེ་ན། འདི་ལྟར་སྨོན་ལམ་ཐམས་ཅད་ཀྱི་སྟོབས་ཀྱི་ཤུགས་དང་། སྙིང་རྗེ་ཆེན་པོའི་བྱིན་གྱི་རླབས་དང་། སེམས་ཅན་གྱི་ཁམས་ཐམས་ཅད་མྱི་གཏོང་བ་དང་། ཡེ་ཤེས་ཀྱི་རྣམ་པར་འཕྲུལ་ པ་བསམ་པ་ཇི་ལྟ་བ་བཞིན་དུ་སྟོན་པ་དང་། དུས་ལ་བབ་པར་ཐོབ་པར་བྱེད་པ་དང་། རིགས་པའི་ཚུལ་བཞིན་དུ་མྱི་འཁྲུལ་པ་དང་། དུས་གསུམ་ཤེས་པར་བྱ་བ་རབ་ཏུ་རྟོགས་པ་དང་། ལུས་ཀྱི་དབང་ཟིལ་གྱིས་མི་ནོན་ པ་དང་། ཚིག་གི་དབང་དམྱིགས་པར་དཀའ་བ་དང་། ཡེ་ཤེས་ཀྱི་དབང་ཚིགས་བཞིན་དུ་ཁོང་དུ་ཆུད་པར་བྱེད་པ་སྟེ། ཀྱེ་རྒྱལ་བའི་སྲས་ཆོས་དཀར་པོ་རྣམ་པ་བཅུ་པོ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ 76-1-30a དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་འཁོར་ལོ་སེམས་ཅན་གཞན་གྱི་སེམས་ཀྱི་རྒྱུད་ལ་ཐོགས་པ་མྱེད་པ་དང་། མངོན་པ་མྱེད་པར་འབྱུང་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་ཀྱི་ཕྲིན་ ལས་རྫོགས་པར་མཛད་ཟིན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་དོན་བཅུའི་དབང་གཟིགས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོ་སྟོན་ཏེ། བཅུ་གང་ཞེ་ན་འདི་ལྟར་ཡང་དག་པའི་ ལྟ་བ་བཞིན་དུ་འདུ་བྱེད་མི་རྟག་པ་ཡོངས་སུ་སྟོན་པ་དང་། འདུས་བྱས་ཐམས་ཅད་ཡིད་བརྟན་དུ་མི་རུང་བར་བསྟན་པ་དང་། མྱ་ངན་ལས་འདའ་བའི་ཕྱོགས་བདེ་བར་འགྲོ་བས་འཇིགས་པ་དང་བག་ཚ་བ་ཐམས་ཅད་དང་བྲལ་བ་ཡང་ དག་པར་བསྟན་པ་དང་། གཟུགས་ཀྱི་ལུས་ལ་ཞེན་པའི་ལྷ་དང་མྱི་རྣམས་ལ་གཟུགས་ཀྱི་ལུས་མྱི་རྟག་པ་ཉིད་དུ་ཡང་དག་པར་བསྟན་པ་དང་། ཆོས་ཀྱི་སྐུ་ལ་ཡང་དག་པར་སྦྱར་བ་དང་། རྣམ་པར་འགྱུར་བའི་མཐུ་ཕྱིར་ མྱི་ཟློག་པར་ཡོངས་སུ་བསྟན་པ་དང་། འདུ་བྱེད་ཐམས་ཅད་འདོད་དགུར་མྱི་རུང་ཞིང་དབང་བསྒྱུར་དུ་མྱེད་པ་ཡོངས་སུ་བསྟན་པ་དང་། ས་གསུམ་གྱི་འཁོར་བ་ཐམས་ཅད་སྒྱུ་མའི་རྣམ་པ་ལྟ་བུར་ཡོངས་སུ་བསྟན་པ་དང་། མྱ་ངན་ལས་འདས་པ་ནི་སྙིང་པོ་དམ་པ་སྟེ། མྱི་འཇིགས་པའི་ཆོས་ཉིད་དུ་ཡང་དག་པར་བསྟན་པ་དང་། ཀུན་འབྱུང་ཞིང་འཇིག་པས་འབྲལ་བར་འགྱུར་བ་ཡོངསུ་བསྟན་པ་དང་། ཀྱེ་རྒྱལ་བའི་སྲས་སངས་རྒྱས་ བཅོམ་ལྡན་འདས་ཀྱི་ཆོས་ཉིད་ཀྱིས་ཀྱང་དེ་བཞིན་ཏེ། སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་རྫོགས་པར་མཛད་དེ། དགོངས་པ་ཐམས་ཅད་ཡོངས་སུ་རྫོགས་ཤིང་ཆོས་ཀྱི་འཁོར་ལོ་ཤིན་ཏུ་བསྐོར་ཏེ། འདུལ་བ་ཐམས་ཅད་ ཤིན་ཏུ་དུལ་ནས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཤིན་ཏུ་ལུང་བསྟན་པར་འགྱུར་ཏེ། མཉམ་པ་མེད་པའི་གོ་འཕང་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོར་ཡོངས་སུ་མྱ་ངན་ལས་འདའོ། །ཀྱེ་རྒྱལ་བའི་སྲས་ 76-1-30b བཅུ་པོ་དེ་དག་ཡང་དག་པར་གཟིགས་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཉམ་པ་མྱེད་པའི་གོ་འཕང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཡོངས་སུ་སྟོན་ཏོ། །ཀྱེ་ རྒྱལ་བའི་སྲས་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡོངས་སུ་སྦྱོངས་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་མང་པོས་གསུངས་པའོ། །དོན་ཚད་མྱེད་པ་ཁོང་དུ་ཆུད་པར་འགྱུར་ བའོ། །མཁས་པའི་སྐྱེ་བོ་དགའ་བར་བྱེད་པའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པ་དང་། སྨོན་ལམ་ཆེན་པོ་རྒྱུན་མྱི་འཆད་པར་བྱེད་པའོ། །སེམས་ཅན་གང་གི་འདི་ཐོས་པར་གྱུར་ཏེ། ཐོས་ནས་ ཀྱང་མོས་པར་བྱེད་པ་དང་། མོས་པར་གྱུར་ནས་ཀྱང་ནན་ཏན་གྱིས་ཡང་དག་པར་བསྒྲུབ་པ་དེ་དག་ཐམས་ཅད་མྱུར་དུ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་མངོན་པར་འཚང་རྒྱ་བར་འགྱུར་རོ། ། ཀྱེ་རྒྱལ་བའི་སྲས་དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་བྱང་ཆུབ་སེམས་དཔའ་ནན་ཏན་ལྷུར་བྱེད་པ་རྣམས་ཀྱིས་འགྲུབ་པའོ། །ནན་ཏན་དང་མྱི་ལྡན་པ་རྣམས་ཀྱིས་མ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དེ་ལྟ་བས་ ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནན་ཏན་ལ་གནས་པས་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྒོའི་ལེའུ་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ཡོན་ཏན་གྱི་འབྱུང་གནས་དོན་རྣམ་པར་གདོན་མི་ཟ་བའི་མེ་ཏོག་ཆོས་ གྱི་སྒོ་ཐམས་ཅད་ལ་ཡང་དག་པར་གཞོལ་བ། ཡེ་ཤེས་ཀྱི་སྒོ་ལ་འཇུག་པ་འཇིག་རྟེན་གྱི་ལམ་ཐམས་ཅད་ལས་ཡང་དག་པར་འདས་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ལམ་དང་བྲལ་བ། འགྲོ་བ་ཐམས་ ཅད་དང་མཐུན་མོང་མ་ཡིན་པ། ཆོས་ཐམས་ཅད་ཀྱི་སྒོ་སྣང་བར་བྱེད་པ་འགྲོ་བ་ཐམས་ཅད་ཀྱི་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་རྣམ་པར་འཕེལ་བར་བྱེད་པ་འདི་རིམ་གྲོར་བྱས་ཏེ། མཉན་པར་ 76-1-31a བྱའོ། །བླང་བར་བྱའོ། །ཡོངས་སུ་གཟུང་བར་བྱའོ། །ཡོངས་སུ་གཟུང་ནས་ཀྱང་ངེས་པར་རྟོགས་པའི་སྒོ་ཡོངས་སུ་སྦྱང་བ་དང་། སྨོན་ལམ་མངོན་པར་བསྒྲུབ་པ་ལ་བརྩོན་པར་བྱའོ། །ཀྱེ་རྒྱལ་བའི་ སྲས་དེ་ལྟར་བརྩོན་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དཀོན་པ་མ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྒོའི་ལེའུ་ཆོས་ཐམས་ཅད་ཀྱི་སྒོར་ཡང་དག་པར་ གཞོལ་བའི་ཆོས་ཀྱི་རྣམ་གྲངས་འདི་བསྟན་པའི་ཚེ་སངས་རྒྱས་ཀྱི་མཐུ་དང་ཆོས་ཀྱི་རྣམ་གྲངས་འདིའི་ཆོས་ཉིད་ཐོབ་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་པ་རྣམས་རབ་ཏུ་གཡོས་པར་གྱུར་ ཏོ། །འཇིག་རྟེན་གྱི་ཁམས་གཡོས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་སྣང་བ་ཆེན་པོས་རྒྱས་ཤིང་གསལ་བར་གྱུར་ཏོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཀྱང་དགྱེས་པར་གྱུར་ཏོ། །བྱང་ཆུབ་སེམས་ དཔའ་ཀུན་ཏུ་བཟང་པོ་ལ་ཞལ་བསྟན་ནས་གསུང་བརྗོད་པ། ཀྱེ་རྒྱལ་བའི་སྲས་ལེགས་སོ་ལེགསོ། །ཇི་ལྟར་ཁྱོད་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་འཇིག་རྟེན་ལས་འདས་པའི་ཆོས་ ཀྱི་སྒོའི་ལེའུ་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། ཡོན་ཏན་གྱི་འབྱུང་གནས་དོན་རྣམ་པར་གདོན་མྱི་ཟ་བའི་མེ་ཏོག་ནོས་ཀྱི་སྒོ་ཐམས་ཅད་ལ་ཡང་དག་པར་གཞོལ་བ་ཡེ་ཤེས་ཀྱི་སྒོ་ལ་འཇུག་པའི་འཇིག་རྟེན་གྱི་ལམ་ ཐམས་ཅད་ལས་ཡང་དག་པར་འདས་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ལམ་དང་བྲལ་བ་འགྲོ་བ་ཐམས་ཅད་དང་ཐུན་མོང་མ་ཡིན་པ་ཆོས་ཐམས་ཅད་ཀྱི་སྒོ་སྣང་བར་བྱེད་པ། འགྲོ་བ་ཐམས་ཅད་ཀྱི་ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་རྣམ་པར་འཕེལ་བར་བྱེད་པ་འདི་བསྟན་པ་ནི་རྒྱལ་བའི་བུ་ཁྱོད་ཆོས་འདི་དག་ལ་ལེགས་པར་བསླབ་པས་ཤིན་ཏུ་བྱང་བ་སྟེ། རྒྱལ་བའི་བུ་ཁྱོད་ཀྱིས་ཆོས་ཀྱི་བྱིན་ 76-1-31b གྱིས་རླབས་དང་མཐུས། མོས་པའི་ཆོས་ཀྱི་རྣམ་གྲངས་འདི་ལེགས་པར་བཤད་དེ་ངེད་ཀྱིས་ཀྱང་མངོན་པར་བསྔགསོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་མངོན་པར་བསྔགས་སོ། །ཀྱེ་རྒྱལ་ བའི་བུ་ཁྱོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ད་ལྟར་དང་མ་འོངས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མ་ཐོས་པའི་ཆོས་ཐོས་པར་བྱ་བའི་ཕྱིར་ངེད་ཀྱིས་བྱིན་གྱིས་རླབ་པ་མཛད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཀུན་ཏུ་བཟང་པོས་སངས་རྒྱས་ཀྱི་བྱིན་གྱིས་རླབས་ཀྱིས་ཕྱོགས་བཅུར་བལྟས་ཏེ། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་བལྟས་ནས། ཆོས་ཀྱི་དབྱིངས་ཐམས་ཅད་ལ་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་ འདི་དག་སྨྲས་སོ། །གང་རྣམས་དེ་དག་བསྐལ་པ་བྱེ་བ་ཁྲག་ཁྲིག་སྟོང་དུ་བརྟུལ་ཞུགས་དཀའ་སྤྱད་པ། །གང་རྣམས་དེ་དག་སངས་རྒྱས་བྱེ་བ་ཁྲག་ཁྲིག་སྟོང་ལས་བྱུང་བའི་ཆོས་ཀྱི་སྲས། །གང་རྣམས་དེ་དག་སེམས་ ཅན་བྱེ་བ་ཁྲག་ཁྲིག་སྟོང་རྣམས་བྱང་ཆུབ་རབ་འགོད་པ། །དཔེ་ཟླ་མྱེད་པ་དེ་དགེ་རྣམས་ཀྱི་སྤྱོད་ངས་བཤད་ཀྱིས་རྩེ་གཅིག་མཉན་པར་བྱོས། །གང་དག་སངས་རྒྱས་ཁྲག་ཁྲིག་མཐའ་ཡས་མཆོད་ཀྱང་བདག་ནི་སངས་རྒྱས་ མྱི་གནས་པ། །གང་དག་ཉོན་མོངས་བཅིངས་པའི་འགྲོ་བ་ཐར་བྱེད་སེམས་ཅན་འདུ་ཤེས་མི་གནས་དང་། །གང་རྣམས་དེ་དག་སངས་རྒྱས་ཡོན་ཏན་རྟག་ཏུ་ཚོལ་ཡང་ཡོན་ཏན་མྱི་གནས་པ། །དེ་དག་འཇིག་རྟེན་རབ་ཏུ་ དགའ་བར་བྱེད་པའི་སྤྱོད་མཆོག་མཛེས་པ་བརྗོད་པར་བྱེད། །གང་རྣམས་དེ་དག་དུག་གསུམ་ལས་དང་ཉོན་མོངས་བདུད་ཀྱི་དབང་སོང་སྣང་། །གང་རྣམས་དེ་དག་འཕགས་པའི་ཡོན་ཏན་ལྡན་ཞིང་ཁྱུ་མཆོག་སྤྱོད་པ་སྟོན་ པ་པོ། །གང་རྣམས་དེ་དག་གཏི་མུག་ཉོན་མོངས་ཉེས་བྲལ་བསམ་པ་ཞི་ཞིང་རབ་ཞི་བ། །འགྲོ་བ་རྣམས་ལ་སྤྱོད་པའི་རིམ་པ་སྟོན་པ་དེ་དག་ཡོན་ཏན་བརྗོད་པར་བྱ། །གང་རྣམས་དེ་དག་བདུད་གཡོ་འགྲོ་བ་ཀུན་ལས་ 76-1-32a རྒལ་ཏེ་ཐམས་ཅད་དབང་བྱེད་པ། །འགྲོ་བ་ཐམས་ཅད་བདག་ལ་སྤྲུལ་པ་སྣ་ཚོགས་ཐ་དད་མཐའ་ཡས་རབ་ཏུ་སྟོན། །སེམས་བསྐྱེད་གྱུར་མ་ཐག་ཏུ་གནས་དང་འཇིག་པའི་བྱ་བ་ཐམས་ཅད་སྟོན་བྱེད་ པ། །དེ་དག་ཡོན་ཏན་སྣ་ཚོགས་མཛེས་པ་སེམས་ཅན་དགའ་བར་བྱེད་པ་བརྗོད་པར་བྱ། །སྲིད་པའི་རྒྱུད་ན་སེམས་ཅན་སྡུག་བསྔལ་ཉེན་ཅིང་སྐྱེ་དང་རྒ་བས་གཟིར་བ་དང་། །འཆི་དང་མྱ་ངན་དག་གིས་གཙེས་ཤིང་གནོད་ བྱས་ཉོན་མོངས་ཀུན་ཏུ་གཟིར་མཐོང་ནས། །དེ་དག་ཐར་བར་བྱ་ཕྱིར་སྙིང་རྗེ་རྒྱ་ཆེར་བསྐྱེད་ནས་ཡེ་ཤེས་མཆོག་དགོད་པ། །དེ་དག་ཡོན་ཏན་ཤིན་ཏུ་དགེ་བ་ཕྱོགས་ཙམ་བཤད་ཀྱིས་རྩེ་གཅིག་མཉན་པར་བྱོས། ། སྦྱིན་དང་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་དགའ་བར་བསམ་གཏན་ལའང་རྣམ་པར་རྩེན། །ཤེས་རབ་ཐབས་ཀྱི་ཕ་རོལ་ཕྱིན་ཅིང་བྱམས་དང་སྙིང་རྗེ་ལྷག་པའི་བསམ་པ་དང་། །དགའ་བའི་ཆོས་ལ་བརྩོན་ཞིང་ བཏང་སྙོམས་དགའ་བས་བསྐལ་པ་བརྒྱར་ཡང་སྤྱོད་སྤྱད་པ། །དེ་དག་སྤྱོད་ལྡན་ཡོན་ཏན་ལྡན་པ་རྣམས་ཀྱི་ཡོན་ཏན་བསྟན་གྱིས་དེ་དག་ཉོན། །གང་རྣམས་དེ་དག་བྱང་ཆུབ་གཉེར་ཕྱིར་བྱེ་བ་ཁྲག་ཁྲིག་སྟོང་གིས་ ལུས་སྐེམས་པ། །གང་རྣམས་བྱང་ཆུབ་ཞི་བ་ཚོལ་ཕྱིར་སྲོག་ལ་ལྟ་བ་མྱེད་པར་གྱུར་པ་དང་། །གང་རྣམས་དེ་དག་སེམས་ཅན་ཕན་ཕྱིར་རྟག་བརྩོན་བདག་གི་བདེ་བ་མྱི་ཚོལ་བ། །བྱམས་དང་སྙིང་རྗེའི་སེམས་ལྡན་ ཐུབ་པ་དེ་དག་ཀུན་གྱི་སྤྱོད་མཆོག་བརྗོད་པར་བྱ། །རྒྱ་མཚོའི་ཆུ་ཐིགས་བགྲངས་བར་རིས་ཐམས་ཅད་ཟད་པར་བྱ་བར་རུང་སྲིད་ཀྱི། །དེ་དག་ཡོན་ཏན་བསྐལ་པ་བྱེ་བ་ཁྲག་ཁྲིག་དུ་མ་སྟོང་དུ་བརྗོད་བྱས་ཀྱང་། །དཔེ་ཙམ་བྱ་བར་ མི་ནུས་ལེགས་པར་བརྗོད་ཅིང་བསྟན་པར་མྱི་ནུས་འོན་ཀྱང་གོ། །སེམས་ཅན་ཕན་པའི་དོན་དུ་སངས་རྒྱས་ཡུལ་རྣམས་བསྟན་པར་བྱ་བ་མཉན་པར་བྱོས། །གང་དག་འགྲོ་བ་རྣམས་ཀྱི་དོན་ཕྱིར་དག་པ་ཀུན་འཛིན་དཀར་པོ་ 76-1-32b འཕེལ་བྱེད་ཀྱང་། །མཐོ་བར་མྱི་སེམས་དམའ་བར་སེམས་མྱེད་མྱི་དམན་ཆོས་ཚོལ་ངོམས་པར་ཡངས་པར་གྱུར། །འགྲོ་བ་ཀུན་ནས་དོན་གཉེར་ཆུ་ཀླུང་ཡེ་ཤེས་མཚོ་ཆེན་ཤེས་རབ་ཤིང་སྡོང་སྟེ། །སྟོན་པའི་མཁས་པ་ དེ་དག་རྣམས་ནི་ས་ལྟར་འགྲོ་བ་ཐམས་ཅད་འཚོ་བ་ཡིན། །བྱམས་པས་རླན་ཞིང་སྙིང་རྗེ་རྩ་བ་དག་པ་སྟོང་པོ་བརྟན་པ་སྡོམ་པ་སྟེ། །ཟེ་བ་ཡེ་ཤེས་དྲི་ནི་ཚུལ་ཁྲིམས་བཟང་པོ་ལོ་མ་མེ་ཏོག་ཡོན་ཏན་ཅན། །སངས་རྒྱས་ འོད་ཀྱིས་རབ་ཏུ་རྒྱས་བྱས་བློ་གྲོས་ལྡན་པ་སེམས་ཅན་དགའ་བྱེད་པ། །དེ་དང་དེ་དག་པདྨོ་ལྟ་བུར་འདུས་བྱས་མ་གོས་འགྲོ་བ་རྣམས་ལ་སྣང་། །ས་བོན་མོས་པ་ས་གཞི་བསམ་པ་བྱམས་དང་སྙིང་རྗེ་དག་གི་རྩ་བ་སྟེ། ། སྡོང་པོ་ཤེས་རབ་ཐབས་ནི་ཡལ་ག་ལྕུག་མ་དག་ནི་ཕ་རོལ་ཕྱིན་རབ་ལྔ། །བསམ་གཏན་ཤེས་རབ་མངོན་ཤེས་མེ་ཏོག་རྒྱས་པ་ཀུན་མཁྱེན་ཡེ་ཤེས་འབྲས་བུ་སྟེ། །ཆོས་ཀྱི་ཤིང་མཆོག་རྫུ་འཕྲུལ་བྱ་བ་འཁོད་དེ་དེས་ ནི་འཇིག་རྟེན་གསུམ་པོ་ཁེབས། །རིམ་ཀྱིས་དཀར་ཡངས་ཡོངས་སུ་སྤེལ་བ་ལུས་ཡིན་དབེན་པ་རྣམས་ནི་རྐང་པ་སྟེ། །དྲན་པ་མགྲིན་པ་སྤྱོད་མཆོག་ཤེས་རབ་མགོ་ཡིན་རལ་པ་རྣམ་པར་གྲོལ་བ་དགེ། སྟོང་ པ་དོན་དམ་སུལ་དང་ཕུག་ཡིན་བྱམས་དང་སྙིང་རྗེ་དག་ནི་མྱིག་གཉིས་སྟེ། །དེ་དག་སེང་གེ་ལྟ་བུར་བདག་མྱེད་སྒྲ་འབྱིན་བདུད་སྡེ་རབ་ཏུ་སྐྲག་པར་བྱེད། །འགྲོ་བ་མ་ལུས་རྣམས་ནི་འཁོར་བའི་འབྲོག་དགོན་ཉོན་མོངས་ མི་ཟད་འཁྱམས་འགྱུར་ཏེ། །བདུད་ཀྱི་བྱ་མ་རྟ་དང་རྐུན་པོར་བཅས་པས་ཟིན་གྱིས་གཏི་མུག་མདོངས་གྱུར་པ། །ལམ་ནི་རབ་སྟོན་མྱི་མཁས་སེམས་ཅན་མཐོང་ནས་དེད་དཔོན་མཁས་པ་དེ་དག་ནི། །ལམ་གྱི་མཐར་ ཁྲིད་འཇིགས་པ་མྱེད་པའི་གྲོང་ཁྱེར་དམ་པ་མཆོག་ལ་རབ་ཏུ་དགོད། །འགྲོ་བ་དག་ནི་འདོད་ཆགས་ཞེ་སྡང་མུན་པ་ཉོན་མོངས་སྣ་ཚོགས་ནད་བཏབ་ཅིང་། །ཡུན་རིང་ནས་ནི་འདུས་བྱས་སྡུག་བསྔལ་དག་ལ་གཞོལ་ཞིང་ 76-1-33a སྡུག་བསྔལ་རབ་འབར་བ། །སེམས་ཅན་མཐོང་ནས་སྙིང་རྗེ་བསྐྱེད་དེ་ཉོན་མོངས་པ་ཡི་ནད་པ་ཀུན་གསོ་ཞིང་། །ནད་རྣམས་ཞི་བར་བྱེད་པ་སྟོང་ཕྲག་བརྒྱད་བཅུ་རྩ་བཞི་དམ་པ་དག་ཀྱང་སྟོན། ། རྒྱལ་པོ་ལྟ་བུ་དེ་དང་དེ་དག་འཁོར་རྣམས་དགའ་བྱེད་འགྲོ་ལ་ཆོས་ཀྱང་སྟོན། །སྡིག་པ་སྤོངས་ལ་དགེ་ལ་སྙེན་ཅིང་སངས་རྒྱས་ཡོན་ཏན་རྣམས་ཀྱང་ཚོལ་ཅིག་ཅེས། །རྐང་གཉིས་དབང་པོའི་ཆོས་ཀྱི་ཡུལ་ལ་ཀུན་མཁྱེན་ཡེ་ཤེས་ དབང་པོ་དབང་བསྐུར་བ། །རྒྱ་ཆེན་བྱང་ཆུབ་ཡན་ལག་རིན་ཆེན་འབྱུང་གནས་དེ་དག་འགྲོ་བའི་འཕགས་པའི་ནོར། །ཚུལ་ཁྲིམས་ལྟེ་བ་ཏིང་འཛིན་མུ་ཁྱུད་བརྒྱན་པའི་ཡེ་ཤེས་འོད་དང་ཤེས་རབ་མཚོན། །ཡེ་ཤེས་རྣ་ བའི་གཞུ་ཅན་ཉོན་མོངས་འཇོམས་ཞིང་བདུད་ཀྱི་སྡེ་རྣམས་དཀྲུག་བྱེད་པ། །ཆོས་ཀྱི་སྒྲོན་མ་ཆེ་འབྱིན་མཆོག་རྣམས་དེ་དང་དེ་དག་སངས་རྒྱས་བསྐོར་བ་ཡིན། །འཁོར་ལོ་མཆོག་རྣམས་བསྐོར་ཞིང་ཕ་རོལ་རྒོལ་བ་དག་དང་མུ་ སྟེགས་ཐམས་ཅད་འཇོམས། །ཡེ་ཤེས་ཆུ་ནི་ཟབ་ཅིང་མྱི་ཟད་ཤིན་ཏུ་རྒྱ་ཆེན་ཆོས་ཀྱི་རོ་དང་ལྡན། །བྱང་ཆུབ་ཡན་ལག་དེ་བཞིན་བསམ་གཏན་རིན་ཆེན་གང་བ་འགྲོ་ཀུན་ཤེས་པར་དཀའ། །ཐམས་ཅད་མཁྱེན་ པའི་གནས་ཀྱི་མཐའ་རླབས་མཐའ་ཡས་ཡུལ་རྣམས་དག་ཅིང་ལྷག་བསམ་དགེ། དེ་དང་དེ་དག་ཡེ་ཤེས་རྒྱ་མཚོ་མཚུངས་མྱེད་བསྟན་པ་ཟད་པར་མྱི་འགྱུར་རོ། །འཇིག་རྟེན་རབ་འཕགས་རྟག་ཏུ་ཡུལ་གྱིས་མྱི་ གོས་འགྲོ་བ་རྣམས་ཀྱི་གནས་གྱུར་པ། །བསམ་གཏན་མངོན་ཤེས་རབ་འཕེལ་ཡེ་ཤེས་རྩེ་མོ་ལྷག་པའི་བསམ་པ་མྱི་སྒུལ་བ། །གང་དག་དེ་དང་ཉེར་ཕྲད་ཤེས་རབ་ཡེ་ཤེས་མཆོག་གིས་རབ་ཏུ་འདྲ་བར་འགྱུར། ། དེ་དང་དེ་དག་ཡོན་ཏན་རི་རབ་ཤེས་རབ་རབ་བརྟན་འགྲོ་བ་ཀུན་གྱི་བལྟས། །ལྷག་པའི་བསམ་པ་མཆོག་གི་རྡོ་རྗེ་མཚུངས་ཤིང་འདྲ་སྟེ་བརྟུལ་ཞུགས་ཐམས་ཅད་བརྟན། །སངས་རྒྱས་ཆོས་དང་དགེ་འདུན་ཐམས་ཅད་ 76-1-33b མཁྱེན་པའི་སྤྱོད་ཡས་བསམ་པ་མི་ཕྱེད་དེ། །བདུད་དང་སེམས་ཅན་ཉོན་མོངས་འཇིག་རྟེན་རླུང་དག་གིས་ནི་མྱི་སྐྱོད་རབ་བརྟན་པ། །དེ་དང་དེ་དག་འཇིག་རྟེན་དམ་པ་ཉོན་མོངས་འབར་བ་དག་ལས་བཟློག་པར་བྱེད། ། བྱམས་པའི་སྤྲིན་རྣམས་ཀུན་འདུས་སྙིང་རྗེ་སྟུག་པོ་རིག་པའི་གློག་ཆེན་རྒྱུ་ལྡོག་པ། །ཐུབ་པ་རྣམས་ནི་རྫུ་འཕྲུལ་གནས་བཞི་དབྱངས་ཀྱི་འབྲུག་སྒྲ་འབྱིན་ཅིང་རབ་ཏུ་སྒྲོག །སོ་སོ་ཡང་དག་རིག་དང་ཚུལ་ཁྲིམས་ ཡན་ལག་བརྒྱད་ལྡན་ཆུའི་ཆར་འབེབས་པ། །དེ་དང་དེ་དག་སྤྲིན་ཆེན་ཉོན་མོངས་ཞི་བྱེད་སེམས་ཅན་དོན་ཕྱིར་མངོན་པར་འཕགས། །ཤེས་རབ་དགའ་དང་ཁྲེལ་བ་དག་ནི་འོབས་ཏེ་ཆོས་ཀྱི་རྒྱལ་མཚན་བསྒྲེང་། ། ཡེ་ཤེས་ཤིང་ཐགས་ཡིན་ཏེ་ཐར་པའི་སྒོ་ཕྱེ་དྲན་པ་དེ་དག་སྒོ་བ་ཡིན། །བདེན་པ་རྣམས་ནི་ལམ་ཆེན་བཞི་སྟེ་ཤིན་ཏུ་དགེ་བའི་རྫུ་འཕྲུལ་རབ་བརྒྱན་པ། །སྲིད་པ་གསུམ་ན་བདུད་སྡེ་དག་གིས་མྱི་ཐུལ་གྲོང་ཁྱེར་ཆོས་ཉིད་ དག་ཏུ་སྟོན། །ཐམས་ཅད་མཁྱེན་གྱི་སེམས་མཆོག་ཤིང་ལ་རབ་འདུག་རྫུ་འཕྲུལ་རྐང་པའི་བརྟན། །གཤོག་པ་ཐབས་ཀྱི་སྟོབས་ཏེ་ཕ་རོལ་ནོན་མཐུ་བྱམས་དང་སྙིང་རྗེ་མྱིག་གཉིས་ཡིན། །སྟོན་པ་དེ་དག་འགྲོ་ ཀུན་ཐུབ་མེད་མཁའ་ལྡིང་དབང་པོའི་དྲག་ཤུལ་འདྲ། །སྲིད་པའི་མཚོ་ནས་འདོན་ཅིང་ལྷ་མི་རྣམས་ཀྱང་མྱ་ངན་འདའ་བའི་མཆོག་ལ་འགོད། །ཚུལ་ཁྲིམས་དཀྱིལ་འཁོར་རྫུ་འཕྲུལ་རྐང་པའི་ཤུག་ལྡན་ཡེ་ཤེས་འོད་ཟེར་ཕྲེང་བ་ མཛེས། །འོད་སྣང་ཀུན་འཆར་ཉོན་མོངས་འཇོམས་ཞིང་སྲིད་པའི་རྒྱ་མཚོ་རབ་ཏུ་སྐེམ་པར་བྱེད། །སྟོབས་དང་དབང་པོ་དགེ་བའི་སྨན་འཕེལ་སེམས་ཅན་བདེ་མོ་ཡོངས་སུ་རྒྱས་བྱེད་པ། །དེ་དང་དེ་དག་སྣང་བྱེད་ཆོས་ཀྱི་ཉི་ མའི་ཁྱུ་མཆོག་འགྲོ་བ་ཀུན་ཏུ་འབྱུང་། །ཆོས་དབྱིངས་རྣམ་པར་དག་པ་དཀྱིལ་འཁོར་འགྲོ་བ་ཀུན་གྱིས་བལྟ་ན་མཛེས་པ་སྟེ། །ཉན་ཐོས་རང་རྒྱལ་རྣམས་ཀྱི་ཚོགས་མང་སྐར་མ་འདྲ་བ་དག་ནི་ཟིལ་གྱིས་མནན། ། 76-1-34a སེམས་ཀྱི་རྒྱུད་རྣམས་མཐོང་ནས་སྲིད་པ་གསུམ་དུ་འཕེལ་དང་འགྲིབ་པ་རྣམ་པར་སྟོན། །དེ་དང་དེ་དག་ཡེ་ཤེས་ཟླ་བ་འགྲོ་ལ་འཆར་ཞིང་མཁས་པ་ནམ་མཁའི་མཐའ། །ཆོས་ཀྱི་དབང་པོ་འགྲོ་བ་ཀུན་ ལ་དབང་བྱེད་གཟུགས་དང་ཡོན་ཏན་དག་གིས་བརྒྱན། །ཡེ་ཤེས་རྡོ་རྗེ་མངའ་བ་ཐབས་ནི་མྱིག་སྟེ་ཆོས་ལ་དབང་ཆེན་བསྒྱུར་གནས་པ། །ལུས་དང་མཚན་དང་དཔེ་བྱད་བཟང་པོ་སྣ་ཚོགས་ཀུན་གྱི་བལྟ་བའི་དབང་པོ་སྟེ། ། ཆོས་ཀྱི་འགྲོ་བ་ཀུན་ལས་རྒྱལ་བ་དེ་དང་དེ་དག་ཆོས་ཀྱི་དབང་པོ་ཡིན། །སྲིད་པ་གསུམ་ན་འདོད་པའི་འདམ་དང་ཉོན་མོངས་ལས་ལས་རབ་འདས་ཀུན་དབང་པོ། །བྱམས་པ་སྣང་དང་ཐུགས་རྗེ་བསམ་གཏན་དགའ་ དང་བཏང་སྙོམས་རྣམས་ལ་མོས། །སྲིད་པ་གསུམ་པོ་ཀུན་ཏུ་ཐ་དད་ལུས་སྟོན་ཆོས་ཀྱི་སྒྲས་ཀྱང་གོ་བྱེད་པ། །དེ་དང་དེ་དག་ཚངས་པ་ལྟ་བུར་རྣམ་དག་མོས་ཤིང་ལྟ་བའི་རྣམ་པ་སེལ། །འཁོར་ལས་རབ་ཏུ་ འདས་ཤིང་རྣམ་དག་ཡུལ་དང་ལྡན་པ་བདག་པོ་ཆོས་ཀྱི་དབང་། །ཕྱིར་ལྡོག་མྱི་འགྱུར་བློ་གྲོས་ཆེ་འཆང་གང་རྣམས་ཐེག་པ་དམའ་དང་ཐ་དད་ལ། །ཆོས་ཀྱི་དབང་པོར་དབང་བསྐུར་འཇིག་རྟེན་དམ་པ་ཡེ་ཤེས་ ཕྱིར་ལྡོག་མྱི་འགྱུར་བ། །ཐམས་ཅད་མཁྱེན་པའི་ཡོན་ཏན་དབང་ཕྱུག་གྲགས་ཆེན་དེ་དང་དེ་དག་འཇིག་རྟེན་དབང་། །ནམ་མཁའི་མཁའ་དབྱིངས་ལྟ་བུར་དངོས་དང་རྣམ་བྲལ་དམྱིགས་པ་ཐམས་ཅད་རྣམ་ བསྩལ་བ། །འགྲོ་བ་ཀུན་ཏུ་བྱ་བ་ཉམས་ལེན་ཁྱུ་མཆོག་ཅི་ལའང་གནས་པ་མྱེད་པ་སྟེ། །འགྲོ་བ་ཀུན་ཏུ་སྤྱོད་པ་དཀར་ཞུགས་མཁས་པ་དེ་དག་རབ་ཏུ་མྱི་གནས་པ། །དེ་དང་དེ་དག་ཡེ་ཤེས་དགེ་ཞིང་དག་པས་ཤེས་ རབ་ནམ་མཁའི་དབྱིངས་དང་འདྲ། །དེ་དང་དེ་དག་ཤིན་ཏུ་རྒྱ་ཆེན་ཐབས་ལྡན་ས་ལྟར་འགྲོ་བ་ཀུན་གྱིས་གསོལ། །ཆུ་འདྲ་དེ་དང་དེ་དག་བྱམས་དང་སྙིང་རྗེས་ཉོན་མོངས་རྣམས་ནི་རབ་ཏུ་སེལ། །དེ་དང་དེ་དག་ཡེ་ཤེས་ 76-1-34b མྱེས་ནི་ཉོན་མོངས་སྲེག་ཅིང་བག་ཆགས་བཅས་པ་བསྩལ། །སྟོན་པ་དེ་དག་མྱི་གནས་རླུང་དང་འདྲ་བར་སྲིད་པ་གསུམ་ན་རབ་ཏུ་རྒྱུ། །དེ་དང་དེ་དག་རིན་ཆེན་འདྲ་སྟེ་ཤིན་ཏུ་དཀོན་ཞིང་འགྲོ་བ་དབུལ་ཡང་སེལ། །དེ་དང་ དེ་དག་རྡོ་རྗེ་ལྟ་བུར་སྲིད་པ་གསུམ་ན་ལྟ་བ་ཀུན་ཏུ་འཇོམས། །དེ་དང་དེ་དག་ཡོན་ཏན་ཀུན་གྱི་འཕྲལ་བ་སྣ་ཚོགས་འཇིག་རྟེན་གསུམ་མཛེས་བྱེད། །སྟོན་པ་དེ་དག་ནོར་བུ་རིན་ཆེན་མཚུངས་འདྲ་སྤྱོད་པ་ཀུན་གྱི་གཙུག་ཏུ་ ཕྱིན། །དེ་དང་དེ་དག་མེ་ཏོག་ལྟ་བུར་ཡོན་ཏན་རབ་རྒྱས་བྱང་ཆུབ་ཡན་ལག་རྩེ། །ཕྲེང་བ་ལྟ་བུར་དེ་དང་དེ་དག་སྨོན་ལམ་བཅིངས་ཤིང་འཇིག་རྟེན་མགོན་ལ་གནས། །དེ་དང་དེ་དག་ཚུལ་ཁྲིམས་མ་ཉམས་སྐྱོན་ མེད་རྣམ་དག་དྲི་ནི་དྲི་རབ་ཞིམ། །དེ་དང་དེ་དག་འཇིག་རྟེན་གསུམ་ན་ཆོས་དང་ཡེ་ཤེས་ཀྱི་ནི་བག་ཆགས་དག །གདུགས་འདྲ་དེ་དང་དེ་དག་སྟོབས་ཀྱི་བླ་རེས་ཉོན་མོངས་རྡུལ་ལས་སྐྱོབ་པར་བྱེད། །ཡེ་ཤེས་རྒྱལ་ མཚན་བསྒྲེང་བའི་ཐུགས་མངའ་དེ་དང་དེ་དག་ང་རྒྱལ་རྒྱལ་མཚན་སྙོལ། །དེ་དང་དེ་དག་སྤྱོད་པའི་བ་དན་སྣ་ཚོགས་ཡིད་འོང་ཡེ་ཤེས་ཀུན་ཏུ་འཕགས། །གོས་འདྲ་དེ་དང་དེ་དག་རྫུ་འཕྲུལ་ཡོན་ཏན་འགྲོ་བ་ཀུན་ ལ་ཁེབས་པར་བྱེད། །ཐེག་པ་འདྲ་བ་ཁྱུ་མཆོག་མཐའ་ཡས་དེ་དང་དེ་དག་འཇིག་རྟེན་གསུམ་ལས་འབྱིན། །དེ་དང་དེ་དག་རབ་དུལ་གླང་པོ་ལྟ་བུར་ཡིད་ཀྱིས་རྟག་ཏུ་དུལ་ལ་གནས། །དེ་དང་དེ་དག་རྫུ་འཕྲུལ་རྟས་ནི་ ཁལ་ཆེན་ཁྱེར་ཞིང་འཇིག་རྟེན་གསུམ་ལས་འདའ། །ཀླུ་ཡི་དབང་པོ་ལྟ་བུ་དེ་དང་དེ་དག་སེམས་ཀྱི་ཡུལ་ལ་ཆོས་ཆར་འབེབས། །དེ་དག་འགྲོ་བ་ཀུན་ལ་མེ་ཏོག་ཨུ་དུམ་བ་ར་མཚུངས་འདྲ་ཤིན་ཏུ་དཀོན། །དཔའོ་ ལྟ་བུ་དེ་དང་དེ་དག་ཉོན་མོངས་འཇོམས་ཞིང་བདུད་ཀྱི་སྡེ་རྣམས་འཁྲུག །མྱི་ལྡོག་འཁོར་ལོ་ལྟ་བུ་དེ་དང་དེ་དག་འདྲེན་པ་རྣམས་ཀྱིས་རབ་ཏུ་བཙུད། །དེ་དང་དེ་དག་སྒྲོན་མ་ལྟ་བུར་མུན་པ་སེལ་ཅིང་སེམས་ཅན་ལམ་ཡང་ 76-1-35a སྟོན། །དེ་དང་དེ་དག་ཆུ་ཀླུང་ལྟ་བུར་ཡོན་ཏན་དེད་ཅིང་ལམ་རྒྱུན་རྗེས་སུ་འགྲོ། །དེ་དང་དེ་དག་ཟམ་པ་ལྟ་བུར་ངལ་བ་མྱེད་པར་རྟག་ཏུ་འགྲོ་བ་སྒྲོལ། །གྲུ་དང་གྲུ་ཆེན་ལྟ་བུར་སྨོན་ལམ་རྟག་བཏབ་ཡེ་ ཤེས་གངས་ཆེན་མཚོ་ཐོབ་བྱེད། །དེ་དང་དེ་དག་མཉན་པ་ལྟ་བུར་འགྲོ་བ་ཡེ་ཤེས་ཐང་ཆེན་མཆོག་ལ་འགོད། །དེ་དག་བསྐྱེད་མོས་ཚལ་གྱི་དགའ་ལ་རྩེ་ཞིང་འགྲོ་ལ་ཡང་དག་སྤྱོད་པ་སྟོན། །དེ་དག་ཆོས་ཀྱི་རྣམ་ཐར་མངོན་ ཤེས་མེ་ཏོག་ཡེ་ཤེས་གཞལ་མྱེད་ཁང་དག་པ། །མཁས་པ་དེ་དང་དེ་དག་སྨན་ལྟར་ནད་ཞི་བྱེད་ཅིང་ཉོན་མོངས་རབ་ཏུ་སེལ། །སྨན་གྱིས་རྒྱས་པའི་གངས་རི་ལྟ་བུར་དེ་དང་དེ་དག་ཡེ་ཤེས་འབྱུང་གནས་སོ། །དེ་དག་སངས་རྒྱས་ལྟ་ བུར་ཡེ་ཤེས་ཀྱིས་ནི་འགྲོ་བ་གཉིད་ལོག་མུན་པ་སེལ། །ཡང་དག་སངས་རྒྱས་ལྟ་བུར་གཞན་མྱིན་ཡིད་ཀྱིས་འགྲོ་བ་ཡང་དག་རྟོག་པར་བྱེད། །དེ་དང་དེ་དག་རྒྱལ་བ་ཅི་འདྲ་དེ་ལྟར་འོངས་ཏེ་མཁས་པ་དེ་ཉིད་གནས། །དེ་དང་དེ་དག་ ཐམས་ཅད་མཁྱེན་པ་ལྟ་བུར་ཡེ་ཤེས་འབྱུང་གནས་ཀུན་ནས་སྒོར་ཡང་ཞུགས། །ཞི་བ་སྐྱེད་པ་དེ་དང་དེ་དག་སྟོན་པས་རབ་བསྔགས་འགྲོ་བ་ཀུན་ལ་སྟོན། །དེ་དང་དེ་དག་རང་གི་ཡེ་ཤེས་ཡུལ་དང་ཐམས་ཅད་མཁྱེན་པའི་སྤྱོད་ཡུལ་ ཤེས། །དེ་དང་དེ་དག་ཚད་མྱེད་དཔུང་དང་འདྲ་བར་འགྲོ་བ་ཀུན་ན་ཐུབ་པ་མྱེད། །དེ་དག་ཡེ་ཤེས་མྱི་འཇིགས་བློ་གྲོས་འཆང་བ་ཐམས་ཅད་མཁྱེན་པའི་ཆོས་ཀྱང་ཤེས། །གང་ན་གང་དག་འགྲོ་བ་ཀུན་གྱི་གཟུགས་དང་མྱི་རྣམས་ ཇི་སྙེད་སྣང་ཡོད་པ། །ཀུན་ཏུ་གཟུགས་སྙོམས་གཟུགས་ཀྱི་རྗེས་སུ་སོང་ཞིང་མྱིང་དབྱངས་རྗེསུ་སོང་བ་ཡིན། །གཟུགས་རྣམས་ཀུན་ལས་འདས་ཤིང་མྱིང་དང་རྣམ་པར་བྲལ་ཡང་བྱ་བ་ཐམས་ཅད་སྟོན། །དེ་དག་མཐུ་ནི་འགྲོ་བ་ རྣམས་ཀྱིས་རྣམ་པ་ཀུན་ཏུ་བརྗོད་པར་མྱི་ནུས་སོ། །གང་དག་འདི་འདྲའི་ཡོན་ཏན་ཐོབ་ཅིང་དངོས་བྲལ་དངོས་པོ་མྱེད་པའི་ཆོས་གནས་ཤིང་། །ཡོད་དང་མེད་པའི་མདུད་པ་ཐམས་ཅད་བྲལ་བ་མཁས་པ་ཡེ་ཤེས་མངོན་སུམ་ཅན། ། 76-1-35b ཐམས་ཅད་ཤེས་ཀྱང་ཡེ་ཤེས་རྟེན་པ་མ་ཡིན་ཡེ་ཤེས་དེ་ལ་གནས་པ་མིན། །དེ་དག་སྤྱོད་ལ་འཇུག་པ་ཡིད་འོང་འཇིག་རྟེན་དགའ་བར་བྱེད་པ་བཤད་པར་བྱ། །ཆོས་ཀྱི་ཚུལ་ནི་སྒྱུ་མའི་རང་བཞིན་དངོས་པོ་དབེན་པ་ལྟ་བུར་རབ་རྟོགས་ ནས། །མཁས་པ་སངས་རྒྱས་བྱིན་གྱིས་རླབས་ཀྱིས་སྨོན་ལམ་ཐབས་དང་སྙིང་རྗེ་དག་ཀྱང་བྱེད། །སྤྲུལ་པའི་ཡེ་ཤེས་སྒོ་དང་ལྡན་པས་ཁྱུ་མཆོག་བྱ་བ་སྣ་ཚོགས་རབ་བསྟེན་པའི། །བྱང་ཆུབ་སེམས་དཔའ་མ་ནོར་ཡིད་ཅན་ རྩེ་གཅིག་མཉམ་པ་མྱེད་པ་ལེགས་པར་གྲགས། །ལུས་ཅིག་ལ་ནི་མཐའ་ཡས་ལུས་དང་རྒྱ་ཆེན་ལུས་རྣམས་ཐ་དད་རབ་ཏུ་སྟོན། །སེམས་མྱེད་ཡིད་མྱེད་སེམས་ཀྱི་ཡུལ་མྱེད་འོན་ཀྱང་འགྲོ་བ་ཀུན་ཏུ་དེ་དག་སྟོན། །ཁྱུ་མཆོག་ བརྗོད་པའི་ཕ་རོལ་ཕྱིན་པ་དེ་དག་དབྱངས་གཅིག་རྣམ་པར་བརྗོད་བྱེད་ཀྱང་། །འགྲོ་བ་དག་གི་སྒྲ་སྐད་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་རབ་ཏུ་བརྗོད། །ཉོན་མོངས་རྒྱུད་བྱུང་ལུས་དང་བྲལ་ཡང་སེམས་ཅན་རྣམ་ཀྱི་ལུས་ལ་དབང་བསྒྱུར་ཏེ། ། བརྗོད་དུ་མྱེད་པའི་ཚུལ་གྱིས་ཞི་བ་རྟོགས་ཤིང་སྒྲ་རྣམས་ཐམས་ཅད་རབ་ཏུ་སྟོན། །དེ་དག་སེམས་ཀྱི་རང་བཞིན་ཞི་ཞིང་འོད་གསལ་ནམ་མཁའ་མཚུངས་པར་ཡང་དག་ཤེས། །འགྲོ་བ་ཀུན་ལ་བྱ་བ་རྣམ་པ་སྣ་ཚོགས་སྒོ་ནས་འཇིག་ རྟེན་སྣ་ཚོགས་སྟོན། །དེ་དག་ལུས་རྣམས་གང་ལའང་གནས་པ་མྱེད་དེ་ལུས་ཀྱང་དེ་དང་དེ་དག་སྟོན་པ་བྱེད། །འགྲོ་བ་ཐམས་ཅད་ཀྱི་ནི་སྐྱེ་བ་དག་དང་རྒྱུ་མཐུན་གནས་པ་ཇི་སྙེད་པས། །ཐམས་ཅད་ཀུན་ཏུ་སྐྱེ་བའི་ལུས་དང་ ལྡན་ཡང་སྐྱེ་བ་དག་ལ་གནས་པ་མྱེད། །རང་གི་ལུས་ལ་མཁའ་འདྲ་དངོས་བྲལ་སེམས་ཅན་སེམས་ལ་སྣ་ཚོགས་རྣམ་པ་སྟེ། །མཁས་པ་ཀུན་ལ་དབང་བསྒྱུར་དེ་དག་ལུས་ནི་མཐའ་ཡས་ཀུན་ཏུ་སྟོན་བྱེད་ཅིང་། །མེ་ཏོག་དྲི་དང་ བྱུག་པ་ཕྱེ་མ་སིལ་སྙན་གདུགས་དང་བ་དན་དང་། རྒྱལ་མཚན་རྣམས་དང་ཐམས་ཅད་མཁྱེན་ལ་མཆོད་པས་རྐང་གཉིས་གཙོ་བོ་འཇིག་རྟེན་མཆོག་ལ་མཆོད་བྱེད་ཅིང་། །མཁས་པ་བསམ་པ་ཐག་པས་ལུས་ 76-1-36a ཀྱི་འདུ་བྱེད་མཆོད་པ་དམ་པ་ཀུན་ཏུ་སྟོན། །མཁས་པ་དེ་དག་རྒྱལ་བའི་ཞབས་ཀྱི་དྲུང་འཁོད་རྒྱལ་བ་ཐམས་ཅད་ཀྱི། །འཁོར་རྣམས་ཀུན་ན་སྣང་ཞིང་མཚུངས་མེད་དེ་དག་ཞུ་བ་ཀུན་ཀྱང་ཞུ་བ་བྱེད། །ཆོས་ཀྱི་ དམ་པ་ཐོས་ནས་ཏིང་འཛིན་རེ་རེ་མཐའ་ཡས་སྒོ་ལྡན་ཐོབ་གྱུར་ཅིང་། །བློ་གྲོས་ལྡན་པ་དེ་སྙེད་རྣམ་པར་ལྡན་པ་སྟོན་པ་བྱེད་ཀྱང་ཟད་པ་མྱེད། །འགྲོ་བ་སྒྱུ་མ་ལྟ་བུར་རྟོགས་ནས་ཤེས་རབ་ཡེ་ཤེས་ཐབས་ཀྱི་ཕ་རོལ་ ཕྱིན། །སྒྱུ་མ་ལྟ་བུའི་ཆོས་དང་གཟུགས་སྤོབས་མཐའ་ཡས་དང་བ་འགྲོ་བ་ཀུན་ལ་སྟོན། །སྣ་ཚོགས་གཟུགས་དང་སྒྲ་རྣམས་མཐའ་ཡས་ཤིན་ཏུ་རྒྱ་ཆེ་སེམས་ཀྱང་རབ་ཏུ་སྟོན། །འགྲོ་བ་ཐམས་ཅད་ལ་ནི་འདུ་ ཤེས་དྲ་བ་འཇུག་པ་སྟོན་ཀྱང་གནས་པ་མྱེད། །འགྲོ་དོན་རྗེས་འགྲོ་དེ་དག་ལ་ལར་ཐོག་མའི་སེམས་སུ་འགྲོ་ལ་སྟོན། །ལ་ལར་འགྲོ་བ་ཀུན་ལ་བྱང་ཆུབ་སྤྱོད་པ་མཐའ་ཡས་རྒྱ་ཆེན་དག་ཀྱང་སྟོན། །ལ་ལར་སྦྱིན་དང་ ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བརྟན་དང་ཤེས་རབ་རྣམས། །ལ་ལར་ཚངས་པའི་ལམ་སྡུད་ཁ་ཅིག་ཏུ་ནི་སྤྱོད་པ་མཆོག་ཀྱང་རབ་ཏུ་སྟོན། །མཁས་པ་རྟོག་མྱེད་དེ་དག་ལ་ལར་སྤྱོད་པ་རྫོགས་ཤིང་བཟོད་པ་ཐོབ་པ་ སྟོན། །ལ་ལར་སྐྱེ་བ་གཅིག་གིས་ཐོགས་པར་ངེས་ཤིང་ལ་ལས་རྒྱལ་བས་དབང་བསྐུར་བ། །ལ་ལར་ཉན་ཐོས་གཟུགས་སུ་གྱུར་ཅིང་ལ་ལ་དག་དུ་རང་རྒྱལ་གཟུགས་སུ་འགྱུར། །བྱེ་བ་ཁྲག་ཁྲིག་མང་པོའི་ཞིང་དུ་མྱ་ངན་ འདའ་ཡང་སྤྱོད་ལས་ལྡོག་པ་མྱེད། །དེ་དག་ལ་ལར་ལྷ་དབང་བརྒྱ་བྱིན་ལྷ་དང་བཅས་པ་ལ་ལར་ཚངས་པར་འགྱུར། །དེ་དག་ལ་ལར་ལྷའི་བུ་མོ་བརྒྱས་བསྐོར་ལ་ལར་གཅིག་པུ་སྤྱོད་པར་སྟོན། །ལ་ལར་དགེ་སློང་ རབ་ཏུ་ཞི་ཞིང་ཡིད་ཞི་ལ་ལར་རྒྱལ་པོ་དབང་ཕྱུག་འགྱུར། །ལ་ལར་ཆོས་ཀྱི་དྲ་བར་འཇུག་པའི་ཡེ་ཤེས་ཁྱུ་མཆོག་གཟུགས་ཀྱང་རབ་ཏུ་སྟོན། །ལ་ལར་བུད་མྱེད་སྒྱུ་རྩལ་ཕ་རོལ་རབ་ཕྱིན་ལ་ལ་དཀའ་ཐུབ་ཅན་དུ་གྱུར། ། 76-1-36b ལ་ལར་འདོད་པའི་ལོངས་སྤྱོད་རྒྱ་ཆེན་སྟོན་ཅིང་ལ་ལར་བསམ་གཏན་ཐུབ་པ་མྱེད། །ལ་ལར་མྱ་ངན་འདའ་དང་ཚེའི་ས་དང་ལ་ལར་རྒན་དང་བྱིས་པར་སྟོན། །དེ་དག་སྤྱོད་པ་བསམས་ན་སྐྱེ་བོ་མོས་པར་འགྱུར་ཏེ་ཡིད་ གཉིས་རྙེད་པར་འགྱུར། །ལ་ལར་ལྷ་དང་འགྲོགས་ཤིང་ལ་ལར་ཤི་འཕོ་ལ་ལར་མངལ་འགྲོ་གནས་པར་སྟོན། །ལ་ལར་མངལ་ཞུགས་ལ་ལར་རྣམ་པར་སངས་རྒྱས་ལ་ལར་འཁོར་ལོ་རབ་ཏུ་བསྐོར། །ལ་ལར་སྐྱེ་བ་ ལ་ལར་མྱ་ངན་འདས་པ་ལ་ལར་བཟོ་ཡང་རབ་ཏུ་སློབ། །ལ་ལར་བུད་མྱེད་ཚོགས་ཀྱི་དབུས་གནས་ལ་ལར་ཏིང་འཛིན་ལ་ལར་མངོན་པར་འབྱུང་། །ལ་ལར་ཁྱུ་མཆོག་བྱང་ཆུབ་དམ་པར་སངས་རྒྱས་བྱང་ཆུབ་ཤིང་དབང་དྲུང་ ན་བཞུགས། །ལ་ལར་འཁོར་ལོ་རབ་ཏུ་བསྐོར་ཞིང་ལ་ལར་སྣ་ཚོགས་ཆོས་རྣམས་ཡོངས་སུ་ཚོལ། །ལ་ལར་སངས་རྒྱས་གྱུར་ཅིང་ཞིང་རྣམས་བྱེ་བ་བརྒྱར་ཁྱབ་འགྲོ་བར་སྟོན་བྱེད་ཀྱང་། །བྱང་ཆུབ་དོན་དུ་སྤྱོད་པ་དེ་ དག་ཚོགས་རྣམས་ལས་ཀྱང་ཕྱིར་ལྡོག་མ་ཡིན་ནོ། །བསྐལ་པའི་གྲངས་ལ་འཇུག་པའི་ཕ་རོལ་ཕྱིན་པས་བསྐལ་པ་བྱེ་བ་ཕྲག་བརྒྱ་དག །ཁྱུ་མཆོག་སེམས་གཅིག་ནང་སྟོན་སེམས་གཅིག་བསྐལ་པ་བརྒྱར་ཡང་དེ་ བཞིན་སྟོན་པ་བྱེད། །འགྲོ་བ་ཐམས་ཅད་ལའང་རྟོག་དང་མྱི་རྟོག་པ་ཡི་ཡུལ་རྣམས་ཐམས་ཅད་སྟོན། །སྩོགས་པ་མྱེད་ཅིང་ཕྱོགས་ལ་གནས་མེད་སྤྱོད་པ་དེ་དག་ཀུན་ཀྱང་རབ་ཏུ་སྟོན། །གང་ཕྱིར་རྒྱལ་བ་ཉེ་རྒྱལ་ དེ་དག་ཉི་ཙེའི་ཕྱོགས་མྱེད་ཀུན་ན་བཞུགས་པས་ན། །འགྲོ་བ་ཀུན་གྱི་རྒྱལ་བ་ཇི་སྙེད་པ་དག་ཐམས་ཅད་རྡུལ་ཅིག་སྟེང་དུ་མཐོང་། །སངས་རྒྱས་ཞིང་རྣམས་བསྒྲུབ་དང་སེམས་ཅན་ཡུལ་དང་ཆོས་ཀྱི་རྒྱུ་ཚུལ་རྣམས་ཀྱང་ མཐོང་། །དེ་ལྟར་བརྩོན་པས་བསྐལ་པ་ཁྲག་ཁྲིག་བརྩོན་བྱེད་འོན་ཀྱང་ཆ་ཤས་ཟད་མི་འགྱུར། །དེ་ལྟར་འགྲོ་བ་ཀུན་གྱི་སེམས་ཅན་ཚུལ་རྣམས་མཐའ་ཡས་རྒྱ་ཆེ་རབ་ཏུ་ཤེས། །སེམས་ཅན་གཅིག་ལ་མཐའ་ 76-1-37a ཡས་ལུས་དང་རྒྱུ་དང་བྱེ་བ་ཁྲག་ཁྲིག་ཡོད་པ་རྣམས། །དེ་དག་འགྲོ་བ་གཅིག་དང་མ་ལུས་ཐམས་ཅད་དག་ལ་རྣམ་པ་ཀུན་ཏུ་སྟོན་པ་བྱེད། །བསླབ་པ་འདི་ཡི་ཕྱོགས་ལ་ཕ་རོལ་ཕྱིན་ཏེ་མ་བསླབས་རྣམས་ནི་ སྟོན་པ་བྱེད། །དབང་པོ་རྣོན་པོ་འབྲིང་དང་གང་དག་དབང་པོ་རྟུལ་བའང་རབ་ཤེས་ནས། །འགྲོ་བར་སྐལ་བ་ཡོད་དང་སྐལ་བ་མེད་པའི་དབང་པོའི་འཁོར་ལོ་སྐོར་བར་བྱེད། །དབང་པོ་རེ་རེ་ལ་ཡང་དབང་པོ་ཐམས་ཅད་རྣམ་པར་ ཕན་ཚུན་གནས་པ་དང་། །དབང་པོའི་དངོས་པོ་ཕྲ་བའི་ཚུལ་དང་གང་དག་དབང་པོ་བརྟན་པ་འང་རབ་ཏུ་ཤེས། །དེ་ལྟར་ཁམས་དང་མོས་དང་བསམ་པ་སྤྱོད་དང་ཉོན་མོངས་བག་ཆགས་རྣམས་ཀྱང་ཤེས། །སྔོན་གྱི་མཐའ་ དང་ཕྱི་མའི་མཐའ་ཡི་སེམས་སྤྱོད་ད་ལྟར་བྱུང་བའང་དེ་བཞིན་ཏེ། །སེམས་ཅན་ཀུན་གྱི་སྤྱོད་པའི་ཕ་རོལ་ཕྱིན་ཀྱང་འོང་དང་འགྲོ་བ་ཡོད་མ་ཡིན། །མ་ནོར་སྤྱོད་པ་ཤེས་ནས་འགྲོ་ལ་ཆོས་ཀྱི་དམ་པ་སྟོན་པ་བྱེད། ། དེ་ལྟར་སེམས་ཀྱི་སེམས་སྤྱོད་སྣ་ཚོགས་ཀུན་ནས་ཉོན་མོངས་མེད་པ་དག །སེམས་གཅིག་ལ་ནི་ཁོང་དུ་ཆུད་ནས་བྱང་ཆུབ་མཆོག་ཏུ་ཀུན་མཁྱེན་རྣམ་སངས་རྒྱས། །སེམས་ཀྱི་སྐད་ཅིག་གཅིག་གིས་འགྲོ་བ་རྣམས་ཕྱེ་རང་ གི་ཤེས་པས་རྟོགས་གྱུར་ནས། །སེམས་ཀྱི་ཚུལ་ཤེས་སེམས་མེད་རབ་ཏུ་གཞོལ་བས་ཡེ་ཤེས་མཆོག་ལ་ཀུན་ཀྱང་འགོད། །རྫུ་འཕྲུལ་མཆོག་ཐོབ་ཡེ་ཤེས་ཁྱུ་མཆོག་མངོན་པར་ཤེས་པ་ཀུན་གྱིས་རབ་ཏུ་འཕགས། ། སེམས་བསྐྱེད་གཅིག་གིས་ཁྲག་ཁྲིག་མཐའ་ཡས་ཞིང་དང་ཕྱོགས་རྣམས་ཐམས་ཅད་དུ་ཡང་འགྲོ། །དེ་ལྟར་ཡེ་ཤེས་དབང་བསྒྱུར་འགྲོ་ཞིང་བསྐལ་པ་བྱེ་བ་ཁྲག་ཁྲིག་ཟད་བྱེད་ཀྱང་། །སྒྲ་རྒྱུད་ཤིན་ཏུ་ཕྲ་བ་གཅིག་ལ་ ཞུགས་པར་གནས་ལས་གར་ཡང་འཕོ་བ་མེད། །འཚོ་བའི་དོན་དུ་སྒྱུ་མཁན་གཟུགས་རྣམས་སྣ་ཚོགས་འགྲོ་བ་ཀུན་ལ་བསྟན་བྱེད་ཀྱང་། །སྒྱུ་མ་ཀུན་བརྩལ་གཟུགསུ་མྱི་དམྱིགས་གཟུགས་ཡོད་མ་ཡིན་པར་ 76-1-37b ཡང་དམྱིགས་པ་མྱེད། །དེ་ལྟར་མཁས་པ་ཡེ་ཤེས་ཐབས་དང་ཤེས་རབ་རྒྱ་ཆེན་སྒྱུ་མར་ཞུགས་པ་རྣམས། །སྤྲུལ་པ་ཕུན་སུམ་ཚོགས་པས་འཇིག་རྟེན་ཕལ་ཆེན་ཁྱབ་པར་བྱས་ཤེས་རབ་ཏུ་སྟོན། །ཉི་མ་ཟླ་བ་རྒྱུ་ ཞིང་མཛེས་ལ་ཤིན་ཏུ་འཕགས་པ་རྣམས། །མ་རྙོགས་ཆུ་རྣམས་ཇི་སྙེད་དག་ཏུ་སྣང་ཡང་དེ་ནི་ཆུ་དང་འདྲེས་མ་ཡིན། །དེ་ལྟར་ཆོས་ཉིད་དག་པའི་དཀྱིལ་འཁོར་མཆོག་ལ་ཤེས་པས་ཤིན་ཏུ་འཕགས་པ་རྣམས། །འགྲོ་བ་ དག་པའི་སེམས་ཀྱི་ཡུལ་ལ་སྣང་ཡང་འགྲོ་བ་དག་དང་མཛེས་མ་ཡིན། །ལ་ལ་གཉིད་ལོག་རྨྱི་ལམ་དག་ན་བྱ་བ་རྣམ་པ་སྣ་ཚོགས་ཐ་དད་བྱེད། །ལོ་ནི་བྱེ་བ་ཁྲག་ཁྲིག་མང་པོ་ཟད་པར་རྨིས་ཀྱང་མཚན་མོ་དེ་མ་ཟད། །དེ་ལྟར་ ཆོས་ཉིད་རང་བཞིན་མཚུངས་པར་རྗེས་རྟོགས་བྱ་བ་སྣ་ཚོགས་ཀུན་སྟོན་ཅིང་། །སྐད་ཅིག་གཅིག་ལ་བསྐལ་པ་བྱེ་བ་ཟད་བྱེད་དེ་དག་ཡེ་ཤེས་ཟད་མྱི་འགྱུར། །རི་ཡི་དབང་པོའི་རི་སུལ་གནས་པ་འཇིག་རྟེན་དག་དང་མཉམ་དུ་ ཐོས་པའི་སྒྲ། །ཀུན་ལས་སྒྲ་བརྙན་དེ་དང་འདྲ་བར་བརྗོད་ཀྱང་རྟོག་ཅིང་གཡོ་བ་མེད། །དེ་བཞིན་ཆོས་ཀྱི་རང་བཞིན་ཤེས་པའི་ཁྱུ་མཆོག་བྱང་ཆུབ་སེམས་དཔའ་མཁས་པ་དག །རྟོག་པ་མྱེད་པར་སེམས་ཅན་སྒྲ་ རྣམས་ཇི་སྙེད་པར་ནི་ཆོས་དང་སྤྱོད་པ་སྟོན། །དཔྱིད་ཟླ་དག་གི་སྨྱིག་རྒྱུ་གཡོས་ལ་ཇི་ལྟར་སེམས་ཅན་ཆུར་ནི་འདུ་ཤེས་ནས། །དེ་ནས་ཆུ་རྙེད་མྱི་འགྱུར་བཏུང་དུ་མྱེད་ཅིང་ཇེ་བས་ཇེ་སྐོམ་རྣམ་པར་འཕེལ། །དེ་ལྟར་ མཁས་པ་ཐར་ལ་ཞུགས་པ་སེམས་ཅན་དག་གི་ཉོན་མོངས་གཡོ་བ་རྣམས། །ཤེས་པས་རྟོགས་ནས་སེམས་ཅན་འདུ་ཤེས་བྱ་མྱེད་ཕྱིར་ཞིང་བྱ་བ་རྣམ་པར་འཕེལ། །གཟུགས་ནི་དབུ་བ་ལྟ་བུར་ཁྱུ་མཆོག་སྟོན་ཏེ་ཚོར་བ་ ཆུའི་ཆུ་བུར་འདྲ། །འདུ་ཤེས་ཐམས་ཅད་སྨྱིག་རྒྱུ་ལྟ་བུར་རག་ལས་འདུ་ཤེས་ཆུ་སྐྱེས་ཤིང་དང་འདྲ། །སེམས་ནི་སྒྱུ་འདྲ་བསྒྲུབ་བྱ་བསྐྱེད་བྱེད་དེ་བཞིན་བྱ་བ་སྣ་ཚོགས་རབ་ཏུ་སྟོན། །ཕུང་པོ་དགོད་པ་བསྟན་ཀྱང་དབང་བསྒྱུར་ 76-1-38a དག་ནི་དེ་ལ་གནས་པ་མྱེད། །སྐྱེ་མཆེད་སྟོང་བའི་རང་བཞིན་དབང་མྱེད་འཁྲུལ་འཁོར་བྱ་བ་ཀུན་ཏུ་འབྱིན་བྱེད་དང་། །ཁམས་ནི་ཆོས་ཀྱི་དབྱིངས་མཚུངས་དངོས་པོ་དག་དང་བྲལ་བར་འགྲོ་བ་རྣམས་ལ་སྟོན། ། དམ་པའི་དོན་ཚུལ་ཞི་བ་ལས་ནི་བདེན་པ་སྣ་ཚོགས་རྣམས་ཀྱང་རབ་ཏུ་སྟོན། །དེ་ལྟར་དེ་དག་ཆོས་ཚུལ་རྣམ་པར་འགོད་པ་སྟོན་པ་བྱེད་ཀྱང་གནས་པ་མེད། །འོང་བ་མེད་ཅིང་ཕྱོགས་སུ་འགྲོ་བ་མྱེད་ལ་རྒྱུད་དུ་གནས་མྱེད་པའི། ། ཉོན་མོངས་རྒྱུ་ལས་བྱུང་བའི་ལས་དང་ལས་ལ་སྡུག་བསྔལ་དེ་ལྟར་ལམ་གསུམ་འདུ། །རྐྱེན་ལ་རག་ལས་འབྱུང་བ་རྣམས་དང་ཡོད་དང་མྱེད་ལས་རབ་ཏུ་འདས་པ་ཡི། །ཡང་དག་དོན་དམ་དབུ་མའི་ལམ་ནི་དངོས་པོ་མེད་ལ་ གནས་པ་རབ་ཏུ་སྟོན། །སྐད་ཅིག་གཅིག་ལ་དུས་གསུམ་ཁོང་དུ་ཆུད་ཀྱང་སྐད་ཅིག་སྣ་ཚོགས་རྣམས་ཀྱང་བསྟན། །འདོད་དང་གཟུགས་མྱེད་ཁམས་ཀྱི་ཡུལ་དང་བྱ་བ་སྣ་ཚོགས་སྟོན་པ་བྱེད། །སྡོམ་པ་གསུམ་གྱི་སྤྱོད་ དང་རབ་ཏུ་ལྡན་ཞིང་ཐར་པ་གསུམ་ཡང་རབ་ཏུ་སྟོན། །ཐམས་ཅད་མཁྱེན་པ་ཉིད་དུ་གཅིག་ལ་ཐེག་པ་གསུམ་དུ་རྣམ་པར་དགོད་པ་དེ་བཞིན་སྟོན། །གནས་དང་གནས་མ་ཡིན་པ་རབ་ཏུ་དབྱེ་བའི་ཆོས་དང་དབང་པོ་ཕ་རོལ་ཕྱིན། ། ཁམས་དང་མོས་པ་དག་དང་ཉོན་མོངས་རྣམ་འབྱེད་ཀུན་ཏུ་འགྲོ་བ་ཐོབ་གྱུར་པ། །མྱིག་གི་ཡུལ་གྱུར་སྔོན་གྱི་གནས་པ་དྲན་ཞིང་ཉོན་མོངས་ཞི་བར་མཁས་པ་དག །སངས་རྒྱས་སྟོབས་བཅུ་དག་གིས་ཡེ་ཤེས་ཤིན་ཏུ་ འདས་ཀྱང་སྟོབས་ལ་དམྱིགས་པ་མེད། །སངས་རྒྱས་ཐམས་ཅད་རྗེས་སུ་དཔོག་སྟོང་འགྲོ་བ་ཀུན་ཏུ་མངོན་སུམ་ཆོས་བཞེད་དེ། །ཉོན་མོངས་ཟག་པ་ལྷན་ཅིག་སྐྱེས་པ་མྱི་མངའ་བྱང་བའང་བརྙེས་པར་འགྱུར་བ་མེད། ། འབྱུང་བ་ཐུགསུ་ཆུད་པའི་ཡེ་ཤེས་རྒྱ་ཆེན་དེས་ནི་འགྲོ་བ་འདོན་པ་མཛད། །འདི་ཡི་གནས་ལ་རྒྱལ་སྲས་འཇིགས་པ་མྱེད་ཅིང་འོན་ཀྱང་ཞི་བར་སྤྱོད་པ་མྱེད། །འཁྲུལ་པ་མྱི་མངའ་ལམ་ལས་གཡོ་བའང་མི་མངའ་དགོངས་ 76-1-38b པ་ཉམས་པའང་མི་མངའ་སྟེ། །མོས་དང་བརྩོན་འགྲུས་ཏིང་འཛིན་ཤེས་རབ་རྣམ་པར་འབྱེད་པ་ཡེ་ཤེས་གང་དུ་ཉམས་པ་མེད། །ཐམས་ཅད་མཁྱེན་མཛད་སྡོམ་པ་གསུམ་མཛད་དུས་གསུམ་ཀུན་ལ་མངོན་སུམ་མཁྱེན་ མངའ་བ། །འགྲོ་བ་ཀུན་གྱིས་མ་ཐོབ་བྱམས་པའི་ཆོས་ཉིད་མི་འཕྲོགས་ཆགས་པ་མྱེད་བརྙེས་པ། །ཆོས་སྒོ་གང་དག་གིས་ནི་སྤྱོད་པ་འདི་དག་རབ་ཏུ་ཐོབ་པ་སྨྲ་བའི་མཆོག །དེ་དག་ཡོན་ཏན་མང་པོ་དོན་གྱིས་བརྒྱན་པའི་ཕྱོགས་ཙམ་ བདག་གིས་བརྗོད་པར་བྱ། །དེ་དག་སྤྱོད་པ་བསྐལ་པ་ཁྲག་ཁྲིག་དག་ཏུ་བརྗོད་ཀྱང་ཟད་པར་མི་ནུས་ཏེ། །འོན་ཀྱང་ཅི་ལྟར་ས་ཡི་རྡུལ་འདྲ་ཡེ་ཤེས་སྤྱོད་པ་ཕྱོགས་ཙམ་བརྗོད་པར་བྱ། །སངས་རྒྱས་ཡེ་ཤེས་རྟེན་ལྡན་བསམ་པ་ ཐོབ་པས་ངོ་མཚར་འདུ་ཤེས་གནས་པ་རྣམས། །སྤྱོད་པ་མཆོག་དང་ལྡན་ཞིང་བྱམས་པའི་རྗེས་སོང་བརྩོན་འགྲུས་བརྟན་པས་རྣམ་གནོན་ཅིང་། །ཚུལ་ཁྲིམས་མི་གཡོ་དབུགས་ཕྱིན་དེ་དག་འགྲོ་བ་ཐམས་ཅད་ཡོངསུ་སྨིན་ པར་བྱེད། །ལུང་བསྟན་རབ་ཏུ་ཐོབ་ནས་རྒྱལ་སྲས་རྣམས་ཀྱི་སྤྱོད་པ་ཚུལ་བཞིན་ཐོབ་པར་བྱེད། །སངས་རྒྱས་ཡོན་ཏན་དག་ལ་ཞུགས་ཀྱང་སེམས་ཅན་སེམས་དང་ཞིང་ལ་སེམས་པ་བྱེད། །བསྐལ་པའི་དུས་ལ་འཇུག་པའི་ཡེ་ ཤེས་ལྡན་ཞིང་མཁས་པ་སྐྱོ་བའི་འདུ་ཤེས་མེད། །གཟུངས་ཀྱི་ཚུལ་དང་ཡང་དག་ཐ་དད་སྟོབས་རྣམས་ཐོབ་ཅིང་ཡང་དག་དོན་གྱིས་བརྒལ། །བསྟན་པ་མཚུངས་མེད་སེམས་ཀྱིས་མཁས་པ་བྱང་ཆུབ་ཞི་བ་རྣམ་པར་འཚང་ཡང་རྒྱ། ། སེམས་ཀྱི་སྤྱོད་པ་ཐམས་ཅད་བཟང་པོའི་ཡོན་ཏན་སྤྱོད་པའི་མཆོག་ཏུ་སྨོན་པ་བྱེད། །སྙིང་རྗེའི་རྐྱེན་དང་བྱམས་པ་མཆོག་སྟེན་བྱང་ཆུབ་དམ་པ་སྤྱོད་པར་བྱེད་དང་ལྡན། །བརྩོན་པས་ཕ་རོལ་ཕྱིན་རྟོགས་རབ་ཏུ་མཁས་ཤིང་སྐྱོ་བའི་ ཕ་རོལ་ཕྱིན་གྱུར་པས། །ཁྱུ་མཆོག་མོས་དང་རབ་ཏུ་རྟོགས་པའི་སྟོབས་ཐོབ་བྱང་ཆུབ་དམ་པ་མངོན་འཚང་རྒྱ། །མཉམ་པ་ཉིད་ཀྱི་མཉམ་པ་ཐོབ་ཅིང་ཡེ་ཤེས་ཚུལ་གྱིས་ཆོས་མཆོག་སྟོན་བྱེད་པ། །ཡོན་ཏན་ཐོབ་བྱེད་སྤོབས་དང་ལྡན་པ་ 76-1-39a དེ་དག་ཆོས་ཀྱི་དབང་ཕྱུག་མཆོག་ཏུ་འགྱུར། །དབང་ལ་གནས་ཀྱང་གནས་པ་མེད་པས་མཉམ་པ་མྱེད་པའི་སེམས་ཀྱི་འབྲུག་སྒྲ་སྒྲོག །ཡེ་ཤེས་མཆོག་དང་དེ་བཞིན་སྤྲུལ་པ་བསྒྲུབ་ཅིང་བྱང་ཆུབ་ཉེ་བར་འགྲོ། །མཁས་ པ་དེ་དག་བསྐལ་པ་འབྱམ་ཀླས་བྱིན་རླབས་ཤེས་པས་དབུགས་ཕྱིན་རབ་ཏུ་འཐོབ། །ཟབ་ལ་གནས་པས་བརྟེན་པར་འགྲོ་ན་གནས་ཤིང་ནེམ་ནུར་བསྩལ་བས་མཁས་པ་རྣམས། །ཡེ་ཤེས་བསམ་གྱིས་མི་ཁྱབ་ཆོས་ཀྱི་དགོངས་ པ་མཁས་ཤིང་རྣམ་ཕྱེ་ཕ་རོལ་ཕྱིན། །སྙོམ་པར་འཇུག་པའི་ཡེ་ཤེས་ཡུལ་ལ་ཞུགས་ནས་ཐམས་ཅད་མཁྱེན་པར་འཚང་ཡང་རྒྱ། །ཡེ་ཤེས་རྣམ་ཐར་ཀུན་གྱི་ཕ་རོལ་ཕྱིན་ཅིང་མངོན་པར་ཤེས་པས་རྣམ་པར་བརྩེན། །རིག་ པའི་སྣང་ལྡན་རྣམ་གྲོལ་ཉོན་མོངས་བྲལ་བས་འགྲོ་ལ་སྐྱེད་མོས་ཚལ་དང་འདྲ། །གང་ལ་དཀར་བའི་སྤྱོད་པའི་གཞལ་མེད་ཁང་མཛེས་སྣ་ཚོགས་སྤྱོད་པ་སྟོན་པ་པོ། །འགྲོ་བ་ཀུན་ལ་རྒྱན་རྣམས་དུ་མ་རབ་ཏུ་སྟོན་ཀྱང་སེམས་ལས་ གཡོ་བ་མེད། །བསམ་པ་ཤིན་ཏུ་ཤེས་པས་བརྟན་པ་རབ་ཏུ་མཁས་ཤིང་ཕ་རོལ་ཕྱིན་གྱུར་པས། །མཁས་པ་དག་ནི་དག་ཅིང་སྦྱངས་པའི་བྱང་ཆུབ་ཕྱག་རྒྱ་སྣང་བའི་ཡེ་ཤེས་ཀྱི། །འགྲོ་བ་དག་དང་མི་མཚུངས་ཞུམ་མེད་ཁྱུ་མཆོག་ལྷག་ པའི་བསམ་པ་རི་བོ་འདྲ། །ཡེ་ཤེས་རྒྱ་མཚོ་འདྲ་དང་ཡོན་ཏན་མྱི་ཟད་དོན་དུ་སྤྱོད་པ་ཆེན་པོ་སྤྱོད། །དེ་དག་རིན་ཆེན་འདྲ་བའི་གནས་ལ་རྡོ་རྗེ་ལྟ་བུའི་གོ་ཆ་བགོས་པས་གནས། །ཤིན་ཏུ་རྒྱ་ཆེན་རྩོམ་ལ་རབ་ཏུ་མཁས་ཤིང་འགྲོ་བ་ཀུན་ ན་ཐོབ་མེད་པ། །བྱང་ཆུབ་མཆོག་ཏུ་ལུང་བསྟན་སྐྱོན་མེད་ཁོང་དུ་ཆུད་པའི་རྒྱ་ཆེན་སེམས་ལ་གནས། །སངས་རྒྱས་གཏེར་མཆོག་མི་ཟད་ཐོབ་ནས་ཐམས་ཅད་མཁྱེན་པ་ཉིད་དུ་འཚང་རྒྱའོ། །རྟག་ཏུ་ཀུན་རྫོབ་ཤེས་པས་དབང་ འགྱུར་རྣམ་པར་འཕྲུལ་པ་རྣམས་ལ་མཁས་པས་ན། །ཞིང་རྣམས་ཀུན་དང་ཆོས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་བའི་ཡེ་ཤེས་རྒྱུད་ལ་གནས། །གནས་དང་སྨོན་ལམ་སྤྱོད་ཡུལ་ཡེ་ཤེས་རྣམ་པར་འཕྲུལ་པའང་དེ་ 76-1-39b བཞིན་ཏེ། །འགྲོ་བ་དག་ལ་རྣམ་པར་རྩེ་བ་བྱེ་བ་ཁྲག་ཁྲིག་དུ་མ་མང་པོ་སྟོན། །མངོན་པར་ཤེས་པའི་རྫུ་འཕྲུལ་སྟོབས་ཀྱི་རྣམ་པར་འཕྲུལ་ཞིང་ངེས་པར་རྣམ་པར་རྩེ། །ཁྱུ་མཆོག་དེ་དག་སངས་རྒྱས་ཡུལ་ལ་སྟོབས་ཐོབ་འགྲོ་བ་ཀུན་ གྱི་ཐུབ་པ་མྱེད། །མཁས་པ་འཇིགས་པ་མེད་དང་བག་ཚ་མེད་དང་མ་འདྲེས་རྣམས་ཀྱིས་ཤིན་ཏུ་བརྒྱན། །སངས་རྒྱས་སྲས་དག་ལས་རྣམས་ཐམས་ཅད་བྱེད་ཅིང་ཤིན་ཏུ་མཛེས་པའི་ལུས་དང་ལྡན། །དེ་དག་ལུས་ཀྱི་ལས་ཀྱི་དངོས་ པོ་ཤིན་ཏུ་རྒྱ་ཆེ་དག་ཀྱང་དག་ཅིང་དགེ། དེ་འང་འབྱིན་པའི་ཚེ་ན་རྒྱལ་བས་བྱིན་གྱིས་རླབས་ཤིང་ལས་ནི་མཆོག་ཀྱང་བྱེད། །དམ་པ་དེ་དག་སེམས་བསྐྱེད་གཅིག་ལ་སེམས་རྒྱས་བྱེད་པའི་སེམས་ཀྱང་རབ་ཏུ་སྟོན། །རྒྱལ་བའི་སྲས་ པོ་ཐོབ་པས་རྟག་ཏུ་དབང་པོའི་ཏིང་འཛིན་དབང་ལ་རབ་ཏུ་གནས། །བསམ་པ་དག་ཅིང་གཡོ་སྒྱུ་རྣམས་དང་བྲལ་ཏེ་ལྷག་པའི་བསམ་པ་མངོན་སུམ་གྱུར། །མོས་པའི་འཇུག་པ་རྣམ་པ་སྣ་ཚོགས་ཐ་དད་འགྲོ་བ་དག་ལ་རབ་ཏུ་སྟོན། ། བག་ཆགས་ཐམས་ཅད་སྤངས་ནས་སྤྱོད་པ་དམ་པ་རབ་ཏུ་འཛིན། །ནན་ཏན་བྱ་བ་འགྲུབ་པའི་ཡེ་ཤེས་མཁས་པས་ཐམས་ཅད་མཁྱེན་པ་འཚང་ཡང་རྒྱ། །བསམ་པ་རྣམ་པར་སྤངས་ནས་དེ་དག་སྐྱོན་མེད་གནས་པ་ཞི་བའི་ མཆོག་ཀྱང་ཐོབ། །མཁས་པ་འདི་ལམ་ཤིན་ཏུ་བསླབས་པ་དེ་དག་མིང་ནི་ཡོན་ཏན་སྒོ་ནས་གྲགས། །མཐའ་ཡས་སེམས་ཀྱི་ཡུལ་ལྡན་གནས་པ་མེད་པར་ལམ་རྣམས་ཡང་དུ་སྒོམ་པ་བྱེད། །ཡེ་ཤེས་ཚུལ་ལ་གནས་ཤིང་འགྲོ་བ་ རྣམས་ལ་ལམ་གྱི་རྒྱན་རྣམས་ཤིན་ཏུ་སྟོན། །སྤྱོད་པ་ལག་པ་ལྟ་བུ་དགའ་དང་ལྡན་པ་ཁྲག་ཁྲིག་ཤིན་ཏུ་ཕྲ་བའི་རྡུལ་བྱས་ལག་གིས་བརྡུས་ཁྱེར་ཞིང་། །ཞིང་རྣམས་ཁྲག་ཁྲིག་བྱེ་མ་སྙེད་དུ་འདོར་བྱེད་གཅིག་ཏུ་གཉིས་ ཀྱང་གཞོག་པར་བྱེད། །ཞིང་རྣམས་དེ་དག་རྡུལ་དུ་བྱས་ཏེ་དེ་བཞིན་གཞན་དང་རྣམ་པར་འཇིག་བྱེད་དེ། །དེ་འདྲའི་རྗེས་སུ་དཔག་པ་ཟད་པར་གྱུར་ཀྱང་འཇུག་པ་དེ་དག་མི་ཟད་དོ། །འཇིག་རྟེན་ཀུན་གྱི་ཉི་མ་ཟླ་བ་སྐར་མ་གང་དག་སྟོང་ 76-1-40a རྣམས་ཇི་སྙེད་དང་། །གང་ཡང་ནོར་བུའི་འོད་དང་མེ་ཡི་འོད་དང་གང་ན་གང་རྣམས་ལྷ་དབང་འོད། །མང་པོ་དེ་དག་རབ་ཏུ་འདས་པའི་འོད་ཟེར་ཁྲག་ཁྲིག་སྤུ་གཅིག་ཁུང་ནས་འགྱེད། །འཇིག་རྟེན་ཀུན་གྱི་ངན་སོང་ སྡུག་བསྔལ་ཞི་བར་བྱེད་ཅིང་ཆོས་ཀྱི་དམ་པ་སྟོན། །འགྲོ་བ་མ་ལུས་སྒྲ་ཡི་རྣམ་པ་སྣ་ཚོགས་སྐད་རྣམས་ཐམས་ཅད་ཇི་སྙེད་པ། །ཁྱུ་མཆོག་དེ་དག་ཚིག་གཅིག་རབ་ཏུ་བརྗོད་པས་སྒྲ་རྣམས་ཐམས་ཅད་ཚང་བར་བརྗོད། །སྲོག་ཆགས་བྱེ་བ་ རྣམས་ཀྱིས་ཡིད་དུ་འོང་བའི་སྒྲ་ཐོས་དགའ་ཞིང་མགུ་བར་འགྱུར། །རྒྱལ་བས་བསྟན་པའི་ཆོས་ཀྱི་རྣམ་པ་ཇི་སྙེད་ཐམས་ཅད་དེ་ལས་ཐོས་པར་འགྱུར། །གང་ཡང་ཇི་སྙེད་འདས་པའི་སྐལ་པ་ཡོད་པ་དེ་དག་མ་འོངས་བསྐལ་ པར་སྟོན། གང་ཡང་མ་འོངས་པ་དང་ད་ལྟར་བྱུང་བ་ཇི་སྙེད་དེ་དག་འདས་པར་སྟོན། །ཁྱུ་མཆོག་དག་ནི་ཞིང་རྣམས་འཚིག་དང་གནས་པ་རྣམ་པ་ཐ་དད་སྟོན་པར་བྱེད། །འགྲོ་བ་ཇི་སྙེད་ཐམས་ཅད་མཁས་པ་དེ་དག་སྐྲ་རྩེ་གཅིག་ ལ་རབ་ཏུ་དགོད། །འདས་དང་མ་བྱོན་པ་དང་ཕྱོགས་བཅུ་ཀུན་ན་བཞུགས་པའི་རྒྱལ་བ་ཇི་སྙེད་པ། །དེ་དག་ཐམས་ཅད་རང་གི་ལུས་ལས་མ་ནོར་དབང་བསྒྱུར་རྣམ་པར་འཕྲུལ་པ་སྟོན། །སྤྲུལ་པའི་བྱིན་གྱིས་རླབས་ལ་ ཤེས་པའི་མཁས་པ་དེ་དག་འགྲོ་བ་ཇི་སྙེད་སེམས། །དེ་སྙེད་ལུས་རྣམས་རྡུལ་དང་བྲལ་བ་སྟོན་ཀྱང་ལུས་ལ་གནས་པ་གང་ཡང་མེད། །ལམ་རྒྱུད་དྲུག་པོ་གང་རྣམས་ཇི་སྙེད་ཡོད་པའི་འགྲོ་བ་ཀུན་གྱི་ལུས་བསྡུས་ཤིང་། ། བརྒྱ་བྱིན་འཚངས་པའི་འཇིག་རྟེན་མགོན་པོ་རྣམས་དང་དེ་བཞིན་ལྷ་དང་མྱི་ཡི་རྣམས། །གང་ཡང་ཉན་ཐོས་རང་རྒྱལ་རྣམས་ལ་དད་ཅིང་སངས་རྒྱས་སྐུ་ལ་མོས་པ་ལ། །སངས་རྒྱས་བྱང་ཆུབ་འགྲུབ་པའི་སྤྱོད་ པ་དག་དང་ཐམས་ཅད་མཁྱེན་པའི་སྤྱོད་པ་སྟོན། །འགྲོ་བ་ཀུན་གྱི་འདུ་ཤེས་དྲ་བ་རབ་དང་འབྲིང་དང་ཐ་མར་འཇུག་པ་རྣམས། །ཐམས་ཅད་ཤེས་ཤིང་བྱིན་རློབ་བྱང་ཆུབ་འཚང་རྒྱ་ཞིང་རྣམས་ཀུན་ཀྱང་རབ་ཏུ་སྟོན། །འདུ་ཤེས་ 76-1-40b དྲ་བ་རྣམས་སྒོམས་བློ་ལྡན་འཇིག་རྟེན་འདུ་ཤེས་རྣམས་ལ་དབང་བསྒྱུར་བ། །བྱ་བ་དང་ནི་སྦྱོར་བ་ཇི་སྙེད་པ་དང་དཀོན་མཆོག་བྱང་ཆུབ་སྤྱོད་པ་སྟོན། །དེ་དག་དེ་དང་རྣམ་པར་འཕྲུལ་པ་ཤིན་ཏུ་རྒྱ་ཆེན་དམ་པ་གཞན་ཡང་སྟོན། ། དེ་དག་གང་ལ་འཇིག་རྟེན་ས་མྱིན་པ་དང་ཡུལ་མྱིན་དེ་དག་བྱ་བ་སྟོན། །སྟོན་ཀྱང་ལྟ་བ་ལྷུར་ལེན་མ་ཡིན་གཞན་ཡང་ཕྱིར་ཞིང་གོང་དུ་སྟོན་པ་བྱེད། །དེ་དག་སེམས་ཅན་རྣམས་ཀྱི་བསམ་པ་ཇི་བཞིན་སྤྱོད་པ་ཇི་བཞིན་ཡང་དག་ འཇུག །ལུས་ནི་ནམ་མཁའ་ལྟ་བུ་དག་དང་ཡིད་ལ་ཆགས་མྱེད་འཇིག་རྟེན་གསུམ་གྱི་གཙོ། །ཚུལ་ཁྲིམས་སྤོས་ཀྱི་བྱུག་པ་རབ་ཏུ་ཞི་བ་གོས་ཡིན་ཡོན་ཏན་སྣ་ཚོགས་བརྒྱན། །ཆོས་ཀྱི་གོ་འཕང་སྐྱོན་མེད་ཐོབ་ཅིང་ ཐམས་ཅད་མཁྱེན་པ་ཡིད་བཞིན་ནོར་བུ་སྟེ། །བདེ་གཤེགས་ཀུན་གྱི་ཡེ་ཤེས་དབང་སྐུར་ཐམས་ཅད་མཁྱེན་པའི་རྒྱལ་པོའི་ཐབས་ལ་གནས། །ཕ་རོལ་ཕྱིན་པ་རྟག་འབྱུང་འཁོར་ལོ་ཡིན་ཏེ་གླང་པོ་མངོན་པར་ཤེས་པ་མཆོག ། ཡེ་ཤེས་རྫུ་འཕྲུལ་རྟ་སྟེ་ཆགས་པ་མྱེད་འགྲོ་ཤེས་རབ་ནོར་བུ་དམ་པ་ཡིན། །སྤྱོད་པ་བཙུན་མོ་བཟང་མོ་བསྡུ་བ་རྣམ་པ་བཞི་པོ་ཁྱིམ་བདག་དམ་པའོ། །ཐབས་ལ་ཤིན་ཏུ་མཁས་པ་བློན་པོ་ཡིན་ཏེ་མཁས་པ་དེ་དག་འཁོར་ལོས་ བསྒྱུར། །སྟོང་པ་ལྟོ་ཡིན་སྙིང་པོ་ཡེ་ཤེས་མཆོག །སྙིང་ནི་རྡོ་རྗེ་ལྟ་བུ་སྙིང་རྗེའི་གོ་བོགས་ཡེ་ཤེས་གདབ་པའི་མཚོན་ཆ་ཡིན། །ཤེས་རབ་མགོ་སྟེ་ཆོས་རྟོགས་མིག་ཡིན་བྱང་ཆུབ་སྤྱོད་པ་ཡང་ནི་རྣ་བ་ཡིན། །ཚུལ་ཁྲིམས་ དག་ཅིང་ཉོན་མོངས་མེད་ལ་གཙང་སྟེ་མུན་པ་ཞི་བྱེད་སྣ་ཡིན་ཏེ། །སྤོབས་པ་ལྕེ་ཡིན་ལུས་ནི་རིག་པ་ཡིན་ཏེ་སེམས་ནི་ཡེ་ཤེས་དམ་པ་ཡིན། །སྤྱོད་པ་རྒྱུ་བ་ཡིན་ཏེ་བྱང་ཆུབ་ཤིང་གནས་སེང་གེའི་ཁྲི་ནི་འདུག་པ་ཡིན། །ཚངས་པའི་ ལམ་རྣམས་དག་ནི་ལམ་ཡིན་སྟོང་པ་ཆགས་མེད་དམ་པ་སྤྱོད་ཡུལ་ལོ། །གང་གི་དེ་དག་སྣང་བར་འགྱུར་བའི་སྣང་བ་བདེ་བར་གཤེགས་ཀྱི་ཡེ་ཤེས་ཡུལ། །སེམས་ཅན་སྤྱོད་ལ་རྣམ་པར་ལྟ་བ་ཡེ་ཤེས་མཆོག་སྟེ་རྣམ་པ་སྣ་ 76-1-41a ཚོགས་བསྒྱིངས། །སེམས་ཅན་དབེན་ཞིང་ཆགས་དང་བྲལ་བའི་སྦྱིན་པ་བསྙེམས་པ་མེད་པའི་ཚུལ་ཁྲིམས་དང་། །བཟོད་པ་མི་འཁྲུག་བརྩོན་འགྲུས་མྱི་ལྡོག་དབང་བསྒྱུར་བ་ནི་བསམ་གཏན་དམ་པ་ཡིན། །རྒྱུ་བ་ མྱེད་ཅིང་ནམ་མཁའ་འདྲ་བ་ཤེས་རབ་བྱམས་པ་སེམས་ཅན་རྣམ་པར་འདྲེན། །སྐྱོན་མྱེད་སྙིང་རྗེ་རྣམ་དག་ཆོས་ནི་དགའ་བ་ཉོན་མོངས་གནས་ལས་བཏང་ཡང་སྙོམས། །དོན་ནི་ཞི་བ་ཆོས་ཀྱི་ཡུལ་ལ་ཉེ་བར་འགྲོ་བ་བསོད་ནམས་ འགྲོ་ལ་བསྔོས། །ཡེ་ཤེས་ཚོགས་ནི་རལ་གྲི་རྣོན་པོ་ལྟ་བུ་སྣང་བ་ཆེན་པོ་རིག་པ་སྟེ། །འགྲོ་བ་རྣམས་ལ་ཐོས་པ་སྟོན་པས་མྱི་ངོམས་བསྐལ་པར་འདྲེན་ཀྱང་འཇིགས་པ་མྱེད། །ནན་ཏན་བྱེད་ལ་གནས་ཏེ་བདུད་རྣམས་བཏུལ་ ནས་བདུད་ཀྱི་ལམ་ཡང་རབ་ཏུ་བཅད། །རྒྱལ་བ་རྣམས་ཀྱི་འཕྲིན་ལས་གང་ཡིན་ཡེ་ཤེས་སྤྱོད་དང་ལྷག་པའི་བསམ་པས་འཛིན། །ང་རྒྱལ་ལས་རྣམས་རྣམ་པར་སྤོང་ཏེ་རྟག་ཏུ་ཡེ་ཤེས་ཀྱིའང་བྱ་བ་བྱེད། །བདུད་རྣམས་བྱིན་ གྱིས་རླབས་བཅོམ་མཁས་པ་དེ་དག་སངས་རྒྱས་བྱིན་གྱིས་རླབས་ཀྱིས་འཕགས། །ཆོས་ཀྱི་བྱིན་གྱིས་རླབས་ཐོབ་བློ་གྲོས་ཆེན་པོ་འཆང་བ་ལྷ་ཡི་གནས་སུ་འདོང་། །ལྷ་རྣམས་བྱས་ཏེ་འཆི་འཕོས་བསོད་ནས་མཆོག་གི་ མངལ་ནི་ཤིན་ཏུ་ཕྲ་བར་འགྲོ། །སྐྱེ་བ་མཆོག་ནི་ཉེ་བར་བསྟན་ནས་མཆོག་གི་གོམ་པ་བདུན་ནི་འདོར་བ་བྱེད། །མཁས་པ་དེ་དག་སེམས་ཅན་ཀུན་ལ་བཟོ་དང་སྤྱོད་དང་བཙུན་མོའི་འཁོར་ཀྱང་སྟོན། །ཆགས་པ་མེད་པར་མངོན་པར་ བྱུང་ནས་བྱང་ཆུབ་ཤིང་དྲུང་ཆོས་ཀྱི་རྒྱན་ཀྱང་བྱེད། །སྟོང་པའི་བསྟན་ལས་འོད་ཟེར་དྲ་བ་ཡངས་པ་བཀྱེ་ཞིང་ཡང་དག་བསྐུལ་བ་བྱེད། །བདུད་རྣམས་བཏུལ་ཏེ་བྱང་ཆུབ་གོ་འཕང་སངས་རྒྱས་ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར། །སངས་ རྒྱས་ས་ཡང་རབ་ཏུ་བསྟན་ནས་འདྲེན་པ་དེ་དག་མཚུངས་པ་མེད་པར་བཞུད། །གང་གིས་མཁས་པ་བསྐལ་པ་བྱེ་བར་རྣམ་པར་རྩེ་ཞིང་ཡང་དག་བྱུང་གྱུར་ནས། །སེམས་ཅན་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་དུ་མ་སངས་རྒྱས་ཡོན་ཏན་ 76-1-41b རབ་འགོད་ཀྱང་། །རྣམ་པ་ཀུན་ཏུ་སེམས་ཅན་མྱི་གནས་ཆོས་ལ་མ་ཡིན་སྤྱོད་ལམ་མ་ཡིན་པ། །དེ་དག་གི་ནི་སྤྱོད་པ་འདི་འདྲ་མཐའ་ཡས་ཤིན་ཏུ་རྒྱ་ཆེན་མདོར་བསྟན་ཏོ། །དེ་འདྲའི་སྤྱོད་དང་ལྡན་པའི་ཡེ་ཤེས་ཁྱུ་མཆོག་རྫུ་ འཕྲུལ་དག་གིས་རྣམ་པར་རྩེ། །ཞིང་རྣམས་བྱེ་བ་སྟོང་ཡང་སྐྲ་རྩེ་གཅིག་ལ་བསྐལ་པ་ཁྲག་ཁྲིག་བརྒྱར་འཛིན་ཏེ། །ལག་ཏུ་ཁྱེར་ཏེ་ཞིང་རྣམས་བྱེ་བར་འགྲོ་ཡང་ལུས་ལ་ངལ་དུབ་གང་ཡང་མྱེད། །མཁས་པས་ཁྱེར་ནས་ཇི་ལྟའི་ གནས་སུ་བཀོད་ཀྱང་འགྲོ་བ་དག་ལ་གནོད་པ་མྱེད། །འཇིག་རྟེན་མཁྱེན་པའི་ཞིང་གི་རྒྱན་རྣམས་ཇི་སྙེད་རྣམ་པ་ཐ་དད་བསྟན་པ་དག །ཀུན་ཀྱང་བ་སྤུ་གཅིག་གི་བུ་གར་ཁྱུ་མཆོག་དེ་དག་ཡང་དག་རབ་ཏུ་སྟོན། །མཁས་པ་ བ་སྤུའི་བུ་གར་རྒྱ་མཚོའི་ཆུ་རྣམས་མ་ལུས་ཁོང་ཆུད་རབ་སྟོན་ཀྱང་། །འཕེལ་ཞིང་འགྲིབ་མྱེད་འགྲོ་བ་དག་ལ་གནོད་པར་འགྱུར་མྱེད་བྱ་བ་དེ་ཡང་སྟོན། །ཁོར་ཡུག་ཁྱིམ་སྟེ་ཏིང་འཛིན་གྲོང་ཁྱེར་མཆོག་ཡིན་བྱམས་དང་ སྙིང་རྗེ་གོ་ཅའོ། །ཤེས་རབ་རལ་གྲི་ཡིན་ཏེ་དྲན་པ་གཞུ་མཛེས་དབང་པོ་རྣོ་བ་མདའ་ཡང་ཡིན། །འཇིག་རྟེན་མཁྱེན་པ་རྣམས་ཀྱི་བྱིན་གྱིས་རླབས་ནི་གདུགས་ཏེ་ཡེ་ཤེས་རྒྱལ་མཚན་བསྒྲེང་། །དེ་དང་དེ་དག་བཟོད་པའི་ སྟོབས་ཀྱིས་བདུད་ཀྱི་དཔུང་དང་སྡེ་རྣམས་འདུས་པ་འཇོམས། །གཟུངས་ནི་ས་སྟེ་བྱང་ཆུབ་སྤྱོད་པ་ཆུ་ཀླུང་ཡེ་ཤེས་ལུ་མ་ཤེས་རབ་ཤིང་། །མེ་ཏོག་བྱང་ཆུབ་ཡན་ལག་ཏིང་ངེ་འཛིན་ནི་རྟ་སྟེ་རྫུ་འཕྲུལ་རྒྱལ་མཚན་བརྒྱན། ། སྟོང་པ་རྣམ་ཐར་བརྒྱད་པ་རྫིང་བུ་ཡིན་ཏེ་རྣམ་པར་དཔྱོད་པ་བཟང་མོ་བཙུན་མོ་ཡིན། །ཐར་པ་བདུད་རྩི་བཟའ་བ་ཡིན་ཏེ་ཆོས་ནི་བཏུང་བ་ཐེག་པ་གསུམ་གྱིས་རྩེ། །དེ་དག་སྤྱོད་པ་དེ་འདྲ་ཡིད་འོང་ཁྱད་པར་འཕགས་ཏེ་དེ་བས་གོང་ དུ་མང་། །གང་གིས་བསྐལ་པ་བྱེ་བ་ཁྲག་ཁྲིག་སྟོང་དུ་སྐྱོ་བ་ཡོངསུ་མི་སྐྱེ་བར། །སྟོན་པ་མཆོད་ཅིང་རྣམ་དག་ཞིང་ལ་བརྩོན་པས་འགྲོ་བ་ཡེ་ཤེས་མཆོག་ལ་འགོད། །ཁ་ན་མ་ཐོ་ཀུན་མེད་ཡེ་ཤེས་རབ་གནས་ཐམས་ཅད་མཁྱེན་པ་ཉིད་རྒྱས་ 76-1-42a བྱེད། །ཞིང་རྣམས་རྡུལ་གྱི་འབྲུར་བླགས་རེ་རེ་ནས་ཀྱང་བགྲང་ཞིང་བརྩི་བར་ནུས་གྱུར་ལ། །བར་སྣང་མཁའ་ཆེན་འདི་ཡང་སྐྲ་ཡིས་གཞལ་ཏེ་ཟད་པར་བྱ་བར་ནུས་སྲིད་ཏེ། །སྐད་ཅིག་གཅིག་ལ་འགྲོ་བ་རྣམས་ཀྱིས་ སེམས་ནི་བགྲང་ཚུལ་ཤེས་པར་ནུས་སྲིད་ཀྱི། །སངས་རྒྱས་སྲས་རྣམས་སྤྱོད་པ་དག་ནི་བསྐལ་པ་བརྒྱར་བརྗོད་ཟད་པར་མྱི་ནུས་སོ། །གང་ཞིག་ཡོན་ཏན་རྣམ་དག་འདི་དག་ཐོབ་པར་འདོད་ཅིང་གོང་དུ་གཞན་འདོད་དང་། །གང་ཞིག་སྡུག་ བསྔལ་རྣམས་ལས་འགྲོ་བ་ཐར་བྱས་བདེ་ལ་འགོད་པ་དང་། །གང་ཞིག་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་དང་མཉམ་དུ་འགྱུར་བར་འདོད་པ་དག །དེས་ནི་རྡོ་རྗེ་ལྟ་བུར་བརྟན་པའི་སེམས་སུ་བྱས་ཏེ་ཡོན་ཏན་བསླབ་པར་ བྱོས། །ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ལས། འཇིག་རྟེན་ལས་འདས་པའི་ལེའུ་སྟེ། བཞི་བཅུ་རྩ་བཞི་པའོ།། །། སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་ མདོ། བམ་པོ་བཞི་པ། བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་སྐྱབས་མྱེད་པ་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཕོ་བྲང་བརྩེགས་པ་རྒྱན་ཆེན་པོ་ཅན་ན། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་ འཇམ་དཔལ་ལ་སྩོགས་པ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་པ་དམ་པའི་ཡེ་ཤེས་དང་། བརྟན་པ་དམ་པའི་ཡེ་ཤེས་དང་། ཆགས་མེད་དམ་པའི་ཡེ་ཤེས་དང་། མེ་ཏོག་དམ་པའི་ཡེ་ཤེས་ དང་། ཉི་མ་དམ་པའི་ཡེ་ཤེས་དང་། ཟླ་བ་དམ་པའི་ཡེ་ཤེས་དང་། དྲི་མྱེད་དམ་པའི་ཡེ་ཤེས་དང་། རྡོ་རྗེ་དམ་པའི་ཡེ་ཤེས་དང་། རྡུལ་མེད་དམ་པའི་ཡེ་ཤེས་དང་། བྱང་ཆུབ་སེམས་དཔའ་རྣམ་པར་སྣང་བ་དམ་པའི་ཡེ་ཤེས་དང་། བྱང་ཆུབ་སེམས་དཔའ་སྐར་མའི་རྒྱལ་མཚན་དང་། རི་རབ་རྒྱལ་མཚན་དང་། རིན་ཆེན་རྒྱལ་མཚན་དང་། ཆགས་མེད་རྒྱལ་མཚན་དང་། མེ་ཏོག་རྒྱལ་མཚན་དང་། དྲི་མྱེད་རྒྱལ་མཚན་དང་། ཉི་མའི་རྒྱལ་ 76-1-42b མཚན་དང་མཛེས་པའི་རྒྱལ་མཚན་དང་། རྡུལ་མེད་རྒྱལ་མཚན་དང་། བྱང་ཆུབ་སེམས་དཔའ་རྣམ་པར་སྣང་བའི་རྒྱལ་མཚན་དང་། བྱང་ཆུབ་སེམས་དཔའ་རིན་ཆེན་གཟི་བརྗིད་དང་། བློ་གྲོས་ཆེན་པོའི་གཟི་བརྗིད་ དང་། ཡེ་ཤེས་རྡོ་རྗེའི་གཟི་བརྗིད་དང་། དྲི་མ་མྱེད་པའི་གཟི་བརྗིད་དང་། ཆོས་ཀྱི་ཉི་མའི་གཟི་བརྗིད་དང་། བསོད་ནམས་རི་བོའི་གཟི་བརྗིད་དང་། ཡེ་ཤེས་སྣང་བའི་གཟི་བརྗིད་དང་། ཀུན་ནས་དཔལ་གྱི་གཟི་བརྗིད་དང་། ཀུན་ནས་འོད་དཔལ་གཟི་བརྗིད་དང་། བྱང་ཆུབ་སེམས་དཔའ་ཕྱོགས་བཅུ་སྣང་བས་རྒྱས་པར་འགེངས་པའི་གཟི་བརྗིད་དང་། བྱང་ཆུབ་སེམས་དཔའ་སའི་སྙིང་པོ་དང་། ནམ་མཁའི་སྙིང་པོ་དང་། པདྨའི་སྙིང་པོ་དང་། རིན་པོ་ཆེའི་སྙིང་པོ་དང་། ཉི་མའི་སྙིང་པོ་དང་། ཡོན་ཏན་རྣམ་དག་སྙིང་པོ་དང་། ཆོས་རྒྱ་མཚོའི་སྙིང་པོ་དང་། རྣམ་པར་སྣང་བའི་སྙིང་པོ་དང་། གཙུག་གི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་པདྨོ་དཔལ་གྱི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་བཟང་པོའི་མྱིག་དང་། རྣམ་པར་དག་པའི་མྱིག་དང་། དྲི་མ་མྱེད་པའི་མྱིག་དང་། ཆགས་པ་མྱེད་པའི་མྱིག་དང་། ཀུན་ནས་ལྟ་བའི་མྱིག་དང་། ཤིན་ཏུ་རྣམ་པར་དག་པའི་མྱིག་དང་། ཨུད་པ་ལའི་ མྱིག་དང་། རྡོ་རྗེའི་མྱིག་དང་། རིན་པོ་ཆེའི་མྱིག་དང་། བྱང་ཆུབ་སེམས་དཔའ་ནམ་མཁའི་མྱིག་དང་། བྱང་ཆུབ་སེམས་དཔའ་ལྷའི་ཅོད་པན་དང་། ཆོས་ཀྱི་དབྱིངས་སྣང་བའི་བློ་གྲོས་ཅོད་པན་དང་། བྱང་ཆུབ་དམ་པའི་ཅོད་ པན་དང་། ཕྱོགས་རྣམ་པར་སྣང་བའི་ཅོད་པན་དང་། སངས་རྒྱས་ཐམས་ཅད་ཡང་དག་པར་འབྱུང་བའི་སྙིང་པོའི་ཅོད་པན་དང་། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པའི་ཅོད་པན་དང་། ཀུན་ནས་རྣམ་པར་ སྣང་བའི་ཅོད་པན་དང་། ཟིལ་གྱིས་ནོན་པ་མྱེད་པའི་ཅོད་པན་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེངྒེའི་ཁྲི་འཛིན་པའི་ཅོད་པན་དང་། བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་ནམ་མཁའ་ཀུན་ནས་སྣང་བའི་ཅོད་ 76-1-43a པན་དང་། བྱང་ཆུབ་སེམས་དཔའ་ཚངས་པའི་དབང་པོའི་གཙུག་ཕུད་དང་། ཀླུའི་དབང་པོའི་གཙུག་ཕུད་དང་། སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ་སྣང་བའི་གཙུག་ཕུད་དང་། བྱང་ཆུབ་དམ་པའི་གཙུག་ཕུད་ དང་། སྨོན་ལམ་རྒྱ་མཚོ་ཐམས་ཅད་རབ་ཏུ་སྒྲོག་པའི་རིན་ཆེན་རྒྱལ་པོའི་གཙུག་ཕུད་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཀྱི་དཀྱིལ་འཁོར་རབ་ཏུ་འགྱེད་པའི་ནོར་བུ་རིན་ཆེ་འབྲུག་སྒྲའི་གཙུག་ཕུད་དང་། ནམ་མཁའི་དབྱིངས་ཐམས་ཅད་ཐ་མྱི་དད་པར་རྣམ་པར་དམྱིགས་པའི་རིན་ཆེན་རྒྱལ་པོས་བརྒྱན་པའི་གཙུག་ཕུད་དང་། དེ་བཞིན་གཤེགས་པ་ཐམས་ཅད་རྣམ་པར་འཕྲུལ་པ་སྣང་བའི་རྒྱལ་མཚན་དང་། རིན་པོ་ཆེའི་དྲ་ བས་ཀུན་ནས་ཡོག་པའི་རྒྱལ་པོའི་གཙུག་ཕུད་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་སྒྲོག་པའི་གཙུག་ཕུད་དང་། བྱང་ཆུབ་སེམས་དཔའ་དུས་གསུམ་གྱི་མྱིངས་ཐམས་ཅད་རབ་ཏུ་སྒྲོག་པའི་གཙུག་ ཕུད་དང་། བྱང་ཆུབ་སེམས་དཔའ་རྒྱ་ཆེན་པོའི་འོད་དང་། གཟི་བརྗིད་དྲི་མ་མྱེད་པའི་འོད་དང་། རིན་པོ་ཆེའི་འོད་དང་། རྡུལ་དང་བྲལ་བའི་འོད་དང་། སྐར་མའི་འོད་དང་། ཆོས་ཀྱི་འོད་དང་ཞི་བའི་འོད་དང་། ཉི་མའི་འོད་དང་རྣམ་ པར་འཕྲུལ་པའི་འོད་དང་། བྱང་ཆུབ་སེམས་དཔའ་ལྷའི་འོད་དང་། བྱང་ཆུབ་སེམས་དཔའ་བསོད་ནམས་དཔལ་དང་། ཡེ་ཤེས་དཔལ་དང་། ཆོས་དཔལ་དང་། མངོན་པར་ཤེས་པའི་དཔལ་དང་། འོད་ཀྱི་དཔལ་དང་། མེ་ཏོག་ དཔལ་དང་། རིན་པོ་ཆེའི་དཔལ་དང་། བྱང་ཆུབ་གྱི་དཔལ་དང་། ཚངས་པའི་དཔལ་དང་། བྱང་ཆུབ་སེམས་དཔའ་ཀུན་ནས་སྣང་བའི་དཔལ་དང་། བྱང་ཆུབ་སེམས་དཔའ་ཚངས་པའི་དབྱངས་དང་། རྒྱ་མཚོའི་དབྱངས་དང་ས་སྒྲའི་ དབྱངས་དང་། འཇིག་རྟེན་དབང་པོའི་དབྱངས་དང་། རི་དབང་རྒྱལ་པོའི་འཐབ་པའི་དབྱངས་དང་། ཆོས་ཀྱི་དབྱིངས་ཀུན་ཏུ་རྒྱས་པའི་དབྱངས་དང་། ཆོས་རྒྱ་མཚོ་ཐམས་ཅད་རབ་ཏུ་སྒྲོག་པའི་དབྱངས་དང་། བདུད་ཀྱི་དཀྱིལ་འཁོར་ 76-1-43b ཐམས་ཅད་རབ་ཏུ་འདུལ་བའི་དབྱངས་དང་། སྙིང་རྗེ་ཆེན་པོའི་ཚུལ་གྱི་སྤྲིན་རབ་ཏུ་སྒྲོག་པའི་དབྱངས་དང་། བྱང་ཆུབ་སེམས་དཔའ་འགྲོ་བ་ཐམས་ཅད་སྡུག་བསྔལ་རབ་ཏུ་ཞི་བར་བྱེད་པ་དབུགས་འབྱིན་པའི་དབྱངས་དང་། བྱང་ཆུབ་སེམས་དཔའ་ཆོས་ཀྱི་འཕགས་པ་དང་། ཁྱད་པར་གྱིས་འཕགས་པ་དང་། ཡེ་ཤེས་ཀྱི་འཕགས་པ་དང་། བསོད་ནམས་རི་བོས་འཕགས་པ་དང་། ཡོན་ཏན་གྱི་ཚོགས་ཀྱིས་འཕགས་པ་དང་། གྲགས་པས་ འཕགས་པ་དང་། ཀུན་ཏུ་སྣང་བས་འཕགས་པ་དང་། བྱམས་པ་ཆེན་པོས་འཕགས་པ་དང་། ཡེ་ཤེས་རྒྱ་མཚོས་འཕགས་པ་དང་། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་རྒྱུད་ཀྱི་གདུང་གིས་འཕགས་པ་ དང་། བྱང་ཆུབ་སེམས་དཔའ་འོད་ཀྱི་དཔལ་དང་། མཆོག་གི་དཔལ་དང་། ཀུན་ཏུ་འཕགས་པའི་དཔལ་དང་། རྣམ་པར་སྣང་བའི་དཔལ་དང་། ཆོས་ཀྱི་དཔལ་དང་། ཟླ་བའི་དཔལ་དང་། ནམ་མཁའི་དཔལ་དང་། རིན་པོ་ཆེ་དཔལ་དང་། དཔལ་གྱི་དཔལ་དང་། བྱང་ཆུབ་སེམས་དཔའ་ཡེ་ཤེས་ཀྱི་དཔལ་དང་། བྱང་ཆུབ་སེམས་དཔའ་རིའི་དབང་པོའི་རྒྱལ་པོ་དང་། ཆོས་ཀྱི་དབང་པོའི་རྒྱལ་པོ་དང་། འགྲོ་བའི་དབང་པོའི་རྒྱལ་པོ་དང་། ཚངས་པའི་དབང་པོའི་རྒྱལ་པོ་དང་། ཚོགས་ཀྱི་དབང་པོའི་རྒྱལ་པོ་དང་། ལྷའི་དབང་པོའི་རྒྱལ་པོ་དང་། ཞི་བའི་དབང་པོའི་རྒྱལ་པོ་དང་། མི་གཡོ་བའི་དབང་པོའི་རྒྱལ་པོ་དང་། ཁྱུ་མཆོག་གི་དབང་པོའི་རྒྱལ་པོ་དང་། བྱང་ ཆུབ་སེམས་དཔའ་མཆོག་གི་དབང་པོའི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་རབ་ཏུ་ཞི་བའི་སྒྲ་དང་། ཆགས་པ་མེད་པའི་སྒྲ་དང་། སའི་དབྱངས་ཀྱི་སྒྲ་དང་། རྒྱ་མཚོའི་འབྲུག་གི་སྒྲ་དང་། སྤྲིན་གྱི་དབྱངས་ཀྱི་སྒྲ་དང་། ཆོས་སྣང་བའི་རྒྱལ་པོའི་སྒྲ་དང་། ནམ་མཁའི་དབྱངས་ཀྱི་སྒྲ་དང་། སེམས་ཅན་ཀུན་གྱི་དགེ་བའི་རྩ་བ་རབ་ཏུ་སྒྲོག་པའི་སྒྲ་དང་། སྔོན་གྱི་སྨོན་ལམ་ཡོངས་སུ་བསྐུལ་པའི་སྒྲ་དང་། བྱང་ཆུབ་སེམས་དཔའ་བདུད་ཀྱི་དཀྱིལ་ 76-1-44a འཁོར་བཅོམ་པ་མྱེད་པའི་སྒྲ་དང་། བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་བློ་དང་། ཡེ་ཤེས་རི་བོའི་བློ་དང་། ནམ་མཁའི་བློ་དང་། དྲི་མ་མྱེད་པའི་བློ་དང་། ཆགས་པ་མྱེད་པའི་བློ་དང་། རྣམ་པར་སངས་རྒྱས་པའི་བློ་ དང་། དུས་གསུམ་སྣང་བའི་བློ་དང་། ཡངས་པའི་བློ་དང་། ཀུན་ཏུ་སྣང་བའི་བློ་དང་། བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་སུ་སྣང་བའི་བློ་དང་། དེ་དག་ལ་སྩོགས་པའི་བྱང་ཆུབ་སེམས་དཔའ་ལྔ་སྟོང་ཙམ་སྟེ། ཀུན་ ཀྱང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་། སྨོན་ལམ་གྱིས་བྱུང་བ་སངས་རྒྱས་ཀྱི་ཞིང་ཐམས་ཅད་རྒྱས་པར་འགེངས་པ། ཆགས་པ་མྱེད་པའི་སྤྱོད་ཡུལ་ཅན་དེ་བཞིན་གཤེགས་པའི་ཚོགས་སུ་འགྱུར། དྲུང་དུ་འདོང་བས་ལུས་མཐའ་ཡས་པའི་བྱིན་གྱིས་རླབས་དང་ལྡན་པ། སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་ཡོངས་སུ་བསྟན་པའི་རྣམ་པར་འཕྲུལ་པ་ཡོངས་སུ་བསྟན་པར་དམྱིགས་པར་བྱ་བ་ལ་སྒྲིབ་པ་ མྱེད་པའི་མྱིག་གིས་དཀྱིལ་འཁོར་རྣམ་པར་དག་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་འཚང་རྒྱ་བའི་ཚེ། ཉེ་བར་འདོང་བ་རྒྱུན་མྱི་གཅོད་པས། ཚད་མྱེད་པར་ཕྱིན་པ། ཆོས་རྒྱ་མཚོའི་ཚུལ་ཐམས་ ཅད་ལ་ཡེ་ཤེས་སྣང་བ། རབ་ཏུ་ཐོབ་པས་སྣང་བ་མཐའ་ཡས་པ་དང་ལྡན་པ། སོ་སོ་ཡང་དག་པར་རིག་པ་རྣམ་པར་དག་པས་བསྐལ་པ་མཐའ་ཡས་པར་ཤིན་ཏུ་སྟོན་པ་མྱི་ཟད་པ་འགྲོ་བའི་བསམ་པ་ཅི་ལྟ་བ་བཞིན་དུ་ གཟུགས་ཀྱི་ལུས་ཡོངས་སུ་སྟོན་པས་ནམ་མཁའི་དབྱིངས་ཀྱི་ཀླས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་རྣམ་པར་དག་ཅིང་མི་གནས་པ། སེམས་ཅན་གྱི་ཁམས་སེམས་ཅན་མྱེད་པ་དང་། སྲོག་མེད་པ་ཡོངས་སུ་ཤེས་པས་ རབ་རིབ་མྱེད་པ། ཆོས་ཀྱི་དབྱིངས་ཐམས་ཅད་དུ་འོད་ཟེར་གྱི་དྲ་བས་རྒྱས་པར་འགེངས་པས་ནམ་མཁའ་དང་མཉམ་པ་ཤ་སྟག་དང་ཐབས་གཅིག་ཏུ་བཞུགས་སོ། །ཉན་ཐོས་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་ལྔ་བརྒྱ་སྟེ། 76-1-44b ཐམས་ཅད་ཀྱང་བདེན་པའི་ཚུལ་གྱི་རང་བཞིན་མངོན་པར་ཁོང་དུ་ཆུད་པ། ཡང་དག་པའི་མཐའ་མངོན་སུམ་དུ་གྱུར་པ། ཆོས་ཀྱི་རང་བཞིན་ལ་ཞུགས་པ། སྲིད་པའི་རྒྱ་མཚོ་ལས་གྱེན་དུ་འཕགས་པ། དེ་བཞིན་ གཤེགས་པའི་ཚོགས་སུ་འགྱུར་བའི་སྤྱོད་ཡུལ་ཅན་ཀུན་ནས་སྦྱོར་བ་དང་། བག་ལ་ཉལ་བ་དང་བཅིངས་པ་རྣམ་པར་བཟློག་པ། ཆགས་པ་མྱེད་པའི་གནས་ལ་བརྟན་པ། ནམ་མཁའ་ལྟར་ཞི་བ་ལ་རྣམ་པར་སྦྱོང་བ། སངས་རྒྱས་ལ་ཐེ་ཙོམ་དང་ནེམ་ནུར་དང་། ཡིད་གཉིས་ཡོངས་སུ་ཆད་པ། སངས་རྒྱས་ཀྱི་ཡེ་ཤེས་རྒྱ་མཚོ་ལ་མོས་པའི་ལམ་དུ་ཞུགས་པ་ཤ་སྟག་དང་། འཇིག་རྟེན་གྱི་དབང་པོ་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ། འགྲོ་བ་ཐམས་ཅད་ལ་ཕན་པ་དང་། བདེ་བའི་དོན་དུ་ཞུགས་པ། གསོལ་བ་མ་བཏབ་པར་དགེ་བའི་བཤེས་གཉེན་དུ་གྱུར་པ། སེམས་ཅན་གཞན་བསྲུང་བ་ལ་ཞུགས་པ། འཇིག་རྟེན་ཐམས་ཅད་ལས་འཕགས་པའི་ཁྱད་ པར་དང་ལྡན་པའི་ཡེ་ཤེས་ཀྱི་སྒོ་ལ་ཞུགས་པ། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའི་སེམས་དང་ལྡན་པ། སངས་རྒྱས་ཐམས་ཅད་ཀྱི་བསྟན་པའི་སྤྱོད་ཡུལ་ལ་བྱུང་བ་དེ་བཞིན་གཤེགས་པའི་བསྟན་པ་ཡོངས་ སུ་བསྲུང་བ་ལ་ཞུགས་པ། སངས་རྒྱས་ཀྱི་རིགས་ཡང་དག་པར་བཟུང་བའི་སྨོན་ལམ་གྱིས་ཡང་དག་པར་སྐྱེས་པ། དེ་བཞིན་གཤེགས་པའི་གདུང་གི་རྒྱུད་ཏུ་བྱུང་བ། མངོན་དུ་གྱུར་པ་ཐམས་ཅད་མཁྱེན་པ་ཉིད་ལ་ མངོན་པར་མོས་པ་ཤ་སྟག་དང་ཡང་ཐབས་གཅིག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་དེ་དག་དང་། ཉན་ཐོས་རྫུ་འཕྲུལ་ཆེན་པོ་དང་ལྡན་པ། དེ་དག་དང་འཇིག་རྟེན་གྱི་དབང་པོ་འཁོར་དང་བཅས་པ་དེ་དག་ འདི་སྙམ་དུ་གྱུར་ཏེ། དེ་བཞིན་གཤེགས་པའི་ཡུལ་དང་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཡུལ་དང་། དེ་བཞིན་གཤེགས་པའི་བྱིན་གྱིས་རླབས་དང་། དེ་བཞིན་གཤེགས་པའི་སྟོབས་དང་། དེ་བཞིན་གཤེགས་པའི་མྱི་ 76-1-45a བསྙེངས་པ་དང་། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་དང་། དེ་བཞིན་གཤེགས་པའི་རྣམ་པར་སྤྱོད་པ་དང་། དེ་བཞིན་གཤེགས་པའི་མངའ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་ནི་དེ་བཞིན་ གཤེགས་པའི་བྱིན་གྱིས་རླབས་དང་། དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་དང་། དེ་བཞིན་གཤེགས་པའི་མཐུ་དང་། དེ་བཞིན་གཤེགས་པའི་སྔོན་གྱི་སྨོན་ལམ་དང་། སྔོན་ལེགས་པ་སྤྱོད་པའི་དགེ་བའི་རྩ་བ་ དང་། དགེ་བའི་བཤེས་གཉེན་གྱི་སྐྱབས་དང་། དད་པའི་མྱིགས་ཡོངས་སུ་དག་པ་དང་། རྒྱ་ཆེན་པོ་ལ་མོས་པའི་སྣང་བ་རབ་ཏུ་ཐོབ་པ་དང་། བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་རྣམ་པར་དག་པ་དང་། བསམ་པ་ཐག་ པའི་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྨོན་ཅིང་ཡང་དག་པར་ཞུགས་པ་མ་གཏོགས་པར་ལྷ་དང་བཅས་པའི་འཇིག་རྟེན་གྱིས་འཇུག་པའམ། ཁོང་དུ་ཆུད་པ་འམ་ཡིད་ཆེས་པའམ། ཡོངས་སུ་ཤེས་པའམ། རྣམ་པར་རྟོག་པའམ། བཟུང་བའམ་རྣམ་པར་སྤྱོད་པའམ། རྣམ་པར་བསྒོམ་པའམ། རྣམ་པར་དབྱེ་བའམ། རྣམ་པར་དགྲོལ་བའམ། རབ་ཏུ་བརྗོད་པའམ། སེམས་ཅན་ཕ་རོལ་གྱི་རྒྱུད་དུ་ཕྱིན་པར་བྱ་བར་ ནི་མྱི་ནུས་ན། བཅོམ་ལྡན་འདས་ཉིད་ཀྱིས་བདག་ཅག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པའི་ཚུལ་ཇི་ལྟ་བ་དང་། སེམས་ཅན་བསམ་པ་རྣམ་པ་ཐ་དད་པ་དང་། མོས་པ་སྣ་ཚོགས་དང་། ཤེས་པ་སྣ་ཚོགས་ཀྱི་ཚིག་ དང་། བརྡ་སྣ་ཚོགས་སུ་གྱུར་པ། དབང་བསྒྱུར་བའི་ས་གཞན་དང་། གཞན་ལ་གནས་པ་དབང་པོ་སྣ་ཚོགས་སུ་རྣམ་པར་དག་པ། བསམ་པ་དང་སྦྱོར་བ་རྣམ་པ་གཞན་དང་གཞན་ཅན། སེམས་དང་བསམ་པའི་ཡུལ་ གཞན་དང་གཞན་ཅན་དེ་བཞིན་གཤེགས་པའི་ཡོན་ཏན་གཞན་དང་གཞན་ལ་གནས་པ། ཆོས་བསྟན་པ་གཞན་དང་གཞན་ལ་མོས་པ་དག་ལ་སྔོན་ཐམས་ཅད་མཁྱེན་པ་ཉིད་དུ་ཞུགས་པ་ལྟ་ཡང་ཡང་དག་པར་བསྟན་ 76-1-45b གྲང་། སྔོན་བྱང་ཆུབ་སེམས་དཔའི་སྨོན་ལམ་མངོན་པར་བསྒྲུབས་པ་ལྟའང་ཡང་དག་པར་བསྟན་གྲང་། སྔོན་གྱི་བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པའི་དཀྱིལ་འཁོར་ཡོངས་སུ་དག་པ་ལྟའང་ཡང་དག་པར་བསྟན་ གྲང་། སྔོན་གྱི་བྱང་ཆུབ་སེམས་དཔའི་ས་ཡོངས་སུ་དག་པའི་རྣམ་པར་འཕྲུལ་པ་ལྟའང་ཡང་དག་པར་བསྟན་གྲང་། སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པའི་དཀྱིལ་འཁོར་མངོན་པར་བསྒྲུབས་པ་ཡོངས་སུ་རྫོགས་པར་ མཛད་པ་ལྟའང་ཡང་དག་པར་བསྟན་གྲང་། སྔོན་གྱི་བྱང་ཆུབ་སེམས་དཔའི་ཚུལ་མངོན་པར་བསྒྲུབ་པ་རྣམ་པར་ཕྱེ་བའི་སྣང་བ་ལྟའང་ཡང་དག་པར་བསྟན་གྲང་། སྔོན་བྱང་ཆུབ་སེམས་དཔའི་ལམ་གྱི་རྒྱན་ཡོངས་སུ་ དག་པར་མཛད་པ་ལྟའང་ཡང་དག་པར་བསྟན་གྲང་། སྔོན་བྱང་ཆུབ་སེམས་དཔའི་འབྱུང་བའི་ཚུལ་རྒྱ་མཚོ་མངོན་པར་བསྒྲུབ་པ་ལྟའང་ཡང་དག་པར་བསྟན་གྲང་། སྔོན་གྱི་བྱང་ཆུབ་སེམས་དཔའི་ཡང་དག་པར་བསྒྲུབ་ པ་དང་། རྣམ་པར་འཕྲུལ་པའི་རྒྱན་ཕུན་སུམ་ཚོགས་པ་ལྟའང་ཡང་དག་པར་བསྟན་གྲང་། བྱང་ཆུབ་སེམས་དཔའི་སྔོན་གྱི་སྦྱོར་བ་རྒྱ་མཚོ་ལྟའང་ཡང་དག་པར་བསྟན་གྲང་། མངོན་པར་རྫོགས་པའི་བྱང་ཆུབ་གྱི་སྒོས་ རྣམ་པར་འཕྲུལ་པ་ལྟའང་ཡང་དག་པར་བསྟན་གྲང་། དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་རྣམ་པར་འཕྲུལ་པ་དང་། ཁྱུ་མཆོག་གི་མཐུ་ལྟའང་ཡང་དག་པར་བསྟན་གྲང་། དེ་བཞིན་གཤེགས་ པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར། རྣམ་པར་འཕྲུལ་པ་ལྟའང་ཡང་དག་པར་བསྟན་གྲང་། དེ་བཞིན་གཤེགས་པའི་སེམས་ཅན་གྱི་ཁམས་འདུལ་བའི་ཐབས་ཀྱི་སྒོ་ལྟའང་ཡང་དག་པར་བསྟན་གྲང་། དེ་བཞིན་ གཤེགས་པ་ཐམས་ཅད་མཁྱེན་པ་ཉིད་ཆོས་ཀྱི་གྲོང་ཁྱེར་ལ་མངའ་མཛད་པ་ལྟའང་ཡང་དག་པར་བསྟན་གྲང་། དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་ཀྱི་ལམ་སྣང་བར་མཛད་པ་ལྟའང་ཡང་དག་པར་བསྟན་གྲང་། 76-1-46a དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་ཀྱི་གནས་སུ་གཤེགས་ཤིང་རྣམ་པར་འཕྲུལ་པ་མཛད་པ་ལྟའང་ཡང་དག་པར་བསྟན་གྲང་། དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་ཀྱི་ཡོན་བཞེས་པ་མཛད་ པ་ལྟའང་ཡང་དག་པར་བསྟན་གྲང་། དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་དང་ཡོན་ཏན་སྟོན་པའི་ཆོ་འཕྲུལ་མཛད་པ་ལྟའང་ཡང་དག་པར་བསྟན་གྲང་། དེ་བཞིན་གཤེགས་པ་སེམས་ཅན་ ཐམས་ཅད་ཀྱི་སེམས་ཀྱི་ཚུལ་ལ་སངས་རྒྱས་ཀྱི་གཟུགས་བརྙན་དམྱིགས་པ་མཛད་པ་ལྟའང་ཡང་དག་པར་བསྟན་གྲང་། དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་ལ། རྣམ་པར་འཕྲུལ་པའི་ཆོ་འཕྲུལ་མཛད་པ་ ལྟའང་ཡང་དག་པར་བསྟན་གྲང་། དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྟན་གྲང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་མཛད་པ་ལྟའང་ཡང་དག་པར་བསྟན་གྲང་། དེ་བཞིན་གཤེགས་པ་སེམས་ ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་བསམ་གྱིས་མྱི་ཁྱབ་པས་རྣམ་པར་འཕྲུལ་པ་མཛད་པ་ལྟའང་ཡང་དག་པར་བསྟན་གྲང་སྙམ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱི་བྱང་ཆུབ་སེམས་དཔའ་ དེ་དག་གིས་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས། སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནམ་མཁའ་དང་མཉམ་པས་དཔེ་མེད་པ་འགྲོ་བ་ཐམས་ཅད་དུ་རྣམ་པར་སྣང་བའི་རྒྱན་དང་ལྡན་པ། ཐུགས་རྗེ་ཆེན་པོའི་སྒོའི་རང་བཞིན་ཅན། ཐུགས་རྗེ་ཆེན་པོའི་སྒོ་དང་ལྡན་པ། ཐུགས་རྗེ་ཆེན་པོ་སྔོན་དུ་འགྲོ་བ། ཐུགས་རྗེ་ཆེན་པོའི་ཆོས་ཅན་ལ་མཉམ་པར་གཞག་གོ། །བཅོམ་ལྡན་འདས་ཀྱི་དེ་ལྟར་མཉམ་ པར་བཞག་མ་ཐག་ཏུ་ཕོ་བྲང་བརྩེགས་པ་རྒྱན་ཆེན་པོ་ཅན་ཡང་མཐའ་དང་དབུས་མྱེད་པར་ཡངས་ཤིང་རྡོ་རྗེ་ཐུབ་པ་མེད་པའི་རྒྱལ་མཚན་གྱིས་སའི་གཞི་རབ་ཏུ་བཀོད་པ་དང་། ནོར་བུ་རིན་པོ་ཆེའི་རྒྱལ་པོ་ཐམས་ཅད་ཀྱི་དྲ་བ་ 76-1-46b ཀུན་ཏུ་བཀྲམ་པ། རིན་པོ་ཆེ་དུ་མའི་མེ་ཏོག་སིལ་མས་ཆལ་བར་གང་བ། ནོར་བུ་རིན་པོ་ཆེ་དམ་པ་མཛེས་པར་བཀྲམ་པ་དང་། བཻ་ཌཱུརྱའི་ཀ་བས་མཛེས་པར་བྱས་པ། རིན་པོ་ཆེའི་རྒྱལ་པོ་འགྲོ་བ་རྣམ་པར་སྣང་བས་རྒྱན་ཤིན་ ཏུ་རྣམ་པར་ཕྱེ་བ། རིན་པོ་ཆེ་བཟང་པོ་མང་པོ་དང་ལྡན་པའི་ནོར་བུ་རིན་པོ་ཆེ་འཛམ་བུའི་ཆུ་ཀླུང་གི་ཕུང་པོས་ཤིན་ཏུ་བརྒྱན་པ་དང་། རིན་པོ་ཆེ་ཐམས་ཅད་ལས་སྒོ་གང་དང་། རྟ་བབས་དང་། པུ་ཤུ་དང་། སྐར་ཁུང་བྱས་ ཤིང་ཁྲི་འཕང་གྲངས་མྱེད་པ་རྣམ་པར་དག་པས་བརྒྱན་པ་དང་། འཇིག་རྟེན་གྱི་དབང་པོ་ཐམས་ཅད་དང་འདྲ་བའི་ནོར་བུ་རིན་པོ་ཆེ་རྒྱན་དང་ལྡན་པ་དང་། འགྲོ་བ་རྒྱ་མཚོ་དང་ནོར་བུ་རིན་པོ་ཆེ་རྣམ་པར་ཕྱེ་བ་དང་། ནོར་བུ་རིན་པོ་ ཆེ་ཐམས་ཅད་ཀྱི་དྲ་བས་ཀུན་ནས་ཡོག་པའི་གདུགས་དང་། རྒྱལ་མཚན་རབ་ཏུ་བསྒྲེང་བ་དང་། སྒོ་དང་རྟ་བབས་ཐམས་ཅད་ལས་འོད་ཟེར་ཆོས་ཀྱི་དབྱིངས་སུ་རྒྱས་པར་འགེངས་པ་རབ་ཏུ་འབྱུང་བས་རྣམ་པར་མཛེས་ པར་བྱས་པ་དང་། ཕྱི་རོལ་གྱི་འཁོར་གྱི་དཀྱིལ་འཁོར་གྱི་སའི་གཞི་སྟེགས་བུ་བརྗོད་དུ་མྱེད་པས་བརྒྱན་པ་དང་། ཕྱོགས་ཀུན་ནས་ཐེམ་སྐས་ཀྱི་ཕྲེང་བ་ནོར་བུ་རིན་པོ་ཆེས་བརྩེགས་ཤིང་ཤིན་ཏུ་རྣམ་པར་ཕྱེ་བས་ རབ་ཏུ་མཛེས་པར་ཀུན་ནས་གནས་པར་གྱུར་ཏོ། །ཛེ་ཏའི་ཚལ་ཐམས་ཅད་ཀྱང་ཆུ་ཞེང་གབ་པར་ཤིན་ཏུ་ཡངས་ཤིང་རྒྱ་ཆེ་བར་ཀུན་ནས་གནས་པར་གྱུར་ཏེ། སངས་རྒྱས་ཀྱི་མཐུས་སངས་རྒྱས་ཀྱི་ཞིང་བརྗོད་དུ་ མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་ཆུ་ཞེང་ཀུན་ཏུ་རྒྱ་ཆེ་ཞིང་ཡངས་པ་དང་། རིན་པོ་ཆེ་ཐམས་ཅད་ཀྱི་རྒྱན་སྣ་ཚོགས་དང་ལྡན་ཞིང་། སའི་གཞི་ནོར་བུ་རིན་པོ་ཆེ་སྣ་ཚོགས་བརྗོད་དུ་མེད་ པས་ཀུན་ནས་གྲུབ་པ་དང་། ནོར་བུ་རིན་པོ་ཆེ་གྲངས་མེད་པའི་ར་བས་ཀུན་ནས་བསྐོར་བ་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ཤིང་ཏ་ལའི་ཕྲེང་བས་མཛེས་པར་བརྒྱན་པར་ཀུན་ནས་གནས་པར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་ 76-1-47a དེ་དག་ན་སྤོས་ཀྱི་ཆུ་ཀླུང་ཚད་མྱེད་པ་ཀློང་མཐའ་ཡས་པས་འཁྱིལ་པའི་སྤོས་ཀྱི་ཆུས་ཡོངས་སུ་གང་བ། རིན་པོ་ཆེ་སྣ་ཚོགས་ཀྱི་མེ་ཏོག་མང་པོ་དང་འདྲེས་པར་གྱུར་ལ་གཡས་ཕྱོགས་སུ་འཁྱིལ་ཅིང་ འབབ་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་དབྱངསུ་སྒྲོགས་པས་རབ་ཏུ་བརྒྱན་པ་དག་ཀྱང་ཀུན་ནས་གནས་པར་གྱུར་ཏོ། །རིན་པོ་ཆེའི་མེ་ཏོག་པུན་ད་རི་ཀའི་ཕྲེང་བ་དང་། རིན་པོ་ཆེའི་ཤིང་གམ་ཡོའི་རིན་པོ་ཆེ་ ཐམས་ཅད་ཀྱི་པདྨོ་རབ་ཏུ་རྒྱས་ཤིང་། ཤིན་ཏུ་འཕགས་པས་མཛེས་པར་བརྒྱན་པ་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ཁང་པ་བརྩེགས་པའི་ཕྲེང་བ་བསམ་གྱིས་མྱི་ཁྱབ་པ་ནོར་བུ་རིན་པོ་ཆེ་ཐམས་ཅད་ཀྱི་དྲ་བས་ཀུན་ ནས་ཡོག་པ་ནོར་བུ་རིན་པོ་ཆེ་གྲངས་མེད་པའི་དྲ་བས་ཀུན་ནས་སྣང་བས་བརྒྱན་ཅིང་མཛེས་པ་དང་། ནོར་བུ་རིན་པོ་ཆེའི་གཞལ་མྱེད་ཁང་ནོར་བུ་རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པའི་གྲངས་མེད་པ་སྤོས་ཐམས་ཅད་ ཀྱི་ངད་ཀུན་ནས་འབྱུང་བ་སྤོས་ཀྱི་སྤྲིན་གྱི་རྒྱན་དང་ལྡན་པ་དག་ཀྱང་ཀུན་ནས་གནས་པར་གྱུར་ཏོ། །རིན་པོ་ཆེའི་རྒྱལ་མཚན་གྲངས་མྱེད་པ་དང་། གོས་ཀྱི་རྒྱལ་མཚན་དང་། བ་དན་གྱི་རྒྱལ་མཚན་དང་། རིན་པོ་ཆེ་ སྣམ་བུའི་རྒྱལ་མཚན་དང་། མེ་ཏོག་གི་རྒྱལ་མཚན་དང་། རྒྱན་གྱིས་རྒྱལ་མཚན་དང་། ཕྲེང་བའི་རྒྱལ་མཚན་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་དྲིལ་བུའི་རྒྱལ་མཚན་དང་། རིན་པོ་ཆེའི་རྒྱལ་བའི་གདུགས་ཀྱི་ རྒྱལ་མཚན་དང་། ནོར་བུ་རིན་པོ་ཆེ་སྣང་བས་ཀུན་ཏུ་རྒྱས་པར་འགེངས་པའི་རྒྱལ་མཚན་དང་། ནོར་བུ་རིན་པོ་ཆེའི་རྒྱལ་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཚན་གྱི་འཁོར་ལོའི་དབྱངས་རབ་ཏུ་སྒྲོག་པའི་རྒྱལ་མཚན་དང་། ནོར་བུ་རིན་པོ་ཆེའི་རྒྱལ་པོ་སེང་གེ་ཡིད་དུ་འོང་བའི་རྒྱལ་མཚན་དང་། ནོར་བུ་རིན་པོ་ཆེའི་རྒྱལ་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔོན་གྱི་སྦྱོར་བ་རབ་ཏུ་སྒྲོགས་པའི་རྒྱལ་མཚན་དང་། ནོར་བུ་རིན་པོ་ཆེའི་རྒྱལ་ 76-1-47b པོ་ཆོས་ཀྱི་དབྱིངས་ཐམས་ཅད་རབ་ཏུ་སྣང་བའི་རྒྱལ་མཚན་དང་། རྒྱལ་མཚན་གྱི་རྒྱན་རྣམ་པར་ཕྱེ་བ་ཐམས་ཅད་ཕྱོགས་ཀུན་ནས་རྒྱན་ཏུ་གྱུར་པ་དག་ཀྱང་ཀུན་ནས་གནས་པར་གྱུར་ཏོ། །ཛེ་ཏའི་འཚལ་གྱི་ནམ་ མཁའི་དབྱིངས་ཐམས་ཅད་ཀྱང་ལྷའི་གཞལ་མྱེད་ཁང་གི་སྤྲིན་བསམ་གྱིས་མི་ཁྱབ་པས་བརྒྱན་པར་ཀུན་ནས་གནས་པར་གྱུར་ཏོ། །ཛེ་ཏའི་ཚལ་ཉིད་ཀྱང་སྤོས་སྣ་ཚོགས་ཀྱི་ཤིང་གྲངས་མེད་པའི་སྤྲིན་གྱིས་ཀུན་ ནས་ཡོག་ཅིང་བརྒྱན་པ་དང་། བརྗོད་དུ་མེད་པའི་རྒྱན་སྣ་ཚོགས་དང་ལྡན་པའི་རི་རབ་ཀྱི་ཀུན་ནས་འཁོར་ཅིང་རྒྱན་དང་ལྡན་པ་དང་། རོལ་མོ་བརྡུང་བ་དང་། དཀྲོལ་བ་བརྗོད་དུ་མྱེད་པའི་སྤྲིན་ལས་དེ་བཞིན་གཤེགས་ པ་ཐམས་ཅད་ལ་བསྟོད་པའི་དབྱངས་ང་རོ་སྙན་པ་འབྱུང་བས་ཀུན་ནས་བརྒྱན་པ་དང་། རིན་པོ་ཆེའི་པདྨོ་བརྗོད་དུ་མྱེད་པའི་སྤྲིན་གྱིས་ཀུན་ནས་ཡོག་ཅིང་བརྒྱན་པ་དང་། རིན་པོ་ཆེའི་སེང་གེའི་ཁྲི་བརྗོད་དུ་མེད་པའི་སྟེང་ ལྷ་རྫས་ཀྱི་རིན་པོ་ཆེའི་སྟན་བཏིང་བ་ལ། བྱང་ཆུབ་སེམས་དཔའ་འཁོད་ཅིང་དེ་བཞིན་གཤེགས་པ་ལ་བསྟོད་པའི་སྒྲ་དབྱངས་སྙན་པ་འབྱིན་པའི་སྤྲིན་གྱི་ཀུན་ནས་བརྒྱན་པ་དང་། ལྷའི་དབང་པོ་བརྗོད་དུ་མེད་པའི་གཟུགས་ བརྙན་མངོན་པར་འབྱུང་བའི་ནོར་བུ་རིན་པོ་ཆེའི་འབྲུའི་སྤྲིན་གྱིས་ཀུན་ནས་བརྒྱན་པ་དང་། མུ་ཏིག་དཀར་པོའི་དྲ་བའི་སྤྲིན་བརྗོད་དུ་མེད་པས་ཀུན་ནས་བརྒྱན་པ་དང་། མུ་ཏིག་དམར་པོའི་ཁང་པ་བརྩེགས་པའི་སྤྲིན་བརྗོད་དུ་མེད་པས་ཀུན་ནས་ཡོག་ཅིང་བརྒྱན་པ་དང་། རྡོ་རྗེ་ལྟ་བུ་ སྲ་བའི་མུ་ཏིག་གི་སྤྲིན་བརྗོད་དུ་མེད་པའི་ཆར་མངོན་པར་འབབ་པས་རབ་ཏུ་བརྒྱན་པར་ཀུན་ནས་གནས་པར་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་དེ་བཞིན་གཤེགས་པའི་དགེ་བའི་རྩ་བ་བསམ་གྱིས་མྱི་ཁྱབ་པའི་ཕྱིར་རོ། ། དེ་བཞིན་གཤེགས་པའི་ཆོས་དཀར་པོའི་ཚོགས་བསམ་གྱིས་མྱི་ཁྱབ་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་ཁྱུ་མཆོག་གི་མཐུ་དང་། བྱིན་གྱིས་རླབས་པས་བསམ་གྱིས་མྱི་ཁྱབ་པའི་ཕྱིར་རོ། །དེ་བཞིན་ 76-1-48a གཤེགས་པའི་སྐུ་གཅིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྒྱས་པར་འགེངས་པ་རྣམ་པར་འཕྲུལ་པ་བསམ་གྱིས་མྱི་ཁྱབ་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གཅིག་ཏུ་ ཞུགས་པས། སངས་རྒྱས་ཀྱི་ཞིང་རྣམ་པར་ཕྱེ་བ་ཐམས་ཅད་ལ་ཡང་དག་པར་གཞོལ་བའི་བྱིན་གྱིས་རླབས་ཡོངས་སུ་སྟོན་པ་བསམ་གྱིས་མྱི་ཁྱབ་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་རྣམས་རྡུལ་ཤིན་ཏུ་ཕྲ་བ་གཅིག་ ལ་ཆོས་ཀྱི་དབྱིངས་ཐམས་ཅད་ཀྱི་གཟུགས་བརྙན་རྣམ་པར་དམྱིགས་པར་ཡོངས་སུ་སྟོན་པར་མཛད་པ་བསམ་གྱིས་མྱི་ཁྱབ་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་རྣམས་བ་སྤུའི་བུ་ག་གཅིག་ཏུ་སྔོན་གྱི་མཐའི་དེ་བཞིན་ གཤེགས་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཡོངས་སུ་སྟོན་པར་མཛད་པ་བསམ་གྱིས་མྱི་ཁྱབ་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་རྣམས་ཀྱི་འོད་ཟེར་གྱི་སྒོ་ནས་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་སྣང་བར་ འགྱུར་བ་བསམ་གྱིས་མྱི་ཁྱབ་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་རྣམས་བ་སྤུའི་རྩེ་མོ་གཅིག་ལས་སྤྲུལ་པའི་སྤྲིན་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་སངས་རྒྱས་ཀྱི་ཞིང་ཐམས་ ཅད་རྒྱས་པར་འགེངས་པ་བསམ་གྱིས་མྱི་ཁྱབ་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་རྣམས་བ་སྤུའི་སྒོ་གཅིག་ནས་འཇིག་རྟེན་གྱི་ཁམས་འདུ་བ་དང་། འཇིག་པའི་བསྐལ་པ་ཡོངས་སུ་སྟོན་པ་བསམ་གྱིས་མྱི་ཁྱབ་པའི་ ཕྱིར་རོ། །ཇི་ལྟར་ཛེ་ཏའི་ཚལ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པས་ཡོངས་སུ་དག་པར་ཀུན་ནས་གནས་པར་གྱུར་པ་དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་ མཐས་གཏུགས་པ་ཐམས་ཅད་ཀྱང་ཡོངས་སུ་དག་པར་ཀུན་ནས་གནས་ཤིང་རབ་ཏུ་བརྒྱན་པ་དང་། ཤིན་ཏུ་སྤྱད་པ་དང་། དེ་བཞིན་གཤེགས་པའི་སྐུ་ཡོངས་སུ་རྒྱས་པ་དང་། ཛེ་ཏའི་ཚལ་དུ་ཡང་དག་པར་གཞོལ་བ་དང་། 76-1-48b བྱང་ཆུབ་སེམས་དཔའ་ཡོངས་སུ་རྒྱས་པ་དང་། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་ཤིན་ཏུ་རྣམ་པར་གནས་པ་དག་རྒྱན་ཐམས་ཅད་ཀྱི་བརྒྱན་གྱི་ཆར་མངོན་པར་འབབ་པ་དང་། རིན་པོ་ཆེ་ཐམས་ཅད་ཀྱི་འོད་ ཀྱིས་རབ་ཏུ་སྣང་བ་དང་། རིན་པོ་ཆེ་སྣ་ཚོགས་ཐམས་ཅད་ཀྱི་སྤྲིན་གྱི་ཆར་མངོན་པར་བབ་པས་བརྒྱན་པ་དང་། ཞིང་ཐམས་ཅད་ཀྱི་རྒྱན་གྱི་སྤྲིན་གྱིས་ཀུན་ནས་ཡོག་པར་བརྒྱན་པ་དང་། ལྷ་རྫས་ཀྱི་ལུས་ཐམས་ཅད་སྤྲིན་ གྱི་ཆར་རབ་ཏུ་འབབ་པས་བརྒྱན་པ་དང་། མེ་ཏོག་སྣ་ཚོགས་ཐམས་ཅད་ཀྱི་སྤྲིན་ཤིན་ཏུ་རྒྱས་པའི་ལྷུན་གྱིས་ཀུན་ཏུ་རྒྱས་ཤིང་བརྒྱན་པ་དང་། གོས་ཐམས་ཅད་ཀྱི་ཤིང་གི་སྤྲིན་གྱི་མཛོད་ནས་གོས་ཁ་དོག་སྣ་ ཚོགས་སུ་མཛེས་པའི་ཆར་རབ་ཏུ་འབབ་པས་བརྒྱན་པ་དང་། ཕྲེང་བ་དང་ལྡ་ལྡི་དང་སེ་མོ་དོའི་རྒྱན་ཐམས་ཅད་ཀྱི་སྤྲིན་གྱི་ཆར་རྒྱུན་མི་ཆད་པར་མངོན་པར་འབབ་པས་བརྒྱན་པ་དང་། སྤོས་སྣ་ཚོགས་ཀྱི་བདུག་སྤོས་ ཕྱོགས་ཀུན་ནས་འཐུལ་བའི་སྤྲིན་དང་ན་བུན་གྱི་ཆར་ཐམས་ཅད་ཀྱི་དབྱིབས་ལྟར་མངོན་པར་འབབ་པས་བརྒྱན་པ་དང་། རིན་པོ་ཆེ་ཐམས་ཅད་ཀྱི་མེ་ཏོག་གི་དྲ་བའི་སྤྲིན་ལས་རིན་པོ་ཆེའི་རྒྱལ་པོའི་ཕྱེ་མ་ཞིབ་བུའི་ཆར་ རྒྱུན་མི་ཆད་པར་རབ་ཏུ་འབབ་པ་དང་། རིན་པོ་ཆེ་ཐམས་ཅད་ཀྱི་རྒྱལ་མཚན་དང་བ་དན་གྱི་སྤྲིན་ལྷའི་བུ་མོའི་ལག་ན་ཁྱེར་བ་ནམ་མཁའི་དབྱིངས་ཀུན་ཏུ་རྒྱུ་ཞིང་འཁོར་བས་བརྒྱན་པ་དང་། རིན་པོ་ཆེ་ཐམས་ཅད་ཀྱི་པདྨོ་ རིན་པོ་ཆེ་སྣ་ཚོགས་ཀྱི་འདབ་མའི་དཀྱིལ་འཁོར་ཅན་ཆུ་བ་མཐོན་པོ་དང་ལྡན་པའི་ཟེ་བའི་རོལ་མོ་བཀོད་པ་ཀུན་ནས་སྒྲ་འབྱིན་ཅིང་དབྱངས་སྙན་པར་སྒྲོག་པས་བརྒྱན་པ་དང་། རིན་པོ་ཆེའི་འབྲུ་སྣ་ཚོགས་ཀྱི་དྲ་བ་ དང་། རིན་པོ་ཆེ་སེངྒེའི་དྲ་བ་སྣ་ཚོགས་རྣམ་པ་ཐ་དད་པའི་ཕྲེང་བ་དང་། སེ་མོ་དོས་བརྒྱན་པར་ཀུན་ནས་གནས་ཤིང་སྣང་བར་གྱུར་ཏོ། །དེ་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ཆེན་པོ་སེངྒེ་ 76-1-49a རྣམ་པར་བསྒྱིངས་པ་དེ་ལ་མཉམ་པར་བཞག་མ་ཐག་དུ། དེའི་ཚེ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཕ་རོལ་གྱི་འཇིག་ རྟེན་གྱི་ཁམས་གསེར་གྱི་སྤྲིན་སྒྲོན་མའི་རྒྱལ་མཚན་ཞེས་བྱ་བ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དཔལ་གྱི་གཟི་བརྗིད་རྒྱལ་པོ་སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་སེམས་དཔའ་རྣམ་པར་སྣང་བའི་སྨོན་ ལམ་གྱི་གཙུག་གི་འོད་ཟེར་སྣང་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དེས་གནང་ནས་འཁོར་གྱི་དཀྱིལ་འཁོར་རྒྱ་ མཚོ་དེ་དག་འཕགས་ཏེ། ནམ་མཁའི་དབྱིངས་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་དང་། ལྷ་རྫས་ཀྱི་མེ་ཏོག་གི་སྤྲིན་གྱི་ཆར་མངོན་པར་འཕགས་པ་དང་ལྷ་རྫས་ཀྱི་སྤོས་ཀྱི་སྤྲིན་གྱི་ཆར་རབ་ཏུ་དགྱེད་པ་དང་། ལྷ་རྫས་ཀྱི་ རིན་པོ་ཆེའི་པདྨོའི་སྤྲིན་གྱི་ཆར་མངོན་པར་བབ་པ་དང་། ལྷ་རྫས་ཀྱི་ཕྲེང་བའི་སྤྲིན་གྱི་ཆར་རབ་ཏུ་བཏང་བ་དང་། ལྷ་རྫས་ཀྱི་རིན་པོ་ཆེའི་སྤྲིན་གྱི་ཆར་མངོན་པར་འབབ་པ་དང་། ལྷ་རྫས་ཀྱི་རྒྱན་གྱི་སྤྲིན་གྱི་ཆར་ མངོན་པར་འགྱེད་པ་དང་། ལྷ་རྫས་ཀྱི་རིན་པོ་ཆེའི་གདུགས་ཀྱི་སྤྲིན་གྱི་ཆར་མངོན་པར་བསྒྲུབ་པ་དང་། ཁ་དོག་སྣ་ཚོགས་རྣམ་པ་ཐ་དད་ཅིང་ཤིན་ཏུ་ཕྲ་བའི་ལྷ་རྫས་ཀྱི་གོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པ་དང་། ལྷ་རྫས་ཀྱི་རིན་པོ་ཆེའི་རྒྱལ་མཚན་དང་། བ་དན་གྱི་སྤྲིན་ནམ་མཁའི་དབྱིངས་ལས་བྱིན་གྱིས་རླབས་པ་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་སྤྲིན་གྱི་རྒྱན་ཡིད་དུ་འོང་བས་ནམ་མཁའི་དབྱིངས་རྒྱས་པར་འགེངས་པར་ བྱེད་ཅིང་། མི་འཇེད་ཀྱི་འཇིག་རྟེན་གྱི་ཁམས་གང་ན་བ་དེར་ལྷགས་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ། འཁོར་དང་བཅས་པས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་ཤར་ཕྱོགས་སུ་བརྟེན་ཏེ། 76-1-49b ཁང་པ་བརྩེགས་པ་རྒྱན་ཀུན་དང་ལྡན་ཞིང་ནོར་བུ་རིན་པོ་ཆེའི་དྲ་བས་ཀུན་ནས་ཁྱབ་པ་དང་། སེང་གེའི་ཁྲི་ནོར་བུ་རིན་པོ་ཆེ་ཕྱོགས་རབ་ཏུ་སྣང་བའི་པདྨོའི་སྙིང་པོ་ཅན་དག་མངོན་པར་སྤྲུལ་ནས་ནོར་བུ་རིན་པོ་ཆེ་ ཡིད་བཞིན་གྱི་རྒྱལ་པོའི་དྲ་བའི་རྒྱན་གྱི་ཀུན་ནས་བརྒྱན་པའི་བྱང་ཆུབ་སེམས་དཔའི་ལུས་སུ་བྱིན་གྱིས་རླབས་ནས་སྐྱིལ་མོ་དཀྲུང་བཅས་ཏེ་འཁོད་དོ། །ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་སངས་ རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཕ་རོལ་གྱི་འཇིག་རྟེན་གྱི་ཁམས་རྡོ་རྗེ་རྒྱལ་མཚན་གྱི་སྙིང་པོ་ཞེས་བྱ་བ་དེ་བཞིན་གཤེགས་པ་དཔལ་གྱི་སྙིང་པོ་ཀུན་ནས་སྣང་བའི་རྒྱལ་པོའི་སངས་རྒྱས་ ཀྱི་ཞིང་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཤུགས་ཐུབ་པར་དཀའ་བའི་རྒྱལ་པོ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་ སྙེད་དང་ལྷན་གཅིག་ཏུ་བཅོམ་ལྡན་འདས་དེས་གནས་ནས་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་དེ་ནས་འཕགས་ཏེ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་སྤོས་ཀྱི་ལྡ་ལྡི་དང་དྲ་བས་ཀུན་ཏུ་འབྲེལ་བར་ བྱིན་གྱིས་རླབ་པ་དང་། སངས་རྒྱས་ཀྱི་ཞིང་འབྱམ་ཀླས་པ་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ཀྱི་ལྡ་ལྡི་དང་དྲ་བ་ཆེན་པོས་ཀུན་ཏུ་འབྲེལ་བར་བྱིན་གྱིས་རླབ་པ་དང་། སངས་རྒྱས་ཀྱི་ཞིང་གི་རྒྱུད་ཐམས་ ཅད་མེ་ཏོག་ཐམས་ཅད་ཀྱི་ལྡ་ལྡི་དང་། ཕྲེང་བའི་དྲ་བས་ཀུན་ཏུ་འབྲེལ་བར་བྱིན་གྱིས་བརླབ་པ་དང་། སངས་རྒྱས་ཀྱི་ཞིང་གི་འཁོར་ཐམས་ཅད་ཕྲེང་བ་དང་ལྡ་ལྡི་དང་། སེ་མོ་དོའི་དྲ་བས་ཀུན་ནས་འབྲེལ་བར་ བྱིན་གྱིས་བརླབ་པ་དང་། སངས་རྒྱས་ཀྱི་ཞིང་གི་དཀྱིལ་འཁོར་ཐམས་ཅད་འོག་གི་འཇིག་རྟེན་རྡོ་རྗེ་ཐམས་ཅད་ཀྱི་ཕྲེང་བས་ཡོངས་སུ་གཟུང་བར་བྱིན་གྱིས་བརླབ་པ་དང་། སངས་རྒྱས་ཀྱི་ཞིང་གི་ཚུལ་ 76-1-50a ཐམས་ཅད་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་དྲ་བས་ཀུན་ནས་འབྲེལ་བར་བྱིན་གྱིས་བརླབ་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་གོས་སྣ་ཚོགས་ཀྱི་ལྡ་ལྡིས་ཀུན་ནས་ཡོངས་སུ་བླངས་ཤིང་ བཟུང་བར་བྱིན་གྱིས་བརླབ་པ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ཀྱི་ལུས་ཀྱི་ཕྲེང་བ་དང་ལྡ་ལྡི་མང་པོའི་དྲ་བས་ཀུན་ནས་འབྲེལ་བར་མངོན་པར་བསྒྲུབ་པ་དང་། ཞིང་ཐམས་ཅད་ནོར་བུ་རིན་པོ་ ཆེ་དཔལ་གྱི་འོད་ཟེར་གྱི་ལྡ་ལྡི་དང་། ཕྲེང་བའི་དྲ་བས་ཀུན་ནས་འབྲེལ་བར་བྱིན་གྱིས་བརླབ་པ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་རིན་པོ་ཆེ་རྣམ་པར་སྣང་བའི་ལྡ་ལྡི་དང་། དྲ་བས་ཀུན་ཏུ་འབྲེལ་བར་བྱིན་གྱིས་ བརླབ་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་གཞི་ནོར་བུ་རིན་པོ་ཆེ་སེངྒེ་ཡིད་དུ་འོང་བའི་ཕྲེང་བ་དང་། ལྡ་ལྡིའི་དྲ་བས་ཡོངས་སུ་བཟུང་བར་བྱིན་གྱིས་བརླབ་པ་བྱེད་ཅིང་། མྱི་མཇེད་ཀྱི་འཇིག་རྟེན་ གྱི་ཁམས་གང་ན་བ་དེར་ལྷགས་ནས་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ། འཁོར་དང་བཅས་པས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། ལྷོ་ཕྱོགས་སུ་བརྟེན་ཏེ། ནོར་བུ་རིན་པོ་ཆེ་འགྲོ་བ་ལ་རྣམ་པར་སྣང་ བའི་ཁང་པ་བརྩེགས་པ་དང་། སེངྒེའི་ཁྲི་ནོར་བུ་རིན་པོ་ཆེ་ཕྱོགས་ཀུན་ཏུ་རྣམ་པར་སྣང་བའི་པདྨོའི་སྙིང་པོ་ཅན་དག་མངོན་པར་སྤྲུལ་ཏེ། རིན་པོ་ཆེ་ཐམས་ཅད་ཀྱི་མེ་ཏོག་གི་དྲ་བའི་རྒྱན་གྱིས་ཀུན་ནས་བརྒྱན་ པའི་བྱང་ཆུབ་སེམས་དཔའི་ལུས་སུ་བྱིན་གྱིས་བརླབས་ནས་བསྐྱིལ་མོ་དཀྲུང་བཅས་ཏེ་འཁོད་དོ། །ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ ཀྱི་ཕ་རོལ་གྱི་འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་རི་རབ་རྣམ་པར་སྣང་བའི་རྒྱལ་མཚན་མར་མྱེ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སྒྲོན་མའི་སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་སེམས་ 76-1-50b དཔའ་དཔལ་ཀུན་ནས་འཕགས་པའི་གཟི་བརྗིད་ཅེས་བྱ་བ་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དེས་གནང་ནས་འཁོར་གྱི་དཀྱིལ་ འཁོར་རྒྱ་མཚོ་དེ་ནས་འཕགས་ཏེ། ཆོས་ཀྱི་དབྱིངས་ཐམས་ཅད་བདུག་སྤོས་ཁ་དོག་སྣ་ཚོགས་དང་། དྲི་སྣ་ཚོགས་སུ་ལྡན་པའི་རི་རབ་ཀྱི་སྤྲིན་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་ རྒྱས་པར་གང་བ་དང་། ཆོས་ཀྱི་དབྱིངས་ཐམས་ཅད་སྤོས་ཁ་དོག་སྣ་ཚོགས་དང་ལྡན་པའི་རི་རབ་ཀྱི་སྤྲིན་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་རྒྱས་པར་གང་བ་དང་། ཆོས་ཀྱི་དབྱིངས་ ཐམས་ཅད་བདུག་སྤོས་ཁ་དོག་དང་དྲི་དུ་མ་དང་ལྡན་པའི་རི་རབ་ཀྱི་སྤྲིན་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་རྒྱས་པར་གང་བ་དང་། ཆོས་ཀྱི་དབྱིངས་ཐམས་ཅད་སྤོས་ཁ་དོག་སྣ་ཚོགས་དང་ ལྡན་པའི་རི་རབ་ཀྱི་སྤྲིན་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་རྒྱས་པར་གང་བ་དང་། ཆོས་ཀྱི་དབྱིངས་ཐམས་ཅད་ནོར་བུ་རིན་པོ་ཆེའི་རྒྱལ་པོ་མདངས་འབྱུང་བས་ཐམས་ཅད་ཀྱི་རྡུལ་གྱི་ ཁ་དོག་དང་འདྲ་བའི་རི་རབ་ཀྱི་སྤྲིན་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་རྒྱས་པར་གང་བ་དང་། ཆོས་ཀྱི་དབྱིངས་ཐམས་ཅད་ནོར་བུ་རིན་པོ་ཆེ་སྐར་མའི་རྒྱལ་མཚན་འོད་ཀྱི་དཀྱིལ་འཁོར་སྣ་ ཚོགས་ཀྱི་རྒྱན་དང་ལྡན་པའི་རི་རབ་ཀྱི་སྤྲིན་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་རྒྱས་པར་གང་བ་དང་། ཆོས་ཀྱི་དབྱིངས་ཐམས་ཅད་རིན་པོ་ཆེའི་རྒྱལ་པོ་རྡོ་རྗེའི་སྙིང་པོ་ཁ་དོག་སྣ་ཚོགས་ ཅན། རྒྱན་རྣམ་པ་ཐ་དད་པའི་ཡུལ་དང་ལྡན་པའི་རི་རབ་ཀྱི་སྤྲིན་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་རྒྱས་པར་གང་བ་དང་། ཆོས་ཀྱི་དབྱིངས་ཐམས་ཅད་ནོར་བུ་རིན་པོ་ཆེ་འཛམ་ 76-1-51a བུའི་ཆུ་ཀླུང་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྣང་བའི་ཡུལ་དང་ལྡན་པའི་རི་རབ་ཀྱི་སྤྲིན་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་རྒྱས་པར་གང་བ་དང་། ནམ་མཁའི་དབྱིངས་ཐམས་ཅད་ནོར་བུ་རིན་པོ་ཆེའི་རྒྱལ་པོ་ཆོས་ཀྱི་དབྱིངས་ཐམས་ཅད་རབ་ཏུ་སྣང་བའི་རི་རབ་ཀྱི་སྤྲིན་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཀུན་ནས་ཁྱབ་པར་བྱིན་གྱིས་བརླབ་ པ་དང་། སེམས་ཅན་གྱི་ཁམས་ཀྱི་ཡུལ་ཐམས་ཅད་ནོར་བུ་རིན་པོ་ཆེའི་རྒྱལ་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཚན་རབ་ཏུ་སྣང་བའི་རི་རབ་ཀྱི་སྤྲིན་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ ཀྱིས་རྒྱས་པར་གང་བ་དང་། ཆོས་ཀྱི་དབྱིངས་ཐམས་ཅད་ཀྱི་ནམ་མཁའ་རིན་པོ་ཆེའི་རྒྱལ་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔོན་གྱི་སྦྱོར་བ་རབ་ཏུ་སྣང་བར་ཡོངས་སུ་སྟོན་ཅིང་། བྱང་ཆུབ་སེམས་དཔའི་སྤྱོད་པའི་ སྒྲ་འབྱིན་པའི་རི་རབ་ཀྱི་སྤྲིན་གྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་རྒྱས་པར་གང་བ་དང་། ཕྱོགས་བཅུ་ཐམས་ཅད་རིན་པོ་ཆེའི་རྒྱལ་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་བྱང་ཆུབ་པའི་འོད་ དང་ལྡན་པའི་རི་རབ་ཀྱི་སྤྲིན་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་རྒྱས་པར་འགེངས་པ་བྱེད་ཅིང་། མྱི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་གང་ན་བ་དེར་ལྷགས་ནས་བཅོམ་ལྡན་འདས་གང་ན་ བ་དེར་དོང་སྟེ། འཁོར་དང་བཅས་པས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། ནུབ་ཕྱོགས་སུ་བརྟེན་ཏེ། ཁང་པ་བརྩེགས་པ་སྤོས་ཀྱི་རྒྱལ་པོ་ཐམས་ཅད་ཀྱི་ལྷུན་དང་ལྡན་པ་མུ་ཏིག་གི་དྲ་བས་ཀུན་ནས་ ཁྱབ་པ་དང་། སེང་གེའི་ཁྲི་ནོར་བུ་རིན་པོ་ཆེ་ལྷའི་དབང་པོ་རབ་ཏུ་སྣང་བའི་རྒྱལ་མཚན་གྱི་པདྨོའི་སྙིང་པོ་ཅན་དག་མངོན་པར་སྤྲུལ་ནས། རིན་པོ་ཆེ་གསེར་གྱི་དྲ་བས་ཀུན་ནས་བརྒྱན་པ་དང་། ཡིད་བཞིན་གྱི་ 76-1-51b ནོར་བུ་རིན་པོ་ཆེ་ཅོད་པན་བཅིངས་པའི་བྱང་ཆུབ་སེམས་དཔའི་ལུས་སུ་བྱིན་གྱིས་བརླབ་ནས་སྐྱིལ་མོ་ཀྲུང་བཅས་ཏེ་འཁོད་དོ། །བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཕ་རོལ་གྱི་འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་གོས་ཡོངས་སུ་སྣང་བ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས་ནམ་མཁའི་དཔལ་རྣམ་པར་སྣང་བའི་སངས་རྒྱས་ཀྱི་ཞིང་ནས་བྱང་ ཆུབ་སེམས་དཔའ་ཆགས་པ་མྱེད་པའི་དཔལ་གྱི་རྒྱལ་པོ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དེས་གནང་ ནས་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་དེ་ནས་འཕགས་ཏེ། ནམ་མཁའི་དབྱིངས་རིན་པོ་ཆེའི་སྣམ་བུའི་སྤྲིན་གྱི་རྒྱན་གྱི་བརྒྱན་པར་བྱིན་གྱིས་བརླབ་པ་དང་། ནམ་མཁའི་དབྱིངས་རིན་པོ་ཆེའི་གོས་ཁ་ དོག་སེར་པོ་དང་། མདོག་སེར་པོའི་སྤྲིན་གྱི་རྒྱན་གྱིས་བརྒྱན་པར་བྱིན་གྱིས་བརླབ་པ་དང་། ནམ་མཁའི་དབྱིངས་རིན་པོ་ཆེའི་གོས་སྤོས་སྣ་ཚོགས་ཀྱིས་དྲི་ཞིམ་པོར་བྱས་པའི་སྤྲིན་གྱི་ཆར་རབ་ཏུ་འབབ་པ་རྒྱན་གྱིས་ བརྒྱན་པར་བྱིན་གྱིས་བརླབ་པ་དང་། ནམ་མཁའི་དབྱིངས་རིན་པོ་ཆེའི་རྒྱལ་པོ་ཉི་མའི་རྒྱལ་མཚན་གྱི་སྤྲིན་གྱི་རྒྱན་གྱིས་བརྒྱན་པར་བྱིན་གྱིས་བརླབ་པ་དང་། ནམ་མཁའི་དབྱིངས་ནོར་བུ་རིན་པོ་ཆེ་གསེར་གྱི་མདོག་ ཤིན་ཏུ་འབར་བའི་སྤྲིན་གྱི་རྒྱན་གྱིས་བརྒྱན་པར་བྱིན་གྱིས་བརླབ་པ་དང་། ནམ་མཁའི་དབྱིངས་ནོར་བུའི་རྒྱལ་པོ་རིན་པོ་ཆེ་འབར་བའི་གོས་ཀྱི་སྤྲིན་གྱི་རྒྱན་གྱིས་བརྒྱན་པར་བྱིན་གྱིས་བརླབ་པ་ དང་། ནམ་མཁའི་དབྱིངས་ནོར་བུ་རིན་པོ་ཆེ་སྐར་མ་ཐམས་ཅད་ཀྱི་གཟུགས་བརྙན་གྱི་སྣ་ཚོགས་སུ་གྱུར་པའི་གོས་ཀྱི་སྤྲིན་གྱི་རྒྱན་གྱིས་བརྒྱན་པར་བྱིན་གྱིས་བརླབ་པ་དང་། ནམ་མཁའི་དབྱིངས་ཕྱོགས་ 76-1-52a བཅུ་ཀུན་ནས་ནོར་བུ་རིན་པོ་ཆེའི་སྣམ་བུ་ཁྲ་བོའི་རྡོ་རྗེ་ལྟར་སྣང་བའི་སྤྲིན་གྱིས་ཡོངས་སུ་རྒྱས་པར་བྱིན་གྱིས་བརླབ་པ་དང་། ནམ་མཁའི་དབྱིངས་ཕྱོགས་བཅུ་ཀུན་ནས་རིན་པོ་ཆེའི་རྒྱལ་པོ་རྣམ་ པར་སྣང་བའི་དཔལ་རབ་ཏུ་འབར་བའི་འོད་དང་ལྡན་པའི་གོས་ཀྱི་སྤྲིན་གྱིས་ཡོངས་སུ་རྒྱས་པར་བྱིན་གྱིས་བརླབ་པ་དང་། ནམ་མཁའི་དབྱིངས་ཕྱོགས་བཅུ་ཀུན་ནས་ནོར་བུའི་རྒྱལ་པོ་སྣང་བ་ཤིན་ཏུ་གསལ་བས་ ཕྱོགས་ཀྱི་དབྱིངས་རྣམ་པར་སྣང་བའི་གོས་ཀྱི་སྤྲིན་གྱིས་ཡོངས་སུ་རྒྱས་པར་བྱིན་གྱིས་བརླབ་པ་དང་། ནམ་མཁའི་དབྱིངས་རིན་པོ་ཆེའི་རྒྱལ་པོ་རྒྱ་མཚོའི་རྒྱན་གྱི་གོས་ཀྱི་སྤྲིན་གྱིས་ཀུན་ནས་ཡོག་པར་བྱིན་ གྱིས་བརླབ་པ་བྱེད་ཅིང་། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་གང་ན་བ་དེར་ལྷགས་ནས། བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ། འཁོར་དང་བཅས་པས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། བྱང་ ཕྱོགས་སུ་བརྟེན་ཏེ། རིན་པོ་ཆེའི་རྒྱལ་པོ་རྒྱ་མཚོ་ཡོངས་སུ་འབྱུང་བའི་ཁང་པ་བརྩེགས་པ་དང་། སེང་གེའི་ཁྲི་བཻ་ཌཱུརྱའི་པདྨོའི་སྙིང་པོ་ཅན་དག་མངོན་པར་སྤྲུལ་ནས། ནོར་བུ་རིན་པོ་ཆེའི་རྒྱལ་པོ་སེང་གེ་མཛེས་ པའི་དྲ་བས་ཡོངས་སུ་བརྒྱན་པ་དང་། རིན་པོ་ཆེ་སྐར་མའི་རྒྱལ་མཚན་མགོ་ལ་ཐོགས་པའི་བྱང་ཆུབ་སེམས་དཔའི་ལུས་སུ་བྱིན་གྱིས་བརླབས་ནས་བསྐྱིལ་མོ་དཀྲུང་བཅས་ཏེ་འཁོད་དོ། །བྱང་དང་ཤར་གྱི་ཕྱོགས་ འཚམས་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཕ་རོལ་གྱི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་ཐམས་ཅད་དུ་མཛེས་པའི་རིན་པོ་ཆེ་འོད་ཟེར་གྱི་དྲ་བ་རབ་ཏུ་ འགྱེད་པ་ཞེས་བྱ་བ་དེ་བཞིན་གཤེགས་པ་མྱི་དམྱིགས་པའི་སྤྲིན་གྱི་སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་སུ་ཤིན་ཏུ་འཕྲུལ་བའི་སྨོན་ལམ་ཟླ་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ 76-1-52b འཇིག་རྟེན་གྱི་ཁམས་རྒྱ་མཚོ་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དེས་གནང་ནས་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་དེ་ནས་འཕགས་ཏེ། འཇིག་རྟེན་གྱི་ཁམས་འབྱམ་ ཀླས་པ་ཐམས་ཅད་རིན་པོ་ཆེའི་ཁང་པ་བརྩེགས་པའི་སྤྲིན་གྱི་ཀུན་ནས་ཁེབས་པར་བྱིན་གྱིས་བརླབ་པ་དང་། འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་སྤོས་ཀྱི་ཁང་པ་བརྩེགས་པའི་སྤྲིན་གྱིས་ཀུན་ནས་ཁེབས་ པར་བྱིན་གྱིས་བརླབ་པ་དང་། འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་བདུག་སྤོས་ཀྱི་ཁང་པ་བརྩེགས་པའི་སྤྲིན་གྱིས་ཀུན་ནས་ཁེབས་པར་བྱིན་གྱིས་བརླབ་པ་དང་། འཇིག་རྟེན་གྱི་ཁམས་འབྱམ་ཀླས་ པ་ཐམས་ཅད་ཙན་དན་གྱི་ཁང་པ་བརྩེགས་པའི་སྤྲིན་གྱིས་ཀུན་ནས་ཁེབས་པར་བྱིན་གྱིས་བརླབ་པ་དང་། འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་མེ་ཏོག་གི་ཁང་པ་བརྩེགས་པའི་སྤྲིན་གྱིས་ཀུན་ནས་ ཁེབས་པར་བྱིན་གྱིས་བརླབས་པ་དང་། འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་རིན་པོ་ཆེའི་ཁང་པ་བརྩེགས་པའི་སྤྲིན་གྱི་ཀུན་ནས་ཁེབས་པར་བྱིན་གྱིས་བརླབ་པ་དང་། འཇིག་རྟེན་གྱི་ཁམས་ འབྱམ་ཀླས་པ་ཐམས་ཅད་རྡོ་རྗེའི་ཁང་པ་བརྩེགས་པའི་སྤྲིན་གྱིས་ཀུན་ནས་ཁེབས་པར་བྱིན་གྱིས་བརླབས་པ་དང་། འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་གསེར་གྱི་ཁང་པ་བརྩེགས་པའི་སྤྲིན་ གྱིས་ཀུན་ནས་ཁེབས་པར་བྱིན་གྱིས་བརླབ་པ་དང་། འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་གོས་ཀྱི་ཁང་པ་བརྩེགས་པའི་སྤྲིན་གྱིས་ཀུན་ནས་ཁེབས་པར་བྱིན་གྱིས་བརླབས་པ་དང་། འཇིག་རྟེན་གྱི་ ཁམས་འབྱམ་ཀླས་པ་ཐམས་ཅད་པད་མོ་བརྩེགས་པའི་སྤྲིན་གྱིས་ཀུན་ནས་ཁེབས་པར་བྱིན་གྱིས་བརླབ་པ་བྱེད་ཅིང་། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་གང་ན་བ་དེར་ལྷགས་ནས། བཅོམ་ལྡན་འདས་གང་ན་བ་ 76-1-53a དེར་དོང་སྟེ། འཁོར་དང་བཅས་པས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་བྱང་དང་ཤར་གྱི་ཕྱོགས་འཚམསུ་བརྟེན་ཏེ། ནོར་བུ་རིན་པོ་ཆེའི་ཁང་པ་བརྩེགས་པ་སྒོ་ཆོས་ཀྱི་དབྱིངས་ཐམས་ཅད་ལ་མངོན་ པར་བལྟ་བ་དང་། སེངྒེའི་ཁྲི་རིན་པོ་ཆེའི་རྒྱལ་པོ་སྤོས་མཚུངས་པ་མྱེད་པའི་པདྨོའི་སྙིང་པོ་ཅན་དག་མངོན་པར་སྤྲུལ་ནས་རིན་པོ་ཆེའི་ཁང་པའི་མེ་ཏོག་གི་དྲ་བས་ཡོངས་སུ་བརྒྱན་པ་དང་། རིན་པོ་ཆེའི་རྒྱལ་པོ་ མཛོད་སྣ་ཚོགས་ཀྱི་དྲ་བའི་ཅོད་པན་བཅིངས་པའི་བྱང་ཆུབ་སེམས་དཔའི་ལུས་སུ་བྱིན་གྱིས་བརླབས་ནས་སྐྱིལ་མོ་དཀྲུང་བཅས་ཏེ་འཁོད་དོ། །ཤར་དང་ལྷོའི་ཕྱོགས་འཚམས་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་ མཚོ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཕ་རོལ་གྱི་འཇིག་རྟེན་གྱི་ཁམས་སྤོས་ཀྱི་སྤྲིན་གྱིས་བརྒྱན་པའི་རྒྱལ་མཚན་ཞེས་བྱ་བ་དེ་བཞིན་གཤེགས་པ་ཀླུ་དབང་གི་རྒྱལ་པོའི་སངས་ རྒྱས་ཀྱི་ཞིང་ནས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་འོད་འཕྲོ་བ་དང་ལྡན་པའི་རྒྱལ་པོ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་གཅིག་ ཏུ་བཅོམ་ལྡན་འདས་དེས་གནང་ནས་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་དེ་ནས་འཕགས་ཏེ། ནམ་མཁའི་དབྱིངས་ཐམས་ཅད་འོད་ཀྱི་དཀྱིལ་འཁོར་གསེར་གྱི་ཁ་དོག་ལྟ་བུའི་སྤྲིན་གྱིས་ཀུན་ཏུ་ཁྱབ་ པར་བྱ་བ་དང་། ནམ་མཁའི་དབྱིངས་ཐམས་ཅད་རིན་པོ་ཆེ་མཐའ་ཡས་པའི་འོད་ཀྱི་དཀྱིལ་འཁོར་གྱི་སྤྲིན་གྱིས་ཀུན་ཏུ་ཁྱབ་པར་བྱ་བ་དང་། ནམ་མཁའི་དབྱིངས་ཐམས་ཅད་དེ་བཞིན་གཤེགས་ པའི་མཛོད་སྤུའི་ཁ་དོག་གི་འོད་ཀྱི་དཀྱིལ་འཁོར་སྤྲིན་གྱིས་ཀུན་ཏུ་ཁྱབ་པར་བྱ་བ་དང་། ནམ་མཁའི་དབྱིངས་ཐམས་ཅད་ནི་རིན་པོ་ཆེ་སྣ་ཚོགས་ཀྱི་ཁ་དོག་ལྟ་བུའི་འོད་ཀྱི་དཀྱིལ་འཁོར་གྱི་ 76-1-53b སྤྲིན་གྱིས་ཀུན་ཏུ་ཁྱབ་པར་བྱ་བ་དང་། ནམ་མཁའི་དབྱིངས་ཐམས་ཅད་པདྨོའི་འོད་ཀྱི་དཀྱིལ་འཁོར་གྱི་སྤྲིན་གྱིས་ཀུན་ཏུ་ཁྱབ་པར་བྱ་བ་དང་། ནམ་མཁའི་དབྱིངས་ཐམས་ཅད་ནོར་བུའི་རྒྱལ་པོ་རིན་པོ་ ཆེའི་ཤིང་གི་ཡལ་གའི་དཀྱིལ་འཁོར་ལྟ་བུའི་འོད་ཀྱི་དཀྱིལ་འཁོར་གྱི་སྤྲིན་གྱིས་ཀུན་ནས་ཁྱབ་པར་བྱ་བ་དང་། ནམ་མཁའི་དབྱིངས་ཐམས་ཅད་དེ་བཞིན་གཤེགས་པའི་གཙུག་ཏོར་ལྟ་བུའི་འོད་ཀྱི་ དཀྱིལ་འཁོར་གྱིས་ཀུན་ཏུ་ཁྱབ་པར་བྱ་བ་དང་། ནམ་མཁའི་དབྱིངས་ཐམས་ཅད་འཛམ་བུའི་ཆུ་ཀླུང་གི་གསེར་གྱི་ཁ་དོག་ལྟ་བུའི་འོད་ཀྱི་དཀྱིལ་འཁོར་གྱི་སྤྲིན་གྱིས་ཀུན་ཏུ་ཁྱབ་པར་བྱ་བ་དང་། ནམ་མཁའི་ དབྱིངས་ཐམས་ཅད་ཉི་མའི་ཁ་དོག་ལྟ་བུའི་འོད་ཀྱི་དཀྱིལ་འཁོར་གྱི་སྤྲིན་གྱིས་ཀུན་ཏུ་ཁྱབ་པར་བྱ་བ་དང་། ནམ་མཁའི་དབྱིངས་ཐམས་ཅད་ཟླ་བ་དང་། སྐར་མའི་ཚོགས་ཀྱི་ཁ་དོག་ལྟ་བུའི་འོད་ཀྱི་དཀྱིལ་ འཁོར་གྱི་སྤྲིན་གྱིས་ཀུན་ཏུ་ཁྱབ་པར་བྱེད་ཅིང་། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་གང་ན་བ་དེར་ལྷགས་ནས་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ། འཁོར་དང་བཅས་པས་བཅོམ་ལྡན་འདས་ལ་ ཕྱག་འཚལ་ནས། ཤར་དང་ལྷོའི་ཕྱོགས་འཚམས་སུ་བརྟེན་ཏེ། རིན་པོ་ཆེ་རྡུལ་དང་བྲལ་ཞིང་རྣམ་པར་སྣང་བ་ཕུན་སུམ་ཚོགས་པའི་མེ་ཏོག་གི་ཁང་པ་བརྩེགས་པ་དང་། སེང་གེའི་ཁྲི་རིན་པོ་ཆེའི་ སེང་གེའི་རྡོ་རྗེའི་པདྨོའི་སྙིང་པོ་ཅན་དག་མངོན་པར་སྤྲུལ་ནས་ནོར་བུའི་རྒྱལ་པོ་རིན་པོ་ཆེའི་འོད་ཟེར་རབ་ཏུ་འབར་བའི་དྲ་བས་ཡོངས་སུ་བརྒྱན་པའི་བྱང་ཆུབ་སེམས་དཔའི་ལུས་སུ་བྱིན་གྱིས་བརླབས་ནས་སྐྱིལ་ མོ་དཀྲུང་བཅས་ཏེ་འཁོད་དོ། །ལྷོ་དང་ནུབ་ཀྱི་ཕྱོགས་འཚམས་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཕ་རོལ་གྱི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་ཉི་ 76-1-54a མ་རབ་ཏུ་སྣང་བའི་སྙིང་པོ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོའི་ཡེ་ཤེས་ཀུན་ཏུ་སྣང་བའི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་སེམས་དཔའ་བདུད་ཀྱི་དཀྱིལ་འཁོར་ཐམས་ ཅད་རྣམ་པར་འཐོར་བའི་ཡེ་ཤེས་རྒྱལ་མཚན་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བརྗོད་དུ་མེད་པ་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དེས་གནང་ནས། འཁོར་ གྱི་དཀྱིལ་འཁོར་རྒྱ་མཚོ་དེ་ནས་འཕགས་ཏེ། བ་སྤུའི་བུ་ག་ཐམས་ཅད་ནས་མེ་ཏོག་འོད་འཕྲོ་བའི་སྤྲིན་ནམ་མཁའི་དབྱིངས་ལྟར་ཡངས་པ་རབ་ཏུ་དཀྱེ་བ་དང་། བ་སྤུའི་བུ་ག་ཐམས་ཅད་ནས་རོལ་མོའི་འོད་འཕྲོ་ བའི་སྤྲིན་ནམ་མཁའ་ལྟར་ཡངས་པ་རབ་ཏུ་དཀྱེ་བ་དང་། བ་སྤུའི་བུ་ག་ཐམས་ཅད་ནས་ནོར་བུ་རིན་པོ་ཆེའི་འོད་འཕྲོ་བའི་སྤྲིན་ནམ་མཁའི་དབྱིངས་ལྟར་ཡངས་པ་རབ་ཏུ་དཀྱེ་བ་དང་། བ་སྤུའི་བུ་ག་ཐམས་ཅད་ནས་ རིན་པོ་ཆེའི་གོས་འོད་འཕྲོ་བའི་སྤོས་དང་། བདུག་སྤོས་སྣ་ཚོགས་ཀྱི་རྣམ་པར་བདུག་པའི་སྤྲིན་ནམ་མཁའི་དབྱིངས་ལྟར་ཡངས་པ་རབ་ཏུ་དཀྱེ་བ་དང་། བ་སྤུའི་བུ་ག་ཐམས་ཅད་ནས་ཀླུས་རྣམ་པར་སྤྲུལ་པའི་ གློག་གི་འོད་འཕྲོ་བའི་སྤྲིན་ནམ་མཁའི་དབྱིངས་ལྟར་ཡངས་པ་རབ་ཏུ་དཀྱེ་བ་དང་། བ་སྤུའི་བུ་ག་ཐམས་ཅད་ནས་ནོར་བུ་རིན་པོ་ཆེ་རྣམ་པར་སྣང་བའི་འོད་ཟེར་དཀྱེ་བའི་སྤྲིན་ནམ་མཁའི་དབྱིངས་ལྟར་ཡངས་པ་རབ་ཏུ་ དཀྱེ་བ་དང་། བ་སྤུའི་བུ་ག་ཐམས་ཅད་ནས་ནོར་བུ་རིན་པོ་ཆེ་གསེར་རབ་ཏུ་འབར་བ་འོད་འཕྲོ་བའི་སྤྲིན་ནམ་མཁའི་དབྱིངས་ལྟར་ཡངས་པ་རབ་ཏུ་དཀྱེ་བ་དང་། བ་སྤུའི་བུ་ག་ཐམས་ཅད་ནས་རིན་པོ་ཆེའི་རྒྱལ་པོ་ དཔལ་གྱི་སྙིང་པོ་འབར་བ་འོད་འཕྲོ་བའི་དབྱིངས་ལྟར་ཡངས་པ་རབ་ཏུ་དཀྱེ་བ་དང་། བ་སྤུའི་བུ་ག་ཐམས་ཅད་ནས་ནོར་རིན་པོ་ཆེ་དེ་བཞིན་གཤེགས་པའི་དགོངས་པ་རྒྱ་མཚོ་ལྟར་དུས་གསུམ་གྱི་རྒྱུད་རབ་ཏུ་སྣང་བའི་ 76-1-54b ཚུལ་དང་ལྡན་པའི་འོད་འཕྲོ་བའི་སྤྲིན་ནམ་མཁའི་དབྱིངས་ལྟར་ཡངས་པ་རབ་ཏུ་དཀྱེ་བ་བྱེད་ཅིང་། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་གང་ན་བ་དེར་ལྷགས་ནས། བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ། འཁོར་དང་བཅས་པས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། ལྷོ་དང་ནུབ་ཀྱི་ཕྱོགས་འཚམས་སུ་བརྟེན་ཏེ། ནོར་བུ་རིན་པོ་ཆེ་ཆེན་པོ་འོད་ཟེར་གྱི་དྲ་བ་ཕྱོགས་ཀུན་ནས་མངོན་པར་གཞོལ་བའི་ཐིག་ལེས་ ཆོས་ཀྱི་དབྱིངས་ཐམས་ཅད་དུ་རབ་ཏུ་སྣང་བའི་ཁང་པ་བརྩེགས་པ་དང་། སེང་གེའི་ཁྲི་ནོར་བུ་རིན་པོ་ཆེ་སྤོས་ཀྱི་སྒྲོན་མ་འོད་འཕྲོ་བའི་པདྨོའི་སྙིང་པོ་ཅན་དག་མངོན་པར་སྤྲུལ་ནས། རིན་པོ་ཆེའི་རྒྱལ་པོ་དྲི་མ་ མེད་པའི་སྙིང་པོའི་དྲ་བས་ཡོངས་སུ་བརྒྱན་པ་དང་། རིན་པོ་ཆེའི་རྒྱལ་པོ་སེམས་ཅན་ཐམས་ཅད་རབ་ཏུ་འཛུད་པའི་དབྱངས་དང་ལྡན་པའི་ཅོད་པན་བཅིངས་པའི་བྱང་ཆུབ་སེམས་དཔའི་ལུས་སུ་བྱིན་གྱིས་བརླབ་ ནས་སྐྱིལ་མོ་དཀྲུང་བཅས་ཏེ་འཁོད་དོ། །ནུབ་དང་བྱང་གི་ཕྱོགས་འཚམས་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཕ་རོལ་གྱི་འཇིག་རྟེན་གྱི་ཁམས་ རྣམ་པར་སྣང་མཛད་ཀྱི་སྙིང་པོ་ཞེས་བྱ་བ་དེ་བཞིན་གཤེགས་པ་དཔལ་གྱི་རི་བོ་ཀུན་ནས་རྣམ་པར་སྣང་བའི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་སེམས་དཔའ་རྣམ་པར་སྣང་བའི་སྨོན་ལམ་ཡེ་ཤེས་དཔལ་ ཞེས་བྱ་བ་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དེས་གནང་ནས་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་དེ་ནས་འཕགས་ ཏེ། མཚན་དང་དཔེ་བྱད་བཟང་པོ་ཐམས་ཅད་དང་། བ་སྤུའི་སྒོ་ཐམས་ཅད་དང་། ལུས་ཐམས་ཅད་ནས་དུས་གསུམ་དུ་དེ་བཞིན་གཤེགས་པ་དེ་ཐམས་ཅད་ཀྱི་སྐུའི་གཟུགས་རྙན་གྱི་སྤྲིན་དུ་དཀྱེ་བ་དང་། 76-1-55a མཚན་དང་དཔེ་བྱད་བཟང་པོ་ཐམས་ཅད་དང་བ་སྤུའི་སྒོ་ཐམས་ཅད་དང་། ལས་ཐམས་ཅད་ནས་དུས་གསུམ་དུ་གཤེགས་པ་ཐམས་ཅད་ཀྱི་སྐུའི་གཟུགས་རྙན་གྱི་སྤྲིན་ཀུན་ཏུ་བཀྱེ་བ་དང་། མཚན་ དང་དཔེ་བྱད་བཟང་པོ་ཐམས་ཅད་དང་། བ་སྤུའི་སྒོ་ཐམས་ཅད་དང་། ལུས་ཐམས་ཅད་ནས་དུས་གསུམ་དུ་བྱུང་བས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལས་ཀྱི་གཟུགས་རྙན་གྱི་སྤྲིན་ཀུན་ཏུ་བཀྱེ་བ་དང་། མཚན་ དང་དཔེ་བྱད་བཟང་པོ་ཐམས་ཅད་དང་། བ་སྤུའི་སྒོ་ཐམས་ཅད་དང་། ལུས་ཐམས་ཅད་ནས་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ཀྱི་ ལུས་ཀྱི་གཟུགས་རྙན་གྱི་སྤྲིན་ཀུན་ཏུ་བཀྱེ་བ་དང་། མཚན་དང་དཔེ་བྱད་བཟང་པོ་ཐམས་ཅད་དང་། བ་སྤུའི་སྒོ་ཐམས་ཅད་དང་། ལུས་ཐམས་ཅད་ནས་དུས་གསུམ་དུ་གཤེགས་པའི་སངས་ རྒྱས་ཐམས་ཅད་ཀྱི་སྤྲུལ་པའི་ཚོགས་ཀྱི་གཟུགས་རྙན་མང་པོའི་སྤྲིན་ཀུན་ཏུ་བཀྱེ་བ་དང་། མཚན་དང་དཔེ་བྱད་བཟང་པོ་ཐམས་ཅད་དང་། བ་སྤུའི་སྒོ་ཐམས་ཅད་དང་། ལུས་ཐམས་ཅད་ནས་ དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་སྔོན་གྱི་སྤྱོད་པའི་གཟུགས་རྙེན་མང་པོའི་སྤྲིན་ཀུན་ཏུ་བཀྱེ་བ་དང་། མཚན་དང་དཔེ་བྱད་བཟང་པོ་ཐམས་ཅད་དང་། བ་སྤུའི་ སྒོ་ཐམས་ཅད་དང་། ལུས་ཐམས་ཅད་ནས་དུས་གསུམ་དུ་བྱུང་བའི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ལུས་ཀྱི་གཟུགས་རྙན་རབ་ཏུ་བཀྱེ་བ་དང་། མཚན་དང་དཔེ་བྱད་བཟང་ པོ་ཐམས་ཅད་དང་། བ་སྤུའི་སྒོ་ཐམས་ཅད་དང་། ལུས་ཐམས་ཅད་ནས་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་བྱང་ཆུབ་དང་། བྱང་ཆུབ་ཀྱི་ཤིང་གི་ 76-1-55b གཟུགས་ཀྱི་གཟུགས་བརྙན་གྱི་སྤྲིན་ཀུན་ཏུ་བཀྱེ་བ་དང་། མཚན་དང་དཔེ་བྱད་བཟང་པོ་ཐམས་ཅད་དང་། བ་སྤུའི་སྒོ་ཐམས་ཅད་དང་། ལུས་ཐམས་ཅད་ནས་དུས་གསུམ་དུ་གཤེགས་པའི་སངས་རྒྱས་ ཐམས་ཅད་ཀྱི་རྣམ་པར་འཕྲུལ་པའི་གཟུགས་རྙན་མང་པོའི་སྤྲིན་ཀུན་ཏུ་བཀྱེ་བ་དང་། མཚན་དང་དཔེ་བྱད་བཟང་པོ་ཐམས་ཅད་དང་། བ་སྤུའི་སྒོ་ཐམས་ཅད་དང་། ལུས་ཐམས་ཅད་ནས་དུས་གསུམ་དུ་འབྱུང་ བའི་འཇིག་རྟེན་གྱི་དབང་པོ་ཐམས་ཅད་ཀྱི་ལུས་ཀྱི་གཟུགས་རྙན་གྱི་སྤྲིན་ཀུན་ཏུ་བཀྱེ་བ་དང་། མཚན་དང་དཔེ་བྱད་བཟང་པོ་ཐམས་ཅད་དང་། བ་སྤུའི་སྒོ་ཐམས་ཅད་དང་། ལུས་ཐམས་ཅད་ནས་དུས་ གསུམ་དུ་བྱུང་བའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཐམས་ཅད་ཀྱི་གཟུགས་རྙན་གྱི་སྤྲིན་ཀུན་ཏུ་བཀྱེ་བ་དང་། སྐད་ཅིག་སྐད་ཅིག་ཏུ་ནམ་མཁའི་དབྱིངས་ཐམས་ཅད་རྒྱས་པར་འགེངས་ཤིང་མི་ མཇེད་ཀྱི་འཇིག་རྟེན་གྱི་ཁམས་གང་ན་བ་དེར་ལྷགས་ནས། བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ། འཁོར་དང་བཅས་པས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། ནུབ་དང་བྱང་གི་ཕྱོགས་ འཚམས་སུ་བརྟེན་ཏེ། རིན་པོ་ཆེའི་རྒྱལ་པོ་ཕྱོགས་ཀུན་ནས་རྣམ་པར་སྣང་བའི་སྙིང་པོ་སེང་གེའི་ཁྲི་རིན་པོ་ཆེ་འགྲོ་བ་རྣམ་པར་སྣང་བའི་པདྨོའི་སྙིང་པོ་ཅན་དག་མངོན་པར་སྤྲུལ་ནས་མེ་ཏོག་འོད་ཐུབ་པ་ མེད་པའི་འོད་དྲ་བས་ཡོངས་སུ་བརྒྱན་པ་དང་། རིན་པོ་ཆེ་འོད་ཀུན་ཏུ་སྣང་བའི་ཅོད་པན་བཅིངས་པའི་བྱང་ཆུབ་སེམས་དཔའི་ལུས་སུ་བྱིན་གྱིས་བརླབས་ནས་བསྐྱིལ་མོ་དཀྲུང་བཅས་ཏེ་འཁོད་དོ། །འོག་ གི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཕ་རོལ་གྱི་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཀྱི་དཀྱིལ་འཁོར་རྣམ་པར་ 76-1-56a སྣང་བ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཡེ་ཤེས་ནམ་མཁའ་ལྟ་བུར་ཆགས་པ་མྱེད་པའི་དཔལ་རྒྱལ་མཚན་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་ འཐོར་བའི་ཡེ་ཤེས་ཀྱི་རྣམ་པར་རོལ་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དེས་གནང་ནས་འཁོར་གྱི་ དཀྱིལ་འཁོར་རྒྱ་མཚོ་དེ་ནས་འཕགས་ཏེ། བ་སྤུའི་བུ་ག་ཐམས་ཅད་ནས་འགྲོ་བ་ཐམས་ཅད་ཀྱི་སྐད་དང་སྒྲ་དང་དབྱངས་དང་ངེས་པའི་ཚིག་མངོན་པར་བསྒྲུབ་པ་རྒྱ་མཚོ་རབ་ཏུ་བརྗོད་པ་དང་། དུས་གསུམ་ གྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་འབྱུང་བའི་ཚུལ་རྒྱ་མཚོའི་སྤྲིན་གྱི་འབྲུག་སྒྲ་རབ་ཏུ་བསྒྲག་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྨོན་ལམ་མངོན་པར་བསྒྲུབ་པའི་ཚུལ་རྒྱ་མཚོའི་དབྱངས་ རབ་ཏུ་བསྒྲག་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཚུལ་རྒྱ་མཚོའི་སྤྲིན་གྱི་སྒྲ་རབ་ཏུ་བསྒྲག་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པའི་ དཀྱིལ་འཁོར་ཞིང་ཐམས་ཅད་དུ་རྒྱས་པར་འགེངས་པའི་ཚུལ་རྒྱ་མཚོའི་དབྱངས་རབ་ཏུ་བསྒྲག་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡང་དག་པར་བསྒྲུབ་པ་དང་། རྣམ་པར་འཕྲུལ་པའི་ཚུལ་ རྒྱ་མཚོའི་དབྱངས་རབ་ཏུ་བསྒྲག་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་སྙིང་པོ་བྱང་ཆུབ་ཏུ་གཤེགས་པ་བདུད་ཀྱི་དཀྲུགས་མ་རྣམ་པར་འཐོར་བ་དང་། སྙིང་པོ་བྱང་ཆུབ་ཏུ་རྣམ་པར་འཚང་རྒྱ་བ་དང་། རྣམ་པར་འཕྲུལ་པ་མཛད་པའི་དབྱངས་རྒྱ་མཚོ་རབ་ཏུ་བསྒྲག་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མདོ་སྡེའི་ཚུལ་དང་མིང་རྒྱ་མཚོའི་དབྱངས་ཀྱི་སྤྲིན་གྱི་འབྲུག་ 76-1-56b སྒྲ་བསྒྲག་པ་དང་། འགྲོ་བ་འདུག་པ་ཐམས་ཅད་དུས་ལ་བབ་པའི་འཁོར་ལོས་འདུལ་བའི་ཆོས་ཀྱི་ཚུལ་དང་ཐབས་ཀྱི་སྒྲ་རབ་ཏུ་བསྒྲག་པ་དང་། ཡེ་ཤེས་ཐམས་ཅད་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྨོན་ ལམ་ཇི་ལྟར་བཏབ་པ་དང་། དགེ་བའི་རྩ་བའི་ཁྱད་པར་དང་དུས་དང་ཐབས་དང་། ཆོས་ཀྱི་ཚུལ་རྒྱ་མཚོའི་དབྱངས་རབ་ཏུ་བསྒྲག་པར་བྱེད་ཅིང་། མྱི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་གང་ན་བ་དེར་ལྷགས་ནས། བཅོམ་ ལྡན་འདས་གང་ན་བ་དེར་དོང་སྟེ། འཁོར་དང་བཅས་པས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། འོག་གི་ཕྱོགས་སུ་བརྟེན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཞལ་མྱེད་ཁང་གཟུགས་བརྙན་ རབ་ཏུ་སྣང་བ་རིན་པོ་ཆེ་སྣ་ཚོགས་ཐམས་ཅད་ཀྱི་མཛོད་ཁང་པ་བརྩེགས་པ་དང་། སེང་གེའི་ཁྲི་རིན་པོ་ཆེ་ཐམས་ཅད་ཀྱི་གཟུགས་ཀྱི་པད་མོའི་སྙིང་པོ་ཡོངས་སུ་གཟུངས་བ་དག་མངོན་པར་སྤྲུལ་ནས། རིན་པོ་ཆེའི་སྙིང་པོ་བྱང་ཆུབ་ཐམས་ཅད་ཀྱི་གཟུགས་བརྙན་རབ་ཏུ་སྣང་བའི་རྒྱལ་མཚན་གྱི་གཅོད་པན་མགོ་ལ་བཅིངས་པའི་བྱང་ཆུབ་སེམས་དཔའི་ལུས་སུ་བྱིན་གྱིས་བརླབ་ནས། སྐྱིལ་མོ་དཀྲུང་ བཅས་ཏེ་འཁོད་དོ། །སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཕ་རོལ་གྱི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་རིགས་མི་ཟད་ པ་ཤིན་ཏུ་སྟོན་པ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཀུན་ཏུ་སྣང་བའི་དབྱངས་ཀྱི་སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་ཀྱི་སྨོན་ལམ་གྱི་གཞི་རབ་ཏུ་ རྟོགས་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། ལྷན་ཅིག་ཏུ་བཅོམ་ལྡན་འདས་དེས་གནང་ 76-1-57a ནས། འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་དེ་ནས་འཕགས་ཏེ། མཚན་དང་དཔེ་བྱད་བཟང་པོ་ཐམས་ཅད་དང་། བ་སྤུའི་སྒོ་ཐམས་ཅད་དང་། ལུས་ཐམས་ཅད་དང་། ཡན་ལག་དང་ཉིང་ལག་ཐམས་ཅད་དང་། ཚིག་གི་ལམ་ཐམས་ཅད་དང་། གོས་དང་སྨད་ཡོག་ཐམས་ཅད་ནས་བྱང་ཆུབ་སེམས་དཔའི་འཁོར་ཐམས་ཅད་དང་། བདག་དང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་། སྔོན་གྱི་མཐའི་མུར་ཐུག་པའི་ དེ་བཞིན་གཤེགས་པ་འདས་པ་ཐམས་ཅད་དང་། ཕྱི་མའི་མཐའི་མུར་ཐུག་པའི་དེ་བཞིན་གཤེགས་པ་ལུང་བསྟན་པ་དང་། ལུང་མ་བསྟན་པ་མ་བྱོན་པ་ཐམས་ཅད་དང་། ད་ལྟར་བྱུང་བ་ཕྱོགས་བཅུའི་སངས་རྒྱས་ ཀྱི་ཞིང་འབྱམ་ཀླས་པ་ཐམས་ཅད་ན་བཞུགས་པ་རྣམས་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མཛད་པ་དང་ལྡན་པའི་སྔོན་གྱི་སྦྱོར་བ་རྒྱ་མཚོ་དང་། ལེན་པ་དང་སྦྱིན་པའི་དངོས་པོ་ཐམས་ཅད་ཀྱི་གཟུགས་བརྙན་དང་མཚན་ དང་དཔེ་བྱད་བཟང་པོ་དང་། བ་སྤུའི་སྒོ་དང་ལུས་ཐམས་ཅད་དང་། ཡན་ལག་དང་ཉིང་ལག་དང་ཚིག་གི་ལམ་དང་གོས་དང་སྨད་ཡོགས་ཐམས་ཅད་ལ་རབ་ཏུ་སྣང་བར་རྣམ་པར་བསྟན་པ་དང་། ཚུལ་ཁྲིམས་ཀྱི་ ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་ལྡན་པའི་སྔོན་གྱི་སྦྱོར་བ་རྒྱ་མཚོ་དག་ཀྱང་རབ་ཏུ་སྣང་བར་ཡོངས་སུ་བསྟན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡན་ལག་དང་ཉིང་ལག་ཐམས་ཅད་ ཐུབ་པ་རབ་ཏུ་བསྟན་པ་དང་ལྡན་པའི་སྔོན་གྱི་སྦྱོར་བ་རྒྱ་མཚོ་རབ་ཏུ་སྣང་བར་གྱུར་པ་ཡོངས་སུ་བསྟན་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བརྩོན་འགྲུས་དང་དྲག་ཤུལ་དང་། རྣམ་པར་གནོན་ པ་དང་ལྡན་པའི་སྔོན་གྱི་སྦྱོར་བ་རྒྱ་མཚོ་རབ་ཏུ་སྣང་བར་གྱུར་པ་ཡོངས་སུ་བསྟན་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསམ་གཏན་རྒྱ་མཚོ་ཡོངས་སུ་ཚོལ་ཞིང་རབ་ཏུ་བསྒྲུབ་པ་དང་ལྡན་པའི་ 76-1-57b སྔོན་གྱི་སྦྱོར་བ་རྒྱ་མཚོ་རབ་ཏུ་སྣང་བར་གྱུར་པ་ཡོངས་སུ་བསྟན་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་ཡོངས་སུ་བསྒྲུབ་ཅིང་། ཆོས་ཡོངས་སུ་ཚོལ་བ་དང་ལྡན་པ་དང་། བདོག་པ་ཐམས་ཅད་ཡོངས་སུ་གཏོང་ཞིང་ཤིན་ཏུ་ཞེ་ནོན་པའི་ལུས་དང་པོའི་གཟུགས་བརྙན་རྣམ་པར་དམིགས་པར་བྱ་བས་སྔོན་གྱི་སྦྱོར་བ་རྒྱ་མཚོ་རབ་ཏུ་སྣང་བར་གྱུར་པ་ཡོངས་སུ་བསྟན་པ་ དང་། དེ་བཞིན་གཤེགས་པ་ཐམས་ཅད་མཐོང་ཞིང་དགའ་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལམ་ལ་འགྲོ་བ་ཐམས་ཅད་མངོན་པར་མོས་པར་བྱེད་པ་དང་ལྡན་པའི་སྔོན་གྱི་སྦྱོར་བ་རྒྱ་མཚོ་རབ་ཏུ་སྣང་བར་ གྱུར་པ་ཡོངས་སུ་བསྟན་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྨོན་ལམ་རྒྱ་མཚོ་མངོན་པར་བསྒྲུབ་པའི་སྒོ་ཡོངས་སུ་དག་པའི་རྒྱན་དང་ལྡན་པའི་སྔོན་གྱི་སྦྱོར་བ་རྒྱ་མཚོ་རབ་ཏུ་སྣང་བར་གྱུར་པ་ཡོངས་སུ་ བསྟན་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་གྲུབ་པ་དང་། རྣམ་པར་དམན་པ་དང་། རྣམ་པར་དག་པར་བྱས་པ་དང་ལྡན་པའི་སྔོན་གྱི་སྦྱོར་བ་རྒྱ་མཚོ་རབ་ཏུ་སྣང་བར་ གྱུར་པ་ཡོངས་སུ་བསྟན་པ་དང་། ཆོས་ཀྱི་དབྱིངས་རྒྱ་ཆེན་པོ་རྣམ་པར་འཕྲུལ་པ་ཐམས་ཅད་ཀྱི་སྤྲིན་གྱིས་རྒྱས་པར་བཀང་སྟེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་ལྡན་ པའི་སྔོན་གྱི་སྦྱོར་བ་རྒྱ་མཚོ་རབ་ཏུ་སྣང་བར་གྱུར་པ་ཡོངས་སུ་བསྟན་པ་བྱེད་ཅིང་། མྱི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་གང་ན་བ་དེར་ལྷག་ནས། བཅོམ་ལྡན་འདས་ག་ན་བ་དེར་དོང་སྟེ། འཁོར་དང་ བཅས་པས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། སྟེང་གི་ཕྱོགས་སུ་བརྟེན་ཏེ། རྡོ་རྗེའི་དབང་པོ་སྣ་ཚོགས་ཐམས་ཅད་ཀྱིས་རྒྱན་གྱི་སྙིང་པོ་ཅན་གྱི་ཁང་པ་བརྩེགས་པ་དང་། སེངྒེའི་ཁྲི་རྡོ་རྗེ་དང་། 76-1-58a ཨིན་དྲ་ནཱི་ལའི་པདྨོའི་སྙིང་པོ་ཅན་དག་མངོན་པར་སྤྲུལ་ནས་ནོར་བུའི་རྒྱལ་པོ་རིན་པོ་ཆེ་ཐམས་ཅད་རབ་ཏུ་འབར་བའི་དྲ་བས་ཀུན་ནས་བརྒྱན་པ་དང་། རིན་པོ་ཆེའི་རྒྱལ་པོ་དུས་གསུམ་གྱི་དེ་བཞིན་གཤེགས་པའི་ མཚན་དབྱངས་སུ་སྒྲོག་པའི་ཕྲེང་བ་རབ་ཏུ་འཕྱང་བ་དང་། མགོ་ལ་རིན་པོ་ཆེའི་ཅོད་པན་ཐོགས་པའི་བྱང་ཆུབ་སེམས་དཔའི་ལུས་སུ་བྱིན་གྱིས་རླབས་ནས་སྐྱིལ་མོ་ཀྲུང་བཅས་ཏེ་འཁོད་དོ།། །། སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་ལྔ་པ། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་འཁོར་དང་བཅས་པར་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་སྨོན་ལམ་ གྱིས་བྱུང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་ནས་ཞལ་དུ་ལྟ་བ། ཡེ་ཤེས་ཡོངས་སུ་དག་པའི་མྱིག་དང་ལྡན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་དང་། མདོ་སྡེའི་ཚུལ་གྱིས་ གསུང་རྒྱ་མཚོ་ལ་རྣ་བ་ཡོངས་སུ་གཞོལ་བ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དབང་རབ་ཏུ་ཐོབ་པར་བྱ་བ་ལ་དམ་པའི་ཕ་རོལ་ཏུ་བགྲོད་པར་ཕྱིན་པའི་མཆོག་ཐོབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི་དྲུང་དུ་འདོང་བ། སྐད་ཅིག་སྐད་ཅིག་ཏུ་ཡོངས་སུ་བསྟན་པར་རྣམ་པར་འཕྲུལ་པས་བྱུང་བ། འཇིག་རྟེན་གྱི་ཁམས་ཐམས་ཅད་ལུས་གཅིག་གིས་རྒྱས་པར་དགང་བའི་ལུས་དང་ལྡན་པ། དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་ལུས་མངོན་པར་འབྱུང་ཞིང་རྣམ་པར་སྣང་བ། རྡུལ་ཤིན་ཏུ་ཕྲ་བ་གཅིག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁམས་གཅིག་ཏུ་སྣང་ཞིང་ཁོངསུ་ཆུད་པར་ཡང་དག་པར་ སྟོན་པའི་ལུས་དང་ལྡན་པ་འགྲོ་བ་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བ་དང་། འདུལ་བའི་དུས་ལ་སྡོད་པར་གཞོལ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོའི་སྤྲིན་གྱི་འབྲུག་སྒྲ་བ་སྤུའི་ 76-1-58b བུ་ག་ཐམས་ཅད་ནས་རབ་ཏུ་སྒྲོག་པའི་ཡུལ་དང་ལྡན་པ། སེམས་ཅན་གྱི་ཁམས་ཐམས་ཅད་སྒྱུ་མ་ལྟ་བུར་ཡོངས་སུ་ཤེས་པ་རབ་ཏུ་ཐོབ་པ། དེ་བཞིན་གཤེགས་པ་ཐམས་ཅད་མིག་ཡོར་ལྟ་བུར་ཁོང་དུ་ཆུད་ པ། སྲིད་པའི་རྒྱུད་དུ་སྐྱེ་བ་ཐམས་ཅད་རྨི་ལམ་ལྟ་བུ་ཤེས་པར་བྱུང་བ་ལས་དང་རྣམ་པར་སྨྱིན་པ་ཐམས་ཅད་གཟུགས་རྙན་ལྟ་བུར་ཤེས་པས་རྣམ་པར་དག་པ། ཡེ་ཤེས་མངོན་པར་གྲུབ་པ་ཐམས་ཅད་སྨིག་རྒྱུ་ ལྟ་བུར་མངོན་པར་ཤེས་པ། འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་སྤྲུལ་པ་ལྟ་བུར་ཁོང་དུ་ཆུད་པ། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ཡེ་ཤེས་ཀྱི་སྣང་བ་རབ་ཏུ་ཐོབ་པ། མི་འཇིགས་པའི་ ཁྱུ་མཆོག་དང་། སེང་གེའི་ང་རོས་རྣམ་པར་གནོན་པ། སོ་སོ་ཡང་དག་པར་རིག་པ་མྱི་ཟད་པའི་རྒྱ་མཚོར་ཞུགས་པ། འགྲོ་བ་ཐམས་ཅད་ཀྱི་སྐད་རྒྱ་མཚོར་ཞུགས་པ། ཆོས་ཀྱི་ངེས་པའི་ཚིག་གི་ཡེ་ ཤེས་རབ་ཏུ་ཐོབ་པ། ཆོས་ཀྱི་དབྱིངས་ནམ་མཁའ་ལྟར་ཆགས་པ་མེད་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དང་ལྡན་པ། ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པའི་ཡེ་ཤེས་རབ་ཏུ་ཐོབ་པ། བྱང་ཆུབ་སེམས་དཔའ་ ཐམས་ཅད་ཀྱི་མངོན་པར་ཤེས་པ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་རྣམ་པར་དག་པ་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་དཀྲུག་པའི་བརྩོན་འགྲུས་དང་ལྡན་པ། དུས་གསུམ་ཐམས་ཅད་ཤེས་པའི་སྟོབས་ ལ་རབ་ཏུ་གནས་པ། ཆོས་ཐམས་ཅད་ལ་ཡེ་ཤེས་སྒྲིབ་པ་མེད་པ་རབ་ཏུ་ཐོབ་པ། གནས་མྱེད་པས་ནམ་མཁའི་སྤྱོད་ཡུལ་དང་ལྡན་པ། ཐམས་ཅད་མཁྱེན་པའི་ས་ལེན་པ་མྱེད་པ། ནམ་མཁའ་ ལྟ་བུའི་བརྩོན་འགྲུས་དང་ལྡན་པ། སྲིད་པ་ཐམས་ཅད་མྱི་དམྱིགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཅན། ཆོས་ཀྱི་དབྱིངས་ཐམས་ཅད་ཀྱི་ཚུལ་རྒྱ་མཚོ་ལ་ཞུགས་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་ 76-1-59a ཐ་མྱི་དད་པའི་ཡེ་ཤེས་ཀྱི་སྒོར་ཞུགས་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་གཅིག་ནས་གཅིག་ཏུ་གཟུང་བའི་རྣམ་པར་འཕྲུལ་པས་བྱུང་བ་དང་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཐམས་ཅད་དུ་སྐྱེས་པའི་ལུས་ ཡོངས་སུ་སྟོན་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་དབྱིབས་ཕྲ་བ་དང་། རྒྱ་ཆེ་བ་དང་ཡངས་པ་དང་། དོག་པ་སྣ་ཚོགས་རབ་ཏུ་རྟོགས་པ་ཤིན་ཏུ་ཕྲ་ཞིང་རྒྱ་ཆེན་པོ་ཡང་དག་པར་གཟུད་པའི་ཡེ་ཤེས་ཁོང་དུ་ཆུད་པ། དམྱིགས་པ་རྒྱ་ཆེན་པོ་ཤིན་ཏུ་ཕྲ་བར་ཤེས་པ་དང་ལྡན་པ། སངས་རྒྱས་ཐམས་ཅད་དང་སེམས་ཀྱི་སྐད་ཅིག་ལ་འགྲོགས་པ་རབ་ཏུ་ཐོབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རླབས་ཀྱི་ཡེ་ཤེས་ ཀྱི་ལུས་དང་ལྡན་པ། ཕྱོགས་རྒྱ་མཚོ་ཐམས་ཅད་དུ་མགོ་རྨོངས་པ་མྱེད་པའི་ཡེ་ཤེས་རབ་ཏུ་ཐོབ་པ་སེམས་ཀྱི་སྐད་ཅིག་གིས་ཕྱོགས་རྒྱ་མཚོ་ཐམས་ཅད་དུ་རྣམ་པར་འཕྲུལ་པས་རྒྱས་པར་འགེངས་པ་ཤ་སྟག་ སྟེ། དེ་བཞིན་གཤེགས་པའི་བྱིན་གྱིས་རླབས་ཀྱིས་དེ་ལྟ་བུའི་ཡོན་ཏན་ཚད་མྱེད་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཤ་སྟག་གིས་ཛེ་ཏའི་ཚལ་ཐམས་ཅད་ཡོངས་སུ་རྒྱས་པར་གྱུར་ཀྱང་། ཉན་ ཐོས་ཆེན་པོ་ཤཱ་རིའི་བུ་དང་། མོའུ་གལ་གྱི་བུ་དང་འོད་སྲུངས་ཆེན་པོ་དང་། ནམ་འགྲུ་དང་རབ་འབྱོར་དང་། འགག་མེད་དང་། མོས་པ་དང་། ཀ་ཏའི་བུ་དང་། བྱམས་གང་གི་བུ་ལ་སྩོགས་པས་ཛེ་ཏའི་ཚལ་ ན་འཁོད་བཞིན་དུ་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་དེ་དག་མ་མཐོང་ངོ་། །སངས་རྒྱས་ཀྱི་བཀོད་པ་དེ་དག་དང་། སངས་རྒྱས་ཀྱི་ཁྱུ་མཆོག་གི་མཐུ་དང་། སངས་རྒྱས་ཀྱི་རྣམ་པར་རོལ་པ་དང་། སངས་རྒྱས་ཀྱི་ཆོ་འཕྲུལ་དང་། སངས་རྒྱས་ཀྱི་མངའ་ཆེན་པོ་དང་། སངས་རྒྱས་སྦྱོང་བའི་རྣམ་པར་འཕྲུལ་པ་དང་། སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱིས་རླབས་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་ 76-1-59b དག་པ་ཡང་མ་མཐོང་ངོ་། །བྱང་ཆུབ་སེམས་དཔའི་ཡུལ་བསམ་གྱིས་མི་ཁྱབ་པ་དེ་དག་དང་། བྱང་ཆུབ་སེམས་དཔའ་ཀུན་ནས་འོངས་པ་དང་། བྱང་ཆུབ་སེམས་དཔའ་ཀུན་ནས་འདུས་པ་དང་། བྱང་ཆུབ་སེམས་ དཔའ་ཀུན་ནས་ཚོགས་པ་དང་། བྱང་ཆུབ་སེམས་དཔའ་ཉེ་བར་འོངས་པ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་དང་། བྱང་ཆུབ་སེམས་དཔའི་ཆོ་འཕྲུལ་དང་། བྱང་ཆུབ་སེམས་དཔའི་ འཁོར་གྱི་དཀྱིལ་འཁོར་དང་། བྱང་ཆུབ་སེམས་དཔའི་ཕྱོགས་སུ་འཁོད་པ་དང་། བྱང་ཆུབ་སེམས་དཔའི་སེང་གེའི་ཁྲི་བཀོད་པ་དང་། བྱང་ཆུབ་སེམས་དཔའི་ཁང་པ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་ སྤྱོད་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱིས་རྣམ་པར་བརྩེ་བ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་ལྟ་བ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་བསྒྱིངས་པ་དང་བྱང་ཆུབ་སེམས་དཔའི་རྣམ་པར་གནོན་པ་ དང་བྱང་ཆུབ་སེམས་དཔའི་དེ་བཞིན་གཤེགས་པ་མཆོད་པ་དང་། བྱང་ཆུབ་སེམས་དཔའི་ལུང་བསྟན་པ་དང་། བྱང་ཆུབ་སེམས་དཔའི་ཡོངས་སུ་སྨིན་པར་གྱུར་པ་དང་། བྱང་ཆུབ་སེམས་དཔའི་སྔོན་དུ་འདོར་བ་དང་། བྱང་ཆུབ་སེམས་དཔའི་ཆོས་ཀྱི་ལུས་རྣམ་པར་དག་པ་དང་། བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་ལུས་ཡོངས་སུ་རྫོགས་པ་དང་། བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་ལུས་རྣམ་པར་དམིགས་པ་དང་། བྱང་ཆུབ་ སེམས་དཔའི་གཟུགས་ཀྱི་ལུས་ཡོངསུ་གྲུབ་པ་དང་། བྱང་ཆུབ་སེམས་དཔའི་མཚན་ཕུན་སུམ་ཚོགས་པ་ཡོངསུ་དག་པ་དང་། བྱང་ཆུབ་སེམས་དཔའི་འོད་ཀྱི་དཀྱིལ་འཁོར་ཁ་དོག་མཐའ་ཡས་པའི་བཀོད་པ་དང་། བྱང་ཆུབ་སེམས་དཔའི་འོད་ཟེར་གྱི་དྲ་བ་རབ་ཏུ་འགྱེད་པ་དང་། བྱང་ཆུབ་སེམས་དཔའི་སྤྲུལ་པའི་སྤྲིན་ཀུན་ཏུ་འགྱེད་པ་དང་། བྱང་ཆུབ་སེམས་དཔའི་ཕྱོགས་ཀྱི་དྲ་བ་རྒྱས་པར་འགེངས་པ་དང་། བྱང་ཆུབ་སེམས་དཔའ་ 76-1-60a སྤྱོད་པའི་དཀྱིལ་འཁོར་རྣམ་པར་སྤྲུལ་པ་ཡང་མ་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དགེ་བའི་རྩ་བ་མི་མཚུངས་པའི་ཕྱིར་ཏེ། དེ་དག་གིས་ནི་སྔོན་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་མཐོང་བའི་རྒྱུར་འགྱུར་བའི་ དགེ་བའི་རྩ་བ་མ་བསྩགསོ། །དེ་དག་ལ་ནི་སྔོན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་ཡོན་ཏན་དང་། བཀོད་པ་ ཡོངས་སུ་དག་པ་ཡང་དག་པར་བསྟན་པ་མ་མཛད་དོ། །དེ་དག་ལ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཡང་དག་པར་བརྗོད་པ་མ་མཛད་དོ། །དེ་དག་གི་ནི་སྔོན་འཁོར་བ་ན་ འཁོར་བའི་ཚེ་སེམས་ཅན་རྣམས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བསྐུལ་བ་མ་བྱས་སོ། །དེ་དག་གིས་ནི་གཞན་གྱི་སེམས་ཀྱི་རྒྱུད་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་རབ་ཏུ་བཞག་ པ་མ་བྱས་སོ། །དེ་དག་ནི་དེ་བཞིན་གཤེགས་པའི་གདུང་རྒྱུན་མྱི་གཅད་པའི་ཕྱིར་ཞུགས་པ་མ་ཡིན་ནོ། །དེ་དག་ནི་སེམས་ཅན་ཐམས་ཅད་ཡོངས་སུ་བསྡུ་བའི་ཕྱིར་བརྩོན་པ་མ་ཡིན་ནོ། །དེ་དག་གིས་ནི་བྱང་ཆུབ་སེམས་ དཔའ་རྣམས་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་བ་མ་བྱས་སོ། །དེ་དག་གིས་ནི་སྔོན་འཁོར་བ་ན་འཁོར་བའི་ཚེ། འགྲོ་བ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ཡེ་ཤེས་ཀྱི་ས་ལ་དམིགས་པར་མ་ བྱས་སོ། །དེ་དག་གིས་ནི་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བའི་དགེ་བའི་རྩ་བ་ཉེ་བར་བསྩགས་པ་མ་བྱས་སོ། །དེ་དག་གིས་ནི་དེ་བཞིན་གཤེགས་པའི་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་ཡོངསུ་མ་ བསྒྲུབས་སོ། །དེ་དག་གིས་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཐམས་ཅད་དུ་རྣམ་པར་འཕྲུལ་པའི་མངོན་པར་ཤེས་པ་ཁོང་དུ་མ་ཆུད་དོ། །དེ་དག་གིས་ནི་བྱང་ཆུབ་སེམས་དཔའི་མིག་གི་ལམ་གྱི་རྣམ་པར་དམིགས་ 76-1-60b པར་བྱ་བ་འཇིག་རྟེན་ལས་འདས་པ་ཐུན་མོང་མ་ཡིན་པའི་བྱང་ཆུབ་ཏུ་དམིགས་པའི་དགེ་བའི་རྩ་བ་བྱང་ཆུབ་སེམས་དཔའི་སྨོན་ལམ་ཆེན་པོ་ལས་བྱུང་བ་ཁོང་དུ་མ་ཆུད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀུན་གྱིས་ནི་ བྱང་ཆུབ་སེམས་དཔའི་འདུ་ཤེས་སྣ་ཚོགས་ཡོངས་སུ་འཛིན་ལགས་ཀྱིས། རྣམ་པར་དམིགས་པ་ཐུན་མོང་མ་ཡིན་པ་དེ་བཞིན་གཤེགས་པའི་བྱིན་གྱིས་རླབ་ལས་བྱུང་བའི་སྒྱུ་མའི་རྣམ་པའི་ཆོས་ཉིད་ཀྱི་གྲུབ་པ། བྱང་ཆུབ་སེམས་དཔའ་འདུ་ཤེས་སྣ་ཚོགས་ཡོངསུ་འཛིན་པ་བྱིན་གྱིས་རློབ་པ། བྱང་ཆུབ་སེམས་དཔའི་དགེ་བའི་ཤུགས་ཆེན་པོ་རྣམ་པར་འཕེལ་བར་བྱེད་པ་ཁོང་དུ་མ་ཆུད་དོ། །དེ་བས་ན་ཉན་ཐོས་ཆེན་པོ་མཆོག་གི་ གཟུང་དང་། བཟང་པོའི་གཟུང་ལ་སོགས་པ་དེ་དག་གིས་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་དེ་མི་མཐོང་མི་ཐོས་སོ། །མི་ཤེས་སོ། །ཁོང་དུ་མི་ཆུད་དོ། །མི་རྟོགསོ། །མི་རིག་གོ། །ཡིད་མི་ཆེས་སོ། །མི་སེམས་སོ། ། རྣམ་པར་མྱི་ལྟའོ། །རྟོགས་པར་མི་ལྟའོ། །ངེས་པར་མི་སེམས་སོ། །ཉེ་བར་མི་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་སངས་རྒྱས་ཀྱི་སྤྱོད་ཡུལ་ཏེ་ཉན་ཐོས་ཀྱི་སྤྱོད་ཡུལ་མ་ཡིན་ནོ། །དེ་བས་ན་ཉན་ཐོས་ཆེན་པོ་དེ་དག་ ཛེ་ཏའི་ཚལ་དེ་ཉིད་ན་འཁོད་ཀྱང་། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་དེ་དག་མི་མཐོང་ངོ་། དེ་དག་ལ་དེ་དང་འཐུན་པའི་དགེ་བའི་རྩ་བ་མེད་དོ། །དེ་དག་གིས་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་དེ་དག་མཐོང་དུ་ དེ་ལྟ་བུའི་ཡེ་ཤེས་ཀྱི་མྱིག་རྣམ་པར་མ་དག་གོ། །དམྱིགས་པ་ཆུང་ངུ་ལ་རྒྱ་ཆེན་པོའི་བྱིན་གྱིས་རླབས་ཀྱིས་འཇུག་ཏུ་ཏིང་ངེ་འཛིན་དེ་ལྟ་བུ་མེད་དོ། །དེ་དག་ཤེས་པ་དང་། ཁོང་དུ་ཆུད་པར་བྱ་བ་འམ། རྟོགས་པར་ བྱ་བ་འམ། རྒྱས་པར་དགང་པར་བྱ་བ་འམ། འཇུག་པར་བྱ་བ་འམ། རྣམ་པར་ལྟ་བ་འམ། ཉམས་སུ་མྱོང་བར་བྱ་བ་འམ། གནན་པ་འམ། རྣམ་པར་གནན་པ་འམ། གཞན་གྱིས་ཐོས་པར་བྱ་བ་འམ། 76-1-61a བསྟན་པར་བྱ་བ་འམ། སྨོས་པར་བྱ་བ་འམ། ཡང་དག་པར་བསྟན་པར་བྱ་བ་འམ། བསྟབས་པར་བྱ་བ་འམ། སྦྱིན་པར་བྱ་བ་འམ། དེ་ལ་སེམས་ཅན་རྣམས་ཡོངས་སུ་བསྐུལ་བར་བྱ་བ་འམ། སྦྱར་བར་ བྱ་བ་འམ། རབ་ཏུ་འགོད་པར་བྱ་བ་འམ། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པའི་ཆོས་ཉིད་ལ་སེམས་ཅན་དགོད་པར་བྱ་བར་ཡང་དེ་དག་ལ་དེ་ལྟ་བུའི་རྣམ་པར་ཐར་པ་མྱེད་དོ། །དེ་ལྟ་བུའི་རྫུ་འཕྲུལ་མེད་དོ། །དེ་ལྟ་བུའི་ཁྱུ་ མཆོག་གི་མཐུ་མེད་དོ། །དེ་ལྟ་བུའི་སྟོབས་མེད་དོ། །དེ་ལྟ་བུའི་གནས་མེད་དོ། །དེ་ལྟ་བུའི་འདུ་ཤེས་མེད་དོ། །དེ་ལྟ་བུའི་མྱིག་གི་མཐུ་མེད་དོ། །དེ་ལྟ་བུའི་ཡེ་ཤེས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་དེ་ལྟར་ཉན་ཐོས་ཀྱི་ཐེག་ པ་ལས་བྱུང་བ་ཉན་ཐོས་ཀྱི་ལམ་གྱིས་ཡོངས་སུ་གྲུབ་པ། ཉན་ཐོས་ཀྱི་སྤྱོད་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ། ཉན་ཐོས་ཀྱི་འབྲས་བུ་ལ་གནས་པ། བདེན་པ་སྣང་བ་ཤེས་པས་ངེས་པར་རྟོག་པ། ཡང་དག་པའི་ མཐའ་ལ་གནས་པ། ཤིན་ཏུ་ཞི་བའི་མཐར་ཐུག་པ། སྙིང་རྗེ་ཆེན་པོའི་བསམ་པ་མེད་པ། འཇིག་རྟེན་ཐམས་ཅད་ལ་མྱི་ལྟ་མི་སྡོད་པ། རང་གི་དོན་གྲུབ་པ་དག་སྟེ། དེ་དག་ནི་ཛེ་ཏའི་ཚལ་དེ་ཉིད་དུ་ཀུན་ནས་འདུས་ཏེ་ འཁོད་ལ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་དང་གཡས་གཡོན་དང་། སྣམ་ན་བཅོམ་ལྡན་འདས་ལ་མངོན་དུ་ལྟ་བར་གནས་ཀྱང་། ཛེ་ཏའི་ཚལ་དེར་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་དེ་དག་མཐོང་བར་མ་གྱུར་ཏོ། ། དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་མཁྱེན་པ་ཡང་དག་པར་མ་བསྒྲུབ་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡང་དག་པར་མ་བསྡུས་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཡང་དག་པར་མ་ཞུགས་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་སྨོན་ལམ་ཡང་དག་པར་མ་བཏབ་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་མ་བསྒྲུབ་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངསུ་མ་བསྒོམས་པ་དང་། 76-1-61b ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་སྦྱངས་པ་དེ་དག་གིས་ནི། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་དེ་ལ་འཇུག་ཅིང་རྟོགས་པར་བྱ་བ་འམ། བལྟ་ཞིང་ཁོང་དུ་ཆུད་པར་བྱ་བར་མི་ནུས་སོ། ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་བྱང་ཆུབ་སེམས་དཔའ་རིགས་དང་ལྡན་པ་རྣམས་ཀྱི་མིག་གི་ལམ་གྱིས་བལྟ་བ་ཡིན་གྱིས། ཉན་ཐོས་ཀྱི་མྱིག་གི་བལྟ་བ་མ་ཡིན་ནོ། །དེ་བས་ན་ཉན་ཐོས་ཆེན་པོ་དེ་དག་ཛེ་ཏའི་ཚལ་ དེ་ཉིད་ན་འཁོད་ཀྱང་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་དང་། སངས་རྒྱས་ཀྱི་བྱིན་གྱི་རླབས་དང་། སངས་རྒྱས་ཀྱི་ཞིང་ཡོངསུ་དག་པ་དང་། བྱང་ཆུབ་སེམས་དཔའ་ཀུན་ནས་འདུས་པ་ཡང་མཐོང་བར་མ་ གྱུར་ཏོ། །དེ་འང་འདི་ལྟ་སྟེ་དཔེར་ན། གང་གའི་ཆུ་ཀླུང་ཆེན་པོའི་ངོགས་ཕ་རོལ་ཚུར་རོལ་དུ་ཡི་དགས་བཀྲེས་པ་དང་། སྐོམ་པས་རབ་ཏུ་མནན་པ་གཅེར་བུ། གོས་མྱེད་པ། ལུས་ཀྱི་མདོག་དང་ཁ་དོག་ཚིག་ཅིང་མཚུངས་ པ་རླུང་དང་ཉི་མས་བསྐམས་པ། བྱ་རོག་མང་པོས་གཙེས་བ། སྤྱང་ཀུ་དང་། ཝས་ཐོ་བཙམ་པ། བརྒྱ་སྟོང་མང་པོ་ཀུན་ནས་འདུས་ཀྱང་། གང་གའི་ཆུ་ཀླུང་ཆེན་པོ་མྱི་མཐོང་སྟེ། སྒྲིབ་པའི་ལས་གྱི་སྒྲིབ་པའི་ ཕྱིར་ལ་ལས་ནི་བསྐམས་ཏེ་ཆུ་མེད་པར་མཐོང་ངོ་། །ལ་ལས་ནི་ཐལ་བས་ཡོངས་སུ་གང་བར་མཐོང་ངོ་། །དེ་བཞིན་དུ་ཉན་ཐོས་ཆེན་པོ་གནས་བརྟན་དེ་དག་ཛེ་ཏའི་ཚལ་དེ་ཉིད་ན་འཁོད་ཀྱང་ཐམས་ཅད་ མཁྱེན་པ་ཉིད་དང་མི་འཐུན་པའི་ཕྱོགས་མ་རིག་པའི་ལིང་ཐོག་གིས་མྱིག་ཀུན་ནས་ཁེབས་པ་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་ས་ཡིས་དགེ་བའི་རྩ་བའི་མཐུས་ཡོངསུ་མ་བཟུང་བའི་ཕྱིར། དེ་བཞིན་ གཤེགས་པའི་རྣམ་པར་འཕྲུལ་པ་དེ་དག་མ་མཐོང་མ་ཤེས་སོ། །འདི་ལྟ་སྟེ་དཔེར་ན་འདུན་མ་ཆེན་པོ་འདུས་པའི་སྐྱེ་བོ་མང་པོའི་དབུས་སུ་མྱི་ལ་ལ་ཞིག་གཉིད་ཀྱི་མྱོས་ཏེ། ལོག་པར་གྱུར་ནས་དེ་གཉིད་ཀྱིས་ 76-1-62a ལོག་པའི་རྨྱི་ལམ་དུ་གནས་ཏེ་དེ་ཉིད་ན་ལྷའི་གྲོང་བརྡལ་བརྒྱ་བྱིན་གྱི་གནས་བལྟ་ན་མཛེས་པ་དང་། རི་རབ་ཀྱི་སྟེང་ཤིང་དང་བཅས་པ། བཟའ་ཤིང་གི་ར་བའི་འཁོར་དང་བཅས་པ། ལྷའི་བུ་མོ་བྱེ་བ་ཁྲག་ཁྲིག་ བརྒྱ་སྟོང་གིས་གང་བ། ལྷའི་བུ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་སྙེད་གནས་པ་ན་ལྷའི་མེ་ཏོག་སྣ་ཚོགས་ཀྱིས་ཡོངས་སུ་གང་བ་དང་། ཡིད་བཞིན་གྱི་ཤིང་ལྷ་རྫས་ཀྱི་གོས་དང་མུ་ཏིག་གི་ཕྲེང་བ་དང་། རིན་པོ་ཆེའི་རྒྱན་དང་། སེ་མོ་དོ་སྣ་ཚོགས་མང་པོ་འབྱིན་པ་དང་། ལྷ་རྫས་ཀྱི་སིལ་སྙན་རྣམ་པ་སྣ་ཚོགས་རླུང་གིས་ཡོངས་སུ་བསྐྱོད་ཅིང་སྒྲ་དབྱངས་ཡིད་དུ་འོང་ལ་སྙན་པ་འབྱིན་པའི་སིལ་སྙན་གྱི་ཤིང་མང་པོ་དང་། དགའ་བའི་རྩེ་མོ་ བཀོད་པ་རྣམ་པ་སྣ་ཚོགས་མཐོང་བར་གྱུར་ལ། ལྷའི་བུ་མོ་མང་པོས་གླུ་བླངས་པ་དང་། ལྷ་རྫས་ཀྱི་རོལ་མོ་བྱས་པའི་སྒྲ་ཡིད་དུ་འོང་ཞིང་སྙན་པ་ཐོས་པར་གྱུར་ཏོ། །བདག་ཉིད་ཀྱང་དེ་ན་འདུག་པ་སྙམ་བྱེད་ལ། ལྷ་རྫས་ཀྱི་བཀོད་པས་ཀླུབས་པའི་གནས་དེ་དག་ཐམས་ཅད་མཐོང་བར་གྱུར་ཀྱང་། སྐྱེ་བོའི་ཚོགས་མང་པོ་དེ་དག་གིས་གནས་དེ་ཉིད་ན་འཁོད་བཞིན་དུ་མི་མཐོང་། ཡེ་ཤེས་ཁོང་དུ་མི་ཆུད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་སྐྱེས་བུ་གཉིད་ཀྱི་ལོག་པ་དེ་ཉིད་ཀྱི་རྨི་ལམ་གྱིས་བལྟ་བ་ཡིན་གྱི། གནས་དེ་ཉིད་ན་འཁོད་ཀྱང་སྐྱེ་བོ་མང་པོ་དེ་དག་གིས་བལྟ་བ་མ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་དག་དང་། འཇིག་རྟེན་གྱི་ དབང་པོ་བྱང་ཆུབ་ལ་མངོན་པར་མོས་པ་དེ་དག་སངས་རྒྱས་ཀྱི་བྱིན་གྱི་རླབས་རྒྱ་ཆེན་པོ་དང་། རང་གི་དགེ་བའི་རྩ་བའི་སྟོབས་མ་ནོར་བར་ཤིན་ཏུ་བསྩགས་པ་དང་། ཐམས་ཅད་མཁྱེན་པ་ཉིད་དུ་སྨོན་ལམ་ཤིན་ཏུ་མངོན་ པར་བསྒྲུབ་པ་དང་། དེ་བཞིན་གཤེགས་པའི་ཡོན་ཏན་ཐམས་ཅད་ལ་ཤིན་ཏུ་ཞུགས་པ་དང་། བྱང་ཆུབ་སེམས་དཔའི་ལམ་བཀོད་པ་ཆེན་པོ་དང་ལྡན་པ་ལ་ཤིན་ཏུ་གནས་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཆོས་ 76-1-62b ཉིད་དང་། ཡན་ལག་རྣམ་པ་ཐམས་ཅད་དུ་ཤིན་ཏུ་རྫོགས་པ་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པའི་ཁྱད་པར་དང་། སྨོན་ལམ་ཡོངས་སུ་རྫོགས་པར་བྱ་བ་རྣམ་པར་དག་པ་དང་། བྱང་ཆུབ་སེམས་དཔའི་ ས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡོངས་སུ་གནོན་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱིས་རྣམ་པར་སྤྱོད་པ་ཐམས་ཅད་ལ་རྣམ་པར་རྩེ་བ་དང་། བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཐམས་ ཅད་ལ་ཆགས་པ་མྱེད་པར་རྣམ་པར་སྤྱོད་པས་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཁྱུ་མཆོག་གི་མཐུ་ཕྱུང་བ་དེ་དག་དང་། སངས་རྒྱས་ཀྱི་རྣམ་པར་རོལ་པ་དེ་དག་མཐོང་ཞིང་ཁོང་དུ་ཆུད་ལ་ཉམསུ་མྱོང་བར་གྱུར་ཀྱང་། ཉན་ཐོས་ཆེན་པོ་མཆོག་གི་ཟུང་དང་། བཟང་པོའི་ཟུང་ལ་སྩོགས་པ་དེ་དག་ལ་བྱང་ཆུབ་སེམས་དཔའི་མྱིག་མྱེད་པས་མཐོང་བར་མ་གྱུར་ཤེས་པར་མ་གྱུར་ཏོ། །འདི་ལྟ་སྟེ་དཔེར་ན། རིའི་རྒྱལ་པོ་ཁ་བ་ཅན་སྨན་ གྱི་འབྱུང་གནས་ཀྱིས་གང་བ་ལ་སྔགས་དང་། རིག་སྔགས་དང་། སྨན་གྱི་ཚུལ་དང་། བླང་བའི་རྒྱུས་ཤེས་ཤིང་རིག་སྔགས་གྲུབ་པའི་སྐྱེས་བུ་གནས་པ། སྨན་གྱི་ཆོ་ག་ཐམས་ཅད་ཤེས་པ་སྨན་བླང་བའི་ལས་ བྱེད་ཀྱང་། རི་བོའི་དབང་པོ་དེ་ཉིད་ལ་གནས་པའི་ཕྱུགས་དང་། བ་ལང་དང་ར་ལུག་འཚོ་བ་དང་། རྔོན་པ་དང་དེ་མ་ཡིན་པའི་མྱི་སྨན་གྱི་ཚུལ་མྱི་ཤེས་པ་གཞན་དག་གིས། སྨན་དེ་དག་གི་ཆོ་ག་དང་། སྨན་གྱི་རོ་དང་མཐུ་ དང་ཡོན་ཏན་དང་བྱིན་དང་། ཐབས་དང་འཕྲོད་པ་མི་ཤེས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཡུལ་ལ་ཞུགས་པ་བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པའི་ཡུལ་གྱི་ བྱུང་བ། དེ་དག་གིས་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པའི་ཡུལ་དེ་དག་མཐོང་ཡང་ཉན་ཐོས་ཆེན་པོ་མཆོག་གི་ཟུང་དང་། བཟང་པོའི་ཟུང་ལ་སྩོགས་པ་རང་གི་དགོས་པས་ཚིམ་པར་ 76-1-63a གྱུར་པ། གཞན་གྱི་དགོས་པ་ཡལ་བར་གཞོག་པ། བཏང་སྙོམས་ཅན་དེ་དག་ཛེ་ཏའི་ཚལ་དེ་ཉིད་ན་གནས་ཀྱང་། ཚེ་འདི་ལ་བདེ་བར་སྤྱོད་པས་བདེ་ཞིང་དགའ་བར་གནས་པ། ལས་ཕར་དེ་བཞིན་གཤེགས་ པའི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པའི་ཡུལ་དེ་དག་ཁོང་དུ་མི་ཆུད་དོ། །འདི་ལྟ་སྟེ་དཔེར་ན། ས་ཆེན་པོ་རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་གནས་ཕུན་སུམ་ཚོགས་པ། གཏེར་བརྒྱ་སྟོང་དུ་མས་གང་བ་རིན་པོ་ཆེ་ སྣ་ཚོགས་རྣམ་པ་ཐ་དད་པས་ཡོངས་སུ་གང་བ་འདི་ལའང་རིན་པོ་ཆེའི་འབྱུང་གནས་དང་། གཏེར་གྱི་རྒྱུས་ལ་མཁས་ཤིང་བྱང་བའི་མྱི་རིན་པོ་ཆེ་བརྟག་པའི་གཙུག་ལག་གིས་བློ་ཤིན་ཏུ་བྱང་བ་གཏེར་གྱི་གཙུག་ ལག་དང་རྒྱུས་དང་། དན་རྟགས་གྱ་ནོམ་པར་ལོབ་པ། བསོད་ནམས་རྒྱ་ཆེན་པོའི་སྟོབས་ཀྱིས་བརྟེན་པ་དེ་དག་དེ་ལས་རིན་པོ་ཆེ་ཅི་འདོད་པར་བླངས་ཤིང་། བདག་ཀྱང་ཡོངསུ་ཚིམ་པར་བྱེད་པ་དང་། ཕ་དང་མ་ལའང་ལེགས་ པར་རིམ་གྲོར་བྱེད། བུ་ཕོ་སྨོས་ཀྱང་ལེགས་པར་གསོ་བར་བྱེད་ཅིང་། དེ་མ་ཡིན་པའི་སེམས་ཅན་རྒན་པ་དང་། ན་བ་དང་། དབུལ་བ་དང་། ཉམ་ཉེས་པ་དང་། ཁ་ཟས་དང་། གོས་ཀྱིས་མྱི་འབྱོར་པ་རྣམས་ལ་ སྡུད་ཅིང་ཁྱབ་པར་བགོ་བཤའ་བྱེད་ལ། ནོར་གྱི་དགའ་བ་སྣ་ཚོགས་ཉམས་སུ་མྱོང་བར་བྱེད་ཀྱང་། སེམས་ཅན་རིན་པོ་ཆེའི་འབྱུང་གནས་དང་། གཏེར་གྱི་རྒྱུས་མྱི་ཤེས་པ་བསོད་ནམས་མ་བྱས་པ། རིན་པོ་ཆེ་ལ་ཤེས་པའི་མྱིག་ཡོངས་སུ་མ་དག་པ། དེ་དག་དེ་ཉིད་ནི་འཁོད་ཀྱང་། རིན་པོ་ཆེའི་འབྱུང་གནས་དང་། རིན་པོ་ཆེའི་གཏེར་དེ་དག་ཁོང་དུ་མྱི་ཆུད་མྱི་ཤེས་པས་རིན་པོ་ཆེའང་བླང་དུ་མེད་དོ། །རིན་པོ་ ཆེའི་དོན་ཀྱང་བྱར་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་ཡུལ་བསམ་གྱིས་མྱི་ཁྱབ་པ་ལ་ཡེ་ཤེས་ཀྱི་མྱིག་ཤིན་ཏུ་རྣམ་པར་དག་པ་དེ་བཞིན་གཤེགས་པའི་ 76-1-63b ཡེ་ཤེས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་ལ་ཞུགས་པ། དེ་དག་ཛེ་ཏའི་ཚལ་ན་འཁོད་ཅིང་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་དེ་དག་མཐོང་ལ་ཆོས་ཀྱི་ཚུལ་རྒྱ་མཚོ་ལ་འཇུག་ཅིང་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ ཡོངསུ་བསྒྲུབ་སྟེ། དེ་བཞིན་གཤེགས་པའི་མཆོད་པ་དང་། རིམ་གྲོ་ལ་བརྩོན་ཞིང་དམ་པའི་ཆོས་ཡོངསུ་བཟུང་བ་ལ་མངོན་པར་བརྩོན་ཏེ། བསྡུ་བའི་དངོས་པོ་བཞིས་སེམས་ཅན་དེ་དག་ཡོངསུ་སྡུད་ཀྱང་། ཉན་ཐོས་ཆེན་པོ་ དེ་དག་གིས་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་དེ་དག་དང་། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་ཀུན་ནས་འདུས་པ་དེ་ལྟ་བུའང་མ་མཐོང་མ་ཤེས་སོ། །འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལ་ལ་ཞིག་ མྱིག་གཉིས་གོས་ཀྱིས་བཀབ་སྟེ། རིན་པོ་ཆེའི་གླིང་དུ་ཕྱིན་པར་གྱུར་ན། དེས་རིན་པོ་ཆེའི་གླིང་དེར་ཕན་ཚུན་འགྲོ་བ་དང་། འགྲེང་བ་དང་འདུག་པ་དང་ཉལ་བ་བྱས་ཀྱང་རིན་པོ་ཆེའི་འབྱུང་གནས་དེ་མི་མཐོང་ངོ་། ། རིན་པོ་ཆེའི་ཤིང་དང་གོས་ཀྱི་རིན་པོ་ཆེ་དང་། སྤོས་རིན་པོ་ཆེ་དང་། རིན་པོ་ཆེ་ཐམས་ཅད་ཀྱང་མི་མཐོང་ལ། རིན་པོ་ཆེ་དེ་དག་གི་སྤྱོད་ཡུལ་ལམ། རིན་ཐང་ངམ། ཡོངས་སུ་སྤྱོད་པའི་རྒྱུས་ཀྱང་མི་ཤེས་པས། དེ་ནི་རིན་པོ་ ཆེ་དེ་དག་ལེན་ཀྱང་མི་ལེན་ལ། རིན་པོ་ཆེའི་དོན་ཀྱང་ཉམས་སུ་མྱོང་བར་མྱི་བྱེད་དོ། །གང་གི་མིག་ལ་སྒྲིབ་པ་མེད་པ་དེ་དག་གིས་ནི་དེ་དག་ཐམས་ཅད་མཐོང་ཞིང་ཤེས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆོས་རིན་ པོ་ཆེའི་གླིང་ཆེན་པོར་ཕྱིན་པ་དེ་དག་གིས་བླ་ན་མེད་པའི་དེ་བཞིན་གཤེགས་པ་རིན་པོ་ཆེ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྒྱན་ཏུ་གྱུར་པ་མངོན་དུ་གྱུར་ཏེ། ཛེ་ཏའི་ཚལ་ན་བཞུགས་ཤིང་སངས་རྒྱས་ཀྱི་རྣམ་པར་ འཕྲུལ་པ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་སྟོན་པ་མཐོང་ཡང་ཉན་ཐོས་ཆེན་པོ་དེ་དག །དེ་བཞིན་གཤེགས་པའི་ཞབས་ཀྱི་དྲུང་དེ་ཉིད་ན་གནས་ཤིང་སྤྱོད་ཀྱང་། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ 76-1-64a གྱི་ཡུལ་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་དེ་དག་མ་མཐོང་ངོ་། །བྱང་ཆུབ་སེམས་དཔའི་ཚོགས་མང་པོ་དེ་ལྟ་བུའི་རིན་པོ་ཆེའི་འབྱུང་གནས་ཆེན་པོ་ཡང་མཐོང་བར་མ་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་ཁྱུ་མཆོག་གི་མཐུ་ཕྱུང་བ་དང་། ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་དེ་དག་ལྟར་ཐམས་ཅད་མཁྱེན་པ་ཉིད་ཀྱི་མི་འཐུན་པའི་ཕྱོགས་ཀྱི་མ་རིག་པའི་གོས་ཀྱིས་ ཡེ་ཤེས་ཀྱི་མྱིག་བཀབ་པ་དེ་དག་ལ་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་མིག་ཡོངས་སུ་དག་པ་དེ་ལྟ་བུ་མེད་དོ། །དེ་དག་གིས་ཆོས་ཀྱི་དབྱིངས་གཅིག་ནས་གཅིག་ཏུ་རྒྱུད་པ་ལ་འཇུག་པ་དེ་ལྟ་བུ་ཁོང་དུ་མི་ཆུད་དོ། ། འདི་ལྟ་སྟེ་དཔེར་ན། མིག་ཡོངས་སུ་དག་པ་རྡུལ་དང་བྲལ་བས་རབ་ཏུ་སྣང་བ་དང་ལྡན་པ་ཞེས་བྱ་བ་རབ་རིབ་དང་། མུན་པ་ཐམས་ཅད་དང་མི་འགྲོགས་པ་ཡོད་དེ། དེ་མྱི་ལ་ལ་ཞིག་གིས་ཐོབ་པར་གྱུར་ན། དེ་རྡུལ་དང་ བྲལ་བས་རབ་ཏུ་སྣང་བ་དང་ལྡན་པའི་མིག་ཡོངས་སུ་དག་པ་དང་ལྡན་པས་མཚན་མོ་མུན་པའི་མུན་ནག་ཤིན་ཏུ་གནག་པར་གྱུར་པའི་ནང་ན་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཀུན་ནས་འདུས་པ་དང་། ཆོ་ག་ དང་སྤྱོད་ལམ་རྣམ་པ་སྣ་ཚོགས་དང་ལྡན་ཞིང་མུན་པའི་རབ་རིབ་ཀྱིས་མིག་ཡོངས་སུ་འཁྲུག་པར་གྱུར་པ་མྱིའི་ཁྲོད་ན་འདུག་ཅིང་རྣམ་པར་རྒྱུ་ལ་ཕན་ཚུན་འགྲོ་བ་དང་། འགྲེང་བ་དང་སྤྱོད་ལམ་རྣམ་པ་སྣ་ཚོགས་ ཀྱིས་སྤྱོད་ཀྱང་མི་དེ་དག་གིས་སྐྱེས་བུ་སྤྱོད་ལམ་སྣ་ཚོགས་ཀྱི་སྤྱོད་པ་དེ་མི་མཐོང་མི་ཤེས་སོ། །སྐྱེས་བུ་དེས་ནི་འགྲོ་བའི་ཚོགས་ཆེན་པོ་སྤྱོད་ལམ་དང་ཚོགས་སྣ་ཚོགས་ཀྱིས་རྣམ་པར་སྤྱོད་པ། ཕྱོགས་ ཐ་དད་དུ་མངོན་པར་བལྟས་པ། དབྱིབས་ཀྱི་རྣམ་པ་ཐ་དད་པ་ཁ་དོག་གི་རྣམ་པ་ཐ་དད་པ་དམིགས་པའི་ཚུལ་ཐ་དད་པ་ཐམས་ཅད་ཀྱང་མི་མཐོང་བ་མྱེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་ 76-1-64b དཔའི་ཚོགས་ཀྱི་འཁོར་མངའ་བ། རྣམ་པར་དག་ཅིང་ཆགས་པ་མི་མངའ་བའི་སྤྱན་དང་ལྡན་པས་འཇིག་རྟེན་ཐམས་ཅད་མཁྱེན་ཅིང་གཟིགས་ཏེ། སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་དང་ཆོ་འཕྲུལ་ ཆེན་པོ་བསྟན་པ་མཛད་ཀྱང་། ཉན་ཐོས་ཆེན་པོ་དེ་དག་གི་དེ་བཞིན་གཤེགས་པའི་ཡེ་ཤེས་དང་ཏིང་ངེ་འཛིན་གྱིས་རྣམ་པར་སྤྲུལ་པའི་ཆོ་འཕྲུལ་ཆེན་པོ་དེ་དག་མཐོང་བར་མ་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་ཚོགས་ཆེན་པོ་དེ་ལྟ་བུ་ཡང་མཐོང་བར་མ་གྱུར་ཏོ། །འདི་ལྟ་སྟེ་དཔེར་ན། དགེ་སློང་ལ་ལ་ཞིག་སྐྱེ་བོ་མང་པོའི་ཚོགས་ཀྱི་དབུས་སུ་སས་ཁྱབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་འམ། ཆུས་ཁྱབ་པ་འམ། མེས་ཁྱབ་པ་འམ། རླུང་གིས་ཁྱབ་པ་འམ། སྔོན་པོས་ཁྱབ་པ་འམ། སེར་པོས་ཁྱབ་པ་འམ། དམར་པོས་ཁྱབ་པ་དང་། དཀར་པོས་ཁྱབ་པ་འམ། ལྷས་ཁྱབ་པ་འམ། སེམས་ཅན་སྣ་ཚོགས་ཀྱི་ ལུས་ཀྱིས་ཁྱབ་པ་འམ། སྒྲ་དབྱངས་ཀུན་གྱི་ཁྱབ་པ་འམ། དམིགས་པ་ཐམས་ཅད་ཀྱི་ཁྱབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ན་འགྲོ་བ་མང་པོའི་ཚོགས་དེ་དག་གི་ཆུའི་ཕུང་པོ་དེ་མི་མཐོང་ངོ་། །མེའི་ སྣང་བ་དེ་ཡང་མི་སྣང་ངོ་། །སེམས་ཅན་སྣ་ཚོགས་ཀྱི་ལུས་ཀྱིས་ཁྱབ་པ་དང་། དམྱིགས་པ་ཐམས་ཅད་ཀྱི་ཁྱབ་པའི་བར་དུ་ཡང་མི་མཐོང་སྟེ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཤིང་རྣམ་པར་སྤྱོད་ པ་རྣམས་ནི་མ་གཏོགསོ། །དེ་བཞིན་དུ་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱི་ཡུལ་གྱི་རྣམ་པར་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་དེ་དག་ཡོངསུ་བསྟན་པ་མཛད་ན་ཉན་ཐོས་ཆེན་པོ་ དེ་དག་གི་མཐོང་ཞིང་ཤེས་པར་མ་གྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་ལམ་ལ་ཞུགས་པ་དེ་དག་གིས་ནི་དེ་བཞིན་གཤེགས་པའི་ཡུལ་དེ་དག་མཐོང་ངོ་། །ཁོང་དུ་ཆུད་དོ་འདི་ལྟ་སྟེ་དཔེར་ན། 76-1-65a སྐུ་འགྲུབ་པའི་མྱི་ནི་མིག་གཉིས་བསྐུས་མ་ཐག་ཏུ། སྐྱེ་བོ་མང་པོ་ཐམས་ཅད་ཀྱི་ལུས་མི་མཐོང་ངོ་། །དེས་ནི་འགྲོ་འམ་འདུག་གམ། འགྲེང་ཡང་རུང་སྟེ། འགྲོ་བ་མང་པོ་ཐམས་ཅད་མཐོང་ངོ་། །དེ་བཞིན་དུ་ དེ་བཞིན་གཤེགས་པ་འཇིག་རྟེན་ལས་འདས་པར་འགྲོ་བ་ཐམས་ཅད་ཀྱི་ཡུལ་ལས་ཡོངསུ་འདས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་དུ་ཞུགས་པ། བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་མིག་གི་ ཤེས་པར་བྱ་བ་དེས་འགྲོ་བ་ཐམས་ཅད་གཟིགས་ཀྱང་ཉན་ཐོས་ཆེན་པོ་དེ་དག་གི་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་དེ་དག་མ་མཐོང་ངོ་། །འདི་ལྟ་སྟེ་དཔེར་ན། མྱིའི་ཚེར་འགྲོགས་པའི་ལྷ་རྟག་ཏུ་རྗེསུ་ འབྲང་བ་ནི། དེས་མྱི་དེ་མཐོང་ཡང་མྱིས་ལྷ་དེ་མི་མཐོང་ངོ་། །དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལ་ཞུགས་པ། བྱང་ཆུབ་སེམས་དཔའི་ཚོགས་ཀུན་ནས་འདུས་པ་ཆེན་པོའི་དབུསུ་ སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཆེན་པོ་ཡོངསུ་བསྟན་པ་མཛད་ཀྱང་། ཉན་ཐོས་ཆེན་པོ་དེ་དག་གིས་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་དང་། ཆོ་འཕྲུལ་ཆེན་པོ་དང་བྱང་ཆུབ་སེམས་དཔའི་དཀྱིལ་ འཁོར་གྱི་རྣམ་པར་འཕྲུལ་པ་དེ་དག་ཀྱང་མ་མཐོང་ངོ་། །མ་ཤེས་སོ། །འདི་ལྟ་སྟེ་དཔེར་ན། དགེ་སློང་སེམས་ཅན་ཐམས་ཅད་ལ་དབང་དམ་པའི་ཕ་རོལ་ཏུ་བགྲོད་པར་ཕྱིན་པའི་འདུ་ཤེས་དང་ཚོར་བ་འགོག་ པ་ལ་སྙོམས་པར་ཞུགས་པ་ནི་ཤེས་པ་མེད་ལ་ཚོར་བ་མེད་པས་དབང་པོ་དྲུག་གི་ཀྱང་བྱ་བ་གང་ཡང་ཉམས་སུ་མི་མྱོང་སྟེ། མྱ་ངན་ལས་འདས་པའང་མ་ཡིན་ལ་འཇིག་རྟེན་གྱི་ཐ་སྙད་ཐམས་ཅད་གནས་དེ་ ཡོད་ཀྱང་སྙོམས་པར་ཞུགས་པ་དེ་ཉིད་ཀྱི་བྱིན་གྱིས་རླབས་པ་དང་མཐུས་དེས་མི་ཤེས་མྱི་མཐོང་ངོ་། །དེ་བཞིན་དུ་ཉན་ཐོས་ཆེན་པོ་དེ་དག་ཛེ་ཏའི་ཚལ་དེ་ནའང་རྣམ་པར་སྤྱོད་ལ་དེ་དག་ལ་དབང་པོ་དྲུག་ཀྱང་ཡོད་དེ། དེ་བཞིན་ 76-1-65b གཤེགས་པའི་ཏིང་ངེ་འཛིན་དང་། རྣམ་པར་འཕྲུལ་པ་དང་ཁྱུ་མཆོག་གི་མཐུ་ཕྱུང་བ་དང་། ཆོ་འཕྲུལ་དེ་དག་མཐོང་བར་མ་གྱུར། ཁོང་དུ་ཆུད་པར་མ་གྱུར་ཤེས་པར་མ་གྱུར་ཏོ། །བྱང་ཆུབ་སེམས་དཔའི་ ཆོ་འཕྲུལ་ཆེན་པོ་དེ་དག་དང་། བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་དེ་དག་ཀྱང་ཁོང་དུ་མ་ཆུད་མ་མཐོང་མ་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཡུལ་ནི་ཟབ་ཅིང་ཡངས་ལ་ཚད་མེད་དེ། བལྟ་བར་ དཀའ་ཞིང་རྟོགས་པར་དཀའ་སྟེ། ཁོང་དུ་ཆུད་པར་དཀའ་ལ་འཇིག་རྟེན་ཐམས་ཅད་ལས་ཡོངསུ་འདས་པའོ། །སངས་རྒྱས་ཀྱི་ཡུལ་ནི་བསམ་གྱིས་མི་ཁྱབ་སྟེ། ཉན་ཐོས་དང་། སངས་རྒྱས་ཐམས་ཅད་ ཀྱི་མྱི་འདུས་པའོ། །དེ་བས་ན་ཉན་ཐོས་ཆེན་པོ་དེ་དག་ཛེ་ཏའི་ཚལ་དེ་ཉིད་ན་འཁོད་ཅིང་། བཅོམ་ལྡན་འདས་ཀྱི་ཞབས་ཀྱི་དྲུང་ན་སྤྱོད་ཀྱང་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་དེ་དག་དང་བྱང་ཆུབ་སེམས་དཔའི་ ཚོགས་ཆེན་པོ་དེ་དག་ཀྱང་མ་མཐོང་ངོ་། །ཛེ་ཏའི་ཚལ་འཇིག་རྟེན་གྱི་ཁམས་གྲངས་མེད་པ་བསམ་གྱིས་མི་ཁྱབ་པ་རྣམ་པར་དག་པའི་ཡོན་ཏན་དང་། རྒྱན་ཡོངསུ་འདུས་པ་དེ་འང་མ་མཐོང་མ་ཤེས་སོ། ། དེ་ནི་སྣོད་དུ་མ་གྱུར་པའི་ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་རྣམ་པར་སྣང་མཛད་ཀྱིས་སྨོན་ལམ་གྱི་གཙུག་གི་འོད་ཟེར་རབ་ཏུ་སྣང་བས་སངས་རྒྱས་ཀྱི་བྱིན་གྱིས་རླབས་ཀྱིས་དེའི་ཚེ་ཚིགསུ་བཅད་པ་ འདི་དག་སྨྲས་སོ། །ལྟོས་ཤིག་སེམས་ཅན་དམ་པ་ཡི། །སངས་རྒྱས་བྱང་ཆུབ་བསམ་མི་ཁྱབ། །རྒྱལ་བས་སངས་རྒྱས་རྣམ་འཕྲུལ་པ། ཛེ་ཏའི་ཚལ་ཆེན་འདིར་བསྟན་ཏོ། །རང་བྱུང་རྣམས་ཀྱི་བྱིན་ གྱིས་རླབས། །བགྲང་དུ་མེད་པར་འབྱུང་བ་ལ། །སངས་རྒྱས་ཆོས་ཚུལ་མི་ཤེས་པའི། །འཇིག་རྟེན་ཀུན་ཀྱང་མགོ་རྨོངས་སོ། །ཆོས་ཀྱི་རྒྱལ་པོའི་ཆོ་འཕྲུལ་དག །ཚད་མེད་བསམ་གྱིས་མི་ 76-1-66a ཁྱབ་ཅིང་། །ཤིན་ཏུ་ཟབ་པ་འབྱུང་བ་ནི། །དེ་ལ་འཇིག་རྟེན་འབབ་མི་ནུས། །རྫོགས་པའི་སངས་རྒྱས་ཁ་དོག་མདོག །མཚན་གྱིས་ཤིན་ཏུ་རྣམ་པར་ཀླུབས། །ཡང་དག་སངས་རྒྱས་བསྐྱེད་པ་ ཡིས། །ཆོས་རབ་དེ་དག་མཚན་ཉིད་མྱེད། །རྣམ་འཕྲུལ་མཐའ་དང་དབུས་མྱེད་པ། །ཚིག་གི་ལམ་གྱིས་རྗོད་དཀའ་བའི། །རྣམ་འཕྲུལ་ཤིན་ཏུ་ཟབ་པ་དག །རྒྱལ་བས་ཛེ་ཏའི་ཚལ་དུ་བསྟན། ། རྒྱལ་སྲས་བདག་ཉིད་ཆེ་བའི་རྣམས། །ཞིང་རྣམས་བསམ་ཡས་བྱེ་བ་ནས། །རྒྱལ་བའི་ཞལ་ལྟར་མོས་དགའ་སྟེ། །ཀུན་ནས་འདུས་པའི་ཚོགས་ལ་ལྟོས། །སྨོན་ལམ་ཡོངསུ་ཕུན་སུམ་ཚོགས། ། སྨོན་ལམ་སྤྱོད་པ་ཆགས་མྱེད་པ། །དེ་དག་བསམ་པ་ཤེས་པར་ནི། །འཇིག་རྟེན་ཀུན་གྱིས་མི་ནུས་སོ། །དེ་དག་སེམས་དང་སྤྱོད་ཡུལ་དང་། །སྤྱོད་པ་དག་ཀྱང་ཉན་ཐོས་དང་། །རང་རྒྱལ་ཐམས་ ཅད་ཡོངས་ཀྱིས་ཀྱང་། །རྣམ་པ་ཀུན་ཏུ་ཤེས་མི་ནུས། །རྒྱལ་སྲས་ཤེས་རབ་ཆེན་པོ་རྣམས། །གཞན་གྱིས་ཐུབ་དཀའ་ཕམ་བྱེད་ལ། །དཔའ་བའི་རྒྱལ་མཚན་མ་འདྲེས་ཤིང་། །ཡེ་ཤེས་ས་ལ་ གཞོལ་གྱུར་པ། །ཏིང་འཛིན་དཔག་ཏུ་ཚད་མྱེད་ལ། །གྲངས་ཆེན་མཉམ་པར་བཞག་པ་རྣམས། །ཆོས་དབྱིངས་ཐམས་ཅད་རྒྱས་བཀང་ཞིང་། །རྣམ་པར་འཕྲུལ་པ་ཀུན་ཀྱང་སྟོན། །དེ་ནས་བྱང་ཆུབ་ སེམས་དཔའ་ཐུབ་པར་དཀའ་བའི་བརྩོན་འགྲུས་ཀྱི་ཤུགས་ཀྱི་རྒྱལ་པོས་སངས་རྒྱས་ཀྱི་བྱིན་གྱིས་རླབས་ཀྱིས། ཕྱོགས་བཅུར་རྣམ་པར་བལྟས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། ། བསོད་ནམས་སྙིང་པོ་ཤེས་རབ་ཆེ། །བྱང་ཆུབ་སྤྱོད་པའི་ཚུལ་རྟོགས་ཤིང་། །འཇིག་རྟེན་ཀུན་ལ་བདེ་བྱེད་པའི། །བདེ་གཤེགས་སྐུ་ལས་སྐྱེས་པ་ལྟོས། །ཡིད་གཞུངས་བློ་གྲོས་མཐའ་ཡས་ཤིང་། ། 76-1-66b ཤིན་ཏུ་མཉམ་བཞག་སེམས་ལྡན་པ། །མཐའ་དང་དབུས་མེད་ཟབ་པ་ཡི། །ཡེ་ཤེས་རྒྱ་ཆེན་སྤྱོད་ཡུལ་ཅན། །རྒྱན་རབ་མང་པོས་མཛེས་བྱས་པའི། །ཛེ་ཏའི་ནགས་ཚལ་རྒྱ་ཆེ་བ། །བྱང་ཆུབ་སེམས་ དཔས་ཀུན་རྒྱས་ཤིང་། །བདེ་གཤེགས་བཞུགས་པའི་གནས་གྱུར་པ། །གནས་མེད་མི་གནས་གྱུར་པ་རྣམས། །ཕྱོགས་རྣམས་བཅུ་ནས་ཀུན་འདུས་ཏེ། །པདྨོའི་སྟན་ལ་འཁོད་པ་དག །རྒྱ་མཚོ་མང་ལ་ བལྟ་བ་གྱིས། །གནས་མྱེད་ལེན་པ་མེད་པ་རྣམས། །སྤྲོས་པ་མེད་ཅིང་མྱི་རྟེན་ལ། །རྡུལ་བྲལ་ཆགས་པའི་སེམས་མེད་པ། །ཆོས་ཀྱི་དབྱིངས་ལ་གཞོལ་བ་དང་། །ཡེ་ཤེས་རྒྱལ་ཆེན་རབ་དཔའ་བ། ། རྡོ་རྗེའི་སེམས་ནི་མི་གཡོ་ཞིང་། །གྲུབ་པ་མེད་པའི་ཆོས་རྣམས་ལ། །མྱ་ངན་འདའ་བར་གང་སྟོན་པ། །ཕྱོགས་བཅུའི་ཞིང་མང་བྱེ་བ་རྣམས། །གྲངས་ཀྱི་མྱི་ཆོད་ཀུན་ནས་འདུས། །ཡང་དག་སངས་རྒྱས་ དྲུང་དུ་ལྷགས། །གཉིས་ཀྱི་འདུ་ཤེས་རྣམ་པར་སྤངས། །རང་འབྱུང་ཤཱཀྱ་སེང་གེ་ཡིས། །རྣམ་པར་འཕྲུལ་པ་འདི་དག་མཐོང་། །དེ་ཡི་བྱིན་རླབས་དམ་པ་ཡི། །བྱང་ཆུབ་སེམས་དཔའ་འདི་དག་ལྷགས། ། སངས་རྒྱས་ཆོས་ལ་བྱེད་པ་མྱེད། །ཆོས་དབྱིངས་གཞི་ལའང་དེ་བཞིན་ཏེ། །ཐ་སྙེད་ཙམ་དུ་ཡོངས་འབྱེད་པའི། །ཕ་རོལ་ཕྱིན་པ་རྒྱལ་བའི་སྲས། །ཆོས་ཀྱི་དབྱིངས་ལ་དབྱེར་མེད་པའི། ། མཐའ་ལ་ཐུག་པ་དེ་དག་གནས། །ཚིག་རྣམས་ཡོངས་སུ་ཟད་མེད་པས། །ཆོས་ལ་དབྱེ་བའང་རབ་ཏུ་འབྱེད། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ནས་འཕགས་པའི་གཟི་བརྗིད་རྒྱལ་པོས། སངས་རྒྱས་ཀྱི་བྱིན་གྱིས་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ལྟོས་ཤིག་སེམས་ཅན་དམ་པ་ཡི། །ཡེ་ཤེས་དཀྱིལ་འཁོར་ཤིན་ཏུ་ཡངས། ། 76-1-67a དུས་དང་དུས་མྱིན་མཁྱེན་མཛད་ཅིང་། །སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན། །མུ་སྟེགས་ལྡན་པ་ཚོགས་འདུས་པའི། །རྒོལ་བ་ཐམས་ཅད་རབ་ཏུ་འཇོམས། །སེམས་ཅན་བསམ་པ་ཇི་ བཞིན་དུ། །རྣམ་པར་འཕྲུལ་པ་ཡོངས་སུ་སྟོན། །ཕྱོགས་ན་མི་བཞུགས་བདེ་གཤེགས་རྣམས། །སངས་རྒྱས་ཡུལ་གྱི་རྗེས་སུ་བཞུད། །ཚད་མྱེད་པ་དང་ཚད་ཡོད་པས། །ཐུབ་པ་ཆེན་པོ་འདས་པ་མྱིན། ། ཉི་མ་མཁའ་ལས་འགྲོ་བ་ནི། །ཉིན་པར་བགྲང་བར་མོས་པ་བྱེད། །དེ་བཞིན་མཁྱེན་པས་མཁས་སྟོན་པ། །དུས་གསུམ་ཆགས་པ་མེད་པས་བརྗོད། །ཟླ་བ་ཉ་བའི་མཚན་མོ་ལ། །ཟླ་བའི་དཀྱིལ་འཁོར་ འཕགས་པར་སྣང་། །དེ་བཞིན་ཆོས་དཀར་ཡོངས་རྫོགས་པའི། །མགོན་པོ་རྣམས་ཀྱང་མཐོང་བ་ཡི། །བར་སྣང་ནམཁའི་དབྱིངས་འདི་ལས། །ཉི་མའི་དཀྱིལ་འཁོར་རྒྱུ་བ་ན། །གར་ཡང་ཐོགས་པ་མེད་པར་ འགྲོ། །སངས་རྒྱས་རྣམ་འཕྲུལ་དེ་བཞིན་ནོ། །ཇི་ལྟར་ནམ་མཁའི་ཕྱོགས་རྣམས་ཀྱི། །ཞིང་རྣམས་ཀུན་ལ་མི་གནས་པ། །དེ་བཞིན་འཇིག་རྟེན་སྒྲོན་མ་ཡི། །སངས་རྒྱས་རྣམ་འཕྲུལ་ཤེས་པར་བྱ། ། ཇི་ལྟར་ས་ནི་འཇིག་རྟེན་ན། །ལུས་ཅན་ཀུན་གྱི་གནས་ཡིན་པ། །འཇིག་རྟེན་སྒྲོན་མའི་འཇིག་རྟེན་ན། །ཆོས་ཀྱི་འཁོར་ལོ་དེ་ལྟར་གནས། །ཇི་ལྟར་རླུང་ནི་ཆགས་མེད་པར། །མཁའ་ལས་མགྱོགས་ པར་རབ་རྒྱུ་བ། །དེ་བཞིན་སངས་རྒྱས་ཆོས་ཉིད་ཀྱང་། །འཇིག་རྟེན་ཁམས་སུ་རབ་ཏུ་རྒྱུ། །ཇི་ལྟར་ཆུ་ཡི་ཕུང་པོ་ལ། །ཞིང་རྣམས་བགྲངས་པ་ཀུན་གནས་པ། །དེ་བཞིན་དུས་གསུམ་སངས་རྒྱས་ཀྱང་། ། ཡེ་ཤེས་ཚོགས་ལ་རབ་ཏུ་གནས། །དེ་ནས་བྱང་ཆུབ་སེམས་དཔའ་དཔལ་གྱི་སྙིང་པོ་ཆགས་པ་མེད་པའི་རྒྱལ་པོས། སངས་རྒྱས་ཀྱི་བྱིན་གྱིས་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ 76-1-67b ཚིགསུ་བཅད་པ་འདི་དག་སྨྲས་སོ། །ཇི་ལྟར་རྡོ་རྗེ་རི་དང་བྲག །ཟང་ཡག་ཤིན་ཏུ་མཐོ་ཡངས་པ། །ཇི་ལྟར་འཇིག་རྟེན་ཀུན་སྐྱོབ་པའི། །སངས་རྒྱས་མངོན་པར་འཕགས་པས་མཐོ། །ཇི་ལྟར་རྒྱ་མཚོའི་ཆུ་ཆེན་ དག །ཚད་མེད་རྙོག་པ་མེད་པ་ལྟར། །སངས་རྒྱས་མཐོང་བའང་དེ་བཞིན་ཏེ། །འཇིག་རྟེན་ཀུན་གྱི་སྐོམ་པ་གཅོད། །རྒྱ་མཚོ་ཆུ་ལས་འཕགས་པ་ཡི། །རི་བོ་རི་རབ་ཅི་འདྲ་བ། །དེ་བཞིན་འཇིག་རྟེན་སྒྲོན་མ་ ཡང་། །ཆོས་ཀྱི་མཚོ་ལས་མངོན་པར་འཕགས། །རིན་ཆེན་ཀུན་གྱི་འབྱུང་གནས་ཀྱིས། །རྒྱ་མཚོ་རྒྱས་པ་ཇི་བཞིན་དུ། །རང་བྱུང་ཡེ་ཤེས་དེ་བཞིན་ཏེ། །མི་ཟད་སྐད་ཅིག་རབ་མཁྱེན་པ། །མགོན་པོའི་ཡེ་ ཤེས་ཤིན་ཏུ་ཟབ། །ཚད་མེད་དེ་བཞིན་བགྲང་དུ་མྱེད། །དེ་བས་སངས་རྒྱས་རྣམ་འཕྲུལ་པ། །བསམ་གྱིས་མི་ཁྱབ་ཚད་མེད་སྟོན། །སྒྱུ་མའི་མཚན་ཉིད་སྟོན་པ་ཡི། །སྒྱུ་མཁན་མཁས་པ་ཇི་ལྟ་བ། ། ད་ལྟར་སངས་རྒྱས་མཁྱེན་དབང་ཡང་། །རྣམ་པར་འཕྲུལ་པ་རབ་ཏུ་སྟོན། །ཡིད་བཞིན་ནོར་བུ་རྣམ་དག་པ། །བསམ་དོན་རྫོགས་བྱེད་ཇི་ལྟ་བ། །དེ་བཞིན་བསམ་པ་དག་པ་ལ། །རྒྱལ་བ་སྨོན་ལམ་ རྫོགས་པ་མཛད། །འོད་སྣང་གསལ་བ་བྱེད་པ་ཡི། །རིན་ཆེན་རྣམ་སྣང་ཇི་ལྟ་བ། །དེ་ལྟར་ཐམས་ཅད་མཁྱེན་དག་པ། །འགྲོ་བའི་བསམ་པ་གསལ་བར་མཛད། །ཇི་ལྟར་ཕྱོགས་ལ་མངོན་བལྟའོ། ། རིན་ཆེན་ཟུར་བརྒྱད་རབ་གནས་པ། །དེ་བཞིན་ཆགས་མེད་སྒྲོན་མ་ཡང་། །ཆོས་དབྱིངས་རབ་ཏུ་སྣང་བ་མཛད། །ཆུ་དང་རིན་ཆེན་འོད་གསལ་བ། །ཇི་ལྟར་དྲི་མེད་ཆུ་འདང་བྱེད། །དེ་བཞིན་སངས་རྒྱས་ མཐོང་བས་ཀྱང་། །འགྲོ་བའི་དབང་པོ་དག་པར་འགྱུར། །དེ་ནས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་སུ་སྨོན་ལམ་རབ་ཏུ་འཕྲུལ་བའི་ཟླ་བའི་རྒྱལ་པོས། སངས་རྒྱས་ཀྱིས་ 76-1-68a བྱིན་གྱིས་རླབས་ཀྱི་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཕྱོགས་འདི་ཨིན་དྲ་ནཱི་ལ་ཡི། །ཁ་དོག་མདོག་གཅིག་བྱས་པ་ལྟར། །སངས་རྒྱས་མཐོང་ བས་སྐྱེ་དགུ་རྣམས། །དེ་བཞིན་བྱང་ཆུབ་མདོག་ཏུ་འགྱུར། །སངས་རྒྱས་རྡུལ་ཕྲན་རེ་རེ་ལ། །རྣམ་པར་འཕྲུལ་པ་སྣ་ཚོགས་རྣམས། །ཚད་མྱེད་གཞལ་དུ་མེད་པ་སྟོན། །བྱང་ཆུབ་སེམས་དཔའ་རྣམ་ དག་མཛད། །དེ་ནི་རྨད་བྱུང་ཤིན་ཏུ་ཟབ། །མཐའ་ཡས་བསྒྲུབ་པར་དཀའ་བ་སྟེ། །བློ་ལྡན་ཡེ་ཤེས་ཡུལ་དེ་ལ། །འཇིག་རྟེན་རྣམས་ནི་འབབ་མི་ནུས། །བྱང་ཆུབ་སེམས་དཔའ་བསྒྲུབས་དོན་དུ། ། བཀོད་པ་ཕུན་སུམ་ཚོགས་པ་དང་། །སངས་རྒྱས་ཚུལ་གྱིས་རྣམ་སྦྱངས་པའི། །ཆོས་ཀྱི་དབྱིངས་ལ་འཇུག་པ་སྟོན། །སངས་རྒྱས་ཞིང་རྣམས་མཐའ་ཡས་པ། །བློ་ལྡན་བསྐོར་བའི་ སངས་རྒྱས་ཀྱིས། །ཀུན་ནས་གང་བར་གྱུར་པ་ཡང་། །རྒྱལ་བ་དེ་ལ་སྟོན་པ་མཛད། །ཆོས་ཀུན་མངའ་སྒྱུར་སྟོན་པ་སྟེ། །ཤཱཀྱའི་ཁྱུ་མཆོག་སྐྱེས་པར་གྱུར། །དེ་ཡི་ཆོ་འཕྲུལ་ཚད་མེད་པས། ། འདི་དག་རབ་ཏུ་བྱུང་བ་ཡིན། །བརྟན་པའི་སྤྱོད་པ་སྣ་ཚོགས་རྣམས། །ཚད་མེད་རྣམ་པར་གཟིགས་ཀུན་ནས། །རྣམ་པར་འཕྲུལ་པ་མཐའ་ཡས་པ། །ཚད་མེད་གཟི་ཅན་སྟོན་པ་མཛད། ། འཇིག་རྟེན་མགོན་པོ་རྒྱལ་སྲས་རྣམས། །ཆོས་ཀྱི་དབྱིངས་ལ་སློབ་པ་མཛད། །ཆོས་རྣམས་ཐམས་ཅད་ཡོངས་ལ་ཡང་། །ཆགས་མེད་ཡེ་ཤེས་སྤྱོད་ཡུལ་འགྱུར། །སྐྱེས་བུ་དབང་པོའི་བྱིན་རླབས་ ཀྱིས། །ཆོ་འཕྲུལ་བརྒྱ་དང་རབ་ལྡན་ཞིང་། །འཇིག་རྟེན་ཐམས་ཅད་རྣམ་སྦྱོང་བའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །སེམས་ཅན་གཙོ་བོའི་ཡུལ་ལ་ཡང་། །ཡེ་ཤེས་དཀྱིལ་འཁོར་ཡོངས་སྦྱོངས་ཤིང་། 76-1-68b ཤེས་རབ་ཆེན་པོའི་ཀླུ་ཆེན་རྣམས། །འཇིག་རྟེན་ཐམས་ཅད་འགྲེལ་བར་འགྱུར། །དེ་ནས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དོན་གྱི་བློ་གྲོས་གཟི་བརྗིད་རྒྱལ་པོས། །བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས། ། ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགསུ་བཅད་པ་འདི་དག་སྨྲས་སོ། །དྲང་སྲོང་དམ་པའི་མཆོག་རྣམས་ཀྱི། །དུས་གསུམ་ཉན་ཐོས་གང་བྱུང་བ། །དེ་དག་ཀུན་གྱིས་བདེ་གཤེགས་ཀྱིས། །གཤེགས་ ཐབས་འཇོག་འདེག་མི་ཤེས་སོ། །དུས་གསུམ་མ་ལུས་ཐམས་ཅད་ཀྱི། །མ་ནོར་རང་རྒྱལ་གང་བྱུང་བ། །དེ་དག་གིས་ཀྱང་མགོན་པོ་ཡི། །གཤེགས་ཐབས་འཇོག་འདེག་མི་རིག་གོ། །མ་རིག་མུན་པས་ བསྒྲིབས་པ་རྣམས། །ཁྱི་ལྟར་ལྟུང་ལ་རྒྱུས་པ་ཡི། །སེམས་ཅན་དེ་འདྲ་ཀུན་གྱིས་ནི། །མགོན་པོ་མྱི་ཤེས་སྨོས་མི་དགོས། །རྒྱལ་བ་ཚད་མས་གཞལ་བ་མྱིན། །དེ་ནི་ཤེས་པར་མི་ནུས་ཏེ། །སངས་རྒྱས་ ཆགས་མྱེད་ཡེ་ཤེས་ཅན། །ཚིག་གི་ལམ་ལས་ཤིན་ཏུ་འདས། །ཟླ་བ་ཉ་རྒྱས་འོད་མངའ་བ། །བརྟན་པ་མཚན་གྱིས་རྣམ་པར་བྲིས། །དེ་ནི་བསྐལ་པ་དཔག་ཡས་པར། །རྣམ་འཕྲུལ་ཐོགས་མེད་ སྤྱོད་པ་མཛད། །ཚུལ་སྒོ་རེ་རེས་སངས་རྒྱས་ལ། །ཤིན་ཏུ་མཉམ་བཞག་བསམ་བྱས་ཀྱང་། །བསྐལ་པ་བྱེ་བ་བསམ་ཡས་པ། །བརྗོད་དུ་མེད་པ་ཟད་གྱུར་གྱི། །རང་བྱུང་རྣམས་ཀྱི་ཡོན་ཏན་ནི། ། ཕྱོགས་གཅིག་ཆ་ཡིས་མཐར་མྱི་ཕྱིན། །སངས་རྒྱས་དེ་ཡི་ཞལ་བལྟས་ཀྱང་། །སངས་རྒྱས་ཆོས་ནི་བསམ་མྱི་ཁྱབ། །གང་ཞིག་དེ་ལ་སྨོན་བྱེད་ཅིང་། །གང་ཞིག་ཡིད་ཀྱིས་དགའ་མོས་པ། །དེ་དག་ ཀུན་གྱི་དེ་འདྲ་བའི། །སྤྱོད་ཡུལ་བལྟ་དཀའ་འཐོབ་པར་འགྱུར། །བསོད་ནམས་ཡེ་ཤེས་མཐའ་ཡས་དང་། །ཚོགས་ཅན་ཡངས་པས་རྣམ་གནོན་ལ། །དྲི་མེད་བློ་ལྡན་སེམས་གནས་པ། །དེ་དག་འདི་ཡི་ཚུལ་ 76-1-69a ལ་འཇུག །དེ་དག་སྨོན་ལམ་རྒྱ་ཆེ་བས། །སེམས་དང་སྡོམ་པ་རྒྱ་ཆེ་སྟེ། །རྒྱལ་བའི་སྤྱོད་ཡུལ་ཐོབ་གྱུར་ཅིག །བྱང་ཆུབ་རྒྱ་ཆེན་གནོན་པར་འགྱུར། །དེ་ནས་བྱང་ཆུབ་སེམས་དཔའ་བདུད་ཀྱི་ དཀྱིལ་འཁོར་རྣམ་པར་འཐོར་བའི་ཡེ་ཤེས་རྒྱལ་མཚན་གྱི་རྒྱལ་པོས། སངས་རྒྱས་ཀྱི་བྱིན་གྱིས་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། །དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཆགས་མེད་ཡེ་ཤེས་ སྐུ་མངའ་བས། །རང་བྱུང་རྣམས་ནི་སྐུ་མེད་དེ། །བསམ་ཡས་ཡེ་ཤེས་ཡུལ་མངའ་བས། །དེ་དག་བསམ་པར་མི་ནུས་སོ། །ཕྲིན་ལས་དཀར་པོ་བསམ་ཡས་པས། །སངས་རྒྱས་སྐུ་རབ་བསྒྲུབ་པའི་ཕྱིར། །དེ་ལ་ འཇིག་རྟེན་གསུམ་གྱི་མགོན། །མཚན་དང་དཔེ་བྱད་བཟང་པོས་མཛེས། །ཆོས་ཀྱི་དབྱིངས་ཀྱིས་རྣམ་སྦྱངས་པས། །འཇིག་རྟེན་ཀུན་ཏུ་སྣང་བ་མཛད། །སངས་རྒྱས་བྱང་ཆུབ་སྒོ་ཡིན་ཏེ། །ཡེ་ཤེས་ཀུན་གྱིས་ གནས་ཆེན་ནོ། །ཆགས་པ་ཐམས་ཅད་རྣམ་སྤངས་པས། །རྡུལ་མེད་སྤྲོས་པ་མི་མངའོ། །ཡེ་ཤེས་འོད་ཟེར་རབ་འགྱེད་པས། །འཇིག་རྟེན་ཀུན་ཏུ་ཉི་མ་འདྲ། །ཁམས་གསུམ་ཐམས་ཅད་རྣམ་སྦྱོངས་པས། ། སྲིད་པའི་འཇིགས་པ་རྣམ་པར་གཅོད། །བྱང་ཆུབ་སེམས་དཔའ་བསྒྲུབ་པ་མཛད། །བྱང་ཆུབ་འབྱུང་གནས་དེ་བཞིན་ནོ། །ཁ་དོག་མཐའ་ཡས་སྟོན་མཛད་ཀྱང་། །ཁ་དོག་ཀུན་ལ་གནས་པ་མེད། ། སེམས་ཅན་ཀུན་གྱིས་བསམ་ཡས་པའི། །ཁ་དོག་ཚད་མེད་ཡོངས་སུ་སྟོན། །སྐད་ཅིག་གཅིག་ལ་སངས་རྒྱས་ཀྱི། །བྱང་ཆུབ་བསམ་ཡས་སྦྱངས་པས་ན། དེ་ཡིས་ཡེ་ཤེས་མཐར་ཕྱིན་པར། །རྟག་པར་ སུས་ཀྱང་མི་ནུས་སོ། །ཡེ་ཤེས་བསྟན་པ་ཟད་མྱི་ཤེས། །རང་བཞིན་རྣམ་པར་འགྱུར་བ་མེད། །དེ་ལ་དུས་གསུམ་རྒྱལ་བ་ཀུན། །སྐད་ཅིག་གཅིག་གིས་རབ་ཏུ་བརྗོད། །རྟག་པར་ལས་གཞན་ཡོངས་བཏང་སྟེ། ། 76-1-69b ཤེས་ལྡན་བྱང་ཆུབ་དོན་གཉེར་བས། །སེམས་ལ་སེམས་ཤེས་བྱ་བ་ཡང་། །དེ་ལ་སེམས་སྐྱེ་མྱེད་པར་བསམ། །གང་གི་སངས་རྒྱས་བསྐྱེད་པ་ཡི། །སངས་རྒྱས་ཆོས་རྣམས་བསམ་མི་ཁྱབ། །དེ་དག་བརྗོད་ པའི་ཡུལ་མ་ཡིན། །ཤིན་ཏུ་ཟབ་པས་ཚིག་ལམ་སྤངས། །དེ་ནས་བྱང་ཆུབ་སེམས་དཔའ་རྣམ་པར་སྣང་མཛད་ཀྱི་སྨོན་ལམ་དཔལ་གྱི་རྒྱལ་མཚན་གྱིས། །སངས་རྒྱས་ཀྱི་བྱིན་གྱིས་རླབས་ཀྱི་ཕྱོགས་ བཅུར་རྣམ་པར་བལྟས་ཏེ། །དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །དྲན་པ་རྨོངས་མྱེད་དག་པ་རྣམས། །ཆོས་འཛིན་ཤིན་ཏུ་ངེས་རྟོགས་ཤིང་། །བློ་གྲོས་བསམ་གྱིས་མི་ཁྱབ་ལ། །བྱང་ཆུབ་རྒྱ་ མཚོ་མྱི་ཟད་པ། །དེ་དག་ཡིད་ནི་འདི་ལ་ངེས། །དེ་དག་སྤྱོད་པའི་སྤྱོད་ཡུལ་ཡིན། །དེ་དག་ཤེས་པ་འདིར་མྱི་གཡོ། །དེ་དག་འདི་ལ་ཐེ་ཙོམ་ཆད། །དེ་དག་སྐྱོ་བར་མྱི་འགྱུར་ཏེ། །དེ་དག་ཡིད་ཀྱང་ཞུམ་མི་ འགྱུར། །སངས་རྒྱས་ཆོས་ལ་རབ་གཞོལ་བར། །དེ་དག་སེམས་ཀྱང་རབ་ཏུ་འབྱུང་། དེ་དག་དད་པ་རྟིང་ཚུགས་ཤིང་། །ཡང་དག་འཕགས་པ་རབ་ཏུ་བསྐྱེད། །དམིགས་མེད་གནས་པ་མེད་པ་ཡི། །ཡེ་ཤེས་ འདི་ལ་དེ་དག་དགའ། །བསྐལ་པ་བྱེ་བར་བསྩགས་པ་ཡི། །ཡོངསུ་རྫོགས་པའི་དགེ་བའི་ཆོས། །ཡེ་ཤེས་འདི་འདོད་མཚུངས་པ་མེད། །དེ་དག་ཐམས་ཅད་ཡོངས་སུ་བསྔོ། །འཁོར་བའི་ནང་ན་རྒྱུ་བ་ཡང་། ། འཁོར་བ་དག་ལ་གནས་པ་མྱིན། །སངས་རྒྱས་ཆོས་རྣམས་རབ་རྟོགས་པས། །སངས་རྒྱས་ཡུལ་ལ་རབ་ཏུ་བརྩེ། །སེམས་ཅན་ཁམས་ནི་ཇི་སྙེད་དུ། །འཇིག་རྟེན་ཕུན་སུམ་ཚོགས་རྒྱུ་བ། །དེ་དག་ཐམས་ཅད་ བརྟན་པས་སྤངས། །སངས་རྒྱས་ཕུན་སུམ་ཚོགས་ལ་གནས། །སངས་རྒྱས་རྟག་ཏུ་འབྱུང་གྱུར་ཀྱང་། །འཇིག་རྟེན་དོན་མྱེད་རབ་ཏུ་གནས། །ཆགས་མེད་སྤྱོད་པ་དེ་དག་ནི། །རྟག་ཏུ་སེམས་ཅན་དོན་ལ་གནས། ། 76-1-70a དེ་དག་སྤྱོད་པ་མཚུངས་མེད་དེ། །ལུས་ཅན་ཀུན་གྱིས་བསམ་མི་ཁྱབ། །འཇིག་རྟེན་བདེ་བ་ཀུན་སེམས་པས། །དེ་དག་སྡུག་བསྔལ་རྣམ་པར་བཟློག །འཇིག་རྟེན་ཀུན་ལ་སྙིང་བརྩེ་ཞིང་། །བྱང་ཆུབ་ཡེ་ཤེས་ རྣམ་དག་པས། །དེ་དག་འཇིག་རྟེན་སྣང་བར་འགྱུར། །འཇིག་རྟན་ཐམས་ཅད་རབ་ཏུ་འགྲོལ། །དེ་ནས་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་གྲོལ་བའི་རྒྱལ་པོས། སངས་རྒྱས་ཀྱི་བྱིན་གྱི་རླབས་ ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བསྐལ་པ་བྱེ་བ་ཕྲག་བརྒྱར་ཡང་། །སངས་རྒྱས་སྒྲ་ནི་རབ་བཀོད་ན། །ཐེ་ཙོམ་ཐམས་ཅད་གཅོད་པ་ཡི། །དམ་པའི་ མཐོང་བ་ཅི་ཞིག་སྨོས། །ཆོས་ཀུན་ཐུགསུ་ཆུད་རྟོགས་པ། །འཇིག་རྟེན་གསུམ་པོའི་བསོད་ནམས་སྟེགས། །སེམས་ཅན་ཐམས་ཅད་རྣམ་སྦྱོང་བའི། །འཇིག་རྟེན་སྒྲོན་མ་མཐོང་གི་དགའ། །སེམས་ཅན་གཙོ་བོ་ མ་སྨད་པའོ། །གཟུགས་ཀྱི་སྐུ་ནི་མཐོང་གྱུར་ན། །བསྐལ་པ་བྱེ་བ་ཁྲག་ཁྲིག་ཏུ། །ངོམས་ཤིང་ཚིམ་པ་སྐྱེར་མི་བཏུབ། །མྱིའི་དབང་པོའི་སྐུ་གཟུགས་ལ། །རྒྱལ་བའི་སྲས་རྣམས་ལྟ་ལྟ་ཞིང་། །རང་གི་དགེ་ བའི་ཆགས་མྱེད་པ། །གཞན་དོན་བརྩོན་པ་བྱང་ཆུབ་བསྔོ། །ཐུབ་པ་ཆེན་པོའི་གཟུགས་ཀྱི་སྐུ། །དེ་ལས་སོ་སོ་ཡང་དག་རིག །ཆགས་མྱེད་ཡེ་ཤེས་འབྱུང་གྱུར་བས། །དེ་ནི་སངས་རྒྱས་བྱང་ཆུབ་བསྔོ། ། སེམས་ཅན་བསམ་ཡས་ཚད་མྱེད་པ། །སྣང་བར་མཛད་དེ་ཐེག་ཆེན་ལ། །བཙུད་ནས་ཐུབ་པ་མེད་པའི་མཆོག །བྱང་ཆུབ་དམ་པར་ལུང་ཡང་བསྟན། །བསོད་ནམས་ཆེན་པོའི་རང་བཞིན་ཞིང་། །ཡེ་ཤེས་དཀྱིལ་ འཁོར་ཤར་ཅིང་བྱུང་། །འཇིག་རྟེན་ཚད་མྱེད་ཀུན་ཏུ་སྣང་། །བསོད་ནམས་ཕུང་པོ་རྣམ་འཕེལ་མཛད། །སྡུག་བསྔལ་དྲ་བ་རབ་ཏུ་གཅད། །ཡེ་ཤེས་ཕུང་པོ་རྣམ་པར་སྤྱོད། །གང་གིས་རྒྱལ་བ་བསྙེན་བཀུར་བ། ། 76-1-70b དེ་དག་ངན་སོང་འཇིགས་པ་མེད། །རྐང་གཉིས་དམ་པ་མཐོང་གྱུར་ན། །ཤིན་ཏུ་ཡངས་པའི་སེམས་སྐྱེ་སྟེ། །འདི་སྣང་གསལ་བའི་ཤེས་རབ་མཐུ། །གྲངས་མེད་དེ་བཞིན་སྐྱེ་བར་འགྱུར། །སངས་རྒྱས་སྐྱེས་ བུའི་མཆོག་མཐོང་ཞིང་། །བྱང་ཆུབ་དམ་པར་ངེས་པར་འགྱུར། །དེ་བཞིན་གཤེགས་པར་འགྱུར་བྱ་ཞེས། །དེ་དག་ཀུན་ཀྱང་ངེས་པར་སེམས། །དེ་ནས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་ཀྱི་སྨོན་ལམ་གྱི་ གཞི་རབ་ཏུ་རྟོག་པས། སངས་རྒྱས་ཀྱི་བྱིན་གྱི་རླབ་ཀྱི་དེའི་ཚེ་ཚིགསུ་བཅད་པ་འདི་དག་སྨྲསོ། །ཡོན་ཏན་མཐའ་ཡས་ཕུན་ལྡན་པ། །ཤཱཀྱའི་ཁྱུ་མཆོག་ཐུབ་མཐོང་ནས། །ཡོངསུ་བསྔོ་བ་བྱེད་པའི་སེམས། ། ཐེག་པ་ཆེ་ལ་རྣམ་པར་དག །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཐུགས་རྗེ་ཆེ་མངའི་བརྟེན་པ་རྣམས། །ཆོས་ཀྱི་འཁོར་ལོ་བསྐོར་མཛད་པ། །དེ་བཞིན་གཤེགས་པ་འབྱུང་བར་འགྱུར། །བསྐལ་པ་ ཁྲག་ཁྲིག་ཕྲག་བརྒྱར་ཡང་། །སེམས་ཅན་དོན་ལ་བརྩོན་མཛད་པའི། །སངས་རྒྱས་རྣམས་ལ་ལུས་ཅན་རྣམས། །ཀུན་གྱིས་ལན་གླན་ཅིས་ཀྱང་ནུས། །ངན་སོང་གསུམ་པོ་མི་ཟད་པར། །བསྐལ་པ་བྱེ་བར་ བཅོས་བླ་ཡི། །ཆགས་པ་ཐམས་ཅད་བཟློག་མཛད་པའི། །སྟོན་པ་མི་མཐོང་མ་ཡིན་ནོ། །སེམས་ཅན་ཀུན་གྱི་རྒྱུད་རྣམས་ན། །སྡུག་བསྔལ་ཕུང་པོ་ཇི་ཡོད་པ། །མ་ལུས་ཉམས་སུ་བཟོད་ནུས་ཀྱི། ། སངས་རྒྱས་མི་མཐོང་མ་ཡིན་ནོ། །འཇིག་རྟེན་འདི་དག་ཐམས་ཅད་ན། །ཐ་དད་ངན་སོང་རྒྱུད་ཡོད་པ། །དེ་དག་ཡུན་རིང་གནས་བླ་ཡི། །སངས་རྒྱས་མི་མཐོང་མ་ཡིན་ནོ། །སེམས་ཅན་དམྱལ་བ་རེ་རེ་ ཡང་། །བསྐལ་པ་ཚད་མེད་གནས་བླ་ཡི། །མཐའ་ཡས་རྒྱལ་བས་བརྙེས་པ་ཡིས། །བྱང་ཆུབ་མཆོག་ལས་རིང་གནས་མྱིན། །ཅི་ཞིག་ཕྱིར་ནི་ངན་སོང་དུ། །ཡུན་རིང་གནས་པར་འདོད་ཆེན་ན། །རྒྱལ་བའི་ 76-1-71a དབང་པོ་མཐོང་བ་ནི། །ཡེ་ཤེས་འཕེལ་བའི་རྒྱུར་འགྱུར་ཕྱིར། །རྒྱལ་བ་འཇིག་རྟེན་མཆོག་མཐོང་ན། །སྡུག་བསྔལ་ཐམས་ཅད་འཆད་པར་འགྱུར། །རྫོགས་པའི་སངས་རྒྱས་སྤྱོད་ཡུལ་གྱི། ། ཡེ་ཤེས་ཁོང་དུ་ཆུད་པར་འབྱུང་། །སངས་རྒྱས་མྱི་ཡི་མཆོག་མཐོང་ཞིང་། །སྒྲིབ་པ་ཐམས་ཅད་ཟད་པར་འགྱུར། །བྱང་ཆུབ་གང་གིས་འཐོབ་པ་ཡི། །བསོད་ནམས་ཚད་མེད་འཕེལ་བར་འགྱུར། ། སངས་རྒྱས་མཐོང་བས་སེམས་ཅན་རྣམས། །ཐེ་ཙོམ་ཡིད་གཉིས་ཆད་པར་འགྱུར། །འཇིག་རྟེན་འདས་དང་འཇིག་རྟེན་གྱི། །བསམ་པའང་ཡོངསུ་རྫོགས་པར་འགྱུར། །དེ་ནས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ལ་རྣམ་པར་བལྟས་ཏེ། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་སེངྒེ་རྣམ་པར་བསྒྱིངས་པ་འདི་ཉིད་དེ་བས་ཀྱང་རྣམ་པར་དབྱེ་ བ་དང་རྒྱ་ཆེར་བརྗོད་པ་དང་། གསལ་བར་བྱ་བ་དང་རབ་ཏུ་བརྗོད་པ་དང་། ཡང་དག་པར་བསྟན་པ་དང་། ཤིན་ཏུ་སྣང་བར་བྱ་བ་དང་། རབ་ཏུ་གསལ་བར་བྱ་བ་དང་མན་ངག་བསྟན་པའི་ཕྱིར། ཆོས་ཀྱི་དབྱིངས་ཀྱི་ཚུལ་ ནམ་མཁའི་དབྱིངས་དང་མཉམ་པས། དུས་གསུམ་མཉམ་པ་ཉིད་དང་། ཆོས་ཀྱི་དབྱིངས་མཉམ་པ་ཉིད་དང་སེམས་ཅན་གྱི་ཁམས་མཉམ་པ་ཉིད་དང་། འཇིག་རྟེན་ཐམས་ཅད་མཉམ་པ་ཉིད་དང་ལས་ཀྱི་རྒྱུད་ཐམས་ ཅད་མཉམ་པ་ཉིད་དང་སེམས་ཅན་གྱི་བསམ་པ་མཉམ་པ་ཉིད་དང་། སེམས་ཅན་གྱི་མོས་པ་མཉམ་པ་ཉིད་དང་ཆོས་ཀྱི་སྣང་བ་མཉམ་པ་ཉིད་དང་། སེམས་ཅན་ཡོངསུ་སྨིན་པར་བྱ་བའི་དུས་མཉམ་པ་ཉིད་དང་། འགྲོ་བ་ཐམས་ཅད་ཀྱི་དབང་པོ་མཉམ་པ་ཉིད་ཀྱིས། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་སེང་གེ་རྣམ་པར་བསྒྱིངས་པ། འདི་ཉིད་བྱང་ཆུབ་སེམས་དཔའ་དེ་དག་ལ་བསྟན་པའི་ཚུལ་བཅུས་ཡང་དག་པར་ 76-1-71b རབ་ཏུ་སྟོན་ཏེ། བཅུ་གང་ཞེ་ན། འདི་ལྟར་ཆོས་ཀྱི་དབྱིངས་ཐམས་ཅད་དུ་གཏོགས་པའི་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་རྣམས་ལ། སངས་རྒྱས་གཅིག་ནས་གཅིག་ཏུ་རྒྱུད་པ་བསྟན་པ་དང་། འདི་ལྟ་སྟེ། ནམ་མཁའི་དབྱིངས་ཀྱིས་ཀླས་པའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ། ཕྱི་མའི་མཐའི་མུར་ཐུག་པའི་སྐལ་པར་དེ་བཞིན་གཤེགས་པའི་ཡོན་ཏན་རྗེས་སུ་བརྗོད་པ་བསྟན་པ་དང་། འདི་ལྟ་སྟེ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཡོངས་སུ་སྐྱེ་བ་དང་། མཐའ་དང་དབུས་མྱེད་པའི་མངོན་པར་རྫོགས་པའི་བྱང་ཆུབ་ཀྱི་སྒོ་རྒྱ་མཚོ་ཡོངས་སུ་བརྗོད་ཅིང་བསྟན་པ་དང་། འདི་ལྟ་སྟེ་ནམ་མཁའི་ དབྱིངས་ཀྱི་ཀླས་པའི་སངས་རྒྱས་ཀྱི་ཞིང་གི་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་གྱི་བྱང་ཆུབ་སེམས་དཔའི་དགེ་འདུན་སྙིང་པོ་བྱང་ཆུབ་ལ་མངོན་དུ་གྱུར་པའི་གནས་དང་། འདི་ལྟ་སྟེ་དུས་གསུམ་ གྱི་སངས་རྒྱས་ཀྱི་སྐུ་དང་འོད་ཟེར་སྤྲུལ་པ་བ་སྤུའི་སྒོ་ཐམས་ཅད་ནས། སེམས་སྐད་ཅིག་ལ་རབ་ཏུ་བཀྱེ་ཞིང་ཆོས་ཀྱི་དབྱིངས་རྒྱས་པར་དགང་བ་བསྟན་པ་དང་། འདི་ལྟ་སྟེ་ཕྱོགས་རྒྱ་མཚོ་ཐམས་ཅད་དུ་སངས་ རྒྱས་ཀྱི་ཞིང་རྒྱ་མཚོ་གཞི་མཉམ་པར་བྱིན་གྱིས་རླབས་ཅིང་ལུས་གཅིག་གི་རྒྱས་པར་དགང་བ་བསྟན་པ་དང་། འདི་ལྟ་སྟེ་དམིགས་པའི་གཞི་ཐམས་ཅད་ལ་སངས་རྒྱས་ཀྱི་རྣམ་པར་སྤྲུལ་པ་དུས་གསུམ་ ཐམས་ཅད་ཡང་དག་པར་གཞོལ་བར་འགྱུར་བའི་བྱིན་གྱི་རླབས་ཡང་དག་པར་བསྟན་པ་དང་། འདི་ལྟ་སྟེ་ཞིང་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་རྣམས་ལ། དུས་གསུམ་གྱི་ཞིང་གཅིག་ནས་གཅིག་ཏུ་བརྒྱུད་པའི་སངས་རྒྱས་ ཀྱི་རྣམ་པར་འཕྲུལ་པ་དང་། བསྐལ་པ་རྒྱ་མཚོ་ཡོངས་སུ་བཤད་ཅིང་བསྟན་པ་དང་། འདི་ལྟ་སྟེ་དུས་གསུམ་གྱི་སངས་རྒྱས་ཀྱི་སྨོན་ལམ་རྒྱ་མཚོ་ཐམས་ཅད་བ་སྤུའི་སྒོ་ཐམས་ཅད་ནས་རབ་ཏུ་བརྗོད་པ་ 76-1-72a ཕྱི་མའི་མཐར་བྱིན་གྱིས་རླབས་པས། བྱང་ཆུབ་སེམས་དཔའ་ཡང་དག་པར་འབྱུང་བ་བསྟན་པ་དང་། འདི་ལྟ་སྟེ་ཆོས་ཀྱི་དབྱིངས་དང་མཉམ་པའི་སེང་གེའི་ཁྲི་དང་། བྱང་ཆུབ་སེམས་དཔའི་འཁོར་ གྱི་དཀྱིལ་འཁོར་དང་། སྙིང་པོ་བྱང་ཆུབ་ཀྱི་རྒྱན་ཐ་མྱི་དད་པ་དང་། ཆོས་ཀྱི་འཁོར་ལོ་རྣམ་པ་ཐ་མྱི་དད་པ་རབ་ཏུ་བསྐོར་བ། ཕྱི་མའི་མཐར་བྱིན་གྱིས་རླབས་པ་བསྟན་པའོ། །ཀྱེ་རྒྱལ་བའི་སྲས་དེ་ལྟར་སེངྒེ་ རྣམ་པར་བསྒྱིངས་པ། ཏིང་ངེ་འཛིན་འདི་ལ་བསྟན་པ་བཅུ་པོ་དེ་དག་ལ་སྩོགས་པ་ཤིན་ཏུ་བསྟན་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོད་དེ། ཀྱེ་རྒྱལ་བའི་སྲས་དག་དེ་ནི་ དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ཆེན་པོ་སེངྒེ་རྣམ་པར་བསྒྱིངས་པའི་འདི་ཉིད་ཀྱི་དོན་གྱི་ཕྱོགས་ བསྟན་པའི་ཕྱིར་སངས་རྒྱས་ཀྱི་བྱིན་གྱིས་རླབས་ཀྱི་དེ་བཞིན་གཤེགས་པའི་ཞལ་དུ་ལྟ་ཞིང་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་ཐམས་ཅད་ལ་རྣམ་པར་བལྟས་ནས། སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ ཁྱབ་པ་དང་། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་མཐའ་དང་དབུས་མེད་པ་ལ་རྣམ་པར་བལྟས་ཏེ། འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པར་གཞོལ་བ་ལ་རྣམ་པར་ལྟས་ ནས་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་སྒྱུ་མའི་ཆོས་ཉིད་ལ་རྣམ་པར་བལྟས་ཏེ། དུས་གསུམ་གྱི་སངས་རྒྱས་མཉམ་པ་ཉིད་བསམ་གྱིས་མི་ཁྱབ་པ་ལ་རྣམ་པར་བལྟས་ནས། མཐའ་དང་དབུས་མེད་པའི་ ངག་གི་ལམ་དང་ངེས་པའི་ཚིག་དང་། ཆོས་ཀྱི་ཚུལ་ཐམས་ཅད་ལ་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགསུ་བཅད་པ་འདི་དག་སྨྲས་སོ། །བ་སྤུ་གཅིག་ལ་རྒྱ་མཚོ་རྒལ་བའི་ཞིང་། །ཞིང་ཀུན་ཤིན་ཏུ་ཕྲ་བའི་རྡུལ་དང་མཉམ། ། 76-1-72b དེ་ནས་སངས་རྒྱས་བྱང་ཆུབ་སེམས་དཔའི་འཁོར། །ཀུན་གྱིས་ཡོངས་བསྐོར་སངས་རྒྱས་གདན་ལ་བཞུགས། །སྤུ་གཅིག་རྩེ་ལ་ཞིང་མང་རྒྱ་མཚོ་རྣམས། །སྙིང་པོ་བྱང་ཆུབ་པདྨོའི་གདན་གནས་པས། ། ཆོས་དབྱིངས་རྒྱ་ཆེན་ཡོངས་སུ་རྒྱས་བཀང་ཞིང་། །ཤིང་དྲུང་དམ་པ་ཀུན་ན་མགོན་པོ་སྣང་། །ཞིང་རྣམས་ཀུན་གྱི་རྡུལ་ཕྲན་རབ་མང་རྙེད། །རྒྱལ་བ་སྤུ་རྩེ་གཅིག་ལ་ཡོངས་ཞུགས་པ། །བྱང་ཆུབ་སེམས་དཔའི་ འཁོར་ལོས་ཡོངསུ་བསྐོར། །ཀུན་ཀྱང་བཟང་པོའི་སྤྱོད་པ་སྟོན་པ་མཛད། །ཞིང་མཆོག་གཅིག་ན་རྒྱལ་བ་བཞུགས་གྱུར་ཀྱང་། །བྱང་ཆུབ་སེམས་དཔའི་སྤྲིན་མང་མི་ཟད་པ། །དེ་དག་ཕྱོགས་བཅུ་མ་ལུས་ ཐམས་ཅད་ནས། །འབྱམ་ཀླས་ཞིང་ཀུན་བཀང་ཞིང་ཀུན་ཀྱང་འོང་། །ཞིང་རྣམས་བྱེ་བའི་རྡུལ་ཕྲན་མཉམ་པ་ཡི། །བྱང་ཆུབ་སེམས་དཔའ་ཡོན་ཏན་རྒྱ་མཚོའི་འོད། །ཕྱོགས་བཅུའི་ཆོས་དབྱིངས་རྒྱས་པ་ ཀུན་བཀང་ཞིང་། །སྟོན་པ་དེ་ལ་ཀུན་ཀྱང་འཁོར་ནས་ལྡང་། །ཞིང་རྣམས་ཀུན་ཏུ་གཟུགས་རྙན་རབ་ཏུ་སྟོན། །ཆོས་ཀྱི་རྒྱལ་པོ་རྒྱལ་བའི་ཡེ་ཤེས་མཚོ། །དེ་དག་ཀུན་ཀྱང་བཟང་པོའི་སྤྱོད་ལ་གནས། ། སངས་རྒྱས་ཀུན་གྱི་འཁོར་དུ་ཉེ་བར་འདོང་། །འབྱམ་ཀླས་ཞིང་རྣམས་ཀུན་ན་འཁོད་སྤྱོད་ཅིང་། །བྱང་ཆུབ་སེམས་དཔའི་དགའ་བ་རབ་གནས་ཏེ། །ཆོས་ཀྱི་སྤྲིན་མཉན་དཔའ་བོ་དེ་དག་ནི། ། ཞིང་གཅིག་དུ་ཡང་བསྐལ་པ་བྱེ་བར་སྤྱོད། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་བྱེད། །ཆོས་ཀྱི་གངས་ཆེན་མཚོ་སྤྱོད་རྣམ་པར་སྣང་། །སྨོན་ལམ་རྒྱ་མཚོ་ཀུན་ལ་རབ་ཏུ་འཇུག །དེ་དག་ སངས་རྒྱས་ས་ཡི་སྤྱོད་ཡུལ་གནས། །རྒྱལ་བའི་ཆོས་རྣམས་གཞན་དང་གཞན་འབྱུང་བའི། །དེ་དག་ཀུན་ཏུ་བཟང་པོའི་སྤྱོད་པ་ཤེས། །སངས་རྒྱས་ཡོན་ཏན་ལེགས་པ་རྒྱ་མཚོ་དང་། །རྣམ་པར་ 76-1-73a འཕྲུལ་པ་རྒྱ་ཆེན་ཡངས་ལ་འཇུག །བདེ་གཤེགས་ཆོས་དབྱིངས་ཀུན་ཏུ་རྒྱས་བཀང་ཞིང་། །ཞིང་རྣམས་ཀུན་གྱི་རྡུལ་ཕྲན་ཇི་སྙེད་པའི། །སྐུ་ཡི་སྤྲིན་རྣམས་རྟག་ཏུ་འགྱེད་མཛད་ཅིང་། ། ཆོས་ཀྱི་ཆར་གྱིས་བྱང་ཆུབ་རབ་ལ་འཁོད།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་དྲུག་པ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ སེམས་དཔའ་དེ་དག་སངས་རྒྱས་ཀྱི་ཏིང་ངེ་འཛིན་སེང་གེ་རྣམ་པར་བསྒྱིངས་པ་འདི་ཉིད་ལ་དེ་བས་ཀྱང་བསྟན་ཏེ། འགོད་པ་མཛད་པའི་དོན་དུ་སྨྱིན་མཚམས་ཀྱི་མཛོད་སྤུའི་ནང་ན་ཆོས་ཀྱི་དབྱིངས་སྒོ་ ཀུན་ནས་རྣམ་པར་དམིགས་པས་དུས་གསུམ་སྣང་བ་ཞེས་བྱ་བའི་འོད་ཟེར་ཆེན་པོ་འོད་ཟེར་གྱི་དཀྱིལ་འཁོར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྡན་པ་བཀྱེ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཞིང་འབྱམ་ཀླས་པ་ཐམས་ཅད་སྣང་བར་མཛད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཛེ་ཏའི་ཚལ་དུ་ཚོགས་པ་དེ་དག་གི་ ཆོས་ཀྱི་དབྱིངས་ཐམས་ཅད་དུ་གཏོགས་པའི་སངས་རྒྱས་ཀྱི་ཞིང་ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པ་ཐམས་ཅད་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བའི་ཁོང་དུ་ཆུད་པའི། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་དག་ལ། སངས་རྒྱས་ཀྱི་ཞིང་གི་མྱིང་དུ་བྱ་བ་ཁ་དོག་སྣ་ཚོགས་དང་། རྣམ་པ་སྣ་ཚོགས་སུ་རྣམ་པར་དག་པ་དང་། ཞིང་སྣ་ཚོགས་དང་། དབྱིབས་སྣ་ཚོགས་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་དག་ན། བྱང་ཆུབ་སེམས་དཔའ་སྙིང་པོ་བྱང་ཆུབ་ཏུ་ཕྱིན་ཏེ། སེང་གེའི་ཁྲི་ལ་འདུག་པ་འཇིག་རྟེན་གྱི་དབང་པོ་ཐམས་ཅད་ཀྱིས་ཤིན་ཏུ་ 76-1-73b མཆོད་པ། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཀུན་ནས་བསྐོར་བ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་མཐོང་སྟེ། ལ་ལ་ནི་སངས་རྒྱས་ཀྱི་ཞིང་བརྗོད་དུ་ མྱེད་པ་ཙམ་དུ་ཤིན་ཏུ་ཡངས་པའི་འཁོར་གྱི་དཀྱིལ་འཁོར་ན། ཆོས་ཀྱི་དབྱིངས་རྒྱས་པར་ཁྱབ་པའི་དབྱངས་ཀྱི་དཀྱིལ་འཁོར་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་མཐོང་ངོ་། །ལ་ལ་ན་ནི་ལྷའི་གནས་ན་འདུག ། ལ་ལ་ན་ནི་ཀླུའི་གནས་ན་འདུག །ལ་ལ་ན་ནི་གནོད་སྦྱིན་གྱི་གནས་ན་འདུག །ལ་ལ་ན་ནི་ལྷ་མ་ཡིན་གྱི་གནས་ན་འདུག །ལ་ལ་ན་ནི་ནམ་མཁའ་ལྡིང་གི་གནས་ན་འདུག །ལ་ལ་ན་ནི་མིའམ་ཅིའི་ གནས་ན་འདུག །ལ་ལ་ན་ནི་ལྟོ་འཕྱེ་ཆེན་པོའི་གནས་ན་འདུག །ལ་ལ་ན་ནི་མིའི་དབང་པོའི་ནང་ན་འདུག །ལ་ལ་ན་ནི་མིའི་འཇིག་རྟེན་གྱི་གྲོང་དང་། གྲོང་ཁྱེར་དང་། གྲོང་བརྡལ་དང་ལྗོངས་དང་། ཁམས་དང་། རྒྱལ་པོའི་ཕོ་བྲང་འཁོར་དག་ན་རྣམ་པར་འཕྲུལ་པ་སྣ་ཚོགས་དང་། སྤྱོད་ལམ་སྣ་ཚོགས་དང་། ལུས་སྣ་ཚོགས་དང་། ཏིང་ངེ་འཛིན་གྱི་སྒོ་རྣམ་པར་དམྱིགས་པ་སྣ་ཚོགས་དང་། ཏིང་ངེ་འཛིན་གྱི་མངོན་པར་ཤེས་པ་སྣ་ཚོགས་དང་། རིགས་དང་རྒྱུད་སྣ་ཚོགས་སུ་བྱུང་བ་དང་། ཁ་དོག་རྣམ་པར་དམྱིགས་པ་སྣ་ཚོགས་དང་། འོད་ཀྱི་དཀྱིལ་འཁོར་སྣ་ཚོགས་དང་། འོད་ཟེར་ གྱི་དྲ་བ་དཀྱེ་བ་སྣ་ཚོགས་དང་། དབྱངས་ཀྱི་དཀྱིལ་འཁོར་སྣ་ཚོགས་དང་། གཏམ་གྱི་སྐྱེས་བུའི་གཞི་སྣ་ཚོགས་དང་། བསྟན་པའི་གཞི་སྣ་ཚོགས་དང་། ཚིག་དང་ཡི་གེ་དང་ངེས་པའི་ ཚིག་སྣ་ཚོགས་ཀྱིས་འཁོར་གྱི་དཀྱིལ་འཁོར་སྣ་ཚོགས་ན་ཆོས་སྟོན་པ་མཐོང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཇི་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། 76-1-74a ནམ་མཁའི་མཐས་གཏུགས་པ་ཕྱོགས་བཅུ་ན་རྣམ་པར་གནས་པ། ཕྱོགས་ཀྱི་རྒྱུད་མཐའ་ཡས་པར་འདུས་པ། ཕྱོགས་རྒྱ་མཚོ་ཐམས་ཅད་དུ་གཏོགས་པ། ཆོས་སྣ་ཚོགས་ ཀྱི་སྒོ་དང་ལྡན་པ། ཕྱོགས་ཀྱི་མྱིང་དུ་བྱ་བ་སྣ་ཚོགས་སུ་གཏོགས་པ། ཕྱོགས་སྣ་ཚོགས་ཀུན་ཏུ་གཞོལ་བ། ཕྱོགས་ཆ་རྣམ་པ་ཐ་དད་པར་གཏོགས་པ། ཕྱོགས་སྣ་ཚོགས་ཀྱི་རྗེས་ སུ་སོང་བ། ཕྱོགས་རྒྱ་མཚོ་སྣ་ཚོགས་སུ་གཏོགས་པ་འདི་ལྟ་སྟེ། ཤར་ཕྱོགས་དང་། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། བྱང་དང་ཤར་གྱི་ཕྱོགས་མཚམས་དང་། ཤར་དང་ལྷོའི་ཕྱོགས་མཚམས་དང་། ལྷོ་དང་ནུབ་ཀྱི་ཕྱོགས་མཚམས་དང་། ནུབ་དང་བྱང་གི་ཕྱོགས་མཚམས་དང་། འོག་དང་སྟེང་གི་ཕྱོགས་ཀྱི་ཞིང་གི་ལྷུན་གྱི་ཕྱོགས་དང་། སེམས་ཅན་ གྱི་ལུས་ཀྱི་ཕྱོགས་དང་། སེམས་ཅན་གྱི་མྱིང་དུ་བྱ་བའི་ཕྱོགས་དང་། སྔོན་གྱི་མཐའི་མུར་ཐུགས་པའི་ཕྱོགས་དང་། ཕྱོགས་བཅུའི་ད་ལྟར་བྱུང་བའི་ཕྱོགས་དང་། ནམ་མཁའི་ཁོངས་ཐམས་ ཅད་དུ་སྐྲའི་རྩེ་མོ་ཤིན་ཏུ་ཕྲ་བ་དགོད་པས་དམིགས་པའི་ཕྱོགས་དང་། ཞིང་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཕྱོགས་ལ་འཇུག་པ་ཁོང་དུ་ཆུད་པར་བྱ་བའི་ཕྱོགས་ དང་། ལས་ཀྱི་འདུ་བྱེད་སྣ་ཚོགས་ཀྱིས་ཡོངས་སུ་གྲུབ་པའི་ཕྱོགས་དང་། སྐྲའི་རྩེ་མོ་གཅིག་ལ་མཐའ་དང་དབུས་མེད་པའི་ནམ་མཁའི་དབྱིངས་ཀྱི་མྱིང་དུ་བྱ་བར་གཏོགས་པའི་ཕྱོགས་ཀྱི་ ཁོངསུ་ཆུད་པའི་དུས་གསུམ་གྱི་དབྱིངས་མཉམ་པ་ཉིད་དུ་གཞོལ་བས། ཀུན་ཏུ་གཏོགས་པའི་འགྲོ་བ་ཐམས་ཅད་ཐ་མི་དད་པས། སེམས་ཅན་ཐམས་ཅད་ཀྱི་འདུ་ཤེས་ཀྱི་རྣམ་པ་ལ་མཉམ་ 76-1-74b པའི་སྒྲ་དབྱངས་སུ་གྱུར་པའི་འགྲོ་བ་ཐམས་ཅད་ཀྱི་སེམས་ལ་གཟུགས་བརྙན་རབ་ཏུ་སྣང་བར་གྱུར་པའི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཏིང་ངེ་འཛིན་རྣམ་པར་འཕྲུལ་བ། སེམས་ཅན་ཐམས་ཅད་ ཀྱི་ལུས་ལ་མངོན་པར་ལྟ་བ། དམྱིགས་པར་བྱ་བས་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་འགྲོ་བའི་ཚུལ་དང་ལྡན་པ། བསྐལ་པ་ཐམས་ཅད་ལ་ཡེ་ཤེས་ཐ་མྱི་དད་པ་ཞིང་ཐམས་ཅད་ལ་ཀུན་ཏུ་སྙོམས་ པས་སེམས་ཅན་གྱི་བསམ་པ་ཇི་ལྟ་བ་དེ་བཞིན་དུ་གཟུགས་མངོན་སུམ་དུ་བསྟན་པ་རྣམ་པར་དམིགས་པ་དང་། དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་ དག་པར་སྟན་པས། སེམས་ཅན་ཐམས་ཅད་འདུལ་བ་རྒྱུན་མི་འཆད་པ་མཐོང་བར་གྱུར་པ་དེ་དག་ཐམས་ཅད་ནི་སྔོན། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་དགེ་བའི་སྤྱོད་པ་བསྐལ་བ་མཉམ་པ་དང་། བསྡུ་བའི་དངོས་པོ་བཞིས་ཡོངས་སུ་བསྡུས་པ་མཐོང་བ་དང་མཉམ་པ་དང་། རྗེས་སུ་དྲན་པ་བསྙེན་བཀུར་བས་ཡོངསུ་སྨྱིན་པར་བྱས་པ་དག་གོ། །སྔོན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་བཙུད་པ་དག་གོ། །དེ་བཞིན་གཤེགས་པ་དེ་དང་དེ་དག་གི་དྲུང་དུ་གཤེགས་པའི་ཚེ་དགེ་བའི་རྩ་བས་ཡོངསུ་བསྡུས་པ་དག་སྟེ། དེ་ལྟར་དགེ་བའི་རྩ་བ་བསྐལ་པ་ མཉམ་པས། ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྨྱིན་པར་འགྱུར་བའི་ཐབས་ཀྱིས་ཤིན་ཏུ་བཟུང་བའི་ཕྱིར། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་ ཆོས་ཀྱི་དབྱིངས་ལྟར་ཡངས་ཤིང་ནམ་མཁའི་དབྱིངས་ཀྱི་མཐས་གཏུགས་པར་གྱུར་པ་དག་ཀྱང་མཐོང་ཞིང་ཁོང་དུ་ཆུད་པར་གྱུར་པ་ཡིན་ཏེ། ལ་ལ་ནི་ཆོས་ཀྱི་སྐུ་ལ་འཇུག་གོ། །ལ་ལ་ནི་ 76-1-75a གཟུགས་ཀྱི་སྐུ་ལ་འཇུག་གོ། །ལ་ལ་ནི་སྔོན་གྱི་བྱང་ཆུབ་སེམས་དཔའི་ཡོངས་སུ་བསྒྲུབ་པ་ལ་འཇུག་གོ། །ལ་ལ་ནི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ལ་འཇུག་གོ། །ལ་ལ་ནི་སྤྱོད་པའི་ དཀྱིལ་འཁོར་ཡོངས་སུ་དག་པའི་རྒྱན་ལ་འཇུག་གོ། །ལ་ལ་ནི་བྱང་ཆུབ་སེམས་དཔའི་ས་ཡི་རྣམ་པར་འཕྲུལ་པ་ལ་འཇུག་གོ། །ལ་ལ་ནི་མངོན་པར་བྱང་ཆུབ་པའི་རྣམ་པར་འཕྲུལ་པ་ལ་འཇུག་གོ། ། ལ་ལ་ནི་སངས་རྒྱས་རྣམ་པར་སྤྱོད་པའི་ཏིང་ངེ་འཛིན་ཐ་མྱི་དད་པའི་རྣམ་པར་འཕྲུལ་པ་ལ་འཇུག་གོ། །ལ་ལ་ནི་དེ་བཞིན་གཤེགས་པའི་སྟོབས་དང་མྱི་བསྙེངས་པ་ལ་འཇུག་གོ། །ལ་ལ་ནི་སངས་རྒྱས་ཀྱི་ སོ་སོ་ཡང་དག་པར་རིག་པ་རྒྱ་མཚོ་ལ་འཇུག་གོ། །དེ་དག་ལ་སྩོགས་པ་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་རྒྱ་མཚོ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་འཇུག་སྟེ་མོས་པ་སྣ་ ཚོགས་དང་ལམ་སྣ་ཚོགས་དང་། སྒོ་སྣ་ཚོགས་དང་འཇུག་པ་སྣ་ཚོགས་དང་། འབབ་པ་སྣ་ཚོགས་དང་རྣམ་པ་སྣ་ཚོགས་དང་། རྗེས་སུ་འབྲང་བ་སྣ་ཚོགས་དང་ཕྱོགས་སྣ་ཚོགས་དང་སྣོད་སྣ་ཚོགས་དང་ཡུལ་ སྣ་ཚོགས་དང་། འཇིག་རྟེན་སྣ་ཚོགས་དང་ཁོང་དུ་ཆུད་པ་སྣ་ཚོགས་དང་། ཚོགས་སྣ་ཚོགས་དང་རྣམ་འཕྲུལ་སྣ་ཚོགས་དང་། ཐབས་སྣ་ཚོགས་དང་ཏིང་ངེ་འཛིན་སྣ་ཚོགས་ཀྱིས་སངས་རྒྱས་ཀྱི་རྣམ་པར་ འཕྲུལ་པ་རྒྱ་མཚོ་དེ་དག་ལ་འཇུག་གོ། །ཏིང་ངེ་འཛིན་སྣ་ཚོགས་ཀྱིས་འཇུག་པ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཆོས་ཀྱི་དབྱིངས་ཀུན་ནས་བརྒྱན་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ ངེ་འཛིན་དུས་གསུམ་ཐམས་ཅད་ལ་ཐོགས་པ་མེད་པར་ཡུལ་སྣང་བར་བྱེད་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཆོས་ཀྱི་དབྱིངས་ཀྱི་གཞི་ཐ་མྱི་དད་པའི་ཡེ་ཤེས་སྣང་བ་དང་། བྱང་ཆུབ་ 76-1-75b སེམས་དཔའི་ཏིང་ངེ་འཛིན་དེ་བཞིན་གཤེགས་པའི་ཡུལ་གྱི་དབྱིངས་ལ་འཇུག་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ནམ་མཁའི་དབྱིངས་སུ་སྣང་བ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དེ་བཞིན་ གཤེགས་པའི་སྟོབས་བཅུ་འཐོབ་པས་རྣམ་པར་འབྱེད་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སངས་རྒྱས་ཀྱི་སྙེངས་པ་མི་མངའ་བའི་རྒྱན་གྱིས་རྣམ་པར་གནོན་ཅིང་རྣམ་པར་བསྒྱིངས་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཆོས་ཀྱི་དབྱིངས་ཀྱི་ཚུལ་ཐམས་ཅད་ཀྱི་ཀློང་གི་སྙིང་པོ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཐོགས་པ་མེད་པར་སྒྲ་སྒྲོག་པས་རྒྱས་པར་ འགེངས་པའི་ཟླ་བ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཀྱི་བརྒྱན་པའི་འོད་ཀྱི་བྱང་ཆུབ་སེམས་དཔའ་དེ་དག་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སངས་རྒྱས་ཀྱི་རྣམ་པར་ འཕྲུལ་པ་རྒྱ་མཚོ་དེ་དག་ལ་རབ་ཏུ་འཇུག་གོ། །བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཆོས་ཀྱི་རྒྱལ་པོའི་ཐབས་ཆགས་པ་མྱེད་པའི་རྒྱལ་མཚན་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དམྱིགས་པ་ ཐམས་ཅད་ལ་སངས་རྒྱས་རྒྱ་མཚོ་རྣམ་པར་ལྟ་བ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་རྒྱུད་ཐམས་ཅད་དུ་ཐ་མྱི་དད་པའི་ལུས་སྣང་བའི་རྒྱལ་མཚན་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དེ་བཞིན་གཤེགས་ པའི་སྐུ་ཐ་དད་པའི་ཡུལ་ལ་འཇུག་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འཇིག་རྟེན་ཐམས་ཅད་ཀྱི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཆོས་ ཐམས་ཅད་ཀྱི་གནས་ལ་བརྟེན་པའི་བྱིན་གྱིས་རླབས་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཤིན་ཏུ་ཞི་ལ་རབ་ཏུ་ཞི་བས་ཀུན་ཏུ་སྣང་བའི་དཀྱིལ་འཁོར་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ 76-1-76a སྤྲུལ་པ་བཟང་པོ་དམིགས་སུ་མེད་པས། ཀུན་ཏུ་འཕྲུལ་པའི་གཟུགས་བརྙན་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཞིང་ཐམས་ཅད་ཡོངས་སུ་འདུ་བའི་བྱིན་གྱིས་རླབས་དང་། བྱང་ཆུབ་སེམས་ དཔའི་ཏིང་ངེ་འཛིན་ཞིང་ཐམས་ཅད་དུ་མངོན་པར་འཚང་རྒྱ་བའི་རྣམ་པར་བསྒྲུབ་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འགྲོ་བ་ཐམས་ཅད་དུ་དབང་པོའི་ཁ་དོག་གིས་རྣམ་པར་སྤྱོད་པ་དང་། བྱང་ཆུབ་ སེམས་དཔའི་ཏིང་ངེ་འཛིན་འགྲོ་བ་ཐམས་ཅད་དུ་ཁྱད་དུ་འཕགས་པའི་དཀྱིལ་འཁོར་ཆགས་པ་མེད་པའི་རྣམ་པར་སྤྱོད་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དེ་བཞིན་གཤེགས་པ་ཐམས་ཅད་ བསྐྱེད་པ་ལས་བྱུང་བའི་བྱིན་གྱིས་རླབས་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཡོན་ཏན་རྒྱ་མཚོ་ཐམས་ཅད་ལ་ནན་ཏན་གྱི་འཇུག་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དམྱིགས་པ་མ་ལུས་ པ་ཐམས་ཅད་དུ་རྣམ་པར་འཕྲུལ་པ་མངོན་པར་བསྒྲུབ་པས། ཕྱི་མའི་མཐར་བྱིན་གྱིས་རློབ་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔོན་གྱི་སྦྱོར་བ་རྒྱ་མཚོ་ ལ་འཇུག་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཕྱི་མའི་མཐར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཡང་དག་པར་འཛིན་པའི་བྱིན་གྱིས་རླབས་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ ཕྱོགས་བཅུའི་ཞིང་རྒྱ་མཚོ་ད་ལྟར་བྱུང་བ་ཐམས་ཅད་ཡོངས་སུ་དག་པར་མོས་པའི་བྱིན་གྱིས་རླབས་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སེམས་ཀྱི་སྐད་ཅིག་གཅིག་ལ་སངས་རྒྱས་ཐམས་ཅད་དང་ རྣམ་པར་སྤྱོད་ཅིང་འགྲོགས་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དམྱིགས་པ་ཐམས་ཅད་ལ་ཆགས་པ་མེད་པའི་མཐར་འཇུག་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འཇིག་རྟེན་གྱི་ཁམས་ 76-1-76b ཐམས་ཅད་སངས་རྒྱས་ཀྱི་ཞིང་གཅིག་ཏུ་བྱིན་གྱིས་རློབས་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སངས་རྒྱས་ཐམས་ཅད་ཀྱི་སྐུར་འཕྲུལ་པ་མངོན་པར་སྒྲུབ་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དབང་པོ་ རྒྱ་མཚོ་རྡོ་རྗེའི་དབང་པོ་ལྟ་བུ་ཐམས་ཅད་ཁོང་དུ་ཆུད་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དེ་བཞིན་གཤེགས་པ་ཐམས་ཅད་སྐུ་གཅིག་པའི་སྙིང་པོའི་བྱིན་གྱིས་རླབས་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ སེམས་ཀྱི་སྐད་ཅིག་གཅིག་གི་ཆ་ལ་ཆོས་ཀྱི་དབྱིངས་ཀྱི་ཚུལ་ཐམས་ཅད་ཁོང་དུ་ཆུད་པས་ཁོམ་པར་གནས་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཞིང་འབྱམ་ཀླས་པ་སྒྲུབ་པ་ ཡོངས་སུ་སྟོན་པའི་བྱིན་གྱིས་རླབས་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སྤྱིའུ་ཚུགསུ་གཞི་ལ་རྣམ་པར་སྤྱོད་པའི་བྱིན་གྱིས་རླབས་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སངས་རྒྱས་ཀྱི་ཞིང་ཐམས་ ཅད་ཀྱི་སེམས་ཅན་གྱི་ལུས་ཐ་མི་དད་པར་བྱིན་གྱིས་རློབ་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཡེ་ཤེས་ཀྱི་ཀློང་ཐམས་ཅད་ལ་མངོན་སུམ་དུ་ཡང་དག་པར་གཞོལ་བ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་ འཛིན་ཆོས་ཐམས་ཅད་ཀྱི་རང་བཞིན་མཚན་ཉིད་ཡོངས་སུ་ཤེས་པས་རབ་ཏུ་འབྱེད་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དུས་གསུམ་སེམས་ཀྱི་སྐད་གཅིག་ལ་ཐ་མྱི་དད་པའི་དཀྱིལ་འཁོར་དང་བྱང་ཆུབ་ སེམས་དཔའི་ཏིང་ངེ་འཛིན་སེམས་ཀྱི་སྐད་ཅིག་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་ཚུལ་གྱི་རང་བཞིན་དམ་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་རྗེས་སུ་འབྲང་བའི་ ཡེ་ཤེས་ཀྱི་རྣམ་པར་གནོན་པའི་སེང་གེ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དམྱིགས་པ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཤེས་པའི་མིག་གི་དཀྱིལ་འཁོར་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སྟོབས་ 76-1-77a བཅུའི་རྩལ་གྱིས་རྣམ་པར་གནོན་པས་ཡང་དག་པར་རྩོམ་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་དམིགས་པ་ཐམས་ཅད་ཀུན་ནས་མཐོང་བའི་མིག་གི་དཀྱིལ་འཁོར་དང་བྱང་ཆུབ་སེམས་ དཔའི་ཏིང་ངེ་འཛིན་ཁ་དོག་ཐམས་ཅད་དཀྱིལ་འཁོར་གྱིས་འགྲོ་བར་ཤིན་ཏུ་མཛེས་པ་མངོན་པར་བསྒྲུབ་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གློང་མི་གཡོ་བའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའི་ ཏིང་ངེ་འཛིན་ཆོས་གཅིག་ལ་ཆོས་ཐམས་ཅད་ཡོངས་སུ་འདུ་བར་སྟོན་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཆོས་གཅིག་གི་ཚིག་གི་ལམ་ལ་ངེས་པའི་ངག་གི་རབ་ཏུ་འབྱེད་པས། བྱང་ཆུབ་སེམས་དཔའ་དེ་དག་ བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་གྱིས་རྣམ་པར་འཕྲུལ་བ་རྒྱ་མཚོ་དེ་དག་ལ་རབ་ཏུ་འཇུག་གོ། །བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སངས་རྒྱས་ཐམས་ཅད་ཀྱི་ རྒྱལ་མཚན་བྱིན་གྱི་རླབས་ཀྱི་ཆོས་སྟོན་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དུས་གསུམ་གྱི་མུ་ལ་མཐར་ཐུག་པ་མེད་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་བསྐལ་པ་ཐམས་ཅད་ཁོང་དུ་ཆུད་ པས་ཐ་མྱི་དད་པའི་ཡེ་ཤེས་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཚུལ་ཤིན་ཏུ་ཕྲ་བས་སྟོབས་བཅུ་ཁོང་དུ་ཆུད་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་མི་འཕྲོག་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ བསྐལ་པ་ཐམས་ཅད་དུ་མངོན་པར་བསྒྲུབ་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཕྱོགས་ཐམས་ཅད་ཀུན་ཏུ་ཤུགས་ཀྱིས་མངོན་དུ་ཐར་པའི་སྤྲིན་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་མངོན་པར་འཚང་ རྒྱ་བའི་རྣམ་པར་འཕྲུལ་པ་རྣམ་པར་བསྒྲུབ་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཚོར་བ་ཐམས་ཅད་ཀྱིས་རེག་པ་མེད་པས་བདེ་བའི་རྒྱལ་མཚན་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྒྱན་ཐམས་ཅད་དུ་ 76-1-77b ནམ་མཁའི་རྒྱན་མངོན་པར་བསྒྲུབ་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སྐད་ཅིག་སྐད་ཅིག་ཏུ་འགྲོ་བ་སྙེད་ཀྱི་སྤྲུལ་པའི་གཟུགས་རྙན་གྱི་སྤྲིན་མངོན་པར་སྒྲུབ་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ དེ་བཞིན་གཤེགས་པའི་ཟླ་བའི་འོད་ནམ་མཁའ་ལྟར་རྡུལ་དང་བྲལ་བ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དེ་བཞིན་གཤེགས་པ་ཐམས་ཅད་ནམ་མཁའ་ལྟར་བྱིན་གྱིས་རློབ་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ ཆོས་ཐམས་ཅད་ལ་དབང་པོའི་རྒྱན་རབ་ཏུ་སྣང་བ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཆོས་ཐམས་ཅད་ཀྱི་དོན་རྣམ་པར་འབྱེད་པའི་སྒྲོན་མ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སྟོབས་བཅུའི་དཀྱིལ་ འཁོར་སྣང་བ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དུས་གསུམ་གྱི་སངས་རྒྱས་དཔལ་གྱི་རྒྱལ་མཚན་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སངས་རྒྱས་ཐམས་ཅད་གཅིག་ཏུ་འདྲེས་པའི་སྙིང་ པོ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སྐད་ཅིག་སྐད་ཅིག་ལ་བརྩམས་པ་ཐམས་ཅད་མཐར་ཕྱིན་པར་བྱེད་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་བསོད་ནམས་མི་ཟད་པའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སངས་རྒྱས་མཐའ་ཡས་པ་མཐོང་བའི་ཡུལ་རབ་ཏུ་སྣང་བ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཆོས་ཐམས་ཅད་ལ་རྡོ་རྗེའི་སེང་གེ་ལྟར་རབ་ཏུ་གནས་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྲུལ་པ་ཡོངས་སུ་བསྟན་པས་རྡུལ་ཕྲ་རབས་ཀྱི་དམིགས་པ་མངོན་པར་བསྒྲུབ་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་མཉན་པའི་ཉི་མ་གནོན་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དུས་གསུམ་གཅིག་ཏུ་སྤྱོད་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཆོས་ཐམས་ཅད་རང་བཞིན་གྱི་རབ་ཏུ་ཞི་བར་ 76-1-78a སྒྲ་དབྱངས་ཀུན་ཏུ་སྒྲོགས་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སངས་རྒྱས་ཐམས་ཅད་མཐོང་བའི་ས་མཚམས་འཛིན་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཆོས་ཀྱི་དབྱིངས་མ་ལུས་པ་ ཐམས་ཅད་ཀྱི་གནས་ཀྱི་པད་མོའི་ཚལ་རབ་ཏུ་རྒྱས་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གནས་མྱེད་པའི་ཆོས་ཀྱི་དབྱིངས་ནམ་མཁའ་ལ་རྣམ་པར་ལྟ་བ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཕྱོགས་གཅིག་ ཏུ་ཕྱོགས་བཅུ་རྒྱ་མཚོ་ཡོངས་སུ་སྡུད་པའི་ཀློང་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཆོས་ཀྱི་དབྱིངས་ཀྱི་གཞི་ཐམས་ཅད་ཀྱི་སྒོར་འཇུག་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཆོས་རྒྱ་མཚོ་ཐམས་ ཅད་དང་ལྡན་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སེམས་ཅན་ཐམས་ཅད་ལ་འོད་རབ་ཏུ་འགྱེད་པས། རབ་ཏུ་ཞི་བའི་ལུས་སུ་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སེམས་ཀྱི་སྐད་གཅིག་ གཅིག་ལ་མངོན་པར་ཤེས་པ་དང་། སྨོན་ལམ་ཐམས་ཅད་མངོན་པར་བསྒྲུབ་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྟག་པར་ཐམས་ཅད་ཀུན་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་བྱིན་གྱིས་རླབས་ དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱན་ཅིག་ཏུ་ཁོང་དུ་ཆུད་པར་འཇུག་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སངས་རྒྱས་ཐམས་ཅད་དྲན་པའི་རང་བཞིན་གྱི་རབ་ཏུ་ སྣང་བ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འགྲོ་བ་ཐམས་ཅད་དུ་ཁྱད་པར་ཆེན་པོ་དང་ལྡན་པའི་ཡེ་ཤེས་མངོན་པར་ཤེས་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སེམས་ཀྱི་སྐད་ཅིག་གཅིག་ གིས་ཆོས་ཀྱི་དབྱིངས་ཀྱི་ཚུལ་མཐའ་ཡས་པ་རང་གི་ལུས་ཀྱིས་རྒྱས་པར་འགེངས་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཆོས་ཀྱི་དབྱིངས་ཚུལ་གཅིག་གིས་ཆོས་ཐམས་ཅད་ཚུལ་གཅིག་པར་ 76-1-78b རྣམ་པར་དགོད་པའི་འོད་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སངས་རྒྱས་ཀྱི་ཆོས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་གཟི་བརྗིད་ཀྱི་བྱིན་རླབས་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སེམས་ཅན་གྱི་ཁམས་མིག་ འཕྲུལ་ལྟ་བུ་ཡོངས་སུ་བསྡུ་བའི་སྨོན་ལམ་དང་། སྤྱོད་པ་བྱིན་གྱིས་རློབ་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཆོས་ཀྱི་དབྱིངས་ཀྱི་གཞི་ཐམས་ཅད་ཐ་མྱི་དད་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་པདྨོའི་བྱིན་ རྣམ་པར་འཕྲུལ་པས་ཀུན་ཏུ་རྣམ་པར་གནོན་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་རྒྱུད་ཁོང་དུ་ཆུད་པས་མངོན་པར་ཤེས་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ལུས་ སེམས་ཅན་ཐམས་ཅད་ལ་མངོན་པར་བྱིན་གྱིས་རློབ་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སེམས་ཅན་ཐམས་ཅད་ཀྱི་དབྱངས་ཀྱི་ཡན་ལག་རྒྱ་མཚོར་འགྲོ་བ་ཐམས་ཅད་ཀྱི་སྐད་ཡོངས་སུ་འབྱེད་པའི་ཚུལ་ མངོན་པར་ཤེས་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འགྲོ་བའི་གཞི་ཐ་དད་པ་ཐམས་ཅད་ཁོང་དུ་ཆུད་པས་མངོན་པར་ཤེས་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སྙིང་རྗེ་ཆེན་པོའི་མཛོད་ཐ་དད་པའི་ སྙིང་པོ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སངས་རྒྱས་ཐམས་ཅད་དེ་བཞིན་ཉིད་དུ་རྟོགས་པའི་མཐའ་ལ་འཇུག་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་ པར་ཐར་པའི་ཕོ་བྲང་ལ་རྣམ་པར་ལྟ་བས་སེང་གེ་རྣམ་པར་བསྒྱིངས་པ་དང་། དེ་དག་ལ་སྩོགས་པ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་ལམ་ལ་འཇུག་པ་དང་། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས། བྱང་ཆུབ་སེམས་དཔའ་དེ་དག་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་རྒྱ་མཚོ་དེ་དག་ལ་རབ་ཏུ་འཇུག་གོ། །སེམས་ཀྱི་སྐད་ཅིག་ 76-1-79a རེ་རེ་ལ་ཆོས་ཀྱི་དབྱིངས་ཐམས་ཅད་དུ་རྒྱས་པར་འགེངས་པར་འཇུག་པའི་ཚུལ་གྱིས་སྔོན་བསྐལ་པ་མཉམ་པར་སྤྱད་པ་ཡང་རྗེས་སུ་དྲན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དེ་དག་ཛེ་ཏའི་ཚལ་ དུ་ཕྱིན་ཅིང་། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་འཁོད་པ། སེང་གེའི་ཁྲི་རིན་པོ་ཆེ་སྣ་ཚོགས་ཀྱི་པད་མོའི་སྙིང་པོ་ཅན་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་དང་མཉམ་པར་ ཡངས་པ་ལ་འཁོད་པ། ཡེ་ཤེས་དང་མངོན་པར་ཤེས་པ་ཆེན་པོའི་རྣམ་པར་འཕྲུལ་པས་བྱུང་བ། ཡེ་ཤེས་དང་མངོན་པར་ཤེས་པ་རྣོ་བ་དང་ལྡན་པས་རྗེས་སུ་ཐོབ་པ། ཡེ་ཤེས་ཀྱི་ཀུན་ཏུ་ རྣམ་པར་དཔྱོད་པ། ཤེས་རབ་ཀྱི་འབྱུང་གནས་ཀྱི་རིགས་སུ་བྱུང་བ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མངོན་དུ་གྱུར་པ། ཡེ་ཤེས་ཀྱི་མིག་རབ་རིབ་མེད་པ་དང་ལྡན་པ། སེམས་ཅན་གྱི་ཁ་ལོ་བསྒྱུར་ བའི་རང་བཞིན་ཐོབ་པ། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་ཀྱི་རྗེས་སུ་སོང་བ། རྟག་ཏུ་རྣམ་པར་རྟོགས་པ་མེད་པར་ཆོས་ལ་སྤྱོད་པ། ཆོས་ཀྱི་དམིགས་པ་ཐམས་ཅད་རབ་ཏུ་རྟོགས་པ། ཆོས་ཐམས་ཅད་རང་བཞིན་གྱིས་ཞི་བར་དམིགས་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཤིན་ཏུ་ཞི་བས། གནས་ཐ་དད་པ་མེད་པ་ལ་རབ་ཏུ་གཞོལ་བ། འཇིག་རྟེན་ཐ་དད་པ་ཐམས་ཅད་དུ་རབ་ཏུ་ཞུགས་པ། གནས་མེད་པར་ཞིང་ཐམས་ཅད་དུ་འདོང་བ། ཆོས་ཀྱི་གནས་ཐམས་ཅད་ལ་བརྟེན་པ་མེད་པར་ཆོས་ཐམས་ཅད་བླ་གབ་མེད་པའི་གཞལ་མེད་ཁང་དུ་ཕྱིན་པ། འགྲོ་བ་ཐམས་ཅད་ཡོངསུ་སྨྱིན་པར་བྱ་བ་དང་། གདུལ་བ་ལ་ཞུགས་པ་སེམས་ཅན་ཐམས་ཅད་ལ་བདེ་བའི་ལམ་སྟོན་པ། ཡེ་ཤེས་དང་རྣམ་པར་ཐར་པ་ཤིན་ཏུ་འཕགས་པའི་གནས་ཀྱི་སྤྱོད་ཡུལ་ཅན། འདོད་ཆགས་དང་བྲལ་བའི་མཐར་ཕྱིན་པའི་ 76-1-79b ཡེ་ཤེས་ཀྱི་ལུས་དང་ལྡན་པ། སྲིད་པའི་རྒྱ་མཚོ་ཐམས་ཅད་ལས་གྱེན་དུ་འཕགས་པ། འགྲོ་བ་ཐམས་ཅད་ལ་ཡང་དག་པའི་མཐའ་རྣམ་པར་སྟོན་པ། ཆོས་རྒྱ་མཚོ་ཤེས་རབ་སྣང་བའི་དཀྱིལ་འཁོར་ ཅན། ཏིང་ངེ་འཛིན་གངས་ཆེན་མཚོ་དང་ལྡན་པའི་དཀྱིལ་ཤིན་ཏུ་མཉམ་པར་བཞག་ཅིང་། སྙིང་རྗེ་ཆེན་པོ་རབ་ཏུ་སེམས་པ། ཆོས་ཀྱི་ཚུལ་སྒྱུ་མའི་རྣམ་པ་འདི་ལྟ་བུ་རབ་ཏུ་རྟོགས་པ། འཇིག་རྟེན་གྱི་ཁམས་ ཐམས་ཅད་ལ་མྱིག་ལམ་ལྟ་བུར་ཞུགས་པ། དེ་བཞིན་གཤེགས་པ་མཐོང་བ་ཐམས་ཅད་མྱིག་ཡོར་ལྟ་བུར་ཁོང་དུ་ཆུད་པ། སྒྲ་སྐད་དང་དབྱངས་ཐམས་ཅད་སྒྲ་སྙན་ལྟ་བུར་རྣམ་པར་རིག་པ། ཆོས་ཐམས་ ཅད་མངོན་པར་བསྒྲུབ་པའི་ཡེ་ཤེས་སྤྲུལ་པ་ལྟ་བུར་རབ་ཏུ་རྟོགས་པ། ཁྱད་པར་དུ་འཕགས་པའི་སྨོན་ལམ་ཤིན་ཏུ་བསྩགས་པ། ཡེ་ཤེས་ཀྱི་དཀྱིལ་འཁོར་ཀུན་ནས་རྣམ་པར་དག་པའི་མཁས་པ་ དང་ལྡན་པ། སེམས་ཤིན་ཏུ་ཞི་ཞིང་རབ་ཏུ་ཞི་བ་དང་ལྡན་པ་གཟུངས་ཀྱི་རྒྱུད་ཐམས་ཅད་ཀྱི་ཡུལ་དང་ལྡན་པ། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་དོགས་པ་མྱེད་པར་ཀུན་ནས་རབ་ཏུ་གནོན་པ་ ཆོས་ཀྱི་དབྱིངས་ཀྱི་གནས་ཀྱི་མཐར་ཕྱིན་པའི་མྱིག་དང་ལྡན་པ། ཆོས་ཐམས་ཅད་ལ་དམྱིགས་པ་མེད་པར་རྣམ་པར་སྤྱོད་པ་རབ་ཏུ་ཐོབ་པ། ཤེས་རབ་རྒྱ་མཚོ་མཐའ་ཡས་པ་ལ་རྣམ་པར་སྤྱོད་ པ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕ་རོལ་ཏུ་སོང་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་དང་། ཤུགས་ཐོབ་པ། རྫུ་འཕྲུལ་གྱི་ཕ་རོལ་ཏུ་ཕྱིན་པས་འགྲོ་བ་ཐམས་ཅད་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་དབང་དུ་གྱུར་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་མཁས་པ་ལ་ཕྱིན་ཅི་ལོག་མྱེད་པའི་ཡེ་ཤེས་དང་ལྡན་པ། ཆོས་ཀྱི་ 76-1-80a མཛོད་དབྱེ་བའི་ཆོ་ག་ལ་མཁས་པ། ངེས་པའི་ཚིག་ཤེས་པ་ལ་མངོན་པར་མཁས་པ་མ་སྤོབས་པའི་སྟོབས་དང་། ཆོས་ཀྱི་སྤྲིན་ཟད་མྱི་ཤེས་པ་དང་ལྡན་པ། མི་འཇིགས་པས་ཁྱུ་མཆོག་དང་སེང་གེའི་ང་རོ་འབྱིན་པ། གནས་མེད་པའི་ཆོས་ཀྱི་དགའ་བ་ལ་དགའ་བས་མོས་པ། ཆོས་ཐམས་ཅད་ལ་རབ་རིབ་མྱེད་པའི་མྱིག་གིས་ལྟ་བ། འཇིག་རྟེན་ཐམས་ཅད་ཀྱི་འབྱུང་བ་དང་། འཇིག་པ་ཤེས་པའི་ཟླ་བར་གྱུར་པ། ཤེས་ རབ་ཀྱི་དཀྱིལ་འཁོར་གྱིས་བདེན་པའི་ཚུལ་ཐམས་ཅད་ལ་རྣམ་པར་སྤྱོད་པའི་འོད་ཟེར་ཅན། ཡེ་ཤེས་ཀྱི་རྡོ་རྗེ་བསོད་ནམས་ཀྱི་ཁོར་ཡུག་དུ་གྱུར་པ། དཔེར་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ། ཆོས་ཐམས་ཅད་ལ་དབང་པོ་དང་ཡེ་ཤེས་ཀྱི་མྱུ་གུ་རབ་ཏུ་སྐྱེས་པ། དཔའ་བའི་རྒྱལ་མཚན་དང་ལྡན་པ། བདུད་ཐམས་ཅད་ཀྱི་རྒྱལ་མཚན་རབ་ཏུ་སྙོལ་བ་ལ་དཔའ་བ་ཡེ་ཤེས་མཐའ་ཡས་པའི་ དཀྱིལ་འཁོར་གྱི་གཟི་བརྗིད་ཅན། འགྲོ་བ་ཐམས་ཅད་ལས་མངོན་པར་འཕགས་པའི་ལུས་དང་ལྡན་པ། ཆོས་ཐམས་ཅད་ལ་ཤེས་རབ་སྒྲིབ་པ་མྱེད་པར་ཟད་པ་དང་། མྱི་ཟད་པའི་མཐའི་ཡེ་ཤེས་ ཀྱིས་རྣམ་པར་སངས་རྒྱས་པ། ཡང་དག་པའི་མཐའི་ཀུན་གྱི་མཐར་ཕྱིན་པ་ལ་གནས་པ། མཚན་མ་མྱེད་པ་ལ་རྣམ་པར་ལྟ་བའི་ཡེ་ཤེས་ཀྱི་མྱིག་མངོན་སུམ་ཅན། བྱང་ཆུབ་སེམས་དཔའི་ སྤྱོད་པ་ཐམས་ཅད་མངོན་པར་བསྒྲུབ་པའི་རྒྱུ་ལ་མཁས་པ། མྱི་གཉིས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དང་ལྡན་པ་འཇིག་རྟེན་གྱི་རྒྱུད་ཐམས་ཅད་ལ་རྣམ་པར་བལྟ་བ། སངས་རྒྱས་ཀྱི་ཞིང་གི་རྒྱུད་ གནས་མྱེད་པ་ལ་ཐམས་ཅད་དུ་གཟུགས་བརྙན་སྣང་བར་གྱུར་པ། ཆོས་ཐམས་ཅད་ལ་མུན་པ་དང་རྣམ་པར་བྲལ་བ་ཡེ་ཤེས་ཀྱི་དཀྱིལ་འཁོར་མུན་པ་མྱེད་པ་ལ་རབ་ཏུ་ཞུགས་པ། ཕྱོགས་ཀུན་ཏུ་ 76-1-80b ཆོས་གྱི་སྣང་བ་རབ་ཏུ་བཀྱེ་བ། འགྲོ་བ་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་མཆོག་ཏུ་གྱུར་པ། ཐོས་པ་དང་མཐོང་བ་དང་། སྨོན་ལམ་དོན་ཡོད་པའི་ཟླ་བ། བསོད་ནམས་ཀྱི་རི་རབ་འཇིག་རྟེན་ཐམས་ ཅད་ལས་མངོན་པར་འཕགས་པ། ཕས་ཀྱི་རྒོལ་བའི་ཚོགས་ཐམས་ཅད་ཚར་གཅོད་པ་ལ་ཤིན་ཏུ་དཔའ་བ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སྒྲ་སྐད་དང་དབྱངས་ཀྱི་ང་རོ་འབྱིན་པ། སངས་རྒྱས་ཐམས་ ཅད་ཀྱི་སྐུ་མཐོང་བས་མྱི་ངོམས་པ། སངས་རྒྱས་ཀྱི་སྐུའི་གཟུགས་བརྙན་གྱི་དབང་སྒྱུར་བ་དང་ལྡན་པ། འགྲོ་བ་གདུལ་བ་དང་འཐུན་པའི་ལུས་སུ་བྱིན་གྱིས་རློབ་པ། ཞིང་འབྱམ་ཀླས་པ་ཐམས་ ཅད་དུ་ལུས་གཅིག་གིས་རྒྱས་པར་འགེངས་པ། མངོན་པར་འདུ་བྱ་བ་མྱེད་པའི་རྫུ་འཕྲུལ་གྱི་དཀྱིལ་འཁོར་ཡོངས་སུ་དག་པ། ཐོགས་པ་མྱེད་པར་འགྲོ་བའི་ཡེ་ཤེས་ཆེན་པོའི་ཐེག་པའི་གྲུ་དང་ལྡན་པ། ཡེ་ཤེས་ ཀྱི་དཀྱིལ་འཁོར་གྱིས་ཆོས་ཀྱི་དབྱིངས་ཐམས་ཅད་དུ་ལུས་རབ་ཏུ་སྣང་བ། ཡེ་ཤེས་ཀྱི་ཉི་མ་འགྲོ་བ་ཐམས་ཅད་དུ་ཤར་བ། འགྲོ་བ་ཐམས་ཅད་བསམ་པ་ཇི་ལྟ་བ་བཞིན་དུ་དགའ་བའི་ཁ་དོག་དང་ལྡན་པ། འགྲོ་བ་ཐམས་ཅད་ཀྱི་བསམ་པ་དང་། དབང་པོ་རབ་ཏུ་རྟོགས་པའི་ཡེ་ཤེས་ཅན། ཆོས་ཐམས་ཅད་སྒྲིབ་པ་མྱེད་པའི་ཡུལ་ཁོང་དུ་ཆུད་པ། ཆོས་ཐམས་ཅད་ཀྱི་རང་བཞིན་སྐྱེ་བ་མྱེད་པ་རྣམ་པར་རིག་པ་ ཕྲ་བ་དང་ཡངས་པ་ཕན་ཚུན་དུ་ཡོངས་སུ་བསྡུ་བ་ལ་དབང་སྒྱུར་བ། སངས་རྒྱས་ཀྱི་ཟབ་མོའི་ཚུལ་ངེས་པར་རྟོགས་པ། དོན་ཟབ་མོའི་ཚིག་དང་། ཡི་གེའི་ཐ་སྙད་ལ་མཁས་པ། ཚིག་དང་ཡི་གེ་དང་། དོན་མྱི་ཟད་པ་རབ་ཏུ་བརྗོད་པ། མདོ་སྡེ་རྒྱ་མཚོ་ཐམས་ཅད་ཚིག་གཅིག་དུ་ཆུད་པར་རབ་ཏུ་སྟོན་པ། གཟུགས་དང་ཡེ་ཤེས་ཀྱི་ལུས་རྒྱ་ཆེན་པོ་བྱིན་གྱིས་རློབ་པ། བསྐལ་པ་མཐའ་ཡས་པར་ཡོངས་སུ་ 76-1-81a འཛིན་པའི་གཟུངས་དང་ལྡན་པའི་བྱིན་གྱི་རླབས་ཅན། སེམས་ཀྱི་སྐད་ཅིག་གཅིག་གིས་བསྐལ་པ་བརྗོད་དུ་མྱེད་པར་གནས་པ། རབ་ཏུ་རྟོགས་པའི་ཡེ་ཤེས་ཅན། སེམས་ཀྱི་སྐད་ཅིག་གཅིག་ གིས་དུས་གསུམ་ཤེས་པས། འཇིག་རྟེན་ཐམས་ཅད་མངོན་པར་ཤེས་པས། ཆོས་ཀྱི་གཟུགས་ཀྱིས་སངས་རྒྱས་ཀྱི་ཆོས་རྒྱ་མཚོ་མཐའ་ཡས་པ་དྲན་ཞིང་སྤོབས་པ་འགྲོ་བ་ཐམས་ཅད་ཀྱིས་ཤེས་ པར་འགྱུར་བའི་ཐབས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལས་ཕྱིར་མྱི་ལྡོག་པ། སངས་རྒྱས་ཀྱི་ཡུལ་ལ་ཡེ་ཤེས་སྣང་བ་རབ་ཏུ་ཐོབ་པ། གྱ་ནོམ་པར་སྣང་བའི་ཏིང་ངེ་འཛིན་ལ་རྟག་ཏུ་མཉམ་པར་བཞག་པ་ ཆགས་པ་མྱེད་པའི་མཐའི་ཆོས་ཐམས་ཅད་རབ་ཏུ་དབྱེ་བའི་ཡེ་ཤེས་ལ་མངོན་པར་མཁས་པ། ཆོས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་རྣམ་པར་འཕྲུལ་པའི་ཡུལ་ལ་ཡེ་ཤེས་ཀྱིས་རྣམ་པར་རྩེ་བ། དམྱིགས་པ་ཐམས་ཅད་རྒྱན་བཟང་པོར་བྱིན་གྱིས་རློབ་པ། ཆོས་ཀྱི་དབྱིངས་ཕྱོགས་མྱེད་པ་ལ་ཕྱོགས་ཀྱི་རྗེས་སུ་འབྲང་བས་རབ་ཏུ་ཞུགས་པ་ཕྱོགས་ཐམས་ཅད་རྣམ་པར་དབྱེ་བས་ཆོས་ཀྱི་དབྱིངས་ལ་ཡང་དག་ པར་གཞོལ་བ་ཤིན་ཏུ་ཕྲ་བ་སྟེ། ཡངས་པའི་རྡུལ་ཤིན་ཏུ་ཕྲ་བ་ལ་བྱང་ཆུབ་ཏུ་རྣམ་པར་འཚང་རྒྱ་བ། རང་བཞིན་ཁ་དོག་མྱེད་པ་ལས་ཁ་དོག་ཐམས་ཅད་ཡོངས་སུ་སྟོན་པ། ཕྱོགས་གཅིག་ལ་ཡང་དག་པར་ གཞོལ་བ་དེ་ལྟ་བུའི་ཡོན་ཏན་དང་ཡེ་ཤེས་མཐའ་ཡས་པས་ཡང་དག་པར་བསྐྱེད་དེ། བསོད་ནམས་དང་ཡེ་ཤེས་ཀྱི་སྙིང་པོ་དང་ལྡན་པར་གྱུར་པ། སངས་རྒྱས་ཐམས་ཅད་ཀྱིས་བསྟོད་པ་བསྔགས་པ་ བསྐུར་བ་ཚིག་དང་ཡི་གེ་མི་ཟད་པས་ཡོན་ཏན་དང་ལེགས་པ་བརྗོད་དུ་མྱེད་པའི་བྱང་ཆུབ་སེམས་དཔའ་ཛེ་ཏའི་ཚལ་དུ་འདུས་ཏེ། འཁོད་པ་དེ་བཞིན་གཤེགས་པའི་ཡོན་ཏན་རྒྱ་མཚོ་ལ་འཇུག་པ། 76-1-81b དེ་བཞིན་གཤེགས་པའི་འོད་ཟེར་གྱིས་རབ་ཏུ་སྣང་བར་གྱུར་པ། དེ་དག་གི་ལུས་ཐམས་ཅད་དང་། ཁང་པ་བརྩེགས་པ་དེ་དག་དང་། བྱང་ཆུབ་སེམས་དཔའི་ལོངས་སྤྱོད་དེ་དག་དང་། བྱང་ཆུབ་སེམས་ དཔའི་སྟན་དེ་དག་དང་། ཛེ་ཏའི་ཚལ་ཐམས་ཅད་ནས་ཀྱང་། དགའ་བ་ཆེན་པོའི་ཤུགས་རབ་ཏུ་ཐོབ་པའི་ཆོས་ཉིད་དང་། བྱང་ཆུབ་སེམས་དཔའི་ཆོས་སྣང་བ་བསམ་གྱིས་མྱི་ཁྱབ་པ་རབ་ཏུ་ ཐོབ་པས་དགའ་བའི་ཤུགས་ལས་བྱུང་བའི་རྣམ་པར་འཕྲུལ་པ་ཆེན་པོའི་རྒྱན་མངོན་པར་འཐོན་ནས། ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པ་ཁྱབ་པར་གྱུར་ཏོ། །འདི་ལྟ་སྟེ་སེམས་ཀྱི་སྐད་ཅིག་ རེ་རེ་ལ་འོད་ཟེར་གྱི་དྲ་བའི་སྤྲིན་ཤིན་ཏུ་ཡངས་པ། འགྲོ་བ་ཐམས་ཅད་ཡོངས་སུ་ཚིམ་པར་བྱེད་པ་མངོན་པར་འཐོན་ཏེ། ཕྱོགས་བཅུ་རྒྱས་པ་ཁྱབ་པར་གྱུར་ཏོ། །རིན་པོ་ཆེ་སྣ་ཚོགས་ཀྱི་དྲིལ་ བུའི་སྤྲིན་མངོན་པར་འཐོན་ཏེ། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཡོན་ཏན་དང་ལེགས་པ་རབ་ཏུ་བརྗོད་པའི་སྤྲིན་གྱི་ང་རོ་རྗེས་སུ་བསྒྲགས་པས་ཕྱོགས་བཅུ་རྒྱས་པར་ཁྱབ་པར་གྱུར་ཏོ། །དམྱིགས་པ་ ཐམས་ཅད་ལས་འགྲོ་བ་ཐམས་ཅད་རོལ་མོའི་སྤྲིན་མངོན་པར་འཐོན་ཏེ། སེམས་ཅན་ཐམས་ཅད་ཀྱི་ལས་དང་རྣམ་པར་སྨིན་པ་རོལ་མོའི་སྒྲ་སྙན་པར་བླངས་བས་རྗེས་སུ་སྒྲོག་ཅིང་ཕྱོགས་བཅུ་རྒྱས་པ་ཁྱབ་པར་ གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྨོན་ལམ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་སྣ་ཚོགས་ཡང་དག་པར་སྟོན་པའི་ཚུལ་གྱི་སྤྲིན་མང་པོ་མངོན་པར་འཐོན་ནས། བྱང་ཆུབ་སེམས་དཔའ་ ཐམས་ཅད་ཀྱི་སྨོན་ལམ་གྱི་སྒྲ་དབྱངས་རབ་ཏུ་སྒྲོག་པས་ཕྱོགས་བཅུ་རྒྱས་པར་ཁྱབ་པར་གྱུར་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྲུལ་པ་དང་། རྣམ་པར་འཕྲུལ་བའི་སྤྲིན་མང་པོ་མངོན་པར་འཐོན་ 76-1-82a ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་དབྱངས་རྗེས་སུ་བརྗོད་ཅིང་། ཕྱོགས་བཅུ་རྒྱས་པར་ཁྱབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའི་ལུས་དང་། མཚན་དང་དཔེ་བྱད་བཟང་པོས་ རྣམ་པར་བརྒྱན་པའི་སྤྲིན་མང་པོ་མངོན་པར་འཐོན་ནས། ཞིང་ཐམས་ཅད་དུ་འབྱུང་བའི་སངས་རྒྱས་སྐྱེ་བ་གཅིག་ནས། གཅིག་ཏུ་བརྒྱུད་པ་རབ་ཏུ་བརྗོད་ཅིང་ཕྱོགས་བཅུ་རྒྱས་པར་ཁྱབ་པར་གྱུར་ཏོ། ། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པའི་སྙིང་པོ་བྱང་ཆུབ་ཀྱི་སྤྲིན་མང་པོ་མངོན་པར་འཐོན་ནས། དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་བྱང་ཆུབ་པའི་རྒྱན་བྱུང་བ་ཡོངས་སུ་ སྟོན་ཅིང་། ཕྱོགས་བཅུ་རྒྱས་པར་ཁྱབ་པར་གྱུར་ཏོ། །དམྱིགས་པ་ཐམས་ཅད་ལས་ཀླུའི་དབང་པོའི་ལས་ཀྱི་སྤྲིན་མང་པོ་མངོན་པར་འཐོན་ནས། སྤོས་སྣ་ཚོགས་ཀྱི་ཆར་རབ་ཏུ་འབེབས་ ཤིང་ཕྱོགས་བཅུ་རྒྱས་པར་ཁྱབ་པར་གྱུར་ཏོ། །འགྲོ་བ་ཐམས་ཅད་ཀྱི་དབང་པོ་ལུས་དང་འདྲ་བའི་སྤྲིན་མང་པོ་མངོན་པར་འཐོན་ནས། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ཡོངསུ་བརྗོད་པ་བྱེད་ཅིང་། ཕྱོགས་བཅུ་རྒྱས་པར་ཁྱབ་པར་གྱུར་ཏོ། །ཞིང་ཡོངས་སུ་དག་པ་རིན་པོ་ཆེ་ཐམས་ཅད་ཀྱི་རང་བཞིན་ཡོངས་ཀྱི་གཟུགས་བརྙན་གྱི་སྤྲིན་མང་པོ་མངོན་པར་འཐོན་ནས། དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་མངོན་པར་སྟོན་ཅིང་། ཕྱོགས་བཅུ་རྒྱས་པར་ཁྱབ་པར་གྱུར་ཏོ། །དེ་དག་ལ་སྩོགས་པ་བྱང་ཆུབ་སེམས་དཔའ་དེ་དག་གིས་བྱིན་གྱི་བརླབས་དང་། ཆོས་ཀྱི་སྣང་བ་རྒྱ་མཚོ་བསམ་གྱིས་ མྱི་ཁྱབ་པ་རབ་ཏུ་ཐོབ་པའི་ཆོས་ཉིད་ཀྱིས་རྒྱན་ཆེན་པོ་རྣམ་པར་སྤྲུལ་པའི་སྤྲིན་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱུང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་ 76-1-82b གྱིས་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་རྣམ་པར་འཕྲུལ་པ་དེ་དག་ཡོངས་སུ་སྟོན་པ་བྱེད་ཅིང་ཕྱོགས་བཅུར་རྣམ་པར་བལྟས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཛེ་ཏའི་ཚལ་དུ་སངས་ རྒྱས་བྱིན་གྱིས་རླབས། །མཐའ་ཡས་རྒྱ་ཆེན་ཡོངས་སུ་བྱུང་ལ་ལྟོས། །དམིགས་པ་ཀུན་ལས་ལུས་ཀྱི་སྤྲིན་ཆེན་རྣམས། །མངོན་པར་འཐོན་ཞིང་ཕྱོགས་རྣམས་ཀུན་ཏུ་ཁྱབ། །བདེ་གཤེགས་སྲས་པོ་རྣམས་ ཀྱི་སྣ་ཚོགས་བརྒྱན། །ཁ་དོག་མཐའ་ཡས་རྒྱ་ཆེན་རྣམ་དག་པ། །སྟན་དང་དམྱིགས་པ་ཡོངས་སུ་བཅས་པ་ལ། །དེ་དག་ཐམས་ཅད་གཟུགས་བརྙན་འབྱུང་བ་སྣང་། །རྒྱན་རྣམས་སྣ་ཚོགས་རིན་ཆེན་འོད་ འཕྲོའི་སྤྲིན། །བདེ་གཤེགས་སྲས་པོ་རྣམས་ཀྱི་སྤུ་རྩེ་ལས། །སངས་རྒྱས་གསུང་རྣམས་རབ་ཏུ་སྒྲོག་བྱེད་ཅིང་། །ཞིང་རྣམས་ཀུན་གྱི་དབྱིངས་སུ་ཁྱབ་པར་འཕྲོ། །ཚངས་པའི་དབང་པོའི་གཟུགས་འདྲ་ལུས་ རྣམས་དང་། །སྤྱོད་ལམ་རབ་ཏུ་ཞི་བ་དག་པའི་གཟུགས། །ཞིང་གི་མེ་ཏོག་ཀུན་ལས་མངོན་འཐོན་ཏེ། །བསམ་གཏན་ཡན་ལག་བརྗོད་ཅིང་ཀུན་ཏུ་འདོང་། །ཀུན་ཏུ་བཟང་པོ་འདྲ་བའི་རྒྱལ་བའི་སྲས། ། མཚན་རབ་དཔེ་བྱད་བཟང་པོས་བརྒྱན་པའི་ལུས། །གྲངས་མྱེད་བསམ་ཡས་བདེ་གཤེགས་བ་སྤུ་ལས། །སྤྲུལ་པ་དེ་འདྲ་ཐོགས་པ་མྱེད་པར་འབྱུང་། །བདེ་གཤེགས་སྲས་པོ་དུས་གསུམ་བྱུང་བ་རྣམས། །ཡོན་ཏན་རྒྱ་ མཚོའི་ལེགས་པ་བརྗོད་པ་དག །རྒྱ་མཚོ་ཆེ་མཉམ་རྒྱན་སྤྲིན་དེ་དག་ཀུན། །ཛེ་ཏའི་ཚལ་ན་གནས་ཤིང་རབ་ཏུ་བརྗོད། །ཕྱོགས་རྣམས་ཀུན་གྱི་སེམས་ཅན་ཡོངས་ཀྱི་ལས། །རྒྱ་མཚོ་ཆེན་པོ་སྣ་ཚོགས་མ་ལུས་ པར། །ཛེ་ཏའི་ཚལ་གྱི་ཤིང་གི་གཟུགས་རྣམས་ཀྱི། །གསེབ་ནས་བྱུང་བར་གྱུར་པ་ཀུན་ཏུ་གྲག །དུས་གསུམ་བྱུང་བའི་རྒྱལ་བ་ཐམས་ཅད་ཀྱི། །ཞིང་རྣམས་ཀུན་གྱི་མ་ལུས་རྣམ་འཕྲུལ་བ། །ཞིང་རྣམས་ 76-1-83a རྒྱ་མཚོའི་རྡུལ་སྙེད་དེ་དག་ཀྱང་། །སོ་སོའི་དམྱིགས་ཀྱིས་དམྱིགས་པར་འགྱུར་བ་སྣང་། །སངས་རྒྱས་ཕྱོགས་ཀྱི་ཞིང་རྣམས་རྒྱ་མཚོའི་སྤྲིན། །སྤུ་རྩེ་རེ་རེར་སྣ་ཚོགས་རྣམ་ཕྱེ་བའི། །སངས་ རྒྱས་གནས་རྣམས་སྐད་ཅིག་རེ་རེར་ཡང་། །དེ་དག་ལ་ཡང་སངས་རྒྱས་སྤྲིན་མང་བཞུགས། །འགྲོ་དང་མཉམ་པར་ཕྱོགས་རྣམས་ཀུན་བཀང་ཞིང་། །སེམས་ཅན་ཐབས་ཀྱིས་ཡོངས་སུ་སྨྱིན་པར་བྱེད། །དེ་དག་འོད་ ལས་སྤོས་ཀྱི་འོད་འཕྲོ་དང་། །མེ་ཏོག་ཕལ་ཆེན་རྒྱ་མཚོའི་སྤྲིན་ཀྱང་འབྱུང་། །མཁའ་ལྟར་ཚད་མྱེད་རིན་ཆེན་གཞལ་མྱེད་ཁང་། །མ་ལུས་རྒྱན་རབ་ཀུན་གྱིས་རྣམ་མཛེས་པ། །དེ་དག་ཐམས་ཅད་ཕྱོགས་རྣམས་ ཀུན་ཁྱབ་བྱེད། །ཞིང་དང་སྙིང་པོ་བྱང་ཆུབ་དེ་བཞིན་ནོ། །དུས་གསུམ་བྱུང་བའི་རྒྱལ་བའི་སྲས་རྣམས་ཀྱིས། །ཀུན་ཏུ་བཟང་པོའི་སྤྱོད་པའི་རྣམ་ཚུལ་དུ། །ཞིང་རྣམས་རྒྱ་མཚོ་རྣམ་པར་དག་བྱས་པའི། །རྒྱན་ རབ་སྣ་ཚོགས་འགྲོ་ལྟར་ཚད་མྱེད་པ། །ཕྱོགས་རྣམས་དུས་གསུམ་ཀུན་ཏུ་གང་བྱུང་རྣམས། །བསྐལ་པ་རྒྱ་མཚོ་ཆེན་པོར་རྣམ་སྦྱངས་པ། །དེ་དག་ཀུན་ཀྱང་ཛེ་ཏའི་ནགས་ཚལ་གྱི། །བར་སྣང་མཁའ་ལ་ གཟུགས་བརྙན་ཚུལ་དུ་སྣང་། །དེ་ནས་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱིས། རྒྱུད་ཤིན་ཏུ་སྣང་བར་བྱས་པ་དེ་དག་ལས། བྱང་ཆུབ་སེམས་དཔའ་རེ་རེས་ཀྱང་། སྙིང་རྗེ་ཆེན་པོའི་སྒོ་སངས་ རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དུ་ཞུགས་པར་གྱུར་ནས། དེ་དག་དེ་བས་ཀྱང་འགྲོ་བ་ཐམས་ཅད་ལ་ཕན་པ་དང་། ཡོངས་སུ་བསྡུ་བའི་དོན་དུ་ཞུགས་པར་གྱུར་ཏེ། དེ་ལྟར་མཉམ་པར་བཞག་པ་དེ་དག་གི་ བ་སྤུའི་སྒོ་རེ་རེ་ནས་ཀྱང་། འོད་ཟེར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་མངོན་པར་འཐོན་པར་གྱུར་ཏེ། འོད་ཟེར་དེ་དག་གི་སྒོ་རེ་རེ་ནས་ཀྱང་། བྱང་ཆུབ་སེམས་དཔའ་འཕྲུལ་བའི་སྤྲིན་འཇིག་རྟེན་གྱི་ 76-1-83b དབང་པོ་ཐམས་ཅད་དང་འདྲ་བའི་ལུས་དང་། འགྲོ་བ་ཐམས་ཅད་ལ་མངོན་པར་ལྟ་བའི་ལུས་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། འཕྲོད་པའི་ལུས་དང་ལྡན་པ་མངོན་པར་འཐོན་ཏེ། མངོན་ པར་འཐོན་ནས་ཀྱང་། ཕྱོགས་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་རྒྱས་པར་བཀང་ནས། སེམས་ཅན་ཐམས་ཅད་ཡང་དག་པར་སྐུལ་ཞིང་ཡོངས་སུ་སྨྱིན་པར་བྱ་བ་དང་། གདུལ་བར་བྱེད་དོ། །ལྷའི་གནས་ན་ཤི་ འཕོ་བ་ཡོངས་སུ་བསྟན་པའི་སྒོ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྐྱེ་བ་ཡོངས་སུ་བསྟན་པའི་སྒོ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པའི་དཀྱིལ་འཁོར་ཡོངས་སུ་བསྟན་པའི་སྒོ་དང་། རྨི་ལམ་ ཡོངས་སུ་བསྟན་པའི་སྒོ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་སེམས་ཅན་ཡོངས་སུ་བསྐུལ་བ་བྱེད་དོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྨོན་ལམ་གྱིས་འབྱུང་ བའི་སྒོ་དང་། འཇིག་རྟེན་གྱི་ཁམས་ཡོངས་སུ་བསྐྱོད་པའི་སྒོ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་བསྟན་པའི་སྒོ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་བྱ་བ་དང་། རབ་ཏུ་བསྒྲུབ་པའི་སྒོ་དང་། ཡན་ལག་དང་ཉིང་ལག་གཅོད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྟན་པའི་སྒོ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་ཆེན་པོས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཡོངས་སུ་བསྟན་པའི་སྒོ་དང་། བྱང་ཆུབ་སེམས་དཔའི་བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་དང་། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ལམ་གྱི་དཀྱིལ་འཁོར་ སྣང་བ་རབ་ཏུ་བརྗོད་པའི་སྒོ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་བཙལ་བའི་ཕྱིར། ཆོས་ཀྱི་ཚིག་དང་ཡི་གེ་རེ་རེའི་ཕྱིར། ལུས་གྲངས་མྱེད་པ་ཡོངས་སུ་བསྟན་པའི་སྒོ་དང་། དེ་བཞིན་གཤེགས་པ་ 76-1-84a ཐམས་ཅད་ཀྱི་དྲུང་དུ་འགྲོ་ཞིང་ཆོས་ཐམས་ཅད་ཡོངས་སུ་དྲི་ང་བའི་སྒོ་དང་། དུས་ལ་ཇི་ལྟར་འབབ་པ་དང་། བསམ་པ་ཇི་ལྟར་འབབ་བཞིན་དུ་འགྲོ་བའི་དྲུང་དུ་འགྲོ་ཞིང་ཐམས་ ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྨྱིན་པར་འགྱུར་བ་ཐོབ་པར་བྱ་བའི་ཚུལ་རྒྱ་མཚོ་སྣང་བའི་རྣམ་པར་དམྱིགས་པར་བྱ་བའི་སྒོ་དང་། བྱང་ཆུབ་སེམས་དཔའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་བདུད་དང་། ཕས་ཀྱིས་རྒོལ་བས་མྱི་ཚུགས་པའི་སྟོབས་ཀྱི་རྒྱལ་མཚན་ཡོངས་སུ་བསྟན་པའི་སྒོ་དང་། བཟོ་ཐམས་ཅད་ཤེས་ཤིང་མཁས་པ་དང་ལྡན་པའི་ཤེས་པའི་ས་བོན་ཡོངས་སུ་བསྟན་པའི་སྒོ་དང་། འགྲོ་བ་ཐམས་ ཅད་ལས་ཁྱད་པར་དུ་འཕགས་པར་ཤེས་ཤིང་མཁས་པ་དང་ལྡན་པའི་ཡེ་ཤེས་ཀྱིས་ཡོངས་སུ་བསྟན་པའི་སྒོ་དང་། སེམས་ཅན་ཐམས་ཅད་ཀྱི་བསམ་པའི་ཁྱད་པར་ཤེས་ཤིང་མཁས་པ་དང་ལྡན་པའི་ ཡེ་ཤེས་ཀྱིས་ཡོངས་སུ་བསྟན་པའི་སྒོ་དང་། སེམས་ཅན་ཐམས་ཅད་ཀྱི་དབང་པོ་ལ་འཇུག་པའི་དབང་པོ་ཉོན་མོངས་པ་དང་། བག་ཆགས་སྣ་ཚོགས་ཡང་དག་པར་གཞོམ་པ་ལ་ཤེས་ཤིང་མཁས་པ་དང་ལྡན་པའི་ ཡེ་ཤེས་ཀྱིས་ཡོངས་སུ་བསྟན་པའི་སྒོ་དང་། དེ་དག་ལ་སྩོགས་པ་སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བ་དང་། གདུལ་བའི་ཐབས་དང་བསྡུ་བའི་སྒོ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་རྡུལ་ཤིན་ ཏུ་ཕྲ་བ་སྙེད་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་སེམས་ཅན་ཐམས་ཅད་ཀྱི་གནས་སུ་ཕྱིན་པར་སྣང་སྟེ། ལ་ལ་ནི་ལྷའི་གནས་སུ་ཕྱིན་པར་སྣང་ངོ་། །ལ་ལ་ནི་ཀླུའི་གནས་སུ་ཕྱིན་པར་སྣང་ངོ་། །ལ་ལ་ནི་ གནོད་སྦྱིན་གྱི་གནས་སུ་ཕྱིན་པར་སྣང་ངོ་། །ལ་ལ་ནི་དྲི་ཟའི་གནས་སུ་ཕྱིན་པར་སྣང་ངོ་། །ལ་ལ་ནི་ལྷ་མ་ཡིན་གྱི་གནས་སུ་ཕྱིན་པར་སྣང་ངོ་། །ལ་ལ་ནི་ནམ་མཁའ་ལྡིང་གི་གནས་སུ་ཕྱིན་པར་སྣང་ངོ་། ། 76-1-84b ལ་ལ་ནི་མི་འམ་ཅིའི་གནས་སུ་ཕྱིན་པར་སྣང་ངོ་། །ལ་ལ་ནི་ལྟོ་འཕྱེ་ཆེན་པོའི་གནས་སུ་ཕྱིན་པར་སྣང་ངོ་། །ལ་ལ་ནི་ཚངས་པའི་དབང་པོའི་གནས་སུ་ཕྱིན་པར་སྣང་ངོ་། །ལ་ལ་ནི་མིའི་གནས་སུ་ཕྱིན་པར་ སྣང་ངོ་། །ལ་ལ་ནི་གཤིན་རྗེའི་གནས་སུ་ཕྱིན་པར་སྣང་ངོ་། །ལ་ལ་ནི་ཡི་དགས་ཀྱི་གནས་སུ་ཕྱིན་པར་སྣང་ངོ་། །ལ་ལ་ནི་སེམས་ཅན་དམྱལ་བའི་འཇིག་རྟེན་ཐམས་ཅད་དུ་ཕྱིན་པར་སྣང་ངོ་། །ལ་ལ་ནི་ཡི་ དགས་ཀྱི་སྐྱེ་གནས་ཀྱི་རྒྱུད་ཐམས་ཅད་དུ་ཕྱིན་པར་སྣང་ངོ་། མཐོང་བས་འདུལ་བའི་སེམས་ཅན་དང་། ཐོས་པས་འདུལ་བ་དང་རྗེས་སུ་དྲན་པས་འདུལ་བ་དང་། དབྱངས་ཀྱི་དཀྱིལ་འཁོར་གྱིས་འདུལ་ བ་དང་། མྱིང་གི་ཆུ་ཀླུང་གི་སྒྲས་འདུལ་བ་དང་། འོད་ཀྱི་དཀྱིལ་འཁོར་གྱིས་འདུལ་བ་དང་། འོད་ཟེར་གྱི་དྲ་བ་རབ་ཏུ་འགྱེད་པས་འདུལ་བ་དང་། སེམས་ཅན་རྣམས་ཀྱི་བསམ་པའི་ཚུལ་ཇི་ལྟ་བ་བཞིན་ དུ་ཡོངས་སུ་སྨྱིན་པར་བྱ་བ་དང་། གདུལ་བའི་ཕྱིར་སྙིང་རྗེ་ཆེན་པོ་ཐ་མྱི་དད་པ་དང་། སྨོན་ལམ་ཐ་མྱི་དད་པ་དང་། ཡེ་ཤེས་ཐ་མྱི་དད་པ་དང་། སེམས་ཅན་ཡོངས་སུ་བསྡུ་བ་ཐ་མྱི་དད་པའི་ཚུལ་དུ་བྱང་ཆུབ་ སེམས་དཔའ་དེ་དག་འཛེ་ཏའི་ཚལ་ནས་རྣམ་པར་འཕྲུལ་པའི་རྒྱན་རྣམ་པ་སྣ་ཚོགས་ཀྱིས་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་དང་། སེམས་ཅན་གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་དུ་རྒྱས་ པར་འགེངས་པར་བྱེད་པར་སྣང་ཡང་དེ་བཞིན་གཤེགས་པའི་ཞབས་ཀྱི་དྲུང་ནས་མྱི་གཡོ་སྟེ། ལ་ལ་ནི་རང་གི་གནས་དང་ཁང་པ་བརྩེགས་པ་དང་། སྟན་དང་འཁོར་དང་བཅས་པས། ཕྱོགས་བཅུ་ རྒྱས་པར་བྱེད་པར་སྣང་ཡང་། དེ་བཞིན་གཤེགས་པའི་ཞབས་ཀྱི་དྲུང་ནས་མྱི་གཡོའོ། །ལ་ལ་ནི་སྤྲུལ་པའི་སྤྲིན་རབ་ཏུ་འགྱེད་པར་སྣང་ངོ་། །ལ་ལ་ནི་སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བའི་དོན་དུ་ 76-1-85a གཅིག་པ་གཉིས་སུ་མྱེད་པར་འགྲོ་བར་སྣང་ཡང་། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་ནས་མྱི་གཡོའོ། །ལ་ལ་ནི་དགེ་སྦྱོང་གི་གཟུགས། ལ་ལ་ནི་ཚངས་པའི་གཟུགས། ལ་ལ་ནི་རྟུལ་ཞུགས་ཅན་ཐམས་ཅད་ཀྱི་ཆ་བྱད་དང་། ཆོ་ག་དང་ཆུ་ཞེང་གི་གཟུགས། ལ་ལ་ནི་སྨན་པའི་གཟུགས། ལ་ལ་ནི་ཚོང་པའི་གཟུགས། ལ་ལ་ནི་ཉན་པས་འཚོ་བའི་གཟུགས། ལ་ལ་ནི་གར་ མཁན་གྱི་གཟུགས། ལ་ལ་ནི་ལྷ་ཁྱེར་བའི་གཟུགས། ལ་ལ་ནི་བཟོ་ཐམས་ཅད་དང་ལྡན་པའི་གཟུགས་སུ་གྲོང་དང་གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཁམས་དང་། རྒྱལ་པོའི་ཕོ་བྲང་འཁོར་ དུ་ཕྱིན་པར་སྣང་སྟེ། དུས་ཀྱི་དབང་གིས་དུས་ཀྱི་རྗེས་སུ་འབྲང་ཞིང་མྱིང་དང་གཟུགས་དང་ལུས་མངོན་པར་བསྒྲུབ་པ་ཐ་དད་པ་དང་། ལུས་ཀྱི་ཁ་དོག་དང་དབྱིབས་ཚུལ་དང་འདྲ་བ་དང་དབྱངས་རྣམ་པ་ཐ་དད་པ་ དང་། སྐད་རྣམ་པ་ཐ་དད་པ་དང་། སྤྱོད་པ་རྣམ་པ་ཐ་དད་པ་དང་། གནས་རྣམ་པ་ཐ་དད་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། འགྲོ་བ་ཐམས་ཅད་མྱིག་འཕྲུལ་ལྟ་བུར་ཤེས་པ་དང་། བཟོའི་འཁོར་ ཐམས་ཅད་རབ་ཏུ་བརྗོད་པ་དང་། འགྲོ་བ་ཐམས་ཅད་ཀྱི་ཤེས་པ་བརྗོད་པས་སྣང་བའི་སྒྲོན་མ་དང་། བདེ་བ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་བརྒྱན་པ་དང་། ལས་ཐམས་ཅད་སྣང་བར་བྱེད་པའི་འོད་དང་ལྡན་ པ་དང་། ཕྱོགས་ཐམས་ཅད་ཐེག་པ་ལ་གནས་པས་རབ་ཏུ་སྦྱོང་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཆོས་ཐམས་ཅད་ཀྱི་དཀྱིལ་འཁོར་རབ་ཏུ་སྣང་བ་ལ་སྤྱོད་ཅིང་། སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བ་ དང་། གདུལ་བའི་དོན་དུ་གྲོང་དང་གྲོང་ཁྱེར་དང་། གྲོང་རྡལ་དང་ལྗོངས་དང་། ཁམས་དང་། རྒྱལ་པོའི་གནས་དག་དུ་ཕྱིན་པར་སྣང་ངོ་། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་གནས་པ་མྱེད་པའི་ཁང་པ་ 76-1-85b བརྩེགས་པ་ན་འདུག་འདུག་པ་ལས་བསྐལ་པ་འཐུན་པའི་བྱང་ཆུབ་སེམས་དཔའ་དེ་དག་དང་། རྟག་ཏུ་ཕྱི་བཞིན་འབྲང་བའི་ལག་ན་རྡོ་རྗེ་དག་དང་། འཇིག་རྟེན་ཐམས་ཅད་ཀྱི་ཉམས་བལྟ་བ་ལ་བརྩོན་ཞིང་སངས་ རྒྱས་ཐམས་ཅད་བསྙེན་བཀུར་བར་སྨོན་པའི་སེམས་དང་ལྡན་པའི་ལུས་ཀྱི་རིས་སུ་གཏོགས་པའི་ལྷ་དག་དང་། སྔོན་གྱི་སྨོན་ལམ་གྱིས་རྗེས་སུ་འབྲང་བའི་རྐང་གིས་འགྲོ་བའི་རིས་སུ་གཏོགས་པའི་ལྷ་ དག་དང་། ཆོས་མཉན་པ་ལ་མངོན་པར་མོས་པའི་སའི་ལྷ་དག་དང་། སྙིང་རྗེ་ཆེན་པོ་ལ་བརྩོན་པའི་ལུས་དང་། མཚོ་དང་མཚེའུ་དང་། རྫིང་བུ་དང་ཁྲོན་པ་དང་། ཆུ་ཀླུང་གི་ལྷ་དག་དང་། ཤེས་རབ་ཀྱི་ འོད་སྣང་བས་རབ་ཏུ་གསལ་བའི་མེའི་ལྷ་དག་དང་། རིན་པོ་ཆེའི་གཅོད་པན་ཐོགས་པའི་རླུང་གི་ལྷ་དག་དང་། ཆོས་ཀྱི་ཕྱོགས་སྣང་བར་ཁོང་དུ་ཆུད་པའི་ཕྱོགས་ཀྱི་ལྷ་དག་དང་། མ་རིག་པའི་མུན་པ་གསལ་ བ་ལ་བརྩོན་པའི་མཚན་མོའི་ལྷ་དག་དང་། དེ་བཞིན་གཤེགས་པའི་ཉི་མ་མངོན་པར་བསྒྲུབ་པ་ལ་བརྩོན་པའི་ཉི་མའི་ལྷ་དག་དང་། ཆོས་ཀྱི་དབྱིངས་ཐམས་ཅད་ཀྱི་ནམ་མཁའ་བརྒྱན་པ་ལ་བརྩོན་པའི་ནམ་ མཁའི་ལྷ་དག་དང་། འགྲོ་བ་ཐམས་ཅད་སྲིད་པའི་རྒྱ་མཚོ་ལས་བསྒྲལ་བར་བརྩོན་པའི་གངས་ཆེན་མཚོའི་ལྷ་དག་དང་། ཐམས་ཅད་མཁྱེན་པ་ཉིད་དུ་ཚོགས་ཡང་དག་པར་བསྩགས་པ་ལ་བརྩོན་ཞིང་། དགེ་བའི་རྩ་བའི་སྤོ་མངོན་པར་འཕགས་པའི་སེམས་དང་ལྡན་པའི་རིའི་ལྷ་དང་། འགྲོ་བ་ཐམས་ཅད་ཀྱི་ལུས་བརྒྱན་པར་བརྩོན་ཞིང་སངས་རྒྱས་ཐམས་ཅད་ཀྱི་ཁ་དོག་དང་བྱིན་གྱིས་རླབས་ལ་སྨོན་ཅིང་ བརྩོན་པའི་ཆུ་ཀླུང་གི་ལྷ་དག་དང་། འགྲོ་བ་ཐམས་ཅད་ཀྱི་སེམས་ཀྱི་གྲོང་རྡལ་ཡོངས་སུ་བསྐྱང་བར་བརྩོན་པའི་གྲོང་གི་ལྷ་དག་དང་། ཐམས་ཅད་མཁྱེན་པའི་ཆོས་ཀྱི་གྲོང་ཁྱེར་དུ་སྨོན་ཅིང་མོས་ 76-1-86a པའི་ཀླུའི་དབང་པོ་དག་དང་། སེམས་ཅན་ཐམས་ཅད་ཡོངས་སུ་བསྲུང་བ་ལ་ཞུགས་པའི་གནོད་སྦྱིན་གྱི་དབང་པོ་དག་དང་། སེམས་ཅན་ཐམས་ཅད་ཀྱི་དགའ་བའི་ཤུགས་རྣམ་པར་ འཕེལ་བར་བྱ་བ་ལ་བརྩོན་པའི་དྲི་ཟའི་དབང་པོ་དག་དང་། ཡི་དགས་ཀྱི་རྒྱུད་ཐམས་ཅད་རྣམ་པར་བཟློག་པ་ལ་བརྩོན་པའི་གྲུལ་བུམ་གྱི་དབང་པོ་དག་དང་། སེམས་ཅན་ཐམས་ཅད་སྲིད་པའི་རྒྱ་མཚོ་ནས་གདོན་པའི་ སྨོན་ལམ་གྱིས་ཞུགས་པའི་ནམ་མཁའ་ལྡིང་གི་དབང་པོ་དག་དང་། འཇིག་རྟེན་ཐམས་ཅད་ལས་འཕགས་པའི་དེ་བཞིན་གཤེགས་པའི་སྐུ་དང་། སྟོབས་ཡོངས་སུ་བསྒྲུབ་པར་སྨོན་ལམ་ཡོངས་ སུ་བསྐྱེད་པའི་ལྷ་མ་ཡིན་གྱི་དབང་པོ་དག་དང་། དེ་བཞིན་གཤེགས་པའི་མཐོང་བས་དགའ་བར་གྱུར་ཅིང་། ལུས་རབ་ཏུ་འདུད་པའི་ལྟོ་འཕྱེ་ཆེན་པོའི་དབང་པོ་དག་དང་། འཁོར་བ་ལས་སྐྱོ་བའི་ཡིད་ དང་ལྡན་ཞིང་ངོར་བལྟ་བའི་ལྷའི་དབང་པོ་དག་དང་། རིམ་གྲོ་ཆེན་པོ་རབ་ཏུ་བྱེད་ཅིང་ལུས་རབ་ཏུ་འདུད་པའི་ཚངས་པའི་དབང་པོ་དག་དང་། ལྷན་ཅིག་ཏུ་དེ་དག་གིས་རིམ་གྲོ་ཆེན་པོས་མངོན་པར་བསྟོད་དེ་ མཆོད་ཅིང་། དེ་ལྟ་བུའི་བྱང་ཆུབ་སེམས་དཔའི་རྣམ་པར་གནོན་པའི་རྒྱན་ཕུན་སུམ་ཚོགས་པ་དང་ལྡན་པར་རང་གི་གནས་ནས་བྱུང་སྟེ། བཅོམ་ལྡན་འདས་ལ་གཡས་ཕྱོགས་སུ་བསྐོར་བ་ལན་བརྒྱ་ཕྲག་ དུ་མ་ཞིག་ཏུ་བྱས་ནས། མཆོད་པ་རྣམ་པ་དུ་མས་མཆོད་དེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ཕྱིར་བྱུང་ནས། ལྷོ་ཕྱོགས་ལོགས་སུ་ཡུལ་རྒྱུ་ཞིང་སོང་ངོ་།། །།སངས་རྒྱས་རྨད་ག་ཅད་ ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བདུན་པ། དེ་ནས་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འཇམ་དཔལ་གཞོན་ནུར་གྱུར་པ། 76-1-86b བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པའི་རྒྱན་ཕུན་སུམ་ཚོགས་པ་དེ་འདྲ་བས། ཛེ་ཏའི་ཚལ་ནས་བྱུང་སྟེ། ལྷོ་ཕྱོགས་ལོགས་སུ་འགྲོ་བ་མཐོང་ནས། དེ་འདི་སྙམ་དུ་གྱུར་ཏེ། བདག་ཀྱང་འཇམ་ དཔལ་གཞོན་ནུར་གྱུར་པ་དང་ལྷན་ཅིག་དུ་ཡུལ་རྒྱུ་ཞིང་འགྲོ་སྙམ་ནས། དེ་དགེ་སློང་དྲུག་བཅུ་ཙམ་གྱིས་བསྐོར་ཅིང་མདུན་དུ་བྱས་ཏེ། རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ཞུས་ཏེ། བཅོམ་ལྡན་འདས་ཀྱིས་གནང་བ་དང་། བཅོམ་ལྡན་འདས་ལ་ལན་གསུམ་དུ་བསྐོར་བ་བྱས་ ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ཕྱིར་བྱུང་སྟེ། འཇམ་དཔལ་གཞོན་ནུར་གྱུར་པ་གང་ན་བ་དེར་དགེ་སློང་ལྷན་ཅིག་ཏུ་སྤྱོད་པ་རབ་ཏུ་བྱུང་ནས་རིང་པོ་མ་ལོན་པར་གསར་དུ་ཞུགས་པ་ ཤ་སྟག་སྟེ། འདི་ལྟར་དགེ་སློང་རྒྱ་མཚོའི་བློ་དང་། ལེགས་པར་བྱིན་པ་ཆེན་པོ་དང་། བསོད་ནམས་ཀྱི་འོད་དང་། བུ་ཆེན་པོ་དང་ཀུན་ཁྱབ་སྦྱིན་པ་དང་། རྣམ་དག་སྤྱོད་པ་དང་། ལྷའི་དཔལ་དབང་པོའི་བློ་གྲོས་དང་། ཚངས་པའི་དམ་པ་དང་། དགེ་སློང་ཞི་བའི་བློ་གྲོས་དང་། དེ་དག་ལ་སྩོགས་པའི་དགེ་སློང་དྲུག་བཅུ་རྩམ་ཀུན་ཀྱང་། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ། དགེ་བའི་ རྩ་བ་བསྐྱེད་པ། མོས་པ་ཟབ་མོར་གྱུར་པ། དད་པའི་མྱིག་ཡོངས་སུ་དག་པ། སེམས་རྒྱ་ཆེན་པོས་ཡོངས་སུ་སྤྱོད་པ། སངས་རྒྱས་ཀྱི་ཕྱོགས་ཀྱི་རྣམ་པར་བལྟ་བ་ལ་མཐུ་ཡོད་པ། ཆོས་ ཀྱི་ངོ་བོ་ཉིད་དང་། རང་བཞིན་ངེས་པར་རྟོགས་པའི་སེམས་དང་ལྡན་པ། གཞན་ལ་ཕན་པར་གྱུར་པའི་བློ་ཅན། དེ་བཞིན་གཤེགས་པའི་ཡོན་ཏན་ལ་མངོན་པར་མོས་པ། འཇམ་དཔལ་ 76-1-87a གཞོན་ནུར་གྱུར་པས་ཆོས་བསྟན་པས་འདུལ་བ་ཤ་སྟག་དང་འགྲོགས་ཤིང་མདུན་དུ་བྱས་ཏེ་སྔོན་དུ་བདར་ནས། འཇམ་དཔལ་གཞོན་ནུར་གྱུར་པ་གང་ན་བ་དེར་དོང་ངོ་། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་དེ་ལྟར་ལམ་ དུ་ཞུགས་ཏེ། འདོང་བའི་ཚེ་དགེ་སློང་དེ་དག་ཀུན་ལ་བལྟས་ནས། དགེ་སློང་རྒྱ་མཚོའི་བློ་ལ་སྨྲས་པ། རྒྱ་མཚོའི་བློ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱི་ལུས་མཚན་དང་དཔེ་བྱད་བཟང་པོས་རྣམ་པར་བརྒྱན་ཅིང་། ཡོངས་སུ་དག་པ། ལྷ་དང་མིར་བཅས་པ་བསམ་གྱིས་མི་ཁྱབ་པ་དང་། འོད་ཀྱི་དཀྱིལ་འཁོར་ཡོངས་སུ་དག་ཅིང་སེམས་ཅན་ཚད་མེད་པའི་དགའ་བ་ཡོངས་སུ་བསྐྱེད་པ་དང་། འོད་ཟེར་གྱི་དྲ་བའི་རྒྱན་སེམས་ ཅན་དཔག་ཏུ་མེད་པའི་སྡུག་བསྔལ་རབ་ཏུ་ཞི་བར་བྱེད་པ་དང་། འཁོར་ཕུན་སུམ་ཚོགས་པ་སྔོན་གྱི་དགེ་བའི་རྩ་བས་ཡོངས་སུ་བཟུང་བ་དང་། ལམ་གྱི་རྒྱན་འགྲོ་ན་ལམ་མྱིགས་མངས་རིས་སུ་གནས་པ་དང་ལམ་ རྣམ་པར་གནོན་པའི་རྒྱན་ཕྱོགས་ཀྱི་དཀྱིལ་འཁོར་ཐམས་ཅད་ལ་མངོན་པར་ལྟ་བས་གནས་པ་དང་། བསོད་ནམས་ཕུན་སུམ་ཚོགས་པའི་རྒྱན་གཡས་གཡོན་ནས་གཏེར་ཆེན་པོར་མངོན་པར་འཐོན་པ་དང་སྔོན་ གྱི་སངས་རྒྱས་ལ་རིམ་གྲོ་བྱས་པའི་དགེ་བའི་རྩ་བ་དང་རྒྱུ་མཐུན་པས། ཤིང་གི་གསེབ་ཐམས་ཅད་ནས་རྒྱན་མང་པོ་འབྱུང་བ་དང་། འཇིག་རྟེན་གྱི་དབང་པོ་ཐམས་ཅད་ལ་མཆོད་པའི་སྤྲིན་གྱི་ཆར་མངོན་པར་འབེབས་ ཤིང་བཏུད་དེ་ཕྱག་འཚལ་བ་དང་། ཕྱོགས་བཅུ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འོད་ཟེར་གྱི་དྲ་བའི་དཀྱིལ་འཁོར་མང་པོ་བཀྱེ་བ། སངས་རྒྱས་ཀྱི་ཆོས་ཐམས་ཅད་རབ་ཏུ་སྒྲོག་ཅིང་སྤྱི་བོར་འཆར་བ་ ལ་ལྟོས་ཤིག་ཅེས། དེ་དག་ལ་སོགས་པ་ཚེ་དང་ལྡན་པ་ཤ་རིའི་བུས། འཇམ་དཔལ་གཞོན་ནུར་གྱུར་པ་ལམ་དུ་ཞུགས་པའི་ཡོན་ཏན་གྱི་རྒྱན་ཚད་མེད་པ་དག །དགེ་སློང་དེ་དག་ལ་ཡོངས་སུ་བསྟན་ཏོ། །བརྗོད་དོ་བཤད་ 76-1-87b དོ། །སྨོས་སོ། །བཀྲོལ་ལོ། །རབ་ཏུ་བརྗོད་དོ། །རྣམ་པར་ཕྱེའོ། །གསལ་བར་བྱས་སོ། །དེ་ལྟར་གནས་བརྟེན་ཤ་རིའི་བུས་འཇམ་དཔལ་གཞོན་ནུར་གྱུར་པའི་ཡོན་ཏན་ཅི་ཙམ་དུ་བརྗོད་པ་དེ་ཙམ་དུ་དགེ་སློང་དེ་དག་གི་སེམས་རྣམ་ པར་དག་པར་གྱུར་ཏོ། །རབ་ཏུ་དང་བར་གྱུར་ཏོ། །དགའ་བའི་ཤུགས་རྣམ་པར་འཕེལ་བར་གྱུར་ཏོ། །མོས་པ་སྐྱེས་པར་གྱུར་ཏོ། །དེ་དག་གིས་སེམས་རྒྱུད་ལས་སུ་རུང་བར་གྱུར་ཏོ། །དབང་པོ་རབ་ཏུ་དང་བར་གྱུར་ཏོ། །ཡིད་ བདེ་བ་རྣམ་པར་འཕེལ་བར་གྱུར་ཏོ། །ཡིད་མི་བདེ་བ་རབ་ཏུ་བྱུང་བར་གྱུར་ཏོ། །སེམས་ཀྱི་སྐྱོན་དང་བྲལ་བར་གྱུར་ཏོ། །སྒྲིབ་པ་ཐམས་ཅད་ཕྱིར་ལྡོག་པར་གྱུར་ཏོ། །སངས་རྒྱས་བལྟ་བ་ལ་མངོན་པར་མོས་པར་གྱུར་ཏོ། ། སངས་རྒྱས་ཀྱི་ཆོས་ལ་སེམས་རབ་ཏུ་གཞོལ་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའི་དབང་པོ་ཡོངས་སུ་དག་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའི་དད་པའི་ཤུགས་སྐྱེ་བར་གྱུར་ཏོ། །སྙིང་རྗེ་ཆེན་པོ་འབྱུང་བར་གྱུར་ཏོ། ། ཕ་རོལ་ཏུ་ཕྱིན་པའི་དཀྱིལ་འཁོར་གནོན་པར་གྱུར་ཏོ། །སྙིང་རྗེ་ཆེན་པོ་ཡོངས་སུ་སྐྱེ་བར་འགྱུར་རོ། །ཕྱོགས་བཅུའི་སངས་རྒྱས་རྒྱ་མཚོ་ཡོངས་སུ་སྣང་བར་གྱུར་ཏོ། །དེ་ལྟར་དེ་དག་ཐམས་ཅད་མཁྱེན་པ་ཉིད་དུ་མོས་ པའི་ཤུགས་ཐོབ་པར་གྱུར་ནས་འདི་སྐད་འཛེར་ཏོ། །མཁན་པོ་བདག་ཅག་ཀྱང་སྐྱེས་བུ་དམ་པ་དེའི་དྲུང་དུ་ཕྱིན་པར་མཛད་དུ་གསོལ་ཞེས་ནས། དེ་ནས་ཚེ་དང་ལྡན་པ་ཤ་རིའི་བུ་དགེ་སློང་དེ་དག་དང་འགྲོགས་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་གང་ན་བ་དེར་སོང་ནས་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་དགེ་སློང་འདི་དག་ནི་ཁྱོད་ལ་བལྟ་བར་འདོད་པ་དག་གོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་དགེ་སློང་དེ་དག་དང་། འཁོར་གྱི་དཀྱིལ་འཁོར་གྱི་སའི་ཕྱོགས་དེ་ཙམ་དང་བཅས་པར་གླང་པོའི་ལྟ་སྟངས་ཀྱི་གཟི་དང་ལྡན་པར་ཁྱབ་པར་བལྟས་པ་དང་། དེ་ཡི་རྗེས་ལ་དགེ་སློང་དེ་དག་གིས་འཇམ་དཔལ་གཞོན་ནུར་ 76-1-88a གྱུར་པའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས། ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་སྨྲས་སོ། །སྐྱེས་བུ་དམ་པ་ཁྱོད་མཐོང་བ་དང་། ཁྱོད་ལ་ཕྱག་འཚལ་བའི་དགེ་བའི་རྩ་བ་འདི་དང་བདག་ཅག་གི་དགེ་ བའི་རྩ་བ་གཞན་ཁྱོད་ཀྱིས་མཁྱེན་པ་དང་། མཁན་པོས་ཐུགས་སུ་ཆུད་པ་དང་། གང་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་མངོན་དུ་གཟིགས་པའི་དགེ་བའི་རྩ་བ་དེས། ཁྱོད་ཅི་འདྲ་བ་དེ་འདྲ་ བར་གྱུར་ཏེ། རྣམ་པ་འདི་འདྲ་བའི་ལུས་ཐོབ་པར་ཤོག་ཤིག །རྣམ་པ་འདི་འདྲ་བའི་དབྱངས་དང་། རྣམ་པ་འདི་འདྲ་བའི་མཚན་དང་། འདི་ལྟ་བུའི་རྣམ་པར་འཕྲུལ་པ་དག་ཀྱང་ཁྱོད་ཇི་ལྟ་བ་བཞིན་དུ་ཐོབ་པར་ཤོག་ ཤིག་ཅེས་དགེ་སློང་དེ་དག་གིས་དེ་སྐད་དུ་སྨྲས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པས་དགེ་སློང་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །དགེ་སློང་དག་ཡོངས་སུ་མི་སྐྱོ་བའི་སེམས་བསྐྱེད་པ་བཅུ་དང་ལྡན་པའི་རིགས་ ཀྱི་བུའམ་རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཞུགས་པ་ནི་བྱང་ཆུབ་སེམས་དཔའི་ལྟ་སྨོས་ཀྱང་ཅི་དགོས་ཀྱི། དེ་བཞིན་གཤེགས་པའི་ས་ཡང་གནོན་པར་འགྱུར་རོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་ གཤེགས་པ་ཐམས་ཅད་བལྟ་བ་དང་། བསྙེན་བཀུར་བ་དང་། མཆོད་པ་དང་རིམ་གྲོ་བྱ་བ་ལ་ཡོངས་སུ་མི་སྐྱོ་བའི་སེམས་བསྐྱེད་པ་དང་། དགེ་བའི་རྩ་བ་ཐམས་ཅད་བསྩགས་པ་ལས་ཕྱིར་མི་ལྡོག་ཅིང་ཡོངས་སུ་མི་ སྐྱོ་བའི་སེམས་བསྐྱེད་པ་དང་། ཆོས་ཐམས་ཅད་བཙལ་བ་ལ་ཡོངས་སུ་མི་སྐྱོ་བའི་སེམས་བསྐྱེད་པ་དང་། བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་སྦྱོར་བ་ལ་ཡོངསུ་མི་སྐྱོ་བའི་སེམས་བསྐྱེད་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐམས་ཅད་ཡོངས་སུ་བསྒྲུབ་པ་ལ་ཡོངསུ་མི་སྐྱོ་བའི་སེམས་བསྐྱེད་པ་དང་། དུས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་དུ་འཇུག་པ་ལ་ཡོངས་སུ་མི་སྐྱོ་བའི་ 76-1-88b སེམས་བསྐྱེད་པ་དང་། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རྒྱ་མཚོ་རྒྱས་པར་དགང་ཞིང་ཡོངས་སུ་དག་པར་བྱ་བ་ལ། ཡོངས་སུ་མི་སྐྱོ་བའི་སེམས་བསྐྱེད་པ་དང་། སེམས་ཅན་གྱི་ཁམས་ཐམས་ ཅད་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བ་ལ་ཡོངས་སུ་མི་སྐྱོ་བའི་སེམས་བསྐྱེད་པ་དང་། ཞིང་དང་བསྐལ་པ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་མངོན་པར་བསྒྲུབ་པ་ལ་ཡོངས་སུ་མི་སྐྱོ་བའི་ སེམས་བསྐྱེད་པ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཕ་རོལ་ཏུ་ཕྱིན་པ་སྦྱར་བས་སེམས་ཅན་གཅིག་ཡོངས་སུ་སྨིན་པར་བྱ་བའི་ཚུལ་དུ་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་ པར་བྱ་བས། དེ་བཞིན་གཤེགས་པའི་སྟོབས་གཅིག་ཡོངས་སུ་བསྒྲུབ་པ་ལ་ཡོངས་སུ་མི་སྐྱོ་བའི་སེམས་བསྐྱེད་པའོ། །དགེ་སློང་དག་ཡོངས་སུ་མི་སྐྱོ་བའི་སེམས་བསྐྱེད་པ་བཅུ་པོ་འདི་དག་དང་ལྡན་པའི་རིགས་ ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་ནི་དགེ་བའི་རྩ་བ་ཐམས་ཅད་ལ་ཡོངས་སུ་འགྲུབ་པར་འགྱུར་རོ། །འཁོར་བའི་རྒྱུད་ཐམས་ཅད་ལས་ཕྱིར་ལྡོག་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་རྒྱུད་ ཐམས་ཅད་ལས་གྱེན་དུ་འཕགས་པར་འགྱུར་རོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ཐམས་ཅད་ལས་ཕྱིར་ཡོངས་སུ་འདའ་བར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་དང་རྒྱུད་དུ་འབྱུང་ བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྨོན་ལམ་ལ་ཡང་དག་པར་འགྲུབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་གྱི་ནན་ཏན་ལ་རྣམ་པར་དག་པར་འགྱུར་རོ། །བྱང་ ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་ཡོངས་སུ་དག་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོབས་ལ་ཡང་དག་པར་འབྱུང་བར་འགྱུར་རོ། །བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་རབ་ཏུ་ 76-1-89a འདུལ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའི་ས་ཡོངས་སུ་གནོན་པར་འགྱུར་རོ། །དེ་བཞིན་གཤེགས་པའི་ས་དང་ཤིན་ཏུ་ཉེ་བར་འགྱུར་རོ། །དེ་ནས་དགེ་སློང་དེ་དག་གིས་ཆོས་ཀྱི་ཚུལ་འདི་ཐོས་ནས། སངས་རྒྱས་ཐམས་ཅད་རྣམ་པར་མཐོང་བ་ལ་ཆགས་པ་མེད་པའི་མིག་གི་ཡུལ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏོ། །དེའི་མཐུས་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་ན་བཞུགས་པ། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་མཐོང་བར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་དེ་དག་གི་འགྲོ་བའི་རྒྱུད་དུ་སྐྱེས་པའི་སེམས་ཅན་དེ་དག་ཀྱང་མ་ལུས་པ་མཐོང་བར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་དེ་དག་གི་ སེམས་ཅན་རྣམས་ཀྱང་མ་ལུས་པར་མཐོང་བར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་དེ་དག་ཀྱང་རྣམ་པར་ཕྱེ་བ་སྣ་ཚོགས་སུ་མཐོང་བར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་དེ་དག་ན་རྡུལ་ཤིན་ཏུ་ཕྲ་བ་ཇི་སྙེད་ཡོད་པ་དེ་དག་ ཀྱང་བགྲངས་བའི་ཚུལ་གྱིས་རབ་ཏུ་ཤེས་པར་གྱུར་ཏོ། །སེམས་ཅན་དེ་དག་གི་རིན་པོ་ཆེའི་གནས་དང་། ལོངས་སྤྱོད་དེ་དག་ཀྱང་མཐོང་བར་གྱུར་ཏོ། །དེ་བཞིན་གཤེགས་པ་དེ་དག་གི་དབྱངས་ཀྱི་ཡན་ལག་རྒྱ་མཚོ་ ཡང་ཐོས་པར་གྱུར་ཏོ། །ཆོས་བསྟན་པ་དེ་དག་ཀྱང་ཚིག་དང་ཡི་གེ་དང་ངེས་པའི་ཚིགས་དང་སྐད་དང་མིང་དང་བརྡས་ཡོངས་སུ་ཤེས་པར་གྱུར་ཏོ། །སེམས་ཅན་དེ་དག་གི་སེམས་དང་དབང་པོ་དང་བསམ་པ་ལ་ ཡང་མི་དམིགས་པར་ལྟ་བར་གྱུར་ཏོ། །སྔོན་གྱི་མཐའ་དང་ཕྱི་མའི་མཐའི་ཚེ་རབས་བཅུ་ཡང་རྗེས་སུ་དྲན་པར་གྱུར་ཏོ། །དེ་བཞིན་གཤེགས་པ་དེ་དག་གི་ཆོས་ཀྱི་འཁོར་ལོ་བཅུའི་ངེས་པའི་ཚིག་མངོན་ པར་བསྒྲུབ་པ་ལ་ཡང་རབ་ཏུ་ཞུགས་པར་གྱུར་ཏོ། །རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་མངོན་པར་བསྒྲུབ་པ་བཅུ་ལ་ཡང་རབ་ཏུ་ཞུགས་པར་གྱུར་ཏོ། །བསྟན་པའི་ཚུལ་མངོན་པར་བསྒྲུབ་པ་བཅུ་ལ་ཡང་དག་ 76-1-89b པར་རབ་ཏུ་ཞུགས་པར་གྱུར་ཏོ། །རྗེས་སུ་བསྟན་པའི་ཚིག་མངོན་པར་བསྒྲུབ་པ་བཅུ་ལ་ཡང་རབ་ཏུ་ཞུགས་པར་གྱུར་ཏོ། །དེ་བཞིན་གཤེགས་པ་དེ་དག་གི་སོ་སོ་ཡང་དག་པར་རིག་པའི་ཚུལ་མངོན་པར་བསྒྲུབ་ པ་བཅུ་ལ་ཡང་རབ་ཏུ་ཞུགས་པར་གྱུར་ཏོ། །ཏིང་ངེ་འཛིན་དེ་ཐོབ་མ་ཐག་ཏུ། བྱང་ཆུབ་ཀྱི་སེམས་ཀྱི་ཡན་ལག་སྟོང་ཕྲག་བཅུ་ཡང་ཡོངསུ་རྫོགས་པར་གྱུར་ཏོ། །ཏིང་ངེ་འཛིན་སྟོང་ཕྲག་བཅུ་ཡང་ཡོངསུ་ནོན་པར་གྱུར་ཏོ། ། ཕ་རོལ་ཏུ་ཕྱིན་པའི་ཡན་ལག་སྟོང་ཕྲག་བཅུ་ཡང་རྣམ་པར་དག་པར་འགྱུར་ཏེ། སྣང་བ་ཆེན་པོ་རབ་ཏུ་ཐོབ་ཅིང་ཤེས་རབ་ཆེན་པོའི་དཀྱིལ་འཁོར་གྱི་སྣང་བར་གྱུར་པ་དེ་དག་གིས་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་ བཅུ་རབ་ཏུ་ཐོབ་པར་གྱུར་ཏོ། །དེ་ལྟར་མངོན་པར་ཤེས་པའི་མྱུ་གུ་གཞོན་ཞིང་ཤིན་ཏུ་ཕྲ་བ་ཐོབ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་བརྟན་པ་ལ་གནས་པ་དེ་དག་འཇམ་དཔལ་གཞོན་ནུར་གྱུར་པས། བྱང་ཆུབ་སེམས་དཔའ་ ཀུན་ཏུ་བཟང་པོའི་སྤྱོད་པ་ལ་ཡང་དག་པར་བསྐུལ་ནས་རབ་ཏུ་བཀོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་རབ་ཏུ་གནས་པ་དེ་དག་སྨོན་ལམ་ཆེན་པོའི་རྒྱ་མཚོ་ལ་ཞུགས་ཤིང་མངོན་པར་ སྒྲུབ་པར་གྱུར་ཏོ། །དེ་ལྟར་སྨོན་ལམ་ཆེན་པོ་རྒྱ་མཚོས་མངོན་པར་བསྒྲུབ་པའི་སེམས་རྣམ་པར་དག་པས་ལུས་ཡོངསུ་དག་པ་རབ་ཏུ་ཐོབ་པར་གྱུར་ཏོ། །ལུས་རྣམ་པར་དག་པས་ལུས་ཡང་བ་རབ་ཏུ་ཐོབ་པར་ གྱུར་ཏོ། །དེ་ལྟར་ལུས་རྣམ་པར་དག་པ་དང་ལུས་ཡང་བས་མངོན་པར་ཤེས་པའི་སྒོ་དེ་དག་ཤིན་ཏུ་ཡངས་པར་བྱེད་པས། མི་ཉམས་ཤིང་རྗེས་སུ་འབྲང་བའི་མངོན་པར་ཤེས་པ་རབ་ཏུ་ཐོབ་པར་གྱུར་ཏོ། །མངོན་པར་ ཤེས་པ་དེ་ཐོབ་པས་འཇམ་དཔལ་གཞོན་ནུར་གྱུར་པའི་རྐང་པའི་དྲུང་ནས་ཀྱང་མི་གཡོ་ལ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་སྒྲུབ་པའི་ཕྱིར་ཕྱོགས་བཅུར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་འཕྲིན་ 76-1-90a ལས་ཀྱི་སྤྲིན་མངོན་པར་བསྒྲུབ་པར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། དགེ་སློང་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་ནས་མཐར་གྱི་ཡུལ་རྒྱུ་ཞིང་ལྷོ་ཕྱོགས་ ལོགསུ་སྐྱིད་པའི་འབྱུང་གནས་ཞེས་བྱ་བའི་གྲོང་རྡལ་ཆེན་པོ་གང་ན་བ་དེར་ལོགསུ་སོང་སྟེ། ཕྱིན་ནས་གྲོང་རྡལ་ཆེན་པོ་སྐྱིད་པའི་འབྱུང་གནས་ཀྱི་ཤར་ཕྱོགས་ལོགས་ན་ནགས་ཚལ་ཆེན་པོ་སྩལ་སྣ་ཚོགས་ཀྱིས་ རྒྱལ་མཚན་གྱི་རྒྱན་ཅེས་བྱ་བ་སྔོན་གྱི་སངས་རྒྱས་བཞུགས་བཞུགས་པའི་མཆོད་རྟེན་སེམས་ཅན་སྨིན་པར་བྱེད་པའི་དོན་དུ། དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་ཞིང་མཐའ་ཡས་པར་མིང་གི་སྒྲ་རྗེསུ་ གྲག་པ་དང་། སྔོན་ཅད་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱོད་པ་མཛད་པའི་ཚེ། ཡོངསུ་བཏང་བར་དཀའ་བ་དུ་མ་ཡོངསུ་བཏང་བ་སྟེ། སའི་ཕྱོགས་དེ་ན་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་རྣམས་རྟག་ཏུ་རྒྱུན་མི་འཆད་པར་མཆོད་པ་ལ་བརྩོན་པའི་གནས་ཡོད་པ་དེར་འཁོར་དང་བཅས་ཏེ་ཕྱིན་ནས་དེར་ འཇམ་དཔལ་གཞོན་ནུར་གྱུར་པས། མདོ་སྡེ་ཆོས་ཀྱི་དབྱིངས་ཀྱི་ཚུལ་རབ་ཏུ་སྣང་བར་བྱ་བ་ཞེས་བྱ་བ་མདོ་སྡེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུ་འབྱུང་བར་བསྟན་ཏོ། །དེ་བསྟན་པའི་ཚེ་རྒྱ་མཚོ་ཆེན་པོ་ནས་ཀླུང་བྱེ་ བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ཉེ་བར་ལྷགས་ཏེ། དེ་དག་གི་ཆོས་ཀྱི་ཚུལ་དེ་ཐོས་ནས། ཀླུའི་རྒྱུད་ལ་རྣམ་པར་སྨོད་ཅིང་། དེ་བཞིན་གཤེགས་པའི་ཡོན་ཏན་ལ་མོས་པར་གྱུར་ནས་ཀླུའི་རྒྱུད་རྣམ་པར་ཟློག་སྟེ། ལྷ་དང་མིར་སྐྱེ་བ་ཡོངས་སུ་འཛིན་པར་གྱུར་ནས། དེར་ཀླུ་སྟོང་ཕྲག་བཅུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །ཆོས་བསྟན་པའི་ཚེ་སེམས་ཅན་གྱི་ཁམས་མཐའ་ཡས་ 76-1-90b པ་དང་དབུས་མེད་པ་ཐེག་པ་གསུམ་གྱིས་དུས་གཞན་དང་གཞན་དུ་རྣམ་པར་འདུལ་བར་གྱུར་ཏོ། །དེ་ནས་སྐྱིད་པའི་འབྱུང་གནས་ཀྱི་མི་རྣམས་ཀྱིས། འཇམ་དཔལ་གཞོན་ནུར་གྱུར་པ་སྐྱིད་པའི་འབྱུང་གནས་ཀྱི་གྲོང་རྡལ་དུ་ཕྱིན་ཏེ། ས་ལ་སྣ་ཚོགས་ཀྱི་རྒྱན་སྣ་ཚོགས་ཀྱི་མཆོད་རྟེན་གྱི་གཞི་འདི་ཉིད་ན་རྣམ་པར་སྤྱོད་དོ་ཞེས་ཐོས་ནས། དགེ་བསྙེན་ཚོང་དཔོན་ཤེས་རབ་ཆེན་པོ་ལ་སོགས་པ་དགེ་བསྙེན་ཕ་དང་། དགེ་བསྙེན་མ་དང་། ཁྱེའུ་དང་བུ་མོ་ མང་པོ་དག་སོ་སོ་ནས་འཁོར་ལྔ་བརྒྱ་དང་བཅས་ཏེ། སྐྱིད་པའི་འབྱུང་གནས་ཀྱི་གྲོང་རྡལ་ནས་བྱུང་ནས། འཇམ་དཔལ་གཞོན་ནུར་གྱུར་པ་གང་ན་བ་དེར་དོང་ངོ་། །དེ་ལ་དགེ་བསྙེན་ཤེས་རབ་ཆེན་པོ་ནི་དགེ་བསྙེན་ བཟང་པོས་བྱིན་དང་། ལྷས་བྱིན་དང་བསོད་ནམས་འོད་དང་། གྲགས་པའི་ལྷ་དང་གྲགས་པས་བྱིན་དང་། ཟླ་བའི་དཔལ་དང་ཟླ་བ་དགའ་བ་དང་། བློ་གྲོས་བཟང་པོ་དང་། བློ་གྲོས་ཆེན་པོ་དང་། སྒྲ་གཅན་བཟང་པོ་དང་དགེ་ བསྙེན་བཟང་པོའི་དཔལ་དང་། དེ་དག་ལ་སོགས་པ་དགེ་བསྙེན་ལྔ་བརྒྱས་བསྐོར་ཅིང་མདུན་དུ་བྱས་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་གང་ན་བ་དེར་དོང་ནས། འཇམ་དཔལ་གཞོན་ནུར་གྱུར་པའི་རྐང་པ་གཉིས་ལ་སྤྱི་བོས་ ཕྱག་འཚལ་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལན་གསུམ་དུ་བསྐོར་བ་བྱས་ནས། ཕྱོགས་གཅིག་ཏུ་འཁོད་དོ། །དེ་ལ་དགེ་བསྙེན་མ་ཤེས་རབ་ཆེན་མོ་ནི། དགེ་བསྙེན་མ་འོད་བཟང་མོ་དང་། ལུས་བཟང་མོ་ དང་། དགེ་བ་ཡོད་པ་དང་། དགེ་བའི་དཔལ་དང་། ཟླ་བའི་དཔལ་དང་། ཟླ་བའི་འོད་དང་། དཔལ་གྱི་འོད་དང་། དཔལ་བཟང་མོ་དང་། དགེ་བསྙེན་མ་མིག་བཟང་མོ་དང་། དེ་དག་ལ་སོགས་པ་དགེ་བསྙེན་ མ་ལྔ་བརྒྱས་བསྐོར་ཅིང་མདུན་དུ་བྱས་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་གང་ན་བ་དེར་དོང་ནས། འཇམ་དཔལ་གཞོན་ནུར་གྱུར་པའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། འཇམ་དཔལ་གཞོན་ 76-1-91a ནུར་གྱུར་པ་ལ་ལན་གསུམ་དུ་བསྐོར་བ་བྱས་ནས། ཕྱོགས་གཅིག་ཏུ་འཁོད་དོ། །དེ་ལ་ཚོང་དཔོན་གྱི་བུ་ནོར་བཟང་ནི། ཚོང་དཔོན་གྱི་བུ་བརྟུལ་ཞུགས་བཟང་པོ་དང་། ཚུལ་ཁྲིམས་བཟང་པོ་དང་། ངང་ཚུལ་ བཟང་པོ་དང་། རྣམ་པར་གནོན་པ་བཟང་པོ་དང་། བསམ་པ་བཟང་པོ་དང་། བློ་གྲོས་བཟང་པོ་དང་། བློ་བཟང་པོ་དང་། མིག་བཟང་པོ་དང་། ལག་པ་བཟང་པོ་དང་། ཚོང་དཔོན་གྱི་བུ་འོད་བཟང་པོ་དང་། དེ་དག་ལ་ སོགས་པ་ཚོང་དཔོན་གྱི་བུ་ལྔ་བརྒྱས་བསྐོར་ཅིང་མདུན་དུ་བྱས་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་གང་ན་བ་དེར་དོང་ནས། འཇམ་དཔལ་གཞོན་ནུར་གྱུར་པའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། འཇམ་དཔལ་ གཞོན་ནུར་གྱུར་པ་ལ་ལན་གསུམ་བསྐོར་བ་བྱས་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །དེ་ལ་ཁྱིམ་བདག་ཤེས་རབ་ཆེན་པོའི་བུ་མོ་དགེ་བ་བཟང་མོ་ནི་བུ་མོ་བཟང་མོ་དང་། ཡིད་དུ་འོང་བའི་བཞིན་དང་། བརྟེན་པའི་བློ་གྲོས་ དང་། དཔལ་བཟང་མོ་དང་། ཚངས་པས་བྱིན་དང་། དཔལ་གྱི་འོད་དང་། བུ་མོ་འོད་བཟང་མོ་ལ་སོགས་པ་བུ་མོ་ལྔ་བརྒྱས་བསྐོར་ཅིང་མདུན་དུ་བྱས་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་གང་ན་བ་དེར་དོང་ནས། འཇམ་དཔལ་ གཞོན་ནུར་གྱུར་པའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལན་གསུམ་དུ་བསྐོར་བ་བྱས་ནས། ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་འཇམ་དཔལ་གཞོན་ནུར་ གྱུར་པས་སྐྱིད་པའི་འབྱུང་གནས་ཀྱི་གྲོང་རྡལ་ནས་སྐྱེས་པ་དང་། བུད་མེད་དང་ཁྱེའུ་དང་བུ་མོ་དེ་དག་འདུས་ཏེ། འཁོད་པར་ཤེས་ནས་བསམ་པ་ཇི་ལྟ་བ་བཞིན་དུ་བསྟན་པའི་བྱིན་གྱིས་ཟིལ་གྱིས་མནན་ཏེ་བྱམས་ པ་ཆེན་པོའི་བྱིན་གྱིས་ཚིམ་པར་བྱས་ནས། སྙིང་རྗེ་ཆེན་པོའི་བྱིན་གྱིས་ཆོས་བསྟན་པ་མངོན་པར་བསྒྲུབས་ཏེ། ཡེ་ཤེས་ཀྱི་བྱིན་གྱིས་སེམས་དང་བསམ་པ་རྣམ་པར་ཕྱེ་ནས། སོ་སོ་ཡང་དག་པར་རིག་པ་ཆེན་ 76-1-91b པོས་ཆོས་བསྟན་པར་དགའ་སྟེ། ཚོང་དཔོན་གྱི་བུ་ནོར་བཟངས་ལ་བལྟས་སོ། །ཚོང་དཔོན་གྱི་བུ་ནོར་བཟངས་ཤེས་བྱ་བ་ཅིའི་ཕྱིར་ནོར་བཟང་ཤེས་བྱ་ཞེ་ན། ཚོང་དཔོན་གྱི་བུ་ནོར་བཟངས་ཞེས་བྱ་བ་དེ་ཐོག་མ་མའི་ མངལ་དུ་ཞུགས་མ་ཐག་ཏུ་ཁྱིམ་དེའི་འཁོར་ཀུན་ནས་རྣམ་པར་ཕྱེ་བའི་རིན་པོ་ཆེ་སྣ་བདུན་གྱི་སྡོང་པོ་མཐོན་པར་གྱུར་ཏོ། །རིན་པོ་ཆེའི་སྡོང་པོ་དེ་དག་གི་འོག་ན་རིན་པོ་ཆེའི་གཏེར་བདུན་ཡོད་དེ། གསེར་དང་དངུལ་དང་ བཻ་ཌཱུརྱ་དང་། ཤེལ་དང་མུ་ཏིག་དམར་པོ་དང་། ཨ་སྨ་གར་བ་དང་། མུ་ས་ར་གལ་པ་དང་། རིན་པོ་ཆེ་སྣ་བདུན་གྱི་རིན་པོ་ཆེའི་སྡོང་པོ་དེ་དག་ཀྱང་གཏེར་དེ་དག་ནས་སྐྱེས་ཏེ། སའི་གཞི་བརྟོལ་ནས་མངོན་པར་མཐོན་པར་ གྱུར་ཏོ། །དེ་ཡན་ལག་དང་ཉིང་ལག་ཐམས་ཅད་ཡོངསུ་རྫོགས་ཏེ། ཟླ་བ་བཅུ་ལོན་ནས་བཙས་པ་དང་། དེའི་ཚེ་གཏེར་ཆེན་པོ་བདུན་པོ་དེ་དག་ཀྱང་ཆུ་ཞེང་དང་རྔམས་སུ་ཁྲུ་བདུན་ཙམ་དུ་སའི་སྟེང་ནས་མངོན་པར་ འཕགས་ཏེ། སྣང་བར་གྱུར་ནས་རྣམ་པར་སྣང་ཞིང་མཛེས་པར་གྱུར་ཏོ། །ཁྱིམ་དེར་རིན་པོ་ཆེ་སྣ་ཚོགས་ཀྱི་སྣོད་ལྔ་བརྒྱ་ཡང་བྱུང་བར་གྱུར་ཏེ། འདི་ལྟར་མར་གྱི་སྣོད་དང་། ཏིལ་མར་གྱི་སྣོད་དང་སྦྲང་རྩིའི་སྣོད་དང་མར་ སར་གྱི་སྣོད་དང་། གཞན་དག་ཀྱང་སོ་སོ་ནས་ཡོ་བྱད་སྣ་ཚོགས་ཐམས་ཅད་གྱི་ཡོངསུ་གང་བ་དག་སྟེ། འདི་ལྟར་རྡོ་རྗེའི་སྣོད་སྤོས་སྣ་ཚོགས་ཀྱི་ཡོངསུ་གང་བ་དང་། སྤོས་ཀྱི་སྣོད་གོས་སྣ་ཚོགས་ཀྱིས་ཡོངསུ་གང་བ་དང་། མན་ཤེལ་གྱི་སྣོད་ཁ་ཟས་དང་། སྤྱན་གཟིགས་སྣ་ཚོགས་རོ་མཆོག་དུ་ཞིམ་པས་ཡོངས་སུ་གང་བ་དང་། ནོར་བུའི་སྣོད་རིན་པོ་ཆེ་སྣ་ཚོགས་ཀྱིས་ཡོངས་སུ་གང་བ་དང་། གསེར་གྱི་སྣོད་དངུལ་སིལ་མས་ཡོངས་ སུ་གང་བ་དང་། དངུལ་གྱི་སྣོད་གསེར་ཕྱེས་གང་བ་དང་། ཕྲ་མེན་གྱི་སྣོད་ནོར་བུ་རིན་པོ་ཆེ་བཻ་ཌཱུཪྻས་ཡོངས་སུ་གང་བ་དང་། ཤེལ་གྱི་སྣོད་མུ་ས་ར་གལ་པས་ཡོངས་སུ་གང་བ་དང་། མུ་ས་ར་གལ་པའི་ 76-1-92a སྣོད་རིན་པོ་ཆེ་ཤེལ་གྱི་ཡོངས་སུ་གང་བ་དང་། ཨ་སྨ་གར་བའི་སྣོད་མུ་ཏིག་དམར་པོས་ཡོངས་སུ་གང་བ་དང་། མུ་ཏིག་དམར་པོའི་སྣོད་ཨ་སྨ་གར་བས་ཡོངས་སུ་གང་བ་དང་། ནོར་བུ་རིན་པོ་ཆེ་སྐར་ མའི་རྒྱལ་མཚན་གྱི་སྣོད་རིན་པོ་ཆེ་ཆུ་དང་གི་ཡོངས་སུ་གང་བ་དང་། ནོར་བུ་རིན་པོ་ཆེ་ཆུ་འདང་གི་སྣོད་ནོར་བུ་རིན་པོ་ཆེ་སྐར་མའི་རྒྱལ་མཚན་གྱི་ཡོངས་སུ་གང་བ་དང་། དེ་དག་ལ་སོགས་པ་རིན་པོ་ཆེའི་སྣོད་ལྔ་ བརྒྱ་འཐོན་པར་གྱུར་ཏོ། །ཚོང་དཔོན་གྱི་བུ་ནོར་བཟངས་དེ་བཙས་མ་ཐག་ཏུ་ཁྱིམ་དང་བང་བ་དང་མཛོད་ཐམས་ཅད་དུ་ནོར་དང་འབྲུ་དང་དབྱིག་དང་། གསེར་དང་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་མངོན་པར་བབ་པར་གྱུར་ཏོ། ། དེ་ལ་བྲམ་ཟེའི་ལྟས་པ་དང་། ཕ་དང་མ་དང་གཉེན་གྱི་ཚོགས་ཀྱིས་འདི་བཙས་མ་ཐག་ཏུ་ནོར་མང་པོ་ཕུན་སུམ་ཚོགས་པ་འབྱུང་བར་གྱུར་པས་ན། ནོར་བཟང་ནོར་བཟངས་ཤེས་དེ་ལྟར་མིང་དུ་བཏགས་ཏེ། ཚོང་དཔོན་གྱི་བུ་ནོར་བཟངས་དེ་ནི་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་སོ། །དགེ་བའི་རྩ་བ་བསྐྱེད་པའོ། །མོས་པ་རྒྱ་ཆེན་པོ་དང་ལྡན་པའོ། །དགེ་བའི་བཤེས་གཉེན་གྱི་རྗེས་སུ་འབྲང་བའི་བསམ་པ་ ཅན་ནོ། །ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་ཁ་ན་མ་ཐོ་བ་མེད་པའོ། །བྱང་ཆུབ་སེམས་དཔའི་ལམ་ཡོངས་སུ་སྦྱངས་པ་ལ་རབ་ཏུ་བརྩོན་པའོ། །ཐམས་ཅད་མཁྱེན་པ་ལ་མངོན་པར་མོས་པའོ། ། སངས་རྒྱས་ཀྱི་ཆོས་ཀྱི་སྣོད་དུ་གྱུར་པའོ། །བསམ་པའི་ནམ་མཁའ་ཡོངས་སུ་དག་པའོ། །བྱང་ཆུབ་ཀྱི་སེམས་ཆགས་པ་མེད་པ་ཡོངསུ་རྫོགས་པའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ ཚོང་དཔོན་གྱི་བུ་ནོར་བཟང་ལ་བལྟས་ཏེ། དགའ་བའི་གཏམ་བྱས་ནས་དེ་ལ་འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལས་ཀྱང་བརྩམས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྡུ་ཞིང་། 76-1-92b མཐོན་པར་བྱ་བ་ལས་ཀྱང་བརྩམས། སངས་རྒྱས་ཐམས་ཅད་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་ཀྱང་བརྩམས། སངས་རྒྱས་ཐམས་ཅད་གཅིག་ནས་གཅིག་ཏུ་རྒྱུད་པའི་ཐམས་ཅད་ཤེས་པར་བྱ་བ་ལས་ཀྱང་ བརྩམས། སངས་རྒྱས་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་རྣམ་པར་དག་པ་ལས་ཀྱང་བརྩམས། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་དང་སྤྲུལ་པའི་རྒྱུན་ལས་ཀྱང་བརྩམས། སངས་རྒྱས་ཐམས་ཅད་ཀྱིས་ གཟུགས་ཀྱི་སྐུའི་མཚན་དང་དཔེ་བྱད་བཟང་པོ་རྣམ་པར་དག་པ་ལས་ཀྱང་བརྩམས། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུའི་ཡོངསུ་གྲུབ་པ་ལས་ཀྱང་བརྩམས། སངས་རྒྱས་ཐམས་ཅད་ཀྱི་གསུང་རྣམ་ པར་ཕྱེ་བ་ལས་ཀྱང་བརྩམས། སངས་རྒྱས་ཐམས་ཅད་ཀྱི་འོད་ཀྱི་དཀྱིལ་འཁོར་གྱིས་རྒྱན་རྣམ་པར་དག་པ་ལས་ཀྱང་བརྩམས། སངས་རྒྱས་ཐམས་ཅད་ཀྱི་མཉམ་པ་ཉིད་ལས་ཀྱང་བརྩམས་ཏེ། ཆོས་ཀྱང་བསྟན་ པར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། ཚོང་དཔོན་གྱི་བུ་ནོར་བཟངས་དང་། སྐྱེ་བོའི་ཚོགས་ཆེན་པོ་དེ་དག་ཆོས་དང་མཐུན་པའི་གཏམ་གྱི་བསྟན་ཏེ། ཡང་དག་པར་བསྐུལ་ནས་སྤྲོ་བ་བསྐྱེད་ དེ། དགའ་བར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཙུད་དེ། སྔོན་གྱི་དགེ་བའི་རྩ་བ་ཡོངས་སུ་དྲན་པར་བྱས་ནས། སྐྱིད་པའི་འབྱུང་གནས་ཀྱི་གྲོང་རྡལ་དེའི་ སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཆོས་བསྟན་པས། བྱིན་གྱིས་བརླབས་སྟེ་བདེ་བར་བྱས་དེ་དེ་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལས་ རྣམ་པ་དེ་ལྟ་བུའི་སངས་རྒྱས་ཀྱི་ཡོན་ཏན་དང་། ཆེ་བ་ཉིད་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མོས་ཤིང་བརྩོན་པས་ཕྱི་བཞིན་དུ་འབྲང་སྟེ། འཇམ་དཔལ་གཞོན་ནུར་གྱུར་པ་ལ། 76-1-93a ཚིགསུ་བཅད་དེ་མངོན་པར་བསྟོད་དོ། །བློ་གྲོས་ཆེན་པོ་མཐའ་ཡས་སྤྱོད་ཡུལ་ཅན། །ཁྱོད་ཀྱི་མཐུས་ནི་སེམས་ཅན་སྨན་སླད་དུ། །བདག་ཀྱང་བྱང་ཆུབ་མཆོག་ཏུ་ཞུགས་པར་གྱུར། །དེ་ལ་ངེས་པ་གང་མཆིས་བདག་ལས་གསོན། ། དགའ་བའི་ཆུ་བཀང་འོབས་ཀྱིས་ཀུན་ནས་བསྐོར། །ང་རྒྱལ་དྲེགས་པའི་ར་བ་མཐོ་བར་བརྩེགས། །སེམས་ཅན་ལམ་རྒྱུད་སྒོ་རྣམས་བཙུད་ཅིང་གདུངས། །དེ་འདྲའི་ཁྱིམ་ནི་སྲིད་གསུམ་མིང་ལྡན་ཆེ། །དེ་ནི་གཏི་མུག་མ་རིག་ གཟིངས་པས་ཁེབས། །འདོད་ཆགས་ཞེ་སྡང་མེ་ལྕེས་རབ་ཏུ་གདུངས། །རྟག་པར་བདུད་ཀྱི་དབང་པོའི་དབང་གྱུར་པས། །དེ་ལ་བྱིས་པ་མ་རིག་རྟེན་ཀྱང་འཆའ། །སྲེད་པའི་སྒྲོག་དང་ཞགས་པ་ཤིན་ཏུ་གླགས། །གཡོ་དང་སྒྱུ་ཡི་སྐྱོན་ གྱི་མཐོ་བརྩམས་ཤིང་། །ཐེ་རྩོམ་ཡིད་གཉིས་དག་གིས་མིག་མདོངས་པ། །ལོག་པ་ཕྱིན་ཕྱོགས་ལམ་ལ་རབ་ཏུ་ཞུགས། །ཕྲག་དོག་སེར་སྣའི་ཐག་པས་བཏགས་ཤིང་བཅིངས། །ཡི་དགས་བྱོལ་སོང་སེམས་དམྱལ་ མི་ཁོམ་རྒྱུ། །རྒ་ཤི་ན་དང་སྐྱེ་བས་རབ་ཏུ་མནར། །མགོ་རྨོངས་ལམ་རྒྱུད་འཁོར་ལོ་ཀུན་ཏུ་འཁོར། །དེ་ལ་ཁྱོད་ཀྱི་ཐུག་རྗེ་རྣམ་དག་པའི། །དཀྱིལ་འཁོར་ཡེ་ཤེས་འོད་ཟེར་སྣང་བ་མཛད། །ཉོན་མོངས་རྒྱ་མཚོ་སྐོམ་ པར་ཤར་ཏེ་འཕགས། །ཉི་མ་འདྲ་བས་བདག་ལ་སྣང་བ་མཛོད། །བྱམས་པ་བསྒོམས་པས་དཀྱིལ་འཁོར་རྫོགས་ཤིང་ཉ། །བསོད་ནམས་ཟླ་འོད་བདེ་བའི་ཟེར་འགྱེད་པ། །སེམས་ཅན་ཀུན་གྱི་གནས་སུ་ཤར་གྱུར་ཀྱི། ། ཟླ་བ་ཉ་བ་ལྟ་བུས་བདག་སྣང་མཛོད། །དཀར་མཐུ་ཐམས་ཅད་ཡོངས་བསྩགས་དཀོར་མངའ་ཞིང་། །ཆོས་དབྱིངས་མཁའ་ལ་ཆགས་པ་མེད་མངའ་བ། །ཆོས་ཀྱི་འཁོར་ལོ་རིན་ཆེན་སྔོན་འདྲེས་པས། །རྒྱལ་པོར་གྱུར་ པས་བདག་ལ་བསྟན་དུ་གསོལ། །བྱང་ཆུབ་ཐེག་པའི་སྨོན་ལམ་མཐུའ་མངའ་སྟེ། །བསོད་ནམས་ཡེ་ཤེས་ཤིན་ཏུ་ཡང་བསྩགས་ཤིང་། །སེམས་ཅན་ཀུན་ལ་ཕན་པའི་དོན་ཞུགས་པའི། །དེད་དཔོན་ཆེན་ 76-1-93b པོས་བདག་ཀྱང་བསྐྱང་དུ་གསོལ། །བཟོད་པ་བརྟན་ཞིང་སྲ་བའི་གོ་མནབས་ཏེ། །ཡེ་ཤེས་སྤྱན་མངའ་ཐུགས་རྗེའི་ཕྱག་རིང་བས། །བདུད་ཀྱི་དམག་དཔུང་ཚོགས་རྣམས་མངོན་འགྱུར་བར། །དཔའ་བ་ཆེན་པོས་བདག་གིས་ བསིལ་ཡང་མཛོད། །ཆོས་ཀྱི་རི་རབ་སྤོ་ལ་བརྟན་ཞུགས་ཤིང་། །ཏིང་འཛིན་མཆོག་གི་ལྷ་མོས་ཀུན་ནས་བསྐོར། །ཉོན་མོངས་སྒྲ་ཅན་ལྷ་མིན་འདུལ་མཛད་པ། །བརྒྱ་བྱིན་གྱུར་པས་བདག་ཀྱང་གཟིགས་སུ་གསོལ། །བྱིས་ པའི་གནས་གྱུར་ཁམས་གསུམ་ཁང་པ་ན། །ཉོན་མོངས་ལས་རྣམས་རྣམ་པར་བསལ་བ་མཁྱེན། །རྒྱུ་ཡི་ས་དང་ལམ་རྒྱུད་འཁོར་རྨོངས་པར། །མེ་མར་འདྲ་བས་བདག་ཀྱང་ཤུལ་བསྟན་གསོལ། །ངན་འགྲོའི་ལམ་རྣམས་ རྣམ་པར་བཟློག་མཛད་ཅིང་། །བདེ་བར་འགྲོ་བའི་ལམ་རྣམས་རྣམ་སྦྱོང་བ། །འཇིག་རྟེན་ཀུན་གྱི་ལམ་གྱི་རྒྱུད་ལས་འདས། །བདག་ལའང་ཐར་པའི་སྒོ་ནི་བསྟན་དུ་གསོལ། །རྟག་དང་བདག་དང་བདེ་བར་འདུ་ཤེས་ལྡན། །ལོག་ འཛིན་སྒོ་རེའི་སྐྱབས་ཀྱིས་སྐྱབས་གྱུར་ཀྱིས། །བདེན་པའི་ཡེ་ཤེས་སྤྱན་རྣོ་མཆོག་མངའ་བས། །ཐར་སྒོ་བདག་ལའང་མྱུར་དུ་དབྱེ་བར་གསོལ། །ཡང་དག་ལོག་པའི་ལམ་ལ་མཁས་གྱུར་ཅིང་། །ལམ་གྱི་རྒྱུས་དང་ཚུལ་ ལ་བསྙེངས་མི་མངའ། །ལམ་རྣམས་ཀུན་གྱིས་འདུལ་བ་ཐུགས་སུ་ཆུད། །བདག་ལ་བྱང་ཆུབ་ཤུལ་ནི་བསྟན་དུ་གསོལ། །ཡང་དག་ལྟ་བ་ས་ཡི་ཐང་ལ་ཞུགས། །སངས་རྒྱས་ཀུན་གྱི་ཡོན་ཏན་ཆབ་ ཀྱིས་བཀྲུན། །སངས་རྒྱས་ཆོས་ལེགས་མེ་ཏོག་ཆར་འབེབས་པ། །བྱང་ཆུབ་ཤུལ་ནི་བདག་ལ་བསྟན་དུ་གསོལ། །རྒྱལ་བ་གང་འདས་མ་བྱོན་གང་རྣམས་དང་། །ད་ལྟར་བྱུང་བའི་རྒྱལ་བ་སྣང་ མཛད་པ། །སེམས་ཅན་གཙོ་བོ་ལེགས་པར་གཤེགས་པའི་ཕྱོགས། །དེ་ཡང་ལམ་སྒྲོན་མཛད་པས་བདག་བསྟན་གསོལ། །ལས་ཀྱི་འཁྲུལ་འཁོར་ཚུལ་ལ་མི་བསྙེངས་པ། །ཆོས་ཐེག་ཤིང་རྟའི་འཁྲུལ་འཁོར་ 76-1-94a མཁྱེན་གྱུར་ཅིང་། །ཡེ་ཤེས་ཐེག་པའི་ཚུལ་ལ་རྣམ་ངེས་པ། །བྱང་ཆུབ་ཐེག་པ་བདག་ལ་བཤད་དུ་གསོལ། །མོས་ཤིང་སྨོན་པའི་འཁོར་ལོ་མུ་ཁྱུད་ཅན། །བཟོད་པ་རྡོ་རྗེ་སྙིང་རྗེ་སྲོག་ཤིང་བརྟན། །དད་པའི་གཉའ་ ཤིང་རིན་ཆེན་ལེགས་སྤྲས་པའི། །བྱང་ཆུབ་ཐེག་ལ་བདག་ཀྱང་སྐྱོན་དུ་གསོལ། །གཟུངས་རྣམས་ཀུན་གྱི་རྣམ་དག་དཀྱིལ་འཁོར་ཅན། །བྱམས་པ་བརྩེགས་པ་དགའ་བས་རབ་བརྒྱན་པ། །སོ་སོ་ཡང་དག་ རིག་པའི་དྲིལ་འཕྲིང་ཅན། །ཐེག་མཆོག་བཟང་པོ་བདག་ལ་བསྟན་དུ་གསོལ། །ཚངས་པའི་སྤྱོད་པའི་ལམ་གྱིས་མངོན་པར་བརྒྱན། །ཏིང་འཛིན་བུད་མེད་ཁྲག་ཁྲིག་ཀུན་ནས་རྒྱུ། །ཆོས་ཀྱི་རྔ་ཡི་དབྱངས་ ཆེན་ཆར་བསྒྲགས་པ། །ཐེག་པའི་དམ་པ་བདག་ལ་བསྟན་ཏུ་གསོལ། །བསྡུ་བ་བཞི་ཡི་མི་ཟད་མཛོད་ལྡན་པ། །ཡེ་ཤེས་རིན་ཆེན་ཡོན་ཏན་ཕྲེང་གི་བརྒྱན། །ཁྲེལ་ཡོད་དུལ་བའི་འཕྲེང་བས་མཆོག་བསྡམས་པའི། ། ཐེག་པ་དམ་པ་བདག་ལ་བསྟན་ཏུ་གསོལ། །སྦྱིན་པའི་འོད་ཟེར་དཀྱིལ་འཁོར་བཟང་པོ་ཅན། །ཚུལ་ཁྲིམས་ཙན་དན་སྙིང་རྗེའི་བྱུག་ལྡན་ཞིང་། །བཟོད་པའི་ཟེར་གྱི་མཚན་རྣམས་དམ་སྦྱར་བའི། །ཐེག་པའི་ མཆོག་ལ་མྱུར་དུ་བདག་བཞག་གསོལ། །སེམས་ཅན་ཐམས་ཅད་འདུལ་ལས་མི་ལྡོག་པ། །བསམ་གཏན་ཏིང་འཛིན་གྲོང་ཁྱེར་མཐོར་སྒྲོན་ཅིང་། །ཤེས་རབ་ཐབས་གཉིས་འབྱོར་འཐུན་འགྲོ་རྒྱུ་བའི། ། ཆོས་ཀྱི་ཐེགས་པའི་མཆོག་ལ་བདག་བཞག་གསོལ། །སྨོན་ལམ་འཁོར་ལོས་ལམ་གྱི་འཁོར་སྦྱོང་བ། །ཆོས་ཀྱི་གཟུངས་དམ་མཐུ་བརྟན་ཆེ་ལྡན་ཞིང་། །ཡེ་ཤེས་འཁྲུལ་འཁོར་ལེགས་སྦྱངས་ལེགས་ བྱས་པའི། །ཆོས་ཀྱི་ཐེག་པ་དེ་ལ་བདག་སྐྱོན་གསོལ། །ཀུན་ཏུ་བཟང་པོའི་སྤྱོད་པས་རབ་སྦྱངས་ཤིང་། །སེམས་ཅན་ལྟ་བས་རྒྱུ་ལ་ཐོགས་མེད་པ། །ཀུན་ཏུ་བཟང་པོའི་སྤྱོད་པས་གནོན་གྱུར་པའི། །ཡེ་ཤེས་ཐེགས་པས་ 76-1-94b བདག་ལ་བཏུད་དུ་གསོལ། །དེ་ནས་བརྟན་པས་རྡོ་རྗེ་བཞིན་གནས་པ། །ཡེ་ཤེས་སྒྱུ་མས་ལེགས་སྦྱངས་ལེགས་བྱས་ཤིང་། །སྒྲིབ་དང་ཆགས་པ་ཐམས་ཅད་གཅོད་པ་ཡིས། །བཟང་པོའི་ཐེག་ལ་བདག་ཀྱང་ སྐྱོན་བར་གསོལ། །འགྲོ་མཉམ་དྲི་མེད་ཤིན་ཏུ་ཡངས་གྱུར་པས། །སེམས་ཅན་ཐམས་ཅད་སྐྱོབས་པས་བདེ་བསྒྲུབ་ཅིང་། །ཆོས་དབྱིངས་ཤིན་ཏུ་རྒྱ་ཆེན་རྣམ་སྣང་བའི། །བྱང་ཆུབ་ཐེག་ལ་བདག་ཀྱང་བསྐྱོན་དུ་གསོལ། ། སྡུག་བསྔལ་ཕུང་པོ་རབ་འབྱུང་གཅོད་བྱེད་པ། །ཉོན་མོངས་ལས་ཀྱི་དུལ་མང་སྦྱོང་སེལ་ཅིང་། །བདུད་དང་ཕས་ཀྱི་རྒོལ་བ་ཀུན་འཇོམས་པའི། །ཆོས་ཀྱི་ཐེག་ལ་བདག་ཀྱང་བསྐྱོན་དུ་གསོལ། །ཕྱོགས་རྣམས་ཀུན་ཏུ་ཡེ་ ཤེས་རབ་སྣང་བ། །ཆོས་དབྱིངས་ནམ་མཁའ་རྣམ་པར་ཀླུབས་བྱེད་ཅིང་། །སེམས་ཅན་ཀུན་གྱི་བསམ་པ་རྫོགས་པ་ཡི། །ཆོས་ཀྱི་ཐེག་ལ་བདག་ཀྱང་བསྐྱོན་དུ་གསོལ། །རྣམ་དག་མཁའ་ལྟར་ཚད་མེད་མི་ཟད་པ། ། སྲེད་དང་མ་རིག་ལྟ་བའི་སྐྱོན་མེད་ཅིང་། །སེམས་ཅན་ཀུན་ལ་ཕན་པར་རབ་གནས་པའི། །ཆོས་ཀྱི་ཐེག་ལ་བདག་ཀྱང་སྐྱོན་དུ་གསོལ། །རླུང་ཆེན་ལངས་པའི་ཤུགས་ཀྱི་ཤུགས་ལྡན་པས། །སྨོན་ལམ་མཐུའ་ཡིས་ འཇིག་རྟེན་ཀུན་འཛིན་ཅིང་། །ཞི་བའི་གནས་རབ་ཀུན་སར་སྐྱེལ་བྱེད་པའི། །ཆོས་ཀྱི་ཐེག་ལ་བདག་ཀྱང་བསྐྱོན་དུ་གསོལ། །ས་ཆེན་བཞི་ཡི་སྟོབས་རྣམས་དང་ལྡན་པ། །སྙིང་རྗེའི་མཐུ་དང་ཤུགས་ཀྱིས་ཁུར་ཁྱེར་ཞིང་། །ཡེ་ ཤེས་ལོ་ཐོག་འགྲོ་བ་ཉེར་འཚོ་བའི། །ཐེག་པའི་མཆོག་ལ་བདག་ཀྱང་སྐྱོན་དུ་གསོལ། །ཉི་མ་ལྟ་བུར་འགྲོ་བ་ཉེར་འཚོ་ཞིང་། །བསྡུ་བ་རབ་ཡངས་འཁོར་གྱི་དཀྱིལ་འཁོར་ཅན། །གཟུངས་ཀྱི་སྟོབས་མཆོག་དག་པའི་འོད་ བཟང་བའི། །ཡེ་ཤེས་ཉི་མ་བདག་ལ་བསྟན་དུ་གསོལ། །བསྐལ་པ་མང་པོ་དུ་མར་རབ་རླབས་པས། །རྒྱུ་ཡི་ཚུལ་དང་ས་ཀུན་མཁས་གྱུར་པ། །གང་གིས་འདུས་བྱས་གྲོང་ཁྱེར་གཞོམ་འགྱུར་བའི། ། 76-1-95a ཤེས་བརྟན་རྡོ་རྗེ་འཕགས་པས་བདག་ལ་བསྩལ་དུ་གསོལ། །སངས་རྒྱས་ལེགས་ཀུན་བསླབ་པ་ཕུན་སུམ་གྱིས། །ཡེ་ཤེས་རྒྱ་མཚོ་ཡངས་པ་གང་ཞིག་ལ། །ཚད་མེད་རྒྱ་མཚོའི་བློ་མང་བརླབ་གྱུར་པས། །དེ་ ལེགས་ཅི་འདྲ་འཕགས་པས་བཀའ་བསྩལ་གསོལ། །གང་ན་ཡང་དག་སྤྱན་མངའ་ཁྱོད་བཞུགས་ཤིང་། །ཡེ་ཤེས་རྒྱལ་པོའི་ཅོད་པན་ལེགས་བརྒྱན་ཏེ། །ཆོས་ཀྱི་དབུ་ཐོད་དམ་པས་དབུ་བཅིངས་པས། །ཆོས་ཀྱི་ རྒྱལ་པོའི་ཕོ་བྲང་བདག་ཀྱང་སྟོན། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་གླང་པོའི་ལྟ་སྟངས་ཀྱི་བལྟས་ཏེ། ཚོང་དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དེ་ལྟར་ཁྱོད་ཀྱིས་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དགེ་བའི་བཤེས་གཉེན་གྱི་རྗེས་སུ་འབྲང་ཞིང་བྱང་ཆུབ་སེམས་དཔའི་ལམ་ཡོངསུ་རྫོགས་པར་བྱ་བར་འདོད་དེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངསུ་དྲི་ བར་བསམ་པ་ལེགས་སོ། །རིགས་གྱི་བུ་འདི་ལྟ་སྟེ། དགེ་བའི་བཤེས་གཉེན་རྣམས་ལ་བསྙེན་ཅིང་བསྟེན་པ་དང་། རིམ་གྲོར་བྱ་བ་འདི་ནི་ཐམས་ཅད་མཁྱེན་པ་ཉིད་ཡོངསུ་གྲུབ་པར་འགྱུར་བའི་གཞི་ཡིན་ཏེ་འདི་ནི་འཐུན་ པའི་རྒྱུ་ཡིན་གྱིས། རིགས་ཀྱི་བུ་དེ་བས་ན་ཁྱོད་ཀྱི་དགེ་བའི་བཤེས་གཉེན་བསྙེན་བཀུར་བས་ཡོངསུ་མ་སྐྱོ་བར་གྱིས་ཤིག །ནོར་བཟངས་ཀྱིས་སྨྲས་པ། འཕགས་པ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་ སྤྱོད་པ་ལ་བསླབ་པར་བགྱི། ཇི་ལྟར་ནན་ཏན་དུ་བགྱི། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་བརྩམ་པར་བགྱི། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་བགྱི། ཇི་ ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་རྫོགས་པར་བགྱི། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་སྦྱང་བར་བགྱི། ཇི་ལྟར་བྱང་ཆུབ་ 76-1-95b སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པར་བགྱི། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་མངོན་པར་བསྒྲུབ་པར་བགྱི། ཇི་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པའི་རྗེས་སུ་འབྲང་ བར་བགྱི། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ལྷག་པར་དམིགས་པར་བགྱི། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱས་པར་བགྱི། ཇི་ལྟར་བྱང་ཆུབ་སེམས་ དཔས་ཀུན་ཏུ་བཟང་པོའི་སྤྱོད་པའི་དཀྱིལ་འཁོར་ཡོངསུ་རྫོགས་པར་འགྱུར་བ་རྒྱ་ཆེར་བསྟན་དུ་གསོལ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ཚོང་དཔོན་གྱི་བུ་ནོར་བཟངས་ལ་ཚིགས་སུ་བཅད་དེ་སྨྲས་པ། ། དགེ་བའི་བསོད་ནམས་གང་ཆེན་མཚོ། །དེ་ལྟར་ཁྱོད་ནི་ང་ཡི་དྲུང་དུ་ཉེར་ཕྱིན་ཏེ། །སྙིང་རྗེ་སྙིང་རྩེ་རྒྱ་ཆེན་གྱི་ཡིད་ལྡན་བྱང་ཆུབ་དམ་པ་ཚོལ་བ་ལེགས། །འགྲོ་བ་ཐམས་ཅད་དགྲོལ་དོན་དུ་སྤྱོད་པ། །མཚུངས་མེད་དོན་དུ་སྨོན་ ལམ་རབ་འདེབས་ཤིང་། །འགྲོ་བ་ཀུན་གྱི་སྐྱབས་འགྱུར་བ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཚུལ་འདི་ཡིན། །བྱང་ཆུབ་སེམས་དཔའི་བརྟན་པ་རྣམས། །འཁོར་བའི་ནང་ན་སྐྱོ་མེད་ཡིད་ཀྱིས་སྤྱོད་བྱེད་པ། །དེ་དག་ཀུན་ཏུ་ བཟང་པོ་ཡི། །སྤྱོད་པ་ཐུབ་མེད་ཆགས་མེད་འཐོབ་པར་འགྱུར། །བསོད་ནམས་འོད་ཅན་བསོད་ནམས་དཔལ། །དེ་ལྟར་ཁྱོད་ནི་ཀུན་ཏུ་བཟང་པོའི་སྤྱོད་པ་ལ། །འགྲོ་ལ་ཕན་ཕྱིར་སྨོན་བྱེད་པ། །བསོད་ནམས་རྒྱ་མཚོ་དགེ་ ཞིང་དག་པའི་མཚན། །མཐའ་དང་དབུས་མེད་ཚད་མེད་པའི། །ཕྱོགས་བཅུའི་འཇིག་རྟེན་སངས་རྒྱས་ཀུན་ཀྱང་མཐོང་བར་འགྱུར། །དྲན་པའི་མཐུ་དང་སྟོབས་ཀྱི་ཀྱང་། །དེ་དག་ཆོས་ཀྱི་སྤྲིན་ཀྱང་ཡོངས་སུ་འཛིན་པར་འགྱུར། ། དེ་ལྟར་ཁྱོད་ཀྱིས་ཕྱོགས་བཅུ་ཡི། །སངས་རྒྱས་ཞིང་རྣམས་ཀུན་ཏུ་རྒྱལ་བ་མཐོང་ནས་ཀྱང་། །བྱང་ཆུབ་སྤྱོད་པའི་དོན་གྱི་ཕྱིར། །དེ་དག་ཀུན་ལ་སྨོན་ལམ་རྒྱ་མཚོ་དག་བྱེད་འགྱུར། །འཇིག་རྟེན་གཙོ་ལ་ 76-1-96a སློབ་བྱེད་ཅིང་། །གང་རྣམས་སངས་རྒྱས་ས་ལ་གནས་ནི་བཙལ་བྱས་ཤིང་། །འདི་ཚུལ་རྒྱ་མཚོར་ཞུགས་གྱུར་པ། །དེ་དག་ཀུན་ཀྱང་ཐམས་ཅད་གཟིགས་པར་འགྱུར། །ཁྱོད་ནི་འབྱམ་ཀླས་ཞིང་ཀུན་ཏུ། ། བསྐལ་མང་ཞིང་རྡུལ་སྙེད་དུ་ཀུན་ཏུ་བཟང་པོ་ཡིས། །སྤྱོད་པའི་དམ་པ་སྤྱོད་བྱས་ཤིང་། །བྱང་ཆུབ་དམ་པ་ཞི་བ་འཐོབ་པར་འགྱུར། །ཞིང་རྣམས་མཐའ་དང་དབུས་མེད་པའི། །མ་ལུས་ཀུན་ཏུ་བསྐལ་པ་རྒྱ་མཚོར་སྤྱད་པར་ གྱིས། །ཀུན་ཏུ་བཟང་པོའི་སྤྱོད་མཆོག་ཕྱིར། །སྨོན་ལམ་རྒྱ་ཆེན་ཡོངསུ་རྫོགས་པར་བྱོས། །ཁྱོད་ནི་སྨོན་ལམ་ཐོས་གྱུར་ནས། །སེམས་ཅན་ཁྲག་ཁྲིག་དགའ་བ་ཡོངསུ་སྐྱེས་གྱུར་ཅིང་། །ཀུན་ཏུ་བཟངས་པོའི་ཡེ་ཤེས་ ཀྱིས། །བྱང་ཆུབ་མཆོག་ཏུ་སྨོན་པ་བྱེད་ལ་ལྟོས། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ཚིགསུ་བཅད་པ་དེ་དག་སྨྲས་ནས། ཚོང་དཔོན་གྱི་བུ་ནོར་བཟང་ལ་འདི་སྐད་ཅེས་བསྒོའོ། །རིགས་ཀྱི་བུ་དེ་ལྟར་ཁྱོད་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངསུ་བཙལ་བར་སེམས་དཔའ་ལེགསོ་ལེགས་སོ། །རིགས་ཀྱི་བུ་འདི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་སེམས་བསྐྱེད་པ་དེ་ལྟ་བུའི་སེམས་ཅན་ཡང་རབ་ཏུ་དཀོན་ཏེ། དེ་བས་ཀྱང་གང་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངསུ་ ཚོལ་བ་དེ་ལྟ་བུའི་སེམས་ཅན་ནི་ཆེས་དཀོན་ནོ། །རིགས་ཀྱི་བུ་དེ་བས་ན་བྱང་ཆུབ་སེམས་དཔས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར། ཡང་དག་པའི་དགེ་བའི་བཤེས་གཉེན་ལས་གདོན་མི་ཟ་བར་རྟོགས་ པ་ཐོབ་པར་གྱིས་ཤིག །དགེ་བའི་བཤེས་གཉེན་ཡོངས་སུ་བཙལ་བ་ལ་ཡོངས་སུ་སྐྱོ་བའི་ཡིད་མེད་པར་གྱིས་ཤིག །དགེ་བའི་བཤེས་གཉེན་བལྟ་བ་ལ་ངོམས་པ་མེད་པར་གྱིས་ཤིག །དགེ་བའི་བཤེས་ 76-1-96b གཉེན་གྱིས་བསྟན་པ་ལ་འཐུན་པར་འཛིན་པར་གྱིས་ཤིག །དགེ་བའི་བཤེས་གཉེན་གྱི་ཐབས་མཁས་པའི་སྤྱོད་པ་ལ་ཁོང་ཁྲོ་བ་མེད་པར་གྱིས་ཤིག །རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན། ཡུལ་མི་མོ་གྱ་ནོམ་ མཆོག་ཅེས་བྱ་བ་ཡོད་དེ། དེ་ན་མགུལ་ལེགས་པ་ཞེས་བྱ་བའི་རི་ཞིག་ཡོད་པ་དེ་ལ། དགེ་སློང་སྤྲིན་གྱི་དཔལ་ཞེས་བྱ་བ་འདུག་གིས་དེའི་གན་དུ་སོང་ལ། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་ སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དང་། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་བརྩམ་པར་བྱ་བ་དང་། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྤྱོད་པར་ བྱ་བ་དང་། ཇི་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་རྫོགས་པར་བྱ་བ་དང་། ཇི་ལྟར་ཡོངསུ་དག་པར་བྱ་བ་དང་། ཇི་ལྟར་འདུག་པར་བྱ་བ་དང་། ཇི་ལྟར་མངོན་པར་བསྒྲུབ་པར་བྱ་བ་དང་། ཇི་ལྟར་རྗེསུ་འབྲང་བར་བྱ་བ་ དང་། ཇི་ལྟར་དམིགས་པར་བྱ་བ་དང་། ཇི་ལྟར་རྒྱས་པར་བྱ་བ་དང་། ཇི་ལྟར་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་འགྱུར་བ་དྲིས་ཤིག་དང་། དགེ་བའི་བཤེས་གཉེན་ དེས་ཁྱོད་ལ་ཀུན་ཏུ་བཟང་པོའི་སྤྱོད་པའི་དཀྱིལ་འཁོར་སྟོན་ཏོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་དགའ་རང་སྟེ། མགུ་ཞིང་ཉམས་བདེ་ལ་ཚིམས་ཞིང་ཡིད་བདེ་བ་སྐྱེས་ནས། འཇམ་དཔལ་གཞོན་ནུར་གྱུར་པའི་རྐང་ པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགསུ་བསྐོར་བ་བྱས་ཏེ། ལན་བརྒྱ་སྟོང་དུ་མར་ཕྱིར་བལྟས་ཏེ། དགེ་བའི་བཤེས་གཉེན་ཡིད་དུ་འོང་བའི་སེམས་ དང་ལྡན་པས། དགེ་བའི་བཤེས་གཉེན་མི་མཐོང་མི་བཟོད་དེ། གདོང་མཆི་མས་གང་བར་ངུ་ཞིང་འཇམ་དཔལ་གཞོན་ནུར་གྱུར་པའི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟང་ 76-1-97a མཐར་གྱིས་ཡུལ་མི་མོ་གྱ་ནོམ་མཆོག་ཅེས་བྱ་བ་དེར་སོང་སྟེ་ཕྱིན་ནས། ཡུལ་མི་མོ་གྱ་ནོམ་མཆོག་ནས་རྣམ་པར་བརྒྱུས་ཏེ། སྔོན་གྱི་དགེ་བའི་རྩ་བས་བྱུང་ཞིང་ལས་རྒྱ་ཆེན་པོས་བྱིན་གྱིས་རླབས་པའི་ལོངས་ སྤྱོད་ཡིད་དུ་འོང་བ་ལ་ཡོངས་སུ་སྤྱོད་ཅིང་རི་མགུལ་ལེགས་པ་གང་ན་བ་དེར་ཕྱིན་ནས། མགུལ་ལེགས་པའི་རི་ལ་འཛེགས་ཏེ། དགེ་སློང་སྤྲིན་གྱི་དཔལ་ཚོལ་ཚོལ་ཞིང་། ཤར་ཕྱོགས་ལོགས་སུ་བྱུང་ངོ་། ། དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་དང་ཤར་གྱི་ཕྱོགས་མཚམས་དང་། ཤར་ལྷོའི་ཕྱོགས་མཚམས་དང་། ལྷོ་ནུབ་ཀྱི་ཕྱོགས་མཚམས་དང་། ནུབ་བྱང་གི་ཕྱོགས་མཚམསུ་ཡང་བྱུང་སྟེ། བླ་འོག་ཏུ་ཞ་ཞིང་དགེ་སློང་སྤྲིན་གྱི་དཔལ་ཚོལ་ ཚོལ་བ་ལས་དེས་ཞག་བདུན་ལོན་པ་དང་། དགེ་སློང་སྤྲིན་གྱི་དཔལ་རི་རྩེ་ཅིག་གི་སྨན་ལྗོངས་ན་འཆག་ཅིང་འདུག་པ་མཐོང་ནས། དེ་དགེ་སློང་སྤྲིན་གྱི་དཔལ་གང་ན་བ་དེར་སོང་སྟེ། དགེ་སློང་སྤྲིན་གྱི་དཔལ་ གྱི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས། དགེ་སློང་སྤྲིན་གྱི་དཔལ་ལ་གཡས་ཕྱོགས་སུ་བསྐོར་བ་བྱས་ཏེ། མདུན་དུ་འདུག་ནས་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་སྨྲས་སོ། །འཕགས་པས་ ཐུགས་སུ་ཆུད་པར་མཛད་དུ་གསོལ། བདག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ ལྟར་ནན་ཏན་དུ་བགྱི་བ་དང་། ཇི་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་བརྩམ་པ་དང་། ཇི་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྤྱད་པར་བགྱི་བ་དང་། ཇི་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་རྫོགས་པར་བགྱི་བ་ དང་། ཇི་ལྟར་ཡོངས་སུ་དག་པར་བགྱི་བ་དང་། ཇི་ལྟར་འཇུག་པར་བགྱི་བ་དང་། ཇི་ལྟར་རྗེས་སུ་འབྲང་བར་བགྱིད་པ་དང་། ཇི་ལྟར་མངོན་པར་བསྒྲུབ་པར་བགྱིད་པ་དང་། ཇི་ལྟར་ལྷག་པར་དམིགས་པར་བགྱི་བ་དང་། ཇི་ལྟར་ 76-1-97b རྒྱས་པར་བགྱི་བ་དང་། ཇི་ལྟར་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་འགྱུར་བ་མ་འཚལ་ཏེ། འཕགས་པ་ཁྱོད་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམ་ངག་ དང་། རྗེས་སུ་སྟོན་པ་མཛད་ཅེས་ཐོས་ནས། འཕགས་པ་ཇི་ལྟར་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འགྱུར་བ་བདག་ལ་བསྟན་དུ་གསོལ། དེ་སྐད་ཅེས་སྨྲས་པ་དང་། དགེ་སློང་སྤྲིན་གྱི་དཔལ་གྱིས་ཚོང་དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དེ་ལྟར་ཁྱོད་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། བྱང་ཆུབ་སེམས་དཔའི་ སྤྱོད་པ་ཡོངས་སུ་འདྲི་བ་ལེག་གོ་ལེགསོ། །རིགས་ཀྱི་བུ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་བཙལ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཡོངས་སུ་བཙལ་བ་དང་། བྱང་ ཆུབ་སེམས་དཔའི་འབྱུང་བ་རྣམ་པར་དག་པ་ཡོངསུ་བཙལ་བ་དང་། བྱང་ཆུབ་སེམས་དཔའི་ལམ་རྣམ་པར་དག་པ་ཡོངས་སུ་བཙལ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་ཆེན་པོའི་རྣམ་པར་དག་པ་ཡོངས་སུ་བཙལ་བ་དང་། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་བསྒྲུབ་པ་ རྣམ་པར་དག་པ་ཡོངས་སུ་བཙལ་བ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཡོངས་སུ་བསྟན་པ་དང་། བྱང་ཆུབ་སེམས་དཔའི་སྣང་བའི་སྙིང་རྗེའི་རྒྱུད་ཡོངས་སུ་བསྟན་པ་དང་། བྱང་ཆུབ་སེམས་ དཔའི་འགྲོ་བའི་བསམ་པ་ཇི་ལྟ་བ་བཞིན་དུ་རྗེས་སུ་འབྲང་བ་དང་། བྱང་ཆུབ་སེམས་དཔའ་འཁོར་བ་དང་། མྱ་ངན་ལས་འདས་པའི་སྒོ་ཡོངས་སུ་བསྟན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འདུས་བྱས་དང་། འདུས་མ་བྱས་ཀྱི་སྐྱོན་དང་། འཇིགས་པས་མི་གོས་པའི་རྒྱུད་ཡོངས་སུ་བཙལ་བ་འདི་ནི་དཀའོ། །ཤིན་ཏུ་དཀའོ། །རིགས་ཀྱི་བུ་ཁོ་བོ་ནི་མོས་པའི་སྟོབས་ཀྱི་དབང་གིས་མིག་གི་བློ་གྲོས་དང་། 76-1-98a དད་པའི་མིག་རྣམ་པར་དག་པས་ཀུན་ཏུ་མངོན་པར་ལྟ་བའི་ཡེ་ཤེས་ཀྱི་འོད་སྣང་བ། ཕྱིན་ཕྱོགས་མེད་པ་དང་། ཡུལ་ཀུན་ལ་ཐོག་པ་མེད་ཅིང་བསྒྲུབ་པ་མེད་པ་ཐམས་ཅད་དང་བྲལ་བའི་ལྷག་མཐོང་ ལ་མཁས་པ་དང་། མིག་གི་ཡུལ་ཀུན་ནས་ཡོངས་སུ་དག་པའི་ལུས་རྣམ་པར་དག་པ་དང་། ཕྱོགས་ཀྱི་རྒྱུད་འབྱམ་ཀླས་པ་ཐམས་ཅད་དུ་མངོན་པར་འདུད་པའི་ལུས་ཀྱིས་འདུད་པ་ལ་མཁས་པ་དང་། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྤྲིན་ཡོངས་སུ་འཛིན་པའི་གཟུངས་ཀྱི་སྟོབས་ཀྱིས་ཕྱོགས་ཀྱི་རྒྱུད་ཐམས་ཅད་ནས་མངོན་དུ་གཟིགས་པའི་དེ་བཞིན་གཤེགས་པ་རྣམས་མཐོང་སྟེ། འདི་ལྟར་ཤར་ཕྱོགས་ ཀྱི་དེ་བཞིན་གཤེགས་པ་གཅིག་ཀྱང་མཐོང་ངོ་། །སངས་རྒྱས་གཉིས་དང་བཅུ་དང་། སངས་རྒྱས་བརྒྱ་དང་། སངས་རྒྱས་སྟོང་དང་། སངས་རྒྱས་བརྒྱ་ཕྲག་སྟོང་དང་། སངས་རྒྱས་བྱེ་བ་དང་། སངས་རྒྱས་བྱེ་བ་བརྒྱ་ དང་། སངས་རྒྱས་བྱེ་བ་སྟོང་དང་། སངས་རྒྱས་བྱེ་བ་བརྒྱ་ཕྲག་སྟོང་དང་། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་ནས་དེ་བཞིན་གཤེགས་པ་ཚད་མེད་པ་དང་། དཔག་ཏུ་མེད་པ་དང་། གྲངས་མེད་པ། བསམ་གྱིས་མྱི་ཁྱབ་ པ་མཚུངས་པ་མེད་པ། ཀུན་ཏུ་མཐའ་ཡས་པས་མཚམས་མེད་པ། གཞལ་དུ་མེད་པ། བརྗོད་དུ་མེད་པའི་ཡང་བརྗོད་དུ་མྱེད་པ་དག་ཀྱང་མཐོང་ངོ་། །དེ་བཞིན་གཤེགས་པ་འཛམ་བུའི་གླིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱང་ མཐོང་ངོ་། །དེ་བཞིན་གཤེགས་པ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། སྟོང་དང་། སྟོང་གཉིས་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་སངས་རྒྱས་ཀྱི་ཞིང་གི་ རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱང་མཐོང་། དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱང་མཐོང་ངོ་། །དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་བརྒྱའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ 76-1-98b དང་། སངས་རྒྱས་ཀྱི་ཞིང་སྟོང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། སངས་རྒྱས་ཀྱི་ཞིང་བརྒྱ་ཕྲག་སྟོང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། སངས་རྒྱས་ཀྱི་ཞིང་བྱེ་བའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། སངས་རྒྱས་ཀྱི་ཞིང་བྱེ་ བ་ཕྲག་བརྒྱའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། སངས་རྒྱས་ཀྱི་ཞིང་བྱེ་བ་སྟོང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། སངས་རྒྱས་ཀྱི་ཞིང་བྱེ་བ་བརྒྱ་ཕྲག་སྟོང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ ཁྲིག་བརྒྱ་ཕྲག་སྟོང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ནས། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དག་ཀྱང་མཐོང་སྟེ། ཤར་ཕྱོགས་ལོགསུ་ཇི་ལྟ་བ་བཞིན་དུ་ལྷོ་ཕྱོགས་ དང་ནུབ་ཕྱོགས་དང་། བྱང་ཕྱོགས་དང་། བྱང་ཤར་གྱི་ཕྱོགས་མཚམས་དང་། ཤར་ལྷོའི་ཕྱོགས་མཚམས་དང་། ལྷོ་ནུབ་ཀྱི་ཕྱོགས་མཚམས་དང་། ནུབ་བྱང་གི་ཕྱོགས་མཚམས་དང་། འོག་དང་བླའི་ཕྱོགས་ ཀྱི་དེ་བཞིན་གཤེགས་པ་གཅིག་ཀྱང་མཐོང་བ་ནས། དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དག་ཀྱང་མཐོང་བའི་བར་དུ་སྟེ། ཕྱོགས་རེ་རེར་ རྣམ་པར་བལྟས་ཀྱང་། དེ་བཞིན་གཤེགས་པ་ཁ་དོག་སྣ་ཚོགས་མངའ་བ་དང་། དབྱིབས་སྣ་ཚོགས་མངའ་བ་དང་། རྣམ་པར་འཕྲུལ་པ་སྣ་ཚོགས་མངའ་བ་དང་། ཁྱུ་མཆོག་གི་མཐུ་དང་། རྣམ་པར་རོལ་པ་ སྣ་ཚོགས་མངའ་བ་དང་། འཁོར་གྱི་དཀྱིལ་འཁོར་གྱི་རྒྱན་རྣམ་པ་སྣ་ཚོགས་མངའ་བ་དང་། འོད་ཟེར་གྱི་དྲ་བ་སྣང་བ་ཁ་དོག་དུ་མ་ཅན་དང་། ཁ་དོག་མཐའ་ཡས་པ་རབ་ཏུ་འགྱེད་པ་དང་། སངས་རྒྱས་ཀྱི་ཞིང་ རྣམ་པར་དག་པ་དང་། ཕོ་བྲང་དང་རྒྱན་སྣ་ཚོགས་མངའ་བ་དང་། སྐུ་ཚེའི་ཚད་རྣམ་པར་དག་པ་རྣམ་པ་སྣ་ཚོགས་མངའ་བ་དང་། འགྲོ་བའི་བསམ་པ་ཇི་ལྟ་བ་བཞིན་དུ་རྣམ་པར་དམིགས་པར་མཛད་པ་དང་། 76-1-99a མངོན་པར་འཚང་རྒྱ་བ་རྣམ་པར་དག་པའི་སྒོས་རྣམ་པར་འཕྲུལ་པ་རྣམ་པ་སྣ་ཚོགས་མངའ་བ་དང་། སངས་རྒྱས་ཀྱི་ཁྱུ་མཆོག་དང་སེང་གེའི་ང་རོ་རྣམ་པར་སྒྲོག་པ་མང་པོ་མཐོང་ངོ་། །དེ་ལྟར་རིགས་ ཀྱི་བུ་ཁོ་བོས་ནི་སྒོ་ཀུན་ནས་དམིགས་པ་ཐམས་ཅད་རྣམ་པར་རིག་པ་ལ་ཡང་དག་པར་གཞོལ་བའི་སངས་རྒྱས་རྗེས་སུ་དྲན་པ་འདི་ཐོབ་པར་ཟད་ན། བྱང་ཆུབ་སེམས་དཔའ་ཡེ་ཤེས་ཀྱི་དཀྱིལ་འཁོར་རྣམ་ པར་དག་པ་གང་གིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དང་། སངས་རྒྱས་ཀྱི་ཞིང་ཕོ་བྲང་རྣམ་པར་དག་པའི་རྒྱན་མངོན་པར་མཐོང་བས། སངས་རྒྱས་རྗེས་སུ་དྲན་པའི་སྒོ་ཀུན་ ནས་སྣང་བའི་དཀྱིལ་འཁོར་རབ་ཏུ་ཐོབ་པ་དང་། བསམ་པ་ཇི་ལྟ་བ་བཞིན་དུ་རྣམ་པར་དམིགས་པར་དེ་བཞིན་གཤེགས་པ་མཐོང་བས་རྣམ་པར་དག་པས། སངས་རྒྱས་རྗེས་སུ་དྲན་པའི་སྒོ་འགྲོ་བ་ཐམས་ ཅད་དུ་སྒྲོ་བཏག་པ་རབ་ཏུ་ཐོབ་པ་དང་། གང་གིས་དེ་བཞིན་གཤེགས་པའི་སྟོབས་བཅུ་ཚད་མེད་པའི་རྗེས་སུ་འབྲང་བས་སངས་རྒྱས་རྗེས་སུ་དྲན་པའི་སྒོ། སྟོབས་ཀྱིས་སྒྲོ་བཏགས་པ་རབ་ཏུ་འཐོབ་པ་ དང་། གང་གིས་ཆོས་མཉན་པའི་རྣམ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་འཕྲིན་ལས་བལྟ་བས། སངས་རྒྱས་རྗེས་སུ་དྲན་པའི་སྒོ་ཆོས་ཀྱི་སྒྲོ་བཏགས་པ་རབ་ཏུ་འཐོབ་པ་དང་གང་ གིས་ཕྱོགས་རྒྱ་མཚོ་ཐམས་ཅད་ཀྱི་སངས་རྒྱས་རྒྱ་མཚོ་ཐ་མི་དད་པ་ལ་འདུག་པས། སངས་རྒྱས་རྗེས་སུ་དྲན་པའི་སྒོ་ཕྱོགས་རྣམ་པར་སྣང་བའི་སྙིང་པོ་རབ་ཏུ་ཐོབ་པ་དང་། གང་གིས་དེ་བཞིན་གཤེགས་པའི་ རྣམ་པར་འཕྲུལ་པ་དང་། ཁྱུ་མཆོག་གི་མཐུ་ཕྱུང་བ་རབ་ཏུ་ཕྲ་བར་དམིགས་ཤིང་འཇུགས་པས། སངས་རྒྱས་རྗེས་སུ་དྲན་པའི་སྒོ་ཕྱོགས་ཐམས་ཅད་དུ་འཇུག་པ་རབ་ཏུ་ཐོབ་པ་དང་། བསྐལ་པ་ཐམས་ 76-1-99b ཅད་དུ་དེ་བཞིན་གཤེགས་པ་མཐོང་ཞིང་རྣམ་པར་དམིགས་པ་དང་མི་བྲལ་བས། སངས་རྒྱས་རྗེས་སུ་དྲན་པའི་སྒོ་བསྐལ་པར་བཏགས་པ་རབ་ཏུ་ཐོབ་པ་དང་། གང་གིས་དུས་ཐམས་ཅད་དུ་དེ་བཞིན་གཤེགས་པ་ མཐོང་ཞིང་འགྲོགས་པ་དང་མི་འབྲལ་བས། སངས་རྒྱས་རྗེས་སུ་དྲན་པའི་སྒོ་དུས་སུ་སྒྲོ་བཏགས་པ་རབ་ཏུ་ཐོབ་པ་དང་། གང་གིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ནས་མངོན་པར་འཕགས་ཤིང་ཟིལ་གྱི་ མི་ནོན་པའི་སངས་རྒྱས་ཀྱི་སྐུ་ཡོངས་སུ་མཐོང་ཞིང་རྣམ་པར་རིག་པའི་སངས་རྒྱས་རྗེས་སུ་དྲན་པའི་སྒོ་ཞིང་དུ་སྒྲོ་བཏགས་པ་རབ་ཏུ་ཐོབ་པ་དང་། གང་གིས་དུས་གསུམ་གྱི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ རང་གི་སེམས་དང་བསམ་པར་ཡང་དག་པར་གཞོལ་བས། སངས་རྒྱས་རྗེས་སུ་དྲན་པའི་སྒོ་དུས་གསུམ་དུ་སྒྲོ་བཏགས་པ་རབ་ཏུ་ཐོབ་པ་དང་། གང་གིས་དམིགས་པ་ཐམས་ཅད་ལ་དེ་བཞིན་གཤེགས་པ་ གཅིག་ཏུ་རྒྱུད་པ་ཡང་དག་པར་ཚོགས་པ་མཐོང་ཞིང་དམིགས་པས་སངས་རྒྱས་རྗེས་སུ་དྲན་པའི་སྒོ་དམིགས་པར་སྒྲོ་བཏགས་པ་རབ་ཏུ་ཐོབ་པ་དང་། གང་གིས་སྐད་གཅིག་ཅིག་ལ་འཇིག་རྟེན་གྱི་ ཁམས་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བ་རྣམ་པར་དམིགས་པས། སངས་རྒྱས་རྗེས་སུ་དྲན་པའི་སྒོ་ཞི་བས་སྒྲོ་བཏགས་པ་རབ་ཏུ་ཐོབ་པ་དང་། གང་གིས་ ཉིན་གཅིག་ཏུ་གནས་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་གཤེགས་པར་རྣམ་པར་དམིགས་པས། སངས་རྒྱས་རྗེས་སུ་དྲན་པའི་སྒོ་འབྲེལ་བས་སྒྲོ་བཏགས་པ་རབ་ཏུ་ཐོབ་པ་དང་། གང་གིས་ དེ་བཞིན་གཤེགས་པ་རེ་རེ་སྐྱིལ་མོ་དཀྲུང་དུ་བཞུགས་པས་ཀྱང་། ཆོས་ཀྱི་དབྱིངས་ཐམས་ཅད་དུ་རྒྱས་པར་ཁྱབ་པའི་སངས་རྒྱས་ཀྱི་སྐུ་རྣམ་པར་འཇུག་པས། སངས་རྒྱས་རྗེས་སུ་དྲན་པའི་སྒོ་ཤིན་ཏུ་ 76-1-100a ཡངས་པས་སྒྲོ་བཏགས་པ་རབ་ཏུ་ཐོབ་པ་དང་། གང་གིས་སྐྲའི་རྩེ་མོ་གཅིག་ལ་སངས་རྒྱས་བརྗོད་དུ་མེད་པ་བྱུང་བ་མཉེས་པར་བྱ་བ་ལ་འཇུག་པས། སངས་རྒྱས་རྗེས་སུ་དྲན་པའི་སྒོ་ཤིན་ཏུ་ཕྲ་བས་སྒྲོ་ བཏགས་པ་རབ་ཏུ་ཐོབ་པ་དང་། སྐད་གཅིག་ཅིག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མངོན་པར་འཚང་རྒྱ་ཞིང་། རྣམ་པར་འཕྲུལ་པ་སྟོན་པ་རྣམ་པར་དམིགས་པས། གང་གིས་སངས་རྒྱས་རྗེས་སུ་ དྲན་པའི་སྒོ་ཀུན་ཏུ་སྒྲོ་བཏགས་པ་རབ་ཏུ་ཐོབ་པ་དང་། སངས་རྒྱས་བྱུང་བ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་དང་། རྣམ་པར་འཕྲུལ་པ་དང་། ཡེ་ཤེས་སྣང་བ་རབ་ཏུ་ཐོབ་པས་གང་གིས་སངས་རྒྱས་རྗེས་སུ་དྲན་ པའི་སྒོ་བགོས་པར་སྒྲོ་བཏགས་པ་རབ་ཏུ་ཐོབ་པ་དང་། རང་གིས་སེམས་དང་བསམ་པ་ལ་བལྟས་ནས། དེ་བཞིན་གཤེགས་པ་ཐམས་ཅད་སྣང་བ་རབ་ཏུ་ཐོབ་པས་ན། སངས་རྒྱས་རྗེས་སུ་དྲན་པའི་སྒོ་ སེམས་ཀྱིས་སྒྲོ་བཏགས་པ་རབ་ཏུ་ཐོབ་པ་དང་། འགྲོ་བ་ཐམས་ཅད་ཀྱིས་ལས་རྣམ་པ་ཇི་ལྟ་བུར་བསྩགས་པའི་གཟུགས་བརྙན་ཡོངས་སུ་སྟོན་པས། གང་གིས་སངས་རྒྱས་རྗེས་སུ་དྲན་པའི་སྒོ་ལས་ཀྱི་ སྒྲོ་བཏགས་པ་རབ་ཏུ་ཐོབ་པ་དང་། ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་པད་མོའི་ཚལ་གྱིས་རྒྱས་པར་སངས་རྒྱས་རྣམ་པར་འཕྲུལ་པ་རྒྱ་ཆེན་པོ་སྟོན་པ། ཕྱོགས་ཀུན་ཏུ་མངོན་སུམ་དུ་དམིགས་ པས། གང་གིས་སངས་རྒྱས་རྗེས་སུ་དྲན་པའི་སྒོ་རྣམ་པར་འཕྲུལ་པས་སྒྲོ་བཏགས་པ་རབ་ཏུ་ཐོབ་པ་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་བརྙན་གྱི་སྤྲིན་དབྱངས་སྒྲོགས་པས་ཆོས་ཀྱི་དབྱིངས་ དང་ནམ་མཁའ་ཀུན་ནས་སྣང་བ། གང་གིས་སངས་རྒྱས་རྗེས་སུ་དྲན་པའི་སྒོ་ནམ་མཁའི་སྒྲོ་བཏགས་པ་རབ་ཏུ་ཐོབ་པ་དེ་དག་གི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པར་ནུས་རེ་སྐན་སོང་། 76-1-100b རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན་ཕྱོགས་ཀྱི་ལྗོངས་རྒྱ་མཚོའི་སྒོ་ཞེས་བྱ་བ་ཡོད་པ་དེ་ན། དགེ་སློང་རྒྱ་མཚོའི་སྤྲིན་ཅེས་བྱ་བ་འདུག་གི། དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་ སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག་དང་། རིགས་ཀྱི་བུ་དགེ་བའི་བཤེས་གཉེན་དེས་ཁྱོད་ལ་དགེ་བའི་རྩ་བའི་ཚོགས་དང་། རྒྱུ་ཡོངས་སུ་སྟོན་པར་འགྱུར་རོ། །ཚོགས་ཀྱིས་རྒྱ་ཆེན་པོ་ ཡང་ཁོང་དུ་ཆུད་པར་བྱེད་དོ། །དགེ་བའི་རྩ་བའི་སྟོབས་དང་། ཤུགས་རྒྱ་ཆེན་པོ་ཡང་ཡོངས་སུ་བསྐྱེད་པར་བྱེད་དོ། །བྱང་ཆུབ་ཀྱི་སེམས་ཀྱི་ཚོགས་དང་རྒྱུ་རྒྱ་ཆེན་པོ་ཡང་ཡོངས་སུ་བརྗོད་པར་འགྱུར་རོ། །ཐེག་པ་ ཆེན་པོ་རབ་ཏུ་ཐོབ་པ་དང་། སྣང་བར་འགྱུར་བ་རྒྱ་ཆེན་པོ་ཡང་བསྐྱེད་པར་བྱེད་དོ། །ཕ་རོལ་ཏུ་ཕྱིན་པའི་ཚོགས་ཀྱི་སྟོབས་རྒྱ་ཆེན་པོ་ཡང་རབ་ཏུ་སྟོན་པར་བྱེད་དོ། །སྤྱོད་པ་རྒྱ་མཚོ་ལ་འཇུག་པའི་ཚུལ་རྒྱ་ཆེན་པོ་ཡང་ རབ་ཏུ་སྟོན་པར་འགྱུར་རོ། །སྨོན་ལམ་གྱི་དཀྱིལ་འཁོར་རྒྱ་ཆེན་པོ་ཡང་ཡོངས་སུ་སྦྱོངས་བར་འགྱུར་རོ། །སྒོ་ཀུན་ནས་འབྱུང་བའི་རྒྱན་རྒྱ་ཆེན་པོ་ཡང་རྣམ་པར་སྦྱོང་བར་འགྱུར་རོ། །སྙིང་རྗེ་ཆེན་པོའི་སྟོབས་རྒྱ་ ཆེན་པོ་ཡང་ཡོངས་སུ་འཕེལ་བར་བྱེད་དོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱི་དགེ་སློང་སྤྲིན་གྱི་དཔལ་གྱི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས། དགེ་སློང་སྤྲིན་གྱི་དཔལ་ལ་ལན་བརྒྱ་སྟོང་དུ་མར་ གཡས་ཕྱོགས་སུ་བསྐོར་བ་བྱས་ཏེ། ལན་བརྒྱ་སྟོང་དུ་མར་ཕྱིར་བལྟས་ནས། དགེ་སློང་སྤྲིན་གྱི་དཔལ་གྱི་དྲུང་དུ་སོང་ངོ་།། །། སངས་རྒྱས་རྨད་ག་གཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བརྒྱད་པའོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་དགེ་བའི་བཤེས་གཉེན་གྱི་གདམས་ངག་དེ་བཞིན་རྗེསུ་ 76-1-101a བསམ་པ་དང་། ཡེ་ཤེས་སྣང་བ་དེ་རྗེས་སུ་དྲན་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་དེ་རྣམ་པར་དཔྱད་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་ཚུལ་དེ་རྗེསུ་སྦྱང་བ་དང་བྱང་ཆུབ་ སེམས་དཔའ་རྒྱ་མཚོའི་ཚུལ་དེ་ལྟ་བ་དང་། སངས་རྒྱས་ཀྱི་དཀྱིལ་འཁོར་དེ་ལ་མངོན་པར་མོས་པ་དང་། སངས་རྒྱས་བལྟ་བའི་ཕྱོགས་དེ་ལ་མངོན་པར་སྤྲོ་བར་བྱ་བ་དང་། སངས་རྒྱས་རྒྱ་མཚོ་དེ་ལ་རྗེས་སུ་ བསམ་པ་དང་། སངས་རྒྱས་གཅིག་ནས་གཅིག་ཏུ་རྒྱུད་པ་དེ་རྗེས་སུ་དྲན་པར་བྱ་བ་དང་། སངས་རྒྱས་ཀྱི་ཚུལ་རྟོགས་པར་བྱ་བ་དེ་ཁོང་དུ་ཆུད་པར་བྱ་བ་དང་། སངས་རྒྱས་ཀྱི་ནམ་མཁའ་དེ་ལ་རྗེས་སུ་བལྟ་བར་བྱེད་ ཅིང་། མཐར་གྱིས་ཕྱོགས་ཀྱི་ལྗོངས་རྒྱ་མཚོའི་སྒོ་གང་ན་བ་དང་། དགེ་སློང་རྒྱ་མཚོའི་སྤྲིན་གང་ན་བ་དེར་ཕྱིན་ནས། དགེ་སློང་རྒྱ་མཚོའི་སྤྲིན་གྱི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། དགེ་སློང་རྒྱ་མཚོའི་ སྤྲིན་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། དགེ་སློང་རྒྱ་མཚོའི་སྤྲིན་གྱི་མདུན་དུ་འདུག་ཏེ་ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་ནི་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་ཞུགས་ཏེ། བླ་ན་མེད་པའི་ཡེ་ཤེས་རྒྱ་མཚོ་ལ་འཇུག་པར་འཚལ་ན། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་འཇིག་རྟེན་གྱི་རྒྱུད་ལས་ཕྱིར་ལྡོག་ཅིང་དེ་བཞིན་ གཤེགས་པའི་རིགསུ་འགྲུབ་པར་འགྱུར་བ་དང་། འཁོར་བའི་རྒྱ་མཚོ་ལས་རྒལ་ཞིང་ཐམས་ཅད་མཁྱེན་པའི་རྒྱ་མཚོར་འཇུག་པར་འགྱུར་བ་དང་། བྱིས་པ་སོ་སོའི་སྐྱེ་བོའི་ས་ལས་གྱེན་དུ་འཕགས་ པར་འགྱུར་ཞིང་། དེ་བཞིན་གཤེགས་པའི་རིགས་སུ་འགྲུབ་པར་འགྱུར་བ་དང་། འཁོར་བའི་རྒྱུད་ལས་ལྡོག་པར་འགྱུར་ཞིང་། བྱང་ཆུབ་སེམས་དཔའི་སྤྱོད་པའི་རྒྱུད་དུ་འཇུག་པར་འགྱུར་བ་དང་། 76-1-101b འཁོར་བའི་རྒྱ་མཚོ་རྒྱུད་ཀྱི་འཁོར་ལོ་ལས་ཕྱིར་ལྡོག་ཅིང་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། སྨོན་ལམ་གྱི་འཁོར་ལོར་འཇུག་པར་འགྱུར་བ་དང་། བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རབ་ཏུ་འཇོམས་ཞིང་སངས་རྒྱས་ ཀྱི་དཀྱིལ་འཁོར་འབྱུང་བ་ཐམས་ཅད་རབ་ཏུ་སྟོན་པ་དང་། སྲིད་པའི་རྒྱ་མཚོ་ཡོངསུ་སྐེམས་ཤིང་སྙིང་རྗེ་ཆེན་པོའི་མཚོ་རྣམ་པར་འཕེལ་བར་བྱེད་པ་དང་། མི་ཁོམ་པ་དང་ངན་སོང་དང་། ངན་འགྲོ་དང་ལོག་པར་ ལྟུང་བ་ཐམས་ཅད་ཀྱི་སྒོ་གཅོད་ཅིང་། མཐོ་རིས་དང་མྱ་ངན་ལས་འདས་པའི་སྒོ་འབྱེད་པ་དང་། ཁམས་གསུམ་གྱི་གྲོང་ཁྱེར་གྱི་སྒོ་རྣམ་པར་གཅོད་ཅིང་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕོ་བྲང་གི་སྒོ་རྣམ་པར་འབྱེད་པ་དང་། ཡོ་བྱད་ཐམས་ཅད་ཀྱི་སྲེད་པ་རྣམ་པར་སྤོང་ཞིང་འགྲོ་བ་ཐམས་ཅད་བསྡུ་བའི་སྨོན་ལམ་ཡོངས་སུ་སྐྱེད་པར་འགྱུར་བ་མ་འཚལ་ལོ། །དེ་སྐད་ཅེས་སྨྲས་པ་དང་། དགེ་སློང་རྒྱ་མཚོའི་སྤྲིན་གྱིས་ཚོང་དཔོན་གྱི་བུ་ནོར་བཟངས་ ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལེགསོ་ལེགསོ། །རིགས་ཀྱི་བུ་དགེ་བའི་རྩ་བ་མ་བསྐྱེད་པའི་སེམས་ཅན་རྣམས་ནི་བྱང་ ཆུབ་ཏུ་སེམས་བསྐྱེད་ཀྱང་མི་སྐྱེ་བའི་དགེ་བའི་རྩ་བ་སྒོ་ཀུན་ཏུ་སྣང་བ་རབ་ཏུ་ཐོབ་པ་དང་། ཐབས་ཀྱི་སྙིང་པོ་དང་ལྡན་པའི་ལམ་གྱི་ཏིང་ངེ་འཛིན་གྱི་ཡེ་ཤེས་སྣང་བས་རབ་ཏུ་སྣང་བར་འགྱུར་བ་དང་། བསོད་ ནམས་ཀྱི་རྒྱ་མཚོའི་ཚོགས་རྒྱ་ཆེན་པོ་བསྩགས་པ་དང་། དཀར་པོའི་ཚོགས་ཐམས་ཅད་ཀྱི་རྒྱུན་མི་འཆད་པ་དང་། དགེ་བའི་བཤེས་གཉེན་ཐམས་ཅད་བཀུར་བས་ཡོངསུ་སྐྱོ་བ་མེད་པ་ དང་། ལུས་དང་སྲོག་ལ་འཕངས་པ་མི་བརྩི་བ་དང་། དངོས་པོར་འཛིན་པ་ཐམས་ཅད་དང་བྲལ་བ་དང་། མཐོ་དམན་མེད་པའི་ས་ལྟར་སེམས་མཉམ་པ་དང་། རང་བཞིན་གྱི་སྙིང་རྗེ་ཆེ་ཞིང་བྱམས་ 76-1-102a པར་སེམས་པ་དང་ལྡན་པ་དང་། སྲིད་པའི་ལམ་གྱི་རྒྱུད་ཐམས་ཅད་དུ་གནས་པར་འདུག་པ་དང་། དེ་བཞིན་གཤེགས་པའི་ཡུལ་ལ་མངོན་པར་མོས་པའི་སེམས་ཅན་རྣམས་བྱང་ཆུབ་ཏུ་སེམས་སྐྱེ་ སྟེ། འདི་ལྟ་བུ་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱོབ་པའི་ཕྱིར་སྙིང་རྗེ་ཆེན་པོའི་སེམས་དང་འགྲོ་བ་ཐམས་ཅད་ལ་སྙོམས་པར་ནན་ཏན་དུ་བྱ་བའི་ཕྱིར་བྱམས་པའི་སེམས་དང་། འགྲོ་བ་ཐམས་ཅད་ཀྱི་སྡུག་ བསྔལ་གྱི་ཕུང་པོ་ཞི་བར་བྱ་བའི་ཕྱིར་བདེ་བའི་སེམས་དང་། མི་དགེ་བའི་ཆོས་ཐམས་ཅད་ལས་རྣམ་པར་བཟློག་པའི་ཕྱིར་ཕན་པའི་སེམས་དང་། འཇིགས་པ་ཐམས་ཅད་ལས་ཡོངསུ་བསྲུངས་བའི་ཕྱིར་སྙིང་བརྩེ་བའི་ སེམས་དང་། སྒྲིབ་པ་ཐམས་ཅད་རྣམ་པར་བཟློག་པའི་ཕྱིར་ཆགས་པ་མེད་པའི་སེམས་དང་། ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་དགང་བའི་ཕྱིར། རྒྱ་ཆེན་པོའི་སེམས་དང་ནམ་མཁའི་དབྱིངས་ཀུན་ཏུ་ གཞོལ་ཞིང་ཀུན་ཏུ་འགྲོ་བར་བྱ་བའི་ཕྱིར་མཐའ་ཡས་པའི་སེམས་དང་། དེ་བཞིན་གཤེགས་པ་ཐམས་ཅད་མཐོང་ཞིང་རྣམ་པར་དམིགས་པར་བྱ་བའི་ཕྱིར་དྲི་མ་མེད་པའི་སེམས་དང་། དུས་གསུམ་གྱི་དམིགས་པ་ མ་ལུས་པར་ཡེ་ཤེས་ཀྱིས་རྒྱས་པར་དགང་བའི་ཕྱིར་རྣམ་པར་དག་པའི་སེམས་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་རྒྱ་མཚོ་ལ་འཇུག་པར་བྱ་བའི་ཕྱིར་ཡེ་ཤེས་ཀྱི་སེམས་ཀྱང་སྐྱེ་བར་འགྱུར་རོ། །རིགས་ཀྱི་བུ་ ཁོ་བོས་ནི་ཕྱོགས་ཀྱི་ལྗོངས་རྒྱ་མཚོའི་སྒོ་འདིར་ལོ་བཅུ་གཉིས་སུ་རྒྱ་མཚོ་ཆེན་པོ་འདི་ལ་དམིགས་ཏེ། མངོན་དུ་བྱས་ནས་འདི་ལྟར་རྒྱ་མཚོ་རྒྱ་ཆེ་ཞིང་ཚད་མེད་པ་ལ་རྗེས་སུ་བསམ་པ་དང་། དྲི་མ་མེད་ཅིང་དང་ བ་དང་། ཟབ་ཅིང་གཏིང་དཔག་དཀའ་བ་དང་། བགས་ཀྱི་གཞོལ་ཞིང་ལེགས་པར་གནས་པ་དང་། རིན་པོ་ཆེའི་འབྱུང་གནས་དུ་མས་རྣམ་པར་བརྒྱན་པ་དང་། ཆུའི་ཕུང་པོ་ཚད་མེད་པ་དང་། ཁ་དོག་ 76-1-102b རྣམ་པ་ཐ་དད་པ་མང་ཞིང་བསམ་གྱིས་མི་ཁྱབ་པ་དང་། འབྱུང་བ་མཐའ་ཡས་པའི་གནས་སུ་གྱུར་པ་དང་སྲོག་ཆགས་མང་པོ་སྣ་ཚོགས་ཀྱི་རྟེན་དུ་གྱུར་པ་དང་། སྤྲིན་ཆེན་པོའི་ཆར་ཡོངས་སུ་འཛིན་པ་དང་། གང་ཞིག་འབྲི་བར་འགྱུར་བ་མེད་པ་ལ་རྗེས་སུ་སེམས་པར་བྱེད་ཅིང་གནས་ཏེ། རིགས་ཀྱི་བུ་དེ་ལ་ཁོ་བོས་འདི་སྙམ་དུ་བསམ་མོ། །འཇིག་རྟེན་གྱི་ཁམས་འདི་ན་རྒྱ་མཚོ་ཆེན་པོ་འདི་བས་ཀྱང་འཕགས་པར་རྒྱ་ཆེ་ལ་འདི་བས་ ཀྱང་ཡངས་ཤིང་འདི་བས་ཀྱང་ཚད་མེད་པ་ལ། འདི་བས་ཀྱང་ངོ་མཚར་དང་ལྡན་པ་ལ་ལ་ཞིག་ཡོད་དམ་སྙམ་སྟེ། དེ་ལྟར་ཁོ་བོ་ཚུལ་བཞིན་དུ་བསམ་པ་ཡིད་ལ་བྱེད་པ་ལ་བརྩོན་པར་གནས་པ་སྟེ། རྒྱ་མཚོ་ ཆེན་པོའི་འོད་ཀྱི་གཞི་ལས་པད་མོ་ཆེན་པོ་ནོར་བུ་རིན་པོ་ཆེ་ཨིནྡྲ་ནཱི་ལ་ཐུབ་པ་མེད་ཅིང་རྡོ་རྗེ་ལྟ་བུར་སྲ་བའི་ཆུ་བ་ཅན། ནོར་བུ་རིན་པོ་ཆེ་བཻ་ཌཱུཪྻ་དྲན་པའི་རྒྱན་དང་ལྡན་པ། འཛམ་བུ་ཆུ་ཀླུང་གིས་གསེར་ལྟར་དྲི་ མ་མེད་པའི་ལོ་མ་རྒྱ་ཆེན་པོ་ཅན། དུས་དང་མཐུན་པའི་ཙན་དན་གྱི་སྙིང་པོའི་རྒྱན་གྱི་བརྒྱན་པ། རིན་པོ་ཆེ་ཨ་སྨ་གར་བའི་ཟེ་བ་ཅན། རྒྱ་མཚོ་ཙམ་དུ་ཡངས་ཤིང་རྒྱ་ཆེ་བ་ལྷ་མ་ཡིན་གྱི་དབང་པོ་བརྒྱ་སྟོང་ཕྲག་བཅུས་ སྡོང་པོའི་ལྷུན་ནས་བཟུང་བ། རིན་པོ་ཆེ་སྣ་ཚོགས་བརྒྱ་ཕྲག་སྟོང་གི་དྲ་བས་ཀུན་ནས་གཡོག་པ། ཀླུ་ཡི་དབང་པོ་བརྒྱ་སྟོང་ཕྲག་བཅུས་སྤོས་ཀྱི་ཆུའི་ཆར་མངོན་པར་ཕབ་པ། ནམ་མཁའ་ལྡིང་གི་དབང་པོ་བརྒྱ་ སྟོང་ཕྲག་བཅུས་དར་དང་རིན་པོ་ཆེའི་ལྡ་ལྡི་དང་སེ་མོ་དོ་མང་པོ་བཅུས་བཟུང་ཞིང་རབ་ཏུ་སྦྱངས་པ་མི་འམ་ཅིའི་དབང་པོ་བརྒྱ་སྟོང་ཕྲག་བཅུས་ཕན་པའི་སེམས་ཀྱིས་ཀུན་ནས་བལྟ་བ། ལྟོ་འཕྱེ་ཆེན་པོའི་ དབང་པོ་བརྒྱ་སྟོང་ཕྲག་བཅུས་འཁོར་ནས་མངོན་པར་འདུད་པ། སྲིན་པོའི་དབང་པོ་བརྒྱ་སྟོང་ཕྲག་བཅུས་ལུས་འདུད་ཅིང་མངོན་པར་མཆོད་པ། དྲི་ཟའི་དབང་པོ་བརྒྱ་སྟོང་ཕྲག་བཅུས་རོལ་མོ་དང་གླུ་སྣ་ཚོགས་སྙན་ 76-1-103a པས་བསྟོད་ཅིང་མཆོད་པ། ལྷའི་དབང་པོ་བརྒྱ་སྟོང་ཕྲག་བཅུས་ལྷ་རྫས་ཀྱི་མེ་ཏོག་དང་། སྤོས་དང་ཕྲེང་བ་དང་། བདུག་སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། ལྷའི་དབང་པོས་སྤྲིན་གྱི་ཆར་མངོན་པར་ཕབ་པ། ཚངས་པའི་དབང་པོ་བརྒྱ་སྟོང་ཕྲག་བཅུས་སྤྱི་བོས་ནས་གཏུགས་ཏེ། ཕྱག་འཚལ་ཞིང་མཆོད་པ། གནས་གཙང་མའི་རིས་ཀྱི་ལྷ་བརྒྱ་སྟོང་ཕྲག་བཅུས་ཐལ་མོ་སྦྱར་ཅིང་ཕྱག་བྱ་ བ། མིའི་དབང་པོ་འཁོར་ལོ་བསྒྱུར་བ་བརྒྱ་སྟོང་ཕྲག་བཅུས་རིན་པོ་ཆེ་བདུན་གྱིས་བསུ་ཞིང་མངོན་པར་མཆོད་པ། རྒྱ་མཚོའི་ལྷ་བརྒྱ་སྟོང་ཕྲག་བཅུས་མངོན་པར་མཐོན་ཅིང་ཕྱག་བྱ་བ། ནོར་བུ་རིན་པོ་ཆེ་སྐར་མའི་ངང་ ཚུལ་བརྒྱ་སྟོང་ཕྲག་བཅུས་འོད་ཟེར་གྱི་རྒྱན་གྱིས་རབ་ཏུ་སྣང་བར་བྱས་པ། ནོར་བུ་རིན་པོ་ཆེ་བསོད་ནམས་ཀྱིས་དག་པ་བརྒྱ་སྟོང་ཕྲག་བཅུས་མཁོས་སུ་ཕེབས་པར་འབྲེལ་བས་རབ་ཏུ་བརྒྱན་པ། ནོར་བུ་རིན་ པོ་ཆེ་རྣམ་པར་སྣང་བ་བརྒྱ་སྟོང་ཕྲག་བཅུས་སྙིང་པོ་རབ་ཏུ་གསལ་བར་བྱས་པ། ནོར་བུ་རིན་པོ་ཆེ་དཔལ་གྱི་སྙིང་པོ་བརྒྱ་སྟོང་ཕྲག་བཅུས་དཔལ་ཆེན་པོ་ཤིན་ཏུ་འབར་བར་བྱས་པ། ནོར་བུ་རིན་པོ་ཆེའི་ མཛོད་སྣང་བ་བརྒྱ་སྟོང་ཕྲག་བཅུས་མཐའ་ཡས་པར་སྣང་བར་བྱས་ནས། ནོར་བུ་རིན་པོ་ཆེ་འཛམ་བུའི་ཆུ་ཀླུང་བརྒྱ་སྟོང་ཕྲག་བཅུས་ཡོངས་སུ་སྟོན་པར་གནས་པས་རབ་ཏུ་བརྒྱན་པ། ནོར་བུ་རིན་པོ་ཆེ་རྡོ་རྗེ་ སེང་གེ་བརྒྱ་སྟོང་ཕྲག་བཅུས་ཐུབ་པ་མེད་པར་བརྒྱན་པ། ནོར་བུ་རིན་པོ་ཆེ་ཉི་མའི་སྙིང་པོ་བརྒྱ་སྟོང་ཕྲག་བཅུས་རྒྱ་ཆེར་གསལ་བར་བསྒྲུབ་པ། ནོར་བུ་རིན་པོ་ཆེ་འབར་བ་བརྒྱ་སྟོང་ཕྲག་བཅུས་ཁ་དོག་ སྣ་ཚོགས་སུ་བརྒྱན་པ། ནོར་བུ་རིན་པོ་ཆེ་ཡིད་བཞིན་གྱི་རྒྱལ་པོ་བརྒྱ་སྟོང་ཕྲག་བཅུས་མི་ཟད་པའི་རྒྱན་དང་འོད་འབར་བར་བྱས་པ་བྱུང་སྟེ། པདྨ་ཆེན་པོ་དེ་ནི་དེ་བཞིན་གཤེགས་པའི་འཇིག་རྟེན་ལས་ 76-1-103b འདས་པའི་དགེ་བའི་རྩ་བ་ལས་བྱུང་བ། །བྱང་ཆུབ་སེམས་དཔའི་བསམ་པས་ཡོངས་སུ་བརྟེན་པའོ། །ཕྱོགས་ཐམས་ཅད་དུ་མངོན་པར་དམིགས་སུ་ཡོད་པའོ། །སྒྱུ་མའི་རྣམ་པ་ཆོས་ཀྱི་བྱུང་བའོ། །རྗེན་ པའི་དྲི་མ་མེད་པ་ལས་བྱུང་བའོ། །ཉོན་མོངས་པ་མེད་པའི་ཆོས་ཀྱི་ཚུལ་གྱི་བརྒྱན་པའོ། །རྨི་ལམ་ལྟ་བུའི་ཆོས་ཉིད་ཀྱིས་ཡོངས་སུ་བྱུང་བའོ། །མངོན་པར་འདུ་བྱ་བ་མེད་པའི་ཆོས་ཀྱི་ཚུལ་གྱིས་རྒྱས་བཏབ་པའོ། ། ཆགས་པ་མེད་པའི་ཆོས་ཀྱི་ཚུལ་དང་ལྡན་པའོ། །ཕྱོགས་ཀྱི་ཁམས་ཀུན་ཏུ་ཆོས་ཀྱི་དབྱིངས་རྒྱས་པར་འགེངས་པའོ། །སངས་རྒྱས་ཀྱི་ཡུལ་བརྗོད་པ་དང་འཐུན་པ་སྟེ། དེའི་རྣམ་པ་དང་ཡོན་ ཏན་དང་དབྱིབས་དང་། ཁ་དོག་དང་རྒྱན་གྱིས་མཐར་ཕྱིན་པ་ནི་བསྐལ་པ་བརྒྱ་སྟོང་གྲངས་མེད་པར་ཡང་ཁོང་དུ་ཆུད་པར་མི་ནུས་ཏེ། པད་མོ་ཆེན་པོ་དེ་ཡང་དེ་བཞིན་གཤེགས་པའི་སྐུ་སྐྱིལ་ཀྲུང་དུ་བཞུགས་ པས་ཁྱབ་ཅིང་ཡོངས་སུ་རྒྱས་པར་མཐོང་ངོ་། །དེ་བཞིན་གཤེགས་པའི་སྐུ་དེ་ཡང་འདི་ནས་བཟུང་བ་ནས། སྲིད་པའི་རྩེ་མོའི་བར་གྱིས་མཐའ་ཀླས་པར་མཐོང་ངོ་། །དེ་བཞིན་གཤེགས་པ་དེའི་གདན་ གྱི་རྒྱན་བསམ་གྱིས་མི་ཁྱབ་པ་ཡང་མཐོང་། །འཁོར་གྱི་དཀྱིལ་འཁོར་གྱི་རྒྱན་བསམ་གྱིས་མི་ཁྱབ་པ་དང་། འོད་ཀྱི་དཀྱིལ་འཁོར་གྱི་རྒྱན་བསམ་གྱིས་མི་ཁྱབ་པ་དང་། མཚན་ཕུན་སུམ་ཚོགས་ པ་བསམ་གྱིས་མི་ཁྱབ་པ་དང་། དཔེ་བྱད་བཟང་པོ་སྣ་ཚོགས་བསམ་གྱིས་མི་ཁྱབ་པ་དང་། སངས་རྒྱས་ཀྱི་ཁྱུ་མཆོག་གི་མཐུའ་དང་། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་དང་། དེ་བཞིན་གཤེགས་པའི་སྐུ་ཡི་མདོག་རྣམ་པར་དག་པ་བསམ་གྱིས་མི་ཁྱབ་པ་དང་། སྤྱི་གཙུག་ལྟར་མི་མཐོང་བ་བསམ་གྱིས་མི་ཁྱབ་པ་དང་། ལྗགས་ཡངས་པ་བསམ་གྱིས་མི་ཁྱབ་པ་ཡང་མཐོང་ངོ་། ། 76-1-104a སངས་རྒྱས་ཀྱི་གསུང་གི་རྒྱན་བསམ་གྱིས་མི་ཁྱབ་པ་དང་། དབྱངས་ཀྱི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པ་ཐོས་སོ། །སྟོབས་ཚད་མེད་པ་བསམ་གྱིས་མི་ཁྱབ་པ་དང་མི་བསྙེངས་པའི་རྒྱན་རྣམ་པར་དག་པ་ བསམ་གྱིས་མི་ཁྱབ་པ་དང་། སོ་སོ་ཡང་དག་པར་རིག་པའི་སྟོབས་མངོན་པར་བསྒྲུབ་པ་བསམ་གྱིས་མི་ཁྱབ་པ་ཡང་རྗེས་སུ་ཤེསོ། །སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་དག་པར་བསྒྲུབ་པ་བསམ་གྱིས་མི་ཁྱབ་ པ་ཡང་རྗེས་སུ་དྲན་ནོ། །མངོན་པར་རྫོགས་པར་བྱང་ཆུབ་པའི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་ཡང་མཐོང་ངོ་། །ཆོས་ཀྱི་སྤྲིན་གྱི་འབྲུག་སྒྲ་མངོན་པར་བསྒྲགས་པ་བསམ་གྱིས་མི་ཁྱབ་པ་ཡང་ ཡོངས་སུ་བསྟན་པ་རྣམ་པར་དམིགས་པའི་གནས་དང་། རྒྱན་བསམ་གྱིས་མི་ཁྱབ་པའང་ཐོས་སོ། །གཡས་གཡོན་ཀྱི་སྐུའི་རྣམ་པ་ཚད་མེད་པ་བསམ་གྱིས་མི་ཁྱབ་པ་དང་། སེམས་ཅན་གྱི་དོན་དང་ དགོས་པ་བསམ་གྱི་མི་ཁྱབ་པ་ཡོངས་སུ་གྲུབ་པར་འགྱུར་བའང་མཐོང་ངོ་། །དེ་བཞིན་གཤེགས་པ་དེས་ཀྱང་ཕྱག་གཡས་པ་བརྐྱང་ཞིང་ཁོ་བོའི་མགོ་ལ་བྱུག་ནས། ཆོས་ཀྱི་རྣམ་གྲངས་ཀུན་ནས་མྱིག་ ཅེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་བྱང་ཆུབ་སེམས་དཔའི་སྤྱོད་པ་རབ་ཏུ་བརྗོད་པ་ཆོས་ཀྱི་དབྱིངས་ཀྱི་གཞི་དང་། རྣམ་པ་ཐ་དད་པ་ཐམས་ཅད་རབ་ཏུ་སྣང་བ་ཆོས་ཐམས་ཅད་ཀྱི་དཀྱིལ་ འཁོར་ལ་ཡང་དག་པར་གཞོལ་ཞིང་སྣང་བར་བྱེད་པ། ཞིང་གི་དཀྱིལ་འཁོར་དང་རྣམ་པར་དག་པས་ཡོངས་སུ་སྣང་བ། ཕས་ཀྱི་རྒོལ་བའི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཐོར་བ་བདུད་གྱི་དཀྲུགས་མའི་ དཀྱིལ་འཁོར་ཐམས་ཅད་རབ་ཏུ་འཇོམས་པ། སེམས་ཅན་གྱི་ཁམས་ཐམས་ཅད་ཤིན་ཏུ་ཚིམ་པར་བྱེད་པ། སེམས་ཅན་ཐམས་ཅད་ཀྱི་ཐིབས་པོ་རབ་ཏུ་སྣང་བར་བྱེད་པ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་ 76-1-104b ལྟ་བ་བཞིན་དུ་རྣམ་པར་དམིགས་པ། སེམས་ཅན་ཐམས་ཅད་ཀྱི་དབང་པོའི་འཁོར་ལོའི་རྒྱུད་དང་། མཐུ་སྣང་བར་བྱེད་པ་ཡང་དག་པར་བསྟན་ཏེ། ཁོ་བོས་ཡང་ཀུན་ནས་མིག་གི་ཆོས་ཀྱི་རྣམ་གྲངས་དེ་བླངསོ། །བཟུང་ངོ་སྤེལ་ཏོ་ བསམས་སོ། །དེ་ལྟར་བཟུང་བ་དེ་ལའང་བྲི་ན་ནི་སྣག་ཚ་རྒྱ་མཚོ་ཆེན་པོའི་ཕུང་པོ་ཙམ་དང་། སྨྱི་གུའི་ཕུང་པོ་རི་རབ་རིའི་རྒྱལ་པོ་ཙམ་ཟད་པར་གྱུར་ཀྱང་ཆོས་ཀྱི་རྣམ་གྲངས་དེ་ལས་ལེའུ་རེ་རེ་དང་སྒོ་རེ་རེ་དང་ཆོས་ཀྱི་ཚུལ་ རེ་རེ་དང་ཆོས་ཀྱི་ཚིག་རྣམ་པར་ཕྱེ་བ་རེ་རེ་ལས་ཀྱང་ཟད་པའམ། འགྲིབ་པའམ། འབྱམ་པའམ། མཐར་ཐུག་པའམ། མཐའ་ཟད་པར་འགྱུར་བ་དམིགས་པར་མི་རུང་ངོ་། །རིགས་ཀྱི་བུ་དེ་ལྟར་བདག་གི་ ལོ་བཅུ་གཉིས་ཚང་བར་ཆོས་ཀྱི་རྣམ་གྲངས་ཀུན་ནས་མིག་ཅེས་བྱ་བ་འདི་ལ་ཉི་མ་གཅིག་གཅིག་ཡང་ཐོས་པ་འཛིན་པའི་གཟུངས་ཀྱི་འོད་སྣང་བས་ལེའུ་གྲངས་མེད་པ་ཞིག་ཁོང་དུ་ཆུད་དོ། །ཞི་བའི་སྒོའི་གཟུངས་ ཀྱི་འོད་སྣང་བས་ལེའུ་གྲངས་བ་ཞིག་ལ་ཞུགསོ། །གློང་མཐའ་ཡས་པའི་གཟུངས་ཀྱི་འོད་སྣང་བས་ལེའུ་གྲངས་མེད་པ་ཞིག་ལ་ཡང་དག་པར་འཇུག་གོ། །ས་ལ་རྣམ་པར་སྤྱོད་ཅིང་རྗེས་སུ་རྟོག་པར་བྱེད་པའི་གཟུངས་ ཀྱི་འོད་སྣང་བས་ལེའུ་གྲངས་མེད་པ་ཞིག་རྣམ་པར་བསྒོམས་ཏེ་རྣམ་པར་དབྱེ་བ་བྱས་སོ། །གཟི་བརྗིད་དང་ལྡན་པའི་གཟུངས་ཀྱི་འོད་སྣང་བས་ལེའུ་གྲངས་མེད་པ་ཞིག་ཡོངས་སུ་བླངསོ། །པད་མོའི་རྒྱན་གྱིས་ གཟུངས་ཀྱི་འོད་སྣང་བས་ལེའུ་གྲངས་མེད་པ་ཞིག་མངོན་པར་བསྒྲུབསོ། །དབྱངས་ཀྱི་ཚུལ་གྱི་གཟུངས་ཀྱི་འོད་སྣང་བས་ལེའུ་གྲངས་མེད་པ་ཞིག་ཡང་དག་པར་བཤད་དོ། །ནམ་མཁའི་སྙིང་པོའི་གཟུངས་ཀྱི་འོད་སྣང་བས་ལེའུ་ གྲངས་མེད་པ་ཞིག་རབ་ཏུ་ཕྱེ་བའོ། །སྐར་མ་བརྩེགས་པའི་གཟུངས་ཀྱི་འོད་སྣང་བས་ལེའུ་གྲངས་མེད་པ་ཞིག་ཤིན་ཏུ་རྒྱས་པར་བྱས་སོ། །རྒྱ་མཚོ་སྙིང་པོའི་གཟུངས་ཀྱི་འོད་སྣང་བས་ལེའུ་གྲངས་མེད་པ་ཞིག་ཡོངས་ 76-1-105a སུ་བཀོད་དོ། །ཁོ་བོའི་དྲུང་དུ་ཤར་ཕྱོགས་ལོག་ནས་ལྷ་དང་མིའི་དབང་པོའམ། ཀླུ་དང་ཀླུའི་དབང་པོའམ། གནོད་སྦྱིན་དང་གནོད་སྦྱིན་གྱི་དབང་པོའམ། དྲི་ཟ་དང་དྲི་ཟའི་དབང་པོ་དང་། ལྷ་མ་ཡིན་དང་ལྷ་མ་ཡིན་གྱི་ དབང་པོའམ། ནམ་མཁའ་ལྡིང་དང་ནམ་མཁའ་ལྡིང་གི་དབང་པོའམ། མིའམ་ཅི་དང་མིའམ་ཅིའི་དབང་པོའམ། ལྟོ་འཕྱེ་ཆེན་པོའམ་ལྟོ་འཕྱེ་ཆེན་པོའི་དབང་པོའམ། མི་དང་མིའི་དབང་པོའམ། ཚངས་པ་དང་ཚངས་ པའི་དབང་པོའམ། སེམས་ཅན་གང་སུ་འོངས་ཀྱང་རུང་སྟེ། དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་སྣང་བའི་ཆོས་ཀྱི་རྣམ་གྲངས་ཀུན་ནས་མིག་ཅེས་བྱ་བ་འདི་ཉིད་ལ་རབ་ཏུ་ བཀོད་ཅིང་བཙུད་དེ། དེ་དག་ཀུན་ཀྱང་ཀུན་ནས་མིག་གི་ཆོས་ཀྱི་རྣམ་གྲངས་འདི་ཉིད་ལ་མོས་པར་བྱསོ། །རྟོག་ཏུ་བཙུད་དོ། །ཡོངསུ་བསྟན་ཏོ། །ཡང་དག་པར་བརྗོད་དོ། །ཡོངས་སུ་གསལ་བར་བྱས་སོ། །རྣམ་པར་ཕྱེའོ་རྒྱས་པར་བྱསོ། ། མངོན་པར་བསྟན་ཏོ། །རྣམ་པར་བཀྲོལ་ལོ་རབ་ཏུ་ཕྱེའོ། །ཤིན་ཏུ་སྣང་བར་བྱས་སོ། །དེ་ལྟར་ཤར་ཕྱོགས་ལ་ཇི་ལྟ་བ་དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། བྱང་ཤར་གྱི་ཕྱོགས་མཚམས་དང་། ཤར་ལྷོའི་ཕྱོགས་མཚམས་དང་། ལྷོ་ནུབ་ཀྱི་ཕྱོགས་མཚམས་དང་། ནུབ་བྱང་གི་ཕྱོགས་མཚམས་དང་། འོག་དང་བླའི་ཕྱོགས་ནས་སེམས་ཅན་གང་སུ་འོངས་ཀྱང་རུང་སྟེ། ཀུན་ལ་ཡང་སྔ་མ་བཞིན་ནོ། །རིགས་ ཀྱི་བུ་དེ་ལྟར་ཁོ་བོས་ནི་ཆོས་ཀྱི་རྣམ་གྲངས་གཅིག་ཅིག་ཤེས་པར་ཟད་ན། བྱང་ཆུབ་སེམས་དཔའི་སྨོན་ལམ་ཡོངས་སུ་དག་པ་དང་ལྡན་པས། བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ཐམས་ཅད་ལ་ཞུགས་པ་དང་། བསྐལ་པ་ཐམས་ཅད་དུ་གནས་པ་རྒྱུན་མི་འཆད་པའི་ཕྱིར་སྨོན་ལམ་རྒྱ་མཚོ་ཐམས་ཅད་ལ་ཞུགས་པ་དང་། སྟོབས་བསམ་པ་ཇི་ལྟ་བ་བཞིན་དུ་རྗེས་སུ་འབྲང་བར་བྱ་བའི་ཕྱིར་སེམས་ཅན་རྒྱ་མཚོ་ཐམས་ཅད་ 76-1-105b ལ་ཞུགས་པ་དང་། སྟོབས་བཅུའི་ཡེ་ཤེས་ཆགས་པ་མེད་པའི་སྣང་བ་ཡོངས་སུ་བསྐྱེད་པའི་ཕྱིར་འགྲོ་བ་ཐམས་ཅད་ཀྱི་སེམས་རྒྱ་མཚོ་ལ་ཞུགས་པ་དང་། ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་ བའི་དུས་ལ་མི་འདའ་བར་བྱ་བའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་དབང་པོ་རྒྱ་མཚོ་ལ་ཞུགས་པ་དང་། ཞིང་ཐམས་ཅད་རྣམ་པར་དག་པར་བྱ་བའི་སྨོན་ལམ་མངོན་པར་བསྒྲུབསོ། ཞིང་རྒྱ་མཚོ་ཐམས་ ཅད་ལ་ཞུགས་པ་དང་། དེ་བཞིན་གཤེགས་པ་ལ་མཆོད་ཅིང་རིམ་གྲོ་བྱེད་པའི་སྟོབས་ཀྱི་སངས་རྒྱས་རྒྱ་མཚོ་ཐམས་ཅད་ལ་ཞུགས་པ་དང་། ཡེ་ཤེས་རྣམ་པར་རིག་པས་ཆོས་རྒྱ་མཚོ་ཐམས་ ཅད་ལ་ཞུགས་པ་དང་། ནན་ཏན་དང་ལྡན་པས་ཡོན་ཏན་རྒྱ་མཚོ་ཐམས་ཅད་ལ་ཞུགས་པ་དང་། བརྗོད་པ་ཐམས་ཅད་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་མངོན་པར་བསྒྲུབ་པའི་ཕྱིར། འགྲོ་བའི་སྐད་རྒྱ་ མཚོ་ཐམས་ཅད་ལ་ཞུགས་པ་རྣམས་ཀྱི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པར་ནུས་རེ་སྐན་སོང་། རིགས་ཀྱི་བུ་འདི་ནས་དཔག་ཚད་དྲུག་བཅུ་འདས་པའི་ལྷོ་ཕྱོགས་ཀྱི་གནས་འདི་ཉིད་ན། ལང་ཀའི་ གནས་རྒྱ་མཚོའི་ངོགས་ཤེས་བྱ་བ་ཡོད་དེ། དེ་ན་དགེ་སློང་ཤིན་ཏུ་བརྟན་པ་ཞེས་བྱ་བ་འདུག་གིས་དེའི་གན་དུ་སོང་ལ། ཇི་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངསུ་སྦྱང་བར་བྱ་བ་དྲིས་ཤིག་དེ་ནས་ཚོང་ དཔོན་གྱི་བུ་ནོར་བཟངས་ཀྱིས་དགེ་སློང་རྒྱ་མཚོའི་སྤྲིན་གྱི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། དགེ་སློང་རྒྱ་མཚོའི་སྤྲིན་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགསུ་བསྐོར་བ་བྱས་ནས་ཡང་དང་ཡང་བལྟས་ཏེ། དགེ་སློང་རྒྱ་མཚོའི་སྤྲིན་གྱི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་དགེ་བའི་བཤེས་གཉེན་གྱི་གདམ་ངག་དེ་དང་། ཀུན་ནས་མིག་གི་ཆོས་ཀྱི་རྣམ་གྲངས་དེ་ཡང་རྗེསུ་དྲན་པར་བྱེད་ཅིང་དེ་བཞིན་གཤེགས་ 76-1-106a པའི་རྣམ་པར་འཕྲུལ་པ་དེ་ཡང་རྗེས་སུ་བསམ་པ་དང་། ཆོས་ཀྱི་ཚིགས་དང་ཡི་གེའི་སྤྲིན་དེ་དག་ཀྱང་ཡོངསུ་བཟུང་བ་དང་། ཆོས་ཀྱི་སྒོ་རྒྱ་མཚོའི་ཚུལ་དེ་དག་ལའང་འཇུག་པར་བྱ་བ་དང་ཆོས་ཀྱི་ཚུལ་དེ་དག་ ལའང་རྣམ་པར་བལྟ་བ་དང་། ཆོས་ཀྱི་ལེའུ་དང་གློང་གི་ཚུལ་དེ་དག་ལ་འཇུག་པར་བྱ་བ་དང་། ཆོས་ཀྱི་ནམ་མཁའ་དེ་ལ་ཡང་དག་པར་གཞོལ་བར་བྱ་བ་དང་། ཆོས་ཀྱི་དཀྱིལ་འཁོར་དེ་ཡང་རྗེསུ་སྦྱང་བར་བྱ་བ་དང་། ཆོས་རིན་པོ་ཆེའི་གླིང་དེ་ཡང་རྗེསུ་སེམས་ཤིང་མཐར་གྱིས་ལང་ཀའི་གནས་རྒྱ་མཚོའི་ངོགས་ཤེས་བྱ་བ་གང་ན་བ་དེར་ཕྱིན་ནས། དགེ་སློང་ཤིན་ཏུ་བརྟན་པ་མཐོང་བར་དགའ་ཞིང་ཤར་ཕྱོགས་སུ་བལྟས་སོ། ། དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་བྱང་ཕྱོགས་དང་། བྱང་ཤར་གྱི་ཕྱོགས་མཚམས་དང་། ཤར་ལྷོའི་ཕྱོགས་མཚམས་དང་། ལྷོ་ནུབ་ཀྱི་ཕྱོགས་མཚམས་དང་། ནུབ་བྱང་གི་ཕྱོགས་མཚམས་དང་བླ་དང་ འོག་ཏུ་དགེ་སློང་ཤིན་ཏུ་བརྟན་པ་མཐོང་བར་དགའ་སྟེ། ཀུན་ཏུ་བལྟས་པ་དང་། དེས་དགེ་སློང་ཤིན་ཏུ་བརྟན་པ་ནམ་མཁའི་དབྱིངས་ལ་ལྷ་བརྒྱ་སྟོང་གྲངས་མེད་པས་ཡོངསུ་བསྐོར་ཅིང་ཕན་ཚུན་དུ་འཆགས་པ་ མཐོང་ངོ་། །ནམ་མཁའི་དབྱིངས་དེ་ཡང་ལྷའི་དབང་པོ་རྣམས་ཀྱི་དགེ་སློང་ཤིན་ཏུ་བརྟན་པ་ལ་མཆོད་པའི་ལས་སུ་བྱ་བའི་ཕྱིར། ལྷ་རྫས་ཀྱི་མེ་ཏོག་སིལ་མའི་སྤྲིན་གྱིས་ཡོག་པ་དང་། ལྷ་རྫས་ཀྱི་རོལ་མོའི་སྤྲིན་གྱི་སྒྲ་དང་། དར་གྱི་བ་དན་གྲངས་མེད་པའི་རྒྱན་གྱིས་བརྒྱན་པར་མཐོང་ངོ་། །ཀླུའི་དབང་པོ་རྣམས་ཀྱི་ནམ་མཁའ་དེ་ལ་ཨ་ག་རུ་ནག་པོའི་སྤོས་མངོན་པར་འཐུལ་བའི་སྤྲིན་ཤིན་ཏུ་མཐོ་བ་ལས་འབྲུག་སྒྲ་བསམ་གྱིས་མི་ ཁྱབ་པ་འབྱུང་བར་བྱས་པ་མཐོང་ངོ་། །མིའམ་ཅིའི་དབང་པོ་རྣམས་ཀྱིས་ནམ་མཁའ་ལ་ལྷ་རྫས་ཀྱི་ངག་སྙན་པའི་རྒྱུད་ཀྱི་བསྟོད་པའི་རོལ་མོ་བརྡུང་བ་དང་། དཀྲོལ་བ་དང་གླུར་བླང་བའི་དབྱངས་ཐམས་ཅད་ 76-1-106b སྦྱར་ཅིང་བླངས་པ་ཐོས་པར་གྱུར་ཏོ། །ལྟོ་འཕྱེ་ཆེན་པོའི་དབང་པོ་རྣམས་ཀྱི་ནམ་མཁའ་དེ་ལ་གོས་ཤིན་ཏུ་ཕྲ་ཞིང་མདོག་བཟང་བའི་སྤྲིན་བསམ་གྱིས་མི་ཁྱབ་པ་དག་ཡིད་དགའ་བས་བཀྱེ་བ་དེ་དགེ་སློང་ཤིན་ཏུ་བརྟན་པ་ ལ་དད་ཅིང་མོས་པའི་གཟུགས་སུ་ཕྱུང་བ་མཐོང་ངོ་། །ལྷ་མ་ཡིན་གྱི་དབང་པོ་རྣམས་ཀྱིས་ཀྱང་ནམ་མཁའ་དེ་ལ་ནོར་བུ་རིན་པོ་ཆེའི་སྤྲིན་བསམ་གྱིས་མི་ཁྱབ་པ་བྱིན་གྱིས་རླབས་ཏེ། ཡོན་ཏན་བསམ་གྱིས་མི་ཁྱབ་ པའི་རྒྱན་སྣང་བ་དང་ལྡན་པར་སྣང་བར་བྱས་སོ། །མཐོང་ངོ་། །ནམ་མཁའ་ལྡིང་གི་དབང་པོ་མང་པོ་ཡང་མྱི་ཡི་གཟུགས་དང་མདོག་དང་དབྱིབསུ་འཁོད་ཅིང་ནམ་མཁའ་ལྡིང་གི་དབང་པོའི་བུ་མོས་ཀུན་ནས་བསྐོར་ཏེ། བརྩོད་པ་མེད་པ་ལ་དགའ་ཞིང་ཐལ་མོ་སྦྱར་ཏེ་གནས་པ་བསམ་གྱིས་མི་ཁྱབ་པ་མཐོང་ངོ་། །གནོད་སྦྱིན་གྱི་དབང་པོ་བརྒྱ་སྟོང་འཁོར་དང་བཅས་པ་བསམ་གྱིས་མི་ཁྱབ་པ་དག་ཀྱང་ནམ་མཁའ་དེ་ལ་ཤིན་ཏུ་ མི་སྡུག་པའི་གཟུགས་སུ་དགེ་སློང་ཤིན་ཏུ་བརྟན་པ་ལ་བྱམས་པའི་མཐུ་དང་ལྡན་པར་འཁོད་པ་མཐོང་ངོ་། །སྲིན་པོའི་དབང་པོ་བརྒྱ་སྟོང་འཁོར་དང་བཅས་པ་བསམ་གྱིས་མི་ཁྱབ་པ་དག་ཀྱང་ནམ་ མཁའ་དེ་ལ་དགེ་སློང་ཤིན་ཏུ་བརྟན་པ་ཡོངསུ་བསྲུང་བ་བྱེད་ཅིང་ཀུན་ཏུ་རྒྱུ་བ་མཐོང་ངོ་། །ཚངས་པའི་དབང་པོ་བརྒྱ་སྟོང་བསམ་གྱིས་མི་ཁྱབ་པ་དག་ཀྱང་ནམ་མཁའ་དེ་ལ་ཐལ་མོ་སྦྱར་ཅིང་དགའ་བ་ཡིད་ དུ་འོང་བའི་ཚིག་གི་རྒྱུད་ཀྱི་བསྟོད་པ་རབ་ཏུ་བརྗོད་པ་མཐོང་ངོ་། །གནས་གཙང་མའི་ལྷ་བརྒྱ་སྟོང་བསམ་གྱིས་མི་ཁྱབ་པ་དག་ཀྱང་ནམ་མཁའ་དེ་ལ་དགེ་སློང་ཤིན་ཏུ་བརྟན་པ་ལ་མཆོད་པའི་ལས་སུ་བྱ་ བའི་ཕྱིར་ཐལ་མོ་སྦྱར་ཅིང་གཞལ་མེད་ཁང་ན་གནས་པ་མཐོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱི་དགེ་སློང་ཤིན་ཏུ་བརྟན་པ་ལ་དེ་ལྟར་ནམ་མཁའི་དབྱིངས་ལ་འཆགས་ཅིང་འདུག་པ་མཐོང་ནས་ 76-1-107a དགའ་རངས་ཏེ་མགུ་ཞིང་ཉམས་བདེ་ལ་ཚིམ་ཞིང་ཡིད་བདེ་བ་སྐྱེས་ནས། དགེ་སློང་ཤིན་ཏུ་བརྟན་པ་ལ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་གིས་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ཇི་ལྟར་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཆོས་བཙལ་བར་བགྱིད་པ་དང་། ཇི་ལྟར་བྱང་ཆུབ་སེམས་དཔས་སངས་རྒྱས་ཀྱི་ཆོས་ཡོངསུ་བསྒྲུབ་ པར་བགྱི་བ་དང་། ཇི་ལྟར་བྱང་ཆུབ་སེམས་དཔས་སངས་རྒྱས་ཀྱི་ཆོས་ཡོངསུ་བསྡུ་བར་བགྱི་བ་དང་། ཇི་ལྟར་བྱང་ཆུབ་སེམས་དཔས་སངས་རྒྱས་ཀྱི་ཆོས་ཡོངསུ་བསྟན་པར་བགྱི་བ་དང་། ཇི་ལྟར་བྱང་ཆུབ་སེམས་ དཔས་སངས་རྒྱས་ཀྱི་ཆོས་བསྒོམ་པར་བགྱི་བ་དང་། ཇི་ལྟར་བྱང་ཆུབ་སེམས་དཔས་སངས་རྒྱས་ཀྱི་ཆོས་ཀྱི་རྗེསུ་འབྲང་བར་བགྱི་བ་དང་། ཇི་ལྟར་བྱང་ཆུབ་སེམས་དཔས་སངས་རྒྱས་ཀྱི་ཆོས་ཡོངསུ་བརྟུལ་ བར་བགྱི་བ་དང་། ཇི་ལྟར་བྱང་ཆུབ་སེམས་དཔས་སངས་རྒྱས་ཀྱི་ཆོས་ཡོངསུ་བསྒོམ་པར་བགྱི་བ་དང་། ཇི་ལྟར་བྱང་ཆུབ་སེམས་དཔས་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པར་བགྱི་བ་དང་། ཇི་ལྟར་ བྱང་ཆུབ་སེམས་དཔས་སངས་རྒྱས་ཀྱི་ཆོས་ཡོངསུ་སྦྱང་བར་བགྱི་བ་དང་། ཇི་ལྟར་བྱང་ཆུབ་སེམས་དཔས་སངས་རྒྱས་ཀྱི་ཆོས་ཁོང་དུ་ཆུད་པར་བགྱི་བ་མ་འཚལ་ཏེ། འཕགས་པ་ནི་བྱང་ཆུབ་སེམས་ དཔའ་རྣམས་ལ་གདམ་ངག་དང་རྗེསུ་བསྟན་པ་མཛད་དོ། །ཞེས་བདག་གི་ཐོས་ན། འཕགས་པ་ཇི་ལྟར་བྱང་ཆུབ་སེམས་དཔས་སངས་རྒྱས་ཀྱི་ཆོས་ལ་ནན་ཏན་དུ་བགྱི་བ། ཇི་ལྟར་ནན་ཏན་བགྱིས་ན་ཡང་དག་པ་ ཇི་ལྟ་བ་བཞིན་དང་། སྐོལ་བར་མི་འགྱུར་བའི་སླད་དུ་སངས་རྒྱས་མཐོང་བ་དང་མི་འབྲལ་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དགེ་བའི་རྩ་བ་དང་། ཚུལ་གཅིག་ཏུ་འགྱུར་བའི་སླད་དུ་བྱང་ཆུབ་སེམས་ 76-1-107b དཔའ་མཐོང་བ་དང་མི་འབྲལ་བ་དང་། ཡེ་ཤེས་རྟོགས་པར་འགྱུར་བའི་སླད་དུ་སངས་རྒྱས་ཀྱི་ཆོས་དང་མི་འབྲལ་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དོན་ཡོངས་སུ་ཐོབ་པར་བགྱི་བའི་སླད་དུ་བྱང་ ཆུབ་སེམས་དཔའི་སྨོན་ལམ་ཐམས་ཅད་དང་མི་འབྲལ་བ་དང་། བསྐལ་པ་ཐམས་ཅད་དུ་གནས་པས་ཡོངསུ་མི་སྐྱོ་བར་བགྱི་བའི་སླད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་མི་འབྲལ་བ་དང་འཇིག་རྟེན་ གྱི་ཁམས་ཐམས་ཅད་ཡོངསུ་དག་པར་བགྱི་བའི་སླད་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་རྒྱས་པར་དགང་བ་དང་མི་འབྲལ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་ཐམས་ཅད་རྣམ་ པར་དམིགས་པར་བགྱི་བའི་སླད་དུ་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་མཐོང་བ་དང་མི་འབྲལ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྲུལ་པ་ལྟ་བུས་སྲིད་པའི་རྒྱུད་ཐམས་ཅད་དུ་སྐྱེ་ཤིང་ཤི་འཕོ་བའི་སྐྱེ་ མཆེད་རང་གི་ལུས་ཀྱིས་ཉམས་སུ་མྱོང་བར་བགྱི་བའི་སླད་དུ་འདུས་བྱས་ཀྱི་གནས་དང་མི་འབྲལ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྤྲིན་ཡོངསུ་གཟུངས་བའི་སླད་དུ་ཆོས་མཉན་པ་དང་མི་འབྲལ་བ་ དང་དུས་གསུམ་གྱི་ཡེ་ཤེས་ཁོང་དུ་ཆུད་ཅིང་རྗེསུ་འབྲང་བར་བགྱི་བའི་སླད་དུ། ཡེ་ཤེས་སྣང་བ་དང་མི་འབྲལ་བར་འགྱུར་བ་དེ་བདག་ལ་བསྟན་དུ་གསོལ། དེ་སྐད་ཅེས་སྨྲས་པ་དང་། དགེ་སློང་ཤིན་ཏུ་བརྟན་པས་ཚོང་ དཔོན་གྱི་བུ་ནོར་བཟང་ལ་འདི་སྐད་ཅེས་སྨྲས་སོ། །དེ་ལྟར་ཁྱོད་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། སངས་རྒྱས་ཀྱི་ཆོས་དང་ཐམས་ཅད་མཁྱེན་པའི་ཆོས་དང་རང་བྱུང་གི་ཆོས་འདྲི་བ་ལེགསོ། ། ལེགསོ། །རིགས་ཀྱི་བུ་ཁོ་བོ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཐོག་པ་མེད་པའི་སྒོ་ཐོབ་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཐོགས་པ་མེད་པའི་སྒོ་དེ་ཁོ་བོས་བླངས་ཏེ། 76-1-108a ཡོངསུ་བཟུང་ནས་རྗེསུ་འབྲང་ཞིང་རྣམ་པར་དབྱེ་བ་དང་། རྣམ་པར་དཔྱད་པ་དང་རྣམ་པར་བརྟག་པ་དང་སྣང་བར་བྱ་བ་དང་། རབ་ཏུ་སྣང་བར་བྱས་པས་ཐོག་པ་མེད་པའི་མཐའ་ཞེས་བྱ་བའི་ཡེ་ཤེས་སྣང་བ་ཐོབ་ བོ། །དེ་ཐོབ་པས་ཁོ་བོ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ཁོང་དུ་ཆུད་པར་བྱ་བ་ལ་ཐོགས་པ་མེད་དོ། །སེམས་ཅན་ཐམས་ཅད་ཀྱི་སྐྱེ་བ་དང་འཆི་འཕོ་ཡོངསུ་ཤེས་པར་བྱ་བ་ལ་ཐོགས་པ་མེད་དོ། ། སྔོན་གྱི་གནས་རྗེསུ་དྲན་པར་བྱ་བའི་སྒོར་འཇུག་པ་ལ་ཐོགས་པ་མེད་དོ། །ཕྱི་མའི་མཐའི་བསྐལ་པར་འགྲོ་བ་ཐམས་ཅད་དང་འགྲོག་པར་བྱ་བ་ལ་ཐོགས་པ་མེད་དོ། །ད་ལྟར་བྱུང་བའི་དུས་ཀྱི་འགྲོ་བ་ཐམས་ཅད་རྣམ་ པར་རིག་པར་བྱ་བ་ལ་ཐོགས་པ་མེད་དོ། །སེམས་ཅན་ཐམས་ཅད་ཀྱི་སྒྲ་སྐད་དང་། ཀུན་རྫོབ་ཡོངསུ་ཤེས་པར་བྱ་བ་ལ་ཐོགས་པ་མེད་དོ། །སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་གཅད་པར་བྱ་བ་ལ་ཐོགས་པ་མེད་དོ། ། སེམས་ཅན་ཐམས་ཅད་ཀྱི་དབང་པོ་ཐ་དད་པ་ཁོང་དུ་ཆུད་པར་བྱ་བ་ལ་ཐོགས་པ་མེད་དོ། །སེམས་ཅན་ཐམས་ཅད་ཡོངསུ་སྨིན་པར་བྱ་བ་དང་། གདུལ་བའི་དུས་སུ་འགྲོ་བར་བྱ་བ་ལ་ཐོགས་པ་མེད་དོ། །ཉིན་མཚན་དང་ སྐད་གཅིག་དང་ཡུད་ཙམ་དང་ཐང་གཅིག་དང་། དུས་ཀྱི་མིང་དུ་བྱ་བ་ཁོང་དུ་ཆུད་པར་བྱ་བ་ལ་ཐོགས་པ་མེད་དོ། །དུས་གསུམ་རྒྱ་མཚོའི་རྒྱུད་དུ་འཇུག་པར་བྱ་བ་ལ་ཐོགས་པ་མེད་དོ། །ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ རང་གི་ལུས་ཀྱི་རྒྱས་པར་གང་བར་བྱ་བ་ལ་ཐོག་པ་མེད་དོ། །དེ་ནི་དེ་ལྟར་དངོས་པོ་མེད་པ་ལ་གནས་ཤིང་མངོན་པར་འདུ་བྱ་བ་མེད་པའི་རྫུ་འཕྲུལ་ཐོབ་པའི་ཕྱིར་ཏེ། རིགས་ཀྱི་བུ་དངོས་པོ་མེད་པ་ལ་གནས་ཤིང་མངོན་པར་འདུ་ བྱ་བ་མེད་པའི་རྫུ་འཕྲུལ་དེའི་བྱིན་གྱིས་ཁོ་བོ་ནམ་མཁའི་དབྱིངས་འདི་ལས་ཕན་ཚུན་དུ་འགྲོ་ཞིང་འདུག་པ་དང་། སེམས་པ་དང་སྤྱོད་ལམ་སྣ་ཚོགས་སུ་སྤྱོད་དོ། །མི་སྣང་བར་བྱེད་དོ། །སྣང་བར་བྱུང་ངོ་། ། 76-1-108b དུ་བ་ཐུལ་བར་བྱེད་དོ། །མེ་ལྕེ་འབར་བར་བྱེད་དོ། །གཅིག་ཏུ་གནས་ཤིང་མང་པོར་བསྒྱུར་རོ། །མང་པོར་བྱས་ཤིང་གཅིག་ཏུ་བསྒྱུར་རོ། །སྣང་བ་དང་མི་སྣང་བའང་ཉམསུ་མྱོང་བར་བྱེད་དོ། །རྩིག་པ་ལའང་ཐག་ཐོག་མེད་པ་དང་རབ་ ལའང་ཐག་ཐོགས་མེད་པར་འགྲོ་སྟེ། དཔེར་ན་ནམ་མཁའ་ལ་བྱ་བཞིན་ནོ། །ནམ་མཁའ་ལ་སྐྱིལ་མོ་དཀྲུང་གིས་འགྲོ་སྟེ། དཔེར་ན་འདབ་ཆགས་བྱ་བཞིན་ནོ། །ས་ལ་ཡང་བྱེའུ་ཟུལ་དང་སྟེང་དུ་འབྱུང་བར་བྱེད་དོ། ། དཔེར་ན་ཆུ་ལ་བྱ་བ་བཞིན་ནོ། །ཆུ་ལ་ཡང་བྱིང་བ་མེད་པར་འགྲོ་སྟེ། དཔེར་ན་ས་ལ་བྱ་བ་བཞིན་ནོ། །དུ་བ་འཐུལ་བ་དང་། མེ་ལྕེ་འབར་བ་བྱེད་དེ། དཔེར་ན་མེའི་ཕུང་པོ་ཆེན་པོ་བཞིན་ནོ། །ས་ཡང་ཡོངསུ་གཡོ་ བར་བྱེད་དོ། །ཉི་མ་དང་ཟླ་བ་འདི་གཉིས་དེ་ལྟར་རྫུ་འཕྲུལ་ཆེ་ཞིང་དེ་ལྟར་མཐུ་ཆེ་ལ། དེ་ལྟར་གཟི་བརྗིད་ཆེ་བ་ཡང་ལག་པས་ཀུན་ནས་ཡོངས་སུ་ཉུག་གོ། །ཚངས་པའི་འཇིག་རྟེན་གྱི་བར་དག་ཏུ་ཡང་ལུས་ཀྱི་ དབང་བསྒྱུར་རོ། །འཇིག་རྟེན་སྤོས་ཀྱི་དུད་པ་ན་བུན་དུ་ཆགས་པའི་སྤྲིན་གྱི་དཀྱིལ་འཁོར་ཀུན་ནས་ཁེབས་པར་བྱས་ཤིང་རབ་ཏུ་འབར་བར་བྱེད་དོ། །རིན་པོ་ཆེ་ཐམས་ཅད་ཀྱི་འོད་ཟེར་གྱི་སྤྲིན་གྱི་དྲ་བས་འཇིག་རྟེན་ཀུན་ ནས་ཁེབས་པར་བྱས་ཤིང་། འགྲོ་བ་ཐམས་ཅད་དང་འདྲ་བའི་སྤྲུལ་པའི་སྤྲིན་རབ་ཏུ་འགྱེད་དོ། །ཁ་དོག་མཐའ་ཡས་པའི་འོད་ཀྱི་དྲ་བའི་སྤྲིན་རབ་ཏུ་བཀྱེ་ཞིང་ཕྱོགས་ཀུན་ཏུ་འང་འགྲོ་སྟེ། འདི་ལྟར་ཤར་ཕྱོགས་སུ་འགྲོའོ། ། ལྷོ་ཕྱོགས་དང་ནུབ་ཕྱོགས་དང་བྱང་ཕྱོགས་དང་། བྱང་ཤར་གྱི་ཕྱོགས་མཚམས་དང་། ཤར་ལྷོའི་ཕྱོགས་མཚམས་དང་། ལྷོ་ནུབ་ཀྱི་ཕྱོགས་མཚམས་དང་། ནུབ་བྱང་གི་ཕྱོགས་མཚམས་དང་། འོག་དང་བླའི་ ཕྱོགས་སུ་ཡང་འགྲོའོ། །སེམས་ཀྱི་སྐད་ཅིག་རེ་རེ་ཞིང་ཡང་ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གཅིག་ཀྱང་འདའོ། །འཇིག་རྟེན་གྱི་ཁམས་གཉིས་དང་བཅུ་ཡང་འདའོ། །འཇིག་རྟེན་གྱི་ཁམས་བརྒྱ་དང་། 76-1-109a འཇིག་རྟེན་གྱི་ཁམས་སྟོང་དང་། འཇིག་རྟེན་གྱི་ཁམས་བརྒྱ་ཕྲག་སྟོང་དང་། འཇིག་རྟེན་གྱི་ཁམས་བྱེ་བ་དང་། འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་དང་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་སྟོང་དང་། འཇིག་རྟེན་གྱི་ཁམས་ བྱེ་བ་བརྒྱ་ཕྲག་སྟོང་དང་། འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་རྒྱ་ཕྲག་སྟོང་དང་འཇིག་རྟེན་གྱི་ཁམས་ཚད་མེད་པ་དང་། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་དང་། འཇིག་རྟེན་གྱི་ཁམས་གྲངས་མེད་པ་དང་འཇིག་རྟེན་གྱིས་ ཁམས་བསམ་གྱིས་མི་ཁྱབ་པ་དང་། འཇིག་རྟེན་གྱི་ཁམས་མཚུངས་པ་མེད་པ་དང་། འཇིག་རྟེན་གྱི་ཁམས་གཞལ་དུ་མེད་པ་དང་། འཇིག་རྟེན་གྱི་ཁམས་ཀུན་ཏུ་མཐའ་ཡས་པ་དང་། འཇིག་རྟེན་གྱི་ཁམས་མུ་མེད་པ་ དང་འཇིག་རྟེན་གྱི་ཁམས་མཚུངས་པ་མེད་པ་དང་། འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དག་ཀྱང་འདའ་བར་བྱེད་དེ། འཇིག་རྟེན་གྱི་ཁམས་དེ་དག་ནི་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་ཅིག་བཞུགས་ ཤིང་འཚོ་བཞེས་ལ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེ་དང་དེ་དག་དང་། འཇིག་རྟེན་གྱི་ཁམས་འཇམས་ཀླས་པ་དེ་དང་དེ་དག་དང་། འཇིག་རྟེན་གྱི་ཁམས་ཀྱི་ཕྱོགས་དེ་དང་དེ་དག་དང་། འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་དེ་དང་དེ་ དག་དང་འཇིག་རྟེན་གྱི་ཁམས་ཡོངསུ་འདུ་བ་དེ་དང་དེ་དག་དང་། འཇིག་རྟེན་གྱི་ཁམས་འབྱུང་བ་དེ་དང་དེ་དག་དང་། འཇིག་རྟེན་གྱི་ཁམསུ་བྱ་བ་དེ་དང་དེ་དག་དང་། འཇིག་རྟེན་གྱི་ཁམས་ཀྱི་སྒོ་དེ་དང་དེ་དག་དང་། འཇིག་རྟེན་གྱི་ ཁམས་གྱི་བསྐལ་པར་བྱ་བ་དེ་དང་དེ་དག་དང་། འཇིག་རྟེན་གྱི་ཁམས་སུ་འཇུག་པ་དེ་དང་དེ་དག་དང་། འཇིག་རྟེན་གྱི་ཁམས་ཀྱི་སྙིང་པོ་བྱང་ཆུབ་རྣམ་པར་བཀོད་པ་དེ་དང་དེ་དག་དང་། འཇིག་རྟེན་གྱི་ཁམས་གྱི་ འཁོར་གྱི་དཀྱིལ་འཁོར་དེ་དང་དེ་དག་ན། སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་ཅིག་ཆོས་སྟོན་པའི་དེ་བཞིན་གཤེགས་པ་དེ་དག་ལས་དེ་བཞིན་གཤེགས་པ་རེ་རེ་ཞིང་ཡང་སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་རྡུལ་ཤིན་ཏུ་ 76-1-109b ཕྲ་བ་སྙེད་ཀྱི་ལུས་སྣ་ཚོགས་དང་། ལུས་རེ་རེ་ཞིང་ཡང་སངས་རྒྱས་ཀྱི་ཞིང་མཐའ་ཡས་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་མཆོད་པའི་སྤྲིན་གྱི་ཆར་འབེབས་ཤིང་སྤྱན་སྔར་འགྲོའོ། །དེ་དག་ཏུ་ཕྱིན་ནས་ཀྱང་མེ་ཏོག་ ཐམས་ཅད་དང་སྤོས་ཐམས་ཅད་དང་། ཕྲེང་བ་ཐམས་ཅད་དང་ཕྱེ་མ་ཐམས་ཅད་དང་། བྱུག་པ་ཐམས་ཅད་དང་ན་བཟའ་ཐམས་ཅད་དང་། རྒྱལ་མཚན་ཐམས་ཅད་དང་ལྷའི་བ་དན་ཐམས་ཅད་དང་བླ་རེ་ཐམས་ཅད་དང་། དྲ་བ་ཐམས་ ཅད་དང་གཟུགས་ཐམས་ཅད་ཀྱིས་མཆོད་པ་རྒྱུན་མ་ཆད་པར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་གང་ཇི་སྙེད་དུ་གསུངས་པ་དང་། བསྟན་པ་དང་། བརྗོད་པ་དང་། ཡང་དག་པར་བཤད་པ་དང་། ཡང་དག་པར་སྨོས་པ་ དང་ཡོངས་སུ་བརྗོད་པ་དང་། མན་ངག་དུ་གསུངས་པ་དང་། ཤིན་ཏུ་བསྟན་པ་དང་རབ་ཏུ་བརྗོད་པ་དེ་དག་ཐམས་ཅད་ཀྱང་ཤེས་ཤིང་འཛིན་ཏོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སངས་རྒྱས་ཀྱི་ཞིང་ཡོངསུ་དག་པ་ཇི་སྙེད་ པ་དེ་དག་ཐམས་ཅད་ཀྱང་རྗེས་སུ་དྲན་ནོ། །ཤར་ཕྱོགས་སུ་ཇི་ལྟ་བ་དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། བྱང་ཤར་གྱི་ཕྱོགས་མཚམས་དང་། ཤར་ལྷོའི་ཕྱོགས་མཚམས་དང་། ལྷོ་ནུབ་ཀྱི་ ཕྱོགས་མཚམས་དང་། ནུབ་བྱང་གི་ཕྱོགས་མཚམས་དང་། འོག་དང་སྟེང་གི་ཕྱོགས་སུ་ཡང་འཇིག་རྟེན་གྱི་ཁམས་གཅིག་ཀྱང་འདའོ། །འཇིག་རྟེན་གྱི་ཁམས་གཉིས་དང་བཅུ་ཡང་འདའོ། །འཇིག་རྟེན་གྱི་ཁམས་བརྒྱ་ནས་འཇིག་ རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱང་འདའོ། །འཇིག་རྟེན་གྱི་ཁམས་དེ་དག་ན་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་ཅིག་བཞུགས་ཤིང་འཚོ་བཞེས་ལ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེ་དང་དེ་དག་དང་། འཇིག་རྟེན་གྱི་ཁམས་རྣམ་པར་དག་པ་དེ་དང་དེ་དག་ནས། འཇིག་རྟེན་གྱི་ཁམས་ཀྱི་འཁོར་གྱི་དཀྱིལ་འཁོར་དེ་དང་དེ་དག་ན་ཆོས་སྟོན་པ་དེ་དག་ཀུན་ཀྱང་མཐོང་ངོ་། །དེ་བཞིན་ 76-1-110a གཤེགས་པ་དེ་དག་ལའང་མེ་ཏོག་ཐམས་ཅད་ནས་གཟུགས་ཐམས་ཅད་ཀྱི་བར་གྱི་མཆོད་པ་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་གང་ཇི་སྙེད་དུ་གསུངས་པ་ནས། རབ་ཏུ་བརྗོད་པའི་བར་དེ་དག་ ཐམས་ཅད་ཀྱང་ཡོངས་སུ་ཤེས་ཤིང་འཛིན་ཏོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སངས་རྒྱས་ཀྱི་ཞིང་ཡོངསུ་དག་པ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་རྗེས་སུ་དྲན་ནོ། །སེམས་ཅན་གང་གིས་ཁོ་བོ་ མཐོང་བར་འགྱུར་པ་དང་། གང་དང་འགྲོགས་པར་གྱུར་པ་དེ་དག་ཀུན་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་རོ། །སེམས་ཅན་ཕྲ་མོ་འམ་རགས་པའམ་ངན་པའམ་བཟང་བའམ་ བདེ་བའམ་མི་བདེ་བ་གང་ཇི་སྙེད་ཅིག་ཁོ་བོས་མཐོང་བར་གྱུར་པ་དེ་དག་ཀུན་ལ་ཡང་ཡོངསུ་སྨིན་པར་བྱ་བ་དང་། འདུལ་བའི་དུས་ལས་མི་འདའ་བར་བྱ་བའི་ཕྱིར། ཁོང་དུ་དེ་དག་གི་ལུས་ཀྱི་ཚད་དང་མཉམ་པར་ ལུས་བྱིན་གྱིས་བརློབས་བོ། །སེམས་ཅན་ཇི་སྙེད་ཅིག་ཁོ་བོའི་དྲུང་དུ་འོང་བ་དེ་དག་ཐམས་ཅད་ཀྱང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཀུན་ཏུ་འགྲོ་བ་འདི་དང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་རྣམ་པར་ གནོན་པ་དོན་ཡོད་པ་ལ་རབ་ཏུ་གཞོག་གོ། །རིགས་ཀྱི་བུ་ཁོ་བོས་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཐོགས་པ་མེད་པའི་སྒོ་ཀུན་ཏུ་འགྲོ་བ་དེ་བཞིན་གཤེགས་པ་མཆོད་པ་དང་། རིམ་གྲོ་རབ་ཏུ་སྦྱོར་བ་ སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། འཐུན་པ་འདི་ཤེས་པར་ཟད་ན། ཁོ་བོས་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོའི་ངང་ཚུལ་ཅན། ཐེག་པ་ཆེན་པོའི་ངང་ཚུལ་ཅན། བྱང་ཆུབ་སེམས་དཔའི་ ལམ་དང་མི་འབྲལ་བའི་ངང་ཚུལ་ཅན། ཐོགས་པ་མེད་པའི་ངང་ཚུལ་ཅན། བྱང་ཆུབ་སེམས་དཔའི་བསམ་པའི་སྙིང་པོ་ཆུད་མི་གསོན་པའི་ངང་ཚུལ་ཅན། བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་གཏོང་བའི་ངང་ཚུལ་ཅན། 76-1-110b སངས་རྒྱས་ཀྱི་ཆོས་ལ་ལྷག་པར་དམིགས་པའི་ངང་ཚུལ་ཅན། ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བ་དང་མི་འབྲལ་བའི་ངང་ཚུལ་ཅན། ནམ་མཁའ་དང་མཉམ་པའི་ངང་ཚུལ་ཅན། འཇིག་རྟེན་ཐམས་ཅད་ལ་ མི་གནས་པའི་ངང་ཚུལ་ཅན། ཆུད་མི་གསོན་པའི་ངང་ཚུལ་ཅན། མཉམ་པའི་ངང་ཚུལ་ཅན། མ་གོད་པའི་ངང་ཚུལ་ཅན། གླག་མེད་པའི་ངང་ཚུལ་ཅན། མ་འདྲེས་པའི་ངང་ཚུལ་ཅན། རྙོགས་པ་མེད་པའི་ ངང་ཚུལ་ཅན། འགྱོད་པ་མེད་པའི་ངང་ཚུལ་ཅན། རྣམ་པར་དག་པའི་ངང་ཚུལ་ཅན། བྱང་ཆུབ་སེམས་དཔའ་རྡུལ་དང་བྲལ་བ་དེ་དག་གི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པ་ནུས་རེ་སྐན། །སོང་རིགས་ཀྱི་བུ་ལྷོ་ ཕྱོགས་ཀྱི་རྒྱུད་འདི་ཉིད་ན། དྲ་བྱི་ལའི་གྲོང་རྡལ་རྡོ་རྗེའི་གྲོང་ཁྱེར་ཅན་བྱ་བ་ཡོད་དེ། དེ་ན་དྲ་བྱི་ལའི་སྤྲིན་ཅེས་བྱ་བ་འདུག་གིས་དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱོད་པ་ ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱི་དགེ་སློང་རབ་ཏུ་བརྟན་པའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས། ལན་བརྒྱ་སྟོང་དུ་མར་གཡས་ ཕྱོགས་སུ་བསྐོར་བ་བྱས་ཏེ། ཡང་དག་པར་བལྟས་ནས་དགེ་སློང་ཤིན་ཏུ་བརྟན་པའི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཆོས་ཀྱི་དད་པའི་ཤུགས་དང་། བྱིན་གྱིས་གནོན་པ། སངས་རྒྱས་ ཡིད་ལ་བྱ་བའི་འདུ་ཤེས་དང་ལྡན་པ། དཀོན་མཆོག་གསུམ་གྱི་གདུང་མི་འཆད་པ་ལ་རབ་ཏུ་བརྩོན་པ། དུས་གསུམ་སྣང་བས་སེམས་སྣང་བར་གྱུར་པ་སྨོན་ལམ་ཆེན་པོ་ཡིད་ལ་བྱེད་པ་དང་ལྡན་པ་སེམས་ཅན་གྱི་ ཁམས་ཐམས་ཅད་ཡོངསུ་བསྐྱབ་པའི་ཐབས་ལ་ཞུགས་པ། འདུས་བྱས་ཀྱི་དགེ་བ་ཐམས་ཅད་ལ་མི་གནས་པའི་སེམས་དང་ལྡན་པ། ཆོས་ཐམས་ཅད་ཀྱི་རང་བཞིན་ངེས་པར་རྟོགས་པར་བྱ་བ་ལ་ 76-1-111a བརྩོན་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་སྦྱང་བའི་སྨོན་ལམ་ལས་མི་གཡོ་བ། སངས་རྒྱས་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་ན་གནས་པ་མེད་པར་གནས་པ་ཆོས་ཀྱི་སྣང་བ་དེ་རྗེས་སུ་དྲན་ པར་བྱ་བ་དང་། དགེ་བའི་བཤེས་གཉེན་རྗེས་སུ་དྲན་པར་བྱ་བ་དང་། འདོད་ཆགས་དང་བྲལ་བའི་རིགས་ཡོངས་སུ་བརྗོད་པ་བྱེད་ཅིང་། མཐར་གྱི་དྲ་བྱི་ལའི་གྲོང་རྡལ་རྡོ་རྗེའི་གྲོང་ཁྱེར་དུ་ཕྱིན་ནས། དྲ་བྱི་ལའི་སྤྲིན་ཡོངས་ སུ་ཚོལ་ཚོལ་བ་ལས། གྲོང་ཁྱེར་གྱི་ཁྱམས་ཤིག་ན་ཆོས་བསྟན་པའི་དོན་དུ་སེང་གེའི་ཁྲི་ལ་འདུག་ཅིང་། སྲོག་ཆགས་སྟོང་ཕྲག་བཅུ་ཙམ་ཞིག་ལ་ཆོས་ཀྱི་རྣམ་གྲངས་ཡི་གེའི་འཁོར་ལོའི་རྒྱུད་ཀྱི་རྒྱན་ཅེས་བྱ་བ་ཡོངསུ་ སྟོན་ཅིང་འདུག་པ་མཐོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱི་དྲ་བྱི་ལའི་སྤྲིན་གྱི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། དྲ་བྱི་ལའི་སྤྲིན་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ ནས་མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་ སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་ཏུ་བགྱི་བ་དང་། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་ཀྱི་སེམས་སྲིད་པའི་ལམ་རྒྱུད་ཐམས་ཅད་ཆེ་བ་མི་འཚལ་བ་དང་། ཇི་ལྟར་ཡོངསུ་སྐྱོ་ བ་མ་མཆིས་ཤིང་། བསམ་པ་གཏན་པར་འགྱུར་བ་དང་། ཇི་ལྟར་ཐུབ་པ་མ་མཆིས་ཤིང་ལྷག་པའི་བསམ་པ་ཡོངསུ་སྐྱོ་བ་མ་མཆིས་ཤིང་སྙིང་རྗེ་ཆེན་པོའི་སྟོབས་ཡང་དག་པ་སྐྱེ་བར་འགྱུར་བ་དང་ཇི་ལྟར་སྒོ་ཀུན་ནས་རྣམ་ པར་དག་ཅིང་གཟུངས་ཀྱི་སྟོབས་གནོན་པར་འགྱུར་བ་དང་། ཇི་ལྟར་མ་རིག་པའི་རབ་རིབ་དང་སྒྲིབ་པ་རྣམ་པར་འཐོར་ཞིང་། ཤེས་རབ་ཀྱི་འོད་ཆོས་ཐམས་ཅད་ལ་རབ་རིབ་མ་མཆིས་པའི་སྣང་བ་སྐྱེ་བར་འགྱུར་བ་དང་། ཇི་ལྟར་ 76-1-111b དོན་དང་ཆོས་དང་ངེས་པའི་ཚིག་དང་སྤོབས་པ་ལ་མཁས་པ་ལ་དབྱངས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་ཤིང་། སོ་སོ་ཡང་དག་པར་རིག་པའི་སྟོབས་གནོན་པར་འགྱུར་བ་དང་། ཇི་ལྟར་སངས་རྒྱས་ཐམས་ཅད་ཀྱི་འཁོར་ལོ་ ཐ་མི་དད་པ་ཡང་དག་པར་འཛིན་ཅིང་དྲན་པའི་སྟོབས་ཡོངས་སུ་གནོན་པར་འགྱུར་བ་དང་། ཇི་ལྟར་ཆོས་ཐམས་ཅད་ཀྱི་ཕྱོགས་རིགས་པའི་སྣང་བ་རྗེས་སུ་རྟོག་ཅིང་། རིག་པའི་སྟོབས་རྣམ་པར་དག་པར་འགྱུར་བ་དང་། ཇི་ལྟར་བྱང་ ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་སྟོབས་ཆོས་ཐམས་ཅད་ཀྱི་དོན་རྣམ་པར་གདོན་མི་ཟ་བར་རབ་ཏུ་དབྱེ་བ་ལ་བརྩོན་པས་འགྲུབ་པར་འགྱུར་བ་མ་འཚལ་ཏོ། །དེ་ནས་དྲ་བྱི་ལའི་སྤྲིན་གྱིས་བྱང་ཆུབ་སེམས་དཔའ་ལ་རིམ་གྲོ་བྱ་བའི་ཕྱིར་ སེང་གེའི་ཁྲི་དེ་ལ་ལངས་ཏེ་བབས་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ལ་ལུས་ཐམས་ཅད་ཀྱིས་ཕྱག་བྱས་ནས། ཚོང་དཔོན་གྱི་བུ་ནོར་བཟངས་ལ་གསེར་གྱི་མེ་ཏོག་གི་ཕུང་པོས་མངོན་པར་གཏོར་ཏོ། །ནོར་བུ་རིན་པོ་ཆེ་རིན་ ཐང་མེད་པ་མང་པོ་དང་། ཙན་དན་གྱི་ཕྱེ་མ་དམ་པས་ཀྱང་མངོན་པར་གཏོར་ཏོ། །གོས་ཚོན་སྣ་ཚོགས་རྣམ་པ་ཐ་དད་པས་ཁ་དོག་བསྒྱུར་བ་བརྒྱ་སྟོང་ཕྲག་དུ་མས་ཀྱང་མངོན་པར་བཀབ་བོ། །སྤོས་ཀྱི་མེ་ཏོག་ཁ་དོག་རྣམ་པ་ ཐ་དད་ཅིང་ཡིད་དུ་འོང་ལ་བལྟ་ན་སྡུག་པ་མང་པོས་ཀྱང་མངོན་པར་གཏོར་ནས་མཆོད་པའི་རྣམ་པ་སྣ་ཚོགས་གཞན་དག་གི་ཀྱང་། མཆོད་པ་དང་རིམ་གྲོ་དང་། བཀུར་སྟིར་དང་སྟི་སྟང་ཆེར་བྱས་ཏེ། ཚོང་དཔོན་གྱི་བུ་ནོར་ བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལེགསོ་ལེགསོ། །རིགས་ཀྱི་བུ་གང་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ནི། སངས་རྒྱས་ཐམས་ཅད་ཀྱི་གདུང་མི་གཅོད་པའི་ཕྱིར་ཞུགས་པ་ཡིན་ནོ། །འདོད་ཆགས་དང་བྲལ་བའི་རིགས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རྣམ་པར་རིག་པར་བྱ་བ་ལ་བརྩོན་ 76-1-112a པ་ཡིན་ཞིང་རྒྱུད་ཐམས་ཅད་ཡོངས་སུ་དག་པར་བྱ་བ་ལ་ཞུགས་པ་ཡིན། སེམས་ཅན་གྱི་རིགས་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། འདུལ་བ་ལ་སྟ་གོན་དུ་གནས་པ་ཡིན། ཆོས་ཀྱི་རིགས་ ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་བརྟག་པ་ལ་བརྩོན་པ་ཡིན། ལས་ཀྱི་རིགས་ཐམས་ཅད་དང་མི་འགལ་བར་གནས་པ་ཡིན། བྱང་ཆུབ་སེམས་དཔའི་སྤྱོད་པའི་རིགས་ཐམས་ཅད་ཡོངསུ་རྫོགས་པར་བྱ་བ་ ལ་རབ་ཏུ་བརྩོན་པ་ཡིན་སྨོན་ལམ་ཐམས་ཅད་རྒྱུན་མི་འཆད་པའི་ཕྱིར་ཡངས་དག་པར་ཞུགས་པ་ཡིན། དུས་གསུམ་གྱི་རྒྱུད་ཐམས་ཅད་ཡེ་ཤེས་ཀྱི་ཁོང་དུ་ཆུད་པར་བྱ་བ་ལ་ཞུགས་པ་ཡིན་མོས་པའི་རིག་ཤིན་ཏུ་ བརྟན་པར་བྱ་བའི་ཕྱིར་བརྩོན་པ་ཡིན་ཏེ། དེ་ནི་དེ་བཞིན་གཤེགས་པ་མང་པོ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པ་ཡིན། སངས་རྒྱས་ཐམས་ཅད་ཀྱི་ཡང་དག་པར་དགོངས་པ་ཡིན། བྱང་ཆུབ་སེམས་དཔའ་ཐམས་ཅད་ དང་མཉམ་པ་ཉིད་དུ་གྱུར་པ་ཡིན། འཕགས་པ་ཐམས་ཅད་ཀྱི་རྗེསུ་དགྱེས་པར་བྱ་བ་ཡིན། ཚངས་པའི་དབང་པོ་ཐམས་ཅད་ཀྱིས་མངོན་པར་དགའ་བར་བྱས་པ་ཡིན། ལྷའི་དབང་པོ་ཐམས་ཅད་ཀྱིས་ཡང་དག་པར་ མཆོད་པ་ཡིན། གནོད་སྦྱིན་གྱི་དབང་པོ་ཐམས་ཅད་ཀྱི་ཡོངསུ་བསྲུང་བ་ཡིན། སྲིན་པོའི་དབང་པོ་ཐམས་ཅད་ཀྱི་རིམ་གྲོར་བྱས་པ་ཡིན། ཀླུའི་དབང་པོ་ཐམས་ཅད་ཀྱི་བསུ་བ་ཡིན། མི་འམ་ཅིའི་དབང་པོ་ཐམས་ཅད་ ཀྱིས་མངོན་པར་བསྟོད་པ་ཡིན། འཇིག་རྟེན་གྱི་དབང་པོ་ཐམས་ཅད་ཀྱི་ཡང་དག་པར་བསྔགས་པ་ཡིན། དེས་ནི་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱང་ངན་སོང་གི་ལམ་རྒྱུད་གསུམ་པོ་ཡོངས་སུ་གཅད་པ་དང་མི་ཁོམ་ པ་དང་། ངན་འགྲོའི་ལམ་ཐམས་ཅད་བཟློག་པ་དང་། དབུལ་བའི་ལམ་ཐམས་ཅད་ལས་ཡང་དག་པར་བཟླ་བ་དང་། ལྷ་དང་མིའི་ཕུན་སུམ་ཚོགས་པ་ཐོབ་པར་བྱ་བ་དང་། དགེ་བའི་བཤེས་གཉེན་མཐོང་བ་དང་མི་འབྲལ་ 76-1-112b བ་དང་། སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་ཉན་པ་དང་། འབྲལ་བར་མི་འགྱུར་བ་དང་། བྱང་ཆུབ་ཀྱི་སེམས་ཀྱི་ཡན་ལག་ཡོངས་སུ་དག་པར་བྱ་བ་དང་། བྱང་ཆུབ་ཀྱི་སེམས་འབྱུང་བའི་རྒྱུད་ཡོངས་སུ་བསྒྲུབ་པ་ དང་། བྱང་ཆུབ་སེམས་དཔའི་ལམ་སྣང་བ་ཐོབ་པར་བྱ་བ་དང་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཁོང་དུ་ཆུད་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་ས་ལ་གནས་པར་བྱ་བས་དབུགས་ཕྱིན་པར་བྱས་པ་ཡིན། རིགས་ ཀྱི་བུ་དེ་ལ་བདག་འདི་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་དཀའ་བ་བྱེད་པ་སྟེ། འབྱུང་བར་དཀའ་ཞིང་མཐོང་བར་དཀའ་བའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་རྣམས་ལ་བག་དྲོ་བར་ བྱེད་པས་ཕ་དང་མ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱི་རྒྱན་ཏུ་གྱུར་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ནི་སྡུག་བསྔལ་གྱིས་མནར་བ་རྣམས་ལ་སྐྱབས་སུ་གྱུར་ པའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་འགྲོ་བ་ཐམས་ཅད་ཡོངས་སུ་བསྲུང་བའི་ཕྱིར་གནས་སུ་གྱུར་པའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་འཇིགས་པ་སྣ་ཚོགས་ཀྱིས་གཙེས་པ་རྣམས་ལ་དཔུང་གཉེན་ དུ་གྱུར་པའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་འགྲོ་བ་ཐམས་ཅད་ངན་སོང་གསུམ་དུ་ལྟུང་བ་ལས་ཡོངས་སུ་རྟོན་པའི་ཕྱིར་རླུང་གི་དཀྱིལ་འཁོར་ལྟ་བུའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ ཐམས་ཅད་ཀྱི་དགེ་བའི་རྩ་བ་རྣམ་པར་འཕེལ་བར་བྱེད་པས་ས་ལྟ་བུའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་བསོད་ནམས་རིན་པོ་ཆེའི་མཛོད་མི་ཟད་པའི་གཏེར་དང་ལྡན་པས་རྒྱ་མཚོ་ལྟ་བུའོ། །བྱང་ཆུབ་ དཔའ་རྣམས་ནི་ཡེ་ཤེས་ཀྱི་འོད་ཀྱི་སྣང་བར་བྱེད་པའི་ཕྱིར་ཉི་མ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་དགེ་བའི་རྩ་བས་ཤིན་ཏུ་མཐོ་བས་རི་རབ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ 76-1-113a སྙིང་པོ་བྱང་ཆུབ་ཏུ་ཡེ་ཤེས་ཀྱི་ཟླ་བ་འཆར་བར་འགྱུར་བའི་ཕྱིར་ཟླ་བ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་བདུད་ཀྱི་སྡེ་ཐམས་ཅད་རབ་ཏུ་འཇོམས་པས་དཔའ་བོར་གྱུར་པའོ། །བྱང་ཆུབ་སེམས་དཔའ་ རྣམས་ནི་རང་བྱུང་གི་ཆོས་ཀྱི་གྲོང་ཁྱེར་དུ་ཕྱིན་པར་བྱེད་པས་རྟུལ་ཕོད་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ཐམས་ཅད་ཀྱི་བདག་ལ་བྱམས་པའི་རླན་ཡོངསུ་སྐེམ་པས་མེ་ལྟ་བུའོ། །བྱང་ ཆུབ་སེམས་དཔའ་རྣམས་ནི་ཆོས་ཀྱི་སྤྲིན་རྒྱ་ཆེན་པོའི་ཆར་མངོན་པར་འབེབས་པས་སྤྲིན་ལྟ་བུའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་གྱི་དབང་པོ་དད་པ་ལ་སྩོགས་པའི་མྱུ་གུ་རྣམ་པར་འཕེལ་བར་ བྱེད་པས་ཆར་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་ཀྱི་རྒྱ་མཚོའི་འགྲམ་ཡོངསུ་སྟོན་པས་མཉན་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་ཡང་དག་ པར་སྒྲོལ་བའི་ཕྱིར་ཟམ་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ཐམས་ཅད་ཀྱི་མངོན་པར་བགྲོད་པར་བྱ་བའི་ཕྱིར་མུ་སྟེགས་ལྟ་བུའོ། །དེ་ལྟར་དྲ་བྱི་ལའི་སྤྲིན་གྱིས་ཚོང་དཔོན་གྱི་བུ་ནོར་བཟངས་ ཀྱི་མདུན་དུ་འདུག་སྟེ། ཚིག་གི་རྒྱུད་དེ་དག་གི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡོངས་སུ་བསྔགས་པ་བྱས་ནས། ཚོང་དཔོན་གྱི་བུ་ནོར་བཟངས་ལ་ལེགསོ་ཞེས་བསྔགས་སོ། །དེ་ལྟར་དེ་ནས་བྱང་ཆུབ་སེམས་ དཔའ་ཡང་དག་པར་དགའ་བར་བྱ་བའི་ཕྱིར་ཚིག་བརྗོད་པའི་ཚེ། ཁའི་སྒོ་ནས་འོད་འཕྲོ་བའི་ཕུང་པོ་རྣམ་པ་འདི་ལྟ་བུ་བྱུང་སྟེ། འོད་འཕྲོ་བའི་ཕུང་པོ་དེས་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་རྒྱས་པར་ གང་བར་གྱུར་ནས། ལྷ་དང་ལྷ་རྫུ་འཕྲུལ་ཆེན་པོའམ། ཀླུ་དང་ཀླུ་རྫུ་འཕྲུལ་ཆེན་པོའམ། གནོད་སྦྱིན་དང་གནོད་སྦྱིན་རྫུ་འཕྲུལ་ཆེན་པོའམ། དྲི་ཟ་དང་དྲི་ཟ་རྫུ་འཕྲུལ་ཆེན་པོའམ། ལྷ་མ་ཡིན་དང་ལྷ་མ་ཡིན་རྫུ་ 76-1-113b འཕྲུལ་ཆེན་པོ་འམ། ནམ་མཁའ་ལྡིང་དང་ནམ་མཁའ་ལྡིང་རྫུ་འཕྲུལ་ཆེན་པོ་འམ། མིའམ་ཅི་དང་མི་འམ་ཅི་རྫུ་འཕྲུལ་ཆེན་པོ་འམ། ལྟོ་འཕྱེ་ཆེན་པོ་དང་ལྟོ་འཕྱེ་ཆེན་པོ་རྫུ་འཕྲུལ་ཆེན་པོ་འམ། མི་དང་མི་རྫུ་འཕྲུལ་ཆེན་པོ་འམ། །མི་མ་ཡིན་པ་དང་མི་མ་ཡིན་པ་རྫུ་འཕྲུལ་ཆེན་པོ་འམ། ཚངས་ པ་དང་ཚངས་པ་རྫུ་འཕྲུལ་ཆེན་པོ་འམ། སེམས་ཅན་གང་སུས་མཐོང་ཡང་རུང་སྟེ། སྣང་བ་དེས་ཡོངས་སུ་སྣང་བར་བྱས་པ་དེ་དག་དྲ་བྱི་ལ་སྤྲིན་གྱི་དྲུང་དུ་འོངས་སོ། །དེ་ནས་དེ་ལྟར་དྲ་བྱི་ལ་སྤྲིན་གྱི་ བསམ་པ་བྱིན་གྱིས་རླབས་ཤིང་ཐལ་མོ་སྦྱར་ཏེ། གནས་པ་ལུས་དང་སེམས་སིམ་པར་གྱུར་པ། དགའ་བ་རྒྱ་ཆེན་པོ་སྐྱེས་པ་སྲི་ཞུ་ཆེན་པོ་ལ་གནས་པ། ང་རྒྱལ་གྱི་རྒྱལ་མཚན་བཅོམ་པ། གཡོ་རྒྱུ་དང་ བྲལ་བ། དབང་པོ་རྣམ་པར་དང་བར་གྱུར་པ་དེ་དག་ལ་དྲ་བྱི་ལའི་སྤྲིན་གྱིས་ཆོས་ཀྱི་རྣམ་གྲངས་ཡི་གེའི་འཁོར་ལོའི་རྒྱུད་ཀྱི་རྒྱན་ཅེས་བྱ་བ་དེ་ཉིད་རྒྱ་ཆེར་ཡང་དག་པར་བསྟན་ཏེ། ཁོང་དུ་ཆུད་པ་དང་རྟོགས་པ་དང་ཤེས་ པ་དང་རིག་པར་བྱས་སོ། །དེ་ཐོས་ནས་ཀྱང་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །དེ་ནས་དེའི་ཕྱིར་ཆོས་གྱི་སྟན་ལ་འདུག་ནས། ཚོང་དཔོན་གྱི་ བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁོ་བོ་ནི་དབྱངས་དང་ལྡན་པའི་གཟུངས་ཐོབ་པ་སྟེ། དེའི་མཐུ་ཁོ་བོས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལྷ་རྣམས་ཀྱི་ལྷའི་ སྐད་ཀྱང་ཤེས་སོ། །དེ་བཞིན་དུ་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་། ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དང་། ཚངས་པ་རྣམས་ཀྱི་ཚངས་པའི་སྐད་སྣ་ ཚོགས་ཀྱང་ཤེས་སོ། །ལྷ་རྣམས་ཀྱི་ལྷའི་སྐད་སྣ་ཚོགས་ཀྱང་ཤེས་སོ། །དེ་བཞིན་དུ་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་། ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་མི་དང་མི་མ་ 76-1-114a ཡིན་པ་དང་། ཚངས་པ་རྣམས་ཀྱིས་ཚངས་པའི་སྐད་སྣ་ཚོགས་ཀྱང་ཤེས་སོ། །ལྷ་རྣམས་ཀྱི་ལྷའི་སྐད་གཅིག་པ་ཡང་ཤེས་སོ། །དེ་བཞིན་དུ་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་། ལྷ་མ་ཡིན་དང་ནམ་མཁའ་ལྡིང་ དང་མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དང་། ཚངས་པ་རྣམས་ཀྱིས་ཚངས་པའི་སྐད་གཅིག་པ་ཡང་ཤེས་སོ། །ལྷ་རྣམས་ཀྱི་ལྷའི་སྐད་ཐ་དད་པ་ཡང་ཤེས་སོ། །དེ་བཞིན་དུ་ཀླུ་དང་གནོད་ སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་མི་དང་མི་མ་ཡིན་པ་དང་། ཚངས་པ་རྣམས་ཀྱི་ཚངས་པའི་སྐད་ཐ་དད་པ་ཡང་ཤེས་སོ། །བྱོལ་སོང་གི་སྐྱེ་གནས་སུ་སྐྱེས་པའི་སེམས་ ཅན་རྣམས་ཀྱི་བརྡ་དང་སྐད་དང་མིང་ཐ་དད་པ་ཀྱང་ཤེས་སོ། །སེམས་ཅན་དམྱལ་བ་པའི་སེམས་ཅན་རྣམས་ཀྱི་སྐད་དང་། མིང་རྣམས་ཀྱང་ཤེས་སོ། །གཤིན་རྗེའི་འཇིག་རྟེན་གྱི་སེམས་ཅན་རྣམས་ཀྱི་སྐད་ དང་མིང་རྣམས་ཀྱང་ཤེས་སོ། །འཕགས་པའི་སྐད་དང་མིང་རྣམས་ཀྱང་ཤེས་སོ། །འཕགས་པ་མ་ཡིན་པའི་སྐད་དང་མིང་རྣམས་ཀྱང་ཤེས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚིག་དང་བརྡའ་ ངེས་པའི་ངག་སེམས་ཅན་གྱི་བསམ་པ་བཞིན་དུ་འབྱུང་བ་ཡང་ཤེས་སོ། །སེམས་ཅན་གྱི་སྐད་རེ་རེ་ལ་ཡང་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་དབྱངས་ཀྱི་ཡན་ལག་དང་གསུང་ རྒྱ་མཚོ་སེམས་ཅན་ཐམས་ཅད་ཀྱི་མིང་དང་གཏམ་གྱི་སྒྲ་དང་། ཚིག་དུ་ལྡན་པ་ཡང་རྟོགས་ཤིང་ཁོང་དུ་ཆུད་དོ། །ཇི་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་སེམས་ཅན་རྣམས་ཀྱི་བརྡ་ དང་ངེས་པའི་ཚིག་དང་སྐད་དང་མིང་རྒྱ་མཚོ་ལ་འཇུག་ཅིང་ཤེས་པ། དེ་བཞིན་དུ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་གྲངས་མེད། བསམ་གྱིས་མི་ཁྱབ་པ་མཚུངས་པ་མེད་ 76-1-114b པ་ཀུན་ཏུ་མཐའ་ཡས་པ་མུ་མེད་པ། ས་མཚམས་མེད་པ་གཞལ་དུ་མེད་པ། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དང་། དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་བྱང་ཕྱོགས་དང་། བྱང་ཤར་གྱི་ཕྱོགས་མཚམས་ དང་ཤར་ལྷོའི་ཕྱོགས་མཚམས་དང་། ལྷོ་ནུབ་ཀྱི་ཕྱོགས་མཚམས་དང་། ནུབ་བྱང་གི་ཕྱོགས་མཚམས་དང་། འོག་དང་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་པ་དང་བརྗོད་དུ་ མེད་པའི་ཡང་བརྗོད་དུ་མེད་པའི་བར་གྱི་སེམས་ཅན་རྣམས་ཀྱི་བརྡ་དང་། ངེས་པའི་ཚིགས་དང་སྐད་དང་མིང་རྒྱ་མཚོ་ཐམས་ཅད་ལ་འཇུག་ཅིང་ཤེས་ཏེ། འདི་ལྟར་ལྷ་རྣམས་ཀྱི་ལྷའི་སྐད་ཀྱང་ཤེསོ་ཚངས་པ་རྣཾས་ ཀྱིས་ཚངས་པའི་སྐད་ཀྱི་བར་དུའང་ཤེས་སོ། །རིགས་ཀྱི་བུ་ཁོ་བོས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུགས་སྣང་བ་དབྱངས་དང་ལྡན་པ་འདི་ཤེས་པར་ཟད་ན། ཁོ་བོས་བྱང་ཆུབ་སེམས་དཔའ་འགྲོ་བ་སྣ་ཚོགས་ཀྱི་ བརྡའི་རྣམ་པ་རྒྱ་མཚོ་ལ་ཞུགས་པ་དེ་དག་དང་། འགྲོ་བ་སྣ་ཚོགས་ཀྱི་སྐད་དང་། མིང་རྒྱ་མཚོ་ལ་ཞུགས་པ་དེ་དག་དང་། འགྲོ་བ་སྣ་ཚོགས་ཀྱི་མིང་ཤིན་ཏུ་བསྟན་པ་རྒྱ་མཚོ་ལ་ཞུགས་པ་དེ་དག་དང་འགྲོ་བ་སྣ་ ཚོགས་ཀྱི་བརྗོད་པ་རབ་ཏུ་བཀོད་པ་དང་། རྣམ་པར་སྤྱོད་པ་རྒྱ་མཚོ་ལ་ཞུགས་པ་དེ་དག་དང་། ཚིག་ཐམས་ཅད་ཀྱི་མཚམས་སྦྱོར་བ་ཐམས་ཅད་རྒྱ་མཚོ་ལ་ཞུགས་པ་དེ་དག་དང་། ཚིག་ལྷུར་བླངས་ཏེ་བསྟན་པ་རྒྱ་ མཚོ་ལ་ཞུག་པ་དེ་དག་དང་། དུས་གསུམ་གྱི་དམྱིགས་པ་ཐམས་ཅད་དམིགས་པ་གཅིག་ཏུ་རྣམ་པར་སྤྱོད་པ་རྒྱ་མཚོ་གངས་ཆེན་མཚོ་ལ་ཞུགས་པ་དེ་དག་དང་། ཚིག་གི་བརྩེགས་ཏེ་བསྟན་པ་རྒྱ་མཚོ་ལ་ཞུགས་པ་དེ་དག་དང་། ཚིག་ གཉིས་ནས་བརྩེགས་ཏེ་བསྟན་པ་རྒྱ་མཚོ་ལ་ཞུགས་པ་དེ་དག་དང་། ཚིག་རབ་ཏུ་ཕྱེ་སྟེ་བསྟན་པ་རྒྱ་མཚོ་ལ་ཞུགས་པ་དེ་དག་དང་། ཆོས་ཐམས་ཅད་རབ་ཏུ་དབྱེ་བས་འདུལ་བའི་ཚུལ་བསྟན་པ་རྒྱ་ 76-1-115a མཚོ་ལ་ཞུགས་པ་དེ་དག་དང་། འགྲོ་བ་ཐམས་ཅད་ཀྱི་སྐད་རྒྱ་མཚོ་ལ་ཞུགས་དེ་དག་དང་། དབྱངས་ཀྱི་དཀྱིལ་འཁོར་རྣམ་པར་དག་པའི་རྒྱན་ཐམས་ཅད་ལ་ཞུགས་པ་དེ་དག་དང་། ཡི་གེའི་འཁོར་ལོའི་ མཐར་ཕྱིན་པར་བྱ་བས་རབ་ཏུ་དབྱེ་བ་ལས་བྱུང་བ་དེ་དག་གི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པར་ནུས་རེ་སྐན་སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན་ཡུལ་ནགས་ཚལ་ན་གནས་པ་ཞེས་བྱ་བ་ཡོད་དེ། དེ་ན་ཚོང་དཔོན་གཏང་བརྗོད་ཅེས་བྱ་བ་འདུག་གི་དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་ཕྱོགས་ལ་བརྩོན་པར་བྱ་བ་དང་། ཇི་ལྟར་འབྲང་བར་བྱ་བ་དང་། ཇི་ལྟར་སེམས་ངེས་པར་བཞག་ པར་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས། དྲ་བྱི་ལ་སྤྲིན་གྱི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཆོས་ཀྱི་རིམ་གྲོ་བྱས་ནས། དད་པའི་མཚན་ཉིད་རྩ་བ་ཚུགས་པ་ལ་རབ་ཏུ་ རྟོགས་པ་དང་། དགེ་བའི་བཤེས་གཉེན་ལས་འོངས་པའི་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་དག་པར་ལྟ་ཞིང་གདོང་མཆི་མས་གང་བར་ངུས་ཏེ། དྲ་བྱི་ལ་སྤྲིན་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ ནས། ཡང་དང་ཡང་བལྟས་ཏེ་ཕྱག་འཚལ་ཞིང་དྲ་བྱི་ལ་སྤྲིན་གྱི་དྲུང་ནས་སོང་ངོ་།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་དགུ་པ། དེ་ནས་ཚོང་དཔོན་ གྱི་བུ་ནོར་བཟངས་བྱང་ཆུབ་སེམས་དཔའི་གཟུངས་སྣང་བ་དབྱངས་དང་ལྡན་པའི་རྒྱན་དེ་ཉིད་ལ་རྗེས་སུ་བསམ་པ་དང་། བྱང་ཆུབ་སེམས་དཔའི་སྐད་ཀྱི་ཚུལ་རྒྱ་མཚོ་དེ་ཉིད་ལ་འཇུག་པར་བྱ་བ་དང་། བྱང་ཆུབ་ སེམས་དཔའི་ཚུལ་ཕྲ་མོ་ལ་འཇུག་པ་དེ་ཉིད་རྗེས་སུ་དྲན་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་སེམས་རྣམ་པར་བྱུང་བས། རྣམ་པར་དག་པ་དེ་ཉིད་ཀྱི་རྗེས་སུ་འབྲང་བར་བྱ་བ་དང་། བྱང་ཆུབ་སེམས་ 76-1-115b དཔའི་དགེ་བའི་རྩ་བའི་བག་ཆགས་བསྡུ་ཞིང་བསྒྲུབ་པ་མངོན་པར་བསྒྲུབ་པ་དང་། བྱང་ཆུབ་སེམས་དཔའི་ཡོངསུ་སྨིན་པར་བྱ་བའི་སྒོ་དེ་ཉིད་རྣམ་པར་བྱང་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ སེམས་ཅན་བསྡུ་བའི་ཡེ་ཤེས་དེ་ཉིད་ཤིན་ཏུ་བྱང་བར་བྱ་བ་དང་། བྱང་ཆུབ་སེམས་དཔའི་བསམ་པའི་སྟོབས་རྣམ་པར་བྱ་བ་དེ་ཉིད་བརྟན་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པའི་ སྟོབས་དེ་ཉིད་ཉེ་བར་བརྟན་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་མོས་པའི་རྒྱུད་དེ་ཉིད་ཡོངས་སུ་སྦྱངས་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་སེམས་དེ་ཉིད་གདོན་མི་ཟ་བར་དགེ་བར་བསམ་པ་དང་བྱང་ ཆུབ་སེམས་དཔའི་ཡིད་དམ་ཆེན་པོ་དེ་ཉིད་མཐར་ཕྱིན་པར་བྱེད་ཅིང་། ཚོང་དཔོན་གྱི་བུ་ནོར་བཟངས་ཡིད་དམ་ལ་བརྟན་ཞིང་སྨོན་ལམ་གྱི་སེམས་ཀྱིས་ཡོངས་སུ་སྐྱོ་བ་མེད་པའི་རྒྱུད་ཀྱི་རྒྱན་དང་ལྡན་པ། ཕྱིར་མི་ལྡོག་ པས་རྣམ་པར་གནོན་པའི་བརྩོན་འགྲུས་ཅན། ཡིད་ཀྱིས་བརྟུལ་བ་ལས་མི་བཟློགས་པ། དད་པ་མི་འཕྲོགས་པའི་སྟོབས་དང་ལྡན་པ། རྡོ་རྗེ་མཐུ་བོ་ཆེ་མི་ཕྱེད་པའི་སེམས་དང་ལྡན་པ་དགེ་བའི་བཤེས་ གཉེན་ཐམས་ཅད་ཀྱི་གདམ་ངག་འཐུན་པར་ལེན་པ། ཤེས་རབ་ཁ་མ་བབ་པའི་ཡུལ་དང་ལྡན་པ། སྒོ་ཀུན་ནས་རྣམ་པར་དག་པ་ལ་མངོན་དུ་གྱུར་པ། ཡེ་ཤེས་རྣམ་པར་དག་པའི་སྤྱོད་ཡུལ་ཐོག་པ་ཀུན་ནས་ ལྟ་བའི་ཡེ་ཤེས་ཀྱི་ཚུལ་སྣང་བ་དང་ལྡན་པ། སའི་གཟུགས་ཀུན་ནས་སྣང་བ་རབ་ཏུ་ཐོབ་པ། ཆོས་ཀྱི་དབྱིངས་ཀྱི་གཞིའི་བྱེ་བྲག་ལ་མངོན་སུམ་དུ་གྱུར་པའི་སེམས་དང་ལྡན་པ། གཞི་ཀུན་ལ་བརྟན་པའི་ རྒྱན་རྣམ་པར་དག་པའི་རང་བཞིན་རྣམ་པར་དམིགས་པ་གནས་མེད་པ་དང་། བདག་གི་མེད་པ་གཉིས་སུ་མེད་པའི་སྤྱོད་ཡུལ་ལ་རབ་ཏུ་བརྩོན་པ། འདུ་ཤེས་ཐམས་ཅད་ལས་འདའ་བར་བྱེད་པའི་ཡེ་ཤེས་ཀྱི་སྒོ་ 76-1-116a རྣམ་པར་དག་པ། ཆོས་ཀྱི་ཕྱོགས་དང་གཞི་ཐ་དད་པའི་ཕྱོགས་ལ་སོ་སོར་རྟོགས་པ་མེད་པ་འཇིག་རྟེན་གྱི་གཞི་དང་ཕྱོགས་ཀྱི་བྱེ་བྲག་ལས་ཕྱིར་མི་ལྡོག་པ། ཆོས་ཀྱི་གཞི་དང་ཕྱོགས་ཀྱི་བྱེ་བྲག་ལས་ཕྱིར་མི་ལྡོག་པ་ སངས་རྒྱས་ཀྱི་ཕྱོགས་དང་གཞི་ཐ་དད་པ་མཐོང་བ་དང་། རྣམ་པར་རིག་པར་བྱ་བ་ལ་གཞོལ་བའི་དུས་ཀྱི་ཕྱོགས་དང་གཞིའི་བྱེ་བྲག་ཁོང་དུ་ཆུད་པའི་ཡེ་ཤེས་ཅན། ཆོས་ཀྱི་འཁོར་ལོ་ཡིད་དུ་འོང་བས་ཡང་དག་པར་ བསྒྲུབ་པའི་བློ་དང་ལྡན་པ། ཡེ་ཤེས་ཀུན་ནས་སྣང་བའི་ཏིང་ངེ་འཛིན་གྱི་རྣམ་པར་སྣང་བས་སེམས་གསལ་བར་བྱས་པ། ཡིད་ཀྱི་ཡུལ་ལུས་ཀུན་དང་ལྡན་པའི་ས་ལ་ཞུགས་པ་དེ་བཞིན་གཤེགས་པའི་ཡེ་ ཤེས་སྣང་བས་རྒྱུད་ཤིན་ཏུ་སྣང་བར་བྱས་པ། ཐམས་ཅད་མཁྱེན་པ་ཉིད་དུ་དད་པའི་དབའ་རླབས་ཀྱི་ཤུགས་ཀྱིས་རབ་ཏུ་རློབ་པ། སངས་རྒྱས་ཀྱི་ཆོས་ལ་མོས་པའི་ཤུགས་དང་འབྲལ་བ་མེད་པ་དེ་བཞིན་གཤེགས་པའི་ བྱིན་གྱིས་བརླབས་ཀྱི་བྱིན་དུ་རླབ་པ། སངས་རྒྱས་ཐམས་ཅད་རང་གི་སེམས་ཀྱི་རྒྱུད་ཁོང་དུ་ཆུད་པའི་འོད་ཀྱི་སྣང་བར་གྱུར་པ། འཇིག་རྟེན་གྱི་ཁམས་ཀྱི་དྲ་བ་ཐམས་ཅད་རང་གི་ལུས་ཀྱི་རྒྱས་པར་གང་བའི་སྨོན་ལམ་དང་ཆོས་ཀྱི་ དབྱིངས་ཐམས་ཅད་རང་གི་ལུས་སུ་ཡང་དག་པར་བསྡུ་བ་དང་། མངོན་པར་བསྒྲུབ་པ་ལ་བརྩོན་པ། དེ་མཐར་གྱི་སོང་སོང་སྟེ། ལོ་བཅུ་གཉིས་ཀྱིས་ཡུལ་ནགས་ཚལ་ན་གནས་པར་ཕྱིན་ནས། དེ་ནས་ཚོང་དཔོན་བཏང་བརྗོད་དེ་ བཙལ་ཏེ་མཐོང་ངོ་། །མཐོང་ནས་ཀྱང་ལུས་ཐམས་ཅད་ཀྱིས་ཕབ་སྟེ། ཕྱག་འཚལ་ནས་མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་དེ་རིང་དགེ་བའི་བཤེས་གཉེན་ དང་མཇལ་བར་གྱུར་པ་ནི་བདག་གིས་འཐོབ་པར་བགྱི་བ་ལེགས་པར་ཐོབ་བོ། །དེ་ཅིའི་སླད་དུ་ཞེ་ན། དགེ་བའི་བཤེས་གཉེན་རྣམས་ནི་མཐོང་བར་དཀའ་བའོ། །འབྱུང་བར་དཀའ་བའོ། །མཇལ་བར་དཀའ་བའོ། ། 76-1-116b བགྲོད་པར་དཀའ་བའོ། །བསྙེན་བཀུར་བགྱི་བར་དཀའ་བའོ། །མཉེས་པར་བགྱི་བར་དཀའ་བའོ། །འགྲོགས་པར་དཀའ་བའོ། །རིམ་གྲོ་བགྱི་བར་དཀའ་བའོ། །དགེ་བའི་བཤེས་གཉེན་རྣམས་ནི་རྗེསུ་འབྲང་བར་དཀའ་བ་ལགས་ ན། དེ་ལྟ་བུའི་དགེ་བའི་བཤེས་གཉེན་དང་འགྲོགས་པ་དེ་རིང་བདག་གིས་ཐོབ་པར་གྱུར་ཏོ། །འཕགས་པ་བདག་གི་འདི་ལྟ་སྟེ། སངས་རྒྱས་ཐམས་ཅད་བསྙེན་བཀུར་བ་དང་། སངས་རྒྱས་ཐམས་ཅད་ལ་རིམ་གྲོ་བགྱི་བ་ དང་། སངས་རྒྱས་ཐམས་ཅད་ཀྱི་ཞལ་བལྟ་བ་དང་། སངས་རྒྱས་ཐམས་ཅད་རྣམ་པར་དམིགས་པར་བགྱི་བ་དང་། སངས་རྒྱས་ཐམས་ཅད་མཉམ་པ་ཉིད་ཐོབ་པར་བགྱི་བ་དང་། སངས་རྒྱས་ཐམས་ཅད་ཀྱི་སྨོན་ ལམ་ཁོང་དུ་ཆུད་པར་བགྱི་བ་དང་། སངས་རྒྱས་ཐམས་ཅད་ཀྱི་སྨོན་ལམ་ཡོངས་སུ་རྫོགས་པར་བགྱི་བ་དང་། སངས་རྒྱས་ཐམས་ཅད་ཀྱི་ཡང་དག་པར་བསྒྲུབ་པའི་ཡེ་ཤེས་སྣང་བར་བགྱི་བ་དང་། སངས་རྒྱས་ ཐམས་ཅད་རང་གི་ལུས་སུ་མངོན་པར་བསྒྲུབ་པ་དང་། སངས་རྒྱས་ཐམས་ཅད་ཀྱི་ཡང་དག་པར་བསྒྲུབ་པ་རང་གི་སྤྱོད་པ་མངོན་པར་བསྒྲུབ་པར་བགྱི་བ་དང་། སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་མངོན་ སུམ་དུ་རྟོགས་པར་བགྱི་བ་དང་། སངས་རྒྱས་ཐམས་ཅད་ཀྱི་སྟོབས་དང་མི་བསྙེངས་པ་ཡོངསུ་དག་པར་བགྱི་བ་དང་། སངས་རྒྱས་ཐམས་ཅད་ཀྱི་ཆོས་བསྟོན་པ་མཉན་པས་མི་ངོམས་པར་བགྱི་བ་དང་། སངས་རྒྱས་ ཐམས་ཅད་ཀྱི་ཆོས་བསྟན་པ་མཉན་ཅིང་བླང་བར་བགྱི་བ་དང་། སངས་རྒྱས་ཐམས་ཅད་ཀྱི་ཆོས་བསྟན་པ་ཡང་དག་པར་གཟུངས་བར་བགྱི་བ་དང་། སངས་རྒྱས་ཐམས་ཅད་ཀྱི་ཆོས་བསྟན་པ་རྣམ་པར་དབྱེ་བར་བགྱི་ བ་དང་། སངས་རྒྱས་ཐམས་ཅད་ཀྱི་ཆོས་བསྟན་པ་ཡོངས་སུ་གཟུང་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཚུལ་གཅིག་ཏུ་འགྱུར་བར་བགྱི་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་བསྐལ་བར་ 76-1-117a མཉམ་པར་བགྱི་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པ་ཡོངས་སུ་དག་པར་བགྱི་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱི་བ་དང་། བྱང་ཆུབ་ སེམས་དཔའ་ཐམས་ཅད་ཀྱི་སྨོན་ལམ་མངོན་པར་བསྒྲུབ་པ་རྣམ་པར་དག་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱི་མཛོད་རབ་ཏུ་ཐོབ་པར་བགྱི་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ ཅད་ཀྱི་ཆོས་ཀྱི་གཏེར་དང་མཛོད་མི་ཟད་པའི་ཡེ་ཤེས་སྣང་བ་ཐོབ་པར་བགྱི་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་གཏེར་དང་མཛོད་ཁོང་དུ་ཆུད་པར་བགྱི་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཛོད་ ཚད་མེད་པ་མངོན་པར་བསྒྲུབ་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྙིང་རྗེ་ཆེན་པོའི་གཏེར་དང་མཛོད་སེམས་ཅན་འདུལ་བའི་མཐར་ཕྱིན་པར་བགྱི་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྣམ་པར་ འཕྲུལ་བའི་གཏེར་དང་། མཛོད་རྣམ་པར་དམྱིགས་པར་བགྱི་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དབང་གིས་གཏེར་དང་། མཛོད་རང་གི་སེམས་ཀྱིས་དབང་དུ་བགྱི་བ་དང་། བྱང་ཆུབ་སེམས་དཔའ་ ཐམས་ཅད་ཀྱི་རྣམ་པར་དག་པའི་གཏེར་དང་། མཛོད་རྣམ་པ་ཐམས་ཅད་དུ་བརྒྱན་པར་བགྱི་བའི་སླད་དུ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། འཕགས་པ་དེ་ལྟ་བུའི་སེམས་ཀྱིས་བདག་ འདིར་མཆིས་སོ། །བསམ་པ་དེ་ལྟ་བུ་དང་ཡིད་ལ་སྨོན་པ་དེ་ལྟ་བུ་དང་། མངོན་པར་དགའ་བ་དེ་ལྟ་བུ་དང་། སེམས་པ་དེ་ལྟ་བུ་དང་གདོན་མི་འཚལ་བར་བསྒྲུབ་པར་བསམ་པ་དེ་ལྟ་བུ་དང་། སྤྱོད་ཡུལ་མངོན་དུ་བགྱི་བ་དེ་ལྟ་བུ་དང་། ཚུལ་ཁོང་ དུ་ཆུད་པར་བགྱི་བ་ལ་མོས་པ་དེ་ལྟ་བུ་དང་། རྣམ་པར་དག་པ་ལ་གཞོལ་བ་དེ་ལྟ་བུ་དང་། རྣམ་པར་དཔྱད་པའི་བསམ་པ་དེ་ལྟ་བུ་དང་། རབ་ཏུ་གཞོལ་བའི་སེམས་དེ་ལྟ་བུ་དང་། དགེ་བའི་སྦྱོར་བ་དེ་ལྟ་བུ་དང་། མངོན་དུ་ 76-1-117b འགྱུར་བའི་དབང་པོ་དེ་ལྟ་བུས་བདག་འདིར་མཆིས་ཏེ། འཕགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམ་ངག་དང་། རྗེསུ་སྟོན་པ་མཛད་ཅིང་ཚུལ་ནི་ཉེ་བར་སྟོན་པ་མཛད། རྟོགས་པར་བགྱི་བ་ནི་སྣང་བར་མཛད་ལམ་ནི་ བསྟོན་པར་མཛད། མུ་སྟེགས་ལ་ནི་འཇོམས་པར་མཛད། ཆོས་ཀྱི་སྒོ་ནི་རྣམ་པར་འབྱེད་པ་མཛད། ཐེ་ཙོམ་ནི་ཡོངས་སུ་གཅོད་པར་མཛད། ནིར་ནུར་ནི་སེལ་བར་མཛད། ཡིད་གཉིས་ཀྱི་ཟུག་རྔུ་ནི་འབྱིན་པར་མཛད། དོགས་པའི་དྲི་མ་ནི་སྦྱོང་བར་མཛད། སེམས་ཀྱི་ཐིབས་པོ་ནི་སྣང་བར་མཛད། སེམས་ཀྱི་དྲི་མ་ནི་ཡོངས་སུ་སེལ་བར་མཛད། སེམས་ཀྱི་རྒྱུད་ནི་རབ་ཏུ་དང་བར་མཛད། སེམས་ཀྱི་གཡོ་སྒྱུ་ནི་ཡོངསུ་ སེལ་བར་མཛད། སེམས་ཀྱི་གདུང་བ་ནི་ཡོངསུ་སིམ་པར་མཛད། འཁོར་བ་ལས་ནི་སེམས་རྣམ་པར་བཟློག་པར་མཛད། མི་དགེ་བའི་ལས་ནི་ཕྱིར་བཟློག་པར་མཛད། སེམས་ཅན་དམྱལ་བ་ ལས་ནི་ལྡོག་པར་མཛད། གནས་དང་ནི་བྲལ་བར་མཛད། མངོན་པར་ཞེན་པ་ལས་ནི་གྱེན་དུ་བསྐྱོད་པ་མཛད། ཆགས་པ་ཐམས་ཅད་ལས་ནི་ཡོངས་སུ་འགྲོལ་བར་མཛད། ཐམས་ཅད་མཁྱེན་པ་ཉིད་དུ་ ནི་བསྒྲུབ་པ་མཛད། ཆོས་ཀྱི་གྲོང་རྡལ་དུ་འཇུག་པར་བགྱི་བའི་སླད་དུ་ནི་མངོན་དུ་གྱུར་པར་མཛད། སྙིང་རྗེ་ཆེན་པོ་ལ་ནི་རབ་ཏུ་བསྒྲུབ་པ་མཛད། བྱམས་པ་ཆེན་པོ་ལ་ནི་རབ་ཏུ་གཞོག་པ་མཛད། བྱང་ཆུབ་ སེམས་དཔའི་སྤྱོད་པ་ལ་ནི་རབ་ཏུ་སྦྱོར་བ་མཛད། ཏིང་ངེ་འཛིན་གྱི་སྒོ་བསྒོམ་པ་ལ་ནི་མཛུད་པ་མཛད། རྟོགས་པར་འགྱུར་བའི་སྒོ་ལ་ནི་གནས་པར་མཛད། རང་བཞིན་ངེས་པར་རྟོགས་པ་ལ་ནི་གཞོག་ པར་མཛད། སྟོབས་དང་ལྡན་པས་ནི་ཁྱབ་པར་མཛད། འགྲོ་བ་ཐམས་ཅད་མཉམ་པ་ཉིད་དུ་ནི་སེམས་རྣམ་པར་དབྱེ་བ་མཛད་དོ། །ཞེས་ཐོས་ན། འཕགས་པ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ 76-1-118a ཆུབ་སེམས་དཔའི་སྤྱོད་པ་ལ་བརྩོན་པར་བགྱི། ཇི་ལྟར་སྦྱར་བར་བགྱི། ཇི་ལྟར་བརྩོན་པར་བགྱིས་ན། བྱང་ཆུབ་སེམས་དཔའི་སྤྱོད་པའི་དཀྱིལ་འཁོར་རྣམ་པར་འགྱུར་བ་བདག་ལ་བསྟན་དུ་གསོལ། དེ་ནས་ ཚོང་དཔོན་བཏང་བརྗོད་ཀྱི་དེའི་ཚེ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་སྒོ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡང་དག་པར་འདུ་བ་ཞེས་བྱ་བ་གཟུངས་ཀྱི་སྒོ་ཀློང་མཐའ་ཡས་པ་སྔོན་དུ་འགྲོ་བ་ལ། སྔོན་གྱི་དགེ་བའི་རྩ་བའི་ཤུགས་དང་། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་དང་། འཇམ་དཔལ་གཞོན་ནུར་གྱུར་པས་ཡང་དག་པར་བསམས་ཤིང་ཡེ་ཤེས་སྣང་བ་ཉེ་བར་བསྒྲུབས་པས་སྙོམས་པར་ ཞུགས་སོ། །ཚོང་དཔོན་བཏང་བརྗོད་དེ་ལྟར་སྙོམས་པར་ཞུགས་མ་ཐག་ཏུ་གཟུགས་ཀྱི་ལུས་ཡོངས་སུ་དག་པ་འདི་ལྟ་བུར་གནས་པར་འགྱུར་ཏེ། ལུས་ཡོངས་སུ་དག་པ་དེའི་མཐུས་ཕྱོགས་བཅུའི་སངས་རྒྱས་ བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་བཅས། འཁོར་གྱི་དཀྱིལ་འཁོར་དང་བཅས། འོད་རྣམ་པར་དག་པ་དང་བཅས། སྔོན་གྱི་ སྤྱོད་པ་ལ་ཞུགས་པ་དང་བཅས། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་དང་བཅས། སྨོན་ལམ་གྱི་ཚོགས་དང་བཅས། སྤྱོད་པ་དང་འབྱུང་བའི་རྒྱན་རྣམ་པར་དག་པ་དང་བཅས། མངོན་པར་རྫོགས་པར་འཚང་རྒྱ་ བ་ཡོངས་སུ་སྟོན་པ་དང་བཅས། ཆོས་ཀྱི་འཁོར་ལོ་ཤིན་ཏུ་སྟོན་པ་དང་བཅས། སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་དང་བཅས། ཆོས་ཀྱི་མུའི་མཐར་ཐུགས་པ་དང་བཅས་པར་ཀུན་ཀྱང་ལུས་ཀྱི་ཁོངསུ་ཆུད་ཅིང་ འདུས་པར་སྣང་སྟེ། དེ་དག་ཕན་ཚུན་མ་འདྲེས་པ་དང་། ཕན་ཚུན་མཆོད་པ་དང་། ཕན་ཚུན་ཤིན་ཏུ་རྣམ་པར་ཕྱེ་བ་དང་། ཕན་ཚུན་ཤིན་ཏུ་རྣམ་པར་གནས་པ་དང་། ཚུལ་སྣ་ཚོགས་སུ་ཞུགས་པ་དང་ཡང་དག་པ་ 76-1-118b ཇི་ལྟ་བ་བཞིན་དུ་རྣམ་པར་དམིགས་པ་དང་། སངས་རྒྱས་ཀྱི་ཞིང་རྒྱན་སྣ་ཚོགས་ཅན་མངའ་བ་དང་། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་སྣ་ཚོགས་ཀྱི་རྒྱན་དང་ལྡན་པ་དང་སངས་རྒྱས་ཀྱི་རྣམ་པར་ འཕྲུལ་པ་སྣ་ཚོགས་ཡོངསུ་སྟོན་པར་སྣང་ངོ་། །ཐེག་པ་སྣ་ཚོགས་རྣམ་པར་དགོད་པ་མཛད་པ་དང་། སྨོན་ལམ་གྱི་སྒོ་སྣ་ཚོགས་ཡོངས་སུ་བརྗོད་པ་དང་། འཇིག་རྟེན་གྱི་ཁམས་ལ་ལ་ན་ནི་དགའ་ལྡན་གྱི་ཕོ་བྲང་དུ་ སྐྱེས་ཤིང་སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་མཛད་པར་སྣང་ངོ་། །ལ་ལ་ན་ནི་དགའ་ལྡན་གྱི་ཕོ་བྲང་ནས་འཕོ་བ་དང་། ལ་ལ་ན་ནི་ཡུམ་གྱི་སྐུ་ན་བཞུགས་ཤིང་རྣམ་པར་འཕྲུལ་པ་སྣ་ཚོགས་ཡོངསུ་སྟོན་པ་དང་། ལ་ལ་ ན་ནི་སྐྱེ་བ་དང་། ལ་ལ་ན་ནི་བྱིས་པའི་རྩེད་མོ་སྟོན་པ་མཛད་པ་དང་། ལ་ལ་ན་ནི་བཙུན་མོའི་འཁོར་གྱི་ནང་ན་བཞུགས་པ་དང་། ལ་ལ་ན་ནི་མངོན་པར་འབྱུང་བ་དང་། ལ་ལ་ན་ནི་སྙིང་པོ་བྱང་ཆུབ་ཏུ་གཤེགས་ཏེ། རྣམ་པར་འཕྲུལ་པའི་རྒྱན་ཆེན་པོས་བདུད་ཀྱི་སྡེ་ཕམ་པར་མཛད་པ་དང་། ལ་ལ་ན་ནི་ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟས་ཡོངས་སུ་བསྐོར་ཅིང་ཚངས་པའི་དབང་པོས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་གདབ་ པ་དང་། ལ་ལ་ན་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་མཛད་པ་དང་། ལ་ལ་ན་ནི་སེམས་ཅན་ཐམས་ཅད་ཀྱི་གནས་ན་བཞུགས་པ་དང་། ལ་ལ་ན་ནི་ཡོངས་སུ་མྱ་ངན་ལས་འདའ་བར་སྣང་ངོ་། །འཇིག་རྟེན་གྱི་ཁམས་ ལ་ལ་ན་ནི་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པ་རྣམས་ཀྱི་རིང་བསྲེལ་རྣམ་པར་དགོད་པར་སྣང་ངོ་། །སངས་རྒྱས་ཀྱི་ཞིང་ལ་ལ་ན་ནི་ལྷ་དང་མི་རྣམས་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རྒྱན་གྱི་ཀླུབས་ པ་བྱེད་པར་སྣང་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་སེམས་ཅན་གྱི་རིས་རྣམ་པ་ཐ་དད་པ་དང་། སེམས་ཅན་གྱི་འཇིག་རྟེན་གྱི་རྣམ་པ་ཐ་དད་པ་དང་། སེམས་ཅན་གྱི་ལམ་རྣམ་པ་ཐ་དད་པ་དང་། སེམས་ཅན་ 76-1-119a གྱི་སྐྱེ་གནས་རྣམ་པ་ཐ་དད་པ་དང་། སེམས་ཅན་གྱི་ཚོགས་རྣམ་པ་ཐ་དད་པ་དང་། སེམས་ཅན་གྱི་དགེ་བའི་རྩ་བའི་རྒྱུད་རྣམ་པ་ཐ་དད་པ་དང་། སེམས་ཅན་གྱི་བསམ་པའི་རྒྱུད་རྣམ་པ་ཐ་དད་པ་དང་སེམས་ཅན་ ཅི་ལ་མོས་པའི་རྒྱུད་རྣམ་པ་ཐ་དད་པ་དང་། སེམས་ཅན་གྱི་དབང་པོའི་རྒྱུད་རྣམ་པ་ཐ་དད་པ་དང་། དུས་ཀྱི་རྒྱུད་རྣམ་པ་ཐ་དད་པ་དང་། སེམས་ཅན་གྱི་ལས་ཀྱི་བྱེ་བྲག་རྣམ་པ་ཐ་དད་པ་དང་། སེམས་ཅན་གྱི་ལས་མི་མཐུན་པ་རྣམ་ པ་ཐ་དད་པ་དང་། སེམས་ཅན་གྱི་འཇིག་རྟེན་རྣམ་པར་དབྱེ་བ་རྣམ་པ་ཐ་དད་པ་དང་། སེམས་ཅན་གྱི་ཚུལ་ལམ་དང་སྤྱོད་པ་རྣམ་པ་ཐ་དད་པ་ལ་སྤྱོད་པ་དང་། སེམས་ཅན་རྒྱ་མཚོ་བསམ་པ་དང་སྦྱོར་བའི་རྣམ་པ་ཐ་དད་པ་དང་དབང་པོ་ མི་འཐུན་པ་སྣ་ཚོགས་རྣམ་པ་ཐ་དད་པ་དང་། ཉོན་མོངས་པ་དང་། བག་ཆགས་སྣ་ཚོགས་བག་ལ་ཉལ་བར་གྱུར་པའི་སེམས་ཅན་འབྱམ་ཀླས་པ་རྣམས་ལ་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་རྣམ་པ་སྣ་ཚོགས་ཡོངསུ་བསྟན་པ་ དང་། ཡུལ་སྣ་ཚོགས་ཀྱི་ངེས་པའི་ཚིག་དང་། དབྱངས་ཀྱི་ཡན་ལག་དང་གསུང་རྣམ་པ་སྣ་ཚོགས་སུ་བསྒྲགས་པ་དང་། མདོ་སྡེ་སྣ་ཚོགས་ཀྱི་ཚུལ་རབ་ཏུ་བརྗོད་པ་དང་། གཟུངས་ཀྱི་སྒོ་རྣམ་པ་ཐ་དད་པའི་རྒྱུད་དང་སོ་སོ་ཡང་ དག་པར་རིག་པའི་ཚུལ་གྱི་གཞུང་སྣ་ཚོགས་དང་། འཕགས་པའི་བདེན་པའི་མིང་རྒྱ་མཚོའི་རྒྱུད་རྣམ་པ་སྣ་ཚོགས་དང་། སངས་རྒྱས་ཀྱི་ཁྱུ་མཆོག་དང་སེངྒེའི་ང་རོ་རབ་ཏུ་བསྒྲག་པ་དང་། སེམས་ཅན་གྱི་དགེ་བའི་རྩ་བ་སྣ་ ཚོགས་བསྟན་པའི་ཆོ་འཕྲུལ་ཡོངསུ་བསྟན་པ་དང་། དྲན་པའི་སྒོ་སྣ་ཚོགས་ཅན་ཤིན་ཏུ་བསྟན་པའི་རྣམ་པར་འཕྲུལ་པ་དང་། བྱང་ཆུབ་སེམས་དཔའ་ལུང་བསྟན་པའི་སེངྒེའི་ང་རོ་སྣ་ཚོགས་དང་། དེ་བཞིན་གཤེགས་པའི་ཆོས་ ཀྱི་འཁོར་ལོའི་མཐུ་ཕྱུང་བ་རྣམ་པ་སྣ་ཚོགས་ཀྱི་འཁོར་གྱི་དཀྱིལ་འཁོར་མཐའ་དང་དབུས་མེད་པ་མཐའ་ཡས་པར་རྣམ་པ་ཐ་དད་པ་ཕན་ཚུན་མཆོད་པ་དང་། རྣམ་པར་དག་པའི་དཀྱིལ་འཁོར་སྣ་ཚོགས་ཡང་པ་དང་། འཁོར་གྱི་དཀྱིལ་ 76-1-119b འཁོར་ཤིན་ཏུ་ཕྲ་བར་འདུས་པ་དང་། དཔག་ཚད་ཅིག་གི་ཚད་ཙམ་དང་། དཔག་ཚད་བཅུའི་ཚད་ཙམ་དང་། དཔག་ཚད་བརྒྱའི་ཚད་ཙམ་ནས། འཁོར་གྱི་དཀྱིལ་འཁོར་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་ བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཚད་ཙམ་དུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས། དེ་བཞིན་གཤེགས་པའི་གསུང་དབྱངས་ཀྱི་ཡན་ལག་དང་། སྒྲ་སྐད་ཐམས་ཅད་ཀྱི་རྗེས་སུ་འགྲོ་བས་ཆོས་ཇི་སྙེད་དུ་ བསྟན་པ་དེ་དག་ཐམས་ཅད་ཀྱང་། ཚོང་དཔོན་གྱི་བུ་ནོར་བཟངས་ཀྱི་ཐོསོ་བླངསོ། །ཡང་དག་པར་གཟུང་ངོ་བསམསོ། །སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་དེ་དག་ཀྱང་མཐོང་ངོ་། །བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་ཁྱུ་མཆོག་ གི་མཐུ་ཕྱུང་བ་དེ་དག་ཀྱང་མཐོང་ངོ་། །དེ་ནས་ཚོང་དཔོན་བཏང་བརྗོད་དྲན་ཞིང་ཤེས་བཞིན་དུ་ཏིང་ངེ་འཛིན་དེ་ལས་ལངས་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁོ་བོ་ནི་དེ་བཞིན་གཤེགས་ པའི་རྣམ་པར་ཐར་པ་ཐོགས་པ་མེད་པའི་རྒྱན་ཅེས་བྱ་བ་ཡོངསུ་བླངས་ཤིང་འཛིན་པ་སྟེ། རིགས་ཀྱི་བུ་དེ་ལྟར་ཁོ་བོ་དེ་བཞིན་གཤེགས་པའི་རྣམ་པར་ཐར་པ་ཐོགས་པ་མེད་པའི་རྒྱན་དེ་ལ་རྟོག་ཅིང་དཔྱོད་ པའི་ཚེ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་འཛམ་བུ་ཆུ་ཀླུང་གི་མདོག་དང་ལྡན་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐར་མའི་དབང་ཕྱུག་རྒྱལ་པོ་ཞེས་བྱ་བ་བྱང་ཆུབ་སེམས་ དཔའ་རྣམ་པར་སྣང་བའི་སྙིང་པོ་ལ་སོགས་པ། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དང་ཐབས་གཅིག་ཏུ་བཞུགས་པའང་མིག་ལམ་དུ་སྣང་ངོ་། །ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སྟོབས་ཐམས་ཅད་ཀྱི་ཤུགས་དང་ལྡན་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོས་ཀུན་ཏུ་རྣམ་པར་ཡངས་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་བསམ་པའི་རྒྱལ་པོ་ལ་སྩོགས་པ། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ཐམས་ 76-1-120a ཅད་དང་ཐབས་གཅིག་ཏུ་བཞུགས་པའང་མིག་ལམ་དུ་སྣང་ངོ་། །ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སྤོས་ཐམས་ཅད་ཀྱི་འོད་དང་ལྡན་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རི་རབ་ མར་མེའི་རྒྱལ་པོ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་ཆགས་པ་མེད་པའི་སེམས་ལ་སྩོགས་པ་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དང་། ཐབས་གཅིག་ཏུ་བཞུགས་པ་ཡང་མིག་ལམ་དུ་སྣང་ངོ་། ། བྱང་ཕྱོགས་ཀྱི་འཇིག་རྟེན་གྱིས་ཁམས་ངུར་སྨྲིག་གི་རྒྱལ་མཚན་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་རབ་ཏུ་འདུལ་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྡོ་རྗེའི་གོམ་པས་ རྣམ་པར་གནོན་པ་ལ་སོགས་པ། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དང་ཐབས་གཅིག་ཏུ་བཞུགས་པ་ཡང་མིག་ལམ་ན་སྣང་ངོ་། །བྱང་ཤར་གྱི་ཕྱོགས་འཚམས་ཀྱི་འཇིག་རྟེན་གྱི་ཁམས་ རིན་པོ་ཆེ་ཐམས་ཅད་རབ་ཏུ་འབར་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་དམྱིགས་པའི་སྤྱན་རྣམ་པར་དམིགས་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་དམིགས་པ་མེད་པར་ཤིན་ཏུ་ སྤྲུལ་པ་ལ་སྩོགས་པ། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དང་ཐབས་གཅིག་ཏུ་བཞུགས་པ་ཡང་མིག་ལམ་དུ་སྣང་ངོ་། །ཤར་ལྷོའི་ཕྱོགས་འཚམས་ཀྱི་འཇིག་རྟེན་གྱི་ཁམས་སྤོས་ཀྱི་ འོད་ཟེར་རབ་ཏུ་སྣང་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོས་ཀྱི་མར་མེ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་ཀྱི་གཞི་ཐ་དད་པའི་དཔལ་གྱི་རྒྱལ་པོ་ལ་ སྩོགས་པ་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དང་ཐབས་གཅིག་ཏུ་བཞུགས་པའང་མིག་ལམ་དུ་སྣང་ངོ་། །ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཉི་མའི་འོད་ཟེར་ལྟར་སྣང་བ་ན་ 76-1-120b དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒོ་ཀུན་ནས་ཡེ་ཤེས་རྣམ་པར་སྣང་བའི་དབྱངས་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་མེ་ཏོག་གིས་འོད་ཀུན་ནས་འཕྲོ་བར་གཙུག་ཕུད་རབ་ཏུ་འཕྱང་ བ་ལ་སོགས་པ། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དང་ཐབས་གཅིག་ཏུ་བཞུགས་པའང་མིག་ལམ་དུ་སྣང་ངོ་། །ནུབ་བྱང་གི་ཕྱོགས་འཚམས་ཀྱི་འཇིག་རྟེན་གྱི་ཁམས་སྤོས་ཀྱི་རྒྱན་ཡིད་དུ་ འོང་བའི་དགེ་བའི་སྙིང་པོ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་རྒྱ་མཚོ་ཚད་མེད་པའི་འོད་ཅེས་བྱ་བ། བྱང་ཆུབ་སེམས་དཔའ་ལུས་ཀྱི་འོད་ཟེར་ཐོགས་པ་མེད་པའི་ གཟི་བརྗིད་རྒྱལ་པོ་བློ་གྲོས་ལ་སྩོགས་པ། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དང་ཐབས་གཅིག་ཏུ་བཞུགས་པའང་མིག་ལམ་དུ་སྣང་ངོ་། །འོག་གིས་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རིན་པོ་ ཆེའི་སེངྒེ་སྣང་ཞིང་འབར་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་ཆོས་ཀྱི་དབྱིངས་སུ་སྣང་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་འོད་འཕྲོ་ཞིང་རྣམ་ པར་སྣང་བར་བྱུང་བའི་བློ་གྲོས་ལ་སོགས་པ་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དང་ཐབས་གཅིག་ཏུ་བཞུགས་པའང་མིག་ལམ་དུ་སྣང་ངོ་། །སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱིས་ཁམས་ མཚན་གྱི་འོད་རྣམ་པར་སྣང་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་གྲགས་པ་ཐོགས་པ་མེད་པའི་རྣམ་པར་ཐར་པའི་འོད་ཀྱི་རྒྱལ་པོ་ཞེས་བྱ་བ་བྱང་ཆུབ་སེམས་ དཔའ་སྟོབས་དང་། བརྩོན་འགྲུས་ཐོགས་པ་མེད་པའི་བརྩོན་འགྲུས་ལ་སོགས་པ། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དང་ཐབས་གཅིག་ཏུ་བཞུགས་པའང་མིག་ལམ་དུ་སྣང་ངོ་། ། 76-1-121a རིགས་ཀྱི་བུ་དེ་ལྟར་དེ་བཞིན་གཤེགས་པ་འདི་དག་ལ་སོགས་པ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ མཐོང་ཡང་དེ་བཞིན་གཤེགས་པ་དེ་དག་ཀྱང་འདིར་མི་བྱོན། ཁོ་བོ་ཡང་དེར་འགྲོ་བ་མེད་དེ་ནམ་འདོད་པ་དེ་ན་བདེ་བ་ཡོད་པའི་འཇིག་རྟེན་གྱིས་ཁམས་ན། དེ་བཞིན་གཤེགས་པ་འོད་སྣང་བ་མཐའ་ཡས་པ་བཞུགས་པའང་ མཐོང་ངོ་། །ཙན་དན་ཡོད་པའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་འོད་སྣང་བ་རྡོ་རྗེ་བཞུགས་པའང་མཐོང་ངོ་། །སྤོས་དྲི་ཡོད་པའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་འོད་སྣང་རིན་ཆེན་བཞུགས་ པ་ཡང་མཐོང་ངོ་། །པད་མོ་ཡོད་པའི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་འོད་སྣང་བ་རིན་ཆེན་པད་མོ་བཞུགས་པའང་མཐོང་ངོ་། །གསེར་ཡོད་པའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་ གཤེགས་པ་འོད་སྣང་ཞི་བ་བཞུགས་པའང་མཐོང་ངོ་། །མངོན་པར་དགའ་བའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་མི་བསྒུལ་བ་བཞུགས་པའང་མཐོང་ངོ་། །ཤིན་ཏུ་བརྟེན་པའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་ པ་སེང་གེ་བཞུགས་པའང་མཐོང་ངོ་། །མེ་ལོང་གི་དཀྱིལ་འཁོར་ལྟར་སྣང་བའི་འཇིག་རྟེན་གྱིས་ཁམས་ན་དེ་བཞིན་གཤེགས་པ་བློ་གྲོས་ཟླ་བ་བཞུགས་པ་ཡང་མཐོང་ངོ་། །རིན་ཆེན་དཔལ་གྱི་དད་པས་ བརྒྱན་པའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་བཞུགས་པ་ཡང་མཐོང་ངོ་། །རིགས་ཀྱི་བུ་དེ་ལྟར་ཁོ་བོས་ནི་ཕྱོགས་གང་དང་གང་ན་འཇིག་རྟེན་གྱི་ཁམས་གང་དང་གང་གི་དེ་བཞིན་ གཤེགས་པ་གང་དང་གང་མཐོང་བར་འདོད་པའི་དེ་བཞིན་གཤེགས་པ་དེ་དང་དེ་དག་ཀྱང་མཐོང་ངོ་། །དུས་གང་དང་གང་དུ་དམིགས་པ་གང་དང་གང་ལ་སྔོན་གྱི་སྤྱོད་པ་གང་དང་གང་གིས་དེ་བཞིན་གཤེགས་པ་མཐོང་བར་འདོད་པ་དང་། 76-1-121b རྣམ་པར་འཕྲུལ་པ་གང་དང་གང་གི་དོན་དང་། སེམས་ཅན་འདུལ་བ་གང་དང་གང་གིས་དོན་དུ་དེ་བཞིན་གཤེགས་པ་གང་དང་གང་མཐོང་བར་འདོད་པའི་དེ་བཞིན་གཤེགས་པ་དེ་དང་དེ་དག་ཀྱང་མཐོང་སྟེ། དེ་བཞིན་གཤེགས་པ་དེ་ དག་ཀྱང་འདིར་གཤེགས་པ་མ་ཡིན། བདག་ཀྱང་དེར་ཕྱིན་པ་མ་ཡིན་ནོ། །རིགས་ཀྱི་བུ་དེ་ལྟར་ཁོ་བོས་དེ་བཞིན་གཤེགས་པ་རྣམས་ག་ལས་ཀྱང་བྱོན་པ་མེད་པར་ཤེས་ལ་རང་གིས་ལུས་ལས་ཀྱང་གར་ཡང་འགྲོ་བ་མེད་ པར་ཤེས་པ་དང་། དེ་བཞིན་གཤེགས་པ་རྣམས་རྣམ་པར་དམིགས་པ་ཡང་རྨི་ལམ་ལྟ་བུར་ཤེས་ལ། རང་གིས་སེམས་རྣམ་པར་དམིགས་པ་ཡང་རྨི་ལམ་དང་འདྲ་བར་རྒྱུ་བར་ཤེས་པ་དང་། དེ་བཞིན་གཤེགས་པ་རྣམས་རྣམ་ པར་དམིགས་པ་ཡང་གཟུགས་བརྙེན་ལྟ་བུར་ཤེས་ལ་རང་གི་སེམས་རྣམ་པར་དམྱིགས་པ་ཡང་ཆུའི་སྣོད་གསལ་བ་ལྟ་བུར་ཤེས་པ་དང་། དེ་བཞིན་གཤེགས་པ་རྣམས་རྣམ་པར་དམིགས་པ་ཡང་སྒྱུ་མས་བྱས་ པའི་གཟུགས་ལྟ་བུར་ཤེས་ལ་རང་གིས་སེམས་རྣམ་པར་དམྱིགས་པ་ཡང་སྒྱུ་མ་ལྟ་བུར་ཤེས་པ་དང་། དེ་བཞིན་གཤེགས་པའི་གསུང་ཡང་སྒྲ་བརྙན་རིའི་བྲག་ཆ་ལྟ་བུར་བརྗོད་པར་ཤེས་ལ་རང་གི་སེམས་ རྣམ་པར་དམིགས་པ་ཡང་སྒྲ་བརྙེན་ལྟ་བུར་ཤེས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ནི་རང་གི་སེམས་ཀྱི་བྱིན་གྱིས་བརླབས་ལས་འབྱུང་ངོ་། །ཞེས་བྱ་བར་རྗེསུ་རྟོག་ཤིང་ཁོང་དུ་ཆུད་དོ། ། སངས་རྒྱས་ཀྱི་ཞིང་ཡོངསུ་དག་པ་ཐམས་ཅད་ཀྱང་རང་གིས་སེམས་ཀྱི་བྱིན་གྱིས་བརླབས་སོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་རང་གི་སེམས་ཀྱི་བྱིན་གྱི་བརླབསོ། །སེམས་ཅན་ཐམས་ཅད་ཡོངསུ་སྨིན་ པར་བྱ་བ་དང་། གདུལ་བ་ཡང་རང་གིས་སེམས་ཀྱི་བྱིན་གྱིས་བརླབས་སོ། །བྱང་ཆུབ་སེམས་དཔའི་སྨོན་ལམ་མངོན་པར་བསྒྲུབ་པ་ཡང་རང་གི་སེམས་ཀྱི་བྱིན་གྱིས་བརླབས་སོ། །ཐམས་ཅད་མཁྱེན་པ་ཉིད་ 76-1-122a ཀྱི་གྲོང་ཁྱེར་དུ་ཕྱིན་པར་བྱ་བ་ཡང་རང་གིས་སེམས་ཀྱི་བྱིན་གྱིས་རླབསོ། །རྣམ་པར་ཐར་པ་བསམ་གྱི་མི་ཁྱབ་པས་རྣམ་པར་བརྩེ་བ་ཡང་རང་གི་སེམས་ཀྱི་བྱིན་གྱིས་བརླབསོ། །སངས་རྒྱས་ཀྱི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ འཚང་རྒྱ་བ་ཡང་རང་གི་སེམས་ཀྱི་བྱིན་གྱི་བརླབསོ། །ཆོས་ཀྱི་དབྱིངས་ཀུན་ནས་འདུས་པར་ཁྱུ་མཆོག་གི་མཐུ་དབྱུང་ཞིང་རྣམ་པར་འཕྲུལ་པ་ཡང་རང་གི་སེམས་ཀྱི་བྱིན་གྱིས་བརླབསོ། །བསྐལ་པ་ཐམས་ཅད་ ཤིན་ཏུ་ཕྲ་བར་བསྡུ་བའི་ཡེ་ཤེས་ཀྱང་རང་གིས་སེམས་ཀྱི་བྱིན་གྱིས་བརླབསོ་ཞེས་བྱ་བར་ཁོང་དུ་ཆུད་ཅིང་རྗེསུ་རྟོགསོ། །རིགས་ཀྱི་བུ་དེ་ལ་ཁོ་བོ་འདི་སྙམ་དུ་སེམས་ཏེ། དགེ་བའི་རྩ་བ་ཐམས་ཅད་ཀྱིས་ནི་རང་ གིས་སེམས་ཉིད་ཉེ་བར་བརྟེན་པར་བྱའོ། །བཟོད་པས་རང་གི་སེམས་ཉིད་ཡོངས་སུ་བརླབ་པར་བྱའོ། །སྒྲིབས་པའི་ཆོས་རྣམས་ལས་ནི་རང་གི་སེམས་ཉིད་ཡོངསུ་སྦྱང་བར་བྱའོ། །བརྩོན་འགྲུས་ཀྱིས་ནི་རང་གི་སེམས་ ཉིད་ཡོངས་སུ་བརྟན་པར་བྱའོ། །བཟོད་པས་ནི་རང་གིས་སེམས་ཉིད་མཉམ་པར་བྱའོ། །ཡེ་ཤེས་ཁོང་དུ་ཆུད་པར་བྱས་པས་ནི་རང་གི་སེམས་ཉིད་གཞོལ་བར་བྱའོ། །ཤེས་རབ་ཀྱི་ནི་རང་གི་སེམས་ཉིད་ ཡོངསུ་སྦྱང་བར་བྱའོ། །དབང་རྣམས་ལ་ནི་རང་གི་སེམས་ཉིད་མངོན་པར་བསྒྲུབ་པར་བྱའོ། །སངས་རྒྱས་དང་ཉན་ཐོས་མཉམ་པ་ཉིད་ལ་ནི་རང་གིས་སེམས་ཉིད་རྒྱས་པར་བྱའོ། །དེ་བཞིན་གཤེགས་པའི་ སྟོབས་བཅུས་ནི་རང་གིས་སེམས་ཉིད་སྣང་བར་བྱའོ་སྙམ་མོ། །རིགས་ཀྱི་བུ་ཁོ་བོ་ནི་དེ་བཞིན་གཤེགས་པའི་རྣམ་པར་ཐར་པ་ཐོགས་པ་མེད་པའི་རྒྱན་འདི་ཤེས་ཏེ། བླངས་ཤིང་ཡོངསུ་ འཛིན་པར་མཛད་ན། ཁོ་བོས་བྱང་ཆུབ་སེམས་དཔའ་ཆགས་པ་མེད་པའི་སེམས་དང་ལྡན་པ་ཆགས་པ་མེད་པར་རྣམ་པའི་སྤྱོད་ཡུལ་དང་ལྡན་པ། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་མངོན་སུམ་དུ་ 76-1-122b ཞུགས་པའི་ཏིང་ངེ་འཛིན་རབ་ཏུ་ཐོབ་པ། མྱ་ངན་ལས་འདའ་བ་མྱེད་པའི་མཐའ་ལ་གནས་པའི་རྫོགས་པའི་བྱང་ཆུབ་ཀྱི་སྒོའི་ཏིང་ངེ་འཛིན་རབ་ཏུ་ཐོབ་པ། དུས་གསུམ་མཉམ་པ་ཉིད་དུ་གྱུར་པ། གཞི་ཀུན་ནས་ཕྱེད་པའི་ཏིང་ངེ་འཛིན་ གྱི་སྤྱོད་ཡུལ་གྱི་ཚུལ་ཤེས་པ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ལུས་རྣམ་པར་བཀྲམ་པ། སངས་རྒྱས་ཀྱི་ཡུལ་ཐ་མྱི་དད་པ་ལ་རྣམ་པར་སྤྱོད་པ། ཕྱོགས་ཐམས་ཅད་དུ་མངོན་པར་ཕྱོགས་པའི་སྤྱོད་ཡུལ་དང་ལྡན་པ། ཕྱིར་ཕྱོགས་མྱེད་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱིས་རྣམ་པར་ལྟ་བ་དེ་དག་གི་ལུས་ལ་འཇིག་རྟེན་གྱི་ཁམས་ཐཾད་འཇིག་ཅིང་འདུ་བར་སྣང་ཡང་དེ་དག་ལ་བདག་དང་འཇིག་རྟེན་གྱི་ཁམསུ་གཉིས་ཀྱི་འདུ་ཤེས་མྱེད་པ་དེ་དག་གི་ སྤྱོད་པ་ཤེས་པ་འམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། །སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ཀྱི་འཛམ་བུ་གླིང་གི་མགོ་འགེབས་པས་རྒྱས་པར་འགེངས་པ་ཞེས་བྱ་བ་ཡོད་དེ། དེ་ན་དགེ་སློང་རྒྱ་མཚོའི་རྒྱལ་ མཚན་ཅེས་བྱ་བ་འདུག་གིས། དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ ཚོང་དཔོན་བཏང་བརྗོད་ཀྱི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཚོང་དཔོན་བཏང་བརྗོད་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། ཡང་ཡང་བལྟས་ཏེ། ཚོང་དཔོན་བཏང་བརྗོད་ཀྱི་ཡོན་ ཏན་གྲངས་མྱེད་པ་ལ་སྙན་པར་བརྗོད་དེ། བརྟག་པ་དང་། མོས་པར་བྱ་བ་དང་། མི་བཏང་བར་བྱ་བ་སེམས་ཤིང་ངུས་ཏེ་སྨྲེ་སྔགས་བཏོན་ནས། དགེ་བའི་བཤེས་གཉེན་སྡུག་པར་སེམས་ཤིང་དགེ་བའི་བཤེས་ གཉེན་གྱི་རྗེས་སུ་འབྲང་བ་དང་། དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བར་མོས་པ་དང་། དགེ་བའི་བཤེས་གཉེན་གྱིས་བསྒོ་བ་དང་། མྱི་འགལ་བར་བྱེད་པ་དང་ཐམས་ཅད་མཁྱེན་པ་ཉིད་དགེ་བའི་བཤེས་ 76-1-123a གཉེན་ལ་རག་ལུས་པར་རྗེས་སུ་བལྟ་བ་དང་། དགེ་བའི་བཤེས་གཉེན་ལ་རྗེས་སུ་བསམ་པ་དང་། དགེ་བའི་བཤེས་གཉེན་ལ་གཡོ་སྒྱུ་མེད་པར་སྤྱོད་པ་དང་། དགེ་བའི་བཤེས་གཉེན་གྱི་སེམས་ཀྱི་ དབང་དུ་འགྲོ་བར་བྱ་བ་དང་ལྡན་པས་དགེ་བའི་བཤེས་གཉེན་རྣམས་གདོན་པ་ཐམས་ཅད་ཡོངས་སུ་སྤོང་བར་བྱེད་པས་མ་ཙམ་དུ་སེམས། དགེ་བའི་རྩ་བ་ཡོངས་སུ་བསྐྱེད་པས་ཕ་ཙམ་དུ་སེམས་ཤིང་ཚོང་དཔོན་བཏང་ བརྗོད་ཀྱི་དྲུང་དུ་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཚོང་དཔོན་བཏང་བརྗོད་ཀྱིས་བསྟན་པ་དེ་ལ་རྗེས་སུ་སེམས་ཤིང་། ཚོང་དཔོན་བཏང་བརྗོད་ཀྱི་གདམས་ངག་ལ་ནན་ཏན་དུ་བྱ་བ་དང་། བྱང་ཆུབ་སེམས་དཔའི་ རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པའི་རྗེས་སུ་འབྲང་བར་བྱ་བ་དང་། བྱང་ཆུབ་སེམས་དཔའི་ཡེ་ཤེས་སྣང་བ་བསམ་གྱིས་མྱི་ཁྱབ་པ་རྗེསུ་དྲན་པར་བྱ་བ་དང་། ཆོས་ཀྱི་དབྱིངས་ལ་འཇུག་ཅིང་འབབ་པ་བསམ་གྱིས་མི་ ཁྱབ་པ་ཁོང་དུ་ཆུད་པར་བྱ་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་འདུ་བར་བྱ་བའི་ཚུལ་བསམ་གྱིས་མྱི་ཁྱབ་པ་ལ་འཇུག་པར་བྱ་བ་དང་། དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་བསམ་གྱིས་མྱི་ཁྱབ་ པའི་རྗེསུ་བལྟ་བར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་བསྡུ་བ་བསམ་གྱིས་མི་ཁྱབ་པ་ལ་མོས་པར་བྱ་བ་དང་། སངས་རྒྱས་ཀྱི་བྱིན་གྱིས་རླབས་ཀྱི་རྒྱན་རྗེས་སུ་སྦྱང་བ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ དང་། རྣམ་པར་ཐར་པའི་རྣམ་པར་དགོད་པ་དང་། ཁྱུ་མཆོག་གིས་མཐུ་ཕྱུང་བ་བསམ་གྱི་མྱི་ཁྱབ་པ་ལ་ཡོངས་སུ་བརྟག་པ་དང་། འཇིག་རྟེན་གྱི་ཁམས་ཐ་དད་པ་ལ་སྒྲིབ་པ་མྱེད་པ་བསམ་གྱིས་མྱི་ཁྱབ་པ་ལ་ འཇུག་པ་ལ། བྱང་ཆུབ་སེམས་དཔའི་ལས་ལ་བསམ་པ་ཤིན་ཏུ་བརྟན་པ་དེ་ལ་ནན་དུ་བྱ་བ་དང་། བྱང་ཆུབ་སེམས་དཔའི་ལས་དང་། སྨོན་ལམ་གྱི་བརྒྱུད་བསམ་གྱིས་མྱི་ཁྱབ་པ་དེའི་རྗེས་སུ་སྤྱོད་ཅིང་མཐར་གྱིས་འཛམ་ 76-1-123b བུའི་གླིང་གི་མགོ་འགེབས་པས་རྒྱས་པར་འགེངས་པ་ཞེས་བྱ་བ་གང་ན་བ་དེར་ཕྱིན་ནས། དགེ་སློང་རྒྱ་མཚོའི་རྒྱལ་མཚན་ཚོལ་ཚོལ་བ་ལས། འཆག་སའི་གནས་ཤིག་གི་འཆག་པའི་མཐར་ཐུག་སྟེ། ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་དབུགས་ཕྱི་ནང་དུ་རྒྱུ་བ་མྱེད་ཅིང་མྱི་གཡོལ་བྱེད་པ་མྱེད་ཅིང་ལུས་དྲང་པོར་བསྲང་སྟེ། དྲན་པ་མངོན་དུ་བྱས་ནས་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་བསམ་གྱིས་མྱི་ཁྱབ་ པར་རྣམ་པར་འཕྲུལ་ཞིང་གཡས་གཡོན་དང་། སྟེང་ལོགས་སུ་ལུས་མཐའ་ཡས་ལ་ཚད་མྱེད་ཅིང་བསམ་གྱིས་མྱི་ཁྱབ་པ་སྤྱི་གཙུག་བལྟར་མི་མཐོང་བ། ཁ་དོག་དུ་མའི་ལུས་དང་ལྡན་པ་སེམས་ཀྱི་སྐད་ཅིག་ རེ་རེ་ལ་ཁ་དོག་རྣམ་པ་ཐ་དད་པ་ཚད་མྱེད་པ་ཡོངསུ་སྟོན་པ་དེ། དེ་དེ་ལྟར་མཉམ་པར་བཞག་ཅིང་ཟབ་ལ་ཞི་སྟེ། གཡོ་བ་མྱེད་ཅིང་དམྱིགས་པ་མྱེད་ལ་དགའ་བས་ལུས་མཐོ་བར་གྱུར་པ་དེའི་བ་སྤུའི་སྒོ་ཐམས་ཅད་ ནས། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པས་རྣམ་པར་འཕྲུལ་པ་བསམ་གྱིས་མྱི་ཁྱབ་པ་རབ་ཏུ་འགྱེད་པར་བྱེད་ཅིང་འདུག་པ་མཐོང་ངོ་། །རྣམ་པར་ཐར་པས་རྣམ་པར་འཕྲུལ་པ་དེའི་མཐུས་སེམས་ཀྱི་སྐད་ ཅིག་རེ་རེ་ལ་སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་སྦྱར་བ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་དག་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ སྡུག་བསྔལ་གྱི་ཕུང་པོ་རྣམ་པར་བཟློག་པ་དང་། ངན་སོང་གི་ལམ་ཐམས་ཅད་ཡོངས་སུ་གཅད་པ་དང་། སེམས་ཅན་ཐམས་ཅད་ཀྱི་བདེ་བའི་ལམ་གྱི་སྒོ་འབྱེད་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་ པའི་གདུང་བ་རབ་ཏུ་ཞི་བར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་མྱི་ཤེས་པའི་སྒྲིབ་པ་རྣམ་པར་གཏོར་བ་དང་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ལ་དགོད་པའི་ཕྱིར་རྣམ་པར་འཕྲུལ་པའི་བྱེ་བྲག་རྣམ་པ་སྣ་ཚོགས་ 76-1-124a མཐའ་ཡས་པས་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་འགེངས་ཤིང་དེའི་རྐང་པའི་མཐིལ་གཉིས་ནས། ཚོངས་དཔོན་གྱི་ཚོགས་བཀུར་སྟི་དང་། རིམ་གྲོ་སྣ་ཚོགས་བྱེད་པ་འཇིག་རྟེན་གྱི་ཁམས་ ཐམས་ཅད་དུ་གཏོགས་པའི་ཚོང་དཔོན་དང་འདྲ་བའི་གཟུགས་དང་ལྡན་པ་ལྷག་པའི་ཡུལ་ལ་སྤྱོད་པ། རྒྱན་སྣ་ཚོགས་ཀྱིས་ལུས་ཤིན་ཏུ་ཀླུབས་པ། ཐོར་ཚུགས་དང་གཙུག་གི་རིན་པོ་ཆེ་དང་གཅོད་པན་སྣ་ཚོགས་ ཐོགས་པ་སངས་རྒྱས་ཀྱི་ཞིང་གྲངས་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱིས་པ་བྱེ་བ་འཕྱེས་པའི་འཁོར་དང་ལྡན་པ་བྱུང་བ་མཐོང་ངོ་། །བྲམ་ཟེ་དང་ཁྱིམ་བདག་མང་པོ་བཟའ་བཏུང་རྣམ་པ་མང་པོ་དང་། རོའི་ཡན་ལག་ སྣ་ཚོགས་སུ་སྦྱར་བ་ཐམས་ཅད་དང་། རྒྱན་ཐམས་ཅད་དང་། གོས་ཐམས་ཅད་དང་། མེ་ཏོག་ཐམས་ཅད་དང་། ཕྲེང་བ་ཐམས་ཅད་དང་། སྤོས་ཐམས་ཅད་དང་། བྱུག་པ་ཐམས་ཅད་དང་། འདོད་པའི་ཡོ་བྱད་ ཐམས་ཅད་དང་། རིན་པོ་ཆེ་ཐམས་ཅད་དང་། གནས་ཐམས་ཅད་དང་། སྣོད་རྣམ་པ་སྣ་ཚོགས་ཐམས་ཅད་དང་། ཡོ་བྱད་རྣམ་པ་སྣ་ཚོགས་ཐམས་ཅད་ཀྱིས་སེམས་ཅན་དབུལ་པོ་རྣམས་ཡོངསུ་བསྡུད་ ཅིང་། འགྲོ་བ་སྡུག་བསྔལ་བ་རྣམས་དབུགས་དབྱུང་བ་དང་། སེམས་ཅན་གྱིས་སེམས་ཚིམ་པར་བྱ་བ་དང་། སེམས་ཅན་གྱིས་བསམ་པ་རྣམ་པར་དག་པར་བྱ་བ་དང་། སེམས་ཅན་རྣམས་བྱང་ཆུབ་ཏུ་ཡོངསུ་ སྨྱིན་པར་བྱེད་ཅིང་ཕྱོགས་བཅུ་བཀང་སྟེ། འདོང་བ་མཐོང་ངོ་། །པུས་མོའི་ལྷ་ང་གཉིས་ནས་རྒྱལ་རིགས་མཁས་པའི་གཟུགས་དང་། བྲམ་ཟེ་མཁས་པའི་གཟུགས་དང་འཇིག་རྟེན་ན་མཁས་པའི་གཟུགས་ དང་། བཟོ་སྣ་ཚོགས་ལ་མཁས་པའི་གཟུགས་དང་། མིའི་འགྲོ་བའི་རྒྱུད་ན་མཁས་པའི་གཟུགས་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ལས་ཀྱིས་ཚུལ་དང་། རྒྱུས་ལ་གསལ་ཞིང་ 76-1-124b མཁས་པའི་གཟུགས་དང་། འཇིག་རྟེན་གྱི་སློབ་དཔོན་དུ་བྱ་བར་མཁས་པའི་གཟུགས་ཆ་བྱད་རྣམ་པ་དུ་མ་དང་ལྡན་པ། དབྱིབས་དང་རྒྱན་རྣམ་པ་དུ་མ་དང་ལྡན་པ། ཡིད་དུ་འོང་བའི་ཚིག་མང་པོ་བརྗོད་པས། ཡིད་མི་བདེ་བའི་སེམས་ཅན་རབ་ཏུ་དགའ་བར་བྱེད་ཅིང་ཆོས་ཀྱི་ནོར་གྱིས་དབུལ་བའི་སེམས་ཅན་རྣམས་ལ་ཕན་གདགས་པ་དང་། སྡུག་བསྔལ་བའི་སེམས་ཅན་རྣམས་བདེ་བར་བྱ་བ་དང་། ལོག་པར་ལྟུང་བའི་ སེམས་ཅན་རྣམས་མངོན་པར་གདོན་པ་དང་། ཐེག་པའི་གྲུ་ལ་ཉམ་ཉེས་སུ་གྱུར་པའི་སེམས་ཅན་རྣམས་དབུགས་དབྱུང་བ་དང་། འཇིགས་པའི་སེམས་ཅན་རྣམས་ཡོངས་སུ་བསྐྱབ་པ་དང་། དགེ་བའི་རྩ་བའི་ སྒྲ་ཀུན་གྲགས་པར་བྱ་བ་དང་། སྡིག་པ་ལས་བཟློག་པའི་སྒྲ་ཡོངས་སུ་བསྒྲག་པ་དང་། དགེ་བའི་ཆོས་ཡང་དག་པར་བླང་བ་ལ་སེམས་ཅན་གཟུང་བ་དང་། དོན་སྤྱོད་པ་ལ་སེམས་ཅན་དགོད་པ་དང་། དགའ་བའི་ ཤུགས་ཡོངས་སུ་བསྐྱེད་པ་དང་། སྙན་པར་སྨྲ་བའི་བསྡུ་བའི་དངོས་པོ་ཡོངས་སུ་བརྗོད་པ་དང་། འཇིག་རྟེན་ལ་དོན་འཐུན་པར་བསྒྲུབ་པ་སྟོན་པར་བྱེད་ཅིང་ཕྱོགས་བཅུ་རྒྱས་པར་བཀང་སྟེ་འདོང་བ་མཐོང་ངོ་། །ལྟེ་ བའི་དཀྱིལ་འཁོར་ནས་དྲང་སྲོང་མང་པོ་འགྲོ་བ་ཐམས་ཅད་ཀྱི་ལུས་ཀྱི་དབྱིབས་སུ་འཁོད་པ། པགས་པ་དང་ཤུན་པའི་གོས་གྱོན་པ་རིལ་བ་ཐོགས་པ། གཟུགས་དང་ཆ་བྱད་དང་དབྱིབས་སྣ་ཚོགས་ཅན་སྤྱོད་ ལམ་རབ་ཏུ་ཞི་བ་དག་ཀྱང་བྱུང་ནས། སྟེང་གི་བར་སྣང་ལས་སངས་རྒྱས་ཀྱི་ཡོན་ཏན་བརྗོད་པ་བྱེད་ཅིང་། ཆོས་ཀྱི་སྒྲ་ཡོངས་སུ་བསྒྲགས་པ་དང་། སངས་རྒྱས་ཀྱི་སྒྲ་བརྗོད་པ་དང་། བྱང་ཆུབ་སེམས་དཔའི་དགེ་ འདུན་ཡོངས་སུ་བསྟན་པ་དང་། ཚངས་པའི་སྤྱོད་པ་ཡོངས་སུ་བརྗོད་པ་དང་། དབང་པོ་དབེན་པ་ལ་སེམས་ཅན་དགོད་པ་དང་། རང་བཞིན་མྱེད་པའི་དོན་རབ་ཏུ་བརྟག་པ་དང་། ཡེ་ཤེས་ཀྱི་དོན་ལ་འཇིག་རྟེན་རབ་ཏུ་དགོད་ 76-1-125a པ་དང་། འཇིག་རྟེན་གྱི་གཙུག་ལག་གི་རྣམ་པ་ཡོངས་སུ་བརྗོད་པ་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱིས་འབྱུང་བའི་ལམ་གྱིས་ཚུལ་རབ་ཏུ་བསྟན་པ་དང་། མཐར་གྱིས་བྱ་བའི་ལས་ ལ་སེམས་ཅན་རབ་ཏུ་དགོད་པ་བྱེད་ཅིང་། ཕྱོགས་བཅུ་བཀང་སྟེ་འདོང་བ་མཐོང་ངོ་། །རྩིབ་ལོགས་གཉིས་ནས། ཀླུའི་བུ་མོ་འཇིག་རྟེན་རྒྱུ་བ་ཐམས་ཅད་ཀྱིས་གྲངས་དང་མཉམ་པ། ལུས་ཀྱིས་དབྱིབས་ བསམ་གྱིས་མྱི་ཁྱབ་པ་དུ་མ་དང་ལྡན་པ་བྱུང་སྟེ། ཀླུའི་རྣམ་པར་འཕྲུལ་པ་བསམ་གྱི་མི་ཁྱབ་པ་ཡོངས་སུ་བསྟན་པ་དང་། སྤོས་ཀྱི་སྤྲིན་གྱི་རྒྱན་བསམ་གྱིས་མྱི་ཁྱབ་པ་ནམ་མཁའི་དབྱིངས་ལ་བྱིན་ གྱིས་བརླབས་པ་དང་། མེ་ཏོག་གི་སྤྲིན་གྱི་བརྒྱན་བསམ་གྱིས་མི་ཁྱབ་པས་ནམ་མཁའི་དབྱིངས་ཐམས་ཅད་བརྒྱན་པ་དང་། ཕྲེང་བའི་སྤྲིན་བསམ་གྱིས་མི་ཁྱབ་པའི་རྒྱན་གྱིས་ནམ་མཁའི་དབྱིངས་ཐམས་ ཅད་རྣམ་པར་ཀླུབ་པ་དང་། རིན་པོ་ཆེའི་གདུགས་ཀྱི་སྤྲིན་བསམ་གྱི་མི་ཁྱབ་པའི་རྒྱན་གྱིས། ཆོས་ཀྱི་དབྱིངས་ཐམས་ཅད་ཡོངས་སུ་ཁེབས་པར་བྱ་བ་དང་། རིན་པོ་ཆེའི་རྒྱལ་མཚན་གྱི་སྤྲིན་བསམ་གྱིས་ མི་ཁྱབ་པའི་རྒྱན་དང་། རིན་པོ་ཆེའི་ལྷའི་བ་དན་གྱི་སྤྲིན་བསམ་གྱི་མི་ཁྱབ་པའི་རྒྱན་དང་། རིན་པོ་ཆེའི་ཕྱང་འཕྲུལ་སྣ་ཚོགས་ཀྱི་སྤྲིན་དང་། ཆེར་བསམ་གྱི་མི་ཁྱབ་པའི་རྒྱན་དང་། ནོར་བུ་རིན་པོ་ཆེ་ དམ་པའི་སྤྲིན་གྱི་ཆར་འབབ་པ་བསམ་གྱིས་མི་ཁྱབ་པའི་རྒྱན་དང་། རིན་པོ་ཆེའི་སེ་མོ་དོ་སྣ་ཚོགས་དང་། མེ་ཏོག་གི་སྤྲིན་གྱི་ཆར་བསམ་གྱིས་མི་ཁྱབ་པའི་བརྒྱན་དང་། རིན་པོ་ཆེའི་ཁྲི་ལ་བསྐྱིལ་མོ་ དཀྲུང་དུ་འཁོད་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་ཀྱི་སྤྲིན་གྱི་ཆར་བསམ་གྱི་ཁྱབ་པ་འབེབས་པའི་རྒྱན་དང་། ལྷ་རྫས་ཀྱི་རིན་པོ་ཆེའི་རྒྱན་སྣ་ཚོགས་དང་ལྡན་པའི་བུ་མོ་མང་པོ་ཆོས་ཀྱི་གླུ་སྙན་ 76-1-125b པའི་སྒྲ་དབྱངས་ཀྱི་སྤྲིན་གྱི་ཆར་འབེབས་པ་བསམ་གྱིས་མྱི་ཁྱབ་པ་དང་། རིན་པོ་ཆེའི་པད་མོ་ཟེ་བ་མཐོ་བ་མུ་ཏིག་གིས་དྲ་བས་བརྒྱན་པ། རིན་པོ་ཆེའི་རྒྱལ་པོ་ཐམས་ཅད་ཀྱི་འབྲུའི་སྤྲིན་གྱི་ཆར་རྣམ་པར་འཐོར་ བ་བསམ་གྱིས་མི་ཁྱབ་པའི་རྒྱན་དང་། རིན་པོ་ཆེའི་ཅོད་པན་གྱི་སྤྲིན་ནོར་བུ་རིན་པོ་ཆེ་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པ། འོད་ཟེར་གྱི་སྤྲིན་མཐའ་ཡས་པའི་ཆར་འབེབས་པ་བསམ་གྱིས་མྱི་ཁྱབ་པའི་རྒྱན་དང་། ལྷའི་ལུས་ཀྱི་སྤྲིན་གྱི་མེ་ཏོག་དང་། ཕྲེང་བ་དང་། བདུག་པ་དང་། རྒྱན་དང་། ལྷའི་བ་དན་བསམ་གྱིས་མི་ཁྱབ་པའི་རྒྱན་དང་། ལྷའི་བུ་མོ་མང་པོའི་ལུས་ཀྱི་སྤྲིན་ཐལ་མོ་སྦྱར་ཏེ། གསེར་གྱི་མེ་ཏོག་སྙིམ་པས་ འཐོར་པ། དེ་བཞིན་གཤེགས་པ་ལ་ཡོན་ཏན་དང་། ལེགས་པ་ཐམས་ཅད་དུ་བསྟོད་པའི་སྤྲིན་གྱི་འབྲུག་སྒྲ་འབྱིན་ཅིང་ཆར་འབེབས་པ། བསམ་གྱིས་མི་ཁྱབ་པའི་རྒྱན་ནམ་མཁའི་དབྱིངས་ལ་བྱིན་གྱིས་ རློབ་ཅིང་། སྤོས་ཀྱི་ཕུང་པོའི་སྤྲིན་རིན་པོ་ཆེ་ཐམས་ཅད་ཀྱི་ཁ་དོག་དུ་འདུག་པ། བདུག་སྤོས་ཀྱི་ན་བུན་དང་སྤྲིན་ཤིན་ཏུ་རྒྱ་ཆེ་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་མངོན་པར་ཁེབས་པར་བྱ་བ་ དང་། འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་རབ་ཏུ་རྒྱན་པ་དང་། སེམས་ཅན་ཐམས་ཅད་རབ་ཏུ་དགའ་བར་བྱ་བ་དང་། སངས་རྒྱས་ཐམས་ཅད་མཆོད་པས་སྐད་ཅིག་སྐད་ཅིག་ཏུ་ཆོས་ཀྱི་དབྱིངས་ཐམས་ ཅད་རྒྱས་པར་འགེངས་པ་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་མཐོང་ངོ་། །མཐོང་ཀའི་དཔལ་གྱིས་བེའུ་ནས་ལྷ་མ་ཡིན་གྱི་དབང་པོ་སངས་རྒྱས་ཀྱི་ཞིང་གྲངས་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱུང་སྟེ། ལྷ་མ་ ཡིན་གྱི་སྒྱུས་རྣམ་པར་འཕྲུལ་པ་བསམ་གྱི་མྱི་ཁྱབ་པ་རབ་ཏུ་སྟོན་ཅིང་ཆུ་འཛིན་ཆེན་པོ་ཡོངས་སུ་བསྐྱབ་པ་དང་། འཇིག་རྟེན་གྱི་ཁམས་བརྒྱ་སྟོང་རབ་ཏུ་བསྐྱོད་པ་དང་། རིའི་རྒྱལ་པོ་ཆེན་པོ་ཐམས་ཅད་འབབ་ 76-1-126a པར་བྱ་བ་དང་། ལྷའི་གནས་ཐམས་ཅད་ཡོངས་སུ་སྤྱོད་པ་དང་། བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་ཟིལ་གྱིས་གནན་པ་དང་། བདུད་ཀྱི་སྡེ་ཐམས་ཅད་རབ་ཏུ་གདུལ་བ་དང་། ང་རྒྱལ་དང་རློམ་པ་དང་དྲེགས་ པ་ཐམས་ཅད་རབ་ཏུ་གཞོམ་པ་དང་། གནོད་པར་སེམས་པའི་སེམས་བཟློག་ཅིང་དགའ་བར་བྱ་བ་དང་། ཐེ་ཙོམ་པའི་སེམས་ཕྱིར་བཟློག་པར་བྱ་བ་དང་། སེམས་ཅན་རྣམས་ཀྱི་མྱི་དགེ་བའི་ཆོས་རབ་ཏུ་ཞི་བར་བྱ་བ་ དང་། ཉོན་མོངས་པའི་རི་རྣམ་པར་གཏོར་བ་དང་། ཉོན་མོངས་པའི་ཐབ་མོ་ཤིན་ཏུ་ཞི་བར་བྱ་བ་དང་། ལྷ་མ་ཡིན་གྱི་སྒྱུས་རྣམ་པར་འཕྲུལ་པ་དང་། རྣམ་པར་རྩེ་བ་སྣ་ཚོགས་ཀྱིས་སེམས་ཅན་རྣམས་སྐྱོ་བར་བྱ་ བ་དང་། སྡིག་པ་ལས་གྱེན་དུ་བསྐྱོད་པ་དང་། འཁོར་བས་འཇིགས་པར་བྱ་བ་དང་། སྲིད་པའི་ལམ་གྱི་རྒྱུད་ཐམས་ཅད་ནས་གྱེན་དུ་བསྐྱོད་དེ་གནས་མྱེད་པ་ལ་རབ་ཏུ་གནས་པར་བྱ་བ་དང་། བྱང་ཆུབ་ཀྱི་སེམས་ལ་ སེམས་ཅན་རྣམས་རབ་ཏུ་དགོད་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་པར་དག་པར་བྱ་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་དགོད་པར་ བྱ་བ་དང་། བྱང་ཆུབ་སེམས་དཔའི་ས་ལ་རབ་ཏུ་བཟུང་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སངས་རྒྱས་ཀྱི་ཆོས་ཀྱི་ཚུལ་སྣང་བ་ཡོངས་སུ་བསྐྱེད་པ་དང་། ཆོས་ཀྱི་ཚུལ་རྣམ་པར་དགོད་པ་སྣ་ཚོགས་ཀྱི་ སེམས་ཀྱི་སྐད་ཅིག་རེ་རེ་ཞིང་ཆོས་ཀྱི་དབྱིངས་རྒྱས་པར་འགེངས་པར་བྱེད་པ། ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་མཐོང་ངོ་། །རྒྱབ་ཀྱི་གཞུང་ནས་ཉན་ཐོས་དང་། རང་སངས་རྒྱས་མང་པོ་སངས་རྒྱས་ཀྱི་ཞིང་གྲངས་མེད་ པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱུང་ནས། ཉན་ཐོས་དང་། རང་སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་བདག་ཏུ་མངོན་པར་ཞེན་པ་རྣམས་ལ་བདག་མྱེད་པ་དང་། སེམས་ཅན་མྱེད་པ་ཡོངས་སུ་བརྗོད་པ་བྱེད་ཅིང་། 76-1-126b རྟག་པར་མངོན་པར་ཞེན་པ་རྣམས་ལ་འདུ་བྱེད་ཐམས་ཅད་མྱི་རྟག་པར་ཡོངས་སུ་བསྟན་པ་དང་། འདོད་ཆགས་ཀྱི་སྤྱོད་པ་ཅན་རྣམས་ལ་མྱི་སྡུག་པ་དང་། ཞེ་སྡང་གི་སྤྱོད་པ་ཅན་རྣམས་ལ་བྱམས་པ་དང་། གཏི་ མུག་གི་སྤྱོད་པ་ཅན་རྣམས་ལ་རྐྱེན་ལས་བྱུང་བའི་རྟེན་ཅིང་འབྲེལ་བར་འབྱུང་བ་བརྗོད་པ་དང་། ཆ་མཉམ་པའི་སྤྱོད་པ་ཅན་རྣམས་ལ་ཡེ་ཤེས་ཀྱི་ཡུལ་དང་ལྡན་པའི་ཆོས་ཀྱི་མངོན་པར་བསྟན་པ་དང་། ཡུལ་ ལ་མངོན་པར་དགའ་བ་རྣམས་ལ་གནས་མེད་པ་རབ་ཏུ་བརྗོད་པ་དང་། ཞི་བ་ལ་གནས་སུ་སེམས་པ་རྣམས་ལ་སྨོན་ལམ་གྱི་ཁྱད་པར་གྱིས་སྤྲོ་བ་བསྐྱེད་པ་དང་། ཕྱོགས་ཀྱི་རྒྱུད་དང་སྒོ་ཐམས་ཅད་དུ་ཆོས་ ཀྱི་ཚུལ་རྒྱ་མཚོའི་རྒྱུད་དང་། སྒོ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བརྗོད་པར་བྱེད་ཅིང་ཆོས་ཀྱིས་དབྱིངས་རྒྱས་པར་འགེངས་པ་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་མཐོང་ངོ་། །ཕྲག་པའི་ལྷུན་ གཉིས་ལས་གནོད་སྦྱིན་དང་། སྲིན་པོའི་དབང་པོ་དབྱིབས་སྣ་ཚོགས་དང་ལྡན་ཞིང་ལུས་མི་སྡུག་པ་ཁ་དོག་དང་ཆུ་ཞིང་སྣ་ཚོགས་ཅན་སྤྱོད་ལམ་གྱི་རྣམ་པ་སྣ་ཚོགས་དང་ལྡན་པ། གཞོན་པ་སྣ་ཚོགས་ལ་ ཞོན་པ། འཁོར་སྣ་ཚོགས་ཀྱིས་ཡོངས་སུ་བསྐོར་བ། སེམས་ཅན་གྱི་ཁམས་ཡོངས་སུ་བསྐྱང་བ་ལ་བརྩོན་པ། འོད་སྣ་ཚོགས་ཀྱིས་སྣང་བར་བྱ་བ་ལ་བརྩོན་པ། དབྱངས་སྣ་ཚོགས་རབ་ཏུ་སྒྲོག་ པ། སངས་རྒྱས་ཀྱི་ཞིང་གྲངས་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱུང་ནས་ཐབས་མངོན་པར་བསྒྲུབ་པ་སྣ་ཚོགས་མ་འདྲེས་པས་ཕྱོགས་དང་ཕྱོགས་མཚམས་ཀུན་གྱི་ནམ་མཁའ་རྒྱས་པར་འགེངས་ཤིང་དགེ་བའི་སྤྱོད་པ་ ཐམས་ཅད་ཡོངས་སུ་བསྲུང་བ་དང་། འཕགས་པའི་དཀྱིལ་འཁོར་ཐམས་ཅད་ཡོངས་སུ་བསྲུང་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཡོངས་སུ་གཟུང་བ་དང་། ལག་ན་རྡོ་རྗེའི་ལས་ཀྱིས་ཡང་དག་པར་ 76-1-127a སོང་བ་དང་། ཡང་དག་པར་ཞུགས་པ་ཐམས་ཅད་ཡོངས་སུ་བསྲུང་བ་དང་། སངས་རྒྱས་ཐམས་ཅད་ལ་རིམ་གྲོར་བྱ་བ་དང་། སེམས་ཅན་ལོག་པར་ལྟུང་བ་རྣམས་ཀྱི་ངན་སོང་གི་ལམ་གྱི་རྒྱུད་ ཐམས་ཅད་རྣམ་པར་བཟློག་པ་དང་། འཇིག་རྟེན་ཐམས་ཅད་དང་། གནོད་པ་དང་འཇིགས་པ་ཐམས་ཅད་ཞི་བར་བྱེད་པའི་དོན་དུ་བརྩོན་པ། སེམས་ཅན་གྱི་དོན་བྱ་བས་འཇིག་རྟེན་ཡོངསུ་བསྐྱང་བ་ལ་བརྩོན་ པ་རྣམས་བསོད་ནམས་དང་། ཡེ་ཤེས་ཀྱི་འཁོར་ལོ་ཡོངས་སུ་རྫོགས་པར་བྱ་བ་དང་། ཆོས་ཀྱི་འཁོར་ལོའི་རྗེས་སུ་འབྲང་བར་བྱ་བ་དང་། ཕས་ཀྱི་རྒོལ་བའི་འཁོར་ཚར་གཅོད་པར་བྱེད་ཅིང་། ཆོས་ཀྱི་དབྱིངས་ཐམས་ ཅད་རྒྱས་པར་འགེངས་པར་བྱེད་པ། ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་མཐོང་ངོ་། །མདུན་གྱི་ལྟོ་ནས་མྱི་འམ་ཅིའི་དབང་པོ་སངས་རྒྱས་ཀྱི་ཞིང་གྲངས་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་མི་འམ་ཅིའི་དབང་པོའི་ བུ་མོའི་འཁོར་བརྒྱ་སྟོང་གྲངས་མེད་པ་ཅན་དང་། དྲི་ཟའི་དབང་པོ་སངས་རྒྱས་ཀྱི་ཞིང་གྲངས་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད། དྲི་ཟའི་དབང་པོའི་བུ་མོའི་འཁོར་བརྒྱ་སྟོང་གྲངས་མྱེད་པ་ཅན་དག་བྱུང་ནས། ལྷའི་ རོལ་མོ་བརྒྱ་སྟོང་གྲངས་མྱེད་པའི་སྒྲ་སྙན་པ་དང་། གླུའི་དབྱངས་ཀྱིས་ཆོས་ཀྱི་རང་བཞིན་དང་ལྡན་པའི་སངས་རྒྱས་ཀྱི་བསྟོད་པ་བརྗོད་ཅིང་། བྱང་ཆུབ་ཀྱི་སེམས་ཡོངས་སུ་བསྔགས་པ་དང་། བྱང་ཆུབ་སེམས་ དཔའི་སྤྱོད་པ་ཡོངས་སུ་བརྗོད་པ་དང་། མངོན་པར་རྫོགས་པར་འཚང་བརྒྱ་བའི་སྒོ་ཐམས་ཅད་ལ་མངོན་པར་བསྟོད་པ་དང་། ཆོས་ཀྱི་འཁོར་ལོའི་སྒོ་ཐམས་ཅད་དུ་འཇུག་པ་དང་། རྣམ་པར་འཕྲུལ་པའི་སྒོ་ ཐམས་ཅད་ལ་མངོན་པར་སྤྲོ་བར་བྱ་བ་དང་། ཡོངས་སུ་མྱ་ངན་ལས་འདས་པའི་སྒོ་ཐམས་ཅད་ཡོངས་སུ་བརྗོད་པ་དང་། སངས་རྒྱས་ཀྱིས་བསྟན་པའི་སྒོ་ཐམས་ཅད་ཡོངསུ་གཟུང་བ་དང་། སེམས་ཅན་གྱི་ 76-1-127b སྒོ་ཐམས་ཅད་རབ་ཏུ་དགའ་བར་བྱ་བ་དང་། སངས་རྒྱས་ཀྱིས་ཞིང་གི་སྒོ་ཐམས་ཅད་ཡོངས་སུ་དག་པར་བྱ་བ་དང་། ཆོས་ཀྱི་སྒོ་ཐམས་ཅད་མངོན་པར་བསྟན་པར་བྱ་བ་དང་། སྒྲིབ་པའི་སྒོ་ཐམས་ཅད་རྣམ་པར་བཟློག་པར་ བྱ་བ་དང་། དགེ་བའི་རྩ་བའི་སྒོ་ཐམས་ཅད་ཡོངས་སུ་བསྐྱེད་པ་བྱེད་ཅིང་། ཆོས་ཀྱིས་དབྱིངས་རྒྱས་པར་འགེངས་པ་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་མཐོང་ངོ་། །ཁའི་སྒོ་ནས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རིན་ པོ་ཆེ་བདུན་དང་ལྡན་ཞིང་སྟོབས་ཀྱི་ཡན་ལག་བཞིའི་ཚོགས་ཀྱིས་འཁོར་དང་ལྡན་པ་བྱུང་བ་ནས། སྦྱིན་པ་ཆེན་པོའི་འོད་ཟེར་གྱི་རྒྱན་རབ་ཏུ་འགྱེད་ཅིང་རིན་པོ་ཆེའི་འབྱུང་གནས་ཐམས་ཅད་ཡོངས་སུ་བཏང་བ་དང་། ནོར་ བུ་རིན་པོ་ཆེའི་ཚོགས་ཐམས་ཅད་སྦྱིན་པ་དང་། དབུལ་པོ་རྣམས་ནོར་དང་ལྡན་པར་བྱ་བ་དང་། སྲོག་གཅོད་པ་ལས་འཇིག་རྟེན་རྣམ་པར་བཟློག་པ་དང་། བྱམས་པའི་སེམས་ལ་སེམས་ཅན་རབ་ཏུ་དགོད་པ་དང་། མ་བྱིན་པར་ ལེན་པ་དང་། རབ་ཏུ་དབྲལ་བ་དང་། རྒྱན་གྱིས་ཤིན་ཏུ་བརྒྱན་པའི་བུ་མོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཡོངས་སུ་བཏང་བ་དང་། འདོད་པས་ལོག་པར་གཡེམ་པ་ལས་རྣམ་པར་བཟློག་པ་དང་། ཚངས་པའི་སྤྱོད་པ་ལ་རབ་ཏུ་དགོད་ པ་དང་། བརྫུན་དུ་སྨྲ་བ་ལས་རྣམ་པར་བཟློག་པ་དང་། བསླུ་བ་མྱེད་པ་ལ་གཞོལ་བར་རབ་ཏུ་དགོད་པ་དང་། ཕྲ་མའི་ཚིག་ལས་རྣམ་པར་བཟློག་པ་དང་། གཞན་འདུམ་པར་བརྩོན་པའི་ཚིག་རབ་ཏུ་བརྗོད་པ་དང་། ཞེ་ གཅོད་པའི་ཚིག་གི་ལས་འཇིག་རྟེན་རྣམ་པར་བཟློག་པ་དང་། འཇམ་ཞིང་ཡིད་དུ་འོང་བའི་ཚིག་རབ་ཏུ་བརྗོད་པ་དང་། གནོད་པའི་ཆོས་དང་ལྡན་པའི་བྱུང་རྒྱལ་དུ་སྨྲ་བ་ལས་སེམས་ཅན་རྣམ་པར་ཟློག་པ་དང་། དོན་ ཟབ་མོའི་ཚིག་རབ་ཏུ་དབྱེ་བ་གདོན་མི་ཟ་བ་ལ་ཡང་དག་པར་དགོད་པ་དང་། ངག་གི་ཉེས་པ་ཐམས་ཅད་ལས་འཇིག་རྟེན་རྣམ་པར་བཟློག་པ་དང་། སྙིང་རྗེ་དང་ལྡན་པའི་ཚིག་རབ་ཏུ་བརྗོད་པར་བྱ་བ་དང་། འཇིག་རྟེན་གྱི་སྙིང་གི་དྲི་ 76-1-128a མ་ཡོངས་སུ་སེལ་ཅིང་འདོད་པ་ཆུང་བ་དང་། མཆོག་ཤེས་པ་ལ་བརྩོན་པར་སེམས་ཅན་རབ་ཏུ་དགོད་པ་དང་། ཆགས་སེམས་ལས་འཇིག་རྟེན་རྣམ་པར་བཟློག་པ་དང་། གཞན་གྱི་སེམས་ཀྱི་རྒྱུད་དགའ་ བར་བྱེད་པ་ལ་རབ་ཏུ་དགོད་པ་དང་། ལྟ་བའི་དྲ་བ་ཐམས་ཅད་ལས་འཇིག་རྟེན་རབ་ཏུ་གདོན་པ་དང་། ཡིད་གཉིས་ཀྱིས་ར་བ་ཐམས་ཅད་རྣམ་པར་གཏོར་བ་དང་། ཐེ་ཙོམ་གྱི་སྤྲོས་པ་ཐམས་ཅད་རབ་ཏུ་གཞོམ་པ་དང་། ནེམ་ ནུར་དང་སོམ་ཉིའི་རབ་རིབ་ཡོངས་སུ་གསལ་བ་དང་། ཆོས་རྣམ་པར་དབྱེ་བའི་འཇིག་རྟེན་དུ་རབ་ཏུ་དབྱེ་བ་དང་། རྐྱེན་ལས་བྱུང་བ་རབ་ཏུ་བརྗོད་པ་དང་། རང་བཞིན་གྱི་དབེན་པའི་ཚུལ་ལ་སེམས་ཅན་རབ་ཏུ་དགོད་པ་དང་། སྒྲིབ་ པ་ཐམས་ཅད་རྣམ་པར་བཟློག་པ་དང་། སྒྲིབ་པ་མེད་པའི་ཚུལ་ལ་གཟུང་བ་དང་། སངས་རྒྱས་ཀྱི་དོན་གྱི་ཚུལ་སྣ་ཚོགས་བརྗོད་པ་བྱེད་ཅིང་། ཕྱོགས་བཅུའི་ཆོས་ཀྱི་དབྱིངས་རྒྱས་པར་འགེངས་པ་ཚོང་དཔོན་གྱི་བུ་ནོར་ བཟངས་ཀྱིས་མཐོང་ངོ་། །མྱིག་གཉིས་ནས་ཉི་མའི་དཀྱིལ་འཁོར་བརྒྱ་སྟོང་སངས་རྒྱས་ཀྱི་ཞིང་གྲངས་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱུང་སྟེ། སེམས་ཅན་དམྱལ་བ་ཆེན་པོ་ཐམས་ཅད་ཡོངསུ་སྣང་བར་བྱེད་ཅིང་འཇིག་རྟེན་ གྱི་མུན་པ་ཆེན་པོ་སེལ་བ་དང་། སེམས་ཅན་རྣམས་ཀྱིས་གཏི་མུག་གི་རབ་རིབ་སེལ་བ་དང་། གྲང་བའི་སེམས་ཅན་དམྱལ་བ་ན་འཁོད་པའི་སེམས་ཅན་རྣམས་ཀྱི་གྲང་བའི་སྡུག་བསྔལ་རབ་ཏུ་ཞི་བར་བྱེད་པ་དང་། སའི་རང་བཞིན་གྱི་ཞིང་རྣམས་སུ་འོད་ཁ་དོག་དཀར་པོ་ཅན་རབ་ཏུ་འགྱེད་པ་དང་། གསེར་གྱི་རང་བཞིན་གྱི་ཞིང་རྣམསུ་འོད་བཻ་ཌཱུརྱའི་ཁ་དོག་རབ་ཏུ་འགྱེད་པ་དང་། བཻ་ཌཱུརྱའི་རང་བཞིན་གྱི་ཞིང་རྣམསུ་འོད་གསེར་གྱི་ཁ་དོག་ ཅན་རབ་ཏུ་འགྱེད་པ་དང་། གསེར་གྱི་རང་བཞིན་གྱི་ཞིང་རྣམས་སུ་འོད་ཤེལ་གྱི་ཁ་དོག་རབ་ཏུ་འགྱེད་པ་དང་། གསེར་གྱི་རང་བཞིན་གྱི་ཞིང་རྣམས་སུ་འོད་མུ་ཏིག་དམར་པོའི་ཁ་དོག་ཅན་རབ་ཏུ་འགྱེད་པ་དང་། ཨ་སྨ་གརྦའི་ 76-1-128b རང་བཞིན་གྱི་ཞིང་རྣམས་སུ་འོད་གསེར་གྱི་དྲ་བ་ཅན་རབ་ཏུ་འགྱེད་པ་དང་། གསེར་གྱི་རང་བཞིན་གྱི་ཞིང་རྣམས་སུ་འོད་ཨ་སྨ་གརྦའི་ཁ་དོག་ཅན་རབ་ཏུ་འགྱེད་པ་དང་། ཨིན་དྲ་ནཱི་ལའི་རང་བཞིན་གྱི་ཞིང་རྣམས་སུ་འོད་ རིན་པོ་ཆེའི་རྒྱལ་པོ་ཉི་མའི་སྙིང་པོའི་ཁ་དོག་ཅན་རབ་ཏུ་འགྱེད་པ་དང་། རིན་པོ་ཆེའི་རྒྱལ་པོ་ཉི་མའི་སྙིང་པོའི་རང་བཞིན་གྱི་ཞིང་རྣམས་སུ་འོད་རིན་པོ་ཆེའི་རྒྱལ་པོ་ཨིན་དྲ་ནཱི་ལའི་ཁ་དོག་ཅན་རབ་ཏུ་འགྱེད་པ་དང་། མུ་ཏིག་ དམར་པོའི་རང་བཞིན་གྱི་ཞིང་རྣམས་སུ་འོད་རིན་པོ་ཆེའི་རྒྱལ་པོ་ཟླ་བའི་འོད་གཟེར་གྱི་དྲ་བ་དང་། དཀྱིལ་འཁོར་གྱི་སྙིང་པོའི་ཁ་དོག་ཅན་རབ་ཏུ་འགྱེད་པ་དང་། རིན་པོ་ཆེའི་རྒྱལ་པོ་ཟླ་བའི་འོད་ཟེར་གྱི་དྲ་བ་དང་། དཀྱིལ་ འཁོར་གྱི་སྙིང་པོའི་རང་བཞིན་གྱི་ཞིང་རྣམས་སུ་འོད་མུ་ཏིག་དམར་པོའི་ཁ་དོག་ཅན་རབ་ཏུ་འགྱེད་པ་དང་། རིན་པོ་ཆེ་གཅིག་གི་རང་བཞིན་གྱི་ཞིང་རྣམས་སུ་འོད་རིན་པོ་ཆེ་སྣ་ཚོགས་ཀྱི་ཁ་དོག་ཅན་རབ་ཏུ་འགྱེད་ པ་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་གྱི་ཞིང་རྣམས་སུ་འོད་རིན་པོ་ཆེ་གཅིག་གི་ཁ་དོག་ཅན་རབ་ཏུ་འགྱེད་པ་དང་། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་སེམས་ཅན་ གྱི་དོན་ཚད་མེད་པ་ལ་བརྩོན་ཞིང་ཆོས་ཀྱི་དབྱིངས་རྒྱས་པར་འགེངས་པ་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་མཐོང་ངོ་། །སྨིན་འཚམས་ཀྱི་མཛོད་སྤུ་ནས་ཟླ་བ་མང་པོ་སངས་རྒྱས་ཀྱི་ཞིང་གྲངས་མྱེད་པའི་རྡུལ་ཤིན་ཏུ་ཕྲ་ བ་སྙེད་བྱུང་ནས། ལྷའི་དབང་པོ་ཐམས་ཅད་ཟིལ་གྱིས་གནོན་ཅིང་། འཇིག་རྟེན་ཐམས་ཅད་ཀྱི་འདོད་པའི་དགའ་བ་རྣམ་པར་བཟློག་པ་དང་། སངས་རྒྱས་བལྟ་བར་དགའ་བ་ལ་རྗེས་སུ་བསྔགས་པ་བྱེད་ཅིང་། སེམས་ ཅན་ཚད་མྱེད་པ་གདུལ་བ་ལ་བརྩོན་པར་ཕྱོགས་བཅུའི་ཆོས་ཀྱི་དབྱིངས་རྒྱས་པར་འགེངས་པར་མཐོང་ངོ་། །འཕྲལ་བ་ནས་ཚངས་པ་ཆེན་པོ་སྤྱོད་ལམ་རབ་ཏུ་ཞི་བ་སངས་རྒྱས་ཀྱི་ཞིང་གྲངས་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ 76-1-129a བྱུང་བ་ནས། ཚངས་པའི་དབྱངས་སུ་བརྗོད་དེ། སངས་རྒྱས་ཐམས་ཅད་ལ་གསོལ་བ་གདབ་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་རབ་ཏུ་དགའ་བར་བྱེད་ཅིང་སེམས་ཅན་གྱི་དོན་ཚད་མྱེད་པ་ལ་བརྩོན་པར་ཕྱོགས་ བཅུའི་ཆོས་ཀྱི་དབྱིངས་རྒྱས་པར་འགེངས་པ་ཚོང་དཔོན་ནོར་བཟངས་ཀྱིས་མཐོང་ངོ་། །མགོ་ནས་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་གྲངས་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱུང་ནས། ཁ་དོག་དང་དབྱིབས་སྣ་ཚོགས་ཀྱིས་ བརྒྱན་པའི་ལུས་ཡོངསུ་སྟོན་ཅིང་། དཔེ་བྱད་བཟང་པོས་རྣམ་པར་བྲིས་པའི་ལུས་རབ་ཏུ་སྟོན་པ་དང་། འོད་ཀྱི་དཀྱིལ་འཁོར་གྱི་སྤྲིན་མཐའ་དང་དབུས་མེད་པ་རབ་ཏུ་འགྱེད་བ་དང་། བ་སྤུའི་བུ་ག་ཐམས་ཅད་ནས་སངས་རྒྱས་ཐམས་ ཅད་ཀྱི་སྔོན་གྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་ནས་བཟུང་སྟེ། གཏོང་བ་དང་ལེན་པ་དང་། དངོས་པོ་ཡོངས་སུ་གཏོང་བའི་སྤྲིན་མང་པོ་རབ་ཏུ་དགྱེ་བ་དང་། ཕ་རོལ་ཏུ་ཕྱིན་པ་སྣ་ཚོགས་དང་ལྡན་པའི་སྔོན་གྱི་སྦྱོར་བ་རྒྱ་མཚོ་ཡོངསུ་བསྟན་ པ་དང་། སྦྱིན་པའི་སྤྱོད་པ་འཇིག་རྟེན་དུ་ཡོངསུ་བརྗོད་པ་དང་། སེར་སྣའི་དྲི་མ་རྣམ་པར་བཟློག་པ་དང་། ཆགས་པ་ཐམས་ཅད་སྤང་བ་ལ་སེམས་ཅན་རབ་ཏུ་དགོད་པ་དང་། འཇིག་རྟེན་རིན་པོ་ཆེ་སྣ་ཚོགས་ཐམས་ཅད་ཀྱི་རྒྱན་གྱི་བརྒྱན་པ་ པར་བྱིན་གྱི་བརླབ་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རབ་ཏུ་དགོད་པ་དང་། མཚན་ཐམས་ཅད་ཀྱི་ཡོན་ཏན་ཡང་དག་པར་བརྗོད་པ་དང་། སངས་རྒྱས་ཀྱི་མཚན་འབྱུང་བའི་རྒྱུ་སྟོན་པར་བྱེད་པ་མཐོང་ངོ་། །ཡང་བྱང་ཆུབ་སེམས་དཔའ་ སངས་རྒྱས་ཀྱི་ཞིང་གྲངས་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱུང་ནས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངསུ་བརྗོད་ཅིང་། བ་སྤུའི་བུ་ག་ཐམས་ཅད་ནས་སངས་རྒྱས་ཐམས་ཅད་ཀྱི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སྔོན་གྱི་སྦྱོར་ བ་རྒྱ་མཚོ་ཡོངསུ་བསྟན་པ་དང་། སེམས་ཅན་ཐམས་ཅད་ལམ་གྱི་རྒྱུད་དང་ཡུལ་ལས་ཕྱིར་ཕྱོགས་པར་བྱས་ཏེ། དེ་བཞིན་གཤེགས་པའི་ཡུལ་ལ་མངོན་དུ་ཕྱོགས་པར་བྱ་བ་དང་། འཇིག་རྟེན་གྱི་འདོད་པ་ལ་རྣམ་པར་སྨད་པ་དང་། 76-1-129b འཇིག་རྟེན་གྱི་ཕྱིན་ཅི་ལོག་གིས་ལིང་ཐོག་རྣམ་པར་བསལ་བ་དང་། ལོག་པའི་རྣམ་པར་རྟོག་པ་རབ་ཏུ་ཞི་བར་བྱས་ནས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལ་ཡང་དག་པར་དགོད་པ་དང་། སྙིང་རྗེ་ཆེན་པོའི་ཚུལ་ཁྲིམས་ ཡོངས་སུ་བརྗོད་ཅིང་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་རབ་ཏུ་ཐོབ་པར་བྱ་བའི་ཕྱིར། སངས་རྒྱས་ཀྱི་ལམ་ནན་ཏན་དུ་བྱ་བའི་ཚུལ་ཁྲིམས་ལ་སེམས་ཅན་རབ་ཏུ་དགོད་པ་དང་། སྲིད་པའི་ལམ་གྱི་རྒྱུད་རྨྱི་ལམ་ལྟ་ བུར་སེམས་ཅན་རྣམས་ལ་རབ་ཏུ་བརྗོད་ཅིང་། རྨི་ལམ་གྱི་ཚུལ་དང་མཉམ་པར་ཡོངས་སུ་གཞོལ་བར་བྱ་བའི་ཕྱིར་ཡུལ་ཡོངས་སུ་འཛིན་པ་དང་ཉོན་མོངས་པ་ལ་དབང་བསྒྱུར་བར་སེམས་ཅན་རྣམས་རབ་ཏུ་ དགོད་པ་བྱེད་པ་མཐོང་ངོ་། །ཡང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་གྲངས་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱུང་ནས། འཇིག་རྟེན་རྣམས་ལ་མདོག་གསེར་གྱི་ཁ་དོག་ལྟ་བུ་མངོན་པར་སྟོན་ཅིང་། ཁྲོ་བ་ མེད་པ་དང་། འཁྲུག་པ་མྱེད་པ་དང་། ཤ་གཉེར་བ་མྱེད་པ་དང་། ཞེ་སྡང་བ་མེད་པ་དང་། ཆུད་གསྩོན་པ་མེད་པ་དང་། ཁོང་ཁྲོ་བ་མྱེད་པའི་སེམས་ལ་སེམས་ཅན་རབ་ཏུ་དགོད་པ་དང་། བྱོལ་སོང་གི་སྐྱེ་གནས་ཀྱི་ ལམ་གྱི་རྒྱུད་ཐམས་ཅད་ཡོངས་སུ་གཅོད་པའི་ཕྱིར། བ་སྤུའི་སྒོ་ཐམས་ཅད་ནས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དེ་བཞིན་གཤེགས་པའི་སྔོན་གྱི་སྦྱོར་བའི་སྤྲིན་རབ་ཏུ་འགྱེད་ཅིང་བཟོད་པའི་སྟོབས་ ལ་སེམས་ཅན་རབ་ཏུ་དགོད་པ་དང་། ཆོས་ལ་དབང་བསྒྱུར་བ་ལ་སེམས་ཅན་རབ་ཏུ་སྣང་བར་བྱེད་པ་མཐོང་ངོ་། །ཡང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་གྲངས་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱུང་སྟེ། བྱང་ཆུབ་ སེམས་དཔའི་བརྩོན་འགྲུས་ཀྱི་སྟོབས་མཐའ་ཡས་པ་ཤིན་ཏུ་སྟོན་ཅིང་། ཐམས་ཅད་མཁྱེན་པ་ཉིད་དུ་བསམ་པ་ལས་ཕྱིར་མྱི་ལྡོག་པའི་སྟོབས་ཀྱིས་ཐོས་པ་རྒྱ་མཚོ་ཡོངས་སུ་ 76-1-130a བཙལ་བས་མི་སྐྱོ་བར་བྱ་བ་ཡོངས་སུ་བརྗོད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་མཆོད་ཅིང་རིམ་གྲོ་བྱ་བ་ལ་སེམས་ཅན་རབ་ཏུ་གཟུད་པ་དང་། སྡུག་བསྔལ་གྱི་ཕུང་པོ་ཐམས་ཅད་རྣམ་པར་བཟློག་པའི་ བརྩོན་འགྲུས་ཆེན་པོ་ལ་སེམས་ཅན་རབ་ཏུ་དགོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སྔོན་གྱི་སྦྱོར་བ་མང་པོའི་སྤྲིན་ལུས་ཐམས་ཅད་ལས་རབ་ཏུ་འགྱེད་ཅིང་བྱང་ཆུབ་སེམས་དཔའི་བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་བསྟན་པ་དང་། སེམས་ཅན་རྣམས་ཀྱི་ལེ་ལོའི་རི་རྣམ་པར་གཏོར་བ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རབ་ཏུ་དགོད་པ་དང་ལས་ལ་དབང་ བསྒྱུར་བའི་འཇིག་རྟེན་རབ་ཏུ་གཟུད་པ་དང་། རྒྱུན་མི་ཆད་པར་བརྩོན་པར་བྱེད་པ་མཐོང་ངོ་། །ཡང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་གྲངས་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱུང་ནས། བྱང་ཆུབ་སེམས་དཔའ་རྣམས་ ཀྱི་རྗེས་སུ་དྲན་པའི་ལམ་ལ་སེམས་ཅན་ཐམས་ཅད་རབ་ཏུ་དགོད་ཅིང་སྒྲིབ་པ་དང་། བར་དུ་གཅོད་པ་དང་། རབ་རིབ་ཐམས་ཅད་རྣམ་པར་སེལ་བ་དང་། རློམ་པ་དང་བག་མྱེད་པ་ཐམས་ཅད་ལས་སེམས་ཅན་རྣམ་པར་ ཟློག་པ་དང་། བག་ཡོད་པའི་ཆོས་ལ་རབ་ཏུ་དགོད་པ་དང་། ཁེངས་པ་བགྱིད་པ་དང་། ང་རྒྱལ་གྱི་རྒྱལ་མཚན་རབ་ཏུ་སྙོལ་བ་དང་། སངས་རྒྱས་ཀྱི་བསམ་གཏན་གྱི་ཡན་ལག་རྒྱ་མཚོ་བརྗོད་པ་དང་། འཇིག་རྟེན་རྣམས་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྔགས་པ་དང་། བ་སྤུའི་བུ་ག་ཐམས་ཅད་ནས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སྔོན་གྱི་ཚུལ་མང་པོའི་སྤྲིན་ རབ་ཏུ་འགྱེད་པ་དང་། སེམས་ལ་དབང་བསྒྱུར་བ་ལ་སེམས་ཅན་དགོད་པ་བྱེད་ཅིང་སྐད་ཅིག་རེ་རེ་ལ་ཆོས་ཀྱི་དབྱིངས་རྒྱས་པར་འགེངས་པ་མཐོང་ངོ་། །ཡང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་ 76-1-130b གྲངས་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱུང་སྟེ། བ་སྤུའི་བུ་ག་ཐམས་ཅད་ནས་སངས་རྒྱས་ཀྱི་ཆོས་ཡོངས་སུ་ཚོལ་བ་དང་ལྡན་པའི་སྔོན་གྱི་སྦྱིན་པ་རབ་ཏུ་དགྱེ་བ་དང་། དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྐད་ ཐམས་ཅད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྲིན་གྱི་འབྲུག་སྒྲ་སྒྲོག་པ་དང་། ཡང་དག་པར་བལྟ་བའི་ཀློག་རབ་ཏུ་འགྱེད་པ་དང་། ཆོས་ཀྱི་རང་བཞིན་གྱི་སྒྲ་དབྱངས་རབ་ཏུ་བསྒྲག་པ་དང་། སེམས་ཅན་རྣམས་ཀྱི་བདག་ ཏུ་ལྟ་བའི་རིའི་ལྷུན་རབ་ཏུ་བཞིག་པ་དང་། ལྟ་བ་ཐམས་ཅད་ཀྱི་ཟུག་རྔུ་དབྱུང་བ་དང་། ཐེ་ཙོམ་དང་ཡིད་གཉིས་དང་ནེམ་ནུར་གྱི་རབ་རིབ་བསལ་བ་དང་། ཡེ་ཤེས་ཀྱི་དབང་ཡང་དག་པར་བསྔགས་པ་བྱེད་ཅིང་། སེམས་ཀྱི་སྐད་ཅིག་རེ་རེ་ལ་ཆོས་ཀྱི་དབྱིངས་རྒྱས་པར་འགེངས་པ་མཐོང་ངོ་། །ཡང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་གྲངས་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱུང་ནས། སངས་རྒྱས་ཐམས་ཅད་ཀྱི་ ཐབས་མཁས་པའི་ཚུལ་གྱི་དཀྱིལ་འཁོར་རབ་ཏུ་བརྗོད་པ་བྱེད་ཅིང་བ་སྤུའི་བུ་ག་ཐམས་ཅད་ནས་ཐབས་མཁས་པ་དང་ལྡན་པའི་སྔོན་གྱི་སྦྱོར་བ་མང་པོའི་སྤྲིན་རབ་ཏུ་དགྱེ་བ་དང་། འཇིག་རྟེན་རྣམས་ལ་ ཐབས་མཁས་པའི་སྤྱོད་པ་རབ་ཏུ་བརྗོད་པ་དང་། ཐེག་པ་ཆེན་པོའི་འབྱུང་བ་མངོན་པར་བསྟན་པ་དང་། སངས་རྒྱས་ཐམས་ཅད་ཀྱི་དཀྱིལ་འཁོར་ཡང་དག་པར་བསྔགས་པ་དང་། འཁོར་བ་དང་མྱ་ངན་ལས་འདས་ པ་ཐ་མྱི་དད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངསུ་བསྟན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རབ་ཏུ་དགོད་པ་དང་། འཇིག་རྟེན་རྣམས་ལ་བྱང་ ཆུབ་སེམས་དཔའི་དབང་གི་དཀྱིལ་འཁོར་རབ་ཏུ་བསྟན་པ་བྱེད་ཅིང་། སེམས་བསྐྱེད་པ་རེ་རེ་ལ་ཆོས་ཀྱི་དབྱིངས་རྒྱས་པར་འགེངས་པ་མཐོང་ངོ་། །ཡང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་གྲངས་མེད་ 76-1-131a པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱུང་སྟེ། བ་སྤུའི་བུ་ག་ཐམས་ཅད་ནས་དེ་བཞིན་གཤེགས་པ་ཐམས་ཅད་མཚན་རྒྱ་མཚོའི་སྤྲིན་གྱི་འབྲུག་སྒྲ་སྒྲོག་ཅིང་། བ་སྤུའི་བུ་ག་ཐམས་ཅད་ནས་བྱང་ཆུབ་སེམས་དཔའ་ སེམས་ཅན་ཐམས་ཅད་ཀྱི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་དང་ལྡན་པའི་སྔོན་གྱི་སྦྱོར་བ་མང་པོའི་སྤྲིན་རབ་ཏུ་བཀྱེ་བ་དང་། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བསྔགས་པ་དང་། བྱང་ཆུབ་སེམས་དཔའི་དབང་ཐམས་ཅད་ལ་སེམས་ཅན་རབ་ཏུ་དགོད་པ་དང་། སྨོན་ལམ་ཆེན་པོའི་ཤིང་རྟའི་འཁོར་ལོ་ཕྱི་མའི་མཐའ་མུར་ཐུག་པར་འདྲིལ་བ། ཆོས་ཐམས་ཅད་ཀྱི་རྗེསུ་འབྲང་བ་ཉོན་མོངས་པ་ཐམས་ཅད་ རྣམ་པར་ཟློག་པ་མི་ཤེས་པའི་རིགས་རྣམ་པར་འཐོར་བ། འཇིག་རྟེན་དུ་རབ་ཏུ་བརྗོད་པ་བྱེད་ཅིང་། སྨོན་ལམ་སྣ་ཚོགས་ཀྱི་རྣམ་པར་འཕྲུལ་པས། སེམས་ཀྱི་སྐད་ཅིག་རེ་རེ་ལ་ཆོས་ཀྱི་དབྱིངས་རྒྱས་པར་འགེངས་ པ་མཐོང་ངོ་།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བཅུ་པའོ། །ཡང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་གྲངས་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་བྱུང་སྟེ། བྱང་ཆུབ་ སེམས་དཔའི་སྟོབས་རབ་ཏུ་སྣང་བར་བྱ་བ་དང་། བྱང་ཆུབ་སེམས་དཔའི་སྟོབས་ཡོངས་སུ་བསྒྲུབ་པའི་སྒྲ་རབ་ཏུ་དབྱུང་བ་དང་། བ་སྤུའི་བུ་ག་ཐམས་ཅད་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒྲུབ་ཅིང་འབྱིན་པའི་སྔོན་ གྱི་སྦྱོར་བ་མང་པོའི་སྤྲིན་རབ་ཏུ་བཀྱེ་བ་དང་། བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་ཐུབ་པའི་སྟོབས་ཡོངས་སུ་བསྟན་པ་དང་། ཁོར་ཡུག་དང་རྡོ་རྗེའི་རི་ཐམས་ཅད་ལུས་ཀྱི་སྟེང་དུ་རྫིས་ཀྱང་མི་ ཉམས་པའི་སྟོབས་རབ་ཏུ་བརྗོད་པ་དང་། བསྐལ་པས་ཚིག་པ་ཐམས་ཅད་ཀྱི་མེ་རྒྱ་མཚོའི་ནང་ན་གནས་ཀྱང་ལུས་ལ་གནོད་པ་མེད་པའི་སྟོབས་ཡོངས་སུ་བསྟན་པ་དང་། འཇིག་རྟེན་གྱི་ཁམས་འབྱམ་ 76-1-131b ཀླས་པ་ཐམས་ཅད་ལག་པའི་མཐིལ་གྱིས་ནམ་མཁའི་དབྱིངས་སུ་སྟོན་པའི་སྟོབས་ཡོངས་སུ་སྟོན་པ་བྱེད་ཅིང་། སེམས་གྱི་སྐད་ཅིག་རེ་རེ་ལ་ཆོས་ཀྱི་དབྱིངས་སུ་འགེངས་པས་རྒྱུན་མི་གཅོད་པ་མཐོང་ངོ་། །ཡང་ བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱུང་ནས། སེམས་ཅན་རྣམས་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྟོན་ཅིང་། བ་སྤུའི་བུ་ག་ཐམས་ཅད་ནས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཡོངས་སུ་དག་པ་དང་ལྡན་པའི་སྔོན་གྱི་སྦྱོར་བ་མང་པོའི་སྤྲིན་རབ་ཏུ་འགྱེད་པ་དང་། འཇིག་རྟེན་རྣམས་ལ་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་དང་། ཡེ་ཤེས་མངོན་པར་ཤེས་པ་དང་ལྡན་པའི་ཡེ་ཤེས་ཀྱིས་ རབ་ཏུ་བརྗོད་པ་དང་། སངས་རྒྱས་ཐམས་ཅད་ཀྱི་མཚན་མངོན་པར་ཤེས་པ་དང་ལྡན་པའི་ཡེ་ཤེས་ཀྱིས་མངོན་པར་བསྟན་པ་དང་། སྨོན་ལམ་ཐམས་ཅད་མངོན་པར་བསྒྲུབ་པའི་ཡེ་ཤེས་མངོན་པར་ཤེས་པ་དང་ ལྡན་པའི་ཡེ་ཤེས་ཀྱིས་ཡོངས་སུ་བརྗོད་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་བསྡུ་བའི་སྨོན་ལམ་མངོན་པར་བསྒྲུབ་པའི་ཡེ་ཤེས་མངོན་པར་ཤེས་པ་དང་ལྡན་པའི་ཡེ་ཤེས་ཀྱིས་ཤིན་ཏུ་ཡངས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་བདག་མྱེད་པའི་རང་བཞིན་ལ་གཟུང་བ་མངོན་པར་ཤེས་པ་དང་ལྡན་པའི་ཡེ་ཤེས་ཀྱིས་རྣམ་པར་བསྟན་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་རྒྱ་མཚོ་རྣམ་པར་བལྟ་བ་མངོན་པར་ ཤེས་པ་དང་ལྡན་པའི་ཡེ་ཤེས་ཀྱིས་རབ་ཏུ་བརྗོད་པ་དང་། སེམས་ཅན་ཐམས་ཅད་ཀྱི་དབང་པོ་རྣམ་པར་དབྱེ་བའི་ཡེ་ཤེས་མངོན་པར་ཤེས་པ་དང་ལྡན་པའི་ཡེ་ཤེས་ཀྱིས་རབ་ཏུ་དབྱེ་བ་དང་། སེམས་ཅན་ཐམས་ཅད་ ཀྱི་བསམ་པ་དང་མོས་པ་རྣམ་པར་བལྟ་བའི་ཡེ་ཤེས་མངོན་པར་ཤེས་པ་དང་ལྡན་པའི་ཡེ་ཤེས་ཀྱིས་ཡང་དག་པར་བརྗོད་པ་དང་། སེམས་ཅན་ཐམས་ཅད་ཀྱི་ལས་རྒྱ་མཚོ་ལ་འཇུག་པའི་ཡེ་ཤེས་མངོན་པར་ 76-1-132a ཤེས་པ་དང་ལྡན་པའི་ཡེ་ཤེས་ཀྱིས་རྣམ་པར་གྲོལ་བ་དང་། སེམས་ཅན་ཐམས་ཅད་ཀྱི་སྨོན་ལམ་རྒྱ་མཚོ་ལ་འཇུག་པའི་ཡེ་ཤེས་མངོན་པར་ཤེས་པ་དང་ལྡན་པའི་ཡེ་ཤེས་ཀྱིས་ཡོངས་སུ་བསྟན་པ་ བྱེད་ཅིང་། སེམས་ཀྱི་སྐད་ཅིག་རེ་རེ་ལ་ཆོས་ཀྱི་དབྱིངས་རྒྱས་པར་འགེངས་པ་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་མཐོང་ངོ་། །སྤྱི་བོའི་གཙུག་ཏོར་གྱི་གསེབ་ནས་དེ་བཞིན་གཤེགས་པའི་སྐུ་སངས་རྒྱས་ཀྱི་ཞིང་ གྲངས་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་མཚན་དམ་པ་དང་། དཔེ་བྱད་བཟང་པོ་རྣམ་པར་དག་པས་བརྒྱན་པ། འཛམ་བུ་ཆུ་གླུང་གི་གསེར་གྱི་རི་བོ་ཤིན་ཏུ་འབར་བ་ལྟར་སྣང་བ་འོད་ཀྱི་དཀྱིལ་འཁོར་ཕྱོགས་བཅུར་ སྤྲོ་ཞིང་ཚད་མེད་པར་འབར་བ་དང་། ཆོས་ཀྱི་དབྱིངས་ཚུལ་གྱིས་རྒྱས་པར་འགེངས་པའི་དབྱངས་མངའ་བ། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་མཐའ་དང་དབུས་མེད་པ་ཡོངས་སུ་སྟོན་པ་འགྲོ་བ་ཐམས་ ཅད་ལ་ཐ་མི་དད་པར་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབེབས་པ་སྟེ། འདི་ལྟར་སྙིང་པོ་བྱང་ཆུབ་མཆོག་ཏུ་ཕྱིན་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་ཀྱི་དབྱིངས་གཞིའི་བྱེ་བྲག་མངོན་སུམ་དུ་ ཤེས་པའི་སྤྲིན་ཅེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་དབབ་པ་དང་། བྱང་ཆུབ་སེམས་དཔའ་དབང་བསྐུར་བ་ཐོབ་པ་རྣམས་ལ་གཞི་ཀུན་ཏུ་རྟེན་པའི་སྤྲིན་ཅེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་ པར་དབབ་པ་དང་། བྱང་ཆུབ་སེམས་དཔའ་ཆོས་ཆེན་པོའི་རྒྱལ་ཚབ་ཏུ་དབང་བསྐུར་བ་རྣམས་ལ་སྒོ་ཀུན་ནས་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པ་དང་། བྱང་ཆུབ་ སེམས་དཔའ་གཞོན་ནུར་གྱུར་པ་རྣམས་ལ་ཀུན་ནས་བརྒྱན་པ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་དབབ་པ་དང་། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་རྣམས་ལ་སྙིང་རྗེ་ཆེན་པོའི་ 76-1-132b ཚོགས་ཤིན་ཏུ་བརྟན་པ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་དབབ་པ་དང་། བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་དག་པ་རྣམས་ལ་ཆོས་ཐམས་ཅད་ཀྱི་རང་བཞིན་གྱི་བྱེ་བྲག་ ཤེས་བྱའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་དབབ་པ་དང་། བྱང་ཆུབ་སེམས་དཔའ་སྔོན་གྱི་སྦྱོར་བ་དང་ལྡན་པ་རྣམས་ལ་འགྲོ་བ་ཡོངས་སུ་སྡུད་པས་ཀུན་ནས་བརྒྱན་པ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ ཆར་མངོན་པར་དབབ་པ་དང་། བྱང་ཆུབ་སེམས་དཔའ་ཆེར་སྐྱེས་པ་རྣམས་ལ་དུས་གསུམ་གྱི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་མངོན་སུམ་དུ་དམིགས་པའི་སྤྲིན་ཅེས་བྱ་བའི་ཆོས་ཀྱི་ སྤྲིན་གྱི་ཆར་མངོན་པར་དབབ་པ་དང་། བྱང་ཆུབ་སེམས་དཔའ་རྣལ་འབྱོར་ལ་སྤྱོད་པ་རྣམས་ལ་ཆོས་ཐམས་ཅད་ཀྱི་རང་བཞིན་དང་གཞི་རབ་ཏུ་སྒྲོག་པ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་ དབབ་པ་དང་། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་རྣམས་ལ་སྙིང་རྗེ་ཆེན་པོའི་ཚུལ་དང་ཐབས་ཀྱི་སྙིང་པོའི་སྤྲིན་ཀུན་ཏུ་འབྱུང་བ་ཞེས་བྱ་བའི་སྤྲིན་གྱི་ཆར་མངོན་པར་དབབ་པ་དང་། བྱང་ཆུབ་ སེམས་དཔའ་སེམས་དང་པོ་བསྐྱེད་པ་རྣམས་ལ་དགའ་བར་བགྱི་བའི་མཛོད་ཤིན་ཏུ་བསྩགས་པའི་སྙིང་པོ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་དབབ་པ་དང་། བྱང་ཆུབ་སེམས་དཔའ་ ཡངས་པ་ལ་མོས་པ་རྣམས་ལ་རྣམ་པར་ཐར་པ་མི་ཟད་པ་དང་། དེ་བཞིན་གཤེགས་པའི་སྨོན་ལམ་གྱིས་དགའ་བར་བྱེད་པའི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་དབབ་པ་དང་། གཟུགས་ལ་སྤྱོད་པའི་སེམས་ཅན་རྣམས་ལ་གཞི་ཀུན་ཏུ་མི་ཟད་པའི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་དབབ་པ་དང་། ཚངས་པའི་རིས་ཀྱི་ལྷ་རྣམས་ལ་ཚུལ་རྒྱ་མཚོ་ཚད་མྱེད་ 76-1-133a པའི་འབྲུག་སྒྲའི་དབྱངས་ཤེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་དབབ་པ་དང་། དབང་བསྒྱུར་བའི་ལྷ་རྣམས་ལ་སྟོབས་འབྱུང་བའི་ཆོས་ཀྱི་ཡོ་བྱད་མི་ཟད་པའི་མཛོད་ཅེས་བྱ་བའི་ ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་དབབ་པ་དང་། བདུད་ཀྱི་རིས་ཀྱི་ལྷ་རྣམས་ལ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚོགས་རྒྱལ་མཚན་སྣ་ཚོགས་ཅན་ཡང་དག་པ་བསྒྲུབ་པའི་དབྱངས་ཤེས་ བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་དབབ་པ་དང་། འཕྲུལ་དགའི་ལྷ་རྣམས་ལ་ཡེ་ཤེས་རིན་པོ་ཆེ་སྣ་ཚོགས་ལ་བརྩོན་པ་ཞེས་བྱ་བའི་ཆོས་ཀྱི་དབྱིངས་ཀྱི་སྤྲིན་གྱི་ཆར་མངོན་པར་དབབ་པ་དང་། དགའ་ལྡན་གྱི་ལྷ་རྣམས་ལ་བྱང་ཆུབ་སེམས་དཔའི་སྨོན་ལམ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱལ་མཚན་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་དབབ་པ་དང་། མཚེ་མའི་ལྷ་རྣམས་ལ་དེ་བཞིན་ གཤེགས་པ་ཐམས་ཅད་རྗེས་སུ་དྲན་པའི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་དབབ་པ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱི་གནས་སུ་དེ་བཞིན་གཤེགས་པ་མཐོང་བས་དགའ་བའི་ཤུགས་ འབྱུང་བ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་དབབ་པ་དང་། གནོད་སྦྱིན་གྱི་དབང་པོའི་གནས་སུ་ཆོས་ཀྱི་དབྱིངས་ཀྱི་ནམ་མཁའ་ལ་དེ་བཞིན་གཤེགས་པའི་གནས་རྣམ་པར་འཕྲུལ་པས་རྒྱས་པར་འགེངས་ པ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་དབབ་པ་དང་། དྲི་ཟའི་དབང་པོའི་གནས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཡང་དག་པར་བགྲོ་བ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་དབབ་པ་དང་། ལྷ་མ་ཡིན་གྱི་གནས་སུ་ཡེ་ཤེས་ཀྱི་ཚུལ་རྡོ་རྗེའི་དཀྱིལ་འཁོར་ཅེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་དབབ་པ་དང་། ནམ་མཁའ་ལྡིང་གི་དབང་པོའི་གནས་སུ་དེ་བཞིན་གཤེགས་པ་ཐམས་ཅད་འབྱུང་བའི་ 76-1-133b ཐབས་ཀྱི་སྤྲིན་ཅེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་དབབ་པ་དང་། མིའམ་ཅིའི་དབང་པོའི་གནས་སུ་ཆོས་ཀྱི་སྤྲིན་ཡང་དག་པར་འགྲོ་བ་ཐམས་ཅད་ཀྱི་དབྱངས་ཤེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་ དབབ་པ་དང་། ཀླུའི་དབང་པོའི་གནས་སུ་བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་སྒྲོག་ཅིང་སྲིད་པའི་ལམ་གྱི་རྒྱུད་ལས་སྐྱོ་བ་བསྐྱེད་པ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་དབབ་པ་དང་། ལྟོ་འཕྱེ་ཆེན་པོའི་གནས་ སུ་དགའ་བ་རྒྱ་མཚོ་རྣམ་པར་འཕེལ་བར་བྱེད་པའི་ཤུགས་ཤེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་དབབ་པ་དང་། མྱིའི་གནས་སུ་འགྲོ་བ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ཡེ་ཤེས་རྣམ་པར་འབྱེད་ པ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་དབབ་པ་དང་། སེམས་ཅན་དམྱལ་བའི་འཇིག་རྟེན་དུ་འཁོར་བའི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བའི་དབྱངས་དང་། འཕགས་པའི་ལམ་གྱི་ཚིག་གི་རྒྱུད་ ཀྱིས་བརྒྱན་པ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་དབབ་པ་དང་། བྱོལ་སོང་གི་སྐྱེ་གནས་སུ་ལས་ཀྱི་ལམ་ཁ་ན་མ་ཐོ་བ་མྱེད་པ་ལ་ནན་ཏན་དུ་བྱ་བའི་དབྱངས་དང་། དེ་བཞིན་གཤེགས་པ་རྗེས་སུ་དྲན་པའི་ སྤྲིན་གྱི་དཀྱིལ་འཁོར་གྱི་ལྷུན་ཅེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་དབབ་པ་དང་། གཤིན་རྗེའི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒྲགས་པ། སེམས་ཅན་ཐམས་ཅད་ ཀྱི་གཏོང་བའི་སེམས་འབྱུང་བ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་དབབ་པ་དང་། སེམས་ཅན་ལོག་པར་ལྟུང་བ་རྣམས་ལ་སྡུག་བསྔལ་ཐམས་ཅད་ཞི་བ་རབ་ཏུ་འཐོབ་པས་དབུགས་འབྱུང་བའི་ དབྱངས་ཀྱི་ང་རོ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་དབབ་པ་མཛད་ཅིང་ཆོས་ཀྱི་དབྱིངས་རྒྱས་པར་འགེངས་པ་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་མཐོང་ངོ་། །བ་སྤུའི་བུ་ག་ཐམས་ཅད་ལས་བ་སྤུའི་ 76-1-134a བུ་གའི་སྒོ་རེ་རེ་ནས་ཀྱང་འོད་ཟེར་གྱི་དྲ་བ་དང་། དཀྱིལ་འཁོར་གྱི་ཁ་དོག་དང་གཟུགས་ཀྱི་ཀློང་དང་རྒྱན་གྲངས་མེད་པ་ཅན་དགོས་པ་སྣ་ཚོགས་གྲངས་མེད་པ་ལ་སྟ་གོན་དུ་གནས་པ། སངས་རྒྱས་ཀྱི་ ཞིང་གྲངས་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱུང་ནས། ཕྱོགས་བཅུའི་ཆོས་ཀྱི་དབྱིངས་རྒྱས་པར་འགེངས་པ་མཐོང་སྟེ། འདི་ལྟར་བ་སྤུའི་སྒོའི་འོད་ཟེར་གྱི་དྲ་བ་དང་། དཀྱིལ་འཁོར་ལ་ལ་ལས་ནི་སྤྲིན་གྱི་ བཀྱེ་བའི་སྤྱོད་པ་སྐྱོན་མེད་པས། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་རྣམ་པར་འཕྲུལ་པ་མཐོང་ངོ་། །བ་སྤུའི་སྒོའི་དྲ་བ་དང་། དཀྱིལ་འཁོར་ལ་ལ་ལས་ནི་དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་ ཀྱི་ཚུལ་ཁྲིམས་དང་བརྟུལ་ཞུགས་དང་། ཡི་དམ་དང་ཚུལ་ཁྲིམས་ཀྱི་དཀྱིལ་འཁོར་དུ་རྣམ་པར་འཕྲུལ་པ་མཐོང་ངོ་། །བ་སྤུའི་སྒོའི་འོད་ཟེར་གྱི་དྲ་བ་དང་། དཀྱིལ་འཁོར་ལ་ལ་ལས་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ བཟོད་པའི་སྤྱོད་པའི་རྣམ་པ་དུས་གསུམ་དུ་བྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་རྐང་ལག་དང་། ཡན་ལག་གི་དམ་པ་བཅད་ཀྱང་ཉམས་སུ་བཟོད་པ་བྱེད་པའི་རྣམ་པར་འཕྲུལ་པ་དང་། ཁུ་ཚུར་དང་དབྱིག་པས་བསྣུན་ ཏེ། མཚོན་གྱིས་ལུས་ལ་བཏབ་ཀྱང་ཉམས་སུ་བཟོད་པར་བྱེད་པའི་རྣམ་པར་འཕྲུལ་པ་དང་། ལུས་ཐམས་ཅད་བཤགས་པ་དང་། སྙིང་དང་མྱིག་ཕྱུང་ཡང་ཉམས་སུ་བཟོད་པ་བྱེད་པའི་རྣམ་པར་འཕྲུལ་པ་མཐོང་ངོ་། ། བྱང་ཆུབ་སེམས་དཔའི་དུས་གསུམ་དུ་བྱུང་བ་རྣམ་པར་བརྟགས་པའི་ལུས་དང་ལྡན་པ་གཞན་དག་གི་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་བཙལ་བའི་ཆེད་དུ་ལུས་དང་། སེམས་ལ་གནོད་པ་ཐམས་ཅད་དང་། ཡན་ལག་དང་ཉིང་ལག་བཅད་པ་ཐམས་ཅད་ཀྱང་སྙིང་རྗེ་ཆེན་པོས་དབང་དུ་བྱས་པའི་ཕྱིར་ཉམས་སུ་བཟོད་པར་བྱས་པ་དང་། བག་ལ་ཉལ་ཞི་བར་བྱས་པ་དང་བཏང་སྙོམས་སུ་བཞག་པའི་བྱང་ཆུབ་སེམས་ 76-1-134b དཔའི་བཟོད་པའི་སྤྱོད་པ་རྣམ་པར་འཕྲུལ་པའི་གཟུགས་བརྙན་གྱི་གཟུགས་དེ་ལྟ་བུ་དག་མཐོང་ངོ་། །བ་སྤུའི་བུ་གའི་སྒོའི་འོད་ཟེར་གྱི་དྲ་བ་དང་། དཀྱིལ་འཁོར་ལ་ལ་ལས་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ བརྩོན་འགྲུས་གྱི་སྤྱོད་པ་རྣམ་པ་ཐ་དད་པ་རྣམ་པར་ཕྱེ་བའི་གཟུགས་དང་། བྱང་ཆུབ་སེམས་དཔའ་འདས་པ་དང་། མ་འོངས་པ་དང་ད་ལྟར་བྱུང་བའི་བརྩོན་འགྲུས་ཀྱི་རྣམ་པར་འཕྲུལ་པ་འཇིག་རྟེན་ཡོངསུ་བསྐྱོད་པ་དང་ རྒྱ་མཚོ་ཡོངས་སུ་བསྐྱོད་པ་དང་། སེམས་ཅན་ཡོངསུ་སྐྱོ་བར་བྱ་བ་དང་། མུ་སྟེགས་ཅན་ཐམས་ཅད་ཡོངས་སུ་ཚར་གཅད་པ་དང་། བདུད་ཐམས་ཅད་སྤ་བཀོང་བ་དང་། ཆོས་ཀྱི་ཕྱོགས་སྣང་བར་བྱ་བའི་བྱང་ཆུབ་སེམས་དཔའི་ མཐུ་ཆེན་པོར་རྣམ་པར་འཕྲུལ་པ་མཐོང་ངོ་། །བ་སྤུའི་སྒོའི་འོད་ཟེར་གྱི་དྲ་བ་དང་། དཀྱིལ་འཁོར་ལ་ལ་ལས་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པ་རྣམ་པར་རྒྱུ་བའི་རྣམ་གྲངས་ཇི་སྙེད་པ་དང་ལུས་ཉེ་བར་ ལེན་པ་ཇི་སྙེད་པ་དང་། རིགསུ་སྐྱེ་བ་ཡོངས་སུ་གཟུང་བ་ཅི་སྙེད་པ་དང་། གཟུགས་ཀྱི་ལུས་ཡོངས་སུ་གྲུབ་པ་ཇི་སྙེད་པ་དང་། དགེ་བའི་བཤེས་གཉེན་གྱི་མན་ངག་ལ་ནན་ཏན་དུ་བྱ་བའི་གནས་ཇི་སྙེད་པ་དང་། དེ་བཞིན་གཤེགས་པའི་བསམ་གཏན་གྱི་ཡན་ལག་ཡོངས་སུ་བསྒྲུབ་པ་དང་། འཐུན་པའི་གཙུག་ལག་ཁང་དང་གནས་དང་། གཞལ་མེད་ཁང་དང་ཡུལ་དང་རིའི་སུལ་ཇི་སྙེད་པ་དང་། བསམ་གཏན་གྱི་ཡན་ལག་ དེ་དག་སུས་ཡོངས་སུ་བསྒྲུབ་པའི་དྲང་སྲོང་གི་ལུས་ཇི་སྙེད་པ་དང་། རྒྱལ་པོའི་ཐབས་ཇི་སྙེད་པ་དང་འབྱུང་བ་ལ་མངོན་པར་མོས་པ་ཇི་སྙེད་པ་དང་། བརྟུལ་ཞུགས་དང་ཡི་དམ་དང་། ཚུལ་དང་སྤྱོད་ལམ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱི་ མཐོང་ངོ་། །བ་སྤུའི་སྒོའི་འོད་ཟེར་གྱི་དྲ་བ་དང་། དཀྱིལ་འཁོར་ལ་ལ་ལས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལ་རྣམ་པར་སྤྱོད་ཅིང་། ཆོས་ཐམས་ཅད་ཡོངསུ་ཚོལ་བ་དང་ལྡན་པའི་ལུས་ཡོངསུ་བཟུང་བ་མཐོང་ངོ་། ། 76-1-135a ལུས་གང་གི་ཆོས་ཀྱི་ཚིག་གི་དོན་དུ་ཡང་བ་དོག་པ་ཐམས་ཅད་ཡོངས་སུ་བཏང་སྟེ། སེམས་ཅན་ཐམས་ཅད་ལས་ཡོངས་སུ་བཙལ་བ་དང་རིམ་གྲོ་དང་། བཀུར་སྟི་ཐམས་ཅད་ཀྱིས་དགེ་བའི་བཤེས་ གཉེན་ཐམས་ཅད་ལས་ཡོངསུ་བཙལ་བ་དང་། དད་པ་དང་སྲི་ཞུས་ལུས་རབ་ཏུ་བཏུད་དེ། དེ་བཞིན་གཤེགས་པ་རྣམས་ལས་ཡོངས་སུ་བཙལ་བ་དང་། ཆོས་ཀྱི་ཚིག་གཅིག་ལ་ཇི་ལྟ་བ་དེ་བཞིན་དུ་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་ཀྱི་ཚིག་ཐམས་ཅད་ལའང་དེ་བཞིན་ཏེ། འགྲོ་བ་ཐམས་ཅད་དུ་གཟུགས་བརྙན་བྱུང་བའི་ལུས་ཐམས་ཅད་ཀྱི་ཡོངསུ་བཙལ་བ་དེ་དག་ཐམས་ཅད་ཀྱང་ཚོང་དཔོན་གྱི་བུ་ནོར་ བཟངས་ཀྱི་བ་སྤུའི་སྒོ་གཅིག་གི་འོད་ཟེར་གྱི་དྲ་བ་དང་དཀྱིལ་འཁོར་ལས་མཐོང་ངོ་། །བ་སྤུའི་སྒོའི་འོད་ཟེར་གྱི་དྲ་བ་དང་། དཀྱིལ་འཁོར་ལ་ལ་ལས་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སེམས་ཅན་ ཡོངས་སུ་སྨིན་པར་བྱ་བའི་ཐབས་འགྲོ་བའི་རྒྱུད་རྒྱ་མཚོ་ཐམས་ཅད་དུ་འབྱམ་ཀླས་པ། སེམས་ཅན་ཐམས་ཅད་ཡོངསུ་བསྡུ་བའི་སྦྱོར་བར་མཐོང་ངོ་། །སེམས་ཅན་རེ་རེ་ལ་ཡང་ལུས་དང་སྤྱོད་པའི་ཚུལ་ གྱི་སྒོ་སེམས་ཅན་གྱི་ལུས་ཉེ་བར་བླངས་པ་ཐབས་མཁས་པའི་སྤྱོད་པ་ལ་བརྩོན་པ། སེམས་ཅན་ཐམས་ཅད་ཀྱི་ལུས་དང་འདྲ་བས་ཡོངསུ་སྡུད་པ་ཡང་བ་སྤུའི་སྒོའི་འོད་ཟེར་གྱི་དཀྱིལ་འཁོར་གཅིག་ ལས་མཐོང་ངོ་། །བ་སྤུའི་སྒོའི་འོད་ཟེར་གྱི་དྲ་བའི་དཀྱིལ་འཁོར་ལ་ལ་ལས་ནི་སྔོན་བཅོམ་ལྡན་འདས་ཀྱི་བསྐལ་པ་ཐམས་ཅད་ཀྱི་སྨོན་ལམ་མངོན་པར་བསྒྲུབ་པའི་སྤྱོད་པ་དང་། སེམས་ཅན་ཐམས་ཅད་ ཡོངསུ་སྨིན་པར་བྱ་བའི་སྨོན་ལམ་མངོན་པར་སྒྲུབ་པའི་སྤྱོད་པ་དང་། ཞིང་ཐམས་ཅད་ཡོངསུ་དག་པར་བྱ་བའི་སྨོན་ལམ་མངོན་པར་བསྒྲུབ་པ་མཛད་པ་ཇི་སྙེད་པ་དང་། སྨོན་ལམ་ཐམས་ཅད་ 76-1-135b མངོན་པར་བསྒྲུབ་པའི་དཀྱིལ་འཁོར་ཇི་སྙེད་ཅིག་དེ་བཞིན་གཤེགས་པ་དེ་དག་གི་ཞབས་ཀྱི་དྲུང་དུ་བོར་བའི་སྐྱོན་ཐམས་ཅད་ལས་སོ་སོའི་རེ་རེའི་གཉེན་པོར་མངོན་པར་བསྒྲུབ་པར་མཛད་པ། དེ་དག་ཐམས་ཅད་ ཀྱང་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱི་བ་སྤུའི་སྒོའི་འོད་ཟེར་དྲ་བའི་དཀྱིལ་འཁོར་གཅིག་ལས་མཐོང་ངོ་། །བ་སྤུའི་སྒོའི་འོད་ཟེར་གྱི་དྲ་བའི་དཀྱིལ་འཁོར་ལ་ལ་ལས་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཐམས་ ཅད་དང་ལྡན་པའི་སྔོན་གྱི་སྦྱོར་བ་རྒྱ་མཚོ་མཐོང་ངོ་། །བ་སྤུའི་སྒོའི་འོད་ཟེར་གྱི་དྲ་བའི་དཀྱིལ་འཁོར་ལ་ལ་ལས་ནི་ཡེ་ཤེས་ཀྱི་སྤྱོད་པ་རྣམ་པར་རྒྱུ་བ་ཐམས་ཅད་དང་ལྡན་པ་མྱི་ཤེས་པའི་གཉིད་ཀྱི་ལོག་པའི་ སེམས་ཅན་སད་པར་བྱེད་པའི་རང་བཞིན་དང་ལྡན་པའི་སྔོན་གྱི་སྦྱོར་བ་རྒྱ་མཚོ་མཐོང་བར་གྱུར་ཏོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་དགེ་སློང་རྒྱ་མཚོའི་རྒྱལ་མཚན་དེ་ལྟར་མཉམ་པར་བཞག་པ་ལ་སེམས་ཤིང་ རྟོགས་པ་དང་། ཏིང་ངེ་འཛིན་གྱི་རྣམ་པར་ཐར་པའི་དཀྱིལ་འཁོར་དེ་རྗེས་སུ་དྲན་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་ཁྱུ་མཆོག་གི་མཐུ་ཕྱུང་བ་དེ་ལ་རྗེས་སུ་རྣམ་པར་བསམ་པ་དང་། སེམས་ཅན་གྱི་དོན་གྱི་ཚུལ་རྒྱ་མཚོ་དེ་ལ་འཇུག་པར་བྱ་བ་དང་། མངོན་པར་འདུ་བྱ་བའི་སྒོ་རྒྱུད་ཀུན་ལ་མངོན་དུ་གནས་པའི་རྒྱན་དེའི་རྗེས་སུ་འབྲང་ཞིང་ཁོང་དུ་ཆུད་པར་བྱ་བ་དང་། ཆོས་ཀྱི་དབྱིངས་ཀྱི་རྒྱན་ རྣམ་པར་དག་པའི་ཡེ་ཤེས་ཀྱི་སྒོ་དེ་ལ་འཇུག་པར་བྱ་བ་དང་། སངས་རྒྱས་ཀྱི་བྱིན་གྱིས་རླབས་ཡང་དག་པར་གནོན་པའི་ཡེ་ཤེས་དེ་ལ་རབ་ཏུ་བརྟགས་པ་དང་། བྱང་ཆུབ་སེམས་དཔའི་དབང་པོའི་སྟོབས་ དེ་ཡོངས་སུ་བསྐྱེད་པ་དང་། བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་སྟོབས་དེ་བསྟན་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པའི་སྟོབས་དེ་ཤིན་ཏུ་རྒྱས་པར་བྱ་བ་བྱེད་ཅིང་། དགེ་སློང་རྒྱ་མཚོའི་རྒྱལ་མཚན་ 76-1-136a གྱི་མདུན་དུ་ཉིན་ཞག་གཅིག་ཀྱང་ལོན་ནོ། །ཉིན་ཞག་གཉིས་དང་བདུན་ཡང་ལོན་ནོ། །ཟླ་བ་ཕྱེད་དང་ཟླ་བ་གཅིག་དང་། ཟླ་བ་གཉིས་དང་ཟླ་བ་དྲུག་གི་བར་དང་། ཉིན་ཞག་ཀྱང་དྲུག་དུ་དགེ་སློང་རྒྱ་མཚོའི་རྒྱལ་མཚན་ གྱི་མདུན་དུ་ལོན་ཏེ། དེ་ལྟར་ཟླ་བ་དྲུག་དང་། ཉིན་ཞག་དྲུག་འདས་ནས་དགེ་སློང་རྒྱ་མཚོའི་རྒྱལ་མཚན་ཏིང་ངེ་འཛིན་དེ་ལས་ལངས་སོ། །དེ་ནས་ནོར་བཟངས་ཀྱི་སྨྲས་པ། འཕགས་པ་ཏིང་ངེ་འཛིན་འདི་དེ་ལྟར་ ཟབ་ལ། དེ་ལྟར་རྒྱ་ཆེ་ཞིང་ཚད་མ་མཆིས་པའི་ཡུལ་དང་ལྡན་པ་དང་། དེ་ལྟར་བསམ་གྱིས་མི་ཁྱབ་པའི་རྒྱན་དང་ལྡན་པ་དེ་ལྟར་སྣང་བ་མཚུངས་པ་མ་མཆིས་པ་རྒྱན་དང་ལྡན་པ་དང་། དེ་ལྟར་མི་འཕྲོགས་པའི་ སྤྱོད་པའི་ཡུལ་དང་ལྡན་པ་དང་། དེ་ལྟར་མ་འདྲེས་པའི་ཡུལ་དང་ལྡན་པ་དང་། དེ་ལྟར་ཕྱོགས་ཀུན་ཏུ་རྣམ་པར་སྣང་བ་དང་། ཏིང་ངེ་འཛིན་འདི་དེ་ལྟར་སེམས་ཅན་གྱི་དོན་ཚད་མ་མཆིས་པ་རབ་ཏུ་བསྒྲུབ་ པར་གྱུར་པ་ནི་ངོ་མཚར་ཏེ། དེ་ནི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཕུང་པོ་ཚད་མ་མཆིས་པ་རྣམ་པར་ཞི་བར་བགྱི་བ་ལ་སྟ་གོན་དུ་གནས་པ་སྟེ། འདི་ལྟར་དབུལ་བའི་སྡུག་བསྔལ་ཞི་བར་ བགྱི་བ་ལ་སྟ་གོན་དུ་གནས་སོ། །སེམས་ཅན་དམྱལ་བའི་ལམ་གྱི་རྒྱུད་རྒྱུན་བཅད་པ་དང་། བྱོལ་སོང་གི་སྐྱེ་གནས་ཀྱི་ལམ་གྱི་རྒྱུད་ལས་ཡོངས་སུ་སྐྱོབ་པ་དང་། མི་ཁོམ་པའི་ལམ་གྱི་རྒྱུད་ཀྱི་སྒོ་ཐམས་ ཅད་གཅད་པ་དང་། མཐོ་རིས་ཀྱི་ལམ་གྱི་རྒྱུད་དུ་ཕྱིན་པར་བགྱི་བ་དང་། ལྷ་དང་མིའི་དགའ་བ་དང་། བདེ་བ་འབྱུང་བར་བགྱི་བ་དང་། བསམ་གཏན་གྱི་ཡུལ་གྱིས་དགའ་བ་ཉམས་སུ་མྱོང་བར་བགྱི་བ་དང་། འདུས་བྱས་ལ་སྤྱོད་པའི་བདེ་བ་ཡོངས་སུ་འཕེལ་བར་བགྱི་བ་དང་། ཁམས་གསུམ་པ་ལས་འབྱུང་བའི་སྒོ་ཡོངས་སུ་བསྟན་པ་ལ་སྟ་གོན་དུ་གནས་སོ། །བྱང་ཆུབ་ཀྱི་སེམས་ཡང་དག་པར་སྐྱེ་བའི་རྒྱུ་ཡོངས་སུ་ 76-1-136b བརྗོད་པ་ལ་སྟ་གོན་དུ་གནས་སོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་སྐྱེ་བའི་རྒྱུ་རྣམ་པར་འཕེལ་བར་བགྱི་བ་དང་། སྙིང་རྗེ་ཆེན་པོའི་ཤུགས་རྒྱ་ཆེན་པོ་རྣམ་པར་འཕེལ་བར་བགྱི་བ་དང་། སྨོན་ལམ་རྒྱ་ཆེན་པོའི་སྟོབས་ཡོངས་སུ་བསྐྱེད་པར་བགྱི་བ་དང་། བྱང་ཆུབ་སེམས་དཔའི་ལམ་སྣང་བ་རབ་ཏུ་ཐོབ་པར་བགྱི་བ་དང་། ཕ་རོལ་ཏུ་ཕྱིན་པ་ཆེན་པོའི་ཐེག་པ་རྣམ་པར་དགོད་པ་དང་། ཐེག་པ་ཆེན་པོའི་ཁྱད་པར་ལ་འཇུག་པ་མངོན་པར་བསྒྲུབ་པ་དང་། ཀུན་ཏུ་བཟང་པོའི་སྤྱོད་པ་ཤེས་ཤིང་སྣང་བར་བགྱི་བ་དང་། བྱང་ཆུབ་སེམས་དཔས་ཤེས་ཤིང་སྣང་བ་ཐོབ་པར་བགྱི་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྨོན་ལམ་དང་སྤྱོད་པ་དང་། འབྱུང་བ་དང་། རྒྱན་རྣམ་པར་དག་པ་ཡོངས་སུ་བསྒྲུབ་པ་དང་། ཐམས་ཅད་མཁྱེན་པའི་ས་གནན་པ་ལ་ཐོགས་པ་མེད་པར་མཆིས་ པར་བགྱི་བ་ལ་སྟ་གོན་དུ་གནས་པའོ། །འཕགས་པ་ཏིང་ངེ་འཛིན་དེའི་མྱིང་ཅི་ཞེས་བགྱི་སྨྲས་པ། རིགས་ཀྱི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀུན་ནས་ལྟ་བའི་བཏང་སྙོམས་ཡོངས་སུ་ཐོབ་པ་ཞེས་ བྱ་བ་ཡོད་དེ། ཏིང་ངེ་འཛིན་འདི་ནི་དེའི་སྣང་བ་སྟེ། སྒོ་ཀུན་ནས་རྣམ་པར་དག་པའི་རྒྱན་ཅེས་བྱའོ། །རིགས་ཀྱི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀུན་ནས་ལྟ་བའི་བཏང་སྙོམས་རབ་ཏུ་ཐོབ་པའི་སྣང་བ་ ལས་སྐྱེས་པའི་ཏིང་ངེ་འཛིན་སྒོ་ཀུན་ནས་རྣམ་པར་དག་པའི་རྒྱན་ཅེས་བྱ་བ་འདི་ཤིན་ཏུ་བསྒོམས་ན་སྒོ་ཀུན་ནས་རྣམ་པར་དག་པའི་རྒྱན་ལ་སྩོགས་པ་ཏིང་ངེ་འཛིན་བརྒྱ་སྟོང་གྲངས་མྱེད་པ་ཕྲག་བཅུ་ཚང་བ་ ཡོངས་སུ་འགྲུབ་པར་འགྱུར་རོ། །སྨྲས་པ་འཕགས་པ་ཏིང་ངེ་འཛིན་འདིའི་ཡུལ་དེར་བསམ་སོ་མ་ལགས། སྨྲས་པ་རིགས་ཀྱི་བུ་ཏིང་ངེ་འཛིན་འདི་ལ་སྙོམས་པར་ཞུགས་པ་ལ་ནི་འཇིག་རྟེན་གྱི་ཁམས་ 76-1-137a རྣམ་པར་དག་པ་དམིགས་པ་ལ་ཐོགས་པ་མེད་དོ། །འཇིག་རྟེན་གྱི་ཁམས་སུ་འཇུག་པར་བྱ་བ་ལ་ཐོགས་པ་མེད་དོ། །འཇིག་རྟེན་གྱི་ཁམས་རྣམ་པར་གནན་པ་ལ་ཐོགས་པ་མེད་དོ། །འཇིག་ རྟེན་གྱི་ཁམས་ཡོངས་སུ་བརྒྱན་པ་ལ་ཐོགས་པ་མེད་དོ། །འཇིག་རྟེན་གྱི་ཁམས་ཡོངས་སུ་སྦྱངས་པ་ལ་ཐོགས་པ་མེད་དོ། །འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པར་བྱ་བ་ལ་ཐོགས་པ་མེད་དོ། ། སངས་རྒྱས་ཀྱི་བལྟ་ཞིང་རྣམ་པར་དམྱིགས་པར་བྱ་བ་ལ་ཐོགས་པ་མེད་དོ། །སངས་རྒྱས་ཀྱི་བདག་ཉིད་ཆེ་བ་བརྟགས་པ་ལ་ཐོགས་པ་མེད་དོ། །སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཡོངས་སུ་ཤེས་ པར་བྱ་བ་ལ་ཐོགས་པ་མེད་དོ། །སངས་རྒྱས་ཀྱི་སྟོབས་ལ་འཇུག་ཅིང་ཁོང་དུ་ཆུད་པར་བྱ་བ་ལ་ཐོགས་པ་མེད་དོ། །སངས་རྒྱས་ཀྱི་ཡོན་ཏན་རྒྱ་མཚོར་འཇུག་པ་ལ་ཐོགས་པ་མེད་དོ། ། སངས་རྒྱས་ཀྱི་ཆོས་ཀྱི་སྤྲིན་གྱི་ཆར་ཡོངས་སུ་བཟུང་བ་ལ་ཐོགས་པ་མེད་དོ། །སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་འཁོར་མ་འདྲེས་པ་ཤེས་ཤིང་ཁོང་དུ་ཆུད་པར་བྱ་བ་ལ་ཐོགས་པ་མེད་དོ། །སངས་ རྒྱས་ཀྱི་ཞིང་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་ལ་འཇུག་ཅིང་ཁོང་དུ་ཆུད་པར་བྱ་བ་ལ་ཐོགས་པ་མེད་དོ། །ཕྱོགས་བཅུར་འཇུག་ཅིང་རྗེས་སུ་འབྲང་བར་བྱ་བ་ལ་ཐོགས་པ་མེད་དོ། །སངས་རྒྱས་ཀྱི་ཆོས་ བསྟན་པ་རྗེས་སུ་བརྟག་པར་བྱ་བ་ལ་ཐོགས་པ་མེད་དོ། །སངས་རྒྱས་ཀྱི་ཕྱོགས་རྗེས་སུ་བརྟག་པར་བྱ་བ་ལ་ཐོགས་པ་མེད་དོ། །སྙིང་རྗེ་ཆེན་པོའི་ཕྱོགས་རྣམ་པར་མི་སྤང་བ་ལ་ཐོགས་པ་མེད་དོ། ། བྱམས་པས་ཕྱོགས་རྒྱས་པར་དགངས་བ་ལ་ཐོགས་པ་མེད་དོ། །སངས་རྒྱས་བལྟ་བའི་ཕྱོགས་ལ་འཇུག་པས་མྱི་ངོམས་པར་བྱ་བ་ལ་ཐོགས་པ་མེད་དོ། །སེམས་ཅན་རྒྱ་མཚོ་ཐམས་ཅད་དུ་ 76-1-137b འཇུག་ཅིང་ཁོང་དུ་ཆུད་པར་བྱ་བ་ལ་ཐོགས་པ་མེད་དོ། །སེམས་ཅན་གྱི་དབང་པོ་རྒྱ་མཚོ་ཐམས་ཅད་ཤེས་ཤིང་ཁོང་དུ་ཆུད་པ་ལ་ཐོགས་པ་མེད་དོ། །སེམས་ཅན་གྱི་དབང་པོ་ཐ་དད་པ་ཐམས་ཅད་ཤེས་པར་ བྱ་བ་ལ་ཐོགས་པ་མེད་དོ། །རིགས་ཀྱི་བུ་ཁོ་བོས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་སྤྱོད་པ་འདི་ཤེས་སུ་ཟད་ན། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་སྤྱོད་པ་ རྒྱ་མཚོ་ལ་ཞུགས་པ་ཆོས་ཀྱི་དབྱིངས་ཀྱི་ཡུལ་ལ་བློ་གྲོས་རྣམ་པར་དག་པ། ཆོས་ཐམས་ཅད་ལ་རིགས་པ་རྗེས་སུ་འབྲང་བའི་ཡེ་ཤེས་ཅན། བློ་ཤིན་ཏུ་ཡངས་པས་ཚད་མེད་པའི་ཡུལ་རྒྱས་པར་འགེངས་ པ་གཟུངས་ཆེན་པོའི་སྣང་བ་ལ་དབང་བསྒྱུར་བ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྣང་བ་ཐམས་ཅད་ཤིན་ཏུ་དག་པ་མངོན་པར་ཤེས་པ་རྣམ་པར་འཕྲུལ་པ་དང་། ཁྱུ་མཆོག་གི་མཐུ་འབྱིན་པ་ལ་ཤིན་ཏུ་ བྱུང་བ་སོ་སོ་ཡང་དག་པར་རིགས་པ་མི་ཟད་པའི་རྒྱ་མཚོ་ལ་ཞུགས་པ། ངག་བསྙེན་པས་སའི་སྙིང་པོ་དང་ལྡན་པར་བརྗོད་པ་འགྲོ་བ་ཐམས་ཅད་ཀྱི་རྟེན་དུ་གྱུར་པ་རྣམས་ཀྱི་སྤྱོད་པ་ཤེས་པ་འམ། ཡོན་ཏན་བརྗོད་པ་འམ། སྤྱོད་ཡུལ་བསྟན་པ་འམ། ཡུལ་རབ་ཏུ་བརྗོད་པ་འམ། སྨོན་ལམ་ཆེན་པོའི་སྟོབས་ཡང་དག་པར་བསྔགས་པ་འམ། འབྱུང་བའི་སྒོ་ཡོངས་སུ་སྣང་བར་བྱ་བ་འམ། ཡང་དག་ པར་བསྒྲུབ་པ་མངོན་པར་བརྗོད་པ་དང་། ལམ་ཡོངས་སུ་བསྟན་པ་འམ། ཏིང་ངེ་འཛིན་གྱི་རྒྱུན་གྱི་རྗེས་སུ་འབྲང་བར་བྱ་བ་འམ། སེམས་ཀྱི་ཡུལ་ཤེས་པར་བྱ་བ་འམ། ཡེ་ཤེས་མཉམ་པ་ཉིད་ཁོང་དུ་ ཆུད་པར་བྱ་བར་ནུས་རེ་སྐན། །སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན་ཕྱོགས་ཀྱི་གནས་རྒྱ་མཚོ་རྣམ་པར་བརློབ་པ་ཞེས་བྱ་བ་ཡོད་དེ། དེ་ན་བཟའ་ཤིང་གི་ར་བས་ཀུན་ནས་རྣམ་པར་བརྒྱན་པ་ 76-1-138a ཞེས་བྱ་བ་ཞིག་གྲོང་ཁྱེར་འོད་ཆེན་པོ་ཞེས་བྱ་བའི་ཤར་ཕྱོགས་ལོགས་ན་ཡོད་དེ། དེ་ན་ཤེད་ལས་སྐྱེས་པའི་རྒྱལ་པོ་འོད་བཟངས་ཀྱི་ཆུང་མ་དགེ་བསྙེན་མ་ཡིད་བཞིན་ཞེས་བྱ་བ་ཡོད་ཀྱི། དེའི་གན་དུ་སོང་ ལ་ཇི་ལྟར་བྱང་ཆུབ་སེམས་དཔའས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་དགའ་རངས་ཏེ། མགུ་ཞིང་ཉམས་བདེ་ལ་ཚིམ་ ཞིང་ཡིད་བདེ་བ་སྐྱེས་ནས། དགེ་སློང་རྒྱ་མཚོའི་རྒྱལ་མཚན་ལས་སྙིང་པོ་ཡོངས་སུ་བླངས་ཏེ། ཆོས་ཀྱི་ཉེ་བར་འཚོ་བ་བྱས་པ། ཏིང་ངེ་འཛིན་གྱི་ཡུལ་ལ་ཞུགས་པ། སྣང་བ་ཐོབ་པ་ཡེ་ཤེས་ཀྱི་སྣང་ བར་གྱུར་པ། ཏིང་ངེ་འཛིན་གྱི་སྣང་བ་རབ་ཏུ་ཐོབ་པ། མོས་པ་རྣམ་པར་དག་པ་ཁོང་དུ་ཆུད་པ། སེམས་ཅན་ཆོས་ཀྱི་ཚུལ་གྱིས་སྣང་བའི་རྗེས་སུ་སོང་བ། རྣམ་པར་དག་པའི་སྒོས་སྣང་བ་དང་ལྡན་པར་གྱུར་པ། ཕྱོགས་བཅུ་ཡེ་ཤེས་ཀྱི་སྣང་བས་རབ་ཏུ་འདུལ་བ་དེས། དགེ་སློང་རྒྱ་མཚོའི་རྒྱལ་མཚན་གྱི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། དགེ་སློང་ རྒྱ་མཚོའི་རྒྱལ་མཚན་ལ་བཏུད་དེ་ཕྱག་འཚལ་ནས། ཡང་དང་ཡང་ལྟ་ཞིང་། ཡང་དང་ཡང་མངོན་པར་བལྟ་བ་དང་། ཕྱག་བྱ་བ་དང་། ཀུན་ཏུ་འདུད་པ་དང་། གུས་པར་བྱ་བ་དང་། རིམ་གྲོ་བྱ་བ་དང་། ཡིད་ལ་བྱ་ བ་དང་། བསམ་པ་དང་། བསྒོམ་པ་དང་། ཡོངས་སུ་བསྒོམ་པ་དང་། ལེགས་པར་བརྗོད་པ་དང་། ངོ་མཚར་དུ་བྱ་བ་དང་། ཡོན་ཏན་མངོན་དུ་བྱ་བ་དང་། རྗེས་སུ་བསྔགས་པ་དང་། རྗེས་སུ་འབྲང་བར་བྱ་བ་དང་། རྗེས་སུ་དྲན་པར་བྱ་བ་དང་། བརྟེན་པར་བྱ་བ་དང་། མི་བཏང་བ་དང་། ཡིད་ལ་བསམ་པ་དང་། རྗེས་སུ་འབྲང་བར་བྱ་བ་དང་། སྨོན་ལམ་གྱི་རྗེས་སུ་འཇུག་པར་བྱ་བ་དང་། མཐོང་བར་དགའ་བ་དང་། 76-1-138b དབྱངས་ཀྱི་མཚན་མ་གཟུང་བ་དང་། གཟུངས་ཀྱི་རྗེས་སུ་བསམ་པ་དང་། མིང་ཡོངས་སུ་གཟུང་བའི་རྗེས་སུ་སོང་བའི་སེམས་དང་ལྡན་པར་བྱ་བ་དང་། ཁ་དོག་དང་། དབྱིབས་རྗེས་སུ་དྲན་པར་བྱ་བ་དང་། ཡེ་ཤེས་ཀྱི་ཡུལ་ རྗེས་སུ་བསམ་པ་དང་། ཏིང་ངེ་འཛིན་གྱི་ཡུལ་ལ་རྗེས་སུ་འཇུག་པར་བྱ་བ་དང་། སྨོན་ལམ་གྱི་ཡུལ་ལ་རྗེས་སུ་འབྲང་བར་བྱ་བ་དང་། སྤྱོད་ཡུལ་གྱི་ཡུལ་རྣམ་པར་སྦྱང་བར་བྱ་བ་དང་། ཡེ་ཤེས་ཀྱི་སྣང་བ་ ཡོངས་སུ་གཟུང་བ་བྱེད་ཅིང་། དགེ་སློང་རྒྱ་མཚོའི་རྒྱལ་མཚན་གྱི་དྲུང་ནས་སོང་ངོ་།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བཅུ་གཅིག་པ། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་དགེ་བའི་བཤེས་གཉེན་གྱི་ཡོན་ཏན་གྱིས་ནི་མགུ། དགེ་བའི་བཤེས་གཉེན་གྱིས་ནི་ཡང་དག་པར་བསྔགས་ཏེ་བཏང་། དགེ་བའི་བཤེས་གཉེན་མཐོང་བའི་བྱིན་གྱིས་ནི་བྱིན་དུ་ བརླབས། དགེ་བའི་བཤེས་གཉེན་གྱི་གདམས་ངག་ལ་ནི་ནན་ཏན་དུ་བྱེད། དགེ་བའི་བཤེས་གཉེན་ཡིད་དུ་འོང་བ་ནི་རྗེས་སུ་སེམས། དགེ་བའི་བཤེས་གཉེན་ལ་ནི་སངས་རྒྱས་ཀྱི་ཆོས་ཀྱི་འབྱུང་གནས་ཙམ་དུ་ ལྟ། དགེ་བའི་བཤེས་གཉེན་ནི་སངས་རྒྱས་ཀྱི་ཆོས་སྟོན་པ་ཡིན་པར་ཡང་དག་པར་ལྟ། དགེ་བའི་བཤེས་གཉེན་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ལ་རྗེས་སུ་ལྟ། དགེ་བའི་བཤེས་གཉེན་ནི་སངས་ རྒྱས་ནམ་མཁའ་ལྟ་བུ་ལ་མིག་ཙམ་དུ་ཞིབ་མཐར་གྱིས་གནས་རྒྱ་མཚོ་རྣམས་པར་རློབ་པའི་བཟའ་ཤིང་གི་ར་བ་ཀུན་ནས་རྣམ་པར་བརྒྱན་པ། གང་ན་བ་དེར་ཕྱིན་ནས་དེ་མཐོང་ནས། བཟའ་ཤིང་གི་ར་བས་ཀུན་ནས་ བསྐོར་བ། རིན་པོ་ཆེའི་ཤིང་གི་ཕྲེང་བ་སྤེལ་བ་ལེགས་པས་ཡོངས་སུ་བརྒྱན་པ། རིན་པོ་ཆེ་ཐམས་ཅད་ཀྱི་ཤིང་གི་ཕྲེང་བའི་མེ་ཏོག་སྲབ་བུ་ཡིད་དུ་འོང་བའི་སྤྲིན་རབ་ཏུ་འབྲུལ་བས་གཞི་རྒྱས་པ། རིན་པོ་ཆེ་ཐམས་ཅད་ཀྱི་ 76-1-139a ཤིང་གིས་ཡང་དག་པར་བརྒྱན་པ། ཤིང་ཐམས་ཅད་ཀྱི་མེ་ཏོག་ཤིན་ཏུ་རྒྱས་པ་སྣ་ཚོགས་ཀྱི་ཡོངས་སུ་གང་བ། སྤོས་སྣ་ཚོགས་ཀྱི་ཤིང་གིས་ཕྲེང་བ་ལས་ཕྱོགས་ཀུན་ཏུ་སྤོས་ཀྱི་ངད་ཞིམ་པ་རིན་པོ་ཆེའི་ ཕྲེང་བའི་ཤིང་སྣ་ཚོགས་ཀྱི་ཕྲེང་བ་འཕྱང་བ། རབ་ཏུ་འབྱུང་ཞིང་ཆར་ལྟར་མངོན་པར་བབ་པ། རིན་པོ་ཆེ་ཐམས་ཅད་ཀྱི་ཤིང་དང་། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་མཛེས་ཤིང་སྤ་ལ། རྒྱ་ཆེར་བརྒྱན་པའི་གཞི་ ཅན་ཡིད་བཞིན་གྱིས་གོས་ཀྱི་ཤིང་ཐམས་ཅད་ལས་ཁ་དོག་སྣ་ཚོགས་ཀྱི་གོས་འབྱུང་བས་གམ་ཡོ་ཁེབས་ཤིང་མཛེས་པར་བརྒྱན་པ། སིལ་སྙན་གྱི་ཤིང་ཐམས་ཅད་ལས་ལྷ་རྫས་ལས་ཀྱང་འཕགས་པའི་སིལ་ སྙན་རླུང་གིས་བསྐྱོད་ཅིང་སྒྲ་འབྱིན་པའི་དབྱངས་སྙན་འབྱུང་བ། སའི་གཞི་མཐོན་དམན་མེད་པར་གནས་པ་རྒྱན་གྱི་ཤིང་སྣ་ཚོགས་ཀྱི་གསེབ་ནས། རྒྱན་སྣ་ཚོགས་རྣམ་པ་ཐ་དད་པ་རྒྱུན་ཏུ་འབྱུང་ཞིང་འཕྱང་བས། རབ་ཏུ་བརྒྱན་པའི་རྒྱན་དང་ལྡན་པ་མཐོང་སྟེ། བཟའ་ཤིང་གི་ར་བ་ཆེན་པོ་ཀུན་ནས་རྣམ་པར་བརྒྱན་པ་དེའི་ནང་ན་ཁང་པ་བྱེ་བ་བརྒྱ་སྟོང་ཕྲག་བཅུ་ཀུན་ཀྱང་ནོར་བུ་རིན་པོ་ཆེ་དམ་པ་སྣ་ཚོགས་ཀྱི་བ་གམ་གྱིས་སྣ་ ཚོགས་སུ་བརྒྱན་པ་དང་། ཁང་པ་བརྩེགས་པ་བརྒྱ་སྟོང་ཕྲག་བཅུ་འཛམ་བུ་ཆུ་ཀླུང་གི་གསེར་ལས་བརྩེགས་པའི་བདེ་དང་ལྡན་པ་དང་། གཞལ་མེད་ཁང་བརྒྱ་སྟོང་ཕྲག་བཅུ་སྐུ་གདུང་རིན་པོ་ཆེ་རྣམ་པ་ སྣ་ཚོགས་ལས་བྲེས་པ། རྫིང་བུ་བརྒྱ་སྟོང་ཕྲག་བཅུའི་རིན་པོ་ཆེ་ཐམས་ཅད་ལས་གཞི་བླངས་ཏེ། རིན་པོ་ཆེ་སྣ་ཚོགས་ཀྱི་ཕ་གུས་མུ་ཁྱུད་བྱས་པ། རིན་པོ་ཆེ་ཐམས་ཅད་ཀྱི་ཐེམ་སྐས་བཏགས་པ། རིན་པོ་ཆེ་སྣ་ཚོགས་ཀྱི་སྟེགས་བུས་བསྐོར་བ། ལྷ་རྫས་ཀྱི་ཙན་དན་གྱི་དྲི་དང་ལྡན་པའི་ཆུས་གང་བ་གསེར་གྱི་བྱེ་མས་ཀུན་ཏུ་བཀྲམ་པ། གཞི་ནོར་བུ་རིན་པོ་ཆེ་ཆུ་འདང་ཀུན་ཏུ་བཀྲམ་པ། ཕྱོགས་བཞི་ 76-1-139b ནས་ཐེམ་སྐས་རྣམ་པར་བྲེས་པ། ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བ་དང་། ངུར་དང་། རྨ་བྱ་དང་། ཁུ་ཡུག་དང་། ཁྲུང་ཁྲུང་དང་། ཀ་ལ་པིང་ཀ་དང་། ཀུན་ལའི་སྒྲ་སྐད་དང་། སྙན་པའི་དབྱངས་ དང་ལྡན་པ། རིན་པོ་ཆེ་ཏ་ལའི་འཕྲེང་བས་ཀུན་ནས་བརྒྱན་པ། གསེར་གྱི་དྲིལ་བུའི་དྲ་བས་ཀུན་ནས་བརྒྱན་པ་ཡོག་པ། རླུང་གིས་བསྐྱོད་པའི་སྒྲས་ཡིད་དུ་འོང་བ་འབྱུང་བ། སྟེང་ནས་རིན་པོ་ཆེའི་བླ་རེ་ ཆེན་པོ་བྲེས་པ། རིན་པོ་ཆེ་སྣ་ཚོགས་ཀྱི་ཤིང་གི་རབས་བརྒྱན་པ། གདུགས་དང་རྒྱལ་མཚན་ལེགས་པར་བསྒྲེང་བ། ལུ་མ་བརྒྱ་སྟོང་ཕྲག་བཅུ་དུས་དང་འཐུན་པའི་ཙན་དན་གྱི་འདམ་གྱིས་མཐའ་འཁོར་བ་རིན་ པོ་ཆེ་སྣ་ཚོགས་ཀྱི་ཁ་དོགས་དུ་འདུག་པའི་པད་མོས་ཡོངས་སུ་ཁྱབ་པ། རིན་པོ་ཆེའི་པད་མོའི་འོད་ཆེན་པོས་སྣང་བར་གྱུར་པའི་ཆུ་དྲི་མ་མེད་པ་དང་ལྡན་པ་ཡོད་པ་སྟེ། བཟའ་ཤིང་གི་ར་བ་དེའི་དབུས་ན་གཞལ་ མེད་ཁང་ཆེན་པོ་རྒྱལ་མཚན་སྣ་ཚོགས་ཞེས་བྱ་བ་དང་སའི་གཞི་རིན་པོ་ཆེ་རྒྱ་མཚོའི་སྙིང་པོ་ལས་བླངས་པ། ནོར་བུ་རིན་པོ་ཆེའི་ཀ་བ་བཀྱེ་བ་འཛམ་བུ་ཆུ་ཀླུང་གི་གསེར་གྱི་ལྷུན་མངོན་པར་འཕགས་པ་ནོར་བུ་ རིན་པོ་ཆེ་འོག་བག་རྣམ་པར་སྣང་བའི་སྤང་ལེབ་བཀྱེ་བས་བརྒྱན་པ། གཞི་ནོར་བུ་རིན་པོ་ཆེ་འབར་བ་གྲངས་མེད་པའི་དྲ་བས་བྲེས་པ། རིན་པོ་ཆེའི་རྒྱལ་པོའི་མི་ཕམ་པའི་སྤོས་ཀྱི་དྲིས་གམ་ཡོ་ཀུན་ནས་བདུག་པ། རིན་པོ་ཆེའི་རྒྱལ་པོ་སྒྲ་སྙན་པ་འབྱིན་པ་འདིའི་ངད་ཀུན་ཏུ་ལྡང་བ། རིན་པོ་ཆེའི་རྒྱལ་པོ་དྲི་རྣམ་པར་གསལ་བར་བྱེད་པས་དབང་པོ་རྣོ་བའི་བག་ཆགས་རྣམ་པར་བསྒྲུབ་པ་དང་ལྡན་ཞིང་གཞལ་མེད་ཁང་ཆེན་པོ་རྒྱལ་མཚན་སྣ་ ཚོགས་དེར་སྟན་གྲངས་མེད་པ་གདིང་བར་གྱུར་པ་འདི་ལ་པད་མོའི་སྙིང་པོ་ཅན་དང་། ནོར་བུ་རིན་པོ་ཆེ་ཕྱོགས་སྣང་བར་བྱེད་པའི་པད་མོའི་སྙིང་པོ་ཅན་དང་། ནོར་བུ་རིན་པོ་ཆེ་རྣམ་པར་སྣང་བའི་པད་མོའི་སྙིང་པོ་ཅན་དང་། ནོར་བུ་རིན་པོ་ 76-1-140a ཆེ་འགྲོ་བ་ཡིད་དུ་འོང་བའི་པད་མོའི་སྙིང་པོ་ཅན་དང་། ནོར་བུ་རིན་པོ་ཆེ་མཛོད་སྣ་ཚོགས་ཀྱིས་པད་མོའི་སྙིང་པོ་ཅན་དང་། རིན་པོ་ཆེ་སེང་གེའི་ཤིང་ཐམས་ཅད་ཀྱི་པད་མོའི་སྙིང་པོ་ཅན་དང་། ནོར་བུ་རིན་པོ་ཆེ་དྲི་མ་མྱེད་པའི་པད་མོའི་ སྙིང་པོ་ཅན་དང་། ནོར་བུ་རིན་པོ་ཆེས་བརྒྱན་པའི་པད་མོའི་སྙིང་པོ་དང་། ནོར་བུ་རིན་པོ་ཆེ་སྒོ་ཀུན་ནས་བརྒྱན་པའི་པད་མོའི་སྙིང་པོ་ཅན་དང་། ནོར་བུ་རིན་པོ་ཆེ་འོད་ཀྱིས་བརྒྱན་པའི་པད་མའི་སྙིང་པོ་ཅན་དང་། ནོར་བུ་རིན་པོ་ཆེ་རྒྱ་མཚོའི་ གནས་རྣམ་པར་དག་པའི་རིན་པོ་ཆེས་རྣམ་པར་བརྒྱན་པའི་འོད་ཟེར་ཀུན་ཏུ་འབྱུང་བའི་པད་མོའི་སྙིང་པོ་ཅན་དང་། ནོར་བུ་རིན་པོ་ཆེ་རྡོ་རྗེའི་སེང་གེས་གནོན་པའི་པད་མོའི་སྙིང་པོ་ཅན་དག་བཤམས་ཤིང་བཏིང་བ་སྟེ། གཞལ་མེད་ ཁང་ཆེན་པོ་རྒྱལ་མཚན་སྣ་ཚོགས་དེའི་བ་གམ་མང་པོ་ཡང་། རིན་པོ་ཆེ་སྣ་ཚོགས་བསམ་གྱིས་མི་ཁྱབ་པ་ལས་བྱས་པ་རིན་པོ་ཆེ་སྣ་ཚོགས་ཀྱི་རྣམ་པར་བརྒྱན་པ། ཁ་དོག་བསམ་གྱིས་མི་ཁྱབ་པར་ མཛེས་ཤིང་གཟུགས་ཡིད་དུ་འོང་པ་དག་གོ། །བཟའ་ཤིང་གི་ར་བ་ཀུན་ནས་བརྒྱན་པ། དེ་སྟེང་ནས་བླ་རེ་ཆེན་པོ་བརྒྱ་སྟོང་ཕྲག་བཅུས་ཀུན་ནས་ཁེབས་པ་སྟེ། འདི་ལྟར་གོས་ཀྱི་བླ་རེ་དང་ཁྲི་ཤིང་གི་བླ་རེ་དང་། མེ་ཏོག་གི་བླ་རེ་དང་། ཕྲེང་བའི་བླ་རེ་དང་། སྤོས་ཀྱི་བླ་རེ་དང་། ནོར་བུ་རིན་པོ་ཆེའི་བླ་རེ་དང་། གསེར་གྱི་བླ་རེ་དང་། རྒྱན་གྱི་བླ་རེ་དང་། རིན་པོ་ཆེ་རྡོ་རྗེ་སྣང་བའི་བླ་རེ་དང་། གླང་པོའི་ཤུགས་དང་ལྡན་པས་ སྤྲུལ་པའི་ལྷ་མོའི་བླ་རེ་དང་། ནོར་བུ་རིན་པོ་ཆེ་བརྒྱ་བྱིན་མངོན་པར་དགའ་བའི་བླ་རེ་དང་། དེ་དག་ལ་སོགས་པ་བླ་རེ་བརྒྱ་སྟོང་ཕྲག་བཅུས་ཀུན་ནས་ཁེབ་པར་བྱས་པའོ། །རིན་པོ་ཆེའི་དྲ་བ་བརྒྱ་སྟོང་ཕྲག་བཅུས་ཀུན་ ནས་ཡོག་པ་སྟེ། འདི་ལྟར་རིན་པོ་ཆེ་དམ་པའི་དྲིལ་བུའི་དྲ་བ་དང་། རིན་པོ་ཆེའི་གདུགས་ཀྱི་དྲ་བ་དང་། རིན་པོ་ཆེའི་འབྲུའི་དྲ་བ་དང་། མུ་ཏིག་རྒྱ་མཚོའི་སྙིང་པོའི་དྲ་བ་དང་། ནོར་བུ་རིན་པོ་ཆེ་བཻ་ཌཱུརྱ་སྔོན་པོའི་དྲ་བ་དང་། 76-1-140b སེང་གེའི་ཁྲི་ཤིང་གི་དྲ་བ་དང་། ནོར་བུ་རིན་པོ་ཆེ་ཆུ་ཤེལ་གྱི་དྲ་བ་དང་། སྤོས་ཀྱི་གཟུགས་ཀྱི་དྲ་བ་དང་། རིན་པོ་ཆེའི་ཅོད་པན་དང་། རིན་པོ་ཆེའི་ཕྲེང་བ་དང་། དེ་དག་ལ་སོགས་པ་རིན་པོ་ཆེའི་དྲ་བ་བརྒྱ་སྟོང་ཕྲག་བཅུས་ཀུན་ ནས་ཡོག་པའོ། །སྣང་བ་ཆེན་པོ་བརྒྱ་སྟོང་ཕྲག་བཅུས་ཀྱང་ཀུན་ནས་ཡོག་པ་སྟེ། འདི་ལྟར་ནོར་བུ་རིན་པོ་ཆེ་སྐར་མའི་འོད་ཟེར་གྱི་སྣང་བ་དང་། ནོར་བུ་རིན་པོ་ཆེ་ཉི་མའི་སྙིང་པོའི་སྣང་བ་དང་། ནོར་བུ་རིན་པོ་ཆེ་ཟླ་བའི་ རྒྱལ་མཚན་གྱིས་སྣང་བ་དང་། ནོར་བུ་རིན་པོ་ཆེ་སྤོས་ཀྱི་དུད་པ་འོད་འཕྲོ་བའི་སྣང་བ་དང་། ནོར་བུ་རིན་པོ་ཆེ་དཔལ་གྱི་སྙིང་པོའི་སྣང་བ་དང་། ནོར་བུ་རིན་པོ་ཆེ་པད་མོའི་སྙིང་པོའི་སྣང་བ་དང་། ནོར་བུ་རིན་པོ་ཆེ་སྐར་མའི་རྒྱལ་ མཚན་གྱི་སྣང་བ་དང་། ནོར་བུ་རིན་པོ་ཆེ་སྒྲོན་མ་ཆེན་པོའི་སྣང་བ་དང་། ནོར་བུ་རིན་པོ་ཆེ་ཕྱོགས་ཀུན་ཏུ་རྣམ་པར་སྣང་བའི་སྣང་བ་དང་། ནོར་བུ་རིན་པོ་ཆེ་སྤོས་ཀྱི་སྤྲིན་ཆེན་པོ་དང་། ཀློག་གི་འཕྲེང་བ་འབྱུང་བའི་སྣང་ བ་དང་། དེ་དག་ལ་སོགས་པ་ནོར་བུ་རིན་པོ་ཆེའི་སྣང་བ་ཆེན་པོ་བརྒྱ་སྟོང་ཕྲག་བཅུས་རྟགས་ཏུ་སྣང་བར་བྱས་སོ། །བཟའ་ཤིང་གི་ར་བ་དེ་ནི་རྒྱན་ཆེན་པོའི་སྤྲིན་བརྒྱ་སྟོང་ཕྲག་བཅུའི་ཆར་འབབ་པའི་རྒྱན་དང་ལྡན་པ་སྟེ། དུས་དང་འཐུན་པའི་ཙན་དན་གྱི་སྤྲིན་བརྒྱ་སྟོང་ཕྲག་བཅུའི་འབྲུག་སྒྲ་རབ་ཏུ་འབྱུང་བ་དང་། ལྷ་རྫས་ལས་འདས་པའི་ཕྲེང་བ་དང་། ལྡ་ལྡིའི་སྤྲིན་ཆེན་པོའི་ཀུན་ཏུ་མཆེད་པས་རབ་ཏུ་བརྒྱན་པ། ལྷ་ རྫས་ལས་འདས་པའི་གོ་མཚོན་སྣ་ཚོགས་དང་ལྡན་པའི་སྤྲིན་བརྒྱ་སྟོང་ཕྲག་བཅུའི་སྤྲིན་མངོན་པར་འབབ་པ། ལྷ་རྫས་ལས་འདས་པའི་རྒྱན་གྱི་སྤྲིན་བརྒྱ་སྟོང་ཕྲག་བཅུས་རྣམ་པར་ཀླུབ་པ། ལྷའི་བུ་བརྒྱ་སྟོང་ཕྲག་ བཅུ་མངོན་པར་དགའ་སྟེ། འོག་ཏུ་ལྟ་ཞིང་རབ་ཏུ་འདུད་པའི་ཕྱག་ཆར་བཞིན་དུ་འབབ་པ། ལྷ་མོའི་སྤྲིན་བརྒྱ་སྟོང་ཕྲག་བཅུ་སྔོན་གྱི་སྤྱོད་པའི་བསྐལ་པ་མཉམ་པས་རང་རང་གི་ལུས་འབུལ་བའི་ཆར་ 76-1-141a མངོན་པར་འབབ་པ། བྱང་ཆུབ་སེམས་དཔའི་སྤྲིན་བརྒྱ་སྟོང་ཕྲག་བཅུ་ཆོས་མཉན་པས། སྐོམ་ཞིང་འོང་བའི་ཆར་མངོན་པར་འབབ་སྟེ། དེ་ན་དགེ་བསྙེན་མ་ཡིད་བཞིན་གསེར་གྱི་སྙིང་པོའི་ཁྲི་ཆེན་པོ་ ལ་འདུག་ཅིང་། མུ་ཏིག་རྒྱ་མཚོའི་སྙིང་པོའི་དྲ་བས་བརྒྱན་པའི་ཅོད་པན་ཐོགས་པ་ལག་པ་ལ་ལྷ་རྫས་ལས་འདས་པའི་གསེར་གྱི་དཔུང་རྒྱན་དང་། གདུབ་བུ་ཐོགས་པ། ལག་པ་ནོར་བུ་རིན་པོ་ཆེ་དཔལ་གྱི་ རང་བཞིན་གྱི་འོད་ཟེར་གྱིས་རྣམ་པར་མཛེས་པར་གྱུར་པ། རྣ་ཆ་རིན་པོ་ཆེ་མཐོན་ཏིང་དྲི་མ་མེད་པ་རབ་ཏུ་འཕྱང་བ། མགོ་ནོར་བུ་རིན་པོ་ཆེའི་དྲ་བས་མཛེས་པར་བརྒྱན་པ། ནོར་བུ་རིན་པོ་ཆེ་སེང་གེའི་གདོང་གི་ རྣ་བའི་གོང་རྒྱན་ཐོགས་པ། ནོར་བུ་རིན་པོ་ཆེ་ཡིད་བཞིན་གྱི་རྒྱལ་པོའི་མགུལ་ཀོར་ཐོག་པ། ལུས་རིན་པོ་ཆེ་ཐམས་ཅད་ཀྱི་དྲ་བས་ཡོག་ཅིང་འོད་རབ་ཏུ་འབར་བ། སྲོག་ཆགས་བྱེ་བ་ཁྲག་ཁྲིག་གི་ལུས་ རབ་ཏུ་བཏུད་དེ། ཕྱག་བྱ་བ་ཞིག་འདུག་སྟེ། དགེ་བསྙེན་མ་ཡིད་བཞིན་དེའི་དྲུང་དུ་ཤར་ཕྱོགས་ནས་ཚངས་པ་ཆེན་པོ་འམ། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་རིས་སུ་གཏོགས་པ་འམ། དབང་བྱེད་ དམ། གཞན་འཕྲུལ་དབང་བྱེད་ཀྱི་རིས་སུ་གཏོགས་པ་འམ། རབ་འཕྲུལ་དགའ་འམ། འཕྲུལ་དགའི་རིས་སུ་གཏོགས་པ་འམ། རབ་དགའ་ལྡན་ནམ། དགའ་ལྡན་གྱི་རིས་སུ་གཏོགས་པ་འམ། རབ་འཚེ་མ་འམ། མཚེ་མའི་རིས་སུ་གཏོགས་པ་འམ། ལྷའི་དབང་པོ་འམ། སུམ་བཅུ་རྩ་གསུམ་གྱི་རིས་སུ་གཏོགས་པ་འམ། གནོད་སྦྱིན་གྱི་དབང་པོ་འམ། གནོད་སྦྱིན་ནམ། དྲི་ཟའི་ དབང་པོ་འམ། དྲི་ཟ་འམ། གྲུལ་བུམ་གྱི་དབང་པོ་འམ། གྲུལ་བུམ་འམ། ཀླུའི་དབང་པོ་འམ། ཀླུ་འམ། ལྷ་མ་ཡིན་གྱི་དབང་པོ་འམ། ལྷ་མ་ཡིན་ནམ། ནམ་མཁའ་ལྡིང་གིས་དབང་པོ་ 76-1-141b འམ། ནམ་མཁའ་ལྡིང་ངམ། མི་འམ་ཅིའི་དབང་པོ་འམ། མི་འམ་ཅི་འམ། ལྟོ་འཕྱེ་ཆེན་པོའི་དབང་པོ་འམ། ལྟོ་འཕྱེ་ཆེན་པོ་འམ། གཤིན་རྗེ་འམ། གཤིན་རྗེའི་བུ་མོ་འམ། ཡིད་དགས་རྫུ་འཕྲུལ་ ཆེན་པོ་འམ། ཡི་དགས་སམ། མིའི་དབང་པོ་འམ། མི་འང་རུང་སྟེ། སེམས་ཅན་ཚད་མེད་གྲངས་མེད་པ་དག་འོང་བ་དང་། དེ་བཞིན་དུ་ཤར་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ ཕྱོགས་དང་། བྱང་ཤར་གྱི་ཕྱོགས་མཚམ་དང་། ཤར་ལྷོའི་ཕྱོགས་འཚམས་དང་། ལྷོ་ནུབ་ཀྱི་ཕྱོགས་འཚམས་དང་། ནུབ་བྱང་གི་ཕྱོགས་འཚམས་དང་། འོག་དང་སྟེང་གི་ཕྱོགས་ནས་ཀྱང་། ཚངས་པ་ཆེན་པོ་འམ། ཚངས་ལྷ་ཉེ་ཕན་ནམ། ཚངས་པའི་རིས་སུ་གཏོག་པ་འམ། དབང་བྱེད་ཀྱི་རིས་སུ་གཏོགས་པ་ནས། མིའི་དབང་པོ་འམ། མིའི་བར་གྱི་སེམས་ཅན་མང་པོ་འོང་བ། དེ་དག་ནད་ སྣ་ཚོགས་ཞིག་གིས་བཏབ་པ་འམ། ཉོན་མོངས་པ་སྣ་ཚོགས་ཀྱིས་ཀུན་ནས་འཁོར་ཏམ། ལྟ་བའི་རྣམ་པ་སྣ་ཚོགས་ལ་མངོན་པར་ཞེན་ཏམ། ལས་ཀྱི་སྒྲིབ་པས་བསྒྲིབས་པ་ཞིག་ཡོད་ན་འང་། དེ་དག་གིས་དགེ་བསྙེན་མ་ཡིད་བཞིན་དེ་མཐོང་མ་ཐག་ཏུ་ནད་ཐམས་ཅད་ཀྱང་རབ་ཏུ་ཞི་བར་གྱུར། སེམས་ཅན་ཀྱི་ཉོན་མོངས་པའི་དྲི་མ་དང་ཡང་བྲལ་བར་གྱུར། ལྟ་བའི་གསལ་ཤིང་ཡང་ཕྱིན་པར་གྱུར། སྒྲིབ་པའི་རི་ཐམས་ཅད་ཀྱང་རྣམ་པར་བཤིག་པར་གྱུར། རྣམ་པར་དག་པའི་དཀྱིལ་འཁོར་སྒྲིབ་པ་མེད་པ་ཡང་ཁོང་དུ་ཆུད་པར་འགྱུར་ཏེ། རྣམ་པར་དག་པའི་དཀྱིལ་འཁོར་དེ་ཡོད་པས་ནི་དགེ་བའི་རྩ་བ་ ཐམས་ཅད་ཀྱང་རབ་ཏུ་འབྱུང་བར་འགྱུར། དབང་པོའི་མྱུ་གུ་ཐམས་ཅད་ཀྱང་རྣམ་པར་འཕེལ་བར་གྱུར། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཚུལ་རྒྱ་ཆེན་པོ་ལ་ཡང་དག་པར་གཞོལ་བར་འགྱུར། གཟུངས་ 76-1-142a ཀྱི་སྒོ་རྒྱ་མཚོ་ཐམས་ཅད་དུ་འང་འཇུག་པར་འགྱུར། ཏིང་ངེ་འཛིན་གྱི་སྒོ་དང་ཚུལ་རྒྱ་མཚོ་ཐམས་ཅད་ཀྱང་མངོན་སུམ་དུ་གྱུར། སྨོན་ལམ་གྱི་སྒོ་ཐམས་ཅད་ཀྱང་ཡང་དག་པར་སྐྱེ་བར་འགྱུར། སྤྱོད་པའི་ སྤྱོད་པ་ཐམས་ཅད་ཀྱང་རབ་ཏུ་འབྱུང་བར་འགྱུར། ཡོན་ཏན་མངོན་པར་བསྒྲུབས་པའི་སྒོ་ཐམས་ཅད་ཡང་དག་པར་འགྱུར། སེམས་རྒྱ་ཆེན་པོ་ཡང་མངོན་པར་ཤེས་པ་ཐམས་ཅད་དང་ལྡན་པའི་ཚུལ་དུ་འབྱུང་ བར་འགྱུར་རོ། ལུས་ཐོགས་པ་མེད་པས་ཀྱང་ཐམས་ཅད་དུ་རྗེས་སུ་འགྲོ་བར་འགྱུར་རོ། །དེ་ནས་ཚོངས་དཔོན་གྱི་བུ་ནོར་བཟངས་བཟའ་ཤིང་གི་ར་བས་ཀུན་ནས་རྣམ་པར་བརྒྱན་པའི་ནང་དུ་ཕྱིན་ཏེ། བལྟས་ ནས་དགེ་བསྙེན་མ་ཡིད་བཞིན་གང་ན་བ་དེར་སོང་སྟེ། ཕྱིན་ནས་དགེ་བསྙེན་མ་ཡིད་བཞིན་གྱི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། དགེ་བསྙེན་མ་ཡིད་བཞིན་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་ བ་བྱས་ནས། འདི་སྐད་ཅེས་སྨྲས་སོ། །འཕགས་མ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ཇི་ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱོད་པར་བསླབས་ པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་མ་འཚལ་ཏེ། འཕགས་མ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་རྗེས་སུ་བསྟན་པ་མཛད་དོ། །ཞེས་ཐོས་ནས། འཕགས་མ་ཇི་ལྟར་བྱང་ཆུབ་ སེམས་དཔའས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་བདག་ལ་བཤད་དུ་གསོལ། དེས་སྨྲས་པ་རིགས་ཀྱི་བུ་ཁོ་མོ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་མྱ་ངན་ མེད་པ་བདེ་བའི་རྒྱལ་མཚན་ཐོབ་པ་སྟེ། རིགས་ཀྱི་བུ་ཁོ་མོ་དེའི་མཐུས་མཐོང་ན་དོན་ཡོད་པའོ། །མཉན་ན་དོན་ཡོད་པའོ། །རིམ་གྲོར་བྱས་ན་དོན་ཡོད་པའོ། །གནས་གཅིག་ན་འགྲོགས་པ་དོན་ཡོད་པའོ། ། 76-1-142b རྗེས་སུ་དྲན་པར་བྱས་པ་དོན་ཡོད་པའོ། །རིགས་ཀྱི་བུ་ཁོ་མོ་ནི་སེམས་ཅན་དགེ་བའི་རྩ་བ་མ་བསྐྱེད་པ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་མ་ཟིན་པ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མ་དགོངས་པ་རྣམས་ ཀྱིས་མཐོང་ཞིང་རྣམ་པར་དམིགས་པར་མིག་ལམ་དུ་འོང་བར་མི་འགྱུར་ཏེ། རིགས་ཀྱི་བུ་ཁོ་མོ་མཐོང་བ་ཙམ་གྱིས་ནི་སེམས་ཅན་རྣམས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ འགྱུར་རོ། །གཞན་ཡང་རིགས་ཀྱི་བུ་ཁོ་མོའི་དྲུང་དུ་ཤར་ཕྱོགས་ནས་དེ་བཞིན་གཤེགས་པ་བྱོན་ཅིང་། གདན་རིན་པོ་ཆེའི་ཁྲི་འདི་ལ་བཞུགས་པས་ཆོས་སྟོན་ཏོ། །ཤར་ཕྱོགས་ནས་ཇི་ལྟ་བ་དེ་བཞིན་དུ་ཕྱོགས་བཅུ་ནས་ ཀྱང་དེ་བཞིན་ཏེ། རིགས་ཀྱི་བུ་དེ་ལྟ་བས་ན། ཁོ་མོ་ནི་དེ་བཞིན་གཤེགས་པ་མཐོང་བ་དང་མི་བྲལ་བའོ། །ཆོས་མཉན་པ་དང་མི་འབྲལ་བའོ། །བྱང་ཆུབ་སེམས་དཔའ་དང་འགྲོགས་པ་དང་མི་འབྲལ་བའོ། །རིགས་ཀྱི་བུ་ཁོ་མོ་དང་ སྤྱོད་པའི་བསྐལ་པ་མཉམ་པའི་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་བཅུ་རྩ་བཞི་པོ་བཟའ་ཤིང་གི་ར་བ་ཀུན་ནས་རྣམ་པར་བརྒྱན་པ་འདི་ན་གནས་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ལས་ཕྱིར་མི་ལྡོག་པ་ཤ་སྟག་གོ། །རིགས་ཀྱི་བུ་སེམས་ཅན་གཞན་གང་འདི་ན་གནས་པ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ། ཕྱིར་མི་ལྡོག་པའི་དགེ་འདུན་དུ་གཏོགས་པ་ཤ་སྟག་ སྟེ། ཁོ་མོ་དང་སྤྱོད་པའི་སྐལ་བ་མཉམ་པ་དག་གོ། །སྨྲས་པ་འཕགས་མ་ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡུན་ཇི་སྲིད་ཅིག་ནས་ཐུགས་བསྐྱེད། སྨྲས་པ་རིགས་ཀྱི་བུ་ཁོ་མོ་ནི་སྔོན་གྱི་གནས་ རྗེས་སུ་དྲན་ནོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཅེས་བྱ་བ་བྱུང་བ་དེ་བཞིན་གཤེགས་པ་དེའི་དྲུང་དུ་ཁོ་མོས་ཚངས་པའི་སྤྱོད་པ་སྤྱད་དོ། །དེ་བཞིན་གཤེགས་ 76-1-143a པ་དེ་ཁོ་མོས་མཆོད་དོ། །དེ་བཞིན་གཤེགས་པ་དེ་ལས་ཆོས་བསྟན་པ་ཁོ་མོས་ཡོངས་སུ་བཟུང་ངོ་། །དེའི་སྔ་རོལ་དུ་དེ་བཞིན་གཤེགས་པ་དྲི་མ་མེད་པ་ཞེས་བྱ་བ་བྱུང་སྟེ། དེའི་བསྟན་པ་ལ་འང་ཁོ་མོ་ རབ་ཏུ་བྱུང་ངོ་། །ཆོས་ཀྱི་འཁོར་ལོ་ཁོ་མོས་བཟུང་ངོ་། །དེའི་སྔ་རོལ་དུ་དེ་བཞིན་གཤེགས་པ་དཔལ་ཞེས་བྱ་བ་བྱུང་སྟེ། དེ་ཡང་ཁོ་མོས་བསྙེན་བཀུར་ཏོ། །དེའི་སྔ་རོལ་ཏུ་དེ་བཞིན་གཤེགས་པ་རི་རབ་དཔལ་ཞེས་བྱ་བ་ བྱུང་ངོ་། །དེའི་སྔ་རོལ་ཏུ་དེ་བཞིན་གཤེགས་པ་པད་མོའི་སྙིང་པོ་ཞེས་བྱ་བ་བྱུང་ངོ་། །དེའི་སྔ་རོལ་ཏུ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཅེས་བྱ་བ་འབྱུང་ངོ་། །དེའི་སྔ་རོལ་ཏུ་དེ་བཞིན་གཤེགས་པ་ཀུན་ཏུ་གཟིགས་པ་ཞེས་ བྱ་བ་བྱུང་ངོ་། །དེའི་སྔ་རོལ་ཏུ་དེ་བཞིན་གཤེགས་པ་ཚངས་པ་དག་པ་ཞེས་བྱ་བ་བྱུང་ངོ་། །དེའི་སྔ་རོལ་ཏུ་དེ་བཞིན་གཤེགས་པ་རྡོ་རྗེའི་གཙུགས་ཅེས་བྱ་བ་བྱུང་ངོ་། །དེའི་ཀུན་སྔ་རོལ་ཏུ་དེ་བཞིན་གཤེགས་པ་ཆུ་བོའི་ལྷ་ཞེས་བྱ་བ་ བྱུང་སྟེ། རིགས་ཀྱི་བུ་གཞུང་དེ་ལྟར་ཚེ་གཅིག་ནས་གཅིག་ཏུ་བརྒྱུད་པ་དང་། བསྐལ་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་སངས་རྒྱས་གཅིག་ནས་གཅིག་ཏུ་བརྒྱུད་པ། དེ་བཞིན་གཤེགས་པའི་མཚམས་འདབ་ ཆགས་སུ་བསམས་ཏེ། དྲན་པར་བྱས་ནས། གང་ཁོ་མོས་རིམ་གྲོར་བྱས་ཏེ། བསྙེན་བཀུར་བ་དང་། མཆོད་པ་དང་། སྟི་སྟང་དུ་བྱས་པ་དང་། གང་གི་སྤྱན་སྔར་ཁོ་མོས་ཆོས་ཐོས་པར་འགྱུར་པ་དང་། གང་གི་བསྟན་ པ་ལ་ཁོ་མོས་ཚངས་པའི་སྤྱོད་པ་སྤྱད་པའི་དེ་བཞིན་གཤེགས་པ་གང་གའི་ཀླུང་སུམ་བཅུ་རྩ་དྲུག་གི་བྱེ་མ་སྙེད་རྗེས་སུ་དྲན་ཏེ། རིགས་ཀྱི་བུ་དེ་ཕན་ཆད་དུ་ཁོ་མོས་དེ་བཞིན་གཤེགས་པ་ཇི་སྙེད་གཅིག་བསྙེན་བཀུར་བ་ནི། དེ་བཞིན་ གཤེགས་པ་རྣམས་ཀྱིས་མཁྱེན་ཏོ། །རིགས་ཀྱི་བུ་སེམས་དང་པོ་བསྐྱེད་མ་ཐག་ཏུ་ཆོས་ཀྱི་དབྱིངས་རྒྱས་པར་འགེངས་པས་བྱང་ཆུབ་སེམས་དཔའ་རྣམས་ནི་ཚད་མེད་པའོ། །རིགས་ཀྱི་བུ་སྙིང་རྗེ་ཆེན་པོའི་ཁོངསུ་ 76-1-143b འགྲོ་བ་ཐམས་ཅད་ཚུད་པས། བྱང་ཆུབ་སེམས་དཔའ་རྣམས་ནི་ཚད་མེད་པའོ། །རིགས་ཀྱི་བུ་སྨོན་ལམ་ཆེན་པོས་ཕྱོགས་བཅུའི་ཆོས་ཀྱི་དབྱིངས་ཀྱི་གཞི་ཟད་ཟད་དུ་འགྲོ་བས་བྱང་ཆུབ་སེམས་དཔའ་རྣམས་ནི་ཚད་ མེད་པའོ། །རིགས་ཀྱི་བུ་བྱམས་པ་ཆེན་པོས་འགྲོ་བ་ཐམས་ཅད་རྒྱས་པར་འགེངས་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ནི་ཚད་མེད་པའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་སྤྱོད་པས་ཞིང་ ཐམས་ཅད་དུ་བསྐལ་པ་ཐམས་ཅད་ཡོངས་སུ་སྡུད་པས། བྱང་ཆུབ་སེམས་དཔའ་རྣམས་ནི་ཚད་མེད་པའོ། །རིགས་ཀྱི་བུ་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་བྱང་ཆུབ་སེམས་དཔའི་ལམ་ལས་ཕྱིར་མི་ལྡོག་ པས་བྱང་ཆུབ་སེམས་དཔའ་རྣམས་ནི་ཚད་མེད་པའོ། །རིགས་ཀྱི་བུ་གཟུངས་ཀྱི་སྟོབས་ཀྱིས་འགྲོ་བ་ཐམས་ཅད་ཡོངས་སུ་འཛིན་པའི་གཟུངས་ཀྱི་ཚུལ་ཁོང་དུ་ཆུད་པར་བྱེད་པས་བྱང་ཆུབ་སེམས་དཔའ་ རྣམས་ནི་ཚད་མེད་པའོ། །རིགས་ཀྱི་བུ་ཡེ་ཤེས་སྣང་བའི་སྟོབས་ཀྱིས་དུས་གསུམ་གྱི་ཡེ་ཤེས་ཀྱི་ཚུལ། ཁོང་དུ་ཆུད་པར་བྱེད་ཅིང་། ཡང་དག་པར་འཛིན་པས་བྱང་ཆུབ་སེམས་དཔའ་རྣམས་ནི་ ཚད་མེད་པའོ། །རིགས་ཀྱི་བུ་མངོན་པར་ཤེས་པའི་སྟོབས་ཀྱིས་ཞིང་ཐམས་ཅད་དུ་སེམས་ཅན་རྣམས་ཀྱི་བསམ་པ་དང་། མོས་པ་ཅི་ལྟ་བ་བཞིན་དུ་འོད་ཀྱི་དྲ་བའི་འཁོར་ལོ་མངོན་པར་བསྒྲུབ་པས་བྱང་ཆུབ་ སེམས་དཔའ་རྣམས་ནི་ཚད་མེད་པའོ། །རིགས་ཀྱི་བུ་སོ་སོ་ཡང་དག་པར་རིག་པའི་སྟོབས་ཀྱིས་ཚིགས་གཅིག་བརྗོད་ཀྱང་འགྲོ་བ་ཐམས་ཅད་ཤིན་ཏུ་ཚིམ་པར་བྱེད་པས། བྱང་ཆུབ་སེམས་དཔའ་རྣམས་ནི་ཚད་ མྱེད་པའོ། །རིགས་ཀྱི་བུ་ལུས་རྣམ་པར་དག་པས། སངས་རྒྱས་ཀྱི་ཞིང་ཐམས་ཅད་རང་གི་ལུས་ཀྱིས་རྒྱས་པར་འགེངས་པས། བྱང་ཆུབ་སེམས་ 76-1-144a དཔའ་རྣམས་ནི་ཚད་མེད་པའོ། །ནོར་བཟངས་ཀྱིས་སྨྲས་པ། འཕགས་མ་ཁྱོད་ཇི་སྲིད་གཅིག་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར། སྨྲས་པ་རིགས་ཀྱི་བུ་ འདི་ལྟ་སྟེ། སེམས་ཅན་གཅིག་ལ་དམིགས་ཤིང་གདུལ་བར་བྱ་བ་དང་། སྨིན་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བྱང་ཆུབ་ཏུ་སྐྱེ་བ་མ་ཡིན་ཏེ། སེམས་ཅན་བརྒྱའི་ཕྱིར་མ་ཡིན། སེམས་ཅན་ སྟོང་གི་ཕྱིར་མ་ཡིན་ཏེ། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཕྱིར་མ་ཡིན། སེམས་ཅན་བྱེ་བའི་ཕྱིར་མ་ཡིན། སེམས་ཅན་བྱེ་བ་བརྒྱའི་ཕྱིར་མ་ཡིན། སེམས་ཅན་བྱེ་བ་སྟོང་གི་ཕྱིར་མ་ཡིན། སེམས་ ཅན་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་དོན་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བྱང་ཆུབ་ཏུ་སྐྱེ་བ་མ་ཡིན་ནོ། །སེམས་ཅན་ཐམས་ཅད་ཀྱི་ཕྱིར་མ་ཡིན། སེམས་ཅན་ཁྲག་ཁྲིག་གི་ཕྱིར་མ་ ཡིན། སེམས་ཅན་གང་ཡའི་ཕྱིར་མ་ཡིན། སེམས་ཅན་བན་བུན་གྱི་ཕྱིར་མ་ཡིན། སེམས་ཅན་ཕྱར་ཕྱུར་གྱི་ཕྱིར་མ་ཡིན། སེམས་ཅན་བྱང་བྱིང་གི་ཕྱིར་མ་ཡིན། སེམས་ཅན་ཉེར་འཇལ་གྱི་ཕྱིར་མ་ཡིན། སེམས་ཅན་ཕྱལ་ཕྱོལ་གྱི་ཕྱིར་མ་ཡིན། སེམས་ཅན་ཡལ་ཡེལ་གྱི་ཕྱིར་མ་ཡིན། སེམས་ཅན་ལྗད་ལྗིད་ཀྱི་ཕྱིར་མ་ཡིན། སེམས་ཅན་ཕྱོད་ཟིམ་གྱི་ཕྱིར་མ་ཡིན། སེམས་ཅན་ཕྱད་ཕྱོད་ཀྱི་ཕྱིར་མ་ཡིན། སེམས་ཅན་ལྡམ་ལྡེམ་གྱི་ཕྱིར་མ་ཡིན། སེམས་ཅན་ཡ་གངས་ཀྱི་ཕྱིར་མ་ཡིན། སེམས་ཅན་ཆོ་མའི་ཕྱིར་མ་ཡིན། སེམས་ཅན་ཁྲམ་ཁྲིམ་གྱི་ཕྱིར་མ་ཡིན། སེམས་ཅན་ནབ་ནུབ་ཀྱི་ཕྱིར་མ་ཡིན། སེམས་ཅན་རྒྱུད་བྱས་ཀྱི་ཕྱིར་མ་ཡིན། སེམས་ཅན་བཏང་ཡས་ཀྱི་ཕྱིར་མ་ཡིན། སེམས་ཅན་བཀྲ་ཡར་ཀྱི་ཕྱིར་མ་ཡིན། སེམས་ཅན་གསལ་ཡས་ཀྱི་ཕྱིར་མ་ཡིན། སེམས་ཅན་གཞལ་བརྟག་ 76-1-144b གྱི་ཕྱིར་མ་ཡིན། སེམས་ཅན་མཚུངས་མེད་ཀྱི་ཕྱིར་མ་ཡིན། སེམས་ཅན་ལམ་ཡོལ་གྱི་ཕྱིར་མ་ཡིན། སེམས་ཅན་རབ་རིབ་ཀྱི་ཕྱིར་མ་ཡིན། སེམས་ཅན་ཐབ་ཐིབ་ཀྱི་ཕྱིར་མ་ཡིན། སེམས་ཅན་ འགྲགས་ཡུལ་གྱི་ཕྱིར་མ་ཡིན། སེམས་ཅན་ཐེན་འཕྱོད་ཀྱི་ཕྱིར་མ་ཡིན། སེམས་ཅན་བསམ་ཕྱོའི་ཕྱིར་མ་ཡིན། སེམས་ཅན་འདྲ་མཉམ་གྱི་ཕྱིར་མ་ཡིན། སེམས་ཅན་བྲེང་བྲེང་གི་ཕྱིར་མ་ཡིན། སེམས་ཅན་བགྲང་ཡས་ཀྱི་ཕྱིར་མ་ཡིན། སེམས་ཅན་རྒྱས་འདལ་གྱི་ཕྱིར་མ་ཡིན། སེམས་ཅན་བསྔོས་ཡག་གི་ཕྱིར་མ་ཡིན། སེམས་ཅན་ཟང་ཡག་གི་ཕྱིར་མ་ཡིན། སེམས་ཅན་ཕྲོ་བཀྱེའི་ཕྱིར་མ་ཡིན། སེམས་ཅན་རྩེ་འཕྱོའི་ཕྱིར་མ་ཡིན། སེམས་ཅན་ཡོང་ཏང་གི་ཕྱིར་མ་ཡིན། སེམས་ཅན་འབྲུག་གཡོས་ཀྱི་ཕྱིར་མ་ཡིན། སེམས་ཅན་སང་ཡལ་གྱི་ཕྱིར་མ་ཡིན། སེམས་ཅན་ཐིང་ཡུག་གི་ཕྱིར་ མ་ཡིན། སེམས་ཅན་སྣང་ཡལ་གྱི་ཕྱིར་མ་ཡིན། སེམས་ཅན་ནན་པའི་ཕྱིར་མ་ཡིན། སེམས་ཅན་ཡིད་འཕྱོའི་ཕྱིར་མ་ཡིན། སེམས་ཅན་ནབ་ནེབ་ཀྱི་ཕྱིར་མ་ཡིན། སེམས་ཅན་ཁྲི་ཐབས་ ཀྱི་ཕྱིར་མ་ཡིན། སེམས་ཅན་ཡལ་ཡོལ་གྱི་ཕྱིར་མ་ཡིན། སེམས་ཅན་བགྲང་ཡས་ཀྱི་ཕྱིར་མ་ཡིན། སེམས་ཅན་ཐུག་ཡལ་གྱི་ཕྱིར་མ་ཡིན། སེམས་ཅན་ཡད་ཡུད་ཀྱི་ཕྱིར་མ་ཡིན། སེམས་ཅན་འཕྱོ་ལྡོག་གི་ཕྱིར་མ་ཡིན། སེམས་ཅན་བརྡ་ཡས་ཀྱི་ཕྱིར་མ་ཡིན། སེམས་ཅན་ལྷུབ་བེའི་ཕྱིར་མ་ཡིན། སེམས་ཅན་ཐག་ཐུག་གི་ཕྱིར་མ་ཡིན། སེམས་ཅན་ཁྲིག་ཁྲིག་གི་ཕྱིར་མ་ཡིན། སེམས་ཅན་རིགས་ཡས་ཀྱི་ཕྱིར་མ་ཡིན། སེམས་ཅན་སྙད་མེད་ཀྱི་ཕྱིར་མ་ཡིན། སེམས་ཅན་མཆོག་ཕྲེང་གི་ཕྱིར་མ་ཡིན། སེམས་ཅན་ཉག་འབྲུའི་ཕྱིར་མ་ཡིན། སེམས་ཅན་སྤུ་འཕྱེས་ཀྱི་ཕྱིར་ 76-1-145a མ་ཡིན། སེམས་ཅན་འབྲུ་འབྲེལ་གྱི་ཕྱིར་མ་ཡིན། སེམས་ཅན་བརྗོད་འོས་ཀྱི་ཕྱིར་མ་ཡིན། སེམས་ཅན་ལྷོད་ཡས་ཀྱི་ཕྱིར་མ་ཡིན། སེམས་ཅན་བརྗོད་ཕུལ་གྱི་ཕྱིར་མ་ཡིན། སེམས་ཅན་ ཞི་སྙེད་ཀྱི་ཕྱིར་མ་ཡིན། སེམས་ཅན་གང་ཐིམ་གྱི་ཕྱིར་མ་ཡིན། སེམས་ཅན་འཕྱོ་འགྱུར་གྱིས་ཕྱིར་མ་ཡིན། སེམས་ཅན་ཉར་ཉེར་གྱི་ཕྱིར་མ་ཡིན། སེམས་ཅན་ཕྱག་ཕྱིག་གི་ཕྱིར་མ་ཡིན། སེམས་ཅན་ཟལ་ཟུལ་གྱི་ཕྱིར་ མ་ཡིན། སེམས་ཅན་སལ་སལ་གྱིས་ཕྱིར་མ་ཡིན། སེམས་ཅན་གཡོ་ལྡེག་གིས་ཕྱིར་མ་ཡིན། སེམས་ཅན་ཕན་ཕུན་གྱི་ཕྱིར་མ་ཡིན། སེམས་ཅན་བརྣང་ཡའི་ཕྱིར་མ་ཡིན། སེམས་ཅན་རིམ་གྲོལ་གྱི་ཕྱིར་ མ་ཡིན། སེམས་ཅན་རྗེ་ངད་ཀྱི་ཕྱིར་མ་ཡིན། སེམས་ཅན་རྫི་རྡུལ་གྱི་ཕྱིར་མ་ཡིན། སེམས་ཅན་ཕུན་ཡོལ་གྱི་ཕྱིར་མ་ཡིན། སེམས་ཅན་འོལ་འོལ་གྱི་ཕྱིར་མ་ཡིན། སེམས་ཅན་ངད་ངད་ཀྱི་ཕྱིར་མ་ཡིན། སེམས་ཅན་བགྲང་རྩིའི་ཕྱིར་མ་ཡིན། སེམས་ཅན་ཟབ་བགྲང་གི་ཕྱིར་མ་ཡིན། སེམས་ཅན་དགའ་རྐྱང་གི་ཕྱིར་མ་ཡིན། སེམས་ཅན་གྲངས་མཐའི་ཕྱིར་མ་ཡིན། སེམས་ཅན་ཕྱོད་ཡལ་གྱི་ཕྱིར་མ་ ཡིན། སེམས་ཅན་འོལ་ཕྱོད་ཀྱི་ཕྱིར་མ་ཡིན། སེམས་ཅན་གདབ་ཡས་ཀྱི་ཕྱིར་མ་ཡིན། སེམས་ཅན་གཅལ་ཡས་ཀྱི་ཕྱིར་མ་ཡིན། སེམས་ཅན་བགྲང་ཡས་ཀྱི་ཕྱིར་མ་ཡིན། སེམས་ཅན་བྱིམ་འཕྱོའི་ ཕྱིར་མ་ཡིན། སེམས་ཅན་ཡམ་མེའི་ཕྱིར་མ་ཡིན། སེམས་ཅན་བསྙལ་ཡས་ཀྱི་ཕྱིར་མ་ཡིན། སེམས་ཅན་ལྡབ་ལྡོབ་ཀྱི་ཕྱིར་མ་ཡིན། སེམས་ཅན་འབན་ཆད་ཀྱི་ཕྱིར་མ་ཡིན། སེམས་ཅན་ཕང་ཕུང་གི་ཕྱིར་མ་ཡིན། སེམས་ཅན་མཐའ་རྡུལ་གྱི་ཕྱིར་མ་ཡིན། སེམས་ཅན་རྒྱུ་ལྡིང་གི་ཕྱིར་མ་ཡིན། སེམས་ཅན་ཡུན་འགྱངས་ཀྱི་ཕྱིར་མ་ཡིན། སེམས་ཅན་མཁའ་ཡལ་གྱི་ཕྱིར་མ་ཡིན། སེམས་ཅན་བུན་ལོབ་ཀྱི་ཕྱིར་མ་ཡིན། སེམས་ 76-1-145b ཅན་ལམ་ལོམ་གྱི་ཕྱིར་མ་ཡིན། སེམས་ཅན་བསྙད་ཡས་ཀྱི་ཕྱིར་མ་ཡིན། སེམས་ཅན་ལང་ལིང་གི་ཕྱིར་མ་ཡིན། སེམས་ཅན་ལྡབ་ལྟིབ་གྱི་ཕྱིར་མ་ཡིན། སེམས་ཅན་མི་བརྩལ་གྱི་ཕྱིར་མ་ཡིན། སེམས་ཅན་ འཕྱམ་ཡས་ཀྱི་ཕྱིར་མ་ཡིན། སེམས་ཅན་ང་འགྲང་གི་ཕྱིར་མ་ཡིན། སེམས་ཅན་སྨོས་ཡལ་གྱི་ཕྱིར་མ་ཡིན། སེམས་ཅན་བཀྲ་ཆལ་གྱི་ཕྱིར་མ་ཡིན། སེམས་ཅན་ལོ་བརྒྱས་ཀྱི་ཕྱིར་མ་ཡིན། སེམས་ཅན་འབུམ་ རྡིབ་ཀྱི་ཕྱིར་མ་ཡིན། སེམས་ཅན་ལ་ལོའི་ཕྱིར་མ་ཡིན། སེམས་ཅན་ཕྱམ་ཕྱམ་གྱི་ཕྱིར་མ་ཡིན། སེམས་ཅན་བགྲང་ཕྱོས་ཀྱི་ཕྱིར་མ་ཡིན། སེམས་ཅན་བགྲངས་ཕྱོས་ལ་བགྲེས་པའི་ཕྱིར་མ་ཡིན། སེམས་ཅན་ དཔག་ཡས་ཀྱི་ཕྱིར་མ་ཡིན། སེམས་ཅན་དཔག་ཡས་ལ་བསྒྲེས་པའི་ཕྱིར་མ་ཡིན། སེམས་ཅན་ཡལ་འཕྱོང་གི་ཕྱིར་མ་ཡིན། སེམས་ཅན་ཡལ་ཕྱོང་ལ་བསྒྲེས་པའི་ཕྱིར་མ་ཡིན། སེམས་ཅན་མུ་ཡལ་གྱི་ཕྱིར་མ་ཡིན། སེམས་ཅན་མུ་ཡལ་ལ་བསྒྲེས་པའི་ཕྱིར་མ་ཡིན། སེམས་ཅན་བགྲང་ཡལ་གྱི་ཕྱིར་མ་ཡིན། སེམས་ཅན་བགྲང་ཡལ་ལ་བསྒྲེས་པའི་ཕྱིར་མ་ཡིན། སེམས་ཅན་མི་འཇལ་གྱི་ཕྱིར་མ་ཡིན། སེམས་ཅན་མི་འཇལ་ ལ་བསྒྲེས་པའི་ཕྱིར་མ་ཡིན། སེམས་ཅན་བསམ་ཕྱོད་ཀྱི་ཕྱིར་མ་ཡིན། སེམས་ཅན་བསམ་ཕྱོད་ལ་བསྒྲེས་པའི་ཕྱིར་མ་ཡིན། སེམས་ཅན་མཐའ་འབྱམ་གྱི་ཕྱིར་མ་ཡིན། སེམས་ཅན་མཐའ་འབྱམ་ལ་བསྒྲེས་ པའི་ཕྱིར་མ་ཡིན། སེམས་ཅན་དཔག་ཐག་གི་ཕྱིར་མ་ཡིན། སེམས་ཅན་དཔག་ཐག་ལ་བསྒྲེས་པའི་ཕྱིར་མ་ཡིན། སེམས་ཅན་བརྗོད་དུ་མྱེད་པའི་ཕྱིར་མ་ཡིན། སེམས་ཅན་བརྗོད་དུ་མེད་པ་ལ་བསྒྲེས་པའི་ཕྱིར་མ་ ཡིན། སེམས་ཅན་བརྗོད་དུ་མེད་པའི་ཡང་བརྗོད་དུ་མྱེད་པའི་ཕྱིར་མ་ཡིན། སེམས་ཅན་བརྗོད་དུ་མེད་པའི་ཡང་བརྗོད་དུ་མྱེད་པ་ལ་བསྒྲེས་པའི་ཕྱིར་མ་ཡིན། སེམས་ཅན་འཇིག་རྟེན་གྱི་ཁམས་ 76-1-146a གཅིག་ཏུ་གཏོགས་པ་རྣམས་ཀྱི་ཕྱིར་མ་ཡིན་པ་ནས། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་རྣམས་ཀྱི་ཕྱིར་མ་ཡིན། གླིང་བཞི་པའི་འཇིག་ རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་རྣམས་ཀྱི་ཕྱིར་མ་ཡིན། སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་སུ་གཏོགས་ པའི་སེམས་ཅན་རྣམས་ཀྱི་ཕྱིར་མ་ཡིན། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་རྣམས་ཀྱི་ཕྱིར་མ་ཡིན། སྟོང་གསུམ་གྱི་ སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་རྣམས་ཀྱི་ཕྱིར་མ་ཡིན་པ་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བརྗོད་ དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་རྣམས་ཀྱི་དོན་དུ་འདི་ལྟ་སྟེ་ཡོངས་སུ་སྨྱིན་པར་བྱ་བ་དང་། གདུལ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་སེམས་བྱང་ཆུབ་ཏུ་སྐྱེ་བ་མ་ཡིན་གྱི། འདི་ལྟ་སྟེ་འཇིག་རྟེན་གྱི་ཁམས་མ་ལུས་པ་ལྷག་མ་མེད་པ་མཐའ་དག་ཐམས་ཅད་དུ་གཏོགས་པའི་སེམས་ཅན་གྱི་དོན་དུ་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་ བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བྱང་ཆུབ་ཏུ་སྐྱེའོ། །འདི་ལྟ་སྟེ་སངས་རྒྱས་གཅིག་བསྙེན་བཀུར་བ་དང་། མཉེས་པར་བྱ་བ་དང་། མཆོད་ཅིང་རིམ་གྲོར་བྱ་བའི་ཕྱིར་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་སེམས་བྱང་ཆུབ་ཏུ་སྐྱེ་བ་མ་ཡིན་པ་དང་། སངས་རྒྱས་བཅུ་བསྙེན་བཀུར་ཞིང་མཉེས་པར་བྱ་བ་དང་། མཆོད་ཅིང་རིམ་གྲོར་བྱ་བའི་ཕྱིར་མ་ཡིན་པ་ནས། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་ 76-1-146b འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སངས་རྒྱས་བསྙེན་བཀུར་ཞིང་མཉེས་པར་བྱ་བ་དང་། མཆོད་ཅིང་རིམ་གྲོར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བྱང་ཆུབ་ཏུ་སྐྱེ་བ་མ་ཡིན། འཇིག་རྟེན་ གྱི་ཁམས་གཅིག་ཏུ་གཏོགས་པའི་སངས་རྒྱས་ཀྱི་རྒྱུད་བསྙེན་བཀུར་ཞིང་མཉེས་པར་བྱ་བ་དང་། མཆོད་ཅིང་རིམ་གྲོར་བྱ་བའི་ཕྱིར་མ་ཡིན་པ་ནས། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མྱེད་པའི་རྡུལ་ ཤིན་ཏུ་ཕྲ་བ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་དེ་བཞིན་གཤེགས་པའི་བརྒྱུད་བསྙེན་བཀུར་ཞིང་མཉེས་པར་བྱ་བ་དང་། མཆོད་ཅིང་རིམ་གྲོར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ སེམས་བྱང་ཆུབ་ཏུ་སྐྱེ་བ་མ་ཡིན་ནོ། །སངས་རྒྱས་ཀྱི་ཞིང་གཅིག་ཡོངས་སུ་དག་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བྱང་ཆུབ་ཏུ་སྐྱེ་བ་མ་ཡིན་པ་ནས། འཇིག་རྟེན་གྱི་ཁམས་བརྗོད་དུ་མྱེད་ པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བྱང་ཆུབ་ཏུ་སྐྱེ་བ་མ་ཡིན། དེ་བཞིན་གཤེགས་པ་གཅིག་གི་བསྟན་ པ་ཡོངས་སུ་གཟུང་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བྱང་ཆུབ་ཏུ་སྐྱེ་བ་མ་ཡིན་པ་ནས། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་དེ་བཞིན་གཤེགས་ པའི་སྟན་པ་ཡོངས་སུ་བཟུང་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བྱང་ཆུབ་ཏུ་སྐྱེ་བ་མ་ཡིན། སངས་རྒྱས་གཅིག་རབ་ཏུ་ཞུགས་པའི་སྨོན་ལམ་རྣམ་པར་ཐར་པ་ལ་འཇུག་པའི་ཕྱིར་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་སེམས་བྱང་ཆུབ་ཏུ་སྐྱེ་བ་མ་ཡིན་པ་ནས། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སངས་རྒྱས་རབ་ཏུ་ཞུགས་པའི་སྨོན་ལམ་རྣམ་པ་ཐ་དད་ 76-1-147a པ་ལ་འཇུག་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བྱང་ཆུབ་ཏུ་སྐྱེ་བ་མ་ཡིན་ནོ། །དེ་བཞིན་གཤེགས་པ་གཅིག་གི་སངས་རྒྱས་ཀྱི་ཞིང་གི་བརྒྱན་ལ་འཇུག་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་ དཔའ་རྣམས་ཀྱི་སེམས་བྱང་ཆུབ་ཏུ་སྐྱེ་བ་མ་ཡིན་པ་ནས། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་གི་རྒྱན་ལ་འཇུག་པར་ བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བྱང་ཆུབ་ཏུ་སྐྱེ་བ་མ་ཡིན། སངས་རྒྱས་ཀྱི་ཞིང་གཅིག་གི་འཁོར་རྣམ་པར་ཕྱེ་བ་ལ་འཇུག་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ བྱང་ཆུབ་ཏུ་སྐྱེ་བ་མ་ཡིན་པ་ནས། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཁོར་གྱི་དཀྱིལ་འཁོར་ཕྱེ་བ་ལ་འཇུག་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ སེམས་བྱང་ཆུབ་ཏུ་སྐྱེ་བ་མ་ཡིན། དེ་བཞིན་གཤེགས་པ་གཅིག་གི་ཆོས་ཀྱི་འཁོར་ལོ་ཡོངས་སུ་གཟུང་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བྱང་ཆུབ་ཏུ་སྐྱེ་བ་མ་ཡིན་པ་ནས། སངས་རྒྱས་ཀྱི་ ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་ཡོངས་སུ་གཟུང་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བྱང་ཆུབ་ཏུ་སྐྱེ་བ་མ་ཡིན། སེམས་རྒྱ་མཚོ་གཅིག་ཁོང་དུ་ཆུད་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བྱང་ཆུབ་ཏུ་སྐྱེ་བ་མ་ཡིན་པ་ནས། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ ཤིན་ཏུ་ཕྲ་བ་སྙེད་ཀྱི་སེམས་རྒྱ་མཚོ་ཁོང་དུ་ཆུད་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བྱང་ཆུབ་ཏུ་སྐྱེ་བ་མ་ཡིན། སེམས་ཅན་གཅིག་གི་དབང་པོའི་འཁོར་ལོ་ 76-1-147b ཡོངས་སུ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བྱང་ཆུབ་ཏུ་སྐྱེ་བ་མ་ཡིན་པ་ནས། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སེམས་ཅན་གྱི་ དབང་པོའི་འཁོར་ལོ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བྱང་ཆུབ་ཏུ་སྐྱེ་བ་མ་ཡིན། སེམས་ཅན་གཅིག་གི་དབང་པོ་རྒྱ་མཚོ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་སེམས་བྱང་ཆུབ་ཏུ་སྐྱེ་བ་མ་ཡིན། སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སེམས་ཅན་གྱི་དབང་པོ་རྒྱ་མཚོ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་སེམས་བྱང་ཆུབ་ཏུ་སྐྱེ་བ་མ་ཡིན། འཇིག་རྟེན་གྱི་ཁམས་གཅིག་གི་བསྐལ་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལ་འཇུག་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བྱང་ཆུབ་ ཏུ་སྐྱེ་བ་མ་ཡིན་པ་ནས། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་བསྐལ་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལ་འཇུག་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བྱང་ཆུབ་ཏུ་སྐྱེ་བ་མ་ཡིན། འཇིག་རྟེན་གྱི་ཁམས་གཅིག་ཏུ་རྟོགས་པའི་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པའི་བག་ཆགས་ཀྱི་མཚམས་སྦྱོར་བ་ལ་འཇུག་པར་ བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བྱང་ཆུབ་ཏུ་སྐྱེ་བ་མ་ཡིན་པ་ནས། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཇིག་རྟེན་གྱི་ ཁམས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པའི་བག་ཆགས་ཀྱི་མཚམས་སྦྱོར་བ་ལ་འཇུག་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བྱང་ཆུབ་ཏུ་སྐྱེ་བ་ 76-1-148a མ་ཡིན། འཇིག་རྟེན་གྱི་ཁམས་གཅིག་ཏུ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རྒྱ་མཚོ་ཐམས་ཅད་ལ་འཇུག་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བྱང་ཆུབ་ཏུ་སྐྱེ་ བ་མ་ཡིན་པ་ནས། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རྒྱ་མཚོ་ཐམས་ཅད་ལ་འཇུག་ པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བྱང་ཆུབ་ཏུ་སྐྱེ་བ་མ་ཡིན། འཇིག་རྟེན་གྱི་ཁམས་གཅིག་ཏུ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱི་ལས་རྒྱ་མཚོ་ཐམས་ཅད་ལ་འཇུག་པར་བྱ་བའི་ ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བྱང་ཆུབ་ཏུ་སྐྱེ་བ་མ་ཡིན་པ་ནས། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་ སེམས་ཅན་ཐམས་ཅད་ཀྱི་ལས་རྒྱ་མཚོ་ལ་འཇུག་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བྱང་ཆུབ་ཏུ་སྐྱེ་བ་མ་ཡིན། འཇིག་རྟེན་གྱི་ཁམས་གཅིག་ཏུ་གཏོགས་པའི་སེམས་ཅན་ཐམས་ཅད་ ཀྱི་སྤྱོད་པ་རྒྱ་མཚོ་ཐམས་ཅད་ཁོང་དུ་ཆུད་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བྱང་ཆུབ་ཏུ་སྐྱེ་བ་མ་ཡིན་པ་ནས། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ ཕྲ་བ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་རྒྱ་མཚོ་ཐམས་ཅད་ཁོང་དུ་ཆུད་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བྱང་ཆུབ་ཏུ་སྐྱེ་བ་མ་ཡིན་གྱི། སེམས་ཅན་གྱི་ཁམས་མ་ལུས་པ་ལྷག་མ་མྱེད་པ་མཐའ་དག་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བ་དང་། གདུལ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བྱང་ཆུབ་ཏུ་སྐྱེའོ། །སངས་རྒྱས་མ་ལུས་པ་ 76-1-148b ཐམས་ཅད་བསྙེན་བཀུར་ཞིང་མཉེས་པར་བྱ་བ་དང་། མཆོད་ཅིང་རིམ་གྲོར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བྱང་ཆུབ་ཏུ་སྐྱེའོ། །འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་གཏོགས་ པའི་སངས་རྒྱས་ཀྱི་རྒྱུད་བསྙེན་བཀུར་ཞིང་མཉེས་པར་བྱ་བ་དང་། མཆོད་ཅིང་རིམ་གྲོར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་སྨོན་ལམ་ལ་མངོན་པར་མོས་པ་ཡིན། སངས་རྒྱས་ཀྱི་ཞིང་མ་ལུས་པ་ཐམས་ ཅད་ཡོངས་སུ་དག་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་བརྟན་པར་འགྱུར་བ་ཡིན། སངས་རྒྱས་ཀྱི་བསྟན་པ་མ་ལུས་པ་ཐམས་ཅད་ཡོངས་སུ་བཟུང་བའི་ཕྱིར་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་སྦྱོར་བ་འབྱུང་བ་ཡིན། དེ་བཞིན་གཤེགས་པ་རབ་ཏུ་ཞུགས་པའི་སྨོན་ལམ་རྣམ་པ་ཐ་དད་པ་མ་ལུས་པ་ཐམས་ཅད་ཀྱི་རྗེས་སུ་འབྲང་བར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཀྱི་ ཤུགས་དྲག་པོ་སྐྱེ་བ་ཡིན། དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་ཡོན་ཏན་གྱི་རྒྱན་མ་ལུས་པ་ཐམས་ཅད་ལ་འཇུག་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡི་དམ་བརྟན་པ་སྐྱེ་བ་ ཡིན། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་ཐམས་ཅད་ལ་འཇུག་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་མོས་པ་འབྱུང་བ་ཡིན། འགྲོ་བའི་སེམས་རྒྱ་མཚོ་ མ་ལུས་པ་ཐམས་ཅད་ལ་འཇུག་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་སྐྱེ་བ་ཡིན། སེམས་ཅན་གྱི་དབང་པོའི་འཁོར་ལོ་མ་ལུས་པ་ཐམས་ཅད་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་འདོད་པ་སྐྱེ་བ་ཡིན། སེམས་ཅན་གྱི་དབང་པོ་རྒྱ་མཚོ་མ་ལུས་པ་ཐམས་ཅད་ཁོང་དུ་ཆུད་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྲོ་བ་སྐྱེ་བ་ 76-1-149a ཡིན། འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ཀྱི་བསྐལ་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལ་འཇུག་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པ་སྐྱེ་བ་ཡིན། སེམས་ ཅན་མ་ལུས་པ་ཐམས་ཅད་ཀྱི་ཉོན་མོངས་པའི་བག་ཆགས་ཀྱི་མཚམས་སྦྱོར་བ་ཡོངས་སུ་གཅོད་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་ཡོངས་སུ་སྐྱེ་བ་ཡིན། སེམས་ཅན་མ་ལུས་པ་ ཐམས་ཅད་ཀྱི་ལས་དང་ཉོན་མོངས་པའི་རྒྱ་མཚོ་བསྐམ་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཆེན་པོའི་ཉི་མ་འཆར་བ་ཡིན། སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་སྤྱོད་པ་ཡོངས་སུ་ཤེས་ པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་སྣང་བ་འབྱུང་བ་ཡིན། སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་སྡུག་བསྔལ་གྱི་མེའི་ཕུང་པོ་རབ་ཏུ་ཞི་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ རྣམས་ཀྱི་སྙིང་རྗེའི་སྤྲིན་ཆེན་པོ་ཀུན་ནས་འདུ་བ་ཡིན། རིགས་ཀྱི་བུ་མདོར་ན་དེ་དག་ལ་སྩོགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པའི་ཚུལ་དང་། སྒོ་གྲངས་མྱེད་པ་བརྒྱ་སྟོང་ཕྲག་བཅུ་དག་བྱང་ཆུབ་སེམས་ དཔའ་རྣམས་ཀྱིས་ཡོངས་སུ་བསྒྲུབ་པར་བྱའོ། །རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ནི་ཡེ་ཤེས་ཁོང་དུ་ཆུད་པར་བྱ་བའི་ཕྱིར། ཆོས་ཐམས་ཅད་ལ་ཡང་དག་པར་ གཞོལ་བའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ནི་ཡོངས་སུ་དག་པར་བྱ་བའི་ཕྱིར་ཞིང་ཐམས་ཅད་ལ་ཡང་དག་པར་གཞོལ་བའོ། །རིགས་ཀྱི་བུ་དེ་ལྟ་བས་ན། ཁོ་མོས་ནི་བདག་གི་སྨོན་ལམ་ ནམ་མཁའི་དབྱིངས་རྣམ་པར་དག་པའི་མཐའ་གང་དུ་ཐུག་པ་དེའི་མཐས་ཀླས་པར་ཤོག་ཤིག །བདག་གི་སྨོན་ལམ་འཇིག་རྟེན་གྱི་ཁམས་རྣམ་པར་དག་པའི་མཐའ་གང་དུ་ཐུག་པ་དེའི་མཐས་ཀླས་པར་ཤོག་ 76-1-149b ཤིག །བདག་གི་སྨོན་ལམ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང་། བག་ཆགས་ཀྱི་མཚམས་སྦྱོར་བ་དང་། བག་ལ་ཉལ་བའི་མཐའ་གང་དུ་ཐུག་པ་དེའི་མཐས་ཀླས་པར་ཤོག་ཤིག །ཅེས་དེ་ལྟར་ སྨོན་ལམ་བཏབ་བོ། །སྨྲས་པ་འཕགས་མ་རྣམ་པར་ཐར་པ་འདིའི་མིང་ཅི་ཞེས་བགྱི། སྨྲས་པ་རིགས་ཀྱི་བུ་རྣམ་པར་ཐར་པ་འདི་ནི་ཉོན་མོངས་པ་མེད་པ་བདེ་བའི་རྒྱལ་མཚན་ཅེས་བྱ་སྟེ། རིགས་ཀྱི་བུ་ ཁོ་མོས་ཀྱང་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་དེ་གཅིག་པུ་ཤེས་པར་ཟད་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་འཛིན་པའི་ཕྱིར། སེམས་རྒྱ་མཚོ་དང་ལྡན་པ་ལྷག་པའི་བསམ་ པ་བརྟན་པའི་ཕྱིར་རི་རབ་དང་འདྲ་བ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ནད་རབ་ཏུ་སོས་པར་བྱེད་པའི་ཕྱིར་སྨན་གྱི་རྒྱལ་པོ་མཐོང་ན་ལེགས་པ་ལྟ་བུ། སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་ པ་སེལ་བའི་ཕྱིར་ཉི་མར་གྱུར་པ། སེམས་ཅན་ཐམས་ཅད་ཀྱི་བསམ་པའི་གནས་སུ་གྱུར་པ་ས་ལྟ་བུའི་སེམས་དང་ལྡན་པ། འགྲོ་བ་ཐམས་ཅད་ཀྱི་དོན་བྱེད་པའི་ཕྱིར་རླུང་དུ་གྱུར་པ། སེམས་ཅན་ཐམས་ ཅད་ལ་ཡེ་ཤེས་ཀྱི་སྣང་བ་འབྱིན་པའི་ཕྱིར་མར་མྱེར་གྱུར་པ། ཞི་བའི་སྒྲས་སངས་རྒྱས་ཀྱི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་འབེབས་པའི་སྤྲིན་དུ་གྱུར་པ་བསོད་ནམས་ཀྱི་འོད་གཟེར་གྱི་བདེ་བ་རབ་ཏུ་འགྱེད་པའི་ ཕྱིར་ཟླ་བ་ལྟ་བུ། འགྲོ་བ་ཐམས་ཅད་ཡོངས་སུ་བསྲུང་བ་ལ་ཞུགས་པའི་ཕྱིར། བརྒྱ་བྱིན་ལྟ་བུ་དེ་དག་གི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པའམ། བྱང་ཆུབ་སེམས་དཔའི་བསླབ་པ་བསམ་ གྱིས་མི་ཁྱབ་པ་སྨོས་པའམ། བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་རྣམ་པ་མཐའ་དང་དབུས་མེད་པ་ཡོངས་སུ་བསྟན་པར་ནུས་རེ་སྐན། །སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ཀྱི་ 76-1-150a རྒྱ་མཚོ་རྣམ་པར་རློབ་པ་འདི་ན་ཡུལ་ཆུ་བོ་གཙང་མ་ཞེས་བྱ་བ་ཡོད་དེ། དེ་ན་དྲང་སྲོང་འཇིགས་མཆོག་དབྱངས་ཤེས་བྱ་བ་འདུག་གི་དེའི་གན་དུ་སོང་ལ་དྲིས་ཤིག་དང་། དེས་རིགས་ཀྱི་བུ་ཁྱོད་ ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྟོན་པར་འགྱུར་རོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་དགེ་བསྙེན་མ་ཡིད་བཞིན་གྱི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། དགེ་བསྙེན་མ་ཡིད་བཞིན་ལ་ ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། ཡང་དང་ཡང་བལྟས་ཏེ་ཕྱག་འཚལ་ནས། ངོ་མཆི་མས་གང་བར་ངུས་ཏེ། བྱང་ཆུབ་མཆོག་ཏུ་དཀོན་པ་རྗེས་སུ་སེམས་ཤིང་དགེ་བའི་ བཤེས་གཉེན་རིམ་གྲོར་བྱ་བ་དཀོན་པ་རྗེས་སུ་བསམ་པ་དང་། སྐྱེས་བུ་དམ་པ་དང་འཕྲད་པ་དཀོན་པ་རྗེས་སུ་བསམ་པ་དང་། བྱང་ཆུབ་སེམས་དཔའི་དབང་པོ་འཐོབ་པར་བྱ་བ་རྗེས་སུ་བསམ་པ་དང་། བྱང་ཆུབ་སེམས་ དཔའི་བསམ་པ་ཡོངས་སུ་དག་པ་དཀོན་པ་རྗེས་སུ་བསམ་པ་དང་། སྐལ་བ་མཉམ་པའི་དགེ་བའི་བཤེས་གཉེན་དང་ཕྲད་པ་དཀོན་པ་རྗེས་སུ་བསམ་པ་དང་། བྱང་ཆུབ་ཏུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མངོན་པར་མོས་ ཤིང་སེམས་ངེས་པར་གཞོག་པ་དཀོན་པ་རྗེས་སུ་བསམ་པ་དང་། མི་མཉམ་པ་མེད་པའི་ཆོས་ཀྱི་ཚུལ་རྗེས་སུ་བསྟན་པའི་སྦྱོར་བ་དཀོན་པ་རྗེས་སུ་བསམ་པ་དང་། སེམས་དྲི་མ་མྱེད་ཅིང་མི་འཕྲོགས་པའི་ སྦྱོར་བ་ཡང་དག་པར་བསྒྲུབ་པར་དཀོན་པ་རྗེས་སུ་བསམ་པ་དང་། ཐམས་ཅད་མཁྱེན་པ་ཉིད་དུ་ཤུགས་དྲག་པོ་རྣམ་པར་བསྐྱེད་པའི་ཆོས་ཀྱི་སྣང་བ་དཀོན་པ་རྗེས་སུ་བསམ་པ་བྱེད་ཅིང་། དགེ་བསྙེན་མ་ ཡིད་བཞིན་གྱི་དྲུང་ནས་སོང་ངོ་། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་བྱང་ཆུབ་སེམས་དཔའི་གདམས་ངག་གི་རྗེས་སུ་སོང་བའི་སེམས་དང་ལྡན་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་དག་པར་ 76-1-150b བྱ་བ་དང་། རྗེས་སུ་སོང་བའི་སེམས་དང་ལྡན་པ་དང་། བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་སྟོབས་རྣམ་པར་འཕེལ་བར་བྱ་བའི་སེམས་དང་ལྡན་པ། སངས་རྒྱས་བལྟ་བའི་ཤུགས་དྲག་པོས་རབ་ཏུ་སྣང་ བར་བྱ་བའི་སེམས་དང་ལྡན་པ། ཆོས་ཀྱི་གཏེར་འཐོབ་པར་བྱ་བ་ལ་ཤུགས་དྲག་པོ་སྐྱེས་པའི་སེམས་དང་ལྡན་པ། སྨོན་ལམ་ཆེན་པོ་མངོན་པར་བསྒྲུབ་པའི་ཤུགས་དྲག་པོ་རབ་ཏུ་འཕེལ་བའི་སེམས་དང་ལྡན་པ་ ཆོས་ཐམས་ཅད་ཀྱི་ཕྱོགས་ལ་མངོན་དུ་ལྟ་བའི་སེམས་དང་ལྡན་པ། ཆོས་ཀྱི་རང་བཞིན་གྱི་འོད་ཀྱིས་སྣང་བར་བྱས་པའི་སེམས་དང་ལྡན་པ། སྒྲིབ་པ་ཐམས་ཅད་རྣམ་པར་འཐོར་བའི་སེམས་དང་ལྡན་པ། ཆོས་ ཀྱི་དབྱིངས་ལ་མུན་པ་མེད་པར་རྣམ་པར་ལྟ་བའི་སེམས་དང་ལྡན་པ། རྡོ་རྗེ་རིན་པོ་ཆེ་མཐུ་བོ་ཆེས་མྱི་ཆོམས་པ་ལྷར་དྲི་མ་མེད་པའི་སེམས་དང་ལྡན་པ། བདུད་ཐམས་ཅད་ཀྱི་དཔུང་གིས་བརྒལ་བར་དཀའ་ཞིང་ཐུབ་ པར་དཀའ་བའི་སེམས་དང་ལྡན་པ་དེ་མཐར་ཀྱིས། ཡུལ་ཆུ་བོ་གཙང་མ་ག་ལ་བ་དེར་ཕྱིན་ནས། དྲང་སྲོང་འཇིགས་མཆོག་དབྱངས་ཚོལ་ཚོལ་བ་ལས། དེའི་ཚེ་དྲང་སྲོང་འཇིགས་མཆོག་དབྱངས་དགེ་བ་སྦྱང་བའི་ གནས་ཤིང་དང་། ཤིང་ཕྲན་སྣ་ཚོགས་གྲངས་མྱེད་པའི་ནགས་ཚལ་མདངས་དགའ་བ། ལོ་མས་རྒྱས་པའི་ཤིང་གིས་ཀུན་ནས་འཁྲིགས་པ། རྟག་ཏུ་མེ་ཏོག་རྒྱས་པ་དང་ལྡན་པའི་ཤིང་སྣ་ཚོགས་ཅན། རྟག་ཏུ་ ཤིང་ཐོག་མང་པོ་དང་ལྡན་པའི་ཤིང་ཐོག་གི་ཤིང་དང་ལྡན་པ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་ཤིང་དྲུང་ནོར་བུ་རིན་པོ་ཆེའི་སྤང་ལེབ་ཀྱིས་རྟག་ཏུ་གཤིབས་པ་དང་ལྡན་པ། ཙན་དན་དམ་པའི་ཤིང་ཀུན་ནས་བྲེས་པ། ཨ་ག་རུ་ཡིད་དུ་འོང་བའི་ཤིང་ལས་སྤོས་ཀྱི་དྲི་རྟག་ཏུ་འབྱུང་བས་རབ་ཏུ་བརྒྱན་པ། ཕྱོགས་བཞི་ནས་ཤིང་པ་ཏ་ལ་རྣམ་པར་མཛེས་པར་སྐྱེས་པས་ཡོངས་སུ་བརྒྱན་པ། ནྱ་གྲོ་དའི་ཤིང་དབྱིབ་ཡིད་དུ་འོང་བ་དང་ 76-1-151a ལྡན་པ། འཛམ་བུའི་ཤིང་ལས་རྟག་ཏུ་ཤིང་ཐོག་སྨྱིན་པ་འབྲུལ་བ། མེ་ཏོག་གི་ཚལ་པད་མོ་དང་། ཨུད་པ་ལ་གསར་དུ་སྐྱེས་པས་རབ་ཏུ་བརྒྱན་པ་ཞིག་ན་འདུག་འདུག་སྟེ། ཚོང་དཔོན་གྱི་བུ་ནོར་ བཟངས་ཀྱིས་དྲང་སྲོང་འཇིགས་མཆོག་དབྱངས་དྲང་སྲོང་སྟོང་ཕྲག་བཅུས་བསྐོར་ཅིང་། ཙན་དན་གྱི་ཡལ་ག་ཤིན་ཏུ་འབྲེལ་བའི་བྱ་སྐྱིབས་ཤིག་ན། ཐོར་ཚུགས་ཀྱི་ཅོད་པན་ཅན། པགས་པ་དང་། རྩའི་གོས་གྱོན་ པ། ཤིང་ཤུན་གྱི་སྨད་ཡོགས་ཅན་རྩའི་སྟན་ལ་འདུག་པ་མཐོང་ངོ་། །མཐོང་ནས་ཀྱང་དྲང་སྲོང་འཇིགས་མཆོག་དབྱངས་ག་ལ་བ་དེར་སོང་སྟེ། ཕྱིན་ནས་ཡང་དག་པའི་དགེ་བའི་བཤེས་གཉེན་དང་ཕྲད་པའི་བསམ་པས་དགེ་ བའི་བཤེས་གཉེན་ནི་ཡང་དག་པའི་ལམ་སྟོན་པས། ཐམས་ཅད་མཁྱེན་པ་ཉིད་འབྱུང་བའི་སྒོ་ཡིན་པར་ཡང་དག་པར་བལྟ། ཐམས་ཅད་མཁྱེན་པའི་ས་ལ་གཞོག་པས། ཐམས་ཅད་མཁྱེན་པ་དེ་ནི་དགེ་བའི་ བཤེས་གཉེན་གྱི་གདམས་ངག་ལ་རག་ལུས་པར་ཡང་དག་པར་ལྟ། སྟོབས་བཅུའི་ཡེ་ཤེས་རིན་པོ་ཆེའི་གླིང་དུ་སྐྱེལ་བས། ཐམས་ཅད་མཁྱེན་པ་ཉིད་ནི་དགེ་བའི་བཤེས་གཉེན་གྱི་མཉན་པ་ལ་རག་ལུས་པར་ ཡང་དག་པར་བལྟ། སྟོབས་བཅུའི་ཡེ་ཤེས་སྣང་བ་ཡང་དག་པར་བསྐྱེད་པས་ཐམས་ཅད་མཁྱེན་པ་ཉིད་ནི་དགེ་བའི་བཤེས་གཉེན་གྱི་སྒྲོན་མས་སྣང་བར་བྱ་བ་ཡིན་པར་ཡང་དག་པར་བལྟ། ཉམ་ཉེས་མྱེད་པར་ ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་དུ་ཕྱིན་པར་བྱེད་པས། ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ནི་དགེ་བའི་བཤེས་གཉེན་ཡིན་པར་ཡང་དག་པར་བལྟ། མཉམ་པ་དང་མི་མཉམ་པ་ཡོངས་སུ་སྟོན་པས། ཐམས་ཅད་མཁྱེན་པ་ཉིད་ཀྱི་མར་མེ་ནི་དགེ་བའི་བཤེས་གཉེན་ཡིན་པར་ཡང་དག་པར་བལྟ། གཡང་སའི་འཇིགས་པ་ཐམས་ཅད་མེད་པར་བྱེད་པས་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྟེགས་བུ་དགེ་བའི་བཤེས་ 76-1-151b གཉེན་ཡིན་པར་ཡང་དག་པར་བལྟ། བྱམས་པ་ཆེན་པོའི་སྟོབས་ཀྱིས་སིམ་པ་ཡོངས་སུ་བསྐྱེད་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཀྱི་གདུགས་ནི་དགེ་བའི་བཤེས་གཉེན་ཡིན་པར་ཡང་དག་པར་བལྟ། སྙིང་རྗེ་ ཆེན་པོ་ཡོངས་སུ་བསྐྱེད་པས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཤུགས་དྲག་པོ་ནི་དགེ་བའི་བཤེས་གཉེན་ཡིན་པར་ཡང་དག་པར་བལྟ་ཞིང་ཆོས་ཀྱི་རང་བཞིན་གྱི་ཚུལ་རབ་ཏུ་སྣང་བར་བྱེད་པས་ཐམས་ཅད་མཁྱེན་པ་ ཉིད་གསལ་བར་མཐོང་བ་ནི། དགེ་བའི་བཤེས་གཉེན་ལ་རག་ལས་པར་མཐོང་ནས། ལུས་ཐམས་ཅད་ཀྱིས་ཕབ་སྟེ། ཕྱག་བྱས་ནས་ལངས་ཏེ། དྲང་སྲོང་འཇིགས་མཆོག་དབྱངས་ལ་ལན་ བརྒྱ་སྟོང་དུ་མར་བསྐོར་བ་བྱས་ནས་མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ནས་ཡིད་དུ་འོང་བའི་ཚུལ་གྱིས་ཡིད་དུ་འོང་བའི་ཚིག་བརྗོད་དེ། འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་གིས་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་མ་འཚལ་ཏེ། འཕགས་པ་ནི་བྱང་ ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་། རྗེས་སུ་བསྟན་པ་མཛད་དོ་ཞེས་ཐོས་ནས། འཕགས་པ་ཇི་ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ ལྟར་ནན་ཏན་དུ་བགྱི་བ་བདག་ལ་བཤད་དུ་གསོལ། དེ་ནས་དྲང་སྲོང་འཇིགས་མཆོག་དབྱངས་ཀྱིས་བྲམ་ཟེའི་བྱིས་པ་སྟོང་ཕྲག་བཅུ་པོ་དེ་དག་ལ་བལྟས་ཏེ། འདི་སྐད་ཅེས་སྨྲས་སོ། །བྱིས་པ་བདག་ རིགས་ཀྱི་བུ་འདིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། སེམས་ཅན་ཐམས་ཅད་འཇིགས་པ་མེད་པ་ལ་འགྲོན་དུ་གཉེར་ཏོ། །རིགས་ཀྱི་བུ་འདི་ནི་སེམས་ཅན་ཐམས་ཅད་ལ་ 76-1-152a ཕན་པ་དང་བདེ་བའི་དོན་དུ་སྟ་གོན་དུ་གནས་པ་སྟེ། ཡེ་ཤེས་རྒྱ་མཚོ་ལ་མངོན་དུ་གྱུར་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྤྲིན་གྱི་ཆར་བཏུང་བར་འདོད་པའོ། །ཆོས་ཀྱི་ ཚུལ་རྒྱ་མཚོ་ཐམས་ཅད་ལ་འཇུག་པར་འདོད་པའོ། །ཡེ་ཤེས་ཀྱི་སྣང་བ་ཆེན་པོ་ལ་གནས་པར་འདོད་པའོ། །སྙིང་རྗེ་ཆེན་པོའི་སྤྲིན་བསྡུ་བར་འདོད་པའོ། །ཆོས་ཀྱི་ཆར་ཆེན་པོ་མངོན་པར་འདོད་པའོ། ། ཡེ་ཤེས་ཆེན་པོའི་ཟླ་བ་འཇིག་རྟེན་དུ་ཤར་བར་བྱས་ཏེ། ཉོན་མོངས་པའི་གདུང་བ་ཐམས་ཅད་རབ་ཏུ་གཞིལ་བར་འདོད་པའོ། །སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་རྣམ་པར་སྤེལ་བར་འདོད་པའོ། ། དེ་ནས་བྲམ་ཟེའི་བྱིས་པ་སྟོང་ཕྲག་བཅུ་པོ་དེ་དག་གིས་མེ་ཏོག་དྲི་ཞིམ་ལ་ཡིད་དུ་འོང་ཞིང་ཁ་དོག་སྣ་ཚོགས་དང་ལྡན་པ་མང་པོས་ཚོང་དཔོན་གྱི་བུ་ནོར་བཟངས་ལ་གཏོར་ཏོ། །མངོན་པར་གཏོར་ཏོ། །རབ་ཏུ་ གཏོར་ཏོ། །མངོན་པར་ཕྱག་འཚལ་ཏོ། །དེ་ལྟར་བཏུད་དེ་ཕྱག་འཚལ་ནས། གཡས་ཕྱོགས་སུ་བསྐོར་བ་བྱས་ཏེ། ཚིག་འདི་སྐད་དུ་བརྗོད་དོ། །འདི་ནི་སེམས་ཅན་ཐམས་ཅད་ཡོངས་སུ་ སྐྱོབ་པར་འགྱུར་རོ། །སེམས་ཅན་དམྱལ་བའི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པར་འགྱུར་རོ། །བྱོལ་སོང་གི་སྐྱེ་གནས་ཀྱི་ལམ་གྱི་རྒྱུད་ཐམས་ཅད་རྣམ་པར་གཅོད་པར་འགྱུར་རོ། ། གཤིན་རྗེའི་འཇིག་རྟེན་གྱི་ལམ་གྱི་རྒྱུད་ཐམས་ཅད་རྣམ་པར་བཟློག་པར་འགྱུར་རོ། །མི་ཁོམ་པའི་སྒོ་ཐམས་ཅད་གཅོད་པར་འགྱུར་རོ། །སྲེད་པའི་རྒྱ་མཚོ་ཐམས་ཅད་ཡོངས་སུ་སྐེམས་པར་འགྱུར་ རོ། །སྲིད་པའི་བཅིང་པ་གཅོད་པར་འགྱུར་རོ། །སྡུག་བསྔལ་གྱི་ཕུང་པོ་རྣམ་པར་བཟློག་པར་འགྱུར་རོ། །མ་རིག་པའི་མུན་པ་སེལ་བར་འགྱུར་རོ། །བསོད་ནམས་ཀྱི་ཁོར་ཡུག་གིས་འཇིག་རྟེན་ 76-1-152b ཡོངས་སུ་བསྐོར་བར་འགྱུར་རོ། །ཡེ་ཤེས་རིན་པོ་ཆེའི་འབྱུང་གནས་སུ་ཡོངས་སུ་སྟོན་པར་འགྱུར་རོ། །ཡེ་ཤེས་ཀྱི་ཉི་མའི་ཚོར་བར་བགྱིད་པར་འགྱུར་རོ། །ཆོས་ཀྱི་མིག་རྣམ་པར་སྦྱོང་བར་འགྱུར་རོ། །འཇིག་ རྟེན་རྣམས་ལ་མཉམ་པ་དང་མི་མཉམ་པ་ཡང་དག་པར་སྟོན་པར་འགྱུར་རོ། །དེ་ནས་དྲང་སྲོང་འཇིགས་མཆོག་དབྱངས་ཀྱིས་བྱིས་པ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །བྱིས་པ་དག་གང་གིས་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། སེམས་ཅན་ཐམས་ཅད་ཀྱི་བདེ་བ་རབ་ཏུ་བསྐྱེད་དེ། རིམ་གྱིས་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་འགྱུར་རོ། ། བྱིས་པ་བདག་རིགས་ཀྱི་བུ་འདིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྟེ། དེ་བས་ན་འདི་ནི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱིས་ཡོངས་སུ་སྦྱོང་བར་འགྱུར་རོ། །དེ་ནས་དྲང་ སྲོང་འཇིགས་མཆོག་དབྱངས་ཀྱིས། ཚོང་དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁོ་བོ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་གཞན་གྱིས་མི་ཐུབ་པའི་རྒྱལ་མཚན་ ཐོབ་པའོ། །ནོར་བཟངས་ཀྱིས་སྨྲས་པ། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་གཞན་གྱིས་མི་ཐུབ་པ་འདིའི་ཡུལ་ཇི་ལྟ་བུ་ཞིག་མཆིས། དེ་ནས་དྲང་སྲོང་འཇིགས་མཆོག་དབྱངས་ཀྱིས་ལག་པ་གཡས་ པ་བརྐྱང་སྟེ། ཚོང་དཔོན་གྱི་བུ་ནོར་བཟངས་ཀྱི་མགོ་ལ་བྱུགས་ནས་ལག་པས་བཟུང་ངོ་། །ཚོང་དཔོན་གྱི་བུ་ནོར་བཟངས་ལ་དྲང་སྲོང་འཇིགས་མཆོག་དབྱངས་ཀྱིས་ལག་པ་གཡས་པས་གཟུང་མ་ཐག་ཏུ་ དེའི་མྱོད་ལ་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས། ཕྱོགས་བཅུར་སངས་རྒྱས་ཀྱིས་ཞིང་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་མཐོང་བར་གྱུར་ཏེ། དེ་དག་གི་དེ་བཞིན་གཤེགས་ 76-1-153a པ་སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཞབས་ཀྱི་དྲུང་ན་བདག་ཉིད་འདུག་པར་ཤེས་པར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་དེ་དག་ཀྱང་རྣམ་པ་གྲངས་མེད་པར་རྣམ་པར་དག་པའི་ རྒྱན་དང་ལྡན་པར་མཐོང་ངོ་། །དེ་དག་ན་འང་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་ཁ་དོག་སྣ་ཚོགས་ཅན་རྒྱན་རྣམ་པ་ཐ་དད་པ་དང་ལྡན་པ་དག་འཁོད་པ་མཐོང་ངོ་། །འཁོར་གྱི་ དཀྱིལ་འཁོར་རྒྱ་མཚོ་དེ་དག་ན་འང་དེ་བཞིན་གཤེགས་པའི་སྐུ་མཚན་དང་དཔེ་བྱད་བཟང་པོ་འབར་བས་བརྒྱན་པ་དག་བཞུགས་པ་མཐོང་ངོ་། །དེ་དག་ལས་ཀྱང་ཚིག་དང་ཡི་གེ་གཅིག་ལས་ཀྱང་ཕྱིར་ཕྱོགས་པ་མྱེད་ པར་ཆོས་བསྟན་པ་ཉན་ཏོ། །དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་དེ་དག་ཀྱང་ཕན་ཚུན་མ་འདྲེས་པར་ཡང་དག་པར་འཛིན་ཏོ། །ཆོས་ཀྱི་སྤྲིན་གྱི་ཆར་སེམས་ཅན་གྱི་བསམ་པ་སྣ་ཚོགས་ལ་འབབ་ པ་དེ་དག་ཀྱང་ཡང་དག་པར་འཛིན་ཏོ། །དེ་བཞིན་གཤེགས་པ་དེ་དག་གི་སྔོན་གྱི་སྨོན་ལམ་མོས་པ་སྣ་ཚོགས་ཀྱི་སྟོབས་ཀྱིས་རྣམ་པར་སྦྱངས་པ་རྒྱ་མཚོ་ལ་ཡང་ཞུགས་སོ། །སངས་རྒྱས་ཀྱི་ཞིང་དག་ པར་བསྡུ་བ་སྨོན་ལམ་སྣ་ཚོགས་རྒྱ་མཚོས་རྣམ་པར་དག་པ་རྒྱ་མཚོ་དེ་དག་ལ་ཡང་ཞུགས་སོ། །སངས་རྒྱས་ཀྱི་སྐུ་མདོག་སེམས་ཅན་གྱི་བསམས་པ་ཇི་ལྟ་བ་བཞིན་དུ་ཚིམ་པར་འགྱུར་བར་རྣམ་པར་དམྱིགས་ པ་དེ་དག་ཀྱང་མཐོང་ངོ་། །སངས་རྒྱས་ཀྱི་འོད་གཟེར་གྱི་དྲ་བ་འདོད་ཆགས་དང་བྲལ་བ་སྣ་ཚོགས་ཀྱིས་རྣམ་པར་དག་པའི་རྒྱན་གྱི་འཁོར་དེ་དག་ཀྱང་མཐོང་ངོ་། །སངས་རྒྱས་ཀྱི་སྟོབས་དེ་དག་ལའང་ཡེ་ ཤེས་སྣང་བ་སྒྲིབ་པ་མྱེད་པ་དང་ལྡན་པས་ཞུགས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་གཞན་གྱིས་མི་ཐུབ་པའི་རྒྱལ་མཚན་གྱི་ཡེ་ཤེས་ཀྱི་འོད་ཀྱིས་སྣང་བར་གྱུར་པ། 76-1-153b ཏིང་ངེ་འཛིན་རྣམ་པར་སྣང་མཛད་ཀྱི་སྙིང་པོ་སྣང་བ་རབ་ཏུ་ཐོབ་པ། ཏིང་ངེ་འཛིན་ཡེ་ཤེས་མྱི་ཟད་པའི་རྣམ་པར་ཐར་པ་དང་ལྡན་པ། གཟུངས་ཀྱི་སྒོ་སྣང་བ་ཕྱོགས་ཀུན་གྱི་དྲ་བ་རབ་ཏུ་ཐོབ་པ། གཟུངས་ཀྱི་ སྒོ་རྡོ་རྗེའི་སྙིང་པོས་སེམས་རབ་ཏུ་གསལ་བར་བྱས་པ། ཏིང་ངེ་འཛིན་ཡེ་ཤེས་བརྩེགས་པ་རྣམ་པར་འཕྱེ་བའི་ཡུལ་ལ་རྣམ་པར་ཕྱེ་བ་རབ་ཏུ་ཐོབ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་སྤྱོད་པ་གཞི་ཀུན་ ནས་རྣམ་པར་བརྒྱན་པའི་སྙིང་པོ་ཡུལ་དུ་གྱུར་པ། ཏིང་ངེ་འཛིན་གྱི་སྣང་བ་སངས་རྒྱས་ནམ་མཁའི་སྙིང་པོའི་དཀྱིལ་འཁོར་ལ་རབ་ཏུ་ཞུགས་པ། ཏིང་ངེ་འཛིན་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ ལོའི་མུ་ཁྱུད་ཀྱིས་སེམས་རབ་ཏུ་སྣང་བར་བྱས་པ། ཏིང་ངེ་འཛིན་གྱི་སྣང་བ་དུས་གསུམ་གྱི་ཡེ་ཤེས་རིན་པོ་ཆེ་མི་ཟད་པའི་འཁོར་ལོ་རབ་ཏུ་བརྩོན་པ་དེས། དེ་བཞིན་གཤེགས་པ་ལ་ལའི་ཞབས་ཀྱི་ དྲུང་དུ་ནི་ཉིན་ཞག་གཅིག་ལོན་པར་ཤེས་སོ། །ལ་ལར་ནི་ཉིན་ཞག་བདུན་ལོན་པ་སྙམ། ལ་ལར་ནི་ཟླ་བ་ཕྱེད་ལོན་པ་སྙམ། ལ་ལར་ནི་ཟླ་བ་གཅིག་ལོན་པ་སྙམ། ལ་ལར་ནི་ལོ་གཅིག་ལོན་པ་སྙམ། ལ་ལར་ནི་ལོ་བརྒྱར་ལོན་པ་སྙམ། ལ་ལར་ནི་ལོ་སྟོང་ལོན་པ་སྙམ། ལ་ལར་ནི་ལོ་བརྒྱ་ཕྲག་སྟོང་ལོན་པ་སྙམ། ལ་ལར་ནི་ལོ་བྱེ་བ་ལོན་པ་སྙམ། ལ་ལར་ནི་ལོ་བྱེ་བ་བརྒྱ་སྟོང་ལོན་པ་སྙམ། ལ་ལར་ནི་ལོ་བྱེ་བ་སྟོང་ལོན་པ་སྙམ། ལ་ལར་ནི་ལོ་བྱེ་བ་བརྒྱ་ཕྲག་སྟོང་ལོན་པ་སྙམ། ལ་ལར་ནི་ལོ་བྱེ་བ་ཁྲག་ཁྲིག་ལོན་པ་སྙམ། ལ་ལར་ནི་བསྐལ་པ་ཕྱེད་ལོན་པ་སྙམ། ལ་ལར་ནི་བསྐལ་པ་གཅིག་ལོན་ པ་སྙམ། ལ་ལར་ནི་བསྐལ་པ་བརྒྱ་ལོན་པ་སྙམ། ལ་ལར་ནི་བསྐལ་པ་སྟོང་ལོན་པ་སྙམ། ལ་ལར་ནི་བསྐལ་པ་བརྒྱ་ཕྲག་སྟོང་ལོན་པ་སྙམ། ལ་ལར་ནི་བསྐལ་པ་བྱེ་བ་ལོན་པ་སྙམ། ལ་ལར་ 76-1-154a ནི་བསྐལ་པ་བྱེ་བ་ཕྲག་བརྒྱ་ལོན་པ་སྙམ། ལ་ལར་ནི་བསྐལ་པ་བྱེ་བ་སྟོང་ལོན་པ་སྙམ། ལ་ལར་ནི་བསྐལ་པ་བྱེ་བ་བརྒྱ་ཕྲག་སྟོང་ལོན་པ་སྙམ། ལ་ལར་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་ ཕྲག་སྟོང་ལོན་པ་སྙམ། བྱེད་པ་ནས་དེ་བཞིན་གཤེགས་པ་ལ་ལའི་ཞབས་ཀྱི་དྲུང་དུ་ནི་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་སྙེད་ལོན་པར་གྱུར་པ་སྙམ་བྱེད་དེ། དེ་བཞིན་གཤེགས་པ་ལ་ལའི་ ཞབས་ཀྱི་དྲུང་དུ་ནི་བསྐལ་པ་འཛམ་བུའི་གླིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལོན་པ་སྙམ་བྱེད་པ་ནས། བསྐལ་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལོན་པ་སྙམ་བྱེད་ པར་གྱུར་ཏོ། །དེ་ནས་དྲང་སྲོང་འཇིགས་མཆོག་དབྱངས་ཀྱིས། ཚོང་དཔོན་གྱི་བུ་ནོར་བཟངས་མཐོང་བ་དང་། དེས་ཡང་བདག་དྲང་སྲོང་འཇིགས་མཆོག་དབྱངས་ཀྱི་མདུན་དུ་འདུག་པར་ཤེས་པར་གྱུར་ ཏོ། །དེ་ལ་དྲང་སྲོང་འཇིགས་མཆོག་དབྱངས་ཀྱིས་སྨྲས་པ་རིགས་ཀྱི་བུ་དྲན་མོད། སྨྲས་པ་འཕགས་པ་དགེ་བའི་བཤེས་གཉེན་གྱི་བྱིན་གྱིས་རླབས་ཀྱིས་དྲན་ནོ། །སྨྲས་པ་རིགས་ཀྱི་བུ་ཁོ་བོས་ནི་བྱང་ཆུབ་ སེམས་དཔའི་རྣམ་པར་ཐར་པ་གཞན་གྱིས་མི་ཐུབ་པའི་རྒྱལ་མཚན་འདི་ཤེས་པར་ཟད་ན། བྱང་ཆུབ་སེམས་དཔའ་འགྲོ་བ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ཡེ་ཤེས་མངོན་པར་ཤེས་པ་དང་ལྡན་ པའི་ཏིང་ངེ་འཛིན་ཐོབ་པ། དུས་ཐམས་ཅད་དུ་འཁོར་ལོ་བསྐོར་བ། སངས་རྒྱས་ཀྱི་མཚན་དང་། ཡེ་ཤེས་མངོན་པར་བསྒྲུབ་པ་ལ་མཁས་པ། དེ་བཞིན་གཤེགས་པ་བྱུང་བའི་ཉི་མ་ལ་རྣམ་ པར་དམྱིགས་པའི་རྒྱན་རབ་ཏུ་ཐོབ་པ། དུས་གསུམ་གྱི་ཡུལ་སྐད་ཅིག་གཅིག་གིས་ཡེ་ཤེས་སུ་ཡང་དག་པར་སྡུད་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལུས་ཤིན་ཏུ་རྣམ་པར་བཀྲམ་པ་ཆོས་ཀྱི་ 76-1-154b དབྱིངས་ཐམས་ཅད་ལ་ཡེ་ཤེས་སྣང་བའི་རང་བཞིན་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་མངོན་སུམ་དུ་མངོན་པར་ལངས་པ། སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་སྤྱོད་པས། རྣམ་པར་སྤྱོད་པ་དང་འཐུན་པའི་ཚུལ་དང་ལྡན་པ་འདོད་པ་བཞིན་དུ་ཀུན་ཏུ་སྣང་ཞིང་དྲི་མ་མེད་ལ་འོད་དང་ལྡན་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་རྣམ་པར་དག་པ། དེ་དག་གི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་ པའམ། སྨོན་ལམ་གྱི་ཁྱད་པར་སྨོས་པའམ། ཞིང་གི་མངོན་པར་འདུ་བྱ་བ་ཤེས་པའམ། ཡེ་ཤེས་ཀྱི་ཡུལ་ལ་འཇུག་པར་བྱ་བའམ། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་རྗེས་སུ་འབྲང་བར་བྱ་བའམ། རྫུ་འཕྲུལ་དང་རྣམ་པར་འཕྲུལ་པ་ལ་འཇུག་པར་བྱ་བའམ། རྣམ་པར་ཐར་པའི་ཁྱུ་མཆོག་གི་མཐུ་ཕྱུང་བའམ། རྣམ་པར་རྩེ་བའི་རྗེས་སུ་འབྲང་བར་བྱ་བའམ། ལུས་རྣམ་པར་ཕྱེ་བའི་མཚན་མ་གཟུང་བར་ བྱ་བའམ། དབྱངས་ཀྱི་དཀྱིལ་འཁོར་རྣམ་པར་དག་པ་བརྗོད་པའམ། ཡེ་ཤེས་ཀྱི་སྣང་བ་རབ་ཏུ་སྟན་པར་ནུས་རེ་སྐན། །སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན་ཡུལ་ཡོངས་སུ་ཚོལ་བ་ཞེས་ བྱ་བ་ཡོད་དེ། དེ་ན་བྲམ་ཟེ་རྒྱལ་བའི་དྲོད་ཀྱི་སྐྱེ་མཆེད་ཅེས་བྱ་བ་འདུག་གིས། དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་ བགྱི་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་དགའ་རངས་ཏེ། མགུ་ཞིང་ཉམས་བདེ་ལ་ཚིམ་ཞིང་ཡིད་བདེ་བ་སྐྱེས་ནས། དྲང་སྲོང་འཇིགས་མཆོག་དབྱངས་ཀྱི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་ འཚལ་ཏེ། དྲང་སྲོང་འཇིགས་མཆོག་དབྱངས་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། ཡང་དང་ཡང་བལྟས་ཏེ་དྲང་སྲོང་འཇིགས་མཆོག་དབྱངས་ཀྱི་དྲུང་ནས་སོང་ངོ་།། །། 76-1-155a སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བཅུ་གཉིས་པ། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་ པ་གཞན་གྱིས་མི་ཐུབ་པའི་རྒྱལ་མཚན་གྱི་ཡེ་ཤེས་ཀྱིས་སྣང་བར་བྱས་པ། སངས་རྒྱས་ཀྱི་ཡུལ་གྱི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་ལ་མངོན་སུམ་དུ་རྣམ་པར་སྤྱོད་པ། བྱང་ཆུབ་སེམས་ དཔའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པའི་མངོན་སུམ་གྱི་ཡེ་ཤེས་ཀྱིས་མངོན་པར་ཤེས་པ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱིས། སེམས་སྣང་བར་གྱུར་པ་དུས་ ཐམས་ཅད་དུ་ཡང་དག་པར་འཇུག་པའི་ཏིང་ངེ་འཛིན་གྱི་ཡེ་ཤེས་སྣང་བ་རབ་ཏུ་ཐོབ་པ། འདུ་ཤེས་ཀྱི་རྣམ་པ་ཐམས་ཅད་ལ་ཡང་དག་པར་འཇུག་པའི་ཏིང་ངེ་འཛིན་གྱི་ཡུལ་གྱིས་སྣང་བར་གྱུར་པ། འགྲོ་བ་ཐམས་ ཅད་ལས་ཁྱད་པར་དུ་འཕགས་པ་དང་ལྡན་པའི་ཡེ་ཤེས་སྣང་བ་ཐོབ་པ། ཐམས་ཅད་ཀྱི་རྗེས་སུ་སོང་བའི་སྤྱོད་ཡུལ་ལ་རྣམ་པར་སྤྱོད་པ་མངོན་ཏུ་གྱུར་པ། གཉིས་སུ་རྣམ་པར་རྟོག་པ་མེད་པས་མཉམ་ པ་ཉིད་དུ་བསྟན་པའི་ཡེ་ཤེས་ལྷུར་ལེན་པ། དམྱིགས་པ་ཐམས་ཅད་ལ་རབ་ཏུ་འདལ་བའི་ཡེ་ཤེས་སྣང་བ་དང་ལྡན་པ། མཉམ་པ་ཐམས་ཅད་ལ་མངོན་དུ་གྱུར་པའི་བཟོད་པ་རྣམ་པར་དག་ པ་ལ་མོས་པའི་མཛོད་ལ་མཁས་པ་རང་བཞིན་གྱི་ཆོས་ལ་བཟོད་པ་ཁོང་དུ་ཆུད་པའི་ཡེ་ཤེས་མངོན་པར་ཤེས་པ་དང་ལྡན་པ། བྱང་ཆུབ་སེམས་དཔའི་སྤྱོད་པའི་རང་བཞིན་བསྒོམ་པ་དང་མི་འབྲལ་ བའི་སེམས་དང་ལྡན་པ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཤུགས་དྲག་པོ་ལས་ཕྱིར་མི་ལྡོག་པའི་སེམས་དང་ལྡན་པ། སྟོབས་བཅུའི་ཡེ་ཤེས་སྣང་བའི་འོད་རབ་ཏུ་ཐོབ་པ། ཆོས་ཀྱི་ 76-1-155b དབྱིངས་བརྗོད་པ་ལ་མངོན་པར་མོས་པས། ངོམས་པ་མེད་པའི་སེམས་དང་ལྡན་པ། ཐམས་ཅད་མཁྱེན་པ་ཉིད་ལ་རྣམ་པར་སྤྱོད་པའི་སྤྱོད་ཡུལ་ལ་འཇུག་པས། ཁོང་དུ་ཆུད་པའི་སེམས་དང་ལྡན་པ། བྱང་ཆུབ་སེམས་དཔའི་སྤྱོད་པའི་རྒྱན་མཐའ་ཡས་པ་མངོན་པར་བསྒྲུབ་པའི་སེམས་དང་ལྡན་པ། བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་དཀྱིལ་འཁོར་མཐའ་ཡས་པ། རྣམ་པར་སྦྱངས་པའི་སེམས་དང་ ལྡན་པ། འཇིག་རྟེན་གྱི་ཁམས་ཀྱི་དྲ་བ་མི་བཟད་པ། ཁོང་དུ་ཆུད་པའི་ཡེ་ཤེས་མཐའ་དང་དབུས་མེད་པ་མངོན་དུ་གྱུར་པའི་སེམས་དང་ལྡན་པ། སེམས་ཅན་རྒྱ་མཚོ་མཐའ་ཡས་པ་ཡོངས་སུ་སྨིན་པར་ བྱ་བ་དང་། གདུལ་བར་བྱ་བ་ལ་ཞུམ་པ་མེད་པའི་སེམས་དང་ལྡན་པ་དེས། བྱང་ཆུབ་སེམས་དཔའི་སྤྱོད་པའི་ཡུལ་མཐའ་ཡས་པ་ལ་ཡང་དག་པར་བལྟ་བ་དང་། འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ རྣམ་པ་ཐ་དད་པ་མཐའ་ཡས་པ་ལ་ཡང་དག་པར་ལྟ་བ་དང་། འཇིག་རྟེན་གྱི་ཁམས་རྣམ་པར་ཕྱེ་བ་སྣ་ཚོགས་མཐའ་ཡས་པ་ལ་ཡང་དག་པར་བལྟ་བ་དང་། འཇིག་རྟེན་གྱི་ཁམས་མཐའ་ཡས་པ་དམྱིགས་ པ་ཕྲ་བ་དང་། ཡངས་པའི་ཁོངས་སུ་ཆུད་པར་བྱ་བ་ལ་ཡང་དག་པར་བལྟ་བ་དང་། འཇིག་རྟེན་གྱི་ཁམས་ཀྱི་གཞི་མཐའ་ཡས་པའི་མིང་གི་དྲ་བ་སྣ་ཚོགས་ཡང་དག་པར་བལྟ་བ་དང་། འཇིག་རྟེན་ གྱི་ཁམས་སུ་རྣམ་པར་སྤྱད་པ། རྣམ་པར་གདགས་པ་མཐའ་ཡས་པའི་ཀུན་རྫོབ་རྣམ་པ་ཐ་དད་པ་ལ་ཡང་དག་པར་བལྟ་བ་དང་། སེམས་ཅན་གྱི་མོས་པ་སྣ་ཚོགས་མཐའ་ཡས་པ་ལ་ཡང་དག་པར་ལྟ་ བ་དང་། སེམས་ཅན་རྣམ་པར་ཕྱེ་བའི་རྣམ་པ་ཐ་དད་པ། མཐའ་ཡས་པ་ལ་ཡང་དག་པར་བལྟ་བ་དང་། སེམས་ཅན་མཐའ་ཡས་པ་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བ་ཁོང་དུ་ཆུད་པར་བྱ་བ་དང་། ཡང་དག་ 76-1-156a པར་བལྟ་བ་དང་། སེམས་ཅན་དང་ཕྱོགས་དང་དུས་མཐའ་ཡས་པའི་མྱིང་གི་རྣམ་པ་སྣ་ཚོགས་ལ་ཡང་དག་པར་བལྟ་བ་དང་། དགེ་བའི་བཤེས་གཉེན་མངོན་དུ་བྱ་བ་བྱེད་ཅིང་མཐར་གྱིས་ཡུལ་ཚོལ་ བ་དང་ལྡན་པ་གང་ན་བ་དང་། བྲམ་ཟེ་རྒྱལ་བའི་དྲོད་ཀྱི་སྐྱེ་མཆེད་ག་ལ་བ་དེར་ཕྱིན་ཏོ། །དེའི་ཚེ་བྲམ་ཟེ་རྒྱལ་བའི་དྲོད་ཀྱི་སྐྱེ་མཆེད་ཐམས་ཅད་བསྒྲུབ་པའི་གཞིར་བྱས་ཤིང་དཀའ་ཐུབ་དྲག་པོ་ལ་སྤྱོད་དོ། །དེའི་ ཕྱོགས་བཞི་ནས་མེའི་ཕུང་པོ་རི་རབ་ཙམ་དུ་ཆེ་བ་བུས་པ་དང་། རི་ཤིན་ཏུ་མཐོ་བའི་སའི་ལམ་གྱི་རྒྱུད་སྤུ་གྲིའི་སོས་གཤིབས་པས་འཁོར་བར་སྣང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས། བྲམ་ཟེ་ རྒྱལ་བའི་དྲོད་ཀྱི་སྐྱེ་མཆེད་ཀྱི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། མདུན་དུ་འདུག་ནས་ཐལ་མོ་སྦྱར་ཏེ། འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་གིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་མ་འཚལ་ཏེ། འཕགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ ངག་དང་། རྗེས་སུ་བསྟན་པ་མཛད་དོ་ཞེས་བདག་གིས་ཐོས་ན། འཕགས་པ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་བདག་ལ་བཤད་དུ་ གསོལ། དེས་སྨྲས་པ་རིགས་ཀྱི་བུ་སོང་ལ་སྤུ་གྲིའི་སོ་དར་བའི་རི་འདི་ལ་འཛེགས་ཏེ། མེའི་འོབས་འདིར་མཆོངས་ཤིག་དང་། དེས་ཁྱོད་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་དག་པར་འགྱུར་རོ་ཞེས་ ནས། ཚོང་དཔོན་གྱི་བུ་ནོར་བཟངས་འདི་སྙམ་དུ་སེམས་པར་གྱུར་ཏེ། མི་ཁོམ་པ་བརྒྱད་ལས་རྣམ་པར་ལྡོག་པ་ཡང་ཤིན་ཏུ་དཀོན། མྱིར་གྱུར་ཏེ་ཁོམ་པ་ཕུན་སུམ་ཚོགས་ཤིང་། 76-1-156b རྣམ་པར་དག་པ་ཡང་ཤིན་ཏུ་དཀོན། སངས་རྒྱས་འབྱུང་བ་ཡང་ཤིན་ཏུ་དཀོན། དབང་པོ་ཉམས་པ་མྱེད་པ་ཡང་ཤིན་ཏུ་དཀོན། སངས་རྒྱས་ཀྱི་ཆོས་ཐོས་པ་ཡང་ཤིན་ཏུ་དཀོན། སྐྱེས་བུ་དམ་པ་དང་ཕྲད་པ་ཡང་ ཤིན་ཏུ་དཀོན། ཡང་དག་པའི་དགེ་བའི་བཤེས་གཉེན་ཡང་ཤིན་ཏུ་དཀོན། ཡང་དག་པའི་ཚུལ་རྗེས་སུ་བསྟན་པས་ལེགས་པར་སྡུད་པ་ཡང་ཤིན་ཏུ་དཀོན། ཡང་དག་པར་འཚོ་བར་བྱ་བ་ཡང་ཤིན་ཏུ་དཀོན། མིའི་འཇིག་རྟེན་ན་ཆོས་དང་གཉེར་བའི་ཆོས་ལ་ནན་ཏན་བྱེད་པ་ཡང་ཤིན་ཏུ་དཀོན་ན། དེ་སྐད་ཟེར་ཞིང་བདག་གི་དགེ་བའི་བར་ཆད་ལ་ཞུགས་ལ་དེ་ལྟར་བདག་གི་སྲོག་གཅད་པར་བརྩོན་པ་འདི་བདུད་དམ་གཅིག་ མ་ཡིན་ནམ། བདུད་ཀྱིས་བྱིན་གྱིས་བརླབས་པ་འམ། བདུད་ཀྱི་རིས་སུ་གཏོགས་པའམ། དགེ་བའི་བཤེས་གཉེན་ལྷར་རྫུས་པ་འམ། བྱང་ཆུབ་སེམས་དཔའ་ལ་མྱི་ཆགས་པ་བྱེད་པ་ཞིག་མ་ཡིན་གྲང་། བདག་གི་ཐམས་ཅད་མཁྱེན་པ་ཉིད་ལ་བགེགས་བྱེད་པར་འདོད་པ་ཞིག་མ་ཡིན་གྲང་། བདག་ལམ་གོལ་བ་ངན་པར་ཞུགས་པར་འདོད་པ་ཞིག་མ་ཡིན་གྲང་། བདག་གིས་སངས་རྒྱས་ཀྱི་ཆོས་ཁོང་དུ་ཆུད་པར་ བྱ་བའི་ཆོས་ཀྱི་སྒོ་ལ་བགེགས་བྱེད་པ་ཞིག་མ་ཡིན་གྲང་། སྙམ་ནས། དེ་དེ་ལྟར་སེམས་ཤིང་ཡིད་ལ་བྱེད་པའི་ཚེ། ཚངས་པ་སྟོང་ཕྲག་བཅུ་སྟེང་གི་བར་སྣང་ལ་གནས་ཏེ། འདི་སྐད་ཅེས་ཟེར་ཏེ། རིགས་ཀྱི་ བུ་དེ་ལྟ་བུའི་སེམས་མྱི་བརྟན་པར་མ་བྱེད་ཅིག །རིགས་ཀྱི་བུ་འཕགས་པ་འདི་ནི་ཏིང་ངེ་འཛིན་རྡོ་རྗེ་འོད་འཕྲོ་བའི་སྣང་བ་རབ་ཏུ་ཐོབ་པ་སྟེ། བརྩོན་འགྲུས་ལྡོག་པ་མྱེད་པའོ། །བརྩམས་པ་ཆེན་པོ་ མཐའ་དང་དབུས་མྱེད་པ་ལ་ཞུགས་པའོ། །འགྲོ་བ་ཐམས་ཅད་ཀྱི་སྲེད་པའི་རླན་བསྐམ་པ་ལ་མངོན་པར་བརྩོན་པའོ། །ལྟ་བའི་རྣམ་པ་དང་དྲ་བ་ཐམས་ཅད་གཏུབ་པ་ལ་བརྩོན་པའོ། །ཉོན་མོངས་པའི་ 76-1-157a ལྕིག་ལྕིག་ཐམས་ཅད་ཟད་པར་བསྲེག་པ་ལ་སྟ་གོན་དུ་གནས་པའོ། །མི་ཁོམ་མི་ཤེས་པའི་བས་མཐའ་དགོན་པ་ཐམས་ཅད་སྣང་བར་བྱ་བ་ལ་བརྩོན་པའོ། །སེམས་ཅན་ཐམས་ཅད་ཀྱི་རྒ་ཤིའི་ གཡང་ས་དང་། འཇིགས་པ་རྣམ་པར་བཟློག་པ་ལ་ཡི་དམ་བརྟན་པའོ། །དུས་གསུམ་གྱི་མུན་པ་བསལ་བ་ལ་མངོན་པར་བརྩོན་པའོ། །ཆོས་ཐམས་ཅད་ཀྱི་འོད་གཟེར་དགྱེ་བ་ལ་ཞུགས་པའོ། །རིགས་ ཀྱི་བུ་འཕགས་པ་འདི་དཀའ་ཐུབ་ལྔས་ཡོངས་སུ་གདུང་བ་མཛད་པའི་ཚེ། ཚངས་པ་ཇི་སྙེད་ཅིག་མཁན་པོ་དང་དབང་བསྒྱུར་བ་དང་། འཇིག་རྟེན་ཐམས་ཅད་ཀྱི་གཙོ་བོར་རང་རང་རློམ་ཞིང་སེམས་པ། ལྟ་བའི་ རྣམ་པ་སྣ་ཚོགས་ལ་མངོན་པར་ཞེན་པ། དེ་དག་ཐམས་ཅད་འཕགས་པ་འདིའི་དཀའ་ཐུབ་དང་། བརྟུལ་ཞུགས་ཀྱི་ཐུགས་དམ་གྱི་མཐུས་རང་རང་གི་གནས་ན་བག་དགའ་བ་མེད་ཅིང་དེ་དག་བསམ་གཏན་གྱི་ རོ་དགའ་བ་མྱོང་བ་མེད་པས། འཕགས་པ་འདིའི་དྲུང་དུ་འདོང་ངོ་། །དེ་དག་ཕྱིན་པ་དང་། འཕགས་པ་འདིའི་རྫུ་འཕྲུལ་གྱི་སྦྱིན་པ་དང་། དྲག་ཤུལ་གྱི་དཀའ་ཐུབ་དང་། བརྟུལ་ཞུགས་ཀྱིས་ཟིལ་གྱིས་མནན་ ཏེ། ལྟ་བའི་རྣམ་པ་ཐམས་ཅད་རྣམ་པར་བཟློག་པ་དང་། ང་རྒྱལ་དང་རློམ་སེམས་ཐམས་ཅད་རབ་ཏུ་སྤང་བའི་ཕྱིར་ཆོས་སྟོན་ཏོ། །འགྲོ་བ་ཐམས་ཅད་ལ་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོས་བསམ་ པར་བྱ་བ་དང་། བྱང་ཆུབ་ཀྱི་བསམ་པ་བརྟན་པར་བྱ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཤིན་ཏུ་ཡངས་པར་བྱ་བ་དང་། སངས་རྒྱས་ཐམས་ཅད་ཡང་དག་པར་བལྟ་བ་ལ་མངོན་པར་བརྩོན་པར་བྱ་བ་དང་། སངས་རྒྱས་ཀྱི་གསུང་གི་དཀྱིལ་འཁོར་ཐོབ་པར་བྱ་བ་ཡོངས་སུ་རྫོགས་པར་བྱ་བ་དང་། ཐམས་ཅད་དུ་གྲགས་པའི་སངས་རྒྱས་ཀྱི་དབྱངས་ལ་ཐོགས་པ་མེད་ཅིང་སྒྲིབ་པ་མེད་པར་བྱ་བའི་ཕྱིར་ཆོས་ 76-1-157b སྟོན་ཏོ། །བདུད་སྟོང་ཕྲག་བཅུ་ཡང་སྟེང་གི་བར་སྣང་ལ་འཁོད་ནས་ལྷ་རྫས་ཀྱི་ནོར་བུ་རིན་པོ་ཆེས་མངོན་པར་གཏོར་ཏེ། འདི་སྐད་ཅེས་འཛེར་ཏོ། །རིགས་ཀྱི་བུ་འཕགས་པ་འདི་དཀའ་ཐུབ་ལྔས་ཀྱང་སོ་སོའི་གདུང་ བ་མཛད་པའི་ཚེ། འོད་འཕྲོ་བའི་ཕུང་པོ་འདི་ལས་སྣང་བ་ཆེན་པོ་བྱུང་ཞིང་ཁོ་བོ་ཅག་གི་ཁྱིམ་དང་། ལུས་དང་རྒྱན་གྱི་ལོངས་སྤྱོད་ཐམས་ཅད་ཟིལ་གྱིས་གནོན་ཏོ། །དེའི་ཕྱིར་ཁོ་བོ་ཅག་ཀྱང་སོ་སོའི་ གནས་ན་དགའ་བ་མེད་པས་འཁོར་དང་བཅས་ཏེ་འཕགས་པ་འདིའི་དྲུང་དུ་འདོང་ངོ་། །ཁོ་བོ་ཅག་འདིའི་དྲུང་དུ་ཕྱིན་ནས་ཀྱང་འཕགས་པ་འདི་ནི་ཁོ་བོ་ཅག་ནི་ཅི་ནས་རང་རང་གི་སེམས་སོ་སོར་ཆུད་ནས་བྱང་ཆུབ་ཏུ་ སེམས་བསྐྱེད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དེ་ལྟ་དེ་ལྟར་ཆོས་སྟོན་ཏོ། །དབང་བསྒྱུར་གྱི་ལྷའི་རྒྱལ་པོ། སྟོང་ཕྲག་བཅུས་ཀྱང་ལྷ་རྫས་ཀྱི་མེ་ཏོག་གིས་ མངོན་པར་གཏོར་ཏེ། འདི་སྐད་ཅེས་འཛེར་ཏོ། །རིགས་ཀྱི་བུ་འཕགས་པ་འདི་དཀའ་ཐུབ་ལྔས་ཡོངས་སུ་གདུང་བ་བྱེད་པའི་ཚེ། ཁོ་བོ་ཅག་ཀྱང་རང་རང་གི་གནས་ན་དགའ་བ་མེད་དེ། དེ་ལྟར་ བདག་ཅག་ཀྱང་རང་རང་གི་སྐྱེ་བོའི་འཁོར་དང་བཅས་ཏེ་འདིའི་དྲུང་དུ་འདོང་ངོ་། །བདག་ཅག་དྲུང་དུ་ཕྱིན་པ་དང་འདི་ནི་བདག་ཅག་ལ་རང་རང་གི་སེམས་ལ་དབང་བསྒྱུར་བ་འཐོབ་པར་བྱ་བའི་ཕྱིར་ཆོས་སྟོན་ ཏོ། །ཉོན་མོངས་པ་ཐམས་ཅད་ལ་དབང་བསྒྱུར་བ་ཐོབ་པར་བྱ་བ་དང་། བསམ་པ་ཇི་ལྟ་བ་བཞིན་དུ་སྐྱེ་བ་ལ་དབང་བསྒྱུར་བ་ཐོབ་པར་བྱ་བ་དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་ དག་པའི་དབང་རབ་ཏུ་ཐོབ་པར་བྱ་བ་དང་། སྙོམས་པར་འཇུག་པ་ཐམས་ཅད་ལ་དབང་བསྒྱུར་བ་ཐོབ་པར་བྱ་བ་དང་། ཡོ་བྱད་ལ་དབང་བའི་རྒྱན་ཡོངས་སུ་དག་པར་བྱ་བ་དང་། བསམ་པ་ཇི་ལྟ་བ་ 76-1-158a བཞིན་དུ་ཚེ་ལ་དབང་བསྒྱུར་བ་ཐོབ་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །རབ་འཕྲུལ་དགའ་ལྷའི་རྒྱལ་པོ་སྟོང་ཕྲག་བཅུ་ཡང་སྟེང་གི་བར་སྣང་ལ་འཁོད་དེ། ལྷ་རྫས་ཀྱི་གླུ་ཡང་དག་པར་སྦྱར་བའི་ང་རོ་སྙན་ པའི་དབྱངས་བསྒྲགས་སྟེ། མཆོད་པ་བྱས་ནས་འདི་སྐད་ཅེས་འཛེར་ཏོ། །རིགས་ཀྱི་བུ་འཕགས་པ་འདི་དཀའ་ཐུབ་ལྔས་ཡོངས་སུ་གདུང་བ་མཛད་པའི་ཚེ། མེའི་ཕུང་པོ་འདི་ལས་དེ་དང་འདྲ་བའི་འོད་ བྱུང་ཞིང་དེས་ཁོ་བོ་ཅག་གི་གཞལ་མེད་ཁང་འདི་དག་རྣམ་པར་དག་སྟེ། གསལ་བ་དང་འོད་ཤིན་ཏུ་དང་བར་འགྱུར་ཏོ། །རྒྱན་འདི་དག་དང་ལྷའི་བུ་མོ་འདི་དག་ཀྱང་རྣམ་པར་དག་ཅིང་གསལ་ལ་འོད་ཤིན་ཏུ་ དང་བར་འགྱུར་རོ། །དེ་བས་ན་བདག་ཅག་ལྷའི་བུ་ལྷའི་མོའི་ཚོགས་ཀྱི་འཁོར་དང་བཅས་པར་འདོད་པ་ལ་དགའ་བར་ཚོར་བ་མེད་དོ། །འདོད་པའི་བདེ་བ་ལ་མངོན་པར་དགའ་བ་མེད་པས་ལུས་དང་སེམས་ ཚིམ་པར་གྱུར་ནས། འཕགས་པ་འདིའི་དྲུང་དུ་འདོང་བ་ཡིན་ཏེ། འཕགས་པ་འདི་ནི་བདག་ཅག་དེ་ལྟར་ཕྱིན་པ་རྣམས་ལ་སེམས་རྣམ་པར་དག་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །སེམས་ཅན་ གྱི་འོད་འདོང་བར་བྱ་བ་དང་། སེམས་ཤིན་དུ་དག་པར་བྱ་བ་དང་། སེམས་ལས་སུ་རུང་བར་བྱ་བ་དང་། སེམས་ཀྱི་དགའ་བ་ཡོངས་སུ་བསྐྱེད་པ་དང་། སྟོབས་བཅུའི་ཡེ་ཤེས་ཐོབ་པ་རྣམ་པར་དག་པར་ བྱ་བ་དང་། ཆོས་ཀྱི་ཤུགས་ཆེན་པོ་རྣམ་པར་འཕེལ་བར་བྱ་བ་དང་། སངས་རྒྱས་ཀྱི་སྐུ་ཚད་མེད་པ་མངོན་པར་བསྒྲུབ་པའི་ཕྱིར་ལུས་རྣམ་པར་དག་པར་བྱ་བ་དང་། དེ་བཞིན་གཤེགས་པའི་གསུང་ཐོབ་ པར་བྱ་བའི་ཕྱིར་རྣམ་པར་དག་པར་བྱ་བ་དང་། ཐམས་ཅད་མཁྱེན་པ་ཉིད་རབ་ཏུ་ཐོབ་པར་བྱ་བའི་སེམས་རྣམ་པར་དག་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །རབ་དགའ་ལྡན་གྱི་ལྷའི་རྒྱལ་ 76-1-158b པོ་སྟོང་ཕྲག་བཅུ་ལྷའི་བུ་དང་། ལྷའི་བུ་མོའི་ཚོགས་ཀྱི་འཁོར་དང་བཅས་པ་དག་ཀྱང་སྟེང་གི་བར་སྣང་ལ་འཁོད་ནས། སྤོས་སྣ་ཚོགས་ཀྱི་ཕྱེ་མའི་སྤྲིན་གྱི་ཆར་མངོན་པར་ཕབ་པས་མཆོད་པ་བྱས་ཏེ། ཕྱག་ འཚལ་ནས་འདི་སྐད་ཅེས་འཛེར་ཏོ། །རིགས་ཀྱི་བུ་འཕགས་པ་འདི་དཀའ་ཐུབ་ལྔས་ཡོངས་སུ་གདུང་བ་མཛད་པའི་ཚེ། བདག་ཅག་ཀྱང་རང་རང་གི་གནས་ན་དགའ་བ་མེད་དེ། དེ་ལྟར་དགའ་བ་མེད་པས་ འདིའི་དྲུང་དུ་འདོང་སྟེ། བདག་ཅག་ཕྱིན་པ་རྣམས་ལ་འཕགས་པ་འདི་ནི་ཡུལ་ཐམས་ཅད་ལ་ལྟོས་པ་མེད་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །ཆོག་ཤེས་པའི་སེམས་སུ་བྱ་བ་དང་། དགེ་བའི་རྩ་བ་ཡང་དག་པར་ བསྐྱེད་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་རབ་ཏུ་ཐོབ་པར་བྱ་བ་ནས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །རབ་མཚེ་མའི་ལྷའི་རྒྱལ་པོ་སྟོང་ཕྲག་བཅུ་ལྷའི་ བུ་དང་། ལྷའི་བུ་མོའི་ཚོགས་ཀྱི་འཁོར་དང་བཅས་པ་དག་གིས་ཀྱང་ལྷ་རྫས་ཀྱི་མེ་ཏོག་མན་དྷ་ར་བའི་ཆར་མངོན་པར་ཕབ་སྟེ། འདི་སྐད་ཅེས་འཛེར་ཏོ། །རིགས་ཀྱི་བུ་འཕགས་པ་འདི་དཀའ་ཐུབ་ལྔས་ ཡོངས་སུ་གདུང་བ་མཛད་པའི་ཚེ། བདག་ཅག་ཀྱང་ལྷ་རྫས་ཀྱི་གླུ་སྙན་པ་ལ་དགའ་བ་མེད་དེ། དེ་ལྟར་དགའ་བ་མེད་པས་འཕགས་པ་འདིའི་དྲུང་དུ་འདོང་སྟེ། བདག་ཅག་ཕྱིན་ནས་ཀྱང་འཕགས་པ་འདི་ནི་འདོད་པའི་ དགའ་བ་ཐམས་ཅད་རྣམ་པར་བཟློག་པར་བྱ་བ་ནས་སངས་རྒྱས་ཀྱི་ཆོས་ཐམས་ཅད་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །ལྷའི་དབང་པོ་བརྒྱ་བྱིན་སྟོང་ཕྲག་བཅུ་སོ་སོ་ནས་ཉེ་བའི་དབང་པོ་སུམ་བཅུ་ རྩ་གཉིས་དང་། ལྷའི་བུ་དང་ལྷའི་བུ་མོའི་ཚོགས་ཀྱི་འཁོར་དང་བཅས་པས་ལྷ་རྫས་ཀྱི་གོས་དང་། རིན་པོ་ཆེའི་རྒྱན་དང་། མེ་ཏོག་གི་ཆར་མངོན་པར་ཕབ་སྟེ། འདི་སྐད་ཅེས་འཛེར་ཏོ། ། 76-1-159a རིགས་ཀྱི་བུ་འཕགས་པ་འདི་དཀའ་ཐུབ་ལྔས་ཡོངས་སུ་གདུང་བ་མཛད་པའི་ཚེ། བདག་ཅག་ཀྱང་བརྒྱ་བྱིན་གྱི་ཁང་པ་དང་། བཟའ་ཤིང་གི་ར་བ་དང་། རྩེ་བའི་ནགས་ཚལ་དང་། ལྷ་རྫས་ཀྱི་རོལ་ མོ་བརྡུང་ཞིང་དཀྲོལ་བ་དང་། གམ་ཡོ་ན་གླུ་ལེན་པའི་ལོངས་སྤྱོད་ལ་དགའ་བ་མེད་དེ། དེ་ལྟར་བདག་ཅག་དགའ་བ་མེད་པས་འདིའི་དྲུང་དུ་འདོང་ངོ་། །བདག་ཅག་དེར་ཕྱིན་ཀྱང་འཕགས་པ་འདི་ནི་ཁོ་བོ་ ཅག་ལ་འདོད་པའི་དགའ་བ་ཐམས་ཅད་ཡོངས་སུ་སྤང་བའི་ཕྱིར་ཆོས་སྟོན་ཏོ། །འདི་དག་ཐམས་ཅད་ནི་རྟག་པ་མ་ཡིན་ཏེ། མི་བརྟན་ཞིང་འཇིག་པར་འགྱུར་བའི་ཆོས་ཅན་ནོ་ཞེས་བྱ་བའི་ཚིག་བརྗོད་དོ། ། དྲེགས་པ་དང་བག་མེད་པ་ཐམས་ཅད་ཡོངས་སུ་གཅད་པ་དང་། བླ་ན་མེད་པའི་བྱང་ཆུབ་ཏུ་སྤྲོ་བ་བསྐྱེད་པའི་ཕྱིར་ཆོས་སྟོན་ཏོ། །རིགས་ཀྱི་བུ་གཞན་ཡང་འདིས་བལྟས་པ་ཙམ་གྱིས་རི་རབ་ཀྱི་རྩེ་མོ་ཐམས་ ཅད་ཀྱང་གཡོ་བར་འགྱུར་ཏེ། དེས་བདག་ཅག་གཤིག་པས་སེམས་སྐྱོ་བར་གྱུར་ནས། ཐམས་ཅད་མཁྱེན་པའི་སེམས་བརྟན་པས། ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་སྨོན་ལམ་མངོན་ པར་བསྒྲུབ་བོ། །ཀླུའི་རྒྱལ་པོ་ཤུགས་ལྡན་དང་། དགའ་བོ་དང་ཉེ་དགའ་བོ་ལ་སྩོགས་པ། ཀླུ་བརྒྱ་སྟོང་ཕྲག་བཅུ་དག་ཀྱང་སྟེང་གི་བར་སྣང་ལ་གནས་ཤིང་དུས་དང་འཐུན་པའི་ལྷ་རྫས་ཀྱི་ ཙན་དན་གྱི་སྤྲིན་དང་། ཀླུའི་བུ་མོས་གླུ་བླངས་པའི་ང་རོ་སྙན་པའི་དབྱངས་དང་། ལྷ་རྫས་ཀྱི་སྤོས་ཆུའི་རྒྱུན་རབ་ཏུ་འབབ་པའི་ཆར་མངོན་པར་ཕབ་སྟེ། འདི་སྐད་ཅེས་འཛེར་ཏོ། །རིགས་ཀྱི་བུ་ འཕགས་པ་འདི་དཀའ་ཐུབ་ལྔས་ཡོངས་སུ་གདུང་བ་མཛད་པའི་ཚེ། མེའི་ཕུང་པོ་ཆེན་པོ་འདི་ལས་འོད་ཆེན་པོ་འབྱུང་སྟེ། དེས་ཀླུའི་གནས་ཐམས་ཅད་སྣང་བར་བྱས་ནས། བྱེ་མའི་ཆར་དང་། 76-1-159b ནམ་མཁའ་ལྡིང་གི་འཇིགས་པ་ཡོངས་སུ་སེལ་ཏོ། །ཁྲོ་བ་འབྱུང་བ་ཡང་ཞི་བར་བྱས་ཏེ། ལུས་སིམ་པར་བྱས་ནས་ཡིད་ཤིན་ཏུ་མོས་པར་བྱེད་དོ། །དེ་ལྟར་སེམས་ཤིན་ཏུ་མོས་པར་གྱུར་ནས། འཕགས་པ་ འདི་ནི་བདག་ཅག་ལ་ཆོས་སྟོན་ཏེ། འདི་ལྟར་ཀླུའི་ལམ་གྱི་རྒྱུད་ངན་པ་རྣམ་པར་སྨད་པ་དང་། སྒྲིབ་པའི་ལས་ཐམས་ཅད་རབ་ཏུ་སྤང་བའི་ཕྱིར་ཉེས་པ་འཆགས་སུ་བཙུད་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཙུད་དེ་ཐམས་ཅད་མཁྱེན་པ་ཉིད་ལ་རབ་ཏུ་འགོད་དོ། །གནོད་སྦྱིན་གྱི་དབང་པོ་སྟོང་ཕྲག་བཅུ་ཡང་ནམ་མཁའི་དབྱིངས་ལ་འཁོད་དོ། །མཆོད་པ་སྣ་ ཚོགས་ཀྱིས་བྲམ་ཟེ་རྒྱལ་བའི་དྲོད་ཀྱི་སྐྱེ་མཆེད་དང་། ཚོང་དཔོན་གྱི་བུ་ནོར་བཟངས་ལ་མཆོད་པ་བྱས་ནས་འདི་སྐད་ཅེས་འཛེར་ཏོ། །རིགས་ཀྱི་བུ་འཕགས་པ་འདི་དཀའ་ཐུབ་ལྔས་ཡོངས་སུ་གདུང་བ་མཛད་ པའི་ཚེ། ཁོ་བོ་ཅག་གི་འཁོར་ཀུན་ཀྱང་མི་རྣམས་ལ་བྱམས་པའི་སེམས་སྐྱེ་བར་འགྱུར་ཏེ། གནོད་སྦྱིན་དང་སྲིན་པོ་དང་གྲུལ་བུམ་ཐམས་ཅད་ཀྱང་བྱམས་པའི་སེམས་དང་ལྡན་པར་འགྱུར་རོ། ། དེ་དག་བྱམས་པའི་སེམས་དང་ལྡན་ཞིང་འཚེ་བ་མེད་པ་ལ་ཞུགས་པ་རྣམས་ཁོ་བོ་ཅག་གི་དྲུང་དུ་འོང་ངོ་། །ཁོ་བོ་ཅག་ཀྱང་དེ་ལྟར་བྱམས་པའི་དབང་གིས་ཟིལ་ཀྱིས་ནོན་པས། རང་རང་གི་གནས་ དེ་དང་དེ་དག་ན་དགའ་བ་མེད་དེ། དེ་ལྟར་བདག་ཅག་ཀྱང་རང་གི་སྐྱེ་བོའི་འཁོར་དང་བཅས་ཏེ། འཕགས་པ་འདིའི་དྲུང་དུ་འདོང་ངོ་། །འཕགས་པ་བདག་ཅག་དེ་ལྟར་འོངས་པ་རྣམས་ལ་ འཕགས་པ་འདིའི་སྐུ་ལས་བྱུང་བའི་འོད་ཀྱིས་ལུས་ཐམས་ཅད་སྣང་བར་བྱས་ཤིང་། བདེ་བས་ཁྱབ་པར་མཛད་དེ། དེ་ལྟར་བདག་ཅག་ལུས་དང་སེམས་བདེ་བར་གྱུར་ནས། འཕགས་པ་འདི་ 76-1-160a ནི་ཅི་ནས་ཀྱང་བདག་ཅག་ལ་གནོད་སྦྱིན་དང་། སྲིན་པོ་དང་གྲུལ་བུམ་དང་། ལུས་སྲུལ་པོ་མང་པོ་བྱང་ཆུབ་ཏུ་སེམས་སྐྱེ་བར་འགྱུར་བ་དེ་ལྟར་ཆོས་སྟོན་ཏོ། །དྲི་ཟའི་དབང་པོ་སྟོང་ཕྲག་བཅུ་ དག་ཀྱང་སྟེང་གི་བར་སྣང་ལ་འཁོད་ནས་འདི་སྐད་ཅེས་འཛེར་ཏོ། །རིགས་ཀྱི་བུ་ཁོ་བོ་ཅག་ཀྱང་རང་རང་གི་གནས་ན་འཁོད་པའི་ཚེ། འཕགས་པ་འདི་དཀའ་ཐུབ་ལྔས་ཡོངས་སུ་གདུང་བ་མཛད་པའི་ ཚེ། མེའི་ཕུང་པོ་འདི་ལས་འོད་བྱུང་སྟེ། བདག་ཅག་གི་གནས་སྣང་བར་གྱུར་ཏོ། །དེ་ལྟར་བདག་ཅག་འོད་དེས་ཕོག་སྟེ། བདེ་བ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གྱུར་པས། འཕགས་ པ་འདིའི་དྲུང་དུ་འདོང་སྟེ། བདག་ཅག་དྲུང་དུ་ཕྱིན་ནས་ཀྱང་འཕགས་པ་འདི་ནི་བདག་ཅག་ཅི་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དེ་ལྟར་ཆོས་སྟོན་ ཏོ། །ལྷ་མ་ཡིན་གྱི་དབང་པོ་སྟོང་ཕྲག་བཅུ་དག་ཀྱང་རྒྱ་མཚོའི་ནང་ནས་མངོན་པར་འཐོན་ཏེ། ནམ་མཁའ་ལ་པུས་མོ་གཡས་པའི་ལྷ་ང་བཙུགས་ཏེ་ཐལ་མོ་སྦྱར་ནས་ཕྱག་འཚལ་ཞིང་འདི་སྐད་ཅེས་ འཛེར་ཏོ། །རིགས་ཀྱི་བུ་འཕགས་པ་འདི་དཀའ་ཐུབ་ལྔས་ཡོངས་སུ་གདུང་བ་མཛད་པའི་ཚེ། ཁོ་བོ་ཅག་གི་ལྷ་མ་ཡིན་གྱི་འཇིག་རྟེན་རྒྱ་མཚོ་དང་རིར་བཅས་པའི་ས་ཆེན་པོའི་དཀྱིལ་འཁོར་ རབ་ཏུ་གཡོ་བར་གྱུར་ཏེ། བདག་ཅག་ཀུན་གྱི་ང་རྒྱལ་དང་རློམ་སེམས་དང་། དྲེགས་པ་ཐམས་ཅད་བརྟུལ་ཤུགས་དང་། དཀའ་ཐུབ་ཀྱི་ཟིལ་གྱིས་ནོན་ཏེ། འཕགས་པ་འདིའི་དྲུང་དུ་འདོང་ངོ་། །དེར་ཕྱིན་ ནས་ཀྱང་འཕགས་པ་འདི་ནི་བདག་ཅག་ལ་གཡོ་སྒྱུ་ཐམས་ཅད་རབ་ཏུ་སྤང་བ་དང་། ཆོས་ཟབ་མོའི་བཟོད་པ་ལ་གཟུད་པ་དང་། མི་གཡོ་བའི་ཆོས་ཉིད་ལ་རབ་ཏུ་དགོད་པ་དང་། སྟོབས་བཅུའི་ཡེ་ཤེས་ 76-1-160b ཡོངས་སུ་གྲུབ་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །ནམ་མཁའ་ལྡིང་གི་དབང་པོ་ཤུགས་ཆེན་པོ་འཛིན་པ་ལ་སྩོགས་པ་ནམ་མཁའ་ལྡིང་གི་དབང་པོ་སྟོང་ཕྲག་བཅུས་ཀྱང་བྲམ་ཟེའི་བུ་ཤིན་ཏུ་སྡུ་གུའི་ གཟུགས་སུ་མངོན་པར་སྤྲུལ་ཏེ། འདི་སྐད་ཅེས་འཛེར་ཏོ། །རིགས་ཀྱི་བུ་འཕགས་པ་འདི་དཀའ་ཐུབ་ལྔས་ཡོངས་སུ་གདུང་བ་མཛད་པའི་ཚེ། མེའི་ཕུང་པོ་འདི་དག་ལས་འོད་ཆེན་པོ་བྱུང་སྟེ། བདག་ ཅག་གི་གནས་སྣང་བར་བྱས་ནས། ཡོངས་སུ་གཡོ་བར་བྱེད་དོ། །དེས་བདག་ཅག་ཀྱང་འཇིགས་ཤིང་སྐྲག་སྟེ། སྐྱོ་བའི་ཡིད་དང་ལྡན་པར་གྱུར་ནས་འཕགས་པ་འདིའི་དྲུང་དུ་འདོང་ངོ་། །འཕགས་པ་ འདི་ཡང་བདག་ཅག་ལ་ཆོས་སྟོན་ཅིང་། བྱམས་པ་ཆེན་པོ་ལ་ཡང་དག་པར་སྦྱོར་བ་མཛད་དོ། །སྙིང་རྗེ་ཆེན་པོ་ལ་ཡང་དག་པར་དགོད་པ་མཛད་དོ། །འཁོར་བའི་རྒྱ་མཚོར་འཇུག་པ་ལ་ཡང་ཡང་དག་པར་ སྦྱོར་བ་མཛད་དོ། །འདོད་པའི་འདམ་དུ་བྱིང་བའི་སེམས་ཅན་མངོན་པར་གདོན་པར་བྱ་བ་ལའང་ཡོངས་སུ་སྦྱོར་བ་མཛད་དོ། །ལྷག་པའི་བསམ་པའི་སྒོ་རྣམ་པར་དག་པར་བྱ་བ་ལའང་རབ་ཏུ་སྦྱོར་བ་མཛད་ དོ། །ཤེས་རབ་དང་ཐབས་ཤིན་ཏུ་གསལ་བ་ལ་འང་ཡང་དག་པར་སྦྱོར་བ་མཛད་དོ། །རྣམ་པ་ཇི་ལྟ་བུར་ཡོངས་སུ་སྨྱིན་པར་བྱ་བ་ཅན་རྣམས་གདུལ་བར་བྱ་བ་ལའང་རབ་ཏུ་སྦྱོར་བ་མཛད་ དོ། །མི་འམ་ཅིའི་དབང་པོ་སྟོང་ཕྲག་བཅུ་ཡང་སྟེང་གི་བར་སྣང་ལ་འཁོད་དེ་འདི་སྐད་ཅེས་འཛེར་ཏོ། །རིགས་ཀྱི་བུ་འཕགས་པ་འདི་དཀའ་ཐུབ་ལྔས་ཡོངས་སུ་གདུང་བ་མཛད་པའི་ཚེ། ཁོ་བོ་ཅག་གི་གནས་ན་འཁོད་པའི་ཚེ། ཏ་ལའི་ཕྲེང་བ་ལས་དྲིལ་བུའི་དྲ་བ་རིན་པོ་ཆེའི་སྲད་བུས་ལྡ་ལྡིར་བརྒྱུས་པའི་སིལ་སྙན་དང་། རོལ་མོའི་ཡོ་བྱད་དང་། རིན་པོ་ཆེའི་རྒྱན་དང་། ཁྱིམ་གྱི་ 76-1-161a ལོངས་སྤྱོད་ཐམས་ཅད་ལས་སངས་རྒྱས་ཀྱི་སྒྲ་འབྱུང་ངོ་། །ཆོས་ཀྱི་སྒྲ་དང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་སྒྲ་དང་། བྱང་ཆུབ་ཏུ་ཡང་དག་པར་ཞུགས་པའི་སྨོན་ ལམ་གྱི་སྒྲ་འབྱུང་ངོ་། །འཇིག་རྟེན་གྱི་ཁམས་ཀྱི་གྲངས་སུ་བྱ་བ་ཆེ་གེ་མོ་ཞིག་ན་ནི་བྱང་ཆུབ་སེམས་དཔའ་མྱིང་འདི་དང་འདི་ཞེས་བྱ་བ་ཞིག་བྱང་ཆུབ་དུ་སྨོན་ལམ་འདེབས་སོ། །འཇིག་རྟེན་གྱི་ཁམས་ ཀྱི་གྲངས་སུ་བྱ་བ་ཞིག་ན་ནི་བྱང་ཆུབ་སེམས་དཔའི་མྱིང་འདི་དང་འདི་ཞེས་བྱ་བ་ཞིག་དཀའ་བ་ཡོངས་སུ་གཏོང་བ་བྱེད་དོ། །འཇིག་རྟེན་གྱི་ཁམས་ཀྱི་གྲངས་སུ་བྱ་བ་ཆེ་གེ་མོ་ཞིག་ན་ནི་བྱང་ཆུབ་སེམས་དཔའ་མྱིང་ འདི་དང་འདི་ཞེས་བྱ་བ་ཞིག་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡོངས་སུ་སྦྱོང་བ་བྱེད་དོ། །འཇིག་རྟེན་གྱི་ཁམས་ཀྱི་གྲངས་སུ་བྱ་བ་ཆེ་གེ་མོ་ཞིག་ན་ནི་བྱང་ཆུབ་སེམས་དཔའ་མྱིང་འདི་དང་འདི་ ཞེས་བྱ་བ་ཞིག་སྙིང་པོ་བྱང་ཆུབ་ཏུ་འགྲོའོ། །འཇིག་རྟེན་གྱི་ཁམས་ཀྱི་གྲངས་སུ་བྱ་བ་ཆེ་གེ་མོ་ཞིག་ན་ནི་བྱང་ཆུབ་སེམས་དཔའ་མྱིང་འདི་དང་འདི་ཞེས་བྱ་བ་ཞིག་དཔུང་དང་བཞོན་པར་བཅས་པའི་ བདུད་རབ་ཏུ་ཕམ་པར་བྱས་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །འཇིག་རྟེན་གྱི་ཁམས་ཀྱི་གྲངས་སུ་བྱ་བ་ཆེ་གེ་མོ་ཞིག་ན་ནི་དེ་བཞིན་གཤེགས་པ་མཚན་ འདི་ཞེས་བྱ་བ་ཞིག་ཆོས་ཀྱི་འཁོར་ལོ་བསྐོར་བ་མཛད་དོ། །འཇིག་རྟེན་གྱི་ཁམས་ཀྱི་གྲངས་སུ་བྱ་བ་ཆེ་གེ་མོ་ཞིག་ན་ནི་དེ་བཞིན་གཤེགས་པ་མཚན་འདི་ཞེས་བྱ་བ་ཞིག་སངས་རྒྱས་ཀྱི་འཕྲིན་ལས་ མ་ལུས་པར་མཛད་ནས། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་མཛད་དོ། །ཞེས་བྱ་བའི་སྒྲ་འབྱིན་ཏེ་རིགས་ཀྱི་བུ་འཛམ་བུ་གླིང་ 76-1-161b གི་རྩྭ་དང་ཤིང་དང་། ཡལ་ག་དང་ལོ་མ་དང་འདབ་མ་ཐམས་ཅད་རྡུལ་ཤིན་ཏུ་ཕྲ་བའི་ཆར་བླགས་པའི་མུར་ཐུག་པར་ནི་རུང་ཡང་སྲིད་ཀྱི་དེ་བཞིན་གཤེགས་པ་དེ་དག་གི་མཚན་དང་། བྱང་ཆུབ་སེམས་དཔའ་ རྣམས་ཀྱི་སྨོན་ལམ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཁྱད་པར་གང་ཁོ་བོ་ཅག་གི་གནས་ན་ཡོད་པའི་ཤིང་ཏ་ལའི་ཕྲེང་བ་ལས་རོལ་མོའི་ཡོ་བྱད་དང་། རིན་པོ་ཆེའི་རྒྱན་དང་། ཁྱིམ་གྱི་ལོངས་སྤྱོད་རླུང་གིས་བསྐྱོད་པའི་སྒྲ་འབྱུང་ཞིང་། ང་རོ་འབྱིན་པ་དང་། རྣ་ལམ་དུ་གྲགས་པའི་མཐའ་ནི་ཐུག་པར་མི་རུང་ངོ་། །དེ་ལྟར་བདག་ཅག་ཀྱང་སངས་རྒྱས་དང་ཆོས་དང་དགེ་འདུན་དང་། བྱང་ཆུབ་ སེམས་དཔའ་རབ་ཏུ་འཇུག་པའི་སྨོན་ལམ་དང་། སྤྱོད་པ་དང་མཚན་གྱི་ཆུ་ཀླུང་གི་སྒྲས་དགའ་བ་ཆེན་པོའི་ཤུགས་དྲག་པོས་ཉམས་བདེ་བ་སྐྱེས་ཏེ། འཕགས་པ་འདིའི་དྲུང་དུ་འདོང་ངོ་། །དེ་ལྟར་ བདག་ཅག་ཕྱིན་པར་གྱུར་ནས་ཀྱང་། འཕགས་པ་འདི་ནི་བདག་ཅག་ལ་ཅི་ནས་ཀྱང་། ཁོ་བོ་ཅག་གི་འཁོར་གྱི་སེམས་ཅན་དུ་མ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ པར་འགྱུར་བ་དེ་ལྟ་བུར་ཆོས་སྟོན་པ་མཛད་དོ། །འདོད་པ་ལ་སྤྱོད་པའི་ལྷའི་བུ་སྟོང་ཕྲག་དཔག་ཏུ་མེད་པ་ཁ་དོག་ཤིན་ཏུ་མཛེས་པ་དག་ཀྱང་ནམ་མཁའ་ལ་འཁོད་ཅིང་ཡིད་ཀྱིས་སྤྲུལ་པའི་མཆོད་ པས་མཆོད་པ་བྱས་ནས་འདི་སྐད་ཅེས་འཛེར་ཏོ། །འཕགས་པ་འདི་དཀའ་ཐུབ་ལྔས་ཡོངས་སུ་གདུང་བ་མཛད་པའི་ཚེ། མེའི་ཕུང་པོ་འདི་དག་ལས་རྣམ་པ་འདི་ལྟ་བུའི་འོད་འབྱུང་སྟེ། འོད་དེས་མནར་མེད་པ་ཡན་ཆད་དུ་སེམས་ཅན་རྣམས་སྣང་བར་བྱས་ནས། སེམས་ཅན་དམྱལ་པའི་སེམས་ཅན་ཀྱི་སྡུག་བསྔལ་རྩེ་ཟིལ་བར་བྱས་ཏེ། འོད་དེ་ཉིད་ཀྱིས་འཕགས་པ་འདི་བདག་ 76-1-162a ཅག་གི་མྱིག་ལམ་དུ་སྣང་བར་བསྟན་པས་དེའི་ཕྱིར་ཁོ་བོ་ཅག་ཀྱང་འཕགས་པ་འདི་ལ་སེམས་མོས་པར་གྱུར་ནས། འདོད་པ་ལ་སྤྱོད་པའི་ལྷའི་རིས་ཉམས་སུ་བདེ་བར་སྐྱེས་སོ། །དེ་ལྟར་ བདག་ཅག་ཀྱང་འཕགས་པ་འདིས་མཛད་པ་ལ་དྲིན་དུ་གཟོ་ཞིང་མཐོང་བས་མི་ངོམས་པས་འདོད་པའི་དགའ་བ་ཐམས་ཅད་ཡོངས་སུ་སྤངས་ཏེ། འཕགས་པ་འདིའི་དྲུང་དུ་འདོང་ངོ་། །དེར་བདག་ཅག་ཕྱིན་ནས་ ཀྱང་འཕགས་པ་འདི་ནི་ཅི་ནས་ཀྱང་སེམས་ཅན་ཚད་མེད་པ་རྣམས་བྱང་ཆུབ་ཏུ་སྨོན་ལམ་འདེབས་པར་འགྱུར་བ་དེ་ལྟར་ཆོས་སྟོན་པ་མཛད་དོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ཆོས་ཀྱི་ ཚུལ་གྱི་རྣམ་པ་འདི་ལྟ་བུ་ཐོས་ནས་དགའ་རངས་ཏེ། མགུ་ཞིང་ཉམས་བདེ་བ་ཚིམ་ཞིང་ཡིད་བདེ་བ་སྐྱེས་ཏེ། བྲམ་ཟེ་རྒྱལ་བའི་དྲོད་ཀྱི་སྐྱེ་མཆེད་ལ་ཡང་དག་པའི་དགེ་བའི་བཤེས་གཉེན་དུ་འདུ་ཤེས་ བསྐྱེད་དེ། བྲམ་ཟེ་རྒྱལ་བའི་དྲོད་ཀྱི་སྐྱེ་མཆེད་གྱི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་དེ་ལྟར་བདག་གིས་དགེ་བའི་བཤེས་གཉེན་གྱི་བཀའ་དང་། འགལ་བར་བགྱིས་པའི་ནོངས་པ་ལ་ནོངས་པར་བཤགས་སོ། །དེ་ནས་བྲམ་ཟེ་རྒྱལ་བའི་དྲོད་ཀྱི་སྐྱེ་མཆེད་ཀྱིས། ཚོང་དཔོན་གྱི་བུ་ནོར་བཟངས་ལ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བྱང་ཆུབ་ སེམས་དཔའ་གང་ཞིག་རྗེས་སུ་བསྟན་དང་འཐུན་བྱེད་ཅིང་། །དྲན་པ་ཉེ་བར་གཞག་སྟེ་བླ་མའི་ངག་གཅོག་མི་བྱེད་ན། །དེ་ཕྱིར་དེ་ཡི་དོན་རྣམས་ཐམས་ཅད་འགྲུབ་པར་འགྱུར། འཐུན་པའི་སངས་ རྒྱས་ཡེ་ཤེས་བྱང་ཆུབ་དྲུང་དུ་འཚང་ཡང་རྒྱ། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་རིའི་གཡང་སའི་ལམ་སྤུ་གྲིའི་སོ་གཤིབས་པ་ལ་འཛེགས་ཏེ། མེའི་ཕུང་པོ་ཆེན་པོ་དེར་མཆོངས་སོ། །དེ་ལྟར་ 76-1-162b མཆོངས་པའི་ཚེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཤིན་ཏུ་བརྟན་པ་ཞེས་བྱ་བ་ཐོབ་པར་གྱུར་ཏོ། །མྱེ་དེས་རེག་ནས་ཀྱང་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རབ་ཏུ་ཞི་བའི་བདེ་བ་མངོན་པར་ཤེས་པ་ ཞེས་བྱ་བ་ཐོབ་པར་གྱུར་ནས་དེས་འདི་སྐད་ཅེས་སྨྲས་སོ། །འཕགས་པ་མེའི་ཕུང་པོ་ལ་དེ་ལྟར་རེག་ན་བདེ་བ་དང་རིའི་ལམ་སྤུ་གྲིས་གཏམས་པ་འདི་ཡང་དེ་ལྟར་རེག་ན་བདེ་བ་དེ་ནི་ངོ་མཚར་ཆེའོ། །དེས་ སྨྲས་པ། རིགས་ཀྱི་བུ་ཁོ་བོ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་དཀྱིལ་འཁོར་ཡོངས་སུ་མི་ཟད་པ་ཐོབ་སྟེ། རིགས་ཀྱི་བུ་ཁོ་བོས་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པའི་དཀྱིལ་ འཁོར་ཡོངས་སུ་མི་ཟད་པ་འདི་ཤེས་པར་ཟད་ན། ཁོ་བོས་བྱང་ཆུབ་སེམས་དཔའ་མེའི་ཕུང་པོ་ལྟ་བུ་འགྲོ་བ་ཐམས་ཅད་ཀྱི་ཉོན་མོངས་པ་དང་། ལྟ་བའི་རྣམ་པ་ཐམས་ཅད་ཡོངས་སུ་ཟད་པར་ བྱ་བའི་སྨོན་ལམ་ཅན་རུ་མཚོན་ཕྱིར་མི་ལྡོག་པ་དང་ལྡན་པ། སེམས་ལ་ཐུབ་པ་མེད་ཅིང་སེམས་དམའ་བ་མེད་པ་དང་ལྡན་པ། ཡིད་ཞུམ་པ་མེད་པ་ཅན་རྡོ་རྗེའི་སྙིང་པོ་དང་ལྡན་པའི་མཐུ་བོ་ཆེ་ལྟ་ བུ་བརྩམས་པ་ཆེན་པོ་མཐར་ཕྱིན་པར་བྱ་བ་ལ་སྒྱིད་ལུག་པ་མེད་པ་སྦྱོར་བ་ལྷོད་པ་མེད་པ། རླུང་གི་དཀྱིལ་འཁོར་ལྟ་བུར་འགྲོ་བ་ཐམས་ཅད་ཀྱི་དོན་དུ་བརྩོན་པ། བརྩོན་འགྲུས་ཕྱིར་མི་ལྡོག་ པ་དང་ལྡན་པ། ཕྱིར་མི་ཟློགས་པའི་གོ་ཅ་བགོས་པ། དེ་དག་གི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། །སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན་གྲོང་ཁྱེར་སེང་གེ་རྣམ་པར་ བསྒྱིངས་པ་ཞེས་བྱ་བ་ཡོད་དེ། དེ་ན་རྒྱལ་པོ་སེང་གེ་དཔལ་གྱི་བུ་མོ་བྱམས་མ་ཞེས་བྱ་བ་བུ་མོ་ལྔ་བརྒྱའི་འཁོར་དང་བཅས་པ་འདུག་གིས་དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་ 76-1-163a བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག་དང་། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས། བྲམ་ཟེ་རྒྱལ་བའི་དྲོད་གྱི་སྐྱེ་མཆེད་ ཀྱི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། བྲམ་ཟེ་རྒྱལ་བའི་དྲོད་ཀྱི་སྐྱེ་མཆེད་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་ཡང་དང་ཡང་བལྟས་ཏེ། བྲམ་ཟེ་རྒྱལ་བའི་དྲོད་ཀྱི་ སྐྱེ་མཆེད་ཀྱི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་དགེ་བའི་བཤེས་གཉེན་ལ་རིམ་གྲོ་བསམ་གྱིས་མྱི་ཁྱབ་པ་ལ་ཞུགས་པ་མོས་པ་རྒྱ་ཆེན་པོས་རྣམ་པར་དག་པ་ཐེག་པ་ ཆེན་པོ་ལ་མངོན་དུ་ཕྱོགས་པ། སངས་རྒྱས་ཀྱི་ཡེ་ཤེས་ལ་མངོན་པར་མོས་པ། སངས་རྒྱས་ཀྱི་ཆོས་ལ་ཡང་དག་པར་ཞུགས་པ། དགེ་བའི་བཤེས་གཉེན་གྱི་རྗེས་སུ་འབྲང་བར་སྤྲོ་བ། ཆོས་ཀྱི་རིམ་ གྲོ་ལ་རྣམ་པར་སྤྱོད་པ། ཆགས་པ་མེད་པའི་ཡེ་ཤེས་ལ་མངོན་དུ་གྱུར་པ། ཡང་དག་པའི་མཐའ་ཤིན་ཏུ་རྟོགས་པ། ཡེ་ཤེས་ཀྱི་མཐའ་ལ་གནས་པའི་ཡུལ་དང་ལྡན་པ། དུས་གསུམ་སྐད་ཅིག་ གི་ཆ་ཤས་ལ་ཁོང་དུ་ཆུད་པར་བྱེད་པ། ནམ་མཁའི་མཐའ་གཉིས་སུ་མེད་པ་མངོན་དུ་གྱུར་པ། མི་གཉིས་པའི་མཐའ་རྣམ་པར་གདོན་མི་ཟ་བ་ཐོབ་པ། ཆོས་ཀྱི་དབྱིངས་ཀྱི་མཐའ་ལ་རྣམ་པར་ མི་རྟོག་པར་གནས་པ། སྒྲིབ་པ་མེད་པའི་མཐས་གདུལ་བ་ཁོང་དུ་ཆུད་པར་བྱ་བ་ལ་ཞུགས་པ། ཆོས་ཀྱི་མཐའ་དང་མི་འགལ་བར་བྱ་བ་ལ་གཞོལ་བ། དེ་བཞིན་གཤེགས་པའི་མཐའ་ལ་ མཐའ་མེད་པར་ཁོང་དུ་ཆུད་པ། སངས་རྒྱས་ཐམས་ཅད་ཀྱི་མཐའ་ལ་རྣམ་པར་མི་རྟོག་པར་གནས་པ། སེམས་ཅན་ཐམས་ཅད་ཀྱི་འདུ་ཤེས་ཀྱི་དྲ་བ་རྣམ་པར་གཏོར་བའི་ཡེ་ཤེས་ལ་གཞོལ་བ། 76-1-163b ཞིང་ལ་མངོན་པར་ཆགས་པ་ཐམས་ཅད་དང་བྲལ་བ། སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་ཆགས་པ་མེད་པའི་སེམས་དང་ལྡན་པ། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་དག་པར་ བྱ་བ་ལ་གནས་པ་མེད་པར་སྤྱོད་པ། སེམས་ཅན་ཐམས་ཅད་ལ་བདག་མེད་པ་དང་། སེམས་ཅན་མེད་པའི་འདུ་ཤེས་དང་ལྡན་པ། སྒྲ་ཐམས་ཅད་ཚིག་གི་ལམ་ལྟ་བུར་ཁོང་དུ་ཆུད་པ། གཟུགས་ ཐམས་ཅད་གཟུགས་ཀྱི་གཟུགས་བརྙན་དང་མཉམ་པར་རྣམ་པར་རིག་པར་བྱ་བ་ལ་གཞོལ་བ་དེ་མཐར་ཀྱིས་སེང་གེ་རྣམ་པར་བསྒྱིངས་པའི་གྲོང་ཁྱེར་གང་ན་བ་དེར་ཕྱིན་ཏེ། བུ་མོ་བྱམས་མ་ཚོལ་ ཞིང་ཡོངས་སུ་རྨེད་རྨེད་པ་ལས། རྒྱལ་པོ་སེང་གེ་དཔལ་གྱི་བུ་མོ་བྱམས་མ་འཁོར་བུ་མོ་ལྔ་བརྒྱ་དང་ལྡན་པ་དེ་ཁང་པ་སྣ་ཚོགས་སྣང་བའི་སྙིང་པོ་ཞེས་བྱ་བའི་ནང་ན་ཁྲི་ཙན་དན་སྦྲུལ་གྱི་སྙིང་པོའི་རྐང་པ་ ཅན། གསེར་གྱི་ལྕག་བོད་ཀྱི་དྲ་བས་ལེགས་པར་བྲེས་པ། ལྷ་རྫས་ཀྱི་བསྟན་བཏིང་བ་ལ་འདུག་ཅིང་ཆོས་སྟོན་ཏོ། །ཞེས་ཐོས་ནས། སེང་གེ་རྣམ་པར་བསྒྱིངས་པའི་གྲོང་ཁྱེར་དུ་སོང་སྟེ། རྒྱལ་པོ་སེང་གེ་དཔལ་གྱི་གནས་གང་ན་བ་དེར་ཕྱིན་ནས། རྒྱལ་པོའི་ཕྱི་སྒོའི་སྒོ་གང་ན་བུ་མོ་བྱམས་མ་མཐོང་བར་དགའ་བའི་ཕྱིར་སྡོད་ཅིང་འདུག་འདུག་པ་དང་། དེས་དེར་སྲོག་ཆགས་བརྒྱ་ཕྲག་དུ་མ་དང་། སྲོག་ཆགས་སྟོང་ཕྲག་དུ་མ་དང་། སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མ་འདོང་བ་མཐོང་ནས། ཁྱེད་གང་ནས་འོངས། ད་གང་དུ་འདོང་ཞེས་དྲིས་པ་དང་། དེ་དག་གིས་ངེད་ནི་བུ་མོ་བྱམས་མའི་དྲུང་དུ་ཆོས་ མཉན་པའི་ཕྱིར་འདོང་ངོ་ཞེས་ནས། དེས་བསམ་པ་འདིར་ནི་སུ་འགྲོ་ཡང་འགག་པ་མེད་པ་ལྟ་ཞིག་སྙམ་སྟེ། དེ་ཡང་ནང་དུ་ཕྱིན་ཏོ། །དེ་ལྟར་ཕྱིན་ཏེ་བལྟས་ན་ཁང་པ་རྣམ་པར་སྣང་ 76-1-164a བའི་སྙིང་པོ་ཅན་དེ་ཡང་། གཞི་ཤེལ་དུ་འདུག་པའི་ས་ལས་བླངས་ཏེ། བཻ་ཌཱུརྱའི་ཀ་བ་བཀྱེ་བ། རྩིག་པ་རྡོ་རྗེ་ལས་བྱས་པ། འཛམ་བུ་ཆུ་ཀླུང་གསེར་གྱི་ལྷུན་དང་ལྡན་པའི་བ་གམ་བརྒྱ་ཕྲག་ སྟོང་གིས་བརྒྱན་པ། ནོར་བུ་རིན་པོ་ཆེ་གྲངས་མེད་པས་རྣམ་པར་བྲེས་པ། རིན་པོ་ཆེ་སྟོང་གི་སྙིང་པོའི་མེ་ལོང་གི་དཀྱིལ་འཁོར་གྱིས་ཤིན་ཏུ་སྤང་བར་བྱས་པ། ནོར་བུ་རིན་པོ་ཆེ་འགྲོ་བའི་ཡིད་དུ་ འོང་བས་རྣམ་པར་བརྒྱན་པ། རིན་པོ་ཆེའི་ཤིང་ཐགས་གྲངས་མེད་པས་ཡོངས་སུ་བསྐོར་བ། གསེར་གྱི་དྲིལ་བུ་བརྒྱ་སྟོང་ཤིན་ཏུ་འཁྲོལ་བའི་སྒྲ་སྙན་པ་བསམ་གྱིས་མི་ཁྱབ་པའི་རྒྱན་དང་ལྡན་ པར་མཐོང་ངོ་། །བུ་མོ་བྱམས་མ་དེ་ཡང་མིག་དཀར་ནག་འབྱེས་པ། སྐྲ་འཐོན་ཏིང་དུ་འདུག་པ། མདོག་གསེར་གྱི་ཁ་དོག་ལྟར་འདུག་པ་མཐོང་ནས། དེས་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། ཐལ་མོ་སྦྱར་ཏེ་མདུན་དུ་འདུག་ནས། འདི་སྐད་ཅེས་སྨྲས་སོ། །འཕགས་མ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་མ་འཚལ་ཏེ། འཕགས་མ་ནི་བྱང་ཆུབ་ སེམས་དཔའ་རྣམས་ལ་གདམས་ངག་དང་རྗེས་སུ་བསྟན་པ་མཛད་དོ་ཞེས་བདག་གིས་ཐོས་ན། འཕགས་མ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་ བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་བདག་ལ་བཤད་དུ་གསོལ། སྨྲས་པ་རིགས་ཀྱི་བུ་ཁོ་མོའི་གནས་ཀྱི་རྒྱན་ལ་ལྟོས་ཤིག །ཅེས་དེས་ཀུན་ཏུ་བྱུང་ཏེ། ལྟས་པ་དང་། རྩིག་པ་རེ་རེ་དང་། 76-1-164b ཀ་བ་རེ་རེ་དང་། མེ་ལོང་གི་དཀྱིལ་འཁོར་རེ་རེ་དང་། རྣམ་པའི་བྱེ་བྲག་རེ་རེ་དང་། དབྱིབས་རེ་རེ་དང་། ནོར་བུ་རིན་པོ་ཆེ་རེ་རེ་དང་། གསེར་གྱི་དྲིལ་བུ་རེ་རེ་དང་། རིན་པོ་ཆེའི་ཤིང་རེ་རེ་དང་། བ་སྤུའི་བུ་ག་ རེ་རེ་དང་། རིན་པོ་ཆེའི་སེ་མོ་དོ་རེ་རེ་ལས་ཀྱང་། ཆོས་ཀྱི་དབྱིངས་ཐམས་ཅད་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐོག་མ་ཐུགས་བསྐྱེད་པ་དང་བཅས་པ། སྤྱོད་པ་དང་སྨོན་ལམ་གྱི་ཡུལ་ དང་བཅས་པ། འབྱུང་བའི་རྒྱན་དང་བཅས་པ། མངོན་པར་འཚང་རྒྱ་བའི་རྣམ་པར་འཕྲུལ་པ་དང་བཅས་པ། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་བཅས་པ། ཡོངས་སུ་མྱ་ངན་ལས་འདའ་བ་སྟོན་པ་དང་ བཅས་པར་གཟུགས་བརྙན་གྱི་ཚུལ་དུ་མཐོང་བར་གྱུར་ཏོ། །དམྱིགས་པ་དེ་དག་རེ་རེ་ལས་ཇི་ལྟ་བ་བཞིན་དུ་དམྱིགས་པ་ཐམས་ཅད་ལས་ཀྱང་མཐོང་བར་གྱུར་ཏོ། །འདི་ལྟ་སྟེ་དཔེར་ན་ཆུས་ཡོངས་ སུ་གང་བའི་མཚོ་དང་ཞིང་རྙོག་པ་མེད་ལ་རྣམ་པར་གསལ་བ་ལ་ནི་ནམ་མཁའི་ཉི་མ་ཟླ་བ་དང་། སྐར་མའི་ཚོགས་ཀྱིས་བརྒྱན་པ། གཟུགས་བརྙན་གྱི་ཚུལ་དུ་ཡོངས་སུ་སྣང་ངོ་། །དེ་བཞིན་དུ་ ཁང་པ་རྣམ་པར་སྣང་བའི་སྙིང་པོའི་དམྱིགས་པ་རེ་རེ་ལས་ཀྱང་ཆོས་ཀྱི་དབྱིངས་དེ་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་གཟུགས་བརྙན་གྱི་ཚུལ་དུ་ཡོངས་སུ་སྣང་བར་གྱུར་ཏེ། དེ་ནི་བུ་མོ་ བྱམས་མའི་སྔོན་གྱི་དགེ་བའི་རྩ་བའི་རྒྱུའི་ཕྱིར་ཏེ། དེས་དེ་ལྟར་རྣམ་པར་བལྟས་ནས། སངས་རྒྱས་མཐོང་བའི་རྒྱན་གྱི་མཚན་མ་དེ་ཡོངས་སུ་བཟུང་སྟེ། ཐལ་མོ་སྦྱར་ནས། བུ་མོ་བྱམས་ མའི་གདོང་དུ་བལྟས་པ་དང་། དེས་སྨྲས་པ། རིགས་ཀྱི་བུ་ཁོ་མོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའི་རྒྱུད་ཀུན་ནས་རྣམ་པར་བརྒྱན་པ་ཞེས་བྱ་བ་ཐོབ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ 76-1-165a སྒོའི་རྒྱུད་འདི་ནི་ཁོ་མོས་དེ་བཞིན་གཤེགས་པ་ཆུ་ཀླུང་གང་གའི་ཀླུང་སུམ་བཅུ་རྩ་དྲུག་གི་བྱེ་མ་སྙེད་ལས་ཡོངས་སུ་བཙལ་བ་སྟེ། དེ་བཞིན་གཤེགས་པ་དེ་དག་གིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པའི་སྒོའི་རྒྱུད་ཀུན་ནས་རྣམ་པར་བརྒྱན་པ་འདི་སྒོ་སྣ་ཚོགས་ཀྱི་ཁོང་དུ་ཆུད་པར་བྱ་བས་རྟོགས་པར་མཛད་དེ། གཅིག་གིས་གང་གསུངས་པ་དེ་འང་གཉིས་ཀྱིས་མ་གསུངས་སོ། །སྨྲས་པ་འཕགས་ མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའི་རྒྱུད་ཀུན་ནས་རྣམ་པར་བརྒྱན་པ་འདི་ཡུལ་ཇི་ལྟ་བུ་ཞིག་མཆིས། སྨྲས་པ་རིགས་ཀྱི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའི་རྒྱུད་ཀུན་ནས་རྣམ་པར་ བརྒྱན་པ་འདི་ལ་ཁོ་མོས་མངོན་དུ་བྱེད་ཅིང་། སེམས་པ་དང་རྗེས་སུ་འབྲང་བར་བྱ་བ་དང་། རྣམ་པར་དཔྱོད་པ་དང་། རྗེས་སུ་སེམས་དཔའ་དང་། དྲན་པར་བྱ་བ་དང་། ཡོངས་སུ་གཟུང་བ་དང་། རྣམ་པར་བརྟག་པ་དང་། མངོན་པར་བསྒྲུབ་པ་དང་། ཡང་དག་པར་བརྒྱན་པར་བྱ་བ་དང་། རབ་ཏུ་རྣམ་པར་དབྱེ་བ་བྱེད་པའི་ཚེ། གཟུངས་ཀུན་ནས་སྒོ་ཞེས་བྱ་བ་ཡོངས་སུ་སྐྱེ་སྟེ། གཟུངས་ཀྱི་ དཀྱིལ་འཁོར་དེར་ནི་ཆོས་ཀྱི་སྒོ་བརྒྱ་སྟོང་གྲངས་མེད་པ་ཕྲག་བཅུ་ཡོངས་སུ་འདུའོ། །ཁོང་དུ་ཆུད་དོ། །མངོན་དུ་འགྱུར་ཏོ། །མངོན་པར་འདུའོ། །ཁོངས་ན་འཁོད་དོ། །འདི་ལྟ་སྟེ་སངས་རྒྱས་ཀྱི་ཞིང་གི་ སྒོ་དང་། སངས་རྒྱས་ཀྱི་སྒོ་དང་། ཆོས་ཀྱི་སྒོ་དང་། སེམས་ཅན་གྱི་སྒོ་དང་། འདས་པའི་སྒོ་དང་། མ་འོངས་པའི་སྒོ་དང་། ད་ལྟར་བྱུང་བའི་སྒོ་དང་། གནས་པའི་མཐའི་སྒོ་དང་། བསོད་ནམས་ཀྱི་སྒོ་ དང་། བསོད་ནམས་ཀྱི་ཚོགས་ཀྱི་སྒོ་དང་། ཡེ་ཤེས་ཀྱི་སྒོ་དང་། ཡེ་ཤེས་ཀྱི་ཚོགས་ཀྱི་སྒོ་དང་། སྨོན་ལམ་གྱི་རྣམ་པའི་སྒོ་དང་། སྤྱོད་པའི་སྒོ་དང་། སྤྱོད་པ་རྣམ་པར་དག་པའི་སྒོ་དང་། 76-1-165b སྤྱོད་པ་ཡོངས་སུ་འབྱུང་བའི་སྒོ་དང་། སྤྱོད་པ་ཡོངས་སུ་རྫོགས་པར་བྱ་བའི་སྒོ་དང་། ལས་ཀྱི་སྒོ་དང་། ལས་དང་མི་འགལ་བའི་སྒོ་དང་། ལས་ཀྱི་རྒྱན་ཀྱི་སྒོ་དང་། ལས་མངོན་པར་འདུ་བྱ་བའི་སྒོ་དང་། མི་ མཉམ་པའི་ལས་ཡོངས་སུ་སྤང་བའི་སྒོ་དང་། ཡང་དག་པའི་ལས་ལ་ནན་ཏན་དུ་བྱ་བའི་སྒོ་དང་། ལས་ལ་དབང་བསྒྱུར་བའི་སྒོ་དང་། ལེགས་པར་སྤྱད་པའི་སྒོ་དང་། ལེགས་པར་སྤྱད་པ་ཡང་དག་པར་བླང་ བའི་སྒོ་དང་། ཏིང་ངེ་འཛིན་གྱི་སྒོ་དང་། ཏིང་ངེ་འཛིན་ཁོང་དུ་ཆུད་པར་བྱ་བའི་སྒོ་དང་། ཏིང་ངེ་འཛིན་ལ་རྣམ་པར་སྤྱད་པའི་སྒོ་དང་། ཏིང་ངེ་འཛིན་ཀྱི་སྤྱོད་ཡུལ་གྱི་སྒོ་དང་། ཏིང་ངེ་འཛིན་ལས་ལྡང་བའི་སྒོ་ དང་། མངོན་པར་ཤེས་པའི་སྒོ་དང་། སེམས་རྒྱ་མཚོའི་སྒོ་དང་། སེམས་ཅན་རྣམ་གྲངས་ཀྱི་སྒོ་དང་། སེམས་ཀྱི་རྒྱུད་ཡོངས་སུ་དག་པར་བྱ་བའི་སྒོ་དང་། སེམས་ཀྱི་ཐིབས་པོ་སྣང་བར་བྱ་བའི་སྒོ་དང་། སེམས་ ཀྱི་མཚོ་དང་བར་བྱ་བའི་སྒོ་དང་། སེམས་འབྱུང་བའི་སྒོ་དང་། སེམས་རྣམ་པར་རྒྱུ་བའི་སྒོ་དང་། སེམས་ཅན་ཀུན་ནས་ཉོན་མོངས་པ་རྒྱུ་བའི་སྒོ་དང་། ཉོན་མོངས་པའི་བག་ཆགས་ཀྱི་སྒོ་དང་། ཉོན་མོངས་ པའི་སྦྱོར་བའི་སྒོ་དང་། མོས་པའི་སྒོ་དང་། སེམས་ཅན་གྱི་སྤྱོད་པའི་སྒོ་དང་། སེམས་ཅན་གྱི་སྤྱོད་པ་རྣམ་པ་ཐ་དད་པའི་སྒོ་དང་། འཇིག་རྟེན་འབྱུང་བའི་སྒོ་དང་། སེམས་ཅན་གྱི་བསམ་པའི་སྒོ་ དང་། སེམས་ཅན་གྱི་འདུ་ཤེས་ཀྱི་རྣམ་པའི་སྒོ་དང་། ཕྱོགས་ཀྱི་སྒོ་དང་། ཆོས་ཀྱི་ཕྱོགས་ཀྱི་སྒོ་དང་། སྙིང་རྗེ་ཆེན་པོའི་སྒོ་དང་། བྱམས་པ་ཆེན་པོའི་སྒོ་དང་། ཞི་བའི་སྒོ་དང་། ངག་གི་ལམ་གྱི་ སྒོ་དང་། ཚུལ་གྱི་སྒོ་དང་། ཁོང་དུ་ཆུད་པར་བྱ་བའི་སྒོ་དང་། རྣམ་པར་ཕྱེ་བའི་སྒོ་དང་། ཡང་དག་པར་འདུ་བྱ་བའི་སྒོ་དང་། ཆགས་པ་མེད་པའི་མཐའི་སྒོ་དང་། ཀུན་གྱི་སྒོ་དང་། སངས་རྒྱས་ཀྱི་ 76-1-166a ཆོས་ཀྱི་སྒོ་དང་། བྱང་ཆུབ་སེམས་དཔའི་ཆོས་ཀྱི་སྒོ་དང་། ཉན་ཐོས་ཀྱི་ཆོས་ཀྱི་སྒོ་དང་། རང་སངས་རྒྱས་ཀྱི་ཆོས་ཀྱི་སྒོ་དང་། འཇིག་རྟེན་གྱི་ཆོས་ཀྱི་སྒོ་དང་། འཇིག་རྟེན་འབྱུང་བའི་ ཆོས་ཀྱི་སྒོ་དང་། འཇིག་རྟེན་འཇིག་པའི་ཆོས་ཀྱི་སྒོ་དང་། འཇིག་རྟེན་ཀུན་ནས་གནས་པའི་སྒོ་དང་། འཇིག་རྟེན་གྱི་ཁམས་རྣམ་པར་དག་པའི་སྒོ་དང་། འཇིག་རྟེན་གྱི་ཁམས་ཀུན་ནས་ཉོན་མོངས་པའི་སྒོ་ དང་། འཇིག་རྟེན་གྱི་ཁམས་ཀུན་ནས་ཉོན་མོངས་པ་ལ་རྣམ་པར་དག་པའི་སྒོ་དང་། འཇིག་རྟེན་གྱི་ཁམས་རྣམ་པར་དག་པ་ལ་ཀུན་ནས་ཉོན་མོངས་པའི་སྒོ་དང་། འཇིག་རྟེན་གྱི་ཁམས་གཅིག་ཏུ་ཀུན་ནས་ཉོན་ མོངས་པའི་སྒོ་དང་། འཇིག་རྟེན་གྱི་ཁམས་གཅིག་ཏུ་རྣམ་པར་དག་པའི་སྒོ་དང་། འཇིག་རྟེན་གྱི་ཁམས་གཞི་མཉམ་པ་ཉིད་དུ་ཁོང་དུ་ཆུད་པར་བྱ་བའི་སྒོ་དང་། འཇིག་རྟེན་གྱི་ཁམས་སྣྲེལ་བཞིའི་སྒོ་དང་། འཇིག་ རྟེན་གྱི་ཁམས་སྤྱིའུ་ཚུགས་སུ་རྒྱུ་བའི་སྒོ་དང་། མྱིག་འཕྲུལ་དུ་འཇུག་པའི་སྒོ་དང་། འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཀྱི་སྒོ་དང་། གནས་ཀྱི་འདུ་ཤེས་ཀྱི་རྣམ་པར་གྱུར་པའི་སྒོ་དང་། ཕྲ་བ་རྒྱ་ཆེན་པོར་ཁོང་དུ་ཆུད་ པར་བྱ་བའི་སྒོ་དང་། རྒྱ་ཆེན་པོ་ཕྲ་བར་ཁོང་དུ་ཆུད་པར་བྱ་བའི་སྒོ་དང་། སངས་རྒྱས་ཀྱི་མཐོང་བར་བྱ་བའི་སྒོ་དང་། སངས་རྒྱས་ཀྱི་སྐུ་རྣམ་པ་ཐ་དད་པའི་སྒོ་དང་། སངས་རྒྱས་ཀྱི་འོད་གཟེར་གྱི་དྲ་བ་རྣམ་ པ་ཐ་དད་པའི་སྒོ་དང་། སངས་རྒྱས་ཀྱི་གསུང་གི་དཀྱིལ་འཁོར་རྣམ་པར་ཕྱེ་བའི་སྒོ་དང་། སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་མངོན་པར་བསྒྲུབ་པའི་སྒོ་དང་། སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་ཐ་མྱི་དད་པའི་ སྒོ་དང་། སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་ངེས་པའི་ཚིག་གི་སྒོ་དང་། སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་ཀུན་ཏུ་འཁོར་བའི་སྒོ་དང་། སངས་རྒྱས་ཀྱི་ཕྲིན་ལས་ཀྱི་སྒོ་དང་། སངས་རྒྱས་ཀྱི་ 76-1-166b འཁོར་གྱི་དཀྱིལ་འཁོར་གྱི་སྒོ་དང་། སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་རྣམ་པར་ཕྱེ་བའི་སྒོ་དང་། སངས་རྒྱས་ཀྱི་འཁོར་ལོ་དཀྱིལ་འཁོར་རྒྱ་མཚོར་འཇུག་པའི་སྒོ་དང་། སངས་རྒྱས་ཀྱི་སྟོབས་སྣང་ བའི་སྒོ་དང་། སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱི་སྒོ་དང་། སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱིས་རྣམ་པར་འཕྲུལ་པའི་སྒོ་དང་། སངས་རྒྱས་ཀྱི་རྣམ་པར་སྤྱོད་པའི་སྒོ་དང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱི་སྒོ་དང་། སངས་རྒྱས་ཀྱི་སྤྲུལ་པའི་སྒོ་དང་། སངས་རྒྱས་ཀྱི་སེམས་ཅན་ཕ་རོལ་གྱི་སེམས་ཐུགས་སུ་ཆུད་པའི་སྒོ་དང་། སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་སྒོ་དང་། དགའ་ལྡན་གྱི་ཕོ་བྲང་ན་ བཞུགས་པའི་སྒོ་ནས་ཡོངས་སུ་མྱ་ངན་ལས་འདའ་བ་བསྟན་པའི་བར་གྱི་སྒོ་དང་། སེམས་ཅན་གྱི་དོན་ཚད་མྱེད་པ་མཛད་པའི་སྒོ་དང་། ཆོས་ཟབ་མོའི་ཚུལ་གྱི་སྒོ་དང་། ཆོས་སྣ་ཚོགས་ཀྱི་ཚུལ་གྱི་སྒོ་དང་། བྱང་ཆུབ་ཀྱི་སེམས་ཀྱི་ཆོས་ཀྱི་རྣམ་པའི་སྒོ་དང་། བྱང་ཆུབ་ཀྱི་སེམས་འབྱུང་བའི་རྣམ་པའི་ཆོས་ཀྱི་སྒོ་དང་། བྱང་ཆུབ་ཀྱི་སེམས་ཀྱི་ཚོགས་ཀྱི་རྣམ་པའི་སྒོ་དང་། སྨོན་ལམ་གྱི་རྣམ་པའི་སྒོ་དང་། སྤྱོད་པའི་རྣམ་ པའི་སྒོ་དང་། མངོན་པར་ཤེས་པའི་རྣམ་པའི་སྒོ་དང་། འབྱུང་བའི་རྣམ་པའི་སྒོ་དང་། གཟུངས་རྣམ་པར་དག་པའི་རྣམ་པའི་སྒོ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་རྣམ་པར་དག་པའི་རྣམ་པའི་སྒོ་དང་། ཤེས་རབ་ ཡོངས་སུ་དག་པའི་རྣམ་པའི་སྒོ་དང་། བྱང་ཆུབ་ཚད་མྱེད་པའི་རྣམ་པའི་སྒོ་དང་། དྲན་པ་རྣམ་པར་དག་པའི་རྣམ་པའི་སྒོ་དག་སྟེ། རིགས་ཀྱི་བུ་དེ་ལྟར་ཁོ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའི་ རྒྱུད་དྲན་པས་ཀུན་ནས་རྣམ་པར་བརྒྱན་པ་འདི་ཤེས་པར་ཟད་ན། ཁོ་མོས་བྱང་ཆུབ་སེམས་དཔའ་སེམས་ནམ་མཁའི་དབྱིངས་དང་མཉམ་པ། བློ་གྲོས་ཆོས་ཀྱི་དབྱིངས་ལྟར་ཡངས་པ། རྒྱུད་བསོད་ 76-1-167a ནམས་ཀྱི་ཚོགས་ཀྱིས་བརྟན་པ། འཇིག་རྟེན་ལས་འདས་པའི་ལམ་དུ་ཞུགས་པ། འཇིག་རྟེན་གྱི་ཆོས་ཡོངས་སུ་མི་རྒྱུ་བ། ཡེ་ཤེས་སྣང་བའི་མྱིག་རབ་རིབ་མེད་པ་རབ་ཏུ་ཐོབ་པ། ཆོས་ཀྱི་ དབྱིངས་ཐམས་ཅད་མུན་པ་མེད་པར་ཁོང་དུ་ཆུད་པ། བློ་ནམ་མཁའ་ལྟར་ཚད་མེད་པ་དང་ལྡན་པ། དམྱིགས་པ་ཐམས་ཅད་ཀྱི་རྗེས་སུ་སོང་བའི་མྱིག་ཅན། ཆགས་པ་མེད་པའི་སྣང་བའི་སྙིང་པོ་དང་ལྡན་ པ། ཆོས་ཐམས་ཅད་ཀྱི་དོན་རབ་ཏུ་དབྱེ་བ་ལ་མཁས་པ། ཟིལ་གྱིས་གནོན་ལ། འཇིག་རྟེན་ཀུན་གྱི་ཟིལ་གྱིས་གནོན་པ། འཇིག་རྟེན་གྱི་སྤྱོད་པའི་ཚུལ་ལ་རྣམ་པར་སྤྱོད་པ། འཇིག་རྟེན་གྱི་ ལམ་གྱི་རྒྱུད་ཐམས་ཅད་ན་ཁ་ན་མ་ཐོ་བ་མེད་པ། འཇིག་རྟེན་གྱི་དོན་བྱེད་པ་ལ་བརྩོན་པ། འགྲོ་བ་ཐམས་ཅད་ཀྱི་རྟེན་དུ་གྱུར་པ། འགྲོ་བ་ཐམས་ཅད་ཀྱི་ངག་གི་ཚུལ་དང་རྣམ་པ་ལ་མཁས་པ། འགྲོ་བ་ ཐམས་ཅད་དུ་གནས་པའི་བསམ་པ་དང་ལྡན་པ། བསམ་པ་ཇི་ལྟ་བ་བཞིན་དུ་རྣམ་པར་དམྱིགས་པ་སྟོན་པ། དུས་ཀྱི་འཁོར་ལོ་ཐམས་ཅད་ལ་དབང་བསྒྱུར་བ་དེ་དག་གི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། །དྲང་སྲོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན་ཡུལ་མྱིག་གསུམ་པ་ཞེས་བྱ་བ་ཡོད་དེ། དེ་ན་དགེ་སློང་བལྟ་ན་སྡུག་པ་ཞེས་བྱ་བ་འདུག་གིས། དེའི་གན་དུ་སོང་ ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་བུ་མོ་བྱམས་མའི་རྐང་པ་ གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། བུ་མོ་བྱམས་མ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་ཡང་དང་ཡང་བལྟས་ཏེ། བུ་མོ་བྱམས་མའི་དྲུང་ནས་སོང་ངོ་། །དེ་ནས་ཚོང་ 76-1-167b དཔོན་གྱི་བུ་ནོར་བཟངས་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་རྣམ་པར་སྤྱོད་པ་ཟབ་མོ་རྗེས་སུ་བསམ་པ་དང་། ཆོས་ཀྱི་དབྱིངས་ཀྱི་གཞི་ཟབ་མོ་ཁོང་དུ་ཆུད་པར་བྱ་བ་རྗེས་སུ་བསམ་པ་དང་། སེམས་ ཅན་གྱི་ཡེ་ཤེས་ཤིན་ཏུ་ཕྲ་ཞིང་ཟབ་པ་རྗེས་སུ་བསམ་པ་དང་། འཇིག་རྟེན་གྱི་འདུ་ཤེས་ཀྱི་རྣམ་པ་ཟབ་མོ་རྗེས་སུ་བསམ་པ་དང་། མངོན་པར་འདུ་བྱ་བ་མེད་པའི་དབྱིངས་ཟབ་མོ་རྗེས་སུ་བསམ་ པ་དང་། སེམས་ཀྱི་རྒྱུད་ཀྱི་དབྱིངས་ཟབ་མོ་རྗེས་སུ་བསམ་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་དབྱིངས་ཟབ་མོ་རྗེས་སུ་བསམ་པ་དང་། རང་བཞིན་གྱིས་དབེན་པའི་དབྱིངས་ཟབ་མོ་ རྗེས་སུ་བསམ་པ་དང་། འགྲོ་བ་ཐམས་ཅད་ཀྱི་རྣམ་པར་དཔྱོད་པ་བདེན་པའི་དབྱིངས་ཟབ་མོ་རྗེས་སུ་བསམ་པ་དང་། ཆོས་ཀྱི་དབྱིངས་བརྒྱན་པའི་དབྱིངས་ཟབ་མོ་རྗེས་སུ་བསམ་པ་དང་། ལུས་ ཀྱི་འཁྲུལ་འཁོར་ཤུགས་གྱིས་འཁོར་བའི་དབྱིངས་ཟབ་མོ་རྗེས་སུ་བསམ་པ་དང་། ལས་ཀྱིས་སྣ་ཚོགས་སུ་གྱུར་པའི་དབྱིངས་ཟབ་མོ་རྗེས་སུ་བསམ་པ་བྱེད་ཅིང་མཐར་གྱིས་ཡུལ་མྱིག་གསུམ་ པ་གང་ན་བ་དེར་ཕྱིན་ཏེ། ཡུལ་གྱི་འཁོར་དང་། གྲོང་ཁྱེར་གྱི་འཁོར་དང་། ཚོང་དུས་ཀྱི་འཁོར་དང་། གྲོང་རྡལ་གྱི་འཁོར་དང་། ཡུལ་གྲུའི་འཁོར་དང་། ལྷས་ཀྱི་འཁོར་དང་། དྲང་སྲོང་དགེ་བ་ སྦྱོང་བའི་གནས་ཀྱི་འཁོར་དང་། ཡུལ་དང་ཕྱོགས་ཀྱི་འཁོར་དང་། ཆུའི་རྒྱུད་ཀྱི་འཁོར་དང་། རིའི་སུལ་གྱི་འཁོར་དང་། ནགས་ཚལ་ཆེན་པོའི་འཁོར་དག་དུ་དགེ་སློང་བལྟ་ན་སྡུག་པ་ཡོངས་སུ་ ཚོལ་ཚོལ་བ་ལས་དེས་དགེ་སློང་བལྟ་ན་སྡུག་པ་ནགས་ཚལ་སྡུག་པོ་ཞིག་ན། གཞོན་ཞིང་དར་ལ་བབ་པ། གཟུགས་མཛེས་ཤིང་སྡུག་ལ་བལྟ་ན་ཡིད་དུ་འོང་བ། སྐྲ་འཐོན་ཏིང་གཡས་ 76-1-168a ཕྱོགས་སུ་འཁྱིལ་བ་དང་ལྡན་པ། མགོ་གདུགས་ལྟར་འདུག་པ། གཙུག་གཏོར་གྱི་སྤྱི་བོ་ཅན། དཔྲལ་བ་ཡངས་པ། མྱིག་དཀར་ནག་འབྱེས་ཤིང་རིང་ལ། རྫི་མ་བའི་རྫི་མ་ལྟར་འདུག་པ། སྣའི་དབྱིབས་ལེགས་ཤིང་བཟང་ལ། རན་པར་མཛེས་པ་དང་ལྡན་པ། མཆུ་ཚལ་ལྟར་མདོག་བཟང་ཤིང་ཤིན་ཏུ་ལེགས་པ་དང་ལྡན་པ། སོ་མཉམ་ཞིང་ཐགས་བཟང་ལ། ཤིན་ཏུ་དཀར་བ་བཞི་བཅུ་ ཚང་བ་དང་ལྡན་པ། འགྲམ་པའི་ལྷ་ང་སེང་གེ་ལྟར་འདུག་པ། མཁུར་བ་ཤས་གང་ཞིང་རྒྱས་པ། སྨྱིན་ཚུགས་གཞུ་ལྟར་འདུག་ཅིང་རིང་ལ། ཤིན་ཏུ་མཛེས་པ། མཛོད་སྤུ་ཟླ་བའི་ཁ་དོག་ལྟར་ འདུག་པའི་ཐིག་ལེ་ཅན། རྣ་ཤལ་རིང་ཞིང་ལྷོད་པར་འཕྱང་བ། ཟླ་བ་ཉ་བ་ལྟར་བཞིན་མདངས་དང་ལྡན་ཞིང་ཤིན་ཏུ་བཟང་བ། མགུལ་ཟླུམ་ཞིང་དུང་ལྟར་མཛེས་པ། སྙིང་ཀ་དཔལ་གྱི་བེའུས་ བརྒྱན་པ། རོ་སྟོད་སེང་གེའི་སྟོད་ལྟར་འདུག་པ། ཐལ་གོང་ཤིན་ཏུ་རྒྱས་པ། དཔུང་མགོའི་ལྷུན་ལེགས་ཤིང་ཟླུམ་པ། ལག་པ་རིང་བ། དྲ་བས་འབྲེལ་པའི་སོར་མོ་ཅན། རྐ་ལག་འཁོར་ལོས་ བརྒྱན་པ། རྐ་ལག་འཇམ་ཞིང་གཞོན་ལ་ཤ་རྒྱས་པ། བདུན་ཤིན་ཏུ་མཐོ་བ། རྐེད་པ་རྡོ་རྗེ་ལྟར་འདུག་པ། ལུས་ཆེ་ཞིང་དྲང་བ། བརླ་ཟླུམ་པ། ཕོ་མཚན་གསང་བའི་སྦུབས་སུ་འདུག་པ། བྱིན་པ་རི་དགས་ཨེ་ན་ཡའི་བྱིན་པ་ལྟར་འདུག་པ། སོར་མོ་རིང་བ། རྐང་པའི་གཏིང་པ་ཡངས་པ། འོད་འདོམ་གང་བ་དང་ལྡན་པ། མདོག་གསེར་གྱི་ཁ་དོག་ལྟར་འདུག་པ། བ་སྤུ་རེ་རེ་ནས་གཡས་ ཕྱོགས་སུ་གྱེན་དུ་འཁྱིལ་བ། ཤིང་ནྱ་གྲོ་དའི་རྒྱལ་པོ་ལྟར་ཆུ་ཞེང་གབ་པ། ལུས་མཚན་དང་དཔེ་བྱད་བཟང་པོས་ཤིན་ཏུ་བརྒྱན་པ། མྱིག་མྱི་འགེབས་ཤིང་མི་རྒོད་པ། དྲན་པ་ཉེ་བར་ 76-1-168b གནས་པ། རིའི་རྒྱལ་པོ་ཁ་བ་ཅན་ལྟར་རྩྭ་དང་། ནགས་ཚལ་དང་། སྨན་དང་ཤིང་ཕྲན་སྣ་ཚོགས་ཀྱིས་བརྒྱན་པ། བློ་ཤིན་ཏུ་ཡངས་པ། ཡེ་ཤེས་ཀྱི་སྤྱོད་ཡུལ་དང་། ཡུལ་ལ་ཐུབ་པ་མེད་པ། དབྱིངས་ཀྱི་ དཀྱིལ་འཁོར་གྱི་རྒྱན་སྤྲིན་གྱི་སྒྲ་ལྟ་བུ་དང་ལྡན་པ། གཡོ་བ་དང་རློམ་སེམས་དང་། གཡེང་བ་དང་སྤྲོས་པ་ཐམས་ཅད་དང་བྲལ་བའི་སེམས་དང་ལྡན་པ། ཡེ་ཤེས་ཀྱི་སྤྱོད་ཡུལ་མ་འདྲེས་པ། སངས་རྒྱས་ཀྱི་ ཡུལ་རྒྱ་ཆེན་པོའི་སྣང་བ་ཐོབ་པ། སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བ་དང་། གདུལ་བའི་བསམ་པ་རྒྱུན་མྱི་འཆད་པ། སྙིང་རྗེ་ཆེན་པོའི་དཀྱིལ་འཁོར་ཤིན་ཏུ་ཡངས་པ་སྐྱེས་པ། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཚུལ་ཡོངས་སུ་གཟུང་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཡེ་ཤེས་སྣང་བ་བསྐྱེད་པའི་ཕྱིར། དེ་བཞིན་གཤེགས་པའི་ཚུལ་རྗེས་སུ་དྲན་ཞིང་འགྲོ་བ་ཐམས་ཅད་ཀྱི་ དོན་དུ་འཆག་པ་ལ་ཞུགས་ཏེ། དྲག་དལ་མེད་ཅིང་པད་རལ་མྱེད་ལ་ཤིན་ཏུ་མཛེས་པར་འཆག་པ། གནས་གཙང་མའི་ལྷའི་གོས་དང་ལྡན་པ། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་ཚངས་པ་དང་། འཇིག་རྟེན་གྱི་མགོན་པོ་དང་། མྱི་དང་མྱི་མ་ཡིན་པས་བསྐོར་ཅིང་འདུག་པ་མཐོང་ངོ་། །དགེ་སློང་བལྟ་ན་མཛེས་ པ་དེ་འཆག་པའི་ཚེ། ཕྱོགས་མངོན་དུ་གྱུར་པའི་ཕྱོགས་ཀྱི་ལྷ་རྣམས་ཕྱོགས་ཀྱི་དཀྱིལ་འཁོར་ཡོངས་སུ་བསྒྲུབ་པ་བྱེད་དོ། །རྐང་གིས་འགྲོ་བའི་ལྷ་རྣམས་རིན་པོ་ཆེའི་པད་མོས་གོམ་པ་འདོར་བའི་ཚེ། ཡོངས་སུ་བླང་བ་བྱེད་དོ། །མྱེའི་ལྷ་སྣང་བའི་དཀྱིལ་འཁོར་ཟད་མྱི་ཤེས་པ་རྣམས་ཀྱང་། མུན་པ་དང་རབ་རིབ་རྣམ་པར་སེལ་ཏོ། །འཛམ་བུ་རྒྱལ་མཚན་གྱི་ནགས་ཚལ་གྱི་ལྷ་རྣམས་ཀྱང་མེ་ཏོག་མང་ 76-1-169a པོའི་ཆར་མངོན་པར་འབེབས་སོ། །སའི་ལྷ་མི་གཡོ་བའི་སྙིང་པོ་ཅན་རྣམས་ཀྱང་རིན་པོ་ཆེའི་འབྱུང་གནས་མང་པོ་སྟོན་ཏོ། །ནམ་མཁའི་ལྷ་ཀུན་ནས་སྣང་བའི་དཔལ་དང་ལྡན་པ་རྣམས་ ཀྱང་ནམ་མཁའི་དབྱིངས་ཡོངས་སུ་བརྒྱན་པ་བྱེད་དོ། །མཚོའི་ལྷ་དཔལ་ཀུན་ནས་འབྱུང་བ་རྣམས་ཀྱང་རིན་པོ་ཆེ་དམ་པ་མང་པོས་མངོན་པར་འཐོར་ཏོ། །རི་རབ་ཀྱི་ལྷ་དྲི་མ་མེད་པའི་སྙིང་པོ་ཅན་ རྣམས་ཀྱང་ཐལ་མོ་སྦྱར་ཅིང་ཕྱག་འཚལ་ཏོ། །རླུང་གི་ལྷ་ཐོགས་པ་མེད་པའི་སྟོབས་ཅན་རྣམས་ཀྱང་། སྤོས་དང་། བདུག་སྤོས་དང་། མེ་ཏོག་འཐོར་བའི་རླུང་རབ་ཏུ་འགྱེད་དོ། །མཚན་མོའི་ ལྷ་གནས་པར་བྱེད་པ་ལུས་ཤིན་ཏུ་རྒྱན་པ་རྣམས་ཀྱང་ལུས་ཤིན་ཏུ་བཏུད་ཅིང་ཕྱག་འཚལ་ལོ། །ཉིན་མོའི་ལྷ་རྟག་ཏུ་བསད་པར་བྱེད་པའི་དཀྱིལ་འཁོར་ཅན་རྣམས་ཀྱང་ནོར་བུ་རིན་པོ་ཆེ་ཕྱོགས་ སྣང་བར་བྱེད་པའི་རྒྱལ་མཚན་ཐོགས་ཤིང་། སྣང་བ་བསྐྱེད་པའི་ཕྱིར་ནམ་མཁའི་དབྱིངས་ལ་འཁོད་དོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་དགེ་སློང་བལྟ་ན་སྡུག་པ་གང་ན་བ་དེར་ཕྱིན་ནས། དགེ་སློང་བལྟ་ན་སྡུག་པའི་རྐང་པའི་བོལ་གཉིས་ལ་སྤྱི་བོས་བཏུགས་ཏེ་ཕྱག་འཚལ་ནས། དགེ་སློང་བལྟ་ན་སྡུག་པའི་རྐང་པའི་བོལ་གཉིས་ལ་བཞིན་སྦྱར་ཏེ། ལེགས་པར་ཕྱིས་ནས་ མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ནས། བྱང་ཆུབ་སེམས་དཔའི་ སྤྱོད་པ་ཡོངས་སུ་ཚོལ་བ་ཞིག་ལགས་ཏེ། འཕགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་། རྗེས་སུ་སྟོན་པ་མཛད་དོ་ཞེས་བདག་གི་ཐོས་ན། འཕགས་པ་ཇི་ལྟར་ 76-1-169b བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་བདག་ལ་བཤད་དུ་གསོལ། དེས་སྨྲས་པ། རིགས་ཀྱི་བུ་ཁོ་བོ་ནི་ཚེས་བཏབ་ན་དར་ ལ་བབ་པ། རབ་ཏུ་བྱུང་བས་བཏབ་ན་གསར་དུ་ཞུགས་པ་སྟེ། རིགས་ཀྱི་བུ་ཁོ་བོས་ནི་ཚེ་དེ་འདྲ་བ་གཅིག་གིས་དེ་བཞིན་གཤེགས་པ་གང་གའི་ཀླུང་སུམ་བཅུ་རྩ་བརྒྱད་ཀྱི་དྲུང་དུ་ཚངས་པར་སྤྱོད་པ་ སྤྱད་དེ། བདག་གི་དེ་བཞིན་གཤེགས་པ་ལ་ལའི་ཞམ་རིང་དུ་ནི་ཉིན་ཞག་གཅིག་དུ་ཚངས་པའི་སྤྱོད་པ་སྤྱད་དོ། །ལ་ལར་ནི་ཉིན་ཞག་བདུན་དུ། ལ་ལར་ནི་ཟླ་བ་ཕྱེད་དུ། ལ་ལར་ནི་ཟླ་བ་གཅིག་དུ། ལ་ལར་ནི་ལོ་གཅིག་དུ། ལ་ལར་ནི་ལོ་བརྒྱར། ལ་ལར་ནི་ལོ་སྟོང་དུ། ལ་ལར་ནི་ལོ་བརྒྱ་ཕྲག་སྟོང་དུ། ལ་ལར་ནི་ལོ་བྱེ་བར། ལ་ལར་ནི་ལོ་བྱེ་བ་ཁྲག་ཁྲིག་དུ། ལ་ལར་ནི་ལོ་བརྗོད་དུ་མེད་པའི་ ཡང་བརྗོད་དུ་མེད་པར། ལ་ལར་ནི་བསྐལ་པ་བར་མ། ལ་ལར་ནི་བསྐལ་པ་ཕྱེད་དུ། ལ་ལར་ནི་བསྐལ་པར། བདག་གིས་དེ་བཞིན་གཤེགས་པ་ལ་ལའི་ཞམ་རིང་དུ་ནི། བསྐལ་པ་བརྗོད་ དུ་མེད་པའི་ཡང་བརྗོད་དུ་མེད་པར་ཚངས་པའི་སྤྱོད་པ་སྤྱད་དེ། བསྐལ་པ་བགྲང་བའི་ཚུལ་འདི་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལས་ཆོས་བསྟན་པ་ཐོས་ཏེ། གདམས་ངག་དང་། རྗེས་སུ་བསྟན་པ་ཡང་དག་པར་བླངས་སོ། །སྨོན་ལམ་གྱི་རྒྱུན་ཡོངས་སུ་སྦྱངས་སོ། །ཡང་དག་པར་བསྒྲུབ་པའི་ཡུལ་ལ་ཞུགས་སོ། །སྤྱོད་པའི་དཀྱིལ་འཁོར་ཡོངས་སུ་སྦྱངས་སོ། །ཕ་རོལ་ཏུ་ ཕྱིན་པ་བརྒྱ་མཚོར་ཡོངས་སུ་རྫོགས་པར་བྱས་སོ། །མངོན་པར་རྫོགས་པར་འཚང་རྒྱ་བའི་རྣམ་པར་འཕྲུལ་པ་ཡོངས་སུ་ཤེས་པར་བྱས་སོ། །དེ་དག་གིས་ཆོས་ཀྱི་འཁོར་ལོ་བསྐོར་བ་ 76-1-170a ཕན་ཚུན་མ་འདྲེས་པ་དག་ཀྱང་ཡོངས་སུ་བཟུང་ངོ་། །དེ་དག་གི་སྤོབས་པ་མཉམ་པ་ཉིད་ཀྱང་ཁོང་དུ་ཆུད་པར་བྱས་སོ། །དེ་དག་གིས་བསྟན་པ་ཡང་དམ་པའི་ཆོས་ཟད་པའི་མཐར་ཐུག་གི་ བར་དུ་ཡོངས་སུ་བཟུང་ངོ་། །ཁོ་བོས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་སྔོན་གྱི་སྨོན་ལམ་རྣམས་ཀྱང་སྨོན་ལམ་གྱི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་མངོན་པར་བསྒྲུབ་པའི་སྟོབས་ཀྱིས་རང་ གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར་མངོན་པར་བསྒྲུབས་སོ། །ཁོ་བོས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་སྔོན་གྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་ཀྱང་སྤྱོད་པ་ ཐམས་ཅད་ལ་འཇུག་པའི་ཏིང་ངེ་འཛིན་ཐོབ་པའི་སྟོབས་ཀྱིས་རང་གི་སྤྱོད་པ་ཡོངས་སུ་དག་པར་བྱ་བའི་ཕྱིར་མངོན་པར་བསྒྲུབས་སོ། །ཁོ་བོས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་ཕ་རོལ་ ཏུ་ཕྱིན་པ་རྣམ་པར་དག་པ་ཡང་ཀུན་ཏུ་བཟང་པོའི་སྤྱོད་པས་འབྱུང་བའི་སྟོབས་ཀྱིས་མངོན་པར་བསྒྲུབས་སོ། །གཞན་ཡང་རིགས་ཀྱི་བུ་ཁོ་བོ་འཆག་ས་འདི་ན་འཆག་པའི་ཚེ། ཕྱོགས་ཀྱི་རྒྱུད་ཀྱི་སྒོ་ཐམས་ ཅད་ཀྱང་ཤིན་ཏུ་རྣམ་པར་ལྟ་བའི་ཡེ་ཤེས་ཀྱི་སྒོས་མངོན་དུ་འགྱུར་རོ། །འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་སྒོ་ཐམས་ཅད་ཀྱང་སྨོན་ལམ་ཆེན་པོ་མངོན་པར་བསྒྲུབ་པའི་སྟོབས་ཀྱིས་སེམས་བསྐྱེད་པ་གཅིག་ ལ་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའང་ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར་རྣམ་པར་འགྲུབ་པར་འགྱུར་རོ། །སེམས་ཀྱི་སྐད་ཅིག་གཅིག་ལ་སེམས་ཅན་གྱི་སྤྱོད་པའི་ཚུལ་གྱི་སྒོ་བརྗོད་དུ་ མེད་པའི་ཡང་། བརྗོད་དུ་མེད་པ་དག་ཀྱང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་། སྨོན་ལམ་མངོན་པར་བསྒྲུབ་པའི་སྟོབས་ཀྱིས་སྟོབས་བཅུའི་ཡེ་ཤེས་ཡོངས་སུ་ 76-1-170b རྫོགས་པར་བྱ་བའི་ཕྱིར་མངོན་སུམ་དུ་འགྱུར་རོ། །སེམས་བསྐྱེད་པ་གཅིག་ལ་སངས་རྒྱས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་མཐོང་བ་རྣམས་ཀྱང་སྔ་ཕྱིའི་དེ་བཞིན་གཤེགས་པ་རྣམས་ལ་མཆོད་ པའི་སྨོན་ལམ་མངོན་པར་བསྒྲུབ་པའི་སྟོབས་ཀྱིས། དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་མཆོད་པ་དང་། བསྙེན་ བཀུར་བ་དང་། རིམ་གྲོ་བྱ་བའི་ཕྱིར་མངོན་དུ་འགྱུར་རོ། །སེམས་བསྐྱེད་པ་གཅིག་ལ་དེ་བཞིན་གཤེགས་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་ཆོས་ཀྱི་སྤྲིན་གྱི་ཆར་རྣམས་ཀྱང་ཆོས་ ཀྱི་འཁོར་ལོ་ཡོངས་སུ་འཛིན་པའི་གཟུངས་དང་། སྨོན་ལམ་མངོན་པར་བསྒྲུབ་པའི་སྟོབས་ཀྱིས། ཆོས་ཀྱི་ཚུལ་གྲངས་མེད་པ་རྣམ་པར་འཚང་རྒྱ་ཞིང་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བསམ་ པ་ལ་མངོན་པར་འབད་དོ། །སེམས་བསྐྱེད་པ་གཅིག་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དག་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པ་མྱིག་འཕྲུལ་ལྟ་བུར་ ཡོངས་སུ་རྫོགས་པར་བྱ་བའི་སྨོན་ལམ་མངོན་པར་བསྒྲུབ་པའི་སྟོབས་ཀྱིས་སྤྱོད་པའི་དཀྱིལ་འཁོར་ཐམས་ཅད་ཡོངས་སུ་དག་པར་བྱ་བའི་ཕྱིར་མངོན་དུ་འགྱུར་རོ། །སེམས་བསྐྱེད་པ་གཅིག་ལ་ཏིང་ ངེ་འཛིན་བརྒྱ་མཚོ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དག་ཀྱང་ཏིང་ངེ་འཛིན་གྱི་སྒོ་གཅིག་ཏུ་ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་ཡང་དག་པར་འདུ་བར་བྱ་བའི་སྨོན་ལམ་བསྒྲུབ་པའི་སྟོབས་ཀྱིས་ཏིང་ངེ་ འཛིན་གྱི་དཀྱིལ་འཁོར་ཐམས་ཅད་ཡོངས་སུ་དག་པར་བྱ་བའི་ཕྱིར་མངོན་དུ་འགྱུར་རོ། །སེམས་བསྐྱེད་པ་གཅིག་ལ་དབང་པོ་རྒྱ་མཚོ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དག་ཀྱང་དྲན་པའི་མཐར་ 76-1-171a ཕྱིན་པའི་དབང་པོ་ཐོབ་པར་བྱ་བའི་སྨོན་ལམ་མངོན་པར་བསྒྲུབ་པའི་སྟོབས་ཀྱིས་དབང་པོའི་འཁོར་ལོ་དང་། དུས་གྱི་འཁོར་ལོ་ཐམས་ཅད་ཀྱི་རྗེས་སུ་འབྲང་བར་བྱ་བའི་ཕྱིར་མངོན་དུ་འགྱུར་ རོ། །སེམས་བསྐྱེད་པ་གཅིག་ལ་དུས་ཀྱི་འཁོར་ལོ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དག་ཀྱང་སེམས་ཅན་ཟད་མི་ཤེས་པ་ཟད་པར་བྱ་བའི་སྨོན་ལམ་མངོན་པར་བསྒྲུབ་པའི་སྟོབས་ཀྱིས་ དུས་ཐམས་ཅད་དུ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་ཕྱིར་མངོན་དུ་འགྱུར་རོ། །སེམས་བསྐྱེད་པ་གཅིག་ལ་དུས་རྒྱ་མཚོ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ཐམས་ཅད་ཀྱང་དུས་གཅིག་ཏུ་རྣམ་པར་ དགོད་པའི་ཚུལ་ཁོང་དུ་ཆུད་པར་ཡེ་ཤེས་སྣང་བའི་སྨོན་ལམ་མངོན་པར་བསྒྲུབ་པའི་སྟོབས་ཀྱིས། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་དུས་གསུམ་རྣམ་པར་དགོད་པའི་ཕྱིར་མངོན་སུམ་དུ་གྱུར་ ཏེ། རིགས་ཀྱི་བུ་ཁོ་བོས་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཤིན་ཏུ་ཞི་བར་མི་འགྱུར་བའི་སྒྲོན་མ་ཞེས་བྱ་བ་འདི་ཤེས་པར་ཟད་ན། ཁོ་བོས་བྱང་ཆུབ་སེམས་དཔའ་བསམ་པ་རྡོ་རྗེ་ལྟ་བུ་ དང་ལྡན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་རིགས་དང་ལྡན་པར་འབྱུང་བ། སྲོག་གི་དབང་པོ་ལ་རྒྱུན་ཆད་པ་མེད་པ། ཡེ་ཤེས་ཀྱི་སྒྲོན་མ་ཞི་བར་འགྱུར་བ་མེད་པ། མི་ཤིགས་ པ་མི་ཕྱེད་པའི་ལུས་དང་ལྡན་པ། སྒྱུ་མའི་རྣམ་པ་ལྟ་བུའི་གཟུགས་ཤིན་ཏུ་གྲུབ་པ། རྒྱུའི་ཆོས་དང་མཉམ་པའི་ཡན་ལག་དང་། ཉིང་ལག་དུ་ལྡན་པའི་ལུས་ཅན་འགྲོ་བ་རྣམས་ཀྱིས་ བསམ་པ་ཇི་ལྟ་བ་བཞིན་དུ་རྣམ་པར་དམྱིགས་པར་བྱེད་པའི་ལུས་དང་ལྡན་པ། འགྲོ་བ་ཐམས་ཅད་དང་འདྲ་བའི་གཟུགས་དང་ལུས་དང་ཁ་དོག་དང་། དབྱིབས་དང་ཆུ་ཞེང་ 76-1-171b ཡོངས་སུ་སྟོན་པ། མེ་མདག་དང་མེ་ལྕེ་དང་། དུག་དང་མཚོན་གྱིས་མི་ཚུགས་པའི་ལུས་དང་ལྡན་པ་རྡོ་རྗེ་ལྟར་སྲ་ཞིང་འཁོར་ཡུག་ལྟར་ཐུག་པ་མེད་པའི་ལུས་ཅན། བདུད་དང་ཕས་ཀྱིས་རྒོལ་ བ་ཐམས་ཅད་ཀྱི་སྟོབས་ཀྱི་སྟོབས་མེད་པར་བྱེད་པ། འཛམ་བུ་ཆུ་ཀླུང་གི་གསེར་གྱི་རི་དང་འདྲ་བར་འགྲོ་བ་ཀུན་ལས་མངོན་པར་འཕགས་པའི་ལུས་དང་ལྡན་པ། འགྲོ་བ་ཐམས་ཅད་ དུ་རྣམ་པར་དམྱིགས་པའི་གཞི་དང་ལྡན་པ། སྒོ་ཐམས་ཅད་དུ་རྣམ་པར་དམྱིགས་ཤིང་ཐོས་པར་འགྱུར་བ། འགྲོ་བ་ཐམས་ཅད་ཀྱི་ངོར་བལྟ་བ། ཆོས་ཐམས་ཅད་ཀྱི་སྤྲིན་གྱི་འབྱུང་གནས་ སུ་གྱུར་པ། ཕྱོགས་ཀུན་ཏུ་རྣམ་པར་སྣང་བ་སྒྲིབ་པའི་རི་ཐམས་ཅད་རྣམ་པར་གཏོར་བས་བལྟ་ན་མཛེས་པ་མི་དགེ་བའི་རྩ་བ་ཐམས་ཅད་ཤིན་ཏུ་འཇོམས་པས་ཤིན་ཏུ་དཔའ་བར་སྣང་ བ་དགེ་བའི་རྩ་བ་རྒྱ་ཆེན་པོའི་རྒྱུ་འཐུན་པ་ལས་བྱུང་བས་བལྟ་ན་དགའ་བ་འབྱུང་བར་ཤིན་ཏུ་དཀའ་ཞིང་དཀོན་པས་མེ་ཏོག་ཨུ་དུམ་བ་ར་ལྟ་བུ་དེ་དག་གི་སྤྱོད་པ་ཤེས་པ་འམ། ཡོན་ཏན་བརྗོད་ པར་ནུས་རེ་སྐན། །དྲང་སྲོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན་ཡུལ་དགེ་སྦྱོང་གི་གྲོང་ཁྱེར་ཞེས་བྱ་བ་ན་གྲོང་ཁྱེར་སྒོ་བཟང་པོ་ཞེས་བྱ་བ་ཡོད་དེ། དེ་ན་ཁྱེའུ་དབང་པོའི་དབང་ཕྱུག་ཅེས་ བྱ་བ་འདུག་གིས། དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་ གྱི་བུ་ནོར་བཟངས་བྱང་ཆུབ་སེམས་དཔའི་རྣམ་པར་གནོན་པ་དང་། ནན་ཏན་རྣམ་པར་དག་པར་བྱ་བ་ལ་བརྩོན་པ། བྱང་ཆུབ་སེམས་དཔའི་སྟོབས་སྣང་བས་སེམས་ཤིན་ཏུ་སྣང་བར་ 76-1-172a གྱུར་པ། བྱང་ཆུབ་སེམས་དཔའི་བརྟན་པ་གཞན་གྱིས་མི་ཐུབ་ཅིང་དཔའ་བརྒལ་ཐག་ཆད་པའི་སྙིང་དང་ལྡན་པ། བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་གོ་ཆ་བཟང་པོས་སེམས་ཞུམ་པ་ མེད་པ། བྱང་ཆུབ་སེམས་དཔའི་བསམ་པ་བརྟན་པས་ཀུན་ཏུ་གནས་ཤིང་ཡོངས་སུ་འཕེལ་བར་འགྱུར་བ་ལ་བརྩོན་པ། བྱང་ཆུབ་སེམས་དཔའི་སྤྱོད་པའི་སྤྲིན་གྱི་ཆར་ཡོངས་སུ་འཛིན་པའི་བསམ་ པ་དང་ལྡན་པ། བྱང་ཆུབ་སེམས་དཔའི་ཆོས་ཀྱི་སྤྲིན་གྱི་ཆར་གྱིས་ཡོངས་སུ་མི་ངོམས་པའི་རྒྱུན་དང་ལྡན་པ། བྱང་ཆུབ་སེམས་དཔའི་ཡོན་ཏན་ཐམས་ཅད་ལ་འཇུག་པའི་སྨོན་ལམ་ལ་མངོན་ པར་གྱུར་པ། འགྲོ་བ་ཐམས་ཅད་ཀྱི་ཁ་ལོ་བསྒྱུར་བས་ཡོངས་སུ་སྡུད་པར་བདག་ཉིད་ཡོངས་སུ་གཏོང་བར་འདོད་པ་འགྲོ་བ་ཐམས་ཅད་འཁོར་བའི་དགོན་པ་ཆེན་པོ་ལས་བཟླ་བར་འདོད་པ་དང་ དགེ་བའི་བཤེས་གཉེན་བལྟ་བ་དང་། མཉན་པ་དང་བསྙེན་བཀུར་བས་ཡོངས་སུ་མི་ངོམས་པ། ཆོས་ཀྱི་རིམ་གྲོ་ཚད་མེད་པ་བསྐྱེད་པ་དང་ལྡན་པ་དེས། དགེ་སློང་བལྟ་ན་སྡུག་པའི་ རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། དགེ་སློང་བལྟ་ན་སྡུག་པ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་ཡང་དང་ཡང་བལྟས་ཏེ། དགེ་སློང་བལྟ་ན་སྡུག་པའི་དྲུང་ ནས་སོང་ངོ་།། །།སངས་རྒྱས་རྨད་ག་གཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བཅུ་གསུམ་པ། དེ་ནས་ཚོང་དཔོན་གྱི་བུ་ ནོར་བཟངས་དགེ་སློང་བལྟ་ན་སྡུག་པའི་གདམས་ངག་རྗེས་སུ་བཟློས་ཅིང་སྤེལ་བ་དང་། བསྡུད་པ་དང་རབ་ཏུ་དབྱེ་བ་དང་། བཤད་པ་དང་། སོ་སོར་རྣམ་པར་བསྒོམ་པ་དང་བརྗོད་པ་དང་། 76-1-172b ཡང་དག་པར་བསྟན་པ་དང་། རྗེས་སུ་བསམ་པ་དང་། མངོན་པར་འཇུག་པར་བྱ་བ་དང་། བཀུར་བ་དང་ཁོང་དུ་ཆུད་པར་བྱ་བ་དང་། ཡང་དག་པར་གཞོལ་བར་བྱ་བ་དང་། ཡང་དང་ཡང་བཟླས་ པ་དང་། ཤིན་ཏུ་རྟོགས་པར་བྱ་བ་དང་། རབ་ཏུ་བསྟན་པ་དང་། སྣང་བར་བྱ་བ་དང་། རྗེས་སུ་རྣམ་པར་ལྟ་བ་དང་། ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟའི་འཁོར་དང་བཅས་པ་དེ་མཐར་གྱིས་ ཡུལ་དགེ་སྦྱོང་གི་དཀྱིལ་འཁོར་གྱི་གྲོང་ཁྱེར་སྒོ་བཟང་པོ་གང་ན་བ་དེར་ཕྱིན་ཏེ། ཁྱེའུ་དབང་པོའི་དབང་ཕྱུག་ཡོངས་སུ་ཚོལ་ཚོལ་བ་ལས་དེའི་སྟེང་གི་བར་སྣང་ལས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་རྣམས་ཀྱིས་བོས་པ། རིགས་ཀྱི་བུ་ཁྱེའུ་དབང་པོའི་དབང་ཕྱུག་ནི། ཆུ་ཀླུང་གི་ཆུ་འདུས་དང་། ཉེ་བ་ཞིག་ན་བྱིས་པ་སྟོང་ཕྲག་བཅུ་ཙམ་གྱིས་བསྐོར་ཏེ། བྱེ་མ་ལ་རྩེ་བས་རྩེ་ཞིང་འདུག་གོ། ། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་གྲོང་ཁྱེར་སྒོ་བཟང་པོ་དང་། ཉེ་བའི་ཆུ་ཀླུང་གི་ཆུ་འདུས་གང་ན་བ་དེར་སོང་སྟེ། ཕྱིན་པ་དང་དེར་ཁྱེའུ་དབང་པོའི་དབང་ཕྱུག་བྱིས་པ་སྟོང་ཕྲག་བཅུ་ཙམ་གྱིས་ བསྐོར་ཅིང་བྱེ་མ་ལ་རྩེ་བས་རྩེ་བ་མཐོང་ངོ་། །མཐོང་ནས་ཀྱང་ཁྱེའུ་དབང་པོའི་དབང་ཕྱུག་གང་ན་བ་དེར་སོང་སྟེ། ཁྱེའུ་དབང་པོའི་དབང་ཕྱུག་གི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས། ཁྱེའུ་དབང་པོའི་དབང་ཕྱུག་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། ཁྱེའུ་དབང་པོའི་དབང་ཕྱུག་གི་མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་ པ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ 76-1-173a ནན་ཏན་དུ་བགྱི་བ་མ་འཚལ་ཏེ། འཕགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་རྗེས་སུ་བསྟན་པ་མཛད་དོ་ཞེས་བདག་གིས་ཐོས་ནས། འཕགས་པ་ཇི་ལྟར་བྱང་ཆུབ་སེམས་ དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་བདག་ལ་བཤད་དུ་གསོལ། སྨྲས་པ་རིགས་ཀྱི་བུ་ཁོ་བོ་ནི་འཇམ་དཔལ་གཞོན་ནུར་གྱུར་པས་ཡི་ གེ་དང་། གྲངས་དང་། བརྡ་དང་། རྩིས་ཀྱི་ཚུལ་བསླབས་ཏེ། བཟོ་ཐམས་ཅད་མངོན་པར་ཤེས་པ་དང་ལྡན་པ་ཞེས་བྱ་བའི་ཡེ་ཤེས་ཀྱི་སྒོར་འཇུག་གོ། །དེ་ལྟར་རིགས་ཀྱི་བུ་ཁོ་བོ་ནི་འཇིག་རྟེན་ ན་ཡི་གེ་དང་། མྱིང་གི་རྣམ་པ་དང་། གྲངས་དང་། རྩིས་དང་། བརྡ་དང་། ཤོད་ཐབས་ཤེས་པར་བྱ་བ་དང་། གཟོ་སྣ་ཚོགས་ཤེས་པར་བྱ་བ་དང་། ཁམས་ཀྱི་ཆོ་ག་དང་། དུག་གསོ་བའི་ཐབས་དང་། སྐེམ་པ་དང་། བརྗེད་བྱེད་དང་། འབྱུང་པོའི་གདོན་གྱིས་བཏབ་པ་གསོ་བ་དང་། གྲོང་དང་། གྲོང་ཁྱེར་དང་། ཚོང་དུས་དང་། བཟའ་ཤིང་གི་ར་བ་དང་། བཀའ་ཐུབ་ཀྱི་ནགས་ཚལ་དང་། གནས་རྣམ་ པར་དགོད་པ་ཤེས་པར་བྱ་བ་དང་། ར་བ་དང་། ཁང་པ་དང་། སྐར་ཁུང་དང་། ཁང་པ་བརྩིག་པའི་ཚད་ཤེས་པར་བྱ་བ་དང་། འཁྲུལ་འཁོར་དང་། ཤིང་རྟ་སྦྱོར་ཚུལ་སྣ་ཚོགས་ཤེས་པར་བྱ་བ་དང་དགེ་མི་དགེ་ དང་། འཇིགས་མི་འཇིགས་ཀྱི་ལས་དང་། མཚན་མ་ཤེས་པར་བྱ་བ་དང་། རྨོས་དང་། ཚོང་དང་། རྣམ་པར་སྤྱོད་པ་སྦྱར་བའི་ཆོ་ག་ཤེས་པར་བྱ་བ་དང་། སེམས་ཅན་གྱི་ཡན་ལག་དང་། ཉིང་ལག་གི་ མཚན་གྱི་རྒྱུས་དང་། རྣམ་པར་དཔྱོད་པ་ཤེས་པར་བྱ་བ་དང་། བདེ་འགྲོ་དང་ངན་སོང་གི་ལས་ཀྱིས་ལམ་རྣམ་པར་དག་པར་བྱ་བའི་ཚུལ་ཤེས་པར་བྱ་བ་དང་། དགེ་བ་དང་མི་དགེ་བའི་ཆོས་དང་། ཚོགས་ 76-1-173b མཆོད་པ་ཤེས་པར་བྱ་བ་དང་། བདེ་འགྲོ་དང་ངན་སོང་གི་ཚོགས་ཤེས་པར་བྱ་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པའི་ཚོགས་ཤེས་པར་བྱ་བ་དང་། དེ་བཞིན་གཤེགས་པའི་སའི་ཚོགས་ཤེས་ པར་བྱ་བ་དང་། རྒྱུ་དང་བྱེད་པ་དང་། སྦྱོར་བའི་རྒྱུད་ཤེས་པར་བྱ་བ་ཇི་སྙེད་པ་དེ་དག་ཐམས་ཅད་ཤེས་ཏེ། དེ་དག་ལ་སེམས་ཅན་ཡོངས་སུ་གཟུད་པ་བྱེད་དོ། །རབ་ཏུ་དགོད་པ་བྱེད་དོ། །ཡོངས་སུ་གཞོག་ པ་བྱེད་དོ། །སློབ་དུ་འཛུད་དོ། །སྦྱོར་དུ་འཛུད་དོ། །བརྟན་པར་བྱེད་དོ། །ལྷུར་ལན་པར་བྱེད་དོ། །རྫོགས་པར་བྱེད་དོ། །ཡོངས་སུ་བསྒྲུབ་པར་བྱེད་དོ། །ཡོངས་སུ་སྤྱོད་པར་བྱེད་དོ། །གསལ་ བར་བསྟན་པར་བྱེད་དོ། །རྣམ་པར་འཕེལ་བར་བྱེད་དོ། །མཚན་མར་བྱེད་དོ། །མཐར་ཕྱིན་པར་བྱེད་དོ། །རྣམ་པར་སྦྱོང་བར་བྱེད་དོ། །དྲི་མ་མེད་པར་བྱེད་དོ། །ཤིན་ཏུ་དག་པར་བྱེད་དོ། །འོད་ གསལ་ཞིང་དང་བར་བྱེད་དོ། །ཤིན་ཏུ་ཡངས་པར་བྱེད་དོ། །དེ་ལྟར་རིགས་ཀྱི་བུ་ཁོ་བོས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྩིས་ཚུལ་ཤེས་པ་དེ་གང་ཞེ་ན། བརྒྱ་སྟོང་ཕྲག་བརྒྱ་ན་བྱེ་བའོ། །བྱེ་བ་ བྱེ་བ་ན་ཁོད་ཁོད་དོ། །ཁོད་ཁོད་ཁོད་ཁོད་ན་ཐ་དགུའོ། །ཐ་དགུ་ཐ་དགུ་ན་ཁྲིག་ཁྲིག་གོ། །ཁྲིག་ཁྲིག་ཁྲིག་ཁྲིག་ན་ཐམས་ཐམས་མོ། །ཐམས་ཐམས་ཐམས་ཐམས་ན་མྱད་མྱད་དོ། །མྱད་མྱད་ མྱད་མྱད་ན་གང་ཡའོ། །གང་ཡ་གང་ཡ་ན་བན་བུན་ནོ། །བན་བུན་བན་བུན་ན་ཕྱར་ཕྱུར་རོ། །ཕྱར་ཕྱུར་ཕྱར་ཕྱུར་ན་ལྕག་ལྕིག་གོ། །ལྕག་ལྕིག་ལྕག་ལྕིག་ན་བྱང་བྱིང་ངོ་། །བྱང་བྱིང་བྱང་བྱིང་ ན་ཆེམ་ཆེམ་མོ། །ཆེམ་ཆེམ་ཆེམ་ཆེམ་ན་ཕྱལ་ཕྱོལ་ལོ། །ཕྱལ་ཕྱོལ་ཕྱལ་ཕྱོལ་ན་ཁྱུད་ཁྱུད་དོ། །ཁྱུད་ཁྱུད་ཁྱུད་ཁྱུད་ན་ཟར་ཟེར་རོ། །ཟར་ཟེར་ཟར་ཟེར་ན་ཁྲིབ་ཁྲིབ་བོ། །ཁྲིབ་ཁྲིབ་ 76-1-174a ཁྲིབ་ཁྲིབ་ན་ཡ་གངས་སོ། །ཡ་གངས་ཡ་གངས་ན་ཆོ་མའོ། །ཆོ་མ་ཆོ་མ་ན་ཁྲམ་ཁྲིམ་མོ། །ཁྲམ་ཁྲིམ་ཁྲམ་ཁྲིམ་ན་ནབ་ནུབ་བོ། །ནབ་ནུབ་ནབ་ནུབ་ན་སང་སང་ངོ་། །སང་སང་ སང་སང་ན་བརྒྱུད་ཡས་སོ། །བརྒྱུད་ཡས་བརྒྱུད་ཡས་ན་བཏང་ཡས་སོ། །བཏང་ཡས་བཏང་ཡས་ན་བཀྲ་ཡར་རོ། །བཀྲ་ཡར་བཀྲ་ཡར་ན་གསྩལ་ཡས་སོ། །གསྩལ་ཡས་གསྩལ་ ཡས་ན་མཚུངས་མེད་དོ། །མཚུངས་མེད་མཚུངས་མེད་ན་ལམ་ལུམ་མོ། །ལམ་ལུམ་ལམ་ལུམ་ན་ཡལ་ཡོལ་ལོ། །ཡལ་ཡོལ་ཡལ་ཡོལ་ན་ཁྲུལ་ཁྲུལ་ལོ། །ཁྲུལ་ཁྲུལ་ཁྲུལ་ ཁྲུལ་ན་ཐུད་ཐུད་དོ། །ཐུད་ཐུད་ཐུད་ཐུད་ན་བསམ་ཕྱོད་དོ། །བསམ་ཕྱོད་བསམ་ཕྱོད་ན་བྲང་བྲང་ངོ་། །བྲང་བྲང་བྲང་བྲང་ན་བགྲོད་ཡས་སོ། །བགྲོད་ཡས་བགྲོད་ཡས་ན་བསྔོ་ཡས་ སོ། །བསྔོ་ཡས་བསྔོ་ཡས་ན་ཟང་ཡག་གོ། །ཟང་ཡག་ཟང་ཡག་ན་འཕྲོ་བཀྱེའོ། །འཕྲོ་བཀྱེ་འཕྲོ་བཀྱེ་ན་རྩེ་འཕྱོའོ། །རྩེ་འཕྱོ་རྩེ་འཕྱོ་ན་ཡོང་ཏན་ནོ། །ཡོང་ཏན་ཡོང་ཏན་ན་བྲུག་གཡོས་སོ། ། བྲུག་གཡོས་བྲུག་གཡོས་ན་སང་ཡལ་ལོ། །སང་ཡལ་སང་ཡལ་ན་འཐིང་ཡུག་གོ། །འཐིང་ཡུག་འཐིང་ཡུག་ན་ཡིད་འཕྱོའོ། །ཡིད་འཕྱོ་ཡིད་འཕྱོ་ན་ནབ་ནེབ་བོ། །ནབ་ནེབ་ནབ་ནེབ་ན་ཁྲིག་ ཐམས་སོ། །ཁྲིག་ཐམས་ཁྲིག་ཐམས་ན་ཡལ་ཡལ་ལོ། །ཡལ་ཡལ་ཡལ་ཡལ་ན་བགྲང་ཡས་སོ། །བགྲང་ཡས་བགྲང་ཡས་ན་ཐུག་ཡས་སོ། །ཐུག་ཡས་ཐུག་ཡས་ན་ཤང་ཤང་ངོ་། ། ཤང་ཤང་ཤང་ཤང་ན་ཡག་ཡག་གོ། །ཡག་ཡག་ཡག་ཡག་ན་ཐམ་ཐིམ་མོ། །ཐམ་ཐིམ་ཐམ་ཐིམ་ན་རློམ་བརླལ་ལོ། །རློམ་བརླལ་རློམ་བརླལ་ན་གཞལ་འཕྱོས་སོ། །གཞལ་ 76-1-174b འཕྱོས་གཞལ་འཕྱོས་ན་གཞལ་ཡལ་ལོ། །གཞལ་ཡལ་གཞལ་ཡལ་ན་གཞལ་མེད་དོ། །གཞལ་མེད་གཞལ་མེད་ན་གཞལ་འཁོར་ཏོ། །གཞལ་འཁོར་གཞལ་འཁོར་ན་གཞལ་ཐིམ་མོ། ། གཞལ་ཐིམ་གཞལ་ཐིམ་ན་གར་གཞལ་ལོ། །གར་གཞལ་གར་གཞལ་ན་གཞལ་སངས་སོ། །གཞལ་སངས་གཞལ་སངས་ན་གཞལ་ཐག་གོ། །གཞལ་ཐག་གཞལ་ཐག་ན་གཞལ་ ཕུལ་ལོ། །གཞལ་ཕུལ་གཞལ་ཕུལ་ན་གཞལ་ཞིའོ། །གཞལ་ཞི་གཞལ་ཞི་ན་འཕྱོ་འགྱུར་རོ། །འཕྱོ་འགྱུར་འཕྱོ་འགྱུར་ན་ཉར་ཉེར་རོ། །ཉར་ཉེར་ཉར་ཉེར་ན་ཕྱག་ཕྱིག་གོ། །ཕྱག་ ཕྱིག་ཕྱག་ཕྱིག་ན་ཟལ་ཟུལ་ལོ། །ཟལ་ཟུལ་ཟལ་ཟུལ་ན་སལ་སལ་ལོ། །སལ་སལ་སལ་སལ་ན་གཡོ་ལྡེག་གོ། །གཡོ་ལྡེག་གཡོ་ལྡེག་ན་ཕན་ཕུན་ནོ། །ཕན་ཕུན་ཕན་ཕུན་ན་ བརྣང་ཡའོ། །བརྣང་ཡ་བརྣང་ཡ་ན་རེམ་འདྲོལ་ལོ། །རེམ་འདྲོལ་རེམ་འདྲོལ་ན་རྫི་ངད་དོ། །རྫི་ངད་རྫི་ངད་ན་རྫི་རྡུལ་ལོ། །རྫི་རྡུལ་རྫི་རྡུལ་ན་ཕུན་ཡོལ་ལོ། །ཕུན་ཡུལ་ཕུན་ཡུལ་ན་ངད་ངད་དོ། །ངད་ངད་ངད་ ངད་ན་བགྲང་རྩིའོ། །བགྲང་རྩི་བགྲང་རྩི་ན་ཟབ་གྲང་ངོ་། །ཟབ་གྲང་ཟབ་གྲང་ན་དགའ་བརྐྱང་ངོ་། །དགའ་བརྐྱང་དགའ་བརྐྱང་ན་གཞུང་འདལ་ཏོ། །གཞུང་འདལ་གཞུང་འདལ་ན་ཁྲུག་ཕྱེད་དོ། །ཁྲུག་ ཕྱེད་ཁྲུག་ཕྱེད་ན་འོལ་ཕྱོད་དོ། །འོལ་ཕྱོད་འོལ་ཕྱོད་ན་གདབ་ཡས་སོ། །གདབ་ཡས་གདབ་ཡས་ན་གཅལ་ཡས་སོ། །གཅལ་ཡས་གཅལ་ཡས་ན་བགྲང་ཡས་སོ། །བགྲང་ཡས་བགྲང་ ཡས་ན་བྱིམ་འཕྱོའོ། །བྱིམ་ཕྱོ་བྱིམ་ཕྱོ་ན་ཡ་མྱེའོ། །ཡ་མྱེ་ཡ་མྱེ་ན་བསྙལ་ཡས་སོ། །བསྙལ་ཡས་བསྙལ་ཡས་ན་ལྡབ་ལྡེབ་བོ། །ལྡབ་ལྡེབ་ལྡབ་ལྡེབ་ན་འབན་ཆད་དོ། ། 76-1-175a འབན་ཆད་འབན་ཆད་ན་ཕང་ཕུང་ངོ་། །ཕང་ཕུང་ཕང་ཕུང་ན་ཁེའུ་ཚང་ངོ་། །ཁེའུ་ཚང་ཁེའུ་ཚང་ན་ཞུང་ཟུང་ངོ་། །ཞུང་ཟུང་ཞུང་ཟུང་ན་མཆོག་ཡལ་ལོ། །མཆོག་ཡལ་མཆོག་ཡལ་ན་མཐའ་རྟུལ་ ཏོ། །མཐའ་རྟུལ་མཐའ་རྟུལ་ན་ཡུན་འགྱངས་ངོ་། །ཡུན་འགྱངས་ཡུན་འགྱངས་ན་བུན་ལོབ་བོ། །བུན་ལོབ་བུན་ལོབ་ན་ལམ་ལོམ་མོ། །ལམ་ལོམ་ལམ་ལོམ་ན་བསྙད་ཡས་སོ། །བསྙད་ཡས་བསྙད་ཡས་ ན་ལང་ལིང་ངོ་། །ལང་ལིང་ལང་ལིང་ན་ལྗབ་ལྗིབ་བོ། །ལྗབ་ལྗིབ་ལྗབ་ལྗིབ་ན་མྱི་བརྩལ་ཏོ། །མྱི་བརྩལ་མྱི་བརྩལ་ན་འབྱམ་ཡས་སོ། །འབྱམ་ཡས་འབྱམ་ཡས་ན་ང་འགྲང་ངོ་། །ང་འགྲང་ང་འགྲང་ན་ སྨོས་ཡལ་ལོ། །སྨོས་ཡལ་སྨོས་ཡལ་ན་བགྲ་ཆལ་ལོ། །བཀྲ་ཆལ་བཀྲ་ཆལ་ན་ལོ་རྒྱས་སོ། །ལོ་རྒྱས་ལོ་རྒྱས་ན་བུམ་རྡིབ་བོ། །བུམ་རྡིབ་བུམ་རྡིབ་ན་གང་གུམ་མོ། །གང་གུམ་གང་གུམ་ན་ལ་ལོའོ། ། ལ་ལོ་ལ་ལོ་ན་བགྲང་འཕྱོས་སོ། །བགྲང་འཕྱོས་བགྲང་འཕྱོས་ན། བགྲང་འཕྱོས་ལ་བསྒྲེས་པའོ། །བགྲང་འཕྱོས་ལ་བསྒྲེས་པ་བགྲང་འཕྱོས་ལ་བསྒྲེས་པ་ན། དཔག་ཡས་སོ། །དཔག་ཡས་ དཔག་ཡས་ན་དཔག་ཡས་ལ་བསྒྲེས་པའོ། །དཔག་ཡས་ལ་བསྒྲེས་པ་དཔག་ཡས་ལ་བསྒྲེས་པ་ན་ཡལ་ཕྱོང་ངོ་། །ཡལ་ཕྱོང་ཡལ་ཕྱོང་ན་ཡལ་ཕྱོང་ལ་བསྒྲེས་པའོ། །ཡལ་ཕྱོང་ལ་བསྒྲེས་པ་ ཡལ་ཕྱོང་ལ་བསྒྲེས་ན་མུ་ཡལ་ཏོ། །མུ་ཡལ་མུ་ཡལ་ན་མུ་ཡལ་ལ་བསྒྲེས་པའོ། །མུ་ཡལ་ལ་བསྒྲེས་པ་མུ་ཡལ་ལ་བསྒྲེས་ན་བགྲང་ཡོལ་ལོ། །བགྲང་ཡོལ་བགྲང་ཡོལ་ན་ བགྲང་ཡོལ་ལ་བསྒྲེས་པའོ། །བགྲང་ཡོལ་ལ་བསྒྲེས་པ་བགྲང་ཡོལ་ལ་བསྒྲེས་ན་མྱི་མཇལ་ཏོ། །མྱི་མཇལ་མྱི་མཇལ་ན་མི་མཇལ་ལ་བསྒྲེས་པའོ། །མི་མཇལ་ལ་བསྒྲེས་པ་མྱི་ 76-1-175b མཇལ་ལ་བསྒྲེས་པ་ན། བསམ་ཕྱོད་དོ། །བསམ་ཕྱོད་བསམ་ཕྱོད་ན་བསམ་ཕྱོད་ལ་བསྒྲེས་པའོ། །བསམ་ཕྱོད་ལ་བསྒྲེས་པ་བསམ་ཕྱོད་ལ་བསྒྲེས་པ་ན་མཐའ་འབྱམ་མོ། །མཐའ་འབྱམ་ མཐའ་འབྱམ་ན་མཐའ་འབྱམ་ལ་བསྒྲེས་པའོ། །མཐའ་འབྱམ་ལ་བསྒྲེས་པ་མཐའ་འབྱམ་ལ་བསྒྲེས་པ་ན་དཔག་ཐག་གོ། །དཔག་ཐག་དཔག་ཐག་ན་དཔག་ཐག་ལ་བསྒྲེས་པའོ། །དཔག་ ཐག་ལ་བསྒྲེས་པ་དཔག་ཐག་ལ་བསྒྲེས་ན་བརྗོད་དུ་མྱེད་པའོ། །བརྗོད་དུ་མྱེད་པ་བརྗོད་དུ་མྱེད་པ་ན་བརྗོད་དུ་མྱེད་པ་ལ་བསྒྲེས་པའོ། །བརྗོད་དུ་མེད་པ་ལ་བསྒྲེས་པ་བརྗོད་དུ་མྱེད་པ་ལ་བསྒྲེས་པ་ན། བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མེད་པ་ལ་བསྒྲེས་པ་ཤིན་ཏུ་བསྟན་པའོ། །དེའི་མདུན་ན་བྱེ་མའི་ཕུང་པོ་ཆེན་པོ་དཔག་ཚད་དུ་མའི་ཚད་དང་ལྡན་པ་ཞིག་འདུག་འདུག་པ་ལས། འདི་ལ་བྱེ་མའི་འབྲུ་འདི་ སྙེད་གཅིག་ཡོད་དོ་ཞེས་བྱ་བ་ནས། བྱེ་མའི་འབྲུ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ལ་བསྒྲེས་པ་འདི་སྙེད་གཅིག་ཡོད་དོ་ཞེས་རབ་ཏུ་ཕྱེ་ནས་བསྒྲངས་བརྩིས་ཏེ་གྲངས་སུ་བཅད་དོ། །དེས་བྱེ་མའི་ཕུང་ པོ་དེ་བརྩིས་ཀྱི་བརྡར་བསྟན་ཏེ། ཤིན་ཏུ་བསྟན་ནས་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བགྲང་བའི་ཚུལ་འདི་ནི་འཇིག་རྟེན་གྱི་ཁམས་གཅིག་ནས་གཅིག་ཏུ་ བརྒྱུད་པ་ཀུན་ན་འང་ཡོད་སྟེ། བྱང་ཆུབ་སེམས་དཔའ་རྣམས་ནི་བགྲང་བའི་ཚུལ་འདིས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་དག་ཀྱང་བགྲང་ཞིང་བརྩིའོ། །དེ་བཞིན་དུ་ལྷོ་ ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། བྱང་ཤར་གྱི་ཕྱོགས་མཚམས་དང་། ཤར་ལྷོའི་ཕྱོགས་མཚམས་དང་། ལྷོ་ནུབ་ཀྱི་ཕྱོགས་མཚམས་དང་། ནུབ་བྱང་གི་ཕྱོགས་མཚམས་དང་། 76-1-176a འོག་དང་སྟེང་གི་ཕྱོགས་སུ་ཡང་བྱང་ཆུབ་སེམས་དཔའ་རྣམས་བགྲང་བའི་ཚུལ་འདིས་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་དང་། བགྲང་ཞིང་བརྩིའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ ཀྱི་བགྲང་བའི་ཚུལ་འདི་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་མྱིང་དུ་བྱ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་བསྟན་དུ་ཡོད་པ་ཐམས་ཅད་ན་འང་ཡོད་དོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ བགྲང་བའི་ཚུལ་འདིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་མྱིང་གཅིག་ནས་གཅིག་ཏུ་བརྒྱུད་པ་བགྲང་ཞིང་བརྩིའོ། །ཇི་ལྟར་འཇིག་རྟེན་གྱི་ཁམས་ཀྱི་མྱིང་གཅིག་ནས་གཅིག་ཏུ་བརྒྱུད་པ་ བསྟན་དུ་ཡོད་པ་དེ་བཞིན་དུ་ཕྱོགས་བཅུའི་བསྐལ་པའི་མྱིང་གཅིག་ནས་གཅིག་ཏུ་བརྒྱུད་པ་བསྟན་དུ་ཡོད་པ་དང་། སངས་རྒྱས་ཀྱི་མཚན་གཅིག་ནས་གཅིག་ཏུ་བརྒྱུད་པ་བསྟན་དུ་ཡོད་པ་དང་། ཆོས་ ཀྱི་མྱིང་གཅིག་ནས་གཅིག་ཏུ་བརྒྱུད་པ་བསྟན་དུ་ཡོད་པ་དང་། སེམས་ཅན་གྱི་མྱིང་གཅིག་ནས་གཅིག་ཏུ་བརྒྱུད་པ་བསྟན་དུ་ཡོད་པ་དང་། ལས་ཀྱི་མྱིང་གཅིག་ནས་གཅིག་ཏུ་བརྒྱུད་པ་བསྟན་དུ་ཡོད་ པ་ཀུན་ལའང་འཇུག་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བགྲང་བའི་ཚུལ་འདི་ཉིད་ནི། ཕྱོགས་བཅུ་ན་མྱིང་དུ་བྱ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་བསྟན་དུ་རུང་བ་ཇི་སྙེད་པ་ཐམས་ཅད་ ལའང་འཇུག་སྟེ། བྱང་ཆུབ་སེམས་དཔའ་རྣམས་ནི་བགྲང་བའི་ཚུལ་འདིས་ཕྱོགས་བཅུ་ན་མྱིང་གཅིག་ནས་གཅིག་ཏུ་བརྒྱུད་པ་ཇི་སྙེད་ཡོད་པ་ཐམས་ཅད་ཀྱང་བགྲང་ཞིང་བརྩིའོ། །དེ་ལྟར་རིགས་ ཀྱི་བུ་ཁོ་བོས་ནི་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་སྣང་བ་ཆོས་ཐམས་ཅད་ཤེས་པར་བྱ་བའི་བཟོ་མངོན་པར་ཤེས་པ་དང་ལྡན་པ་འདི་ཤེས་པར་ཟད་ན། ཁོ་བོས་བྱང་ཆུབ་སེམས་དཔའ་འགྲོ་བ་ཐམས་ཅད་ 76-1-176b ཀྱི་གྲངས་ལ་ཞུགས་པ། ཆོས་ཀྱི་ཚུལ་ཐམས་ཅད་ཀྱི་གྲངས་ལ་ཞུགས་པ། དུས་གསུམ་གྱི་གྲངས་ལ་ཞུགས་པ། སེམས་ཅན་ཐམས་ཅད་ཀྱི་གྲངས་ལ་ཞུགས་པ། ཆོས་ཀྱི་ཕུང་པོ་ཐམས་ཅད་གྱི་གྲངས་ ལ་ཞུགས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གྲངས་ལ་ཞུགས་པ། ཆོས་ཐམས་ཅད་ཀྱི་མིང་གི་འཁོར་ལོ་ལ་དབང་བསྒྱུར་བ་དེ་དག་གི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པའམ། སྤྱོད་ཡུལ་སྨོས་པའམ། ཡུལ་བརྗོད་པའམ། སྟོབས་བསྔགས་པའམ། བསམ་པ་བརྟན་པའམ། ཚོགས་ཡོངས་སུ་བརྗོད་པའམ། སྨོན་ལམ་བཤད་པར་བྱ་བའམ། སྤྱོད་པ་ཡོངས་སུ་བསྟན་པའམ། ཕ་རོལ་ཏུ་ཕྱིན་ པ་ཡོངས་སུ་དག་པ་མངོན་པར་བརྗོད་པའམ། ཡང་དག་པར་བསྒྲུབ་པ་ཡོངས་སུ་དག་པའམ། ཡང་དག་པར་བསྟན་པའམ། ཏིང་ངེ་འཛིན་གྱི་ཁྱད་པར་སྨོས་པའམ། ཡེ་ཤེས་སྣང་བ་ཁོང་དུ་ཆུད་པར་ནུས་རེ་སྐན། དྲང་སྲོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན་གྲོང་ཁྱེར་རྒྱ་མཚོ་བསྟན་པ་ཞེས་བྱ་བ་ཡོད་དེ། དེ་ན་དགེ་བསྙེན་མ་ཕུལ་དུ་བྱུང་བ་ཞེས་བྱ་བ་འདུག་གིས། དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་ དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་དགེ་བའི་བཤེས་གཉེན་གྱི་ཚིག་ཐོས་ནས་སྤུ་གཡོས་ཏེ། དགའ་བ་ ཆེན་པོའི་ཤུགས་སྐྱེས་ནས། རབ་ཏུ་དགའ་བའི་ཡིད་དང་ལྡན་པར་གྱུར་པ་ངོ་མཚར་གྱི་བསམ་པ། རིན་པོ་ཆེ་རབ་ཏུ་དཀོན་པ་ཐོབ་པ། འགྲོ་བ་མང་པོ་ལ་ཕན་པའི་སེམས་དང་བསམ་པས་བྱུང་བ་སངས་རྒྱས་ སྐྱེས་པ་གཅིག་ནས་གཅིག་ཏུ་བརྒྱུད་པར་འགྲོ་བ་ལ་དབང་བསྒྱུར་བ། ཆོས་ཀྱི་དཀྱིལ་འཁོར་རྣམ་པར་དག་པའི་བློ་གྲོས་ལ་རྟེན་པ། ཐམས་ཅད་དུ་རྗེས་སུ་སོང་བའི་རིག་པ་རྣམ་པར་ཕྱེ་བས་བྱུང་བ་བསྟན་པ་ལ་བརྩོན་ 76-1-177a པ་དུས་གསུམ་གྱི་དབྱིངས་སུ་མ་འདྲེས་པའི་སངས་རྒྱས་ཀྱི་ཡུལ་དང་ལྡན་པ། བསོད་ནམས་མི་ཟད་པའི་རྒྱ་མཚོ་ལས་བྱུང་བའི་སེམས་དང་ལྡན་པ། ཡེ་ཤེས་ཀྱི་སྣང་བ་ཆེན་པོ་ལ་དབང་བསྒྱུར་བ། ཁམས་ གསུམ་གྱི་ཁྱིམ་དུ་སྡུད་པའི་སྒོ་ཤིན་ཏུ་གཅོད་པ་དེས། ཁྱེའུ་དབང་པོའི་དབང་ཕྱུག་གི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས། ཁྱེའུ་དབང་པོའི་དབང་ཕྱུག་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་ བྱས་ནས། ཡང་དང་ཡང་བལྟས་ཏེ། ཁྱེའུ་དབང་པོའི་དབང་ཕྱུག་གི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་དགེ་བའི་བཤེས་གཉེན་གྱི་གདམས་ངག་གི་སྤྲིན་གྱི་ཆར་ཡོངས་སུ་འཛིན་པ་བྱེད་ཅིང་། གངས་ཆེན་མཚོ་ལྟར་སྤྲིན་ཆེན་པོའི་ཆར་གྱིས་ངོམས་མྱི་ཤེས་པ་དགེ་བའི་བཤེས་གཉེན་གྱི་ཉི་མའི་ཡེ་ཤེས་ཀྱི་འོད་གཟེར་གྱིས་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱས་པའི་ས་གཞི་ལས་དབང་པོའི་མྱུ་གུ་འཐོན་ ཅིང་སྐྱེས་པ། དགེ་བའི་བཤེས་གཉེན་གྱི་ཟླ་བ་ཉ་ཞིང་རྒྱས་པའི་གདམས་ངག་གི་འོད་གཟེར་གྱི་དྲ་བས་ལུས་དང་། སེམས་ཤིན་ཏུ་ཚིམ་པར་བྱས་པ། དབྱིངས་ཀྱི་ཉི་མའི་འོད་ཀྱིས་གདུངས་པའི་རི་དགས་ ཀྱི་ཚོགས་གསལ་ཞིང་བསིལ་བའི་གངས་ཆུ་ལ་འཐུང་བར་འདོད་པ་ལྟར། དགེ་བའི་བཤེས་གཉེན་གྱི་གདམས་ངག་གི་ཆུ་ལ་འཐུང་བར་འདོད་པ། བུང་བ་མང་པོ་འཁོར་ཞིང་ལྡིང་བས་རྒྱས་པར་གྱུར་པའི་པད་མོ་དང་ ལྡན་པའི་པད་མོའི་མཚོ་ལྟར་དགེ་བའི་བཤེས་གཉེན་གྱི་གདམས་ངག་གིས་སེམས་ཀྱི་མེ་ཏོག་པུན་ད་རི་ཀ་ཁ་ཕྱེ་བ། རིན་པོ་ཆེ་སྣ་ཚོགས་ཀྱིས་ཡོངས་སུ་བརྒྱན་པའི་རིན་པོ་ཆེའི་གླིང་ལྟར་དགེ་བའི་བཤེས་གཉེན་གྱི་ གདམས་ངག་རིན་པོ་ཆེ་འབྲེལ་བའི་སྣང་བས་སེམས་ཤིན་ཏུ་སྣང་བར་བྱས་པ། འཛམ་བུའི་ཤིང་ཆེན་པོའི་མེ་ཏོག་དང་། འབྲས་བུའི་ཚོགས་ཆེན་པོ་དང་ལྡན་པ་ལྟར་དགེ་བའི་བཤེས་གཉེན་གྱི་གདམས་ངག་ 76-1-177b བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སུ་གྱུར་པ། ཕུན་སུམ་ཚོགས་པ་དང་ལྡན་པ། ཀླུའི་དབང་པོ་ཆེན་པོ་རྩེད་མོ་དམ་པས་རྩེ་བ་ལས་བྱུང་བའི་ནམ་མཁའི་སྤྲིན་ཆེན་པོ་ལྟར་དགེ་བའི་བཤེས་གཉེན་གྱི་གདམས་ངག་ ཐོས་པའི་ཚོགས་སུ་གྱུར་པའི་སྣང་བ་ཤིན་ཏུ་ཆེ་བ། སུམ་བཅུ་རྩ་གསུམ་པའི་འཇིག་རྟེན་གྱི་བརྒྱན་པ་སྣ་ཚོགས་ཀྱི་སྤོ་ལྟར་དགེ་བའི་བཤེས་གཉེན་གྱི་གདམས་ངག་ལས་བྱུང་བའི་ཆོས་དྲི་མ་མྱེད་པ་སྣ་ཚོགས་བརྩེགས་ པའི་སྤོར་གྱུར་པ། སུམ་བཅུ་རྩ་གསུམ་གྱི་ཚོགས་ཀྱི་འཁོར་གྱིས་བསྐོར་བའི་བརྒྱ་བྱིན་ལྷ་མ་ཡིན་གྱི་དབང་པོའི་ཚོགས་རབ་ཏུ་འཇོམས་པ་ལྟར་དགེ་བའི་བཤེས་གཉེན་གྱི་གདམས་ངག་ལས་བྱུང་བའི་ཡོན་ ཏན་དྲི་མ་མྱེད་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་ཟིལ་གྱིས་མྱི་གནོན་ལ་གཞན་ལ་ཟིལ་གྱིས་གནོན་པ་དེ། མཐར་གྱིས་གྲོང་ཁྱེར་རྒྱ་མཚོ་བསྟན་པ་གང་ན་བ་དེར་ཕྱིན་ཏེ། དགེ་བསྙེན་མ་ཕུལ་དུ་བྱུང་བ་ ཡོངས་སུ་ཚོལ་ཚོལ་བ་ལས་དེ་ལ་སྐྱེ་བོ་མང་པོས་བསྟེན་ཏེ། རིགས་ཀྱི་བུ་དགེ་བསྙེན་མ་ཕུལ་དུ་བྱུང་བ་གྲོང་ཁྱེར་གྱི་དབུས་ཀྱི་རང་གི་ཁྱིམ་ན་འདུག་གོ་ཞེས་ནས། ཚོང་དཔོན་གྱི་བུ་ནོར་བཟངས་དགེ་བསྙེན་ མ་ཕུལ་དུ་བྱུང་བའི་གནས་གང་ན་བ་དེར་སོང་སྟེ། ཐལ་མོ་སྦྱར་ནས་སྒོ་གང་ན་སྡོད་སྡོད་པ་དང་། དེས་དགེ་བསྙེན་མ་ཕུལ་དུ་བྱུང་བའི་ཁྱིམ་དེ་ཤིན་ཏུ་རྒྱ་ཆེ་ལ་ཡངས་ཤིང་རིན་པོ་ཆེའི་ར་བས་ཡོངས་སུ་བསྐོར་ཅིང་ ཕྱོགས་བཞི་ནས་སྒོ་ཤིན་ཏུ་མཛེས་པ་རྣམ་པར་ཕྱེ་བ། རིན་པོ་ཆེ་ཚད་མྱེད་གྲངས་མྱེད་པའི་རྒྱན་གྱིས་བརྒྱན་པ། བསོད་ནམས་ཀྱི་རྣམ་པར་སྨིན་པས་མངོན་པར་གྲུབ་པ་མཐོང་ནས། དེ་ཁྱིམ་དེར་སོང་སྟེ། ཀུན་ཏུ་བལྟས་ནས་དགེ་བསྙེན་མ་ཕུལ་དུ་བྱུང་བ་ཕྱུགས་ཆུང་ཤིན་ཏུ་གཞོན་པ་ཐོག་མ་དར་ལ་བབ་པ། གཟུགས་མངོན་ཞིང་མཛེས་ལ་བལྟ་ན་སྡུག་པ་ཁ་དོག་དམ་པ། པྲི་ཡ་བ་ཤིན་ཏུ་རྒྱས་པ་དང་ལྡན་པ། 76-1-178a སྐྲ་ཕྱེ་མར་བཞག་པ། ལུས་ལ་རྒྱན་མྱེད་པ། གོས་དང་སྨད་གཡོགས་དཀར་པོ་བགོས་པ། རིན་པོ་ཆེའི་ཁྲི་ལ་འདུག་པ་མཐོང་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མ་གཏོགས་པར་ དེའི་ལུས་སམ། སེམས་ཀྱི་དབང་ངམ། གཟི་བརྗིད་དང་། ཁ་དོག་གིས་ཟིལ་གྱིས་མ་ནོན་པའི་སེམས་ཅན་ནི་ཁྱིམ་དེ་ན་གང་ཡང་མྱེད་དེ། ལྷ་འམ་མི་འང་རུང་སྟེ། སེམས་ཅན་གང་གིས་དགེ་བསྙེན་མ་ཕུལ་ དུ་བྱུང་བ་མཐོང་བར་གྱུར་པ་དེ་དག་ཐམས་ཅད་ཀྱིས་ཀྱང་། དགེ་བསྙེན་མ་ཕུལ་དུ་བྱུང་བ་ལ་སྟོན་པའི་འདུ་ཤེས་སུ་བསམ་པ་ཞིག །རིན་པོ་ཆེའི་ཁྲི་ལ་འདུག་པ་མཐོང་ངོ་། །གཞན་ཡང་ཁྱིམ་དེ་ན་སྟན་ལྷ་ རྫས་དང་། མྱིའི་རྫས་ལས་ཤིན་ཏུ་འཕགས་པ། བྱང་ཆུབ་སེམས་དཔའི་ལས་ཀྱི་རྣམ་པར་སྨིན་པས་ཡོངས་སུ་གྲུབ་པ་བྱེ་བ་སྟོང་ཕྲག་བཅུ་བཏིང་བ། མདུན་དུ་ཕྲུ་བ་གཅིག་གཅིག་བཞག་པ་ལས་ ཁ་ཟས་དང་སྐོམ་གྱི་བགམ། གོས་དང་རྒྱན་གྱི་ལོངས་སྤྱོད་ཀྱི་བག་གཞན་ཅི་ཡང་མྱི་སྣང་ངོ་། །བུད་མྱེད་སྟོང་ཕྲག་བཅུ་ཙམ་ཞིག་འདུན་དུ་འདུག་པར་མཐོང་ན་འོང་དེ་དག་ཐམས་ཅད་ཀྱང་ལྷའི་བུ་མོའི་ ཁ་དོག་དང་ལྡན་པ། ལྷའི་བུ་མོའི་གཟུགས་དང་ལྡན་པ། ལྷའི་བུ་མོའི་ཚུལ་དང་ལྡན་པ། ལྷའི་བུ་མོའི་སྤྱོད་པ་དང་ལྡན་པ། ལྷའི་བུ་མོའི་ལོངས་སྤྱོད་དང་ལྡན་པ། ལྷའི་བུ་མོའི་ཚུལ་དང་ཤེས་པ་དང་ལྡན་པ། ལྷ་རྫས་ཀྱི་གོས་ཡིད་བཞིན་དུ་གྱོན་པ། ལྷ་རྫས་ཀྱི་ལྷབ་ལྷུབ་ཀྱིས་ཤིན་ཏུ་ཀླུབས་པ། ལྷའི་བུ་མོའི་སྐད་ལྟ་བུའི་དབྱངས་སྙན་པ་དང་། ལྷའི་བུ་མོའི་ཆུ་ཞེང་མཛེས་པ་དང་ལྡན་པ་ཤ་སྟག་སྟེ། དེའི་འཁོར་ གྱི་བུད་མྱེད་ཀྱང་དེས་ཅི་བསྒོ་བ་བཞིན་དུ་བྱེད་ཅིང་མདུན་ན་འཁོད་དོ། །རིམ་གྲོར་བྱེད་དོ། །བཀུར་སྟི་བྱེད་དོ། །གདོང་དུ་བལྟའོ། །ཅི་བསྒོ་བ་ཉན་ཅིང་གནས་སོ། །རྗེ་སར་འཁོད་དོ། །ཡོངས་སུ་བལྟའོ། ། 76-1-178b རྣམ་པར་བལྟའོ། །འདོད་དོ། །རབ་ཏུ་འདོད་དོ། །ཕྱག་འཚལ་ལོ། །དེ་དག་གི་ལུས་ལས་སྤོས་ཀྱི་ངད་ལྡང་བས་ནི། གྲོང་ཁྱེར་དེའི་འཁོར་ཐམས་ཅད་དུ་དྲི་ཞིམ་པོས་ཁྱབ་པར་འདུག་སྟེ། སེམས་ཅན་གང་ གིས་དྲི་དེ་ཚོར་བར་གྱུར་པ་དེ་དག་ཐམས་ཅད་ཀྱང་གནོད་སེམས་མྱེད་པའི་སེམས་དང་། ཤར་གཉེར་བ་མྱེད་པའི་སེམས་དང་། འཚེ་བ་མྱེད་པའི་སེམས་དང་། ཕྲག་དོག་དང་། འཇུངས་པ་དང་བྲལ་བའི་ སེམས་དང་། སྒྱུ་དང་གཡོ་མྱེད་པའི་སེམས་དང་། ཆགས་པ་དང་། ཁོང་ཁྲོ་བ་མྱེད་པའི་སེམས་དང་། ཞུམ་པ་དང་། གཟེངས་མཐོ་བ་མྱེད་པའི་སེམས་དང་། བྱམས་པའི་སེམས་དང་། ཕན་པའི་སེམས་དང་། སྡོམ་པ་ལ་གནས་པའི་སེམས་དང་། གཞན་གྱིས་ཡོངས་སུ་བཟུང་བ་ལ་རེ་བ་མྱེད་པའི་སེམས་སུ་གྱུར་ཏེ། གང་གིས་དེ་དག་གི་སྐད་ཐོས་པ་དེ་དག་ཐམས་ཅད་ཀྱང་དགའ་བ་དང་། མོས་པ་དང་། དུལ་བའི་ སེམས་དང་ལྡན་པར་འགྱུར་རོ། །གང་གིས་དེ་དག་མཐོང་བར་གྱུར་པ་དེ་དག་ཀྱང་། འདོད་ཆགས་དང་བྲལ་བ་ཙམ་དུ་རང་རང་གིས་ཤེས་པར་འགྱུར་རོ། །དེ་ལྟར་མཐོང་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ དགེ་བསྙེན་མ་ཕུལ་དུ་བྱུང་བའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། དགེ་བསྙེན་མ་ཕུལ་དུ་བྱུང་བ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགསུ་བསྐོར་བ་བྱས་ནས་མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ ནས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་བདག་གིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་ བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་མ་འཚལ་ཏེ། འཕགས་མ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་རྗེས་སུ་བསྟན་པ་མཛད་དོ་ཞེས་བདག་གིས་ཐོས་ན། འཕགས་མ་ཇི་ལྟར་བྱང་ཆུབ་ 76-1-179a སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་བདག་ལ་བཤད་དུ་གསོལ། སྨྲས་པ་རིགས་ཀྱི་བུ་ཁོ་མོ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་ པ། བསོད་ནམས་ཀྱི་མཛོད་མྱི་ཟད་པའི་རྒྱན་ཅེས་བྱ་བ་ཐོབ་སྟེ། རིགས་ཀྱི་བུ་ཁོ་མོ་ནི་ཕྲུ་བ་གཅིག་པོ་འདི་ལས་མོས་པ་སྣ་ཚོགས་ཅན་རྣམས་ཁ་ཟས་ཅི་ལ་དགའ་བ་བཞིན་དུ་ཚོད་མ་སྣ་ཚོགས་དང་། རོ་སྣ་ཚོགས་དང་། ཁ་ཟས་སྣ་ཚོགས་དང་། དྲི་སྣ་ཚོགས་ཀྱིས་ཚིམ་པར་བྱེད་དེ། རིགས་ཀྱི་བུ་དེ་ལྟར་ཁོ་མོ་ནི་ཕྲུ་བ་གཅིག་པོ་འདི་ལས་ཅི་དགའ་བའི་ཁ་ཟས་ཀྱིས་སེམས་ཅན་བརྒྱ་འང་ཡོངས་སུ་ཚིམ་ པར་བྱེད་དོ། །སེམས་ཅན་སྟོང་དང་སེམས་ཅན་བརྒྱ་སྟོང་དང་། སེམས་ཅན་བྱེ་བ་དང་། སེམས་ཅན་བྱེ་བ་ཕྲག་བརྒྱ་དང་། སེམས་ཅན་བྱེ་བ་ཕྲག་སྟོང་དང་། སེམས་ཅན་བྱེ་བ་བརྒྱ་ཕྲག་སྟོང་དང་། སེམས་ ཅན་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་ནས། སེམས་ཅན་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་མོས་པ་སྣ་ཚོགས་ཅན་རྣམས་ཀྱང་ཅི་ལ་དགའ་བའི་ཁ་ཟས་ཀྱིས་ཡོངས་སུ་ཚིམ་པར་བྱེད་དོ། །ཡོངས་སུ་སྟོབ་ པར་བྱེད་དོ། །ཡོངས་སུ་དགའ་བར་བྱེད་དོ། །ཡོངས་སུ་མགུ་བར་བྱེད་དོ། །ཡོངས་སུ་སྤྲོ་བར་བྱེད་དོ། །ཤིན་ཏུ་ཚིམ་པར་བྱེད་དོ། །ཡིད་བདེ་བར་བྱེད་དོ། །འོན་ཀྱང་ཕྲུ་བ་འདི་ལས་འགོང་བར་འགྱུར་བ་མེད་ དོ། །འགྲི་བ་མྱེད་དེ་དམའ་བར་མྱི་འགྱུར་རོ། །ཟད་པར་མྱི་འགྱུར་རོ། །འབྲི་བར་མྱི་འགྱུར་རོ། །ས་མཚམས་ཡོད་པར་མྱི་འགྱུར་རོ། །མཐར་ཐུག་པར་མྱི་འགྱུར་རོ། །མུར་ཐུག་པར་མྱི་འགྱུར་རོ། ། རིགས་ཀྱི་བུ་གཞུང་དེ་དང་འདྲ་བར་སེམས་ཅན་འཛམ་བུའི་གླིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། དེ་བཞིན་དུ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་ 76-1-179b རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ནས་སེམས་ཅན་མོས་པ་སྣ་ ཚོགས་ཅན་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཅིག་འོངས་ཀྱང་། ཅི་ལ་དགའ་བའི་ཁ་ཟས་ཚོད་མ་སྣ་ཚོགས་དང་། རོ་སྣ་ཚོགས་དང་། ཁ་དོག་སྣ་ཚོགས་དང་། དྲི་སྣ་ཚོགས་ཀྱིས་ཡོངས་སུ་ཚིམ་པར་བྱེད་དོ། །ཡོངས་སུ་དགའ་བར་བྱེད་དོ། །ཉམས་བདེ་བར་བྱེད་དོ། །ཤིན་ཏུ་ཚིམ་པར་བྱེད་དོ། །ཡིད་ཤིན་ཏུ་བདེ་བར་བྱེད་དོ། །འོན་ཀྱང་ཕྲུ་བ་འདི་ལས་འགོང་བར་འགྱུར་ བ་མྱེད་དོ། །འགྲིབ་པ་མྱེད་དོ། །དམའ་བར་མྱི་འགྱུར་རོ། །ཟད་པར་མྱི་འགྱུར་རོ། །ས་མཚམས་ཡོད་པར་མྱི་འགྱུར་རོ། །མཐར་ཐུག་པར་མྱི་འགྱུར་རོ། །མུར་ཐུག་པར་མྱི་འགྱུར་རོ། །རིགས་ཀྱི་བུ་གལ་ཏེ་ ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས་པའི་སེམས་ཅན་མོས་པ་སྣ་ཚོགས་ཅན་དང་། བསམ་པ་སྣ་ཚོགས་ཅན་ཐམས་ཅད་འོངས་པར་གྱུར་ན་ཡང་། དེ་དག་ཐམས་ཅད་ཅི་ལ་ དགའ་བའི་ཁ་ཟས་ཀྱིས་ཡོངས་སུ་ཚིམ་པར་བྱེད་པ་ནས། ཡིད་བདེ་བར་བྱ་བའི་བར་དུ་བྱེད་དོ། །ཁ་ཟས་སྣ་ཚོགས་ཀྱིས་ཇི་ལྟ་བ་དེ་བཞིན་དུ་བཏུང་བ་རྣམ་པ་སྣ་ཚོགས་དང་། རོ་རྣམ་པ་སྣ་ཚོགས་ དང་། སྟན་སྣ་ཚོགས་དང་། མལ་ཆ་སྣ་ཚོགས་དང་། བཞོན་པ་སྣ་ཚོགས་དང་། གོས་སྣ་ཚོགས་དང་། ཕྲེང་བ་སྣ་ཚོགས་དང་། སྤོས་སྣ་ཚོགས་དང་། བདུག་སྤོས་སྣ་ཚོགས་དང་། བྱུག་པ་སྣ་ཚོགས་ དང་། ཕྱེ་མ་སྣ་ཚོགས་དང་། རིན་པོ་ཆེ་སྣ་ཚོགས་དང་། རྒྱན་སྣ་ཚོགས་དང་། རིན་པོ་ཆེའི་ཤིང་རྟ་སྣ་ཚོགས་དང་། གདུགས་སྣ་ཚོགས་དང་། རྒྱལ་མཚན་སྣ་ཚོགས་དང་། ལྷའི་བ་དན་སྣ་ཚོགས་དང་། 76-1-180a ཡོ་བྱད་ཀྱི་ཡུལ་རྣམ་པ་སྣ་ཚོགས་ཀྱིས་ཡོངས་སུ་ཚིམ་པར་བྱེད་པ་ནས། ཡིད་དགའ་བར་འགྱུར་བའི་བར་དུ་བྱེད་དོ། །རིགས་ཀྱི་བུ་གཞན་ཡང་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གཅིག་ན་ཉན་ ཐོས་དང་། རང་སངས་རྒྱས་སྐུའི་ཐ་མ་འཛིན་པ་གང་ཇི་སྙེད་གཅིག་བཞུགས་པ་དེ་དག་ཐམས་ཅད་ཀྱང་ཁོ་མོའི་ཁ་ཟས་ལས་གསོལ་ཅིང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་འབྲས་བུ་བརྙེས་ པར་མཛད་དོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གཅིག་ན་ཇི་ལྟ་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་བརྒྱ་དང་། འཇིག་རྟེན་གྱི་ཁམས་སྟོང་དང་། འཇིག་རྟེན་གྱི་ཁམས་བརྒྱ་ཕྲག་སྟོང་དང་། འཇིག་རྟེན་གྱི་ཁམས་བྱེ་བ་དང་། འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་དང་། འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་སྟོང་དང་། འཇིག་རྟེན་གྱི་ཁམས་བརྒྱ་ཕྲག་སྟོང་དང་། འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ ཁྲིག་བརྒྱ་ཕྲག་སྟོང་དང་། འཇིག་རྟེན་གྱི་ཁམས་འཛམ་བུའི་གླིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ ཤིན་ཏུ་ཕྲ་བ་སྙེད་དང་། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ནས། དེ་བཞིན་དུ་ཤར་ཕྱོགས་ ཀྱི་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ན་ཉན་ཐོས་དང་། རང་སངས་རྒྱས་སྐུའི་ཐ་མ་འཛིན་པ་ཇི་སྙེད་ཅིག་བཞུགས་པ་དེ་དག་ ཐམས་ཅད་ཀྱང་ཁོ་མོའི་ཁ་ཟས་ལས་གསོལ་ཅིང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་འབྲས་བུ་བསྙེས་པར་མཛད་དོ། །ཤར་ཕྱོགས་ན་བཞུགས་པ་ཇི་ལྟ་བ་དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། 76-1-180b བྱང་ཕྱོགས་དང་། བྱང་ཤར་གྱི་ཕྱོགས་མཚམས་དང་། ཤར་ལྷོའི་ཕྱོགས་མཚམས་དང་། ལྷོ་ནུབ་ཀྱི་ཕྱོགས་མཚམས་དང་། ནུབ་བྱང་གི་ཕྱོགས་མཚམས་དང་། འོག་དང་སྟེང་གི་ཕྱོགས་ན་ཇི་སྙེད་ཅིག་བཞུགས་ པ་དེ་དག་ཐམས་ཅད་ཀྱང་དེ་བཞིན་ནོ། །རིགས་ཀྱི་བུ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གཅིག་ན་སྐུ་ཚེ་གཅིག་གི་ཐོགས་པའི་བྱང་ཆུབ་སེམས་དཔའ་ཇི་སྙེད་ཅིག་བཞུགས་པ་དེ་དག་ཐམས་ཅད་ཀྱང་ ཁོ་མོའི་ཁ་ཟས་ལས་གསོལ་ཅིང་། སྙིང་པོ་བྱང་ཆུབ་ཏུ་བཞུགས་ནས་བདུད་སྡེ་དང་བཅས་པ་ཕམ་པར་མཛད་དེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་བརྒྱའོ། །ཤར་ཕྱོགས་ ཀྱི་འཇིག་རྟེན་གྱི་ཁམས་གཅིག་ན་བཞུགས་པ་ཇི་ལྟ་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་བརྒྱ་དང་། འཇིག་རྟེན་གྱི་ཁམས་སྟོང་དང་། འཇིག་རྟེན་གྱི་ཁམས་བརྒྱ་ཕྲག་སྟོང་དང་། འཇིག་རྟེན་གྱི་ཁམས་བྱེ་བ་དང་། འཇིག་རྟེན་གྱི་ཁམས་བྱེ་བ་བརྒྱ་དང་། འཇིག་རྟེན་གྱི་ཁམས་བྱེ་བ་སྟོང་དང་། འཇིག་རྟེན་གྱི་ཁམས་བྱེ་བ་བརྒྱ་སྟོང་དང་། འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་ ཕྲག་སྟོང་དང་། འཇིག་རྟེན་གྱི་ཁམས་འཛམ་བུའི་གླིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་ སྙེད་དང་། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ནས། ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་ བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ན། བྱང་ཆུབ་སེམས་དཔའ་སྐུ་ཚེ་གཅིག་གིས་ཐོགས་པ་ཇི་སྙེད་ཅིག་བཞུགས་པ་དེ་དག་ཐམས་ཅད་ཀྱང་ཁོ་ 76-1-181a མོའི་ཁ་ཟས་ལས་གསོལ་ཞིང་སྙིང་པོ་བྱང་ཆུབ་ལ་བཞུགས་པ་དང་། བདུད་སྡེ་དང་བཅས་པ་ཕམ་པར་མཛད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། ། ཤར་ཕྱོགས་ན་བཞུགས་པ་ཇི་ལྟ་བ་དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། བྱང་ཤར་གྱི་ཕྱོགས་མཚམས་དང་། ཤར་ལྷོའི་ཕྱོགས་མཚམས་དང་ལྷོ་ནུབ་ཀྱི་ཕྱོགས་མཚམས་དང་། ནུབ་བྱང་གི་ཕྱོགས་མཚམས་དང་། འོག་གི་ཕྱོགས་དང་། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གཅིག་ན། བྱང་ཆུབ་སེམས་དཔའ་སྐུ་ཚེ་གཅིག་གིས་ཐོགས་པ་ཇི་སྙེད་ཅིག་བཞུགས་པ་དེ་ དག་ཐམས་ཅད་ཀྱང་ཁོ་མོའི་ཁ་ཟས་ལས་གསོལ་ཅིང་སྙིང་པོ་བྱང་ཆུབ་ཏུ་བཞུགས་ཏེ། བདུད་སྡེ་དང་བཅས་པ་རབ་ཏུ་ཕམ་པར་མཛད་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ མངོན་པར་འཚང་རྒྱའོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གཅིག་ན་བཞུགས་པ་ཇི་ལྟ་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་བརྒྱ་དང་། འཇིག་རྟེན་གྱི་ཁམས་སྟོང་དང་། འཇིག་རྟེན་གྱི་ཁམས་ བརྒྱ་ཕྲག་སྟོང་དང་། འཇིག་རྟེན་གྱི་ཁམས་བྱེ་བ་དང་། འཇིག་རྟེན་གྱི་ཁམས་བྱེ་བ་བརྒྱ་དང་། འཇིག་རྟེན་གྱི་ཁམས་བྱེ་བ་སྟོང་དང་། འཇིག་རྟེན་གྱི་ཁམས་བྱེ་བ་བརྒྱ་ཕྲག་སྟོང་དང་། འཇིག་རྟེན་ གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དང་། འཇིག་རྟེན་གྱི་ཁམས་འཛམ་བུའི་གླིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། སྟོང་གཅིག་གི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ 76-1-181b ཤིན་ཏུ་ཕྲ་བ་སྙེད་ནས། རིགས་ཀྱི་བུ་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ན། བྱང་ཆུབ་སེམས་དཔའ་སྐུ་ཚེ་གཅིག་ གིས་ཐོགས་པ་ཇི་སྙེད་ཅིག་བཞུགས་པ་དེ་དག་ཐམས་ཅད་ཀྱང་ཁོ་མོའི་ཁ་ཟས་ལས་གསོལ་ཅིང་། སྙིང་པོ་བྱང་ཆུབ་དུ་བཞུགས་པས་བདུད་སྡེ་དང་བཅས་པ་ཕམ་པར་མཛད་དེ། བླ་ན་མྱེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་དུ་མངོན་པར་འཚང་རྒྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་ཁོ་མོའི་འཁོར་བུད་མྱེད་སྟོང་ཕྲག་བཅུ་པོ་འདི་དག་མཐོང་ངམ། སྨྲས་པ་འཕགས་མ་བདག་གིས་མཐོང་ངོ་། །སྨྲས་པ་རིགས་ཀྱི་བུ་ བུད་མྱེད་འདི་དག་ལ་སྩོགས་པ་བརྒྱ་སྟོང་གྲངས་མྱེད་པ་ཕྲག་བཅུ་ཁོ་མོ་དང་བསྐལ་པ་མཉམ་པར་སྤྱོད་པ། སྨོན་ལམ་གཅིག་པ། དགེ་བའི་རྩ་བ་གཅིག་པ། འབྱུང་བའི་རྒྱན་གཅིག་པ། མོས་པའི་ལམ་ རྣམ་པར་དག་པ་གཅིག་པ། ཁོ་མོ་དང་སྐལ་བ་མཉམ་པར་དྲན་པ་རྣམ་པར་དག་པ། སྐལ་བ་མཉམ་པར་བློ་རྣམ་པར་དག་པ། སྐལ་བ་མཉམ་པར་བློ་ཚད་མྱེད་པར་གྱུར་པ། བསྐལ་པ་མཉམ་པར་དབང་པོ་ རབ་ཏུ་ཐོབ་པ། བསྐལ་པ་མཉམ་པར་སེམས་ཀྱིས་རྒྱས་པར་འགེངས་པ། བསྐལ་པ་མཉམ་པར་སྤྱོད་ཡུལ་དང་ལྡན་པ། བསྐལ་པ་མཉམ་པར་ཆོས་ཀྱི་ཚུལ་ལ་ཞུགས་པ། སྐལ་བ་མཉམ་པར་དོན་ ངེས་པར་རྟོགས་པ། བསྐལ་པ་མཉམ་པར་ཆོས་ཀྱི་དོན་སྟོན་པ། བསྐལ་པ་མཉམ་པར་གཟུགས་རྣམ་པར་དག་པ། བསྐལ་པ་མཉམ་པར་སྟོབས་ཚད་མེད་པ། བསྐལ་པ་མཉམ་པར་བརྟན་པ་ གཞན་གྱིས་མྱི་ཐུབ་པ། བསྐལ་པ་མཉམ་པར་ཆོས་ཀྱི་སྒྲ་སྒྲོག་པ། བསྐལ་པ་མཉམ་པར་དབྱངས་རྣམ་པར་དག་པ། ཚད་མྱེད་པའི་ཡོན་ཏན་བརྗོད་དུ་མེད་པས་རྣམ་པར་སྤྱོད་པ་ཐམས་ཅད་ལ་བསྐལ་པ་ 76-1-182a མཉམ་པར་ཡོན་ཏན་རྣམ་པར་དག་པ། ལས་ཀྱི་རྣམ་པར་སྨིན་པ་ལ་ཁ་ན་མ་ཐོ་བ་མྱེད་ཅིང་རྣམ་པར་དག་པས། སྐལ་བ་མཉམ་པར་ལས་ཀྱི་རྣམ་པར་སྨིན་པ་རྣམ་པར་དག་པ། འགྲོ་བ་ཐམས་ ཅད་ཡོངས་སུ་སྐྱོབ་པས། བསྐལ་པ་མཉམ་པར་བྱམས་པ་ཆེན་པོས་རྒྱས་པར་འགེངས་པ། འགྲོ་བ་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པས། མྱི་སྐྱོ་བའི་ཕྱིར་བསྐལ་པ་མཉམ་པར་སྙིང་རྗེ་ཆེན་པོས་ རྒྱས་པར་འགེངས་པ། བསམ་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པའི་ལུས་ཡོངས་སུ་སྟོན་པས། སྐལ་བ་མཉམ་པར་ལུས་ཀྱི་རྣམ་པར་དག་པ། ཆོས་ཀྱི་དབྱིངས་ཀྱི་ངེས་པའི་ ཚིག་གི་ཐ་སྙད་ལ་བསྐལ་པ་མཉམ་པར་ངག་གི་ལས་རྣམ་པར་དག་པ། སངས་རྒྱས་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་བསྐལ་པ་མཉམ་པར་འདོད་པ། སངས་རྒྱས་ཐམས་ཅད་ལ་མཆོད་ཅིང་རིམ་ གྲོ་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སྐལ་བ་མཉམ་པར་རྒྱུ་བ། ཆོས་ཐམས་ཅད་ཀྱི་ཚུལ་ཁོང་དུ་ཆུད་པར་བྱ་བ་ལ་བསྐལ་པ་མཉམ་པར་མངོན་གསུམ་དུ་གྱུར་པའི་ཡེ་ཤེས་དང་ལྡན་པ། བྱང་ཆུབ་སེམས་དཔའི་ས་ཐམས་ཅད་ཐོབ་པར་བྱ་བ་ལ་བསྐལ་པ་མཉམ་པར་སྤྱོད་པ། རྣམ་པར་དག་པ་ཤ་སྟག་ཅིག་ཀྱང་ཡོད་དེ། རིགས་ཀྱི་བུ་བུད་མེད་སྟོང་ཕྲག་བཅུ་པོ་འདི་དག་ཀྱང་སྐད་ཅིག་གཅིག་ དུ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སྐུ་ཚེ་གཅིག་གིས་ཐོགས་པ་རྣམས་ལ་ཞལ་ཟས་ཡོངས་སུ་དབུལ་བའི་ཕྱིར་ཕྱོགས་བཅུར་རྒྱས་པར་འདོང་ངོ་། །ཕྲུ་བ་འདི་ཉིད་ནས་ཁ་ཟས་བླངས་ཤིང་། སྲིད་པ་ ཐ་མ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་རྣམས་ལ་བསོད་སྙོམས་དབུལ་བའི་ཕྱིར་ཕྱོགས་བཅུ་རྒྱས་པར་འདོང་ངོ་། །ཕྲུ་བ་འདི་ཉིད་ནས་ཁ་ཟས་བླངས་ཤིང་ཕྱོགས་བཅུ་རྒྱས་པར་བཀང་ 76-1-182b སྟེ་ཡི་དགས་ཀྱི་ཚོགས་ཐམས་ཅད་ཁ་ཟས་ཀྱིས་ཡོངས་སུ་ཚིམ་པར་བྱེད་དོ། །རིགས་ཀྱི་བུ་དེ་ལྟར་ཁོ་མོས་ནི་ཕྲུ་བ་འདི་ཉིད་ནས་ལྷ་རྣམས་ནི་ལྷའི་ཁ་ཟས་ཀྱིས་ཡོངས་སུ་ཚིམ་པར་བྱེད་དོ། །ཀླུ་ རྣམས་ནི་ཀླུའི་ཁ་ཟས་ཀྱིས། གནོད་སྦྱིན་རྣམས་ནི་གནོད་སྦྱིན་གྱི་ཁ་ཟས་ཀྱིས། དྲི་ཟ་རྣམས་ནི་དྲི་ཟའི་ཁ་ཟས་ཀྱིས། ལྷ་མ་ཡིན་རྣམས་ནི་ལྷ་མ་ཡིན་གྱི་ཁ་ཟས་ཀྱིས། ནམ་མཁའ་ལྡིང་རྣམས་ ནི་ནམ་མཁའ་ལྡིང་གི་ཁ་ཟས་ཀྱིས། མྱི་འམ་ཅི་རྣམས་ནི་མྱི་འམ་ཅིའི་ཁ་ཟས་ཀྱིས། ལྟོ་འཕྱེ་ཆེན་པོ་རྣམས་ནི་ལྟོ་འཕྱེ་ཆེན་པོའི་ཁ་ཟས་ཀྱིས། མྱི་རྣམས་ནི་མྱིའི་ཁ་ཟས་ཀྱིས། མྱི་མ་ ཡིན་པ་རྣམས་ནི་མྱི་མ་ཡིན་པའི་ཁ་ཟས་ཀྱིས་ཡོངས་སུ་ཚིམ་པར་བྱེད་དོ། །རིགས་ཀྱི་བུ་ཡུད་ཙམ་ཞིག་སྡོད་དང་དེའུ་རེ་མངོན་དུ་འགྱུར་རོ། །དགེ་བསྙེན་མ་ཕུལ་དུ་བྱུང་བ་དེས་ཚིག་དེ་བརྗོད་མ་ ཐག་ཏུ་དེའི་མོད་ལ་འདི་ལྟ་སྟེ། དགེ་བསྙེན་མ་ཕུལ་དུ་བྱུང་བས། སྔོན་གྱི་སྨོན་ལམ་གྱིས་བོས་པས་སེམས་ཅན་གྲངས་མྱེད་པ་ཞིག་ཤར་ཕྱོགས་ཀྱི་སྒོ་ནས་ནང་དུ་འོངས་པར་གྱུར་ཏོ། །དེ་བཞིན་དུ་འདི་ལྟ་སྟེ། དགེ་བསྙེན་མ་ཕུལ་དུ་བྱུང་བའི་སྔོན་གྱི་སྨོན་ལམ་གྱིས་བོས་པས། སེམས་ཅན་གྲངས་མྱེད་པ་ཞིག །ལྷོ་ཕྱོགས་དང་ནུབ་ཕྱོགས་དང་། བྱང་ཕྱོགས་ཀྱི་སྒོ་ནས་ནང་དུ་འོངས་པར་གྱུར་ཏེ། དེ་ལྟར་འོངས་ པ་དེ་དག་དགེ་བསྙེན་མ་ཕུལ་དུ་བྱུང་བས། སྟན་དེ་དག་ལ་བཀོད་དེ། སོ་སོ་ནས་ཅི་དགའ་བའི་ཁ་ཟས་ཚོད་མ་སྣ་ཚོགས་དང་། རོ་སྣ་ཚོགས་དང་། ཁ་དོག་སྣ་ཚོགས་དང་། དྲི་སྣ་ཚོགས་དང་ལྡན་པར་ ཡོངས་སུ་ཚིམ་པར་བྱས་སོ། །ཡོངས་སུ་བསྟབས་པར་བྱས་སོ། །ཡོངས་སུ་དགའ་བ་བྱས་སོ། །ཡོངས་སུ་མགུ་བར་བྱས་སོ། །ཡོངས་སུ་སྤྲོ་བར་བྱས་སོ། །ཤིན་ཏུ་ཚིམ་པར་བྱས་སོ། །ཡིད་བདེ་ 76-1-183a བར་བྱས་སོ། །ཁ་ཟས་སྣ་ཚོགས་ཀྱིས་ཇི་ལྟ་བ་དེ་བཞིན་དུ་བཏུང་བ་རྣམ་པ་སྣ་ཚོགས་དང་། རོ་རྣམ་པ་སྣ་ཚོགས་དང་། སྟན་སྣ་ཚོགས་དང་། མལ་ཆ་སྣ་ཚོགས་དང་། བཞོན་པ་སྣ་ཚོགས་ དང་། གོས་སྣ་ཚོགས་དང་། མེ་ཏོག་སྣ་ཚོགས་དང་། ཕྲེང་བ་སྣ་ཚོགས་དང་། སྤོས་སྣ་ཚོགས་དང་། བདུག་སྤོས་སྣ་ཚོགས་དང་། བྱུག་པ་སྣ་ཚོགས་དང་། ཕྱེ་མ་སྣ་ཚོགས་དང་། རིན་པོ་ཆེ་སྣ་ཚོགས་དང་། རྒྱན་སྣ་ཚོགས་དང་། རིན་པོ་ཆེའི་ཤིང་རྟ་སྣ་ཚོགས་དང་། གདུགས་སྣ་ཚོགས་དང་། རྒྱལ་མཚན་སྣ་ཚོགས་དང་། ལྷའི་བ་དན་སྣ་ཚོགས་དང་། ཡོ་བྱད་ཀྱི་ཡུལ་རྣམ་པ་སྣ་ཚོགས་ཀྱིས་ཡོངས་སུ་ཚིམ་པར་བྱས་ པ་ནས། ཡིད་དགའ་བར་འགྱུར་བའི་བར་དུ་བྱས་སོ། །ལྷ་རྣམས་ནི་ལྷའི་ཁ་ཟས་ཀྱིས་ཡོངས་སུ་ཚིམ་པར་བྱས་སོ། །ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མྱི་དང་མྱི་མ་ཡིན་པ་རྣམས་ཀྱང་མྱི་མ་ཡིན་པའི་ཁ་ཟས་ཀྱིས་ཡོངས་སུ་ཚིམ་པར་བྱས་པ་ནས། ཡིད་བདེ་བར་འགྱུར་བའི་བར་དུ་བྱས་སོ། །འོན་ཀྱང་ཕྲུ་བ་དེ་ལས་འགོང་བར་གྱུར་པ་མྱེད། འགྲིབ་པ་མྱེད་དམའ་པ་མྱེད། ཟད་པར་གྱུར་པ་མྱེད། ས་མཚམས་སུ་གྱུར་པ་མྱེད། མཐར་ཐུག་པ་མྱེད། མུར་ཐུག་པ་མྱེད་དོ། །དེ་ནས་དགེ་བསྙེན་མ་ཕུལ་དུ་བྱུང་བ་དེས། ཚོང་དཔོན་གྱི་བུ་ནོར་བཟངས་ལ་ འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁོ་མོས་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསོད་ནམས་ཀྱི་མཛོད་མི་ཟད་པའི་རྒྱན་ཅེས་བྱ་བ་འདི་ཤེས་པར་ཟད་ན། བྱང་ཆུབ་སེམས་དཔའ་བསོད་ནམས་ ཆེན་པོའི་རྒྱ་མཚོ་མྱི་ཟད་པའི་བསོད་ནམས་དང་ལྡན་པ། བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་ཤིན་ཏུ་བསྩགས་པ། ནམ་མཁའ་ལྟ་བུར་གྱུར་པ། འགྲོ་བ་ཐམས་ཅད་ཀྱི་སྨོན་ལམ་ཡོངས་སུ་རྫོགས་ 76-1-183b པར་བྱེད་པས། ནོར་བུ་རིན་པོ་ཆེ་ཡིད་བཞིན་གྱི་རྒྱལ་པོ་ལྟ་བུ། འགྲོ་བ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཡོངས་སུ་བསྲུང་བས། བསོད་ནམས་ཆེན་པོའི་འཁོར་ཡུག་དང་ལྡན་པ། འགྲོ་བ་ཐམས་ཅད་དུ་ རིན་པོ་ཆེ་སྙིམ་པ་ནས་ཆར་ལྟར་འཐོང་བས་བསོད་ནམས་ཆེན་པོའི་སྤྲིན་དུ་གྱུར་པ། ཆོས་ཀྱི་གྲོང་ཁྱེར་གྱི་སྒོ་འབྱེད་པས། བསོད་ནམས་ཆེན་པོའི་མཛོད་ལ་མངོན་སུམ་ལྟ་བ། འགྲོ་བ་ཐམས་ཅད་ཀྱི་ ཕོངས་པའི་མུན་པ་སེལ་བས་བསོད་ནམས་ཆེན་པོའི་སྒྲོན་མར་གྱུར་པ། ཆོས་ཀྱི་གྲོང་ཁྱེར་ཤེས་པ་འམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། དྲང་སྲོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན་གྲོང་ ཁྱེར་འབྱུང་བ་ཆེན་པོ་ཞེས་བྱ་བ་ཡོད་དེ། དེ་ན་ཁྱིམ་བདག་མཁས་པ་ཞེས་བྱ་བ་འདུག་གིས། དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་དགེ་བསྙེན་མ་ཕུལ་དུ་བྱུང་བའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། དགེ་བསྙེན་མ་ཕུལ་དུ་བྱུང་བ་ལ་ལན་བརྒྱ་སྟོང་དུ་མར་ གཡས་ཕྱོགས་སུ་བསྐོར་བ་བྱས་ནས། ཡང་དང་ཡང་བལྟས་ཏེ། དགེ་བསྙེན་མ་ཕུལ་དུ་བྱུང་བའི་དྲུང་ནས་བལྟ་བས་མྱི་ངོམས་བཞིན་དུ་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་བསོད་ནམས་ཀྱི་མཛོད་ མི་ཟད་པའི་རྒྱན་གྱིས་བརྒྱན་པའི་རྣམ་པར་ཐར་པའི་སྣང་བ་རབ་ཏུ་ཐོབ་པ་དེ་བསོད་ནམས་རྒྱ་མཚོ་དེ་ལ་ནི་རྗེས་སུ་སེམས། བསོད་ནམས་ནམ་མཁའ་དེ་ལ་ནི་ཀུན་ཏུ་བལྟ། བསོད་ནམས་ཀྱི་ཕུང་པོ་དེ་ནི་ ཡོངས་སུ་འཛིན། བསོད་ནམས་ཀྱི་རི་བོ་ལ་ནི་མངོན་པར་འཛེག །བསོད་ནམས་ཀྱི་ཚོགས་དེ་ནི་ཡང་དག་པར་སྡུད། བསོད་ནམས་ཀྱི་ཆུ་བོ་དེ་ལ་ནི་འབོག །བསོད་ནམས་ཀྱི་ཚོགས་ཀྱི་མུ་སྟེགས་ 76-1-184a དེ་ལས་རབ་ཏུ་འབབ། བསོད་ནམས་ཀྱི་དཀྱིལ་འཁོར་དེ་ནི་ཡོངས་སུ་སྐྱོང་། བསོད་ནམས་ཀྱི་གཏེར་དེ་ལ་ནི་ཡང་དག་པར་བལྟ། བསོད་ནམས་ཀྱི་ཚུལ་དེ་ནི་རྗེས་སུ་དྲན་པར་བྱེད། བསོད་ནམས་ ཀྱི་ཚོགས་དེ་ནི་ཡོངས་སུ་འཛིན། བསོད་ནམས་ཀྱི་རྒྱུད་དེ་ནི་ཡོངས་སུ་སྦྱོང་བར་བྱེད་ཅིང་། མཐར་གྱིས་གྲོང་ཁྱེར་འབྱུང་བ་ཆེན་པོ་གང་ན་བ་དེར་ཕྱིན་ནས། དགེ་བའི་བཤེས་གཉེན་འདོད་ཅིང་དགེ་བའི་བཤེས་ གཉེན་ལ་བལྟ་བས་སྐོམ་པའི་སེམས་ཀྱི་རྒྱུད་དང་། དགེ་བའི་བཤེས་གཉེན་གྱིས་བྱིན་གྱི་རླབས་པའི་བསམ་པ་ཅན། དགེ་བའི་བཤེས་གཉེན་ལ་ཐོགས་པ་མེད་པའི་སྦྱོར་བ་དང་། དགེ་བའི་བཤེས་གཉེན་ལ་ རིམ་གྲོར་བྱ་བས་སྐྱོ་བ་མེད་པའི་བརྩོན་འགྲུས་དང་། དགེ་བའི་བཤེས་གཉེན་ལ་རག་ལུས་པའི་དགེ་བའི་རྩ་བ་ཐམས་ཅད་དང་། དགེ་བའི་བཤེས་གཉེན་གྱིས་ངེས་པར་གྱུར་པར་བསོད་ནམས་ཀྱི་ཚོགས་ ཐམས་ཅད་དང་། དགེ་བའི་བཤེས་གཉེན་གྱིས་རྣམ་པར་སྤེལ་བའི་ཐབས་མཁས་པའི་སྤྱོད་པ་དང་། གཞན་གྱི་དྲིང་མི་འཇོག་པར་དགེ་བའི་བཤེས་གཉེན་ལ་རིམ་གྲོ་བྱ་བ་ལ་མཁས་པ་དང་། རྣམ་པར་ འཕེལ་བའི་དགེ་བའི་རྩ་བ་ཐམས་ཅད་དང་། རྣམ་པར་དག་པར་འགྱུར་བའི་བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་དང་། ཡང་དག་པར་འཕེལ་བའི་བྱང་ཆུབ་སེམས་དཔའི་དབང་པོ་དང་། ཡོངས་ སུ་སྨིན་པར་འགྱུར་བའི་དགེ་བའི་རྩ་བ་ཐམས་ཅད་དང་། ཡང་དག་པར་འཕེལ་བའི་སྨོན་ལམ་ཆེན་པོ་མངོན་པར་བསྒྲུབ་པ་དང་། ཤིན་ཏུ་ཡངས་པར་འགྱུར་བའི་སྙིང་རྗེ་ཆེན་པོས་བདག་ཉིད་ ཐམས་ཅད་མཁྱེན་པ་ཉིད་དུ་ཉེ་བར་གྱུར་པར་ཡང་དག་པར་མཐོང་ནས། སངས་རྒྱས་ཐམས་ཅད་ལས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པས་ཆོས་ཀྱི་སྣང་བ་ཡང་དག་པར་བླང་བ་དང་། དེ་བཞིན་གཤེགས་པའི་ 76-1-184b སྟོབས་བཅུ་སྣང་བ་རྣམ་པར་འཕེལ་བར་བྱེད་ཅིང་ཁྱིམ་བདག་མཁས་པ་ཡོངས་སུ་ཚོལ་ཚོལ་བ་ལས། གྲོང་ཁྱེར་གྱི་དབུས་ལམ་གྱི་བཞི་མདོ་ཞིག་ན་རིན་པོ་ཆེ་སྣ་བདུན་གྱི་སྟེགས་བུ་ཞིག་ལ། རིན་པོ་ཆེ་གྲངས་མེད་ པ་ལས་བྱས་པའི་ཁྲི་ནོར་བུ་རིན་པོ་ཆེའི་རྐང་པ་རྡོ་རྗེ་དང་། ཨིན་དྲ་ནི་ལ་སྣ་ཚོགས་ཀྱིས་སྤྲས་པ་བཀྱེ་བ། གསེར་གྱི་ལྕག་པོད་ཀྱི་དྲ་བས་ལེགས་པར་བླས་པ། ནོར་བུ་རིན་པོ་ཆེ་དྲི་མ་མེད་པའི་སྙིང་པོ་ཅན་རིན་པོ་ ཆེ་ལྔ་བརྒྱ་ཙམ་གྱིས་གཟུགས་ལེགས་པར་བརྒྱན་པ། ལྷ་རྫས་ཀྱི་སྟན་སྣ་ཚོགས་བཏིང་བ། བགམ་ཡོ་ནས་ལྷ་རྫས་ཀྱི་གོས་ཀྱི་རྒྱལ་མཚན་དང་། བ་དན་མང་པོ་བསྒྲེང་བ། རིན་པོ་ཆེ་དུ་མའི་དྲ་བས་ཀུན་ ནས་གཡོགས་པ་རིན་པོ་ཆེའི་བླ་རེ་ཆེན་པོ་བྲེས་པ། བླ་ནས་གསེར་དང་རིན་པོ་ཆེའི་མེ་ཏོག་གི་ལྡ་ལྡི་མང་པོ་བཀྱེ་བ་ཞིག་ལ་འདུག་ཅིང་། འཛམ་བུ་ཆུ་ཀླུང་གི་གསེར་གྱི་གདུགས་ཡུ་བ་བཻ་ཌུརྱ་ལས་བྱས་ པ་ནི་དྲུང་ན་བསྒྲེང་ཞིང་བཟུང་། གཡབ་རྔ་དྲི་མ་མེད་པའི་རྡུལ་ཡབ་ངང་པའི་རྒྱལ་པོ་ལྟ་བུས་ནི་ལེགས་པར་གཡོབ། སྤོས་ཀྱི་རིམ་གྲོའི་ཡོ་བྱད་སྣ་ཚོགས་ཀྱིས་ནི་གདུགས་ཤིང་བསངས་རོལ་མོ་ བརྡུང་བ་དང་། དཀྲོལ་བ་ལྷ་རྫས་ཀྱིས་དབྱངས་ལས་འདས་པར་སྒྲ་འབྱིན་པ་ལྔ་བརྒྱ་ཙམ་གྱིས་ནི་གཡས་ཕྱོགས་ནས་བརྡུངས་ཤིང་དཀྲོལ། གྲོང་ཁྱེར་འབྱུང་བ་ཆེན་པོ་ན་འཁོད་པའི་སེམས་ཅན་རྣམས་ ཤིན་ཏུ་དགའ་བར་བྱ་བའི་དོན་དུ་ལྷ་རྫས་ཀྱིས་མེ་ཏོག་གི་སྤྲིན་གྱི་ཆར་ནི་ཀུན་ནས་འབབ་པར་གྱུར་པ། གཡོག་སྲོག་ཆགས་སྟོང་ཕྲག་བཅུ་ཙམ་སྔོན་དགེ་བའི་རྩ་བ་བསྐལ་པ་མཉམ་པར་སྤྱོད་སྤྱོད་པ། ངག་ ཉན་ཅིང་དགའ་བར་བྱེད་པ། ལྷ་རྫས་ལས་འདས་པའི་བརྒྱན་གྱིས་ཤིན་ཏུ་བརྒྱན་པ། བྱང་ཆུབ་སེམས་དཔའི་བསམ་པ་ཡོངས་སུ་གྲུབ་པ། ལྷ་དང་མིའི་གཟུགས་ལས་ཤིན་ཏུ་ 76-1-185a འདས་པ་ཤ་སྟག་གིས་ཀུན་ནས་བསྐོར་ཅིང་འདུག་པ་མཐོང་ནས། ཚོང་དཔོན་གྱི་བུ་ནོར་བཟངས་ཁྱིམ་བདག་མཁས་པ་གང་ན་བ་དེར་སོང་སྟེ། ཕྱིན་ནས་ཁྱིམ་བདག་མཁས་པའི་ རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཁྱིམ་བདག་མཁས་པ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། ། འཕགས་པ་བདག་ནི་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བར་བགྱི་བ་དང་། སེམས་ཅན་ཐམས་ཅད་ཤིན་ཏུ་བདེ་བ་ལ་འགོད་པ་དང་། སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ ནས་མངོན་པར་གདོན་པ་དང་། སེམས་ཅན་ཐམས་ཅད་ཆོས་རིན་པོ་ཆེའི་གླིང་དུ་ཡང་དག་པར་བསྐྱལ་བ་དང་། སེམས་ཅན་ཐམས་ཅད་ཀྱི་སྲེད་པའི་བརླན་ཤིན་ཏུ་བསྐམ་པ་དང་། སེམས་ཅན་ཐམས་ ཅད་ཀྱི་སྙིང་རྗེའི་བརླན་ཡང་དག་པར་བསྐྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་འདོད་པའི་དགའ་བ་དང་། སྲེད་པ་རྣམ་པར་ཟློག་པ་དང་། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་ལ་མོས་ ཤིང་བསྒྲུབ་པར་བགྱི་བ་དང་། སེམས་ཅན་ཐམས་ཅད་འཁོར་བའི་བས་མཐའ་དགོན་པ་ལས་ཡང་དག་པར་བཟླ་བ་དང་། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཡོན་ཏན་དང་ཆོས་ལ་དགའ་ཞིང་ མོས་པ་ཡང་དག་པར་བསྐྱེད་པ་དང་། སེམས་ཅན་ཐམས་ཅད་ཁམས་གསུམ་གྱི་གྲོང་རྡལ་ནས་གདོན་པ་དང་། སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ཕོ་བྲང་དུ་གཟུད་པ་དང་། སེམས་ཅན་ཐམས་ ཅད་ཀྱི་དོན་དུ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་ཀྱང་། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་ 76-1-185b མ་འཚལ་ཏེ། འཕགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་། རྗེས་སུ་བསྟན་པ་མཛད་དོ་ཞེས་བདག་གིས་ཐོས་ན། འཕགས་པ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་ སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ཐམས་ཅད་ཀྱི་རྟེན་དུ་འགྱུར་བ་བདག་ལ་བཤད་དུ་གསོལ། དེ་སྐད་ཅེས་སྨྲས་པ་དང་། ཁྱིམ་བདག་མཁས་པས་ཚོང་ དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དེ་ལྟར་ཁྱོད་ཀྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་སེམས་ཅན་གང་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་ཚོལ་བ་དང་། དགེ་བའི་བཤེས་གཉེན་བལྟ་བས་མྱི་ངོམས་པ་དང་། དགེ་བའི་བཤེས་གཉེན་གྱི་ དྲུང་དུ་འགྲོ་བས་མྱི་ངོམས་པ་དང་། དགེ་བའི་བཤེས་གཉེན་ལ་རིམ་གྲོ་བྱ་བས་སྒྱིད་ལུག་པ་མྱེད་པ་དང་། དགེ་བའི་བཤེས་གཉེན་བཙལ་བས་ཡིད་མྱི་བདེ་བ་མྱི་བསྐྱེད་པ་དང་། དགེ་བའི་བཤེས་ གཉེན་བཙལ་བ་ལས་ཕྱིར་མྱི་ལྡོག་པ་དང་། དགེ་བའི་བཤེས་གཉེན་ལ་མོས་ཤིང་དང་བའི་ཡིད་ལས་རྣམ་པར་མྱི་ལྡོག་པ་དང་། དགེ་བའི་བཤེས་གཉེན་གྱི་ངོར་བལྟ་བ་ལས་ཕྱིར་མྱི་ཟློག་པ་དང་། དགེ་བའི་ བཤེས་གཉེན་གྱི་གདམས་ངག་གི་ཚུལ་ལ་ཞུམ་པ་མྱེད་པ་དང་། དགེ་བའི་བཤེས་གཉེན་ལ་རིམ་གྲོ་དང་བསྙེན་བཀུར་བྱ་བས་མྱི་སྐྱོ་བ་དེ་ལྟ་བུ་ནི་ཤིན་ཏུ་དཀོན་ནོ། །རིགས་ཀྱི་བུ་ཁྱོད་ཀྱིས་ཁོ་བོའི་འཁོར་ འདི་དག་མཐོང་ངམ། སྨྲས་པ་འཕགས་པ་མཐོང་ངོ་། །སྨྲས་པ་རིགས་ཀྱི་བུ་འདི་དག་ཀུན་ཀྱང་ཁོ་བོས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ 76-1-186a ཏུ་སེམས་བསྐྱེད་པ་དག་སྟེ། འདི་དག་ནི་ཁོ་བོས་དེ་བཞིན་གཤེགས་པའི་རིགས་སུ་བསྐྱེད་པའོ། །འདི་དག་ནི་ཁོ་བོས་ཕ་རོལ་ཏུ་ཕྱིན་པས་བསྡུས་ཏེ་གསོས་པའོ། །འདི་དག་ནི་ཁོ་བོས་ཆོས་ དཀར་པོ་ཐམས་ཅད་ཀྱིས་བསྐྱེད་པའོ། །འདི་དག་ནི་ཁོ་བོས་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་རྣམ་པར་བསྐྱེད་པའོ། །འདི་དག་ནི་ཁོ་བོས་འཇིག་རྟེན་གྱི་རིགས་ལས་གྱེན་དུ་བསྐྱོད་པའོ། །འདི་དག་ནི་ཁོ་ བོས་དེ་བཞིན་གཤེགས་པའི་རིགས་ལ་བཀོད་པའོ། །འདི་དག་ནི་ཁོ་བོས་འཇིག་རྟེན་གྱི་ལམ་གྱི་འཁོར་ལོ་ལས་བཟློག་པའོ། །འདི་དག་ནི་ཁོ་བོས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་བཙུད་པའོ། །འདི་དག་ནི་ ཁོ་བོས་ངན་སོང་གསུམ་གྱི་རྒྱུད་དུ་ལྟུང་བ་ལས་ཡོངས་སུ་བཟུང་བའོ། །འདི་དག་ནི་ཁོ་བོས་ཆོས་ཉིད་ཁོང་དུ་ཆུད་པར་བྱ་བ་ལ་བསྐོད་པ་སྟེ། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ཐམས་ ཅད་ཀྱི་སྐྱབས་སུ་གྱུར་པ་ཡིན་ནོ། །རིགས་ཀྱི་བུ་ཁོ་བོས་ནི་ཡིད་ཀྱི་མཛོད་ནས་བྱུང་བའི་བསོད་ནམས་མང་པོ་ཐོབ་པ་སྟེ། དེའི་མཐུས་ཁོ་བོ་ནི་ཟས་འདོད་པ་རྣམས་ལ་ཟས་ཀྱི་སྦྱིན་པ་བྱེད་དེ། བཏུང་བ་འདོད་པ་ རྣམས་ལ་བཏུང་བ་དང་། རོའི་དམ་པ་འདོད་པ་རྣམས་ལ་རོའི་དམ་པ་དང་། བཟའ་བ་འདོད་པ་རྣམས་ལ་བཟའ་བ་དང་། བཅའ་བ་འདོད་པ་རྣམས་ལ་བཅའ་བ་དང་། བལྡག་པ་འདོད་པ་རྣམས་ལ་བལྡག་པ་དང་། མུར་པ་འདོད་པ་རྣམས་ལ་མུར་བ་དང་། གོས་འདོད་པ་རྣམས་ལ་གོས་དང་། མེ་ཏོག་འདོད་པ་རྣམས་ལ་མེ་ཏོག་དང་། ཕྲེང་བ་འདོད་པ་རྣམས་ལ་ཕྲེང་བ་དང་། སྤོས་འདོད་པ་རྣམས་ལ་སྤོས་དང་། བདུག་པ་ འདོད་པ་རྣམས་ལ་བདུག་པ་དང་། བྱུག་པ་འདོད་པ་རྣམས་ལ་བྱུག་པ་དང་། ཕྱེ་མ་འདོད་པ་རྣམས་ལ་ཕྱེ་མ་དང་། རྒྱན་དང་ལྷབ་ལྷུབ་འདོད་པ་རྣམས་ལ་རྒྱན་དང་ལྷབ་ལྷུབ་དང་། རིན་པོ་ཆེ་འདོད་པ་རྣམས་ལ་རིན་ 76-1-186b པོ་ཆེ་དང་། གསེར་འདོད་པ་རྣམས་ལ་གསེར་དང་། དངུལ་འདོད་པ་རྣམས་ལ་དངུལ་དང་། མུ་ཏིག་འདོད་པ་རྣམས་ལ་མུ་ཏིག་དང་། རྟེན་འདོད་པ་རྣམས་ལ་རྟེན་དང་། སྟན་འདོད་པ་རྣམས་ལ་སྟན་དང་། མལ་ཆ་འདོད་ པ་རྣམས་ལ་མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་འདོད་པ་རྣམས་ལ་ན་བའི་གསོས་སྨན་དང་ཡོ་བྱད་དང་། བཞོན་པ་འདོད་པ་རྣམས་ལ་བཞོན་པ་དང་། དགའ་བ་འདོད་པ་རྣམས་ལ་དགའ་བ་ དང་། གླང་པོ་དང་རྟ་དང་། ཤིང་རྟ་དང་། བ་ལང་དང་། བོང་བུ་དང་མ་ཧེ་དང་། ར་ལུག་འདོད་པ་རྣམས་ལ་གླང་པོ་དང་། རྟ་དང་ཤིང་རྟ་དང་བ་ལང་དང་། བོང་བུ་དང་མ་ཧེ་དང་། ར་ལུག་དང་། རྒྱལ་མཚན་དང་། གདུགས་དང་། བ་དན་འདོད་པ་རྣམས་ལ་རྒྱལ་མཚན་དང་། གདུགས་དང་བ་དན་དང་། བྲན་ཕོ་དང་བྲན་མོ་འདོད་པ་རྣམས་ལ་བྲན་ཕོ་དང་བྲན་མོ་དང་འཁོར་གྱི་བྱིས་པ་འདོད་པ་རྣམས་ལ་འཁོར་གྱི་བྱིས་པ་དང་། བུད་མེད་འདོད་ པ་རྣམས་ལ་བུད་མྱེད་དང་། བུ་མོ་གཞོན་ནུ་འདོད་པ་རྣམས་ལ་བུ་མོ་གཞོན་ནུ་དང་། ཅོད་པན་དང་གཙུག་གི་རིན་པོ་ཆེ་འདོད་པ་རྣམས་ལ་ཅོད་པན་དང་གཙུག་གི་རིན་པོ་ཆེ་དང་། ཐོར་དཔག་དང་བཅས་པའི་ གཙུག་གི་རིན་པོ་ཆེ་འདོད་པ་རྣམས་ལ་ཐོར་དཔག་དང་བཅས་པའི་གཙུག་གི་རིན་པོ་དང་། སྐྲ་མཐོན་ཏིང་དྲི་མ་མྱེད་པའི་དཀྱིལ་འཁོར་འདོད་པ་རྣམས་ལ་སྐྲ་མཐོན་ཏིང་དྲི་མ་མྱེད་པའི་དཀྱིལ་འཁོར་གྱི་སྦྱིན་པ་བྱེད་ པ་ནས། ཡོ་བྱད་སྣ་ཚོགས་ཐམས་ཅད་འདོད་པ་རྣམས་ལ་ཡང་ཡོ་བྱད་སྣ་ཚོགས་ཐམས་ཅད་ཀྱི་སྦྱིན་པ་བྱེད་དོ། །རིགས་ཀྱི་བུ་ཡུད་ཙམ་ཞིག་སྡོད་དང་། དེའུ་རེ་མངོན་གསུམ་དུ་མཐོང་བར་འགྱུར་རོ། ། དེ་སྐད་དུ་ཁྱིམ་བདག་མཁས་པས། ཚིག་དེ་བརྗོད་མ་ཐག་ཏུ་དེའི་མོད་ལ་སེམས་ཅན་གྲངས་མེད་པ་ཞིག་ཁྱིམ་བདག་མཁས་པའི་སྔོན་གྱི་སྨོན་ལམ་གྱིས་བོས་པས། ཕྱོགས་ཐ་ 76-1-187a དད་པ་དང་། ཡུལ་ཐ་དད་པ་དང་། གནས་ཐ་དད་པ་དང་། གྲོང་དང་། གྲོང་ཁྱེར་ཐ་དད་པ་དང་། གྲོང་རྡལ་ཐ་དད་པ་དང་། ཚོང་འདུས་ཐ་དད་པ་དང་། ལྗོངས་ཐ་དད་པ་དང་། འོར་གྱི་གྲོང་ཐ་དད་པ་དང་། ཁྱིམ་ ཐ་དད་པ་དང་། སེམས་ཅན་གྱི་རྒྱུད་ཐ་དད་པ་དང་། སེམས་ཅན་གྱི་རིས་ཐ་དད་པ་དང་། སེམས་ཅན་རྣམ་པ་མྱི་འཐུན་པ་ཐ་དད་པ་དང་། ལམ་གྱི་རྒྱུད་ཐ་དད་པ་དང་། གནས་ཀྱི་རྣམ་པ་དང་། མྱིང་དུ་བྱ་བ་ཐ་དད་པ་ པ་ནས། སེམས་ཅན་སྐྱེ་མཆེད་རྣམ་པ་ཐ་དད་པ་སྣ་ཚོགས་དང་ལྡན་པ། ཁ་ཟས་སྣ་ཚོགས་དོན་དུ་གཉེར་བ་ཁ་ཟས་སྣ་ཚོགས་འདོད་པ། བསམ་པ་ཐ་དད་པ་བཟའ་བ་དང་བཏུང་བ་དང་། གཙང་མ་འདོད་ པ་དང་། ཤ་འདོད་པ་དང་། ཁ་ཟས་རྣམ་པ་ཐ་དད་པ་སྣ་ཚོགས་དོན་དུ་གཉེར་བ། ལམ་གྱི་རྒྱུད་རྣམ་པ་སྣ་ཚོགས་ཀྱི་ཁྱད་པར་དུ་སྐྱེས་པའི་སྐྱེ་མཆེད་ལ་གནས་པ་འདི་ལྟ་སྟེ། མིའི་ནང་ནས་འབྲས་ཅན་དང་། སྲན་ཆན་དང་། ཁུར་བ་དང་། སྐྱོ་མ་དང་ཉ་དང་ཤ་ལ་སྩོགས་པ་ཁམ་གྱིས་བཟའ་བའི་ཟས་སྣ་ཚོགས་དོན་དུ་གཉེར་བ་དང་། མིའི་ནང་ནས་ཇི་ལྟ་བ་བཞིན་དུ་འགྲོ་བའི་རྒྱུད་ཐམས་ཅད་ན་རྣམ་པར་སྤྱོད་པ་དག་ ལས་ཀྱང་། ཁ་ཟས་དང་བཏུང་བ་སྣ་ཚོགས་དོན་དུ་གཉེར་བ་དག་དེ་ལྟར་བྱང་ཆུབ་སེམས་དཔའི་མཐུ་དང་། བྱང་ཆུབ་སེམས་དཔའི་སྦྱིན་པ་ཐོགས་པ་མྱེད་པར་གཏོང་བའི་རྔའི་སྒྲ་དང་། བྱང་ཆུབ་སེམས་དཔའི་སྔོན་གྱི་ སྨོན་ལམ་གྱིས་བོས་པས་ཀུན་ཀྱང་འོངས་པར་གྱུར་ཏེ། འོངས་ནས་ཀྱང་ཁྱིམ་བདག་མཁས་པ་ལ་སློངས་མོ་འདེབས་སོ། །གདོང་དུ་བལྟའོ། །སྡོད་དོ། །གསོལ་བ་འདེབས་སོ། །དེ་ནས་ཁྱིམ་བདག་མཁས་ པས་སློང་བ་དེ་དག་ཀུན་ནས་འདུས་པར་ཤེས་པས། ཡུད་ཙམ་དུ་བསམས་ཏེ་ནམ་མཁའ་ལ་བལྟས་པ་དང་། ནམ་མཁའི་དབྱིངས་ནས། ཁ་ཟས་དང་བཏུང་བ་རྣམ་པ་སྣ་ཚོགས་རོ་སྣ་ཚོགས་དང་ལྡན་པ། ཁ་དོག་ 76-1-187b སྣ་ཚོགས་དང་ལྡན་པ། དྲི་སྣ་ཚོགས་དང་ལྡན་པ་མང་པོ་འཐོན་ཏེ། ལག་མཐིལ་དུ་འོང་བར་གྱུར་ཏོ། །དེས་དེ་དག་ཡོངས་སུ་བླངས་ཤིང་དེ་ལྟར་ཀུན་ནས་འདུས་པའི་སློངས་མོ་བ་མོས་པ་སྣ་ཚོགས་དང་ལྡན་པ། དེ་དག་ཅི་འདོད་པའི་ཟས་དང་། བཏུང་བའི་རྣམ་པ་དང་། ཡོ་བྱད་ཀྱི་ཁྱད་པར་ཐམས་ཅད་ཀྱིས་ཡོངས་སུ་ཚིམ་པར་བྱས་སོ། །ཅི་འདོད་པ་ཡོངས་སུ་བྱིན་ནོ། །རབ་ཏུ་དགའ་བར་བྱས་སོ། །ཤིན་ཏུ་ཚིམ་པར་བྱས་ སོ། །དགའ་བ་ཤིན་ཏུ་སྐྱེ་བར་བྱས་སོ། །ཉམས་ཤིན་ཏུ་བདེ་བར་བྱས་སོ། །ཡིད་རབ་ཏུ་དགའ་བར་བྱས་སོ། །དེ་ལྟར་དེ་དག་ཤིན་ཏུ་ཚིམ་པར་བྱས་དེ་དེས་ཀྱང་མཆོག་སྟེ། དེའི་འོག་ཏུ་ཆོས་བསྟན་པ་ འདི་ལྟ་སྟེ། ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་བསྩགས་པའི་རྒྱུ་ཡོངས་སུ་བརྗོད་དེ་ཆོས་སྟོན་ཏོ། །ཕོངས་པ་ཐམས་ཅད་འབྱུང་བ་མི་སྲིད་པའི་རྒྱུ་ཡོངས་སུ་བརྗོད་པ་དང་། སྐྱིད་པ་ཆེན་པོ་ཡོངས་སུ་འགྲུབ་པར་འབྱུང་ བའི་རྒྱུ་ཡོངས་སུ་བརྗོད་པ་དང་། ཆོས་ཀྱི་ཡེ་ཤེས་ཀྱི་ཚུལ་ཐོབ་པ་འབྱུང་བའི་རྒྱུ་ཡོངས་སུ་བརྗོད་པ་དང་། བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བསྩགས་པའི་རྒྱུ་ཡོངས་སུ་བརྗོད་པ་དང་། དགའ་བ་བཟའི་ཟས་ རབ་ཏུ་འཐོབ་པ་འབྱུང་བའི་རྒྱུ་ཡོངས་སུ་བརྗོད་པ་དང་། མཚན་དང་དཔེ་བྱད་བཟང་པོས་ཤིན་ཏུ་བརྒྱན་པའི་ལུས་ཐོབ་པ་འབྱུང་བའི་རྒྱུ་ཡོངས་སུ་བརྗོད་པ་དང་། ཐུབ་པ་མྱེད་པའི་སྟོབས་རྣམ་པར་དག་པ་ཐོབ་པ་ འབྱུང་བའི་རྒྱུ་ཡོངས་སུ་བརྗོད་པ་དང་། བླ་ན་མྱེད་པའི་ཁ་ཟས་ཡོངས་སུ་ཤེས་པ་འཐོབ་པ་འབྱུང་བའི་རྒྱུ་ཡོངས་སུ་བརྗོད་པ་དང་། བདུད་ཀྱི་དཔུང་ཐམས་ཅད་རབ་ཏུ་འཇོམས་པའི་བསོད་ནམས་ཀྱི་སྟོབས་ མྱི་ཟད་པ་རབ་ཏུ་ཐོབ་པ་བྱུང་བའི་རྒྱུ་ཡོངས་སུ་བརྗོད་པ་བྱས་ཏེ་ཆོས་སྟོན་ཏོ། །དེས་ཁ་ཟས་དོན་དུ་གཉེར་ཅིང་འོངས་པ་རྣམས་ལ་ནམ་མཁའི་དབྱིངས་ནས་ཁ་ཟས་རྣམ་པ་སྣ་ཚོགས་བླངས་ཤིང་ཚིམ་པར་བྱས་ཏེ། 76-1-188a དེ་དག་ལ་ཚེ་དང་མདོག་དང་། སྟོབས་བདེ་བ་དང་། སྤོབས་པ་ཕུན་སུམ་ཚོགས་པ་ཐོབ་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །དེས་བཏུང་བ་དོན་དུ་གཉེར་ཅིང་འོངས་པ་རྣམས་ལ་བཏུང་བ་མང་པོ་ཞིམ་པ་ ཁ་ན་མ་ཐོ་བ་མེད་པ། ཡིད་ཤིན་ཏུ་དགའ་བར་བྱེད་པ་དག་གིས་ཚིམ་པར་བྱས་ནས། དེ་དག་ལ་འཁོར་བས་སྐོམ་ཞིང་འཁོར་བ་ལ་དགའ་བ་ལས་རྣམ་པར་བཟློག་པ་དང་། སངས་རྒྱས་ཀྱི་ཆོས་ལ་དགའ་ ཞིང་སངས་རྒྱས་ཀྱི་ཆོས་ལ་མོས་པ་ཡོངས་སུ་བསྐྱེད་པའི་ཕྱིར་ཆོས་བསྟན་ཏོ། །དེས་རོའི་མཆོག་དོན་དུ་གཉེར་ཅིང་འོངས་པ་རྣམས་ལ་རོའི་མཆོག་སྣ་ཚོགས་དངར་བ་དང་། སྐྱུར་བ་དང་ལན་ཚ་དང་ཚ་ བ་དང་། ཁ་བ་དང་བསྐ་བ་དང་། རྣམ་པ་ཐ་དད་པས་ཡོངས་སུ་ཚིམ་པར་བྱས་ཏེ། དེའི་འོག་དུ་སྐྱེས་བུ་ཆེན་པོའི་མཚན་རོ་བྲོ་བའི་མཆོག་ཐོབ་པར་བྱ་བའི་ཕྱིར་ཆོས་བསྟན་ཏོ། །དེས་བཞོན་པ་དོན་དུ་ གཉེར་ཅིང་ཕྱོགས་ཀྱི་རྒྱུད་སྣ་ཚོགས་ནས་འོངས་པ་རྣམས་ལ་བཞོན་པ་སྣ་ཚོགས་ཀྱི་སྦྱིན་པས་ཡོངས་སུ་བསྡུད་དེ། དེ་དག་ཐེག་པ་ཆེན་པོ་ལ་གནས་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །དེས་གོས་དོན་དུ་ གཉེར་ཅིང་ཕྱོགས་སྣ་ཚོགས་ནས་འོངས་པ་ཀུན་ནས་འདུས་པར་ཤེས་ནས། ཡུད་ཙམ་དུ་བསམས་ཏེ། ནམ་མཁའི་དབྱིངས་ལ་བལྟས་པ་དང་། ནམ་མཁའི་དབྱིངས་ལས་གོས་སྣ་ཚོགས་སྔོན་པོ་དང་སེར་ པོ་དང་། དམར་པོ་དང་དཀར་པོ་དང་། ལེབ་རྒན་དང་། ཤེལ་གྱི་ཁ་དོག་དུ་འདུག་པ་ཁ་དོག་སྣ་ཚོགས་ཅན་ཁ་དོག་དུ་མར་རྣམ་པར་དག་པ་དག་འཐོན་ཅིང་ལག་པའི་མཐིལ་དུ་འོངས་པས། དེས་དེ་དག་གིས་སློངས་ མོ་བ་དེ་དག་ལ་ཡོངས་སུ་བསྡུད་ནས། དེ་བཞིན་གཤེགས་པའི་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་བླ་ན་མྱེད་པ་དང་། མདོག་གསེར་གྱི་ཁ་དོག་ལྟ་བུ་ཐོབ་པར་འགྱུར་བ་རྣམ་པར་དག་པར་བྱ་བའི་ཕྱིར་ཆོས་བསྟན་ཏོ། ། 76-1-188b དེ་བཞིན་དུ་ཡོ་བྱད་སྣ་ཚོགས་ཐམས་ཅད་ཀྱིས་ཇི་ལྟར་འོངས་པའི་སློངས་མོ་བ་རྣམས་ལ་བསྡུད་པ་བྱས་ནས། ཅི་རིགས་སུ་ཆོས་བསྟན་ཏོ། །དེ་ལྟར་ཁྱིམ་བདག་མཁས་པས་བྱང་ཆུབ་སེམས་དཔའི་རྣམ་ པར་ཐར་པ་བསམ་གྱིས་མྱི་ཁྱབ་པའི་ཡུལ་བསྟན་པ་བྱས་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁོ་བོས་ནི་ཡིད་ཀྱི་མཛོད་ནས་བྱུང་བའི་བསོད་ནམས་ཀྱི་རྣམ་པར་ ཐར་པ་འདི་ཤེས་པར་ཟད་ན། ཁོ་བོས་བྱང་ཆུབ་སེམས་དཔའི་ཡོ་བྱད་ལ་དབང་ཐོབ་པ་རིན་པོ་ཆེའི་ལག་པ་ཐོབ་པར་གྱུར་པ། འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ལག་པས་ཡོངས་སུ་ཁེབས་པར་ བྱས་ཤིང་། སངས་རྒྱས་ཀྱི་མཆོད་པ་སྣ་ཚོགས་བསྒྲུབ་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་རིན་པོ་ཆེ་ཁ་དོག་སྣ་ཚོགས་ཀྱི་སྤྲིན་གྱི་ཆར་རབ་ཏུ་འབེབས་པ་དེ་བཞིན་དུ་རྒྱན་ ཁ་དོག་སྣ་ཚོགས་ཀྱི་སྤྲིན་དང་། ཅོད་པན་ཁ་དོག་སྣ་ཚོགས་ཀྱི་སྤྲིན་དང་། ཁང་པ་བརྩེགས་པ་ཁ་དོག་སྣ་ཚོགས་ཀྱི་སྤྲིན་དང་། ན་བཟའ་ཁ་དོག་སྣ་ཚོགས་ཀྱི་སྤྲིན་དང་། ལྷ་རྫས་ལས་རོལ་མོ་བརྡུང་བ་དང་ དཀྲོལ་བ་དང་། གླུ་ཡིད་དུ་འོང་བའི་དབྱངས་སྙན་པ་སྣ་ཚོགས་ཀྱི་སྤྲིན་དང་། མེ་ཏོག་ཁ་དོག་སྣ་ཚོགས་ཀྱི་སྤྲིན་དང་། སྤོས་ཁ་དོག་སྣ་ཚོགས་ཀྱི་སྤྲིན་དང་། བདུག་སྤོས་དང་ཕྲེང་བ་དང་བྱུག་པ་དང་། ཕྱེ་མ་དང་ཆོས་ གོས་དང་། གདུགས་དང་རྒྱལ་མཚན་དང་། བ་དན་ཁ་དོག་སྣ་ཚོགས་དང་། རྣམ་པ་ཐམས་ཅད་དུ་སངས་རྒྱས་ཐམས་ཅད་མཆོད་པའི་སྤྲིན་དང་། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་ཐམས་ ཅད་དང་། སེམས་ཅན་ཐམས་ཅད་ཀྱི་གནས་སུ་སངས་རྒྱས་ཐམས་ཅད་མཆོད་ཅིང་བསྙེན་བཀུར་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བ་དང་། གདུལ་བར་བྱ་བའི་ཕྱིར་ཡོ་བྱད་ཐམས་ 76-1-189a ཅད་ཀྱི་ཆར་འབེབས་པ་དེ་དག་གི་སྤྱོད་པ་ཤེས་པ་འམ། ཡོན་ཏན་བརྗོད་པ་འམ། རྣམ་པར་འཕྲུལ་པ་བསྟན་པ་ནུས་རེ་སྐན། སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན་གྲོང་ཁྱེར་ སེང་གེའི་གཟུགས་ཤེས་བྱ་བ་ཡོད་དེ། དེ་ན་ཆོས་ཀྱི་ཚོང་དཔོན་རིན་ཆེན་གཙུག་ཕུད་ཅེས་བྱ་བ་འདུག་གིས། དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་ པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་དགའ་རངས་ཏེ། མགུ་ཞིང་ཉམས་བདེ་ལ་ཚིམ་ཞིང་ཡིད་བདེ་བ་སྐྱེས་ནས་ཁྱིམ་བདག་མཁས་པ་ལ་ཆོས་ཀྱི་རིམ་ གྲོས་སློབ་མའི་ཚུལ་བསྟན་ཏེ། དེའི་བྱིན་གྱི་རླབས་ཀྱིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པར་འགྱུར་བར་ཡོངས་སུ་བལྟ་ཞིང་། ཐམས་ཅད་མཁྱེན་པ་ཉིད་ཀྱང་དེ་ལ་རག་ལུས་པར་བལྟ་བ་དང་། དགེ་བའི་བཤེས་གཉེན་དབེན་པར་སེམས་པ་རྒྱུན་མྱི་འཆད་པར་བསྟན་པ་དང་། དགེ་བའི་བཤེས་གཉེན་གྱི་བཀའ་ཤིན་ཏུ་ཉན་པའི་སེམས་དང་ལྡན་པར་བསྟན་པ་དང་། དགེ་བའི་བཤེས་གཉེན་གྱི་ དབང་དུ་འགྱུར་བའི་རྗེས་སུ་འབྲང་བར་བྱ་བ་དང་། དགེ་བའི་བཤེས་གཉེན་གྱི་གདམས་ངག་དང་། ཚིག་མཉན་པར་བྱ་བ་དང་། དགེ་བའི་བཤེས་གཉེན་ལས་བྱུང་བའི་དད་པའི་དབང་པོ་ལ་བསམ་པ་ བྱེད་ཅིང་། དགེ་བའི་བཤེས་གཉེན་གྱིས་གཏམས་ཏེ་བཏང་བས། དགེ་བའི་བཤེས་གཉེན་བསྙེན་ཅིང་བཀུར་བ་དང་། རྗེས་སུ་འབྲང་བར་བྱ་བའི་སེམས་ཀྱིས། ཁྱིམ་བདག་མཁས་པའི་རྐང་པ་ གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཁྱིམ་བདག་མཁས་པ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། ཡང་དང་ཡང་བལྟས་ཏེ། ཁྱིམ་བདག་མཁས་པའི་དྲུང་ནས་ 76-1-189b སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱི་བསོད་ནམས་ཀྱི་ཆུ་བོ་དེ་ལ་ནི་ཡིད་ཆེས་པར་སེམས། བསོད་ནམས་ཀྱི་ཞིང་དེ་ལ་ནི་ཡང་དག་པར་བལྟ། བསོད་ནམས་ཀྱི་རི་བོ་དེ་ནི་ཡོངས་སུ་སྦྱོང་། བསོད་ནམས་ཀྱི་མུ་སྟེགས་དེ་ལ་ནི་ཡང་དག་པར་འཛེག །བསོད་ནམས་ཀྱི་མཛོད་དེ་ནི་རྣམ་པར་འབྱེད། བསོད་ནམས་ཀྱི་གཏེར་དེ་ལ་ནི་ཤིན་ཏུ་ལྟ། བསོད་ནམས་ཀྱི་དཀྱིལ་འཁོར་དེ་ནི་ཡོངས་སུ་ སྤྱོད། བསོད་ནམས་ཀྱི་ཕུང་པོ་དེ་ནི་ཡང་དག་པར་ལེན། བསོད་ནམས་ཀྱི་སྟོབས་དེ་ནི་ཡོངས་སུ་བསྐྱེད། བསོད་ནམས་ཀྱི་ཤུགས་དེ་ནི་རྣམ་པར་འཕེལ་བར་བྱེད་ཅིང་། མཐར་གྱིས་གྲོང་ཁྱེར་སེང་ གེའི་གཟུགས་གང་ན་བ་དེར་ཕྱིན་ཏེ། ཆོས་ཀྱི་ཚོང་དཔོན་རིན་ཆེན་གཙུག་ཕུད་ཡོངས་སུ་ཚོལ་ཚོལ་བ་ལས། ཚོང་འདུས་ཀྱི་སྲང་ཞིག་ན་འདུག་པ་མཐོང་ནས། དེས་དེའི་རྐང་པ་གཉིས་ལ་སྤྱི་བོས་ ཕྱག་འཚལ་ཏེ། གཡས་ཕྱོགས་སུ་བསྐོར་བ་བྱས་ནས། མདུན་དུ་འདུག་སྟེ་ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་གིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་ བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་མ་འཚལ་ན། འཕགས་པ་ལམ་གང་གིས་བདག་ཐམས་ཅད་ མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་བ་དེ་ལྟ་བུའི་བྱང་ཆུབ་སེམས་དཔའི་ལམ་གྱི་མན་ངག་ལེགས་པར་མྱི་བསྩལ་ཏམ། དེ་ནས་ཆོས་ཀྱི་ཚོང་དཔོན་རིན་ཆེན་གཙུག་ཕུད་ཀྱིས་ཚོང་དཔོན་གྱི་བུ་ནོར་བཟངས་ ཀྱི་ལག་པ་ནས་བཟུང་སྟེ། རང་གི་ཁྱིམ་གང་ན་བ་དེར་ཁྲིད་དེ་ཁྱིམ་དེ་བསྟན་ནས་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁོ་བོའི་ཁྱིམ་ལ་ལྟོས་ཤིག་ཅེས་ནས། དེས་བལྟས་ན་ 76-1-190a ཁྱིམ་དེ་དག་ཅིང་འོད་གསལ་ལ་འཛམ་བུ་ཆུ་ཀླུང་གི་གསེར་ལས་བྱས་པ་སྟེ། ཡངས་ཤིང་མཐོ་ལ་དངུལ་གྱི་ར་བས་བསྐོར་བ། ཤེལ་གྱི་རྩིག་པས་ཤིན་ཏུ་ལེགས་པར་བརྩིགས་ ཏེ། མཛེས་པར་བྱས་པ་བཻ་ཌཱུརྱའི་ཕུང་པོ་བརྒྱ་ཕྲག་སྟོང་གིས་རབ་ཏུ་བརྒྱན་པ། མུ་ས་ར་གལ་པའི་ཀ་བ་བཀྱེ་བ། མུ་ཏིག་དམར་པོ་ལས་བྱས་པའི་སེང་གེའི་ཁྲི་ཤིན་ཏུ་བཤམས་པ། ནོར་བུ་རིན་པོ་ཆེ་རང་བཞིན་སྣང་བའི་སེང་གེའི་རྒྱལ་མཚན་སྒྲེང་བ། ནོར་བུ་རིན་པོ་ཆེ་རྣམ་པར་སྣང་བའི་བླ་རེ་བྲེས་པ། གསེར་གྱི་དྲ་བ་ཡིད་བཞིན་གྱི་ནོར་བུས་བརྒྱན་པས་ཀུན་ནས་གཡོག་པ། ནོར་བུ་རིན་པོ་ཆེ་སྣ་ཚོགས་གྲངས་མྱེད་པས་རབ་ཏུ་བརྒྱན་པ། ཨ་སྨར་གར་བ་ལས་བརྩིགས་པའི་རྫིང་བུ་ཆུ་བསིལ་བས་གང་བ་དང་ལྡན་པ། རིན་པོ་ཆེ་ཐམས་ཅད་ཀྱི་ཤིང་གིས་བསྐོར་བ། རྒྱ་ཆེ་ཞིང་ཡངས་པ་རིམ་པ་བཅུར་བརྩེགས་པ། ཤིན་ཏུ་མཐོ་བ། སྒོ་བརྒྱད་དང་ལྡན་པར་འདུག་པ་མཐོང་ནས། དེས་ཁྱིམ་དེའི་ནང་དུ་ཕྱིན་ཏེ། ཀུན་ཏུ་བལྟས་ན་རིམ་ཁང་ཐ་མའི་ནང་ན་ བཟའ་བ་དང་བཏུང་བའི་རྣམ་པ་ཡོངསུ་གཏོང་བ་མཐོང་ངོ་། །རིམ་ཁང་གཉིས་པའི་ནང་ན་གོས་ཀྱི་རྣམ་པ་ཐམས་ཅད་ཡོངས་སུ་གཏོང་བ་མཐོང་ངོ་། །རིམ་ཁང་གསུམ་པའི་ནང་ན་རིན་པོ་ཆེ་ཐམས་ཅད་ ཀྱི་རྒྱན་དང་། ལྷབ་ལྷུབ་ཡོངས་སུ་གཏོང་བ་མཐོང་ངོ་། །རིམ་ཁང་བཞི་པའི་ནང་ན་བཙུན་མོའི་འཁོར་དགའ་བའི་ཡོ་བྱད་དུ་བྱ་བ་བུད་མེད་རིན་པོ་ཆེ་ས་ཆེན་པོའི་སྟེང་ན་བཟུང་དུ་བྱ་བ་ཡོངས་སུ་ གཏོང་བ་མཐོང་ངོ་། །རིམ་ཁང་ལྔ་པའི་ནང་ནས་ས་ལྔ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆོས་ཡང་དག་པར་འགྲོ་བའི་དགའ་བ་ལ་མོས་པ། འཇིག་རྟེན་ལ་ཕན་པ་དང་། 76-1-190b བདེ་བའི་སེམས་ཀྱི་སྤྱོད་པ་དང་ལྡན་པ། གཙུག་ལག་ཐམས་ཅད་མངོན་པར་བསྒྲུབ་པ་གཟུངས་ཀྱི་ཚུལ་དང་། ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་། ཏིང་ངེ་འཛིན་ལ་རྣམ་པར་ལྡང་བ་དང་། ཏིང་ངེ་འཛིན་ལ་ རྣམ་པར་སྤྱོད་པ་དང་། ཡེ་ཤེས་ཀྱི་སྣང་བ་མངོན་པར་བསྒྲུབ་པ་འདུས་ཤིང་འཁོད་པར་མཐོང་ངོ་། །རིམ་ཁང་དྲུག་པའི་ནང་ན་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་སྤྱོད་པ་ རབ་ཏུ་ཐོབ་པ་ཤེས་རབ་ཤིན་ཏུ་ཟབ་པ། རབ་ཏུ་ཞི་བའི་ཆོས་ཐམས་ཅད་མངོན་པར་ཤེས་པའི་ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། སྙིང་པོ་མང་པོས་སྒོ་ཀུན་ནས་བྱུང་བ། བསྒྲིབ་པ་མྱེད་པའི་ སྤྱོད་ཡུལ་ཅན་མྱི་གཉིས་པ་ལ་ཡང་དག་པར་སྤྱོད་པ། ཆོས་ཡང་དག་པར་འགྲོ་བ་ལ་རྣམ་པར་འཕྲུལ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུད་ཀྱི་རྗེས་སུ་འབྲང་ཞིང་རྣམ་པར་དབྱེ་བ་དང་། རབ་ཏུ་གསལ་བར་བྱེད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་མང་པོ་ཡང་དག་པར་འགྲོ་བར་བྱེད་པ་རྣམས་ཀུན་ནས་འདུས་ཤིང་འཁོད་པ་མཐོང་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ སྒོ་ཞི་བའི་སྙིང་པོ་ཞེས་བྱ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་འགྲོ་བ་ཐམས་ཅད་དུ་ཡེ་ཤེས་རྣམ་པར་ཕྱེ་བ་ཞེས་བྱ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་མྱི་གཡོ་ བའི་གློང་ཞེས་བྱ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་རྡུལ་དང་བྲལ་བའི་འོད་ཅེས་བྱ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ཐུབ་པར་དཀའ་བ་ཞེས་བྱ་བ་དང་། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་འགྲོ་བ་ཐམས་ཅད་མོས་པར་བྱེད་ཅིང་རྗེས་སུ་འབྲང་བའི་དཀྱིལ་འཁོར་ཞེས་བྱ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ཕྱི་བཞིན་འབྲང་བའི་དཀྱིལ་འཁོར་ཞེས་ 76-1-191a བྱ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་རྒྱ་མཚོ་སྙིང་པོ་ཞེས་བྱ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ཀུན་ནས་ལྟ་བའི་བཏང་སྙོམ་ཐོབ་པ་ཞེས་པ་དང་། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་མི་ཟད་པའི་མཛོད་དང་ལྡན་པ་ཞེས་བྱ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ཆོས་ཐམས་ཅད་ཀྱི་ཚུལ་རྒྱ་མཚོ་ཞེས་བྱ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པའི་སྒོ་འགྲོ་བ་ཐམས་ཅད་ཀྱི་རྒྱ་མཚོ་རྗེས་སུ་སོང་བ་ཞེས་བྱ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ཐོགས་པ་མྱེད་པའི་སྤོབས་པ་ཞེས་བྱ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ སྒོ་ཆོས་ཀྱི་སྤྲིན་ལ་དམྱིགས་པས་རིམ་པས་མྱི་དམྱིགས་པའི་གནས་ཤེས་བྱ་བ་དང་། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་དེ་དག་ལ་སྩོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བའི་སྒོ་ གྲངས་མྱེད་པ་བརྒྱ་སྟོང་ཕྲག་བཅུ་ཚང་བར་ཡང་དག་པར་འགྲོ་བ་བྱེད་ཅིང་། རྒྱན་བརྗོད་དུ་མྱེད་པ་ཤིན་ཏུ་རྣམ་པར་ཕྱེ་བའི་འཁོར་གྱི་དཀྱིལ་འཁོར་ན་འཁོད་པ་མཐོང་བར་གྱུར་ཏོ། །རིམ་ཁང་ བདུན་པའི་ནང་ན་བྱང་ཆུབ་སེམས་དཔའ་སྒྲ་བརྙན་ལྟ་བུའི་བཟོད་པ་རབ་ཏུ་ཐོབ་པ་ཐབས་དང་ཡེ་ཤེས་རྣམ་པར་གདོན་མི་ཟ་བ་ལ་ཤིན་ཏུ་བྱུང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ ཀྱི་སྤྲིན་ཡང་དག་པར་འཛིན་པ་ཤ་སྟག་འདུས་ཤིང་འཁོད་པ་མཐོང་ངོ་། །རིམ་ཁང་བརྒྱད་པའི་ནང་ན་བྱང་ཆུབ་སེམས་དཔའ་མཉམ་པར་འགྲོ་བའི་མངོན་པར་ཤེས་པ་རབ་ཏུ་ཐོབ་པ། འཇིག་རྟེན་ གྱི་ཁམས་ཐམས་ཅད་དུ་རྣམ་པར་རྒྱུ་བ། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་གཟུག་བརྙན་རབ་ཏུ་འབྱུང་བ། ཆོས་ཀྱི་དབྱིངས་ཐམས་ཅད་དུ་ལུས་ཤིན་ཏུ་རྣམ་པར་ཕྱེ་བ། དེ་བཞིན་གཤེགས་ 76-1-191b པ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་ནས་གུད་དུ་མི་འཕགས་པའི་ཡུལ་དང་ལྡན་པ། སངས་རྒྱས་ཐམས་ཅད་ཀྱི་ས་ལ་ཡང་དག་པར་གཞོལ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ དུ་སྔོན་དུ་བརྗོད་པའི་གཏམ་གྱི་སྐྱེས་བུར་གྱུར་པ་ཤ་སྟག་ཀུན་ནས་འདུས་ཤིང་འཁོད་པ་མཐོང་ངོ་། །རིམ་ཁང་དགུ་པའི་ནང་ན་བྱང་ཆུབ་སེམས་དཔའ་ཚེ་གཅིག་གིས་ཐོགས་པ་ཤ་སྟག་འདུས་ ཤིང་འཁོད་པ་མཐོང་ངོ་། །རིམ་ཁང་བཅུ་པའི་ནང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཐོག་མ་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དང་། སྤྱོད་པ་དང་། འབྱུང་བ་དང་། སྨོན་ལམ་རྒྱ་མཚོ་དང་། སངས་རྒྱས་ཀྱི་ རྣམ་པར་འཕྲུལ་པའི་ཡུལ་དང་། སངས་རྒྱས་ཀྱི་ཞིང་དང་། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་བཅས་པ་དང་། ཆོས་ཀྱི་འཁོར་ལོ་རབ་ཏུ་སྒྲོག་པ་དང་བཅས་པ་དང་། སེམས་ཅན་འདུལ་བར་ མཛད་པའི་བྱིན་ཀྱིས་རླབས་དང་བཅས་པར་མཐོང་ངོ་། །མཐོང་ནས་ཀྱང་ཆོས་ཀྱི་ཚོང་དཔོན་རིན་ཆེན་གཙུག་ཕུད་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་ཁྱོད་ལ་འདི་ལྟ་བུའི་ཕུན་སུམ་ཚོགས་ པ་མངའ་ན། ཕུན་སུམ་ཚོགས་པའི་རྣམ་པ་དེ་ཇི་ལྟ་བ་ཞིག་དུ་སྦྱང་བ། མཛོད་དགེ་བའི་རྩ་བ་ནི་སུ་ཞིག་ལ་ཡོངས་སུ་བསྐྱེད་བསྐྱེད། དེས་སྨྲས་པ། རིགས་ཀྱི་བུ་ཁོ་བོས་དྲན་ཏེ། འདས་པའི་ དུས་ཀྱི་བསྐལ་པ་སངྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འདས་པའི་ཡང་ཕ་རོལ་གཅིག་ན། འཇིག་རྟེན་གྱི་ཁམས་འཁོར་ལོ་སྣ་ཚོགས་ཤེས་བྱ་བར། དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས་ འོད་གཟེར་མཐའ་ཡས་པས་ཡོངས་སུ་བརྒྱན་པའི་ཆོས་ཀྱི་རྒྱལ་པོ་ཞེས་བྱ་བ་མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མྱེད་པ། 76-1-192a སྐྱེས་བུ་འདུལ་བ། ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་དེ་ཡེ་ཤེས་རྣམ་པར་སྣང་བ་ལ་ སྩོགས་པ་ཉན་ཐོས་བྱེ་བ་ཕྲག་བརྒྱ་དང་། ཡེ་ཤེས་ཉི་མའི་གཟི་བརྗིད་ལ་སྩོགས་པ། བྱང་ཆུབ་སེམས་དཔའ་བྱེ་བ་བརྒྱ་ཕྲག་སྟོང་དང་། ཐབས་གཅིག་དུ་རྒྱལ་པོ་ཆོས་ཀྱི་དབང་ཕྱུག་རྒྱལ་ པོས་སྤྱན་དྲངས་ནས། བཟའ་ཤིང་གི་ར་བ་ཆེན་པོ་རིན་པོ་རིན་ཆེན་རྒྱལ་མཚན་རྒྱན་ཀྱིས་མཛེས་པ་ཞེས་བྱ་བར་གཤེགས་ཏེ། དེ་བཞིན་གཤེགས་པ་དེ་གྲོང་ཁྱེར་དུ་གཤེགས་ནས། ཚོང་འདུས་ ཀྱི་སྲང་ནས་ཚུར་བཞུད་པའི་ཚེ། ཁོ་བོས་དེ་བཞིན་གཤེགས་པ་དེ་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་མཆོད་པ་བྱ་བའི་ཕྱིར། སིལ་སྙན་དང་ རོལ་མོའི་སྒྲ་ཞིག་ཀྱང་ཕྱུང་། སྤོས་ཀྱི་རི་ལུ་ཞིག་ཀྱང་བསྲེགས་ཏེ། བདུག་སྤོས་ཀྱིས་བསངས་སོ། །སྤོས་ཀྱི་རི་ལུ་གཅིག་པོ་དེ། དེ་ལྟར་བསྲེགས་པས་ཞག་བདུན་དུ་འཛམ་བུའི་གླིང་ ཐམས་ཅད་ཀྱང་སྤོས་ཀྱི་ན་བུན་གྱི་སྤྲིན་ཁ་དོག་སྣ་ཚོགས་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་ལུས་དང་འདྲ་བས་ཡོངས་སུ་ཁེབས་པར་གྱུར་ཏེ། སྤོས་ཀྱི་ན་བུན་གྱི་སྤྲིན་དེ་དག་ ལས་ཀྱང་སྒྲ་འདི་སྐད་དུ་བརྗོད་དེ། དེ་བཞིན་གཤེགས་པ་ནི་བསམ་གྱིས་མྱི་ཁྱབ་སྟེ། དུས་གསུམ་དུ་དྲི་མ་མྱེད་པའི་ཡེ་ཤེས་ཀྱི་ཕུང་པོ་དང་ལྡན་པའོ། །ཐམས་ཅད་མཁྱེན་པ་སྟེ། སྒྲིབ་པ་ཐམས་ཅད་མྱི་མངའ་བའོ། །ཉོན་མོངས་པའི་བག་ཆགས་ཐམས་ཅད་ཡོངས་སུ་བྱང་བ་སྟེ། དེ་བཞིན་གཤེགས་པ་ལ་ཡོན་ཕུལ་བ་ཐམས་ཅད་མཁྱེན་པའི་ 76-1-192b དོན་ཆེན་པོ་ཚད་མྱེད་པ་བསྒྲུབ་པར་འགྱུར་རོ། །ཐམས་ཅད་མཁྱེན་པ་ཉིད་དུ་ཡང་དག་པར་གཞོལ་བར་འགྱུར་རོ་ཞེས། དེ་སྐད་དུ་ཁོ་བོའི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱ་བ་དང་། སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་ལས་ཤུགས་ཡང་དག་པར་བསྐྱེད་པའི་ཕྱིར། སྤོས་ཀྱི་ན་བུན་གྱི་སྤྲིན་དེ་ལས། སངས་རྒྱས་ཀྱི་བྱིན་གྱིས་རླབས་ཀྱིས་སྒྲའི་རྣམ་པ་དེ་ལྟ་བུ་བྱུང་ངོ་། ། རིགས་ཀྱི་བུ་དེ་ལྟར་དེ་བཞིན་གཤེགས་པའི་བྱིན་གྱིས་རླབས་ཀྱིས། བསྟན་པའི་ཆོ་འཕྲུལ་གྱི་དགེ་བའི་རྩ་བ་དེ་ཡང་ཁོ་བོས་གནས་གསུམ་དུ་ཡོངས་སུ་བསྔོས་ཏེ། གསུམ་གང་ཞེ་ན། འདི་ལྟར་ཕོངས་པ་ཐམས་ཅད་ཤིན་ཏུ་རྒྱུན་གཅད་པ་དང་། དམ་པའི་ཆོས་མཉན་པ་དང་མྱི་འབྲལ་བ་དང་། དགེ་བའི་བཤེས་གཉེན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཐོང་བ། ཡོངས་སུ་རྫོགས་པར་འགྱུར་བར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །རིགས་ཀྱི་བུ་ཁོ་བོས་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྨོན་ལམ་གྱི་དཀྱིལ་འཁོར་ཐོགས་པ་མྱེད་པའི་རྒྱན་ཅེས་ བྱ་བ་འདི་ཤེས་པར་ཟད་ན། ཁོ་བོས་བྱང་ཆུབ་སེམས་དཔའ་ཡོན་ཏན་རིན་པོ་ཆེ་ཚད་མྱེད་པའི་འབྱུང་གནས་སུ་གྱུར་པ། སངས་རྒྱས་ཀྱི་སྐུ་རྒྱ་མཚོ་དང་། ཐ་མྱི་དད་པ་ལ་ཞུགས་པ། ཐ་མྱི་དད་པའི་ཆོས་ ཀྱི་སྤྲིན་གྱི་ཆར་ཡང་དག་པར་འཛིན་པ། ཐ་མྱི་དད་པའི་ཡོན་ཏན་རྒྱ་མཚོ་ལ་ཞུགས་པ། ཀུན་ཏུ་བཟངས་པོའི་སྤྱོད་པའི་དྲ་བ་རྣམ་པར་རྒྱས་པར་གྱུར་པ། ཏིང་ངེ་འཛིན་ཐ་མྱི་དད་པའི་ཡུལ་ལ་ཞུགས་པ་ བྱང་ཆུབ་སེམས་དཔའ་ཐམས་ཅད་ཐ་མྱི་དད་པའི་དགེ་བའི་རྩ་བའི་རྒྱུན་གཅིག་ཏུ་གྱུར་པ། དེ་བཞིན་གཤེགས་པ་ཐམས་ཅད་དང་ཐ་མྱི་དད་ཅིང་རྣམ་པར་མྱི་རྟོག་པར་སྤྱོད་པ། དུས་གསུམ་ཐ་མྱི་དད་པས་ 76-1-193a མཉམ་པ་ཉིད་ལ་ཞུགས་པ། བསྐལ་པ་ཐམས་ཅད་ཐ་མྱི་དད་པར་ཡོངས་སུ་གནས་པར་མྱི་སྐྱོ་བ། ཀུན་ཏུ་ལྟ་བ་ཐ་མྱི་དད་པའི་ཡུལ་གྱི་ས་ལ་གནས་པ་དེ་དག་གི་སྤྱོད་པ་ཤེས་པ་འམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། །སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན་ཡུལ་སྤའི་རྩ་བ་ཞེས་བྱ་བ་ཡོད་དེ། དེའི་གྲོང་ཁྱེར་ཀུན་ནས་སྒོ་ཞེས་བྱ་བ་ན། ཚོང་དཔོན་སྤོས་འཚོང་ཀུན་ཏུ་ ལྟ་བ་ཞེས་བྱ་བ་འདུག་གིས། དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ ནོར་བཟངས་ཀྱིས་ཆོས་ཀྱི་ཚོང་དཔོན་རིན་ཆེན་གཙུག་ཕུད་ཀྱི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཆོས་ཀྱི་ཚོང་དཔོན་རིན་ཆེན་གཙུག་ཕུད་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་ བ་བྱས་ནས་ཡང་དང་ཡང་བལྟས་ཏེ། ཆོས་ཀྱི་ཚོང་དཔོན་རིན་ཆེན་གཙུག་ཕུད་ཀྱི་དྲུང་ནས་སོང་ངོ་།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བཅུ་བཞི་པ། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་སངས་རྒྱས་མཐའ་ཡས་པ་མཐོང་བ་ལ་ཞུགས་པ། བྱང་ཆུབ་སེམས་དཔའ་མཐའ་ཡས་པ་དང་འགྲོགས་པ་རབ་ཏུ་ཐོབ་པ། བྱང་ཆུབ་སེམས་དཔའི་ལམ་མཐའ་ ཡས་པའི་ཚུལ་གྱིས་སྣང་བར་གྱུར་པ། ཆོས་ཀྱི་ཚུལ་མཐའ་ཡས་པས་མངོན་པར་བརླན་པས་ཤིན་ཏུ་རྟོགས་པའི་སེམས་དང་ལྡན་པ། བྱང་ཆུབ་སེམས་དཔའི་མོས་པ་མཐའ་ཡས་པའི་ལམ་ གྱིས་རྣམ་པར་དག་པ། བྱང་ཆུབ་སེམས་དཔའི་དབང་པོའི་མཐའ་ཡས་པའི་སྣང་བ་རབ་ཏུ་ཐོབ་པ། བྱང་ཆུབ་སེམས་དཔའི་བསམ་པ་མཐའ་ཡས་པའི་སྟོབས་ལ་གནས་པ། བྱང་ཆུབ་སེམས་དཔའི་ 76-1-193b སྤྱོད་པ་མཐའ་ཡས་པའི་རྗེས་སུ་སོང་བའི་སེམས་དང་ལྡན་པ། བྱང་ཆུབ་སེམས་དཔའི་སྨོན་ལམ་མཐའ་ཡས་པའི་སྟོབས་ཡོངས་སུ་སྐྱེས་པ། བྱང་ཆུབ་སེམས་དཔའ་གཞན་གྱིས་ཐུབ་པ་མྱེད་ པའི་མཐའ་ཡས་པའི་རྒྱལ་མཚན་ཅན། བྱང་ཆུབ་སེམས་དཔའི་ཡེ་ཤེས་སྣང་བ་མཐའ་ཡས་པའི་རྒྱུད་དང་ལྡན་པ། བྱང་ཆུབ་སེམས་དཔའི་ཆོས་མཐའ་ཡས་པའི་སྣང་བ་རབ་ཏུ་ཐོབ་པ་དེ་མཐར་ གྱིས་ཡུལ་སྤའི་རྩ་བ་གང་ན་བ་དེར་ཕྱིན་ནས། གྲོང་ཁྱེར་ཀུན་ནས་སྒོ་ཡོངས་སུ་ཚོལ་ཞིང་ཕྱོགས་དང་། ཕྱོགས་མཚམས་དང་། ཡུལ་ཕྱོགས་ཉེན་ཀོར་ཀུན་དང་། སྒང་དང་གཤོང་དང་། མཉམ་པ་དང་མྱི་ མཉམ་པ་ཐམས་ཅད་དུ་ཡོངས་སུ་སྐྱོ་བ་མྱེད་པའི་བསམ་པ་དང་། འཇིགས་པ་མྱེད་པའི་སེམས་དང་། ལྡོག་པ་མྱེད་པའི་བརྩོན་འགྲུས་དང་། ཐུབ་པ་མྱེད་པའི་སེམས་ཀྱིས། དགེ་བའི་ བཤེས་གཉེན་གྱི་གདམས་ངག་མ་བརྗེད་པ་དང་། རྟག་ཏུ་དགེ་བའི་བཤེས་གཉེན་གྱི་སྤྱོད་པ་མ་ནོར་བས་སེམས་རབ་ཏུ་བསྒོས་པ་དང་། སྒོ་ཀུན་ནས་རྣམ་པར་དམྱིག་པའི་དབང་པོ་དང་ལྡན་པ་དང་། བག་མྱེད་པ་ཐམས་ཅད་དང་བྲལ་བ་དང་། མྱིག་དང་རྣ་བ་གཡེང་བ་མེད་པར་ཀུན་ཏུ་ཚོལ་ཚོལ་ནས་ཡུལ་སྤའི་རྩ་བའི་དབུས་ཤིག་ན། གྲོང་ཁྱེར་ཀུན་ནས་སྒོ་ཚོང་འདུས་ཀྱི་གྲོང་རྡལ་སྟོང་ཕྲག་བཅུའི་གནས་ སུ་གྱུར་པ། དེ་ཤིན་ཏུ་བཟང་པོར་གྲུབ་པ། ར་བ་བརྟན་པས་བསྐོར་བ། ཤིན་ཏུ་མཐོ་བ་བཞི་མདོ་བརྒྱད་ཀྱིས་བརྒྱན་པ་འདུག་པར་མཐོང་སྟེ། དེའི་ནང་ན་སྤོས་འཚོང་ཀུན་ཏུ་ལྟ་བ་ཡང་སྤོས་འཚོང་གི་ འཁྱམས་ཤིག་ན་འདུག་པ་མཐོང་ནས། སྤོས་འཚོང་ཀུན་ཏུ་ལྟ་བ་གང་ན་བ་དེར་ཕྱིན་ཏེ། སྤོས་འཚོང་ཀུན་ཏུ་ལྟ་བའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས། མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ 76-1-194a ནས་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་གིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་སྤྱོད་ པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་མ་མཚལ་ཏོ། །སྨྲས་པ་རིགས་ཀྱི་བུ་དེ་ལྟར་ཁྱོད་ཀྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལེགས་སོ། ། རིགས་ཀྱི་བུ་ཁོ་བོས་ནི་སེམས་ཅན་ཐམས་ཅད་ཀྱི་ནད་ཤེས་ཏེ། རླུང་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་དང་། བད་ཀན་ལས་གྱུར་པ་དང་། ཆ་མཉམ་པར་འཁྲུགས་པ་དང་། གཞན་གྱིས་ གནོད་པར་བྱས་པ་དང་། མི་མ་ཡིན་པ་ལས་གྱུར་པ་དང་། དུག་འཐུངས་པ་དང་། སྔགས་དང་། མཚོན་དང་། རོ་ལངས་པའི་སྦྱོར་བ་སྣ་ཚོགས་དང་། མེ་ལས་གྱུར་པ་དང་། ཆུས་བསྐྱོད་པ་ལས་གྱུར་པ་དང་། བསྔངས་པ་དང་འཇིགས་པ་སྣ་ཚོགས་ལས་གྱུར་པ་ཐམས་ཅད་ཀྱང་ཤེས་སོ། །ནད་དེ་དག་ཐམས་ཅད་ཤེས་པར་བྱ་བ་ཡང་ཤེས་ཏེ། འདི་ལྟར་བསྣུན་པར་བྱ་བ་ཡང་རབ་ཏུ་ཤེས་སོ། །སྐྱུག་པར་ བྱ་བ་དང་། བཀྲུ་བ་དང་གཏར་བ་དང་། སྣའི་མཆོག་དང་ཉ་ར་དང་གདུགས་དང་། ལུམས་དང་། བྱུག་པ་དང་། དུག་གསོ་བ་དང་། འབྱུང་པོའི་གདོན་མྱེད་པར་བྱ་བ་དང་། བཅུད་དང་ཁྲུས་དང་། གཞག་པ་ དང་། བསྐྱེད་པ་དང་། ཁ་དོག་སྦྱང་བ་དང་། ཉམ་བསྡོད་པ་འང་རབ་ཏུ་ཤེས་ཏེ། རིགས་ཀྱི་བུ་ཕྱོགས་བཅུ་ནས་སེམས་ཅན་གང་ཇི་སྙེད་ཅིག་ཁོ་བོའི་དྲུང་དུ་འོང་བ་དེ་དག་ཐམས་ཅད་ཀྱི་ནད་ཐམས་ཅད་ཀྱང་ རབ་ཏུ་ཞི་བར་བྱེད་དེ། ནད་སོས་ནས་ཀྱང་ལེགས་པར་བཀྲུ་བ་དང་ལུས་ལ་བྱུག་པས་བྱུག་པ་བྱས་ནས། ཅིའི་ཚུལ་གྱི་རྒྱན་གྱིས་ཡན་ལག་ཤིན་ཏུ་བརྒྱན་ཏེ། ཅི་རིགས་པའི་གོས་ལུས་ལ་བསྐོན་ནས། 76-1-194b ཁ་ཟས་བྲོ་བའི་མཆོག་དང་ལྡན་པ་སྣ་ཚོགས་ཀྱིས་ཡོངས་སུ་ཚིམ་པར་བྱས་ཏེ། ནོར་དཔག་ཏུ་མེད་པས་ཀྱང་ཕུན་སུམ་ཚོགས་པར་བྱེད་དོ། །དེའི་འོག་ཏུ་ཡང་དེ་དག་ལ་མི་གཙང་བ་བསྟན་ཅིང་། འདོད་ ཆགས་སྤང་བའི་ཕྱིར་ཆོས་སྟོན་ཏོ། །བྱམས་པ་ཆེན་པོ་ཡོངས་སུ་བསྔགས་ཤིང་ཞེ་སྡང་སྤང་བའི་ཕྱིར་ཆོས་སྟོན་ཏོ། །ཆོས་རྣམ་པར་དབྱེ་བའི་བྱེ་བྲག་བསྟན་ཅིང་གཏི་མུག་སྤང་བའི་ཕྱིར་ཆོས་སྟོན་ཏོ། ། ཁྱད་པར་ཁོང་དུ་ཆུད་པའི་ཚུལ་གྱི་སྒོ་ཡང་དག་པར་བསྟན་ཅིང་ཆ་མཉམ་པའི་སྤྱོད་པ་དང་། ཉོན་མོངས་པ་སྤང་བའི་ཕྱིར་ཆོས་སྟོན་ཏོ། །སངས་རྒྱས་ཀྱི་ཡོན་ཏན་གྱི་ཆོས་དང་ལྡན་པའི་གཏམ་ཐམས་ཅད་ ཡོངས་སུ་བརྗོད་ཅིང་བྱང་ཆུབ་ཀྱི་སེམས་འབྱུང་བའི་རྒྱུ་ཡོངས་སུ་སྟོན་ཏོ། །འཁོར་བའི་བསྡུག་བསྔལ་ཚད་གཟུང་དུ་མྱེད་པ་ཡོངས་སུ་སྟོན་ཏོ། །སྙིང་རྗེ་ཆེན་པོའི་འབྱུང་བའི་རྒྱུ་ཡོངས་སུ་སྟོན་ཏོ། ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་བསྩགས་པ་ཡང་དག་པར་བསྔགས་ཤིང་ཡོན་ཏན་ཚད་མེད་པ་འཐོབ་པ་དང་། འབྱུང་བའི་རྒྱུ་ཡོངས་སུ་སྟོན་ཏོ། །སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ དང་། གདུལ་བར་བྱ་བ་ཡོངས་སུ་བསྟན་ཅིང་ཐེག་པ་ཆེན་པོའི་སྨོན་ལམ་འབྱུང་བའི་རྒྱུ་ཡོངས་སུ་སྟོན་ཏོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་དང་། བསྐལ་པ་ཐམས་ཅད་དུ་གནས་པར་བྱ་བའི་སྤྱོད་པའི་དྲ་བ་ཤིན་ ཏུ་རྒྱས་པར་བཤད་ཅིང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་འཐོབ་པ་དང་། འབྱུང་བའི་རྒྱུ་ཡོངས་སུ་སྟོན་ཏོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྔགས་ཤིང་མཚན་དང་དཔེ་བྱད་བཟང་པོས་ བརྒྱན་པའི་སངས་རྒྱས་ཀྱི་སྐུ་འཐོབ་པ་དང་འབྱུང་བའི་རྒྱུ་ཡོངས་སུ་སྟོན་ཏོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བརྗོད་ཅིང་དེ་བཞིན་གཤེགས་པའི་སྐུ་ཡོངས་སུ་དག་པ་ཐམས་ཅད་དུ་འགྲོ་བ་འཐོབ་པ་དང་ 76-1-195a འབྱུང་བའི་རྒྱུ་ཡོངས་སུ་སྟོན་ཏོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བརྗོད་ཅིང་དེ་བཞིན་གཤེགས་པའི་སྐུ་གཟུགས་དང་། སྐུ་མདོག་རྣམ་པར་དག་པ་བསམ་གྱིས་མ་ཁྱབ་པའི་རྒྱུ་ཡོངས་སུ་སྟོན་ ཏོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བརྗོད་ཅིང་དེ་བཞིན་གཤེགས་པའི་སྐུ་ཐོབ་པར་དཀའ་བ་ཡོངས་སུ་སྟོན་ཏོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བརྗོད་ཅིང་དེ་བཞིན་གཤེགས་པའི་ སྐུ་ཟིལ་གྱིས་མི་ནོན་ལ། ཟིལ་གྱིས་གནོན་པ་རྣམ་པར་དག་པ་ཡོངས་སུ་སྟོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བརྗོད་ཅིང་ཆོས་ཀྱི་སྐུ་ཡོངས་སུ་དག་པ་ཡོངས་སུ་སྟོན་ཏོ། །ཐབས་མཁས་པའི་ ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བརྗོད་ཅིང་འགྲོ་བ་ཐམས་ཅད་ལ་མངོན་དུ་གྱུར་པའི་སྐུ་གཙང་ཞིང་རྣམ་པར་དག་པ་ཡོངས་སུ་སྟོན་ཏོ། །སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བརྗོད་ཅིང་བསྐལ་པ་ཐམས་ཅད་ ཀྱི་དུས་སུ་འགྲོ་བ་ཐམས་ཅད་ཀྱི་སེམས་དང་འགྲོགས་པའི་སྐུ་རྣམ་པར་དག་པ་ཡོངས་སུ་སྟོན་ཏོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བརྗོད་ཅིང་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་མངོན་པར་འབྱུང་བའི་སྐུ་རྣམ་ པར་དག་པ་ཡོངས་སུ་སྟོན་ཏོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བརྗོད་ཅིང་འགྲོ་བ་ཐམས་ཅད་བསམ་པ་ཇི་ལྟ་བ་བཞིན་དུ་ཚིམ་པར་མཛད་པའི་སྐུ་རྣམ་པར་དག་པ་ཡོངས་སུ་སྟོན་ཏོ། །མྱི་དགེ་བའི་ཆོས་ ཐམས་ཅད་ལས་རྣམ་པར་ལྡོག་པ་ཡོངས་སུ་བརྗོད་ཅིང་བལྟ་ན་ཕུལ་དུ་བཟང་བའི་སྐུ་རྣམ་པར་དག་པ་ཡོངས་སུ་སྟོན་ཏོ། །དེ་ལྟར་དེ་དག་ཆོས་གྱི་སྦྱིན་པས་ཡོངས་སུ་བསྡུས་ཏེ། ནོར་དང་རིན་པོ་ཆེ་མཐའ་ཡས་ པའི་ཚོགས་ཀྱིས་ཉེ་བར་བརྟེན་པ་བྱས་ཤིང་སོ་སོར་འགྱེད་དོ། །ཡང་རིགས་ཀྱི་བུ་ཁོ་བོས་ནི་སྤོས་དང་། བདུག་སྤོས་དང་། བསྒོ་བ་དང་། བསྐུ་བ་སྦྱོར་ཤེས་ཏེ། འདི་ལྟར་སྤོས་ཀྱི་རྒྱལ་པོ་གཞལ་དུ་མེད་པ་ལ་སྩོགས་པ་ 76-1-195b དང་། སྤོས་ཀྱི་རྒྱལ་པོ་སིན་འདུ་ར་ལ་སྩོགས་པ་དང་། སྤོས་ཀྱི་རྒྱལ་པོ་མི་འཕགས་པ་ལ་སྩོགས་པ་དང་། སྤོས་ཀྱི་རྒྱལ་པོ་རྣམ་པར་གསལ་བྱེད་ལ་སྩོགས་པ་དང་། སྤོས་ཀྱི་རྒྱལ་པོ་ཉི་མ་ཡོད་པ་ལ་སྩོགས་པ་ དང་། སྤོས་ཀྱི་རྒྱལ་པོ་དུས་དང་འཐུན་པ་ལ་སྩོགས་པ་དང་། སྤོས་ཀྱི་རྒྱལ་པོ་སྦྲུལ་གྱི་སྙིང་པོའི་ཙན་དན་ལ་སྩོགས་པ་དང་། སྤོས་ཀྱི་རྒྱལ་པོ་སྤྲིན་གྱི་ཨ་ག་རུ་ལ་སྩོགས་པ་དང་། སྤོས་ཀྱི་རྒྱལ་པོ་དབང་པོ་མི་ འཁྲུག་པ་ལ་སྩོགས་པ། སྤོས་སྦྱར་བ་ཐམས་ཅད་ཀྱང་རབ་ཏུ་ཤེས་སོ། །ཡང་རིགས་ཀྱི་བུ་ཁོ་བོ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་ཚིམ་པར་བྱེད་པ་དང་། སྒོ་ཐམས་ཅད་ནས་སངས་རྒྱས་བལྟ་ཞིང་ མཆོད་པ་དང་། བསྙེན་བཀུར་བའི་སྤོས་ཀྱི་གཟུགས་ཤེས་ཏེ། རིགས་ཀྱི་བུ་ཁོ་བོ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་ཚིམ་པར་བྱེད་པ་དང་། སྒོ་ཐམས་ཅད་ནས་སངས་རྒྱས་བལྟ་ཞིང་མཆོད་པ་དང་། བསྙེན་ བཀུར་བའི་སྤོས་ཀྱི་གཟུགས་འདིས་ཁོ་བོའི་བསམ་པ་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་འགྱུར་ཏེ། དེའི་མཐུས་ཁོ་བོས་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པའི་རྒྱན་གྱི་སྤྲིན་བྱིན་གྱི་རློབ་པ་བྱེད་ དེ་འདི་ལྟར་སྤོས་ཀྱི་ཁང་པ་བརྩེགས་པའི་སྤྲིན་གྱི་རྒྱན་ནས་རྣམ་པ་ཐམས་ཅད་དུ་དེ་བཞིན་གཤེགས་པ་མཆོད་ཅིང་རིམ་གྲོར་བྱ་བའི་རྒྱན་གྱི་སྤྲིན་གྱི་བར་དུ་བྱིན་གྱིས་རློབ་པ་བྱེད་དོ། །རིགས་ཀྱི་བུ་ཁོ་བོ་ནི་ནམ་ དེ་བཞིན་གཤེགས་པ་ལ་མཆོད་པ་བྱ་བར་འདོད་པ་དེའི་ཚེ། ཁོ་བོས་སེམས་ཅན་ཐམས་ཅད་ཡོངས་སུ་ཚིམ་པར་བྱེད་པ་དང་། སྒོ་ཐམས་ཅད་ནས་སངས་རྒྱས་བལྟ་ཞིང་མཆོད་པ་དང་། བསྙེན་བཀུར་བའི་སྤོས་ ཀྱི་གཟུགས་འདི་ལས་སྤོས་ཀྱི་མཛོད་ཀྱི་ཁང་པ་བརྩེགས་པའི་སྤྲིན་ཚད་གཟུང་དུ་མྱེད་པ་བརྟོན་ཅིང་། ཕྱོགས་བཅུའི་ཆོས་ཀྱི་དབྱིངས་ཐམས་ཅད་ན་བཞུགས་པའི་དེ་བཞིན་གཤེགས་པའི་ཆོས་ཀྱི་དཀྱིལ་འཁོར་ 76-1-196a ཆོས་ཀྱི་དབྱིངས་ཐམས་ཅད་དུ་སྤོས་ཐམས་ཅད་ཀྱི་མཛོད་ཀྱི་ཁང་པ་བརྩེགས་པའི་སྤྲིན་གྱི་རྒྱན་བྱིན་གྱིས་རློབ་པ་བྱེད་དོ། །ཆོས་ཀྱི་དབྱིངས་ཐམས་ཅད་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་ སྦྱོང་བའི་སྤྲིན་གྱི་རྒྱན་དང་། སྤོས་ཀྱི་ཁང་པའི་སྤྲིན་གྱི་ཆར་དང་། སྤོས་ཀྱི་ར་བའི་སྤྲིན་གྱི་རྒྱན་དང་། སྤོས་ཀྱི་བ་གམ་གྱི་སྤྲིན་གྱི་རྒྱན་དང་། སྤོས་ཀྱི་རྟ་བབས་ཀྱི་སྤྲིན་གྱི་རྒྱན་དང་། སྤོས་ཀྱི་སྐར་ཁུང་གི་ སྤྲིན་གྱི་རྒྱན་དང་། སྤོས་ཀྱི་པུ་ཤུའི་སྤྲིན་གྱི་རྒྱན་དང་། སྤོས་ཀྱི་ཟླ་བག་གྱི་སྤྲིན་གྱི་རྒྱན་དང་། སྤོས་གྱི་གདུགས་གྱི་སྤྲིན་གྱི་རྒྱན་དང་། སྤོས་ཀྱི་རྒྱལ་མཚན་སྒྲེང་བའི་སྤྲིན་གྱི་རྒྱན་དང་། སྤོས་ཀྱི་ལྷའི་བ་དན་ གྱི་རྒྱན་དང་། སྤོས་ཀྱི་བླ་བྲེའི་སྤྲིན་གྱི་རྒྱན་དང་། སྤོས་ཀྱི་གཟུགས་ཀྱི་དྲ་བའི་སྤྲིན་གྱི་རྒྱན་དང་། སྤོས་ཀྱི་འོད་ཀྱི་སྤྲིན་གྱི་རྒྱན་དང་། སྤོས་ཀྱི་སྣང་བ་དྲི་མ་མྱེད་པའི་སྤྲིན་གྱི་རྒྱན་དང་། སྤོས་ཐམས་ཅད་ ཀྱི་སྤྲིན་གྱི་ཆར་རབ་ཏུ་འབབ་པའི་རྒྱན་བྱིན་གྱིས་རློབ་ཏེ། རིགས་ཀྱི་བུ་ཁོ་བོས་ནི་སེམས་ཅན་ཐམས་ཅད་ཡོངས་སུ་ཚིམ་པར་བྱེད་པ་དང་། སྒོ་ཐམས་ཅད་ནས་སངས་རྒྱས་བལྟ་ཞིང་མཆོད་པ་དང་། བསྙེན་བཀུར་བའི་སྤོས་ཀྱི་གཟུགས་ཀྱི་ཆོས་ཀྱི་སྒོ་འདི་ཤེས་པར་ཟད་ན། ཁོ་བོས་བྱང་ཆུབ་སེམས་དཔའ་སྨན་གྱི་རྒྱལ་པོ་ལྟ་བུར་གྱུར་པ། བལྟ་ན་དོན་ཡོད་པ། འགྲོགས་ན་དོན་ཡོད་པ། རྗེས་སུ་དྲན་ན་དོན་ཡོད་པ། བརྟུལ་ཞུགས་རྗེས་སུ་བྱས་ན་དོན་ཡོད་པ། མྱིང་ཐོས་ན་དོན་ཡོད་པ། མཐོང་བ་ཙམ་གྱིས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཞི་བར་འགྱུར་བ། མཐོང་བ་ཙམ་གྱིས་ སེམས་ཅན་རྣམས་ངན་སོང་གི་རྒྱུད་ལས་ལྡོག་པར་འགྱུར་བ། མཐོང་བ་ཙམ་གྱིས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ལ་སྐབས་ཕྱེ་བ་ཐོབ་པར་གྱུར་པ། མཐོང་བ་ཙམ་གྱིས་སེམས་ 76-1-196b ཅན་རྣམས་ཀྱི་སྡུག་བསྔལ་གྱི་ཕུང་པོ་ཐམས་ཅད་ཞི་བར་འགྱུར་བ་མཐོང་བ་ཙམ་གྱིས་སེམས་ཅན་རྣམས་འཇིགས་པ་དང་། འཁོར་བའི་ལམ་གྱི་རྒྱུད་ཐམས་ཅད་ཀྱི་འཇིགས་པ་དང་བྲལ་བར་འགྱུར་བ་ མཐོང་བ་ཙམ་གྱིས་སེམས་ཅན་རྣམས་ཐམས་ཅད་མཁྱེན་པའི་ཕྱོགས་ལ་རྟེན་པར་འགྱུར་བའི་ཕྱིར་མྱི་འཇིགས་པ་ཐོབ་པར་འགྱུར་བ། མཐོང་བ་ཙམ་གྱིས་སེམས་ཅན་རྣམས་རྒ་ཤིའི་གྲོག་པོ་དང་གཡང་ སར་མི་ལྟུང་བ། མཐོང་བ་ཙམ་གྱིས་སེམས་ཅན་རྣམས་ཆོས་ཀྱི་དབྱིངས་མཉམ་པ་ཉིད་ལ་གནས་པས་མྱ་ངན་ལས་འདས་པའི་བདེ་བ་འཐོབ་པར་འགྱུར་བ་དེ་དག་གི་སྤྱོད་པ་ཤེས་པ་འམ་ཡོན་ཏན་ བརྗོད་པར་ནུས་རེ་སྐན། སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན་གྲོང་ཁྱེར་ཏ་ལའི་རྒྱལ་མཚན་ཞེས་བྱ་བ་ཡོད་དེ། དེ་ན་རྒྱལ་པོ་མེ་ཞེས་བྱ་བ་འདུག་གིས། དེའི་གན་དུ་སོང་ལ་ཇི་ལྟར་བྱང་ ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས། ཚོང་དཔོན་སྤོས་འཚོང་ཀུན་ཏུ་བལྟ་བའི་རྐང་ པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཚོང་དཔོན་སྤོས་འཚོང་ཀུན་ཏུ་བལྟ་བ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་ཡང་དང་ཡང་བལྟས་ཏེ། ཚོང་དཔོན་སྤོས་འཚོང་ཀུན་ཏུ་བལྟ་ བའི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་དགེ་བའི་བཤེས་གཉེན་གཅིག་ནས་གཅིག་ཏུ་བརྒྱུད་པ་དེ་དག་རྗེས་སུ་དྲན་པར་བྱེད་ཅིང་། དགེ་བའི་བཤེས་གཉེན་གྱི་གདམས་ངག་གི་སྒོ་ དེ་དག་རྗེས་སུ་དྲན་པར་བྱ་བ་དང་། བདག་ནི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་ངོ་། །ཞེས་བྱ་བའི་སེམས་ཡོངས་སུ་ཚིམ་པར་བྱ་བ་དང་། བདག་ནི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ 76-1-197a བསྲུངས་པས། ད་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་ཡང་མྱི་འགྱུར་རོ། །སྙམ་དུ་རྣམ་པར་སེམས་ཤིང་། སེམས་དགའ་བ་ནི་རབ་ཏུ་ཐོབ། སེམས་ དང་བ་དང་སེམས་རབ་ཏུ་དགའ་བ་དང་། སེམས་རངས་པ་དང་། སེམས་མགུ་བ་དང་། སེམས་མོས་པ་དང་། སེམས་ཀྱི་ཤུགས་དང་། སེམས་རྣམ་པར་ཞི་བ་དང་། སེམས་རྒྱ་ཆེན་པོ་དང་། སེམས་ཀྱི་རྒྱན་དང་། སེམས་ལ་ཐོགས་པ་མྱེད་པ་དང་སེམས་ལ་སྒྲིབ་པ་མྱེད་པ་དང་། སེམས་རྣམ་པར་ཕྱེ་བ་དང་། སེམས་ཡང་དག་པར་གཞོལ་བ་དང་། སེམས་ཀྱི་དབང་དང་། སེམས་ཀྱི་དབང་སྒྱུར་བ་དང་། སེམས་ཀྱི་ ཆོས་ཁོང་དུ་ཆུད་པ་དང་། སེམས་ཀྱི་ཞིང་རྒྱས་པར་དགང་བ་དང་། སེམས་སངས་རྒྱས་མཐོང་བས་རྒྱན་པ་དང་། སེམས་སྟོབས་བཅུའི་ཡིད་ལ་བྱ་བ་དང་མི་འབྲལ་བ་འང་ཐོབ་ནས། དེ་མཐར་ཀྱི་ལྗོངས་ནས་ ལྗོངས་དང་། གྲོང་ནས་གྲོང་དང་ཡུལ་ནས་ཡུལ་དུ་ཚལ་ཞིང་གྲོང་ཁྱེར་ཏ་ལའི་རྒྱལ་མཚན་གང་ན་བ་དེར་ཕྱིན་ཏེ། རྒྱལ་པོ་མེ་གང་ན་བཞུགས་པ་དྲིས་ན། དེ་འགྲོ་བ་གཞན་དག་གིས་འདི་སྐད་ཅེས་བསྟན་ཏེ། རིགས་ཀྱི་བུ་ འདིར་རྒྱལ་པོ་མེ་ནི་རྒྱལ་པོའི་དོན་བསྒྲུབ་པའི་ཕྱིར་སེང་གེའི་གདན་ལ་བཞུགས་ཤིང་། རྒྱལ་པོའི་ཕྲིན་ལས་མཛད་དོ། །ཁམས་རབ་ཏུ་སྐྱོང་ངོ་། །ཆད་པས་གཅད་པར་འོས་པ་ནི་ཆད་པས་གཅད་དོ། ། བྱ་དགས་སྡུད་པར་འོས་པ་ནི་བྱ་དགས་སྡུད་དོ། །གཡོན་ཡོད་པ་རྣམས་ལ་གྱོང་མྱེད་དོ། །རྩོད་པ་རྣམས་ཀྱི་ཞལ་ཅེ་ནི་ཡོངས་སུ་གཅོད་དོ། །དམའ་བ་རྣམས་ནི་དབུགས་འབྱིན་ཏོ། །དྲེགས་པ་ རྣམས་ནི་འདུལ་བ་མཛད་དོ། །སྲོག་གཅོད་པ་ལས་ནི་རྣམ་པར་ཟློག་གོ། །མ་བྱིན་པར་ལེན་པ་དང་ནི་རྣམ་པར་དབྱེན་པ་མཛད་དོ། །གཞན་གྱིས་ཡོངས་སུ་བཟུང་བ་ལ་མངོན་པར་ཞེན་པ་ནི་རྣམ་པར་ 76-1-197b ཞི་བར་མཛད་དོ། །རྫུན་དུ་སྨྲ་བ་ལས་ཕྱིར་ཟློག་པ་མཛད་དོ། །ཕྲ་མའི་ཚིག་དང་ནི་རྣམ་པར་འབྲལ་བར་མཛད་དོ། །ཞེ་གཅོད་པའི་ངག་ནི་རྒྱུན་གཅོད་པ་མཛད་དོ། །ཚིག་ཁྱལ་བ་ལས་ནི་ཡོངསུ་གློན་ནོ། ། ཆགས་སེམས་དང་ནི་མྱི་འདྲེ་བ་མཛད་དོ། །གནོད་སེམས་དང་ནི་རྒྱང་རིང་ངོ་། །ལོག་པར་ལྟ་བ་དང་ནི་འདྲེ་བ་མྱེད་པར་མཛད་དོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་རྒྱལ་པོ་མེ་གང་ན་བ་དེར་ཕྱིན་ཏེ། དེས་མཐོང་བ་རྒྱལ་པོ་མྱེ་དེ་ནི་རིན་པོ་ཆེའི་སེང་གེའི་ཁྲི་ཆེན་པོ་རྡོ་རྗེ་མཐུ་བོ་ཆེའི་ནོར་བུ་སྣ་ཚོགས་ཀྱིས་སྤྲས་པ། རིན་པོ་ཆེ་འོད་གསལ་བ་རྣམ་པ་སྣ་ཚོགས་གྲངས་མྱེད་པ་ལས་བྱས་པའི་རྐང་པ་བཀྱེ་བ། རིན་པོ་ཆེ་གཅིག་མ་ཡིན་པས་ལེགས་པར་སྤྲས་ཤིང་བརྒྱན་པས་ཡིད་དུ་འོང་བའི་ལྷུན་དང་ལྡན་པ། གསེར་གྱི་ལྕག་པོད་ཀྱི་དྲ་བས་ལེགས་པར་བླངས་ཤིང་ཆུབ་པར་བརྟགས་པ། ནོར་བུ་རིན་པོ་ཆེ་དུ་མའི་ སྒྲོན་མས་ཤིན་ཏུ་སྣང་བར་བྱས་པ། ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ལས་བྱས་པའི་པད་མོའི་སྙིང་པོ་ཅན། ལྷ་རྫས་ཀྱི་རིན་པོ་ཆེའི་སྟན་རིམ་པ་དུ་མར་བཏིང་བ། གམ་ཡོ་ནས་ལྷ་རྫས་ཀྱི་སྤོས་སྣ་ཚོགས་ཀྱིས་བདུག་ སྤོས་ཀྱིས་ཤིན་ཏུ་བདུགས་པ། རིན་པོ་ཆེའི་རྒྱལ་མཚན་སྒྲེང་བ། བརྒྱ་ཕྲག་སྟོང་གིས་མཛེས་པར་བྱས་པ། རིན་པོ་ཆེའི་བ་དན་བརྒྱ་ཕྲག་སྟོང་རྣམ་པར་བྲེས་པས་བརྒྱན་པ། རིན་པོ་ཆེའི་མེ་ཏོག་གི་ཆུན་པོ་ སྣ་ཚོགས་ཀྱི་ལྡ་ལྡི་རབ་ཏུ་བཀྱེ་བས་ཤིན་ཏུ་མཛེས་པར་བྱས་པ། སྟེང་ནས་ལྷ་རྫས་ཀྱི་རིན་པོ་ཆེའི་བླ་རེ་སྣ་ཚོགས་བྲེས་པ་ཞིག་ལ་འདུག་ཅིང་། དེ་ནི་གཞོན་ཞིང་དར་ལ་བབ་པ། གཟུགས་མཛེས་ཤིང་བལྟ་ན་ ཡིད་དུ་འོང་བ། སྐྲ་མཐོན་ཏིང་གཡས་ཕྱོགས་སུ་འཁྱིལ་བ་དང་ལྡན་པ། མགོ་གདུགས་ལྟར་འདུག་པ་གཙུག་ཏོར་སྤྱི་བོ་ཅན། འཕྲལ་བ་ཡངས་པ། མྱིག་དཀར་ནག་འབྱེས་ཤིང་རིང་ལ། རྫི་མ་བའི་རྫི་ 76-1-198a མ་ལྟར་འདུག་པ། སྣའི་དབྱིབས་ལེགས་ཤིང་བཟང་ལ་རིམ་པར་མཛེས་པ་དང་ལྡན་པ། མཆུ་མཚལ་ལྟར་མདོག་བཟང་ཞིང་ཤིན་ཏུ་ལེགས་པ་དང་ལྡན་པ། སོ་མཉམ་ཞིང་ཐགས་བཟང་ལ་ཤིན་ཏུ་ དཀར་བ་བཞི་བཅུ་ཚང་བ་དང་ལྡན་པ། འགྲམ་པའི་ལྷ་ང་སེང་གེའི་འགྲམ་པ་ལྟར་འདུག་པ་ཁུར་བ་ཤེས་རྒྱས་པ། སྨིན་ཙུགས་གཞུ་ལྟར་འདུག་ཅིང་རིང་ལ་ཤིན་ཏུ་མཛེས་པ། མཛོད་སྤུ་ཟླ་བའི་ཁ་དོག་ ལྟར་འདུག་པའི་ཐིག་ལེ་ཅན། རྣ་བའི་ཤལ་རིང་ཞིང་ལྷོད་པར་འཕྱང་བ། ཟླ་བ་ཉ་བ་ལྟར་བཞིན་མདངས་དང་ལྡན་ཞིང་ཤིན་ཏུ་བཟང་བ། མགུལ་ཟླུམ་ཞིང་དུང་ལྟར་མཛེས་པ། སྙིང་ཀ་དཔལ་གྱིས་བེ་ འུས་བརྒྱན་པ། རོ་སྟོད་སེང་གེའི་རོ་སྟོད་ལྟར་འདུག་པ། ཐལ་གོང་ཤིན་ཏུ་རྒྱས་ལ། དཔུང་མགོའི་ལྷུན་ལེགས་ཤིང་ཟླུམ་པ། ལག་པ་རིང་བ་དྲ་བར་འབྲེལ་བའི་སོར་མོ་ཅན། རྐང་ལག་འཁོར་ལོས་བརྒྱན་ པ། རྐང་ལག་འཇམ་ཞིང་གཞོན་ལ་ཤ་རྒྱས་པ། བདུན་ཤིན་ཏུ་མཐོ་བ། རྐེད་པ་རྡོ་རྗེ་ལྟར་འདུག་པ། ལུས་ཆེ་ཞིང་དྲང་བ། བརླ་ཟླུམ་པ། ཕོ་མཚན་གསང་བའི་སྦུབས་ན་འདུག་པ། བྱིན་པ་རི་དགས་ ཨེ་ན་ཡའི་བྱིན་པ་ལྟར་འདུག་པ། སོར་མོ་རིང་བ། རྐང་པའི་རྟིང་བ་ཡངས་པ། འོད་འདོམ་གང་བ་དང་ལྡན་པ་མདོག་གསེར་གྱི་ཁ་དོག་ལྟར་འདུག་པ། བ་སྤུ་རེ་རེ་ནས་གཡས་ཕྱོགས་སུ་གྱེན་དུ་འཁྱིལ་ བ། ཤིང་ནྱ་གྲོ་དའི་རྒྱལ་པོ་ལྟར་ཆུ་ཞེང་གབ་པ། ལུས་མཚན་དང་དཔེ་བྱད་བཟང་པོས་ཤིན་ཏུ་བརྒྱན་པ། མགོ་ལ་ནོར་བུ་རིན་པོ་ཆེ་ཡིད་བཞིན་གྱི་ཅོད་པན་ཐོགས་པ། འཛམ་བུ་ཆུ་ཀླུང་གི་གསེར་ ལས་བྱས་པའི་དཔྲལ་བའི་དབྱེན་བླ་གམ་གྱིས་མཛེས་པར་བརྒྱན་པ། རྣ་བ་ལས་རིན་པོ་ཆེ་ཨིན་དྲ་ནཱི་ལའི་རྣ་ཆ་དྲི་མ་མེད་པ་འཕྱང་བ། ནོར་བུ་རིན་པོ་ཆེ་རིན་ཐང་མྱེད་པའི་སེ་མོ་དོའི་འོད་ཀྱིས་སྣང་ 76-1-198b བར་བྱས་པ། དྲི་མ་མྱེད་པའི་རོ་སྟོད་རྒྱས་པ་དང་ལྡན་པ། ལྷ་རྫས་ཀྱི་ནོར་བུ་དམ་པའི་རིན་པོ་ཆེའི་དཔུང་རྒྱན་དང་། གདུ་བུས་ལག་པ་མཛེས་པར་བརྒྱན་པ་ཞིག་སྟེ། རིན་པོ་ཆེའི་གདུགས་ཆེན་ པོ་རིན་པོ་ཆེ་བཻ་ཌཱུརྱ་དྲི་མ་མྱེད་པའི་ཡུ་བ་ཅན། རིན་པོ་ཆེའི་ཤར་བུ་བརྒྱ་ཕྲག་བཅུས་རྣམ་པར་ཕྱེ་བ། འཛམ་བུ་ཆུ་ཀླུང་གི་གསེར་གྱི་བླ་གབ་ཅན་ནོར་བུ་རིན་པོ་ཆེ་སྒྲ་སྣང་བ་རྣམ་པར་དག་པའི་སྙིང་པོ་ ཅན། རིན་པོ་ཆེའི་དྲིལ་བུའི་ཕྲེང་བ་ལས་སྒྲ་སྙན་ཅིང་། ཡིད་དུ་འོང་བ་འབྱུང་བ། ནོར་བུ་རིན་པོ་ཆེའི་འོད་ཕྱོགས་ཀུན་ཏུ་འཕྲོ་བ་ཅན་དྲུང་ནས་བཟུང་ཞིང་བསྒྲེང་བ། རྒྱལ་པོའི་གཟི་བརྗིད་དང་དབང་ཆེན་ པོ་ལ་གནས་པ། སྲིད་ལ་གཞན་གྱི་འཁོར་གྱིས་གཙེ་བ་མེད་པ། དགྲའི་འཇིགས་པ་དང་བྲལ་བའི་དབང་ཕྱུག་དང་ལྡན་པར་འདུག་པ་མཐོང་ངོ་། །དེའི་འཁོར་ཀུན་ནས་ཀྱང་བློན་པོ་སྟོང་ཕྲག་བཅུ་ཚོགས་ཤིང་རྒྱལ་ པོའི་དགོས་པ་བསྒྲུབ་པ་ལ་བརྩོན་པ་མཐོང་ངོ་། །དེའི་མདུན་ན་ཆད་པས་བཅོད་པའི་མྱི་སེམས་ཅན་དམྱལ་བའི་སྲུངས་མ་ལྟ་བུ། གཤེན་རྗེའི་གཡོག་འཁོར་ལྟ་བུ་འཇིགས་ལྟར་གོ་གྱོན་པ། གཏུམ་ཞིང་ མྱི་བཟད་ལ་འཇིགས་པ་ཆེན་པོ་བསྐྱེད་པ་མྱིག་དམར་བ་སོ་གཙིགས་པ། གདོང་གི་གཉེར་མ་གསུམ་ཁྲོ་གཉེར་དུ་བསྡུས་པ། རལ་གྲི་དང་སྟ་རེ་དང་། ལྕགས་ཀྱི་ཆང་མདུང་དང་། མདའ་དང་བེ་རྒ་དང་། མདུང་ལ་སྩོགས་ པའི་མཚོན་ཆ་དང་། ལག་ཆ་ཐོགས་པའི་ལུས་དང་། བཞིན་གྱི་དབྱིབས་མྱི་སྡུག་ཅིང་འཇིགས་སུ་རུང་བ། སྤྲིན་ནག་པོ་ལྟར་འདུག་པ། མྱི་སྙན་ཅིང་བརླང་ལ་སྡང་བའི་སྒྲ་དྲག་པོ་འབྱིན་པ། གཟི་ལྟ་བར་ དཀའ་བ། འཇིགས་པ་ཆེན་པོ་བསྐྱེད་པ། སྲོག་ཆགས་བརྒྱ་ཕྲག་སྟོང་གི་སྙིང་འགེམས་པར་བྱེད་པ། དེ་ལྟ་བུ་དག་ཆད་པས་གཅད་པར་འོས་པའི་སེམས་ཅན་ཆད་པས་གཅོད་པ་ལ་བརྩོན་པ་མཐོང་ངོ་། ། 76-1-199a དེ་ན་སྲོག་ཆགས་རྐུ་བ་གཞན་གྱི་ནོར་ལ་འཕྲོག་པ། སེམས་ཅན་གྱི་ལོངས་སྤྱོད་ཆུད་སྩོད་པ། ལམ་སྒུགས་ཤིང་འཕྲོག་པ། གྲོང་དང་གྲོང་ཁྱེར་དང་། གྲོང་རྡལ་དང་། ལྷས་ལ་མྱེས་གཏོར་བ། གྲོང་དུ་ཆོམ་པོ་བྱེད་པ། ཁྱིམ་ཕུགས་འདེབས་པ། སྡིག་སྡིག་ལྟར་བྱེད་པ། དུག་ལྡུད་པ། དཀྲུགས་མ་བྱེད་པ། ཐོང་མི་བྱེད་པ། བྱི་བོ་བྱེད་པ། ལོག་པར་ཞུགས་པ། གནོད་པར་སེམས་པ། འདོད་ཆེན་མཚེ་ བ། སྡིག་པ་སྣ་ཚོགས་ཀྱི་ལས་མྱི་བཟད་པ་བྱེད་པ། བརྒྱ་སྟོང་མང་པོ་བཅིང་བ་དམ་པོ་ལྔས་བཅིངས་ཤིང་རྒྱལ་པོ་མྱེའི་དྲུང་དུ་ཁྲིད་པ་དག་ཀྱང་མཐོང་ངོ་། །དེ་དག་ལ་འང་རྒྱལ་པོ་མྱེས་ཅི་རིགས་པར་ཆད་ པས་གཅད་པར་གྱུར་པ་མཐོང་ངོ་། །དེས་ན་རྒྱལ་པོ་མེས་སྒོ་ཞིང་ལ་ལ་ནི་རྐང་ལག་བཅད། ལ་ལ་ནི་རྣ་བ་དང་སྣ་བཅད། ལ་ལ་ནི་མྱིག་ཕྱུང་། ལ་ལ་ནི་ཡན་ལག་དང་ཉིང་ལག་དང་། མགོ་གཅོད། ལ་ལ་ནི་ལུས་ཐམས་ཅད་མེས་ བཏང་། ལ་ལ་ནི་བ་རྩྭའི་ཆུ་ཁོལ་བས་ལུས་ལ་གཏོར་ཅིང་པགས་པ་བསྙིལ་བ་ལ་སྩོགས་པ། དེ་ལྟ་བུའི་ཆད་པ་སྣ་ཚོགས་དུ་མ་མི་བཟད་པ་དྲག་པོ་རླང་བ་ཡིད་དུ་མི་འོང་བ་སྲོག་འཕྲོག་པ་དག་ཀྱང་བྱེད་ པར་མཐོང་ངོ་། །གསད་པའི་ས་དེ་ན་འང་བསད་པའི་རྐང་ལག་དང་། རྣ་མྱིག་དང་སྣ་དང་། མགོ་དང་ཡན་ལག་དང་ཉིང་ལག་གི་ཕུང་པོ་རི་རབ་ཙམ་དུ་སྤུངས་པ་མཐོང་ངོ་། །ཁྲག་གི་མཚོ་དཔག་ཚད་ གསུམ་ཙམ་དུ་ཟབ་ལ་ཆུ་ཞིང་དུ་དཔག་ཚད་དུ་མ་ཡོད་པ་ཡང་མཐོང་ངོ་། །དེ་ན་ཤི་བའི་རྐེང་རུས་ཡན་ལག་དང་ཉིང་ལག་དང་། མགོ་དང་བྲལ་བ་བརྒྱ་སྟོང་དུ་མ་ལ། སྤྱང་ཀི་དང་ཝ་དང་། ཁྱི་དང་བྱ་རོག་དང་། བྱ་རྒོད་དང་། ཁྲ་དང་བྱ་ཀུ་ར་ར་མང་པོས་གང་སྟེ། འདྲད་ཅིང་འཐོག་པ་མཐོང་ངོ་། །དེ་ལ་འང་ལ་ལ་ནི་ཁ་དོག་དུ་གྱུར་ཏེ། སྔོན་པོར་གྱུར་པ་ཙམ། ལ་ལ་ནི་རྣགས་ 76-1-199b པ་ཙམ། ལ་ལ་ནི་བམ་པ་ཙམ། ལ་ལ་ནི་འབུ་ཞུགས་པ་ཙམ་དུ་གྱུར་ཏེ། ཤིན་ཏུ་སྐྱི་གཡའ་ཞིང་འཇིགས་འཇིགས་ལྟར་འདུག་པ་མཐོང་ངོ་། །གསོད་པ་དེ་དག་གིས་བསད་པའི་ཚེ། མྱི་སྡུག་པ་ཆོ་དགུར་བྱས་པས་ན་འཇིགས་འཇིགས་སྐད་དང་། སྙིང་རྗེ་རྗེ་སྐད་དུ་སྒྲ་འབྱིན་ཅིང་ཆོ་ངེས་འདེབས་པའི་སྒྲ་ཆེན་པོ་ཐོས་ན། སྐྱི་གཡའ་ཞིང་མི་དགའ་བ་ཆེན་པོ་བསྐྱེད་པ། སེམས་ཅན་དམྱལ་བ་ཆེན་པོ་རིས་གཞོམ་པའི་སྒྲ་ལྟ་བུ་འང་ཐོས་སོ། །དེས་དེ་ལྟར་ཁ་བཏགས་ཏེ་བརྡུངས་པ་དང་། ཤིན་ཏུ་འཇིགས་པའི་དྲག་ཤུལ་མཐོང་ནས། འདི་སྙམ་དུ་གྱུར་ཏེ་ བདག་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་ཕྱིར་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་དུ་ཞུགས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་ཚོལ་ཞིང་ འབད་དེ། དགེ་བའི་བཤེས་གཉེན་རྣམས་ལ་དགེ་བ་ནི་ཅི་ཞིག་བགྱི། མི་དགེ་བ་ནི་གང་ཞིག་སྤང་ཞེས་འདྲི་ན། རྒྱལ་པོ་མེ་འདི་ལ་ནི་དགེ་བའི་ཆོས་ཀྱང་མྱེད་དེ། ཁ་ན་མ་ཐོ་བ་ཆེན་པོའི་ལས་ལ་ སྤྱོད་པ་ཡིད་ཀྱི་ཡོངས་སུ་རྟོགས་པ་ཤིན་ཏུ་གཏུམ་པ་དང་ལྡན་པ། སེམས་ཅན་ཕ་རོལ་གྱི་སྲོག་གཅོད་པ་ལ་ཞུགས་པ། སེམས་ཅན་ཕ་རོལ་ཤིན་ཏུ་མནར་བ་ལ་བརྩོན་པ། ཚེ་ཕྱི་མ་ལ་ལྟ་བ་མྱེད་པ། ངན་སོང་གི་གཡང་སའི་གད་ཀ་ན་འདུག་པ། ཞིག་ན་འདི་ལས་ཇི་ཞིག་བྱང་ཆུབ་སེམས་དཔའི་སྤྱོད་པ་འང་ཐོས་པར་འགྱུར་རམ་སྙམ་སྟེ། དེ་དེ་ལྟར་སེམས་ ཤིང་ཡིད་ལ་བྱེད་དེ། སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པ་དང་། མངོན་པར་བརྩོན་པ། སྙིང་རྗེ་ཆེན་པོ་སྐྱེས་པའི་སེམས་དང་ལྡན་པ། དེ་ལ་སྟེང་གི་ནམ་མཁའི་དབྱིངས་ལས་ལྷ་ 76-1-200a མང་པོས་མོས་པ། རིགས་ཀྱི་བུ་དྲང་སྲོང་རྒྱལ་བ་དྲོད་ཀྱི་སྐྱེ་མཆེད་ཀྱི་དགེ་བའི་བཤེས་གཉེན་གྱི་གདམས་ངག་དུ་བྱ་བ་མི་དྲན་ནམ། དེས་གྱེན་དུ་ནམ་མཁའི་དབྱིངས་ལ་བལྟས་ནས། དྲན་ནོ་ཞེས་བརྗོད་ དོ། །ལྷ་རྣམས་ཀྱིས་སྨྲས་པ། རིགས་ཀྱི་བུ་ཁྱོད་དགེ་བའི་བཤེས་གཉེན་གྱི་གདམས་ངག་ལ་དེ་ལྟར་ཐེ་ཙོམ་མ་བསྐྱེད་ཅིག །རིགས་ཀྱི་བུ་དགེ་བའི་བཤེས་གཉེན་རྣམས་ནི་ཡང་དག་པ་མ་ནོར་བར་སྟོན་གྱི་ལོག་ པ་མ་ཡིན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་མཁས་པས་སྤྱོད་པའི་ཡེ་ཤེས་ནི་བསམ་གྱིས་མི་ཁྱབ་པོ། །སེམས་ཅན་ཡོངས་སུ་སྡུད་པའི་ཡེ་ཤེས་ནི་བསམ་གྱིས་མི་ཁྱབ་ པོ། །སེམས་ཅན་ལ་ཕན་འདོགས་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པོ། །སེམས་ཅན་ཚར་གཅོད་པའི་ཡེ་ཤེས་བསམ་གྱིས་མྱི་ཁྱབ་པོ། །སེམས་ཅན་གཟེངས་བསྟོད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་ པོ། །སེམས་ཅན་ཡོངས་སུ་སྦྱོང་བའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པོ། །སེམས་ཅན་ཡོངས་སུ་སྐྱོང་བའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པོ། །སེམས་ཅན་འཛུད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པོ། ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པོ། །སེམས་ཅན་འདུལ་བའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པོ། །དྲང་སྲོང་རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའི་སྤྱོད་ པ་དྲིས་ཤིག་ཅེས་ནས། ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ལྷའི་ངག་མཉན་ཏེ། རྒྱལ་པོ་མེ་གང་ན་བ་དེར་སོང་སྟེ་ཕྱིན་ནས། རྒྱལ་པོ་མེའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་ འཚལ་ཏེ། རྒྱལ་པོ་མེ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་གིས་ 76-1-200b བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་ བ་མ་འཚལ་ཏེ། འཕགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་རྗེས་སུ་བསྟན་པ་མཛད་དོ་ཞེས་བདག་གིས་ཐོས་ན། འཕགས་པ་ཇི་ལྟར་བྱང་ཆུབ་སེམས་དཔའས་ བྱང་ཆུབ་སེམས་དཔའི་སྤྱོད་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་བདག་ལ་བཀའ་སྩལ་དུ་གསོལ། དེ་ནས་རྒྱལ་པོ་མྱེས་རྒྱལ་པོའི་བྱ་བ་བྱས་ཏེ། སེང་གེའི་ཁྲི་ལས་ལངས་ནས་ ཚོང་དཔོན་གྱི་བུ་ནོར་བཟངས་ཀྱི་ལག་པ་གཡས་པ་ནས་བཟུང་སྟེ། རྒྱལ་པོའི་ཕོ་བྲང་ཏ་ལའི་རྒྱལ་མཚན་དུ་ཁྲིད་དོ། །དེ་མཐར་ཀྱིས་རང་གི་གནས་སུ་ཕྱིན་ནས། ཚོང་དཔོན་གྱི་བུ་ནོར་ བཟངས་བཙུན་མོའི་འཁོར་གྱི་ནང་དུ་ཁྲིད་དེ་ཁྲི་ལ་བཞག་ནས་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ངའི་ཁྱིམ་དང་ལོངས་སྤྱོད་ལ་ལྟོས་ཤེས་ནས། དེས་བལྟས་ན་ཁྱིམ་དེ་རྒྱ་ཆེ་ཞིང་ཡངས་ ལ་རིན་པོ་ཆེ་བདུན་གྱི་ར་བས་ཡོངས་སུ་བསྐོར་བ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་ཁང་པས་ཤིན་ཏུ་མཛེས་པར་བྱས་པ། རིན་པོ་ཆེའི་ཁང་པ་བརྩེགས་པ་བརྒྱ་སྟོང་དུ་མས་རབ་ཏུ་བརྒྱན་ པ། ནོར་བུ་རིན་པོ་ཆེ་བསམ་གྱིས་མི་ཁྱབ་པའི་འོད་ཤིན་ཏུ་འབར་བས་གཟི་བརྗིད་རབ་ཏུ་འབར་བར་བྱས་པ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་རྣམ་པ་ཐ་དད་པ་རྣམ་པར་ཕྱེ་ཞིང་བྲེས་པས་རྣམ་པར་ མཛེས་པར་བྱས་པ། མུ་ཏིག་དམར་པོའི་ཀ་བ་བཀྱེ་བ། ནང་དུ་སེང་གེའི་ཁྲི་མུ་ས་ར་གལ་བ་ལས་བྱས་པ། ནོར་བུ་རིན་པོ་ཆེ་བརྒྱ་སྟོང་དུ་མས་རྣམ་པ་སྣ་ཚོགས་སུ་བརྒྱན་པ། 76-1-201a ཤིན་ཏུ་བཤམས་པ། ནོར་བུ་རིན་པོ་ཆེའི་སྐར་མ་སྣང་བའི་སེང་གེའི་རྒྱལ་མཚན་ཤིན་ཏུ་བསྒྲེང་བ། སྟེང་ནས་ནོར་བུ་རིན་པོ་ཆེ་རྣམ་པར་སྣང་བའི་བླ་རེ་བྲེས་པ། ཡིད་བཞིན་གྱི་ནོར་ བུ་རིན་པོ་ཆེ་སྣ་ཚོགས་ཀྱི་དྲ་བས་ཀུན་ནས་གཡོགས་པ། ནོར་བུ་རིན་པོ་ཆེ་སྣ་ཚོགས་གྲངས་མྱེད་པས་རབ་ཏུ་བརྒྱན་པ། བ་གམ་གྱི་རྒྱན་དང་ལྡན་པ། ཨ་སྨ་གར་བ་ལས་བྱས་པའི་རྫིང་བུ་ བསིལ་བས་གང་བ་དང་ལྡན་པ། རིན་པོ་ཆེ་སྣ་ཚོགས་ཀྱི་ཤིང་གིས་འཁོར་བར་འདུག་པ་མཐོང་ངོ་། །དེའི་འཁོར་བུད་མྱེད་བཟང་ཞིང་མཛེས་ལ་ལྟ་ན་སྡུག་པ། ཁ་དོག་རྒྱས་པ། བཟང་བའི་ ཕུལ་དུ་བྱ་བ་དང་ལྡན་པ། སྒྱུ་རྩལ་ཐམས་ཅད་ཀྱི་ཚུལ་ལ་མཁས་པ་སྔོན་དུ་ལྡང་བ། ཕྱི་ནས་ཉལ་བ་བྱམས་པའི་སེམས་དང་ལྡན་པ། ཅི་བསྒོ་བ་བཞིན་དུ་བྱེད་ཅིང་། ངག་ཉན་པ་ བྱེ་བ་ཕྲག་བཅུ་ཡང་འཁོད་པར་མཐོང་ངོ་། །དེ་ནས་རྒྱལ་པོ་མྱེས་ཚོང་དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཇི་སྙམ་དུ་སེམས། ཅི་སྡིག་པ་བྱེད་པ་ རྣམས་ལ་ལས་ཀྱི་རྣམ་པར་སྨིན་པ་མངོན་པར་གྲུབ་པ་འདི་ལྟ་བུ་ཡོད་དམ། ལུས་ཕུན་སུམ་ཚོགས་པ་འདི་ལྟ་བུ་ཡོད་དམ། འཁོར་ཕུན་སུམ་ཚོགས་པ་འདི་ལྟ་བུ་ཡོད་དམ། བསྐྱེད་པ་ཆེན་ པོ་ཕུན་སུམ་ཚོགས་པ་འདི་ལྟ་བུ་ཡོད་དམ། དབང་ཕྱུག་དང་དབང་ཆེན་པོ་ཐོབ་པ་ཕུན་སུམ་ཚོགས་པ་འདི་ལྟ་བུ་ཡོད་དམ། སྨྲས་པ་འཕགས་པ་དེ་ལྟ་བུ་ནི་མ་མཆིས་སོ། །དེས་ སྨྲས་པ། རིགས་ཀྱི་བུ་ང་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ། སྒྱུ་མའི་རྣམ་པ་ཐོབ་པ་སྟེ། རིགས་ཀྱི་བུ་ངའི་ཡུལ་ན་གནས་པའི་སེམས་ཅན་འདི་དག་ཀྱང་ཕལ་ཆེར་ 76-1-201b སྲོག་གཅོད་པ་བྱེད་པ། མ་བྱིན་པར་ལེན་པ། འདོད་པས་ལོག་པར་གཡེམ་པ། རྫུན་དུ་སྨྲ་བ། ཕྲ་མ་ཅན་ཚིག་བརླང་པོར་སྨྲ་བ། བྱུང་རྒྱལ་དུ་བརྗོད་པ། ཆགས་སེམས་དང་ལྡན་པ། གནོད་སེམས་ཅན། ལོག་པར་བལྟ་བ། སྡིག་པའི་ལས་བྱེད་པ། ཁྲོ་ཞིང་གཏུམ་པ། བབ་རྒྱལ་ཅན། མི་དགེ་བའི་ལས་ཀྱི་བྱ་བ་སྣ་ཚོགས་དང་ལྡན་པ་དག་སྟེ། དེ་དག་ནི་རྣམ་པ་ གཞན་གྱིས་སྡིག་པའི་སྤྱོད་པ་ལས་བཟློག་པ་དང་། དགག་པ་དང་། བསྟན་པར་མི་ནུས་ཏེ། དེ་ལྟར་རིགས་ཀྱི་བུ་ང་ནི་སེམས་ཅན་འདི་དག་གདུལ་བ་དང་། ཡོངས་སུ་སྨིན་པར་བྱ་བ་དང་། ཤིན་ཏུ་དུལ་བར་བྱ་བ་དང་། ཕན་པ་ལ་དགོད་པར་བྱ་བའི་ཕྱིར། སྙིང་རྗེ་ཆེན་པོ་མངོན་དུ་བྱས་ཏེ། གསོད་པའི་གཤེད་མ་སྤྲུལ་པ་རྣམས་གསད་པའི་མྱིར་སྤྲུལ་པ་རྣམས་ལ་འང་། གསོད་དུ་ གཟུད་པ་དང་། ཆད་པས་གཅོད་པའི་མི་སྤྲུལ་པ་རྣམས་མི་དགེ་བའི་ལས་ཀྱི་ལམ་ལ་སྤྱོད་པར་སྤྲུལ་པའི་མྱི་རྣམས་ལ་ཆད་པ་སྣ་ཚོགས་ཀྱིས་གཅོད་དུ་གཟུད་པ་དང་། རྐང་ལག་དང་སྣ་དང་ རྣ་བ་དང་། ཡན་ལག་དང་ཉིང་ལག་དང་། མགོ་བཅད་པ་ལས་བྱུང་བའི་སྡུག་བསྔལ་མི་བཟད་པ་ཉམས་སུ་ཚོར་བར་གྱུར་པ་ལྟ་བུ་དག་ཀྱང་ཡོངས་སུ་སྟོན་པ་བྱེད་དེ། དེ་མཐོང་ནས་ངའི་ ཁམས་ན་གནས་པའི་སེམས་ཅན་དེ་དག་ཉེས་པ་གཏོང་ཞིང་སྐྱོ་བའི་ཤུགས་ཐོབ་པར་འགྱུར་རོ། །འཇིགས་པ་སྐྱེ་ཞིང་བག་ཚ་བ་སྐྱེ་བར་འགྱུར་རོ། །དེ་དག་སྡིག་པའི་ལས་བྱེད་པ་རྣམས་ གཏོང་ཞིང་བག་བྱེད་པར་འགྱུར་རོ། །རིགས་ཀྱི་བུ་དེ་ལྟར་ང་ནི་སེམས་ཅན་འདི་དག་ཐབས་དེས་ཉེས་པ་སྟོང་ཞིང་འཇིགས་པའི་སེམས་དང་ལྡན་པ་དང་། སྐྱོ་བའི་ཡིད་དང་ལྡན་པར་ཤེས་ 76-1-202a ནས། མི་དགེ་བ་བཅུའི་ལས་ཀྱི་ལམ་ལས་བཟློག་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་བྱས་ནས་དགའ་ཞིང་བདེ་བའི་མཐར་ཕྱིན་པ། སྡུག་བསྔལ་ཐམས་ཅད་རྒྱུན་ཆད་པའི་ ཐམས་ཅད་མཁྱེན་པ་ཉིད་ཀྱི་བདེ་བ་ལ་དགོད་པ་བྱེད་ཀྱི། རིགས་ཀྱི་བུ་ང་ནི་ལུས་དང་ངག་གམ། ཡིད་ཀྱིས་ཀྱང་སེམས་ཅན་སུ་ལ་འང་ཅོ་མི་འདྲི། ཐོ་མི་འཚམ་མོ་རིགས་ཀྱི་བུ་ང་ནི་ཕྱི་མའི་ མཐའི་མནར་མྱེད་པའི་སྡུག་བསྔལ་གྱིས་བགྲང་ཤེས་པ་སྟེ། བྱོལ་སོང་གི་སྐྱེ་གནས་གླེན་པའི་ཁམས་སུ་གཏོགས་པའི་ལས་ཀྱང་ཆུང་ངུ་ན། རྩྭའི་རྩེ་མོས་བལྟ་བའི་སྲོག་ཆགས་ཕྲེའུ་ འགའ་ལ་ཡང་སེམས་བསྐྱེད་པ་གཅིག་ཙམ་དུ་ཡང་སྡུག་བསྔལ་བར་བྱ་བར་མྱི་དགའ་ན། ཞིང་དུ་གྱུར་ཅིང་དགེ་བའི་ལས་ཀྱི་ལམ་བསྐྱེད་པར་ནུས་པའི་མི་ལྟ་ཞིག་ཅི་སྨོས། རིགས་ཀྱི་བུ་ ང་ནི་རྨི་ལམ་ན་ཡང་མི་དགེ་བའི་ཆོས་ཡོངས་སུ་རྒྱུ་བ་མྱི་བསྐྱེད་ན། ཆེད་དུ་བསམས་ཏེ་ལྟ་སྨོས་རེ་སྐན། རིགས་ཀྱི་བུ་དེ་ལྟར་ངས་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྒྱུ་མའི་རྣམ་ པ་འདི་ཤེས་པར་ཟད་ན། ངས་ནི་བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ཐོབ་པ། སྲིད་པ་དང་ལམ་གྱི་རྒྱུད་ཐམས་ཅད་སྒྱུ་མའི་རྣམ་པ་ཁོང་དུ་ཆུད་པ་སྤྲུལ་པ་ལྟ་བུའི་བྱང་ཆུབ་ སེམས་དཔའི་སྤྱོད་པས་འབྱུང་བ། གཟུགས་བརྙན་ལྟ་བུའི་འཇིག་རྟེན་ཐམས་ཅད་རྣམ་པར་རིག་པ། རྨི་ལམ་ལྟ་བུའི་ཆོས་ཉིད་ཁོང་དུ་ཆུད་པ། ཐོགས་པ་མེད་པའི་སྒོའི་ཆོས་ཀྱི་ དབྱིངས་ཀྱི་ཚུལ་ལ་རྗེས་སུ་ཞུགས་པ། མྱིག་འཕྲུལ་ལྟ་བུའི་སྤྱོད་པའི་དྲ་བ་རྟོགས་པར་གྱུར་པ། ཡེ་ཤེས་བསྒྲིབ་པ་མེད་པའི་སྤྱོད་ཡུལ་གྱི་ཡུལ་དང་ལྡན་པ། ཀུན་ཏུ་ཡང་དག་པར་གཞོལ་ 76-1-202b བའི་ཏིང་ངེ་འཛིན་གྱིས་ལམ་གྱིས་བྱུང་བ། གློང་ཀུན་ཏུ་འཁྱིལ་པའི་རྒྱུད་ཀྱི་གཟུགས་ལ་དབང་བསྒྱུར་བ། སངས་རྒྱས་ཀྱི་སྤྱོད་ཡུལ་གྱི་ཡུལ་ཁོང་དུ་ཆུད་པ་རྣམས་ཀྱི་སྤྱོད་ཡུལ་ཤེས་པ་འམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། །སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན། གྲོང་ཁྱེར་འོད་བཟང་པོ་ཞེས་བྱ་བ་ཡོད་དེ། དེ་ན་རྒྱལ་པོ་འོད་ཆེན་པོ་ཞེས་བྱ་བ་འདུག་གིས། དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་ དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་རྒྱལ་པོ་མྱེའི་རྐང་པ་གཉིས་ལ་སྤྱི་བོས་ ཕྱག་འཚལ་ཏེ་། རྒྱལ་པོ་མེ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ཏེ། ཡང་དང་ཡང་བལྟས་ནས་རྒྱལ་པོ་མེའི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཡེ་ ཤེས་སྒྱུ་མ་དེ་རྗེས་སུ་དྲན་པར་བྱེད་ཅིང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ། སྒྱུ་མའི་རྣམ་པ་དེ་ལ་བསམ་པ་དང་། ཆོས་ཉིད་སྒྱུ་མའི་རྣམ་པ་དེ་ལ་རབ་ཏུ་བརྟག་པ་དང་། ལས་ཀྱི་ སྒྱུ་མ་མཉམ་པ་དེ་ཁོང་དུ་ཆུད་པར་བྱ་བ་དང་། ཆོས་ཀྱི་སྒྱུ་མ་མཉམ་པ་དེ་ལ་རྗེས་སུ་བསམ་པ་དང་། ཆོས་ཀྱིས་ཡོངས་སུ་སྨིན་པར་བྱ་བའི་སྤྲུལ་པ་མཉམ་པ་དེ་ཁོང་དུ་ཆུད་པར་བྱ་བ་ དང་། ཡེ་ཤེས་ལས་བྱུང་བའི་སྣང་བ་བསམ་གྱིས་མྱི་ཁྱབ་པ་དེའི་རྗེས་སུ་འབྲང་བར་བྱ་བ་དང་། སྨོན་ལམ་གྱི་སྒྱུ་མའི་རྣམ་པ་མཐའ་ཡས་པ་མངོན་པར་བསྒྲུབ་པ་དེ། མངོན་པར་བསྒྲུབ་ པར་བྱ་བ་དང་། སྤྱོད་པ་སྤྲུལ་པའི་ཆོས་ཉིད་ཆགས་པ་མྱེད་པ་དེ་རྣམ་པར་སྦྱང་བར་བྱ་བ་དང་། དུས་གསུམ་གྱི་སྒྱུ་མའི་རྣམ་པའི་མཚན་ཉིད་དེ་ཡང་རྣམ་པར་དབྱེ་བ་བྱེད་ཅིང་། མཐར་གྱི་ 76-1-203a ཡུལ་ནས་ཡུལ་དུ་དྲི་བ་དང་། ཀུན་ཏུ་བཙལ་བ་དང་། རྗེས་སུ་རྣམ་པར་བལྟ་བར་བྱེད་ཅིང་། ཕྱོགས་དང་ཕྱོགས་མཚམས་དང་ལམ་དང་། སྨན་ལྗོངས་དང་། ཐང་དང་ཐག་ ཐུག་དང་། ཁལ་ཁོལ་དང་། རི་དང་ས་སུལ་དང་། གྲོང་དང་གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་ཁམས་དང་། རྒྱལ་པོའི་གནས་ཐམས་ཅད་དུ་ཡོངས་སུ་སྐྱོ་བ་མྱེད་པའི་སེམས་དང་ ལུས་ལ་དུབ་པ་མེད་པར་ཚོལ་ཚོལ་ཏེ། གྲོང་ཁྱེར་ཆེན་པོ་འོད་བཟངས་པོའི་ཉེན་ཀོར་ཞིག་དུ་ཕྱིན་པས་རྒྱལ་པོ་འོད་ཆེན་པོ་གང་ན་བཞུགས་ཤེས་དྲིས་ན། དེ་ལ་འགྲོ་བ་མང་པོས་བསྟན་ པ། རིགས་ཀྱི་བུ་དེ་རེ་འདི་ནི་གྲོང་ཁྱེར་འོད་བཟང་པོ་ཞེས་བྱ་བ་ཡིན་ཏེ། འདི་ན་རྒྱལ་པོ་འོད་ཆེན་པོ་བཞུགས་སོ་ཞེས་ནས། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་གྲོང་ཁྱེར་ཆེན་པོ་འོད་བཟང་པོ་ གང་ན་བ་དེར་ཕྱིན་ནས། གྲོང་ཁྱེར་ཆེན་པོ་འོད་བཟང་པོ་མཐོང་ངོ་། །མཐོང་ནས་ཀྱང་དགའ་རངས་ཏེ། མགུ་ཞིང་ཉམས་བདེ་ལ་ཚིམ་ཞིང་ཡིད་བདེ་བ་སྐྱེས་ནས། འདི་སྙམ་དུ་བསམས་ སོ། །འདི་ན་བདག་གི་དགེ་བའི་བཤེས་གཉེན་བཞུགས་པ་ལྟ་སྟེ། དེ་རིང་ནི་དགེ་བའི་བཤེས་གཉེན་དེ་ཡང་མཐོང་བར་འགྱུར་རོ། །དེ་ལས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་ཐོབ་པར་འགྱུར་ རོ། །བྱང་ཆུབ་སེམས་དཔའི་འབྱུང་བའི་སྒོ་དང་། བྱང་ཆུབ་སེམས་དཔའི་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་དང་། བྱང་ཆུབ་སེམས་དཔའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་དང་། བྱང་ཆུབ་སེམས་དཔའི་ཁྱུ་མཆོག་གི་མཐུ་ཕྱུང་བ་བསམ་གྱིས་མི་ཁྱབ་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ལ་ 76-1-203b རྣམ་པར་སྤྱོད་པ་བསམ་གྱིས་མི་ཁྱབ་པ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པས་རྣམ་པར་རོལ་པ་བསམ་གྱིས་མི་ཁྱབ་པ་དང་། བྱང་ཆུབ་སེམས་དཔའི་བརྩམས་པ་ཆེན་པོ་མཐར་དབྱུང་ བ་རྣམ་པར་དག་པ་བསམ་གྱིས་མི་ཁྱབ་པ་འང་ཐོས་པར་འགྱུར་རོ་ཞེས་དེ་ལྟར་བསམ་པ་ཡིད་ལ་བྱེད་ཅིང་གྲོང་ཁྱེར་ཆེན་པོ་འོད་བཟང་པོ་གང་ན་བ་དེར་སོང་སྟེ། ཕྱིན་ནས་གྲོང་ཁྱེར་ཆེན་པོ་འོད་བཟང་ པོ་དེ་ལ་བལྟས་ན། གསེར་དང་དངུལ་དང་བཻ་ཌཱུརྱ་དང་། ཤེལ་དང་མུ་ཏིག་དམར་པོ་དང་། ཨསྨ་གར་བ་དང་། མུ་ས་ར་གལ་པ་དང་། རིན་པོ་ཆེ་བདུན་ཀྱི་ཤིན་ཏུ་བཟང་ཞིང་བལྟ་ན་མཛེས་པ། རིན་པོ་ཆེའི་འོབས་ཟབས་སུ་ཟབ་པ། ཆུས་གང་བ་གཞི་གསེར་གྱི་གྲམ་པས་གང་བ། ལྷ་རྫས་ཀྱི་ཨུད་པ་ལ་དང་པད་མོ་དང་། ཀུ་མུ་ད་དང་། པུན་ད་རི་གས་ཀུན་ནས་གཡོགས་པ། དུས་དང་འཐུན་པའི་ཙན་དན་གྱི་འདམ་དང་། ལུ་མས་འཁོར་བ་བདུན་གྱིས་ཀུན་ནས་ཡོངས་སུ་བསྐོར་ཅིང་། རིན་པོ་ཆེ་སྣ་ཚོགས་ཀྱི་ཏ་ལའི་ཕྲེང་བ་རིམ་པ་བདུན་གྱིས་ཀུན་ནས་ཡོངས་སུ་བསྐོར་བ། རྡོ་རྗེ་རིན་པོ་ཆེའི་ར་བ་བདུན་གྱིས་ཀུན་ནས་ཡོངས་སུ་བསྐོར་བ། འདི་ལྟ་སྟེ། སེང་གེ་ཡིད་དུ་འོང་བའི་རྡོ་རྗེའི་ར་བ་དང་། རྡོ་རྗེ་གཞན་གྱིས་མི་ཐུབ་པའི་ར་བ་དང་། འབུག་པའི་ངང་ཚུལ་གྱི་ རྡོ་རྗེའི་ར་བ་དང་། ཐུབ་པར་དགའ་བའི་ངང་ཚུལ་གྱི་རྡོ་རྗེའི་ར་བ་དང་། རྡོ་རྗེ་བརྟན་པ་ཆགས་པ་མྱེད་པའི་ར་བ་དང་། རྡོ་རྗེའི་འོད་གཟེར་དྲ་བའི་སྙིང་པོའི་ར་བ་དང་། རྡུལ་དང་བྲལ་བའི་ཁ་དོག་གི་ རྒྱན་གྱི་རྡོ་རྗེའི་ར་བས་བསྐོར་བ་སྟེ། རྡོ་རྗེ་རིན་པོ་ཆེའི་ར་བ་དེ་དག་ཐམས་ཅད་ཀྱང་། ནོར་བུ་རིན་པོ་ཆེ་གྲངས་མྱེད་པས་ཡོངས་སུ་སྤྲས་པ། འཛམ་བུའི་ཆུ་ཀླུང་གི་གསེར་ཀྱི་ལན་ཀན་དང་། 76-1-204a བ་སོ་མཛེས་པར་བཀྱེ་བ་དངུལ་གྱི་རིན་པོ་ཆེའི་བ་སོའི་ཕྲེང་བ་མཛེས་པས་བརྒྱན་པ། རིན་པོ་ཆེའི་བཻ་ཌཱུརྱའི་བ་སོའི་ཕྲེང་བ་མཛེས་པས་བརྒྱན་པ། རིན་པོ་ཆེ་ཤེལ་གྱི་བ་སོའི་ཕྲེང་ བ་མཛེས་པས་བརྒྱན་པ་རིན་པོ་ཆེ་བྱི་རུའི་བ་སོའི་ཕྲེང་བ་མཛེས་པས་བརྒྱན་པ། མུ་ཏིག་དམར་པོའི་བ་སོའི་ཕྲེང་བ་མཛེས་པས་བརྒྱན་པ། མུ་ཏིག་རིན་པོ་ཆེ་རྒྱ་མཚོའི་སྙིང་པོའི་བ་སོའི་ ཕྲེང་བ་མཛེས་པས་བརྒྱན་པ་སྟེ། གྲོང་ཁྱེར་ཆེན་པོའི་སྒོ་ཆེན་པོ་བརྒྱད་ཀྱི་བར་བར་ན་དཔག་ཚད་བཅུ་བཅུ་ཡོད་དོ། །སྒོ་དེ་དག་ཀྱང་རིན་པོ་ཆེ་སྣ་བདུན་ལས་སྣ་ཚོགས་མཛེས་པར་བྱས་པ་སྟེ། བལྟ་ན་ཡིད་དུ་འོང་བའོ། །གྲོང་ཁྱེར་ཆེན་པོ་དེ་ནི་དེ་ལྟར་རྒྱ་ཆེ་ཞིང་ཡངས་ལ་ཡན་ལག་རྣམ་པ་བརྒྱད་དུ་རྣམ་པར་ཕྱེ་བ། བཻ་ཌཱུརྱ་སྔོན་པོའི་ས་ལ་གནས་པ་སྟེ། གྲོང་ཁྱེར་ཆེན་པོ་དེའི་ནང་ན་ ཡང་སྲང་ཆེན་པོ་བྱེ་བ་ཕྲག་བཅུ་བཅུ་ཡོད་དེ། སྲང་རེ་རེའི་གློ་གཉིས་ནས་ཀྱང་ཁྱིམ་ཆེན་པོ་བརྒྱ་ཕྲག་སྟོང་སྟོང་མཁོས་ལེགས་པར་འགྲིགས་པ་སྟེ། ཀུན་ཀྱང་རིན་པོ་ཆེ་སྣ་ཚོགས་ལས་བྱས་ པ་དག་གོ། །རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་རབ་ཏུ་བརྒྱན་པ་དག་གོ། །རིན་པོ་ཆེའི་གདུགས་དང་རྒྱལ་མཚན་བསྒྲེང་བ་དང་། བ་དན་ཆེ་བ་དང་ལྡན་པ་དག་གོ། །ཡོ་བྱད་ཐམས་ཅད་ ཕུན་སུམ་ཚོགས་པ་དག་གོ། །སེམས་ཅན་ཁྲག་ཁྲིག་དུ་མ་གནས་པ་དག་གོ། །གྲོང་ཁྱེར་ཆེན་པོ་དེ་ཡང་ནོར་བུ་རིན་པོ་ཆེའི་ཁ་དོག་གྲངས་མྱེད་པའི་ཁང་པས་མཛེས་པར་བྱས་པ་སྟེ། འཛམ་བུ་ཆུ་ཀླུང་གི་གསེར་གྱི་ཁང་པ་བརྩེགས་པ་ལ་རིན་པོ་ཆེ་བཻ་ཌཱུརྱའི་དྲ་བས་ཀུན་ནས་ཁེབས་པ་བསམ་གྱིས་མི་ཁྱབ་པའི་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། གྲངས་མྱེད་པ་དང་ལྡན་ 76-1-204b པའོ། །དངུལ་གྱི་ཁང་པ་བརྩེགས་པ་ལ་མུ་ཏིག་དམར་པོའི་དྲ་བས་ཁེབས་པ་བསམ་གྱིས་མི་ཁྱབ་པའི་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། གྲངས་མྱེད་པ་དང་ལྡན་པའོ། །བཻ་ཌཱུརྱའི་ཁང་ པ་བརྩེགས་པ་ལ་རིན་པོ་ཆེའི་མཛོད་སྣ་ཚོགས་ཀྱི་དྲ་བས་ཀུན་ནས་ཁེབས་པ་བསམ་གྱིས་མི་ཁྱབ་པའི་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་གྲངས་མེད་པ་དང་ལྡན་པའོ། །ཤེལ་གྱི་ཁང་པ་བརྩེགས་ པ་ལ་རིན་པོ་ཆེའི་རྒྱལ་པོ་སྙིང་པོ་ཡངས་པའི་དྲ་བས་ཀུན་ནས་ཁེབས་པ་བསམ་གྱིས་མི་ཁྱབ་པའི་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་གྲངས་མེད་པ་དང་ལྡན་པའོ། །ནོར་བུ་རིན་པོ་ཆེ་འགྲོ་བའི་ཡིད་དུ་ འོང་བའི་ཁང་པ་བརྩེགས་པ་ལ་རིན་པོ་ཆེ་ཉི་མའི་སྙིང་པོའི་དྲ་བས་ཀུན་ནས་ཁེབས་པ་བསམ་གྱིས་མི་ཁྱབ་པའི་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་གྲངས་མྱེད་པ་དང་ལྡན་པའོ། །རིན་པོ་ཆེ་ཨིན་དྲ་ནཱི་ ལའི་ཁང་པ་བརྩེགས་པ་ལ་རིན་པོ་ཆེ་དཔལ་གྱི་འོད་ཟེར་གྱི་དྲ་བས་ཀུན་ནས་ཁེབས་པ་བསམ་གྱིས་མི་ཁྱབ་པའི་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་གྲངས་མེད་པ་དང་ལྡན་པའོ། །རིན་པོ་ཆེའི་རྒྱལ་ པོ་འགྲོ་བ་རྒྱ་མཚོའི་ཁང་པ་བརྩེགས་པ་ལ་རིན་པོ་ཆེའི་རྒྱལ་པོ་སྐར་མའི་འོད་གཟེར་གྱི་དྲ་བས་ཀུན་ནས་ཁེབས་པ་བསམ་གྱིས་མི་ཁྱབ་པའི་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་གྲངས་མྱེད་པ་དང་ལྡན་པའོ། ། རིན་པོ་ཆེ་རྡོ་རྗེའི་ཁང་པ་བརྩེགས་པ་ལ་རིན་པོ་ཆེའི་རྒྱལ་པོ་གཞན་གྱིས་མི་ཐུབ་པའི་དྲ་བས་ཀུན་ནས་ཁེབས་པ་བསམ་གྱིས་མི་ཁྱབ་པའི་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་གྲངས་མྱེད་པ་དང་ལྡན་པའོ། ། དུས་དང་འཐུན་པའི་ཙན་དན་གྱི་ཁང་པ་ལ་ལྷ་རྫས་ཀྱི་མེ་ཏོག་སྣ་ཚོགས་ཀྱི་དྲ་བས་ཀུན་ནས་ཁེབས་པ་བསམ་གྱིས་མི་ཁྱབ་པ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་གྲངས་མེད་པ་དང་ལྡན་པའོ། ། 76-1-205a སྤོས་ཀྱི་རྒྱལ་པོ་མཚུངས་པ་མེད་པའི་ཁང་པ་བརྩེགས་པ་ལ་ལྷ་རྫས་ཀྱི་མེ་ཏོག་སྣ་ཚོགས་ཀྱི་དྲ་བས་ཀུན་ནས་ཁེབས་པ་བསམ་གྱིས་མི་ཁྱབ་པའི་རིན་པོ་ཆེའི་རྒྱན་རིན་པོ་ཆེའི་རྒྱན་ གྱིས་བརྒྱན་པ་གྲངས་མེད་པ་དང་ལྡན་པའོ། །རིན་པོ་ཆེའི་ཁང་པ་བརྩེགས་པ་དེ་དག་རེ་རེ་ཞིང་ཡང་རིན་པོ་ཆེའི་ལན་ཀན་དུ་མས་བརྒྱན་པ། རིན་པོ་ཆེའི་སྟེགས་བུ་རིམ་པ་བདུན་གྱིས་ བསྐོར་བ། རིན་པོ་ཆེའི་ཏ་ལའི་ཕྲེང་བ་རིམ་པ་བདུན་གྱི་འཁོར་བར་དགྲིགས་པའོ། །རིན་པོ་ཆེའི་ལན་ཀན་དེ་དག་དང་། རིན་པོ་ཆེའི་ཏ་ལ་དེ་དག་ཐམས་ཅད་དུ་འང་ཕན་ཚུན་རིན་པོ་ཆེའི་ སྲད་བུས་འབྲེལ་པའོ། །རིན་པོ་ཆེའི་སྲད་བུ་དེ་དག་ཐམས་ཅད་ཀྱང་གསེར་གྱི་དྲིལ་གྱི་ཕྲེང་བས་བརྒྱན་པའོ། །གསེར་གྱི་དྲིལ་གྱི་ཕྲེང་བ་དེ་དག་ཐམས་ཅད་ཀྱང་རིན་པོ་ཆེའི་ཆུན་པོའི་ལྡ་ལྡི་ སྣ་ཚོགས་ཀྱིས་རྣམ་པར་བྲེས་ཤིང་སྦྲེལ་བའོ། །རིན་པོ་ཆེའི་ཆུན་པོའི་ལྡ་ལྡི་དེ་དག་ཐམས་ཅད་ལས་ཀྱང་། རིན་པོ་ཆེའི་དྲིལ་བུ་གཡེར་ཀའི་དྲ་བ་མངོན་པར་སྤྱངས་པ་དག་སྟེ། དེ་ལྟར་ གྲོང་ཁྱེར་ཆེན་པོ་དེ་དག་ཐམས་ཅད་ནི་ནོར་བུ་རིན་པོ་ཆེའི་དྲ་བ་གྲངས་མེད་པས་ཀུན་ནས་ཁེབས་པའོ། །རིན་པོ་ཆེའི་དྲིལ་བུ་གཡེར་ཀའི་དྲ་བ་གྲངས་མྱེད་པས་ཀུན་ནས་ཁེབས་པའོ། ། ལྷ་རྫས་ཀྱི་སྤོས་ཀྱི་དྲ་བ་གྲངས་མེད་པས་ཀུན་ནས་ཁེབས་པའོ། །ལྷ་རྫས་ཀྱི་མེ་ཏོག་སྣ་ཚོགས་ཀྱི་དྲ་བ་གྲངས་མེད་པས་ཀུན་ནས་ཁེབས་པའོ། །རིན་པོ་ཆེའི་འབྲུའི་དྲ་བ་གྲངས་ མེད་པས་ཀུན་ནས་ཁེབས་པའོ། །རྡོ་རྗེའི་བླ་རེ་གྲངས་མེད་པས་ཀུན་ནས་ཁེབས་པའོ། །རིན་པོ་ཆེའི་བླ་རེ་གྲངས་མེད་པས་ཀུན་ནས་ཁེབས་པའོ། །རིན་པོ་ཆེའི་གདུགས་ 76-1-205b ཀྱི་བླ་རེ་གྲངས་མེད་པས་ཀུན་ནས་ཁེབས་པའོ། །རིན་པོ་ཆེའི་ཁང་པ་བརྩེགས་པའི་བླ་རེ་གྲངས་མེད་པས་ཀུན་ནས་ཁེབས་པའོ། །གོས་རིན་པོ་ཆེའི་བླ་རེ་གྲངས་མེད་པས་ཀུན་ནས་ཁེབས་པའོ། ། མེ་ཏོག་གི་ཕྲེང་བའི་བླ་རེ་གྲངས་མེད་པས་ཀུན་ནས་ཁེབས་པའོ། །རིན་པོ་ཆེའི་གདུགས་དང་། རྒྱལ་མཚན་སྣ་ཚོགས་གཙུགས་ཤིང་བསྒྲེང་བ་སྟེ། གྲོང་ཁྱེར་ཆེན་པོ་འོད་བཟང་པོ་དེའི་དབུས་ སུ་རྒྱལ་པོ་ཆེན་པོ་འོད་ཆེན་པོ་བཞུགས་པའི་ཕོ་བྲང་བརྩེགས་པ་འཁོར་ཀུན་ཏུ་དཔག་ཚད་བཞི་ཡོད་པ་སྟེ། རིན་པོ་ཆེ་སྣ་བདུན་ལས་བྱས་པའོ། །རིན་པོ་ཆེ་སྣ་ཚོགས་ཀྱི་སྟེགས་བུ་རིམ་བདུན་ གྱིས་ཡོངས་སུ་བསྐོར་བའོ། །རིན་པོ་ཆེའི་དྲིལ་བུ་ཡིད་དུ་འོང་བའི་སྒྲ་བསྙན་པར་འཁྲོལ་བའི་དྲ་བ་རིམ་བདུན་གྱི་སྒྲ་ཀུན་ནས་འབྱུང་བའོ། །རིན་པོ་ཆེ་སྣ་བདུན་གྱི་ཏ་ལའི་འཕྲེང་བ་རིམ་པ་བདུན་གྱིས་ ཀུན་ནས་བསྐོར་བའོ། །རིན་པོ་ཆེ་སྣ་ཚོགས་ཀྱི་ཁང་པ་བརྩེགས་པའི་རྒྱན་བརྒྱ་སྟོང་བསམ་གྱིས་མི་ཁྱབ་པ་དང་ལྡན་པའོ། །རྫིང་རིན་པོ་ཆེ་སྣ་ཚོགས་དུ་མ་ལས་བྱས་པ། གསེར་གྱི་དྲམ་བུ་ཀུན་ཏུ་ བཀྲམ་པ་ཡན་ལག་བརྒྱད་དང་ལྡན་པའི་ཆུས་ཡོངས་སུ་གང་བ། ལྷ་རྫས་ཀྱི་ཨུད་པ་ལ་དང་། པད་མོ་དང་ཀུ་མུ་ད་དང་མེ་ཏོག་པུན་ད་རི་ཀས་ཆུའི་སྟེང་ཀུན་ཏུ་གཡོགས་པ། རིན་པོ་ཆེའི་མེ་ཏོག་ དང་འབྲས་བུའི་ཤིང་སྣ་ཚོགས་ཀྱིས་རབ་ཏུ་བརྒྱན་པ། ཕྱོགས་བཞི་ནས་རིན་པོ་ཆེའི་ཕ་གུས་བརྩིགས་པའི་ཐེམ་སྐས་རྣམ་པར་བཀྱེ་བ་ཅན་གྱིས་ཤིན་ཏུ་མཛེས་པར་བྱས་པ་དང་ལྡན་པ། ལྷ་རྫས་ཀྱི་སྒྲ་སྙན་ཅིང་ཡིད་ དུ་འོང་བ་འབྱིན་པའི་བྱ་བྲན་སྣ་ཚོགས་ཀྱི་སྒྲ་ཤིན་ཏུ་འབྱུང་བ་ཡོད་པ། ལྷའི་དབང་པོའི་ཕོ་བྲང་དང་འགྲན་པ་སྟེ། དེའི་དབུས་ན་རིན་པོ་ཆེ་འགྲོ་བ་ལ་སྣང་བའི་ཁང་པ་བརྩེགས་པ། ཤིན་ཏུ་བཟང་ལ་ 76-1-206a མཛེས་ཤིང་ཡིད་དུ་འོང་བ། རིན་པོ་ཆེ་གྲངས་མེད་པའི་རྒྱན་བསམ་གྱིས་མི་ཁྱབ་པ་གྱ་ནོམ་པར་བརྒྱན་པ་ཡོད་དེ། དེའི་ནང་ན་རྒྱལ་པོ་འོད་ཆེན་པོ་དམ་པའི་ཆོས་གཅེས་པའི་དབྱིག་དུ་བྱ་བ་བཞུགས་སོ། ། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་རིན་པོ་ཆེའི་འོབས་དེ་དག་ལ་ནི་ཆགས་པའི་སེམས་མྱེད། རིན་པོ་ཆེའི་ར་བ་དེ་དག་ལ་ནི་ངོ་མཚར་དུ་འཛིན་པའི་སེམས་མྱེད། རིན་པོ་ཆེའི་ཏ་ལའི་འཕྲེང་བ་དེ་དག་ལ་ནི་འདོད་ཅིང་ཆགས་ པ་མྱེད། རིན་པོ་ཆེའི་དྲིལ་གྱི་དྲ་བའི་སྒྲ་ལ་ནི་རོ་མྱོང་བར་བྱེད་པ་མྱེད། ལྷ་རྫས་ཀྱི་རོལ་མོའི་སྒྲ་དང་གླུ་སྙན་པའི་དབྱངས་ལ་ནི་ཆགས་པའི་སེམས་མྱེད། རིན་པོ་ཆེ་རྣམ་པ་ཐ་དད་པའི་གཞལ་མྱེད་ཁང་དང་། ཁང་པ་ བརྩེགས་པ་སྣ་ཚོགས་ཀྱི་ལོངས་སྤྱོད་ནི་ཡིད་ལ་བྱ་བ་མེད་པར་ཤིན་ཏུ་དགའ་བར་གྱུར་པའི། སྐྱེས་པ་དང་བུད་མྱེད་ཀྱི་ཚོགས་ཀྱི་ཆོས་ཀྱི་དགའ་བའི་མོས་པས་ཤིན་ཏུ་དགའ་ཞིང་། གཟུགས་དང་སྒྲ་དང་དྲི་དང་ རོ་དང་རེག་ལ་དགའ་བས་དབེན་པའི་སེམས་དང་ལྡན་པ། ཆོས་ངེས་པར་བརྟགས་པ་ལ་ཤིན་ཏུ་མོས་པས་སེམས་ཅན་གང་དང་ཕྲད་ཀྱང་། དགེ་བའི་བཤེས་གཉེན་རྟག་ཏུ་འདྲི་ཞིང་མཐར་གྱིས་གྲོང་ཁྱེར་གྱི་ལམ་གྱི་ སུམ་མདོའི་དྲུང་ཞིག་དུ་ཕྱིན་ནས་ཀུན་ཏུ་བལྟས་ན། གྲོང་ཁྱེར་གྱི་ལམ་གྱི་སུམ་མདོའི་དབུས་ཀྱི་མཆོད་རྟེན་གྱི་ཁང་པ་ནས་ཧ་ཅང་ཡང་མི་རིང་བ་ཞིག་ན། རྒྱན་ཆེན་པོ་དང་ལྡན་པའི་ཁྲི་ཆེན་པོ་བཻ་ཌཱུཪྻ་སྔོན་པོའི་རྐང་པ་ བཀྱེ་བ། བཻ་ཌཱུཪྻ་དཀར་པོའི་སེང་གེའི་ས་བླངས་པ། འཛམ་བུ་ཆུ་ཀླུང་གི་གསེར་གྱི་ལྕག་པོད་ཀྱི་དྲ་བས་ལེགས་པར་བཏགས་པ། ལྷ་རྫས་ལས་ཀྱང་འདས་པའི་རིན་པོ་ཆེའི་སྟན་སྣ་ཚོགས་བཏིང་བ། རིན་པོ་ཆེའི་འབྲུ་ གྲངས་མེད་པས་རྣམ་པར་བརྒྱན་པ། ནོར་བུ་རིན་པོ་ཆེའི་རྒྱན་བསམ་གྱིས་མི་ཁྱབ་པའི་དྲ་བས་ཀུན་ནས་ཁེབས་པ། འཛམ་བུ་ཆུ་ཀླུང་གི་གསེར་གྱི་སྣམ་བུ་ལས། ལྷ་རྫས་རིན་པོ་ཆེ་སྣ་ཚོགས་ཀྱི་གུར་ཤིན་ཏུ་སྤྲ་བར་ 76-1-206b བཀྱེ་བའི་གནམ་ཡོལ་བྲེས་པ། ནོར་བུ་རིན་པོ་ཆེ་ཡིད་བཞིན་གྱི་རྒྱལ་པོའི་པད་མོའི་སྙིང་པོ་དང་ལྡན་པ། དེ་ལྟ་བུའི་ཆོས་ཀྱི་ཁྲི་ཆེན་པོ་ལ་རྒྱལ་པོ་འོད་ཆེན་པོ་མྱི་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་ལུས་ཤིན་ཏུ་བརྒྱན་ པ་དཔེ་བྱད་བཟང་པོ་སྣ་ཚོགས་བརྒྱད་བཅུ་ཐམས་ཅད་ཀྱིས་ལུས་ཤིན་ཏུ་མཛེས་པ་གསེར་གྱི་རི་བོ་ལྟར་རིན་པོ་ཆེ་སྣ་ཚོགས་རྣམ་པར་མཛེས་པ་ཉི་མའི་དཀྱིལ་འཁོར་ལྟར་གཟི་བརྗིད་རབ་ཏུ་འབར་བ། ཟླ་བ་ཉ་ ཞིང་རྒྱས་པའི་དཀྱིལ་འཁོར་ལྟ་ན་བཟང་བ། ཚངས་པ་ལྟར་ཚངས་པའི་འཁོར་གྱི་ནང་ན་རྣམ་པར་མཛེས་པ། རྒྱ་མཚོ་ལྟར་ཟབ་མོའི་ཆོས་དང་ཡོན་ཏན་མཐའ་ཡས་པའི་རིན་པོ་ཆེའི་ཚོགས་དང་ལྡན་པ། སྤྲིན་ཆེན་པོ་ ལྟར་ཆོས་ཀྱི་རང་བཞིན་གྱི་འབྲུག་སྒྲ་སྒྲོག་པ། ནམ་མཁའ་ལྟར་ཆོས་ཀྱི་ཚུལ་གྱི་སྐར་མའི་ཚོགས་ཀྱིས་བརྒྱན་པ། རི་རབ་ལྟར་ཁ་དོག་བཞི་པོའི་སེམས་ཅན་རྒྱ་མཚོའི་སེམས་ལ། གཟུགས་བརྙན་རབ་ཏུ་ སྣང་བ་རིན་པོ་ཆེའི་གླིང་ལྟར་གཞི་ཡེ་ཤེས་སྣ་ཚོགས་རིན་པོ་ཆེས་ཡོངས་སུ་གང་བ་དེ་སྐྱིལ་མོ་དཀྲུང་དུ་འདུག་པ་མཐོང་ངོ་། །དེའི་མདུན་ན་ཡང་གསེར་དང་ནོར་བུ་དང་མུ་ཏིག་དང་། བཻ་ཌཱུཪྻ་དང་། དུང་དང་མན་ཤེལ་ དང་། བྱི་རུ་དང་། ས་ལེ་སྦྲམ་དང་དངུལ་རིན་པོ་ཆེའི་ཕུང་པོ་དང་། ལྷ་རྫས་ཀྱི་གོས་ཁ་དོག་སྣ་ཚོགས་ཀྱི་ཕུང་པོ་དང་། ལྷ་རྫས་ཀྱི་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱི་ཕུང་པོ་དང་། ཁ་ཟས་དང་སྤྱན་གཟིགས་སྣ་ཚོགས་ཀྱི་ ཕུང་པོ་དང་། ཞིམ་པའི་མཆོག་ཁྱད་པར་དུ་འཕགས་པ་རྣམ་པ་སྣ་ཚོགས་ཀྱི་ཕུང་པོ་དགོད་པ་དང་། དངར་བའི་ཐབས་སྣ་ཚོགས་ཀྱི་ཡུལ་དུ་བཀོད་པ་མཐོང་ངོ་། །ལྷ་རྫས་ཀྱི་ཤིང་རྟ་རིན་པོ་ཆེ་བྱེ་བ་བརྒྱ་སྟོང་དུ་མ་དང་། ལྷ་རྫས་ཀྱི་སིལ་སྙན་བྱེ་བ་བརྒྱ་སྟོང་དུ་མ་དང་། ལྷ་རྫས་ཀྱི་སྤོས་ཀྱི་རྣམ་པ་བྱེ་བ་བརྒྱ་སྟོང་དུ་མ་དང་། ནད་ཀྱི་རྐྱེན་ཀྱི་སྨན་དང་། ཡོ་བྱད་ཀྱི་ཕུང་པོ་དུ་མ་དང་། ཡོ་བྱད་ཀྱི་ཁྱད་པར་ཐམས་ཅད་ཀྱི་ཕུང་པོ་སྤྱད་དུ་རུང་ཞིང་ཁ་ན་མ་ཐོ་བ་ 76-1-207a མེད་པ་མང་པོས་སེམས་ཅན་རྣམས་ཅི་དགའ་བར་སྤྱོད་དུ་གཟུད་པའི་ཕྱིར་བཤམས་ཏེ། བཀོད་པ་དང་། བ་བཞོན་གསེར་གྱི་རུ་མྱིག་ཅན་སྟོང་ཕྲག་དུ་མ། འོ་མ་བྲེས་འཇལ་བ་མང་པོ་ཡང་སེམས་ཅན་འཕོངས་པ་རྣམས་ ཡོངས་སུ་བསྡུ་བའི་ཕྱིར་བཀོད་པ་མཐོང་ངོ་། །བུ་མོ་རིན་པོ་ཆེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བཞིན་བཟང་བ། ཤིན་ཏུ་མཛེས་པ་བལྟ་ན་སྡུག་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་ཀླུབས་པ། ལྷ་རྫས་ཀྱི་གོས་རིན་པོ་ཆེ་ གྱོན་པ། ལྷ་རྫས་ཀྱི་ཙན་དན་སྦྲུལ་གྱི་སྙིང་པོས་ལུས་བྱུགས་པ། སྒྱུ་རྩལ་དྲུག་བཅུ་རྩ་བཞིའི་ཚུལ་ཤེས་པ། འདོད་པའི་སྤྱོད་པ་དང་། ཆོ་ག་ཐམས་ཅད་ལ་མཁས་པ་དག་ཀྱང་བསྩགས་ཤིང་བཀོད་པ་མཐོང་ངོ་། །དེའི་ མདུན་ན་ཇི་ལྟ་བ་དེ་བཞིན་དུ་སེམས་ཅན་རྣམས་ཡོངས་སུ་བསྡུ་བ་དང་། སེམས་ཅན་རྣམས་ཡོངས་སུ་གཟུང་བ་དང་། སེམས་ཅན་རྣམས་དགའ་བ་བསྐྱེད་པ་དང་། སེམས་ཅན་རྣམས་སྤྲོ་བ་བསྐྱེད་པ་དང་། སེམས་ཅན་ རྣམས་ཀྱི་ཡིད་དང་བར་བྱ་བ་དང་། སེམས་ཅན་རྣམས་ཀྱི་སེམས་ཤིན་ཏུ་བདེ་བར་བྱ་བ་དང་། སེམས་ཅན་རྣམས་ཀྱི་ཉོན་མོངས་པ་རྣམ་པར་ཞི་བར་བྱ་བ་དང་། སེམས་ཅན་རྣམས་ཆོས་ཀྱི་རང་བཞིན་གྱི་དོན་ལ་ དགོད་པ་དང་། སེམས་ཅན་རྣམས་ཐམས་ཅད་མཁྱེན་པ་ཉིད་དུ་དོན་མཉམ་པར་བྱ་བ་དང་། སེམས་ཅན་རྣམས་གཞན་ལ་འཁུ་བ་རྣམ་པར་བཟློག་པར་བྱ་བ་དང་། ལུས་དང་ངག་གི་སྤྱོད་པ་ཐམས་ཅད་རྣམ་པར་ བཟློག་པ་དང་། སེམས་ཅན་རྣམས་ཀྱི་ལྟ་བའི་ཟུག་རྔུ་ཡང་དག་པར་འབྱུང་བ་དང་། སེམས་ཅན་རྣམས་ཀྱི་ལམ་ཡོངས་སུ་སྦྱང་བའི་ཕྱིར། སྲང་དང་ལམ་གྱི་བཞི་མདོ་དང་། ལམ་གྱི་སུམ་མདོ་དང་། སྒོ་དང་ཁྱམས་ དག་ན་འང་དེ་བཞིན་ཏེ། སྲང་རེ་རེའི་ངོས་གཡས་གཡོན་ནས་ཀྱང་སྟེགས་བུ་བྱེ་བ་ཉི་ཤུ་ཉི་ཤུ་ཙམ་ལ་ཡོ་བྱད་ཐམས་ཅད་ཡོངས་སུ་སྤུངས་ཏེ་བཀོད་པ་མཐོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་རྒྱལ་པོ་འོད་ཆེན་ 76-1-207b པོ་ལ་ལུས་ཐམས་ཅད་ཀྱི་ཕབ་ནས་ཕྱག་བྱས་ཏེ། རྒྱལ་པོ་འོད་ཆེན་པོ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་པ་ བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་མ་འཚལ་ཏེ། འཕགས་ པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་རྗེས་སུ་བསྟན་པ་མཛད་དོ་ཞེས་བདག་གིས་ཐོས་ན། འཕགས་པ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་ དང་། ཇི་ལྟར་ནན་ཏན་དུ་བགྱི་བ་བདག་ལ་བཀའ་སྩལ་དུ་གསོལ། སྨྲས་པ་རིགས་ཀྱི་བུ་ང་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་བྱམས་པ་ཆེན་པོའི་སྤྱོད་པ་བྱམས་པ་ཆེན་པོའི་རྒྱལ་མཚན་ཡོངས་སུ་དག་པ་དང་། ཡོངས་སུ་རྫོགས་པར་བྱེད་པ་སྟེ། རིགས་ཀྱི་བུ་ངས་བྱང་ཆུབ་སེམས་དཔའི་སྤྱོད་པ་བྱམས་པ་ཆེན་པོའི་རྒྱལ་མཚན་འདི་ཡང་སངས་རྒྱས་བརྒྱ་ཕྲག་དུ་མ་དང་། སངས་རྒྱས་སྟོང་ཕྲག་དུ་མ་དང་། སངས་རྒྱས་བརྒྱ་སྟོང་ ཕྲག་དུ་མ་དང་། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ནས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཡོངས་སུ་དྲིས་སོ། །ཡོངས་སུ་ཞུས་སོ། །རྣམ་པར་སྦྱངས་སོ། ། ཡོངས་སུ་སྦྱངས་སོ། །རྣམ་པར་བཀོད་དོ། །རྣམ་པར་བལྟས་སོ། །རྣམ་པར་དཔྱད་དོ། །རྗེས་སུ་བཙལ་ཏོ། །ཡོངས་སུ་བརྟགས་སོ། །རྣམ་པར་བྲིས་སོ། །རྒྱ་ཆེར་བྱས་སོ། །རིགས་ཀྱི་བུ་དེ་ལྟར་ང་ནི་ བྱང་ཆུབ་སེམས་དཔའི་སྤྱོད་པ་བྱམས་པ་ཆེན་པོའི་རྒྱལ་མཚན་འདི་ལ་གནས་ཤིང་ཆོས་དང་འཐུན་པར་ཁམས་སྐྱོང་ཞིང་སྟོན་ཏོ། །ཆོས་དང་འཐུན་པར་འཇིག་རྟེན་ལ་ཕན་པར་བྱེད་པ་ 76-1-208a དང་ཆོས་དང་འཐུན་པར་འཇིག་རྟེན་ན་རྗེས་སུ་སྤྱོད་པ། །ཆོས་དང་འཐུན་པར་འཇིག་རྟེན་ན་བཅས་པ་བྱེད་དོ། །ཆོས་དང་འཐུན་པར་སེམས་ཅན་རྣམས་ལ་ནན་ཏན་བྱེད་དོ། །ཆོས་ཀྱི་དཀྱིལ་འཁོར་ལ་སེམས་ཅན་རྣམས་ ཡོངས་སུ་འཛུད་དོ། །ཆོས་ཀྱི་ཚུལ་སེམས་ཅན་རྣམས་ལ་ཉེ་བར་བསྒྲུབ་བོ། །ཆོས་དང་འཐུན་པར་སེམས་ཅན་རྣམས་ལ་ཡོངས་སུ་བསྒོ་བ་བྱེད་དོ། །ཆོས་ཀྱི་ནན་ཏན་ལ་སེམས་ཅན་རྣམས་ཡོངས་སུ་སྦྱར་རོ། །ཆོས་ ཀྱི་རང་བཞིན་ངེས་པར་རྟོགས་པ་ལ་སེམས་ཅན་རྣམས་རབ་ཏུ་འགོད་དོ། །བྱམས་པ་ཆེན་པོའི་དབང་དང་། བྱམས་པ་ཆེན་པོའི་སྟོབས་དང་། ཕན་པའི་སེམས་དང་། བདེ་བའི་སེམས་དང་། སྙིང་རྗེའི་སེམས་དང་། ཕན་འདོག་པའི་སེམས་དང་། ཡོངསུ་བསྲུང་བའི་སེམས་དང་། སེམས་ཅན་ཡོངས་སུ་འཛིན་པ་མི་གཏོང་བའི་སེམས་དང་། སྡུག་བསྔལ་ཐམས་ཅད་རྣམ་པར་བཟློག་པའི་སྨོན་ལམ་རྒྱུན་མི་གཅོད་པའི་ སེམས་དང་། བདེ་བའི་མཐར་ཕྱིན་པ་ལ་རབ་ཏུ་འགོད་པར་ཡང་དག་པར་སྤྱོད་པ་རྒྱུན་མི་གཅོད་པ་ལ་སེམས་ཅན་རྣམས་རབ་ཏུ་དགོད་དོ། །བག་ཡངས་ཀྱི་བདེ་བ་ཡང་དག་པར་བསྐྱེད་པས་སེམས་ཅན་དེ་དག་ གི་ལུས་ཀྱང་ཤིན་ཏུ་བདེ་བར་བྱེད་དོ། །དེ་དག་གི་འཁོར་བའི་བདེ་བ་ལ་ཞེན་པའི་སེམས་ཀྱི་རྒྱུད་ཀྱང་རྣམ་པར་བཟློག་པ་བྱེད་དོ། །དེ་དག་གི་སེམས་ཀྱི་རྒྱུན་ཀྱང་ཆོས་ཀྱི་དགའ་བ་དད་མོས་པ་ལ་ཡོངས་སུ་ གཞོལ་བར་བྱེད་དོ། །ཉོན་མོངས་པའི་དྲི་མ་ཐམས་ཅད་ལས་རྣམ་པར་སྦྱོང་བ་བྱེད་དོ། །མི་དགེ་བའི་ཆོས་ཐམས་ཅད་ལས་ཡོངས་སུ་སྦྱོང་བ་བྱེད་དོ། །འཁོར་བའི་རྒྱུན་ལས་རྣམ་པར་བཟློག་པ་ བྱེད་དོ། །ཆོས་ཀྱི་དབྱིངས་ཀྱི་ཚུལ་རྒྱ་མཚོ་ལ་ཡོངས་སུ་བཟུང་པ་བྱེད་དོ། །དེ་དག་སྲིད་པའི་ལམ་གྱི་རྒྱུད་དུ་སྐྱེ་བ་ཐམས་ཅད་རྒྱུན་གཅོད་པའི་ཕྱིར། སེམས་ཀྱི་མ་རིག་པ་ཡོངས་ 76-1-208b སུ་བསྒྲག་པ་བྱེད་དོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་དེ་དག་གི་སེམས་ཀྱི་མྱུ་གུ་བསྐྱེད་དོ། །མི་འཕྲོགས་པའི་དད་པའི་སྟོབས་ཡང་དག་པར་བསྐྱེད་པའི་ཕྱིར་དེ་དག་གི་སེམས་ཀྱི་རྒྱ་མཚོ་ཡང་ རབ་ཏུ་དང་བར་བྱེད་དོ། །རིགས་ཀྱི་བུ་དེ་ལྟར་ང་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་བྱམས་པ་ཆེན་པོའི་རྒྱལ་མཚན་ལ་གནས་ཏེ། ཆོས་དང་འཐུན་པར་འཇིག་རྟེན་སྐྱོང་ཞིང་སྟོན་ཏོ། །རིགས་ཀྱི་བུ་ངའི་ཁམས་ན་གནས་ པའི་སེམས་ཅན་རྣམས་ནི་ངས་འཇིགས་ཤིང་སྔང་བ་འམ། བག་ཚ་ཞིང་སྐྱི་གཡའ་བ་མེད་དེ། རིགས་ཀྱི་བུ་སེམས་ཅན་གང་འཕོངས་ཤིང་ཡོ་བྱད་སྣ་ཚོགས་ཀྱིས་བྲེལ་པ་བཟའ་བ་འདོད་པ་འམ། བཏུང་བ་འདོད་པ་འམ། གོས་འདོད་པ་ནས་ཡོ་བྱད་སྣ་ཚོགས་ཐམས་ཅད་གང་འདོད་ཀྱང་རུང་སྟེ། དེ་དག་ཐམས་ཅད་ངའི་དྲུང་དུ་འོང་ངོ་། །དེ་དག་ལའང་འདས་སྔ་ནས་བཤམ་བཤམ་པའི་མཛོད་སྒོ་ཕྱེ་ཞིང་ཅི་འདོད་པ་ཁྱེར་ཅིག་ཅེས་བསྟབས་ཏེ། གང་གི་དོན་དུ་ཁྱེད་ སྡིག་པའི་ལས་ལ་སྤྱོད་པར་གྱུར་ཅིང་། མ་བྱིན་པར་ལེན་པ་འམ། འདོད་པས་ལོག་པར་གཡེམ་པ་འམ། བརྫུན་དུ་སྨྲ་བ་འམ། ཕྲ་མ་འམ། ངག་རྩུབ་པོ་དང་། ཚིགས་ཁྱལ་པ་འམ། ཆགས་སེམས་དང་། གནོད་སེམས་ སམ། ལོག་པར་ལྟ་བ་འམ། དེ་མ་ཡིན་པའི་རྣམ་པ་སྣ་ཚོགས་ལ་མངོན་པར་ཞེན་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་། གྲོང་ཁྱེར་ཆེན་པོ་འོད་བཟང་པོ་འདིའི་སྒོ་དང་སྲང་དང་། ཁྱམས་དང་། ལམ་གྱི་སུམ་མདོ་དང་། བཞི་མདོ་ ཀུན་ཏུ་སྤུངས་ཏེ། སྔ་ནས་བྱིན་པ་ཡིན་གྱིས་སུ་ཅི་འདོད་པ་ཀུན་ཀྱང་ཁྱེར་ཅིག་ཅེས་བསྟབས་ཤིང་བྱིན་ནོ། །རིགས་ཀྱི་བུ་གྲོང་ཁྱེར་འོད་བཟང་པོ་འདི་ན་སེམས་ཅན་ཇི་སྙེད་ཅིག་གནས་པ་དེ་དག་ཐམས་ཅད་ནི་བྱང་ཆུབ་ སེམས་དཔའ་སྟེ་ཐེག་པ་ཆེན་པོ་ལ་ཞུགས་པའོ། །དེ་བས་ན་གྲོང་ཁྱེར་ཆེན་པོ་འོད་བཟང་པོ་འདི་ཡང་དེ་དག་ལ་བསམ་པ་རྣམ་པ་ཇི་ལྟ་བུར་དག་པའི་ཚུལ་བཞིན་དུ་སྣང་སྟེ། ལ་ལ་ལ་ནི་དོག་པར་སྣང་ངོ་། ། 76-1-209a ལ་ལ་ལ་ནི་ཡངས་པར་སྣང་ངོ་། །ལ་ལ་ལ་ནི་གཞི་ས་ལ་གནས་པར་སྣང་ངོ་། །ལ་ལ་ལ་ནི་གཞི་རིན་པོ་ཆེ་བཻ་ཌཱུརྱ་ལས་བྱས་པར་སྣང་ངོ་། །ལ་ལ་ལ་ནི་སའི་ར་བས་བསྐོར་བར་སྣང་ངོ་། །ལ་ལ་ལ་ནི་རིན་པོ་ཆེ་རྡོ་རྗེ་གཞན་ གྱིས་མི་ཐུབ་པའི་རྒྱལ་མཚན་གྱི་ར་བས་བསྐོར་བར་སྣང་ངོ་། །ལ་ལ་ལ་ནི་གསེག་མ་དང་གྱོ་མོས་གང་ཞིང་ཐག་ཐུག་དང་གྲོག་པོ་དང་། གཡང་ས་མང་པོ་ཅན་དུ་སྣང་ངོ་། །ལ་ལ་ལ་ནི་ནོར་བུ་རིན་པོ་ཆེ་དམ་པ་གྲངས་མེད་པས། གཞི་བརྒྱན་ཅིང་ཡོངས་སུ་བཀྲམ་པ་དང་། ལག་མཐིལ་བཞིན་དུ་གཞི་མཉམ་པར་སྣང་ངོ་། །ལ་ལ་ལ་ནི་ས་ལས་བྱས་པར་སྣང་ངོ་། །ལ་ལ་ལ་ནི་རིན་པོ་ཆེ་གྲངས་མེད་པའི་ཁང་པ་དང་། གཞལ་མེད་ཁང་དང་། ཁང་ བཟང་དང་། ཁང་པ་བརྩེགས་པ་དང་། ཁང་སྟེང་དང་། བ་གམ་དང་། སྐར་ཁུང་དག་གི་ཤར་བུ་དང་། ཟླ་གམ་རིན་པོ་ཆེ་སེང་གེའི་དྲ་བས་བརྒྱན་པར་སྣང་ངོ་། །གྲོང་ཁྱེར་གྱི་ཕྱི་རོལ་ན་གནས་པའི་སེམས་ཅན་སྔོན་ ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། བསྡུ་བའི་དངོས་པོ་བཞིས་ཡོངས་སུ་བསྡུས་པ། བསམ་པ་དག་པ་དགེ་བའི་རྩ་བ་བསྐྱེད་པ། སངས་རྒྱས་མང་པོ་བསྙེན་བཀུར་བ་ཐམས་ཅད་མཁྱེན་པ་ ཉིད་ལ་མངོན་པར་མོས་པ་ཐམས་ཅད་མཁྱེན་པ་ཉིད་དུ་རབ་ཏུ་གཞོལ་བ་དེ་དག་ལ་ཡང་རིན་པོ་ཆེ་ལས་བྱས་པར་སྣང་ངོ་། །དེ་མ་ཡིན་པ་གཞན་དག་ལ་ནི་ས་ལས་བྱས་པར་སྣང་སྟེ། རིགས་ཀྱི་བུ་ངའི་ཁམས་ ན་གནས་པའི་སེམས་ཅན་ཡུལ་དང་ཕྱོགས་དང་། གྲོང་ཁྱེར་དང་གྲོང་རྡལ་དང་། ལྗོངས་དང་ཁམས་དང་། རྒྱལ་པོའི་ཕོ་བྲང་དག་ན་རྙོག་པ་ལྔ་དང་ལྡན་པའི་འཇིག་རྟེན་གྱི་དུས་ཀྱི་རང་བཞིན་གྱིས་དཀྲུགས་ཏེ། མི་དགེ་བ་བཅུའི་ལས་ཀྱི་ལམ་ཞིག་བྱེད་པར་འདོད་པར་གྱུར་ན་ཡང་། དེའི་ཚེ་ང་དེ་དག་ལ་ཕན་པར་བྱ་བའི་སེམས་ཀྱིས། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འཇིག་རྟེན་གྱི་དབང་པོའི་གློང་ཞེས་བྱ་བ་བྱམས་པ་ 76-1-209b ཆེན་པོའི་སྔོན་དུ་འགྲོ་བ་ལ་སྙོམས་པར་འཇུག་སྟེ། རིགས་ཀྱི་བུ་དེ་ལྟར་ང་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་དང་། དེ་ཉིད་ཀྱི་མོད་ལ་སེམས་ཅན་དེ་དག་གི་འཇིགས་པ་དེ་དག་དང་མི་བདེ་བ་དེ་དག་དང་། ཤར་གཉེར་བ་དེ་དག་ དང་ཐབ་མོ་དང་རྩོད་པ་དེ་དག་དང་། སེམས་ཀྱི་འཁྲུག་པ་དེ་དག་དང་། འཚེ་བའི་སེམས་དེ་དག་ཀྱང་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འཇིག་རྟེན་གྱི་དབང་པོའི་གློང་བྱམས་པ་ཆེན་པོ་སྔོན་དུ་འགྲོ་བ་དེའི་ཆོས་ཉིད་ཐོབ་ པས་རབ་ཏུ་ཞི་བར་འགྱུར་ཏོ། །ཉེ་བར་ཞི་བར་འགྱུར་ཏོ། །རྣམ་པར་ལྡོག་པར་འགྱུར་རོ། །འགག་པར་འགྱུར་ཏོ། །རིགས་ཀྱི་བུ་ཡུད་ཙམ་ཞིག་སྡོད་དང་དེ་རེ་མངོན་སུམ་དུ་འགྱུར་རོ། །དེ་ནས་རྒྱལ་པོ་འོད་ཆེན་ པོས་དེའི་ཚེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་བྱམས་པ་ཆེན་པོའི་སྔོན་དུ་འགྲོ་བ་འཇིག་རྟེན་གྱི་དབང་པོའི་གློང་ལ་མཉམ་པར་གཞོག་གོ། །དེ་ལྟར་རྒྱལ་པོ་འོད་ཆེན་པོས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ བྱམས་པ་ཆེན་པོ་སྔོན་དུ་འགྲོ་བ་འཇིག་རྟེན་གྱི་དབང་པོའི་གློང་ལ་མཉམ་པར་བཞག་མ་ཐག་དུ་དེའི་མོད་ལ་གྲོང་ཁྱེར་ཆེན་པོ་འོད་བཟང་པོའི་ཡུལ་དང་། ཕྱོགས་སུ་བཅས་པ། གྲོང་ཁྱེར་དང་གྲོང་རྡལ་དང་། ལྗོངས་དང་ ཁམས་དང་། རྒྱལ་པོའི་ཕོ་བྲང་གི་འཁོར་དང་བཅས་པ་རྣམ་པ་དྲུག་དུ་གཡོས་སོ། །དེ་གཡོས་པའི་ཚེ་རིན་པོ་ཆེའི་ར་བ་དེ་དག་དང་རིན་པོ་ཆེའི་ཁང་པ་དང་། རིན་པོ་ཆེའི་སྙིང་པོ་དང་། རིན་པོ་ཆེའི་ཁྱིམ་དང་། རིན་པོ་ཆེའི་ གནས་དང་། རིན་པོ་ཆེའི་གཞལ་མེད་ཁང་དང་། རིན་པོ་ཆེའི་ཁང་པ་བརྩེགས་པ་དང་། རིན་པོ་ཆེའི་བ་གམ་དང་། རིན་པོ་ཆེའི་པུ་ཤུ་དང་། རིན་པོ་ཆེའི་སྐར་ཁུང་དང་། རིན་པོ་ཆེའི་སྟེགས་བུ་དང་། རིན་པོ་ཆེའི་ རྟ་བབས་དང་། རིན་པོ་ཆེའི་ཟླ་གམ་དང་། རིན་པོ་ཆེའི་སེང་གེའི་དྲ་བ་དང་། རིན་པོ་ཆེའི་ལན་ཀན་དང་། རིན་པོ་ཆེའི་འབྲུ་དང་། རིན་པོ་ཆེའི་བླ་རེ་དང་། རིན་པོ་ཆེའི་སྲད་བུས་བརྒྱུས་པའི་གསེར་གྱི་དྲིལ་ 76-1-210a བུ་གཡེར་ཀའི་དྲ་བ་དང་། རིན་པོ་ཆེའི་དྲིལ་བུ་དང་། རིན་པོ་ཆེའི་རྒྱལ་མཚན་དང་། རིན་པོ་ཆེའི་བ་དན་དང་། རིན་པོ་ཆེའི་ཏ་ལ་དེ་དག་ཀྱང་རབ་ཏུ་གཡོས་ཏེ། སྒྲ་འབྱིན་ཏོ། །རབ་ཏུ་འཁྲོལ་ལོ། །དེ་དག་དེ་ལྟར་སྒྲ་ འབྱིན་ཅིང་ཡིད་དུ་འོང་བ་ལ་སྙན་པ་དང་། མཉན་ན་དགའ་བའི་དབྱངས་རྗོད་ཅིང་། རྒྱལ་པོ་འོད་ཆེན་པོ་གང་ན་བ་དེར་བཏུད་ཏེ་ཕྱག་འཚལ་ལོ། །གྲོང་ཁྱེར་ཆེན་པོ་འོད་བཟང་པོའི་ནང་ན། སེམས་ཅན་ཇི་སྙེད་ ཅིག་གནས་པ་དེ་དག་ཐམས་ཅད་ཀྱང་། དགའ་བ་དང་རངས་པའི་སེམས་ཀྱིས་ཡོངས་སུ་རྒྱས་ནས། རྒྱལ་པོ་འོད་ཆེན་པོ་གང་ན་བ་དེར་ལོགས་སུ་མངོན་ཏུ་བལྟས་ཏེ། ལུས་ཐམས་ཅད་ཀྱིས་ཕབ་ཅིང་ཕྱག་འཚལ་ ལོ། །དེའི་ཁམས་ཀྱི་གྲོང་དང་གྲོང་ཁྱེར་དང་། ལྗོངས་དང་ཡུལ་དང་ཁམས་དང་། རྒྱལ་པོའི་ཕོ་བྲང་འཁོར་ན་གནས་པ་དེ་དག་ཐམས་ཅད་ཀྱང་ལུས་དང་སེམས་བདེ་བར་གྱུར་ཏེ། དགའ་ཞིང་རངས་པ་སྐྱེས་ནས། རྒྱལ་ པོ་འོད་ཆེན་པོ་གང་ན་བ་དེ་ལོགས་སུ་ཕྱག་འཚལ་ལོ། །བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱང་གཅིག་ལ་གཅིག་བྱམས་པའི་སེམས་དང་། ཕན་པའི་སེམས་སུ་ལྡན་པར་གྱུར་ནས། རྒྱལ་པོ་འོད་ཆེན་པོ་གང་ན་བ་དེར་ལོགས་སུ་བལྟ་ཞིང་མངོན་པར་འདུད་དོ། །རི་དང་རྒང་མཐོན་པོའི་སའི་ཕྱོགས་ཐམས་ཅད་ཀྱང་རྒྱལ་པོ་འོད་ཆེན་པོ་གང་ན་བ་དེར་མངོན་པར་འདུད་དོ། །མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིང་དང་། ལོ་མའི་ཤིང་དང་། ས་བོན་གྱི་ཚོགས་དང་། འབྱུང་བའི་ཚོགས་དང་། ལོ་ཏོག་དང་། ལྡུམ་བུ་དང་། རྩ་དང་གེལ་པ་དང་། སྨན་དང་ནགས་ཚལ་ཐམས་ཅད་ཀྱང་རྒྱལ་པོ་འོད་ཆེན་པོ་གང་ན་བ་དེ་ལོགས་སུ་མངོན་དུ་ གྱུར་ཏོ། །དེའི་ཁམས་ན་མཚོ་དང་། མཚེའུ་དང་། ལུ་མ་དང་། ལྡེང་ཀ་དང་། འབབ་ཆུ་དང་། ཆུ་ཀླུང་དང་རྫིང་དང་། ཁྲོན་པ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་རྒྱལ་པོ་འོད་ཆེན་པོ་གང་ན་བ་དེ་ལོགས་སུ་མངོན་པར་གཞོལ་ 76-1-210b ཞིང་བརླབས་ཀྱི་སྒྲ་འབྱིན་པར་གྱུར་ཏོ། །ཀླུའི་རྒྱལ་པོ་སྟོང་ཕྲག་བཅུ་ཡང་། ཨ་ག་རུ་ནག་པོའི་བདུག་སྤོས་ཀྱི་དུད་པ་ན་བུན་དུ་དཀྲིགས་པའི་སྤོས་ཀྱི་སྤྲིན་ལས་གློག་སྣ་ཚོགས་འབྱུང་བའི་འོད་ཀྱིས་སྣང་བར་བྱེད་ཅིང་། འབྲུག་སྒྲ་སྒྲོག་པ་དང་། སྤོས་ཆུའི་ཆར་གྱི་རྒྱུན་ཤིན་ཏུ་ཕྲ་བ་མངོན་པར་འབེབས་པར་གྱུར་ཏོ། །བརྒྱ་བྱིན་དང་རབ་མཚེ་མ་དང་དགའ་ལྡན་དང་། རབ་འཕྲུལ་དགའ་དང་། དབང་བསྒྱུར་གྱི་ལྷའི་རྒྱལ་པོ་ལ་སྩོགས་པ་ལྷའི་ བུ་སྟོང་ཕྲག་བཅུས་ཀྱང་སྟེང་གི་བར་སྣང་ལ་འཁོད་དེ་ནམ་མཁའི་དབྱིངས་ཐམས་ཅད་ལྷ་རྫས་ཀྱི་རོལ་མོ་སིལ་སྙན་གྱི་སྤྲིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་སྒྲ་ཕྱུང་བས་དབྱངས་སྙན་པ་ཆེར་བསྒྲགས་པའི་རྒྱན་གྱིས་བརྒྱན་ པ་དང་། ལྷའི་བུ་མོ་གྲངས་མེད་པ་ལྷའི་གླུ་སྙན་པ་ལེན་པའི་སྤྲིན་གྱི་སྒྲ་བསྒྲགས་པའི་དབྱངས་སྙན་ཅིང་ཡིད་དུ་འོང་བའི་རྒྱན་གྱིས་བརྒྱན་པ་དང་། ལྷ་རྫས་ཀྱི་རིན་པོ་ཆེའི་མེ་ཏོག་སྣ་ཚོགས་ཀྱི་སྤྲིན་གྲངས་མེད་པ་དང་ རབ་ཏུ་འབབ་པའི་རྒྱན་གྱིས་བརྒྱན་པ་དང་། ལྷ་རྫས་ཀྱི་སྤོས་ཀྱི་སྤྲིན་ཁ་དོག་སྣ་ཚོགས་ཀྱི་སྤྲིན་གྲངས་མེད་པའི་ཆར་རབ་ཏུ་འབབ་པའི་རྒྱན་གྱིས་བརྒྱན་པ་དང་། ལྷ་རྫས་ཀྱི་རིན་པོ་ཆེའི་ཕྲེང་བ་སྣ་ཚོགས་གྲངས་མེད་ པའི་ཆར་རབ་ཏུ་འབབ་པའི་རྒྱན་གྱིས་བརྒྱན་པ་དང་། ལྷ་རྫས་ཀྱི་ཕྱེ་མ་ཁ་དོག་སྣ་ཚོགས་ཀྱི་སྤྲིན་གྲངས་མེད་པའི་ཆར་རབ་ཏུ་འབབ་པའི་རྒྱན་གྱིས་བརྒྱན་པ་དང་། ལྷ་རྫས་ཀྱི་རིན་པོ་ཆེའི་ལྷབ་ལྷུབ་སྣ་ཚོགས་ ཀྱི་སྤྲིན་གྲངས་མེད་པའི་ཆར་རབ་ཏུ་འབབ་པའི་རྒྱན་གྱིས་བརྒྱན་པ་དང་། ལྷ་རྫས་ཀྱི་གོས་སྣ་ཚོགས་དྲི་མ་མེད་ཅིང་འཇམ་པ་ཁ་དོག་རྣམ་པ་ཐ་དད་པའི་སྤྲིན་གྲངས་མེད་པའི་ཆར་རབ་ཏུ་འབབ་པའི་རྒྱན་གྱིས་བརྒྱན་པ་དང་། ལྷ་རྫས་ཀྱི་རིན་པོ་ཆེའི་གདུགས་རྣམ་པར་བྱེ་བ་སྣ་ཚོགས་ཀྱི་སྤྲིན་གྲངས་མེད་པའི་ཆར་རབ་ཏུ་འབབ་པའི་རྒྱན་གྱིས་བརྒྱན་པ་དང་། ལྷ་རྫས་ཀྱི་རིན་པོ་ཆེའི་སེང་གེ་ཡིད་དུ་འོང་བའི་རྒྱལ་མཚན་གྱི་སྤྲིན་གྲངས་མེད་ 76-1-211a པའི་ཆར་རབ་ཏུ་འབབ་པའི་རྒྱན་གྱིས་བརྒྱན་པ་དང་། ལྷ་རྫས་ཀྱི་རིན་པོ་ཆེ་འབར་བའི་ལྕེ་ཤིན་ཏུ་འཕྲོ་བའི་རིན་པོ་ཆེའི་བ་དན་གྱི་སྤྲིན་གྲངས་མེད་པའི་ཆར་རབ་ཏུ་འབབ་པའི་རྒྱན་གྱིས་བརྒྱན་པར་རྒྱལ་པོ་འོད་ཆེན་པོ་ལ་ མཆོད་པ་བྱ་བའི་ཕྱིར་བྱིན་གྱི་བརླབས་སོ། །གླང་པོའྀ་རྒྱལ་པོ་ཆེན་པོ་ཤུགས་འཛིན་གྱིས་ཀྱང་གླང་པོའི་དབང་པོའི་ཁྱུ་མཆོག་གི་མཐུ་ཕྱུང་བ་དང་། རྣམ་པར་འཕྲུལ་པའི་མཐུས་ནམ་མཁའི་དབྱིངས་ཐམས་ཅད་ ལྷ་རྫས་ཀྱི་རིན་པོ་ཆེ་སྣ་ཚོགས་ཀྱི་པད་མོའི་སྤྲིན་གྲངས་མེད་པས་ཀུན་ནས་ཡོག་པར་བྱིན་གྱིས་བརླབས་སོ། །ལྷ་རྫས་ཀྱི་ནོར་བུ་རིན་པོ་ཆེའི་སེ་མོ་དོ་གྲངས་མེད་པ་རབ་ཏུ་འཕྱང་བ་དང་། ལྷ་རྫས་ཀྱི་རིན་པོ་ཆེའི་ སྣམ་བུའི་ལྡ་ལྡི་དང་། ཆུན་པོ་གྲངས་མེད་པ་རབ་ཏུ་འཕྱང་བ་དང་། ལྷ་རྫས་ཀྱི་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲེང་བའི་རྒྱུད་གྲངས་མེད་པ་མངོན་པར་འཕྱང་བའི་རྒྱན་གྱིས་བརྒྱན་པ་དང་། ལྷ་རྫས་ཀྱི་རིན་པོ་ཆེ་སྣ་ཚོགས་ ཀྱི་ལྷབ་ལྷུབ་དང་། ཕྲེང་བ་གྲངས་མེད་པ་མངོན་པར་འཕྱང་བའི་རྒྱན་བགྱི་རྒྱན་པ་དང་། ལྷ་རྫས་ཀྱི་རིན་པོ་ཆེ་སྣ་ཚོགས་ཀྱི་མེ་ཏོག་གི་ལྡ་ལྡི་གྲངས་མེད་པ་མངོན་པར་བྲེས་པའི་རྒྱན་གྱིས་རྒྱན་པ་དང་། ལྷ་རྫས་ཀྱི་ སྤོས་ཀྱི་རྒྱལ་པོའི་ཁ་དོག་སྣ་ཚོགས་ཕྱོགས་ཐམས་ཅད་དུ་དྲི་ཞིམ་པོས་རྒྱས་པར་འགེངས་པའི་སྤྲིན་གྲངས་མེད་པས་ཀུན་ནས་ཁེབས་པའི་རྒྱན་ཀྱིས་བརྒྱན་པ་དང་། ལྷ་རྫས་ཀྱི་རིན་པོ་ཆེའི་གོས་ཁ་དོག་ སྣ་ཚོགས་ཀྱི་སྤྲིན་གྲངས་མེད་པའི་ཆར་རབ་ཏུ་འབབ་པའི་རྒྱན་གྱིས་བརྒྱན་པ་དང་། ལྷ་རྫས་ཀྱི་བདུག་སྤོས་ཀྱི་དུད་པ་ན་བུན་དུ་འཁྲིགས་པའི་སྤྲིན་གྲངས་མེད་པའི་ཆར་རབ་ཏུ་འབབ་པའི་རྒྱན་གྱིས་བརྒྱན་པ་དང་། ལྷ་རྫས་ཀྱི་ཕྱེ་མ་ཁ་དོག་སྣ་ཚོགས་ཀྱི་སྤྲིན་གྲངས་མེད་པའི་ཆར་ཕྲ་མོ་རབ་ཏུ་འབབ་པའི་རྒྱན་གྱིས་བརྒྱན་པ་དང་། ལྷའི་བུ་མོའི་ཚོགས་ལྷ་རྫས་ཀྱི་རོལ་མོ་བྱེད་པ་དང་། གླུ་སྙན་པའི་དབྱངས་ཡིད་དུ་ 76-1-211b འོང་བར་ལེན་ཅིང་བསྟོད་པའི་སྤྲིན་གྱིས་ཡོག་པའི་ཆར་མངོན་པར་འབབ་པའི་རྒྱན་གྱིས་བརྒྱན་པར་ནམ་མཁའི་དབྱིངས་བྱིན་གྱིས་བརླབས་སོ། །སྲིན་པོའི་དབང་པོ་བརྒྱ་སྟོང་གྲངས་མེད་པ་རྒྱ་མཚོ་ལ་གནས་པ་དང་། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་བརྟེན་གྱི་གཞི་ལ་གནས་པ། ཁ་ཟས་སུ་ཤ་དང་ཁྲག་འཐུང་ཞིང་ཟ་བ་དང་། ཆུ་ལ་སྤྱོད་པ་དང་། རི་དགས་དང་། ཕྱུགས་དང་བྱ་དང་བ་ལང་དང་རྟ་དང་། གླང་པོ་དང་བོང་བུ་དང་། སྐྱེས་ པ་དང་། བུད་མེད་ཀྱི་ཚོགས་ཀྱི་མདངས་འཕྲོགས་པ། ཞེ་སྡང་བའི་ཡིད་ཀྱི་རྣམ་པར་རྟོག་པ་དང་ལྡན་པ། རྟག་ཏུ་འགྲོ་བ་ལ་འཚེ་ཞིང་འཐོ་བཙམ་པ་ལ་ཞུགས་པ་རྣམས་ཀྱང་བྱམས་པ་དང་། ཕན་པའི་སེམས་དམ་པ་ དང་ལྡན་ཞིང་བཞིན་གྱི་མདོག་ཤིན་ཏུ་དང་བ་དང་། འགྲོ་བ་ཐམས་ཅད་ལ་མི་འཚེ་ཞིང་ཐོ་འཚམ་པ་མེད་པ་ལ་ཞུགས་ཏེ། འཇིག་རྟེན་ཕ་རོལ་ལ་བལྟ་བར་གྱུར་ནས། ཐལ་མོ་སྦྱར་ཅིང་ཤིན་ཏུ་དགའ་བའི་སེམས་ཀྱིས་ རྒྱལ་པོ་འོད་ཆེན་པོ་གང་ན་བ་དེ་ལོགས་སུ་བཏུད་ཅིང་ཕྱག་འཚལ་བར་གྱུར་ཏོ། །ལུས་དང་སེམས་ཀྱི་བདེ་བ་རྒྱ་ཆེན་པོ་མཚུངས་པ་མེད་པ་ཡང་མྱོང་བར་གྱུར་ཏོ། །གནོད་སྦྱིན་དང་གྲུལ་བུམ་དང་། ཤ་ཟ་དང་འབྱུང་པོའི་ དབང་པོ་བརྒྱ་སྟོང་དུ་མ་ཡང་བྱམས་པ་དང་། ཕན་པའི་སེམས་དམ་པ་དང་ལྡན་ཞིང་བཞིན་གྱི་མདོག་ཤིན་ཏུ་དང་བ་དང་། འགྲོ་བ་ཐམས་ཅད་ལ་མི་འཚེ་ཞིང་ཐོ་འཚམ་མེད་པ་ལ་ཞུགས་ཏེ། འཇིག་རྟེན་ཕ་རོལ་ལ་བལྟ་བར་ གྱུར་ནས། ཐལ་མོ་སྦྱར་ཅིང་ཤིན་ཏུ་དགའ་བའི་སེམས་ཀྱིས་རྒྱལ་པོ་འོད་ཆེན་པོ་གང་ན་བ་དེར་བཏུད་ཅིང་ཕྱག་འཚལ་བར་གྱུར་ཏེ། ལུས་དང་སེམས་ཀྱི་བདེ་བ་རྒྱ་ཆེན་པོ་མཚུངས་པ་མེད་པ་ཡང་མྱོང་བར་གྱུར་ཏོ། ། དེ་ལྟར་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཀུན་འཇིགས་པ་དང་། གནོད་པ་དང་། མི་བདེ་བ་དང་། ཤར་གཉེར་བ་དང་། ཐབ་མོ་དང་། བརྩོད་པ་དང་། སེམས་ཀྱི་འཁྲུག་པ་དང་། འཚེ་བའི་ 76-1-212a སེམས་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཏོ། །རྣམ་པར་ཞི་བར་གྱུར་ཏོ། །རྣམ་པར་ལོག་པར་གྱུར་ཏོ། །འགགས་པར་གྱུར་ཏོ། །ཕྱིར་ལོག་པར་གྱུར་ཏོ། །གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདིར་ཇི་ལྟ་བ་ དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་བར་གྱི་སེམས་ཅན་ཀུན་གྱི་འཇིགས་པ་དང་། གནོད་པ་དང་། མི་བདེ་བ་དང་། ཤར་གཉེར་བ་དང་། ཐབ་མོ་དང་བརྩོད་པ་དང་། སེམས་ཀྱི་འཁྲུག་པ་དང་། འཚེ་བའི་སེམས་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་བྱམས་པ་ཆེན་པོ་སྔོན་དུ་འགྲོ་བ། འཇིག་རྟེན་ ཀྱི་དབང་པོའི་ཀློང་གི་ཆོས་ཉིད་ཐོབ་པའི་ཕྱིར། རབ་ཏུ་ཞི་བར་གྱུར་ཏོ། །རྣམ་པར་ཞི་བར་གྱུར་ཏོ། །རྣམ་པར་ལོག་པར་གྱུར་ཏོ། །འགགས་པར་གྱུར་ཏོ། །ཕྱིར་ལོག་པར་གྱུར་ཏོ། །དེ་ནས་རྒྱལ་པོ་འོད་ཆེན་ པོ་ཏིང་ངེ་འཛིན་དེ་ལས་ལངས་ཏེ། ཚོང་དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ངས་བྱང་ཆུབ་སེམས་དཔའི་ཡེ་ཤེས་སྣང་བའི་སྒོ་བྱམས་པ་ཆེན་པོའི་རྒྱལ་མཚན་འདི་ཤེས་པར་ ཟད་ན། ངས་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་ཐམས་ཅད་བདེ་བའི་བསམ་པས་རྒྱས་པར་འགེངས་པས་བྱམས་པ་ཆེན་པོའི་གདུགས་ཚད་མེད་པ་དང་ལྡན་པ། འཁོར་མི་ཕྱེད་པ་དང་ལྡན་པས། འགྲོ་བ་ཐམས་ཅད་འཁོར་དུ་གྱུར་པ། རབ་འབྲིང་དང་ཐ་མའི་སྦྱོར་བས་འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པ་ལ་ཞུགས་པ། འགྲོ་བ་ཐམས་ཅད་ཡོངས་སུ་བཟུང་བ་ལ་ཞུགས་པས། བྱམས་པའི་སེམས་ས་ལྟ་བུ་ དང་ལྡན་པ། བསོད་ནམས་དང་ཡེ་ཤེས་ཀྱི་འོད་ཟེར་འགྲོ་བ་ཐམས་ཅད་དུ་འབྱུང་བས། ཟླ་བ་ཉ་ཞིང་རྒྱས་པ་ལྟ་བུར་གྱུར་པ། ཤེས་བྱ་ཐམས་ཅད་ཡེ་ཤེས་ཀྱི་འོད་ཀྱིས་སྣང་བར་བྱེད་པའི་ཕྱིར་ཉི་མའི་དཀྱིལ་འཁོར་ལྟ་བུར་ 76-1-212b གྱུར་པ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་མུན་པ་ཐིབས་པོ་རབ་ཏུ་སེལ་བས། སྒྲོན་མ་ཆེན་པོ་ལྟ་བུར་གྱུར་པ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་མཚོའི་གཡོ་སྒྱུའི་རྙོག་པ་དང་བར་བྱེད་པས། ནོར་བུ་རིན་ པོ་ཆེ་ཆུ་འདང་བ་དང་འདྲ་བ། འགྲོ་བ་ཐམས་ཅད་ཀྱི་བསམ་པ་དང་། སྨོན་ལམ་ཡོངས་སུ་རྫོགས་པར་བྱེད་པས། ནོར་བུ་རིན་པོ་ཆེ་ཡིད་བཞིན་གྱི་རྒྱལ་པོ་དང་འདྲ་བ། འགྲོ་བ་ཐམས་ཅད་ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་ཁང་པ་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕོ་བྲང་ཆེ་པོར་གཞོག་པས་རླུང་དམར་ཆེན་པོ་འདྲ་བ། དེ་དག་གི་སྤྱོད་པ་ཤེས་པ་འམ། ཡོན་ཏན་བརྗོད་པ་འམ། བསོད་ནམས་ཀྱི་ཚོགས་ གཞལ་བ་འམ། ཡོན་ཏན་གྱི་སྐར་མའི་ཚོགས་ཀྱིས་བརྒྱན་པའི་ནམ་མཁའ་ལ་བལྟ་བ་དང་། སྨོན་ལམ་ཆེན་པོའི་རླུང་གི་དཀྱིལ་འཁོར་ལས་མཚམས་བཅད་པ་འམ། ཆོས་མཉམ་པ་ཉིད་ཀྱི་སྟོབས་ལ་ཚད་གཟུང་ བ་འམ། ཐེག་པ་ཆེན་པོའི་རྒྱན་གྱི་བསྔགས་པ་ཡོངས་སུ་བརྗོད་པ་འམ། ཀུན་ཏུ་བཟང་པོའི་སྤྱོད་པའི་ཚུལ་གྱི་ཁྱད་པར་བརྗོད་པ་འམ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཆེན་པོ་སྒོམ་པའི་སྒོ་དབྱེ་བ་འམ། སྙིང་རྗེ་ཆེན་པོའི་སྤྲིན་ཡོངས་སུ་སྤྲོ་བར་ནུས་རེ་སྐན། སོང་རིགས་གྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན་རྒྱལ་པོའི་ཕོ་བྲང་བརྟན་པར་ཞེས་བྱ་བ་ཡོད་དེ། དེ་ན་དགེ་བསྙེན་མ་མི་གཡོ་བ་ཞེས་བྱ་བ་འདུག་གིས། དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱི་རྒྱལ་པོ་འོད་ ཆེན་པོའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས། རྒྱལ་པོ་འོད་ཆེན་པོ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ཏེ། ཡང་དང་ཡང་བལྟས་ཏེ། རྒྱལ་པོ་འོད་ཆེན་པོའི་དྲུང་ནས་སོང་ངོ་།། །། 76-1-213a སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བཅུ་ལྔ་པ། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟང་གྲོང་ཁྱེར་ཆེན་པོ་འོད་བཟང་པོ་ནས་བྱུང་སྟེ་ཡུད་ཙམ་དུ་ ལམ་གྱི་མགོ་བཙལ་ནས། རྒྱལ་པོ་འོད་ཆེན་པོའི་གདམ་ངག་དེ་ལ་རྗེས་སུ་བསམ་པ་བྱེད་ཅིང་། བྱང་ཆུབ་སེམས་དཔའི་སྤྱོད་པའི་ཚུལ་བྱམས་པ་ཆེན་པོའི་རྒྱལ་མཚན་དེ་རྗེས་སུ་དྲན་པར་བྱ་བ་དང་། ཏིང་ངེ་ འཛིན་གྱི་སྒོ་འཇིག་རྟེན་གྱི་དབང་པོའི་གློང་སྣང་བ་ཆེན་པོ་དེ་ཡོངས་སུ་བསམ་པ་དང་། བྱང་ཆུབ་སེམས་དཔའ་ལུས་རྣམ་པར་དག་པ། བསམ་གྱིས་མི་ཁྱབ་པས་བརྒྱན་པའི་སེང་གེའི་ཁྲིའི་རྒྱན་རྣམ་པར་ཕྱེ་བ། རྣམ་པ་སྣ་ཚོགས་དེ་དག་མངོན་པར་བསྒྲུབ་པ་དང་། བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། བསོད་ནམས་ཀྱི་དབང་དང་། སྟོབས་བསམ་གྱིས་མི་ཁྱབ་པ་དང་། རྗེས་སུ་སྤེལ་བ་དང་། བྱང་ཆུབ་སེམས་ དཔའི་སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བའི་ཡེ་ཤེས་ཀྱི་ཚུལ་བསམ་གྱིས་མི་ཁྱབ་པ་དེ་ཤིན་ཏུ་བསྟན་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་ལོངས་སྤྱོད་ཀྱི་བདག་ཉིད་ཆེ་བ་ཐུན་མོང་དུ་གྱུར་པ། བསམ་ གྱིས་མི་ཁྱབ་པ་དེ་ལ་རྗེས་སུ་བསམ་པ་དང་། བྱང་ཆུབ་སེམས་དཔའི་གནས་རྣམ་པ་ཐ་དད་པ་བསམ་གྱིས་མི་ཁྱབ་པ་དེ་དག་ཀྱང་མཚན་མར་བྱ་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་ ཡོངས་སུ་སྨིན་པར་བྱ་བ་རྣམ་པར་དག་པ་བསམ་གྱིས་མི་ཁྱབ་པ་དེ། རྗེས་སུ་དྲན་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་འཁོར་ཕུན་སུམ་ཚོགས་ཤིང་ཡོངས་སུ་དག་པ་དེ་ལ་བརྟག་པ་དང་། བྱང་ཆུབ་ སེམས་དཔའི་སེམས་ཅན་གྱི་དོན་བསམ་པ་སྣང་བའི་ཚུལ་བསམ་གྱིས་མི་ཁྱབ་པ་དེ་ལ་ཡིད་ཆེས་པར་བྱེད་པས། སེམས་དགའ་ཞིང་མོས་པའི་ཤུགས་དང་། སེམས་ཀྱི་ཉམས་བདེ་བ་དང་། སེམས་ 76-1-213b ཤིན་ཏུ་ཚིམ་པ་དང་། སེམས་ཁོང་ནས་དགའ་བ་དང་། སེམས་རྙོག་པ་མེད་པ་དང་། སེམས་འོད་དང་བ་དང་། སེམས་བརྟན་པ་དང་། སེམས་རྒྱ་ཆེ་བ་དང་། སེམས་མི་བཟད་པ་ཐོབ་པ་སྟེ། དེ་དེ་ལྟར་དགེ་བའི་ བཤེས་གཉེན་རྗེས་སུ་དྲན་ཞིང་ཡིད་ལ་བྱེད་པ་ལ་བརྩོན་པས། གདོང་མཆི་མས་གང་བར་རྗེས་སུ་སེམས་དཔའ་ཀྱི་ཧུད་ཀྱེ་དགེ་བའི་བཤེས་གཉེན་མཐོང་བ་འདི་ནི་ཡོན་ཏན་རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་གནས་སུ་ གྱུར་པའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཡོངས་སུ་དག་པ་དང་། ཡོངས་སུ་རྫོགས་པར་འགྱུར་བའི་རྒྱུར་གྱུར་པའོ། །བྱང་ཆུབ་སེམས་དཔའི་དྲན་པ་ཐམས་ཅད་རྣམ་པར་དག་པར་བྱེད་པའོ། ། བྱང་ཆུབ་སེམས་དཔའི་གཟུངས་ཀྱི་དཀྱིལ་འཁོར་ཐམས་ཅད་ཡོངས་སུ་སྦྱོང་བའོ། །བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་སྣང་བ་ཐམས་ཅད་ཡོངས་སུ་བསྐྱེད་པའོ། །སངས་རྒྱས་ཐམས་ཅད་མཐོང་བར་ འགྱུར་བ་ཡོངས་སུ་བསྒྲུབ་པའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྤྲིན་གྱི་ཆར་རབ་ཏུ་འབེབས་པའོ། །བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་ཚུལ་ཐམས་ཅད་རབ་ཏུ་བརྗོད་པའོ། །ཤེས་རབ་དང་ཡེ་ཤེས་ ཀྱི་སྣང་བ་བསམ་གྱིས་མི་ཁྱབ་པར་ཡང་དག་པར་བསྐྱེད་པའོ། །བྱང་ཆུབ་སེམས་དཔའི་དབང་པོ་བརྟེན་པའི་མིག་གུ་བསྐྱེད་པར་བྱེད་པའོ། །དགེ་བའི་བཤེས་གཉེན་རྣམས་ནི་བདག་ངན་སོང་གི་གཡང་ས་ ཐམས་ཅད་ནས་སྐྱོབ་པའོ། །དགེ་བའི་བཤེས་གཉེན་རྣམས་ནི་བདག་ཆོས་མཉམ་པ་ཉིད་ཀྱི་ཚུལ་ཁོང་དུ་ཆུད་པར་བྱ་བ་ལ་གཞོལ་བའོ། །དགེ་བའི་བཤེས་གཉེན་རྣམས་ནི་བདག་ལ་ལམ་བདེ་བ་དང་། མི་བདེ་བ་སྟོན་པའོ། །དགེ་བའི་བཤེས་གཉེན་རྣམས་ནི་བདག་ལ་ཐེག་པ་ཆེན་པོ་ཡོངས་སུ་སྟོན་པའོ། །དགེ་བའི་བཤེས་གཉེན་རྣམས་ནི་བདག་ལ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པའི་གདམས་ 76-1-214a ངག་གིས་འདོམ་པའོ། །དགེ་བའི་གཤེས་གཉེན་རྣམས་ནི་བདག་ལ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་གྱི་ལམ་སྟོན་པའོ། །དགེ་བའི་བཤེས་གཉེན་རྣམས་ནི་བདག་ཐམས་ཅད་མཁྱེན་པའི་གནས་སུ་ཕྱིན་པར་བསྐྱེད་པའོ། །དགེ་ བའི་བཤེས་གཉེན་རྣམས་ནི་བདག་ཆོས་ཀྱི་དབྱིངས་ཀྱི་ཚུལ་རྒྱ་མཚོ་ལ་འཇུག་པར་བྱེད་པའོ། །དགེ་བའི་གཤེས་གཉེན་རྣམས་ནི་བདག་ལ་དུས་གསུམ་གྱི་ཤེས་བྱ་རྒྱ་མཚོའི་ཚུལ་རབ་ཏུ་སྟོན་པའོ། །དགེ་བའི་བཤེས་གཉེན་ རྣམས་ནི་བདག་ལ་འཕགས་པའི་ཚོགས་ཀྱི་དཀྱིལ་འཁོར་ཐམས་ཅད་རབ་ཏུ་སྟོན་པའོ། །དགེ་བའི་བཤེས་གཉེན་རྣམས་ནི་བདག་གི་དཀར་པོའི་ཆོས་ཐམས་ཅད་རྣམ་པར་འཕེལ་བར་བྱེད་པའོ་ཞེས་དེ་དེ་ལྟར་ངུ་ཞིང་ སྨྲེ་སྔགས་འདོན་པའི་ཚེ། ནམ་མཁའི་དབྱིངས་ལ་འཁོད་པའི་ལྷའི་ཚོགས་དང་། རྟག་ཏུ་ཕྱི་བཞིན་འབྲང་ཞིང་ཡང་དག་པར་བསྒྲུབ་པ་དང་། སངས་རྒྱས་ཀྱི་ཕོ་ཉ་ལྟར་གྱུར་པའི་བྱང་ཆུབ་སེམས་དཔའ་རྣམས་འདི་སྐད་ཅེས་ འཛེར་ཏོ། །རིགས་ཀྱི་བུ་དགེ་བའི་བཤེས་གཉེན་གྱི་གདམས་ངག་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་ཐུགས་ཤིན་ཏུ་དགྱེས་པར་འགྱུར་བ་ཡིན། དགེ་བའི་བཤེས་གཉེན་གྱི་ཚིག་དང་། མི་འགལ་ བར་གནས་པའི་བྱང་ཆུབ་སེམས་དཔས་ནི་ཐམས་ཅད་མཁྱེན་པ་ཉིད་དུ་འང་ཤིན་ཏུ་བསྙེན་པ་ཡིན། དགེ་བའི་བཤེས་གཉེན་གྱི་ཚིག་ལ་ཐེ་ཙོམ་མི་ཟ་བའི་བྱང་ཆུབ་སེམས་དཔའ་ལ་ནི་དགེ་བའི་བཤེས་གཉེན་ རྣམས་ཀྱང་ཉེ་བར་བསྙེན་པ་ཡིན། དགེ་བའི་བཤེས་གཉེན་ཡིད་ལ་བྱ་བ་དང་མི་འབྲལ་བའི་བྱང་ཆུབ་སེམས་དཔའ་ལ་ནི་དོན་ཐམས་ཅད་ཀྱང་མངོན་དུ་གྱུར་བ་ཡིན་གྱིས། རིགས་ཀྱི་བུ་རྒྱལ་པོའི་ཕོ་བྲང་བརྟན་ པར་དགེ་བསྙེན་མ་མི་གཡོ་བ་གང་ན་བ་དེར་སོང་ཤིག་དང་། དེ་ལས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐོས་པར་འགྱུར་རོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཏིང་ངེ་འཛིན་གྱི་ཡེ་ཤེས་སྣང་བ་ལས་འདས་ནས། 76-1-214b མཐར་གྱིས་རྒྱལ་པོའི་ཕོ་བྲང་བརྟན་པར་དགེ་བསྙེན་མ་མི་གཡོ་བ་གང་ན་བ་དེར་སོང་ནས། དགེ་བསྙེན་མ་མི་གཡོ་བ་ཡོངས་སུ་ཚོལ་ཞིང་རྨེད་རྨེད་པ་ལས། དེ་ལ་འགྲོ་བ་མང་པོས་བསྟེན་པ། རིགས་ཀྱི་བུ་དགེ་ བསྙེན་མ་མི་གཡོ་བ་དེ་ནི་རང་གི་ཁྱིམ་ན་ཕ་མ་དང་། འགྲོགས་ཤིང་གཞོན་ནུར་གྱུར་པ་སྟེ། རང་གི་གཉེན་བཤེས་ཀྱི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་། སྐྱེ་བོའི་ཚོགས་ཆེན་པོ་ལ་ཆོས་སྟོན་ཏོ། །དེ་ནས་ ཚོང་དཔོན་གྱི་བུ་ནོར་བཟངས་དགའ་བ་ཆེན་པོ་དང་། མོས་ཤིང་སྤྲོ་བ། ཡོངས་སུ་རྒྱས་པའི་སེམས་དང་ལྡན་པ་དེ་དགེ་བསྙེན་མ་མི་གཡོ་བའི་ཁྱིམ་གང་ན་དེར་སོང་སྟེ་ཕྱིན་ནས། དགེ་བསྙེན་མ་མི་ གཡོ་བའི་ཁྱིམ་གྱི་སྒོ་ན་སྡོད་པའི་ཚེ། དེས་ཁྱིམ་དེ་ཐམས་ཅད་འོད་ལུས་དང་། སེམས་ཤིན་ཏུ་བདེ་བར་བྱེད་པ། གསེར་གྱི་ཁ་དོག་དུ་འདུག་པ་ཞིག་གིས་ཁྱབ་ཅིང་གསལ་བར་གྱུར་ནས། འོད་དེས་ ཚོང་དཔོན་གྱི་བུ་ནོར་བཟངས་ལ་ཕོག་པར་གྱུར་མ་ཐག་ཏུ་ཚོར་བ་ཐམས་ཅད་ལ་དབང་བསྒྱུར་བའི་ཏིང་ངེ་འཛིན་གྱི་སྒོ་མང་པོ་དང་། ཞི་བའི་གནས་ཀྱི་ཏིང་ངེ་འཛིན་གྱི་སྒོ་མང་པོ་དང་། འཕྲོ་བ་ཐམས་ཅད་དང་བྲལ་ བའི་ཏིང་ངེ་འཛིན་གྱི་སྒོ་མང་པོ་དང་། ཀུན་ཏུ་ལྟ་བའི་བཏང་སྙོམས་དང་ལྡན་པའི་ཏིང་ངེ་འཛིན་གྱི་སྒོ་མང་པོ་དང་། དེ་བཞིན་གཤེགས་པའི་མཛོད་ཀྱི་ཏིང་ངེ་འཛིན་གྱི་སྒོ་མང་པོ་ལ་སྩོགས་པ། ཏིང་ངེ་འཛིན་ གྱི་སྒོ་ལྔ་བརྒྱ་ཙམ་ལ་ཞུགས་པར་གྱུར་ཏེ། ཡོངས་སུ་སྐྱེས་སོ། །དེ་དག་ཀྱང་ཤིན་ཏུ་ཕྲ་ཞིང་གཞོན་པ་སྟེ། འདི་ལྟར་དཔེར་ན་ཐོག་མ་མངལ་དུ་ཞུགས་པའི་རྣམ་པར་ཤེས་པ་ལྟ་བུ་སྟེ། ཏིང་ངེ་འཛིན་དེ་དག་ཀྱང་ ཤིན་ཏུ་ཕྲ་ཞིང་གཞོན་པར་སྐྱེས་པར་གྱུར་ཏོ། །དེས་དྲི་ཞིམ་པོ་ཞིག་ཚོར་ན་འོང་དེ་ནི་ལྷ་ལ་འང་མེད་ལྷའི་བུ་མོ་ལ་ཡང་མེད། ཀླུ་ལ་ཡང་མེད་ཀླུའི་བུ་མོ་ལ་ཡང་མེད། གནོད་སྦྱིན་ལ་ཡང་མེད་། གནོད་སྦྱིན་གྱི་བུ་མོ་ 76-1-215a ཡང་མེད། དྲི་ཟ་ལ་ཡང་མེད། དྲི་ཟའི་བུ་མོ་ལ་ཡང་མེད། ལྷ་མ་ཡིན་ལ་ཡང་མེད། ལྷ་མ་ཡིན་གྱི་བུ་མོ་ལ་ཡང་མེད། ནམ་མཁའ་ལྡིང་ལ་ཡང་མེད། ནམ་མཁའ་ལྡིང་གི་ བུ་མོ་ལ་ཡང་མེད། མི་འམ་ཅི་ལ་ཡང་མེད། མི་འམ་ཅིའི་བུ་མོ་ལ་ཡང་མེད། ལྟོ་འཕྱེ་ཆེན་པོ་ལ་ཡང་མེད། ལྟོ་འཕྱེ་ཆེན་པོའི་བུ་མོ་ལ་ཡང་མེད། མི་ལ་ཡང་མེད། མིའི་བུ་མོ་ལ་ཡང་མེད་ཅིང་མི་སྲིད་པ་དེ་ལྟ་བུ་ འི་དྲི་ཞིམ་པོ་ཚོར་བར་གྱུར་ཏོ། །བུད་མེད་དེའི་གཟུགས་དང་མཉམ་པ་ཡང་ཕྱོགས་བཅུའི་འཇིག་རྟེན་ན་མེད་ན་ལྷག་པ་ལྟ་ག་ལས་འོང་། ཁ་དོག་དང་མདོག་དེ་ལྟ་བུ་ཡང་དེ་བཞིན་གཤེགས་པའི་སྐུ་མདོག་དང་ཁ་དོག་དང་། བྱང་ཆུབ་སེམས་དཔའ་དབང་བསྐུར་བའི་ཁ་དོག་དང་མདོག་མ་གཏོགས་པར་དེའི་ཁ་དོག་དང་། མདོག་ཏུ་མཉམ་པ་ཕྱོགས་བཅུའི་འཇིག་རྟེན་ན་མེད་པ་ལྷག་པ་ལྟ་ག་ལས་འོང་། ལུས་ཀྱི་ཆུ་ཞེང་དང་དབྱིབས་དེ་ལྟ་བུ་ ཡང་དེ་བཞིན་གཤེགས་པའི་སྐུའི་ཁྲུ་ཆུ་ཞེང་དང་། དབྱིབས་དང་། བྱང་ཆུབ་སེམས་དཔའ་དབང་བསྐུར་བ་ཐོབ་པའི་ལུས་ཀྱི་ཆུང་ཞེང་དང་། དབྱིབས་མ་གཏོགས་པར་དེའི་ལུས་ཀྱི་ཆུང་ཞེང་དང་དབྱིབས་སུ་མཉམ་ པ། ཕྱོགས་བཅུའི་འཇིག་རྟེན་ན་མེད་ན་ལྷག་པ་ལྟ་ག་ལས་འོང་། འོད་ཀྱི་རྒྱན་དེ་ལྟ་བུ་འང་དེ་བཞིན་གཤེགས་པའི་འོད་ཀྱི་རྒྱན་དང་། བྱང་ཆུབ་སེམས་དཔའ་དབང་བསྐུར་བ་ཐོབ་པའི་འོད་ཀྱི་རྒྱན་མ་གཏོགས་པར་དེའི་འོད་ཀྱི་རྒྱན་དང་། མཉམ་པ་ཕྱོགས་བཅུའི་འཇིག་རྟེན་ན་ལྷག་པ་ལྟ་ག་ལས་འོང་། དེའི་ཁའི་དྲི་ཞིམ་པོ་དང་མཉམ་པའི་དྲི་དེ་ལྟ་བུ་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ལྷའི་གནས་སམ། ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་ལྷ་མ་ ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པའི་གནས་ན་མེད་ན་ལྷག་པ་ལྟ་ག་ལས་འོང་། ཁྱིམ་གྱི་རྒྱན་དང་། ལོངས་སྤྱོད་དེ་ལྟ་བུ་འང་དེ་བཞིན་གཤེགས་པའི་ལོངས་ 76-1-215b སྤྱོད་དང་། བྱང་ཆུབ་སེམས་དཔའ་དབང་བསྐུར་བ་ཐོབ་པའི་ལོངས་སྤྱོད་མ་གཏོགས་པར་དེའི་ཁྱིམ་གྱི་རྒྱན་དང་། ལོངས་སྤྱོད་དུ་མཉམ་པ་ཡང་ཕྱོགས་བཅུའི་འཇིག་རྟེན་ན་མེད་ན་ལྷག་པ་ལྟ་ག་ལས་འོང་། གཡོག་ འཁོར་ཕུན་སུམ་ཚོགས་པ། དེ་ལྟ་བུའང་དེ་བཞིན་གཤེགས་པའི་འཁོར་ཕུན་སུམ་ཚོགས་པ་དང་། བྱང་ཆུབ་སེམས་དཔའི་འཁོར་ཕུན་སུམ་ཚོགས་པ་མ་གཏོགས་པར་དེའི་གཡོག་འཁོར་ཕུན་སུམ་ ཚོགས་པ་དང་། མཉམ་པ་ཡང་ཕྱོགས་བཅུའི་འཇིག་རྟེན་ན་མེད་ན་ལྷག་པ་ལྟ་ག་ལས་འོང་སྟེ། དགེ་བསྙེན་མ་མི་གཡོ་བ་དེ་ལ་འདོད་ཆགས་དང་ལྡན་པའི་སེམས་ཀྱིས་བལྟ་བར་ནུས་པའི་སེམས་ཅན་དེ་ལྟ་བུ་འང་ ཕྱོགས་བཅུའི་འཇིག་རྟེན་གྱི་སེམས་ཅན་གྱི་རིས་ན་མེད་དོ། །དགེ་བསྙེན་མ་མི་གཡོ་བ་དེ་མཐོང་མ་ཐག་དུ་ཉོན་མོངས་པ་ཞི་བར་མི་འགྱུར་བ་དེ་ལྟ་བུའི་སེམས་ཅན་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་སེམས་ ཅན་གྱི་རིས་ན་མེད་དེ། འདི་ལྟ་སྟེ་དཔེར་ན། ཚངས་པ་ཆེན་པོ་སྟོང་ཕྲག་བཅུ་ལ་དབང་སྒྱུར་བ་ལ་ནི་འདོད་པ་ལ་སྤྱོད་པའི་ཉོན་མོངས་པ་རྣམས་མི་རྒྱུའོ། །དེ་བཞིན་དུ་དགེ་བསྙེན་མ་མི་གཡོ་བ་འང་མཐོང་མ་ ཐག་ཏུ་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་མི་རྒྱུའོ། །དགེ་བསྙེན་མ་མི་གཡོ་བ་དེ་ལ་བལྟ་བས་ངོམས་པར་འགྱུར་བའི་སེམས་ཅན་དེ་ལྟ་བུ་འང་ཤེས་རབ་ཀྱིས་ངོམས་པ་མ་གཏོགས་པར་ཕྱོགས་བཅུའི་ འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གྱི་རིས་ན་མེད་དོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱི་དགེ་བསྙེན་མ་མི་གཡོ་བའི་ལུས་ཀྱི་བྱིན་བསམ་གྱིས་མི་ཁྱབ་པ་དང་། གཟུགས་དང་ཁ་དོག་དང་དབྱིབས་དང་། ཆུ་ཞེང་བསམ་གྱིས་མི་ཁྱབ་པ་དང་། སའི་གཞི་དང་། གྲོང་ཁྱེར་དང་རིན་པོ་ཆེ་ཐམས་ཅད་ལ་ཐོགས་པ་མེད་པའི་འོད་ཟེར་གྱི་དྲ་བའི་རྒྱན་བསམ་གྱིས་མི་ཁྱབ་པ་དང་། སེམས་ཅན་གྱི་དོན་བསམ་གྱིས་མི་ 76-1-216a པ་བསྒྲུབ་པ་མཐོང་སྟེ། བ་སྤུའི་བུ་ག་ཐམས་ཅད་ནས་བྱུང་བའི་དྲི་ཞིམ་པོ་ཚོར་ནས། འཁོར་རྒྱ་མཚོ་ཕུན་སུམ་ཚོགས་པ་མཐའ་ཡས་པ་མཐོང་སྟེ། ཁྱིམ་དང་གཞལ་མེད་ཁང་གི་རྒྱན་ཕུན་སུམ་ཚོགས་པ་ མི་འཕྲོགས་པ་མཐོང་ནས་ཡོན་ཏན་རྒྱ་མཚོ་ཚད་མེད་པ་ཁོང་དུ་ཆུད་དེ། དགེ་བསྙེན་མ་མི་གཡོ་བ་ལ་ཚིགསུ་བཅད་པ་འདིས་བསྟོད་དོ། །ཁྱོད་ཀྱིས་རྟག་ཏུ་ཚུལ་ཁྲིམས་དྲི་མེད་ཡོངས་བསྲུངས་ཏེ། །བཟོད་པ་ཤིན་ཏུ་ཡངས་འདི་ཡོངསུ་བསྒོམ་མཛད་ཅིང་། ། བརྩོན་འགྲུས་བརྟན་པ་རྡོ་རྗེ་ལྟ་བུ་བསྒྲུབས་པས་ན། །རི་བོའི་རྒྱལ་པོ་ལྟ་བུར་འགྲོ་བར་འཕགས་ཤིང་འབར། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས། དགེ་བསྙེན་མ་མི་གཡོ་བ་ལ་ཚིགས་སུ་བཅད་པ་དེས་མངོན་པར་བསྟོད་ཏེ་འདི་སྐད་ཅེས་ སྨྲསོ། །འཕགས་མ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་མ་འཚལ་ཏེ། འཕགས་ མ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་རྗེསུ་བསྟན་པ་མཛད་དོ། །ཞེས་བདག་གིས་ཐོས་ནས་འཕགས་མ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་ བགྱི་བ་བདག་ལ་བཤད་དུ་གསོལ། དེ་ནས་དགེ་བསྙེན་མ་མི་གཡོ་བས། བྱང་ཆུབ་སེམས་དཔའི་ངག་འཇམ་ཞིང་ཡིད་དུ་འོང་བ། ཉམས་སུ་བདེ་བས། ཚོང་དཔོན་གྱི་བུ་ནོར་བཟངས་ལ་དགའ་བར་འགྱུར་བའི་ཚིག་ཏུ་བརྗོད་ནས་འདི་སྐད་ཅེས་སྨྲས་སོ། ། རིགས་ཀྱི་བུ་དེ་ལྟར་ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལེགསོ་ལེགསོ། །རིགས་ཀྱི་བུ་ཁོ་མོ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཐོབ་པར་དཀའ་བའི་ཡེ་ཤེས་ཀྱི་སྙིང་པོ་ཐོབ་པ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པའི་སྒོ་ཡི་དམ་བརྟན་པ་ལ་སློབ་པ། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་སའི་གཟུངས་ཀྱི་སྒོ་ཐོབ་པའོ། །ཁོ་མོ་ནི་སྤོབས་པའི་ཡེ་ཤེས་ 76-1-216b སྣང་བ། ཆོས་ཀྱི་གཞི་ཐམས་ཅད་སྣང་བར་བརྗོད་པ་ཐོབ་པའོ། །ཁོ་མོ་ནི་ཆོས་ཐམས་ཅད་ཡོངས་སུ་བཙལ་བས་མི་སྐྱོ་བའི་རྒྱན་གྱི་ཏིང་ངེ་འཛིན་གྱི་སྒོ་ཐོབ་པའོ། །སྨྲས་པ་འཕགས་མ་བྱང་ཆུབ་ སེམས་དཔའི་རྣམ་པར་ཐར་པ་ཐུབ་པར་དཀའ་བའི་ཡེ་ཤེས་ཀྱི་སྙིང་པོ་དེའི་ཡུལ་ནི་ཇི་ལྟ་བུ་ཞིག་མཆིས། ཡི་དམ་ལ་བརྟན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པའི་སྒོ་དང་། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་སའི་ གཟུངས་ཀྱི་སྒོ་དང་། ཆོས་ཀྱི་གཞི་ཐམས་ཅད་སྣང་བར་བརྗོད་པའི་སྤོབས་པ་སྣང་བའི་སྒོ་དང་། ཆོས་ཡོངས་སུ་བཙལ་བས་མི་སྐྱོ་བའི་རྒྱན་གྱི་ཏིང་ངེ་འཛིན་གྱི་སྒོའི་ཡུལ་ནི་ཇི་ལྟ་བུ་ཞིག་མཆིས། སྨྲས་པ། རིགས་ཀྱི་བུ་གནས་འདི་ནི་ཡིད་ཆེས་པར་དཀའོ། །སྨྲས་པ་འཕགས་མ་བསྟན་དུ་གསོལ། སངས་རྒྱས་ཀྱི་བྱིན་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་ན་ཡིད་ཆེས་པར་མཆི་གྲང་། རྟོགས་པ་དང་བཙལ་བ་དང་། རྣམ་པར་རྟོགས་པ་དང་། རྗེས་སུ་རྟོགས་པ་དང་རིག་པ་དང་། དམིགས་བུ་ཕེབས་པ་དང་། གོམས་པ་དང་། མི་འགལ་བ་དང་། རྣམ་པར་མི་རྟོག་པ་དང་། སྒྲོ་འདོགས་པ་ མ་མཆིས་པ་དང་། མཉམ་པར་བགྱིད་པ་ན་ཡང་མཆི་གྲང་། དེ་ནས་དགེ་བསྙེན་མ་མི་གཡོ་བས། ཚོང་དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་སྔོན་འདས་པའི་དུས་ཤིག་ ན་དྲི་མ་མེད་པའི་འོད་ཀྱི་བསྐལ་པ་ལ། དེ་བཞིན་གཤེགས་པ་ཕྱག་རབ་ཏུ་བརྐྱང་བ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། ཁོ་མོ་ཡང་དེའི་ཚེ་རྒྱལ་པོ་གློག་གིས་བྱིན་པའི་བུ་ཅིག་མ་ཞིག་དུ་གྱུར་ནས། དེའི་ཚེ་ ནུབ་མོ་མི་ཉལ་ཙམ་ཞིག་ན་རྒྱལ་པོའི་སྒོ་ཡང་བཅད། ཕ་དང་མ་ཡང་ཉལ། སྐྱེས་པ་དང་བུད་མེད་དག་ཀྱང་གཉིད་ཀྱིས་ལོགས། །རོལ་མོ་བརྡུང་བ་དང་དཀྲོལ་བའི་སྒྲ་ཡང་ཞི། ལྷན་ཅིག་སྤྱོད་པའི་ 76-1-217a བུད་མེད་ལྔ་བརྒྱ་ཙམ་དག་ཀྱང་ཉལ་བར་གྱུར་པ་ཞིག་ན། ཁོ་མོ་མལ་གྱི་སྟེང་ན་འདུག་ཅིང་། ནམ་མཁའི་དབྱིངས་ལ་རྒྱུ་བའི་སྐར་མའི་ཚོགས་ཀྱི་ཕྲེང་བ་རྣམ་པར་བཀོད་པ་ལ་ལྟ་ལྟ་བ་ལས། སྟེང་གི་བར་སྣང་ ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཕྱག་རབ་ཏུ་བརྐྱང་བ། རིའི་རྒྱལ་པོ་རི་རབ་ལྟར་ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་འཁོར་མང་པོས་བསྐོར་བ། བྱང་ཆུབ་སེམས་དཔའི་ཚོགས་གྲངས་མེད་པས་ཡོངས་སུ་བསྐོར་བ། ཕྱོགས་ཐམས་ཅད་དུ་འོད་ཟེར་གྱི་དྲ་བ་ ཐོགས་པ་མེད་པས་རྒྱས་པར་ཁྱབ་པའི་སྐུ་བཞུགས་པ་མཐོང་ངོ་། །དེ་བཞིན་གཤེགས་པ་དེའི་སྐུའི་བ་སྤུའི་བུ་ག་ཐམས་ཅད་ནས་ཀྱང་དྲི་ཞིམ་པོ་རྣམ་པ་འདི་ལྟ་བུ་བྱུང་སྟེ། དེས་ཁོ་མོའི་ལུས་དང་སེམས་ཤིན་ ཏུ་བདེ་བར་གྱུར། ཡིད་ཤིན་ཏུ་དགའ་བར་གྱུར་ཏེ། མལ་གྱི་སྟེང་ནས་ལངས་ནས་སོར་མོ་བཅུའི་ཐལ་མོ་སྦྱར་ཏེ་ས་ལ་བབས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཕྱག་རབ་ཏུ་བརྐྱང་བ་དེ་ལ་ཕྱག་ འཚལ་ཏེ། དེའི་སྤྱི་གཙུག་ལ་བལྟས་ན་འང་། མཐར་ཐུག་པར་མ་རུང་། གཡས་གཡོན་གྱི་ཚད་ཀྱང་ཟིན་པར་མ་རུང་། མཚན་དང་དཔེ་བྱད་ཕུན་སུམ་ཚོགས་པ་ལ་བསམས་ན་འང་ངོམས་པར་མ་རུང་ སྟེ། དེའི་ཚེ་ཁོ་མོས་འདི་སྙམ་དུ་སེམས་སོ། །ལས་ཇི་ལྟ་བུ་ཞིག་བྱས་ན་ལུས་ཕུན་སུམ་ཚོགས་པ་འདི་ལྟ་བུ་ནི་འཐོབ་པར་འགྱུར། མཚན་དང་དཔེ་བྱད་བཟང་པོ་ཕུན་སུམ་ཚོགས་པ་ནི་སྐྱེ་བར་འགྱུར། འོད་ཀྱི་རྒྱན་ཕུན་སུམ་ཚོགས་པ་ནི་འབྱུང་བར་འགྱུར། འཁོར་ཕུན་སུམ་ཚོགས་པ་ནི་འགྲུབ་པར་འགྱུར། ཡིད་ཀྱི་རང་བཞིན་གྱི་གནས་དང་། ལོངས་སྤྱོད་ཕུན་སུམ་ཚོགས་པ་ནི་འབྱུང་བར་འགྱུར། བསོད་ནམས་ཕུན་སུམ་ཚོགས་པ་ནི་སྐྱེ་བར་འགྱུར། 76-1-217b ཡེ་ཤེས་ཕུན་སུམ་ཚོགས་པ་ནི་རྣམ་པར་དག་པར་འགྱུར། ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་ཕུན་སུམ་ཚོགས་པ་ནི་ཡང་དག་པར་འགྲུབ་པར་འགྱུར། གཟུངས་ཕུན་སུམ་ཚོགས་པ་ནི་ཡོངས་ སུ་རྫོགས་པར་འགྱུར། སྤོབས་པ་ཕུན་སུམ་ཚོགས་པ་ནི་དབང་དུ་འགྱུར་སྙམ་པ་དང་། རིགས་ཀྱི་བུ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཕྱག་རབ་ཏུ་བརྐྱང་བ་དེས་ཁོ་མོའི་བསམ་པ་ཐུགས་ སུ་ཆུད་ནས་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །བུ་མོ་ཁྱོད་ཀྱིས་ཉོན་མོངས་པ་ཐམས་ཅད་གཞོམ་པའི་ཕྱིར་ཐུབ་པ་མེད་པའི་སེམས་བསྐྱེད་ཅིག །མངོན་པར་ཞེན་པ་ཐམས་ཅད་བསལ་བའི་ཕྱིར་ཕམ་ པ་མེད་པའི་སེམས་བསྐྱེད་ཅིག །ཆོས་ཟབ་མོའི་ཚུལ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཞུམ་པ་མེད་པའི་སེམས་བསྐྱེད་ཅིག །སེམས་ཅན་བསམ་པ་མི་ཟད་པ་དང་ལྡན་པའི་རྒྱ་མཚོའི་གློང་དུ་ལྟུང་བས་མི་ སྒུལ་བའི་སེམས་བསྐྱེད་ཅིག །སྲིད་པའི་ལམ་གྱི་རྒྱུད་ཐམས་ཅད་དུ་སྐྱེ་བའི་སྐྱེ་མཆེད་དུ་མགོ་རྨོངས་པ་མེད་པའི་སེམས་བསྐྱེད་ཅིག །སངས་རྒྱས་ཐམས་ཅད་བལྟ་བར་མོས་པ་རྒྱུན་མི་གཅོད་པའི་ཕྱིར་ ངོམས་མི་ཤེས་པའི་སེམས་བསྐྱེད་ཅིག །སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྤྲིན་ཡོངས་སུ་གཟུང་བའི་ཕྱིར་ཆོག་མི་ཤེས་པའི་སེམས་བསྐྱེད་ཅིག །སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་ཚུལ་སྣང་བ་རྟོགས་པར་ བྱ་བའི་ཕྱིར་ངེས་པར་རྟོགས་པའི་སེམས་བསྐྱེད་གཅིག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་གཟུང་བའི་ཕྱིར་ཡང་དག་པར་གཟུང་བའི་སེམས་སྐྱེད་ཅིག །དེ་བཞིན་གཤེགས་པའི་ ཞལ་ནས་བྱུང་བ་ཤེས་པར་བྱ་བ་ལྟ་ལ་ཅི་སྨོས་ཀྱི་ཆུང་ངུ་ན་བརྡར་བྱེད་པ་ཙམ་ལ་ཡང་འཁྲུལ་པ་མེད་པའི་སེམས་བསྐྱེད་ཅིག །བུ་མོ་ཁྱོད་ཀྱིས་སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཆོས་རིན་པོ་ 76-1-218a ཆེ་རྣམ་པར་དབྱེ་བའི་ཕྱིར། རྣམ་པར་དབྱེ་བའི་སེམས་བསྐྱེད་ཅིག་ཅེས་བྱུང་སྟེ། དེ་ལྟར་རིགས་ཀྱི་བུ་ཁོ་མོས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་ཕྱག་རབ་ཏུ་བརྐྱང་བ་ལས། ཆོས་ཀྱི་ཚུལ་གདམས་ངག་གི་སྒོ་རྣམ་པ་དེ་ལྟ་བུ་དག་ཐོས་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ནི་མངོན་པར་མོས་པར་གྱུར། སྟོབས་བཅུའི་རང་བཞིན་ལ་ནི་མངོན་ པར་སྨོན་པར་གྱུར། སངས་རྒྱས་ཀྱི་གསུང་ལ་མངོན་པར་དད་པར་གྱུར། སངས་རྒྱས་ཀྱི་རྒྱུན་ནི་ཡོངས་སུ་སྦྱང་བར་དཀའ། སངས་རྒྱས་ཀྱི་སྐུ་ཕུན་སུམ་ཚོགས་པ་ནི་ཡོངས་སུ་བསྒྲུབ་པར་ དཀའ། སངས་རྒྱས་ཀྱི་མཚན་དང་དཔེ་བྱད་བཟང་པོ་རྣམ་པར་དག་པ་ལ་ནི་མངོན་པར་མོས་པར་འགྱུར། སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་ཕུན་སུམ་ཚོགས་པ་ལ་ནི་མངོན་པར་སྨོན་པར་གྱུར། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ལ་ནི་མངོན་པར་དད་པར་གྱུར། སངས་རྒྱས་ཀྱི་སྤྱོད་ལམ་ཕུན་སུམ་ཚོགས་པ་ལ་ནི་མངོན་པར་མོས་པར་གྱུར། སངས་རྒྱས་ཀྱི་སྐུ་ཚེའི་ཚད་ཕུན་སུམ་ཚོགས་པ་ལ་ནི་ མངོན་པར་དགའ་ནས། རྡོ་རྗེ་ལྟར་རི་དང་མཚོན་ཆ་ཐམས་ཅད་ཀྱི་མཐུས་ཐུབ་པར་དཀའ་བའི་སེམས་ཉོན་མོངས་པ་ཐམས་ཅད་དང་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་མི་ཕྱེད་མི་ ཚུགས་པ་བསྐྱེད་དེ། རིགས་ཀྱི་བུ་དེ་ནས་ཉེ་བར་བཟུང་བ་ཚུན་ཆད་དུ་སེམས་བསྐྱེད་པ་དེའི་མཐུས་བསྐལ་པ་འཛམ་བུའི་གླིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་གཅིག་དུ་ཡིད་ཀྱི་དགུ་ལས་ཀྱང་འདོད་པ་ལ་ སྤྱད་པར་ཡང་མི་དྲན་ན། གཉིས་ཀྱིས་གཉིས་འདུ་བ་ལྟ་ཅི་སྨོས། རིགས་ཀྱི་བུ་དེ་ནས་ཉེ་བར་བཟུང་བ་ཚུན་ཆད་དུ་རང་གི་གཉེན་བཤེས་ལ་འང་ཁོང་ཁྲོ་བའི་སེམས་གཅིག་མ་བསྐྱེད་ན། 76-1-218b དེ་མ་ཡིན་པའི་སེམས་ཅན་མ་ཉེས་པའི་གཞིན་ལྟ་ཅི་སྨོས། དེ་ནས་ཉེ་བར་ཟུང་བ་ཚུན་ཆད་དུ་བདག་དུ་ལྟ་བ་དང་། ལྡན་པའི་སེམས་བསྐྱེད་པ་གཅིག་ཙམ་ཡང་བསྐྱེད་པར་མི་དྲན་ན། དེ་མ་ཡིན་པའི་ ཡོ་བྱད་གཞན་ལ་བདག་གིར་བྱས་ཏེ། མངོན་པར་ཆགས་པ་ལྟ་ཅི་སྨོས། ཤི་འཕོ་བ་དང་མངལ་ན་གནས་པའི་ཚེ་འང་སེམས་རྨོངས་པ་འམ། འདུ་ཤེས་སྣ་ཚོགས་སམ། ལུང་དུ་མ་བསྟན་པའི་ སེམས་ཀྱང་བྱུང་དུ་མི་དྲན་ན། ལེགས་པར་བསམས་ཤིང་ལྟ་ཅི་སྨོས། བསྐལ་པ་དེ་སྙེད་ཅིག་དུ་སངས་རྒྱས་ཅིག །ཀྱང་ཆུང་ངུ་ན་རྨི་ལམ་དུ་མཐོང་བའི་རྣམ་པར་དམིགས་པར་ཡང་བརྗོད་དུ་མི་ དྲན་ན། བྱང་ཆུབ་སེམས་དཔའི་མིག་བཅུས་མཐོང་བར་གྱུར་པ་ལྟ་ཅི་སྨོས། དེ་ནས་ཉེ་བར་བཟུང་བ་ཚུན་ཆད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྤྲིན་ཡང་དག་པར་འཛིན་ཀྱང་ཆུང་ ངུ་ན་མྱིང་དུ་བྱ་བའི་རྣམ་པ་ཙམ་ཀྱི་ཆོས་ཀྱི་ཚིག་དང་། ཡི་གེ་གཅིག་ཀྱང་བརྗོད་པར་མི་དྲན་ན། དེ་བཞིན་གཤེགས་པའི་ཞལ་གྱི་མཛོད་ནས་བྱུང་བ་ལྟ་ཅི་སྨོས། དེ་ནས་ཉེ་བར་བཟུང་བ་ཚུན་ཆད་ དུ་ཆོས་ཀྱི་རྒྱ་མཚོ་དེ་སྙེད་ཅིག་འཐུང་འཐུང་ཡང་། ཆུང་ངུ་ན་འཇིག་རྟེན་པའི་ཆོས་རྣམས་ལ། ཚིག་འགའ་མ་བསམས་མ་བརྟག་པར་དྲན་ནོ། །དེ་ནས་ཉེ་བར་བཟུང་བ་ཚུན་ཆད་དུ་དེ་སྙེད་གཅིག་གི་ ཆོས་ཀྱི་ཚུལ་རྒྱ་མཚོ་ལས་ཀྱང་། ཆུང་ངུ་ན་འཇིག་རྟེན་པའི་བཟོའི་རྒྱུས་དང་། ཚུལ་ཡང་རུང་སྟེ། ཆོས་ཀྱི་ཚུལ་ཀྱི་སྒོ་གང་ལ་ཡང་ཁོ་མོས་ཏིང་ངེ་འཛིན་མངོན་པར་མ་བསྒྲུབས་པ་དེ་ལྟ་བུ་ མེད་དོ། །དེ་ནས་ཉེ་བར་བཟུང་བ་ཚུན་ཆད་དུ་དེ་བཞིན་གཤེགས་པ་དེ་སྙེད་ཀྱི་ཆོས་ཀྱི་འཁོར་ལོ་བཟུང་ཡང་ཇི་ལྟར་ཡོངས་སུ་བཟུང་བ་ལས་སེམས་ཅན་འདུལ་བའི་དབང་དུ་བྱ་བ་མ་གཏོགས་ 76-1-219a པར་ཆུང་ངུ་ན་རྗེས་སུ་བརྒྱུད་པའི་རྒྱུས་ཙམ་གྱི་ཚིག་དང་། ཡི་གེ་འགའ་ཡང་བརྗོད་པར་མི་དྲན་ནོ། །དེ་ནས་ཉེ་བར་བཟུང་བ་ཚན་ཆད་དུ་སངས་རྒྱས་རྒྱ་མཚོ་དེ་སྙེད་ཅིག་མཐོང་ཡང་ཆུང་ངུ་ན་སྤྲུལ་ པའི་སངས་རྒྱས་ཀྱི་སྨོན་ལམ་གྱི་རྒྱུད་ཀྱང་རུང་སྟེ། སྨོན་ལམ་འགའ་ཡང་ཁོ་མོས་སེམས་ཅན་རྒྱ་མཚོ་ཐམས་ཅད་རྣམ་པར་དག་པར་བྱ་བའི་ཕྱིར། མངོན་པར་མ་བསྒྲུབས་པ་མེད་དོ། །དེ་ནས་ཉེ་བར་ བཟུང་བ་ཚུན་ཆད་དུ་སངས་རྒྱས་རྒྱ་མཚོ་དེ་སྙེད་ཅིག་གི་སྔོན་གྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལས། བྱང་ཆུབ་སེམས་དཔའི་སྤྱོད་པ་འགའ་ཙམ་ཡང་ཁོ་མོས་བདག་གི་སྤྱོད་པ་ཡོངས་སུ་དག་ པར་བྱ་བའི་ཕྱིར་མངོན་པར་མ་བསྒྲུབས་པ་དེ་ལྟ་བུ་མི་དྲན་ནོ། །དེ་ནས་ཉེ་བར་བཟུང་བ་ཚུན་ཆད་དུ་སེམས་ཅན་གང་ཁོ་མོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མ་བསྐུལ་བ་དེ་ལྟ་བུ་ གཅིག་ཀྱང་མིག་ལམ་དུ་འོངས་པར་མི་དྲན་ནོ། །དེ་ནས་ཉེ་བར་བཟུང་བ་ཚུན་ཆད་དུ་ཉན་ཐོས་དང་རང་སངས་རྒྱས་ཡིད་ལ་བྱ་བ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་ཀྱང་མངོན་པར་བསྒྲུབས་སུ་མི་ དྲན་ནོ། །རིགས་ཀྱི་བུ་དེ་ནས་ཉེ་བར་བཟུང་བ་ཚན་ཆད་དུ་བསྐལ་པ་འཛམ་བུའི་གླིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཅིག་ལོན་ཡང་ཚིག་དང་། ཡི་གེ་འགའ་ལ་ཡང་ཐེ་ཙོམ་བསྐྱེད་པ་འམ། གཉིས་ཀྱིས་ འདུ་ཤེས་སམ། རྣམ་པར་རྟོག་པའི་འདུ་ཤེས་སམ། སྣ་ཚོགས་ཀྱི་འདུ་ཤེས་སམ། རབ་ཀྱི་འདུ་ཤེས་སམ། བཟང་ངན་གྱི་འདུ་ཤེས་སམ། སྡུག་མི་སྡུག་གི་འདུ་ཤེས་བསྐྱེད་དུ་མི་དྲན་ནོ། །རིགས་ ཀྱི་བུ་ཁོ་མོ་ནི་དེ་ཕྱིན་ཅད་དུ་སངས་རྒྱས་བྱུང་བ་དང་མ་བྲལ་ལོ། །སངས་རྒྱས་བཅོམ་ལྡན་འདས་རྣམ་དང་མ་བྲལ་ལོ། །བྱང་ཆུབ་སེམས་དཔའ་རྣམས་དང་མ་བྲལ་ལོ། །ཡང་དག་པའི་དགེ་བའི་བཤེས་ 76-1-219b གཉེན་རྣམས་དང་མ་བྲལ་ལོ། །སངས་རྒྱས་ཀྱི་སྨོན་ལམ་ཐོས་པ་དང་མ་བྲལ་ལོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཐོས་པ་དང་མ་བྲལ་ལོ། །བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཐོས་པ་དང་མ་བྲལ་ ལོ། །བྱང་ཆུབ་སེམས་དཔའི་སའི་ཡེ་ཤེས་སྣང་བའི་ཚུལ་ཐོས་པ་དང་མ་བྲལ་ལོ། །བྱང་ཆུབ་སེམས་དཔའི་གཟུངས་དང་ཏིང་ངེ་འཛིན་མི་ཟད་པའི་མཛོད་དང་། གཏེར་ཐོབ་པ་ཐོབ་པ་དང་མ་བྲལ་ལོ་མཐའ་དང་ དབུས་མེད་པའི་འཇིག་རྟེན་གྱི་ཁམས་ཀྱི་དྲ་བ་ལ་འཇུག་ཅིང་ཁོང་དུ་ཆུད་པར་བྱ་བའི་ཚུལ་ཐོས་པ་དང་མ་བྲལ་ལོ། །མཐའ་དང་དབུས་མེད་པའི་སེམས་ཅན་གྱི་ཁམས་འབྱུང་བའི་རྒྱུ་ཐོས་པ་ཐོབ་པ་དང་མ་བྲལ་ ལོ། །འགྲོ་བ་ཐམས་ཅད་ཀྱི་ཉོན་མོངས་པའི་དྲ་བའི་དཀྱིལ་འཁོར་ཡོངས་སུ་ཟད་པར་བྱ་བའི་ཡེ་ཤེས་སྣང་བ་དང་མ་བྲལ་ལོ། །སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་འབྱུང་བའི་རྒྱུའི་ཡེ་ཤེས་ཐོབ་པ་ དང་མ་བྲལ་ལོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་ལུས་ཡོངས་སུ་སྟོན་པ་དང་མ་བྲལ་ལོ། །སེམས་ཅན་ཐམས་ཅད་ཀྱི་ཤེས་པར་བྱེད་པའི་དབྱངས་ཀྱི་དཀྱིལ་འཁོར་རྣམ་པར་ དག་པ་དང་མ་བྲལ་ལོ། །རིགས་ཀྱི་བུ་ཁོ་མོ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པའི་སྒོ་ཐུབ་པར་དཀའ་བའི་ཡེ་ཤེས་ཀྱི་སྙིང་པོ་འདི་དང་། ཆོས་ཐམས་ཅད་ཡོངས་སུ་བཙལ་བས་མི་སྐྱོ་བའི་རྒྱན་ གྱི་ཏིང་ངེ་འཛིན་གྱི་སྒོ་འདི་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པའི་སྒོ་ཡི་དམ་ལ་བརྟན་པ་འདི་རྣམ་པར་བྱེ་བ་དང་། གཟུངས་ཀྱི་སྒོ་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱིས་འདི་དང་། སྤོབས་པའི་ཡེ་ཤེས་སྣང་བའི་སྒོ་ཆོས་ཀྱི་གཞི་ཐམས་ཅད་སྣང་བར་བརྗོད་པ་འདི་རྣམ་པར་ཕྱེ་བ་དང་། ཆོ་འཕྲུལ་བསམ་ཀྱིས་མི་ཁྱབ་པ་ཡོད་ན་རིགས་ཀྱི་བུ་ཁྱོད་མངོན་སུམ་དུ་བལྟ་བར་འདོང་ངམ། 76-1-220a སྨྲས་པ་འཕགས་མ་འཚལ་ལོ། །དེ་ནས་དགེ་བསྙེན་མ་མི་གཡོ་བས་དེ་ན་དེ་ལྟར་འདུག་བཞིན་དུ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པའི་སྒོ་ཐུབ་པ་མེད་པའི་ཡེ་ཤེས་ཀྱི་སྙིང་པོ་ལ་སྩོགས་པ་ དང་། ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་ཡོངས་སུ་བཙལ་བས་མི་སྐྱོ་བའི་རྒྱན་ལ་སྩོགས་པ་དང་། ཏིང་ངེ་འཛིན་གྱི་སྒོ་དོན་ཡོད་པའི་དཀྱིལ་འཁོར་གྱི་རྒྱན་ལ་སྩོགས་པ་དང་། ཏིང་ངེ་འཛིན་གྱི་སྒོ་སྟོབས་ བཅུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་དུ་འགྱུར་བ་ལ་སྩོགས་པ་དང་། ཏིང་ངེ་འཛིན་གྱི་སྒོ་སངས་རྒྱས་ཀྱི་རིགས་མི་ཟད་པའི་མཛོད་ལ་སྩོགས་པའི་ཏིང་ངེ་འཛིན་གྱི་སྒོ་བརྒྱ་སྟོང་ཕྲག་བཅུ་ལ་རྣམ་ པར་བལྟ་བ་དང་། རྣམ་པར་དཔྱད་པ་དང་། རྗེས་སུ་རྟོགས་པ་དང་། ངེས་པར་རྟོགས་པར་བྱས་སོ། །དེ་ལྟར་དགེ་བསྙེན་མ་མི་གཡོ་བ་སྙོམས་པར་ཞུགས་མ་ཐག་ཏུ་ཚོང་དཔོན་གྱི་བུ་ནོར་བཟངས་གྱིས་ ཕྱོགས་བཅུར་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རྣམ་པ་དྲུག་དུ་གཡོས་པ་དང་། བཻ་ཌཱུརྱ་ཡོངས་སུ་དག་པའི་རྒྱུ་ལས་གྱུར་པར་གནས་པར་མཐོང་ ངོ་། །འཇིག་རྟེན་གྱི་ཁམས་རེ་རེའི་གླིང་བཞི་པ་བྱེ་བ་ཕྲག་བརྒྱ་བརྒྱ་ན། དེ་བཞིན་གཤེགས་པ་བྱེ་བ་ཕྲག་བརྒྱ་བརྒྱ་བཞུགས་པར་མཐོང་སྟེ། ལ་ལ་ནི་དགའ་ལྡན་གྱི་གནས་ན་བཞུགས་པ་ནས། ལ་ལ་ནི་ཡོངས་སུ་མྱ་ངན་ལས་འདའ་བ་མཛད་པའི་བར་དུ་འང་མཐོང་ངོ་། །དེ་ཡང་འཇིག་རྟེན་གྱི་ཁམས་བཻ་ཌཱུརྱའི་རང་བཞིན་དེ་དག་ཡོངས་སུ་དག་ཅིང་བསྒྲིབ་པ་མེད་པའི་ཕྱིར་ཏེ། དེ་བཞིན་གཤེགས་ པ་དེ་དག་སོ་སོ་ནས་འོད་ཟེར་དང་། འོད་ཀྱི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་ཐམས་ཅད་དུ་རྒྱས་པར་ཁྱབ་པ་མངའ་བ་དང་། དེ་བཞིན་གཤེགས་པ་དེ་དག་སོ་སོའི་འཁོར་གྱི་དཀྱིལ་འཁོར་ 76-1-220b ཤིན་ཏུ་རྣམ་པར་ཕྱེ་བ་རྒྱ་མཚོ་ཡང་མཐོང་བར་གྱུར་ཏོ། །དེ་བཞིན་གཤེགས་པ་དེ་དག་རེ་རེའི་གསུང་གི་དཀྱིལ་འཁོར་ཆོས་ཀྱི་འཁོར་ལོ་ཐམས་ཅད་བརྗོད་པ་སེམས་ཅན་ཐམས་ཅད་ཀྱི་རྣ་ལམ་དུ་ རྣམ་པར་གྲགས་པ་འང་ཐོས་པར་གྱུར་ཏོ། །དེ་ནས་དགེ་བསྙེན་མ་མི་གཡོ་བ་ཏིང་ངེ་འཛིན་དེ་ལས་ལངས་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ་རིགས་ཀྱི་བུ་ཁྱོད་ཀྱིས་མཐོང་ ངམ། ཐོས་སམ་ཤེས་སམ། སྨྲས་པ་འཕགས་མ་མཐོང་ངོ་། །ཐོས་སོ་རིག་གོ། །རིགས་ཀྱི་བུ་ཁོ་མོ་དེ་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡི་དམ་བརྟན་པ་ལ་སློབ་ཅིང་། ཆོས་ཐམས་ཅད་ ཡོངས་སུ་བཙལ་བས་མི་སྐྱོ་བའི་རྒྱན་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པའི་སྒོ་ཐུབ་པར་དཀའ་བའི་ཡེ་ཤེས་ཀྱི་སྙིང་པོ་ལ་གནས་ནས། ཆོས་ ཐམས་ཅད་མཉམ་པ་ཉིད་ཀྱི་སའི་གཟུངས་ཁོང་དུ་ཆུད་པ་དང་། སྤོབས་པའི་ཡེ་ཤེས་སྣང་བ་ཆོས་ཀྱི་གཞི་ཐམས་ཅད་སྣང་བ་བརྗོད་པ་ལ་མཁས་པའི་ལེགས་པར་བཤད་པས་སེམས་ཅན་ཐམས་ ཅད་ཡོངས་སུ་ཚིམ་པར་བྱེད་པར་ཟད་ན་ཁོ་མོས་བྱང་ཆུབ་སེམས་དཔའ་ཡོན་ཏན་ཚད་མེད་བསམ་གྱི་མི་ཁྱབ་པ་དང་ལྡན་པ་ནམ་མཁའི་དབྱིངས་ལ་འདབ་ཆགས་ཁྱུ་མཆོག་འཁོད་པ་ལྟར་གནས་ པ་མེད་པར་སྤྱོད་པ། ནམ་མཁའ་ལྡིང་གི་དབང་པོ་ཆེན་པོ་ལྟར་ཡོངས་སུ་སྨིན་པའི་བྱང་ཆུབ་སེམས་དཔའ་སྣང་བའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་རྒྱ་མཚོ་ལ་འཇུག་པ་འཆང་བ་ལྟར་སྟོབས་བཅུའི་ཡེ་ཤེས་ རིན་པོ་ཆེ་མངོན་པར་འདོད་ཅིང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་རིན་པོ་ཆེའི་གླིང་དུ་རྒྱུ་བའི་མཐུ་དང་ལྡན་པའི་ཉ་བ་ལྟར། ཡིད་དུ་འོང་བའི་ཆོས་ཀྱི་དཀྱིལ་འཁོར་གྱི་རྒྱ་དང་ལྡན་པའི་ལག་པས་ 76-1-221a སྲེད་པའི་ཆུ་ལས་བྱུང་བའི་སེམས་ཅན་ཡོངས་སུ་སྨིན་པར་མངོན་པར་གདོན་པའི་ཕྱིར། ཆོས་ཀྱི་རྒྱ་མཚོ་ལ་རྣམ་པར་རྒྱུ་བ། ལྷའི་དབང་པོ་ལྟར་ཉོན་མོངས་པའི་ལྷ་མ་ཡིན་གྱི་གཡུལ་ ཆེན་པོ་རྡུལ་དུ་བཟློག་པའི་ཕྱིར། ཁམས་གསུམ་གྱི་གནས་ཡོངས་སུ་བཀང་ཞིང་རྣམ་པར་རྒྱུ་བ་ཉི་མའི་དཀྱིལ་འཁོར་ལྟར་སེམས་ཅན་གྱི་སྲེད་པའི་ཆུ་དང་། ཉོན་མོངས་པའི་འདམ་ཤིན་ཏུ་བསྐམ་པའི་ ཕྱིར། ཆོས་ཀྱི་དབྱིངས་ནམ་མཁའི་དབྱིངས་ལ་ཡང་དག་པར་འཕགས་པ་ཟླ་བ་ཉ་ཞིང་རྒྱས་པ་ལྟར་འདུལ་བའི་ཡིད་ཀྱི་མེ་ཏོག་ཀུ་མུ་ཏ་རྣམ་པར་ཁ་དབྱེ་བའི་ཕྱིར། ཡེ་ཤེས་ཀྱི་ནམ་མཁའ་ ལ་མངོན་པར་ཤར་བ། སའི་གཞི་ལྟར་འགྲོ་བ་ཐམས་ཅད་ཀྱི་དགེ་བའི་དབང་པོའི་མྱུ་གུ་བསྐྱེད་ཅིང་། རྣམ་པར་སྤེལ་བའི་ཕྱིར་བྱམས་མི་བྱམས་དང་། མཐོན་དམན་མེད་པར་འཇིག་རྟེན་ ན་མཉམ་པར་གནས་པ་རླུང་མར་ལྟར་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང་། ལྟ་བའི་ཤིང་དང་ཤིང་ཕྲན་གྱི་ནགས་ཚལ་དང་། ཀུན་དགའ་བ་རྩ་བ་ནས་གདོན་པའི་ཕྱིར་ཆགས་པ་མེད་ པར་ཕྱོགས་ཐམས་ཅད་ཏུ་རྣམ་པར་རྒྱུ་བ། འཁོར་ལོས་བསྒྱུར་བ་ལྟར་བསྡུ་བའི་དངོས་པོའི་ཡོ་བྱད་དང་། རྐྱེན་གྱིས་འགྲོ་བ་ཐམས་ཅད་ཡོངས་སུ་བསྡུ་བའི་ཕྱིར། འཇིག་རྟེན་གྱི་རྣམ་པར་ སྤྱོད་པ་དེ་དག་གི་སྤྱོད་པ་ཤེས་པ་འམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ཀྱི་ཡུལ་དགའ་འཛིན་ཚད་མེད་པ་ན། གྲོང་ཁྱེར་དགའ་བ་འཛིན་པ་ 76-1-221b ཞེས་བྱ་བ་ཡོད་དེ། དེ་ན་ཀུན་ཏུ་རྒྱུ་ཐམས་ཅད་དུ་འགྲོ་བ་ཞེས་བྱ་བ་འདུག་གིས། དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་དགེ་བསྙེན་མ་མི་གཡོ་བའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏོ། །དགེ་བསྙེན་མ་མི་གཡོ་བ་ལ་ལན་བརྒྱ་སྟོང་དུ་མར་གཡས་ ཕྱོགས་སུ་བསྐོར་བ་བྱས་ནས་ཡང་དང་ཡང་བལྟས་ཏེ། དགེ་བསྙེན་མི་གཡོ་བའི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་དགེ་བསྙེན་མ་མི་གཡོ་བ་མངོན་དུ་བྱས་ཏེ། དགེ་བསྙེན་མ་མི་ གཡོ་བའི་གདམས་ངག་རྗེས་སུ་དྲན་པར་བྱེད་ཅིང་། དགེ་བསྙེན་མ་མི་གཡོ་བས་བསྟན་པ་དང་། ཡང་དག་པར་བསྟན་པ་དང་། བསྒྲགས་པ་དང་། བཤད་པ་དང་། བརྗོད་པ་དང་། ཡང་དག་པར་བརྗོད་པ་དང་། གཞག་པ་དང་། རྣམ་པར་ཕྱེ་བ་དང་། སྨོས་པ་དང་། རྒྱ་ཆེར་བསྟན་པ་དེ་དག་ཐམས་ཅད་ལ་གདོན་མི་ཟ་བར་ཡིད་ཆེས་ཤིང་རྗེས་སུ་འབྲང་བར་བྱ་བ་དང་། རྗེས་སུ་བསམ་པ་དང་། ཁོང་དུ་ཆུད་པར་བྱ་བ་དང་། སྒོམ་པ་དང་། ཡོངས་སུ་སྒོམ་པ་དང་། གཞན་དུ་མི་འགྱུར་བ་དང་། རྟོགས་པར་བྱ་བ་དང་། སྣང་བར་བྱ་བ་དང་། མཉམ་པར་བྱ་བ་བྱེད་ཅིང་། མཐར་གྱིས་གནས་ནས་གནས་དང་ཡུལ་ནས་ ཡུལ་དུ་རྒྱུ་སྟེ། རྒྱུ་ཞིང་སོང་སོང་ནས་ཡུལ་དགའ་འཛིན་ཚད་མེད་པ་གང་ན་བ་དེར་ཕྱིན་ནས། གྲོང་ཁྱེར་དགའ་བ་འཛིན་པ་ཚོལ་ཚོལ་ཏེ། ཉི་མ་ནུབ་དུ་ཆ་བ་ཞིག །གྲོང་ཁྱེར་དགའ་བ་འཛིན་ པར་ཕྱིན་ནས། གྲོང་ཁྱེར་དགའ་བ་འཛིན་པའི་གནས་དུ་སོང་སྟེ། གྲོང་ཁྱེར་གྱི་ལམ་གྱི་བཞི་མདོའི་དབུས་ཤིག་དུ་ཕྱིན་ནས་སྲང་གི་སྒོ་ནས། སྲང་གི་སྒོ་དང་ལམ་གྱི་བཞི་མདོ་ནས་ 76-1-222a ལམ་གྱི་བཞི་མདོ་དང་། གྲོང་ཕྲག་ནས་གྲོང་ཕྲག་དུ་ཀུན་ཏུ་རྒྱུ། ཐམས་ཅད་དུ་འགྲོ་འགྲོ་ཚོལ་ཚོལ་རྨེད་རྨེད་པ་དང་། མཚན་མོ་མི་ཉལ་ཙམ་ཞིག་ན་གྲོང་ཁྱེར་དགའ་བ་འཛིན་པའི་བྱང་ཕྱོགས་ ལོགས་ན། རི་ཤིན་ཏུ་པད་མོ་ཞེས་བྱ་བ་ཞིག་ཡོད་པ་དེའི་རྩེ་མོ་རྩྭ་དང་གེལ་པ་དང་། སྨན་སྣ་ཚོགས་དགའ་དགའ་ལྟར་སྐྱེས་པས་བརྒྱན་པ་འོད་ཆེན་པོ་དང་ལྡན་པ་ལ་ཉི་མ་ཤར་བ་ལྟ་བུར་གནས་པ་ མཐོང་ངོ་། །དེས་སྣང་བ་དེ་མཐོང་ནས་དགའ་བའི་ཤུགས་ཆེན་པོ་སྐྱེས་ཏེ་འདི་སྙམ་དུ་སེམས་སོ། །བདག་གི་དགེ་བའི་གཤེས་གཉེན་རིའི་རྩེ་མོ་འདི་ལ་གདོན་མི་ཟ་བར་མཐོང་བར་འགྱུར་བ་ལྟ་ཞིག་ སྙམ་ནས། གྲོང་ཁྱེར་དེ་ནས་བྱུང་སྟེ། རི་ཤིན་དུ་པདྨོ་གང་ན་བ་དེར་ཕྱིན་པ་དང་། རི་ཤིན་ཏུ་མོད་པ་དེ་ལ་འཛེགས་ནས། རིའི་རྩེ་མོ་སྣང་བ་ཆེན་པོ་ཅན་གང་ན་བ་དེར་ཕྱིན་པ་དང་། རྒྱང་རིང་པོ་ཞིག་ནས་ཀུན་ཏུ་རྒྱུ་ཐམས་ཅད་དུ་འགྲོ་བ་ཚངས་ པ་ཆེན་པོ་བས་ཀྱང་ལྷག་པའི་ཁ་དོག་དང་ལྡན་པ་དཔལ་གྱིས་ཤིན་ཏུ་འབར་བ་ཞིག་ཚངས་པ་སྟོང་ཕྲག་བཅུས་ཀུན་ནས་བསྐོར་ཏེ། འཆགས་ནས་འཆག་ཅིང་འདུག་པ་མཐོང་ནས། དེའི་དྲུང་ དུ་ཕྱིན་ཏེ། རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས། དེ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ཏེ། མདུན་དུ་འདུག་ནས་ཐལ་མོ་སྦྱར་ཏེ། འདི་སྐད་ཅེས་སྨྲས་སོ། ། འཕགས་པ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་མ་འཚལ་ཏེ། འཕགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་རྗེས་སུ་བསྟན་པ་མཛད་དོ་ཞེས་བདག་གིས་ཐོས་ན། འཕགས་པ་ཇི་ལྟར་བྱང་ཆུབ་སེམས་ 76-1-222b དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་བདག་ལ་བཤད་དུ་གསོལ། སྨྲས་པ་རིགས་ཀྱི་བུ་དེ་ལྟར་ཁྱོད། བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་ཞུགས་པ་ལེགས་སོ། །ལེགས་སོ་རིགས་ཀྱི་བུ་ཁོ་བོ་ནི་ཐམས་ཅད་དུ་འགྲོ་བ་སྟེ། ཐམས་ཅད་ཀྱི་རྗེས་སུ་སོང་བའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པའོ། །སྒོ་ཐམས་ ཅད་དུ་རྣམ་པར་སྤྱོད་པས་སྣང་བའི་ཏིང་ངེ་འཛིན་གྱི་སྒོ་དང་། དངོས་པོ་མེད་པ་ལ་གནས་པས། མངོན་པར་འདུ་བྱ་བ་མེད་པའི་རྫུ་འཕྲུལ་དང་། ཆོས་ཀྱི་དབྱིངས་ཀུན་གྱི་གཞིར་ཐུག་པར་ ཐལ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་སྣང་བའི་སྒོ་དང་ལྡན་པར་རིགས་ཀྱི་དེ་ལྟར་ཁོ་བོ་ནི་སེམས་ཅན་གྱི་སྣོད་ཀྱི་འཇིག་རྟེན་གྱི་རྒྱུད་ཐམས་ཅད་དང་། སེམས་ཅན་གྱི་ལམ་གྱི་རྒྱུད་ ཐམས་ཅད་དང་། སེམས་ཅན་གྱི་ཤི་འཕོ་བའི་སྒོ་ཐམས་ཅད་དང་། སེམས་ཅན་ཀྱི་སྐྱེ་བའི་སྒོ་ཐམས་ཅད་དང་། སྲིད་པའི་ལམ་གྱི་རྒྱུད་ཐ་དད་པ་ཐམས་ཅད་དང་། སྐྱེ་བའི་སྐྱེ་མཆེད་སྣ་ ཚོགས་ཀྱི་འཇིག་རྟེན་གྱི་གནས་རྣམ་པ་ཐ་དད་པ་དག་གི་སེམས་ཅན་ཁ་དོག་དང་། དབྱིབས་དང་། ཆུང་ཞེང་རྣམ་པ་སྣ་ཚོགས་དང་ལྡན་པ། སྐྱེ་བ་ཀུན་ཏུ་འབྲེལ་པ། རྣམ་པ་ སྣ་ཚོགས་དང་ལྡན་པ། སྦྱོར་བ་སྣ་ཚོགས་དང་ལྡན་པ། མོས་པ་སྣ་ཚོགས་ཅན་འདི་ལྟ་སྟེ་ལྷའི་ལམ་གྱི་རྒྱུད་དུ་མ་གཏོགས་པ་དང་། ཀླུའི་ལམ་གྱི་རྒྱུད་དུ་མ་གཏོགས་པ་དང་། གནོད་སྦྱིན་གྱི་ ལམ་གྱི་རྒྱུད་དུ་མ་གཏོགས་པ་དང་། དྲི་ཟའི་ལམ་གྱི་རྒྱུད་དུ་གཏོགས་པ་དང་། ལྷ་མ་ཡིན་གྱི་ལམ་གྱི་རྒྱུད་དུ་གཏོགས་པ་དང་། ནམ་མཁའ་ལྡིང་གི་ལམ་གྱི་རྒྱུད་དུ་གཏོགས་པ་དང་། 76-1-223a མི་འམ་ཅིའི་ལམ་གྱི་རྒྱུད་དུ་གཏོགས་པ་དང་། ལྟོ་འཕྱེ་ཆེན་པོའི་ལམ་གྱི་རྒྱུད་དུ་གཏོགས་པ་དང་། སེམས་ཅན་དམྱལ་བའི་ལམ་གྱི་རྒྱུད་དུ་གཏོགས་པ་དང་། བྱོལ་སོང་གི་སྐྱེ་ གནས་ཀྱི་ལམ་གྱི་རྒྱུད་དུ་གཏོགས་པ་དང་། གཤིན་རྗེའི་འཇིག་རྟེན་གྱི་ལམ་གྱི་རྒྱུད་དུ་གཏོགས་པ་དང་། མིའི་ལམ་གྱི་རྒྱུད་དུ་གཏོགས་པ་དང་། མི་མ་ཡིན་པའི་ ལམ་གྱི་རྒྱུད་དུ་གཏོགས་པ་དང་། ལྟ་བའི་རྣམ་པ་སྣ་ཚོགས་ལ་གནས་པ་ཉན་ཐོས་ཀྱི་ཐེག་པ་ལ་མོས་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་མོས་པ་དང་། ཐེག་པ་ཆེན་པོ་ལ་མོས་པའི་སེམས་ ཅན་གྱི་དོན་ཐབས་སྣ་ཚོགས་དང་། ཡེ་ཤེས་ཀྱི་ཚུལ་དང་སྦྱོར་བ་སྣ་ཚོགས་ཀྱིས་བྱེད་དེ། འདི་ལྟར་སེམས་ཅན་ལ་ལ་ལ་ནི་བཟོའི་རྒྱུས་ཐ་དད་པ་ཐམས་ཅད་དང་ལྡན་པའི་གཟུགས་སྣང་བས་ འཇིག་རྟེན་གྱི་བཟོ་སྣ་ཚོགས་བསླབས་ཤིང་དོན་བྱེད་དོ། །སེམས་ཅན་ལ་ལ་ལ་ནི་འདི་ལྟ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྟོན་པའི་ཕྱིར། བསྡུ་བའི་དངོས་པོ་བཞིས་ཡོངས་སུ་བསྡུ་ བའི་ཐབས་ཀྱིས་དོན་བྱེད་དོ། །སེམས་ཅན་ལ་ལ་ལ་ནི་འདི་ལྟ་སྟེ། ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བའི་ཡེ་ཤེས་ཀྱི་སྒོ་སྣང་བ་ཡོངས་སུ་བསྐྱེད་པས་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་ བརྗོད་ཅིང་དོན་བྱེད་དོ། །སེམས་ཅན་ལ་ལ་ལ་ནི་འདི་ལྟ་སྟེ། བྱང་ཆུབ་ཀྱི་ས་བོན་ཆུད་མི་ཟ་བར་བརྟེན་ཅིང་ཡོངས་སུ་བསྐྱེད་པས། བྱང་ཆུབ་སེམས་དཔའི་སེམས་ཡོངས་སུ་བརྗོད་ཅིང་དོན་བྱེད་དོ། ། སེམས་ཅན་ལ་ལ་ལ་ནི་འདི་ལྟ་སྟེ། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་དག་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བའི་སྨོན་ལམ་ཡོངས་སུ་བསྐྱེད་པའི་ 76-1-223b ཕྱིར། བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་པ་ཐམས་ཅད་དུ་ཡང་དག་པར་བརྗོད་པས་དོན་བྱེད་དོ། །སེམས་ཅན་ལ་ལ་ལ་ནི་འདི་ལྟ་སྟེ། ངན་དུ་སྤྱོད་པའི་རྣམ་པར་སྨིན་པ་དང་། མཐུན་པའི་རྒྱུས་སེམས་ཅན་ དམྱལ་བའི་ལམ་གྱི་རྒྱུད་ཀྱི་སྡུག་བསྔལ་གྱི་ཚོར་བ་མྱོང་བར་འགྱུར་བ་ཡོངས་སུ་བསྟན་པས། སྐྱོ་བ་ཡོངས་སུ་བསྐྱེད་ཅིང་དོན་བྱེད་དོ། །སེམས་ཅན་ལ་ལ་ལ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་ པ་ལ་བསྐྱེད་པའི་ཡོན་ཏན་ཐམས་ཅད་ནི་གདོན་མི་ཟ་བར་ཐམས་ཅད་མཁྱེན་པ་ཉིད་ཀྱི་འབྲས་བུའི་མཐར་ཐུག་པར་འགྱུར་བར་བརྗོད་པས། དགའ་བ་ཆེན་པོ་བསྐྱེད་ཅིང་དོན་བྱེད་དོ། །སེམས་ ཅན་ལ་ལ་ལ་ནི་འདི་ལྟ་སྟེ། སངས་རྒྱས་ཀྱི་ཡོན་ཏན་དང་སྐུ་ལ་མངོན་པར་མོས་པས་ཐམས་ཅད་མཁྱེན་པ་ཉིད་དུ་སྨོན་ལམ་འདེབས་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་ཡོན་ཏན་དང་། སྔགས་པ་ཡང་དག་པར་བརྗོད་པས་དོན་བྱེད་དོ། །སེམས་ཅན་ལ་ལ་ལ་ནི་འདི་ལྟ་སྟེ། མི་བཟློགས་ཤིང་ལྷུན་གྱིས་གྲུབ་པ་དང་། རྒྱུན་ཆད་པ་མེད་པར་སངས་རྒྱས་ ཀྱི་ཕྲིན་ལས་ནན་ཏན་དུ་མཛད་པའི་མཐུ་དང་ལྡན་པའི་སངས་རྒྱས་ཀྱི་སྐུ་ཐོབ་པར་མོས་པ་བསྐྱེད་པའི་ཕྱིར། སངས་རྒྱས་ཀྱི་བདག་ཉིད་ཆེ་བ་བརྗོད་པས་དོན་བྱེད་དོ། །སེམས་ཅན་ ལ་ལ་ལ་ནི་འདི་ལྟ་སྟེ། ཚུར་ཟིལ་གྱིས་གནོན་ལ་ཕར་ཟིལ་གྱིས་མི་གནོན་པ་སངས་རྒྱས་ཀྱི་སྐུ་ཕུན་སུམ་ཚོགས་པ་འཐོབ་པར་མོས་པ་བསྐྱེད་པའི་ཕྱིར། སངས་རྒྱས་ཀྱི་མངའ་ ཆེན་པོ་ཡོངས་སུ་བརྗོད་ཅིང་དོན་བྱེད་དོ། །རིགས་ཀྱི་བུ་གཞན་ཡང་ཁོ་བོ་ནི་གྲོང་ཁྱེར་དགའ་བ་འཛིན་པ་འདིའི་བཞི་མདོ་འདི་ཕྲང་ཐམས་ཅད་དང་། སྲང་ཐམས་ཅད་དང་། ལམ་གྱི་སུམ་ 76-1-224a མདོ་ཐམས་ཅད་དང་། གྲོང་མཚམས་ཐམས་ཅད་དང་། མཐུན་པར་འདུས་པའི་གྲོང་རྡལ་ཐམས་ཅད་དང་གྲོང་ཐམས་ཅད་དང་། གྲོང་གི་རྒྱུད་ཐམས་ཅད་དུ་རྣམ་པ་ཇི་ལྟར་ཚོགས་ཤིང་ འདུས་པའི་བུད་མེད་དང་། སྐྱེས་པ་དང་ཁྱེའུ་དང་བུ་མོ་རྣམས་ཀྱི་བསམ་པ་ཇི་ལྟ་བ་དང་། སྦྱོར་བ་ཇི་ལྟ་བ་དང་། མཐུ་ཇི་ལྟ་བ་དང་། རྣམ་པར་སྤྱོད་པ་ཇི་ལྟ་བ་བཞིན་དུ་དེ་དག་དང་། མཐུན་པའི་ ལུས་ཀྱི་ཆུ་ཞེང་དང་དབྱིབས་མངོན་པར་བསྒྲུབས་ཤིང་། ཆོས་སྟོན་ཀྱང་། སེམས་ཅན་དེ་དག་གི་ལུས་བསྟན་པ་དང་། དེ་ག་ལས་འོངས་པ་མི་ཤེས་ཏེ། གཞན་དུ་ན་ཐོས་ནས་མ་ནོར་བར་ནན་དུ་ བྱེད་པ་ནི་མེད་པའང་མ་ཡིན་ནོ། །གཞན་ཡང་རིགས་ཀྱི་བུ་འཛམ་བུའི་གླིང་འདི་ན། ཞགས་པ་འཐུབ་པ་ལྟ་བ་རྣམ་པ་སྣ་ཚོགས་ལ་མངོན་པར་ཞེན་པ། དགུ་བཅུ་རྩ་དྲུག་འཁོད་པ་དེ་དག་ ཐམས་ཅད་ཀྱི་ནང་དུ་ཡང་སེམས་ཅན་ལྟ་བའི་རྣམ་པ་སྣ་ཚོགས་པ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཐམས་ཅད་དང་མཐུན་པར་གནས་ཏེ། རིགས་ཀྱི་བུ་དེ་ལྟར་ཁོ་བོ་གྲོང་ཁྱེར་ དགའ་བ་འཛིན་པ་འདི་ན་སེམས་ཅན་གྱི་དོན་བྱེད་ཅིང་འདུག་པ་དེ་བཞིན་དུ་འཛམ་བུའི་གླིང་གི་གྲོང་ཁྱེར་དང་། ལྗོངས་དང་། ཡུལ་དང་ཁམས་དང་། རྒྱལ་པོའི་ཕོ་བྲང་འཁོར་ཐམས་ཅད་ ན་ཡང་སེམས་ཅན་གྱི་དོན་བྱེད་དོ། །འཛམ་བུའི་གླིང་ན་ཇི་ལྟ་བ་དེ་བཞིན་དུ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དང་། དེ་བཞིན་དུ་སྟོང་དང་སྟོང་གཉིས་པ་དང་། སྟོང་གསུམ་གྱི་སྟོང་ ཆེན་པོའི་འཇིག་རྟེན་གྱི་ཁམས་དང་། དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གྱི་རྟེན་དུ་བྱ་བ་ཐམས་ཅད་དང་། སེམས་ཅན་གྱི་གནས་སུ་བྱ་བ་ཐམས་ཅད་དང་། སེམས་ཅན་གྱི་གཞིར་བྱ་བ་ཐམས་ཅད་དང་། 76-1-224b སེམས་ཅན་གྱི་ཁམས་སུ་བྱ་བའི་མིང་དུ་གཏོགས་པ་ཐམས་ཅད་དང་། སེམས་ཅན་ཡོངས་སུ་རྒྱུ་བ་ཐམས་ཅད་དང་། སེམས་ཅན་ཡོངས་སུ་འདུ་བ་ཐམས་ཅད་དང་། སེམས་རྒྱ་མཚོ་ ལ་གནས་པ་ཐམས་ཅད་དང་། སེམས་ཅན་གྱི་རྒྱུད་ལ་གནས་པ་ཐམས་ཅད་དང་། སེམས་ཅན་གྱི་ཕྱོགས་སུ་བྱ་བ་ཐམས་ཅད་དང་། སེམས་ཅན་གྱི་ཕྱོགས་མཚམས་སུ་བྱ་བ་ཐམས་ཅད་ དང་། སེམས་ཅན་སྤྱོད་པའི་གནས་ཐམས་ཅད་དུ་འམ། ཐབས་སྣ་ཚོགས་དང་། ཚུལ་སྣ་ཚོགས་དང་། སྒོ་སྣ་ཚོགས་དང་། རིགས་པ་སྣ་ཚོགས་དང་། འཕྲད་པ་སྣ་ཚོགས་དང་། ཐབས་ ཀྱི་ཚུལ་སྣ་ཚོགས་དང་། བྱ་བ་སྣ་ཚོགས་ཀྱིས་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །གཟུགས་དང་ཁ་དོག་སྣ་ཚོགས་ཡོངས་སུ་བསྟན་ཅིང་མོས་པར་བྱ་བ་དང་། ཚིག་གི་ལམ་སྣ་ཚོགས་བརྗོད་པས་ ཀྱང་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །རིགས་ཀྱི་བུ་ཁོ་བོས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དུ་འགྲོ་བ་ཐམས་ཅད་ཀྱི་རྗེས་སུ་བྱ་བ་འདི་ཤེས་པར་ཟད་ན། ཁོ་བོས་བྱང་ཆུབ་ སེམས་དཔའ་འགྲོ་བ་ཐམས་ཅད་དང་། མཉམ་པའི་ལུས་དང་ལྡན་པ་བདག་དང་། སེམས་ཅན་གྱི་ལུས་སུ་ཐ་མི་དད་པའི་ཏིང་ངེ་འཛིན་ཐོབ་པ། འཕྲུལ་པའི་འཁོར་ལོ་རྒྱ་ཆེན་པོས་སྲིད་པའི་ ལམ་གྱི་རྒྱུད་ཐམས་ཅད་དུ་ཁྱབ་པ། འཇིག་རྟེན་གྱི་སྐྱེ་བ་ཐམས་ཅད་རང་གི་ལུས་ལ་རྗེས་སུ་སྤྱོད་པ། འགྲོ་བ་ཐམས་ཅད་ཀྱིས་ལྟ་ན་དགའ་ཞིང་ཡིད་དུ་འོང་བའི་སྤྲུལ་པའི་འཁོར་ལོ་ ལ་བརྩོན་པ། འགྲོ་བ་ཐམས་ཅད་ཀྱི་རིགས་དང་རྒྱུད་དང་ཆེར་སྐྱེ་བ་རབ་ཏུ་སྟོན་པ། བསྐལ་པ་ཐམས་ཅད་དུ་གནས་པ་ལ་ཐོག་པ་མེད་པའི་སྨོན་ལམ་གྱི་འཁོར་ལོ་དང་ལྡན་པ། མི་འཕྲུལ་ 76-1-225a ལྟ་བུའི་སྤྱོད་པ་རྣམ་པར་ཕྱེ་བའི་སྣང་བ་རབ་ཏུ་ཐོབ་པ། འགྲོ་བ་ཐམས་ཅད་ཀྱི་དོན་བྱེད་ཀྱང་། གོས་པ་མེད་པར་གནས་པ་ལ་བརྩོན་པ། དུས་གསུམ་གྱི་འགྲོ་བའི་དབྱིངས་མཉམ་པ་ཉིད་ཁོང་དུ་ ཆུད་པ། ཡེ་ཤེས་ཀྱི་དབྱིངས་བདག་མེད་པ་དང་ལྡན་པས། སྣང་བར་བྱས་པའི་སྙིང་རྗེ་ཆེན་པོ་མཐའ་ཡས་པའི་སྙིང་པོ་དང་ལྡན་པ། འགྲོ་བ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཡོངས་སུ་བསྐྱེད་པ་ལ་མངོན་ པར་བརྩོན་པ། དེ་དག་གི་སྤྱོད་པ་ཤེས་པ་འམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན་ཡུལ་ཁམས་ཆེན་པོ་ཞེས་བྱ་བ་ཡོད་དེ། དེ་ན་སྤོས་འཚོང་གི་ ཚོང་དཔོན་ལོངས་སྤྱོད་ཨུད་པ་ལ་ཞེས་བྱ་བ་འདུག་གིས། དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་ བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ཀུན་ཏུ་རྒྱུ་ཐམས་ཅད་དུ་འགྲོ་བའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཀུན་ཏུ་རྒྱུ་ཐམས་ཅད་དུ་འགྲོ་བ་ལ་ལན་བརྒྱ་སྟོང་ དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། ཡང་དང་ཡང་བལྟས་ཏེ། ཀུན་ཏུ་རྒྱུ་ཐམས་ཅད་དུ་འགྲོ་བའི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ལུས་དང་སྲོག་ལ་ནི་མི་ ལྟ། སྲིད་པའི་ལོངས་སྤྱོད་དང་ཡོངས་སུ་ཟིན་པ་དང་། ཉེ་བར་བླངས་པ་ལ་མངོན་པར་ཆགས་པའི་གནས་ཐམས་ཅད་ལ་ནི་མི་ལྟ། སེམས་ཅན་གྱི་ཡུལ་གྱི་དགའ་བ་ལ་ནི་མི་ལྟ། གཟུགས་ དང་། སྒྲ་དང་དྲི་དང་རོ་དང་། རེག་བྱ་ཐམས་ཅད་ལ་ནི་མི་ལྟ། གཡོག་འཁོར་དང་ལོངས་སྤྱོད་དང་། ཉེ་བར་སྤྱོད་པ་ཐམས་ཅད་ལ་ནི་མི་ལྟ་སྟེ། རྒྱལ་སྲིད་དང་དབང་ཕྱུག་གི་དབང་གི་བདེ་བ་ 76-1-225b ཐམས་ཅད་ལ་ནི་མི་ལྟ་སངས་རྒྱས་ཀྱི་ཞིང་བླ་ན་མེད་པར་ཡོངས་སུ་དག་པ་མངོན་པར་བསྒྲུབས་པས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བ་དང་ཡོངས་སུ་དག་པར་བྱ་བ་ ལ་ལྟ་བ། མཆོད་པ་དང་བསྙེན་བཀུར་བ་དང་། རིམ་གྲོ་བྱ་བས་མི་ངོམས་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ལྟ་བ་དང་། རང་བཞིན་མེད་པ་ཡོངས་སུ་ཤེས་པའི་ཡེ་ཤེས་ཁོང་དུ་ཆུད་པར་བྱ་བའི་ ཕྱིར་ཆོས་ཐམས་ཅད་ལ་བལྟ་བ་ཡོན་ཏན་རྒྱ་མཚོ་ཐམས་ཅད་ཀྱི་དོན་ཏུ་ནན་ཏན་བྱ་བ་ལས་ཉམ་པ་མེད་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའི་ཡོན་ཏན་ཐམས་ཅད་ལ་བལྟ་བ་དང་། བསྐལ་པ་ ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཡང་དག་པར་གནས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྨོན་ལམ་ཆེན་པོ་ལ་ལྟ་བ། དེ་བཞིན་གཤེགས་པའི་འཁོར་ གྱི་དཀྱིལ་འཁོར་རྒྱ་མཚོ་ཐམས་ཅད་ལ་འཇུག་པར་བྱ་བ་ལ་ལྟ་བ། ཏིང་ངེ་འཛིན་གྱི་སྒོ་རེ་རེར་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྲངས་མེད་པ་ཐམས་ཅད་གཟུང་བ་ལ་རྣམ་པར་འཕྲུལ་ པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་ལ་ལྟ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་ཡང་དག་པར་བཟུང་བས་མི་ངོམས་པར་ བྱ་བའི་ཕྱིར། ཆོས་ཀྱི་ཡེ་ཤེས་སྣང་བའི་འཁོར་ལོ་ཐམས་ཅད་ལ་ལྟ་བ། དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་འདི་དག་དང་། གཞན་དག་ཀྱང་དགེ་བའི་བཤེས་གཉེན་ལས་ འབྱུང་བ་སྟེ། དགེ་བའི་བཤེས་གཉེན་ནི་དེ་དག་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་ཡིན་པར་ཡང་དག་པར་ལྟ་ཞིང་མཐར་གྱིས་ཡུལ་ཁམས་ཆེན་པོ་གང་ན་བ་དེར་ཕྱིན་ནས། སྤོས་ 76-1-226a འཚོང་གི་ཚོང་དཔོན་ལོངས་སྤྱོད་ཨུད་པ་ལ་ཡོངས་སུ་རྨེད་ཅིང་ཚོལ་ཚོལ་བ་ལས་མཐོང་ནས། སྤོས་འཚོང་གི་ཚོང་དཔོན་ལོངས་སྤྱོད་ཨུད་པ་ལ་གང་ན་བ་དེར་ཕྱིན་ཏེ། དེའི་དྲུང་དུ་སོང་ནས། སྤོས་འཚོང་ གི་ཚོང་དཔོན་ལོངས་སྤྱོད་ཨུད་པ་ལའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། སྤོས་འཚོང་གི་ཚོང་དཔོན་ལོང་སྤྱོད་ཨུད་པ་ལ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། སྤོས་ འཚོང་གི་ཚོང་དཔོན་ལོངས་སྤྱོད་ཨུད་པ་ལའི་མདུན་དུ་འདུག་ཏེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་སངས་རྒྱས་ཐམས་ཅད་དང་མཉམ་པའི་ཡེ་ཤེས་འཚལ་ཏེ། སངས་རྒྱས་ཐམས་ཅད་ཀྱི་སྔོན་གྱི་སྨོན་ལམ་གྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བགྱི་བར་ཡང་དགའ། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ཡོངས་སུ་གྲུབ་པར་བགྱི་བར་ཡང་དགའ། སངས་རྒྱས་ ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ཡོངས་སུ་འཚལ་བར་བགྱི་བར་ཡང་དགའ། བྱང་ཆུབ་སེམས་དཔའི་སྤྱོད་པའི་དཀྱིལ་འཁོར་ཐམས་ཅད་ཡོངསུ་དག་པར་བགྱི་བར་ཡང་དགའ། བྱང་ཆུབ་སེམས་དཔའ་ཏིང་ ངེ་འཛིན་གྱི་དཀྱིལ་འཁོར་ཐམས་ཅད་སྣང་བར་བགྱིད་པར་ཡང་དགའ། བྱང་ཆུབ་སེམས་དཔའི་གཟུངས་ཀྱི་དཀྱིལ་འཁོར་ཐམས་ཅད་ཡོངས་སུ་བརྟན་པར་ཡང་དགའ། སྒྲིབ་པའི་དཀྱིལ་འཁོར་ཐམས་ཅད་ རྣམ་པར་གཏོར་བར་ཡང་དགའ་ཞིང་གི་དཀྱིལ་འཁོར་ཐམས་ཅད་དུ་རྣམ་པར་རྒྱུ་བར་འཚལ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ན། ཇི་ལྟར་བྱང་ཆུབ་ སེམས་དཔའི་སྤྱོད་པ་ལ་བསླབ་པ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་ན་ 76-1-226b བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་བར་མ་འཚལ་ཏོ། །སྨྲས་པ་རིགས་ཀྱི་བུ་དེ་ལྟར་ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལེགས་སོ་ ལེགས་སོ། །རིགས་ཀྱི་བུ་ཁོ་བོ་ནི་སྤོས་ཐམས་ཅད་ཤེས་ཏེ། སྤོས་སྦྱར་བ་ཐམས་ཅད་དང་། བདུག་སྤོས་ཐམས་ཅད་དང་། བདུག་སྤོས་སྦྱར་བ་ཐམས་ཅད་དང་། བྱུག་པ་ཐམས་ཅད་དང་། བྱུག་པ་ སྦྱར་བ་ཐམས་ཅད་དང་། ཕྱེ་མ་ཐམས་ཅད་དང་། ཕྱེ་མ་སྦྱར་བ་ཐམས་ཅད་དང་། སྤོས་བྱུག་པ་དང་། ཕྱེ་མའི་རྣམ་པ་ཐམས་ཅད་ཀྱང་ཤེས་ཏེ། ལྷའི་སྤོས་ཀྱང་ཤེས་སོ། །ཀླུ་དང་གནོད་སྦྱིན་ དང་དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པའི་སྤོས་ཀྱང་ཤེས་སོ། །ནད་སེལ་བའི་སྤོས་དང་། ཡིད་མི་བདེ་བ་བསྩལ་བའི་ སྤོས་དང་། འཇིག་རྟེན་གྱི་དགའ་བ་ཡོངས་སུ་བསྐྱེད་པའི་སྤོས་དང་། ཉོན་མོངས་པ་འབོར་བར་བྱ་བའི་སྤོས་དང་། ཉོན་མོངས་པ་ཞི་བར་བྱ་བའི་སྤོས་དང་། འདུས་བྱས་ཀྱི་དགའ་བ་དང་། བདེ་ བ་སྣ་ཚོགས་ཡོངས་སུ་བསྐྱེད་པའི་སྤོས་དང་། འདུས་བྱས་ཐམས་ཅད་ལས་སྐྱོ་བ་ཡོངས་སུ་བསྐྱེད་པའི་སྤོས་དང་། བག་བྱ་བའི་གནས་ཐམས་ཅད་སེལ་བའི་སྤོས་དང་། སངས་རྒྱས་ཡིད་ ལ་བྱ་བའི་རྒྱུད་ཡང་དག་པར་འབྱུང་བའི་སྤོས་དང་། ཆོས་ཀྱི་ཚུལ་ཁོང་དུ་ཆུད་པར་བྱ་བའི་སྤོས་དང་། འཕགས་པས་སྤྱད་པའི་སྤོས་དང་། བྱང་ཆུབ་སེམས་དཔའི་སྤོས་རྣམ་པ་ཐ་དད་པ་དང་། བྱང་ཆུབ་སེམས་དཔའི་ས་ཐམས་ཅད་རྣམ་པར་དགོད་པའི་སྤོས་ཡང་ཤེས་ཏེ། སྤོས་ཁོ་བོས་དེ་དག་ཐམས་ཅད་རྣམ་པ་ཇི་ལྟ་བུ་འང་རབ་ཏུ་ཤེས་སོ། །འབྱུང་བ་དང་སྐྱེ་བ་དང་། འགྲུབ་པ་དང་། 76-1-227a ཡོངས་སུ་རྫོགས་པ་དང་། ཡོངས་སུ་དག་པ་དང་། ཡོངས་སུ་སྤང་བ་དང་། རབ་ཏུ་སྦྱར་བ་དང་། ཡོངས་སུ་སྤྱད་པ་དང་། ཡུལ་དང་མཐུ་དང་ལས་དང་རྒྱུ་ཡང་རབ་ཏུ་ཤེས་སོ། །རིགས་གྱི་བུ་མིའི་ འཇིག་རྟེན་ན་སྤོས་གླང་པོའི་སྙིང་པོ་ཞེས་བྱ་བ། ཀླུ་ཡོངས་སུ་འཁྲུག་པར་བྱེད་པ་ཡོད་དེ། དེའི་རི་ལུ་ཏིལ་གྱི་འབྲུ་ཙམ་ཀྱིས་ཀྱང་ཡུལ་ཁམས་ཆེན་པོ་ཐམས་ཅད་སྤོས་ཀྱི་སྤྲིན་གྱི་དྲ་བ་ཤིན་ཏུ་སྟུག་ པས་ཀུན་ནས་ཁེབས་པར་གྱུར་ཏེ། ཞག་བདུན་དུ་སྤོས་ཆུའི་རྒྱུན་ཤིན་ཏུ་ཕྲ་བའི་ཆར་མངོན་པར་འབབ་བོ། །དེའི་ཚེ་སེམས་ཅན་སུའི་ལུས་ལས་གོས་ལ་སྤོས་ཆུའི་རྒྱུན་དེ་དག་གིས་བབ་པར་གྱུར་ པ་དེ་དག་ཐམས་ཅད་ཀྱང་མེ་ཏོག་གསེར་གྱི་ཁ་དོག་དུ་འདུག་པས་རྣམ་པར་བརྒྱན་པའི་གོས་དང་ལུས་སུ་འགྱུར་རོ། །ཁང་པ་དང་གཞལ་མེད་ཁང་དང་། ཁང་པ་བརྩེགས་པ་གང་དུ་བབ་པར་གྱུར་ པ་དེ་དག་ཐམས་ཅད་ཀྱང་མེ་ཏོག་གསེར་གྱི་ཁ་དོག་ལྟ་བུས་རྣམ་པར་བརྒྱན་པར་གནས་སོ། །སེམས་ཅན་ཁྱིམ་གྱི་ནང་ན་གནས་པ་གང་གིས་སྤོས་ཀྱི་སྤྲིན་གྱི་དྲ་བ་དེ་ལ་རླུང་གི་ལྡང་བའི་དྲི་ཚོར་ བར་གྱུར་པ་དེ་དག་ཐམས་ཅད་ཀྱང་ཞག་བདུན་དུ་དགའ་བ་དང་། མོས་པ་ཆེན་པོས་ཡོངས་སུ་རྒྱས་པར་འགྱུར་ཏེ། ལུས་དང་སེམས་ལ། བདེ་བ་དང་དགའ་བ་སྣ་ཚོགས་ཀྱང་རབ་ཏུ་མྱོང་བར་འགྱུར་ རོ། །དེ་དག་གི་ལུས་ལ་ཡང་ཁམས་འཁྲུག་པ་ལས་གྱུར་པ་འམ། གཞན་གྱིས་གནོད་པར་བྱས་པ་ལས་བྱུང་བའི་ནད་ཀྱང་འབྱུང་བར་འགྱུར་བ་མེད་དོ། །སེམས་ཀྱི་སྡུག་བསྔལ་བ་དང་ཡིད་མི་བདེ་ བ་ཡང་མི་འབྱུང་ངོ་འཇིགས་པ་འམ། སྔང་བ་འམ་བག་ཚ་བ་འམ། ཡིད་འཁྲུག་པ་འམ། གནོད་སེམས་ཀྱང་མི་རྒྱུ་སྟེ། དེ་དག་ཐམས་ཅད་ཞག་བདུན་དུ་དགའ་བ་དང་བདེ་བ་སྐྱེས་ཏེ། 76-1-227b གཅིག་ལ་གཅིག་བྱམས་པའི་སེམས་སུ་འགྱུར་རོ། །རིགས་ཀྱི་བུ་ཁོ་བོ་ནི་དེ་དག་དེ་ལྟར་དགའ་བ་དང་། ཉམས་བདེ་བ་སྐྱེས་པ་རྣམས་ལ་བསམ་པ་དག་པར་བྱ་བའི་ཕྱིར་ཅི་ནས་ཀྱང་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་བ་དེ་ལྟར་ཆོས་བསྟན་ཏོ། །གཞན་ཡང་རིགས་ཀྱི་བུ་རི་མ་ལ་ཡ་ལས་འབྱུང་བའི་ཙན་དན་ས་སྟེགས་དམ་པ་ཞེས་བྱ་བ་ཡོད་དེ། དེ་ལུས་ལ་བསྐུས་ན་མེའི་ འོབས་སུ་འཆོངས་ཀྱང་ཚིག་པ་མེད་དོ། །རིགས་ཀྱི་བུ་རྒྱ་མཚོའི་མཐའ་ནས་འབྱུང་བའི་སྤོས་གཞན་གྱིས་ཐུབ་པ་མེད་པ་ཞེས་བྱ་བ་ཡོད་དེ། དེ་རྔ་འམ་དུང་ལ་བསྐུས་ན་དེའི་སྒྲས་གཞན་གྱི་ འཁོར་ཐམས་ཅད་ཕམ་པར་འགྱུར་རོ། །རིགས་ཀྱི་བུ་མཚོ་མ་དྲོས་པའི་ངོགས་ནས་འབྱུང་བའི་ཨ་ག་རུ་ནག་པོ་པད་མོའི་སྙིང་པོ་ཞེས་བྱ་བ་ཡོད་དེ། དེའི་རི་ལུ་ཏིལ་གྱི་འབྲུ་ཙམ་གཅིག་གི་དྲིས་ཀྱང་ འཛམ་བུའི་གླིང་ཐམས་ཅད་རྒྱས་པར་གང་བར་འགྱུར་ཏེ། སེམས་ཅན་གང་གིས་སྤོས་ཀྱི་དྲི་དེ་ཚོར་བ་དེ་དག་ཐམས་ཅད་ཀྱང་སྡིག་པ་ལ་སྨོད་ཅིང་སྡོམ་པའི་སེམས་རབ་ཏུ་ཐོབ་པར་འགྱུར་རོ། །རིགས་ཀྱི་ བུ་རིའི་རྒྱལ་པོ་ཁ་བ་ཅན་ལས་འབྱུང་བའི་སྤོས་ཀྱི་རྣམ་པ་འོད་དང་ལྡན་པ་ཞེས་བྱ་བ་ཡོད་དེ། དེའི་དྲི་ཚོར་ན་སེམས་ཅན་དེ་དག་འདོད་ཆགས་དང་བྲལ་བའི་སེམས་སུ་འགྱུར་ཏེ། ཁོ་བོ་ནི་དེ་དག་ལ་ཅི་ནས་ ཀྱང་རྡུལ་དང་བྲལ་བའི་དཀྱིལ་འཁོར་ཅེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་འགྱུར་བ་དེ་ལྟར་ཆོས་སྟོན་ཏོ། །རིགས་ཀྱི་བུ་སྲིན་པོའི་འཇིག་རྟེན་ནས་འབྱུང་བའི་སྤོས་ཀྱི་རྣམ་པ་རྒྱ་མཚོའི་སྙིང་པོ་ཞེས་ བྱ་བ་ཡོད་དེ། དེ་ནི་འཁོར་ལོས་བསྒྱུར་བའི་ལོངས་སྤྱོད་ཀྱི་དོན་དུ་འབྱུང་སྟེ། དེས་བདུག་མ་ཐག་ཏུ་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་དཔུང་གི་ཚོགས་ཡན་ལག་བཞི་པ་ཡང་ནམ་མཁའི་ 76-1-228a དབྱིངས་ལ་གནས་སོ། །རིགས་ཀྱི་བུ་ལྷའི་འཁོར་ཆོས་བཟང་པོ་ནས་འབྱུང་བའི་སྤོས་ཀྱི་རྣམ་པ་རྣམ་པར་འབྱེད་པ་ཞེས་བྱ་བ་ཡོད་དེ། དེས་བདུག་མ་ཐག་ཏུ་ལྷ་རྣམས་སངས་རྒྱས་ཀྱི་ དྲི་ཞིམ་པོ་དྲན་པར་འགྱུར་རོ། །རིགས་ཀྱི་བུ་ལྷའི་རྒྱལ་པོ་རབ་མཚེ་མའི་གནས་ན་སྤོས་ཀྱི་རྣམ་པ་རྣམ་པར་དག་པ་ཞེས་བྱ་བ་ཡོད་དེ། དེས་བདུག་མ་ཐག་ཏུ་མཚེ་མའི་ལྷའི་བུ་ཐམས་ཅད་ ལྷའི་རྒྱལ་པོ་རབ་མཚེ་མའི་དྲུང་དུ་འདོང་ངོ་། །དེ་དག་དེར་ཕྱིན་ནས་ཀྱང་ལྷའི་རྒྱལ་པོ་རབ་མཚེ་མའི་ཆོས་ཀྱི་གཏམ་བྱེད་དོ། །རིགས་ཀྱི་བུ་དགའ་ལྡན་གྱི་གནས་ན། སྤོས་ཀྱི་རྣམ་པ་སའི་འདུ་བ་ར་ ཞེས་བྱ་བ་ཡོད་དེ། དེའི་སྤོས་ཀྱི་དུད་པ་བྱང་ཆུབ་སེམས་དཔའ་ཚེ་གཅིག་གི་ཐོགས་པ་ཆོས་ཀྱི་སྟན་ལ་འདུག་པའི་མདུན་དུ་ཕྱུང་ན། ཆོས་ཀྱི་སྤྲིན་ཆེན་པོས་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་ པར་གང་ཞིང་། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་རྒྱན་རྣམ་པ་སྣ་ཚོགས་དང་ལྡན་པའི་ཆོས་ཀྱི་སྤྲིན་ཆེན་པོའི་ཆར་རབ་ཏུ་འབབ་པོ། །རིགས་ཀྱི་བུ་ལྷའི་རྒྱལ་པོ་ རབ་འཕྲུལ་དགའི་གནས་ན། སྤོས་ཀྱི་རྣམ་པ་ཡིད་འཕྲོག་པ་ཞེས་བྱ་བ་ཡོད་དེ། དེས་ལྷའི་རྒྱལ་པོ་རབ་འཕྲུལ་དགའི་གནས་སུ་འདུག་ན། ཞག་བདུན་དུ་ཆོས་ཀྱི་སྤྲིན་གྱི་ཆར་བསམ་གྱིས་མི་ ཁྱབ་པ་འབབ་པར་འགྱུར་རོ། །རིགས་ཀྱི་བུ་ཁོ་བོས་ནི་སྤོས་སྦྱར་བ་དེ་ཤེས་སུ་ཟད་ན། ཁོ་བོས་བྱང་ཆུབ་སེམས་དཔའ་སྐྱོན་གྱི་དྲི་མ་མེད་པ་འདོད་པའི་འཇིག་རྟེན་ཐམས་ཅད་ནས་གྱེན་ དུ་འཕགས་པ། ཉོན་མོངས་པའི་བདུད་ཀྱི་ཞགས་པ་དང་བྲལ་བ། སྲིད་པའི་ལམ་གྱི་རྒྱུད་ཐམས་ཅད་ལས་ཤིན་ཏུ་འདས་པ། ཡེ་ཤེས་སྒྱུ་མའི་རྣམ་པ་དང་། གཟུགས་ཀྱི་རྣམ་པར་སྤྱོད་པ། 76-1-228b འཇིག་རྟེན་ཐམས་ཅད་ཀྱིས་གོས་པ་མེད་པ། ཆགས་པ་མེད་པའི་ངང་ཚུལ་ཅན། སྒྲིབ་པ་མེད་པར་ཡེ་ཤེས་ཀྱི་དཀྱིལ་འཁོར་རྣམ་པར་དག་པ། ཐོགས་པ་མེད་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དང་། ཡུལ་དུ་ལྡན་པ། ཀུན་གྱི་གཞིའི་གནས་ཐམས་ཅད་ལ་མི་གནས་པར། སྲིད་པའི་ཀུན་གཞི་དང་གནས་ཐམས་ཅད་དུ་རྒྱུ་བ་རྣམས་ཀྱི་སྤྱོད་པ་ཤེས་པ་འམ། ཡོན་ཏན་བརྗོད་པ་འམ། ཚུལ་ཁྲིམས་ ཀྱི་སྤྱོད་པ་རྣམ་པར་དག་པའི་སྒོ་ཡོངས་སུ་སྨོས་པ་འམ། ཁ་ན་མ་ཐོ་བ་མེད་པའི་སྤྱོད་པ་བརྗོད་པ་འམ། གནོད་པར་སྤྱོད་པ་མེད་པའི་ལུས་དང་ངག་དང་ཡིད་ཀྱི་རྒྱུད་བསྟན་པར་ནུས་རེ་སྐན། ། སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན། གྲོང་ཁྱེར་ཁང་པ་བརྩེགས་པ་ཞེས་བྱ་བ་ཡོད་དེ། དེ་ན་མཉན་པ་དཔའ་བོ་ཞེས་བྱ་བ་འདུག་གིས་དེའི་དྲུང་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་ བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས། སྤོས་འཚོང་གི་ཚོང་དཔོན་ལོངས་སྤྱོད་ཨུ་པ་ལའི་ རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས། སྤོས་འཚོང་གི་ཚོང་དཔོན་ལོངས་སྤྱོད་ཨུད་པ་ལ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། ཡང་དང་ཡང་བལྟས་ཏེ། སྤོས་འཚོང་གི་ཚོང་དཔོན་ལོངས་སྤྱོད་ཨུད་པ་ལའི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་གྲོང་ཁྱེར་ཁང་པ་བརྩེགས་པར་འགྲོ་བའི་ལམ་དུ་འཇུག་པའི་ཚེ། ལམ་གྱི་གྱེན་ ཐུར་དང་། ལམ་མཉམ་པ་དང་། ལམ་གྱི་ཐག་ཐུག་དང་། ལམ་རྡུལ་ཡོད་པ་དང་། ལམ་རྡུལ་མེད་པ་དང་། ལམ་བདེ་བ་དང་། ལམ་མི་བདེ་བ་དང་། ལམ་དོག་པ་དང་། ལམ་བགེགས་ 76-1-229a མེད་པ་དང་། ལམ་འཁྱོག་པ་དང་། ལམ་འཁྱོག་པ་མེད་པ་ལ་རྣམ་པར་དཔྱད་དེ་ལྟས་ནས་འདི་སྙམ་དུ་བསམས་སོ། །འདི་ལྟར་བདག་དགེ་བའི་བཤེས་གཉེན་དེའི་དྲུང་དུ་འགྲོ་བ་འདི་ནི། བྱང་ཆུབ་སེམས་དཔའི་ལམ་གྱི་ནན་ཏན་གྱི་རྒྱུར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་ནན་ཏན་གྱི་རྒྱུར་འགྱུར་རོ། །སེམས་ཅན་ལ་ཕན་འདོགས་པའི་ལམ་གྱི་རྒྱུར་འགྱུར་རོ། །སེམས་ ཐམས་ཅད་བྱམས་སྡང་དང་། མཐོན་དམན་དུ་འགྱུར་པའི་གཡང་ས་ལས་རྣམ་པར་བཟློག་པ་དང་། སེམས་ཅན་ཐམས་ཅད་མི་མཉམ་པའི་ནན་ཏན་ལས་བསྒྱུར་བ་དང་། སེམས་ཅན་གྱི་ ཉོན་མོངས་པའི་རྡུལ་རབ་ཏུ་ཞི་བར་བྱ་བ་དང་། སེམས་ཅན་ཐམས་ཅད་གྱི་མི་དགེ་བའི་ལྟ་བ་སྣ་ཚོགས་ཀྱི་སྡོམ་དུམ་དང་། ཚེར་མ་དང་། གྱོ་མོ་དང་གསེག་མ་བརྩལ་བ་དང་། ཆོས་ཀྱི་དབྱིངས་སྒྲིབ་པ་ མེད་པ་ལ་གཞོལ་བར་བྱ་བ་དང་། ཐམས་ཅད་མཁྱེན་པའི་ཕོ་བྲང་དུ་ཐོགས་པ་མེད་པར་བསྐྱེལ་བའི་རྒྱུར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དགེ་བའི་བཤེས་གཉེན་ནི་དགེ་བའི་ཆོས་ཐམས་ ཅད་ཀྱི་འབྱུང་གནས་སོ། །དགེ་བའི་བཤེས་གཉེན་ལ་ནི་ཐམས་ཅད་མཁྱེན་པ་ཉིད་རག་ལུས་སོ་ཞེས་དེ་ལྟར་སེམས་ཤིང་ཡིད་ལ་བྱེད་པས་སྤྱོད་པ་ཐུབ་པར་དཀའ་བ་དེ་མཐར་གྱིས་གྲོང་ཁྱེར་ ཁང་པ་བརྩེགས་པ་དེར་ཕྱིན་ནས་མཉན་པ་དཔའ་བོ་ཡོངས་སུ་རྨེད་ཅིང་ཚོལ་ཚོལ་བ་ལས་གྲོང་ཁྱེར་ཆེན་པོ་ཞིག་གི་སྒོ་རྒྱ་མཚོ་ཆེན་པོའི་ངོགས་ན། མཉན་པ་དཔའ་བོ་དེ་ཚོང་པ་བརྒྱ་ཕྲག་སྟོང་ ཙམ་དང་། སྲོག་ཆགས་བརྒྱ་སྟོང་དུ་མ་གཏམ་སྣ་ཚོགས་མཉན་པར་འདོད་པ་ཤ་སྟག་གཅིག་གིས་ཀུན་ནས་བསྐོར་ཅིང་། རྒྱ་མཚོའི་གཏམ་ཡོངས་སུ་བརྗོད་པས། སངས་རྒྱས་ཀྱི་ཡོན་ 76-1-229b ཏན་རྒྱ་མཚོ་སེམས་ཅན་རྣམས་ལ་སྟོན་ཅིང་འདུག་པ་མཐོང་ངོ་། །མཐོང་ནས་ཀྱང་མཉན་པ་དཔའ་བོ་གང་ན་བ་དེར་སོང་སྟེ། ཕྱིན་ནས་མཉན་པ་དཔའ་བོའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་ འཚལ་ཏེ། མཉན་པ་དཔའ་བོ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། མཉན་པ་དཔའ་བོའི་མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། ། འཕགས་པ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་མ་འཚལ་ཏེ། འཕགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་། རྗེས་སུ་བསྟན་པ་མཛད་དོ་ཞེས་བདག་གིས་ཐོས་ན། འཕགས་པ་ཇི་ ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་བདག་ལ་བཀའ་བསྩལ་དུ་གསོལ། སྨྲས་པ་རིགས་ཀྱི་བུ་ཁྱོད་ ཀྱི་དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཡེ་ཤེས་ཆེན་པོ་ཐོབ་པ་འབྱུང་བའི་རྒྱུ་འདྲི་བ་དང་། འཁོར་བའི་སྡུག་བསྔལ་སྣ་ཚོགས་ཀྱི་ རྒྱུད་འབྱུང་བའི་རྒྱུ་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་གླིང་གི་གནས་སུ་འགྲོ་བ་འབྱུང་བའི་རྒྱུ་དང་། དབྱེར་མེད་པའི་ཐེག་པ་ཆེན་པོ་འབྱུང་བའི་རྒྱུ་དང་། ཉན་ཐོས་དང་རང་ སངས་རྒྱས་ཀྱི་སར་ལྟུང་བས་འཇིགས་པ་དང་འབྲལ་བར་འགྱུར་བའི་ལམ་གྱི་ནན་ཏན་འབྱུང་བའི་རྒྱུ་དང་། ཞི་བའི་ཏིང་ངེ་འཛིན་གྱི་སྒོ་དང་། རྒྱུད་སྣ་ཚོགས་ཁོང་དུ་ 76-1-230a ཆུད་པར་བྱ་བའི་ཡེ་ཤེས་ཀྱི་ལམ་འབྱུང་བའི་རྒྱུད་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དུ་འགྲོ་བས་རྣམ་པར་སྤྱོད་པའི་སྨོན་ལམ་གྱིས་ཤིང་རྟའི་འཁོར་ལོ་ཐོགས་ པ་མེད་པའི་ལམ་འབྱུང་བ་དང་། རྣམ་པར་དག་པར་འགྱུར་བའི་རྒྱུ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་གཟི་བརྗིད་ཀྱི་དབའ་རླབས་ཀྱིས་རྣམ་པར་རྒྱན་པ་ཐམས་ཅད་ཀྱི་རང་ བཞིན་དང་། ཚུལ་གྱི་ལམ་འབྱུང་བ་དང་། རྣམ་པར་དག་པར་འགྱུར་བའི་རྒྱུ་དང་། ཆོས་ཀྱི་ཕྱོགས་དང་། སྒོ་ཐམས་ཅད་ཀྱི་ཕྱི་མའི་མཐའི་ལམ་འབྱུང་བ་དང་། རྣམ་པར་དག་པར་ འགྱུར་བའི་རྒྱུ་དང་། ཐམས་ཅད་མཁྱེན་པའི་རྒྱ་མཚོར་འཇུག་པའི་ལམ་འབྱུང་བར་འགྱུར་བ་དང་། རྣམ་པར་དག་པར་འགྱུར་བའི་རྒྱུ་འདྲི་བ་འདི་ལེགས་སོ་ལེགས་སོ། །རིགས་ ཀྱི་བུ་ཁོ་བོ་ནི་རྒྱ་མཚོའི་ངོགས་ཀྱི་གྲོང་ཁྱེར་ཁང་པ་བརྩེགས་པ་འདི་ན། བྱང་ཆུབ་སེམས་དཔའི་སྤྱོད་པ་སྙིང་རྗེ་ཆེན་པོའི་རྒྱལ་མཚན་ཡོངས་སུ་སྦྱོང་ཞིང་གནས་ཏེ། རིགས་ཀྱི་ བུ་ཁོ་བོ་ནི་འཛམ་བུའི་གླིང་གི་སེམས་ཅན་ཕོངས་པ་རྣམས་མཐོང་ནས། དེ་དག་གི་དོན་དུ་དཀའ་བ་སྤྱོད་དེ། དེ་དག་གི་བསམ་པ་ཡོངས་སུ་རྫོགས་པར་བྱའོ། །འཇིག་རྟེན་གྱི་ ཟང་ཟིང་གིས་ཡོངས་སུ་བསྡུ་བར་བྱའོ། །ཆོས་ཀྱི་ལོངས་སྤྱོད་ཀྱིས་དེ་དག་ཡོངས་སུ་ཚིམ་པར་བྱའོ། །དེ་དག་ལ་བསོད་ནམས་ཀྱི་ཚོགས་ཀྱི་ལམ་མན་ངག་དུ་བསྟན་པར་བྱའོ། ། ཡེ་ཤེས་ཀྱི་ཚོགས་རྣམ་པར་སྤེལ་བར་བྱའོ། །དགེ་བའི་རྩ་བའི་སྟོབས་ཡོངས་སུ་སྤེལ་བར་བྱའོ། །བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱའོ། །བྱང་ཆུབ་ཀྱི་བསམ་པ་རྣམ་པར་དག་ 76-1-230b པར་བྱའོ། །སྙིང་རྗེ་ཆེན་པོའི་སྟོབས་ཉེ་བར་བསྟན་པར་བྱའོ། །འཁོར་བའི་སྡུག་བསྔལ་རྣམ་པར་ཞི་བར་བྱའོ། །འཁོར་བའི་སྤྱོད་པས་ཡོངས་སུ་མི་སྐྱོ་བའི་སྟོབས་ཤིན་ཏུ་བསྟན་པར་བྱའོ། ། སེམས་ཅན་རྒྱ་མཚོ་བསྡུ་བ་ལ་འདི་དག་སྦྱར་བར་བྱའོ། །ཡོན་ཏན་རྒྱ་མཚོའི་ནན་ཏན་གྱི་སྒོ་ལ་དགོད་པར་བྱའོ། །འདི་དག་ལ་ཆོས་རྒྱ་མཚོའི་ཡེ་ཤེས་སྣང་བ་ཉེ་བར་བསྒྲུབ་པར་བྱའོ། ། སངས་རྒྱས་རྒྱ་མཚོ་ཐམས་ཅད་ཀྱང་འདི་དག་གིས་མངོན་པར་མཐོང་བར་བྱའོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱ་མཚོ་ལ་ཡང་འདི་དག་གཟུད་པར་བྱའོ་ཞེས་དེ་ལྟ་བུའི་བསམ་པ་ དང་། ཡིད་ལ་བྱ་བ་ལ་བརྩོན་པར་ཁོ་བོས་རྒྱ་མཚོའི་ངོགས་ཀྱི་གྲོང་ཁྱེར་ཁང་པ་བརྩེགས་པ་འདི་ན་གནས་སོ། །རིགས་ཀྱི་བུ་ཁོ་བོ་ནི་དེ་ལྟར་འགྲོ་བ་ལ་ཕན་པ་དང་། བདེ་བའི་ བརྩོན་པ་རྒྱ་མཚོ་ཆེན་པོའི་རིན་པོ་ཆེའི་གླིང་ཐམས་ཅད་ཀྱང་ཤེས་སོ། །རིན་པོ་ཆེའི་འབྱུང་གནས་ཐམས་ཅད་དང་། རིན་པོ་ཆེའི་རིགས་ཐམས་ཅད་དང་། རིན་པོ་ཆེའི་གཏེར་ ཐམས་ཅད་ཀྱང་རབ་ཏུ་ཤེས་སོ། །ཀླུའི་གནས་ཐམས་ཅད་དང་། ཀླུའི་འཁྲུག་པ་ཐམས་ཅད་དང་། གནོད་སྦྱིན་གྱི་གནས་ཐམས་ཅད་དང་། གནོད་སྦྱིན་འཁྲུག་པ་ཐམས་ཅད་ དང་། སྲིན་པོའི་གནས་ཐམས་ཅད་དང་། སྲིན་པོའི་འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་དང་། འབྱུང་པོའི་གནས་ཐམས་ཅད་དང་། འབྱུང་པོའི་བར་ཆད་ཐམས་ཅད་ རྣམ་པར་ཞི་བར་བྱ་བ་ཡང་རབ་ཏུ་ཤེས་སྟེ། གློང་ཡོད་པ་ཐམས་ཅད་དང་། གློང་ཐམས་ཅད་བཀོལ་བ་དང་དབའ་རླབས་ཆེན་པོ་ཡོངས་སུ་སྤང་བ་དང་། ཆུའི་ཁ་དོག་ 76-1-231a རྣམ་པ་ཐ་དད་པ་འདི་རབ་ཏུ་ཤེས་སོ། །ཉི་ཟླ་དང་གཟའ་སྐར་ཀྱི་ཚོགས་ཡོངས་སུ་འཁོར་བ་དང་། ཉིན་ཞག་དང་སྐད་ཅིག་དང་། ཡུད་ཙམ་དང་ཐང་གཅིག་ཀྱང་རབ་ཏུ་ཤེས་སོ། །ཕན་ཚུན་དུ་འགྲོ་ བའི་ཤོལ་འདུམས་དང་། བདེ་མི་བདེ་དང་། གྲུའི་འཁྲུལ་འཁོར་བརྟན་པར་བྱ་བ་དང་། གྲུ་བཟུར་བ་དང་། གྲུ་ཕུལ་བ་དང་། རླུང་རྡོ་བ་དང་། རླུང་བསྐྱེད་པ་དང་། གྲུ་བསྒྱུར་ཞིང་བཟློག་པ་དང་། གྲུ་བསྟོད་པ་དང་། གྲུ་ བཏང་བ་ཡང་རབ་ཏུ་ཤེས་སོ། །རིགས་ཀྱི་བུ་དེ་ལྟར་ཁོ་བོ་ནི་ཤེས་པ་དེ་ལྟ་བུ་དང་ལྡན་པས་རྟག་ཏུ་སེམས་ཅན་གྱི་དོན་དང་དགོས་པ་བྱེད་དེ། ཚོང་པའི་ཚོགས་གྲུ་བརྟན་པོས་ལམ་བདེ་ཞིང་ཉེ་ཞོར་མི་འགྱུར་ལ་མི་ འཇིགས་པ་ནས། ཆོས་ཀྱི་གཏམས་ཀྱིས་དགའ་བ་དང་། སྤྲོ་བ་བསྐྱེད་ཅིང་བསམ་པ་ཇི་ལྟ་བ་བཞིན་དུ་རིན་པོ་ཆེའི་གླིང་དུ་ཕྱིན་པར་བྱས་ནས། དེ་དག་རིན་པོ་ཆེ་ཐམས་ཅད་ཀྱིས་མཆོག་སྟེ། ཕུན་སུམ་ ཚོགས་པར་གྱུར་པ་དང་། ཕྱིར་ཡང་འཛམ་བུའི་གླིང་དུ་འགྱེད་འགྱེད་ཀྱང་རིགས་ཀྱི་བུ་ཁོ་བོ་ཡང་བུབ་པའམ། ཉེ་ཞོར་འགྱུར་མ་མྱོང་བ་སྟེ། སེམས་ཅན་གང་གིས་ཁོ་བོ་མཐོང་བར་གྱུར་པ་དང་། སེམས་ཅན་གང་གིས་ཁོ་བོའི་ཆོས་བསྟན་པ་ཐོས་པ་དེ་དག་ཀྱང་འཁོར་བའི་རྒྱ་མཚོ་ཐམས་ཅད་དུ་ཉེ་ཞོར་འགྱུར་བའི་འཇིགས་པ་དང་བྲལ་བར་འགྱུར་རོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱ་ མཚོར་འཇུག་པའི་ཡེ་ཤེས་ཀྱང་མངོན་སུམ་དུ་འགྱུར་རོ། །སྲིད་པའི་རྒྱ་མཚོ་བསྐམ་པའི་དོན་དུ་འང་རབ་ཏུ་འཇུག་པར་འགྱུར་ཏེ། དུས་གསུམ་རྒྱ་མཚོའི་ཡེ་ཤེས་སྣང་བ་རབ་ཏུ་ཐོབ་པོ། །སེམས་ཅན་ ཐམས་ཅད་སྡུག་བསྔལ་རྒྱ་མཚོ་ཟད་པར་བྱ་བའི་ཕྱིར་མངོན་པར་མོས་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་སེམས་རྒྱ་མཚོའི་རྙོག་པ་དང་བར་བྱ་བའི་ཕྱིར་ཡང་རབ་ཏུ་བརྩོན་པར་འགྱུར་རོ། ། 76-1-231b ཞིང་རྒྱ་མཚོ་ཐམས་ཅད་རྣམ་པར་དག་པར་བྱ་བའི་ཕྱིར་ཡང་བརྩོན་འགྲུས་རྩོམ་པར་འགྱུར་རོ། །ཕྱོགས་རྒྱ་མཚོ་ཐམས་ཅད་རྒྱས་པར་གང་བ་ལས་ཀྱང་ཕྱིར་མི་ལྡོག་པར་འགྱུར་རོ། །འགྲོ་བ་ཐམས་ཅད་ཀྱི་ དབང་པོ་རྒྱ་མཚོ་ཐ་དད་པའང་ཁོང་དུ་ཆུད་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་རྒྱ་མཚོའི་རྗེས་སུ་འང་འབྲང་བར་འགྱུར་རོ། །འགྲོ་བའི་བསམ་པ་རྒྱ་མཚོ་ཇི་ལྟ་བ་བཞིན་དུ་ཡང་གཟུག་རྙན་ འབྱུང་བར་འགྱུར་རོ། །རིགས་ཀྱི་བུ་ཁོ་བོ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་མཐོང་བ་དང་། ཐོས་པ་དང་འགྲོགས་པ་དང་། རྗེས་སུ་དྲན་པའི་ཆུ་ཀླུང་གི་དབྱངས་ཤེས་བྱ་བ་ཐོབ་པར་ཟད་ན་ཁོ་བོས་ བྱང་ཆུབ་སེམས་དཔའ་འཁོར་བའི་རྒྱ་མཚོ་ཐམས་ཅད་དུ་རྣམ་པར་སྤྱོད་པ་ཉོན་མོངས་པའི་རྒྱ་མཚོ་ཐམས་ཅད་ཀྱིས་གོས་པ་མེད་པ། ལྟ་བའི་རྣམ་པའི་རྒྱ་མཚོ་ཐམས་ཅད་ཀྱི་ཆགས་པའི་ཆུ་སྲིན་གྱི་ འཇིགས་པ་དང་བྲལ་བ། ཆོས་རྒྱ་མཚོ་ཐམས་ཅད་ཀྱི་རང་བཞིན་དང་། གཞི་ལས་རྣམ་པར་རྒྱུ་བ། འགྲོ་བ་རྒྱ་མཚོ་ཐམས་ཅད་བསྡུ་བའི་དངོས་པོས་ཡོངས་སུ་བསྡུད་པར་རྒྱ་མཚོ་དང་ལྡན་པ། ཐམས་ཅད་ མཁྱེན་པ་ཉིད་ཀྱི་རྒྱ་མཚོ་དང་འགྲོགས་པ། སེམས་ཅན་གྱི་མངོན་པར་ཆགས་པའི་རྒྱ་མཚོ་ཐམས་ཅད་རབ་ཏུ་བསྲུང་བ། དུས་རྒྱ་མཚོ་ཐམས་ཅད་དང་། ཐ་མི་དད་པར་རྣམ་པར་སྤྱོད་པ། འགྲོ་བ་རྒྱ་མཚོ་ཐམས་ཅད་ ཡོངས་སུ་སྨིན་པར་བྱ་བའི་དམིགས་པ་ཤེས་པ། འགྲོ་བ་རྒྱ་མཚོ་ཐམས་ཅད་ཀྱི་འདུལ་བའི་བྲེས་ལས་མི་འདའ་བར་དེ་དག་གི་སྤྱོད་པ་ཤེས་པ་འམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། སོང་རིགས་ཀྱི་བུ་ལྷོ་ ཕྱོགས་ཀྱི་རྒྱུད་འདི་ཉིད་ན་གྲོང་ཁྱེར་དགའ་བའི་ཕྲེང་བ་ཞེས་བྱ་བ་ཡོད་དེ། དེ་ན་ཚོང་དཔོན་རྒྱལ་བ་དམ་པ་ཞེས་བྱ་བ་འདུག་གི། དེའི་དྲུང་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་ 76-1-232a པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་མཉན་པ་དཔའ་བོའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས། མཉན་པ་དཔའ་བོ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་ བསྐོར་བ་བྱས་ཏེ། ཡང་དང་ཡང་བལྟས་ནས་གདོང་མཆི་མས་བཀང་སྟེ། ངུ་ཞིང་དགེ་བའི་བཤེས་གཉེན་བལྟ་བས་མ་ངོམས་བཞིན་དུ་མཉན་པ་དཔའ་བོའི་དྲུང་ནས་སོང་ངོ་།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བཅུ་དྲུག་པ། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་བྱམས་པ་ཆེན་པོས་སེམས་ཅན་གྱི་ཁམས་ཚད་མེད་པ་རྒྱས་པར་དགང་བའི་སེམས་དང་ལྡན་པ། སྙིང་རྗེ་ཆེན་པོའི་ རླན་གྱི་རྒྱུན་མི་ཆད་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ། ཤིན་ཏུ་བསྩགས་པ་ཉོན་མོངས་པའི་རྡུལ་དང་མུན་པ་དང་དྲི་མ་དང་འདམ་ཐམས་ཅད་དང་བྲལ་བ། ཆོས་མཉམ་པ་ཉིད་ཁོང་དུ་ ཆུད་པས། ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་གྱེན་ཐུར་མེད་པ་ལ་ཞུགས་པ། དགེ་བའི་ཆོས་ཚད་མེད་པ་ལ་འཇུག་པའི་སྒོར་ཞུགས་པ། མི་དགེ་བ་ཐམས་ཅད་ཀྱིས་མི་ཤིགས་པའི་བརྩོན་འགྲུས་ བརྟན་པའི་མཐུ་སྔོན་དུ་འདོར་བ་དང་ལྡན་པ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་རབ་ཏུ་བྱང་བ། རྒྱ་ཆེན་པོའི་བདེ་བ་རབ་ཏུ་ཐོབ་པ། ཤེས་རབ་ཀྱི་ཉི་མའི་འོད་ཟེར་སྣང་བས་མ་ རིག་པའི་མུན་པ་མ་ལུས་པ་བསལ་བ། ཐབས་ཀྱི་སེར་བུ་བདེ་ཞིང་བསིལ་བས་བླགས་པའི་ཡེ་ཤེས་ཀྱི་མེ་ཏོག་གིས་རྒྱས་པ། སྨོན་ལམ་ཆེན་པོའི་རྒྱ་མཚོར་འབྱུང་བའི་ཡེ་ཤེས་ཀྱི་ཚུལ་དང་མཐུན་པ། ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཐོགས་པ་མེད་པར་རྒྱས་པར་འགེངས་པའི་ཡེ་ཤེས་དང་ལྡན་པ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕོ་བྲང་དུ་ཐོགས་པ་མེད་པར་འགྲོ་བ་ལ་མངོན་དུ་གྱུར་པ། བྱང་ཆུབ་སེམས་དཔའི་ལམ་ལ་མངོན་ 76-1-232b པར་མོས་པ་དེ། གྲོང་ཁྱེར་དགའ་བའི་ཕྲེ་བ་ཅན་གང་ན་བ་དེར་ཕྱིན་ཏེ། ཚོང་དཔོན་རྒྱལ་བ་དམ་པ་ཡོངས་སུ་རྨེད་ཅིང་ཚོལ་ཚོལ་བ་ལས། གྲོང་ཁྱེར་དགའ་བའི་ཕྲེང་བའི་ཤར་ཕྱོགས་ལོགས་ཀྱི་འདབ་ཅིག་ན། ཤིང་ཨ་ཤོ་ཀའི་ནགས་ཚལ་ རྒྱལ་མཚན་སྣ་ཚོགས་ཞེས་བྱ་བ་འདུག་པ་དེའི་ནང་ན་ཁྱིམ་བདག་སྟོང་ཕྲག་དུ་མ་ཞིག་གིས་བསྐོར་ཏེ། གྲོང་ཁྱེར་གྱི་བྱ་བ་སྣ་ཚོགས་ཡོངས་སུ་འགྲོ་ཞིང་དེ་ལས་བརྟེན་ཏེ། བདག་ཏུ་བྱ་བ་ཐམས་ཅད་ཡང་དག་པར་གཞོམ་པ་དང་། ཡོངས་སུ་ འཛིན་པ་ཐམས་ཅད་གཏང་བ་དང་། དངོས་པོར་འཛིན་པ་ཐམས་ཅད་རབ་ཏུ་སྤང་བ་དང་། མངོན་པར་ཞེན་པ་ཐམས་ཅད་ཀྱི་ཞགས་པ་དང་། སྲིད་པའི་བཅིང་བ་ཐམས་ཅད་གཅད་པར་བྱ་བ་དང་། ལྟ་བའི་རྣམ་པ་ཐམས་ཅད་ཀྱི་ སྒོ་གླེགས་གཅད་པ་དང་། ཐེ་ཙོམ་དང་ཡིད་གཉིས་དང་། ནེམ་ནུར་གྱི་རབ་རིབ་ཐམས་ཅད་རྣམ་པར་བསལ་བ་དང་། གཡོ་སྒྱུའི་རྙོག་པ་ཤིན་ཏུ་དང་བ་དང་། ཕྲག་དོག་དང་སེར་སྣའི་དྲི་མ་ཡོངས་སུ་སྦྱང་བ་དང་། སེམས་ཀྱི་ མཚོ་ཤིན་ཏུ་གསལ་བར་བྱ་བ་དང་། སེམས་རྙོག་པ་མེད་པ་ལ་སེམས་ཅན་རབ་ཏུ་དགོད་པ་དང་། དད་པ་རྙོག་པ་མེད་པའི་སྟོབས་བསྐྱེད་དེ། སངས་རྒྱས་བལྟ་བར་མོས་པ་བསྐྱེད་པ་དང་། བྱང་ཆུབ་སེམས་དཔའི་སྟོབས་ བསྔགས་ཤིང་། སངས་རྒྱས་ཀྱི་ཆོས་ཡང་དག་པར་བླང་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་སྨོས་ཏེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་སྟོབས་ཡོངས་སུ་བསྐྱེད་པ་དང་། བྱང་ཆུབ་སེམས་དཔའི་ཤེས་ རབ་ཀྱི་སྟོབས་ཡང་དག་པར་སྟོན་ཅིང་། བྱང་ཆུབ་སེམས་དཔའི་དྲན་པའི་སྟོབས་རྣམ་པར་དག་པའི་མཐར་ཕྱིན་པར་བྱ་བའི་ཕྱིར། ཆོས་ཀྱི་གཏམ་བྱེད་ཅིང་འདི་ལྟ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་མངོན་ པར་མོས་པར་བྱ་བའི་ཕྱིར་ཆོས་སྟོན་ཅིང་འདུག་པ་མཐོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་གཏམ་དེའི་རྗེསུ་ཆད་ཆད་དུ་བསྡད་ནས་ཚོང་དཔོན་རྒྱལ་བ་དམ་པའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། རིང་མོ་ཞིག་ 76-1-233a དུ་བཏུད་ནས་ཆོས་ལ་ཤིན་ཏུ་གུས་པའི་བསམ་པས་ཚིག་འདི་སྐད་དུ་བརྗོད་དོ། །འཕགས་པ་བདག་ནི་ནོར་བཟངས་ཤེས་བགྱི་བ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སློབ་པར་འགྱུར་བ་དང་། བསླབས་ནས་ཀྱང་ཇི་ནས་སེམས་ཅན་ ཐམས་ཅད་ཡོངས་སུ་སྨྱིན་པར་བགྱི་བ་དང་། གདུལ་བའི་དོན་ལ་མངོན་དུ་མོས་པར་འགྱུར་བ་དང་། སངས་རྒྱས་ཐམས་ཅད་ཀྱི་ཞལ་བལྟ་བ་ལས་མི་འཕངས་པ་དང་། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཐོས་པར་འགྱུར་བ་དང་། སངས་རྒྱས་ཐམས་ཅད་ཀྱི་སྤྲིན་གྱི་ཆར་ཡོངས་སུ་བཟུང་བ་དང་། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་ཚུལ་ལ་ནན་ཏན་དུ་བགྱི་བ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་དང་། བསྐལ་པ་ ཐམས་ཅད་དུ་གནས་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པས་ཡོངས་སུ་མི་སྐྱོ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་ཡོངས་སུ་བཙལ་བར་འགྱུར་བ་དང་། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་ ཡང་དག་པར་གནོན་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོབས་རྣམས་ལ་སྣང་བ་ཐོབ་པར་འགྱུར་བ་དེ་ལྟར་འཕགས་པས་བདག་ལ་བཤད་དུ་གསོལ། དེ་ནས་ཚོང་དཔོན་རྒྱལ་བ་དམ་པས། ཚོང་དཔོན་གྱི་བུ་ནོར་ བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དེ་ལྟར་ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁོ་བོ་ནི་འདི་ལྟ་སྟེ། དངོས་པོ་མེད་པ་ལ་གནས་པས་ མངོན་པར་འདུ་བྱ་བ་མེད་པའི་རྫུ་འཕྲུལ་ཐོབ་པའི་མཐུས། བྱང་ཆུབ་སེམས་དཔའི་སྤྱོད་པའི་སྒོ་ཐམས་ཅད་དུ་འགྲོ་བ་ཡོངས་སུ་སྦྱོང་སྟེ། དེ་ལྟར་ཁོ་བོ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་དག་པའི་སྒོ་ཐམས་ཅད་དུ་ འགྲོ་བ་འདི་ལ་གནས་ཤིང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སུམ་བཅུ་རྩ་གསུམ་གྱི་ལྷའི་འཇིག་རྟེན་ཐམས་ཅད་དང་། མཚེ་མའི་ལྷའི་གནས་ཐམས་ཅད་དང་། དགའ་ལྡན་གྱི་ལྷའི་འཇིག་རྟེན་ 76-1-233b ཐམས་ཅད་དང་། འཕྲུལ་དགའི་ལྷའི་འཇིག་རྟེན་ཐམས་ཅད་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་འཇིག་རྟེན་ཐམས་ཅད་དང་། བདུད་ཀྱི་གནས་ཐམས་ཅད་དང་། འདོད་པའི་ཁམས་ཀྱི་ལྷའི་རིས་སུ་གཏོགས་པ་ཐམས་ཅད་དང་། ལྷའི་ གནས་ཐམས་ཅད་དང་། ཀླུའི་འཇིག་རྟེན་ཐམས་ཅད་དང་། ཀླུའི་གནས་ཐམས་ཅད་དང་། གནོད་སྦྱིན་གྱི་འཇིག་རྟེན་ཐམས་ཅད་དང་། གནོད་སྦྱིན་གྱི་གནས་ཐམས་ཅད་དང་། སྲིན་པོའི་འཇིག་རྟེན་ཐམས་ཅད་དང་། སྲིན་པོའི་གནས་ཐམས་ཅད་ དང་། གྲུལ་བུམ་གྱི་འཇིག་རྟེན་ཐམས་ཅད་དང་། གྲུལ་བུམ་གྱི་གནས་ཐམས་ཅད་དང་། ཡི་དགས་ཀྱི་འཇིག་རྟེན་ཐམས་ཅད་དང་། ཡི་དགས་ཀྱི་གནས་ཐམས་ཅད་དང་། དྲི་ཟའི་འཇིག་རྟེན་ཐམས་ཅད་དང་། དྲི་ཟའི་གནས་ཐམས་ཅད་དང་། ལྷ་མ་ ཡིན་གྱི་འཇིག་རྟེན་ཐམས་ཅད་དང་། ལྷ་མ་ཡིན་གྱི་གནས་ཐམས་ཅད་དང་། ནམ་མཁའ་ལྡིང་གི་འཇིག་རྟེན་ཐམས་ཅད་དང་། ནམ་མཁའ་ལྡིང་གི་གནས་ཐམས་ཅད་དང་། མི་འམ་ཅིའི་འཇིག་རྟེན་ཐམས་ཅད་དང་། མི་འམ་ཅིའི་གནས་ཐམས་ཅད་དང་། ལྟོ་འཕྱེ་ ཆེན་པོའི་འཇིག་རྟེན་ཐམས་ཅད་དང་། ལྟོ་འཕྱེ་ཆེན་པོའི་གནས་ཐམས་ཅད་དང་། མིའི་འཇིག་རྟེན་ཐམས་ཅད་དང་། མིའི་གནས་ཐམས་ཅད་དང་། གྲོང་དང་གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་ཁམས་དང་། རྒྱལ་པོའི་ཕོ་བྲང་འཁོར་དང་འདོད་ པའི་ཁམསུ་གཏོགས་པའི་སེམས་ཅན་གྱི་རྒྱུད་ཐམས་ཅད་དུ་ཆོས་ནི་སྟོན་ཏོ། །ཆོས་མ་ཡིན་པ་ནི་བཟློག་གོ། །རྩོད་པ་ནི་ཞི་བར་བྱེད་དོ། །འཐབ་པ་ནི་རྣམ་པར་བཟློག་གོ། །འཁྲུག་པ་ནི་ཉེ་བར་ཞི་བར་བྱེད་དོ། །གཡུལ་དུ་ལྷགས་པ་ནི་རྣམ་པར་བཟློག་ གོ། །ཤགས་འགྱེད་པ་ནི་ཞི་བར་བྱེད་དོ། །མདུད་པ་འཛིན་པ་ནི་རབ་ཏུ་སེལ་ཏེ། བཅིངས་པ་ཐམས་ཅད་ནི་ཡོངསུ་གཅོད་དོ། །བཙོན་ར་ཐམས་ཅད་ནི་མངོན་པར་འདྲལ་ལོ། །འཇིགས་པ་ནི་རྣམ་པར་བཟློག་གོ། །མི་དགེ་བའི་ལས་ཀྱི་འདུ་བྱེད་ནི་རྒྱུན་གཅོད་དོ། །སྲོག་ གཅོད་པ་ལས་ནི་སེམས་ཅན་རྣམ་པར་ཟློག་གོ། །མ་བྱིན་པར་ལེན་པ་དང་འདོད་པས་ལོག་པར་གཡེམ་པ་དང་། རྫུན་དུ་སྨྲ་བ་དང་ཕྲ་མ་དང་ཞེ་གཅོད་པ་དང་། ཚིག་ཁྱལ་པ་དང་ཆག་སེམས་དང་། གནོད་སེམས་དང་། ལོག་པར་ 76-1-234a ལྟ་བ་ལས་ནི་སེམས་ཅན་རྣམ་པར་ཟློག་གོ། །མི་བྱ་བ་ཐམས་ཅད་ནི་བྱེད་དུ་མི་འཇུག་གོ། །དགེ་བའི་ཆོས་ཐམས་ཅད་ནི་བྱེད་དུ་འཇུག་གོ། །སེམས་ཅན་ཐམས་ཅད་ནི་བཟོ་ཐམས་ཅད་ལ་སློབ་ཏུ་མཛུད་དོ། །འཇིག་རྟེན་ཐམས་ཅད་རབ་ཏུ་དགའ་ བར་བྱ་བ་དང་སེམས་ཅན་ཡོངསུ་སྨིན་པར་བྱ་བ་དང་། ཞགས་པ་ཐུབ་པ་ཐམས་ཅད་ལ་གོང་མའི་ཡེ་ཤེས་ཁྱད་པར་དུ་འཕགས་པ་བརྗོད་པའི་ཕྱིར་རྗེས་སུ་འབྲང་བར་བྱ་བ་དང་། ལྟ་བའི་རྣམ་པ་ཐམས་ཅད་རྣམ་པར་བཟློག་པ་དང་། སངས་རྒྱས་ ཀྱི་ཆོས་ཐམས་ཅད་བརྗོད་ཅིང་བསྟན་པའི་ཕྱིར་འཇིག་རྟེན་ལ་ཕན་པར་འགྱུར་བའི་གཙུག་ལག་ཐམས་ཅད་ཀྱང་སྟོན་ཏོ། །རྣམ་པར་འགོད་དོ། །རབ་ཏུ་གསལ་བར་བྱེད་དོ། །བརྟོད་དོ། །དེ་བཞིན་དུ་ཚངས་པའི་འཇིག་རྟེན་གྱི་བར་དུ་གཟུགས་ཀྱི་ཁམས་ ཀྱི་ལྷ་ཐམས་ཅད་ཟིལ་གྱིས་མནན་ཏེ། ཆོས་སྟོན་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་ཇི་ལྟ་བ་དེ་བཞིན་དུ་ཕྱོགས་བཅུར་ཡང་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དག་དུ་ཆོས་སྟོན་ཏོ། །སངས་རྒྱས་ཀྱི་ཆོས་སྟོན་ཏོ། །བྱང་ཆུབ་སེམས་དཔའི་ཆོས་དང་ཉན་ཐོས་ཀྱི་ཆོས་དང་རང་སངས་རྒྱས་ཀྱི་ ཆོས་ཀྱང་སྟོན་ཏོ། །སེམས་ཅན་དམྱལ་བ་ཡང་སྟོན་ཏོ། །སེམས་ཅན་དམྱལ་བར་འགྲོ་བའི་ལམ་དང་། སེམས་ཅན་དམྱལ་བའི་སེམས་ཅན་གྱི་མི་བདེ་བ་འང་སྟོན་ཏོ། །བྱོལ་སོང་གི་སྐྱེ་གནས་ཀྱང་སྟོན་ཏོ། །བྱོལ་སོང་ གིས་སྐྱེ་གནས་ཀྱི་ལམ་གྱི་རྒྱུད་ཐམས་ཅད་དང་། བྱོལ་སོང་གི་སྐྱེ་གནས་ཀྱི་ལམ་དུ་འགྲོ་བའི་ལམ་དང་། བྱོལ་སོང་གི་སྐྱེ་གནས་སུ་སྐྱེས་པའི་སྡུག་བསྔལ་ཡང་སྟོན་ཏོ། །གཤིན་རྗེའི་འཇིག་རྟེན་ཡང་སྟོན་ཏོ། ། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བའི་ལམ་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཡང་སྟོན་ཏོ། །མཐོ་རིས་ཀྱི་འཇིག་རྟེན་ཡང་སྟོན་ཏོ། །མཐོ་རིས་ཀྱི་འཇིག་རྟེན་དུ་འགྲོ་བའི་ལམ་དང་། མཐོ་རིས་ཀྱི་འཇིག་རྟེན་དགའ་བར་ 76-1-234b སྤྱོད་པ་དང་། ལོངས་སྤྱོད་ཀྱང་སྟོན་ཏོ། །མིའི་འཇིག་རྟེན་ཡང་སྟོན་ཏོ། །མིའི་འཇིག་རྟེན་གྱི་རྒྱུད་དུ་འགྲོ་བའི་ལམ་དང་། མིའི་འཇིག་རྟེན་གྱི་བདེ་བ་དང་། སྡུག་བསྔལ་ཉམས་སུ་མྱོང་བ་སྣ་ཚོགས་ཀྱང་སྟོན་ཏོ། ། དེ་ལྟར་རིགས་ཀྱི་བུ་ཁོ་བོ་ནི་འཇིག་རྟེན་གྱི་ཆོས་ཀྱང་སྟོན་ཏོ། །འཇིག་རྟེན་ཀུན་འབྱུང་བ་དང་། འཇིག་རྟེན་ནུབ་པར་འགྱུར་བ་དང་། འཇིག་རྟེན་གྱི་ཁ་ན་མ་ཐོ་བ་དང་། འཇིག་རྟེན་གྱི་འབྱུང་བ་ཡང་སྟོན་ཏེ། དེ་ཡང་ཇི་ལྟར་བྱང་ཆུབ་སེམས་ དཔའི་ལམ་ཡང་དག་པར་བསྟན་པ་དང་། འཁོར་བའི་སྐྱོན་རྣམ་པར་བཟློག་པ་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡོན་ཏན་ཡང་དག་པར་བརྗོད་པ་དང་། སྲིད་པའི་ལམ་གྱི་རྒྱུད་དུ་མགོ་འཁོར་བ་དང་། སྡུག་བསྔལ་དུ་གྱུར་པ་ཡང་དག་པར་ སྟོན་པ་དང་། སྒྲིབ་པ་མེད་པའི་ཆོས་ཉིད་བརྗོད་པ་དང་། འཇིག་རྟེན་རྒྱུའི་བྱ་བ་ཡོངསུ་བསྟན་པ་དང་། འཇིག་རྟེན་འབྱུང་བ་དང་། ལྷག་པའི་བདེ་བ་དང་། སྡུག་བསྔལ་ཐམས་ཅད་སྨོས་པ་དང་། འགྲོ་བ་ཐམས་ཅད་ཀྱི་གནས་ཀྱི་མིང་དུ་བྱ་བ་རྣམ་པར་སྒོམ་ པ་དང་། དེ་བཞིན་གཤེགས་པའི་ཆོས་གནས་པ་མེད་པ་མངོན་པར་བསྟན་པ་དང་། ལས་དང་ཉོན་མོངས་པའི་འཁོར་ལོ་ཐམས་ཅད་རྣམ་པར་བཟློག་པ་དང་། དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་འཁོར་བ་ཤིན་ཏུ་བརྗོད་པའི་ཕྱིར་ཆོས་སྟོན་ཏོ། །རིགས་ཀྱི་བུ་ ཁོ་བོ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་པར་དག་པའི་སྒོ་ཐམས་ཅད་དུ་འགྲོ་བ་དངོས་པོ་མེད་པ་ལ་གནས་པས་མངོན་པར་འདུ་བྱ་བ་མེད་པའི་རྫུ་འཕྲུལ་གྱི་མཐུས་བརྒྱན་པ་འདི་ཤེས་པར་ཟད་ན་ཁོ་བོས་བྱང་ཆུབ་སེམས་དཔའ་ཐམས་ཅད་མངོན་པར་ཤེས་པ་ཞིང་གི་དབྱིངས་ ཐམས་ཅད་དུ་སྒྱུ་མ་ལྟ་བུའི་ཡེ་ཤེས་ཀྱི་ལུས་ཀྱི་རྒྱས་པར་འགེངས་པ་ཀུན་ཏུ་ལྟ་བའི་ཡེ་ཤེས་ཀྱི་རབ་ཏུ་ཐོབ་པ་ཚིག་གི་ལམ་དང་། སྒྲ་ཐམས་ཅད་རྣམ་པར་དམྱིགས་པ་ལ་ཤིན་ཏུ་གཞོལ་བའི་རྣ་བ་དང་ལྡན་པ། དུས་གསུམ་རྒྱས་པར་འགེངས་པའི་ཆོས་ཀྱི་སྒོ་སྣོང་བ་ལ་དབང་རབ་ཏུ་ ཐོབ་པ། ཆོས་ཐམས་ཅད་ལ་ཡང་དག་པར་གཞོལ་བའི་ཡེ་ཤེས་ལ་དབང་གིས་དབང་སྒྱུར་བའི་སྐྱེས་བུ་དཔའོ། །སེམས་ཅན་ཚད་མེད་བསམ་གྱིས་མི་ཁྱབ་པའི་བསམ་པ་ཇི་ལྟ་བ་བཞིན་དུ་རྣམ་པར་དམྱིགས་པར་བྱ་བ་ལ་མ་འདྲེས་པའི་དབྱངས་ཀྱི་དཀྱིལ་འཁོར་དང་ལྡན་པའི་ 76-1-235a ལྕེ་ཡངས་ཤིང་སྲབ་ལ་ཡིད་དུ་འོང་བ་དང་ལྡན་པ། བསམ་པ་ཐ་དད་པའི་སེམས་ཅན་རྒྱ་མཚོའི་ཡིད་དུ་འོང་བའི་ཁ་དོག་དང་། དབྱངས་སུ་ལྡན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་མཉམ་པའི་ལུས་སྒྱུ་ མ་ལྟ་བུ་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་དང་མི་གཉིས་པའི་སྤྱོད་པ་བསམ་གྱིས་མི་ཁྱབ་པའི་ལུས་ལ་གཞོལ་བ། དུས་གསུམ་ཐམས་ཅད་དུ་རྗེས་སུ་འབྲང་བའི་ཡེ་ཤེས་ཀྱི་ལུས་དང་ལྡན་པ་ནམ་མཁའི་དབྱིངས་ལྟར་ཚད་ མེད་པའི་སྤྱོད་ཡུལ་དཔག་ཏུ་མེད་པའི་ཡུལ་དང་ལྡན་པ། དེ་དག་གི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ཀྱི་ཡུལ་ཤུ་མ་ཕྱི་མའི་མཐའ་ན། གྲོང་ཁྱེར་ཀ་ལིང་གའི་ནགས་ཚལ་ ཞེས་བྱ་བ་ཡོད་ཏེ། དེ་ན་དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བ་འདུག་གིས། དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་ཏུ་བགྱི་བ་དྲིས་ཤིག ། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ཚོང་དཔོན་རྒྱལ་བ་དམ་པའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཚོང་དཔོན་རྒྱལ་བ་དམ་པ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། ཡང་དང་ཡང་ལྟས་ཏེ། ཚོང་དཔོན་རྒྱལ་བ་དམ་པའི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་མཐར་གྱི་ཡུལ་ཤུ་མ་ཕྱི་མའི་མཐའི་གྲོང་ཁྱེར་ཀ་ལིང་གའི་ནགས་གང་ན་བ་དེར་སོང་ནས། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པ་ཡོངས་སུ་ཚོལ་ཞིང་ སེམས་ཅན་ཀུན་ལ་རྨེད་པའི་ཚེ། གང་ནས་གང་དུ་སོང་བ་དེ་དང་དེར་གྲོགས་པོ་བརྒྱ་ཕྲག་དུ་མ་དང་། བུ་མོ་བརྒྱ་ཕྲག་དུ་མ་ཞིག་སྲང་དང་ལམ་གྱི་གཞི་མདོ་དང་། ལམ་གྱི་སུམ་མདོ་དག་ན་ཚོགས་ཏེ། རྗེས་སུ་འབྲང་ངོ་། །སྐྱེས་པ་བརྒྱ་ཕྲག་དུ་ མ་དང་། བུད་མེད་བརྒྱ་ཕྲག་དུ་མ་ཞིག་གིས་ཀྱང་རིགས་ཀྱི་བུ་དེར་དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པ་ནི། གྲོང་ཁྱེར་ཀ་ལིང་གའི་ནགས་ཚལ་འདི་ཉིད་ཀྱི་བཟའ་ཤིང་གི་ར་བ་ཆེན་པོ་རྒྱལ་བའི་འོད་ཀྱིས་བྱིན་པ་ཉི་མའི་མདོག་ན་སེམས་ཅན་ཚད་ 76-1-235b མེད་པའི་དོན་དུ་ཆོས་སྟོན་ཅིང་འདུག་གོ་ཞེས་སྟོན་ཏོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་བཟའ་ཤིང་གི་ར་བ་ཉི་མའི་མདོག་དེར་ཕྱིན་ནས་ཀུན་ཏུ་བཙལ་ཏེ། ལྟས་ན་བཟའ་ཤིང་གི་ར་བ་དེ་ན། ཤིང་ཟླ་བ་ཤར་བ་ཞེས་བྱ་བ་ཁང་པ་བརྩེགས་ པའི་དབྱིབས་ལྟར་འདུག་པ། འོད་སྣ་ཚོགས་ཀྱི་ཁ་དོག་ཅན་འོད་ཀྱི་མདོག་དང་ལྡན་པ། འཁོར་ཀུན་ཏུ་དཔག་ཚད་ཀྱི་ཁྱོན་ཙམ་དུ་འོད་ཀྱིས་རྒྱས་པར་འགེངས་པ་མང་པོ་དང་། ལོ་མའི་ཤིང་ཡོངས་སུ་འགེངས་པ་ཞེས་བྱ་བ་གདུགས་གྱི་རྣམ་པ་དང་དབྱིབསུ་ འདུག་པའི་འདབ་མས་ཀུན་ནས་ཁེབས་པ། བཻ་ཌཱུརྱ་སྔོན་པོའི་ཁ་དོག་ལྟར་འདུག་པའི་སྤྲིན་གྱི་མདོག་དང་ལྡན་པ་མང་པོ་དང་མེ་ཏོག་གི་ཤིང་མེ་ཏོག་མཛོད་ཅེས་བྱ་བ། རིའི་རྒྱལ་པོ་ཁ་བ་ཅན་ལྟར་མདངས་དགའ་བའི་དབྱིབས་སྣ་ཚོགས་དང་ ལྡན་པ་ཁ་དོག་སྣ་ཚོགས་ཀྱི་མེ་ཏོག་མི་ཟད་པའི་ཆར་འབེབས་པ། སུམ་བཅུ་རྩ་གསུམ་པའི་ལྷའི་ཕོ་བྲང་གི་རྒྱན་གྱི་ཀུན་ནས་འདུ་བ་དང་། སུས་ཀྱང་མི་ཤིགས་པ་ལྟ་བུ་མང་པོ་དང་། ཤིང་ཏོག་གི་ཤིང་རྟག་ཏུ་སྨིན་པའི་རོ་དཔེ་མེད་པའི་འབྲས་ བུའི་ཚོགས་ཤེས་བྱ་བ་གསེར་གྱི་རི་བོའི་ལྷུན་ལྟར་འདུག་པ། རྟག་ཏུ་ཤིང་ཏོག་ཕུན་སུམ་ཚོགས་པར་གནས་པ་མང་པོ་རིན་པོ་ཆེའི་རྒྱལ་པོའི་ཤིང་རྣམ་པར་སྣང་བའི་མཛོད་ཅེས་བྱ་བ་རིན་པོ་ཆེའི་རྒྱལ་པོ་དཔེ་མེད་པའི་དབྱིབས་ ལྟར་འདུག་པ། ལྷ་རྫས་ཀྱི་རིན་པོ་ཆེའི་ཕྲེང་བ་དང་། སེ་མོ་དོ་དང་། རྒྱན་རིན་པོ་ཆེ་ཡིད་བཞིན་གྱི་རྒྱལ་པོའི་མཛོད་ནས་བྱུང་བ་ལྟར་ཕུན་སུམ་ཚོགས་པ་དང་ལྡན་པ། རིན་པོ་ཆེའི་ཁ་དོག་གྲངས་མེད་པའི་འབྱུང་གནས་སུ་གྱུར་པ་མང་ པོ་དང་། གོས་གྱི་ཤིང་དགའ་བར་བྱེད་པ་ཞེས་བྱ་བ་ལྷ་རྫས་ཀྱི་གོས་རིན་པོ་ཆེའི་ཁ་དོག་སྣ་ཚོགས་ཀྱི་ཚོགས་རབ་ཏུ་འགྱེད་ཅིང་འཕྱང་བས་ཤིན་ཏུ་བརྒྱན་པ་མང་པོ་དང་། རོལ་མོའི་ཤིང་དགའ་བ་བསྐྱེད་པ་ཞེས་བྱ་བ་ལྷ་རྫས་ལས་ ཀྱང་ལྷག་པའི་རོལ་མོ་ཡིད་དུ་འོང་བ་སྒྲ་སྙན་པ་འབྱིན་པ་མང་པོ་དང་། སྤོས་ཀྱི་ཤིང་ཀུན་ཏུ་ཞིམ་པས་བརྒྱན་པ་ཞེས་བྱ་བ་ཕྱོགས་ཐམས་ཅད་དུ་ཐོགས་པ་མེད་པར་རྣམ་པ་ཐམས་ཅད་དུ་ཡིད་དུ་འོང་བའི་སྤོས་ཀྱི་ངད་འབྱུང་བ་ 76-1-236a མང་པོ་དག་ཀྱང་ཡོད་པར་མཐོང་། མཚེའུ་དང་ལུ་མ་དང་། ལྟེང་ཀ་དང་། རྫིང་བུ་རིན་པོ་ཆེ་བདུན་གྱི་ཕ་གུས་མཐའ་བརྩིགས་པ། ཕྱོགས་བཞི་ནས་རིན་པོ་ཆེའི་ཐེམ་སྐས་བཙུགས་པ། རིན་པོ་ཆེ་སྣ་ཚོགས་ཀྱི་ཁྲི་འཕང་དུས་དང་ འཐུན་པའི་ཙན་དན་གྱི་དྲི་ཞིམ་པོས་བསྐུས་པ། ཀུན་ནས་བསྐོར་བ། གཞི་རིན་པོ་ཆེའི་རྒྱལ་པོ་བཻ་ཌཱུཪྻ་སྔོན་པོ་ལས་ལེགས་པར་བླངས་པ། འཛམ་བུ་ཆུ་ཀླུང་གི་གསེར་གྱི་བྱེ་མ་བདལ་བ་ཡན་ལག་བརྒྱད་དང་ལྡན་པའི་ཆུ་ལྷ་ རྫས་ཀྱི་དྲི་ཡིད་དུ་འོང་བ་ཅན་གྱིས་ཡོངས་སུ་གང་བ། རིན་པོ་ཆེའི་པད་མོ་དང་། ཨུཏྤ་ལ་དང་། ཀུ་མུ་ཏ་དང་། མེ་ཏོག་པུནྡ་དང་། རི་ཀ་ཁ་དོག་སྣ་ཚོགས་ལྷ་རྫས་ཀྱི་བསུང་དང་ལྡན་པས། ཆུ་ཀུན་ནས་ཡོག་པ། བྱ་བྲན་སྣ་ཚོགས་ཀྱི་ཁྱུ་ མཆོག་ལྷ་རྫས་ལས་ཀྱང་འདས་པའི་གཟུགས་ཡིད་དུ་འོང་བ་དང་ལྡན་པ། སྒྲ་སྙན་པ་འབྱིན་ཅིང་བརྗོད་པས་གང་བ། ལྷ་རྫས་ཀྱི་རིན་པོ་ཆེ་སྣ་ཚོགས་ཀྱི་ཤིང་གི་ཕྲེང་བ་ལེགས་པར་བཀྱེ་བས། ཡོངསུ་བརྒྱན་པ་དང་ལྡན་པ་ཤིང་སྣ་ཚོགས་ དེ་དག་གི་དྲུང་ཐམས་ཅད་དུའང་རིན་པོ་ཆེའི་སེང་གེའི་ཁྲི་སྣ་ཚོགས་ཡིད་དུ་འོང་བའི་གཟུགས་དང་ལྡན་པ། རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་བསམ་གྱིས་མི་ཁྱབ་པ་དུ་མས་བརྒྱན་པ། ལྷ་རྫས་ཀྱི་སྟན་རིན་པོ་ཆེ་སྣ་ཚོགས་ འབྲེལ་བར་བཏིང་བ། ལྷ་རྫས་ཀྱི་སྤོས་དང་། བདུག་སྤོས་ཀྱི་རྣམ་པ་ཐམས་ཅད་ཀྱིས་བདུག་པ། ལྷ་རྫས་ལས་ཀྱང་འདས་པའི་དར་རིན་པོ་ཆེ་མངོན་པར་སྤྱངས་པ། རིན་པོ་ཆེ་སྣ་ཚོགས་ཀྱི་བླ་རེ་བགྱི་བ། རིན་པོ་ཆེ་སྣ་ཚོགས་ དང་འཛམ་བུ་ཆུ་ཀླུང་གི་གསེར་གྱི་དྲ་བ་སྣ་ཚོགས་ཀུན་ནས་བྲེས་པ། རིན་པོ་ཆེའི་དྲིལ་བུ་དྲ་བ་ཡིད་དུ་འོང་ཞིང་སྙན་པའི་སྒྲ་འབྱིན་པ། མང་པོས་བརྒྱན་པ། འཁོར་དུ་ལྷ་རྫས་ཀྱི་རིན་པོ་ཆེའི་སྟན་བརྒྱ་སྟོང་ཕྲག་དུ་མ་བཏིང་ཞིང་ བཤམས་པ་མཐོང་ངོ་། །རིན་པོ་ཆེའི་ཤིང་དྲུང་ལ་ལར་ནི་སེངྒེའི་ཁྲི་རིན་པོ་ཆེའི་པདྨོའི་སྙིང་པོ་ཅན་བཤམས་པ་མཐོང་ངོ་། །ལ་ལར་ནི་སེང་གེའི་ཁྲི་ནོར་བུ་རིན་པོ་ཆེའི་སྤོས་ཀྱི་རྒྱལ་པོའི་པད་མོའི་སྙིང་པོ་བྱས་པ་ 76-1-236b བཤམས་པ་མཐོང་ངོ་། །ལ་ལར་ནི་སེངྒེའི་ཁྲི་རིན་པོ་ཆེའི་རྒྱལ་པོ་ཀླུའི་རྒྱན་གྱི་པད་མོས་སྙིང་པོ་བྱས་པ་བཤམས་པ་མཐོང་ངོ་། །ལ་ལར་ནི་སེངྒེའི་ཁྲི་ནོར་བུ་རིན་པོ་ཆེའི་རྒྱལ་པོ་སེང་གེའི་བྱ་བའི་པད་མོས་སྙིང་པོ་བྱས་པ་བཤམས་ པ་མཐོང་ངོ་། །ལ་ལར་ནི་སེངྒེའི་ཁྲི་རིན་པོ་ཆེའི་རྒྱལ་པོ་རྣམ་པར་སྣང་བའི་པད་མོས་སྙིང་པོ་བྱས་པ་བཤམས་པ་མཐོང་ངོ་། །ལ་ལར་ནི་སེངྒེའི་ཁྲི་རིན་པོ་ཆེའི་རྒྱལ་པོ་ཕྱོགས་རྣམ་པར་སྣང་བའི་པད་མོས་སྙིང་པོ་བྱས་པ་བཤམས་པ་ མཐོང་ངོ་། །ལ་ལར་ནི་སེངྒེའི་ཁྲི་རིན་པོ་ཆེའི་རྒྱལ་པོ་དབང་པོའི་རྡོ་རྗེའི་པད་མོས་སྙིང་པོ་བྱས་པ་བཤམས་པ་མཐོང་ངོ་། །ལ་ལར་ནི་སེང་གེའི་ཁྲི་རིན་པོ་ཆེའི་རྒྱལ་པོ་ཡིད་དུ་འོང་བའི་པད་མོས་སྙིང་པོ་བྱས་པ་བཤམས་པ་མཐོང་ངོ་། །རིན་པོ་ ཆེའི་ཤིང་དྲུང་ལ་ལར་ནི་སེང་གེའི་ཁྲི་རིན་པོ་ཆེའི་རྒྱལ་པོ་མདོག་དཀར་པོའི་པད་མོས་བྱས་པ་བཤམས་པ་མཐོང་ངོ་། །བཟའ་ཤིང་གི་ར་བ་དེའི་གཞི་ཐམས་ཅད་ཀྱང་རིན་པོ་ཆེ་སྣ་ཚོགས་ཀྱིས་ཡོངསུ་གང་ཞིང་རྒྱ་མཚོ་ཆེན་པོ་ལྟར་རིན་པོ་ཆེའི་ གླིང་གིས་ཡོངསུ་གང་བ་མཐོང་ངོ་། །བཻ་ཌཱུཪྻ་སྔོན་པོའི་དམ་པས་སྤྲས་ཏེ། རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པའི་ས་ཕྱོགས་ཀ་ཙ་ལིན་ད་ལྟར་རེག་ན་བདེ་ཞིང་འཇམ་པ་ཡང་བ་གོམ་པ་བོར་ཞིང་བཏེག་པའི་ཚེ་མཐོ་དམན་མེད་པ། རྡོ་རྗེ་རིན་པོ་ ཆེ་མཆོག་གི་པདྨོ་དྲི་ཡིད་དུ་འོང་བར་ཞིམ་ཞིང་རེག་ན་བདེ་བའི་སིལ་མ་ཀུན་ཏུ་བཀྲམ་པ། ངང་ངུར་དང་། རྨ་བྱ་དང་། ཁྲུང་ཁྲུང་དང་། ཀུ་ན་ལ་དང་། ཀ་ལ་པིང་ཀ་དང་། ཀོ་ཀི་ལ་དང་། ཛི་པན་ཛི་བ་ཀ་སྒྲ་སྙན་ཅིང་ཡིད་དུ་འོང་བའི་ང་ རོ་འབྱིན་པ་མང་པོས་གང་བ། ལྷ་རྫས་ཀྱི་རིན་པོ་ཆེའི་ཙན་དན་གྱི་ཤིང་མང་པོ་ནགས་ཚལ་ཤིན་ཏུ་ལེགས་པར་འགྲིགས་པས་བརྒྱན་པ། རིན་པོ་ཆེ་སྣ་ཚོགས་ཀྱི་པདྨོའི་སྤྲིན་གྱི་ཆར་དང་། རིན་པོ་ཆེའི་མེ་ཏོག་སྣ་ཚོགས་མི་ཟད་པའི་ ཆར་རྒྱུན་ཏུ་འབབ་པ། འདྲེས་པའི་ནགས་ཚལ་ལས་ཀྱང་ཁྱད་པར་དུ་འཕགས་པ། རིན་པོ་ཆེ་སྣ་ཚོགས་ཀྱི་ཁང་བུ་བརྩེགས་པ་བརྒྱན་པར་བཀོད་པའི་ནང་ནས། སྤོས་ཀྱི་རྒྱལ་པོའི་བདུག་སྤོས་རིན་ཐང་མེད་པ་རྟག་ཏུ་འཐུལ་ཞིང་དྲི་ཞིམ་པ་ 76-1-237a ལྷའི་མདུན་ས་ཆོས་བཟང་པོའི་རྒྱན་ལས་ཀྱང་ལྷག་པར་བརྒྱན་པ། ལྷ་རྫས་ལས་ཀྱང་འདས་པའི་རིན་པོ་ཆེའི་དྲ་བ་སྣ་ཚོགས་ཀྱིས་ཀུན་ཏུ་བྲེས་པ། མུ་ཏིག་རིན་པོ་ཆེའི་མེ་ཏོག་གི་ཕྲེང་བ་དང་། ལྡ་ལྡི་ཀུན་ནས་འབྲེལ་བས་རབ་ཏུ་བརྒྱན་པ། རིན་པོ་ཆེའི་དྲིལ་བུ་རྣམ་པ་སྣ་ཚོགས་སུ་རྣམ་པར་བཀྱེ་བའི་གསེར་གྱི་དྲ་བ་འབར་བས། ཀུན་ནས་དཀྲིགས་པ། རོལ་མོའི་ཤིང་དང་། རིན་པོ་ཆེའི་ཏ་ལ་ལས་དྲིལ་བུའི་ དྲ་བ་རླུང་གིས་ལེགས་པར་བསྐྱོད་པས་ཡིད་དུ་འོང་བའི་སྒྲ་སྙན་པའི་དབྱངས་འབྱུང་བ་དང་ལྡན་པ། དབང་བསྒྱུར་གྱི་ལྷའི་རྒྱལ་པོའི་ལྷ་མོ་དཔེ་ཚུལ་ཤིན་ཏུ་བཟང་བ་རྣམས་ཀྱིས་གླུ་སྙན་པའི་སྒྲ་རབ་ཏུ་ཡིད་དུ་འོང་བ་བླང་པ། ལྷ་རྫས་ཀྱི་ཡིད་བཞིན་གྱི་གོས་ཁ་དོག་སྣ་ཚོགས་ཀྱི་སྤྲིན་གྱི་ཆར་རབ་ཏུ་འབབ་པས་རྣམ་པར་མཛེས་པ། རྒྱ་མཚོ་ཆེན་པོ་ལྟར་ཁ་དོག་དང་། མདོག་སྣ་ཚོགས་སུ་ལྡན་པས་བལྟ་ན་གཏང་མྱི་བྲ་བ། ཁང་པ་བརྩེགས་པ་རིན་ པོ་ཆེའི་རྒྱན་དང་ལྡན་པ་བརྒྱ་སྟོང་གྲངས་མྱེད་པས་རབ་ཏུ་བརྒྱན་པ། སུམ་བཅུ་རྩ་གསུམ་གྱི་ལྷའི་ཕོ་བྲང་ལྟར་བལྟ་ན་བཟང་བ། རིན་པོ་ཆེ་སྣ་ཚོགས་རྣམ་པར་ཕྱེ་བས་རྣམ་པ་ཐམས་ཅད་དུ་བརྒྱན་པའི་གདུགས་ ཤིན་ཏུ་ལེགས་པ། རྣམ་པར་བསྒྲེང་ཞིང་བཀྲམ་པས་ཀུན་ནས་བལྟ་ན་མཛེས་པ་དང་། དབང་པོ་ཆེན་པོའི་འཇིག་རྟེན་ལྟར་ཤིན་ཏུ་མཛེས་པའི་ཕ་གུ་སྣ་ཚོགས་ཀྱིས་བརྒྱན་པ། ཡིད་དུ་འོང་བའི་འོད་སྣང་བ་ཆེན་པོ་ རྟག་པར་འབྱུང་བ། ཚངས་པ་ཆེན་པོའི་གཞལ་མྱེད་ཁང་ལྟར་ནོར་བུ་རིན་པོ་ཆེའི་རྒྱལ་པོ་འགྲོ་བ་ཡིད་དུ་འོང་བའི་འོད་ཀྱིས་འབར་བ་སྟེ། བཟའ་ཤིང་གི་ར་བ་ཆེན་པོ་ཉི་མའི་མཆོག་ཅེས་བྱ་བ་དེ། དགེ་སློང་ མ་སེང་གེ་རྣམ་པར་བསྒྱིངས་པའི་རྫུ་འཕྲུལ་གྱི་མཐུ་སྟོབས་དང་། བྱིན་གྱི་བརླབས་ཆེ་ཞིང་བསམ་གྱིས་མི་ཁྱབ་པས། འཇིག་རྟེན་གྱི་ཁམས་གྲངས་མེད་པའི་གནས་སུ་གྱུར་པའི་ནམ་མཁའི་དབྱིངས་ལྟར་ཡངས་ 76-1-237b ཤིང་ཚད་མེད་དེ། རྒྱ་ཆེན་པོ་དང་ལྡན་པ་མཐོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟང་ཀྱིས་དེ་ལྟར་ཡོན་ཏན་ཚད་མྱེད་པ། བསམ་གྱིས་མི་ཁྱབ་པ་ཚོགས་པའི་བཟའ་ཤིང་གི་ར་བའི་རྒྱན་བྱང་ཆུབ་སེམས་ དཔའི་ལས་ཀྱི་རྣམ་པར་སྨིན་པས་ཡོངས་སུ་གྲུབ་པ། འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་རྒྱ་ཆེན་པོ་ལས་སྐྱེས་པ། སངས་རྒྱས་ལ་མཆོད་ཅིང་རིམ་གྲོར་བྱས་པའི་རྒྱུ་འཐུན་པ་བསམ་གྱིས་མྱི་ཁྱབ་པ་ལས་ བྱུང་བ། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཡོད་པའི་དགེ་བའི་རྩ་བ་མ་ལུས་པས་མྱི་འཕྲོགས་པ། ཆོས་ཀྱི་རང་བཞིན་སྒྱུ་མའི་རྣམ་པ་ལྟ་བུས་གྲུབ་པ། དགེ་བའི་བསོད་ནམས་དྲི་མ་མྱེད་པ་རྒྱ་ཆེན་པོས་གྲུབ་ཅིང་ བྱུང་བ། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པའི་སྔོན་གྱི་སྤྱོད་པ་བཟང་པོ་ལེགས་པར་བྱས་པ་དང་། རྒྱུ་འཐུན་པའི་སྟོབས་དང་། ཤུགས་ཀྱིས་བྱུང་བ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། ཐུན་མོང་མ་ ཡིན་པ། མུ་སྟེགས་ཅན་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་འཕྲོགས་པ། བདུད་ཀྱི་ལམ་ཡོངས་སུ་རྒྱུ་བ་ཐམས་ཅད་ཀྱིས་མྱི་ཚུགས་པ། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་བལྟར་མེད་པ་མཐོང་སྟེ། ཤིང་སྣ་ཚོགས་དེ་དག་གི་དྲུང་གི་སེང་གེའི་ཁྲི་ཆེན་པོ་དེ་དག་ལ་འང་དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པ། ལུས་ཤིན་ཏུ་མཛེས་པ། སྤྱོད་ལམ་ཞི་བ། དབང་པོ་ཞི་བ། ཡིད་ཞི་བ། ཤིན་ཏུ་དབེན་པ། དབང་པོ་དུལ་བ། གླང་པོ་ལྟར་ཤིན་ཏུ་དུལ་བ། མཚོ་ལྟར་དང་ཞིང་རྙོག་པ་མེད་པའི་སེམས་དང་ལྡན་པ། རིན་པོ་ཆེའི་རྒྱལ་པོ་ཡིད་བཞིན་གྱི་ནོར་བུ་ལྟར་འདོད་པ་ཐམས་ཅད་བསྒྲུབ་པ། པད་མོ་ལ་ཆུས་མི་ཆགས་པ་ལྟར་འཇིག་རྟེན་གྱི་ཆོས་ཀྱིས་ མ་གོས་པ། སེང་གེ་ལྟར་འཇིགས་པ་དང་། སྐྱི་གཡའ་བ་མྱེད་པ། མི་འཇིགས་པ་རྣམ་པར་དག་པས། རིའི་དབང་པོ་ཆེན་པོ་ལྟར་མྱི་སྒུལ་བ། ཚུལ་ཁྲིམས་རྣམ་པར་དག་པས་ཡིད་དུ་འོང་བའི་སྤོས་ཀྱི་རྒྱལ་པོ་ 76-1-238a ལྟར་འགྲོ་བའི་སེམས་ཚིམ་པར་བྱེད་པ། ཁ་བའི་ཙན་དན་ལྟར་ཉོན་མོངས་པའི་གདུང་བ་རབ་ཏུ་ཞི་བར་བྱེད་པ། སྨན་གྱི་རྒྱལ་པོ་བལྟ་ན་བཟང་བ་ལྟར་འགྲོ་བ་ཐམས་ཅད་ཀྱི་སྡུག་བསྔལ་རྣམ་པར་བྱང་བ། ཆུའི་ ལྷའི་ཞགས་པ་ལྟར་བལྟ་ན་དོན་ཡོད་པ། དེ་བཞིན་གཤེགས་པའི་འདི་ལྟར་ལུས་དང་སེམས་ཀྱི་བག་ཡངས་བདེ་བ་བསྐྱེད་པ། ཚངས་པ་ཆེན་པོ་ལྟར་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཀུན་ནས་ལྡང་བ་དང་ བྲལ་བ། རིན་པོ་ཆེའི་རྒྱལ་པོ་ནོར་བུ་ཆུ་འདང་ལྟར་ཉོན་མོངས་པས་རྙོག་པ་ཅན་དུ་གྱུར་པའི་སེམས་ཅན་གྱི་སེམས་རབ་ཏུ་དང་བར་བྱ་བ། ཞིང་གཤིན་པ་ལྟར་དགེ་བའི་རྩ་བ་རྣམ་པར་འཕེལ་བར་བྱེད་པ་འདུག་ པར་མཐོང་ངོ་། །འཁོར་གྱི་སྟན་དེ་དག་ལའང་འཁོར་སྣ་ཚོགས་འཁོད་པར་མཐོང་སྟེ། འཁོར་གྱི་སྟན་ལ་ལ་ལ་ནི་ལྷའི་བུ་དབང་པོ་ཆེན་པོ་ལ་སྩོགས་པ། གཙང་མའི་གནས་ཀྱི་རིགས་སུ་གཏོགས་པའི་ ལྷའི་བུ་རྣམས་འཁོད་ཅིང་དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཆོས་ཀྱི་སྒོ་རྣམ་པར་ཐར་པ་མྱི་ཟད་པ་ཡང་དག་པར་འབྱེད་པ་ཞེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་ཚངས་པ་ ཡིད་དུ་འོང་བ་ལ་སྩོགས་པ། ཚངས་པའི་རིས་སུ་གཏོགས་པའི་ལྷའི་བུ་རྣམས་འཁོད་ཅིང་དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། དབྱངས་ཀྱི་དཀྱིལ་འཁོར་རྣམ་པར་དག་པ། གཞི་ཀུན་ནས་འབྱུང་བ་ ཞེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་ལྷའི་རྒྱལ་པོ་དབང་སྒྱུར་བ་ལ་སྩོགས་པ་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་དང་ལྷའི་བུ་མོའི་འཁོར་དང་བཅས་པ་དག་འཁོད་ཅིང་། དགེ་སློང་མ་སེང་གེ་ རྣམ་པར་བསྒྱིངས་པས། ཆོས་ཀྱི་སྒོ་བྱང་ཆུབ་སེམས་དཔའི་བསམ་པ་རྣམ་པར་དག་པའི་དབང་གིས་རྣམ་པར་བརྒྱན་པ་ཞེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་ལྷའི་རྒྱལ་པོ་ 76-1-238b རབ་འཕྲུལ་དགའ་ལ་སྩོགས་པ། འཕྲུལ་དགའི་ལྷའི་བུ་མོའི་འཁོར་དང་བཅས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཆོས་ཀྱི་སྒོ་ཐམས་ཅད་དགེ་བས་རྣམ་པར་བརྒྱན་པ་ཞེས་ བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་ལྷའི་རྒྱལ་པོ་རབ་དགའ་ལྡན་ལ་སྩོགས་པ་རབ་དགའ་ལྡན་གྱི་རིས་སུ་གཏོགས་པའི་ལྷའི་བུ་ལྷའི་བུ་མོའི་འཁོར་དང་བཅས་པ་རྣམས་འཁོད་ཅིང་། དགེ་སློང་ མ་སེང་གེ་རྣམ་པར་བསྒྱིངས་པས་ཆོས་ཀྱི་སྒོ་རང་གི་སེམས་ཀྱི་མཛོད་ཀྱི་གློང་ཞེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་ལྷའི་རྒྱལ་པོ་རབ་མཚེ་མ་ལ་སྩོགས་པ་ལྷའི་བུ་མོ་འཁོར་དང་བཅས་པ་ རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཆོས་ཀྱི་སྒོ་རྒྱན་མཐའ་ཡས་པ། བྱ་བ་ཡང་དག་པར་བསྟན་པ་ཞེས་བྱ་བ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་ལྷའི་རྒྱལ་པོ་བརྒྱ་བྱིན་ལ་སྩོགས་ པ་སུམ་བཅུ་རྩ་གསུམ་གྱི་རིས་སུ་གཏོགས་པའི་ལྷའི་བུ་ལྷའི་བུ་མོའི་འཁོར་དང་བཅས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཆོས་ཀྱི་སྒོ་སྐྱེ་བའི་སྒོ་ཞེས་བྱ་བ་ཡང་དག་པར་བསྟན་པ་ མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་ཀླུའི་རྒྱལ་པོ་གངས་ཆེན་མཚོ་ལ་སྩོགས་པ་ཀླུའི་རྒྱལ་པོ་འོད་བརྒྱ་པ་དང་། དགའ་བོ་དང་ཉེ་དགའ་བོ་དང་། ཡིད་དུ་འོང་བ་དང་། ཤུགས་ལྡན་དང་། མ་དྲོས་པ་ལ་སྩོགས་པ་ཀླུའི་ བུ་མོའི་འཁོར་དང་བཅས་པ་ཀླུའི་བྱིས་པའི་འཁོར་དང་བཅས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཆོས་ཀྱི་སྒོ་སངས་རྒྱས་ཀྱི་རྫུ་འཕྲུལ་དང་། ཡུལ་གྱི་འོད་ཀྱི་བརྒྱན་ཅེས་བྱ་བ་ཡང་དག་པར་ བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་རྒྱལ་པོ་ཆེན་པོ་ངལ་བསོས་ལ་སྩོགས་པ་གནོད་སྦྱིན་གྱི་དབང་པོ་གནོད་སྦྱིན་གྱི་བུ་མོ་དང་། གནོད་སྦྱིན་གྱི་བྱིས་པའི་འཁོར་དང་བཅས་པ་རྣམས་འཁོད་ཅིང་། དགེ་ 76-1-239a སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཆོས་ཀྱི་སྒོ་འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པའི་མཛོད་ཅེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་དྲི་ཟའི་རྒྱལ་པོ་གནས་སྲུན་པོ་ལ་སྩོགས་ པ་དྲི་ཟ་མང་པོ་དྲི་ཟའི་བུ་མོ་དང་། དྲི་ཟའི་བྱིས་པའི་འཁོར་དང་བཅས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཆོས་ཀྱི་སྒོ་དགའ་བ་མི་ཟད་པ་ཆར་རབ་ཏུ་འབེབ་པ་ཞེས་བྱ་བ་ཡང་དག་ པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ལ་སྩོགས་པ་ལྷ་མ་ཡིན་རྣམས་ལྷ་མ་ཡིན་གྱི་བུ་མོ་དང་། ལྷ་མ་ཡིན་གྱི་བྱིས་པའི་འཁོར་དང་བཅས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཆོས་ཀྱི་སྒོ་ཆོས་ཀྱི་དབྱིངས་ཤེས་པའི་ཚུལ་གྱི་ཤུགས་ཀྱིས་བརྒྱན་པ་ཞེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་ནམ་མཁའ་ལྡིང་གི་དབང་པོ་ ཤུགས་འཛིན་ཆེན་པོ་ལ་སྩོགས་པ་ནམ་མཁའ་ལྡིང་གི་དབང་པོ་ནམ་མཁའ་ལྡིང་གི་བུ་མོ་དང་། ནམ་མཁའ་ལྡིང་གི་བྱིས་པའི་འཁོར་དང་བཅས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཆོས་ཀྱི་སྒོ་སྲིད་པའི་རྒྱ་མཚོས་འཇིགས་པའི་ཡུལ་ཞེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་མིའམ་ཅིའི་རྒྱལ་པོ་སྡོང་པོ་ལ་སྩོགས་པ། མིའམ་ཅིའི་དབང་པོ་མི་འམ་ཅིའི་བུ་མོ་དང་། མིའམ་ཅིའི་བྱིས་པའི་འཁོར་དང་བཅས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཆོས་ཀྱི་སྒོ་སངས་རྒྱས་ཀྱི་སྤྱོད་པ་སྣང་བ་ཞེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་ གྱི་སྟན་ལ་ལ་ལ་ནི་ལྟོ་འཕྱེ་ཆེན་པོའི་དབང་པོ་ཁྲོ་གཉེར་གདོང་ལ་སྩོགས་པ། ལྟོ་འཕྱེ་ཆེན་པོའི་བུ་མོ་དང་། ལྟོ་འཕྱེ་ཆེན་པོའི་བྱིས་པའི་འཁོར་དང་བཅས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་ 76-1-239b བསྒྱིངས་པས། ཆོས་ཀྱི་སྒོ་སངས་རྒྱས་ལ་དགའ་བ་སྐྱེ་བ་ཞེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་བུ་མོ་བརྒྱ་སྟོང་མང་པོ་འཁོད་ཅིང་། དགེ་སློང་མ་ སེང་གེ་རྣམ་པར་བསྒྱིངས་པས། ཆོས་ཀྱི་སྒོ་ཁྱད་པར་དུ་འགྲོ་བ་ཞེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་སྲིན་པོའི་དབང་པོ་རྟག་ཏུ་མདངས་འཕྲོག་པ་སྡོང་བའི་རྒྱལ་པོ་ལ་སྩོགས་པ་སྲིན་པོའི་ བུ་མོ་དང་། སྲིན་པོའི་བྱིས་པའི་འཁོར་དང་བཅས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཆོས་ཀྱི་སྒོ་སྙིང་པོ་འབྱུང་བ་ཞེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ ལ་ལ་ནི་སེམས་ཅན་ཉན་ཐོས་ཀྱི་ཐེག་པ་ལ་མོས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཆོས་ཀྱི་སྒོ་ཡེ་ཤེས་ཁྱད་པར་དུ་འཕགས་པའི་མཐུ་ཞེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་ གྱི་སྟན་ལ་ལ་ལ་ནི་སེམས་ཅན་རང་སངས་རྒྱས་ཀྱི་ཐེག་པ་ལ་མོས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཆོས་ཀྱི་སྒོ་སངས་རྒྱས་ཀྱི་ཡོན་ཏན་རྒྱ་ཆེན་པོའི་འོད་ཅེས་བྱ་བ་ཡང་དག་པར་བསྟན་པ་ མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་སེམས་ཅན་ཐེག་པ་ཆེན་པོ་ལ་མོས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཏིང་ངེ་འཛིན་གྱི་ཡེ་ཤེས་སྣང་བའི་སྒོ་ཀུན་ཏུ་སྒོ་ཞེས་བྱ་བ་ཡང་དག་ པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་བྱང་ཆུབ་སེམས་དཔའ་ཐོག་མར་སེམས་བསྐྱེད་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཏིང་ངེ་འཛིན་གྱི་སྒོ་སངས་རྒྱས་ཐམས་ ཅད་ཀྱི་སྨོན་ལམ་གྱི་ཕུང་པོ་ཞེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་བྱང་ཆུབ་སེམས་དཔའི་ས་གཉིས་པ་ལ་གནས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། 76-1-240a ཏིང་ངེ་འཛིན་གྱི་སྒོ་རྡུལ་དང་བྲལ་བའི་དཀྱིལ་འཁོར་ཅེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་བྱང་ཆུབ་སེམས་དཔའ་ས་གསུམ་པ་ལ་གནས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་ བསྒྱིངས་པས། ཏིང་ངེ་འཛིན་གྱི་སྒོ་རབ་ཏུ་ཞི་བའི་རྒྱན་ཅེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་བྱང་ཆུབ་སེམས་དཔའ་ས་བཞི་པ་ལ་གནས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་ བསྒྱིངས་པས། ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་མཁྱེན་པའི་ཤུགས་ཀྱི་ཡུལ་འབྱུང་བ་ཞེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་བྱང་ཆུབ་སེམས་དཔའ་ས་ལྔ་པ་ལ་གནས་པ་རྣམས་འཁོད་ ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཏིང་ངེ་འཛིན་གྱི་སྒོ་སེམས་ཀྱི་རྒྱུད་མེ་ཏོག་གི་སྙིང་པོ་ཞེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་བྱང་ཆུབ་སེམས་དཔའ་ས་དྲུག་པ་ལ་ གནས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཏིང་ངེ་འཛིན་གྱི་སྒོ་རྣམ་པར་སྣང་བའི་སྙིང་པོ་ཞེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་བྱང་ཆུབ་སེམས་དཔའ་ ས་བདུན་པ་ལ་གནས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཏིང་ངེ་འཛིན་གྱི་སྒོ་ས་ཀུན་ནས་བརྒྱན་པ་ཞེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་བྱང་ཆུབ་ སེམས་དཔའ་ས་བརྒྱད་པ་ལ་གནས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཏིང་ངེ་འཛིན་གྱི་སྒོ་ཆོས་ཀྱི་དབྱིངས་སུ་ལུས་ཤིན་ཏུ་རྣམ་པར་ཕྱེ་བའི་ཡུལ་ཞེས་བྱ་བ་ཡང་དག་པར་བསྟེན་པ་ མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་བྱང་ཆུབ་སེམས་དཔའ་ས་དགུ་པ་ལ་གནས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཆོས་ཀྱི་སྒོ་མྱི་དམྱིགས་པའི་སྟོབས་ཀྱི་གནས་ཀྱིས་བརྒྱན་པ་ཞེས་ 76-1-240b བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་བྱང་ཆུབ་སེམས་དཔའ་ས་བཅུ་པ་ལ་གནས་པ་རྣམས་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཏིང་ངེ་འཛིན་གྱི་སྒོ་སྒྲིབ་པ་མེད་པའི་དཀྱིལ་ འཁོར་ཅེས་བྱ་བ་ཡང་དག་པར་བསྟན་པ་མཐོང་ངོ་། །འཁོར་གྱི་སྟན་ལ་ལ་ལ་ནི་ལག་ན་རྡོ་རྗེའི་འཁོར་གྱི་དཀྱིལ་འཁོར་འཁོད་ཅིང་། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཆོས་ཀྱི་སྒོ་ཡེ་ཤེས་རྡོ་རྗེ་མཐུ་བོ་ཆེའི་རྒྱན་ཅེས་བྱ་བ་ ཡང་དག་པར་བསྟན་པ་མཐོང་ངོ་། །དེ་ལྟར་སྐྱེ་བའི་སྐྱེ་མཆེད་རྣམ་པ་ཐ་དད་པ་ཐམས་ཅད་ཀྱི་སེམས་ཅན་དུ་གདགས་པ་དང་། སེམས་ཅན་གྱི་ལམ་གྱི་རྒྱུད་ཇི་སྙེད་པ་དེ་དག་གི་སེམས་ཅན་ཡོངས་སུ་སྨིན་པ་རྣམ་པར་འདུལ་བ། སྣོད་དུ་གྱུར་པ་ཇི་སྙེད་ཅིག་བཟའ་ཤིང་གི་ར་བ་དེར་འོངས་ཤིང་། འཁོར་གྱི་སྟན་ལ་སོ་སོར་འཁོད་པ། བསམ་པ་ཐ་དད་པ་མོས་པ་མི་མཚུངས་པ། བསམ་པ་ཤིན་ཏུ་གཞོལ་བར་གྱུར་པ། དད་པའི་རོ་རྔམས་ཆེན་པོ་དང་ལྡན་པ་ རྣམས་ལ། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། ཅི་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་བ། དེ་ལྟ་དེ་ལྟར་ཆོས་བསྟན་པ་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པ་དེས་ཀུན་ཏུ་ལྟ་བའི་བཏང་སྙོམས་དང་ལྡན་པ་ལ་སྩོགས་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཤིན་ཏུ་བསྟན་པ་ལ་སྩོགས་པ་དང་། ཆོས་ཀྱི་དབྱིངས་ཀྱི་གཞི་ ཐ་དད་པ་ལ་སྩོགས་པ་དང་། སྒྲིབ་པའི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཐོར་བ་ལ་སྩོགས་པ་དང་། འགྲོ་བ་ཐམས་ཅད་ཀྱི་དགེ་བའི་སེམས་ཡང་དག་པར་འབྱུང་བ་ལ་སྩོགས་པ་དང་། ཁྱད་པར་ཡོད་པའི་རྒྱན་ལ་ སྩོགས་པ་དང་། ཆགས་པ་མེད་པའི་ཚུལ་གྱི་སྙིང་པོ་ལ་སྩོགས་པ་དང་། ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ལ་སྩོགས་པ་དང་། སེམས་ཀྱི་མཛོད་ལ་སྩོགས་པ་དང་། ཀུན་ཏུ་མོས་པ་མངོན་པར་བསྒྲུབ་པའི་ 76-1-241a སྙིང་པོ་ལ་སྩོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་བརྒྱ་སྟོང་གྲངས་མེད་པ་གནོན་པའི་ཕྱིར་ཏེ། བཟའ་ཤིང་གི་ར་བ་ཉི་མའི་མདོག་དེར་བྱང་ཆུབ་སེམས་དཔའ་འམ། སེམས་ཅན་གཞན་ཇི་སྙེད་ཅིག་དགེ་སློང་ མ་སེང་གེ་རྣམ་པར་བསྒྱིངས་པ་ལ་ལྟ་བ་དང་། ཆོས་མཉན་པའི་ཕྱིར་འོང་བ་དེ་དག་ཐམས་ཅད་ཀྱང་སྔོན། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། དགེ་བའི་ཆོས་ཡང་དག་པར་བླང་བ་ལ་ཤིན་ཏུ་བཀོད་ནས། བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་བར་དུ་བྱས་པ་ཤ་སྟག་གོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པའི་བཟའ་ཤིང་གི་ར་བ་ཕུན་སུམ་ཚོགས་པ་དང་། ནགས་ཚལ་ཕུན་སུམ་ཚོགས་པ་དང་། གཙུག་ལག་ཁང་ཕུན་སུམ་ཚོགས་པ་དང་། འཆག་ས་ཕུན་སུམ་ཚོགས་པ་དང་། ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། མལ་ཆ་ཕུན་སུམ་ཚོགས་པ་དང་། འཁོར་གྱི་ དཀྱིལ་འཁོར་ཕུན་སུམ་ཚོགས་པ་དང་། དབང་ཆེན་པོ་ཕུན་སུམ་ཚོགས་པ་དང་། རྫུ་འཕྲུལ་དང་རྣམ་པར་འཕྲུལ་པ་ཕུན་སུམ་ཚོགས་པ་དང་། དབྱངས་ཀྱི་རྒྱན་ཕུན་སུམ་ཚོགས་པ་རྣམ་པ་དེ་ལྟ་བུ་མཐོང་སྟེ། ཆོས་ཀྱི་ ཚུལ་བསམ་གྱིས་མི་ཁྱབ་པ་འདི་ཐོས་ནས། ཆོས་ཀྱི་སྤྲིན་གྱི་ཆར་ཆེན་པོས་སེམས་མངོན་པར་བརླན་པ་དེའི་ཡིད་ལ་བྱེད་པ་དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། བསམ་པ་རྣམ་པར་དག་པ་ཕུན་སུམ་ཚོགས་ པར་བྱས་ཀྱིས་ད་ནི་གཡས་ཕྱོགས་སུ་བསྐོར་བ་ལན་བརྒྱ་སྟོང་དུ་མ་ཞིག་བྱའོ་སྙམ་པ་དང་། དེའི་མོད་ལ་དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པས། བཟའ་ཤིང་གི་ར་བ་དང་། འཁོར་གྱི་དཀྱིལ་འཁོར་དུ་བཅས་པ་ དེ་དག་ཐམས་ཅད་ཀྱང་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །དེ་ལྟར་གཡས་ཕྱོགས་སུ་བསྐོར་བ་བྱའོ། །སྙམ་དུ་བསམས་ནས་བསྐོར་བ་བྱེད་པའི་ཚེ། འཁོར་ཐམས་ཅད་ནའང་དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པ་ 76-1-241b འདུག་པ་མཐོང་ནས་མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་ བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་མ་འཚལ་ཏེ། འཕགས་མ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་རྗེས་སུ་བསྟན་པ་མཛད་དོ། །ཞེས་བདག་ གིས་ཐོས་ན། འཕགས་མ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་བདག་ལ་བཤད་དུ་གསོལ། དེས་སྨྲས་པ། རིགས་ཀྱི་ བུ་ཁོ་མོ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་རློམ་སེམས་ཐམས་ཅད་ཡོངས་སུ་བཅོམ་པ་ཞེས་བྱ་བ་ཐོབ་པའོ། །སྨྲས་པ། འཕགས་མ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་རློམ་སེམས་ཐམས་ཅད་ ཡོངས་སུ་བཅོམ་པ་དེའི་ཡུལ་ཇི་ལྟ་བུ་ཞིག་མཆིས། སྨྲས་པ་རིགས་ཀྱི་བུ་དེ་ནི་ཡེ་ཤེས་སྣང་བ་སྟེ། དུས་གསུམ་དུ་བྱུང་བའི་རྒྱན་སེམས་སྐད་ཅིག་གི་ཆ་ཤས་ལ་རྣམ་པར་དམིགས་པའི་རང་བཞིན་ནོ། ། སྨྲས་པ། འཕགས་མ་ཡེ་ཤེས་སྣང་བ་དེའི་ཡུལ་ཡང་ཇི་ལྟ་བུ་ཞིག་མཆིས། སྨྲས་པ། རིགས་ཀྱི་བུ་ཁོ་མོ་ནི་ཡེ་ཤེས་སྣང་བ་འདི་ལ་སྒྲུབ་པ་དང་ཡོངས་སུ་བསྒྲུབ་པའི་ཚེ་ཆོས་ཐམས་ཅད་རབ་ཏུ་འཐད་པ་ཞེས་བྱ་བའི་ཏིང་ ངེ་འཛིན་སྐྱེས་ཏེ། ཏིང་ངེ་འཛིན་དེ་ཐོབ་མ་ཐག་དུ་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱིས་ཕྱོགས་བཅུ་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། བྱང་ཆུབ་སེམས་དཔའ་སྐུ་ཚེ་གཅིག་གིས་ཐོགས་པ་ དགའ་ལྡན་གྱི་ཕོ་བྲང་ན་བཞུགས་པ། ཐམས་ཅད་རེ་རེ་ལ་ཡང་ལུས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་མཆོད་པ་རྣམ་པ་ཐ་དད་པ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ 76-1-242a ཤིན་ཏུ་ཕྲ་བ་སྙེད་ཀྱི་མཆོད་པ་སྦྱར་བའི་ཕྱིར་འགྲོ་སྟེ། འདི་ལྟར་ལྷའི་ལུས་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པའི་དབང་པོའི་ལུས་མེ་ཏོག་གི་སྤྲིན་ཡོངས་སུ་འཛིན་པ་དང་། སྤོས་ཀྱི་སྤྲིན་ཡོངས་སུ་འཛིན་པ་དང་། བདུག་སྤོས་ཀྱི་སྤྲིན་ཡོངས་སུ་འཛིན་པ་དང་། ཕྲེང་བའི་སྤྲིན་ཡོངས་སུ་འཛིན་པ་དང་། བྱུག་ པའི་སྤྲིན་ཡོངས་སུ་འཛིན་པ་དང་། ཕྱེ་མའི་སྤྲིན་ཡོངས་སུ་འཛིན་པ་དང་། ན་བཟའི་སྤྲིན་ཡོངས་སུ་འཛིན་པ་དང་། གདུགས་ཀྱི་སྤྲིན་ཡོངས་སུ་འཛིན་པ་དང་། རྒྱལ་མཚན་གྱི་སྤྲིན་ཡོངས་སུ་འཛིན་ པ་དང་། བ་དན་གྱི་སྤྲིན་ཡོངས་སུ་འཛིན་པ་དང་། རིན་པོ་ཆེའི་ལྷབ་ལྷུབ་ཀྱི་སྤྲིན་ཡོངས་སུ་འཛིན་པ་དང་། རིན་པོ་ཆེའི་དྲ་བའི་རྒྱན་གྱི་སྤྲིན་ཡོངསུ་འཛིན་པ་དང་། རིན་པོ་ཆེའི་གནམ་ཡོལ་གྱི་རྒྱན་གྱི་སྤྲིན་ ཡོངས་སུ་འཛིན་པ་དང་། རིན་པོ་ཆེའི་རྒྱན་རྣམ་པར་ཕྱེ་བའི་སྤྲིན་ཡོངས་སུ་འཛིན་པ་དང་། རིན་པོ་ཆེའི་སྒྲོན་མའི་རྒྱན་ཀྱི་སྤྲིན་ཡོངས་སུ་འཛིན་པ་དང་། རིན་པོ་ཆེའི་གདན་གྱི་སྤྲིན་ཡོངས་སུ་འཛིན་པ་མང་ པོས་མཆོད་པ་སྦྱར་བའི་ཕྱིར་འགྲོའོ། །དགའ་ལྡན་ཀྱི་གནས་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་སྐུ་ཚེ་གཅིག་གིས་ཐོགས་པ་རྣམས་ལ་མཆོད་པ་བྱ་བའི་ཕྱིར། ཇི་ལྟར་འགྲོ་བ་དེ་བཞིན་དུ་ཡུམ་གྱི་ སྐུར་གཤེགས་པ་དང་། བལྟམ་པ་དང་། བཙུན་མོའི་འཁོར་གྱི་ནང་ན་བཞུགས་པ་དང་། མངོན་པར་འབྱུང་བ་དང་། སྙིང་པོ་བྱང་ཆུབ་ཏུ་གཤེགས་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཤིང་སྙིང་པོ་བྱང་ཆུབ་ལ་བཞུགས་པ་དང་། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དེ་བཞིན་གཤེགས་པ་ཐམས་ཅད་དང་། དེ་བཞིན་དུ་ལྷའི་གནས་ན་བཞུགས་པ་དང་། 76-1-242b ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པའི་གནས་ན་བཞུགས་པ་དང་། འགྲོ་བ་ཐམས་ཅད་ ཀྱི་སེམས་དང་བསམ་པ་ཡོངས་སུ་ཚིམ་པར་མཛད་ནས། ཡོངས་སུ་མྱ་ངན་ལས་འདའ་བའི་བར་དེ་དག་ཐམས་ཅད་ལའང་ཡིད་ཀྱི་རང་བཞིན་གྱི་ལུས་རྣམ་པ་དེ་ལྟ་བུ་དག་གིས་རྣམ་པ་དེ་ལྟ་བུའི་མཆོད་པ་བྱེད་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དྲུང་དུ་འགྲོའོ། །སེམས་ཅན་གང་གིས་ཁོ་མོ་སངས་རྒྱས་མཆོད་པ་དང་། རིམ་གྲོ་བྱེད་པའི་ལས་འདི་ཤེས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་རོ། །སེམས་ཅན་གང་ཁོ་མོའི་དྲུང་དུ་འོང་བ་དེ་དག་ཐམས་ཅད་ལའང་ཁོ་མོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གདམས་ངག་དང་། རྗེས་སུ་བསྟན་པ་འདི་ཉིད་སྟོན་སྟེ། རིགས་ཀྱི་བུ་ཁོ་མོ་ཡེ་ཤེས་ཀྱི་མིག་གིས་སེམས་ཅན་ཐམས་ཅད་ལ་ལྟ་ཡང་། སེམས་ཅན་གྱི་འདུ་ཤེས་ཀྱང་མི་བསྐྱེད་ལ། རློམ་སེམས་ཀྱང་མི་བྱེད་དོ། །འགྲོ་བ་ཐམས་ཅད་ཀྱི་སྐད་རྒྱ་མཚོ་ཡང་ མཉན་ཏེ། ཚིག་གི་ལམ་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པས། རློམ་སེམས་སུ་བྱེད་པ་མེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་མཐོང་སྟེ། ཆོས་ཀྱི་ལུས་ཡོངས་སུ་ཤེས་ པས་རློམ་སེམས་སུ་བྱེད་པའང་མེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་ཡོངས་སུ་འཛིན་ཀྱང་། ཆོས་ཀྱི་རང་བཞིན་ཁོང་དུ་ཆུད་པས་རློམ་སེམས་སུ་བྱེད་པ་མེད་དོ། །སེམས་ ཀྱི་སྐད་ཅིག་རེ་རེ་ལ་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་འགེངས་ཀྱང་། ཆོས་ཉིད་སྒྱུ་མའི་རང་བཞིན་ཁོང་དུ་ཆུད་པས་རློམ་སེམས་སུ་བྱེད་པ་མྱེད་དོ། །རིགས་ཀྱི་བུ་ཁོ་མོས་ནི་བྱང་ཆུབ་སེམས་དཔའི་ 76-1-243a རྣམ་པར་ཐར་པ་རློམ་སེམས་ཐམས་ཅད་ཡོངས་སུ་བཅོམ་པ་འདི་ཤེས་པར་ཟད་ན། ཁོ་མོས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་ལ་ཞུགས་པ། ཆོས་ཐམས་ཅད་ལ་རློམ་སེམས་མེད་ པར་གནས་ཀྱང་སྐྱིལ་མོ་དཀྲུང་གཅིག་གིས་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་འགེངས་པ། སངས་རྒྱས་ཀྱི་ཞིང་ཐམས་ཅད་རང་གི་ལུས་སུ་འདུས་པར་སྟོན་ཀྱང་། སྐད་ཅིག་གཅིག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དྲུང་ དུ་འདོང་བ། ལུས་ལ་སངས་རྒྱས་ཀྱི་རྫུ་འཕྲུལ་ཐམས་ཅད་འབྱུང་ཞིང་རྒྱུ་བ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་བ་སྤུའི་ཉག་མ་གཅིག་གིས་སྦམས་ཤིང་མངོན་པར་འཕེན་པ། རང་གི་བ་སྤུའི་བུ་གར་ འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་འདུ་བ་དང་། འཇིག་པའི་བསྐལ་པ་ཡོངས་སུ་སྟོན་པ། སྐད་ཅིག་གཅིག་ལ་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་གནས་པ། མཉམ་པ་ཉིད་ ཀྱིས་ཡང་དག་པར་འཛུད་པ། སྐད་ཅིག་གཅིག་གིས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བསྐལ་པར་འཁོར་བ་དེ་དག་གི་སྤྱོད་པ་ཤེས་པ་འམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་ རྒྱུད་འདི་ཉིད་ཀྱི་ཡུལ་བགྲོད་དཀའ་བ་ན། གྲོང་ཁྱེར་རིན་པོ་ཆེའི་རྒྱན་ཅེས་བྱ་བ་ཡོད་དེ། དེ་ན་བཅོམ་པ་མ་ལྷའི་བཤེས་གཉེན་མ་ཞེས་བྱ་བ་འདུག་གིས་དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་ དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། དགེ་སློང་ མ་སེང་གེ་རྣམ་པར་བསྒྱིངས་པ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་ཡང་དང་ཡང་བལྟས་ཏེ། དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པའི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ 76-1-243b ཤེས་རབ་ཀྱི་སྣང་བ་ཆེན་པོ་དེས་སེམས་སྣང་བར་གྱུར་པ་དེ་ཐམས་ཅད་མཁྱེན་པ་ཉིད་ཤེས་རབ་ཀྱི་སྣང་བ་དེ་ལ་ནི་སེམས། ཆོས་ཉིད་ཀྱི་རང་བཞིན་གྱི་སྟོབས་སྣང་བ་དེ་ལ་ནི་ཡང་དག་པར་རྗེས་སུ་བལྟ། སེམས་ཅན་ ཐམས་ཅད་ཀྱི་སྐད་རྣམ་པར་དམྱིགས་པའི་མཛོད་ཀྱི་གཟུངས་ཀྱི་ཚུལ་དེ་ནི་བརྟན་པར་བྱེད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་ཡང་དག་པར་འཛིན་པའི་གཟུངས་ཀྱི་ཚུལ་དེ་ནི་ཤིན་ཏུ་རྒྱ་ཆེར་ བྱེད། སྙིང་རྗེ་ཆེན་པོ་འགྲོ་བ་ཐམས་ཅད་ཀྱི་སྐྱབས་སུ་གྱུར་པའི་སྟོབས་དེ་ནི་ཉེ་བར་སྟོན། ཆོས་ཐམས་ཅད་ཀྱི་ཚུལ་སྣང་བའི་སྒོ་ནས་ཡང་དག་པར་འབྱུང་བའི་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཤུགས་དེ་ལ་ནི་རབ་ ཏུ་རྟོག །ཆོས་ཀྱི་དབྱིངས་རྒྱ་ཆེན་པོའི་དཀྱིལ་འཁོར་རྒྱས་པར་འགེངས་པའི་སྨོན་ལམ་ཡོངས་སུ་དག་པ་དེའི་རྗེས་སུ་ནི་འབྲང་། ཆོས་ཐམས་ཅད་ཀྱི་ཕྱོགས་སྣང་བར་བྱེད་པའི་ཡེ་ཤེས་ཀྱི་འོད་དེ་ནི་ཤིན་ཏུ་ གསལ་བར་བྱེད། ཆོས་ཐམས་ཅད་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམ་པར་ཕྱེ་བ་རྒྱས་པར་འགེངས་པའི་མངོན་པར་ཤེས་པའི་སྟོབས་དེ་ནི་མངོན་པར་བསྒྲུབ། བྱང་ཆུབ་སེམས་དཔའི་ལམ་དང་། དྲན་པ་ཐམས་ཅད་ཉེ་བར་བླངས་པས་བརྩམས་པ་མཐར་དབྱུང་བའི་སྨོན་ལམ་དེ་ནི་ཡོངས་སུ་རྫོགས་པར་བྱེད་ཅིང་། མཐར་གྱིས་ཡུལ་བགྲོད་དཀའ་བའི་གྲོང་ཁྱེར་རིན་པོ་ཆེའི་རྒྱན་གང་ན་བ་དེར་ཕྱིན་ཏེ། བཅོམ་པ་ མ་ལྷའི་བཤེས་གཉེན་མ་ཡོངས་སུ་ཚོལ་ཚོལ་བ་དང་། དེ་ལ་བཅོམ་པ་མ་ལྷའི་བཤེས་གཉེན་གྱི་ཡོན་ཏན་མངོན་པར་མི་ཤེས་ལ་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་ཚུལ་ལ་མི་མཁས་པའི་མི་ཇི་སྙེད་པ་དེ་དག་འདི་ སྙམ་དུ་སེམས་ཏེ། མི་འདི་དེ་ལྟར་ཞི་ཞིང་དུལ་བའི་དབང་པོ་དང་ལྡན་ལ་དེ་ལྟར་ཤེས་བཞིན་དང་ལྡན་ཏེ། དེ་ལྟར་འཁྲུལ་པ་མེད་ཅིང་དེ་ལྟར་ཡིད་འཁྲུག་པ་མེད་ལ་དེ་ལྟར་གཉའ་ཤིང་གང་ཙམ་དུ་ལྟ་སྟེ། 76-1-244a དེ་ལྟར་གནོད་པས་མི་ཚུགས་ཤིང་དེ་ལྟར་མཚན་མར་མི་འཛིན་ལ། གཟུགས་ཀྱི་རྣམ་པ་ཐམས་ཅད་ལ་གཡེང་བ་མེད་པའི་མིག་དང་ལྡན་ཏེ། ཡིད་ལ་བྲེལ་བ་མེད་ཅིང་། བསམ་པ་ཟབ་ལ་མངོན་པར་མཛེས་ཏེ། རྒྱ་མཚོ་ ལྟར་འདུག་ཅིང་སེམས་མི་ཉམས་མི་འཁྲུག་པ་དེ་ལ་བཅོམ་པ་མ་ལྷའི་བཤེས་གཉེན་མས་ཀོ་ཅི་ཞིག་བྱ། འདི་ལྟ་བུ་དག་ནི་འདོད་ཆགས་ལ་དགའ་བ་མེད་དེ། སེམས་ཕྱིན་ཅི་ལོག་དང་ལྡན་ཡང་མི་སྲིད་དོ། །འདི་ལྟ་བུ་དག་ནི་སྡུག་ ཅིང་གཙང་བའི་འདུ་ཤེས་ཡོངས་སུ་རྒྱུ་བ་མེད་དེ། འདི་ལྟ་བུ་དག་ནི་འདོད་པས་འཁོལ་ཀྱང་མི་སྲིད་དོ། །འདི་ལྟ་བུ་དག་ནི་བུད་མེད་ཀྱི་དབང་དུ་འགྱུར་བ་མེད་དེ། འདི་ལྟ་བུ་དག་ནི་བདུད་ཀྱི་སྤྱོད་ཡུལ་ལ་སྤྱོད་ཀྱང་མི་སྲིད་དོ། །འདི་ལྟ་ བུ་དག་ནི་བདུད་ཀྱི་སྤྱོད་ཡུལ་ལ་ཆགས་པ་མེད་དེ། འདི་ལྟ་བུ་དག་ནི་འདོད་པའི་འདམ་དུ་བྱིང་བ་ཡང་མི་སྲིད་དོ། །འདི་ལྟ་བུ་དག་ནི་བདུད་ཀྱི་ཞགས་པས་བཅིངས་པར་འགྱུར་བ་མེད་དོ། །དོགས་པ་བྱེད་ཀྱང་མི་སྲིད་དོ་སྙམ་མོ། །གང་ ཡང་བཅོམ་པ་མ་ལྷའི་བཤེས་གཉེན་མའི་ཡོན་ཏན་གྱི་ཁྱད་པར་མངོན་པར་ཤེས་ཤིང་། ཡེ་ཤེས་ཀྱི་སྤྱོད་ཡུལ་མངོན་དུ་གྱུར་པ་དེ་དག་ནི་འདི་སྐད་ཅེས་འཛེར་ཏེ། རིགས་ཀྱི་བུ་དེ་ལྟར་ཁྱོད་བཅོམ་པ་མ་ལྷའི་བཤེས་གཉེན་མ་ལ་ཡོངས་ སུ་དྲི་བར་སེམས་པ་ནི་ཁྱོད་ཀྱང་འཐོབ་པར་བྱ་བ་ལེགས་པར་ཐོབ་པ་སྟེ། ལེགས་སོ་ལེགས་སོ། །ཁྱོད་ནི་ངེས་པར་སངས་རྒྱས་སུ་སྨོན་པའོ། །ཁྱོད་ནི་བདག་ངེས་པར་སེམས་ཅན་ཐམས་ཅད་ཀྱི་གནས་སུ་འགྱུར་བར་འདོད་པའོ། ། ཁྱོད་ནི་ངེས་པར་སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་ཀྱི་ཟུག་རྔུ་དབྱུང་བར་འདོད་པའོ། །ཁྱོད་ནི་ངེས་པར་སྡུག་ཅིང་གཙང་བའི་འདུ་ཤེས་རྣམ་པར་གཏོར་བར་འདོད་པའོ། །རིགས་ཀྱི་བུ་འདི་རེ་བཅོམ་པ་མ་ལྷའི་བཤེས་གཉེན་མ་ནི་ གྲོང་ཁྱེར་གྱི་ལམ་གྱི་སུམ་མདོའི་བྱང་ཕྱོགས་ལོགས་ཤིག་ན་རང་གི་ཁྱིམ་ན་འདུག་གོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ཚིག་དེ་ཐོས་ནས་དགའ་རངས་ཏེ། མགུ་ཞིང་ཉམས་བདེ་ལ་ཚིམ་ཞིང་ཡིད་བདེ་བ་སྐྱེས་ནས། བཅོམ་པ་མ་ལྷའི་ 76-1-244b བཤེས་གཉེན་མའི་ཁྱིམ་གང་ན་བ་དེར་ཕྱིན་ནས། དེའི་ཁྱིམ་ཆེ་ཞིང་ཡངས་ལ་རིན་པོ་ཆེའི་ར་བ་རིམ་པ་བཅུས་བསྐོར་བ། རིན་པོ་ཆེ་ཏ་ལའི་ཕྲེང་བ་རིམ་པ་བཅུས་ཀུན་ནས་བསྐོར་བ། འོབས་སྤོས་ཆུས་གང་བ། ལྷ་རྫས་ཀྱི་ རིན་པོ་ཆེའི་པད་མོ་དང་། ཨུད་པ་ལ་དང་། ཀུ་མུ་ཏ་དང་། མེ་ཏོག་པུན་ད་རི་ཀས་ཆུ་ཡོངས་སུ་ཁེབས་པ་ཡན་ལག་བརྒྱད་དང་ལྡན་པའི་ཆུས་ཡོངས་སུ་གང་བ་དེའི་གཞི་གསེར་གྱི་བྱེ་མ་བདལ་བ། སྤོས་ཡིད་དུ་འོང་བ་དང་། འདྲེས་པའི་དྲི་ཞིམ་པས་གང་བ། རིན་པོ་ཆེ་སིལ་མ་མང་པོས་ཤིན་ཏུ་བརྒྱན་པ། རིམ་པ་བཅུས་ཀུན་ནས་བསྐོར་བ། རིན་པོ་ཆེ་ཐམས་ཅད་ལས་བྱས་པའི་ཁང་པ་དང་། གཞལ་མེད་ཁང་དང་། ཁང་པ་བརྩེགས་པས་རྣམ་པར་ དཀྲིགས་ཤིང་བ་གམ་དང་རྟ་བབས་དང་། སྐར་ཁུང་གི་ཤར་བུ་དང་། ཟླ་གམ་སེང་གེའི་ཤིང་ཏོག་དང་། སྣང་བའི་རྒྱལ་མཚན་ལ་སྩོགས་པ། རིན་པོ་ཆེ་སྣ་ཚོགས་ཀྱི་འོད་ཀྱིས་འབར་བ་རིན་པོ་ཆེ་རྣམ་པ་སྣ་ཚོགས་གྲངས་མེད་པའི་འབྱུང་ གནས་ཀྱིས་བརྒྱན་པ། རིན་པོ་ཆེའི་དག་ར་བཻ་ཌཱུརྱས་སྤྲས་པའི་གཞི་དང་ལྡན་པ། ལྷ་རྫས་ཀྱི་སྤོས་ཞིམ་པོ་ཐམས་ཅད་ཀྱིས་འཁོར་ཐམས་ཅད་ནས་བདུགས་ཤིང་བསངས་པ། ཨ་ཀ་རུ་ནག་པོ་མཆོག་གི་བདུག་སྤོས་ཀྱིས་དྲི་ཞིམ་པར་བདུག་པ། སྤོས་ཀྱི་བྱུག་པས་འཁོར་ཀུན་ནས་བྱུགས་པ། རིན་པོ་ཆེ་སྣ་ཚོགས་ཀྱི་ལན་ཀུན་ཀྱིས་རྩིག་ངོས་ཀུན་ཏུ་བྲེས་པ། སྟེང་འཛམ་བུ་ཆུ་ཀླུང་གི་གསེར་གྱི་དྲ་བ་རིན་པོ་ཆེ་སྣ་ཚོགས་ཀྱིས་རབ་ཏུ་བརྒྱན་པས་ཀུན་ནས་བཀབ་པ། གསེར་གྱི་དྲིལ་བུ་དྲ་བ་བརྒྱ་སྟོང་རླུང་གིས་བསྐྱོད་ཅིང་འཁྲོལ་བའི་སྒྲ་ཡིད་དུ་འོང་ཞིང་སྙན་པ་འབྱུང་བ། རིན་པོ་ཆེ་ཐམས་ཅད་ཀྱི་མེ་ཏོག་གི་སྤྲིན་སིལ་མ་ཀུན་ཏུ་བཀྲམ་པས། རིན་པོ་ཆེའི་མེ་ཏོག་གི་རྒྱན་དང་ལྡན་པ། རིན་པོ་ ཆེ་སྣ་ཚོགས་ཐམས་ཅད་ཀྱི་རྒྱལ་མཚན་བསྒྲེང་བས་སྒོ་ཤིན་ཏུ་བརྒྱན་པ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་འོད་ཀྱི་དྲ་བ་སྣང་བ། མུ་མེད་པར་བརྗོད་དུ་ཡོད་པ། རིན་པོ་ཆེ་བཻ་ཌཱུརྱའི་སྡོང་པོ་དང་། རྡོ་རྗེ་མན་ཤེལ་ལ་སྩོགས་ 76-1-245a པའི་གཏེར་བརྒྱ་སྟོང་ཀུན་ཤེས་པ། ཕུན་སུམ་ཚོགས་པས་མཛོད་མི་ཟད་པ་དང་ལྡན་པ། བཟའ་ཤིང་གི་ར་བ་ཆེན་པོ་བཅུས་བརྒྱན་པ་མཐོང་སྟེ། དེ་ན་བཅོམ་པ་མ་ལྷའི་བཤེས་གཉེན་མ་གཟུགས་མཛེས་ཤིང་ བཟང་ལ་བལྟ་ན་སྡུག་པ། གྱ་ནོམ་པའི་ཁ་དོག་དམ་པས་རྒྱས་པ་དང་ལྡན་པ། གསེར་གྱི་ཁ་དོག་ལྟར་འདུག་པའི་མདོག་ཅན་སྐྲ་མཐོན་ཏིང་དུ་འདུག་པ། ལུས་ཀྱི་ཡན་ལག་དང་ཉིང་ལག་ཚུལ་དང་འདྲ་བར་རྣམ་པར་གྲུབ་ པ། འདོད་པའི་ཁམས་ཀྱི་ལྷ་དང་མི་ཐམས་ཅད་ལས་འཕགས་པའི་ཁ་དོག་དང་གཟུགས་དང་དབྱིབས་མཛེས་པ་དང་ལྡན་པ། ཚངས་པ་ལས་ཀྱང་འདས་པའི་དབྱངས་ཀྱི་ཡན་ལག་དང་ལྡན་པ། སེམས་ཅན་ཐམས་ཅད་ ཀྱི་སྒྲ་སྐད་ཀྱི་ཚུལ་ལ་མཁས་པ་བརྒྱན་ཐམས་ཅད་དང་ལྡན་ཞིང་ཡིད་དུ་འོང་བའི་དབྱངས་ཅན་རྣམ་པར་ཐར་པ་ཡི་གེ་འཁོར་ལོ་རྒྱན་ལ་མཁས་པ་དང་ལྡན་པ། བཟོ་དང་གཙུག་ལག་ཐམས་ཅད་ལ་མཁས་པར་བྱང་བ། ཆོས་ཀྱི་ ཡེ་ཤེས་སྒྱུ་མ་ལ་མཁས་པར་བསླབས་པ། བྱང་ཆུབ་སེམས་དཔའི་ཐབས་དང་། ཚུལ་རྣམ་པ་ཐམས་ཅད་ཐོབ་པ། རིན་པོ་ཆེའི་ལྷབ་ལྷུབ་སྣ་ཚོགས་ཀྱིས་རྣམ་པར་བརྒྱན་པའི་ལུས་ཡིད་དུ་འོང་བ་དང་ལྡན་པ། རིན་པོ་ ཆེ་ཐམས་ཅད་ལས་བྱས་པའི་དྲ་བ་འོད་ཤིན་ཏུ་གསལ་བས་ལུས་རབ་ཏུ་བརྒྱན་པ། ལྷ་རྫས་ཀྱི་ནོར་བུ་རིན་པོ་ཆེའི་རྒྱན་དང་། ལྷབ་ལྷུབ་གྲངས་མེད་པས་རབ་ཏུ་བརྒྱན་པ། ལུས་ཤིན་ཏུ་འབར་བ། ནོར་བུ་རིན་པོ་ ཆེ་དམ་པ་ཡིད་བཞིན་གྱི་རྒྱལ་པོའི་ཅོད་པན་ཐོགས་པ། རིན་པོ་ཆེ་བཻ་ཌཱུརྱའི་ཕྲེང་བ་མདོ་ཟུངས་རྡོ་རྗེ་རིན་པོ་ཆེ་སྣ་ཚོགས་དང་། ནོར་བུ་རིན་པོ་ཆེ་སེང་གེས་མཛེས་པ་སྣ་ཚོགས་བཀྱེ་བ་མགུལ་ན་ཐོགས་པ། དགེ་བའི་ རྩ་བ་སྤྱད་པ་ལ་བསྐལ་པ་འཐུན་པ་དང་། སྨོན་ལམ་གཅིག་པའི་འཁོར་མང་པོ་གཞན་གྱིས་མི་ཕྱེད་ཅིང་ཡིད་དུ་འོང་བ་དང་ལྡན་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོའི་གཏེར་མི་ཟད་པའི་མཛོད་དང་ལྡན་པ་ 76-1-245b འདུག་པ་མཐོང་སྟེ། དེ་ཁྱིམ་དེ་དག་ཐམས་ཅད་དང་། རིན་པོ་ཆེའི་གནས་དང་། གཞལ་མེད་ཁང་གི་རྒྱན་དེ་དག་ཐམས་ཅད་ཀྱང་རང་གི་ལུས་ལས་བྱུང་བའི་འོད་དགའ་བར་བྱེད་པ། ལུས་བདེ་བ་དང་སིམ་པ་བསྐྱེད་ པ། སེམས་ཁོང་ནས་དགའ་བར་བྱེད་པས་གསལ་བར་སྣང་བར་བྱས་པ་མཐོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་བཅོམ་པ་མ་ལྷའི་བཤེས་གཉེན་མའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། མདུན་དུ་ འདུག་ནས་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་སྨྲས་སོ། །འཕགས་མ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་མ་འཚལ་ཏེ། འཕགས་མ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་རྗེས་སུ་བསྟན་པ་མཛད་དོ་ཞེས་བདག་གིས་ཐོས་ན། ཇི་ལྟར་བྱང་ཆུབ་ སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་འཕགས་མས་བདག་ལ་བཤད་དུ་གསོལ། དེས་སྨྲས་པ་རིགས་ཀྱི་བུ་ཁོ་མོས་ནི་བྱང་ཆུབ་སེམས་དཔའི་རྣམ་ པར་ཐར་པ་འདོད་ཆགས་དང་བྲལ་བའི་མཐར་ཕྱིན་པ་ཞེས་བྱ་བ་ཐོབ་སྟེ། རིགས་ཀྱི་བུ་དེ་ལྟར་ཁོ་མོ་ནི་ལྷ་རྣམས་ལ་ལྷ་མོའི་གཟུགས་དང་ཁ་དོག་དང་། དབྱིབས་དང་ཆུ་ཞེང་ལས་ཀྱང་ལྷག་པར་ཁ་དོག་གསལ་བ་དང་། རྣམ་པར་དག་པས་ཅི་ལ་མོས་པ་བཞིན་དུ་སྣང་བར་བྱེད་དོ། །དེ་བཞིན་དུ་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ ཡིན་པ་རྣམས་ལ་ཡང་བུད་མེད་གྱི་གཟུགས་དང་། ཁ་དོག་དང་དབྱིབས་དང་། ཆུ་ཞེང་ལྷག་པར་འོད་གསལ་ཞིང་རྣམ་པར་དག་པས་ཅི་ལ་མོས་པ་བཞིན་དུ་སྣང་བར་བྱེད་དོ། །སེམས་ཅན་གང་འདོད་ཆགས་ 76-1-246a གྱིས་ཀུན་ནས་འཁོར་བའི་སེམས་དང་ལྡན་པ་དག །ཁོ་མོའི་དྲུང་དུ་འོང་ནའང་དེ་དག་ཐམས་ཅད་ལ་ཁོ་མོ་ནི་འདོད་ཆགས་དང་འབྲལ་བར་འགྱུར་བའི་ཕྱིར་ཆོས་བསྟན་ཏེ། དེ་དག་གིས་ཆོས་དེ་ཐོས་ནས་ཀྱང་འདོད་ ཆགས་དང་བྲལ་བ་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འཇིག་རྟེན་ལ་ཆགས་པ་མེད་པ་ཞེས་བྱ་བ་ཡང་རབ་ཏུ་འཐོབ་པོ། །ལ་ལ་ནི་ཁོ་མོ་མཐོང་མ་ཐག་ཏུ་འདོད་ཆགས་དང་བྲལ་བར་གྱུར་ཏེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དགའ་བ་དང་ལྡན་པ་ཞེས་བྱ་བ་རབ་ཏུ་འཐོབ་པོ། །ལ་ལ་ནི་གཏམ་བྱས་པ་ཙམ་གྱིས་འདོད་ཆགས་དང་བྲལ་བ་ཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཆགས་པ་ མེད་པའི་དབྱངས་ཤེས་བྱ་བ་ཡང་རབ་ཏུ་འཐོབ་པོ། །ལ་ལ་ནི་ལག་ནས་བཟུང་བ་ཙམ་གྱིས་འདོད་ཆགས་དང་བྲལ་བ་ཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྗེས་སུ་ འགྲོ་ཞིང་གནས་པ་ཞེས་བྱ་བ་རབ་ཏུ་འཐོབ་པོ། །ལ་ལ་ནི་གཅིག་ཏུ་འགྲོགས་པ་ཙམ་གྱིས་འདོད་ཆགས་དང་བྲལ་བ་ཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་བྲལ་བས་སྣང་བ་ཞེས་བྱ་བ་ཡང་རབ་ཏུ་འཐོབ་ བོ། །ལ་ལ་ནི་བལྟས་པ་ཙམ་གྱིས་འདོད་ཆགས་དང་བྲལ་བ་ཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རབ་ཏུ་ཞི་བའི་རྣམ་པར་བརྒྱན་ཅེས་བྱ་བ་ཡང་རབ་ཏུ་ཐོབ་པོ། །ལ་ལ་ནི་གླལ་བ་ཙམ་གྱིས་འདོད་ ཆགས་དང་བྲལ་བ་ཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཕས་ཀྱི་རྒོལ་བ་རྣམ་པར་འཐོར་བ་ཞེས་བྱ་བ་ཡང་རབ་ཏུ་འཐོབ་པོ། །ལ་ལ་ནི་མིག་བཙུམས་པ་ཙམ་གྱིས་འདོད་ཆགས་དང་བྲལ་བ་ཐོབ་ པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སངས་རྒྱས་ཀྱི་ཡུལ་སྣང་བ་ཞེས་བྱ་བ་ཡང་རབ་ཏུ་འཐོབ་བོ། །ལ་ལ་ནི་པང་དུ་འཁྱུད་པ་ཙམ་གྱིས་འདོད་ཆགས་དང་བྲལ་བ་འཐོབ་པར་འགྱུར་ཏེ། བྱང་ཆུབ་ 76-1-246b སེམས་དཔའི་ཏིང་ངེ་འཛིན་འགྲོ་བ་ཐམས་ཅད་ཡོངས་སུ་སྡུད་ཅིང་མྱི་གཏོང་བའི་སྙིང་པོ་ཞེས་བྱ་བ་ཡང་རབ་ཏུ་འཐོབ་པོ། །ལ་ལ་ནི་འོ་བྱས་པ་ཙམ་གྱིས་འདོད་ཆགས་དང་བྲལ་བ་འཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ཏིང་ ངེ་འཛིན་འགྲོ་བ་ཐམས་ཅད་བསོད་ནམས་ཀྱི་མཛོད་ལ་རེག་པར་བྱེད་པ་ཞེས་བྱ་བ་ཡང་རབ་ཏུ་འཐོབ་པོ། །དེ་ལྟར་ཁོ་མོ་ནི་སེམས་ཅན་གང་ཇི་སྙེད་གཅིག་ཁོ་མོའི་དྲུང་དུ་འོང་བ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་རྣམ་ པར་ཐར་པ་འདོད་ཆགས་དང་བྲལ་བའི་མཐར་ཕྱིན་པ་ཐམས་ཅད་མཁྱེན་པའི་ཆགས་པ་མེད་པ་ལ་མངོན་དུ་གྱུར་པ་འདི་ཉིད་ལ་རབ་ཏུ་འགོད་དོ། །སྨྲས་པ། འཕགས་མ་ཁྱོད་དེ་ལྟ་བུའི་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་ཁྱོད་ཀྱིས་ དགེ་བའི་རྩ་བ་ནི་གང་དུ་བསྐྱེད། འཕྲིན་ལས་ནི་ཇི་ལྟ་བུ་ཞིག་བསྩགས། སྨྲས་པ། རིགས་ཀྱི་བུ་ཁོ་མོས་དྲན་ན་འདས་པའི་དུས་ཤིག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ། སྐྱེས་བུ་འདུལ་བ་ཁ་ལོ་བསྒྱུར་བ། ལྷ་དང་མིའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཤིན་ཏུ་མཐོ་བར་གཤེགས་པ་ ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་ཤིན་ཏུ་མཐོ་བར་གཤེགས་པ་དེ་སེམས་ཅན་རྣམས་ལ་ཐུགས་བརྩེ་བའི་དོན་ཏུ་རྒྱལ་པོའི་གནས་སྒོ་བཟང་པོ་ཞེས་བྱ་བར་གཤེགས་ནས་སྒོའི་ཐེམ་པ་ལ་ ཞབས་ཀྱིས་གནོན་པའི་ཚེ། གྲོང་ཁྱེར་དེ་ཐམས་ཅད་ཀྱང་། རབ་ཏུ་གཡོས་ནས་ཡངས་ཤིང་རྒྱ་ཆེ་ལ་རིན་པོ་ཆེ་དུ་མ་ལས་བྱས་པར་ཡོངས་སུ་གྱུར་ཏེ། སྟེང་གི་བར་སྣང་ཡང་རིན་པོ་ཆེ་མང་པོའི་འོད་ཀྱིས་རྣམ་པར་ བརྒྱན་པ་དང་། རིན་པོ་ཆེའི་མེ་ཏོག་སྣ་ཚོགས་ཀྱིས་ཡོངས་སུ་གང་བ་དང་། ལྷ་རྫས་ཀྱི་རོལ་མོ་སྣ་ཚོགས་ཀྱི་སྒྲ་རབ་ཏུ་འབྱུང་བ་དང་། ལྷའི་ལུས་ཀྱི་སྤྲིན་ཚད་མེད་པ་རྒྱ་ཆེ་བས་ཁེབས་པར་གྱུར་ཏོ། ། 76-1-247a རིགས་ཀྱི་བུ་ཁོ་མོ་ཡང་དེའི་ཚེ་ཚོང་དཔོན་གྱི་ཆུང་མ་ཞིག་དུ་གྱུར་ཏེ། བློ་གྲོས་བཟང་མོ་ཞེས་བྱའོ། །དེ་ནས་ཁོ་མོ་ཆོ་འཕྲུལ་གྱིས་ཡང་དག་པར་བསྐུལ་ནས་ཁྱིམ་ཐབ་དང་ལྷན་ཅིག་ཏུ་འདོང་དོང་སྟེ། དེ་བཞིན་ གཤེགས་པ་གྲོང་བར་གྱི་སྲང་དུ་གཤེགས་པ་ལ་དད་པ་རྒྱ་ཆེན་པོ་སྐྱེས་ཏེ། ཁོ་མོས་ནི་རིན་པོ་ཆེའི་དྲིལ་བུ་གཅིག་གཅིག་འཕུལ་ལོ། །དེའི་ཚེ་འཇམ་དཔལ་གཞོན་ནུར་གྱུར་པ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤིན་ཏུ་ མཐོ་བར་གཤེགས་པའི་ཞམ་འབྲིང་ན་འདུག་སྟེ། དེས་ཁོ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །རིགས་ཀྱི་བུ་ཁོ་མོས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་འདོད་ཆགས་དང་བྲལ་བའི་མཐར་ ཕྱིན་པ་འདི་ཤེས་པར་ཟད་ན། ཁོ་མོས་བྱང་ཆུབ་སེམས་དཔའི་ཐབས་དང་ཡེ་ཤེས་མཐའ་ཡས་པ་ལ་གནས་པ། བསོད་ནམས་རྒྱ་ཆེ་ཞིང་ཡངས་པའི་མཛོད་དང་ལྡན་པ། ཡེ་ཤེས་ཀྱི་ཡུལ་ལ་ཐུབ་པ་མེད་པ་དེ་དག་ གི་སྤྱོད་པ་ཤེས་པ་འམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན་གྲོང་ཁྱེར་དགེ་བའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ཡོད་དེ། དེ་ན་ཁྱིམ་བདག་ནན་ཁུགས་ཤེས་བྱ་བ་དེ་བཞིན་ གཤེགས་པའི་མཆོད་རྟེན་ཙན་དན་གྱི་ཁྲི་འཕང་ཅན་ལ་མཆོད་པ་བྱེད་པ་ཞིག་འདུག་གིས། དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་ དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་བཅོམ་པ་མ་ལྷའི་བཤེས་གཉེན་མའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། བཅོམ་པ་མ་ལྷའི་བཤེས་གཉེན་མ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་ བསྐོར་བ་བྱས་ནས། ཡང་དང་ཡང་བལྟས་ཏེ། བཅོམ་པ་མ་ལྷའི་བཤེས་གཉེན་མའི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་གྲོང་ཁྱེར་དགེ་བའི་ཕ་རོལ་ཏུ་ཕྱིན་པར་ཁྱིམ་བདག་ནན་ཁུགས་ཀྱི་ཁྱིམ་ 76-1-247b ག་ལ་བ་དེར་ཕྱིན་ནས། ཁྱིམ་བདག་ནན་ཁུགས་ཀྱི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། མདུན་དུ་འདུག་ནས་ཐལ་མོ་སྦྱར་ཏེ། འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་གིས་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་མ་འཚལ་ཏེ། འཕགས་པ་ནི་ བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་རྗེས་སུ་བསྟན་པ་མཛད་དོ། །ཞེས་བདག་གིས་ཐོས་ནས། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ ནན་ཏན་དུ་བགྱི་བ་འཕགས་པས་བདག་ལ་བཤད་དུ་གསོལ། དེས་སྨྲས་པ་རིགས་ཀྱི་བུ་ཁོ་བོ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཡོངས་སུ་མི་ཟད་པ་ཐོབ་པ་སྟེ། རིགས་ཀྱི་བུ་ཁོ་བོའི་སེམས་ཀྱི་རྒྱུད་ ལས་ནི། འཇིག་རྟེན་གྱི་ཁམས་ཐམས་ཅད་ནས་ཀྱང་། སེམས་ཅན་འདུལ་བའི་དབང་དུ་མཛད་པ་མ་གཏོགས་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་ནས་ཀྱང་ཤིན་ཏུ་མྱ་ངན་ལས་འདའ་བའི་ཚུལ་དུ་དེ་བཞིན་ གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་མེད་དོ། །ཡོངས་སུ་མྱ་ངན་ལས་འདའ་བ་མེད་དོ། །ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་མེད་དོ། །རིགས་ཀྱི་བུ་དེ་ལྟར་ཁོ་བོ་ནི་དེ་བཞིན་གཤེགས་པའི་ མཆོད་རྟེན་ཙན་དན་གྱི་ཁྲི་འཕང་གྱི་སྒོ་འབྱེད་པ་སྟེ། ཁོ་བོ་མཆོད་རྟེན་གྱི་སྒོ་འབྱེད་པས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སངས་རྒྱས་ཀྱི་རིགས་མི་ཟད་པའི་རྒྱན་ཅེས་བྱ་བ་ཐོབ་བོ། །རིགས་ཀྱི་བུ་ ཁོ་བོ་ནི་ཏིང་ངེ་འཛིན་འདི་ལ་སེམས་ཀྱི་སྐད་ཅིག་སྐད་ཅིག་དུ་མཉམ་པར་གཞག་སྟེ། སེམས་ཀྱི་སྐད་ཅིག་ཐམས་ཅད་ལའང་ཁྱད་པར་གྱི་རྣམ་པ་དུ་མ་རབ་ཏུ་ཐོབ་བོ། །སྨྲས་པ། འཕགས་པ་ཏིང་ངེ་འཛིན་དེའི་ 76-1-248a ཡུལ་ཇི་ལྟ་བུ་ཞིག་མཆིས། སྨྲས་པ་རིགས་ཀྱི་བུ་ཁོ་བོ་ནི་ཏིང་ངེ་འཛིན་འདི་ལ་སྙོམས་པར་ཞུགས་པའི་ཚེ། འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་འདི་སངས་རྒྱས་གཅིག་ནས་གཅིག་ཏུ་བརྒྱུད་པ་བསོད་བསྐྱབས་ ལ་སྩོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་དང་། གསེར་ཐུབ་དང་ལོག་པར་དད་སེལ་དང་། ཐམས་ཅད་མངའ་བ་དང་། གཙུག་ཏོར་དང་རྣམ་པར་གཟིགས་དང་རྒྱལ་བ་དང་། རྫོགས་མཛད་དང་། གྲགས་ མཆོག་དང་། པད་མོའི་བློ་ལ་སྩོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་སངས་རྒྱས་མཐོང་བའི་མཚམས་འབྲེལ་བས། སངས་རྒྱས་གཅིག་ནས་གཅིག་ཏུ་བརྒྱུད་པ་རྒྱུན་མི་འཆད་པའི་ཚུལ་གྱིས་མངོན་ སུམ་དུ་མཐོང་སྟེ། སེམས་ཀྱི་སྐད་ཅིག་གཅིག་ལ་སངས་རྒྱས་བརྒྱ་ཡང་མཐོང་ངོ་། །དེའི་འོག་མའི་སེམས་ཀྱིས་སངས་རྒྱས་སྟོང་ཡང་མཐོང་ངོ་། །དེའི་འོག་མའི་སེམས་ཀྱིས་སངས་རྒྱས་བརྒྱ་ཕྲག་སྟོང་ཡང་ མཐོང་ངོ་། །དེ་བཞིན་དུ་སངས་རྒྱས་བྱེ་བ་དང་། སངས་རྒྱས་བྱེ་བ་ཕྲག་བརྒྱ་དང་། སངས་རྒྱས་བྱེ་བ་ཕྲག་སྟོང་དང་། སངས་རྒྱས་བྱེ་བ་བརྒྱ་ཕྲག་སྟོང་དང་། སངས་རྒྱས་བྱེ་བ་ཁྲག་ཁྲིག་དང་། སངས་རྒྱས་ བྱེ་བ་དུང་ཕྱུར་དང་། སངས་རྒྱས་བྱེ་བ་ཐམས་ཅད་དང་། སངས་རྒྱས་བྱེ་བ་ཁྲག་ཁྲིག་དང་། དེའི་འོག་མའི་སེམས་ཀྱིས་སངས་རྒྱས་འབྱུང་བ་གཅིག་ནས་གཅིག་ཏུ་རྒྱུད་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ དག་ཀྱང་མཐོང་ངོ་། །དེའི་འོག་མའི་སེམས་ཀྱིས་དེ་བཞིན་གཤེགས་པ་འཛམ་བུའི་གླིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱང་མཐོང་ངོ་། །དེའི་འོག་མའི་སེམས་ཀྱིས་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་ མེད་པའི་ཡང་བརྗོད་དུ་མེད་པའི་བར་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱང་མཐོང་སྟེ། དེ་བཞིན་གཤེགས་པ་དེ་དག་གིས་ཐུགས་དང་པོ་བསྐྱེད་པའི་ཚོགས་གཅིག་ནས་གཅིག་ཏུ་བརྒྱུད་པ་ལའང་འཇུག་གོ། །ཐུགས་དང་པོ་བསྐྱེད་ 76-1-248b པས་འཐོབ་པའི་རྣམ་པར་འཕྲུལ་པ་ལའང་འཇུག་གོ། །སྨོན་ལམ་རྣམ་པ་ཐ་དད་པ་མངོན་པར་བསྒྲུབ་པ་རྣམ་པར་དག་པ་ལའང་འཇུག་གོ། །སྤྱོད་པ་རྣམ་པར་དག་པ་ལའང་འཇུག་གོ། །ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ པར་མཛད་པ་ལའང་འཇུག་གོ། །བྱང་ཆུབ་སེམས་དཔའི་ས་ཐམས་ཅད་ཡོངས་སུ་བསྒྲུབ་པ་ལའང་འཇུག་གོ། །བཟོད་པ་བརྙེས་པ་རྣམ་པར་དག་པ་ལའང་འཇུག་གོ། །བདུད་ཀྱི་དཀྲུགས་མ་རྣམ་པར་འཐོར་བའི་ཁྱུ་ མཆོག་གི་མཐུ་ཕྱུང་བ་ལ་འཇུག་གོ། །མངོན་པར་རྫོགས་པར་འཚང་རྒྱ་བའི་རྣམ་པར་འཕྲུལ་པའི་རྒྱན་ལ་འཇུག་གོ། །སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་མཛད་པ་རྣམ་པ་ཐ་དད་པ་ལའང་འཇུག་གོ། །སེམས་ཅན་ ཡོངས་སུ་སྨྱིན་པར་མཛད་པ་རྣམ་པ་ཐ་དད་པ་ལའང་འཇུག་གོ། །འཁོར་ཀུན་ནས་འདུས་པ་རྣམ་པ་ཐ་དད་པ་ལ་འཇུག་གོ། །འོད་ཀྱི་དཀྱིལ་འཁོར་རྣམ་པ་ཐ་དད་པ་ལ་འཇུག་གོ། །ཆོས་ཀྱི་འཁོར་ལོ་བསྐོར་བའི་ཁྱུ་ མཆོག་གི་མཐུ་ཕྱུང་བ་ལ་འཇུག་གོ། །སངས་རྒྱས་ཀྱི་རྫུ་འཕྲུལ་དང་། རྣམ་པར་འཕྲུལ་པ་དང་། ཆོ་འཕྲུལ་ལའང་འཇུག་གོ། །དེ་བཞིན་གཤེགས་པ་དེ་དག་གིས་ཆོས་བསྟན་པ་ལ་འང་ཤིན་ཏུ་རྣམ་པར་གསལ་ བ་དང་། མ་འདྲེས་པར་དྲན་ཏེ། ཡང་དག་པར་འཛིན་ཏོ། །དྲན་པས་ཡོངས་སུ་བཅངས་སོ། །རིག་པས་རབ་ཏུ་ཤེས་པར་བྱེད་དོ། །བློ་གྲོས་ཀྱིས་ཤིན་ཏུ་རྣམ་པར་འབྱེད་དོ། །བློས་རྟོགས་པར་བྱེད་དོ། །ཤེས་རབ་ཀྱིས་ སྣང་བར་བྱེད་དོ། །མ་བྱོན་པའི་སངས་རྒྱས་གཅིག་ནས་གཅིག་ཏུ་རྒྱུད་པ་བྱམས་པ་ལ་སྩོགས་པ་དག་ཀྱང་མཐོང་ཞིང་ཤེས་ཏེ། སེམས་ཀྱི་སྐད་ཅིག་གཅིག་ལ་སངས་རྒྱས་བརྒྱ་ཡང་མཐོང་ངོ་། །དེའི་འོག་མའི་སེམས་ ཀྱིས་སངས་རྒྱས་སྟོང་ཡང་མཐོང་བ་ནས། དེའི་འོག་མའི་སེམས་ཀྱིས་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དག་ཀྱང་མཐོང་སྟེ། དེ་བཞིན་གཤེགས་ 76-1-249a པ་དེ་དག་གིས་ཐུགས་དང་པོ་བསྐྱེད་པའི་ཚོགས་གཅིག་ནས་གཅིག་ཏུ་བརྒྱུད་པ་ལའང་འཇུག་གོ། །དེ་བཞིན་གཤེགས་པ་དེ་དག་གིས་ཆོས་བསྟན་པ་ཡང་ཤིན་ཏུ་གསལ་བ་དང་། མ་འདྲེས་པར་རྗེས་སུ་དྲན་ ཏེ་ཡང་དག་པར་འཛིན་ཏོ། །དྲན་པས་ཡོངས་སུ་བཅངས་སོ། །རིགས་པས་རབ་ཏུ་ཤེས་པར་བྱེད་དོ། །བློ་གྲོས་རྣམ་པར་འབྱེད་དོ། །བློ་གྲོས་ཀྱིས་རྟོགས་པར་བྱེད་དོ། །ཤེས་རབ་ཀྱིས་སྣང་བར་བྱེད་དོ། ། ཇི་ལྟར་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་འདི་སྔོན་གྱི་མཐའ་དང་ཕྱི་མའི་མཐར་གཏོགས་པའི་སངས་རྒྱས་གཅིག་ནས་གཅིག་ཏུ་རྒྱུད་པ་མཐོང་ཞིང་ཤེས་པ་དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་འདས་པ་ དང་། མ་འོངས་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་སྙེད་ཀྱི་དེ་བཞིན་གཤེགས་པ་གཅིག་ནས་གཅིག་ཏུ་རྒྱུད་པ་ཐམས་ཅད་ཀྱང་ཤེས་ཤིང་མཐོང་ངོ་། །དེ་བཞིན་གཤེགས་པ་དེ་དག་གིས་ཐུགས་ དང་པོ་བསྐྱེད་པའི་ཚོགས་གཅིག་ནས་གཅིག་ཏུ་རྒྱུད་པ་ལའང་འཇུག་གོ། །སངས་རྒྱས་གཅིག་ནས་གཅིག་ཏུ་བརྒྱུད་པ་དེ་ལའང་རྒྱུན་མི་འཆད་པ་དང་། མི་ཟད་པ་དང་། དད་པས་ཤེས་པར་བྱ་བ་དང་། བྱང་ཆུབ་ སེམས་དཔའི་བརྩོན་འགྲུས་དང་། ཞེ་ནོན་པས་ཁོང་དུ་ཆུད་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱི་ཤུགས་རྣམ་པར་འཕེལ་བར་བྱེད་པ་དང་། འཇིག་རྟེན་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། དེའི་ཡུལ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་མི་འཕྲོགས་པ་ཤེས་ཤིང་ཁོང་དུ་ཆུད་པར་བྱེད་དོ། །རྣམ་པར་སྣང་མཛད་ལ་སྩོགས་པ་ད་ལྟར་བྱུང་བའི་ དེ་བཞིན་གཤེགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་ཀྱང་མཐོང་ཞིང་ཤེས་ཏེ། སེམས་ཀྱི་སྐད་ཅིག་གཅིག་ལ་སངས་རྒྱས་བརྒྱ་ཡང་མཐོང་ཞིང་ 76-1-249b ཤེས་སོ། །དེའི་འོག་མའི་སེམས་ཀྱིས་སངས་རྒྱས་སྟོང་ཡང་མཐོང་བ་ནས། དེའི་འོག་མའི་སེམས་ཀྱིས་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ ཀྱི་བར་ཡང་མཐོང་སྟེ། ནམ་དེ་བཞིན་གཤེགས་པ་གང་གི་ཞལ་བལྟ་བར་དགའ་བ་དེའི་ཚེ་འང་དེ་བཞིན་དུ་མཐོང་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བསྟན་པ་དང་། བསྟན་པ་མཛད་པ་ དང་། བསྟན་པར་འགྱུར་བ་དེ་དག་ཀྱང་ཐོས་སོ། །ཐོས་ནས་ཀྱང་འཛིན་ཏོ། །དྲན་པས་ཡོངས་སུ་བཅངས་སོ། །རིག་པས་རབ་ཏུ་ཤེས་པར་བྱེད་དོ། །བློ་གྲོས་ཀྱིས་རྣམ་པར་བྱེད་དོ། །བློ་གྲོས་ཀྱིས་རྣམ་པར་བྱེད་དོ། །ཤེས་རབ་ཀྱིས་ སྣང་བར་བྱེད་དོ། །རིགས་ཀྱི་བུ་ཁོ་བོས་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཡོངས་སུ་མྱ་ངན་ལས་འདའ་བའི་མཐར་ཕྱིན་པ་འདི་ཤེས་པར་ཟད་ན། ཁོ་བོས་བྱང་ཆུབ་སེམས་དཔའ་དུས་གསུམ་སྐད་ཅིག་ གཅིག་ཏུ་ཤེས་པ་རབ་ཏུ་ཐོབ་པ། སྐད་ཅིག་གཅིག་གི་ཆ་ཤས་ལ་ཏིང་ངེ་འཛིན་རྣམ་པར་ཕྱེ་བ་ལ་སྤྱོད་པ། དེ་བཞིན་གཤེགས་པའི་ཉི་མ་འབྱུང་བ་རྟོག་པ་དང་། རྣམ་པར་རྟོག་པ་ཐམས་ཅད་མཉམ་པ་ ཉིད་དུ་ཁོང་དུ་ཆུད་པ། སངས་རྒྱས་ཐམས་ཅད་དང་མཉམ་པའི་ཏིང་ངེ་འཛིན་རྗེས་སུ་རྟོགས་པ། བདག་དང་སེམས་ཅན་དང་། སངས་རྒྱས་མི་གཉིས་པར་སྤྱོད་པ། རང་བཞིན་གྱིས་འོད་གསལ་བའི་ ཆོས་ཀྱི་རྒྱན་ཀྱི་དཀྱིལ་འཁོར་དང་ལྡན་པ། ཡེ་ཤེས་ཀྱི་འཁྲུལ་འཁོར་ཀྱིས་འཇིག་རྟེན་གྱི་དྲ་བ་འགེངས་པ། དེ་བཞིན་གཤེགས་པ་རྒྱ་མཚོ་ཐམས་ཅད་དང་། མི་འགལ་བར་རྣམ་པར་སྤྱོད་པ། ཆོས་ཀྱི་དབྱིངས་ཐམས་ཅད་དུ་རྟོགས་པར་བྱེད་པའི་ཡེ་ཤེས་ཀྱི་ཡུལ་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་བསྟན་པ་རྣམ་པར་རིག་པར་བྱེད་པའི་ཡེ་ཤེས་ཀྱི་ཡུལ་ཅན་དེ་དག་གི་སྤྱོད་པ་ 76-1-250a ཤེས་པའམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན་རི་གྲུ་འཛིན་ཅེས་བྱ་བ་ཡོད་དེ། དེ་ན་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོ་ཞེས་ བྱ་བ་འདུག་གིས། དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་དྲིས་ཤིག་ཅེས་ནས་དེའི་ཚེ། ཚིགས་སུ་བཅད་ པ་འདི་གཉིས་སྨྲས་སོ། །སོང་ཤིག་ནོར་བཟངས་དཔལ་གྱི་ཆུ་རྒྱལ་དབུང་ཞིག་ན། །མཁས་པ་རྣམས་ཀྱིས་རི་རྒྱལ་གྲུ་འཛིན་མཛེས་པ་ཡོད། །རིན་ཆེན་རྒྱུས་བྱས་ཤིང་དང་ནགས་ཚལ་མེ་ཏོག་མང་། ། བཟའ་ཤིང་ར་བ་རྫིང་དང་ཆུ་བྲན་འབབ་པར་བསྟན། །རི་མཆོག་དེ་ལ་བརྟན་པར་སྤྱན་རས་གཟིགས་ཀྱི་དབང་། །འགྲོ་བ་རྣམས་ལ་ཕན་པའི་དོན་དུ་རྣམ་པར་སྤྱོད། །དེའི་གན་སོང་དང་ནོར་བཟངས་ཁྱོད་ ལ་མགོན་པོ་ཡིས། །ཡོན་ཏན་རྒྱ་ཆེན་ཚུལ་ལ་འཇུག་པ་སྟོན་པར་བྱེད། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ཁྱིམ་བདག་ནན་ཁུགས་ཀྱི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས། ཁྱིམ་བདག་ ནན་ཁུགས་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ཏེ། ཡང་དང་ཡང་བལྟས་ནས་ཁྱིམ་བདག་ནན་ཁུགས་ཀྱི་དྲུང་ནས་སོང་ངོ་།། །། སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བཅུ་བདུན་པ། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཁྱིམ་བདག་ནན་ཁུགས་ཀྱི་གདམས་ངག་རྗེས་ སུ་སེམས་ཤིང་། བྱང་ཆུབ་སེམས་དཔའི་མོས་པའི་མཛོད་དེ་ནི་ཤེས་པར་བྱེད། བྱང་ཆུབ་སེམས་དཔའི་རྗེས་སུ་དྲན་པའི་སྟོབས་དེ་ནི་རྗེས་སུ་དྲན་པར་བྱེད། སངས་རྒྱས་ཀྱི་ཚུལ་གཅིག་ནས་ 76-1-250b གཅིག་ཏུ་བརྒྱུད་པའི་སྟོབས་ནི་ཡང་དག་པར་འཛིན་ཏོ། །སངས་རྒྱས་གཅིག་ནས་གཅིག་ཏུ་བརྒྱུད་པའི་མཚམས་ནི་ཁོང་དུ་ཆུད་པར་བྱེད། རྣས་ཐོས་པའི་སངས་རྒྱས་ཀྱི་མཚན་དེ་དག་གི་རྗེས་སུ་འབྲང་། སངས་རྒྱས་ཀྱི་ཆོས་བསྟན་པའི་ཚུལ་དེ་དང་ནི་འཐུན་པར་བྱེད། སངས་རྒྱས་ཀྱིས་ཡང་དག་པར་བསྒྲུབ་པའི་རྒྱན་དེ་ནི་ཁོང་དུ་ཆུད་པར་བྱེད། སངས་རྒྱས་མངོན་པར་རྫོགས་པར་འཚང་རྒྱ་བའི་ཁྱུ་མཆོག་གི་མཐུ་ ཕྱུང་བ་དེ་ལ་ནི་ཡིད་ཆེས་པར་བྱེད། དེ་བཞིན་གཤེགས་པའི་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་དེ་ནི་མངོན་དུ་བྱེད་ཅིང་། མཐར་གྱིས་རི་གྲུ་འཛིན་གང་ན་བ་དེར་འོངས་ནས། རི་གྲུ་འཛིན་གྱི་སྟེང་དུ་ཕྱིན་ཏེ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོ་ཡོངས་སུ་རྨེད་ཅིང་ཚོལ་ཚོལ་བ་ལས། ནུབ་ཕྱོགས་ལོགས་ཀྱི་རི་སྨན་ལྗོངས་མཚོ་དང་། འཚེའུ་དང་འབབ་ཆུས་མཛེས་པར་གྱུར་པ། བཻ་ཌཱུརྱ་སྔོན་པོའི་ དཀྱིལ་འཁོར་ལྟར་སྔོ་ཞིང་འཇམ་ལ། གཞོན་པའི་སྤང་ནགས་ཚལ་ཆེན་པོའི་མཐོངས་ན་འདུག་པ་ཞིག་ན། རིན་པོ་ཆེའི་རྡོ་རྗེའི་རྡོ་སྟེགས་ཤིག་ལ་སྐྱིལ་མོ་དཀྲུང་བཅས་ཏེ་འདུག་ཅིང་། རིན་པོ་ཆེ་སྣ་ཚོགས་ ཀྱི་རྡོ་སྟེགས་ལ་འཁོད་པའི་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས། ཀུན་ནས་བསྐོར་ཅིང་ཆོས་སྟོན་ཏེ། ཆོས་ཀྱི་རྣམ་གྲངས་འགྲོ་བ་ཐམས་ཅད་ཡོངས་སུ་སྡུད་པའི་ཡུལ་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོའི་སྒོ་གསལ་བར་སྟོན་པ་ཞེས་བྱ་བ་ཡང་དག་པར་སྟོན་ཅིང་འདུག་པ་མཐོང་ངོ་། །མཐོང་ནས་ཀྱང་དགའ་རངས་ཏེ་མགུ་ཞིང་ཉམས་བདེ་ལ་ཚིམ་ཞིང་ཡིད་བདེ་བ་སྐྱེས་ནས་དགའ་བས་རྒྱས་ཞིང་མི་འཛུམ་ པའི་མིག་གིས་ཐལ་མོ་སྦྱར་ནས། དགེ་བའི་བཤེས་གཉེན་ལ་དད་པའི་ཤུགས་དང་ལྡན་པས་སེམས་མི་འཁྲུག་པ། དགེ་བའི་བཤེས་གཉེན་མཐོང་ནས། སངས་རྒྱས་ཐམས་ཅད་མཐོང་བར་འཛིན་པ། 76-1-251a དགེ་བའི་བཤེས་གཉེན་ལས་བྱུང་བའི་ཆོས་ཀྱི་སྤྲིན་ཐམས་ཅད་ཡང་དག་པར་གཟུང་བའི་འདུ་ཤེས་དང་ལྡན་པ། ཡོན་ཏན་དང་ནན་ཏན་ཐམས་ཅད་དགེ་བའི་བཤེས་གཉེན་ལ་རག་ལུས་པའི་འདུ་ཤེས་ ཅན། དགེ་བའི་བཤེས་གཉེན་དང་ཕྲད་པ་ཤིན་ཏུ་དཀའ་བར་སེམས་པ། དགེ་བའི་བཤེས་གཉེན་ལས་སྟོབས་བཅུའི་ཡེ་ཤེས་རིན་པོ་ཆེ་འབྱུང་ཞིང་ཐོབ་པར་འགྱུར་བའི་འདུ་ཤེས་དང་ལྡན་པ། དགེ་བའི་ བཤེས་གཉེན་ལས་སྣང་བ་མི་ཟད་པ་འབྱུང་བའི་འདུ་ཤེས་ཅན། དགེ་བའི་བཤེས་གཉེན་གྱི་རྟེན་གྱི་བསོད་ནམས་ཀྱི་རྒྱུད་རྣམ་པར་འཕེལ་བར་འགྱུར་བའི་འདུ་ཤེས་དང་ལྡན་པ། དགེ་བའི་བཤེས་གཉེན་ནི་ ཐམས་ཅད་མཁྱེན་པ་ཉིད་ཀྱི་སྒོ་ཡང་དག་པར་སྟོན་པའི་འདུ་ཤེས་དང་ལྡན་པ། དགེ་བའི་བཤེས་གཉེན་ནི་ཡེ་ཤེས་ཀྱི་རྒྱ་མཚོ་ཆེན་པོ་ལ་འཇུག་པའི་ཡོངས་སུ་སྟོན་པར་འདུ་ཤེས་པ། དགེ་བའི་བཤེས་གཉེན་ནི་ ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚོགས་ཡང་དག་པར་འདུས་པ། ཡོངས་སུ་བསྐྱེད་པའི་འདུ་ཤེས་དང་ལྡན་པ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོ་གང་ན་བ་དེར་ཕྱིན་ཏོ། །དེ་ནས་བྱང་ཆུབ་ སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོས་ཚོང་དཔོན་གྱི་བུ་ནོར་བཟངས་རིང་ཞིག་ནས་ཚུར་འོང་བ་མཐོང་ནས། སྨྲས་པ། ཚུར་ཤོག་དཔེ་མེད་པའི་ཐེག་པ་ཆེན་པོ་ཡངས་ཤིང་བསམ་གྱིས་མི་ཁྱབ་པ་ལ་ ཞུགས་པ། སྐྱེ་བ་ལས་བྱུང་བའི་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་ཤིང་སྐྱབས་མེད་པར་གྱུར་པའི་འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པའི་བསམ་པ་དང་ལྡན་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་ སུམ་དུ་གྱུར་པ། འཇིག་རྟེན་ཐམས་ཅད་ལས་འདས་ཏེ་དཔེ་མེད་ཚད་མེད་པ་ལ་མངོན་པར་མོས་པ། སྙིང་རྗེ་ཆེན་པོས་བྱིན་གྱིས་བརླབས་པས། འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པའི་བློ་གྲོས་ཅན། 76-1-251b བལྟ་ན་ཀུན་ཏུ་བཟང་པོའི་སྤྱོད་ལམ་མངོན་དུ་བལྟས་པ། སྨོན་ལམ་ཆེན་པོའི་དཀྱིལ་འཁོར་ཡོངས་སུ་སྦྱོང་བའི་སེམས་དང་ལྡན་པ། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྤྲིན་ཡོངས་སུ་གཟུང་བར་མོས་པ། དགེ་ བའི་རྩ་བ་བསྩགས་པས་ངོམས་མི་ཤེས་པའི་བསམ་པ་དང་ལྡན་པ། དགེ་བའི་བཤེས་གཉེན་གྱི་གདམ་ངག་ལ་ཡང་དག་པར་ཞུགས་པ། འཇམ་དཔལ་གྱི་ཡེ་ཤེས་རྒྱ་མཚོ་ལས་བྱུང་བའི་ཡོན་ཏན་གྱི་འབྱུང་གནས་ སངས་རྒྱས་ཀྱི་བྱིན་ཀྱིས་བརླབས་ཐོབ་པར་བྱ་བ་ལ་མངོན་དུ་བལྟས་པ། ཏིང་ངེ་འཛིན་ཀྱི་སྣང་བ་དང་ཤུགས་རབ་ཏུ་ཐོབ་པ། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྤྲིན་ཀྱི་ཆར་ཡང་དག་པར་གཟུང་བ་ལ་མངོན་པར་མོས་ པའི་སེམས་དང་ལྡན་པ། སངས་རྒྱས་རྒྱ་མཚོ་མཐོང་བས་དགའ་བ་དང་། མོས་པའི་ཤུགས་ཀྱིས་ཡིད་རབ་ཏུ་བདེ་བར་གྱུར་པ། ལེགས་པར་སྤྱོད་པ་ཚད་མེད་ཅིང་བསམ་གྱིས་མི་ཁྱབ་པའི་ཤུགས་ཀྱིས་མངོན་ པར་བརླན་པའི་སེམས་དང་ལྡན་པ། ཡོན་ཏན་ལ་ནན་ཏན་དུ་བྱ་བའི་ཤུགས་ཀྱིས་རྣམ་པར་དག་པའི་བསོད་ནམས་དང་ཡེ་ཤེས་ཀྱི་མཛོད་བདག་ལ་མངོན་དུ་གྱུར་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་མཐོང་བའི་ལམ་གྱི་ ཤུགས་གཞན་ལ་ཡོངས་སུ་བསྟན་པའི་བསམ་པ་ཅན། སྙིང་རྗེ་ཆེན་པོའི་ཤུགས་མ་ཉམས་པའི་རྩ་བ་དང་ལྡན་པ། དེ་བཞིན་གཤེགས་པའི་ཡེ་ཤེས་སྣང་བའི་ཤུགས་ཡང་དག་པར་གཟུང་བའི་བློ་གྲོས་ཅན་ཁྱོད་འོངས་ པ་ལེགས་སོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོ་གང་ན་བ་དེར་སོང་ནས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་ འཚལ་ཏེ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ་འཕགས་པ་བདག་གིས་ 76-1-252a བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་བགྱི་བར་མ་འཚལ་ཏེ། འཕགས་ པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་རྗེས་སུ་བསྟན་པ་མཛད་དོ་ཞེས་བདག་གིས་ཐོས་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ ནན་ཏན་དུ་བགྱི་བ་འཕགས་པས་བདག་ལ་བཤད་དུ་གསོལ། དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོ་མདོག་འཛམ་བུ་ཆུ་ཀླུང་གི་གསེར་གྱི་ཁ་དོག་ཏུ་འདུག་པ། འོད་ཀྱི་དྲ་བ་རྣམ་པ་སྣ་ཚོགས་ ཚད་མེད་པ་འཕྲོ་བའི་རྒྱན་ཀྱི་སྤྲིན་རབ་ཏུ་འགྱེད་པའི་ལག་པ་གཡས་པ་བརྐྱང་སྟེ། མཚན་དང་དཔེ་བྱད་བཟང་པོ་ལས་བྱུང་བའི་འོད་གཟེར་སྣ་ཚོགས་དྲི་མ་མེད་པ། ལུས་དང་སེམས་ཀྱི་བདེ་བ་ཚད་མེད་པ་ རབ་ཏུ་བསྐྱེད་པའི་ཚོགས་ཀྱིས་ཤིན་ཏུ་རྒྱས་པའི་ལག་པ། ཚོང་དཔོན་གྱི་བུ་ནོར་བཟངས་ཀྱི་སྤྱི་བོ་ལ་བཞག་སྟེ། འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དེ་ལྟར་ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་སེམས་བསྐྱེད་པ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ང་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའི་སྒོ་སྙིང་རྗེ་ཆེན་པོའི་སྒོ་ཐོགས་པ་མེད་པ་ཞེས་བྱ་བ་ཤེས་ཏེ། རིགས་ཀྱི་བུ་ངའི་བྱང་ཆུབ་སེམས་དཔའི་ སྤྱོད་པའི་སྒོ་སྙིང་རྗེ་ཆེན་པོའི་སྒོ་ཐོགས་པ་མེད་པ་དེ་ནི་འགྲོ་བ་ཐམས་ཅད་ལ་དབྱེ་བ་མེད་པར་སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བ་དང་། གདུལ་བ་ལ་ཞུགས་པ་སྒོ་ཀུན་ནས་ཐོགས་ཤིང་རྣམ་པར་རིག་པར་འགྱུར་བས། སེམས་ཅན་ཡོངས་སུ་བསྡུ་བ་དང་། གདུལ་བ་ལ་ཉེ་བར་གནས་པ་སྟེ། རིགས་ཀྱི་བུ་དེ་ལྟར་ང་བྱང་ཆུབ་སེམས་དཔའི་སྤྱོད་པའི་སྒོ་སྙིང་རྗེ་ཆེན་པོའི་སྒོ་ཐོགས་པ་མེད་པ་ལ་གནས་པས། དེ་བཞིན་གཤེགས་པ་ 76-1-252b ཐམས་ཅད་ཀྱི་ཞབས་ཀྱི་དྲུང་ནས་ཀྱང་མི་གཡོ་ལ། སེམས་ཅན་ཐམས་ཅད་ཀྱི་དགོས་པ་ལའང་སྟ་གོན་དུ་གནས་ཏེ། སྦྱིན་པས་ཀྱང་སེམས་ཅན་ཡོངས་སུ་བསྡུད་དོ། །ངག་སྙན་པ་དང་དོན་བྱ་བ་དང་། དོན་འཐུན་པས་ཀྱང་སེམས་ཅན་ ཡོངས་སུ་བསྡུད་དོ། །གཟུགས་ཀྱི་ལུས་རྣམ་པར་བསྟན་པས་ཀྱང་། སེམས་ཅན་ཡོངས་སུ་སྨྱིན་པར་བྱེད་དོ། །ཁ་དོག་དང་དབྱིབས་དང་གཟུགས་བསམ་གྱིས་མི་ཁྱབ་པ་བསྟན་ཏེ། རྣམ་པར་དམིགས་པར་བྱ་བ་དང་། འོད་གཟེར་ཀྱི་ དྲ་བ་དགྱེ་བས་ཀྱང་སེམས་ཅན་རབ་ཏུ་ཚིམ་པར་བྱེད་ཅིང་ཡོངས་སུ་སྨྱིན་པར་བྱེད་དོ། །བསམ་པ་ཇི་ལྟ་བ་བཞིན་དུ་དབྱངས་བརྗོད་པ་དང་། ཅི་ལ་དགའ་བའི་སྤྱོད་ལམ་ཡོངས་སུ་བསྟན་པ་དང་། མོས་པ་སྣ་ཚོགས་དང་། ཚུལ་ འཐུན་པར་ཆོས་བསྟན་པ་དང་། རྫུ་འཕྲུལ་དང་རྣམ་པར་འཕྲུལ་པ་སྣ་ཚོགས་དང་། དགེ་བའི་ཆོས་བསྩགས་པར་བག་མྱི་བྱེད་པའི་སེམས་ཅན་གྱི་སེམས་ཡོངས་སུ་བསྐུལ་བ་དང་། བསམ་པ་དང་འཐུན་པར་སྤྲུལ་པ་སྣ་ཚོགས་ ཚད་མེད་པ་ཡོངས་སུ་བསྟན་པ་དང་། རིགས་སྣ་ཚོགས་སུ་སྐྱེས་པའི་སེམས་ཅན་རྣམས་བསྐལ་པ་འཐུན་པའི་གཟུགས་ཡོངས་སུ་བསྟན་པ་དང་། གནས་གཅིག་ཏུ་འགྲོགས་པས་ཀྱང་སེམས་ཅན་ཡོངས་སུ་སྡུས་ཤིང་ཡོངས་ སུ་སྨྱིན་པར་བྱེད་དོ། །རིགས་ཀྱི་བུ་དེ་ལྟར་ངས་བྱང་ཆུབ་སེམས་དཔའི་སྤྱོད་པའི་སྒོ་སྙིང་རྗེ་ཆེན་པོའི་སྒོ་ཐོགས་པ་མེད་པ་འདི་ཡོངས་སུ་སྦྱངས་པས། འགྲོ་བ་ཐམས་ཅད་རབ་ཏུ་རྟེན་པའི་སྨོན་ལམ་བསྐྱེད་དེ། འདི་ལྟར་སེམས་ཅན་ ཐམས་ཅད་ཀྱི་གཡང་སའི་འཇིགས་པ་དང་། སེམས་ཅན་ཐམས་ཅད་རྒྱུད་ཀྱི་འཇིགས་པ་ཞི་བར་བྱ་བ་དང་། སེམས་ཅན་ཐམས་ཅད་མགོ་རྨོངས་པའི་འཇིགས་པ་རྣམ་པར་བཟློག་པ་དང་། སེམས་ཅན་ཐམས་ཅད་ཀྱི་བཅིངས་ པའི་འཇིགས་པ་ཡོངས་སུ་གཅད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྲོག་ལ་བབ་པར་མི་བདེ་བའི་འཇིགས་པ་རྣམ་པར་བཟློག་པ་དང་། སེམས་ཅན་ཐམས་ཅད་ཡོ་བྱད་ཀྱིས་ཕོངས་པའི་འཇིགས་པ་བསལ་བ་དང་། སེམས་ཅན་ 76-1-253a ཐམས་ཅད་ཀྱི་འཚོ་བ་མེད་པའི་འཇིགས་པ་ཞི་བར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་གྲགས་པ་མེད་པའི་འཇིགས་པ་ལས་ཡོངས་སུ་བཟླ་བ་དང་། སེམས་ཅན་ཐམས་ཅད་ཀྱི་འཁོར་བའི་འཇིགས་པ་རབ་ཏུ་ཞི་བར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་འཁོར་དུ་བག་ཚ་བའི་འཇིགས་པ་མེད་པར་བྱ་བ་དང་། སེམས་ཅན་ཐམས་ཅད་འཆི་བའི་འཇིགས་པ་ལས་རྣམ་པར་བཟླ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ངན་སོང་གི་འཇིགས་པ་རྣམ་པར་བཟློག་པ་དང་། སེམས་ཅན་ཐམས་ཅད་ཀྱི་ལམ་མུན་པས་ཉམ་ང་བ་ཕྱིར་མི་ལྡོག་པའི་སྣང་བས་གསལ་བར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་བསྐལ་པ་མི་མཉམ་པ་དང་འགྲོགས་པའི་འཇིགས་པ་ཤིན་ཏུ་བསལ་བ་དང་། སེམས་ཅན་ ཐམས་ཅད་སྡུག་པ་དང་བྲལ་བའི་འཇིགས་པ་དག་དང་སེམས་ཅན་ཐམས་ཅད་ཀྱི་མི་སྡུག་པ་དང་། འགྲོགས་པའི་འཇིགས་པ་མེད་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ལུས་ལ་མི་བདེ་བའི་འཇིགས་པ་དང་བྲལ་བར་བྱ་བ་ དང་། སེམས་ཅན་ཐམས་ཅད་སེམས་ལ་མི་བདེ་བའི་འཇིགས་པ་ལས་དགྲོལ་བ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་འཁྲུགས་པ་ལས་ཡོངས་སུ་བཟླ་བའི་ཕྱིར་འགྲོ་བ་ཐམས་ཅད་ རབ་ཏུ་རྟེན་པའི་སྨོན་ལམ་མངོན་པར་བསྒྲུབས་པ་འདི་བྱས་སོ། །སེམས་ཅན་ཐམས་ཅད་ཀྱི་འཇིགས་པ་རྣམ་པར་ཐར་བར་བྱ་བའི་ཕྱིར་ཡང་འཇིག་རྟེན་དུ་རྗེས་སུ་དྲན་པའི་སྒོ་བྱིན་ཀྱིས་བརླབས་སོ། །སེམས་ཅན་ཐམས་ཅད་ འཇིགས་པ་དང་བྲལ་བར་བྱ་བའི་ཕྱིར། རང་གི་མྱིང་འཁོར་ལོ་ཡང་འཇིག་རྟེན་དུ་རྣམ་པར་དམིགས་པར་བྱས་སོ། །དུས་ཇི་ལྟ་བ་བཞིན་དུ་འགྲོ་བས་རྣམ་པར་དམྱིགས་པར་བྱ་བའི་ཕྱིར་འགྲོ་བ་ཐམས་ཅད་ཀྱི་རྣམ་པའི་བྱེ་བ་མཐའ་ ཡས་པ་དང་། མཉམ་པར་ངའི་ལུས་ཀྱང་བྱིན་ཀྱིས་བརླབས་སོ། །རིགས་ཀྱི་བུ་དེ་ལྟར་ང་ནི་ཐབས་འདིས་སེམས་ཅན་ཐམས་ཅད་འཇིགས་པ་ལས་ཡོངས་སུ་དཀྲོལ་ཞིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པར་བྱ་བའི་ 76-1-253b ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕྱིར་མི་ལྡོག་པར་བྱེད་དོ། །རིགས་ཀྱི་བུ་ངས་བྱང་ཆུབ་སེམས་དཔའི་སྤྱོད་པའི་སྒོ་སྙིང་རྗེ་ཆེན་པོའི་སྒོ་ཐོགས་པ་མེད་པ་འདི་ཐོབ་པར་ཟད་ན། ངས་བྱང་ ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྨོན་ལམ་ཀྱི་དཀྱིལ་འཁོར་ལ་རྣམ་པར་དག་པ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ཁོང་དུ་ཆུད་པར་རྟོགས་པ། དགེ་བའི་ཆོས་མངོན་ པར་འདུ་བྱ་བ་རྒྱུན་མི་གཅོད་པའི་རྒྱུན་དང་ལྡན་པ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐམས་ཅད་ཀྱི་རྒྱུད་ལ་རྟག་ཏུ་མཉམ་པར་གཞག་པ། བསྐལ་པ་ཐམས་ཅད་དུ་གནས་ཤིང་སྤྱོད་པ་ལས་ཕྱིར་མི་ལྡོག་པའི་རྒྱུད་དང་ ལྡན་པ། དུས་གསུམ་ཐམས་ཅད་ཀྱི་ཚུལ་རྗེས་སུ་རྟོགས་པའི་རྒྱུད་དང་ལྡན་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཀློང་ཡོངས་སུ་འཁྱིལ་པའི་རྒྱུད་ལ་མཁས་པ། སེམས་ཅན་ཐམས་ཅད་ཀྱི་མི་དགེ་བའི་སེམས་ རྣམ་པར་ཞི་བར་བྱེད་པའི་རྒྱུད་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་སེམས་ཡོངས་སུ་འཕེལ་བའི་རྒྱུད་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་འཁོར་བའི་རྒྱུད་ལས་ཕྱིར་མི་ལྡོག་པར་བྱེད་པའི་རྒྱུད་དང་ལྡན་པ། དེ་དག་གི་སྤྱོད་པ་ཤེས་པ་འམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། དེ་ལ་འདི་སྐད་ཅེས་བྱའོ། །གཡས་ཕྱོགས་བསྐོར་བ་བྱས་ཏེ་གུས་པར་བཀུར་བསྟོད་ནས། །ནོར་བཟངས་ཤིན་ཏུ་དུལ་བའི་ལྷོ་ཕྱོགས་རྒྱུད་དུ་སོང་། །སྤྱན་ རས་གཟིགས་དབང་དྲང་སྲོང་སྙིང་རྗེ་རྣམས་སྤྱོད་པ། །རིན་ཆེན་རིའི་སུལ་ན་གནས་པར་དེས་ཀྱང་མཐོང་། །རིན་ཆེན་སྣ་ཚོགས་རྡོ་རྗེ་རི་ཡི་སྨན་ལྗོངས་ན། །པད་མའི་སྙིང་པོའི་སེང་གེའི་ཁྲི་ལ་བརྟན་པར་འདུག །ལྷ་དང་ལྷ་མིན་ ཀླུ་དང་སྲིན་པོ་མི་འམ་ཅི། །རྒྱལ་བའི་སྲས་ཀྱིས་བསྐོར་ཅིང་དེ་ལ་ཆོས་ཀྱང་སྟོན། །མཐོང་ནས་ནོར་བཟངས་དགའ་བ་ཚད་མེད་སྐྱེས་པར་གྱུར། །བསྙེན་ཏེ་ཡོན་ཏན་རྒྱ་མཚོའི་རྐང་ལ་ཕྱག་འཚལ་ནས། ། 76-1-254a ཅི་ནས་བཟང་པོའི་སྤྱོད་པ་བདག་གིས་ཐོས་འགྱུར་བས། །འཕགས་པས་ཐུགས་རྗེ་བསྐྱེད་དེ་གདམས་ཤིང་བརླབ་དུ་གསོལ། །བསོད་ནམས་བརྒྱ་ཡིས་བརྒྱན་པའི་དྲི་མེད་ལག་བརྐྱང་སྟེ། །འོད་སྤྲིན་དྲ་བ་རྒྱ་ ཆེན་བཟང་པོ་རབ་བཏོན་ནས། །ནོར་བཟངས་སྤྱི་བོར་བཞག་སྟེ་སེམས་ཅན་རྣམ་དག་པ། །སྤྱན་རས་གཟིགས་ཀྱི་དབང་པོ་མཁས་པས་ཚིག་འདི་སྨྲས། །སངས་རྒྱས་སྲས་པོ་ང་ནི་རྣམ་ཐར་གཅིག་སྒོ་ཤེས། །ཡེ་ཤེས་ སྙིང་པོ་རྒྱལ་བ་ཀུན་ཀྱི་ཐུགས་རྗེས་བསྡུས། །འགྲོ་བ་ཐམས་ཅད་བསྐྱབ་ཅིང་ཡོངས་སུ་བསྡུ་ཕྱིར་བྱུང་། །ཀུན་ཏུ་བདག་ཉིད་རང་ལ་བྱམས་པ་བཞིན་དུ་རྒྱུ། །འགྲོ་བ་མང་པོ་ཐམས་ཅད་སྡུག་བསྔལ་ཀུན་ལས་སྐྱོབ། །གང་ རྣམས་དམ་དུ་བཅིངས་ཤིང་དགྲ་ལག་ཕྱིན་པ་དང་། །ལུས་ལ་གཟེར་ཅིང་དེ་བཞིན་བཙོན་རར་བཅུག་པ་ཡང་། །ངའི་མིང་ཐོས་བཅིངས་ལས་བཟུང་བ་ཐར་བར་འགྱུར། །རྒྱལ་པོ་དག་ལ་ཉེས་པའི་སྐྱོན་བྱས་གསད་སྤངས་པ། ། དེ་ཚེ་དེ་དག་ང་ཡི་མིང་ཡང་དྲན་གྱུར་ན། །མདའ་འཕངས་དེ་ཡི་ལུས་ལ་ཕོག་པར་མི་འགྱུར་ཏེ། །མཚོན་རྣོན་བཏབ་ཀྱང་དེ་དག་མི་འཛུག་བརྒལ་བར་འགྱུར། །དབང་པོའི་འཁོར་དུ་ཕྱིན་ཀྱང་གང་རྣམས་བརྩོད་གྱུར་པ། །དགྲ་རྣམས་ ཀུན་ལས་རྒྱལ་འགྱུར་གྲགས་པ་ཐོབ་པར་འགྱུར། །གྲགས་དང་གྲོགས་དང་རིགས་དང་ནོར་རྣམས་འཕེལ་བར་འགྱུར། །ང་ཡི་མིང་དྲན་དེ་དག་ཐུབ་པ་མེད་པར་འགྱུར། །གང་གིས་ང་ཡི་མིང་ནི་རྗེས་སུ་དྲན་བྱས་པ། །དེ་དག་ རྐུན་པོས་འཇིགས་དོགས་དགྲས་འཇིགས་ནགས་ཕྱིན་ཏེ། །སེང་གེ་དོམ་གཟིག་གཅན་ཟན་གཡག་རྒོད་སྦྲུལ་གང་ཡང་། །དགྲ་རྣམས་ཀུན་ལས་རྒྱལ་ཞིང་འཇིགས་པ་མེད་པར་འགྱུར། །གང་རྣམས་ལ་ལས་ང་ཡི་མིང་ཞིག་ དྲན་བྱས་ན། །སྡང་བའི་སེམས་ཀྱིས་རིན་ཆེན་ལྟོངས་སུ་བོར་གྱུར་ཏམ། །སོལ་མདོག་མེ་ལྕེ་རབ་ཏུ་འབར་བར་བོར་གྱུར་ཀྱང་། །མེ་རྣམས་པད་མོས་གང་བའི་ཆུ་ཡི་གཏེར་དུ་འགྱུར། །ང་ཡི་མིང་ནི་སྐད་འགའ་ཡུད་ཙམ་རྗེས་དྲན་ན། ། 76-1-254b རྒྱ་མཚོའི་ཆུར་བོར་དེ་ཡི་ནང་དུ་འཆི་མི་འགྱུར། །ཆུ་བོས་མི་འཁྱེར་མེ་ཡི་དབུས་སུ་ཚིག་མི་འགྱུར། །དོན་མེད་ཀུན་ཏུ་མི་འགྱུར་དོན་རྣམས་འགྲུབ་པར་འགྱུར། །ཤིང་སྒྲོགས་དབྱིག་ཆིངས་ལྕག་སྒྲོག་དེ་བཞིན་ལྟུང་རྣམས་དང་། ། བརྙས་ཤིང་ཁྱད་བསད་དེ་བཞིན་བསླུས་པ་དང་། །སྤྱོས་ཤིང་བརྡེགས་ཏེ་གཤེ་དང་སྨ་ཕབ་རྣམ་པ་ལས། །ང་ཡི་མིང་ཙམ་དྲན་པར་བྱས་ནས་ཐར་པ་ཐོབ། །གང་རྣམས་ཤར་གཉེར་སྣ་ཚོགས་གླགས་བལྟ་ཇི་སྙེད་དང་། །གང་ རྣམས་རྟག་ཏུ་ཞེ་སྡང་མི་སྙན་བརྗོད་པ་རྣམས། །ང་ཡི་མིང་ཐོས་དྲན་བྱས་སྙན་པར་འགྱུར། །མཐོང་བ་ཙམ་གྱིས་མོད་ལ་བྱམས་པའི་སེམས་ཀྱང་སྐྱེ། །ང་ཡི་མིང་ཙམ་ལ་ལས་གང་གིས་དྲན་བྱས་ནས། །གནོད་པའི་དོན་དུ་རོ་ ལངས་སྔགས་དང་བྱད་བྱེད་པའི། །དགྲ་རྣམས་རྟག་ཏུ་དེ་ཡི་ཟིལ་གྱིས་ནོན་པར་འགྱུར། །མ་ལུས་དུག་གིས་དེ་ཡི་ལུས་ལ་མི་ཚུགས་སོ། །ལ་ལ་གང་གིས་ང་ཡི་མིང་ཙམ་དྲན་བྱས་ན། །ཀླུ་དབང་སྲིན་ཚོགས་མཁའ་ལྡིང་ ཤ་ཟ་ཐམས་ཅད་དང་། །གྲུལ་བུམ་སྲུལ་པོ་འཚེ་བྱེད་གཏུམ་པོའི་སེམས་དང་ལྡན། །མདངས་འཕྲོག་འཇིགས་བྱེད་རྨི་ལམ་འོང་བའང་ཞི་བར་འགྱུར། །ང་ཡི་མིང་ནི་སྐད་ཅིག་ཡུད་ཙམ་དྲན་བྱས་ཀྱང་། །ཕ་དང་མ་དང་བཤེས་ གཉེན་མཛའ་བ་ཀུན་དང་ཡང་། །འབྲལ་བར་མི་འགྱུར་སྡང་དང་འགྲོགས་པར་དེ་བཞིན་མིན། །ནོར་ཟད་མི་འགྱུར་ཕོངས་པའི་དངོས་སུ་མི་འགྱུར་རོ། །ང་ཡི་མིང་ནི་རྗེས་སུ་ལ་ལ་དྲན་བྱེད་ན། །འདི་ནས་ཤི་འཕོས་མནར་ མེད་སེམས་དམྱལ་མི་འགྲོ་སྟེ། །བྱོལ་སོང་སྐྱེ་གནས་ཡི་དགས་མི་ཁོམ་གནས་སུ་མིན། །སེམས་ཅན་དག་ལ་ལྷ་དང་མི་ཡི་གནས་སུ་སྐྱེ། །ང་ཡི་མིང་ནི་ལ་ལ་གང་གིས་དྲན་བྱས་ན། །དམུས་ལོང་ཞར་བ་ འོན་པ་ཞ་བོར་མི་འགྱུར་ཏེ། །མཐེང་པོ་ལོང་བར་མི་འགྱུར་གསལ་སྨྲ་བལྟ་སྡུག་འགྱུར། །བསྐལ་པ་བྱེ་བ་མང་པོར་དབང་པོར་ཀུན་ལྡན་འགྱུར། །ལ་ལ་གང་གིས་ང་ཡི་མྱིང་ནི་ 76-1-255a རྗེས་དྲན་ན། །སེམས་ཅན་དག་པ་འདི་ནས་ཤི་འཕོས་ཕྱོགས་བཅུ་ཡི། །འཇིག་རྟེན་ཁམས་སུ་སངས་རྒྱས་མངོན་སུམ་སྐྱེ་བར་འགྱུར། །སངས་རྒྱས་མཐོང་འགྱུར་དེ་དག་ཆོས་ཀྱང་ཐོས་པར་འགྱུར། །འདི་དང་དེ་བཞིན་གཞན་ དག་ཐབས་མང་ཇི་སྙེད་ཀྱིས། །འགྲོ་བར་སེམས་ཅན་ང་འདུལ་གཞལ་དང་ཟད་མི་ནུས། །སངས་རྒྱས་སྲས་པོ་ངས་ནི་རྣམ་ཐར་གཅིག་བསྒོམས་སྟེ། །ཡོན་ཏན་ཅན་གྱི་ཡོན་ཏན་ཐམས་ཅད་ངས་མི་ཤེས། །དེའི་ཚེ་བྱང་ཆུབ་སེམས་ དཔའ་གཞན་དུ་མི་འགྲོ་བ་ཞེས་བྱ་བ་ཤར་ཕྱོགས་ནས་ནམ་མཁའི་དབྱིངས་ལས་འོངས་ཏེ། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་འཁོར་ཡུག་གི་རྩེ་མོར་འདུག་གོ། །བྱང་ཆུབ་སེམས་དཔའ་གཞན་དུ་མི་འགྲོ་བས། མི་མཇེད་ཀྱི་ འཇིག་རྟེན་གྱི་ཁམས་ཀྱི་འཁོར་ཡུག་གི་རྩེ་མོ་ལ་རྐང་པ་གཉིས་བོར་མ་ཐག་དུ། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་ཏེ། རིན་པོ་ཆེ་དུ་མའི་རང་བཞིན་དུ་ཀུན་ནས་གནས་པར་གྱུར་ཏོ། །བྱང་ཆུབ་ སེམས་དཔའ་གཞན་དུ་མྱི་འགྲོ་བ་དེས། ཉི་མ་དང་ཟླ་བའི་འོད་ཐམས་ཅད་ཟིལ་གྱིས་ནོན་པ་དང་། ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་ ཚངས་པ་དང་། འཇིག་རྟེན་ཀྱི་མགོན་པོ་དང་། མེ་དང་རིན་པོ་ཆེ་དང་། གློག་དང་། སྐར་མའི་འོད་ཀྱང་ཟིལ་གྱིས་ནོན་པ་དེ་ལྟ་བུའི་འོད་ལུས་ལས་བཀྱེ་སྟེ། སེམས་ཅན་དམྱལ་བ་ཆེན་པོ་དག་ཀྱང་སྣང་བར་བྱས། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་ལམ་གྱི་རྒྱུད་ཐིབས་པོ་ཐམས་ཅད་ཀྱང་སྣང་བར་བྱས་ཏེ། ངན་སོང་གི་སྡུག་བསྔལ་ཐམས་ཅད་ཀྱང་དེ་མ་ཐག་དུ་ཞིའོ། །སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཡང་ཉམས་སུ་མི་ནོན་པར་གྱུར་ཏེ། །མྱ་ངན་གྱི་ ཟུག་རྔུ་དང་སྡུག་བསྔལ་སྣ་ཚོགས་ཀྱང་རྩེ་ཞིལ་བར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་འདི་ཐམས་ཅད་དུའང་རིན་པོ་ཆེའི་སྤྲིན་ཀྱི་ཆར་ཕབ་སྟེ། མེ་ཏོག་དང་སྤོས་དང་། བདུག་པ་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་ 76-1-255b དང་། རྒྱལ་མཚན་དང་། བ་དན་གྱི་རྒྱན་ཐམས་ཅད་དང་ལྡན་པའི་མཆོད་པ་སྣ་ཚོགས་ཀྱི་སྤྲིན་གྱི་ཆར་ཡང་མངོན་པར་ཕབ་སྟེ། བཅོམ་ལྡན་འདས་གང་ན་བ་དེར་སོང་ངོ་། །དེའི་ལུས་དེའི་གཟུགས་བརྙན་ནི་སེམས་ཅན་ཐམས་ཅད་གནས་སུ་སྣང་ བ་སྟེ་བསམ་པ་ཇི་ལྟ་བ་བཞིན་དུ་ཚིམ་པར་བྱེད་པ་ལ་མངོན་པར་གཞོལ་བས། རི་གྲུ་འཛིན་དེ་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོའི་དྲུང་དུ་ཡང་ཕྱིན་པར་སྣང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོས་ ཚོང་དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་གཞན་དུ་མི་འགྲོ་བ་འཁོར་གྱི་དཀྱིལ་འཁོར་འདིར་ཕྱིན་པ་མཐོང་ངམ། སྨྲས་པ་འཕགས་པ་མཐོང་ངོ་། །སྨྲས་པ་རིགས་ཀྱི་བུ་བྱང་ ཆུབ་སེམས་དཔའ་གཞན་དུ་མི་འགྲོ་བའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་ཏུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་བྱང་ ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོ་ལ། ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། ཡང་དང་ ཡང་བལྟས་ཏེ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོའི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོའི་ཡེ་ཤེས་ཀྱི་གཏིང་མ་རྙེད་པའི་སེམས་ཀྱིས་ སྤྱན་རས་གཟིགས་ཀྱི་དབང་པོ་བལྟ་བས་ཀྱང་མ་ངོམས་བཞིན་དུ་བསྒོ་བ་དང་། མི་འགལ་བར་བྱང་ཆུབ་སེམས་དཔའ་གཞན་དུ་མི་འགྲོ་བ་གང་ན་བ་དེར་སོང་སྟེ། བྱང་ཆུབ་སེམས་དཔའ་གཞན་དུ་མི་འགྲོ་བའི་རྐང་པ་གཉིས་ལ་སྤྱི་ བོས་ཕྱག་འཚལ་ནས་མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་ 76-1-256a སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་མ་འཚལ་ཏེ། འཕགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་པ་དང་རྗེས་སུ་བསྟན་པ་མཛད་དོ་ཞེས་བདག་གིས་ཐོས་ན། ཇི་ལྟར་བྱང་ཆུབ་སེམས་ དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་འཕགས་པས་བདག་ལ་བཤད་དུ་གསོལ། དེས་སྨྲས་པ་རིགས་ཀྱི་བུ་ང་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྒོ་ཀུན་ཏུ་འགྲོ་བ་ ཐོབ་པོ་སྨྲས་པ། འཕགས་པ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་གང་གི་ཞབས་ཀྱི་དྲུང་ནས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པའི་སྒོ་ཀུན་ཏུ་འགྲོ་བ་ཞེས་བྱ་བ་འདི་བརྙེས། འཇིག་རྟེན་གྱི་ཁམས་དེ་ནི་འདི་ནས་ཇི་སྲིད་གཅིག་ ན་མཆིས། འཇིག་རྟེན་གྱི་ཁམས་དེ་ནས་བཞུད་ནས་ནི་ཇི་སྲིད་གཅིག་ལགས། སྨྲས་པ་རིགས་ཀྱི་བུ་གནས་འདི་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུས་ཀྱང་ ཤེས་པར་དཀའ་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་མཐུ་དང་། བྱང་ཆུབ་སེམས་དཔའི་བརྩོན་འགྲུས་མི་ལྡོག་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་མི་འཕྲོགས་པའི་ཡུལ་ཏེ། དེ་ནི་རིགས་ཀྱི་བུ་དགེ་བའི་བཤེས་གཉེན་ གྱིས་ཡོངས་སུ་མ་ཟིན་པ། སངས་རྒྱས་ཀྱིས་མ་དགོངས་པ། དགེ་བའི་རྩ་བ་མ་བསྩགས་པ། བསམ་པ་ཡོངས་སུ་མ་དག་པ། བྱང་ཆུབ་སེམས་དཔའི་དབང་པོ་མ་ཐོབ་པ། ཤེས་རབ་ཀྱི་མིག་དང་མི་ལྡན་པ་རྣམས་ ཀྱིས་ཐོས་པ་འམ། ཡོངས་སུ་གཟུང་བ་འམ། ཡིད་ཆེས་པ་འམ། ཁོང་དུ་ཆུད་པར་བྱ་བར་མི་ནུས་སོ། །སྨྲས་པ། སངས་རྒྱས་ཀྱི་མཐུ་དང་། དགེ་བའི་བཤེས་གཉེན་གྱི་གཟུངས་ཀྱི་དད་པ་དང་། མོས་པར་བགྱི་ནས་ འཕགས་པས་བདག་ལ་བཀའ་མི་བསྩལ་ཏམ། དེས་སྨྲས་པ་རིགས་ཀྱི་བུ་ང་ནི་ཤར་ཕྱོགས་ཀྱི་འཇིག་རྟེན་ཀྱི་ཁམས་དཔལ་གྱི་སྙིང་པོ་དང་ལྡན་པ་ན་དེ་བཞིན་གཤེགས་པ་དཔལ་ཀུན་ནས་ཡང་དག་པར་འབྱུང་བའི་སངས་རྒྱས་ 76-1-256b ཀྱི་ཞིང་ནས་འོངས་ཏེ། དེ་བཞིན་གཤེགས་པ་དཔལ་ཀུན་ནས་ཡང་དག་པར་འབྱུང་བའི་ཞབས་ཀྱི་དྲུང་ནས་ངས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྒོ་ཀུན་ཏུ་འགྲོ་བ་འདི་ཐོབ་པོ། །རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་དཔལ་ གྱི་སྙིང་པོ་དང་ལྡན་པ་དེ་ནས་ང་སོང་ནས་ནི་བསྐལ་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་གཅིག་འདས་ཏེ། སེམས་བསྐྱེད་པ་རེ་རེ་ཞིང་ཡང་གོམ་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་ པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་གཅིག་བོར་རོ། །གོམ་པ་རེ་རེས་ཀྱང་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་དང་ལྡན་པར་ཤེས་ཏེ། སངས་རྒྱས་ བཅོམ་ལྡན་འདས་དེ་དག་ལའང་དེ་བཞིན་གཤེགས་པའི་མཆོད་པ་བླ་ན་མེད་པ་ཡིད་ཀྱིས་རང་བཞིན་ཆོས་ཉིད་མངོན་པར་འདུ་བྱ་བ་མེད་པའི་རྒྱས་བཏབ་པ་དེ་བཞིན་གཤེགས་པས་གནང་བས་བྱང་ཆུབ་སེམས་དཔའི་དགའ་བ་ཡོངསུ་ བསྐྱེད་པས་མཆོད་པ་བྱས་སོ། །འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་གྱི་ཁམས་རྒྱ་མཚོ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་མཐོང་སྟེ། དེ་དག་ཐམས་ཅད་ཀྱི་སེམས་རྒྱ་མཚོ་ཡང་ཁོང་དུ་ཆུད་དོ། །དེ་དག་ཐམས་ཅད་ཀྱི་ དབང་པོའི་འཁོར་ལོ་ཡང་ཡོངས་སུ་ཤེས་ཤིང་བསམ་པ་དང་། མོས་པ་ཇི་ལྟ་བ་བཞིན་དུ་གཟུགས་ཀྱི་ལུས་ཡོངས་སུ་སྟོན་ཏོ། །ཆོས་ཀྱི་དབྱངས་རབ་ཏུ་བསྒྲགས་སོ། །འོད་ཀྱི་དཀྱིལ་འཁོར་ཡོངས་སུ་བཀྱེའོ། །ཡོ་བྱད་སྣ་ ཚོགས་བས་ཀྱང་ཉེ་བར་བཏུང་ངོ་། །རང་གི་ལུས་ཀྱང་དེ་དག་ལ་བྱིན་གྱིས་བརླབས་ཏེ། དེ་ནི་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བའི་སྦྱོར་བ་རྒྱུན་མི་གཅོད་པའི་ཕྱིར་རོ། །ཤར་ཕྱོགས་ནས་ཇི་ལྟར་འོངས་པ་དེ་བཞིན་དུ་ལྷོ་ཕྱོགས་ དང་ནུབ་ཕྱོགས་དང་། བྱང་ཕྱོགས་དང་། བྱང་ཤར་གྱི་ཕྱོགས་མཚམས་དང་། ཤར་ལྷོའི་ཕྱོགས་མཚམས་དང་། ལྷོ་ནུབ་ཀྱི་ཕྱོགས་མཚམས་དང་། ནུབ་བྱང་གི་ཕྱོགས་མཚམས་དང་། འོག་དང་སྟེང་གི་ཕྱོགས་ནས་ཀྱང་དེ་བཞིན་ཏེ། རིགས་ཀྱི་བུ་ངས་ནི་བྱང་ཆུབ་ 76-1-257a སེམས་དཔའི་རྣམ་པར་ཐར་པའི་སྒོ་ཀུན་ནས་འགྲོ་བ་ཞེས་བྱ་བ་འདི་ཤེས་པར་ཟད་ན། ངས་བྱང་ཆུབ་སེམས་དཔའ་ཕྱོགས་ཀུན་ཏུ་མངོན་པར་གཞོལ་བ། ཐ་མི་དད་པའི་ཡེ་ཤེས་ཀྱི་ཡུལ་དང་ལྡན་པ་ཆོས་ཀྱི་དབྱིངས་ ཐམས་ཅད་དུ་ལུས་རྣམ་པར་བཀོད་པ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་། མོས་པ་ཇི་ལྟ་བ་བཞིན་དུ་མཐུན་པར་སྤྱོད་པ། ཞིང་ཐམས་ཅད་ལུས་ཀྱིས་རྒྱས་པར་འགེངས་པ། ཆོས་ཐམས་ཅད་ཀྱི་རྒྱུད་ཀྱི་རྗེས་སུ་སོང་ངོ་། ། དུས་གསུམ་གྱི་རྒྱུད་མཉམ་པ་ཉིད་དུ་གྱུར་པ། ཆོས་ཀྱི་ཕྱོགས་ཀྱི་རྒྱུད་དང་མཉམ་པ་ཉིད་དུ་གྱུར་པའི་ལུས་དང་ལྡན་པ། འགྲོ་བའི་རྒྱུད་ཐམས་ཅད་དུ་རྣམ་པར་ལྡང་བ། དེ་བཞིན་གཤེགས་པའི་རྒྱུད་ཐམས་ཅད་ལ་རྣམ་པར་རྟོག་ པ་མེད་པ། ཆགས་པ་མེད་པའི་རྒྱུད་ཐམས་ཅད་ཁོང་དུ་ཆུད་པ། གནས་མེད་པའི་རྒྱུད་ལ་རབ་ཏུ་གནས་པ་དེ་དག་གི་སྤྱོད་པ་ཤེས་པ་འམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན་གྲོང་ཁྱེར་ སྒོ་དང་ལྡན་པ་ཞེས་བྱ་བ་ཡོད་དེ། དེ་ན་ལྷ་ལྷ་ཆེན་པོ་ཞེས་བྱ་བ་འདུག་གིས་དེའི་གན་དུ་སོང་ལ། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག ། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་བྱང་ཆུབ་སེམས་དཔའ་གཞན་དུ་མི་འགྲོ་བའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། བྱང་ཆུབ་སེམས་དཔའ་གཞན་དུ་མི་འགྲོ་བ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་ བསྐོར་བ་བྱས་ནས་ཡང་དང་ཡང་བལྟས་ཏེ། བྱང་ཆུབ་སེམས་དཔའ་གཞན་དུ་མི་འགྲོ་བའི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་ཆེན་པོའི་རྗེས་སུ་སོང་བའི་བསམ་ པ་དང་ལྡན་པ། བྱང་ཆུབ་སེམས་དཔའ་གཞན་དུ་མི་འགྲོ་བའི་ཡེ་ཤེས་ཀྱི་སྤྱོད་ཡུལ་འདོད་པའི་ངང་ཚུལ་ཅན་མངོན་པར་ཤེས་པ་ཆེན་པོ་མངོན་པར་བསྒྲུབ་པའི་ཡུལ་ལ་ཡོན་ཏན་གྱི་ཁྱད་པར་དུ་བལྟ་བ། བརྩོན་འགྲུས་བརྟན་པའི་ 76-1-257b གོ་ཆ་རབ་ཏུ་དགའ་བའི་ཁྱད་པར་ཐོབ་པོ། །བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པས་རྣམ་པར་བརྩེ་བའི་རྗེས་སུ་སོང་བའི་བསམ་པ་དང་ལྡན་པ། དེ་བྱང་ཆུབ་སེམས་དཔའི་ཡོན་ཏན་ཀྱི་ས་ལ་ནི་ནན་ཏན་བྱེད། ཏིང་ངེ་འཛིན་ གྱི་ས་ལ་ནི་རྣམ་པར་དཔྱོད། གཟུངས་ཀྱི་ས་ལ་ནི་རབ་ཏུ་གནས་པར་བྱེད། སྨོན་ལམ་གྱི་ས་ལ་ནི་འཇུག་པར་བྱེད། སོ་སོ་ཡང་དག་པར་རིག་པའི་ས་ལ་ནི་རྗེས་སུ་སློབ། སྟོབས་ཀྱི་ས་ལ་ནི་ཡོངས་སུ་བསྒྲུབ་ཅིང་མཐར་གྱིས་ གྲོང་ཁྱེར་སྒོ་དང་ལྡན་པ་གང་ན་བ་དེར་སོང་སྟེ། ལྷ་ལྷ་ཆེན་པོ་ཀུན་དུ་དྲིས་པ་དང་། དེ་ལ་འགྲོ་བ་མང་པོས་བསྟན་པས། རིགས་ཀྱི་བུ་འདི་རེ། ལྷ་ལྷ་ཆེན་པོ་གྲོང་ཁྱེར་གྱི་ལམ་ཀྱི་མདོ་ན་བདག་ཉིད་ཤིན་ཏུ་ཆེ་བས། སེམས་ཅན་ རྣམས་ལ་ཆོས་སྟོན་ཅིང་འདུག་གོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ལྷ་ལྷ་ཆེན་པོ་གང་ན་བ་དེར་སོང་སྟེ། ལྷ་ལྷ་ཆེན་པོའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས། མདུན་དུ་འདུག་སྟེ་ཐལ་མོ་སྦྱར་ནས་ འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་མ་འཚལ་ཏེ། འཕགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་རྗེས་སུ་བསྟན་པ་མཛད་དོ་ཞེས་བདག་གིས་ཐོས་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་ དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་འཕགས་པས་བདག་ལ་བཤད་དུ་གསོལ། དེ་ནས་ལྷ་ལྷ་ཆེན་པོས་ལག་པ་བཞི་ཕྱོགས་བཞིར་བརྐྱང་སྟེ། རྒྱ་མཚོ་ཆེན་པོ་བཞི་ལས་ཤིན་ ཏུ་མྱུར་བའི་ཤུགས་ཀྱིས་ཆུ་བླངས་ཏེ། བདག་གིས་གདོང་བཀྲུས་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ལ་གསེར་གྱི་མེ་ཏོག་གིས་གཏོར་ཏེ། འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ནི་ 76-1-258a མཐོང་བར་ཤིན་ཏུ་དཀའ་སྟེ། ཐོས་པར་ཡང་རབ་ཏུ་དཀའོ། །སྐྱེས་བུ་མཆོག་གི་མེ་ཏོག་པུན་ད་རི་ཀ་ནི་འཇིག་རྟེན་གྱིས་ཕུལ་དུ་བྱ་བ་ཡིན་པས། ངོ་མཚར་རྨད་དུ་བྱུང་བ་ཡིན་ཏེ། འཇིག་རྟེན་གྱི་གནས་སུ་གྱུར་ པའོ། །འགྲོ་བའི་རྟེན་དུ་གྱུར་པའོ། །སེམས་ཅན་རྣམས་ལ་སྣང་བ་ཆེན་པོ་འབྱིན་པའོ། །ལམ་ལ་རྨོངས་པ་ལ་ལམ་བདེ་བར་སྟོན་པའོ། །ཆོས་ཀྱི་ཚུལ་དུ་གཟུང་བ་ལ་མགོན་དུ་གྱུར་པའོ། །ཐམས་ཅད་མཁྱེན་པའི་ གྲོང་ཁྱེར་དུ་ཕྱིན་པར་བྱ་བ་ལ་དེད་དཔོན་ཆེན་པོར་གྱུར་པ་སྟེ། དེ་ལ་ཁོ་བོ་འདི་སྙམ་དུ་སེམས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མིང་ནི་སེམས་དྲི་མ་མེད་པ་རྣམས་ལ་རང་གི་ལུས་ཀྱི་གཟུགས་སྟོན་ཅིང་ ལུས་རྣམ་པར་དག་པ་རྣམས་ལ་མངོན་པར་སྣང་བ་དང་། ངག་གི་ཉེས་པ་སྤངས་པ་རྣམས་ལ་དབྱངས་ཀྱི་སྣང་བ་ཡོངས་སུ་གནོན་པར་བྱེད་པ་དང་། བསམ་པ་དག་པ་རྣམས་ལ་དུས་ཐམས་ཅད་དུ་མངོན་སུམ་དུ་གྱུར་པར་ གནས་པས། ལྟ་བ་ངན་པ་འཇོམས་པ་ཡིན་པར་བསམ་མོ། །རིགས་ཀྱི་བུ་ཁོ་བོ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྤྲིན་གྱི་དྲ་བ་ཐོབ་བོ། །སྨྲས་པ་འཕགས་པ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པའི་སྤྲིན་ གྱི་དྲ་བ་དེའི་ཡུལ་ཇི་ལྟ་བུ་ཞིག་མཆིས། དེ་ནས་ལྷ་ལྷ་ཆེན་པོས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱི་མདུན་དུ་རི་ཆེན་པོ་ཙམ་གྱི་གསེར་གྱི་ཕུང་པོ་དང་། དངུལ་གྱི་ཕུང་པོ་དང་། བཻ་ཌཱུརྱའི་ཕུང་པོ་དང་། ཤེལ་གྱི་ཕུང་པོ་དང་། མུ་ས་ར་གལ་པའི་ཕུང་པོ་དང་། ཨ་སྨ་གར་བའི་ཕུང་པོ་དང་། ནོར་བུ་རིན་པོ་ཆེ་ངང་གིས་སྣང་བའི་ཕུང་པོ་དང་། ནོར་བུ་རིན་པོ་ཆེ་དྲི་མ་མེད་པའི་སྙིང་པོའི་ཕུང་པོ་དང་། ནོར་བུ་རིན་པོ་ཆེ་རྣམ་པར་སྣང་བའི་ཕུང་པོ་དང་། ནོར་བུ་རིན་པོ་ཆེ་ཕྱོགས་ཀུན་ཏུ་མངོན་པའི་ཕུང་པོ་དང་། གཙུག་གི་ནོར་བུ་རིན་པོ་ཆེ་དང་། ཅོད་པན་གྱི་ཕུང་པོ་དང་། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་སེ་མོ་དོའི་ཕུང་པོ་དང་། དཔུང་བརྒྱན་གྱི་ཕུང་པོ་དང་། གདུ་བུའི་ཕུང་པོ་དང་། 76-1-258b སྐེ་རགས་ཀྱི་ཕུང་པོ་དང་། རྐང་གདུབ་ཀྱི་ཕུང་པོ་དང་། མུ་ཏིག་དམར་པོའི་དྲ་བའི་ཕུང་པོ་དང་། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕུང་པོ་དང་། ཡན་ལག་དང་ཉིང་ལག་ཐམས་ཅད་ཀྱི་རྒྱན་ཀྱི་ཕུང་པོ་དང་། ནོར་བུ་རིན་པོ་ཆེ་ ཡིད་བཞིན་གྱི་རྒྱལ་པོའི་ཕུང་པོ་དང་། མེ་ཏོག་ཐམས་ཅད་དང་། སྤོས་ཐམས་ཅད་དང་། བདུག་པ་ཐམས་ཅད་དང་། ཕྲེང་བ་ཐམས་ཅད་དང་། བྱུག་པ་ཐམས་ཅད་དང་། ཕྱེ་མ་ཐམས་ཅད་དང་། གོས་ཐམས་ཅད་དང་། གདུགས་ཐམས་ཅད་དང་། རྒྱལ་མཚན་ཐམས་ཅད་དང་། ལྷའི་བ་དན་ཐམས་ཅད་དང་། རོལ་མོ་བརྡུང་བ་ཐམས་ཅད་དང་། རོལ་མོ་དཀྲོལ་བ་ཐམས་ཅད་དང་། འདོད་པའི་ཡུལ་ཐམས་ཅད་དང་། བུ་མོ་བྱེ་བ་ཐམས་ ཅད་དང་། བུ་མོ་བྱེ་བ་བརྒྱ་སྟོང་གྲངས་མེད་པ་དག་ཀྱང་ཉེ་བར་བསྟན་ནས། ཚོང་དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་འདི་དག་ལས་ཁྱེར་ལ། སྦྱིན་པ་མང་པོ་ནི་བྱིན་གཅིག །བསོད་ནམས་ མང་པོ་ནི་གྱིས་ཤིག །དེ་བཞིན་གཤེགས་པ་རྣམས་ལ་མཆོད་ཅིག །སེམས་ཅན་མང་པོ་ནི་སྦྱིན་པས་བསྡུ་བའི་དངོས་པོས་ཡོངས་སུ་བསྡུས་ཏེ། གཏོང་བའི་ཕ་རོལ་ཏུ་ཕྱིན་པ་ལ་ཁོད་ཅིག །འཇིག་རྟེན་ནི་ སྦྱིན་པ་ལ་སློབས་ཤིག །གཏང་བར་དགའ་བ་ཡོངས་སུ་གཏོང་བ་ནི་སྟོན་ཅིག །རིགས་ཀྱི་བུ་ཁྱོད་ལ་ཁོ་བོས་ཇི་ལྟར་ཡོ་བྱད་ཀྱི་རྣམ་པས་བསྟན་པ་འདི་བཞིན་དུ་སྦྱིན་པའི་བསྟན་པ་དང་། མ་བྲལ་བའི་སེམས་ཅན་ ཚད་མེད་པ་དག་གི་བསམ་པའི་རྒྱུད་ཀྱང་གཏོང་བས་ཡོངས་སུ་བསྒོ་བ་བྱེད་དོ། །སངས་རྒྱས་དང་ཆོས་དང་དགེ་འདུན་དང་། བྱང་ཆུབ་སེམས་དཔའ་དང་དགེ་བའི་བཤེས་གཉེན་རྣམས་ལའང་དགེ་བའི་རྩ་བ་བསྐྱེད་ ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བསྐུལ་བ་བྱེད་དོ། །རིགས་ཀྱི་བུ་གཞན་ཡང་ཁོ་བོ་ནི་སེམས་ཅན་འདོད་པའི་དགའ་བས་མྱོས་པ། ཡུལ་གྱི་ལོངས་སྤྱོད་ལ་ཡོངསུ་ 76-1-259a ཆགས་པ་རྣམས་ལ་ཡུལ་དེ་དག་མི་སྡུག་པར་བྱིན་གྱིས་བརླབས་སོ། །ཁྲོ་བས་ནོན་པ་དང་ང་རྒྱལ་ཅན་དང་རྒྱགས་ཤིང་དྲེགས་པ་དང་། རློམ་པ་ཚར་གཅད་པས། འདུལ་བ་རྣམས་ལ་ནི་གཏུམ་ཞིང་སྲིན་པོ་ ལྟར་མི་སྡུག་ལ་འཇིགས་པའི་ལུས་ཤ་ཟ་ཞིང་ཁྲག་འཐུང་བའི་ཚུལ་དང་ལྡན་པར་བསྟན་ཏེ། རློམ་པ་དང་སྙེམས་པས་འཁྲུག་པ་དེ་དག་ཐམས་ཅད་ཞི་བར་བྱེད་དོ། །ལེ་ལོ་ཅན་བརྩོན་འགྲུས་བོར་བའི་སེམས་ཅན་རྣམས་ ལ་ནི་མེ་དང་ཆུ་དང་། རྒྱལ་པོ་དང་རྐུན་པོ་དང་། གནོད་པའི་འཇིགས་པ་ཡོངས་སུ་བསྟན་ཅིང་སྐྱོ་བར་བྱས་ཏེ། བརྩོན་འགྲུས་རྩོམ་པ་ལ་དགོད་པར་བྱེད་དེ། དེ་ལྟར་ཐབས་དེ་དང་དེ་དག་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ ཕྱོགས་དང་མི་མཐུན་པ་རབ་ཏུ་གཞོམ་པ་དང་། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཚོགས་བསྩག་པ་དང་། སྒྲིབ་པའི་རི་གཡང་སའི་ལམ་ཐམས་ཅད་ལས་ཡང་དག་པར་བཟླ་བ་དང་། སྒྲིབ་པ་མེད་པའི་ཆོས་ལ་གཟུད་པའི་ཕྱིར་ མི་དགེ་བ་ཐམས་ཅད་ལས་རྣམ་པར་བཟློག་སྟེ། དགེ་བ་ཐམས་ཅད་ཕུན་སུམ་ཚོགས་པ་ལ་ཡང་དག་པར་དགོད་པ་བྱེད་དོ། །རིགས་ཀྱི་བུ་ཁོ་བོས་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྤྲིན་གྱི་དྲ་བ་འདི་ཤེས་པར་ཟད་ ན། ཁོ་བོས་བྱང་ཆུབ་སེམས་དཔའི་དབང་པོ་ལྟར་ཉོན་མོངས་པའི་ལྟ་བ་མ་ཡིན་རབ་ཏུ་འཇོམས་པ། ཆུ་ལྟར་འགྲོ་བ་ཐམས་ཅད་ཀྱི་སྡུག་བསྔལ་ཀྱི་མེའི་ཕུང་པོ་ཞི་བར་བྱེད་པ། མེའི་ཕུང་པོ་ལྟར་འགྲོ་བ་ཐམས་ཅད་ཀྱི་ སྲེད་པའི་ཆུ་སྐེམས་པ། རླུང་ལྟར་འཛིན་པའི་མངོན་པར་ཆགས་པ་ཐམས་ཅད་ཀྱི་རི་རྣམ་པར་འཐོར་བ། རྡོ་རྗེ་ལྟར་བདག་གི་འདུ་ཤེས་སྲ་བའི་བྲག་རབ་ཏུ་རྙིལ་བ། དེ་དག་གི་སྤྱོད་པ་ཤེས་པ་འམ་ཡོན་ཏན་བརྗོད་པར་ནུས་ རེ་སྐན། སོང་རིགས་ཀྱི་བུ་འཛམ་བུའི་གླིང་འདི་ཉིད་ཀྱི་ཡུལ་མ་ག་དྷའི་སྙིང་པོ་བྱང་ཆུབ་ནས་སའི་ལྷ་མོ་བརྟན་མ་ཞེས་བྱ་བ་འདུག་གིས་དེའི་གན་དུ་སོང་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ 76-1-259b བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ལྷ་ལྷ་ཆེན་པོའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ལྷ་ལྷ་ཆེན་པོ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་ བསྐོར་བ་བྱས་ཏེ། ཡང་དང་ཡང་བལྟས་ཏེ། ལྷ་ལྷ་ཆེན་པོའི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་མཐར་ཀྱིས་ཡུལ་མ་ག་དྷའི་སྙིང་པོ་བྱང་ཆུབ་ཏུ་སའི་ལྷ་མོ་བརྟན་མ་གང་ན་བ་དེར་སོང་བ་དང་དེ་འགྲོ་བའི་ཚེ་ སའི་ལྷ་མོ་བརྒྱ་སྟོང་ཕྲག་བཅུ་གཅིག་ལ་གཅིག་འདི་སྐད་ཅེས་འཛེར་ཏོ། །སེམས་ཅན་ཐམས་ཅད་ཀྱི་རྟེན་དུ་འགྱུར་བ་ཞིག་ནི་འདི་ནས་ཚུར་འོང་ངོ་། །དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཐམས་ཅད་ཀྱི་མ་རིག་པའི་ སྒོ་ངའི་སྦུབས་འདྲལ་བར་འགྱུར་བ་ཞིག་ནི་འདི་ནས་ཚུར་འོང་ངོ་། །ཆོས་ཀྱི་རྒྱལ་པོའི་རིགས་སུ་བྱུང་བ་ཆགས་པ་མེད་ཅིང་དྲི་མ་མེད་པའི་ཆོས་ཀྱི་རྒྱལ་པོའི་གོ་འཕང་དམ་པ་འཐོབ་པར་འགྱུར་བ་ཞིག་ནི་འདི་ནས་ཚུར་འོང་ ངོ་། །ཡེ་ཤེས་ཀྱི་མཐུ་བོ་ཆེ་རྡོ་རྗེའི་མཚོན་ཆ་ཅན་དཔའ་བོ་ཕས་ཀྱི་རྒོལ་བའི་འཁོར་ཐམས་ཅད་རབ་ཏུ་འདུལ་བ་ཞིག་ནི་འདི་ནས་ཚུར་འོང་ངོ་ཞེས་ནས། དེའི་མོད་ལ་ལྷ་མོ་བརྟན་མ་ལ་སྩོགས་པ། སའི་ལྷ་མོ་བརྒྱ་སྟོང་ ཕྲག་བཅུས་ས་ཆེན་པོ་རབ་ཏུ་བསྐྱོད་དེ། འབྲུག་སྒྲ་ཟབ་མོ་ལྟ་བུའི་སྒྲ་ཆེན་པོ་གྲག་པར་བྱས་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འོད་ཆེན་པོས་སྣང་བར་བྱས་ཏེ། ལུས་རིན་པོ་ཆེའི་རྒྱན་དང་། ལྷབ་ ལྷུབ་ཐམས་ཅད་ཀྱིས་ཤིན་ཏུ་བརྒྱན་པ། གློག་གི་ཕྲེང་བའི་ཚོགས་ནམ་མཁའི་དབྱིངས་ལས་འགྱུ་ཞིང་སྣང་བ་ལྟ་བུ་ཤ་སྟག་དུ་བྱས་ཏེ། ཤིང་ཐམས་ཅད་ཀྱི་མྱུ་གུ་ནི་སྐྱེ་བར་བྱེད། མེ་ཏོག་གི་ཤིང་ཐམས་ཅད་ནི་ཁ་འབུ་བར་ བྱེད། ཆུ་ཀླུང་གི་རྒྱུན་ཐམས་ཅད་ནི་འབབ་པར་བྱེད། མཚོ་དང་འཚེའུ་དང་ལུ་མ་ཐམས་ཅད་ནི་རྒྱས་པར་བྱེད། སྤོས་ཆུའི་ཆར་ནི་རབ་ཏུ་འབབ་པར་བྱེད། མེ་ཏོག་གི་སྤྲིན་རབ་ཏུ་འཐོར་བའི་རླུང་ཆེན་པོ་ནི་ལྡང་བར་བྱེད། 76-1-260a སིལ་སྙན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ནི་རབ་ཏུ་སྒྲ་སྒྲོག་པར་བྱེད། ལྷ་རྫས་ཀྱི་གཞལ་མེད་ཁང་དང་རྒྱན་ཀྱི་ཚོགས་མང་པོ་ནི་རབ་ཏུ་འཁྲོལ་བར་བྱེད། བ་ལང་དང་ཁྱུ་མཆོག་དང་། གླང་པོ་དང་། སྟག་དང་། རི་དགས་ཀྱི་ དབང་པོ་ནི་རབ་ཏུ་སྒྲ་འབྱིན་པར་བྱེད། ལྷ་དང་ལྷ་མ་ཡིན་དང་། ཀླུ་དང་འབྱུང་པོའི་དབང་པོ་རྣམས་ནི་འབྲུག་སྒྲ་འབྱིན་པར་བྱེད། རིའི་དབང་པོ་ཆེན་པོ་རྣམས་ནི་ཕན་ཚུན་ཐུག་པར་བྱེད། གཏེར་གྱི་ཚོགས་བྱེ་བ་བརྒྱ་སྟོང་ ནི་མངོན་དུ་བྱུང་བར་བྱེད་ཅིང་སའི་འོག་ནས་འཐོན་ཏོ། །དེ་ནས་སའི་ལྷ་མོ་བརྟན་མས་ཚོང་དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་འདིར་འོངས་པ་ལེགས་སོ། །སའི་ཕྱོགས་འདི་ནི་སྔོན་ ཁྱོད་ཀྱི་གནས་སུ་གྱུར་ཏེ། ཁོ་མོའི་མངོན་སུམ་དུ་དགེ་བའི་རྩ་བ་བསྐྱེད་པ་ཡིན་ན། དེའི་རྣམ་པར་སྨྱིན་པའི་ཕྱོགས་འགའ་ཙམ་བལྟ་བར་འདོད་དམ། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་སའི་ལྷ་མོ་བརྟན་མའི་རྐང་ པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། སའི་ལྷ་མོ་བརྟན་མ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། སའི་ལྷ་མོ་བརྟན་མའི་མདུན་དུ་འདུག་སྟེ་ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། ། འཕགས་མ་འཚལ་ལོ། །དེ་ནས་སའི་ལྷ་མོ་བརྟན་མས་རྐང་པའི་མཐིལ་ཀྱིས་ས་ཆེན་པོ་ལ་བརྡབས་ཏེ། རིན་པོ་ཆེའི་གཏེར་བྱེ་བ་བརྒྱ་སྟོང་གྲངས་མེད་པ་རབ་ཏུ་བརྒྱན་པ་བསྟན་ནས་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ རིན་པོ་ཆེའི་གཏེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་དག་ཀྱང་ཁྱོད་ཀྱི་རྗེས་སུ་འབྲང་ངོ་། །ཁྱོད་ཀྱི་སྔོན་དུ་འགྲོ་བའོ། །ཁྱོད་ཀྱིས་ཅི་དགའ་བར་སྤྱོད་པར་བྱའོ། །ཁྱོད་ཀྱི་བསོད་ནམས་ཀྱི་རྣམ་པར་སྨྱིན་པ་ལས་བྱུང་བའོ། ། ཁྱོད་ཀྱི་བསོད་ནམས་ཀྱི་སྟོབས་ཀྱིས་བསྲུང་བའོ། །འདི་ལས་ལོང་སྟེ། ཁྱོད་ཀྱིས་ཅི་དགོས་པ་དེ་དག་གྱིས་ཤིག །རིགས་ཀྱི་བུ་གཞན་ཡང་ཁོ་མོ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཡེ་ཤེས་ཐོབ་ 76-1-260b པར་དཀའ་བའི་སྙིང་པོ་ཅན་ཐོབ་པ་སྟེ། དེ་ལྟར་ཁོ་མོ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་འདི་དང་ལྡན་པས། དེ་བཞིན་གཤེགས་པ་མར་མེ་མཛད་ཚུན་ཆད་དུ་བྱང་ཆུབ་སེམས་དཔའི་རྗེས་སུ་འབྲང་ཞིང་། རྟག་ཏུ་བསྲུང་ བ་ལ་ཞུགས་པ་སྟེ། དེ་ཚུན་ཆད་དུ་རིགས་ཀྱི་བུ་ཁོ་མོ་བྱང་ཆུབ་སེམས་དཔའི་སེམས་ཀྱི་སྤྱོད་པ་ལ་རྣམ་པར་སྤྱོད་དོ། །ཡེ་ཤེས་ཀྱི་ཡུལ་ལ་འཇུག་གོ། །སྨོན་ལམ་གྱི་དཀྱིལ་འཁོར་ཁོང་དུ་ཆུད་པར་བྱེད་དོ། །བྱང་ཆུབ་སེམས་ དཔའི་སྤྱོད་པ་རྣམ་པར་དག་པ་རྗེས་སུ་རྟོགས་པར་བྱེད་དོ། །ཏིང་ངེ་འཛིན་ཐམས་ཅད་ཀྱི་ཚུལ་གྱི་རྗེས་སུ་འགེངས་སོ། །བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་ཐམས་ཅད་དང་། སེམས་རྒྱ་ཆེན་པོས་རྒྱས་པར་འགེངས་སོ། ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྟོབས་ཀྱིས་དབང་བསྒྱུར་བ་དང་། ཞིང་གི་དྲན་པ་ཐམས་ཅད་རྒྱས་པར་དགང་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལུང་བསྟན་པ་ཡང་དག་པར་མནོད་པ་དང་། དུས་ཐམས་ཅད་དུ་མངོན་པར་འཚང་རྒྱ་བ་ཡང་དག་པར་བསྟན་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་ཐམས་ཅད་དང་། མདོ་སྡེ་ཡང་དག་པར་བརྗོད་པའི་ཆོས་ཀྱི་སྤྲིན་གྱི་ཚུལ་ཐམས་ཅད་དང་། ཆོས་སྣང་ བ་ཆེན་པོས་སྣང་བར་བྱ་བའི་ཚུལ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བའི་ཚུལ་དང་། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཐམས་ཅད་ཡང་དག་པར་བསྟན་པའི་ཚུལ་ཡང་རྗེས་སུ་རྟོགས་པར་བྱེད་ དོ། །ཡང་དག་པར་འཛིན་ཏོ། །ཡང་དག་པར་ནོད་དོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཡེ་ཤེས་ཐུབ་པར་དཀའ་བའི་སྙིང་པོ་ཅན་འདི་ཡང་བསྐལ་པ་རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ ཕ་རོལ་དེའི་ཡང་ཕ་རོལ་ཏུ་འཇིག་རྟེན་གྱི་ཁམས་ཟླ་བའི་རྒྱལ་མཚན་ཞེས་བྱ་བར་བསྐལ་པར་སྣང་བས་རྣམ་པར་བརྒྱན་པ་ལ་དེ་བཞིན་གཤེགས་པ་སྤྱན་བཟངས་པོ་ལས་ཐོབ་སྟེ། རིགས་ཀྱི་བུ་དེ་ལྟར་ 76-1-261a ཁོ་མོ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཡེ་ཤེས་ཐུབ་པར་དཀའ་བའི་སྙིང་པོ་ཅན་འདི་ལ་ནི་ཡོངས་སུ་དཔྱོད་དཔྱོད། རྣམ་པར་དཔྱོད་དཔྱོད། ཤིན་ཏུ་དཔྱོད་དཔྱོད། ཡང་དག་པར་འཕེལ་བར་བྱེད་བྱེད། ཤིན་ཏུ་ རྒྱས་པར་བྱེད་བྱེད་པས། བསྐལ་པ་བཟང་པོ་ལ་ཐུག་གི་བར་དུ་དེ་བཞིན་གཤེགས་པ་མཐོང་བ་དང་མ་བྲལ་ལོ། །དེ་སྲིད་ཀྱི་བར་ཀྱིས་ཁོ་མོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོག་པའི་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་ པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཅིག་བསྙེན་བཀུར་ཏོ། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་སྙིང་པོ་བྱང་ཆུབ་ཏུ་གཤེགས་པའི་རྣམ་པར་འཕྲུལ་པ་ཡང་མཐོང་སྟེ། ཁོ་མོ་ནི་དེ་བཞིན་གཤེགས་པ་དེ་དག་ ཐམས་ཅད་ཀྱི་དགེ་བའི་རྩ་བ་མངོན་སུམ་དུ་མཐོང་བའོ། །རིགས་ཀྱི་བུ་ཁོ་མོས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཡེ་ཤེས་ཐུབ་པར་དཀའ་བའི་སྙིང་པོ་ཅན་འདི་ཤེས་པར་ཟད་ན། ཁོ་མོས་བྱང་ཆུབ་སེམས་དཔའ་དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་ཞམ་རིང་དུ་འབྲང་བ། སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རྗེས་སུ་འབྲང་བ། དེ་བཞིན་གཤེགས་པའི་ཡེ་ཤེས་འཇུག་པར་དཀའ་བ་ལ་རབ་ཏུ་ཞུགས་པ། སེམས་ཀྱི་སྐད་ཅིག་གཅིག་ གིས་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་འགེངས་པའི་ཤུགས་དང་ལྡན་པ། དེ་བཞིན་གཤེགས་པ་དང་མཉམ་པ་ཉིད་དུ་གྱུར་པའི་ལུས་དང་ལྡན་པ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་དྲི་མ་མེད་པའི་སྙིང་པོར་ གྱུར་པ། སངས་རྒྱས་འབྱུང་བ་ཐམས་ཅད་རྟག་ཏུ་མངོན་པར་བསྒྲུབས་པ། སངས་རྒྱས་ཀྱི་འཕྲིན་ལས་ཐ་མི་དད་པའི་ཕོ་ཉར་གྱུར་པ། དེ་དག་གི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། སོང་རིགས་ཀྱི་བུ་འཛམ་བུའི་ གླིང་འདི་ཉིད་ཀྱི་ཡུལ་མ་ག་དྷ་ཞེས་བྱ་བ་ན་གྲོང་ཁྱེར་སེར་སྐྱའི་གནས་ཞེས་བྱ་བ་ཡོད་དེ། དེ་ན་མཚན་མོའི་ལྷ་མོ་དཔྱིད་དང་ལྡན་པ་ཞེས་བྱ་བ་འདུག་གིས་དེའི་གན་དུ་སོང་ལ། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་ 76-1-261b པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་སའི་ལྷ་མོ་བརྟན་མའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། སའི་ལྷ་མོ་བརྟན་མ་ལ་ལན་བརྒྱ་སྟོང་དུ་མར་ གཡས་ཕྱོགས་སུ་བསྐོར་བ་བྱས་ནས་ཡང་དང་ཡང་བལྟས་ཏེ། སའི་ལྷ་མོ་བརྟན་མའི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་སའི་ལྷ་མོ་བརྟན་མའི་གདམས་ངག་རྗེས་སུ་དྲན་པར་བྱེད་ཅིང་། བྱང་ཆུབ་སེམས་ དཔའི་རྣམ་པར་ཐར་པ་ཡེ་ཤེས་ཐུབ་པར་དཀའ་བའི་སྙིང་པོ་ཅན་དེ་རྗེས་སུ་དྲན་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་བསྒོམ་པ་དེ་རབ་ཏུ་གོམས་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པའི་ཡེ་ཤེས་ ཤིན་ཏུ་ཕྲ་བ་དེ་ལ་རྣམ་པར་བལྟ་བ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པའི་ཡེ་ཤེས་རྒྱ་མཚོ་དེ་ལ་འཇུག་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པའི་ཡེ་ཤེས་ཐ་དད་པ་ལ་ཡིད་ཆེས་བྱ་བ་དང་། བྱང་ཆུབ་ སེམས་དཔའི་རྣམ་པར་ཐར་པའི་ཡེ་ཤེས་ཤིན་ཏུ་སྦྱང་བ་དེ་རྗེས་སུ་རྟོགས་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པའི་ཡེ་ཤེས་རྒྱ་མཚོ་དེ་ལ་འབབ་པར་བྱ་བ་བྱེད་ཅིང་། གྲོང་ཁྱེར་ཆེན་པོ་སེར་སྐྱའི་གནས་གང་ན་ བ་དེར་ཕྱིན་ཏེ། གྲོང་ཁྱེར་ཆེན་པོ་སེར་སྐྱའི་གནས་ལ་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། ཤར་ཕྱོགས་ལོགས་ཀྱི་གྲོང་ཁྱེར་གྱི་སྒོ་ནས་སོང་སྟེ། ཉི་མ་ནུབ་ནས་རིང་པོ་མ་ལོན་པ་ཞིག་དུ་གྲོང་ཁྱེར་གྱི་ལམ་གྱི་སུམ་མདོའི་ དབུས་ཤིག་ན། བྱང་ཆུབ་སེམས་དཔའི་གདམས་ངག་འཐུན་པར་ལེན་པ་དེ་མཚན་མོའི་ལྷ་མོ་དཔྱིད་དང་ལྡན་པ་མཐོང་བར་འདོད་ཅིང་། དགེ་བའི་བཤེས་གཉེན་ཡོད་ན་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་འགྱུར་བར་རིངས་པའི་ བློ་གྲོས་དང་ལྡན་པ། ཡེ་ཤེས་ཀྱི་མིག་ཀུན་ཏུ་ལྟ་བའི་ཡུལ་གྱི་རང་བཞིན་བྱིན་གྱིས་རླབས་དང་ལྡན་པ། ཕྱོགས་ཐམས་ཅད་དུ་མངོན་པར་གཞོལ་ཞིང་། དགེ་བའི་བཤེས་གཉེན་བལྟ་བའི་སེམས་ཀྱིས་མོས་པ་དང་། 76-1-262a ཡེ་ཤེས་ཆེན་པོའི་སྙིང་པོར་གྱུར་པའི་འདུ་ཤེས་ཀྱི་སེམས་དང་ལྡན་པ། དམིགས་པ་ཐམས་ཅད་ལ་རབ་ཏུ་ཞུགས་པའི་ཡེ་ཤེས་ཀྱི་མིག་དང་ལྡན་པ། ཆོས་ཀྱི་དབྱིངས་ཀྱི་ཚུལ་ཐམས་ཅད་དུ་ཡེ་ཤེས་རྒྱ་མཚོ་འབྱམ་ ཀླས་པས་རྒྱས་པར་འགེངས་པ་དང་ལྡན་པའི་ཏིང་ངེ་འཛིན་ཀྱི་མིག་གིས་ཕྱོགས་ཐམས་ཅད་དུ་ཤེས་བྱའི་རྒྱ་མཚོ་ལ་རྣམ་པར་བལྟ་བ། ཡེ་ཤེས་ཆེན་པོའི་མིག་འཐོབ་པར་བྱ་བ་ལ་རབ་ཏུ་གཞོལ་ཞིང་བསམ་པ་རྩེ་གཅིག་ དུ་བཞག་ནས་འདུག་འདུག་པ་དང་། མཚན་མོའི་ལྷ་མོ་དཔྱིད་དང་ལྡན་པ་དེར་གྲོང་ཁྱེར་ཆེན་པོ་སེར་སྐྱའི་གནས་ཀྱི་སྟེང་གི་ནམ་མཁའི་དབྱིངས་ལས་ནོར་བུ་རིན་པོ་ཆེ་སྣ་ཚོགས་དཔེ་མེད་པའི་ཁང་པ་བརྩེགས་པ་ཞིག་ན། རིན་པོ་ ཆེའི་སེང་གེའི་ཁྲི་ཆེན་པོ་སྤོས་ཞིམ་པོ་ཐམས་ཅད་ཀྱི་པད་མོའི་སྙིང་པོ་ཅན་ཞིག་ལ་ལུས་ཀྱི་མདོག་གསེར་གྱི་ཁ་དོག་དུ་འདུག་པ། སྐྲ་འཇམ་ཞིང་མང་ལ་མཐོན་ཐིང་དུ་འདུག་པ། མིག་དཀར་ནག་འབྱེས་པ། གཟུགས་བཟངས་ ཤིན་ཏུ་མཛེས་པ། བལྟ་ན་སྡུག་པ། ལུས་རྒྱན་དང་ལྷབ་ལྷུབ་ཐམས་ཅད་ཀྱིས་ཀླུབས་ཤིང་བརྒྱན་པ། ཁ་དོག་བསྒྱུར་བའི་གོས་བགོས་པ་ཚངས་པའི་གཙུག་ཏོར་གྱི་ཅོད་པན་ཟླ་བའི་དཀྱིལ་འཁོར་གྱིས་བརྒྱན་པ་ཐོགས་པ་ ལུས་ལ་རྒྱུ་སྐར་དང་། གཟའ་དང་སྐར་ཆེན་དང་། སྐར་མའི་ཚོགས་ཐམས་ཅད་ཀྱི་གཟུགས་བརྙན་སྣང་བར་གྱུར་པ་འདུག་པ་མཐོང་ངོ་། །དེས་སེམས་ཅན་གྱི་ཁམས་ཡངས་པར་མི་ཁོམ་པ་དང་། ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་ནས་སེམས་ཅན་ཇི་སྙེད་ཅིག་ཡོངས་སུ་དགྲོལ་བ་དེ་དག་ཀྱང་དེའི་བ་སྤུའི་སྦུབས་སུ་ཆུད་པར་མཐོང་ངོ་། །ཇི་སྙེད་གཅིག་མཐོ་རིས་ཀྱི་འཇིག་རྟེན་དུ་བཀོད་པ་དང་། ཇི་སྙེད་གཅིག་ཉན་ཐོས་དང་། རང་སངས་ རྒྱས་ཀྱི་བྱང་ཆུབ་དང་། ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྨྱིན་པར་བྱས་པ། དེ་དག་ཐམས་ཅད་ཀྱང་དེའི་བ་སྤུའི་སྦུབས་སུ་ཆུད་པར་མཐོང་ངོ་། །གཟུགས་མངོན་པར་བསྒྲུབ་པ་དང་། 76-1-262b ཁ་དོག་མངོན་པར་བསྒྲུབ་པའི་ཐབས་སྣ་ཚོགས་ཀྱིས་ཇི་སྙེད་གཅིག་ཡོངས་སུ་སྨྱིན་པར་བྱས་པ་དེ་དག་ཀྱང་དེའི་བ་སྤུའི་སྦུབས་སུ་ཆུད་པར་མཐོང་ངོ་། །ང་རོ་མངོན་པར་བསྒྲུབ་པ་དང་། དབྱངས་ཀྱི་ཡན་ལག་མངོན་པར་བསྒྲུབ་པ་དང་། སྐད་ཀྱི་ཚུལ་སྣ་ཚོགས་ཡོངས་སུ་སྦྱར་བ་ཇི་སྙེད་གཅིག་གིས་ཡོངས་སུ་སྨྱིན་པར་བྱས་པ་དེ་དག་ཀྱང་དེའི་བ་སྤུའི་སྒོ་ནས་རྗེས་སུ་བརྗོད་པ་ཐོས་སོ། །དུས་མངོན་པར་བསྒྲུབ་པ་དང་། བསམ་པ་དང་མོས་པ་ཇི་ལྟ་བ་བཞིན་དུ་སེམས་གྱི་རྗེས་ སུ་འབྲང་བར་བྱ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་གནོན་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པའི་སྒོ་དང་། བྱང་ཆུབ་སེམས་དཔའི་ཁྱུ་མཆོག་ གི་མཐུ་ཕྱུང་བ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་སྤྱོད་པ་དང་། བྱང་ཆུབ་སེམས་དཔའི་ཡོངས་སུ་ལྟ་བ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་བལྟ་བ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་དང་། བྱང་ཆུབ་ སེམས་དཔའི་སྐྱེས་བུ་སེང་གེ་ཆེན་པོའི་རྣམ་པར་བསྒྱིངས་པ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པས། རྣམ་པར་བརྩེ་བ་ཇི་སྙེད་གཅིག་གིས་དེས་སེམས་ཅན་ཡོངས་སུ་སྨྱིན་པར་བྱས་པ་དེ་དག་ཀྱང་དེའི་བ་སྤུའི་སྦུབས་ སུ་ཆུད་པར་མཐོང་ངོ་། །དེས་ཐབས་སྣ་ཚོགས་དང་ལྡན་པའི་ཆོས་ཀྱི་ཚུལ་རྒྱ་མཚོ་དེ་དག་མཐོང་ཞིང་ཐོས་ནས་དགའ་རངས་ཏེ་མགུ་ཞིང་ཉམས་བདེ་ལ་ཚིམ་ཞིང་ཡིད་བདེ་བ་སྐྱེས་ནས་མཚན་མོའི་ལྷ་མོ་དཔྱིད་དང་ལྡན་པ་དེ་ལ་ལུས་ ཐམས་ཅད་ཀྱིས་ཕབ་ནས་ཕྱག་འཚལ་ཏེ། ལངས་ནས་མཚན་མོའི་ལྷ་མོ་དཔྱིད་དང་ལྡན་པ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་མཚན་མོའི་ལྷ་མོ་དཔྱིད་དང་ལྡན་པའི་མདུན་དུ་འདུག་སྟེ་ཐལ་མོ་སྦྱར་ ནས་འདི་སྐད་ཅེས་སྨྲས་སོ། །ལྷ་མོ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེ་ལྟར་བདག་གིས་དགེ་བའི་བཤེས་གཉེན་གྱིས་བྱིན་གྱིས་རླབས་ཀྱིས་ 76-1-263a སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་འབྱུང་བར་ཡང་དག་པར་མཐོང་བས། དགེ་བའི་བཤེས་གཉེན་གྱི་ཕྱག་དུ་བདག་ཉིད་བོར་བ་ལགས་ན། ལྷ་མོ་ཤུལ་གང་ལ་བརྟེན་ན། བྱང་ཆུབ་སེམས་དཔའི་སྟོབས་བཅུའི་སར་ འབྱུང་བར་འགྱུར་བའི་ཐམས་ཅད་མཁྱེན་པའི་ཤུལ་བདག་ལ་བཤད་དུ་གསོལ། དེ་སྐད་ཅེས་སྨྲས་པ་དང་། མཚན་མོའི་ལྷ་མོ་དཔྱིད་དང་ལྡན་པས། ཚོང་དཔོན་གྱི་བུ་ནོར་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ ཀྱི་བུ་དེ་ལྟར་ཁྱོད་དགེ་བའི་བཤེས་གཉེན་ཀྱི་བྱིན་གྱིས་རླབ་ནོད་ཏེ། དགེ་བའི་བཤེས་གཉེན་ཀྱི་ཚིག་མཉན་པར་འདོད་པ་དང་། དགེ་བའི་བཤེས་གཉེན་གྱི་གདམས་ངག་ལ་ནན་ཏན་དུ་བྱེད་པ་ལེགས་སོ་ལེགས་སོ། །རིགས་ ཀྱི་བུ་ཁྱོད་ནི་དེ་ལྟར་དགེ་བའི་བཤེས་གཉེན་གྱི་གདམས་ངག་ལ་ནན་ཏན་དུ་བྱས་པ། གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་འགྱུར་རོ། །རིགས་ཀྱི་བུ་ཁོ་མོ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ ཐར་པ་སེམས་ཅན་ཐམས་ཅད་ཀྱི་མུན་པ་རྣམ་པར་སེལ་བའི་ཆོས་ཀྱི་སྣང་བ་འགྲོ་བ་རྣམ་པར་འདུལ་བའི་སྒོ་ཐོབ་པ་སྟེ། བསམ་པ་མི་མཉམ་པ་དང་ལྡན་པའི་སེམས་ཅན་རྣམས་ལ་བྱམས་པའི་སེམས་དང་ལྡན་པའོ། །མི་དགེ་ བའི་ལས་ཀྱི་ལམ་ལ་ཞུགས་པ་རྣམས་ལ་སྙིང་རྗེའི་སེམས་དང་ལྡན་པའོ། །དགེ་བའི་ལས་ཀྱི་ལམ་ལ་ཞུགས་པ་རྣམས་ལ་དགའ་བའི་སེམས་དང་ལྡན་པའོ། །སེམས་མཉམ་པ་དང་མི་མཉམ་པར་ལྡན་པའོ། །སེམས་ ཅན་རྣམས་ལ་མི་གཉིས་པའི་སེམས་དང་ལྡན་པའོ། །ཀུན་ནས་ཉོན་མོངས་པ་རྣམས་ལ་རྣམ་པར་བྱང་བའི་སེམས་དང་ལྡན་པའོ། །ཉམ་ང་བར་གྱུར་པ་རྣམས་ལ་ཡང་དག་པར་ཞུགས་པའི་སེམས་དང་ལྡན་པའོ། །དམའ་བ་ལ་མོས་ པ་རྣམས་ལ་ཡངས་པ་ལ་མོས་པ་ཡོངས་སུ་བསྐྱེད་པའི་སེམས་དང་ལྡན་པའོ། །དབང་པོ་ཞུམ་པ་རྣམས་ལ་བརྩོན་འགྲུས་ཆེན་པོའི་ཤུགས་རྣམ་པར་སྤེལ་བའི་སེམས་དང་ལྡན་པའོ། །འཁོར་བ་ལ་མངོན་པར་མོས་པ་རྣམས་ལ་ 76-1-263b འཁོར་བའི་རྒྱུད་ཀྱི་འཁོར་ལོ་ལས་རྣམ་པར་བཟློག་པའི་སེམས་དང་ལྡན་པའོ། །ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་མངོན་པར་མོས་པའི་སེམས་ཅན་རྣམས་ལ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ལ་དགོད་པའི་སེམས་དང་ལྡན་པའོ། ། རིགས་ཀྱི་བུ་དེ་ལྟར་ཁོ་མོ་དེ་ལྟ་བུའི་སེམས་ཡིད་ལ་བྱ་བར་ལྡན་པ། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སེམས་ཅན་ཐམས་ཅད་ཀྱི་མུན་པ་རྣམ་པར་སེལ་བའི་ཆོས་ཀྱི་སྣང་བས་འགྲོ་བ་རྣམ་པར་འདུལ་བའི་སྒོ་འདི་དང་ཡང་ལྡན་པས་ སེམས་ཅན་གང་ཇི་སྙེད་གཅིག་མུན་ནག་སྨག་དུ་གྱུར་པའི་ནམ་ལ་མི་ནི་ཉལ་བར་གྱུར། འབྱུང་པོའི་ཚོགས་ནི་རྒྱུ་བར་གྱུར། རྐུན་ཆོམ་མང་པོས་རྒྱས་པར་གྱུར། སེམས་ཅན་མི་བསྲུན་པའི་ཚུལ་ཅན་ནི་ཕྱོགས་སུ་རྒྱུ་ བར་གྱུར། སྤྲིན་སྟུག་པོ་ནག་པོས་ནི་ཀུན་ནས་ཁེབས་པར་གྱུར། དུད་པ་དང་རྡུལ་གྱི་ཚོགས་ཀྱིས་ནི་འགྲོགས་པར་གྱུར། རྫི་ཆར་མི་བཟད་པས་ནི་རབ་ཏུ་གཏགས་པར་གྱུར། ཟླ་སྐར་ཀྱི་ཚོགས་ནི་མི་སྣང་བར་གྱུར། མིག་ གིས་བྱ་བའི་མཐུ་ནི་མེད་པར་གྱུར་པའི་མུན་པ་ལ་སེམས་ཅན་གང་ཇི་སྙེད་གཅིག་རྒྱ་མཚོ་ལ་སྤྱོད་དམ། ཐང་ལ་སྤྱོད་དམ། རི་ལ་སྤྱོད་དམ། ནགས་ཚལ་གཞན་ན་སྤྱོད་དམ། ཡུལ་གཞན་ན་སྤྱོད་དམ། གྲོང་གཞན་ན་སྤྱོད་དམ། ཕྱོགས་གཞན་ན་སྤྱོད་དམ། ཕྱོགས་མཚམས་གཞན་ན་སྤྱོད་དམ། ལམ་གཞན་ན་སྤྱོད་ཀྱང་རུང་སྟེ། རྒྱ་མཚོ་ལ་སྤྱོད་སྤྱོད་པ་ལས་གྲུ་བུབ་པར་གྱུར་པ་འམ། ཐང་ལ་སྤྱོད་སྤྱོད་པ་ལས་ཉམ་ཉེས་པ་འམ། རི་ལ་སྤྱོད་སྤྱོད་ པ་ལས་གཡང་ས་ཆེན་པོར་ལྟུང་བར་གྱུར་པ་འམ། འབྲོག་དགོན་པ་ལ་སྤྱོད་སྤྱོད་པ་ལས་ཁ་ཟས་ཀྱིས་འཕོངས་པར་གྱུར་པ་འམ། ནགས་ཚལ་ཐིབས་པོར་སྦའི་ཟང་ཟིང་ལ་ཐོགས་སམ། ཚུལ་མ་ཡིན་པའི་ཉམ་ ཉེས་ཤིག་ཏུ་གྱུར་ཏམ། ཡུལ་གཞན་ན་སྤྱོད་སྤྱོད་པ་ལས་ཆོམ་པོས་བཅོམ་པ་འམ། གྲོང་གཞན་ན་སྤྱོད་སྤྱོད་པ་ལས་མི་སྲུན་པའི་ཚུལ་ཅན་གྱིས་གཙེས་པ་འམ། ཕྱོགས་གཞན་ན་སྤྱོད་སྤྱོད་པ་ལས་འབྲོག་རྨིས་པ་འམ། 76-1-264a ཕྱོགས་མཚམས་གཞན་ན་སྤྱོད་སྤྱོད་པ་ལས་མགོ་རྨོངས་པ་འམ། ལམ་གཞན་ན་སྤྱོད་སྤྱོད་པ་ལས་ཉེ་ཞོར་གྱུར་ཀྱང་རུང་སྟེ། རིགས་ཀྱི་བུ་ཁོ་མོ་ནི་སེམས་ཅན་དེ་དག་ལ་ཐབས་སྣ་ཚོགས་ཀྱི་སྒོ་ནས་སྐྱབས་སུ་གྱུར་པར་བྱེད་པ་ སྟེ། འདི་ལྟར་རྒྱ་མཚོ་ཆེན་པོ་ལ་སྤྱོད་པ་རྣམས་ཀྱི་རླུང་སྤྲིན་ནག་པོ་གཏོར་བ་དང་། ཆུའི་རྙོག་པ་དང་བ་དང་། རླུང་མི་ཟད་པའི་དཀྱིལ་འཁོར་བཟློག་པ་དང་། རླབས་ཀྱི་ཤུགས་ཆེན་པོ་ཞི་བར་བྱ་བ་དང་། གྲོང་གི་འཇིགས་ པ་ལས་ཐར་བར་བྱ་བ་དང་། ཕྱོགས་བསྟན་པ་དང་། ཆུའི་ལམ་ལེགས་པར་དམིགས་པ་དང་། འགྲམ་བསྟན་པ་དང་། རིན་པོ་ཆེའི་གླིང་དུ་ཕྱིན་པར་བྱ་བའི་ཕྱིར་ལམ་ཡོངས་སུ་བསྟན་ཏེ། ཡོངས་སུ་སྡུད་པའི་ གཟུགས་དང་། དེད་དཔོན་གྱི་གཟུགས་དང་། རྟའི་རྒྱལ་པོ་རྔོག་ཆེན་གྱི་གཟུགས་དང་། གླང་པོའི་རྒྱལ་པོའི་གཟུགས་དང་། རུ་སྦལ་ཀྱི་རྒྱལ་པོའི་གཟུགས་དང་། ལྷ་མ་ཡིན་གྱི་རྒྱལ་པོའི་གཟུགས་དང་། ནམ་མཁའ་ ལྡིང་གི་རྒྱལ་པོའི་གཟུགས་དང་། མི་འམ་ཅིའི་རྒྱལ་པོའི་གཟུགས་དང་། ལྟོ་འཕྱེ་ཆེན་པོའི་གཟུགས་དང་། རྒྱ་མཚོའི་ལྷའི་གཟུགས་དང་། མཉན་པའི་གཟུགས་ཀྱིས་སྐྱབས་སུ་འགྱུར་བར་བྱེད་དོ། །དགེ་བའི་རྩ་བ་དེ་ ཡང་འདི་ལྟར་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་ཕུང་པོ་ཐམས་ཅད་ལས་ཡོངས་སུ་བཟློག་པའི་ཕྱིར་སྐྱབས་སུ་གྱུར་པར་ཤོག་ཤིག་ཅེས་ཡོངས་སུ་བསྔོའོ། །ཐང་ལ་སྤྱོད་པའི་སེམས་ཅན་ཤིན་ཏུ་གནག་པའི་ནམ་ལ། ས་གཞི་འོད་མ་དང་། ཚེར་མ་དང་། གསེག་མ་དང་། གྱོ་མོས་གང་བ། སྦྲུལ་སྡུག་པ་གཏུམ་པོ་ཤིན་ཏུ་མང་བ། ཐག་ཐུག་དང་། མི་བདེ་བའི་ལམ་ཅན་རྡུལ་དང་ཕྱག་དར་ཤིན་ཏུ་འཐུལ་བ། རྫི་ཆར་དྲག་པོས་ གཏགས་པ། ཚ་བ་དང་། གྲང་བའི་སྡུག་བསྔལ་ཡོད་པ། སྦྲུལ་དང་གཅན་ཟན་ཀྱིས་བག་ཚ་བ་ཡོད་པ། མཐོང་མི་དང་། ཆོམ་པོ་རྒྱུ་བར་གྱུར་པ་ཞིག་ན། མགོ་འཁོར་བར་གྱུར་པའི་སེམས་ཅན་རྣམས་ལ། ཉི་མའི་གཟུགས་དང་། 76-1-264b ཟླ་བའི་གཟུགས་དང་། སྐྱ་རིངས་འཆར་བའི་གཟུགས་དང་། སྐར་མདའ་ཆེན་པོའི་གཟུགས་དང་། གློག་གི་ཕྲེང་བ་འབྱུང་བའི་གཟུགས་དང་། རིན་པོ་ཆེའི་འོད་ཀྱི་གཟུགས་དང་། གཟའི་འཁོར་གྱི་གཟུགས་དང་། རྒྱུ་སྐར་ དང་སྐར་མའི་ཚོགས་ཀྱི་གཞལ་མེད་ཁང་གི་འོད་ཀྱི་གཟུགས་དང་། ལྷའི་གཟུགས་དང་བྱང་ཆུབ་སེམས་དཔའི་གཟུགས་ཀྱིས་སྐྱབས་སུ་འགྱུར་བར་བྱེད་དོ། །སེམས་ཀྱང་དགེ་བའི་རྩ་བ་འདིས་ཉོན་མོངས་པའི་མུན་ པ་ཐམས་ཅད་རྣམ་པར་བསལ་བའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་སྐྱབས་སུ་ཤོག་ཤིག་པར་བསྐྱེད་དོ། །རིའི་གཡང་ས་ལ་སྤྱོད་ཅིང་འཆི་བས་འཇིགས་སྐྲག་པ་རྣམས་ཀྱི་སྲོ་གང་བྱ་བ་དང་། གྲགས་པ་འདོད་པའི་ དབང་དུ་གྱུར་པ་དང་། སྙན་པ་དང་། སྒྲའི་རྒྱལ་མཚན་འདོད་པ་དང་། ལོངས་སྤྱོད་ཚོལ་བ་དང་། འདོད་པའི་ཟིལ་གྱིས་ནོན་པ་དང་། ཡོ་བྱད་ཡོངས་སུ་བཙལ་བ་ལ་བརྩོན་པ་དང་། འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་འདོད་ཅིང་ བརྩོན་པ་དང་། བུ་དང་ཆུང་མ་གཏོང་མི་ཕོད་པས་ཐོགས་པར་གྱུར་པ་དང་། ལྟ་བའི་ཐིབས་པོར་འཁྱམས་པ་དང་། སྡུག་བསྔལ་བ་དང་། འཇིགས་པ་སྣ་ཚོགས་ཀྱིས་གཙེས་པ་རྣམས་ལ་ཡང་ཐབས་སྣ་ཚོགས་ཀྱི་ སྒོ་ནས་སྐྱབས་སུ་གྱུར་པར་བྱེད་དེ། འདི་ལྟར་རི་ཕུག་དང་། བྱ་སྐྱིབས་མངོན་པར་བསྒྲུབ་པ་དང་། ཤིང་ཐོག་དང་། རྩ་བ་བཟར་རུང་བ་མངོན་པར་བསྒྲུབ་པ་དང་། ཆུའི་ལམ་དང་། ཆུ་མིག་མངོན་པར་བསྒྲུབ་པ་ དང་། ཚ་བ་དང་། གྲང་བའི་གཉེན་པོ་མངོན་པར་བསྒྲུབ་པ་དང་། ལམ་བསྟན་པ་དང་། ཀ་ལ་པིང་ཀའི་སྒྲ་སྐད་བསྒྲགས་པ་དང་། རྨ་བྱའི་རྒྱལ་པོའི་སྐད་འབྱིན་པའི་དབྱངས་དང་། སྨན་འབར་བས་སྣང་བའི་ གཟུགས་དང་། རིའི་ལྷའི་འོད་ཀྱི་གཟུགས་དང་། རིའི་ཕུག་དང་སུལ་དང་། ལྟོངས་སུ་རླག་སྟེ། སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པའི་སེམས་ཅན་རྣམས་ཀྱི་མུན་པའི་རབ་རིབ་རྣམས་པར་སལ་བ་དང་། སའི་ 76-1-265a གཞི་མཉམ་པར་མངོན་པར་བསྒྲུབ་པས་སྐྱབས་སུ་གྱུར་པར་བྱེད་དེ། སེམས་ཀྱང་ཇི་ལྟར་བདག་གིས་སེམས་ཅན་རི་ལ་སྤྱོད་པ་འདི་དག་ཡོངས་སུ་སྐྱོབ་པ་དེ་བཞིན་དུ་འཁོར་བའི་རིའི་ལམ་རྒྱུད་གཡང་ས་ལ་ གནས་ཤིང་རྒ་ཤིའི་གདོན་ཀྱིས་ཟིན་པ་དེ་དག་གི་སྐྱབས་སུའང་བདག་འགྱུར་བར་ཤོག་ཤིག་པར་བསྐྱེད་དོ། །ནགས་ཚལ་ཐིབས་པོའི་དྲ་བས་ཐོགས་པའི་སེམས་ཅན་མཚན་མོ་མུན་པ་མུན་ནག་གིས་ཆོད་དེ། ཤིང་དང་ཤིང་ འཕྲན་འཛིངས་པའི་གསེབ་ཤིན་ཏུ་ཉམ་ང་བ། ཆུ་དང་རྩ་དང་། སྡོང་པོ་དང་འཁྲི་ཤིང་གིས་ལམ་ཆོད་དེ། ཤིང་དང་ཤིང་ཕྲན་སྣ་ཚོགས་ཀྱི་ནགས་ཚལ་ཐིབས་པའི་ནང་དུ་ཕྱིན་ཏེ། སྟག་གི་སྒྲ་ཐོས་པས་སྐྲག་པའི་སྙིང་ ཅན་དོན་མ་གྲུབ་པས། སེམས་འཁྲུགས་པར་གྱུར་པ་དང་། འཇིགས་པ་དང་འཚེ་བ་དང་། མི་དགའ་བ་སྣ་ཚོགས་ཀྱིས་ཉམས་མི་དགའ་བ་ནགས་ཚལ་སྟུག་པོ་ནས་འབྱུང་བའི་ཕྱོགས་མི་ཤེས་པ་རྣམས་ལ། ཁོ་མོ་ནི་ བདེ་བར་འགྲོ་བའི་ལམ་ཡོངས་སུ་སྟོན་པ་བྱེད་དེ། སེམས་ཀྱང་འདི་ལྟར་དགེ་བའི་རྩ་བ་འདིས་སེམས་ཅན་ལྟ་བའི་ཐིབས་པོ་སྣ་ཚོགས་ལ་གནས་པ། སྲེད་པའི་དྲ་བས་འཁྲིས་པར་གྱུར་པ། འཁོར་བའི་སྡུག་བསྔལ་ སྣ་ཚོགས་ཀྱིས་གཙེས་པ་རྣམས་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་འབྲལ་བར་ཤོག་ཤིག་པར་བསྐྱེད་དེ། འབྲོག་དགོན་པ་ལ་སྤྱོད་པའི་སེམས་ཅན་མུན་པའི་ནང་ན། འཐོམས་པ་རྣམས་ཀྱང་ཐབས་ཀྱི་སྒྲ་ སྣ་ཚོགས་ཀྱིས་བདེ་བ་ཡོངས་སུ་བསྐྱེད་ཅིང་ལམ་བསྟན་ཏེ། དེ་དག་འཇིགས་པ་མེད་པ་དང་། བདེ་བ་ལ་རབ་ཏུ་བཀོད་ནས། སེམས་ཀྱང་དགེ་བའི་རྩ་བ་འདིས་སེམས་ཅན་འཁོར་བའི་འབྲོག་དགོན་པ་ན་འཐོམས་པ་ངན་ སོང་ཐམས་ཅད་ཀྱི་ལམ་དུ་ཞུགས་པ་རྣམས་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་དཀྲོལ་ཏེ་ཤིན་ཏུ་ཕུན་སུམ་ཚོགས་པས། བདེ་བ་ཐམས་ཅད་མཁྱེན་པའི་ལམ་ལ་རབ་ཏུ་བཀོད་པར་བྱ་བར་ཤོག་ཤིག་པར་བསྐྱེད་དེ། 76-1-265b རིགས་ཀྱི་བུ་ཡུལ་དང་ལྗོངས་ལ་ཆགས་པའི་སེམས་ཅན་མངོན་པར་ཆགས་པའི་རྒྱུ་ལས་བྱུང་བའི་སྡུག་བསྔལ་ཉམས་སུ་མྱོང་བར་གྱུར་པ་རྣམས་ལའང་ཁོ་མོ་ནི་སྐྱོ་བར་བྱ་བའི་ཐབས་སྣ་ཚོགས་ཀྱིས་ཡུལ་ལ་མངོན་པར་ཆགས་ པ་དེ་ལས་གྱེན་དུ་བསྐྱོད་པར་བྱེད་དེ་སེམས་ཀྱང་འདི་ལྟར་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཕུང་པོ་ལ་མངོན་པར་ཆགས་པ་ལས་གྱེན་དུ་བསྐྱོད་དེ། གནས་མེད་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དགོད་ པར་བྱ་བར་ཤོག་ཤིག་པར་བསྐྱེད་དོ། །རིགས་ཀྱི་བུ་ཁོ་མོ་ནི་གྲོང་ན་སྤྱོད་པའི་སེམས་ཅན་ཁྱིམ་དང་གནས་ཀྱིས་བཅིངས་པས་གླགས་པ་རྣམས་མཚན་མོ་མུན་པ་ཤིན་ཏུ་གནག་པས་ཆོད་པའི་ནང་ན་ཁྱིམ་གྱི་དོན་སྣ་ཚོགས་ ཉམས་སུ་གནོད་པས། སྡུག་བསྔལ་བར་གྱུར་པ་རྣམས་ཀྱང་སྐྱོ་བར་འགྱུར་བའི་སྒོ་སྣ་ཚོགས་ཀྱིས་སྐྱོ་བར་བྱས་ཏེ། ཆགས་པ་མེད་པའི་སེམས་ཡོངས་སུ་བསྐྱེད་ནས། ཆོས་ཀྱི་སྦྱིན་པས་ཡོངས་སུ་ གཟུང་སྟེ། ཚིམ་པར་བྱས་ནས་བརྟན་པ་མེད་པའི་ཆོས་ལ་བཀོད་དོ། །སེམས་ཀྱང་འདི་ལྟར་དགེ་བའི་རྩ་བ་འདིས་སེམས་ཅན་སྐྱེ་མཆེད་དྲུག་གི་གྲོང་ལ་གནས་པ་རྣམས་འཁོར་བའི་ལམ་གྱི་རྒྱུད་ཀྱིས་ སྤྱོད་ཡུལ་ལས་གྱེན་དུ་བསྐྱོད་དེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལ་དགོད་པར་བྱ་བར་ཤོག་ཤིག་པར་བསྐྱེད་དོ། །རིགས་ཀྱི་བུ་གང་ཡང་མཚན་མོ་མུན་པ་ཤིན་ཏུ་གནག་པའི་ནང་ན། ཤར་ཕྱོགས་ལ་སྩོགས་པའི་ཕྱོགས་དང་། ཕྱོགས་མཚམས་རེ་རེར་ཕྱོགས་བསླད་པར་གྱུར་པ། སའི་ཕྱོགས་མཉམ་པ་ལ་མི་མཉམ་པའི་གཡང་སར་འདུ་ཤེས་པ་དང་། སྒང་བུ་ ལ་གཤོང་དུ་འདུ་ཤེས་པར་གྱུར་ཏེ། ཕྱོགས་ཀྱི་ལམ་དང་ས་ཚོད་ལ་མགོ་འཁོར་བར་གྱུར་པ་དེ་དག་ལའང་ཁོ་མོ་ནི་ཐབས་སྣ་ཚོགས་ཀྱིས་སྣང་བར་བྱས་ཏེ། ཕྱིར་འབྱུང་བ་རྣམས་ལ་ནི་སྒོ་ 76-1-266a སྟོན་ཏོ། །རྒོལ་བར་འདོད་པ་རྣམས་ལ་ནི་མུ་སྟེགས་ཡོངས་སུ་སྟོན་ཏོ། །རྒོལ་བར་འདོད་པ་ནམས་ལ་ནི་གྲུ་ཡོངས་སུ་སྟོན་ཏོ། །ཁྱིམ་དུ་འགྲོ་བར་འདོད་པ་རྣམས་ལ་ནི་ཁྱིམ་ཡོངས་སུ་ སྟོན་ཏོ། །རྣམ་པར་བལྟ་བར་འདོད་པ་རྣམས་ལ་ནི་ཕྱོགས་ཡོངས་སུ་སྟོན་ཏོ། །ས་གཞི་མཐོ་བ་དང་། དམའ་བ་ཡང་ཡོངས་སུ་སྟོན་ཏོ། །སའི་ཕྱོགས་མཉམ་པ་དང་། མི་མཉམ་པ་དང་། གཟུགས་ཀྱི་རྣམ་ པ་སྣ་ཚོགས་ཀྱང་ཡོངས་སུ་སྟོན་ཏོ། །ལམ་གྱིས་དུབ་པ་རྣམས་ལ་གྲོང་དང་གྲོང་ཁྱེར་དང་ལྗོངས་དང་ཁམས་དང་། རྒྱལ་པོའི་ཕོ་བྲང་འཁོར་ཀྱང་ཡོངས་སུ་སྟོན་ཏོ། །ཚ་བ་དང་སྐོམ་པས་མནར་བ་རྣམས་ལ་ཡང་མཚོ་དང་ མཚེའུ་དང་། ལུ་མ་དང་རྫིང་དང་རྫིང་བུ་དང་ཆུ་ཀླུང་དང་། ནགས་ཚལ་དང་བཟའ་ཤིང་གི་ར་བ་དང་། ཀུན་དགའི་ར་བ་ཡིད་དུ་འོང་བ་ཡོངས་སུ་སྟོན་ཏོ། །སྡུག་པ་དང་བྲལ་ཞིང་ཕྲད་པར་རྣམས་ལ་ཕ་དང་མ་དང་བུ་དང་ཆུང་མ་དང་། མཛའ་བོ་དང་། བློན་པོ་དང་། གཉེན་བཤེས་དང་ཡིད་དུ་འོང་བའི་གཟུགས་ཀྱང་རྣམ་པ་སྣ་ཚོགས་ཡོངས་སུ་སྟོན་ཏོ། །སེམས་ཀྱང་ཇི་ལྟར་བདག་གིས་སེམས་ཅན་མཚན་མོ་མུན་པ་མུན་ནག་གིས་ཆོད་པ། མིག་རབ་རིབ་ཀྱིས་ ཉམས་པ་ཕྱོགས་བསླད་པ། ལམ་འཁོར་བ་རྣམས་ལ་གཟུགས་ཀྱི་རྣམ་པ་སྣ་ཚོགས་རྣམ་པར་དམིགས་པར་བྱ་བའི་ཕྱིར་སྣང་བ་བསྐྱེད་དེ། འོད་བྱས་པ་དེ་བཞིན་དུ་བདག་གིས་ཡུན་རིང་པོ་ནས་འཁོར་བའི་མུན་པ་ན་གནས་པའི་ སེམས་ཅན་ཡང་དག་པ་ཉིད་ཀྱི་ཕྱོགས་ལ་བསླད་པ་མ་རིག་པའི་མུན་པར་འཐོམས་པ་ཡེ་ཤེས་ཀྱི་མིག་མི་ཤེས་པའི་ལིང་ཏོག་གིས་ཆོད་པ། འདུ་ཤེས་དང་སེམས་དང་ལྟ་བས་ཕྱིན་ཅི་ལོག་ཏུ་གྱུར་པ། མི་རྟག་པ་ལ་རྟག་པར་ འདུ་ཤེས་པ་དང་། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ། བདག་མེད་པ་ལ་བདག་དུ་འདུ་ཤེས་པ། མི་སྡུག་པ་ལ་སྡུག་པར་འདུ་ཤེས་པ། བདག་དང་སེམས་ཅན་དང་། སྲོག་དང་། གསོ་བ་དང་། གང་ཟག་དུ་ 76-1-266b འཛིན་པ་དམ་པོ་ལ་གནས་པ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་གནས་པ། རྒྱུ་དང་འབྲས་བུ་ལ་མགོ་འཁོར་བ། མི་དགེ་བའི་ལས་ཀྱི་ལམ་ཀྱི་ཕྱོགས་སུ་ཞུགས་པ། སྲོག་གཅོད་པ། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ། རྫུན་དུ་སྨྲ་བ་དང་། ཕྲ་མ་ཟེར་བ་དང་། ངག་རྩུབ་པོ་འབྱིན་པ། ཚིག་ཁྱལ་པ་སྨྲ་བ་དང་། ཆགས་སེམས་དང་ལྡན་པ། གནོད་སེམས་དང་ལྡན་པ། ལོག་པར་ལྟ་བ་ཅན། ཕར་མི་ཤེས་པ། མར་མི་ཤེས་པ། དགེ་སྦྱོང་དང་། བྲམ་ཟེར་མི་ཤེས་པ། དབང་པོ་མི་ཤེས་པ། སྐྱེས་བུ་དམ་པ་མི་ཤེས་པ། ཆོས་མ་ཡིན་པ་ལ་ཆགས་ཤིང་ཞེན་པ། མི་ཚུལ་བའི་འདོད་པས་ཟིལ་ཀྱིས་གནོན་པ། ལོག་པའི་ཆོས་ཀྱིས་ ཡོངས་སུ་འཁྲིས་པ། དེ་བཞིན་གཤེགས་པ་ལ་སྐུར་བ་འདེབས་པ། ཆོས་ཀྱི་འཁོར་ལོ་ནུབ་པར་བྱ་བ་ལ་ཞུགས་པ། བདུད་ཀྱི་རྒྱལ་མཚན་འཛིན་པ། བྱང་ཆུབ་སེམས་དཔའ་ལ་གནོད་པར་བྱེད་པ། ཐེག་པ་ཆེན་པོ་ལ་ ཞེ་སྡང་བ། བྱང་ཆུབ་ཀྱི་སེམས་ལ་མོས་པ་སྤྱོད་པར་བྱེད་པ། བྱང་ཆུབ་སེམས་དཔའ་ལ་མི་སྙན་དུ་བརྗོད་པ། སྣོད་མ་སྐམས་པར་སྙིང་རིང་བ། གནོད་པ་མ་བྱས་པར་དགྲར་ལེན་པ། འཕགས་པ་ལ་སྐུར་བ་ འདེབས་པ། སྐྱེས་བུ་དམ་པ་མ་ཡིན་པས། སྤྱོད་པའི་ཆོས་ཀྱི་སྤྱོད་ཡུལ་ཅན། མཆོད་རྟེན་དང་། དགེ་འདུན་གྱི་དངོས་པོ་ལ་འཁུ་བ། ཕ་མ་ལ་ལོག་པར་སེམས་པ། མཚམས་མེད་པའི་ལས་བྱེད་པ། གཡང་ས་ཆེན་པོ་ལ་ མངོན་པར་ལྟས་པའི་སེམས་ཅན་རྣམས་ཀྱི་མ་རིག་པའི་མུན་པ་ཤེས་རབ་ཀྱི་སྣང་བ་ཆེན་པོས་བསལ་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བསྐུལ་ནས། ཐེག་པ་ཆེན་པོ་ཀུན་ཏུ་བཟང་ པོས་སྟོབས་བཅུའི་ཡེ་ཤེས་ཀྱི་ལམ་ཡོངས་སུ་སྟོན་པར་གྱུར་ཅིག །དེ་བཞིན་གཤེགས་པའི་ས་དང་། དེ་བཞིན་གཤེགས་པའི་ཡུལ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཚུལ་རྒྱ་མཚོ་དང་། 76-1-267a སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་དང་། སངས་རྒྱས་ཀྱི་ཡུལ་དང་། སྟོབས་བཅུ་ཡོངས་སུ་གྲུབ་པ་དང་། སངས་རྒྱས་ཀྱི་གཟུངས་ཀྱི་སྟོབས་དང་། སངས་རྒྱས་ཐམས་ཅད་ཀྱི་སྐུ་གཅིག་ཏུ་གྱུར་པ། ཡོངས་སུ་ སྟོན་པར་ཤོག་ཤིག །ཡོངས་སུ་བསྟན་པས་ཀྱང་། སངས་རྒྱས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་གནས་ལ་རབ་ཏུ་དགོད་པར་ཤོག་གཅིག་པར་བསྐྱེད་དོ། །རིགས་ཀྱི་བུ་ཁོ་མོ་ནི་སེམས་ཅན་ཡུན་རིང་པོ་ནས་ན་ཞིང་ནད་ཀྱིས་ ཡོངས་སུ་སྐྱོ་བས། ལུས་ཉམ་ཆུང་བ་དང་། རྒས་པ་དང་། རྒ་བས་ཟིལ་གྱིས་ནོན་པ་དང་། མགོན་མེད་པ་དང་། ཕོངས་ཤིང་དབུལ་བ་དང་། ལོག་པར་ལྟུང་བ་དང་། ཡུལ་གཞན་དུ་ཕྱིན་པ་དང་། ཕྱོགས་ལོགསུ་ཞུགས་པ་དང་། བཙོན་ར་ན་འདུག་པ་དང་། ཆད་པས་བཅད་པ་དང་། ཉེས་པ་བྱུང་སྟེ། རྒྱལ་པོས་གསད་པར་བཀྲི་བ་རྣམས་ཀྱང་སྲོག་དང་བྲལ་གྱི་འཇིགས་པ་ལས་ཡོངས་སུ་བསྐྱོབ་པའི་ཕྱིར་གནས་སོ། །རིགས་ཀྱི་བུ་དེ་ལྟར་ཁོ་མོ་ ནི་སེམས་ཅན་ནད་པ་རྣམས་ཀྱི་ནད་ཐམས་ཅད་ནི་ཐབས་ཐམས་ཅད་ཀྱིས་གསོ་བར་ནན་ཏན་དུ་བྱེད་དོ། །རྒས་པ་དང་རྒ་བས་ཟིལ་གྱིས་ནོན་པ་རྣམས་ལ་ནི་བསྙེན་བཀུར་བ་དང་། རིམ་གྲོ་དང་ཡོ་བྱད་ཀྱི་མི་འཕོངས་ པར་ཡོངས་སུ་བསྡུད་པ་བྱེད་དོ། །མགོན་མེད་པའི་སེམས་ཅན་རྣམས་ལ་མགོན་བྱེད་དོ། །འཕོངས་ཤིང་དབུལ་བ་རྣམས་ལ་ནི་ནོར་དང་། གསེར་གྱི་ཕུང་པོས་ཡོངས་སུ་བསྡུད་དོ། །ལོག་པར་ལྟུང་བ་རྣམས་ ནི་དོན་འཐུན་པས་ཡོངས་སུ་བསྡུད་དོ། །ཡུལ་གཞན་དུ་ཕྱིན་པ་རྣམས་ནི་རང་གི་ཡུལ་དུ་ཕྱིན་པར་བྱེད་དོ། །ཕྱོགས་ལོག་པར་ཞུགས་པ་རྣམས་ནི་ཕྱོགས་མ་ནོར་བར་འཛུད་དོ། །བརྩོན་ར་ན་འདུག་པ་རྣམས་ནི་ བརྩོན་ར་ནས་ཐར་པར་བྱེད་དོ། །ཆད་པས་གཅད་པ་ནི་ཆད་པའི་སྡུག་བསྔལ་ལས་གྲོལ་བར་བྱེད་དོ། །ཉེས་པ་བྱུང་སྟེ། རྒྱལ་པོས་གསད་པར་བཀྲིས་པ་རྣམས་ནི་སྲོག་གི་དབུགས་ཕྱིན་པ་ཐོབ་པར་བྱེད་དོ། །སེམས་ཀྱང་ 76-1-267b བདག་ཇི་ལྟར་སེམས་ཅན་འདི་དག་འཇིགས་པ་དང་། གནོད་པ་སྣ་ཚོགས་ལས་ཡོངས་སུ་སྐྱོབ་ཅིང་། མགོན་བྱེད་པ་དེ་བཞིན་དུ་བདག་གིས་འདི་རྣམས་བླ་ན་མེད་པའི་ཆོས་ཀྱི་ཡོངས་སུ་བསྡུ་བས་ཡོངས་སུ་བསྡུས་ཏེ། ཉོན་མོངས་ པ་ཐམས་ཅད་ཡོངས་སུ་དཀྲོལ་བར་བྱེད་དོ། །སྐྱེ་བ་དང་རྒ་བ་དང་ན་བ་དང་། འཆི་བ་དང་། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡང་དག་པར་བཟླ་བར་བྱའོ། །ངན་སོང་དང་ལོག་ པར་ལྟུང་བའི་འཇིགས་པ་ཐམས་ཅད་ལས་ཡོངས་སུ་དཀྲོལ་བར་བྱའོ། །དགེ་བའི་བཤེས་གཉེན་གྱི་གཟུངས་ལ་རབ་ཏུ་དགོད་པར་བྱའོ། །ཆོས་རིན་པོ་ཆེ་སྦྱིན་པ་ཡོངས་སུ་བསྡུ་བས་ཡོངས་སུ་བསྡུ་བར་བྱའོ། །ཁ་ན་མ་ཐོ་བ་ མེད་པའི་ལས་ལ་རབ་ཏུ་དགོད་པར་བྱའོ། །དེ་བཞིན་གཤེགས་པའི་སྐུ་རྣམ་པར་དག་པར་བསྐུལ་བར་བྱའོ། །རྒ་ཤི་ཡོངས་སུ་མེད་པའི་དབྱིངས་ཤིན་ཏུ་རྟོགས་པ་ལ་རབ་ཏུ་དགོད་པར་བྱ་བར་བསྐྱེད་དོ། །རིགས་ཀྱི་བུ་ཁོ་མོ་ནི་སེམས་ ཅན་ལོག་པའི་ལམ་ལ་ཞུགས་པའི་རྣམ་པ་ཐིབས་པོ་སྣ་ཚོགས་ལ་མངོན་པར་ཞེན་པ། ལོག་པར་ལྟ་བའི་སྤྱོད་ཡུལ་ཅན་ལུས་དང་། ངག་དང་ཡིད་ཀྱི་ལས་ཉམས་ང་བར་འགྱུར་བ་ལ་ཡོངས་སུ་སྤྱོད་པ། བརྟུལ་ཞུགས་དང་ དཀའ་ཐུབ་སྣ་ཚོགས་ལ་གནས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན་པ་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འདུ་ཤེས་པ་ལུས་གདུང་བ་དང་། ཡོངས་སུ་གདུང་བ་ལ་རབ་ཏུ་བརྩོན་པ། མཚོ་དང་འཚེའུ་དང་། ལུ་མ་དང་རྫིང་བུ་དང་ཆུ་ཀླུང་དང་། རིའི་གཟར་དང་། ཕྱོགས་དང་ཕྱོགས་འཚམས་ལ་འདུད་ཅིང་ཕྱག་འཚལ་བ་མོས་པ། སྡིག་པའི་གྲོགས་པོའི་དབང་དུ་གྱུར་པ་རྣམས་ལ་ཡང་ཐབས་སྣ་ཚོགས་ཀྱིས་མགོན་དུ་གྱུར་པར་བྱེད་དོ། ། དེ་དག་སྡིག་པའི་ལྟ་བའི་རྣམ་པ་དང་། ངན་སོང་ཐམས་ཅད་ཀྱི་གཡང་སར་ལྟུང་བའི་ལམ་ལས་རྣམ་པར་བཟློག་གོ། །འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་རབ་ཏུ་བཀོད་ཅིང་། ལྷ་དང་མིའི་ཕུན་སུམ་ཚོགས་པ་ལ་ཡོངས་སུ་ 76-1-268a འགོད་དེ། དེ་བས་ཀྱང་ཇི་ལྟར་བདག་གིས་སེམས་ཅན་འདི་དག་ཉམ་ང་བའི་ནན་ཏན་དང་། སྡུག་བསྔལ་ལས་ཡོངས་སུ་བཀྲོལ་བ་དེ་བཞིན་དུ་བདག་གིས་སེམས་ཅན་ཐམས་ཅད་ཀྱང་། འཕགས་པ་འཇིག་རྟེན་ལས་འདས་ པའི་ཕ་རོལ་ཏུ་ཕྱིན་པའི་ལམ་ལ་བཀོད་དེ། ཐམས་ཅད་མཁྱེན་པ་ཉིད་ལས་ཕྱིར་མི་ལྡོག་པར་བྱས་ལ་ཀུན་ཏུ་བཟང་པོའི་སྨོན་ལམ་ཆེན་པོས་ཐམས་ཅད་མཁྱེན་པ་ཉིད་ལ་དགོད་པར་བྱའོ། །སེམས་ཅན་གྱི་ཁམས་ཐམས་ཅད་ མ་དུལ་གྱི་བར་དུ་བྱང་ཆུབ་སེམས་དཔའི་ས་ལས་ཀྱང་མི་གཡོ་བར་བྱ་བར་བསྐྱེད་དོ། །དེ་ནས་མཚན་མོའི་ལྷ་མོ་དཔྱིད་དང་ལྡན་པས་དེའི་ཚེ། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པའི་ཕྱོགས་སེམས་ཅན་ཐམས་ཅད་ཀྱི་མུན་པ་ རྣམ་པར་སེལ་བའི་ཆོས་ཀྱི་སྣང་བས་འགྲོ་བ་རྣམ་པར་འདུལ་བའི་སྒོ་འདི་མནན་ཏེ། བསྟན་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། ཚོང་དཔོན་གྱི་བུ་ནོར་བཟངས་ལ་ཚིགས་སུ་བཅད་ པ་འདི་དག་སྨྲས་སོ། །གཏི་མུག་མ་རིག་མུན་ནག་བསྩལ་དོན་དུ། །སེམས་ཅན་ཕན་ཕྱིར་ཁོ་མོས་ཆོས་བསྟན་ཏེ། །དུས་ལ་བསྡད་ཅིང་འགྲོ་བ་བདེ་བར་བྱས། །འདི་ནི་རྣམ་ཐར་ཚུལ་མཆོག་ཞི་བ་ཡིན། །ཁོ་མོས་བྱམས་ ཡངས་ཤིན་ཏུ་སྤྱད་པ་བྱས། །བསྐལ་པ་མཐའ་ཡས་སྔོན་ཅད་ཤིན་ཏུ་བསྒོམས། །དེས་ནི་འཇིག་རྟེན་རྒྱས་བཀང་སྣང་བར་བྱས། །ནོར་བཟངས་བསྟན་པས་ཚུལ་འདི་ཤེས་པར་གྱིས། །ཁོ་མོའི་སྙིང་རྗེ་རྒྱ་མཚོ་ཚད་མེད་དོ། ། འདི་ལས་དུས་གསུམ་རྒྱལ་བ་འཇིག་རྟེན་འབྱུང་། །དེས་ནི་འགྲོ་བའི་སྡུག་བསྔལ་ཞི་བར་བྱེད། །ནོར་བཟངས་བསྟན་པའི་ཚུལ་འདི་ཤེས་པར་གྱིས། །འཇིག་རྟེན་བདེ་བ་མངོན་པར་བསྒྲུབ་པ་དང་། །མ་བྱས་འཕགས་པའི་བདེ་བ་ མངོན་བསྒྲུབ་ཅིང་། །དེས་ནི་ཁོ་མོ་དགའ་མགུ་རངས་པར་བྱེད། །རྒྱལ་སྲས་ཁྱོད་ཀྱིས་ཚུལ་འདི་ཤེས་པར་གྱིས། །སངས་རྒྱས་སྟོབས་རྣམས་ཡོངས་སུ་སྦྱོང་བྱེད་ཅིང་། །ཉན་ཐོས་ཡེ་ཤེས་རྣམ་ཐར་འབྲས་བུ་དང་། །འདུས་ 76-1-268b བྱས་སྐྱོན་ལས་རྟག་ཏུ་ཕྱིར་ཕྱོགས་ཀྱིས། །རྒྱལ་སྲས་ཁྱོད་ཀྱིས་ཚུལ་འདི་ཤེས་པར་གྱིས། །ཁོ་མོའི་མིག་ནི་རྒྱ་ཆེ་ཡོངས་སུ་དག །དེས་ནི་ཕྱོགས་བཅུའི་ཞིང་རྣམས་མང་པོ་མཐོང་། །ཞིང་དབྱིངས་དེ་དག་ཀུན་གྱི་རང་ བྱུང་རྣམས། །བྱང་ཆུབ་ཤིང་དབང་དྲུང་ན་བཞུགས་པ་མཐོང་། །སངས་རྒྱས་སྐུ་ནི་མཚན་གྱིས་ཡོངས་བརྒྱན་ཅིང་། །འོད་བཟང་རྣམ་པ་སྣ་ཚོགས་ཀུན་འགྱེད་དེ། །བ་སྤུ་ཀུན་ནས་འོད་གཟེར་མང་འགྱེད་པ། །སངས་རྒྱས་འཁོར་ དང་བཅས་པ་ཁོ་མོས་མཐོང་། །ཞིང་དབྱིངས་དེ་དག་ཀུན་གྱིས་སེམས་ཅན་རྣམས། །ཤི་འཕོ་སྐྱེ་བའི་སྒོར་ཡང་ཀུན་མཐོང་སྟེ། །བྱིས་པས་དེ་དག་འགྲོ་རྒྱུད་རྒྱ་མཚོ་ན། །འཁོར་ཞིང་རང་རང་ལས་ཀྱང་མྱོང་བར་བྱེད། །ཁོ་མོའི་རྣ་བ་ རྒྱ་མཚོ་རྣམ་དག་སྟེ། །དེར་ནི་སྒྲ་རྣམས་མ་ལུས་ཡོངས་སུ་འདུ། །འགྲོ་བ་ཀུན་གྱི་སྒྲ་སྐད་རྒྱ་མཚོ་དག །ཀུན་ཀྱང་ཐོས་ནས་དྲན་པས་ཡོངས་སུ་འཛིན། །དབྱངས་ཀྱི་ཡན་ལག་སྒྲ་སྐད་ཐམས་ཅད་ཀྱིས། །དཔེ་ཟླ་མེད་པའི་ གསུང་ནི་རབ་བརྒྱན་ཏེ། །དེས་ནི་རྒྱལ་བ་འཁོར་ལོ་རབ་ཏུ་བསྐོར། །དེ་དག་ཁོ་མོས་ཐོས་ཤིང་དྲན་པས་འཛིན། །ཁོ་མོའི་སྣ་ཡི་མཐུ་ཡང་རྣམ་དག་སྟེ། །ཆོས་ཚུལ་རྒྱ་མཚོ་དག་ལ་ཐོགས་པ་མེད། །རྣམ་ཐར་གནས་རྣམས་ ཀུན་ཏུ་རབ་འཇུག་པའི། །ཚུལ་འདི་རྒྱལ་སྲས་ཁྱོད་ཀྱིས་ཤེས་པར་གྱིས། །ཁོ་མོའི་ལྕེ་ནི་རྒྱ་ཆེ་རབ་ཏུ་ཡངས། །སྲབ་ཅིང་མདོག་དམར་རིན་ཆེན་འོད་དུ་དག །སེམས་ཅན་བསམ་པ་ཇི་བཞིན་དེ་ཤེས་བྱེད། །རྒྱལ་སྲས་ ཁྱོད་ཀྱིས་ཚུལ་འདི་ཤེས་པར་གྱིས། །ཁོ་མོའི་ཆོས་ལུགས་ཤིན་ཏུ་རྣམ་དག་སྟེ། །དུས་གསུམ་ཀུན་ཏུ་འོད་གསལ་རབ་ཏུ་གནས། །གཟུགས་ལུས་སེམས་ཅན་བསམ་པ་ཇི་བཞིན་ཏེ། །དེ་དག་ཀུན་གྱི་དད་པའི་དབང་པོས་མཐོང་། ། ཁོ་མོའི་སེམས་ནི་ཆགས་མེད་ཟག་པ་མེད། །སྒྲ་དབྱངས་སྤྲིན་གྱི་ང་རོ་ཇི་བཞིན་ཏེ། །དེ་ཡི་ཁོངསུ་མི་མཆོག་ཀུན་ཆུད་ཀྱང་། །དེ་ལ་ཁོ་མོ་རྣམ་དག་རྟོག་པ་མེད། །ཞིང་གི་དབྱིངས་ཀྱི་སེམས་ཅན་བསམ་མི་ཁྱབ། །དེ་དག་སེམས་ 76-1-269a ཀྱི་རྒྱ་མཚོ་ཁོ་མོས་ཤེས། །དེ་དག་དབང་པོ་བསམ་པ་རབ་ཤེས་ཀྱང་། །དེ་ལ་ཁོ་མོ་རྣམ་པར་རྟོག་པ་མེད། །ཁོ་མོའི་རྫུ་འཕྲུལ་རབ་ཡངས་ཤིན་ཏུ་གྲུབ། །དེས་ནི་བསམ་ཡས་ཞིང་ཡང་རབ་ཏུ་བསྐྱོད། །ལུས་ཀྱི་ འོད་དང་མཐུ་ཡང་དེ་བཞིན་ཏེ། །དེས་ནི་སེམས་ཅན་གདུལ་དཀའ་ཤིན་ཏུ་འདུལ། །ཁོ་མོའི་བསོད་ནམས་རྣམ་ཡངས་ཡོངས་སུ་དག །ཀུན་ཏུ་རྒྱན་བྱེད་ཟད་པ་མེད་པའི་མཛོད། །དེས་ནི་རྒྱལ་བ་རྣམས་ལ་མཆོད་པ་ བྱེད། །འགྲོ་བ་ཐམས་ཅད་ཉེ་བར་འཚོ་བ་འང་ཡིན། །ཁོ་མོའི་ཤེས་རབ་རྣམ་ཡངས་ཤིན་ཏུ་དག །དེས་ནི་ཆོས་མང་རྒྱ་མཚོ་རབ་ཏུ་ཤེས། །འགྲོ་བ་ཀུན་གྱི་ཐེ་ཙོམ་ཡོངས་སུ་གཅོད། །རྒྱལ་སྲས་ཁྱོད་ཀྱིས་ཚུལ་འདི་ཤེས་ པར་གྱིས། །དུས་གསུམ་ཀུན་ལ་ཁོ་མོས་ཞུགས་གྱུར་པས། །སངས་རྒྱས་རྒྱ་མཚོ་ཀུན་ཀྱང་མཐོང་ཞིང་ཤེས། །དེ་དག་སྨོན་ལམ་ལ་ཡང་རབ་ཏུ་ཞུགས། །ཚུལ་འདི་དཔག་ཡས་རབ་ཏུ་རྫོགས་པ་ཡིན། །རྡུལ་མང་ཀུན་ ལ་ཞིང་རྣམས་རྒྱ་མཚོ་མཐོང་། །དེ་དག་དུས་གསུམ་འཇུག་པ་དེ་བཞིན་ཏེ། །དེ་དག་ཀུན་གྱི་སངས་རྒྱས་རྒྱ་མཚོ་མཐོང་། །འདི་ནི་ཀུན་ཏུ་གནས་པའི་ཚུལ་གྱིས་ནི། །རྣམ་པར་སྣང་མཛད་བྱང་ཆུབ་སངས་རྒྱས་ཏེ། ། ཕྱོགས་བཅུ་རྣམས་ཀྱི་ཞིང་རྣམས་ཡོངས་བཀང་ཞིང་། །རྡུལ་སྦུབས་ཀུན་གྱི་བྱང་ཆུབ་ཤིང་དྲུང་ན། །ཞི་བའི་ཆོས་རྣམས་གསུང་དུ་སྒྲོགས་པ་ལྟོས། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟང་གྱིས་མཚན་མོའི་ལྷ་མོ་དཔྱིད་ དང་ལྡན་པ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་མོ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་ནས། ཇི་སྲིད་ཅིག་ལགས། དེ་ལྟར་ཁྱོད་ཚུལ་འདི་ལྟ་བུས་སེམས་ཅན་གྱི་དོན་བགྱི་བ་ལ་སྟ་གོན་ཏུ་ཞུགས་ པའི་རྣམ་པར་ཐར་པ་དེ་ནི་ཁྱོད་ཀྱིས་བརྙེས་ནས་ཇི་སྲིད་ལགས། དེ་སྐད་ཅེས་སྨྲས་པ་དང་། མཚན་མོའི་ལྷ་མོ་དཔྱིད་དང་ལྡན་པས་ཚོང་དཔོན་གྱི་བུ་ནོར་བཟང་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་སྔོན་འདས་པའི་ 76-1-269b དུས་རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་བསྐལ་པའི་ཡང་། ཕ་རོལ་གཅིག་ཏུ་བསྐལ་པ་རབ་ཏུ་ཞི་བའི་འོད་ཅེས་བྱ་བ་ལ། སངས་རྒྱས་བྱེ་བ་ཕྲག་ལྔ་བརྒྱ་སྐྱེས་པ་བྱུང་སྟེ། དེའི་འཇིག་རྟེན་གྱི་ཁམས་ནི་རིན་པོ་ཆེ་ དཔལ་འབྱུང་ཞེས་བྱ་བར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་དེའི་གླིང་བཞི་པོ་འབྲིང་པོ་རིན་ཆེན་ཟླ་བ་སྒྲོན་མའི་འོད་ཅེས་བྱ་བ་དེ་ན། རྒྱལ་པོའི་གནས་པད་མོའི་འོད་ཅེས་བྱ་བ་ཡོད་དེ། རྒྱལ་པོའི་གནས་དེར་རྒྱལ་པོ་ ཆོས་རབ་མུ་སྟེགས་ཞེས་བྱ་བ་ཆོས་དང་མཐུན་པའི་རྒྱལ་པོ་འཁོར་ལོས་བསྒྱུར་བའི་གླིང་བཞི་ལ་དབང་བ་རིན་པོ་ཆེ་བདུན་དང་ལྡན་པ་བྱུང་སྟེ། དེས་ས་ཆེན་པོ་དེ་ཡང་རི་དང་རྒྱ་མཚོར་བཅས་པའི་མཐས་གཏུགས་པར་ཆོས་ ཀྱིས་རྒྱས་པར་བྱས་ནས། བདེ་བར་གནས་པར་བྱས་སོ། །རྒྱལ་པོ་ཆོས་རབ་མུ་སྟེགས་དེའི་བཙུན་མོ་ཆོས་ཀྱི་བློ་གྲོས་ཟླ་བ་ཞེས་བྱ་བ་བྱུང་སྟེ། དེ་སྲོད་ལ་འདོད་པས་མོས་ཤིང་དགའ་བར་རྩེ་རྩེ་སྙམ་དུ་བསམ་ནས་ནམ་གྱི་ གུང་ལ་བཙུན་མོའི་འཁོར་གྱི་གནས་སུ་ཕྱིན་ཏེ་ཉལ་ལོ། །དེ་ནས་རྒྱལ་པོའི་གནས་པད་མོའི་འོད་དེའི་ཤར་ཕྱོགས་ཀྱི་ནགས་ཚལ་ཆེན་པོ་ཞི་བའི་དཔལ་འབྱུང་བ་ཞེས་བྱ་བར་རིན་པོ་ཆེའི་རྒྱལ་པོ་རྒྱན་ཐམས་ཅད་ཀྱི་འོད་དང་ལྡན་པའི་ ལྷུན་ཅན། སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པས་བྱུང་བའི་བྱང་ཆུབ་ཀྱི་ཤིང་ཆེན་པོའི་དྲུང་དུ། དེ་བཞིན་གཤེགས་པ་ཆོས་ཐམས་ཅད་རབ་ཏུ་སྒྲོགས་པའི་རྒྱལ་པོ་ཞེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས། དེའི་མཐུས་འཇིག་རྟེན་གྱི་ཁམས་རིན་ཆེན་དཔལ་འབྱུང་བ་ཐམས་ཅད་འོད་ཆེན་པོ་དེ་དག་དུ་མ་ཅན་གྱིས་རྒྱས་ཤིང་གང་བར་གྱུར་ཏོ། །རྒྱལ་པོའི་གནས་པད་མོའི་འོད་ཅེས་ བྱ་བ་དེ་ན་མཚན་མོའི་ལྷ་མོ་ཟླ་བ་ཤིན་ཏུ་རྣམ་པར་དག་པའི་འོད་ཅེས་བྱ་བ་འདུག་འདུག་སྟེ། དེས་རྒྱལ་པོའི་བཙུན་མོ་ཆོས་ཀྱི་བློ་གྲོས་ཟླ་བའི་གན་དུ་སོང་ནས། རྒྱན་བཀྲོལ་བའི་སྒྲས་སད་པར་བྱས་སྟེ། 76-1-270a འདི་སྐད་ཅེས་སྨྲས་སོ། །འདི་ལྟར་རྒྱལ་པོའི་བཙུན་མོ་ཤེས་པར་གྱིས་ཤིག །ནགས་ཚལ་ཆེན་པོ་ཞི་བའི་དཔལ་འབྱུང་བར་དེ་བཞིན་གཤེགས་པ་ཆོས་ཐམས་ཅད་རབ་ཏུ་སྒྲོགས་པའི་རྒྱལ་པོ་ ཞེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ནས་དེས་རྒྱལ་པོའི་བཙུན་མོ་དེའི་མདུན་དུ་སངས་རྒྱས་ཀྱི་ཡོན་ཏན་བསྔགས་པ་དང་། སངས་རྒྱས་ཀྱི་ རྣམ་པར་འཕྲུལ་པ་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་། སྨོན་ལམ་རྒྱ་ཆེར་བཤད་དོ། །རིགས་ཀྱི་བུ་རྒྱལ་པོའི་བཙུན་མོ་དེའང་དེ་བཞིན་གཤེགས་པའི་འོད་ཀྱིས་སྣང་བར་གྱུར་ཏེ། བསམ་པ་ཐག་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ནས། དེས་དེ་བཞིན་གཤེགས་པ་དེ་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ཀྱི་དགེ་འདུན་དུ་བཅས་པ་ལ་མཆོད་ པ་དང་། རིམ་གྲོ་ཆེར་བྱས་སོ། །རིགས་ཀྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་རྒྱལ་པོའི་བཙུན་མོ་ཆོས་ཀྱི་བློ་གྲོས་ཟླ་བ་ཞེས་བྱ་བ་དེ་གཞན་ཞིག་ཡིན་པ་ཙམ་དུ་སེམས་ན་ནི་དེ་ལྟར་མྱི་བལྟ་སྟེ། ཁོ་མོ་ ནི་དེའི་ཚེ་དེའི་དུས་ན། རྒྱལ་པོའི་བཙུན་མོ་ཆོས་ཀྱི་བློ་གྲོས་ཟླ་བ་ཞེས་བྱ་བར་གྱུར་ཏོ། །རིགས་ཀྱི་བུ་ཁོ་མོ་ནི་མོས་པའི་སེམས་བསྐྱེད་པ་དེ་དང་། དེ་བཞིན་གཤེགས་པ་ལ་བསྐྱེད་པའི་དགེ་བའི་རྩ་བ་དེས། བསྐལ་པ་རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཚུན་ཆད་དུ་ནམ་ཡང་ངན་སོང་ལོག་པར་ལྟུང་བར་མ་སྐྱེས་ཏེ། སེམས་ཅན་དམྱལ་བར་མ་ཡིན་ནོ། །བྱོལ་སོང་གི་སྐྱེ་གནས་སུ་མ་ཡིན། ཡི་དགས་སུ་མ་ཡིན་ནོ། ། ནམ་ཡང་རིགས་དམའ་བར་མ་སྐྱེས་སོ། །ནམ་ཡང་དབང་པོ་དང་མི་ལྡན་པར་མ་གྱུར་ཏོ། །ནམ་ཡང་སྡུག་བསྔལ་བར་མ་གྱུར་ཏེ། དེ་ལྟར་ཁོ་མོས་རྟག་པར་ལྷའི་ནང་དུ་ལྷའི་བདག་ཉིད་ཆེ་བ་ཉིད་ཐོབ། མིའི་ནང་ 76-1-270b དུ་ནི། མིའི་བདག་ཉིད་ཆེ་བ་ཉིད་ཐོབ་སྟེ། འདི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་དང་ཡང་མ་བྲལ་ལོ། །དུས་ངན་པར་ཡང་མ་སྐྱེས་སོ། །རིགས་ཀྱི་བུ་དེ་ལྟར་ཁོ་མོས་སངས་རྒྱས་ གཅིག་ནས་གཅིག་ཏུ་དགེ་བའི་རྩ་བ་བསྐྱེད་དེ་བསྐལ་པ་རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཅིག་ཏུ་ལམ་བདེ་ཞིང་མཉམ་པ་ནས་ཉེ་ཞོ་མེད་པར་ཕྱིན་ཀྱང་དེ་ཙམ་གྱིས་ཁོ་མོའི་བྱང་ཆུབ་སེམས་དཔའི་དབང་པོ་ཡོངས་སུ་དུབ་ པར་མ་གྱུར་ཏེ། རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་བསྐལ་པ་དེ་དག་ནི་འདས། བསྐལ་པ་བཟང་པོ་འདིའི་སྔ་རོལ་གྱི་ནི་བསྐལ་པ་ཆེན་པོ་སྟོང་ཕྲག་བཅུའི་ཐོག་མ་ལ་བབ་པ་དེའི་ཚེ། འཇིག་རྟེན་གྱི་ཁམས་གཟི་ བརྗིད་རྡུལ་གྱི་དྲི་མ་མེད་པ་ཞེས་བྱ་བར་བསྐལ་པ་མྱ་ངན་མེད་ཅིང་། རྡུལ་དང་བྲལ་བ་ཞེས་བྱ་བ་བྱུང་སྟེ། རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་གཟི་བརྗིད་རྡུལ་གྱི་དྲི་མ་མེད་པའི་དཔལ་དེ་ནི་ཀུན་ནས་ཉོན་མོངས་ལ་རྣམ་པར་དག་པར་ གྱུར་ཏེ། དེར་སངས་རྒྱས་ལྔ་བརྒྱ་བྱུང་ངོ་། །སངས་རྒྱས་ལྔ་བརྒྱ་པོ་དེ་དག་གི་ཐོག་མ་ལ་དེ་བཞིན་གཤེགས་པ་མཁྱེན་པ་དང་། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ། སྐྱེས་བུ་ འདུལ་བའི་ཁ་ལོ་བསྒྱུར་བ། ལྷ་དང་མིའི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རི་རབ་རྒྱལ་མཚན་སྤྱན་ཡངས་ཤིང་ཞི་བའི་དཔལ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་ཁོ་མོ་ཡང་ཚོང་དཔོན་སྙེན་པ་རྣམ་པར་གྲགས་པའི་ བུ་མོ་ཤེས་རབ་སྣང་བའི་དཔལ་ཞེས་བྱ་བ་གཟུགས་མཛེས་ཤིང་བཟང་ལ་བལྟ་ན་སྡུག་པ། ཁ་དོག་ཤིན་ཏུ་མཛེས་ཤིང་རྒྱས་པ་དང་ལྡན་པ་ཞིག་དུ་གྱུར་ཏེ། མཚན་མོའི་ལྷ་མོ་ཟླ་བ་ཤིན་ཏུ་རྣམ་པར་དག་པའི་འོད་ཅེས་བྱ་བ་དེ་ ཡང་སྨོན་ལམ་གྱི་དབང་གིས་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་རྡུལ་དང་བྲལ་བའི་རྒྱལ་པོའི་གནས་རྒྱལ་མཚན་སྣ་ཚོགས་སུ་མཚན་མོའི་ལྷ་མོ་མིག་རྣམ་པར་དག་པ་ཞེས་བྱ་བར་གྱུར་ཏེ། དེས་ཁོ་མོ་མཚན་མོ་མི་ཉལ་ཙམ་ 76-1-271a ཞིག་ན། ཕ་མ་ཉལ་བར་གྱུར་པ་དང་། ཁྱིམ་དེ་ཡང་ཡོངས་སུ་བསྐྱོད་དེ་འོད་ཆེན་པོས་སྣང་བར་བྱས་ནས་རང་གི་གཟུགས་བསྟན་ཏེ། སངས་རྒྱས་ཀྱི་ཡོན་ཏན་བསྔགས་པ་བརྗོད་ནས། དེ་བཞིན་གཤེགས་ པ་ཐོག་མ་མངོན་པར་སངས་རྒྱས་ནས་ཞག་བདུན་ལོན་ཏེ། སྙིང་པོ་བྱང་ཆུབ་ལ་ཞུགས་པ་དེ་བསྟན་ཏོ། །དེ་ནས་ཁོ་མོ་ཕ་མ་གཉེན་བཤེས་ཀྱི་ཚོགས་ཆེན་པོ་དང་འགྲོགས་ཏེ། མཚན་མོའི་ལྷ་མོ་ཤིན་ཏུ་རྣམ་པར་དག་ པའི་ཟླ་བའི་འོད་སྔོན་དུ་བདར་ནས་དེ་བཞིན་གཤེགས་པ་དེའི་སྤྱན་སྔར་ཕྱིན་ཏོ། །དེ་ནས་ཁོ་མོ་དེ་བཞིན་གཤེགས་པ་དེ་ལ་མཆོད་པ་རྒྱ་ཆེན་པོ་བྱས་ཏེ། དེ་བཞིན་གཤེགས་པ་དེའི་ཞལ་མཐོང་མ་ཐག་ཏུ་ཏིང་ངེ་འཛིན་འགྲོ་བ་འདུལ་ ཞིང་སངས་རྒྱས་མཐོང་བར་བྱེད་པ་ཞེས་བྱ་བ་དང་། ཏིང་ངེ་འཛིན་དུས་གསུམ་གྱི་དབྱིངས་ཡེ་ཤེས་ཀྱིས་སྣང་བའི་དཀྱིལ་འཁོར་ཅེས་བྱ་བ་ཡང་ཐོབ་པར་གྱུར་ཏོ། །དེ་ཐོབ་པས་ཀྱང་ཁོ་མོས་བསྐལ་པ་རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་ སྙེད་པོ་དེ་དག་ཀྱང་རྗེས་སུ་དྲན་པར་གྱུར་ཏོ། །ཁོ་མོའི་བྱང་ཆུབ་ཀྱི་སེམས་དེ་ཡང་མངོན་དུ་གྱུར་ཏེ། དེ་ལྟར་ཁོ་མོས་དེ་བཞིན་གཤེགས་པ་དེ་ལས་ཆོས་བསྟན་པ་ཐོས་ཏེ། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ སེམས་ཅན་ཐམས་ཅད་ཀྱི་མུན་པ་རྣམ་པར་སེལ་བའི་ཆོས་ཀྱི་སྣང་བས་འགྲོ་བ་རྣམ་པར་འདུལ་བའི་སྒོ་འདི་ཡང་ཐོབ་པར་གྱུར་ཏོ། །དེ་ཐོབ་པས་ཀྱང་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ ཕྲ་བ་སྙེད་ལུས་ཀྱི་རྒྱས་པར་འགེངས་ཏེ། འཇིག་རྟེན་གྱི་ཁམས་དེ་དག་དེ་བཞིན་གཤེགས་པ་ཇི་སྙེད་ཅིག་བཞུགས་པ་དེ་དག་ཐམས་ཅད་ཀྱང་ཁོ་མོའི་མིག་ལམ་དུ་སྣང་ཞིང་བདག་ཉིད་ཀྱང་དེ་དག་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་ན་འདུག་ པར་ཤེས་སོ། །འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་ཀྱང་ཁོ་མོའི་མིག་ལམ་དུ་སྣང་སྟེ། དེ་དག་གི་སྒྲ་སྐད་རྣམ་པ་ཐ་དད་པའི་བརྡ་ཡང་རབ་ཏུ་ཤེས་སོ། །སེམས་དང་བསམ་པ་དང་། དབང་པོ་དང་མོས་པ་ 76-1-271b ཡང་རབ་ཏུ་ཤེས་སོ། །སྔོན་གྱི་མཐའི་དགེ་བའི་བཤེས་གཉེན་རྣམས་ཀྱི་དྲུང་དུ་ཡོངས་སུ་སྨྱིན་པར་གྱུར་པའང་རབ་ཏུ་ཤེས་སོ། །དེ་དག་ལ་བསམ་པ་ཇི་ལྟ་བ་བཞིན་དུ་ཚིམ་པར་གྱུར་པའི་ལུས་ཀྱང་ ཡོངས་སུ་སྟོན་ཏོ། །ཁོ་མོའི་རྣམ་པར་ཐར་པ་དེ་ཡང་སེམས་ཀྱི་སྐད་ཅིག་རེ་རེ་ལ་རྣམ་པར་འཕེལ་ཏེ། རྣམ་པར་ཐར་པའི་སེམས་དེའི་འོག་མའི་སེམས་ཀྱིས་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བརྒྱའི་རྡུལ་ཤིན་ ཏུ་ཕྲ་བ་སྙེད་ལུས་ཀྱིས་རྒྱས་པར་འགེངས་སོ། །དེའི་འོག་མའི་སེམས་ཀྱིས་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་སྟོང་གིས་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལུས་ཀྱིས་རྒྱས་པར་འགེངས་སོ། །དེའི་འོག་མའི་སེམས་ཀྱིས་ སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བརྒྱ་ཕྲག་སྟོང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལུས་ཀྱིས་རྒྱས་པར་འགེངས་སོ། །དེ་བཞིན་དུ་སེམས་ཀྱི་སྐད་ཅིག་རེ་རེ་ཞིང་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་ཡང་ བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་བར་དག་ལུས་ཀྱིས་རྒྱས་པར་འགེངས་སོ། །སངས་རྒྱས་ཀྱི་ཞིང་དེ་དག་ན་དེ་བཞིན་གཤེགས་པ་ཇི་སྙེད་ཅིག་བཞུགས་པ་དེ་དག་ཐམས་ཅད་ཀྱང་ཁོ་མོའི་མིག་ལམ་དུ་སྣང་སྟེ། བདག་ཉིད་ཀྱང་དེ་དག་གི་ཞབས་ཀྱི་དྲུང་ན་འདུག་པར་ཤེས་སོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོས་བསྟན་པ་དེ་དག་ཐམས་ཅད་ཀྱང་ལེན་ཏོ། །འཛིན་ཏོ། །ཡོངས་སུ་འཛིན་ཏོ། །ཉེ་བར་འཛིན་ཏོ། །དེ་བཞིན་ གཤེགས་པ་དེ་དག་གི་སྔོན་གྱི་ཚུལ་རྒྱ་མཚོ་དང་། སྨོན་ལམ་རྒྱ་མཚོ་ལ་ཡང་འཇུག་གོ། །དེ་བཞིན་གཤེགས་པ་དེ་དག་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དེ་དག་ཐམས་ཅད་ཀྱང་རང་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་ བྱ་བའི་ཕྱིར། མངོན་པར་བསྒྲུབ་བོ། །སེམས་ཅན་ཇི་སྙེད་ཅིག་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེ་དག་དུ་སྐྱེས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་། ཁོ་མོའི་མྱིག་ལམ་དུ་སྣང་སྟེ། སེམས་ཅན་དེ་དག་གི་བསམ་པ་དང་དབང་པོ་དང་ 76-1-272a མོས་པའི་བྱེ་བྲག་ཇི་སྙེད་པ་དེ་སྙེད་ཀྱི་བྱེ་བྲག་དུ་དེ་དག་ཡོངས་སུ་སྨྱིན་པར་བྱ་བ་དང་། གདུལ་བའི་ཕྱིར་ལུས་བྱིན་གྱིས་བརློབ་སྟེ། དེ་ལྟར་ཁོ་མོའི་རྣམ་པར་ཐར་པ་དེ་ནི་སེམས་ཀྱི་སྐད་ཅིག་རེ་རེ་ལ་ཡང་ཆོས་ཀྱི་ དབྱིངས་འབྱམ་ཀླས་པ་རྒྱས་པར་འགེངས་པའི་ཚུལ་གྱིས་རྣམ་པར་འཕེལ་ལོ། །རིགས་ཀྱི་བུ་ཁོ་མོས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སེམས་ཅན་ཐམས་ཅད་ཀྱི་མུན་པ་རྣམ་པར་སེལ་བའི་ཆོས་ཀྱི་སྣང་བས་འགྲོ་བ་ རྣམ་པར་འདུལ་བའི་སྒོ་འདི་ཤེས་པར་ཟད་ན། ཁོ་མོས་བྱང་ཆུབ་སེམས་དཔའ་མཐའ་དང་དབུས་མེད་པའི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་། སྨོན་ལམ་གྱིས་བྱུང་བ་དང་། ཆོས་ཀྱི་དབྱིངས་རྒྱ་མཚོའི་ཚུལ་ འབྱམ་ཀླས་པར་བདལ་བ་ལ་འཇུག་པར་དབང་བསྒྱུར་བ། བྱང་ཆུབ་སེམས་དཔའི་ཡང་དག་པར་བསྒྲུབ་པའི་ཏིང་ངེ་འཛིན་ཡེ་ཤེས་རྡོ་རྗེའི་དཔལ་གྱིས་རྣམ་པར་རྩེ་བ། འཇིག་རྟེན་གྱིས་ཁམས་ཐམས་ཅད་དུ། དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ཡང་དག་པར་བཟུང་བ་ལ་སྨོན་ལམ་ཆེན་པོས་བྱུང་བ། འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་སེམས་ཀྱི་སྐད་གཅིག་ཅིག་གིས་ཡོངས་སུ་དག་པར་བྱ་བའི་བསོད་ནམས་ ཀྱི་རྒྱ་མཚོ་ཆེན་པོ་ཡོངས་སུ་གྲུབ་པ། སེམས་ཀྱི་སྐད་ཅིག་རེ་རེ་ལ་སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བ་དང་། གདུལ་བའི་ཡེ་ཤེས་ལ་དབང་བསྒྱུར་བའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་ ཐམས་ཅད་ཀྱི་སྒྲིབ་པའི་མུན་པ་ཐམས་ཅད་རྣམ་པར་སེལ་བའི་ཡེ་ཤེས་ཀྱི་ཉི་མའི་མིག་དང་ལྡན་པ། སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཐེག་པ་ཆེན་པོ་ཐ་དད་པར་དམྱིགས་པར་བྱ་བའི་མཐུ་དང་ལྡན་པ། འགྲོ་བ་ཐམས་ ཅད་ཀྱི་ཐེ་ཙོམ་དང་། ནེམ་ནུར་དང་། ཡིད་གཉིས་ཀྱི་རབ་རིབ་རྣམ་པར་སེལ་བའི་བློ་གྲོས་ཀྱི་ཟླ་བ་དང་ལྡན་པ། སྲིད་པའི་རྒྱ་མཚོ་ཐམས་ཅད་ལ་མངོན་པར་ཆགས་པ་ལས་གྱེན་དུ་བསྐྱོད་པའི་སྒྲ་དབྱངས་ཀྱི་དཀྱིལ་འཁོར་ 76-1-272b རྣམ་པར་དག་པ། ཆོས་ཀྱི་དབྱིངས་ཐམས་ཅད་ཀྱིས་རྡུལ་གྱི་ཆ་ཤས་ལ་རྣམ་པར་འཕྲུལ་པ། ཡོངས་སུ་སྟོན་པ་ལ་དབང་བསྒྱུར་བ། དུས་གསུམ་གྱི་དབྱིངས་ཀྱི་དཀྱིལ་འཁོར་ལ་ཡེ་ཤེས་དབྱེར་མེད་པ། དེ་དག་གི་སྤྱོད་པ་ ཤེས་པ་འམ། ཡོན་ཏན་བརྗོད་པ་འམ། སྤྱོད་ཡུལ་ལ་འཇུག་པ་འམ། རྣམ་པར་ཐར་པས་རྣམ་པར་རྩེ་བ་ཡོངས་སུ་བསྟན་པར་ནུས་རེ་སྐན། སོང་རིགས་ཀྱི་བུ་ཡུལ་མ་ག་དྷ་འདི་ཉིད་ཀྱི་སྙིང་པོ་བྱང་ཆུབ་ལ་ཁོ་མོ་བླ་ མ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་བསྐྱེད་པ། ཡང་དང་ཡང་བསྐུལ་བསྐུལ་བའི་མཚན་མོའི་ལྷ་མོ་ཀུན་ཏུ་ཟབ་པའི་དཔལ་དྲི་མ་མེད་པའི་འོད་ཅེས་བྱ་བ་འདུག་གིས་དེའི་གན་དུ་སོང་ལ། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག་དང་། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟང་གིས། མཚན་མོའི་ལྷ་མོ་དཔྱིད་དང་ལྡན་པ་ལ་ཚིགས་སུ་ བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །ཁྱོད་སྐུ་ཤིན་ཏུ་རྣམ་པར་དག་པ་མཐོང་། །མཚན་གྱིས་རྣམ་བརྒྱན་རི་བོ་ཇི་བཞིན་དུ། །འཇིག་རྟེན་ཀུན་ལས་མངོན་འཕགས་འཇིག་རྟེན་དུ། །ཕུན་སུམ་ཚོགས་སྐུ་ འཇམ་དཔལ་བཞིན་དུ་མཛེས། །ཁྱོད་ཀྱི་ཆོས་སྐུ་ཤིན་ཏུ་རྣམ་དག་སྟེ། །དུས་གསུམ་ཀུན་ཏུ་མཉམ་ཞིང་རྣམ་མི་རྟོག །དེར་ནི་འཇིག་རྟེན་མ་ལུས་ཀུན་འདུས་སྟེ། །འབྱུང་ཞིང་རྣམ་པར་འཇིག་ཀྱང་ཆགས་མྱི་མངའ། ། ལམ་རྒྱུད་འབྱམ་ཀླས་ཐམས་ཅད་ཀུན་ཏུ་ཡང་། །ཁྱོད་ཀྱི་སྐུ་ནི་གཟུགས་བརྙན་རྣམ་པར་ཕྱེ། །སྐར་ཆེན་གཟའ་སྐར་ཚོགས་པ་ཇི་བཞིན་དུ། །སྤུ་རྩེ་ཀུན་ལ་འང་ཁྱོད་ནི་བདག་གིས་མཐོང་། །ཁྱོད་ཀྱི་ཐུགས་ཡངས་ ཤིན་ཏུ་རྣམ་དག་སྟེ། །ཕྱོགས་རྣམས་ཀུན་ཏུ་ནམ་མཁའི་དབྱིངས་སུ་རྒྱས། །དེར་ནི་མི་མཆོག་ཀུན་ཀྱང་ཡོངས་སུ་འདུ། །ཁྱོད་ལ་ཡེ་ཤེས་མྱི་རྟོག་དམ་པ་མངའ། །ཞིང་གི་རྡུལ་སྙེད་རྣམ་པ་སྣ་ཚོགས་སྤྲིན། །ཁྱོད་ཀྱི་ 76-1-273a སྤུ་རྩེ་ཀུན་ནས་མངོན་མཐོན་ཅིང་། །རྒྱན་མངས་སྣ་ཚོགས་ཆར་པ་མངོན་འབེབས་ཤིང་། །ཕྱོགས་བཅུའི་སངས་རྒྱས་ཞབས་དྲུང་རྒྱས་པར་འགེངས། །འགྲོ་བ་ཀུན་སྙེད་ལུས་རྣམས་མཐའ་ཡས་པས། ། ཁྱོད་ཀྱི་སྤུ་རྩེ་ཀུན་ནས་མངོན་མཐོན་ཅིང་། །ཕྱོགས་བཅུའི་འཇིག་རྟེན་རྒྱས་པར་ཡོངས་བཀང་ནས། །སྣ་ཚོགས་ཐབས་ཀྱི་སེམས་ཅན་རྣམ་པར་སྤྱོད། །སྤུ་རྩེ་ཀུན་ལ་བསམ་ཡས་ཞིང་གི་རྣམས། །སྣ་ཚོགས་རྒྱན་ལྡན་ རྣམ་པ་ཐ་དད་མཐོང་། །ལམ་རྒྱུད་སེམས་ཅན་ཁྱོད་ཀྱིས་རྣམ་སྦྱངས་པ། །ཇི་སྙེད་དེ་དག་དེ་བཞིན་ཀུན་ཀྱང་འབྱུང་། །གང་ཞིག་ཁྱོད་ཀྱི་མཚན་ཐོས་དགའ་གྱུར་པ། །དེ་དག་ཐོབ་བྱ་ལེགས་ཐོབ་ལེགས་པར་འཚོ། ། སེམས་ཅན་གང་གིས་ཁྱོད་ཀྱི་སྐུ་མཐོང་བ། །བྱང་ཆུབ་ལམ་ལ་མངོན་དུ་བལྟས་པར་གྱུར། །དེ་ལྟར་ཐོས་ན་རབ་ཏུ་སེམས་དགའ་ལ། །མཐོང་བ་ཙམ་གྱིས་ཉོན་མོངས་ཞི་མཛད་པས། །བསྐལ་པ་བསམ་ཡས་ངན་སོང་ གནས་ནས་ཀྱང་། །ཁྱོད་ཀྱི་ཞལ་ལྟའི་དོན་དུ་མོས་པར་བགྱི། །ཞིང་རྣམས་སྟོང་གི་རྡུལ་སྙེད་ལུས་བྱས་ཏེ། །དེ་སྙེད་བསྐལ་པ་རྒྱ་མཚོ་ཁྱོད་འདྲ་བའི། །སྤུ་རྩེ་གཅིག་གི་ཡོན་ཏན་ལེགས་བརྗོད་ཀྱང་། །ལེགས་པའི་མཐར་ ཕྱིན་ནམ་དུ་འང་མི་འགྱུར་རོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟང་གིས། མཚན་མོའི་ལྷ་མོ་དཔྱིད་དང་ལྡན་པ་ལ་ཚིགས་སུ་བཅད་པ་དེ་དག་གིས་མངོན་པར་བསྟོད་ནས། །མཚན་མོའི་ལྷ་མོ་དཔྱིད་དང་ལྡན་པའི་རྐང་པ་གཉིས་ ལ་སྤྱི་བོས་ཕྱག་འཚལ་ཏེ། མཚན་མོའི་ལྷ་མོ་དཔྱིད་དང་ལྡན་པ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། །ཡང་དང་ཡང་བལྟས་ཏེ། དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱ་བས། མ་ངོམས་བཞིན་དུ་མཚན་མོའི་ལྷ་མོ་དཔྱིད་དང་ལྡན་པའི་དྲུང་ནས་སོང་ངོ་།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བཅྭོ་བརྒྱད་པ། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ 76-1-273b མཚན་མོའི་ལྷ་མོ་དཔྱིད་དང་ལྡན་པ་ཐོག་མ་བྱང་ཆུབ་ཏུ་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་ཡོངས་སུ་དག་པ་ནི་ཁོང་དུ་ཆུད་པར་བྱེད། བྱང་ཆུབ་སེམས་དཔའི་སྙིང་པོ་ཡང་དག་པར་འབྱུང་བ་ལ་ནི་རྗེས་སུ་ དཔྱོད། བྱང་ཆུབ་སེམས་དཔའི་སྨོན་ལམ་རྒྱ་མཚོ་ལ་ནི་ཡོངས་སུ་འཇུག །བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པའི་ལམ་ནི་ཡོངས་སུ་སྦྱོང་། བྱང་ཆུབ་སེམས་དཔའི་སའི་དཀྱིལ་འཁོར་ནི་ཡོངས་སུ་གནོན། བྱང་ཆུབ་སེམས་དཔའི་སྤྱོད་པའི་དཀྱིལ་འཁོར་ནི་རྒྱ་ཆེར་བྱེད། བྱང་ཆུབ་སེམས་དཔའི་འབྱུང་བ་རྒྱ་མཚོ་ནི་རྗེས་སུ་འབྲང་། ཐམས་ཅད་མཁྱེན་པའི་སྣང་བ་ཆེན་པོ་རྒྱ་མཚོ་ལ་ནི་རྣམ་པར་བལྟ། འགྲོ་བ་ཐམས་ཅད་ཡོངས་ སུ་བསྐྱོབ་པ་ལ་གཞོལ་བའི་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོའི་སྤྲིན་ནི་རྒྱ་ཆེར་བྱེད། མཚན་མོའི་ལྷ་མོ་དཔྱིད་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་། སྨོན་ལམ་གྱི་དཀྱིལ་འཁོར་ནི་ཞིང་ཐམས་ ཅད་དུ་ཕྱི་མའི་མཐར་བྱིན་གྱིས་བརླབས་པས་མངོན་པར་བསྒྲུབ་ཅིང་། མཚན་མོའི་ལྷ་མོ་ཀུན་ཏུ་ཟབ་པ་དྲི་མ་མེད་པའི་འོད་གང་ན་བ་དེར་སོང་སྟེ། མཚན་མོའི་ལྷ་མོ་ཀུན་ཏུ་ཟབ་པའི་དཔལ་དྲི་མ་མེད་པའི་འོད་ཀྱི་རྐང་པ་གཉིས་ལ་ སྤྱི་བོས་ཕྱག་འཚལ་ཏེ། མཚན་མོའི་ལྷ་མོ་ཀུན་ཏུ་ཟབ་པའི་དཔལ་དྲི་མ་མེད་པའི་འོད་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། མཚན་མོའི་ལྷ་མོ་ཀུན་ཏུ་ཟབ་པའི་དཔལ་དྲི་མ་མེད་པའི་འོད་ཀྱི་ མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་ས་ལ་ སྤྱོད་པ་དང་། ཇི་ལྟར་འབྱུང་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་མ་འཚལ་ཏོ། །སྨྲས་པ་རིགས་ཀྱི་བུ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། བྱང་ཆུབ་སེམས་དཔའི་ས་ལ་སྤྱད་ 76-1-274a པ་དང་། འབྱུང་བ་ཡོངས་སུ་གྲུབ་པ་འདྲི་བ་ལེགས་སོ། །ལེགས་སོ། །རིགས་ཀྱི་བུ་ཆོས་བཅུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཡོངས་སུ་གྲུབ་པ་ ཡིན་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་མངོན་དུ་གྱུར་པར་མཐོང་བའི་ཏིང་ངེ་འཛིན་ཐོབ་པ་རྣམ་པར་དག་པ་དང་། སངས་རྒྱས་ཐམས་ཅད་ཀྱི་སྐུ་མཚན་སྣ་ཚོགས་དང་ལྡན་ པ་རྣམ་པར་བལྟ་བའི་མིག་རྣམ་པར་དག་པ་དང་། དེ་བཞིན་གཤེགས་པའི་ཁ་དོག་རྒྱ་མཚོ་མཐའ་དང་དབུས་མེད་པ་རྣམ་པར་དམྱིགས་པར་བྱ་བ་ལ་འཇུག་པ་དང་། སངས་རྒྱས་ཀྱི་ཆོས་སྣང་བའི་དཀྱིལ་འཁོར་ རྒྱ་མཚོ་ཚད་མེད་པ་ལ་ཆོས་ཀྱི་དབྱིངས་ཐམས་ཅད་ཀྱི་ཚད་ཀྱིས་འཇུག་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བ་སྤུའི་སྒོ་ནས་འོད་ཟེར་རྒྱ་མཚོ་སེམས་ཅན་ཐམས་ཅད་དང་མཉམ་པ། སེམས་ཅན་སྣ་ ཚོགས་ཀྱི་དོན་དུ་བཀྱེ་བ་ལ་འཇུག་པ་དང་། བ་སྤུའི་བུ་ག་རེ་རེ་ནས་འོད་འཕྲོ་བ་རིན་པོ་ཆེ་ཐམས་ཅད་ཀྱི་ཁ་དོག་དུ་འདུག་པ་རྒྱ་མཚོ་སྟོན་པ་དང་། སེམས་ཀྱི་སྐད་ཅིག་རེ་རེ་ལ་སངས་རྒྱས་ཀྱི་སྤྲུལ་པ་རྒྱ་མཚོ་ཆོས་ཀྱི་ དབྱིངས་ཐམས་ཅད་རྒྱས་པར་བཀང་ཞིང་སེམས་ཅན་འདུལ་བའི་བྱིན་གྱི་བརླབས་པ་ལ་འཇུག་པ་དང་། དེ་བཞིན་གཤེགས་པའི་གསུང་སེམས་ཅན་ཐམས་ཅད་ཀྱི་དབྱངས་ཀྱི་ཡན་ལག་དང་ལྡན་པས། དུས་གསུམ་ དུ་བྱུང་བའི་ཆོས་ཀྱི་འཁོར་ལོའི་སྒྲ་སྒྲོགས་པས། མདོ་སྡེ་ཐམས་ཅད་ཀྱི་སྤྲིན་གྱི་འབྲུག་སྒྲ་འབྱིན་པའི་དཀྱིལ་འཁོར་ལ་འཇུག་པ་དང་། སངས་རྒྱས་ཀྱི་མཚན་རྒྱ་མཚོ་མཐའ་དང་དབུས་མེད་པ་ལ་འཇུག་པ་དང་། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་བསྟན་པས་སེམས་ཅན་འདུལ་བ་ལ་འཇུག་པ་སྟེ། རིགས་ཀྱི་བུ་ཆོས་བཅུ་པོ་འདི་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་སེམས་དཔའི་ 76-1-274b སྤྱོད་པ་ལ་ཡོངས་སུ་གྲུབ་པ་ཡིན་ནོ། །རིགས་ཀྱི་བུ་ཁོ་མོ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ། བསམ་གཏན་བཞི་པའི་བདེ་བས་ཀུན་ཏུ་རྣམ་པར་གནོན་པ་ཐོབ་སྟེ། རིགས་ཀྱི་བུ་ཁོ་མོས་ནི་དེའི་ མཐུས་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་མཐོང་སྟེ། དེ་བཞིན་གཤེགས་པ་དེ་དག་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལའང་འཇུག་གོ། །འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་དང་། ཏིང་ངེ་འཛིན་མཐའ་དང་དབུས་མེད་པའི་རྣམ་པར་འཕྲུལ་བའི་རྒྱ་མཚོ་དང་། སྔོན་གྱི་ཚུལ་རྒྱ་མཚོ་དང་། མཚན་རྒྱ་མཚོ་ལ་འང་འཇུག་གོ། །དེ་བཞིན་གཤེགས་པ་དེ་དག་གིས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་རྣམ་ པ་ཐ་དད་པ་ལ་འང་འཇུག་གོ། །དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་སྣ་ཚོགས་དང་། དབྱངས་ཀྱི་ཡན་ལག་རྣམ་པ་ཐ་དད་པ་དང་། དེ་བཞིན་གཤེགས་པ་དེ་དག་གིས་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པའི་སྐུ་ལ་ འཇུག་སྟེ། དེ་བཞིན་གཤེགས་པ་དེ་དག་ལ་དངོས་པོར་མངོན་པར་ཞེན་པ་འང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བཞུད་པ་འགོག་པའི་ཕྱིར་དེ་བཞིན་གཤེགས་པ་དེ་དག་ནི་བཞུད་པ་མེད་ དོ། །རང་བཞིན་གྱིས་འབྱུང་བ་མེད་པས་ན། དེ་བཞིན་གཤེགས་པ་དེ་དག་ནི་བྱོན་པ་མེད་དོ། །མི་སྐྱེ་བའི་ཆོས་ཉིད་དང་། མཉམ་པའི་སྐུ་མངའ་ཕྱིར་དེ་བཞིན་གཤེགས་པ་དེ་དག་ནི་མ་སྐྱེས་སོ། །མི་སྐྱེ་བའི་མཚན་ ཉིད་དང་ལྡན་པའི་ཕྱིར་དེ་བཞིན་གཤེགས་པ་དེ་དག་ནི་མ་འགགས་པའོ། །སྒྱུ་མའི་རྣམ་པ་ལྟ་བུར་མཐོང་ཞིང་རྣམ་པར་དམྱིགས་པའི་ཕྱིར། དེ་བཞིན་གཤེགས་པ་དེ་དག་ནི་བདེན་པ་མ་ཡིན་པའོ། །འགྲོ་བ་ཐམས་ཅད་ ཀྱི་དོན་དུ་འབྱུང་བའི་ཕྱིར། དེ་བཞིན་གཤེགས་པ་དེ་དག་ནི་བརྫུན་པ་མ་ཡིན་པའོ། །ཤི་འཕོ་དང་། སྐྱེ་བ་ལས་རྣམ་པར་འདས་པའི་ཕྱིར། དེ་བཞིན་གཤེགས་པ་དེ་དག་ནི་འཕོ་བ་མེད་དོ། །ཆོས་ཀྱི་རང་བཞིན་གྱིས་ 76-1-275a འཇིག་པ་མེད་པའི་ཆོས་ཉིད་ཡིན་པའི་ཕྱིར་དེ་བཞིན་གཤེགས་པ་དེ་དག་ནི་འཇིག་པ་མེད་པའོ། །ངག་གི་ལམ་ཐམས་ཅད་ལས་ཡོངས་སུ་འདས་པའི་ཕྱིར། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ནི་མཚན་ ཉིད་གཅིག་པའོ། །ཆོས་ཀྱི་མཚན་ཉིད་ཀྱི་རང་བཞིན་གྱི་མཐར་ཐུག་པས་དེ་བཞིན་གཤེགས་པ་དེ་དག་ནི་མཚན་ཉིད་མི་མངའ་བའོ། །རིགས་ཀྱི་བུ་ཁོ་མོ་ནི་དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཁོང་དུ་ཆུད་པར་བྱེད་ ཅིང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསམ་གཏན་བཞི་པའི་བདེ་བས་ཀུན་ནས་རྣམ་པར་གནོན་པ་འདི་དེ་བཞིན་གཤེགས་པའི་བསམ་གཏན་གྱི་དཀྱིལ་འཁོར་སྣང་བས་ཤིན་ཏུ་རྒྱ་ཆེར་བྱེད་དོ། །ཤིན་ཏུ་ཡངས་པར་ བྱེད་དོ། །ཁོང་དུ་ཆུད་པར་བྱེད་དོ། །རྟོགས་པར་བྱེད་དོ། །མཉམ་པར་བྱེད་དོ། །མངོན་པར་བསྒྲུབ་བོ། །གཞི་སྙོམས་པར་བྱེད་དོ། །རབ་ཏུ་འཇུག་གོ། །རྣམ་པར་འཕེལ་བར་བྱེད་དོ། །ངེས་པར་སེམས་སོ། །ཉེ་བར་རྟོག་ གོ། །དྲན་པར་བྱེད་དོ། །སྤྱོད་ཡུལ་དུ་བྱེད་དོ། །བརྟན་པར་བྱེད་དོ། །སྣང་བར་བྱེད་དོ། །རབ་ཏུ་བརྗོད་དོ། །རྣམ་པར་སྤྱོད་དོ། །རྣམ་པར་འབྱེད་དོ། །ཚོགས་སུ་བྱེད་དོ། །ཡིད་ཆེས་པར་བྱེད་དོ། །ཡོངས་སུ་རྟོག་པ་ཐམས་ཅད་ རྒྱུ་བ་མེད་པའི་སྙིང་རྗེ་ཆེན་པོ་དེ་ལ་གནས་ཏེ། སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པ་ཡང་དག་པར་གནས་པར་སྤྱད་པར་སེམས་རྩེ་གཅིག་ཏུ་བྱ་བའི་ཕྱིར་བསམ་གཏན་དང་པོ་བསྒོམ་མོ། །ཡིད་ཀྱི་ལས་ཐམས་ཅད་ཉེ་བར་ ཞི་བར་བྱ་བ་དང་། ཡེ་ཤེས་ཀྱི་སྟོབས་དང་། མཐུས་སེམས་ཅན་ཐམས་ཅད་ཡོངས་སུ་བསྡུ་བ་ལ་དགའ་བའི་བདེ་བ་ལ་སེམས་རྩེ་གཅིག་ཏུ་བྱ་བའི་ཕྱིར། བསམ་གཏན་གཉིས་པ་ལ་བསྒོམ་མོ། །འཁོར་བར་ལོག་པར་ ཞུགས་པ་ལ་བཏང་སྙོམས་སུ་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱི་རང་བཞིན་ངེས་པར་རྟོགས་པར་བྱ་བའི་ཕྱིར། བསམ་གཏན་གསུམ་པ་ལ་བསྒོམ་མོ། །སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང་། 76-1-275b སྡུག་བསྔལ་རབ་ཏུ་ཞི་བར་བྱ་བའི་ཕྱིར་བསམ་གཏན་བཞི་པ་ལ་སྒོམ་མོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་སྨོན་ལམ་གྱི་དཀྱིལ་འཁོར་ཤིན་ཏུ་འདྲིས་པར་བྱས་པ་དེས། ཏིང་ངེ་འཛིན་རྒྱ་མཚོ་ཐམས་ཅད་མངོན་ པར་བསྒྲུབ་པ་ལ་མཁས་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་རྒྱ་མཚོ་ཐམས་ཅད་ཀྱི་ཚུལ་ལ་འཇུག་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་བརྩེ་བའི་ཡེ་ཤེས་ཐམས་ཅད་མངོན་པར་ཤེས་པར་ བྱ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པས་རྣམ་པར་འཕྲུལ་པ་ཐམས་ཅད་མངོན་པར་བསྒྲུབ་པར་བྱ་བའི་ཕྱིར། སྒོ་ཀུན་ནས་ཆོས་ཀྱི་དབྱིངས་ལ་འཇུག་པའི་ཡེ་ཤེས་ཀྱི་ཚུལ་ཡོངས་སུ་སྦྱོང་ཞིང་། བྱང་ཆུབ་སེམས་དཔའི་ རྣམ་པར་ཐར་པ་བསམ་གཏན་ཞི་བའི་བདེ་བས་ཀུན་ཏུ་རྣམ་པར་གནོན་པ་འདི་སྒོམ་མོ། །རིགས་ཀྱི་བུ་དེ་ལྟར་ཁོ་མོ་རྣམ་པར་ཐར་པ་འདི་སྒོམ་ཞིང་ཐབས་སྣ་ཚོགས་ཀྱིས་སེམས་ཅན་ཡོངས་སུ་སྨྱིན་པར་བྱེད་དེ། འདི་ལྟར་ནུབ་ མོ་ཞི་བར་གྱུར་པའི་དགའ་བ་ལ་མོས་པའི་སེམས་ཅན་རྣམས་ཀྱིས་མི་སྡུག་པའི་འདུ་ཤེས་བསྐྱེད་དེ། མི་དགའ་བའི་འདུ་ཤེས་དང་། ཡོངས་སུ་སྐྱོབ་པའི་འདུ་ཤེས་དང་། བགེགས་སུ་འགྱུར་བའི་འདུ་ཤེས་དང་། འཆི་བའི་ འདུ་ཤེས་དང་། སྲིན་མོའི་འདུ་ཤེས་དང་། མི་རྟག་པའི་འདུ་ཤེས་དང་། སྡུག་བསྔལ་བའི་འདུ་ཤེས་དང་། བདག་མེད་པའི་འདུ་ཤེས་དང་། སྙིང་རྗེ་མེད་པའི་འདུ་ཤེས་དང་། གཞན་ལ་རག་ལས་པའི་འདུ་ཤེས་དང་། རྒ་ཤིའི་འདུ་ཤེས་དང་། འདོད་པའི་ཡུལ་དང་ལོངས་སྤྱོད་ཐམས་ཅད་ལ་དགའ་བ་མེད་པའི་འདུ་ཤེས་བསྐྱེད་དེ། སེམས་ཅན་དེ་དག་ཀྱང་སེམས་དེ་ལ་ཡོངས་སུ་སྒོམ་པས། འདོད་པའི་དགའ་བ་ཐམས་ཅད་ལ། མངོན་པར་ དགའ་བ་མྱེད་པས་ཆོས་ལ་མོས་པའི་དགའ་བ་ལ་འཇུག་ཅིང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ངོ་། །དེ་དག་དགོན་པ་ལ་གནས་པའི་ཚེ་འང་ཆོས་དང་མཐུན་པའི་དད་པ་ཡོངས་སུ་བསྐྱེད་དེ། སྒྲ་ཆེན་པོ་འཇིགས་ 76-1-276a པ་མི་སྙན་པའི་སྒྲ་སྐད་ཐམས་ཅད་ཀྱང་ཞི་བར་བྱེད་དོ། །མཚན་མོ་ཞི་བར་གྱུར་པ་ལ་སངས་རྒྱས་ཀྱི་ཆོས་ཟབ་མོ་ཡང་དག་པར་སྟོན་ཏོ། །སྤང་བ་དང་འཐུན་པའི་རྐྱེན་ཡང་ཉེ་བར་སྟོན་ཏོ། །ཁྱིམ་གྱི་སྒོ་ ཡང་རྣམ་པར་འབྱེད་དོ། །ལམ་ཡང་ཡོངས་སུ་སྟོན་ཏོ། །སྣང་བས་ཀྱང་མངོན་པར་འབྱེད་དོ། །མུན་པས་ཆོད་པ་ཡང་རྣམ་པར་སེལ་ཏོ། །འཇིགས་པའང་མེད་པར་བྱེད་དོ། །རབ་ཏུ་བྱུང་བ་ལ་ཡང་ཡང་དག་པར་ བསྔགས་པར་བྱེད་དོ། །སངས་རྒྱས་ཀྱི་ལེགས་པ་འང་བརྗོད་དོ། །ཆོས་ཀྱི་ལེགས་པ་དང་། དགེ་འདུན་གྱི་ལེགས་པ་དང་། དགེ་བའི་བཤེས་གཉེན་གྱི་ལེགས་པ་ཡང་བརྗོད་དོ། །དགེ་བའི་བཤེས་གཉེན་ གྱི་དྲུང་དུ་འགྲོ་བ་ལ་འང་བསྔགས་པ་བྱེད་དོ། །རིགས་ཀྱི་བུ་ཁོ་མོ་རྣམ་པར་ཐར་པ་འདི་ལ་བསྒོམ་ཞིང་སེམས་ཅན་རྣམས་ཀྱི་ཆོས་མ་ཡིན་པའི་འདོད་ཆགས་ཀྱིས་ཞེན་པ་རྣམས་ཀྱི་ཆོས་མ་ཡིན་པའི་འདོད་ཆགས་ཀྱི་ ཡོངས་སུ་རྟོག་པ་རྣམས་ཀྱང་མེད་པར་བྱེད་དོ། །ཚུལ་མ་ཡིན་པའི་འདོད་པས་གནོན་པ་རྣམས། ལོག་པར་ཡོངས་སུ་རྟོག་པའི་སྤྱོད་ཡུལ་ཅན་རྣམས་ཀྱི་ཡོངས་སུ་རྟོག་པ་དེ་དག་དང་ཡིད་ལ་བྱ་བ་དེ་དག་ཀྱང་མེད་པར་ བྱེད་དོ། །སྡིག་ཏོ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེ་བ་དང་། སྡིག་ཏོའི་ཡོངས་སུ་རྟོག་པ་སྐྱེས་པར་གྱུར་པ་རྣམས་ཀྱང་མེད་པར་འགྱུར་བའི་རྐྱེན་ཉེ་བར་བསྒྲུབ་བོ། །དགེ་བའི་ཡོངས་སུ་རྟོགས་པའི་ཕ་རོལ་ཏུ་ཕྱིན་པ་དང་ ལྡན་པ། སྤྱོད་པ་དང་ལྡན་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་གྱུར་པའི་སྨོན་ལམ་མངོན་པར་བསྒྲུབ་པ་དང་ལྡན་པ་དང་། བྱམས་པའི་ཚུལ་དང་ལྡན་པ་དང་། སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོས་རྒྱས་ པར་འགེངས་པ་དང་ལྡན་པ་དང་། ལྷ་དང་མིའི་བདེ་བ་རྣམ་པ་སྣ་ཚོགས་ཡོངས་སུ་བསྐྱེད་པ་དང་། ལྡན་པའི་ཡོངས་སུ་རྟོགས་པ་བསྐྱེད་པ་དང་། སྐྱེས་ནས་ཀྱང་ཚུལ་སྣ་ཚོགས་ཀྱི་རྐྱེན་ཉེ་བར་བསྒྲུབ་པར་བྱེད་པ་ནས་ 76-1-276b ཐམས་ཅད་མཁྱེན་པ་ཉིད་དང་མཐུན་པའི་རྐྱེན་ཀྱང་ཉེ་བར་བསྒྲུབ་པ་བྱེད་དེ། རིགས་ཀྱི་བུ་ཁོ་མོས་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསམ་གཏན་ཞི་བའི་བདེ་བས་ཀུན་ཏུ་རྣམ་པར་གནོན་པ་འདི་ཤེས་ པར་ཟད་ན། ཁོ་མོས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་། སྨོན་ལམ་གྱིས་བྱུང་བའི་བྱང་ཆུབ་སེམས་དཔའ་རྣམ་པ་མཐའ་ཡས་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རབ་ཏུ་ཐོབ་པ། དགེ་བའི་རྩ་བ་ཐམས་ ཅད་ཀྱིས་རྣམ་པར་སྤེལ་བའི་སེམས་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་མཐུས་སེམས་ཀྱི་སྣང་བ་རབ་ཏུ་ཐོབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་ལ་གནས་པའི་སེམས་དང་ལྡན་ པ། གནས་ཐམས་ཅད་དུ་སྒྲིབ་པ་མེད་པའི་སེམས་དང་ལྡན་པ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སྨོན་ལམ་ཡོངས་སུ་རྫོགས་པའི་སེམས་དང་ལྡན་པ། ཞིང་རྒྱ་མཚོ་ཐམས་ཅད་དུ་ཞུགས་པའི་སེམས་དང་ལྡན་པ། སངས་རྒྱས་རྒྱ་མཚོ་ཐམས་ཅད་མཐོང་བར་བྱ་བ་ལ་ཞུགས་པའི་སེམས་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྤྲིན་གྱི་ཆར་ཡང་དག་པར་གཏོང་བའི་སེམས་དང་ལྡན་པ་སེམས་ཅན་ཐམས་ཅད་མ་རིག་པའི་ མུན་པ་རྣམ་པར་སེལ་བ། འཁོར་བའི་བདེ་བ་ལ་དགའ་ཞིང་སྲེད་པ་ཟད་ཅིང་མཐར་ཕྱིན་པར་གྱུར་པའི་ལམ་གྱིས། ཐམས་ཅད་མཁྱེན་པ་ཉིད་དུ་སྣང་བ་བསྐྱེད་པའི་སེམས་དང་ལྡན་པ། དེ་དག་གི་སྤྱོད་པ་ཤེས་པ་འམ། ཡོན་ཏན་བརྗོད་ པར་ནུས་རེ་སྐན། སོང་རིགས་ཀྱི་བུ་འདི་ཉིད་ན་དེ་དང་ཡང་རྒྱང་མི་རིང་སྟེ། རྣམ་པར་སྣང་མཛད་ཀྱི་སྙིང་པོ་བྱང་ཆུབ་ཀྱི་གཡས་རོལ་གཅིག་ན། མཚན་མོའི་ལྷ་མོ་རབ་ཏུ་དགའ་བའི་མིག་འགྲོ་བ་རྣམ་པར་སྣང་བ་ཞེས་ བྱ་བ་འདུག་གིས་དེའི་གན་དུ་སོང་ལ། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་ལམ་ལ་བརྩོན་པར་བྱ་བ་དྲིས་ཤིག་དང་། དེ་ནས་མཚན་མོའི་ལྷ་མོ་ཀུན་ཏུ་ཟབ་པའི་དཔལ་དྲི་མ་མེད་པའི་འོད་ཀྱིས་དེའི་ཚེ། 76-1-277a བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསམ་གཏན་བཞི་བའི་བདེ་བས་ཀུན་ཏུ་རྣམ་པར་གནོན་པ་འདི་ཉིད་མནན་ཏེ། བསྟན་པར་བྱ་བའི་ཕྱིར། ཚོང་དཔོན་གྱི་བུ་ནོར་བཟངས་ལ་ཚིགས་ སུ་བཅད་དེ་སྨྲས་པ། དུས་རྣམས་ཀུན་ཏུ་འབྱུང་བའི་བདེ་གཤེགས་རྣམས། །མངོན་དུ་བྱ་བར་མོས་པའི་སེམས་དང་ལྡན། །དེ་དག་མིག་ཡངས་རྣམ་པར་དག་པར་འགྱུར། །དེས་ནི་སངས་རྒྱས་རྒྱ་མཚོ་མཐོང་ བར་འོང་། །རྒྱལ་བའི་སྐུ་གསལ་དྲི་མ་མེད་ལ་ལྟོས། །མཚན་གྱིས་ཡོངས་སུ་རྒྱན་པས་ཤིན་ཏུ་མཛེས། །རྒྱལ་བའི་རྣམ་པར་འཕྲུལ་པ་ཆོས་དབྱིངས་རྣམས། །སྐད་ཅིག་རེ་རེ་རྒྱས་འགེངས་དེ་ལ་འང་ལྟོས། །བྱང་ཆུབ་ ཤིང་དྲུང་སངས་རྒྱས་གདན་རབ་ལ། །བདེ་གཤེགས་རྣམ་པར་སྣང་མཛད་མངོན་སངས་རྒྱས། །ཆོས་དབྱིངས་སངས་རྒྱས་པར་ནི་ཁྱབ་མཛད་ཅིང་། །འགྲོ་བའི་བསམ་པ་ཇི་བཞིན་འཁོར་ལོ་བསྐོར། །རྒྱལ་བས་ཆོས་ཉིད་ ལུས་མེད་རབ་ཞི་བ། །གཉིས་མེད་རང་བཞིན་མེད་པ་ཐུགས་ཆུད་ནས། །སྐུ་གཟུགས་བཟང་པོ་མཚན་གྱིས་བརྒྱན་པ་ཡིས། །འགྲོ་བ་མ་ལུས་བཀང་ཞིང་སྟོན་པ་མཛད། །སངས་རྒྱས་སྐུ་ནི་རྒྱ་ཆེ་བསམ་མི་ཁྱབ། །ཆོས་ ཀྱི་དབྱིངས་ཀུན་ཡོངས་སུ་རྒྱས་བཀང་ཞིང་། །དེ་ནི་ཀུན་ཏུ་མཉམ་པར་སྣང་བ་སྟེ། །རྒྱལ་བ་ཐམས་ཅད་ཀུན་ཏུ་སྟོན་པ་མཛད། །ཞིང་རྣམས་ཀུན་གྱི་རྡུལ་རབ་ཕྲ་བ་སྙེད། །འོད་ཀྱི་དཀྱིལ་འཁོར་མངའ་བའི་སངས་རྒྱས་སྐུ། ། ཁ་དོག་བཟང་པོ་གཞན་དང་གཞན་སྣང་བས། །ཆོས་དབྱིངས་རྒྱས་པར་སྐད་ཅིག་རེ་རེར་འགེངས། །རྒྱལ་བའི་བ་སྤུའི་སྒོ་ནས་འོད་ཟེར་སྤྲིན། །རྒྱ་ཆེ་བསམ་ཡས་མི་ཟད་མངོན་འབྱུང་བ། །དེ་དག་འགྲོ་བ་མ་ལུས་འགེངས་ བྱེད་ཅིང་། །སྲོག་ཆགས་རྣམས་ཀྱི་ཉོན་མོངས་གདུང་བ་སེལ། །སངས་རྒྱས་སྤྲུལ་པ་རྒྱ་མཚོ་མི་ཟད་པ། །རྒྱལ་བའི་སྤུ་ཡི་འཁོར་ནས་ཡོངས་སྟོན་ཅིང་། །ཆོས་དབྱིངས་ཡངས་པ་རྒྱས་པར་ཀུན་བཀང་སྟེ། །སྲོག་ཆགས་ 76-1-277b རྣམས་ཀྱི་སྡུག་བསྔལ་ངན་སོང་སེལ། །སངས་རྒྱས་གསུང་སྙན་རབ་ཏུ་སྒྲོག་མཛད་པ། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་འོད་ཅན། །ཆོས་ཆར་ཆེན་པོ་རབ་ཏུ་འབེབས་པ་མཛད། །སྲོག་ཆགས་བྱང་ཆུབ་ བསམ་པ་ཡོངས་སུ་བསྐྱེད། །བསྐལ་པ་རྒྱ་མཚོ་སྤྱད་པ་སྤྱོད་པའི་ཚེ། །འདི་ནི་སྔོན་ཆད་ཡོངས་སུ་བཟུང་བ་མཛད། །དེ་དག་ཀུན་གྱི་རྒྱལ་བ་རྣམ་སྣང་མཛད། །ཞིང་རྣམས་ཀུན་ཏུ་གཟུགས་བརྙན་མཚན་ཉིད་མཐོང་། ། དེ་བཞིན་གཤེགས་པ་འཇིག་རྟེན་ཀུན་ཏུ་འབྱུང་། །སེམས་ཅན་རེ་རེ་ཀུན་ལ་འང་མངོན་པར་བཞུགས། །མོས་པའི་ཚུལ་བཞིན་སྤྱོད་ཡུལ་གཞན་དང་གཞན། །དེ་དག་ཁོ་མོས་ཀུན་ཏུ་ཤེས་མི་ནུས། །རྒྱལ་སྲས་ དམ་པ་ཐམས་ཅད་མ་ལུས་པར། །བདེ་བར་གཤེགས་པ་སྤུ་གཅིག་རྩེ་ལས་བྱུང་། །རྣམ་ཐར་དེ་ལ་གང་རྣམས་བསམ་ཡས་པ། །དེ་དག་ཐམས་ཅད་ཁོ་མོས་ཤེས་མི་ནུས། །ཁོ་མོའི་མདབ་ན་གནས་པའི་ལྷ་མོ་འདི། ། འཇིག་རྟེན་མགོན་ལ་མངོན་གྱུར་རབ་ཏུ་དགའ། །མིང་དུ་སྣང་བ་འོད་འཕྲོ་མིག་ཅེས་བྱ། །དེ་ལ་བྱང་ཆུབ་སྤྱོད་པ་ཅི་འདྲ་དྲིས། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་མཚན་མོའི་ལྷ་མོ་ཀུན་ཏུ་ཟབ་པའི་ དཔལ་དྲི་མ་མེད་པའི་འོད་ཀྱི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། མཚན་མོའི་ལྷ་མོ་ཀུན་ཏུ་ཟབ་པའི་དཔལ་དྲི་མ་མེད་པའི་འོད་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་ཡང་དང་ ཡང་བལྟས་སྟེ། མཚན་མོའི་ལྷ་མོ་ཀུན་ཏུ་ཟབ་པའི་དཔལ་དྲི་མ་མེད་པའི་འོད་ཀྱི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་དགེ་བའི་བཤེས་གཉེན་གྱིས་གདམས་ངག་གིས་བྱིན་གྱིས་བརླབས་པ། དགེ་བའི་བཤེས་གཉེན་གྱིས་ཚིག་ལ་ནན་ཏན་དུ་བྱ་བའི་སེམས་ཡང་དག་པར་སྐྱེས་པ། དགེ་བའི་བཤེས་གཉེན་གྱི་གདམས་ངག་ལ་སྨན་པ་ལ་ནད་པ་ལྟ་བུའི་འདུ་ཤེས་ཀྱིས་ཡོངས་སུ་སྦྱར་བའི་སེམས་དང་ལྡན་པ། 76-1-278a དགེ་བའི་བཤེས་གཉེན་མཐོང་བ་ཡིད་ལ་བྱེད་པ་མ་འཁྲུགས་པའི་སེམས་དང་ལྡན་པ། དགེ་བའི་བཤེས་གཉེན་བལྟ་བ་ལ་སྒྲིབ་པའི་རི་ཐམས་ཅད་རྣམ་པར་འཐོར་བའི་གླགས་རྙེད་པའི་སེམས་དང་ལྡན་པ། དགེ་བའི་ བཤེས་གཉེན་མཐོང་བ་ལ་སེམས་ཅན་ཐམས་ཅད་ཡོངསུ་སྐྱོབ་པའི་སྙིང་རྗེ་ཆེན་པོའི་ཚུལ་རྒྱ་མཚོ་ལ་འཇུག་པ་ཐོབ་པའི་སེམས་དང་ལྡན་པ། དགེ་བའི་བཤེས་གཉེན་མཐོང་བ་ལ་ཆོས་ཀྱི་དབྱིངས་ཀྱི་ཚུལ་རྒྱ་མཚོའི་ཡེ་ཤེས་ སྣང་བ་རབ་ཏུ་ཐོབ་པའི་སེམས་དང་ལྡན་པ། མཚན་མོའི་ལྷ་མོ་རབ་ཏུ་དགའ་བའི་མིག་འགྲོ་བར་རྣམ་པར་སྣང་བ་གང་ན་བ་དེར་སོང་ངོ་། །དེ་ནས་མཚན་མོའི་ལྷ་མོ་རབ་ཏུ་དགའ་བའི་མིག་འགྲོ་བར་རྣམ་པར་སྣང་བས། ཚོང་དཔོན་གྱི་ བུ་ནོར་བཟངས་དེ་བས་ཀྱང་དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བ། དགེ་བའི་རྩ་བའི་ཚོགས་ལས་བྱུང་བས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བ་ཚོགས་ཆེན་པོ་ལས་བྱུང་བར་བྱིན་གྱིས་བརླབས་སོ། ། དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བ་རྣམ་པར་གནོན་པ་ཆེན་པོར་བྱིན་གྱིས་བརླབས་སོ། །དགེ་བའི་བཤེས་གཉེན་གྱིས་དྲུང་དུ་འགྲོ་བ་བརྩོན་འགྲུས་ཀྱི་ལས་སུ་འཇུག་པར་དགའ་བར་བྱིན་གྱིས་བརླབསོ། །དགེ་བའི་བཤེས་གཉེན་གྱི་དྲུང་ དུ་འགྲོ་བ་བསྟན་ཅིང་ཤིན་ཏུ་ལེགས་པར་བྱིན་གྱིས་བརླབས་སོ། །དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བ་ཕྱོགས་མཐའ་དང་དབུས་མེད་པ་ལ་འཇུག་པར་བྱིན་གྱིས་བརླབསོ། །དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བ་ཡུན་རིང་པོར་གནས་པས་ བྱུང་བར་བྱིན་གྱིས་བརླབས་སོ། །དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བ་དོན་མཐའ་ཡས་པ་ཡོངས་སུ་རྫོགས་པའི་རྣམ་པར་དམྱིགས་པར་བྱུང་བར་བྱིན་གྱིས་བརླབས་སོ། །དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བ་ལམ་གྱི་རྒྱན་མཐའ་དང་དབུས་ མེད་པའི་ཚོགས་ཀྱིས་ཡོངས་སུ་གནོན་པར་བྱིན་གྱིས་བརླབས་སོ། །དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བ་སྒོ་ཀུན་ནས་རྣམ་པར་གནོན་པས་བྱུང་བར་བྱིན་གྱིས་བརླབས་སོ། །དགེ་བའི་བཤེས་གཉེན་གྱིས་དྲུང་དུ་འགྲོ་ 76-1-278b བ་གཡོ་མེད་པར་འོང་བས་རྣམ་པར་གནོན་པར་བྱིན་གྱིས་བརླབས་སོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཐམས་ཅད་མཁྱེན་པའི་ཚོགས་ཀྱིས་བརྩོན་འགྲུས་ལ་རབ་ཏུ་བརྩོན་པས། དགེ་བའི་བཤེས་ གཉེན་གྱི་དྲུང་དུ་འགྲོ་བ་དང་སྨོན་ལམ་ཆེན་པོ་རྒྱ་མཚོ་མངོན་པར་བསྒྲུབ་པའི་རྣམ་པར་གནོན་པས་དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བ་དང་། སེམས་ཅན་གཅིག་གི་དོན་དུ་ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པར་ སྡུག་བསྔལ་ཉམས་སུ་བླང་བའི་ཞེ་ནོན་པས། དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བ་དང་། རྡུལ་ཤིན་ཏུ་ཕྲ་བ་གཅིག་ལ་ཆོས་ཀྱི་དབྱིངས་ཐམས་ཅད་དུ་སྒྲ་སྒྲོགས་ཅིང་ཡུན་རིང་པོར་གནས་པའི་རྣམ་པར་ གནོན་པ་དང་། བརྩོན་འགྲུས་ཆེན་པོའི་གོ་བགོས་པས་དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བ་དང་། ཕྱོགས་རྒྱ་མཚོ་འབྱམ་ཀླས་པ་ཐམས་ཅད་དུ་ཤུགས་ཀྱིས་འགྲོ་བས་དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་ བ་དང་། བ་སྤུའི་སྦུབས་གཅིག་ཏུ་ཕྱི་མའི་མཐའི་བསྐལ་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པས། དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་ནས་ཀྱང་ སེམས་ཀྱི་སྐད་ཅིག་རེ་རེ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བགྲང་བ་ལ་གནས་པར་བྱ་བས། དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བ་དང་། དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་ པའི་རྒྱན་དང་། ལམ་ཡོངས་སུ་གནོན་པར་ཞེ་ནོན་པས། དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བ་དང་། ཆོས་ཀྱི་དབྱིངས་ཀྱི་ཚུལ་གྱིས་རྒྱུན་ཏུ་ཞུགས་པའི་ལམ་ཡོངས་སུ་གནན་པས། དགེ་བའི་བཤེས་གྱི་དྲུང་ དུ་འགྲོ་བ་དང་། ཆོས་ཀྱི་དབྱིངས་ཀྱི་ཚུལ་ཐམས་ཅད་ལ་དམྱིགས་པ་ལས་མ་གཡོས་པ། ཆོས་ཀྱི་དབྱིངས་ཀུན་ཏུ་རྒྱས་པར་འགེངས་པས་དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བས་མཚན་མོའི་ལྷ་མོ་རབ་ཏུ་དགའ་ 76-1-279a བའི་མིག་འགྲོ་བར་རྣམ་པར་སྣང་བ་གང་ན་བ་དེར་ཕྱིན་པ་དང་། དེས་མཚན་མོའི་ལྷ་མོ་རབ་ཏུ་དགའ་བའི་མིག་འགྲོ་བར་རྣམ་པར་སྣང་བ། བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་ན་སེང་ གེའི་ཁྲི་མེ་ཏོག་གི་སྙིང་པོ་བཀོད་པ་ཅན་ལ་འདུག་ཅིང་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཀུན་ཏུ་བཟང་པོའི་དགའ་བ་ཡངས་ཤིང་དྲི་མ་མེད་པའི་ཤུགས་ཀྱི་རྒྱལ་མཚན་ལ་མཉམ་པར་བཞག་པ་མཐོང་ངོ་། ། དེའི་བ་སྤུའི་བུ་ག་ཐམས་ཅད་ནས་སྦྱིན་པ་ལ་སྩོགས་པའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་མངོན་པར་སྟོན་པའི་སྤྲིན་སེམས་ཅན་ཐམས་ཅད་མངོན་པར་དགའ་བས། སེམས་ཅན་ཐམས་ཅད་ཀྱི་ཡིད་དུ་འོང་བ། སེམས་ཅན་ ཐམས་ཅད་ཀྱིས་བལྟ་ན་ཉམས་སུ་བདེ་བ། སེམས་ཅན་ཐམས་ཅད་ཀྱིས་བལྟ་ན་སྡུག་པ་རྣམ་པ་སྣ་ཚོགས་འབྱུང་བ་ཡང་མཐོང་སྟེ། འདི་ལྟར་སེམས་ཅན་ཐམས་ཅད་ལ་ཕན་གདགས་ཤིང་བརྩོད་པ་མེད་པར་ བྱ་བ་དང་། དངོས་པོ་ཐམས་ཅད་ལ་འཕངས་པར་བརྩི་བ་མྱེད་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ལ་སྦྱོར་བ་མཚུངས་པས་ཡོངས་སུ་བཏང་བར་བྱ་བ་དང་། སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་ སུ་བྱ་བ་དང་། སེམས་ཅན་ཐམས་ཅད་ལ་བརྙས་པ་མེད་པར་ཡོངས་སུ་བཏང་བ་དང་། ནང་དང་ཕྱིའི་དངོས་པོ་ཐམས་ཅད་ཡོངས་སུ་གཏང་བ་དང་། དགའ་བ་ཆེན་པོ་ཡོངས་སུ་བཏང་བར་བསྟན་པ་དང་། འཇིག་རྟེན་ ཐམས་ཅད་དུ་སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་གྱི་སྦྱིན་པའི་སྤྱོད་པ་ཡོངས་སུ་བསྟན་པར་བྱ་བའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་རྣམ་པར་དམྱིགས་པ་དང་མཐུན་པའི་སྒྲས་བྱིན་པའི་ སྤྱོད་པ་ཡོངས་སུ་སྟོན་པའི་སྤྲིན་དང་། དུས་གསུམ་དུ་བྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་གཏོང་བར་དཀའ་བ་ཡོངས་སུ་གཏོང་བའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པའི་སྤྲིན་འཐོན་ནས། ཕྱོགས་བཅུའི་འཇིག་ 76-1-279b རྟེན་གྱི་ཁམས་འབྱམ་ཀླས་པར་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱིས་རྣམ་པར་དམྱིགས་པར་འགྱུར་བ་མཐོང་ངོ་། །འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་ཁྱུ་མཆོག་གི་མཐུ་ཕྱུང་བ་དང་། རྣམ་པར་འཕྲུལ་ པ་བསམ་གྱིས་མི་ཁྱབ་པ་ཐོབ་པས། བ་སྤུའི་བུ་ག་ཐམས་ཅད་ནས་སེམས་ཅན་ཐམས་ཅད་དང་མཉམ་པའི་སྐྱེ་བ་སྣ་ཚོགས་སུ་སྤྲུལ་པའི་ལུས་ཀྱི་སྤྲིན་མངོན་པར་ཐོན་སྟེ། འཇིག་རྟེན་གྱི་ཁམས་ཐམས་ ཅད་དུ་གཏོགས་པའི་སེམས་ཅན་ཐམས་ཅད་ལ་རྒྱས་པར་ཁྱབ་པར་བྱས་ནས། མངོན་སུམ་དུ་བརྟུལ་ཤུགས་ཐམས་ཅད་ཀྱི་ཡིད་དམ་ལས་མི་གཡོ་བར་ཡོངས་སུ་བསྟན་པ་དང་། སེམས་ཅན་གྱི་ཁམས་དང་ མཉམ་པའི་དཀའ་ཐུབ་དང་། བརྟུལ་ཤུགས་ཀྱི་དཀྱིལ་འཁོར་སྣ་ཚོགས་རབ་ཏུ་སྟོན་པ་དང་། འཇིག་རྟེན་ཐམས་ཅད་དུ་གནས་པ་མེད་པ་དང་། ཡུལ་ཐམས་ཅད་ལ་ལྟོས་པ་མེད་པ་དང་། འཁོར་བ་ཐམས་ཅད་ དུ་གནས་པ་ལས་ཕྱིར་ཕྱོགས་པ་དང་། ལྷ་དང་མིའི་ཕུན་སུམ་ཚོགས་པ་རྒུད་པའི་སྒོར་གཞོལ་བ་ཡོངས་སུ་སྟོན་པ་དང་། མི་སྡུག་པའི་དཀྱིལ་འཁོར་རབ་ཏུ་སྟོན་པ་དང་། འཇིག་རྟེན་གྱི་སྡུག་བསྔལ་བའི་འདུ་ཤེས་ཀྱིས་ ཕྱིན་ཅི་ལོག་རྣམ་པར་བཟློག་པ་དང་། མི་རྟག་པ་དང་། གཡོ་བ་དང་། འཇིག་པ་དང་། འགྱུར་བའི་ཆོས་ཉིད་ཡོངས་སུ་སྟོན་པ་དང་། འདུ་བྱེད་ཐམས་ཅད་ཀྱི་ཆོས་ཉིད་སྡུག་བསྔལ་ཞིང་བདག་མེད་པ་ཡོངས་སུ་སྟོན་པ་དང་། དེ་བཞིན་གཤེགས་པའི་ཡུལ་ལ་གནས་པ་དང་། མི་འབྲལ་བར་མོས་པར་བྱེད་པ་དང་། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཤིན་ཏུ་དག་པར་བྱ་བའི་ཕྱིར། སེམས་ཅན་རྣམས་ལ་ཡང་དག་པར་བསྐུལ་བ་དང་། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་གྱི་སྒྲས་ཚུལ་ཁྲིམས་ཀྱི་སྤྱོད་པ་ཡོངས་སུ་སྟོན་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་ཚིམ་པར་བྱེད་པའི་ཚུལ་ཁྲིམས་ཀྱི་དྲི་ཞིམ་པོ་ཡོངས་སུ་སྟོན་པར་བྱེད་ཅིང་། 76-1-280a སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །བ་སྤུའི་སྒོ་ཐམས་ཅད་ནས་སེམས་ཅན་ཐམས་ཅད་དང་། མཉམ་པའི་ལུས་ཁ་དོག་སྣ་ཚོགས་སུ་སྤྲུལ་པའི་སྤྲིན་མཐོན་སྟེ། ཡན་ ལག་དང་ཉིང་ལག་ཐམས་ཅད་ཀྱང་ཉམས་སུ་བཟོད་པ་སེམས་ཅན་ཐམས་ཅད་ལ་ཡོངས་སུ་སྟོན་པ་དང་། སེམས་ཅན་ཐམས་ཅད་གྱིས་ལུས་ལ་གནོད་པར་ཐོ་བརྩམས་ཀྱང་ཉམས་སུ་བཟོད་པར་བྱེད་པ་དང་སེམས་ཅན་ ཐམས་ཅད་ཀྱི་ཚུལ་དང་མི་འདྲ་བའི་ཚིགས་གྱིས་སྤྱོད་པ་དང་། བརྒྱད་པ་དང་། སྨད་པ་དང་། བསྐྱང་བ་དང་། བརྡེག་པ་དང་། བརྡེགས་པ་ཉམས་སུ་བཟོད་པར་བྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱིས་མི་བསྒུལ་བ་ ཡོངས་སུ་སྟོན་པ་དང་། རིམ་གྲོར་བྱ་བ་དང་། རིམ་གྲོར་མ་བྱས་པ་ཐམས་ཅད་ཀྱིས་མཐོ་བ་དང་དམའ་བར་མི་འགྱུར་བ་ཡོངས་སུ་སྟོན་པ་དང་། སེམས་ཅན་ཐམས་ཅད་ལ་ང་རྒྱལ་མེད་པ་ཡོངས་སུ་སྟོན་པ་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་ལ་བཟོད་པ་མི་ཟད་པས་ཡེ་ཤེས་མི་ཟད་པ་ཡོངས་སུ་སྟོན་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཐམས་ཅད་ཡོངས་སུ་སྤང་བའི་ཕྱིར་བཟོད་པའི་སྤྱོད་པ་ཡོངས་སུ་སྟོན་པ་དང་། སེམས་ ཅན་ཐམས་ཅད་ཀྱིས་ལུས་དབྱིབས་མི་སྡུག་ཅིང་། ཁ་དོག་མི་མཛེས་པའི་གཟུགས་རྣམ་པར་བཟློག་པ་བྱེད་པ་དང་། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྐུ་མདོག་རྣམ་པར་དག་པ་བླ་ན་མེད་པ་ཡོངས་ སུ་སྟོན་ཅིང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་མཐོང་ངོ་། །བ་སྤུའི་སྒོ་ཐམས་ཅད་ནས་སེམས་ཅན་ཐམས་ཅད་དང་མཉམ་པའི་སྐྱེ་བ་སྣ་ཚོགས་ཀྱི་ལུས་ཁ་དོག་དང་དབྱིབས་དང་། ཆུ་ཤིང་སྣ་ཚོགས་སུ་སྤྲུལ་པའི་ སྤྲིན་མཐོན་སྟེ། སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་རྒྱས་པར་ཁྱབ་པར་བྱས་ནས། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚོགས་ཆེན་པོ་ལ་བརྩོན་འགྲུས་ཀྱི་སྔོན་དུ་འདོར་བ། ཡང་དག་པར་སྟོན་ 76-1-280b པ་དང་། བདུད་ཀྱི་དཀྲུགས་མ་ཐམས་ཅད་རྣམ་པར་འཐོར་བའི་བརྩོན་འགྲུས་དང་། བྱང་ཆུབ་དུ་བརྩམས་པ་མི་འཁྲུགས་མི་ཟློགས་པའི་བརྩོན་འགྲུས་དང་། སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་རབ་ ཏུ་བསྒྲལ་བའི་བརྩོན་འགྲུས་དང་མི་ཁོམ་པ་དང་ངན་སོང་དང་། ངན་འགྲོ་དང་ལོག་པར་ལྟུང་བའི་ལམ་ཐམས་ཅད་རྣམ་པར་བཟློག་པའི་བརྩོན་འགྲུས་དང་། མི་ཤེས་པའི་རི་རྣམ་པར་གཏོར་བའི་བརྩོན་འགྲུས་དང་། དེ་བཞིན་ གཤེགས་པ་ཐམས་ཅད་མཆོད་ཅིང་བསྙེན་བཀུར་བས་ཡོངས་སུ་མི་སྐྱོ་བའི་བརྩོན་འགྲུས་དང་། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་ཡང་དག་པར་བླང་བ་དང་། ཡོངས་སུ་བཟུང་བའི་བརྩོན་འགྲུས་དང་། སྒྲིབ་པ་ཐམས་ཅད་ཀྱི་རི་རབ་ཏུ་གཞོམ་ཞིང་རྣམ་པར་གཏོར་བའི་བརྩོན་འགྲུས་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བས་མི་སྐྱོ་བའི་བརྩོན་འགྲུས་དང་། སངས་རྒྱས་ཀྱི་ཞིང་ ཐམས་ཅད་ཡོངས་སུ་དག་པར་བྱ་བའི་བརྩོན་འགྲུས་དང་། དེ་བཞིན་གཤེགས་པའི་བརྩོན་འགྲུས་རྣམ་པར་དག་པ་བླ་ན་མེད་པ་ཡོངས་སུ་སྟོན་ཅིང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །བ་སྤུའི་ སྒོ་ཐམས་ཅད་ནས་ལུས་སྣ་ཚོགས་ཁ་དོག་དབྱིབས་རྣམ་པ་ཐ་དད་པར་སྤྲུལ་པའི་སྤྲིན་འཐོན་སྟེ། ཐབས་སྣ་ཚོགས་ཀྱིས་སེམས་ཅན་རྣམས་ཀྱི་དགའ་བ་ཡོངས་སུ་བསྐྱེད་པ་དང་། ཡིད་བདེ་བ་རྣམ་པར་བཟློག་ པ་དང་། འདོད་པའི་དགའ་བ་ཐམས་ཅད་རྣམ་པར་སྨོད་པ་དང་། ངོ་ཚ་ཤེས་པའི་ཆོས་ཉིད་འཇིག་རྟེན་དུ་སྒྲོག་པ་དང་། དབང་པོ་བསྡམ་པ་ལ་སེམས་ཅན་རྣམས་རབ་ཏུ་དགོད་པ་དང་། ཚངས་པའི་སྤྱོད་པ་བླ་ ན་མེད་པ་ཡང་དག་པར་བསྔགས་པ་བྱེད་པ་དང་། འདོད་པའི་འཇིག་རྟེན་གྱི་བདུད་ཀྱི་ཡུལ་འཇིག་པ་དང་བཅས་པར་ཡོངས་སུ་སྟོན་པ་དང་། འདོད་པའི་དགའ་བ་དང་བྲལ་བ་རྣམས་ལ་འཇིག་རྟེན་ 76-1-281a གྱི་འདོད་པ་དང་། དགའ་བའི་ཡུལ་ཐམས་ཅད་ཡོངས་སུ་སྟོན་པ་དང་། ཆོས་ལ་མོས་ཤིང་དགའ་བ་ལ་སེམས་ཅན་རབ་ཏུ་དགོད་པ་དང་། མཐར་གྱིས་བསམ་གཏན་དང་། ཏིང་ངེ་འཛིན་དང་སྙོམས་ པར་འཇུག་པའི་སྒོ་མངོན་པར་བསྒྲུབ་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཐམས་ཅད་རྣམ་པར་གསལ་བ་ལ་ངེས་པར་རྟོགས་པའི་སེམས་ཡོངས་སུ་བརྗོད་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ རྒྱ་མཚོའི་རྣམ་པར་འཕྲུལ་བ་ཐམས་ཅད་ཡོངས་སུ་སྟོན་པ་དང་། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་དང་། རྣམ་པར་འཕྲུལ་པ་དང་། ཁྱུ་མཆོག་གི་མཐུ་ཕྱུང་བ་ཡོངས་སུ་སྟོན་པ་བྱེད་ཅིང་། སེམས་ཅན་རྣམས་ ཀྱི་དགའ་བ་ཡོངས་སུ་བསྐྱེད་པ་དང་། སྤྲོ་བ་འཕེལ་བར་བྱ་བ་དང་། ཉམས་བདེ་བ་ཡོངས་སུ་བསྐྱེད་པ་དང་། ཡིད་མི་བདེ་བ་བཟློག་པ་དང་། སེམས་སྐྱོན་མེད་པ་ཡོངས་སུ་བསྒྲུབ་པ་དང་། སེམས་ལས་སུ་རུང་བར་བྱ་ བ་དང་། བསམ་པ་རྣམ་པར་སྦྱང་བ་དང་། དབང་པོ་གསལ་བར་བྱ་བ་དང་། ལུས་ཀྱི་བདེ་བ་ཡོངས་སུ་བསྐྱེད་པ་དང་། ཆོས་ལ་དགའ་བའི་ཤུགས་རྣམ་པར་འཕེལ་བར་བྱ་བ་བྱེད་ཅིང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ ངོ་། །བ་སྤུའི་སྒོ་ཐམས་ཅད་ནས། སྐྱེ་བ་ཐམས་ཅད་དང་འདྲ་བའི་ལུས་ཀྱི་སྤྲིན་སྣ་ཚོགས་འཐོན་ཏེ། ཞིང་ཐམས་ཅད་ཀྱི་ཁོངས་སུ་ཆུད་པའི་སེམས་ཅན་ཐམས་ཅད་ཀྱི་ཡིད་བཞིན་དུ་བསྟན་པའི་ཕྱིར་དགེ་བའི་བཤེས་ གཉེན་གྱི་གན་དུ་འགྲོ་བས་སྐྱོན་མེད་པ་ཡོངས་སུ་སྟོན་པ་དང་། སློབ་དཔོན་དང་། བླ་མ་དང་། དགེ་བའི་བཤེས་གཉེན་ལ་རིམ་གྲོར་བྱ་བ་དང་། བསྙེན་བཀུར་བས། སྐྱོ་བ་མེད་པ་ཡོངས་སུ་སྟོན་པ་དང་། དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་འཁོར་ལོ་འཁོར་བར་ཡང་དག་པར་བླང་ཞིང་ཡོངས་སུ་བཟུང་བས་སྐྱོ་བ་མེད་པའི་བརྩོན་འགྲུས་ཡོངས་སུ་སྟོན་པ་དང་། སངས་རྒྱས་རྒྱ་མཚོ་ཐམས་ཅད་ཁོང་དུ་ཆུད་པར་བྱ་བའི་ཚུལ་ཡང་དག་པར་བརྗོད་པ་དང་། 76-1-281b ཆོས་ཀྱི་སྒོ་རྒྱ་མཚོ་ཐམས་ཅད་རྣམ་པར་འབྱེད་པ་དང་། ཆོས་ཐམས་ཅད་ཀྱི་མཚན་ཉིད་དང་རང་བཞིན་དང་ཚུལ་མངོན་པར་བརྗོད་པ་དང་། ཆོས་ཐམས་ཅད་ཏིང་ངེ་འཛིན་གྱི་སྒོར་ཡོངས་སུ་སྟོན་པ་དང་། སེམས་ཅན་ ཐམས་ཅད་ཀྱི་དྲི་མ་དང་ཐེ་ཙོམ་རྒྱ་མཚོ་རྣམ་པར་སེལ་བས་ཤེས་རབ་ཀྱི་ཡུལ་ཡོངས་སུ་སྟོན་པ་དང་། སེམས་ཅན་ཐམས་ཅད་ཀྱི་ལྟ་བའི་རི་ཤིན་ཏུ་འཇོམས་པའི་ཤེས་རབ་རྡོ་རྗེ་ཡོངས་སུ་སྟོན་པ་དང་། སེམས་ཀྱི་སྐད་ཅིག་ གཅིག་དང་ལྡན་པས། སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་རྣམ་པར་སེལ་བའི་ཤེས་རབ་ཀྱི་ཉི་མའི་དཀྱིལ་འཁོར་འཆར་བ་ཡོངས་སུ་སྟོན་པ་བྱེད་ཅིང་། སེམས་ཅན་ཐམས་ཅད་ཀྱི་དགའ་བ་ཡོངས་སུ་ སྐྱེ་བར་བྱ་བས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །བ་སྤུའི་སྒོ་ཐམས་ཅད་ནས་ཁ་དོག་དང་དབྱིབས་བསམ་གྱིས་མི་ཁྱབ་པའི་ལུས་མང་པོ་འགྲོ་བ་ཐམས་ཅད་དང་མཉམ་པའི་སྤྲུལ་པའི་སྤྲིན་འཐོན་ཏེ་ བསམ་པ་དང་། མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་ལ་མངོན་དུ་གནས་ཤིང་། སྒྲ་སྐད་སྣ་ཚོགས་ཀྱིས་ཡོངས་སུ་སྦྱང་བ་བསྟན་པས་འཇིག་རྟེན་གྱི་བསོད་ནམས་དང་། བསོད་ནམས་མ་ཡིན་པ་མངོན་པར་ སྟོན་པ་དང་། འཇིག་རྟེན་པའི་བྱ་བ་ཐམས་ཅད་རབ་ཏུ་རྒྱུ་བ་དང་། ཁམས་གསུམ་པ་འབྱུང་བ་ཐམས་ཅད་ཡོངས་སུ་བསྟན་པ་དང་། ཁམས་གསུམ་པ་ཐམས་ཅད་ལས་འབྱུང་བའི་ཕྱོགས་ཡང་དག་པར་བརྗོད་པ་ དང་། ལྟ་བའི་མྱ་ངན་མྱི་བཟད་པ་ཐམས་ཅད་ལས་འབྱུང་བའི་ཕྱོགས་ཡང་དག་པར་བསྟན་པས། ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་གྱི་ཁྱད་པར་ཡོངས་སུ་བརྗོད་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ སའི་ལམ་ལས་ཡོངས་སུ་བཟླ་བ་ཡང་དག་པར་སྟོན་པ་དང་། རིམ་གྲོར་བྱས་པ་དང་། རིམ་གྲོར་མ་བྱས་པ་ལ་བྱམས་སྡང་གིས་གོས་པ་མེད་པར་ཡོངས་སུ་སྟོན་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་སྒོ་ 76-1-282a ལ་མི་གནས་པ་ཡང་དག་པར་སྟོན་པ་དང་། དགའ་ལྡན་གྱི་གནས་ལ་སྩོགས་པ་གཅིག་ནས་གཅིག་ཏུ་རྒྱུ་བ་རྒྱུན་མི་འཆད་པ་ཡོངས་སུ་སྟོན་པ་དང་། སྙིང་པོ་བྱང་ཆུབ་ཏུ་སོང་ཞིང་མངོན་པར་རྫོགས་ པར་འཚང་རྒྱ་བ་རྒྱུན་མི་འཆད་པ་ཡོངས་སུ་སྟོན་པ་བྱེད་ཅིང་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །བ་སྤུའི་སྒོ་ཐམས་ཅད་ཀྱི་བ་སྤུའི་སྒོ་རེ་རེ་ནས་ཀྱང་སངས་རྒྱས་ཀྱི་ཞིང་ ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ལུས་སྤྲུལ་པའི་སྤྲིན་འཐོན་ཏེ། སེམས་ཅན་གྱི་འཇིག་རྟེན་ཐམས་ཅད་ལ་མངོན་སུམ་དུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་། སྨོན་ལམ་ཡོངས་སུ་བརྗོད་པ་ དང་། ཆོས་ཀྱི་དབྱིངས་ཐམས་ཅད་རྣམ་པར་དག་པའི་མཐར་ཐུག་གཏུགས་པའི་སྨོན་ལམ་གྱི་ཁྱད་པར་ཡོངས་སུ་བརྗོད་པ་དང་། སེམས་ཀྱི་སྐད་ཅིག་རེ་རེ་ལ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་ཡོངས་སུ་དག་ པར་བྱ་བ་ཡོངས་སུ་བརྗོད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་ཅིང་རིམ་གྲོར་བྱ་བ་རྒྱུན་མི་འཆད་པ་ཡོངས་སུ་བརྗོད་པ་དང་། སེམས་ཀྱི་སྐད་ཅིག་རེ་རེ་ལ་ཆོས་ཀྱི་ཚུལ་རྒྱ་མཚོ་ཐམས་ཅད་ལ་ འཇུག་པའི་རྒྱུན་མི་འཆད་པ་ཡོངས་སུ་སྟོན་པ་དང་། འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཆོས་ཀྱི་དབྱིངས་ཀྱི་ཚུལ་རྒྱ་མཚོ་ལ་འཇུག་པ་རྒྱུན་མི་འཆད་པ་ཡོངས་སུ་སྟོན་པ་ དང་། ཞིང་ཐམས་ཅད་དུ་ཕྱི་མའི་མཐའི་སྐལ་པའི་མུར་ཐུག་པར་གནས་ཤིང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་རྣམ་པར་དག་པར་བྱ་བ་ཡོངས་སུ་བརྗོད་པ་རྒྱུན་མི་འཆད་པ་ཡང་དག་པར་སྟོན་པ་དང་། སེམས་ཀྱི་ སྐད་ཅིག་རེ་རེ་ལ་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་འཇུག་པ་རྒྱུན་མི་འཆད་པ་ཡང་དག་པར་བརྗོད་པ་དང་། དུས་གསུམ་གྱི་ཚུལ་རྒྱ་མཚོ་ཐམས་ཅད་ལ་འཇུག་པ་རྒྱུན་མི་འཆད་པ་ཡོངས་སུ་སྟོན་པ་དང་། ཞིང་ཐམས་ 76-1-282b ཅད་དུ་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ཡོངས་སུ་བསྟན་པ་རྒྱུན་མི་འཆད་པ་ཡང་དག་པར་སྟོན་པར་བྱེད་ཅིང་། བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། སྤྱོད་པ་ཡོངས་སུ་བསྟན་པས་སེམས་ཅན་ཐམས་ ཅད་ཐམས་ཅད་མཁྱེན་པ་ཉིད་ལ་རབ་ཏུ་འགོད་པ་མཐོང་ངོ་། །བ་སྤུའི་སྒོ་ཐམས་ཅད་ཀྱི་བ་སྤུའི་སྒོ་རེ་རེ་ནས་ཀྱང་འགྲོ་བ་ཐམས་ཅད་ཀྱི་སེམས་དང་མཉམ་པའི་ལུས་ཀྱི་སྤྲུལ་པའི་སྤྲིན་མང་པོ་འཐོན་སྟེ། སེམས་ཅན་ཐམས་ ཅད་ལ་མངོན་པར་གནས་ཤིང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚོགས་ཀྱི་སྟོབས་མུ་མེད་པ་ཡོངས་སུ་སྟོན་པ་དང་། ཐམས་ཅད་མཁྱེན་པའི་སེམས་ཀྱི་སྟོབས་མི་ཟད་པ་དང་། མི་འཇིགས་པ་དང་། ཆུད་མི་ ཟ་བའི་ཆོས་ཅན་ཡོངས་སུ་སྟོན་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཡོངས་སུ་བསྒྲུབ་པའི་སྟོབས་ཕྱིར་མི་བཟློག་པ་ལ་ཐུབ་པ་མེད་པ་དང་། བླ་ན་མེད་པ་ཡོངས་སུ་སྟོན་པ་དང་། བྱང་ཆུབ་སེམས་ དཔའ་རྣམས་ཀྱི་སྟོབས་འཁོར་བའི་ཉེས་པ་ཐམས་ཅད་ཀྱིས་མི་གོས་པ་ཡོངས་སུ་སྟོན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཐོར་བ་དང་། བྱང་ཆུབ་ སེམས་དཔའ་རྣམས་ཀྱི་སྟོབས་ཉོན་མོངས་པ་ཐམས་ཅད་ཀྱི་དྲི་མས་ཉེ་བར་ཉོན་མོངས་པ་མེད་པ་ཡོངས་སུ་སྟོན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱི་རི་རྣམ་པར་འཐོར་བ་ཡོངས་ སུ་སྟོན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོའི་སྟོབས་བསྐལ་པ་ཐམས་ཅད་དུ་གནས་ཀྱང་། བྱང་ཆུབ་སེམས་དཔའི་སྤྱོད་པས་སྐྱོ་བ་མེད་པ་ཡོངས་སུ་སྟོན་པ་དང་། བྱང་ཆུབ་སེམས་དཔའ་ རྣམས་ཀྱི་སྟོབས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་སྐྱོབ་ཅིང་བསྐུལ་བས། སེམས་ཅན་ཐམས་ཅད་རབ་ཏུ་དགའ་བར་བྱེད་པ་ཡོངས་སུ་སྟོན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་བདུད་དང་། 76-1-283a ཕས་ཀྱི་རྒོལ་བའི་ཚོགས་ཐམས་ཅད་རབ་ཏུ་འཇོམས་པ་ཡོངས་སུ་སྟོན་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བའི་ཡེ་ཤེས་ཀྱི་སྟོབས་ཆེན་པོ་འཇིག་རྟེན་དུ་རབ་ཏུ་བརྗོད་པ་བྱེད་ཅིང་སེམས་ཅན་ཐམས་ ཅད་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །བ་སྤུའི་སྒོ་རེ་རེ་ནས་ཀྱང་ལུས་ཀྱི་སྤྲུལ་པ་རྒྱ་མཚོ་ཁ་དོག་མཐའ་ཡས་པ། འགྲོ་བ་ཐམས་ཅད་ཀྱི་སེམས་དང་མཉམ་པའི་སྤྲིན་ཕྱོགས་ བཅུ་མཐའ་ཡས་པའི་སེམས་ཅན་གྱི་ཁམས་སུ་རྒྱས་པར་འགེངས་པ་འཐོན་ཏེ། སེམས་ཅན་རྣམས་ཀྱི་བསམ་པ་དང་། མོས་པ་ཇི་ལྟ་བ་བཞིན་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། ཡེ་ཤེས་ཀྱི་རྣམ་ པར་གནོན་པ་ཡོངས་སུ་སྟོན་པ་དང་། སེམས་ཅན་གྱི་ཁམས་རྒྱ་མཚོ་ཐམས་ཅད་ལ་འཇུག་པའི་ཡེ་ཤེས་ཡོངས་སུ་སྟོན་པ་དང་། སེམས་ཅན་ཐམས་ཅད་ཀྱི་དབང་པོ་རྒྱ་མཚོ་ཡོངས་སུ་ཤེས་པའི་ཡེ་ཤེས་ཡོངསུ་སྟོན་པ་ དང་། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་རྒྱ་མཚོ་ལ་འཇུག་པའི་ཡེ་ཤེས་ཡོངས་སུ་སྟོན་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། འདུལ་བའི་དུས་ལས་མི་འདའ་བའི་ཡེ་ཤེས་ ཡོངས་སུ་སྟོན་པ་དང་། ཆོས་ཀྱི་དབྱིངས་ཐམས་ཅད་དུ་གྲགས་པར་སྒྲོག་པའི་ཡེ་ཤེས་ཡོངས་སུ་སྟོན་པ་དང་། སེམས་ཀྱི་སྐད་ཅིག་རེ་རེ་ལ་ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཡེ་ཤེས་ཀྱི་ཚུལ་རྒྱ་མཚོས་རྒྱས་པར་ འགེངས་པའི་ཡེ་ཤེས་ཡོངས་སུ་སྟོན་པ་དང་། འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་འདུ་བ་དང་། འཇིག་པའི་ཡེ་ཤེས་ཡོངས་སུ་སྟོན་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་གཞི་དང་དབྱིབས་དང་། རྒྱན་རྣམ་པར་དགོད་པའི་ཡེ་ཤེས་ཡོངས་སུ་སྟོན་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་རྣམ་པར་སྤྲུལ་སྟེ། སྤྱན་སྔར་ཕྱིན་ནས། མཆོད་ཅིང་རིམ་གྲོར་བྱེད་པ་དང་། ཆོས་ཀྱི་འཁོར་ལོའི་སྤྲིན་ཡང་ 76-1-283b དག་པར་འཛིན་པའི་ཡེ་ཤེས་ཡོངས་སུ་སྟོན་པ་བྱེད་ཅིང་། དེ་ལྟར་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པས་སེམས་ཅན་རྣམས་ཀྱི་དགའ་བ་བསྐྱེད་པ་དང་། སེམས་དང་བར་བྱེད་པ་དང་། རབ་ཏུ་དགའ་བ་བསྐྱེད་ པ་དང་། མོས་པ་འཕེལ་བར་བྱེད་པ་དང་། ཡིད་མི་བདེ་བ་རྣམ་པར་བཟློག་པ་དང་། སེམས་རྣམ་པར་སྤྱོད་པ་དང་། སེམས་སྐྱོན་མེད་པར་སྐྱེ་བར་བྱེད་པ་དང་། དབང་པོ་གསལ་བར་བྱེད་པ་དང་། མོས་པའི་སྟོབས་ ཡོངས་སུ་བསྐྱེད་པ་དང་། ཐམས་ཅད་མཁྱེན་པ་ཉིད་ལས་ཕྱིར་མི་ལྡོག་པར་བྱེད་པ་མཐོང་ངོ་། །ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་བསྟན་པས་འཇིག་རྟེན་དུ་ཅི་ལྟར་སེམས་ཅན་ཡོངས་སུ་སྨིན་པར་གྱུར་པ་མངོན་པར་དེ་ བཞིན་དུ་བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་རབ་ཏུ་སྒྲོགས་པའི་ཚུལ་གྱིས་མཚན་མོའི་ལྷ་མོ་རབ་ཏུ་དགའ་བའི་མིག་འགྲོ་བར་རྣམ་པར་སྣང་བའི་ཐོག་མ་སེམས་བསྐྱེད་པའི་ཚོགས་དང་། དགེ་བའི་བཤེས་ གཉེན་སྙེན་བཀུར་བའི་ཐབས་དང་། དེ་བཞིན་གཤེགས་པའི་ཞབས་ཀྱི་དྲུང་དུ་ཕྱིན་ཅིང་མཆོད་པ་དང་། རིམ་གྲོ་བྱས་པའི་ཚུལ་དང་། དགེ་བའི་ཆོས་རྣམས་སྤྱད་པའི་ཐབས་ཇི་སྙེད་པ་དང་། སྦྱིན་པའི་ཕ་ རོལ་ཏུ་ཕྱིན་པའི་སྤྱོད་པས་གཏང་བར་དཀའ་བ་ཡོངས་སུ་གཏོང་བ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱང་བའི་ཐབས་དང་། རྒྱལ་སྲིད་ཀྱི་དབང་ཕྱུག་ཆེན་པོ་དང་། འཁོར་མང་པོ་དང་། ལོངས་སྤྱོད་ ཀྱི་དབང་པོ་ཆེན་པོ་ཡོངས་སུ་བཏང་སྟེ། མངོན་པར་འབྱུང་བའི་ཐབས་ཇི་སྙེད་པ་དང་། འཇིག་རྟེན་གྱི་དཀའ་བའི་སྤྱོད་པ་རྡུལ་ཤུགས་དང་དཀའ་ཐུབ་ཆེན་པོའི་དཀྱིལ་འཁོར་ལ་བཟུང་བ་མངོན་པར་བསྒྲུབ་པ་ཇི་སྙེད་ ཅིག་ཡོད་པ་དང་། བྱང་ཆུབ་སེམས་དཔའི་བརྟུལ་ཤུགས་ཡང་དག་པར་བླང་བའི་སྦྱོར་བ་ལ་མི་གཡོ་བར་བྱ་བ་ཇི་སྙེད་ཅིག་ཡོད་པ་དང་། བྱང་ཆུབ་སེམས་དཔའི་ཡིད་དམ་བརྟན་པའི་ཆོས་རྒྱ་མཚོ་སེམས་ཅན་གྱི་ཁམས་ 76-1-284a ཐམས་ཅད་ཀྱི་ཉེས་བྱས་དང་། ངན་དུ་སྨྲ་བ་དང་། ཉེས་པར་སྤྱོད་པ་ཐམས་ཅད་བག་ལ་ཞ་བར་བྱེད་པའི་སྦྱོར་བ་དང་། ལུས་དང་སེམས་ཀྱི་གནོད་པ་ཉམས་སུ་བཟོད་པར་བྱེད་པའི་སྦྱོར་བ་ཇི་སྙེད་ཅིག་ཡོད་པ་དང་། ཆོས་ཐམས་ཅད་འཇིག་པ་མེད་པའི་ཆོས་ཉིད་ལ་བཟོད་པ་དང་། ཆོས་ཐམས་ཅད་ལ་ཡིད་ཆེས་པའི་བཟོད་པ་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་ངེས་པར་རྟོགས་པའི་བཟོད་པ་ཇི་སྙེད་གཅིག་ཡོད་པ་དང་། ཐམས་ ཅད་མཁྱེན་པ་ཉིད་དུ་རྩོམ་ཞིང་སྦྱོར་བའི་བརྩོན་འགྲུས་ཇི་སྙེད་ཅིག་ཡོད་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་བསྒྲུབ་པའི་བརྩོན་འགྲུས་ཇི་སྙེད་ཅིག་ཡོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ སྤྱོད་པ་ཇི་སྙེད་པ་ཐམས་ཅད་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཚོགས་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་བསྒྲུབ་པ་རྣམ་པར་དག་པའི་སྤྱོད་པ་ཇི་ སྙེད་ཅིག་ཡོད་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རབ་ཏུ་ཐོབ་པས། རྣམ་པར་འཕྲུལ་པ་ཇི་སྙེད་ཅིག་ཡོད་པ་དང་། ཏིང་ངེ་འཛིན་གྱི་སྒོ་རྒྱ་མཚོ་ལ་འཇུག་པ་ཇི་སྙེད་ཅིག་ཡོད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ ཕྱིན་པའི་སྤྱོད་པ་ཇི་སྙེད་པ་ཐམས་ཅད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚོགས་ཇི་སྙེད་པ་དང་། བྱང་ཆུབ་སེམས་དཔའི་ཤེས་རབ་ཆེན་པོའི་ཉི་མའི་དཀྱིལ་འཁོར་རྣམ་པར་སྦྱང་བའི་ཚུལ་ཇི་སྙེད་གཅིག་ཡོད་པ་དང་། ཤེས་རབ་ཆེན་པོའི་སྤྲིན་ཡོངས་སུ་འདུ་བའི་ཚུལ་ཇི་སྙེད་ཅིག་ཡོད་པ་དང་། ཤེས་རབ་ཀྱི་གཏེར་ཆེན་པོའི་ཚོགས་ཇི་སྙེད་ཅིག་ཡོད་པ་དང་། ཤེས་རབ་ཀྱི་རྒྱ་མཚོ་ཆེན་པོ་ལ་རྣམ་པར་དཔྱད་པའི་ཚུལ་དང་། སྦྱོར་བ་ཇི་སྙེད་པ་ཐམས་ཅད་དང་། ཐབས་ཆེན་པོ་ལ་མཁས་པའི་ཚུལ་གྱི་སྦྱོར་བ་ཇི་སྙེད་གཅིག་ཡོད་པ་དང་། ཐབས་ཆེན་པོ་ལ་མཁས་པ་ཡོངས་སུ་དག་པར་བྱ་བ་དང་ལྡན་པའི་སྔོན་གྱི་སྦྱོར་བ་ཇི་ 76-1-284b སྙེད་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་ལུས་ཇི་སྙེད་གཅིག་ཡོད་པ་དང་། སྨོན་ལམ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་གྲུབ་པ་ཇི་སྙེད་གཅིག་ཡོད་པ་དང་། སྨོན་ལམ་ ཆེན་པོའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཇི་སྙེད་གཅིག་ཡོད་པ་དང་། སྨོན་ལམ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སྔོན་གྱི་སྦྱོར་བ་ཇི་སྙེད་པ་ཐམས་ཅད་དང་། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་བྱ་བའི་ཚོགས་ ཆེན་པོ་ཇི་སྙེད་གཅིག་ཡོད་པ་དང་། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྐྱེན་དུ་གྱུར་པ་ཇི་སྙེད་གཅིག་ཡོད་པ་དང་། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཆེན་པོ་ཇི་སྙེད་གཅིག་ཡོད་པ་དང་། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཤིན་ཏུ་བསྟན་པ་ཇི་སྙེད་གཅིག་ཡོད་པ་དང་། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སྔོན་གྱི་སྦྱོར་བ་ཇི་སྙེད་པ་ཐམས་ཅད་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྦྱོར་བ་ཇི་སྙེད་གཅིག་ཡོད་པ་དང་། ཡེ་ཤེས་ཀྱི་ཕ་ རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་ཚུལ་ཇི་སྙེད་གཅིག་ཡོད་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱོགས་ཇི་སྙེད་གཅིག་ཡོད་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་འབྲང་བར་བྱ་བ་ཇི་སྙེད་གཅིག་ཡོད་པ་ དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱམ་ཀླས་པ་ཇི་སྙེད་གཅིག་ཡོད་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ཡང་དག་པར་གཞོལ་བར་བྱ་བ་ཇི་སྙེད་གཅིག་ཡོད་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ རྣམ་པར་དམྱིགས་པར་བྱ་བ་ཇི་སྙེད་གཅིག་ཡོད་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱམ་ཀླས་པའི་རྗེས་སུ་འབྲང་བར་བྱ་བ་ཇི་སྙེད་གཅིག་ཡོད་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པས་རྒྱས་པར་འགེངས་པ་ཇི་སྙེད་ གཅིག་ཡོད་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེན་པོ་ཇི་སྙེད་གཅིག་ཡོད་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལྷུན་ཇི་སྙེད་གཅིག་ཡོད་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངསུ་འགྲུབ་པར་བྱ་བ་དང་ 76-1-285a ལྡན་པའི་སྔོན་གྱི་སྦྱོར་བ་ཇི་སྙེད་པ་ཐམས་ཅད་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པའི་རྣམ་པ་རབ་ཏུ་ཕྱེ་བ་ལ་འཇུག་པ་འབྱུང་བ་ཡོངས་སུ་བསྒྲུབ་པ་ཇི་སྙེད་གཅིག་ཡོད་པ་དང་། ཡེ་ཤེས་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་གཞོལ་བར་བྱ་བའི་ཚུལ་དང་ལྡན་པའི་ཆོས་རྣམས་དང་། ཆོས་ཡོངས་སུ་བསྡུ་བ་དང་། ཆོས་ཀྱི་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། ལས་ཀྱི་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། ཞིང་གི་ ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། བསྐལ་པའི་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། དུས་ཀྱི་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། སངས་རྒྱས་འབྱུང་བའི་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ རྗེས་སུ་འབྲང་བ་དང་། བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། བྱང་ཆུབ་སེམས་དཔའི་སེམས་ཡོངས་སུ་འབྱུང་བའི་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་དགོད་པའི་ ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། བྱང་ཆུབ་སེམས་དཔའི་འབྱུང་བའི་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། བྱང་ཆུབ་སེམས་དཔའི་རབ་ཏུ་འཇུག་པའི་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། བྱང་ཆུབ་སེམས་དཔའི་སྨོན་ལམ་ གྱི་རྗེས་སུ་འབྲང་བ་དང་། བྱང་ཆུབ་སེམས་དཔའི་ཆོས་ཀྱི་འཁོར་ལོའི་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། བྱང་ཆུབ་སེམས་དཔའི་ཆོས་རྣམ་པར་འབྱེད་པའི་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། བྱང་ཆུབ་སེམས་དཔའི་ ཆོས་ཀྱི་རྒྱ་མཚོའི་ཚུལ་གྱི་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། བྱང་ཆུབ་སེམས་དཔའི་ཆོས་གངས་ཆེན་མཚོའི་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། བྱང་ཆུབ་སེམས་དཔའི་ཆོས་ཀྱི་རྒྱུད་ཀྱི་ཡེ་ཤེས་ཀྱི་རྗེས་སུ་འབྲང་ བ་དང་། བྱང་ཆུབ་སེམས་དཔའི་ཆོས་ཀྱི་གཏེར་གྱི་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། བྱང་ཆུབ་སེམས་དཔའི་ཆོས་ཀྱི་ལུགས་ཀྱི་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཇི་སྙེད་གཅིག་ཡོད་པ་དང་། མཚན་མོའི་ 76-1-285b ལྷ་མོ་རབ་ཏུ་དགའ་བའི་མིག་འགྲོ་བར་རྣམ་པར་སྣང་བའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སྤྱོད་པ་མཐའ་དང་དབུས་མེད་པའི་དམྱིགས་པ་ཅན་དེ་དག་ཐམས་ཅད་དེའི་བ་སྤུའི་སྒོ་རེ་རེ་ནས་མངོན་པར་འཐོན་ཏེ། སེམས་ཅན་གྱི་ལུས་ཀྱི་སྤྲིན་ཁ་དོག་སྣ་ཚོགས་ཅན་དུ་མངོན་པར་མཆོད་ཅིང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །འདི་ལྟ་སྟེ་འོག་མིན་དང་ཤིན་ཏུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། མ་དྲོས་པ་ དང་། མི་ཆེ་བའི་གཙང་མའི་གནས་ཀྱི་ལྷ་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་མཐོན་ཅིང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །དེ་བཞིན་དུ་འབྲས་བུ་ཆེ་བ་དང་། བསོད་ནམས་འཕེལ་བ་དང་། སྤྲིན་ མེད་པའི་ལྷ་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །དགེ་རྒྱས་དང་ཚད་མེད་དགེ་བ་དང་། དགེ་བ་ཆུང་བའི་ལྷ་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་མཐོན་ཅིང་ སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །ཀུན་སྣང་དང་བ་དང་། ཚད་མེད་སྣང་བ་དང་། ཆུང་སྣང་གི་ལྷ་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། ། ཚངས་ཆེན་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་རིས་ཀྱི་ལྷ་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །དབང་བསྒྱུར་གྱི་ལྷའི་རྒྱལ་པོ་རབ་ལྷ་མོའི་ཚོགས་དང་ལྷའི་ བུ་དང་བཅས་པའི་ལྷའི་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །ལྷའི་རྒྱལ་པོ་རབ་འཕྲུལ་དགའ་ལྷ་མོའི་ཚོགས་དང་། ལྷའི་བུ་དང་བཅས་པ་ལྟ་བུའི་ལུས་ཀྱི་ སྤྲིན་དུ་མངོན་པར་འཐོན་ཅིང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །རབ་དགའ་ལྡན་གྱི་ལྷའི་རྒྱལ་པོ་ལྷ་མོའི་ཚོགས་དང་ལྷའི་བུ་དང་བཅས་པ་ལྷའི་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་མཐོན་ཅིང་། སེམས་ཅན་ 76-1-286a ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །རབ་མཚེ་མའི་ལྷའི་རྒྱལ་པོ་ལྷ་མོའི་ཚོགས་དང་ལྷའི་བུ་དང་བཅས་པ་ལྷའི་བུ་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ མཐོང་ངོ་། །ལྷའི་རྒྱལ་པོ་བརྒྱ་བྱིན་ལྷ་མོའི་ཚོགས་དང་། ལྷའི་བུ་དང་བཅས་པ་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་སེམས་ཅན་ཡོངས་སུ་སྨྱིན་པར་བྱེད་པ་མཐོང་ངོ་། །དྲི་ཟའི་རྒྱལ་པོ་གནས་སྲུང་པོ་ དང་། དྲི་ཟའི་བུ་དང་། དྲི་ཟའི་བུ་མོ་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །གྲུལ་བུམ་གྱི་རྒྱལ་པོ་འཕགས་སྐྱེས་པོ་དང་། གྲུལ་བུམ་གྱི་བུ་དང་གྲུལ་བུམ་གྱི་ བུ་མོ་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །ཀླུའི་རྒྱལ་པོ་མིག་མྱི་བཟང་དང་། ཀླུའི་བུ་དང་། ཀླུའི་བུ་མོ་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་སེམས་ཅན་ ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །གནོད་སྦྱིན་གྱི་རྒྱལ་པོ་ཆེན་པོ་ལུས་ངན་པོ་དང་། གནོད་སྦྱིན་གྱི་བུ་དང་། གནོད་སྦྱིན་གྱི་བུ་མོ་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ ངོ་། །མི་འམ་ཅིའི་རྒྱལ་པོ་སྡོང་པོ་དང་། མྱི་འམ་ཅིའི་བུ་དང་། མི་འམ་ཅིའི་བུ་མོ་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །ལྟོ་འཕྱེ་ཆེན་པོའི་དབང་པོ་བློ་གྲོས་ བཟང་པོ་དང་། ལྟོ་འཕྱེ་ཆེན་པོའི་བུ་དང་། ལྟོ་འཕྱེ་ཆེན་པོའི་བུ་མོ་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །ནམ་མཁའ་ལྡིང་གི་དབང་པོ་ཤུགས་དྲག་ སྟོབས་ཆེན་དང་། ནམ་མཁའ་ལྡིང་གི་བུ་དང་ནམ་མཁའ་ལྡིང་གི་བུ་མོ་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ 76-1-286b དང་། ལྷ་མ་ཡིན་གྱི་བུ་དང་། ལྷ་མ་ཡིན་གྱི་བུ་མོ་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་མཐོན་ཅིང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །ཆོས་ཀྱི་རྒྱལ་པོ་གཤིན་རྗེ་དང་། གཤིན་རྗེའི་བུ་དང་། གཤིན་རྗེའི་ བུ་མོ་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །མིའི་དབང་པོ་དང་སྐྱེས་པ་དང་བུད་མེད་དང་ཁྱེའུ་དང་། བུ་མོ་ཐམས་ཅད་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ ཅིང་། སེམས་ཅན་ཡོངས་སུ་སྨྱིན་པར་བྱེད་པ་མཐོང་ངོ་། །དེ་བཞིན་དུ་འགྲོ་བའི་རྒྱུད་ཐམས་ཅད་དུ་གཏོགས་པའི་སེམས་ཅན་ཐམས་ཅད་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་སེམས་ཅན་ཡོངསུ་སྨིན་པར་བྱེད་ པ་མཐོང་ངོ་། །ཉན་ཐོས་དང་རང་སངས་རྒྱས་དང་དྲང་སྲོང་ཐམས་ཅད་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐོང་ངོ་། །རླུང་དང་ཆུ་དང་མེའི་ཕུང་པོ་ལྷ་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་ འཐོན་ཅིང་སེམས་ཅན་ཡོངསུ་སྨིན་པར་བྱེད་པ་མཐོང་ངོ་། །རྒྱ་མཚོ་དང་ཆུ་ཀླུང་དང་། རི་དང་ནགས་ཚལ་དང་། ལོ་ཐོག་དང་། སྨན་དང་ཤིང་དང་སའི་ལྷ་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་སེམས་ཅན་ཡོངསུ་སྨིན་པར་ བྱེད་པ་མཐོང་ངོ་། །བཟའ་ཤིང་གི་ར་བ་དང་། གྲོང་ཁྱེར་དང་སྙིང་པོ་བྱང་ཆུབ་དང་ཉིན་པར་དང་མཚན་མོ་དང་ནམ་མཁའ་དང་། ཕྱོགས་དང་རྐང་གིས་འགྲོ་བ་དང་། ལུས་ཀྱི་རིས་སུ་གཏོགས་པ་དང་། ལྷ་ལྟ་བུའི་ལུས་ཀྱི་ སྤྲིན་དུ་མངོན་པར་མཐོན་ཅིང་། སེམས་ཅན་ཡོངསུ་སྨིན་པར་བྱེད་པ་མཐོང་བ་ནས། དེ་བཞིན་དུ་ལག་ན་རྡོ་རྗེ་ལྟ་བུའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཅིང་། ཕྱོགས་བཅུར་རྒྱས་པར་བཀང་སྟེ། ཆོས་ཀྱི་ དབྱིངས་ཀྱི་ཚུལ་འབྱམ་ཀླས་པ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་མངོན་པར་གནས་ཤིང་། སེམས་ཅན་ཡོངསུ་སྨིན་པར་བྱེད་པའི་བར་དུ་མཐོང་སྟེ། མཚན་མོའི་ལྷ་མོ་རབ་ཏུ་དགའ་བའི་མིག་འགྲོ་བར་རྣམ་ 76-1-287a པར་སྣང་བའི་སེམས་ཐོག་མ་བསྐྱེད་པའི་ཚོགས་ལ་སྩོགས་པའི་སྔོན་གྱིས་ཚེ་རབས་ལ་ཡོངས་སུ་བསྒྲུབ་པའི་དགེ་བའི་སེམས་གཅིག་ནས་གཅིག་ཏུ་བརྒྱུད་དེ། རྒྱུན་མ་ཆད་པའི་ཚུལ་ཇི་སྙེད་པ་དང་། བྱང་ཆུབ་ཏུ་ སེམས་བསྐྱེད་པའི་བསྔགས་པ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། ཤི་འཕོ་དང་སྐྱེ་བ་ཡོངས་སུ་བཟུང་བ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། ལུས་ཡོངས་སུ་བཟུང་བ་གཅིག་ནས་གཅིག་ ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། མིང་གི་འཁོར་ལོ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། དགེ་བའི་བཤེས་གཉེན་གྱི་གན་དུ་འགྲོ་བ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། སངས་ རྒྱས་བྱུང་སྟེ་བསྙེན་བཀུར་བ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། ཆོས་ཀྱི་ཚིགས་དང་། ཡི་གེ་བླངས་པ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། བྱང་ཆུབ་སེམས་དཔའི་ལམ་གྱི་ནན་ ཏན་གྱི་སེམས་གཅིག་ནས་གཅིག་ཏུ་རྒྱུད་ཅིང་འདབ་ཆགས་པ་དང་། ཏིང་ངེ་འཛིན་རབ་ཏུ་ཐོབ་པ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་མདབ་ཆགས་པ་དང་། ཏིང་ངེ་འཛིན་ཐོབ་པས་སངས་རྒྱས་མཐོང་བ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་ འདབ་ཆགས་པ་དང་། ཞིང་མཐོང་བའི་མིག་གི་རྒྱས་པར་བཀང་པ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། བསྐལ་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཡེ་ཤེས་ཀྱི་འཁོར་ལོ་འདབ་ཆགས་པ་དང་། ཆོས་ཀྱི་ དབྱིངས་ཁོང་དུ་ཆུད་པའི་ཡེ་ཤེས་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་མདབ་ཆགས་པ་དང་། སེམས་ཅན་གྱི་ཁམས་ལ་རྣམ་པར་བལྟ་བ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་མདབ་ཆགས་པ་དང་། ཆོས་ཀྱི་དབྱིངས་ཀྱི་ཚུལ་རྒྱ་མཚོར་ གཏོགས་པའི་སེམས་ཅན་ཕ་རོལ་གྱི་ཤི་འཕོ་བ་དང་། སྐྱེ་བ་ཤེས་པ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་མདབ་ཆགས་པ་དང་། ལྷའི་རྣ་བས་ཡོངསུ་དག་པ་རྟོགས་པར་བྱེད་པའི་ཤེས་པ་གཅིག་ནས་གཅིག་ཏུ་བརྒྱུད་ 76-1-287b ཅིང་འདབ་ཆགས་པ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་སེམས་ལ་རྣམ་པར་བལྟ་ཞིང་དབྱིངས་ལ་འཇུག་པའི་སྒོ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། ཐོག་མ་ལྷའི་མིག་ལ་ཞུགས་པའི་ སྒོ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། ཐོག་མ་ལྷའི་རྣ་བ་རྣམ་པར་དམྱིགས་པ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་མང་བས་ཆགས་པ་དང་། ཐོག་མ་སེམས་ཅན་ཕ་རོལ་གྱི་སེམས་ཤེས་པ་གཅིག་ ནས་གཅིག་ཏུ་བརྒྱུད་ཅིང་མདབ་ཆགས་པ་དང་། ཐོག་མ་བདག་དང་སེམས་ཅན་ཕ་རོལ་གྱི་སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། ཐོག་མ་དངོས་པོ་མེད་པ་ལ་རབ་ ཏུ་གནས་ཏེ། མངོན་པར་འདུ་བྱེད་པའི་རྫུ་འཕྲུལ་ཐོབ་པའི་རྐྱེན་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། རྫུ་འཕྲུལ་ཆེན་པོ་རྣམ་པར་གནོན་པས། ཕྱོགས་རྒྱས་པ་འགེངས་པ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ ཆགས་པ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཐོགས་པ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་རྒྱ་མཚོ་བསམ་གྱིས་མི་ཁྱབ་པ་ལ་འཇུག་པ་གཅིག་ ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། བྱང་ཆུབ་སེམས་དཔའི་ཏིང་འཛིན་གྱི་རྣམ་པར་འཕྲུལ་པ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་ གནོན་པ་གཅིག་ནས་གཅིག་ཏུ་རྒྱུད་ཅིང་འདབ་ཆགས་པ་དང་། བྱང་ཆུབ་སེམས་དཔའི་ཡོངས་སུ་གནོན་པ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འདབ་ཆགས་པ་དང་། བྱང་ཆུབ་སེམས་དཔའི་མིང་དུ་བྱ་བ་གཅིག་ནས་ གཅིག་ཏུ་རྒྱུད་ཅིང་འདབ་ཆགས་པ་དང་། བྱང་ཆུབ་སེམས་དཔའི་ལམ་ལ་འཇུག་པ་གཅིག་ནས་གཅིག་ཏུ་རྒྱུད་ཅིང་འདབ་ཆགས་པ་ནས། མཚན་མོའི་ལྷ་མོ་རབ་ཏུ་དགའ་བའི་མིག་འགྲོ་བའི་རྣམ་པར་སྣང་བའི་ 76-1-288a བྱང་ཆུབ་སེམས་དཔའི་ཡེ་ཤེས་ཤིན་ཏུ་ཕྲ་བ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་མདབ་ཆགས་པ་ཇི་སྙེད་པ་དེ་དག་ཐམས་ཅད་དེའི་བ་སྤུའི་སྒོ་ཐམས་ཅད་ལས་སྤྲུལ་པའི་ལུས་ཀྱི་སྤྲིན་དུ་མངོན་པར་འཐོན་ཏོ། ། སེམས་ཅན་རྣམས་ལ་ཆོས་འཆད་པ་དང་། ཡང་དག་པར་སྟོན་པ་དང་། གསལ་བར་བྱེད་པ་དང་། ཡོངས་སུ་སྟོན་པ་དང་། རྗེས་སུ་བརྗོད་པ་དང་། རབ་ཏུ་འབྱེད་པ་དང་། ཤིན་ཏུ་རྒྱ་ཆེར་བྱེད་པ་དང་། འགྲོ་བ་དང་། ངེས་པར་སྟོན་པ་དང་། རྣམ་པར་རིག་པར་བྱེད་པ་དང་། ཉེ་བར་བསྒྲུབ་པ་མཐོང་སྟེ། ལ་ལ་ལ་ནི་རླུང་གི་དཀྱིལ་འཁོར་ཤིན་ཏུ་འཁྲུགས་པའི་སྒྲ་སྐད་ཀྱིས་ཆོས་སྟོན་པ་མཐོང་ངོ་། །ལ་ལ་ལ་ནི་ཆུའི་ཕུང་པོ་རབ་ཏུ་རློབ་ པའི་སྒྲ་སྐད་ཀྱིས། ལ་ལ་ལ་ནི་མེའི་མེ་ལྕེ་ཤིན་ཏུ་རློབ་པའི་སྒྲ་སྐད་ཀྱིས། ལ་ལ་ལ་ནི་རྒྱ་མཚོའི་འབྲུག་གི་སྒྲ་སྐད་ཀྱིས། ལ་ལ་ལ་ནི་ས་ཡོངས་སུ་གཡོས་པའི་སྒྲ་སྐད་ཀྱིས། ལ་ལ་ལ་ནི་རི་ཆེན་ པོ་ཕན་ཚུན་ཐུག་ཅིང་འཐབ་པའི་སྒྲ་སྐད་ཀྱིས་ལ་ལ་ལ་ནི་ལྷའི་གྲོང་ཁྱེར་གཡོས་པའི་ང་རོ་སྙན་པའི་སྒྲ་སྐད་ཀྱིས། ལ་ལ་ལ་ནི་ལྷའི་གཞལ་མེད་ཁང་ཐུབ་ཅིང་འཁོར་བའི་སྒྲ་སྐད་ཀྱིས་ཆོས་སྟོན་པ་མཐོང་ངོ་། ། ལ་ལ་ལ་ནི་ལྷའི་དབང་པོའི་སྐད་ཀྱིས། ལ་ལ་ལ་ནི་གནོད་སྦྱིན་གྱི་དབང་པོའི་སྐད་ཀྱིས། ལ་ལ་ལ་ནི་དྲི་ཟའི་དབང་པོའི་སྐད་ཀྱིས། ལ་ལ་ལ་ནི་ལྷ་མ་ཡིན་གྱི་དབང་པོའི་སྐད་ཀྱིས། ལ་ལ་ལ་ནི་ནམ་མཁའ་ ལྡིང་གི་དབང་པོའི་སྐད་ཀྱིས། ལ་ལ་ལ་ནི་ལྟོ་འཕྱེ་ཆེན་པོའི་སྐད་ཀྱིས། ལ་ལ་ལ་ནི་མིའི་དབང་པོའི་སྐད་ཀྱིས། ལ་ལ་ལ་ནི་ཚངས་པའི་དབང་པོའི་སྐད་ཀྱིས། ལ་ལ་ལ་ནི་ལྷ་མོའི་ཀླུའི་དབྱངས་ཀྱིས། ལ་ལ་ལ་ནི་ལྷ་རྫས་ཀྱི་རོལ་མོ་ལེགས་པར་བླངས་པའི་དབྱངས་ཀྱིས། ལ་ལ་ལ་ནི་ནོར་བུ་རིན་པོ་ཆེའི་སྒྲ་དབྱངས་ཀྱིས། ལ་ལ་ལ་ནི་སེམས་ཅན་གྱི་རིས་ཐམས་ཅད་ཀྱིས་མཚན་མོའི་ལྷ་མོ་རབ་ཏུ་དགའ་ 76-1-288b བའི་མིག་འགྲོ་བར་རྣམ་པར་སྣང་བའི་རྣམ་པར་ཐར་པའི་ཡུལ་སེམས་ཅན་རྣམས་ལ་རབ་ཏུ་བརྗོད་པ་མཐོང་ངོ་། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ལུས་ཀྱི་སྤྲིན་གྱིས་བྱང་ཆུབ་སེམས་དཔའ་ལྷ་མོ་རབ་དགའི་སྒྲ་ སྐད་སྣ་ཚོགས་དང་། དེ་བཞིན་གཤེགས་པའི་སྤྲུལ་པའི་སྐུའི་སྤྲིན་གྱིས་དེ་བཞིན་གཤེགས་པའི་གསུང་རྣམ་པ་ཐ་དད་པའི་དབྱངས་ཀྱི་ཡན་ལག་གི་ཚུལ་གྱིས་མཚན་མོའི་ལྷ་མོ་རབ་ཏུ་དགའ་བའི་མིག་འགྲོ་བར་ རྣམ་པར་སྣང་བའི་རྣམ་པར་ཐར་པའི་ཡུལ་ཐོག་མ་སེམས་བསྐྱེད་པ་དང་བཅས་པ་ཡོངས་སུ་གྲུབ་སྟེ། གྲུབ་ཅིང་ཡང་དག་པར་འདུས་པ་དང་བཅས་རྣམ་པར་ཐར་པའི་རྣམ་པར་བརྩེ་བ་དང་བཅས་པ། སེམས་ཅན་ཐམས་ཅད་ལ་རྣམ་པར་དམྱིགས་པར་བྱེད་པ་མཐོང་ངོ་། །དེའི་སྤྲུལ་པའི་གཟུགས་ཀྱི་སྤྲིན་རེ་རེས་ཀྱང་སེམས་ཀྱི་སྐད་ཅིག་རེ་རེ་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྱི་སངས་རྒྱས་ཀྱི་ཞིང་བརྗོད་ དུ་མེད་པའི་རྣམ་པར་སྦྱོང་བ་མཐོང་ངོ་། །སེམས་ཅན་རྒྱ་མཚོ་མཐའ་ཡས་པ་དག་ཀྱང་ངན་སོང་གི་སྡུག་བསྔལ་ཐམས་ཅད་ལས་རྣམ་པར་དགྲོལ་པ་མཐོང་ངོ་། །སེམས་ཅན་གྱི་ཁམས་མཐའ་དང་། དབུས་ མེད་པ་དག་ཀྱང་མིའི་ཕུན་སུམ་ཚོགས་པ་ལ་རབ་ཏུ་འགོད་པ་མཐོང་ངོ་། །སེམས་ཅན་རྒྱ་མཚོ་མཐའ་དང་དབུས་མེད་པ་དག་ཀྱང་འཁོར་བའི་རྒྱ་མཚོ་ལས་གྱེན་དུ་བསྐྱོད་པ་མཐོང་ངོ་། །སེམས་ཅན་རྒྱ་མཚོ་མཐའ་དང་ དབུས་མེད་པ་དག་ཀྱང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལ་རབ་ཏུ་འགོད་པ་མཐོང་ངོ་། །སེམས་ཀྱི་སྐད་ཅིག་རེ་རེ་ལ་སེམས་ཅན་རྒྱ་མཚོ་མཐའ་དང་དབུས་མེད་པ་དག་ཀྱང་སྟོབས་བཅུའི་ཡེ་ཤེས་ཀྱི་སར་ འཇུག་པ། ཚོང་དཔོན་གྱིས་བུ་ནོར་བཟངས་ཀྱིས་མཐོང་ངོ་། །ཐོས་སོ། །རྣམ་པར་དཔྱད་དོ། །ཞུགས་སོ། །ཁོང་དུ་ཆུད་དོ། །ངེས་པར་རྟོགས་སོ་རྗེས་སུ་ཤེས་སོ་རྗེས་སུ་འབྲངས་སོ། །རྗེས་སུ་ཞུགས་སོ། ། 76-1-289a མཉམ་པ་ཉིད་དུ་བྱིན་གྱིས་བརླབས་ཏེ། དེ་ནི་མཚན་མོའི་ལྷ་མོ་རབ་ཏུ་དགའ་བའི་མིག་འགྲོ་བར་རྣམ་པར་སྣང་བའི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཀུན་ནས་བཟང་པོའི་དགའ་བ་ཤིན་ཏུ་ཡངས་ པའི་རྒྱ་མཚོ་བསམ་གྱིས་མི་ཁྱབ་པའི་རྣམ་པར་འཕྲུལ་པ་དང་། ཁྱུ་མཆོག་གི་མཐུ་ཕྱུང་བའི་བྱིན་དང་། སྔོན་བསྐལ་པ་མཉམ་པར་སྤྱད་པ་དང་། དེ་བཞིན་གཤེགས་པའི་བྱིན་གྱི་བརླབས་ཀྱིས་བྱིན་ཏུ་བརླབས་ པ་དང་། དགེ་བའི་རྩ་བ་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཀུན་ཏུ་བཟང་པོའི་སྣོད་དུ་གྱུར་པའི་ཕྱིར་རོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་བྱང་ཆུབ་སེམས་དཔའི་ དགའ་བའི་ཤུགས་དྲག་པོ་གངས་ཆེན་མཚོ་སྣང་བ་ཆེན་པོ་རབ་ཏུ་ཐོབ་པ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་དེས། མཚན་མོའི་ལྷ་མོ་རབ་ཏུ་དགའ་བའི་མིག་ འགྲོ་བར་རྣམ་པར་སྣང་བའི་མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ནས་མཚན་མོའི་ལྷ་མོ་རབ་ཏུ་དགའ་བའི་མིག་འགྲོ་བར་རྣམ་པར་སྣང་བ་ལ་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་ བསྟོད་དེ། །རྒྱལ་བའི་ཆོས་རྣམས་ཤིན་ཏུ་ཟབ། །དེ་ལ་ཁྱོད་ཀྱིས་བསྐལ་པ་ཚད་མེད་བསླབས། །བསམ་པ་ཇི་བཞིན་གཟུགས་རྣམས་ཀྱི། །འགྲོ་བ་ཀུན་བཀང་འཇིག་རྟེན་རིམ་པས་བསྟན། ། བདག་མེད་མགོན་མེད་ལོག་པ་ཡི། །འདུ་ཤེས་རྟག་ཏུ་འཁྲུལ་པ་མཁྱེན་གྱུར་ནས། །རྫུ་འཕྲུལ་རྣམ་པ་དུ་མ་ཡིས། །ལུས་དང་དབང་ཕྱུག་སྟོན་མཛད་འགྲོ་བ་འདུལ། །ཤིན་ཏུ་རིམས་བྲལ་རབ་ ཏུ་ཞི། །ཆོས་སྐུ་གཉིས་མེད་རྣམ་པར་དག་པ་མངའ། །འགྲོ་བ་མ་ལུས་གཉིས་གནས་པ། །སྤྲུལ་པའི་སྤྲིན་སྒྲ་འབྲུག་གིས་རྣམ་པར་འདུལ། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །ཁྱོད་ནི་ནམ་ཡང་མི་ 76-1-289b གནས་མི་བརྟན་ཏེ། །ཡན་ལག་ཀུན་རྒྱས་གཟུགས་མཆོག་དང་། །དབང་ཕྱུག་ཡོངས་སུ་བསྒྲགས་པས་འགྲོ་བ་འདུལ། །ཕྱི་དང་ནང་ལས་རྣམ་པར་གྲོལ། །གཉིས་ལས་བྱུང་བའི་མཚོ་ལས་ འཕགས་གྱུར་ཀྱང་། །འཁོར་བའི་རྒྱ་མཚོ་མཐའ་ཡས་པའི། །གཟུགས་བརྙན་འགྲོ་བའི་རྒྱུད་དུ་རབ་ཏུ་སྟོན། །ཁྱོད་ལ་གཡོ་བ་མྱི་མངའ་སྟེ། །ནམ་ཡང་རློམ་སེམས་གཡོ་བའི་སྤྲོས་མི་མངའ། །འཇིག་རྟེན་ སྤྲོས་མོས་བྱིས་པ་རྣམས། །ཆོས་ཀྱི་རང་བཞིན་སྟོན་ཅིང་འདུལ་བ་མཛོད། །ཏིང་འཛིན་རྒྱ་མཚོ་ཀུན་སྤྱོད་པས། །བསྐལ་པ་མང་པོར་རྩེ་གཅིག་ཐུབ་བཞུགས་ཀྱང་། །ཕྱོགས་བཅུའི་བདེ་གཤེགས་མཆོད་ དོན་དུ། །སྤུ་རྣམས་རྩེ་ལས་སྤྲུལ་པའི་སྤྲིན་ཀྱང་འགྱེད། །སངས་རྒྱས་སྟོབས་ལ་འཇུགས་པའི་ཚུལ། །སྐད་ཅིག་རེ་རེར་མཐའ་ཡས་ཐུགས་སུ་ཆུད། །སེམས་ཅན་བསྡུ་བའི་སྦྱོར་བ་རྣམས། །སོ་སོའི་ རྒྱན་བཞིན་གོ་བར་བགྱིས་པས་བསྟན། །ཁྱོད་ཀྱིས་སྲིད་པའི་རྒྱ་མཚོ་དག །ལས་ཀྱི་རྣམས་བྲིས་སྣ་ཚོགས་གཟུགས་གཟིགས་ཤིང་། །ཆོས་ཀྱི་སྒྲིབ་པ་མེད་པའི་ལམ་བསྟན་ཏེ། །སེམས་ཅན་ཀུན་ཀྱང་རྣམ་པར་ སྦྱོང་བ་མཛོད། །ཁྱོད་སྐུ་མཚན་བྲིས་པ་རྣམ་དག་ཀྱང་། །ཀུན་ཏུ་བཟང་པོའི་སྤྱོད་པ་དམ་པ་ཡིས། །སེམས་ཅན་བསམ་པའི་དབང་ཚུལ་དུ། །ཁྱོད་ནི་ལྷ་མོའི་སྐུ་གཟུགས་སྟོན། །དེ་ནས་ཚོང་དཔོན་ གྱི་བུ་ནོར་བཟངས་གྱིས། མཚན་མོའི་ལྷ་མོ་རབ་ཏུ་དགའ་བའི་མིག་འགྲོ་བར་རྣམ་པར་སྣང་བ་ལ་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་དེ་དག་གིས་མངོན་པར་བསྟོད་དེ། འདི་སྐད་ཅེས་སྨྲས་སོ། ། ལྷ་མོ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་ནས་ཇི་སྲིད་གཅིག་ལགས། ལྷ་མོ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཀུན་ཏུ་བཟང་པོའི་དགའ་བ་ཤིན་ཏུ་ཡངས་ཤིང་ 76-1-290a དྲི་མ་མེད་པའི་ཤུགས་ཀྱི་རྒྱལ་མཚན་འདི་ཐོབ་ནས་ཇི་སྙེད་ཅིག་ལགས། དེ་ནས་མཚན་མོའི་ལྷ་མོ་རབ་ཏུ་དགའ་བའི་མིག་འགྲོ་བར་རྣམ་པར་སྣང་བས་ཚོང་དཔོན་གྱི་བུ་ནོར་བཟངས་ལ་ ཚིགས་སུ་བཅད་དེ་སྨྲས་པ། དྲན་པས་བསྐལ་པ་མང་འདས་པ། །ཞིང་གི་རྡུལ་སྙེད་དེ་ཡི་སྔ་རོལ་ན། །ཞིང་ནི་རིན་ཆེན་མཆོག་བདེ་འབྱུང་། །དེ་ཡི་བསྐལ་པ་ཞི་བའི་དབྱངས་ཤེས་བྱ། །གླིང་བཞི་ བྱེ་བ་ཁྲག་ཁྲིག་སྟེ། །བརྒྱ་སྟོང་ཕྲག་བཅུ་རྣམས་ཀྱིས་ཡོངས་སུ་གང་། །ཚད་མེད་རིན་ཆེན་རི་བོ་འདྲ། །གླིང་བཞི་བར་མ་བཟང་པོ་རྣམ་པར་བཀྲམ། །རྒྱལ་པོའི་ཕོ་བྲང་བྱེ་བ་བརྒྱ། །སྟོང་ཕྲག་བཅུ་རྣམས་ ཡོངས་སུ་ཚང་བ་སྟེ། །རྒྱལ་པོའི་ཕོ་བྲང་མདངས་དགའ་བ། །དབུས་ན་གནས་པ་སྤོས་ཀྱི་རྒྱལ་མཚན་ནོ། །དེར་ནི་ཕྱོགས་ཀྱི་དབང་པོ་ཡིས། །འཁོར་ལོས་བསྒྱུར་བ་མངོན་པར་གཟུགས་བཟང་འབྱུང་། ། མཚན་བཟང་སུམ་བཅུ་གཉིས་དང་ལྡན། །དེ་ཡི་ལུས་ཀྱང་དཔེ་བྱད་བཟང་པོས་བརྒྱན། །པད་མོའི་སྦུབས་ནས་རྫུས་ཏེ་བྱུང་། །གསེར་གྱི་མདོག་བཟང་འོད་འབྱུང་ལུས་དང་ལྡན། །འཛམ་བུའི་རྒྱལ་ མཚན་ཐམས་ཅད་དུ། །མཁའ་ལས་འགྲོ་ཞིང་འོད་ཀྱིས་དེ་འགེངས་སོ། །དེ་ཡི་བུ་ནི་སྟོང་ཚང་སྟེ། །ཀུན་ཀྱང་ཡན་ལག་དམ་པའི་གཟུགས་དང་ལྡན། །བློན་པོ་མཁས་ཤིང་གསལ་བ་དང་། །འཛངས་ ཤིང་བདེ་གཞུངས་བྱེ་བ་ཤིན་ཏུ་མང་། །བཙུན་མོ་བྱེ་བ་ཕྲག་བཅུ་ཚང་། །ལྷ་མོ་ཇི་བཞིན་དགའ་བའི་ཚུལ་ལ་མཁས། །དེ་དག་ཕན་སེམས་བདེ་སེམས་ཀྱིས། །རྒྱལ་པོ་དེ་ལ་ཉེ་བའི་ཡིད་དུ་གནས། ། རྒྱལ་པོ་དེ་ནི་ས་ཆེན་དེ། །རི་དང་ཁོར་ཡུག་ཀུན་གྱི་མཐས་ཀླས་པའི། །གླིང་བཞིའི་ཕུན་སུམ་ཚོགས་པ་དག །ཀུན་ཀྱང་ཆོས་ཀྱི་སྟོབས་ཀྱི་གནས་པར་བྱེད། །ཁོ་མོ་འཁོར་ལོས་བསྒྱུར་བ་ཡི། །བཙུན་ 76-1-290b མོ་ཚངས་པའི་སྒྲ་སྐད་རིན་ཆེན་ལུས། །གསེར་གྱི་མདོག་མཚུངས་དྲི་མེད་འོད། །དཔག་ཚད་སྟོང་དུ་འོད་ཀྱིས་རྒྱས་པར་འགེངས། །ཉི་མ་ནུབ་པར་གྱུར་ནས་ཀྱང་། རྒྱལ་པོ་སྲས་དང་འཁོར་བཅས་གཟིམས་ གྱུར་ནས། །རོལ་མོའི་དབྱངས་ཀྱང་ཞི་གྱུར་ཏེ། །ཁོ་མོ་མལ་ན་བདེ་བར་ཉལ་ཉལ་ནས། །ནམ་གྱི་ཕྱེད་ཙམ་གུང་ཞིག་ལ། །སངས་རྒྱས་དཔལ་གྱི་རྒྱ་མཚོ་བྱུང་བར་གྱུར། །དེ་ཚེ་རྒྱལ་བས་རྣམ་ འཕྲུལ་བ། །ཕྱོགས་བཅུ་རྒྱས་པར་བཀང་སྟེ་བསྟན་པ་མཛད། །རྒྱལ་བའི་འོད་ཟེར་རྒྱ་མཚོ་དེས། །ཞིང་གི་རྡུལ་སྙེད་འཇིག་རྟེན་ཁྱབ་པར་གྱུར། །རྣམ་འཕྲུལ་སྐུ་རྣམས་སྣ་ཚོགས་ཀྱིས། ། ཕྱོགས་བཅུ་ཐམས་ཅད་མ་ལུས་རྒྱས་པར་བཀང་། །ས་རྣམས་རི་དང་བཅས་པར་གཡོས། །རྒྱལ་བ་བྱུང་ཞེས་སྒྲ་ཡང་ཡོངས་སུ་བརྗོད། །ལྷ་དང་ལྷ་མིན་མི་དང་ཀླུ། །ཀུན་ཀྱང་རྒྱལ་བ་བྱུང་བས་ རབ་ཏུ་དགའ། །སངས་རྒྱས་བ་སྤུའི་སྒོ་ཀུན་ནས། །སྤྲུལ་པའི་རྒྱ་མཚོ་མང་པོ་མངོན་པར་བྱུང་། །དེས་ནི་ཕྱོགས་བཅུ་རྒྱས་བཀང་ནས། །འཇིག་རྟེན་བསམ་པ་བཞིན་དུ་ཆོས་ཀྱང་བསྟན། །རྣམ་ འཕྲུལ་མཐའ་ཡས་དེ་དག་ཀྱང་། །རྒྱལ་བས་ཐམས་ཅད་བདག་གིས་རྨི་ལམ་བསྟན། །ཟབ་མོའི་འབྲུག་སྒྲ་ཐོས་གྱུར་ནས། །ཁོང་དུ་ཆུད་པས་ཁོ་མོ་དགའ་ཡིད་གྱུར། །མཚན་མོའི་ལྷ་མོ་སྟོང་སྙེད་ཀྱང་། ། ཁོ་མོའི་སྟེང་གི་བར་སྣང་མཁར་གནས་ཤིང་། །རྒྱལ་བའི་ལེགས་པ་བརྗོད་བྱས་ནས། །ཁོ་མོ་སད་པར་སྨྲ་ཞིང་བརྗོད། །ལྷ་ཡི་བློ་གྲོས་བཙུན་མོ་ལོངས། །ཁྱོད་ཀྱི་རྒྱལ་པོའི་ཁབས་སུ་སྐྱེས། ། བསྐལ་པ་རྒྱ་མཚོ་བརྒྱ་དག་དུ། །དེ་འདྲའི་ཕུན་སུམ་ཚོགས་པ་རྣམ་དག་ཀུན། །ཁོ་མོ་དགར་གྱུར་སད་པར་གྱུར། །འོད་གསལ་དྲི་མེད་རྣམ་དག་མཐོང་། །འོད་བཟང་དེ་ནི་ག་ལས་བལྟ་བལྟ་ན། །བྱང་ཆུབ་ 76-1-291a ཤིང་རྒྱལ་དྲུང་གི་རྒྱལ་བ་མཐོང་། །མཚན་ནི་སུམ་བཅུ་རྩ་གཉིས་བརྒྱན། །བ་སྤུ་ཀུན་ནས་འོད་ཟེར་རྒྱ་མཚོ་བཀྱེ། །རི་རབ་ཇི་བཞིན་མངོན་པར་འཕགས། །རྒྱལ་བ་གཡས་གཡོས་ཀུན་ཏུ་དེ་བཞིན་ ནོ། །མཐོང་ནས་ཁོ་མོ་རབ་དགའ་སྟེ། །དེ་འདྲར་འགྱུར་བར་སེམས་ཀྱང་ཡོངས་སུ་བསྐྱེད། །སངས་རྒྱས་རྣམ་འཕྲུལ་ཡོངས་མཐོང་ནས། །ཁོ་མོས་སྨོན་ལམ་ཤིན་ཏུ་རྒྱ་ཆེན་བཏབ། །ཁོ་མོས་རྒྱལ་པོ་ བཞེངས་སུ་གསོལ། །དེ་ཡི་འཁོར་དང་བུད་མེད་ཚོགས་ཀྱང་བསླང་། །སངས་རྒྱས་འོད་ཡོངས་མཐོང་གྱུར་ནས། །ཀུན་ཀྱང་བདེ་བའི་ལུས་སུ་གྱུར། །རྒྱལ་པོ་དེ་དང་ལྷན་ཅིག་ཏུ། །བཞོན་ནུ་བྱེ་བ་སྲོག་ཆགས་ ཁྲག་ཁྲིག་གིས། །ཡོངས་སུ་བསྐོར་ཏེ་དཔུང་བཅས་པ། །རྒྱལ་བའི་སྤྱན་སྔར་ཀུན་ཀྱང་འདོང་། །ལོ་གྲངས་སྟོང་ཕྲག་ཉི་ཤུར་ཡང་། །ཁོ་མོས་རྒྱལ་བ་དེ་ལ་མཆོད་བཀུར་བྱས། །རིན་ཆེན་བདུན་ཡང་ཡོན་དུ་ ཕུལ། །རྒྱ་མཚོ་ཡོངས་སུ་བཅས་པའི་ས་ཡང་གསོལ། །མདོ་སྡེ་རྒྱ་མཚོ་ཡོན་ཏན་སྤྲིན། །སྨོན་ལམ་མཚོ་ལས་ཡོངས་སུ་བྱུང་བའི་རྒྱན། །ཀུན་ཀྱང་དེ་བཞིན་གཤེགས་ལས་བྱུང་། །བསམ་པ་ ཇི་བཞིན་འགྲོ་བར་དེ་བཞིན་བསྟན། །མཚན་མོའི་ལྷ་མོ་ཇི་སྙེད་གཅིག །དེ་ཚེ་སྙིང་བརྩེར་ཁོ་མོ་ཕན་གདགས་པ། །དེ་འདྲར་གྱུར་ཏོ་མོས་རྩལ་ཞེས། །ཁོ་མོས་ཡོངས་སུ་སྐྱེས་པར་གྱུར། །ཁོ་མོའི་སྨོན་ ལམ་དེ་འདྲའི་སེམས། །ཐོག་མ་བྱང་ཆུབ་མཆོག་ཏུ་བསྐྱེད་པར་གྱུར། །འཁོར་བའི་རྒྱ་མཚོར་གནས་པའི་ཚེ། །སྲིད་པའི་རྒྱ་མཚོ་དེ་ནི་ཞིག་མ་གྱུར། །སངས་རྒྱས་བྱེ་བ་ཁྲག་ཁྲིག་རྣམས། །ཁོ་མོའི་དད་པ་ བསྐྱེད་དེ་མཆོད་པ་བྱས། །འཁོར་བའི་ལྷ་དང་མི་དབུས་སུ། །ཡུལ་གྱི་དགའ་དང་བདེ་ལ་མངོན་པར་སྨོན། །རྒྱལ་བའི་དང་པོ་དཔལ་གྱི་མཚོ། །དེ་ཡི་འོག་མ་ཡོན་ཏན་སྒྲོན་མ་སྟེ། །རྒྱལ་བ་གསུམ་པ་རིན་ཆེན་ 76-1-291b དཔལ། །སངས་རྒྱས་བཞི་པ་ནམ་མཁའི་ཡེ་ཤེས་དང་། །རྒྱལ་བ་ལྔ་པ་མེ་ཏོག་མཆོག །རྒྱལ་བ་དྲུག་པ་ཆགས་མེད་ཟླ་བའི་བླ། །རྒྱལ་བ་བདུན་ལ་འོད་རྒྱལ་ཆོས་ཀྱི་ཟླ། །བརྒྱད་པ་ཡེ་ཤེས་དཀྱིལ་ འཁོར་སྣང་བའོ། །རིན་ཆེན་འོད་འཕྲོ་རི་སྒྲོན་སྟེ། །རྒྱལ་བ་དགུ་པ་དེ་ཚེ་བྱུང་བར་གྱུར། །བཅུ་པ་དུས་གསུམ་འོད་དབྱངས་ཏེ། །དེ་དག་ཁོ་མོས་དད་པས་མཆོད། །བཅུ་པོ་དེ་ལས་སོགས་པ་དག །མི་ཡི་ དབང་པོ་དམ་པ་ཀུན་མཆོད་དེ། །ཚུལ་གྱི་རྒྱ་མཚོ་འདིར་ཞུགས་པའི། །མིག་ནི་དེ་སྲིད་ཡུན་གྱིས་ཐོབ་མ་གྱུར། །དེ་འོག་ཞིང་གི་འཚམས་སྦྱོར་བ། །རིན་ཆེན་ཐམས་ཅད་འོད་ཅེས་བྱ་བ་བྱུང་། །བསྐལ་པ་ལྷ་ཡི་ དཔལ་ཞེས་བྱ། །སངས་རྒྱས་ལྔ་བརྒྱ་དེ་ལ་བྱུང་བར་གྱུར། །ཐོག་མ་ཟླ་བའི་དཀྱིལ་འཁོར་བྱུང་། །གཉིས་པ་ཉི་མའི་སྒྲོན་མ་མངོན་པར་བསྐྱེད། །སྣང་བའི་རྒྱལ་མཚན་སངས་རྒྱས་གསུམ། །དེ་ཡི་འོག་ ཏུ་རིན་ཆེན་རི་བོའོ། །མེ་ཏོག་འོད་འཕྲོ་རྒྱ་མཚོ་སྒྲོན། །མེ་ཡི་དཔལ་དང་ལྷ་ཡི་དཔལ་གྱི་མཆོག །སྣང་བའི་རྒྱལ་པོ་འོད་ཀྱི་དཔལ། །བཅུ་པ་ཡེ་ཤེས་ཀུན་སྣང་རྒྱལ་པོ་འོ། །བཅུ་པོ་དེ་ལ་སྩོགས་པ་དག ། མི་ཡི་དབང་པོ་དེ་དག་ཁོ་མོ་ཡིས། །ཕུང་པོའི་གནས་ལ་དད་དགའ་ཞིང་། །གནས་མེད་ཆོས་ལ་གནས་ཀྱི་བློ་ཡིས་མཆོད། །དེ་འོག་དེ་ཡི་མཚམས་སྦྱོར་བ། །འཇིག་རྟེན་ཁམས་བཟང་བྱུང་བར་གྱུར་ པ་ནི། །པད་མའི་སྒྲོན་མ་སྤྲིན་གྱི་དཔལ། །དེ་ཚེ་བསྐལ་པ་ཚངས་པའི་འོད་ཅེས་བྱ། །དེ་ལ་རྒྱལ་བ་ཚད་མེད་དེ། །དེ་དག་འཁོར་དང་བཅས་པ་ཁོ་མོས་མཆོད། །རྒྱལ་བ་དེ་དག་ཐམས་ཅད་ལས། ། རིམ་གྲོ་ཆེན་པོས་ཆོས་ཀྱང་ཐོས། །རྒྱལ་བའི་དབང་པོ་རིན་ཆེན་རི། །དེ་ཡི་འོག་མ་ཡོན་ཏན་རྒྱ་མཚོ་སྟེ། །རྒྱལ་བ་ཆོས་དབྱིངས་རྒྱ་མཚོ་དཔལ། །ཆོས་རབ་རྒྱ་མཚོ་བསྒྲགས་པ་བཞི་པའོ། ། 76-1-292a ཆོས་ཀྱི་རྒྱལ་མཚན་གཟུངས་ཀྱི་འོད། །ཆོས་སྟོབས་འོད་དང་ནམ་མཁའི་བློ་གྲོས་ཏེ། །ཆོས་འོད་རི་བོའི་སྤོ་མཐོན་དང་། །དེ་དག་ཐ་མའི་མཚན་ནི་སྤྲིན་དཔལ་ལོ། །བཅུ་པོ་དེ་དག་ལ་སྩོགས་ པ། །མི་ཡི་དམ་པ་དེ་དག་ཀུན་མཆོད་དོ། །རྒྱལ་བའི་རྒྱ་མཚོ་འདིར་ཞུགས་པའི། །ཆོས་ཉིད་དེ་ནི་དག་པར་མ་གྱུར་ཏོ། །དེ་ཡི་འོག་ཏུ་དེ་བཞིན་གཤེགས། །ཉི་མའི་སྒྲོན་མ་དཔལ་གྱི་དཔལ་ཞེས་ བྱ། །ཞིང་ནི་སངས་རྒྱས་ཡོད་པ་སྟེ། །དེ་ལ་བསྐལ་པ་ཟླ་བའི་དཔལ་བྱུང་ངོ་། །དེ་ལ་སྟོབས་བཅུ་བྱུང་བ་ནི། །བྱེ་བ་བརྒྱད་བཅུ་ཡོངས་སུ་ཚང་བ་སྟེ། །དེ་དག་ཀུན་ལའང་མཆོད་པའི་སྒོ། །རྒྱ་ཆེ་མཐའ་ཡས་ ཡིད་འོང་དུ་མ་བྱས། །ཐོག་མར་བྱུང་བ་དྲི་ཟའི་རྒྱལ། །དེ་ཡི་འོག་ཏུ་སངས་རྒྱས་ཤིང་རྒྱལ་སྟེ། །རྒྱལ་བ་གསུམ་པ་ཡོན་ཏན་རི། །དེ་ཡི་འོག་ཏུ་རིན་ཆེན་སྤྱན་གཤེགས་སོ། །རྣམ་པར་སྣང་ མཛད་འོད་ཀྱི་བརྒྱན། །ཆོས་ཀྱི་རྒྱ་མཚོ་སངས་རྒྱས་གཟི་བརྗིད་དཔལ། །འཇིག་རྟེན་དབང་པོ་འོད་བཟང་དཔལ། །ཀུན་གྱི་ཐ་མ་ཆོས་འོད་རྒྱལ་པོའོ། །བཅུ་པོ་དེ་དག་སྩོགས་པ་དག །བདེ་གཤེགས་དེ་ དག་ཐམས་ཅད་མཆོད་བྱས་ཀྱང་། །ཆོས་ཀྱི་རྒྱ་མཚོར་འཇུག་པ་ཡི། །ཡེ་ཤེས་ཁོ་མོས་ཐོབ་པར་མ་གྱུར་ཏོ། །དེ་ཡི་འོག་ཏུ་ཞིང་དག་པ། །རྡོ་རྗེའི་རང་བཞིན་མི་འཆང་གཟི་བརྗིད་བརྟེན། །ཀུན་ཏུ་ འོད་སྤྲིན་མིང་ལྡན་བྱུང་། །རྒྱན་གཅིག་ཀུན་ནས་མཛེས་པར་གནས་པའོ། །དེ་ལ་སེམས་ཅན་དག་པ་མང་། །ཉོན་མོངས་དྲི་མས་ཉོན་མོངས་ཤིན་ཏུ་ཉུང་། །བསྐལ་པ་རབ་ཞི་བློ་གྲོས་འོད། ། སངས་རྒྱས་སྟོང་རྣམས་བྱུང་བས་རྣམ་པར་བརྒྱན། །རྒྱལ་བའི་དང་པོ་རྡོ་རྗེའི་གཙུག །གཉིས་པ་ཆགས་མེད་སྟོབས་མངའི་མཚན་ལྡན་པ། །རྒྱལ་བ་ཆོས་ཉིད་གཟུགས་བརྙན་དང་། །ཕྱོགས་རྣམས་ 76-1-292b ཀུན་ཏུ་སྒྲོན་མ་གསལ་བའི་བདག །རྒྱལ་བ་ལྔ་པ་ཐུགས་རྗེའི་འོད། །རྒྱལ་བ་དྲུག་པ་བརྟུལ་ཤུགས་རྒྱ་མཚོའོ། །བདེ་གཤེགས་བཟོད་འཁོར་སྒྲོན་མ་དང་། །བརྒྱད་པ་ཆོས་ཀྱི་དཀྱིལ་འཁོར་སྣང་བ་སྟེ། ། སྣང་བ་རྒྱ་མཚོས་བརྒྱན་པ་དང་། །དེ་དག་ཐ་མ་ཞི་བའི་རྒྱལ་པོའོ། །བཅུ་པོ་དེ་ལ་སྩོགས་པ་དག །མི་ཡི་དམ་པ་དེ་ཀུན་ཁོ་མོས་མཆོད། །ཆོས་ཉིད་ནམ་མཁའ་མཉམ་པ་འདི། །རང་བཞིན་ཡོངས་སུ་ ཀུན་ནས་དག་པ་སྟེ། །དེ་ལ་གནས་ཤིང་ཞིང་གི་རྣམས། །འབྱམ་ཀླས་ཀུན་ཏུ་སྤྱོད་སྤྱད་མ་དག་གོ། །དེ་ཡི་འོག་ཏུ་མདངས་དགའ་བའི། །ཞིང་གི་སྤོས་སྒྲོན་སྤྲིན་གྱིས་དཔལ་ཞེས་བྱ། །ཀུན་ནས་ཉོན་ མོངས་ཡོངས་སུ་དག །དེ་ཡི་བསྐལ་པ་ལེགས་པར་འབྱུང་ཞེས་བྱ། །རྒྱལ་བ་བྱེ་བ་དེ་ཚེ་བྱུང་། །དེ་དག་ཀུན་གྱི་དེ་ཚེའི་བསྐལ་པ་བརྒྱན། །མགོན་པོ་དེ་དག་ཆོས་གསུང་བ། །ཁོ་མོས་དྲན་པའི་སྟོབས་ཀྱིས་ཡོངས་ སུ་བཟུང་། །རྒྱལ་བའི་དང་པོ་གྲགས་ཡངས་ཏེ། །ཆོས་ཀྱི་རྒྱ་མཚོ་ཤུགས་དྲག་དཔལ་གྱི་རྒྱལ། །ཆོས་དབང་རྒྱལ་པོ་ཡོན་ཏན་སྤྲིན། །ཆོས་ཀྱི་དཔལ་དང་ལྷ་ཡི་ཅོད་པན་ནོ། །ཡེ་ཤེས་འོད་འཕྲོ་གཟི་བརྗིད་དཔལ། ། རྐང་གཉིས་དམ་པ་བདུན་པ་དེ་ཡིན་ནོ། །རྒྱལ་བ་བརྒྱན་པ་ནམ་མཁའི་དབྱིངས། །དགུ་པ་ཀུན་ཏུ་འབྱུང་བའི་སྒྲོན་མ་སྟེ། །དེ་དག་ཐ་མའི་སངས་རྒྱས་ནི། །མཛོད་སྤུའི་དཔལ་གྱི་འོད་ཀྱི་བློ་གྲོས་ཏེ། །རྒྱལ་ བ་མི་མཆོག་དེ་དག་ལ། །མཆོད་པ་བྱས་ནས་ཆགས་མེད་དེ་མ་སྦྱངས། །དེ་ཡི་འོག་མ་རྒྱན་རབ་ཅན། །རིན་ཆེན་སྣ་ཚོགས་ཀུན་ཏུ་གནས་པ་སྟེ། །འཇིག་རྟེན་རྣམ་པར་ཕྱེ་བའི་མཐའ། །རིན་ཆེན་རྒྱལ་མཚན་ བློ་གྲོས་མཆོག །དེ་ཡི་ཚེ་ཡི་བསྐལ་པ་སྙིང་པོའི་ཚོགས། །དེ་ལ་སངས་རྒྱས་བརྒྱ་ཕྲག་ལྔ་བྱུང་སྟེ། །རྣམ་ཐར་ཆགས་མེད་འདི་འདོད་ཅིང་། །རང་འབྱུང་དེ་དག་ཐམས་ཅད་ཁོ་མོས་མཆོད། །ཐོག་མའི་ 76-1-293a མཚན་ནི་ཡོན་ཏན་འཁོར། །ཞི་བའི་དབྱངས་དང་རྒྱ་མཚོ་ཕུན་སུམ་ཚོགས། །ཉི་མའི་གཟི་བརྗིད་དཔལ་གྱི་བདག །མཚན་གྱི་སྤྲིན་སྒྲ་དབྱངས་ཤེས་བྱ་བ་དང་། །ཆོས་དབྱངས་རྒྱལ་པོ་ཡོན་ ཏན་བདག །བསོད་ནམས་རི་རབ་ཞི་བའི་འོད་ཀྱི་རྒྱལ། །བཅུ་པོ་དེ་ལ་སྩོགས་པ་དག །རྒྱལ་བ་དེ་དག་ཀུན་ཀྱང་ཁོ་མོས་མཆོད། །རྒྱལ་བའི་ལམ་ནི་དེར་སྦྱངས་ཏེ། །དེ་ལ་རྒྱལ་བ་ཀུན་ཀྱང་ཡང་དག་ གཞོལ། །འོན་ཀྱང་ད་དུང་རྒྱལ་བ་ཡིས། །ཚུལ་འདིར་འཇུག་པའི་བཟོད་པ་མ་ཐོབ་པའོ། །དེ་འོག་ཡིད་འོང་འོད་ལྡན་པ། །ཡོངས་སུ་དག་པའི་འཇིག་རྟེན་ཁམས་སུ་བྱུང་། །ཞིང་དབྱངས་ཕྲེང་བའི་ བློ་གྲོས་ཅན། །སེམས་ཅན་ཉོན་མོངས་ཉུང་བའི་གནས་ཡིན་ནོ། །བསྐལ་པ་བདེ་ཞིང་མངོན་དགའ་སྟེ། །དེ་ལ་སངས་རྒྱས་བྱེ་བ་བརྒྱད་བཅུ་བྱུང་། །མི་མཆོག་དེ་ཀུན་ཁོ་མོས་མཆོད། །རྒྱལ་བ་མཆོག་ གིས་ལམ་ཡང་རྣམ་པར་སྦྱངས། །རྒྱལ་བའི་དང་པོ་མེ་ཏོག་བརྩེགས། །རྒྱ་མཚོའི་སྙིང་པོ་ཡང་དག་འབྱུང་བའི་མཆོག །ལྷ་དབང་གཙུག་ཕུད་རིན་ཆེན་གཙོ། །གསེར་གྱི་རི་བོ་རིན་ཆེན་བརྩེགས་ པ་དང་། །ཆོས་ཀྱི་རྒྱལ་མཚན་ནོར་གྱི་དཔལ། །དེ་དག་ཀུན་གྱི་ཐ་མ་ཡེ་ཤེས་བློ། །བཅུ་པོ་དེ་དག་ལ་སྩོགས་པ། །ལྷ་དང་མི་ཡི་གཙོ་བོ་དེ་དག་ཁོ་མོས་མཆོད། །དེ་འོག་མཚམས་སྦྱོར་ཞིང་བྱུང་བ། །སྤྲུལ་པ་ བཟང་པོའི་རྒྱལ་མཚན་སྒྲོན་མ་སྟེ། །བསྐལ་བ་སྟོང་གི་དཔལ་ཞེས་བྱ། །དེ་ལ་སངས་རྒྱས་བྱེ་བ་ཁྲག་ཁྲིག་དྲུག །ཞི་བའི་རྒྱལ་མཚན་ཞི་གནས་དཔལ། །ཞི་བའི་སྒྲོན་མ་སྤྲིན་གྱི་རྒྱལ་པོ་ཡི་དཔལ། ། སྣང་བའི་འོད་ཀྱི་རྒྱལ་པོ་དང་། །རྣམ་པར་སྤྲིན་མཆེད་ཉི་མའི་གཟི་བརྗིད་དང་། །ཆོས་ཀྱི་སྒྲོན་མ་དཔལ་གྱི་རི། །འོད་འཕྲོའི་དཔལ་དང་ལྷ་ཡི་སྙིང་པོའི་དཔལ། །དེ་དག་ཐ་མར་བྱུང་བ་ནི། །སེང་གེའི་སྒྲ་ 76-1-293b སྒྲོགས་མཁས་པ་སྒྲོན་མའོ། །བཅུ་པོ་དེ་ལ་སྩོགས་པ་དང་། །བདེ་གཤེགས་ཟླ་བ་དེ་དག་ཁོ་མོས་མཆོད། །འོན་ཀྱང་ཚུལ་མཚོ་འདིར་འཇུག་པའི། །བཟོད་པ་ཁོ་མོས་ཐོབ་པར་མ་གྱུར་ཏོ། །དེ་འོག་འཚམས་ སྦྱོར་ཞིང་བྱུང་བ། །ཀུན་ཏུ་སྣང་བའི་དཔལ་ཞེས་བྱ་བ་སྟེ། །བསྐལ་པ་གནས་མེད་རྣམ་པར་བརྒྱན། །དེ་ལ་སངས་རྒྱས་བྱེ་བ་སུམ་བཅུ་དྲུག །དང་པོ་ཡོན་ཏན་ཀུན་ཏུ་སྤྲིན། །དེ་ཡི་འོག་མ་ སངས་རྒྱས་ནམ་མཁའི་ཐུགས། །སངས་རྒྱས་ལེགས་བྱུང་རྣམ་པར་བརྒྱན་པ་དང་། །རྒྱ་མཚོ་ཆོས་ཀྱི་སྤྲིན་སྒྲ་སྒྲོགས་པའི་དབྱངས། །རྒྱལ་བ་ཆོས་དབྱིངས་གསུང་དབྱངས་དང་། །སྤྲུལ་པའི་སྤྲིན་ སྒྲ་སྙེན་པའི་དཔལ་མངའ་དང་། །སངས་རྒྱས་ཕྱོགས་ཀུན་གཟི་བརྗིད་དང་། །ཆོས་ཀྱི་རྒྱ་མཚོ་ཡོངས་གྱུར་སྒྲ་དབྱངས་དང་། །ཡོན་ཏན་རྒྱ་མཚོ་དཔལ་གྱི་སྒྲོན། །རྒྱལ་བའི་ཉི་མ་དགུ་པ་བྱུང་བར་གྱུར། །དེ་དག་ཀུན་གྱི་ ཐ་མ་སྟེ། །རིན་ཆེན་དཔལ་སྒྲོན་ཡོན་ཏན་དཔལ་མཆོད་དོ། །རིན་ཆེན་དཔལ་སྒྲོན་ཡོན་ཏན་དཔལ། །རྐང་གཉིས་དམ་པ་བྱུང་བར་གྱུར་པའི་ཚེ། །ཁོ་མོ་ལྷ་མོ་ཟླ་བཞིན་ཏེ། །མི་ཡི་དམ་པ་བྱུང་ཚེ་མཆོད་ པ་བྱས། །རྒྱལ་བ་དེས་ནི་ཁོ་མོ་ལ། །མདོ་སྡེ་སྨོན་ལམ་རྒྱ་མཚོ་འབྱུང་བའི་རྒྱན། །གནས་མེད་རྒྱན་ཀྱང་རབ་ཏུ་བཤད། །ཐོས་ནས་ཁོ་མོས་དྲན་པའི་སྟོབས་གྱིས་བཟུང་། །ཁོ་མོས་མིག་ཡངས་དེར་ཐོབ་ སྟེ། །ཏིང་འཛིན་ཞི་དང་སྟོབས་ཀྱི་གཟུགས་ཀྱང་ཐོབ། །སྐད་གཅིག་གཅིག་གིས་རེ་རེ་ཞིང་བརྒྱུད་པའི། །རྒྱལ་བ་རྒྱ་མཚོ་མང་པོ་འང་ཁོ་མོས་མཐོང་། །བྱམས་ཚུལ་ཀུན་ཏུ་སྣང་བའི་སྤྲིན། །བྱང་ཆུབ་ སེམས་རབ་མཁའ་དང་མཉམ་པ་སྟེ། །སྙིང་རྗེའི་སྙིང་པོས་བརྒྱན་པ་ཡང་། །སངས་རྒྱས་སྟོབས་ཀྱི་ཚུལ་དུ་ཡངས་པར་སྐྱེས། །འགྲོ་བ་ཕྱིན་ཅི་ལོག་གྱུར་ཏེ། །རྟག་དང་བདེ་དང་གཙང་དང་བདག་ཞེན་ 76-1-294a པ། །གཏི་མུག་མདོངས་གྱུར་མ་རིག་བསྒྲིབས། །ཉོན་མོངས་འཁྲུགས་ཤིང་ལོག་པར་འདུ་ཤེས་པ། །ལྟ་བའི་རྣམ་པར་སྟུག་ལ་སྤྱོད། །ལམ་གྱིས་འགྲོ་རྒྱུད་དེར་ནི་སྲེད་དབང་གྱུར། ། རྣམ་པ་སྣ་ཚོགས་བྱེ་བྲག་དུ། །ལས་ཀྱི་རྣམ་པར་བྲིས་པས་ཀུན་བྱུང་བ། །འགྲོ་རྒྱུད་ཀུན་གྱིས་ཤི་འཕོ་སྒོར། །སྐྱེ་བར་འགྱུར་བས་ཀུན་ཏུ་སྐྱེས་གྱུར་ཅིང་། །སྐྱེ་དང་རྒ་ཤི་གནོད་པ་རྣམས། ། ལུས་དང་སེམས་ཀྱི་ཉམས་སུ་མྱོང་གྱུར་པ། །མཐོང་ནས་དེ་དག་ཕན་བདེའི་ཕྱིར། །ཞིང་རྣམས་འབྱམ་ཀླས་ཐམས་ཅད་ཀྱི། །སྟོབས་བཅུ་གང་ལས་བྱུང་བ་ཡི། །བླ་ན་མེད་ པའི་སེམས་ཀྱང་ཁོ་མོས་བསྐྱེད། །དེ་ལས་སྨོན་ལམ་སྤྲིན་བྱུང་བ། །འགྲོ་བ་ཀུན་ལ་བདེ་བར་གཞོལ་བའི་མཆོག །ཚོགས་རྣམས་འབྱུང་བ་མཐའ་ཡས་དང་། །ལམ་ཚུལ་ རྒྱ་མཚོ་རྟོགས་པའང་དེ་ནས་བྱུང་། །འཇུག་པའི་སྤྲིན་ཡངས་ཐོབ་གྱུར་པ། །ལམ་ཀུན་སྩོགས་ལ་ཤུགས་ལྡན་ཏེ། །ཕ་རོལ་ཕྱིན་ཀྱི་སྤྲིན་ཡངས་པ་འང་། །ཆོས་དབྱིངས་འབྱམ་ཀླས་ཀུན་ ཏུ་རྣམ་པར་འབྱེད། །ས་གནོན་ཤུགས་དྲག་ཡངས་ལྡན་དང་། །དུས་གསུམ་རྒྱ་མཚོ་ཚུལ་གྱི་ས་རྣམས་ལ། །ཆགས་པ་མེད་པར་སྤྱོད་པར་གྱུར། །སྐད་ཅིག་གཅིག་གིས་རྒྱལ་བ་ ཀུན་དྲུང་འགྲོ། །གཞན་ཡང་རྒྱལ་སྲས་ཁོ་མོས་ནི། །སྤྱོད་པ་ཀུན་ཏུ་བཟང་པོ་ཡོངས་སུ་ནོན། །ཆོས་དབྱིངས་བྱེ་བྲག་བཅུ་རྣམས་ཀྱི། །རྒྱ་མཚོའི་ཚུལ་ལ་འང་ཁོ་མོ་རྟོགས་པར་འཇུག ། རིགས་ཀྱི་བུ་དེ་ལ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན། རྒྱལ་པོ་འཁོར་ལོས་བསྒྱུར་བ། སངས་རྒྱས་ཀྱི་རིགས་ཀྱི་རྒྱུན་མྱི་གཅོད་པ་ལ་ཞུགས་པ། མིའི་བདག་པོ་ 76-1-294b ཞེས་བྱ་བ་བྱུང་བ། དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན་ནི། རིགས་ཀྱི་བུ་དེ་ལྟར་མི་ལྟ་སྟེ། འཇམ་དཔལ་གཞོན་ནུར་གྱུར་པ་ནི། དེའི་ཚེ་དེའི་དུས་ན་ རྒྱལ་པོ་མིའི་བདག་པོ་ཞེས་བྱ་བ་འཁོར་ལོས་བསྒྱུར་བ། སངས་རྒྱས་ཀྱི་རིགས་རྒྱུན་མི་གཅོད་པ་ལ་ཞུགས་པའོ། །ཁོ་མོ་སད་པར་བྱེད་པའི་མཚན་མོའི་ལྷ་མོ་དེ་ནི་བྱང་ ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་སྤྲུལ་པའོ། །རིགས་ཀྱི་བུ་དེ་ལ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་འཁོར་ལོས་བསྒྱུར་བའི་བཙུན་མོ་བུད་མེད་རིན་པོ་ཆེ་བཟང་པོའི་བློ་ གྲོས་མ་ཞེས་བྱ་བ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན་ནི་དེ་ལྟར་མི་ལྟ་སྟེ། ཁོ་མོ་ནི་དེའི་ཚེ་དེའི་དུས་ན། འཁོར་ལོས་བསྒྱུར་བའི་བཙུན་མོ་བུད་མེད་རིན་པོ་ཆེ་བཟང་པོའི་བློ་གྲོས་མ་ཞེས་བྱ་བར་ གྱུར་ཏེ། ཁོ་མོ་མཚན་མོའི་ལྷ་མོ་དེས་སད་པར་བྱས་ནས། སངས་རྒྱས་བལྟ་བ་ལ་ཡང་དག་པར་བསྐུལ་ཏོ། །རིགས་ཀྱི་བུ་ཁོ་མོས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་ དེ་སྲིད་གཅིག་ནས་བསྐྱེད་དེ། དེ་ལྟར་ཁོ་མོས་སེམས་བསྐྱེད་པ་དེའི་མཐུས། བསྐལ་པ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དུ་ནམ་ཡང་ངན་སོང་ལོག་པར་ལྟུང་བར་མ་སྐྱེས་ཏེ། རྟག་ཏུ་རྒྱུན་ མི་འཆད་པར་ལྷ་དང་མིའི་འགྲོ་བའི་རྒྱུད་ལ་བརྟེན་ཅིང་། ཐམས་ཅད་དུའང་དེ་བཞིན་གཤེགས་པ་ལྟ་བལྟ་བ་དང་ལྡན་པར་གྱུར་ཏོ། །ཐ་མར་ཁོ་མོས་བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་དཔལ་གྱི་སྒྲོལ་མ་ཡོན་ཏན་རྒྱལ་མཚན་མཐོང་བ་ཙམ་གྱིས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཀུན་ཏུ་བཟང་པོའི་དགའ་ 76-1-295a བ་ཤིན་ཏུ་ཡངས་ཤིང་དྲི་མ་མེད་པའི་ཤུགས་ཀྱི་རྒྱལ་མཚན་ཞེས་བྱ་བ་འདི་ཐོབ་སྟེ། དེ་ཐོབ་པས་ཁོ་མོ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བའི་དོན་ དུ་རྣམ་པ་འདི་ལྟ་བུས་སྟ་གོན་དུ་གནས་པ་ཡིན་ནོ། །རིགས་ཀྱི་བུ་ཁོ་མོས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཀུན་ཏུ་བཟང་པོའི་དགའ་བ་རྒྱ་ཆེན་པོའི་ཤུགས་ཀྱི་རྒྱལ་མཚན་འདི་ ཤེས་པར་ཟད་ན། ཁོ་མོས་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་ན་འཁོད་ཅིང་། སེམས་ཀྱི་སྐད་ཅིག་རེ་རེ་ལ་ཐམས་ཅད་མཁྱེན་པ་ཉིད་ དུ་འཇུག་པའི་ཤུགས་དྲག་པོ་རྒྱ་མཚོ་ཆེན་པོ་རབ་ཏུ་ཐོབ་པ། འཇུག་པའི་སྒོ་ཐམས་ཅད་ལ་སེམས་ཀྱི་སྐད་ཅིག་རེ་རེ་ཞིང་སྨོན་ལམ་ཆེན་པོ་རྒྱ་མཚོས་འཇུག་པ། རབ་ཏུ་ཐོབ་ པ། སེམས་ཀྱི་སྐད་ཅིག་རེ་རེ་ཞིང་སྨོན་ལམ་རྒྱ་མཚོ་ཐམས་ཅད་ཀྱི་ཚུལ་ལ་ཕྱི་མའི་མཐའི་བསྐལ་པར་སྤྱད་པའི་དཀྱིལ་འཁོར་མངོན་པར་བསྒྲུབ་པ་ལ་མཁས་པ། སྤྱོད་པ་རེ་རེ་ ལའང་ལུས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་མངོན་པར་བསྒྲུབ་པ་ལ་མཁས་པ། ལུས་རེ་རེས་ཀྱང་ཆོས་ཀྱི་དབྱིངས་ཀྱི་ཚུལ་རྒྱ་མཚོ་ཐམས་ཅད་རྒྱས་པར་འགེངས་པ་ལ་ མཁས་པ། ཆོས་ཀྱི་དབྱིངས་ཀྱི་ཚུལ་རྒྱ་མཚོ་རེ་རེ་ལ་འང་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ། སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བཞིན་དུ་ལུས་རྣམ་པར་དམྱིགས་པའི་སྤྱོད་པ་ ཡོངས་སུ་སྟོན་པ་ལ་མཁས་པ། ཞིང་ཐམས་ཅད་དུའང་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་ཐམས་ཅད་ལ་དེ་བཞིན་གཤེགས་པ་རྒྱ་མཚོ་མཐའ་དང་དབུས་མེད་པ་ལ་འཇུག་པར་མཁས་པ། 76-1-295b དེ་བཞིན་གཤེགས་པ་རེ་རེ་ཞིང་ཡང་ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་རྒྱས་པར་འགེངས་པའི་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་ལ་འཇུག་པར་མཁས་པ། དེ་བཞིན་གཤེགས་པ་རེ་རེའི་ སྔོན་གྱི་མཐའི་བསྐལ་པ་ལ། བྱང་ཆུབ་སེམས་དཔའི་སྤྱོད་པའི་ཚོགས་ཡོངས་སུ་བསྒྲུབ་པ་ཡང་དག་པར་བསྡུས་པ་ལ་འཇུག་པར་མཁས་པ། དེ་བཞིན་གཤེགས་པ་རེ་རེའི་ ཆོས་ཀྱི་འཁོར་ལོ་ཤིན་ཏུ་ཡང་དག་པར་བླང་བ་དང་། ཡོངས་སུ་གཟུང་བ་ལ་མཁས་པ། དུས་གསུམ་ཐམས་ཅད་ཀྱི་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པའི་ཚུལ་རྒྱ་མཚོ་ལ་ འཇུག་པར་མཁས་པ། དེ་དག་གི་སྤྱོད་པ་ཤེས་པ་འམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། །སོང་རིགས་ཀྱི་བུ་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་ འདི་ཉིད་ན་ཁོ་མོ་དང་། རྒྱང་མི་རིང་བ་ཞིག་ན། མཚན་མོའི་ལྷ་མོ་སེམས་ཅན་ཀུན་ཏུ་སྐྱོང་བའི་གཟི་བརྗིད་དཔལ་ཞེས་བྱ་བ་འདུག་གིས། དེའི་གན་དུ་སོང་ ལ་ཇི་ལྟར་བྱང་ཆུབ་སེམས་དཔས། བྱང་ཆུབ་སེམས་དཔའི་སྤྱོད་པའི་དཀྱིལ་འཁོར་ལ་འཇུག་པར་བྱ་བ་དང་། ཇི་ལྟར་ཡོངས་སུ་སྦྱང་བར་བྱ་བ་དྲིས་ཤིག ། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས། མཚན་མོའི་ལྷ་མོ་རབ་ཏུ་དགའ་བའི་མིག་འགྲོ་བར་རྣམ་པར་སྣང་བའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། མཚན་མོའི་ལྷ་མོ་འགྲོ་བར་རྣམ་པར་སྣང་བ་ལ། ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། ཡང་དང་ཡང་བལྟས་ཏེ། མཚན་མོའི་ལྷ་མོ་རབ་ཏུ་དགའ་བའི་མིག་འགྲོ་ 76-1-296a བར་རྣམ་པར་སྣང་བའི་དྲུང་ནས་སོང་ངོ་། །བཀྲ་ཤིས་སོ།། །།རྒྱ་གར་གྱེ་མཁན་པོ་ཛིན་མི་ཏྲ་དང་། སུ་རེ་ནྡྲ་བོ་དྷི་དང་། ཞུས་ཆེན་གྱི་ ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེ་ལ་སྩོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞུས་ཏེ་དག་གོ། །། ཡེ་དྷརྨྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བྃ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ།། །། 77-1-1a