80-1-1a ༼ག༽ ༄༅། ༈ །འཕགས་པ་དཀོན་མཆོག་བརྩེགས་པ་བཞུགས་སོ། ། (黃) 大寶積經第三部 80-1-1b འཕགས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་བཞི་པ། ཤཱ་རིའི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་ བཞིན་གཤེགས་པའི་འོད་བསམ་གྱིས་མི་ཁྱབ་པ་ལ་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག །ཐེ་ ཚོམ་མི་ཟ། རྒྱ་ཆེར་དགའ་མགུ་སྟེ། རངས་པ་རྙེད་ཅིང་ངོ་མཚར་དང་རྨད་དུ་འདུ་ཤེས་སྐྱེད་ཅེ་ན། འདི་ ལ་ཤཱ་རིའི་བུ་དེ་བཞིན་གཤེགས་པས་ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་ཏེ། དེ་རབ་ཏུ་རྟོགས་པས་དེ་བཞིན་ གཤེགས་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་མངོན་པར་གཤེགས་ནས་ལམ་མེ། ལྷན་ནེ། ལྷང་ངེར་མཛད་དོ། །དེ་འདི་ལྟ་སྟེ་དཔེར་ན་སྤྲིན་མེད་པའི་ནམ་མཁའ་ལ་ཉི་མ་མངོན་པར་ཤར་ ནས་ལམ་མེ་ལྷན་ནེ། ལྷང་ངེ་བ་དེ་བཞིན་དུ་ཤཱ་རིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ 80-1-2a པར་རྫོགས་པའི་སངས་རྒྱས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་མངོན་པར་གཤེགས་ནས་ལམ་མེ། ལྷན་ནེ། ལྷང་ངེར་མཛད་དོ། །ཤཱ་རིའི་བུ་སྲིན་བུ་མེ་ཁྱེར་གྱི་འོད་དེ་བས་ནི་གང་འབྲུ་ མར་གྱི་མར་མེའི་འོད་འདི་ཤིན་ཏུ་འཕགས། ཤིན་དུ་མཆོག །ཤིན་དུ་ཁ་དོག་དང་ལྡན། ཤིན་དུ་འོད་གསལ། ཤིན་དུ་རྒྱ་ཆེའོ། །འབྲུ་མར་གྱི་མར་མེའི་འོད་དེ་བས་ནི་བརྩིག་པ་ཆེན་པོའི་འོད་ཤིན་དུ་འཕགས། ཤིན་དུ་མཆོག་པ་ནས་ཤིན་དུ་རྒྱ་ཆེ་བའི་བར་དུའོ། །གང་བརྩིག་པ་ཆེན་པོའི་འོད་དེ་བས་ནི་མེའི་ཕུང་པོ་ཆེན་པོའི་འོད་གང་ཡིན་པ་དང་། སྨན་དང་སྐར་མའི་འོད་གང་ཡིན་པའི་བར་དུ་རྒྱས་པར་བྱ་སྟེ། ཟླ་བའི་འོད་དང་། ཉི་ མའི་འོད་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་འོད་དང་། གཞལ་མེད་ཁང་དང་། ལུས་ཀྱི་རྒྱན་རྣམས་དང་། དེ་བཞིན་དུ་སུམ་བཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ར་བ་དང་། གཞལ་མེད་ཁང་དང་། ལུས་ཀྱི་རྒྱན་རྣམས་དང་། གང་ཚངས་པ་རྣམས་དང་། ཚངས་རིས་པ་རྣམས་དང་། ཚངས་པའི་མདུན་ན་འདོན་པ་རྣམས་དང་། ཚངས་འཁོར་བ་རྣམས་དང་། ཚངས་ཆེན་གྱི་ལྷ་རྣམས་ཀྱི་ར་བ་དང་། གཞལ་མེད་ཁང་དང་། ལུས་ཀྱི་རྒྱན་རྣམས་ཀྱི་འོད་འདི་ཤིན་དུ་འཕགས། ཤིན་དུ་ བཟང་། ཤིན་དུ་མཆོག ། ཤིན་དུ་ཁ་དོག་དང་ལྡན། ཤིན་དུ་འོད་གསལ། ཤིན་དུ་རྒྱ་ཆེའོ། །གང་ཚངས་པ་རྣམས་དང་། ཚངས་རིས་པ་རྣམས་དང་། ཚངས་པའི་མདུན་ན་འདོན་པ་རྣམས་ དང་། ཚངས་འཁོར་བ་རྣམས་དང་། ཚངས་ཆེན་གྱི་ལྷ་རྣམས་ཀྱི་འོད་ཀྱང་རྒྱས་པར་བྱ་སྟེ། འོད་ཆེན་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་ནས། དགེ་རྒྱས་ཀྱི་བར་དང་། འབྲས་བུ་ཆེ་དང་། 80-1-2b འདུ་ཤེས་ཅན་དང་། འདུ་ཤེས་མེད་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་དང་། མི་ཆེ་བ་དང་། མི་གདུང་བ་དང་། གྱ་ནོམ་སྣང་དང་། ཤིན་དུ་མཐོང་གི་ར་བ་དང་། གཞལ་མེད་ཁང་དང་། ལུས་ ཀྱི་འོད་དང་། གང་འོག་མིན་གྱི་ལྷ་རྣམས་ཀྱི་ར་བ་དང་། གཞལ་མེད་ཁང་རྣམས་དང་། ལུས་ཀྱི་འོད་འདི་ཤིན་དུ་འཕགས། ཤིན་དུ་བཟང་། ཤིན་དུ་མཆོག །ཤིན་དུ་ཁ་ དོག་དང་ལྡན་ཤིན་དུ་འོད་གསལ། ཤིན་དུ་རྒྱ་ཆེའོ། །གང་འོག་མིན་གྱི་ལྷ་རྣམས་ཀྱི་ར་བ་དང་། གཞལ་མེད་ཁང་རྣམས་དང་། ལུས་ཀྱི་འོད་བས་ནི་གང་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འོད་འདི་ཤིན་དུ་འཕགས། ཤིན་དུ་བཟང་། ཤིན་དུ་མཆོག །ཤིན་དུ་ཁ་དོག་དང་ལྡན། ཤིན་དུ་འོད་གསལ། ཤིན་ དུ་རྒྱ་ཆེའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་བཞིན་གཤེགས་པ་ཚུལ་ཁྲིམས་དཔག་ཏུ་མེད་པ་དང་། ཏིང་ངེ་འཛིན་དཔག་ཏུ་མེད་པ་དང་། ཤེས་རབ་དཔག་ཏུ་མེད་པ་ དང་། རྣམ་པར་གྲོལ་བ་དཔག་ཏུ་མེད་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དཔག་ཏུ་མེད་པའི་ཕྱིར་རོ། །དེ་ལྟར་ཤཱ་རིའི་བུ་ཇི་ཙམ་སྟོང་གསུམ་གྱི་སྟོང་ཆེན་པོའི་ འཇིག་རྟེན་གྱི་ཁམས་ན་འོད་ཏུ་གཏགས་པ་གདགས་པས་གཏགས་པ་དེ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་འོད་ཀྱི་བརྒྱ་ཡི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། །རྒྱུའི་ བར་དུ་ཡང་ཉེ་བར་མི་འགྲོའོ། །དེ་འདི་ལྟ་སྟེ་དཔེར་ན། ཤཱ་རིའི་བུ་འཛམ་བུ་ཆུ་བོའི་གསེར་གྱི་ནང་དུ་གསེར་ཐ་མལ་པ་གཞག་ན་སྣག་ཚའི་གར་བུ་བཞིན་དུ་འགྱུར་ 80-1-3a ཏེ་ལམ་མེར་མི་འགྱུར། ལྷན་ནེར་མི་འགྱུར། ལྷང་ངེར་མི་འགྱུར་རོ། །དེ་བཞིན་དུ་ཤཱ་རིའི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་འོད་ཏུ་ གདགས་པས་བཏགས་པ་ཇི་སྙེད་ཡོད་པ་དེ་ཐམས་ཅད་དེ་བཞིན་གཤེགས་པའི་འོད་ཀྱི་མདུན་ན་ལམ་མེར་མི་འགྱུར། ལྷན་ནེར་མི་འགྱུར། ལྷང་ངེར་མི་འགྱུར་རོ། །འོད་ གསལ་བར་མི་འགྱུར་ཏེ། དེ་བཞིན་གཤེགས་པའི་འོད་ནི་དེ་དག་གི་ནང་ན་མཆོག་ཅེས་བྱ། དམ་པ་ཞེས་བྱ། བླ་ན་མེད་པ་ཞེས་བྱའོ། །ཤཱ་རིའི་བུ་གང་དེ་བཞིན་གཤེགས་ པའི་ཉི་ཚེ་བའི་ལས་ཀྱིས་རྣམ་པར་སྨིན་པ་ལས་མངོན་པར་གྲུབ་པའི་འོད་དེས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྣང་བས་ཤིན་དུ་ཁྱབ་པར་འགྱུར་ ཏེ། ཤཱ་རིའི་བུ་ཟླ་བ་དང་། ཉི་མའི་འོད་ཀྱིས་སྣང་བ་ཡང་མི་འབྱུང་། ཉིན་མོར་ཡང་མི་ཤེས། མཚན་མོར་ཡང་མི་ཤེས། ཟླ་བ་ཕྱེད་དང་། ཟླ་བ་གཅིག་པར་ཡང་མི་ཤེས། དུས་དང་ལོར་ཡང་མི་ཤེས་མོད་ཀྱི། འདི་ལྟ་སྟེ། དེ་བཞིན་གཤེགས་པས་སེམས་ཅན་ལ་ཐུགས་བརྩེ་བའི་ཕྱིར་འོད་འདོམ་གང་ཙམ་དུ་བྱིན་གྱིས་རློབ་སྟེ། ཤཱ་ རིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞེད་ན་འཇིག་རྟེན་གྱི་ཁམས་གྲངས་མེད་པ་འོད་ཀྱིས་ཁྱབ་པར་མཛད་དོ། །དེ་ཅིའི་ ཕྱིར་ཞེ་ན། ཤཱ་རིའི་བུ་དེ་བཞིན་གཤེགས་པ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་དམ་པའི་ཕ་རོལ་ཏུ་ཕྱིན་པ་བརྙེས་པ་སྟེ། ཤཱ་རིའི་བུ་དོན་དེ་ཉིད་རབ་ཏུ་རྟོགས་པར་བྱ་བའི་ཕྱིར་ཁྱོད་ 80-1-3b ལ་དཔེ་བསྟན་ཏོ། །ཤཱ་རིའི་བུ་སྐྱེས་བུ་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཇི་སྙེད་པ་ཐམས་ཅད་རྡུལ་ཕྲ་རབ་ཏུ་བྱས་ནས་རྡུལ་དེ་ དག་ཐུ་བར་བླུགས་ཏེ། ཤར་ཕྱོགས་སུ་སོང་ནས་རྡུལ་ཕྲ་མོ་དེ་ཇི་སྙེད་པ་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་ནས། རྡུལ་ཕྲ་རབ་གཉིས་པ་བོར་ཞིང་ཤར་ཕྱོགས་སུ་སོང་ན། ཤཱ་ རིའི་བུ་རྡུལ་ཕྲ་རབ་དེ་ཐམས་ཅད་ནི་ཟད་པར་འགྱུར་གྱིས། ཤཱ་རིའི་བུ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ནི་ཟད་པ་མེད་དོ། །དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་ནས་ ཕྱོགས་བཅུ་ཀུན་གྱི་བར་དུའོ། །ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། འཇིག་རྟེན་གྱི་ཁམས་དེ་དག་གི་མཐའ་དང་། མུ་གཟུང་བར་ནུས་སམ། གསོལ་པ། བཅོམ་ལྡན་ འདས་དེ་མི་ནུས་སོ། །བདེ་བར་གཤེགས་པ་དེ་མི་ནུས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ བཞེད་ན་འཇིག་རྟེན་གྱི་ཁམས་དེ་ཐམས་ཅད་འོད་ཀྱིས་ཁྱབ་པར་མཛད་དེ། འཇིག་རྟེན་གྱི་ཁམས་དེ་དག་ན་ཇི་ཙམ་འོད་ཏུ་བཏགས་པ་གདགས་པས་བཏགས་ པ་དེ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་འོད་ཀྱི་མདུན་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྒྱུའི་བར་དུ་ཡང་མི་བཟོད་དེ། དེ་ལྟར་ཤཱ་རིའི་བུ་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་དམ་པའི་ཕོ་རོལ་དུ་ཕྱིན་པའོ། །ཡང་ཤཱ་རིའི་བུ་དེ་བཞིན་ 80-1-4a གཤེགས་པའི་འོད་ལ་ནི་བརྩིག་པ་འམ། ཤིང་ངམ། ལྗོན་པ་འམ། ཁོར་ཡུག་གི་རི་འམ། ཁོར་ཡུག་ཆེན་པོ་འམ། རི་སྤོས་ཀྱི་ངད་ལྡང་ངམ། རི་བཏང་བཟུང་ངམ། རི་ བཏང་བཟུང་ཆེན་པོ་འམ། གངས་རི་འམ། རི་གཉའ་ཤིང་འཛིན་ཏམ། དེ་མ་ཡིན་པ་གཞན་རི་ནག་པོ་འམ། རིའི་རྒྱལ་པོ་རི་རབ་དང་། གང་གིས་ཀྱང་སྒྲིབ་པར་མི་ནུས་ཏེ། དེ་དག་ཐམས་ ཅད་ལས་ཐལ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཁྱབ་པར་བྱས་ཀྱང་དམན་པ་ལ་མོས་པའི་སེམས་ཅན་རྣམས་མོས་པར་མི་འགྱུར་ཏེ། དེ་ལ་སེམས་ཅན་ལ་ལས་ནི་དེ་བཞིན་ གཤེགས་པའི་འོད་འདོམ་གང་ཙམ་དུ་མཐོང་ངོ་། །གང་དེ་བས་རྒྱ་ཆེ་བ་དེ་དག་གིས་ནི་འོད་འདོམ་དོ་ཙམ་དུ་མཐོང་ངོ་། །གང་དེ་བས་ཤིན་དུ་རྒྱ་ཆེ་བ་དེ་དག་གིས་ནི་འོད་རྒྱང་གྲགས་ཙམ་དུ་མཐོང་བ་ནས་ གང་དེ་བས་ཀྱང་ཤིན་དུ་རྒྱ་ཆེན་པོས་ནི་འོད་སྟོང་གསུམ་གྱི་སྟོང་ཆེན་པོ་ཙམ་གྱི་བར་དུ་མཐོང་སྟེ། དེ་ལྟར་ན་ཤཱ་རིའི་བུ་སྟོང་ཕྲག་བརྒྱ་པའི་ཚངས་པས་ནི་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བརྒྱའི་བར་དུ་འོད་ ཀྱིས་ཁྱབ་པར་མཐོང་སྟེ་རྒྱས་པར་བྱའོ། །ས་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་དེ་བཞིན་གཤེགས་པའི་འོད་ཀྱིས་འཇིག་རྟེན་གྱི་ཁམས་མུ་མེད་པའི་བར་དུ་ཁྱབ་པར་མཐོང་ངོ་། །དེ་ལྟར་ཤཱ་རིའི་ བུ་ནམ་མཁའི་ཁམས་ཇི་ཙམ་པ་སེམས་ཅན་གྱི་ཁམས་ཀྱང་དེ་ཙམ་སྟེ། དེ་བཞིན་གཤེགས་པ་སེམས་ཅན་ལ་ཐུགས་བརྩེ་བའི་ཕྱིར་དེ་ཙམ་དུ་འོད་ཀྱིས་ཁྱབ་པར་མཛད་དོ། །དེ་བྱང་ཆུབ་སེམས་ དཔའ་ཐོས་ནས་ཐེ་ཚོམ་མང་། སོམ་ཉི་མི་ཟ། མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག །རྒྱ་ཆེར་དགའ་མགུ་སྟེ། རངས་པ་རྙེད་ནས་ངོ་མཚར་དང་རྨད་ཏུ་འདུ་ཤེས་སྐྱེད་དོ། །འདི་ 80-1-4b ལ་ཆོས་ཉིད་ནི་འདི་ཡིན་ཏེ་དེ་ལ་འདི་སྐད་ཅེས་བྱའོ། །ཉི་མ་ཟླ་བའི་འོད་གང་དང་། །བརྒྱ་བྱིན་ཚངས་འོད་གང་ཡོད་དང་། །འོག་མིན་བར་གྱི་འོད་རྣམས་ཀྱིས། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །འོག་མིན་གྱི་ནི་འོད་ རྣམས་དང་། །གང་རྣམས་སྟོང་གསུམ་ཁྱབ་གྱུར་པས། །སངས་རྒྱས་སྤུའི་འོད་ཟེར་གྱི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ནམ་མཁའ་དག་ནི་ཇི་ཙམ་བར། །དེ་ཙམ་འོད་ཀྱིས་ཁྱབ་བྱེད་པ། །བློ་གྲོས་རྒྱ་ཆེན་ སེམས་ཅན་གྱི། །དེ་འདྲ་བར་ནི་འོད་མཐོང་ངོ་། །སངས་རྒྱས་འོད་ནི་མཐའ་ཡས་ཏེ། །ནམ་མཁའ་དག་ནི་མཚུངས་མཉམ་པ། །ཇི་ལྟར་འདུལ་བར་འགྱུར་རྣམས་ཀྱིས། །དེ་འདྲ་བར་ནི་འོད་མཐོང་ངོ་། ། ཇི་ལྟར་སྐྱེས་བུ་དམུས་ལོང་གིས། །ཉི་མའི་འོད་ནི་དེ་འདྲ་བར། །མ་མཐོང་བས་ནས་འོད་དེ་ལ། །འོད་ནི་ཡོད་པ་མིན་ཞེས་སྨྲ། །དེ་བཞིན་སེམས་ཅན་དམན་པ་གང་། །རྒྱལ་བའི་འོད་ནི་མི་མཐོང་སྟེ། །མ་ མཐོང་བས་ན་རྒྱལ་བ་ཡི། །འོད་ནི་ཡོད་པ་མིན་ཞེས་ཟེར། །ལ་ལས་འདོམ་དོ་ཙམ་དུ་མཐོང་། །ལ་ལས་རྒྱང་གྲགས་དཔག་ཚད་དང་། ལ་ལས་སྟོང་གསུམ་ཐམས་ཅད་དུ། །འོད་ཀྱིས་ཁྱབ་པར་གྱུར་ པ་མཐོང་། །ས་བརྒྱད་པ་དང་དགུ་པ་དང་། །བཅུ་པ་ལ་ནི་གང་གནས་པ། །བྱང་ཆུབ་སེམས་དཔའ་ཤེས་རབ་ཆེ། །ས་ཆེན་ལ་ནི་གང་གནས་པ། །དེ་དག་སངས་རྒྱས་རྣམས་ཀྱི་འོད། །མཐའ་ཡས་ དཀྱིལ་འཁོར་འཇུག་བྱེད་ཅིང་། །བསམ་ཡས་སངས་རྒྱས་ཞིང་རྣམས་སུ། །སངས་རྒྱས་དག་གི་བྱ་བ་བྱེད། །དེ་ལྟར་སངས་རྒྱས་བསམ་ཡས་ཏེ། །སངས་རྒྱས་འོད་ཟེར་བསམ་མི་ཁྱབ། །བསམ་མི་ ཁྱབ་ལ་དད་བྱས་ན། །བསོད་ནམས་ཕུང་པོ་བསམ་མི་ཁྱབ། །ཡང་ཤཱ་རིའི་བུ་ཇི་ལྟར་ན་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་བསམ་གྱིས་མི་ཁྱབ་པ་ལ་མངོན་པར་དད། 80-1-5a ཡིད་ཆེས་རབ་ཏུ་རྟོག །ཐེ་ཚོམ་མི་ཟ། རྒྱ་ཆེར་དགའ་མགུ་སྟེ། རངས་པ་རྙེད་ནས་ངོ་མཚར་དང་། རྨད་དུ་འདུ་ཤེས་སྐྱེད་པ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་ཏིང་ ངེ་འཛིན་བསམ་གྱིས་མི་ཁྱབ་པ་ལ་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག་པ་ནས་ངོ་མཚར་དང་རྨད་ཀྱི་བར་དུ་འདུ་ཤེས་སྐྱེད་ཅེ་ན། ཤཱ་རིའི་བུ་འདི་ལྟར་ཡང་དག་པར་སྨྲ་བས་སྨྲ་བ་ཚུལ་ཁྲིམས་ཡོངས་སུ་དག་པའི་ སེམས་ཅན་འཇིག་རྟེན་དུ་བྱུང་སྟེ། ལུས་ཀྱི་ལས་ཡོངས་སུ་དག་པ་དང་ལྡན་པ། ངག་གི་ལས་ཡོངས་སུ་དག་པ་དང་ལྡན་པ། ཡིད་ཀྱི་ལས་ཡོངས་སུ་དག་པ་དང་ལྡན་པ་འཇིག་རྟེན་དུ་བྱུང་ཞིང་སྐྱེས་ནས་འཇིག་རྟེན་གྱི་ ཆོས་ཀྱིས་མ་གོས་པ། བྲམ་ཟེ་སྡིག་པ་སྤངས་པ། དགེ་སྦྱོང་ཞི་བ། བསམ་གཏན་པའི་མཆོག །ཏིང་ངེ་འཛིན་དམ་པའི་ཕ་རོལ་དུ་སོན་པའི་སེམས་ཅན་འཇིག་རྟེན་དུ་བྱུང་བ་དེ་ནི་དེ་བཞིན་གཤེགས་པ་ཡིན་པར་ ཡང་དག་པར་སྨྲ་བས་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ལྷར་བཅས་པའི་འཇིག་རྟེན་དང་། ཚངས་པར་བཅས་པ་དང་། བདུད་དང་བཅས་པ་དང་། དགེ་སྦྱོང་དུ་བཅས་པ་དང་། བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ན་ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྟར་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་གྱི་ཕུང་པོ་ཡོངས་སུ་དག་པ། ཚད་མེད་ པ་དེ་ལྟ་བུ་ངས་མ་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་བཞིན་གཤེགས་པ་ནི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་གྱི་ཕ་རོལ་དུ་ཕྱིན་པའི་དམ་པའི་ཕ་རོལ་ཏུ་སོན་པའོ། །ཤཱ་རིའི་བུ་ཁྱོད་དེ་བཞིན་གཤེགས་པའི་ ཚུལ་ཁྲིམས་དང་། ཏིང་ངེ་འཛིན་ཚད་མེད་པའི་དཔེ་ཙམ་ཉན་པར་འདོད་དམ། གསོལ་པ། བཅོམ་ལྡན་འདས་འདི་ལྟར་དགེ་སློང་དག་ལ་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་གྱི་ཕ་རོལ་དུ་ཕྱིན་ 80-1-5b པ་ལ་བརྩམས་ཏེ། དཔེ་ཙམ་བཤད་ན་བཅོམ་ལྡན་འདས་ལས་ཇི་ལྟར་ཐོས་པ་དེ་བཞིན་དུ་འཛིན་པར་འགྱུར་ཏེ། བཅོམ་ལྡན་འདས་དེའི་དུས་ནི་འདི་ལགས་སོ། །བདེ་བར་གཤེགས་པ་དེའི་དུས་ནི་འདི་ལགས་ སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། སེམས་ཅན་གྱི་ཁམས་དང་སའི་ཁམས་གང་མང་། གསོལ་པ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་ བདག་གིས་འཚལ་བ་ལྟར་ན་བཅོམ་ལྡན་འདས་སེམས་ཅན་གྱི་ཁམས་ནི་རབ་ཏུ་མང་གི་སའི་ཁམས་ནི་མ་ལགས་སོ། །བཀའ་སྩལ་པ། དེ་དེ་བཞིན་ནོ། །ཤཱ་རིའི་བུ་དེ་དེ་བཞིན་ཏེ། ཤཱ་རིའི་བུ་སེམས་ཅན་གྱི་ཁམས་རབ་ཏུ་མང་གི་སའི་ཁམས་ནི་མ་ ཡིན་ནོ། །ཤཱ་རིའི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་སྒོ་ང་ལས་སྐྱེས་པ་འམ། མངལ་ནས་སྐྱེས་པ་འམ། དྲོད་གཤེར་ལས་སྐྱེས་པ་འམ། རྫུས་ཏེ་སྐྱེས་པ་འམ། གཟུགས་ཅན་ནམ། གཟུགས་མེད་པ་འམ། འདུ་ཤེས་ཅན་ནམ། འདུ་ཤེས་མེད་པ་འམ། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སེམས་ཅན་རྣམས་ཇི་ཙམ་དུ་སེམས་ཅན་དུ་གདགས་པས་བཏགས་པ་ དེ་ཐམས་ཅད་ཡོངས་སུ་བརྟག་པ་བཟུང་སྟེ། སྐད་ཅིག་ཐང་ཅིག་ཡིད་ཙམ་ཅིག་གིས་སྔ་ཕྱི་མེད་པར་མི་ཡི་ལུས་ཐོབ་པར་གྱུར་ལ། ཤཱ་རིའི་བུ་མིར་གྱུར་པའི་སེམས་ཅན་དེ་དག་ཐམས་ཅད་སྐད་ཅིག་ ཐང་ཅིག་ཡུད་ཙམ་ཅིག་གིས་སྔ་ཕྱི་མེད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིང་ཡོངས་སུ་བརྟག་པ་བཟུང་སྟེ། དེ་བཞིན་གཤེགས་པ་རེ་རེས་ཀྱང་ དེ་བཞིན་གཤེགས་པ་དེ་དག་ཇི་སྙེད་པ་དེ་སྙེད་ཀྱི་དེ་བཞིན་གཤེགས་པ་མངོན་པར་སྤྲུལ་ཏེ། དེ་བཞིན་གཤེགས་པ་རེ་རེ་ལ་ཡང་དབུ་སྟོང་སྟོང་དུ་གྱུར། དབུ་རེ་རེ་ལ་ཡང་ཞལ་སྟོང་སྟོང་ 80-1-6a དུ་གྱུར། ཞལ་རེ་རེ་ལ་ཡང་ལྗགས་སྟོང་སྟོང་དུ་གྱུར་ལ། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་སྟོབས་བཅུ་དང་ལྡན་པར་གྱུར། མི་འཇིགས་པ་བཞི་དང་། དེ་བཞིན་གཤེགས་པའི་ སོ་སོ་ཡང་དག་པར་རིག་པ་བཞི་དང་། །ཆགས་པ་མེད་པ་སྒྲིབ་པ་མེད་པའི་སངས་རྒྱས་ཀྱི་སྤོབས་པ་དང་ལྡན་པར་གྱུར་ལ། །ཤཱ་རིའི་བུ་དེ་ལྟ་བུའི་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་གཅིག་ གི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བརྩམས་ཏེ། །བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་བསྔགས་པ་བརྗོད་ཀྱང་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་ནི་དེ་འདྲ་སྟེ། །ཤཱ་རིའི་བུ་དེ་བཞིན་ གཤེགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡང་མི་ཟད། །དེ་བཞིན་གཤེགས་པ་དེ་དག་གི་ཤེས་རབ་དང་། །སྤོབས་པ་བླ་ན་མེད་པ་ཡང་མི་ཟད་དེ། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་དེའི་བར་དུ་ཡོངས་སུ་ མྱ་ངན་ལས་འདའ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། །འདི་ལྟ་སྟེ། །དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། །དེ་བཞིན་གཤེགས་པ་དེ་དག་གི་ཤེས་རབ་དང་། །སྤོབས་པ་བླ་ན་མེད་པ་ དང་དེ་གཉིས་ནི་ཚད་མེད་གྲངས་མེད། །བསམ་གྱིས་མི་ཁྱབ། །ནམ་མཁའ་དང་མཉམ་ཞིང་མཚུངས་སོ། །ཤཱ་རིའི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ལྟ་ཞོག་ལ། །ཤཱ་ རིའི་བུ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ན་སེམས་ཅན་ཇི་སྙེད་པ་དང་། །དེ་བཞིན་དུ་ལྷོ་དང་། །ནུབ་དང་། བྱང་དང་། །འོག་དང་། །སྟེང་གི་ཕྱོགས་དང་། །དེ་བཞིན་དུ་ ཕྱོགས་མཚམས་དང་། །ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་དེ་དག་ཐམས་ཅད་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་གིས་མིའི་ལུས་ཐོབ་པར་གྱུར་པ་ 80-1-6b ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པའི་བར་དུ་གོང་མ་བཞིན་དུ་རྒྱས་པར་བྱ་སྟེ། འདི་ལྟ་སྟེ། །དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ ཀྱི་ཕུང་པོ་དང་། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཤེས་རབ་དང་། །སྤོབས་པ་བླ་ན་མེད་པ་དང་། །དེ་གཉིས་ཚད་མེད་གྲངས་མེད། །བསམ་གྱིས་མི་ཁྱབ་ནམ་མཁའ་དང་མཉམ་ཞིང་མཚུངས་ཏེ། དེ་ལྟར་ཤཱ་རིའི་བུ་དེ་བཞིན་གཤེགས་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དམ་པའི་ཕ་རོལ་དུ་སོན་པའོ། །ཤཱ་རིའི་བུ་ཁྱོད་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་ཕ་རོལ་དུ་ཕྱིན་པའི་དཔེ་ ཙམ་དུ་བྱ་བ་ཉན་པར་འདོད་དམ། །གསོལ་པ། །འདི་ལྟར་དགེ་སློང་རྣམས་བཅོམ་ལྡན་འདས་ལས་ཐོས་ནས་དེ་བཞིན་དུ་འཛིན་པར་འགྱུར་ཏེ། །བཅོམ་ལྡན་འདས་དེའི་དུས་འདི་ལགས་སོ། །བདེ་བར་གཤེགས་ པ་དེའི་ཚོད་འདི་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཤཱ་རིའི་བུ་དེའི་དུས་དེའི་ཚོད་འབྱུང་སྟེ། །ཉི་མ་བདུན་འཇིག་རྟེན་དུ་བྱུང་བར་གྱུར་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་ རྟེན་གྱི་ཁམས་འདི་འབར། །ཀུན་དུ་འབར། །ཀུན་དུ་རབ་ཏུ་མཆེད་ཅིང་འབར་ཏེ། །འབར་བ་གཅིག་ཏུ་གྱུར་པར་འགྱུར་རོ། །ཤཱ་རིའི་བུ་འཇིག་རྟེན་གྱི་ཁམས་འབར་བ་གཅིག་ཏུ་གྱུར་པ་དེའི་ས་ཕྱོགས་ གང་ན་དེ་བཞིན་གཤེགས་པ་འཆག་གམ། །བཞེངས་སམ། །བཞུགས་སམ། །མནལ་བའི་ས་ཕྱོགས་དེ་ངོ་མཚར་དང་རྨད་ཀྱི་ཆོས་བཅུ་དང་ལྡན་པར་འགྱུར་རོ། །བཅུ་གང་ཞེ་ན། །ས་ཕྱོགས་དེ་ལག་ མཐིལ་ལྟར་མཉམ་པར་འགྱུར་ཏེ། །ས་ཕྱོགས་དེ་ངོ་མཚར་དང་རྨད་ཀྱི་ཆོས་དང་པོ་འདི་དང་ལྡན་པར་འགྱུར་རོ། །གཞན་ཡང་ཤཱ་རིའི་བུ་འཇིག་རྟེན་གྱི་ཁམས་འབར། །ཀུན་དུ་འབར། །ཀུན་དུ་རབ་ཏུ་མཆེད་ 80-1-7a ཅིང་འབར་ཏེ། འབར་བ་གཅིག་ཏུ་གྱུར་པ་དེར་ས་ཕྱོགས་གང་ན་དེ་བཞིན་གཤེགས་པ་འཆག་གམ་བཞེངས་སམ། བཞུགས་སམ། མནལ་བའི་ས་ཕྱོགས་དེ་གསེག་མ་དང་། གྱོ་མོ་མེད་ཅིང་མཐོ་བར་གྱུར་ པའི་གཟུགས་སུ་འགྱུར་ཏེ། ས་ཕྱོགས་དེ་ངོ་མཚར་དང་རྨད་ཀྱི་ཆོས་གཉིས་པ་འདི་དང་ལྡན་པར་འགྱུར་རོ། །གཞན་ཡང་ཤཱ་རིའི་བུ་འཇིག་རྟེན་གྱི་ཁམས་འབར། ཀུན་དུ་འབར། ཀུན་དུ་རབ་ཏུ་མཆེད་ཅིང་འབར་ཏེ། འབར་བ་གཅིག་ཏུ་གྱུར་ནས་འཚིག་པ་དེར་ས་ཕྱོགས་གང་ན་དེ་བཞིན་གཤེགས་པ་འཆག་གམ། བཞེངས་སམ། བཞུགས་སམ། མནལ་བའི་ས་ཕྱོགས་དེ་དེ་བཞིན་གཤེགས་པ་ཡོངས་སུ་ལོངས་སྤྱོད་པའི་ ཕྱིར་ཡངས་ཤིང་མཉམ་པར་འགྱུར་ཏེ། ཤཱ་རིའི་བུ་ས་ཕྱོགས་དེ་ངོ་མཚར་དང་རྨད་ཀྱི་ཆོས་གསུམ་པོ་འདི་དང་ལྡན་པར་འགྱུར་རོ། །གཞན་ཡང་ཤཱ་རིའི་བུ་འཇིག་རྟེན་གྱི་ཁམས་འབར། ཀུན་དུ་འབར། ཀུན་དུ་ རབ་ཏུ་མཆེད་ཅིང་འབར་ཏེ། འབར་བ་གཅིག་ཏུ་གྱུར་ནས་འཚིག་པ་དེར་ས་ཕྱོགས་གང་ན་དེ་བཞིན་གཤེགས་པ་འཆག་གམ། བཞེངས་སམ། བཞུགས་སམ། མནལ་བའི་ས་ཕྱོགས་དེར་རྩྭ་སྔོ་བ། འཁྱིལ་ པ། འཇམ་པ། གཡས་ཕྱོགས་སུ་འཁྱིལ་པ། ཀ་ཙ་ལིན་དི་ཀ་ལྟར་རེག་ན་བདེ་བ། དྲི་རབ་ཏུ་ཞིམ་པ་སྐྱེ་བར་འགྱུར་ཏེ། ཤཱ་རིའི་བུ་ས་ཕྱོགས་དེ་ངོ་མཚར་དང་རྨད་ཀྱི་ཆོས་བཞི་པ་འདི་དང་ལྡན་པར་འགྱུར་རོ། ། གཞན་ཡང་ཤཱ་རིའི་བུ་འཇིག་རྟེན་གྱི་ཁམས་འབར། ཀུན་དུ་འབར། ཀུན་དུ་རབ་ཏུ་མཆེད་ཅིང་འབར་ཏེ། འབར་བ་གཅིག་ཏུ་གྱུར་ནས་འཚིག་པ་དེར་ས་ཕྱོགས་གང་ན་དེ་བཞིན་གཤེགས་པ་འཆག་གམ། བཞེངས་སམ། བཞུགས་སམ། མནལ་བའི་ས་ཕྱོགས་དེར་ཡན་ལག་བརྒྱད་དང་ལྡན་པའི་ཆུ་གྲང་བ། ཡང་པ། འཇམ་པ། དང་བ། རྙོག་པ་མེད་པ། རབ་ཏུ་དང་བ། འཐུང་འདོད་པ། མང་དུ་ 80-1-7b འཐུངས་ཀྱང་ནད་དུ་མི་འགྱུར་བ་ཡན་ལག་བརྒྱད་དང་ལྡན་པའི་ཆུ་འབྱུང་བར་འགྱུར་ཏེ། ཤཱ་རིའི་བུ་ས་ཕྱོགས་དེ་ངོ་མཚར་དང་རྨད་ཀྱི་ཆོས་ལྔ་པ་འདི་དང་ལྡན་པར་འགྱུར་རོ། །གཞན་ཡང་ཤཱ་རིའི་བུ་འཇིག་རྟེན་གྱི་ཁམས་ འབར། ཀུན་དུ་འབར། ཀུན་དུ་རབ་ཏུ་མཆེད་ཅིང་འབར་ཏེ། འབར་བ་གཅིག་ཏུ་གྱུར་ནས་འཚིག་པ་དེར་ས་ཕྱོགས་གང་ན་དེ་བཞིན་གཤེགས་པ་འཆག་གམ། བཞེངས་སམ། བཞུགས་སམ། མནལ་ བའི་ས་ཕྱོགས་དེར། དེ་བཞིན་གཤེགས་པའི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་རབ་ཏུ་བསིལ་བའི་རླུང་ལྡང་བ་དེ་འདི་ལྟ་སྟེ་དཔེར་ན། ཤཱ་རིའི་བུ་སོས་ཀའི་ཐ་མའི་ཟླ་བ་ཚ་བས་གདུངས་པའི་དུས་ན། སྐྱེས་བུ་ལ་ལ་ཞིག་གང་གཱའི་ཀླུང་དུ་ཞུགས་ནས། ལུས་བསིལ་བར་བྱས་ཏེ། རིམ་དང་སྙོམ་པ་ཐམས་ཅད་ཞི་བར་བྱས་ནས་གང་གཱའི་ཀླུང་བྱུང་ཞིང་སླར་བྱུང་ནས་འཆག་ཅིང་འགྲོ་བ་ལས་ཧ་ཅང་ཡང་མི་རིང་བ་ཞིག་ ན་ནགས་སྟུག་པོ་ཡལ་ག་དང་། ལོ་མ་དང་། འདབ་མ་གྲིབ་མ་སྟུག་པོ་དང་ལྡན་པ་ཞིག་མཐོང་ནས་དེ་ནགས་སྟུག་པོ་གང་ན་ཡོད་པ་དེར་སོང་སྟེ་ཕྱིན་པ་དང་། ནགས་སྟུག་པོའི་དབུས་ན་ཁྲིའི་སྟེང་དུ་ཕྱར་བུ་བཏིང་བ། བེའུ་རས་ཀྱིས་གཡོགས་པ། ཀ་ཙ་ལིན་དི་ཀའི་གདིང་བ་བཏིང་བ། དེའི་སྟེང་དུ་དར་གྱིས་གཡོགས་པ། ཡ་ཏོག་མ་ཏོག་ཏུ་སྔས་དམར་པོ་བཤམས་པ་ཞིག་མཐོངས་ནས་དེ་དེ་ལ་འདུག་གོ། །དེ་དེ་ལ་ འདུག་སྟེ། འགྲེང་ཞིང་ཕྱོགས་བཞི་ཀུན་ནས་བསིལ་བའི་རླུང་ལྡང་བར་འགྱུར་བ་དེ་བཞིན་དུ། ཤཱ་རིའི་བུ་ས་ཕྱོགས་དེར་བསིལ་བའི་རླུང་ལྡང་བར་འགྱུར་ཏེ། ཤཱ་རིའི་བུ་ས་ཕྱོགས་དེ་ངོ་མཚར་དང་རྨད་ཀྱི་ཆོས་ དྲུག་པ་འདི་དང་ལྡན་པར་འགྱུར་རོ། །གཞན་ཡང་ཤཱ་རིའི་བུ་འཇིག་རྟེན་གྱི་ཁམས་འབར། ཀུན་དུ་འབར། ཀུན་དུ་རབ་ཏུ་མཆེད་ཅིང་འབར་ཏེ། འབར་བ་གཅིག་ཏུ་གྱུར་ནས་འཚིག་པ་དེར་ས་ཕྱོགས་གང་ན་ 80-1-8a དེ་བཞིན་གཤེགས་པ་འཆག་གམ། བཞེངས་སམ། བཞུགས་སམ། མནལ་བའི་ས་ཕྱོགས་དེར་ཆུ་ལས་སྐྱེ་བའི་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་ སྐྱེ་བར་འགྱུར་ཏེ། ཤཱ་རིའི་བུ་ས་ཕྱོགས་དེ་ངོ་མཚར་དང་རྨད་ཀྱི་ཆོས་བདུན་པ་འདི་དང་ལྡན་པར་འགྱུར་རོ། །གཞན་ཡང་ཤཱ་རིའི་བུ་འཇིག་རྟེན་གྱི་ཁམས་འབར། ཀུན་དུ་འབར། ཀུན་དུ་རབ་ཏུ་མཆེད་ཅིང་འབར་ ཏེ། འབར་བ་གཅིག་ཏུ་གྱུར་ནས། འཚིག་པ་དེར་ས་ཕྱོགས་གང་ན་དེ་བཞིན་གཤེགས་པ་འཆག་གམ། བཞེངས་སམ། བཞུགས་སམ། མནལ་བའི་ས་ཕྱོགས་དེར་ཐང་ལས་སྐྱེ་བའི་མེ་ཏོག་འདི་ལྟ་སྟེ། ཨ་ཏི་མུག་ཏ་ཀ་དང་། ཙམ་པ་ཀ་དང་། སྣ་མའི་མེ་ཏོག་དང་། པ་རི་ཤ་ཀ་དང་། མྱ་ངན་འཚང་དང་། སྐྱ་སྣར་དང་། དོང་ཀའི་མེ་ཏོག་དང་། ཏ་ར་ནི་དང་། གོ་ཏ་ར་ནི་ལ་སོགས་པ་ཐང་ལས་སྐྱེ་བའི་མེ་ཏོག་ སྣ་ཚོགས་ཁ་དོག་དང་ལྡན་པ། དྲི་དང་ལྡན་པ་འབྱུང་བར་འགྱུར་ཏེ། ཤཱ་རིའི་བུ་ས་ཕྱོགས་དེ་ངོ་མཚར་དང་རྨད་ཀྱི་ཆོས་བརྒྱད་པ་འདི་དང་ལྡན་པར་འགྱུར་རོ། །གཞན་ཡང་ཤཱ་རིའི་བུ་འཇིག་རྟེན་གྱི་ཁམས་ འབར། ཀུན་དུ་འབར། ཀུན་དུ་རབ་ཏུ་མཆེད་ཅིང་འབར་ཏེ། འབར་བ་གཅིག་ཏུ་གྱུར་ནས་འཚིག་པ་དེར་ས་ཕྱོགས་གང་ན་དེ་བཞིན་གཤེགས་པ་འཆག་གམ། བཞེངས་སམ། བཞུགས་སམ། མནལ་བའི་ས་ཕྱོགས་དེ་སྲ་ཞིང་མི་ཤིགས་པ། ས་གཞི་རྡོ་རྗེར་འགྱུར་ཏེ། ཤཱ་རིའྀ་བུ་ས་ཕྱོགས་དེ་ནི་ངོ་མཚར་དང་རྨད་ཀྱི་ཆོས་དགུ་པ་འདི་དང་ལྡན་པར་འགྱུར་རོ། །གཞན་ཡང་ཤཱ་རིའི་བུ་སྟོང་གསུམ་ གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལམ་མེ། རབ་ཏུ་ལམ་མེ། ཀུན་ཏུ་རབ་ཏུ་ལམ་མེ། ཀུན་དུ་འབར་ཀུན་དུ་རབ་ཏུ་མཆེད་ཅིང་འབར་ཏེ། འབར་བ་གཅིག་ཏུ་གྱུར་ནས། འཚིག་པ་དེར་ས་ཕྱོགས་ 80-1-8b གང་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཆག་གམ། བཞེངས་སམ། བཞུགས་སམ། མནལ་བའི་ས་ཕྱོགས་དེ་ལྷར་བཅས་པའི་འཇིག་རྟེན་དང་། བདུད་ཏུ་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་མཆོད་རྟེན་དུ་འགྱུར་ཏེ། ཤཱ་རིའི་བུ་ས་ཕྱོགས་དེ་ངོ་མཚར་དང་། རྨད་ཀྱི་ཆོས་བཅུ་པ་འདི་དང་ལྡན་པར་འགྱུར་ ཏེ། ཤཱ་རིའི་བུ་ས་ཕྱོགས་དེ་ནི་ངོ་མཚར་དང་། རྨད་ཀྱི་ཆོས་བཅུ་པོ་དེ་དག་དང་ལྡན་པར་འགྱུར་རོ། །ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པས་ཆོས་ཀྱི་དབྱིངས་ཤིན་དུ་རྟོགས་ཏེ། དེ་རྟོགས་པས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་ལྟར་མཉམ་པར་བཞག་པའི་སེམས་ལ་གཅིག་ཏུ་བདེ་བར་སོ་སོར་ཡང་དག་པར་མྱོང་བར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ ནས། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཏུ་བཞུགས་ཀྱང་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ཡོངས་སུ་འབྲི་བ་མེད་པར་ངས་བཤད་དོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པ་བསོད་སྙོམས་གཅིག་གིས་བསྐལ་ བར་གནས་སམ། བསྐལ་པ་བརྒྱ་འམ། བསྐལ་པ་སྟོང་ངམ། བསྐལ་པ་སྟོང་ཕྲག་བརྒྱ་འམ། བསྐལ་པ་བྱེ་བ་འམ། བསྐལ་པ་བྱེ་བ་བརྒྱ་འམ། བསྐལ་པ་བྱེ་བ་སྟོང་ངམ། བསྐལ་པ་ བྱེ་བ་སྟོང་ཕྲག་བརྒྱ་འམ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ངམ། དེ་ལས་ལྷག་པར་ཡང་བཞུགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་ནི་ཕ་རོལ་དུ་ཕྱིན་པའི་མཆོག་གི་དམ་པའི་ཕ་རོལ་དུ་སོན་པ་སྟེ། ཤཱ་རིའི་བུ་དེ་བཞིན་གཤེགས་པ་ནི་དེ་ལྟར་རྫུ་འཕྲུལ་ཆེ། དེ་ལྟར་མཐུ་ཆེ། དེ་ལྟར་དབང་ཆེ་བར་གྲགས་པའོ། །འདི་ལྟ་སྟེ། དཔེར་ན་ཤཱ་རིའི་བུ་ 80-1-9a འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་ལྷའི་ནང་དུ་ལྷའི་བུ་སྐྱེས་པ་དེ་དམིགས་པ་གཅིག་ལ་གནས་པའི་རྣམ་པར་ཤེས་པས་བསྐལ་པ་བརྒྱད་ཁྲི་བཞི་སྟོང་དུ་འདུག་སྟེ། བསམ་གཏན་གྱིས་ཚེའི་མཐའ་ འཆི་བའི་དུས་མ་བྱས་ཀྱི་བར་དུ་རྣམ་པར་ཤེས་པ་དེ་ལས་རྣམ་པར་ཤེས་པ་གཞན་དུ་མི་འགྱུར་རོ། །དེ་བཞིན་དུ་ཤཱ་རིའི་བུ་གང་གི་ནུབ་མོ་དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་ སངས་རྒྱས་པ་དང་། གང་གི་ནུབ་མོ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་དེའི་བར་དུ་དེ་བཞིན་གཤེགས་པ་ཏིང་ངེ་འཛིན་ལས་ཉམས་པ་མེད། སེམས་འགྱུར་བ་མེད། སེམས་རྒྱུ་བ་མེད། སེམས་རྣམ་པར་རྒྱུ་བ་མེད། སེམས་རབ་ཏུ་རྒྱུ་བ་མེད། སེམས་རྒྱས་པ་མེད། སེམས་ཀྱི་འདྲེན་པ་མེད། སེམས་གཡེང་བ་མེད། སེམས་མཐོ་བ་མེད། སེམས་ཀུན་དུ་སྲུང་བ་མེད། སེམས་ སྦེད་པ་མེད། སེམས་ཚིམ་པ་མེད། སེམས་མི་འཐུན་པ་མེད། སེམས་འདུད་པ་མེད། སེམས་གཡོ་བ་མེད། སེམས་རབ་ཏུ་དགའ་བར་བྱེད་པ་མེད། སེམས་ཞུམ་པ་མེད། སེམས་རྟོག་པ་མེད། སེམས་རྣམ་པར་རྟོག་པ་མེད། སེམས་ཡོངས་སུ་རྟོག་པ་མེད། སེམས་ཀྱི་རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་མེད། སེམས་མིག་ལ་གནས་པ་མེད། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ལ་གནས་ པ་མེད། སེམས་གཟུགས་ལ་གནས་པ་མེད། སེམས་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་། ཆོས་ལ་གནས་པ་མེད། སེམས་ཆོས་ལ་འཇུག་པ་མེད། སེམས་རྣམ་པར་ཤེས་པ་ལ་འཇུག་པ་མེད། སེམས་འདས་པ་ལ་ཡང་མི་ལྟ། སེམས་མ་འོངས་པ་ལ་ཡང་མི་ལྟ། སེམས་ད་ལྟར་བྱུང་བ་ལ་ཡང་མི་ལྟ་སྟེ། དེ་ལྟར་ན་ཤཱ་རིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏིང་ 80-1-9b ངེ་འཛིན་ལ་གནས་ནས། སེམས་ལ་ཆོས་གང་ཡང་བསལ་བ་མེད་མོད་ཀྱི། ལྷུན་གྱི་གྲུབ་པའི་ཚུལ་གྱིས་ཆོས་ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་མཐོང་བ་འཇུག་གོ། །འདི་ལྟར་ཤཱ་རིའི་བུ་དེ་བཞིན་གཤེགས་ པའི་ཏིང་ངེ་འཛིན་ནི་སེམས་དང་། ཡིད་དང་། རྣམ་པར་ཤེས་པ་དང་བྲལ་མོད་ཀྱི་གནས་ཀྱང་མི་འདོར་ཏེ། ལྷུན་གྱིས་གྲུབ་པའི་ཚུལ་གྱིས་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་མཛད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་ བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པ་ཡང་འདི་སྐད་གསུང་ངོ་། །བསྐལ་པ་བརྒྱ་སྟོང་དཔག་ཏུ་མེད་ཅིང་གཞལ་ཡས་པར། །སྔོན་གྱི་སྲིད་པའི་འགྲོ་བར་བྱང་ཆུབ་སྤྱོད་སྤྱད་ཚེ། ། ཚུལ་ཁྲིམས་དང་ནི་ཐོས་དང་ཏིང་འཛིན་བག་ཡོད་དང་། །བཟོད་པ་དག་ཀྱང་བྱང་ཆུབ་མཆོག་ཕྱིར་འདྲེན་པས་བསྒོམས། །རྒྱལ་བའི་རྟོགས་དང་འབྲས་བུ་དགེ་བའི་འདྲ་བས། ཚུལ་ཁྲིམས་ཤིན་དུ་ཡོངས་དག་འཇིག་རྟེན་ཀུན་ གྱི་མཆོག །།ཇི་ལྟར་ནམ་མཁའ་དྲི་མེད་རྣམ་པར་སྤྲོས་མེད་ལྟར། །སྟོབས་བཅུའི་ཚུལ་ཁྲིམས་དྲི་མ་མེད་པ་ནམ་མཁའ་བཞིན། །གང་གི་ནུབ་མོ་རྒྱལ་བས་དང་པོ་བྱང་ཆུབ་རྟོགས། གང་གི་ནུབ་མོ་ཐ་མར་མྱ་ངན་འདས་ གཤེགས་ཚེ། །སྟོབས་བཅུ་རྣམས་ལ་སེམས་རྒྱུ་རབ་ཏུ་རྒྱུ་བ་མེད། །དེ་བཞིན་བསམ་གཏན་ཏིང་འཛིན་ཉམས་པ་ནམ་ཡང་མེད། །སྟོབས་བཅུ་རྣམས་ཀྱི་ཚུལ་ཁྲིམས་ཕུང་པོ་ཉམས་མེད་དོ། །རྫུ་འཕྲུལ་སྟོབས་དང་རྣམ་པར་ ཉམས་པའི་ཆར་འགྱུར་མེད། །བསྐལ་པ་བརྒྱ་ཕྲག་སྟོང་དུ་སེམས་ནི་གཅིག་གིས་གནས། །འདྲེན་པ་ལ་ནི་རྟོག་དང་རྣམ་པར་རྟོག་པ་མེད། །འདྲེན་པ་རྣམས་ཀྱི་རྣམ་རྟོག་སྤྱོད་ཡུལ་ནམ་མཁའ་འདྲ། །དུས་གསུམ་དག་ལ་སངས་ རྒྱས་ཡེ་ཤེས་ཐོག་མེད་འཇུག །།སྟོབས་བཅུ་རྣམས་ལ་སེམས་ཡིད་རྣམ་པར་རྒྱུ་བ་དང་། །རྟོག་དང་སྟོང་པ་མེད་པར་སངས་རྒྱས་སྲས་རྣམས་དང་། །དེ་ལྟར་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་ 80-1-10a གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་ལ་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག །སོམ་ཉི་མེད། ཐེ་ཚོམ་མི་ཟ། རྒྱ་ཆེར་དགའ་མགུ་ སྟེ། རངས་པ་རྙེད་ནས་ངོ་མཚར་དང་། རྨད་དུ་འདུ་ཤེས་སྐྱེད་དོ། །ཤཱ་རིའི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱི་སྟོབས་བསམ་གྱིས་མི་ཁྱབ་པ་ལ་མངོན་པར་དད། ཡིད་ཆེས། རབ་ ཏུ་རྟོག །སོམ་ཉི་མེད། ཐེ་ཚོམ་མི་ཟ། རྒྱ་ཆེར་དགའ་མགུ་སྟེ། རངས་པ་རྙེད་ནས། ངོ་མཚར་དང་རྨད་དུ་འདུ་ཤེས་སྐྱེད་ཅེ་ན། ཤཱ་རིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ འདི་སྐད་དུ་གནས་བརྟན་མཽད་གལ་གྱི་བུ་ཆེན་པོ་འདི་ནི་ངའི་ཉན་ཐོས་རྫུ་འཕྲུལ་ཆེ་བའི་ནང་ན་མཆོག་གོ་ཞེས་གསུངས་ཏེ། བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་རྫུ་འཕྲུལ་དེ་ལ་འཇལ་ཞིང་ཡོངས་སུ་དཔྱོད། བྱང་ཆུབ་སེམས་ དཔའི་རྫུ་འཕྲུལ་ལ་ཡང་འཇལ་ཞིང་ཡོངས་སུ་དཔྱོད་དོ། །གཞལ་ཏེ་ཡོངས་སུ་དཔྱད་ནས་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་དང་མཚུངས་ཤིང་མཉམ་པར་མ་མཐོང་ངོ་། །བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ལ་འཇལ་ ལ་གཞལ་ཅིང་ཡོངས་སུ་དཔྱད་ནས་དེ་བཞིན་གཤེགས་པའི་རྫུ་འཕྲུལ་ལ་འཇལ་ཞིང་ཡོངས་སུ་དཔྱོད་དོ། །གལ་ཏེ་ཡོངས་སུ་དཔྱད་ནས་དེ་བཞིན་གཤེགས་པའི་རྫུ་འཕྲུལ་དང་མཚུངས་ཤིང་མཉམ་པར་མ་མཐོང་ནས་དེ་འདི་ སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་རྫུ་འཕྲུལ་ནི་བསམ་གྱི་མི་ཁྱབ་པོ་སྙམ་ནས་དེ་བཞིན་གཤེགས་པའི་རྫུ་འཕྲུལ་ཡོངས་སུ་གྲུབ་པར་བྱ་བའི་ཕྱིར་རྒྱ་ཆེར་བརྩོན་འགྲུས་རྩོམ་མོ། །ཤཱ་རིའི་བུ་དེ་ བཞིན་གཤེགས་པའི་རྫུ་འཕྲུལ་ལ་བརྩམས་ཏེ་དཔེ་ཙམ་དུ་བྱ་བ་དེ་བཞིན་གཤེགས་པ་ལས་ཁྱོད་ཉན་པར་འདོད་དམ། བཅོམ་ལྡན་འདས་དེའི་དུས་འདི་ལགས་སོ། །བདེ་བར་གཤེགས་པ་དེའི་ཚོད་ 80-1-10b ལགས་སོ། །འདི་ལྟར་བཅོམ་འདས་ཀྱིས་དགེ་སློང་རྣམས་ལ་དེ་བཞིན་གཤེགས་པའི་རྫུ་འཕྲུལ་ལས་བརྩམས་ཏེ་དཔེ་བཤད་ན། དགེ་སློང་རྣམས་བཅོམ་ལྡན་འདས་ལས་དེ་ཐོས་ནས་དེ་བཞིན་དུ་འཛིན་ པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཕྱིར་ཤཱ་རིའི་བུ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ནས། ཚེ་དང་ ལྡན་པ་ཤཱ་རིའི་བུ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། གནས་བརྟན་མཽད་གལ་གྱི་བུ་ཆེན་པོ་རྫུ་འཕྲུལ་ཆེ་བ་ཡིན་ ནམ་གསོལ་པ། དགེ་སློང་ཉན་ཐོས་རྫུ་འཕྲུལ་ཆེ་བའི་ནང་ན་འདི་ལྟར་གནས་བརྟན་མཽད་གལ་གྱི་བུ་ཆེན་པོ་འདི་ནི་མཆོག་གོ་ཞེས་བདག་གིས་བཅོམ་ལྡན་འདས་ལས་མངོན་སུམ་དུ་ཐོས་ཏེ་མངོན་སུམ་དུ་བཟུང་ ངོ་། །བཀའ་སྩལ་པ། ཤཱ་རིའི་བུ་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉན་ཐོས་རྫུ་འཕྲུལ་ཆེན་པོ་མཽད་གལ་གྱི་བུ་ལྟ་བུས་འདི་ལྟ་སྟེ་དཔེར་ན། བུ་རམ་ཤིང་སྟུག་པོ་འམ། འདམ་བུ་སྟུག་པོ་འམ། འོད་མ་སྟུག་པོ་འམ། ཏིལ་གྱི་ཞིང་ངམ། འབྲས་ཀྱི་ཞིང་བཞིན་དུ་གང་བར་གྱུར་ལ། དེ་ལྟར་གཅིག་ཏུ་འདུས་པའི་ཉན་ཐོས་ཀྱི་ཚོགས་དེ་ལྟ་བུས་མཐུ་དང་བརྩོན་འགྲུས་ཐམས་ཅད་དང་། རྫུ་འཕྲུལ་དང་། ཆོ་འཕྲུལ་གྱི་སྟོབས་ཐམས་ཅད་བསྟན་ཀྱང་དེ་བཞིན་གཤེགས་པའི་ཆོ་འཕྲུལ་གྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆར་ཡང་། བརྒྱ་སྟོང་གི་ཆར་ཡང་། བྱེ་བའི་ཆར་ཡང་། བྱེ་བ་བརྒྱའི་ ཆར་ཡང་། བྱེ་བ་སྟོང་གི་ཆར་ཡང་། བྱེ་བ་བརྒྱ་སྟོང་གི་ཆར་ཡང་། གྲངས་སུ་ཡང་། ཆར་ཡང་། བགྲང་བར་ཡང་། དཔེར་ཡང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་བཞིན་གཤེགས་ 80-1-11a པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་རྫུ་འཕྲུལ་དང་། ཆོ་འཕྲུལ་གྱི་དམ་པའི་ཕ་རོལ་ཏུ་སོན་པའོ། །ཤཱ་རིའི་བུ་གལ་ཏེ་དེ་བཞིན་གཤེགས་པས་ས་འདི་ལ་ཡུང་དཀར་ གྱི་འབྲུ་གཅིག་བཞག་ན། དེ་བཞིན་གཤེགས་པས་ཡུངས་དཀར་གྱི་འབྲུ་བཞག་པ་དེ་ཡང་དེ་ལྟ་བུའི་ཉན་ཐོས་ཀྱི་ཚོགས་ཀྱི་མཐུ་དང་། སྟོབས་དང་། བརྩོན་འགྲུས་དང་། དྲགས་ཤུལ་ཐམས་ཅད་དང་། རྫུ་འཕྲུལ་ དང་། ཆོ་འཕྲུལ་གྱི་སྟོབས་ཐམས་ཅད་བསྟན་ཀྱང་དེ་བཞིན་གཤེགས་པས་བཞག་པའི་ཡུངས་དཀར་གྱི་འབྲུ་སྐྲའི་རྩེ་མོ་གཅིག་ཙམ་ཡང་བསྐྱོད་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་རྫུ་འཕྲུལ་གྱི་ཕ་རོལ་དུ་ཕྱིན་པའི་དམ་པའི་ཕ་རོལ་དུ་སོན་པའོ། །ཤཱ་རིའི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལྟ་ཞོག་ ལ། ཤཱ་རིའི་བུ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ན་སེམས་ཅན་ཇི་སྙེད་ཡོད་པ་དང་། དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་དང་། འོག་དང་། སྟེང་དང་། ཕྱོགས་མཚམས་དང་། ཕྱོགས་ བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ན་སེམས་ཅན་ཇི་ཙམ་སྒོ་ང་ལས་སྐྱེས་པ་འམ་མངལ་ནས་སྐྱེས་པ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་བར་གྱི་སེམས་ཅན་དེ་དག་ཐམས་ཅད་ ཡོངས་སུ་བརྟག་པ་བཟུང་སྟེ། ཉན་ཐོས་རྫུ་འཕྲུལ་ཆེན་པོ་འདི་ལྟ་སྟེ་དཔེར་ན། མཽད་གལ་གྱི་བུ་ཆེན་པོ་ལྟ་བུར་གྱུར་ལ། ཤཱ་རིའི་བུ་དེ་ལྟ་བུའི་ཉན་ཐོས་ཀྱི་ཚོགས་ཐམས་ཅད་ཀྱིས་སྟོབས་དང་། མཐུ་དང་། དྲག་ཤུལ་ཐམས་ཅད་དང་། རྫུ་འཕྲུལ་དང་། ཆོ་འཕྲུལ་གྱི་སྟོབས་ཐམས་ཅད་བསྟན་ཀྱང་ཡུངས་འབྲུ་ཡང་གདེག་པར་མི་ནུས་ཏེ། ཐ་ན་སྐྲའི་རྩེ་མོའི་ཆ་ཙམ་ཡང་བསྐྱོད་པར་མི་ནུས་སོ།། 80-1-11b དེ་ཅིའི་ཕྱིར་ན། ཤཱ་རིའི་བུ་དེ་བཞིན་གཤེགས་པ་ནི་རྫུ་འཕྲུལ་གྱི་ཕ་རོལ་དུ་ཕྱིན་པའི་དམ་པའི་ཕ་རོལ་དུ་སོན་པ་སྟེ། ཤཱ་རིའི་བུ་དེ་བཞིན་གཤེགས་པ་ནི་དེ་ལྟར་རྫུ་འཕྲུལ་ཆེ། དེ་ལྟར་མཐུ་ཆེ། དེ་ལྟར་ དབང་ཆེ་བར་གྲགས་པའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་ཁྱོད་ཀྱིས་ནམ་འཇིག་པའི་བསྐལ་པའི་དུས་ཀྱི་ཚེར་གྱུར་པ་དེ་ན་ཀུན་དུ་འཇོམ་པ་ ཞེས་བྱའི་རླུང་ལྡང་སྟེ། རླུང་དེ་ལངས་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡི་རིའི་རྒྱལ་པོ་རི་རབ་དང་། ཁོར་ཡུག་གི་རི་དང་། ཁོར་ཡུག་གི་རི་ཆེན་པོ་དང་། གླིང་ཆེན་པོ་བཞི་དང་། གླིང་བརྒྱད་ཁྲི་དང་། རི་ཆེན་པོ་དང་། རྒྱ་མཚོ་ཆེན་པོ་ཡང་དཔག་ཚད་སྲིད་དུ་མངོན་པར་འཕེན་ཅིང་རབ་ཏུ་འཐོར་བར་འགྱུར་བ་ཁྱོད་ཀྱིས་ཐོས་སམ། གསོལ་པ། བདག་གིས་བཅོམ་ལྡན་འདས་ལས་མངོན་སུམ་དུ་ཐོས་ ཏེ་མངོན་སུམ་དུ་བཟུང་ངོ་། །བཀའ་སྩལ་པ། ཤཱ་རིའི་བུ་ནམ་འཇིག་པའི་རླུང་འབྱུང་བ་དེ་ནི་ཀུན་དུ་འཇོམ་པ་ཆེན་པོ་ཞེས་བྱའི་རླུང་ལྡང་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རི་རབ་དང་ བཅས། ཁོར་ཡུག་དང་བཅས། རི་དང་བཅས། རྒྱ་མཚོ་དང་བཅས། དཔག་ཚད་བརྒྱར་མངོན་པར་འཕེན་ཅིང་རབ་ཏུ་མཐོང་། དཔག་ཚད་ཉིས་བརྒྱ་དང་། དཔག་ཚད་སུམ་བརྒྱ་དང་། དཔག་ཚད་བཞི་བརྒྱ་ དང་། དཔག་ཚད་ལྔ་བརྒྱ་དང་། དཔག་ཚད་སྟོང་དང་། དཔག་ཚད་ཉིས་སྟོང་དང་། སུམ་སྟོང་དང་། བཞི་སྟོང་དང་། ལྔ་སྟོང་དུ་མངོན་པར་འཕེན་ཅིང་རབ་ཏུ་འཐོར། དཔག་ཚད་བརྒྱ་ཕྲག་མང་པོ་དང་། དཔག་ཚད་བརྒྱ་སྟོང་ཕྲག་མང་པོར་མངོན་པར་འཕེན་ཅིང་རབ་ཏུ་འཐོར་ཏེ། དེ་དག་གི་རྡུལ་ཡང་མི་སྣང་ན་རི་དང་རྡོ་རྣམས་ལྟ་ཅི་སྨོས། འཐབ་བྲལ་གྱི་ལྷ་རྣམས་ཀྱི་གཞལ་མེད་ཁང་རྣམས་ཀྱང་དཀྲུགས་བཅོམ། 80-1-12a རབ་ཏུ་གཏོར་ཏེ། དེ་དག་གི་རྡུལ་ཡང་མི་སྣང་ན་གཞལ་མེད་ཁང་ནས་ལྟ་ཅི་སྨོས། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་རྣམས་དང་། གཞན་འཕྲུལ་དབང་བྱེད་ཀྱི་བདུད་ཀྱི་རིས་ རྣམས་དང་། ཚངས་པ་རྣམས་དང་། འོད་གསལ་བ་རྣམས་དང་། དགེ་རྒྱས་ཀྱི་ལྷ་རྣམས་ཀྱི་གཞལ་མེ་ཁང་གི་བར་དུ་དེ་བཞིན་དུ་རྒྱས་པར་བྱའོ། །ཇི་ལྟར་འཐབ་བྲལ་གྱི་དཀྲུགས་བཅོམ་རབ་ཏུ་གཏོར་ ཏེ། དཀྲུགས་བཅོམ་རབ་ཏུ་གཏོར་བ་དེ་དག་གི་རྡུལ་ཡང་མི་སྣང་ན་གཞལ་མེད་ཁང་དང་ར་བ་རྣམས་ལྟ་ཅི་སྨོས། ཤཱ་རིའི་བུ་གལ་ཏེ་དེ་ལྟ་བུའི་རླུང་ལངས་ཀྱང་དེས་དེ་བཞིན་གཤེགས་པའི་ཆོས་གོས་ཀྱི་མཐའ་ མའི་རྩེ་མོ་ཙམ་ཡང་གཡོས་པར་མི་ནུས་ན། ཆོས་གོས་སམ། ཆོས་གོས་ཀྱི་གྲྭ་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ བསམ་གྱིས་མི་ཁྱབ་པའི་རྫུ་འཕྲུལ་དང་། བསམ་གྱིས་མི་ཁྱབ་པའི་སྤྱོད་ལམ་དང་། བསམ་གྱིས་མི་ཁྱབ་པའི་ལམ་དང་། བསམ་གྱིས་མི་ཁྱབ་པའི་སྙིང་རྗེ་ཆེན་པོ་དང་ལྡན་ནོ། །ཤཱ་རིའི་བུ་གལ་ཏེ་འདི་ལྟ་བུའི་ རླུང་གི་དཀྱིལ་འཁོར་ཤར་ཕྱོགས་དང་། ལྷོ་དང་། ནུབ་དང་། བྱང་དང་། འོག་དང་། སྟེང་དང་། ཕྱོགས་འཚམས་དང་། ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ རླུང་མངོན་པར་ལྡང་ཡང་། ཤཱ་རིའི་བུ་འཇིག་རྟེན་གྱི་ཁམས་འཇིག་པར་བྱེད་པའི་རླུང་གི་དཀྱིལ་འཁོར་དེ་དེ་བཞིན་གཤེགས་པའི་སོར་མོའྀ་རྩེ་མོས་ཟློག་ཀྱང་དེ་བཞིན་གཤེགས་པའི་རྫུ་འཕྲུལ་དང་། ཆོ་ འཕྲུལ་གྱི་སྟོབས་བྲི་བ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་སྟེ། དེ་ལ་བྱང་ཆུབ་ 80-1-12b སེམས་དཔའ་མངོན་པར་དང་། ཡིད་ཆེས། སོམ་ཉི་མེད། ཐེ་ཚོམ་མི་ཟ། རྒྱ་ཆེར་དགའ་མགུ་སྟེ། རངས་པ་རྙེད་ནས་ངོ་མཚར་དང་། རྨད་ཏུ་འདུ་ཤེས་སྐྱེད་དོ། །དེ་ནས་བཅོམ་ ལྡན་འདས་ཀྱིས་དོན་འདི་ཉིད་རྒྱ་ཆེར་རབ་ཏུ་བསྟན་པའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་ངོ་། །ཁམས་གསུམ་སེམས་ཅན་ཇི་སྙེད་པ། །གནས་བརྟན་མཽད་གལ་བུ་བཞིན་དུ། ། རྫུ་འཕྲུལ་ཕ་རོལ་ཕྱིན་པ་ཡི། །ཉན་ཐོས་མཁས་པར་ཀུན་གྱུར་པས། །རྫུ་འཕྲུལ་ཐམས་ཅད་རབ་བརྟན་ཀྱང་། །དེ་བཞིན་གཤེགས་པས་ས་འདི་ལ། །ཡུངས་དཀར་གྱི་ནི་འབྲུ་བཞག་པ། །གཡོ་ བར་བྱ་བར་མི་ནུས་སོ། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་ཁམས། །གང་གཱ་ཡི་ནི་བྱེ་མ་སྙེད། །རྣམ་འཐོར་རླུང་དང་ཀུན་འཇོམ་པ། །རླུང་རྣམས་ཕྱོགས་བཅུར་ལངས་པར་གྱུར། །དེ་ལྟ་ བུ་ཡི་རླུང་ཆེན་དེས། །ཐམས་ཅད་གཟིགས་པའི་ཆོས་གོས་ཀྱི། །མཐའ་མ་སྐྲའི་རྩེ་ཙམ་ཡང་། །གཡོ་བར་བྱ་བར་མི་ནུས་སོ། །ཐུབ་པ་ཆེན་པོའི་སྤུ་གཅིག་གིས། །རླུང་དེ་རབ་ཏུ་ཟློག་པར་ མཛད། སངས་རྒྱས་རྫུ་འཕྲུལ་འདི་འདྲ་བ། །མཐའ་ཡས་པ་ནི་ནམ་མཁའ་བཞིན། །དེ་ལྟར་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་ རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་ལ་མངོན་པར་དད། ཡིད་ཆེས་པ་ནས་ངོ་མཚར་དང་རྨད་ཀྱི་བར་དུ་འདུ་ཤེས་སྐྱེད་དོ། །ཡང་ཤཱ་རིའི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་བསམ་གྱིས་མི་ཁྱབ་པ་ལ་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག །སོམ་ཉི་མེད། ཐེ་ཚོམ་མི་ཟ། རྒྱ་ཆེར་དགའ་མགུ་སྟེ། རངས་པ་རྙེད་ནས་ 80-1-13a ངོ་མཚར་དང་རྨད་ཏུ་འདུ་ཤེས་སྐྱེད་ཅེ་ན། ཤཱ་རིའི་བུ་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་ནི་བཅུ་པོ་འདི་དག་སྟེ། སྟོབས་དེ་དག་དང་ལྡན་པས་དེ་བཞིན་ གཤེགས་པ་ཁྱུ་མཆོག་གི་གནས་སུ་དམ་འཆའ་ཞིང་དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ། བདུད་དམ། ཚངས་པ་འམ། སུས་ཀྱང་འཇིག་རྟེན་འདིར་ཆོས་དང་འཐུན་པར་མ་བསྐོར་བའི་ཚངས་ པའི་འཁོར་ལོ་རབ་ཏུ་བསྐོར་ཏོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ལས་དང་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་། མོས་པ་དུ་མ་དང་། མོས་པ་ སྣ་ཚོགས་མཁྱེན་པའི་སྟོབས་དང་། ཁམས་དུ་མ་དང་། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང་། དབང་པོ་དང་། བརྩོན་འགྲུས་ཀྱི་རིམ་པ་མཁྱེན་པའི་སྟོབས་དང་། ཐམས་ཅད་ཏུ་འགྲོ་བའི་ ལམ་མཁྱེན་པའི་སྟོབས་དང་། བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། ལྡང་བ་མཁྱེན་པའི་སྟོབས་ དང་། སྔོན་གྱི་གནས་རྗེས་སུ་དྲན་པ་མངོན་སུམ་དུ་བྱེད་པ་མཁྱེན་པའི་སྟོབས་དང་། འཆི་འཕོ་དང་། སྐྱེ་བ་མངོན་སུམ་དུ་བྱེད་པ་མཁྱེན་པའི་སྟོབས་དང་། ཟག་པ་ཟད་པ་མངོན་སུམ་དུ་བྱེད་པ་མཁྱེན་པའི་སྟོབས་ སོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་དེ་དག་སྟེ། སྟོབས་དེ་དག་དང་ལྡན་པས་དེ་བཞིན་གཤེགས་པ་འཁོར་གྱི་ནང་དུ་ཡང་དག་པར་སེང་གེའི་སྒྲ་སྒྲོག་ཅིང་ཁྱུ་མཆོག་གི་གནས་སུ་ཞལ་གྱི་མཆེ་ བ་ནས། སུས་ཀྱང་འཇིག་རྟེན་དུ་ཆོས་དང་མཐུན་པར་མ་བསྐོར་བ་ཚངས་པའི་འཁོར་ལོ་རབ་ཏུ་སྐོར་བའི་བར་དུ་འོ། །དེ་བཞིན་གཤེགས་པའི་གནས་དང་། གནས་མ་ཡིན་པ་མཁྱེན་པའི་སྟོབས་གང་ཞེ་ན། 80-1-13b འདི་ལ་ཤཱ་རིའི་བུ་དེ་བཞིན་གཤེགས་པས་བླ་ན་མེད་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་གནས་ཀྱང་གནས་སུ། གནས་མ་ཡིན་པའང་གནས་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ ཏོ། །དེ་ལ་གནས་གང་། གནས་མ་ཡིན་པ་གང་ཞེ་ན། ཤཱ་རིའི་བུ་གང་ལུས་ཀྱིས་ཉེས་པར་སྤྱོད་པའི་རྣམ་པར་སྨིན་པ་འདོད་པ་དང་། སྡུག་པ་དང་། དགའ་བ་དང་། ཡིད་དུ་འོང་བ་མངོན་པར་འགྲུབ་པ་དེ་ ནི་གནས་མ་ཡིན་ཏེ། སྐབས་མེད་དོ། །གང་ལུས་ཀྱིས་ཉེས་པར་སྤྱད་པ་དང་། ངག་གིས་ཉེས་པར་སྤྱད་པ་དང་། ཡིད་ཀྱིས་ཉེས་པར་སྤྱད་པའི་རྣམ་པར་སྨིན་པ་མི་འདོད་པ་དང་། མི་སྡུག་པ་དང་། མི་དགའ་བ་དང་། ཡིད་ ཏུ་མི་འོང་བ་མངོན་པར་འགྲུབ་པ་དེ་ནི་གནས་ཡིན་ཏེ་སྐབས་ཡོད་དོ། །གང་ལུས་ཀྱིས་ལེགས་པར་སྤྱད་པ་དང་། ངག་གིས་ལེགས་པར་སྤྱད་པ་དང་། ཡིད་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་མི་ འདོད་པ་དང་། མི་སྡུག་པ་དང་། མི་དགའ་བ་དང་། ཡིད་དུ་མི་འོང་བ་མངོན་པར་འགྲུབ་པ་དེ་ནི་གནས་མ་ཡིན་ཏེ། སྐབས་མེད་དོ། །གང་ལུས་ཀྱིས་ལེགས་པར་སྤྱད་པ་དང་། ངག་གིས་ལེགས་པར་ སྤྱད་པ་དང་། ཡིད་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ། འདོད་པ་དང་། སྡུག་པ་དང་། དགའ་བ་དང་། ཡིད་དུ་འོང་བ་མངོན་པར་འགྲུབ་པ་དེ་ནི་གནས་ཡིན་ཏེ། སྐབས་ཡོད་དོ། །ཤཱ་ རིའི་བུ་འདི་ནི་གནས་མ་ཡིན་ཞིང་སྐབས་མེད་དེ། གང་སེར་སྣས་ལོངས་སྤྱོད་ཆེན་པོ་མངོན་པར་འགྲུབ་པ་དེ་ནི་གནས་མ་ཡིན་ནོ། །གང་སེར་སྣས་དབུལ་པོར་འགྱུར་བ་དེ་ནི་གནས་ཡིན་ཏེ་སྐབས་ ཡོད་དོ། །འདི་ནི་གནས་མ་ཡིན་ཞིང་སྐབས་མེད་དེ། གང་སྦྱིན་པས་དབུལ་པོར་འགྱུར་བ་དེ་ནི་གནས་མ་ཡིན་ནོ། །གང་སྦྱིན་པས་ལོངས་སྤྱོད་ཆེན་པོ་མངོན་པར་འགྲུབ་པ་དེ་ནི་གནས་ཡིན་ཏེ་ 80-1-14a སྐབས་ཡོད་དོ། །ཤཱ་རིའི་བུ་འདི་ནི་གནས་མ་ཡིན་ཞིང་སྐབས་མེད་དེ། གང་འཆལ་པའི་ཚུལ་ཁྲིམས་ཀྱིས་ལྷ་དང་མིར་སྐྱེ་བ་རྙེད་པ་དེ་ནི་གནས་མ་ཡིན་ནོ། །གང་འཆལ་པའི་ ཚུལ་ཁྲིམས་ཀྱིས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བ་དེ་ནི་གནས་ཡིན་ཏེ། སྐབས་ཡོད་དོ། །ཤཱ་རིའི་བུ་འདི་ནི་གནས་མ་ཡིན་ཞིང་ སྐབས་མེད་དེ། གང་ཚུལ་ཁྲིམས་ཀྱིས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བ་དེ་ནི་གནས་མ་ཡིན་ནོ། །གང་ཚུལ་ཁྲིམས་ཀྱིས་ལྷ་ དང་མིར་སྐྱེ་བ་ཐོབ་པ་ན་དེ་ནི་གནས་ཡིན་ཏེ་སྐབས་ཡོད་དོ། །ཤཱ་རིའི་བུ་གནས་མ་ཡིན་ཞིང་སྐབས་མེད་དེ། གང་གནོད་སེམས་ཀྱིས་གཟུགས་མཛེས་པར་མངོན་པར་འགྲུབ་པ་དེ་ནི་གནས་མ་ཡིན་ནོ། ། གང་གནོད་སེམས་ཀྱིས་གཟུགས་མི་སྡུག་པ་མངོན་པར་འགྲུབ་པ་དེ་ནི་གནས་ཡིན་ཏེ་སྐབས་ཡོད་དོ། །ཤཱ་རིའི་བུ་གནས་མ་ཡིན་ཞིང་སྐབས་མེད་དེ། གང་བཟོད་པས་གཟུགས་མི་སྡུག་པ་མངོན་ པར་འགྲུབ་པ་དེ་ནི་གནས་མ་ཡིན་ནོ། །གང་བཟོད་པས་གཟུགས་མཛེས་པ་མངོན་པར་འགྲུབ་པ་དེ་ནི་གནས་ཡིན་ཏེ་སྐབས་ཡོད་དོ། །ཤཱ་རིའི་བུ་གནས་མ་ཡིན་ཞིང་སྐབས་མེད་དེ། གང་ལེ་ལོས་འཐོབ་པ་དང་། མངོན་པར་རྟོགས་པར་འགྱུར་བ་དེ་ནི་གནས་མ་ཡིན་ནོ། །གང་ལེ་ལོས་འཐོབ་པ་དང་། མངོན་པར་རྟོགས་པར་མི་འགྱུར་བ་དེ་ནི་གནས་ཡིན་ཏེ་སྐབས་ཡོད་དོ། །ཤཱ་རིའི་བུ་གནས་མ་ཡིན་ཞིང་སྐབས་ མེད་དེ། གང་བརྩོན་འགྲུས་ཀྱིས་འཐོབ་པ་དང་། མངོན་པར་རྟོགས་པར་མི་འགྱུར་བ་དེ་ནི་གནས་མ་ཡིན་ནོ། །གང་བརྩོན་འགྲུས་ཀྱིས་འཐོབ་པ་དང་། མངོན་པར་རྟོགས་པར་འགྱུར་བ་དེ་ནི་གནས་ 80-1-14b ཡིན་ཏེ་སྐབས་ཡོད་དོ། །ཤཱ་རིའི་བུ་གནས་མ་ཡིན་ཞིང་སྐབས་མེད་དེ། གང་སེམས་གཡེངས་པས་ངེས་པར་གྱུར་པ་ལ་འཇུག་པར་འགྱུར་བ་དེ་ནི་གནས་མ་ཡིན་ནོ། །གང་སེམས་གཡེངས་པས་ངེས་ རྣམས་ལ་མི་འཇུག་པ་དེ་ནི་གནས་མ་ཡིན་ཏེ་སྐབས་ཡོད་དོ། །ཤཱ་རིའི་བུ་གནས་མ་ཡིན་ཞིང་སྐབས་མེད་དེ། གང་སེམས་རྩེ་གཅིག་པ་ངེས་པར་གྱུར་པ་ལ་འཇུག་པར་མི་འགྱུར་བ་དེ་ནི་གནས་མ་ཡིན་ནོ། །གང་ སེམས་རྩེ་གཅིག་ངེས་པར་གྱུར་པ་ལ་འཇུག་པར་འགྱུར་བ་དེ་ནི་གནས་ཡིན་ཏེ་སྐབས་ཡོད་དོ། །ཤཱ་རིའི་བུ་གནས་མ་ཡིན་ཞིང་སྐབས་མེད་དེ། གང་འཆལ་བའི་ཤེས་རབ་ཀྱིས་བག་ཆགས་ཀྱི་མཚམས་ སྦྱོར་བ་ཐམས་ཅད་ཡང་དག་པར་འཇོམ་པ་དེ་ནི་གནས་མ་ཡིན་ནོ། །གང་འཆལ་པའི་ཤེས་རབ་ཀྱིས་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཡང་དག་པར་འཇོམ་པར་མི་འགྱུར་བ་དེ་ནི་གནས་ཡིན་ཏེ་སྐབས་ ཡོད་དོ། །ཤཱ་རིའི་བུ་གནས་མ་ཡིན་ཞིང་སྐབས་མེད་དེ། གང་ཤེས་རབ་ཀྱིས་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཡང་དག་པར་འཇོམ་པར་མི་འགྱུར་བ་དེ་ནི་གནས་མ་ཡིན་ནོ། །གང་ཤེས་ རབ་ཀྱིས་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཡང་དག་པར་འཇོམ་པ་དེ་ནི་གནས་ཡིན་ཏེ་སྐབས་ཡོད་དོ། །ཤཱ་རིའི་བུ་གནས་མ་ཡིན་ཞིང་སྐབས་མེད་དེ། གང་སྲོག་གཅོད་པའི་སྐྱེས་བུ་གང་ ཟག་སྲོག་གཅོད་པའི་རྒྱུར་ཚེ་རིང་པོར་འགྱུར་བ་དེ་ནི་གནས་མ་ཡིན་ནོ། །ཡང་ཤཱ་རིའི་བུ་དེ་སྲོག་གཅོད་པའི་སྐྱེས་བུ་གང་ཟག་ཚེ་ཐུང་བར་འགྱུར་བ་དེ་ནི་གནས་ཡིན་ཏེ་སྐབས་ཡོད་དོ། །ཤཱ་རིའི་བུ་གནས་ མ་ཡིན་ཞིང་སྐབས་མེད་དེ། གང་སྲོག་གཅོད་པ་སྤངས་པའི་སྐྱེས་བུ་གང་ཟག་ཚེ་ཐུང་བར་འགྱུར་བ་དེ་ནི་གནས་མ་ཡིན་ནོ། །ཡང་ཤཱ་རིའི་བུ་གང་སྲོག་གཅོད་པ་སྤངས་པའི་སྐྱེས་བུ་གང་ཟག་ 80-1-15a ཚེ་རིང་པོར་འགྱུར་བ་དེ་ནི་གནས་ཡིན་ཏེ་སྐབས་ཡོད་དོ། །ཤཱ་རིའི་བུ་གནས་མ་ཡིན་ཞིང་སྐབས་མེད་དེ། གང་མ་བྱིན་པར་ལེན་པའི་སྐྱེས་བུ་གང་ཟག་ལོངས་སྤྱོད་ཆེན་པོ་རྙེད་པ་ དེ་ནི་གནས་མ་ཡིན་ནོ། །ཡང་ཤཱ་རིའི་བུ་མ་བྱིན་པར་ལེན་པའི་སྐྱེས་བུ་གང་ཟག་དབུལ་པོར་འགྱུར་བ་དེ་ནི་གནས་ཡིན་ཏེ་སྐབས་ཡོད་དོ། །ཡང་ཤཱ་རིའི་བུ་གནས་མ་ཡིན་ཞིང་སྐབས་མེད་དེ། གང་མ་ བྱིན་པར་ལེན་པ་སྤངས་པའི་སྐྱེས་བུ་གང་ཟག་དབུལ་པོར་འགྱུར་བ་དེ་ནི་གནས་མ་ཡིན་ནོ། །གང་མ་བྱིན་པར་ལེན་པ་སྤངས་པའི་སྐྱེས་བུ་གང་ཟག་ལོངས་སྤྱོད་ཆེན་པོར་འགྱུར་བ་དེ་ནི་གནས་ ཡིན་ཏེ་སྐབས་ཡོད་དོ། །ཤཱ་རིའི་བུ་གནས་མ་ཡིན་ཞིང་སྐབས་མེད་དེ། གང་འདོད་པ་ལ་ལོག་པར་གཡེམ་པའི་སྐྱེས་བུ་གང་ཟག་ཆུང་མ་འགྲན་ཟླ་མེད་པ་རྙེད་པ་དེ་ནི་གནས་མ་ཡིན་ནོ། ། ཡང་ཤཱ་རིའི་བུ་གང་འདོད་པ་ལ་ལོག་པར་གཡེམ་པའི་སྐྱེས་བུ་གང་ཟག་ཆུང་མ་འགྲན་ཟླ་ཡོད་པ་རྙེད་པ་དེ་ནི་གནས་ཡིན་ཏེ་སྐབས་ཡོད་དོ། །ཤཱ་རིའི་བུ་གནས་མ་ཡིན་ཞིང་སྐབས་མེད་དེ། གང་ འདོད་པ་ལ་ལོག་པར་གཡེམ་པ་སྤངས་པའི་སྐྱེས་བུ་གང་ཟག་ཆུང་མ་འགྲན་ཟླ་དང་བཅས་པ་རྙེད་པ་དེ་ནི་གནས་མ་ཡིན་ནོ། །ཡང་ཤཱ་རིའི་བུ་འདོད་པ་ལ་ལོག་པར་གཡེམ་པ་སྤངས་པའི་སྐྱེས་ བུ་གང་ཟག་ཆུང་མ་འགྲན་ཟླ་མེད་པ་རྙེད་པ་དེ་ནི་གནས་ཡིན་ཏེ་སྐབས་ཡོད་དོ། །གོང་མ་བཞིན་དུ་སྦྱར་ཏེ། དགེ་བ་དང་མི་དགེ་བའི་ལས་ཀྱི་ལམ་གསུམ་པོ་དེ་དག་བསྟན་པ་དེ་བཞིན་དུ་མི་དགེ་བ་ བཅུའི་ལས་ཀྱི་ལམ་ཐམས་ཅད་ལའང་བྱའོ། །གང་བརྫུན་དུ་སྨྲ་བ་དེས་སྐུར་པ་ཐོབ་པར་མི་འགྱུར་བ་དེ་ནི་གནས་མ་ཡིན་ནོ། །གང་ཐོབ་པར་འགྱུར་བ་དེ་ནི་གནས་སོ། །གང་ 80-1-15b བརྫུན་དུ་སྨྲ་བ་སྤངས་པས་སྐུར་པ་ཐོབ་པར་འགྱུར་པ་དེ་ནི་གནས་མ་ཡིན་ནོ། །གང་ཐོབ་པར་མི་འགྱུར་བ་དེ་ནི་གནས་སོ། །གང་ཕྲ་མ་ཟེར་བས་མི་ཕྱེད་པའི་གཡོག་རྙེད་པ་དེ་ནི་གནས་མ་ཡིན་ ནོ། །གང་རྙེད་པར་མི་འགྱུར་བ་དེ་ནི་གནས་སོ། །གང་ཕྲ་མ་སྤངས་པའི་གཡོག་ཕྱེད་པར་འགྱུར་བ་དེ་ནི་གནས་མ་ཡིན་ནོ། །གང་གཡོག་མི་ཕྱེད་པ་རྙེད་པ་དེ་ནི་གནས་སོ། །གང་ཚིག་ རྩུབ་པོ་སྨྲ་བས་རྟག་པར་ཡིད་དུ་འོང་བ་ཐོས་པར་འགྱུར་བ་དེ་ནི་གནས་མ་ཡིན་ནོ། །གང་ཡིད་དུ་མི་འོང་བ་ཐོས་པར་འགྱུར་བ་དེ་ནི་གནས་སོ། །གང་ཚིག་རྩུབ་པོ་སྤངས་པས་ཡིད་དུ་མི་འོང་བ་ཐོས་པར་ འགྱུར་བ་དེ་ནི་གནས་མ་ཡིན་ནོ། །གང་ཡིད་དུ་འོང་བ་ཐོས་པར་འགྱུར་བ་དེ་ནི་གནས་སོ། །གང་ཚིག་ཀྱལ་བ་སྨྲ་བས་ཤིན་དུ་གདོན་མི་ཟ་བའི་སྤོབས་པར་འགྱུར་བ་ནི་གནས་མ་ཡིན་ནོ། །གང་མི་ འགྱུར་བ་དེ་ནི་གནས་སོ། །གང་ཀྱལ་པར་སྨྲ་བ་སྤངས་པས་ཤིན་དུ་གདོན་མི་ཟ་བའི་སྤོབས་པར་མི་འགྱུར་བ་ནི་གནས་མ་ཡིན་ནོ། །གང་ཤིན་དུ་གདོན་མི་ཟ་བའི་སྤོབས་པར་འགྱུར་བ་ནི་གནས་སོ། ། གང་བརྣབ་སེམས་ཅན་ལོངས་སྤྱོད་རབ་ཏུ་ཉམས་པར་མི་འགྱུར་བ་ནི་གནས་མ་ཡིན་ནོ། །གང་འགྱུར་བ་ནི་གནས་སོ། །གང་བརྣབ་སེམས་སྤངས་པ་ལོངས་སྤྱོད་རབ་ཏུ་ཉམས་པར་འགྱུར་བ་ནི་གནས་ མ་ཡིན་ནོ། །གང་མི་འགྱུར་བ་ནི་གནས་སོ། །གང་གནོད་སེམས་ཅན་སེམས་ཅན་དམྱལ་བར་མི་འགྲོ་བ་ནི་གནས་མ་ཡིན་ནོ། །གང་འགྲོ་བ་ནི་གནས་སོ། །གང་གནོད་སེམས་སྤངས་པ་ བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་མི་འགྲོ་བ་དེ་ནི་གནས་མ་ཡིན་ནོ། །གང་འགྲོ་བ་ནི་གནས་སོ། །ཤཱ་རིའི་བུ་གནས་མ་ཡིན་ཞིང་སྐབས་མེད་དེ། གང་ལོག་པར་ལྟ་བའི་སྐྱེས་བུ་གང་ཟག་ 80-1-16a ལོག་པར་ལྟ་བ་བཟུང་བའི་རྒྱུར་ལམ་རྙེད་པར་འགྱུར་བ་དེ་ནི་གནས་མ་ཡིན་ནོ། །ཡང་ཤཱ་རིའི་བུ་གང་ལོག་པར་ལྟ་བའི་སྐྱེས་བུ་གང་ཟག་ལོག་པར་ལྟ་བ་བཟུང་བའི་རྒྱུས་ལམ་མི་རྙེད་པ་ ནི་གནས་ཡིན་ཏེ་སྐབས་ཡོད་དོ། །ཤཱ་རིའི་བུ་གང་ཡང་དག་པར་ལྟ་བའི་སྐྱེས་བུ་གང་ཟག་ཡང་དག་པར་ལྟ་བ་བཟུང་བའི་རྒྱུས་འཕགས་པའི་ལམ་མི་རྙེད་པ་དེ་ནི་གནས་མ་ཡིན་ཏེ་སྐབས་མེད་དོ། །ཡང་ ཤཱ་རིའི་བུ་ཡང་དག་པར་ལྟ་བའི་སྐྱེས་བུ་གང་ཟག་ཡང་དག་པར་ལྟ་བ་བཟུང་བའི་རྒྱུས་འཕགས་པའི་ལམ་རྙེད་པ་དེ་ནི་གནས་ཡིན་ཏེ་སྐབས་ཡོད་དོ། །གང་མཚམས་མེད་པ་བྱེད་པའི་སེམས་གནས་པར་ འགྱུར་བ་ནི་གནས་མ་ཡིན་ནོ། །གང་མི་འགྱུར་བ་ནི་གནས་སོ། །གང་ཚུལ་ཁྲིམས་ཡོངས་སུ་དག་པའི་སེམས་གནས་པར་མི་འགྱུར་བ་ནི་གནས་མ་ཡིན་ནོ། །གང་འགྱུར་བ་ནི་གནས་སོ། །གང་ དམིགས་པར་ལྟ་བའི་རྗེས་སུ་མཐུན་པའི་བཟོད་པ་འཐོབ་པ་དེ་ནི་གནས་མ་ཡིན་ནོ། །གང་འཐོབ་པར་འགྱུར་བ་ནི་གནས་སོ། །གང་སྟོང་པ་ཉིད་ལ་མོས་པས་རྗེས་སུ་འཐུན་པའི་བཟོད་པ་མི་ འཐོབ་པ་ནི་གནས་མ་ཡིན་ནོ། །གང་ཐོབ་པར་འགྱུར་བ་ནི་གནས་སོ། །གང་འགྱོད་པ་ལ་གནས་པའི་སེམས་ཤིན་དུ་བྱང་བ་རྗེས་སུ་འཐོབ་པར་འགྱུར་བ་ནི་གནས་མ་ཡིན་ནོ། །གང་མི་འཐོབ་ པ་ནི་གནས་སོ། །གང་ཀུན་དུ་དཀྲིས་ཏེ་འདུག་པའི་སེམས་ལས་སེམས་ཤིན་དུ་བྱང་བར་འགྱུར་བ་ནི་གནས་མ་ཡིན་ནོ། །གང་འགྱུར་བ་ནི་གནས་སོ། །གང་བུད་མེད་འཁོར་ལོས་ སྒྱུར་བའི་རྒྱལ་པོར་འགྱུར་བ་ནི་གནས་མ་ཡིན་ནོ། །གང་སྐྱེས་བུ་འགྱུར་བ་ནི་གནས་སོ། །གང་བུད་མེད་ལྷའི་དབང་པོ་བརྒྱ་བྱིན་དུ་འགྱུར་བ་ནི་གནས་མ་ཡིན་ནོ། །གང་སྐྱེས་བུ་འགྱུར་བ་ནི་ 80-1-16b གནས་སོ། །གང་བུད་མེད་ཚངས་པ་དབང་བྱེད་དུ་འགྱུར་བ་ནི་གནས་མ་ཡིན་ནོ། །གང་སྐྱེས་བུ་འགྱུར་བ་ནི་གནས་སོ། །གང་བུད་མེད་སངས་རྒྱས་སུ་འཇིག་རྟེན་དུ་འབྱུང་བ་ནི་གནས་མ་ཡིན་ནོ། །གང་བུད་ མེད་ཀྱི་ལུས་བསྒྱུར་ནས་སངས་རྒྱས་སུ་འཇིག་རྟེན་དུ་འབྱུང་བ་ནི་གནས་སོ། །གང་སྐྱེས་བུ་གང་ཟག་བརྒྱད་པ་འབྲས་བུ་མ་ཐོབ་པར་ལྡང་བ་ནི་གནས་མ་ཡིན་ནོ། །གང་འབྲས་བུ་ཐོབ་ནས་ལྡང་བ་ནི་ གནས་སོ། །གང་རྒྱུན་དུ་ཞུགས་པ་སྲིད་པ་བརྒྱད་པ་མངོན་པར་སྒྲུབ་པ་ནི་གནས་མ་ཡིན་ནོ། །གང་ཕུང་པོ་དེ་ཉིད་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་གནས་སོ། །གང་ལན་ཅིག་ཕྱིར་འོང་བ་སྲིད་ པ་གསུམ་པ་མངོན་པར་སྒྲུབ་པ་ནི་གནས་མ་ཡིན་ནོ། །གང་ཕུང་པོ་དེ་ཉིད་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་གནས་སོ། །གང་ཕྱིར་མི་འོང་བ་འཇིག་རྟེན་འདིར་འོང་བ་ནི་གནས་ མ་ཡིན་ནོ། །གང་དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའ་བ་ནི་གནས་སོ། །གང་དགྲ་བཅོམ་པ་འཚམས་སྦྱོར་བའི་གནས་སུ་འགྱུར་བ་ནི་གནས་མ་ཡིན་ནོ། །གང་མི་འགྱུར་བ་ནི་གནས་སོ། །གང་འཕགས་ པའི་གང་ཟག་སྟོན་པ་གཞན་ཚོལ་བ་འམ། རྒྱལ་མཚན་གཞན་གཟུང་ནས་སྤྱོད་པ་ནི་གནས་མ་ཡིན་ནོ། །ལྷ་གཞན་མེད་པར་འགྱུར་བ་ནི་གནས་སོ། །གང་མི་སྐྱེ་བ་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་ དཔའ་ཕྱིར་ལྡོག་པ་ནི་གནས་མ་ཡིན་ནོ། །གང་བྱང་ཆུབ་རྗེས་སུ་ཐོབ་པར་འགྱུར་བ་ནི་གནས་སོ། །གནས་མ་ཡིན་ཞིང་སྐབས་མེད་དེ། གང་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ནས་བྱང་ཆུབ་མངོན་པར་རྫོགས་ པར་སངས་མ་རྒྱས་པར་ལྡང་བ་དེ་ནི་གནས་མ་ཡིན་ནོ། །གང་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ 80-1-17a ནས་ལྡང་བ་དེ་ནི་གནས་ཡིན་ཏེ་སྐབས་ཡོད་དོ། །ཤཱ་རིའི་བུ་གནས་མ་ཡིན་ཞིང་སྐབས་མེད་དེ། གང་དེ་བཞིན་གཤེགས་པ་ལ་བག་ཆགས་ཀྱི་མཚམས་སྦྱོར་བ་སྣང་བ་དེ་ནི་གནས་ མ་ཡིན་ནོ། །གང་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཡང་དག་པར་བཅོམ་པ་ནི་གནས་ཡིན་ཏེ་སྐབས་ཡོད་དོ། །ཤཱ་རིའི་བུ་གང་དེ་བཞིན་གཤེགས་ པའི་ཡེ་ཤེས་ཐོགས་པར་འགྱུར་བ་དེ་ནི་གནས་མ་ཡིན་ཏེ་སྐབས་མེད་དོ། །གང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ཐོགས་པ་མེད་པ་ནི་གནས་ཡིན་ཏེ་སྐབས་ཡོད་དོ། །ཤཱ་རིའི་བུ་གནས་མ་ ཡིན་ཞིང་སྐབས་མེད་དེ། གང་དེ་བཞིན་གཤེགས་པའི་གཙུག་ཏོར་ལ་ལས་བལྟར་མཐོང་བ་དེ་ནི་གནས་མ་ཡིན་ནོ། །གང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གཙུག་ཏོར་བལྟར་མི་མཐོང་བ་ནི་ གནས་ཡིན་ཏེ་སྐབས་ཡོད་དོ། །ཤཱ་རིའི་བུ་གནས་མ་ཡིན་ཞིང་སྐབས་མེད་དེ་དེ་བཞིན་གཤེགས་པའི་སེམས་དང་སྤྱོད་པ་སྣང་བ་ནི་གནས་མ་ཡིན་ནོ། །ཡང་ཤཱ་རིའི་བུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སེམས་དང་སྤྱོད་པ་མི་སྣང་བ་ནི་གནས་ ཡིན་ཏེ་སྐབས་ཡོད་དོ། །ཤཱ་རིའི་བུ་གནས་མ་ཡིན་ཞིང་སྐབས་མེད་དེ། གང་དེ་བཞིན་གཤེགས་པ་ལ་མཉམ་པར་མ་བཞག་པའི་སེམས་དམིགས་པར་འགྱུར་བ་དེ་ནི་གནས་མ་ཡིན་ནོ། །ཡང་ཤཱ་རིའི་ བུ་གང་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉམ་པར་བཞག་པ་ནི་གནས་ཡིན་ཏེ་སྐབས་ཡོད་དོ། །ཤཱ་རིའི་བུ་གནས་མ་ཡིན་ཞིང་སྐབས་མེད་དེ། གང་དེ་བཞིན་གཤེགས་པ་ལ་མི་བདེན་པའི་ཚིག་འབྱུང་བ་དེ་ནི་གནས་མ་ཡིན་ནོ། ། གང་སངས་རྒྱས་བཅོམ་ལྡན་འདས་རྣམས་ལོག་པར་མི་གསུང་ཞིང་གཞན་མ་ཡིན་པར་གསུང་བ་ནི་གནས་ཡིན་ཏེ་སྐབས་ཡོད་དོ། །ཤཱ་རིའི་བུ་གནས་མ་ཡིན་ཞིང་སྐབས་མེད་དེ། གང་སངས་རྒྱས་བཅོམ་ལྡན་ 80-1-17b འདས་རྣམས་ལ་འཁྲུལ་པ་དམིགས་པར་འགྱུར་བ་དེ་ནི་གནས་མ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་འཁྲུལ་པ་མེད་དེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཚིག་མི་འཁྲུལ་པ་ནི་གནས་ཡིན་ཏེ་སྐབས་ཡོད་དོ། །དེ་བཞིན་དུ་མི་ འཇིགས་པ་བཞི་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་རྣམས་རྒྱས་པར་བྱ་སྟེ་ཤཱ་རིའི་བུ་གནས་མ་ཡིན་ཞིང་སྐབས་མེད་དེ། གང་དེ་བཞིན་གཤེགས་པ་ད་ལྟར་བྱུང་བའི་དུས་ལ་ཆགས་པ་དང་། སྒྲིབ་པར་བཅས་པའི་ཡེ་ཤེས་ གཟིགས་པ་འཇུག་པའི་བར་དུ་དེ་ནི་གནས་མ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ད་ལྟར་གྱི་དུས་ལ་ཆགས་པ་མེད་ཅིང་སྒྲིབ་པ་མེད་པའི་ཡེ་ཤེས་མཐོང་བ་འཇུག་པ་ནི་གནས་ཡིན་ཏེ་སྐབས་ ཡོད་དོ། །དེ་ལྟར་ཤཱ་རིའི་བུ་དེ་བཞིན་གཤེགས་པའི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་མཐའ་ཡས་མུ་མེད་དོ། །འདི་ལྟར་ཤཱ་རིའི་བུ་དེ་བས་དེ་བཞིན་གཤེགས་པའི་གནས་དང་། གནས་མ་ཡིན་པ་ མཁྱེན་པའི་སྟོབས་མཐའ་ཡས་མུ་མེད་དེ། ཤཱ་རིའི་བུ་གང་ནམ་མཁའི་མཐའ་འདོད་པ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གནས་དང་། གནས་མ་ཡིན་པ་མཁྱེན་ པའི་སྟོབས་ཀྱི་མཐའ་འདོད་དོ། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་བསམ་གྱིས་མི་ཁྱབ་པ་དེ་ཐོས་ནས་མངོན་པར་དད། ཡིད་ཆེས། རབ་ཏུ་ རྟོག །སོམ་ཉི་མེད། ཐེ་ཚོམ་མི་ཟ། རྒྱ་ཆེར་དགའ་མགུ་སྟེ། རངས་པ་རྙེད་ནས་ངོ་མཚར་དང་། རྨད་དུ་འདུ་ཤེས་སྐྱེད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་ གཤེགས་པས་དེ་སྐད་གསུངས་ནས་སྟོན་པ་ཡང་འདི་སྐད་གསུང་ངོ་། །ཇི་ལྟར་ཕྱོགས་བཅུའི་ནམ་མཁའ་ཚད་མེད་མཐའ་ཡས་པ། །དེ་བཞིན་རྒྱལ་བའི་གནས་དང་གནས་མིན་མཁྱེན་མཐའ་ཡས། ། 80-1-18a འགྲོ་བའི་གནས་དང་གནས་མིན་དེ་བཞིན་རབ་མཁྱེན་ནས། །སྟོན་པ་ཆོས་མཆོག་རྒྱ་ཆེན་ཡང་དག་རབ་ཏུ་འཆད། །མི་གང་ཐར་པ་དག་གི་ལམ་གྱི་སྣོད་གྱུར་པ། །སྟོན་པས་དེ་དག་སྤྱོད་པ་མཁྱེན་ ནས་ཆོས་ཀྱང་འཆད། །སེམས་ཅན་གང་དག་སྣོད་དུ་གྱུར་པ་མ་ཡིན་པ། །གནས་དང་གནས་མིན་རིག་ནས་དེ་དག་བཏང་སྙོམས་འཇོག །ནམ་མཁའ་འདི་གཡོས་ས་ལ་འབྲས་བུ་འབྱུང་ཡང་ནི། །བདེ་བར་ གཤེགས་པའི་གནས་དང་གནས་མིན་གཞན་མི་འགྱུར། །འཇིག་རྟེན་པ་ལས་འཇིག་རྟེན་འདས་པ་སྟོབས་བཅུ་ལྡན། །ཡོན་ཏན་མཆོག་འཆད་རྣམས་ཀྱི་ཡེ་ཤེས་བསམ་མི་ཁྱབ། །ཤཱ་རིའི་བུ་འདི་ནི་དེ་བཞིན་ གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་དང་པོ་སྟེ། །སྟོབས་དེ་དང་ལྡན་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་ དག་པར་སྒྲོག་སྟེ། ཁྱུ་མཆོག་གི་གནས་སུ་ཞལ་གྱིས་འཆེ་ཞིང་ཚངས་པ་འམ། །བརྒྱ་བྱིན་ནས། །སུས་ཀྱང་འཇིག་རྟེན་དུ་ཆོས་དང་མཐུན་པར་མ་བསྐོར་བའི་ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་བའི་བར་དུའོ། ། དེ་ལ་དེ་བཞིན་གཤེགས་པའི་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་གང་ཞེ་ན། འདི་ལ་ཤཱ་རིའི་བུ་དེ་བཞིན་གཤེགས་པ་བླ་ན་མེད་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ལས་ལེན་པ་རྣམས་ཀྱི་རྣམ་པར་སྨིན་པ་གནས་དང་། རྒྱུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། འདི་ལ་ཤཱ་རིའི་བུ་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གང་འདས་པའི་ལས་ལེན་པ་དགེ་བའི་རྒྱུ་ལས་བྱུང་བ། མི་དགེ་བ་དང་བྲལ་བ། གང་མ་འོངས་པའི་དུས་ན་དགེ་བའི་རྒྱུ་འབྱིན་པ་ 80-1-18b དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ལས་ལེན་པ་གང་མི་དགེ་བའི་རྒྱུ་ལས་བྱུང་བ། དགེ་བ་དང་བྲལ་བ་གང་མ་འོངས་པའི་དུས་ན་མི་དགེ་བའི་རྒྱུ་འབྱིན་པ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ ཏོ། །ལས་ལེན་པ་གང་མ་འོངས་པའི་དུས་ན་དམན་པ་ལ་སྟེན་པར་འགྱུར་བ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ལས་ལེན་པ་གང་ད་ལྟར་གྱི་དུས་ན་ཁྱད་པར་ལ་སྟེན་པར་འགྱུར་བ་དེ་ཡང་དེ་བཞིན་ གཤེགས་པས་རབ་ཏུ་མཁྱེན་ཏོ། །ལས་ལེན་པ་གང་ད་ལྟར་གྱི་དུས་ན་ཁྱད་པར་དུ་སྟེན་ལ་མ་འོངས་པའི་དུས་ན་དམན་པ་ལ་སྟེན་པར་འགྱུར་བ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ལས་ལེན་པ་གང་ ད་ལྟར་གྱི་དུས་ན་དམན་པ་ལ་སྟེན་ལ་མ་འོངས་པའི་དུས་ན་ཁྱད་པར་དུ་སྟེན་པར་འགྱུར་བ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ལས་ལེན་པ་གང་ད་ལྟར་གྱི་དུས་ན་ཡང་དམན་པ་ལ་སྟེན་ལ་མ་འོངས་ པའི་དུས་ན་ཡང་དམན་པ་ལ་སྟེན་པར་འགྱུར་བ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ལས་ལེན་པ་གང་ད་ལྟར་གྱི་དུས་ན་ཡང་ཁྱད་པར་དུ་སྟེན་ལ་མ་འོངས་པའི་དུས་ན་ཡང་ཁྱད་པར་དུ་སྟེན་པར་འགྱུར་ བ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ལས་ལེན་པ་གང་འདས་པའི་དུས་ན་སྦྱོར་བ་དམན་ལ་མ་འོངས་པའི་དུས་ན་སྦྱོར་བ་རྒྱ་ཆེན་པོར་འགྱུར་བ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། ལས་ལེན་པ་གང་རྩོམ་པ་ཆུང་ལ་ཁྱད་པར་ཆེན་པོར་འགྱུར་བ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ལས་ལེན་པ་གང་རྩོམ་པ་ཆེ་ལ་ཁྱད་པར་ཆུང་ངུར་འགྱུར་བ་དེ་ཡང་དེ་བཞིན་གཤེགས་ པས་རབ་ཏུ་མཁྱེན་ཏོ། །ལས་ལེན་པ་གང་ཉན་ཐོས་སུ་འགྱུར་བའི་རྒྱུ་འབྱིན་པ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ལས་ལེན་པ་གང་རང་སངས་རྒྱས་ཀྱི་རྒྱུ་འབྱིན་ 80-1-19a པ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ལས་ལེན་པ་གང་སངས་རྒྱས་སུ་འགྱུར་བའི་རྒྱུ་འབྱིན་པ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ལས་ ལེན་པ་གང་ད་ལྟར་སྡུག་བསྔལ་ལ་མ་འོངས་པའི་དུས་ན་རྣམ་པར་སྨིན་པ་བདེ་བ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ལས་ལེན་པ་གང་ད་ལྟར་བདེ་ལ་མ་འོངས་པ་ན་རྣམ་པར་སྨིན་པ་ སྡུག་བསྔལ་བ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ལས་ལེན་པ་གང་ད་ལྟར་ཡང་སྡུག་བསྔལ་ལ་མ་འོངས་པ་ན་ཡང་རྣམ་པར་སྨིན་པ་སྡུག་བསྔལ་བ་དེ་ཡང་དེ་བཞིན་གཤེགས་ པས་རབ་ཏུ་མཁྱེན་ཏོ། །ལས་ལེན་པ་གང་ད་ལྟར་ཡང་བདེ་ལ། མ་འོངས་པ་ན་ཡང་རྣམ་པར་སྨིན་པ་བདེ་བ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །འདི་ལྟར་ཤཱ་རིའི་བུ་ འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་དུས་ན་སེམས་ཅན་ཐམས་ཅད་ཀྱི་ལས་གང་དང་། རྒྱུ་གང་དང་། རྣམ་པར་སྨིན་པ་གང་དེ་བཞིན་དང་། དེ་བཞིན་ཉིད་དང་། གཞན་ མ་ཡིན་པ་དང་། གཞན་མ་ཡིན་པར་སྟེན་པ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །མཁྱེན་ནས་ཀྱང་དེ་བཞིན་དུ་དེ་བཞིན་གཤེགས་པ་ཆོས་སྟོན་ཏོ། །དེ་ལྟར་ན་ ཤཱ་རིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་ལས་ལེན་པའི་རྒྱུ་གང་ཡིན་པ་དང་། གནས་གང་ ཡིན་པ་དང་། རྣམ་པར་སྨིན་པ་མཁྱེན་པ་གང་ཡིན་པ་དེ་ནི་མཐའ་ཡས་མུ་མེད་དོ། །འདི་ལྟ་སྟེ་དཔེར་ན་ཤཱ་རིའི་བུ་ནམ་མཁའ་མཐའ་ཡས་མུ་མེད་པ་དེ་བཞིན་དུ་ཤཱ་རིའི་བུ་དེ་བཞིན་ 80-1-19b གཤེགས་པའི་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དེ་ཡང་མཐའ་ཡས་མུ་མེད་དོ། །ཤཱ་རིའི་བུ་གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལས་ཀྱི་རྣམ་པར་ སྨིན་པ་མཁྱེན་པའི་སྟོབས་གྱི་མཐའ་འདོད་པ་དེ་ནི་ནམ་མཁའི་མཐའ་འདོད་དོ། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་བསམ་གྱིས་མི་ཁྱབ་ པ་དེ་ཐོས་ནས། མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག །སོམ་ཉི་མེད། ཐེ་ཚོམ་མི་ཟ། རྒྱ་ཆེར་དགའ་མགུ་སྟེ། རངས་པ་རྙེད་ནས་ནམ་མཁའ་ལྟ་བུར་བསམ་གྱིས་ མི་ཁྱབ་པའི་ཕྱིར་ངོ་མཚར་དང་རྨད་དུ་འདུ་ཤེས་སྐྱེད་དོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ་དེ་ལ་འདི་སྐད་ཅེས་བྱའོ། །དེ་བཞིན་གཤེགས་པ་རྒྱུ་དང་སྨིན་ལ་མཁས། །སྤྱན་ལྡན་ ལས་རྣམས་ཀུན་གྱི་སྒྲུབ་པ་མཁྱེན། །དུས་གསུམ་ལ་ནི་རྒྱལ་བ་ཆགས་པ་མེད། །སེམས་ཅན་ཀུན་གྱི་སྤྱོད་པ་རབ་ཏུ་མཁྱེན། །འགྲོ་བ་ལྔ་ཡི་སེམས་ཅན་ཐམས་ཅད་ཀྱི། ། བདེ་དང་སྡུག་བསྔལ་རྒྱུར་ནི་གང་འགྱུར་དང་། །འཇུག་པ་གང་དག་སྡུག་བསྔལ་རྒྱུར་འགྱུར་བ། །དེ་དག་དེ་བཞིན་བདེ་གཤེགས་རབ་ཏུ་མཁྱེན། །དཀར་ནག་ལས་རྣམས་ཀྱི་ནི་རྣམ་ སྨིན་དང་། །རྒྱུ་དང་རྣམ་སྨིན་ཇི་ལྟར་འགྱུར་བ་ཡང་། །དེ་དག་དེ་བཞིན་བདེ་གཤེགས་རབ་མཁྱེན་ཏེ། །ཕྱག་གི་མཐིལ་ན་ཡིད་བཞིན་ནོར་བུ་བཞིན། །ལས་གང་རྣམ་སྨིན་ཆུང་ངུའི་རྒྱུ་དག་ ལས། འབྲས་བུ་དག་ནི་ཚད་མེད་འབྱིན་པ་དང་། །ཚད་མེད་གང་དག་ཆུང་ངུའི་རྒྱུར་འགྱུར་བ། །དེ་དག་དེ་བཞིན་བདེ་གཤེགས་རབ་ཏུ་མཁྱེན། །ཉན་ཐོས་ཉིད་དུ་འབྲས་བུ་སྨིན་འགྱུར་དང་། རང་རྒྱལ་བྱང་ 80-1-20a ཆུབ་རྒྱུར་ནི་གང་འགྱུར་དང་། །བླ་མེད་ཡེ་ཤེས་སྟོབས་ནི་སྦྱིན་འགྱུར་བ། །དེ་དག་མ་ལུས་བདེ་གཤེགས་རབ་ཏུ་མཁྱེན། །ལས་ཀྱི་རྒྱུ་གང་སྡུག་བསྔལ་སྨིན་བྱེད་པ། །དེ་ཡང་བདེ་བའི་འབྲས་ བུ་སྨིན་བྱེད་དང་། །ལས་ཀྱི་རྒྱུ་གང་བདེ་བ་སྨིན་བྱེད་པ། །སྡུག་བསྔལ་འབྲས་བུ་བྱ་བ་ཐམས་ཅད་མཁྱེན། །སྡུག་བསྔལ་རྒྱུས་ནི་སྡུག་བསྔལ་ཉིད་གནས་དང་། །བདེ་བའི་རྒྱུས་ཀྱང་བདེ་བ་ཉིད་ གནས་དང་། །ལས་ཀྱི་རང་བཞིན་རང་བཞིན་མ་ཡིན་པ། །རྒྱུ་ལྡན་བདེ་བར་གཤེགས་པས་རབ་ཏུ་མཁྱེན། །འགྲོ་བ་ལྔ་ཡི་སེམས་ཅན་ཐམས་ཅད་ཀྱི། །དུས་གསུམ་སྡུག་བསྔལ་བགྲོད་པ་གང་ འཇུག་པ། །ཉམས་མེད་དེ་ཉིད་དེ་བཞིན་གཞན་མིན་པར། །སངས་རྒྱས་མཁྱེན་པས་རྒྱལ་བ་རབ་ཏུ་མཁྱེན། །ཤཱ་རིའི་བུ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་ གཉིས་པ་སྟེ། །སྟོབས་དེ་དང་ལྡན་པས་དེ་བཞིན་གཤེགས་པ་འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོག་ཅིང་། །དགེ་སྦྱོང་ངམ། །བྲམ་ཟེ་འམ། །ལྷ་འམ། བདུད་དམ། ཚངས་པ་གང་ གིས་ཀྱང་འཇིག་རྟེན་འདིར་ཆོས་དང་འཐུན་པར་མ་བསྐོར་བ་ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་ཏོ།། །། བམ་པོ་ལྔ་པ། །གཞན་ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པས་མོས་པ་དུ་མ་དང་། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་སེམས་ཅན་གཞན་རྣམས་དང་། །གང་ཟག་གཞན་དག་གིས་མོས་པ་དུ་མ་དང་། །མོས་པ་སྣ་ཚོགས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ མཁྱེན་ཏོ། །སྐྱེས་བུ་གང་ཟག་གང་འདོད་ཆགས་ལ་གནས་ཤིང་ཞེ་སྡང་ལ་མོས་པ་འང་རྒྱས་པར་བྱ་སྟེ། །གཏི་མུག་ལ་གནས་ཤིང་ཞེ་སྡང་ལ་མོས་པ་དེ་དག་ཀྱང་དེ་བཞིན་གཤེགས་པས་ 80-1-20b རབ་ཏུ་མཁྱེན་ཏོ། །གང་ཟག་གང་མི་དགེ་བ་ལ་གནས་ཤིང་མི་དགེ་བ་ལ་མོས་པ་དེ་དག་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །གང་ཟག་གང་དགེ་བ་ལ་གནས་ཤིང་དགེ་བ་ལ་མོས་པ་དེ་དག་ཀྱང་ དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །གང་ཟག་གང་སྦྱོར་བ་དམན་ཞིང་རྒྱ་ཆེན་པོ་ལ་མོས་པ་དེ་དག་ཀྱང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ ཏོ། །གང་ཟག་གང་སྦྱོར་བ་རྒྱ་ཆེ་ཞིང་དམན་པ་ལ་མོས་པ་དེ་དག་ཀྱང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །གང་ཟག་གང་སྦྱོར་བ་དམན་ཞིང་ཁྱད་པར་ལ་གནས་པར་ འགྱུར་བ་དེ་དག་ཀྱང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །མོས་པ་གང་གིས་ཁྱད་པར་ལ་སྤྱོར་བ་དམན་པ་ལ་གནས་པར་འགྱུར་བ་དེ་དག་ཀྱང་དེ་བཞིན་གཤེགས་པས་ཡང་དག་ པ་ཇི་ལྟ་བཞིན་རབ་ཏུ་མཁྱེན་ཏོ། །མོས་པ་གང་གིས་ལོག་པ་ཉིད་དུ་ངེས་པའི་ཁམས་ཐོབ་པར་འགྱུར་བ་དེ་དག་ཀྱང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །མོས་པ་ གང་གིས་ཡང་དག་པ་ཉིད་དུ་ངེས་པའི་ཁམས་ཐོབ་པར་འགྱུར་བ་དེ་དག་ཀྱང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །མོས་པ་གང་གིས་ཡང་དག་པ་ཉིད་ཏུ་ངེས་པའི་ རྣམ་པར་གྲོལ་བ་ཐོབ་པར་འགྱུར་བ་དེ་དག་ཀྱང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །མོས་པ་གང་གིས་འདོད་པའི་ཁམས་སུ་འགྲོ་བར་འགྱུར་བ་དེ་དག་ཀྱང་དེ་ བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །མོས་པ་གང་གིས་གཟུགས་ཀྱི་ཁམས་སུ་འགྲོ་བར་འགྱུར་བ་དེ་དག་ཀྱང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་ 80-1-21a རབ་ཏུ་མཁྱེན་ཏོ། །མོས་པ་གང་གིས་གཟུགས་མེད་པའི་ཁམས་སུ་འགྲོ་བར་འགྱུར་བ་དེ་དག་ཀྱང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །མོས་པ་གང་གིས་ ཁམས་གསུམ་དུ་འགྲོ་བར་འགྱུར་བ་དེ་དག་ཀྱང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །མོས་པ་གང་གིས་དམན་པ་ལ་སྟེན་ཅིང་དམན་པ་ཉིད་གནོན་པ་དང་། ཁྱད་པར་ལ་སྟེན་ ཅིང་ཁྱད་པར་ལ་གནོན་པ་དེ་དག་ཀྱང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །མོས་པ་གང་གིས་ཁྱད་པར་དུ་སོང་ནས་དམན་པ་ལ་གནས་པར་འགྱུར་བ་དེ་དག་ཀྱང་དེ་བཞིན་ གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །མོས་པ་གང་གིས་སྐྱེ་བ་ཐ་དད་པ་དང་། །ཁ་དོག་ཐ་དད་པ་དང་། །ཡོངས་སུ་ལོངས་སྤྱོད་པ་ཐ་དད་པ་རབ་ཏུ་འཛིན་པར་འགྱུར་བ་དེ་དག་ཀྱང་ དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །མོས་པ་གང་གིས་རྩེ་མོ་ལས་ཉམས་པར་འགྱུར་བ་དེ་དག་ཀྱང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། ། མོས་པ་གང་གིས་རྣམ་པར་གྲོལ་བ་ཐོབ་པར་འགྱུར་བ་དེ་དག་ཀྱང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །མཁྱེན་ནས་ཀྱང་དེ་བཞིན་དུ་ཆོས་སྟོན་ཏོ། །དེ་ལྟར་ན་ཤཱ་རིའི་བུ་ དེ་བཞིན་གཤེགས་པའི་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་གང་ཡིན་པ་དེ་ནི་མཐའ་ཡས་མུ་མེད་དེ། །ནམ་མཁའ་དང་མཚུངས་ཤིང་མཉམ་མོ། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་ མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དེ་ཐོས་ནས་མངོན་པར་དད། །ཡིད་ཆེས། རབ་ཏུ་རྟོག །སོམ་ཉི་མེད། །ཐེ་ཚོམ་མི་ཟ། །རྒྱ་ཆེར་དགའ་མགུ་སྟེ་རངས་པ་རྙེད་ནས་ནམ་མཁའ་ལྟ་བུར་བསམ་ 80-1-21b གྱིས་མི་ཁྱབ་པའི་ཕྱིར་ངོ་མཚར་དང་རྨད་ཏུ་འདུ་ཤེས་སྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་རྒྱ་ཆེར་བསྟན་པའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །འཇིག་རྟེན་འདི་མོས་སྣ་ ཚོགས་དང་། །དེ་བཞིན་བློ་གྲོས་ཚད་མེད་པ། །དེ་དག་གི་ནི་མོས་པའི་སེམས། །ཐམས་ཅད་འདྲེན་པས་རབ་ཏུ་མཁྱེན། །གང་དག་འདོད་ཆགས་མོས་པ་ལ། །ཞེ་སྡང་ལ་ནི་གནས་འགྱུར་དང་། །ཞེ་སྡང་གནས་ཤིང་ གཏི་མུག་ལ། །གང་དག་མོས་པ་རབ་ཏུ་མཁྱེན། །གཏི་མུག་གནས་ཤིང་འདོད་ཆགས་ཀྱི། །སེམས་རྒྱུད་བསམ་གྱིས་མི་ཁྱབ་པ། །བར་བར་དུ་ནི་འཇུག་པ་དག །དེ་དག་འདྲེན་པས་རབ་ཏུ་མཁྱེན། །གང་ དག་སྦྱོར་བ་དམན་འགྱུར་ལ། །རྒྱ་ཆེན་ལ་ནི་མོས་པ་དང་། སྦྱོར་བ་དམ་པ་དེ་དག་གི། །དམན་པར་འགྱུར་བ་འདྲེན་པས་མཁྱེན། །ལོག་པའི་རྗེས་སུ་སོང་བ་དང་། །འགྲོ་བ་མེད་པར་བྱུང་བ་དང་། །ཁམས་ གསུམ་ལས་ནི་རྣམ་གྲོལ་བའི། །མོས་པ་དག་ཀྱང་རབ་ཏུ་མཁྱེན། །སྐྱེ་དང་ཁ་དོག་ཐ་དད་དང་། །ཉེ་བར་སྤྱོད་པའི་ཁྱད་པར་དང་། །གང་དག་སྤྱི་བོ་ལས་ཉམས་པ། །རྐང་གཉིས་གཙོ་བོས་རབ་ཏུ་མཁྱེན། ། མོས་པ་སྣ་ཚོགས་རབ་མཁྱེན་ནས། །འདྲེན་པ་ཆོས་རྣམས་སྟོན་པ་མཛད། །སངས་རྒྱས་ཀྱི་ནི་སྟོབས་གསུམ་ལ། །རྒྱལ་བའི་ཐུགས་སྲས་རབ་ཏུ་མོས། །ཤཱ་རིའི་བུ་འདི་ནི་དེ་བཞིན་གཤེགས་པ་ རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་གསུམ་པ་སྟེ། །དེ་བཞིན་གཤེགས་པའི་སྟོབས་དེ་དང་ལྡན་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཁྱུ་མཆོག་གི་གནས་སུ་ ཞལ་གྱིས་འཆེ་ཞིང་འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོག་སྟེ། །དགེ་སྦྱོང་ངམ། །བྲམ་ཟེ་འམ། །ལྷ་འམ། །བདུད་དམ། ཚངས་པ་འམ། །སུས་ཀྱང་འཇིག་རྟེན་དུ་ཆོས་དང་འཐུན་པར་ 80-1-22a མ་བསྐོར་བ་ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་ཏོ། །གཞན་ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པས་ཁམས་དུ་མ་དང་། །ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་འཇིག་རྟེན་རྣམས་ཡང་དག་པ་ཇི་ ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁམས་གང་གིས་འཇིག་རྟེན་བསོད་ནམས་ཀྱི་འདུ་བྱེད་སོགས་པ་དེ་ཡང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁམས་གང་གིས་བསོད་ནམས་ མ་ཡིན་པའི་འདུ་བྱེད་སོགས་པ་དེ་ཡང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁམས་གང་གིས་མི་གཡོ་བའི་འདུ་བྱེད་སོགས་པ་དེ་ཡང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁམས་གང་གིས་འབྱུང་བའི་ཁམས་སུ་འཇོག་པར་འགྱུར་བ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །གཞན་ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པས་མིག་གི་ཁམས་ དང་། གཟུགས་ཀྱི་ཁམས་དང་། །མིག་གི་རྣམ་པར་ཤེས་པའི་ཁམས་ཀྱང་རབ་ཏུ་མཁྱེན་ཏོ། །ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། །ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། །ཕྱི་ནང་སྟོང་པ་ཉིད་དུ་རབ་ཏུ་ མཁྱེན་ཏོ། །ཡིད་ཀྱི་ཁམས་དང་། །ཆོས་ཀྱི་ཁམས་དང་། །ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་རབ་ཏུ་མཁྱེན་ཏོ། །ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། ནང་སྟོང་པ་ཉིད་དང་། །ཕྱི་སྟོང་པ་ ཉིད་དང་། །ཕྱི་ནང་སྟོང་པ་ཉིད་དུ་རབ་ཏུ་མཁྱེན་ཏོ། །སའི་ཁམས་དང་། །ཆུའི་ཁམས་དང་། །མེའི་ཁམས་དང་། །རླུང་གི་ཁམས་རབ་ཏུ་མཁྱེན་ཏོ། །ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། །ནམ་མཁའི་ ཁམས་ཇི་ལྟ་བ་དེ་བཞིན་རབ་ཏུ་མཁྱེན་ཏོ། །འདོད་པའི་ཁམས་དང་། །གཟུགས་ཀྱི་ཁམས་དང་། །གཟུགས་མེད་པའི་ཁམས་རབ་ཏུ་མཁྱེན་ཏོ། །ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། །ཀུན་ཏུ་རྟོག་པ་ལ་ 80-1-22b བྱུང་བར་རབ་ཏུ་མཁྱེན་ཏོ། །འདུས་བྱས་ཀྱི་ཁམས་མངོན་པར་འདུ་བྱེད་པའི་མཚན་ཉིད་རབ་ཏུ་མཁྱེན་ཏོ། །འདུས་མ་བྱས་ཀྱི་ཁམས་ནི་མངོན་པར་འདུ་མི་བྱེད་པའི་མཚན་ཉིད་དུ་རབ་ཏུ་མཁྱེན་ཏོ། །ཀུན་ ནས་ཉོན་མོངས་པའི་ཁམས་ནི་ཕྱིས་འབྱུང་བའི་ཉོན་མོངས་པའི་མཚན་ཉིད་དུ་རབ་ཏུ་མཁྱེན་ཏོ། །རྣམ་པར་བྱང་བའི་ཁམས་ནི་རང་བཞིན་གྱིས་འོད་གསལ་བའི་མཚན་ཉིད་དུ་རབ་ཏུ་མཁྱེན་ཏོ། །འདུ་བྱེད་ ཀྱི་ཁམས་ནི་ཚུལ་བཞིན་མ་ཡིན་པ་མ་རིག་པའི་མཚན་ཉིད་དུ་རབ་ཏུ་མཁྱེན་ཏོ། །མྱ་ངན་ལས་འདས་པའི་དབྱིངས་ནི་ཚུལ་བཞིན་རིག་པའི་མཚན་ཉིད་དུ་རབ་ཏུ་མཁྱེན་ཏོ། །འདི་ལྟར་འཇིག་རྟེན་གནས་པའི་ ཁམས་གང་ཡིན་པ་དང་། །འཇིག་རྟེན་གནས་པ་ཁམས་གང་ལ་གནས་པ་དང་། །ཁམས་གང་ལ་རྗེས་སུ་ཆགས་པ་དང་། ཁམས་གང་ལ་གནས་པ་དང་། །ཁམས་གང་ལ་སྦྱོར་བ་དང་། །ཁམས་ གང་གི་བསམ་པ་དང་། །ཁམས་གང་ལ་ངེས་པར་སེམས་པ་དང་། །ཁམས་གང་ལ་རྟེན་པ་དེ་ཡང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །མཁྱེན་ནས་ཀྱང་ཆོས་སྟོན་ཏོ། །དེ་ ལྟར་ཤཱ་རིའི་བུ་དེ་བཞིན་གཤེགས་པའི་ཁམས་དུ་མ་དང་། །ཁམས་སྣ་ཚོགས་མཁྱེན་པའི་སྟོབས་མཐའ་ཡས་མུ་མེད་དེ་ནམ་མཁའ་དང་མཚུངས་ཤིང་མཉམ་མོ། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་ པའི་ཁམས་དུ་མ་དང་། །ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ལ་མངོན་པར་དད། །ཡིད་ཆེས། །རབ་ཏུ་རྟོག །སོམ་ཉི་མེད། །ཐེ་ཚོམ་མི་ཟ། །རྒྱ་ཆེར་དགའ་མགུ་སྟེ། །རངས་པ་རྙེད་ནས་ ནམ་མཁའ་ལྟ་བུར་བསམ་གྱིས་མི་ཁྱབ་པའི་ཕྱིར་ངོ་མཚར་དང་། །རྨད་ཏུ་འདུ་ཤེས་སྐྱེད་དོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། །དེ་ལ་འདི་སྐད་ཅེས་བྱའོ་འཇིག་རྟེན་ཀུན་ན་སེམས་ཅན་གང་། 80-1-23a སྣ་ཚོགས་ཁམས་ལ་གནས་པ་དག །ཁམས་གང་འཇུག་པ་ཅི་འདྲ་བ། །སངས་རྒྱས་ཀྱིས་ནི་རབ་ཏུ་མཁྱེན། །བསོད་ནམས་བསོད་ནམས་མིན་མི་གཡོ། །འབྱུང་བར་འགྱུར་བའང་ དེ་བཞིན་ཏེ། །ཁམས་རྣམས་གང་ལ་གནས་ནས་སུ། །མྱ་ངན་འདས་པ་ཞི་ལ་རེག །མིག་གི་ཁམས་དང་གཟུགས་ཀྱི་ཁམས། །མིག་གི་རྣམ་པར་ཤེས་ཉིད་དང་། །རྣ་བ་སྣ་དང་ལྕེ་དང་ལུས། ། ཡིད་ཀྱི་ཁམས་ཀྱང་རབ་ཏུ་མཁྱེན། །ཆོས་ཀྱི་ཁམས་དང་ཡིད་ཀྱི་ནི། །རྣམ་པར་ཤེས་པ་ཉིད་ཀྱང་མཁྱེན། །ནང་གི་ཁམས་ནི་སྟོང་པ་དང་། །ཕྱི་རོལ་དག་ཀྱང་སྟོང་པར་མཁྱེན། །ས་དང་ཆུ་དང་མེ་ དག་དང་། །རླུང་གི་ཁམས་ཀྱང་དེ་བཞིན་ཏེ། །ཁམས་རྣམས་བཞི་པོ་དེ་དག་ནི། །ནམ་མཁའ་མཚུངས་པར་རབ་ཏུ་མཁྱེན། །འདོད་པའི་ཁམས་དང་གཟུགས་ཀྱི་ཁམས། །གཟུགས་མེད་ པ་ཡི་ཁམས་ཉིད་ཀྱང་། །ཀུན་དུ་རྟོག་ལས་བྱུང་བར་ནི། །དེ་ལྟར་སངས་རྒྱས་རབ་ཏུ་མཁྱེན། །ཇི་ལྟར་ནམ་མཁའ་མཐའ་ཡས་པ། །དེ་བཞིན་ཁམས་རྣམས་མུ་མེད་དེ། །ཐམས་ཅད་ སངས་རྒྱས་རབ་མཁྱེན་ཀྱང་། །མཁྱེན་ཏོ་སྙམ་དུ་རློམ་སེམས་མེད། །ཁམས་ནི་སྐྱེ་བ་མ་ཡིན་ཞིང་། །རྣམ་པ་ཀུན་དུ་འགག་མེད་དེ། །ཁམས་འདི་མྱ་ངན་འདས་པར་ནི། །སྐྱེས་བུ་དམ་ པས་རབ་ཏུ་མཁྱེན། །ཇི་ལྟར་ནམ་མཁའ་མཐའ་ཡས་པ། །སངས་རྒྱས་ཡེ་ཤེས་དེ་འདྲ་སྟེ། །མོས་པ་སྣ་ཚོགས་རབ་སྤྲུལ་པ། །ཡེ་ཤེས་དེས་ནི་རབ་ཏུ་མཁྱེན། །མོས་པ་སྣ་ཚོགས་ མཁྱེན་ནས་སུ། །སེམས་ཅན་བྱེ་བ་རྣམ་པར་འདུལ། །སངས་རྒྱས་སྟོབས་ནི་བཞི་པ་ལ། །རྒྱལ་བའི་ཐུགས་སྲས་དད་པར་བྱེད། །ཤཱ་རིའི་བུ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་ 80-1-23b སྟོབས་བཞི་པ་སྟེ། སུས་ཀྱང་འཇིག་རྟེན་འདིར་ཆོས་དང་འཐུན་པ་ཞེས་བྱ་བའི་བར་དུ་རྒྱས་པར་བྱའོ། །གཞན་ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་རིམ་པ་མཁྱེན་པའི་ སྟོབས་ཀྱིས་སེམས་ཅན་གཞན་དང་། གང་ཟག་གཞན་རྣམས་ཀྱི་དབང་པོ་དང་། བརྩོན་འགྲུས་ཀྱི་རིམ་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། དབང་པོ་རྟུལ་བ་འང་རབ་ཏུ་མཁྱེན་ ཏོ། །དབང་པོ་བར་མ་འང་རབ་ཏུ་མཁྱེན་ཏོ། །དབང་པོ་རྣོ་བ་འང་རབ་ཏུ་མཁྱེན་ཏོ། །དབང་པོ་ཁྱད་པར་དུ་འཕགས་པ་ཡང་རབ་ཏུ་མཁྱེན་ཏོ། །དབང་པོ་དམན་བ་འང་རབ་ཏུ་མཁྱེན་ཏོ། །ཡོངས་སུ་རྟོག་པའི་དབང་པོ་ཇི་ལྟ་ བུས་མཐར་ཕྱིན་པའི་འདོད་ཆགས་སྐྱེ་བ་དང་། མཐར་ཕྱིན་པའི་ཞེ་སྡང་སྐྱེ་བ་དང་། མཐར་ཕྱིན་པའི་གཏི་མུག་སྐྱེ་བ་དེ་ཡང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། ། ཡོངས་སུ་རྟོག་པའི་དབང་པོ་ཇི་ལྟ་བུས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་བརྟན་པ་སྐྱེ་བ་དེ་ཡང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཡོངས་སུ་རྟོག་པའི་ དབང་པོ་ཇི་ལྟ་བུས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཡང་སྐྱེ་བ་དེ་ཡང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཡོངས་སུ་རྟོག་པའི་དབང་པོ་ ཇི་ལྟ་བུས་སྣྲེལ་ཞིའི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྐྱེ་བ་དེ་ཡང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཡོངས་སུ་རྟོག་པའི་ དབང་པོ་ཇི་ལྟ་བུས་ཚར་བཅད་ཅིང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྐྱེ་བ་དེ་ཡང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དབང་པོ་ 80-1-24a གང་དག་མི་དགེ་བའི་རྒྱུ་ལས་བྱུང་བ་དང་། །དབང་པོ་གང་དག་དགེ་བའི་རྒྱུ་ལས་བྱུང་བ་དང་། དབང་པོ་གང་དག་མི་གཡོ་བའི་རྒྱུ་ལས་བྱུང་བ་དང་། །དབང་པོ་གང་དག་འབྱུང་བའི་ རྒྱུ་ལས་བྱུང་བ་དེ་དག་ཀྱང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །གཞན་ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པས་མིག་གི་དབང་པོ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ མཁྱེན་པ་ནས། གོང་མ་བཞིན་དུ་སྦྱར་ཏེ། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་ཡིད་ཀྱི་དབང་པོ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཕོའི་དབང་པོ་དང་། མོའི་དབང་པོ་དང་། སྲོག་གི་དབང་པོ་དང་། བདེ་བའི་དབང་པོ་དང་། སྡུག་བསྔལ་གྱི་དབང་པོ་དང་། ཡིད་མི་བདེ་བའི་དབང་པོ་དང་། ཡིད་བདེ་བའི་དབང་པོ་དང་། བཏང་སྙོམས་ཀྱི་དབང་པོ་ཡང་ཡང་དག་པ་ཇི་ལྟ་བ་ བཞིན་རབ་ཏུ་མཁྱེན་ཏོ། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་ བར་ཏུ་མཁྱེན་ཏོ། །མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང་། ཀུན་ཤེས་པའི་དབང་པོ་དང་། ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དབང་པོ་ གང་མིག་གི་དབང་པོའི་རྒྱུ་ལས་བྱུང་ལ་རྣ་བའི་དབང་པོ་ལ་གནས་པར་འགྱུར་ཏེ། སྣ་ལ་མ་ཡིན། ལྕེ་ལ་མ་ཡིན། ལུས་ཀྱི་དབང་པོ་ལ་མ་ཡིན་པ་དེ་ཡང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་ བ་བཞིན་རབ་ཏུ་མཁྱེན་ཏོ། །གང་རྣ་བའི་དབང་པོའི་རྒྱུ་ལས་བྱུང་ལ་སྣའི་དབང་པོ་ལ་གནས་པར་འགྱུར་བ་དང་། །གང་སྣའི་དབང་པོའི་རྒྱུ་ལས་བྱུང་ལ་ལྕེའི་དབང་པོ་ལ་གནས་པར་འགྱུར་བ་དང་། 80-1-24b གང་ལྕེའི་དབང་པོའི་རྒྱུ་ལས་བྱུང་ལ་ལུས་ཀྱི་དབང་པོ་ལ་གནས་པར་འགྱུར་བ་དེ་ཡང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །སེམས་ཅན་གང་སྦྱིན་པའི་དབང་པོ་ཅན་ཡིན་ལ་ དེ་ཡང་ཚུལ་ཁྲིམས་ལ་སྦྱོར་བ་དེ་ལ་དེ་བཞིན་གཤེགས་པས་དབང་པོའི་མཆོག་དང་། མཆོག་མ་ཡིན་པ་མཁྱེན་པས་དེ་ལ་སྦྱིན་པའི་གཏམ་སྟོན་ཏོ། །གང་ཟག་གང་ཚུལ་ཁྲིམས་ཀྱི་དབང་པོ་ཅན་ ཡིན་ལ་དེ་ཡང་སྦྱིན་པ་ལ་སྦྱོར་བ་དེ་ལ་དེ་བཞིན་གཤེགས་པས་དབང་པོ་མཆོག་དང་། མཆོག་མ་ཡིན་པ་མཁྱེན་པས་ཚུལ་ཁྲིམས་ཀྱི་གཏམ་སྟོན་ཏོ། །སེམས་ཅན་གང་བཟོད་པའི་དབང་པོ་ཅན་ཡིན་ ལ་དེ་ཡང་བརྩོན་འགྲུས་ལ་སྦྱོར་བ་དེ་ལ་དེ་བཞིན་གཤེགས་པས་དབང་པོ་མཆོག་དང་། མཆོག་མ་ཡིན་པ་མཁྱེན་པས་བཟོད་པའི་གཏམ་སྟོན་ཏོ། །སེམས་ཅན་གང་བརྩོན་འགྲུས་ཀྱི་དབང་པོ་ཅན་ཡིན་ལ་དེ་ ཡང་བཟོད་པ་ལ་སྦྱོར་བ་དེ་ལ་དེ་བཞིན་གཤེགས་པས་དབང་པོ་མཆོག་དང་། མཆོག་མ་ཡིན་པ་མཁྱེན་པས་བརྩོན་འགྲུས་ཀྱི་གཏམ་སྟོན་ཏོ། །སེམས་ཅན་གང་བསམ་གཏན་གྱི་དབང་པོ་ཅན་ཡིན་ལ་དེ་ཡང་ ཤེས་རབ་ལ་སྦྱོར་བ་དེ་ལ་དེ་བཞིན་གཤེགས་པས་དབང་པོ་མཆོག་དང་། མཆོག་མ་ཡིན་པ་མཁྱེན་པས་བསམ་གཏན་གྱི་གཏམ་སྟོན་ཏོ། །སེམས་ཅན་གང་ཤེས་རབ་ཀྱི་དབང་པོ་ཅན་ཡིན་ལ་དེ་ཡང་ཤེས་ རབ་ལ་སྦྱོར་བ་དེ་ལ་དེ་བཞིན་གཤེགས་པས་དབང་པོ་མཆོག་དང་། མཆོག་མ་ཡིན་པ་མཁྱེན་པས་ཤེས་རབ་ཀྱི་གཏམ་སྟོན་ཏོ། །གོང་མ་བཞིན་དུ་སྦྱར་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ ལ་ཡང་བྱའོ། །སེམས་ཅན་གང་ཉན་ཐོས་ཀྱི་ཐེག་པའི་དབང་པོ་ཅན་ཡིན་ལ། དེ་ཡང་རང་སངས་རྒྱས་ཀྱི་ཐེག་པ་ལ་སྦྱོར་བ་དེ་ལ་དེ་བཞིན་གཤེགས་པས་དབང་པོ་མཆོག་དང་། མཆོག་མ་ཡིན་པ་ 80-1-25a མཁྱེན་པས་ཉན་ཐོས་ཀྱི་ཐེག་པའི་གཏམ་སྟོན་ཏོ། །སེམས་ཅན་གང་རང་སངས་རྒྱས་ཀྱི་ཐེག་པའི་དབང་པོ་ཅན་ཡིན་ལ་དེ་ཡང་ཉན་ཐོས་ཀྱི་ཐེག་པ་ལ་སྦྱོར་པ་དེ་ལ་དེ་བཞིན་གཤེགས་པས་ དབང་པོ་མཆོག་དང་། །མཆོག་མ་ཡིན་པ་མཁྱེན་པས་རང་སངས་རྒྱས་ཀྱི་ཐེག་པའི་གཏམ་སྟོན་ཏོ། །སེམས་ཅན་གང་ཐེག་པ་ཆེན་པོའི་དབང་པོ་ཅན་ཡིན་ལ། །དེ་ཡང་རང་སངས་རྒྱས་ཀྱི་ཐེག་ པ་ལ་སྦྱོར་བ་དེ་ལ་དེ་བཞིན་གཤེགས་པས་དབང་པོ་མཆོག་དང་། །མཆོག་མ་ཡིན་པ་མཁྱེན་པས་ཐེག་པ་ཆེན་པོའི་གཏམ་སྟོན་ཏོ། །སེམས་ཅན་གང་ཐ་མའི་དབང་པོ་ཅན་ཡིན་ལ། །དེ་ཡང་ཐེག་ པ་ཆེན་པོ་ལ་སྦྱོར་བ་དེ་ལ་དེ་བཞིན་གཤེགས་པས་དབང་པོ་མཆོག་དང་། །མཆོག་མ་ཡིན་པ་མཁྱེན་པས་དབང་པོ་ཐ་མ་པའི་གཏམ་སྟོན་ཏོ། །སེམས་ཅན་སྐལ་པ་མེད་པའི་དབང་པོ་ཅན་སྐལ་པ་ མེད་པར་སྣང་བ་དེ་དག་དེ་བཞིན་གཤེགས་པས་སྐལ་པ་མེད་ཅིང་སྣོད་མ་ཡིན་པར་རིག་ནས་བཏང་སྙོམས་སུ་འཇོག་གོ། །སེམས་ཅན་སྐལ་པ་ཡོད་པའི་དབང་པོ་ཅན་སྐལ་པ་ཡོད་པར་སྣང་བ་དག་ལ་དེ་ བཞིན་གཤེགས་པས་སྐལ་པ་ཡོད་ཅིང་སྣོད་ཏུ་རིག་ནས་རི་མོར་བྱས་ཤིང་ཆོས་སྟོན་ཏེ། དེ་ལྟར་ཤཱ་རིའི་བུ་དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ཀྱི་དབང་པོ་ཡོངས་སུ་སྨིན་པ་རྣམས་ཀྱང་རབ་ ཏུ་མཁྱེན། །དབང་པོ་ཡོངས་སུ་མ་སྨིན་པ་རྣམས་ཀྱང་རབ་ཏུ་མཁྱེན། །འབྱུང་བའི་དབང་པོ་རྣམས་ཀྱང་རབ་ཏུ་མཁྱེན། །འབྱུང་བ་མ་ཡིན་པའི་དབང་པོ་རྣམས་ཀྱང་རབ་ཏུ་མཁྱེན་ཏོ། །སེམས་ ཅན་གྱི་དབང་པོའི་རྣམ་པ་གང་ཡིན་པ་དང་། །སྦྱོར་བ་གང་ཡིན་པ་དང་། །བསམ་པ་གང་ཡིན་པ་དང་། །གང་གི་རྒྱུ་ལས་བྱུང་བ་དང་། །རྐྱེན་གང་ཡིན་པ་དང་། །དམིགས་པ་གང་ཡིན་པ་དང་། 80-1-25b རྒྱུ་འཐུན་པ་གང་ཡིན་པ་དང་། །སེམས་ཅན་གྱི་དབང་པོའི་མཐའ་གང་ཡིན་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ གསུངས་ཏེ། བདེ་བར་གཤེགས་པས་དེ་སྐད་བཀའ་སྩལ་ནས་སྟོན་པ་ཡང་འདི་སྐད་གསུང་ངོ་། །འགྲོ་བའི་དབང་པོ་དེ་ནི་དབང་པོའི་ཕ་རོལ་སོང་། །སེམས་ཅན་རྣམས་ཀྱི་སྤྱོད་དང་བསམ་པའི་ཆོ་ག་མཁྱེན། །འགྲོ་ བ་གང་དག་གི་ནི་དབང་པོ་ཅི་འདྲ་བ། །དེ་འདྲར་མི་ཡི་སེང་གེ་དེ་ལ་ཆོས་འཆད་དོ། །དབང་པོ་དག་ནི་རབ་འབྲིང་ཐ་མར་གྱུར་པ་རྣམས། །དེ་ལ་བདེ་གཤེགས་ཡེ་ཤེས་རྨད་ཏུ་བྱུང་བ་འཇུག །སེམས་ ཅན་བསམ་པ་ཐར་བའི་སྣོད་ཏུ་གྱུར་མཁྱེན་ནས། །སྤྱོད་པ་མཁྱེན་ཅིང་མཁས་པ་མཆོག་གི་ཆོས་སྟོན་ཏོ། །གང་དག་མཐར་ཕྱིན་སྐྱེ་ཞིང་ཉོན་མོངས་བརྟན་པ་དང་། །མི་གང་རྣམས་ཀྱི་དབང་པོ་ཡང་ བར་གྱུར་པ་དང་། །སྐྱེས་བུ་གང་གི་དབང་པོ་སྣེལ་ཞིར་གྱུར་པ་ཡི། །སྤྱོད་པ་མཁྱེན་ནས་དེ་ལྟར་འཐུན་པའི་ཆོས་སྟོན་ཏོ། །སྐྱེས་བུ་གང་གི་དགེ་བའི་དབང་པོ་གྱུར་པ་དང་། །མི་དགེའི་དབང་པོ་གྱུར་ པ་རྣམས་ཀྱང་དེ་བཞིན་མཁྱེན། །མིག་ནས་བཟུང་སྟེ་ཡིད་ཀྱི་བར་གྱི་དབང་པོ་དང་། །ཡིད་མི་བདེ་དང་སྡུག་བསྔལ་དབང་མཁྱེན་ཆོས་ཀྱང་སྟོན། །དད་བརྩོན་དྲན་དང་ཏིང་འཛིན་དེ་བཞིན་ཤེས་རབ་དག ། སྐྱེས་བུ་གང་ལ་དབང་པོ་འདི་དག་ཡོད་པ་ནི། །དེ་ལ་དད་པའི་གཏམ་སྟོན་དེ་བཞིན་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་དག་ཀྱང་དམ་པའི་དོན་དུ་སྟོན། །མི་ཡི་དབང་པོའི་རྣམ་པ་སྤྱོད་ པའི་བྱེ་བྲག་གང་། །མི་གང་བསམ་པ་ཅི་འཇུག་དེ་ཡི་དབང་པོ་ཡང་། །ཆོས་མཆོག་རྟོགས་པས་དེ་དག་གི་ནི་སྤྱོད་མཁྱེན་ནས། །སྡུག་བསྔལ་ཀུན་ལས་ཐར་པར་བྱེད་པའི་ཆོས་འཆད་དོ། ། 80-1-26a གང་གི་དབང་པོ་སངས་རྒྱས་བྱང་ཆུབ་ཕྱིར་དེས་ལ། །ཉན་ཐོས་ཤེས་པའི་རྗེས་འཇུག་ཆོ་ག་མི་ཤེས་པ། །དེ་ལ་བྱང་ཆུབ་རེག་འགྱུར་རྒྱ་ཆེན་གཏམ་རབ་སྟོན། །བདེ་གཤེགས་སྟོབས་ནི་མཐའ་ ཡས་ཐུལ་དཀའ་ལྔ་པའོ། །འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་ལྔ་པ་སྟེ། སུས་ཀྱང་འཇིག་རྟེན་འདིར་ཆོས་དང་འཐུན་པར་ཞེས་བྱ་བའི་བར་དུའོ། །དེ་ལ་ དེ་བཞིན་གཤེགས་པའི་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་གང་ཞེ་ན། འདི་ལ་ཤཱ་རིའི་བུ་དེ་བཞིན་གཤེགས་པས་ཐམས་ཅད་ཏུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ མཁྱེན་ཏོ། །ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། ཡང་དག་པར་ངེས་པའི་སེམས་ཅན་གྱི་ཁམས་རབ་ཏུ་མཁྱེན། ཡང་དག་པར་མ་ངེས་པའི་སེམས་ཅན་གྱི་ཁམས་རབ་ཏུ་མཁྱེན། ལོག་པར་ངེས་པའི་སེམས་ཅན་གྱི་ཁམས་རབ་ཏུ་མཁྱེན། མ་ངེས་པའི་སེམས་ཅན་གྱི་ཁམས་ཀྱང་དེ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རྒྱུའི་སྟོབས་ཅན་སྔོན་གྱི་སྦྱོར་བ་ཕུན་སུམ་ཚོགས་ པ་ཟུར་ཙམ་གྱིས་གོ་བ་དབང་པོ་རྣོ་བའི་སེམས་ཅན་དེ་དག་ལ་དེ་བཞིན་གཤེགས་པས་ཆོས་བསྟན་ཀྱང་རུང་། །མ་བསྟན་ཀྱང་རུང་། །དེ་རྣམ་པར་གྲོལ་བའི་སྐལ་བའི་ཡོད་པ་དེ་དག་ དེ་བཞིན་གཤེགས་པས་སྔོན་གྱི་རྒྱུའི་སྟོབས་མཁྱེན་ནས་དེ་བཞིན་དུ་འཐུན་པར་ཆོས་སྟོན་ཏོ། །མ་ངེས་པའི་སེམས་ཅན་གྱི་ཁམས་རྐྱེན་གྱི་སྟོབས་ཅན་ཡོངས་སུ་སྨིན་པར་བྱ་བའི་ མཚན་ཉིད་ཅན། གལ་ཏེ་འཐུན་པར་འདོམས་ཤིང་རྗེས་སུ་སྟོན་པ་དང་ཕྲད་ན་རྣམ་པར་གྲོལ་བར་འགྱུར་གྱི། རྗེས་སུ་སྟོན་པ་དང་མ་ཕྲད་ན་རྣམ་པར་གྲོལ་བར་མི་འགྱུར་བ་དེ་དག་ལ་ཡང་ 80-1-26b དེ་བཞིན་གཤེགས་པ་དེ་ལྟར་རྒྱུ་དང་རྐྱེན་དང་ལྡན་པའི་གཏམ་ཡང་དག་པར་གསུངས་ཏེ། །འདི་ལྟར་དེ་བཞིན་གཤེགས་པ་ལས་ཆོས་དེ་ཐོས་ནས་ཚུལ་བཞིན་རབ་ཏུ་སྦྱོར་པས་འབྲས་བུ་ཐོབ་པར་འགྱུར་ཏེ། དེ་དག་གི་དོན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་དུ་འབྱུང་ངོ་། །ལོག་པར་ངེས་པའི་སེམས་ཅན་གྱི་ཁམས་ཡོངས་སུ་སྦྱང་བར་མ་བྱས་པ། ཁོ་རེ་ཆུང་བ་བླུན་པ་སྣོད་དུ་མ་གྱུར་པའི་ སེམས་ཅན་དེ་དག་ལ་དེ་བཞིན་གཤེགས་པས་ཆོས་བསྟན་ཀྱང་རུང་། །མ་བསྟན་ཀྱང་རུང་སྟེ། །རྣམ་པར་གྲོལ་བའི་སྐལ་པ་མེད་པ་དེ་དག་ཀྱང་དེ་བཞིན་གཤེགས་པས་སྣོད་མ་ཡིན་པར་རིག་ ནས་བཏང་སྙོམས་སུ་འཇོག་སྟེ། །དེ་དག་གི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་གོ་གྱོན་ཏོ། །གཞན་ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པས་འདོད་ཆགས་ཀྱི་ལམ་རྣམ་པ་གསུམ་རབ་ཏུ་ མཁྱེན་ཏེ། །འདོད་ཆགས་ཀྱི་ལམ་སྡུག་པའི་རྣམ་པ་ལས་སྐྱེ་བ་ཡང་ཡོད། །འདོད་ཆགས་ཀྱི་ལམ་རྗེས་སུ་ཆགས་པའི་རྣམ་པ་ལས་སྐྱེ་བ་ཡང་ཡོད། །འདོད་ཆགས་ཀྱི་ལམ་སྔོན་གྱི་རྒྱུ་ལས་སྐྱེ་ བ་ཡང་ཡོད་དོ། །ཞེ་སྡང་གི་ལམ་རྣམ་པ་གསུམ་ཡང་རབ་ཏུ་མཁྱེན་ཏེ། །ཞེ་སྡང་གི་ལམ་ཁོང་ཁྲོ་བའི་མཚན་མ་ལས་སྐྱེ་བ་ཡང་ཡོད། །བསམ་པ་ཡོངས་སུ་རྫོགས་པ་ལས་སྐྱེ་བ་ཡང་ཡོད། །སྔོན་ གྱི་བག་ལ་ཉལ་ལས་སྐྱེ་བ་ཡང་ཡོད་དོ། །གཏི་མུག་གི་ལམ་རྣམ་པ་གསུམ་ཡང་རབ་ཏུ་མཁྱེན་ཏེ། །གཏི་མུག་གི་ལམ་མ་རིག་པའི་རྒྱུ་ལས་སྐྱེ་བ་ཡང་ཡོད། །གཏི་མུག་གི་ལམ་འཇིག་ཚོགས་ ལ་ལྟ་བའི་རྒྱུ་ལས་སྐྱེ་བ་ཡང་ཡོད། །གཏི་མུག་གི་ལམ་ཐེ་ཚོམ་གྱི་རྒྱུ་ལས་སྐྱེ་བ་ཡང་ཡོད་དེ། །དེ་དག་ཀྱང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །གཞན་ཡང་ 80-1-27a ཤཱ་རིའི་བུ་དབང་པོ་རྣོ་བའི་ཕྱིར་མངོན་པར་ཤེས་པ་མྱུར་ལ་སླ་བའི་ལམ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །དབང་པོ་རྟུལ་བའི་ཕྱིར་མངོན་པར་ཤེས་པ་བུལ་ལ་དཀའ་བའི་ ལམ་ཡང་རབ་ཏུ་མཁྱེན་ཏོ། །དབང་པོ་རྣོ་བའི་ཕྱིར་མངོན་པར་ཤེས་པ་མྱུར་ལ་སླ་བའི་ལམ་ཡང་རབ་ཏུ་མཁྱེན་ཏོ། །དབང་པོ་རྟུལ་བའི་ཕྱིར་མངོན་པར་ཤེས་པ་བུལ་ལ་སླ་བའི་ལམ་ཡང་རབ་ཏུ་ མཁྱེན་ཏོ། །དམིགས་པ་བོར་བའི་ཕྱིར་མངོན་པར་ཤེས་པ་བུལ་ལ་བུལ་བའི་ལམ་ཡང་རབ་ཏུ་མཁྱེན་ཏོ། །ལམ་གྱི་རྒྱུན་མ་བཅད་པའི་ཕྱིར་མངོན་པར་ཤེས་པ་མྱུར་ལ་བུལ་བའི་ལམ་ཡང་རབ་ ཏུ་མཁྱེན་ཏོ། །ཡོངས་སུ་ཐུག་པ་མེད་པར་དབུགས་འབྱིན་པའི་ཕྱིར་མངོན་པར་ཤེས་པ་བུལ་ལ་མྱུར་བའི་ལམ་ཡང་རབ་ཏུ་མཁྱེན་ཏོ། །དེ་ལ་མ་ཆགས་པའི་ཕྱིར་མངོན་པར་ཤེས་པ་མྱུར་ལ་བུལ་ བའི་ལམ་ཡང་རབ་མཁྱེན་ཏོ། །སོ་སོར་རྟོག་པའི་སྟོབས་ཡོངས་སུ་རྫོགས་པར་བྱེད་ལ་སྒོམ་པའི་སྟོབས་ལ་མ་ཡིན་པའི་ལམ་ཡང་ཡོད། །སྒོམ་པའི་སྟོབས་ཡོངས་སུ་རྫོགས་པར་བྱེད་ ལ། །སོ་སོར་རྟོག་པའི་སྟོབས་ལ་མ་ཡིན་པའི་ལམ་ཡང་ཡོད། །སྒོམ་པའི་སྟོབས་དང་། །སོ་སོར་རྟོག་པའི་སྟོབས་ཡོངས་སུ་རྫོགས་པར་བྱེད་པའི་ལམ་ཡང་ཡོད། །སོ་སོར་རྟོག་པའི་སྟོབས་ དང་། །སྒོམ་པའི་སྟོབས་ཡོངས་སུ་རྫོགས་པར་མི་བྱེད་པའི་ལམ་ཡང་ཡོད་དེ་དེ་དག་ཀྱང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །བསམ་པ་ཕུན་སུམ་ཚོགས་ ལ་སྦྱོར་བ་ཕུན་སུམ་ཚོགས་པ་མ་ཡིན་པའི་ལམ་ཡང་ཡོད། །སྦྱོར་བ་ཕུན་སུམ་ཚོགས་ལ་བསམ་པ་ཕུན་སུམ་ཚོགས་པ་མ་ཡིན་པའི་ལམ་ཡང་ཡོད། །བསམ་པ་ཡང་ཕུན་སུམ་ཚོགས་པ་མ་ 80-1-27b ཡིན་ལ་སྦྱོར་བའང་ཕུན་སུམ་ཚོགས་པ་མ་ཡིན་པའི་ལམ་ཡང་ཡོད། །བསམ་པ་ཡང་ཕུན་སུམ་ཚོགས་ལ་སྦྱོར་བའང་ཕུན་སུམ་ཚོགས་པའི་ལམ་ཡང་ཡོད་དེ། །དེ་ཡང་དེ་བཞིན་གཤེགས་པས་ཡང་ དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ལུས་སྦྱོང་ལ་ངག་ལ་མ་ཡིན། །སེམས་ལ་མ་ཡིན་པའི་ལམ་ཡང་ཡོད། ངག་སྦྱོང་ལ་ལུས་ལ་མ་ཡིན། །སེམས་ལ་མ་ཡིན་པའི་ལམ་ཡང་ཡོད། །སེམས་ སྦྱོང་ལ་ལུས་ལ་མ་ཡིན། །ངག་ལ་མ་ཡིན་པའི་ལམ་ཡང་ཡོད། །ལུས་ལ་མ་ཡིན། །ངག་ལ་མ་ཡིན་ལ་སེམས་ཀྱང་མི་སྤྱོང་བའི་ལམ་ཡང་ཡོད། །ལུས་དང་། །ངག་དང་། །སེམས་སྤྱོང་བའི་ ལམ་ཡང་ཡོད་དེ། །དེ་དག་ཀྱང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་ལྟར་ཤཱ་རིའི་བུ་སེམས་ཅན་ཐམས་ཅད་ཀྱི་འཇུག་པའི་རྒྱུ་དང་། ལྡོག་པའི་རྒྱུའི་ལམ་ཇི་སྙེད་པ་ ཐམས་ཅད་ཏུ་དེ་བཞིན་གཤེགས་པའི་ཡེ་ཤེས་ཐོགས་པ་མེད་པ་འཇུག་གོ། །དེ་ལྟར་ཤཱ་རིའི་བུ་དེ་བཞིན་གཤེགས་པའི་ཀུན་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དེ་ནི་མཐའ་ཡས་མུ་མེད་དེ་ནམ་མཁའ་དང་ མཚུངས་ཤིང་མཉམ་མོ། །བྱང་ཆུབ་སེམས་དཔའ་དེ་ཐོས་ནས་མངོན་པར་དད། །ཡིད་ཆེས། །རབ་ཏུ་རྟོག །སོམ་ཉི་མེད། །ཐེ་ཚོམ་མི་ཟ། །རྒྱ་ཆེར་དགའ་མགུ་སྟེ། །རངས་པ་རྙེད་ཅིང་ནམ་མཁའ་ ལྟ་བུར་བསམ་གྱིས་མི་ཁྱབ་པའི་ཕྱིར་ངོ་མཚར་དང་རྨད་ཏུ་འདུ་ཤེས་སྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་རྒྱ་ཆེར་བསྟན་པའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཐམས་ཅད་ ལམ་ནི་བདེ་གཤེགས་རབ་ཏུ་མཁྱེན། །སེམས་ཅན་ཁམས་ནི་དེས་རྒྱུ་བཅས་པ་མཁྱེན། ཡོངས་སུ་སྨིན་པའི་མཚན་ཉིད་མ་ངེས་དང་། །དེ་བཞིན་དབང་པོ་རྒྱུ་དང་ལྡན་པ་མཁྱེན། །འདོད་ཆགས་ལམ་ 80-1-28a ནི་རྣམ་པ་གསུམ་ལྡན་དང་། །ཞེ་སྡང་ལམ་གསུམ་དེ་བཞིན་གཏི་མུག་ལྡན། །རྣམ་གསུམ་རྒྱ་ཆེན་མཐའ་ཡས་ཉོན་མོངས་ལྡན། །ལམ་ལ་རྐྱེན་དང་རྒྱུ་ནི་སྟོན་པས་མཁྱེན། ། དཀའ་བའི་ལམ་ལ་རྣོ་བར་འགྱུར་བ་དང་། །དེ་བཞིན་དབང་པོ་རྟུལ་ཞིང་བུལ་བ་དང་། །སླ་བའི་ལམ་ལ་རྣོ་བར་འགྱུར་བ་དང་། །དེ་བཞིན་བུལ་བའང་འཇིག་རྟེན་མགོན་པོས་མཁྱེན། །བུལ་བའི་ལམ་ ལ་སྤྱོང་བ་བུལ་བ་ཡོད། །དེ་བཞིན་བུལ་བ་ཡིན་ལ་སྦྱོང་བ་རྣོ། །མྱུར་བའི་ལམ་ལ་བུལ་བར་འགྱུར་བ་དང་། །དེ་བཞིན་དེ་ལ་མ་ཆགས་མྱུར་བའང་ཡོད། །ལམ་ནི་སོ་སོར་རྟོག་པ་སྐྱེད་བྱེད་ལ། །ཡང་དག་སྒོམ་པ་སྐྱེད་ པ་མ་ཡིན་དང་། །སྒོམ་པ་དག་ནི་སྐྱེ་བར་བྱེད་པ་དང་། །གཉིས་ག་ཁྱད་པར་སྦྱོར་ལྡན་སྐྱེད་པ་ཡོད། །ལམ་ནི་བསམ་པ་ཡོངས་སུ་སྦྱོང་བྱེད་ལ། །སྦྱོར་བ་དག་ནི་སྦྱོང་བར་མི་བྱེད་ཡོད། །རེས་འགའ་གཉིས་ག་ སྦྱོང་བར་བྱེད་པའང་ཡོད། །དེ་དག་སངས་རྒྱས་ཐམས་ཅད་གཟིགས་པས་མཁྱེན། །ལུས་ལ་རྣམ་པར་སྦྱོང་ལ་ངག་མི་སྦྱོང་། །སེམས་ཀྱང་རྣམ་པར་སྦྱོང་བ་མ་ཡིན་དང་། །ངག་རྣམས་དང་ནི་ལུས་ཀྱང་རབ་སྦྱོང་ལ། ། སེམས་ནི་རེས་འགའ་མི་སྦྱོང་བ་ཡང་ཡོད། །སེམས་ནི་རབ་སྦྱོང་དག་ལ་མ་ཡིན་ཏེ། །ལུས་ཀྱང་རྣམ་པར་སྦྱོང་བ་མ་ཡིན་དང་། །ངག་དང་དེ་བཞིན་སེམས་ཀྱང་རབ་སྦྱོང་ལ། །རེས་འགའ་ལུས་ནི་སྦྱོང་བར་མི་ འགྱུར་ཡོད། །ལུས་དང་དེ་བཞིན་ངག་སེམས་སྦྱོང་ལམ་དང་། །ཇི་ལྟར་ལྡོག་དང་འཇུག་པར་འགྱུར་བ་རྣམས། །སངས་རྒྱས་ཐམས་ཅད་གཟིགས་པས་རབ་མཁྱེན་ཏེ། །འདི་ནི་དེ་བཞིན་གཤེགས་པའི་ སྟོབས་དྲུག་པ། །ཤཱ་རིའི་བུ་འདི་ནི་དེ་བཞིན་གཤེགས་པའི་སྟོབས་དྲུག་པ་སྟེ། །སྟོབས་དེ་དང་ལྡན་པས་དེ་བཞིན་གཤེགས་པ་ཁྱུ་མཆོག་གིས་གནས་སུ་ཞལ་གྱི་འཆེ་བ་ནས་སུས་ཀྱང་འཇིག་རྟེན་དུ་ཆོས་དང་ 80-1-28b འཐུན་པར་ཞེས་བྱ་བའི་བར་དུའོ། །དེ་ལ་དེ་བཞིན་གཤེགས་པའི་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་ཀུན་ནས་ཉོན་མོངས་པ་དང་། རྣམ་ པར་བྱང་བ་དང་། ལྡང་བ་མཁྱེན་པའི་སྟོབས་གང་ཞེ་ན། འདི་ལ་ཤཱ་རིའི་བུ་དེ་བཞིན་གཤེགས་པ་བདག་དང་ཕ་རོལ་གྱི་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་ འཇུག་པའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། ལྡང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པའི་རྒྱུ་གང་ ཡིན་པ་དང་། རྐྱེན་གང་ཡིན་པ་དེ་ཡང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །སེམས་ཅན་རྣམས་ཀྱི་རྣམ་པར་དག་པའི་རྒྱུ་གང་ཡིན་པ་དང་། རྐྱེན་གང་ཡིན་པ་དེ་ཡང་དེ་བཞིན་ གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་ལ་རྒྱུ་གང་། རྐྱེན་གང་ཞེ་ན། སེམས་ཅན་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པའི་རྒྱུ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ། །སེམས་ ཅན་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པའི་རྐྱེན་ནི་མ་རིག་པའོ། །མ་རིག་པ་ནི་རྒྱུའོ། །འདུ་བྱེད་ནི་རྐྱེན་ཏོ། །འདུ་བྱེད་ནི་རྒྱུའོ། །རྣམ་པར་ཤེས་པ་ནི་རྐྱེན་ཏོ། །རྣམ་པར་ཤེས་པ་ནི་རྒྱུའོ། །མིང་དང་ གཟུགས་ནི་རྐྱེན་ཏོ། །མིང་དང་གཟུགས་ནི་རྒྱུའོ། །སྐྱེ་མཆེད་དྲུག་ནི་རྐྱེན་ཏོ། །སྐྱེ་མཆེད་དྲུག་ནི་རྒྱུའོ། །རེག་པ་ནི་རྐྱེན་ཏོ། །རེག་པ་ནི་རྒྱུའོ། །ཚོར་བ་ནི་རྐྱེན་ཏོ། །ཚོར་བ་ནི་རྒྱུའོ། །སྲེད་པ་ནི་རྐྱེན་ཏོ། ། སྲེད་པ་ནི་རྒྱུའོ། །ལེན་པ་ནི་རྐྱེན་ཏོ། །ལེན་པ་ནི་རྒྱུའོ། །སྲིད་པ་ནི་རྐྱེན་ཏོ། །སྲིད་པ་ནི་རྒྱུའོ། །སྐྱེ་བ་ནི་རྐྱེན་ཏོ། །སྐྱེ་བ་ནི་རྒྱུའོ། །རྒ་ཤི་ནི་རྐྱེན་ཏོ། །ཉོན་མོངས་པ་ནི་རྒྱུའོ། །ལས་ནི་རྐྱེན་ཏོ། ། 80-1-29a ལྟ་བ་ནི་རྒྱུའོ། །སྲེད་པ་ནི་རྐྱེན་ཏོ། །བག་ལ་ཉལ་ནི་རྒྱུའོ། །ཀུན་ནས་ལྡང་བ་ནི་རྐྱེན་ཏོ། །སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པར་འགྱུར་བའི་རྒྱུ་ནི་འདི་རྐྱེན་འདི་ཡིན་ཏེ་དེ་དག་ཀྱང་དེ་ བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་ལ་སེམས་ཅན་རྣམས་ཀྱི་རྣམ་པར་དག་པར་འགྱུར་བའི་རྒྱུ་གང་། །རྐྱེན་གང་ཞེ་ན། །སེམས་ཅན་རྣམས་ཀྱི་རྣམ་པར་དག་པར་འགྱུར་བའི་རྒྱུ་ གཉིས་རྐྱེན་གཉིས་ཏེ། །གཞན་ལས་རྗེས་སུ་འཐུན་པའི་སྒྲ་དང་། །སོ་སོ་བདག་ཉིད་ཚུལ་བཞིན་ཡིད་ལ་བྱེད་པའོ། །འདི་ལྟ་སྟེ། །ཞི་གནས་ལ་རྩེ་གཅིག་པ་དང་། །ལྷག་མཐོང་ལ་མཁས་པའོ། །གཞན་ ཡང་རྒྱུ་གཉིས་དང་། །རྐྱེན་གཉིས་ཏེ། །འགྲོ་བ་མེད་པར་ཤེས་པ་དང་། འོང་བ་མེད་པར་ཤེས་པའོ། །གཞན་ཡང་རྒྱུ་གཉིས་དང་། །རྐྱེན་གཉིས་ཏེ། །སྐྱེ་བ་མེད་པར་རབ་ཏུ་རྟོགས་པ་དང་། །ངེས་ པར་གྱུར་པ་ལ་མི་རེག་པའོ། །གཞན་ཡང་རྒྱུ་གཉིས་དང་། །རྐྱེན་གཉིས་ཏེ། །རྐང་པར་ལྡན་པ་དང་། །རིག་པས་རྣམ་པར་གྲོལ་བ་མངོན་སུམ་དུ་བྱེད་པའོ། །གཞན་ཡང་རྒྱུ་གཉིས་དང་། །རྐྱེན་གཉིས་ཏེ། ། རྣམ་པར་ཐར་པའི་སྒོ་ལ་སྒོམ་པ་དང་། །རང་བཞིན་གྱིས་རྣམ་པར་གྲོལ་བར་ཤེས་པའོ། །གཞན་ཡང་རྒྱུ་གཉིས་དང་། །རྐྱེན་གཉིས་ཏེ། །ཟད་པ་ཤེས་པ་དང་། །མི་སྐྱེ་བ་ཤེས་པའོ། །གཞན་ཡང་རྒྱུ་གཉིས་ དང་། །རྐྱེན་གཉིས་ཏེ། །བདེན་པ་རྗེས་སུ་རྟོགས་པ་དང་། །བདེན་པ་རྗེས་སུ་ཐོབ་བའོ། །རྒྱུ་དེ་དང་རྐྱེན་དེ་དག་ནི་སེམས་ཅན་རྣམས་རྣམ་པར་དག་པར་འགྱུར་བ་སྟེ་དེ་དག་ཀྱང་དེ་བཞིན་གཤེགས་པས་ ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །གཞན་ཡང་ཤཱ་རིའི་བུ་སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་ལ་དམིགས་པ་ཡང་ཚད་མེད། །རྣམ་པར་དག་པར་དམིགས་པ་ཡང་ཚད་མེད་དེ། །ཡང་ 80-1-29b དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པས་ཀུན་ནས་ཉོན་མོངས་པ་ལ་དམིགས་པ། །རྣམ་པར་དག་པའི་དམིགས་པ་ལ་འཇོག་པ་ཡང་ཡོད་དོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པས་རྣམ་པར་དག་པ་ལ་ དམིགས་པ་ཡང་ཀུན་ནས་ཉོན་མོངས་པར་དམིགས་པ་ལ་འཇོག་པ་ཡང་ཡོད་མངོན་པའི་ང་རྒྱལ་གྱི་འཛིན་པས་ཀུན་ནས་ཉོན་མོངས་པར་དམིགས་པ་ལ་འཇོག་པ་དང་། །རྣམ་པར་དག་པའི་དམིགས་པ་ལ་འཇོག་ པའང་ཡོད་དེ། །དེ་ལ་སྣྲེལ་ཞིའི་རྣམ་གྲངས་ཀྱིས་དེ་བཞིན་གཤེགས་པའི་ཡེ་ཤེས་འཇུག་གོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པ་ནི་ཡེ་ཤེས་འདི་ལྟ་བུ་དང་ལྡན་པས་འདོད་པ་དག་ལས་དབེན་པ། །སྡིག་པ་མི་ དགེ་བའི་ཆོས་རྣམས་ལས་དབེན་པ། །རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ། །དབེན་པ་ལས་སྐྱེས་པའི་དགའ་བ་དང་། །བདེ་བ་ཅན་བསམ་གཏན་དང་པོ་རྫོགས་པར་བྱས་ཏེ་གནས་སོ། །བསམ་གཏན་ དང་པོ་རྫོགས་པར་བྱས་ཏེ་གནས་ནས་འགོག་པ་ལས་ལྡང་བ་དང་། །འགོག་པ་ལ་སྙོམས་པར་ཞུགས་ནས་བསམ་གཏན་དང་པོ་ལས་ལྡང་བའི་བར་དུའོ། །རྣམ་པར་ཐར་པ་བརྒྱད་ལ་རྗེས་སུ་འཐུན་པར་སྙོམས་པར་ འཇུག་གོ། །མི་འཐུན་པར་ཡང་སྙོམས་པར་འཇུག་གོ། །རྗེས་སུ་འཐུན་པ་དང་མི་འཐུན་པར་སྙོམས་པར་འཇུག་སྟེ། །བརྒྱད་གང་ཞེ་ན། །འདི་ལྟ་སྟེ། །གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་ པར་ཐར་པ་དང་པོའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ། །སྡུག་པའི་རྣམ་པར་ཐར་པ་སྡུག་པ་ཉིད་དུ་མོས་པར་འགྱུར་བ་དེ་ནི་རྣམ་ པར་ཐར་པ་གསུམ་པའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དེ་ནི་རྣམ་པར་ཐར་པ་བཞི་པའོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དེ་ནི་རྣམ་པར་ཐར་པ་ལྔ་ 80-1-30a པའོ། ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དེ་ནི་རྣམ་པར་ཐར་པ་དྲུག་པའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དེ་ནི་རྣམ་པར་ཐར་པ་བདུན་པའོ། ། འདུ་ཤེས་དང་ཚོར་བ་འགོག་པ་དེ་ནི་རྣམ་པར་ཐར་པ་བརྒྱད་པ་སྟེ། །རྣམ་པར་ཐར་པ་བརྒྱད་པོ་འདི་དག་ལ་རྗེས་སུ་འཐུན་པ་དང་། །མི་མཐུན་པར་ཡང་སྙོམས་པར་འཇུག་པ་སྣྲེལ་ཞིར་ཡང་སྙོམས་པར་འཇུག་ གོ། །ཏིང་ངེ་འཛིན་ལ་ཡང་ཏིང་ངེ་འཛིན་སྟོན་ལ་སྙོམས་པར་འཇུག་པས་རྟོགས་པར་སྟོན་ཀྱང་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ལ་ཐ་དད་པར་འགྱུར་པ་གང་ཡང་མེད། །དེ་བཞིན་གཤེགས་པ་ནི་ཏིང་ངེ་འཛིན་ ལ་དམིགས་པ་ལས་ཏིང་ངེ་འཛིན་ལ་མཉམ་པར་བཞག་པར་བྱ་བ་མེད། །དེ་བཞིན་གཤེགས་པ་ནི་ཏིང་ངེ་འཛིན་གཅིག་གིས་ཏིང་ངེ་འཛིན་ཐམས་ཅད་འགྲུབ་པོ། །དེ་བཞིན་གཤེགས་པ་ནི་ཏིང་ངེ་འཛིན་ལས་མ་ བཞེངས་པར་ཏིང་ངེ་འཛིན་ཐམས་ཅད་ལ་སྙོམས་པར་འཇུག་ཀྱང་དེ་བཞིན་གཤེགས་པ་ནི་སེམས་གཅིག་ནས་གཅིག་ཏུ་འཇུག་པ་མེད་དོ། །དེ་བཞིན་གཤེགས་པ་ལ་སེམས་མཉམ་པར་མ་བཞག་པ་མི་དམིགས་སོ། ། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ནི་སུས་ཀྱང་བལྟ་མི་ནུས་ཏེ། །ཉན་ཐོས་ཀྱི་ཏིང་ངེ་འཛིན་ནི་རང་སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱིས་ཟིལ་གྱིས་ནོན་ཏོ། །རང་སངས་རྒྱས་ཀྱི་ཏིང་ངེ་འཛིན་ནི་བྱང་ཆུབ་སེམས་དཔའི་ཏིང་ ངེ་འཛིན་གྱིས་ཟིལ་གྱིས་ནོན་ཏོ། །བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ནི་སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱིས་ཟིལ་གྱིས་ནོན་ཏོ། །དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ནི་ཟིལ་གྱིས་མ་ནོན་པ་སྟེ། །དེ་བཞིན་གཤེགས་ པའི་ཡེ་ཤེས་ནི་ཟིལ་གྱིས་མ་ནོན་པར་འཇུག་གོ། །གདམས་པ་གང་དང་རྗེས་སུ་བསྟན་པ་གང་གིས་ཉན་ཐོས་རྣམས་ཀྱི་ཏིང་ངེ་འཛིན་སྐྱེད་པ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །དེ་ 80-1-30b བཞིན་དུ་རང་སངས་རྒྱས་ཀྱི་དང་། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་དེ་དག་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །མཁྱེན་ནས་ཀྱང་དེ་བཞིན་དུ་འདོམས་ཤིང་དེ་བཞིན་དུ་རྗེས་སུ་སྟོན་ཏོ། །དེ་ ལྟར་ཤཱ་རིའི་བུ་དེ་བཞིན་གཤེགས་པའི་བསམ་གཏན་དང་། །རྣམ་པར་ཐར་པ་དང་། །ཏིང་ངེ་འཛིན་དང་། །སྙོམས་པར་འཇུག་པའི་ཀུན་ནས་ཉོན་མོངས་པ་དང་། །རྣམ་པར་བྱང་བ་དང་། །ལྡང་ བ་མཁྱེན་པའི་སྟོབས་དེ་ནི་མཐའ་ཡས་མུ་མེད་དེ་ནམ་མཁའ་དང་མཚུངས་ཤིང་མཉམ་མོ། །བྱང་ཆུབ་སེམས་དཔའ་དེ་ཐོས་ནས་མངོན་པར་དད། །ཡིད་ཆེས། །རབ་ཏུ་རྟོག །སོམ་ཉི་མེད། །ཐེ་ ཚོམ་མི་ཟ། །རྒྱ་ཆེར་དགའ་མགུ་སྟེ། །རངས་པ་རྙེད་ཅིང་ནམ་མཁའ་ལྟ་བུར་བསམ་གྱིས་མི་ཁྱབ་པའི་ཕྱིར་ངོ་མཚར་དང་། །རྨད་ཏུ་འདུ་ཤེས་སྐྱེད་དོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་དེ། །དེ་ ལ་འདི་སྐད་ཅེས་བྱའོ། །གང་གིས་སེམས་ཅན་ཉོན་མོངས་ཤིང་། །གང་གིས་སེམས་ཅན་རྣམ་དག་འགྱུར། །དེ་ཡང་དཔའ་བོ་ཆེན་པོས་མཁྱེན། །མཁྱེན་ནས་གཏམ་རྣམས་སྟོན་པར་མཛད། །གང་ དུ་མ་རིག་སྐྱེ་འགྱུར་བ། །ཉོན་མོངས་རྒྱུ་ནི་ཚུལ་བཞིན་མིན། །དེ་ཡི་རྐྱེན་ནི་འདུ་བྱེད་དེ། །སྡུག་བསྔལ་རབ་ཏུ་སྐྱེ་བར་འགྱུར། །སྲིད་པའི་ཡན་ལག་སྐྱེད་པ་ཡི། །ཐམས་ཅད་རྩ་བ་ཚུལ་བཞིན་མིན། ། དེ་ཉིད་སངས་རྒྱས་རབ་མཁྱེན་ནས། །དེ་བཞིན་དུ་ཡང་སྟོན་པར་མཛད། །ལས་ཀྱི་རྩ་བ་ཉོན་མོངས་པ། །མི་མཁས་མངོན་པར་འདུ་བྱེད་དེ། །སྡུག་བསྔལ་འབྱུང་བར་འགྱུར་བའི་བར། །དེ་ཡི་རྐྱེན་ནི་ རྣམ་པར་ཤེས། །གང་གིས་སེམས་ཅན་དག་འགྱུར་པ། །རྒྱུ་གཉིས་དང་ནི་རྐྱེན་གཉིས་ཏེ། །གཞན་ལས་རྗེས་སུ་འཐུན་སྒྲ་དང་། །མང་དུ་ཚུལ་བཞིན་ལྟ་བའོ། །ཚུལ་བཞིན་རྒྱུ་ནི་ཞི་གནས་ཏེ། །ལྷག་ 80-1-31a མཐོང་ཡང་ནི་རྐྱེན་ཡིན་ནོ། །སེམས་ཅན་གང་གིས་འགྲོལ་འགྱུར་བ། །དེ་ཡང་འདྲེན་པས་རབ་ཏུ་མཁྱེན། །ཚུལ་ཁྲིམས་ལ་ནི་རྣལ་འབྱོར་གནས། །ཆོས་རྣམས་སྟོང་པར་རབ་ཏུ་རྟོག ། ཐར་པའི་ལམ་ནི་བསྒོམས་པས་ན། །སྲིད་པ་དོག་ལས་ཐར་པར་འགྱུར། །དེ་དག་སངས་རྒྱས་རབ་མཁྱེན་ནས། །རྣམ་སྦྱོང་སྐྱེས་པ་བུད་མེད་ལ། །སྟོང་པ་ཉིད་དང་མཚན་མེད་དང་། །རྣམ་པར་ཐར་ པ་རབ་ཏུ་སྟོན། བསམ་གཏན་ལ་ནི་སྙོམས་ཞུགས་པ། །རང་རྒྱལ་དང་ནི་ཉན་ཐོས་རྣམས། །དེ་དག་རྣམས་ཀྱང་དོག་པར་བཤད། །དེ་ནི་འགྲན་ཟླ་ཡོད་པར་གསུངས། །སངས་རྒྱས་བསམ་གཏན་རྣམ་ ཐར་ལ། །དགྲ་དང་བཅས་མེད་དོག་པ་མེད། །སངས་རྒྱས་ཀྱི་ནི་སྟོབས་བདུན་པ། །ཕ་རོལ་རྒོལ་བས་ཐུལ་བར་དཀའ། །ཤཱ་རིའི་བུ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་ སྟོབས་བདུན་པ་སྟེ་སྟོབས་དེ་དང་ལྡན་པས་དེ་བཞིན་གཤེགས་པ་ཁྱུ་མཆོག་གི་གནས་སུ་ཞལ་གྱིས་འཆེ་བ་ནས་སུས་ཀྱང་འཇིག་རྟེན་འདིར་ཆོས་དང་འཐུན་པར་ཞེས་བྱ་བའི་བར་དུའོ། །དེ་ལ་དེ་བཞིན་གཤེགས་ པའི་སྔོན་གྱི་གནས་རྗེས་སུ་དྲན་པ་མངོན་སུམ་དུ་བྱེད་པ་མཁྱེན་པའི་སྟོབས་གང་ཞེ་ན། །འདི་ལ་ཤཱ་རིའི་བུ་དེ་བཞིན་གཤེགས་པས་བླ་ན་མེད་པའི་ཡེ་ཤེས་ཀྱིས་བདག་དང་སེམས་ཅན་གཞན་རྣམས་ དང་། །གང་ཟག་གཞན་དག་གི་སྔོན་གྱི་གནས་རྣམ་པར་དུ་མ་རྗེས་སུ་དྲན་ནོ། །འདི་ལྟ་སྟེ། །སྐྱེ་བ་གཅིག་གམ། །གཉིས་སམ། །གསུམ་འམ། །བཞི་འམ། །ལྔ་འམ། བཅུ་འམ། ། ཉི་ཤུ་འམ། སུམ་བཅུ་འམ། བཞི་བཅུ་འམ། ལྔ་བཅུ་འམ། སྐྱེ་བ་བརྒྱ་འམ། སྐྱེ་བ་སྟོང་ངམ། །སྐྱེ་བ་བརྒྱ་སྟོང་ནས་སྐྱེ་བ་བྱེ་བ་ཁྲག་ཁྲིག་སྟོང་གི་བར་དུ་རྗེས་སུ་དྲན་ནོ། །འཇིག་པའི་བསྐལ་ 80-1-31b པ་འམ། །འཆགས་པའི་བསྐལ་པ་འམ། །འཇིགས་པ་དང་། །འཆགས་པའི་བསྐལ་པ་འམ། །འཇིག་པའི་བསྐལ་པ་དུ་མ་འམ། །འཆགས་པའི་བསྐལ་པ་དུ་མ་འམ། །འཇིག་པ་དང་། འཆགས་ པའི་བསྐལ་པ་དུ་མ་ཞིག་ན་ང་སྔོན་ཆེ་གེ་མོ་ཞིག་ཏུ་བྱུང་སྟེ། །མིང་ནི་འདི་ཞེས་བྱ། །རུས་ནི་འདི་ཞེས་བྱ། །རིགས་ནི་འདི་ཞེས་བྱ། །ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། །ཁ་དོག་ནི་འདི་ལྟ་བུ། །མཚན་མ་ ནི་འདི་ལྟ་བུ། །དབྱིབས་ནི་འདི་ལྟ་བུ། །ཚེ་ནི་འདི་ཙམ་ཞིག་ཐུབ། །ཡུན་ནི་འདི་སྲིད་ཅིག་གནས་གནས། །བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང་སྟེ། །བདག་དེ་ནས་ཤི་འཕོས་ནས་ཆེ་གེ་མོ་ ཞིག་ཏུ་སྐྱེས་སོ། །བདག་དེ་ནས་ཤི་འཕོས་ནས་འདིར་སྐྱེས་སོ་ཞེས་འདི་ལྟ་བུའི་རྣམ་པ་དང་བཅས། །ཡུལ་ཕྱོགས་དང་བཅས། །གཞི་ཅི་ལས་གྱུར་པ་དང་བཅས་པར་བདག་དང་གཞན་གྱི་སྔོན་གྱི་ གནས་དུ་མ་རྗེས་སུ་དྲན་ནོ། །སེམས་ཅན་གང་གི་སྔོན་གྱི་རྒྱུ་ཇི་ལྟ་བུ་དང་། །རྒྱུ་གང་གིས་སེམས་ཅན་དུ་གྱུར་པའི་རྒྱུ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏེ། །མཁྱེན་ནས་ཀྱང་དེ་བཞིན་དུ་ཆོས་སྟོན་ ཏོ། །འདས་པའི་སེམས་ཅན་ཐམས་ཅད་ཀྱི་འདས་པའི་སེམས་ཅན་གྱི་རྒྱུད་ཀྱང་རབ་ཏུ་མཁྱེན་ཏོ། །སེམས་གང་གི་འོག་ཏུ་གང་ལ་དམིགས་པའི་སེམས་སྐྱེས་པ་དང་། །དམིགས་པ་གང་མ་ཚང་བས་ འགགས་པ་དེ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །དེ་ལྟར་ཤཱ་རིའི་བུ་གང་སེམས་ཅན་གཅིག་གིས་སེམས་གཅིག་ནས་གཅིག་ཏུ་སེམས་འདི་ལྟ་བུ་ཞིག་གི་འོག་ཏུ་སེམས་འདི་ལྟ་བུ་ཞིག་ བྱུང་ངོ་ཞེས་བྱ་བ་དེ་ནི་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཏུ་ཡང་ཚིག་གིས་བཤད་པས་སྟོན་མི་ནུས་ཏེ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་ཡང་ཐམས་ཅད་དེ་བཞིན་དུ་དེ་བཞིན་གཤེགས་པས་ 80-1-32a རབ་ཏུ་མཁྱེན་ཏོ། །ཐ་མའི་མཐའི་བར་གྱི་བསྐལ་པར་དེ་བཞིན་གཤེགས་པས་སེམས་ཅན་དག་གི་སེམས་རྣམས་བཤད་ཀྱང་དེ་བཞིན་གཤེགས་པའི་ཡེ་ཤེས་མཐར་ཐུག་པར་མི་ འགྱུར་རོ། །དེ་ལྟར་ཤཱ་རིའི་བུ་དེ་བཞིན་གཤེགས་པའི་སྔོན་གྱི་གནས་རྗེས་སུ་དྲན་པ་མངོན་སུམ་དུ་བྱེད་པ་མཁྱེན་པའི་སྟོབས་ནི་བསམ་གྱིས་མི་ཁྱབ། །མཚུངས་པ་མེད། །ཚད་མེད། གྲངས་མེད། ། བརྗོད་དུ་མེད་དེ་དེའི་མཐའི་གནས་ནི་བདེ་བར་བསྟན་མི་ནུས་སོ། །སངས་རྒྱས་ཀྱི་ཁྱུ་མཆོག་ཏུ་གྱུར་པས་དེ་བཞིན་གཤེགས་པ་སེམས་ཅན་དེ་དག་ལ་ཀྱེ་སེམས་ཅན་རྣམས་དགེ་བའི་རྩ་བ་དེ་དང་ དེ་སངས་རྒྱས་ལ་བསྐྱེད་པ་འམ། །ཉན་ཐོས་ལ་བསྐྱེད་པ་འམ། །རང་སངས་རྒྱས་ལ་བསྐྱེད་པ་འམ། །ཆོས་ལ་བསྐྱེད་པ་དེ་དག་དྲན་པར་གྱིས་ཤིག་ཅེས་དྲན་པར་མཛད་དོ། །འདི་ལྟ་སྟེ། དེ་དག་ཀྱང་སངས་རྒྱས་ཀྱི་མཐུས་དྲན་པར་འགྱུར་རོ། །དེ་བཞིན་གཤེགས་པས་དེ་དག་ལ་དགེ་བའི་རྩ་བ་ལ་དམིགས་པ་དེ་ལས་ཆོས་འདི་ལྟ་འདི་ལྟ་བུར་སྟོན་ཏེ། །ཅི་ནས་སེམས་ཅན་དེ་དག་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་མོས་པ་ཇི་ལྟ་བ་བཞིན་དུ་ལ་ལ་ནི་ཉན་ཐོས་ཀྱི་ཐེག་པས། །ལ་ལ་ནི་རང་སངས་རྒྱས་ཀྱི་ཐེག་པས་འབྱུང་བར་འགྱུར་རོ། །ལ་ ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་དོ། །དེ་ལྟར་ཤཱ་རིའི་བུ་དེ་བཞིན་གཤེགས་པའི་སྔོན་གྱི་གནས་རྗེས་སུ་དྲན་པ་མངོན་སུམ་དུ་བྱེད་པ་ཤེས་པའི་སྟོབས་ནི་མཐའ་ ཡས་མུ་མེད་དེ་ནམ་མཁའ་དང་མཚུངས་ཤིང་མཉམ་མོ། །བྱང་ཆུབ་སེམས་དཔའ་དེ་ཐོས་ནས། །མངོན་པར་དད། །ཡིད་ཆེས། །རབ་ཏུ་རྟོག་སོམ་ཉི་མེད། །ཐེ་ཚོམ་མི་ཟ་བ་ནས། །ནམ་ 80-1-32b མཁའ་ལྟ་བུར་བསམ་གྱིས་མི་ཁྱབ་པའི་བར་དུའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་ཏེ། །བདེ་བར་གཤེགས་པས་དེ་སྐད་བཀའ་སྩལ་ནས་སྟོན་པ་ཡང་འདི་སྐད་གསུང་ངོ་། །བདག་གི་ དང་ནི་དེ་བཞིན་གཞན་དག་གི། །འཇིག་རྟེན་སྒྲོན་མས་སྔོན་གྱི་དྲན་པ་ནི། །བསྐལ་པ་བྱེ་བ་ཁྲག་ཁྲིག་མཐའ་ཡས་པ། །སྐྱུ་རུ་ར་ལྔ་ལག་མཐིལ་བཞག་པ་བཞིན། །མིང་རུས་དེ་བཞིན་ཁ་དོག་རྣམ་ པར་རྟོག །ཚེ་དང་གནས་དང་འཆི་འཕོ་འགྲོ་བ་དང་། །གང་གི་རྒྱུ་ལ་སེམས་ཅན་བརྩོན་ལྡན་པ། །དུས་མཁྱེན་པ་ནི་དེ་ལ་ཆོས་ཀྱང་འཆད། །འགྲོ་བ་རྣམས་ཀྱི་སེམས་དང་སེམས་བྱུང་ཆོས། ། གང་དག་འདས་པ་མཐའ་ཡས་མུ་མེད་པ། །གང་གི་འོག་ཏུ་སེམས་གང་བྱུང་བ་ཀུན། །རྒྱལ་བ་ཡེ་ཤེས་ཆེན་པོ་མངའ་བས་མཁྱེན། །སེམས་ཅན་གཅིག་གི་སེམས་རྒྱུ་སྔོན་འདས་པ། །བདེ་ བར་གཤེགས་པས་རབ་ཏུ་མཁྱེན་པ་ནི། །བསྐལ་པ་གང་གཱའི་ཀླུང་གི་བྱེ་སྙེད་དུ། །བཤད་ཀྱང་དེ་ཡི་མཐའ་མར་ཕྱིན་མི་འགྱུར། །སྔོན་གྱི་སྤྱོད་པ་ཇི་སྙེད་དེ་དག་ནི། །ཕྱི་མའི་མཐའ་ཡི་ བར་དུ་ངས་བཤད་ཀྱང་། །མཚུངས་པ་མེད་པའི་ཡེ་ཤེས་མི་ཟད་དེ། །བཅོམ་ལྡན་ཡེ་ཤེས་རྒྱ་མཚོ་འདི་འདྲའོ། །སྔོན་གྱི་རྒྱལ་ལ་སྟི་སྟང་གང་བྱས་ཤིང་། །སེམས་ཅན་གང་དག་དགེ་ བའི་བསམ་གྱུར་པ། །སངས་རྒྱས་རྫུ་འཕྲུལ་སྟོབས་ཀྱི་ཤུགས་ལ་གནས། །སྔོན་དག་དགེ་བ་བྱས་པ་རྣམས་ཀྱང་དྲན། །སྔོན་ནི་བསོད་ནམས་ཅི་འདྲ་བྱས་པ་རྣམས། །དེ་དག་རྣམས་ ཀྱང་སྟོན་པའི་མཐུས་དྲན་ཏེ། །དེ་དག་དྲན་ནས་གནས་ནི་གསུམ་ལ་འཁོད། །ཐར་པའི་གནས་ལས་ཕྱིར་ཡང་མི་ལྡོག་འགྱུར། །བདེ་གཤེགས་སྔོན་གྱི་སྦྱོར་བ་མཐའ་ཡས་ཏེ། ། 80-1-33a སེམས་ཅན་ཐམས་ཅད་ཀྱིས་ནི་བསམ་མི་ནུས། །མཐའ་ཡས་གྲགས་པའི་སྟོབས་ནི་བརྒྱད་པ་ལ། །རྒྱལ་སྲས་བདག་ཉིད་ཆེན་པོ་དད་པར་འགྱུར། །ཤཱ་རིའི་བུ་འདི་ནི་དེ་བཞིན་ གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་བརྒྱད་པ་སྟེ། །སྟོབས་དེ་དང་ལྡན་པས་ཞེས་བྱ་བ་ནས་ཆོས་དང་འབྱུང་བར་ཞེས་བྱ་བའི་བར་དུའོ། །དེ་ལ་དེ་བཞིན་གཤེགས་པའི་ལྷའི་ མིག་རྗེས་སུ་དྲན་པ་མངོན་སུམ་དུ་བྱེད་པ་མཁྱེན་པའི་སྟོབས་གང་ཞེ་ན། །འདི་ལ་ཤཱ་རིའི་བུ་དེ་བཞིན་གཤེགས་པས་བླ་ན་མེད་པའི་ཡེ་ཤེས་དང་། །མིའི་ལས་ཤིན་དུ་འདས་པའི་ལྷའི་མིག་རྣམ་ པར་དག་པས་སེམས་ཅན་རྣམས་འཆི་འཕོ་བ་དང་། །སྐྱེ་བ་དང་། །བཟང་པོ་དང་། །ངན་པ་དང་། །ཁ་དོག་མཛེས་པ་དང་། །ཁ་དོག་མི་སྡུག་པ་དང་། །བདེ་འགྲོར་འགྲོ་བ་དང་། །ངན་འགྲོར་འགྲོ་བ་རྣམས་ གཟིགས་སོ། །སེམས་ཅན་འདི་དག་ནི་ལུས་ཀྱིས་ཉེས་པར་སྤྱོད་པ་དང་ལྡན། །ངག་གིས་ཉེས་པར་སྤྱོད་པ་དང་ལྡན། །ཡིད་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ། །འཕགས་པ་ལ་སྐུར་པ་འདེབས་ པ། །ལོག་པར་ལྟ་བ་དག་སྟེ། །དེ་དག་ལོག་པར་ལྟ་བའི་ལས་ཡང་དག་པར་བླངས་པའི་རྒྱུས་ལུས་ཞིག་སྟེ། །ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བར་སྐྱེ་ འོ། །དུད་འགྲོའི་སྐྱེ་གནས་དང་། །ཤིན་རྗེའི་འཇིག་རྟེན་དུའང་དེ་བཞིན་ནོ། །ཡང་སེམས་ཅན་འདི་དག་ནི་ལུས་ཀྱིས་ལེགས་པར་སྤྱོད་པ་དང་ལྡན། །ངག་གིས་ལེགས་པར་སྤྱོད་པ་དང་ལྡན། ། ཡིད་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་ཏེ། །འཕགས་པ་རྣམས་ལ་སྐུར་པ་མི་འདེབས་པ་ཡང་དག་པར་ལྟ་བ་སྟེ། །དེ་དག་ཡང་དག་པར་ལྟ་བ་ཡང་དག་པར་བླངས་པའི་རྒྱུས་ལུས་ཞིག་ 80-1-33b ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷར་སྐྱེའོ། །ཞེས་སེམས་ཅན་རྣམས་ཀྱི་ལས་ཇི་ལྟར་བསགས་པ་རྣམས་རབ་ཏུ་མཁྱེན་ཏོ། །དེ་ལ་དེ་བཞིན་གཤེགས་པའི་ལྷའི་མིག་དེ་ནི་ཕྱོགས་བཅུའི་ སངས་རྒྱས་ཀྱི་ཞིང་ནམ་མཁའི་མཐའ་ཆོས་ཀྱི་དབྱིངས་ཚད་མེད་པ། །བརྗོད་དུ་མེད་པ། །གང་གཱའི་ཀླུང་གི་བྱེ་མ་ལས་ཀྱང་ཤིན་དུ་འདས་པ་ཐམས་ཅད་ན་སངས་རྒྱས་ཀྱི་ཞིང་གང་ཇི་སྙེད་སྣང་བར་ གྱུར་པ་དེ་དག་ཐམས་ཅད་ནི་འཚིག་པ་དང་། །འཇིག་པ་དང་། །འཆགས་པར་གཟིགས་སོ། །སེམས་ཅན་གང་དག་ཁ་ཅིག་སྣང་བར་གྱུར་པ་དེ་དག་ཐམས་ཅད་ནི་འཆི་འཕོ་བ་དང་སྐྱེ་བར་ གཟིགས་སོ། །བྱང་ཆུབ་སེམས་དཔའ་གང་དག་ཁ་ཅིག་སྣང་བར་གྱུར་པ་དེ་དག་ཐམས་ཅད་ནི་དགའ་ལྡན་གནས་ནས་འཆི་འཕོ་བ་དང་། །མའི་རུམ་དུ་འཇུག་པ་དང་། བཙྭ་བ་དང་། གོམ་པ་བདུན་འདོར་བ་དང་། །བཙུན་མོའི་འཁོར་གྱི་ནང་དུ་འཇུག་པ་དང་། །མངོན་པར་འབྱུང་བར་གཟིགས་སོ། །སངས་རྒྱས་བཅོམ་ལྡན་འདས་གང་དག་ཁ་ཅིག་སྣང་བར་གྱུར་བ་དེ་ དག་ཐམས་ཅད་ནི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གཟིགས་སོ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང་། །ཚེའི་འདུ་བྱེད་འདོར་བ་དང་། །ཡོངས་སུ་མྱ་ངན་ལས་འདའ་བར་ཡང་ གཟིགས་སོ། །ཉན་ཐོས་གང་དག་ཁ་ཅིག་སྣང་བར་གྱུར་པ་དེ་དག་ཐམས་ཅད་ནི་ཤིན་དུ་ཡོངས་སུ་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་འདའ་བར་གཟིགས་སོ། །རང་སངས་རྒྱས་ གང་དག་ཁ་ཅིག་སྣང་བར་གྱུར་པ་དེ་དག་ཐམས་ཅད་ནི་རྫུ་འཕྲུལ་སྟོན་ཅིང་ཡོན་སྦྱོང་བར་གཟིགས་སོ། །སེམས་ཅན་གང་དག་སྣང་བར་མ་གྱུར་པ་ཕྱིར་རོལ་གྱི་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ 80-1-34a ལྡན་པ་རྣམས་ཀྱི་མིག་གི་ལམ་དུ་མི་འགྲོ་བ་དང་། །ཉན་ཐོས་དང་། །རང་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་མཐོང་བར་མི་འགྱུར་བ་དེ་དག་དེ་བཞིན་ གཤེགས་པའི་ལྷའི་མིག་གིས་གཟིགས་སོ། །ཡང་དེ་བཞིན་གཤེགས་པས་ཤིང་རྟའི་འཕང་ལོའི་ཚད་ཙམ་ལ་སྣང་བར་མ་གྱུར་པའི་སེམས་ཅན་རྣམས་གཟིགས་པ་དེ་དག་ནི་ཤིན་དུ་མང་གི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ལྷ་དང་། །མི་རྣམས་ནི་དེ་ལྟ་མ་ཡིན་ཏེ། །དེ་ལྟར་མི་སྣང་བར་གྱུར་པའི་སེམས་ཅན་གྱི་ཁམས་ཀྱང་ཚད་མེད་དོ། །འདི་ལྟར་ཤཱ་རིའི་བུ་ དེ་བཞིན་གཤེགས་པ་ནི་ལྷའི་མིག་གིས་སངས་རྒྱས་ཀྱི་ཞིང་ན་སེམས་ཅན་གང་སངས་རྒྱས་ཀྱིས་འདུལ་བར་འགྱུར་ཞེས་སེམས་ཅན་གྱི་ཁམས་ལ་གཟིགས་ཏེ། །སེམས་ཅན་ཇི་ཙམ་སངས་རྒྱས་ ཀྱིས་འདུལ་བར་འགྱུར་བ་དེ་དག་གི་མདུན་ན་དེ་བཞིན་གཤེགས་པ་བཞུགས་ཤིང་སེམས་ཅན་དེ་དག་འདུལ་ཡང་སེམས་ཅན་གཞན་གྱིས་མི་ཤེས་སོ། །དེ་ལྟར་ཤཱ་རིའི་བུ་དེ་བཞིན་གཤེགས་པའི་ ལྷའི་མིག་རྗེས་སུ་དྲན་པ་མངོན་སུམ་དུ་བྱེད་པ་མཁྱེན་པའི་སྟོབས་ནི་མཐའ་ཡས་མུ་མེད་དེ། །ནམ་མཁའ་དང་མཚུངས་ཤིང་མཉམ་མོ། །བྱང་ཆུབ་སེམས་དཔའ་དེ་ཐོས་ནས་མངོན་པར་དད་པ་ ནས། །ནམ་མཁའ་ལྟ་བུར་བསམ་གྱིས་མི་ཁྱབ་པའི་ཕྱིར་ཞེས་བྱ་བའི་བར་དུ་འོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་རྒྱ་ཆེར་བསྟན་པའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ གསུངས་སོ། །བདེ་བར་གཤེགས་པའི་ལྷ་མིག་དྲི་མེད་དེ། །བསྐལ་པ་བྱེ་བར་དགེ་བའི་ལས་ཀྱིས་སྦྱངས། །དེས་ནི་རྒྱལ་བས་ཕྱོགས་བཅུ་སངས་རྒྱས་ཞིང་། །རྒྱ་ཆེན་བསམ་གྱིས་མི་ 80-1-34b ཁྱབ་རྣམས་ཀྱང་གཟིགས། །འབྱུང་བ་དང་ནི་འཇིག་པ་ཇི་སྙེད་པ། །ཁ་ཅིག་མེ་ཡིས་འཁོར་ཅིང་སེམས་ཅན་གནས། །ཁ་ཅིག་སངས་རྒྱས་ལྡན་ཞིང་ཁ་ཅིག་སྟོང་། ཐམས་ཅད་རང་བྱུང་གི་ནི་ སྤྱན་གྱིས་གཟིགས། །སེམས་ཅན་ཁམས་ནི་རྒྱ་ཆེན་བསམ་མི་ཁྱབ། །གཟུགས་ཅན་གཟུགས་མེད་གང་དག་ཇི་སྙེད་དང་། །གང་དག་ངན་འགྲོར་ལྟུང་དང་བདེར་འགྲོ་བ། །ཐམས་ཅད་རང་བྱུང་གི་ནི་ སྤྱན་གྱིས་གཟིགས། །སངས་རྒྱས་བྱེ་བ་མང་པོ་གང་བཞུགས་དང་། །རང་བྱུང་འདྲེན་པ་མྱ་ངན་གང་འདས་དང་། །རང་རྒྱལ་གང་དང་ཉན་ཐོས་གང་ཡོད་པ། །ཐམས་ཅད་རང་བྱུང་གི་ནི་ སྤྱན་གྱིས་གཟིགས། །བྱང་ཆུབ་སེམས་དཔའ་སྲོག་ཆགས་ཕན་འདོད་བ། །གང་དག་བྱང་ཆུབ་སྤྱོད་པ་མཆོག་སྤྱོད་ཅིང་། །ལ་ལ་གཞི་མེད་གནས་ནི་རྟོགས་གྱུར་པ། །ཐམས་ཅད་རང་འབྱུང་འདྲེན་ པ་དག་གིས་གཟིགས། །གང་གིས་སྲོག་ཆགས་ཤིན་དུ་ཕྲ་མཐོང་བ། །བདེ་གཤེགས་མིག་ནི་འདི་འདྲ་དྲི་མ་མེད། །མིག་སྟོབས་བསམ་གྱིས་མི་ཁྱབ་དགུ་པ་སྟེ། །རྒྱལ་སྲས་དེས་པ་ རྣམས་ནི་མངོན་པར་དང་། །ཤཱ་རིའི་བུ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་དགུ་པ་སྟེ། །སྟོབས་དེ་དང་ལྡན་པས་ཁྱུ་མཆོག་གི་གནས་སུ་ཞལ་གྱིས་འཆེ་ ཞིང་འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོག་པ་ནས། །སུས་ཀྱང་འཇིག་རྟེན་འདིར་ཆོས་དང་འཐུན་པ་ཞེས་བྱ་བའི་བར་དུའོ། །དེ་ལ་དེ་བཞིན་གཤེགས་པའི་ཟག་པ་ཟད་པ་ མངོན་སུམ་དུ་བྱེད་པ་མཁྱེན་པའི་སྟོབས་གང་ཞེ་ན། །འདི་ལ་ཤཱ་རིའི་བུ་དེ་བཞིན་གཤེགས་པ་བླ་ན་མེད་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་ཟག་པ་ཐམས་ཅད་ 80-1-35a ཟད་པས་བདག་སྐྱེ་བ་ནི་ཟད། །ཚངས་པར་སྤྱོད་པ་ལ་ནི་བསྟེན། །བྱ་བ་ནི་བྱས་ཏེ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་ཟག་པ་མེད་པ། །སེམས་ཅན་རྣམ་པར་གྲོལ་བ། །རང་ གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ། །དེ་ལ་དེ་བཞིན་གཤེགས་པའི་ཟག་པ་ཟད་པ་མཁྱེན་པའི་སྟོབས་དེ་ནི་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཡང་ དག་པར་བཅོམ་པའོ། །ཉན་ཐོས་ཀྱི་ཐེག་པ་པའི་ཟག་པ་ཟད་པ་ནི་ཚད་ཏུ་བྱས་པའི་བག་ཆགས་ཡང་དག་པར་བཅོམ་པའོ། །རང་སངས་རྒྱས་ཀྱི་ཐེག་པ་ཟག་པ་ཟད་པ་ནི་ཚད་ཡོད་པ་སྟེ། །སྙིང་ རྗེ་ཆེན་པོ་དང་བྲལ་བ། །སྤོབས་པ་དང་བྲལ་བའོ། །དེ་བཞིན་གཤེགས་པའི་ཟག་པ་ཟད་པ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཡང་དག་ པར་བཅོམ་པ། །སྙིང་རྗེ་ཆེན་པོས་ཀུན་དུ་བཟུང་བ། །མི་འཇིགས་པ་དང་། །སྤོབས་པ་ལ་ལྟ་བ་འཇིག་རྟེན་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པ་སྟེ། །སྐད་ཅིག་གཅིག་དང་ལྡན་པའོ། །དེ་ ཅིའི་ཕྱིར་ཞེ་ན། །དེ་བཞིན་གཤེགས་པ་ལ་ལས་ཀྱི་བག་ཆགས་མེད། །ཉོན་མོངས་པའི་བག་ཆགས་མེད། །སྤྱོད་ལམ་འཁྲུལ་པའི་བག་ཆགས་མེད་དོ། །འདི་ལྟ་སྟེ། །ཤཱ་རིའི་བུ་ནམ་ མཁའ་ཡོངས་སུ་དག་པས་རྡུལ་དང་དུ་བའི་འཁྲུག་པ་དང་ལྷན་ཅིག་ཏུ་མི་གནས་པ་དེ་བཞིན་དུ་ཤཱ་རིའི་བུ་དེ་བཞིན་གཤེགས་པའི་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱང་ཉོན་མོངས་པའི་བག་ ཆགས་ཐམས་ཅད་དང་ལྷན་ཅིག་ཏུ་མི་གནས་སོ། །དེ་ཟག་པ་ཟད་པར་མཁྱེན་པ་དེ་ལྟ་བུ་ལ་རབ་ཏུ་གནས་ནས་ཟག་པ་དང་བཅས་པ་ལེན་པ་དང་བཅས་པའི་སེམས་ཅན་རྣམས་ལ་ཟག་པ་ 80-1-35b ཟད་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །ལེན་པ་སྤང་བའི་ཕྱིར་ཆོས་སྟོན་ཏེ། །ཀྱེ་མ་སེམས་ཅན་རྣམས་ནི་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལས་བྱུང་སྟེ། །ཟག་པ་དང་། །ལེན་པ་རྣམས་མི་བསྐྱེད་ པའི་ཕྱིར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁྱེད་ཀྱིས་རབ་ཏུ་རྟོགས་ཤིག་ཅེས། །དེ་དག་ལ་དེ་བཞིན་གཤེགས་པས་དཔེ་དང་ཚུལ་གྱིས་ཅི་ནས་ཀྱང་ཟག་པ་རྣམས་ཡང་དག་པ་མ་ཡིན་པའོ་ཞེས་ཡང་ དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པར་འགྱུར་ཞིང་ཤེས་ནས་ཀྱང་ཆོས་གང་ཡང་མི་ལེན་ཏེ། །ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེ་ལྟ་བུ་ཆོས་སྟོན་ཏོ། །དེ་ལྟར་ཤཱ་ རིའི་བུ་དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ཀྱི་ཟག་པ་རྣམས་རབ་ཏུ་མཁྱེན་ཏོ། །ཟག་པ་ཀུན་འབྱུང་བ་དང་། །ཟག་པ་འགག་པ་དང་། །ཟག་པ་འགག་པར་འགྱུར་བའི་ལམ་ ཡང་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ་མཁྱེན་ནས་ཀྱང་དེ་བཞིན་དུ་ཆོས་སྟོན་ཏོ། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་ཟག་པ་ཟད་པ་མངོན་སུམ་དུ་བྱེད་པ་མཁྱེན་པའི་སྟོབས་ དེ་ཐོས་ནས་མངོན་པར་དད། །ཡིད་ཆེས། རབ་ཏུ་རྟོག །སོམ་ཉི་མེད་ཅིང་ཐེ་ཚོམ་མི་ཟ་བ་ནས་ངོ་མཚར་དང་རྨད་ཀྱི་བར་དུ་འདུ་ཤེས་སྐྱེད་དོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། །དེ་ལ་འདི་ སྐད་ཅེས་བྱའོ། །འདྲེན་པའི་ཟག་པ་མེད་པའི་ཡེ་ཤེས་ནི། །རྒྱ་ཆེན་སྒྲིབ་མེད་དག་པ་ཚད་མེད་དེ། །སྟོབས་བཅུའི་སྟོབས་ནི་དེ་དང་ལྡན་པས་ན། །ཞི་བའི་བྱང་ཆུབ་མཆོག་འདི་རབ་ཏུ་གསུང་། ། ཉན་ཐོས་རྣམས་ཀྱི་ཟག་ཟད་ཡེ་ཤེས་ནི། །བག་ཆགས་མ་བཅོམ་ཚད་དང་ལྡན་པ་ཡིན། །མི་ཡི་དམ་པ་འདྲེན་པ་མཆོག་རབ་ཀྱི། །བག་ཆགས་བཅོམ་ཞིང་ཚད་དང་ལྡན་མ་ཡིན། ། 80-1-36a དེ་བཞིན་རང་རྒྱལ་བྱང་ཆུབ་གང་རེག་པ། །དེ་ལ་སྙིང་རྗེ་ཆེ་དང་སྤོབས་པ་མེད། །བཅོམ་ལྡན་འདས་ནི་ཟག་པ་ཡོངས་ཟད་པ། །སྙིང་རྗེ་ཆེ་དང་སྤོབས་པ་ཚད་མེད་དོ། །སངས་ རྒྱས་ཟག་ཟད་མཁྱེན་ལ་གནས་ནས་ནི། །འགྲོ་བའི་ཟག་པ་ཡང་དག་མ་ཡིན་ཞིང་། །རིགས་པའི་གནས་ཀྱི་ཚུལ་འདི་མ་ཤེས་པས། །ཆོས་འདི་ཐམས་ཅད་ལོག་པར་ཞུགས་མཁྱེན་ཏེ། ། དེ་ལ་རྒྱལ་བ་སྙིང་རྗེ་ཆེར་བསྐྱེད་ནས། །ཆོས་འདི་མི་རྟག་སྟོང་པ་བདག་མེད་ཆོས། །དངོས་མེད་གསོག་སྟེ་མཆོག་ཏུ་ཞི་བ་ཡི། །ས་ལ་རྟོགས་ཤིང་ལྟོས་ཤེས་རབ་ཏུ་སྟོན། །འདི་ལ་སྐྱེས་ བུ་སྲོག་དང་གང་ཟག་དང་། །ཤེད་སྐྱེས་ཤེད་བུ་བྱེད་པ་པོ་ཡང་མེད། །ཆོས་འདི་ཐམས་ཅད་ལོག་པར་ཆགས་པས་ན། །སྟོན་པ་སྙིང་རྗེ་བསྐྱེད་ནས་ཐར་སྟོན་ཀྱང་། །བདེ་བར་གཤེགས་ ལ་སྐྱོ་བ་ཡོང་མེད་དེ། །ཡང་དག་ཡེ་ཤེས་ནམས་ཀྱང་ཉམས་པ་མེད། །དེའི་ཕྱིར་རྒྱལ་བ་རྟག་ཏུ་རྣལ་འབྱོར་སྤྱོད། །འགྲོ་ལ་ཕན་ཕྱིར་ཆོས་རྣམས་རབ་ཏུ་སྟོན། །འདི་ནི་ཕ་རོལ་སྨྲ་བ་འཇོམ་ པའི་སྟོབས། །མཐའ་ཡས་ནམ་མཁའ་འདྲ་བ་བཅུ་པ་སྟེ། །མགོན་པོ་སྟོབས་བཅུ་དེ་ལ་གནས་གྱུར་ནས། །མཚུངས་མེད་འཁོར་ལོ་དམ་པ་རབ་ཏུ་སྐོར། །ཤཱ་རི་བུ་འདི་ནི་དེ་བཞིན་ གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་བཅུ་པ་སྟེ། །སྟོབས་དེ་དང་ལྡན་པས་དེ་བཞིན་གཤེགས་པ་ཁྱུ་མཆོག་གི་གནས་སུ་ཞལ་གྱིས་འཆེ་ཞིང་འཁོར་གྱི་ནང་དུ་སེང་ གེའི་སྒྲ་ཡང་དག་པར་སྒྲོག་སྟེ། །འཇིག་རྟེན་འདིར་དགེ་སྤྱོད་བྲམ་ཟེའི་བར་དུ་སུས་ཀྱང་ཆོས་དང་འཐུན་པར་རབ་ཏུ་མ་བསྐོར་བ། །ཚངས་པའི་འཁོར་ལོ་རབ་ཏུ་སྐོར་ཏོ། །དེ་ 80-1-36b ལྟར་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་ཕྱིར་དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་མངོན་པར་དད། །ཡིད་ཆེས། །རབ་ཏུ་རྟོག་པ་ནས་ ངོ་མཚར་དང་། །རྨད་ཀྱི་བར་དུ་འདུ་ཤེས་སྐྱེད་དོ།། །། བམ་པོ་དྲུག་པ། ཡང་ཤཱ་རི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་མི་འཇིགས་པ་བསམ་ གྱིས་མི་ཁྱབ་པ་ལ་མངོན་པར་དད། །ཡིད་ཆེས། །རབ་ཏུ་རྟོག་སོམ་ཉི་མི་བྱེད། །ཐེ་ཚོམ་མི་ཟ་བ་ནས། །ངོ་མཚར་དང་། །རྨད་ཀྱི་རབ་དུ་འདུ་ཤེས་སྐྱེད་ཅེ་ན། །དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་ གཤེགས་པའི་མི་འཇིགས་པ་ནི་བཞི་པོ་འདི་དག་སྟེ། །མི་འཇིགས་པ་དེ་དག་དང་ལྡན་པས་དེ་བཞིན་གཤེགས་པ་འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོག་ཅིང་ཁྱུ་མཆོག་གི་གནས་སུ་ཞལ་གྱིས་ འཆེ་སྟེ། །དགེ་སྦྱོང་ངམ། །བྲམ་ཟེ་འམ། །ལྷ་འམ། །བདུད་དམ། །སུས་ཀྱང་འཇིག་རྟེན་དུ་ཆོས་དང་འཐུན་པར་མ་བསྐོར་བ་ཚངས་པའི་འཁོར་ལོ་རབ་ཏུ་སྐོར་ཏོ། །བཞི་གང་ཞེ་ན། །འདི་ལ་ ཤཱ་རིའི་བུ་དེ་བཞིན་གཤེགས་པ་བླ་ན་མེད་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་དང་ལྡན་པས་འཁོར་གྱི་ནང་དུང་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་ཞལ་གྱིས་འཆེ་བ་དེ་ལ་ལྷ་དང་ བཅས་པའི་འཇིག་རྟེན་གྱིས་དེ་བཞིན་གཤེགས་པ་ལ་ཁྱོད་ཀྱིས་ཆོས་འདི་མངོན་པར་རྫོགས་པར་སངས་མ་རྒྱས་སོ་ཞེས་ཆོས་དང་འཐུན་པར་རྒོལ་བར་བྱེད་མི་ནུས་སོ། །དེ་ལ་ཇི་ལྟར་ན་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་ཞེ་ན། །དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མི་མཉམ་པ་མེད་པར་ཡང་དག་པར་མངོན་པར་སངས་རྒྱས་ཏེ། །སོ་སོའི་ 80-1-37a སྐྱེ་བོའི་ཆོས་རྣམས་གང་ཡིན་པ་དང་། །འཕགས་པའི་ཆོས་རྣམས་གང་ཡིན་པ་དང་། །སངས་རྒྱས་ཀྱི་ཆོས་རྣམས་གང་ཡིན་པ་དང་། །སློབ་པའི་ཆོས་རྣམས་གང་ཡིན་པ་དང་། །མི་སློབ་པའི་ ཆོས་རྣམས་གང་ཡིན་པ་དང་། །རང་སངས་རྒྱས་ཀྱི་ཆོས་རྣམས་གང་ཡིན་པ་དང་། །བྱང་ཆུབ་སེམས་དཔའི་ཆོས་རྣམས་མཉམ་པ་ཉིད་ཀྱིས་མཉམ་པ་གང་ཡིན་པ་དང་། །འཇིག་རྟེན་གྱི་ཆོས་རྣམས་ གང་ཡིན་པ་དང་། །འཇིག་རྟེན་ལས་འདས་པའི་ཆོས་རྣམས་གང་ཡིན་པ་དང་། །ཁ་ན་མ་ཐོ་བ་དང་བཅས་པ་དང་། །ཁ་ན་མ་ཐོ་བ་མེད་པ་དང་། །ཟག་པ་དང་བཅས་པ་དང་། །ཟག་པ་མེད་པ་དང་ འདུས་བྱས་དང་། །འདུས་མ་བྱས་དེ་དག་ཐམས་ཅད་མཉམ་པ་ཉིད་ཀྱིས་མཉམ་པར་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་ཏེ། །དེའི་ཕྱིར་དེ་བཞིན་གཤེགས་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་ཤེས་བྱའོ། །དེ་ལ་མཉམ་པ་ཉིད་གང་ཞེ་ན། །ལྟ་བའི་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཏུ་མཉམ་མོ། །མཚན་མའི་ངོ་བོ་ཉིད་ཀྱིས་མཚན་མ་མེད་པར་མཉམ་མོ། ། ཁམས་གསུམ་པའི་ངོ་བོ་ཉིད་ཀྱིས་སྨོན་པ་མེད་པར་མཉམ་མོ། །སྐྱེ་བའི་ངོ་བོ་ཉིད་ཀྱིས་མི་སྐྱེ་བར་མཉམ་མོ། །མངོན་པར་འདུ་བྱེད་པའི་ངོ་བོ་ཉིད་ཀྱིས་མངོན་པར་འདུ་མི་བྱེད་པར་མཉམ་མོ། ། འབྱུང་བའི་ངོ་བོ་ཉིད་ཀྱིས་མི་འབྱུང་བར་མཉམ་མོ། །ཀུན་གཞིའི་ངོ་བོ་ཉིད་ཀྱིས་ཀུན་གཞི་མེད་པར་མཉམ་མོ། །དུས་གསུམ་གྱི་ངོ་བོ་ཉིད་ཀྱིས་ཇི་ལྟ་བ་བཞིན་དུ་མཉམ་མོ། །མ་རིག་ པ་དང་། །སྲིད་པ་དང་། །སྲེད་པའི་ངོ་བོ་ཉིད་ཀྱིས་རིག་པ་དང་། །རྣམ་པར་གྲོལ་བར་མཉམ་མོ། །འཁོར་བའི་ངོ་བོ་ཉིད་ཀྱིས་མྱ་ངན་ལས་འདས་པར་མཉམ་མོ། །དེ་ལྟར་ཤཱ་རིའི་བུ་ 80-1-37b དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མཉམ་པར་མངོན་པར་རྫོགས་པར་སངས་རྒྱས་ཏེ། །དེའི་ཕྱིར་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་བྱའོ། །དེ་ བཞིན་གཤེགས་པའི་མི་འཇིགས་པ་དེ་ཡང་འཁོར་ཐམས་ཅད་ཤེས་པར་བྱེད་པ། འཁོར་ཐམས་ཅད་མགུ་བར་བྱེད་པ། འཁོར་ཐམས་ཅད་ཀྱི་ལུས་སིམ་པར་བྱེད་པ། འཁོར་ཐམས་ཅད་ཀྱི་ སེམས་ཚིམ་པ་སྐྱེད་པ། འཁོར་ཐམས་ཅད་དགའ་བ་དང་། རབ་ཏུ་དགའ་བ་དང་དད་པ་སྐྱེད་པ། སྙིང་རྗེ་ཆེན་པོས་སྦྱོར་བ། དེ་བཞིན་ཉིད་ཀྱིས་མཉམ་པ། དེ་ཁོ་ན་ཉིད། དེ་བཞིན་ཉིད། གཞན་ མ་ཡིན་པ་ཉིད། མི་འགྱུར་བ་ཉིད། མི་འཁྲུགས་པ་ཉིད། འབྱུང་བ་མེད་པ་ཉིད། འཇིག་པ་མེད་པ་ཉིད། རྩོད་པ་མེད་པ་ཉིད་དེ་དེ་བཞིན་གཤེགས་པའི་མི་འཇིགས་པ་ལ་རྩོད་པ་གང་ཡང་མེད་དོ། ། དེ་བཞིན་གཤེགས་པའི་མི་འཇིགས་པ་ནི་རྩོད་པ་མེད་པ་འཐབ་པ་མེད་པའོ། །དེ་བཞིན་ཉིད་ཀྱིས་མཉམ་ཞིང་ཆོས་ཀྱི་དབྱིངས་ངོས་མཉམ་པ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ མ་ལུས་པ་ཐམས་ཅད་ལ་ཐོགས་པ་མེད་པའོ། །ཇི་ལྟར་དེ་བཞིན་གཤེགས་པས་འདི་ལྟ་བུའི་ཆོས་ཟབ་མོ་ཕྲ་བ། ཤེས་པར་དཀའ་བ་དེ་དག་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བཞིན་དུ་ སྙིང་རྗེ་ཆེན་པོ་ལ་གནས་ནས་བསྟན་པ་སྣ་ཚོགས་དང་། རྣམ་གྲངས་སྣ་ཚོགས་ཀྱི་སེམས་ཅན་གཞན་རྣམས་དང་། གང་ཟག་གཞན་དག་ལ་ཆོས་ཐམས་ཅད་ཡང་དག་པར་རབ་ཏུ་ སྟོན་ཏེ། དེའི་ཆོས་དེ་ཡང་དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་པའི་ཕྱིར་འབྱུང་ངོ་། །གང་སྟོན་པ་མ་ཡིན་ལ་སྟོན་པའོ་ཞེས་ཁས་འཆེ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ 80-1-38a མ་ཡིན་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་ཁས་འཆེ་བ་དེ་དག་དེ་བཞིན་གཤེགས་པའི་མི་འཇིགས་པས་ཟིལ་གྱིས་ནོན་ནས་དེ་དག་རྒྱགས་པ་ཆད་དེ་ཕན་ཚུན་དུ་ འབྲོས་སོ། །འདི་ལྟར་ཤཱ་རིའི་བུ་དེ་བཞིན་གཤེགས་པའི་མི་འཇིགས་པ་མཐའ་ཡས་མུ་མེད་དེ། འདི་ལྟ་སྟེ། ནམ་མཁའ་མཐའ་ཡས་མུ་མེད་པ་དེ་བཞིན་དུ་ཤཱ་རིའི་བུ་དེ་བཞིན་གཤེགས་ པའི་མི་འཇིགས་པ་ཡང་མཐའ་ཡས་མུ་མེད་དོ། །ཤཱ་རིའི་བུ་གང་དེ་བཞིན་གཤེགས་པའི་མི་འཇིགས་པའི་མཐའ་འདོད་པ་ནི་ནམ་མཁའི་མཐའ་འདོད་དོ། །བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་ པའི་མི་འཇིགས་པའི་བསམ་གྱིས་མི་ཁྱབ་པ་དེ་ཐོས་ནས་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག་པ་ནས་ངོ་མཚར་དང་། རྨད་ཀྱི་བར་དུ་འདུ་ཤེས་སྐྱེད་དེ་འདི་ནི་མི་འཇིགས་པ་དང་པོའོ། ། གཞན་ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་བླ་ན་མེད་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་དང་ལྡན་པས་འཁོར་གྱི་ནང་དུ་གཤེགས་ནས་ངའི་ཟག་པ་ཟད་དོ་ཞལ་གྱིས་འཆེ་སྟེ། དེ་ལ་ཁྱོད་ཀྱི་ ཟག་པ་འདི་དག་མ་ཟད་དོ་ཞེས་དེ་བཞིན་གཤེགས་པ་ལ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཆོས་དང་འཐུན་པས་རྩོད་པར་བྱེད་པ་མེད་དོ། །དེ་བཞིན་གཤེགས་པའི་ཟག་པ་ཟད་པ་ནི་འདི་ དག་སྟེ། དེ་བཞིན་གཤེགས་པའི་འདོད་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བས་འདོད་ཆགས་ལ་སྤྱོད་པའི་བག་ཆགས་ཐམས་ཅད་བཅོམ་མོ། །སྲིད་པའི་ཟག་པ་ལས་སེམས་ རྣམ་པར་གྲོལ་བས་ཞེ་སྡང་ལ་སྤྱོད་པའི་བག་ཆགས་ཐམས་ཅད་བཅོམ་མོ། །མ་རིག་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བས་གཏི་མུག་ལ་སྤྱོད་པའི་བག་ཆགས་ཐམས་ཅད་བཅོམ་མོ་ 80-1-38b ལྟ་བའི་ཟག་པ་ལས་སེམས་རྣམ་པར་གྲོལ་བས་ཉོན་མོངས་པ་སྤྱོད་པའི་བག་ཆགས་ཐམས་ཅད་བཅོམ་སྟེ། དེའི་ཕྱིར་འཇིག་རྟེན་གྱི་ཀུན་རྫོབ་བཟུང་སྟེ། དེ་བཞིན་གཤེགས་པ་ཟག་པ་ཟད་ པའོ་ཞེས་བྱའོ། །དོན་དམ་པར་ན་འཕགས་པའི་ཤེས་རབ་དང་། ཡེ་ཤེས་ཀྱི་མདུན་ན་ཆོས་གང་ཡོངས་སུ་ཤེས་པ་འམ། སྤང་བ་འམ། བསྒོམ་པ་འམ། མངོན་དུ་བྱ་བར་འགྱུར་བའི་ཆོས་གང་ ཡང་མི་འདུག་གོ། །དེ་ཅིའི་ཕྱིར་ཞེ་ན། གང་ཟད་པ་ཞེས་བྱ་བ་དེ་ནི་ནམ་དུ་ཡང་མི་ཟད་པ་མ་ཡིན་ནོ། །དེ་ནི་ཤིན་དུ་ཟད་པ་ཉིད་ཡིན་གྱི། གཉེན་པོ་ཟད་པ་ཞེས་མི་བྱ་སྟེ། དེ་ནི་ཇི་ལྟ་བ་བཞིན་དུ་ ཟད་པའོ། །གང་ཇི་ལྟ་བ་བཞིན་དུ་ཟད་པ་དེ་ལ་ཟད་པ་གང་ཡང་མེད་དོ། །གང་ལ་ཟད་པ་གང་ཡང་མེད་པ་དེ་འདུས་མ་བྱས་པའོ། །དེ་ལ་སྐྱེ་བ་མེད་པ། འཇིག་པ་མེད་པ། གནས་པ་མེད་དེ། དེའི་ཕྱིར་དེ་བཞིན་གཤེགས་པ་བྱུང་ཡང་རུང་། མ་བྱུང་ཡང་རུང་སྟེ། ཆོས་ཉིད་ཆོས་ཀྱི་དབྱིངས་ནི་གནས་པ་ཉིད་དེ། དེ་བཞིན་དུ་དེ་ལ་ཡེ་ཤེས་ཞུགས་སོ། །གང་ལ་འཇུག་པ་མེད་ཅིང་མི་འཇུག་ པ་ཡང་མེད་པ་ཡང་དེ་ལྟར་ཞུགས་ཏེ། དེ་ལྟ་བུའི་ཆོས་ཀྱི་ཚུལ་གྱི་ཟག་པ་དང་ཟད་པ་སྤོང་བ་མི་དམིགས་ཏེ། དེ་བཞིན་གཤེགས་པ་ནི་སྙིང་རྗེ་ཆེན་པོ་ལ་གནས་ཟག་པ་སྤང་བའི་ཕྱིར་ཆོས་ སྟོན་ཏོ། །དེ་བཞིན་གཤེགས་པའི་མི་འཇིགས་པ་དེ་ནི་འཁོར་ཐམས་ཅད་ཤེས་པར་བྱེད་པ། འཁོར་ཐམས་ཅད་མགུ་བར་བྱེད་པ། འཁོར་ཐམས་ཅད་ཀྱི་ལུས་སིམ་པར་བྱེད་པ། འཁོར་ ཐམས་ཅད་ཀྱི་སེམས་ཚིམ་པ་སྐྱེད་པ། འཁོར་ཐམས་ཅད་དགའ་བ་དང་། རབ་ཏུ་དགའ་བ་དང་། དད་པ་སྐྱེད་པ། སྙིང་རྗེ་ཆེན་པོས་སྦྱོར་བ། དེ་བཞིན་ཉིད་ཀྱིས་མཉམ་པ། དེ་ཁོ་ན་ཉིད། 80-1-39a དེ་བཞིན་ཉིད། གཞན་མ་ཡིན་པ་ཉིད། མི་འགྱུར་བ་ཉིད། མི་འཁྲུགས་པ་ཉིད། འབྱུང་བ་མེད་པ་ཉིད། འཇིག་པ་མེད་པ་ཉིད། རྩོད་པ་མེད་པ་ཉིད་དེ། དེ་བཞིན་གཤེགས་པའི་ མི་འཇིགས་པ་ལ་རྩོད་པ་གང་ཡང་མེད་དོ། །དེ་བཞིན་གཤེགས་པའི་མི་འཇིགས་པ་ནི་རྩོད་པ་མེད་པ་འཐབ་པ་མེད་པའོ། །དེ་བཞིན་ཉིད་ཀྱིས་མཉམ་ཞིང་ཆོས་ཀྱི་དབྱིངས་ངོས་མཉམ་པ། འཇིག་རྟེན་གྱི་ཁམས་རབ་འབྱམ་མ་ལུས་པ་ཐམས་ཅད་ལ་ཐོགས་པ་མེད་དོ། །དེ་ལྟར་དེ་བཞིན་གཤེགས་པ་ཚད་མེད། བསམ་གྱིས་མི་ཁྱབ། གྲངས་མེད། དཔག་ཏུ་མེད་པའི་ཆོས་དང་ལྡན་ཞིང་སྙིང་ རྗེ་ཆེན་པོས་ཡང་དག་པར་ཟིན་པའི་སེམས་ཀྱིས་ཟག་པ་སྤང་པའི་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དེ་ལྟར་ཤཱ་རིའི་བུ་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་མི་འཇིགས་ པ་མཐའ་ཡས་པ་ནས། གང་དེ་བཞིན་གཤེགས་པའི་མི་འཇིགས་པའི་མཐའ་འདོད་པ་དེ་ནམ་མཁའི་མཐའ་འདོད་དོ་ཞེས་བྱ་བའི་བར་དུ་སྟེ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་ མི་འཇིགས་པ་བསམ་གྱིས་མི་ཁྱབ་པ་དེ་ཐོས་ནས་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག་པ་ནས། ངོ་མཚར་དང་རྨད་ཀྱི་བར་གྱི་འདུ་ཤེས་སྐྱེད་དོ། །ཤཱ་རིའི་བུ་འདི་ནི་དེ་བཞིན་ གཤེགས་པའི་མི་འཇིགས་པ་གཉིས་པ་སྟེ་དེ་བཞིན་གཤེགས་པའི་མི་འཇིགས་པ་དེ་དང་ལྡན་ཞེས་བྱ་བ་ནས། འཇིག་རྟེན་འདིར་ཆོས་དང་འཐུན་པར་ཞེས་བྱ་བའི་བར་དུའོ། །གཞན་ཡང་ཤཱ་རིའི་ བུ་དེ་བཞིན་གཤེགས་པ་བླ་ན་མེད་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་དང་ལྡན་པས། འཁོར་གྱི་ནང་དུ་གཤེགས་ནས་བར་དུ་གཅོད་པའི་ཆོས་རྣམས་ལ་བར་དུ་གཅོད་དོ་ཞེས་ཞལ་ 80-1-39b གྱིས་འཆེ་བ་དེ་ལ་གོང་མ་བཞིན་དུ་སྦྱར་ཏེ། དེ་བཞིན་གཤེགས་པ་ལ་ལྷར་བཅས་པའི་འཇིག་རྟེན་གྱིས་འདི་ནི་བར་དུ་གཅོད་པའི་ཆོས་མ་ཡིན་ནོ་ཞེས་རྒོལ་བར་བྱེད་པ་མེད་པའི་བར་ དུའོ། །དེ་ལ་བར་དུ་གཅོད་པའི་ཆོས་གང་ཞེ་ན། འདི་ལྟ་སྟེ། བར་ཏུ་གཅོད་པར་འགྱུར་བའི་ཆོས་གཅིག་སྟེ། གཅིག་གང་ཞེ་ན། འདི་ལྟ་སྟེ། བག་མེད་པའི་སེམས་སོ། །བར་དུ་གཅོད་ པར་འགྱུར་བའི་ཆོས་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ངོ་ཚ་མི་ཤེས་པ་དང་། ཁྲེལ་མེད་པའོ། །བར་དུ་གཅོད་པར་འགྱུར་བའི། ཆོས་གསུམ་སྟེ། གསུམ་གང་ཞེ་ན། འདི་ ལྟ་སྟེ། ལུས་ཀྱིས་ཉེས་པར་སྤྱད་པ་དང་། །ངག་གིས་ཉེས་པར་སྤྱད་པ་དང་། །ཡིད་ཀྱིས་ཉེས་པར་སྤྱད་པའོ། །བར་དུ་གཅོད་པར་འགྱུར་བའི་ཆོས་བཞི་སྟེ། བཞི་གང་ཞེ་ན། །འདི་ལྟ་སྟེ། འགྲོ་བ་མ་ཡིན་པར་འགྲོ་བ་བཞི་ལ་འདུན་པས་འགྲོ་བ་མ་ཡིན་པར་འགྲོ་བ་དང་། ཞེ་སྡང་དང་། གཏི་མུག་དང་། འཇིགས་པས་འགྲོ་བ་མ་ཡིན་པར་འགྲོ་བའོ། །བར་དུ་གཅོད་པར་འགྱུར་ བའི་ཆོས་ལྔ་སྟེ། །ལྔ་གང་ཞེ་ན། འདི་ལྟ་སྟེ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཆང་འཐུང་ བའོ། །བར་དུ་གཅོད་པར་འགྱུར་བའི་ཆོས་དྲུག་སྟེ། དྲུག་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ལ་མ་གུས་པ་དང་། ཆོས་དང་། དགེ་འདུན་དང་། བསླབ་པ་དང་། ཏིང་ངེ་ འཛིན་དང་། གདིང་བ་ལ་མ་གུས་པའོ། །བར་དུ་གཅོད་པར་འགྱུར་བའི་ཆོས་བདུན་སྟེ། བདུན་གང་ཞེ་ན། འདི་ལྟ་སྟེ། ང་རྒྱལ་དང་། ཆེ་བའི་ང་རྒྱལ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་དང་། 80-1-40a ངའོ་སྙམ་པའི་ང་རྒྱལ་དང་། ལོག་པའི་ང་རྒྱལ་དང་། མངོན་པའི་ང་རྒྱལ་དང་། ཆུང་ཟད་སྙམ་པའི་ང་རྒྱལ་ལོ། །བར་དུ་གཅོད་པར་འགྱུར་བའི་ཆོས་བརྒྱད་དེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། ལོག་པའི་ལྟ་བ་དང་། ལོག་པའི་རྟོག་པ་དང་། ལོག་པའི་ངག་དང་། ལོག་པའི་ལས་ཀྱི་མཐའ་དང་། ལོག་པའི་འཚོ་བ་དང་། ལོག་པའི་རྩོལ་བ་དང་། ལོག་པའི་དྲན་པ་དང་། ལོག་པའི་ཏིང་ངེ་འཛིན་ཏོ། །བར་དུ་གཅོད་པར་འགྱུར་བའི་ཆོས་དགུ་སྟེ། དགུ་གང་ཞེ་ན། འདི་ལྟ་སྟེ། བདག་ལ་གནོད་པ་བྱས་སོ་ཞེས་ཀུན་ནས་མནར་སེམས་སྐྱེད་པ་དང་། གནོད་པ་བྱེད་དོ་ ཞེས་ཀུན་ནས་མནར་སེམས་སྐྱེད་པ་དང་། གནོད་པ་བྱེད་པར་འགྱུར་རོ་ཞེས་ཀུན་ནས་མནར་སེམས་སྐྱེད་པ་དང་། བདག་གི་མཛའ་བོ་ལ་གནོད་པ་བྱས་སོ། །བྱེད་དོ། །བྱེད་པར་འགྱུར་རོ་ ཞེས་སེམས་ལ་ཀུན་ནས་མནར་སེམས་སྐྱེད་པ་བདག་དང་མི་མཛའ་བའི་དོན་བྱས་སོ། །བྱེད་དོ། །བྱེད་པ་འགྱུར་རོ་ཞེས་ཀུན་ནས་མནར་སེམས་སྐྱེད་པའོ། །བར་དུ་གཅོད་པར་འགྱུར་བའི་ ཆོས་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡིན་ཏེ། འདི་ལྟ་སྟེ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་ གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ངག་རྩུབ་མོ་དང་། ཚིག་ཀྱལ་བ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བའོ། །དེ་ལྟར་ཤཱ་རིའི་བུ་ཚུལ་ བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་ལྡན་པའི་ཀུན་དུ་སྦྱོར་བ་ཇི་སྙེད་པའི་ཆོས་དེ་དག་གིས་རོ་མྱང་བ་ལ་རྗེས་སུ་ལྟ་ཞིང་གནས་པ་དང་། ཕྱིན་ཅི་ལོག་པ་དང་ལྡན་པ་དང་། འབྱུང་བ་ལ་ཀུན་ 80-1-40b ནས་ལྡང་བ་དང་། སྲེད་པ་དང་། ལྟ་བ་ལ་མངོན་པར་ཞེན་པའི་ཟང་ཟིང་དང་བཅས། ཕུང་པོ་དང་བཅས་པའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་དེ་དག་ཐམས་ཅད་ དེ་བཞིན་གཤེགས་པས་བར་དུ་གཅོད་པར་མཁྱེན་ཏེ། བར་དུ་གཅོད་པར་མཁྱེན་ནས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་ཏོ། །ཆོས་བཅུ་པོ་དེ་དག་ནི་བར་དུ་གཅོད་པར་འགྱུར་བ་སྟེ། དེ་དག་ ཞི་བར་བྱ་བ་དང་། ཉེ་བར་ཞི་བར་བྱ་བ་དང་། སྤང་བའི་ཕྱིར་དེ་བཞིན་གཤེགས་པ་ཆོས་སྟོན་ཏོ། །དེ་བཞིན་གཤེགས་པའི་མི་འཇིགས་པ་དེ་ཡང་འཁོར་ཐམས་ཅད་ཤེས་པར་བྱེད་པ། འཁོར་ ཐམས་ཅད་མགུ་བར་བྱེད་པ། འཁོར་ཐམས་ཅད་ཀྱི་ལུས་སིམ་པར་བྱེད་པ། འཁོར་ཐམས་ཅད་ཀྱི་སེམས་ཚིམ་པ་སྐྱེད་པ། འཁོར་ཐམས་ཅད་དགའ་བ་དང་། རབ་ཏུ་དགའ་བ་དང་། དད་པ་སྐྱེད་པ་དང་། སྙིང་རྗེ་ཆེན་པོས་སྦྱོར་བ། དེ་བཞིན་ཉིད་ཀྱིས་མཉམ་པ། དེ་ཁོ་ན་ཉིད། གཞན་མ་ཡིན་པ་དེ་བཞིན་ཉིད། མི་འགྱུར་བ་ཉིད། མི་འཁྲུགས་པ་ཉིད། འབྱུང་བ་ མེད་པ་ཉིད། འཇིག་པ་མེད་པ་ཉིད། རྩོད་པ་མེད་པ་ཉིད་དེ་དེ་བཞིན་གཤེགས་པའི་མི་འཇིགས་པ་ལ་རྩོད་པ་གང་ཡང་མེད་དོ། །དེ་བཞིན་གཤེགས་པའི་མི་འཇིགས་པ་ནི་རྩོད་པ་མེད་པ་འཐབ་ པ་མེད་པའོ། །དེ་བཞིན་ཉིད་དང་མཉམ་ཞིང་ཆོས་ཀྱི་དབྱིངས་ངོས་མཉམ་པ། འཇིག་རྟེན་གྱི་ཁམས་རབ་འབྱམ་མ་ལུས་པ་ཐམས་ཅད་ལ་ཐོགས་པ་མེད་དོ། །དེ་ལྟར་དེ་བཞིན་གཤེགས་ པ་ཚད་མེད། གྲངས་མེད། བསམ་གྱིས་མི་ཁྱབ། གཞལ་དུ་མེད། བརྗོད་ཏུ་མེད་པའི་ཆོས་དང་ལྡན་ཞིང་སྙིང་རྗེ་ཆེན་པོས་ཡང་དག་པར་ཟིན་པའི་སེམས་ཀྱིས་བར་དུ་གཅོད་ 80-1-41a པའི་ཆོས་རྣམས་ཞི་བར་བྱ་བ་དང་། སྤང་བར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །དེ་ལྟར་ཤཱ་རིའི་བུ་དེ་བཞིན་གཤེགས་པའི་མི་འཇིགས་པ་མཐའ་ཡས་མུ་མེད་པ་ནས་གང་དེ་བཞིན་ གཤེགས་པའི་མི་འཇིགས་པའི་མཐའ་འདོད་པ་དེ་ནམ་མཁའི་མཐའ་འདོད་པ་ཞེས་བྱ་བའི་བར་དུ་སྟེ། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་མི་འཇིགས་པ་བསམ་ གྱིས་མི་ཁྱབ་པ་དེ་ཐོས་ནས་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག །སོམ་ཉི་མེད། ཐེ་ཚོམ་མི་ཟ་བ་ནས། ངོ་མཚར་དང་རྨད་ཀྱི་བར་དུ་འདུ་ཤེས་སྐྱེད་དོ། །ཤཱ་རིའི་བུ་ འདི་ནི་དེ་བཞིན་གཤེགས་པའི་མི་འཇིགས་པ་གསུམ་པ་སྟེ། མི་འཇིགས་པ་དེ་དང་ལྡན་པས་དེ་བཞིན་གཤེགས་པ་འཁོར་གྱི་ནང་དུ་གཤེགས་ན་ཞེས་བྱ་བ་ནས། སུས་ཀྱང་ འཇིག་རྟེན་དུ་ཆོས་དང་འཐུན་པར་ཞེས་བྱ་བའི་བར་དུའོ། །གཞན་ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་བླ་ན་མེད་པའི་ཡེ་ཤེས་དེ་བཞིན་གཤེགས་པའི་ཡེ་ཤེས་དང་ལྡན་པས་སེམས་ ཅན་རྣམས་གང་ལ་བསྟེན་པས་ངེས་པར་འབྱུང་བར་འགྱུར་བ་འཕགས་པའི་ངེས་པར་འབྱུང་བ་དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་པར་འགྱུར་བའི་ལམ་རབ་ཏུ་མཁྱེན་ཏེ། དེ་ལ་འདི་ནི་ངེས་པར་འབྱུང་བའི་ལམ་མ་ཡིན་ནོ་ཞེས་དེ་བཞིན་གཤེགས་པ་ལ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཆོས་དང་འཐུན་པར་རྒོལ་བར་བྱེད་མི་ནུས་སོ། །ངེས་པར་འབྱུང་ བའི་ལམ་གཅིག་སྟེ་གཅིག་གང་ཞེ་ན། འདི་ལྟ་སྟེ། བགྲོད་པ་གཅིག་པུའི་ལམ་སྟེ། གང་སེམས་ཅན་རྣམས་རྣམ་པར་དག་པར་འགྱུར་བའོ། །ངེས་པར་འབྱུང་བའི་ཆོས་གཉིས་ཏེ་གཉིས་ 80-1-41b གང་ཞེ་ན། འདི་ལྟ་སྟེ། ཞི་གནས་དང་། ལྷག་མཐོང་ངོ་། །ངེས་པར་འབྱུང་བའི་ཆོས་གསུམ་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའོ། །ངེས་པར་ འབྱུང་བའི་ཆོས་བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ལུས་སུ་གཏོགས་པའི་དྲན་པ་དང་། ཚོར་བར་གཏོགས་པའི་དྲན་པ་དང་། སེམས་སུ་གཏོགས་པའི་དྲན་པ་དང་། ཆོས་སུ་གཏོགས་པའི་དྲན་པ་སྟེ། འདི་ནི་ངེས་པར་འབྱུང་བའི་ཆོས་བཞིའོ། །ངེས་པར་འབྱུང་བའི་ཆོས་ལྔ་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་ གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་སྟེ། འདི་ནི་ངེས་པར་འབྱུང་བའི་ཆོས་ལྔའོ། །ངེས་པར་འབྱུང་བའི་ཆོས་དྲུག་སྟེ། དྲུག་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་ རྗེས་སུ་དྲན་པ་དང་། དགེ་འདུན་རྗེས་སུ་དྲན་པ་དང་། ཚུལ་ཁྲིམས་རྗེས་སུ་དྲན་པ་དང་། གཏོང་བ་རྗེས་སུ་དྲན་པ་དང་། ལྷ་རྗེས་སུ་དྲན་པ་སྟེ། འདི་ནི་ངེས་པར་འབྱུང་པའི་ཆོས་དྲུག་གོ། །ངེས་པར་འབྱུང་ བའི་ཆོས་བདུན་ཏེ། བདུན་གང་ཞེ་ན། འདི་ལྟ་སྟེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཤིན་དུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། འདི་བདུན་ཡང་གོང་མ་བཞིན་ནོ། །ངེས་པར་འབྱུང་བའི་ཆོས་བརྒྱད་དེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །འདི་ 80-1-42a ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏེ་འདི་བརྒྱད་ཀྱང་གོང་མ་བཞིན་ནོ། །མཆོག་ཏུ་དགེ་བའི་རྩ་བ་ལས་སྐྱེས་པའི་ཆོས་དགུ་སྟེ། དགུ་གང་ཞེ་ན། འདི་ལྟ་སྟེ། མཆོག་ཏུ་དགའ་བ་དང་། དགའ་བ་དང་། ཤིན་དུ་སྦྱངས་པ་དང་། བདེ་བ་དང་། ཏིང་ངེ་འཛིན་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡེ་ཤེས་མཐོང་བ་དང་། མྱ་ངན་ལས་འདས་པ་དང་། འདོད་ཆགས་དང་བྲལ་བ་དང་། རྣམ་པར་ གྲོལ་བ་སྟེ། འདི་དགུ་ཡང་གོང་མ་བཞིན་ནོ། །ངེས་པར་འབྱུང་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་མོ། །འདི་ལྟ་སྟེ། སྲོག་གཅོད་པ་སྤངས་པ་དང་། མ་བྱིན་པར་ལེན་པ་སྤངས་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་སྤངས་པ་དང་། བརྫུན་དུ་སྨྲ་བ་སྤངས་པ་དང་། ཕྲ་མ་སྤངས་པ་དང་། ངག་རྩུབ་པོ་སྤངས་པ་དང་། ཚིག་ཀྱལ་བ་སྤངས་ པ་དང་། བརྣབ་སེམས་མེད་པ་དང་། གནོད་སེམས་མེད་པ་དང་། ཡང་དག་པར་ལྟ་བ་སྟེ། འདི་ཡང་གོང་མ་བཞིན་ཏེ། ལམ་འདི་ནི་ངེས་པར་འབྱུང་བར་འགྱུར་བའོ། །འདི་ལྟར་ཤཱ་རིའི་བུ་ བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་དགེ་བ་ཇི་སྙེད་པ་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ལྡན་པའམ། ཏིང་ངེ་འཛིན་གྱི་ཕུང་པོ་དང་ལྡན་པ་འམ། ཤེས་རབ་ཀྱི་ཕུང་པོ་དང་ལྡན་པ་འམ། རྣམ་པར་ གྲོལ་བའི་ཕུང་པོ་དང་ལྡན་པ་འམ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་ལྡན་པ་འམ། འཕགས་པའི་བདེན་པ་དང་ལྡན་པ་དེ་དག་ཀྱང་ངེས་པར་འབྱུང་བའི་ལམ་ 80-1-42b ཞེས་བྱའོ། །གཞན་ཡང་ངེས་པར་འབྱུང་བ་ཞེས་བྱ་བ་ནི་ཡང་དག་པར་སྒྲུབ་པ་གང་ཡིན་པ་སྟེ། གང་ཡང་དག་པར་སྒྲུབ་པ་དེ་ལ་ནི་ཆོས་གང་ཡང་སོགས་པ་འམ། འབྲི་བའམ། བླང་བ་འམ། དོར་བ་འམ། གཟུང་བ་འམ། སྤངས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཡང་དག་པར་སྒྲུབ་པ་ལ་ཞུགས་པ་ནི་གཉིས་ལ་བློ་མི་འཇུག་སྟེ། ཆོས་ཐམས་ཅད་གཉིས་སུ་མེད་པར་ཡང་དག་པ་ཇི་ ལྟ་བ་བཞིན་དུ་ཡེ་ཤེས་མཐོང་བ་ནི་ངེས་པར་འབྱུང་བའི་ལམ་སྟེ། དེ་བཞིན་གཤེགས་པ་སེམས་ཅན་རྣམས་ལ་ངེས་པར་འབྱུང་བའི་ལམ་ཡང་དག་པར་རབ་ཏུ་སྟོན་ཏོ། །དེ་བཞིན་གཤེགས་ པའི་མི་འཇིགས་པ་དེ་ཡང་འཁོར་ཐམས་ཅད་ཤེས་པར་མེད་དོ་འཁོར་ཐམས་ཅད་མགུ་བར་བྱེད་པ། འཁོར་ཐམས་ཅད་ཀྱི་ལུས་སིམ་པར་བྱེད་པ། འཁོར་ཐམས་ཅད་ཀྱི་སེམས་ཚིམ་པ་ སྐྱེད་པ། འཁོར་ཐམས་ཅད་དགའ་བ་དང་། རབ་ཏུ་དགའ་བ་དང་། དད་པ་སྐྱེད་པ། སྙིང་རྗེ་ཆེན་པོས་སྦྱོར་བ། དེ་བཞིན་ཉིད་ཀྱི་མཉམ་པ་དེ་ཁོ་ན་ཉིད། དེ་བཞིན་ཉིད། གཞན་མ་ཡིན་པ་ཉིད། མི་ འགྱུར་བ་ཉིད། མི་འཁྲུགས་པ་ཉིད། འབྱུང་བ་མེད་པ་ཉིད། འཇིག་པ་མེད་པ་ཉིད། རྩོད་པ་མེད་པ་ཉིད་དེ་དེ་བཞིན་གཤེགས་པའི་མི་འཇིགས་པ་ལ་རྩོད་པ་གང་ཡང་མེད་དོ། །དེ་བཞིན་ གཤེགས་པའི་མི་འཇིགས་པ་ནི་རྩོད་པ་མེད་པ། འཐབ་པ་མེད་པའོ། །དེ་བཞིན་ཉིད་དང་མཉམ་ཞིང་ཆོས་ཀྱི་དབྱིངས་ངོས་མཉམ་པ་འཇིག་རྟེན་གྱི་ཁམས་རབ་འབྱམ་མ་ལུས་པ་ཐམས་ཅད་ ལ་ཐོགས་པ་མེད་པའོ། །དེ་ལྟར་དེ་བཞིན་གཤེགས་པ་ཚད་མེད། གྲངས་མེད། བསམ་གྱིས་མི་ཁྱབ། གཞལ་དུ་མེད། དཔག་ཏུ་མེད། བརྗོད་ཏུ་མེད་པའི་ཆོས་དང་ལྡན་ཞིང་སྙིང་རྗེ་ 80-1-43a ཆེན་པོས་ཟིན་པའི་སེམས་ཀྱིས་སེམས་ཅན་རྣམས་ལ་ངེས་པར་འབྱུང་བའི་ལམ་ཡང་དག་པར་རབ་ཏུ་སྟོན་ཏེ། དེ་སོ་སོར་རྟོག་པས་སེམས་ཅན་དེར་འཇུག་པ་རྣམས་དེ་བྱེད་ པའི་སྡུག་བསྔལ་ཡང་དག་པར་ཟད་ཅིང་ངེས་པར་འབྱུང་བར་འགྱུར་རོ། །ཤཱ་རིའི་བུ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་པ་སྟེ། མི་ འཇིགས་པ་དེ་དང་ལྡན་པས་དེ་བཞིན་གཤེགས་པ་འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པ་སྒྲོག་ཅིང་ཁྱུ་མཆོག་གི་གནས་སུ་ཞལ་གྱིས་འཆེ་སྟེ། དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་ འམ། བདུད་དམ། ཚངས་པ་འམ། སུས་ཀྱང་འཇིག་རྟེན་འདིར་ཆོས་དང་འཐུན་པར་མ་བསྐོར་བ་ཚངས་པའི་འཁོར་ལོ་རབ་ཏུ་སྐོར་ཏོ། །དེ་ལྟར་ཤཱ་རིའི་བུ་དེ་བཞིན་གཤེགས་པའི་ མི་འཇིགས་པ་བཞི་ལ་མཐའ་ཡས་མུ་མེད་དོ། །འདི་ལྟ་སྟེ། དཔེར་ན་ཤཱ་རིའི་བུ་ནམ་མཁའ་མཐའ་ཡས་མུ་མེད་པ་དེ་བཞིན་དུ་དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་ཡང་མཐའ་ ཡས་མུ་མེད་དེ། སེམས་ཅན་ཐམས་ཅད་ཀྱིས་ཟད་པར་མི་འགྱུར་རོ། །ཤཱ་རིའི་བུ་གང་དེ་བཞིན་གཤེགས་པའི་མི་འཇིགས་པའི་མཐའ་འདོད་པ་དེ་ནི་ནམ་མཁའི་མཐའ་འདོད་དོ། ། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་མི་འཇིགས་པ་བསམ་གྱིས་མི་ཁྱབ་པ་ཐོས་ནས། །མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག ། སོམ་ཉི་མེད། ཐེ་ཚོམ་མི་ཟ། རྒྱ་ཆེར་དགའ་མགུ་སྟེ་རངས་པ་རྙེད་ནས་ནམ་མཁའ་ལྟ་བུར་བསམ་གྱིས་མི་ཁྱབ་པའི་ཕྱིར། ངོ་མཚར་དང་། རྨད་ཏུ་འདུ་ཤེས་སྐྱེད་དོ། །དེ་ 80-1-43b ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཆོས་ཀུན་མཉམ་པ་ཉིད་མཉམ་པར། །རང་བྱུང་བས་ནི་རྗེས་སུ་རྟོགས། །དེ་ཕྱིར་ཡང་དག་མངོན་སངས་རྒྱས། ། དེ་བཞིན་གཤེགས་པ་མཉམ་པ་གཟིགས། །སོ་སོའི་སྐྱེ་བོའི་ཆོས་གང་ཡིན། །དེ་དག་སངས་རྒྱས་ཆོས་དང་མཉམ། །སློབ་དང་མི་སློབ་ཆོས་རྣམས་དང་། །རང་རྒྱལ་གྱི་ནི་ཆོས་ཉིད་དང་། །གང་ དག་འཇིག་རྟེན་ཆོས་རྣམས་དང་། །གང་དག་འཇིག་རྟེན་འདས་ཆོས་དང་། །དགེ་དང་མི་དགེ་མི་གཡོ་རྣམས། །མྱ་ངན་འདས་པའི་ལམ་དང་འདྲ། །སྟོང་པ་ཉིད་དང་མཚན་མ་མེད། །སྨོན་ལམ་ དག་ནི་རྣམ་པར་སྤངས། །མ་སྐྱེས་མངོན་པར་འདུ་མི་བྱེད། །འདི་ནི་མཉམ་པ་ཉིད་ཏུ་བསྟན། །འདི་དག་མཉམ་པ་ཉིད་རྟོགས་ནས། །ཐུབ་པ་ཆེན་པོ་མི་འཇིགས་པ། །གང་གིས་སེམས་ཅན་ འགྲོལ་འགྱུར་བ། །དེ་བཞིན་དུ་ཡང་རབ་ཏུ་སྟོན། །འཇིག་རྟེན་གསུམ་ལས་རྣམ་པར་གྲོལ། །རྣམ་པར་ཐར་པ་རབ་ཏུ་སྟོན། །མི་དབང་གི་ནི་མི་འཇིགས་པ། །གཉིས་པ་ཡང་དག་རབ་ཏུ་ བསྟན། །རྒྱལ་བས་གང་ཆོས་རྗེས་སུ་སངས་རྒྱས་པ། །མ་བསྟེན་པར་ནི་རྣམ་པར་གྲོལ་མི་འཐོབ། །བག་མེད་པ་དང་ཁྲེལ་བ་མེད་གྱུར་དང་། །གང་ལ་ངོ་ཚ་ཅི་ཡང་མེད་པ་དང་། །ལུས་ དང་ངག་རྣམས་དང་ནི་ཡིད་ཀྱིས་སུ། །གང་དག་སྡོམ་པ་ནམ་ཡང་ཡོད་མིན་དང་། །འདུན་དང་ཞེ་སྡང་གཏི་མུག་འཇིགས་པ་དང་། །སྲོག་གཅོད་པ་དང་གཞན་ལ་འཚེ་བ་དང་། །གཞན་གྱི་ ཆུང་མ་དེ་བཞིན་བརྫུན་དང་ཆང་། ང་རྒྱལ་མི་གུས་དེ་ནི་བདུན་པའོ། །གང་དག་ལོག་པར་སྨྲ་བ་བརྒྱད་པ་སྟེ། །ཐམས་ཅད་རྣམ་པར་གྲོལ་བའི་ལམ་རྒྱུན་གཅོད། །གང་དག་མནར་སེམས་ 80-1-44a དགུ་དང་ཉེས་མང་དང་། །མི་དགེ་བཅུ་ཡི་ལས་ཀྱི་ལམ་རྣམས་དང་། །གང་དག་ཚུལ་མིན་ཞི་བ་མི་ཤེས་པ། །དེ་དག་ལ་ནི་ནམ་ཡང་ཐར་པ་མེད། །ཕྱིན་ཅི་ལོག་ལ་ཞུགས་པར་རིག་ གྱུར་ནས། །བག་མེད་ཡང་དག་མ་ཡིན་སྨྲ་ལ་ཆགས། །རྒྱལ་བ་རྣམས་ཀྱི་མི་འཇིགས་གསུམ་པ་སྟེ། །ཆོས་ཉིད་འདི་དག་ལ་ནི་བསྙེན་པར་བྱ། །གང་དག་རྣམ་སྦྱོང་སྒོ་ནི་ཚད་མེད་ལ། །མི་གང་ སྟན་པ་བྱང་ཆུབ་རེག་པར་འགྱུར། །རྒྱལ་བ་ཉིད་ཀྱིས་མ་ཐོས་ཐམས་ཅད་རིག །ཤེས་ནས་མི་འཆིར་འགྲོ་བའི་ཆོས་འཆད་དོ། །ཇི་ཙམ་དགེ་བའི་ཆོས་ནི་མང་ཡོད་པ། །བྱང་ཆུབ་ཕྱོགས་ དགེ་རྒྱལ་བས་བསྔགས་པ་ལ། །སྟེན་པ་རྣམ་པར་ཐར་པ་མི་འཐོབ་པ། །གནས་མེད་པར་ནི་སྟོབས་བཅུ་རྣམས་ཀྱིས་བཤད། །ཚུལ་བཞིན་གྱིས་ནི་ཉོན་མོངས་མང་པོ་ཞི། །ཡང་དག་ ཆོས་དགེ་མཉམ་པ་མེད་ལྡན་ཞིང་། །ཆོས་དང་ཆོས་མ་ཡིན་ལ་དེ་མི་ཆགས། །ཞི་བ་མྱ་ངན་མེད་པ་རྣམ་གྲོལ་རེག །གསོག་གསོབ་ནམ་མཁའ་འདྲ་ཞིང་ཡ་མ་རླ། །སྒྱུ་མའི་གཟུགས་འདྲ་ ནམ་མཁའ་ལྟ་བུ་དང་། །དགེ་ཆོས་རྣམ་པ་གང་གིས་རབ་ཤེས་པ། །དེ་ནི་སྲིད་པའི་མཚོ་ལས་ཐར་པར་འགྱུར། །ཐུབ་པ་སྟོབས་བཅུ་རྣམས་ཀྱི་ཆོས་འདི་ནི། །འགྲོ་བ་གང་མོས་སྲིད་པར་ འགྲོ་བ་ལ། །སྙིང་རྗེ་སྙིང་བརྩེ་བྱས་ནས་ཐར་བྱེད་དེ། །མི་འཇིགས་བཞི་པ་ནམ་མཁའ་འདྲ་བའོ། །དེ་ལྟར་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་མི་འཇིགས་པ་ བསམ་གྱིས་མི་ཁྱབ་པ་ལ་མངོན་པ་དད། །ཡིད་ཆེས། །རབ་ཏུ་རྟོག །སོམ་ཉི་མེད། ཐེ་ཚོམ་མི་ཟ་བ་ནས། ནམ་མཁའ་ལྟ་བུར་བསམ་གྱིས་མི་ཁྱབ་པའི་ཕྱིར། ངོ་མཚར་དང་། རྨད་ཀྱི་ 80-1-44b བར་དུ་འདུ་ཤེས་སྐྱེད་དོ། །ཤཱ་རིའི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་བསམ་གྱིས་མི་ཁྱབ་པ་ལ་མངོན་པར་དད། །ཡིད་ ཆེས། །རབ་ཏུ་རྟོག །སོམ་ཉི་མེད། ཐེ་ཚོམ་མི་ཟ་བ་ནས། ངོ་མཚར་དང་། རྨད་ཀྱི་བར་དུ་འདུ་ཤེས་སྐྱེད་ཅེ་ན། འདི་ལ་ཤཱ་རིའི་བུ་དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་རྗེ་ཆེན་པོ་ནི་སེམས་ཅན་ ཐམས་ཅད་རྗེས་སུ་མི་གཏོང་ཞིང་རྟག་ཏུ་འཇུག་པ། སེམས་ཅན་ཡོངས་སུ་སྨིན་པར་འགྱུར་བ་སྟེ། །མི་ལྡོག་པར་རིག་པར་བྱའོ། །དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་དེ་ཡང་ཇི་ལྟར་ངག་ གི་ལས་ཀྱིས་ཀྱང་ཁོང་དུ་ཆུད་པར་བྱ་བ་བླ་བ་མ་ཡིན་པ་དེ་ལྟར་ཚད་མེད། དེ་ལྟར་བསམ་གྱིས་མི་ཁྱབ། དེ་ལྟར་མཚུངས་པ་མེད། དེ་ལྟར་དཔག་ཏུ་མེད། དེ་ལྟར་བརྗོད་དུ་མེད། དེ་ལྟར་མི་ ཟད་ཅིང་ཁོང་དུ་ཆུད་པར་དཀའོ་དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་དེ་བཞིན་གཤེགས་པས་བྱང་ཆུབ་ཐོབ་པ་དེ་ལྟར་སེམས་ཅན་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་འཇུག་སྟེ། བྱང་ཆུབ་ ཅི་འདྲ་བ་སྙིང་རྗེ་ཆེན་པོ་ཡང་དེ་འདྲ་འོ། །དེ་བཞིན་གཤེགས་པས་བྱང་ཆུབ་ཇི་ལྟར་ཐོབ་ཅེ་ན། དེ་བཞིན་གཤེགས་པས་རྩ་བ་མེད་པ། གནས་མེད་པའི་བྱང་ཆུབ་ཐོབ་བོ། །དེ་ལ་རྩ་ བ་གང་། གནས་གང་ཞེ་ན། འཇིག་ཚོགས་ནི་རྩ་བའོ། །ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ནི་གནས་སོ། །དེ་བཞིན་གཤེགས་པས་བྱང་ཆུབ་མཉམ་པ་ཉིད་ཀྱི་ཕྱིར་དེ་དག་མཉམ་ པར་མཁྱེན་ཏོ། །དེའི་ཕྱིར་དེ་བཞིན་གཤེགས་པ་རྩ་བ་མེད་པ། གནས་མེད་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཤེས་བྱ་སྟེ། སེམས་ཅན་འདི་དག་ནི་རྩ་བ་མེད་ 80-1-45a པ་གནས་མེད་པར་མི་ཤེས་པས་དེ་དག་ཤེས་པར་བྱའོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་འཇུག་གོ། །གཞན་ཡང་ཤཱ་རིའི་བུ་བྱང་ཆུབ་ནི་ཞི་བ་དང་། ཉེ་བར་ ཞི་བའོ། །དེ་ཇི་ལྟར་ཞི། ཇི་ལྟར་ཉེ་བར་ཞི་ཞེ་ན། ནང་ཞི་བའོ། །ཕྱི་རོལ་ཉེ་བར་ཞི་བའོ། །དེ་ཅིའི་ཕྱིར་ཞེ་ན། མིག་ནི་བདག་དང་བདག་གིས་སྟོང་སྟེ། དེའི་རང་བཞིན་འདི་ཡིན་ བས་ན་དེའི་ཕྱིར་ཞི་བ་ཞེས་བྱའོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ནི་བདག་དང་བདག་གིས་སྟོང་སྟེ། དེའི་རང་བཞིན་འདི་ཡིན་པས་ན། དེའི་ཕྱིར་ཞི་བ་ཞེས་ བྱའོ། །དེའི་མིག་སྟོང་པར་ཡོངས་སུ་ཤེས་ནས། གཟུགས་ལ་མི་རྒྱུག་སྟེ། དེའི་ཕྱིར་ཉེ་བར་ཞི་བ་ཞེས་བྱའོ། །ཡིད་ཀྱི་བར་དུ་ཡང་སྟོང་པར་ཡོངས་སུ་ཤེས་ནས་ཆོས་ལ་ མི་རྒྱུག་སྟེ། དེའི་ཕྱིར་ཉེ་བར་ཞི་བ་ཞེས་བྱ་ན། སེམས་ཅན་འདི་དག་ནི་ཞི་བ་དང་ཉེ་བར་ཞི་བ་འདི་མི་ཤེས་ཏེ། དེ་དག་ཤེས་པར་བྱའོ་ཞེས་སེམས་ཅན་རྣམས་ལ་ དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་འཇུག་གོ། །གཞན་ཡང་ཤཱ་རིའི་བུ་ངས་ནི་རང་བཞིན་གྱིས་འོད་གསལ་བར་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། ། ཇི་ལྟར་འོད་གསལ་ཞེ་ན། རང་བཞིན་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པ་མེད་པ་སྟེ། ནམ་མཁའ་ལྟ་བུའོ། །ནམ་མཁའི་རང་བཞིན་ནོ། ། ནམ་མཁའི་རྗེས་སུ་འབྲང་བའོ། །ནམ་མཁའ་དང་མཉམ་པ་ཉིད་ཀྱིས་མཉམ་པ་སྟེ། དེ་ནི་རང་བཞིན་གྱིས་ཤིན་ཏུ་འོད་གསལ་བ་ན་རང་བཞིན་གྱིས་འོད་གསལ་བ་འདི་ 80-1-45b ཁོང་དུ་མ་ཆུད་པས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་བློ་བུར་གྱི་ཉོན་མོངས་པས་ཀུན་ནས་ཉོན་མོངས་ཏེ། །སེམས་ཅན་རྣམས་རང་བཞིན་གྱིས་འོད་གསལ་བ་འདི་མི་ཤེས་པས་དེ་དག་རང་ བཞིན་གྱིས་འོད་གསལ་བ་ཁོང་དུ་ཆུད་པར་བྱའོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་འཇུག་གོ། །གཞན་ཡང་ཤཱ་རིའི་བུ་ངས་ནི་བླང་བ་མེད་པ་དང་། དོར་བ་མེད་པར་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ལ་བླང་བ་མེད་པ་གང་དོར་བ་མེད་པ་གང་ཞེ་ན། །བླང་བ་མེད་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་མི་འཛིན་པའོ། །དོར་ བ་མེད་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རབ་ཏུ་འཛིན་པ་མེད་པའོ། །དེ་ལ་དེ་བཞིན་གཤེགས་པས་བླང་བ་མེད་པ་དང་། དོར་བ་མེད་པའི་ངོ་བོ་ཉིད་མཉམ་པ་ཉིད་ཏུ་གཟིགས་ཏེ། ཇི་ ལྟར་དེ་བཞིན་གཤེགས་པས་ཚུ་རོལ་མེད་པ་དང་། ཕ་རོལ་མེད་པར་གཟིགས་པ་དེ་ལྟར་ཆོས་ཐམས་ཅད་ཚུ་རོལ་དང་། ཕ་རོལ་དང་བྲལ་བར་དེ་བཞིན་གཤེགས་པས་མངོན་པར་ རྫོགས་པར་སངས་རྒྱས་ཏེ་དེའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ། །བླང་བ་མེད་པ་དང་། དོར་བ་མེད་པ་འདི་སེམས་ཅན་རྣམས་ཀྱིས་ཁོང་དུ་མ་ཆུད་པས་དེ་ཁོང་ དུ་ཆུད་པར་བྱའོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་འཇུག་གོ། །གཞན་ཡང་ཤཱ་རིའི་བུ་ངས་མཚན་མ་མེད་པ་དང་། དམིགས་པ་ མེད་པར་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ལ་མཚན་མ་མེད་པ་གང་། །དམིགས་པ་མེད་པ་གང་ཞེ་ན། མིག་གི་རྣམ་པར་ཤེས་པ་མི་དམིགས་པ་ 80-1-46a ནི་མཚན་མ་མེད་པའོ། །གཟུགས་ཡང་དག་པར་རྗེས་སུ་མི་མཐོང་བ་དམིགས་པའོ། །ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་མི་དམིགས་པ་ནི་མཚན་མ་མེད་པའོ། ། ཆོས་ཡང་དག་པར་རྗེས་སུ་མི་མཐོང་བ་ནི་དམིགས་པ་མེད་པའོ། །དེ་ལྟར་ཤཱ་རིའི་བུ་མཚན་མ་མེད་པ་དང་། དམིགས་པ་མེད་པ་ནི་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ལོ། །འཕགས་པ་ རྣམས་ཀྱི་སྤྱོད་ཡུལ་གང་ཞེ་ན། ཁམས་གསུམ་པ་ནི་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཏེ། གང་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་དེ་ནི་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ ཡིན་པས་དེ་ཁོང་དུ་ཆུད་པར་བྱའོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་འཇུག་གོ། །ཤཱ་རིའི་བུ་བྱང་ཆུབ་ནི་འདས་པ་མ་ཡིན། མ་འོངས་པ་མ་ ཡིན། ད་ལྟར་བྱུང་བ་མ་ཡིན་ཏེ། དུས་གསུམ་མཉམ་པ་ཉིད་འཁོར་གསུམ་ཡོངས་སུ་ཆད་པའོ། །དེ་ལ་འཁོར་གསུམ་ཡོངས་སུ་ཆད་པ་གང་ཞེ་ན། གང་འདས་པ་ལ་སེམས་མི་འཇུག་པ་དང་། མ་འོངས་པ་ལ་རྣམས་པར་ཤེས་པ་རྗེས་སུ་མི་རྒྱུག་པ་དང་། ད་ལྟར་བྱུང་བ་ལ་ཡིད་ལ་བྱེད་པ་མི་འཇུག་པ་སྟེ། དེ་སེམས་དང་། ཡིད་དང་། རྣམ་པར་ཤེས་པ་ལ་མི་གནས་པས་འདས་པ་ལ་མི་རྟོག །མ་འོངས་པ་ལ་རློམ་སེམས་སུ་མི་བྱེད། ད་ལྟར་བྱུང་བ་ལ་ སྤྲོས་པར་མི་བྱེད་པ་འདི་ནི་དུས་གསུམ་མཉམ་པ་ཉིད་འཁོར་གསུམ་ཡོངས་སུ་དག་པ་ཡིན་ན་སེམས་ཅན་རྣམས་ཀྱིས་ཁོང་དུ་མ་ཆུད་པས་དེ་ཁོང་དུ་ཆུད་པར་བྱའོ་ཞེས་ 80-1-46b སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་འཇུག་གོ། །ཤཱ་རིའི་བུ་ངས་བྱང་ཆུབ་ནི་ལུས་མེད་པ་མངོན་པར་འདུས་མ་བྱས་པར་མངོན་པར་རྫོགས་ པར་སངས་རྒྱས་ཏེ། དེ་ནི་མིག་གི་རྣམ་པར་ཤེས་པས་རྣམ་པར་ཤེས་པ་བྱ་བ་མ་ཡིན་པ་ནས། ཡིད་ཀྱི་རྣམ་པར་ཤེས་པའི་བར་གྱིས་རྣམ་པར་ཤེས་པར་ བྱ་བ་མ་ཡིན་ནོ། །འདུས་མ་བྱས་ཤེས་བྱ་བ་ནི་གང་མ་སྐྱེས་པ། མི་འཇིགས་པ། མི་གནས་པ་དེ་ནི་འཁོར་གསུམ་དང་བྲལ་བ། འདུས་མ་བྱས་ཤེས་ བྱའོ། །འདུས་མ་བྱས་ཇི་ལྟ་བར་འདུས་བྱས་ཀྱང་དེ་ལྟར་ཁོང་དུ་ཆུད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་ཆོས་ཐམས་ཅད་ཀྱི་རང་བཞིན་དེ་ནི་དངོས་ པོ་མེད་པའོ། །གང་དངོས་པོ་མེད་པ་དེ་ལ་གཉིས་མེད་དེ། ལུས་མེད་པ། མངོན་པར་འདུས་མ་བྱས་པ་དེ་སེམས་ཅན་རྣམས་ཀྱིས་ཁོང་དུ་མ་ཆུད་པས་ དེ་ཁོང་དུ་ཆུད་པར་བྱའོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་འཇུག་གོ། །ཤཱ་རིའི་བུ་ངས་བྱང་ཆུབ་ནི་དབྱེར་མེད་པ་དང་། གནས་ སུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ལ་དབྱེར་མེད་པ་གང་། གནས་གང་ཞེ་ན། དེ་ལ་དེ་བཞིན་ཉིད་ནི་གནས་སོ། །གནས་མེད་པ་ནི་དབྱེར་མེད་པའོ། ། ཆོས་ཀྱི་དབྱིངས་ནི་གནས་སོ། །ཐ་དད་པ་མེད་པ་ནི་དབྱེར་མེད་པའོ། །ཡང་དག་པའི་མཐའ་ནི་གནས་སོ། །གཡོ་བ་མེད་པ་ནི་དབྱེར་མེད་པའོ། །སྟོང་པ་ཉིད་ནི་གནས་སོ། །དམིགས་སུ་མེད་པ་ནི་དབྱེར་ 80-1-47a མེད་པའོ། །མཚན་མ་མེད་པ་ནི་གནས་སོ། །རྣམ་པར་མི་རྟོག་པ་ནི་དབྱེར་མེད་པའོ། །སྨོན་པ་མེད་པ་ནི་གནས་སོ། །འཇུག་པ་མེད་པ་ནི་དབྱེར་མེད་པའོ། །སེམས་ཅན་མེད་པ་ནི་གནས་སོ། །སེམས་ཅན་ མེད་པའི་རང་བཞིན་ནི་དབྱེར་མེད་པའོ། །ནམ་མཁའ་ནི་གནས་སོ། །མི་དམིགས་པ་ནི་དབྱེར་མེད་པའོ། །མི་སྐྱེ་བ་ནི་གནས་སོ། །མི་འགག་པ་ནི་དབྱེར་མེད་པའོ། །འདུས་མ་བྱས་ནི་གནས་སོ། ། རྒྱུ་བ་མེད་པ་ནི་དབྱེར་མེད་པའོ། །བྱང་ཆུབ་ནི་གནས་སོ། །ཉེ་བར་ཞི་བ་ནི་དབྱེར་མེད་པའོ། །མྱ་ངན་ལས་འདས་པ་ནི་གནས་སོ། །མངོན་པར་མི་འགྲུབ་པ་ནི་དབྱེར་མེད་པའོ། །དེ་ལྟར་ ཤཱ་རིའི་བུ་དབྱེར་མེད་པའི་གནས་འདི་སེམས་ཅན་རྣམས་ཀྱིས་ཁོང་དུ་མ་ཆུད་པས་དེ་ཁོང་དུ་ཆུད་པར་བྱའོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་འཇུག་གོ། །ཤཱ་རིའི་བུ་ བྱང་ཆུབ་ནི་ལུས་ཀྱིས་མངོན་པར་རྫོགས་པར་སངས་མ་རྒྱས་ཏེ་སེམས་ཀྱིས་ཀྱང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལུས་ནི་བེམས་པོ་གཡོ་བ་མེད་པ། བྱེད་པ་མེད་པ། རྩྭ་དང་། རྩིག་པ་དང་། ཤིང་དང་། རྡོ་དང་། མིག་ཡོར་ལྟ་བུའོ། །སེམས་ནི་རྒྱུ་མ་དང་། སྨིག་རྒྱུ་དང་། ཆུ་ཟླ་ལྟ་བུ་སྟེ། གང་གིས་ལུས་དང་། སེམས་དེ་ལྟར་ཁོང་ དུ་ཆུད་པ་དེ་ནི་བྱང་ཆུབ་ཅེས་བྱའོ། །བྱང་ཆུབ་ནི་ཐ་སྙད་ཙམ་དུ་བཟུང་བ་སྟེ། བྱང་ཆུབ་ནི་ལུས་སམ། སེམས་སམ། ཆོས་སམ། ཆོས་མ་ཡིན་པ་འམ། ཡང་དག་པ་འམ། ཡང་དག་པ་མ་ཡིན་པ་འམ། བདེན་པ་འམ། བརྫུན་པ་གང་གིས་ཀྱང་བརྗོད་པར་བྱ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་ཆོས་ཐམས་ཅད་ཀྱིས་བརྗོད་པར་བྱ་བ་མ་ཡིན་ 80-1-47b ཏེ། བྱང་ཆུབ་ལ་ནི་གང་གིས་ཀྱང་ཚིག་གི་ཐ་སྙད་ཏུ་འགྱུར་བའི་གནས་ཅུང་ཟད་ཀྱང་མེད་དོ། །ཇི་ལྟར་ནམ་མཁའ་གནས་མེད་ཅིང་ཚིག་མེད་པ་དེ་བཞིན་དུ་བྱང་ཆུབ་ཀྱང་གནས་ མེད་པ། །བརྗོད་པར་བྱ་བ་མ་ཡིན་པའོ། །དེ་ལྟར་ཤཱ་རིའི་བུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཚོལ་བ་ན་ཆོས་ཐམས་ཅད་ཚིག་མེད་པ་སྟེ། ཆོས་ལ་ཚིག་མེད། ཚིག་ལ་ཡང་ཆོས་ མེད་དོ། །དེ་ལྟ་བུའི་ཆོས་ཀྱི་ཚུལ་མི་ཤེས་ཤིང་ཁོང་དུ་མ་ཆུད་པས་དེ་ཁོང་དུ་ཆུད་པར་བྱའོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་འཇུག་གོ། ། ཤཱ་རིའི་བུ་བྱང་ཆུབ་ནི་གཟུང་བ་མེད་པ། ཀུན་གཞི་མེད་པའོ། །དེ་ལ་གཟུང་བ་མེད་པ་གང་། ཀུན་གཞི་མེད་པ་གང་ཞེ་ན། འདི་ལྟ་སྟེ། །མིག་ཡོངས་སུ་ཤེས་པ་ནི་གཟུང་བ་ མེད་པའོ། །གཟུགས་ཡང་དག་པར་རྗེས་སུ་མི་མཐོང་བ་ནི་ཀུན་གཞི་མེད་པའོ། །ཡིད་ཀྱི་བར་དུ་ཡོངས་སུ་ཤེས་པ་ནི་གཟུང་བ་མེད་པའོ། །ཆོས་མི་དམིགས་པ་ནི་ཀུན་ གཞི་མེད་པ་སྟེ། དེ་ལྟར་ཤཱ་རིའི་བུ་དེ་བཞིན་གཤེགས་པས་གཟུང་བ་མེད་པ། ཀུན་གཞི་མེད་པར་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་ སངས་རྒྱས་ནས་མིག་མི་འཛིན་པ་དང་། །གཟུགས་ཀུན་གཞི་མེད་པས་རྣམ་པར་ཤེས་པ་མི་གནས་སོ། །ཡིད་ཀྱི་བར་དུ་མི་འཛིན་ཅིང་ཆོས་ཀུན་གཞི་མེད་པས་རྣམ་པར་ ཤེས་པ་མི་གནས་སོ། །དེ་རྣམ་པར་ཤེས་པ་མི་གནས་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་གནས་ཤེས་སོ། །ཇི་ལྟར་ཤེས་ཤེ་ན། སེམས་ཅན་རྣམས་ཀྱི་ 80-1-48a སེམས་ཀྱི་གནས་ནི་བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། །གཟུགས་ནི་སེམས་ཀྱི་གནས་སོ། །ཚོར་བ་དང་། །འདུ་ཤེས་དང་། འདུ་བྱེད་ནི་སེམས་ཅན་རྣམས་ཀྱི་སེམས་ ཀྱི་གནས་ཏེ། །འདི་བཞི་ནི་སེམས་ཅན་རྣམས་ཀྱི་སེམས་ཀྱི་གནས་སོ། །གནས་དེ་ཡང་གནས་མེད་པར་དེ་བཞིན་གཤེགས་པས་མཁྱེན་ཏེ། གནས་མེད་པའི་མཐའ་འདི་སེམས་ཅན་རྣམས་ ཀྱིས་ཁོང་དུ་མ་ཆུད་པས་དེ་ཁོང་དུ་ཆུད་པར་བྱའོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་འཇུག་གོ། །ཤཱ་རིའི་བུ་བྱང་ཆུབ་ཅེས་བྱ་བ་ནི་སྟོང་པ་ཉིད་ ཀྱི་ཚིག་བླ་དགས་སོ། །སྟོང་པ་ཉིད་གང་གིས་བྱང་ཆུབ་སྟོང་པ་སྟོང་པ་ཉིད་དེས་ཆོས་ཐམས་ཅད་སྟོང་སྟེ། །དེ་དག་སྟོང་པ་ཇི་ལྟ་བ་བཞིན་དུ་དེ་ལྟར་དེ་བཞིན་གཤེགས་པས་ ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་མོད་ཀྱི་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་མངོན་པར་རྫོགས་པར་སངས་རྒྱས་པ་ནི་མ་ཡིན་པས་སྟོང་པ་ཉིད་དམ། །བྱང་ཆུབ་ ཅེས་བྱ་བ་འདི་ནི་ཚུལ་གཅིག་པའི་ཡེ་ཤེས་སོ། །དེ་ལ་གཉིས་པོ་གང་གིས་སྟོང་པ་ཉིད་དང་། བྱང་ཆུབ་ཏུ་གཉིས་སུ་དབྱེ་བའི་གཉིས་གང་ཡང་མེད་དོ། །ཆོས་དེ་ནི་གཉིས་སུ་ མེད་ཅིང་གཉིས་སུ་དབྱེར་མེད་དེ་མིང་མེད་པ། མཚན་མ་མེད་པ། འཇུག་པ་མེད་པ། རབ་ཏུ་རྒྱུ་བ་མེད་པ། །སྤྱོད་པ་མེད་པའོ། །གང་སྟོང་པ་ཞེས་བྱ་བ་ནི་མངོན་པར་ཆགས་ པ་དང་། །འཛིན་པ་དང་བྲལ་བའོ། །དོན་དམ་པར་ཆོས་གང་ཡང་མི་དམིགས་པས་སྟོང་པ་ཉིད་གང་ཡིན་པ་དེ་སྟོང་པ་ཞེས་བྱའོ། །ཇི་ལྟར་ནམ་མཁའ་ནམ་མཁའ་ཞེས་ 80-1-48b ཀྱང་བྱ་ལ་ནམ་མཁའ་ནི་བརྗོད་པར་བྱ་བ་འང་མ་ཡིན་ནོ། །དེ་བཞིན་དུ་སྟོང་པ་སྟོང་པ་ཞེས་ཀྱང་བྱ་ལ་སྟོང་པ་ཉིད་བརྗོད་པར་བྱ་བ་མ་ཡིན་ནོ། །འདི་ལྟ་སྟེ། མིང་ཙམ་དུ་ཐ་ སྙད་འདོགས་པ་འདི་ནི་ཆོས་ཐམས་ཅད་ལ་འཇུག་པ་སྟེ། མིང་དེ་ཡང་ཡུལ་ན་མི་གནས། ཕྱོགས་ན་མི་གནས་སོ། །ཇི་ལྟར་མིང་ཡུལ་ན་མི་གནས། །ཕྱོགས་ན་མི་གནས་ པ་དེ་བཞིན་དུ་ཆོས་ཀྱི་མིང་གིས་ཐ་སྙད་ཏུ་འདོགས་པའི་ཆོས་དེ་ཡང་ཡུལ་ན་མི་གནས། །ཕྱོགས་ན་མི་གནས་ཏེ། །དེ་ལྟར་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མཁྱེན་ ཏོ། །ཐོག་མ་ནས་མ་སྐྱེས་མ་བྱུང་བར་དེ་ལྟར་མཁྱེན་པས་དེ་ལྟར་རྣམ་པར་གྲོལ་ཏེ་བཅིངས་པ་ཡང་མེད། །གྲོལ་བ་ཡང་མེད་ན་དེ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཁོང་དུ་མ་ཆུད་ པས་ཁོང་དུ་ཆུད་པར་བྱའོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་འཇུག་གོ། །ཤཱ་རིའི་བུ་བྱང་ཆུབ་ནི་ནམ་མཁའ་དང་མཉམ་སྟེ། །ནམ་མཁའ་ ནི་མཉམ་པ་ཡང་མ་ཡིན། མི་མཉམ་པ་འང་མ་ཡིན་ནོ། །བྱང་ཆུབ་ཀྱང་མཉམ་པ་འང་མ་ཡིན། །མི་མཉམ་པ་འང་མ་ཡིན་ཏེ། །ཇི་ལྟར་ཆོས་རྣམས་ཡང་དག་པར་ཡོངས་སུ་གྲུབ་ པ་མེད་པ་དེ་མཉམ་པ་འམ་མི་མཉམ་པ་ཞེས་བརྗོད་པ་མ་ཡིན་ནོ། །དེ་ལྟར་ཤཱ་རིའི་བུ་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མཉམ་པ་འང་མ་ཡིན། །མི་མཉམ་པར་ཡང་ མ་ཡིན་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །ཇི་ལྟར་ཆོས་རྡུལ་ཙམ་ཡང་མཉམ་པར་བྱས་པ་ཡང་མ་ཡིན། །མི་མཉམ་པར་བྱས་པ་ཡང་མ་ཡིན་པ་དེ་ལྟར་ 80-1-49a མངོན་པར་རྫོགས་པར་སངས་རྒྱས་སོ། །ཆོས་ཇི་སྙེད་པ་དེ་དག་ཡང་དག་པའི་ཡེ་ཤེས་ཀྱིས་ཤེས་སོ། །ཡང་དག་པའི་ཡེ་ཤེས་གང་ཞེ་ན། །ཆོས་མ་བྱུང་ བ་རྣམས་འབྱུང་བ་དང་། །བྱུང་ནས་འཇིག་པར་འགྱུར་བ་དེ་དག་ནི་བདག་པོ་མེད་པར་འབྱུང་། །བདག་པོ་མེད་པར་འཇིག་སྟེ། །རྐྱེན་གྱིས་འབྱུང་བ་དང་། །འཇིག་པར་ འགྱུར་ཞིང་འདི་ལ་འཇུག་པ་འམ། །ལྡོག་པ་གང་ཡང་མེད་དེ། །ལམ་གཅད་པའི་ཕྱིར་དེ་བཞིན་གཤེགས་པ་ཆོས་སྟོན་ཏོ། །ལམ་གཅད་པ་འདི་སེམས་ཅན་རྣམས་ཀྱིས་ ཁོང་དུ་མ་ཆུད་པས་ཁོང་དུ་ཆུད་པར་བྱའོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་འཇུག་གོ། །ཤཱ་རིའི་བུ་བྱང་ཆུབ་དེ་ནི་ཇི་ལྟ་བ་བཞིན་གྱི་གནས་སོ། ། བྱང་ཆུབ་ཇི་ལྟ་བར་གཟུགས་ཀྱང་དེ་བཞིན་ཏེ་དེ་བཞིན་ཉིད་ཀྱིས་མི་འབྱུང་ངོ་། །བྱང་ཆུབ་ཇི་ལྟ་བ་བཞིན་དུ་ཚོར་བ་དང་། །འདུ་ཤེས་དང་། །འདུ་བྱེད་དང་། །རྣམ་པར་ཤེས་པ་འང་ དེ་བཞིན་ཏེ། །དེ་བཞིན་ཉིད་ཀྱིས་མི་འབྱུང་ངོ་། །བྱང་ཆུབ་ཇི་ལྟ་བ་བཞིན་དུ་སའི་ཁམས་དང་། །ཆུའི་ཁམས་དང་། །མེའི་ཁམས་དང་། །རླུང་གི་ཁམས་ཀྱང་དེ་བཞིན་ཏེ། །དེ་ བཞིན་ཉིད་ཀྱིས་མི་འབྱུང་ངོ་། །བྱང་ཆུབ་ཇི་ལྟ་བ་བཞིན་དུ་མིག་གི་ཁམས་དང་། །གཟུགས་ཀྱི་ཁམས་དང་། །མིག་གི་རྣམ་པར་ཤེས་པའི་ཁམས་ནས། །ཡིད་ཀྱི་ཁམས་ དང་། །ཆོས་ཀྱི་ཁམས་དང་། །ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུའོ། །ཆོས་རྣམས་ཀྱི་བཏགས་པ་ནི་འདི་ཙམ་དུ་ཟད་དེ་དེ་ནི་ཕུང་པོ་དང་། །ཁམས་དང་། །སྐྱེ་མཆེད་ 80-1-49b རྣམས་སུ་བཏགས་པ་སྟེ། །དེ་དག་ཀྱང་དེ་བཞིན་གཤེགས་པས་ཇི་ལྟ་བ་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཕྱིན་ཅི་མ་ལོག་པར་མངོན་པར་རྫོགས་པར་སངས་ རྒྱས་པས་ན་སྔོན་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན། །བར་དུ་ཡང་དེ་བཞིན་ཏེ། །སྔོན་གྱི་མཐའ་ནས་མ་སྐྱེས། །ཕྱི་མའི་མཐར་མི་འཕོའོ། །བར་དུ་ཡང་དབེན་པ་སྟེ། །དེ་ལྟར་དེ་ དག་ནི་ཇི་ལྟ་བ་བཞིན་གྱི་གནས་ཡིན་ནོ། །གཅིག་ཇི་ལྟ་བར་ཐམས་ཅད་ཀྱང་དེ་བཞིན་ནོ། །ཐམས་ཅད་ཇི་ལྟ་བར་གཅིག་ཀྱང་དེ་བཞིན་ཏེ། །ཇི་ལྟ་བ་བཞིན་ནི་གཅིག་གམ་མང་པོར་ མི་འགྱུར་རོ། །ཇི་ལྟ་བ་བཞིན་གྱི་གནས་དེ་སེམས་ཅན་རྣམས་ཀྱིས་ཁོང་དུ་མ་ཆུད་པས་དེ་ཁོང་དུ་ཆུད་པར་བྱའོ། །ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ ཆེན་པོ་འཇུག་གོ། །ཤཱ་རིའི་བུ་བྱང་ཆུབ་ནི་རྣམ་པ་ལ་འཇུག་པ་རྣམ་པ་མེད་པ་ལ་ཞུགས་པའོ། །དེ་ལ་རྣམ་པ་གང་། །རྣམ་པ་མེད་པ་གང་ཞེ་ན། །ཤཱ་རིའི་བུ་རྣམ་པ་ཞེས་ བྱ་བ་ནི་དགེ་བའི་ཆོས་རྣམས་རྩོམ་པའོ། །རྣམ་པ་མེད་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་མི་དམིགས་པའོ། །རྣམ་པ་ཞེས་བྱ་བ་ནི་མི་གནས་པའི་སེམས་ཀྱི་གནས་སོ། ། རྣམ་པ་མེད་པ་ཞེས་བྱ་བ་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའི་ཏིང་ངེ་འཛིན་ཏོ། །རྣམ་པ་ཞེས་བྱ་བ་ནི་སེམས་གཞལ་བ་དང་། །བགྲང་བ་དང་། །སོ་སོར་རྟོག་པའོ། ། རྣམ་པ་མེད་པ་ཞེས་བྱ་བ་ནི་གཞལ་བ་ལས་ཡང་དག་པར་འདས་པའོ། །གཞལ་བ་ལས་ཡང་དག་པར་འདས་པ་གང་ཞེ་ན། །གང་ན་རྣམ་པར་ཤེས་པའི་ལས་མེད་པའོ། །རྣམ་པ་ 80-1-50a ཞེས་བྱ་བ་ནི་གང་ན་འདུས་བྱས་ལ་སོ་སོར་རྟོག་པའོ། །རྣམ་པ་མེད་པ་ནི་འདུས་མ་བྱས་མངོན་སུམ་དུ་བྱེད་པ་སྟེ། རྣམ་པ་དང་རྣམ་པ་མེད་པ་ལ་འཇུག་པ་འདི་བྱིས་པ་སོ་སོའི་ སྐྱེ་བོ་རྣམས་ཀྱིས་ཁོང་དུ་མ་ཆུད་པས་ཁོང་དུ་ཆུད་པར་བྱའོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་འཇུག་གོ། །ཤཱ་རིའི་བུ་བྱང་ཆུབ་ནི་ཟག་པ་མེད་པ། ལེན་པ་མེད་པའོ། །དེ་ལ་ཟག་པ་མེད་པ་གང་། ལེན་པ་མེད་པ་གང་ཞེ་ན། ཟག་པ་མེད་པ་ཞེས་བྱ་བ་ནི་ཟག་པ་བཞི་དང་བྲལ་བ་སྟེ། འདོད་པའི་ཟག་པ་དང་བྲལ་བ་དང་། སྲིད་ པའི་ཟག་པ་དང་བྲལ་བ་དང་། མ་རིག་པའི་ཟག་པ་དང་བྲལ་བ་དང་། ལྟ་བའི་ཟག་པ་དང་བྲལ་བའོ། །ཉེ་བར་ལེན་པ་མེད་པ་ཞེས་བྱ་བ་ནི་ལེན་པ་བཞི་དང་བྲལ་བ་སྟེ། འདོད་པའི་ ལེན་པ་དང་བྲལ་བ་དང་། སྲིད་པའི་ལེན་པ་དང་བྲལ་བ་དང་། ལྟ་བའི་ལེན་པ་དང་བྲལ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་ལེན་པ་དང་བྲལ་བའོ། །དེ་ལ་ ཉེ་བར་ལེན་པ་བཞི་པོ་དེ་དག་ཐམས་ཅད་ནི་མ་རིག་པས་ལྡོངས་པར་བྱས་པ་དང་། སྲེད་པའི་ཆུས་གཡོགས་པ་དང་བདག་ཏུ་མངོན་པར་ཆགས་པས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལེན་ཏོ། །དེ་ལ་དེ་བཞིན་གཤེགས་པས་བདག་ཉེ་བར་ལེན་པའི་རྩ་བ་ཡོངས་སུ་མཁྱེན་པའི་ཕྱིར་བདག་རྣམ་པར་དག་པས་སེམས་ཅན་རྣམ་པར་དག་པར་མཁྱེན་ ཏོ། །བདག་རྣམ་པར་དག་པ་གང་ཡིན་པ་དེ་ལ་ཡོངས་སུ་རྟོག་པ་གང་གིས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པར་འགྱུར་བའི་ཡོངས་སུ་རྟོག་པ་གང་ཡང་མེད་དེ། དེ་ནི་ 80-1-50b ཚུལ་བཞིན་ཡིད་ལ་བྱེད་པ་དང་ལྡན་པས་མ་རིག་པ་ཀུན་ནས་མི་སློང་ངོ་། །མ་རིག་པ་ཀུན་ནས་མི་སློང་བས་སྲིད་པའི་ཡན་ལག་བཅུ་གཉིས་ཀུན་ནས་མི་ལྡང་བ་དེ་ནི་སྐྱེ་བ་མེད་པའོ། ། གང་སྐྱེ་བ་མེད་པ་དེ་ནི་ངེས་པར་གྱུར་པའོ། །གང་ངེས་པར་གྱུར་པ་དེ་ནི་ངེས་པའི་དོན་ཏོ། །གང་ངེས་པའི་དོན་དེ་ནི་དོན་དམ་པའོ། །གང་དོན་དམ་པ་དེ་གང་ཟག་མེད་པའི་དོན་ཏོ། །གང་གང་ཟག་ མེད་པའི་དོན་དེ་བརྗོད་དུ་མེད་པའི་དོན་ཏོ། །གང་བརྗོད་ཏུ་མེད་པའི་དོན་དེ་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཏོ། །གང་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་དེ་ཆོས་ཀྱི་དོན་ཏོ། །གང་ ཆོས་ཀྱི་དོན་དེ་དེ་བཞིན་གཤེགས་པའི་དོན་ཏེ་དེའི་ཕྱིར་སུས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་། །སུས་ཆོས་མཐོང་བ་དེས་དེ་བཞིན་གཤེགས་པ་མཐོང་སྟེ། འདི་ལྟར་དེ་བཞིན་ཉིད་ཏུ་བཙལ་ན་ཅི་ཡང་མི་མཐོང་བ་དེ་ལྟར་མཐོང་། །དེ་ལ་ཅི་ཡང་ཞེས་བྱ་བ་གང་ཞེ་ན། འདི་ལྟ་སྟེ། མཚན་མ་མེད་པ་དང་། དམིགས་པ་མེད་པའོ། ། གང་གིས་མཚན་མ་མེད་པ་དང་། དམིགས་པ་མེད་པ་མཐོང་བ་དེས་ཡང་དག་པར་མཐོང་སྟེ། དེ་ལྟར་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མཉམ་པ་ཉིད་ཏུ་ མཉམ་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །ཟག་པ་མེད་པ་དང་། ལེན་པ་མེད་པ་འདི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཁོང་དུ་མ་ཆུད་པས་དེ་ཁོང་དུ་ཆུད་ པར་བྱའོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་འཇུག་གོ། །ཤཱ་རིའི་བུ་བྱང་ཆུབ་ནི་དག་པ། དྲི་མ་མེད་པ། ཉོན་མོངས་པ་མེད་པའོ། །དེ་ལ་དག་པ་གང་། 80-1-51a དྲི་མ་མེད་པ་གང་། ཉོན་མོངས་པ་མེད་པ་གང་ཞེ་ན། སྟོང་པ་ཉིད་ནི་དག་པའོ། །མཚན་མ་མེད་པ་ནི་དྲི་མ་མེད་པའོ། །སྨོན་པ་མེད་པ་ནི་ཉོན་མོངས་པ་མེད་ པའོ། །སྐྱེ་བ་མེད་པ་ནི་དག་པའོ། །མངོན་པར་འདུ་མི་བྱེད་པ་ནི་དྲི་མ་མེད་པའོ། །ཉེ་བར་ལེན་པ་མེད་པ་ནི་ཉོན་མོངས་པ་མེད་པའོ། །རང་བཞིན་ནི་དག་པའོ། །ཡོངས་སུ་ དག་པ་ནི་དྲི་མ་མེད་པའོ། །འོད་གསལ་བ་ནི་ཉོན་མོངས་པ་མེད་པའོ། །སྤྲོས་པ་མེད་པ་ནི་དག་པའོ། །མ་སྤྲོས་པ་ནི་དྲི་མ་མེད་པའོ། །སྤྲོས་པ་ཉེ་བར་ཞི་བ་ནི་ཉོན་མོངས་པ་མེད་པའོ། ། དེ་བཞིན་ཉིད་ནི་དག་པའོ། །ཆོས་ཀྱི་དབྱིངས་ནི་དྲི་མ་མེད་པའོ། །ཡང་དག་པའི་མཐའ་ནི་ཉོན་མོངས་པ་མེད་པའོ། །གོ་འབྱེད་པ་ནི་དག་པའོ། །ནམ་མཁའ་ནི་དྲི་མ་མེད་པའོ། ། ནམ་མཁའ་ནི་ཉོན་མོངས་པ་མེད་པའོ། །ནང་ཡོངས་སུ་ཤེས་པ་ནི་དག་པའོ། །ཕྱི་རོལ་དུ་མི་རྒྱུག་པ་ནི་དྲི་མ་མེད་པའོ། །ཕྱི་དང་ནང་མི་དམིགས་པ་ནི་ཉོན་མོངས་པ་ མེད་པའོ། །ཕུང་པོ་ཡོངས་སུ་ཤེས་པ་ནི་དག་པའོ། །ཁམས་ཀྱི་རང་བཞིན་ནི་དྲི་མ་མེད་པའོ། །སྐྱེ་མཆེད་སྤོང་བ་ནི་ཉོན་མོངས་པ་མེད་པའོ། །འདས་པ་ལ་ཟད་ པ་ཤེས་པ་ནི་དག་པའོ། །མ་འོངས་པ་ལ་མི་སྐྱེ་བ་ཤེས་པ་ནི་དྲི་མ་མེད་པའོ། །ད་ལྟར་བྱུང་བ་ལ་ཆོས་ཀྱི་དབྱིངས་ལ་གནས་པའི་ཡེ་ཤེས་ནི་ཉོན་མོངས་པ་མེད་པ་སྟེ། དེ་ལྟར་དག་པ་ དང་དྲི་མ་མེད་པ་དང་། ཉོན་མོངས་པ་མེད་པ་གནས་གཅིག་ཏུ་འཇུག་པར་འགྱུར་བ་ནི་འདི་ལྟ་སྟེ། ཞི་བའི་གནས་སོ། །གང་ཞི་བ་དེ་ནི་རབ་ཏུ་ཞི་བ། དེ་ནི་ཉེ་བར་ཞི་བ་སྟེ། ཐུབ་པ་ཞེས་བྱའོ། ། 80-1-51b དེ་ལྟ་བས་ནམ་མཁའ་ཇི་ལྟ་བར་བྱང་ཆུབ་ཀྱང་དེ་བཞིན་ནོ། །བྱང་ཆུབ་ཇི་ལྟ་བར་ཆོས་ཀྱང་དེ་བཞིན་ནོ། །ཆོས་ཇི་ལྟ་བར་སེམས་ཅན་ཡང་དེ་བཞིན་ནོ། །སེམས་ཅན་ཇི་ལྟ་བར་ཞིང་ཡང་ དེ་བཞིན་ནོ། །ཞིང་ཇི་ལྟ་བར་མྱ་ངན་ལས་འདས་པ་ཡང་དེ་བཞིན་ནོ། །དེ་བས་ན་ཆོས་ཐམས་ཅད་ནི་མྱ་ངན་ལས་འདས་པ་དང་མཉམ་པ་ཞེས་བྱ་སྟེ། །མཐར་ཐུག་པའི་རྣམ་པས་གཉེན་པོ་མེད་ དོ། །གཉེན་པོ་མེད་པའི་རྣམ་པས་ཐོག་མ་ནས་རྣམ་པར་དག་པའོ། །ཐོག་མ་ནས་དྲི་མ་མེད་པའོ། །ཐོག་མ་ནས་ཉོན་མོངས་པ་མེད་པའོ། །དེ་ལ་དེ་བཞིན་གཤེགས་པས་འདི་ལྟར་གཟུགས་ ཅན་དང་། །གཟུགས་མེད་པའི་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་གྱི་ཁམས་ལ་རྣམ་པར་གཟིགས་ཤིང་སེམས་ཅན་རྣམས་ལ་དག་པ་དང་། །དྲི་ མ་མེད་པ། །ཉོན་མོངས་པ་མེད་པས་རྣམ་པར་རོལ་པ་ཞེས་བྱ་བའི་སྙིང་རྗེ་ཆེན་པོ་འཇུག་གོ། །དེ་ལྟར་ཤཱ་རིའི་བུ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་དག་པ་དང་། །དྲི་མ་མེད་པ་དང་། ། ཉོན་མོངས་པ་མེད་པར་ལྷུན་གྱིས་གྲུབ་པས་རྟག་ཏུ་འཇུག་སྟེ། ཕྱིས་བཏང་བར་བྱ་བ་མེད་ཅིང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་མ་ལུས་པར་ཐོགས་པ་མེད་དོ། །དེ་ལྟར་ཤཱ་ རིའི་བུ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་ནི་མཐའ་ཡས་མུ་མེད་དེ། །གང་དེ་བཞིན་གཤེགས་པས་སྙིང་རྗེ་ཆེན་པོའི་མཐའ་འདོད་པ་དེ་ནི་ནམ་མཁའི་མཐའ་འདོད་དོ། །བྱང་ཆུབ་སེམས་ དཔས་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་བསམ་གྱིས་མི་ཁྱབ་པ་དེ་ཐོས་ནས། མངོན་པར་དད། །ཡིད་ཆེས། །རབ་ཏུ་རྟོག་སོམ་ཉི་མེད། །ཐེ་ཚོམ་མི་ཟ་བ་ནས་ནམ་མཁའ་ལྟ་བུར་ 80-1-52a བསམ་གྱིས་མི་ཁྱབ་པའི་ཕྱིར་ངོ་མཚར་དང་། །རྨད་ཀྱི་བར་དུ་འདུ་ཤེས་སྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་རྒྱ་ཆེར་བསྟན་པའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་ དག་གསུངས་སོ། །རྩ་བ་མེད་ཅིང་གནས་མེད་པ། །སངས་རྒྱས་ཀྱིས་ནི་བྱང་ཆུབ་རེག །ཇི་ལྟར་རྟོགས་པ་དེ་བཞིན་དུ། །སྲོག་ཆགས་རྣམས་ནི་ཀུན་ལ་སྟེན། །ནང་གི་མིག་ནི་སྟོང་པ་སྟེ། །ཕྱི་རོལ་ གཟུགས་ཀྱང་སྟོང་པའོ། །ཞི་དང་ཉེ་བར་ཞི་བ་ཡི། །སངས་རྒྱས་ཀྱིས་ནི་བྱང་ཆུབ་རེག །ཞི་དང་ཉེ་བར་ཞི་བ་དེ། །སེམས་ཅན་ཁོང་དུ་མ་ཆུད་པས། །ཚིག་དོན་རྟོགས་ནས་སེམས་ཅན་ལ། ། དེ་དག་ལ་ནི་སྙིང་རྗེ་འཇུག །བྱང་ཆུབ་རང་བཞིན་འོད་གསལ་ཞིང་། །རྣམ་དག་ནམ་མཁའ་འདྲ་བ་དེ། །སེམས་ཅན་རྣམས་ཀྱིས་མི་ཤེས་པས། །དེ་དག་ལ་ཡང་སྙིང་རྗེ་འཇུག །ཆོས་ རྣམས་ཀུན་ལ་འཛིན་པ་དང་། །རབ་ཏུ་འཛིན་པ་ཡོད་མ་ཡིན། །བླང་མེད་དོར་བ་མེད་པ་ཡི། །སངས་རྒྱས་ཀྱིས་ནི་བྱང་ཆུབ་རེག །སེམས་ཅན་འདི་དག་མི་ཤེས་པས། །དེ་དག་ལ་ནི་ སྙིང་རྗེ་འཇུག །མཚན་མ་མེད་ཅིང་དམིགས་པ་མེད། །འཕགས་པ་རྣམས་ཀྱི་སྤྱོད་ཡུལ་འདི། །བྱིས་པའི་སྤྱོད་ཡུལ་མ་ཡིན་པ། །སངས་རྒྱས་ཀྱིས་ནི་བྱང་ཆུབ་རེག །གང་དག་ མི་མཁས་བཅིངས་པ་ཡི། །སོ་སོའི་སྐྱེ་བོས་མི་ཤེས་པས། །དེ་བཞིན་གཤེགས་པ་སེམས་ཅན་ལ། །སྙིང་རྗེ་ཆེན་པོ་རབ་ཏུ་འཇུག །རང་བཞིན་གྱིས་ནི་འདུས་མ་བྱས། །སྐྱེ་བ་མེད་ཅིང་ འཇིག་པ་མེད། །དེ་ལ་གནས་པ་ཡོད་མིན་ཏེ། །མཚན་ཉིད་གསུམ་ལས་རྣམ་པར་གྲོལ། །འདུས་བྱས་རྣམས་ཀྱི་རང་བཞིན་ནི། །བྱིས་པས་ཁོང་དུ་མི་ཆུད་པས། །དེ་དག་ལ་ཡང་སྙིང་ 80-1-52b རྗེ་འཇུག །ཚུལ་འདི་གང་གིས་སངས་རྒྱས་པ། །བྱང་ཆུབ་ལུས་ཀྱིས་མྱི་རྟོགས་ཏེ། །སེམས་ཀྱིས་ཀྱང་ནི་འཚང་མྱི་རྒྱ། །ལུས་ནི་བེམས་པོའི་རང་བཞིན་ཏེ། །སེམས་ཀྱང་སྒྱུ་མ་ལྟ་བུའོ། །ལུས་དང་ སེམས་ཀྱིས་རང་བཞིན་ཏེ། །བྱིས་པས་ཁོང་དུ་མ་ཆུད་པས། །ཚུལ་འདི་ཁོང་དུ་ཆུད་གྱུར་ནས། །དེ་དག་ལ་ནི་སྙིང་རྗེ་འཇུག །རང་བྱུང་བ་ནི་བྱང་ཆུབ་དམ་པ་རྒྱ་ཆེན་མཆོག་དགེ་སྟེ། །ཤིང་མཆོག་དྲུང་དུ་ བཞུགས་ནས་སེམས་ཅན་ཁམས་ལ་རྣམ་པར་གཟིགས། །འཁོར་བའི་འཁོར་ལོར་ཞུགས་ཤིང་འགྲོ་རྒྱུད་སྣ་ཚོགས་འཁྱམ་གྱུར་པ། །དེ་དག་གཟིགས་ནས་སངས་རྒྱས་ཀྱི་ནི་སྙིང་རྗེ་མི་ཟད་འཇུག ། ང་དང་རྒྱགས་པ་དག་ལ་ཆགས་ཤིང་ལྟ་བའི་དྲ་བས་གཟིངས། །སྡུག་བསྔལ་བདེ་དང་མི་རྟག་རྟག་དང་སྡུག་པར་འདུ་ཤེས་ཤིང་། །བདག་དང་སེམས་ཅན་དང་ནི་སྲོག་ཏུ་ལྟ་བར་ཆགས་པ་རྣམས། ། གཟིགས་ནས་དེ་དག་ལ་ནི་སངས་རྒྱས་སྙིང་རྗེ་མི་ཟད་འཇུག །སེམས་ཅན་ཁམས་ནི་གཏི་མུག་ལིང་ཏོག་ཁེབས་ཤིང་བསྒྲིབས་པ་ཀུན། །ཉི་མ་སྤྲིན་ཁེབས་བཞིན་དུ་སྣང་མེད་ལམ་མེར་མི་ འགྱུར་བ། །དེ་དག་གཟིགས་ནས་ཡེ་ཤེས་སྣང་བ་དྲི་མེད་འོད་བྱ་ཞེས། །དེ་དག་ལ་ཡང་སངས་རྒྱས་ཀྱི་ནི་སྙིང་རྗེ་མི་ཟད་འཇུག །ངན་ཚོགས་འགྲོ་བར་ཞུགས་ཤིང་ལམ་སྟོར་རབ་ཏུ་འཁྱམས་པ་ རྣམས། །སེམས་ཅན་སེམས་ཅན་དམྱལ་དང་དུད་འགྲོ་ཡི་དགས་རྒྱུད་ལྷུང་བ། །དེ་དག་གཟིགས་ནས་སྔོན་གྱི་རྒྱལ་བས་བསྙེན་པའི་ལམ་བསྟན་ཅེས། །དེ་དག་ལ་ཡང་སངས་རྒྱས་ཀྱི་ནི་སྙིང་རྗེ་མི་ཟད་ འཇུག །དེ་བཞིན་ཉིད་ལྟར་དེ་བཞིན་ཉིད་དུ་ཆོས་རྣམས་ཐམས་ཅད་ནི། །ནམ་མཁའ་མཚུངས་འདྲ་དེ་དག་མ་བཅིངས་མ་གྲོལ་རབ་མཁྱེན་ཏེ། །འགྲོ་བ་དག་ཅིང་བཟང་བའི་ 80-1-53a ཆོས་རྣམས་མི་ཤེས་གཟིགས་ནས་སུ། །དེ་དག་ལ་ཡང་སངས་རྒྱས་ཀྱི་ནི་སྙིང་རྗེ་མི་ཟད་འཇུག །དེ་ལྟར་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་ བསམ་གྱིས་མི་ཁྱབ་པ་ལ་མངོན་པར་དད། །ཡིད་ཆེས། རབ་ཏུ་རྟོག །སོམ་ཉི་མེད། ཐེ་ཚོམ་མི་ཟ། རྒྱ་ཆེར་དགའ་མགུ་སྟེ་རངས་པ་རྙེད་ནས་ནམ་མཁའ་ལྟ་བུར་བསམ་གྱིས་མི་ཁྱབ་པའི་ ཕྱིར་ངོ་མཚར་དང་རྨད་ཏུ་འདུ་ཤེས་སྐྱེད་དོ།། །། བམ་པོ་བདུན་པ། ཡང་ཤཱ་རིའི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་མངོན་པར་དད། །ཡིད་ ཆེས། །རབ་ཏུ་རྟོག་པ་ནས། །ངོ་མཚར་དང་། །རྨད་ཀྱི་བར་དུ་འདུ་ཤེས་སྐྱེད་ཅེ་ན། །ཤཱ་རིའི་བུ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ནི་བཅྭ་བརྒྱད་པོ་འདི་དག་སྟེ། །ཆོས་དེ་ དག་དང་ལྡན་པས་དེ་བཞིན་གཤེགས་པ་འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོག་ཅིང་ཁྱུ་མཆོག་གི་གནས་སུ་ཞལ་གྱིས་འཆེ་སྟེ། །དགེ་སྦྱོང་ངམ། །བྲམ་ཟེ་འམ། །ལྷ་འམ། །བདུད་ དམ། སུས་ཀྱང་འཇིག་རྟེན་དུ་ཆོས་དང་འཐུན་པར་མ་བསྐོར་བ་ཚངས་པའི་འཁོར་ལོ་རབ་ཏུ་སྐོར་ཏོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་གང་ཞེ་ན། །འདི་ལ་ཤཱ་རིའི་བུ་གང་གི་ཕྱིར་ ལུས་ཀྱི་འཁྲུལ་པ་གང་ལས་བྱས་པ་འམ། །མཁས་པ་ཆོས་དང་འཐུན་པས་རྒོལ་བར་བྱེད་པའི་ལུས་ཀྱི་འཁྲུལ་པ་དེ་བཞིན་གཤེགས་པ་ལ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། །སངས་རྒྱས་བཅོམ་ ལྡན་འདས་རྣམས་ནི་ལུས་ཀྱི་ལས་འཁྲུལ་པ་མེད་པ་སྟེ། །དེ་བཞིན་གཤེགས་པའི་སྤྱོད་ལམ་མཛེས་པས་ཀུན་དུ་གཟིགས་པ་དང་། །རྣམ་པར་གཟིགས་པ་དང་། །བསྐུམ་པ་དང་། སྙད་ 80-1-53b པ་དང་། །ཆོས་གོས་སྣམ་སྦྱར་དང་། །ཆོས་གོས་དང་། །ལྷུང་བཟེད་བསྣམས་པ་དང་། །མངོན་དུ་གཤེགས་པ་དང་། །སླར་གཤེགས་པ་དང་། །བྱོན་པ་དང་། །བཞུད་པ་དང་། །བཞེངས་པ་དང་བཞུགས་ པ་དང་། །མནལ་བ་དང་། །གྲོང་དང་གྲོང་ཁྱེར་དུ་འཇུག་པ་དང་འབྱུང་བ་ན་ཞབས་ཀྱི་མཐིལ་ས་ལ་མི་རེག་སྟེ། །འཁོར་ལོ་རྩིབས་སྟོང་པ་ས་ལས་འབྱུང་ཞིང་དྲི་ཡིད་ཏུ་འོང་བའི་པད་མ་མངོན་པར་འབྱུང་ སྟེ། །དེ་ལ་དེ་བཞིན་གཤེགས་པའི་ཞབས་འཇོག་གོ། །དེ་ལ་གང་དུད་འགྲོའི་སྐྱེ་གནས་སུ་སོང་བའི་སེམས་ཅན་དག་གིས་དེ་བཞིན་གཤེགས་པའི་ཞབས་ལ་རེག་ན་དེ་དག་ཞག་བདུན་དུ་རབ་ཏུ་བདེ་ བ་དང་ལྡན་པར་འགྱུར། །ཤི་འཕོས་ནས་ཀྱང་བདེ་འགྲོའི་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །དེ་བཞིན་གཤེགས་པའི་སྐུ་ལ་ཆོས་གོས་སོར་བཞི་ཙམ་གྱིས་མི་རེག་མོད་ཀྱི། །རྣམ་པར་ འཐོར་རླུང་གིས་ཀྱང་བཟློག་པར་མི་ནུས་སོ། །སྐུའི་འོད་ཀྱིས་མནར་མེད་པའི་བར་གྱི་སེམས་ཅན་བདེ་བའི་ཚོར་བ་མྱོང་བར་འགྱུར་ཏེ། །དེའི་ཕྱིར་དེ་བཞིན་གཤེགས་པའི་སྐུ་ལ་འཁྲུལ་པ་ མེད་ཅེས་བྱའོ། །ཡང་ཤཱ་རིའི་བུ་གང་གི་ཕྱིར་ངག་འཁྲུལ་པ་གང་ལས་བྱིས་པ་འམ། །མཁས་པ་ཆོས་དང་འཐུན་པས་རྒོལ་བར་བྱེད་པའི་ངག་གི་འཁྲུལ་པ་དེ་བཞིན་གཤེགས་པ་ལ་ མེད་དོ། །དེ་ཅིའི་ཕྱིར་ཞེ་ན། །ཤཱ་རིའི་བུ་དེ་བཞིན་གཤེགས་པ་ནི་དུས་སུ་སྨྲ་བ། །ཡང་དག་པར་སྨྲ་བ། །བདེན་པ་སྨྲ་བ། །ཚིགས་སུ་སྨྲ་བ། །ཇི་སྐད་སྨྲ་བ་དེ་བཞིན་དུ་བྱེད་པའོ། །ཤིན་དུ་ ངེས་པའི་ཚིག་གོ། །སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པའི་ཚིག་གོ། །མི་ཟློས་པའི་ཚིག་གོ། །དོན་དང་ཡི་གེས་ཤིན་དུ་བརྒྱན་པའི་ཚིག་གོ། །སྐད་ཅིག་བརྗོད་པས་སེམས་ཅན་ 80-1-54a ཐམས་ཅད་ཀྱི་བསམ་པ་ཚིམ་པར་བྱེད་པ་སྟེ། །དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ངག་གི་ལས་འཁྲུལ་པ་མེད་ཅེས་བྱའོ། །ཤཱ་རིའི་བུ་སེམས་འཁྲུལ་པ་གང་ ལས་བྱིས་པ་འམ། །མཁས་པ་ཆོས་དང་འཐུན་པས་རྒོལ་བར་བྱེད་པའི་སེམས་ཀྱི་འཁྲུལ་པ་དེ་བཞིན་གཤེགས་པ་ལ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། །འདི་ལ་ཤཱ་རིའི་བུ་དེ་བཞིན་གཤེགས་ པ་ནི་མཉམ་པར་བཞག་པའི་དངོས་པོ་མི་འདོར་ཞིང་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་བྱེད་ཀྱང་སེམས་དེར་མི་གཏོང་ཞིང་ཆོས་ཐམས་ཅད་ལ་དེའི་ཆགས་པ་མེད་པའི་ཡེ་ཤེས་མཐོང་བ་འཇུག་ སྟེ། །དེའི་ཕྱིར་དེ་བཞིན་གཤེགས་པ་ལ་སེམས་འཁྲུལ་པ་མེད་ཅེས་བྱའོ། །ཇི་ལྟར་དེའི་སེམས་འཁྲུལ་པ་མེད་པ་དེ་ལྟར་སེམས་ཅན་རྣམས་ཀྱི་སེམས་འཁྲུལ་པ་སྤང་བའི་ཕྱིར་ཆོས་ སྟོན་ཏེ་འདི་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་པོའོ། །གཞན་ཡང་ཤཱ་རིའི་བུ་ཅ་ཅོ་གང་ལས་བདུད་དམ། །བདུད་ཀྱི་རིས་ཀྱི་ལྷའི་བུ་འམ། །གཞན་མུ་སྟེགས་ཅན་གྱིས་གླགས་རྙེད་པར་ འགྱུར་བའི་ཅ་ཅོ་དེ་བཞིན་གཤེགས་པ་ལ་མེད་དོ། །ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་ལ་ཅ་ཅོ་འམ། རྗེས་སུ་ཅ་ཅོ་འབྱིན་པ་མེད་དེ། དེ་བཞིན་གཤེགས་པ་ནི་རྗེས་སུ་ཆགས་པ་དང་། ། ཁོུང་ཁྲོ་བ་དང་བྲལ་བ་སྟེ། །དེ་སེམས་ཅན་ཐམས་ཅད་ཀྱིས་བཀུར་སྟི་བྱས་ཀྱང་ཐོས་པར་མི་སེམས། །སེམས་ཅན་ཐམས་ཅད་ཀྱིས་བཀུར་སྟི་མ་བྱས་ཀྱང་འཁྲུག་པ་མེད་དོ། །དེ་གང་ ལས་འགྱོད་པ་འམ། །རྗེས་སུ་ཅ་ཅོ་འབྱིན་པར་འགྱུར་བའི་བྱ་བ་མཆོག་གམ། །མཐར་ཕྱིན་པ་ཅི་ཡང་དེ་བཞིན་གཤེགས་པ་ལ་མེད་དེ། །དེ་བཞིན་གཤེགས་པ་ནི་འཇིག་རྟེན་དང་ 80-1-54b མི་རྩོད་པས་དེའི་ཕྱིར་དེ་བཞིན་གཤེགས་པ་ལ་ཅ་ཅོ་མེད་དོ། །དེ་བཞིན་གཤེགས་པ་ནི་ཉོན་མོངས་པ་མེད་པར་གནས་པ་སྟེ། །ངའི་བ་མེད། །འཛིན་པ་མེད། །ལེན་པ་མེད། །མདུད་པ་ཐམས་ ཅད་དང་བྲལ་བ་སྟེ། །དེའི་ཕྱིར་དེ་བཞིན་གཤེགས་པ་ལ་ཅ་ཅོ་མེད་དོ། །ཇི་ལྟར་དེ་ལ་ཅ་ཅོ་མེད་པ་དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་ཅ་ཅོ་ཐམས་ཅད་སྤང་བའི་ཕྱིར་ཆོས་སྟོན་ཏེ་འདི་ནི་སངས་རྒྱས་ ཀྱི་ཆོས་མ་འདྲེས་པ་གཉིས་པའོ། །གཞན་ཡང་ཤཱ་རིའི་བུ་བསྙེལ་བ་གང་ལས་ཆོས་གང་ལ་ཡང་རྨོངས་པར་འགྱུར་བའི་བསྙེལ་བ་དེ་བཞིན་གཤེགས་པ་ལ་མེད་དེ། །བསམ་གཏན་དང་། རྣམ་ པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་ཐོགས་པ་མེད་ཅིང་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དང་། གཡོ་བ་ལ་རྣམ་པར་ལྟ་བའི་ཕྱིར་དེ་བཞིན་གཤེགས་པ་ལ་ རྨོངས་པ་མེད་དོ། །སོ་སོར་ཅི་རིགས་པར་ཆོས་སྟོན་པའི་ཕྱིར་ཀུན་དུ་ཉམས་པ་མེད་དོ། །འདས་པ་དང་། མ་འོངས་པ་དང་། ད་ལྟར་ལ་ཐོགས་པ་མེད་པའི་ཡེ་ཤེས་མཐོང་བའི་ཕྱིར་དོན་དང་། ཆོས་ དང་། ངེས་པའི་ཚིག་དང་། །སྤོབས་པ་སོ་སོ་ཡང་དག་པར་རིག་པ་ལ་ཀུན་དུ་ཉམས་པ་མེད་དོ། །ཇི་ལྟར་བདག་ཀུན་དུ་ཉམས་པ་མེད་ཅིང་འདས་པ་དང་། །མ་འོངས་པ་དང་། །ད་ལྟར་ལ་ཐོགས་ པ་མེད་པའི་ཡེ་ཤེས་མཐོང་བ་དེ་ལྟར་སེམས་ཅན་ཐམས་ཅད་བརྗེད་ངེས་པར་མི་འགྱུར་བར་བྱ་བའི་ཕྱིར་ཆོས་སྟོན་ཏེ། །འདི་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་གསུམ་པའོ། །གཞན་ ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་ལ་མཉམ་པར་མ་བཞག་པའི་སེམས་མི་དམིགས་ཏེ། དེ་བཞིན་གཤེགས་པ་ནི་འཆག་གམ། བཞེངས་སམ། བཞུགས་སམ། མནལ་ཏམ། 80-1-55a བཤོས་གསོལ་ལམ། གསུང་ངམ། ཅང་མི་གསུང་པར་གྱུར་ཀྱང་རུང་སྟེ། རྟག་ཏུ་མཉམ་པར་བཞག་ཅིང་ཏིང་ངེ་འཛིན་ཟབ་མོ་དམ་པའི་མཐར་ཕྱིན་པ། སྒྲིབ་པ་མེད་པའི་བསམ་ གཏན་ལ་བསམ་གཏན་བྱེད་པ་སྟེ། དེ་བཞིན་གཤེགས་པའི་བྱིན་གྱི་བརླབས་མ་གཏོགས་པར་སེམས་ཅན་གྱི་རིས་ན་སེམས་ཅན་གང་མཉམ་པར་བཞག་ཀྱང་རུང་། མཉམ་པར་མ་བཞག་ ཀྱང་རུང་སྟེ། སུ་ཡང་དེ་བཞིན་གཤེགས་པའི་སེམས་ལ་ལྟ་བར་ནུས་པ་མེད་དོ། །ཇི་ལྟར་དེ་བཞིན་གཤེགས་པ་རྟག་ཏུ་མཉམ་པར་བཞག་པ་དེ་ལྟར་ཏིང་ངེ་འཛིན་ལ་ལྟ་བས་སེམས་ཅན་ རྣམས་ལ་ཆོས་སྟོན་ཏེ། འདི་ནི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཞི་པའོ། །གཞན་ཡང་ཤཱ་རིའི་བུ་དེ་ཐ་དད་པའི་འདུ་ཤེས་གང་ལས་སེམས་མི་མཉམ་པར་ གནས་པར་འགྱུར་བའི་ཐ་དད་པའི་འདུ་ཤེས་དེ་བཞིན་གཤེགས་པ་ལ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། ནམ་མཁའ་བཞིན་དུ་ཞིང་མི་ཟད་པའི་ཕྱིར་དེ་བཞིན་གཤེགས་པ་ལ་ཞིང་ཐ་དད་པའི་འདུ་ ཤེས་མེད་དོ། །རང་བཞིན་གྱིས་ཐ་དད་པ་མེད་པའི་ཕྱིར་དེ་བཞིན་གཤེགས་པ་ལ་སེམས་ཅན་ཐ་དད་པའི་འདུ་ཤེས་མེད་དོ། །ཆོས་ཀྱི་དབྱིངས་དབྱེར་མེད་ཅིང་། མཉམ་པ་ཉིད་ཀྱི་ ཡེ་ཤེས་ཀྱི་ཕྱིར་དེ་བཞིན་གཤེགས་པ་ལ་སངས་རྒྱས་ཀྱི་ཞིང་ཐ་དད་པའི་འདུ་ཤེས་མེད་དོ། །འདོད་ཆགས་དང་བྲལ་བའི་ཆོས་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་ལ་ཆོས་ཐ་དད་པའི་འདུ་ཤེས་ མེད་དོ། །དེ་བཞིན་གཤེགས་པ་ནི་ཚུལ་ཁྲིམས་དང་ལྡན་པའི་སེམས་ཅན་ལ་ཡང་རྗེས་སུ་ཆགས་པ་མེད། ཚུལ་ཁྲིམས་འཆལ་པ་ལ་ཡང་ཁོང་ཁྲོ་བ་མེད། ཕན་པར་གྱུར་པ་ལ་ཡང་ལན་དུ་ཕན་ 80-1-55b འདོགས་པ་མེད། གནོད་པར་གྱུར་པ་ལ་ཡང་གནོད་པར་བྱེད་པ་མེད། འདུལ་བར་འོས་པ་ལ་ཡང་མཉམ་པ་ཉིད་དུ་མ་ཡིན། ལོག་པར་ངེས་པའི་སེམས་ཅན་ལ་ཡང་དམོད་པ་མ་ཡིན་གྱི། དེ་བཞིན་ གཤེགས་པ་ནི་ཆོས་ཐམས་ཅད་ལ་མཉམ་པར་གནས་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་ལ་ཐ་དད་པའི་འདུ་ཤེས་མེད་ཅེས་བྱའོ། །ཇི་ལྟར་དེ་བཞིན་གཤེགས་པ་ལ་ཐ་དད་པའི་འདུ་ཤེས་མེད་པ་དེ་ ལྟར་སེམས་ཅན་ཐམས་ཅད་ཀྱི་ཐ་དད་པའི་འདུ་ཤེས་སྤང་བའི་ཕྱིར་ཆོས་སྟོན་ཏེ། འདི་ནི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལྔ་པའོ། །གཞན་ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་ལ་ སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་བཏང་སྙོམས་ནི་ལམ་བསྒོམས་པའི་ཡིན་ཏེ། ལམ་མ་བསྒོམ་པའི་མ་ཡིན་ནོ། །དེ་བཞིན་གཤེགས་ པའི་བཏང་སྙོམས་ནི་སེམས་བསྒོམས་པ་དང་། ཚུལ་ཁྲིམས་བསྒོམས་པ་དང་། ཤེས་རབ་བསྒོམས་པའི་ཡིན་ཏེ། ཤེས་རབ་མ་བསྒོམས་པའི་མ་ཡིན་ནོ། །དེ་བཞིན་གཤེགས་པའི་བཏང་ སྙོམས་ནི་ཡེ་ཤེས་དང་ལྡན་པའི་ཡིན་ཏེ། གཏི་མུག་དང་ལྡན་པའི་མ་ཡིན་ནོ། །དེ་བཞིན་གཤེགས་པའི་བཏང་སྙོམས་ནི་འཇིག་རྟེན་ལས་འདས་པ་ཡིན་གྱི་འཇིག་རྟེན་པའི་རྣམ་པར་ལྷུང་ བ་མ་ཡིན་ནོ། །དེ་བཞིན་གཤེགས་པའི་བཏང་སྙོམས་ནི་འཕགས་པའི་ངེས་པར་འབྱུང་བ་ཡིན་ལ་འཕགས་པ་མ་ཡིན་པ་ངེས་པར་མི་འབྱུང་བ་མ་ཡིན་ནོ། །དེ་བཞིན་གཤེགས་པའི་བཏང་སྙོམས་ ནི་ཚངས་པའི་འཁོར་ལོ་བསྐོར་བ་སྟེ། སེམས་ཅན་ལ་སྙིང་རྗེ་དང་བྲལ་བ་ནི་མ་ཡིན་ནོ། །དེ་བཞིན་གཤེགས་པའི་བཏང་སྙོམས་ནི་རང་གི་ངང་གིས་གྲུབ་པ་སྟེ། གཉེན་པོའི་རྗེས་སུ་སོང་བ་ནི་མ་ 80-1-56a ཡིན་ནོ། །ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པའི་བཏང་སྙོམས་དེ་ནི་མཐོ་བ་ཡང་མ་ཡིན། དམའ་བ་ཡང་མ་ཡིན་ཏེ། མཐོ་དམའ་མེད་པར་གནས་པ་མི་གཡོ་བར་གྱུར་པ། གཉིས་ དང་བྲལ་བ། རྟོག་པ་དང་སེལ་བ་ལས་ཤིན་དུ་འདས་པ་དུས་ལ་ལྟ་བ་དུས་ལས་མ་ཡོལ་བ། མི་གཡོ་བ། རློམ་སེམས་མེད་པ། མ་བརྟགས་པ། རྣམ་པར་མ་བརྟགས་པ། མ་ བསྒོམས་པ། བརྟན་དུ་མེད་པ། ཡང་དག་པ། དེ་ཁོ་ན། དེ་བཞིན་ཉིད། མ་ནོར་བ་དེ་བཞིན་ཉིད། གཞན་མ་ཡིན་པ་དེ་བཞིན་ཉིད་དེ། ཤཱ་རིའི་བུ་དེ་བཞིན་གཤེགས་པ་ནི་དེ་ལྟ་བུའི་བཏང་སྙོམས་ ཕུན་སུམ་ཚོགས་པས་སེམས་ཅན་ཐམས་ཅད་བཏང་སྙོམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཆོས་སྟོན་ཏེ། ཤཱ་རིའི་བུ་འདི་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དྲུག་པའོ། །གཞན་ཡང་ཤཱ་རིའི་བུ་དེ་ བཞིན་གཤེགས་པ་ལ་འདུན་པ་ཉམས་པ་མེད་དོ། །དེ་ལ་འདུན་པ་གང་ཞེ་ན། འདི་ལྟ་སྟེ། དགེ་བའི་ཆོས་ལ་འདུན་པའོ། །དེ་ཡང་གང་ཞེ་ན། དེ་བཞིན་གཤེགས་པ་བྱམས་པ་ལ་འདུན་པ་ ཉམས་པ་མེད་དོ། །སྙིང་རྗེ་ཆེན་པོ་ལ་འདུན་པ་ཉམས་པ་མེད་དོ། །ཆོས་སྟོན་པ་ལ་འདུན་པ་ཉམས་པ་མེད་དོ། །སེམས་ཅན་འདུལ་བ་ལ་འདུན་པ་ཉམས་པ་མེད་དོ། །རབ་ཏུ་དབེན་པ་ལ་འདུན་ པ་ཉམས་པ་མེད་དོ། །བྱང་ཆུབ་སེམས་དཔར་ཡང་དག་པར་འཛུད་པ་ལ་འདུན་པ་ཉམས་པ་མེད་དོ། །དཀོན་མཆོག་གསུམ་རྒྱུན་མི་གཅོད་པ་ལ་འདུན་པ་ཉམས་པ་མེད་དོ། །དེ་བཞིན་ གཤེགས་པ་ནི་འདུན་པས་འགྲོ་བ་མ་ཡིན་གྱི། ཡེ་ཤེས་སྔོན་དུ་འགྲོ་བ་སྟེ། འདི་ནི་དེ་བཞིན་གཤེགས་པའི་འདུན་པའོ། །སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཐམས་ཅད་མཁྱེན་པར་འདུན་པ་ 80-1-56b ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཆོས་སྟོན་ཏེ། འདི་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བདུན་པའོ། །གཞན་ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པའི་བརྩོན་འགྲུས་ཉམས་པ་མེད་དོ། །དེ་ ལ་དེ་བཞིན་གཤེགས་པའི་བརྩོན་འགྲུས་ནི་འདི་ལྟ་སྟེ། འདུལ་བའི་སེམས་ཅན་ཡལ་བར་མི་འདོར་བའི་བརྩོན་འགྲུས་དང་། ཆོས་ཉན་པ་ལ་བརྙས་པ་མེད་པའི་བརྩོན་འགྲུས་སོ། །གལ་ ཏེ་དེ་བཞིན་གཤེགས་པས་ཆོས་ཀྱི་སྣོད་ཆོས་ཉན་པ་གང་བསྐལ་པར་ཉན་ཀྱང་སྐྱོ་བར་མི་འགྱུར་བ་དེ་ལྟ་བུ་བརྙེས་ན། དེ་བཞིན་གཤེགས་པ་ཡང་ཆོས་སྟོན་ཅིང་ཞལ་ཟས་དང་བྲལ་བའི་རྒྱུད་ ཀྱིས་བསྐལ་པར་ཡང་མི་བཞེངས་སོ། །དེ་བཞིན་གཤེགས་པ་སེམས་ཅན་ལ་ལྟ་བས་ཐ་ན་གང་ན་སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་གཅིག་གི་ཕྱིར་ཡང་སངས་རྒྱས་ཀྱི་ཞིང་གང་ གཱའི་ཀླུང་གི་བྱེ་མ་སྙེད་འདའ་ཞིང་བཞུད་དེ། དེ་བཞིན་གཤེགས་པ་ལ་ལུས་ངལ་བ་འམ། ངག་ངལ་བ་འམ། སེམས་ངལ་བ་མེད་དོ། །དེ་བཞིན་གཤེགས་པ་ནི་ལུས་དང་སེམས་ ཤིན་དུ་སྦྱངས་པའོ། །བརྩོན་འགྲུས་བརྩམས་པའོ། །བརྩོན་འགྲུས་ཀྱི་བསྔགས་པ་གསུང་བ་སྟེ། བརྩོན་འགྲུས་ཀྱིས་ཡང་དག་པར་རབ་ཏུ་སྦྱོང་བ་གང་གིས་སེམས་ཅན་འཕགས་ པའི་རྣམ་པར་གྲོལ་བ་ཐོབ་པར་འགྱུར་བའི་བརྩོན་འགྲུས་དེ་སེམས་ཅན་རྣམས་ལ་བསྔགས་པར་མཛད་དེ། །ཤཱ་རིའི་བུ་འདི་ནི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་ པ་བརྒྱད་པའོ། །གཞན་ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་ནི་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་ཏུ་དྲན་པ་ཉམས་པ་མེད་ཅིང་དེ་བཞིན་གཤེགས་པའི་དྲན་པ་ནི་ 80-1-57a བསྙེལ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་མ་ཐག་ཏུ་འདས་པ་དང་། མ་འོངས་ པ་དང་། ད་ལྟར་གྱི་སེམས་ཅན་གྱི་སེམས་ཀྱི་རྒྱུད་རྣམ་པར་བལྟས་ཀྱང་དེ་ལ་དེ་བཞིན་གཤེགས་པ་ལ་ཕྱིས་ཤིན་དུ་དྲན་པ་བསྙེལ་བ་མེད་དོ། །སེམས་ཅན་གྱི་སྤྱོད་པ་ཇི་ལྟ་བ་བཞིན་དུ་ཤེས་ཀྱང་དེ་ལ་ དེ་བཞིན་གཤེགས་པའི་ཡེ་ཤེས་ཕྱིས་བཏང་བར་བྱ་བ་མེད་དོ། །ཕུང་པོ་གསུམ་དུ་རྣམ་པར་གཞག་པ་དང་། སེམས་ཅན་གྱི་བསམ་པར་འཇུག་པ་ལ་སེམས་ཅན་གྱི་སྤྱོད་པ་རྣམ་པར་ལྟ་བས་ དེ་བཞིན་གཤེགས་པའི་དྲན་པ་ལ་ཡོངས་སུ་ཉམས་པ་མེད་དོ། །དེ་བཞིན་གཤེགས་པའི་དྲན་པ་ནི་དྲན་པར་བྱ་བ་དང་། བསམ་པར་བྱ་བ་དང་། བརྟག་པར་བྱ་བ་མེད་ཀྱང་སེམས་ཅན་རྣམས་ལ་ ཆོས་སྟོན་པ་འབྲི་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཅེ་ན། འདི་ལྟར་དེའི་དྲན་པ་ལ་ཉམས་པ་མེད་དོ། །དེ་ཇི་ལྟར་དྲན་པས་བདག་དྲན་ཞིང་མི་བརྗེད་པ་དེ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། འདི་ནི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དགུ་པའོ། །གཞན་ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ཉམས་པ་མེད་དོ། །གང་དེ་བཞིན་གཤེགས་པའི་ ཏིང་ངེ་འཛིན་དེ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་དེ། ཆོས་ཐམས་ཅད་མི་མཉམ་པ་མ་ཡིན་ནོ། །ཆོས་ཐམས་ཅད་ནི་ཇི་ལྟ་བ་བཞིན་པའོ། །ཅིའི་ཕྱིར་དེ་བཞིན་གཤེགས་པ་ཏིང་ངེ་འཛིན་ ལས་མི་ཉམས་ཤེ་ན། དེ་བཞིན་ཉིད་གང་དང་མཉམ་པ་ཏིང་ངེ་འཛིན་ཀྱང་དེ་དང་མཉམ་མོ། །ཏིང་ངེ་འཛིན་གང་དང་མཉམ་པ་དེ་བཞིན་ཉིད་ཀྱང་དེ་དང་མཉམ་སྟེ། །མཉམ་པ་ཉིད་དེ་ལ་ 80-1-57b ཞུགས་པས་དེའི་ཕྱིར་མཉམ་པ་ཞེས་བྱའོ། །འདོད་ཆགས་ཀྱི་མཐའ་གང་དང་མཉམ་པ་འདོད་ཆགས་མེད་པའི་མཐའ་ཡང་དེ་དང་མཉམ་མོ། །ཞེ་སྡང་གི་མཐའ་གང་དང་མཉམ་པ་ཞེ་སྡང་ མེད་པའི་མཐའ་ཡང་དེ་དང་མཉམ་མོ། །གཏི་མུག་གི་མཐའ་གང་དང་མཉམ་པ་གཏི་མུག་མེད་པའི་མཐའ་ཡང་དེ་དང་མཉམ་མོ། །འདུས་བྱས་ཀྱི་མཐའ་གང་དང་མཉམ་པ་འདུས་མ་བྱས་ ཀྱི་མཐའ་ཡང་དེ་དང་མཉམ་མོ། །འཁོར་བའི་མཐའ་གང་དང་མཉམ་པ་མྱ་ངན་ལས་འདས་པའི་མཐའ་ཡང་དེ་དང་མཉམ་མོ། མཉམ་པ་ཉིད་དེ་ལ་སྙོམས་པར་ཞུགས་པས་དེའི་ཕྱིར་དེ་ བཞིན་གཤེགས་པའི་ཏིང་ངེ་འཛིན་ཉམས་པ་མེད་ཅེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མཉམ་པ་ཉིད་མི་ཉམས། །ཡོངས་སུ་མི་ཉམས་སོ། །དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་དེ་ཡང་མིག་ དང་ལྡན་པ་མ་ཡིན། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་ལྡན་པ་མ་ཡིན་མོད་ཀྱི། དེ་བཞིན་གཤེགས་པ་དབང་པོ་མ་ཚང་བ་ཡང་མ་ཡིན་ནོ། །ཏིང་ངེ་འཛིན་སའི་ཁམས་ལ་མི་ གནས། ཆུ་དང་། མེ་དང་། རླུང་གི་ཁམས་ལ་མི་གནས། འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་ལ་མི་གནས་འཇིག་རྟེན་ཕ་རོལ་ལ་མི་གནས་ཏེ། མི་གནས་པས་ན་ཉམས་པ་ མེད་དོ། །དེའི་ཕྱིར་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ཉམས་པ་མེད་དེ། སེམས་ཅན་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་རྙེད་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །ཤཱ་རིའི་བུ་འདི་ ནི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅུ་པའོ། །གཞན་ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པའི་ཤེས་རབ་ཉམས་པ་མེད་དོ། །དེ་བཞིན་གཤེགས་པའི་ཤེས་རབ་གང་ 80-1-58a ཞེ་ན། གང་ཆོས་ཐམས་རབ་ཏུ་ཤེས་པ་སྟེ། གཞན་གྱི་དྲིང་མི་འཇོག་པའི་ཤེས་པའོ། །སེམས་ཅན་གཞན་རྣམས་དང་། གང་ཟག་གཞན་དག་ལ་ཆོས་གོ་བར་བྱེད་པའི་ཤེས་པའོ། །སོ་སོ་ཡང་དག་ པར་རིག་པ་མི་ཟད་པ་ལ་མཁས་པའི་ཤེས་པའོ། །ཚིག་ཐམས་ཅད་རབ་ཏུ་དབྱེ་བ་ཤེས་པའོ། །ཚིག་གཅིག་ལ་འཇུག་པས་བསྐལ་པ་བརྒྱ་སྟོང་དུ་མི་ཆད་པར་སྟོན་པ་ཤེས་པའོ། །ཇི་ལྟར་ཅི་འདྲ་ཞེས་དྲིས་པ་ ཇི་ལྟ་བ་བཞིན་དུ་ཐེ་ཚོམ་བཅོད་པའི་ཤེས་པའོ། །ཐམས་ཅད་ཏུ་ཐོགས་པ་མེད་པའི་ཤེས་པའོ། །ཐེག་པ་གསུམ་རྣམ་པར་དགོད་པ་བསྟན་པ་ཤེས་པའོ། །སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ ཡོངས་སུ་ཤེས་པའི་ཤེས་པའོ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཅི་རིགས་པར་ཡང་དག་པར་རབ་ཏུ་སྟོན་པ་ཤེས་པའོ། །འདི་ནི་ཤེས་རབ་མི་ཟད་པ་བསྟན་པའི་ཕྱིར་དེ་བཞིན་གཤེགས་པའི་ཤེས་རབ་མཐའ་ ཡས་མུ་མེད་ཟད་མི་ཤེས་པའོ། །གང་གི་ཕྱིར་དེ་བཞིན་གཤེགས་པའི་ཤེས་རབ་ཉམས་པ་མེད་པ་དེ་བཞིན་དུ་སེམས་ཅན་རྣམས་ཀྱི་ཤེས་རབ་ཀྱང་མི་ཟད་པར་བྱ་བའི་ཕྱིར་ཆོས་སྟོན་ཏེ། ཤཱ་རིའི་བུ་དེ་ནི་དེ་བཞིན་ གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅུ་གཅིག་པའོ། །གཞན་ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བ་ཉམས་པ་མེད་དོ། །དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བ་གང་ཞེ་ན། ཉན་ ཐོས་རྣམས་ཀྱི་རྣམ་པར་གྲོལ་བ་ནི་སྒྲའི་རྗེས་སུ་འགྲོ་བའོ། །རང་སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་བ་ནི་རྐྱེན་ཁོང་དུ་ཆུད་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྣམ་པར་གྲོལ་བ་ནི་ཆགས་པ་དང་། གཉིས་སུ་འཛིན་པ་ཐམས་ཅད་དང་བྲལ་བས་རྣམ་པར་གྲོལ་བ་ཞེས་བྱ་སྟེ། སྔོན་གྱི་མཐར་ཡང་མ་བཅིངས། ཕྱི་མའི་མཐར་ཡང་མི་འཕོ། ད་ལྟར་བྱུང་བ་ལ་ཡང་མི་གནས་ཏེ། མིང་དང་གཟུགས་ལ་གཉིས་ 80-1-58b སུ་འཛིན་པ་ལས་རྣམ་པར་གྲོལ་བའོ། །དེ་བཞིན་དུ་རྣ་བ་དང་། སྒྲ་དང་། སྣ་དང་། དྲི་དང་། ལྕེ་དང་། རོ་དང་། ལུས་དང་། རེག་བྱ་ལ་གཉིས་སུ་འཛིན་པ་ལས་རྣམ་པར་གྲོལ་བ་སྟེ། མི་འཛིན། མངོན་པར་མི་ཆགས་པར་གནས་ པའི་རྣམ་པར་གྲོལ་བའོ། །སེམས་རང་བཞིན་གྱིས་འོད་གསལ་བ་དེ་བཞིན་དུ་ཤེས་པས་དེ་དེའི་ཕྱིར་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་ པར་རྫོགས་པར་སངས་རྒྱས་ཤེས་བྱའོ། །ཇི་ལྟར་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ལྟར་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། ཤཱ་རིའི་བུ་འདི་ནི་དེ་བཞིན་གཤེགས་པའི་སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་བཅུ་གཉིས་པའོ། །གཞན་ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པའི་ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། །ལུས་ཀྱི་ལས་དེ་དང་ལྡན་པས་དེ་ བཞིན་གཤེགས་པས་གཟིགས་པས་ཀྱང་སེམས་ཅན་འདུལ། གསུང་བས་ཀྱང་སེམས་ཅན་འདུལ་ཅང་མི་གསུངས་བས་ཀྱང་སེམས་ཅན་འདུལ། བཤོས་གསོལ་བས་ཀྱང་སེམས་ཅན་འདུལ། སྤྱོད་ལམ་གྱིས་ཀྱང་སེམས་ཅན་ འདུལ། མཚན་གྱིས་ཀྱང་སེམས་ཅན་འདུལ། དཔེ་བྱད་བཟང་པོས་ཀྱང་སེམས་ཅན་འདུལ། གཙུག་ཏོར་བལྟར་མི་སྣང་བ་དང་། བལྟས་པ་ཙམ་དང་། འོད་གཏོང་བ་དང་། གོམ་པ་འདོར་བ་དང་། འཇོག་པ་དང་། གྲོང་ཁྱེར་དུ་ འཇུག་པ་དང་། འབྱུང་བས་ཀྱང་སེམས་ཅན་འདུལ་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱོད་ལམ་གང་གིས་ཀྱང་སེམས་ཅན་འདུལ་བར་མི་འགྱུར་བ་མེད་དོ། །དེའི་ཕྱིར་དེ་བཞིན་གཤེགས་པའི་ལུས་ཀྱི་ལས་ཐམས་ཅད་ ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་སྟེ། ཤཱ་རིའི་བུ་འདི་ནི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅུ་གསུམ་པའོ། །གཞན་ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པའི་ངག་ 80-1-59a གི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ནི་འབྲས་བུ་ཡོད་པའི་ཆོས་སྟོན་པའོ། །ཕྱད་པར་ལུང་སྟོན་པོའོ། །ཤིན་དུ་ངེས་པའི་ཚིག་སྨྲ་ བའོ། །དེ་བཞིན་གཤེགས་པའི་ངག་དེ་ཡང་ཀུན་ཤེས་པར་བྱེད་པ། རྣམ་པར་ཤེས་པར་བྱེད་པ། མི་མཐོ་བ། མི་དམའ་བ། མ་ཡོ་བ། འདར་འདར་པོ་མ་ཡིན་པ། གྱ་གྱུ་མེད་པ། མི་བརླང་བ། མི་རྩུབ་པ། གཟིང་གཟིང་ བ་མ་ཡིན་པ། མཉེན་པ། ཡིད་དུ་འོང་བ། མ་འཆལ་པ། ལག་ལོག་མེད་པ། མི་འཚེ་བ། མི་མྱུར་བ། རབ་ཏུ་མྱུར་བ་མ་ཡིན་པ། ཤིན་དུ་རྣམ་པར་ཕྱེ་བ། ཤིན་དུ་ངེས་པའི་ཚིག །རབ་ཏུ་མཉེན་པ། ཤིན་དུ་སྙན་པ། དབྱངས། སྙན་པ། རབ་ཏུ་གསལ་བ། བསྒྲགས་པ། ངེས་པ། འཇམ་པ། ཕན་པ་དང་བཅས་པ། དགའ་བར་འགྱུར་བ། མཆོད་པར་འགྱུར་བ། མཛེས་པ། རྡུལ་མེད་པ་རྡུལ་དང་བྲལ་བ། ཐ་བ་མེད་པ། དྲི་མ་མེད་པ། མ་རྨོངས་ པ། གསལ་བ། ཐོགས་པ་མེད་པ། ཡང་དག་པར་སྦྱོར་བ། འོད་གསལ་བ། དྲང་བ། འཇུངས་པ་མ་ཡིན་པ་དུམ་བུ་མ་ཡིན། དིག་དིག་པོ་མ་ཡིན་པ། བདེ་བ་སྐྱེད་པ། ལུས་སིམ་པར་བྱེད་པ། སེམས་ཚིམ་པར་བྱེད་པ། འདོད་ ཆགས་ཞི་བར་བྱེད་པ། ཞེ་སྡང་ཞི་བར་བྱེད་པ། གཏི་མུག་སེལ་བ། བདུད་འཇོམ་པ། སྡིག་པ་སེལ་བ། རྒོལ་བ་འདུལ་བ། གོ་བར་བྱེད་པ། རྔའི་སྒྲ། མཁས་པ། དགའ་བར་བྱེད་པ། ཀ་ལ་པིང་ཀའི་སྒྲ་དབྱངས་ དབང་པོའི་སྒྲ། ཚངས་པའི་སྒྲ། རྒྱ་མཚོའི་རླབས་ཀྱི་སྒྲ། སྤྲིན་གྱི་སྒྲ། སའི་སྒྲ་དབྱངས། ཁྲུང་ཁྲུང་གི་སྒྲ། རྨ་བྱའི་སྒྲ་སྐད། ཁུ་བྱུག་གི་སྒྲ། ཤང་ཤང་ཏེའུ་ཡི་སྒྲ། ངང་པའི་སྒྲ་སྐད། རི་དགས་ཀྱི་རྒྱལ་པོའི་ སྒྲ། ཁོང་ཧུ་དང་། པི་བང་དང་། ཁར་རྔ་དང་། དུང་དང་། སིལ་སྙན་རབ་ཏུ་བསྒྲགས་པའི་སྒྲ། ཀུན་ཤེས་པར་འགྱུར་བ། རྣམ་པར་ཤེས་པར་འགྱུར་བ། ཟུར་ཕྱིན་པ། ཡིད་ཏུ་འོང་བ། མཉན་པར་འོས་པ། 80-1-59b ཟབ་པ། ལྐུགས་ཤིང་དིག་པ་མ་ཡིན་པ། བདེ་བ། དགེ་བའི་རྩ་བ་སྐྱེད་པ། ཚིག་དང་ཡི་གེ་མ་ཉམས་པ། ཤིན་དུ་ངེས་པར་སྨྲ་བ། ཚིག་འབྲུ་དང་། དོན་གྱི་ཚིག་དང་ལྡན་པ། ཆོས་ཀྱི་ཚིག་དང་ལྡན་པ། དུས་དང་ལྡན་ པ། ཚོད་དང་ལྡན་པ། དུས་ལས་མི་འདའ་བ། དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པས་བསྟན་པ། སྦྱིན་པས་བརྒྱན་པ། ཚུལ་ཁྲིམས་ཀྱིས་སྦྱངས་པ། བཟོད་པས་བསྒྲུབས་པ། བརྩོན་འགྲུས་ཀྱི་འབར་བར་བྱས་ པ། བསམ་གཏན་གྱིས་ཡིད་དུ་འོང་བར་བྱས་པ། ཤེས་རབ་ཀྱིས་ངེས་པར་བརྟགས་པ། བྱམས་པས་ཤིན་ཏུ་བསགས་པ། སྙིང་རྗེ་མྱི་སྐྱོ་བ། དགའ་བས་འོད་གསལ་བ། བཏང་སྙོམས་ཀྱིས་ངེས་པར་བརྟགས་ པ། ཐེག་པ་གསུམ་རྣམ་པར་འཇོག་པ། དཀོན་མཆོག་གསུམ་གྱི་རིགས་མི་གཅོད་པ། ཕུང་པོ་གསུམ་འཇོག་པ། རྣམ་པར་ཐར་པ་གསུམ་སྤྱོད་པ་བདེན་པ་ཡོངས་སུ་བསྒོམས་པ་ཡེ་ཤེས་ཡོངས་སུ་བསྒོམས་པ། མཁས་པས་མ་སྨད་པ། འཕགས་པས་ བསྟོད་པ། ནམ་མཁའ་ཚད་མེད་པའི་རྗེས་སུ་སོང་བ། རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པའི་ངག་ནི་དེ་འདྲ་སྟེ། དེ་ལྟ་བུ་དེ་བཞིན་གཤེགས་པའི་ངག་གི་ལས་ཐམས་ཅད་ ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་སྟེ། ཤཱ་རིའི་བུ་འདི་ནི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅུ་བཞི་པའོ། །གཞན་ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པའི་ཡིད་ཀྱི་ ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་སེམས་ཀྱིས་བརྗོད་པ་མ་ཡིན། ཡིད་ཀྱིས་མ་ཡིན། རྣམ་པར་ཤེས་པས་མ་ཡིན་གྱི། དེ་བཞིན་ གཤེགས་པ་ནི་ཡེ་ཤེས་ཀྱིས་རབ་ཏུ་ཕྱེ་བ་སྟེ། ཡེ་ཤེས་ཀྱི་བར་དུ་གྱུར་པའོ། །གང་དེ་བཞིན་གཤེགས་པའི་ཡེ་ཤེས་དེ་ཡང་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྗེས་སུ་སོང་བའོ། །སེམས་ཅན་ཐམས་ཅད་ཀྱི་རྣམ་ 80-1-60a པར་ཤེས་པ་ལས་རབ་ཏུ་དབེན་པའོ། །ཆོས་ཐམས་ཅད་ལ་ངེས་པར་སེམས་པའོ། །ཏིང་ངེ་འཛིན་ཐམས་ཅད་ལ་གཞན་གྱི་དྲིང་མི་འཇོག་པའོ། །དམིགས་པ་ལས་ཤིན་དུ་འདས་པའོ། །རྐྱེན་ལས་སྐྱེ་བ་དང་བྲལ་བའོ། ། སྲིད་པ་གསུམ་གྱི་འགྲོ་བ་སེལ་པའོ། །ང་རྒྱལ་གྱི་རྣམ་པ་ཐམས་ཅད་ལས་ཤིན་དུ་འདས་པའོ། །བདུད་ཀྱི་ལས་ཐམས་ཅད་ལས་ངེས་པར་འགྲོ་བའོ། །སྒྱུ་དང་གཡོ་ཐམས་ཅད་དང་བྲལ་བའོ། །ངར་འཛིན་པ་དང་། ང་ཡིར་འཛིན་ པ་སྤངས་པའོ། །མ་རིག་པ་དང་གཏི་མུག་གི་མུན་པ་དང་། ལིང་ཏོག་མེད་པའོ། །ལམ་གྱི་ཡན་ལག་ཤིན་དུ་བསྒོམས་པའོ། །ནམ་མཁའ་དང་མཚུངས་ཤིང་རྣམ་པར་མི་རྟོག་པའོ། །ཆོས་ཀྱི་དབྱིངས་དང་དབྱེར་མེད་པ་སྟེ། ཤཱ་རིའི་བུ་ དེ་ལྟ་བུ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་སྔོན་དུ་འགྲོ་བའི་ཡིད་ཀྱི་ལས་སོ། །ཤཱ་རིའི་བུ་འདི་ནི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་ལྔ་པའོ། །གཞན་ཡང་ཤཱ་རིའི་བུ་འདས་པའི་དུས་ལ་དེ་བཞིན་ གཤེགས་པའི་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་གོ། །ཇི་ལྟར་འཇུག་ཅེ་ན། འདི་ལ་ཤཱ་རིའི་བུ་འདས་པའི་སངས་རྒྱས་ཀྱི་ཞིང་བྱུང་བ་དང་། མ་བྱུང་བ་ཇི་སྙེད་པ་དེ་དག་ཐམས་ཅད་བགྲང་བའི་ཚུལ་གྱིས་དེ་བཞིན་ གཤེགས་པས་ཡང་དག་པར་མཁྱེན་ཏོ། །སངས་རྒྱས་ཀྱི་ཞིང་ཇི་སྙེད་པ་དེའི་རྩྭ་དང་། ཤིང་གེལ་བ་དང་། སྨན་དང་། ནགས་ཚལ་བྱུང་བ་དེ་དག་ཐམས་ཅད་རབ་ཏུ་མཁྱེན་ཏོ། །སངས་རྒྱས་ཀྱི་ཞིང་ཇི་སྙེད་པ་དེའི་སེམས་ཅན་གྱི་ ཚོགས་སེམས་ཅན་ཏུ་གཏོགས་པ་བྱུང་བ་དེ་དག་ཐམས་ཅད་རབ་ཏུ་མཁྱེན་ཏོ། །དེ་དག་ན་སེམས་ཅན་སྣ་ཚོགས་བྱུང་བ་ཇི་སྙེད་པ་གཟུགས་ཐ་དད་པ་ལ་སོགས་པ་རྒྱས་པར་བྱ་སྟེ། སངས་རྒྱས་བྱུང་བ་ཇི་སྙེད་པ་དང་། དེ་བཞིན་ གཤེགས་པ་རེ་རེས་ཆོས་བསྟན་ཅིང་བརྗོད་པ་ཡང་གོང་མ་བཞིན་དུ་སྦྱར་རོ། །སེམས་ཅན་ཇི་སྙེད་ཅིག་ཉན་ཐོས་ཀྱི་ཐེག་པས་བཏུལ་བ་དང་། ཇི་སྙེད་ཅིག་རང་སངས་རྒྱས་ཀྱི་ཐེག་པས་བཏུལ་བ་ཡང་གོང་མ་བཞིན་དུ་སྦྱར་ 80-1-60b ཏེ། སངས་རྒྱས་ཀྱི་ཞིང་རྣམ་པར་ཕྱེ་བ་ཡང་རབ་ཏུ་མཁྱེན་ཏོ། །དགེ་སློང་གི་དགེ་འདུན་རྣམ་པར་ཕྱེ་བ་དང་། ཚེའི་ཚད་རྣམ་པར་ཕྱེ་བ་ཡང་རབ་ཏུ་མཁྱེན་ཏོ། །ཆོས་གནས་པ་རྣམ་པར་ཕྱེ་བ་ཡང་རབ་ཏུ་མཁྱེན་ཏོ། །དབུགས་ཕྱི་ནང་དུ་རྒྱུ་བ་ཡང་ རབ་ཏུ་མཁྱེན་ཏོ། །ཟས་ཀྱི་མཆོག་གི་ལོངས་སྤྱོད་ཀྱང་རབ་ཏུ་མཁྱེན་ཏོ། །སེམས་ཅན་ཐམས་ཅད་ཀྱི་འདས་པའི་རྣམ་པ་དང་། ཤི་འཕོ་དང་། སྐྱེ་བ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །དབང་པོ་ཐ་དད་པ་དང་། སྤྱོད་པ་ ཐ་དད་པ་དང་། བསམ་པ་ཐ་དད་པའང་རབ་ཏུ་མཁྱེན་ཏོ། །སེམས་ཀྱི་རྒྱུད་ཀྱང་རབ་ཏུ་མཁྱེན་ཏོ། །སེམས་གང་གི་འོག་ཏུ་སེམས་གང་འབྱུང་བ་དེ་དག་ཐམས་ཅད་ཀྱང་བགྲང་བའི་ཚུལ་གྱིས་མངོན་སུམ་དུ་ཡེ་ཤེས་དང་། རྗེས་སུ་འགྲོ་བའི་ཡེ་ ཤེས་ཀྱིས་རབ་ཏུ་མཁྱེན་ཏེ། དེ་བཞིན་གཤེགས་པ་ལ་འདས་པར་གཏོང་བའི་སེམས་ཀྱི་རྒྱུད་ཀྱང་མི་དམིགས་ཏེ། དེ་བཞིན་གཤེགས་པ་ནི་དེ་ལྟ་བུའི་ཡེ་ཤེས་དང་ལྡན་པས་སེམས་ཅན་གྱི་བསམ་པ་ལ་ཉམས་པ་མེད་པར་ཆོས་སྟོན་ ཏེ། ཤཱ་རིའི་བུ་འདི་ནི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅུ་དྲུག་པའོ། །གཞན་ཡང་ཤཱ་རིའི་བུ་མ་འོངས་པའི་དུས་ལ་དེ་བཞིན་གཤེགས་པའི་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་གོ། ། མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་གང་དག་འབྱུང་བ་དང་། འགོག་པ་དང་། འབྱུང་བར་འགྱུར་བ་དང་། འབྱུང་བར་མི་འགྱུར་བ་དེ་དག་ཀྱང་རབ་ཏུ་མཁྱེན་ཏོ། །བསྐལ་པ་མེས་ཚིག་པར་འགྱུར་བ་ཇི་སྙེད་པ་དང་། ཆུས་ སྡུད་པར་འགྱུར་བ་ཇི་སྙེད་པ་དང་། རླུང་གིས་སྡུད་པར་འགྱུར་བ་ཇི་སྙེད་པ་དང་། སངས་རྒྱས་ཀྱི་ཞིང་གནས་པར་འགྱུར་བ་ཇི་སྙེད་པ་དང་། སངས་རྒྱས་ཀྱི་ཞིང་དེ་ནས་སའི་ཁམས་ཇི་སྙེད་པ་དང་། རྡུལ་ཕྲ་རབ་ཇི་སྙེད་པ་དང་། རྩྭ་དང་། ཤིང་གེལ་བ་དང་། སྨན་དང་། ནགས་ཚལ་ཇི་སྙེད་འབྱུང་བར་འགྱུར་བ་དང་། སྐར་མའི་གཟུགས་ཇི་སྙེད་འབྱུང་བར་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་རབ་འབྱམ་རེ་རེ་ན་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་ 80-1-61a འབྱུང་བར་འགྱུར་བ་དང་། རང་སངས་རྒྱས་ཇི་སྙེད་འབྱུང་བར་འགྱུར་བ་དང་ཉན་ཐོས་ཇི་སྙེད་འབྱུང་བར་འགྱུར་བ་དང་། བྱང་ཆུབ་སེམས་དཔའ་ཇི་སྙེད་འབྱུང་བར་འགྱུར་བ་དང་། ཟས་ཀྱི་ལོངས་ སྤྱོད་དང་། དབུགས་ཕྱི་ནང་དུ་རྒྱུ་བ་དང་། འཆག་པ་དང་། འདུག་པ་དང་། སྤྱོད་ལམ་ཇི་སྙེད་འབྱུང་བར་འགྱུར་བ་དང་། དེ་བཞིན་གཤེགས་པ་རབ་འབྱམ་རེ་རེ་ལས་སེམས་ཅན་ཇི་སྙེད་ཉན་ཐོས་ཀྱི་ཐེག་པ་ དང་། རང་སངས་རྒྱས་ཀྱི་ཐེག་པས་རྣམ་པར་ཐར་པར་འགྱུར་བ་དང་། སེམས་ཅན་ཇི་སྙེད་ཐེག་པ་ཆེན་པོས་རྣམ་པར་ཐར་པ་འགྱུར་བ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། སངས་རྒྱས་ཀྱི་ཞིང་རབ་འབྱམ་རེ་རེ་ན་སེམས་ཅན་སྐྱེ་བའི་གནས་ཇི་སྙེད་འབྱུང་བར་འགྱུར་བ་དང་། སེམས་དང་སེམས་ལས་བྱུང་བ་སྐྱེ་བ་དང་། སྐྱེ་བར་འགྱུར་བ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་དེ་ བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །དེ་ལྟར་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཀྱང་དེ་བཞིན་གཤེགས་པ་མ་འོངས་པའི་སེམས་ཀྱི་རྒྱུད་བསྐལ་པར་འགྱུར་བ་མ་ཡིན་ཏེ། དེ་བཞིན་གཤེགས་ པའི་མ་འོངས་པ་ལ་གཟིགས་པས་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། ཤཱ་རིའི་བུ་འདི་ནི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅུ་བདུན་པའོ། །གཞན་ཡང་ཤཱ་རིའི་བུ་ད་ལྟར་གྱི་དུས་ ལ་དེ་བཞིན་གཤེགས་པའི་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་གོ། །ཇི་ལྟར་འཇུག་ཅེ་ན། འདི་ལ་ཤཱ་རིའི་བུ་དེ་བཞིན་གཤེགས་པ་ད་ལྟར་གྱི་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ ཐམས་ཅད་བགྲང་བའི་ཚུལ་རྣམ་པ་གསུམ་གྱིས་རབ་ཏུ་མཁྱེན་ཏོ། །ད་ལྟར་གྱི་ཆོས་ཐམས་ཅད་ཀྱང་རབ་ཏུ་མཁྱེན་ཏོ། །ད་ལྟར་གྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དེ་བཞིན་དུ་ད་ལྟར་གྱི་ 80-1-61b ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱང་རབ་ཏུ་མཁྱེན་ཏོ། །ད་ལྟར་གྱི་སྐར་མའི་གཟུགས་ཐམས་ཅད་ཀྱང་རབ་ཏུ་མཁྱེན་ཏོ། །ད་ལྟར་གྱི་རྩྭ་དང་། ཤིང་གེལ་བ་དང་། སྨན་དང་། ནགས་ཚལ་ཐམས་ ཅད་ཀྱང་རབ་ཏུ་མཁྱེན་ཏོ། །ད་ལྟར་གྱི་ཕྱོགས་བཅུའི་སའི་ཁམས་རྡུལ་ཕྲ་རབ་ཀྱི་རྡུལ་གྱི་ཆར་བརླགས་པ་ཐམས་ཅད་ཀྱང་བགྲང་བའི་ཚུལ་གྱིས་རབ་ཏུ་མཁྱེན་ཏོ། །ཕྱོགས་བཅུའི་ཆུའི་ཁམས་སྐྲའི་རྩེ་མོས་ བླངས་པའི་ཐིགས་པ་ཐམས་ཅད་ཀྱང་བགྲང་བའི་ཚུལ་གྱིས་རབ་ཏུ་མཁྱེན་ཏོ། །ཕྱོགས་བཅུའི་མེའི་ཁམས་ཀྱི་འོད་འཕྲོ་བ། སྐྱེས་པ་དང་། འགགས་པ་ཐམས་ཅད་ཀྱང་བགྲང་བའི་ཚུལ་གྱིས་ རབ་ཏུ་མཁྱེན་ཏོ། །ཕྱོགས་བཅུའི་རླུང་གི་ཁམས་ཐམས་ཅད་ཀྱང་གཟུགས་ཀྱི་ཁམས་སྒྲུབ་པ་བགྲང་བའི་ཚུལ་གྱིས་རབ་ཏུ་མཁྱེན་ཏོ། །ཕྱོགས་བཅུའི་ནམ་མཁའི་ཁམས་ཐམས་ཅད་སྐྲའི་རྩེ་མོའི་ ཆ་ཤས་ཀྱིས་བགྲང་བའི་ཚུལ་གྱིས་རབ་ཏུ་མཁྱེན་ཏོ། །ད་ལྟར་གྱི་སེམས་ཅན་གྱི་ཁམས་རྣམ་པ་གསུམ་ཡང་རབ་ཏུ་མཁྱེན་ཏོ། །ད་ལྟར་གྱི་སེམས་ཅན་དམྱལ་བ་པའི་སེམས་ཅན་གྱི་ཁམས་ཀྱང་རབ་ཏུ་ མཁྱེན་ཏོ། །དེའི་སྐྱེ་བའི་རྒྱུ་ཡང་རབ་ཏུ་མཁྱེན་ཏོ། །ལྡང་བའི་རྒྱུ་ཡང་རབ་ཏུ་མཁྱེན་ཏོ། །ད་ལྟར་གྱི་དུད་འགྲོའི་སྐྱེ་གནས་སུ་སོང་བའི་སེམས་ཅན་གྱི་ཁམས་ཀྱང་རབ་ཏུ་མཁྱེན་ཏོ། །དེའི་སྐྱེ་བའི་ རྒྱུ་ཡང་རབ་ཏུ་མཁྱེན་ཏོ། །ལྡང་བའི་རྒྱུ་ཡང་རབ་ཏུ་མཁྱེན་ཏོ། །ད་ལྟར་གྱི་གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་གྱི་ཁམས་ཀྱང་རབ་ཏུ་མཁྱེན་ཏོ། །དེའི་སྐྱེ་བའི་རྒྱུ་ཡང་རབ་ཏུ་མཁྱེན་ཏོ། །ལྡང་ བའི་རྒྱུ་ཡང་རབ་ཏུ་མཁྱེན་ཏོ། །ད་ལྟར་གྱི་མིའི་སེམས་ཅན་གྱི་ཁམས་ཀྱང་རབ་ཏུ་མཁྱེན་ཏོ། །དེའི་སྐྱེ་བའི་རྒྱུ་ཡང་རབ་ཏུ་མཁྱེན་ཏོ། །ད་ལྟར་གྱི་ལྷའི་སེམས་ཅན་གྱི་ཁམས་ཀྱང་རབ་ཏུ་མཁྱེན་ཏོ། ། 80-1-62a དེའི་སྐྱེ་བའི་རྒྱུ་ཡང་རབ་ཏུ་མཁྱེན་ཏོ། །ད་ལྟར་གྱི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ཀྱང་རབ་ཏུ་མཁྱེན་ཏོ། །དེ་དག་གི་ཉོན་མོངས་པ་དང་བཅས་པ་འང་རབ་ཏུ་མཁྱེན་ཏོ། །ཉོན་ མོངས་པ་དང་བྲལ་བ་ཡང་རབ་ཏུ་མཁྱེན་ཏོ། །ད་ལྟར་གྱི་སེམས་ཅན་ཐམས་ཅད་ཀྱི་འདུལ་བའི་དབང་པོ་ཡང་རབ་ཏུ་མཁྱེན་ཏོ། །འདུལ་བ་མ་ཡིན་པའི་དབང་པོ་ཡང་རབ་ཏུ་མཁྱེན་ཏོ། །དེ་ལྟར་དེ་བཞིན་ གཤེགས་པས་རབ་ཏུ་མཁྱེན་ཀྱང་། །དེ་བཞིན་གཤེགས་པ་ལ་གཉིས་ཀྱི་རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་མེད་དེ། གཉིས་སུ་མེད་པ་ལ་བཞུགས་པའི་ཕྱིར། སེམས་ཅན་རྣམས་ ལ་ཆོས་སྟོན་ཏེ། ཤཱ་རིའི་བུ་འདི་ནི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་པའོ། །ཤཱ་རིའི་བུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་པོ་དེ་དག་ དང་ལྡན་པས། །དེ་བཞིན་གཤེགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་མ་ལུས་པ་ཐམས་ཅད་དུ་འཁོར་གྱི་ནང་དུ་གཟི་བརྗིད་དང་། གྲགས་པ་དང་། དཔལ་དང་། ངོ་མཚར་དང་། རྨད་དུ་བྱུང་བའི་ཆོས་ཉིད་ཀྱིས་འཁོར་རྣམས་ཟིལ་གྱིས་མནན་ནས། ལམ་མེ། ལྷན་ནེ། ལྷང་ངེའོ། །དེ་ལྟར་ཤཱ་རིའི་བུ་དེ་བཞིན་གཤེགས་པའི་སངས་རྒྱས་ ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་མཐའ་ཡས་མུ་མེད་དོ། །འདི་ལྟ་སྟེ། ཤཱ་རིའི་བུ་ནམ་མཁའ་མཐའ་ཡས་མུ་མེད་པ་དེ་བཞིན་དུ། དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ ཡང་མཐའ་ཡས་མུ་མེད་དོ། །གང་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་མཐའ་འདོད་པ་དེ་ནི་ནམ་མཁའི་མཐའ་འདོད་དོ། །བྱང་ཆུབ་སེམས་དཔའ་ 80-1-62b སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དེ་དག་ཐོས་ནས་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག །སོམ་ཉི་མེད། ཐེ་ཚོམ་མི་ཟ། རྒྱ་ཆེར་ དགའ་མགུ་སྟེ། རངས་པ་རྙེད་ཅིང་ནམ་མཁའ་ལྟ་བུར་བསམ་གྱིས་མི་ཁྱབ་པའི་ཕྱིར་ངོ་མཚར་དང་རྨད་ཏུ་འདུ་ཤེས་སྐྱེད་དོ། །དེ་ནས་བཅོམ་ལྡན་འདས་བདེ་བར་གཤེགས་པས་དོན་འདི་བཀའ་ སྩལ་ནས། སྟོན་པ་ཡང་འདི་སྐད་གསུང་ངོ་། །འདྲེན་པ་ལ་ནི་འཁྲུལ་པ་ཡོང་མེད་དེ། །ལུས་དང་ངག་རྣམས་དང་ནི་སེམས་མི་གཡོ། །དེ་བཞིན་སྲོག་ཆགས་རྣམས་ལ་ཆོས་སྟོན་ཏེ། །དེ་ནི་རྒྱལ་བ་ རྣམས་ཀྱི་མ་འདྲེས་ཆོས། །ཁེངས་པར་མི་འགྱུར་འདུད་པར་མི་འགྱུར་ཏེ། །ཁོང་ཁྲོ་རྗེས་སུ་ཆགས་ལས་མངོན་པར་འདས། །ཉོན་མོངས་མེད་ལ་གནས་ཤིང་ཉོན་མོངས་གྲོལ། །དེ་ནི་རྒྱལ་བ་རྣམས་ ཀྱི་མ་འདྲེས་ཆོས། །འདྲེན་པ་ལ་ནི་དྲན་པ་བསྙེལ་བ་མེད། །རྣམ་པར་སྤྱོད་ཡུལ་ཆོས་ནི་མངོན་པར་མཁྱེན། །སོ་སོ་ཡང་དག་རིག་པ་བསྙེལ་མེད་དེ། །དེ་ནི་རྒྱལ་བ་རྣམས་ཀྱི་མ་འདྲེས་ཆོས། །མཉམ་པར་ བཞག་པས་བཞུགས་ཤིང་བཤོས་ཀྱང་གསོལ། །འཆག་དང་མནལ་བ་ན་ཡང་མཉམ་པར་བཞག །གཡེང་བ་མེད་ཅིང་སེམས་ཅན་འདུ་ཤེས་མེད། །དེ་ནི་རྒྱལ་བ་རྣམས་ཀྱི་མ་འདྲེས་ཆོས། །རྒྱལ་བ་དང་ ནི་ཞིང་དང་སེམས་ཅན་ལ། །ཐ་དད་འདུ་ཤེས་བདེ་བར་གཤེགས་ལ་མེད། །བསམ་པ་ཆེན་པོ་མཉམ་པ་ཉིད་ལ་གནས། །དེ་ནི་རྒྱལ་བ་རྣམས་ཀྱི་མ་འདྲེས་ཆོས། །དེ་དག་ལ་ནི་མ་བརྟགས་བཏང་སྙོམས་མེད། །ཤིན་དུ་ངེས་ པའི་ལམ་ནི་རབ་བསྒོམས་པས། །དེ་ལ་རྟོག་དང་རྣམ་པར་རྟོག་མེད་དེ། །དེ་ནི་རྒྱལ་བ་རྣམས་ཀྱི་མ་འདྲེས་ཆོས། །དགེ་བ་ལ་ནི་འདུན་པ་ཉམས་པ་མེད། །སྟོན་པ་རྟག་ཏུ་སྙིང་རྗེ་རབ་སྦྱོར་ཞིང་། །སེམས་ཅན་རྒྱ་ཆེན་དཔག་ཏུ་མེད་པ་འདུལ། ། 80-1-63a དེ་ནི་རྒྱལ་བ་རྣམས་ཀྱི་མ་འདྲེས་ཆོས། ནམ་ཡང་བརྩོན་འགྲུས་ལ་ནི་ཉམས་པ་མེད། །འདུལ་བ་མཐའ་དང་ཕ་རོལ་མེད་མཐོང་ནས། །ལུས་དང་ངག་རྣམས་དང་ནི་ཡིད་ཀྱིས་འདུལ། །དེ་ནི་རྒྱལ་བ་རྣམས་ཀྱི་མ་འདྲེས་ཆོས། ། བྱང་ཆུབ་སྙིང་པོར་སངས་རྒྱས་བྱང་ཆུབ་པར། །དེ་ཡིས་དྲན་པ་རྣམ་པར་ཆུད་མི་ཟ། །གང་ཆོས་རྟོགས་པ་དེ་ནི་རྟོགས་བྱ་མིན། །དེ་ནི་རྒྱལ་བ་རྣམས་ཀྱི་མ་འདྲེས་ཆོས། །རྟོག་པ་མེད་ཅིང་རྣམ་པར་རྟོག་མེད་པར། །རང་བྱུང་ཏིང་ངེ་འཛིན་ ལ་མཉམ་གནས་ཏེ། །ཆོས་རྣམས་ཀུན་ལ་མི་གནས་བསམ་གཏན་བྱེད། །དེ་ནི་རྒྱལ་བ་རྣམས་ཀྱི་མ་འདྲེས་ཆོས། །འདྲེན་པའི་ཤེས་རབ་ཀྱིས་ནི་རབ་སྟོན་ཅིང་། །སེམས་ཅན་ཀུན་གྱི་སྤྱོད་པ་རབ་མཁྱེན་ཏེ། །དེ་དག་ལ་ནི་བསམ་བཞིན་ ཆོས་ཀྱང་འཆད། །དེ་ནི་རྒྱལ་བ་རྣམས་ཀྱིས་མ་འདྲེས་ཆོས། །ཉན་ཐོས་རྣམས་ཀྱི་རྣམ་གྲོལ་སྒྲ་ཕྱིར་འགྲོ། །རང་རྒྱལ་གྱི་ནི་རྐྱེན་གྱི་འདུ་ཤེས་ཏེ། །སངས་རྒྱས་རྣམས་ཀྱི་བཏང་སྙོམས་བསམ་མི་ཁྱབ། །ཆགས་ལས་རབ་འདས་དྲི་ མེད་ནམ་མཁའ་བཞིན། །སེམས་ཀྱི་རྒྱུད་འདི་རང་བཞིན་རྣམ་གྲོལ་ཏེ། །སེམས་ནི་སྔོན་ནས་བཅིངས་པར་གྱུར་པ་མེད། །ཇི་ལྟར་རྣམ་གྲོལ་དེ་ལྟར་ཆོས་སྟོན་ཏེ། །དེ་ནི་རྒྱལ་བ་རྣམས་ཀྱི་མ་འདྲེས་ཆོས། །གཤེགས་དང་བཞུགས་དང་ གྲོང་ཁྱེར་འཇུག་པ་དང་། །སྤྱོད་ལམ་དག་ནི་མཐོང་ན་མིག་ཀྱང་འཕྲོག །སངས་རྒྱས་རྣམས་ཀྱི་དཔེ་བྱད་བཟང་པོ་དང་། །མཚན་དང་འོད་རྣམས་ཐམས་ཅད་འདུལ་བར་ཞུགས། །སེམས་ཅན་སྙིང་པོ་ནམ་ཞིག་འདི་གཏོད་ཚེ། སྲོག་ ཆགས་བྱེ་བ་མང་པོར་བདེར་འགྱུར་ཏེ། །འོད་ཀྱིས་རེག་པ་དག་ནི་འདུལ་བར་འགྱུར། །དེ་ནི་རྒྱལ་བ་རྣམས་ཀྱི་མ་འདྲེས་ཆོས། །རང་བྱུང་བ་ནི་གསུང་གཅིག་བརྗོད་པས་ན། །སེམས་ཅན་བསམ་པ་བཞིན་དུ་གསུང་ཐོས་ཏེ། །བྲག་ཆ་ལྟ་བུ་ དེའི་གསུང་ཡང་ཐོས། །དེ་ནི་རྒྱལ་བ་རྣམས་ཀྱི་མ་འདྲེས་ཆོས། །ཡེ་ཤེས་ཀྱིས་ནི་འདྲེན་པའི་ལས་བྱས་ཏེ། །བདེ་བར་གཤེགས་ལ་སེམས་ལས་ཅུང་ཟད་མེད། །སེམས་ཅན་བསམ་ལ་ཡེ་ཤེས་རྗེས་སུ་ཞུགས། །དེ་ནི་རྒྱལ་བ་ 80-1-63b རྣམས་ཀྱི་མ་འདྲེས་ཆོས། །ཏིང་འཛིན་བསམ་གཏན་དང་ནི་རབ་ལྡན་ཏེ། །སྤྲོས་པ་ཐམས་ཅད་ཀྱི་ཡང་རྒྱུ་བ་མེད། །ནམ་མཁའ་ལྟ་བུར་མཉམ་པ་ཉིད་དུ་གནས། །དེ་ནི་རྒྱལ་བ་རྣམས་ཀྱི་མ་འདྲེས་ཆོས། །འདས་པའི་དུས་ལ་དེ་ཡི་ ཡེ་ཤེས་ཞུགས། །འགྲོ་བ་སྣ་ཚོགས་རྣམ་འབྱེད་ཤེས་པ་ཡི། །ཆོས་རྣམས་ཀུན་ལ་སྒྲིབ་པ་མེད་པར་འཇུག །དེ་ནི་རྒྱལ་བ་རྣམས་ཀྱི་མ་འདྲེས་ཆོས། །མ་འོངས་དུས་ན་གང་དག་འཇིག་རྟེན་དུ། །འབྱུང་བར་འགྱུར་དང་འབྱུང་བར་ མི་འགྱུར་དང་། །སེམས་ཅན་ཞིང་དང་རྒྱལ་བ་བཤད་པ་དང་། །དེ་དག་ཐམས་ཅད་སངས་རྒྱས་མ་ལུས་མཁྱེན། །མ་འོངས་དེ་ལ་རྗེས་སུ་རབ་ལྟ་ཞིང་། །དེ་བཞིན་སེམས་ཅན་རྣམས་ཀྱི་ཆོས་ཀྱང་མཁྱེན། །དེའི་སེམས་ནི་ གཡེང་བར་མི་འགྱུར་ཏེ། །དེ་ནི་རྒྱལ་བ་རྣམས་ཀྱི་མ་འདྲེས་ཆོས། །ད་ལྟར་ལམ་གང་འཇུག་པར་འགྱུར་བ་དག །ཐམས་ཅད་རྒྱལ་བས་ཆགས་མེད་རབ་ཏུ་མཁྱེན། །འདྲེན་པའི་སྤྱོད་ཡུལ་ནམ་མཁའ་ལྟ་བུ་སྟེ། །དེ་ནི་རྒྱལ་ བ་རྣམས་ཀྱི་མ་འདྲེས་ཆོས། །དེ་བཞིན་གཤེགས་པའི་ཆོས་ནི་མ་འདྲེས་པ། །བཅྭ་བརྒྱད་གསུངས་པ་བསམ་གྱི་མི་ཁྱབ་སྟེ། །དེ་བཞིན་གཤེགས་པ་ནམ་མཁའ་འདྲ་བར་ནི། །དད་མཁས་བྱང་ཆུབ་སེམས་དཔའ་དད་ པར་བྱེད། །ཤཱ་རིའི་བུ་འདི་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དེ་དག་དང་ལྡན་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་གྱི་ནང་དུ་གཤེགས་ ན་སེང་གེའི་སྒྲ་ཡང་དག་པར་སྒྲོག་ཅིང་ཁྱུ་མཆོག་གི་གནས་སུ་ཞལ་གྱིས་འཆེ་སྟེ། དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ། བདུད་དམ། སུས་ཀྱང་འཇིག་རྟེན་དུ་ཆོས་དང་འཐུན་པར་མ་བསྐོར་བའི་ཚངས་པའི་འཁོར་ལོ་རབ་ཏུ་ བསྐོར་ཏོ། །ཤཱ་རིའི་བུ་དེ་ལྟར་དད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་བསམ་གྱིས་མི་ཁྱབ་པ་འདི་བཅུས་དེ་བཞིན་གཤེགས་པ་ལ་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག །སོམ་ཉི་མི་བྱེད། ཐེ་ཚོམ་མི་ཟ། རྒྱ་ཆེར་དགའ་མགུ་སྟེ། རངས་པ་སྙེད་ཅིང་། 80-1-64a ངོ་མཚར་དང་། རྨད་ཏུ་འདུ་ཤེས་སྐྱེད་དོ། །དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པའི་ལེའུ་སྟེ། །བཞི་པའོ།། །། བམ་པོ་བརྒྱད་པ། གཞན་ཡང་ཤཱ་རིའི་བུ་དེ་ལྟར་དད་པ་ལ་རབ་ཏུ་གནས་པའི་བྱང་ཆུབ་ སེམས་དཔའ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྣོད་ཏུ་རིག །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཀྱི་སྣོད་ཏུ་རིག །སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣོད་དུ་རིག་ནས། །དེའི་དྲུང་དུ་གཤེགས་ཏེ་བྱང་ ཆུབ་སེམས་དཔའི་ལམ་ཡང་ཡང་དག་པར་རབ་ཏུ་སྟོན་ཏོ། །དེ་ལྟ་བས་ན་ཤཱ་རིའི་བུ་རྣམ་གྲངས་འདིས་ཀྱང་། དེ་ལྟར་དད་པ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སྣོད་ ཏུ་རིག །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཀྱི་སྣོད་ཏུ་རིག །སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣོད་ཏུ་རིག་གནས། དེའི་དྲུང་དུ་གཤེགས་ཏེ། བྱང་ཆུབ་ཀྱི་ལམ་ཡང་དག་པར་རབ་ཏུ་སྟོན་པ་དེ་ལྟར་རིག་པར་བྱའོ། ། ཤཱ་རིའི་བུ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པ་བས་ཀྱང་ཆེས་གྲངས་མེད་པ། ཡངས་པ་ཚད་མེད་པ། བསམ་གྱིས་མི་ཁྱབ་པ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་ཕུང་པོ་ཆེན་པོ་ཞེས་བྱ་བ། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་ འདས་འཇིག་རྟེན་དུ་བྱུང་སྟེ། གང་འདི་ལྷར་བཅས་པའི་འཇིག་རྟེན་དང་། བདུད་ཏུ་བཅས་པ་དང་། ཚངས་པར་བཅས་པ་དང་། དགེ་སྦྱོང་དང་། བྲམ་ཟེ་བཅས་པའི་སྐྱེ་དགུ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ རང་གི་མངོན་པར་ཤེས་པ་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས་གནས་སོ། །དེ་ཆོས་སྟོན་ཏེ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། 80-1-64b ཡོངས་སུ་དག་པ། ཡོངས་སུ་བྱང་བ་ཡང་དག་པར་སྟོན་ཏོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཕུང་པོ་ཆེན་པོའི་ཉན་ཐོས་ཁྲག་ཁྲིག་ཕྲག་བདུན་བཅུ་རྩ་གཉིས་ཀྱི་ཉན་ཐོས་ཀྱི་ ཚོགས་ཆེན་པོ་བྱུང་སྟེ། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པ། སེམས་ཐམས་ཅད་ཀྱི་དམ་པའི་ཕ་རོལ་དུ་སོན་པ་ཤ་སྟག་གོ། །ཤཱ་རིའི་བུ་དེའི་དུས་ན་རྒྱལ་པོ་ཚེ་རྣམ་པར་རྒྱལ་བ་ཞེས་བྱ་ བ་ཆོས་ཅན་ཆོས་ཀྱི་རྒྱལ་པོ་ཞིག་བྱུང་ངོ་། །ཡང་ཤཱ་རིའི་བུ་རྒྱལ་པོ་ཚེ་རྣམ་པར་རྒྱལ་བའི་གྲོང་ཁྱེར་རྣམ་པར་རྒྱལ་བའི་རྒྱལ་མཚན་ཞེས་བྱ་བ། རྒྱལ་པོའི་གནས་འབྱོར་པ། མོད་པ། བདེ་བ། ལོ་ལེགས་པ། དགའ་བ། འགྲོ་ བ་མང་བ་དང་། མིས་གང་བ་ཞིག་ཡོད་དེ། ཡང་ཤཱ་རིའི་བུ་རྒྱལ་པོ་ཚེ་རྣམ་པར་རྒྱལ་བའི་ཁྱེའུ་གཞོན་ནུ་བརྩོན་འགྲུས་སྤྱོད་པ་ཞེས་བྱ་བ་སྔོན་དགེ་བའི་རྩ་བ་བསྐྲུན་པ། སྔོན་གྱི་སངས་རྒྱས་ལ་བྱ་བ་བྱས་པ། སྔོན་གྱི་སངས་ རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ་བསྙེན་བཀུར་བྱས་པ། །གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། མདོག་བཟང་ཞིང་རྒྱས་པའི་མཆོག་དང་ལྡན་པ་ཞིག་བྱུང་སྟེ། ཡང་ཤཱ་རིའི་བུ་དེའི་དུས་ན་གཞོན་ནུ་བརྩོན་འགྲུས་ སྤྱོད་བཙུན་མོའི་འཁོར་དང་ལྷན་ཅིག་ཏུ་བསྐྱེད་མོས་ཚལ་གྱིས་སར་བྱུང་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཕུང་པོ་ཆེན་པོས་ཨེ་མའོ་གཞོན་ནུ་འདི་ནི་བྱང་ཆུབ་སེམས་ དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཀྱི་སྣོད་དོ། །ཨེ་མའོ་གཞོན་ནུ་བརྩོན་འགྲུས་སྤྱོད་འདི་ནི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣོད་དོ་ཞེས་དེ་ལྟར་རིག་ནས་བསྐྱེད་མོས་ཚལ་གྱི་ས་ག་ལ་བ་དང་། གཞོན་ནུ་བརྩོན་འགྲུས་སྤྱོད་ག་ལ་བ་དེར་ སོང་སྟེ་ཕྱིན་ནས་སྟེང་གི་ནམ་མཁའ་ལ་བཞུགས་ཏེ། གཞོན་ནུ་བརྩོན་འགྲུས་སྤྱོད་ལ་བྱང་ཆུབ་ཀྱི་ལམ་ཡང་དག་པར་རབ་ཏུ་སྟོན་ཏོ། །དེ་ལ་བྱང་ཆུབ་ཀྱི་ལམ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་། ཕ་རོལ་ 80-1-65a དུ་ཕྱིན་པ་རྣམས་ལ་བརྩོན་པ་དང་། བསྡུ་བའི་དངོས་པོ་རྣམས་ཀྱི་རྗེས་སུ་འཇུག་པ་སྟེ། དེ་ནི་བྱང་ཆུབ་ཀྱི་ལམ་ཞེས་བྱའོ། །དེ་ལ་སེམས་ཅན་ཐམས་ཅད་ལ་བྱམས་པ་གང་ཞེ་ན། འདི་ལ་གཞོན་ནུ་བྱང་ཆུབ་སེམས་དཔའ་ནི་སེམས་ ཅན་གྱི་ཁམས་ཇི་ཙམ་དེ་ཙམ་དུ་བྱམས་པས་ཁྱབ་པར་བྱེད་དོ། །སེམས་ཅན་གྱི་ཁམས་ཇི་ཙམ་ཞེ་ན། ནམ་མཁའི་ཁམས་ཇི་ཙམ་པ་སེམས་ཅན་གྱི་ཁམས་ཀྱང་དེ་ཙམ་མོ། །གཞོན་ནུ་འདི་ལྟ་སྟེ། དཔེར་ན་ནམ་མཁའི་ཁམས་འདིས་ཁྱབ་པར་མ་གྱུར་པ་ གང་ཡང་མེད་དོ། །གཞོན་ནུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་བྱམས་པ་འདིས་སེམས་ཅན་གྱི་རིས་ན་གང་ཁྱབ་པར་མ་གྱུར་བའི་སེམས་ཅན་དེ་གང་ཡང་མེད་དོ། །འདི་ལྟ་སྟེ་གཞོན་ནུ་སེམས་ཅན་གྱི་ཁམས་དཔག་ཏུ་མེད་པ་དེ་བཞིན་དུ་གཞོན་ ནུ་བྱང་ཆུབ་སེམས་དཔའི་བྱམས་པ་བསྒོམ་པ་ཡང་དཔག་ཏུ་མེད་དོ། །གཞོན་ནུ་དེ་ལྟར་ནམ་མཁའ་མཐའ་ཡས་པས་སེམས་ཅན་མཐའ་ཡས་སེམས་ཅན་མཐའ་ཡས་པས་བྱམས་པ་མཐའ་ཡས་སོ། །གཞོན་ནུ་ཡང་སེམས་ཅན་ གྱི་ཁམས་ནི་ཆེས་མང་གི་སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ནི་དེ་ལྟ་མ་ཡིན་མོད་ཀྱི། འོན་ཀྱང་གཞོན་ནུ་སེམས་ཅན་གྱི་ཁམས་ཚད་མེད་པ་ཇི་ཙམ་པ་དེའི་དོན་ཤེས་པར་བྱ་བའི་ཕྱིར་དཔེ་བསྟན་ཏོ། །གཞོན་ ནུ་འདི་ལྟ་སྟེ། དཔེར་ན་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དང་། ལྷོ་དང་། ནུབ་དང་། བྱང་དང་། དེ་བཞིན་དུ་ཕྱོགས་མཚམས་དང་། ཕྱོགས་བཅུ་ཀུན་དུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པ་དེ་དག་ ཐམས་ཅད་ཆུས་ཡོངས་སུ་གང་བའི་རྒྱ་མཚོར་གྱུར་པའི་རྒྱ་མཚོ་ཆེན་པོ་གཅིག་ཏུ་གྱུར་པ་ལ་ཡོངས་སུ་བརྟག་པ་བཟུང་སྟེ། དེ་ལ་སེམས་ཅན་གང་གཱའི་ཀླུང་གི་བྱེ་མ་སྙེད་འདུས་ནས་བརྒྱར་བཙལ་བའི་སྐྲའི་རྩེ་མོས་ཆུའི་ཐིགས་པ་གཅིག་བླངས་གཞན་ ཡང་སེམས་ཅན་གང་གཱའི་ཀླུང་གི་བྱེ་མ་སྙེད་འདུས་ནས་བརྒྱར་བཙལ་བའི་སྐྲའི་རྩེ་མོ་ཆུའི་ཐིགས་པ་གཉིས་བླངས། གཞན་ཡང་སེམས་ཅན་གང་གཱའི་ཀླུང་གི་བྱེ་མ་སྙེད་འདུས་ནས། བརྒྱར་བཙལ་བའི་སྐྲའི་རྩེ་མོས་ཆུའི་ཐིགས་པ་གསུམ་བླངས་ནས་ 80-1-65b གཞོན་ནུ་ཡོངས་སུ་བརྟག་པ་བཟུང་སྟེ། དེ་ལྟ་བུའི་ཐབས་ཀྱིས་ཆུའི་ཕུང་པོ་ཆེན་པོ་དེ་ཟད་པར་གྱུར་ཀྱང་སེམས་ཅན་གྱི་ཁམས་ནི་ཚད་དང་མཐའ་མེད་དེ། གཞོན་ནུ་སེམས་ཅན་གྱི་ཁམས་དེ་ལྟར་དཔག་ཏུ་མེད་ཅིང་མཐའ་ཡས་པ་དེ་ཐམས་ཅད་ལ་ བྱང་ཆུབ་སེམས་པའི་བྱམས་པས་ཁྱབ་པར་བྱེད་དོ། །གཞོན་ནུ་དེ་ཇི་སྙམ་དུ་སེམས། གང་དེ་ལྟར་དཔག་ཏུ་མེད་པ་བྱམས་པ་སྒོམ་པའི་དགེ་བའི་རྩ་བ་དེའི་ཚད་བཟུང་བར་ནུས་སམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བདེ་བར་གཤེགས་པ་ དེ་ནི་མ་ལགས་སོ། །གཞོན་ནུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱམས་པ་ཆེན་པོ་སྒོམ་པའི་དགེ་བའི་རྩ་བ་ནི་དཔག་ཏུ་མེད་པ་ཡིན་ཏེ། གཞོན་ནུ་དེའི་བྱམས་པ་ནི་བདག་སྲུང་བ་ཡིན། གཞན་ལ་ཕན་པར་གནས་པ་ཡིན། མཆོག་ཏུ་ གནོད་སེམས་མེད་པ་ཁྲོ་བ་དང་། གནོད་སེམས་ཀྱི་ཐ་བ་དང་བྲལ་བ། ཉེས་པ་འཇོམ་པ་རྗེས་སུ་ཆགས་པའི་ཀུན་ནས་ལྡང་བ་དང་བྲལ་བ། དད་པ་ཀུན་དུ་སྟོན་པ་འཁྲུལ་པ་ཐམས་ཅད་ལ་ཉེས་པར་ལྟ་བ། ཡོངས་སུ་གདུང་བ་མེད་པ། ལུས་དང་། ངག་དང་། སེམས་བདེ་ བ་སྐྱེད་པ། གཞན་གྱི་གནོད་པར་བྱ་བ་ཐམས་ཅད་ཏུ་མ་ལྷུང་བ། འཇིགས་པ་ཐམས་ཅད་དང་བྲལ་བ་འཕགས་པའི་ལམ་དང་འཐུན་པ་གཤེ་བ་དང་། ཁྲོས་པ་ལ་དང་བ་སྐྱེད་པ། གཡུལ་ཐམས་ཅད་ལས་སྒྲོལ་བ། དབྱིག་པ་དང་མཚོན་ཆ་མི་ཐོགས་པ། སེམས་ ཅན་རབ་ཏུ་ཐར་པར་བྱ་བ་ལ་དགའ་བ། ཁོང་ཁྲོ་བ་ཐམས་ཅད་དང་བྲལ་བ། ཚུལ་འཆོས་པ་དང་། ཁ་གསག་དང་། འདྲིད་པ་དང་། གཞོག་པ་ཐམས་ཅད་དང་བྲལ་བ། རང་གི་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པས་ཉེ་བར་འཚོ་བ། བརྒྱ་བྱིན་དང་། ཚངས་པས་ཕྱག་བྱས་པ། རང་གི་གཟི་བརྗིད་ཀྱི་བརྒྱན་པ། མཁས་པས་བསྟོད་པ། བྱིས་པ་ཐམས་ཅད་རྗེས་སུ་སྲུང་བ། ཚངས་པའི་ལམ་དང་འཐུན་པ། འདོད་པའི་ཁམས་དང་མ་འདྲེས་པ། ཐར་པའི་ལམ་གྱི་གཙོ་བོར་གྱུར་པ། ཐེག་པ་ཐམས་ཅད་ཀྱིས་ ཡང་དག་པར་བཟུང་བ། ཟང་ཟིང་མེད་པའི་བསོད་ནམས་ཀྱི་ཚོགས་བསགས་པ། རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པ། མཚན་སུམ་བཅུ་རྩ་གཉིས་དང་། 80-1-66a དཔེ་བྱད་བཟང་པོས་ཡང་དག་པར་བརྒྱན་པ། དབང་པོ་ཉམས་ཤིང་མ་ཚང་བ་ཐམས་ཅད་སྤངས་པ། བདེ་འགྲོ་དང་། མྱ་ངན་ལས་འདའ་བའི་ལམ་ཐམས་ཅད་ཏུ་འགྲོ་བ། ངན་སོང་ཐམས་ཅད་དང་། མི་ཁོམ་པ་བརྒྱད་ལས་ཟློག་པ། ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པ། འདོད་པའི་ལོངས་སྤྱོད་ཐམས་ཅད་དང་། དབང་པོ་དང་། རྒྱལ་སྲིད་ལ་མངོན་པར་མི་དགའ་བ་དང་། སེམས་ཅན་ཐམས་ཅད་ལ་མཉམ་ པའི་སེམས་ཀྱིས། སྦྱིན་པ་རབ་ཏུ་སྦྱོར་བ། ཐ་དད་པའི་འདུ་ཤེས་དང་བྲལ་བ་ཚུལ་ཁྲིམས་དང་བསླབ་པ་ཐམས་ཅད་ཀྱི་སྒོ་དང་ལམ། ཚུལ་ཁྲིམས་འཆལ་པ་ཐམས་ཅད་ཀྱི་སྐྱབས། བཟོད་པའི་སྟོབས་ཀུན་ དུ་སྟོན་པ། ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་ཐམས་ཅད་དང་བྲལ་བ། མི་འཁྲུགས་པའི་བརྩོན་འགྲུས་རྩོམ་པ། ཡང་དག་པར་སྦྱོར་བའི་བྱ་བ་སྒྲོལ་བ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་རྩ་བ། ཉོན་མོངས་པ་ལས་བྱུང་བ། སེམས་ངེས་པར་རྟོག་པ། ཐོས་པ་འཛིན་པ། ཤེས་རབ་ཀྱི་རྒྱུ་སྐྱེད་པའི་བྱམས་པ། བདག་གི་ཕྱོགས་དང་གཞན་གྱི་ཕྱོགས་ འཇོམ་པ། བདུད་དང་ཉོན་མོངས་པའི་ཕྱོགས་སེལ་བ། འགྲོགས་ན་བདེ་བ། ལྡང་བ་དང་། སློང་བ་དང་། འདུག་པ་དང་། ཉལ་བའི་སྤྱོད་ལམ་སྲུང་བར་བྱེད་པ། རྒོད་པའི་ཡིད་ལ་བྱེད་པ་ཐམས་ཅད་སེལ་ བ། དྲི་ཞིམ་པོའི་བྱུག་པ་ཁྲེལ་ཡོད་པ་དང་། ངོ་ཚ་ཤེས་པས་བྱུགས་པ། མི་ཁོམ་པ་དང་། ཉོན་མོངས་པ་དང་། ངན་འགྲོ་ཐམས་ཅད་སེལ་བའི་བྱམས་པ། འགྲོ་བ་ཐམས་ཅད་སྐྱོབ་པའི་བྱམས་པ་ཆེན་པོ། ། བདག་གི་བདེ་བ་བཏང་བ་དང་། སེམས་ཅན་ཐམས་ཅད་ལ་བདེ་བ་རབ་ཏུ་སྦྱིན་པ་སྟེ། གཞོན་ནུ་ཉན་ཐོས་རྣམས་ཀྱི་བྱམས་པ་ནི་བདག་སྐྱོབ་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ནི་སེམས་ཅན་ 80-1-66b ཐམས་ཅད་ལ་སྐྱོབ་པའོ། །ཡང་གཞོན་ནུ་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་རྣམས་ཀྱི་བྱམས་པ་ནི་སེམས་ཅན་ལ་དམིགས་པའོ། །བྱང་ཆུབ་སེམས་དཔའ་སྤྱོད་པ་ལ་ཞུགས་པ་རྣམས་ཀྱི་བྱམས་ པ་ནི་ཆོས་ལ་དམིགས་པའོ། །བྱང་ཆུབ་སེམས་དཔའ་བཟོད་པ་རབ་ཏུ་ཐོབ་པ་རྣམས་ཀྱི་བྱམས་པ་ནི་དམིགས་པ་མེད་པའོ། །གཞོན་ནུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱམས་པ་ ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་བྱམས་པ་དེ་ལ་རབ་ཏུ་གནས་པས་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱེད་དོ། །དེ་ལ་གཞོན་ནུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་གང་ཞེ་ན། གཞོན་ ནུ་འདི་ལ་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་སྔོན་དུ་འགྲོ་བ་ནི་སྙིང་རྗེ་ཆེན་པོའོ། །འདི་ལྟ་སྟེ། དཔེར་ན་གཞོན་ནུ་སྐྱེས་བུའི་སྲོག་གི་དབང་པོའི་སྔོན་དུ་འགྲོ་བ་ནི་ དབུགས་འབྱུང་བ་དང་རྔུབ་པའོ། །གཞོན་ནུ་དེ་བཞིན་དུ་ཐེག་པ་ཆེན་པོ་ཡང་དག་པར་སྒྲུབ་པའི་བྱང་ཆུབ་སེམས་དཔའི་སྔོན་དུ་འགྲོ་བ་ནི་སྙིང་རྗེ་ཆེན་པོའོ། །འདི་ལྟ་སྟེ། དཔེར་ན་གཞོན་ནུ་འཁོར་ལོས་སྒྱུར་བའི་ རྒྱལ་པོའི་རིན་པོ་ཆེ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ནི་འཁོར་ལོ་རིན་པོ་ཆེ་ཡིན་ནོ། །གཞོན་ནུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ནི་ སྙིང་རྗེ་ཆེན་པོ་ཡིན་ཏེ། སྙིང་རྗེ་ཆེན་པོ་དེ་ཡང་སེམས་ཅན་ཐམས་ཅད་རྗེས་སུ་མི་གཏོང་བའོ། །གཞོན་ནུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སེམས་ཅན་ཐམས་ཅད་ལ་ཇི་ལྟར་འཇུག་ཅེ་ན། གཞོན་ནུ་ འདི་ལྟར་བྱང་ཆུབ་སེམས་དཔའ་འཇིག་ཚོགས་ལ་ལྟ་བས་བཅིངས་ཤིང་ལྟ་བར་གྱུར་བ་རྣམ་པ་མང་པོ་ཆགས་པའི་སེམས་ཅན་མཐོང་ན། དེ་དག་གི་འཇིག་ཚོགས་ལ་ལྟ་བས་བཅིངས་པ་སྤང་བའི་ཕྱིར་ཆོས་བསྟན་ཏོ། །ཞེས་སེམས་ཅན་རྣམས་ལ་ 80-1-67a བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་འཇུག་གོ། །གཞན་ཡང་གཞོན་ནུ་བྱང་ཆུབ་སེམས་དཔས་སེམས་ཅན་ཡང་དག་པ་མ་ཡིན་པ་ཕྱིན་ཅི་ལོག་གི་གནས་ལ་གནས་ཏེ། མི་རྟག་ པ་ལ་རྟག་པར་འདུ་ཤེས་པ་དང་། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་དང་། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པ་དང་། མི་སྡུག་པ་ལ་སྡུག་པར་འདུ་ཤེས་པ་མཐོང་ན། དེ་དག་གིས་ ཡང་དག་པ་མ་ཡིན་པའི་ཕྱིན་ཅི་ལོག་སྤང་བའི་ཕྱིར་ཆོས་བསྟན་ཏོ་ཞེས་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་འཇུག་གོ། །ཡན་ཞག་བྱང་ཆུབ་སེམས་དཔའ་ཕྱིན་ཅི་ལོག་གི་འདོད་པ་ལ་ སྲེད་པའི་སེམས་ཅན་དེ་དག་མ་ལ་ཡང་གཡེམ་པ་དང་། སྲིང་མོ་ལ་ཡང་གཡེང་བ་མཐོང་ན། བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། ཀྱེ་མའོ་འཇིག་རྟེན་གནས་པ་ འདི་དག་ནི་འཕགས་པ་མ་ཡིན་པ་འདུས་པ་སྟེ། མུ་ཅོར་སྨྲ་བས་ཡོངས་སུ་གང་ཞིང་ངོ་ཚ་མི་ཤེས་པས་ཡོངས་སུ་གང་ངོ་། །འདི་ལྟར་མའི་རུམ་མངལ་གྱི་མལ་ན་འདུག་འདུག་ སྟེ། དེ་ཉིད་ཀྱི་མངལ་གྱི་སྒོ་ནས་བྱུང་ལ་དེ་ཉིད་དང་ཡང་ལྷན་ཅིག་ཏུ་འདོད་པ་སྟེན་པར་བྱེད་པ་ལྟ་ག་ལ་སྲིད། མངལ་གཅིག་ཏུ་འདུག་འདུག་པའི་སྲིང་མོ་དང་འདུ་ཞིང་འཁྲིག་ པ་བྱེད་པ་ལྟ་ག་ལ་སྲིད་དེ། ཀྱེ་མའོ་སེམས་ཅན་འདི་དག་ནི་བརླག་གོ། །རྣམ་པར་བརླག་གོ། །རབ་ཏུ་བརླག་གོ། །འདོད་ཆགས་ཀྱིས་གཡེན་སྤྱོའོ། །ཞེ་སྡང་ ཀྱིས་གཡེན་སྤྱོའོ། །གཏི་མུག་གིས་གཡེན་སྤྱོའོ། །མི་ཤེས་པས་གཡེན་སྤྱོའོ། །ཆོས་ལས་ཉམས་ཤིང་ཆོས་མ་ཡིན་པ་ལ་གནས་སོ། །མི་མཐུན་པའི་ཆོས་ལ་རབ་ཏུ་སྤྱོད་དོ། ། 80-1-67b སེམས་ཅན་དམྱལ་བའི་སྤྱོད་ཡུལ་པའོ། །དུད་འགྲོའི་སྐྱེ་གནས་ཀྱི་སྤྱོད་ཡུལ་པའོ། །གཤིན་རྗེའི་འཇིག་རྟེན་གྱི་སྤྱོད་ཡུལ་པའོ། །ལོག་པའི་ལམ་ལ་སྤྱོད་ཡུལ་པའོ་སྙོམ་མོ། །གཞོན་ ནུ་འདི་ལྟ་སྟེ་དཔེར་ན་ཝ་དུར་ཁྲོད་ཀྱི་མཐར་གཡང་ས་ཆེན་པོ་དང་ཉེ་བ་ཞིག་ན་མཚན་མོ་ཁྱིས་གཙེས་ནས་གཡང་ས་ཆེན་པོ་ནས་ལྷུང་བ་དེ་བཞིན་དུ་གཞོན་ནུ་སེམས་ཅན་འདི་དག་ཀྱང་ཝ་དང་འདྲའོ། །གཞོན་ ནུ་འདི་ལྟ་སྟེ། དཔེར་ན་དམུས་ལོང་ཁྱིས་གཙེས་ནས་གཡང་ས་ཆེན་པོ་དང་ཉེ་བར་གྱུར་པ་དེ་བཞིན་དུ། ཀྱེ་མའོ་གཞོན་ནུ་སེམས་ཅན་འདི་དག་ཀྱང་དམུས་ལོང་དང་འདྲའོ། །གཞོན་ནུ་འདི་ལྟ་ སྟེ། དཔེར་ན་ཕག་ནི་མི་གཙང་བ་ཟ་ཞིང་མི་གཙང་བ་སྤྱོད་ཡུལ་པ་སྟེ། གཞོན་ནུ་ཀྱེ་མའོ་དེ་བཞིན་དུ་སེམས་ཅན་འདི་དག་ཀྱང་ཕག་དང་འདྲ་སྟེ། དེ་ཉིད་མ་ཡིན། དེ་ཉིད་སྲིང་མོ་ཡིན་ན། དེ་ཆུང་མར་བྱ་བ་ལྟ་ག་ལ་སྲིད་སྙམ་སྟེ། སེམས་ཅན་ཉོན་མོངས་པས་གཡེན་སྤྱོ་བ་དང་། བདུད་ཀྱི་ཕྱོགས་ཀྱི་སྤྱོད་ཡུལ་བ་དང་། བདུད་ཀྱི་ཞགས་པས་བཅིངས་པ་དང་། འདོད་པའི་ འདམ་དུ་བྱིང་བ་དེ་དག་གི་འདོད་པ་ཐམས་ཅད་སྤང་བའི་ཕྱིར་ཆོས་བསྟན་ཏོ། །ཞེས་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་འཇུག་གོ། །གཞོན་ནུ་གཞན་ཡང་བྱང་ཆུབ་ སེམས་དཔས་སྒྲིབ་པ་ལྔས་སྒྲིབས་པའི་སེམས་ཅན་འདོད་པའི་ཟུག་རྔུས་ཟུག་པ་མཐོང་ན། སྐྱེ་མཆེད་དྲུག་ལ་ཆགས་ཤིང་ཞེན་པ། མིག་གིས་གཟུགས་མཐོང་ན། མཚན་མར་འཛིན་ པར་འགྱུར་ཞིང་མངོན་རྟགས་སུ་འཛིན་པ་དང་། རྣ་བས་སྒྲ། སྣས་དྲི། ལྕེས་རོ། ལུས་ཀྱིས་རེག་པ་ལ་རེག་ན་མཚན་མར་འཛིན་ཅིང་མངོན་རྟགས་སུ་འཛིན་པར་འགྱུར་ཏེ། ཀྱེ་མའོ་སེམས་ཅན་འདི་དག་ 80-1-68a ནི་ཁོང་ཁྲོ་བ་མང་ཞིང་ཕན་ཚུན་མི་མཛའ་སྟེ། དེ་དག་དོན་རྙེད་པའི་ཕྱིར་ནི་མཛའ་བོར་ཡང་མི་ཤེས། གནོད་པར་འགྱུར་བའི་ཕྱིར་ནི་གཅིག་ལ་གཅིག་གསོད་དོ། །ཀྱེ་མའོ་སེམས་ཅན་ འདི་དག་ནི་གཉིད་དང་རྨུགས་པ་མང་བ་སྟེ། ཞེན་ཅིང་སྤོང་བ་མི་ཤེས་པའི་ལིང་ཏོག་གི་ཁེབས་ཤིང་མི་དགེ་བའོ། །ཀྱེ་མའོ་སེམས་ཅན་འདི་དག་ནི་འགྱོད་པས་ཀུན་ནས་བསྐོར་བ་སྟེ། བློ་བུར་གྱི་ ཉོན་མོངས་པས་སེམས་ཀུན་ནས་ཉོན་མོངས་པའོ། །ཀྱེ་མའོ་སེམས་ཅན་འདི་དག་ནི་ཐེ་ཚོམ་གྱིས་ཡོངས་སུ་དཀྲིས་པ་ཆོས་ཟབ་མོ་ལ་ངེས་པར་མ་གྱུར་པ་སྟེ། དེ་དག་གི་སྒྲིབ་པ་ཐམས་ཅད་སྤང་ བའི་ཕྱིར་ཆོས་བསྟན་ཏོ་ཞེས་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་འཇུག་གོ། །གཞོན་ནུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ཅན་ང་རྒྱལ་གྱིས་ནོན་པ། ཆེ་བའི་ ང་རྒྱལ་གྱིས་ནོན་པ། ང་རྒྱལ་ལས་ཀྱང་ང་རྒྱལ་གྱིས་ནོན་པ། ངའོ་སྙམ་པའི་ང་རྒྱལ་གྱིས་ནོན་པ། མངོན་པའི་ང་རྒྱལ་གིས་ནོན་པ། ཅུང་ཟད་སྙམ་པའི་ང་རྒྱལ་གྱིས་ནོན་པ། ལོག་པའི་ང་རྒྱལ་གྱིས་ནོན་པ། དམའ་བ་བས་བདག་མཐོ་བར་སེམས་པ། མཚུངས་པ་བས་ཀྱང་བདག་ཆེས་ལྷག་པར་ལྟ་བ་དེ་དག་གཟུགས་ལ་བདག་ཅེས་ཁས་ལེན་པ་ནས། རྣམ་པར་ ཤེས་པའི་བར་ལ་བདག་ཅེས་ཁས་ལེན་པ། ཁོང་དུ་མ་ཆུད་པར་ཁོང་དུ་ཆུད་སྙམ་དུ་ཤེས་པ། གུས་པར་སྨྲ་བར་འོས་པ་ལ་གུས་པར་མི་སྨྲ་བ། ཕྱག་བྱ་བར་འོས་པ་ལ་ཕྱག་མི་ འཚལ་པ། རྒན་པ་དང་། གཞོན་པ་ལ་མི་འདུད་པ། བླ་མ་ལ་རིམ་གྲོ་མི་བྱེད་པ། མཁས་པ་ལ་དགེ་བ་གང་། མི་དགེ་བ་གང་། བསྟེན་པར་བྱ་བ་གང་། བསྟེན་པར་མི་བྱ་བ་གང་། 80-1-68b བྱ་བ་གང་། མི་བྱ་བ་གང་། ཁ་ན་མ་ཐོ་བ་དང་བཅས་པ་གང་། ཁ་ན་མ་ཐོ་བ་མེད་པ་གང་། ལམ་གང་། ཏིང་ངེ་འཛིན་གང་། རྣམ་པར་གྲོལ་བ་གང་ཞེས་མི་འདྲི་བ་དང་། བདག་ཉིད་ལ་བདག་ནི་གཙོ་བོའོ། །བདག་ནི་ མཆོག་གོ་སྙམ་དུ་རློམ་སེམས་སུ་བྱེད་པ་མཐོང་ན་འདི་ལྟར་ང་རྒྱལ་གྱི་རྣམ་པ་ཐམས་ཅད་སྤང་བའི་ཕྱིར་ཆོས་བསྟན་ཏོ་ཞེས་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་འཇུག་གོ། །གཞོན་ནུ་གཞན་ ཡང་བྱང་ཆུབ་སེམས་དཔས་སྲེད་པའི་བཅིང་པས་བཅིངས་པ། སྲེད་པས་འཁོལ་བ། ཆུང་མ་དང་། བུ་ཕོ་དང་། བུ་མོས་ཟིན་པ། གནོད་པས་ཟིན་པ། དོན་མེད་པས་ཟིན་པ། འཁོར་བའི་གཏན་ཟིན་པ། སེམས་ཅན་ དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་ལམ་གྱིས་ཟིན་པ། སྲིད་པའི་བཅིང་བས་ཟིན་པ། རང་ཉམ་མེད་པ། རང་དབང་མེད་པའི་སེམས་ཅན་མཐོང་ན། དེ་དག་རང་ཉམ་དང་། རང་དབང་དང་། གང་དུ་དགའ་བར་འགྲོ་བ་དང་། མྱ་ངན་ལས་འདའ་བར་འགྲོ་བར་བྱ་བའི་ཕྱིར་ཆོས་བསྟན་ཏོ་ཞེས་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་འཇུག་གོ། །གཞོན་ནུ་གཞན་ ཡང་བྱང་ཆུབ་སེམས་དཔས་དགེ་བའི་བཤེས་གཉེན་དང་བྲལ་བ། སྡིག་པའི་གྲོགས་པོས་འཁོལ་བ་དེ་དག་སྡིག་པའི་གྲོགས་པོས་ནོན་པས་མི་དགེ་བའི་ལས་ལ་ཆགས་པ་འདི་ལྟ་སྟེ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་སྨྲ་བ་དང་། ཕྲ་མ་དང་། ངག་རྩུབ་པོ་དང་། ཚིག་ཀྱལ་བ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བའི་སེམས་ཅན་ མཐོང་ན་འདི་ལྟར་དགེ་བའི་བཤེས་གཉེན་བསྡུ་བ་དང་། མི་དགེ་བའི་ལས་ལས་བཟློག་པ་དང་། དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བཟུང་སྟེ། སྤྱོད་པར་བྱ་བའི་ཕྱིར་ཆོས་བསྟན་ཏོ་ཞེས་སེམས་ཅན་རྣམས་ལ་ 80-1-69a བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་འཇུག་གོ། །གཞོན་ནུ་གཞན་ཡང་བྱང་ཆུབ་སེམས་དཔས་གཏི་མུག་གིས་བསྒྲིབས་པ། མ་རིག་པའི་མུན་པ་མུན་ནག་གི་ལིང་ཏོག་གིས་ཀུན་ཏུ་བསྒྲིབས་པ། བདག་དང་། སེམས་ཅན་དང་། སྲོག་དང་། སྐྱེ་བ་པོ་དང་། ཤེད་ལས་སྐྱེས་པ་དང་། ཤེད་བུ་དང་། སྐྱེས་བུ་དང་། གང་ཟག་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། ངར་འཛིན་པ། ང་ཡིར་འཛིན་ པ་ལ་མངོན་པར་ཆགས་པའི་སེམས་ཅན་མཐོང་ན་དེ་དག་འཕགས་པའི་ཤེས་རབ་ཀྱི་མིག་རྣམ་པར་སྦྱངས་ཞིང་ལྟ་བར་གྱུར་པ་ཐམས་ཅད་སྤང་བའི་ཕྱིར་ཆོས་བསྟན་ཏོ་ཞེས་སེམས་ཅན་རྣམས་ལ་བྱང་ཆུབ་ སེམས་དཔའི་སྙིང་རྗེ་ཆེན་པོ་འཇུག་གོ། །གཞོན་ནུ་གཞན་ཡང་བྱང་ཆུབ་སེམས་དཔས་འཁོར་བ་ལ་མངོན་པར་དགའ་བའི་སེམས་ཅན་མཐོང་ན་དེ་དག་ཕུང་པོ་ལྔའི་གཤེད་མ་ལས་རབ་ཏུ་ ཐར་པར་བྱ་བ་དང་། འཁོར་བའི་འབྲོག་དགོན་པ་ལས་རབ་ཏུ་བཟླ་བ་དང་། ཁམས་གསུམ་ཐམས་ཅད་ལས་གདོན་པའི་ཕྱིར་ཆོས་བསྟན་ཏོ་ཞེས་སེམས་ཅན་རྣམས་ལ་ བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་འཇུག་གོ། །གཞོན་ནུ་གཞན་ཡང་བྱང་ཆུབ་སེམས་དཔས་སེམས་ཅན་འཁྲུགས་པར་གྱུར་པ། རྩྭ་མུན་ཛ་དང་། བལ་བ་ཛ་ ལྟ་བུ་མི་དྲང་བ་དྲང་བ་ལྟར་འཆོས་པ། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ། འཇིག་རྟེན་ཕ་རོལ་ནས་འཇིག་རྟེན་འདིར་ཀུན་དུ་རྒྱུག་ཅིང་འཁོར་བ། འགྲོ་བ་ལྔར་ འགྲོ་བ་ལ་ཕྱོགས་པ། མྱ་ངན་ལས་འདས་པར་འགྲོ་བ་ལ་ཕྱིར་བལྟས་པ་མཐོང་ན་དེ་དག་གི་མྱ་ངན་ལས་འདའ་བའི་སྒོ་དབྱེ་བའི་ཕྱིར་ཆོས་བསྟན་ཏོ་ཞེས་སེམས་ཅན་རྣམས་ལ་ 80-1-69b བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་འཇུག་གོ། །གཞོན་ནུ་དེ་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་གྱི་ཁམས་མཐོང་ན་རྣམ་པ་བཅུ་པོ་འདི་དག་གིས་སྙིང་རྗེ་ཆེན་པོ་འཇུག་གོ། ། བསམ་པ་ལས་བྱུང་བའི་ཕྱིར་དེའི་སྙིང་རྗེ་ཆེན་པོ་དེ་ཡང་གཡོ་བ་མེད་པར་འཇུག་གོ། །ལྷག་པའི་བསམ་པ་ལས་ཤིན་དུ་བྱུང་བའི་ཕྱིར་དེའི་སྙིང་རྗེ་ཆེན་པོ་དེ་ཡང་མཉམ་པར་འཇུག་ གོ། །ལམ་ལས་བྱུང་བའི་ཕྱིར་དེའི་སྙིང་རྗེ་ཆེན་པོ་དེ་ཡང་དྲང་པོ་བཅོས་མ་མ་ཡིན་པར་འཇུག་གོ། །སེམས་གྱ་གྱུ་མེད་པའི་སེམས་ལས་ཤིན་དུ་གནས་པ་ལས་བྱུང་ བའི་ཕྱིར་དེའི་སྙིང་རྗེ་ཆེན་པོ་དེ་ཡང་གྱ་གྱུ་མེད་པར་འཇུག་གོ། །འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་འདུད་པ་དང་། ཕྱག་འཚལ་བ་ལས་ཤིན་དུ་བྱུང་བའི་ཕྱིར་ དེའི་སྙིང་རྗེ་ཆེན་པོ་དེ་ཡང་བདག་གི་བདེ་བ་གཏོང་བར་འཇུག་གོ། །འདི་ལྟ་སྟེ། བདག་གི་སེམས་ཡོངས་སུ་དག་པ་ལས་བྱུང་བའི་ཕྱིར་དེའི་སྙིང་རྗེ་ཆེན་པོ་དེ་ཡང་ ཕ་རོལ་རྗེས་སུ་སྲུང་བར་འཇུག་གོ། །འདི་ལྟ་སྟེ། གཡོ་ཞིང་འགུལ་བའི་སེམས་དང་བྲལ་བ་རབ་ཏུ་གནས་པའི་སེམས་ལས་བྱུང་བའི་ཕྱིར་དེའི་སྙིང་རྗེ་ ཆེན་པོ་དེ་ཡང་ཤེས་རབ་བརྟན་པར་འཇུག་གོ། །འདི་ལྟ་སྟེ། ཕ་རོལ་ལ་བདེ་བ་སྦྱིན་པ་ལས་རབ་ཏུ་བྱུང་བའི་ཕྱིར་དེའི་སྙིང་རྗེ་ཆེན་པོ་དེ་ཡང་བདག་གི་བདེ་བ་གཏོང་ བར་འཇུག་གོ། །བརྩོན་འགྲུས་བརྟན་པ་ལས་བྱུང་བའི་ཕྱིར་དེའི་སྙིང་རྗེ་ཆེན་པོ་དེ་ཡང་སེམས་ཅན་ཐམས་ཅད་ཀྱི་ཁུར་ཁྱེར་བར་འཇུག་གོ། །གཞོན་ནུ་ 80-1-70a འདི་ལྟར་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་ནི་རྣམ་པ་འདི་དག་དང་གཞན་ཡང་རྣམ་པ་བཅུས་འཇུག་གོ། །གཞོན་ནུ་འདི་ལྟར་གང་ལ་ལ་ཐེག་པ་ཆེན་པོས་ ངེས་པར་འབྱུང་བར་འགྱུར་བ་དེ་དག་ཐམས་ཅད་ཀྱང་སྙིང་རྗེ་ཆེན་པོས་འབྱུང་སྟེ། དེའི་ཕྱིར་སྙིང་རྗེ་ཆེན་པོ་ཞེས་བྱའོ། །སྦྱིན་པ་བྱེད་པ་དང་། ཚུལ་ཁྲིམས་བྱེད་པ་དང་། བཟོད་པ་བྱེད་པ་དང་། བརྩོན་འགྲུས་བྱེད་པ་དང་། བསམ་གཏན་བྱེད་པ་དང་། ཤེས་རབ་བྱེད་པ་ནི་སྙིང་རྗེ་ཆེན་པོ་ཞེས་བྱ་སྟེ། དེའི་ཕྱིར་སྙིང་རྗེ་ཆེན་པོ་ ཞེས་བྱའོ། །དྲན་པ་ཉེ་བར་གཞག་པ་བྱེད་པ་དང་། ཡང་དག་པར་སྤོང་བར་བྱེད་པས་སྙིང་རྗེ་ཆེན་པོའོ། །དབང་པོ་དང་། སྟོབས་དང་། །བྱང་ཆུབ་ཀྱི་ཡན་ ལག་དང་། ལམ་དང་། མཆོག་ཏུ་དགའ་བའི་རྩ་བའི་ལས་དང་། མཐར་གྱིས་སྙོམས་པར་འཇུག་པ་དང་། དགེ་བ་བཅུའི་ལས་ཀྱི་ལམ་དང་། ཚིག་དེ་དག་ ཐམས་ཅད་ཀྱང་རྒྱས་པར་བྱའོ། །སྙིང་རྗེ་ཆེན་པོ་ནི་རང་བྱུང་གི་ཡེ་ཤེས་སྒྲུབ་པར་བྱེད་པས་ན་དེའི་ཕྱིར་སྙིང་རྗེ་ཆེན་པོ་ཞེས་བྱའོ། །རང་གི་བྱ་བ་དང་། ལེགས་པར་བྱེད་པའི་བྱ་བ་དང་། མི་ འགྱུར་བའི་བྱ་བ་དང་། སེམས་ཅན་ཐམས་ཅད་ལ་བྱ་བ་ཅི་ཡོད་སྙམ་པ་སྟེ། དེའི་སྙིང་རྗེ་ཆེན་པོ་དེ་ཡང་སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་རྫོགས་པར་བྱེད་པས་ འདི་ནི་བྱང་ཆུབ་སེམས་དཔའ་ཆེན་པོའི་སྙིང་རྗེ་ཆེན་པོ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་དེ་དང་ལྡན་པས་སེམས་ཅན་འདི་འདྲ་བའི་གནས་ 80-1-70b ཐོབ་པ་མཐོང་ན་དེ་དག་ལ་སྙིང་བརྩེ་བ་དང་སྙིང་རྗེའི་སེམས་བསྐྱེད་དོ། །དེ་ལ་བྱང་ཆུབ་སེམས་དཔའི་དགའ་བ་གང་ཞེ་ན། གང་དགེ་བའི་ཆོས་རྣམས་དྲན་པ་དང་། རྗེས་སུ་དྲན་པ་དང་། དགའ་བ་དང་། དད་པ་དང་། རབ་ཏུ་དགའ་བ་དང་། དགེ་བའི་ཆོས་ལ་མི་ཞུམ་པ་དང་། མི་འགོད་པ་དང་། ཡོངས་སུ་མི་སྐྱོ་བ་དང་། མི་དགའ་བ་ཐམས་ཅད་སྤོང་བ་དང་། ཆོས་ ཐམས་ཅད་ལ་དགའ་བར་གནས་པ་དང་། སེམས་རབ་ཏུ་དགའ་བ་དང་། ལུས་རབ་ཏུ་སིམ་པ་དང་། བློ་རབ་ཏུ་དགའ་བ་དང་། ཡིད་རབ་ཏུ་མགུ་བ་དང་། དེ་བཞིན་གཤེགས་པའི་ སྐུ་ལ་མངོན་པར་དགའ་ཞིང་མོས་པ་དང་། མཚན་དང་། དཔེ་བྱད་བཟང་པོའི་རྒྱན་ཀུན་དུ་ཚོལ་བ་ལ་དགའ་བ་དང་། ཆོས་ཉན་པས་ཡོངས་སུ་མི་སྐྱོ་ཞིང་དགའ་བ་དང་། ཆོས་ཀྱི་ཕྱིར་འབྲང་ བའི་ནན་ཏན་ལ་རབ་ཏུ་དགའ་བ་དང་། རབ་ཏུ་དགའ་བའི་ཆོས་ལ་མགུ་བ་དང་། སེམས་ཅན་རྣམས་ལ་ཁོང་ཁྲོ་བ་མེད་པ་དང་། བྱང་ཆུབ་ལ་དགའ་བ་དང་། ཆོས་རྒྱ་ཆེན་ པོ་ལ་མོས་པ་དང་། ཉི་ཚེ་བའི་ཐེག་པ་སེལ་བར་སེམས་བསྐྱེད་པ་དང་། སེར་སྣ་ཚར་གཅོད་པ་དང་། སློང་བ་ལ་དགའ་བ་དང་། གཏོང་བ་ལ་རབ་ཏུ་དགའ་བ་དང་། ཚུལ་ཁྲིམས་འཆལ་བ་དག་སྡུད་ཅིང་བྱམས་པ་དང་། ཚུལ་ཁྲིམས་དང་ལྡན་པ་ལ་རྟག་ཏུ་དད་པ་དང་། བདག་གི་ཚུལ་ཁྲིམས་ཡོངས་སུ་དག་པས་ངན་འགྲོ་དང་། འཇིགས་པ་ཐམས་ཅད་ལས་རབ་ཏུ་འདའ་བར་དབུགས་འབྱིན་པ་ལ་རབ་ཏུ་དགའ་བ་དང་། ཕ་རོལ་ངན་དུ་ཟེར་བ་དང་། ངན་པར་བརྗོད་པའི་ཚིག་གི་ལམ་བཟོད་ཅིང་རབ་ཏུ་དགའ་བ་དང་། 80-1-71a ལག་པ་དང་། རྐང་པ་དང་། མིག་དང་མགོ་བཅད་ཀྱང་བཟོད་པར་ནུས་ཏེ། སེམས་མི་ཉམས་ཤིང་རབ་ཏུ་དགའ་བ་དང་། རྒན་རབས་ལ་འདུད་ཅིང་ཞེ་ས་བྱེད་པ་ལ་དགའ་བ་དང་། རྟག་ཏུ་བཞིན་ འཛུམ་པ་ལ་དགའ་བ་དང་། ཁྲོ་གཉེར་མེད་ཅིང་གསོང་པོར་སྨྲ་བ་ལ་དགའ་བ་དང་། ཚུལ་འཆོས་པ་དང་། ཁ་གསག་དང་། གཞོག་སློངས་མེད་པ་ལ་རབ་ཏུ་དགའ་བ་དང་། སྙིང་པོ་དང་ལྡན་པའི་ཆོས་ ལ་འཇུག་པར་རབ་ཏུ་དགའ་བ་དང་། བྱང་ཆུབ་སེམས་དཔའ་ལ་སྟོན་པ་བཞིན་དུ་ཕངས་པ་དང་། ཆོས་ལ་བདག་བཞིན་དུ་ཕངས་པ་དང་། དེ་བཞིན་གཤེགས་པ་ལ་སྲོག་བཞིན་དུ་ཕངས་པ་དང་ བླ་མ་ལ་ཕ་མ་བཞི་དུ་ཕངས་པ་དང་། སེམས་ཅན་ཐམས་ཅད་ལ་བུ་བཞིན་དུ་ཕངས་པ་དང་། སློབ་དཔོན་ལ་མིག་བཞིན་དུ་ཕངས་པ་དང་། ནན་ཏན་ལ་ཡན་ལག་གི་དམ་པ་མགོ་བཞིན་དུ་ ཕངས་པ་དང་། ཕ་རོལ་དུ་ཕྱིན་པ་ལ་ལག་པ་དང་། རྐང་པ་བཞིན་དུ་ཕངས་པ་དང་། ཆོས་སྨྲ་བ་ལ་རིན་པོ་ཆེ་ཐམས་ཅད་བཞིན་དུ་ཕངས་པ་དང་། ཆོས་ཡོངས་སུ་ཚོལ་བ་ལ་ སྨན་བཞིན་དུ་ཕངས་པ་དང་། སྐུལ་ཞིང་དྲན་པར་བྱེད་པ་ལ་སྨན་པ་བཞིན་དུ་ཕངས་པར་སེམས་པའོ། གཞོན་ནུ་འདི་ནི་དགའ་བ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་དགའ་བ་དེ་ལ་རབ་ཏུ་གནས་ནས་རྟག་ཏུ་ཆོས་ཚོལ་བ་ལ་དགའ་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ལ་མི་སྐྱོ་འོ། དེ་ལ་བྱང་ཆུབ་ སེམས་དཔའ་རྣམས་ཀྱི་བཏང་སྙོམས་གང་ཞེ་ན། བཏང་སྙོམས་རྣམ་པ་གསུམ་སྟེ། རྣམ་པ་གསུམ་གང་ཞེ་ན། འདི་ལྟ་སྟེ། ཉོན་མོངས་པ་ལ་བཏང་སྙོམས་པ་དང་། 80-1-71b བདག་དང་གཞན་རྗེས་སུ་བསྲུང་བའི་བཏང་སྙོམས་པ་དང་། དུས་དང་དུས་མ་ཡིན་པར་བཏང་སྙོམས་པའོ། །དེ་ལ་ཉོན་མོངས་པའི་བཏང་སྙོམས་པ་གང་ཞེ་ན། གང་ བཀུར་སྟི་བྱས་ཀྱང་མཐོར་མི་སེམས་པ་དང་། བཀུར་སྟི་མ་བྱས་ཀྱང་དམའ་བར་མི་སེམས་པ་དང་། རྙེད་པས་སྙེམས་པ་མེད་པ་དང་། མ་རྙེད་པས་ཡི་མི་འཆད་པ་དང་། ཚུལ་ཁྲིམས་དང་ལྡན་པ་དང་། ཚུལ་ཁྲིམས་འཆལ་པ་ལ་བློ་མཉམ་པ་དང་། གྲགས་པ་ལ་དགའ་བ་མེད་པ་དང་། མ་གྲགས་པ་ལ་ཞུམ་པ་མེད་པ་དང་། སྨད་པ་ལ་ཡིད་མི་གསོད་པ་དང་། བསྟོད་པ་ལ་ ཆོས་ཉིད་དུ་ཤིན་ཏུ་གནས་པ་དང་། སྡུག་བསྔལ་སོ་སོར་རྟོག་པའི་སྟོབས་དང་། བདེ་བ་ལ་མི་རྟག་པར་རྟོག་པའི་སྟོབས་དང་། རྗེས་སུ་ཆགས་པ་འདོར་བ་དང་། ཁོང་ ཁྲོ་བ་སྤོང་བ་དང་། མཛའ་བ་དང་མི་མཛའ་བ་ལ་སེམས་མཉམ་པ་དང་། ལེགས་པར་བྱས་པ་དང་། ཉེས་པར་བྱས་པ་ལ་གཉིས་སུ་མི་འབྱེད་པ་དང་། སྡུག་པ་དང་མི་སྡུག་པ་ ལ་མི་ལྟ་བ་དང་། བསྙེན་བཀུར་བྱེད་པ་དང་། བསྙེན་བཀུར་མི་བྱེད་པ་ལ་དགའ་བ་བྱ་བ་མེད་པ་དང་། སྙན་པར་སྨྲ་བ་དང་། མི་སྙན་པར་སྨྲ་བ་ལ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་མེད་པ་དང་། ཀུན་མྱང་བའི་ཉེས་པ་ལ་མཚུངས་པར་ཡོངས་སུ་འཇལ་བ་དང་། བདག་དང་སེམས་ཅན་གཞན་ལ་བསམ་པ་མཉམ་པ་དང་། ལུས་དང་སྲོག་ལ་མི་ལྟ་ བ་དང་། སེམས་ཅན་རབ་འབྲིང་ཐ་མ་ལ་འོད་ཟེར་མཉམ་པ་དང་། བསྔགས་པ་དང་མ་བསྔགས་པ་ལ་ཆོས་ཉིད་མཉམ་པ་དང་། བདེན་པ་དང་། མི་བདེན་པ་ལ་བདག་གི་བདེན་ 80-1-72a པ་ཡོངས་སུ་དག་པ་སྟེ། གཞོན་ནུ་འདི་ལྟར་གང་བདག་ལ་གནོད་པར་བྱེད་པ་དེ་ལ་བྱང་ཆུབ་སེམས་དཔའ་བཏང་སྙོམས་པ་ཡིན་ནོ། །དེ་ལ་བདག་དང་གཞན་རྗེས་སུ་ སྲུང་བའི་བཏང་སྙོམས་གང་ཞེ་ན། གང་ཡན་ལག་དང་ཉིང་ལག་གི་ཤ་བཅད་ཀྱང་བཏང་སྙོམས་པ་ཡིན་ནོ། །ཡན་ལག་དང་ཉིང་ལག་གི་ཤ་བཅད་ཀྱང་། འདོད་པ་ མེད་ཅིང་ཚོལ་བ་མེད་དེ་བཏང་སྙོམས་པ་ཡིན་ནོ། །ལུས་ཀྱང་མི་འགྱུར། ངག་ཀྱང་མི་འགྱུར་ཏེ། གཉིས་ག་བཟོད་པས་དེའི་ཕྱིར་བཏང་སྙོམས་ཤེས་བྱའོ། །མིག་གི་ རྣམ་པས་མ་ཡིན། གཟུགས་ཀྱི་རྣམ་པས་མ་ཡིན་ཏེ། གཉིས་གས་ཀྱང་རྨ་མི་ཕྱིན་པ་ནས། ཡིད་ཀྱི་རྣམ་པ་དང་། ཆོས་ཀྱི་རྣམ་པའི་བར་གྱིས་རྨ་མི་ཕྱིན་པས་དེའི་ཕྱིར་ བཏང་སྙོམས་ཤེས་བྱའོ། །རྨ་མི་ཕྱིན་ཅིང་སྣང་བ་མེད་པས་དེའི་ཕྱིར་བཏང་སྙོམས་ཤེས་བྱའོ། །རྨ་ཕྱུང་བ་ལ་རྨ་མི་འབྱིན་པས་དེའི་འབྱིན་པས་དེའི་ཕྱིར་བཏང་སྙོམས་ཤེས་བྱའོ། ། བདག་དང་ཕ་རོལ་གཉིས་ག་ལས་བཟོད་པས་དེའི་ཕྱིར་བཏང་སྙོམས་ཤེས་བྱའོ། །ཕན་པར་བྱེད་པ་དང་། ཕན་པར་མི་བྱེད་པ་ལ་མཉམ་པར་སྦྱོར་བས་དེའི་ཕྱིར་བཏང་སྙོམས་ ཤེས་བྱའོ། །བཏང་སྙོམས་ནི་རྩོད་པ་མེད་པ་ལྷུར་བྱེད་པའོ། །བཏང་སྙོམས་ནི་རང་གི་སེམས་ངེས་པར་རྟོག་པའོ། །བཏང་སྙོམས་ནི་བདག་ལ་སོ་སོར་རྟོག་པའོ། ། བཏང་སྙོམས་ནི་གཞན་ལ་གནོད་པ་མེད་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཏང་སྙོམས་ནི་མཉམ་པར་བཞག་པའི་དངོས་པོ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ 80-1-72b བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བཏང་སྙོམས་པ་གནང་བར་མི་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔས་རྟག་ཏུ་འབད་པར་བྱའོ། །རྟག་པར་རྒྱུན་མི་ འཆད་པར་དགེ་བ་ཡོངས་སུ་བཙལ་བ་ལ་བརྩོན་པར་བྱ་སྟེ། དུས་དུས་སུ་བཏང་སྙོམས་བསྒོམ་པར་བྱའོ། །དེ་ལ་དུས་དུས་སུ་བཏང་སྙོམས་བསྒོམ་པ་གང་ཞེ་ན། འདི་ལྟ་སྟེ། སྣོད་མ་ཡིན་པའི་སེམས་ཅན་ལ་བཏང་སྙོམས་པ་དང་། བསྙེན་བཀུར་མི་བྱེད་པ་ལ་བཏང་སྙོམས་པ་དང་། མ་རྙེད་པ་དང་། སྨད་པ་དང་། མ་གྲགས་པ་དང་། སྡུག་བསྔལ་བ་ལ་ བཏང་སྙོམས་པ་དང་། ཉན་ཐོས་ཀྱི་ཐེག་པར་ངེས་པར་འགྱུར་བ་ལ་ཞུགས་པ་རྣམས་ལ་བཏང་སྙོམས་དང་། སྦྱིན་པའི་དུས་ན་ཚུལ་ཁྲིམས་ཉེ་བར་བཏང་སྙོམས་པ་དང་། ཚུལ་ ཁྲིམས་ཀྱི་དུས་ན་སྦྱིན་པ་ཉེ་བར་སྒྲུབ་པ་བཏང་སྙོམས་པ་དང་། བཟོད་པའི་དུས་ན་སྦྱིན་པ་དང་། ཚུལ་ཁྲིམས་དང་། བརྩོན་འགྲུས་ཉེ་བར་སྒྲུབ་པ་བཏང་སྙོམས་པ་དང་། བརྩོན་འགྲུས་ཀྱི་ དུས་ན་ཚུལ་ཁྲིམས་ཀྱི་རྗེས་སུ་འཇུག་པ་བཏང་སྙོམས་པ་དང་། བསམ་གཏན་གྱི་དུས་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉེ་བར་སྒྲུབ་པ་བཏང་སྙོམས་པ་དང་། ཤེས་རབ་ཀྱི་དུས་ན་ཕ་རོལ་ཏུ་ཕྱིན་པ་ལྔ་ལ་ དམིགས་པ་ཉེ་བར་སྒྲུབ་པ་བཏང་སྙོམས་པ་སྟེ། འདི་ནི་དུས་དུས་སུ་བཏང་སྙོམས་པ་ཞེས་བྱའོ། །དེ་ལྟར་གང་མི་བྱ་བའི་ཆོས་མི་བྱེད་པ་འདི་ནི་བཏང་སྙོམས་ཤེས་བྱ་སྟེ། དེ་ལ་ གནས་པའི་བྱང་ཆུབ་སེམས་དཔའ་ནི་མི་དགེ་བའི་ཕྱོགས་ཐམས་ཅད་ལ་བཏང་སྙོམས་སུ་བྱེད་དོ། །གཞོན་ནུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ 80-1-73a ཐམས་ཅད་ལ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཤེས་བྱའོ། །དེ་ལྟར་ཤཱ་རིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཕུང་པོ་ཆེན་པོ་དེས་བཞོན་ནུ་བརྩོན་ འགྲུས་སྤྱོད་ལ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། །བཏང་སྙོམས་མདོར་བསྟན་པ་དང་བཅས། །རྒྱས་པར་བསྟན་པ་དང་བཅས་ཏེ། རྒྱ་ཚར་ཡང་དག་པར་བསྟན་ཏོ། ། གཞོན་ནུ་བརྩོན་འགྲུས་སྤྱོད་དེས་དེ་ཐོས་ནས་ཕ་རོལ་དུ་ཕྱིན་པ་ལ་བརྩོན་འགྲུས་བརྩམས་པར་གྱུར་ཏོ། །བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱི་ལེའུ་སྟེ། ལྔ་པའོ།། །། དེ་ལ་ཤཱ་རིའི་བུ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བརྩོན་པ་གང་ཞེ་ན། །ཤཱ་རིའི་བུ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཉིད་ཡིན་ཏེ། །གང་ ཕ་རོལ་དུ་ཕྱིན་པ་དྲུག་པོ་འདི་དག་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ། །དྲུག་གང་ཞེ་ན། །འདི་ལྟ་སྟེ། །སྦྱིན་པའི་ཕ་རོལ་དུ་ ཕྱིན་པ་དང་། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། །བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། །བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། །བསམ་གཏན་ གྱི་ཕ་རོལ་དུ་ཕྱིན་པ་དང་། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟེ། །དེ་དག་ནི་ཕ་རོལ་དུ་ཕྱིན་པ་དྲུག་རྣམས་སོ། །དེ་ལ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་གང་ཞེ་ན། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ནི་དགེ་སྦྱོང་དང་། །བྲམ་ཟེ་དང་། ཕོངས་པ་རྣམས་ཀྱི་སྦྱིན་བདག་ཡིན་ཏེ། འདི་ལྟ་སྟེ། །ཟས་ཀྱིས་ཕོངས་པ་ལ་ཟས། །སྐོམ་གྱིས་ཕོངས་པ་ལ་སྐོམ་ 80-1-73b བཞོན་པ་དང་། །གོས་དང་། །སྤོས་དང་། ཕྲེང་བ་དང་། །བྱུག་པ་དང་། །གནས་དང་། །ཡོ་བྱད་དང་། །ན་བའི་གསོས་སྨན་དང་། །མར་མེ་དང་། །སིལ་སྙན་དང་། བྲན་ཕོ་ དང་། །བྲན་མོ་དང་། གསེར་དང་། ནོར་བུ་དང་། །མུ་ཏིག་དང་། །བཻ་དཱུརྱ་དང་། །དུང་དང་། །མན་ཤེལ་དང་། བྱི་རུ་དང་། །རིན་པོ་ཆེ་ཐམས་ཅད་དང་། །རྟ་དང་། གླང་པོ་ཆེ་དང་། །ཤིང་རྟ་དང་། །བསྐྱེད་མོས་ཚལ་དང་། །དཀའ་ཐུབ་ཀྱི་ནགས་ཚལ་དང་། བུ་དང་། བུ་མོ་དང་། །ཆུང་མ་དང་། །ནོར་དང་། །འབྲུ་དང་། མཛོད་དང་། །བང་བ་ དང་། །གླིང་བཞིའི་རྒྱལ་པོའི་ལོངས་སྤྱོད་ཀྱི་བདེ་བ་ཐམས་ཅད་དང་། །རྩེ་བ་དང་། །དགའ་བ་ཐམས་ཅད་དང་། །ལག་པ་དང་། །རྐང་པ་དང་། རྣ་བ་དང་། སྣ་དང་། མིག་དང་། མགོ་དང་། །ཤ་དང་། ཁྲག་དང་། །རྐང་དང་། །རུས་པ་དང་། །འཇིག་རྟེན་གྱི་ཡོ་བྱད་གང་ཡང་སློང་བ་ལ་ཡོངས་སུ་མི་གཏོང་བ་མེད་དོ། །སྦྱིན་པ་དེ་རྣམ་པ་བཅུས་ཡོངས་སུ་དག་ པར་སྦྱིན་པར་བྱེད་དེ། །བཅུ་གང་ཞེ་ན། །བྱང་ཆུབ་སེམས་དཔའ་རྣམས་ལ་མི་མཐུན་པའི་ལོངས་སྤྱོད་ཡོངས་སུ་ཚོལ་ཞིང་སྦྱིན་པ་མེད། །བྱང་ཆུབ་སེམས་དཔའ་ རྣམས་ལ་སེམས་ཅན་ལ་གནོད་པའི་སྦྱིན་པ་མེད། །བྱང་ཆུབ་སེམས་དཔའ་རྣམས་ལ་འཇིགས་ཤིང་སྐྲག་ནས་སྦྱིན་པ་མེད། །བྱང་ཆུབ་སེམས་དཔའ་རྣམས་ལ་ ཡོངས་སུ་མ་བཏང་བ་ལ་འགྲོན་དུ་གཉེར་བའི་སྦྱིན་པ་མེད། །བྱང་ཆུབ་སེམས་དཔའ་རྣམས་ལ་གདོང་དུ་ལྟ་ཞིང་སྦྱིན་པ་མེད། །བྱང་ཆུབ་སེམས་དཔའ་རྣམས་ལ་སེམས་ཅན་ 80-1-74a ལ་ཐ་དད་པར་སྦྱིན་པ་མེད། །བྱང་ཆུབ་སེམས་དཔའ་རྣམས་ལ་མཛའ་བས་སྦྱིན་པ་མེད། །བྱང་ཆུབ་སེམས་དཔའ་རྣམས་ལ་སྡང་བས་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་ཞིང་ ཚོལ་ཞིང་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་སེམས་ཅན་ཐམས་ཅད་ལ་སྦྱིན་གནས་མ་ཡིན་ཞེས་བརྙས་ཤིང་སྦྱིན་པ་མེད་དེ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སྦྱིན་པ་དེ་རྣམ་པ་དེ་བཅུས་ ཡོངས་སུ་དག་པར་སྦྱིན་པར་བྱེད་དོ། །གཞན་ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སྦྱིན་པ་དེ་གཞན་རྣམ་པ་བཅུས་ཡོངས་སུ་དག་པར་སྦྱིན་པ་བྱེད་དེ། བཅུ་གང་ཞེ་ན། ། བྱང་ཆུབ་སེམས་དཔའ་རྣམས་ལ་ལས་ཀྱི་རྣམ་པར་སྨིན་པ་འདོད་ཅིང་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་བསམ་པ་ལོག་པར་སྦྱིན་པ་མེད། བྱང་ཆུབ་ སེམས་དཔའ་རྣམས་ལ་ཡོངས་སུ་སྐྱོ་བའི་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་ཉེ་བར་བསྟན་ནས་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་ རྗེས་སུ་མི་དགའ་བའི་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་འགྱོད་པའི་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་ཚུལ་ཁྲིམས་དང་ལྡན་ པ་ལ་བཀུར་སྟི་སྦྱིན་པ་མེད། ཚུལ་ཁྲིམས་འཆལ་བ་ལ་བརྙས་ཏེ་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་རྣམ་པར་སྨིན་པ་རེ་བའི་སྦྱིན་པ་མེད་དེ། ཤཱ་རིའི་བུ་ བྱང་ཆུབ་སེམས་དཔའ་སྦྱིན་པ་དེ་བཅུས་ཡོངས་སུ་དག་པར་སྦྱིན་པར་བྱེད་དོ། །གཞན་ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སྦྱིན་པ་དེ་གཞན་རྣམ་པ་བཅུས་ 80-1-74b ཡོངས་སུ་དག་པར་སྦྱིན་པ་བྱེད་དེ། བཅུ་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ལ་སྨད་ནས་སྦྱིན་པ་མེད། །བྱང་ཆུབ་སེམས་དཔའ་རྣམས་ལ་གཞན་དུ་ཕྱོགས་ནས་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་ཉོན་མོངས་ཤིང་སྦྱིན་པ་མེད། ཁྲོ་བ་དང་། ཕྲག་དོག་དང་། གནོད་སེམས་སྟོན་ཅིང་སྦྱིན་པ་མེད། རི་མོར་མི་བྱེད་པར་སྦྱིན་པ་མེད། རང་ གི་ལག་ནས་མ་ཡིན་པ་མེད། ཅི་ཙམ་དཔགས་པ་ལས་དབྲི་ཞིང་སྦྱིན་པ་མེད། །བྱང་ཆུབ་སེམས་དཔའ་རྣམས་ལ་སྐྱེ་བ་འདོད་ཅིང་སྦྱིན་པ་མེད་དེ། ཤཱ་རིའི་བུ་བྱང་ཆུབ་ སེམས་དཔའ་སྦྱིན་པ་དེ་རྣམ་པ་དེ་བཅུས་ཡོངས་སུ་དག་པར་སྦྱིན་པར་བྱེད་དོ། །གཞན་ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སྦྱིན་པ་དེ་གཞན་རྣམ་པ་བཅུས་ཡོངས་སུ་དག་ པར་བྱེད་དེ། བཅུ་གང་ཞེ་ན། །བྱང་ཆུབ་སེམས་དཔའ་རྣམས་ལ་མི་བརྟན་པར་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་ཚོད་འཛིན་ཅིང་སྦྱིན་པ་མེད། ཡོངས་སུ་ ཆད་པར་སྦྱིན་པ་མེད། གཞན་གྱི་དྲིང་འཇོག་སྟེ་སྦྱིན་པ་མེད། ཉུང་ཞེས་ཅུང་ཟད་ཙམ་སྦྱིན་པ་མེད། གཟུགས་དང་། ལོངས་སྤྱོད་དང་། དབང་ཕྱུག་ལ་མངོན་པར་དགའ་བའི་སྦྱིན་པ་ མེད། བྱང་ཆུབ་སེམས་དཔའ་རྣམས་ལ་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། ལྷར་སྐྱེ་བ་ཐམས་ཅད་འདོད་པའི་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་ ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་བསྔོ་ཞིང་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་མཁས་པས་སྨད་པའི་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་ཐམས་ཅད་མཁྱེན་པར་མ་སྔོས་ 80-1-75a པའི་སྦྱིན་པ་མེད་དེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སྦྱིན་པ་དེ་རྣམ་པ་དེ་བཅུས་ཡོངས་སུ་དག་པར་སྦྱིན་པ་བྱེད་དོ། །གཞན་ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སྦྱིན་ པ་དེ་གཞན་རྣམ་པ་བཅུས་ཡོངས་སུ་དག་པར་སྦྱིན་པར་བྱེད་དེ། བཅུ་གང་ཞེ་ན། ཇི་ཙམ་འདུས་བྱས་ལས་ངེས་པར་འབྱུང་བ་དང་། འདུས་མ་བྱས་ཐོབ་པར་བྱ་བའི་ཕྱིར་དེ་ལྟར་ སྦྱིན་པ་བྱིན་ན། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕན་ཡོན་བཅུ་འཐོབ་པར་འགྱུར་རོ། །བཅུ་གང་ཞེ་ན། བཟའ་བ་བྱིན་པས་ཚེ་དང་། སྤོབས་པ་དང་། བདེ་བ་དང་། སྟོབས་དང་། ཁ་དོག་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །བཏུང་བ་བྱིན་པས་ཉོན་མོངས་པ་དང་། སྲེད་པ་ཐམས་ཅད་བསལ་བ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །གཞོན་ པ་བྱིན་པས་བདེ་བ་ཐམས་ཅད་ཀྱི་དངོས་པོ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །བགོ་བ་བྱིན་པས་ཁྲེལ་ཡོད་པ་དང་། ངོ་ཚ་ཤེས་པ་དང་། གསེར་ལྟར་ཁ་དོག་ཡོངས་སུ་དག་ པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །སྤོས་དང་ཕྲེང་བ་བྱིན་པས་ཚུལ་ཁྲིམས་དང་། ཐོས་པ་དང་། ཏིང་ངེ་འཛིན་གྱི་དྲི་དང་། བྱུག་པ་ཕུན་སུམ་ཚོགས་པ་རབ་ཏུ་ འཐོབ་བོ། །དྲི་རབ་ཏུ་ཞིམ་པའི་སྤོས་དང་། ཕྱེ་མ་དང་། བྱུག་པ་བྱིན་པས་ལུས་ཀྱི་ནན་ཏན་གྱི་དྲི་ཞིམ་པོ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །རོ་བྱིན་པས་རོ་བྲོ་ བའི་ནང་ན་མཆོག་གི་རོ་བྲོ་བའི་སྐྱེས་བུ་ཆེན་པོའི་མཚན་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །གནས་བྱིན་པས་སེམས་ཅན་ཐམས་ཅད་ཀྱི་གནས་དང་། རྟེན་དང་། 80-1-75b གླིང་དང་། སྐྱབས་དང་། དཔུང་གཉེན་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །ནད་པ་ལ་སྨན་བྱིན་པས་མི་རྒ་མི་འཆི་ཤི་བ་མེད་པའི་བདེ་བ་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་ རབ་ཏུ་འཐོབ་བོ། །ཡོ་བྱད་སྣ་ཚོགས་བྱིན་པས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་ཡོ་བྱད་ཡོངས་སུ་རྫོགས་པ་རབ་ཏུ་འཐོབ་བོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ འདོད་པའི་དེ་ལྟར་སྦྱིན་པ་བྱིན་ན་སྦྱིན་པའི་ཕན་ཡོན་བཅུ་པོ་དེ་དག་ཡོངས་སུ་བཟུང་བར་འགྱུར་རོ། །གཞན་ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཕན་ཡོན་གཞན་བཅུ་རབ་ཏུ་ འཐོབ་བོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། མར་མེ་བྱིན་པས་དེ་བཞིན་གཤེགས་པའི་སྤྱན་ལྔ་ཡོངས་སུ་དག་པ་ཕུན་ཚོགས་པ་རབ་ཏུ་འཐོབ་བོ། །སིལ་སྙན་བྱིན་པས་ལྷའི་ རྣ་བ་ཡོངས་སུ་དག་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། རིན་པོ་ཆེ་ ཐམས་ཅད་བྱིན་པས་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །རིན་པོ་ཆེ་ཐ་དད་པ་སྣ་ཚོགས་དང་། མེ་ཏོག་སྣ་ ཚོགས་བྱིན་པས་དཔེ་བྱད་བཟང་པོ་བརྒྱད་བཅུ་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །རྟ་དང་། གླང་པོ་ཆེ་དང་། ཤིང་རྟ་བྱིན་པས་རྒྱས་པ་དང་། ཡངས་པ་དང་། ཆེ་བ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །བསྐྱེད་མོས་ཚལ་དང་། དཀའ་ཐུབ་ཀྱི་ནགས་ཚལ་བྱིན་པས་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་ 80-1-76a པར་འཇུག་པ་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །ནོར་དང་། འབྲུ་དང་། མཛོད་དང་། བང་བ་བྱིན་པས་ཆོས་རིན་པོ་ཆེ་ཐམས་ཅད་ཀྱི་མཛོད་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་ རབ་ཏུ་འཐོབ་བོ། །བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པའི་མི་བྱིན་པས་རང་ཉམ་དང་། རང་དབང་དང་། །རང་བྱུང་གི་ཡེ་ཤེས་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །བུ་ཕོ་དང་། བུ་མོ་བྱིན་པ་ས་མཛའ་བ་དང་། སྡུག་པ་དང་། འདོད་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །གླིང་བཞིའི་རྒྱལ་པོའི་ལོངས་སྤྱོད་ཐམས་ཅད་བྱིན་པས་བྱང་ཆུབ་སེམས་དཔའ་ རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །ཤཱ་རིའི་བུ་ཕན་ཡོན་བཅུ་པོ་དེ་དག་ཡོངས་སུ་བཟུང་བར་འགྱུར་རོ། ཤཱ་རིའི་བུ་བྱང་ཆུབ་སེམས་ དཔའ་བྱང་ཆུབ་འདོད་པས་དེ་ལྟར་སྦྱིན་པ་བྱིན་ན་ཕན་ཡོན་གཞན་ཡང་བཅུ་འཐོབ་བོ། །བཅུ་གང་ཞེ་ན། འདོད་པའི་ཡོན་ཏན་ལྔ་བྱིན་པས་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་ དང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཡོངས་སུ་དག་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །དགའ་བའི་རྩད་མོ་ཐམས་ཅད་ཡོངས་སུ་གཏོང་བའི་སྦྱིན་པས་དམ་པའི་ཆོས་ཀྱི་དགའ་བ་དང་། རྩེ་བ་ ཡོངས་སུ་དག་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །རྐང་པ་བྱིན་པས་ཆོས་ཀྱི་དོན་གྱི་རྐང་པ་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །ལག་པ་བྱིན་པས་སེམས་ཅན་ཐམས་ཅད་ལ་ ཆོས་ཀྱི་ལག་པར་རབ་ཏུ་སྦྱིན་པ་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །རྣ་བ་དང་། སྣ་བྱིན་པས་དབང་པོ་མ་ཚང་བ་མེད་ཅིང་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །ཡན་ལག་དང་ཉིང་ 80-1-76b ལག་བྱིན་པས་ཁ་ན་མ་ཐོ་བ་མེད་ཅིང་མཛེས་པའི་ཡན་ལག་སངས་རྒྱས་ཀྱི་སྐུ་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །མིག་བྱིན་པས་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་མིག་མི་སྒྲིབ་པ་ཡོངས་སུ་དག་པ་ ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །ཤ་དང་ཁྲག་བྱིན་པས་སེམས་ཅན་ཐམས་ཅད་ཀྱི་ལུས་དང་སྲོག་སྙིང་པོ་མེད་པ་ལས་སྙིང་པོ་ལེན་པས་ཉེ་བར་འཚོ་བ་ལ་མཁས་པ་ཕུན་སུམ་ཚོགས་པར་རབ་ཏུ་འཐོབ་བོ། །རྐང་བྱིན་པས་ རྡོ་རྗེ་ལྟར་མི་ཤིགས་པའི་ལུས་འཐོབ་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །ཡན་ལག་གི་དམ་པ་མགོ་བྱིན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་གསུམ་གྱི་མཆོག་བླ་ན་མེད་ཅིང་ལྟག་ན་མེད་ པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོང་དུ་ཆུད་པ་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་སྟེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་འདོད་པས་དེ་ལྟར་སྦྱིན་པ་བྱིན་ན་འདི་ལྟ་བུའི་སངས་རྒྱས་ཀྱི་ཆོས་ ཡོངས་སུ་རྫོགས་པའི་ཕན་ཡོན་དེ་དག་ཡོངས་སུ་བཟུང་བར་འགྱུར་རོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་མཁས་པ་ཟབ་པ་ཤེས་རབ་ཀྱི་སྣང་བ་ནི་འཇིག་རྟེན་གྱི་ཟང་ཟིང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་འདོད། བདུད་རྩི་འདོད། སྙིང་པོ་འདོད། བྱང་ཆུབ་འདོད་དེ། ཡང་ཤཱ་རིའི་བུ་མྱ་ངན་ལས་འདས་པ་འདོད་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་ཏེ། འཇིག་རྟེན་གྱི་ཟང་ཟིང་སྦྱིན་པ་ན་འཇིག་རྟེན་གྱི་བདེ་བ་ཐམས་ཅད་ཡོངས་སུ་མི་གཏོང་བ་གང་ཡང་མེད་དོ། །འདི་ལྟ་སྟེ། ཤཱ་རིའི་བུ་ཁྱིམ་བདག་ཆུན་པ་ཞིང་སྐམ་ས་ལ་གནས་ནས་བ་ལང་དང་། གནམ་སྡོང་མ་ཡིན་པའི་ཞིང་གི་རྨོ་བརྐོ་རྫོགས་པར་བྱས་ཏེ། ས་བོན་བཏབ་ནས་རྣམ་གྲངས་འདིས་གཤོལ་གྱིས་འཚོ་བས་གསེར་དང་། དངུལ་ཡང་འགྲུབ་བོ། །དངོས་པོ་སྣ་ཚོགས་གཞན་ཡང་ 80-1-77a འགྲུབ་བོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འབྲུ་དང་མཚུངས་པའི་ནོར་མེད་དོ། །ཤཱ་རིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་འདི་ལྟར་འཇིག་རྟེན་གྱི་ཟང་ ཟིང་ལ་གནས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་དུས་དང་ཚོད་ཡོད་དོ། །འདི་ལྟ་སྟེ། ཤཱ་རིའི་བུ་བས་ རྩྭ་སྐམ་པོ་དང་། གཤེར་བ་ཟོས་པ་དང་། ཆུ་གྲང་མོ་དང་། དྲོན་མོ་འཐུངས་པ་དེ་ལས་འོ་མ་འགྲུབ་སྟེ། ཞོ་དང་། མར་སར་པ་དང་། མར་གྱི་སྙིང་པོ་ཡང་འགྲུབ་བོ། ། ཤཱ་རིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་ཏེ། འཇིག་རྟེན་གྱི་ཟང་ཟིང་སྦྱིན་པ་ན། དེ་ མི་འདོད་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་ཡོངས་སུ་འགྲུབ་བོ། །བརྒྱ་བྱིན་དང་། ཚངས་པ་ཡང་འགྲུབ་བོ། །གནས་དེ་གསུམ་ཡོངས་སུ་གྲུབ་ནས་བྱང་ཆུབ་སེམས་ དཔའི་ས་བཅུ་ཡོངས་སུ་འགྲུབ་བོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་ཡང་ཡོངས་སུ་འགྲུབ་བོ། །ལས་སྟོང་གིས་གྲུབ་པའི་སངས་རྒྱས་ ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་རྣམས་ཀྱང་ཡོངས་སུ་འགྲུབ་བོ། །ལས་སྟོང་གིས་འགྲུབ་པའི་རྣམ་པ་དྲུག་བཅུ་དང་ལྡན་པའི་དབྱངས་ཕུན་སུམ་ཚོགས་པ་ཡང་ཡོངས་ སུ་འགྲུབ་བོ། །ལས་བརྒྱས་འགྲུབ་པའི་སྐྱེས་བུ་ཆེན་པོའམ་མཚན་གཅིག་ཡོངས་སུ་འགྲུབ་བོ། །ལས་ཉིས་བརྒྱས་འགྲུབ་པའི་གཙུག་ཏོར་སྤྱི་བོར་འགྲུབ་བོ། །རྣམ་ 80-1-77b པ་དང་ཡོན་ཏན་བརྒྱས་ཡོངས་སུ་རྫོགས་པའི་དེ་བཞིན་གཤེགས་པའི་ཆོས་ཀྱི་དུང་ཆེན་པོ་ཡང་འགྲུབ་བོ། །རྣམ་པ་བྱེ་བ་དང་། ཡོན་ཏན་བརྒྱ་ཕྲག་སྟོང་དང་ལྡན་པའི་ཚེགས་ཀྱི་ཕྲེང་ བ་ཐགས་བཟང་བ། ཕྲག་མེད་པ་སྙོམས་ཤིང་དཀར་བ་ཡང་ཡོངས་སུ་འགྲུབ་སྟེ། ད་ལྟར་ཤཱ་རིའི་བུ་དེ་བཞིན་གཤེགས་པ་རྣམས་དེ་བཞིན་གཤེགས་པའི་ལས་གྱི་འབྲས་ བུ་རྣམ་པར་སྨིན་པས་མངོན་པར་འགྲུབ་བོ། །ཡང་ཤཱ་རིའི་བུ་གང་བྱམས་པའི་སེམས་སྐྱེད་ནི་སློང་བ་ལ་སྦྱིན་པ་བྱིན་པ་དེ་ནི་གང་གཱའི་ཀླུང་གི་བྱེ་མ་སྙེད་ཏུ་སེམས་བསྐྱེད་པས་སངས་རྒྱས་ ཀྱི་ཏིང་ངེ་འཛིན་རྒྱུན་མི་འཆད་པ་གཅིག་འགྲུབ་སྟེ། ཏིང་ངེ་འཛིན་ལ་གནས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བ་སྤུའི་ བུ་ག་རེ་རེ་ནས་ཏིང་ངེ་འཛིན་བརྒྱ་གང་གཱའི་རྒྱུན་ལྟར་མངོན་པར་སྤྲུལ་པ་མཛད་དེ། །ཤཱ་རིའི་བུ་དེ་བཞིན་གཤེགས་པ་ནི་རྫུ་འཕྲུལ་གྱི་བྱ་བ་ཐམས་ཅད་ལ་དབང་ཐོབ་པའོ། ། ཤཱ་རིའི་བུ་གང་འདི་ལྟ་བུའི་སངས་རྒྱས་ཀྱི་ཆོས་དེ་དག་ནི་དེ་བཞིན་གཤེགས་པ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་འཇིག་རྟེན་གྱི་ཟང་ཟིང་གི་སྦྱིན་པས་ཡོངས་ སུ་བཟུང་བ་ཡིན་ནོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་མི་འཆི་བ་འདོད་པ་དང་། བྱང་ཆུབ་འདོད་པ་དང་། །མྱ་ངན་ལས་འདས་པ་འདོད་ པ་ནི་འཇིག་རྟེན་གྱི་ཟང་ཟིང་སྦྱིན་པར་བྱེད་དོ། །ཤཱ་རིའི་བུ་རྣམ་གྲངས་དེས་ན་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཟང་ཟིང་ལ་གནས་ནས་བླ་ན་མེད་ 80-1-78a པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་རིག་པར་གྱིས་ཤིག །ཤཱ་རིའི་བུ་སྔོན་བྱུང་བ་འདས་པའི་དུས་ཀྱི་བསྐལ་པ་གྲངས་ མེད་པ་ཤིན་དུ་གྲངས་མེད་པ། ཚད་མེད་པ། བསམ་གྱིས་མི་ཁྱབ་པ་གང་བྱུང་བ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་ཆོས་མོས་ཞེས་བྱ་བ། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་ དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་། །ཡང་ཤཱ་རིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་མོས་ཀྱི་ཚེའི་ཚད་ནི་ ལོ་སྟོང་ཕྲག་བཅུར་གྱུར་ཏོ། །ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་ཆོས་མོས་དེའི་དགེ་སློང་སྟོང་ཕྲག་བརྒྱ་ནི་དགྲ་བཅོམ་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ་ནས། སེམས་ ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་དུ་སོན་པའི་བར་དུ་སྟེ། དགྲ་བཅོམ་པ་ཤ་སྟག་གི་འདུས་པ་ཆེན་པོ་བྱུང་ངོ་། །ཤཱ་རིའི་བུ་དེའི་ཚེ་ཐ་ག་པ་ཞེས་བྱ་བ་ཐགས་འཐག་པ། གཟུགས་བཟང་ བ། མཛེས་པ། བལྟ་ན་སྡུག་པ། མདོག་བཟང་ཞིང་རྒྱས་པའི་མཆོག་དང་ལྡན་པ་ཞིག་བྱུང་སྟེ། དེ་དེ་བཞིན་གཤེགས་པ་ཆོས་མོས་གང་ན་བཞུགས་པའི་ས་ཕྱོགས་དེ་ནས་ཧ་ཅང་ཡང་ མི་རིང་བའི་ས་ཕྱོགས་ཞིག་ན་རང་གི་ལས་བྱེད་དོ། །དེ་ཉིན་པར་ལས་བྱས་ནས་ནུབ་ཀར་ཁྱིམ་དུ་འགྲོ་བའི་ཚེ་རྟག་ཏུ་དུས་ཐམས་ཅད་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་མོས་ 80-1-78b དེའི་དྲུང་དུ་འོངས་ནས་རས་ཀྱི་ཁ་ཚར་གཅིག་འབུལ་ཅིང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བསྡུ་བའི་གནས་ཀྱིས་བདག་བཅོམ་ལྡན་འདས་ལ་རས་ཀྱི་ཁ་ཚར་ཕུལ་བའི་དགེ་བའི་རྩ་བ་ དེས་བདག་མ་འོངས་པའི་དུས་ན་བསྡུ་བ་ཐམས་ཅད་དང་ལྡན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ཅིག་ཅེས་དེས་རིམ་གྱིས་རས་ཀྱི་ཁ་ཚར་སྟོང་ལྔ་བརྒྱ་ཕུལ་ ཏེ། དེས་བསྐལ་པ་བྱེ་བ་ཕྲག་བཅྭ་ལྔར་ངན་འགྲོ་ལོག་པར་ལྟུང་བར་མ་སོང་ངོ་། །དགེ་བའི་རྩ་བ་དེ་ཉིད་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱེ་བ་ཕྲག་སྟོང་མྱོང་ངོ་། །དེ་དགེ་བའི་རྩ་བ་དེ་ཉིད་ཀྱིས་བརྒྱ་བྱིན་གྱིས་ བདག་པོ་བྱེ་བ་ཕྲག་སྟོང་མྱོང་ངོ་། །དགེ་བའི་རྩ་བ་འཇམ་པ་ཡིད་དུ་འོང་བ་དང་པོ་པའི་ལས་དེ་ཉིད་ཀྱིས་སངས་རྒྱས་བྱེ་བ་ཕྲག་སྟོང་མཉེས་པར་བྱས་ཏེ། དེས་ཐམས་ཅད་ལ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། གོས་དང་། ཞལ་ཟས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་ཀྱིས་སྟི་སྟང་ བྱས། བླ་མར་བྱས། རི་མོར་བྱས་ནས་མཆོད་དོ། །དེ་ཕྱིས་བསྐལ་པ་གྲངས་མེད་པ་ཞིག་ན་བླ་ན་མེད་པ་ཡང་དག་པར་རྫོགས་པར་སངས་རྒྱས་ནས། རབ་ཏུ་བསྡུས་པ་ཞེས་བྱ་བའི་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་བ་ནས། སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བའི་བར་དུ་སྟེ། དེ་ལོ་བྱེ་བ་ཕྲག་ཉི་ཤུའི་བར་དུ་གནས་སོ། །དེའི་དགྲ་བཅོམ་པ་ བྱེ་བ་ཁྲག་ཁྲིག་ཕྲག་ཉི་ཤུ་ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ་ནས། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་དུ་སོན་པའི་བར་གྱི་ཉན་ཐོས་འདུས་པ་ཆེན་པོ་བྱུང་ངོ་། ། 80-1-79a བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ལྔ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་དོ། །དེས་ཆོས་བསྟན་ཏེ་སེམས་ཅན་གྲངས་མེད་དཔག་ཏུ་མེད་པའི་དོན་བྱས་ནས་ཡོངས་སུ་མྱ་ངན་ལས་ འདས་སོ། །དེར་བཅོམ་ལྡན་འདས་དེ་ཡོངས་སུ་མྱ་ངན་ལས་འདས་ནས། ལོ་སྟོང་གི་བར་དུ་དམ་པའི་ཆོས་གནས་སོ། །དེའི་སྐུ་གདུང་ཡང་རྒྱས་པར་གྱུར་ཏེ། འདི་ལྟ་སྟེ། དཔེར་ན་ཤཱ་རིའི་བུ་ང་ད་ཡོངས་སུ་ མྱ་ངན་ལས་འདའ་བར་འགྱུར་བའི་བཞིན་ནོ། །ཤཱ་རིའི་བུ་རས་ཀྱི་ཁ་ཚར་ཕུལ་བ་དང་། སེམས་བསྐྱེད་པས་ཀྱང་མཐར་གྱིས་སངས་རྒྱས་ཀྱིས་ཆོས་ཡོངས་སུ་རྫོགས་པ་ལ་ལྟོས། ཤཱ་རིའི་བུ་སེམས་ ནི་རྒྱ་ཆེའི་སྦྱིན་པ་ནི་མ་ཡིན་ནོ། །ཤཱ་རིའི་བུ་གལ་ཏེ་སྦྱིན་པ་རྒྱ་ཆེ་ལ་སེམས་ཀྱིས་མ་ཡིན་ན་ནི་སྦྱིན་བདག་རྩུབ་མོ་ཞེས་བྱ་བ་ལྟར་འགྱུར་ཏེ། དེས་སྦྱིན་པ་དེ་སྙེད་བྱིན་ཡང་སེམས་ཡོངས་སུ་མ་སྦྱངས་སོ། ། ཤཱ་རིའི་བུ་འཇིག་རྟེན་གྱི་ཟང་ཟིང་ལ་གནས་ཏེ། ཐམས་ཅད་ཡོངས་སུ་ཐོབ་པར་གྱུར་པ་ལ་ལྟོས། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་མཁས་པ་ནི་སྦྱིན་པ་ཉུང་ངུ་ཡང་མང་པོར་བྱེད་དོ། ཡེ་ཤེས་ཀྱིས་སྟོབས་ཀྱིས་ལྷག་པར་བྱེད་དོ། །ཤེས་རབ་ཀྱི་སྟོབས་ཀྱིས་རྒྱས་པར་བྱེད་དོ། །བསྔོ་བའི་སྟོབས་ཀྱིས་དཔག་ཏུ་མེད་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱི་དོན་དེ་ཉིད་ རྒྱ་ཆེར་རབ་ཏུ་བསྟན་པའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །གཟུགས་འདོད་ཕྱིར་ནི་སྦྱིན་པ་སྦྱིན་མི་བྱེད། ལོངས་སྤྱོད་མཐོ་རིས་འདོད་ཕྱིར་མ་ཡིན་གྱི། བླ་ན་མེད་ པའི་སངས་རྒྱས་མཆོག་འདོད་ཕྱིར། དེ་ཕྱིར་སྦྱིན་པ་ཆུང་ཡང་དུ་མར་འགྱུར། གྲགས་དང་བརྗོད་པ་དག་དང་སྒྲ་དག་དང་། གཡོག་དང་བདེ་བ་ནམ་ཡང་མི་འདོད་ཅིང་། འཆི་འཕོ་ 80-1-79b སྐྱེ་བ་ཀུན་ཀྱང་མི་འདོད་དེ། དེ་ཕྱིར་སྦྱིན་ཉུང་འབྲས་བུ་ཆེན་པོར་འགྱུར། ཟས་དང་སྐོམ་དང་ཆོས་གོས་གང་སྦྱིན་པ། སྲིད་པའི་འགྲོ་བ་འདོད་ཕྱིར་མ་ཡིན་ཏེ། སྦྱིན་པས་འཆི་བར་མེད་པའི་སྒོ་བཙལ་ཕྱིར། དེ་ནི་སྐྲ་རྩེ་ ཙམ་ཡང་སྦྱིན་པ་སྦྱིན། འཕྱར་བ་མེད་ཅིང་ཁེངས་པ་མེད་པར་འགྱུར། གཡོ་དང་སེར་སྣ་དག་ནི་ཐམས་ཅད་སྤོང་། དེ་དག་ལེ་ལོ་ནམ་ཡང་ཡོད་མིན་ཏེ། དེ་ལྟར་དེ་དག་འཇིག་རྟེན་ཕན་ཕྱིར་སྤྲོ། རྒྱལ་པོའི་སྲིད་དང་ ནོར་དང་འབྲུ་སྲོག་གཏོང་། དེ་དག་སེམས་ནི་གཞན་དུ་མི་འགྱུར་ཏེ། བྱིན་ནས་དགའ་བ་ཆེན་པོ་རྙེད་པར་འགྱུར། སྦྱིན་ཞིང་གཏོང་ལ་བྱང་ཆུབ་རྙེད་མི་དཀའ། ཕ་དང་མ་དང་བུ་ནི་སྡུག་པར་ལྟར། སློང་དང་འཇིག་རྟེན་ ཀུན་ལ་དེ་བཞིན་ཏེ། གང་གིས་བྱང་ཆུབ་སྤྱོད་མཆོག་སྤྱད་པ་རྣམས། སྦྱིན་ཚེ་རྟག་ཏུ་ཕྲག་དོག་མེད་པར་འགྱུར། དེ་དག་མཐོང་ན་མི་ཁྲོ་སྟེ། ཇི་ལྟར་སྔོན་གྱི་བཞིན་དུ་སྨྲ། མི་མཛའ་དག་དང་རྟག་མཛའ་ ཞིང་། སྐྲག་པ་རྣམས་ལ་འཇིགས་མེད་སྦྱིན། དེ་ལ་དངོས་པོ་གང་ཡོད་པ། སློང་བ་ལ་ནི་སྲི་བ་མེད། ཆོས་འདོད་པར་ནི་རྟག་འགྱུར་ཏེ། རྒྱལ་སྲིད་འདོད་པར་མི་འགྱུར་རོ། །འབྱུང་བར་རྟག་ཏུ་སྨྲ་བྱེད་ཅིང་། ཆོས་ ཀྱི་སྦྱིན་པ་འང་སྦྱིན་པར་བྱེད། འདོད་ལ་རྐམ་པ་མ་གཏོགས་པར། སུ་ཞིག་རྒྱལ་སྲིད་འདོད་པར་འགྱུར། འདོད་པའི་རྒྱལ་སྲིད་མི་འདོད་ཅིང་། མཐོ་རིས་བདེ་བ་འདོད་མ་ཡིན། སངས་རྒྱས་བྱང་ཆུབ་ཡོངས་ ཚོལ་ཞིང་། གྲགས་པ་ཆེན་པོ་སྦྱིན་པ་སྦྱིན། བདག་དང་ནོར་རྫས་གཞན་དག་ཀྱང་། མང་པོ་མྱུར་དུ་གཏོང་བ་ནི། དེ་དག་བྱང་ཆུབ་དམ་པའི་མཆོག །ནམ་ཡང་གཏོང་བར་མི་འགྱུར་རོ། །མཁས་པ་གཟུགས་ནི་མི་ འདོད་དོ། །ལོངས་སྤྱོད་དག་ཀྱང་འདོད་མ་ཡིན། མཐོ་རིས་དག་ཀྱང་དེ་མི་འདོད། མྱ་ངན་འདའ་བ་འང་འདོད་མ་ཡིན། ལམ་ཤེས་ལམ་ལ་མཁས་པ་དག །གང་དག་བཤེས་པར་གྱུར་པ་ལ། བརྟེན་པ་དག་ཏུ་ 80-1-80a མི་བྱེད་དེ། སྲིད་པ་མེད་པ་འདོད་པར་འགྱུར། ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་དག་བྱང་ཆུབ་ཀྱི་ སྤྱད་པ་སྤྱོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ལེའུ་སྟེ། དྲུག་པའོ།། །། བམ་པོ་དགུ་པ། །དེ་ལ་གང་ལ་བརྩོན་པས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། ཤཱ་རིའི་བུ་འདི་གསུམ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལེགས་པར་སྤྱོད་པ་སྟེ། གསུམ་གང་ཞེ་ན། ལུས་ཀྱིས་ལེགས་པར་སྤྱོད་པ་དང་། ངག་གིས་ལེགས་པར་ སྤྱོད་པ་དང་། ཡིད་ཀྱིས་ལེགས་པར་སྤྱོད་པའོ། །དེ་ལ་ལུས་ཀྱིས་ལེགས་པར་སྤྱོད་པ་གང་ཞེ་ན། འདི་ལ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ནི། སྲོག་གཅོད་པ་སྤངས་པ་ཡིན། མ་བྱིན་པར་ལེན་པ་སྤངས་པ་ཡིན། འདོད་པ་ལ་ ལོག་པར་གཡེམ་པ་སྤངས་པ་ཡིན་ཏེ། འདི་ནི་ལུས་ཀྱིས་ལེགས་པར་སྤྱོད་པ་ཞེས་བྱའོ། །གཞན་ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ནི། བརྫུན་དུ་སྨ་བ་སྤངས་པ་ཡིན། ཕྲ་མ་དང་ངག་རྩུབ་པོ་དང་། ཚིག་ཀྱལ་པ་སྤངས་ པ་ཡིན་ཏེ། འདི་ནི་ངག་གིས་ལེགས་པར་སྤྱོད་པ་ཞེས་བྱའོ། །གཞན་ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ནི། བརྣབ་སེམས་མེད། གནོད་སེམས་མེད་ཅིང་། ཡང་དག་པར་ལྟ་བ་ཡིན་ཏེ། འདི་ནི་ཡིད་ཀྱིས་ལེགས་ པར་སྤྱོད་པ་ཞེས་བྱའོ། །དེ་འདི་སྙམ་དུ་སེམས་ཏེ། ལུས་ཀྱིས་ལེགས་པར་སྤྱོད་པ་གང་། ངག་གིས་ལེགས་པར་སྤྱོད་པ་གང་། ཡིད་ཀྱིས་ལེགས་པར་སྤྱོད་པ་གང་། གང་ཡིན་སྙམ་མོ། །དེ་ཡང་འདི་སྙམ་དུ་སེམས་ ཏེ། ལུས་ཀྱི་ལས་གང་། སྲོག་གཅོད་པ་དང་། མ་བྱིན་པ་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་མ་བྱས་པ་དེ་ནི། ལུས་ཀྱིས་ལེགས་པར་སྤྱོད་པ་ཞེས་བྱའོ། །སྙམ་མོ། །དེ་ལ་ངག་གིས་ལེགས་པར་སྤྱོད་པ་ 80-1-80b གང་ཞེ་ན། དེ་འདི་སྙམ་དུ་སེམས་ཏེ། ངག་གིས་ལས་གང་བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ངག་རྩུབ་པོ་དང་ཚིགས་ཀྱལ་པ་མ་སྨྲས་པ་དེ་ནི། ངག་གིས་ལེགས་པར་སྤྱོད་པ་ཞེས་བྱའོ། །སྙམ་མོ་དེ་ལ་ཡིད་ཀྱིས་ ལེགས་པར་སྤྱོད་པ་གང་ཞེ་ན། དེ་འདི་སྙམ་དུ་སེམས་ཏེ། ཡིད་ཀྱིས་ལས་གང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་མ་བྱས་པ་དེ་ནི་ཡིད་ཀྱིས་ལེགས་པར་སྤྱོད་པ་ཞེས་བྱའོ། །སྙམ་མོ། །དེ་འདི་ལྟར་ ཚུལ་བཞིན་དུ་སོ་སོར་རྟོག་སྟེ། ལས་གང་ལུས་ཀྱིས་མ་བྱས་པ་དང་། ལས་གང་ངག་དང་། ཡིད་ཀྱིས་མ་བྱས་པ་དེ་ཅི་གདགས་པར་ནུས་སམ། དེ་འདི་ལྟར་ཚུལ་བཞིན་གྱིས། རྟོག་པ་ན་འདི་སྙམ་དུ་སེམས་ཏེ། ལས་གང་ལུས་ཀྱིས་མ་བྱས་པ་དང་། ལས་གང་ངག་དང་ཡིད་ཀྱིས་མ་བྱས་པ་དེ་སྔོན་པོ་འམ། སེར་པོ་འམ། དམར་པོ་འམ། དཀར་པོ་འམ། ལེབ་རྒན་ནམ། ཤེལ་གྱི་ཁ་དོག་ཏུ་གདགས་པར་མི་ནུས་ཏེ། མིག་གིས་ ཤེས་པར་བྱ་བ་མ་ཡིན། རྣ་བས་ཤེས་པར་བྱ་བ་མ་ཡིན། སྣས་ཤེས་པར་བྱ་བ་མ་ཡིན། ལྕེས་ཤེས་པར་བྱ་བ་མ་ཡིན། ལུས་ཀྱིས་ཤེས་པར་བྱ་བ་མ་ཡིན། ཡིད་ཀྱིས་ཤེས་པར་བྱ་བ་མ་ཡིན། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་སྐྱེས་པ་མ་ཡིན། བསྐྱེད་པ་མ་ཡིན། བྱུང་བ་མ་ཡིན། ཟིན་པ་མ་ཡིན་ཏེ། དེ་ནི་ལས་གང་གིས་ཀྱང་ཤེས་པར་བྱ་བ་མ་ཡིན་ནོ། །དེ་འདི་སྙམ་དུ་སེམས་ཏེ། ཚུལ་ཁྲིམས་དེ་ནི། གང་མངོན་པར་འདུས་མ་བྱས་ པའོ། །གང་མངོན་པར་འདུས་མི་བྱེད་པ་དེ་ལ་གདགས་པ་ཡང་མེད་དོ། །གང་གདགས་པ་མེད་པ། དེ་ལ་བདག་མངོན་པར་ཆགས་པར་མི་བྱའོ། །སྙམ་ནས། དེ་འདི་ལྟར་ལེགས་པར་སྤྱད་པའི་ཚུལ་ཁྲིམས་ཀྱང་ཡང་དག་ པར་རྗེས་སུ་མི་མཐོང་། གང་གི་ཚུལ་ཁྲིམས་དེ་དང་། ཚུལ་ཁྲིམས་དེ་གང་དུ་བསྔོ་བ། དེ་ཡང་ཡང་དག་པར་རྫེས་སུ་མི་མཐོང་ངོ་། །དེ་དེ་ལྟར་མཐོང་བས། འཇིགས་ཚོགས་ལ་ལྟ་བ་གང་གིས། ཚུལ་ཁྲིམས་སམ། 80-1-81a འཆལ་པའི་ཚུལ་ཁྲིམས་ལ། སོ་སོར་རྟོག་པར་འགྱུར་བའི་འཇིགས་ཚོགས་ལ་ལྟ་བ་མི་སློང་ངོ་། དེ་དེ་ལྟར་མཐོང་བས་སྡོམས་པ་དང་། ཆོ་ག་དང་། སྤྱོད་པ་དང་། སྤྱོད་ཡུལ་ཤེས་བཞིན་དུ་སྤྱོད་པར་འགྱུར་ཏེ། ཤེས་ བཞིན་དུ་སྤྱོད་པས་ཚུལ་ཁྲིམས་དང་ལྡན་པ་ཞེས་བྱའོ། །དེ་བདག་ཏུ་དམིགས་ཤིང་མི་སྤྱོད། ཕ་རོལ་ཏུ་དམིགས་ཤིང་མི་སྤྱོད་དེ། དེ་ཚུལ་ཁྲིམས་མ་ཉམས་པ་དང་། ཚུལ་ཁྲིམས་མཆོག་ཏུ་མི་འཛིན་པ་ཡིན་ནོ། །བདག་ཏུ་ དམིགས་ན་ཚུལ་ཁྲིམས་སུ་དམིགས་པར་འགྱུར་གྱི། གང་བདག་ཏུ་མི་དམིགས་པ་དེ་ནི་ཚུལ་ཁྲིམས་སུ་མི་དམིགས་སོ། །གང་ཚུལ་ཁྲིམས་སུ་མི་དམིགས་པ་དེ་ནི་བསླབ་པ་ཉམས་པར་མི་བྱེད་དོ། །གང་སླབ་པ་ཉམས་ པར་མི་བྱེད་པ་དེ་ཚུལ་ཁྲིམས་ཉམས་པར་མི་བྱེད་དེ། ཚུལ་ཁྲིམས་མཆོག་ཏུ་མི་འཛིན་ཏོ། །ཅིའི་ཕྱིར་མཆོག་ཏུ་མི་འཛིན་ཅེ་ན། དེས་གཞན་ལས་ཆོས་ཐམས་ཅད་ཤེས་སོ། །གཞན་གང་ཡིན་པ་དེ་ལ་བདག་མེད་དོ། །གང་བདག་ མེད་པ་དེ་ལ་ཅི་ཞིག་ཡོངས་སུ་གཟུང་བར་བྱ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ། ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ལུས་ཀྱིས་དག་ཅིང་ངག་གིས་དག་པ་དང་། ཡིད་ཀྱིས་དག་ཅིང་རྟག་ཏུ་སྤྱོད་པ་དག །དག་པའི་ བརྟུལ་ཞུགས་ལ་ནི་རྟག་གནས་པ། དེ་ནི་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ལྡན། ཤིན་དུ་བཟང་པོའི་ལས་ལམ་བཅུ་པོ་འདི། གང་དག་སྲུང་བ་བྱང་ཆུབ་སེམས་དཔའ་མཁས། ལུས་དང་ངག་དང་ཡིད་ཀྱིས་གང་མ་བྱས། དེ་ནི་མཁས་པ་ཚུལ་ཁྲིམས་ལྡན་ཞེས་བྱ། གང་དག་མ་བྱས་མ་སྐྱེད་མི་ལེན་པ། དེ་ལ་ཁ་དོག་མེད་ཅིང་དབྱིབས་ཀྱང་མེད། གང་ལ་ཁ་དོག་མེད་ཅིང་དབྱིབས་མེད་པ། དེ་ལ་གདགས་པ་ནམ་ཡང་མི་དམིགས་སོ། །རྟག་ཏུ་ཚུལ་ ཁྲིམས་མ་བྱས་འདུས་མ་བྱས། དེ་ནི་མིག་གིས་བལྟ་བར་མི་ནུས་ཏེ། རྣ་བ་སྣ་དང་ལྕེ་ཡིད་ཤེས་མ་ཡིན། ལུས་དང་ཡིད་ཀྱིས་ཤེས་པར་བྱ་མ་ཡིན། གང་དེ་དབང་པོས་ཤེས་པར་མི་ནུས་པ། དེ་ལ་སྙིང་རྗེ་འཇུག་པ་ནུས་མ་ 80-1-81b ཡིན། དེ་ལྟར་ཚུལ་ཁྲིམས་ཡོངས་དག་མཐོང་བ་དེ། ནམ་ཡང་ཚུལ་ཁྲིམས་དམིགས་པར་མི་གནས་སོ། །ཚུལ་ཁྲིམས་ལྡན་ཞེས་ཡིད་ཀྱིས་མི་སྙེམས་ཤིང་། བདག་ཏུ་འཛིན་པའི་ཚུལ་ཁྲིམས་མི་སྲུང་སྟེ། ཚུལ་ཁྲིམས་སྲུང་ཡང་ ཚུལ་ཁྲིམས་འདུ་ཤེས་མེད། དེ་ནི་ཁྲིམས་ལྡན་བྱང་ཆུབ་སྤྱད་སྤྱོད་པ། འཇིག་ཚོགས་ལ་ནི་ལྟ་བ་གང་སེལ་བ། དེ་ནི་ལྟ་བར་ནམ་དུ་འང་མི་འགྱུར་རོ། །གང་ལ་ལྟ་མེད་དེ་ལ་གནས་མེད་དེ། ཚུལ་ཁྲིམས་འཆལ་དང་ཚུལ་ ཁྲིམས་དེ་མི་སྙེམས། ཆོས་ཀྱི་ཚུལ་ལ་འཇུག་པ་ཀུན་སྲུང་བ། དེ་ཡི་ཆོ་ག་བསམ་དུ་མེད་པར་འགྱུར། རབ་ཏུ་འབྱུང་ཞིང་རབ་ཏུ་བསྲུངས་པ་ནི། ཚུལ་ཁྲིམས་ལྡན་ཏེ་གཞན་ལ་རྩོད་མི་བྱེད། བདག་མེད་འདུ་ཤེས་ཚུལ་ ཁྲིམས་མི་དམིགས་ཏེ། བདག་མེད་དེ་ལ་ཚུལ་ཁྲིམས་དམིགས་པ་འང་མེད། བདག་དང་དེ་བཞིན་ཚུལ་ཁྲིམས་གང་སྙེམས་པ། རྟག་ཏུ་འཇིག་པའི་མཐའ་ཞེས་ངས་བཤད་དོ། །བདག་མེད་སྨྲ་བ་ཚུལ་ཁྲིམས་མི་སེམས་ཏེ། བདག་མེད་སྨྲ་བ་ཚུལ་ཁྲིམས་གནས་མ་ཡིན། བདག་མེད་སྨྲ་བ་ཚུལ་ཁྲིམས་མི་སེམས་ཏེ། བདག་མེད་སྨྲ་བ་ཚུལ་ཁྲིམས་རྟོག་མ་ཡིན། ཚུལ་ཁྲིམས་མ་ཉམས་ཚུལ་ཁྲིམས་སྐྱོན་མེད་པ། བདག་ནི་ ཚུལ་ཁྲིམས་ལྡན་ཞེས་མི་སླད་དོ། བདག་ལ་བདག་མེད་མེད་ཚུལ་ཁྲིམས་འདུ་ཤེས་མེད། ཤེས་རབ་ཟབ་མོ་བྱང་ཆུབ་སྤྱད་པ་སྤྱོད། འཇིགས་མེད་གང་དག་ཚུལ་ཁྲིམས་འདི་འདྲ་བ། ནམ་ཡང་ཚུལ་ ཁྲིམས་འཆལ་བར་དེ་མི་འགྱུར། ཐམས་ཅད་ཆོས་ནི་གང་དག་མི་དམིགས་པ། དེ་ཡི་ཚུལ་ཁྲིམས་དེ་ནི་འཕགས་པས་བསྔགས། བྱིས་པ་གང་དག་བདག་ཏུ་ལྟ་གནས་ཏེ། བདག་ནི་ཚུལ་ ཁྲིམས་ལྡན་ཞེས་ཁྲིམས་སྲུང་ཞིང་། བསྲུངས་ནས་ཚུལ་ཁྲིམས་འབྲས་བུ་མྱོང་བ་དེ། ངན་འགྲོ་གསུམ་པོ་ཀུན་ལས་མི་ཐར་ཏོ། །གང་དག་བདག་ཏུ་ལྟ་བ་ཀུན་སྤངས་པ། དེ་ནི་ང་དང་ང་ཞེས་ 80-1-82a བྱ་མི་འབྱུང་། ཚུལ་ཁྲིམས་ལྡན་པ་དེ་ལ་ལྟ་མེད་དེ། དེ་ནི་ཕྱིར་ཡང་ལོག་ལྟུང་མི་འཇིགས་སོ། །འདི་འདྲ་བ་ཡི་ཚུལ་ཁྲིམས་གང་ཤེས་པ། དེ་ལ་འཆལ་པའི་ཚུལ་ཁྲིམས་ བལྟ་མི་ནུས། སྲིད་པ་གསུམ་ན་དེ་བདག་མི་མཐོང་ན། ཁྲིམས་དང་ཚུལ་འཆལ་མཐོང་འགྱུར་སྨོས་ཅི་དགོས། ཤཱ་རིའི་བུ་དེ་ལྟར་ཚུལ་ཁྲིམས་སྤྱོད་པའི་བྱང་ཆུབ་སེམས་དཔའི་བསམ་པའི་ ཆོས་བཅུ་འདུས་པར་འགྱུར་རོ། །བཅུ་གང་ཞེ་ན། དད་པའི་བསམ་པ་འདུས་པར་འགྱུར་བ་དང་། བརྩོན་འགྲུས་ཀྱི་བསམ་པ་འདུས་པར་འགྱུར་བ་དང་། རབ་ཏུ་འདུན་པ་དང་། ལས་ཀྱི་རྣམ་ པར་སྨིན་པ་རྒྱ་ཆེན་པོ་ལ་དད་པ་དང་། འཕགས་པ་ལ་ལྡང་བ་བྱེད་པ་དང་། བླ་མ་ལ་རིམ་གྲོ་བྱེད་པ་དང་། སློབ་དཔོན་ལ་བསྙེན་བཀུར་བྱེད་པ་དང་། ཆོས་ཚོལ་བ་ལ་འཇུག་ པར་བྱེད་པ་དང་། བྱང་ཆུབ་ཡོངས་སུ་ཚུལ་ཞིང་ལུས་དང་སྲོག་ལ་མི་ལྟ་བར་བྱེད་པ་སྟེ། ཤཱ་རིའི་བུ་དེ་ལྟར་ཚུལ་ཁྲིམས་སྤྱོད་པའི་བྱང་ཆུབ་སེམས་དཔའི་བསམ་པ་ཆོས་བཅུ་པོ་དེ་དག་འདུས་པར་ འགྱུར་རོ། །དེ་ཆོས་བཅུ་པོ་དེ་དག་ལ་རབ་ཏུ་གནས་ནས་དགེ་བའི་ཆོས་རྣམས་ཡང་དག་པར་སྒྲུབ་བོ། །དགེ་བའི་ཆོས་གང་ཞེ་ན། འདི་ལྟ་སྟེ། ལེགས་པར་སྤྱོད་པ་གསུམ་པོ་འདི་དག་ཉིད་དེ་ ལུས་དང་ངག་དང་ཡིད་ཀྱིས་ལེགས་པར་སྤྱོད་པའོ། །ལེགས་པར་སྤྱོད་པ་གསུམ་པོ་དེ་དག་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དེའི་བྱང་ཆུབ་གང་དང་འབྲེལ་ པའི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཡོངས་སུ་ཚོལ་ལོ། །འདི་ལ་དེའི་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །སངས་རྒྱས་དག་གིས་ 80-1-82b བསྔགས་པ་ཡི། དགེ་བའི་ལས་རྣམས་ལུས་ཀྱིས་བྱེད། གང་ལས་ཐོས་པ་རྙེད་འགྱུར་བའི། སློབ་དཔོན་ལ་ཡང་རིམ་གྲོ་བྱེད། སེམས་ཅན་ཐམས་ཅད་དོན་གྱི་ཕྱིར། བྱམས་པའི་སེམས་ལྡན་ཕྲག་དོག་མེད། ཆོས་ལས་བརྩམས་ཏེ་གང་ཟག་ལ། རི་མོ་དག་ནི་རབ་ཏུ་བྱེད། ངག་ནི་ཤིན་དུ་སྡོམ་གྱུར་ཏེ། དེ་ནི་མི་སྙན་ཚིག་མི་སྨྲ། འདི་ནི་འདུན་དང་ལྡན་པའི་མཚན། ནམ་དུའང་ངག་རྩུབ་མི་སྨྲའོ། །ཡིད་ནི་དགེ་བའི་ཡིད་དུ་འགྱུར། ནམ་དུའང་སྡིག་པ་མི་འདོད་དོ། །བྱམས་སེམས་གུས་ དང་བཅས་པ་ཡི། བསམ་པ་ཉིད་ཀྱིས་རྟག་ཏུ་ལྟ། རྒྱལ་བས་བསྟན་པ་ཐོས་གྱུར་ནས། ཆོས་འདི་ལ་ནི་གུས་དང་བཅས། ཆོས་ལ་གུས་པར་བྱས་པས་ན། མྱུར་དུ་བྱང་ཆུབ་རྣམ་འཚང་རྒྱ། ཆོས་བཅུ་པོ་དེ་དག་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཡོངས་སུ་ཚོལ་བས་སློབ་དཔོན་ལ་རིམ་གྲོ་ དང་བསྙེན་བཀུར་བྱེད་དེ། ཐ་ན་ཆུ་རྫ་གང་ཙམ་ཡང་འབུལ་ལོ། །གཞན་ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་པ་བཅུ་བསྐྱེད་དེ། བཅུ་གང་ ཞེ་ན། ཀྱེ་མའོ་ལུས་འདི་ནི་ན་བ་སྟེ། ཁམས་ནི་སྦྲུལ་གདུག་པ་བཞིན་དུ་རྟག་པར་ཕན་ཚུན་མི་འཕྲོད་པའོ། །སྡུག་བསྔལ་མང་པའོ།། ཉེས་པ་མང་བའོ། ། །། །། །། །། །། 80-1-83a སྨྱོ་བ་དང་། འབྲས་དང་། ཕོལ་མིག་དང་། མེ་དཔ་ལ་དང་། གཡན་པ་དང་། རླུང་དང་། མཁྲིས་པ་དང་། བད་ཀན་གྱིས་གང་སྟེ། ནད་དང་འདྲ། ཕོལ་མིག་དང་འདྲ། ཟུག་རྔུ་དང་འདྲ། ཆུ་བོ་དང་འདྲ། གནོད་པ་དང་འདྲ། གཡོ་བ། འཇིག་པ། སྙིང་པོ་མེད་པ། ཉམ་ཆུང་བ། ཤིག་ཤིག་པོ། ཡུན་ཐུང་བ། སྐད་ཅིག་པ། དུར་ཁྲོད་དུ་འཇིག་པ་སྟེ། སྙིང་པོ་མེད་པས་ལུས་ལས་སྙིང་པོ་བླང་ངོ་སྙམ་དུ་སེམས་བསྐྱེད་པ་དང་པོ་དེ་བསྐྱེད་ནས། བྱང་ཆུབ་སེམས་དཔའ་ བྱང་ཆུབ་སེམས་དཔའི་སྡེ་སྣོད་ཡོངས་སུ་ཚོལ་བས་སློབ་དཔོན་ལ་རིམ་གྲོ་དང་། བསྙེན་བཀུར་བྱེད་དེ། ཐ་ན་ཆུ་ཕོར་གང་ཙམ་ཡང་འབུལ་ལོ། །བཅོལ་ལྡན་འདས་ཀྱིས་དེ་སྐད་གསུངས་ཏེ། བདེ་བར་གཤེགས་པས་དེ་སྐད་བཀའ་ སྩལ་ནས་སྟོན་པ་ཡང་འདི་སྐད་གསུང་ངོ་། །ཁམས་ནི་སྦྲུལ་གདུག་མ་རུང་བ། །བཞི་པོ་གཅིག་ལ་གཅིག་བརྟེན་ཏེ། །རེ་རེ་ཡང་ནི་འཁྲུགས་པ་ལས། །ནད་པོ་ཆེ་ནི་འབྱུང་བར་འགྱུར། །མིག་ནད་དང་ནི་རྣ་ནད་དང་། །སྣ་ནད་ དང་ནི་དེ་བཞིན་དུ། །སོ་ནད་དང་ནི་མཆུ་ནད་རྣམས། །གཞན་ཡང་ལུས་ལས་འབྱུང་བར་འགྱུར། །སྨྱོ་དང་འབྲས་དང་ཕོལ་མིག་དང་། །མེ་དབལ་གཡན་པ་རྣམས་དང་ནི། །ནད་གཞན་རྣམ་པ་མང་པོ་དག །ལུས་ལས་སུ་ནི་ འབྱུང་བར་འགྱུར། །ལུས་འདི་ནད་དང་མཚུངས་པ་སྟེ། །།ལུས་ནི་འབྲུམ་བུ་འདྲ་བའོ། །ལུས་འདི་གནོད་པ་འདྲ་བ་སྟེ། །ཡུན་ཐུང་སྐད་ཅིག་འདུས་པའོ། །དུར་ཁྲོད་དུ་ནི་འགྲོ་ཞིང་འཇིག །མི་རྟག་མི་བརྟན་གཡོ་བ་སྟེ། རབ་ཏུ་འཇིག་ ཅིང་ན་བ་དང་། །ལུས་འདི་རྣག་གིས་གང་བ་སྟེ། །ཤིག་ཤིག་པོ་དང་ཡུན་ཐུང་བ། །རྣག་གིས་གང་བའི་ལུས་འདི་ཡིས། །སངས་རྒྱས་ཀྱི་ནི་སྐུ་ཡི་ཕྱིར། །དགེ་བའི་ལས་རྣམས་བསྒྲུབ་པར་བྱ། །ཐམས་ཅད་ཏུ་ནི་རབ་ཟག་པ། ། རྣག་གིས་གང་བའི་ལུས་འདི་ཡིས། །ཆོས་སྐུ་བསམ་གྱིས་མི་ཁྱབ་པ། །སངས་རྒྱས་ཀྱི་ནི་སྐུ་འགྲུབ་བོ། །གང་ན་གཞན་གྱིས་ཐོབ་མེད་པ། དེ་འདྲའི་ལུས་ནི་ཐོབ་པར་བྱ། །ཚ་བ་དག་ཀྱང་གང་སྒྲིབ་དང་། །བསིལ་བ་དག་ཀྱང་རབ་ 80-1-83b སྲུང་བ། །ལུས་འདི་ཡང་ནི་དགའ་བ་དང་། །འཆི་བ་དག་གིས་གཞོམ་པར་འགྱུར། །གང་དག་གྲང་དང་ཚ་བཟོད་པ། །ལུས་ཀྱིས་སུ་ནི་ཐམས་ཅད་ཏུ། །སྐྱེས་བུའི་བྱ་བ་བྱེད་པ་ཡི། །མཆོག་གི་ལུས་ནི་ཐོབ་པར་འགྱུར། །འཇིག་ རྟེན་གྲགས་པའི་བླ་མ་ལ། །རིམ་གྲོ་དག་ནི་རབ་བྱ་སྟེ། །སྙིང་པོ་མེད་པའི་ལུས་ལས་སུ། །སྙིང་པོ་དག་ནི་བླངས་བར་འགྱུར། །ཤཱ་རིའི་བུ་སེམས་བསྐྱེད་པ་དང་པོ་འདི་བསྐྱེད་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ ཀྱི་ཆོས་ཀྱི་རྣམ་གྲངས་ཡོངས་སུ་ཚོལ་བས་སློབ་དཔོན་ལ་རིམ་གྲོ་དང་། བསྙེན་བཀུར་བྱེད་དེ། ཐ་ན་ཆུ་རྫ་གང་ཙམ་ཡང་འབུལ་ལོ། །གཞན་ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་འདི་ལྟར་སེམས་བསྐྱེད་དེ། ཀྱེ་མའོ་ལུས་འདི་ནི་སྙིང་པོ་ མེད་པ་སྟེ། རྟག་ཏུ་དྲིལ་བ་དང་། བཀྲུ་བ་དང་། མཉེ་བ་དང་། འཇིག་པ་དང་། འགྱེས་པ་དང་། འབྲལ་བའི་ཆོས་ཅན་ནོ། །ཤཱ་རིའི་བུ་འདི་ལྟ་སྟེ། དཔེར་ན་ཇི་ཙམ་དུ་རྫ་མཁན་གྱིས་བུམ་ཆུང་ཚད་དང་། ཆེ་ཚད་བྱས་པ་ཐམས་ཅད་ཀྱང་མཐར་ འཇིག་གོ། །དེ་བཞིན་དུ་ཀྱེ་མའོ་ལུས་འདི་ཡང་སྙིང་པོ་མེད་པ་སོ་མ་བཏང་བའི་སྣོད་བཞིན་ཏེ། མཐར་འཇིག་པའོ། །ཤཱ་རིའི་བུ་འདི་ལྟ་སྟེ། དཔེར་ན་ཤིང་གི་ཡལ་གའི་འདབ་མ་དང་། མེ་ཏོག་དང་། འབྲས་བུ་ཇི་སྙེད་པ་དེ་ཐམས་ཅད་ཀྱང་ མཐར་ལྟུང་བར་འགྱུར་རོ། །ཤཱ་རིའི་བུ་དེ་བཞིན་དུ་ཀྱེ་མའོ་ལུས་འདི་ནི་སྙིང་པོ་མེད་དེ། འབྲས་བུ་སྨིན་པ་བཞིན་དུ་ལྟུང་བའི་ཆོས་ཅན་ནོ། །ཤཱ་རིའི་བུ་འདི་ལྟ་སྟེ། དཔེར་ན་རྩྭའི་རྩེ་མོའི་ཟིལ་བའི་ཐིགས་པ་ཇི་སྙེད་པ་དེ་ཐམས་ཅད་ཀྱང་ཉི་ མས་ཕོག་ན་རིང་པོར་མི་གནས་སོ། །ཤཱ་རིའི་བུ་དེ་བཞིན་དུ་ཀྱེ་མའོ་ལུས་འདི་ནི་སྙིང་པོ་མེད་པ་སྟེ། ཟིལ་པའི་ཐིག་པ་བཞིན་དུ་རིང་པོར་མི་གནས་པའོ། །ཤཱ་རིའི་བུ་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་དང་། འབབ་ཆུ་དང་། འབབ་ ཆུའི་རྒྱུན་ལ་དབུ་བ་རྡོས་པ་ཡོད་པ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་སྙིང་པོ་མེད་དེ་རང་བཞིན་གྱིས་ཉམ་ཆུང་བའོ། །ཤཱ་རིའི་བུ་དེ་བཞིན་དུ་ཀྱེ་མའོ་ལུས་འདི་ནི་སྙིང་པོ་མེད་པ་སྟེ། དབུ་བ་རྡོས་པ་ལྟར་རང་བཞིན་གྱིས་ཉམ་ཆུང་ 80-1-84a བའོ། །ཤཱ་རིའི་བུ་འདི་ལྟ་སྟེ། དཔེར་ན་ཆར་བབ་པའི་ཆུའི་ཆུ་བུར་གཞན་སྐྱེ་ཞིང་གཞན་འགག་གོ། །ཤཱ་རིའི་བུ་དེ་བཞིན་དུ་ཀྱེ་མའོ་ལུས་ནི་སྙིང་པོ་མེད་པ་སྟེ། ཆུའི་ཆུ་བུར་ལྷར་རང་བཞིན་གྱི་ཉམ་ཆུང་བའོ། །དེ་ལྟར་ སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླང་ངོ་སྙམ་དུ་སེམས་བསྐྱེད་པ་གཉིས་པ་དེ་བསྐྱེད་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཡོངས་སུ་ཚོལ་བས་སློབ་དཔོན་ལ་རིམ་གྲོ་དང་བསྙེན་ བཀུར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་རྒྱ་ཆེར་རབ་ཏུ་བསྟན་པའི་ཕྱིར། དེ་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཇི་ལྟར་རྫ་མའི་མཁན་པོ་ཡིས། །ས་ལ་སྣོད་རྣམས་བྱས་པ་དག ། དེ་དག་ཐམས་ཅད་མཐར་འཇིག་སྟེ། །སེམས་ཅན་སྲོག་ཀྱང་དེ་དང་འདྲ། །ཇི་ལྟར་ཤིང་གི་ཡལ་ག་ཡི། །ལོ་མ་མེ་ཏོག་འབྲས་བུ་རྣམས། །ཐམས་ཅད་ལྟུང་བའི་ཆོས་ཅན་ཏེ། །མི་ཡི་སྲོག་ཀྱང་དེ་བཞིན་ནོ། །རྩྭ་ མཆོག་དག་གི་ཟིལ་པའི་ཐིགས། །ཉི་མས་ཡོངས་སུ་བབ་པ་ན། །ཡིད་ཙམ་གྱིས་ནི་མེད་འགྱུར་ཏེ། །མི་ཡི་སྲོག་ཀྱང་དེ་བཞིན་ནོ། །ཇི་ལྟར་འབབ་ཆུའི་རྒྱུན་རྣམས་ཀྱི། །དབུ་བ་རྡོས་པ་ཉམ་ཆུང་ལྟར། །དེ་ལྟར་ལུས་ ནི་ཉམ་ཆུང་སྟེ། །སྙིང་པོ་མེད་པ་དབུ་བ་འདྲ། །ཇི་ལྟར་ཆར་པ་བབ་པ་ཡི། །ཆུའི་ཆུ་བུར་སྐྱེས་པ་ཡང་། །སྐད་ཅིག་གི་ནི་དེ་འཇིག་འགྱུར། །དེ་བཞིན་ལུས་ཀྱང་སྙིང་པོ་མེད། །སྙིང་པོ་མ་ཡིན་སྙིང་པོར་ཤེས། །སྙིང་པོ་ སྙིང་པོ་མ་ཡིན་འཛིན། །དེ་དག་ལོག་རྟོག་སྤྱོད་ཡུལ་ཏེ། །སྙིང་པོ་ཁོང་དུ་ཆུད་མ་ཡིན། །སྙིང་པོ་མེད་ལ་སྙིང་མེད་པ། །སྙིང་པོ་སྙིང་པོར་ཤེས་པ་ནི། །དེ་དག་ཡང་དག་རྟོག་པའི་ཡུལ། །སྙིང་པོ་ཁོང་དུ་ཆུད་པ་ཡིན། ། སྙིང་པོ་འདུ་ཤེས་བྱས་གྱུར་ཏེ། རྫ་གང་ཙམ་གྱི་ཆུ་འབུལ་བ། །སྙིང་པོ་མེད་པའི་ལུས་ལས་ནི། སྙིང་པོ་དག་ནི་ལེན་པར་འགྱུར། །ཤཱ་རིའི་བུ་སེམས་བསྐྱེད་པ་གཉིས་པ་འདི་བསྐྱེད་ནས་བྱང་ཆུབ་སེམས་དཔའ་ 80-1-84b བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཡོངས་སུ་ཚོལ་བའི་སློབ་དཔོན་ལ་རིམ་གྲོ་དང་། བསྙེན་བཀུར་བྱེད་དེ། ཐ་ན་ཆུ་ཕོར་གང་ཙམ་ཡང་འབུལ་ལོ། །གཞན་ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་འདི་ལྟར་ སེམས་བསྐྱེད་དེ། །བདག་ཡུན་རིང་པོར་དགེ་བའི་བཤེས་གཉེན་དང་བྲལ་ཞིང་མི་དགེ་བའི་བཤེས་གཉེན་གྱི་དབང་དུ་སོང་སྟེ། ལེ་ལོ་ཅན། བརྩོན་འགྲུས་ཉམས་པ། སྙོམ་ལས་ཅན། བླུན་པ། ལོག་པར་ལྟ་བ་སྟེ། མཆོད་སྦྱིན་ཡང་མེད། སྦྱིན་སྲེག་ཀྱང་མེད། ལེགས་བྱས་དང་། ཉེས་བྱས་ཀྱི་ལས་རྣམས་བྱས་པའི་འབྲས་བུ་རྣམ་པར་སྨིན་པ་བསགས་པ་ཡང་མེད་པར་ལྟ་བ་དང་། འདོད་པའི་ཟིལ་གྱིས་ནོན་ཏེ། བདག་གིས་མི་ དགེ་བའི་ལས་མང་པོ་མངོན་པར་འདུས་བྱས་ཏེ། མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་དེས་འདི་ལྟ་སྟེ། ཡི་དགས་ཀྱིས་ཡུལ་དུ་སྦྱིན་གནས་ཐམས་ཅད་གསོ་བ་མ་ཡིན་པ་འཇིགས་སུ་རུང་བའི་ལུས་ཐོབ་སྟེ། འདི་ལྟ་བུའི་ སྦྱིན་གནས་མཉེས་པར་མ་བྱས་པས་དེ་ནི་བདག་ཡི་དགས་སུ་གྱུར་ཏེ། ལོ་མང་པོ། ལོ་སྟོང་ཕྲག་མང་པོ། ལོ་བརྒྱ་སྟོང་ཕྲག་མང་པོར་མེ་མུར་ཟ་ཞིང་ཆུའི་སྒྲ་ཡང་མི་ཐོས་ན། ལུས་ཀྱིས་ ལྟ་ག་ལ་ཞིག་རེག་སྟེ། བདག་གིས་ནི་ད་ལྟར་མཉེས་པར་བྱས་པས་བདག་དགེ་བའི་ལུས་ཐོབ་ཀྱིས་སྦྱིན་གནས་ཐམས་ཅད་ཀྱི་ཉེ་བར་འཚོ་བར་བྱ་ཞིང་། །ལུས་དང་སྲོག་ལ་མི་ལྟ་ བར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཡོངས་སུ་བཙལ་བའི་ཕྱིར་སློབ་དཔོན་ལ་རིམ་གྲོ་བྱའོ་སྙམ་དུ་སེམས་བསྐྱེད་པ་གསུམ་པ་འདི་བསྐྱེད་ནས། བྱང་ཆུབ་ སེམས་དཔའ་སློབ་དཔོན་ལ་རིམ་གྲོ་དང་། །ཐ་ན་ཆུ་རྫ་གང་ཙམ་ཡང་འབུལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། 80-1-85a ཇི་ལྟར་གྲོགས་པོ་བསྟན་པ་དང་། །ཇི་ལྟར་ཉེ་བར་བསྟེན་པ་ལྟར། །དེ་དག་ཡང་དང་ཡང་བསྙེན་པས། །དེ་ཡང་དེ་དང་འདྲ་བར་འགྱུར། །སྡིག་པའི་གྲོགས་པོའི་དབང་སོང་ནས། ། དགེ་བའི་བཤེས་གཉེན་རྣམ་པར་སྤངས། །ལེ་ལོ་ཆེ་ཞིང་བརྩོན་འགྲུས་ཉམས། །གཡོ་དང་ཕྲག་དོག་སེར་སྣ་ཅན། །བྱིན་པ་ཡོད་པར་གང་ལྟ་བ། །ཐམས་ཅད་ཏུ་ནི་རྣམ་སྤངས་པས། །བདག་ནི་ཡི་དགས་སྐྱེ་གནས་སུ། །འཇིགས་སུ་རུང་བའི་ལུས་ཐོབ་བོ། །ཡུན་རིང་ དུས་སུ་འཁོར་བ་ཡི། །མུན་ནག་ཕུང་པོ་འཇིགས་པས་ན། །བཀྲེས་པ་དང་ནི་སྐོམ་པས་གཟིར། །སྡུག་བསྔལ་མང་པོ་རྗེས་སུ་མྱོང་། །སྦྱིན་གནས་རྣམས་ནི་མ་མཐོང་ཞིང་། །བདག་གིས་འདི་འདྲ་དལ་མ་ཐོབ། །ལོ་ནི་མང་པོ་སྟོང་རྣམས་སུ། །ཆུ་ཡི་སྒྲ་ཡང་ཡོངས་མ་ཐོས། །ད་ ལྟར་བདག་གིས་འཇིག་རྟེན་ན། །ཤིན་དུ་དཀོན་པ་རབ་རྙེད་དེ། །བདག་གིས་སློབ་དཔོན་མཉེས་བྱས་པས། །དལ་བ་འབྱོར་པ་བདག་གིས་ཐོབ། །སྡིག་པའི་གྲོགས་པོ་རྣམ་སྤངས་པས། །བདག་གིས་དགེ་བའི་བཤེས་གཉེན་རྙེད། །བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར། ། ལུས་དང་སྲོག་ལ་མི་བལྟའོ། །སངས་རྒྱས་ཀྱི་ནི་བྱང་ཆུབ་ཕྱིར། །སློབ་དཔོན་བླ་མ་མཆོད་གནས་ལ། །རྣམ་པར་དང་བའི་སེམས་ཀྱིས་སུ། །སྟི་སྟང་གུས་པར་རབ་ཏུ་བྱ། །ཤཱ་རིའི་བུ་སེམས་སྐྱེད་པ་གསུམ་པ་འདི་བསྐྱེད་ནས་བྱང་ཆུབ་སེམས་ དཔའ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཡོངས་སུ་ཚོལ་བས་སློབ་དཔོན་ལ་རིམ་གྲོ་དང་། །བསྙེན་བཀུར་བྱེད་དེ། ཐ་ན་ཆུ་ཕོར་གང་ཙམ་ཡང་འབུལ་ལོ། །གཞན་ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་འདི་ལྟར་སེམས་ སྐྱེད་དེ། བདག་ཡུན་རིང་པོར་དགེ་བའི་བཤེས་གཉེན་དང་བྲལ་ཞིང་སྡིག་པའི་གྲོགས་པོས་ཟིན་པས་ལེ་ལོ་ཅན། བརྩོན་འགྲུས་ཉམས་པ། སྙོམ་ལས་ཅན། བླུན་པས་སེམས་ཅན་ལ་ཁུ་ཚུར་དང་། ཐལ་མོས་བརྡེགས་ཤིང་གཙེས་ནས་ བསྡུས་ཤིང་ཆོ་ངེ་བཏོན་ཏེ། དེའི་གཞི་ལས་སྡིག་པ་ཡང་མེད། དེའི་གཞི་ལས་སྡིག་པ་འབྱུང་བ་ཡང་མེད་དོ། །ཞེས་དེ་ལྟར་ལྟ་བ་དང་། དེ་ལྟར་མོས་ཤིང་ཞེ་སྡང་གི་ཟིལ་གྱིས་ནོན་པས་མི་དགེ་བའི་ལས་རྣམས་མངོན་པར་འདུས་བྱས་ཏེ། 80-1-85b མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་དེས་འདི་ལྟ་སྟེ་དུད་འགྲོའི་སྐྱེ་གནས་སུ། སྦྱིན་གནས་ཐམས་ཅད་ཉེ་བར་འཚོ་བ་མ་ཡིན་པ། འཇིགས་སུ་རུང་བའི་ལུས་ཐོབ་སྟེ། འདི་ལྟར་སྦྱིན་གནས་མགུ་བར་མ་བྱས་པས། དེས་ན་བདག་རྔ་མོ་དང་། བ་ ལང་དང་། བོང་བུར་གྱུར་ཏེ། རྩྭ་ཟ་ཞིང་དབྱིག་པས་བསྡིགས། འཇིགས་པས་བསྡིགས་ནས། མི་འདོད་བཞིན་དུ་ཁལ་བཀལ་ཏོ། །བདག་གིས་ནི་ད་ལྟར་མཉེས་པར་བྱས་ཏེ། དགེ་བའི་ལུས་ཐོབ་ཀྱིས་ལུས་དང་སྲོག་ལ་མི་བལྟ་བར་སློབ་དཔོན་ ལ་ནི་རིམ་གྲོ་དང་། བསྙེན་བཀུར་བྱའོ་ཞེས། ཤཱ་རིའི་བུ་སེམས་བསྐྱེད་པ་བཞི་པ་དེ་བསྐྱེད་ནས་བྱང་ཆུབ་སེམས་དཔའ་སློབ་དཔོན་ལ་རིམ་གྲོ་དང་བསྙེན་བཀུར་བྱེད་དེ། ཐ་ན་ཆུ་བུམ་པ་གང་ཙམ་ཡང་འབུལ་ལོ། །འདི་ལ་ཆོས་ཉིད་ནི་ འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །ཡུན་རིང་པོར་ནི་འཕགས་པའི་ལམ། །མ་རིག་པར་ནི་གནས་པས་ན། །རྔ་མོ་དག་དང་བོང་བུར་གྱུར། །སྡུག་བསྔལ་མང་པོ་རྗེས་སུ་མྱོང་། །མིར་གྱུར་པ་ཡང་བདག་གིས་རྙེད། །གང་གིས་བྱང་ ཆུབ་རེག་འགྱུར་བའི། །བཟང་པོ་ཡི་ནི་ལས་བྱ་སྟེ། །དེ་ནི་མཁས་པའི་མཚན་ཉིད་དོ། །སངས་རྒྱས་ཆོས་ལ་རབ་གནས་ཤིང་། །གུས་པ་དང་ནི་ལྡན་པར་བྱ། །བྱང་ཆུབ་ཕྱིར་ནི་སློབ་དཔོན་ལ། །རིམ་གྲོ་དང་ནི་སྟི་སྟང་བྱ། །འདས་པའི་ དུས་ཀྱི་བསྐལ་པ་བསམ་མེད་ནས། །འཁོར་བའི་འཁོར་ལོར་ཡོངས་སུ་འཁྱམ་པ་ན། །སྐྱེ་མཆེད་དག་ནི་དོན་མེད་འདས་གྱུར་ཏེ། །སྦྱིན་གནས་དག་ནི་ཉེ་བར་འཚོ་བ་མིན། །དགེ་བའི་བཤེས་གཉེན་ཡོངས་སུ་སྤངས་གྱུར་ནས། ། རྟག་ཏུ་སྡིག་པའི་གྲོགས་པོ་རབ་བསྟེན་ཏེ། །དེ་དག་གི་ནི་བསྟན་པའི་རྗེས་འཇུག་ཅིང་། །རྒྱུན་མི་འཆད་པར་ངན་སོང་ས་ལ་གནས། །གཙེ་བ་དང་ནི་བཅིང་ཞིང་བརྡེག་པ་རྣམས། །བྱེད་ཏུ་བཅུག་ཅིང་གཞན་ལ་སྤྱོས་ བྱས་ནས། །དེ་ཡི་འབྲས་བུ་ངན་སོང་སྐྱེ་གནས་འགྲོ། །སྡིག་པའི་ལས་ཀྱིས་སྡུག་བསྔལ་རྗེས་སུ་མྱོང་། །དགེ་བའི་བཤེས་གཉེན་རྣམས་ནི་མ་བསྟེན་པས། །རྔ་མོ་བ་ལང་དེ་བཞིན་བོང་བུ་ཡི། །ངན་པའི་མཚམས་ཀྱི་སྐྱེ་མཆེད་བཟུང་གྱུར་ནས། ། 80-1-86a དབྱུག་པ་དག་གིས་བརྡེགས་ཤིང་ཁལ་ཀྱང་བཀལ། །མིར་འགྱུར་བ་ནི་ཤིན་དུ་རྙེད་དཀའ་དང་། །འཐུན་པའི་ཡུལ་དང་དགེ་བའི་བཤེས་གཉེན་རྙེད། །ཤིན་དུ་ཡུན་རིང་དལ་བ་རྙེད་གྱུར་ཏེ། །དཀའ་བའི་ ལས་ཀྱི་བུ་གར་ཆུད་པ་བཞིན། །ལུས་དང་ངག་ནི་ཤིན་དུ་བསྡམས་གྱུར་ནས། །ཞན་པ་མེད་པའི་སེམས་ཀྱིས་བརྩོན་འགྲུས་བརྩམ། །དགེ་བའི་བཤེས་གཉེན་དག་ལ་གཡོ་མེད་པས། །བདག་གི་ལུས་ནི་ཉེ་བར་ འཚོ་བར་བྱ། །བདག་གི་སློབ་དཔོན་བླ་མ་གང་དག་དང་། །གང་དག་བདག་གི་བྱང་ཆུབ་སེམས་བསྐྱེད་པ། །བྱང་ཆུབ་དམ་པ་མཆོག་གི་ལམ་སྟོན་པ། །སྟོན་པ་བཞིན་དུ་དགའ་བས་བསྙེན་བཀུར་བྱ། ། རྣམ་པ་སྣ་ཚོགས་དག་གི་བྱུག་པ་དང་། དྲི་དང་ཕྱེ་མ་རྣམ་པ་སྣ་ཚོགས་དང་། །གོས་དང་མེ་ཏོག་དག་གི་ཆུན་པོ་ཡིས། །རྐང་གཉིས་དམ་པ་ལ་ནི་མཆོད་པར་བྱ། །ཕྱོགས་བཅུ་དག་ན་སངས་རྒྱས་གང་བཞུགས་ པ། །སེམས་ཅན་དོན་ལ་བརྩོན་ཞིང་དོན་དམ་གཟིགས། །གསེར་གྱི་ཁ་དོག་ལྟ་བུའི་འོད་མཛེས་པ། །ཁ་དོག་མཐའ་ཡས་པ་ལ་མཆོད་པར་བྱ། །སངས་རྒྱས་མི་ཡི་ཁ་ལོ་སྒྱུར་རྣམས་ལ། །འཇིག་ རྟེན་སྤྱོད་དང་མཆོད་པ་ཆེར་བྱས་པས། །གང་གིས་བྱང་ཆུབ་སྙིང་པོར་བདག་འགྲོ་བའི། །བྱང་ཆུབ་ལམ་ནི་ཤིན་དུ་སྦྱངས་པར་འགྱུར། །ཤཱ་རིའི་བུ་སེམས་བསྐྱེད་པ་བཞི་པ་འདི་བསྐྱེད་ནས། །བྱང་ཆུབ་སེམས་ དཔའ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཡོངས་སུ་ཚོལ་བས་སློབ་དཔོན་ལ་རིམ་གྲོ་དང་། བསྙེན་བཀུར་བྱེད་དེ། ཐ་ན་ཆུ་བུམ་པ་གང་ཙམ་ཡང་འབུལ་ལོ། །གཞན་ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་ དཔའ་འདི་ལྟར་སེམས་བསྐྱེད་དེ། བདག་ཡུན་རིང་པོར་དགེ་བའི་བཤེས་གཉེན་དང་བྲལ་ཞིང་སྡིག་པའི་གྲོགས་པོས་ཟིན་པས། ལེ་ལོ་ཅན་བརྩོན་འགྲུས་ཉམས་པ། སྙོམ་ལས་ཅན། བླུན་པས། འདི་ལྟ་བུའི་ 80-1-86b ལྟ་བ་དང་། འདི་ལྟ་བུའི་འདོད་པས་སེམས་ཅན་ཐམས་ཅད་དང་། སྲོག་ཆགས་ཐམས་ཅད་ཀྱི་ཤ་གཅིག་ཏུ་སྤུངས་ཤིང་ཤ་གཅིག་ཏུ་བཅེར་ཏེ། བསོད་ནམས་མ་ཡིན་པའི་ལས་བྱེད་ཀྱང་། དེའི་གཞི་ལས་སྡིག་ པ་མེད། དེའི་གཞི་ལས་སྡིག་པའི་རྣམ་པ་མེད་དོ། །རྒྱ་མཚོའི་ཚུ་རོལ་གྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་སྦྱིན་པས་ཚིམ་པར་བྱས་ཀྱང་། དེའི་གཞི་ལས་བསོད་ནམས་མེད། དེའི་གཞི་ལས་བསོད་ ནམས་ཀྱི་རྣམ་པ་མེད་དོ། །རྒྱ་མཚོའི་ཕ་རོལ་གྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་བསད་ཅིང་གཏུབ་ཀྱང་དེའི་གཞི་ལས་སྡིག་པ་མེད། དེའི་གཞི་ལས་སྡིག་པའི་རྣམ་པ་མེད་དོ། །སྙམ་པས་དེ་ལྟར་བྱས་ ཀྱང་བསོད་ནམས་དང་སྡིག་པ་ཡོངས་སུ་ཤེས་པར་མ་ནུས་ཏེ་སྡིག་པའི་ལྟ་བ་བསྙེན་པ་དང་། གཏི་མུག་གི་ཟིལ་གྱིས་ནོན་པས་བདག་གིས་སྡིག་པ་མི་དགེ་བའི་ལས་མང་པོ་མངོན་པར་འདུས་བྱས་ཏེ། མི་དགེ་ བའི་ལས་དེའི་རྣམ་པར་སྨིན་པས་འདི་ལྟ་སྟེ། སེམས་ཅན་དམྱལ་བར་དམན་པ་འཇིགས་སུ་རུང་བའི་ལུས་ཐོབ་སྟེ། དེ་ལ་འདི་ལྟ་བུའི་སྦྱིན་གནས་མཉེས་པར་མ་བྱས་པས་དེ་ན་བདག་ནི་སེམས་ཅན་དམྱལ་ བར་གྱུར་པས་ལྕག་ཀྱི་ཐུ་ལུམ་བསྲེགས་པ་ཟ་ཞིང་གཅིག་ཏུ་སྡུག་བསྔལ་བ་རྩུབ་པ། མི་བཟད་པ་འཚོགས་པ། འཆི་བའི་མཐར་ཁྲིད་པ་མྱོང་ཞིང་ལོ་སྟོང་ཕྲག་མང་པོའི་བར་དུ་བདེ་བའི་སྒྲ་ཡང་མི་ཐོས་ན། ལུས་ཀྱིས་ལྟ་ག་ལ་ཞིག་རེག་སྟེ། བདག་གིས་ནི་ད་ལྟར་མཉེས་པར་བྱས་པས། དགེ་བའི་ལུས་ཐོབ་ཀྱིས། སྦྱིན་གནས་རྣམས་ཀྱི་ཉེ་བར་འཚོ་བར་བྱ་ཞིང་ལུས་དང་སྲོག་ལ་མི་ལྟ་བར་སློབ་དཔོན་ལ་རིམ་གྲོ་དང་ བསྙེན་བཀུར་བྱའོ་ཞེས། ཤཱ་རིའི་བུ་སེམས་བསྐྱེད་པ་ལྔ་པ་དེ་བསྐྱེད་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཡོངས་སུ་ཚོལ་བས་སློབ་དཔོན་ལ་རིམ་གྲོ་དང་། 80-1-87a བསྙེན་བཀུར་བྱེད་དེ། ཐ་ན་ཆུ་བུམ་པ་གང་ཙམ་ཡང་འབུལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །སྡིག་པའི་གྲོགས་པོ་བསྙེན་པ་དང་། །སྡིག་པའི་སེམས་ ཀྱིས་བསླུས་པས་ན། །སྡིག་པར་ལྟ་ལ་བསྟེན་གྱུར་ཏེ། །བདག་གིས་སྡིག་པའི་ལས་བྱས་སོ། །རྒྱ་མཚོ་ཡི་ནི་ཚུ་རོལ་ན། །སེམས་ཅན་གནས་པ་ཇི་སྙེད་པ། །ཟས་དང་སྐོམ་གྱིས་ཚིམ་བྱས་ཀྱང་། །བསོད་ ནམས་དག་གི་འབྱུང་གནས་མེད། །རྒྱ་མཚོ་ཡི་ནི་ཕ་རོལ་ན། །སེམས་ཅན་གནས་པ་ཇི་སྙེད་པ། །ཐམས་ཅད་བསད་ཅིང་བཅོམ་གྱུར་ཀྱང་། །སྡིག་པའི་འབྱུང་གནས་མེད་དོ་ཞེས། །སྡིག་པར་ལྟ་བ་འདི་ལྟ་བུ། ། ཡང་དང་ཡང་དུ་བསྟེན་པས་ན། །གཅིག་ཏུ་མི་བཟད་མ་རུངས་པའི། །སེམས་ཅན་དམྱལ་བར་རིང་དུ་དེངས། །རྫོགས་པའི་སངས་རྒྱས་འཇིག་རྟེན་གྱི། །ཡོངས་སུ་འདྲེན་པ་མ་མཐོང་བས། །བདག་གི་ལུས་ནི་སྟོང་རྣམས་ ཀྱང་། ངན་འགྲོ་དག་ནི་གསུམ་དུ་དེངས། །འདི་ནི་འཇིག་རྟེན་དགེ་བ་སྟེ། །དེ་ཡི་སྒྲ་ནི་ཐོས་གྱུར་ནས། །བདག་གིས་མི་ཡི་དངོས་ཐོབ་ཀྱིས། །བཟང་པོ་ཡི་ནི་ལས་བྱའོ། །མིར་འགྱུར་བ་ནི་དཀའ་བ་སྟེ། །མི་སྲོག་ ཐོབ་པ་འང་དཀའ་བ་ཡིན། དམ་པའི་ཆོས་ཐོས་དཀའ་བ་སྟེ། །སངས་རྒྱས་འབྱུང་བ་འང་དཀའ་བ་ཡིན། །བདག་གིས་མིར་སྐྱེ་དཀའ་བ་ཡི། །ཚེ་ཐོབ་པ་ནི་གཡོ་ཞིང་འགྱུར། །བདག་གིས་སངས་རྒྱས་འབྱུང་བ་དང་། ། རྒྱལ་བ་ཀུན་མཁྱེན་བསྟན་པ་རྙེད། །ལུས་ཀྱི་ལས་དང་ངག་གི་ལས། ཡིད་ཀྱི་ལས་ཀྱང་སྡིག་པ་ཅན། །མི་འདོད་མི་ཟད་འབྲས་བུར་འགྱུར། །ཕྱིན་ཅད་སྤྱད་པར་མི་བྱའོ། །བསམ་པ་རྣམ་པར་དག་པ་ཡི། །ལུས་དང་ངག་ དང་ཡིད་རྣམས་ཀྱིས། །འཇིག་རྟེན་རབ་ཏུ་དཀའ་སྤྱོད་པ། །བཟང་པོ་དག་གི་ལས་བྱའོ། །སངས་རྒྱས་ཀྱི་ནི་བྱང་ཆུབ་ཕྱིར། །བདག་གི་བླ་མར་གང་གྲགས་པའི། །བཀའ་ལས་འདའ་བར་མི་བྱ་སྟེ། །བསྙེན་བཀུར་ 80-1-87b དག་ནི་རབ་ཏུ་བྱ། །ལམ་ནི་དྲང་པོ་ཞེས་བྱ་བ། །གཡོ་མེད་པས་ནི་རབ་བསྟན་ཏེ། །སངས་རྒྱས་ཀྱི་ནི་བྱང་ཆུབ་ཕྱིར། །སྒྱུ་མར་འགྱུར་བར་མི་བྱའོ། །ཐབས་དང་ཤེས་རབ་ལྡན་པ་ཡི། །བྱང་ཆུབ་སེམས་དཔའ་མི་འཇིགས་པ། ། དེ་ལྟ་བུར་ནི་སེམས་བསྐྱེད་ནས། །སྣོད་གང་ཙམ་གྱི་ཆུ་ཡང་འབུལ། །ཤཱ་རིའི་བུ་སེམས་བསྐྱེད་པ་ལྔ་པ་འདི་བསྐྱེད་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཡོངས་སུ་ཚོལ་ བས་སློབ་དཔོན་ལ་རིམ་གྲོ་དང་། བསྙེན་བཀུར་བྱེད། ཐ་ན་ཆུ་བུམ་པ་གང་ཙམ་ཡང་འབུལ་ལོ། །གཞན་ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་འདི་ལྟར་སེམས་བསྐྱེད་དེ། བདག་ཡུན་རིང་པོར་དགེ་བའི་བཤེས་གཉེན་དང་བྲལ་ ཞིང་སྡིག་པའི་གྲོགས་པོས་ཟིན་པས་འདུད་པ་དང་། རབ་ཏུ་འདུད་པ་དང་། གུས་པར་སྨྲ་བ་དང་། ཕྱག་བྱ་བ་དང་། ལྡང་བ་དང་། ཐལ་མོ་སྦྱར་བའི་ལས་ཀྱི་རྣམ་པར་སྨིན་པ་མེད་དོ། །ཞེས་དེ་ལྟར་མོས་པའི་བར་གྱིས་ ང་རྒྱལ་གྱི་ཟིལ་གྱིས་ནོན་པས་སྡིག་པ་མི་དགེ་བའི་ལས་མང་པོ་མངོན་འདུས་བྱས་ཏེ། མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། འདི་ལྟ་སྟེ། མིའི་ནང་དུ་སྦྱིན་གནས་ཐམས་ཅད་ཉེ་བར་འཚོ་བ་མ་ཡིན་པ་སྨད་ པའི་ལུས་ཐོབ་སྟེ། འདི་ལྟ་བུའི་སྦྱིན་གནས་མཉེས་པར་མ་བྱས་པས་ན་དེར་བདག་མིར་གྱུར་པ་ན། མི་བཀྲེན་པ་དང་། མི་དབུལ་པོ་དང་། བྲན་དུ་གྱུར་པ་དང་། གཞན་གྱི་དབང་དུ་སོང་བ་དང་། འདོད་པ་ལ་ཞེན་པའི་སེམས་ ཅན་རྣམས་དང་། འདོད་པ་ལ་ཆགས་པ་རྣམས་དང་། མི་རིགས་པའི་སྤྱོད་པ་ལ་གནས་པ་རྣམས་དང་། ལོག་པར་ལྟ་བ་རྣམས་དང་། ཚུལ་ཁྲིམས་ལོག་པར་ཞུགས་པ་རྣམས་དང་། ལྟ་བ་ལོག་པར་ཞུགས་པ་རྣམས་ དང་། མི་དགེ་བའི་རྩ་བ་གསུམ་ལ་རབ་ཏུ་གནས་པ་རྣམས་དང་། འགྲོ་བར་བྱ་བ་མ་ཡིན་པའི་འགྲོ་བ་བཞི་ལ་འགྲོ་བར་ཞུགས་པ་རྣམས་དང་། སྒྲིབ་པ་ལྔས་བསྒྲིབས་པ་རྣམས་དང་། བླ་མ་དྲུག་ལ་གུས་ 80-1-88a པར་མི་གནས་པ་རྣམས་དང་། དམ་པའི་ཆོས་མ་ཡིན་པ་བདུན་ལ་འཇུག་པ་རྣམས་དང་། ལོག་པ་བརྒྱད་ལ་ལོག་པར་ངེས་པ་རྣམས་དང་། གནོད་པ་དགུའི་དངོས་པོས་གནོད་པར་གྱུར་པ་རྣམས་དང་། མི་དགེ་བ་ བཅུའི་ལས་ཀྱི་ལམ་ལ་ལམ་ངན་པར་ཞུགས་པ་རྣམས་དང་། སེམས་ཅན་དམྱལ་བའི་ལམ་ལ་མངོན་པར་ཕྱོགས་པ་རྣམས་དང་། མཐོ་རིས་ཀྱི་ལམ་ལ་མ་ཕྱོགས་པ་རྣམས་དང་། དགེ་བའི་བཤེས་གཉེན་ དང་བྲལ་བ་རྣམས་དང་། སྡིག་པའི་གྲོགས་པོའི་ལག་ཏུ་སོང་བ་རྣམས་དང་། བདུད་ཀྱི་དབང་དུ་སོང་བ་རྣམས་དང་། དགེ་བའི་ཆོས་ཡོངས་སུ་སྤངས་པ་རྣམས་དང་། མི་དགེ་བའི་ཆོས་ལ་སྤྱོད་པ་ རྣམས་ཀྱི་དབྱུག་པས་བསྡིགས། འཇིགས་པས་བསྡིགས་ནས་མི་འདོད་བཞིན་དུ་བྱེད་ཅིང་རིམ་གྲོ་དང་། བསྙེན་བཀུར་བྱེད་པར་གྱུར་ཏེ། བདག་གིས་ནི་ད་ལྟར་དེ་དག་མཉེས་པར་བྱས་པས་དགེ་ བའི་ལུས་ཐོབ་ཀྱིས་སྦྱིན་གནས་ཐམས་ཅད་ཉེ་བར་འཚོ་བར་བྱའོ། །ལུས་དང་སྲོག་ལ་མི་བལྟ་བར་སློབ་དཔོན་ལ་རིམ་གྲོ་དང་། བསྙེན་བཀུར་བྱའོ་ཞེས། ཤཱ་རིའི་བུ་སེམས་བསྐྱེད་པ་དྲུག་པ་དེ་བསྐྱེད་ནས་བྱང་ ཆུབ་སེམས་དཔའ་སློབ་དཔོན་ལ་རིམ་གྲོ་དང་། བསྙེན་བཀུར་བྱེད་དེ། ཐ་ན་ཆུ་བུམ་པ་གང་ཙམ་ཡང་འབུལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་རྒྱ་ཆེར་རབ་ཏུ་རྟོག་ཏུ་གཞུག་པའི་ཕྱིར། དེའི་ཚེ་ཚིགས་སུ་ བཅད་པ་འདི་དག་གསུངས་སོ། །སྡིག་པའི་གྲོགས་ནི་ང་རྒྱལ་རྒྱགས་འཕེལ་བ། །བསྐལ་པ་མང་པོ་རྒྱ་མཚོར་བསྟན་པས་ན། །མི་ཡི་ནང་དུ་སྐྱེས་ཀྱང་བྲན་དུ་འགྱུར། །འཁོར་བའི་རྒྱུན་དུ་ཡུན་རིང་ དུས་སུ་འཁོར། །མི་ལུས་རབ་ཏུ་རྙེད་པར་དཀའ་བ་ཡང་། །དེ་ནི་བདག་གིས་དཀའ་བས་ཐོབ་གྱུར་ཏེ། །གནས་པའི་ཡུལ་ནི་འཐུན་པ་བཟང་པོ་དང་། །སངས་རྒྱས་འབྱུང་དང་དལ་འབྱོར་དེ་བཞིན་ནོ། ། 80-1-88b གྲོགས་པོ་གང་དག་མཆོག་ཏུ་རབ་བཟང་བ། །བྱང་ཆུབ་སེམས་དཔའི་སྤྱོད་དང་ལམ་སྟོན་ཅིང་། །བྱང་ཆུབ་སེམས་ནི་རིན་ཆེན་འཕེལ་བྱེད་པ། །དེ་དག་བསྐལ་པ་བྱེ་བ་མང་པོས་རྙེད། །ལུས་ནི་ཉམས་ཆུང་མི་རྟག་མི་ བརྟེན་ཏེ། །དབུ་བ་རྡོའ་དང་ཆུ་ཡི་ཆུ་བུར་འདྲ། །གྱུ་མ་ལྟ་བུ་གར་ལ་ལྟ་དང་མཚུངས། །རྨི་ལམ་མཐོང་དང་འདྲིད་པར་སྨྲ་བ་བཞིན། །སྲོག་ནི་ཡུན་ཐུང་ཚེ་ཡང་ཟད་པར་འགྱུར། །ཇི་ལྟར་སྤྲིན་དང་གློག་ནི་མི་གནས་ ལྟར། །སྐད་ཅིག་ཏུ་ནི་དེ་བཞིན་སྲོག་ཀྱང་འགྱུར། །སྙིང་པོ་མེད་ལས་སྙིང་པོ་ལེན་པར་བྱེད། །གང་གིས་འདས་པའི་དུས་ཀྱི་བསྐལ་པ་ཡང་། །རྒྱ་མཚོ་བརྒྱ་ཕྲག་བསམ་ཡས་བསླུས་གྱུར་པ། །ང་རྒྱལ་རི་བོ་མན་ དང་གཞོམ་པ་ཡི། །དུས་དང་ཚོད་དང་མན་ནི་ཉེར་གནས་ཀྱིས། །ལུས་ལ་སྡུག་པ་ཐམས་ཅད་རབ་སྤངས་ནས། །སྲོག་ལ་ཆགས་པ་མེད་པའི་ཡིད་ཀྱིས་ནི། །ང་དང་རྒྱགས་དང་དྲེགས་པ་སྤངས་གྱུར་ནས། །ཡོན་ཏན་ལྡན་ ལ་གུས་བཅས་རིམ་གྲོ་བྱ། །ང་དང་རྒྱགས་དང་དྲེགས་པ་སྤངས་གྱུར་ནས། །ཕ་དང་མ་དང་བུ་ཕོ་རྣམས་དང་ནི། །འཇིག་རྟེན་བླ་མ་མཆོག་ཏུ་གང་གྲགས་པ། །གུས་དང་བཅས་ཤིང་མཆོག་གི་རིམ་གྲོ་བྱ། །བྱང་ཆུབ་ སེམས་དཔའ་བྱང་ཆུབ་མཆོག་ཞུགས་པ། །གང་དག་བདག་དང་བྱང་ཆུབ་འཐུན་སྤྱོད་ལ། །དགའ་དང་གུས་པ་བརྟན་པ་བསྐྱེད་བྱ་སྟེ། །རིམ་གྲོ་བྱ་བའི་ཕྱིར་ནི་བརྩོན་པར་བྱ། །སྐྱེ་དགུ་ང་རྒྱལ་ལྡན་པ་ང་རྒྱལ་ སྤངས། །མི་མཁས་ང་རྒྱལ་གཅད་ཅིང་གདུལ་བའི་ཕྱིར། ཡེ་ཤེས་རྡོ་རྗེ་དག་གིས་བཅོམ་བྱས་ནས། །རྒྱགས་དང་ང་རྒྱལ་རི་ནི་བསྙིལ་བར་བྱ། །བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱས་ཏེ། །བྱང་ཆུབ་སྙིང་པོ་ མཆོག་ལ་གནས་གྱུར་ནས། །བདུད་ཀྱི་དཀྱིལ་འཁོར་རྩོད་པ་རྣམས་བཏུལ་ཏེ། །ཆུ་བོ་བཞི་ལས་སྲོག་ཆགས་བསྒྲལ་བར་བྱ། །ཕྱོགས་བཅུ་དག་ན་མི་གང་ན་བ་རྣམས། རང་གི་མི་གཙང་བར་ལྟུང་ 80-1-89a སྨད་པ་ལ། །བྱམས་པ་དང་ནི་སྙིང་རྗེའི་ཡིད་ཀྱིས་སུ། །མགོན་དང་སྐྱབས་དང་དཔུང་གཉེན་འགྱུར་བར་བྱ། །སྦྱིན་པའི་ཕ་རོལ་ཕྱིན་པའི་དུས་ལ་བབ། །སངས་རྒྱས་ཡོན་ཏན་བསླབ་པ་བསླབ་ནུས་ ཤེས། །བཟོད་པ་བསྒོམ་པར་བྱ་བ་ཕུན་སུམ་ཚོགས། །མདུད་པ་མེད་པའི་བརྩོན་འགྲུས་བརྩམ་པར་བྱ། །བསམ་གཏན་ཕ་རོལ་ཕྱིན་ཐོབ་ཕུན་སུམ་ཚོགས། །སེམས་གདུལ་བ་ཡི་དུས་ནི་ཉེ་བར་གནས། ། ཐབས་དང་ཤེས་རབ་མཁས་ལ་གནས་གྱུར་ཏེ། །བླ་མ་ཐམས་ཅད་ལ་ནི་བསྐོར་བ་བྱ། །དེ་ལྟར་བསོད་ནམས་སྟོབས་དང་གཟི་བརྗིད་སྤེལ། །ཤེས་རབ་ཡེ་ཤེས་མཁས་པ་བསམ་མི་ཁྱབ། །རང་དབང་དམ་ པ་དག་གིས་མངོན་འཕགས་ཏེ། བྱུར་བུར་ཡོངས་སུ་བཀང་བའི་སྣོད་བྱིན་ནོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་དྲུག་པ་འདི་བསྐྱེད་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡེ་ སྣོད་ཡོངས་སུ་ཚོལ་བས་སློབ་དཔོན་ལ་རིམ་གྲོ་དང་། བསྙེན་བཀུར་བྱེད་དེ། ཐ་ན་ཆུ་བུམ་པ་གང་ཙམ་ཡང་འབུལ་ལོ། །གཞན་ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་འདི་ལྟར་སེམས་བསྐྱེད་དེ། བདག་ ཡུན་རིང་པོར་དགེ་བའི་བཤེས་གཉེན་དང་བྲལ་ཞིང་སྡིག་པའི་གྲོགས་པོ་དང་ཕྲད་པས་ལེ་ལོ་ཅན། བརྩོན་འགྲུས་ཉམས་པ། སྙོམ་ལས་ཅན། བླུན་པ། ལྐུག་པར་གྱུར་ཏེ། ལས་ནག་པོ་དང་། ནག་པོའི་ རྣམ་པར་སྨིན་པའང་མེད། ལས་དཀར་པོ་དང་། དཀར་པོའི་རྣམ་པར་སྨིན་པ་འང་མེད། ལས་དཀར་གནག་དང་། དཀར་གནག་གི་རྣམ་པར་སྨིན་པ་འང་མེད། མི་གནག་ཅིང་དཀར་བའི་ལས་དང་། མི་ གནག་ཅིང་དཀར་བའི་རྣམ་པར་སྨིན་པ་ཡང་མེད་དོ། །ཞེས་དེ་ལྟར་ལྟ། དེ་ལྟར་བཟོད། དེ་ལྟར་མོས་པས། དགེ་སྦྱོང་དང་། བྲམ་ཟེ་ལ། བཙུན་པ་དག་དགེ་བ་གང་། མི་དགེ་བ་གང་། ཁ་ན་མ་ཐོ་བ་དང་ 80-1-89b བཅས་པ་གང་། ཁ་ན་མ་ཐོ་བ་མེད་པ་གང་། བསྟེན་པར་བྱ་བ་གང་། བསྟེན་པར་མི་བྱ་བ་གང་། བྱ་བའི་རིགས་པ་གང་། བྱ་བའི་མི་རིགས་པ་གང་། ཅི་བྱས་ན་ཡུན་རིང་པོར་གནོད་པ་དང་། མི་ཕན་པ་དང་། སྡུག་བསྔལ་བར་འགྱུར། ཅི་བྱས་ན་དོན་དང་། ཕན་པ་དང་། བདེ་བར་འགྱུར། ཞེས་མི་འདྲི་བ་དང་། ང་རྒྱལ་གྱིས་ཟིལ་གྱིས་ནོན་པས་སྡིག་པ་མི་དགེ་བའི་ལས་མངོན་པར་འདུས་བྱས་ཏེ། མི་དགེ་ བའི་ལས་དེའི་རྣམ་པར་སྨིན་པས་འདི་ལྟ་སྟེ། སྦྱིན་གནས་ཐམས་ཅད་ཉེ་བར་འཚོ་བ་མ་ཡིན་པ། དབང་པོ་མ་ཚང་བའི་མིར་གྱུར་ནས་འདི་ལྟ་བུའི་སྦྱིན་གནས་མཉེས་པར་མ་བྱས་པས། བདག་མིར་ གྱུར་པ་ན་ཡང་ལོང་བ། ལྐུག་པ། བླུན་པ། རྐུ་བ། དིག་པ། རྨོངས་པ། འོན་པར་གྱུར་ཏེ། ལེགས་པར་བཤད་པ་དང་། ཉེས་པར་བཤད་པའི་དོན་ཤེས་པར་མི་ནུས་སོ། །བདག་གིས་ནི་ད་ལྟར་མཉེས་ པར་བྱས་པས་འདི་ལྟ་སྟེ། དབང་པོ་ཚང་བ་དགེ་བའི་ལུས་ཐོབ་ཀྱིས། སྦྱིན་གནས་ཐམས་ཅད་ཀྱི་ཉེ་བར་འཚོ་བར་བྱ། ལུས་དང་སྲོག་ལ་མི་བལྟ་བར་བྱ། ལེགས་པར་བཤད་པ་དང་། ཉེས་པར་བཤད་པའི་ དོན་ཀུན་ཤེས་པའི་མཐུ་ཡོད་པར་བྱ། སློབ་དཔོན་ལ་བཙུན་པ་དགེ་བ་གང་། མི་དགེ་བ་གང་། ཁ་ན་མ་ཐོ་བ་དང་བཅས་པ་གང་། ཁ་ན་མ་ཐོ་བ་མེད་པ་གང་། བསྟེན་པ་གང་། མི་བསྟེན་པ་གང་། བྱ་བ་གང་། མི་བྱ་བ་གང་། ཅི་བྱས་ན་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་མངོན་དུ་འགྱུར། ཅི་བྱས་ན་བྱང་ཆུབ་སེམས་དཔའི་ཆོས་མངོན་དུ་འགྱུར་ཞེས་འདྲི་ཞིང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ ཀྱི་དོན་གྱི་ཕྱིར་སློབ་དཔོན་ལ་རིམ་གྲོ་དང་། བསྙེན་བཀུར་བྱེད་དེ། འདི་ལྟར་སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླང་ངོ་སྙམ་ནས། ཐ་ན་ཆུ་བུམ་པ་གང་ཙམ་ཡང་འབུལ་ལོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ 80-1-90a གསུངས་ཏེ། བདེ་བར་གཤེགས་པས་དེ་སྐད་བཀའ་སྩལ་ནས། སྟོན་པ་ཡང་འདི་སྐད་གསུང་ངོ་། །ཕན་པ་འདོད་ཕྱིར་བསྐལ་པ་བརྒྱ་མང་པོར། །དགེ་བའི་བཤེས་གཉེན་ཡོངས་སུ་སྤངས་གྱུར་ནས། ། དགེ་དང་མི་དགེ་ཁ་ན་མ་ཐོ་དང་། །ཁ་ན་མ་ཐོ་མེད་བྱས་འབྲས་མི་འདྲི། །ལྷག་པའི་ང་རྒྱལ་དབང་དུ་སོང་བ་ནི། །སེམས་དམྱལ་དུད་འགྲོ་གཤིན་རྗེའི་དབང་དུ་སོང་། །སྡིག་སེམས་གྲོགས་པོ་བསྟེན་པར་བྱས་ པས་ན། །བསྐལ་པ་བརྒྱ་མང་གིས་ནི་ངན་འགྲོར་འཕོས། །མི་ཡི་འཇིག་རྟེན་དབང་པོ་མ་ཚང་གྱུར། །བསྐལ་པ་སྟོང་ཕྲག་མང་པོར་འཁྱམས་པའི་ལུས། །དགེ་དང་མི་དགེ་ཁ་ན་མ་ཐོ་དང་། །ཁ་ན་མ་ཐོ་མེད་ བྱས་འབྲས་མི་ཤེས། །རུ་སྦལ་མགྲིན་པ་ཤིང་མིག་ཆུད་འདྲ་བར། །མི་ཡི་ལུས་ནི་ཤིན་དུ་དཀའ་བར་ཐོབ། །དབང་པོ་དག་ནི་ཚང་ཞིང་སྐྱེ་མཆེད་དགེ། །མི་དལ་ཡོངས་སུ་སྤངས་ནས་དལ་བ་རྙེད། །འཇིག་རྟེན་ སྒྲོན་མ་མཛད་པ་མཉེས་བྱས་ནས། །རྒྱལ་བས་བསྟན་ཆོས་འདོད་ཆགས་བྲལ་བ་ཐོབ། །དགེ་དང་མི་དགེ་བྱ་བའི་འབྲས་བུ་དག །འཇིག་རྟེན་གཙོ་ལ་བདག་དྲི་དུས་ལ་བབ། །འགྲོ་བར་སེར་སྣའི་མིར་འགྱུར་ ཇི་ལྟ་བུ། །ཇི་ལྟར་སྦྱིན་བདག་སེར་སྣ་མེད་པར་འགྱུར། །ཇི་ལྟར་གཡོ་ངན་བརྐམ་པ་ཚུལ་ཁྲིམས་འཆལ། །ཚུལ་ཁྲིམས་ནོར་ཀུན་སྲུང་བ་ཇི་ལྟ་བུ། །མི་ནི་ཁྲོ་དང་འཁྲུག་པར་ཇི་ལྟར་འགྱུར། །ཁྲོ་མེད་བཟོད་པའི་ སྟོབས་སུ་ཇི་ལྟར་འགྱུར། །ཇི་ལྟར་ལེ་ལོ་ཅན་དང་གཡེང་ཡིད་འགྱུར། །བརྩོན་འཕགས་བསམ་གཏན་དགའ་བ་ཇི་ལྟ་བུ། །ཇི་ལྟར་འཆལ་བའི་ཤེས་རབ་བླུན་ལྐུག་འགྱུར། །ཇི་ལྟར་ཤེས་རབ་ལྡན་ཞིང་བདེན་ གཏམ་དགའ། །ཇི་ལྟར་བྱང་ཆུབ་སྤྱོད་པ་གཅིག་སེམས་པས། །སྤྱོད་པ་བཟང་པོ་ཐམས་ཅད་ཚོལ་བར་འགྱུར། །ཇི་ལྟར་འགྲོ་བ་ཀུན་ལ་བྱམས་པ་བགྱིད། །ཇི་ལྟར་ངན་སོང་སོང་བའི་སེམས་ཅན་འདྲེན། ། 80-1-90b ཇི་ལྟར་ཆོས་ཀྱི་དགའ་བས་མི་ངོམས་ཡིད། །བྱང་ཆུབ་སྤྱོད་པ་སྡེ་སྣོད་ཡོངས་སུ་ཚོལ། །ཕྱོགས་དང་ཕྱོགས་མཚམས་རབ་འབྱམ་ཞིང་རྣམས་ན། །འཇིག་རྟེན་བླ་མ་བཞུགས་པར་ཇི་ལྟར་འགྲོ། །ཕྱག་འཚལ་ བསོད་ནམས་བྱེད་པ་ཇི་ལྟ་བུ། །ཀུན་དུ་བཟང་པོ་སྤྱོད་པ་ཅི་འདྲ་འདྲི། །སློབ་དཔོན་བླ་མ་དག་ལ་བདག་འདྲི་བ། །དེ་ཡི་དུས་ནི་དི་རིང་ཉེར་གནས་ཏེ། །བླ་མའི་གནས་སུ་གནས་ལས་ཉན་དགའ་སྟེ། །སློབ་དཔོན་ཡིད་ མགུ་བྱེད་པ་ཇི་ལྟ་བུ། །སངས་རྒྱས་སྲས་ཀྱི་སེམས་ནི་བསྐྱེད་གྱུར་ནས། །སྟོབས་དང་བསོད་ནམས་ཡངས་པའི་བློ་གྲོས་ཅན། །ངེས་པར་མཆོག་གི་ཡེ་ཤེས་སྟོབས་ལྡན་པས། །དགའ་བའི་ཡིད་ཀྱིས་ སྣོད་གང་ཆུ་ཡང་འབུལ། །ཤཱ་རིའི་བུ་སེམས་བསྐྱེད་པ་བདུན་པ་འདི་བསྐྱེད་ནས། །བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་དོན་གྱི་ཕྱིར་སློབ་དཔོན་ལ་ནི་རིམ་གྲོ་དང་། བསྙེན་བཀུར་བྱེད་དེ། ཐ་ན་ཆུ་བུམ་པ་གང་ཙམ་ཡང་འབུལ་ལོ། །གཞན་ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་འདི་ལྟར་སེམས་བསྐྱེད་དེ། བདག་ཡུན་རིང་པོར་དགེ་བའི་བཤེས་གཉེན་དང་བྲལ་ཞིག་སྡིག་པའི་གྲོགས་པོས་ཟིན་ པས་ལེ་ལོ་ཅན། བརྩོན་འགྲུས་ཉམས་པ། སྙོམས་ལས་ཅན། ལྐུག་པས་གང་ཚིག་དང་། ཡི་གེ་དང་། དོན་དང་། ཚིག་ཏུ་ལྡན་པ་དང་། ཆོས་དང་ཚིག་ཏུ་ལྡན་པ་དང་། མྱ་ངན་ལས་འདས་པ་དང་ལྡན་པ་དང་། འདོད་ ཆགས་དང་བྲལ་བ་ལྡན་པ་དང་། འགོག་པ་དང་། ཞི་བ་དང་། རྫོགས་པའི་བྱང་ཆུབ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། མྱ་ངན་ལས་འདས་པ་དང་ལྡན་པ་དང་། ཐམས་ཅད་ལ་བྱ་སྟེ། དེ་དག་སྤངས་ནས་དོན་དང་ཚིག་ཏུ་ མི་ལྡན་པ་དང་། ཆོས་ཀྱི་ཚིག་དང་མི་ལྡན་པ་ནས། མྱ་ངན་ལས་འདས་པ་དང་མི་ལྡན་པའི་བར་གྱིས་ཚིག་དང་། ཡི་གེ་དེ་དག་འཛིན་པ་དང་། ལེན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་ནི་འདི་ལྟ་སྟེ། སྟོབས་མེད། 80-1-91a བརྩོན་འགྲུས་མེད། སྐྱེས་བུའི་སྟོབས་མེད། སྐྱེས་བུའི་མཐུ་མེད། སྐྱེས་བུའི་བརྟུལ་བ་མེད། སྤྱོད་པ་མེད། རྟུལ་བ་མེད། སྤྱོད་པ་ལ་མཐུ་མེད། རྒྱུ་མེད། རྐྱེན་མེད་དེ། སེམས་ཅན་ཀུན་ ནས་ཉོན་མོངས་པ་ཡང་རྒྱུ་མེད་རྐྱེན་མེད་པར་སེམས་ཅན་ཀུན་ནས་ཉོན་མོངས་པར་གྱུར་ཏེ། རྒྱུ་མེད་དོ། །རྐྱེན་མེད་དོ། །སེམས་ཅན་རྣམས་རྣམ་པར་དག་པ་ཡང་རྒྱུ་མེད། རྐྱེན་མེད་པར་སེམས་ཅན་རྣམ་པར་དག་གོ། ། ཞེས་འདི་ལྟར་རྒྱུ་མེད་པར་ལྟ་བ་ལ་གནས་ནས། བདག་གིས་མི་དགེ་བའི་ལས་མང་པོ་མངོན་པར་འདུས་བྱས་ཏེ། ལས་དེའི་རྣམ་པར་སྨིན་པས་འདི་ལྟ་སྟེ། མིའི་ནང་དུ་སྦྱིན་གནས་ཐམས་ཅད་ཉེ་བར་འཚོ་ བ་མ་ཡིན་པ། དབང་པོ་མ་ཚང་བའི་མིའི་ལུས་ཐོབ་སྟེ། དེ་ན་བདག་གླེན་པ། གཡེང་བ། དིག་པ། ལྐུག་པ། རྨོངས་པ། བླུན་པ། ལོང་བ། འོན་པར་གྱུར་པས། གང་ཚིག་དང་། ཡི་གེ་དང་། དོན་དུ་ལྡན་ པ་ནས། མྱ་ངན་ལས་འདས་པ་དང་ལྡན་པའི་བར་དུ་དེ་དག་འཛིན་པ་དང་། ལེན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པའི་མཐུ་མེད་པས་འདི་ལྟ་བུའི་སྦྱིན་གནས་མཉེས་པར་མ་བྱས་སོ། །བདག་གིས་ནི་ ད་ལྟར་སྦྱིན་གནས་མཉེས་པར་བྱས་ཀྱིས། ལུས་དང་སྲོག་ལ་མི་ལྟ་བའི་བར་དུ་བྱས་ཏེ། གང་ཚིག་དང་། ཡི་གེ་དང་། དོན་དུ་ལྡན་པ་ནས་མྱ་ངན་ལས་འདས་པ་དང་ལྡན་པའི་བར་དུ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ཉིད་གཟུང་བ་ནས། ཀུན་ཆུབ་པར་བྱ་བའི་བར་དུ་ནུས་ཀྱིས། འོན་བདག་གིས་བརྩོན་འགྲུས་བརྩམས་ཏེ། འདི་ལྟ་སྟེ། བྱང་ཆུབ་ སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ཉིད་བླང་བའི་ཕྱིར་ལུས་ཀྱི་སློབ་དཔོན་ལ་རིམ་གྲོ་དང་། བསྙེན་བཀུར་བྱའོ། །འཛིན་པ་དང་། ཀློག་པ་དང་། ཁ་ཏོན་དང་། བསྙེན་བཀུར་བྱས་ 80-1-91b ཏེ། སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླངས་པར་འགྱུར། བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་ཀྱིས་ཉེ་བར་བརྟེན་པར་བྱས་པར་འགྱུར་ཏེ། བསོད་ནམས་དང་། ཡེ་ཤེས་ཀྱི་སྟོབས་དེས་ཉེ་བར་བརྟན་པས་ བྱང་ཆུབ་སེམས་དཔའི་སྡེ་སྣོད་འདི་དང་ཉེ་བར་འགྱུར་རོ་སྙམ་ནས་ཆེད་དུ་བསམས་ཏེ། སློབ་དཔོན་ལ་རིམ་གྲོ་དང་། བསྙེན་བཀུར་བྱེད་དེ། ཐ་ན་ཆུ་བུམ་པ་གང་ཙམ་ཡང་འབུལ་ལོ། །འདི་ལ་དེའི་ཆོས་ཉིད་ ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །ཆོས་གང་དོན་དང་ལྡན་པ་དང་། ལམ་གྱི་ཡན་ལག་ལམ་སྒོམ་དང་། འགོག་པ་མངོན་དུ་བྱེད་པ་དང་། མྱ་ངན་འདས་ལམ་སྙིང་པོ་ཅན། །ཆོས་དེ་དག་ནི་ཡོངས་སྤངས་ ནས། །གང་ཆོས་ཕན་པ་མེད་པ་དང་། །དོན་དང་ཚིག་ཏུ་མི་ལྡན་པ། །ཆོས་དེ་དག་ནི་བདག་གིས་བསྙེན། །བརྩོན་འགྲུས་དང་ནི་སྟོབས་མེད་དེ། །སྐྱེས་བུ་ཡི་ནི་མཐུ་ཡང་མེད། །ཤིན་དུ་རྟུལ་བ་མཆོག་རྣམས་དང་། དེ་དག་ཐམས་ཅད་མི་དམིགས་སོ། །སངས་རྒྱས་དང་ནི་ཆོས་ཀྱང་མེད། །ཕ་མ་མེད་པ་དེ་བཞིན་དུ། །དཀར་པོ་དང་ནི་ནག་པོའི་ལས། །རྣམ་པར་སྨིན་པ་ཀུན་མེད་ཅེས། །འདི་འདྲའི་སྡིག་པར་ལྟ་བ་དག །ཡང་ དང་ཡང་དུ་བསྟེན་པས་ན། །གཅིག་ཏུ་མི་བཟད་མ་རུངས་པ། །སེམས་ཅན་དམྱལ་བར་ཡུན་རིང་གནས། །དེ་བཞིན་དུད་འགྲོའི་སྐྱེ་གནས་དང་། །གཤིན་རྗེའི་འཇིག་རྟེན་སྡིག་ཅན་ཏེ། །ནམ་ཚེ་འང་མིར་ནི་ སྐྱེས་གྱུར་ཀྱང་། །བླུན་ཞིང་ལྕེ་ནི་མེད་པར་འགྱུར། །གཡེང་བ་དང་ནི་འོན་པར་འགྱུར། །དིག་པ་ལྐུག་པ་རྨོངས་པར་འགྱུར། །ཡུན་རིང་སེམས་དམྱལ་མ་རུངས་པར། །མི་ཤིས་པས་ནི་རབ་ཏུ་ལྟུང་། །དབང་ པོ་ཐམས་ཅད་ཕུན་ཚོགས་ཤིང་། །བདག་གི་ལུས་འདི་རབ་མཛེས་པ། །ཡུན་རིང་དུས་ན་བདག་གིས་ཐོབ། །འདི་ནི་བདག་གིས་བརྩོན་བྱའི། །ཆོས་གང་དོན་དང་ལྡན་པ་དང་། །མྱ་ངན་འདའ་བའི་གྲོགས་བྱེད་པ། ། 80-1-92a བྱང་ཆུབ་ལམ་དང་བྱང་ཆུབ་ལ། །བདག་ནི་འབད་པར་བྱ་བའི་དུས། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ནི། །ཟབ་མོའི་དོན་དང་ལྡན་པ་སྟེ། །བསྐལ་པ་སྟོང་ཕྲག་བྱེ་བར་ཡང་། །དེ་ནི་ཤིན་དུ་ཐོས་པར་ དཀའ། །སངས་རྒྱས་ཀྱི་ནི་བྱང་ཆུབ་ཕྱིར། །སངས་རྒྱས་ཆོས་མང་འདི་དང་ནི། །གཞན་ཡང་བསམ་གྱིས་མི་ཁྱབ་ལ། །རབ་ཏུ་འཇུག་ཅིང་གཟུང་བར་བྱ། །སློབ་དཔོན་ལ་ནི་གུས་བཅས་ཤིང་། །བསྙེན་ བཀུར་དག་ནི་བྱས་པ་ན། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཐོས་པ་དེ་ནི་རྙེད་པར་འགྱུར། །བྱང་ཆུབ་སེམས་དཔའ་མི་འཇིགས་པ། །ཐབས་དང་ཤེས་རབ་ལྡན་པ་ཡི། །འདི་ལྟ་བུར་ནི་ སེམས་བསྐྱེད་ནས། །རྫ་གང་ཙམ་གྱི་ཆུ་ཡང་འབུལ། །ཤཱ་རིའི་བུ་སེམས་བསྐྱེད་པ་བརྒྱད་པ་འདི་བསྐྱེད་ནས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཕྱིར་སློབ་དཔོན་ལ་རིམ་གྲོ་དང་། བསྙེན་བཀུར་བྱེད་དེ། ཐ་ན་ཆུ་རྫ་གང་ཙམ་ཡང་འབུལ་ལོ། །གཞན་ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་འདི་ལྟར་སེམས་བསྐྱེད་དེ། ཀྱེ་མའོ་སེམས་ཅན་འདི་དག་ནི་དོན་མེད་པས་ཡོངས་སུ་བསྐོར་ བ། ལུས་དང་སྲོག་ལ་ལྟ་བའོ། །དོན་གྱིས་ཡོངས་སུ་བསྐོར་བ་ནི་ལུས་དང་སྲོག་ལ་མི་ལྟའོ། །དོན་མེད་པས་ཡོངས་སུ་བསྐོར་བ་གང་ཞེ་ན། འདི་ལྟ་སྟེ། ལུས་དང་སྲོག་ལ་ལྟའི། བྱང་ཆུབ་ཀྱི་ ཕྱོགས་ཀྱི་ཆོས་རྣམས་ལ་མི་ལྟ་ཞིང་ང་ཡིར་འཛིན་པ་སྔོན་དུ་འགྲོ་བས་བདག་སྦ་བ་དང་། དྲིལ་བ་དང་། མཉེ་བ་དང་། བཀྲུ་བ་དང་། བརྫི་བས་ཡོངས་སུ་བསྐོར་བ་དེ་ནི་དོན་མེད་པས་ཡོངས་སུ་བསྐོར་ བ་ཞེས་བྱའོ། །གཞན་ཡང་དོན་མེད་པས་ཡོངས་སུ་བསྐོར་བ་ནི་འདི་ལྟ་སྟེ། ལུས་དང་སྲོག་ལ་ལྟ་ཞིང་ང་ཡིར་འཛིན་པ་སྔོན་དུ་འགྲོ་བས་ཆུང་མ་དང་། བུ་ཕོ་དང་། བུ་མོ་དང་། མཛའ་བོ་དང་། ཉེ་དུ་དང་། 80-1-92b སྣག་གི་གཉེན་མཚམས་སྦེད་པ་དང་། དྲིལ་བ་ནས་ཡོ་བྱད་དང་། ལོངས་སྤྱོད་ཐམས་ཅད་ཀྱི་བར་གྱིས་ཡོངས་སུ་བསྐོར་བ་དེ་ནི་དོན་མེད་པས་ཡོངས་སུ་བསྐོར་བ་ཞེས་བྱའོ། །གཞན་ཡང་ང་ཡིར་འཛིན་པ་སྔོན་དུ་ འགྲོ་བ་ནས། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པའི་མི་སྦེད་པ་དང་། མངག་པ་དང་། ཀུན་དུ་སྲུང་བ་དེ་ནི་དོན་མེད་པས་ཡོངས་སུ་བསྐོར་བ་ཞེས་བྱའོ། །དེ་ལ་དོན་གྱིས་ཡོངས་སུ་བསྐོར་བ་གང་ཞེ་ན། འདི་ ལྟ་སྟེ། ལུས་དང་སྲོག་ལ་མི་ལྟ་ཡི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་ལྟ་ཞིང་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་ཡོངས་སུ་བསྐོར་བ་དེ་ནི་དོན་གྱིས་ཡོངས་ སུ་བསྐོར་བ་ཞེས་བྱའོ། །གཞན་ཡང་དོན་གྱིས་ཡོངས་སུ་བསྐོར་བ་ནི། འདི་ལྟ་སྟེ། ལུས་དང་སྲོག་ལ་མི་ལྟ་ཡི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་ལྟ་ཞིང་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བའི་སྦྱིན་པའི་ཕ་རོལ་ དུ་ཕྱིན་པ་བསྒྲུབས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྒྲུབ་པའི་བར་གྱིས་ཡོངས་སུ་བསྐོར་བ་དེ་ནི་དོན་གྱིས་ཡོངས་སུ་བསྐོར་བ་ཞེས་བྱའོ། །གཞན་ཡང་དོན་གྱིས་ཡོངས་སུ་བསྐོར་བ་ནི་ལུས་དང་སྲོག་ལ་མི་ལྟ་ ཡི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་ལྟ་ཞིང་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བའི་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་བྱ་བ་དང་། དོན་འཐུན་པས་སེམས་ཅན་ཐམས་ཅད་སྡུད་པས་སེམས་སུ་བསྐོར་བ་དེ་ནི་ དོན་གྱིས་ཡོངས་སུ་བསྐོར་བ་ཞེས་བྱའོ། །གཞན་ཡང་དོན་གྱིས་ཡོངས་སུ་བསྐོར་བ་ནི་འདི་ལྟ་སྟེ། ལུས་དང་སྲོག་ལ་མི་ལྟ་ཡི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་ལྟ་ཞིང་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བའི་ དྲན་པ་ཉེ་བར་བཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་བསྒོམ་པས་ཡོངས་སུ་བསྐོར་བ་དེ་ནི་དོན་གྱིས་ཡོངས་ 80-1-93a སུ་བསྐོར་བ་ཞེས་བྱའོ། །གཞན་ཡང་དོན་གྱིས་ཡོངས་སུ་བསྐོར་བ་ནི་འདི་ལྟ་སྟེ། ལུས་དང་སྲོག་ལ་མི་ལྟའི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་ལྟ་ཞིང་། བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བའི་ ཕ་མ་དང་། སློབ་དཔོན་ལ་རིམ་གྲོ་བྱེད་ཅིང་བླ་མའི་གནས་ལ་བསྙེན་བཀུར་བྱེད་པ་དང་། འདུད་པ་དང་། རབ་ཏུ་འདུད་པ་དང་། གུས་པར་སྨྲ་བ་དང་། ཕྱག་འཚལ་བ་དང་། ལྡང་བ་དང་། ཐལ་མོ་སྦྱོར་ བའི་ལས་ཀྱིས་ཡོངས་སུ་བསྐོར་བ་དེ་ནི་དོན་གྱིས་ཡོངས་སུ་བསྐོར་བ་ཞེས་བྱའོ། །གཞན་ཡང་དོན་གྱིས་ཡོངས་སུ་བསྐོར་བ་ནི་འདི་ལྟ་སྟེ། ལུས་དང་སྲོག་ལ་མི་ལྟ་ཡི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ ཆོས་ལ་ལྟ་ཞིང་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བའི་དཀོན་མཆོག་གྱི་ཞལ་ཏ་བྱས་པས་ཡོངས་སུ་བསྐོར་བའོ། །དེ་ལྟར་ཀྱེ་མའོ་སེམས་ཅན་འདི་དག་ནི་དོན་མེད་པས་ཡོངས་སུ་བསྐོར་བ། ལུས་དང་སྲོག་ལ་ལྟ་བའོ། །ཀྱེ་མའོ་བདག་ནི་དོན་གྱིས་ཡོངས་སུ་བསྐོར་བས་ཡོངས་སུ་བསྐོར་གྱི་བདག་གང་བརྩོན་འགྲུས་བརྩམས་ལ་སློབ་དཔོན་ལ་ལུས་ཀྱི་རིམ་གྲོ་དང་། བསྙེན་བཀུར་ བྱ་སྟེ། དེ་ལྟར་ན་སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླངས་པ་དང་། བསོད་ནམས་དང་། ཡེ་ཤེས་ཀྱི་སྟོབས་ཀྱིས་ཉེ་བར་བརྟན་པར་བྱས་པར་འགྱུར་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ སྟོབས་དེས་ཉེ་བར་བརྟན་པས་བྱང་ཆུབ་ཀྱི་སྙིང་པོ་དང་ཉེ་བར་འགྱུར་རོ། །སྙམ་པ་དེ་ནི་ཤཱ་རིའི་བུ་སེམས་བསྐྱེད་པ་དགུ་པ་འདི་བསྐྱེད་ནས་སློབ་དཔོན་ལ་རིམ་གྲོ་དང་བསྙེན་བཀུར་བྱེད་དེ། ཐ་ན་ཆུ་རྫ་གང་ ཡང་འབུལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་རྒྱ་ཆེར་བསྟན་པའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངསོ། །བྱིས་པ་སོ་སོའི་སྐྱེ་བོ་ཀུན། །ལུས་དང་སྲོག་ལ་ལྟ་ལྡན་ཞིང་། །བྱང་ཆུབ་ཕྱོགས་ལ་མི་ལྟ་སྟེ། རྣམ་པ་སྣ་ཚོགས་ལས་ 80-1-93b ཀྱང་བྱེད། །སོ་སོའི་སྐྱེ་བོ་དེ་དག་ནི། །བདག་གི་དོན་དང་ཆུང་མའི་དོན། །བུ་ཕོ་དང་ནི་བུ་མོའི་ཕྱིར། །དོན་མེད་པ་ལ་ཆགས་པར་འགྱུར། །བྲན་དང་ལས་བྱེད་མངག་པ་བདག །མི་མཁས་པས་ནི་ཀུན་དུ་མངགས། །རྐང་བཞི་པ་དག་གོས་བྱེད་དེ། དེ་དག་དོན་མེད་ཆགས་ པར་འགྱུར། །ནོར་དང་འབྲུ་རྣམས་རབ་སོགས་ཤིང་། །སྦྱིན་པ་མི་བྱེད་མི་སྤྱོད་དེ། །དོན་མེད་ཆགས་པ་དེ་དག་ནི། །གདེང་གྱི་སྲུངས་མར་བརྗོད་པ་ཡིན། །འདི་ནི་དོན་མེད་ཆགས་པ་སྟེ། །སོ་སོའི་སྐྱེ་བོ་དེ་ལ་ཆགས། །བྱང་ཆུབ་སེམས་དཔའ་བློ་ལྡན་ནི། ། དོན་ལ་ཆགས་ཤིང་བརྩོན་པར་བྱེད། །ལུས་དང་སྲོག་ལ་མི་ལྟ་ཡི། །བྱང་ཆུབ་ཕྱོགས་ལ་ལྟ་བྱེད་ཅིང་། །རྣམ་པ་སྣ་ཚོགས་ལས་བྱེད་པ། །དོན་ལ་ཡོངས་སུ་ཆགས་ཤེས་བྱ། །སྦྱིན་དང་ཚུལ་ཁྲིམས་བརྩོན་འགྲུས་བཟོད། །བསམ་གཏན་ཤེས་རབ་ དེ་བཞིན་དུ། །ཐབས་དང་རབ་ཏུ་ལྡན་པ་ནི། །དོན་ལ་ཡོངས་སུ་ཆགས་ཤེས་བྱ། །ཕ་དང་མ་ལ་བསྙེན་བཀུར་བྱེད། །བླ་མ་རྒན་རབས་རྗེས་སུ་བསྐྱངས། །དཀོན་མཆོག་གསུམ་གྱི་ཞལ་ཏ་བྱེད། །དོན་ལ་ཡོངས་སུ་ཆགས་ཤེས་བྱ། །ཆོས་ཀུན་ཡང་དག་བསྡུས་ པ་ཡི། །བྱང་ཆུབ་སེམས་དཔའི་སྡེ་སྣོད་འདི། །ཀློག་ཅིང་རབ་ཏུ་སྟོན་པ་ནི། །དོན་ལ་ཡོངས་སུ་ཆགས་ཤེས་བྱ། །དོན་ལ་ཆགས་པ་དེ་དག་ནི། །སངས་རྒྱས་ཀུན་གྱིས་བསྔགས་པ་སྟེ། །དེ་ལ་བརྩོན་དང་ལྡན་པ་ནི། །རྒྱལ་སྲས་འཇིགས་པ་མེད་པའོ། །དེ་ལྟ་བུ་ཡི་ སེམས་བསྐྱེད་ནས། །རབ་ཏུ་དང་བའི་སེམས་ཀྱིས་ནི། །བླ་མ་རྣམས་ལ་བསྙེན་བཀུར་བྱེད། །སྣོད་གང་ཙམ་གྱི་ཆུ་ཡང་འབུལ། །ཤཱ་རིའི་བུ་སེམས་བསྐྱེད་པ་དགུ་པ་འདི་བསྐྱེད་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཕྱིར་སློབ་དཔོན་ལ་རིམ་གྲོ་ དང་། བསྙེན་བཀུར་བྱེད་དེ། ཐ་ན་ཆུ་བུམ་པ་གང་ཙམ་ཡང་འབུལ་ལོ། །གཞན་ཡང་ཤ་རིའི་བུ་བྱང་ཆུབ་སེམས་དཔའ་འདི་ལྟར་སེམས་བསྐྱེད་དེ། ཀྱེ་མའོ་སེམས་ཅན་འདི་དག་ནི་བཀའ་བློ་མི་བདེ་བ་སྟེ། སློབ་དཔོན་གྱི་རྗེས་སུ་བསྟན་པ་དང་མི་མཐུན་པར་འཛིན་པས་དེ་དག་ཁོང་དུ་མི་ཆུད་དོ་ ཅི་ཁོང་དུ་མི་ཆུད་ཅེ་ན་འདི་ལྟ་སྟེ། སློབ་དཔོན་གྱི་ནོར་ཁོང་དུ་མི་ཆུད་དོ། །སློབ་དཔོན་གྱི་ནོར་གང་ཞེ་ན། འདི་ལྟ་སྟེ། དད་པའི་ནོར་དང་། ཚུལ་ཁྲིམས་ཀྱི་ནོར་དང་། ཐོས་པའི་ནོར་དང་། ཁྲེལ་ཡོད་པའི་ནོར་དང་། གཏོང་བའི་ནོར་དང་། 80-1-94a ཤེས་རབ་ཀྱི་ནོར་ཏེ། དེ་དག་ནི་སློབ་དཔོན་ནོར་ཞེས་བྱ་སྟེ། དེ་དག་ཁོང་དུ་མ་ཆུད་པས་ན་རབ་ཏུ་དབུལ་བ་ཞེས་བྱའོ། །བདག་ནི་བཀའ་བློ་བདེ་ཞིང་སློབ་དཔོན་གྱི་རྗེས་སུ་བསྟན་པ་དང་མཐུན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་ དཔའ་ནི་ཤིན་དུ་བཀའ་བློ་བདེ་བ་སྟེ། སློབ་དཔོན་གྱི་རྗེས་སུ་བསྟན་པ་དང་འཐུན་པར་འཛིན་ཅིང་ཁོང་དུ་ཆུད་པར་བྱེད་དོ། །ཅི་ཁོང་དུ་ཆུད་ཅེ་ན། འདི་ལྟ་སྟེ། སློབ་དཔོན་གྱི་ནོར་རོ། །བྱང་ཆུབ་སེམས་དཔའི་སློབ་དཔོན་གྱི་ནོར་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་ དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་སོ། །སློབ་དཔོན་གྱིས་བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ཅད་ཏུ་བཀའ་བློ་བདེ་བར་རིག་ནས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་རྒྱ་ཆེར་སྟོན་ཏོ། །རབ་ཏུ་སྟོན་ཏོ། །རབ་ཏུ་འཆད་དོ། །རབ་ཏུ་གཞོག་གོ། །རྣམ་ པར་འགྲེལ་ཏོ། །རྣམ་པར་འབྱེད་དོ། །གསལ་པོར་གོ་བར་བྱེད་དོ། །ཡང་དག་པར་རབ་ཏུ་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་ནི་དབུལ་བ་ཡོངས་སུ་ཆད་པ་ཁོང་དུ་ཆུད་པར་འགྱུར་ཏེ། འདི་ ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དེ་དེ་ལྟར་སེམས་བསྐྱེད་དེ་བཀའ་བློ་བདེ་ཞིང་སློབ་དཔོན་གྱི་བསྟན་པ་དང་འཐུན་པར་འཛིན་པ་ནི་སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླངས་པར་འགྱུར་རོ་སྙམ་ནས་སློབ་དཔོན་ ལ་རིམ་གྲོ་དང་། བསྙེན་བཀུར་བྱེད་དེ་ཐ་ན་ཆུ་རྫ་གང་ཙམ་ཡང་འབུལ་ལོ། །ཤཱ་རིའི་བུ་སེམས་བསྐྱེད་པ་བཅུ་པ་འདི་བསྐྱེད་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཡོངས་སུ་ཚོལ་བས་སློབ་དཔོན་ལ་བསྙེན་བཀུར་ དང་རིམ་གྲོ་བྱེད་དེ། ཐ་ན་ཆུ་རྫ་གང་ཙམ་ཡང་འབུལ་ལོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་ཏེ། བདེ་བར་གཤེགས་པས་དེ་སྐད་བཀའ་སྩལ་ནས་སྟོན་པ་ཡང་འདི་སྐད་གསུང་། བཀའ་བློ་མི་བདེ་སེམས་ཅན་གང་། ། མི་དྲང་སྒྱུ་དང་གཡོ་ངན་ཅིང་། །བླ་མ་རྣམས་དང་མི་མཐུན་པ། །ཚིག་བཞིན་དུ་ནི་བྱེད་མི་འགྱུར། །བསྟན་པ་དང་ནི་མི་མཐུན་ཞིང་། །བཀའ་བློ་མི་བདེ་ཤེས་གྱུར་ནས། །དྲང་སྲོང་ནོར་ནི་གང་ཡིན་པ། །དེ་ནི་དེ་ལ་མི་སྟོན་ཏོ། །དད་པའི་ནོར་ 80-1-94b དང་ཚུལ་ཁྲིམས་ནོར། །ཁྲེལ་ཡོད་ངོ་ཚ་ཤེས་པའི་ནོར། །ཐོས་པའི་ནོར་དང་གཏོང་ནོར་དང་། །ཤེས་རབ་ཉིད་ནི་ནོར་བདུན་པ། །ནོར་གྱི་རྣམ་པ་འདི་དག་ནི། །མི་ཟད་པ་ཡི་གཏེར་བདུན་ཏེ། །སྣོད་མ་ཡིན་པར་རིག་ནས་ནི། །དེ་ནི་དེ་ལ་ མི་སྟོན་ཏོ། །སེམས་ཅན་གང་དག་རྣམ་པ་ཀུན། །སངས་རྒྱས་ཆོས་ཀྱི་སྣོད་གྱུར་ཅིང་། །གཡོ་མེད་ཚིག་འཇམ་སྒྱུ་མེད་ལ། །བཀའ་བློ་བདེ་ཞིང་རབ་འཐུན་པ། །སངས་རྒྱས་ཀྱི་ནི་བྱང་ཆུབ་ཕྱིར། །ལུས་དང་སྲོག་ ལ་མི་ལྟ་བར། །གུས་དང་བཅས་པའི་ཆོས་འདོད་ཅིང་། །བརྩོན་འགྲུས་རྩོམ་པ་རབ་ཏུ་སེམས། །ཚུལ་འདི་འཛིན་པར་འགྱུར་བ་ཡི། །སྣོད་ཏུ་རུང་བར་རིག་གྱུར་ནས། །ཆོས་ཀྱི་དབྱིངས་ནི་དབྱེར་མེད་པ། །འདྲེན་པས་ ཡང་དག་རབ་ཏུ་སྟོན། །གང་ལ་བྱང་ཆུབ་གནས་པ་ཡི། །སངས་རྒྱས་རྣམས་ཀྱི་སྙིང་པོའི་ནོར། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ནི། །རྒྱས་པར་རབ་ཏུ་སྟོན་པར་བྱེད། །ཆོས་རྣམས་ཐམས་ཅད་བདག་མེད་དེ། །མཚན་མེད་སྟོང་ པའི་མཚན་ཉིད་ཅན། །སྲོག་ཀྱང་མེད་ཅིང་འགྱུར་བ་མེད། །སྤྲོས་པ་མེད་དེ་ཀུན་གཞི་མེད། །ཆོས་རྣམས་ཐམས་ཅད་རང་བཞིན་གྱིས། །མ་སྐྱེས་ཤིང་ནི་མཚན་ཉིད་མེད། །བྱུང་བ་མེད་ཅིང་གྲུབ་པ་མེད། །མཚན་ མ་མེད་པས་ཕྱེ་བ་སྟེ། །མི་གང་བཀའ་བློ་བདེ་ཞིང་མི་འགལ་བ། །བསྟན་པ་ལ་ནི་རྗེས་སུ་འཐུན་འཛིན་པ། །དེ་དག་ལ་ཡང་རྒྱལ་བ་རང་འབྱུང་རྣམས། །ཐར་སྒོ་སླེབས་ཤེས་རང་གི་སྤྱོད་ཡུལ་སྟོན། །དད་ནོར་ཚུལ་ཁྲིམས་ནོར་དང་ ཁྲེལ་ཡོད་དང་། །ངོ་ཚ་ཤེས་དང་ཐོས་གཏོང་ཤེས་རབ་དང་། །དེ་ལ་ནོར་འདི་རྣམས་ནི་ཀུན་འགེད་ཅིང་། །བདུན་པོ་མི་ཟད་ཆོས་ཀྱི་མཛོད་ཀྱང་འབྱིང་། མི་འགའ་བཀའ་བློ་བདེ་ཞིང་རྗེས་སུ་འཐུན། །དགེ་བའི་བཤེས་གཉེན་སྙམ་དུ་རྟག་བསམས་ནས། ། བླ་ན་མེད་པའི་བྱང་ཆུབ་ཚོལ་བའི་ཕྱིར། བླ་མ་དག་ལ་བདག་གིས་རིམ་གྲོ་བྱ། དེ་ལྟ་བུ་ཡི་སེམས་ནི་བསྐྱེད་བྱས་ལ། སྙིང་རྗེ་དགའ་བ་རྒྱ་ཆེར་རབ་བསྐྱེད་དེ། ཁམ་སྣོད་དང་བའི་ཆུ་ཡིས་བཀང་བ་ཡང་། །སྐོམ་པ་དག་ལ་ཉེ་བར་སྦྱིན་པར་བྱ། །ཤཱ་རིའི་བུ་སེམས་བསྐྱེད་པ་བཅུ་ 80-1-95a པ་འདི་བསྐྱེད་ནས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཡོངས་སུ་ཚོལ་བས་སློབ་དཔོན་ལ་ལུས་ཀྱིས་བསྙེན་བཀུར་དང་རིམ་འགྲོ་བྱེད་དེ། ཐ་ན་ཆུ་རྫ་གང་ཙམ་ཡང་འབུལ་ལོ། །དེ་དགེ་བའི་རྩ་བ་དེས་ཆོས་བཞི་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། མྱུར་དུ་དགེ་བའི་ཆོས་ལ་འཇུག་ པ་དང་། སློབ་དཔོན་གྱི་བསྔགས་པ་བརྗོད་པར་འགྱུར་བ་དང་། ནན་ཏན་གྱིས་སྒྲུབ་ཀྱི་ལོག་པའི་ནན་ཏན་གྱིས་མ་ཡིན་པ་དང་། ཆོས་ཀྱི་ཕྱིར་སྡུག་བསྔལ་གྱི་གཞན་དུ་ཕྱོགས་བར་མི་འགྱུར་བ་སྟེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་མི་གྱུར་བ་ན་ཆོས་བཞི་པོ་དེ་དག་ཐོབ་པར་ འགྱུར་རོ། །གཞན་ཡང་ཆོས་བཞི་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། སྐྱེ་བོ་མང་པོའི་རྗེས་སུ་བསླབས་ནས་དཀར་པོའི་ཆོས་ལ་གནས་པ་དང་། སྦས་ཤིང་བཞག་པའི་གནས་སྐྱེ་བོ་མང་པོ་མགུ་བ་དང་། རབ་ཏུ་དགའ་བར་བྱེད་པ་མྱུར་དུ་འཐོབ་པ་དང་། སེམས་དགའ་བཞིན་ དུ་ཉིན་མཚན་ཟད་པར་འགྱུར་བ་དང་། ཀུན་ནས་ལྡང་བ་མེད་པར་འཆི་བའི་དུས་བྱས་ནས་བདེ་འགྲོ་མཐོ་རིས་སུ་སྐྱེ་བར་འགྱུར་བ་སྟེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་ཐོབ་པར་འགྱུར་རོ། །དེ་ལྟར་གྱུར་བ་ན་ཆོས་བཞི་པོ་ཐོབ་པར་འགྱུར་ཏེ། བཞི་ གང་ཞེ་ན། ལྷའི་འཁོར་གྱི་སྟན་མཆོག་རྙེད་པར་འགྱུར་བ་དང་། ལྷའི་འཁོར་ཐམས་ཅད་དེའི་གདོང་དུ་ལྟ་ཞིང་ཅི་བཤད་པ་དེ་དག་ཐོས་ནས་ཤེས་པར་བྱའོ་སྙམ་དུ་སེམས་པར་འགྱུར་བ་དང་། ལྷའི་དབང་པོ་བརྒྱ་བྱིན་དང་དེ་བཞིན་དུ་ལྷའི་བུ་གཞན་ ཡང་དེའི་དྲུང་དུ་འོང་གིས། དེ་ལྷའི་བུ་གཞན་གྱི་དྲུང་དུ་ཐེ་ཚོམ་ཡོངས་སུ་འདྲི་ཞིང་གཅད་པའི་ཕྱིར་འགྲོ་བ་མ་ཡིན་པ་དང་། དེའི་ལོངས་སྤྱོད་ཀྱི་ཕྱིར་གཞལ་མེད་ཁང་ཆེན་པོར་འབྱུང་བ་སྟེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་ པོ་དེ་དག་ཐོབ་པར་འགྱུར་ཏེ། ལྷར་གྱུར་པ་དང་། མིར་གྱུར་པ་ན་ཆོས་ཀྱི་སྒོ་བརྒྱ་སྟོང་ཕྲག་དཔག་ཏུ་མེད་པ་འཐོབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །དེ་ཡི་སྟན་ནི་མཐོན་ པོར་འགྱུར། །ལྷ་ཡིས་མངོན་པར་ཕྱག་བྱས་ནས། །གང་དག་ཆོས་འདི་འཆད་པ་ལ། །ལྷ་རྣམས་དེ་ལ་ལྟ་བར་འགྱུར། །མཁས་པ་སེར་སྣ་བྲལ་བ་ལ། །ཀུན་གྱི་སྟི་སྟང་བྱས་པར་འགྱུར། །བརྒྱ་བྱིན་དེ་གན་འདིར་འོང་ཞིང་། ། 80-1-95b གཞལ་མེད་ཁང་ཡང་ཡིད་འོང་བཟང་། །ལྷའི་འཇིག་རྟེན་གནས་འཕོས་ཏེ། །མི་ཡི་སྲིད་པར་འོངས་གྱུར་ནས། །འཁོར་ལོས་བསྒྱུར་བ་སེར་སྣ་མེད། །རྒྱལ་པོ་རྫུ་འཕྲུལ་ཆེན་པོར་འགྱུར། །མི་ཡི་འཇིག་རྟེན་འཕོས་ནས་ཀྱང་། ། ལྷའི་ནང་དུ་ཡང་འགྲོ་སྟེ། །བླ་མ་དག་ལ་གུས་བྱས་པས། །ནམ་ཡང་སྡུག་བསྔལ་མི་འགྱུར་རོ། །ཞུམ་པ་མེད་པའི་སེམས་ཀྱིས་སུ། །བླ་མ་དག་ལ་གུས་བྱས་པས། །གནས་བཞི་པོ་ནི་དེ་དག་རྣམས། །རྒྱ་ཆེར་རྟག་ཏུ་ རྙེད་པར་འགྱུར། །དགའ་བ་དང་ནི་གུས་པ་ཡིས། །སྣོད་གང་ཙམ་གྱི་ཆུ་བྱིན་ན། །ལྷ་དང་མི་དང་ཀླུ་རྣམས་ཀྱིས། །མཆོད་པ་དག་ཏུ་འོས་པ་ཡིན།། །། བམ་པོ་བཅུ་པ། དེ་ལྟར་གྱུར་ན་གཞན་ཡང་ཆོས་བཞི་འཐོབ་ པར་འགྱུར་ཏེ། ཆོས་བཞི་གང་ཞེ་ན། སྔོན་གྱི་ལས་མངོན་པར་འདུས་བྱས་པའི་དགེ་བའི་རྩ་བ་གང་གིས་སྐྱེས་པ་རབ་ཏུ་ཤེས་པ་དང་། དེ་ན་དགེ་བའི་ཆོས་རྣམས་ཡོངས་སུ་འདྲི་བ་ཡང་རབ་ཏུ་ཤེས་པ་དང་། དེ་ནས་ཤི་འཕོས་ ནས་གང་དུ་སྐྱེ་བར་འགྱུར་བ་དེ་ཡང་རབ་ཏུ་ཤེས་པ་དང་། ལྷའི་འཁོར་ལ་ཆོས་ཀྱི་གཏམ་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེང་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས་ནས་ལྷའི་འཇིག་ རྟེན་ནས་འཆི་འཕོ་བར་འགྱུར་བ་སྟེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་འཐོབ་པར་འགྱུར་རོ། །གཞན་ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་འཐོབ་པར་ འགྱུར་ཏེ། བཞི་གང་ཞེ་ན། དེ་ལྷའི་གནས་ནས། ཤི་འཕོས་ནས་མི་རྣམས་དང་སྐལ་པ་མཉམ་པར་སྐྱེ་བ་དང་། དེ་མིར་གྱུར་ན་བཙུན་པར་བྱེད་པ་ལྔ་འཐོབ་པར་འགྱུར་ རོ། །ལྔ་གང་ཞེ་ན། འདི་ལྟ་སྟེ། དེ་རིག་བཙུན་པར་སྐྱེ་བར་འགྱུར་བ་དང་། གཟུགས་བཙུན་པར་འགྱུར་བ་དང་། ཚུལ་ཁྲིམས་བཙུན་པར་འགྱུར་བ་དང་། དེའི་འཁོར་བཙུན་པར་འགྱུར་བ་དང་། དེའི་སེམས་ 80-1-96a ཅན་བཙུན་པ་རྣམས་ལ་བྱམས་པ་སྒོམ་པར་འགྱུར་བ་སྟེ། ཤཱ་རིའི་བུ་བཙུན་པར་བྱེད་པའི་ཆོས་ལྔ་པོ་དེ་དག་འཐོབ་པར་འགྱུར་རོ། །གཞན་ཡང་མི་ཕྱེད་པར་བྱེད་ པའི་ཆོས་ལྔ་འཐོབ་པར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། དེའི་མཛའ་བོ་མི་ཕྱེད་པ་དང་། ལུས་མྱུར་དུ་འཇིག་པར་མི་འགྱུར་བ་དང་། དེའི་ལོངས་སྤྱོད་ཡོངས་སུ་ ཉམས་པར་མི་འགྱུར་བ་དང་། བྱང་ཆུབ་ཀྱི་སེམས་དང་འབྲལ་བར་མི་ནུས་པ་དང་། ཆོས་ཀྱི་མུ་གེ་འབྱུང་བ་ན་དེ་ལ་ཆོས་ཀྱི་ལོ་ལེགས་པར་འགྱུར་ཏེ། ཤཱ་རིའི་བུ་ མི་ཕྱེད་པར་བྱེད་པའི་ཆོས་ལྔ་པོ་དེ་དག་འཐོབ་པར་འགྱུར་རོ། །གཞན་ཡང་ངོ་མཚར་ཡོངས་སུ་རྫོགས་པའི་ཆོས་ལྔ་འཐོབ་པར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། གང་སྣོད་ སྟོང་པ་གསོག་བཞག་པར་གྱུར་པ་རྣམས་སུ་དེའི་ལག་པ་གང་དུ་བཅུག་པ་དེ་དག་ཐམས་ཅད་རིན་པོ་ཆེས་ཡོངས་སུ་གང་བར་འགྱུར་ཏེ། ངོ་མཚར་ཡོངས་སུ་རྫོགས་པ་དང་པོ་འདི་ འཐོབ་པར་འགྱུར་རོ། །དེ་སྒོམ་པར་གྱུར་ན་ཡན་ལག་བརྒྱད་དང་ལྡན་པའི་ཆུའི་རྫིང་བུ་འབྱུང་སྟེ། ངོ་མཚར་ཡོངས་སུ་རྫོགས་པ་གཉིས་པ་འདི་འཐོབ་པར་འགྱུར་རོ། །གཞན་ཡང་ དེའི་ལུས་ལ་གཞན་གྱིས་གནོད་པར་བྱ་བར་མི་འགྱུར་ཏེ། འདི་ལྟ་སྟེ། དུག་དང་། མཚོན་དང་། མེ་དང་། ཆུ་དང་། མདངས་འཕྲོག་པའི་གནོད་སྦྱིན་གྱིས་གཙེ་བ་མེད་པ་སྟེ། ངོ་མཚར་ཡོངས་ སུ་རྫོགས་པ་གསུམ་པ་འདི་འཐོབ་པར་འགྱུར་རོ། །གཞན་ཡང་མཚོན་གྱི་བསྐལ་པ་བར་མ་བྱུང་བ་འམ། ནད་ཀྱི་བསྐལ་པ་བར་མ་བྱུང་བ་འམ། མུ་གེའི་བསྐལ་པ་བར་མ་བྱུང་བ་འམ། 80-1-96b མེའི་བསྐལ་པ་བར་མ་བྱུང་བ་འམ། ཆུའི་བསྐལ་པ་བར་མ་བྱུང་བ་འམ། རླུང་གིས་བསྐལ་པ་བར་མ་བྱུང་བ་འམ། སྐོམ་པའི་བསྐལ་པ་བར་མ་འམ། ཀུན་དུ་གདུང་བའི་བསྐལ་པ་བར་ མ་འམ། གནོད་སྦྱིན་གྱི་བསྐལ་པ་བར་མ་བྱུང་བ་ན་འཛམ་བུའི་གླིང་དུ་སྐྱེ་བར་མི་འགྱུར་གྱི། དེ་བདེ་བ་དང་། མཐུ་དང་ལྡན་པར་འགྱུར་ཞིང་བདེ་བ་དང་། མཐུ་མང་བར་འགྱུར་ཏེ། ངོ་མཚར་ཡོངས་སུ་རྫོགས་པ་བཞི་པོ་འདི་འཐོབ་པར་འགྱུར་རོ། །གཞན་ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་དེ་ཉིད་གྱིས་མི་དལ་བར་མི་སྐྱེ། ངན་འགྲོར་མི་སྐྱེ། སེམས་ལ་འགྱོད་པས་ཀུན་དུ་དཀྲི་བར་མི་ནུས་ཤིང་ངེས་པར་འབྱུང་བ་མྱུར་དུ་མཐོང་བར་འགྱུར་ཏེ། ངོ་མཚར་ཡོངས་སུ་རྫོགས་པ་ལྔ་པ་འདི་འཐོབ་པར་འགྱུར་རོ། །ཤཱ་རིའི་བུ་བྱང་ ཆུབ་སེམས་དཔའི་ངོ་མཚར་ཡོངས་སུ་རྫོགས་པ་ལྔ་པོ་འདི་དག་འཐོབ་པར་འགྱུར་རོ། །གཞན་ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་དེ་ཉིད་ཀྱིས་ཆོས་བཞི་དང་མི་ འབྲལ་བར་འགྱུར་ཏེ། བཞི་གང་ཞེ་ན། བྱང་ཆུབ་སེམས་དཔའི་སྡུག་བསྔལ་བའི་སེམས་ཅན་རྣམས་མཐོང་མ་ཐག་ཏུ་སྙིང་རྗེ་ཆེན་པོ་འཐོབ་པ་དང་། དེ་ལ་དེའི་བུ་དང་བུ་མོ་གུས་ པ་དང་བཅས་ཤིང་ཞེ་ས་བྱེད་པར་འགྱུར་བ་དང་། རྒ་བས་བཅོམ་ཡང་བརྙས་པར་མི་འགྱུར་བ་དང་། དེ་ལས་ཀྱི་མཐའ་གང་བྱེད་པ་དེ་དག་ཀྱང་ཉིས་འགྱུར་སུམ་འགྱུར་དུ་འཐོབ་པར་ འགྱུར་བ་སྟེ། ཆོས་བཞི་པོ་དེ་དག་དང་རྟག་ཏུ་རྒྱུན་མི་འཆད་པར་མི་འབྲལ་བར་འགྱུར་རོ། །གཞན་ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་དེ་ཉིད་དང་ལྡན་པས་ཆོས་གསུམ་གྱིས་ 80-1-97a མི་འཕྲོགས་ཏེ། གསུམ་གང་ཞེ་ན། ཆགས་པས་མི་འཕྲོགས་པ་དང་། ཞེ་སྡང་དང་། གཏི་མུག་གིས་མི་འཕྲོག་པ་སྟེ། ཆོས་གསུམ་པོ་དེ་དག་གིས་མི་འཕྲོགས་སོ། ། གཞན་ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་དེ་ཉིད་དང་ལྡན་པས་ནད་མེད་པར་བྱེད་པའི་ཆོས་བཞི་འཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། ནད་རྒྱུན་རིང་པོ་མེད་པ་དང་། ཡན་ ལག་སྐམ་པར་མི་འགྱུར་བ་དང་། ལོངས་སྤྱོད་ཉམས་པར་མི་འགྱུར་བ་དང་། རྒྱལ་པོ་འམ། རྐུན་པོ་འམ། དེ་མ་ཡིན་པའི་སེམས་ཅན་འཚེ་བར་བྱེད་པ་གཞན་གྱིས་སྡུག་བསྔལ་བ་དང་ གནོད་པར་བྱ་བར་མི་འགྱུར་ཏེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ནད་མེད་པར་བྱེད་པའི་ཆོས་བཞི་པོ་དེ་དག་འཐོབ་པར་འགྱུར་རོ། །གཞན་ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་དགེ་བའི་ རྩ་བ་དེ་ཉིད་དང་ལྡན་པས་བླ་མའི་གནས་བཞི་འཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྣམ་པར་རྒྱལ་ཞིང་ཆོས་ཅན་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་སྣ་ བདུན་དང་ལྡན་པར་འགྱུར་ཏེ། དེའི་རིན་ཆེ་སྣ་བདུན་ནི་འདི་རྣམས་ཡིན་ནོ། །འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་ མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བློན་པོ་རིན་པོ་ཆེ་སྟེ། བདུན་པོ་དེ་དག་གོ། །དེའི་བུ་དཔའ་བ། རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་ཅན། ཕ་རོལ་གྱི་སྡེ་རབ་ཏུ་ འཇོམས་པ་སྟོང་ཐམ་པར་འགྱུར་རོ། །གླིང་བཞི་པ་ཡང་དེའི་རྗེས་སུ་འབྲང་བར་འགྱུར། དེ་ལ་གུས་པར་བྱེད་པར་འགྱུར། སྐར་མཁན་དང་། བློན་པོ་ཆེན་པོ་དང་། སྒོ་བ་དང་། འཁོར་དང་། གྲོང་རྡལ་གྱི་མི་དང་། 80-1-97b ལྗོངས་ཀྱི་མི་དག་དང་། ཁམས་ཀྱི་རྒྱལ་པོ་ཐམས་ཅད་ཀྱིས་ཀྱང་གུས་པར་བྱེད་པར་འགྱུར་ཏེ། བླ་མའི་གནས་དང་པོ་འདི་འཐོབ་པར་འགྱུར་རོ། །གཞན་ཡང་ཤཱ་རི་འི་བུ་བྱང་ཆུབ་སེམས་ དཔའ་འདོད་པའི་ཡོན་ཏན་ལྔ་ལ་ཆགས་པར་མི་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། མིག་གིས་ཤེས་པར་བྱ་བའི་གཟུགས་དང་། རྣ་བས་ཤེས་པར་བྱ་བའི་སྒྲ་དང་། སྣས་ཤེས་ པར་བའི་དྲི་དང་། ལྕེས་ཤེས་པར་བྱ་བའི་རོ་དང་། ལུས་ཀྱིས་ཤེས་པར་བྱ་བའི་རེག་རྣམས་ཏེ། དེ་ལྟར་འདོད་པའི་ཡོན་ཏན་ལྔ་པོ་ལ་ཆགས་པར་མི་འགྱུར་གྱི། དད་པས་ཁྱིམ་ ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། མྱུར་དུ་མངོན་པར་ཤེས་པ་ལྔ་འཐོབ་པར་འགྱུར་ཞིང་། དེ་ལ་མི་དང་མི་མ་ཡིན་པ་རྣམས་གུས་པར་བྱེད་པར་འགྱུར་ཏེ། བླ་མའི་གནས་གཉིས་ པ་འདི་རྗེས་སུ་འཐོབ་པར་འགྱུར་རོ། །གཞན་ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་དང་གང་དུ་སྐྱེས་པ་ཐམས་ཅད་ཏུ་བློས་མཆོག་ཏུ་འགྱུར། ཤེས་རབ་ཀྱིས་མཆོག་ཏུ་འགྱུར། སྤོབས་པས་མཆོག་ཏུ་འགྱུར། དེ་རྒྱལ་པོར་གྲགས་པར་འགྱུར་རོ། །འདི་ལྟ་སྟེ། འདས་པའི་དུས་ན་སྨན་ཆེན་པོ་ཞེས་བྱ་བ་ཞིག་བྱུང་བ་དེ་བཞིན་དུ་དེ་རྒྱལ་པོའི་ཕོ་བྲང་གི་སྟན་མཆོག་འཐོབ་ སྟེ། དེ་ལ་རྒྱལ་པོ་དང་། གང་དེ་མ་ཡིན་པ་གཞན་སྐར་མཁན་དང་། བློན་པོ་ཆེན་པོ་དང་། སྒོ་བ་དང་། འཁོར་དང་། གྲོང་རྡལ་གྱི་མི་དང་། ཡུལ་གྱི་མི་རྣམས་གུས་པ་བྱེད་པར་འགྱུར་ཏེ། བླ་མའི་ གནས་གསུམ་པ་འདི་རྗེས་སུ་འཐོབ་པར་འགྱུར་རོ། །གཞན་ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ 80-1-98a ན། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དང་། སེམས་ ཅན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར། མངོན་པར་འཕགས་པར་འགྱུར། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་ མཐོང་བས་མངོན་པར་འཕགས་པར་འགྱུར། ཚུལ་ཁྲིམས་རྣམ་པར་འཕེལ་བས་མངོན་པར་འཕགས་པར་འགྱུར། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་ གྲོལ་བའི་ཡེ་ཤེས་མཐོང་བ་རྣམ་པར་འཕེལ་བས་མངོན་པར་འཕགས་པར་འགྱུར་ཏེ། བླ་མའི་གནས་བཞི་པ་དེ་འཐོབ་པར་འགྱུར་ཏེ། བླ་མའི་གནས་བཞི་པོ་དེ་དག་འཐོབ་པར་འགྱུར་རོ། ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔས་འདི་ལྟ་སྟེ། ཆོས་འདོད་པའི་ཕྱིར་མཁན་པོ་དང་། སློབ་དཔོན་ལ་ཆུ་བུམ་པ་གང་ཙམ་ཕུལ་ན་དེ་ལྟ་བུའི་ཡོན་ཏན་གྱི་ཆོས་ཚད་མེད་པ་ལེན་པར་འགྱུར་རོ། ། ཚུལ་ཤོག་ཅེས་བྱས་ན་ཡང་འོང་ཞིང་ཇི་ལྟར་སྨྲས་པ་ལས་འགལ་བར་མི་བྱེད་པའི་དགེ་བའི་རྩ་བ་དེ་ཉིད་ཀྱིས་དེ་ཡོ་བྱད་བཞི་ཐོབ་པ་འགྱུར་ཏེ། བཞི་གང་ཞེ་ན། སྐྱེ་བོ་མ་རབས་ཀྱི་ཡོ་བྱད་མ་ ཡིན་གྱི་རྒྱལ་པོའི་ཡོ་བྱད་འཐོབ་པར་འགྱུར། དྲང་སྲོང་གི་ཡོ་བྱད་འཐོབ་པར་འགྱུར་ཏེ། འདོད་པ་སྤོང་བ་ལ་འཛུད་པ་འདི་ལྟ་སྟེ། དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བ་དེ་ནི་ ཆོས་ཀྱི་ཡོ་བྱད་ཅེས་བྱའོ། །གཞན་ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སྐྱེ་བ་གང་དང་གང་དུ་སྐྱེས་པ་ན་སྐྱེ་བ་ཐམས་ཅད་ཏུ་སྐྱེ་བ་དྲན་པར་འགྱུར་ཏེ། དེ་སྐྱེ་བ་དྲན་པས་སྐྱེ་བ་དེ་དང་དེ་ 80-1-98b དག་ཏུ་བྱང་ཆུབ་ཀྱི་སེམས་བརྗེད་པར་མི་འགྱུར་བ་དེ་ནི་དྲན་པའི་ཡོ་བྱད་ཅེས་བྱའོ། །གཞན་ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ མངོན་པར་རྫོགས་པར་སངས་རྒྱས་ནས་འཁོར་བཞིས་བསྐོར་ཅིང་། མདུན་དུ་བདར་བར་འགྱུར། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམཁའ་ལྡིང་ དང་མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པས་ཀུན་ནས་བསྐོར་ཅིང་མདུན་དུ་བདར་བར་འགྱུར་ཏེ། ཡོ་བྱད་བཞི་པོ་དེ་དག་འཐོབ་པར་འགྱུར་རོ། །གཞན་ཡང་ཤཱ་རིའི་བུ་ བྱང་ཆུབ་སེམས་དཔའ་སློབ་དཔོན་གང་དང་གང་ལས་ཚིག་བཞི་པའི་ཚིགས་སུ་བཅད་པ་རྙེད་ཅིང་འཛིན་པར་འགྱུར་ཏེ། དེ་ཚུར་ཤོག་ཅེས་བསྒོ་ན་ཡང་དེ་འོང་། སོང་ཤིག་ཅེས་བསྒོ་ན་ཡང་ དེ་འགྲོ་བ་དང་། འདི་ནི་དགེ་བ། འདི་ནི་མི་དགེ་བ། འདི་ནི་ཁ་ན་མ་ཐོ་བ་དང་བཅས་པ་འདི་ནི་ཁ་ན་མ་ཐོ་བ་མེད་པ། འདི་ནི་བསྟེན་པ་བྱ་བ། འདི་ནི་བསྟེན་པར་བྱ་བ་མ་ཡིན་པ་ཞེས་བྱ་བ་ ནས་གོང་མ་བཞིན་དུ་སྦྱར་ཏེ་བྱ་བ་འདི་ནི་གནོད་པ། ཕན་པ་མེད་པ། སྡུག་བསྔལ་བར་འགྱུར་རོ། །འདི་བྱས་ན་ཡུན་རིང་པོའི་དོན་དང་ཕན་པ་དང་བདེ་བར་འགྱུར་རོ། །ཞེས་ཇི་ལྟར་བསྒོ་བ་ བཞིན་དུ་མི་དགེ་བ་མི་བྱེད་ཅིང་དགེ་བ་ལ་སྟེན་ཏེ། སླར་མི་ཟློག་ཅིང་མི་མཐོན་པར་མི་བྱེད་པ་དེ་དགེ་བའི་རྩ་བ་དེ་དང་ལྡན་པས་མཐོན་པོར་བྱེད་པའི་ཆོས་བཞི་འཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། ཚུལ་ཁྲིམས་མཐོན་པོར་བྱེད་པའི་ཆོས་འཐོབ་པར་འགྱུར། ལུས་མཐོན་པོར་བྱེད་པའི་ཆོས་འཐོབ་པར་འགྱུར་ཏེ། དེའི་ལུས་རིང་ཞིང་ལུས་ཐམས་ཅད་རྒྱས་པར་ 80-1-99a འགྱུར། ཤེས་རབ་ཆེ་བར་འགྱུར་ཏེ། ཤེས་རབ་མཐོ་བ། ཤེས་རབ་རྒྱ་ཆེ་བ། ཤེས་རབ་ཡངས་པ། ཤེས་རབ་མགྱོགས་པ། ཤེས་རབ་རྣོ་བ། ཤེས་རབ་མྱུར་བ། ཤེས་ རབ་ཟབ་པ། ཤེས་རབ་ངེས་པར་རྟོགས་པར་འགྱུར། ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏེ། མཐོན་པོར་བྱེད་པའི་ཆོས་བཞི་པོ་དེ་དག་འཐོབ་པར་ འགྱུར་རོ། །གཞན་ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་དེ་ཉིད་ལྡན་པས་བལྟར་མི་སྣང་བར་བྱེད་པའི་ཆོས་བཞི་འཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། འདོམས་ཀྱི་ སྦ་བ་སྦུབས་སུ་ནུབ་པ་འཐོབ་སྟེ། འདི་ནི་བལྟར་མི་སྣང་བར་བྱེད་པའི་ཆོས་འཐོབ་པར་འགྱུར་བ་དང་པོའོ། །གཞན་ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་དེ་ཉིད་ དང་ལྡན་པའི་བྱང་ཆུབ་སེམས་དཔའ་སྐྱེས་ནས་ཕ་དང་མ་དང་། གཞན་ཉེ་དུ་རྣམས་དང་། ལྷ་དང་། ཀླུ་དང་། དྲི་ཟ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་རྣམས་ཀྱིས་དད་པའི་སེམས་ཀྱིས་ཀྱང་རུང་། མ་དད་པའི་སེམས་ཀྱིས་ཀྱང་རུང་སྟེ། སེམས་ཅན་གང་གིས་ཀྱང་བྱང་ཆུབ་སེམས་ དཔའི་སྤྱི་གཙུག་མཐོང་བར་མི་ནུས་ཏེ། འདི་ནི་བལྟར་མི་སྣང་བར་བྱེད་པའི་ཆོས་འཐོབ་པར་འགྱུར་བ་གཉིས་པའོ། །གཞན་ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་དེ་ཉིད་དང་ལྡན་པས་ སྐྱེས་པ་ནས་རྒྱས་པར་བྱས་ཏེ། ཕ་མ་ནས་མི་དང་མི་མ་ཡིན་པའི་བར་གྱིས་དད་པའི་སེམས་ཀྱིས་ཀྱང་རུང་། མ་དད་པའི་སེམས་ཀྱིས་ཀྱང་རུང་སྟེ། གང་གིས་ཀྱང་བྱང་ཆུབ་སེམས་དཔའི་ཁའི་བྱི་དོར་ 80-1-99b བྱེད་མི་ནུས་ཏོ། དེ་ཁའི་བྱི་དོར་བྱ་འོ་སྙམ་པ་དང་། རྐང་པ་གཉིས་ལ་ཁའི་སྒོ་འབྱུང་ངོ་། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་སྐྱེས་བུ་དམ་པ་དེ་དག་འདི་ལྟ་བུའི་ངོ་མཚར་དང་རྨད་ཀྱི་ཆོས་དང་ལྡན་ ཞིང་སྐྱེས་བུ་དམ་པའི་ངག་མཆོག་དང་ལྡན་པར་འགྱུར་ཏེ། འདི་བལྟར་མི་སྣང་བར་བྱེད་པའི་ཆོས་གསུམ་པའོ། །གཞན་ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ། །དགེ་བའི་རྩ་བ་ དེ་ཉིད་དང་ལྡན་པས་བྱང་ཆུབ་སེམས་དཔའ་སྐྱེས་མ་ཐག་ཏུ་གཞན་གྱིས་མ་བཟུང་བར་ས་ལ་འདུག་ནས་ཕྱོགས་བཞིར་རྣམ་པར་ལྟ་སྟེ། དེ་ཡེ་ཤེས་འབར་བ་རྙེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་དེས་སྔོན་གཡོ་མེད་པར་ཐོས་པ་བཙལ་བས་གཡོ་མེད་པའི་མིག་ཐོབ་སྟེ། བྱང་ཆུབ་སེམས་དཔའ་གཡོ་མེད་པའི་མིག་དེ་དང་ལྡན་པས་སྟོང་གསུམ་ གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་ལྷའི་མིག་རྣམ་པར་དག་པར་མིའི་ལས་འདས་པས་མཐོང་ངོ་། དེ་ལྟར་བྱང་ཆུབ་སེམས་དཔའ་མྱུར་བའི་ ཆ་དང་ལྡན་པའི་ཡེ་ཤེས་ཆེན་པོ་འཐོབ་སྟེ། བྱང་ཆུབ་སེམས་དཔའ་ཡེ་ཤེས་ཆེན་པོ་དེ་དང་ལྡན་པས་སེམས་ཅན་ཐམས་ཅད་ཀྱི་དུས་གསུམ་གྱི་སེམས་ཀྱི་ཚུལ་རབ་ཏུ་ཤེས་སོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་དེས་སྔོན་དོན་དུ་གཉེར་བར་བྱས། ཡིད་ལ་བྱས། སེམས་ཐམས་ཅད་ཀྱིས་བསམ་ཤིང་རི་མོར་བྱས་ནས་ཆོས་ལ་སྨན་དུ་ འདུ་ཤེས་པ་དང་། རིན་པོ་ཆེར་འདུ་ཤེས་པ་དང་། དཀོན་པར་འདུ་ཤེས་པ་དང་། ཇི་ལྟ་བ་བཞིན་དུ་འདུ་ཤེས་བསྐྱེད་དེ་ཐོས་པ་ཡོངས་སུ་བཟུང་ངོ་། དེ་བས་ན་བྱང་ཆུབ་སེམས་དཔའ་ 80-1-100a མྱུར་དུ་རབ་ཏུ་རྣམ་པར་འབྱེད་པའི་ཡེ་ཤེས་རྙེད་དོ། །རབ་ཏུ་རྣམ་པར་འབྱེད་པའི་ཡེ་ཤེས་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་ཚུལ་ཁྲིམས་ལ་ཡོངས་སུ་འཇལ་བ་ ནས་ཐོས་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་བར་ལ་ཡོངས་སུ་འཇལ་ལོ། །ཚུལ་ཁྲིམས་ཀྱི་སྤྱིར་ཡོངས་སུ་འཇལ་བ་ནས། ཐོས་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་བར་གྱི་སྤྱིར་ཡོངས་སུ་འཇལ་ལོ། །སེམས་ཅན་ཐམས་ཅད་ཀྱི་ཚུལ་ཁྲིམས་ཀྱི་རྒྱུ་འཐུན་པ་ལ་ཡོངས་སུ་འཇལ་བ་ནས་ ཐོས་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་རྒྱུ་འཐུན་པའི་བར་ལ་ཡོངས་སུ་འཇལ་ལོ། །གང་སེམས་ཅན་ཐམས་ཅད་ཀྱི་ཚུལ་ཁྲིམས་ཀྱི་རྒྱུ་འཐུན་པ་ལས་ ཤིན་དུ་ལྷག་པར་ཡོངས་སུ་འཇལ་བ་ནས་ཐོས་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་རྒྱུ་འཐུན་པའི་བར་ལ་ཡོངས་སུ་འཇལ་ལོ། །གང་སེམས་ ཅན་ཐམས་ཅད་ཀྱི་ཚུལ་ཁྲིམས་ཀྱི་རྒྱུ་འཐུན་པ་ལས་ཤིན་དུ་ལྷག་པར་ཡོངས་སུ་འཇལ་བ་ནས་ཐོས་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་རྒྱུ་འཐུན་ པ་ལས་ཤིན་དུ་ལྷག་པའི་བར་ལ་ཡོངས་སུ་འཇལ་ལོ། །སེམས་ཅན་ཐམས་ཀྱི་སྤྱོད་ལམ་དང་། སྤྱོད་པ་དང་། ནན་ཏན་དང་། རྟུལ་པ་ལ་ཡོངས་སུ་འཇལ་ལོ། །སེམས་ཅན་ཐམས་ཅད་ཕན་ཚུན་བརྩལ་ན་གང་སེམས་ ཅན་ཐམས་ཅད་ཀྱི་ཚུལ་ཁྲིམས་དང་ཐོས་པ་ནས། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་བར་དང་། སེམས་ཅན་ཐམས་ཅད་ཀྱི་སྤྱིའི་ཚུལ་ཁྲིམས་ནས། སྤྱིའི་ཐོས་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་ 80-1-100b བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་བར་དང་། གང་སེམས་ཅན་ཐམས་ཅད་ཀྱི་ཚུལ་ཁྲིམས་ཀྱི་རྒྱུ་འཐུན་པ་ལས་ཤིན་དུ་ལྷག་པ་ནས། ཐོས་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་ བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་བར་གྱི་རྒྱུ་འདྲ་བ་དང་། གང་སེམས་ཅན་ཐམས་ཅད་ཀྱི་ཚུལ་ཁྲིམས་ཀྱི་རྒྱུ་འཐུན་པ་ལས་ཤིན་དུ་ལྷག་པ་ནས་ཐོས་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་རྒྱུ་འཐུན་པ་ལས་ཤིན་དུ་ལྷག་པའི་བར་དང་། གང་སེམས་ཅན་ཐམས་ཅད་ཀྱི་སྤྱོད་ལམ་དང་། སྤྱོད་པ་དང་། རྟུལ་པ་དེ་དག་ཐམས་ཅད་དང་། བདག་གིས་བསོད་ནམས་དང་བསྒྲུན་ཅིང་ཡོངས་སུ་བཙལ་ན་བདག་དང་མཚུངས་ཤིང་མཉམ་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ཡང་སེམས་ཅན་ཐམས་ཅད་ཀྱི་རྩ་བ་ལ་ལྷག་པར་གནས་པ་ ཡོངས་སུ་ཚོལ་ཏེ། དེས་ཐམས་ཅད་ཡོངས་སུ་བཙལ་ན་བདག་དང་མཚུངས་ཤིང་མཉམ་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ལྟར་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་མྱུར་དུ་དེའི་སྐད་ཅིག་ཉིད་ལ་ ལས་ཀྱི་རྣམ་པར་སྨིན་པས་གྲུབ་པའི་ཡེ་ཤེས་སྐྱེ་སྟེ། དེས་སེ་གོལ་གཏོགས་པ་སྲིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྣམ་པ་སྟོང་རབ་ཏུ་ཤེས་ཏེ། དེས་ཐམས་ཅད་ཡོངས་སུ་བཙལ་ན་བདག་ དང་མཚུངས་ཤིང་མཉམ་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བདག་བླ་མའི་གནས་ལ་གནས་པར་ཤེས་ཤིང་མ་བཟུང་བར་སེང་གེ་དང་། གླང་པོ་ཆེའི་འགྲོས་ལྟ་བུས་ས་ལ་གོམ་པ་བདུན་བོར་ཏེ། དེ་བྱང་ཆུབ་ཀྱི་སྙིང་པོ་གང་ན་པ་དེར་ལས་ཀྱི་རྣམ་པར་སྨིན་པ་བདུན་དུ་བྱས་ནས་གནས་ཏེ། བདག་ནི་འཇིག་རྟེན་གྱི་གཙོ་བོ། བདག་ནི་འཇིག་རྟེན་གྱི་མཆོག་སྟེ། སྐྱེ་བ་དང་། རྒ་བ་དང་། ན་པ་དང་། འཆི་བ་ 80-1-101a མཐར་བྱའོ། །སེམས་ཅན་སྐྱེ་བ་དང་། རྒ་བ་དང་། ན་པ་དང་། འཆི་བས་གཟིར་བ་རྣམས་ཐར་བར་བྱའོ། །ཆོས་བཟང་པོ་བསྟན་པར་བྱའོ་ཞེས་སྨྲས་ཏེ། ཤཱ་རིའི་བྱང་ཆུབ་སེམས་དཔས་ཚིག་དེ་སྨྲས་ མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དབྱངས་ཀྱིས་གོ་བར་བྱས་པར་འགྱུར། ས་གཡོ་བས་འཇིགས་ཤིང་སྤུ་ཟིང་ཞེས་བྱེད་པ་ཡང་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ལྷའི་རྔ་ཡང་རྒྱུན་མི་འཆད་ པར་རྡུང་ངོ་། །ས་ཕྱོགས་གང་ན་བྱང་ཆུབ་སེམས་དཔའ་གནས་པར་འགྱུར་བའི་ས་ཕྱོགས་དེར་འཁོར་ལོ་ཙམ་ཞིག་མི་གཡོའོ། །ཆུའི་ཕུང་པོ་གང་ལ་གནས་པའི་ཆུའི་ཕུང་པོ་དེ་རླུང་གིས་བསྐྱོད་པར་མི་འགྱུར་རོ། ། དེས་ཐམས་ཅད་ཏུ་བལྟས་ན་བདག་སྣང་བར་གྱུར་ཅིང་གནས་པར་མཐོང་ངོ་། །དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་ན་དེ་ལ་སེམས་ཅན་ཐམས་ཅད་ཀྱི་ལྟ་བར་མི་ནུས་སོ། །འདི་ནི་བལྟར་ མི་སྣང་བར་བྱེད་པའི་ཆོས་འཐོབ་པར་བྱེད་པ་བཞི་པ་སྟེ། ཤཱ་རིའི་བུ་བལྟར་མི་སྣང་བར་བྱེད་པའི་ཆོས་བཞི་པོ་དེ་དག་འཐོབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་སློབ་དཔོན་གྱིས་ཚུར་ཤོག་ཤིག་ཅེས་བྱས་ན་ ཡང་འོང་། སོང་ཤིག་ཅེས་བྱས་ན་ཡང་འགྲོ་བའི་ཕྱིར་རོ། །དེ་དགེ་བའི་རྩ་བ་དེ་ཉིད་དང་ལྡན་པས་ཡང་བ་བཞི་འཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་ རྣམས་ཀྱིས་བསྟན་པ་མཚན་ཉིད་མ་ཚང་བ་མེད་ཅིང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་བསྟན་པ་འབྲས་བུ་ཡོད་པ་ཡང་བ་དང་པོ་འདི་ཐོབ་བོ། །དགེ་བའི་རྩ་བ་དེ་ཉིད་དང་ལྡན་པས་དེ་བཞིན་གཤེགས་ པ་ལ་དགེ་སློང་ཚུར་ཤོག་ཅེས་གསུང་བར་འགྱུར་ཏེ། དགེ་སློང་ཚུར་ཤོག་ཅེས་བྱས་ན་སྐྲ་བྲེགས་པར་འགྱུར། ངུར་སྨྲིག་གྱོན་ཅིང་ལྷུང་བཟེད་ཐོགས་པར་འགྱུར་ཏེ། ཡང་བ་གཉིས་པ་འདི་འཐོབ་བོ། ། 80-1-101b དགེ་བའི་རྩ་བ་དེ་ཉིད་དང་ལྡན་པས་དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ཀྱི་དུས་གསུམ་གྱི་སེམས་རབ་ཏུ་མཁྱེན་ཏེ། ཡང་བ་གསུམ་པ་འདི་འཐོབ་བོ། །དགེ་བའི་རྩ་བ་དེ་ཉིད་དང་ལྡན་པས་དེ་བཞིན་གཤེགས་པ་ སེམས་ཅན་ཐམས་ཅད་ཀྱི་སྨན་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། ཡང་བ་བཞི་པ་འདི་འཐོབ་བོ། །དེ་དག་ནི་ཡང་བ་བཞི་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་དེ་ལེགས་པར་ཞུགས་པས་སློབ་དཔོན་དང་མཁན་པོ་ལ་ ཐ་ན་ཆུ་བུམ་པ་གང་ཙམ་ཡང་འབུལ་བའི་ཕྱིར་རོ། །གཞན་ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་དེ་ཉིད་དང་ལྡན་པས་གཞན་གྱིས་མི་ཚུགས་པའི་ཆོས་བཞི་འཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། ཤཱ་རིའི་བུ་དེ་བཞིན་གཤེགས་པའི་སྐུ་ལ་མེ་དང་། མཚོན་དང་། དུག་གིས་ཚུགས་པ་ནི་གནས་མ་ཡིན་ཞིང་སྐབས་མེད་པ་དང་། ཕ་རོལ་གྱིས་གནོད་པ་བྱས་པས་འཆི་བའི་དུས་བྱེད་པར་འགྱུར་བ་དེ་ལྟ་བུའི་ གནས་མེད་དོ། །ཕ་རོལ་གྱིས་མི་ཚུགས་པའི་ཆོས་བཞི་པོ་དེ་དག་འཐོབ་པར་འགྱུར་རོ། །དེ་ཡང་ཕ་རོལ་གྱིས་མི་ཚུགས་པའི་ཆོས་བཞི་འཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། ཤཱ་རིའི་བུ་སེམས་ཅན་ ཐམས་ཅད་ཀྱིས་དེ་བཞིན་གཤེགས་པས་མ་གསན་པའི་ཆོས་ཐ་ན་ཆོས་ཀྱི་ཚིག་གཅིག་ཙམ་ཡང་ཐོས་པར་བྱེད་ནུས་པ་གནས་མ་ཡིན་ཞིང་སྐབས་མེད་དེ། དེ་ལྟ་བུའི་གནས་མེད་དོ། །སེམས་ཅན་ཐམས་ཅད་ཀྱིས་ ཐ་ན་སེམས་བསྐྱེད་པ་གཅིག་ཙམ་ཡང་མཉམ་པར་མ་བཞག་པའི་སེམས་རྙེད་པར་འགྱུར་བའི་བར་དུ་དེ་ལྟ་བུའི་གནས་མེད་དོ། །གཞན་ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་ནི་རྟག་ཏུ་མཉམ་པར་བཞག་པ་སྟེ། དེ་བཞིན་ གཤེགས་པ་ནི་བྱམས་པ་ལ་གནས། སྙིང་རྗེ་ལ་གནས། དགའ་བ་ལ་གནས། བཏང་སྙོམས་ལ་གནས་སོ། །ཤཱ་རིའི་བུ་སེམས་ཅན་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་ལུས་སམ། 80-1-102a གཟུགས་ལ་མཚན་མར་འཛིན་ནུས་པ་ནི་གནས་མ་ཡིན་ཞིང་སྐབས་མེད། དེ་ལྟ་བུའི་གནས་མེད་དེ། གཞན་གྱིས་མི་ཚུགས་པར་བྱེད་པའི་ཆོས་བཞི་པོ་དེ་དག་འཐོབ་པར་འགྱུར་རོ། །ཤཱ་རིའི་བུ་འདི་ ལྔ་ནི་དེ་བཞིན་གཤེགས་པའི་ཚད་མེད་པར་བྱེད་པའི་ཆོས་སོ། །ལྔ་གང་ཞེ་ན། ཤཱ་རིའི་བུ་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཚད་མེད་པ་དང་། ཤཱ་རིའི་བུ་དེ་བཞིན་གཤེགས་པའི་ཐོས་པ་ཚད་མེད་པ་དང་། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་དང་། ཤེས་རབ་ཀྱིས་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཚད་མེད་པ་སྟེ། ཤཱ་རིའི་བུ་ལྔ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་ཚད་མེད་པར་བྱེད་པའི་ཆོས་སོ། ། ཚུར་ཤོག་ཅེས་བྱས་ན་ཡང་འོང་བའི་དགེ་བའི་རྩ་བ་དེ་ཉིད་དང་ལྡན་པས་ཐོགས་པ་མེད་པའི་ཡེ་ཤེས་བཞི་འཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་འདས་པའི་དུས་ལ་མ་ཆགས་ མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པ་དང་། སངས་རྒྱས་བཅོམ་ལྡན་འདས་ རྣམས་ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པ་དང་། དེ་བཞིན་གཤེགས་པའི་སེམས་མཉམ་པར་བསྒྲུབ་པ་སྟེ། སེམས་མཉམ་པར་བསྒྲུབ་པ་དེས་དེ་བཞིན་གཤེགས་ པའི་དུས་གསུམ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། ཡང་དག་པའི་ཡེ་ཤེས་དང་ལྡན་ནོ། །ཡང་དག་པའི་ཡེ་ཤེས་དེས་གཞན་ལ་རག་མ་ལས། གཞན་གྱི་ཁར་མ་ལས་པར་ཆོས་ཐམས་ཅད་ ཤེས་ཏེ། དེ་བཞིན་གཤེགས་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་བོ། །བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་དེ་དང་ལྡན་པས་རླུང་དང་། ཆར་རབ་ཏུ་མཁྱེན་ཏེ། རྗེས་སུ་འཐུན་པ་ཞེས་བྱ་བའི་ 80-1-102b རླུང་ལྡང་སྟེ། སེམས་ཅན་ཇི་སྙེད་པས་ཅུང་ཟད་སོ་སོར་རྗེས་སུ་མྱོང་བར་འགྱུར་ཏེ། རླུང་དེའི་འཕང་དུ་རྒྱང་གྲགས་གསུམ་མོ། །དེའི་སྟེང་གི་བར་སྣང་ལ་རླུང་སྤྲིན་ཅེས་བྱ་བའི་རླུང་ལྡང་སྟེ། དེའི་འཕང་དུ་རྒྱང་ གྲགས་ལྔའོ། །དེའི་སྟེང་གི་བར་སྣང་ལ་འཇོམ་པ་ཞེས་བྱ་བའི་རླུང་ལྡང་སྟེ། རླུང་དེའི་དཀྱིལ་འཁོར་གྱི་འཕང་དུ་དཔག་ཚད་བཅུའོ། །དེའི་སྟེང་གི་བར་སྣང་ལ་སྐྱེ་བྲལ་ཞེས་བྱ་བའི་རླུང་ལྡང་སྟེ། རླུང་གི་ དཀྱིལ་འཁོར་དེའི་འཕང་དུ་དཔག་ཚད་སུམ་བཅུའོ། །དེའི་སྟེང་གི་བར་སྣང་ལ་དེ་བཞིན་གཤེགས་པ་ཞེས་བྱ་བའི་རླུང་ལྡང་སྟེ། རླུང་གི་དཀྱིལ་འཁོར་དེའི་འཕང་དུ་དཔག་ཚད་བཞི་བཅུའོ། །ཤཱ་རིའི་བུ་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཤེས་རབ་ལ་སྟོན་པ་སྟེ། རླུང་གི་དཀྱིལ་འཁོར་བྱེ་བ་སྟོང་ཕྲག་དྲུག་བཅུ་རྩ་བརྒྱད་རབ་ཏུ་མཁྱེན་ཏེ། དེ་ལ་ཐ་མའི་ རླུང་གི་དཀྱིལ་འཁོར་ཀུན་ཏུ་ཁྱབ་ཅེས་བྱ་སྟེ། གང་ལ་ས་ཆེན་པོ་གནས་པའི་ཆུའི་ཕུང་པོ་འཕང་དུ་དཔག་ཚད་སྟོང་ཕྲག་དྲུག་བཅུ་རྩ་བརྒྱད་ཡོད་དེ། ས་ཆེན་པོའི་འཕང་དུ་ཡང་དཔག་ཚད་སྟོང་ ཕྲག་དྲུག་བཅུ་རྩ་བརྒྱད་དོ། །དེ་ལྟར་ཤཱ་རིའི་བུ་གྲངས་དང་། བགྲང་བ་བསྟན་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཏེ། དེ་ན་ཕུང་པོ་ཆེན་པོ་ཞེས་བྱ་བའི་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ད་ལྟར་བཞུགས་ཏེ་འཚོ་ཞིང་བཞེས་སོ། །དེའི་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་སུམ་བཅུའོ། །དེའི་འཁོར་ ཉན་ཐོས་ནི་བྱེ་བ་ཁྲག་ཁྲིག་ཕྲག་སུམ་བཅུ་སྟེ། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ། 80-1-103a སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པའི་བར་ཏུ་སྟེ། ཉན་ཐོས་ཆེན་པོ་རྣམས་ཀྱི་ཉན་ཐོས་འདུས་པ་ཆེན་པོ་ཡོད་དོ། །དེའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱེ་བ་ཕྲག་བརྒྱ་བྱང་ཆུབ་སེམས་དཔའི་སྡེ་ སྣོད་ཐོབ་པ་དོན་ལ་ཤིན་དུ་རྣམ་པར་ངེས་པ། ཐོས་པ་རྒྱ་མཚོ་ཆོས་སྨྲ་བ། སྟོང་པ་ཉིད་ལ་གནས་པ། མཚན་མ་མེད་པ་ལ་གནས་པ། སྨོན་པ་མེད་པ་ལ་གནས་པ་ཆེན་པོ་ཤ་སྟག་འདུས་པ་ཡོད་དོ། །དེ་ཡོངས་སུ་མྱ་ངན་ ལས་འདས་ནས་དམ་པའི་ཆོས་ལོ་སྟོང་དུ་གནས་པར་འགྱུར་ཤིང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་སྟོང་ན་དེ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། དེའི་རིང་བསྲེལ་ཡང་རྒྱས་པར་འགྱུར་རོ། །འདི་ལྟ་སྟེ། དཔེར་ན། ང་ད་ལྟར་ཡོངས་ སུ་མྱ་ངན་ལས་འདས་པའི་རིང་བསྲེལ་རབ་ཏུ་རྒྱས་པར་འགྱུར་བ་བཞིན་ནོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པ་ནི་ཡེ་ཤེས་ཐོག་པ་མེད་པ་སྟེ། དེ་བས་ཀྱང་ལྷག་པར་དེ་བཞིན་གཤེགས་པའི་ཡེ་ཤེས་དཔག་ཏུ་མེད་དོ། །རླུང་གི་དཀྱིལ་འཁོར་ ཡོངས་སུ་ཁྱབ་པས་སངས་རྒྱས་ཀྱི་ཞིང་ཡོངས་སུ་ཁྱབ་བོ། །ཤཱ་རིའི་བུ་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན་ད་ལྟར་དེ་བཞིན་གཤེགས་པ་མེད་པ་ཡང་ཡོད་དོ། །དེ་ན་རང་སངས་རྒྱས་བརྒྱ་ཕྲག་སྟོང་ཡོད་དེ། དེ་དག་ལ་སེམས་ཅན་རྣམས་དགེ་ བའི་རྩ་བ་སྐྱེད་དོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པ་ནི་ཡེ་ཤེས་ལ་རྟོན་པ་སྟེ། །དེའི་ཡང་སྟེང་གི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པ་ད་ལྟར་བྱུང་བ་རྣམས་རབ་ཏུ་མཁྱེན་ཏོ། །དེ་བཞིན་དུ་ ཕྱོགས་བཅུ་ཀུན་ཏུ་ཚད་མེད་གྲངས་མེད་གཞལ་དུ་མེད་དཔག་ཏུ་མེད་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ད་ལྟར་བྱུང་བ་དེ་དག་རབ་ཏུ་མཁྱེན། སངས་རྒྱས་ཀྱི་ཞིང་ཚིག་པ་དེ་སྙེད་ཀྱང་རབ་ཏུ་མཁྱེན་ཏོ། ། དེ་སྐད་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་བའི་རྩ་བ་གང་དང་ལྡན་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་ལྟ་བུར། 80-1-103b སྒྲིབ་པ་མེད་པའི་ཡེ་ཤེས་དང་ལྡན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དང་ལ་རབ་ཏུ་གནས་ཏེ། ཆོས་ལ་གུས་པ་འདུ་ཤེས་པ་དང་། རི་མོར་བྱས་ཏེ་སྨན་དུ་འདུ་ཤེས་པ་དང་། རིན་པོ་ཆེར་འདུ་ཤེས་པ་དང་། དཀོན་པར་འདུ་ ཤེས་པ་དང་། དགེ་བའི་རྩ་བར་འདུ་ཤེས་པ་དང་། ཇི་ལྟ་བ་བཞིན་ཏུ་འདུ་ཤེས་བསྐྱེད་ནས་གུས་པའི་འདུ་ཤེས་དང་། ཆོས་སུ་འདུ་ཤེས་ཡོངས་སུ་བཟུང་བ་ལ་གནས་ཏེ། ཤཱ་རིའི་བུ་དེ་ལྟར་དེ་བཞིན་གཤེགས་པའི་ཡེ་ཤེས་འབར་བས། ཤཱ་རིའི་བུ་དེ་བཞིན་གཤེགས་པས་ཤིན་ཏུ་མང་པོ་དང་དེ་བས་ཀྱང་ལྷག་པར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་རྒྱུན་མི་འཆད། དཔག་ཏུ་མེད། གྲངས་མེད། གཞལ་ཏུ་མེད། བརྗོད་ཏུ་མེད་པར་རབ་ཏུ་མཁྱེན་ཏོ། །ཚུར་ ཤོག་ཅེས་བྱས་ན་ཡང་འོང་བའི་དབང་དེས་སེ་གོལ་གཏོགས་པ་སྲིད་ཀྱིས་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པར་འཆག་ཅིང་སླར་ཡང་འོང་ངོ་། །ཤཱ་རིའི་བུ་དེས་མོས་པས་ ཐོས་པ་བཟུང་བས་དེ་ཉིད་ཀྱིས། མྱུར་དུ་རྣམ་པར་གྲོལ་བ་ཐོབ་སྟེ། རྣམ་པར་གྲོལ་བ་དེས་ཤིན་ཏུ་རྣམ་པར་གྲོལ་ལོ། །ཅི་ལས་རྣམ་པར་གྲོལ་ཞེ་ན། སྡུག་བསྔལ་ཐམས་ཅད་ལས་ཤིན་དུ་རྣམ་པར་གྲོལ་ལོ། །ཤཱ་རིའི་བུ་ གང་ལ་ལས་གུས་པའི་གནས་བཞི་ཐོབ་པ་ཙམ་གྱིས་དད་པ་ཐོབ་ནས་ཇི་ལྟར་སངས་རྒྱས་ཀྱི་ཆོས་དང་འབྲེལ་བར་མི་འགྱུར་བ་དེ་ལྟར་གནས། དེ་བཞིན་དུ་གནས་དེ་ལྟ་བུའི་ཚུལ་དུ་གནས་པར་བྱའོ། །སྙམ་དུ་སེམས་བསྐྱེད་ ན་ཡང་འདི་ལྟ་བུའི་མདོ་སྡེའི་ཆོས་ཀྱི་རྣམ་གྲངས་ཀྱི་ཚིག་དང་ཡི་གེ་མི་འཛིན་ཀྱང་དེ་དགེ་བའི་རྩ་དེ་ཉིད་ཀྱིས་ཤེས་རབ་བྱེད་པའི་ཆོས་བཞི་འཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། ཤེས་རབ་ཅན་ཤེས་རབ་ཆེན་པོ་དང་ལྡན་པར་ འགྱུར་བ་དང་། ཤེས་རབ་ཅན་སངས་རྒྱས་མཐོང་ཞིང་ཕྲད་ནས་མཉེས་པར་བྱེད་པ་དང་། ཤེས་རབ་ཅན་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བ་དང་། ཤེས་རབ་ཅན་བླ་ན་མེད་པ་ཡང་དག་རྫོགས་པའི་བྱང་ཆུབ་ 80-1-104a མངོན་པར་འཚང་རྒྱ་བ་སྟེ། ཤེས་རབ་བྱེད་པའི་ཆོས་བཞི་པོ་དེ་དག་འཐོབ་པར་འགྱུར་རོ། །དེ་མང་པོར་བྱེད་པའི་ཆོས་བཞི་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། མིར་འགྱུར་བ་མང་པོ་རྙེད་པ་དང་། སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ་མང་པོ་དང་། དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བ་མང་པོ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་མང་པོ་སྟེ། མང་པོར་བྱེད་པའི་ཆོས་བཞི་པོ་དེ་དག་འཐོབ་པར་འགྱུར་རོ། །དེ་ཡན་ལག་བཞི་རྗེས་སུ་འཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། འཁོར་ལོས་སྒྱུར་བའི་ཡན་ལག་རྗེས་སུ་འཐོབ་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བ་དང་། ཚངས་པའི་འཇིག་རྟེན་དུ་འཚངས་པར་འགྱུར་བ་དང་། ལྷའི་དབང་པོ་བརྒྱ་བྱིན་དུ་འགྱུར་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་ རྫོགས་པར་སངས་རྒྱས་ནས། ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་རྗེས་སུ་འཐོབ། སྟོབས་བསྔགས་པ་རྗེས་སུ་འཐོབ། སེམས་ཅན་ཡོངས་སུ་རྟོགས་པའི་ཡེ་ཤེས་རྗེས་སུ་འཐོབ། རྫུ་འཕྲུལ་ གྱི་སྤྱོད་ཡུལ་ཡང་རབ་ཏུ་མཁྱེན་ཅིང་ལྷར་བཅས་པའི་འཇིག་རྟེན་གྱི་མིག་ཏུ་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་རྒྱ་ཆེར་རབ་ཏུ་བསྟན་པའི་ཕྱིར། དེའི་ཚེ་ཚིགས་སུ་བཅད་པ་ འདི་དག་གསུངས་སོ། །འཇིག་རྟེན་གྱི་ནི་སྐྱབས་དང་མིག །སེམས་ཅན་ཀུན་གྱི་དམ་པ་སྟེ། གང་རེག་མྱ་ངན་འདའ་འགྱུར་བའི། །གསོ་བ་ཐམས་ཅད་རབ་ཏུ་ཤེས། ། ཚུར་ཤོག་ཅེས་བྱས་འོང་གྱུར་པའི། །རྣམ་པར་སྨིན་པ་འདི་འདྲ་སྟེ། །ནམ་ཡང་སྡུག་བསྔལ་མི་འགྱུར་ཞིང་། །བཀའ་བློ་མི་བདེར་ཡོང་མི་འགྱུར། ། 80-1-104b ལྷ་ཡི་ནང་དུ་མྱུར་འགྲོ་ཞིང་། །མི་ཡི་ནང་དུ་འང་མྱུར་དུ་འགྲོ། །སངས་རྒྱས་དག་ཀྱང་མྱུར་མཐོང་ཞིང་། །མི་ཁོམ་རྣམ་པར་སྤོང་བར་འགྱུར། །འབྱོར་ཅིང་ནོར་ཡང་ཆེན་ པོར་འགྱུར། །གཏེར་གྱི་རྣམས་ནི་མང་མཐོང་ཞིང་། །གང་དུ་ལག་པ་བཅུག་པ་རྣམས། །ཐམས་ཅད་རིན་ཆེན་གང་བར་འགྱུར། །ཡན་ལག་བརྒྱད་ཀྱི་ཆུས་གང་བའི། ། རྫིང་བུ་རབ་ཏུ་བསགས་པར་འགྱུར། །ནམ་ཡང་མྱ་ངན་མི་མྱོང་སྟེ། །བཀའ་བློ་བདེ་བའི་འབྲས་བུ་འདི། །ཐིང་པོ་ཞ་བོར་མི་འགྱུར་ཞིང་། །རྐང་པ་འཁུམས་དང་འབུབ་ པ་དང་། །ཡན་ལག་སྐམ་པར་མི་འགྱུར་ཞིང་། །ཡན་ལག་ཉམས་པར་མི་འགྲོའོ། །སོར་མོ་དགུ་པར་མི་འགྱུར་ཞིང་། །སྒུར་པོ་ཞར་བར་མི་འགྱུར་རོ། །གླང་པོའི་ མགོ་ལྟར་མི་འགྱུར་ཏེ། །བཀའ་བློ་བདེ་བའི་འབྲས་བུ་འདི། །དེའི་ཡན་ལག་རྒྱས་ཤིང་དཀར། །ལྕགས་ཀྱི་དངོས་པོ་འདྲ་བར་འགྱུར། །རབ་ཏུ་མཛེས་ཤིང་བལྟ་ན་ སྡུག །ཁ་དོག་ལྡན་ཞིང་མཛེས་པར་གནས། །ལྷ་ཡིས་མངོན་པར་མཆོད་པར་འགྱུར། །མི་རྣམས་ཤིན་དུ་སྟི་སྟང་བྱེད། །ཀླུ་རྣམས་ཀྱིས་ནི་མངོན་མཆོད་ འགྱུར། །བཀའ་བློ་བདེ་བའི་འབྲས་བུ་འདི། །ངན་འགྲོ་ཐམས་ཅད་སྤངས་ནས་ནི། །མི་དེ་མཐོ་རིས་འགྲོ་བར་འགྱུར། །མྱུར་དུ་བྱང་ཆུབ་འཚང་རྒྱ་སྟེ། །བཀའ་ བློ་བདེ་བའི་འབྲས་བུ་འདི། །མི་དེས་སེམས་ཅན་ཐམས་ཅད་ཀྱི། །སེམས་རྣམས་ཐམས་ཅད་རབ་ཏུ་ཤེས། །གོམ་པ་དག་ནི་བདུན་པོར་ནས། ། 80-1-105a འཇིག་རྟེན་དབྱངས་ཀྱིས་གོ་བར་བྱེད། །དེ་ཡི་ཡེ་ཤེས་མཆོག་འགྱུར་ཞིང་། །ཤེས་རབ་དག་ཀྱང་མཆོག་ཏུ་འགྱུར། །རྣམ་པར་གྲོལ་བ་མཆོག་ འགྱུར་ཏེ། །སེམས་ཅན་རྣམས་ནི་ཀུན་གྱི་མཆོག །ཤེས་རབ་ཀྱིས་ནི་ཤེས་རབ་སྤྱོད། །ཤེས་རབ་ཡེ་ཤེས་གནས་པ་སྟེ། །ཤེས་རབ་ཡེ་ཤེས་རྣམ་པར་ གྲོལ། །སངས་རྒྱས་ཀུན་གྱི་བརྙེས་པ་ཡིན། །ཤེས་རབ་ཀྱིས་ནི་རང་བཞིན་ཤེས། །ཡེ་ཤེས་ཀྱིས་ནི་ཤེས་བྱ་ཤེས། །གང་དག་ཤེས་རབ་ཡེ་ཤེས་དག ། ཐམས་ཅད་དེ་ལ་དཀོན་མི་འགྱུར། །འདི་འདྲའི་དགེ་བ་འདི་དག་གི། །དོན་ནི་ཁྱོད་ལ་ངས་བཤད་དོ། །དེ་ནི་མོས་པ་ཆུང་བ་ཡི། །སེམས་ཅན་རྣམས་ཀྱི་དོན་མ་ཡིན། ། གཏི་མུག་གིས་ནི་རྨོངས་པ་དང་། །སྡིགས་པས་མངོན་པར་གཙེས་པ་རྣམས། །ཞེ་སྡང་ཁྲོ་བ་བསྐྱེད་བྱས་ནས། །ཆོས་ལ་གུས་པར་མི་འགྱུར་རོ། །ནམ་ཞིག་ སེམས་ཅན་མོས་ཆུང་ཚེ། །འདི་འདྲ་བ་ཡི་ཆོས་འབྱུང་སྟེ། །དེ་ན་ཕྱིར་ཞིང་གཅིག་ལ་གཅིག །གུས་པ་བྱེད་པར་མི་འགྱུར་ཏེ། །གང་ཚེ་སེམས་ཅན་མི་གུས་ཤིང་། ། ཁྲོ་བའི་ཉེས་ལ་ཡིད་དགའ་སྟེ། །ཀུན་ནས་ཉོན་མོངས་སེམས་ཀྱིས་ཀྱང་། །དེ་དག་བདག་ཅག་དགྲ་བཅོམ་འཛེར། །གནས་བརྟན་གང་དག་རྒས་པ་དང་། །རྒས་ཤིང་འཁོགས་ པ་གཏུགས་པ་དག །དེ་དག་འཆི་བའི་དུས་བྱེད་ཚེ། །སྲིད་པའི་ཐ་མར་གྱུར་ཅེས་ཟེར། །གནས་བརྟན་གང་དག་རྒས་པ་དང་། །རྒས་ཤིང་འཁོགས་པ་གཏུགས་པ་དག ། 80-1-105b དགྲ་བཅོམ་བསོད་སྙོམས་ཟོས་གྱུར་ནས། །སེམས་ཅན་དམྱལ་བར་མྱུར་དུ་འགྲོ། །དེ་དག་ཚུལ་ཁྲིམས་རབ་དཀོན་ན། །དགྲ་བཅོམ་པར་ལྟ་ག་ལ་འགྱུར། །དད་པས་མཆོད་རྟེན་བྱེད་འགྱུར་ ཏེ། །དེ་དག་ངན་འགྲོ་རྣམས་སུ་འགྲོ། །ཤཱ་རིའི་བུ་དེ་ལྟར་ཚུལ་ཁྲིམས་སྤྱོད་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་དོན་གྱི་ཕྱིར་སློབ་དཔོན་ལ་བསྙེན་བཀུར་དང་། །རིམ་ གྲོ་བྱེད་པ་ནི་འདི་འདྲ་བའི་ཕན་ཡོན་དེ་དག་དང་། །དེ་བས་ཀྱང་ལྷག་པ་དཔག་ཏུ་མེད། །བསམ་གྱིས་མི་ཁྱབ། །ཚད་མེད་པ་འཐོབ་པར་འགྱུར་རོ། །དེ་ལྟར་ཤཱ་རིའི་བུ་བྱང་ཆུབ་སེམས་ དཔའི་སྡེ་སྣོད་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་རབ་ཏུ་དཔང་དུ་གྱུར་པ། །ཚུལ་ཁྲིམས་ཡོངས་སུ་དག་པ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ། །དེ་ལ་ཚུལ་ཁྲིམས་ཡོངས་ སུ་དག་པ་གང་ཞེ་ན། །ཤཱ་རིའི་བུ་རྣམ་པ་བཅུས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་དག་པར་རིག་པར་བྱའོ། །བཅུ་གང་ཞེ་ན། །སེམས་ཅན་ཐམས་ཅད་ལ་མི་འཚེ་བ་ ཡིན། །གཞན་གྱིས་རྫས་ལ་མི་རྐུ་བ་ཡིན། །གཞན་གྱིས་ཆུང་མ་སྤངས་པ་ཡིན། །སེམས་ཅན་ཐམས་ཅད་ལ་མི་སླུ་བ་ཡིན། །གཞན་གྱི་གཡོག་འཐུན་པ་ལ་ཕྲ་མ་མི་ ཟེར་བ་ཡིན། །ཚིག་དྲག་པོ་བཟོད་པའི་ཕྱིར་ངག་མི་རྩུབ་པ་ཡིན། །ཚིག་བསྡམས་པས་ཚིག་འཁྱལ་པ་སྤངས་པ་ཡིན། །གཞན་གྱི་ལོངས་སྤྱོད་ལ་ང་ཡིར་མི་འཛིན་པས་བརྣབ་ སེམས་མེད་པ་ཡིན། །ཚིག་ངན་པར་སྨྲས་པ་བཟོད་པས་གནོད་སེམས་སྤངས་པ་ཡིན། ལྷ་གཞན་མི་འདོད་པས་ལོག་པར་ལྟ་བ་སྤངས་པ་ཡིན་ཏེ་ཤཱ་རིའི་བུ་རྣམ་པ་བཅུ་པོ་དེ་དག་གིས་བྱང་ཆུབ་སེམས་དཔའི་ཚུལ་ 80-1-106a ཁྲིམས་ཡོངས་སུ་དག་པར་རིག་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་རྣམ་པ་བཅུས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་དག་པར་རིག་པར་བྱ་སྟེ། བཅུ་གང་ཞེ་ན། མི་ཤེས་པ་མི་འདོད་པས་མ་ཉམས་པའི་ཚུལ་ཁྲིམས་ཡིན། ངན་ པར་སྐྱེ་བ་ཡོངས་སུ་སྤངས་པས་སྐྱོན་མེད་པའི་ཚུལ་ཁྲིམས་ཡིན། ཉོན་མོངས་པ་ཐམས་ཅད་དང་མ་འདྲེས་པས་འདྲེན་མ་མ་ཡིན་པའི་ཚུལ་ཁྲིམས་ཡིན། གཅིག་ཏུ་དཀར་པོའི་ཆོས་རྣམ་པར་སྤེལ་བས་སྲ་སྲེ་མེད་པའི་ཚུལ་ཁྲིམས་ཡིན། ཇི་ལྟར་འདོད་པ་བཞིན་དུ་འགྲོ་བས་རང་དབང་གི་ཚུལ་ཁྲིམས་ཡིན། མཁས་པས་མ་སྨད་པས་བསྔགས་པའི་ཚུལ་ཁྲིམས་ཡིན། ཉེས་པ་ཐམས་ཅད་མི་སྒྲུབ་པས་མ་སྨད་པའི་ཚུལ་ཁྲིམས་ཡིན། དབང་པོ་བསྲུངས་པས་ཤིན་དུ་སྦས་ པའི་ཚུལ་ཁྲིམས་ཡིན། དྲན་པ་དང་། ཤེས་བཞིན་གྱི་ཕྱིར་ཤིན་དུ་བསྲུངས་པའི་ཚུལ་ཁྲིམས་ཡིན་ཏེ། ཤཱ་རིའི་བུ་རྣམ་པ་བཅུ་པོ་དེ་དག་གིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་དག་པར་རིག་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་ རྣམ་པ་བཅུས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་དག་པར་རིག་པར་བྱ་སྟེ། བཅུ་གང་ཞེ་ན། རུང་བའི་ཚོད་ཤེས་པས་འདོད་པ་ཉུང་བའི་ཚུལ་ཁྲིམས་ཡིན། འདོད་པ་སྤོང་བས་ཆོག་ཤེས་པའི་ཚུལ་ཁྲིམས་ཡིན། ལུས་དང་སེམས་ རབ་ཏུ་དབེན་པས་ནན་ཏན་གྱི་ཚུལ་ཁྲིམས་ཡིན། འདུ་འཛི་ལ་སྨོད་པས་དགོན་པར་གནས་པའི་ཚུལ་ཁྲིམས་ཡིན། བདག་གི་ཁར་ལས་པའི་དགེ་བའི་རྩ་བ་སྒྲུབ་བའི་ཕྱིར་སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པའི་ཚུལ་ཁྲིམས་ ཡིན། ཕ་རོལ་གྱི་གདོང་དུ་མི་ལྟ་བས་འཕགས་པའི་རིགས་ལ་དགའ་བའི་ཚུལ་ཁྲིམས་ཡིན། ལྷ་དང་མི་རྣམས་ལ་མི་སླུ་བས་ཇི་ལྟར་སྨྲས་པ་དེ་ལྟར་བྱེད་པའི་ཚུལ་ཁྲིམས་ཡིན། རང་གི་སེམས་ངེས་པར་རྟོག་ པས་བདག་གི་འཁྲུལ་པ་ལ་སོ་སོར་རྟོག་པའི་ཚུལ་ཁྲིམས་ཡིན། ཕ་རོལ་གྱི་སེམས་སྲུང་བས་གཞན་གྱི་འཁྲུལ་པ་ལ་ཉེས་པར་མི་ལྟ་བའི་ཚུལ་ཁྲིམས་ཡིན། བསྡུ་བའི་དངོས་པོ་རྗེས་སུ་མི་གཏོང་བས་སེམས་ཅན་ཡོངས་སུ་སྨིན་ 80-1-106b པར་བྱེད་པའི་ཚུལ་ཁྲིམས་ཡིན་ཏེ། ཤཱ་རིའི་བུ་རྣམ་པ་བཅུ་པོ་དེ་དག་གིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་དག་པར་རིག་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་རྣམ་པ་བཅུས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་དག་པར་རིག་པར་བྱ་སྟེ། བཅུ་ གང་ཞེ་ན། འདི་ལྟ་སྟེ། ཐ་བའི་སེམས་མེད་པས་སངས་རྒྱས་ལ་དད་པའི་ཚུལ་ཁྲིམས་ཡིན། དམ་པའི་ཆོས་སྲུང་བས་ཆོས་ལ་དད་པའི་ཚུལ་ཁྲིམས་ཡིན། འཕགས་པ་འདུས་པ་ལ་གུས་པས་དགེ་འདུན་ལ་དད་པའི་ཚུལ་ཁྲིམས་ཡིན། སངས་ རྒྱས་དང་བྱང་ཆུབ་སེམས་དཔའ་ཡིད་ལ་བྱེད་པ་དང་མ་བྲལ་བས་འདུད་པའི་ཚུལ་ཁྲིམས་ཡིན། བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་བསགས་པས་དགེ་བའི་བཤེས་གཉེན་ལ་བསྟེན་པའི་ཚུལ་ཁྲིམས་ཡིན། མི་དགེ་བའི་ཆོས་ཐམས་ ཅད་ཡོངས་སུ་སྤངས་པས་སྡིག་པའི་གྲོགས་པོ་ཡོངས་སུ་སྤོང་བའི་ཚུལ་ཁྲིམས་ཡིན། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པས་བྱམས་པའི་ཚུལ་ཁྲིམས་ཡིན། ཉམ་ཐག་པར་གྱུར་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ པས་སྙིང་རྗེའི་ཚུལ་ཁྲིམས་ཡིན། ཆོས་ལ་དགའ་ཞིང་རབ་ཏུ་མོས་པས་དགའ་བའི་ཚུལ་ཁྲིམས་ཡིན། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤངས་པས་བཏང་སྙོམས་ཀྱི་ཚུལ་ཁྲིམས་ཡིན་ཏེ། ཤཱ་རིའི་བུ་རྣམ་པ་བཅུ་པོ་དེ་དག་གིས་ བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་དག་པར་རིག་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་རྣམ་པ་བཅུས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་དག་པར་རིག་པར་བྱ་སྟེ། བཅུ་གང་ཞེ་ན། སེམས་ཅན་ཡོངས་སུ་སྨིན་པར་ བྱེད་པས་སྦྱིན་པའི་ཚུལ་ཁྲིམས་ཡིན། སེམས་ཀུན་དུ་སྲུང་བས་བཟོད་པའི་ཚུལ་ཁྲིམས་ཡིན། མི་ཟློགས་པས་བརྩོན་འགྲུས་ཀྱི་ཚུལ་ཁྲིམས་ཡིན། བསམ་གཏན་གྱི་ཚོགས་ཡང་དག་པར་རྫོགས་པར་བྱེད་པས་བསམ་གཏན་གྱི་ཚུལ་ཁྲིམས་ཡིན། ཐོས་ པ་དང་ཚུལ་ཁྲིམས་ཀྱིས་མི་ངོམས་པས་ཤེས་རབ་ཀྱི་ཚུལ་ཁྲིམས་ཡིན། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཡོངས་སུ་ཚོལ་བས་ཐོས་པ་ཡོངས་སུ་ཚོལ་བའི་ཚུལ་ཁྲིམས་ཡིན། མི་རྟག་པའི་འདུ་ཤེས་སོ་སོར་རྟོག་པས་ལུས་ལ་མི་ལྟ་བའི་ 80-1-107a ཚུལ་ཁྲིམས་ཡིན། སེམས་ལ་སྒྱུ་མ་ལྟ་བུར་སོ་སོར་རྟོག་པས་སྲོག་ལ་ཡིད་མི་རྟོན་པའི་ཚུལ་ཁྲིམས་ཡིན། ཐོག་མ་ནས་ཚུལ་ཁྲིམས་ཡོངས་སུ་དག་པས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་ཚུལ་ཁྲིམས་ཡིན། ཚུལ་ཁྲིམས་ཐམས་ཅད་ཡོངས་སུ་བསྔོ་བས་དེ་བཞིན་གཤེགས་པ་དང་ཕྲད་པའི་ཚུལ་ཁྲིམས་ཡིན་ཏེ། ཤཱ་རིའི་བུ་རྣམ་པ་བཅུ་པོ་དེ་དག་གིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་དག་པར་རིག་པར་བྱའོ། །ཤཱ་རིའི་བུ་དེ་ལྟར་ཚུལ་ ཁྲིམས་ཤིན་དུ་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་ལྷ་དང་མིའི་དཔལ་ཕུན་སུམ་ཚོགས་པ་མྱོང་བར་མི་འགྱུར་བ་གང་ཡང་མེད་དོ། །འཇིག་རྟེན་གྱི་བཟོའི་གནས་དང་། ལས་ཀྱི་གནས་མི་ཤེས་པ་གང་ཡང་མེད་དོ། །དེས་སེམས་ཅན་ ཐམས་ཅད་ལོངས་སྤྱོད་དང་། ཉེ་བར་སྤྱོད་པ་ཐོབ་པར་མི་བྱེད་པ་གང་ཡང་མེད་དོ། །སོ་སོའི་སྐྱེ་བོ་ཕན་ཚུན་མི་མཛའ་བར་མི་འགྱུར་བ་དེ་གང་ཡང་མེད་དེ། དེ་ལ་བྱང་ཆུབ་སེམས་དཔའ་ཁོང་ཁྲོ་བ་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་མ་ དད་པར་འགྱུར་བའི་བརྫུན་དུ་སྨྲ་བ་དེ་གང་ཡང་མེད་དོ། །དེ་སེམས་ཅན་གང་ལ་ཡང་མར་འདུ་ཤེས་མི་སྐྱེད་པ་མེད་དོ། །དེ་སེམས་ཅན་གྱི་རིས་ན་སེམས་ཅན་གང་ལ་ཡང་ཕར་འདུ་ཤེས་མི་སྐྱེད་པ་མེད་དོ། །དེ་སེམས་ཅན་གང་ལ་ཡང་ ཡིད་རྟོན་པའི་འདུ་ཤེས་མི་སྐྱེད་པ་མེད་དོ། །དེ་འདུས་བྱས་ཀྱི་ཆོས་གང་ལ་ཡང་མི་རྟག་པར་འདུ་ཤེས་མི་སྐྱེད་པ་མེད་དོ། །དེ་ཐམས་ཅད་འདུ་བྱེད་དུ་གཏོགས་པར་ཤེས་ནས་ལུས་དང་སྲོག་ལ་མི་ལྟ་སྟེ། ཚུལ་ཁྲིམས་ཡོངས་སུ་དག་ པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་ཏེ། བདེ་བར་གཤེགས་པས་དེ་སྐད་བཀའ་སྩལ་ནས་སྟོན་པ་ཡང་འདི་སྐད་གསུང་ངོ་། །ཚུལ་ཁྲིམས་འདི་ལ་གང་གནས་ པ་སྐྱོབ་པ་ཡི་ནི་ཆོས་སྐུ་དང་། དབྱངས་དང་ཁ་དོག་གཟུགས་རྣམས་ནི། དེ་དག་ལ་ནི་རྙེད་མི་དཀའ། ལྡོངས་ཤིང་དམུས་ལོང་མི་འགྱུར་ལ། ཞར་སྒུར་ཞ་བར་མི་འགྱུར་རོ། །འབྱུང་བ་རྣམ་པར་དག་འགྱུར་ཞིང་། དེ་ཡི་ལུས་ནི་མཛེས་པར་འགྱུར། ། 80-1-107b སྟོབས་ཆེ་ཞིང་ནི་མཐུ་ཆེ་སྟེ། གཟི་ཆེ་ཞིང་ནི་གཟི་བརྗིད་རབ། ཤེས་རབ་དང་ནི་བརྩོན་འགྲུས་ཀྱིས། །སྡིག་ཅན་བདུད་ནི་སྐྲག་པར་བྱེད། །རྒྱལ་པོ་ཡིས་ནི་མངོན་མཆོད་ཅིང་། །ལྷ་ཀླུ་རྣམས་ཀྱིས་བཀུར་སྟི་བྱས། ཐེ་ཚོམ་ཐམས་ཅད་ཆད་ པར་འགྱུར། །དེ་དག་བྱམས་པ་ཤིན་དུ་བསྒོམས། ཚུལ་ཁྲིམས་ཕུང་པོ་རབ་གནས་ནས། གསོད་པར་བྱེད་ཀྱང་འཇིགས་པ་མེད། གྲགས་པ་ཆེན་པོ་ཆོས་སྤྱོད་པ། ངན་འགྲོ་དག་ཏུ་མི་འགྲོ་འོ། །སེམས་ཅན་ཐམས་ཅད་གཉིད་ལོག་ཀྱང་། སྙོས་ པ་མེད་ཅིང་མི་ཉལ་ཏེ། ཕྱོགས་བཞི་དག་ནི་ཀུན་དུ་ཡང་། ལེགས་པར་བཤད་པ་ཡོངས་སུ་ཚོལ། ཚུལ་ཁྲིམས་ཕུང་པོར་གནས་པ་དག །རིན་ཆེན་མཆོག་དང་ཆུང་མ་དང་། བདག་གི་ཤ་ཡང་རབ་གཏོང་ཞིང་། བྱང་ཆུབ་ལམ་ནི་ཀུན་དུ་ཚོལ། སངས་རྒྱས་ཆོས་ནི་བླ་མེད་པ། མཆོག་གི་ཆོས་རྣམས་ཡོངས་སུ་ཚོལ། འཇིག་རྟེན་དག་གི་མགོན་འགྱུར་ཞིང་། མཆོད་རྟེན་དང་ནི་སྦྱིན་པར་འོས། གཤེ་ཞིང་ཡོངས་སུ་སྤྱོ་བ་དང་། ཉེས་པ་བྱས་པ་ཐམས་ཅད་བཟོད། བཟོད་པ་ཉིད་ལ་རབ་ གནས་ཤིང་། བཟོད་པ་ཡི་ནི་བསྔགས་པ་བརྗོད། མི་བདེན་པར་ནི་མི་སྨྲ་སྟེ། ཇི་ལྟར་སྨྲས་པ་དེ་བཞིན་བྱེད། བྱང་ཆུབ་སྙིང་པོར་འདུག་ནས་ནི། ས་འདི་དག་ཀྱང་གཡོ་བར་བྱེད། སངས་རྒྱས་ཆོས་ལ་ནེམ་ནུར་མེད། །ལྷ་གཞན་དག་ནི་ རབ་ཏུ་སྤོང་། །རྟག་ཏུ་སངས་རྒྱས་བཅོམ་ལྡན་ལས། ལྷ་གཞན་ཡོད་པར་མི་འགྱུར་རོ། །མཚོན་དག་དང་ནི་དུག་རྣམས་ཀྱིས། ཕན་ཚུན་གནོད་པ་བྱེད་པ་ཡི། སྡུམས་ནི་བྱེད་པར་འགྱུར་བ་དག །དེ་ནི་མཁས་པའི་མཚན་ ཉིད་དོ། སེམས་ཅན་སྡུག་བསྔལ་རྣམས་མཐོང་ན། བསྐལ་པ་བྱེ་བ་མང་པོར་ཡང་། བདག་གི་དོན་ནི་མེད་འགྱུར་ཀྱང་། ཡལ་བར་འདོར་བར་མི་འགྱུར་རོ། །དོན་རྙེད་ན་ནི་མཛའ་བོ་ཞེས། ཕན་ཚུན་དུ་ནི་རབ་ཏུ་སྨྲ། དོན་ནི་བྱེད་པར་ མ་འགྱུར་ན། གཅིག་ལ་གཅིག་ནི་གསོད་པར་བྱེད། འཛམ་བུ་ཡི་ནི་གླིང་འདི་དང་། སངས་རྒྱས་ཀྱི་ནི་ཞིང་ཀུན་དུ། རིན་ཆེན་བཀང་སྟེ་སྦྱིན་བྱས་ནས། རྟག་ཏུ་བདག་གི་གྲོགས་སུ་འགྱུར། །གང་དག་མཚོན་རྣམས་རྣོན་པོ་ཡིས། ཡན་ལག་ཉིང་ལག་གཅོད་པ་ཡི། །སེམས་ཅན་ 80-1-108a དག་ནི་ཐམས་ཅད་ལ། །སེམས་ནི་མཉམ་པར་རབ་ཏུ་འཇུག །སངས་རྒྱས་དག་གི་ཆོས་རྣམས་ཕྱིར། །བྱིས་པ་རྣམས་ཀྱི་ཆོས་སྤོང་སྟེ། །ཆོས་ལ་ཤིན་དུ་གནས་གྱུར་པས། །ཚུལ་ཁྲིམས་རྟག་ཏུ་དག་པར་འགྱུར། །ཆོས་ཀྱི་རྗེས་འཐུན་ཆོས་ཞུགས་ནས། ། བྱང་ཆུབ་ཀྱི་ནི་སྤྱད་པ་སྤྱོད། །སངས་རྒྱས་ཀྱི་ནི་བྱང་ཆུབ་ཕྱིར། །རིགས་གསུམ་བདུད་རྩི་རབ་ཏུ་སྦྱིན། །ཚུལ་ཁྲིམས་ཕུང་པོ་གནས་བྱས་ནས། །ཆོས་རྣམས་ཐམས་ཅད་མངོན་པར་བསླབས། མཁས་པ་ལྷ་དང་བཅས་པ་ཡི། །འཇིག་རྟེན་ན་ནི་མཆོད་ པར་འོས། །ཆོས་རྣམས་ཀུན་ལ་ཐེ་ཚོམ་མེད། །བཟོ་ཀུན་ལ་ཡང་རབ་ཏུ་མཁས། །སེམས་ཅན་བསམ་པ་ཤེས་གྱུར་ནས། །སྙན་པའི་ཚིག་ནི་སྟོན་པར་བྱེད། །ཚུལ་ཁྲིམས་ཕུང་པོ་རྣམས་སྦྱངས་ནས། བྱང་ཆུབ་དམ་པ་སངས་རྒྱས་ཏེ། །ཤིང་མཆོག་དྲུང་དུ་ འདུག་བྱས་ནས། །སྡིག་ཅན་བདུད་ནི་སྐྲག་པར་བྱེད། །ཉི་ཟླ་དག་ནི་སྣང་བར་ལྟར། །གཟི་བརྗིད་དྲག་པོའི་འོད་བྱེད་པ། །དེ་ལྟར་སེམས་ཅན་མཆོག་འགྱུར་ཞིང་། །ཤེས་རབ་ཀྱི་ནི་མིག་ལས་བྱུང་། །སེམས་ཅན་རྣམས་ལ་ལག་བྱིན་ཏེ། །དྲིས་པ་ལ་ནི་ ལམ་རྣམས་སྟོན། །རྟག་ཏུ་གསོང་པོར་སྨྲ་འགྱུར་ཏེ། །དེ་དག་ལ་ནི་ཕྲག་དོག་མེད། །བདག་དང་རིན་ཆེན་གཞན་དག་ཀྱང་། །མང་པོ་རྣམས་ནི་མྱུར་དུ་གཏོང་། །དེ་ནི་བརྒྱ་ལམ་བྱང་ཆུབ་མཆོག །གཏོང་བར་འགྱུར་བ་མ་ཡིན་ནོ། །དད་དང་ཚུལ་ཁྲིམས་ ཕུན་སུམ་ཚོགས། །བདེན་པའི་ཚིག་ལ་རབ་ཏུ་གནས། །ཚུལ་ཁྲིམས་ཕུང་པོ་རབ་གནས་པས། །དེ་དག་ལ་ནི་རྒྱུ་མེད་དོ། །བརྫུན་ཟེར་བ་དག་འོངས་གྱུར་ནས། །སྦྱིན་ཞིང་བྱ་ཞེས་ཟེར་ཡང་ན། །བདེན་པའི་ཚིག་ལ་གནས་པས་ན། ། དད་པས་དེ་ལ་དད་པར་འགྱུར། །ཕན་ཚུན་གཅིག་ལ་གཅིག་སྨྲ་བ། །ཆོས་གོས་དང་ནི་བསོད་སྙོམས་རྣམས། །འདི་སྦྱིན་སྨྲས་ཏེ་མ་བྱིན་ཡང་། །དེ་ལ་ཡིད་ནི་འཁྲུགས་པ་མེད། །གཞན་ཡང་ཤཱ་རིའི་བུ་དེ་ལྟར་ཚུལ་ཁྲིམས་ཡོངས་སུ་ དག་པའི་བྱང་ཆུབ་སེམས་དཔའ་ནི་འདུ་བྱེད་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་སྐྱེད་དོ། །སེམས་ཅན་ཐམས་ཅད་ལ་ཕ་མར་འདུ་ཤེས་སྐྱེད་དོ། །ཚོར་བ་དང་། རྣམ་པར་རིག་པ་ལ་རྣམ་པར་རིག་པ་མེད་པར་འདུ་ 80-1-108b ཤེས་སྐྱེད་དོ། །དེ་མཉམ་པ་དང་། མི་མཉམ་པར་ཡང་སེམས་ཀྱི་མངོན་པར་མི་སྒྲུབ་བོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་སེམས་ཀྱིས་མཉམ་པར་བྱེད་ན་མྱ་ངན་ལས་འདས་པ་སེམས་ལས་འདས་པར་འགྱུར་རོ། །སེམས་ཀྱིས་མི་མཉམ་པར་བྱེད་ན་ནི་ཆགས་ པའི་སེམས་སུ་གྱུར་བས་ཆེས་མི་མཉམ་པར་འགྱུར་རོ། །མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་སྟེ། །ཆགས་པའི་སེམས་བསྐྱེད་ནས་འགགས་པ་དེའི་བག་ལ་ཉལ་གྱི་སེམས་དེའི་རང་བཞིན་དུ་སྐྱེ་སྟེ། །མི་བདེན་པའི་ དམིགས་པ་ལ་མི་བདེན་པའི་སེམས་སྡུག་གོ་ཞེས་རྟོག་སྟེ། དེ་ནི་ཚུལ་བཞིན་མ་ཡིན་པའོ། །མི་སྡུག་པའོ་ཞེས་མོས་པར་བྱེད་པ་ནི་རྣམ་པར་གྲོལ་བའོ། །རྣམ་པར་གྲོལ་བ་གང་ན་པ་དེ་ན་ཟད་པའོ། །ཅི་ཟད་ཅེ་ན། གང་ཟད་པ་དེ་ནི་འདོད་ ཆགས་ཟད་པ། ཞེ་སྡང་ཟད་པ། གཏི་མུག་ཟད་པའོ། །དེ་ཅིའི་ཕྱིར་ཞེ་ན། འདོད་ཆགས་སྐད་ཅིག་གིས་ཟད་པར་འགྱུར་ཏེ། འདོད་ཆགས་ཀྱང་གཞན་ལ་ཟད་པ་ཡང་གཞན་ཞིག་ཡིན་དུ་ཟིན་ན་འདོད་ཆགས་ཡང་དག་པར་ཉིད་དུ་འགྱུར་རོ། །དེ་ལྟར་ འདོད་ཆགས་ཡང་དག་པ་མ་ཡིན་པས་ཟད་པར་འགྱུར་ཡང་ཤཱ་རིའི་བུ་འདོད་ཆགས་ནི་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་ལས་བྱུང་བ། ཀུན་དུ་རྟོག་པས་ཕྱེ་བ་སྟེ། གང་ཀུན་མི་རྟོག་པ་དེ་ནི་མི་རྟོག་གོ། །རྟོག་པ་སྤངས་པ་ནི་ཡང་ དག་པ་མ་ཡིན་པ་སྟེ། དེ་ལ་འདོད་ཆགས་བྱེད་པ་འདི་ནི་ཡང་དག་པ་མ་ཡིན་ནོ། །གང་ཡང་དག་པ་མ་ཡིན་པ་དེ་ལ་སྡུག་བསྔལ་མེད། ཡོངས་སུ་གདུང་བ་མེད་དོ། །གང་ཡོངས་སུ་གདུང་བ་མེད་པ་དེ་ནི་ཡང་དག་པ་མ་ཡིན་པའོ། །གང་ཡང་དག་ པ་མ་ཡིན་པ་དེ་ལ་གདུང་བ་མེད་དེ། དེ་ནི་བསིལ་བར་གྱུར་པ་མྱ་ངན་ལས་འདས་པ་ཡིན་པས་དེ་ལ་འདོད་ཆགས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། མྱ་ངན་ལས་འདས་པ་ནི་སེམས་དང་ལྡན་པ་མ་ཡིན་ཏེ། འདི་ལྟར་འདོད་ཆགས་ཟད་པར་འགྱུར་རོ། ། མྱ་ངན་ལས་འདས་པ་ནི་འདོད་ཆགས་ཟད་པ་སྟེ། དེ་ལྟར་འདོད་ཆགས་ཀྱང་གཞན། མྱ་ངན་ལས་འདས་པ་ཡང་གཞན་ཏེ། གང་གཞན་པ་དེ་ནི་ཕ་རོལ་བས་ཀྱང་ཕ་རོལ་ལོ། །ཕ་རོལ་བས་ཀྱང་ཕ་རོལ་གང་ཡིན་པ་དེ་ནི་མཁས་པ་རྣམས་ 80-1-109a ཡོངས་སུ་ཚོལ་ཏེ་ཡོངས་སུ་ཚོལ་བ་ན་སྙིང་པོ་མི་དམིགས་སོ། །གང་སྙིང་པོ་མེད་པ་ནི་གསོག་གོ། །གསོག་གང་ཡིན་པ་དེ་ནི་གསོབ་བོ། །གསོབ་གང་ཡིན་པ་དེ་ནི་སྟོང་པའོ། །ཅིས་སྟོང་ཞེ་ན། བདག་དང་བདག་གི་དང་། རྟག་པ་དང་། བརྟན་པ་དང་། ཐེར་ཟུག་དང་། མི་འགྱུར་བའི་ཆོས་ཀྱིས་སྟོང་སྟེ། གང་སེམས་ཅན་མེད་པ་དེ་ནི་སྲོག་མེད་པ་སྟེ། དེ་ལས་འདོད་ཆགས་མི་སྐྱེ་ཞེ་སྡང་མི་སྐྱེ་སྟེ། གཏི་མུག་མི་སྐྱེའོ། །ཅི་ཡོད་པས་ང་ཞེས་བྱ་བ་འམ། ངའི་ཞེས་བྱ་བ་འམ། འདི་ནི་ང་། འདི་ནི་ངའི་འོ་ཞེས་ངར་འཛིན་པ་དང་། ང་ཡིར་འཛིན་པ་ལོག་པ་འདི་འབྱུང་ཞེ་ན། ང་ཡིར་འཛིན་པ་ལས་མངོན་པར་འདུ་བྱེད་པ་འབྱུང་སྟེ། དེ་ལ་མངོན་པར་འདུ་བྱེད་པ་ནི་བཞིའོ། །བཞི་གང་ཞེ་ན་ལུས་ཀྱིས་མངོན་པར་འདུ་བྱེད་དོ། །ངག་གིས་མངོན་ པར་འདུ་བྱེད་དོ། །ཡིད་ཀྱིས་བརྟགས་ནས་ངག་རྩུབ་པོ་སྨྲས་ཏེ། དེ་ནས་ཕྱིས་ལུས་ཀྱིས་གནོད་པར་བྱེད་དོ། །དེ་ལྟར་བདག་དང་གཞན་དུ་འདུ་ཤེས་པ་ལ་འདུ་ཤེས་འཛིན་པར་འགྱུར་རོ། །ཡང་ཤཱ་རིའི་བུ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ནི་འདུ་ ཤེས་ཀྱིས་མདུད་པ་ཡིན་ཏེ། ཤཱ་རིའི་བུ་དེ་ལ་བྱང་ཆུབ་སེམས་དཔས་ཕྱིན་ཅི་ལོག་གི་འདུ་ཤེས་འདི་ལྟ་བུ་རིག་ནས་སུ་ཡང་སྟེན་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྟེན་པ་ལས་དེའི་འཇིགས་པ་བྱུང་སྟེ། བདག་ནི་འཇིགས་པ་མི་ འདོད་དོ་ཞེས་ཤཱ་རིའི་བུ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་ཡིད་མི་རྟོན་པ་ཡིན་ནོ། །ཤཱ་རིའི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་ཕ་མར་འདུ་ཤེས་སྐྱེད་ཅེ་ན། ཤཱ་རིའི་བུ་འདི་ལ་ཡུན་རིང་ པོའི་དུས་ན་མར་མ་གྱུར་པ་དང་། ཕར་མ་གྱུར་པའི་སེམས་ཅན་གང་ཡང་རྙེད་པར་སླ་བ་མ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱང་ཕ་མར་གྱུར་ཏོ། །དེ་དག་ལ་འདོད་ཆགས་ཀྱི་སེམས་སྐྱེས་ན་མར་འདུ་ཤེས་པ་སྤང་ངོ་། །ཞེ་སྡང་གི་སེམས་སྐྱེས་ན་ ཕར་འདུ་ཤེས་པས་སྤོང་སྟེ། ཤཱ་རིའི་བུ་རྣམ་གྲངས་འདིས་ཅི་ནས་སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་གཉེན་ཡིན་པར་དེ་ལྟར་རིག་པར་བྱའོ། །ཤཱ་རིའི་བུ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པ་བས་ཀྱང་ཆེས་གྲངས་ 80-1-109b མེད་པ་ཡངས་པ། ཚད་མེད་པ། བསམ་གྱི་མི་ཁྱབ་པའི་དེའི་དུས་དེའི་ཚེ་ན། མཆོག་གི་ཚོགས་ཅན་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་ པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་སྟེ། དེ་ལོ་བྱེ་བ་ཕྲག་དགུ་བཅུའི་བར་དུ་བཞུགས་སོ། །དེའི་ཉན་ཐོས་བྱེ་བ་ཁྲག་ཁྲིག་ཕྲག་དགུ་བཅུའི་འདུས་པ་ཆེན་པོ་ བྱུང་ངོ་། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་དྲན་པ་རྙེད་ཅེས་བྱ་བ་ཞིག་རྒྱལ་པོའི་རིགས་སུ་སྐྱེས་ཏེ། གཟུགས་བཟང་ཞིང་མཛེས་ལ་བལྟ་ན་སྡུག་སྟེ། ཁ་དོག་བཟང་པོ་རྒྱས་པའི་མཆོག་དང་ལྡན་པ་ཞིག་བྱུང་སྟེ། དེ་བཙས་མ་ཐག་ཏུ་མས་བུ་མོ་ བརྒྱད་ཁྲི་བཞི་སྟོང་བྱིན། ཕས་བུ་མོ་བརྒྱད་ཁྲི་བཞི་སྟོང་བྱིན། མཛའ་བོ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་ཀྱིས་བུ་མོ་བརྒྱད་ཁྲི་བཞི་སྟོང་བྱིན། ཕ་མའི་གཉེན་བཤེས་ཀྱིས་ཀྱང་བུ་མོ་བརྒྱད་ཁྲི་བཞི་སྟོང་གཉེན་གྱི་གཡོག་ཏུ་བྱིན་ ནོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའི་ཕས་ཁང་པ་གསུམ་བྱེད་དུ་བཅུག་པ་འདི་ལྟ་སྟེ། དཔྱིད་ས་དང་། དབྱར་ས་དང་། དགུན་ས་བྱས་སོ། །བྱང་ཆུབ་སེམས་དཔའ་དུས་བཞིན་དུ་ཁང་པའི་སྟེང་ན་འདུག་སྟེ། གང་ན་འདུག་པ་འདིར་སིལ་སྙན་ ཐོགས་པ་བརྒྱ་སྟོང་དུ་མ་འོངས་ནས། བསྙེན་བཀུར་དང་། རིམ་གྲོ་བྱེད་དེ། རོལ་མོའི་སྒྲ་ཕྱུང་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་དེ་སྐྱེ་བ་དང་། འཇིག་པའི་འདུ་ཤེས་སྐྱེས་སོ། །སྒྲ་འགགས་མ་ཐག་ཏུ་སྒྲ་འདི་ག་ལས་བྱུང་། གང་དུ་བྱུང་། གང་ནས་ འགགས། གང་དུ་འགགས་ཤེས་ཡོངས་སུ་ཚོལ་ཏེ། དེ་མཚན་མོའི་འདུ་ཤེས་ཀྱང་མི་སྐྱེ། ཉིན་མོའི་འདུ་ཤེས་ཀྱང་མི་སྐྱེ་ཞིང་། གཞན་དུ་ན་མི་རྟག་པར་འདུ་ཤེས་སྐྱེ་སྟེ། དེ་མངོན་པར་མི་དགའ་བའི་འདུ་ཤེས་སྐྱེའོ། །ཤཱ་རིའི་བུ་དེ་ལྟར་བྱང་ཆུབ་ སེམས་དཔའ་དྲན་པ་ཐོབ་པ་དེ་ལོ་སྟོང་ཕྲག་བཞི་བཅུར་ནམ་ཡང་ཡིད་རོལ་མོ་ལ་ཆགས་པར་མ་གྱུར་ཏོ། །ལོ་སྟོང་ཕྲག་བཞི་བཅུར་ནམ་ཡང་འདོད་པ་ལ་མ་སྤྱད་དོ། །དེ་ཉིད་ན་དེ་ཁྱིམ་ན་གནས་བཞིན་དུ་བསམ་ 80-1-110a གཏན་བཞི་རྣམས་ལ་བསམ་གཏན་བྱེད་དེ། མངོན་པར་ཤེས་པ་ལྔ་བསྒྲུབས་ནས་དེ་ཁྱིམ་དེ་ནས་རྫུ་འཕྲུལ་གྱིས་སྟེང་གི་བར་སྣང་ལས་བཅོམ་ལྡན་འདས་མཆོག་གི་ཚོགས་ཅན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་ག་ལ་བ་དེར་སོང་སྟེ་བཅོམ་ལྡན་འདས་མཆོག་གི་ཚོགས་ཅན་དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བའི་དངོས་པོ་ཅུང་ཟད་ཅིག་ཞུའོ་སྙམ་པ་དང་། ཤཱ་རིའི་བུ་བཅོམ་ལྡན་འདས་མཆོག་གི་ཚོགས་ཅན་དེ་བཞིན་གཤེགས་པ་དེ་ཉིད་ཀྱི་ ཉིན་པར་ཡོངས་སུ་མྱ་ངན་ལས་འདས་ཏེ། དེ་ཡོངས་སུ་མྱ་ངན་ལས་འདས་པའི་དྲུང་དུ་ཕྱིན་ནས་དགེ་སློང་དག་དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བགྱིའོ་ཞེས་དྲིས་ན། དེ་ལ་དགེ་སློང་དེ་དག་ན་རེ་རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ ངན་ལས་འདས་སོ་ཞེས་ཟེར་རོ། །ང་ཡོངས་སུ་མྱ་ངན་ལས་འདས་ཤེས་ཐོས་ནས་ས་ཕྱོགས་དེ་ཉིད་དུ་ངུ་ཞིང་བརྒྱལ་ནས། ཁ་བུབ་ཏུ་སའི་སྟེང་དུ་འགྱེལ་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །འཇིག་རྟེན་སྒྲོན་མཛད་འདི་ལྟ་བུ། ཆོས་ རྣམས་ཀུན་གྱི་ཕ་རོལ་ཕྱིན། བག་མེད་གནས་སུ་བདག་སོང་བས། བདག་ཉིད་ཡོངས་སུ་བསླུས་པར་གྱུར། །བསྐལ་པ་བྱེ་བ་ཕྲག་སྟོང་གིས། དེ་བཞིན་གཤེགས་པ་འབྱུང་འགྱུར་ན། མགོན་པོ་བདག་གིས་མཉེས་མ་བྱས། བདག་གིས་སྐྱབས་ གྱུར་སུ་ཞིག་ཡོད། བདག་ལ་སངས་རྒྱས་མ་བརྗོད་པ། མ་ནི་བདག་གི་དགྲ་ཡིན་སྙམ། སྐྱེས་མ་ཐག་ཏུ་དེ་ཡི་ཚེ། །དེ་བཞིན་གཤེགས་པ་བལྟ་བ་ཞིག །གང་གིས་འདོད་ལ་བདག་སྦྱར་བ། །ཕ་ནི་བདག་གི་དགྲར་སེམས་ཏེ། །དེ་དག་དབང་དུ་གྱུར་པས་ ན། འཇིག་རྟེན་མགོན་པོ་མ་མཉེས་བྱས། །འདི་ལྟར་སངས་རྒྱས་གསུང་སྒྲ་ནི། ཡན་ལག་དྲུག་བཅུ་བདག་མ་ཐོས། བདག་གིས་སངས་རྒྱས་མ་མཉེས་བྱས། །བདག་ལ་ཉམས་པ་ཆེན་པོ་བྱུང་། །འཇིག་རྟེན་ཕན་མཛད་ཐུགས་བརྩེ་དེ་ལྟ་ བུ། །ཆོས་རྣམས་ཀུན་གྱི་ཕ་རོལ་ཕྱིན་པ་ནི། བག་མེད་པ་ཡིས་དེ་རིང་དུས་འདས་ཏེ། །རྐང་གཉིས་གཙོ་བོ་བདག་གིས་མ་མཉེས་བྱས། །བསྐལ་པ་ཁྲག་ཁྲིག་བྱེ་བ་ཕྲག་བརྒྱར་ཡང་། །སངས་རྒྱས་བརྒྱ་ལམ་མཐོང་བ་རྙེད་པར་དཀའ། 80-1-110b བདེ་གཤེགས་མྱ་ངན་འདས་ནས་ཕྱིན་པ་ནི། །རྒྱལ་བ་དེང་འདིར་བདག་གིས་མ་མཉེས་བྱས། །སྐྱེས་མ་ཐག་ཏུ་སངས་རྒྱས་མ་བརྗོད་པ། །ཕ་དང་མ་ནི་དེ་རིང་དགྲ་ཡིན་སྙམ། །གལ་ཏེ་རྒྱལ་བ་བཞུགས་པ་མཐོང་གྱུར་ན། །ཆོས་རྣམས་ ཉན་ཅིང་མཆོད་པ་བྱ་བ་ཞིག །བདེ་གཤེགས་མྱ་ངན་འདས་ནས་འདོང་འོངས་པས། །དེ་བཞིན་གཤེགས་པའི་ཡན་ལག་དྲུག་བཅུ་པོ། །དེ་དག་ཀུན་དང་ལྡན་པའི་དབྱངས་བྱུང་བ། རྒྱལ་བའི་དེ་དག་བདག་གིས་དེང་མ་ཐོས། མྱ་ངན་འདས་ནས་ འདིར་ནི་བདག་ཕྱིན་པ། །དེ་རིང་བདག་ལ་ཉམས་པ་ཆེན་པོ་བྱུང་། སྔོན་གྱི་སངས་རྒྱས་དག་གིས་རྟག་བསྟན་པ། །གྱ་ནོམ་ཆོས་རྣམས་བདག་ལ་མི་སྟོན་ཏོ། །དེ་ནས་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་དེ་ས་ཕྱོགས་དེ་ནས་མྱུར་དུ་ལངས་ཏེ། བཅོམ་ལྡན་འདས་མཆོག་གི་ཚོགས་ཅན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་དེ་བཞིན་གཤེགས་པའི་ཁྲི་ལ་ངུ་ཞིང་ལན་བརྒྱ་སྟོང་དུ་མ་བསྐོར་བ་བྱས་ནས་ས་ཕྱོགས་ གཅིག་ཏུ་འདུག་སྟེ། ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །སེམས་ཅན་མཆོག་ནི་ཡང་དག་སྟེ། །ཡང་དག་ཆོས་རྣམས་བསྟན་པ་མཛད། །བྱང་ཆུབ་དམ་པ་མཆོག་གི་ཕྱིར། །བདག་གི་སེམས་ནི་ཡང་དག་སྐྱེ། །ཤེས་རབ་ཆེན་པོ་ ཡང་དག་གསུང་། །དེ་བཞིན་གཤེགས་པ་མི་མཐོང་སྟེ། །རྒྱལ་བ་ཁྱོད་ཀྱི་ཅི་འདྲ་བ། །བདག་གི་ཤེས་པ་འང་འདི་འདྲར་གྱུར། །བདག་སྔོན་སྟོབས་ཀྱང་ཆུང་བ་སྟེ། །ཤེས་རབ་ཞན་པ་བདུད་ཀྱི་ཕྱོགས། །ཁྱིམ་གྱི་གནས་ན་མཆིས་པས་ ན། །མི་ཡི་གཙོ་བོ་མ་མཉེས་བགྱིས། །སྔོན་བགྱིས་བསོད་ནམས་མཆིས་པས་ནི། །དེ་བཞིན་གཤེགས་པ་བདག་གིས་མཐོང་། །ཆོས་རྣམས་བདག་ལ་མི་སྟོན་པས། །དེ་ཕྱིར་ཤིན་དུ་སྡུག་བསྔལ་ལོ། ། ལྷ་དང་ཀླུ་ཡི་མདུན་དུ་ནི། །བདེན་པའི་ཚིག་རྣམས་བདག་གིས་བརྗོད། །ཇི་སྟེ་བདག་ནི་ཡང་དག་ཏུ། །ཇི་སྐད་སྨྲས་པ་བཞིན་གྱུར་ཏེ། །མ་འོངས་པ་ཡི་དུས་ཀྱི་ཚེ། །གླང་པོ་ཆེན་པོ་དོན་གཟིགས་པ། །ཡང་དག་ཉིད་ཀྱི་ཆོས་ 80-1-111a སྟོན་པ། །མི་མཆོག་སངས་རྒྱས་འགྱུར་བར་བགྱི། མི་ཁོམ་པར་ནི་མི་སྐྱེ་ཞིང་། །སྐྱེས་ནས་འདོད་པ་བསྟེན་མི་བགྱིད། །བུད་མེད་དངོས་པོར་མི་འགྱུར་ཞིང་། །བདུད་ཀྱི་བཅིངས་པ་བཅད་པར་བགྱི། མངོན་སུམ་དུ་ནི་ཆོས་སྟོན་པ། །སངས་རྒྱས་རྣམས་ནི་རྟག་ ཏུ་བལྟ། །མཐོང་ནས་རབ་ཏུ་དད་པར་བགྱི། །དད་ནས་སྟི་སྟང་རིམ་གྲོ་བགྱི། བདག་གིས་གང་སྨྲས་ཚིག་འདི་ནི། ཡང་དག་བདེན་པར་འགྱུར་ཞེ་ན། །བདེན་པ་དེས་ནི་སངས་རྒྱས་འདི། །བྱང་ཆུབ་བཞིན་དུ་བཞུགས་པར་ཤོག །ཚིག་འདི་རྣམས་ནི་སྨྲས་པ་དང་། །དེ་བཞིན་ གཤེགས་པ་ཅོག་གེར་བཞུགས། །ལྷ་རྣམས་བྱེ་བ་སྟོང་ཕྲག་གིས། །དེ་ཚེ་རབ་ཏུ་གོས་རབ་གཏོར། །དེ་ནི་རབ་ཏུ་ཡིད་དགའ་ནས། །བར་སྣང་ལ་ནི་འདུག་གྱུར་ཏེ། །བར་སྣང་ལ་ནི་འདུག་ནས་སུ། །རྒྱལ་བ་དེ་ལ་ཚིགས་བཅད་བསྟོད། །སྣང་བར་གྱུར་ཕན་པའི་ཐུགས། ། རྫུ་འཕྲུལ་ཆེན་པོ་དམ་པ་གསུང་། །མཆོག་གི་ཆོས་རྣམས་སྟོན་མཛད་པ། །སངས་རྒྱས་སྨྲ་བ་མགོན་པོ་དྲན། །དེས་ཚིགས་སུ་བཅད་པ་དེ་དག་སྨྲས་ནས་འཁོར་རྣམས་རྒྱ་ཆེར་ཚིམ་པར་བྱ་བའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བདག་ནི་མི་གཙོས་ ལུང་བསྟན་ཏེ། །འཇིག་རྟེན་དུ་ཡང་སངས་རྒྱས་འགྱུར། །བདག་གིས་རྗེས་སུ་སློབ་གྱིས་ལ། །དེ་བཞིན་གཤེགས་ལ་རིམ་གྲོ་གྱིས། །བདག་ལ་རྗེས་སུ་ཐུགས་བརྩེའི་ཕྱིར། །མྱ་ངན་འདས་པ་འང་བཞེངས་གྱུར་ན། །འཇིག་རྟེན་མགོན་པོ་བསམ་མི་ཁྱབ། །སུ་ ཞིག་སངས་རྒྱས་དད་མི་བྱེད། །དེ་བཞིན་གཤེགས་པ་ལ་དེས་དགེ་བའི་རྩ་བ་བསྐྱེད་དེ་མཆོད་པ་དང་། །རིམ་གྲོར་ཆེར་བྱས་ནས་དགེ་བའི་རྩ་བ་དེ་ཉིད་ཀྱིས་དེ་ནས་ཤི་འཕོས་པ་དང་། བདེ་འགྲོ་མཐོ་རིས་སུ་སྐྱེས་ཏེ། དེ་བསྐལ་པ་བྱེ་བ་ཕྲག་ཉི་ཤུར་ངན་འགྲོ་ལོག་པར་ ལྟུང་བར་མ་སོང་ངོ་། །བསྐལ་པ་བྱེ་བ་ཕྲག་ཉི་ཤུར་འདོད་པ་ལ་ནམ་ཡང་ཡོངས་སུ་མ་སྤྱད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རབ་ཏུ་འདོད་པའི་ཕྱིར་དེ་དག་ཐམས་ཅད་ལ་ཡང་མཆོད་པ་དང་། རིམ་གྲོ་ཆེར་བྱས་ཏེ་ཐམས་ཅད་ཏུ་ཡང་ ཚངས་པར་སྤྱོད་པ་སྤྱད་ནས། དེ་བསྐལ་པ་ཐ་མ་དུས་ཐ་མ་ལ་ལུས་ཐ་མ་བདག་གི་དངོས་པོ་ཐ་མ་ཐོབ་པའི་ཚེ་རང་གི་དགེ་བའི་རྩ་བས་བསྐུལ་ནས་ས་ལའི་རྒྱལ་པོ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ 80-1-111b སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་སྟེ། ཤཱ་རིའི་བུ་བཅོམ་ལྡན་འདས་ ས་ལའི་རྒྱལ་པོའི་ཚེའི་ཚད་ནི་བསྐལ་པ་བྱེ་བ་ཕྲག་ཉི་ཤུར་གྱུར་ཏོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པ་ས་ལའི་རྒྱལ་པོའི་ཉན་ཐོས་འདུས་པ་ནི་གཉིས་བྱུང་སྟེ། ཉན་ཐོས་འདུས་པ་གཅིག་ལ་ནི་དགེ་སློང་བྱེ་བ་ཕྲག་ཉི་ཤུ་ཡོད་དོ། །ཉན་ཐོས་འདུས་ པ་གཉིས་པ་ལ་ནི་དགེ་སློང་སྟོང་ཕྲག་བཞི་བཅུ་ཡོད་དོ། །ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་མེད་པ། དབང་དང་ལྡན་པར་གྱུར་བ་ནས། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པའི་བར་དུའོ། ། ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡང་རྒྱས་པར་གྱུར་ཏོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པ་ས་ལའི་རྒྱལ་པོ་ཡོངས་སུ་མྱ་ངན་ལས་འདས་པའི་དམ་པའི་ཆོས་ལོ་སྟོང་ཕྲག་བཅུར་གནས་སོ། །དེ་ནས་བཅོམ་ལྡན་འདས་ ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །བསྐལ་པ་བྱེ་བ་ཉི་ཤུར་ནི། །ངན་འགྲོར་ནམ་ཡང་མ་སོང་སྟེ། །བསྐལ་པ་བྱེ་བ་ཉི་ཤུར་ཡང་། །འདོད་པ་དག་ལ་ཡོང་མ་སྟེན། །དེ་ཡི་བར་དུ་སངས་རྒྱས་ནི། །སྟོང་ཕྲག་ བདུན་རྣམས་མྱ་ངན་འདས། །དེར་ནི་ཚངས་པར་སྤྱོད་སྤྱད་དེ། །ཆོས་འདོད་པར་ཡང་རྟག་ཏུ་གྱུར། །དེ་ཕྱིར་བྱང་ཆུབ་སངས་རྒྱས་ནས། །རྒྱལ་བའི་སཱ་ལའི་དབང་པོར་གྱུར། །བྱེ་བ་སྟོང་ཕྲག་སུམ་བཅུ་རྣམས། ། བྱང་ཆུབ་མཆོག་ལ་རབ་ཏུ་བཀོད། །སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །བྱང་ཆུབ་དམ་པ་སངས་རྒྱས་ནས། །བསྐལ་པ་བྱེ་བ་ཉི་ཤུར་ནི། །སྲོག་ཆགས་རྣམས་ལ་ཆོས་སྟོན་ཏོ། །སྟོང་ཕྲག་དག་ནི་བཞི་བཅུ་ དང་། །གཞན་ཡང་བྱེ་བ་ཉི་ཤུ་རྙེད། །ཐམས་ཅད་ཟག་ཟད་དྲང་སྲོང་གི། །དགེ་འདུན་དེ་ཚེ་དེ་ཡི་བྱུང་། །སྟོན་པ་མྱ་ངན་འདས་ནས་ཀྱང་། །རིང་བསྲེལ་ཤིན་ཏུ་རྒྱས་པར་གྱུར། །མཆོད་རྟེན་སྟོང་ཕྲག་དྲུག་བཅུ་དང་། །བྱེ་བ་དག་ཀྱང་ 80-1-112a དེར་བྱུང་ངོ་། །མྱ་ངན་འདས་ནི་དམ་པའི་ཆོས། །ལོ་ནི་སྟོང་ཕྲག་བཅུར་གནས་ཏེ། །རྒྱལ་བའི་བསྟན་པ་ཐོས་ནས་ནི། །སུ་ཞིག་དེ་ལ་དད་མི་བྱེད། །སངས་རྒྱས་ཀྱིས་ནི་ཆོས་ཐོས་ནས། ། མཁས་པ་སུ་དག་ནེམ་ནུར་བྱེད། །དེ་དག་ངན་འགྲོར་མི་འགྲོ་སྟེ། །མྱུར་དུ་མྱ་ངན་འདས་པར་རེག །ཤཱ་རིའི་བུ་དེ་ལྟར་ཚུལ་ཁྲིམས་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་མ་དང་ཕར་འདུ་ཤེས་ སྐྱེད་དེ། །འདོད་ཆགས་ཀྱིས་སེམས་སྐྱེས་པ་ནི་མར་འདུ་ཤེས་པས་སྤོང་ངོ་། །ཞེ་སྡང་གིས་སེམས་སྐྱེས་པ་ནི་ཕར་འདུ་ཤེས་པས་སྤོང་ངོ་།། །། བམ་པོ་བཅུ་གཅིག་པ། ཤཱ་རིའི་བུ་གཞན་ཡང་ཚུལ་ཁྲིམས་ཡོངས་ སུ་དག་པའི་བྱང་ཆུབ་སེམས་དཔའ་བདག་ཉིད་ལ་མི་མཐུན་པ་མང་དུ་གནས་པ་ཡིན་ཏེ། དེ་འདོད་ཆགས་ཀྱི་ཕྱིར་ཚུལ་བཞིན་ཡིད་ལ་བྱེད་པས་འདོད་པ་ལ་ཡང་དག་པར་མི་མཐུན་པ་སྐྱེད་དོ། །དེ་འདོད་པ་དང་། །འདོད་པའི་ མི་མཐུན་པ་ཡང་རབ་ཏུ་ཤེས་སོ། །དེ་ལ་འདོད་པ་གང་། །འདོད་པའི་མི་མཐུན་པ་གང་ཞེ་ན། །འདོད་པ་ཞེས་བྱ་བ་ནི་གང་མིག་གིས་ཤེས་པར་བྱ་བའི་གཟུགས་ལ་མངོན་པར་ཆགས་པ་དེ་ནི་འདོད་པ་ཞེས་བྱའོ། །གཞན་ཡང་ འདོད་པ་ཞེས་བྱ་བ་ནི་གང་རྣ་བས་ཤེས་པར་བྱ་བའི་སྒྲ་ལ་མངོན་པར་ཆགས་པའོ། །དེ་བཞིན་དུ་སྦྱར་ཏེ། །གང་སྣས་ཤེས་པར་བྱ་བའི་དྲི་དང་། ལྕེས་ཤེས་པར་བྱ་བའི་རོ་དང་། ལུས་ཀྱིས་ཤེས་པར་བྱ་བའི་རེག་བྱ་ལ་མངོན་པར་ ཆགས་པ་དེ་ནི་འདོད་པ་ཞེས་བྱའོ། །དེ་ལ་གང་མངོན་པར་ཆགས་པ་དེ་ནི་ལྷག་པར་ཞེན་པའོ། །གང་ལྷག་པར་ཞེན་པ་དེ་ནི་ཀུན་དུ་སྦྱོར་བའོ། །གང་ཀུན་དུ་སྦྱོར་བ་དེ་ནི་མངོན་པར་འགྲུབ་པའོ། །གང་མངོན་པར་ འགྲུབ་པ་དེ་ནི་འཆིང་བ་སྟེ། །དེ་ཡང་དག་པ་མ་ཡིན་པ་འདྲིད་པའོ། །དེ་ལྟར་ཀྱེ་མའོ་སེམས་ཅན་འདི་དག་ནི་ཡང་དག་པ་མ་ཡིན་པ་འདྲིད་པའི་འཆིང་བས་བཅིང་པ་སྟེ། །བཅིངས་པ། ངེས་པར་བཅིངས་པ། 80-1-112b ཤིན་དུ་ངེས་པར་བཅིངས་པའོ། །ཅིས་བཅིངས་ཤེ་ན། གཟུགས་ཀྱིས་བཅིང་བས་བཅིངས་པ་ནི་བཅིངས་ཤེས་བྱ་བ་ནས་སྒྲ་དང་། དྲི་དང་། རོ་དང་། རེག་གི་བར་གྱི་འཆིང་པས་བཅིངས་པ་ནི་བཅིངས་ཤེས་བྱ་འོ། གཟུགས་ ཀྱིས་བཅིངས་པ་གང་ཞེ་ན། འདི་ལྟ་སྟེ། ལུས་ཐོབ་པའི་གཟུགས་དེ་ལ་གང་བདག་ཏུ་འདུ་ཤེས་པ་དང་། སྲོག་ཏུ་འདུ་ཤེས་པ་དང་། གང་ཟག་ཏུ་འདུ་ཤེས་པ་དང་། རྟག་པར་འདུ་ཤེས་པ་དང་། བརྟན་པར་འདུ་ཤེས་ པ་དང་། ཐེར་ཟུག་ཏུ་འདུ་ཤེས་པ་དང་། རྫས་སུ་འདུ་ཤེས་པ་དང་། རིལ་པོར་འདུ་ཤེས་པ་དང་། གོང་བུར་འདུ་ཤེས་པ་དེ་ནི་གཟུགས་ཀྱིས་བཅིངས་པ་ཞེས་བྱའོ། །ཡང་གཟུགས་ཀྱི་འཆིང་བ་གང་ཞེ་ན། །འདི་ལྟ་སྟེ། ལུས་མངོན་པར་གྲུབ་པ་དེ་ལ་རིམ་གྲོ་བྱའོ་སྙམ་ནས། དེ་བདག་ལ་བྱམས་པས་ཆུང་མ་ལ་མངོན་པར་ཆགས་པར་བྱེད་དེ། གཟུགས་ཀྱིས་འཆིང་བས་བཅིངས་ནས། འདོད་པའི་ལོངས་སྤྱོད་ཐོབ་པས་མི་དགེ་བའི་ལས་ མངོན་པར་འདུ་བྱེད་དེ། འདོད་པའི་ཉེས་པ་མི་ཤེས་སོ། །དེ་ལ་འདོད་པའི་ཉེས་པ་གང་ཞེ་ན། ཉེས་པ་དག་ལ་འདོད་པ་དང་། ཉེས་པ་ལ་འདོད་པ་མེད་མོད་ཀྱིས། གང་ངན་སོང་གཞོལ་བའི་འདོད་པའི་ཉེས་པ་དེ་དག་ བསྟན་པར་བྱའོ་སྙམ་མོ། །དེ་ལ་ངན་སོང་གཞོལ་བའི་འདོད་པའི་ཉེས་པ་གང་ཞེ་ན། ཤཱ་རིའི་བུ་འདོད་པ་བསྟེན་པ་ནི་སྡིག་པ་མི་བྱེད་པ་ཅུང་ཟད་ཀྱང་མེད་དེ། དེའི་རྣམ་པར་སྨིན་པས་སྡུག་བསྔལ་ཡོངས་སུ་ བཟུང་བར་མ་གྱུར་པ་གང་ཡང་མེད་ཅེས་བཤད་དོ། །དེ་ལྟར་ཤཱ་རིའི་བུ་སྟོང་གི་འཇིག་རྟེན་གྱི་ཁམས་སུ་རབ་ཏུ་བརྟགས་ན། ཇི་ལྟར་བདག་གི་ཆུང་མ་ལྟ་བུར་དགྲར་གྱུར་པ་ནི་གཞན་གང་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་བཞིན་གཤེགས་པ་ནི་ཡེ་ཤེས་དང་ལྡན་ནོ། །སེམས་ཅན་ཐམས་ཅད་ནི་མི་ཤེས་པ་སྟེ། གང་ཡེ་ཤེས་དང་ལྡན་པས་མེད་པ་དེ་ནི་རབ་ཏུ་ཡང་དག་པའོ། །གང་མི་ཤེས་པས་ཡོངས་སུ་ཟིན་པ་དེ་ནི། 80-1-113a ཡང་དག་པ་མ་ཡིན་པའོ། །མི་ཤེས་པས་གང་ཡོངས་སུ་བཟུང་ཞེ་ན། །འདུས་བྱས་ཡོངས་སུ་བཟུང་ངོ་། །བུ་དང་། བུ་མོ་དང་། །ཆུང་མ་ཡོངས་སུ་བཟུང་ངོ་། །དེས་དེ་ལྟར་ཡོངས་སུ་བཟུང་། ཕན་ཚུན་དུ་དེ་ལྟར་ཡོངས་སུ་བཟུང་། །འཕགས་པའི་ལམ་གྱིས་ཀུན་དུ་མ་བཟུང་སྟེ། །བུ་ཕོ་དང་། བུ་མོ་དང་། ཆུང་མས་ཀུན་ཏུ་བསྐོར་ཅིང་། སྲེད་པ་ཉེ་བར་ལེན་པ་ནི་རབ་ཏུ་འབྱུང་བའི་བར་དུ་གཅོད་དོ། །ཚུལ་ ཁྲིམས་ཀྱི་བར་དུ་གཅོད། །བསམ་གཏན་གྱི་བར་དུ་གཅོད། །མཐོ་རིས་ཀྱི་བར་དུ་གཅོད། །མྱ་ངན་ལས་འདས་པའི་བར་དུ་གཅོད་པའོ། །བྲན་ཕོ་དང་། བྲན་མོ་ཡོངས་སུ་འཛིན་པ་དང་། བུ་ཕོ་དང་། བུ་མོ་དང་། ཆུང་མ་ ཡོངས་སུ་འཛིན་པ་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་བར་དུ་གཅོད་པའོ། །གོང་མ་བཞིན་དུ་སྦྱར་ཏེ། །བུ་ཕོ་དང་། བུ་མོ་དང་། ཆུང་མ་ཡོངས་སུ་འཛིན་པ་ནི་དགྲར་གྱུར་པ་ཡོངས་སུ་འཛིན་པའོ། །སེམས་ཅན་དམྱལ་བ་དང་། དུད་ འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ཡོངས་སུ་འཛིན་པའོ། །མདོར་ན་མི་དགེ་བ་ཐམས་ཅད་ཡོངས་སུ་འཛིན་པ་སྟེ། ཐ་ན་ཟས་བཟང་པོའི་ཡང་བར་དུ་གཅོད་པའོ། །སངས་རྒྱས་མཐོང་བའི་བར་དུ་གཅོད་པའོ། །གོང་མ་ བཞིན་དུ་སྦྱར་ཏེ། ཆོས་མཉན་པ་དང་། དགེ་འདུན་ལ་བསྙེན་བཀུར་བྱ་བ་དང་། །སངས་རྒྱས་བལྟ་བར་དད་པ་རྙེད་པ་དང་། ཆོས་ཉན་པར་དད་པ་རྙེད་པ་དང་། དགེ་འདུན་ལ་བསྙེན་བཀུར་བྱ་བར་དད་པ་རྙེད་པ་དང་། དལ་བ་འབྱོར་བ་རྙེད་པའི་ བར་དུ་གཅོད་པའོ། །གོང་མ་བཞིན་དུ་སྦྱར་ཏེ། དད་པའི་ནོར་དང་། ཚུལ་ཁྲིམས་ཀྱི་ནོར་དང་། ཐོས་པའི་ནོར་དང་། ཤེས་རབ་ཀྱི་ནོར་དང་། གཏོང་བའི་ནོར་དང་། ཁྲེལ་ཡོད་པའི་ནོར་དང་། ངོ་ཚ་ཤེས་པའི་ནོར་རྙེད་པའི་བར་དུ་གཅོད་པའོ། ། ཆུང་མ་དང་། བུ་དང་། བུ་མོ་དང་ཡོངས་སུ་འཛིན་པ་ནི་མ་དད་པ་ཡོངས་སུ་འཛིན་པའོ། །ཆུང་མ་དང་། བུ་དང་། བུ་མོ་ཡོངས་སུ་འཛིན་པ་ནི་འཆལ་བའི་ཚུལ་ཁྲིམས་དང་། སེར་སྣ་དང་། འཆལ་བའི་ཤེས་རབ་དང་། 80-1-113b ཁྲེལ་མེད་པ་དང་། ངོ་ཚ་མི་ཤེས་པ་ཡོངས་སུ་འཛིན་པའོ། །ཆུང་མ་དང་། བུ་དང་། བུ་མོ་ཡོངས་སུ་འཛིན་པ་ནི་ནད་དང་། འབྲས་དང་། ཟུག་རྔུ་ཡོངས་སུ་འཛིན་པའོ། །མེའི་ཕུང་པོ་ཡོངས་སུ་འཛིན་པའོ། །སྦྲུལ་གདུག་ པ་ཡོངས་སུ་འཛིན་པའོ། །ཁྱིམ་གྱི་གནས་ནི་དུར་ཁྲོད་ཀྱི་གནས་སོ། །དུར་ཁྲོད་དང་། ཁྱིམ་ནི་མྱ་ངམ་དགོན་པ་སྨྲེ་བའི་ས་མེད་པ་སྟེ། ཆོས་དཀར་པོ་ཐམས་ཅད་རྒུད་པའོ་ཞེས་ངས་བཤད་དོ། བུ་དང་། བུ་མོ་དང་། ཆུང་མ་ ལ་ཆགས་པ་ནི་རྡོའི་སེར་བ་འབབ་པ་ལ་ཆགས་པའོ། །རལ་གྲིའི་སོ་ལ་ཆགས་པའོ། །ལྕགས་ཀྱི་ཁྲི་བསྲེགས་པ་ལ་ཆགས་པའོ། །དེའི་མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་ལ་ཆགས་པ་ནི་ལྕགས་ཀྱི་ཁྲི་དང་། ལྕགས་ཀྱི་ཐུ་ལུམ་གྱི་ཕྲེང་བ་དང་། བཤང་གཅིས་བྱུགས་པ་ལ་ཆགས་པའོ། །ཁྱིམ་ཡོངས་སུ་འཛིན་པ་ནི་ལྕགས་ཟངས་ཡོངས་སུ་འཛིན་པའོ། །བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པའི་མི་ཡོངས་སུ་འཛིན་པ་ ནི་སེམས་ཅན་དམྱལ་བའི་སྲུངས་མ་ཡོངས་སུ་འཛིན་པའོ། །གླང་པོ་ཆེ་དང་། །རྟ་དང་། རྔ་མོ་དང་། བ་ལང་དང་། བོང་བུ་དང་། ལུག་དང་། ཁྱིམ་བྱ་དང་། །ཕག་ཡོངས་སུ་འཛིན་པ་ནི་སྲོག་ཆགས་སྲེ་བོ་དང་། ཁྲ་བོ་དཔག་ ཚད་བརྒྱ་པ་ཡོངས་སུ་འཛིན་པའོ། །ཆུང་མ་དང་། །བུ་དང་། བུ་མོ་ཡོངས་སུ་འཛིན་པ་ནི་སྡུག་བསྔལ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ཐམས་ཅད་ཡོངས་སུ་འཛིན་པའོ། །ཤཱ་རིའི་བུ་ལྕགས་ཀྱི་ཁྲི་དཔག་ཚད་སྟོང་པ་རབ་ ཏུ་ཚ་བ། ཀུན་ཏུ་རབ་ཏུ་འབར་བ། མེ་དང་འདྲ་བར་གྱུར་པ་དང་མཐང་སྦྱར་ཀྱང་བླའི། ཕ་དང་མས་བྱིན་པའི་ཆུང་མ་ལ་རྒྱང་རིང་པོ་ནས་ཀུན་དུ་ཆགས་པའི་སེམས་ཀྱིས་ལྟ་བ་ཡང་དེ་ལྟ་མ་ཡིན་ན་མཐང་སྦྱར་བ་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། ཆུང་མ་ནི་སྡུག་བསྔལ་གྱི་རྩ་བའོ། །ཆུང་མ་ནི་སྡིག་པའི་རྩ་བའོ། །ཆུང་མ་ནི་ཀུན་ནས་མནར་སེམས་ཀྱི་རྩ་བའོ། །ཆུང་མ་ནི་འཆིང་བའི་རྩ་བའོ། །ཆུང་མ་ནི་མྱ་ངན་གྱི་རྩ་བའོ། །ཆུང་མ་ནི་དགྲའི་རྩ་བའོ། ། 80-1-114a ཆུང་མ་ནི་དམུས་ལོང་གི་རྩ་བའོ། །ཆུང་མ་ནི་ཤེས་རབ་ཀྱི་མིག་དང་མི་མཐུན་པའི་རྩ་བའོ། །ཆུང་མ་ནི་ལྕགས་དང་རྡོ་བསྲེགས་པ་བཀྲམ་པའི་སའོ། །ཆུང་མ་ནི་ཕ་རོལ་གནོད་པར་བྱེད་པ་དང་འདྲ་བའོ། ། ཆུང་མ་ནི་ལོག་པའི་ལས་ཀྱིས་རབ་ཏུ་གཟིར་བའོ། །ཅིའི་ཕྱིར་ཆུང་མ་ཞེས་བྱ་ཞེ་ན། །ཁུར་སྐུར་བ་དང་། ཁུར་ཁྱེར་བ་དང་། ཁུར་རབ་ཏུ་ལེན་པ་དང་། ཁུར་ཐོགས་པ་དང་། ཁུར་ཡོངས་སུ་ཐོགས་པ་དང་། ཁུར་གྱིས་ ཉོན་མོངས་པ་དང་། ཁུར་གྱིས་ཉེན་པ་དང་། ཁུར་གྱིས་བསྲབས་པས་ན་དེའི་ཕྱིར་ཆུང་མ་ཞེས་བྱའོ། །སེམས་ཅན་དག་དེ་ལ་གསོ་བར་བྱེད་པ་ཞེས་ཀྱང་བྱ་སྟེ། སྲེད་པས་འཁོལ་བས་ཆུང་མ་ལ་གཞོལ་ཞིང་ཆུང་མས་ ཡོངས་སུ་ཟིན། ཆུང་མས་ཕམ་པར་བྱས། ཆུང་མས་ཡོངས་སུ་བསྡུས། ཆུང་མས་དབང་བྱས། ཆུང་མས་འཁོལ། ཆུང་མའི་རྗེས་སུ་འབྲང་སྟེ། དེའི་ཕྱིར་ཆུང་མ་ཞེས་བྱའོ། །ཆུང་མའི་ཕྱིར་ཁུར་ཆེན་པོ་མི་འདོར་རོ། ། ཁུར་གང་མི་འདོར་ཞེ་ན། འདི་ལྟ་སྟེ། ཕུང་པོ་ལྔའོ། །ཕུང་པོ་ལྔ་གང་ཞེ་ན། གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོ་སྟེ། ཕུང་པོ་ ལྔ་པོ་དེ་དག་གི་ཁུར་མི་འདོར་བས་དེའི་ཕྱིར་ཆུང་མ་ཞེས་བྱའོ། །ཅིའི་ཕྱིར་གོང་རྙིང་གཉིས་པ་ཞེས་བྱ་ཞེ་ན། འདི་ལྟར་ཤཱ་རིའི་བུ་ཚུལ་ཁྲིམས་ཉམས་པ་གཉིས་པའོ། །ཆོས་ཉམས་པ་གཉིས་པའོ། །ཡང་དག་པའི་ལྟ་བ་ ཉམས་པ་གཉིས་པའོ། །བཟའ་བ་དང་། བཏུང་བ་གཉིས་པའོ། །སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེས་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བ་གཉིས་པའོ། །འཕགས་པའི་ཤེས་རབ་ཀྱི་བར་ཆད་ བྱེད་པའོ། །མྱ་ངན་ལས་འདའ་བའི་བདེ་བ་ལ་མི་མཐུན་པའི་ཕྱོགས་བྱེད་པའོ། །སྡུག་བསྔལ་ཐམས་ཅད་ཡང་དག་པར་སྡུད་པ་གཉིས་པ་སྟེ། དེའི་ཕྱིར་གོང་རྙིང་གཉིས་པ་ཞེས་བྱའོ། །ཅིའི་ཕྱིར་བུད་མེད་ཅེས་བྱ་ཞེ་ན། 80-1-114b ཉེས་པ་མང་ཞིང་སྒྱུ་མཐའ་ཡས་པས་དེའི་ཕྱིར་འདི་ནི་སྒྱུ་མ་སྟེ་བུད་མེད་ཅེས་བྱའོ། །གང་བུད་མེད་ཀྱི་ལག་ཏུ་སོང་བ་དེ་དག་བདུད་ཀྱི་ལག་ཏུ་སོང་བའོ། །གང་བདུད་ཀྱི་ལག་ཏུ་སོང་བ་དེ་དག་སྡིག་ཅན་གྱི་དབང་དུ་སོང་ བ་སྟེ། བུད་མེད་ནི་ཉེས་པ་མང་བ། སྒྱུ་མཐའ་ཡས་པ། སེམས་ཡང་བ། སེམས་འགྱུར་བ། སེམས་མི་བརྟན་པ། སེམས་རབ་ཏུ་གཡོ་ཞིང་མི་བརྟན་པ། སྤྲེའུ་ཡི་སེམས། སྤྲེའུ་དང་མཚུངས་པ། སྒྱུ་མ་སྟོན་པ་ལ་ མཁས་པ་སྟེ། དེའི་ཕྱིར་བུད་མེད་ཅེས་བྱའོ། །ཤཱ་རིའི་བུ་བུད་མེད་ནི་སྒྱུ་མའི་གྲོང་ཁྱེར། སྒྱུ་མའི་རྒྱལ་པོའི་ཕོ་བྲང་འཁོར། སྒྱུ་མའི་གྲོང་རྡལ། སྒྱུ་མའི་རྒྱལ་པོའི་ཡུལ་འཁོར། སྒྱུ་མའི་རྒྱལ་སྲིད། སྒྱུ་མའི་ཡུལ། སྒྱུ་མའི་ འཇིག་རྟེན། སྒྱུ་མའི་འཇིག་རྟེན་གྱི་ཁམས། སྒྱུ་མ་མཐས་ཡས་པ། སྒྱུ་མའི་རྒྱས་པ། སྒྱུ་མ་དཔག་ཏུ་མེད་པ། སྒྱུ་མ་བསམ་གྱི་མི་ཁྱབ་པ་སྟེ། དེའི་ཕྱིར་བུད་མེད་ཅེས་བྱའོ། །ཤཱ་རིའི་བུ་དེ་ལྟར་འདོད་པའི་ཉེས་པ་དེ་ དག་ནི་ངན་སོང་དུ་འགྲོ་བའོ། །ཞེས་བྱའོ་འདི་ལྟ་སྟེ། ཤཱ་རིའི་བུ་སྒྱུ་མ་བྱེད་པ་ཤིན་ཏུ་བསླབས་པ་ཞིག་ལྟད་མོ་པའི་ནང་དུ་སོང་ནས་སྒྱུ་མ་རྣམ་པ་སྣ་ཚོགས་ཉེ་བར་སྟོན་པ་དེ་བཞིན་དུ། ཤཱ་རིའི་བུ་བུད་མེད་བུད་མེད་ཀྱི་ སྒྱུ་མ་ཤིན་དུ་བསླབས་པ་ཡང་མཐོང་བས་ཀྱང་སྐྱེས་བུ་འཆིང་བར་བྱེད། ཐོས་པས་ཀྱང་སྐྱེས་བུ་འཆིང་བར་བྱེད། རིག་པས་ཀྱང་སྐྱེས་བུ་འཆིང་ཞིང་དབང་དུ་བྱེད། གླུ་ལོན་པས་ཀྱང་སྐྱེས་བུ་ལ་དབང་དུ་ བྱེད། གར་བྱེད་པས་ཀྱང་སྐྱེས་བུ་ལ་དབང་དུ་བྱེད། རྒོད་པས་ཀྱང་སྐྱེས་བུ་ལ་དབང་དུ་བྱེད་པ་ནས་ངུ་བ་དང་། འགྲོ་བ་དང་། འོང་བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་དང་། རྣམ་པ་ཐམས་ཅད་ཀྱིས་ཀྱང་སྐྱེས་བུ་ ལ་འཆིང་ཞིང་དབང་དུ་བྱེད་དོ། །འདི་ལྟ་སྟེ། ཤཱ་རིའི་བུ་འབྲས་སཱ་ལུའི་ཞིང་ཕུན་སུམ་ཚོགས་པ་སྨིན་པ་ལ་སེར་བ་ཆེན་པོ་བབ་ན་བརླག་པ་དེ་བཞིན་དུ། ཤཱ་རིའི་བུ་བུད་མེད་ཀྱི་སེར་བ་ཡང་དེ་དང་འདྲ་སྟེ། 80-1-115a སྐྱེས་བུའི་ཞིང་ལ་བབ་ན་ཆོས་དཀར་པོ་ཐམས་ཅད་རྣམ་པར་འཇིག་པར་འགྱུར་རོ། །ཤཱ་རིའི་བུ་དེ་དག་ནི་ངན་སོང་དུ་གཞོལ་བའི་འདོད་པའི་ཉེས་པ་ཡིན་ན། གང་བྱིས་པ་སོ་སོའི་སྐྱེ་བོ་ ཐམས་ཅད་ཀྱིས་མི་ཤེས་པས་ཆུང་མ་ཡོངས་སུ་འཛིན་ཏོ། །དེ་ལ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་མཁས་པས་ནི་འདོད་པའི་ཉེས་པ་འདི་དག་རིག་ནས་འདུ་ཤེས་གཉིས་སྐྱེད་དེ། གཉིས་གང་ཞེ་ན། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ལ་སྐྱེས་བུ་ངན་པར་འདུ་ཤེས་སྐྱེད་པ་དང་། འཕགས་པའི་སེམས་ཅན་ཐམས་ཅད་ལ་སྐྱེས་བུ་དམ་པར་འདུ་ཤེས་སྐྱེད་པའོ། །དེ་འདུ་ཤེས་འདི་གཉིས་བསྐྱེད་ནས། འདི་སྙམ་ དུ་སེམས་ཏེ། བདག་ནི་སྐྱེས་བུ་དམ་པའི་འགྲོས་སུ་འགྲོ་བར་བྱ་ཡི་སྐྱེས་བུ་ངན་པའི་འགྲོས་སུ་ནི་མ་ཡིན་ནོ། །བདག་སེམས་ཅན་དམྱལ་བའི་འགྲོས་སུ་སུ་འགྲོ་བར་མི་བྱ། དུད་འགྲོའི་སྐྱེ་གནས་ཀྱི་འགྲོས་སུ་མ་ ཡིན། གཤིན་རྗེའི་འཇིག་རྟེན་གྱི་འགྲོས་སུ་འགྲོ་བར་མི་བྱ། བདག་འཆལ་བའི་ཚུལ་ཁྲིམས་ཀྱི་འགྲོས་སུ་འགྲོ་བར་མི་བྱ། བདག་ཚུལ་ཁྲིམས་འཆལ་པ་དང་འགྲོགས་ཤིང་འགྲོ་བར་མི་བྱ་ཡི། མཆོག །དམ་པ། གཙོ་བོ། ཆོས་ཐམས་ཅད་སྒྲིབ་པ་མེད་པར་རྟོག་པ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་འགྲོས་སུ་འགྲོ་བར་བྱའོ། བདག་རྒྱུན་ལས་བཟློག་པ་སྤྱོད་པར་བྱའི། རྒྱུན་གྱི་རྗེས་སུ་སྤྱོད་པར་མི་བྱ་བ་དག་སེང་གེའི་སྒྲ་སྒྲོགས་པར་བྱའི་ ཝའི་སྒྲ་བསྒྲོག་པར་མི་བྱ། བདག་ནམ་མཁའ་ལྡིང་གི་མཐུ་སྟོན་པར་བྱའི། སྲོག་ཆགས་ཕྲ་མོ་ལྟར་མི་བྱ། བདག་མི་ཅང་ཤེས་སུ་འགྱུར་བར་བྱ་ཡི། མི་མ་རུངས་པར་འགྱུར་བར་མི་བྱ། བདག་ཅང་ཤེས་ཀྱི་ཟས་དང་། ཟས་ངན་པ་ མ་ཡིན་པ་བཟའ་བར་བྱ་སྟེ། བདག་ཅང་ཤེས་མ་ཡིན་པའི་ཟས་དང་། ཟས་ངན་པ་བཟའ་བར་མི་བྱའོ། །བདག་བསམ་གཏན་བཟང་པོ་དང་། བསམ་གཏན་མཆོག་དང་། བསམ་གཏན་རབ་དང་། ཏིང་ངེ་འཛིན་དམ་པ་ 80-1-115b ཐོབ་པར་འགྱུར་པ་དེའི་རང་བཞིན་གྱི་བསམ་གཏན་དག་ལ་བསམ་གཏན་དུ་བྱ་སྟེ། དེའི་རང་བཞིན་མ་ཡིན་པའི་བསམ་གཏན་དང་། དམན་པའི་བསམ་གཏན་ལ་བསམ་གཏན་མི་བྱའོ། །བདག་སངས་རྒྱས་ཀྱི་བསམ་གཏན་ གྱིས་རྩེ་བར་བྱ་ཡི། ཉན་ཐོས་དང་། རང་སངས་རྒྱས་དང་། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་བསམ་གཏན་གྱིས་ནི་མ་ཡིན་ནོ། །བདག་མི་གནས་པར་བསམ་གཏན་བྱ་སྟེ། གཟུགས་ལ་མི་གནས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་མི་གནས། སའི་ཁམས་ལ་མི་གནས་པར་བསམ་གཏན་བྱའོ། །ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་མི་གནས་པར་བསམ་གཏན་བྱའོ། ། འདོད་པའི་ཁམས་ལ་མི་གནས། གཟུགས་ཀྱི་ཁམས་ལ་མི་གནས། གཟུགས་མེད་པའི་ཁམས་ལ་མི་གནས། འཇིག་རྟེན་འདི་ལ་མི་གནས། འཇིག་རྟེན་ཕ་རོལ་ལ་མི་གནས། གང་མཐོང་བ་དང་། ཐོས་པ་དང་། དྲན་པ་དང་། རྣམ་པར་ཤེས་པ་དང་། ཐོབ་པ་དང་། རེག་པ་དང་། མངོན་སུམ་དུ་བྱས་པ་དེ་དག་ལ་ཡང་མི་གནས་པར་བསམ་གཏན་བྱའོ། །བསམ་གཏན་བྱེད་ན་ཇི་ལྟར་བདག་ལ་གནོད་པར་མི་འགྱུར་བ་དང་། གཞན་ལ་གནོད་ པར་མི་འགྱུར་བ་དང་། གཉིས་ག་ལ་གནོད་པར་མི་འགྱུར་བར་བྱའོ། །བདག་སངས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་གྲུབ་པ་ཀུན་དུ་ཚོལ་གྱི། བདག་ལ་འདོད་པ་ཚོལ་བས་ནི་ཆོག་གོ། དེ་ལ་ཤཱ་རིའི་བུ་བྱང་ཆུབ་སེམས་ དཔའ་མཁས་པས་ནི་ལྡོག་པ་བཞི་སྐྱེད་དེ། བཞི་གང་ཞེ་ན། འདོད་པ་ལས་ལྡོག་པ་དང་། སྲེད་པ་ལས་ལྡོག་པ་དང་། བྱས་པ་མི་གཟོ་བའི་སེམས་ལས་ལྡོག་པ་དང་། འདུ་བྱེད་ཏུ་གཏོགས་པའི་སྡུག་སྔལ་ ཐམས་ཅད་ལས་ལྡོག་པ་སྟེ། ལྡོག་པ་བཞི་པོ་དེ་དག་བསྐྱེད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ངན་སོང་ན་གནས་པས་ཀྱང་ཁ་དོག་རྒྱས་པའི་བུད་མེད་མཐོང་ན་འདུ་ཤེས་བཞི་སྐྱེད་དེ། བཞི་གང་ཞེ་ན། 80-1-116a ཉམས་པར་འདུ་ཤེས་པ་དང་། གཡང་སར་འདུ་ཤེས་པ་དང་། ཕྱི་ས་ཁུང་དུ་འདུ་ཤེས་པ་དང་། རྣག་ཏུ་བློས་ཉེ་བར་དཔྱོད་ཅིང་འདུ་ཤེས་པའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ངན་སོང་ན་ གནས་པ་ན་ཡང་ཁ་དོག་རྒྱས་པའི་བུད་མེད་མཐོང་ན་འདུ་ཤེས་འདི་བཞི་སྐྱེད་ན། མིར་གྱུར་པ་ན་ལྟ་ཅི་སྨོས་ཐེག་པ་ཆེན་པོ་ལ་ཞུགས་པའི་རིགས་ཀྱི་བུས་ཁ་དོག་རྒྱས་པའི་བུད་མེད་མཐོང་ན་འདུ་ཤེས་འདི་ བཞི་སྐྱེད་དེ། ཉམས་པར་འདུ་ཤེས་པ་དང་། གཡང་སར་འདུ་ཤེས་པ་དང་། ཕྱི་ས་ཁུང་དུ་འདུ་ཤེས་པ་དང་། རྣག་ཏུ་བློས་ཉེ་བར་དཔྱོད་ཅིང་འདུ་ཤེས་པའོ། །གལ་ཏེ་དེ་ལྟར་བརྟགས་ཀྱང་འདོད་ཆགས་ ཀྱི་སེམས་སྐྱེ་བ་ལྟ་ན། དེས་འདུ་ཤེས་གསུམ་བསྐྱེད་པར་བྱའོ། །གསུམ་གང་ཞེ་ན། མ་འདྲ་བ་ལ་མར་འདུ་ཤེས་པ་དང་། སྲིང་མོ་འདྲ་བ་ལ་སྲིང་མོར་འདུ་ཤེས་པ་དང་། བུ་མོ་འདྲ་བ་ལ་བུ་མོར་འདུ་ཤེས་པ་སྟེ། འདུ་ཤེས་འདི་གསུམ་བསྐྱེད་པར་བྱའོ་ཞེས་དེ་ལྟར་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་དེས་ལེགས་པར་བཤད་པ་ཁོང་དུ་ཆུད་ནས་མདོ་སྡེ་དང་འཐུན་པར་བྱའོ། །ཡུན་རིང་པོ་ནས་བདག་གི་མར་མ་གྱུར་པ་འམ། ཕར་མ་གྱུར་པའི་སེམས་ཅན་དེ་ལྟ་བུ་རྙེད་པར་སླ་བ་མ་ཡིན་ཏེ། སེམས་ཅན་ཐམས་ཅད་བདག་གི་མ་དང་། ཕར་གྱུར་པས་མ་ཉིད་ཆུང་མར་བྱ་བའི་མི་རིགས་སོ་ཞེས་དེ་ལྟར་བསླབ་པར་བྱའོ། །བྱིས་པ་ སོ་སོའི་སྐྱེ་བོ་ཐམས་ཅད་ནི་མི་མཐུན་པ་ལ་གནས་ཀྱིས། བདག་ནི་མི་མཐུན་པ་ལ་གནས་པར་མི་བྱའོ། །དེ་ལྟར་སྤྱད་ཀྱང་འདོད་ཆགས་ཀྱི་སེམས་དེ་ཉིད་ཀྱི་རྗེས་སུ་འབྲང་བ་ལྟ་ན། དེས་ཚུལ་བཞིན་དུ་སོ་སོར་བརྟགས་ པར་བྱའོ། །འདི་ལྟ་སྟེ། འདོད་ཆགས་ཀྱི་སེམས་སྐྱེས་ན་དེ་ཅི་མཐོང་བ་ལས་སྐྱེས། འོན་ཏེ་འདོད་ཆགས་དེ་མིག་ལས་གྱུར་ན་དེས་འདི་ལྟར་ཚུལ་བཞིན་དུ་སོ་སོར་བརྟགས་པར་བྱའོ། །བདག་མིག་ལ་ཆགས་ན་ཅི་མིག་ 80-1-116b གིས་མིག་མཐོང་ངམ། དེ་ཅི་རང་བཞིན་གྱིས་རང་བཞིན་མཐོང་ངམ། དེ་ཅིའི་ཕྱིར་ཞེ་ན། དེ་ཡང་མིག །འདི་ཡང་མིག་གོ། །དེ་ཡང་འབྱུང་བ་ཆེན་པོ་ལས་གྱུར་པ་སྟེ། དེ་ཡང་འབྱུང་བ་ཆེན་པོ་ལས་བྱུང་བའོ། །འདི་ཡང་ འབྱུང་བ་ཆེན་པོ་ལས་བྱུང་བ་སྟེ། རང་བཞིན་གྱིས་རང་བཞིན་ལ་མི་ཆགས། བདག་གིས་བདག་རང་ལ་འང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཇི་ཙམ་པ་འདི་ཡང་དེ་ཙམ་སྟེ། དེ་ལ་ཆགས་པ་དང་། འདི་ལ་ཆགས་ པ་དེ་དག་ནི་ཁྱད་པར་མེད་དེ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ནི་ཁྱད་པར་མེད་པར་གནས་སོ། །བདག་ནི་ཁྱད་པར་ཅན་དུ་འདོད་དོ། །དེ་ཅིར་ཕྱིར་ཞེ་ན། འདི་ལྟ་སྟེ། འདོད་པ་ལ་རྣམ་པར་རྟོག་པ་དེ་ལྟ་བུ་ནི་ཡོན་ཏན་མ་ ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཕན་ཚུན་དག་ནི་དོན་གཅིག་སྟེ། དེ་ལ་ཁྱད་པར་ཡོད་མེད་པ། དེ་ནི་ཚུལ་བཞིན་མ་ཡིན་འཛིན། འདོད་ཆགས་སེམས་ནི་ཀུན་ ནས་ལངས། འདི་ནི་འབྱུང་ལས་གྱུར་པ་སྟེ། འབྱུང་བ་ཆེ་ལ་ཇི་ལྟར་ཆགས། ཆོས་འདི་རྣམས་ནི་ཤིང་འདྲ་སྟེ། དེ་ལ་ཆགས་གྱུར་གང་ཡང་མེད། འདི་ནི་བདག་གིས་བརྟགས་པ་སྟེ། ཡང་དག་མིན་གྱིས་ཀུན་ ནས་ལངས། མེད་པ་ལས་ནི་འདོད་ཆགས་སྐྱེ། འདོད་ཆགས་ཉིད་ཀྱང་ཡོད་མ་ཡིན། ཕྱོགས་བཅུ་རྣམས་སུ་ཡོད་མ་ཡིན། འདོད་ཆགས་ཡོད་པ་མ་ཡིན་ཏེ། ཡང་དག་མ་ཡིན་ཡོངས་བརྟགས་པས། འདོད་ཆགས་སེམས་ནི་ཀུན་ནས་ལངས། གལ་ཏེ་དེ་ལྟར་སོ་སོར་བརྟགས་ཀྱང་འདོད་ཆགས་ཀྱི་སེམས་དེ་ཉིད་རྗེས་སུ་འབྲང་བ་ལྟ་ན་དེས་དམ་པ་རྒྱ་ཆེར་ལེགས་པར་བཤད་པ་ཁོང་དུ་ཆུད་ཅིང་མདོ་སྡེ་ལ་མཁས་ པས་རབ་ཏུ་མདོ་སྡེ་དང་རྗེས་སུ་འཐུན་པར་བྱའོ། །མིག་འདི་ནི་དབུ་བ་དང་འདྲ་སྟེ། མཉེར་མི་བཟོད་དོ། །དབུ་བ་ལ་ཡང་བདག་མེད། སེམས་ཅན་མེད། སྲོག་མེད། གང་ཟག་མེད། སྐྱེས་བུ་མེད་ཤིད་ལས་སྐྱེས་མེད་ 80-1-117a ཤེད་བུ་མེད། བྱེད་པ་པོ་མེད། ཚོར་བ་པོ་མེད། དེ་ལྟར་བྱེད་པ་མེད་པའི་ཆོས་ལ་སུ་ཞིག་ཆགས་པར་འགྱུར། མིག་འདི་ནི་ཆུའི་ཆུ་བུར་དང་འདྲ་སྟེ། རང་བཞིན་གྱིས་སྙིང་པོ་མེད་པའོ། །ཆུའི་ ཆུ་བུར་ལ་ཡང་བདག་མེད། སེམས་ཅན་མེད། སྲོག་མེད། གང་ཟག་མེད། སྐྱེས་བུ་མེད། ཤེད་ལས་སྐྱེས་པ་མེད། ཤེད་བུ་མེད། བྱེད་པ་པོ་མེད། ཚོར་བ་པོ་མེད་དེ། དེ་ལྟར་བྱེད་པ་མེད་པ། གཡོ་ བ་མེད་པའི་ཆོས་ལ་སུ་ཞིག་ཆགས་པར་འགྱུར། མིག་འདི་ནི་སྨིག་སྒྱུ་དང་འདྲ་སྟེ། ལས་དང་། ཉོན་མོངས་པ་དང་། སྲེད་པ་ལས་བྱུང་བའོ། །སྨིག་སྒྱུ་ལ་ཡང་བདག་མེད། སེམས་མེད། སྲོག་མེད། གང་ཟག་ མེད། སྐྱེས་བུ་མེད། ཤེད་ལས་སྐྱེས་མེད། ཤེད་བུ་མེད། བྱེད་པ་པོ་མེད། ཚོར་བ་པོ་མེད་དེ། དེ་ལྟར་བྱེད་པ་མེད་པ། གཡོ་བ་མེད་པའི་ཆོས་ལ་སུ་ཞིག་ཆགས་པར་འགྱུར། མིག་འདི་ནི་ཆུ་ཤིང་འདྲ་སྟེ། རང་བཞིན་གྱིས་སྙིང་པོ་མེད་པའོ། །ཆུ་ཤིང་ལ་ཡང་བདག་མེད། སེམས་ཅན་མེད་པ་ནས་སུ་ཞིག་ཆགས་པར་འགྱུར་བའི་བར་དུའོ། །མིག་འདི་ནི་སྒྱུ་མ་དང་འདྲ་སྟེ། ཕྱིན་ཅི་ལོག་ལས་འབྱུང་བའོ། ། སྒྱུ་མ་ལ་ཡང་བདག་མེད། སེམས་ཅན་མེད་པ་ནས། སུ་ཞིག་ཆགས་པར་འགྱུར་བའི་བར་དུའོ། །མིག་འདི་ནི་རྨི་ལམ་དང་འདྲ་སྟེ། མི་བདེན་པ་ཡང་དག་པ་མ་ཡིན་པ་མཐོང་བའོ། །རྨི་ལམ་ལ་ཡང་ བདག་མེད། སེམས་ཅན་མེད་པ་ནས། སུ་ཞིག་ཆགས་པར་འགྱུར། གང་དུ་ཆགས་པར་འགྱུར་བའི་བར་དུའོ། །མིག་འདི་ནི་བྲག་ཆ་དང་འདྲ་སྟེ། རྐྱེན་གྱི་ཁ་ན་ལུས་པའོ། །བྲག་ཆ་ལ་ཡང་བདག་མེད། སེམས་ཅན་མེད་པ་ནས། སུ་ཞིག་ཆགས་པར་འགྱུར། གང་དུ་ཆགས་པར་འགྱུར་བའི་བར་དུའོ། །མིག་འདི་ནི་གཟུགས་བརྙན་དང་འདྲ་སྟེ། ལས་ཀྱི་གཟུགས་བརྙན་གྱིས་ཀུན་དུ་སྣང་བའོ། ། 80-1-117b གཟུགས་བརྙན་ལ་ཡང་བདག་མེད། སེམས་ཅན་མེད་པ་ནས་སུ་ཞིག་ཆགས་པར་འགྱུར། གང་དུ་ཆགས་པར་འགྱུར་བའི་བར་དུའོ། །མིག་འདི་ནི་སྤྲིན་དང་འདྲ་སྟེ། གསལ་བ་འཁྲུག་པ་དང་བྲལ་བའི་ མཚན་ཉིད་དོ། །སྤྲིན་ལ་ཡང་བདག་མེད། སེམས་ཅན་མེད་པ་ནས། སུ་ཞིག་ཆགས་པར་འགྱུར། གང་དུ་ཆགས་པར་འགྱུར་བའི་བར་དུའོ། །མིག་འདི་ནི་གློག་དང་འདྲ་སྟེ། སྐད་ཅིག་གིས་ འཇིགས་པ་དང་ལྡན་པའོ། །གློག་ལ་ཡང་བདག་མེད། སེམས་ཅན་མེད་པ་ནས། སུ་ཞིག་ཆགས་པར་འགྱུར། གང་དུ་ཆགས་པར་འགྱུར་བའི་བར་དུའོ། །མིག་འདི་ནི་སྟོང་པ་དང་འདྲ་སྟེ། བདག་དང་ བདག་གི་དང་བྲལ་བའོ། །དེ་ལྟར་ཆོས་རྣམས་སྟོང་པ་སྟེ། བདག་མེད་སེམས་ཅན་མེད་པ་ནས། སུ་ཞིག་ཆགས་པར་འགྱུར། གང་དུ་ཆགས་པར་འགྱུར་བའི་བར་དུའོ། །མིག་འདི་ནི་བེམས་ པོ་ལྟ་བུ་སྟེ། རྩྭ་དང་། ཤིང་དང་། རྩིག་པ་དང་། རྡོ་བ་དང་། མིག་ཡོར་ལྟ་བུའོ། །དེ་ལྟར་ཆོས་ཐམས་ཅད་བེམས་པོ་སྟེ། བདག་མེད། སེམས་ཅན་མེད་པ་ནས་སུ་ཞིག་ཆགས་པར་འགྱུར། གང་དུ་ཆགས་པར་འགྱུར་བའི་བར་དུའོ། །མིག་འདི་ནི་གཡོ་བ་མེད་པ་སྟེ། རླུང་གིས་འཁྲུལ་འཁོར་དང་ལྡན་པས་འཇུག་པའོ། །དེ་ལྟར་ཆོས་ཐམས་ཅད་བྱེད་པ་མེད་དེ། བདག་མེད། སེམས་ཅན་མེད་ པ་ནས། སུ་ཞིག་ཆགས་པར་འགྱུར། གང་དུ་ཆགས་པར་འགྱུར་བའི་བར་དུའོ། །མིག་འདི་ནི་གསོབ་སྟེ། མི་གཙང་བ་དང་། རྣག་གི་ཚོགས་སོ། །དེ་ལྟར་ཆོས་ཐམས་ཅད་གསོབ་སྟེ། བདག་མེད། སེམས་ཅན་མེད་པ་ནས། སུ་ཞིག་ཆགས་པར་འགྱུར། གང་དུ་ཆགས་པར་འགྱུར་བའི་བར་དུའོ། །མིག་འདི་ནི་གསོག་སྟེ། འཇིག་པ་དང་། འགྱེས་པ་དང་། འབྱེ་བ་དང་། འཐོར་བ་དང་། 80-1-118a འཇོམས་པའི་ཆོས་ཅན་ནོ། །དེ་ལྟར་ཆོས་ཐམས་ཅད་གསོག་སྟེ། བདག་མེད། སེམས་ཅན་མེད་པ་ནས། སུ་ཞིག་ཆགས་པར་འགྱུར། གང་དུ་ཆགས་པར་འགྱུར་བའི་བར་དུའོ། ། མིག་འདི་ནི་ཁྲོན་པ་རྙིང་པ་དང་འདྲ་སྟེ། རྟག་ཏུ་རྒ་བའི་ཟིལ་གྱིས་ནོན་ཏོ། །དེ་ལྟར་ཆོས་ཐམས་ཅད་ཁྲོན་པ་རྙིང་པ་དང་འདྲ་སྟེ། བདག་མེད། སེམས་ཅན་མེད་པ་ནས། སུ་ཞིག་ཆགས་པར་འགྱུར། གང་དུ་ཆགས་པར་འགྱུར་བའི་བར་དུའོ། །མིག་འདི་ནི་ཐ་མར་མི་གནས་པ་སྟེ། ཐ་མར་འཆི་བའོ། །དེ་ལྟར་ཆོས་ཐམས་ཅད་ནི་མཐར་མི་གནས་པ་སྟེ། བདག་མེད། སེམས་ཅན་མེད། སྲོག་མེད། གང་ཟག་མེད། སྐྱེས་བུ་མེད། ཤེད་ལས་སྐྱེས་མེད། ཤེད་བུ་མེད། བྱེད་པ་པོ་མེད། ཚོར་བ་པོ་མེད་དེ། དེ་ལྟར་བྱེད་པ་མེད་ཅིང་རྐྱེན་འདུས་པ་ལས་བྱུང་བ་དེ་ལ་སུ་ཞིག་ཆགས་པར་འགྱུར། གང་དུ་ ཆགས་པར་འགྱུར་དེ་བཞིན་དུ་ནང་དང་། ཕྱིའི་སྐྱེ་མཆེད་ཐམས་ཅད་ལ་ཡང་རྒྱས་པར་སྦྱར་བར་བྱའོ། །ཤཱ་རིའི་བུ་དེ་ལྟར་ཚུལ་བཞིན་དུ་རབ་ཏུ་སྦྱོར་བའི་བྱང་ཆུབ་སེམས་དཔའ་འདོད་ཆགས་ཀྱིས་མི་འཕྲོགས་ ཏེ། དེ་ལྟ་བུའི་གནས་མེད་དོ། །དེ་ཆོས་ཐམས་ཅད་ལ་འདོད་ཆགས་དང་བྲལ་བ་ཡིན་ནོ། །ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཡོངས་སུ་དག་པའོ། །ཤཱ་རིའི་ བུ་དེ་ལྟར་ཚུལ་ཁྲིམས་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པ་ཐམས་ཅད་ཏུ་སྲོག་ཆགས་ལ་གསོད་པར་མི་བྱེད་དེ། སྲོག་ཆགས་སུ་གྱུར་པ་ཐམས་ཅད་ལ་གནོད་ པ་མ་ཡིན་ནོ། །སྲོག་གི་ཕྱིར་ཡང་རྣམ་པ་ཐམས་ཅད་ཏུ་མ་བྱིན་པར་མི་ལེན་ཏེ། གཞན་གྱི་ལོངས་སྤྱོད་ལ་མི་རྐུ་བ་ཡིན་ནོ། །སྲོག་གི་ཕྱིར་ཡང་རྣམ་པ་ཐམས་ཅད་ཏུ་འདོད་པས་ལོག་པར་གཡེམ་པ་མི་སྟེན་ཏེ། 80-1-118b གཞན་གྱི་ཆུང་མ་ལ་སྙིང་ཆགས་པར་མི་བྱེད་དོ། །སྲོག་གི་ཕྱིར་ཡང་བརྫུན་གྱི་ཚིག་མི་སྨྲ་སྟེ། སེམས་ཅན་ཐམས་ཅད་ལ་མི་བསླུ་བ་ཡིན་ནོ། །བདག་གི་གཡོག་གིས་ཆོག་པས་ཕྲ་མའི་ཚིག་མི་ཟེར་བ་ ཡིན་ནོ། །སྲོག་གི་ཕྱིར་ཡང་ཕྲ་མའི་ཚིག་མེད་པ་ཡིན། ཚིག་གཞན་མི་སྨྲ་བས་ཚིག་ཚོད་བཟུང་བ་ཡིན། སྲོག་གི་ཕྱིར་གཞན་གྱི་ལོངས་སྤྱོད་ལ་བརྣབ་སེམས་མི་སྐྱེད་པས་གཞན་གྱི་ལོངས་སྤྱོད་ལ་ བརྣབ་སེམས་མེད་པ་ཡིན། སྲོག་གི་ཕྱིར་ཡང་ངན་དུ་སྨྲ་བ་དང་། ངན་དུ་རྗོད་པའི་ཚིག་དང་དུ་ལེན་པས་མི་ཁྲོ་ཞིང་བཟོད་པ་ཡིན། སངས་རྒྱས་ལ་སྐྱབས་སུ་སོང་བས་སྲོག་གི་ཕྱིར་ལོག་པར་ལྟ་བ་ མི་སྤྱོད་དེ་ལྷ་གཞན་མེད་པ་ཡིན། དེ་ཡེ་ཤེས་གཞན་ལ་རེ་བ་མེད་པས་མ་ཉམས་པའི་ཚུལ་ཁྲིམས་ཡིན། ངན་པར་སྐྱེ་བ་ཡོངས་སུ་སྤངས་པས་སྐྱོན་མེད་པའི་ཚུལ་ཁྲིམས་ཡིན། འགྲོ་བ་ངན་པ་ཉོན་ མོངས་པ་རྣམས་དང་མ་འདྲེས་པས་འདྲེན་མ་མ་ཡིན་པའི་ཚུལ་ཁྲིམས་ཡིན། ཆོས་དཀར་པོ་གཅིག་ཏུ་རྣམ་པར་འཕེལ་བས་སྲ་སྲེ་མེད་པའི་ཚུལ་ཁྲིམས་ཡིན། ཇི་ལྟར་འདོད་པ་བཞིན་དུ་འགྲོ་བས་རང་ དབང་གི་ཚུལ་ཁྲིམས་ཡིན། འགྲོ་བ་མཁས་པས་མ་སྨད་པས་བསྔགས་པའི་ཚུལ་ཁྲིམས་ཡིན། དྲན་པ་དང་ཤེས་བཞིན་དང་ལྡན་པས་ཤིན་དུ་བསྲུངས་པའི་ཚུལ་ཁྲིམས་ཡིན། ཉེས་པ་ཐམས་ ཅད་ཏུ་མི་སྐྱེ་བས་མ་སྨད་པའི་ཚུལ་ཁྲིམས་ཡིན། དབང་པོའི་སྒོ་བསྡམས་པས་ཤིན་དུ་སྦས་པའི་ཚུལ་ཁྲིམས་ཡིན། སངས་རྒྱས་ཐམས་ཅད་ཀྱིས་དགོངས་པས་རྣམ་པར་བསྒྲགས་ པའི་ཚུལ་ཁྲིམས་ཡིན། རུང་བ་ལ་ཆོག་ཤེས་པས་འདོད་པ་ཉུང་བའི་ཚུལ་ཁྲིམས་ཡིན། སྤོང་བ་ལ་དགའ་བའི་ཆོག་ཤེས་པའི་ཚུལ་ཁྲིམས་ཡིན། ལུས་དང་སེམས་རབ་ཏུ་དབེན་པས་ནན་ཏན་ 80-1-119a གྱི་ཚུལ་ཁྲིམས་ཡིན། འདུ་བ་ལ་མི་དགའ་བས་དགོན་པ་ལ་གནས་པའི་ཚུལ་ཁྲིམས་ཡིན། གཞན་གྱི་གདོང་དུ་མི་ལྟ་བས་འཕགས་པའི་རིགས་ལ་དགའ་བའི་ཚུལ་ཁྲིམས་ཡིན། བདག་གི་ཁ་ན་ལས་པའི་དགེ་བའི་རྩ་བ་སྐྱེད་པས་སྦྱངས་པའི་ཡོན་ཏན་གྱི་ཚུལ་ཁྲིམས་ཡིན། ལྷ་དང་མི་རྣམས་མི་སླུ་བས་ཇི་ལྟར་སྨྲས་པ་དེ་ལྟར་བྱེད་པའི་ཚུལ་ཁྲིམས་ཡིན། སེམས་ཅན་ཐམས་ཅད་ ལ་མི་འཚེ་བས་བྱམས་པའི་ཚུལ་ཁྲིམས་ཡིན། སྡུག་བསྔལ་ཐམས་ཅད་དང་དུ་ལེན་པས་སྙིང་རྗེའི་ཚུལ་ཁྲིམས་ཡིན། ཆོས་ལ་དགའ་ཞིང་ཞུམ་པ་མེད་པས་དགའ་བའི་ཚུལ་ཁྲིམས་ཡིན། རྗེས་སུ་ཆགས་ པ་དང་། ཁོང་ཁྲོ་བ་སྤོངས་བས་བཏང་སྙོམས་ཀྱི་ཚུལ་ཁྲིམས་ཡིན། རང་གི་སེམས་ངེས་པར་རྟོགས་པས་བདག་གིས་འཁྲུལ་པ་ལ་སོ་སོར་རྟོག་པའི་ཚུལ་ཁྲིམས་ཡིན། གཞན་གྱི་སེམས་རྗེས་སུ་སྲུང་བས་ གཞན་གྱི་འཁྲུལ་པ་ལ་ཉེས་པར་མི་ལྟ་བའི་ཚུལ་ཁྲིམས་ཡིན། སྦྱིན་པའི་ཕ་རོལ་དུ་ཕྱིན་པས་སེམས་ཅན་ཡོངས་སུ་སྦྱིན་པར་བྱེད་པའི་ཚུལ་ཁྲིམས་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པས་ཤིན་དུ་ བསྲུངས་པའི་ཚུལ་ཁྲིམས་ཡིན། བཟོད་པའི་ཕ་རོལ་དུ་ཕྱིན་པས་ཁོང་ཁྲོ་མེད་པའི་ཚུལ་ཁྲིམས་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པས་དགེ་བའི་ཆོས་མི་ཟློགས་པའི་ཚུལ་ཁྲིམས་ཡིན། བསམ་ གཏན་གྱི་ཕ་རོལ་དུ་ཕྱིན་པས་བསམ་གཏན་གྱི་ཡན་ལག་ཡོངས་སུ་རྫོགས་པའི་ཚུལ་ཁྲིམས་ཡིན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་ཐོས་པ་རབ་ཀྱི་ཚུལ་ཁྲིམས་ཡིན། བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་ བསགས་པས་དགེ་བའི་བཤེས་གཉེན་ལ་སྟེན་པའི་ཚུལ་ཁྲིམས་ཡིན། ལམ་ངན་པ་ཡོངས་སུ་སྤོང་བས་སྡིག་པའི་གྲོགས་པོ་ཡོངས་སུ་སྤོང་བའི་ཚུལ་ཁྲིམས་ཡིན། མི་རྟག་པའི་འདུ་ཤེས་སོ་སོར་རྟོག་པས་ 80-1-119b ལུས་ལ་མི་ལྟ་བའི་ཚུལ་ཁྲིམས་ཡིན། ཡིད་མི་རྟོན་པས་སྲོག་ལ་མི་ལྟ་བའི་ཚུལ་ཁྲིམས་ཡིན། བསམ་པ་ཤིན་དུ་ཡོངས་སུ་དག་པས་མི་འགྱོད་པའི་ཚུལ་ཁྲིམས་ཡིན། རབ་ཏུ་སྦྱོར་བ་ཤིན་དུ་ཡོངས་ སུ་དག་པས་བཅོས་མ་མ་ཡིན་པའི་ཚུལ་ཁྲིམས་ཡིན། ལྷག་པའི་བསམ་པ་ཤིན་དུ་ཡོངས་སུ་དག་པས་ཡོངས་སུ་གདུང་བ་མེད་པའི་ཚུལ་ཁྲིམས་ཡིན། འདོད་ཆགས་དང་བྲལ་བས་མི་རྒོད་པའི་ཚུལ་ ཁྲིམས་ཡིན། སྒྲུབ་པས་མི་སྙེམས་པའི་ཚུལ་ཁྲིམས་ཡིན། ཅང་ཤེས་པས་མུ་ཅོར་མི་སྨྲ་བའི་ཚུལ་ཁྲིམས་ཡིན། ཁྲོ་བ་མེད་པས་དུལ་བའི་ཚུལ་ཁྲིམས་ཡིན། ཉེ་བར་ཞི་བའི་ཚུལ་ཁྲིམས་ཡིན། ཇི་ལྟར་བསྒོ་བ་བཞིན་ལས་འགལ་བར་མི་བྱེད་པས་བཀའ་བློ་བདེ་བའི་ཚུལ་ཁྲིམས་ཡིན། བསྡུ་བའི་དངོས་པོ་རྗེས་སུ་མི་གཏོང་བས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཚུལ་ཁྲིམས་ཡིན། རང་གི་ནོར་ རབ་ཏུ་མི་འཇིགས་པས་ཆོས་རྗེས་སུ་སྲུང་བའི་ཚུལ་ཁྲིམས་ཡིན་ནོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་མཁས་པ་ནི་འདི་ལྟ་བུའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ལྡན་པས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ། ། ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་སྟེ། བྱང་ཆུབ་སེམས་དཔའ་དེ་ལ་བརྩོན་པ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ བདུད་དང་། བདུད་ཀྱི་རིས་ཀྱི་ལྷའི་བུས་མི་ཐུབ་པ་ཡིན། ཕས་ཀྱི་རྒོལ་བ་གཞན་དག་གིས་ཀྱང་མི་ཐུབ་པ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པའི་ལེའུ་སྟེ། བདུན་པའོ།། །། ཤཱ་རིའི་བུ་དེ་ལ་ བྱང་ཆུབ་སེམས་དཔའ་གང་ལ་བརྩོན་ཞིང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའི་བཟོད་པའི་ཕ་རོལ་དུ་ཕྱིན་པ་གང་ཞེ་ན། འདི་ལྟར་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ནི་བཟོད་པ་དང་ལྡན་ཞིང་ 80-1-120a དང་དུ་ལེན་པའི་ངང་ཚུལ་ཅན་ཡིན་པས། གྲང་བ་དང་། ཚ་བ་དང་། བཀྲེས་པ་དང་། སྐོམ་པ་དང་། རླུང་དང་། ཉི་མ་དང་། སྦྲང་བུ་དང་། ཤ་སྦྲང་དང་། སྡིག་སྦྲུལ་གྱིས་རེག་པ་དང་། ངན་དུ་སྨྲ་བ་དང་། ངན་དུ་བརྗོད་པའི་ཚིག་གི་ལམ་ལ་བཟོད་པ་དང་ལྡན་པ་ཡིན་ནོ། །ལུས་ལས་ཚོར་བ་བྱུང་ཞིང་སྐྱེས་པ་སྡུག་བསྔལ་བ་ཤིན་དུ་དྲག་པོ་དང་། རྩུབ་པ་དང་། ཚ་བ་དང་། སྲོག་འཕྲོག་པ་དང་། འཆི་བ་ལ་ཐུག་ པའི་ཚོར་བ་རྣམས་བཟོད་པ་དང་ལྡན་ཞིང་དང་དུ་ལེན་པའི་ངང་ཚུལ་ཅན་ཡིན་ནོ། །ཤཱ་རིའི་བུ་མངོན་པར་རྫོགས་པར་སངས་མ་རྒྱས་པ་ན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། ཡུན་རིང་པོར་ བཟོད་པ་བསྒོམས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཇི་ལྟར་བཟོད་པ་བསྒོམ་པར་བགྱིད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ངས་མངོན་པར་ཤེས་པས་འདས་ པའི་དུས་ན་བྱང་ཆུབ་སེམས་དཔའ་གྱུར་ཏེ། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སེམས་ཅན་དག་འོངས་ནས་གཤེ་རྒྱ་ཞིང་ཚིག་ངན་པ་དང་། ངག་རྩུབ་པོའི་ཚིག་སྨྲ་བ་དེ་ལ་ཤཱ་རིའི་བུ་ང་ཁྲོ་བ་དང་། ཞེ་སྡང་བ་དང་། གཏི་མུག་དང་། སེར་སྣས་ཡོངས་སུ་གདུང་བ་མ་སྐྱེས་སོ། །དེ་ལྟར་འཁོར་བར་ཞུགས་པ་ན་འདི་ལྟ་སྟེ། གཤེ་བ་དང་། མི་སྙན་པར་ཟེར་བ་ལྟར་རྙེད་པར་སླ་བ་གང་ཡང་མེད་མོད་ཀྱི། དེ་ལ་ བདག་གིས་བཏང་སྙོམས་སུ་བྱ། དེ་ལ་སྙིང་རྗེ་བསྐྱེད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་གཤེ་བ་དང་། མི་སྙན་པར་ཟེར་བ་ལ་ཕལ་ཆེར་རབ་ཏུ་གནས་པ་དེ་དག་ལས་དེ་འདྲ་བའི་རྣམ་པར་སྨིན་པ་ མངོན་པར་འགྲུབ་སྟེ། གཤེ་བ་དང་། མི་སྙན་པར་ཟེར་བ་རྙེད་པར་འགྱུར་རོ། །གང་དང་གང་དུ་སྐྱེས་པ་ཐམས་ཅད་ཏུ་གཟུགས་ངན་པ་དང་། མི་སྡུག་པའི་ལུས་རབ་ཏུ་འཐོབ་བོ། །ང་ནི་གཟུགས་ངན་པར་མི་འདོད། 80-1-120b གཤེ་བ་དང་། མི་སྙན་པར་ཟེར་བ་མི་འདོད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། གཤེ་བ་དང་། མི་སྙན་པ་ཟེར་བ་དེ་དག་ནི་མི་རིགས་པའོ། །དེ་དག་ནི་མི་རིགས་པའི་ལས་སོ། །དེ་དག་ནི་བྱིས་པའི་ལས་སོ། ། དེ་དག་ནི་དམན་པའི་ལས་སོ། །དེ་དག་ནི་སྐྱེས་བུ་དམ་པ་མ་ཡིན་པའི་ལས་སོ། །དེ་དག་ནི་མི་བགྲུངས་པའི་ལས་སོ། འདི་ལྟ་སྟེ། གཤེ་བ་དང་། མི་སྙན་པར་ཟེར་བའི་ཆོས་དེ་ལྟ་བུ་དེ་དག་ནི་སེམས་ཅན་དམྱལ་ བར་ལྟུང་བའོ། །འདི་ལྟ་སྟེ། གཤེ་བ་དང་། མི་སྙན་པར་ཟེར་བའི་ཆོས་དེ་ལྟ་བུ་དེ་དག་ནི་གཤིན་རྗེའི་འཇིག་རྟེན་དུ་ལྟུང་བའོ། །འདི་ལྟ་སྟེ། གཤེ་བ་དང་། མི་སྙན་པར་ཟེར་བའི་ཆོས་དེ་ལྟ་བུ་དེ་དག་ནི་སེམས་ ཅན་དམྱལ་བའི་གཡོག་བྱེད་པའོ། །འདི་ལྟ་སྟེ། གཤེ་བ་དང་། མི་སྙན་པར་ཟེར་བའི་ཆོས་དེ་ལྟ་བུ་དེ་དག་ནི་གནོད་སྦྱིན་དབུལ་པོར་བྱེད་པའོ། །འདི་ལྟ་སྟེ། གཤེ་བ་དང་། མི་སྙན་པ་ཟེར་བའི་ཆོས་དེ་ལྟ་བུ་དེ་དག་ ནི་གནོད་སྦྱིན་དབུལ་པོར་བྱེད་པའི་རྩ་བའོ། །འདི་ལྟ་སྟེ། གཤེ་བ་དང་། མི་སྙན་པར་ཟེར་བའི་ཆོས་དེ་ལྟ་བུ་དེ་དག་ནི་ཡི་དགས་དབུལ་པོར་བྱེད་པ་དང་། ཡི་དགས་དབུལ་པོར་བྱེད་པའི་རྩ་བའོ། །འདི་ལྟ་སྟེ། གཤེ་བ་དང་། མི་སྙན་པར་ཟེར་བའི་ཆོས་དེ་ལྟ་བུ་དེ་དག་ནི་མི་དབུལ་པོར་བྱེད་པ་དང་། མི་དབུལ་པོར་བྱེད་པའི་རྩ་བའོ། །འདི་ལྟ་སྟེ། གཤེ་བ་དང་། མི་སྙན་པར་ཟེར་བའི་ཆོས་དེ་ལྟ་བུ་དེ་དག་ནི་དམན་པའི་འགྲོ་བར་བྱེད་པ་དང་། དམན་པའི་འགྲོ་བར་བྱེད་པའི་རྩ་བ་སྟེ། ང་ནི་དམན་པའི་འགྲོ་བ་མི་འདོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་རིགས་པ་དང་། དེ་དག་མི་རིགས་པར་ཡང་ཁྱད་པར་ཅི་ཞིག་ཡོད། བྱེ་བྲག་ཅི་ཞིག་ཡོད་པར་འགྱུར། ཤཱ་རིའི་བུ་དེ་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ངའི་རྗེས་སུ་སློབ་པའི་རང་བཞིན་ཅན་དུ་འགྱུར་བའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་ལ་གཞན་གཤེ་བ་ 80-1-121a འམ། མི་སྙན་པ་ཟེར་ན། འདི་ལྟ་བུའི་ཆོས་ཡིད་ལ་བྱས་ན་བཟོད་པར་འགྱུར་ཏེ། གང་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་འདི་མགྲོན་བུ་དང་། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་གྱིས་ཡོངས་སུ་བཀང་སྟེ་བྱིན་པ་བས་བཟོད་པས་བསྒྲུབས་པའི་དགེ་བའི་རྩ་བ་ཆེས་མང་དུ་ཡོངས་སུ་འཛིན་པར་འགྱུར་རོ། །དེ་ཅིའི་ཕྱིར་ ཞེ་ན། ཤཱ་རིའི་བུ་སྐྱེས་བུ་དམ་པས་ནན་ཏན་གྱིས་སྒྲུབ་པར་བྱེད། བཟོད་པས་སྟོབས་ཤེས་པར་བྱེད་དོ། །ཤཱ་རིའི་བུ་སེམས་ཅན་ཕལ་ཆེར་ནི་གཤེ་བ་དང་། མི་སྙན་པར་ཟེར་བའི་དབང་དུ་སོང་བས་ འཁོར་བ་ལས་མི་ལྡོག་གོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཅི་བདག་ལ་ཕ་རོལ་གཤེ་བ་འམ། མི་སྙན་པར་ཟེར་ནས་སངས་རྒྱས་དང་། བྱང་ཆུབ་དང་། ཆོས་དང་། དགེ་འདུན་ཡིད་ལ་བྱེད་ དམ་ཞེས་བདག་གི་མཐུ་ཤེས་པར་བྱ་སྟེ། གལ་ཏེ་ཡིད་ལ་བྱེད་ན་ལེགས། ཡིད་ལ་མི་བྱེད་པར་གྱུར་ན་དེས་རྣམ་གྲངས་དུ་མར་སངས་རྒྱས་སམ། བྱང་ཆུབ་བམ། ཆོས་སམ། དགེ་འདུན་ཡིད་ལ་བྱའོ། ། ཡིད་ལ་མི་བྱེད་ན་དེ་དག་ཀྱང་གནོད་སེམས་དང་ལྡན་པ། སངས་རྒྱས་དང་། བྱང་ཆུབ་དང་། ཆོས་དང་། དགེ་འདུན་ཡིད་ལ་མི་བྱེད། བདག་ཀྱང་ཡིད་ལ་མི་བྱེད་ན། བདག་དང་། སེམས་ཅན་དེ་དག་ཏུ་ཁྱད་པར་ ཅི་ཞིག་ཡོད། ཐ་དད་པ་ཅི་ཞིག་ཡོད། དཀའ་བ་སྤྱོད་པ་ཅི་ཞིག་ཡོད་ཀྱིས་དེ་དག་དང་བདག་ཅག་གནོད་སེམས་ཀྱི་དུས་ན་བཏང་སྙོམས་སུ་བྱ་བ་དང་། སངས་རྒྱས་དང་། བྱང་ཆུབ་དང་། ཆོས་དང་། དགེ་འདུན་ ཡིད་ལ་བྱ་བ་དང་། བཟོད་པའི་སྟོབས་ཀྱང་གོ་བར་བྱ་བའི་རིགས་སོ་ཞེས་བདག་ལ་བསྐུལ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བདག་ནི་སེམས་ཅན་གཅིག་གཟུང་ལ་སེམས་ཅན་ཐམས་ཅད་གཏང་པ་མ་ཡིན་གྱི། 80-1-121b བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། སེམས་ཅན་ཐམས་ཅད་ལ་ཆོས་བསྟན་པར་བྱའོ་ཞེས་དེ་ལྟ་བུའི་ཚིག་སྨྲས་ཏེ། སངས་ རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་བདག་ལ་རིགས་ཀྱི་བུ་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་ཏེ། སེམས་ཅན་ཐམས་ཅད་ལ་ཆོས་སྟོན་པར་མཁྱེན་ཏོ། །སངས་ རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་གཟིགས་པ། ཆགས་པ་མེད་པ་དང་། ཐོགས་པ་མེད་པས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བདག་མཁྱེན་ཏེ། གལ་ཏེ་བདག་གནོད་སེམས་ཀྱི་དུས་ན་ བཏང་སྙོམས་སུ་མ་གྱུར་ཅིང་གང་སངས་རྒྱས་དང་། བྱང་ཆུབ་དང་། ཆོས་དང་དགེ་འདུན་ཡིད་ལ་མི་བྱེད་ན་དེ་ནི་བདག་གི་མི་ཆའོ། །ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པ་གང་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཀྱང་རིགས་ཀྱི་བུ་དེས་འདི་ལྟར་སེམས་སྐྱེད་དེ། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ཐམས་ཅད་ལ་ཆོས་བསྟན་པར་བྱའོ་སྙམ་དུ་བདག་གི་སེམས་བསྐྱེད་པ་མཁྱེན་ཏོ། །ཡང་ལྷོ་ ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། བྱང་ཤར་དང་། དེ་བཞིན་དུ་སྟེང་དང་། འོག་གི་ཕྱོགས་དང་། དེ་ལྟར་ཕྱོགས་དང་། ཕྱོགས་མཚམས་དང་། དེ་བཞིན་ དུ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པ་གང་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་པ་དེ་དག་གིས་ཀྱང་རིགས་ 80-1-122a ཀྱི་བུ་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་སོ་ཞེས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ ཅན་ཐམས་ཅད་ལ་ཆོས་སྟོན་ཅིང་བཟོད་པའི་བསྔགས་པ་བརྗོད་པར་བྱའོ་ཞེས་སེམས་བསྐྱེད་པ་དེ་མཁྱེན་གྱིས་དེ་བས་ན་སེང་གེའི་སྒྲ་བསྒྲགས་ལ་བདག་ཝའི་སྒྲ་སྒྲོག་པར་ནི་མི་བྱའོ། །ཀྱེ་མའོ་ འདི་ལྟ་སྟེ། སེང་གེའི་སྒྲ་དེ་ནི་བཟོད་པའི་སྟོབས་ཤེས་པར་བྱེད་པའོ། །ཀྱེ་མའོ་འདི་ལྟ་སྟེ། ཝའི་སྒྲ་དེ་ནི་གཤེ་བ་དང་། མི་སྙན་པར་ཟེར་བའོ། །སེམས་ཅན་འདི་དག་ནི་སེམས་ཅན་གང་དོན་བྱེད་ན་སེམས་ ཅན་དེ་ཡང་དེའི་དོན་བྱེད་དོ། །བདག་ཀྱང་སེམས་ཅན་གང་གིས་དོན་བྱས་པའི་དེའི་ཕྱིར་དེའི་དོན་བྱེད་པར་གྱུར་ན་དེ་ལ་ཁྱད་པར་ཅི་ཞིག་ཡོད། ཐ་དད་པ་ཅི་ཞིག་ཡོད། དཀའ་བ་སྤྱོད་པ་ཅི་ཞིག་ཡོད། སེམས་ཅན་འདི་དག་ནི་སེམས་ ཅན་གང་གནོད་པར་བྱེད་ན་དེ་ལ་སེམས་ཅན་དེ་ཡང་གནོད་པར་བྱེད་དོ། །བདག་གིས་ཀྱང་སེམས་ཅན་གང་གནོད་པར་བྱེད་ན། བདག་ཀྱང་དེ་ལ་གནོད་པར་བྱེད་དེ། གནོད་པའི་ཕྱིར། གནོད་པར་བྱེད་ན། དེ་ལ་ཁྱད་པར་ཅི་ཞིག་ཡོད། ཐ་དད་པ་ཅི་ཞིག་ཡོད། དཀའ་བ་སྤྱོད་པ་ཅི་ཞིག་ཡོད་པར་འགྱུར། ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་འདི་ལྟར་སློབ་སྟེ། སེམས་ཅན་འདི་དག་ཐམས་ཅད་ ནི་ཕན་ཚུན་དུ་མི་མཛའ་བ་སྟེ། དེ་དག་ནོར་ཐོབ་ན་ནི་མཛའ་བར་ཤེས། གནོད་པར་བྱས་ན་ནི་གཅིག་ལ་གཅིག་གསོད་པར་བྱེད་དོ། །བདག་ནི་སེམས་ཅན་གྱི་དོན་ལ་ཚམ་ཚོམ་མེད་དེ། བདག་ལ་ གནོད་པར་གྱུར་ཀྱང་བདག་སེམས་ཅན་གྱི་དོན་བྱའོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །བསྐལ་པ་བྱེ་བ་མང་པོར་བརྒྱར། 80-1-122b བདག་ལ་གནོད་པར་གྱུར་ཀྱང་ནི། སེམས་ཅན་སྡུག་བསྔལ་རྣམས་མཐོང་ན། ཡལ་བར་བོར་ཞིང་མི་འདུག་གོ། །དོན་རྙེད་ན་ནི་མཛའ་བོ་ཤེས། ཕན་ཚུན་གཅིག་ལ་གཅིག་སྨྲ་ཡི། དོན་རྣམས་ བྱེད་པར་ཕར་མི་འགྱུར་ན། ཕན་ཚུན་དུ་ནི་གནོད་པར་བྱེད། ང་དང་རྟག་ཏུ་མཛའ་བྱ་ཞེས། འཛའ་བུའི་གླིང་འདི་ཐམས་ཅད་དང་། སངས་རྒྱས་ཞིང་རྣམས་རིན་པོ་ཆེ། འབའ་ཤིག་བཀང་སྟེ་སྦྱིན་ བྱེད་དང་། གང་དག་མཚོན་ནི་རྣོན་པོ་ཡིས། ཡན་ལག་ཉིང་ལག་གཅོད་པ་ཡི། སེམས་ཅན་རྣམས་ནི་ཐམས་ཅད་ལ། མཉམ་པ་ཡི་ནི་སེམས་སུ་བྱ། གཤེ་དང་མི་སྙན་ཟེར་བ་དང་། ངན་དུ་བྱས་པ་ཐམས་ཅད་བཟོད། བཟོད་པ་ལ་ནི་རབ་གནས་ནས། བཟོད་པ་དག་གི་བསྔགས་པ་བརྗོད། དུག་ལྡུད་མཚོན་གྱིས་འདེབས་པ་ཡི། གཅིག་ལ་གཅིག་ནི་གནོད་བྱེད་པ། སེམས་ཅན་དེ་ དག་བསྡུམ་པར་བྱ། དེ་ནི་མཁས་པའི་མཚན་ཉིད་དོ། །བྱིས་པ་སྤྱོད་པ་འང་དེ་བཞིན་ནོ། །གང་གིས་མྱ་ངན་འདའ་བའང་གཞན། བདག་ནི་ཁྱད་པར་ཚོལ་བས་ན། བྱིས་པ་དག་ནི་བདག་མི་སློབ། ཡང་ ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་འདི་ལྟར་བསླབ་པར་བྱ་སྟེ། གལ་ཏེ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དུ་རྡོ་དབྱུག་དང་མཚོན་འདེབས་ཤིང་འཕེན་པས་ཡུད་ཙམ་ཡང་འཚོར་མི་སྟེར་ན། ། དེས་ཀྱེ་མའོ་ངོ་མཚར་ཏོ་ཞེས་བྱ་བ་ནས་སེམས་ཅན་འདི་དག་ནི་འཕགས་པ་སྟེ། བདག་གི་སྲོག་མ་བཅད་དོ་སྙམ་པའི་བར་དུ་དེ་ལྟར་བདག་གོ་བར་བྱ་ཞིང་ཡང་འདི་ལྟར་བསླབ་པོ། །ཡོངས་སུ་ བརྟག་པ་བཟུང་སྟེ། བརྒྱ་ལ་བདག་གོམ་པ་བདུན་བོར་བ་ཙམ་གྱི་ཡུན་ལ་གང་གཱའི་ཀླུང་གི་བྱེ་མ་རྙེད་ཀྱི་མགོ་བཅད་པར་གྱུར་ཀྱང་བདག་ཁྲོ་བ་དང་། གཤེ་བར་བསྒོམ་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། 80-1-123a ཁོང་ཁྲོ་བ་ཁོང་ཁྲོ་བ་ཞེས་བྱ་བ་ནི་བསྐལ་པ་བརྒྱ་སྟོང་དུ་བསྒྲུབས་པའི་དགེ་བའི་རྩ་བ་འཇོམ་པ་སྟེ། ཡང་ཕྱིར་བདག་གིས་བསྐལ་པ་བརྒྱ་སྟོང་དུ་དགེ་བའི་རྩ་བ་བསྒྲུབ་པར་བྱ་དགོས་ སོ། །དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ནི་བསྒྲུབ་དཀའ་བ་ཡིན་ཏེ། དེ་ལྟར་ཆོས་དེ་འབྱུང་བར་དཀའ་བའོ། །དེ་བས་ན་བདག་བཟོད་པའི་སྟོབས་ཀྱི་གོ་ཆ་བགོ་བར་བྱའོ། །དེ་ལྟར་ཤཱ་རིའི་ བུ་ཐེག་པ་ཆེན་པོ་ལ་ཞུགས་པ་སེམས་སྡང་བར་གྱུར་པ་ལ་བདུད་ཀྱིས་གླགས་རྙེད་དོ། །གླགས་རྙེད་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་གཅོད་པར་འགྱུར་རོ། །སེམས་སྡང་ བས་བྱང་ཆུབ་ཏུ་བྱ་བ་ལ་གཡེང་བར་འགྱུར་རོ། །སེམས་གཡེངས་པ་ལ་ནི་བདུད་སྡིག་ཅན་བདུད་ཀྱི་ལས་ཀྱིས་སྐུལ་བར་བྱེད་དོ། །དེ་ལ་བདུད་ཀྱི་ལས་གང་ཞེ་ན། འདི་ལྟ་སྟེ། ལྷུང་བཟེད་ལ་ཞུགས་པའི་ སེམས་ནི་བདུད་ཀྱི་ལས་སོ། །ཆོས་གོས་ལ་ཞུགས་པའི་སེམས་ནི་བདུད་ཀྱི་ལས་སོ། གྲོང་དུ་སློང་བ་ལ་ཞུགས་པའི་སེམས་ནི་བདུད་ཀྱི་ལས་སོ། །རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་ ལ་ཞུགས་པའི་སེམས་ནི་བདུད་ཀྱི་ལས་སོ། །རབ་ཏུ་འབྱུང་བ་ལས་འདུན་པ་ཟློག་པ་ནི་བདུད་ཀྱི་ལས་སོ། །ཆོས་དཀར་པོ་མང་པོ་ལས་འདུན་པ་ཟློག་པ་ནི་བདུད་ཀྱི་ལས་སོ། །དགོན་པར་གནས་པ་ལས་ མོས་པ་ཟློག་པ་ནི་བདུད་ཀྱི་ལས་སོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་འདུན་པ་ཟློག་པ་ནི་བདུད་ཀྱི་ལས་སོ། །ཡེ་ཤེས་གཞན་འདོད་པ་ནི་བདུད་ཀྱི་ལས་སོ། །མཁན་པོ་དང་ སློབ་དཔོན་ལ་སྲི་ཞུ་མི་བྱེད་པ་ནི་བདུད་ཀྱི་ལས་སོ། །དེ་ལྟར་ཤཱ་རིའི་བུ་སེམས་སྡང་བ་ལ་ནི་བྱང་ཆུབ་ཏུ་བྱ་བ་ལ་གཡེང་བར་འགྱུར་རོ། །སེམས་གཡེང་བ་ནི་བདུད་སྡིག་ཅན་བདུད་ཀྱི་ལས་འདི་དག་ 80-1-123b ལ་འཛུད་དོ། །ཤཱ་རིའི་བུ་བདུད་སྡིག་ཅན་ཡུན་རིང་པོ་ནས་གླགས་ཚོལ་ཏེ། འདི་ལྟ་སྟེ། ཁྲོ་བ་དང་། གནོད་སེམས་ཚོལ་མོད་ཀྱི། ཤཱ་རིའི་བུ་དེས་མངོན་པར་ཤེས་པའི་འདས་པའི་དུས་ན་ང་སྤྱོད་ པའི་སྤྱོད་ཡུལ་ཞེས་བྱ་བའི་དྲང་སྲོང་དུ་གྱུར་ཏེ། དེ་ན་ང་ལ་བདུད་སྡིག་ཅན་གྱིས་སྐྱེས་བུ་ལྔ་བརྒྱ་གཤེ་བ་ལ་དཔའ་བ་མངོན་པར་སྤྲུལ་ནས་དེ་དག་ལོ་ལྔ་བརྒྱའི་བར་དུ་རྟག་ཏུ་རྒྱུན་མི་འཆད་པར་ངའི་ཕྱི་བཞིན་ ཐོག་ཐག་ཏུ་འབྲང་ཞིང་དེ་དག་མཚན་ཡང་གཤེ། ཉིན་ཡང་གཤེ། འགྲོ་ཡང་གཤེ། འོང་ཡང་གཤེ། འགྲེང་ཡང་གཤེ། འདུག་ཀྱང་གཤེ། ཉལ་བ་དང་། འཆག་པ་དང་། འདུག་པ་དང་། གྲོང་དུ་འགྲོ་ བ་དང་། སྲང་ན་འགྲེང་བ་དང་། ཁྱིམ་ན་འགྲེང་བ་དང་། སྲང་ན་འདུག་པ་དང་། ཁྱིམ་ན་འདུག་པ་དང་། དགོན་པར་སོང་བ་དང་། དགོན་པར་འགྲེང་བ་དང་། གཤེ་ཞིང་མི་སྙན་པ་ཟེར་ཏེ། ངན་དུ་སྨྲ་ཚིག་རྩུབ་ པོ་སྨྲ་ཞིང་ཐབས་དེ་ལྟ་བུར་གནས་ཏེ། དེ་དག་ལོ་ལྔ་བརྒྱའི་བར་དུ་ཕྱི་བཞིན་ཐོག་ཐག་ཏུ་འབྲངས་པར་གྱུར་ཏེ། འོན་ཀྱང་ཤཱ་རིའི་བུ་ལོ་ལྔ་བརྒྱར་གཤེ་བ་ལ་དཔའ་བའི་སྐྱེས་བུ་དེ་དག་ལ་བྱམས་པ་ཉེ་ བར་སྦྱོར་བས་ལྟ་བ་ལས་གཞན་ཐ་བའི་ཉེས་པ་སྐྱེད་པའི་སེམས་བསྐྱེད་པ་གཅིག་ཙམ་ཡང་མི་ཤེས་སོ། །དེའི་ཚེ་ང་འདི་སྙམ་དུ་སེམས་ཏེ། གང་རིགས་ཀྱི་བུ་དེ་དག་ནི་ཚུལ་ཁྲིམས་དང་ལྡན་པ། དགེ་བའི་ ཆོས་ཅན། རང་བཞིན་གྱིས་འདོད་ཆགས་ཆུང་བ། ཞེ་སྡང་ཆུང་བ། གཏི་མུག་ཆུང་བ་སྟེ། བདག་ནི་དེ་དག་ཉི་ཚེའི་དོན་དུ་དཀའ་བ་སྤྱོད་པ་མ་ཡིན། དེ་དག་ཉི་ཚེའི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་སྒྲུབ་པ་མ་ཡིན་གྱི། སེམས་ཅན་དམུ་རྒོད་གདུལ་དཀའ་བ། ཚུལ་ཁྲིམས་འཆལ་བ། སྡིག་པའི་ཆོས་ཅན། རང་བཞིན་གྱིས་འདོད་ཆགས་མང་བ། ཞེ་སྡང་མང་བ། གཏི་མུག་མང་བ། 80-1-124a དེ་དག་གི་དོན་དུ་བདག་དཀའ་བ་སྤྱད་པ་སྤྱོད། དེ་དག་གི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་སྟེ། དེ་དག་ཉིད་བདག་གི་ཐོག་མར་མྱ་ངན་ལས་བཟླ་བར་བྱའོ། ། ཤཱ་རིའི་བུ་སེམས་སྡང་བ་མེད་པ་ལ་དྲན་པ་འདི་སྐྱེས་སོ། །དེ་ལྟར་ཤཱ་རིའི་བུ་དེ་བཞིན་གཤེགས་པ་ནི་ཕན་པའི་དངོས་པོ་ཕུན་སུམ་ཚོགས་པ་སྟེ། སྔོན་གྱི་མཐའ་ནས་བྱང་ཆུབ་སེམས་དཔའི་སྤྱད་ པ་སྤྱོད་ཅིང་འོངས་པའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་ལ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འདོད་པ་དེ་དག་གིས་བཟོད་པ་དང་ལྡན་ཞིང་དང་དུ་ལེན་པའི་རང་ བཞིན་ཅན་དུ་བྱའོ། །གྲང་བ་དང་། ཚ་བ་དང་། བཀྲེས་པ་དང་། སྐོམ་པ་དང་། རླུང་དང་། ཉི་མ་དང་། སྦྲང་བུ་དང་། ཤ་སྦྲང་དང་། སྡིག་སྦྲུལ་གྱིས་རིག་པ་དང་། ཕ་རོལ་གྱིས་ངན་དུ་སྨྲ་བ་དང་། ངན་དུ་ བརྗོད་པའི་ཚིག་གི་ལམ་རྣམས་ལ་བཟོད་པ་དང་ལྡན་ཞིང་དང་དུ་ལེན་པའི་རང་བཞིན་ཅན་དུ་བྱའོ། །ལུས་ལས་སྐྱེས་ཤིང་བྱུང་བའི་ཚོར་བ་སྡུག་བསྔལ་བ། མི་བཟད་པ། རྩུབ་པ། སྲོག་འཕྲོག་པ། འཆི་བ་ལ་ཐུག་པའི་ཚོར་བ་རྣམས་ལ་བཟོད་པ་དང་ལྡན་ཞིང་དང་དུ་ལེན་པའི་རང་བཞིན་ཅན་དུ་བྱའོ། །དེ་ལྟར་ཤཱ་རིའི་བུ་བཟོད་པ་དེ་ལྟ་བུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་ དཔའི་བཟོད་པ་ཐོབ་པར་འགྱུར་རོ། །དེ་ལ་བྱང་ཆུབ་སེམས་དཔའི་བཟོད་པ་གང་ཞེ་ན། གནོད་སེམས་མེད་པ་ནི་བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། །མི་ཁྲོ་བ་ནི་བྱང་ཆུབ་སེམས་ དཔའི་བཟོད་པར་བལྟའོ། །མི་འཚེ་བ་ནི་བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། །རྩོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། །གནོད་པར་བྱ་བ་མེད་པ་ནི་བྱང་ཆུབ་སེམས་ 80-1-124b དཔའི་བཟོད་པར་བལྟའོ། །བདག་རྗེས་སུ་སྲུང་བ་ནི་བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། །གཞན་རྗེས་སུ་སྲུང་བ་ནི་བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། །ལུས་རྗེས་སུ་སྲུང་བ་ ནི་བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། །ངག་རྗེས་སུ་སྲུང་བ་ནི་བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། །སེམས་ཅན་རྗེས་སུ་སྲུང་བ་ནི་བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། ། ཚུལ་བཞིན་གྱིས་སོ་སོར་རྟོག་པ་ནི་བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། །མྱ་ངན་ལས་འདས་པ་འདོད་ཆགས་དང་བྲལ་བ་ནི་བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། །ལས་ཀྱི་རྣམ་པར་ སྨིན་པ་ལ་རྟོན་པ་ནི་བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། །ལུས་ཡོངས་སུ་དག་པ་ནི་བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། །ངག་ཡོངས་སུ་དག་པ་ནི་བྱང་ཆུབ་སེམས་དཔའི་བཟོད་ པར་བལྟའོ། །སེམས་ཡོངས་སུ་དག་པ་ནི་བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། །ལྷ་དང་མིའི་ཕུན་སུམ་ཚོགས་པ་རྗེས་སུ་མྱོང་བ་ནི་བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། །བྱང་ཆུབ་སེམས་ དཔའ་དེ་བཞིན་གཤེགས་པའི་མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པ་ནི་བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། །དེ་བཞིན་གཤེགས་པའི་གསུང་ཚངས་པའི་སྒྲ་དབྱངས་ བསྒྲགས་པ་འཐོབ་པ་ནི་བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། དགེ་བའི་རྩ་བ་ཐམས་ཅད་ཆུད་མི་གསོན་པ་ནི་བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། ། ཕས་ཀྱི་གནོད་པར་བྱེད་པ་ཐམས་ཅད་ལས་འདས་པ་ནི་བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། །ཕྱིར་རྒོལ་བ་ཐམས་ཅད་བཅོམ་པ་ནི་བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། ། 80-1-125a མདོར་ན་དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། མ་འདྲེས་པ་དང་། སྙིང་རྗེ་ཆེན་པོ་དང་། བྱམས་པ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་ སྙོམས་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་ནི་བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། །ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའི་བཟོད་པ་ཞེས་བྱ་བ་ ནི་འདི་ལྟར་བྲག་ཆའི་སྒྲ་དང་མཚུངས་པར་རབ་ཏུ་ཤེས་པས་སྤྱོས་ཀྱང་སླར་མི་གཤེའོ། །ལུས་གཟུགས་རྙན་དུ་ཤེས་པས་བརྡེགས་ཀྱང་སླེ་མི་རྡེག །སེམས་སྒྱུ་མ་ལྟ་བུར་རབ་ཏུ་རྟོགས་ པས་ཁྲོས་ཀྱང་སླར་མི་ཁྲོ། རང་གི་ཡོན་ཏན་ཡོངས་སུ་རྫོགས་པས་དེ་མ་བསྔགས་པ་ལ་ཁོང་ཁྲོ་བ་མེད། བསྔགས་པ་ལ་རྗེས་སུ་ཆགས་པར་མི་བྱེད་དོ། །དུལ་ཞིང་ཞི་བའི་ཕྱིར་རྙེད་ པས་དགའ་བར་མི་འགྱུར། མ་རྙེད་པས་ཞུམ་པར་མི་འགྱུར། རབ་ཏུ་བརྟགས་པའི་བློ་རྒྱ་ཆེ་བའི་ཕྱིར་གྲགས་པས་ངོ་མཚར་དུ་མི་འཛིན། མ་གྲགས་པས་འཁྲུལ་པར་མི་འགྱུར། མི་གཡོ་བར་རབ་ཏུ་གནས་པའི་ཕྱིར་དམད་པས་འདུད་པར་མི་འགྱུར། བསྟོད་པས་ཁེངས་པར་མི་འགྱུར། སེམས་ཅན་ལ་ལྟ་བའི་ཕྱིར་སྡུག་བསྔལ་གྱིས་ཡོངས་སུ་མི་སྐྱོ། འདུས་བྱས་ ཀྱི་བདེ་བ་མི་རྟག་པའི་ཕྱིར། བདེ་བ་ལ་དགའ་བ་མེད། སྲིད་པའི་འགྲོ་བར་སྐྱེ་བ་ཐམས་ཅད་ལ་མི་གནས་པས་འཇིག་རྟེན་གྱི་ཆོས་ཀྱིས་མི་གོས་ཕ་རོལ་ལ་མི་གནོད་པས་བདག་ལ་གནོད་ པ་བཟོད། བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་ཡོངས་སུ་རྫོགས་པས་ཡན་ལག་དང་། ཉིང་ལག་དང་། མགོ་བཅད་ཀྱང་བཟོད། སངས་རྒྱས་ཀྱི་སྐུ་འདོད་པས་ལུས་གཏུབས་ཀྱང་བཟོད།། 80-1-125b ལེགས་པར་བྱས་པའི་ལས་ཀྱི་སྟོབས་བསྐྱེད་པས་ངན་དུ་བྱས་པ་ཐམས་ཅད་བཟོད་དེ། ཤཱ་རིའི་བུ་དེ་ནི་བྱང་ཆུབ་སེམས་དཔའི་བཟོད་པ་ཞེས་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ ཆུབ་སེམས་དཔའི་བཟོད་པ་ཞེས་བྱ་བ་ནི། འདི་ལྟ་སྟེ། རབ་ཏུ་བཟོད་པའོ། །དེ་ཅིའི་ཕྱིར་ཞེ་ན། གཤེ་བ་ནི་སུ། གཤེ་བར་བྱ་བ་ནི་གང་ཞེས་བཟོད་ན་དེ་གཉིས་ག་དམིགས་པའི་བཟོད་པ་སྟེ། ། དེ་རབ་ཏུ་བཟོད་པ་མ་ཡིན་ནོ། །ཡང་འདི་ལ་གཤེ་བ་གང་ཞེས་བཟོད་ན་དེ་ཆོས་བགྲང་བའི་བཟོད་པ་སྟེ། དེ་རབ་ཏུ་བཟོད་པ་མ་ཡིན་ནོ། །ཅི་མིག་གིས་མིག་ལ་གཤེ་འམ་ཞེས་བཟོད་ན་དེ་སྐྱེ་མཆེད་ ལ་སོ་སོར་རྟོག་པའི་བཟོད་པ་སྟེ། དེ་རབ་ཏུ་བཟོད་པ་མ་ཡིན་ནོ། །འདི་ནི་ཡི་གེ་ཡིན་ནོ་ཞེས་བཟོད་ན། དེ་བྲག་ཆའི་སྒྲའི་བཟོད་པ་སྟེ། དེ་རབ་ཏུ་བཟོད་པ་མ་ཡིན་ནོ། །འདི་ཡང་མི་རྟག །བདག་ ཀྱང་མི་རྟག་ཅེས་བཟོད་ན་དེ་མི་རྟག་པ་ལ་འཇུག་པའི་བཟོད་པ་སྟེ། དེ་རབ་ཏུ་བཟོད་པ་མ་ཡིན་ནོ། །འདི་ནི་ཕྱིན་ཅི་ལོག །བདག་ནི་ཕྱིན་ཅི་ལོག་མ་ཡིན་ཞེས་བཟོད་ན་དེ་མཐོ་དམན་གྱི་བཟོད་པ་ སྟེ། དེ་རབ་ཏུ་བཟོད་པ་མ་ཡིན་ནོ། །བདག་ནི་རིགས། འདི་ནི་མི་རིགས་སོ་ཞེས་བཟོད་ན་དེ་རིགས་པ་མ་ཡིན་པའི་བཟོད་པ་སྟེ། དེ་རབ་ཏུ་བཟོད་པ་མ་ཡིན་ནོ། །བདག་ནི་ལམ་ལ་གནས། འདི་ནི་ ལམ་ངན་པ་ལ་གནས་ཤེས་བཟོད་ན་དེ་གཉིས་ཀྱི་བཟོད་པ་སྐྱེ་སྟེ། དེ་རབ་ཏུ་བཟོད་པ་མ་ཡིན་ནོ། །བདག་སྟོང་པ་ཉིད་བཟོད་ཀྱི། བདག་ལྟ་བར་སོང་བ་མི་བཟོད། བདག་མཚན་མ་མེད་ པ་བཟོད་ཀྱི། བདག་རྣམ་པར་རྟོག་པ་མི་བཟོད། བདག་སྨོན་པ་མེད་པ་བཟོད་ཀྱི། བདག་སྨོན་པ་མི་བཟོད། བདག་མངོན་པར་འདུ་མི་བྱེད་པ་བཟོད་ཀྱི། བདག་མངོན་པར་འདུ་བྱེད་པ་མི་བཟོད། 80-1-126a བདག་ཉོན་མོངས་པ་ཟད་པ་བཟོད་ཀྱི། བདག་ཉོན་མོངས་པ་མི་བཟོད། བདག་དགེ་བ་བཟོད། བདག་མི་དགེ་བ་མི་བཟོད། བདག་ཁ་ན་མ་ཐོ་བ་མེད་པ་བཟོད་ཀྱི། བདག་ཁ་ན་མ་ཐོ་བ་མི་བཟོད། བདག་ཟག་པ་ཟད་པ་བཟོད་ཀྱི། བདག་ཟག་པ་དང་བཅས་པ་མི་བཟོད། བདག་འཇིག་རྟེན་ལས་འདས་པ་བཟོད་ཀྱི། བདག་འཇིག་རྟེན་པ་མི་བཟོད། བདག་ རྣམ་པར་བྱང་བ་བཟོད་ཀྱི། བདག་ཀུན་ནས་ཉོན་མོངས་པ་མི་བཟོད། བདག་མྱ་ངན་ལས་འདས་པ་བཟོད་ཀྱི། བདག་འཁོར་བ་མི་བཟོད་ན་དེ་གཉེན་པོས་སྤོང་བའི་བཟོད་པ་སྟེ། རབ་ཏུ་བཟོད་ པ་མ་ཡིན་ནོ། །དེ་ལ་རབ་ཏུ་བཟོད་པ་གང་ཞེ་ན། གང་སྟོང་པ་ཉིད་ཁོང་དུ་ཆུད་པ་དེ་ལ་ལྟ་བ་བསལ་པ་ཡང་མེད། སྟོང་པ་ཉིད་དུ་སྒྲོ་འདོགས་པ་ཡང་མེད། གང་སྟོང་པ་ཉིད་ཁོང་དུ་ཆུད་པ་དེ་ ལ་རྣམ་པར་རྟོག་པ་བསལ་པ་ཡང་མེད། མཚན་མ་མེད་པའི་སྒྲོ་འདོགས་པ་ཡང་མེད། གང་སྟོང་པ་ཉིད་ཁོང་དུ་ཆུད་པ་དེ་ལ་སྨོན་ལམ་བསལ་པ་ཡང་མེད། སྨོན་པ་མེད་པར་སྒྲོ་འདོགས་ པ་ཡང་མེད། གང་སྟོང་པ་ཉིད་ཁོང་དུ་ཆུད་པ་དེ་ལ་མངོན་པར་འདུ་བྱེད་པ་བསལ་པ་ཡང་མེད། མངོན་པར་འདུ་མི་བྱེད་པར་སྒྲོ་འདོགས་པ་ཡང་མེད། གང་སྟོང་པ་ཉིད་ཁོང་དུ་ཆུད་པ་དེ་ལ་ཉོན་མོངས་ པ་བསལ་བ་ཡང་མེད། ཀུན་ནས་ཉོན་མོངས་པ་ཟད་པར་སྒྲོ་འདོགས་པ་ཡང་མེད། གང་སྟོང་པ་ཉིད་ཁོང་དུ་ཆུད་པ་དེ་ལ་མི་དགེ་བ་བསལ་བ་ཡང་མེད། དགེ་བར་སྒྲོ་འདོགས་པ་ཡང་མེད། གང་སྟོང་པ་ ཉིད་ཁོང་དུ་ཆུད་པ་དེ་ལ་ཁ་ན་མ་ཐོ་བ་དང་བཅས་པ་བསལ་པ་ཡང་མེད། ཁ་ན་མ་ཐོ་བ་མེད་པའི་སྒྲོ་འདོགས་པ་ཡང་མེད་དེ་གོང་མ་བཞིན་དུ་ཐམས་ཅད་ལ་རྒྱས་པར་བྱ་སྟེ། གང་སྟོང་པ་ཉིད་དུ་ཁོང་དུ་ཆུད་ 80-1-126b པ་དེ་ལ་འཁོར་བ་བསལ་པ་མེད། མྱ་ངན་ལས་འདས་པར་སྒྲོ་འདོགས་པ་ཡང་མེད་དེ། གང་འདི་ལ་བཟོད་པ་དེ་ནི་རབ་ཏུ་བཟོད་པ་ཞེས་བྱའོ། །གང་མ་སྐྱེས། མ་བསྐྱེད། མ་བྱུང་། བྱུང་བར་མ་གྱུར་པ་ དེ་ལ་འབྱུང་བ་གང་ཡང་མེད་དོ། །འབྱུང་བ་མེད་པས་མི་ཟད་དེ། གང་མི་ཟད་པ་དེ་རབ་ཏུ་བཟོད་པའོ། །གང་འདུས་བྱས་ཀྱང་མ་ཡིན། འདུས་མ་བྱས་ཀྱང་མ་ཡིན། སྒྲོ་འདོགས་པ་ཡང་མ་ཡིན། ། མ་བཞག་པ། མ་སྤེལ་བ། ཡང་དག་པར་མ་སྤེལ་བ། མི་གསོག་པ། མི་འབྲི་བ་དེ་ལ་སྐྱེ་བ་གང་ཡང་མེད་དོ། །གང་མི་སྐྱེ་བ་དེ་ནི་མི་ཟད་པ་སྟེ། གང་དེ་ལྟར་བཟོད་ན་དེ་ནི་མི་སྐྱེ་བ་ལ་བཟོད་པ་ཞེས་ བྱའོ། །ཤཱ་རིའི་བུ་བཟོད་པ་འདི་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ། །ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་བཟོད་པའི་ཕ་རོལ་དུ་ཕྱིན་པ་སྟེ། འདི་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དེ་བདུད་དང་བདུད་ཀྱི་རིས་ཀྱི་ལྷའི་བུ་རྣམས་དང་། ། དེ་མ་ཡིན་པ་ཕས་ཀྱི་རྒོལ་བ་གཞན་ཐམས་ཅད་ཀྱིས་མི་ཐུལ་བ་ཡིན་ནོ། །བཟོད་པའི་ཕ་རོལ་དུ་ཕྱིན་པའི་ལེའུ་ཞེས་བྱ་སྟེ། བརྒྱད་པའོ།། །། བམ་པོ་བཅུ་གཉིས་པ། དེ་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་གང་ལ་ཞུགས་པ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་བདུད་དང་བདུད་ཀྱི་རིས་ཀྱི་ལྷའི་བུ་རྣམས་དང་། དེ་མ་ཡིན་པ་གཞན་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་ཐུལ་ བར་འགྱུར་བའི་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་གང་ཞེ་ན། འདི་ལྟར་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པའི་བརྩོན་འགྲུས་དང་ལྡན་ 80-1-127a པ་ཡིན་ཏེ། རང་གི་ལུས་དང་སྲོག་ལ་མི་ལྟ་བར་བརྩོན་འགྲུས་དྲག་པོ་བསྐྱེད་ནས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ཡོངས་སུ་ཚོལ་བར་བྱེད། ཤིན་དུ་ཉན་ པར་བྱེད། འཆད་པར་བྱེད། འཛིན་པར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད། གཞན་ལ་འཆད་པར་བྱེད། རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་བྱེད། བྲིས་ནས་འཛིན་པར་བྱེད་དོ། །དེ་ཇི་ལྟར་ན་ ལུས་དང་སྲོག་ལ་མི་ལྟ་བ་ཡིན་ཞེ་ན། འདི་ལ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་འདི་ལྟ་བུའི་མདོ་སྡེ་འཆད་པ་དང་། འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་ལ་ཡང་གོ་བར་ བྱེད་པ་དང་། རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དང་། བྲིས་ནས་འཛིན་པ་དང་། དེ་བཞིན་དུ་ནན་ཏན་བྱེད་པ་དེ་དག་གི་ལུས་ལ་ངས་མདའ་དང་། མཚོན་དང་མདུང་ཐུང་བརྒྱས་ཕུག་སྟེ། སྲོག་གཅད་ དོ་ཞེས་ཕ་རོལ་གྱིས་བསྡིགས་ཀྱང་དེ་ལ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་མི་འཇིགས། མི་དངང་། མི་སྐྲག །ཀུན་དུ་སྐྲག་པར་མི་འགྱུར་གྱི། ཕྱིར་ཞིང་བརྩོན་འགྲུས་བརྟན་པ་བསྐྱེད་ནས་བྱང་ཆུབ་ སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་མི་སྤོང་། རབ་ཏུ་རྣམ་པར་མི་སྤོང་། མི་འདོར་ཏེ། མོས་པ་དྲག་པོར་འགྱུར། མོས་པ་བརྟན་པར་འགྱུར། བཟོད་པ་བརྟན་པར་འགྱུར། བརྩོན་འགྲུས་ བརྟན་པར་འགྱུར་རོ། །ཤཱ་རིའི་བུ་བཟོད་པ་བརྟན་པ་དང་། བརྩོན་འགྲུས་བརྟན་པ་ལས་བཟུང་སྟེ། དཔེ་བསྟན་ཏོ། །བཟོད་པ་བརྟན་པ་ཇི་ཙམ་པ་དང་། བརྩོན་འགྲུས་བརྟན་པ་ཇི་ཙམ་པས་བྱང་ ཆུབ་སེམས་དཔའ་ལུས་དང་སྲོག་ལ་མི་ལྟ་བར་འགྱུར་ཏེ། ཤཱ་རིའི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་རྙེད་པ་སྒོ་ང་ལས་སྐྱེས་པ་འམ།། 80-1-127b མངལ་ནས་སྐྱེས་པ་འམ། དྲོད་གཤེར་ལས་སྐྱེས་པ་འམ། རྫུས་ཏེ་སྐྱེས་པ་འམ། གཟུགས་ཅན་ནམ། གཟུགས་མེད་པ་འམ། འདུ་ཤེས་ཅན་ནམ། འདུ་ཤེས་མེད་འདུ་ཤེས་ མེད་མིན་ནམ། སྣང་བར་གྱུར་པ་འམ། མི་སྣང་བར་གྱུར་པ་འམ། སེམས་ཅན་ཇི་སྙེད་སེམས་ཅན་དུ་བསྡུ་བར་བསྡུས་པ་དེ་དག་ཐམས་ཅད་ཡོངས་སུ་བརྟག་པ་བཟུང་སྟེ། སྐད་ཅིག་ ཐང་ཅིག་ཡུད་ཙམ་ལ་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ལ། དེ་དག་མིར་གྱུར་ནས་ཐམས་ཅད་ཀྱི་ལག་ན་མཚོན་རྣོན་པོ་ཐོགས་ཏེ་དགྲར་གྱུར་ནས་དེ་དག་ཚིག་འདི་སྐད་ཅེས་འདི་ ལྟ་བུའི་ཚིག་དང་། ཡི་གེ་འཆང་བ་དང་། འཛིན་པ་དང་། ཀློག་པ་དང་། གཞན་དག་ལ་འཆད་པ་དང་། རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དང་། དེ་བཞིན་དུ་ནན་ཏན་བྱེད་པ་དེ་དག་དེད་ཀྱིས་ བཟུང་སྟེ། སྲོག་གཅད་དོ་ཞེས་ཟེར་ན་ཡང་དེ་ལ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་དངང་བ་དང་། སྐྲག་པ་སྐྱེ་བའི་སེམས་ཅན་ཅིག་ཀྱང་མི་སྐྱེད་ཀྱི། དེ་བས་ལྷག་པར་དམ་པའི་ཆོས་ཡོངས་སུ་འཛིན་པར་ འགྱུར་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཡོངས་སུ་ཚོལ་བའི་ཕྱིར་རོ། །ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་མི་ཟློགས་པའི་བརྩོན་འགྲུས་དང་ལྡན། མཐའ་ཡས་པའི་ བརྩོན་འགྲུས་ཀྱི་སྟོབས་ཀྱི་ཤུགས་དང་ལྡན་ཞིང་བརྩོན་འགྲུས་དཔའ་བ་དང་། སེམས་དཔའ་བ་དང་། ཚུལ་ཁྲིམས་དཔའ་བ་དང་། བཟོད་པ་དཔའ་བ་དང་། ཏིང་ངེ་འཛིན་དཔའ་བ་དང་། ཤེས་རབ་ དཔའ་བ་དང་། སྤྱོད་པའི་ཁྱད་པར་གྱི་ཡེ་ཤེས་དཔའ་བ་ཞེས་བྱའོ། །དེ་ལ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་མཚོན་རྣོན་པོ་ཐོགས་པའི་དགྲ་རྣམས་ལ་གནོད་པའི་སེམས་ཅིག་ཀྱང་མི་སྐྱེད་པ་ 80-1-128a དེ་ནི་བྱང་ཆུབ་སེམས་དཔའ་ཚངས་པ་དང་མཚུངས། དབང་པོ་མཚུངས། ལྷུན་པོ་དང་མཚུངས་ཏེ། མི་སྒུལ་བའི་སྙིང་རྗེ་ཅན། བྱམས་པ་ལ་གནས་པ་སེམས་ཅན་ཐམས་ཅད་ཀྱི་བསམ་ པ་གསོ་བ་ལ་མོས་པ། ཕྱིར་མི་ལྡོག་པའི་སྤྱོད་ཡུལ་བ། སེམས་ས་དང་མཚུངས་པ། སེམས་ཆུ་དང་མཚུངས་པ། སེམས་མེ་དང་མཚུངས་པ། སེམས་རླུང་དང་མཚུངས་པ། སེམས་ནམ་མཁའ་ དང་མཚུངས་པ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཐ་བ་སེལ་བ་ལ་ཞུགས་པ་ཞེས་བྱའོ། །ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་གང་གཱའི་ཀླུང་ གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་གང་བར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སྦྱིན་པ་བྱིན་པ་བས། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་འདི་ལྟ་བུའི་ཆོས་བདག་གིས་བསླབ་པར་བྱའོ་ཞེས་སེམས་རབ་ཏུ་ བཞག་ན། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའི་སློབ་པར་འདོད་པས་མ་བསླབས་ཀྱང་དགེ་བའི་རྩ་བའི་ཆེས་མང་དུ་ཡོངས་སུ་བཟུང་བར་འགྱུར་ཏེ། སྦྱིན་པ་ཆེན་པོ་བྱིན་པས་ནི་དེ་ཙམ་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་འདིའི་ཁར་ལུས་སོ། །དེ་བས་ན་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱང་ཆུབ་སེམས་ དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་མཉན་པ་དང་། གཟུང་བ་དང་། ཡི་གེར་བྲི་བ་དང་། བཀླག་པ་དང་། བཅང་བ་དང་། ཕ་རོལ་ལ་ཡང་ཡང་དག་པར་རབ་ཏུ་བསྟན་པའི་ཕྱིར་བརྩོན་འགྲུས་ 80-1-128b བརྩམ་མོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་པ་ནི་འགྲོ་བ་མེད་པའི་འགྲོ་བར་འགྲོའོ། །འགྲོ་བ་མེད་པར་འགྲོ་བ་གང་ཞེ་ན། འདི་ལྟ་སྟེ། མྱ་ངན་ལས་འདས་པ་སྟེ། དེར་བདུད་སྡིག་ཅན་འགྲོ་བ་མེད་དོ། །དེ་བས་ན་འགྲོ་བ་མེད་པར་འགྲོ་བ་ཞེས་བྱའོ། །དེར་འགྲོ་བ་ནི་བརྩོན་འགྲུས་དང་ལྡན་པ། སྐྱེས་བུ་དམ་པ་སངས་རྒྱས་དང་། ཉན་ཐོས་རྣམས་སོ། ། དེ་ཅིའི་ཕྱིར་ཞེ་ན། བརྩོན་འགྲུས་སྤྱོད་པའི་ལམ་དུ་ཞུགས་པ་དེ་ནི་དེ་ལྟ་བུའི་སྐྱེས་བུ་དམ་པ་དག་དང་། སངས་རྒྱས་རྣམས་སོ། །གང་ལ་ལ་ཀུན་ནས་ཉོན་མོངས་པའི་ཆོས་ཅན་ཐམས་ཅད་ནི་ གནས་གསུམ་སྟེ། གསུམ་གང་ཞེ་ན། ངན་སོང་དུ་གཞོལ་བ་དང་། ངན་སོང་དུ་འབབ་པ་དང་། ངན་སོང་དུ་བབ་པ་སྟེ། ཚུལ་ཁྲིམས་དང་། བཟོད་པ་དང་། མང་དུ་ཐོས་པ་མ་གཏོགས་ པར་མངོན་པར་འབྱུང་བའི་ཆོས་གཞན་གང་ཡང་མེད་དོ། །ཀྱེ་མའོ་སེམས་ཅན་འདི་དག་ནི་ང་ཞེས་ཟེར་བའི་ཚིག་གི་ལས་ལ་གནས་པ་སྟེ། ལས་མ་ཡིན་པ་ལ་གནས་སོ། །ཀྱེ་མའོ་སེམས་ ཅན་འདི་དག་ནི་ང་ཞེས་ཟེར་བའི་བརྩོན་འགྲུས་བརྩམས་པ་སྟེ། ལེ་ལོ་ཅན་ནོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་མཁས་པ་ནི་ལས་མ་ཡིན་པ་ལ་གནས་པའི་སེམས་ཅན་ལེ་ལོ་ཅན་ དང་། མཛའ་བར་མི་བྱེད། སྟེན་པར་མི་བྱེད་དེ། གཞན་དུ་ན་བྱང་ཆུབ་སེམས་དཔའ་འཐུན་པར་སྤྱོད་པ། བརྩོན་འགྲུས་བརྩམས་པ་དང་སྟེན་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་སངས་ རྒྱས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ལས་གཞན་མྱ་ངན་ལས་འདས་པའི་མཆོག་གང་ཡང་མེད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་རྣམ་པར་བྱང་བ་ལ་མོས་ཤིང་། བརྩོན་འགྲུས་ 80-1-129a བརྩམས་པ་ནི་བདག་གི་ལུས་འབའ་ཤིག་ཉེ་བར་ཞི་བར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་པ་མ་ཡིན་གྱི། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་ཕྱིར་ཞུགས་ནས་ ཁོང་དུ་ཆུད་པར་བྱེད། སྟོན་པར་བྱེད། སྐུལ་བར་བྱེད། འཛིན་དུ་འཇུག །འཕགས་པའི་ལམ་སྲང་དུ་འཛུད་དེ། དེ་བས་ན་སྐྱེས་བུ་དམ་པ་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེ་ནས་བཅོམ་ ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །མདུད་པ་མེད་པའི་བརྩོན་འགྲུས་གྱིས། རྟག་ཏུ་ཡང་དག་འཕགས་པར་འགྱུར། མཁས་པ་བྱང་ཆུབ་སེམས་དཔའ་ཡི། སྡེ་སྣོད་དག་ནི་རྟག་ཏུ་འཛིན། ཆོས་རྣམས་ཀྱི་ནི་དོན་སེམས་ཏེ། དེ་དག་བློ་ནི་བསམ་མི་ཁྱབ། རྣམ་པར་བྱང་བ་ཀུན་ཚོལ་བ། བྱང་ཆུབ་སེམས་དཔའ་བརྗོད་པ་ཡིན། ཤེས་རབ་ཆེན་པོ་དེ་དག་ འབད། ཤིང་མཆོག་དྲུང་དུ་འདུག་ནས་ནི། དེ་བཞིན་ཤེས་རབ་བརྩོན་འགྲུས་ཀྱིས། སྡིག་ཅན་བདུད་རྣམས་སྐྲག་པར་བྱེད། འཇིག་རྟེན་ཀུན་གྱི་བརྡ་དག་ལས། ཚུལ་ཁྲིམས་དག་ནི་ཐམས་ཅད་ སྟོན། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། དེ་ལ་བརྩོན་འགྲུས་ཉམས་མི་འགྱུར། ཤཱ་རིའི་བུ་དུས་འདི་ལྟ་བུ་དང་། ཚོང་འདི་ལྟ་བུ་འབྱུང་བར་འགྱུར་ཏེ། གང་ང་དང་ཁྱོད་ཡོངས་སུ་མྱ་ངན་ལས་འདས་ པའི་འོག་ཏུ་ལྔ་བརྒྱ་པ་ཐ་མ་ལ་འདི་ལྟ་བུའི་མདོ་སྡེ་འགྲོ་བ་མང་པོ་དགའ་བ་དང་། མགུ་བར་བྱེད་པ། ཤེས་རབ་སྒྲུབ་པར་བྱེད་པ། བསོད་ནམས་སྒྲུབ་པར་བྱེད་པ། ལོངས་སྤྱོད་འཕེལ་བ་སྒྲུབ་པར་ བྱེད་པ། མཐོ་རིས་སྒྲུབ་པར་བྱེད་པ། ཕུན་སུམ་ཚོགས་པ་ཐམས་ཅད་སྒྲུབ་པར་བྱེད་པ། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིག་པ་དང་། སོ་སོར་ཡང་དག་པ་ 80-1-129b རིག་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྒྲུབ་པར་བྱེད་པ། མདོར་ན་སངས་ རྒྱས་ཀྱི་ཆོས་རྣམས་སྒྲུབ་པ། བདུད་སྐྲག་པར་བྱེད་པ། སེམས་རྣམ་པར་དག་པར་བྱེད་པ། སྐྱེ་བ་ཟད་པའི་མཐར་བྱེད་པ། སྡུག་བསྔལ་མཐར་བྱེད་པ། མྱ་ངན་ལས་འདས་པ་དང་ཉེ་བར་བྱེད་པ་ འབྱུང་ན། དེ་དག་དེའི་དུས་སྤོང་བར་འགྱུར། མི་འདོད་པར་འགྱུར། ཡོངས་སུ་གཏོང་བར་འགྱུར་རོ། །དེ་ལ་ཤཱ་རིའི་བུ་གང་བརྩོན་བ། རབ་ཏུ་བརྩོན་བ། མངོན་པར་རབ་ཏུ་བརྩོན་བ། བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ། ཚུལ་ཁྲིམས་འདོད་པ། ཐོས་པ་འདོད་པ། ཏིང་ངེ་འཛིན་འདོད་པ། ཤེས་རབ་འདོད་པ། རྣམ་པར་གྲོལ་བ་འདོད་པ། རྣམ་པར་གྲོལ་བའི་ཡེ་ཤེས་ མཐོང་བ་འདོད་པ། སངས་རྒྱས་ཀྱི་ཆོས་འདོད་པ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་འདོད་པ། ལོག་པར་ལྟ་བ་སྤོང་བར་འདོད་པ། ཡང་དག་པར་ལྟ་བ་སྒོམ་པར་འདོད་པ། འཁོར་ བ་སྤོང་བར་འདོད་པ། འཕགས་པའི་ལམ་སྒོམ་པར་འདོད་པ། ཆོས་སྟོན་པར་འདོད་པ། བདུད་སྐྲག་པར་བྱེད་པར་འདོད་པ། འདོད་ཆགས་ཞི་བར་འདོད་པ། ཞེ་སྡང་ཞི་བར་འདོད་པ། གཏི་མུག་ འཇོམས་པར་འདོད་པ། མ་རིག་པ་འཇོམས་པར་འདོད་པ། རིག་པ་སྐྱེད་པར་འདོད་པའི་སེམས་ཅན་དེ་དག་འབྱུང་བར་འགྱུར་ཏེ། ཤཱ་རིའི་བུ་དེ་དག་འདི་ལྟ་བུའི་ཆོས་ཐོས་ནས་དགེ་བའི་རྩ་བའི་ ཆོས་ཐམས་ཅད་འདོད་པའི་ཕྱིར་བརྩོན་འགྲུས་རྩོམ་པར་འགྱུར་རོ། །འདི་འདྲ་བའི་ཆོས་ཐོས་ནས། སངས་རྒྱས་ཆོས་རྣམས་ཐམས་ཅད་ནི། བར་དུ་གཅོད་པ་མི་འབྱུང་སྟེ། འདི་ལ་བདག་ 80-1-130a ནི་ཐེ་ཚོམ་མེད། དེ་ལ་ཤཱ་རིའི་བུ་སེམས་ཅན་གང་བསོད་ནམས་ཀྱི་སྟོབས་ཀྱིས་ཉེ་བར་བརྟན་པ། ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ ཞུགས་པ་འབྱུང་བ་དེ་དག་འདི་ལྟ་བུའི་མདོ་སྡེ་ཉན་པར་བྱེད་དེ། ཐོས་ནས་རྒྱ་ཆེར་དགའ་ཞིང་མགུ་བ་ཐོབ་པར་འགྱུར། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་རབ་ ཏུ་ཀུན་ཆུབ་པར་བྱེད་པར་འགྱུར། ནན་ཏན་གྱིས་སྒྲུབ་པར་འགྱུར་རོ། །ཡང་གང་གིས་དེ་བཞིན་གཤེགས་པའི་བསྟན་པ་མཉན་པའི་ཆོས་སུ་བྱས་པར་གྱུར་པ་དེ་དག་རྒྱུ་ལ་ལ་དང་། དམིགས་ པ་ལ་ལས་དབང་དུ་མ་གྱུར་པར་ཉན་པར་བྱེད་དེ། ཐོས་ནས་རྒྱ་ཆེར་དགའ་བ་དང་། མགུ་བ་ཐོབ་པར་འགྱུར། དེ་དག་དགའ་བ་དང་མགུ་བ་སྐྱེས་ནས་བརྩོན་འགྲུས་ཤིན་ཏུ་བརྟན་པ་རྩོམ་པར་འགྱུར་ཏེ། དེ་འདི་ལྟ་བུའི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་དཀོན་མཆོག་ལ་སྙིང་པོ་ཅུང་ཟད་ཙམ་ལེན་པར་འགྱུར་རོ། །འདི་ལྟ་སྟེ། དཔེར་ན་ཤཱ་རིའི་བུ་ཤིང་ཏོག་སྨིན་པ་རྣམ་པ་མང་པོ་ཁ་དོག་ཕུན་ སུམ་ཚོགས་པ། དྲི་ཕུན་སུམ་ཚོགས་པ། རོ་ཕུན་སུམ་ཚོགས་པ་རྒྱ་མཚོ་ཆེན་པོས་ཁྱེར་བ་དང་། སྐྱེས་བུ་ལ་ལས་བརྩོན་འགྲུས་དང་། རྟུལ་པ་ཆེན་པོ་བསྐྱེད་ནས་ཆུ་ཆེན་པོར་ཞུགས་ཏེ། ལག་པ་དང་། རྐང་པས་འབད་ནས་རྒྱ་མཚོ་ཆེན་པོ་དེ་ལས་ཤིང་ཏོག་གཅིག་བླངས། གཉིས་དང་གསུམ་བླངས་ནས་རྒྱ་མཚོ་ཆེན་པོ་དེ་ལས་རྒལ་ནས་དེ་ཕྱོགས་གཅིག་ཏུ་སོང་སྟེ། ཤིང་ཏོག་དེ་ མྱངས་ན་དེས་སྔོན་མ་མྱོང་བའི་རོ་མྱོང་ནས་དེ་འདི་སྙམ་དུ་སེམས་ཏེ། ཤིང་ཏོག་འདི་དག་ཁ་དོག་དང་ལྡན་ཞིང་ཤིང་ཏོག་འདི་དག་དྲི་དང་ལྡན། ཤིང་ཏོག་འདི་དག་རོ་དང་ལྡན་ཏེ་སྔོན་མ་མྱོང་གིས། 80-1-130b འདི་ལྟར་བདག་གིས་བརྩོན་འགྲུས་རབ་ཏུ་བརྩམས་ཏེ། ལག་པ་དང་རྐང་པས་འབད་ནས་ཤིང་ཏོག་གཞན་ཡང་བླང་སྙམ་སྟེ། རྒྱ་མཚོ་ཆེན་པོ་དེ་ལ་ཡང་ཞུགས་པ་དང་། དེས་ཕྱི་མ་མཐོང་ནས་ འདི་ལྟར་ཤིང་ཏོག་ཁ་དོག་དང་། དྲི་དང་། རོ་དང་ལྡན་ཞིང་སྨིན་པ་རྣམས་སྣ་ཚོགས་དེ་དག་ལས་བདག་གིས་མང་དུ་མ་བླངས་པས་ཡོངས་སུ་ཉམས་པར་གྱུར་ཏོ་ཞེས་དེ་སྡུག་བསྔལ་ཞིང་ཡིད་ མི་བདེ་ནས་འགྱོད་དོ། །དེ་བཞིན་དུ་ཤཱ་རིའི་བུ་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་ནུབ་པར་འགྱུར་བའི་དུས་ཀྱི་ཚེ་དད་པ་ཆུང་བ། གཏོང་བ་ཆུང་བ། ཤེས་རབ་ཆུང་བ། བརྩོན་འགྲུས་ཆུང་བ་འབྱུང་སྟེ། རྣམ་གྲངས་འགའ་ཞིག་གིས་འདི་ལྟ་བུའི་མདོ་སྡེ་དཀོན་མཆོག་ཉན་པར་འགྱུར་ཏེ། ཐོས་ནས་གང་ཅུང་ཟད་ཙམ་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ འཛིན་པ་དེ་དག་ལ་བདུད་སྡིག་ཅན་ཡོངས་སུ་འཚེ་བར་འགྱུར་རོ། །དེ་དག་ལ་སྐྱེ་བོ་མང་པོ་དགའ་བར་མི་འགྱུར། སྐྱེ་བོ་མང་པོས་མཆོད་པར་མི་འགྱུར། སྐྱེ་བོ་མང་པོས་བསྟོད་པར་མི་འགྱུར་ཏེ། མི་དགའ་མི་མཆོད། མི་བསྟོད་པར་རིག་ནས་ཡལ་བར་འདོར་རོ། །ཡང་དེ་དག་གིས་གང་ཐོས་པར་འགྱུར་བ་དང་། ཟིན་པར་འགྱུར་བ་ཡང་ཉུང་ཞིང་དོག་ལ་ཆུང་སྟེ། མི་མང་བས་དེ་ཕྱོགས་གཅིག་ཏུ་ སོང་ནས་སེམས་ལ་འཇོག་སྟེ། སེམས་ཀྱིས་ངེས་པར་རྟོག་ཅིང་དེ་དག་དགའ་བ་མི་སྐྱེ་ལ་འགྱོད་པར་འགྱུར་རོ། །ཀྱེ་མའོ་བདག་དེ་བཞིན་གཤེགས་པའི་བསྟན་པ་མཆོག་ལས་ཡོངས་སུ་ཉམས་ཏེ། ཆོས་མང་པོར་མ་ཐོས། ཆོས་མང་པོར་མ་བཟུང་ངོ་ཞེས་དེ་དག་ཡུད་ཙམ་ཞིག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྗེས་སུ་དྲན་པར་འགྱུར་རོ། །ཤཱ་རིའི་བུ་ 80-1-131a གཞན་ཡང་དེའི་དུས་ན་བདུད་ཀྱིས་བྱིན་གྱིས་བརླབས་པའི་དགེ་སློང་དག་འབྱུང་བར་འགྱུར་ཏེ། གང་མདོ་སྡེ་འདི་ཐོས་ནས་སྐྱེ་བོ་མང་པོའི་མདུན་དུ་མདོ་སྡེ་འདི་ནི་རང་བཟོར་བྱས་པ་ཡིན་ ཏེ། འདི་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ་ཞེས་སྤོང་བར་འགྱུར་རོ། །ཡང་ཤཱ་རིའི་བུ་དེའི་དུས་ན་དགེ་སློང་གང་ཐམས་ཅད་ཡོད་མི་ཉན་པ་དག་ཀྱང་འབྱུང་བར་འགྱུར་རོ། །དེ་ནས་ བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། འདི་འདྲ་བ་ཡི་ཆོས་ཐོས་ནས། བར་དུ་གཅོད་པར་ཡོད་མི་འགྱུར། སངས་རྒྱས་ཀྱི་ནི་ཆོས་ཐམས་ཅད། དེ་ལ་ བདག་ནི་ནེམ་ནུར་མེད། གང་དག་བསོད་ནམས་ཆུང་འབྱུང་བ། དེ་དག་འདི་འདྲ་ཉན་མི་འགྱུར། གང་དག་བསོད་ནམས་ཆུང་འབྱུང་བ། ཐོས་ནས་དད་པར་མི་འགྱུར་རོ། །གང་དག་བསོད་ནམས་ ལྡན་འབྱུང་བ། ཐོས་ནས་དད་པས་འཛིན་པར་འགྱུར། གང་དག་བསོད་ནམས་ཆུང་འབྱུང་བ། འདི་ནི་བསྟན་པ་མིན་ཞེས་ཟེར། དེ་དག་ངན་འགྲོར་འགྲོ་བར་འགྱུར། ས་ཡི་སྟེང་ན་དམུས་ལོང་བཞིན། བསོད་ནམས་ལྡན་འབྱུང་དེ་དག་ནི། ཐོས་ནས་རབ་ཏུ་དགའ་བར་འགྱུར། བདེ་འགྲོ་བར་ནི་དེ་དག་འགྲོ། །བྲིས་མ་མར་གྱི་སྙིང་པོ་བཞིན། གང་དག་བསོད་ནམས་ཆུང་འབྱུང་བ། ཐོས་ནས་ ཡིད་ནི་མི་བདེར་འགྱུར། དེ་དག་ཡུན་རིང་སྡུག་བསྔལ་ཏེ། མི་ཤེས་པས་ན་གྲོལ་མི་འགྱུར། ཉུང་དུ་ཐོས་པ་ཁ་ཅིག་ནི། དེ་དག་བདུད་ཀྱིས་ཡོངས་སུ་གཙེས། སངས་རྒྱས་བྱང་ཆུབ་ སྤངས་གྱུར་ནས། མྱུར་དུ་སེམས་ཅན་དམྱལ་བར་འགྲོ། ཤཱ་རིའི་བུ་དེ་བཞིན་གཤེགས་པའི་ཡེ་ཤེས་ནི་རྣམ་པར་དག་པ་སྟེ། ཤཱ་རིའི་བུ་འཁོར་བཞི་ལས་གང་ལ་ལ་ཐ་ན་དགེ་སློང་ 80-1-131b གཅིག་གམ། དགེ་སློང་མ་གཅིག་གམ་དགེ་སྙེན་གཅིག་གམ། དགེ་བསྙེན་མ་གཅིག་ཀྱང་། སངས་རྒྱས་ཀྱི་ཆོས་ནུབ་པར་འགྱུར་བའི་དུས་ཀྱི་ཚེ་ན་འདི་ལྟ་བུའི་མདོ་སྡེ་མཉན་ཏེ། ཐོས་ནས་ནན་ཏན་བྱེད་ཅིང་ འཛིན་པར་འགྱུར་བ་དང་། གང་གིས་ཐོས་ནས་སྤོང་བར་འགྱུར་བ་དང་། གང་ཐམས་ཅད་ཡོད་ཉན་པར་མི་འགྱུར་བ་དེ་ཀུན་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །དེ་ལ་གང་ཐོས་ནས་ ནན་ཏན་བྱེད་ཅིང་འཛིན་པར་འགྱུར་བ་དེ་དག་སྒྲིབ་པ་མེད་ཅིང་ཡོངས་སུ་དག་པ་བཞི་དང་ལྡན་པར་འགྱུར་རོ། །བཞི་གང་ཞེ་ན། ཚུལ་ཁྲིམས་རྣམ་པར་དག་ཅིང་སྒྲིབ་པ་མེད་པ་དང་ལྡན་པར་འགྱུར་བ་ དང་། དལ་བ་འབྱོར་པ་སོ་སོར་ཐོབ་པ་རྣམ་པར་དག་ཅིང་སྒྲིབ་པ་མེད་པ་དང་ལྡན་པར་འགྱུར་བ་དང་། སངས་རྒྱས་མངོན་སུམ་དུ་མཐོང་སྟེ། འགྲོགས་པ་རྣམ་པར་དག་པ་སྒྲིབ་པ་མེད་པ་དང་ ལྡན་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་བྱམས་པ་མཐོང་ནས་མཐོང་མ་ཐག་ཏུ་རྣམ་པར་དག་ཅིང་སྒྲིབ་པ་མེད་པར་འགྱུར་ཏེ། ཇི་ལྟར་དགེ་བའི་རྩ་བ་བསྐྱེད་པ་དང་། ཇི་ལྟར་སྦྱོར་བ་ དེ་བཞིན་དུ་སོ་སོར་མྱོང་བར་འགྱུར་ཏེ། ཤཱ་རིའི་བུ་རྣམ་པར་དག་ཅིང་སྒྲིབ་པ་མེད་པ་བཞི་པོ་དེ་དག་དང་ལྡན་པར་འགྱུར་རོ། །ཤཱ་རིའི་བུ་ཡང་དེའི་ཚེ་དེའི་དུས་ན་དམ་པའི་ཆོས་ནུབ་པར་འགྱུར་བ་དེའི་དུས་ ཀྱི་ཚེ། ཐེག་པ་ཆེན་པོ་ལ་གནས་པ་འདི་ལྟ་བུའི་མདོ་སྡེ་ལ་བརྩོན་པ་དག་འབྱུང་སྟེ། བརྩོན་འགྲུས་རབ་ཏུ་རྩོམ་པར་འགྱུར། འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་ པར་འགྱུར། འཆད་པར་འགྱུར། གཞན་དག་ལ་ཡང་གོ་བར་བྱེད་པར་འགྱུར། རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་འགྱུར་རོ། །དེའི་ཚེ་དེ་དག་ལ་བར་དུ་གཅོད་པ་བཅུ་འབྱུང་སྟེ། དེ་དག་མཁས་ 80-1-132a པས་ཁོང་དུ་ཆུད་པར་བྱའི། དེ་དག་གི་དབང་དུ་འགྲོ་བར་མི་བྱ་སྟེ། བརྩོན་འགྲུས་ཀྱང་བརྩམ་པར་བྱའོ། །བར་དུ་གཅོད་པར་འགྱུར་བ། གང་མཁས་པ་དག་གིས་ཁོང་དུ་ཆུད་པར་ བྱའི། དེ་དག་གི་དབང་དུ་འགྲོ་བར་མི་བྱ་བ་བཅུ་གང་ཞེ་ན། ཤཱ་རིའི་བུ་དགེ་སློང་དོན་དུ་གཉེར་བ་མངོན་པར་བརྩོན་པ་དག་ལ་མདོ་སྡེ་རྣམས་བརྩམས་ན་བདུད་སྡིག་ཅན་ཚིག་གཞིག་པར་བྱེད་དེ། དེ་ནི་བར་དུ་གཅོད་པ་དང་པོ་སྟེ། མཁས་པས་ཁོང་དུ་ཆུད་པར་བྱའི། དེའི་དབང་དུ་འགྲོ་བར་མི་བྱའོ། །ཤཱ་རིའི་བུ་གཞན་ཡང་དགེ་སློང་དོན་དུ་གཉེར་བ་མངོན་པར་བརྩོན་པ་དག་ལ་མདོ་སྡེ་རྣམས་ བརྩམས་ན་མིག་ནད་འབྱུང་བ་དེ་ནི་བར་དུ་གཅོད་པ་གཉིས་པ་སྟེ། མཁས་པས་ཁོང་དུ་ཆུད་པར་བྱའི། དེའི་དབང་དུ་འགྲོ་བར་མི་བྱའོ། །ཤཱ་རིའི་བུ་གཞན་ཡང་དགེ་སློང་དོན་དུ་གཉེར་བ་མངོན་ པར་བརྩོན་པ་དག་ལ་མདོ་སྡེ་རྣམས་བརྩམས་ན་ཡན་ལག་དང་ཉིང་ལག་ན་པར་འགྱུར་བ་དེ་ནི་བར་དུ་གཅོད་པ་གསུམ་པ་སྟེ། མཁས་པས་ཁོང་དུ་ཆུད་པར་བྱའི། དེའི་དབང་དུ་འགྲོ་བར་མི་བྱའོ། ། ཤཱ་རིའི་བུ་གཞན་ཡང་དགེ་སློང་དོན་དུ་གཉེར་བ་མངོན་པར་བརྩོན་པ་དག་ལ་མདོ་སྡེ་རྣམས་བརྩམས་ན་གནས་ལ་མི་དགའ་བར་འགྱུར་ཞིང་འགྲོ་བའི་སེམས་སྐྱེད་པར་འགྱུར་བ་དེ་ནི་བར་དུ་གཅོད་པ་ བཞི་པ་སྟེ། མཁས་པས་ཁོང་དུ་ཆུད་པར་བྱའི། དེའི་དབང་དུ་འགྲོ་བར་མི་བྱའོ། །ཤཱ་རིའི་བུ་གཞན་ཡང་དགེ་སློང་དོན་དུ་གཉེར་བ་མངོན་པར་བརྩོན་པ་དག་ལ་མདོ་སྡེ་རྣམས་བརྩམས་ན་ཕན་ཚུན་ ཁྲོ་བ་སྐྱེད་པར་འགྱུར་ཞིང་ཁྲོ་བའི་ཟིལ་གྱིས་ནོན་པས་གཅིག་ལ་གཅིག་གནོད་པའི་སེམས་ཀྱིས་འདི་ལྟ་བུའི་མདོ་སྡེ་ལ་གནས་པར་མི་འགྱུར་བ་དེ་ནི་གཅོད་པ་ལྔ་པ་སྟེ། མཁས་པས་ 80-1-132b ཁོང་དུ་ཆུད་པར་བྱའི། དེའི་དབང་དུ་འགྲོ་བར་མི་བྱའོ། །ཤཱ་རིའི་བུ་གཞན་ཡང་དགེ་སློང་དོན་དུ་གཉེར་བ་མངོན་པར་བརྩོན་པ་དག་ལ་མདོ་སྡེ་རྣམས་བརྩམས་ན་རྩོད་པའི་གཞི་འབྱུང་ཞིང་གནས་པར་ འགྱུར། ཐབ་མོ་འབྱུང་བ་དང་། མཚང་འདྲུ་བ་འབྱུང་བ་དང་། འགྱེད་པ་དང་། ངན་སེམས་ལྡན་པར་གྱུར་པས་གཅིག་ལ་གཅིག་དག་གི་མདུང་ཐུང་བརྒྱས་མངོན་པར་རྩོད་ཅིང་འཚེ་བ་ལ་གནས་པར་ འགྱུར་རོ། །དེ་དག་རྩོད་པའི་གཞི་བྱུང་བ་དང་། མཚང་འདྲུ་བ་འབྱུང་བ་དང་། འགྱེད་པ་དང་། གནོད་སེམས་དང་ལྡན་ཞིང་ཕན་ཚུན་ངག་གི་མདུང་ཐུང་བརྒྱས་རྩོད་ཅིང་གཙེ་བ་ལ་གནས་པས་བར་དུ་གཅོད་ པར་འགྱུར་ཏེ། སྨོད་པའི་ལས་ཀྱི་ཕྱིར་འདི་ལྟ་བུའི་མདོ་སྡེ་མི་བརྗོད་པ་བྱ་བ་ལ་བརྩོན་པར་འགྱུར་བ་དེ་ནི་བར་དུ་གཅོད་པ་དྲུག་པ་སྟེ། མཁས་པས་ཁོང་དུ་ཆུད་པར་བྱའི། དེའི་དབང་དུ་འགྲོ་བར་ མི་བྱའོ། །ཤཱ་རིའི་བུ་གཞན་ཡང་དགེ་སློང་དོན་དུ་གཉེར་བ་མངོན་པར་བརྩོན་པ་དག་ལ་མདོ་སྡེ་རྣམས་བརྩམས་ན་ཁྱིམ་པ་དང་རབ་ཏུ་བྱུང་བ་ལ་བདུད་སྡིག་ཅན་ཀུན་ནས་སློང་བར་འགྱུར་རོ། ། དེ་དག་བདུད་སྡིག་ཅན་གྱིས་ཀུན་ནས་བསླངས་ནས་འདི་ལྟ་བུའི་མདོ་སྡེ་ལ་ནན་ཏན་མི་བྱེད་པ་དང་། རབ་ཏུ་སྨོད་ཅིང་སྤོང་བའི་ལས་ལ་སྤྲོ་བར་འགྱུར་བ་དེ་ནི་བར་དུ་གཅོད་པ་བདུན་པ་སྟེ། མཁས་པས་ཁོང་དུ་ཆུད་པར་བྱའི། དེའི་དབང་དུ་འགྲོ་བར་མི་བྱའོ། །ཤཱ་རིའི་བུ་གཞན་ཡང་དགེ་སློང་རྣམས་དེའི་ཚེ་དེའི་དུས་ན་དམ་པའི་ཆོས་ནུབ་པའི་དུས་ཀྱི་ཚེ་འདི་ལྟ་བུའི་མདོ་སྡེ་ དང་། ཆོས་འདུལ་བ་ལ་བརྩོན་པའི་དགེ་སློང་གཞོན་ནུ་རིང་པོར་མ་ལོན་པ་འབྱུང་བར་འགྱུར་ཏེ། དེ་དག་དེས་པ་དང་། དད་པ་དང་། ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་ 80-1-133a རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་དེ་དག་འདི་ལྟ་བུའི་མདོ་སྡེ་མཉན་ཏེ་ཐོས་ནས་དགའ་བ་དང་། མོས་པ་རྒྱ་ཆེན་པོ་ཐོབ་པར་འགྱུར་བ་དེ་དག་ལ་དེ་དག་གི་མཁན་ པོ་དང་། སློབ་དཔོན་གྱིས་ཆོས་དཀའ་པོ་གཅོད་པར་བྱེད་དེ། འདི་ནི་སངས་རྒྱས་ཀྱི་ཚིག་མ་ཡིན། འདི་ནི་སངས་རྒྱས་ཀྱི་བྱང་ཆུབ་མ་ཡིན། འདི་ནི་འདུལ་བ་མ་ཡིན། འདི་ནི་སྟོན་པའི་ བསྟན་པ་མ་ཡིན་ནོ་ཞེས་བཟློག་པ་དང་། དེ་དག་དད་པས་རབ་ཏུ་བརྟགས་ནས་འདི་ནི་བདག་གི་དོན་འདོད་པ་ཡང་དག་པ་ཡིན་ནོ་ཞེས་སྨྲས་ནས་སངས་རྒྱས་ཀྱི་བྱང་ཆུབ་སྤོང་བར་འགྱུར་རོ། ། དགེ་སློང་སེར་བུ་དེ་དག་དད་པ་དང་། ཡིད་ཆེས་པས་རབ་ཏུ་བརྟགས་ནས་སྔོན་གྱི་དགེ་བའི་རྩ་བ་ཀུན་འཇོམས་པར་འགྱུར། ཡང་དག་པར་གཅོད་པར་འགྱུར་རོ། །དེ་དག་དགེ་བའི་རྩ་བ་ཆད་ནས་ བདུད་སྡིག་ཅན་གྱིས་ཀུན་ནས་བསླངས་ནས་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་མངོན་པར་འདུ་བྱེད་པར་འགྱུར་ཏེ། དེ་དག་འཆི་བའི་དུས་ཀྱི་ཚེ་མ་དུལ་བར་འཆི་བར་འགྱུར། འཆི་བ་ཆེན་པོར་མངོན་ པར་འགྲོ་བར་འགྱུར། སེམས་ཅན་དམྱལ་བའི་ལུས་མངོན་པར་འདུ་བྱེད་པར་འགྱུར་ཏེ། དེ་དག་ཀྱང་ཤཱ་རིའི་བུ་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །གང་ཡོངས་སུ་སྤོང་བར་འགྱུར་བ་དང་། སེམས་ ཅན་ཇི་སྙེད་ཡོངས་སུ་སྤོང་བར་འགྱུར་བ་དང་། གང་འོངས་ནས་ཡོངས་སུ་སྤོང་བར་འགྱུར་བ་དང་། སོང་ནས་ཡོངས་སུ་སྤོང་བར་འགྱུར་བ་དེ་དག་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། དེ་ལ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་ཤིང་ཐེག་པ་ཆེན་པོ་ལ་ཞུགས་པས་འདུ་ཤེས་བཞི་བསྐྱེད་པར་བྱའོ། །བཞི་གང་ཞེ་ན། བདག་གདུལ་བའི་འདུ་ཤེས་བསྐྱེད་པར་ 80-1-133b བྱ་བ་དང་། བདག་གིས་བྱས་པ་ལ་སོ་སོར་བརྟག་པར་བྱའི། གཞན་གྱིས་བྱས་པ་ལ་མ་ཡིན་པ་དང་། སེམས་ཅན་གཞན་ལ་སྙིང་རྗེ་བའི་འདུ་ཤེས་སྐྱེད་པར་བྱ་བ་དང་། རང་གི་སེམས་རྗེས་ སུ་སྲུང་བ་དང་། གཞན་གྱི་སེམས་རྗེས་སུ་སྲུང་ཞིང་དགོན་པ་ནགས་ཀྱི་བས་མཐའི་གནས་མལ་དུ་གནས་པར་བྱ་བ་སྟེ། འདུ་ཤེས་འདི་བཞི་བསྐྱེད་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་དེའི་ དུས་ན་སྐྱེ་བོ་མང་པོ་ལོག་པར་ལྟ་བ་ཡོངས་སུ་འཛིན་པར་འགྱུར་རོ། །དེའི་དུས་ན་ཆོས་སྨྲ་བའི་དགེ་སློང་ཉུང་བར་འགྱུར་ཞིང་དེ་དག་ལ་ཡང་བརྙས་པར་འགྱུར། སྟི་སྟང་མི་བྱེད། བླ་མར་མི་བྱེད་ རི་མོར་མི་བྱེད། མཆོད་པར་མི་བྱེད། གཙང་བར་མི་བྱེད། རྟེན་པར་མི་བྱེད། བསྙེན་བཀུར་མི་བྱེད་དོ། །དེའི་དུས་ན་ཆོས་མ་ཡིན་པར་སྨྲ་བའི་དགེ་སློང་དག་ལ་སྐྱེ་བོ་མང་པོ་སྟེན་པར་ འགྱུར། སྟི་སྟང་བྱེད། བླ་མར་བྱེད། རི་མོ་བྱེད། མཆོད་པར་བྱེད་དེ། རབ་ཏུ་རྒོད་པ་དང་། ཤིན་དུ་སྟོབས་དང་ལྡན་པར་འགྱུར་ཏེ། དེ་དག་མདོ་སྡེ་འདི་ལྟ་བུ་ལ་འཕྱ་ཞིང་སྟིང་བར་འགྱུར་རོ། །དེ་ལ་ ཤཱ་རིའི་བུ་གང་མི་འདོད་པ་དེ་དག་ནི་མི་འདོད་པ་ཉིད་ཏུ་འགྱུར་རོ། །གང་འདོད་པ་དེ་དག་ཀྱང་འདོད་པ་ཉིད་ཏུ་འགྱུར་རོ། །གང་འདི་ལྟ་བུའི་མདོ་སྡེ་འདི་ལ་འཇུག་པར་འགྱུར་བ་དེ་དག་ནི་སྐྱེ་བོ་མང་པོའི་ དོན་དུ་འཆད་པར་མི་འགྱུར་ཏེ། དེ་ནི་བར་དུ་གཅོད་པ་བརྒྱད་པ་སྟེ། མཁས་པ་དག་གིས་ཁོང་དུ་ཆུད་པར་བྱའི། དེའི་དབང་དུ་འགྲོ་བར་མི་བྱའོ། །ཤཱ་རིའི་བུ་གཞན་ཡང་དེའི་ཚེ་དགེ་སློང་འདོད་པའི་ ཟིལ་གྱིས་ནོན་པ་དཀུ་བ་མང་པོ་དག་འབྱུང་སྟེ། དེ་དག་ཆོས་གསུམ་ལ་བརྩོན་པར་འགྱུར་རོ། །གསུམ་གང་ཞེ་ན། ལྷུང་བཟེད་དང་། ཆོས་གོས་ཀུན་དུ་ཚོལ་བ་དང་། བཟའ་བ་དང་། བཏུང་བ་ལ་ཆགས་ 80-1-134a པ་དང་། འཇིག་རྟེན་རྒྱང་པན་པ་ཚོལ་བ་ལ་བརྩོན་པར་འགྱུར་བ་སྟེ། འདི་གསུམ་ལ་བརྩོན་པར་འགྱུར་བ་དེ་ནི་བར་དུ་གཅོད་པ་དགུ་པ་སྟེ། མཁས་པ་དག་གིས་ཁོང་དུ་ཆུད་པར་བྱའི། དེ་དག་གི་དབང་དུ་འགྲོ་བར་མི་བྱའོ། །ཤཱ་རིའི་བུ་གཞན་ཡང་དེའི་ཚེ་དེའི་དུས་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་འདི་ལྟ་བུའི་མདོ་སྡེ་ལ་རབ་ཏུ་བརྩོན་པ་དག་འབྱུང་སྟེ། བརྩོན་འགྲུས་ རབ་ཏུ་རྩོམ་པ་དང་། འཛིན་པ་དང་། ཡི་གེར་བྲིས་ནས་འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་གོ་བར་བྱེད་ཅིང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་འགྱུར་ བ་དེ་དག་བདུད་ཀྱིས་བྱིན་གྱིས་བརླབས་ནས་ལས་ཀྱི་སྒྲིབ་པས་བསྒྲིབ་པར་འགྱུར། ཉོན་མོངས་པའི་སྒྲིབ་པས་བསྒྲིབས་པར་འགྱུར་ཏེ། དེ་དག་ལས་ལ་དགའ་བར་འགྱུར། ལས་ལ་དགའ་ ཞིང་ལས་ལ་དགའ་བའི་སྦྱོར་བ་ལ་བརྩོན་པར་འགྱུར། སྨྲ་བ་ལ་དགའ་བར་འགྱུར། སྨྲ་བ་ལ་དགའ་ཞིང་སྨྲ་བ་ལ་དགའ་བའི་སྦྱོར་བ་ལ་བརྩོན་པར་འགྱུར། གཉིད་ལ་དགའ་བར་འགྱུར། གཉིད་ ལ་དགའ་ཞིང་གཉིད་ལ་དགའ་བའི་སྦྱོར་བ་ལ་བརྩོན་པར་འགྱུར། འདུ་འཛི་ལ་དགའ་བར་འགྱུར། འདུ་འཛི་ལ་དགའ་ཞིང་འདུ་འཛི་ལ་དགའ་བའི་སྦྱོར་བ་ལ་བརྩོན་པར་འགྱུར་ཏེ། དེ་དག་འདི་ལྟ་ བུའི་མདོ་སྡེ་འདི་འཛིན་པར་མི་འགྱུར། འཆང་བར་མི་འགྱུར། ཀློག་པར་མི་འགྱུར། ཀུན་ཆུབ་པར་བྱེད་པར་མི་འགྱུར། ཕ་རོལ་ལ་གོ་བར་བྱེད་པར་མི་འགྱུར། ཕ་རོལ་ལ་རྒྱ་ཆེར་ཡང་དག་ པར་རབ་ཏུ་སྟོན་པར་མི་འགྱུར་ཏེ། ཤཱ་རིའི་བུ་དེ་བཞིན་གཤེགས་པའི་བསྟན་པའི་བར་དུ་གཅོད་པར་འགྱུར་བ་དང་། དེ་བཞིན་གཤེགས་པའི་བསྟན་པ་རབ་ཏུ་འཇིག་པར་བྱེད་པ་ནི་དགེ་སློང་ 80-1-134b སྡིག་ཅན་ལས་གཞན་གང་ཡང་མེད་དོ། །ཤཱ་རིའི་བུ་དེ་ནི་དེའི་དུས་ན་པར་དུ་གཅོད་པར་འགྱུར་བ་བཅུ་པ་སྟེ། ཤཱ་རིའི་བུ་མཁས་པ་དག་གིས་དེ་ཁོང་དུ་ཆུད་པར་བྱའི། དེའི་དབང་དུ་འགྲོ་བར་མི་བྱའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །དེ་ནི་བདུད་ཀྱི་ལས་ཀྱིས་ནི། བར་དུ་གཅོད་པ་མང་པོ་འབྱུང་། དཀར་པོའི་ཆོས་ནི་སྤོང་བར་འགྱུར། དབེན་ བ་དག་ནི་འདོད་པ་མེད། ཤེས་རབ་ཆུང་ཞིང་བློ་ངན་པས། དམ་པའི་ཆོས་ལ་མི་གནས་ཤིང་། ཆོས་མ་ཡིན་པ་སྤྱད་བྱས་ཏེ། དེ་དག་ངན་འགྲོ་སྤྱོད་ཡུལ་འགྱུར། དེ་ནི་འཆི་བའི་དུས་ཀྱི་ཚེ། བླ་མ་ མཁན་པོ་སློབ་དཔོན་རྣམས། མགོན་དང་སྐྱབས་ནི་བྱེད་འགྱུར་ཡང་། དེ་དག་ངན་འགྲོར་འགྲོ་བར་འགྱུར། བདག་གིས་བསྐལ་བ་བྱེ་སྟོང་དུ། སྡུག་བསྔལ་འཇིག་རྟེན་དོན་སྤྱད་ན། མེ་ གསུམ་དག་གིས་ཚིག་པ་ཡི། སེམས་ཅན་ཇི་ལྟར་འགྲོལ་བར་འགྱུར། བདག་གིས་བྱང་ཆུབ་མཆོག་ཐོབ་སྟེ། ཚངས་པའི་འཁོར་ལོ་རབ་བསྐོར་བས། ལྷ་དང་བཅས་པའི་འཇིག་རྟེན་ན། བདག་མཚུངས་མེད་ན་ག་ལ་ལྷག །འཇིག་རྟེན་འདི་ན་རབ་དཀོན་པའི། ང་ལ་བཏང་སྙོམས་དེ་དག་བྱེད། ཕ་རོལ་ཕྱོགས་ནི་བསྙེན་པ་དང་། དེ་དག་རབ་ཏུ་སྡུག་བསྔལ་འགྱུར། བྱང་ཆུབ་ ཀྱི་ནི་ལམ་རྒྱུ་ཡི། སྦྱིན་པ་ལས་ནི་ཟློག་པར་བྱེད། སངས་རྒྱས་བསྟན་དང་གང་ལྡན་པ། ལམ་དག་ལས་ཀྱང་རྨོངས་པར་བྱེད། འདི་འདྲ་བ་ཡི་ཆོས་ཐོས་ནས། གང་དུ་སྟོང་པ་ཉིད་ བསྔགས་ཤིང་། ནན་ཏན་ལ་ནི་གང་གནས་ལ། བར་དུ་གཅོད་པ་འབྱུང་བར་འགྱུར། འདི་མཆོག་ཡང་དག་འདི་ཡིན་ཞེས། ཡང་དག་མིན་ལ་ཡང་དག་འཛིན། དམ་པའི་ཆོས་རྣམས་ 80-1-135a སྨོད་པ་ལ། །བར་དུ་གཅོད་པ་མི་འབྱུང་ངོ་། །སངས་རྒྱས་ལ་ནི་དགའ་བ་དང་། །གུས་པ་བརྟན་པར་གང་འགྱུར་བ། །དེ་དག་འདི་འདྲའི་ཆོས་ཐོས་ནས། །བཟང་པོ་རྣམས་ ནི་དགའ་བར་འགྱུར། །དགའ་བ་སྐྱེས་པར་རིག་ནས་ནི། །བདུད་རྣམས་ཡིད་ནི་མི་བདེ་ནས། །དེ་ལ་དེ་དག་བར་ཆད་རྣམས། །རབ་ཏུ་འཇིག་པ་བྱེད་པར་འགྱུར། །དགེ་སློང་ཆ་བྱད་བརྒྱུར་ བྱས་ནས། །འདི་ནི་བྱང་ཆུབ་ལམ་མིན་ན། །ཅི་ཕྱིར་འདི་ལ་ཡོངས་རྒྱུག་ཅེས། །དེ་ནི་རབ་ཏུ་འགྱོད་པར་བྱེད། །མདོ་སྡེ་འདི་ལ་རྒྱུ་ཡོད་དེ། །སྙིང་པོ་བརྟན་པར་རབ་གནས་ལ། །འཁྲུག་པར་འགྱུར་ བ་བསྐྱེད་བྱས་ནས། །ཕྱིས་ནི་རབ་ཏུ་སྤོང་བར་འགྱུར། །བདུད་ཀྱིས་ཀུན་ནས་བསླང་གྱུར་ནས། །ཇི་ལྟར་བདེ་བ་བཞིན་དུ་བཟུང་། །འདི་ནི་ཆོས་མིན་ཞེས་སྨྲས་ནས། །དེས་ནི་མྱ་ངན་འདས་ པ་སྤངས། །དེ་དག་སྟོན་པ་བཏང་ནས་ནི། །ཆོས་ལ་དོན་དུ་གཉེར་བ་མེད། །བདག་ལ་སྲེད་པ་བསྐྱེད་བྱས་ནས། །སེམས་ཅན་དམྱལ་བར་མྱུར་དུ་འགྲོ། །གང་དག་ཆུང་ངུ་བྱུང་བ་ནི། །སྟོང་ བའི་ཆོས་རྣམས་མི་གཉེར་ཏེ། །ཡུལ་ནི་སོ་སོར་གནས་གྱུར་ནས། །མི་འདུམ་པ་དང་ལྡན་པར་འགྱུར། །ཆོས་རྣམས་ཀྱི་ནི་མཆོག་འདི་ཡང་། །མཉན་ནས་འགལ་བ་སྨྲ་བར་བྱེད། །དངངས་ ཤིང་སྐྲག་ནས་རབ་འབྲོས་པ། །ཕྱི་མའི་དུས་ན་བྱེད་པར་འགྱུར། །མི་ཆུང་བ་དག་གཞན་རྣམས་ནི། །སྟོན་པར་བྱེད་པར་མི་འབྱུང་སྟེ། །གང་དག་ཆུང་ངུར་གྱུར་པ་རྣམས། །དེ་དག་རྣམས་ ཀྱང་བཏང་སྙོམས་འགྱུར། །འཇིག་རྟེན་མགོན་གྱི་བསྟན་པ་ལ། །འདི་ལྟ་བུ་ཡི་ཆོས་འདི་ཡི། །བར་དུ་གཅོད་པ་མང་འབྱུང་སྟེ། །མེ་ལྕེ་ཅི་འདྲ་བཞིན་དུ་འགྱུར། །དེ་ནི་རབ་དུ་ངེས་པ་རྣམས།། 80-1-135b སྲོག་བོར་དགོན་པར་གནས་པར་འགྱུར། །ཆོས་འདི་དག་ནི་བསྒོམ་བྱས་ནས། །མྱུར་དུ་བདེ་འགྲོར་འགྲོ་བར་འགྱུར། །དེ་ལ་ཤཱ་རིའི་བུ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པས་འདི་ ལྟ་བུའི་མི་བཟོད་པ་དང་། །མི་བསྔགས་པ་དང་། །དམ་པའི་ཆོས་རབ་ཏུ་འཇིགས་པ་མཐོང་ནས་བརྩོན་འགྲུས་ཆེན་པོའི་སྟོབས་ཀྱིས་ཤུགས་རབ་ཏུ་བསྐྱེད་དེ། འདི་ལྟ་སྟེ། འདི་ལྟ་བུའི་མདོ་སྡེ་ བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་མཉན་པར་བྱ། གཟུང་བར་བྱ། ཡི་གེར་བྲིས་ནས་བཅང་བར་བྱ། གཞན་ལ་ཡང་གོ་བར་བྱ། རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ པར་བྱའོ། །དེས་ཡང་འདུ་ཤེས་བཞི་བསྐྱེད་པར་བྱ་སྟེ། བཞི་གང་ཞེ་ན། བདག་གི་ཕའི་ནོར་གྱི་ཕུང་པོ་འདི་རབ་ཏུ་འཇིག་པར་འགྱུར་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་ནས་བཟུང་སྟེ། དཀའ་བ་སྤྱད་པ་ཡིན་ན་དེའི་ཕྱིར་འདི་རབ་ཏུ་ འཇིག་པར་འགྱུར་བ་གཟུང་བར་བྱ། ཀུན་ནས་རབ་ཏུ་གཟུང་བར་བྱ་སྟེ། ཆུད་ཟ་བར་མི་བྱའོ། །བརྩོན་འགྲུས་བརྩམ་མོ། །འདི་ལྟ་སྟེ། དཔེར་ན་ཤཱ་རིའི་བུ་སྐྱེས་བུ་ཞིག་ལ་བུ་གཅིག་ཅིག་ ཡོད་ལ་བྱམས་སྡུག་ཡིད་དུ་འོང་ཞིང་མི་མཐུན་པ་མེད་པར་སྣང་བ་དེ་གཡང་ས་ཆེན་པོར་ལྷུང་བར་འགྱུར་བ་དང་། དེས་དེ་ལག་གིས་བཟུང་སྟེ། སེམས་ཅན་དམྱལ་བའི་གཡང་ས་འདིར་ ལྷུང་བར་མ་གྱུར་ཅིག་ཅེས་འཛིན། རབ་ཏུ་འཛིན་པ་དེ་བཞིན་དུ་ཤཱ་རིའི་བུ་གང་སྐྱེས་བུ་དམ་པ་དེ་དག་ང་ལ་དད་ཅིང་ཆོས་དཀོན་མཆོག་བླ་ན་མེད་པ་འདི་ཡང་ཡོངས་སུ་མི་གཏོང་ཞིང་མྱ་ 80-1-136a ངན་ལས་འདས་པ་ལ་ཡང་རེ་བར་འགྱུར་བ་དེ་དག་དེའི་དུས་ན་དམ་པའི་ཆོས་ཡོངས་སུ་འཛིན་པར་འགྱུར་བས་ངས་དེ་དག་ལ་བྱང་ཆུབ་མཆོག་འདི་གཏད་པར་བྱའོ། ། འདི་ལྟ་སྟེ། དཔེར་ན་ཤཱ་རིའི་བུ་གཡུལ་ཆེན་པོའི་ནང་ན་གང་སྐྱེ་བོ་མང་པོ་སྲུང་བའི་ཕྱིར་དམག་གི་མདུན་ན་འདུག་པར་འགྱུར་བའི་སེམས་ཅན་དེ་དག་ནི་ཉུང་བར་འགྱུར་རོ། །ཡང་ཤཱ་རིའི་བུ་གང་ དཔའ་བ་འོས་སུ་གྱུར་བར་བྱས་པ། གཡུལ་ལས་རྣམ་པར་རྒྱལ་བ་དེ་དག་དེ་ན་གཡུལ་མི་བཟད་པ་ཆེན་པོའི་དུས་ན་སྐྱེ་བོ་མང་པོའི་ཕྱིར་དམག་གི་མདུན་ན་འདུག་པ་དེ་བཞིན་དུ་ཤཱ་རིའི་བུ་དེའི་ ཚེ་དམ་པའི་ཆོས་རབ་ཏུ་འཇིག་པ་ཉེ་བར་གནས་པ་ན་གང་ལྷག་པའི་བསམ་པ་ཡོངས་སུ་མྱ་ངན་ལས་འདས་པ་འདོད་པ། །དཔའ་བ། བརྩོན་འགྲུས་བརྟན་པ། གོ་ཆ་སྲ་བ་བགོས་པ་དེ་དག་ བརྩོན་འགྲུས་ཆེན་པོའི་སྟོབས་བསྐྱེད་དེ། །བདུད་ཀྱི་དམག་ལས་རྒྱལ་ཞིང་འདི་ལྟ་བུའི་ཆོས་དཀོན་མཆོག་འདི་ལས་སྙིང་པོ་ཅུང་ཟད་ཙམ་ལེན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་ཡོངས་སུ་སྤོང་བ་ལ་ཡང་རྗེས་སུ་ཡི་རང་བར་མི་བྱེད་ཅིང་རྩོད་པར་མི་བྱེད་ལ། །འདི་ནི་སངས་རྒྱས་ཀྱིས་བཤད་པ་ཡང་དག་པའོ་ཞེས་སྐྱེ་བོ་ མང་པོ་ལ་སྒྲོགས་ཤིང་ཤེས་པར་བྱེད་པ་དེ་ནི་འདས་པ་དང་། །མ་འོངས་པ་དང་། ད་ལྟར་གྱི་སངས་རྒྱས་བཅོམ་འདས་རྣམས་ཀྱི་ལེགས་པར་བཤད་པ་ལ་རྗེས་སུ་ཡི་རང་བ་སྟེ། ཤཱ་རིའི་བུ་དེ་ལྟ་བུའི་གང་ཟག་རྣམས་ལ་བསོད་ནམས་ཀྱི་རྣམ་པར་སྨིན་པ་ཆུང་ངུ་ཞེས་ང་མི་འཆད་དེ། །ནམ་མཁའ་དང་མཉམ་པའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་རོ།། 80-1-136b དེ་ཅིའི་ཕྱིར་ཞེ་ན། །ཤཱ་རིའི་བུ་སྐྱེས་བུ་དམ་པ་དེ་ལྟ་བུ་ནི་ཤིན་དུ་དཀོན་ཏེ། །སྐྱེས་བུ་མཆོག་ཅེས་བརྗོད་དོ། །སྐྱེས་བུ་རབ་ཅེས་བརྗོད་དོ། །སྐྱེས་བུ་དཔའ་བོ་ཞེས་བརྗོད་དོ། ། སྐྱེས་བུ་ཆེན་པོ་ཞེས་བརྗོད་དོ། །དེ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་ཕྱོགས་སོ། །དེ་དག་སྡེར་མི་སྨྲ་མི་འཁྲུག་གོ། །དེ་དག་ནན་ཏན་སྙིང་པོར་བྱེད་པ་སྟེ། ཤཱ་རིའི་བུ་འཆི་ བའི་མཐའི་བར་དུ་ནན་ཏན་སྙིང་པོར་བྱའོ། །འཆི་བའི་མཐའི་བར་དུ་དམ་པའི་ཆོས་ཡོངས་སུ་གཟུང་བར་བྱའོ། །འཆི་བའི་མཐའི་བར་དུ་སྟོང་པ་ཉིད་ལ་མོས་པར་བྱའོ། །ཤཱ་རིའི་བུ་ ཆོས་དེ་བཞི་དང་ལྡན་ན་དེའི་ཚེ་དེའི་དུས་ན་དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པའི་དུས། དམ་པའི་ཆོས་ནུབ་པར་འགྱུར་བའི་དུས། །ཚུལ་ཁྲིམས་འཆལ་བའི་ཕྱོགས་མང་བའི་ དུས། །འཇིག་རྟེན་རྒྱང་པན་པའི་གསང་ཚིག་ཀུན་དུ་ཚོལ་བ་མང་བའི་དུས། །བསྐལ་པ་སྙིགས་མའི་དུས། སེམས་ཅན་སྙིགས་མའི་དུས། ཚེ་སྙིགས་མའི་དུས། ཉོན་མོངས་ པ་སྙིགས་མའི་དུས། ལྟ་བ་སྙིགས་མའི་དུས་ན་དུས་གསུམ་ལ་གནས་པར་བྱ། ཐབ་མོ་ཉེ་བར་ཞི་བ་ལ་གནས་པར་བྱ། །སངས་རྒྱས་ཀྱི་བྱང་ཆུབ་དང་འབྲལ་བར་མི་འགྱུར་བར་ བྱ་སྟེ། །ཤཱ་རིའི་བུ་དུས་འདི་གསུམ་ལ་རབ་ཏུ་གནས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །མཆོག་གི་ཆོས་དང་འབྲལ་བར་མི་ འགྱུར་ཏེ། རྒ་ཤི་ཟད་པར་བྱེད་དང་ལྡན་པར་འགྱུར། །དེ་ལ་ཕྱིར་ཞིང་ཉམས་པར་མི་འགྱུར་ཏེ། །བདག་དོན་སྐྱེ་མད་དོན་ཕན་ལྡན་པར་འགྱུར། །གང་དག་ངས་བསྟན་ཆོས་ཐོས་ནས།། 80-1-137a ཚུལ་བཞིན་གནས་པར་འགྱུར་བ་དག །དེ་ཡི་སྟོན་པ་ང་ཡིན་ཏེ། །དེ་དག་ང་ཡི་ཉན་ཐོས་ཡིན། །གང་དག་ཆོས་རྣམས་ཐོས་གྱུར་ནས། །ཚུལ་བཞིན་གནས་པ་མ་ཡིན་པ། ། དེ་དག་ངན་འགྲོར་འགྲོ་འགྱུར་ཏེ། །ཇི་ལྟར་རྒྱ་མཚོར་ཤིང་རྟ་བཞིན། །བསྐལ་པ་བྱེ་བ་ཕྲག་སྟོང་དུ། །སངས་རྒྱས་འབྱུང་བར་རབ་དཀའ་བ། །རྙེད་ནས་མཉེས་པར་མི་བྱེད་པ། །དེ་དག་རྣམས་ ཀྱང་བདུད་དབང་སོང་།། །། བམ་པོ་བཅུ་གསུམ་པ། །ཤཱ་རིའི་བུ་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་དགུ་བཅུ་རྩ་གཅིག་ཏུ་གྱུར་པ་དེའི་ཚེ་དེའི་དུས་ན། །དེ་བཞིན་གཤེགས་ པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བ་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་ བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་བ་དེའི་གསུང་རབ་ལ་སྡིག་པའི་དགེ་སློང་དྲུག་འདི་ལྟ་སྟེ། ཤིན་དུ་མཐོང་ཞེས་བྱ་བ་དང་། རྙེད་སླ་དང་། དགའ་བྱེད་དང་། དགེ་བྱེད་དང་། གྲགས་པ་དང་། མེས་བྱིན་ཞེས་བྱ་བ་རྣམས་བྱུང་སྟེ། བདག་ཏུ་སྨྲ་བ། གང་ཟག་ཏུ་སྨྲ་བ། ཆད་པར་སྨྲ་བ། རྟག་པར་སྨྲ་བ་རྣམས་འགྲོགས་སྡོང་ཞིང་ ཕན་ཚུན་དུ་ཡིད་རྟེན་ཅིང་གནས་པ་དེ་དག་གི་ཁྲིམས་འདི་ལྟ་བུ་ཞིག་བྱས་ཏེ། བདག་ཅག་རེ་རེས་ཀྱང་ཁྱིམ་བརྒྱ་བརྒྱ་གཟུང་བར་བྱའོ། །ཁྱིམ་བརྒྱ་ཡོངས་སུ་རྫོགས་པ་ལ་དེར་འོངས་ཏེ་གཅིག་ལ་ གཅིག་བསྙད་པར་བྱའོ་ཁྱིམ་ཉི་ཤུ་དང་། སུམ་བཅུ་དང་། བཞི་བཅུ་དང་། ལྔ་བཅུ་དང་། བརྒྱར་མ་གྲུབ་པ་ལ་བསྙད་པར་བྱའོ་ཞེས་དེ་ལྟ་བུའི་ཁྲིམས་བྱས་ནས་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། 80-1-137b ལྗོངས་དང་། ཡུལ་དང་། ཕོ་བྲང་འཁོར་དུ་དོང་ནས་དེ་དག་ཐམས་ཅད་ཁྱིམ་གཅིག་ཏུ་དོང་ངོ་། ཁྱིམ་དུ་དོང་ནས་གཅིག་ལ་གཅིག་ཐོག་མ་ཉིད་དུ་སངས་རྒྱས་ལ་མི་སྙན་པར་ཟེར་རོ། །སངས་རྒྱས་ ལ་མི་སྙན་པ་ཇི་སྐད་ཟེར་ཞེ་ན། ཁྱིམ་དེར་ཕྱིན་ནས་འདི་སྐད་ཅེས་སྨྲས་ཏེ། བདག་ཡོད་དོ། །སེམས་ཅན་ཡོད་དོ། །སྲོག་ཡོད་དོ། །གང་ཟག་ཡོད་དོ། །གལ་ཏེ་བདག་མེད་དུ་ཟིན་ན་འོང་བ་ སུ། འགྲོ་བ་སུ། འགྲེང་བ་སུ། འདུག་པ་སུ། ཉལ་བ་སུ། སྨྲ་བ་སུ། མི་སྨྲ་བར་འགྱུར་བ་སུ། སྦྱིན་པ་སྦྱིན་པར་བྱེད་པ་སུ། ལེན་པ་སུ། ཟ་བ་སུ། བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་སོ་སོར་ཡང་ དག་པར་མྱོང་བ་སུ། གང་ཁྱོད་ལ་འདི་སྐད་དུ་བདག་མེད། སེམས་ཅན་མེད། སྲོག་མེད། གང་ཟག་མེད་ཅེས་སྨྲ་བ་དེ་ནི་ཁྱེད་ཀྱི་མི་དགེ་བའི་བཤེས་གཉེན་ཏེ། དགེ་བའི་བཤེས་གཉེན་མ་ཡིན་ ནོ་ཞེས་ཟེར་བ་དང་། དེ་ལ་ཤཱ་རིའི་བུ་བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་དག་ན་རེ་གང་དགེ་བའི་བཤེས་གཉེན་མ་ཡིན་པ་དེ་ནི་སྡིག་པའི་གྲོགས་པོའོ། །དེའི་ཕྱིར་སྡིག་པའི་གྲོགས་ པོར་གྱུར་པ་དེ་དགེ་བའི་བཤེས་གཉེན་མ་ཡིན་ནོ་ཞེས་དེ་སྐད་སྨྲས་པ་དང་། དེ་དག་གིས་དེ་དག་ལ་ཁྱེད་དེ་ལྟར་ཤེས་པ་ནི་མཁས་པ་ཡིན་ཏེ། སྡིག་པའི་གྲོགས་པོ་གང་ཡིན་པ་དེ་དགེ་བའི་ བཤེས་གཉེན་མ་ཡིན་ནོ། །དེའི་ཕྱིར་གང་ཁྱེད་ལ་འདི་སྐད་དུ་བདག་མེད། སེམས་ཅན་མེད། སྲོག་མེད། གང་ཟག་མེད་ཅེས་ཟེར་བ་ལ་བསྟེན་པར་མི་བྱའོ། །འགྲོགས་པར་མི་བྱ། བསྙེན་བཀུར་ མི་བྱའོ་ཞེས་སྨྲས་ཏེ། དགེ་སློང་དེ་དག་རེ་རེས་ཀྱང་ཟླ་བ་ཕྱེད་ཕྱེད་ཀྱིས་ཁྱིམ་ལྔ་བརྒྱ་ལྔ་བརྒྱ་ལོག་པར་འཛིན་དུ་བཙུད་དོ། །ཤཱ་རིའི་བུ་དེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་ 80-1-138a པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་ཉན་ཐོས་དགེ་སློང་དགྲ་བཅོམ་པ། དྲི་མ་དང་། ཉོན་མོངས་པ་བསལ་པ་དག་གྲོང་དུ་དོང་སྟེ་ཕྱིན་པ་དང་། བུད་མེད་ དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་དག་གཤེ་ཞིང་མི་སྙན་པ་ཟེར། ཚིག་ངན་པ་རྩུབ་པོས་སྤྱོས་ཏེ་ཚིགས་སུ་བཅད་པ་འདི་སྐད་ཟེར་རོ། །ཁྱེད་ནི་ལམ་ལ་རྨོངས་པ་སྟེ། ཆོས་ཤེས་པ་ནི་ ཁྱེད་མ་ཡིན། ཁྱེད་ནི་ཆོས་ལས་ཉམས་པས་ན། ཐམས་ཅད་སེམས་ཅན་དམྱལ་བར་འགྲོ། །དེ་ལྟར་དགེ་སློང་དེ་དག་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་གཤེ་ཞིང་མི་སྙན་པར་སྨྲས་ པ་དང་། སངས་རྒྱས་ཉིད་ཀྱི་བསྔགས་པ་རྗོད་ཅིང་སླར་ཚིགས་སུ་བཅད་དེ་སྨྲས་པ། །འདུས་བྱས་ཐམས་ཅད་མི་རྟག་ཅིང་། ཆོས་ཀུན་ལ་ནི་བདག་མེད་དེ། རྟག་མེད་ཐེར་ཟུག་མེད་དོ་ཞེས། སངས་རྒྱས་ཀྱིས་ནི་ཆོས་བཤད་དོ། །གསོབ་དང་གསོག་དང་སྟོང་པ་སྟེ། འདུས་བྱས་ཐམས་ཅད་སྙིང་པོ་མེད། བརྫུན་པ་སླུ་བའི་ཆོས་ཅན་ཏེ། བྱིས་པ་རྟག་ཏུ་འདྲིད་པའོ། །དེ་བཞིན་གཤེགས་ པ་བདག་མེད་སེམས་ཅན་མེད། སྲོག་མེད་གང་ཟག་མེད་པར་ཆོས་བསྟན་ཏོ་ཞེས་ཚིགས་སུ་བཅད་པ་དེ་སྨྲས་སོ། །སྦྱིན་དང་ཟ་དང་ལེན་པ་དང་། ཚོར་བ་རྒྱ་ཆེ་མྱོང་གྱུར་ལ། །བདག་མེད་པར་ནི་གང་ སྨྲ་བ། དེ་དག་ངན་འགྲོར་འགྲོ་བར་འགྱུར། །དེ་ལ་ཤཱ་རིའི་བུ་གང་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་སྐྱེས་བུ་དམ་པ་མ་ཡིན་པའི་ཚིག་བཞིན་དུ་བྱེད་པར་དེ་དག་ལས་སྲོག་ཆགས་དྲུག་ཁྲི་ བརྒྱད་སྟོང་དེ་ནས་ཤི་འཕོས་ནས་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ཏེ། དེ་ན་དེ་དག་གི་ལུས་གཟུགས་འདི་ལྟ་སྟེ། ཉ་ལྟ་བུར་མངོན་པར་གྲུབ་པོ། །མགོ་ནི་འདི་ལྟ་བུར་འདི་ལྟ་སྟེ། 80-1-138b མིའི་ལྟ་བུར་གྱུར་ཏོ། །འདི་ལྟ་བུའི་ལྕེ་མངོན་པར་གྲུབ་པ་ནི། འདི་ལྟ་སྟེ་དཔེར་ན་ཆང་འཚོང་གི་རེ་ལྡེ་ཆེན་པོ་ལྟ་བུ་སྟེ། དེ་དག་གི་ལྕེ་དེ་ལ་ལྕགས་ཀྱི་གཤོལ་མང་པོས་རབ་ཏུ་སྨོས་སོ། ། དེ་དག་གིས་ལུས་རེ་རེ་ལ་ཡང་མདུང་ཐུང་བརྒྱ་བརྒྱས་དམྱལ་ཏོ། །སྟེང་གིས་བར་སྣང་ལས་ཀྱང་ལྕགས་ཀྱི་ཐུ་ལུམ་ཀུན་དུ་འབར་བ་རབ་ཏུ་འབར་བ། ཀུན་དུ་རབ་ཏུ་མཆེད་ཅིང་འབར་བ། འབར་ བ་དང་བཅས་པར་གྱུར་བ། །འབར་བ་གཅིག་ཏུ་འགྱུར་པ་ལུས་ཀྱི་སྟེང་དུ་འབབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །གློག་ལྕེ་རབ་ཏུ་འབར་བའི་ མདའ། །བརྒྱ་ཕྲག་མང་པོ་སྟོང་རྣམས་ནི། །རྟག་ཏུ་ལུས་ལ་རབ་འབབ་སྟེ། །མི་དག་ན་ཚ་མྱོང་བར་བྱེད། །ཐམས་ཅད་ལུས་ནི་ཀུན་དུ་འབར། །མེ་ལྕེ་འབར་བ་བསྙེན་པར་དཀའ། །དཔག་ཚད་བརྒྱ་ སྙེད་གང་བ་ཡི། །ལུས་ལས་མེ་ལྕེ་རབ་ཏུ་འབྱུང་། །རེ་རེ་དག་གི་ལྕེ་ལ་ཡང་། །དེ་སྙེད་གཤོལ་གྱིས་རྨོ་བར་བྱེད། ཀུན་གྱི་ལྕེ་ནི་དྲལ་བས་ན། །སྡུག་བསྔལ་ཚོར་བ་མྱོང་བར་འགྱུར། །སྡིག་པའི་ གྲོགས་པོ་བསྟེན་བྱས་པས། །དེ་དག་ཕྱི་ཕྱིར་འབྱུང་བར་འགྱུར། །ཚུལ་ཁྲིམས་ལྡན་པ་རྣམ་སྤངས་པས། །མྱུར་དུ་ངན་འགྲོར་འགྲོ་བར་འགྱུར། །ཡང་ཤཱ་རིའི་བུ་སྐྱེས་བུ་དམ་པ་མ་ཡིན་པ་དྲུག་ པོ་དེ་དག་དེ་ནས་ཤི་འཕོས་ཏེ་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ནས་དེ་དག་རེ་རེའི་ལུས་ཀྱང་དཔག་ཚད་བརྒྱ་བརྒྱ་པར་མངོན་པར་གྲུབ་པར་གྱུར་ཏེ། །ལུས་རེ་རེ་ལ་ཡང་ཁ་སྟོང་སྟོང་ མངོན་པར་གྲུབ་པར་གྱུར་ཏོ། །ཁ་རེ་རེ་ལ་ཡང་ལྕེ་གཉིས་གཉིས་ཆུ་ཞིང་དུ་དཔག་ཚད་བཞི་ཙམ་ཡོད་པ་མངོན་པར་གྲུབ་པར་གྱུར་ཏོ། །ལྕེ་རེ་རེ་ལ་ཡང་གཤོལ་ལྔ་བརྒྱ་ལྔ་བརྒྱ་མངོན་པར་གྲུབ་ 80-1-139a པར་གྱུར་ཏེ། དེ་དག་ལྕགས་ཀྱི་ཐུ་ལུམ་དང་། ལྕགས་གཤོལ་གྱིས་རྨོས་ནས་དེ་དག་གི་ལྕེ་གཤེགས་ཏེ། ཨ་ན་ཞེས་འཛེར་ཀྱང་མི་ནུས་སོ། །དེ་དག་རེ་རེའི་མགོ་ལ་ཡང་སེམས་ ཅན་དམྱལ་བའི་སྲུངས་མ་བྱེ་བ་ཕྲག་སྟོང་གནས་ཤིང་མགུལ་པ་གཅོད་པར་བྱེད་དོ། །དེ་ན་དེ་དག་གཅིག་གི་ཚེའི་ཚད་ཀྱང་ལོ་བྱེ་བ་ཕྲག་སྟོང་དུ་གྱུར་ཏོ། །དེ་བཞིན་དུ་སེམས་ཅན་དམྱལ་བ་ཆེན་ པོ་གཞན་དང་གཞན་དག་ཏུ་ཚོར་བ་རྣམ་པ་མང་པོ་ཡང་མྱོང་བར་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་སངས་རྒྱས་ཀྱི་བསྟན་པ་ལ་མི་བསྔགས་པ་བརྔོད་པ་བྱས་པའི་ཕྱིར་རོ། །ཡང་དེའི་དུས་ ན་ཁྱིམ་བདག་བདེ་བ་ཞེས་བྱ་བ། ཕྱུག་ཅིང་ནོར་ཆེ་བ། ལོངས་སྤྱོད་ཆེ་བ། ལོངས་སྤྱོད་མང་བ། བདག་དབང་བ་མང་བ། མགྲོན་བུ་དང་། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། དངུལ་དང་། ས་ལེ་སྦྲམ་མང་པོ་དང་ལྡན་པ། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བའི་མི་མང་བ། ནོར་དང་། འབྲུ་དང་། བང་བ་དང་། མཛོད་མང་ པོ་དང་ལྡན་པ་དེ་སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་གིས་ཆད་པར་ལྟ་བ་མུ་སྟེགས་ཅན་གཅེར་བུ་པའི་སྨྲ་བ་ལ་བཞག་པར་གྱུར་ཏོ། །དེའི་ཆུང་མ་འོད་འཕྲོ་ཅན་ཞེས་བྱ་བ་ཞིག་ཡོད་དེ། གཟུགས་བཟང་ བ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་ཞིག་བྱུང་ངོ་། །དེ་ལས་བུ་ཞིག་བཙས་པ་ཡང་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་ པོ་རྒྱས་པ་མཆོག་དང་ལྡན་པ། །སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་ལ་དགེ་བའི་རྩ་བ་བསྐྱེད་པ་ཞིག་བྱུང་སྟེ། དེ་བཙས་མ་ཐག་ཏུ་ལན་གསུམ་འཛུམ་མུལ་ཞེས་རྒོད་ནས་ 80-1-139b བདག་ནི་ཆད་པར་སྨྲ་བའི་རིགས་སུ་སྐྱེས་སོ་ཞེས་དེ་སྐད་ཀྱི་ཚིག་གི་ལས་སྨྲས་པ་དང་། ཁྱེའུ་དེའི་མས་སྒྲ་དེ་ཐོས་ནས་དངངས་སྐྲག་ཅིང་མི་དགའ་སྟེ། སྤུ་ཟིང་ཞེས་བྱེད་ནས་ཁྱེའུ་དེ་བོར་ ཏེ་བྲོས་པ་དང་བུད་མེད་གཞན་འདུས་པར་གྱུར་པ་དག་ཀྱང་བྱེར་རོ། །དེ་ནས་ཤཱ་རིའི་བུ་བུད་མེད་དེ་དག་གི་རིང་ཞིག་ཏུ་ཕྱིན་པ་དང་། སླར་ལོག་སྟེ་ལྟ་ཞིང་འདི་ལྷ་འམ། ཀླུ་འམ། གནོད་སྦྱིན་ནམ། དྲི་ཟ་འམ། ལྷ་མ་ཡིན་ནམ། ནམ་མཁའ་ལྡིང་ངམ། མི་འམ་ཅི་འམ། ལྟོ་འཕྱེ་ཆེན་པོ་འམ། གྲུལ་བུམ་འམ། འབྱུང་པོ་འམ། ཤཱ་ཟ་འམ། མི་འམ། མི་མ་ཡིན་པ་འམ། འདི་སུ་ཞིག་ཤེས་ པར་བྱའོ་སྙམ་མོ། །ཤཱ་རིའི་བུ་དེ་ནས་ཁྱེའུ་དེས་བསམས་པ། ཀྱེ་མའོ་བུད་མེད་དེ་དག་ནི་བདེ་བ་ལས་བྲོས་པར་གྱུར་ཏོ་སྙམ་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ང་ནི་ཁྱེད་ཀྱི་ དོན་འདོད་ཀྱིས། །གནོད་མི་འབྱུང་གིས་མ་འཇིགས་ཤིག །ཁྱེད་ནི་ལམ་ངན་ཞུགས་པ་ལས། །ངས་ནི་རབ་ཏུ་ཐར་པར་བྱ། །ཁྱེད་རྣམས་བདེ་ལས་འཇིགས་པར་བྱེད། །དགྲ་རྣམས་ཀྱིས་ནི་མདུན་ དུ་བདར། །ལོག་པར་ལྟ་བར་ལྷུང་བ་ལས། །ངས་ནི་ཁྱེད་རྣམས་དགྲོལ་བར་བྱ། །ཤཱ་རིའི་བུ་དེ་ནས་ཁྱེའུ་དེའི་མ་དང་། །ཕ་དང་། སྐྱེ་བོ་ཕལ་པོ་ཆེས་ཚིགས་སུ་བཅད་པ་དེ་དག་ཐོས་ནས་ཁྱེའུ་དེ་ ག་ལ་བ་དེར་དོང་ངོ་། །དེ་ནས་ཁྱེའུ་དེས་རང་གི་མ་དང་། །ཕ་ལ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ནོར་དག་དང་ནི་འབྲུ་དག་རྣམས། །ཁྱིམ་ན་རྒྱ་ཆེན་ཡོད་པ་དག །མྱུར་དུ་བདག་ ལ་སྦྱིན་པར་གྱིས། །བདག་ནི་སངས་རྒྱས་ཉན་ཐོས་སོ། །འཇིག་རྟེན་གསུམ་ཀུན་དཀྱིལ་འཁོར་ན། །རྣམ་གཟིགས་འཇིག་རྟེན་སྣང་མཛད་པ། །དེ་འདྲ་བ་ནི་གང་ཡང་མེད། །བདག་ནི་ 80-1-140a དེ་ཡི་ཉན་ཐོས་སོ། །སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །ཆོས་རྣམས་ཡང་དག་རབ་སྟོན་གང་། །རྣམ་གཟིགས་འཇིག་རྟེན་སྣང་མཛད་པ། །བདག་ནི་དེ་ཡི་ཉན་ཐོས་སོ། ། གང་གི་སྐུ་ལ་སྐྱེས་ཆེན་གྱི། །སུམ་བཅུ་རྩ་གཉིས་མཚན་མངའ་བ། །རྣམ་གཟིགས་འཇིག་རྟེན་སྒྲོན་མ་མཛད། །བདག་ནི་དེ་ཡི་ཉན་ཐོས་སོ། །བསྐལ་པ་བྱེ་བ་ཕྲག་སྟོང་དུ། །ཨུ་དུམ་ བ་རའི་མེ་ཏོག་ལྟར། །ཡང་དག་ཤིན་དུ་ཐོས་དཀའ་བ། །བདག་ནི་དེ་ཡི་ཉན་ཐོས་སོ། །དེ་ལྟར་ཤཱ་རིའི་བུ་ཁྱེའུ་དེའི་ཕ་དང་མས་གསེར་བྱེ་བ་ཕྲག་ཉི་ཤུ་བྱིན་ནས། །ཁྱེའུ་འདི་ཁྱེད་ཀྱི་ཕ་མའི་ ནོར་ཡིན་གྱིས་གང་ལ་སེམས་དད་པར་གྱུར་པ་དེ་ལ་སྦྱིན་པ་བྱིན་ཅིག་ཅེས་དེ་སྐད་སྨྲས་ནས། །དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་སྨྲས་སོ། །འདི་ནི་ཁྱོད་ཀྱི་ཕ་ཡི་ནོར། །འདི་ནི་ ཁྱོད་ཀྱི་མ་ཡི་ནོར། །གང་དུ་སེམས་ནི་དད་གྱུར་པ། །ཁྱེའུ་ཡིས་སྦྱིན་པ་སྦྱིན་པར་གྱིས། །དབྱིག་རྣམས་དང་ནི་གསེར་གྱི་རྣམས། །ཁྱིམ་འདི་ན་ནི་ཡོད་པ་དག །དེ་དག་མྱུར་དུ་ཁྱེར་གྱིས་ཏེ། ། གང་དུ་སེམས་དད་དེར་ཕུལ་ཅིག །མལ་ཆ་དང་ནི་གདིང་བ་དང་། །བྱུག་པ་ཕྲེང་བ་སྤོས་ཀྱི་རྣམས། །དགའ་བཞིན་དུ་ནི་ཁྱེར་གྱིས་ལ། །གང་དུ་སེམས་དད་དབུལ་བྱོས་ཤིག །སངས་རྒྱས་ ཆོས་དང་དགེ་འདུན་ནི། །བླ་ན་མེད་པའི་བསོད་ནམས་ཞིང་། །སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །དེ་དག་ལ་ནི་སྦྱིན་པ་བྱིན། །ཤཱ་རིའི་བུ་དེ་ནས་ཁྱེའུ་དེས་རང་གི་ཕ་དང་མ་ལ་སླར་ ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །རྣམ་པར་གཟིགས་པ་འཇིག་རྟེན་མགོན། །དེ་ཡི་དྲུང་དུ་བདག་མཆི་སྟེ། །སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །ཤིན་དུ་རྒྱས་པའི་མཆོད་པ་བགྱི། 80-1-140b ལྷ་རྣམས་དང་ནི་མི་དག་ལས། །གང་དག་བདེ་བ་འདོད་པ་རྣམས། །བདག་ནི་གང་དུ་འགྲོ་བ་ཡི། །རྗེས་བཞིན་དུ་ནི་ཀུན་ཤོག་ཤིག །ཤཱ་རིའི་བུ་དེ་ནས་ཁྱེའུ་དེས་ཤེས་བཞིན་དུ་ཕྱོགས་ བཞིར་བལྟས་ནས། རང་གི་ཕ་མ་ལ་ཀྱེ་ཡབ་ཡུམ་བདག་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་དེ་ག་ལ་བ་དེར་ མཆིའོ་ཞེས་དེ་སྐད་སྨྲས་པ་དང་། དེ་ན་སྐྱེ་བོ་མང་པོས་ཐོས་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཇི་ལྟར་ན་སྐྱེས་ནས་ཉིན་ཅིག་ཁོ་ན་ལ་ལོན་པའི་ཁྱེའུ་ཕ་མ་ལ་སྨྲ་ཞིང་རྐང་པས་འགྲོ་ཞིག་ གུ་སྙམ་ནས་དེ་ན་སྲོག་ཆགས་བྱེ་བ་བརྒྱད་ཁྲི་བཞི་སྟོང་འདུས་པར་གྱུར་ཏེ། །ཁྱེའུ་འདི་ལྷ་འམ། ཀླུ་འམ། གནོད་སྦྱིན་ནམ། དྲི་ཟ་འམ། ལྷ་མ་ཡིན་ནམ། ནམ་མཁའ་ལྡིང་ངམ། མི་ འམ་ཅི་འམ། མི་འམ། མི་མ་ཡིན་པ་འམ། གང་ཡིན་ཤེས་པར་བྱའོ་སྙམ་མོ། །དེ་ནས་ཁྱེའུ་དེ་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ག་ལ་བ་དེར་དོང་ངོ་། །ཡང་ཤཱ་རིའི་བུ་ཁྱེའུ་དེ་འགྲོ་བ་ན་སྟེང་གི་བར་སྣང་ལས་གདུགས་སྟོང་ཕྲག་ བཅུ་བྱུང་ནས་དེ་དག་གིས་དེའི་ལུས་བསྐྱབས་ཏེ། དེའི་ལུས་ལ་རླུང་དང་། ཉི་མས་གནོད་པར་མ་གྱུར་པར་བྱེད་དོ། །ཡང་ཁྱེའུ་དེ་འགྲོ་བ་ན་སྟེང་གི་བར་སྣང་ལས་གསེར་གྱི་དྲ་བ་བྲེས་པར་གྱུར་ཏོ། ། ཡང་ཁྱེའུ་དེ་འགྲོ་བ་ན་ལྷའི་ལས་ཀྱང་འདས་པའི་མེ་ཏོག་གི་ཆར་དང་ཕྱེ་མའི་ཆར་རབ་ཏུ་འབབ་བོ། །ཡང་ཁྱེའུ་དེ་འགྲོ་བ་ན་བསིལ་བའི་རླུང་ལྷའི་དྲི་དང་ལྡན་པ་ལངས་སོ། །ཡང་ཁྱེའུ་དེ་འགྲོ་ 80-1-141a བ་ན་ལམ་སྤོས་ཆུས་བཏབ་པར་གྱུར་ཏོ། །ཡང་ཁྱེའུ་དེ་འགྲོ་བ་ན་ལམ་གསེར་གྱི་གླེགས་མས་གཡོགས་པར་གྱུར་ཏོ། །ཡང་ཁྱེའུ་དེ་འགྲོ་བ་ན་ལམ་པུས་ནུབ་ཙམ་དུ་ལྷའི་མེ་ཏོག་ ཆར་པར་བཀྲམ་པར་གྱུར་ཏོ། ། ཡང་ཁྱེའུ་དེ་འགྲོ་བ་ན་རྫིང་བུ་སྟོང་ཕྲག་དུ་མ་བྱུང་སྟེ། །རྫིང་བུ་དེ་དག་ཀྱང་ཡན་ལག་བརྒྱད་དང་ལྡན་པའི་ཆུས་ཡོངས་སུ་གང་ལ་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོས་ཁེབས་ཤིང་ངུར་པ་སྒྲ་འབྱིན་པར་གྱུར་ཏོ། །ཡང་ཁྱེའུ་དེ་འགྲོ་བ་ན་ལམ་གྱི་མུ་རིན་པོ་ཆེ་སྣ་བདུན་གྱི་སྟེགས་བུ་དགྲིགས་པར་གྱུར་ཏོ། །ཡང་ཁྱེའུ་ དེ་འགྲོ་བ་ན་ལྷའི་སིལ་སྙན་མང་པོ་འཁྲོལ་བར་གྱུར་ཏོ། །ཡང་ཁྱེའུ་དེ་འགྲོ་བ་ན་ལམ་གྱི་གཡས་གཡོན་རིན་པོ་ཆེས་ཀུན་ཏུ་བརྒྱན་པར་གྱུར་ཏོ། །ཡང་ཁྱེའུ་དེ་འགྲོ་བ་ན་མདུན་དུ་མེ་ཏོག་གི་སྲང་ ཞིག་བྱུང་བར་གྱུར་ཏེ། །དེ་ལ་རྐང་པ་འདོར་ཞིང་བཏེག་པ་དང་མི་སྣང་བར་གྱུར་ཏོ། །དེ་ནས་ཁྱེའུ་དེ་ཡུན་ཙམ་ཞིག་ལམ་དུ་འཕགས་ཏེ། །སླར་བལྟས་ནས་ཚིགས་སུ་བཅད་དེ་སྨྲས་པ། ། རིགས་པ་མི་རིགས་ནམ་ཡང་མི་འགྲོགས་ཏེ། །ད་ལམ་རྒྱ་ཆེན་ཚུལ་དུ་གུད་ན་ཡོད། །ཁྱོད་ནི་མི་རིགས་ད་ནི་རིགས་པ་སྟེ། །རིགས་པས་རྒྱལ་བའི་དྲུང་དུ་འགྲོ་བར་བྱ། །བསྐལ་པ་ཁྲག་ ཁྲིག་མང་པོ་འདས་ཀྱང་ནི། །བརྒྱ་ལམ་དག་ན་མི་ཡི་ལུས་ཐོབ་ཅིང་། །བརྒྱ་ལམ་དག་ན་སངས་རྒྱས་འབྱུང་འགྱུར་ཏེ། །དད་དང་ཤེས་རབ་དག་ཀྱང་བརྒྱ་ལམ་ཐོབ། །ཤཱ་རིའི་བུ་ཁྱེའུ་དེས་ ཚིགས་སུ་བཅད་པ་དེ་དག་སྨྲས་མ་ཐག་ཏུ་དེ་ནས་སྟེང་གི་བར་སྣང་ལས་ལྷ་བྱེ་བ་བརྒྱད་ཁྲི་སྟོང་གིས་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་ལེགས་སོ་ཤེས་རབ་ཆེ། །ཁྱོད་ཀྱིས་ 80-1-141b སྨྲས་པ་མཆོག་ཡིན་གྱིས། །མི་རིགས་རྣམས་ནི་ཕྱི་ནས་འོང་། །གྲོགས་པོ་རིགས་པ་ཁྱེད་བཞུད་ཅིང་། །ཤཱ་རིའི་བུ་དེ་ནས་ཁྱེའུ་དེས་ལྷ་རྣམས་ལ་སླར་ཚིགས་སུ་བཅད་དེ་སྨྲས་པ། །ཁྱེད་ ཀྱིས་རིགས་ཤེས་སྨྲས་པ་དང་། །ཁྱེད་ཀྱི་མི་རིགས་ཞེས་སྨྲས་པ། །རིགས་པའི་དོན་ནི་ཇི་ལྟ་བུ། །མི་རིགས་དོན་ཀྱང་ཇི་ལྟ་བུ། ཤཱ་རིའི་བུ་དེ་ནས་ལྷ་དེ་དག་གིས་ཁྱེའུ་དེ་ལ་སླར་ཚིགས་ སུ་བཅད་པ་འདི་དག་སྨྲས་སོ། །འདོད་པའི་ལོངས་སྤྱོད་གང་གནས་པ། །དེ་དག་མངོན་འབྱུང་སྤྱོད་ཡུལ་མིན། །དེ་དག་མི་རིགས་རྨོངས་པ་སྟེ། །དེ་དག་སེམས་ཅན་དམྱལ་ལ་གནས། །འདོད་ པའི་ལོངས་སྤྱོད་སྤངས་བྱས་ནས། །ཁྱིམ་མེད་པར་ནི་རབ་ཏུ་འབྱུང་། །འཇིག་རྟེན་འདི་ན་དེ་དག་རིགས། །དེ་དག་རིགས་ཤེས་རབ་ཏུ་བཤད། །ཤཱ་རིའི་བུ་དེ་ནས་ཁྱེའུ་དེས་ལྷ་དེ་དག་ལ་སླར་ ཚིགས་སུ་བཅད་དེ་སྨྲས་པ། ཇི་ལྟར་རིགས་ཤེས་བྱ་བ་དེ། །ཁྱེད་ཀྱིས་དེ་ནི་མི་ཤེས་སོ། །ཇི་ལྟར་མི་རིགས་ཤེས་བྱ་བ། །ངས་ནི་དེ་དག་རབ་ཏུ་ཤེས། །དེ་ལྟར་ཤཱ་རིའི་བུ་ཁྱེའུ་དེ་བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་གཟིགས་ག་ལ་བ་དེར་སོང་སྟེ། །ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། །ལན་གསུམ་བསྐོར་བ་བྱས་ནས་ ཕྱོགས་གཅིག་ཏུ་འདུག་སྟེ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་གཟིགས་དེ་ལ་ཚིགས་སུ་བཅད་པ་དེ་དག་གིས་མངོན་པར་བསྟོད་དོ། །འཇིག་རྟེན་དག་གི་དོན་ཕྱིར་སྤྱོད། ། རིགས་གསུམ་བདུད་རྩི་རབ་སྦྱིན་པ། །གླང་པོ་ཆེན་པོ་སེང་གེ་ཆེ། །རྟག་ཏུ་ཁྱོད་ལ་ཕྱག་འཚལ་ལོ། །འཇིག་རྟེན་སྣང་མཛད་ཤིན་དུ་དཀོན། །འཇིག་རྟེན་མགོན་པོ་འོད་མཛད་པ། 80-1-142a ཨུ་དུམ་འབའ་རའི་མེ་ཏོག་བཞིན། །ཁ་དོག་ལྡན་ཞིང་དབྱིབས་མཛེས་པ། །འཇིག་རྟེན་འདི་ནི་ཉེ་བ་གཙེས། །འཕགས་པ་ལམ་ལ་མི་གནས་ཏེ། །ས་ཡི་སྟེང་ན་དམུས་ ལོང་བཞིན། །ལམ་ངན་པར་ནི་རབ་ཏུ་རྒྱུག །མི་མཆོག་ཁྱེད་ནི་ཅི་འདྲ་བར། །བདག་ནི་འཇིག་རྟེན་སངས་རྒྱས་གྱུར། །མེ་གསུམ་དག་གིས་ཚིག་པ་ཡི། །སྡུག་བསྔལ་བ་ལས་སེམས་ ཅན་དགྲོལ། །སྲོག་ཆགས་བརྒྱ་པོ་འདི་ཀུན་ཀྱང་། །བདག་གི་སླད་དུ་མཆིས་པ་ལགས། །འདི་དག་ལ་ནི་ཆོས་བསྟན་ཅིང་། །བྱང་ཆུབ་མཆོག་ལ་དགོང་དུ་གསོལ། །དེ་ནས་ཤཱ་རིའི་ བུ་ཁྱེའུ་དེས་ཚིགས་སུ་བཅད་པ་འདི་དག་གསོལ་ནས། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཆོས་བསྟན་ པ་དེ་ལ་དེ་སྐད་ཅེས་གསོལ་པ་དང་། །སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་རྣམ་པར་གཟིགས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ཀྱང་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་སུ་གྱུར་ཅིང་འདི་ལྟ་སྟེ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་གཟིགས་ཆོས་བསྟན་པ་བཞིན་དུ་ཆོས་སྟོན་པར་གྱུར་ཅིག །དེ་ནས་བཅོམ་ལྡན་འདས་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱིས་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་གི་ལྷག་པའི་བསམ་པ་མཁྱེན་ནས་ 80-1-142b དེའི་ཚེ་འཛུམ་པ་མཛད་དོ། །འདི་ནི་ཆོས་ཉིད་དེ་སངས་རྒྱས་བཅོམ་ལྡན་འདས་གང་གི་ཚེ་ན་འཛུམ་པ་མཛད་པ་དེ་ན་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་ཁ་དོག་དུ་མ་ཁ་དོག་སྣ་ ཚོགས་ཀྱི་འོད་ཟེར་འདི་ལྟ་སྟེ། །སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེབ་རྒན་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་བྱུང་སྟེ། །དེ་དག་གིས་མཐའ་ཡས་མུ་ མེད་པའི་འཇིག་རྟེན་གྱི་ཁམས་སྣང་བས་ཁྱབ་པར་བྱས་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་སོང་སྟེ། །ཉི་མ་དང་། ཟླ་བའི་གཟི་བརྗིད་སྤ་བཀོང་ནས་སླར་ལོག་སྟེ། །བཅོམ་ལྡན་ འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ལ་ལན་བརྒྱ་སྟོང་ཕྲག་དུ་མར་བསྐོར་བ་བྱས་ནས་བཅོམ་ལྡན་འདས་དེའི་གཙུག་ཏུ་མི་ སྣང་བར་གྱུར་ཏོ། །ཤཱ་རིའི་བུ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་གཟིགས་དེའི་ཞབས་འབྲིང་པ་དགེ་སློང་དེས། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ གཟིགས་འཛུམ་པ་མཛད་པ་མཐོང་ནས་སྟན་ལས་ལངས་ཏེ། །ཆོས་གོས་ཕྲག་པ་གཅིག་ལ་བགོས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ཏེ། བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་རྣམ་པར་གཟིགས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་གཟིགས་ལ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ།། བཅོམ་ལྡན་ཅིའི་རྒྱུ་བདེ་གཤེགས་ཅི་རྐྱེན་གྱིས། །གང་ཕྱིར་འཇིག་རྟེན་མགོན་པོ་འཛུམ་མཛད་དེ། །རབ་ཏུ་མཛེས་ཤིང་ཤིན་དུ་དཀོན་འབྱུང་བ། །རྣམ་གཟིགས་སངས་རྒྱས་མཆོག་ 80-1-143a ལ་བདག་ཞུའོ། །རྒྱུ་མ་མཆིས་ཤིང་རྐྱེན་མ་མཆིས་པར་ནི། །རྐང་གཉིས་གཙོ་བོ་འཛུམ་པ་མི་མཛད་ན། །འཇིག་རྟེན་ཕན་པ་ཐུགས་བརྩེ་འཛུམ་མཛད་པ། །འདིའི་རྒྱུ་རྐྱེན་ གང་ལགས་བདག་ལ་གསུངས། །ཐུབ་ཆེན་གྱི་ནི་སྤྱན་སྔར་མཆིས་པ་ཡི། །སྲོག་ཆགས་བརྒྱ་སྟོང་མཆིས་པ་འདི་དག་ཀྱང་། །རྣ་བ་བླགས་ཏེ་མཆིས་ཤིང་ཉན་འཚལ་ན། །དེ་དག་ ཐུགས་བརྩེའི་སླད་དུ་མགོན་པོས་གསུངས། །ཁྱོད་ནི་སྲོག་ཆགས་ཀུན་གྱི་མིག་ལགས་ཏེ། །ཁྱེད་ནི་གནས་སྐྱབས་མགོན་དང་དཔུང་གཉེན་ལགས། །ཁྱོད་ནི་སྲོག་ཆགས་ཀུན་ གྱི་ཐེ་ཚོམ་གཅོད། །འཇིག་རྟེན་ཕན་པར་མཛད་ཅིང་ཐུགས་བརྩེ་བ། །ཁྱེད་ཀྱིས་འདས་ལ་རྟག་ཏུ་ཡེ་ཤེས་འཇུག །ཁྱེད་ཀྱིས་མ་འོངས་ཐམས་ཅད་རབ་ཏུ་མཁྱེན། །སངས་རྒྱས་ཞིང་ ན་ཅུང་ཟད་ཅི་མཆིས་པ། །བྱུང་བ་དག་ལའང་ཐེ་ཚོམ་མི་མངའོ། །དེ་བཞིན་གཤེགས་པ་དུས་གསུམ་ཡེ་ཤེས་ལྡན། །ཆོས་ཀྱི་རྗེ་ནི་ཐམས་ཅད་འཛིན་པའི་གསུང་། །འཇིག་རྟེན་ མགོན་པོ་འཛུམ་པ་མཛད་པ་འདི། །རྒྱུ་རྐྱེན་གང་ལགས་བདག་ནི་ཁྱོད་ལ་ཞུ། །ཁྱོད་ཀྱིས་འདིར་ནི་ཐོ་ཚོམ་ཐམས་ཅད་ཆོད། །ཁྱོད་ནི་ཆོས་ཀུན་ལ་ཡང་ཐེ་ཚོམ་མེད། །ཡན་ལག་བརྒྱད་ དང་ལྡན་པའི་གསུང་འབྱིན་ཅིང་། །སྲོག་ཆགས་མྱ་ངན་ཟུག་རྔུ་བསལ་དུ་གསོལ། །རབ་ཏུ་མགུ་ཞིང་དགའ་བའི་སེམས་རྒྱས་ནས། །སོར་མོ་བཅུ་རྣམས་ཐལ་མོ་རབ་སྦྱར་ཏེ། ། འཛུམ་པ་མཛད་འདི་རྒྱུ་རྐྱེན་གང་ལགས་པ། །ཆོས་རྗེ་ཁྱོད་ལ་བདག་ནི་དེ་ཞུའོ། །ཤཱ་རིའི་བུ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ 80-1-143b པའི་སངས་རྒྱས་རྣམ་པར་གཟིགས་དེས་ཞབས་འབྲིང་བ་དགེ་སློང་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་ཁྱོད་ཀྱིས་ཁྱེའུ་འདི་མཐོང་ངམ། །གསོལ་པ། བཅོམ་ལྡན་ འདས་མཐོང་ངོ་། །བདེ་བར་གཤེགས་པ་མཐོང་ངོ་། །བཀའ་སྩལ་པ། དགེ་སློང་ཁྱེའུ་འདིས་རྫོགས་པའི་བྱང་ཆུབ་བཙལ་བའི་ཕྱིར་སྔོན་འདས་པའི་དུས་ན་སངས་རྒྱས་བྱེ་བ་ཁྲག་ ཁྲིག་བརྒྱ་སྟོང་ཕྲག་དྲུག་བཅུ་རྩ་བཞི་ལ་ཆོས་གོས་དང་། །བསོད་སྙོམས་དང་། །མལ་སྟན་དང་། །ན་པའི་གསོས་སྨན་དང་། །ཡོ་བྱད་ཀྱིས་སྟི་སྟང་བྱས། བླ་མར་བྱས། རིམ་གྲོར་ བྱས། མཆོད་པར་བྱས་སོ། །དེ་ནས་ཁྱེའུ་འདིས་རྫོགས་པའི་བྱང་ཆུབ་བཙལ་བའི་ཕྱིར་སངས་རྒྱས་ཁྲག་ཁྲིག་ཕྲག་བཅུ་ལ་ཚངས་པར་སྤྱོད་པ་སྤྱད་དོ། །དགེ་སློང་ཁྱོད་ཀྱིས་ སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་པོ་འདི་དག་མཐོང་ངམ། གསོལ་པ། །བཅོམ་ལྡན་འདས་མཐོང་ངོ་། །བདེ་བར་གཤེགས་པ་མཐོང་ངོ་། །བཀའ་སྩལ་པ། །སྲོག་ཆགས་བརྒྱད་ ཁྲི་བཞི་སྟོང་པོ་འདི་དག་ནི་སྔོན་ཁྱེའུ་འདིའི་ཕ་མར་གྱུར་ཏོ། །དགེ་སློང་ཁྱེའུ་འདིས་འདི་ལྟ་བུའི་སྨོན་ལམ་བཏབ་པར་གྱུར་ཏེ། །དེ་གང་དང་གང་དུ་སྐྱེས་པ་ན། །གང་བདག་གི་ཕ་ མར་གྱུར་པ་དེ་དག་བདག་གིས་བྱང་ཆུབ་ལ་དགོད་དོ། །ཡང་གཉིས་སུ་ན་དེ་དག་བུད་མེད་ཀྱི་དངོས་པོར་མངོན་པར་མ་གྲུབ་ཅིག་ཅེས་བྱས་པས་དེ་དག་ད་ལྟར་ཁྱེའུ་དེའི་རྗེས་སུ་སློབ་ པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་སེམས་བསྐྱེད་དོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་གཟིགས་ཀྱིས་ཞབས་ 80-1-144a འབྲིང་བ་དགེ་སློང་དེ་ལ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །དགེ་སློང་ཁྱོད་ཀྱི་མདུན་ན་ཁྱེའུ་འདི་དང་། །སྲོག་ཆགས་སྟོང་གནས་མཆོག་ཏུ་དགའ་སེམས་ཀྱིས། ། ཇི་ལྟར་ཆོས་ཀྱི་བདག་པོ་འདི་བཞིན་དུ། །གྱུར་ཅིག་ཅེས་སྨྲ་ཁྱོད་ཀྱིས་མཐོང་བ་སྟེ། །དགེ་སློང་འདིས་ནི་སྔོན་གྱི་ཚེ་རབས་ལ། །ལྷར་བཅས་འཇིག་རྟེན་དག་ལ་ཕན་པའི་ཕྱིར། །འཇིག་ རྟེན་རྣམ་འདྲེན་བྱེ་བ་ཁྲག་ཁྲིག་ཀྱང་། །སྟོང་ཕྲག་དྲུག་བཅུ་བཞི་ལ་རི་མོར་བྱས། །བྱང་ཆུབ་མཆོག་འདི་ལ་ནི་རེ་བའི་ཕྱིར། །དེ་ནི་སངས་རྒྱས་ཁྲག་ཁྲིག་ཕྲག་བཅུ་ཡིས། །བསྟན་པ་ལ་ ནི་ཆེད་དུ་རབ་བྱུང་ནས། །དེ་ན་ཚངས་པར་སྤྱོད་པ་མཆོག་སྤྱོད་དོ། །ཁྱོད་ཀྱིས་སྲོག་ཆགས་སྟོང་ཕྲག་བརྒྱད་བཅུ་བཞི། །ང་མདུན་འདུག་པ་དེ་དག་ཀུན་མཐོང་ངམ། །དེ་དག་སྔོན་ཆད་ འདས་དུས་ཡངས་པ་ན། །དེ་ཡི་མར་ནི་གྱུར་པ་ཤ་སྟག་གོ། །གང་དང་གར་སྐྱེས་ང་ཡི་མར་གྱུར་པ། །ཐམས་ཅད་བདག་གིས་བྱང་ཆུབ་མཆོག་ལ་བཀོད། །ཅི་ནས་བུད་མེད་དངོས་པོར་ མ་གྱུར་ཞེས། །དེས་ནི་སྨོན་ལམ་འདི་འདྲ་བཏབ་པར་གྱུར། །དེ་དག་ཐམས་ཅད་དེ་ཡི་རྗེས་སློབ་ཅིང་། །བྱང་ཆུབ་ཀྱི་ནི་སེམས་ལ་གཞོལ་བར་འགྱུར། །འདི་དག་རྐང་གཉིས་ཀྱི་ནི་མཆོག་ འགྱུར་ཞེས། །དེ་དག་ལ་ནི་ངས་ལུང་བསྟན་པར་བྱ། །མ་འོངས་དུས་ན་ཇི་ལྟར་སྤྱོད་འགྱུར་ཞིང་། །མི་མཆོག་ཏུ་ནི་ཇི་ལྟར་འགྱུར་བ་དང་། །དེ་དག་སྔོན་གྱི་སྤྱོད་པ་རབ་ཤེས་ཏེ། །དེ་ཡི་ཕྱིར་ ནི་འཛུམ་པ་ངས་མཛད་དོ། །དེ་སྐད་ལུང་བསྟན་པ་ནི་ཐོས་གྱུར་ནས། །རྣམ་པར་གཟིགས་པ་འཇིག་རྟེན་སྤྱོད་པ་ལ། །ལྷ་དང་ཀླུ་དང་དེ་བཞིན་མི་རྣམས་དང་། །སྲོག་ཆགས་བྱེ་བ་ 80-1-144b རྣམས་ནི་དགའ་བར་གྱུར། །ཤཱ་རིའི་བུ་དེ་ནས་ཁྱེའུ་དེ་དགའ་མགུ་རངས་རབ་ཏུ་དགའ་སྟེ། །དགའ་བ་དང་། །ཡིད་བདེ་བ་སྐྱེས་ནས་རིངས་པའི་ཚུལ་གྱིས་རང་གི་ཕ་མ་གང་ན་པ་དེར་ སོང་སྟེ་ཕྱིན་ནས་རང་གི་ཕ་མ་ལ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སྲོག་ཆགས་བརྒྱ་པོ་དེ་དག་ཀུན། །སྔོན་ནི་བདག་གི་མར་གྱུར་ཏེ། །ཐམས་ཅད་བྱང་ཆུབ་རབ་ཞུགས་ན། ། ཁྱེད་ཀྱི་སེམས་ནི་གང་དུ་འཇུག །ཤཱ་རིའི་བུ་དེ་ནས་ཁྱེའུ་དེའི་ཕ་མས་ཁྱེའུ་དེ་ལ་སླར་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཁྱོད་ཀྱིས་དེ་དག་ཇི་ལྟ་བ། །དེ་ལྟར་ང་ཡི་སེམས་ འཇུག་སྟེ། །ད་ནི་ཐམས་ཅད་མཁྱེན་པར་འགྱུར། །འདི་ལ་ང་ནི་ཐེ་ཚོམ་མེད། །གང་དུ་སྐྱེས་པར་ང་མ་འབྲལ། །ཁྱོད་ལ་གནས་ནི་འདི་སློང་གིས། །ཇི་ལྟར་བྱང་ཆུབ་ང་ཐོབ་ པར། །རྟག་ཏུ་ང་ནི་དྲན་པར་གྱིས། ཤཱ་རིའི་བུ་དེ་ནས་ཁྱེའུ་དེས་རང་གི་མ་སྐྱེད་པར་བྱེད་པ་ལ་ཚིགས་སུ་བཅད་པ་འདི་སྨྲས་སོ། །ཇི་ལྟར་བདག་གིས་བསྐུལ་པ་རྣམས། དེ་དག་ ཐོག་མར་སངས་རྒྱས་འགྱུར། །བདག་ནི་སྐྱེས་བུ་ཁ་ལོ་སྒྱུར། །འཇིག་རྟེན་སྒྲོན་མར་ཕྱིར་འགྱུར་བགྱི། །ཤཱ་རིའི་བུ་དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་རྣམ་པར་གཟིགས་ཀྱི་གསུང་ རབ་ལ་ཁྱེའུ་ཞིག་བྱུང་བ་དེ་གཞན་ཡིན་པ་སྙམ་དུ་ཐེ་ཚོམ་དང་ཡིད་གཉིས་ཟ་ན་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། །ལྷའི་བུ་དབང་ཕྱུག་ཆེན་པོ་འདི་ནི་དེའི་ཚེ་དེའི་དུས་ན་བཅོམ་ལྡན་ འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་བསྟན་པ་ལ་ཁྱེའུ་དེར་གྱུར་ཏོ། །དེ་ཕྱིས་བསྐལ་པ་བྱེ་བ་ཁྲག་ཁྲིག་ཏུ་ལོག་ 80-1-145a བར་ལྟུང་བར་མ་སོང་ངོ་། །བསྐལ་པ་བྱེ་བ་ཁྲག་ཁྲིག་འདས་པའི་འོག་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྙིང་རྗེ་ཅན་ཞེས་ བྱ་བར་འགྱུར་ཏེ། །འཁོར་ལོས་སྒྱུར་བའི་རིགས་ལས་མངོན་པར་འབྱུང་བར་འགྱུར་རོ། །དེའི་དུས་ན་དེའི་ཡབ་ནི་གྲགས་པ་ཞེས་བྱ་བར་འགྱུར་ཏེ། །འདི་ལྟ་སྟེ་དཔེར་ན་ད་ལྟར་ངའི་ ཡབ་ཟས་གཙང་མ་བཞིན་ནོ། །དེའི་ཡུམ་མུན་པ་དང་བྲལ་བ་ཞེས་བྱ་བ་ནི་འདི་ལྟ་སྟེ། དཔེར་ན་ད་ལྟར་ངའི་ཡུམ་སྒྱུ་འཕྲུལ་བཞིན་ནོ། །དེའི་དུས་ན་མྱ་ངན་མེད་ཅེས་བྱ་བ་སྲས་སུ་འགྱུར་ བ་ནི་འདི་ལྟ་སྟེ་དཔེར་ན། །ད་ལྟར་ངའི་སྲས་སྒྲ་གཅན་ཟིན་བཞིན་ཏེ། །དེ་བྱུང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། །དེ་བྱང་ཆུབ་ ཐོབ་པ་ན་དེའི་ཚེའི་ཚད་ནི་ལོ་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱ་སྟོང་དུ་འགྱུར་རོ། །སངས་རྒྱས་དེའི་འོད་ཀྱིས་དཔག་ཚད་སྟོང་ཕྲག་བཅུར་ཁྱབ་པར་འགྱུར་རོ། །དེའི་འཁོར་གྱི་དཀྱིལ་འཁོར་ ནི་དཔག་ཚད་བརྒྱར་འགྱུར་རོ། །དེའི་ཉན་ཐོས་བྱེ་བ་ཕྲག་བརྒྱ་དང་། །བྱེ་བ་ཁྲག་ཁྲིག་དང་། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདུས་པ་འབྱུང་སྟེ། །དེའི་ཉན་ཐོས་བྱེ་བ་ནི་དགྲ་བཅོམ་ པ་འབའ་ཤིག་སྟེ། །ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ། །རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། །མངོན་པར་ཤེས་པ་དྲུག་དང་ལྡན་པ་ ཤ་སྟག་སྟེ། །ཤཱ་རིའི་བུ་དགྲ་བཅོམ་པ་དེ་དག་དཀོན་མཆོག་གསུམ་འདུས་པ་ཐོས་པ་ཡོངས་སུ་བརྗོད་པ་འབྱུང་བ་དེ་སྙེད་ཀྱི་དེའི་བྱང་ཆུབ་སེམས་དཔའི་དགེ་འདུན་འབྱུང་སྟེ།། 80-1-145b ཐམས་ཅད་ཀྱང་སྔོན་མར་གྱུར་པ་ཤ་སྟག་གོ། །ཕྱིར་མི་ལྡོག་པའི་ཆོས་བསྟན་ཏེ། །ཚད་མེད་གྲངས་མེད་པའི་སེམས་ཅན་གྱི་དོན་བྱས་ནས་ཡོངས་སུ་མྱ་ངན་ལས་འདས་ པར་འགྱུར་ཏེ། །དེ་ཡོངས་སུ་མྱ་ངན་ལས་འདས་ནས་དམ་པའི་ཆོས་ལོ་བྱེ་བར་གནས་པར་འགྱུར། །དེའི་རིང་བསྲེལ་ཡང་རྒྱས་པར་འགྱུར་ཏེ་འདི་ལྟ་སྟེ་དཔེར་ན། །ད་ང་ཡོངས་ སུ་མྱ་ངན་ལས་འདས་ནས་རིང་བསྲེལ་རྒྱས་པར་འགྱུར་བ་བཞིན་ནོ། །ཤཱ་རིའི་བུ་འདི་ནི་སྐྱེས་བུ་དམ་པས་རྣམ་པར་བརྟག་པ། །སྐྱེས་བུ་དམ་པས་བལྟ་བ། །བརྩོན་འགྲུས་མ་ཉམས་ པ། སྐྱེས་བུ་དམ་པ། །བརྩོན་འགྲུས་མི་ཟློགས་པ་སྟེ། །དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྗེས་སུ་དྲན་པའི་སེམས་བསྐྱེད་དེ། །བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལ་བརྩོན་འགྲུས་རབ་ཏུ་བརྩམ་པར་བྱ་བར་གྲངས་ཀྱིས་བགྲང་བ་དེ་སྙེད་ཏུ་བཙལ་ཞིང་བསྐལ་པ་དེ་སྙེད་ཏུ་ནི་འཁོར་བར་བྱའོ། །བསྐལ་པ་དེ་སྙེད་ཏུ་ནི་མི་འཁོར་བར་བྱའོ་ཞེས་ དེ་ལྟར་མི་བྱའོ། །ཤཱ་རིའི་བུ་བསམ་གྱིས་མི་ཁྱབ་པའི་གོ་ཆ་བགོ་བར་བྱ་སྟེ། །འཁོར་བའི་མཐའ་མའི་མཐའ་ཇི་ཙམ་པར་བདག་འཁོར་བར་བྱ་བའི་ཡོངས་སུ་བརྟག་པ་བཟུང་སྟེ། །བྱང་ཆུབ་ཀྱི་ཕྱིར་ བརྩོན་འགྲུས་ལྷོད་པར་མི་བྱ་སྟེ། །བརྩོན་འགྲུས་མི་ལྡོག་པ་རྟུལ་བ་དང་ལྡན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་བརྩོན་འགྲུས་རྟུལ་བ་གང་ཞེ་ན། །བརྩོན་འགྲུས་རྟུལ་བ་མ་ ཉམས་པའི་བྱང་ཆུབ་སེམས་དཔའ་ནམ་གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་སེམས་ཡོངས་སུ་གང་བ་ལ་རྒལ་ཞིང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ 80-1-146a དག་པར་རྫོགས་པའི་སངས་རྒྱས་ལ་བལྟ་བའི་ཕྱིར་འགྲོ་བར་སྤྲོ་བ་དེ་ནི་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་རྟུལ་བ་མ་ཉམས་པའོ། །དམ་པའི་ཆོས་མཉན་པའི་ ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་ཡོངས་སུ་གང་བ་ལ་ཡོངས་སུ་བརྟག་པ་བཟུང་སྟེ། །རྒལ་ཞིང་འགྲོ་བར་སྤྲོ་བ་དེ་ནི་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ རྟུལ་བ་མ་ཉམས་པའོ། །གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་ཡོངས་སུ་གང་བ་ལ་རྒལ་ཞིང་དགེ་བའི་རྩ་བའི་ཕྱིར་འགྲོ་བར་སྤྲོ་བ་དེ་ནི་བྱང་ཆུབ་སེམས་དཔའི་ བརྩོན་འགྲུས་རྟུལ་བ་མ་ཉམས་པའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་རྟུལ་བ་མ་ཉམས་པ་ནི་གང་གཞན་གྱི་དོན་གྱི་ཕྱིར་རྟུལ་བ་སྐྱེད་པའོ། །ཤཱ་རིའི་ བུ་གཞན་ཡང་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་རྟུལ་བ་མ་ཉམས་པ་ནི། །གང་གཞན་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་རྟུལ་བ་སྐྱེད་པའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་ སེམས་དཔའི་བརྩོན་འགྲུས་རྟུལ་བ་མ་ཉམས་པ་ནི་མི་ལྷོད་པ་དང་། །བརྟན་པ་དང་། མི་ལྡོག་པ་དང་། བསམ་པ་དགེ་བ་དང་། །སྙིང་རྗེ་ཆེན་པོས་རབ་ཏུ་ནོན་པས་རྟག་ཏུ་སེམས་ཅན་གྱི་དོན་ ལ་བརྩོན་ཞིང་རྟུལ་བ་སྐྱེད་པའོ། །གཞན་ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་རྟུལ་བ་མ་ཉམས་པ་ནི་གང་གོམ་པ་འདེག་ཅིང་འདོར་བ་ན་ཡང་བྱང་ཆུབ་ཀྱི་སེམས་མི་གཏོང་སྟེ། སངས་རྒྱས་དང་། ཆོས་དང་། དགེ་འདུན་མངོན་སུམ་དུ་བྱེད་ཅིང་སེམས་ཅན་ལ་ལྟ་ཡང་ཉོན་མོངས་པའི་དབང་གིས་མི་འགྲོ་བའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའི་ 80-1-146b བརྩོན་འགྲུས་རྟུལ་བ་མ་ཉམས་པ་ནི་གང་དགེ་བའི་རྩ་བའི་སེམས་སྐྱེས་ཤིང་བྱུང་བ་རྣམས་བྱང་ཆུབ་ཏུ་སྔོ་བ་སྟེ། །དེའི་དགེ་བའི་རྩ་བ་དེ་མི་ཟད་པར་འགྱུར་ཏེ། །ཤཱ་རིའི་བུ་འདི་ ལྟ་སྟེ་དཔེར་ན་རྒྱ་མཚོ་ཆེན་པོར་སོང་བའི་ཆུ་ནི་བར་མ་དོར་ཟད་པར་མི་འགྱུར་བ་དེ་བཞིན་དུ་ཤཱ་རིའི་བུ་བྱང་ཆུབ་ཏུ་བསྔོས་པའི་དགེ་བའི་རྩ་བ་ཡང་བར་མ་དོར་ཟད་པར་མི་འགྱུར་ཏེ། དེའི་ཕྱིར་བརྩོན་འགྲུས་རྟུལ་བ་མ་ཉམས་པ་ཞེས་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་རྟུལ་བ་མ་ཉམས་པར་ཡང་དག་པར་ཞུགས་པ་ནི་དགེ་བའི་ རྩ་བ་དེ་དག་སྡུད་ཅིང་ཐམས་ཅད་མཁྱེན་པའི་རྣམ་པ་མངོན་པར་སྒྲུབ་པའི་དགེ་བའི་རྩ་བ་སྡུད་པས་དེའི་ཕྱིར་བརྩོན་འགྲུས་རྟུལ་བ་མ་ཉམས་པ་ཞེས་བྱའོ། །ཤཱ་རིའི་བུ་གཞན་ཡང་ བྱང་ཆུབ་སེམས་དཔའ་ནི་འདི་ལྟར་སློབ་སྟེ། །སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དང་། །སློབ་པ་དང་། མི་སློབ་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དང་། རང་སངས་རྒྱས་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དང་། བསོད་ནམས་དེ་དག་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་སྐུའི་བ་སྤུའི་ཁུང་བུ་གཅིག་ཡོངས་སུ་ འགྲུབ་བོ། །བ་སྤུའི་ཁུང་བུ་ཐམས་ཅད་ཏུ་གཏོགས་པ་ཇི་སྙེད་པ་དེའི་བསོད་ནམས་ཀྱི་ཕུང་པོ་དེ་དག་ཐམས་ཅད་ཀྱིས་ནི་གཏན་པ་མེད་པའི་མཆོད་སྦྱིན་བྱས་ན་འགྲུབ་པར་འགྱུར་རོ། ། དེ་ལྟ་བུའི་མཆོད་སྦྱིན་བརྒྱས་ནི་སྐུ་ལ་སྐྱེས་བུ་ཆེན་པོའི་མཚན་གཅིག་མངོན་པར་འགྲུབ་བོ། །དེ་ལྟར་འཇུག་པས་མཚན་ཐམས་ཅད་ཀྱང་མངོན་པར་འགྲུབ་པོ། །མཚན་ཐམས་ཅད་ 80-1-147a ཏུ་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པའི་བསོད་ནམས་ཀྱི་ཕུང་པོ་དེ་དག་གིས་ནི་དེ་བཞིན་གཤེགས་པའི་སྨིན་མཚམས་ཀྱི་མཛོད་སྤུ་ཡོངས་སུ་འགྲུབ་ བོ། །མཛོད་སྤུར་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་ལས་བརྒྱ་ཕྲག་སྟོང་དུ་བསྒྲེས་པའི་བསོད་ནམས་ཀྱི་ཕུང་པོས་ནི་དེ་བཞིན་གཤེགས་པའི་གཙུག་ཏོར་དབུའི་ གཙུག་བལྟར་མི་མཐོང་བའི་སྐྱེས་བུ་ཆེན་པོའི་མཚན་མངོན་པར་འགྲུབ་བོ། །གཙུག་ཏོར་དུ་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་ལས་བྱེ་བ་བརྒྱ་སྟོང་དུ་བསྒྲེས་པའི་བསོད་ ནམས་ཀྱི་ཕུང་པོས་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་དུང་ཡོངས་སུ་འགྲུབ་སྟེ། །འདོད་ན་དེ་བཞིན་གཤེགས་པའི་ཆོས་ཀྱི་དུང་དེས་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་ དབྱངས་ཀྱིས་གོ་བར་མཛད་དེ། །སེམས་ཅན་ཐམས་ཅད་ཀྱི་དབང་པོ་ཇི་ལྟ་བུར་མོས་ཤིང་འདུལ་བ་བཞིན་དུ་ཚིམ་པར་མཛད་དོ། །དེ་ལྟར་དཀའ་བས་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་འགྲུབ་ཀྱང་བདག་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱས་ཏེ། །མཐའ་ཡས་མུ་མེད་པའི་འཇིག་ རྟེན་གྱི་ཁམས་སུ་སངས་རྒྱས་ཀྱི་དབྱངས་ཀྱིས་གོ་བར་བྱའོ་ཞེས་སྤྲོ་ཞིང་། །གོ་ཆ་མི་འདོར་བ་དེ་ནི་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་རྟུལ་བ་མ་ཉམས་པའོ། །ཤཱ་རིའི་བུ་གཞན་ ཡང་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་རྟུལ་བ་མ་ཉམས་པ་ནི་གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་དད་པས་རྗེས་སུ་འབྲང་ 80-1-147b བའི་ཡེ་ཤེས་དང་ལྡན་པར་གྱུར་པས་ནི་ཆོས་ཀྱི་རྗེས་སུ་འབྲང་བའི་ཡེ་ཤེས་དང་ལྡན་པ་དེའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་འམ། བརྒྱ་ཕྲག་སྟོང་གི་ཆ་འམ། །ཆར་ རམ། བགྲང་བར་རམ། །རྒྱུར་ཡང་ཉེ་བར་མི་འགྲོའོ། །གོང་མ་བཞིན་དུ་སྦྱར་ཏེ། །དེ་ལྟར་གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ ཅད་རྒྱུན་དུ་ཞུགས་པའི་ཡེ་ཤེས་དང་ལྡན་པར་གྱུར་བ་དང་། །དེ་དག་ལན་ཅིག་ཕྱིར་འོང་བའི་ཡེ་ཤེས་དང་ལྡན་པ་དང་། །དེ་བཞིན་དུ་ཕྱིར་མི་འོང་བའི་ཡེ་ཤེས་དང་ལྡན་པ་དང་། །དེ་བཞིན་ དུ་དགྲ་བཅོམ་པའི་ཡེ་ཤེས་དང་ལྡན་པ་དང་། །དེ་བཞིན་དུ་རང་སངས་རྒྱས་ཀྱི་ཡེ་ཤེས་དང་ལྡན་པ་དང་། །དེ་བཞིན་དུ་བསྐལ་པ་བརྒྱས་འབྱུང་བའི་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་ དུ་ཕྱིར་མི་ལྡོག་པའི་ཡེ་ཤེས་དང་ལྡན་པ་དང་། །དེ་བཞིན་དུ་སྐྱེ་བ་གཅིག་གིས་ཐོགས་པ་སྟེ། །རྒྱས་པར་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ ཐམས་ཅད་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་ལྡན་པར་གྱུར་པ་དེ་དག་གིས་ནི་དེ་བཞིན་གཤེགས་པའི་གནས་དང་གནས་མ་ཡིན་པ་མཁྱེན་པའི་ སྟོབས་དེའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆར་རམ། བརྒྱ་ཕྲག་སྟོང་གི་ཆར་རམ། གྲངས་སུ་འམ། ཆར་རམ། །བགྲང་བར་རམ། རྒྱུར་ཡང་ཉེ་བར་མི་འགྲོའོ། །ཡེ་ཤེས་ལ་ འཇུག་པ་འདི་ཐོས་ནས། མི་དངང་མི་སྐྲག་སྐྲག་པར་མི་འགྱུར་ཞིང་ཡེ་ཤེས་དེ་ལ་འཇུག་པར་མོས་པ་བསྐྱེད་དེ། བརྩོན་འགྲུས་རྩོམ་ཞིང་པྲི་དང་། རྒྱུས་པ་དང་། རུས་པ་དང་། ལྤགས་ 80-1-148a པ་དང་། ཤ་དང་། ཁྲག་དང་། ལུས་ཡོངས་སུ་སྐམས་པར་གྱུར་ཀྱང་སླའི། །དེ་བཞིན་གཤེགས་པའི་སྟོབས་མ་ཐོབ་ཀྱི་བར་དུ་བརྩོན་འགྲུས་ཉམས་པར་མི་འགྱུར་པ་དེ་ ནི་བརྩོན་འགྲུས་རྟུལ་བ་མ་ཉམས་པ་ཞེས་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་འདི་ལྟར་སློབ་སྟེ། །སེམས་ཅན་ཐམས་ཅད་ཀྱི་འདས་པའི་སེམས་ཇི་སྙེད་པ་ དེ་དག་སེམས་ཅན་གཅིག་གི་སེམས་གཅིག་ཏུ་ཞུགས་པར་གྱུར་ལ། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་སེམས་དེ་སྙེད་ཏུ་ཚད་མེད་ཅིང་མང་བར་གྱུར་ཏེ། གང་སེམས་ཅན་ཐམས་ ཅད་ཀྱི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཉོན་མོངས་པ་ཐམས་ཅད་ཀྱི་གང་བའི་སེམས་དེ་དག་སེམས་ཅན་གཅིག་གི་སེམས་གཅིག་ལ་འཇུག་པར་གྱུར་ལ། རྣམ་ གྲངས་འདིས་སེམས་ཅན་ཐམས་ཅད་དེ་སྙེད་ཀྱི་ཉོན་མོངས་པ་མང་པོ་ཚད་མེད་པར་གྱུར་ཀྱང་། དེ་ལ་བདག་གི་དེ་འདྲ་བའི་ཤེས་རབ་དང་། །ཡེ་ཤེས་ཀྱི་ཚོགས་ཡོངས་སུ་བཙལ་ བར་བྱ། །འབད་པར་བྱ། བརྩོན་འགྲུས་བརྩམས་པར་བྱ་སྟེ། ཇི་ལྟར་བརྩོན་འགྲུས་བརྩམས་པས་སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་ཀྱི་ཀུན་དུ་གདུང་བ་དང་ཞེ་སྡང་གི་ཀུན་དུ་གདུང་ བ་དང་། གཏི་མུག་གི་ཀུན་དུ་གདུང་བ་དེ་ཐམས་ཅད་རབ་ཏུ་ཞི་བར་བྱ། དུག་མེད་པར་བྱ། གཞོམ་པར་བྱ། དགྲོལ་བར་བྱ། ཐལ་བར་བྱ། མྱ་ངན་ལས་འདས་པའི་ལམ་ལ་རབ་ཏུ་ དགོད་པར་བྱའོ་སྙམ་དུ་གང་དེ་ལ་རྟུལ་བ་དེ་ནི་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་རྟུལ་བ་མ་ཉམས་པ་ཞེས་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་རྟུལ་ 80-1-148b བ་མ་ཉམས་པ་ནི་གང་ལུས་ཀྱི་ལས་དགེ་བ་ལ་གནས་པ་དང་། །ངག་གི་ལས་དགེ་བ་ལ་གནས་པ་དང་། །ཡིད་ཀྱི་ལས་དགེ་བ་ལ་གནས་པ་དང་། །བརྩོན་འགྲུས་གང་ཇི་སྙེད་ཡོད་པ་ དེ་དག་ཐམས་ཅད་ལུས་དང་། ངག་དང་། སེམས་དང་ལྡན་པའོ། །ལུས་དང་། དག་གི་བརྩོན་འགྲུས་པས་སེམས་ཀྱི་བརྩོན་འགྲུས་ཉིད་མཆོག་ཅེས་བཤད་དོ། །དེ་ལ་སེམས་ཀྱིས་ བརྩོན་འགྲུས་གང་ཞེ་ན། །གང་སེམས་ཀྱི་འཇུག་པ་དང་གནས་པའོ། །དེ་ལ་སེམས་ཀྱི་འཇུག་པ་གང་ཞེ་ན། །བྱང་ཆུབ་ལ་རྩོལ་བའོ། །དེ་ལ་སེམས་ཀྱི་གནས་པ་གང་ཞེ་ན། གང་ བྱང་ཆུབ་ཀྱི་སེམས་ཉེ་བར་མ་ཞི་བའོ། །དེ་ལ་འཇུག་པ་གང་ཞེ་ན། །གང་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེ་བའོ། །དེ་ལ་གནས་པ་གང་ཞེ་ན། །གང་བདག་མེད་པ་ལ་བཟོད་པའོ། ། དེ་ལ་འཇུག་པ་གང་ཞེ་ན། །གང་སེམས་ཅན་ཐམས་ཅད་སྡུད་པའོ། །དེ་ལ་གནས་པ་གང་ཞེ་ན། །གང་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའོ། །འཇུག་པ་ནི་འཁོར་ བས་ཡོངས་སུ་མི་སྐྱོའོ། །གནས་པ་ནི་ཁམས་གསུམ་མི་དམིག་པའོ། །འཇུག་པ་ནི་ནོར་ཐམས་ཅད་ཡོངས་སུ་གཏོང་བའོ། །གནས་པ་ནི་སྦྱིན་པ་མི་སྙེམས་པའོ། །འཇུག་པ་ནི་ཚུལ་ ཁྲིམས་ཡང་དག་པར་འཛིན་པའོ། །གནས་པ་ནི་ཚུལ་ཁྲིམས་མི་སྙེམས་པའོ། །འཇུག་པ་ནི་བཟོད་པས་སྡུག་བསྔལ་བཟོད་པའོ། གནས་པ་ནི་སེམས་མི་འཁྲུག་པའོ། །འཇུག་ པ་ནི་དགེ་བའི་རྩ་བའི་ཆོས་ཐམས་ཅད་རྩོམ་པའོ། །གནས་པ་ནི་སེམས་རབ་ཏུ་དབེན་པའོ། །འཇུག་པ་ནི་བསམ་གཏན་སྒྲུབ་པའོ། །གནས་པ་ནི་སེམས་ངེས་པར་རྟོག་པའོ། འཇུག་ 80-1-149a པ་ནི་ཐོས་པས་མི་ངོམས་པའོ། །གནས་པ་ནི་ཚུལ་བཞིན་རབ་ཏུ་སྦྱོར་བའོ། །འཇུག་པ་ནི་ཐོས་པ་སྟོན་པའོ། །གནས་པ་ནི་བརྗོད་ཏུ་མེད་པའི་ཆོས་ཉིད་དོ། །འཇུག་ པ་ནི་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཚོལ་བའོ། །གནས་པ་ནི་སྤྲོས་པ་ཐམས་ཅད་ཡང་དག་པར་གཅོད་པའོ། འཇུག་པ་ནི་ཚངས་པའི་གནས་སོགས་པའོ། གནས་པ་ནི་ཡང་དག་ པའི་ཡེ་ཤེས་ཀྱི་བཏང་སྙོམས་སོ། །འཇུག་པ་ནི་མངོན་པར་ཤེས་པ་ལྔ་ཡོངས་སུ་རྫོགས་པའོ། །གནས་པ་ནི་ཟག་པ་ཟད་པ་ཡོངས་སུ་འདྲིས་པར་བྱེད་པའོ། །འཇུག་པ་ནི་དྲན་པ་ ཉེ་བར་གཞག་པ་སྒོམ་པའོ། །གནས་པ་ནི་དྲན་པ་མེད་པའོ། །ཡིད་ལ་བྱེད་པ་མེད་པའོ། །འཇུག་པ་ནི་ཡང་དག་པར་སྤོང་བ་ལ་རབ་ཏུ་སྦྱོར་བའོ། །གནས་པ་ནི་དགེ་བ་དང་མི་དགེ་ བ་དང་བྲལ་བའོ། །འཇུག་པ་ནི་རྫུ་འཕྲུལ་གྱི་རྐང་པ་མངོན་པར་སྒྲུབ་པའོ། །གནས་པ་ནི་ལྷུན་གྱིས་འགྲུབ་པས་བྱ་བ་འཇུག་པའོ། །འཇུག་པ་ནི་དབང་པོ་ལ་མཁས་པའོ། །གནས་ པ་ནི་དབང་པོའི་ཆོས་ལ་སོ་སོར་རྟོག་པའོ། །འཇུག་པ་ནི་སྟོབས་སྒྲུབ་པའོ། །གནས་པ་ནི་མི་རྫི་བའི་གནས་སོ། །འཇུག་པ་ནི་བྱང་ཆུབ་ཀྱི་ཡན་ལག་ཡང་དག་པར་འབྱུང་བའོ། ། གནས་པ་ནི་ཆོས་ལ་རབ་ཏུ་ཤེས་པའི་ཡེ་ཤེས་སོ། །འཇུག་པ་ནི་ལམ་གྱི་ཚོགས་ཡོངས་སུ་ཚོལ་བའོ། །གནས་པ་ནི་གང་དུ་ཡང་མི་འགྲོ་བའོ། །འཇུག་པ་ནི་ཞི་གནས་ཡོངས་སུ་ ཚོལ་བའོ། །གནས་པ་ནི་ཞི་གནས་ཀྱི་སེམས་སོ། །འཇུག་པ་ནི་ལྷག་མཐོང་གི་ཚོགས་སོ། །གནས་པ་ནི་ཆོས་ཉིད་རིག་པའོ། །འཇུག་པ་ནི་རྒྱུ་ཁོང་དུ་ཆུད་པའོ། །གནས་ 80-1-149b པ་ནི་རྒྱུ་ཡོངས་སུ་ཤེས་པའོ། །འཇུག་པ་ནི་གཞན་གྱི་སྒྲ་ཐོས་པའོ། །གནས་པ་ནི་ཆོས་ལ་ནན་ཏན་བྱེད་པའོ། །འཇུག་པ་ནི་ཆོས་ཀྱི་སྐུའི་རྒྱན་ཏོ། །གནས་པ་ནི་ཆོས་ཀྱི་སྐུ་ཉིད་དོ། ། འཇུག་པ་ནི་ངག་གི་རྒྱན་ཏོ། །གནས་པ་ནི་འཕགས་པའི་མི་སྨྲ་བའོ། །འཇུག་པ་ནི་རྣམ་པར་ཐར་པའི་སྒོ་གསུམ་ལ་མོས་པའོ། །གནས་པ་ནི་མི་བྱེད་པའོ། །འཇུག་པ་ནི་བདུད་ བཞི་རྣམ་པར་སྤོང་བའོ། །གནས་པ་ནི་བག་ཆགས་ཀྱི་ཉོན་མོངས་པ་འདོར་བའོ། །འཇུག་པ་ནི་ཐབས་མཁས་པའོ། །གནས་པ་ནི་ཤེས་རབ་ཀྱིས་བལྟའོ། །འཇུག་པ་ནི་མི་དམིགས་ པར་བལྟའོ། །གནས་པ་ནི་སྒྲོལ་བར་བལྟའོ། །འཇུག་པ་ནི་བརྡར་བལྟའོ། །གནས་པ་ནི་དོན་དུ་བལྟའོ། །འདི་ནི་སེམས་ཀྱི་བརྩོན་འགྲུས་ཤེས་བྱ་སྟེ། །གང་བརྩོན་འགྲུས་ལ་ རྩོམ་པ་དང་། །འབད་པ་དང་། རྟུལ་བ་དེ་ནི་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་རྟུལ་བ་མ་ཉམས་པ་ཞེས་བྱའོ། །དེ་ལྟར་ཤཱ་རིའི་བུ་བརྩོན་འགྲུས་རྟུལ་བ་མ་ཉམས་པའི་བྱང་ཆུབ་ སེམས་དཔའ་ནི་ཆོས་ལྔས་མངོན་པར་འཕགས་པ་ཡིན་ཏེ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཆོས་ལྔ་པོ་གང་ གིས་མངོན་པར་འཕགས་པ་ཡིན་ཞེ་ན། །སངས་རྒྱས་བྱུང་བ་མཉེས་པར་བྱེད་པས་མངོན་པར་འཕགས་པ་ཡིན། །དགེ་བའི་བཤེས་གཉེན་ལ་བསྟེན་པས་མངོན་པར་འཕགས་པ་ཡིན། དལ་བ་ཕུན་སུམ་ཚོགས་པ་ཐོབ་པས་མངོན་པར་འཕགས་པ་ཡིན། ཇི་ལྟར་དགེ་བའི་ཆོས་བསྒྲུབས་པ་ཆུད་མི་ཟ་བས་མངོན་པར་འཕགས་པ་ཡིན། །སྡོམ་པ་ལ་གནས་པའི་བྱང་ཆུབ་ 80-1-150a སེམས་དཔའ་སེམས་དཔའ་ཆེན་པོའི་རྗེས་སུ་བསླབས་པས་མངོན་པར་འཕགས་པ་ཡིན་ཏེ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མྱུར་དུ་མངོན་པར་ རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཆོས་ལྔས་མངོན་ བར་འཕགས་པ་མི་འགྱུར་བ་དེ་ལྟ་བུ་མཆིས་སམ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཤཱ་རིའི་བུ་ཡོད་དོ། །བཅོམ་ལྡན་འདས་ཇི་ལྟར་ཇི་ལྟ་བུ་ལགས། །བདེ་བར་གཤེགས་ པ་ཇི་ལྟར་ཇི་ལྟ་བུ་ལགས། །བཀའ་སྩལ་པ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆོས་ལྔ་དང་ལྡན་པ་སངས་རྒྱས་འབྱུང་བ་མཉེས་པར་མི་བྱེད་པ་དང་། །དགེ་བའི་བཤེས་གཉེན་ལ་མི་ སྟེན་པ་དང་། །དལ་བ་འབྱོར་པ་མི་རྙེད་པ་དང་། །དགེ་བའི་ཆོས་ཇི་ལྟར་བསྒྲུབས་པ་ཆུད་གསོན་པ་དང་། །སྡོམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྗེས་ སུ་མ་བསླབས་པ་ཡིན་ཏེ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མྱུར་དུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །ཆོས་ལྔ་གང་ཞེ་ན། །འདི་ལ་ཤཱ་རིའི་བུ་བྱང་ཆུབ་སེམས་ དཔའ་ཁྱིམ་པ་རྒྱལ་པོའི་བཀྲབས་པར་འགྱུར། །སྐྱེ་བོ་མང་པོ་སྐྲག་པར་འགྱུར་ཞིང་སྐྱེ་བོ་མང་པོས་བདག་ཅག་གི་དོན་འདི་བགྱིར་གསོལ་ཞེས་དེ་ལ་གསོལ་བ་བཏབ་པ་དང་། །དེ་དག་ལ་ བྱའོ་ཞེས་སྨྲས་ནས་དེ་མི་བྱེད་ཅིང་ཚིག་གི་དངོས་པོ་ཙམ་གྱི་བར་ལ་གནས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། །ཤཱ་རིའི་བུ་འདི་ལྟ་བུའི་ཆོས་འདི་ནི་མཐོ་རིས་ལས་ཉམས་པར་འགྱུར་བའོ།། 80-1-150b ཤཱ་རིའི་བུ་འདི་ལྟ་བུ་ཆོས་འདི་ནི་དལ་བ་ཕུན་སུམ་ཚོགས་པ་ཐོབ་པ་ཉམས་པར་འགྱུར་བའོ། །ཤཱ་རིའི་བུ་ཆོས་དང་པོ་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་ནི་ལུས་གསོ་ བའི་ཕྱིར་སངས་རྒྱས་འབྱུང་བ་མཉེས་པར་མི་བྱེད་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཡང་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་རོ། ། ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་གྲོང་ཁྱེར་དུ་འཚེ་བ་ལ་ཆགས་པ་སྟེ། །གྲོང་ཁྱེར་དུ་འཚེ་བ་གང་ཞེ་ན། །ཤཱ་རིའི་བུ་འདི་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་སྟེ། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་མདུན་དུ་ཆོས་སྟོན་པ་ནི་ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་པ། ཡང་དག་པར་རབ་ཏུ་སྟོན་ཏེ། དེ་ལས་ འཁོར་བཞི་འབྱུང་ངོ་། །འཁོར་བཞི་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའོ། །དེ་ལ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་གྲོང་ངམ། གྲོང་ཁྱེར་རམ། ལྗོངས་སམ། ཡུལ་ལམ། ཕོ་བྲང་འཁོར་གྱི་ནང་དུ་གནས་པར་གྱུར་པ་ལས་དེ་དག་གི་ཚུལ་ཁྲིམས་ཀྱི་ཕུང་པོ་ཉམས་པར་བྱེད་པ་སྟེ། དེ་ནི་གྲོང་ཁྱེར་ལ་འཚེ་བ་ཞེས་བྱའོ། །དེ་ལ་ཆགས་ནས་བྱང་ཆུབ་སེམས་དཔའ་ཁྱིམ་པ་སངས་རྒྱས་འབྱུང་བ་མཉེས་པར་མི་བྱེད་པ་ནས། མྱུར་དུ་མངོན་པར་རྫོགས་པར་འཚང་མི་རྒྱ་ 80-1-151a བའི་བར་དུའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་གནས་པ་ཕ་མ་ལ་ཆོས་ཀྱི་བར་ཆད་བྱེད་པ་དང་། བུ་དང་། བུ་མོ་དང་། ཆུང་མ་དང་། སྲིང་མོ་ལ་ཆོས་ཀྱི་བར་ཆད་བྱེད་པ་དང་། མཛའ་བོ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་རྣམས་ལ་ཆོས་ཀྱི་བར་ཆད་བྱེད་པ་དང་། དེ་བཞིན་དུ་ སེམས་ཅན་གཞན་རྣམས་ལ་ཡང་ཆོས་ཀྱི་བར་ཆད་བྱེད་པ་དེ་ནི་ཡུན་རིང་པོར་ཆོས་ཀྱི་བར་ཆད་ཏུ་འགྱུར་བ་ཡིན་ཏེ། ཤཱ་རིའི་བུ་ཆོས་གསུམ་པ་འདི་དང་ལྡན་པའི་བྱང་ཆུབ་སེམས་ དཔའ་ནི་ཆོས་ཀྱི་བར་ཆད་བྱས་ནས་སངས་རྒྱས་འབྱུང་བ་མཉེས་པར་མི་བྱེད་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཡང་མྱུར་དུ་མངོན་པར་རྫོགས་པར་ འཚང་རྒྱ་བར་མི་འགྱུར་བའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་འདི་ལྟ་བུ་འདི་དག་འདོད་པ་ཉུང་བ་དང་། འཐུན་པ། ཡོ་བྱད་ བསྙུངས་པ་དང་འཐུན་པ་ཐོས་ན་མི་དད་ཅིང་། གཞན་ཡང་ལྟ་བ་དེ་ཉིད་ཡང་དག་པར་འཛིན་དུ་འཇུག་པ་དང་། དེ་དེ་བཞིན་གཤེགས་པའི་བསྟན་པ་ལ་སྨོད་ཅིང་མཉེས་པར་མི་བྱེད་དེ་སྨད་ པའི་འགྲོ་བ་ཉིད་ཏུ་འགྲོ་བའོ། །སྨད་པའི་འགྲོ་བ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། མཐའ་འཁོབ་ཀྱི་ཡུལ་ མི་དང་། ཡན་ལག་ཉམས་པ་དང་། ཀླ་ཀློ་དང་། ལོག་པར་ལྟ་བའི་སེམས་ཅན་གྱི་ནང་དུ་སྐྱེ་བ་སྟེ། །ཤཱ་རིའི་བུ་ཆོས་བཞི་པ་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་ནི་སངས་ 80-1-151b རྒྱས་འབྱུང་བ་མཉེས་པར་མི་བྱེད་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཡང་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་བའོ། །ཤཱ་རིའི་བུ་གཞན་ ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་འདི་ལྟ་སྟེ། བློན་པོ་དང་། དེ་མ་ཡིན་པའི་འཁོར་གཞན་སྟོབས་ཆེན་པོ་ལ་རྟེན་པར་གྱུར་ཏེ། དེ་དབང་ཕྱུག་གི་དབང་གིས་སྐྱེ་བོ་མང་པོ་ལ་གཤེ་ཞིང་ བརྒྱད་དེ། ཚིག་ངན་པ་རྩུབ་པོས་སྤྱོས་ཏེ། འཕྱས་འདོགས་ཤིང་འཐིང་སླད་བྱེད་དེ། ངག་གི་ཉེས་པར་སྤྱོད་པ་དེ་དང་ལྡན་པས་ངན་སོང་དུ་འཇིགས་སུ་རུང་བའི་ལུས་ཐོབ་པར་འགྱུར་རོ། ། ཤཱ་རིའི་བུ་ཆོས་ལྔ་པ་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་ནི་སངས་རྒྱས་འབྱུང་བ་མཉེས་པར་མི་བྱེད། དགེ་བའི་བཤེས་གཉེན་ལ་ཡང་མི་སྟེན། དལ་བ་ཕུན་སུམ་ ཚོགས་པ་ཡང་མི་འཐོབ། ཇི་ལྟར་བསྒྲུབས་པའི་དགེ་བའི་རྩ་བ་ཡང་ཆུད་གསོན། སྡོམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡང་རྗེས་སུ་སློབ་ པར་མི་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་ བཅད་པ་འདི་དག་གསུངས་སོ། །ལས་ནི་རྣམ་པ་འདི་ལྟ་སྟེ། དེས་ནི་ཤེས་རབ་མི་འཕེལ་འགྱུར། བློ་ཡང་མྱུར་དུ་མ་རུང་འགྱུར། མི་མཆོག་རྣམས་ནི་མཉེས་མི་བྱེད། དེ་ནི་སེམས་ ཅན་སླུ་བ་སྟེ། ཕོ་བྲང་འཁོར་གྱི་བཀྲབས་པ་ལྟར། མི་དགེ་རྩ་བ་དེ་དག་གིས། །འཇིག་རྟེན་མགོན་པོ་མི་མཐོང་ངོ་། བདག་གིས་ཕྲོགས་ཤིག་ལོངས་ཤིག་ཅེས། སེམས་ཅན་ 80-1-152a རྣམས་ལ་འཇིགས་བསྐྱེད་དང་། ཉེས་པའི་ལས་རྣམས་བྱས་གྱུར་ནས། མི་མཆོག་རྣམས་ནི་མཉེས་མི་བྱེད། དགེ་སློང་དང་ནི་དགེ་སློང་མ། ཚུལ་ཁྲིམས་ཉམས་ བྱས་སྡུག་བསྔལ་གྱུར། སངས་རྒྱས་མང་པོ་མཉེས་མི་བྱེད། དེ་ལ་དལ་བ་རྙེད་པར་དཀའ། ཕ་དང་མ་དང་ཆུང་མ་རྣམས། ཆོས་སྤྱོད་པ་ཡི་བགེགས་བྱེད་དེ། མྱུར་དུ་ཆོས་ཀྱང་མི་ ཐོས་ཤིང་། གཏི་མུག་གིས་ནི་བསྒྲིབས་པར་འགྱུར། རབ་ཏུ་འབྱུང་བར་འགྲོ་བ་ལ། བར་དུ་གཅོད་པ་བྱས་གྱུར་ནས། སངས་རྒྱས་མང་པོ་མཉེས་མི་བྱེད། དེ་ལ་དལ་བ་མི་འབྱུང་ངོ་། ། གང་དུ་སྟོང་པ་ཉིད་བསྔགས་པ། འདི་ལྟ་བུ་ཡི་ཆོས་ཐོས་ནས། ཁྲོ་བ་དག་ནི་ཉེར་ལེན་ཅིང་། འདི་ནི་ཆོས་མིན་ཞེས་ཀྱང་སྨྲ། བར་ཆད་འདི་དག་ཐམས་ཅད་ཀྱིས། བཅུ་དྲུག་ཆར་ཡང་ཉེར་ མི་འགྲོ། །དམ་པའི་ཆོས་ལ་སྨད་བྱས་ནས། དམུས་ལོང་རབ་ཏུ་སྡུག་བསྔལ་འགྱུར། རྫོགས་པའི་སངས་རྒྱས་དེས་མི་མཐོང་། མཐོང་དུ་ཟིན་ཀྱང་དད་མི་འགྱུར། བུད་མེད་མ་ནིང་དམུས་ ལོང་དང་། ཁྱི་དང་བོང་བུ་རྣམས་སུ་འགྱུར། གང་ཞིག་སངས་རྒྱས་བྱང་ཆུབ་དང་། བྱང་ཆུབ་སེམས་དཔའ་དགའ་བ་དག །བར་དུ་གཅོད་པ་རྣམ་སྤངས་ནས། བཟང་པོ་དག་གི་ལམ་ རྣམས་སྒོམ། ཕ་དང་མ་ནི་ཆོས་འདི་ལ། ཡང་དང་ཡང་དུ་སྦྱོར་བ་དང་། སེམས་ཅན་ཐམས་ཅད་རབ་འབྱུང་བར། མྱུར་བ་ཉིད་ཏུ་ལེན་དུ་འཇུག །མ་ནི་ཆོས་ལ་སྦྱར་བྱས་ན། མྱུར་དུ་ བཟང་པོའི་འགྲོ་བར་འགྲོ། །རབ་ཏུ་འབྱུང་བར་བསྔགས་པས་ན། མྱུར་དུ་བྱང་ཆུབ་རྣམ་འཚང་རྒྱ། ཤཱ་རིའི་བུ་རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་ཆོས་ལྔ་དང་ལྡན་ན་སངས་རྒྱས་ 80-1-152b བྱུང་བ་མཉེས་པར་མི་བྱེད། དགེ་བའི་བཤེས་གཉེན་ལ་ཡང་མི་སྟེན། དལ་བ་ཕུན་སུམ་ཚོགས་པ་ཡང་མི་འཐོབ། ཇི་ལྟར་བསྒྲུབས་པའི་དགེ་བའི་རྩ་བ་རྣམས་ཀྱང་ཆུད་ཟ་བར་ བྱེད། སྡོམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡང་རྗེས་སུ་སློབ་པར་མི་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མྱུར་དུ་མངོན་ པར་རྫོགས་པར་འཚང་མི་རྒྱའོ། །ལྔ་གང་ཞེ་ན། འཆལ་བའི་ཚུལ་ཁྲིམས་ལ་སྤྱོད་པ་དང་། དམ་པའི་ཆོས་ལ་སྨོད་པ་དང་། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་ པ་ལ་ཆགས་པ་དང་། བདག་ཏུ་ལྟ་བའི་ཐིབས་པོ་དང་། གཞན་གྱི་ཁྱིམ་ལ་ཕྲག་དོག་དང་སེར་སྣ་སྐྱེད་པ་སྟེ། ཤཱ་རིའི་བུ་རབ་ཏུ་བྱུང་བའི་བྱུང་ཆུབ་སེམས་དཔའ་ཆོས་ལྔ་པོ་ དེ་དག་དང་ལྡན་ན་སངས་རྒྱས་བྱུང་བ་ལ་མཉེས་པར་མི་བྱེད་པ་དང་། དགེ་བའི་བཤེས་གཉེན་ལ་མི་སྟེན་པ་དང་། གོང་མ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཀྱི་བར་དུ་ཡང་མྱུར་དུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །ཤཱ་རིའི་བུ་འདི་ལྟ་སྟེ་ཁྱི་ལྟོགས་ཀེང་རུས་ཤ་མེད་པ། ཁྲག་གིས་འབགས་པ་བླངས་ནས་དེ་སྲང་གི་སྒོ་ན་ གནས་ཏེ། ཁ་ཆུས་གོས་པ་དེ་འཆའ་བ་ལས་དེ་ནས་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དང་། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དང་། ཁྱིམ་བདག་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཁྱི་ ལྟོགས་པ་དེ་ལོགས་སུ་འོང་བ་ཁྱི་དེས་རྒྱང་མ་ནས་འོང་བ་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། འདི་ནི་བདག་གི་ཁ་ཟས་རོ་ཞིམ་པོ་འདི་འཕྲོག་པ་ཞིག་གོ་སྙམ་ནས་དེ་ཤིན་དུ་ 80-1-153a ཟུགས་ཤིང་མིག་ཚུགས་སུ་ལྟ་ལ། དྲང་བསྙེར་ཏེ། སྐད་ཆེར་ཟུགས་ན། ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། སྐྱེས་བུ་དེ་ཀེང་རུས་ཤ་མེད་པ་ཁྲག་གིས་འབགས་པ་ དེ་འདོད་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་མ་ལགས་སོ། །བདེ་བར་གཤེགས་པ་དེ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ཁྱི་དེ་ཅིའི་ཕྱིར་ ཤིན་དུ་ཟུགས་ཤིང་མིག་ཚུགས་སུ་ལྟ་ལ་དྲང་བསྙེར་ཏེ། སྐད་ཆེར་ཟུགས། གསོལ་པ། དེ་འདི་སྙམ་དུ་སེམས་ཏེ། བདག་གི་ཟས་རོ་ཞིམ་པོ་འདི་འཕྲོག་པ་ཞིག་གོ་སྙམ་སྟེ། ཤིན་དུ་ཟུགས་ཤིང་མིག་ཚུགས་སུ་ལྟ་ལ་དྲང་བསྙེར་ཏེ། སྐད་ཆེར་ཟུགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་དེ་བཞིན་དུ་གང་ཁྱིམ་གྱི་སེར་སྣ་ལ་བརྩོན་པ། བཤད་པ་དང་། གཅི་བས་ཀུན་དུ་བསྐོར་བ་ལ་ཆགས་པའི་དགེ་སློང་དག་འབྱུང་བར་འགྱུར་ཏེ། འདི་ལྟ་བུའི་དལ་བ་ཕུན་གསུམ་ཚོགས་པ་རྙེད་ནས་དེས་ཆུད་ཟོས་པར་བྱེད་པ་དེ་དག་ནི་ངས་ཁྱི་དང་ འདྲའོ་ཞེས་བརྗོད་དེ། དེ་དག་འབའ་ཤིག་གི་ཕྱིར་དེ་བཞིན་གཤེགས་པ་འདི་ལྟ་བུའི་བརྗོད་པའི་གནས་བྱེད་པ་མ་ཡིན་གྱི། ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་གང་དག་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་སངས་རྒྱས་ཀྱི་ཡེ་ཤེས་ཚོལ་བ་དེ་དག་ནི་བདག་གི་ཤ་ཡང་ཡོངས་སུ་གཏོང་ན་གཞན་གྱི་ཁྱིམ་ ལ་རྟོག་ཅིང་བསྙེན་པའི་ཕྱིར་ཕྲག་དོག་དང་སེར་སྣ་བྱེད་པར་མི་འགྱུར་བ་ལྟ་ཅི་སྨོས། ཡང་ཤཱ་རིའི་བུ་སྐྱེས་བུ་གཏི་མུག་དེ་དག་འཚོ་བའི་ཟང་ཟིང་དང་། བྲན་དང་འཇིག་རྟེན་གྱི་ 80-1-153b ཟང་ཟིང་ལྷུར་བྱེད་ཅིང་ཟས་དང་། སྲོག་ལ་ལྷུར་བྱེད་པ། རྟོག་ཅིང་བསྙེན་པའི་ཕྱིར་གཞན་གྱི་ཁྱིམ་ལ་ཕྲག་དོག་དང་། སེར་སྣ་སྐྱེད་པར་འགྱུར་ཏེ། ཤཱ་རིའི་བུ་དེ་ལྟར་བརྩོན་པའི་ དགེ་སློང་མཐོང་ན། ཕྲག་དོག་དང་། སེར་སྣ་སྐྱེད་དེ་བདག་ནི་སྔན་ཆད་འདིར་ཤེས་ན་ཕྱི་མ་འདི་ག་ལས་འོངས་པ་ཞིག །འདི་ནི་སྔོན་བདག་དང་འཐམས་པ་ཡིན་ན་ཕྱི་མ་འདི་ ག་ལས་འོངས་པ་ཞིག་ཅེས་ཟེར་ཞིང་གལ་ཏེ་དེའི་ཁྱིམ་བདག་དེ་དག་གིས་ལྷུང་བཟེད་དང་། ཆོས་གོས་དང་། བསོད་སྙོམས་དམ་བཅས་པར་གྱུར་བ་དང་། མལ་སྟན་དང་། ན་པའི་གསོས་སྨན་དང་། ཡོ་བྱད་ཁས་བླངས་པར་གྱུར་པ་རྣམས་སྔོན་ནི་བདག་དང་དམ་བཅས་པར་གྱུར་མོད་ཀྱི་ཕྱིས་འོངས་ནས་སྦྱིན་པར་མི་འགྱུར་གྲང་སྙམ་ནས་དེ་དེ་ལ་ ཉེས་པ་གསུམ་སྐྱེད་དེ། གསུམ་གང་ཞེ་ན། གནས་ལ་ཉེས་པ་སྐྱེད་དེ། གནས་དེ་ནས་འགྲོའོ་སྙམ་སེམས་པ་དང་། ཤེས་པར་བྱ་བ་མ་ཡིན་པ་ཤེས་ཤིང་། ཤེས་པར་བྱ་ བ་མི་ཤེས་ལ། གང་ཅུང་ཟད་སྟེན་པ་ཡང་མི་བརྟན་པ་དང་། དེ་ཁྱིམ་པ་ལ་ཉེས་པ་བསྐྱེད་པ་སྟེ། དེ་དགེ་སློང་དེ་གནས་གསུམ་རྗོད་པར་བྱེད་དོ། །གསུམ་གང་ཞེ་ན། གནས་ཀྱི་ ཉེས་པ་བརྗོད་པ་དང་། ཉམས་མི་དགའ་བ་རྗོད་ཅིང་ཁྱིམ་གཏོད་པར་བྱེད་པ་དང་། མི་བདེན་པའི་གཏམ་ཟེར་ཞིང་སྐྱེས་བུ་དམ་པ་མ་ཡིན་པ་འདི་དག་གཡོ་བྱེད་དོ་ཞེས་ཡིད་རྟོན་ པའི་སྦྱོར་བས་དམ་བཅའ་བར་བྱ་བའི་ཆོས་ཡང་དག་པར་རབ་ཏུ་སྟོན་པ་སྟེ། ཤཱ་རིའི་བུ་དེ་ལྟར་ན་ཁྱིམ་ལ་སེར་སྣ་བྱེད་པ་ཆོས་དཀར་པོ་ཡོངས་སུ་ཉམས་པར་འགྱུར་བའོ།། 80-1-154a ཤཱ་རིའི་བུ་ཁྱིམ་ལ་སེར་སྣ་བྱེད་པ་ལ་གནས་པ་སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་གིས་སྡོམ་པ་དང་། སྡོམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡོངས་སུ་ བཏང་བར་འགྱུར་ཏེ། །སྡོམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྗེས་སུ་སློབ་པར་མི་འགྱུར་རོ།། །།༄༅༅། །འཕགས་པ་ བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་བཅུ་བཞི་པ། །ཤཱ་རིའི་བུ་དེ་བས་ན་རྣམ་གྲངས་འདིས་ཀྱང་འདི་ལྟར་ཤེས་པར་བྱ་སྟེ། ཤཱ་རིའི་བུ་ སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད། ཡངས་པ། ཚད་མེད་པ། བསམ་གྱིས་མི་ཁྱབ་པར་གྱུར་པ་དེའི་ཚེ་དེའི་དུས་ན་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་འཕགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་ པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། །སངས་རྒྱས་བཅོམ་ལྡན་འདས་དེ་ལོ་བྱེ་བ་ཕྲག་དགུ་བཅུའི་བར་དུ་ བཞུགས་སོ། །དེའི་ཉན་ཐོས་ཀྱང་བྱེ་བ་ཁྲག་ཁྲིག་ཕྲག་དགུ་བཅུའི་ཉན་ཐོས་རྣམས་ཀྱི་ཉན་ཐོས་འདུས་པ་ཆེན་པོ་བྱུང་སྟེ། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ་ནས་སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་དུ་སོན་པ་ཤ་སྟག་གི་བར་དུའོ། །ཡང་དེའི་ཚེ་ཁྱིམ་བདག་རབ་ཏུ་རྣམ་ 80-1-154b པར་འབྱེད་པ་ཞེས་བྱ་བ་ཕྱུག་ཅིང་ནོར་ཆེ་བ། ལོངས་སྤྱོད་ཆེ་ཞིང་ལོངས་སྤྱོད་མང་བ། བདག་དབང་བ་མང་བ། ནོར་དང་ཡོ་བྱད་མང་པོ་དང་ལྡན་ཞིང་འགྲོན་བུ་དང་། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། དངུལ་དང་། ས་ལེ་སྦྲམ་མང་པོ་དང་ལྡན་པ། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་ འཚོ་བ་མང་ཞིང་གླང་པོ་ཆེ་དང་། རྟ་དང་། ར་ལུག་མང་བ། ནོར་དང་། འབྲུ་དང་། མཛོད་དང་། བང་བ་མང་པོ་དང་ལྡན་པ་ཞིག་བྱུང་སྟེ། ཁྱེའུ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པའི་མཆོག་དང་ལྡན་པ་སྡོམ་པ་ཞེས་བྱ་བ་དང་། སྡོམ་པ་ལ་གནས་པ་ཞེས་བྱ་བ་གཉིས་བྱུང་སྟེ། དེ་གཉིས་དུས་གཞན་ཞིག་ན་ཁང་ཏོག་ཏུ་དོང་བར་གྱུར་ཏོ། ། ཤཱ་རིའི་བུ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་འཕགས་པ་དེ་སྔ་དྲོའི་དུས་ཀྱི་ཚེ་ཆོས་གོས་དང་ཤམ་ ཐབས་མནབས། ལྷུང་བཟེད་བསྣམས། དགེ་སློང་གི་དགེ་འདུན་གྱིས་བསྐོར་ཅིང་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས་བསོད་སྙོམས་ཀྱི་ཕྱིར་གྲོང་ཁྱེར་དེར་གཤེགས་པ་དང་། མཛེས་པ་དགའ་བར་འགྱུར་བ། དབང་པོ་ཞི་བ། ཡིད་ཞི་བ། མཆོག་ཏུ་དུལ་བ་དང་། ཞི་གནས་ཀྱི་མཆོག་ཐོབ་པ། ཤིན་དུ་དུལ་ཞིང་ཞི་གནས་ཐོབ་པ། དབང་པོ་དུལ་ཅིང་སྦས་པ་ གླང་པོ་ལྟར་རབ་ཏུ་དུལ་བ། མཚོ་ལྟར་དང་ཞིང་རྙོག་པ་མེད་ལ་གསལ་བ། གསེར་གྱི་མཆོད་སྟོང་ལྟ་བུ། ས་ལེ་སྦྲམ་གྱི་རི་ལྟ་བུ། རིན་པོ་ཆེས་ཡོངས་སུ་གང་བའི་མཚོ་ལྟ་བུ། 80-1-155a ལྷས་ཀུན་ནས་བསྐོར་བའི་བརྒྱ་བྱིན་ལྟ་བུ། ཡིད་རབ་ཏུ་ཞི་བའི་ཚངས་པ་ལྟ་བུའི་བཅོམ་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་མངོན་པར་འཕགས་མཛེས་ཤིང་དགའ་བར་འགྱུར་བ་དེ་རྒྱང་མ་ནས་བྱོན་པ་ཁྱེའུ་དེ་གཉིས་ཀྱིས་མཐོང་ངོ་། །ཤཱ་རིའི་བུ་དེ་ན་གང་སྡོམ་པ་ལ་གནས་པ་ཞེས་བྱ་བའི་གཞོན་ནུ་ དེས་དང་པོ་ཉིད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་འཕགས་སྔར་མཐོང་ནས་དེས་ནུ་བོ་དེ་ལ་སྨྲས་པ། སེམས་ཅན་གྱི་རྒྱལ་པོ་འདི་ལྟ་བུ་མཛེས་པ་ནུ་བོ་ཁྱོད་ཀྱིས་སྔོན་ནམ་ཡང་རེས་འགའ་མཐོང་ངམ། དེས་ཕུ་བོ་ལ་ཕུ་བོ་སེམས་ཅན་གྱི་རྒྱལ་པོ་མཛེས་པ་འདི་ལྟ་བུ་བདག་གིས་སྔོན་ ལན་འགའ་ཡང་མ་མཐོང་ངོ་ཞེས་དེ་སྐད་སྨྲས་པ་དང་། དེས་ནུ་བོ་ང་ནི་འདི་དང་འདྲ་བ་ཉིད་དུ་འགྱུར་བར་བྱའོ་ཞེས་དེ་སྐད་སྨྲས་སོ། །ཤཱ་རིའི་བུ་དེ་ནས་ཁྱེའུ་སྡོམ་པ་ལ་གནས་པས་ ཁྱེའུ་སྡོམ་པ་ལ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སྡོམ་པ་ཇི་ལྟར་མཐོང་བ་བཞིན། དེ་འདྲ་བར་ནི་བདག་བསྒྱུར་ཏེ། བདག་ནི་དེ་བས་མང་བ་ཡི། དགེ་སློང་དགེ་འདུན་བསྡུ་ བར་བྱ། བྱང་ཆུབ་ཀྱི་ནི་ལམ་གྱི་ཕྱིར། ཟས་དང་སྐོམ་ནི་མི་བཟའོ། །སྡོམ་པ་འདི་ནི་རྒྱལ་བ་སྟེ། བདག་ནི་ཁྱིམ་འདིར་དགའ་བ་མེད། སེམས་ཅན་ཀུན་གྱི་མཆོག་འདི་ནི། སྐར་ མང་དབུས་ན་ཟླ་བ་བཞིན། མཐོང་ནས་དད་པར་སུ་མི་འགྱུར། ཁྱིམ་ནས་མི་འབྱུང་སུ་ཞིག་ཡོད། །ཤཱ་རིའི་བུ་དེ་ནས་ཁྱེའུ་སྡོམ་པས་ཁྱེའུ་སྡོམ་པ་ལ་གནས་པ་ལ་སླར་ 80-1-155b ཚིགས་སུ་བཅད་པ་འདི་སྨྲས་སོ། །ཚིག་ཏུ་བྱས་པས་མི་འགྱུར་གྱིས། སྒྲ་བོ་ཆེ་ནི་མ་འབྱིན་ཅིག །ང་ནི་ཚིག་ཏུ་མི་སྨྲ་སྟེ། འཚང་རྒྱ་གང་མྱུར་ཤེས་པར་བྱ། ཤཱ་རིའི་ བུ་དེ་ནས་ཁྱེའུ་སྡོམ་པ་ལ་གནས་པས་ཁྱེའུ་སྡོམ་པ་ལ་སླར་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བདག་ཉིད་སེར་སྣ་སེམས་པ་དང་། ཞུམ་པ་དག་གི་ལམ་མིན་ཏེ། མི་ མཆོག་སངས་རྒྱས་འགྱུར་རོ་ཞེས། བཟང་པོའི་སྒྲ་ནི་བདག་གིས་བསྒྲག །བདག་ནོར་ཤེས་པར་མི་འགྱུར་བ། སེར་སྣ་ཅན་གྱི་རྟགས་ཡིན་ནོ། །བདག་ནི་མི་སྨྲ་མི་བྱ་སྟེ། བདག་གཏོང་ནོར་ལྟ་ག་ལ་ཞིག །ཁྱིམ་འདི་དག་ནི་ཁྱོད་ཀྱིའོ། །ང་ནི་བྱང་ཆུབ་ལམ་ཕྱིར་འགྲོ། །ཁྱིམ་དང་ནོར་ནི་ཁྱོད་ཀྱི་སྟེ། བདག་ནི་སངས་རྒྱས་དགའ་བའོ། །སུམ་བཅུ་རྩ་གཉིས་ མཆོག་གི་མཚན། འདི་འདྲ་བ་དག་མཐོང་གྱུར་ན། ལྟ་བ་ཉམས་པ་མ་གཏོགས་པར། བྱང་ཆུབ་མཆོག་ནི་སུ་མི་ཚོལ། ཁྱིམ་དག་དང་ནི་ནོར་རྣམས་དང་། ཕ་དང་མ་དང་གཉེན་ རྣམས་དང་། བདག་གིས་དེ་དག་ཀུན་སྤངས་ཏེ། སངས་རྒྱས་དྲུང་དུ་འགྲོ་བར་བྱ། འཇིག་རྟེན་མགོན་པོ་འོད་མཛད་པའི། འཇིག་རྟེན་སྣང་མཛད་རབ་ཏུ་དཀོན། བསྐལ་པ་བྱེ་བ་ སྟོང་དུ་ཡང་། དེ་ནི་ཐོས་པར་ཤིན་དུ་དཀོན། ནམ་མཁའ་དག་པའི་ཟླ་བ་ནི། ས་ལ་ལམ་མེར་འདུག་པ་ལྟར། རྒྱལ་པོའི་ཕོ་བྲང་འཁོར་ཞུགས་ནས། དགེ་སློང་དགེ་འདུན་ མདུན་དུ་བྱས། འོད་ཟེར་སྟོང་པའི་ཉི་མ་ནི། བར་སྣང་གནས་ན་ལྷང་ངེ་བ། དེ་བཞིན་སངས་རྒྱས་སྲས་དབུས་ན། ཀུན་ནས་རབ་ཏུ་མཛེས་པར་སྣང་། རི་ཡི་རྒྱལ་པོ་ 80-1-156a རི་རབ་ནི། རིན་ཆེན་བདག་ཉིད་མཛེས་པར་སྣང་། དེ་བཞིན་སངས་རྒྱས་མཛེས་པ་ཡང་། །དགེ་སློང་དགེ་འདུན་མདུན་དུ་བྱས། །སྐུ་ཡི་གཟི་བརྗིད་འབར་ བ་ནི། །འགྲོ་བ་འདི་དག་རྣམས་ལ་སྣང་། །གཟི་བརྗིད་ཕུང་པོའི་གཟུགས་ཅན་ཏེ། །རྐང་གཉིས་དམ་པ་དེ་མཛེས་སོ། །ལྷ་དང་ཀླུ་དང་མི་རྣམས་ནི། །རྫུ་འཕྲུལ་དག་ གིས་རབ་སྡུད་ཅིང་། །རྒྱལ་པོའི་ཕོ་བྲང་འཁོར་ཞུགས་ནས། །ཆོ་འཕྲུལ་དག་ནི་རྣམ་པར་སྟོན། །སུམ་བཅུ་རྩ་གཉིས་བསོད་ནམས་དམ་མཆོག་མཚན། །ཆོས་ཀྱི་བདག་ པོ་འདི་འདྲ་མཐོང་ནས་ནི། །བྱིས་པ་མ་བསླབས་པ་དག་མ་གཏོགས་པར། །ཐེག་པ་དམན་ལ་སུ་ཞིག་འཇུག་པར་འགྱུར། །ཤིན་དུ་དཀོན་པ་རབ་ཏུ་མཛེས་བྱུང་བ། མི་མཆོག་འདི་ནི་བདག་གིས་མཐོང་བས་ན། །བྱང་ཆུབ་ཕྱིར་ནི་མངོན་པར་ཞུགས་གྱུར་ནས། །བདེ་བར་གཤེགས་པའི་དྲུང་དུ་ཉེ་བར་འགྲོ། །ཤཱ་རིའི་བུ་དེ་ནས་ཁྱེའུ་སྡོམ་ པས་ཁྱེའུ་སྡོམ་པ་ལ་གནས་པ་ལ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བདག་ནི་ལེ་ལོའི་ལམ་དག་ནས། །སངས་རྒྱས་དྲུང་དུ་མི་འགྲོ་སྟེ། །ཁང་ཐོག་འདི་ནས་ཕྱི་རོལ་དུ། བདག་གིས་ལུས་ནི་མཆོད་པར་བྱ། །བདག་ཏུ་འདུ་ཤེས་བསལ་གྱུར་ནས། །སྲོག་ལ་བལྟ་བར་མི་བྱ་སྟེ། །ཡེ་ཤེས་མཆོག་ནི་ཡོངས་བཙལ་ཞིང་། །སངས་རྒྱས་དྲུང་དུ་འགྲོ་ བར་བྱ། །ཕ་ལ་ཆགས་དང་མ་ལ་ཆགས། །ཁྱིམ་ལ་ཆགས་པ་མི་བཟད་པ། །དེ་དག་ཐམས་ཅད་རྣམ་སྤངས་ནས། །སངས་རྒྱས་དྲང་དུ་འགྲོ་བར་བྱ། །འདི་འདྲར་ 80-1-156b འགྱུར་བར་གང་འདོད་པ། །དེ་ནི་སངས་རྒྱས་དགའ་བ་ཡིན། །རིན་པོ་ཆེ་ནི་ཀུན་སྤངས་ནས། །ཁྱིམ་མེད་པར་ནི་རབ་ཏུ་འབྱུང་། །དེ་ལྟར་ཤཱ་རིའི་བུ་ཁྱེའུ་སྡོམ་པ་ལ་གནས་ པ་ནི་ཁྱིམ་གྱི་སྐས་ལས་བབས་ཏེ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་འཕགས་ག་ལ་བ་དེར་སོང་ ངོ་། །ཡང་ཤཱ་རིའི་བུ་ཁྱེའུ་སྡོམ་པ་ནི་ཁང་ཐོག་དེ་ནས་མཆོངས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མངོན་པར་འཕགས་ག་ལ་བ་དེར་ཤིན་དུ་མྱུར་དུ་སོང་ངོ་། །ཁྱེའུ་ སྡོམ་པ་ལ་གནས་པ་ནི་ཕྱི་ནས་སོང་ངོ་། །ཤཱ་རིའི་བུ་དེ་ནས་ཁྱེའུ་སྡོམ་པས་བཅོམ་ལྡན་འདས་དེ་ལ་ན་བཟའ་སྲང་བྱེ་བ་རི་བ་ཕུལ་ཏེ། །དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ གསོལ་ཏོ། །བདག་ནི་གཟུགས་རྣམས་ཚོལ་བའི་ཕྱིར། །སངས་རྒྱས་ན་བཟའ་འབུལ་མ་ལགས། །མི་མཆོག་དག་ནི་ཅི་འདྲ་བ། །དེ་འདྲ་བར་ནི་འགྱུར་བར་བགྱི། །ཡེ་ཤེས་ ཕུང་པོ་ལྡན་པ་དང་། །བརྩོན་འགྲུས་སྟོབས་ལ་རབ་གནས་ཤིང་། །སུམ་བཅུ་རྩ་གཉིས་མཚན་མངའ་བ། །རྐང་གཉིས་དམ་པར་གྱུར་པར་ཤོག །།སྟོབས་བཅུ་རྣམས་དང་ ལྡན་གྱུར་ཅིང་། །མི་འཇིགས་པ་ལ་རབ་གནས་པ། །དེ་བཞིན་གཤེགས་པ་ཅི་འདྲ་བར། །དེ་འདྲ་བར་ནི་གྱུར་པར་ཤོག །།ཁྱོད་ཀྱིས་ཆོས་གང་མཁྱེན་པ་དང་། །གང་ལ་ བཞུགས་པར་ལྷང་ངེ་བར། །བྱང་ཆུབ་དམ་པ་སངས་རྒྱས་ནས། །བདག་ནི་ཆོས་དེ་སྟོན་པར་ཤོག །།བདག་ནི་གཟུགས་རྣམས་མངོན་པར་ཚོལ་བའི་ཕྱིར། །སངས་རྒྱས་ 80-1-157a ན་བཟའ་མཆོག་འབུལ་མ་ལགས་ཀྱི། །ལྷར་བཅས་འཇིག་རྟེན་རྣམས་ལ་ཕན་པའི་ཕྱིར། །བྱང་ཆུབ་མཆོག་གི་ཞི་བ་མངོན་པར་ཚོལ། །གཉིས་སུ་མེད་པའི་ ཆོས་མཆོག་དེར་གནས་ཤིང་། །ཕ་རོལ་རྒོལ་བ་ཀུན་གྱིས་མི་གཡོས་པ། །ཆོས་དེ་ཉིད་ནི་མངོན་པར་འཚལ་བའི་ཕྱིར། །སངས་རྒྱས་ལ་ནི་ན་བཟའ་མཆོག་འབུལ་ལོ། །ལྷར་ བཅས་འཇིག་རྟེན་དག་ལ་སྨན་པའི་ཕྱིར། །གང་ན་སྐྱེ་རྒ་ན་འཆི་མ་མཆིས་ཤིང་། །མྱ་ངན་དང་ནི་སྨྲེ་སྔགས་མ་མཆིས་པ། །ཞི་བའི་ཆོས་དེ་བདག་ནི་སྟོན་པར་ཤོག །གང་ན་འདོད་ ཆགས་ཞེ་སྡང་མ་མཆིས་ཤིང་། །གཏི་མུག་མ་མཆིས་སྲེད་པ་མ་མཆིས་པ། །བསིལ་དངོས་བདུད་རྩི་འདུས་མ་བགྱིས་པ་དེ། །བདག་ནི་བྱང་ཆུབ་སངས་རྒྱས་སྟོན་པར་ཤོག ། གང་ལ་ཁྱོད་བཞུགས་སེམས་ཅན་ལྷ་ཀླུ་དང་། །དེ་བཞིན་མི་དང་སེམས་མེད་དངོས་པོ་དང་། །དེ་ལྟར་སེམས་དང་ལྡན་པ་རབ་འདུད་པ། །བདག་ནི་ཞི་བའི་ཆོས་དེ་སྟོན་པར་ཤོག །།གར་ གནས་སངས་རྒྱས་ཞིང་དུ་སྣང་བ་དང་། །ཕྱོགས་བཞི་དག་ན་ཀུན་དུ་སྣང་བ་དང་། །མུན་པ་ཆེན་པོར་འོད་ཟེར་ཕུང་ལྟ་བུའི། །བསིལ་དངོས་བདུད་རྩི་དེ་ལ་རེག་པར་ཤོག །།འདོད་པའི་ ཁམས་དང་གཟུགས་ཀྱི་ཁམས་དག་དང་། །དེ་བཞིན་གཟུགས་མེད་ཁམས་ལ་རྟག་མི་གནས། །དགའ་དང་མི་དགའ་ཐམས་ཅད་རབ་དབེན་བའི། །ཆོས་ཀྱི་དམ་པ་དེ་ནི་བདག་ སྟོན་ཤོག །།ཤཱ་རིའི་བུ་དེ་ནས་ཁྱེའུ་སྡོམ་པ་ལ་གནས་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་ 80-1-157b འཕགས་པ་དེ་ལ་ཤིང་ལྷམ་སར་པ་ཟུང་ཅིག་ཕུལ་ལོ། །ཕུལ་ནས་ཀྱང་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །སེམས་ཅན་རྣམས་ཀྱི་གནས་རྟེན་དང་། །དཔུང་ གཉེན་མགོན་དུ་གྱུར་པར་ཤོག །།ངན་པའི་ལམ་དུ་མི་མཆི་ཞིང་། །རྟག་ཏུ་ལམ་རྣམས་སྟོན་པར་ཤོག །།བྱིས་པ་རྣམས་ཀྱི་སྤྱོད་ཡུལ་འདི། །འདོད་པ་ནམ་ཡང་སྟེན་མ་ འགྱུར། འདུས་བྱས་དག་ཀྱང་རྣམ་སྤངས་ནས། །རྟག་ཏུ་སངས་རྒྱས་འབྱུང་རྙེད་གྱུར། འཇིག་རྟེན་སྣང་མཛད་མཐོང་ནས་ཀྱང་། །རྐང་གཉིས་དམ་པ་མཆོད་པར་གྱུར། ། སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །བྱང་ཆུབ་དམ་པ་ཡོངས་སུ་བཙལ། །སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །མེ་ཏོག་ཕྲེང་བ་སྤོས་རྣམས་དང་། །རྒྱལ་མཚན་དག་དང་ གདུགས་རྣམས་ཀྱིས། །གླང་པོ་ཆེན་པོ་བཀུར་སྟི་བགྱི། །སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །ཆོས་གོས་དག་དང་བསོད་སྙོམས་དང་། །མལ་སྟན་རྣམས་དང་གདིང་བ་ ཡིས། སངས་རྒྱས་རྣམས་ལ་མཆོད་པར་བགྱི། །སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །རྔ་དང་དུང་དང་རྔ་ཆེན་དང་། །སིལ་སྙན་དག་དང་པི་བང་གིས། །འཇིག་རྟེན་སྣང་ མཛད་མཆོད་པར་ཤོག །།བཟའ་བ་དང་ནི་བཅའ་བ་དང་། །དུས་ཀྱིས་མ་ཕྱེ་བཟའ་བ་རྣམས། །དེ་དག་གིས་ནི་འཇིག་རྟེན་མགོན། །སྐྱོབ་པ་བདག་གིས་མཆོད་པ་བགྱི། ། སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །མཆོད་པ་རྒྱ་ཆེན་བགྱིས་གྱུར་ནས། །དེ་ཉིད་དུ་ནི་རབ་བྱུང་སྟེ། །ཚངས་པར་སྤྱོད་པ་བདག་གིས་སྤྱད། །སྲོག་ཆགས་ཀུན་གྱི་མགོན་དུ་ 80-1-158a བདག་གྱུར་ཅིག །།བདག་ནི་ལམ་གོལ་ནམ་ཡང་འགྲོ་མ་གྱུར། །ཡན་ལག་བརྒྱད་ལྡན་ལམ་མཆོག་རབ་གནས་ནས། །བདག་གིས་སྲོག་ཆགས་བྱེ་བ་དེ་ཉིད་ དགྲོལ། །དམན་ལ་འཕགས་མིན་མཆོག་ཏུ་སྨད་པ་ཡི། །འདོད་ལ་བདག་ནི་ནམ་ཡང་སྟེན་མ་འགྱུར། །བག་མེད་ཐམས་ཅད་ཡོངས་སུ་སྤངས་གྱུར་ནས། །བདག་ནི་རྟག་ ཏུ་བག་ཡོད་གྱུར་པར་ཤོག །།མི་ཁོམ་བརྒྱད་ལམ་ནམ་ཡང་སྐྱེ་མ་འགྱུར། །རྟག་ཏུ་དད་པའི་རིགས་སུ་སྐྱེས་གྱུར་ཅིང་། །སྐྱེས་པར་གྱུར་ནས་མི་མཆོག་རྣམས་མཐོང་ལ། མཐོང་ ནས་དེ་ལ་བདག་ནི་དད་པར་ཤོག །།འདི་འདྲའི་ཡེ་ཤེས་དེ་ནི་བཙལ་བའི་ཕྱིར། །དད་པའི་སེམས་ཀྱིས་མེ་ཏོག་ཕྲེང་བ་དང་། །བྱུག་པ་དག་དང་རྫ་རྔ་རྔ་ཆེན་དང་། །རྔ་དང་གླིང་བུ་ དག་གིས་རི་མོར་བགྱི། །བསྐལ་པ་བྱེ་མང་རྣམ་པ་སྣ་ཚོགས་ཀྱི། །མཆོད་པ་ཆེན་པོ་དག་ནི་བགྱིས་གྱུར་ནས། །མྱུར་དུ་འདོད་པ་སྤངས་ཏེ་རབ་བྱུང་ལ། །ཚངས་པར་སྤྱོད་ པ་བདག་ནི་སྤྱོད་པར་ཤོག །།དེ་དག་ས་ཕྱོགས་གང་དུ་འདུག་སྟེ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་ འཕགས་པའི་རྒྱལ་པོ་དེ་ལ་ཚིགས་སུ་བཅད་པའི་གླུའི་དབྱངས་ཀྱིས་བསྟོད་པའི་ས་ཕྱོགས་དེར་ཙན་དན་དམར་པོ་ལས་བྱས་པའི་དེ་བཞིན་གཤེགས་པའི་གཙུག་ལག་ཁང་རྒྱར་ དཔག་ཚད་བཞི། །འཕང་དུ་དཔག་ཚད་ཕྱེད་པ་བྱས་ཏེ། །དེ་དག་གིས་གཙུག་ལག་ཁང་དེ་བྱས་ནས་དེ་བཞིན་གཤེགས་པ་ལ་ཕུལ་ལོ། །ཕུལ་ནས་བཅོམ་ལྡན་འདས་དེ་བཞིན་ 80-1-158b གཤེགས་པ་མངོན་པར་འཕགས་པའི་རྒྱལ་པོ་ལ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །གནས་པ་གང་ལ་ཁྱོད་ནི་བཞུགས་གྱུར་པས། །སྔོན་གྱི་རྒྱལ་བས་བཞི་པོ་གང་ བསྔགས་པ། །གནས་པ་དེ་ནི་བཙལ་བར་བགྱི་བའི་ཕྱིར། །གཙུག་ལག་ཁང་འདི་བདེ་བར་གཤེགས་ལ་འབུལ། །གནས་པ་དག་ནི་གང་ལ་རྟག་བཞུགས་ན། །འདས་ དང་མ་འོངས་ད་ལྟར་བྱུང་བ་ཡི། །སེམས་ནི་སྲོག་ཆགས་བྱེ་བས་མི་འཚལ་བའི། །སྤྱོད་པ་དེ་ནི་བདག་གིས་བཙལ་བར་བགྱི། །སྤྱོད་པ་གང་དག་ཕ་རོལ་སོན་པ་ནི། །ཡང་ དག་སྤོང་དང་དེ་བཞིན་རྫུ་འཕྲུལ་རྐང་། །མཆོག་བཞི་རྣམས་ཀྱི་སོ་སོར་ཡང་དག་རིག །།སྤྱོད་པ་དེ་དག་བདག་གིས་བཙལ་བར་བགྱི། །དེ་དག་གིས་གཙུག་ལག་ཁང་དེ་ཉིད་ དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མངོན་པར་འཕགས་པའི་རྒྱལ་པོ་དེ་དང་། །དགེ་སློང་གི་དགེ་འདུན་དུ་བཅས་པ་ལ་ཟླ་བ་ཕྱེད་ཀྱི་བར་དུ་སྟི་སྟང་དུ་བྱེད། །བླ་མར་ བྱེད། །རི་མོར་བྱེད། །མཆོད་པར་བྱེད་དེ། དེ་དག་གིས་གཙུག་ལག་ཁང་དེར་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དུ་བཅས་པ་ལ་སྟི་སྟང་བྱས། བླ་མར་བྱས། རི་མོར་ བྱས། །མཆོད་པར་བྱས་ནས། །དེ་བཞིན་གཤེགས་པ་དེ་ཉིད་ཀྱི་དྲུང་དུ་སྐྲ་དང་ཁ་སྤུ་བྲགས་ནས་གོས་ངུར་སྨྲིག་བགོས་ཏེ། དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ ནས་དགེ་བའི་ཆོས་ཚོལ་བ་ལ་བརྩོན་པར་གྱུར་ཏེ། །དགེ་བའི་ཆོས་ཚོལ་བ་ལ་ཡིད་བརྩོན་པར་གྱུར་ཏོ། །དེ་ནས་གཅིག་གིས་སྨྲས་པ། །འཇིག་རྟེན་མགོན་པོ་འོད་བྱེད་པར། ། 80-1-159a བདག་ནི་དང་པོར་སྔར་གྱུར་ཅིག །།གཅིག་ཤོས་ཀྱིས་སྨྲས་པ། །དེད་དཔོན་མི་ཡི་གཙོ་བོར་ཡང་། །བདག་ནི་དང་པོར་སྔར་གྱུར་ཅིག །།དེ་ན་ཤཱ་རིའི་བུ་གང་ སྡོམ་པ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མངོན་པར་འཕགས་པའི་རྒྱལ་པོ་དེའི་སྤྱན་སྔར་འདུག་ནས་ ཡིད་དམ་བཅས་པ། །སྟན་དག་ལ་ཡང་མི་འདུག་ཅིང་། །བདག་ནི་མལ་དུ་མི་ཉལ་ལོ། །སྲོག་ཆགས་རྣམས་ཀྱི་དོན་འཚལ་ཕྱིར། །བདག་གིས་བྱང་ཆུབ་ལམ་བཙལ་ལོ།། ། བདག་ཉིད་ཀྱི་ཡང་ལུས་དང་ནི། །སྲོག་ཀྱང་ཡོངས་སུ་སྤངས་བགྱིས་ཏེ། །ལེ་ལོ་དག་ནི་ཀུན་སྤངས་ནས། །བྱང་ཆུབ་དམ་པ་བཙལ་བར་བགྱི། །ཤ་རྣམས་དང་ནི་དེ་བཞིན་ཁྲག་ རྣམས་དང་། །ལྤགས་པ་དང་ནི་རྒྱུས་སྐམས་སྲོག་བོར་ཏེ། །ལེ་ལོ་ཐམས་ཅད་ཡོངས་སུ་སྤངས་བགྱིས་ནས། །བྱང་ཆུབ་མཆོག་ཕྱིར་བརྩོན་འགྲུས་བརྩམ་པར་བགྱི། །ཤཱ་ རིའི་བུ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྡོམ་པ་ལ་གནས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྡོམ་པ་ལ་ཚིགས་སུ་བཅད་པ་འདི་དག་སྨྲས་ སོ། །བདག་ཅག་གཉིས་ནི་འདུས་གྱུར་ནས། །སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། བྱང་ཆུབ་སྤྱོད་པ་རྣམས་སྤྱད་ཅིང་། །བརྩོན་འགྲུས་དམ་པ་བརྩམ་བར་བྱ། །ལུས་རྣམས་ དང་ནི་དེ་བཞིན་སྲོག་བོར་ཏེ། །ཤ་དང་ཁྲག་ནི་རྟག་ཏུ་སྐམས་གྱུར་ཀྱང་། །སྲིད་པ་སྟོང་དུ་ཁྱོད་ཀྱི་རྗེས་སློབ་ཅིང་། །བྱང་ཆུབ་མཆོག་ཕྱིར་བརྩོན་འགྲུས་བརྩམ་པར་བྱ། །གང་དུ་ 80-1-159b ཆོས་ཀྱི་བདག་པོ་བཞུགས་མཛེས་པ། །ཡེ་ཤེས་དམ་པ་ཡོངས་སུ་བཙལ་བྱ་ཞིང་། །དགོན་པའི་གནས་ཀྱི་རི་དང་ཆུ་དྲུང་དུ། །ཐེ་ཚོམ་མེད་པར་བརྩོན་འགྲུས་བརྩམ་པར་བྱ། ཤཱ་རིའི་བུ་དེ་ནས་བྱང་ཆུབ་སེམས་དཔའ་སྡོམ་པ་དང་། །སྡོམ་པ་ལ་གནས་པ་ལོ་སྟོང་དུ་ལེན་འགའ་ཡང་ཐ་ན་སེ་གོལ་གཏོགས་པ་སྲིད་དུ་ཡང་རྨུགས་པ་དང་གཉིད་ཀྱིས་ ནོན་པར་མ་གྱུར་ཏོ། །ལོ་སྟོང་དུ་ལན་འགའ་ཡང་ཉལ་ལོ་སྙམ་དུ་ཉལ་བའི་སེམས་མ་བསྐྱེད་དོ། །ལོ་སྟོང་དུ་ལན་འགའ་ཡང་འདུག་གོ་སྙམ་དུ་སྟན་འདོད་པར་མ་གྱུར་ཏོ། ། དེ་གཉིས་བཤང་བ་དང་། །གཅི་བའི་ཚེ་མ་གཏོགས་པར་ལོ་སྟོང་དུ་ཐ་ན་ལན་འགའ་ཡང་ཙོག་ཙོག་པོར་མ་འདུག་གོ། །ནམ་ཁ་ཟས་ཟ་བ་ན་ཡང་འགྲེང་བཞིན་དུ་ཁམ་གསུམ་ གསུམ་ཙམ་ཟ་ཞིང་ཆུ་ཕོར་གང་ཙམ་འཐུང་ངོ་། །དེ་གཉིས་ཀྱིས་ལོ་སྟོང་དུ་ལན་འགའ་ཡང་ཁ་ཟས་འདོད་པ་འམ། །བཀྲེས་ན་མྱུར་དུ་ཁ་ཟས་རྙེད་པར་དགའ་བ་མ་བསྐྱེད་དོ། ། དེ་གཉིས་ཀྱིས་ལོ་སྟོང་དུ་ལན་འགའ་ཡང་ཁ་ཟས་དེ་ལས་ལྷག་པར་མ་ཟོས་སོ། །དེ་གཉིས་ཀྱིས་ལོ་སྟོང་དུ་ཁ་ཟས་ཟ་བ་ན་ལན་འགའ་ཡང་ཁ་ཟས་ལ་མངར་བ་དང་། སྐྱུར་ བ་དང་། བྲོ་བ་དང་། ཚ་བ་དང་། ཁ་བ་དང་། བསྐ་བར་ཐ་ན་སེམས་བསྐྱེད་པ་གཅིག་ཙམ་ཡང་འདུ་ཤེས་མ་བསྐྱེད་དོ། །དེ་གཉིས་ཀྱིས་ལོ་སྟོང་དུ་བསོད་སྙོམས་སྒྲུབ་པ་ལ་དེང་ལ་ བསོད་སྙོམས་སྦྱིན་པ་འདི་བུད་མེད་དམ། །སྐྱེས་པ་འམ། ཁྱེའུ་འམ། བུ་མོ་འམ། སུ་ཞིག་ཅེས་ལན་འགའ་ཡང་གདོང་དུ་མ་བལྟས་སོ། །དེ་གཉིས་ཀྱིས་ལོ་སྟོང་དུ་ཤིང་ 80-1-160a གང་གི་དྲུང་ན་གནས་པ་ཤིང་དེ་ལ་གྱེན་དུ་ལན་འགའ་ཡང་མ་བལྟས་སོ། །དེ་གཉིས་ཀྱིས་ལོ་སྟོང་དུ་ལན་འགའ་ཡང་ཆོས་གོས་གཉིས་སུ་མ་བརྗེས་སོ། ། དེ་གཉིས་ཀྱིས་ལོ་སྟོང་དུ་ལན་འགའ་ཡང་ཐ་ན་སེམས་བསྐྱེད་པ་གཅིག་ཀྱང་འདོད་པའི་རྣམ་པར་རྟོག་པ་མ་བརྟགས། །གནོད་སེམས་ཀྱི་རྣམ་པར་རྟོགས་པ་མ་བརྟགས། འཚེ་ བའི་རྣམ་པར་རྟོག་པ་མ་བརྟགས་སོ། །དེ་གཉིས་ཀྱིས་ལོ་སྟོང་དུ་ལན་འགའ་ཡང་ཐ་ན་སེམས་བསྐྱེད་པ་གཅིག་ཀྱང་ཟླ་བ་ལ་སོང་བ་འམ། །ཉི་མ་སོང་བ་འམ། ཕ་ལ་སོང་ བ་འམ། མ་ལ་སོང་བ་འམ། སྤུན་ལ་སོང་བ་འམ། སྲིང་མོ་ལ་སོང་བ་འམ། ཉེ་དུ་ལ་སོང་པའི་རྣམ་པར་རྟོག་པ་མ་སྐྱེད་དོ། །དེ་གཉིས་ཀྱིས་ལོ་སྟོང་འདས་ཀྱི་བར་དུ་ལན་ འགའ་ཡང་ཐ་ན་སེམས་བསྐྱེད་པ་གཅིག་ཀྱང་ཁྱིམ་ལ་གནས་པའི་རྣམ་པར་རྟོག་པ་མ་བརྟགས་སོ། །དེ་གཉིས་ཀྱིས་ལོ་སྟོང་དུ་ལན་འགའ་ཡང་ཟླ་བ་འམ། ཉི་མ་འམ། སྐར་མའི་གཟུགས་སམ། བར་སྣང་ལ་གྱེན་དུ་མ་བལྟས་སོ། །དེ་གཉིས་ཀྱིས་ལོ་སྟོང་དུ་ལན་འགའ་ཡང་བརྩིག་པ་འམ། །ཤིང་ལ་མ་བསྙེས་སོ། །དེ་གཉིས་ཀྱིས་ལོ་སྟོང་ དུ་ལན་འགའ་ཡང་མར་རམ། །འབྲུ་མར་གྱིས་ལུས་མ་བསྐུས་སོ། །དེ་གཉིས་ཀྱིས་ལོ་སྟོང་དུ་ལན་འགའ་ཡང་ཐ་ན་སེམས་བསྐྱེད་པ་གཅིག་ཀྱང་མར་དང་ལྡན་པའི་སེམས་ མ་བསྐྱེད་དོ། །དེ་གཉིས་ཀྱིས་ལན་འགའ་ཡང་ཐ་ན་སེམས་བསྐྱེད་པ་གཅིག་ཀྱང་ལུས་ལ་སྐྱོ་བ་མ་བསྐྱེད་དོ། །དེ་གཉིས་ཀྱིས་ལོ་སྟོང་དུ་ལན་འགའ་ཡང་ཐ་ན་སེམས་བསྐྱེད་ 80-1-160b པ་གཅིག་ཀྱང་བདག་ཅག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ཤེས་ལུས་ངལ་བ་མ་བསྐྱེད་དོ། །དེ་གཉིས་ལོ་ སྟོང་དུ་ལན་འགའ་ཡང་ལུས་ན་པ་འམ། །སེམས་ན་པར་མ་གྱུར་ཏོ། །དེ་དག་གིས་ལོ་སྟོང་འདས་ཀྱི་བར་དུ་ནམ་ཡང་སྐྲ་བྲེག་པར་སེམས་མ་བསྐྱེད་དོ། །གཞན་དུ་ན་རྒྱལ་ པོ་ཆེན་པོ་བཞི་འོངས་ནས་མགོ་ལ་བྱུགས་ཏེ་སྐྲ་ཁྱེར་ནས་ཕྱིར་འདོང་ངོ་། །དེ་དག་སྐྲ་ཁྱེར་ནས་མཆོད་རྟེན་བཙུགས་སོ། །དེ་དག་གིས་ལོ་སྟོང་གི་བར་དུ་རྒྱལ་པོ་ཆེན་པོ་ དེ་དག་འོངས་པ་དང་། །སོང་པ་ལ་ནམ་ཡང་འོང་བ་དང་། །འགྲོ་བའི་སེམས་མ་བསྐྱེད་དོ། །དེ་གཉིས་ཀྱིས་ལོ་སྟོང་དུ་གྲིབ་མ་བབ་པ་ན་ཉི་མ་དང་། །ཉི་མས་ཕོག་ ན་གྲིབ་མའི་སེམས་མ་བསྐྱེད་དོ། །དེ་གཉིས་ཀྱིས་ལོ་སྟོང་དུ་གྲང་བའི་དུས་ན་ཡང་ལན་འགའ་ཡང་ལུས་ལ་གཡོག་པའི་འདུ་ཤེས་མ་བསྐྱེད་དོ། །དེ་གཉིས་ཀྱིས་ལོ་ སྟོང་དུ་ལན་འགའ་ཡང་འཇིག་རྟེན་གྱི་ཚིག་མ་སྨྲས་སོ། །ཡང་ཤཱ་རིའི་བུ་དེའི་དུས་ན་དྲན་པ་རྨོངས་བྱེད་ཅེས་བྱ་བའི་བདུད་གཅིག་བྱུང་སྟེ། འདི་ལྟ་སྟེ། དཔེར་ན་ད་ལྟར་གྱི་ངའི་ བདུད་སྡིག་ཅན་བཞིན་ནོ། །ཤཱ་རིའི་བུ་བདུད་དྲན་པ་རྨོངས་བྱེད་ཀྱིས་བྱང་ཆུབ་སེམས་དཔའ་སྡོམ་པའི་འཆག་སར་རལ་གྲིའི་སོ་གཏམས་པ་བྱས་པར་གྱུར་པ་དང་། །དེས་རལ་ གྲིའི་སོ་དེ་ལ་རལ་གྲིའི་སོར་འདུ་ཤེས་བསྐྱེད་ནས་དེས་བདག་ནི་བག་མེད་པ་ལ་གནས་སོ། །བདག་ནི་བག་མེད་པ་ལ་གནས་སོ་ཞེས་སྒྲ་ཕྱུང་བ་དང་། །སྒྲ་དེས་སྟོང་གསུམ་ 80-1-161a གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དབྱངས་ཀྱིས་གོ་བར་གྱུར་ཏོ། །དེ་ལྟར་ཤཱ་རིའི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དབྱངས་ཀྱིས་གོ་བར་ བྱས་པ་དང་། །དེ་ནས་སྟེང་གི་བར་སྣང་ལས་བདུད་ཀྱི་རིས་ཀྱི་ལྷ་བྱེ་བ་བརྒྱ་ཕྲག་སྟོང་གིས་ཀྱེ་མའོ། །བྱང་ཆུབ་སེམས་དཔའ་ཤི་འཕོས་སུ་མ་གྱུར་ཏོ། །ཤི་འཕོས་སུ་མ་གྱུར་ཏོ། ། ཞེས་སྒྲ་ཕྱུང་ངོ་། །ཤཱ་རིའི་བུ་དེ་ནས་བྱང་ཆུབ་སེམས་དཔའ་སྡོམ་པ་དེ་ལྟར་འཆག་པས་སེམས་བསྐྱེད་པ་དེའི་རྗེས་སུ་ཞུགས་ཏེ། །ཡང་ཤཱ་རིའི་བུ་ལྷ་དང་བཅས་པའི་སྒྲ་གཉིས་ པ་ཕྱུང་བ་དེ་བྱང་ཆུབ་སེམས་དཔའ་སྡོམ་པས་མ་ཐོས་སོ། །གང་ལྷའི་སྒྲ་དང་། །གང་སྡོམ་པའི་སྒྲ་དེ་གཉིས་ཀྱང་བྱང་ཆུབ་སེམས་དཔའ་སྡོམ་པ་ལ་གནས་པས་མ་ཐོས་ཏེ་ཤཱ་རིའི་ བུ་སྐྱེས་བུ་དམ་པ་དེ་གཉིས་སྤྱོད་ལམ་དེ་ལྟ་བུ་དང་། །སྤྱོད་པ་དེ་ལྟ་བུ་དང་། །ནན་ཏན་དེ་ལྟ་བུ་དང་། །སྙིང་རྗེ་ཆེན་པོ་དེ་ལྟ་བུ་དང་། རྟུལ་བ་དེ་ལྟ་བུ་དང་ལྡན་པར་གྱུར་ཏེ། །དེ་གཉིས་ཀྱིས་ ལོ་སྟོང་དུ་སངས་རྒྱས་རྗེས་སུ་དྲན་པ་བསྒོམས་སོ། །གང་གི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མངོན་པར་འཕགས་པའི་རྒྱལ་པོ་ཡོངས་སུ་མྱ་ངན་ལས་འདས་པ་དང་། ། དེ་ནས་ལྷ་ཞིག་འོངས་ནས་རིགས་ཀྱི་བུ་དག་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་སྦྲན་ཏེ། །དེ་གཉིས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་ ཐོས་ནས་བཅོམ་ལྡན་འདས་དེའི་ཁྲི་གང་ན་ཡོད་པ་དེར་སོང་སྟེ། །འགྲེང་བཞིན་དུ་ཐལ་མོ་སྦྱར་ནས་ཉི་མ་བདུན་གྱི་བར་དུ་མིག་མི་འཛུམས་པར་ལྟ་སྟེ། །བྱམས་པ་དང་ལྡན་ 80-1-161b ཞིང་འགྲན་ཟླ་མེད་པས་གུས་པས་རྗེས་སུ་དྲན་པར་བྱས་ཏེ། །དེ་དག་གིས་བརྩོན་འགྲུས་མ་བཏང་པས་འགྲེང་བཞིན་དུ་འཆི་བའི་དུས་བྱས་སོ། །དེ་དག་དེ་ནས་ཤི་འཕོས་ ནས་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །དེ་གཉིས་ཚངས་པར་གྱུར་ནས་སླར་ལོག་སྟེ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་ མཆོད་རྟེན་བྱས་ནས་ལོ་བཞི་ཁྲིའི་བར་དུ་མཆོད་རྟེན་གྱི་ཡོ་བྱད་ཀྱི་ལས་བྱས་སོ། །དེ་གཉིས་ཀྱིས་དེ་བཞིན་གཤེགས་པའི་མཆོད་རྟེན་གྱི་གདུགས་བཙུགས་ཟིན་པར་ཤེས་ ནས་ལོ་བདུན་ཁྲིའི་བར་དུ་འགྲེང་བཞིན་དུ་ཐལ་མོ་སྦྱར་ཏེ་གནས་ནས་དེ་བཞིན་གཤེགས་པའི་མཆོད་རྟེན་དེ་ལ་ཕྱག་བྱེད་དོ། །དེ་དག་ཚེའི་མཐར་ཕྱིན་ཏེ་ཤི་འཕོས་ནས་ཡང་འཛམ་ བུ་གླིང་ཉིད་དུ་སྐྱེས་ཏེ། །འཁོར་ལོས་སྒྱུར་བའི་རིགས་སུ་མའི་མངལ་དུ་མཚེ་མར་སྐྱེས་སོ། །དེ་གཉིས་སྐྱེས་མ་ཐག་ཏུ་གཅིག་གིས་གཅིག་དྲན་ནས་བདག་ཅག་བག་ཡོད་པ་ ལ་གནས་པར་བྱའོ། །བདག་ཅག་བག་ཡོད་པའི་མཆོག་བསྒོམ་པར་བྱའོ་ཞེས་སྨྲས་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །འབྱོར་དང་རྒྱས་ཤིང་རྟག་ཏུ་ལོ་ ལེགས་པའི། །ཡིད་འོང་རྒྱལ་པོའི་རིགས་སུ་བདག་ཅག་སྐྱེས། །བག་མེད་རྒྱགས་པ་རབ་ཏུ་སྤང་བྱ་སྟེ། །བྱང་ཆུབ་དམ་པ་རབ་ཏུ་བསྒྲུབ་པར་བྱ། །འདོད་དང་ལོངས་སྤྱོད་ དེ་བཞིན་རྒྱལ་པོའི་སྲིད། །ཡིད་བརྟན་མི་རུང་རིང་པོར་མི་ཐོགས་ཏེ། །བྱང་ཆུབ་དམ་པ་ཡོངས་སུ་ཚོལ་བ་ན། །མཁས་པ་དེ་ལ་འདོད་པ་མི་སྐྱེད་དོ། །སྲོག་ཆགས་ཕན་ 80-1-162a ཕྱིར་བྱང་ཆུབ་གང་ཞུགས་པ། །འདོད་དང་ལོངས་སྤྱོད་ལ་ནི་འདོད་མི་སྐྱེད། །མྱུར་དུ་འདོད་པ་སྤངས་ཤིང་རབ་བྱུང་ནས། །ཚངས་པར་སྤྱོད་པ་དམ་པ་མཆོག་ སྤྱད་དོ། །སྔོན་འདས་དུས་ནི་ཤིན་དུ་རྒྱས་པ་ནས། །ལྷ་རྫས་དག་དང་མི་ཡི་བཟང་པོ་དང་། །འདོད་པའི་ཡོན་ཏན་ལྔ་དག་བསྟེན་གྱུར་ཀྱང་། །དེ་ལ་ནམ་ཡང་ངོམས་པ་མ་རྙེད་དོ། ། དེ་ཕྱིར་རྒྱལ་སྲིད་རྒྱས་དང་གཉེན་ཚོགས་དང་། །འདོད་པའི་ཡོན་ཏན་འདི་དག་སྤང་བྱ་སྟེ། །ལུས་སྐྱེས་ནས་ནི་མྱུར་དུ་རབ་བྱུང་ལ། །བྱང་ཆུབ་ཕྱིར་ནི་བརྩོན་འགྲུས་བརྩམ་ པར་བྱ། །དེ་གཉིས་སྐྱེས་ནས་ལོ་བཅུ་དྲུག་ལོན་པ་དང་འདྲ་བར་གྱུར་ནས་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ སྟེ། །ལོ་ཉི་ཁྲིའི་བར་དུ་ཚངས་པར་སྤྱོད་པ་སྤྱད་དོ། །དེ་ནས་ཤི་འཕོས་ནས་སླར་ཡང་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །ཚངས་པའི་འཇིག་རྟེན་ནས་ཤི་འཕོས་ནས་སླར་ ཡང་འཛམ་བུ་གླིང་དུ་སྐྱེས་སོ། །ཡང་ཤཱ་རིའི་བུ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་མཆོག་ཅེས་བྱ་བ་རིག་པ་དང་ ཞབས་སུ་ལྡན་པ། །བདེ་བར་གཤེགས་པ། །འཇིག་རྟེན་མཁྱེན་པ། །སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། །ལྷ་དང་མི་རྣམས་ཀྱི་སྟོན་པ། །སངས་རྒྱས་བཅོམ་ ལྡན་འདས་འཇིག་རྟེན་དུ་བྱུང་སྟེ། །དེ་བཞིན་གཤེགས་པ་དེ་དེ་གཉིས་ཀྱིས་མཉེས་པར་བྱས་ཏེ། །དེ་གཉིས་དེ་བཞིན་གཤེགས་པ་དེའི་དྲུང་དུ་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ 80-1-162b ངུར་སྨྲིག་བགོས་ཏེ། །དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་། །དེ་གཉིས་རབ་ཏུ་བྱུང་ནས་ལོ་བྱེ་བ་ཚང་བར་ཚངས་པར་སྤྱོད་པ་སྤྱད་དོ། །ཤཱ་རིའི་བུ་རྣམ་གྲངས་ དེས་སངས་རྒྱས་ཁྲི་མཉེས་པར་བྱས་ཏེ། །བྱང་ཆུབ་སེམས་དཔའ་སྡོམ་པས་ཐམས་ཅད་དུ་ཚངས་པར་སྤྱོད་པ་སྤྱད་དོ། །བྱང་ཆུབ་སེམས་དཔའ་སྡོམ་པ་ལ་གནས་ པས་ནི་དེ་བཞིན་གཤེགས་པ་གཅིག་གི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་དོ། །དེ་ལ་ཤཱ་རིའི་བུ་གང་བྱང་ཆུབ་སེམས་དཔའ་སྡོམ་པ་ཞེས་བྱ་བ་དེ་སྔར་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བརྩོན་འགྲུས་འབར་བ་ཞེས་བྱ་ བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ ལྡན་འདས་འཇིག་རྟེན་དུ་བྱུང་སྟེ། །དེ་ལོ་བྱེ་བ་ཕྲག་དགུ་བཅུའི་བར་དུ་གནས་སོ། །དེའི་ཉན་ཐོས་ཀྱང་བྱེ་བ་ཁྲག་ཁྲིག་ཕྲག་དགུ་བཅུའི་ཉན་ཐོས་ཀྱི་འདུས་པ་ཆེན་པོ་བྱུང་ངོ་། ། ཤཱ་རིའི་བུ་དེ་ལ་གང་བྱང་ཆུབ་སེམས་དཔའ་སྡོམ་པ་ལ་གནས་ཤེས་བྱ་བ་དེ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བརྩོན་འགྲུས་འབར་བ་བྱང་ཆུབ་ཐོབ་པ་དེའི་འཁོར་ལོས་སྒྱུར་ བའི་རྒྱལ་པོར་གྱུར་ཏེ། །དེས་དེ་བཞིན་གཤེགས་པ་དེ་དང་། །དགེ་སློང་གི་དགེ་འདུན་དུ་བཅས་པ་ལ་ཟླ་བ་གསུམ་གྱི་བར་དུ་ན་བཟའ་དང་། བསོད་སྙོམས་དང་། མལ་སྟན་དང་། ན་པའི་ 80-1-163a གསོས་སྨན་དང་། །ཡོ་བྱད་ནམས་ཀྱིས་སྟི་སྟང་དུ་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་སོ། །དེ་ནས་ཤཱ་རིའི་བུ་བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བརྩོན་འགྲུས་འབར་བ་དེས་རྒྱལ་པོ་དེ་འོངས་པར་མཁྱེན་ནས་རྒྱལ་པོ་ལ་བསྐུལ་བའི་ཕྱིར་དེའི་ཚེ་ཚིགས་སུ་ བཅད་པ་འདི་དག་གསུངས་སོ། །སངས་རྒྱས་ཆོས་རྣམས་ཐོབ་པ་ལ། །བརྩོན་འགྲུས་དམ་པ་མཆོག་ཡིན་ཏེ། །འདོད་ལ་བརྐམ་པའི་སེམས་ཅན་རྣམས། །སེམས་ཅན་ དོན་བྱེད་ཤིན་དུ་དཀོན། །འདོད་ལ་བརྐམ་པའི་དོན་རྣམས་གང་། །དེ་ནི་མཁས་པའི་དོན་མ་ཡིན། །ཁྱོད་ནི་དོན་མེད་གནས་པ་སྟེ། །མཆོག་གི་དོན་ནི་ཚོལ་མ་ཡིན། །ང་ཉིད་དང་ ནི་ཁྱོད་ཉིད་དུ། །སྔོན་ནི་སྤུན་དུ་གྱུར་བ་སྟེ། །རྫོགས་པའི་སངས་རྒྱས་མྱུར་གྲུབ་ཅེས། །དེ་ན་བདག་ཅག་དམ་བཅས་སོ། །ངས་ནི་བྱང་ཆུབ་ཐོབ་གྱུར་ཏེ། །ཚངས་པའི་འཁོར་ ལོ་བསྐོར་བ་ལྟོས། །ཁྱོད་ནི་ཁྱིམ་དང་ཆུང་མ་དག །།རྟག་ཏུ་སྲུང་ཞིང་གནས་པ་ཡིན། །མཁས་པ་རྣམས་ནི་འདི་ལ་ཡིད་མི་རྟོན། །འདོད་པ་འདི་དག་ངན་ཅེས་རྒྱལ་བས་ གསུངས། །སྐྱེ་བོ་དག་ནི་བག་མེད་དོན་སྤྱོད་དེ། །དེ་ཕྱིར་དོན་མིན་རྟག་ཏུ་རྣམ་པར་སྤོངས། །བློ་གྲོས་ངན་པ་དོན་མེད་ཁུར་ཁྱེར་ཏེ། །ཁྱོད་ནི་དོན་མེད་པ་ལ་རབ་ཏུ་གནས། ། འཕགས་པ་དག་གིས་འབྱུང་བ་རབ་ཏུ་བསྔགས། །འདོད་ཡོན་སྡུག་བསྔལ་འཐོབ་བྱེད་མི་ཤེས་སོ། །བཅོམ་ལྡན་འདས་དེས་ཚིགས་སུ་བཅད་པ་དེ་དག་གིས་དེ་བསྐུལ་བ་དང་། 80-1-163b དེ་བུ་ལ་མ་བལྟས། ཆུང་མ་ལ་ཡང་མ་བལྟས། །ཚོང་དཔོན་དང་། བློན་པོ་དང་། ཕ་དང་མ་དང་། མཁར་གྱི་རྒྱལ་པོ་དང་། གྲོང་རྡལ་དང་། ལྗོངས་དང་། རྒྱལ་སྲིད་ཐམས་ཅད་ལ་ ཡང་མ་བལྟས། ནོར་གྱི་ཕུང་པོ་ཐམས་ཅད་ལ་ཡང་མ་ཆགས་པར་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་དེའི་སྤྱན་སྔར་འདུག་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་ དག་སྨྲས་སོ། །སངས་རྒྱས་ཀྱི་ནི་བྱང་ཆུབ་ཕྱིར། བདག་གི་ཤ་ཡང་སྐམས་པར་བགྱི། །ཁྱིམ་ཀུན་ཀྱང་ནི་སྤང་བར་བགྱི། །དགོན་པར་མཆིས་ནས་འགུམ་པར་བགྱི། ། སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །ཁྱིམ་མེད་པར་ནི་རབ་བྱུང་ནས། །དགོན་པ་རབ་དགོན་སྟེན་བགྱིད་ཅིང་། །ཕྱིར་ཡང་བརྩོན་འགྲུས་བརྩམ་པར་བགྱི། །བྱིས་པ་སྨྲ་བ་ སྡིག་པ་ཡི། །འདོད་པའི་ཕྱིར་ཡང་མི་སྟེན་ཏེ། །དེ་ལ་གནས་པར་གྱུར་པས་ན། བདག་ནི་རྒྱབ་ཀྱིས་ཕྱོགས་པར་གྱུར། །འདོད་དང་ལོངས་སྤྱོད་རྒྱལ་སྲིད་དང་། །ཐམས་ཅད་ རྣམ་པར་སྤངས་གྱུར་ཏེ། །འཇིག་རྟེན་མགོན་གྱི་བསྟན་པ་ལ། །དེང་ཉིད་བདག་ནི་རབ་ཏུ་བྱུང་། །བྱང་ཆུབ་ཕྱིར་ནི་སྤྱད་པ་སྤྱོད་བྱེད་ན། །མཁས་པས་སུ་ཞིག་འདུས་བྱས་ ཡིད་རྟོན་བྱེད། །གང་དུ་བདག་ནི་འདོད་ལ་ཞུགས་གྱུར་པས། །བརྩོན་འགྲུས་བརྩམས་ཀྱང་བྱང་ཆུབ་རེག་མ་གྱུར། །དེ་བས་འདོད་པའི་ཡོན་ཏན་བདག་སྤངས་ཏེ། ལོངས་ སྤྱོད་བདེ་དང་རྒྱལ་སྲིད་བདེ་སྤངས་ནས། །རྒྱལ་བའི་བསྟན་ལ་ཆེད་དུ་རབ་བྱུང་ལ། །བྱང་ཆུབ་མཆོག་ཕྱིར་བརྩོན་འགྲུས་བརྩམ་པར་བགྱི། དེས་ཚིགས་སུ་བཅད་པ་དེ་དག་ 80-1-164a སྨྲས་ནས་བཅོམ་ལྡན་འདས་དེ་ཉིད་ཀྱི་དྲུང་དུ་སྐྲ་དང་ཁ་སྤུ་བྲེགས་ཏེ། །གོས་ངུར་སྨྲིག་བགོས་ནས་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་། །རྒྱལ་པོ་མངོན་པར་ བྱུང་ཞིང་རབ་ཏུ་བྱུང་བར་ཤེས་ནས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་བཅུ་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་། །དེས་བཅོམ་ལྡན་འདས་ཡོངས་སུ་མྱ་ ངན་ལས་འདས་པའི་རིང་བསྲེལ་ལ་མཆོད་པ་བྱས་ནས་དེ་ནས་ཤི་འཕོས་མ་ཐག་ཏུ་དགའ་ལྡན་གྱི་རིས་ཀྱི་ལྷའི་རྒྱལ་པོར་སྐྱེས་སོ། །དེ་དགའ་ལྡན་གྱི་ལྷའི་རིས་ནས་ཤི་ འཕོས་ནས་བསྐལ་པ་དེ་ཉིད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་ལེགས་སྤྱོད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། །རིག་པ་དང་ཞབས་སུ་ལྡན་པ། །སངས་རྒྱས་བཅོམ་ལྡན་འདས་ཤེས་བྱ་བའི་བར་དུ་སྟེ། དེ་ལོ་ བྱེ་བ་ཚང་བར་གནས་སོ། །དེའི་ཉན་ཐོས་ཀྱང་བྱེ་བ་ཁྲག་ཁྲིག་ཚང་བའི་ཉན་ཐོས་ཆེན་པོ་འདུས་པར་གྱུར་ཏེ། །ཐམས་ཅད་ཀྱང་དགྲ་བཅོམ་པ། །ཟག་པ་ཟད་པ་ནས་ སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་དུ་སོན་པ་ཤ་སྟག་གི་བར་དུའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྒྱ་ཕྲག་སྟོང་ཡང་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་བར་དུ་བཀོད་དོ། །ཆོས་བསྟན་ནས་སེམས་ཅན་ཚད་མེད་གྲངས་མེད་པའི་དོན་བྱས་ཏེ། ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ཡོངས་སུ་མྱ་ 80-1-164b ངན་ལས་འདས་པའི་དམ་པའི་ཆོས་ནི་བསྐལ་པ་ལས་ལྷག་པར་གནས་པར་གྱུར་ཏོ། །དེའི་རིང་བསྲེལ་ཡང་རྒྱས་པར་གྱུར་ཏེ། །འདི་ལྟ་སྟེ་དཔེར་ན་ང་ད་ཡོངས་སུ་ མྱ་ངན་ལས་འདས་ནས་རིང་སྲེལ་རྒྱས་པར་འགྱུར་བ་བཞིན་ནོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སྡོམ་པ་དང་། །བྱང་ཆུབ་སེམས་དཔའ་སྡོམ་པ་ལ་གནས་ པའི་རྗེས་སུ་བྱང་ཆུབ་སེམས་དཔའ་བསླབ་ཅིང་བརྩོན་འགྲུས་མ་ཉམས་པར་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་སྤྱད་པར་བྱ་བའི་སེམས་ཅན་ཀེང་རུས་ལ་གནས་པ་ དང་། །སེར་སྣ་ལ་གནས་པ་དག་གི་རྗེས་སུ་བསླབ་པར་མི་བྱའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་ལ་ལ་བྱང་ཆུབ་འདོད་ལ་གཞན་གྱི་ཁྱིམ་ལ་སེར་སྣ་སྐྱེད་ན། ། དེའི་ཚེ་དེ་ལ་འཇིགས་པ་གསུམ་འབྱུང་བར་ཤེས་པར་བྱའོ། །གསུམ་གང་ཞེ་ན། གཞན་གྱི་ཁྱིམ་དག་ཏུ་ཁ་ཟས་ཀྱི་ཕྱིར་སྨྲ། །ཀུན་དུ་སྨྲ་བའི་ཕྱིར་འཕགས་པའི་དགེ་སློང་ གཞན་མཐོང་ན། །ཕྲག་དོག་དང་། སེར་སྣ་སྐྱེད་ཅིང་། ཁོང་ཁྲོ་བའི་སེམས་གཅིག་ཙམ་གྱིས་ཀྱང་མི་མཐུན་པར་བྱེད་ན་དེས་སེམས་ཅན་དམྱལ་བའི་ལམ་ཡོངས་སུ་གཟུང་བར་ འགྱུར། །དམུས་ལོང་གི་ས་བོན་བཏབ་པར་འགྱུར། །མཐའ་འཁོབ་དུ་སྐྱེ་བའི་གནས་ཡོངས་སུ་བཟུང་བར་འགྱུར་རོ། །ཤཱ་རིའི་བུ་གང་ལ་ལས་འཕགས་པའི་དགེ་སློང་མཐོང་ ན་ཁྲོ་བའི་ཟིལ་གྱིས་ནོན་ཏེ། །ཁྲོ་བའི་སེམས་ཀྱིས་མི་སྨྲ་ཞིང་སེར་སྣ་སྐྱེད་དེ། །ཁོང་ཁྲོ་བའི་སེམས་གཅིག་ཙམ་གྱིས་ཀྱང་མི་མཐུན་པར་བྱེད་ན། །དེས་སེམས་ཅན་དམྱལ་ 80-1-165a བའི་ལམ་ཡོངས་སུ་བཟུང་བར་འགྱུར། །དམུས་ལོང་གིས་ས་བོན་བཏབ་པར་འགྱུར། །མིར་སྐྱེས་ན་ཡང་མཐའ་འཁོབ་ཀྱི་མིའི་ཡུལ་ཕྱོགས་སུ་སྐྱེ་བའི་གནས་ ཡོངས་སུ་བཟུང་བར་འགྱུར། །ཁོང་ཁྲོ་བ་མང་བར་འགྱུར། དམུས་ལོང་དུ་འགྱུར། །གཞན་གྱི་དྲིང་འཇོག་ཅིང་སྐུར་པ་མང་བར་འགྱུར་རོ། །ཤཱ་རིའི་བུ་གང་གི་ཚེ་བྱང་ཆུབ་ སེམས་དཔའ་གཞན་གྱི་ཁྱིམ་ལ་ཕྲག་དོག་དང་། སེར་སྣ་སྐྱེ་བ་དེའི་ཚེ་དེ་དག་འཇིགས་པ་འདི་གསུམ་ཡིད་ལ་བྱའོ། །དེ་སྐད་ཅེས་བཀའ་སྩལ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་དེ་ལྟར་རྙེད་པ་ལེགས་པར་རྙེད་དོ། །དེ་བཞིན་ གཤེགས་པས་ཁྱིམ་གྱི་སེར་སྣ་ལས་བྱུང་བ་འདི་ལྟ་བུ་བཤད་པ་ངོ་མཚར་ཏོ། །བཅོམ་ལྡན་འདས་བདག་ཅག་ཉན་ཐོས་རྣམས་ལ་ཡང་ཁྱིམ་གྱི་སེར་སྣ་ལས་འབྱུང་བ་ལེགས་ པར་རབ་ཏུ་བཤད་དུ་གསོལ། །བཅོམ་ལྡན་འདས་བདག་ཅག་ཀྱང་སེམས་ཅན་དམྱལ་བ་ལས་ཐར་བར་འཚལ་བ་ལགས་ཀྱི་བདག་ཅག་དམུས་ལོང་འཚལ་བ་མ་ལགས་སོ། ། བདག་ཅག་གཙུག་མ་མཆིས་པའི་འཁོན་མི་འཚལ་ཏེ། །བདག་ཅག་ཀྱང་སྐུར་པ་འདེབས་པར་འཚལ་བ་མ་ལགས་སོ། །བདག་ཅག་མཐའ་འཁོབ་ཀྱི་གནས་འཚལ་བ་ མ་ལགས་སོ། །བཅོམ་ལྡན་འདས་བདག་ཅག་ནི་ཡུལ་གྱི་དབུས་ཀྱི་ཕྱོགས་འཚལ་ཏེ། །བདག་ཅག་གིས་དེ་བཞིན་གཤེགས་པ་དང་། །ཆོས་མཉན་པ་ཡོངས་སུ་མ་བཏང་ 80-1-165b ངོ་། །དེ་སྐད་ཅེས་གསོལ་ནས། །བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་ཁྱོད་འདི་ལྟར་གནས་ཞིང་དྲང་བར་གྱུར་ཏེ། ། གང་ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་པ་ནི་ལེགས་སོ། །ལེགས་སོ། །ངོ་མཚར་ཏོ། །དེ་བས་ན་ཤཱ་རིའི་བུ་གང་འཇིག་རྟེན་ན་སངས་རྒྱས་ཀྱི་བསླབ་པ་ལ་ སློབ་པར་འདོད་པ་དེ་དག་གི་ཕྱིར་བཤད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་སངས་རྒྱས་ཀྱི་བསླབ་པ་སློབ་པར་འདོད་པ་དེ་དག་གི་མདུན་དུ་བཤད་པར་བྱའོ། །དེ་ཅིའི་ཕྱིར་ ཞེ་ན། །ཤཱ་རིའི་བུ་མ་བསླབས་ན་འཐབ་པའི་རྩ་བ་རྩོད་པར་འགྱུར་རོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ནི་དད་པ་དང་དང་བ་མང་ཞིང་སེམས་ཅན་རྣམས་ཀྱི་སྐྱབས་ ཀྱི་ཕྱིར་ཡུན་རིང་པོར་ལྟ་བ་དང་། དུས་རིང་པོར་ལྟ་བར་འགྱུར་ཞིང་དེ་བཞིན་གཤེགས་པའི་དྲུང་དུ་སོང་ནས་ཡོངས་སུ་དྲི་བར་བྱེད་དེ་དེས་འདི་ལྟ་བུའི་ཆོས་འདི་ཐོས་ནས་ དགའ་བ་དང་། །དད་པ་དང་མཆོག་ཏུ་དགའ་བ་རྒྱ་ཆེན་པོ་ཐོབ་པར་འགྱུར་ཏེ། ནན་ཏན་གྱིས་ཀྱང་སྒྲུབ་མོད་ཀྱི། །ཤཱ་རིའི་བུ་གང་ལྷག་པའི་བསམ་པས་ཡོངས་སུ་ མྱ་ངན་ལས་འདས་པ་འདོད་པའི་སེམས་ཅན་དེ་དག་ནི་ཉུང་བར་འགྱུར་ཏེ། །ཕལ་ཆེར་དངོས་པོ་གསུམ་ལ་གནས་སོ། །གསུམ་གང་ཞེ་ན། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་ཚོལ་བ་དང་། །མཛའ་བོའི་ཁྱིམ་དང་། སློང་བའི་ཁྱིམ་ཚོལ་བ་དང་། །གནས་ཡོངས་སུ་འཛིན་པའི་ཕྱུག་པ་ཚོལ་ཏེ། །དངོས་པོ་གསུམ་པོ་འདི་དག་ 80-1-166a ལ་གནས་སོ། །དེ་བས་ན་གང་དངོས་པོ་འདི་གསུམ་ལ་གནས་པ་དེ་དག་ནི་ངན་སོང་གསུམ་ལས་ཡོངས་སུ་མི་ཐར་ཏོ། །དེ་དག་སེམས་ཅན་དམྱལ་ བ་ལས་ཐར་པ་དང་། །དུད་འགྲོའི་སྐྱེ་གནས་དང་། །གཤིན་རྗེའི་འཇིག་རྟེན་ལས་ཐར་པར་བྱ་བ་ལ་སྤྲོ་བ་ཆུང་ཞིང་དེ་དག་མཐོ་རིས་ཟད་པར་འགྱུར་བ་དང་། གླེང་བ་དང་། འཐབ་པ་དང་། རྩོད་པ་དང་། འབྲེག་པ་དང་། འགྱེད་པ་ལ་བརྩོན་ཞིང་ལྟ་བར་འགྱུར་རོ། །དེ་དག་མ་དད་པར་གྱུར་པས་མཛའ་བ་མང་པོར་ཡོངས་སུ་ཟིན་ནས་དགོན་པར་ གནས་པ་སྤོང་བ་རྗེས་སུ་འཐོབ་པར་འགྱུར་ཏེ། དེ་དག་ལ་ཁྱིམ་པ་དག་ཚེ་དང་ལྡན་པ་ཁྱོད་ངེད་ཀྱི་གནས་དང་ཉེ་བར་གནས་པར་གྱིས་ཤིག་དང་། །ངེད་ཀྱིས་ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ན་པའི་གསོས་སྨན་དང་། ཡོ་བྱད་ཀྱིས་བསྙེན་བཀུར་བྱའོ། །ཚེ་དང་ལྡན་པ་དགོན་པ་ལ་གནས་ན་ངེད་ཀྱིས་ཀྱང་ཁྱོད་མི་མཐོང་། ཁྱོད་ཀྱིས་ ཀྱང་ངེད་མི་མཐོང་ཞེས་དེ་སྐད་ཟེར་ཞིང་དེ་དག་ཕན་ཚུན་སྨྲ་བ་མང་བས་གནས་ལ་ཆགས་ནས་མངོན་པར་དགལ་བ་སྐྱེད་དེ། དེ་དག་གནས་ལ་སྲེད་པ་སྐྱེད་པར་འགྱུར། རིང་དུ་ གནས་པར་འགྱུར། །མཛའ་བོའི་ཁྱིམ་དང་། །སློང་བའི་སྦྱིན་པའི་ཁྱིམ་མང་བར་འགྱུར་ཏེ། །དེ་དག་ཕྱི་ཕྱིར་ཞིང་མཐོང་ན་གཅིག་ལ་གཅིག་སྲེད་པར་འགྱུར་ཏེ། དེ་ལ་གང་དགེ་ སློང་ཐོར་བུར་འོངས་པ་དེ་དག་ལ་བསྔགས་པ་མ་ཡིན་པ་སྨྲ་བར་འགྱུར་ཏེ། །མང་དུ་ཐོས་པ་མ་ཡིན་ནོ། །རྒྱུན་དུ་ཞུགས་པ་མ་ཡིན་ནོ་ཞེས་སྨྲ་བར་བྱེད། །ལན་ཅིག་ཕྱིར་འོང་ 80-1-166b བ་མ་ཡིན་ནོ་ཞེས་སྨྲ་བར་བྱེད། །དགྲ་བཅོམ་པ་མ་ཡིན་ནོ་ཞེས་སྨྲ་བར་བྱེད་དེ། །གཞན་ལ་བསྔགས་པ་མ་ཡིན་པ་བརྗོད་པར་བྱ་བ་ལ་སྤྲོ་བར་བྱེད་དོ། །ཤཱ་རིའི་བུ་དེ་ལ་ཁྱིམ་པ་དེ་ དག་གང་དགེ་སློང་ཐུར་བུར་འོངས་པ་དེ་དག་ནི་བདག་ཅག་གི་དྲུང་ན་ཡུང་རིང་དུ་གནས་པ་མ་ཡིན་གྱི། །གང་དགེ་སློང་འཁོད་པ་དག་ནི་བདག་ཅག་གཅིག་གི་གཅིག་དོན་གྱི་ཕོ་ཉ་ཡིན་ ནོ་ཞེས་དེ་སྙམ་དུ་སེམས་ཏེ། །དེ་དག་གཅིག་ལ་གཅིག་སེར་སྣ་བྱེད་པར་འགྱུར་རོ། །ཤཱ་རིའི་བུ་དེ་ལ་ཁ་ཅིག་ནི་ཆོས་འདི་ལྟ་བུར་ཁོང་དུ་ཆུད་པར་མ་གྱུར། ཁོང་དུ་མ་ཆུད། ཁོང་དུ་ཆུད་པར་མི་འགྱུར་ཏེ། དེ་དག་ཐམས་ཅད་མདོ་སྡེ་འདི་ལྟ་བུ་དག་སྤོང་བར་གྱུར། །སྤོང་བར་བྱེད། སྤོང་བར་འགྱུར་རོ། །ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་འདི་ལྟ་བུའི་ཚིག་དང་འབྲུའི་ རྣམ་གྲངས་ཐོས་ནས་ཐོས་མ་ཐག་ཏུ་མོས་པར་མི་བྱེད་ཀྱི་སེམས་ཅན་གང་ངན་སོང་དུ་འགྲོ་བའི་སེམས་ཅན་དེ་ལྟ་བུ་དག་ནི་སྨོད་པར་བྱེད་པར་འགྱུར་རོ། །ཤཱ་རིའི་བུ་དེ་ལ་བྱང་ཆུབ་ སེམས་དཔའ་བརྩོན་འགྲུས་མ་ཉམས་པ་ནི་སེར་སྣ་དང་། །ཕྲག་དོག་གི་གཞི་འདི་ལྟ་བུ་ངན་སོང་དུ་འགྲོ་བའི་ལས་ཐོས་ནས་ཁྱིམ་གྱི་སེར་སྣ་མ་བྱས་པ་ཡང་མི་བྱེད། ཁྱིམ་གྱི་སེར་ སྣ་བྱས་པ་ཡང་འཆགས་པར་འགྱུར་རོ། །ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་མ་ཉམས་པ་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །གཞན་ཡང་ ཤཱ་རིའི་བུ་བརྩོན་འགྲུས་མ་ཉམས་པའི་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་ན་སེམས་ཅན་ཐམས་ཅད་ལ་ནད་པར་འདུ་ཤེས་བསྐྱེད་དེ། །སེམས་ 80-1-167a ཅན་དེ་དག་ཐམས་ཅད་ནི་གདུང་བའི་ནད་འདི་གསུམ་གྱིས་རྟག་ཏུ་གདུངས་སོ། །གསུམ་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་ཀྱི་གདུང་བ་དང་། ཞེ་སྡང་གི་གདུང་བ་དང་། གཏི་མུག་གི་གདུང་བའོ། །སྨན་དང་རྩིས་བསྐུ་བའི་སྦྱོར་བ་གང་གིས་སེམས་ཅན་རྣམས་ཀྱི་འདོད་ཆགས་རབ་ཏུ་ཞི་བར་འགྱུར་བ་དང་། །ཞེ་སྡང་རབ་ཏུ་ཞི་བར་འགྱུར་བ་དང་། གཏི་ མུག་རབ་ཏུ་ཞི་བར་འགྱུར་བ་དེ་འདྲ་བའི་ཆོས་ཀྱི་སྨན་དང་། རྩིས་བསྐུ་བའི་སྦྱོར་བ་བདག་གིས་བསྡུ་བར་བྱའོ་ཞེས་དེ་ལྟར་སེམས་ཤིང་དེ་ཆོས་ཀྱི་སྨན་དང་། རྩིས་བསྐུ་བའི་སྦྱོར་བ་ གང་གིས་སེམས་ཅན་རྣམས་ཀྱི་འདོད་ཆགས་རབ་ཏུ་ཞི་བར་འགྱུར་བ་དང་། །ཞེ་སྡང་རབ་ཏུ་ཞི་བར་འགྱུར་བ་དང་། །གཏི་མུག་རབ་ཏུ་ཞི་བར་འགྱུར་བ་དེ་འདྲ་བའི་ཆོས་ཀྱི་སྨན་དང་། རྩིས་བསྐུ་བའི་སྦྱིན་པ་སྡུད་པར་བྱེད་དོ། །དེ་ནི་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་མ་ཉམས་པ། །བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་ བུ་སེམས་ཅན་ཐམས་ཅད་ནི་གདུང་བའི་ནད་གསུམ་གྱིས་རྟག་ཏུ་གདུངས་ནས་ན་པ་སྟེ། འདི་ལྟ་སྟེ། འདོད་ཆགས་ཀྱི་གདུང་བ་དང་། ཞེ་སྡང་གི་གདུང་བ་དང་། གཏི་མུག་གི་གདུང་བའོ། ། སེམས་ཅན་གང་སེམས་ཅན་དམྱལ་བར་སྐྱེ་བ་དེ་དག་ཀྱང་གདུང་བ་འདི་གསུམ་གྱིས་རྟག་ཏུ་གདུངས་ཏེ། འདོད་ཆགས་ཀྱི་གདུང་བ་དང་། ཞེ་སྡང་གི་གདུང་བ་དང་། གཏི་མུག་གི་ གདུང་བའོ། །གང་དུད་འགྲོའི་སྐྱེ་གནས་པ་དང་། གང་གཤིན་རྗེའི་འཇིག་རྟེན་པ་དང་། གང་མིའི་འཇིག་རྟེན་པ་དང་། གང་ལྷར་སྐྱེས་པའི་སེམས་ཅན་དེ་དག་ཀྱང་འདོད་ཆགས་ 80-1-167b ཀྱིས་གདུང་བ་དང་། ཞེ་སྡང་གི་གདུང་བ་དང་། གཏི་མུག་གིས་གདུང་བ་འདི་གསུམ་གྱིས་རྟག་ཏུ་གདུངས་ཏེ། གང་སེམས་ཅན་དེ་དག་གི་སྨན་པ་གསོ་བར་བྱེད་པ་དེ་དག་ ཀྱང་འདོད་ཆགས་ཀྱི་གདུང་བ་དང་། ཞེ་སྡང་གི་གདུང་བ་དང་། གཏི་མུག་གི་གདུང་བའི་གདུང་བ་འདི་གསུམ་གྱིས་རྟག་ཏུ་གདུངས་ཏེ། །དེ་ལ་སྨན་པ་གཞན་དང་། སྨན་གཞན་ བསྐུ་བའི་སྦྱོར་བས་སེམས་ཅན་དེ་དག་གི་འདོད་ཆགས་ཀྱི་གདུང་བ་དང་། ཞེ་སྡང་གི་གདུང་བ་དང་། གཏི་མུག་གི་གདུང་བ་རབ་ཏུ་ཞི་བར་བྱ་མི་ནུས་ཀྱི། གཞན་དུ་ན་དེ་བཞིན་གཤེགས་ པ་བླ་ན་མེད་པའི་སྨན་པའི་རྒྱལ་པོ་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་སྐུ་ཐོབ་པས་བདག་ཉིད་སྨན་དུ་གྱུར་པར་བྱིན་གྱིས་བརླབས་ནས་སེམས་ཅན་ དེ་དག་གི་འདོད་ཆགས་ཀྱི་གདུང་བ་དང་། ཞེ་སྡང་གི་གདུང་བ་དང་། གཏི་མུག་གི་གདུང་བ་རབ་ཏུ་ཞི་བར་བྱེད་ནུས་སོ། །དེ་བས་ན་ཤཱ་རིའི་བུ་རྣམ་གྲངས་དེས་ཀྱང་འདི་ལྟར་རིག་པར་བྱ་ སྟེ། གང་སྨན་པ་ཕལ་དང་། སྨན་གྱིས་བསྐུ་བའི་སྦྱོར་བ་ཕལ་གྱིས་སེམས་ཅན་དེ་དག་གི་འདོད་ཆགས་ཀྱི་གདུང་བ་དང་། ཞེ་སྡང་གི་གདུང་བ་དང་། གཏི་མུག་གི་གདུང་བ་རབ་ཏུ་ ཞི་བར་ནུས་པར་སླ་བ་མ་ཡིན་གྱི། གཞན་དུ་ན་དེ་བཞིན་གཤེགས་པ་བླ་ན་མེད་པའི་སྨན་པའི་རྒྱལ་པོ་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་ སྐུ་ཐོབ་པས་སེམས་ཅན་དེ་དག་གི་འདོད་ཆགས་ཀྱི་གདུང་བ་དང་། ཞེ་སྡང་གི་གདུང་བ་དང་། གཏི་མུག་གི་གདུང་བ་རབ་ཏུ་ཞི་བར་ནུས་པར་རིག་པར་བྱའོ། །ཤཱ་རིའི་བུ་དེ་ཇི་སྙམ་ 80-1-168a དུ་སེམས། སེམས་ཅན་ཀྱི་ཁམས་རབ་ཏུ་མང་ངམ་གསོལ་པ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་གིས་འཚལ་ཏེ། སེམས་ཅན་གྱི་ཁམས་ ནི་རབ་ཏུ་མང་གི། །སའི་ཁམས་ནི་དེ་ལྟ་མ་ལགས་སོ། །ཆུའི་ཁམས་ནི་དེ་ལྟ་མ་ལགས་། །མེའི་ཁམས་ནི་དེ་ལྟ་མ་ལགས། །རླུང་གི་ཁམས་ནི་དེ་ལྟ་མ་ལགས་སོ།། བཀའ་སྩལ་པ། དེ་དེ་བཞིན་ནོ། །ཤཱ་རིའི་བུ་དེ་དེ་བཞིན་ཏེ། ཤཱ་རིའི་བུ་སེམས་ཅན་གྱི་ཁམས་ནི་རབ་ཏུ་མང་གི། སའི་ཁམས་ནི་དེ་ལྟ་མ་ཡིན། ཆུའི་ཁམས་ནི་དེ་ལྟ་མ་ཡིན། མེའི་ཁམས་ནི་དེ་ལྟ་མ་ཡིན། རླུང་གི་ཁམས་ནི་དེ་ལྟ་མ་ཡིན་ནོ། །ཡང་ཤཱ་རིའི་བུ་སེམས་ཅན་སྐལ་པ་མཉམ་པར་གྱུར་བ་འདི་ལས་ཕྱི་རོལ་གྱི་དྲང་སོང་གི་ལྷའི་མིག་ལ་སྣང་བར་ མ་གྱུར་པ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ལྷའི་མིག་ལ་སྣང་བར་མ་གྱུར་པ་ཡོད་དོ། །ཤཱ་རིའི་བུ་གང་ཤིང་རྟའི་འཁོར་ལོ་ཙམ་གྱི་ཁྱོན་ལ་དེ་བཞིན་གཤེགས་པ་ལྷའི་སྤྱན་ལ་ སྣང་བར་གྱུར་པ་དེ་ནི་རབ་ཏུ་མང་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ལྷ་དང་མིར་བཅས་པའི་སྐྱེ་དགུ་ནི་དེ་ལྟ་མ་ཡིན་ཏེ། དེ་ལྟར་སེམས་ཅན་གྱི་ཁམས་ དཔག་ཏུ་མེད་དོ། །ཤཱ་རིའི་བུ་ཇི་ཙམ་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་སྒོང་ང་ལས་སྐྱེས་པ་འམ། མངལ་ནས་སྐྱེ་བ་འམ། དྲོད་གཤེར་ ལས་སྐྱེ་བ་འམ། རྫུས་ཏེ་སྐྱེ་བ་འམ། གཟུགས་ཅན་ནམ། གཟུགས་མེད་པ་འམ། འདུ་ཤེས་ཅན་ནམ། འདུ་ཤེས་མེད་པ་འམ། འདུ་ཤེས་མེད་འདུ་ཤེས་མེད་མིན་ནམ་ 80-1-168b སྣང་བ་འམ། མི་སྣང་བ་འམ། ཇི་ཙམ་སེམས་ཅན་ཀྱི་ཁམས་སུ་བཏགས་པ་དེ་དག་ཐམས་ཅད་ཡོངས་སུ་བརྟག་པ་བཟུང་སྟེ། སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་སྔ་ཕྱི་ མེད་པར་མིའི་ལུས་ཐོབ་པར་གྱུར་ལ། །དེ་དག་ཐམས་ཅད་མིར་གྱུར་ནས་ཀྱང་སྨན་པར་གྱུར་ཏེ། ཚེའི་ཚད་ཀྱང་བསྐལ་པར་གནས་པར་གྱུར་ནས་ཡོངས་སུ་བརྟག་པ་བཟུང་སྟེ། སློབ་ དཔོན་ཁམས་གསོ་བ་ལ་མཁས་པ་འདི་ལྟ་སྟེ། །ཤཱ་རིའི་བུ་ད་ལྟར་གྱི་སྨན་པའི་རྒྱལ་པོ་གསོ་བྱེད་ལྟ་བུ་དེ་དག་ཐམས་ཅད་འདུས་ནས་སེམས་ཅན་གཅིག་གི་འདོད་ཆགས་ཀྱི་གདུང་ བ་རབ་ཏུ་ཞི་བར་བྱ་བ་དང་། ཞེ་སྡང་གི་གདུང་བ་དང་། གཏི་མུག་གི་གདུང་བ་རབ་ཏུ་ཞི་བར་བྱ་བའི་ཕྱིར་འབད་ཅིང་སྨན་པ་རེ་རེས་ཀྱང་བསིལ་བའི་ཡན་ལག་གི་སྨན་རི་རབ་ཙམ་གྱི་ཕུང་པོ་ བསྡུས་ནས་དེ་དག་ཐམས་ཅད་སེམས་ཅན་གཅིག་གི་འདོད་ཆགས་ཀྱི་གདུང་བ་རབ་ཏུ་ཞི་བར་བྱ་བའི་ཕྱིར་བསིལ་བའི་ཡན་ལག་གི་ཕུང་པོ་བཏགས་ཏེ། བསྐུས་པར་གྱུར་ཀྱང་ཤཱ་རིའི་ བུ་སྨན་པ་ཚེའི་ཚད་བསྐལ་པར་གནས་པ་ཐམས་ཅད་སྐྱོ་བར་གྱུར་ལ། བསིལ་བའི་ཡན་ལག་གི་སྨན་གྱི་ཕུང་པོ་དེ་དག་ཐམས་ཅད་ཡོངས་སུ་འགྲིབས་ཤིང་ཟད་པར་གྱུར་ཀྱང་སེམས་ ཅན་གཅིག་གི་འདོད་ཆགས་ཀྱི་གདུང་བ་དང་། ཞེ་སྡང་གི་གདུང་བ་དང་། གཏི་མུག་གི་གདུང་བ་དེ་རབ་ཏུ་ཞི་བར་མི་ནུས་ཀྱི། དེ་ལྟར་དེ་བཞིན་གཤེགས་པས་མི་སྡུག་པའི་ཆོས་ཀྱི་ སྨན་དང་། རྩིས་བསྐུ་བའི་སྦྱོར་བས་ནི་སེམས་ཅན་དུ་མ་སེམས་ཅན་བརྒྱ་ཕྲག་དུ་མ། སེམས་ཅན་སྟོང་ཕྲག་དུ་མ། སེམས་ཅན་བརྒྱ་སྟོང་ཕྲག་དུ་མ། སེམས་ཅན་བྱེ་བ་ཁྲག་ཁྲིག་ 80-1-169a བརྒྱ་ཕྲག་སྟོང་དུ་མ། སེམས་ཅན་ཁྲག་ཁྲིག་དཀྲིགས་ཕྲག་དུ་མ། སེམས་ཅན་གཏམས་ཕྲག་དུ་མ་ནས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་གྱི་སེམས་ཅན་རྣམས་ ཀྱི་འདོད་ཆགས་ཀྱི་གདུང་བ་མི་སྡུག་པའི་སྨན་དང་། རྩིས་བསྐུ་བའི་སྦྱོར་བས་རབ་ཏུ་ཞི་བར་བྱེད་དོ། །བྱམས་པའི་ཆོས་ཀྱི་སྨན་དང་། རྩིས་བསྐུ་བའི་སྦྱོར་བས་སེམས་ཅན་དུ་མའི་ཞེ་སྡང་ གི་གདུང་བ་རབ་ཏུ་ཞི་བར་བྱེད་དོ། །བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་གྱི་སེམས་ཅན་རྣམས་ཀྱི་ཞེ་སྡང་གི་གདུང་བ་རབ་ཏུ་ཞི་བར་བྱེད་དོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་སྨན་དང་། རྩིས་བསྐུ་བའི་སྦྱོར་བས་སེམས་ཅན་དུ་མའི་གཏི་མུག་གི་གདུང་བ་རབ་ཏུ་ཞི་བར་བྱེད་དེ། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་གྱི་སེམས་ཅན་རྣམས་ཀྱི་གཏི་མུག་གི་གདུང་བ་རབ་ ཏུ་ཞི་བར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་སྐུ་ཐོབ་པས་ཀྱང་བདག་ཉིད་ཆོས་ཀྱི་སྨན་དུ་གྱུར་པར་བྱིན་གྱིས་བརླབས་ནས་སེམས་ཅན་དུ་མའི་འདོད་ཆགས་ ཀྱི་གདུང་བ་རབ་དུ་ཞི་བར་བྱེད། ཞེ་སྡང་གི་གདུང་བ་རབ་ཏུ་ཞི་བར་བྱེད། གཏི་མུག་གི་གདུང་བ་རབ་ཏུ་ཞི་བར་བྱེད་དོ། །སེམས་ཅན་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་གྱི་འདོད་ ཆགས་དང་། ཞེ་སྡང་དང་། གཏི་མུག་གི་གདུང་བ་རབ་ཏུ་ཞི་བར་བྱེད་དོ། །དེ་བས་ན་ཤཱ་རིའི་བུ་རྣམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་གང་ཆོས་ཀྱི་སྐུ་ལ་གནས་ནས་བདག་ཉིད་ཆོས་ཀྱི་སྨན་དུ་གྱུར་པར་བྱིན་གྱིས་བརླབས་ནས་སེམས་ཅན་དུ་མ་ནས་སེམས་ཅན་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་ 80-1-169b གྱི་འདོད་ཆགས་ཀྱི་གདུང་བ་རབ་ཏུ་ཞི་བར་བྱེད། ཞེ་སྡང་གི་གདུང་བ་རབ་ཏུ་ཞི་བར་བྱེད། གཏི་མུག་གི་གདུང་བ་རབ་ཏུ་ཞི་བར་བྱེད་དོ། །ཤཱ་རིའི་བུ་ངས་མངོན་པར་ཤེས་པ་ བསྐལ་པ་གྲངས་མེད་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། །དེ་བཞིན་གཤེགས་པ་མར་མེ་མཛད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། །སངས་རྒྱས་བཅོམ་ལྡན་འདས་ཤེས་ བྱ་བའི་བར་དུའོ། །འདི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་དེས། །ང་ལ་གཞོན་ནུ་ཁྱོད་མ་ འོངས་པའི་དུས་བསྐལ་པ་གྲངས་མེད་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། ། ཡང་ཤཱ་རིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱིས་ལུང་བསྟན་མ་ཐག་ཏུ་ངས་ཆོས་ཀྱི་སྐུ་ཐོབ་པར་ གྱུར་ཏེ། ང་ཆོས་ཀྱི་སྐུ་དང་ལྡན་པར་གྱུར་ནས། མར་མེ་མཛད་ཀྱི་འོག་ཏུ་ལྷའི་དབང་པོ་བརྒྱ་བྱིན་མིག་མཛེས་ཤེས་བྱ་བ་སུམ་བཅུ་རྩ་གསུམ་པ་རྣམས་ཀྱི་བདག་པོ་རྫུ་འཕྲུལ་ཆེ་བ། མཐུ་ ཆེ་བ། དབང་ཆེ་བར་གྲགས་པར་གྱུར་ཏོ། །ཡང་དེའི་ཚེ་འཛམ་བུ་གླིང་འདིར་གྲོང་ཁྱེར་ཆེན་པོ་བརྒྱད་ཁྲི་བཞི་སྟོང་ཕྲག་བཞི་བྱུང་ངོ་། །གྲོང་དང་ཚོང་འདུས་དང་། རི་ཁྲོད་སྟོང་ཕྲག་མང་ པོ་བྱུང་སྟེ། གྲོང་ཁྱེར་ཆེན་པོ་དང་། ཚོང་འདུས་དང་། རི་ཁྲོད་སྟོང་ཕྲག་མང་པོ་དེ་དག་ཐམས་ཅད་ཀྱང་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་མང་པོས་གང་བར་གྱུར་ཏོ། ། 80-1-170a ཡང་དེའི་ཚེ་ནད་ཆེན་པོའི་བསྐལ་པ་བར་མ་བྱུང་སྟེ། སེམས་ཅན་ཕལ་ཆེར་ལུས་རྨ་ཅན་དུ་གྱུར་ཏེ། ལུས་རུལ་བ་དང་། ལྦ་བ་དང་། འབྲས་དང་། མེ་དབལ་དང་། གཡན་པ་དང་། རླུང་དང་། མཁྲིས་པ་དང་། བད་ཀན་གྱིས་རྒྱས་པར་གྱུར་ཏོ། །དེ་ན་སྨན་པ་བརྒྱ་སྟོང་ཕྲག་མང་པོ་སེམས་ཅན་དེ་དག་གི་ནད་རབ་དུ་ཞི་བར་བྱ་བ་ལ་བརྩོན་པར་བྱེད་དོ། །ཤཱ་རིའི་བུ་དེ་ནས་སེམས་ ཅན་དེ་དག་གསོ་བ་མ་རྙེད་དེ། །མགོན་མེད་སྐྱབས་མེད་ནས་སྒྲ་ཆེན་པོ་ཕྱུང་བ། །ལྷ་དག་དང་ནི་ཀླུ་རྣམས་དང་། གནོད་སྦྱིན་དྲི་ཟ་སྲིན་པོ་དང་། །མི་དང་མི་མ་ཡིན་པ་དག །བདག་ཅག་ནད་ ལས་ཐར་བྱེད་གང་། བདག་ཅག་སྡུག་བསྔལ་ཐར་བྱེད་ལ། ནོར་རྣམས་ཐམས་ཅད་སྦྱིན་པར་བྱ། དེ་ཡི་བཀའ་ཡི་རྗེས་སུ་འཇུག །བྱས་པ་དག་ཀྱང་གཟོ་བར་བྱ།། །། བམ་པོ་བཅྭ་ལྔ་པ། ཡང་ཤཱ་རིའི་བུ་ངས་མིའི་ལས་འདས་པའི་ལྷའི་མིག་རྣམ་པར་དག་པས་སེམས་ཅན་དེ་དག་ནད་ཀྱིས་གཟིར་ཏེ། །དེ་དག་ཕལ་ཆེར་ལུས་རྨ་ཅན་དུ་གྱུར་ཏེ། ལུས་རུལ་བ་དང་། ལྦ་བ་དང་། འབྲས་དང་། མེ་དབལ་ དང་། གཡན་པ་དང་། རླུང་དང་། མཁྲིས་པ་དང་། བད་ཀན་གྱིས་རྒྱས་པ་མཐོང་། མིའི་ལས་འདས་པ་ལྷའི་རྣ་བ་རྣམ་པར་དག་པས་སེམས་ཅན་དེ་དག་གིས་སྒྲ་ཆེར་ཕྱུང་བ་ཐོས་ཏེ། མཐོང་ཞིང་ཐོས་ནས་ སེམས་ཅན་དེ་དག་ལ་སྙིང་རྗེ་ཆེན་པོ་སྐྱེས་ཏེ། དེ་དག་ལ་ངས་འདི་སྙམ་དུ་བསམས་སོ། །དེ་སེམས་ཅན་འདི་དག་གི་གནས་སུ་གྱུར་ཅིག །སེམས་ཅན་སྐྱབས་མེད་པ་རྣམས་ཀྱི་སྐྱབས་སུ་ གྱུར་ཅིག །སེམས་ཅན་རྟེན་མེད་པ་རྣམས་ཀྱི་རྟེན་དུ་གྱུར་ཅིག །སེམས་ཅན་གསོ་བ་མེད་པ་རྣམས་ཀྱི་གསོ་བ་སྦྱར་བར་བྱའོ། །སྙམ་སྟེ། ཤཱ་རིའི་བུ་ངས་བརྒྱ་བྱིན་གྱི་ལུས་ཆེན་པོ་ 80-1-170b མི་སྣང་བར་བྱས་ནས་གྲོང་ཁྱེར་ཆེན་པོ་ཀུ་རུ་ནས་ཤིན་དུ་མི་རིང་བ་ཞིག་ཏུ་ངེས་པ་ཞེས་བྱ་བའི་སྲོག་ཆགས་ཞིག་ཏུ་བརྫུས་ཏེ་སྐྱེས་ནས་སྟེང་གི་བར་སྣང་ལ་འདུག་སྟེ། འཛམ་བུའི་ གླིང་གི་སྐྱེ་བོའི་ཚོགས་ཐམས་ཅད་ལ་ཚིགས་སུ་བཅད་པ་འདི་དག་གིས་བསྐུལ་ཏོ། །གྲོང་ཁྱེར་ཀུ་རུ་ནས་མི་རིང་ན། །དེས་པ་ཞེས་བྱའི་སྲོག་ཆགས་རྣམ་པ་ཡོད། གང་དག་དེ་ཡི་ ཤ་ལ་ཡོངས་ཟ་བ། །དེ་ཀུན་ནད་ལས་ཡོངས་སུ་ཐར་པར་འགྱུར། །འཇིགས་ཤིང་སྐྲག་པ་དག་ཏུ་མ་བྱེད་པར། །དེ་ཡི་ཤ་ནི་ཇི་ལྟར་འདོད་དགར་ལོང་། །དེ་ནི་གནོད་པར་མི་སེམས་ཁྲོ་ གཤེ་མེད། །དེ་ནི་འཛམ་བུའི་གླིང་གི་རྩི་ཡིན་ནོ། །དེ་ལྟར་ཤཱ་རིའི་བུ་གྲོང་ཁྱེར་ཆེན་པོ་བརྒྱད་ཁྲི་བཞི་སྟོང་ཕྲག་བཞི་པོ་དེ་དག་དང་། གྲོང་དང་། །གྲོང་ཁྱེར་དང་། ཚོང་འདུས་དང་། རི་ཁྲོད་ སྟོང་པོ་དེ་དག་ན་སེམས་ཅན་ན་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱིས་སྒྲ་དེ་ཐོས་ནས་གྲོང་ཁྱེར་ཆེན་པོ་ཀུ་རུ་ཞེས་བྱ་བ་ག་ལ་བ་དང་། སྲོག་ཆགས་ཀྱི་རྣམ་པ་དེས་པ་གང་ན་ ཡོད་པ་དེར་སོང་སྟེ། །ཕྱིན་ནས་སྲོག་ཆགས་དེས་པ་ཞེས་བྱ་བའི་ལུས་ལས་ཤ་བཅད་ཅིང་བཅད་ཅིང་ཁྱེར་ཡང་དེའི་ལུས་ལས་ཤ་ཡོངས་སུ་ཟད་པར་མ་གྱུར་ཏེ། །དེའི་ཚེ་ཚིགས་ སུ་བཅད་པ་འདི་བྱུང་ངོ་། །གང་ཕྱིར་བདེན་པས་བྱང་ཆུབ་རེག་འགྱུར་ཞིང་། ཡེ་ཤེས་ཕུང་པོ་དེ་ཟད་མི་འགྱུར་ཏེ། །ང་ཡི་ཚིག་དེ་བདེན་པར་འགྱུར་ཞེ་ན། །ལུས་ལ་ཤ་ནི་ནམ་ཡང་ ཟད་མ་གྱུར། དེ་ལྟར་ཤཱ་རིའི་བུ་འཛམ་བུའི་གླིང་ཀུན་གྱི་སྐྱེ་བོའི་ཚོགས་ཐམས་ཅད་ཀྱིས་དེས་པ་ཞེས་བྱ་བའི་སྲོག་ཆགས་ཀྱི་ཤ་བཅད་ཅིང་བཅད་ཅིང་ཁྱེར་ཡང་དེའི་ལུས་བྲི་བ་ 80-1-171a འམ། །གང་བར་ཡང་མི་མངོན་ཏེ། ཤ་ཡང་ཡང་བཅད་ཀྱང་སླར་དེ་བཞིན་དུ་སྐྱེའོ། །ཡང་ཤཱ་རིའི་བུ་གང་སེམས་ཅན་ན་པ་རྣམས་ཀྱིས་དེས་པ་ཞེས་བྱ་བའི་སྲོག་ཆགས་ ཀྱི་ཤ་ཟོས་ན་དེ་དག་གི་ནད་ཐམས་ཅད་བྱང་སྟེ། །ནད་མེད་ཅིང་བདེ་བ་ལས་མི་འགྱུར་བར་གྱུར་ཏོ། །དེ་བཞིན་དུ་མཐར་གྱིས་འཛམ་བུའི་གླིང་ན་ན་པ་ཐམས་ཅད་ཀྱི་ནད་སྣ་ཚོགས་ བྱང་སྟེ། །ནད་མེད་པར་བྱས་ནས་བདེ་ཞིང་གྱུར་པ་མེད་དོ། །དེ་ནས་འཛམ་བུའི་གླིང་གི་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དང་། མི་ཐམས་ཅད་འདི་སྙམ་དུ་སེམས་ ཏེ། །དེས་པ་ཞེས་བྱ་བའི་སྲོག་ཆགས་དེས་བདག་ཅག་ནད་ལས་ཡོངས་སུ་ཐར་ཏེ་བདེ་ཞིང་གྱུར་པ་མེད་པར་བྱས་ན། བདག་ཅག་གིས་དེ་ལ་མཆོད་པ་དང་། བཀུར་སྟི་ཅི་ཞིག་བྱ་ སྙམ་སྟེ། དེ་དག་ཐམས་ཅད་གཅིག་ཏུ་འདུས་སོ། །འདུས་ནས་དེས་པ་ཞེས་བྱ་བའི་སྲོག་ཆགས་ག་ལ་བ་དེར་སོང་སྟེ། ཕྱིན་ནས་སྲོག་ཆགས་དེས་པ་ལ་ཁོར་ཡུག་ཏུ་བསྐོར་ཏེ་སླར་ཚིགས་ སུ་བཅད་པ་འདི་སྨྲས་སོ། །ཁྱོད་ནི་གནས་དང་སྐྱབས་ལགས་ཏེ། །ཁྱོད་ནི་སྨན་པ་ཁྱོད་ཉིད་སྨན། །ཁྱོད་ལ་མཆོད་པ་ཅི་བགྱི་བ། །བདག་ཅག་ལ་ནི་བཀའ་སྩོལ་ཅིག །ཤཱ་རིའི་བུ་ ཨེ་མའོ་སྐྱེ་བོའི་ཚོགས་རྣམས་འདུན་པར་གྱུར་ཏོ་སྙམ་དུ་ངས་ཤེས་ནས་ལུས་ཆེན་པོ་དེ་མི་སྣང་བར་བྱས་ཏེ། །རང་གི་བརྒྱ་བྱིན་གྱི་ཆ་བྱད་དུ་འདུག་ནས་སྐྱེ་བོའི་ཚོགས་ཆེན་པོ་དེ་དག་ལ་སྨྲས་ པ། །ཀྱེ་གྲོགས་པོ་དག་ང་ལ་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་དང་། རྒྱལ་པོའི་ཕོ་བྲང་འཁོར་མི་དགོས་སོ། །གྲོགས་པོ་དག་ང་ལ་ཞིང་གི་དངོས་པོ་དང་། ཁྱིམ་གྱི་དངོས་པོ་དང་། 80-1-171b ཚོང་འདུས་ཀྱི་དངོས་པོ་དང་། མགྲོན་བུ་དང་། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་རྣམས་མི་དགོས་སོ། །གྲོགས་པོ་དག་ང་ལ་གླང་པོ་ཆེ་དང་། རྟ་དང་། རྔ་མོ་དང་། བ་ལང་དང་། བོང་བུ་དང་། ལུག་དང་། ཁྱིམ་བྱ་དང་། ཕག་རྣམས་མི་དགོས་སོ། །སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་ འཚོ་བའི་མི་རྣམས་ཀྱང་མི་དགོས་སོ། །བཟའ་བ་དང་། བཏུང་བ་དང་། མལ་ཆ་དང་། ན་པའི་གསོས་སྨན་དང་། ཡོ་བྱད་དང་། བསྐྱེད་མོས་ཚལ་དང་། དཀའ་ཐུབ་ཀྱི་ནགས་ཚལ་གྱི་ལོངས་སྤྱོད་རྣམས་ ཀྱང་མི་དགོས་སོ། །ཀྱེ་གྲོགས་པོ་དག་ཁྱེད་ཀྱིས་སྲོག་གཅོད་པ་སྤོངས་ལ་སྲོག་གཅོད་པ་ལས་སླར་ལྡོག་པར་གྱིས་ཤིག །མ་བྱིན་པར་ལེན་པ་སྤོངས་ལ། མ་བྱིན་པ་ལེན་པ་ལས་སླར་ལྡོག་ པར་གྱིས་ཤིག །འདོད་པས་ལོག་པར་གཡེམ་པ་སྤོངས་ལ། འདོད་པས་ལོག་པར་གཡེམ་པ་ལས་སླར་ལྡོག་པར་གྱིས་ཤིག །རྫུན་དུ་སྨྲ་བ་སྤོངས་ལ། །རྫུན་དུ་སྨྲ་བ་ལས་སླར་ལྡོག་པར་གྱིས་ ཤིག །ཕྲ་མ་སྤོངས་ལ། ཕྲ་མ་ལས་སླར་ལྡོག་པར་གྱིས་ཤིག །དེ་བཞིན་དུ་སྦྱར་ཏེ་ངག་རྩུབ་པོ་དང་། ཚིག་ཀྱལ་པ་དང་། བརྣབས་སེམས་དང་། །གནོད་སེམས་དང་། ལོག་པར་ལྟ་ བའི་བར་དུ་སྤོངས་ལ། ལོག་པར་ལྟ་བ་ལས་སླར་ལྡོག་པར་གྱིས་ཤིག །དེའི་ཚེ་སྐྱེ་བོའི་ཚོགས་ཆེན་པོ་ལ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ང་ལ་མགྲོན་བུ་བྱེ་བ་མི་དགོས་ཏེ། གསེར་ཕུང་རི་རབ་ཙམ་ཡང་དགོས་པ་མེད། བུད་མེད་ལྷ་མོ་འདྲ་བ་མི་དགོས་ཏེ། །བཟའ་དང་གཏུང་དང་ཁ་ཟས་ཟས་མི་དགོས། དེས་པའི་སྲོག་ཆགས་ལ་ནི་མཆོད་འདོད་ན། ལས་ཀྱི་ 80-1-172a ལམ་ནི་རབ་དག་བཅུ་པོ་འདི། །ཐམས་ཅད་འདུས་ནས་དེ་དག་བསྲུང་བར་གྱིས། །ཕན་ཚུན་དུ་ཡང་བྱམས་པའི་ཡིད་ཀྱིས་ལྟོས། །ལས་ལམ་བཅུ་པོ་རྫོགས་པ་འདི་ དག་རྣམས། །ཐམས་ཅད་གཅིག་ཏུ་འདུས་ཏེ་སྲུངས་ཤིག་དང་། །དེ་ཚེ་ང་ལ་མཆོད་པ་བྱས་པར་འགྱུར། །བྱང་ཆུབ་སེམས་དཔའ་ནོར་དང་འབྲུ་མི་ཚོལ། །ང་ལ་ནོར་རྣམས་དགོས་པ་མ་ ཡིན་ཏེ། །བཟའ་བཏུང་དག་དང་དབྱིག་ནོར་འབྲུ་མི་དགོས། །རྟ་དང་གླང་ཆེན་ཤིང་རྟ་མི་དགོས་ཏེ། །བུད་མེད་མཆོག་དང་རིན་ཆེན་གོས་མི་དགོས། །ཕན་ཚུན་དུ་ནི་བྱམས་སེམས་དག་ པ་དང་། །ཕན་པའི་དངོས་པོ་དག་གི་སེམས་སྐྱེད་ལ། །ཐམས་ཅད་ཀུན་ཀྱང་གཅིག་ཏུ་འདུས་གྱུར་ལ། །དགེ་བཅུའི་ལས་ལམ་དག་རྫོགས་བསྲུང་བར་གྱིས། དབང་པོས་མི་རྣམས་དེ་དག་ རབ་བསྐུལ་བ། །ཚིག་དེ་དག་ནི་ཐོས་པར་གྱུར་པ་དང་། །དགེ་བ་བཅུ་ཡི་ལས་ལམ་རྣམ་དག་པ། །དགེ་བ་རྣམས་ནི་ཡང་དག་རབ་ཏུ་ལེན། །ཤཱ་རིའི་བུ་ངས་སྐྱེ་བོའི་ཚོགས་ཆེན་པོ་དེ་དག་ ལ་ཆོས་ཀྱི་གཏམ་ཀུན་བསྟན། །ཡང་དག་པར་འཛིན་དུ་བཙུད། །ཡང་དག་པར་གཟེང་སྟོད། །ཡང་དག་པར་རབ་ཏུ་དགའ་བར་བྱས་ནས་དེ་ཉིད་དུ་མི་སྣང་བར་གྱུར་པ་དེ་ནི་ང་ཡིན་ནོ། །ཤཱ་རིའི་ བུ་ངས་མངོན་པར་ཤེས་ཏེ་འཛམ་བུའི་གླིང་གི་སྐྱེས་པ་དང་། །བུད་མེད་དང་། ཁྱེའུ་དང་། བུ་མོ་དང་། མི་དེ་སྙེད་ཐམས་ཅད་ཀྱིས་སྲོག་ཆགས་དེས་པ་ཞེས་བྱ་བའི་ཤ་ཟོས་པ་ལས་ཐ་ན་སེམས་ ཅན་གཅིག་ཀྱང་དེ་ནས་འཆི་བའི་དུས་བྱས་ཏེ། །ཤི་འཕོས་ནས་ལོག་པར་ལྟུང་བར་སོང་བར་མ་གྱུར་ཏེ། དེ་དག་ཐམས་ཅད་དེ་ནས་ཤི་འཕོས་འཆི་བའི་དུས་བྱས་ནས་སུམ་བཅུ་རྩ་གསུམ་ 80-1-172b གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེས་སོ། །ཤཱ་རིའི་བུ་ངས་དེ་དག་ལ་ཆོས་ཀྱི་གཏམ་ཀུན་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེང་སྟོད། ཡང་དག་པར་རབ་ཏུ་ དགའ་བར་བྱས་ནས་དེ་དག་ཐམས་ཅད་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། བླ་ན་མེད་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། །ཐེག་པ་གསུམ་ལ་ངེས་པར་གྱུར་ ཏེ། །དེ་ལ་ལ་ལ་ནི་ཡོངས་སུ་མྱ་ངན་ལས་འདས། །ལ་ལ་ནི་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །ཤཱ་རིའི་བུ་ངས་དེ་ལྟར་ལུས་གཅིག་ཡོངས་སུ་བཏང་བས་སེམས་ཅན་དེ་སྙེད་ཐེག་ པ་གསུམ་དག་ལ་ཡོངས་སུ་སྨན་པར་བྱས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་སྐུ་ལ་གནས་པའི་རྫུ་འཕྲུལ་ཆེན་པོ་ཅི་འདྲ་བ་དང་། །མཐུ་ཆེན་པོ་ཅི་འདྲ་བ་དང་། དབང་ཆེ་བར་གྲགས་པ་ཅི་འདྲ་བ་ལྟོས། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་ དཔའི་ཆོས་ཀྱི་སྐུ་དེ་ཅི་འདྲ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའི་ཆོས་ཀྱི་སྐུ་ནི་བརྟན་པ། སྲ་བ། མི་ཤིགས་པ། རྡོ་རྗེའི་སྐུ། འཆི་འཕོ་མེད་པ། མི་ སྐྱེ་བ་སྟེ། དེ་ནི་སྐུ་ཐ་དད་པས་འདུལ་བ་སེམས་ཅན་རྣམས་ཀྱི་འདུལ་བའི་དབང་གིས་ཐ་དད་དུ་འགྱུར་ཡང་མེས་མི་འཚིག །མཚོན་གྱིས་མི་ཚུགས་ཏེ། རྡོ་རྗེ་ལྟ་བུར་བརྟན་པ། མི་ཤིགས་ པ་ཡིན་ནོ། །ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྐུ་ལ་གནས་པ། བརྩོན་འགྲུས་མ་ཉམས་པ། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ལྷུན་གྱིས་གྲུབ་པར་སྤྱོད་ཅིང་ལུས་ཀྱིས་ 80-1-173a སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཀྱང་སེམས་པ་མེད། ཡོངས་སུ་རྟོག་པ་མེད་དེ། ལུས་དབེན་པའི་མཚན་ཉིད་ཏུ་རབ་ཏུ་ཤེས་སོ། །ལུས་དབེན་པའི་མཚན་ཉིད་ཀྱིས་ཀྱང་ཆོས་ ཐམས་ཅད་དབེན་པའི་མཚན་ཉིད་རྗེས་སུ་ཤེས་ལ། ལུས་དབེན་པའི་མཚན་ཉིད་ཀྱིས་ཆོས་ཐམས་ཅད་དབེན་པའི་མཚན་ཉིད་ལ་གཉིས་སུ་ཡང་མི་བྱེད་དེ། མཚན་ཉིད་གང་ལུས་དབེན་པའི་ མཚན་ཉིད་ཡིན་པའི་མཚན་ཉིད་དེ་ནི་ཆོས་ཐམས་ཅད་དབེན་པའི་མཚན་ཉིད་དེ་དབེན་པའི་མཚན་ཉིད་གཅིག་གིས་རྗེས་སུ་འཇུག་གོ། །ནང་གི་ཆོས་མི་དམིགས་པའི་ཕྱིར་རང་གི་ལུས་དབེན་པའི་ མཚན་ཉིད་ཀྱིས་ཀྱང་སེམས་ཅན་ཐམས་ཅད་ཀྱི་ལུས་དབེན་པའི་མཚན་ཉིད་དུ་མཉམ་པར་བྱེད་དོ། །དེས་སེམས་ཅན་ཐམས་ཅད་ཀྱི་ལུས་དབེན་པའི་མཚན་ཉིད་ཀྱང་ཆོས་ཀྱི་དབྱིངས་དབེན་པའི་མཚན་ ཉིད་ཀྱིས་རྗེས་སུ་ཤེས། ཆོས་ཀྱི་དབྱིངས་དབེན་པའི་མཚན་ཉིད་ཀྱང་ཆོས་ཐམས་ཅད་དབེན་པའི་མཚན་ཉིད་ཀྱིས་རྗེས་སུ་སློབ་སྟེ། དེ་རང་གི་ལུས་ཀྱི་དེ་བཞིན་ཉིད་ཀྱིས་སེམས་ཅན་གྱི་ལུས་ ཀྱི་དེ་བཞིན་ཉིད་རྗེས་སུ་ཤེས་སོ། །དེ་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་དེ་བཞིན་ཉིད་ཀྱིས་རང་གི་ལུས་ཀྱི་དེ་བཞིན་ཉིད་རྗེས་སུ་ཤེས་སོ། །རང་གི་ལུས་ཀྱི་དེ་བཞིན་ཉིད་ཀྱིས་ཆོས་ཐམས་ཅད་ ཀྱི་དེ་བཞིན་ཉིད་རྗེས་སུ་ཤེས་སོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱིས་རང་གི་ལུས་ཀྱི་དེ་བཞིན་ཉིད་རྗེས་སུ་ཤེས་སོ། །རང་གི་ལུས་ཀྱི་དེ་བཞིན་ཉིད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་དེ་བཞིན་ ཉིད་རྗེས་སུ་ཤེས་སོ། །སངས་རྒྱས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱིས་རང་གི་ལུས་ཀྱི་དེ་བཞིན་ཉིད་རྗེས་སུ་ཤེས་སོ། །རང་གི་ལུས་ཀྱི་དེ་བཞིན་ཉིད་ཀྱིས་འདས་པ་དང་། མ་འོངས་པ་དང་། ད་ལྟར་ 80-1-173b བྱུང་བའི་དེ་བཞིན་ཉིད་རྗེས་སུ་ཤེས་སོ། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་བཞིན་ཉིད་ཀྱིས་རང་གི་ལུས་ཀྱི་དེ་བཞིན་ཉིད་རྗེས་སུ་ཤེས་ཏེ། །འདས་པའི་དེ་བཞིན་ཉིད་ཀྱིས་ ཀྱང་མ་འོངས་པའི་དེ་བཞིན་ཉིད་འགལ་བར་མི་བྱེད། འདས་པའི་དེ་བཞིན་ཉིད་ཀྱིས་ཀྱང་ད་ལྟར་བྱུང་བའི་དེ་བཞིན་ཉིད་འགལ་བར་མི་བྱེད། ད་ལྟར་བྱུང་བའི་དེ་བཞིན་ཉིད་ཀྱིས་ཀྱང་འདས་པའི་ དེ་བཞིན་ཉིད་འགལ་བར་མི་བྱེད། མ་འོངས་པའི་དེ་བཞིན་ཉིད་ཀྱིས་ཀྱང་འདས་པའི་དེ་བཞིན་ཉིད་འགལ་བར་མི་བྱེད། འདས་པའི་དེ་བཞིན་ཉིད་ཀྱིས་ཀྱང་མ་འོངས་པའི་དེ་བཞིན་ཉིད་འགལ་བར་ མི་བྱེད། མ་འོངས་པའི་དེ་བཞིན་ཉིད་ཀྱིས་ཀྱང་ད་ལྟར་བྱུང་བའི་དེ་བཞིན་ཉིད་འགལ་བར་མི་བྱེད། ད་ལྟར་བྱུང་བའི་དེ་བཞིན་ཉིད་ཀྱིས་ཀྱང་མ་འོངས་བའི་དེ་བཞིན་ཉིད་འགལ་བར་མི་བྱེད། མ་འོངས་ པའི་དེ་བཞིན་ཉིད་ཀྱིས་ཀྱང་ད་ལྟར་བྱུང་བའི་དེ་བཞིན་ཉིད་འགལ་བར་མི་བྱེད། ད་ལྟར་བྱུང་བའི་དེ་བཞིན་ཉིད་ཀྱིས་ཀྱང་འདས་པའི་དེ་བཞིན་ཉིད་འགལ་བར་མི་བྱེད། འདས་པའི་དེ་བཞིན་ཉིད་ ཀྱིས་ཀྱང་ད་ལྟར་བྱུང་བའི་དེ་བཞིན་ཉིད་འགལ་བར་མི་བྱེད་དེ། ཡང་འདས་པའི་དེ་བཞིན་ཉིད་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་ཕུང་པོ་དང་། ཁམས་ དང་། སྐྱེ་མཆེད་ཀྱི་དེ་བཞིན་ཉིད་དོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་དེ་བཞིན་ཉིད་དོ། །ཀུན་ནས་ ཉོན་མོངས་པ་དང་། རྣམ་པར་བྱང་བའི་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་མྱ་ངན་ལས་འདས་པ་དང་འཁོར་བའི་དེ་བཞིན་ཉིད་དོ། །འཁོར་བ་དང་མྱ་ངན་ལས་འདས་པའི་དེ་བཞིན་ཉིད་གང་ཡིན་ 80-1-174a པ་དེ་ཉིད་མངོན་པར་འདུ་བྱེད་པའི་དེ་བཞིན་ཉིད་དོ། །མངོན་པར་འདུ་བྱེད་པའི་དེ་བཞིན་ཉིད་གང་ཡིན་པ་འདུ་བྱེད་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱང་དེ་བཞིན་ཉིད་ཡིན་ཏེ། ཡང་ ཤཱ་རིའི་བུ་དེ་བཞིན་ཉིད་ཅེས་བྱ་བ་ནི་དེ་ཁོ་ནའོ། །དེ་བཞིན་ཉིད་དོ། །གཞན་མ་ཡིན་པ་ཉིད་དོ། །བྲལ་བ་མེད་པའོ། །ལུས་མེད་པའོ། །དེ་བཞིན་ཉིད་ལ་ནི་ལུས་གང་ཡང་མེད་དེ། ལུས་མེད་པའི་ དེ་བཞིན་ཉིད་དོ། །དེ་བས་དེ་བཞིན་གཤེགས་པའི་ལུས་ཞེས་བྱའོ། །དེའི་ཕྱིར་འདི་ནི་དེ་བཞིན་ཉིད་ཀྱི་ལུས་ཏེ། །དེའི་ཕྱིར་དེ་བཞིན་གཤེགས་པའི་ལུས་ཞེས་བྱའོ། །ལུས་དེ་ལྟ་བུ་ནི་ལུས་ ཐམས་ཅད་དེ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ལུས་ཐམས་ཅད་ཀྱང་སྟོན་ལ་དེ་བཞིན་གཤེགས་པའི་ལུས་ཀྱང་མི་བྱེད་དེ། ལུས་མེད་པ་རྩོད་པ་མེད་པས་གཟུགས་ཀྱི་ལུས་ ཐམས་ཅད་ཀྱང་སྟོན་ལ་དེ་བཞིན་གཤེགས་པའི་ལུས་ཀྱང་འཁྲུགས་པར་མི་བྱེད་དོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་ཀྱང་དེ་བཞིན་གཤེགས་པའི་སྐུ་ལ་སོ་སོར་རྟོག་སྟེ། དེ་བཞིན་ གཤེགས་པའི་སྐུ་མཉམ་པ་ཉིད་ཀྱིས་ཀྱང་རང་གི་ལུས་མཉམ་པ་ཉིད་སོ་སོར་རྟོག་གོ། །རང་གི་ལུས་མཉམ་པ་ཉིད་ཀྱིས་ལུས་དང་། ལུས་མེད་པ་ཐམས་ཅད་ཀྱི་མཉམ་པ་ཉིད་སོ་སོར་རྟོག་གོ། ། ལུས་དང་ལུས་མེད་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱིས་ཤིན་དུ་ལུས་མེད་པའི་ལུས་སུ་མཐོང་ངོ་། །ལུས་ཐམས་ཅད་རྟེན་ཅིང་འབྲེལ་ཏེ་བྱུང་བར་ཡང་ཤེས་སོ། །ཤེས་ནས་ཀྱང་ཆོས་ཀྱི་སྐུ་ མངོན་པར་བསྒྲུབ་བོ། །དེ་ཆོས་ཀྱི་སྐུ་མངོན་པར་བསྒྲུབས་ནས། ཆོས་ཀྱི་སྐུ་ཉིད་ཡིན་གྱི། ཕུང་པོ་དང་ཁམས་དང་། སྐྱེ་མཆེད་ལུས་ནི་མ་ཡིན་ནོ། །དེ་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བས་མཐོང་བས་ 80-1-174b ཀྱང་སེམས་ཅན་རྣམས་འདུལ་ལོ། །ཐོས་པས་ཀྱང་སེམས་ཅན་རྣམས་འདུལ་ལོ། །རེག་པས་ཀྱང་སེམས་ཅན་རྣམས་འདུལ་ལོ། །སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །ཤཱ་རིའི་བུ་འདི་ ལྟ་སྟེ་དཔེར་ན་སྨན་པའི་རྒྱལ་པོ་གསོ་བྱེད་ཀྱིས་རྩི་ཐམས་ཅད་བསྡུས་ནས་རྩིའི་ཤིང་མང་པོ་སྦྱར་བ་ལས་བུ་མོ་གཟུགས་བཟང་པ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་ རྒྱས་པའི་མཆོག་དང་ལྡན་པ། ཤིན་དུ་རྫོགས་པར་ཟིན་པ། ཕྱི་བདར་བྱས་པ་ཞིག་བྱས་ནས་དེར་འོང་བ་དང་། འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བར་བྱེད་ཀྱང་མི་རྟོག ། རྣམ་པར་མི་རྟོག་མོད་ཀྱི་བྱ་བ་དེ་དག་ཀྱང་སྟོན་ཏོ། །དེ་ན་རྒྱལ་པོ་འམ། །རྒྱལ་བུ་འམ། རྒྱལ་པོའི་བློན་པོ་ཆེན་པོ་འམ། ཚོང་དཔོན་ནམ། ཁྱིམ་བདག་གམ། མཁར་གྱི་རྒྱལ་པོ་འདི་ རུང་སྟེ། །གང་ན་པ་ཆེན་པོ་ཆེ་བ་དེ་དག་འོངས་ན་དེ་དག་ལ་སྨན་པའི་རྒྱལ་པོ་གསོ་བྱེད་ཀྱིས། །སྨན་གྱི་བུ་མོ་དེ་དང་སྤྲད་པ་དང་། ཕྲད་མ་ཐག་ཏུ་ནད་ཐམས་ཅད་ཐུབ་པར་འགྱུར། མི་ན་ བར་འགྱུར་ཏེ། །གྱུར་པ་མེད་ཅིང་བདེ་བར་འགྱུར་རོ། །ཤཱ་རིའི་བུ་དེ་ལྟར་སྨན་པའི་རྒྱལ་པོ་གསོ་བྱེད་འཇིག་རྟེན་གྱི་ནད་གསོ་བ་ཤེས་པ་དེ་ལྟར་སྨན་པ་གཞན་དག་ལ་མེད་དོ། །ཤཱ་རིའི་ བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྐུས་ཕྱེ་བ་ཡང་འདི་ལྟ་སྟེ། །བྱང་ཆུབ་སེམས་དཔའི་ལུས་ལ་སྐྱེས་པ་དང་། །བུད་མེད་དང་། ཁྱེའུ་དང་། །བུ་མོ་སེམས་ཅན་ཇི་སྙེད་ འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་གདུངས་པ་རྣམས་ཀྱིས་རེག་ན་དེ་དག་རེག་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་དེའི་སྔོན་གྱི་སྨོན་ལམ་ཤིན་དུ་ཡོངས་སུ་དག་པས་ནད་ཐམས་ 80-1-175a ཅད་བྱང་ཞིང་གདུང་བ་ཡང་མེད་པར་འགྱུར་རོ། །ཤཱ་རིའི་བུ་ཡང་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ལུས་ཅན་གྱི་ལུས་ནི་ཟས་དང་སྐོམ་གྱིས་གསོ་བ་མ་ཡིན། །ཟས་ཁམ་གྱིས་ཟ་བས་ལུས་གསོ་བ་མ་ཡིན་གྱི་ དེ་ཁ་ཟས་ཐམས་ཅད་ཡོངས་སུ་ཤེས་པས་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའི་ཕྱིར་ཟས་ཟའོ། །དེ་ཟས་ཟ་ཡང་གཏོང་བར་མི་བྱེད་དོ། །ཟས་ཟ་ཡང་ལུས་ཀྱི་ནང་དུ་གཏོང་བར་མི་བྱེད་དོ། །ཆོས་ཀྱིས་སྐུའི་ སྟོབས་ལས་ཀྱང་མི་ཉམས། ཡོངས་སུ་མི་ཉམས་སོ། །ཤཱ་རིའི་བུ་ཡང་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ལུས་ཅན་ལ་ཚེ་དང་འཆི་འཕོ་དང་སྐྱེ་བ་ཡང་མེད་ལ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འཆི་ འཕོ་དང་སྐྱེ་བ་ཡང་སྟོན་ཏོ། །དེ་འཆི་འཕོ་ཡང་ཆོས་ཐམས་ཅད་འཆི་འཕོ་མེད་པ་དང་། མངོན་པར་འདུ་བྱེད་པ་མ་ཡིན་པར་རབ་ཏུ་ཤེས་སོ། །སྐྱེ་ཡང་ཆོས་ཐམས་ཅད་འཕོ་བ་མེད་པར་རབ་ཏུ་ཤེས་སོ། ། འབྱུང་ཡང་ཆོས་ཐམས་ཅད་སྐྱེ་བ་མེད་པར་རབ་ཏུ་ཤེས་སོ། །དེ་ཆོས་ཀྱི་ལུས་དང་། ཆོས་ཀྱི་ཟས་དང་། ཆོས་ཀྱི་སྟོབས་དང་། ཆོས་ལ་སྟོན་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ སྔོན་གྱི་སྨོན་ལམ་ལྷུན་གྱིས་གྲུབ་པས་བརྩོན་འགྲུས་མ་ཉམས་པར་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་རྒྱས་པར་བསྟན་པའི་ཕྱིར་དེའི་ཚེ་ ཚིགས་སུ་བཅད་པ་འདི་དག་གསུངས་སོ། །དེ་དག་ལུས་ནི་རྡོ་རྗེ་ལྟ་བུར་མི་ཤིགས་པ། འདུལ་བའི་དུས་ཤེས་ནས་ནི་ཐ་དད་སྟོན་པར་འགྱུར། མཚོན་གྱིས་མི་ཚུགས་མེས་ནི་ཚིག་པ་ མ་ཡིན་ཡང་། འདུལ་བའི་སེམས་ཅན་མཐོང་ནས་ཚུགས་ཤིང་མེས་ཚིག་འགྱུར། སེམས་ཅན་ན་པ་མཐོང་ནས་སྨན་རྣམས་སུ་ཡང་འགྱུར།། །། །། 80-1-175b དེ་བཞིན་བཀྲེས་པ་རྣམས་ལ་ཟས་དང་སྐོམ་དུ་འགྱུར། འོན་ཀྱང་ཆོས་ཀྱི་དབྱིངས་ལ་རྣམ་རྟོག་ཅི་ཡང་མེད། །ཆོས་ཀྱི་སྐུ་དང་ལུས་མང་ཚུལ་གཅིག་རབ་ཏུ་འཇུག །ཤེད་ལས་སྐྱེས་དང་གསོ་ དང་ཤེད་ཅན་ཡོད་མིན་ཏེ། ཆོས་སོ་ཅོག་ནི་རྟེན་ཅིང་འབྲེལ་ཏེ་བྱུང་བར་ཤེས། གང་དེའི་རྐྱེན་ཡོད་པ་ན་སྡུག་བསྔལ་ལམ་འབྱུང་སྟེ། རྐྱེན་མེད་པ་ན་སྡུག་བསྔལ་ལམ་ནི་འཆད་པར་འགྱུར། གཟུགས་འདི་དབུ་ བ་རྡོས་པ་འདྲ་སྟེ་སྙིང་པོ་མེད། ཚོར་བ་ཆུ་ཡི་ཆུ་བུར་མཚུངས་ཤིང་འདྲ་བར་སེམས། འདུ་ཤེས་དཔྱིད་དུས་ཀྱི་སྨིག་རྒྱུ་རྒྱུ་བ་འདྲ། འདུ་བྱེད་རྣམས་ནི་ཆུ་སྐྱེས་ཤིང་དང་འདྲ་བར་ལྟ། ཇི་ལྟར་གར་ལ་ལྟ་བར་སྒྱུ་མ་ བསླབས་པ་རྣམས། སྐད་ཅིག་གིས་ནི་གཟུགས་རྣམས་སྣ་ཚོགས་སྟོན་བྱེད་པ། མི་བདེན་བྱེད་པ་དེ་ལྟར་རྣམ་ཤེས་ཤེས་གྱུར་ནས། མཁས་པ་དེ་དག་ཐམས་ཅད་དུ་ཡང་སྨོན་པ་མེད། ལོངས་སྤྱོད་རྣམས་ནི་རི་གཟར་ ཆུ་དང་མཚུངས་ཤིང་འདྲ། གློག་དང་མཁའ་སྤྲིན་ཕུང་པོ་ལྟ་བུར་བྱུང་ནས་མེད། ལོངས་སྤྱོད་འགྱུར་བ་གཞུ་དྲག་འཕངས་པའི་མདའ་ལྟར་ཤེས། མཁས་པ་རྣམས་ནི་ཀུན་དུ་ལོངས་སྤྱོད་སྨོན་པ་མེད། ལྷ་ཡི་ འཇིག་རྟེན་ལྷ་རྫས་བདེ་བ་མ་མྱོང་བ། འཇིག་རྟེན་གསུམ་པོ་དག་ན་སེམས་ཅན་གང་ཡང་མེད། སླར་ཡང་སེམས་དམྱལ་སྡུག་བསྔལ་མྱོང་བ་མཐོང་གྱུར་ནས། བདེ་གཤེགས་སྲས་པོས་དེ་མཐོང་མཐོ་རིས་འགྲོ་མི་བྱེད། ཡིད་ནི་ནམ་མཁའ་འདྲ་བ་དེ་དག་གནས་མེད་དེ། གནས་དང་བྲལ་བ་རྣམས་ལ་འབྱུང་བ་སྲིད་མ་ཡིན། འབྱུང་བ་མེད་རྣམས་སྐྱེ་དང་འཆི་འཕོ་མེད་པར་འགྱུར། བྱང་ཆུབ་སེམས་དཔའ་ཆེ་བ་མི་རྒ་མི་འཆི་འཐོབ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་ སེམས་དཔའ་བརྩོན་འགྲུས་མ་ཉམས་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་འདི་ལྟར་སློབ་སྟེ། ཀྱེ་མའོ་འཇིག་རྟེན་གནས་པ་འདི་ནི་གང་འདོད་ཆགས་ནད་ཆེན་པོར་རབ་ཏུ་མི་ཤེས་ཞེ་སྡང་ནད་ཆེན་པོར་རབ་ཏུ་མི་ཤེས། གཏི་མུག་ནད་ཆེན་པོར་རབ་ཏུ་མི་ཤེས་ཏེ་ 80-1-176a གསུམ་པོ་འདི་དག་ནད་ཆེན་པོར་རབ་ཏུ་མི་ཤེས་པའི་སྨན་པ་མི་མཁས་པ་ཤ་སྟག་གིས་ཡོངས་སུ་གང་། སྨན་པ་མི་ཤེས་པ་ཤ་སྟག་གིས་ཡོངས་སུ་གང་ནས་ནད་ཆེན་པོ་གསུམ་པོ་དེ་དག་གི་སྨན་གསུམ་མི་ཤེས་ ཏེ། འདོད་ཆགས་ཀྱི་ནད་ཆེན་པོའི་སྨན་ཆེན་པོ་མི་གཙང་བ་ཡིན་པར་རབ་ཏུ་མི་ཤེས། ཞེ་སྡང་གི་ནད་ཆེན་པོའི་སྨན་ཆེན་པོ་བྱམས་པ་ཡིན་པར་རབ་ཏུ་མི་ཤེས། གཏི་མུག་གི་ནད་ཆེན་པོའི་སྨན་ཆེན་པོ་རྟེན་ཅིང་འབྲེལ་ ཏེ་འབྱུང་བ་ཡིན་པར་རབ་ཏུ་མི་ཤེས་ཏེ། ཀྱེ་མའོ་སྨན་པ་དེ་དག་ནི་ནད་གཞན་དང་། གཞན་དག་གསོ་ནུས་ཀྱི། ནད་ཐམས་ཅད་ནི་གསོ་བར་མི་ནུས་སོ། །ཀྱེ་མའོ་སྨན་པ་དེ་དག་གི་སྨན་དེ་ནི་རེ་ཤིག་གསོ་ནུས་ པ་ཡིན་གྱི། གཏན་དུ་གསོ་བར་བྱེད་པ་མ་ཡིན་ནོ། །དེ་བས་ན་བདག་ཅག་གིས་ནི་སྨན་པ་དེ་དག་གི་རྗེས་སུ་བསླབ་པར་མི་བྱའི་བདག་ཅག་གིས་ནི་སངས་རྒྱས་བཅོམ་ལྡན་འདས། ཆོས་ཐམས་ཅད་ལ་མཁས་ པ་བླ་ན་མེད་པ། སྨན་པའི་རྒྱལ་པོ་ཆེན་པོ། ནད་ཐམས་ཅད་གསོ་བར་བྱེད་པའི་རྗེས་སུ་བསླབ་པར་བྱའོ། །བདག་ཅག་གིས་ནི་ནད་ཐམས་ཅད་གསོ་བར་བྱའི་ནད་གཞན་དང་གཞན་དག་གསོ་བར་ མི་བྱ། བདག་ཅག་གིས་རེ་ཤིག་གསོ་བར་མི་བྱ་སྟེ། བདག་ཅག་གིས་གཏན་དུ་གསོ་བར་བྱེད་པར་བྱའོ། །གང་གི་སྒྲ་ཐོས་པར་འདོད་ཆགས་ཀྱི་ནད་ཆེན་པོ་རབ་ཏུ་ཞི་བར་འགྱུར་བ་དང་། ཞེ་སྡང་གི་ ནད་ཆེན་པོ་རབ་ཏུ་ཞི་བར་འགྱུར་བ་དང་། གཏི་མུག་གི་ནད་ཆེན་པོ་རབ་ཏུ་ཞི་བར་འགྱུར་བ་དེ་ལྟ་བུའི་ཆོས་ཀྱི་སྨན་དང་། རྩི་བྱུག་པའི་སྦྱོར་བ་བསྡུ་བར་བྱའོ། །ཤཱ་རིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བརྩོན་འགྲུས་མ་ཉམས་པ་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་ན་དེ་བཞིན་གཤེགས་པ་སྨན་པའི་རྒྱལ་པོ་བླ་ན་མེད་པ་ཆོས་ཐམས་ཅད་ལ་མཁས་པ་མ་གཏོགས་པར་གང་ཉན་ཐོས་དང་། 80-1-176b རང་སངས་རྒྱས་ཐམས་ཅད་ལ་མེད་པ་དེ་འདྲ་བའི་ཆོས་ཀྱི་སྨན་དང་རྩིས་བསྐུ་བའི་སྦྱོར་བ་སྡུད་པར་བྱེད་དེ། ཆོས་ཀྱི་སྨན་དང་། རྩིས་བསྐུ་བའི་སྦྱོར་བ་དེས་ཆོས་ཀྱི་དུང་ཆེན་པོ་ལ་བསྐུས་ནས་ཡོངས་སུ་སྒྲོག་སྟེ། དེའི་ སྒྲས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་མངོན་པར་གོ་བར་བྱེད་དོ། །དེ་ནས་སེམས་ཅན་དུ་མ། སེམས་ཅན་བརྒྱ་ཕྲག་དུ་མ། སེམས་ཅན་སྟོང་ཕྲག་དུ་མ། སེམས་ཅན་བརྒྱ་སྟོང་ཕྲག་དུ་མ། སེམས་ ཅན་བྱེ་བ་ཕྲག་དུ་མ། སེམས་ཅན་བྱེ་བ་བརྒྱ་ཕྲག་དུ་མ། སེམས་ཅན་བྱེ་བ་སྟོང་ཕྲག་དུ་མ། སེམས་ཅན་བྱེ་བ་བརྒྱ་སྟོང་ཕྲག་དུ་མ། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ། སེམས་ཅན་དཀྲིགས་ཕྲག་དུ་མ་ ནས་དེ་བཞིན་དུ་སྦྱར་ཏེ། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་གྱི་སེམས་ཅན་རྣམས་ཀྱི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ནད་ཆེན་པོ་རབ་ཏུ་ཞི་བར་འགྱུར་ཏེ། ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན་གངས་ཀྱི་ རིའི་རྒྱལ་པོ་ལ་སྨན་གྱི་རྒྱལ་པོ་ཆེན་པོ་འབྲལ་བར་བྱེད་པ་ཞེས་བྱ་བ་ཞིག་ཡོད་དེ། དེའི་དྲིས་དུག་གི་དྲག་ཤུལ་ཐམས་ཅད་ལས་རབ་ཏུ་ཐར་པར་འགྱུར་ཏེ། དཔག་ཚད་བརྒྱ་ཙམ་ན་འཁོད་པ་དག་ཀྱང་དུག་མེད་པར་འགྱུར་ རོ། །ཤཱ་རིའི་བུ་གལ་ཏེ་དུང་ངམ་རྔ་ལ་སྨན་གྱི་རྒྱལ་པོ་ཆེན་པོ་འབྲལ་བར་བྱེད་པས་བསྐུས་ཏེ་བུས་སམ། བརྡུངས་ན་སེམས་ཅན་དུག་འཐུངས་པ་འམ། ཟོས་པ་འམ། བསྐུས་པས་ཟུག་པར་གྱུར་པ་ཇི་སྙེད་པ་ དེ་དག་ཐམས་ཅད་དེའི་སྒྲ་ཐོས་ནས་ནི་དུག་མེད་པར་འགྱུར་རོ། །ཤཱ་རིའི་བུ་གང་སྨན་གྱི་རྒྱལ་པོ་འབྲལ་བར་བྱེད་པ། དེ་ལྟ་བུ་དེ་ནི་སྨན་པའི་རྒྱལ་པོ་གསོ་བྱེད་མ་གཏོགས་པར་སྨན་པ་ཐམས་ཅད་ཀྱི་མི་ཤེས་ སོ། །ཤཱ་རིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་དེ་བཞིན་གཤེགས་པ་ཆོས་ཐམས་ཅད་ལ་མཁས་པ་སྨན་པའི་རྒྱལ་པོ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་ནད་ཐམས་ 80-1-177a ཅད་བསལ་པ་མ་གཏོགས་པར་གང་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་མེད་པ་དེ་འདྲ་བའི་ཆོས་ཀྱི་སྨན་དང་། །རྩིས་བསྐུ་བའི་སྦྱོར་བ་སྡུད་པར་བྱེད་དེ། ཆོས་ཀྱི་སྨན་དང་རྩི་བསྐུ་བའི་ སྦྱོར་བ་དེས་ཆོས་ཀྱི་དུང་ཆེན་པོ་ལ་བསྐུས་ནས་ཡོངས་སུ་སྒྲོག་སྟེ། དེའི་སྒྲས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་མངོན་པར་གོ་བར་བྱེད་དོ། །དེ་ན་སེམས་ཅན་དུ་མས་དེ་ཐོས་ནས་ འདོད་ཆགས་ཀྱི་ནད་ཆེན་པོ་རབ་ཏུ་ཞི་བར་འགྱུར། ཞེ་སྡང་དང་། གཏི་མུག་གི་ནད་ཆེན་པོ་རབ་ཏུ་ཞི་བར་འགྱུར། སེམས་ཅན་དུ་མ། སེམས་ཅན་བརྒྱ་ཕྲག་དུ་མ། སེམས་ཅན་སྟོང་ཕྲག་དུ་མ། སེམས་ ཅན་བརྒྱ་སྟོང་ཕྲག་དུ་མ། །སེམས་ཅན་བྱེ་བ་ཕྲག་དུ་མ། །སེམས་ཅན་བྱེ་བ་བརྒྱ་ཕྲག་དུ་མ། །སེམས་ཅན་བྱེ་བ་སྟོང་ཕྲག་དུ་མ། སེམས་ཅན་བྱེ་བ་བརྒྱ་སྟོང་ཕྲག་དུ་མ། སེམས་ཅན་བྱེ་བ་ཁྲག་ཁྲིག་ བརྒྱ་སྟོང་ཕྲག་དུ་མ། སེམས་ཅན་དཀྲིགས་ཕྲག་དུ་མ་ནས་དེ་བཞིན་དུ་སྦྱར་ཏེ། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་གྱི་སེམས་ཅན་རྣམས་ཀྱི་སྒྲ་དེ་ཐོས་ནས་འདོད་ཆགས་ཀྱི་ནད་ཆེན་པོ་ རབ་ཏུ་ཞི་བར་འགྱུར། ཞེ་སྡང་དང་། གཏི་མུག་གི་ནད་ཆེན་པོ་རབ་ཏུ་ཞི་བར་འགྱུར་རོ། །དེ་གང་ནས་སྡུད་པར་བྱེད་ཅེ་ན། གང་དུ་བྱང་ཆུབ་སེམས་དཔའ་དེའི་ནོར་བཞག་པ་ནས་སོ། །བྱང་ཆུབ་ སེམས་དཔའ་དེའི་ནོར་གང་དུ་བཞག་ཅེ་ན། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ལས་གུད་ན་མ་ཡིན་ནོ། །ཤཱ་རིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་ འགྲུས་མ་ཉམས་པ་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་སྤྱོད་པ་ན། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་རབ་ཏུ་ཉན་ཏོ། །འཛིན་ཏོ། །འཆང་ངོ་། ཀློག་གོ། །ཀུན་ཆུབ་པར་བྱེད་དོ།། 80-1-177b གཞན་ལ་ཡང་འཆད་ཅིང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཏོ། །ཤཱ་རིའི་བུ་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་མ་ཉམས་པ་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ པ་ན། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཤིན་དུ་ཉན་པར་བྱེད། འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད། གཞན་ལ་ཡང་འཆད་ཅིང་རྒྱ་ཆེར་ཡང་དག་ པར་རབ་དུ་སྟོན་ཏེ། །ཤཱ་རིའི་བུ་དེ་བས་ན་རྣམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་མ་ཉམས་པ་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ སྤྱོད་པ་ན་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཉན་པར་བྱེད། འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད། གཞན་ལ་ཡང་འཆད་ཅིང་རྒྱ་ཆེར་ཡང་དག་པར་རབ་ ཏུ་སྟོན་པར་བྱེད་དོ། །ཡང་ཤཱ་རིའི་བུ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་བ་གྲངས་མེད་པ་པས་ཀྱང་ཆེས་གྲངས་མེད་པ། ཡངས་པ། དཔག་ཏུ་མེད་པའི་ཕ་རོལ་གྱི་ཡང་ཤིན་དུ་ཕ་རོལ་དུ་གྱུར་པ་དེའི་ཚེ་དེའི་དུས་ ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མའི་བླ་མ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། སངས་རྒྱས་བཅོམ་ལྡན་འདས་ཤེས་བྱ་བའི་བར་དུའོ། །ཤཱ་རིའི་བུ་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མའི་བླ་མ་དེ་འདི་ལྟ་སྟེ། ཉན་ཐོས་བྱེ་བ་ཕྲག་བརྒྱད་བཅུའི་ཉན་ཐོས་འདུས་པ་ཆེན་པོ་གཅིག་བྱུང་སྟེ། ཐམས་ཅད་ཀྱང་དགྲ་ བཅོམ་པ་ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ་ནས་སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་དུ་སོན་པ་ཤ་སྟག་གོ། །ཤཱ་རིའི་བུ་བཅོམ་ལྡན་འདས་དེ་བཞིན་ 80-1-178a གཤེགས་པ་པད་མའི་བླ་མ་དེའི་ཚེའི་ཚད་ནི་ལོ་བརྒྱད་ཁྲི་ཐུབ་པར་གྱུར་ཏོ། །ཤཱ་རིའི་བུ་པད་མའི་བླ་མ་ཡོངས་སུ་མྱ་ངན་ལས་འདས་ནས་དམ་པའི་ཆོས་ལོ་ལྔ་བརྒྱའི་བར་དུ་གནས་སོ། །ལོ་བརྒྱའི་བར་དུ་ ཡང་དམ་པའི་ཆོས་ཀྱི་གཟུགས་བརྙན་གནས་སོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མའི་བླ་མ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་སྲེལ་ཡང་རྒྱས་པར་ གྱུར་ཏེ། དེ་འདི་ལྟ་སྟེ་དཔེར་ན་ང་ད་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་རྒྱས་པར་འགྱུར་བ་བཞིན་ནོ། །ཤཱ་རིའི་བུ་དེའི་ཚེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་པད་མའི་བླ་མ་དེ་ཡོངས་སུ་མྱ་ངན་ལས་ འདས་ནས་ལོ་བརྒྱ་ལོན་པ་ན་བྱང་ཆུབ་སེམས་དཔའ་གཅིག་ཅིག་འཇིག་རྟེན་གྱི་ཁམས་གཞན་ཞིག་ནས་ཤི་འཕོས་ཏེ། །དེའི་གསུང་རབ་ལ་རྒྱལ་རིགས་སུ་སྐྱེས་པར་གྱུར་ཏེ། དེ་བཙས་མ་ཐག་ཏུ་བདག་ནི་ ཆོས་མེད་པའི་རིགས་སུ་སྐྱེས་ཀྱིས་བདག་གིས་ཆོས་སྤྱད་པར་བྱའོ་ཞེས་ཚིག་དེ་སྐད་སྨྲས་ཏེ། དེའི་མིང་ཆོས་སྤྱོད་ཅེས་བཏགས་སོ། །ཤཱ་རིའི་བུ་དེ་ནས་རྒྱལ་བུ་ཆོས་སྤྱོད་དབང་པོ་ཡོངས་སུ་སྨིན་པའི་རྒྱུས་ སྐྱེས་ནས་ལོ་ཉི་ཤུ་ལོན་པ་དང་འདྲ་བ་དེ་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། དགོན་པ་ནགས་ཚལ་ན་གནས་བས་མཐའི་གནས་མལ་དུ་གནས་སོ། །དེ་གཅིག་ཏུ་དབེན་པར་སོང་སྟེ། ནང་དུ་ ཡང་དག་པར་འཇོག་པ་ན་ལྷ་ཞིག་འོངས་ནས། དགེ་སློང་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲ་རྣམ་པར་གྲགས་པར་འགྱུར་གྱིས་བྱང་ཆུབ་སེམས་དཔའི་ སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ལ་བརྩོན་པར་གྱིས་ཤིག །མ་ཐོབ་པར་བརྩོན་འགྲུས་ཉམས་པར་མ་བྱེད་ཅིག་ཅེས་དོན་དེ་བསྟན་པ་དང་། དེས་ལྷ་དེ་ལས་ཚིག་དེ་ཐོས་ནས་དགའ་མགུ་ཡི་རངས་རབ་ཏུ་ 80-1-178b དགའ་སྟེ་དགའ་བ་དང་ཡིད་བདེ་བ་སྐྱེས་ནས། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དང་། ལྗོངས་ནས་ལྗོངས་སུ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་ གྲངས་ཀུན་དུ་ཚོལ་ཞིང་རྗེས་སུ་སྤྱོད་དེ། དེ་གང་དང་གང་དུ་དགེ་འདུན་གྱི་ཀུན་དགའ་ར་བར་དགེ་སློང་ཕ་དང་། དགེ་སློང་མ་མཐོང་བ་དང་། དེ་དག་གི་གན་དུ་སོང་ནས་འཕགས་པ་བྱང་ཆུབ་སེམས་དཔས་གང་ལ་ བསླབས་ན་སངས་རྒྱས་ཀྱི་ཆོས་རྣམས་ཀྱིས་འབྱུང་བར་འགྱུར་བའི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་གང་ལགས་ཤེས་དྲིས་པ་དང་། དེ་དག་གིས་སྨྲས་པ། དགེ་སློང་བདག་ཅག་གིས་ བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་དེ་ཅི་འདྲ་བར་མི་ཤེས་ཏེ། དགེ་སློང་བདག་ཅག་གིས་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཀྱི་མིང་དེང་གདོང་རྣ་བས་ཐོས་ སུ་ཟད་དོ་ཞེས་སྨྲས་པ་དང་། དེ་འདི་སྙམ་དུ་སེམས་ཏེ། ལྷ་ནི་བརྫུན་མི་ཟེར་གྱིས་ཇི་སྲིད་དུ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་མ་ཐོས་པ་དེ་སྲིད་དུ་བརྩོན་འགྲུས་མ་ཉམས་པར་བྱའོ་སྙམ་ ནས། དེས་ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་པད་མའི་བླ་མ་དེ་གང་དུ་ཞུགས་ལ་བཞེན་ཅེས་དྲིས་པ་དང་། དེ་དག་གིས་དགེ་སློང་ས་ཕྱོགས་འདིར་བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་པད་མའི་བླ་མ་དེ་ཞུགས་ལ་བཞེན་ཏོ། །ཞེས་ཕྱོགས་དེ་བསྟན་ནས་དེ་ས་ཕྱོགས་དེ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། ས་ཕྱོགས་དེར་བསྐོར་བ་བྱས་ནས་ས་ཕྱོགས་དེ་ཉིད་དུ་ཕྱོགས་གཅིག་ཏུ་འདུག་སྟེ། བཅོམ་ལྡན་འདས་ དེ་བཞིན་གཤེགས་པ་པད་མའི་བླ་མ་དེ་མངོན་དུ་བྱས་ནས་དེ་འདི་སྙམ་དུ་སེམས་ཏེ། ཇི་སྲིད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་པད་མའི་བླ་མ་དེ་ལས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ 80-1-179a མངོན་དུ་མ་ཐོས་པ་དེ་སྲིད་དུ་བདག་ས་ཕྱོགས་འདི་ནས་མི་ལྡང་ཞིང་སྐྱིལ་མོ་དཀྲུང་མི་གཞིག་གོ་སྙམ་མོ། །ཤཱ་རིའི་བུ་དེ་ལྟར་རྒྱལ་པོ་དྲང་སྲོང་བརྩོན་འགྲུས་མ་ཉམས་པས་དེ་ལྟ་བུར་དམ་བཅས་པ་བརྟན་པར་ བྱས་ནས་ས་ཕྱོགས་དེ་ཉིད་དུ་འདུག་སྟེ། ཞག་བདུན་གྱི་བར་དུ་གནས་སོ། །དེ་ཞག་བདུན་འདས་པ་དང་། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་བཅུ་པ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་རིན་པོ་ཆེའི་སྙིང་པོ་ཞེས་བྱ་བ་བྱོན་ནས་ཆོས་ཀྱི་སྒོའི་ཚིག་བརྒྱད་པོ་འདི་དག་གིས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཁོང་དུ་ཆུད་པར་བྱའོ། །ཞེས་ཆོས་ཀྱི་སྒོའི་ཚིག་བརྒྱད་ རྣམས་ཡང་དག་པར་རབ་ཏུ་བསྟན་པ་དང་། དེ་ཆོས་ཀྱི་སྒོའི་ཚིགས་བརྒྱད་པོ་དེ་དག་གིས་མང་དུ་ཐོས་པ་བསམ་གྱིས་མི་ཁྱབ་པ་བླ་ན་མེད་པ་དང་ལྡན་པར་གྱུར་ནས་ས་ཕྱོགས་དེ་ཉིད་ནས་ལངས་ཏེ་སོང་ངོ་། །བརྩོན་ འགྲུས་མ་ཉམས་པ་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་དེ་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་སུ་ལོ་དྲུག་བཅུའི་བར་དུ་རྒྱུ་ཞིང་ བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ཉིད་རབ་ཏུ་བསྟན་ཏོ། །དེས་ལོ་དྲུག་བཅུའི་བར་དུ་ལྷ་དང་། མིའི་སྲོག་ཆགས་བྱེ་བར་ཚང་བ་སྙེད་ཐེག་པ་གསུམ་དག་ལ་བཀོད་ནས་འཆི་ཁར་ སངས་རྒྱས་ཀྱི་ཞིང་དེ་ཉིད་དུ་མི་རྣམས་དང་སྐལ་པ་མཉམ་པར་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ནས་དེའི་འཆི་བའི་དུས་བྱས་པ་དང་། དེ་འཛམ་བུའི་གླིང་དེ་ཉིད་དུ་ཚོང་དཔོན་གྱི་རིགས་ཤིག་ཏུ་སླར་སྐྱེས་ཏེ། དེ་བཙས་མ་ཐག་ཏུ་ཆོས་སྤྱད་པར་བྱའོ། །ཆོས་སྤྱད་པར་བྱའོ་ཞེས་ཚིག་དེ་སྐད་སྨྲས་ནས་དེ་སྔ་མ་བཞིན་དུ་མིང་ཆོས་སྤྱོད་ཅེས་བཏགས་སོ། །དེ་བཙས་ནས་ལོ་དྲུག་ལོན་པ་འདྲ་བ་སྟེ། དད་པས་ཁྱིམ་ནས་ཁྱིམ་མེད་པ་ 80-1-179b པར་རབ་ཏུ་བྱུང་ངོ་། །དེ་ལྟར་རབ་ཏུ་བྱུང་ནས་རིང་པོ་མ་ལོན་པར་ཡང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་མངོན་དུ་གྱུར་ཏོ། །དེ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ལ་གནས་ ནས་ལོ་དྲུག་བཅུའི་བར་དུ་གྲོང་ནས་གྲོང་དུ། གྲོང་ཁྱེར་ནས་གྲོང་ཁྱེར་དུ། ལྗོངས་ནས་ལྗོངས་སུ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ཡང་དག་པར་རབ་ཏུ་སྟོན་ཅིང་རྒྱུའོ། །ངས་ལོ་དྲུག་བཅུའི་ བར་དུ་ལྷ་དང་མིའི་སྐྱེ་དགུའི་སྲོག་ཆགས་གཞན་བྱེ་བ་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་བླ་ན་མེད་པ་དང་། ཐེག་པ་གསུམ་དག་ལ་ཡོངས་སུ་སྨིན་པར་ བྱས་སོ། །དེ་ཡང་འཆི་ཀར་མིར་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་དང་། དེ་སྨོན་ལམ་གྱི་སྟོབས་ཀྱིས་འཛམ་བུའི་གླིང་དེ་ཉིད་དུ་རྒྱལ་རིགས་ཤིག་ཏུ་སླར་སྐྱེས་ཏེ། དེ་བཙས་མ་ཐག་ཏུ་ལྷས་ཀྱེ་ མའོ། །འཇིག་རྟེན་དུ་སེམས་ཅན་ཆོས་ཀྱི་བླ་མ་འདི་སྐྱེས་སོ། །ཀྱེ་མའོ་འཇིག་རྟེན་དུ་སེམས་ཅན་ཆོས་ཀྱི་བླ་མ་འདི་སྐྱེས་སོ་ཞེས་སྒྲ་ཕྱུང་ནས། དེའི་མིང་ཆོས་ཀྱི་བླ་མ་ཆོས་ཀྱི་བླ་མ་ཞེས་བཏགས་སོ། ། དེ་ཡང་དབང་པོ་རྣམས་ཡོངས་སུ་སྨིན་པའི་རྒྱུས་སྐྱེས་ནས་ལོ་ཉི་ཤུ་ལོན་པ་འདྲ་བ་དེ་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་། །དེ་ལྟར་རབ་ཏུ་བྱུང་ནས་དགེ་སློང་ཆོས་ཀྱི་བླ་མ་དེ་དྲན་པའི་སྟོབས་བསྐྱེད་ པ་དང་། ཤེས་རབ་ཀྱི་སྟོབས་བསྐྱེད་པས་སླར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་མངོན་དུ་གྱུར་ཏོ། །ཤཱ་རིའི་བུ་དེ་ལྟར་དགེ་སློང་ཆོས་ཀྱི་བླ་མས་ཐེ་ཚོམ་གཅོད་པའི་བྱང་ཆུབ་སེམས་དཔའི་ སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ཉིད་ལོ་དྲུག་ཁྲི་ཚང་བར་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་སྣ་ཚོགས་སུ་ཡང་དག་པར་རབ་ཏུ་བསྟན་ཏོ། །དེ་ལོ་སྟོང་ 80-1-180a དྲུག་ཁྲིའི་བར་དུ་ལྷ་དང་མིའི་སྐྱེ་དགུའི་སྲོག་ཆགས་གཞན་བྱེ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡོངས་སུ་སྨིན་པར་བྱས་ནས་དེ་ཡང་འཆི་ཀར་མིར་སྐྱེ་བར་སྨོན་ལམ་བཏབ་ སྟེ། དེ་འཆི་བའི་དུས་བྱས་པ་དང་། འཛམ་བུའི་གླིང་དེ་ཉིད་དུ་ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་སླར་སྐྱེས་ཏེ། དེ་བཙས་མ་ཐག་ཏུ་ལྷ་ཞིག་གིས་ཀྱེ་མའོ་འཇིག་རྟེན་དུ་སེམས་ཅན་དྲན་པ་ ཐོབ་པ་འདི་སྐྱེས་སོ། །ཀྱེ་མའོ་འཇིག་རྟེན་དུ་སེམས་ཅན་དྲན་པ་ཐོབ་པ་འདི་སྐྱེས་སོ་ཞེས་སྒྲ་ཕྱུང་ནས་དེའི་མིང་དྲན་པ་ཐོབ་པ་དྲན་པ་ཞེས་བཏགས་སོ། །དེ་དབང་པོ་ཡོངས་སུ་སྨིན་པའི་རྒྱུས་སྐྱེས་ ནས་ལོ་ཉི་ཤུ་ལོན་པ་འདྲ་བ་དེ་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་དྲན་པ་མ་བརྗེད་པས་མང་དུ་ཐོས་པ་བསམ་གྱིས་མི་ཁྱབ་པ་བླ་ན་མེད་པ་དང་ལྡན་པར་གྱུར་ཏོ། །དེ་ལོ་སྟོང་ཁྲིའི་བར་དུ་གྲོང་དང་ གྲོང་ཁྱེར་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དུ་རྒྱུ་ཞིང་ཆོས་སྟོན་པ་ནི་ལྟ་སྟེ། ཐེ་ཚོམ་ཐམས་ཅད་གཅོད་པ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ ཉིད་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དུ་ལོ་དྲུག་ཁྲིའི་བར་དུ་ཆོས་སྟོན་ཏེ། དེས་ལོ་དྲུག་ཁྲིའི་བར་དུ་ལྷ་དང་མིའི་སྐྱེ་དགུའི་སྲོག་ཆགས་ བྱེ་བ་ཕྲག་བཞི་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། སངས་རྒྱས་ཀྱི་ཐེག་པ་བླ་ན་མེད་པ་དང་། ཐེག་པ་གསུམ་དག་ལ་ཡོངས་སུ་སྨིན་པར་བྱས་སོ། །ཤཱ་རིའི་བུ་ དེ་ལྟར་ཆོས་ལ་རྟོན་པའི་དགེ་སློང་དེ་དེ་ནས་ཤི་འཕོས་ཏེ། འཆི་བའི་དུས་བྱས་ནས་ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་སངས་རྒྱས་ཀྱི་ཞིང་དུ་སྐྱེས་སོ། །ཤཱ་རིའི་བུ་དེ་ལྟར་ 80-1-180b བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ལྷ་དང་། མི་དང་། ལྷ་མ་ཡིན་གྱི་སྐྱེ་དགུའི་སྲོག་ཆགས་བྱེ་བ་ཕྲག་དྲུག་བཅུར་ཚང་བ་ཐེག་པ་གསུམ་དག་ལ་ཡོངས་སུ་སྨིན་པར་བྱས་པར་གྱུར་ཏོ། །ཤཱ་རིའི་བུ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་སངས་རྒྱས་ཀྱི་ཞིང་དེར་སྐྱེས་མ་ཐག་ཏུ་མང་དུ་ཐོས་པ་བསམ་གྱིས་མི་ཁྱབ་པ་བླ་ན་མེད་པ་དང་ལྡན་པར་གྱུར་ཏེ།། དེ་དེ་ན་ཚེ་ཇི་ཙམ་ཐུབ་པར་འདུག་ནས་དེ་ནས་ཤི་འཕོས་ཏེ་འཆི་བའི་དུས་བྱས་པ་དང་། དེ་སངས་རྒྱས་ཀྱི་ཞིང་དེ་ཉིད་དུ་སྐྱེས་ཏེ། གང་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་པད་མའི་བླ་མ་བྱུང་བའི་འཇིག་རྟེན་ གྱི་ཁམས་དེར་རྒྱལ་རིགས་སུ་སྐྱེས་སོ། །སྔོན་ཡོངས་སུ་སྨིན་པར་བྱས་པའི་སྲོག་ཆགས་བྱེ་བ་ཕྲག་བཅུ་པོ་དེ་དག་ཀྱང་དེ་ཉིད་དུ་སྐྱེས་ནས་དེའི་གཡོག་ཏུ་གྱུར་ཏོ། །དེའི་ཚེ་སངས་རྒྱས་ཀྱི་ཞིང་དེར་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིན་དུ་མཐོར་གཤེགས་ཤེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །ཤཱ་རིའི་བུ་དེ་བཞིན་གཤེགས་པ་ཤིན་དུ་མཐོར་གཤེགས་དེ་ཚེའི་ཚད་ལོ་བྱེ་བ་ཕྲག་བརྒྱད་བཅུ་ ཐུབ་པར་གྱུར་ཏོ། །དེའི་ཚེ་ན་མི་དེ་དག་གི་ཚེའི་ཚད་ཀྱང་ལོ་བྱེ་བ་ཕྲག་བརྒྱད་བཅུ་ཐུབ་པར་གྱུར་ཏོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིན་དུ་མཐོར་གཤེགས་ ཀྱི་ཉན་ཐོས་བྱེ་བ་ཕྲག་བརྒྱད་བཅུའི་ཉན་ཐོས་དགྲ་བཅོམ་པ་ཤ་སྟག་འདུས་པ་བྱུང་སྟེ། ལོ་བྱེ་བ་ཞྀང་ཉན་ཐོས་འདུས་པ་རེ་རེ་བྱུང་ངོ་། །ཉན་ཐོས་འདུས་པ་རེ་རེ་ལ་ཉན་ཐོས་བྱེ་བ་བརྒྱད་བཅུ་བྱུང་སྟེ། དགྲ་ བཅོམ་པ་འབའ་ཤིག་གོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་རྒྱལ་བུ་གཞོན་ནུ་དཔའ་བས་བྱིན་ཞེས་བྱ་བ་མང་དུ་ཐོས་པ་ཡིད་གཞུངས་པ་དེའི་རྒྱུས་དཔྱོད་པ་དང་ལྡན་པ་ཞིག་བྱུང་ངོ་། །ཤཱ་རིའི་བུ་གཞོན་ནུ་དེ་ 80-1-181a གཡོག་དང་བཅས་པ་སྲོག་ཆགས་བྱེ་བ་ཕྲག་བརྒྱད་བཅུས་བསྐོར་ཏེ། མདུན་དུ་བདར་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིན་དུ་མཐོར་ གཤེགས་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤིན་དུ་མཐོར་གཤེགས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། གཞོན་དུ་དཔའ་བས་བྱིན་གཡོག་དང་བཅས་པ་ཕྱོགས་གཅིག་ ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་པ་དང་། །དེ་ནས་ཤཱ་རིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤིན་དུ་མཐོར་གཤེགས་དེས་གཞོན་ནུ་དཔའ་བས་བྱིན་དེའི་ལྷག་པའི་བསམ་པ་མཁྱེན་ནས་སྔོན་བྱུང་ བ་དང་ལྡན་པའི་གཏམ་ཡང་དག་པར་རབ་ཏུ་བསྟན་ཏོ། །དེ་ནས་ཤཱ་རིའི་བུ་རྒྱལ་བུ་གཞོན་ནུ་དཔའ་བས་བྱིན་དེ་སྔོན་བྱུང་བ་དང་ལྡན་པའི་གཏམ་དེ་ཐོས་ནས་དད་པ་རབ་ཏུ་ཐོབ་པོ། །དེ་སེམས་དད་པར་གྱུར་ནས་སྲོག་ཆགས་ བྱེ་བ་ཕྲག་བརྒྱད་བཅུ་པོ་དེ་དག་དང་ལྷན་ཅིག་ཏུ་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་། །དེ་དེ་ན་ཚེ་ཇི་ཙམ་ཐུབ་པར་བྱང་ཆུབ་ཚོལ་ཞིང་ཚངས་པར་སྤྱོད་པ་སྤྱད་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་ཤིན་དུ་མཐོར་གཤེགས་དེས་དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔའ་བས་བྱིན་འདི་ངའི་འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བརྩོན་འགྲུས་ཆེན་པོ་ཞེས་བྱ་བ་འཇིག་རྟེན་དུ་འབྱུང་སྟེ། སངས་རྒྱས་བཅོམ་ལྡན་འདས་ཤེས་བྱ་བའི་བར་དུ་འགྱུར་རོ་ཞེས་ ལུང་བསྟན་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤིན་དུ་མཐོར་གཤེགས་དེ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ལ་དེས་མཆོད་པ་བྱས་ཏེ། དམ་པའི་ཆོས་ཀྱང་ཡང་དག་པར་བཟུང་ནས་དེའི་འོག་ 80-1-181b ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་བཞིན་གཤེགས་པ་བརྩོན་འགྲུས་ཆེན་པོ་ཞེས་བྱ་བར་གྱུར་ཏོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པ་བརྩོན་ འགྲུས་ཆེན་པོའི་ཚེའི་ཚད་བསྐལ་པ་ཕྱེད་ཐུབ་པར་གྱུར་ཏོ། །དེའི་ཉན་ཐོས་ཀྱི་དགེ་འདུན་ཡང་དཔག་ཏུ་མེད་པ་ཞིག་བྱུང་སྟེ། དེའི་ཉན་ཐོས་འདུས་པ་རེ་རེ་ལ་ཡང་ཁྲག་ཁྲིག་ཕྲག་བཅུ་གཉིས་ཡོད་དེ་དགྲ་ བཅོམ་པ་འབའ་ཤིག་གོ། །ཤཱ་རིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་མ་ཉམས་པ། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་མང་ དུ་ཐོས་ཏེ། བཟུང་བཅངས་ཀླགས། ཀུན་ཆུབ་པར་བྱས་པས་མཐར་གྱིས་དེ་བཞིན་གཤེགས་པ་བརྩོན་འགྲུས་ཆེན་པོ་ཞེས་བྱ་བར་འཇིག་རྟེན་དུ་བྱུང་བའི་བར་དུའོ། །ཤཱ་རིའི་བུ་དེ་བས་ན་ཐེག་པ་ཆེན་པོ་ལ་ཡང་ དག་པར་ཞུགས་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པའི་བརྩོན་འགྲུས་མ་ཉམས་པ་དེ་དག་གིས་བྱང་ཆུབ་ སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཤིན་དུ་མཉན་པར་བྱ། བཟུང་བར་བྱ་བ་ནས་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པའི་བར་དུ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་ སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཡོངས་སུ་ཚོལ་བ་ལ་བརྩོན་འགྲུས་མ་ཉམས་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པའོ། །ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ ཀྱི་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་སྟེ། དེ་ལ་བརྩོན་པས་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པའི་ལེའུ་སྟེ་དགུ་པའོ།། །། བམ་པོ་བཅུ་ 80-1-182a དྲུག་པ། དེ་ལ་གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་ན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་འགྱུར་བའྀ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ གང་ཞེ་ན། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་འདོད་པ་རྣམས་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་བའི་དགའ་ བ་དང་། བདེ་བ་ཅན་བསམ་གཏན་དང་པོ་རྫོགས་པར་བྱས་ཏེ་གནས་སོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྟོག་པ་དང་དཔྱོད་པ་ཉེ་བར་ཞི་ཞིང་ནད་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་ རྟོག་པ་མེད་པ། དཔྱོད་པ་མེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་རྫོགས་པར་བྱས་ཏེ་གནས་སོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་དགའ་བའི་འདོད་ ཆགས་དང་བྲལ་བས་བཏང་སྙོམས་ལ་གནས་ཤིང་དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ། བདེ་བ་ལུས་ཀྱིས་མྱོང་བ། འཕགས་པ་རྣམས་ཀྱིས་གང་དེ་དྲན་པ་དང་ལྡན་པ། བདེ་བ་ལ་གནས་པ། བཏང་སྙོམས་པའོ། ། ཞེས་བརྗོད་པ་སྟེ། དགའ་བ་མེད་པའི་བསམ་གཏན་གསུམ་པ་རྫོགས་པར་བྱས་ཏེ་གནས་སོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་བདེ་བ་ཡང་སྤངས་ཏེ། སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ ཡིད་བདེ་བ་དང་ཡིད་མི་བདེ་བ་ཡང་ནུབ་པས་བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པའི་བསམ་གཏན་བཞི་པ་རྫོགས་པར་བྱས་ཏེ་གནས་སོ། །དེ་དེ་ལྟར་ སེམས་མཉམ་པར་བཞག་པ་ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཉོན་མོངས་པ་མེད་པ། ཉེ་བའི་ཉོན་མོངས་པ་དང་བྲལ་བར་གྱུར་ནས་ཏིང་ངེ་འཛིན་ཀྱང་མི་གཏོང་ལ། བསམ་གཏན་གྱི་ལས་ཀྱང་བྱེད་དོ། །དེ་ལ་བྱང་ 80-1-182b ཆུབ་སེམས་དཔའི་བསམ་གཏན་གྱི་ལས་གང་ཞེ་ན། གང་མངོན་པར་ཤེས་པ་དང་། ཡེ་ཤེས་ཀྱི་ལས་ཡོངས་སུ་རྫོགས་པར་བྱེད་པའོ། །དེ་ལ་མངོན་པར་ཤེས་པ་གང་། ཡེ་ཤེས་གང་ཞེ་ན། མངོན་པར་ཤེས་པ་ཞེས་བྱ་བ་ ནི་འདི་ལྟ་སྟེ། ལྷའི་མིག་དང་། ལྷའི་རྣ་བ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་དང་། རྫུ་འཕྲུལ་གྱི་བྱ་བ་མངོན་སུམ་དུ་བྱས་པ་མངོན་པར་ཤེས་པ་སྟེ། འདི་དག་ནི་མངོན་པར་ཤེས་པ་ལྔ་ཞེས་བྱའོ། །ཤཱ་རིའི་བུ་ དེ་ལ་བྱང་ཆུབ་སེམས་དཔའི་ལྷའི་མིག་གིས་མངོན་སུམ་དུ་བྱ་བ་ཤེས་པའི་མངོན་པར་ཤེས་པ་ནི་གང་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་ལས་ཡོངས་སུ་རྫོགས་པར་བྱེད་པ་ནི་གང་ཞེ་ན། ཤཱ་རིའི་བུ་འདི་ལ་བྱང་ཆུབ་ སེམས་དཔའ་དེ་ལྟར་སེམས་མཉམ་པར་བཞག་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཉོན་མོངས་པ་མེད་པ། ཉེ་བའི་ཉོན་མོངས་པ་དང་བྲལ་བས་སེམས་ཅན་རྣམས་ཀྱི་འཆི་འཕོ་དང་། སྐྱེ་བ་མངོན་དུ་ཤེས་ པར་བྱ་བའི་ཕྱིར་སེམས་འཇུག་པར་བྱེད་དེ། དེ་ལྷའི་མིག་རྣམ་པར་དག་པ་མྀའི་ལས་ཤིན་དུ་འདས་པས་སེམས་ཅན་རྣམས་ཀྱི་འཆི་འཕོ་དང་། སྐྱེ་བ་དང་། ཁ་དོག་བཟང་པོ་དང་། ཁ་དོག་ངན་པ་དང་། བདེ་འགྲོ་དང་། ངན་འགྲོ་ དང་། བཟང་པོ་དང་། ངན་པ་རྣམས་མཐོང་སྟེ། ཀྱེ་སེམས་ཅན་འདི་དག་ནི་ལུས་ཀྱི་ཉེས་པར་སྤྱོད་པ་དང་ལྡན་པ། ངག་གིས་ཉེས་པར་སྤྱོད་པ་དང་ལྡན་པ། ཡིད་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ། འཕགས་པ་རྣམས་ལ་ སྐུར་པ་འདེབས་པ། ལོག་པར་ལྟ་བ་སྟེ། དེ་དག་ལོག་པར་ལྟ་བའི་ལས་ཡང་དག་པར་བླངས་པའི་རྒྱུས་ལུས་ཞིག་སྟེ། ཤི་བའི་འོག་ཏུ་ངན་འགྲོ་ལོག་པར་ལྟུང་བའི་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་རོ། །སེམས་ ཅན་འདི་དག་ནི་ལུས་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ། ངག་གིས་ལེགས་པར་སྤྱོད་པ་ལྡན་པ། ཡིད་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ། འཕགས་པ་རྣམས་ལ་སྐུར་པ་མི་འདེབས་པ། ཡང་དག་པར་ལྟ་ 80-1-183a བ་སྟེ། དེ་དག་ཡང་དག་པར་ལྟ་བའི་ལས་ཡང་དག་པར་བླངས་པའི་རྒྱུས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེའོ་ཞེས་སེམས་ཅན་རྣམས་ཀྱི་ལས་ཇི་ལྟར་བསགས་པ་བཞིན་དུ་ཤེས་སོ། །ཤཱ་ རིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའི་ལྷའི་མིག་སེམས་ཅན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་གཟུགས་སུ་སྣང་བ་ཐམས་ཅད་ལ་སྒྲིབ་པ་མེད་པ་སྟེ། གང་ཀླུ་ཐམས་ཅད་ཀྱི་ལྷའི་མིག་དང་། གནོད་སྦྱིན་ཐམས་ ཅད་དང་། དྲི་ཟ་ཐམས་ཅད་དང་། ལྷ་མ་ཡིན་ཐམས་ཅད་དང་། སློབ་པ་ཐམས་ཅད་དང་། དགྲ་བཅོམ་པ་ཐམས་ཅད་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ལྷའི་མིག་དེ་བས་ལྷའི་མིག་གང་ཤིན་དུ་ཁྱད་པར་དུ་འཕགས་པ། ཤིན་དུ་ དམ་པ། ཤིན་དུ་རབ་ཤིན་དུ་བཟང་བ། ཤིན་དུ་གསལ་བ། འོད་གསལ་བ། ངེས་པར་འབྱུང་བའི་ལས་ཐམས་ཅད་ཀྱིས་ངེས་པར་བྱུང་བའི་ལྷའི་མིག་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐས་ཡས་མུ་མེད་པ་ན་ རགས་པ་འམ། ཕྲ་བ་འམ། ངན་པ་འམ། བཟང་པོ་འམ། གང་རིང་བ་འམ། གང་ཉེ་བ་ཐམས་ཅད་སྣང་སྟེ། དེའི་ལྷའི་མིག་གིས་ཤེས་སོ། །ཤིན་དུ་རྟོགས་སོ། །རབ་ཏུ་མཐོང་ངོ་། །དེས་ལྷའི་མིག་དེས་ གཟུགས་མེད་པ་ན་སྤྱོད་པ་མ་གཏོགས་པར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་སེམས་ཅན་དག་འགྲོ་བ་ཐམས་ཅད་དུ་སྐྱེས་པ་དེ་དག་ཐམས་ཅད་ཀྱི་འཆི་འཕོ་དང་། སྐྱེ་བ་ཡང་ཡང་ དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་དག་གི་ལས་ཀྱི་རྒྱུ་ཡང་རབ་ཏུ་ཤེས་སོ། །དེ་དག་གི་ལས་ཀྱི་འབྲས་བུ་ཡང་རབ་ཏུ་ཤེས་སོ། །དེ་དག་གི་དབང་པོ་རྣམས་ཀྱང་རབ་ཏུ་ཤེས་སོ། །དབང་པོའི་རྒྱུ་ཡང་རབ་ཏུ་ ཤེས་སོ། །དབང་པོའི་རིམ་པ་ཡང་རབ་ཏུ་ཤེས་སོ། །གང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཞིང་བཀོད་པ་དེ་དག་ཐམས་ཅད་ཀྱང་མངོན་དུ་ 80-1-183b མཐོང་བས་མཐོང་ངོ་། །མཐོང་ནས་ཀྱང་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་སྟེ། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་པ་དེའི་བསྔོ་བ་འགྲུབ་པར་འགྱུར་རོ། །དེ་ལྷའི་མིག་རྣམ་པར་དག་པ་མིའི་ལས་ཤིན་དུ་འདས་ པ་དེས་གང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་བྱང་ཆུབ་སེམས་དཔའི་དགེ་འདུན་དེ་དག་ཐམས་ཅད་ཀྱང་མཐོང་ངོ་། །མཐོང་ནས་ཀྱང་གང་སྐྱེས་བུ་དམ་པ་དེ་དག་གི་ཆོ་ག་དང་། སྤྱོད་ཡུལ་དང་། སྤྱོད་པ་དང་། དྲན་པ་དང་། ཤེས་ བཞིན་དང་། སྤྱོད་ལམ་གྱི་གནས་དང་། ཆོས་ཀྱི་རྣམ་པར་ཐར་པའི་ཡེ་ཤེས་ལ་གནས་པ་དང་། གཟུངས་ཐོབ་པའི་ཡེ་ཤེས་ལ་མཁས་པ་དང་། ཤེས་རབ་དང་། ཡེ་ཤེས་དང་། ཐབས་མཁས་པ་ལ་འཇུག་པ་དེ་ཐམས་ཅད་ཡོངས་ སུ་རྫོགས་པར་བྱེད་དོ། །དེའི་མིག་དེ་ནི་གཟུགས་ཐམས་ཅད་མཐོང་བས་སྒྲིབ་པ་མེད་པའོ། །དེའི་མིག་དེ་ནི་གཟུགས་ཐམས་ཅད་ལ་མི་ཆགས་པས་ཆགས་པ་མེད་པའོ། །དེའི་མིག་དེ་ནི་བག་ལ་ཉལ་དང་། ལྟ་བ་ཐམས་ཅད་ ལས་རྣམ་པར་གྲོལ་བའོ། །དེའི་མིག་དེ་ནི་རང་བཞིན་གྱིས་འོད་གསལ་བས་རྣམ་པར་དག་པའོ། །དེའི་མིག་དེ་ནི་ཡུལ་ཐམས་ཅད་ལ་མི་གནས་པའོ། །དེའི་མིག་དེ་ནི་ཉོན་མོངས་པ་དང་། བག་ལ་ཉལ་རྣམས་མི་ལེན་པའོ། ། དེའི་མིག་དེ་ནི་ཐེ་ཚོམ་མེད་པས་རབ་རིབ་མེད་པའོ། །དེའི་མིག་དེ་ནི་སྒྲིབ་པ་མེད་པའི་ཆོས་རྣམས་ལ་ཀུན་ནས་ལྡང་བ་མེད་པའོ། །དེའི་མིག་དེ་ནི་ཆོས་སྣང་བ་རྣམས་ལ་ཆོས་སྣང་བ་ཐོབ་པའོ། །དེའི་མིག་དེ་ནི་རྣམ་པར་ ཤེས་པའི་སྤྱོད་པའི་ཡུལ་མ་ཡིན་ཏེ། ཡེ་ཤེས་ལ་རྟོན་པའོ། །དེའི་མིག་དེ་ནི་ཉོན་མོངས་པ་ཐམས་ཅད་ཀྱིས་གོས་པ་མེད་པ། ཞེ་སྡང་མེད་པ། རྨོངས་པ་མེད་པའོ། །དེའི་མིག་དེ་ནི་འཕགས་པའི་རྣམ་པའི་དབང་པོ་རྣམས་ ཀྱིས་ངེས་པར་འབྱེད་པའི་ཆ་འཐུན་པའོ། །དེའི་མིག་དེ་ནི་སེམས་ཅན་ཐམས་ཅད་ལ། འོད་ཟེར་མཉམ་པར་གཏོད་པས་ཁོང་ཁྲོ་བ་མེད་པའི་མཚན་ཉིད་དོ། །དེའི་མིག་དེ་ནི་སེམས་ཀྱི་འཁྲུག་ 80-1-184a པ་དང་གྲལ་བས་རྣམ་པར་དག་པའོ། །དེའི་མིག་དེ་ནི་རང་བཞིན་གྱིས་འོད་གསལ་བས་དྲི་མ་མེད་པའོ། །དེའི་མིག་དེ་ནི་བསམ་པ་མི་འདོར་པས་སངས་རྒྱས་ཀྱི་སྤྱན་གྱིས་མངོན་པར་བསྒྲུབས་པའོ། །དེའི་ མིག་དེ་ནི་ཆགས་པ་དང་། ཁོང་ཁྲོ་བ་དང་བྲལ་བས། ཆགས་པ་མེད་པ། ཞེ་སྡང་མེད་པའོ། །དེའི་མིག་དེ་ནི་དོན་དང་སྤྱོད་ཡུལ་དང་སྤྱོད་པ་དང་། སེམས་ཅན་ལ་སྙིང་རྗེ་ཆེན་པོ་རླབས་པོ་ཆེར་གནས་པའོ། །དེའི་མིག་ དེ་ནི་སློང་བ་རྣམས་ལ་ཁོང་ཁྲོ་བ་མེད་པའོ། །དེའི་མིག་དེ་ནི་ཚུལ་ཁྲིམས་འཆལ་པ་རྣམས་ལ་ཁོང་ཁྲོ་བ་མེད་པའོ། །དེའི་མིག་དེ་ནི་གནོད་པར་སེམས་པ་རྣམས་ལ་རྗེས་སུ་བསྲུངས་པའོ། །དེའི་མིག་དེ་ནི་ལེ་ལོ་ ཅན་རྣམས་ལ་རབ་ཏུ་བཟུང་བ་སྟེར་བའོ། །དེའི་མིག་དེ་ནི་སེམས་འཁྲུགས་པ་རྣམས་ལ་བསམ་གཏན་གྱི་ཡན་ལག་སྟོན་པའོ། །དེའི་མིག་དེ་ནི་ཤེས་རབ་འཆལ་པ་རྣམས་ལ་ཤེས་རབ་ཀྱི་མིག་སྦྱིན་པའོ། །དེའི་ མིག་དེ་ནི་ལམ་ནོར་བར་ཞུགས་པ་རྣམས་ལ་ལམ་སྟོན་པའོ། །དེའི་མིག་དེ་ནི་མོས་པ་ཆུང་བ་རྣམས་ལ་སངས་རྒྱས་རྒྱ་ཆེན་པོར་སྟོན་པའོ། །དེའི་མིག་དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྒྱ་ཆེན་པོས་མངོན་པར་ འཕགས་པའི་མངོན་པར་ཤེས་པ་བྱང་ཆུབ་ཀྱི་སྙིང་པོ་ལ་མངོན་པར་གཞོལ་བ་སྟེ། ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལྷའི་མིག་གི་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་ལས་ ཡོངས་སུ་རྫོགས་པར་བྱེད་པའོ། །ཤཱ་རིའི་བུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལྷའི་རྣ་བའི་ཁམས་ཀྱིས་མངོན་སུམ་དུ་བྱ་བ་ཤེས་པའི་མངོན་པར་ཤེས་པ་ནི་གང་། མངོན་པར་ཤེས་ པ་དང་ཡེ་ཤེས་ཀྱི་ལས་ཡོངས་སུ་རྫོགས་པ་ནི་གང་ཞེ་ན། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའི་ལྷའི་རྣ་བའི་ཁམས་རྣམ་པར་དག་པ་མིའི་ལས་ཤིན་དུ་འདས་པས་མི་དང་མི་མ་ཡིན་པ་གཉིས་གའི་སྒྲ་ 80-1-184b ཡང་ཐོས་ཏེ། དེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་གང་ལ་ལ་སྒྲར་གྲག་པ་ལྷའི་སྒྲ་འམ། ཀླུའི་སྒྲ་འམ། གནོད་སྦྱིན་གྱི་སྒྲ་འམ། དྲི་ཟའི་སྒྲ་འམ། ལྷ་མ་ཡིན་གྱི་སྒྲ་འམ། ནམ་མཁའ་ལྡིང་གི་སྒྲ་འམ། མི་འམ་ཅིའི་སྒྲ་འམ། ལྟོ་འཕྱེ་ཆེན་པོའི་སྒྲ་འམ། མི་དང་མི་མ་ཡིན་པའི་སྒྲ་འམ། གང་ཡང་འཕགས་པའི་སྒྲ་འམ། སངས་རྒྱས་ཀྱི་སྒྲ་འམ། རང་སངས་རྒྱས་ཀྱི་སྒྲ་འམ། བྱང་ཆུབ་སེམས་དཔའི་སྒྲ་འམ། ཉན་ཐོས་ཀྱི་སྒྲ་ཡང་རུང་སྟེ། དེ་ཐམས་ཅད་བྱང་ཆུབ་སེམས་དཔའ་དེའི་ལྷའི་རྣ་བའི་ཁམས་ཀྱིས་རིག་གོ། གང་ཡང་ངན་སོང་གི་སྒྲ་འམ། སེམས་ཅན་དམྱལ་བའི་སྒྲ་འམ་ དུད་འགྲོའི་སྐྱེ་གནས་ཀྱི་སྒྲ་འམ། གཤིན་རྗེའི་འཇིག་རྟེན་གྱི་སྒྲ་ཡང་རུང་སྟེ། དེ་དག་ཐམས་ཅད་དེའི་ལྷའི་རྣ་བའི་ཁམས་ཀྱིས་རིག་སྟེ། ཐ་ན་སྲིན་བུ་དང་། ཕྱེ་མ་ལེབ་དང་། སྦྲང་བུ་དང་། ཤ་སྦྲང་གི་སྒྲ་འམ། སེམས་ཅན་དེ་དག་གི་སེམས་ཀྱི་དམིགས་པ་དགེ་བ་འམ། མི་དགེ་བ་དེ་དག་གིས་ངག་གི་ལས་འབྱིན་པ་དེ་ཐམས་ཀྱང་རབ་ཏུ་ཤེས་སོ། །ངག་གི་ལས་གང་དགེ་བའི་རྒྱུ་འཛིན་པ་དང་། ངག་གི་ལས་གང་ མི་དགེ་བའི་རྒྱུ་འཛིན་པ་དེ་ཡང་རབ་ཏུ་ཤེས་སོ། །གང་འདོད་ཆགས་བག་ལ་ཉལ་ལས་ཁོང་ཁྲོ་བའི་ངག་གི་ལས་འབྱུང་བ་དང་། གང་ཞེ་སྡང་བག་ལ་ཉལ་ལས་ཆགས་པའི་ངག་གི་ལས་འབྱུང་བ་དང་། གང་འདོད་ཆགས་དང་ཞེ་སྡང་བག་ལ་ཉལ་ལས་རྨོངས་པའི་ངག་གི་ལས་འབྱུང་བ་དེ་ཡང་རབ་ཏུ་ཤེས་སོ། །གང་གཏི་མུག་བག་ལ་ཉལ་ལས་ཆགས་པའི་ངག་གི་ལས་འབྱུང་བ་དང་། གང་འདོད་ཆགས་བག་ ལ་ཉལ་ལས་ཆགས་པའི་ངག་གི་ལས་འབྱུང་བ་དང་། གང་ཞེ་སྡང་བག་ལ་ཉལ་ལས་ཞེ་སྡང་འབྱུང་བ་དང་། གཏི་མུག་བག་ལ་ཉལ་ལས་རྨོངས་པ་འབྱུང་བ་དེ་ཡང་རབ་ཏུ་ཤེས་སོ། །ངག་གི་ལས་གང་། 80-1-185a བསམ་བདག་ལ་སྦྱོར་བ་ཁོང་ཁྲོ་བ་དང་། ངག་གི་ལས་གང་སྦྱོར་བ་དག་ལ་བསམ་པ་ཁོང་ཁྲོ་བ་དེ་ཐམས་ཅད་ཀྱང་ལྷའི་རྣ་བའི་མངོན་པར་ཤེས་པ་དང་། ཡེ་ཤེས་ཐོགས་པ་མེད་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ ཤེས་སོ། །དེ་ལྷའི་རྣ་བ་དེས་འཕགས་པ་རྣམས་དང་། འཕགས་པ་མ་ཡིན་པ་རྣམས་ཀྱི་སྒྲ་རྣམས་ཐོས་ཏེ། ཐོས་ནས་ཀྱང་འཕགས་པ་རྣམས་ཀྱི་སྒྲ་ལ་རྗེས་སུ་ཆགས་པ་ཡང་མེད། འཕགས་པ་མ་ཡིན་པ་རྣམས་ཀྱི་སྒྲ་ལ་ཁོང་ ཁྲོ་བ་མེད་དེ་འཕགས་པ་རྣམས་ཀྱི་སྒྲ་ལས་ནི་བྱམས་པ་ཆེན་པོ་རབ་ཏུ་རྙེད་དོ། །འཕགས་པ་མ་ཡིན་པ་རྣམས་ཀྱི་སྒྲ་ལས་ནི་སྙིང་རྗེ་ཆེན་པོ་རབ་ཏུ་རྙེད་དོ། །དེ་སྒྲ་དེ་ཐམས་ཅད་ཀྱིས་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་གཅོད་ པའི་ཡེ་ཤེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ལྷའི་རྣ་བ་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་མ་ལུས་པ་ཐམས་ཅད་ཀྱི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་གསུངས་པ་ཐོས་ ཏེ་ཐོས་ནས་ཀྱང་དྲན་པའི་སྣོད་མི་བརྗེད་པས་ཐམས་ཅད་ཀུན་ཏུ་འཛིན་ཏོ། །ཀུན་དུ་བཟུང་ནས་ཀྱང་མི་རྗེད་པར་བྱེད་ཅིང་སེམས་ཅན་གྱི་སྣོད་ཇི་ལྟ་བ་བཞིན་དུ་སྟོན་པར་བྱེད་དོ། །ཆོས་ཐམས་ཅད་རང་གི་ངང་གིས་འཇིག་པ་ཡང་རབ་ཏུ་ ཤེས་སོ། །དེ་བཞིན་གཤེགས་པ་གཅིག་གིས་ཆོས་བསྟན་པ་ཉན་ཀྱང་དེ་བཞིན་གཤེགས་པ་གཉིས་པས་ཆོས་བསྟན་པ་ལ་སྒྲིབ་པ་འམ། ཀུན་ནས་དཀྲིས་ཏེ་འདུག་པར་ཡང་མི་བྱེད་དེ། ཡང་ཤཱ་རིའི་བུ་སངས་རྒྱས་ བཅོམ་ལྡན་འདས་ཐམས་ཅད་ཀྱིས་གསུངས་པ་སྔ་ཕྱི་མེད་པར་ཀུན་འཛིན་ཏོ། །གང་དགེ་བའི་རྩ་བའི་སྒྲ་ཐོས་པ་དེ་ཡང་དུས་དང་དུས་མ་ཡིན་པར་སྦྱོར་ཞིང་སྟོན་ཏོ། །དེ་འཁོར་གྱི་དུས་ལ་བབ་བམ། སྐལ་ པ་མི་མཉམ་པར་བསྟན་པའི་དུས་ཆོས་བསྟན་པའི་དུས་ལ་བབ་ཀྱང་འཇོག་སྟེ་ཐོས་ཀྱང་མི་སྟོན་ཏོ། །ཆོས་ཀྱི་དུས་ལ་བབ་པ་འམ། འཁོར་གྱི་དུས་ལ་བབ་ན་གཅིག་སློབ་པ་ཡན་ཆད་ལ་ཡང་ཆོས་ 80-1-185b སྟོན་ཏེ། ལུང་བསྟན་པ་ཡང་དག་པ་འང་གཞན་ལ་གནོད་ན་མི་བྱེད་དོ། །ལུང་བསྟན་པ་ཡང་དག་པ་མ་ཡིན་ཡང་དོན་དང་ལྡན་ན་གཞན་ལ་ཕན་གདགས་པ་དང་འཐུན་པར་ཐབས་ལ་མཁས་པས་རང་གི་ སེམས་ཡོངས་སུ་དག་པའི་ཕྱིར་ལུང་སྟོན་ཏོ། །སྒྲའི་རྣམ་པ་ཇི་ལྟ་བུ་ཐོས་པར་དགའ་བ་དེ་ལྟ་བུའི་སྒྲ་ཐོས་སོ། །སྒྲའི་རྣམ་པ་ཇི་ལྟ་བུ་ལ་མི་དགའ་བ་དེ་ལྟ་བུའི་སྒྲའི་རྣམ་པ་མི་ཐོས་སོ། །འཁོར་གང་ལ་ ཆོས་སྟོན་པ་ན་བྱིན་གྱི་བརླབས་ཀྱིས་སེམས་ཅན་རྣམས་ཀྱི་རྣ་བའི་རྣམ་པར་ཤེས་པས་སྒྲ་རབ་ཏུ་ཤེས་སོ། །དེ་ལ་སེམས་ཅན་གང་དག་ཆོས་ཅང་ཤེས་པ་དེ་དག་གིས་ནི་དེའི་ཆོས་ཐོས་སོ། །སེམས་ ཅན་གང་དག་ཅང་ཤེས་མ་ཡིན་པ་དེ་དག་གིས་ནི་ཆོས་དེ་མི་ཐོས་སོ། །དེའི་རྣ་བའི་ཁམས་དེ་ཆོས་ཀྱི་དབྱིངས་ཀྱིས་རྣམ་པར་དག་པ་ཡིན། དེའི་རྣ་བའི་ཁམས་དེ་བདག་གི་ཁམས་ཀྱིས་རྣམ་པར་དག་པ་ཡིན། སེམས་ཅན་གྱི་ཁམས་ཀྱིས་རྣམ་པར་དག་པ་ཡིན་ནོ། །དེའི་རྣ་བའི་ཁམས་དེ་སྒྲ་ཇི་ལྟ་བ་བཞིན་གྱི་ཡི་གེའི་ངེས་པའི་ཚིག་ཐོས་པས་ཤིན་དུ་རྟོགས་པ་ཡིན་ནོ། །གང་འགྲོ་བ་ལྔར་སྐྱེས་པའི་སེམས་ཅན་ དེ་དག་གི་སྐད་དང་སྨྲ་བ་སྣ་ཚོགས་ལ་འཇུག་པའི་ཕྱིར་ཆོས་སྟོན་ཏོ། །དེའི་རྣ་བའི་ཁམས་དེ་ཡང་དེ་བཞིན་གཤེགས་པའི་ལྷའི་སྙན་དུ་ཡོངས་སུ་བསྔོས་པ་ཡིན་གྱི་ཐེག་པ་གཞན་དུ་ནི་མ་ཡིན་ཏེ། འདི་ ནི་བྱང་ཆུབ་སེམས་དཔའི་ལྷའི་རྣ་བའི་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་ལས་ཡོངས་སུ་རྫོགས་པ་ཞེས་བྱའོ། །ཤཱ་རིའི་བུ་དེ་ལ་བྱང་ཆུབ་སེམས་དཔའི་ཕ་རོལ་གྱི་སེམས་ཤེས་པ་མངོན་སུམ་དུ་བྱ་བ་ ཤེས་པའི་མངོན་པར་ཤེས་པ་ནི་གང་། མངོན་པར་ཤེས་པའི་ཡེ་ཤེས་ཡོངས་སུ་རྫོགས་པ་ནི་གང་ཞེ་ན། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི། ཁམས་ 80-1-186a རབ་འབྱམ་མ་ལུས་པ་ཐམས་ཅད་ན། སེམས་ཅན་ཐམས་ཅད་ཀྱི། སྔོན་གྱི་མཐའི་སེམས་ཀྱང་རབ་ཏུ་ཤེས། ཕྱི་མའི་མཐའི་སེམས་ཀྱང་རབ་ཏུ་ཤེས། ད་ལྟར་བྱུང་བའི་ སེམས་ཀྱང་རབ་ཏུ་ཤེས་སོ་དེ་འདས་པའི་སེམས་ཤེས་པས། སེམས་ཅན་འདིའི་སེམས་ཀྱི་རྒྱུ་ནི་རྒྱུ་ཆེ་བའོ། །སེམས་ཅན་འདིའི་སེམས་ཀྱི་རྒྱུ་ནི་རྒྱུ་འབྲིང་ངོ་། །སེམས་ཅན་འདིའི་སེམས་ཀྱི་རྒྱུ་ནི་རྒྱུ་ ཆུང་ངོ་། །སེམས་ཅན་འདིའི་དབང་པོ་རྣམས་ནི་སྦྱིན་པ་དང་ལྡན་པའོ། །སེམས་ཅན་འདིའི་དབང་པོ་རྣམས་ནི། ཚུལ་ཁྲིམས་དང་ལྡན་པའོ། །སེམས་ཅན་འདིའི་དབང་ པོ་རྣམས་ནི་བཟོད་པ་དང་ལྡན་པའོ། །སེམས་ཅན་འདིའི་དབང་པོ་རྣམས་ནི། བརྩོན་འགྲུས་ཀྱི་བསམ་པ་དང་ལྡན་པའོ། །སེམས་ཅན་འདིའི་དབང་པོ་རྣམས་ནི། །བསམ་གཏན་ གྱི་བསམ་པ་དང་ལྡན་པའོ། །སེམས་ཅན་འདིའི་དབང་པོ་རྣམས་ནི། ཤེས་རབ་ཀྱི་བསམ་པ་དང་ལྡན་པའོ། །སེམས་ཅན་འདིའི་དབང་པོ་རྣམས་ནི་བྱམས་པའི་རྣམ་པའོ། །སེམས་ཅན་ འདིའི་དབང་པོ་རྣམས་ནི་སྙིང་རྗེའི་རྣམ་པའོ། །སེམས་ཅན་འདིའི་དབང་པོ་རྣམས་ནི་དགའ་བའི་རྣམ་པའོ། །སེམས་ཅན་འདིའི་དབང་པོ་རྣམས་ནི་བཏང་སྙོམས་ཀྱི་རྣམ་པའོ། །སེམས་ཅན་ འདིའི་དབང་པོ་རྣམས་ནི་ཐེག་པ་ཆེན་པོའི་རྣམ་པའོ། །སེམས་ཅན་འདིའི་དབང་པོ་རྣམས་ནི་རང་སངས་རྒྱས་ཀྱི་ཐེག་པའི་རྣམ་པའོ། །སེམས་ཅན་འདིའི་དབང་པོ་རྣམས་ནི་ཉན་ཐོས་ ཀྱི་ཐེག་པའི་རྣམ་པའོ། །སེམས་ཅན་འདི་ནི་རྒྱུའི་སྟོབས་ཅན་ཏེ་རྒྱུའི་གཙོ་བོའི་དགེ་བ་དང་ལྡན་པའོ། །སེམས་ཅན་འདི་ནི་རྐྱེན་གྱི་སྟོབས་ཅན་ཏེ། རྐྱེན་གྱི་གཙོ་བོའི་རྒྱུ་དང་ལྡན་ 80-1-186b སེམས་ཅན་འདི་ནི་རྒྱུའི་སྟོབས་ཅན་ཡིན་ཡང་། གཙོ་བོའི་དགེ་བ་དང་ལྡན་པ་མ་ཡིན་ཏེ། སེམས་ཅན་འདི་ནི་སྦྱོར་བའི་རྒྱུས་རིགས་དམའ་བར་སྐྱེས་པའོ། །སེམས་ཅན་འདི་ ནི་སྦྱོར་བའི་སྟོབས་ཅན་ཡིན་ཡང་དགེ་བའི་རྒྱུ་ཆེན་པོའི་རྒྱུ་དང་མི་ལྡན་ཏེ། སེམས་ཅན་འདི་ནི་རྒྱུའི་སྟོབས་བསྐྱེད་པའི་རྒྱུས་རིགས་ཆེན་པོར་སྐྱེས་པའོ། །སེམས་ཅན་འདི་ནི་བསམ་པ་དག་ལ་སྦྱོར་ བ་མ་དག་པའོ། །སེམས་ཅན་འདི་ནི་སྦྱོར་བ་དག་ལ་བསམ་པ་མ་དག་པའོ། །སེམས་ཅན་འདི་ནི་སྦྱོར་བ་ཡང་དག་ལ་བསམ་པ་ཡང་དག་པའོ། །སེམས་ཅན་འདི་ནི་བསམ་པ་ ཡང་མ་དག་ལ་སྦྱོར་བ་ཡང་མ་དག་པའོ། །ཞེས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུ་དང་ཉེ་བའི་རྒྱུའི་རྣམ་གྲངས་ཀྱི་སེམས་ཤེས་པ་ལ་འཇུག་གོ། །ཤཱ་རིའི་བུ་ དེ་ལྟར་གང་སེམས་ཅན་ཐམས་ཅད་ཀྱི་འདས་པའི་རྒྱུའི་དབང་པོ་ལ་སེམས་ཀྱི་སྤྱོད་པ་ཤེས་པ་དང་། དེ་དག་ལ་ཅི་རིགས་པར་ཆོས་སྟོན་པ་ཤེས་པ་འདི་ནི་བྱང་ ཆུབ་སེམས་དཔའི་ཕ་རོལ་གྱི་སེམས་ཤེས་པ་ཞེས་བྱའོ། །ཡང་སེམས་ཅན་འདི་ད་ལྟར་སྦྱིན་པའི་རྒྱུ་སྟེ། མ་འོངས་པའི་དུས་ན་ཚུལ་ཁྲིམས་ཀྱི་རྒྱུར་འགྱུར་རོ། ། སེམས་ཅན་འདི་ད་ལྟར་ཚུལ་ཁྲིམས་ཀྱི་རྒྱུ་སྟེ། མ་འོངས་པའི་དུས་ན་སྦྱིན་པའི་རྒྱུར་འགྱུར་རོ། །སེམས་ཅན་འདི་ད་ལྟར་བཟོད་པའི་རྒྱུ་སྟེ། མ་འོངས་པའི་ དུས་ན་བརྩོན་འགྲུས་ཀྱི་རྒྱུར་འགྱུར་རོ། །སེམས་ཅན་འདི་ད་ལྟར་བརྩོན་འགྲུས་ཀྱི་རྒྱུ་སྟེ། མ་འོངས་པའི་དུས་ན་བཟོད་པའི་རྒྱུར་འགྱུར་རོ། །སེམས་ཅན་འདི་ད་ལྟར་འཇིག་རྟེན་པའི་སྤྱོད་ 80-1-187a པ་ཡིན་ལ་མ་འོངས་པའི་དུས་ན་འང་སངས་རྒྱས་ཀྱི་ཐེག་པའི་རྒྱུར་འགྱུར་རོ། །སེམས་ཅན་འདིའི་དབང་པོ་རྣམས་ནི་ད་ལྟར་ཉན་ཐོས་ཀྱི་ཐེག་པའི་རྒྱུ་ལས་སྐྱེས་པ་སྟེ། མ་འོངས་ པ་ན་ཐེག་པ་ཆེན་པོའི་རྒྱུ་ལས་སྐྱེས་པའི་དབང་པོ་རྣམས་སུ་འགྱུར་རོ། །སེམས་ཅན་འདིའི་དབང་པོ་རྣམས་ནི་ད་ལྟར་ཉན་ཐོས་ཀྱི་ཐེག་པའི་རྒྱུ་ལས་སྐྱེས་པ་སྟེ། མ་འོངས་པའི་དུས་ན་རང་ སངས་རྒྱས་ཀྱི་ཐེག་པའི་རྒྱུ་ལས་སྐྱེས་པའི་དབང་པོ་རྣམས་སུ་འགྱུར་རོ། །སེམས་ཅན་འདིའི་དབང་པོ་རྣམས་ནི་ད་ལྟར་ཐེག་པ་ཆེན་པོའི་རྒྱུ་ལས་སྐྱེས་པ་སྟེ། མ་འོངས་པའི་དུས་ན་ཉན་ཐོས་ཀྱི་ཐེག་ པའི་རྒྱུ་ལས་སྐྱེས་པར་འགྱུར་རོ། །ཞེས་ཕྱི་མའི་མཐའི་སེམས་ཅན་ལ་འཇུག་པ་ཤེས་སོ། །ཤཱ་རིའི་བུ་དེ་ལྟར་མ་འོངས་པའི་དུས་ན་སེམས་ཅན་ཐམས་ཅད་ཀྱི་དབང་པོ་རྣམས་ཀྱི་རྒྱུ་ལས་སྐྱེས་པ་གང་དང་ རྣམ་པ་གང་དང་། རྐྱེན་དུ་འགྱུར་བ་གང་ཡིན་པ་དེའི་རྒྱུ་ལས་སྐྱེས་པ་དང་། དེའི་རྣམ་པ་དང་དེའི་རྐྱེན་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་སེམས་ཅན་ཡོངས་སུ་མ་སྨིན་པ་ཐམས་ཅད་ལ་དེའི་སེམས་ ལ་འཇུག་པའི་ཤེས་པའི་བར་དུ་སྐྱོ་བར་མི་བྱེད་དེ། དེའི་ཆོས་ཀྱི་སྣོད་ཅི་འདྲ་བར་ཆོས་སྟོན་ཏོ། །དེ་འབྲས་བུ་ཡོད་པའི་ཆོས་སྟོན་ཀྱང་ཆོས་ཀྱི་ལས་བྱས་སོ་ཞེས་བྱེད་པ་མ་ཡིན་ནོ། །གང་ད་ལྟར་བྱུང་བའི་སེམས་ ཅན་ཐམས་ཅད་ཀྱི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་འཇུག་པ་དེ་དག་ཐམས་ཅད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། འདོད་ཆགས་དང་བཅས་པའི་སེམས་ཀྱང་འདོད་ཆགས་དང་བཅས་ པའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདོད་ཆགས་དང་བྲལ་བའི་སེམས་ཀྱང་འདོད་ཆགས་དང་བྲལ་བའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་ཏུ་རབ་ཏུ་ཤེས་སོ། །ཞེ་སྡང་ 80-1-187b དང་བཅས་པའི་སེམས་ཀྱང་ཞེ་སྡང་དང་བཅས་པའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེ་སྡང་མེད་པའི་སེམས་ཀྱང་ཞེ་སྡང་མེད་པའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ ཤེས་སོ། །གཏི་མུག་དང་བཅས་པའི་སེམས་ཀྱང་གཏི་མུག་དང་བཅས་པའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གཏི་མུག་མེད་པའི་སེམས་ཀྱང་གཏི་མུག་མེད་པའི་སེམས་སུ་ ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཤཱ་རིའི་བུ་དེ་ལྟར་ཀུན་ནས་ཉོན་མོངས་པ་གང་དང་གང་གིས་སེམས་ཅན་གང་དང་གང་གིས་སེམས་བསྒྲིབས་པ་དེ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ ཏུ་ཤེས་ཏེ། །ཤེས་ནས་ཀྱང་ཉོན་མོངས་པ་ལས་གདོན་པའི་ཕྱིར་དེ་ལྟ་དེ་ལྟ་བུར་ཆོས་སྟོན་ཏེ། འཁོར་གང་གི་ནང་དུ་འགྲོ་ཡང་ཐོག་མ་ཉིད་དུ་འཁོར་དེ་དག་ཐམས་ཅད་ལ་རྣམ་པར་ལྟའོ། །རྣམ་པར་ལྟས་ ནས་སེམས་ཅན་རྣམས་ལ་ཇི་ལྟ་ཇི་ལྟ་བུར་རིགས་པ་དེ་ལྟ་དེ་ལྟ་བུའི་ཆོས་སྟོན་ཏེ། ཤཱ་རིའི་བུ་དེ་ལྟར་གང་སེམས་ཅན་དེ་དག་གི་དབང་པོ་མཆོག་དང་མཆོག་མ་ཡིན་པར་ཤེས་པ་དེ་ཐམས་ ཅད་རབ་ཏུ་ཤེས་ཀྱང་བྱང་ཆུབ་སེམས་དཔའ་རང་གི་སེམས་ལྷུར་བྱེད་པ་འང་མ་ཡིན་ལ་གཞན་གྱི་སེམས་ལྷུར་བྱེད་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་བྱང་ཆུབ་སེམས་དཔའ་དེའི་སེམས་རྒྱུན་ ནི་ཡེ་ཤེས་ཀྱིས་རིག་པའོ། །སེམས་ཀྱི་རྒྱུན་ནི་དྲན་པས་རིག་པའོ། །བློ་གྲོས་ཀྱིས་རིག་པའོ། །སེམས་ཀྱི་རྒྱུན་ནི་རྟོགས་པས་རིགས་པའོ། །སེམས་ཅན་ཀྱི་རྒྱུན་ནི་ཤེས་རབ་ཀྱིས་རིག་པའོ། །སེམས་ཀྱི་རྒྱུན་ནི་བློས་རིག་པའོ། །སེམས་ ཀྱི་རྒྱུན་ནི་ཉོན་མོངས་པ་མེད་པ། བག་ཆགས་ཀྱི་མཚམས་སྦྱོར་བ་ཡང་དག་པར་བཅས་པ། དག་པ། དྲི་མ་མེད་པ། འོད་གསལ་བ། ཁ་ན་མ་ཐོ་བ་མེད་པ། མི་རྩུབ་པ། རྙོག་པ་མེད་པ་ 80-1-188a ཆོས་ཐམས་ཅད་སྣང་བར་རིག་པའོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པའི་རྗེས་སུ་ཞུགས་པར་རིག་པའོ། །ཤཱ་རིའི་བུ་དེ་ལྟར་གང་འདི་ལྟ་བུ་ཆོས་ལ་སེམས་ཤེས་པ་ འཇུག་པ་འདི་ནི་བྱང་ཆུབ་སེམས་དཔའ་ཕ་རོལ་གྱི་སེམས་མངོན་པར་ཤེས་པ་དང་། ཡེ་ཤེས་ཀྱི་ལས་ཡོངས་སུ་རྫོགས་པ་ཞེས་བྱའོ། །ཤཱ་རིའི་བུ་དེ་ལ་བྱང་ཆུབ་སེམས་དཔའ་སྔོན་གྱི་གནས་རྗེས་སུ་ དྲན་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་ནི་གང་། མངོན་པར་ཤེས་པའི་ཡེ་ཤེས་ཀྱི་ལས་ཡོངས་སུ་རྫོགས་པར་བྱེད་པ་ནི་གང་ཞེ་ན། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ནི་ཕྱོགས་ བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་མ་ལུས་པ་ཐམས་ཅད་ན་སེམས་ཅན་ཐམས་ཅད་ཀྱི་སྐྱེ་བ་གཅིག་དང་། གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། བཅུ་དང་། ཉི་ཤུ་དང་། སུམ་བཅུ་དང་། བཞི་བཅུ་དང་། ལྔ་བཅུ་དང་། སྐྱེ་བ་བརྒྱད་དང་། སྐྱེ་བ་སྟོང་དང་། སྐྱེ་བ་བརྒྱ་ཕྲག་སྟོང་དང་། སྐྱེ་བ་བརྒྱ་ཕྲག་དུ་མ་དང་། སྐྱེ་བ་སྟོང་ཕྲག་དུ་མ་དང་། སྐྱེ་བ་བརྒྱ་སྟོང་ཕྲག་དུ་མ་ དང་། འཇིག་པའི་བསྐལ་པ་དང་། འཆགས་པའི་བསྐལ་པ་དང་། འཇིག་པ་དང་། འཆགས་པའི་བསྐལ་པ་དང་། འཇིག་པའི་བསྐལ་པ་དུ་མ་དང་། འཆགས་པའི་བསྐལ་པ་ དུ་མ་དང་། འཇིག་པ་དང་། འཆགས་པའི་བསྐལ་པ་དུ་མ་དང་། སེམས་ཅན་འདི་སྔོན་ཆེ་གེ་མོ་ཞེས་བྱ་བ་ཞིག་ཏུ་བྱུང་སྟེ། མིང་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། རིགས་ནི་འདི་ ཞེས་བྱ། ཁ་དོག་ནི་འདི་ལྟ་བུ། ཆ་བྱད་ནི་འདི་ལྟ་བུ། དབྱིབས་ནི་འདི་ལྟ་བུ། ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། ཡུན་རིང་འདི་སྲིད་ཅིག་ཏུ་གནས་གནས། བདེ་བ་དང་སྡུག་བསྔལ་ནི་འདི་ 80-1-188b ལྟ་བུ་ཞིག་མྱོང་སྟེ། དེ་ནས་ཤི་འཕོས་ནས་ཆེ་གེ་མོ་ཞིག་ཏུ་སྐྱེས་ཏེ། དེ་ནས་ཤི་འཕོས་ནས་འདིར་སྐྱེས་སོ། །ཞེས་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ནོ། །དེ་ལྟར་ན་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྔོན་གྱི་ གནས་རྣམ་པ་དང་བཅས་པ་དང་། ཡུལ་ཕྱོགས་དང་བཅས་པ་རྣམ་པ་དུ་མ་རྗེས་སུ་དྲན་ནོ། །དེ་དག་གི་སྔོན་གྱི་མཐའ་ནས་བཟུང་སྟེ་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ནོ། །སེམས་ཅན་གཞན་རྣམས་དང་། གང་ཟག་གཞན་དག་གི་སྔོན་གྱི་མཐའ་ནས་བཟུང་སྟེ་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ནོ། །དེ་རང་གི་དགེ་བའི་རྩ་བ་སྔོན་གྱི་རྒྱུ་ལས་བྱུང་བ་ཡང་རྗེས་སུ་དྲན་ནོ། །གཞན་དག་གི་དགེ་བའི་རྩ་བའི་རྒྱུ་ ཡང་རྗེས་སུ་དྲན་ནོ། །དེ་རང་གི་དགེ་བའི་རྩ་བ་ཡང་བྱང་ཆུབ་ཏུ་བསྔོ་བར་བྱེད་དོ། །སེམས་ཅན་གཞན་གྱི་དགེ་བའི་རྩ་བ་རྣམས་ཀྱང་སེམས་ཅན་རྣམས་རྗེས་སུ་དྲན་པར་བྱས་ནས། བྱང་ཆུབ་ཏུ་སེམས་ བསྐྱེད་པར་བྱེད་དོ། །གང་སྔོན་གྱི་བདེ་བ་དང་སྡུག་བསྔལ་གྱི་རྒྱུ་དེ་ཡང་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་རྟོན་ཏོ། །དེ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ལ་རྟོན་པས་གཟུགས་ཀྱིས་དྲེགས་པ་མ་ཡིན། ལོངས་སྤྱོད་ཀྱིས་དྲེགས་པ་མ་ཡིན། གཡོག་གིས་དྲེགས་པ་མ་ཡིན། དབང་ཕྱུག་གིས་དྲེགས་པ་མ་ཡིན། འཁོར་ལོས་སྒྱུར་བ་འདོད་པས་ དྲེགས་པ་མ་ཡིན། བརྒྱ་བྱིན་འདོད་པའི་དྲེགས་པ་མ་ཡིན། ཚངས་པ་འདོད་པས་དྲེགས་པ་མ་ཡིན། འཇིག་རྟེན་སྐྱོང་བ་འདོད་པས་དྲེགས་པ་མ་ཡིན། སྐྱེ་བ་ཐམས་ཅད་འདོད་པས་དྲེགས་པ་མ་ ཡིན། འདོད་པ་དང་། རྒྱལ་པོའི་སྲིད་དང་། དབང་ཕྱུག་གི་བདེ་བ་ཐམས་ཅད་འདོད་པའི་བློ་གྲོས་ཅན་མ་ཡིན་ཏེ། གཞན་དུ་ན་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བསམས་བཞིན་དུ་སྲིད་པ་འཛིན་པ་ནི་མ་གཏོགས་སོ།། 80-1-189a དེ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ལ་རྟོན་པས་སྔོན་གྱི་ཉོན་མོངས་པའི་སྤྱོད་པ་ལ་ཁྲེལ་ཞིང་ངོ་ཚ་བར་བྱེད་སྨོད་པར་བྱེད་དེ། ད་ལྟར་བྱུང་བའི་དངོས་པོས་ སྲོག་གི་ཕྱིར་ཡང་མི་དགེ་བའི་རྩ་བར་འགྱུར་བའི་ལས་མི་བྱེད་དོ། །དེ་སྔོན་གྱི་དགེ་བའི་རྩ་བ་རྣམས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ཞིང་རྒྱས་པར་བྱེད་དོ། །ད་ལྟར་གྱི་དགེ་ བའི་རྩ་བ་རྣམས་ཀྱང་ཐམས་ཅད་བསྡུས་པའི་ཕྱིར་མི་མཐུན་པའི་བསྔོ་བ་ཡོངས་སུ་སྤངས་ཏེ། སངས་རྒྱས་ཀྱི་རིགས་དང་། ཆོས་ཀྱི་རིགས་དང་། དགེ་འདུན་གྱི་རིགས་རྒྱུན་མི་འཆད་པར་བྱ་བའི་ཕྱིར་དྲན་པ་ཡང་ དག་པར་བསྐྱེད་པའི་སྟོབས་ཀྱིས་ཐམས་ཅད་མཁྱེན་པར་ཡོངས་སུ་བསྔོ་སྟེ། དེའི་དྲན་པ་དེ་ཡང་ཆོས་ཀྱི་དབྱིངས་ཀྱི་བྱིན་གྱི་རླབས་ཀྱིས་ཤིན་ཏུ་བྱིན་གྱི་བརླབས་པའོ། །ཤིན་ཏུ་རིགས་པས་མི་གཡོ་བའོ། །བསམ་ གཏན་ཡོངས་སུ་སྦྱང་བ་བྱས་པས་མ་བརྟགས་པའོ། །ཞི་གནས་ཀྱིས་ཤིན་ཏུ་བྱིན་གྱིས་བརླབས་པས་གནོད་པ་མེད་པའོ། །ལྷག་མཐོང་གིས་ཤིན་ཏུ་ཡང་དག་པར་ཟིན་པས་འཁྲུལ་པ་མེད་པའོ། །མངོན་སུམ་གྱི་ཕྱིར་ ཕལ་པ་མ་ཡིན་པའོ། །དྲན་པ་མ་ཉམས་པའི་ཕྱིར། །བརྗེད་པ་མེད་པའོ། །བསོད་ནམས་ཀྱི་ཚོགས་ཆེན་པོ་བསགས་པ་དང་། གཞན་ལ་རག་མ་ལས་པའི་ཡེ་ཤེས་ཀྱི་ཚོགས་བསགས་པའི་ཕྱིར་མྱོང་བ་ཆེན་པའོ། ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཚོགས་བསགས་པའི་ཕྱིར་ཕ་རོལ་ཏུ་སོང་བ་སྟེ། ད་ལྟར་དྲན་པ་ཡང་དག་པར་བསྐྱེད་པའི་སྟོབས་ཀྱིས་འདས་པ་དང་ད་ལྟར་བྱུང་བའི་ཆོས་རྣམས་བརྗེད་པ་མེད་པ་འདི་ནི་བྱང་ཆུབ་སེམས་ དཔའི་སྔོན་གྱི་གནས་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་ལས་ཡོངས་སུ་རྫོགས་པའོ། །ཤ་རིའི་བུ་དེ་ལ་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་བྱ་བ་མངོན་སུམ་དུ་བྱ་བ་ཤེས་པའི་མངོན་པར་ཤེས་པ་ནི་གང་། མངོན་ 80-1-189b པར་ཤེས་པའི་ཡེ་ཤེས་ཀྱི་ལས་ཡོངས་སུ་རྫོགས་པ་ནི་གང་ཞེ་ན། ཤ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་སྒོམ་པ་དང་། བརྩོན་འགྲུས་དང་། སེམས་དང་། དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་སྒོམ་པ་སྟེ། དེ་འདུན་པ་དང་། བརྩོན་འགྲུས་དང་། སེམས་དང་དཔྱོད་པས་རབ་ཏུ་ཟིན་པའི་ཆོས་རྣམས་འདོད་པ་དང་། སྡུག་པར་བྱེད་ པ་དང་། དབང་སྒྱུར་བ་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་པོ་འདི་དག་ཤིན་དུ་ཡོངས་སུ་བསྒོམས་པའི་ཕྱིར་རྫུ་འཕྲུལ་རྣམས་མངོན་དུ་ཐོབ་པ་ཡིན་ཏེ། དེ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱི་སྤང་བ་རྣམ་པ་དུ་མ་མྱོང་ངོ་། །དེའི་རྫུ་འཕྲུལ་ གྱི་ཆོ་འཕྲུལ་དེ་དག་ཀྱང་སེམས་ཅན་ལ་ལྟ་བའི་ཕྱིར་ཡོངས་སུ་གོམས་པ་ཡིན་ནོ། །དེ་གཟུགས་སམ། སྟོབས་སམ། བྱིན་གྱིས་བརླབས་སམ། རྫུ་འཕྲུལ་གྱི་ཆོས་འཕྲུལ་གང་དང་གང་གིས་སེམས་ཅན་རྣམས་འདུལ་བར་ འགྱུར་བའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་དེ་དང་དེ་ཉིད་ཉེ་བར་སྟོན་ཏོ། །དེ་གཟུགས་དང་ཁ་དོག་ཏུ་སྣང་བ་གང་དང་གང་གིས་སེམས་ཅན་རྣམས་འདུལ་བར་འགྱུར་བའི་གཟུགས་དང་ཁ་དོག་ཏུ་སྣང་བ་དེ་དང་དེ་ཉིད་སྟོན་ཏེ། སངས་རྒྱས་ ཀྱི་གཟུགས་དང་ཁ་དོག་ཏུ་སྣང་བ་འམ། རང་སངས་རྒྱས་ཀྱི་གཟུགས་དང་ཁ་དོག་ཏུ་སྣང་བ་འམ། ཉན་ཐོས་ཀྱི་གཟུགས་དང་ཁ་དོག་ཏུ་སྣང་བ་འམ། བརྒྱ་བྱིན་གྱི་གཟུགས་དང་ཁ་དོག་ཏུ་སྣང་བ་འམ། ཚངས་པའི་ གཟུགས་དང་ཁ་དོག་ཏུ་སྣང་བ་འམ། འཇིག་རྟེན་སྐྱོང་བའི་གཟུགས་དང་ཁ་དོག་ཏུ་སྣང་བ་འམ། འཁོར་ལོས་སྒྱུར་བའི་གཟུགས་དང་ཁ་དོག་ཏུ་སྣང་བ་འམ། གཞན་ཡང་གཟུགས་དང་ཁ་དོག་ཏུ་སྣང་བ་ཐ་ན་དུད་འགྲོའི་ སྐྱེ་གནས་གྱི་གཟུགས་དང་ཁ་དོག་ཏུ་སྣང་བ་གང་དང་གང་གིས་སེམས་ཅན་རྣམས་འདུལ་བར་འགྱུར་བའི་གཟུགས་དང་ཁ་དོག་ཏུ་སྣང་བ་དེ་དང་དེ་ཉིད་སེམས་ཅན་རྣམས་ལ་ཉེ་བར་བསྟན་ནས་ཆོས་སྟོན་ཏོ། །དེ་སྟོབས་སྙེམས་པ་དང་། ཁྲོ་བ་དང་། 80-1-190a རྒྱགས་པ་ལྷུར་བྱེད་པའི་སེམས་ཅན་རྣམས་སྟོབས་གང་གིས་འདུལ་བར་བྱ་བའི་སྟོབས་དེ་ཉེ་བར་སྟོན་ཏེ། ཇི་ཙམ་སྲེད་མེད་ཀྱི་བུ་ཆེན་པོའི་སྟོབས་ཙམ་འམ། ཇི་ཙམ་སྲེད་མེད་ཀྱི་བུ་ཆེན་པོའི་སྟོབས་ཀྱི་བཞི་ཆ་ཙམ་འམ། ཇི་ཙམ་སྲེད་མེད་ཀྱི་བུ་ཆེན་པོའི་སྟོབས་ཀྱི་ཕྱེད་ཙམ་འམ། ཇི་ཙམ་སྲེད་མེད་ཀྱི་བུ་ཆེན་པོའི་སྟོབས་རངས་པ་ཙམ་འམ། ཇི་ཙམ་སྟོབས་གང་གིས་རིའི་རྒྱལ་པོ་རི་རབ་ཀྱི་འཕང་དུ་དཔག་ཚད་སྟོང་ཕྲག་བརྒྱ་དྲུག་བཅུ་ཞེང་དུ་དཔག་ཚད་ བརྒྱད་ཁྲི་བཞི་སྟོང་ཡོད་པ་སོར་མོ་གཉིས་ཀྱིས་བླངས་ནས་འཕེན་ཏེ། འདི་ལྟ་སྟེ་དཔེར་ན་སྐྱུ་རུ་ར་འབྲུ་གཅིག་བླངས་པ་བཞིན་དུ་འཇིག་རྟེན་གྱི་ཁམས་གཞན་དུ་འཕངས་ཀྱང་བྱང་ཆུབ་སེམས་དཔའ་དེའི་སྟོབས་ཡོངས་སུ་ཉམས་ པར་མི་འགྱུར་བ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལྟར་རྒྱ་ཆེ་བ་འདི་ལྟར་ཡངས་པ་འདི་ཆུའི་ཕུང་པོ་ནས་བཟུང་སྟེ། སྲིད་པའི་རྩེ་མོའི་བར་དུ་ལག་མཐིལ་དུ་བཞག་ལ་བསྐལ་པར་འདུག་ཅིང་ སྤྱོད་ལམ་ཐམས་ཅད་ཀྱང་སྟོན་པ་དེ་ལྟ་བུའི་སྟོབས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སྟོབས་སྙེམས་པ་དང་། ཁྲོ་བ་དང་། རྒྱགས་པ་ལྷུར་བྱེད་པའི་སེམས་ཅན་རྣམས་ལ་སྟོབས་སྙེམས་པ་དང་། ཁྲོ་བ་དང་། རྒྱགས་ པ་གཞིལ་བའི་ཕྱིར་ཆོས་སྟོན་ཏོ། །དེ་རྫུ་འཕྲུལ་གྱི་རྐང་པ་དེ་དག་གིས་བྱིན་གྱི་བརླབས་ཀྱི་ཡེ་ཤེས་འཐོབ་སྟེ། བྱིན་གྱི་བརླབས་ཀྱི་ཡི་ཤེས་དེས་གང་བྱིན་གྱི་བརླབས་པ་དེ་དེ་བཞིན་དུ་འགྱུར་ཏེ། གལ་ཏེ་རྒྱ་མཚོ་ཆེན་པོ་ཕྱུགས་ རྗེས་ཀྱི་ཆུ་ཙམ་དུ་བྱིན་གྱིས་བརླབས་ན་དེ་ཕྱུགས་རྗེས་ཀྱི་ཆུ་ཙམ་དུ་གནས་སོ། །གལ་ཏེ་ཕྱུགས་རྗེས་རྒྱ་མཚོ་ཆེན་པོ་ཙམ་དུ་གྱུར་ཅིག་ཅེ་ན་ཡང་དེ་རྒྱ་མཚོ་ཆེན་པོ་འགྱུར་རོ། །གལ་ཏེ་སྲེག་པའི་བསྐལ་པ་ཆུའི་ཕུང་པོར་གྱུར་ཅིག་ ཅེས་བྱིན་གྱིས་བརླབས་ན་ཡང་དེ་བཞིན་དུ་ཆུའི་ཕུང་པོར་འགྱུར་རོ། །ཆུས་འཇིག་པ་ཡང་མེས་འཇིག་པར་གྱུར་ཅིག་ཅེས་བྱིན་གྱིས་བརླབས་ན་དེ་དེ་བཞིན་དུ་འགྱུར་རོ། །དེ་བཞིན་དུ་སྦྱར་ཏེ། ཐ་མ་དང་། རབ་དང་། འབྲིང་གི་ 80-1-190b ཆོས་རྣམས་ཀྱིས་གང་དང་གང་བྱིན་གྱིས་བརླབས་པའི་བྱིན་གྱི་བརླབས་དེ་དང་དེ་ཐམས་ཅད་དེ་བཞིན་དུ་འགྱུར་ཏེ། གཞན་དུ་མ་ཡིན་ནོ། །དེའི་བྱིན་གྱི་བརླབས་དེ་ནི་དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ། བརྒྱ་བྱིན་ནམ། བདུད་དམ་ ཚངས་པ་འམ། འཇིག་རྟེན་འདི་ན་གང་གིས་ཆོས་དང་འཐུན་པས་བསྐུལ་བ་འམ། བསྐྱོད་པ་འམ། མི་སྣང་བར་བྱེད་མི་ནུས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མ་གཏོགས་སོ། །དེ་བྱིན་གྱི་བརླབས་ཀྱི་ སྟོབས་བསྐྱེད་པ་དེས་དགའ་བ་དང་མཆོག་ཏུ་དགའ་བ་རྒྱ་ཆེན་པོ་སྣ་ཚོགས་ལྷུར་བྱེད་པའི་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དེའི་རྫུ་འཕྲུལ་གྱི་རྐང་པ་དེ་དག་ཀྱང་ཉམས་པ་མེད་པའོ། །བདག་ཉིད་དབང་བའོ། །བདུད་དང་ ཉོན་མོངས་པའི་ཡུལ་ལས་ཤིན་དུ་འདས་པའོ། །སངས་རྒྱས་ཀྱི་ཡུལ་ལ་འཇུག་པའོ། །སེམས་ཅན་རྣམས་ལ་མི་འཚེ་བར་སྦྱོར་བའོ། །དགེ་བའི་རྩ་བའི་ཚོགས་ཐམས་ཅད་བསགས་པའོ། །བདུད་དང་བདུད་ ཀྱི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་མི་ཕྱེད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་བྱ་བ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་ལས་ཡོངས་སུ་རྫོགས་པར་བྱེད་པའོ། །ཤ་རིའི་བུ་དེ་ལ་ བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་ནི་གང་། ཡེ་ཤེས་ནི་གང་ཞེ་ན། གང་ལྷའི་མིག་གིས་གཟུགས་རྣམས་མཐོང་བ་འདི་ནི་མངོན་པར་ཤེས་པ་ཞེས་བྱའོ། །གཟུགས་སུ་སྣང་བ་རྣམས་ལ་ཟད་པའི་ཆོས་ཉིད་ དུ་ཤེས་ཀྱང་མངོན་སུམ་དུ་མི་བྱེད་པ་འདི་ནི་ཡེ་ཤེས་ཞེས་བྱའོ། །གཞན་ཡང་ཤཱ་རིའི་བུ་གང་སྒྲར་གྲགས་པ་ཐམས་ཅད་ཐོས་པ་འདི་ནི་མངོན་པར་ཤེས་པ་ཞེས་བྱའོ། །གང་ཐོས་པའི་སྔོན་གྱི་མཐའ་བརྗོད་དུ་མེད་པ་འདི་ནི་ ཡེ་ཤེས་ཞེས་བྱའོ། །ཤ་རིའི་བུ་གཞན་ཡང་གང་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་རབ་ཏུ་ཤེས་པ་འདི་ནི་མངོན་པར་ཤེས་པ་ཞེས་བྱའོ། །གང་སེམས་འགོག་པར་ཡང་ཤེས་ལ་འགོག་པ་མངོན་སུམ་དུ་ཡང་མི་བྱེད་པ་ 80-1-191a འདི་ནི་ཡེ་ཤེས་ཞེས་བྱའོ། །ཤཱ་རིའི་བུ་གཞན་ཡང་གང་སྔོན་གྱི་མཐའ་ལ་ཆགས་པ་མེད་པར་དྲན་པ་འདི་ནི་མངོན་པར་ཤེས་པ་ཞེས་བྱའོ། །གང་དུས་གསུམ་ལ་ཆགས་པ་མེད་པའི་ཡེ་ཤེས་འདི་ནི་ཡེ་ཤེས་ཞེས་བྱའོ། ། ཤཱ་རིའི་བུ་གཞན་ཡང་གང་ཞིང་ཐམས་ཅད་དུ་འགྲོ་བ་དང་འོང་བ་འདི་ནི་མངོན་པར་ཤེས་པ་ཞེས་བྱའོ། །གང་ཞིང་ནམ་མཁའ་ལྟ་བུར་ཤེས་པ་ལ་འཇུག་པ་འདི་ནི་ཡེ་ཤེས་ཞེས་བྱའོ། །གཞན་ཡང་གང་བཙུན་པའི་ཆོས་ལ་འཇུག་པ་ འདི་ནི་མངོན་པར་ཤེས་པ་ཞེས་བྱའོ། །གང་ཆོས་མཉམ་པར་མཐོང་བ་འདི་ནི་ཡེ་ཤེས་ཞེས་བྱའོ། །གཞན་ཡང་གང་འཇིག་རྟེན་ཐམས་ཅད་ལ་ཆགས་པར་འགྱུར་བ་འདི་ནི་མངོན་པར་ཤེས་པ་ཞེས་བྱའོ། །གང་འཇིག་རྟེན་ ཐམས་ཅད་དང་མི་འདྲེ་བ་འདི་ནི་ཡེ་ཤེས་བྱའོ། །གཞན་ཡང་གང་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་ཐམས་ཅད་ཟིལ་གྱིས་གནོན་པ་འདི་ནི་མངོན་པར་ཤེས་པ་ཞེས་བྱའོ། །གང་ཉན་ཐོས་དང་རང་སངས་རྒྱས་ ཐམས་ཅད་ཀྱི་རྫུ་འཕྲུལ་ཤེས་པ་འདི་ནི་ཡེ་ཤེས་ཞེས་བྱ་སྟེ། ཤཱ་རིའི་བུ་དེ་ལྟར་མངོན་པར་ཤེས་པ་དེ་དག་དང་ཡེ་ཤེས་འདི་ནི་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་ལས་ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱའོ། །ཤཱ་རིའི་བུ་དེ་ལྟར་ ཉོན་མོངས་པའི་སེམས་གཡེང་བ་ཇི་སྙེད་པར་བྱང་ཆུབ་སེམས་དཔའི་བསམ་གཏན་གྱི་ཚོགས་དང་། སེམས་ཀྱི་བྱིན་གྱི་བརླབས་ཀྱི་ཡེ་ཤེས་ཀྱང་དེ་ཙམ་མོ། །སེམས་ཅན་ཐམས་ཅད་ཀྱི་སེམས་གཡེང་བ་ཇི་སྙེད་པ་དེ་ཙམ་ དུ་བྱང་ཆུབ་སེམས་དཔས་བསམ་གཏན་གྱི་ཡན་ལག་གི་ཚོགས་ཡང་དག་པར་བསྡུ་བར་བྱའོ། །ཤཱ་རིའི་བུ་དེ་ལྟར་བྱང་ཆུབ་ཀྱི་སེམས་ནམ་ཡང་དག་པར་བླངས་ཏེ་དེ་ལ་གནས་པ་དེ་ན་མཉམ་པར་བཞག་པ་ཞེས་བྱ་སྟེ། སེམས་ཅན་མཉམ་པ་ཉིད་ཀྱིས་མཉམ་པར་བཞག་པའོ། །སེམས་མཉམ་པ་ཉིད་ཀྱིས་མཉམ་པར་བཞག་པའོ། །བསམ་པ་མཉམ་པ་ཉིད་ཀྱིས་མཉམ་པར་བཞག་པའོ། །སྦྱོར་བ་མཉམ་པ་ཉིད་ཀྱིས་མཉམ་པར་བཞག་ 80-1-191b པའོ། །ལྷག་པའི་བསམ་པ་མཉམ་པ་ཉིད་ཀྱིས་མཉམ་པར་བཞག་པའོ། །སྦྱིན་པ་མཉམ་པ་ཉིད་ཀྱིས་མཉམ་པར་བཞག་པའོ། །ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ མཉམ་པ་ཉིད་ཀྱིས་མཉམ་པར་བཞག་པའོ། །ཆོས་ཐམས་ཅད་མཉམ་པ་ཉིད་ཀྱིས་མཉམ་པར་བཞག་པའོ། །བྱང་ཆུབ་གང་དང་མཉམ་པ་སེམས་ཅན་ཐམས་ཅད་ཀྱང་དེ་དང་མཉམ་པའོ། །སེམས་ཅན་ཐམས་ཅད་ གང་དང་མཉམ་པ་ཆོས་ཐམས་ཅད་དེ་དང་མཉམ་པ་སྟེ། གང་མཉམ་པ་དེ་ལ་སྙོམས་པར་ཞུགས་པ་དེ་ནི་སྙོམས་པར་ཞུགས་པ་ཞེས་བྱའོ། །སྟོང་པ་ཉིད་གང་དང་མཉམ་པ་ཆོས་ཐམས་ཅད་ཀྱང་དེ་དང་མཉམ་པ་སྟེ། མཉམ་པ་དེ་ལ་སྙོམས་པར་ཞུགས་པས་དེའི་ཕྱིར་སྙོམས་པར་ཞུགས་པ་ཞེས་བྱའོ། །མཚན་མ་མེད་པ་གང་དང་མཉམ་པ་དང་། སྨོན་པ་མེད་པ་གང་དང་མཉམ་པ་དང་། མངོན་པར་འདུ་མི་བྱེད་པ་གང་དང་མཉམ་པའི་ མཉམ་པ་དེ་ལ་སྙོམས་པར་ཞུགས་པས་དེའི་ཕྱིར་སྙོམས་པར་ཞུགས་པ་ཞེས་བྱའོ། །རང་གི་སེམས་མཉམ་པ་ཉིད་ཀྱིས་ཆོས་ཐམས་ཅད་མཉམ་པ་ཉིད་ལ་སྙོམས་པར་ཞུགས་པས་དེའི་ཕྱིར་སྙོམས་པར་ཞུགས་པ་ཞེས་བྱའོ། ། ཕན་འདོགས་པ་དང་། གནོད་པར་བྱེད་པ་ཐམས་ཅད་ལ་སེམས་དང་མཉམ་པ། སེམས་ཆུ་དང་མཉམ་པ། སེམས་མེ་དང་མཉམ་པ། སེམས་རླུང་དང་མཉམ་པ། སེམས་ནམ་མཁའ་དང་མཉམ་པ། མི་མཐོ་མི་དམའ་བ། གནས་པ་ ཤིན་དུ་གནས་པ། མི་གཡོ་བ་ཐོབ་པ། སྤྱོད་ལམ་ཐམས་ཅད་དང་མཉམ་པར་བཞག་པ། སྤྱོད་ལམ་མ་བཅོས་པ། རང་བཞིན་གྱིས་སྙོམས་པར་ཞུགས་པ། མི་རྒོད་པ། མི་གཡེང་བ། མི་འཕྱར་བ། མུ་ཅོར་མི་སྨྲ་བ། ཚིག་མ་འཆལ་པ། དོན་ཤེས་པ། ཆོས་ཤེས་པ། དུས་ཤེས་པ། ཚོད་ཤེས་པ། དྲོད་ཤེས་པ། འཇིག་རྟེན་ཐམས་ཅད་དང་འཐུན་པ། འཇིག་རྟེན་དང་མ་འདྲེས་པ། འཇིག་རྟེན་གྱི་ཆོས་བརྒྱད་ལས་ཡང་དག་པར་འདས་པ། 80-1-192a ཉོན་མོངས་པ་ཐམས་ཅད་དང་མ་འདྲེས་པ། འདུ་འཛི་དང་བྲལ་བ། སྤྱོད་ཡུལ་དབེན་པ་སྟེ། དེ་ལྟ་བུའི་ཆོས་ལ་གནས་པ་མཉམ་པར་བཞག་པའི་གནས་ཀྱང་མི་འདོར་ལ་འཇིག་རྟེན་གྱི་བྱ་བ་ཐམས་ཅད་དུ་ཡང་ཀུན་ཏུ་ སྣང་བ་འདི་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་དང་། ཐབས་ཀྱིས་མངོན་པར་བསྒྲུབས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟེ། གང་ལ་སྙོམས་པར་འཇུག་པ་ན་སེམས་ཅན་ལ་ལྟ་བའི་སྙིང་རྗེ་ཆེན་པོས་དམིགས་པའི་ སེམས་ཉེ་བར་འབྲེལ་པ་བྱེད་པ་འདི་ནི་དེའི་ཐབས་སོ། །ཞི་བ་དང་རབ་ཏུ་ཞི་བ་ལ་སྙོམས་པར་འཇུག་པ་འདི་ནི་དེའི་ཤེས་རབ་བོ། །གང་སྙོམས་པར་འཇུག་པ་ན་སངས་རྒྱས་ཀྱི་ཡེ་ཤེས་སྒྲུབ་པ་འདི་ནི་དེའི་ཐབས་སོ། ། གང་ཆོས་གང་ལ་ཡང་ཉེ་བར་འབྲེལ་བར་མི་བྱེད་པ་འདི་ནི་དེའི་ཤེས་རབ་བོ། །གང་སྙོམས་པར་འཇུག་པ་ན་ཆོས་ཐམས་ཅད་འཛིན་པ་ལ་ལྟོས་པ་དེ་ནི་དེའི་ཐབས་སོ། །གང་ཆོས་ཀྱི་དབྱིངས་དབྱེར་མེད་པས་བསམ་གཏན་ བྱེད་པ་འདི་ནི་དེའི་ཤེས་རབ་བོ། །གང་སྙོམས་པར་འཇུག་པ་ན་སངས་རྒྱས་ཀྱི་སྐུའི་རྒྱན་མངོན་དུ་བྱེད་པ་འདི་ནི་དེའི་ཐབས་སོ། །གང་ཆོས་ཀྱི་སྐུ་ལ་གནས་ནས་བསམ་གཏན་བྱེད་པ་འདི་ནི་དེའི་ཤེས་རབ་བོ། །གང་ སྙོམས་པར་འཇུག་པ་ན་སངས་རྒྱས་ཀྱི་གསུང་དང་། དབྱངས་དང་། སྒྲ་དང་། ཚངས་པའི་དབྱངས་ལ་སེམས་པ་འདི་ནི་དེའི་ཐབས་སོ། །གང་བརྗོད་དུ་མེད་པའི་ཆོས་ཉིད་ཀྱིས་བསམ་གཏན་བྱེད་པའི་འདི་ནི་དེའི་ཤེས་རབ་བོ། ། གང་སྙོམས་པར་འཇུག་པ་ན་སེམས་རྡོ་རྗེ་ལྟ་བུར་བྱིན་གྱིས་རློབ་པ་འདི་ནི་དེའི་ཐབས་སོ། །གང་དྲན་པ་མི་གཡེང་བས་བསམ་གཏན་བྱེད་པ་འདི་ནི་དེའི་ཤེས་རབ་བོ། །གང་སྙོམས་པར་འཇུག་པ་ན་སྔོན་གྱི་སྨོན་ལམ་ གྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་བྱིན་གྱིས་རློབ་པ་འདི་ནི་དེའི་ཐབས་སོ། །གང་སེམས་ཅན་ཐམས་ཅད་བདག་མེད་པར་བསམ་གཏན་བྱེད་པ་འདི་ནི་དེའི་ཤེས་རབ་བོ། །གང་བསམ་གཏན་བྱེད་པ་ན་དགེ་བའི་ 80-1-192b རྩ་བ་རྣམས་ལྷག་པར་དམིགས་པ་འདི་ནི་དེའི་ཐབས་སོ། །གང་རྩ་བ་མེད་པ་དང་། གནས་མེད་པར་བསམ་གཏན་བྱེད་པ་འདི་ནི་དེའི་ཤེས་རབ་བོ། །གང་སྙོམས་པར་འཇུག་པ་ན་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་མངོན་དུ་བྱེད་ པ་འདི་ནི་དེའི་ཐབས་སོ། །གང་ཞིང་ནམ་མཁའ་དང་མཉམ་པར་བསམ་གཏན་བྱེད་པ་འདི་ནི་དེའི་ཤེས་རབ་བོ། །གང་སྙོམས་པར་འཇུག་པ་ན་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་བཀོད་པ་མངོན་དུ་བྱེད་པ་འདི་ནི་དེའི་ཐབས་སོ། ། གང་ཉོན་མོངས་པ་ཉེ་བར་ཞི་བར་བསམ་གཏན་བྱེད་པ་འདི་ནི་དེའི་ཤེས་རབ་བོ། །གང་སྙོམས་པར་འཇུག་པ་ན་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ལ་དམིགས་པར་བྱེད་པ་འདི་ནི་དེའི་ཐབས་སོ། །གང་བསྐོར་བ་ཡང་མེད། ལྡོག་པ་ཡང་མེད་པར་བསམ་གཏན་བྱེད་པ་འདི་ནི་དེའི་ཤེས་རབ་བོ། །བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་ཇི་སྙེད་པ་དེ་ལ་སྙོམས་པར་འཇུག་པ་ན་བཏང་སྙོམས་སུ་བྱེད་པ་དང་། མངོན་དུ་བྱེད་པ་འདི་ནི་དེའི་ཐབས་སོ། ། ཉེ་བའི་ཉོན་མོངས་པ་ཇི་སྙེད་པ་ཡོངས་སུ་གདུང་བ་མེད་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་དང་། བསམ་གཏན་གྱི་བདེ་བ་ཆོས་ཐམས་ཅད་དང་མི་ལྡན་པ་དང་། འདུ་ཤེས་ཆགས་པ་མེད་པ་འདུ་ཤེས་ཡོངས་སུ་ཤེས་པ་ དང་། འདུ་ཤེས་ཐམས་ཅད་སེལ་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ངེས་པར་གྱུར་པ་དེ་ལ་བསམ་གཏན་དང་བསམ་གཏན་མེད་པར་བསམ་གཏན་བྱེད་པ་འདི་ནི་དེའི་ཤེས་རབ་སྟེ། །བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་དེ་ལྟ་བུར་ཞུགས་པ་རྣམས་ཀྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཟད་མི་ཤེས་པ་ཡིན་ནོ། །བདུད་ཐམས་ཅད་ཀྱིས་ཀྱང་གླགས་མི་རྙེད་དོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྣོད་དུ་ཉེ་བར་ གནས་པ་ཡིན་ནོ། །ཤཱ་རིའི་བུ་དེ་ལྟར་ན་འདི་ནི་ཐབས། འདི་ནི་ཤེས་རབ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་དང་ཤེས་རབ་ཀྱིས་མངོན་པར་བསྒྲུབས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ 80-1-193a ཞེས་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མངོན་པར་ཤེས་པ་ལས་ཉམས་པ་མེད་པར་འདུ་ཤེས་སུ་གྱུར་པའི་ལས་རྣམས་ཀྱང་བྱེད་དོ། །མངོན་པར་ཤེས་པས་ཀྱང་ རྣམ་པར་རོལ་ལ་བྱ་བ་ཐམས་ཅད་ཀྱང་ཡོངས་སུ་སྟོན་ཏོ། །མངོན་པར་ཤེས་པ་ལ་རབ་ཏུ་གནས་ལ་འཇུག་པ་ཆེན་པོ་ལ་ཡང་འཛུད་པར་བྱེད་དོ། །དེའི་མངོན་པར་ཤེས་པ་དེ་ནི་ཡེ་ཤེས་བྱེད་པའོ། །འཇིག་རྟེན་ལས་འདས་པའོ། ། ངེས་པར་འབྱེད་པའི་ཆ་དང་འཐུན་པའོ། །བྱ་བ་ཐམས་ཅད་ལ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའོ། །དེའི་མངོན་པར་ཤེས་པ་དེ་ནི་ཤེས་རབ་བྱེད་པའོ། །འཇིག་རྟེན་གྱི་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་མངོན་ སུམ་དུ་གྱུར་པའོ། །དེའི་མངོན་པར་ཤེས་པ་དེ་ནི་ཟད་པའི་རྣམ་པའོ། །ཐམས་ཅད་ཀྱི་རྗེས་སུ་འཇུག་པའོ། །ནམ་མཁའ་དང་མཚུངས་པའོ། །དེའི་མངོན་པར་ཤེས་པ་དེ་ནི་གཟུགས་དང་གཟུགས་མེད་པ་རྣམས་སུ་ གཟུགས་ཐམས་ཅད་ཀུན་སྟོན་པའོ། །དེའི་མངོན་པར་ཤེས་པ་དེ་ནི་སྔོན་གྱི་མཐའི་སྒྲ་དང་མཉམ་པ་ཉིད་ཀྱིས་སྒྲ་ཐམས་ཅད་ཀྱི་རྗེས་སུ་སོང་བའོ། །དེའི་མངོན་པར་ཤེས་པ་དེ་ནི་རང་བཞིན་དག་མངོན་སུམ་དུ་མཐོང་བས་སེམས་ ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ལ་རྣམ་པར་ལྟ་བའོ། །དེའི་མངོན་པ་ཤེས་པ་དེ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་གཅོད་པས་བསྐལ་པ་ཐམས་ཅད་རྗེས་སུ་དྲན་པའོ། །དེའི་མངོན་པར་ཤེས་པ་དེ་ནི་ རྫུ་འཕྲུལ་དང་རྣམ་པར་འཕྲུལ་པ་ཀུན་སྟོན་ཅིང་གཞན་ལ་མངོན་དུ་ཕྱོགས་པ་མངོན་པར་འདུ་མི་བྱེད་པའི་མཚན་ཉིད་དོ། །དེའི་མངོན་པར་ཤེས་པ་དེ་ནི་དུས་ལ་མི་འདའ་བས་དུས་ལ་སྡོང་བའི་ཕྱིར་ཟག་པ་ཟད་པའི་ཡེ་ཤེས་ ཀྱི་རྗེས་སུ་སོང་བའོ། །དེའི་མངོན་པར་ཤེས་པ་དེ་ནི་འཕགས་པའོ། །འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལངས་པར་འབྱེད་པའི་ཆ་དང་འཐུན་པའོ། །དེའི་མངོན་པར་ཤེས་པ་དེ་ནི་ཉན་ཐོས་དང་། རང་སངས་རྒྱས་ 80-1-193b ཐམས་ཅད་ཀྱིས་གཏིང་དཔག་དཀའ་བའོ། །དེའི་མངོན་པར་ཤེས་པ་དེ་ནི་ཟབ་མོའི་དོན་ཏོ། །བདུད་དང་ཕྱིར་རྒོལ་བ་བཅོམ་པའོ། །དེའི་མངོན་པར་ཤེས་པ་དེ་ནི་བྱང་ཆུབ་ཀྱི་སྙིང་པོ་འཛིན་པའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་ པར་རྫོགས་པར་བྱང་ཆུབ་པ་ལ་གཞོལ་བའོ། །དེའི་མངོན་པར་ཤེས་པ་དེ་ནི་ཆོས་ཀྱི་འཁོར་ལོ་སྐོར་བ་དང་འཐུན་པའོ། །དེའི་མངོན་པར་ཤེས་པ་དེ་ནི་སེམས་ཅན་ཐམས་ཅད་འདུལ་བར་བྱེད་པའོ། །དེའི་མངོན་པར་ཤེས་པ་དེ་ནི་ཆོས་ ཐམས་ཅད་ལ་དབང་བས་དབང་བསྐུར་བ་ཐོབ་པའོ། །ཤ་རིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ་མ་ཉམས་པ་ནི་ཤེས་པས་བྱས་པའི་ལས་རྣམས་བྱེད་ཀྱི་ང་རྒྱལ་གྱིས་བྱས་པ་ནི་མ་ཡིན་ནོ། །མངོན་པར་ཤེས་པ་ ཉམས་པ་དེ་སེམས་ཡོངས་སུ་དག་པ་དང་། ཡོངས་སུ་བྱང་བ་དང་། འོད་གསལ་བ་དང་། ཉོན་མོངས་པ་མེད་པ་དང་། ཉེ་བའི་ཉོན་མོངས་པ་དང་བྲལ་པ་དང་། ཤིན་དུ་དུལ་བ་དང་། ཤིན་དུ་ཞི་བ་དང་། ཤིན་དུ་སྦྱང་བ་བྱས་ པ་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པས་ཀྱང་བསམས་བཞིན་དུ་སྐྱེ་སྟེ། བཅིངས་བཞིན་དུ་སྐྱེ་བ་མ་ཡིན། བཅིངས་བཞིན་དུ་འཆི་འཕོ་མ་ཡིན། བཅིངས་བཞིན་དུ་ འབྱུང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཡང་དག་པར་མ་ཡིན་པ་ཀུན་རྟོག་པ་ལས་གྲོལ་བའོ། །དེ་ནི་ཉོན་མོངས་པའི་བཅིངས་པ་ཐམས་ཅད་ལས་གྲོལ་བའོ། །དེ་ནི་ཕྱིན་ཅི་ལོག་གི་རྩེ་མོའི་གནས་ལས་གྲོལ་བའོ། ། དེ་བས་ན་དེ་གྲོལ་བཞིན་དུ་སྐྱེ། གྲོལ་བཞིན་དུ་འཆི་འཕོ། གྲོལ་བཞིན་དུ་འབྱུང་ངོ་། །དེ་སྐྱེ་ཡང་ཐེག་པ་ཆེན་པོས་ཕོངས་པར་ཡང་མི་འགྱུར་ལ་སངས་རྒྱས་ཀྱི་ཆོས་རྣམས་ཀྱིས་ཕུན་སུམ་ཚོགས་པར་འགྱུར་རོ། སངས་རྒྱས་ ཀྱི་ཆོས་དེ་དག་ཀྱང་ཕྱོགས་བཅུ་ཀུན་དུ་བཙལ་ཀྱང་མི་རྙེད། མི་དམིགས་ལ་ཆོས་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཆོས་ཀྱི་རྗེས་སུ་འཇུག་གོ། །དེ་ལྟར་ན་རང་སངས་རྒྱས་ཀྱི་ཆོས་དང་། ཆོས་ཐམས་ཅད་ནི་ཆོས་ཀྱང་མ་ཡིན་ལ་ 80-1-194a ཆོས་མ་ཡིན་པ་ཡང་མ་ཡིན་པ་ཞེས་བྱའོ། །ཆོས་གང་ཡང་དག་པ་ཇི་ལྟ་བ་བཞིན་ཀུན་དུ་བཙལ་ཀྱང་མི་རྙེད་པ་དེ་ལ་བགྲང་བ་གང་ཡང་མེད་དེ། ཆོས་ཐམས་ཅད་ནི་བགྲང་བའི་ལམ་ལས་ཤིན་དུ་འདས་པའོ། །གང་ ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཤེས་པ་དེ་ནི་ཆོས་དང་ཆོས་མ་ཡིན་པ་ལ་མངོན་པར་ཆགས་པར་མི་བྱེད་དོ། །མངོན་པར་ཆགས་པ་མེད་པ་ནི་ཆོས་ཐམས་ཅད་ཀྱི་དོན་ཏོ། །གང་དོན་ལ་རློམ་སེམས་སུ་བྱེད་པ་དེ་ནི་དེའི་ གནོད་པ་ཆེན་པོའོ། །གང་དོན་ལ་རློམ་སེམས་སུ་མི་བྱེད་པ་དེའི་མདུན་ན་ནི་དོན་ནམ་དོན་མ་ཡིན་པ་མི་གནས་སོ། །དོན་མཐོང་བ་ལས་གང་དུ་ཡང་བློ་ཐོགས་པར་མི་འགྱུར་ཏེ། དེའི་བློ་ཐོགས་པ་མེད་དོ། །གང་བློ་ཐོགས་ པ་མེད་པ་དེ་ཡོངས་སུ་མི་འཛིན་ཏོ། །གང་ཡོངས་སུ་མི་འཛིན་པ་དེ་མི་ཆགས་སོ། །གང་མི་ཆགས་པ་དེ་གནས་མེད་དོ། །གང་གནས་མེད་པ་དེ་ཉམས་པ་མེད་དོ། །གང་ཉམས་པ་མེད་པ་དེའི་རྩོལ་བ་འབྲས་བུ་ཡོད་པའོ། ། གང་རྩོལ་བ་འབྲས་བུ་ཡོད་པ་དེ་ལ་གཏི་མུག་མེད་དོ། །གང་གཏི་མུག་མེད་པ་དེ་ལ་ངའི་བ་མེད་དོ། །གང་ལ་ངའི་བ་མེད་པ་དེ་ལ་རྩོད་པ་མེད་དོ། །གང་རྩོད་པ་མེད་པ་དེ་དགེ་སྦྱོང་གི་ཆོས་རྩོད་པ་མེད་པའོ། །གང་དགེ་སྦྱོང་གི་ཆོས་རྩོད་ པ་མེད་པ་དེ་ལག་པའི་ནམ་མཁའ་དང་མཚུངས་སོ། །གང་ལག་པའི་ནམ་མཁའ་དང་མཚུངས་པ་དེ་འདོད་པའི་ཁམས་སུ་གཏོགས་པ་མ་ཡིན། གཟུགས་ཀྱི་ཁམས་སུ་གཏོགས་པ་མ་ཡིན། གཟུགས་མེད་པའི་ཁམས་ སུ་གཏོགས་པ་མ་ཡིན་ནོ། །གང་ཐམས་ཅད་དུ་གཏོགས་པ་མ་ཡིན་པ་དེ་ལ་ཁ་དོག་མེད། མཚན་མ་མེད། དབྱིབས་མེད་དོ། །གང་ཁ་དོག་མེད། མཚན་མ་མེད། དབྱིབས་མེད་པ་དེའི་རྗེས་སུ་རྟོགས་པ་ནི་དེ་འདྲའོ། ། དེའི་རྗེས་སུ་རྟོགས་པ་ཅི་འདྲ་བར་རྟོགས་པ་ཡང་དེ་འདྲའོ། །ཅིའི་ཕྱིར་རྗེས་སུ་རྟོགས་པ་དང་། རྟོགས་པ་ཞེས་བྱ་ཞེ་ན། གང་གི་ཕྱིར་གང་རྗེས་སུ་རྟོགས་པར་བྱ་བ་དང་། རྟོགས་པར་བྱ་བའི་ཆོས་རྡུལ་ཙམ་ཡང་མི་དམིགས་ 80-1-194b པས་དེའི་ཕྱིར་རྗེས་སུ་རྟོགས་པ་དང་། རྟོགས་པ་ཞེས་བྱའོ། །དེ་ལྟར་རྗེས་སུ་རྟོགས་པ་དང་། རྟོགས་པ་ལ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་དང་ལྡན་པ་ ཞེས་བྱའོ། །བྱང་ཆུབ་སེམས་དཔའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་གང་ཞེ་ན། གང་བྱམས་པ་དང་། བདག་མེད་པ་ཉིད་དང་། སྙིང་རྗེ་དང་། སེམས་ཅན་མེད་པ་ཉིད་དང་། དགའ་བ་དང་། སྲོག་མེད་པ་ཉིད་དང་། བཏང་སྙོམས་དང་། གང་ཟག་མེད་པ་ཉིད་དང་། སྦྱིན་པ་དང་། སྦྱིན་པའི་སེམས་ཉིད་དང་། ཚུལ་ཁྲིམས་དང་། ཞི་བའི་སེམས་ཉིད་དང་། བཟོད་པ་དང་། མི་ཟད་པའི་སེམས་ཉིད་དང་། བརྩོན་འགྲུས་དང་། དབེན་པ་སེམས་ཉིད་དང་། བསམ་གཏན་དང་། ངེས་པར་རྟོགས་པའི་སེམས་ཉིད་དང་། ཤེས་རབ་དང་། སྤྲོས་པ་མེད་པའི་སེམས་ཉིད་དང་། དྲན་པ་ཉེ་བར་བཞག་པ་དང་། དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པའི་སེམས་ཉིད་དང་། ཡང་དག་པར་སྤོང་བ་དང་། སྐྱེ་བ་ མེད་ཅིང་འགག་པ་མེད་པའི་སེམས་ཉིད་དང་། རྫུ་འཕྲུལ་གྱི་རྐང་པ་དང་། སྤྲོས་པ་མེད་པའི་སེམས་ཉིད་དང་། དད་པ་དང་། ཆགས་པ་མེད་པའི་སེམས་ཉིད་དང་། དྲན་པ་དང་། རང་འབྱུང་གི་སེམས་ཉིད་དང་། ཏིང་ངེ་འཛིན་ དང་། སྙོམས་པར་ཞུགས་པའི་སེམས་ཉིད་དང་། ཤེས་རབ་དང་། དབང་པོ་མེད་པའི་སེམས་ཉིད་དང་། སྟོབས་ཉིད་དང་། ཁ་ན་མ་ཐོ་བ་མེད་པའི་སེམས་ཉིད་དང་། བྱང་ཆུབ་ཀྱི་ཡན་ལག་དང་། བྱང་ཆུབ་རབ་ཏུ་དབྱེ་བ་ དང་། ལམ་བསྒོམ་པ་དང་། བསྒོམས་པའི་སེམས་ཉིད་དང་། ཞི་གནས་དང་། ཉེ་བར་ཞི་བའི་སེམས་ཉིད་དང་། ལྷག་མཐོང་དང་། མཐོང་བ་བྲི་བ་མེད་པ་དང་། འཕགས་པའི་བདེན་པ་སྒོམ་པ་དང་། ཤིན་དུ་ཡོངས་སུ་ ཤེས་པའི་སེམས་ཉིད་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། ཐོག་མ་ནས་དག་པ་ཉིད་དང་། དམ་པའི་ཆོས་ཡོངས་སུ་འཛིན་པ་དང་། ཆོས་ཀྱི་དབྱིངས་དབྱེར་མེད་པའི་སེམས་ཉིད་དང་། མི་སྐྱེ་བ་ལ་བཟོད་ 80-1-195a པ་དང་། མི་དམིགས་པའི་སེམས་ཉིད་དང་། ཕྱིར་མི་ལྡོག་པའི་ས་དང་། ཕྱིར་མི་ལྡོག་པའི་སེམས་ཉིད་དང་། མཚན་རྙེད་པ་དང་། མཚན་མེད་པའི་སེམས་ཉིད་དང་། བྱང་ཆུབ་ཀྱི་སྙིང་པོའི་རྒྱན་དང་ ཁམས་གསུམ་གྱི་སྙིང་པོའི་སེམས་ཉིད་དང་། བདུད་ཚར་གཅོད་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་སེམས་ཉིད་དང་། བྱང་ཆུབ་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་རྗེས་སུ་རྟོགས་པའི་སེམས་ ཉིད་དང་། ཆོས་ཀྱི་འཁོར་ལོ་སྐོར་བ་དང་། ལྡོག་པ་མེད་པའི་སེམས་ཉིད་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཀུན་ཏུ་སྟོན་པའི་སེམས་ཉིད་དང་། འཁོར་བའི་རང་བཞིན་མཉམ་པའི་སེམས་ཉིད་དེ། ཤཱ་རིའི་ བུ་དེ་ལྟར་ན་རྗེས་སུ་རྟོགས་པ་དང་། རྟོགས་པའི་དོན་ལ་སྙོམས་པར་ཞུགས་པའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་འདི་དག་དང་གཞན་དག་སྟེ། དེའི་ཕྱིར་ངོ་མཚར་རྨད་དུ་བྱུང་བའི་ཆོས་དང་ལྡན་པའི་སྐྱེས་བུ་དམ་པ་དེ་དག་དེ་འདྲ་ཞེས་ བྱའོ། །ཤཱ་རིའི་བུ་དེ་ལ་བསམ་གཏན་ཞེས་བྱ་བ་ཅི་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་དེ་ལ་མ་ཆགས་པའོ། །བྱང་ཆུབ་ སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་བདག་བདེ་བ་ལ་མ་ཆགས་པའི་ཕྱིར་རོ་མྱང་བ་མེད་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་ཉོན་མོངས་པ་ཐམས་ཅད་སྤོང་བའི་ཕྱིར་སྙིང་རྗེ་ཆེན་པོ་ལ་དམིགས་པའོ། ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་འདོད་པའི་ཁམས་ལ་མི་དམིགས་པའི་ཕྱིར་ཏིང་ངེ་འཛིན་ལས་མི་ལྡོག་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་སེམས་ཅན་ཐམས་ཅད་ཀྱི་ སེམས་དང་སྤྱོད་པ་རབ་ཏུ་ཤེས་པའི་ཕྱིར་མངོན་པར་ཤེས་པ་སྤྱོད་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་སེམས་ཀྱི་དབང་ཕྱུག་ཤེས་པའི་ཕྱིར་དེ་ཁོ་ན་ལ་འགྲོ་བའོ། །བྱང་ཆུབ་སེམས་དཔའ་ 80-1-195b རྣམས་ཀྱི་བསམ་གཏན་ནི་གཟུགས་དང་། གཟུགས་མེད་པའི་ཁམས་ཐམས་ཅད་ཀྱི་ཕྱིར་སྙོམས་པར་འཇུག་པ་ཐམས་ཅད་ཤེས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ སྙོམས་པར་འཇུག་པ་ཟིལ་གྱིས་གནོན་པའི་ཕྱིར་ཞི་བ་རབ་ཏུ་ཞི་བ་ཉེ་བར་ཞི་བའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་ཤིན་དུ་མཐར་ཕྱིན་པའི་ཕྱིར་མི་བསྐྱོད་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་ གཏན་ནི་བག་ཆགས་ཀྱི་མཚམས་སྦྱོར་བ་ཡང་དག་པར་འཇོམ་པའི་ཕྱིར་གཉེན་པོའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་འཇིག་རྟེན་ཐམས་ཅད་ལས་འདས་པའི་ཕྱིར་ཤེས་རབ་ཀྱི་མཆོག་གོ། །བྱང་ཆུབ་ སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་སེམས་ཅན་ཐམས་ཅད་སྒྲོལ་བར་བྱེད་པའི་ཕྱིར་སེམས་ཅན་ལ་བསམ་པ་སྔོན་དུ་འགྲོ་བའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་དེ་བཞིན་གཤེགས་པའི་ རྫུ་འཕྲུལ་ཟད་མི་ཤེས་པ་དཀོན་མཆོག་གསུམ་གྱི་རིགས་མི་འཆད་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་རྟག་ཏུ་མཉམ་པར་བཞག་པའི་ཕྱིར་མངོན་པར་འཕགས་པའོ། །བྱང་ཆུབ་སེམས་ དཔའ་རྣམས་ཀྱི་བསམ་གཏན་ནི་ལས་ཐམས་ཅད་ཡོངས་སུ་རྫོགས་པར་དབང་བྱེད་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་ཡེ་ཤེས་ཆེ་བ་ཉིད་ཀྱི་ཕྱིར་ཁྱབ་པ་སྟེ། ཤཱ་རིའི་བུ་འདི་དག་ནི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བསམ་གཏན་ནོ། །ཤཱ་རིའི་བུ་དེ་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་གི་སྔོན་དུ་འགྲོ་ཞེ་ན། འདི་ལྟ་སྟེ། སེམས་ངེས་པར་རྟོག་པའི་སྔོན་དུ་འགྲོ་བའོ། །སེམས་རྩེ་གཅིག་ པའི་སྔོན་དུ་འགྲོ་བའོ། །སེམས་གནས་པའི་སྔོན་དུ་འགྲོ་བའོ། སེམས་ཞི་གནས་ཀྱི་སྔོན་དུ་འགྲོ་བའོ། །ཏིང་ངེ་འཛིན་གྱི་དབང་པོའི་སྔོན་དུ་འགྲོ་བའོ། །ཏིང་ངེ་འཛིན་གྱི་སྟོབས་ཀྱི་སྔོན་དུ་འགྲོ་བའོ། །ཡང་དག་པའི་ 80-1-196a ཏིང་ངེ་འཛིན་གྱི་སྔོན་དུ་འགྲོ་བའོ། །བསམ་གཏན་དང་རྣམ་པར་ཐར་པའི་སྔོན་དུ་འགྲོ་བའོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་སྔོན་དུ་འགྲོ་བའོ། །འགོག་པ་དགུ་པའི་སྔོན་དུ་འགྲོ་བའོ། ། དགེ་བའི་ཆོས་ཀྱི་སྔོན་དུ་འགྲོ་བའོ། །ཉོན་མོངས་པའི་དགྲ་གདུལ་བའི་སྔོན་དུ་འགྲོ་བའོ། །ཏིང་ངེ་འཛིན་གྱི་ཕུང་པོ་ཡོངས་སུ་རྫོགས་པའི་སྔོན་དུ་འགྲོ་བའོ། །བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་སྔོན་དུ་འགྲོ་བའོ། ། སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱི་སྔོན་དུ་འགྲོ་བའོ། །དེ་ལྟར་ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་དག་དང་ཞི་བར་བྱེད་པའི་ཆོས་གཞན་རྣམས་ཀྱི་ཡང་སྔོན་དུ་འགྲོ་བ་སྟེ། ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམས་ཀྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་རྒྱས་པར་ བསྟན་པའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །བསམ་གཏན་དང་ནི་རྣམ་ཐར་ཕ་རོལ་ཕྱིན། པད་མ་ཆུ་ཡིས་གོས་པ་མེད་པ་ལྟར། ཡིད་ནི་ཆགས་མེད་དག་པ་འཇིག་རྟེན་ན། བསྐལ་མང་རྒྱ་མཚོར་ རྟག་ཏུ་སྤྱད་པ་སྤྱོད། གང་ཏུ་ཏིང་འཛིན་ཕ་རོལ་སོང་བ་ཡི། རྣམ་པར་སྣང་མཛད་ཞི་བའི་ཏིང་འཛིན་དང་། ཟླ་འོད་ཅེས་བྱ་ཏིང་འཛིན་རྣམས་བཀོད་པ། དེ་ཉིད་གློག་གིས་རབ་ཏུ་བརྒྱན་པ་དང་། མངོན་པར་འཕགས་ དང་དེ་བཞིན་སེམས་པ་དང་། དྲི་མ་མེད་དང་སྣང་ལྡན་ཏིང་འཛིན་དང་། ཡོན་ཏན་འོད་དང་གྲུབ་འོད་མྱ་ངན་མེད། ཆོས་རྣམས་ཐམས་ཅད་ལ་ནི་དབང་སྒྱུར་དང་། ཆོས་སྒྲོན་དང་ནི་དེ་བཞིན་ཆོས་དཔའ་དང་། ཏིང་འཛིན་ཆོས་ཀྱི་དབང་ཕྱུག་རི་རབ་དཔའ། དམ་པའི་ཆོས་ཀྱི་ཡེ་ཤེས་དབང་བྱེད་དང་། དམ་ཆོས་ཀུན་འཛིན་ཤིན་ཏུ་རྣམ་དག་དང་། གཞན་གྱི་སེམས་ལ་རྣམ་དཔྱོད་ཏིང་འཛིན་དང་། དམ་ཆོས་དཀོན་མཆོག་འོད་ 80-1-196b ཟེར་ཏིང་འཛིན་དང་། རྒྱལ་མཚན་རྩེ་མོ་དཔུང་རྒྱན་ཉོན་མོངས་སེལ། བདུད་ཀྱི་སྟོབས་རྣམས་འཇོམ་པའི་ཏིང་འཛིན་དང་། སྟོབས་བཅུ་དང་ནི་སྟོབས་ལས་མངོན་འཕགས་དང་། ཀུན་བཅད་ཆགས་མེད་ཅེས་ བྱ་ཏིང་འཛིན་དང་། ལག་ན་སྒྲོན་མ་འདུག་སྦྱིན་བསྒྲགས་པ་དང་། ས་འཛིན་ལེགས་པར་གནས་པའི་ཏིང་འཛིན་དང་། རི་རབ་སྒྲོན་དང་རྒྱལ་བ་མི་འཕམ་དང་། ཡེ་ཤེས་སྒྲོན་དང་དེ་བཞིན་མི་གཙང་དང་། རྒྱལ་བ་ཐམས་ཅད་ དྲན་པའི་ཏིང་འཛིན་དང་། ཆོས་རྣམས་དང་ནི་ཡོན་ཏན་ཡེ་ཤེས་འཇུག །སྟོང་པར་འཇུག་དང་དེ་བཞིན་མཚན་མེད་དང་། སྨོན་མེད་ཏིང་འཛིན་དེ་བཞིན་ཞི་བ་ཡིས། འདུ་ཤེས་སྣ་ཚོགས་བྲལ་ཞེས་བྱ་བ་དང་། རབ་དུལ་ཀླུ་དབང་ སྟག་ཅེས་བྱ་བ་དང་། འཁྱིལ་པ་དང་ནི་རྣམ་པར་ལྡོག་པ་དང་། འཛུམ་པ་མེད་དང་སྟོབས་དང་མིག་དག་དང་། ཏིང་འཛིན་རྡོ་རྗེ་འདྲ་དང་རྡོ་རྗེ་ས། མངོན་འཕགས་མི་འཛུམས་ལྷུན་པོ་ལྟ་བུ་དང་། ཀུན་ནས་ཀློང་འཁྱིལ་རྣམ་ པར་དག་སྒྲ་དང་། ངེས་རྟོག་ཉོན་མོངས་བྲལ་བའི་ཏིང་འཛིན་དང་། ནམ་མཁའ་འདྲ་དང་ནམ་མཁའི་བར་སྐབས་དང་། ཡོན་ཏན་ཐམས་ཅད་གུས་པར་ལེན་པ་དང་། བློ་གྲོས་དྲན་རྟོགས་བློ་འཕེལ་སྤོབས་མི་ཟད། ངེས་ཚིག་བསྟན་པ་མཐའ་ཡས་མི་ཟད་དང་། ལེགས་བྱས་བྱས་པ་ཆུད་མི་ཟ་བ་དང་། ལྟ་བ་དང་ནི་འགྲོ་བ་ཚིམ་བྱེད་དང་། བྱམས་པ་མངོན་འཕགས་སྙིང་རྗེ་ཡངས་པའི་རྩ། དགའ་དང་མཆོག་ཏུ་དགའ་བ་འཇུག་ པ་དང་། བཏང་སྙོམས་དང་ནི་གཉིས་ལ་ཆགས་གྲོལ་དང་། ཆོས་དོན་ཆོས་ཀྱི་འོད་ཟེར་ཏིང་འཛིན་དང་། འཁྲུག་མེད་ཡེ་ཤེས་སྒྲོན་དང་ཡེ་ཤེས་མཚོ། རྣམ་གྲོལ་སྙིང་པོ་འགྲོ་བ་ཚིམ་བྱེད་དང་། རྡོ་རྗེ་རྒྱལ་མཚན་པད་མའི་ དམ་པ་དང་། ཆོས་ཀྱི་རྒྱལ་དང་མི་གཡོ་ཏིང་འཛིན་དང་། ཤེས་རབ་རྩིབས་དང་ཞི་བ་སངས་རྒྱས་མཚོ། འོད་ཟེར་མཐའ་ཡས་རྣམ་གྲོལ་སྦྱིན་པ་དང་། ཡེ་ཤེས་ཏིང་འཛིན་དེ་བཞིན་གཤེགས་ཀྱི་རྒྱན། བཀོད་པ་ཆེན་པོ་ 80-1-197a ཞིང་བཀོད་སྣང་བ་དང་། སེམས་ཅན་བསམ་པ་ཡོངས་རངས་དགའ་བ་དང་། །རྫོགས་པའི་བྱང་ཆུབ་ལམ་ལ་རྟག་འཐུན་དང་། །ཕ་རོལ་ཕྱིན་པ་བརྒྱན་དང་དཀོན་མཆོག་བཙུག །ཏིང་ འཛིན་བྱང་ཆུབ་ཡན་ལག་མེ་ཏོག་སྦྱིན། རྣམ་གྲོལ་སྙིང་པོ་བདུད་རྩི་སྦྱིན་པ་དང་། །རླུང་དང་རླུང་བཞིན་འགྲོ་བ་མི་དམིགས་དང་། །རྒྱ་མཚོ་ཤུགས་འཛིན་རིན་ཆེན་མཛོད་ལྡན་དང་། །བྲག་དང་རི་འཐབ་རྒྱལ་པོ་ ཞེས་བྱ་དང་། །རྫུ་འཕྲུལ་ཡངས་དང་ཤིན་དུ་དོན་འཛིན་དང་། །སངས་རྒྱས་ཡུལ་སྟོན་ཏིང་ངེ་འཛིན་དག་དང་། །དེ་དང་གཞན་ཡང་རྒྱ་ཆེན་མཐའ་ཡས་པའི། །ཞི་བའི་ཏིང་འཛིན་བྱེ་བ་ཁོང་དུ་ཆུད། །གང་དག་བསམ་ གཏན་ཕ་རོལ་ཕྱིན་སྤྱོད་པ། །བྱང་ཆུབ་སེམས་དཔའི་ཡོན་ཏན་དཔག་མེད་དེ། །མཉམ་པར་བཞག་ནས་བསམ་གཏན་སྤྱོད་ཡུལ་འགྲེང་། །མཉམ་པར་བཞག་ནས་རྒོད་པ་མེད་པར་འཆག །མཉམ་པར་བཞག་ ནས་འདུག་ཅིང་ཉལ་བར་བྱེད། །དེ་ཡི་སྦྱོང་ལམ་མཉམ་པར་མ་བཞག་མེད། །མཉམ་པར་བཞག་པས་སྒྲ་ནི་འབྱིན་བྱེད་དེ། །ཆོས་འདི་ཐམས་ཅད་ཞི་དང་རབ་ཞི་བ། །རྟོག་པ་མེད་ཅིང་རྣམ་པར་རྟོག་པ་མེད། ། བདག་མེད་སྲོག་མེད་དབང་ཕྱུག་དག་ཀྱང་མེད། །བྱང་ཆུབ་སེམས་དཔའ་མཁས་པ་སྙིང་རྗེ་ཅན། །བསམ་གཏན་ཕ་རོལ་ཕྱིན་པ་སྤྱོད་བྱེད་པ། །ཡོན་ཏན་རྒྱ་མཚོ་དེ་ཡི་ཡོན་ཏན་ནི། །འདི་དང་ གཞན་ཡང་ཕ་རོལ་མཐའ་ཡས་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་སྟེ། །བཅུ་པའོ།། །། བམ་པོ་བཅུ་བདུན་པ། །ཤཱ་རིའི་བུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ གང་ལ་བརྩོན་ན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ 80-1-197b བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་རབ་ཏུ་ཉན་པར་བྱེད། འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད། གཞན་དག་ལ་ཡང་འཆད་ཅིང་རྒྱ་ཆེར་ཡང་དག་པར་ རབ་ཏུ་སྟོན་པར་བྱེད་དེ། ཤཱ་རིའི་བུ་དེ་ལ་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཤིན་དུ་མཉན། བླངས། བཟུང་བཀླགས། གཞན་ལ་ཡང་བཤད་ཅིང་ རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ན་ཤེས་རབ་ཀྱི་རྣམ་པ་འདི་དག་འཐོབ་པར་འགྱུར་རོ། །ཤེས་རབ་དེ་ཡང་རྣམ་པ་དང་འཇུག་པ་གང་ཞེ་ན། དེ་ལ་ཤེས་རབ་ཀྱི་ཐོས་པ་ནི་རྣམ་པའོ། །ཚུལ་བཞིན་ཡིད་ལ་ བྱེད་པ་ནི་འཇུག་པའོ། །ཐོས་པ་ཡང་རྣམ་པ་གང་ཞེ་ན། འདི་ལྟ་སྟེ་འདུན་པའི་རྣམ་པ་དང་། བསམ་པའི་རྣམ་པ་དང་། སྦྱོར་བའི་རྣམ་པ་དང་། དགེ་བའི་བཤེས་གཉེན་གྱི་རྣམ་པ་དང་། ང་རྒྱལ་ མེད་པའི་རྣམ་པ་དང་། རབ་ཏུ་འདུད་པའི་རྣམ་པ་དང་། རི་མོར་བྱེད་པའི་རྣམ་པ་དང་། འཐུན་པའི་རྣམ་པ་དང་། བཀའ་བློ་བདེ་བའི་རྣམ་པ་དང་། བསྙེན་བཀུར་བྱེད་པའི་རྣམ་པ་དང་། རྣ་བླགས་ཏེ་ཉན་ པའི་རྣམ་པ་དང་། བཀུར་སྟི་བྱེད་པའི་རྣམ་པ་དང་། ཡིད་ལ་བྱེད་པའི་རྣམ་པ་དང་། མི་གཡེང་བའི་རྣམ་པ་དང་། རིན་པོ་ཆེར་འདུ་ཤེས་པའི་རྣམ་པ་དང་། སྨན་དུ་འདུ་ཤེས་པའི་རྣམ་པ་དང་། ནད་ ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་འདུ་ཤེས་ཀྱི་རྣམ་པ་དང་། དྲན་པའི་སྣོད་ཀྱི་རྣམ་པ་དང་། རྟོགས་པ་ཤེས་པའི་རྣམ་པ་དང་། བློ་གྲོས་འདོད་པའི་རྣམ་པ་དང་། བློ་ལ་འཇུག་པའི་རྣམ་པ་དང་། སངས་རྒྱས་ཀྱི་ཆོས་ཐོས་པས་མི་ངོམ་པའི་རྣམ་པ་དང་། གཏོང་པ་སྤེལ་བའི་རྣམ་པ་དང་། བྱིན་ནས་མི་སྨོད་པའི་རྣམ་པ་དང་། མང་དུ་ཐོས་པ་སྟེན་པའི་རྣམ་པ་དང་། གུས་པར་དགའ་བ་མྱོང་བར་བྱེད་པའི་རྣམ་ 80-1-198a པ་དང་། ལུས་སིམ་པའི་རྣམ་པ་དང་། སེམས་རངས་པའི་རྣམ་པ་དང་། མི་སྐྱོ་བར་ཉན་པའི་རྣམ་པ་དང་། དོན་ཉན་པའི་རྣམ་པ་དང་། ཆོས་ཉན་པའི་རྣམ་པ་དང་། ནན་ཏན་ཉན་པའི་རྣམ་པ་དང་། ཐེག་པ་གཞན་ལ་ འདོད་པ་མེད་པར་ཉན་པའི་རྣམ་པ་དང་། ཕ་རོལ་དུ་ཕྱིན་པ་ཉན་པའི་རྣམ་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཉན་པའི་རྣམ་པ་དང་། བསྡུ་བའི་དངོས་པོ་ཉན་པའི་རྣམ་པ་དང་། ཐབས་མཁས་པ་ཉན་པའི་རྣམ་པ་དང་། ཚངས་པའི་གནས་ པ་ཉན་པའི་རྣམ་པ་དང་། མངོན་པར་ཤེས་པ་ཉན་པའི་རྣམ་པ་དང་། དྲན་པ་ཉེ་བར་གཞག་པ་ཉན་པའི་རྣམ་པ་དང་། ཡང་དག་པའི་སྤོང་བ་ཉན་པའི་རྣམ་པ་དང་། རྫུ་འཕྲུལ་གྱི་རྐང་པ་ཉན་པའི་རྣམ་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཉན་པའི་ རྣམ་པ་དང་། མི་རྟག་པ་ཉན་པའི་རྣམ་པ་དང་། སྡུག་བསྔལ་ཉན་པའི་རྣམ་པ་དང་། བདག་མེད་པ་ཉན་པའི་རྣམ་པ་དང་། ཞི་བ་ཉན་པའི་རྣམ་པ་དང་། སྟོང་པ་ཉིད་ཉན་པའི་རྣམ་པ་དང་། མཚན་མ་མེད་པ་ཉན་པའི་རྣམ་པ་དང་། སྨོན་པ་ མེད་པ་ཉན་པའི་རྣམ་པ་དང་། མངོན་པར་འདུ་མི་བྱེད་པ་ཉན་པའི་རྣམ་པ་དང་། དགེ་བའི་རྩ་བ་མངོན་པར་འདུ་བྱེད་པ་ཉན་པའི་རྣམ་པ་དང་། རང་དབང་དུ་གྱུར་པའི་རྣམ་པ་དང་ཆོས་ཉན་པར་འདུ་ཤེས་པའི་རྣམ་པ་དང་། ཀུན་ཏུ་འདྲེ་བ་མི་ མཐུན་པའི་ཕྱོགས་སུ་འདུ་ཤེས་པའི་རྣམ་པ་དང་། ཉོན་མོངས་པ་ཐམས་ཅད་ཚར་གཅོད་པའི་རྣམ་པ་དང་། མཁས་པ་ལ་མངོན་པར་དགའ་བའི་རྣམ་པ་དང་། འཕགས་པ་བསྟེན་པའི་རྣམ་པ་དང་། འཕགས་པ་མ་ཡིན་པ་ཡོངས་སུ་སྤང་བའི་ རྣམ་པ་དང་། འཕགས་པ་ཉན་པའི་རྣམ་པ་དང་། དབང་པོ་ཉན་པའི་རྣམ་པ་དང་། རྗེས་སུ་དྲན་པ་བསྒོམ་པ་ཉན་པའི་རྣམ་པ་དང་། བྱང་ཆུབ་ཀྱི་ཡན་ལག་ཉན་པའི་རྣམ་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཉན་པའི་རྣམ་པ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཆེན་པོ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་རྣམས་ཉན་པའི་རྣམ་པ་སྟེ། 80-1-198b ཤཱ་རིའི་བུ་དེ་ལྟར་གང་ན་ཐོས་པ་དེ་ན་ཤེས་པའོ། །གང་ན་ཤེས་པ་དེ་ན་ནན་ཏན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ལ་མོས་པ་དེ་ནི་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ ཏན་བྱེད་དོ། །གང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ལ་བསམ་པ་ཡོད་པ་དེ་ནི་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ ལ་སྦྱོར་བ་ཡོད་པ་དེ་ནི་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་དགེ་བའི་བཤེས་གཉེན་ལ་སྟེན་པར་བྱེད་པ་དེ་ནི་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་ང་ རྒྱལ་མེད་པ་དེ་ནི་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་མང་དུ་ཐོས་པ་ལ་རབ་ཏུ་འདུད་པ་དེ་ནི་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་མང་དུ་ཐོས་པ་ལ་རི་མོར་ བྱེད་པ་དེ་ནི་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་འཐུན་པར་འཛིན་པ་དེ་ནི་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་བཀའ་བློ་བདེ་བ་དེ་ནི་ཐོས་པར་འགྱུར་རོ། ། ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་མང་དུ་ཐོས་པ་ལ་བསྙེན་བཀུར་བྱེད་པ་དེ་ནི་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་རྣ་བླགས་ཏེ་ཉན་པ་དེ་ནི་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་མང་དུ་ཐོས་པ་ལ་བཀུར་སྟི་བྱེད་པ་དེ་ནི་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་འཆད་པ་དང་། གང་མང་དུ་ཐོས་པ་ཡིད་ལ་བྱེད་པ་དེ་ནི་ཐོས་པར་འགྱུར་རོ། །ཐོས་ ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་མང་དུ་ཐོས་པ་རིན་པོ་ཆེར་འདུ་ཤེས་པ་དེ་ནི་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་མང་དུ་ཐོས་པ་ལ་རྩིར་འདུ་ཤེས་པ་དེ་ནི་ཐོས་པར་འགྱུར་རོ། ། 80-1-199a ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་མང་དུ་ཐོས་པ་ཐོས་ནས་འདོད་ཆགས་དང་། ཞེ་སྡང་དང་གཏི་མུག་རབ་ཏུ་ཞི་བར་འདུ་ཤེས་པ་དེ་ནི་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ།། ཤེས་ནས་ནན་ཏན་བྱེད་དོ། །གང་མང་དུ་ ཐོས་པ་ཐོས་ནས་འཛིན་པར་འདུ་ཤེས་པ་དེ་ནི་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་ཆོས་རྣམས་རྟོགས་པར་ཁོང་དུ་ཆུད་པ་དེ་ནི་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། གང་མང་དུ་ཐོས་པ་བློ་གྲོས་འདོད་པ་དེ་ནི་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་མང་དུ་ཐོས་པ་ཐོས་ནས་བློ་རྣམ་པར་གཡོ་བ་དེ་ནི་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ ཏན་བྱེད་དོ། །གང་ཐོས་པས་མི་ངོམས་པ་དེ་ནི་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་སྦྱིན་པའི་གཏམ་ཐོས་ནས་གཏོང་བར་རྟོག་པ་དེ་ནི་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་ བྱེད་དོ། །གང་ཚུལ་ཁྲིམས་ཀྱི་གཏམ་ཐོས་ནས་ཚུལ་ཁྲིམས་བསྲུང་བ་དེ་ནི་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་བཟོད་པའི་གཏམ་ཐོས་ནས་བཟོད་པར་བྱེད་པ་དེ་ནི་ཐོས་པར་འགྱུར་རོ། །ཐོས་ནས་རབ་ ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་བརྩོན་འགྲུས་ཀྱི་གཏམ་ཐོས་ནས་བརྩོན་འགྲུས་མ་ཉམས་པར་བྱེད་པ་དེ་ནི་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་བསམ་གཏན་གྱི་གཏམ་ཐོས་ནས་ སེམས་མི་གཡེང་བར་བྱེད་པ་དེ་ནི་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་ཤེས་རབ་ཀྱི་གཏམ་ཐོས་ནས་ཟག་པ་ཟད་པ་ལ་སེམས་གཞོལ་བར་བྱེད་པ་དེ་ནི་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་ སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་མང་དུ་ཐོས་པར་དགའ་བ་སྐྱེ་བ་དེ་ནི་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་ཆོས་ཐོས་ནས་ལུས་སིམ་པར་བྱེད་པ་དེ་ནི་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། ། 80-1-199b ཤེས་ནས་ནན་ཏན་བྱེད་དོ། །གང་ཆོས་ཐོས་ནས་རངས་པར་བྱེད་པ་དེ་ནི་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་ཐེག་པ་ཆེན་པོ་ཐོས་ནས། མོས་པར་འགྱུར་བ་དེ་ནི་ཐོས་པར་འགྱུར་རོ། ། ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་བསྡུ་བའི་དངོས་པོ་ཐོས་ནས་གང་བསྡུ་བར་སེམས་སྐྱེད་པ་དེ་ནི་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་དྲན་པ་ཉེ་བར་གཞག་པའི་ གཏམ་ཐོས་ནས་དྲན་པ་ལུས་ལ་ཞུགས་པ་དང་། དྲན་པ་ཚོར་བ་ལ་ཞུགས་པ་དང་། དྲན་པ་སེམས་ལ་ཞུགས་པ་དང་། དྲན་པ་ཆོས་ལ་ཞུགས་པ་དེ་ནི་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་ཡང་ དག་པར་སྤོང་བའི་གཏམ་ཐོས་ནས་མི་དགེ་བ་སྐྱེས་ཤིང་བྱུང་བ་དག་ལ་ཁྲེལ་ཞིང་ངོ་ཚ་བར་འགྱུར་བ་དེ་ནི་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་དགེ་བའི་ཆོས་སྐྱེས་ཤིང་བྱུང་བ་ལ་མི་གཏོང་བར་བློ་འཇུག་པ་ དེ་ནི་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་རྫུ་འཕྲུལ་གྱི་རྐང་པའི་གཏམ་ཐོས་ནས་ལུས་ཡང་བ་དང་། སེམས་ཡང་བ་དང་། འདུན་པ་ཡང་བ་སྐྱེ་བ་དེ་ནི་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། ། ཤེས་ནས་ནན་ཏན་བྱེད་དོ། །གང་བསམ་གཏན་གྱི་གཏམ་ཐོས་ནས་ངེས་པར་རྟོག་པ་ལ་སེམས་གཏོང་བ་དེ་ནི་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་ཚད་མེད་པའི་གཏམ་ཐོས་ནས་སེམས་ཅན་ཐམས་ཅད་ ལ་བྱམས་པ་དང་། ཕོངས་པར་གྱུར་པ་རྣམས་ལ་སྙིང་རྗེ་ཆེ་བ་དང་། ཆོས་ལ་དགའ་བ་དང་། མི་དགའ་བ་ལ་བཏང་སྙོམས་པ་དེ་ནི་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་དབང་པོའི་གཏམ་ཐོས་ ནས་དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་ལ་སེམས་འཇུག་པར་བྱེད་པ་དེ་ནི་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། ། 80-1-200a གང་བྱང་ཆུབ་ཀྱི་ཡན་ལག་གི་གཏམ་ཐོས་ནས་ཆོས་ཐམས་ཅད་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སེམས་འཇུག་པར་བྱེད་པ་དེ་ནི་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་ལམ་གྱི་གཏམ་ཐོས་ ནས་མྱ་ངན་ལས་འདའ་བར་འགྲོ་བ་ལ་སེམས་འཇུག་པ་དེ་ནི་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཆེན་པོ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡང་དག་པར་བསླབས་པས་སངས་རྒྱས་ཀྱི་ཆོས་ཚད་མེད་པ་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ སེམས་འཇུག་སྟེ། དེ་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །ཤཱ་རིའི་བུ་འདི་ནི་ཐོས་པའི་རྣམ་པ་འཇུག་པ་རྣམ་པ་བཞི་བཅུ་རྩ་གཅིག་ཅེས་བྱ་སྟེ། ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཤིན་ཏུ་མཉན། བླངས། བཟུང་། བཀླགས། ཀུན་ཆུབ་པར་བྱས། གཞན་ལ་ཡང་བཤད་ཅིང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ནས་ནན་ཏན་སྙིང་པོ་བྱེད་པ་ཡིན་ནོ། །ཆོས་རྣམས་ལ་ནན་ཏན་བྱེད་པ་གང་ཞེ་ན། གང་ཇི་ལྟར་བསྟན་པ་བཞིན་དུ་གནས་པ་སྟེ། དེ་ཆོས་ལ་ནན་ཏན་ བྱེད་པའོ། །གཞན་ཡང་ཆོས་ལ་ནན་ཏན་བྱེད་པ་ནི་གང་ཆོས་ཐམས་ཅད་མི་ལེན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ལེན་ན་ཡང་ལོག་པའི་ནན་ཏན་དུ་འགྱུར་ཏེ། གང་ཟག་གང་ཆོས་ལེན་པར་གནས་པ་ནི་ཆོས་དེ་ དག་ལས་འབྱུང་བར་འགྱུར་བའི་གནས་དང་སྐབས་མེད་དེ་དེ་ནི་གནས་མེད་པའོ། །གང་ཟག་མི་ལེན་པར་སྤྱོད་པ་རྣམས་ཀྱང་བསལ་བའི་ཕྱིར་ཆོས་འདི་དག་ལ་ནན་ཏན་དུ་བཞག་པ་ཐེ་ཚོམ་དུ་འགྱུར་ན་ཆོས་ལེན་པར་སྤྱོད་པ་རྣམས་ 80-1-200b ལྟ་སྨོས་ཀྱང་ཅི་དགོས་ཏེ་དེ་བས་ན་ཆོས་ཐམས་ཅད་མི་ལེན་པ་ནི་ནན་ཏན་ནོ། །གཞན་ཡང་གང་ཆོས་རྣམས་ལ་མི་སྒྲིབ་པ་དེ་ནི་ནན་ཏན་ཞེས་བྱའོ། །གང་ཆོས་རྣམས་ལ་རློམ་སེམས་མེད་པ་དང་། གང་ཆོས་རྣམས་མི་ལེན་པ་དང་། མི་ རློམ་པ་དང་། མི་སྐྱེ་བ་དང་། མི་འགོག་པ་དེ་ནི་ནན་ཏན་ཞེས་བྱའོ། །གཞན་ཡང་ཆོས་རྣམས་ལ་བསྟན་པ་མེད་པ་དང་། བསལ་བ་མེད་པ་དེ་ནི་ནན་ཏན་ཞེས་བྱའོ། །གཞན་ཡང་གང་དུ་ཅུང་ཟད་ཀྱང་མ་བཤད། ཇི་ལྟར་བཤད་པ་བཞིན་དུ་མི་སྣང་ བ་དེ་ལྟ་བུ་ནི་ཆོས་ཐམས་ཅད་མི་སྣང་བ། མི་བླང་བ། མཚན་ཉིད་གཅིག་པའོ། །མཚན་ཉིད་གང་ཞེ་ན། འདི་ལྟ་སྟེ་མཚན་ཉིད་མེད་པའོ། །མཚན་ཉིད་ཅེས་བྱ་བ་ནི་མཚན་ཉིད་མེད་པ་སྟེ། དེ་ནི་གཉིས་ག་ལས་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་བརྟག་པ་འམ། ཡང་དག་པར་བརྟག་པ་དེ་ཉིད་མཚན་ཉིད་མེད་པར་བཤད་པ་ཡིན་ནོ། །འདི་ནི་མཚན་ཉིད་དོ། །འདི་ནི་མཚན་ཉིད་མ་ཡིན་པའོ་ཞེས་འདི་ལྟ་སྟེ། ཆོས་ཐམས་ཅད་ལ་མཚན་ཉིད་མེད་པ་མི་སྣང་བ། བླང་བ་མེད་པར་རྟོགས་ པ་དེ་ནི་ནན་ཏན་ཞེས་བྱའོ། །ནན་ཏན་ལ་བརྩོན་པར་གྱིས་ཤིག །ཆོས་ཐམས་ཅད་མི་སྒྲིབ་པར་སྣང་བ་ཐོབ་པར་གྱིས་ཤིག །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །གང་ཞིག་བྱང་ཆུབ་སེམས་ དཔའི་སྡེ་སྣོད་ལ། །ཤིན་དུ་ངེས་པར་ནན་ཏན་གནས་བྱེད་པ། །མཁས་པ་དེ་ནི་ཆོས་ལ་འཛིན་མི་བྱེད། །མི་འཛིན་པས་ན་ནན་ཏན་དེ་འདྲའོ། །མིས་ནི་ཆོས་རྙེད་སྟོང་པར་མི་བྱེད་དེ། །ཆོས་ལའང་དེ་ནི་སྟོང་པར་རློམ་སེམས་ མེད། །སྟོང་པའི་ཆོས་ལ་རློམ་སེམས་གང་ཡང་མེད། །རློམ་སེམས་མེད་ཕྱིར་ནན་ཏན་དེ་འདྲའོ། ཆོས་ལ་ལེན་པ་མེད་ཅིང་འདོར་བ་མེད། །ཆོས་ནི་ཆོས་ལ་ལེན་པར་བྱེད་པ་མེད། །ལེན་པ་མེད་ཕྱིར་འདི་ནི་ཆོས་ཀྱི་མཚན། དེ་འདྲ་བ་ནི་ནན་ཏན་ཞེས་བྱའོ། །གང་ཕྱིར་ཆོས་ལ་ནམས་ཀྱང་དེ་མི་ཆགས། །དེ་ལ་དེ་ཡི་ཡེ་ཤེས་བླངས་མི་འགྱུར། །ཡེ་ཤེས་མ་བླངས་དེ་ལའང་རློམ་སེམས་མེད། །དེ་འདྲ་བ་ལ་ནན་ཏན་ཞེས་བྱའོ། ། 80-1-201a མཁས་པས་སྦྱངས་པའི་ཡོན་ཏན་གནས་པར་གྱིས། །ཆོས་འདི་དག་ལ་ཤིན་དུ་བརྩོན་པར་གྱིས། །ཆོ་ག་སྤྱོད་པ་དག་ལ་གནས་གྱུར་ན། །དེ་ཚེ་དེ་ཡི་སྒོ་ནྀ་དག་པར་འགྱུར། །སྒོ་དག་ན་ནི་ཆོས་འདི་འདྲ་ བ་ཤེས། དེ་ན་སེམས་ལ་བསམ་པའང་ཤེས་པར་འགྱུར། །མཁས་པས་དེ་ཚེ་བསམ་པ་ཤེས་ན་ནི། །འདི་འདྲ་བ་ཡི་ཆོས་ཀྱང་འཆད་པར་འགྱུར། ཟབ་མོའི་ཆོས་ལ་དོན་དམ་མཁས་གྱུར་ནས། །རྟག་ཏུ་དོན་ལ་རྣམ་ པར་གདོན་མི་ཟ། །སྤྱོད་པ་མཐའ་ཡས་ཡོན་ཏན་རྣམས་ཀྱིས་འཕགས། །མཁས་པ་མང་དུ་ཐོས་པར་རྒྱ་མཚོ་འདྲ། །དེ་ཡི་དོན་དང་ཚིག་འབྲུ་དག་ལ་ཡང་། །མཐའ་མ་རྟོགས་པར་རུང་བ་མ་ཡིན་ཞིང་། །དོན་ཀྱང་ མཐའ་ཡས་ཚིག་འབྲུ་མཐའ་ཡས་ཏེ། །ནན་ཏན་སྙིང་པོར་བྱེད་པ་མི་འཁྲུགས་འགྱུར། ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཤཱ་རིའི་བུ་གཞན་ཡང་ བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཤིན་དུ་ཉན་པ་ནས་གཞན་ལ་རྒྱ་ཆེར་བསྟན་པའི་བར་དུ་བྱས་ནས། མ་རིག་པའི་མུན་པ་ མུན་ནག་མུན་པ་རབ་རིབ་སྟུག་པོ་བསལ་བའི་ཕྱིར་ཆོས་ཐམས་ཅད་ལ་སྣང་བ་ཐོབ་སྟེ། །ཤེས་རབ་ཀྱི་སྣང་བའོ། །དེ་སྣང་བ་དེ་ཐོབ་པས་དགེ་བ་དང་། མི་དགེ་བའི་ཆོས་རྣམས་རབ་ཏུ་ཤེས་ཏེ། །དེ་སྲོག་ གི་ཕྱིར་ཡང་མི་དགེ་བའི་ཆོས་ལ་མི་གནས་ཏེ། དེ་མི་དགེ་བའི་ཆོས་རྣམས་སྤང་བའི་ཕྱིར་ཇི་ལྟར་ཐོས་པའི་ཆོས་རྣམས་རྟོགས་པས་ན་དགེ་བ་ཐུབ་པ་ཞི་བ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཇི་ལྟར་མུན་པས་ཁྱབ་བསྒྲིབས་པ། །ཁྱིམ་དུ་ཞུགས་པར་གྱུར་ན་ནི། །ཡོད་པར་གྱུར་པའི་གཟུགས་རྣམས་ཀྱང་། །མིག་གིས་མཐོང་བར་མི་འགྱུར་རོ། །དེ་བཞིན་ 80-1-201b དུ་ནི་འདི་ལ་ཡང་། །ལ་ལའི་མི་དག་སྐྱེས་གྱུར་ཀྱང་། །དགེ་བ་དང་ནི་སྡིག་པའི་ཆོས། །མ་ཐོས་པར་ནི་ཤེས་མི་འགྱུར། །ཐོས་ནས་ཆོས་རྣམས་རྣམ་པར་ཤེས། །ཐོས་ནས་སྡིག་པ་སྟེན་མི་བྱེད། ། ཐོས་ནས་གནོད་པ་སྤོང་བར་བྱེད། །ཐོས་ནས་མྱ་ངན་འདས་པ་འཐོབ། །ཐོས་པར་འདོད་པས་ཐོས་པ་འཕེལ། །ཐོས་པས་ཤེས་རབ་འཕེལ་བར་འགྱུར། །ཤེས་རབ་ཀྱི་ནི་དོན་རྣམས་སྦྱོང་། དོན་ ཐོབ་ནས་ནི་བདེ་འཐོབ་འགྱུར། །དོན་འཐོབ་དེ་ནི་ཡིད་རྣོ་སྟེ། །ཚེ་འདི་ལ་ནི་མྱ་ངན་འདས། །ཆོས་ལ་སྦྱོར་ཞིང་གཙང་ལ་མཁས། །ཤིན་དུ་བདེ་བ་འཐོབ་པར་འགྱུར། བྱང་ཆུབ་སེམས་དཔའི་སྡེ་སྣོད་ནི། ཐོས་ནས་ཆོས་ཉིད་གནས་པར་འགྱུར། །འཇིག་རྟེན་ལ་ནི་སྣང་གྱུར་ནས། །བྱང་ཆུབ་ཀྱི་ནི་སྤྱད་པ་སྤྱོད། ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཤཱ་རིའི་ བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་འཛིན་པའི་གང་ཟག་ལ་དགེ་བའི་བཤེས་གཉེན་དུ་འདུ་ཤེས་བསྐྱེད་ནས་བྱང་ཆུབ་སེམས་དཔའི་ སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ཉིད་ལ་ཤིན་དུ་བྱང་བར་བྱེད། རྣམ་པར་དག་པར་བྱེད་དེ་བྱང་ཆུབ་སེམས་དཔའི་སྡེ་སྣོད་འདིའི་དོན་གྱི་ཕྱིར་འདུན་པ་སྐྱེད། འབད་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད། སེམས་ལ་རབ་ཏུ་འཛིན་པར་བྱེད། ཡང་དག་པར་རབ་ཏུ་འཇོག་པར་བྱེད་དེ། དེ་ཡང་དག་པར་སྤོང་བ་བཞི་ལ་རབ་ཏུ་ཞུགས་པས་ཆོས་ཐམས་ཅད་སྒྲིབ་པ་མེད་པ་འཐོབ་བོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཆོས་སྨྲ་བ་ནི་གང་ཡིན་པ། །དེ་ལ་དགེ་བའི་བཤེས་སུ་སེམས། །རྟག་པར་ནན་ཏན་གནས་གྱུར་ནས། །ཆོས་ལ་ནན་ཏན་བྱས་ཏེ་ཉན། །རྟག་པར་འདུན་པ་བྲི་མི་བྱེད། 80-1-202a རྟག་པར་བརྩོན་འགྲུས་ཤིན་དུ་འཕགས། །རྟག་པར་ཤེས་རབ་རྣམ་པར་སྦྱོང་། །ཡེ་ཤེས་ལ་ནི་རྟག་ཏུ་གནས། །དེ་ནི་བདག་ཉིད་ཆོས་ཤེས་ཏེ། །དད་པའི་ཕྱིར་ནི་འགྲོ་མི་བྱེད། ། སངས་རྒྱས་ཀྱིས་ནི་གང་བཤད་པ། །མི་གཡོ་བ་ཡི་ཆོས་ཤེས་སོ། །མཁས་པ་དེ་དག་ཚིག་རྣམས་འབྱེད་ལ་མཁས། །བསླབས་པས་དོན་ལ་ཁོང་དུ་ཆུད་པར་བྱེད། །དེ་དག་དཀར་པོའི་ཕྱོགས་ནི་རྟག་པར་ སྦྱོང་། །ནག་པོའི་ཕྱོགས་ནི་རྟག་ཏུ་སྤོང་བར་བྱེད། །དེ་ཡི་སེམས་ལ་ནམས་ཀྱང་ཉམས་པ་མེད། །དེ་ནི་ཆོས་རྣམས་གང་ལའང་ཞུམ་པ་མེད། །ལུས་ཡང་དེ་བཞིན་སེམས་དང་བརྩོན་འགྲུས་དང་། །འདུན་པ་ ཡང་བའང་མྱུར་དུ་ཐོབ་པར་འགྱུར། །ཆོས་ཐོས་ནས་ནི་ཤེས་རབ་འཕེལ་བར་འགྱུར། །ཡེ་ཤེས་རྣམ་པར་རྟོགས་ནས་དྲན་མི་ཉམས། །དྲན་དང་ཡེ་ཤེས་ལ་ནི་རྟག་གནས་ནས། །དགེ་དང་མི་དགེའི་ཆོས་ ནི་རབ་ཏུ་ཤེས། །བླ་ན་མེད་པའི་ཆོས་རྣམས་བསླབས་ནས་ནི། །རྟོགས་དང་དྲན་པ་ཤེས་རབ་སྟོབས་མཆོག་ཐོབ། །ཇི་ལྟར་བདག་ཉིད་ཡུན་རིངས་བསླབས་པ་བཞིན། །དེས་ནི་སེམས་ཅན་རྣམས་ཀྱི་བསམ་པ་ ཤེས། །ཆོས་བསླབས་ནས་ནི་ཁྱད་པར་འཐོབ་འགྱུར་ཏེ། །ཁྱད་པར་ཐོབ་ཅིང་ཡེ་ཤེས་དག་གྱུར་ནས། །དེ་ནི་སེམས་ཅན་རྣམས་ཀྱི་བསམ་པ་ཤེས། །དེ་ཕྱིར་བསམ་པ་བཞིན་དུ་ཆོས་སྟོན་ཏོ། །ཤཱ་རིའི་བུ་དེ་ ལྟར་ན། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ལྟར་བློ་སྦྱངས་པ་དང་། དེ་ལྟར་ཆོས་སྣང་ བའི་སྒོ་ཤིན་དུ་ཡོངས་སུ་དག་པས་འདི་ལྟར་སློབ་སྟེ། འཕགས་པའི་ཡང་དག་པར་ལྟ་བ་འབྱུང་བ་ནི་རྒྱུ་གཉིས་དང་རྐྱེན་གཉིས་ཏེ། གཉིས་གང་ཞེ་ན། གཞན་གྱི་སྒྲ་དང་བདག་ཉིད་ཚུལ་བཞིན་ཡིད་ལ་བྱེད་པའོ། །དེ་འདི་སྙམ་ 80-1-202b དུ་སེམས་ཏེ། གཞན་སྒྲ་དེ་གང་། བདག་ཉིད་ཚུལ་བཞིན་ཡིད་ལ་བྱེད་པ་དེ་གང་ཞེ་ན། དེ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་པ་ན་འདི་སྙམ་དུ་སེམས་པར་འགྱུར་ཏེ། རྣལ་འབྱོར་སྤྱོད་པ་གང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ ཀྱི་ཆོས་ཀྱི་རྣམ་གྲངས་འདི་མ་ཐོས། །འཕགས་པའི་ཆོས་འདུལ་བ་མ་ཐོས་པར་ཏིང་ངེ་འཛིན་ཙམ་གྱིས་དགའ་བ་རྙེད་ནས་ང་རྒྱལ་གྱི་དབང་གིས་ཆེ་བའི་ང་རྒྱལ་དུ་ལྷུང་བ་དེ་དག་ནི་སྐྱེ་བ་དང་། །རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མྱི་ཐར། སྡུག་བསྔལ་གྱི་ཕུང་པོ་ལས་ཡོངས་སུ་མི་ཐར་ཏེ། དེ་དག་ལ་དེ་བཞིན་ གཤེགས་པས་དགོངས་ནས་འདི་སྐད་གསུངས་སོ། །ཕ་རོལ་ལ་རྗེས་སུ་འཐུན་པ་ཐོས་པ་ནི་རྒ་བ་དང་འཆི་བ་ལས་རྣམ་པར་གྲོལ་པའོ། །ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། ཆོས་རྣམས་ཐོས་ནས་རྣམ་པར་ ཤེས། །ཐོས་ནས་སྡིག་པ་མི་བྱེད་དེ། །ཐོས་ནས་གནོད་པ་སྤོང་བར་འགྱུར། །ཐོས་ནས་མྱ་ངན་འདས་པ་འཐོབ། །ཐོས་འདོད་ཐོས་པ་འཕེལ་བར་འགྱུར། །ཐོས་པས་ཤེས་རབ་འཕེལ་བར་འགྱུར། །ཤེས་ རབ་ཀྱིས་ནི་དོན་རྣམས་སྤྱོད། །དོན་རྙེད་ནས་ནི་བདེ་འཐོབ་འགྱུར། །དོན་རྙེད་དེ་ནི་ཡིད་རྣོ་སྟེ། །ཚེ་འདི་ལ་ནི་མྱ་ངན་འདས། །ཆོས་གཙང་མཁས་པ་གཙང་མ་དང་། །མཆོག་ཏུ་བདེ་བར་ཐོབ་པར་འགྱུར། ཤཱ་རིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འཕགས་པའི་ཆོས་འདུལ་བ་ཤིན་དུ་མཉན་པར་བྱ། བླང་བར་བྱ། གཟུང་བར་བྱ། བཀླག་པར་བྱ། ཀུན་ ཆུབ་པར་བྱ། གཞན་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །ཤཱ་རིའི་བུ་གང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་མི་ཉན་པ་དང་། ཚུལ་བཞིན་དུ་སྦྱོར་བར་མི་བྱེད་པ་ 80-1-203a དེ་དག་ནི་འཕགས་པའི་ལམ་ལས་ཡོངས་སུ་ཉམས་པར་འགྱུར་ཏེ། དེ་ལ་དགོངས་ནས་དེ་བཞིན་གཤེགས་པ་འདི་སྐད་དུ་བདག་ཉིད་ཚུལ་བཞིན་ཡིད་ལ་བྱེད་པ་ནི་རྒ་བ་དང་། ན་བ་དང་འཆི་བ་ལས་ གྲོལ་བའོ་ཞེས་གསུང་ངོ་། །དེ་འདི་ལྟར་སློབ་སྟེ་བྱང་ཆུབ་སེམས་དཔའི་ཚུལ་བཞིན་སྦྱོར་བ་ནི་གང་། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཚུལ་བཞིན་སྦྱོར་བ་ཡིན་སྙམ་ནས་དེ་འདི་ལྟར་སློབ་སྟེ། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ནི་ཆོས་གང་ལ་ཡང་སྦྱོར་བར་མི་བྱེད་རབ་ཏུ་སྦྱོར་བར་མི་བྱེད་དོ། །ཚུལ་བཞིན་དུ་སྦྱོར་བ་ཞེས་བྱ་བ་དེ་ནི་མི་སྦྱོར་བའི་ཚིག་བླ་དགས་སོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ཚུལ་བཞིན་དུ་ སྦྱོར་བ་ནི་སྒྲ་འབྱིན་པར་མི་བྱེད། ཟློས་པ་འབྱིན་པར་མི་བྱེད། གང་ནས་སྒྲ་འབྱུང་བ་དེ་ཡང་མི་དམིགས། སྒྲ་དེ་ཉིད་གང་ནས་བྱུང་། གང་དུ་འགགས་ཅེས་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་ལ་རྟོག་པར་བྱེད་དེ། གང་སྨྲས་ པ་དང་། གང་སྨྲ་བ་དང་། གང་སྨྲ་བར་འགྱུར་བ་དང་། གང་གིས་སྨྲས་པ་དང་། གང་གིས་སྨྲ་བ་དང་། གང་གིས་སྨྲ་བར་འགྱུར་བ་དང་། གང་སྤོང་བའི་ཕྱིར་སྨྲས་པ་དང་། གང་སྤོང་བའི་ཕྱིར་སྨྲ་བ་དང་། གང་སྤོང་བའི་ཕྱིར་སྨྲ་བར་འགྱུར་ བ་དང་། གང་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྨྲས་པ་དང་། གང་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྨྲ་བ་དང་། གང་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྨྲ་བར་འགྱུར་བ་དེ་ཐམས་ཅད་ཡོངས་སུ་བཙལ་ན་འདས་པའི་རྣམ་པ་དང་། མ་འོངས་པའི་རྣམ་པ་དང་། ད་ལྟར་བྱུང་བའི་རྣམ་པར་མི་དམིགས་པ་དེ་ནི་དེའི་ཚུལ་བཞིན་སྦྱོར་བའོ་ཞེས་དེ་དེ་ལྟར་སློབ་བོ། །བྱང་ཆུབ་སེམས་དཔའ་དེ་ལྟར་ཚུལ་བཞིན་དུ་སྦྱོར་བས་ཇི་ལྟར་ན་ཚུལ་བཞིན་དུ་མཐོང་ཞེ་ན། དེ་འདི་ ལྟར་སློབ་སྟེ་གང་གི་ཚེ་ན་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་རང་བཞིན་གྱིས་འགགས་པར་མཐོང་བ་དེའི་ཚེ་ཚུལ་བཞིན་མཐོང་ངོ་། །གང་གི་ཚེ་ཆོས་ཐམས་ཅད་རང་བཞིན་གྱིས་ཉེ་བར་ཞི་བར་མཐོང་བ་དེའི་ཚེ་ཚུལ་བཞིན་ 80-1-203b མཐོང་ངོ་། །གང་གི་ཚེ་ཆོས་ཐམས་ཅད་རྣམ་པར་ཞི་བར་མཐོང་བ་དེའི་ཚེ་ཚུལ་བཞིན་མཐོང་ངོ་། །གང་གི་ཚེ་ཆོས་ཐམས་ཅད་རང་བཞིན་གྱིས་སྙོམས་པར་མ་ཞུགས་པར་མཐོང་བ་དེའི་ཚེ་ཚུལ་བཞིན་མཐོང་ངོ་། །གང་ གི་ཚེ་ཆོས་ཐམས་ཅད་མ་སྐྱེས་པར་མཐོང་བ་དེའི་ཚེ་ཚུལ་བཞིན་མཐོང་ངོ་། །གང་གི་ཚེ་ཆོས་ཐམས་ཅད་མ་བྱུང་བར་མཐོང་བ་དེའི་ཚེ་ཚུལ་བཞིན་མཐོང་ངོ་། །གང་གི་ཚེ་ཆོས་ཐམས་ཅད་ཤིན་དུ་ཡང་དག་པར་མ་བྱུང་བར་མཐོང་ བ་དེའི་ཚེ་ཚུལ་བཞིན་མཐོང་ངོ་། །གང་གི་ཚེ་ཆོས་ཐམས་ཅད་མྱ་ངན་ལས་འདས་པར་མཐོང་བ་དེའི་ཚེ་ཚུལ་བཞིན་མཐོང་ངོ་། །དེ་གང་གིས་མཐོང་བ་དེ་ལ་ཡང་རྟོག་སྟེ། ཅི་ནས་ཀྱང་མི་མཐོང་བ་དང་། མི་རྟོག་པ་དེ་ལྟར་མཐོང་སྟེ། དེ་ལྟར་མཐོང་ན་ཚུལ་བཞིན་མཐོང་བ་ཞེས་བྱའོ། །ཡང་འདི་ལྟར་སློབ་སྟེ་བྱང་ཆུབ་སེམས་དཔའ་ཚུལ་བཞིན་དུ་སྦྱོར་བ་ནི་ཆོས་གང་ལ་ཡང་ཐེ་ཚོམ་དང་རྨོངས་པ་མེད་དོ། །ཚུལ་བཞིན་དུ་སྦྱོར་བ་ནི་ཆོས་གང་ལ་ ཡང་སྒྲིབ་པ་མེད་དེ། །ཚུལ་བཞིན་དུ་སྦྱོར་བ་ནི་ཆོས་གང་ལ་ཡང་གང་ཐར་པའི་སྒོར་མི་འགྱུར་བ་མེད་དོ། །ཚུལ་བཞིན་དུ་སྦྱོར་བ་ནི་ཆོས་གང་ཡང་སྤང་བར་བྱ་བའི་ཕྱིར་འབད་པ་མེད་དོ། །ཚུལ་བཞིན་དུ་སྦྱོར་བ་ནི་ཆོས་ གང་ལ་ཡང་རྟོགས་པར་བྱ་བའི་ཕྱིར་འབད་པར་མེད་དེ། གང་ཆོས་ཐམས་ཅད་ཡང་དག་པར་མཐོང་བ་དང་། ཇི་ལྟ་བ་བཞིན་དུ་མཐོང་བ་དེ་ནི་ཡང་དག་པར་ལྟ་བའོ། །ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་མཐོང་བ་གང་ཞེ་ན། འདི་ལྟ་སྟེ་མ་མཐོང་བའོ། །མ་མཐོང་བ་ཞེས་བྱ་བ་དེ་ནི་མ་སྐྱེས་པའི་ཚིག་བླ་དགས་སོ། །མ་སྐྱེས་པ་ཞེས་བྱ་བ་དེ་ནི་ཡང་དག་པར་མ་བྱུང་བའི་ཚིག་བླ་དགས་སོ། །ཡང་དག་པར་མ་བྱུང་བ་ཞེས་བྱ་བ་གང་ཞེ་ན། དེ་ནི་མི་སྣང་བའི་ ཚིག་བླ་དགས་ཏེ། དེ་བཞིན་གཤེགས་པ་དེ་ལ་དགོངས་ནས་འདུ་བྱེད་ཐམས་ཅད་མི་སྐྱེ་བར་མཐོང་ན་ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་སྟེ། འདི་ལྟ་སྟེ་ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་པ་དེ་ནི་ཡང་དག་པར་ལྟ་བའོ། ། 80-1-204a ཞེས་དེ་སྐད་གསུང་ངོ་། །དེ་འདི་སྙམ་དུ་སེམས་ཏེ་ཅིའི་ཕྱིར་ན་ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་པ་ཞེས་བྱ་ཞེས་དེ་འདི་ལྟར་སློབ་སྟེ། ཆོས་ཐམས་ཅད་གང་དང་མཉམ་པ་སངས་རྒྱས་ཀྱི་ཆོས་དེ་དང་མཉམ་སྟེ། དེ་བས་ན་ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་པའོ། །དེ་ལྟ་བས་ན་ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་འདོད་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་སྡེ་སྣོད་རྣམ་གྲངས་འདི་ཉིད་ཤིན་དུ་མཉན་པར་བྱ། བླང་ བར་བྱ། བཟུང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ཉིད་ལ་ཡང་ཚུལ་བཞིན་དུ་སྦྱར་བ་བྱ་སྟེ། །ཤཱ་རིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་ ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་དེ་ལྟར་བློ་ཤིན་དུ་ཡོངས་སུ་སྦྱངས་པ་དང་། དེ་ལྟར་ཆོས་སྣང་བའི་སྒོ་ཤིན་དུ་ཡོངས་ སུ་དག་པས་ཚུལ་བཞིན་དུ་འཇུག་པ་ལ་བརྩོན་ན་ཚུལ་བཞིན་གྱི་ཚིག་མཐོང་ངོ་། །དེ་ལ་ཚུལ་བཞིན་དུ་འཇུག་པ་གང་། ཚུལ་བཞིན་གྱི་ཚིག་གང་ཞེ་ན། དེ་ལྟར་ན་བྱང་ཆུབ་སེམས་དཔའི་ཚུལ་བཞིན་དུ་འཇུག་པ་ནི་ འདི་ལྟ་སྟེ། ཞི་གནས་ཀྱི་གནས་ལ་འཇུག་པ་དང་། ལྷག་མཐོང་རྣམ་པར་རྟོག་པ་ལ་འཇུག་པ་ནི་ཚུལ་བཞིན་དུ་འཇུག་པའོ། །ལུས་དབེན་པར་འཇུག་པ་དང་། སེམས་ཡིད་དུ་འོང་བར་འཇུག་པ་དང་། ཆད་པ་མ་ཡིན་ པར་འཇུག་པ་དང་། རྟག་པ་མ་ཡིན་པར་འཇུག་པ་དང་། རྒྱུ་དང་རྐྱེན་ལ་འཇུག་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པ་ལ་ འཇུག་པ་དང་། མ་འོངས་མ་ཕྱིན་མི་གནས་པ་ལ་འཇུག་པ་དང་། མི་འཕོ་བ་དང་། རྒྱུ་དང་འབྲས་བུ་ཆུད་མི་ཟ་བ་དང་། རྒྱུ་སྟོང་པ་ཉིད་དུ་རྣམ་པར་འབྱེད་པ་ལ་འཇུག་པ་དང་། མཚན་མ་མེད་པར་འདྲིས་པར་ 80-1-204b བྱ་བ་ལ་འཇུག་པ་དང་། སྨོན་པ་མེད་པར་རབ་ཏུ་ཤེས་པ་ལ་འཇུག་ཀྱང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལེན་པར་འཇུག་པ་མ་ཡིན་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་ འཇུག་པ་ལེན་པ་ལ་འཇུག་ཀྱང་ཏིང་ངེ་འཛིན་གྱི་དབང་གིས་སྐྱེ་བ་ལ་མི་འཇུག་པ་དང་། མངོན་པར་ཤེས་པའི་ཡེ་ཤེས་ལེན་པ་ལ་འཇུག་ཀྱང་ཟག་པ་ཟད་པ་ལ་མི་འཇུག་པ་དང་། མི་སྐྱེ་བར་རྟོག་པ་ལ་ འཇུག་ཀྱང་ངེས་པར་གྱུར་པར་འགྲོ་བ་ལ་མི་འཇུག་པ་དང་། སེམས་ཅན་ཐམས་ཅད་བདག་མེད་པར་རྟོགས་པར་འཇུག་ཀྱང་སྙིང་རྗེ་ཆེན་པོ་གཏོང་བ་ལ་མི་འཇུག་པ་དང་། སྐྱེ་བ་ཐམས་ཅད་འཇིག་ པར་མཐོང་བ་ལ་འཇུག་ཀྱང་སྲིད་པ་བསམ་གྱིས་མི་ཁྱབ་པ་ལེན་པ་ལ་འཇུག་པ་དང་། མྱ་ངན་ལས་འདའ་བར་འདོད་པ་ལ་འཇུག་ཀྱང་ཆོས་མངོན་དུ་བྱ་བ་ལ་མི་འཇུག་པ་དང་། འདོད་པའི་ཡོན་ཏན་གྱི་དགའ་བ་དང་ བཏང་སྙོམས་པ་ལ་འཇུག་ཀྱང་ཆོས་ཀྱི་དགའ་བ་འདོར་བ་ལ་མི་འཇུག་པ་དང་། རྟོག་པ་སྤྲོས་པ་ཐམས་ཅད་གཏོང་བ་ལ་འཇུག་ཀྱང་ཐབས་མཁས་པ་གཏོང་བ་ལ་མི་འཇུག་པ་སྟེ། ཤཱ་རིའི་བུ་དེ་ནི་ཚུལ་བཞིན་དུ་ འཇུག་པ་ཞེས་བྱའོ། །ཤཱ་རིའི་བུ་ཚུལ་བཞིན་གྱི་ཚིག་ཅེས་བྱ་བ་གང་ཞེ་ན། རིགས་པའི་ཚིག་དེ་ནི་ཚུལ་བཞིན་གྱི་ཚིག་གོ། །ཤཱ་རིའི་བུ་གཞན་ཡང་ཚུལ་བཞིན་གྱི་ཚིག་དེ་ནི་ཚུལ་གྱི་ཚིག་གོ། དེ་ནི་སྒོའི་ཚིག་གོ། དེ་ནི་ཁའི་ཚིག་གོ། །དེ་ནི་རྒྱུའི་ཚིག་གོ། །དེ་ནི་རབ་ཏུ་རྣམ་པར་འབྱེད་པའི་ཚིག་གོ། །དེ་ནི་མི་འགལ་བའི་ཚིག་གོ། །དེ་ནི་མི་བརྩོད་པའི་ཚིག་གོ། །དེ་ནི་བཏང་སྙོམས་ཀྱི་ཚིག་གོ། །མི་ལེན་པའི་ཚིག་གོ། །མི་འདོར་བའི་ ཚིག་དང་། མ་སྤྲོས་པའི་ཚིག་དང་། མི་བསྣན་པའི་ཚིག་དང་། མ་བྲི་བའི་ཚིག་དང་། མི་སྐྱེ་བའི་ཚིག་དང་། རྩོད་པའི་གཞི་མེད་པའི་ཚིག་དང་། མི་ལྡོག་པའི་ཚིག་དང་། གཉེན་པོ་མེད་པའི་ཚིག་དང་། དེ་ཁོ་ནའི་ཚིག་དང་། 80-1-205a དེ་བཞིན་ཁོ་ནའི་ཚིག་དང་། མ་ལོག་པ་དེ་བཞིན་ཉིད་ཀྱི་ཚིག་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་ཀྱི་ཚིག་དང་། དེ་བཞིན་ཉིད་ཀྱི་ཚིག་དང་། ཇི་ལྟ་བ་བཞིན་གྱི་ཚིག་དང་། དུས་གསུམ་མཉམ་པ་ཉིད་ ཀྱི་ཚིག་དང་། ཡོངས་སུ་ཆད་པའི་ཚིག་དང་། གཟུགས་རྣམ་པར་ཤེས་པའི་གནས་མེད་པའི་ཚིག་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་གནས་མེད་པའི་ཚིག་གོ། །དེ་ནི་མིག་ དང་། གཟུགས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་གནས་མེད་པའི་ཚིག་གོ། །དེ་ནི་རྣ་བ་དང་། སྒྲ་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་གནས་མེད་པའི་ཚིག་གོ། དེ་ནི་སྣ་དང་དྲི་དང་། སྣའི་རྣམ་པར་ཤེས་པའི་ཁམས་གནས་ མེད་པའི་ཚིག་གོ། །དེ་ནི་ལྕེ་དང་། རོ་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་གནས་མེད་པའི་ཚིག་གོ། དེ་ནི་ལུས་དང་། རེག་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་མེད་པའི་ཚིག་གོ། དེ་ནི་ཡིད་དང་། ཆོས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་གནས་མེད་པའི་ཚིག་གོ། །དེ་ནི་དོན་ལ་རྟོན་པའི་ཚིག་གོ། །དེ་ནི་ཆོས་ལ་རྟོན་པའི་ཚིག་གོ། །དེ་ནི་ཡེ་ཤེས་ལ་རྟོན་པའི་ཚིག་གོ། །དེ་ནི་ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་པའི་ ཚིག་སྟེ། ཤཱ་རིའི་བུ་དེ་ནི་ཚུལ་བཞིན་གྱི་ཚིག་གོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཚུལ་བཞིན་དུ་འཇུག་པ་ལ་བརྩོན་པ། ཚུལ་བཞིན་གྱི་ཚིག་མཐོང་བ་དེ་ནི་གང་གིས་མཐོང་བ་དེ་ཉིད་མི་མཐོང་སྟེ། ཇི་ལྟར་མི་ མཐོང་རྣམ་པར་མི་མཐོང་བ་དེ་ལྟར་མཐོང་ངོ་། །དེ་ལྟར་མཐོང་ན་ཚུལ་བཞིན་མཐོང་བ་ཞེས་བྱའོ། །ཤཱ་རིའི་བུ་ཡང་བྱང་ཆུབ་སེམས་དཔའ་ཚུལ་བཞིན་དུ་སྦྱོར་བ་ནི་ཆོས་གང་ལ་ཡང་རྨོངས་པར་མི་འགྱུར་རོ། །བྱང་ཆུབ་ སེམས་དཔའ་ཚུལ་བཞིན་དུ་སྦྱོར་བ་ལ་ཆོས་གང་ཡང་གང་ཐར་པའི་སྒོར་མི་འགྱུར་བ་མེད་དོ། །ཚུལ་བཞིན་དུ་སྦྱོར་བ་ནི་ཆོས་གང་ཡང་སྤོང་བའི་ཕྱིར་འབད་པ་མེད་དོ། །ཚུལ་བཞིན་དུ་སྦྱོར་བ་ནི་ཆོས་ 80-1-205b གང་ཡང་རྟོགས་པར་བྱ་བའི་ཕྱིར་འབད་པ་མེད་དེ། གང་ཆོས་ཐམས་ཅད་ཡང་དག་པར་མཐོང་བ་དང་། ཇི་ལྟ་བ་བཞིན་མཐོང་བ་དེ་ནི་ཡང་དག་པར་ལྟ་བའོ། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་མཐོང་བ་ གང་ཞེ་ན། འདི་ལྟ་སྟེ་མི་མཐོང་བའོ། །མི་མཐོང་བ་གང་ཞེ་ན། དེ་ནི་མ་སྐྱེས་པའི་ཚིག་བླ་དགས་སོ། མ་སྐྱེས་པ་ཞེས་བྱ་བ་གང་ཞེ་ན། དེ་ནི་མི་སྣང་བའི་བར་གྱི་ཚིག་བླ་དགས་ཏེ། རྒྱ་ཆེར་སྔར་ཇི་ལྟར་བཟླས་པ་དེ་ ལྟར་དེ་བཞིན་དུ་བཟླས་པར་བྱ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་ལྟར་སློབ་སྟེ། ཆོས་ཐམས་ཅད་ནི་བདག་བཞིན་དུ་ཚུལ་བཞིན་ཏེ་ཇི་ལྟར་བདག་ལ་བདག་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་བདག་མེད་པར་མཐོང་ངོ་། །ཇི་ལྟར་སེམས་ཅན་བདག་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་བདག་མེད་ པར་མཐོང་སྟེ། དེ་ལྟར་མཐོང་ན་ཚུལ་བཞིན་དུ་མཐོང་ངོ་། །གང་ཚུལ་བཞིན་འཁོར་བའི་ཁམས་མཐོང་བ་དེ་ཚུལ་བཞིན་མྱ་ངན་ལས་འདས་པའི་ཁམས་དང་ལྡན་པར་མཐོང་སྟེ། དེ་ནི་ཚུལ་བཞིན་དུ་སྦྱོར་བ་ཞེས་ བྱའོ། །དེ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ལ་ཉོན་མོངས་པའི་རང་བཞིན་དུ་བྱེ་བྲག་མེད་པ་དང་ལྡན་པར་མཐོང་ངོ་། །རྣལ་འབྱོར་དང་རྣལ་འབྱོར་མ་ཡིན་པར་ཡང་མི་སྙོམས་སོ། །ཚུལ་བཞིན་དུ་སྦྱོར་བས་ཚུལ་ བཞིན་མཐོང་སྟེ་ཚུལ་བཞིན་གྱི་སྦྱོར་བ་ཇི་སྙེད་པ་སེམས་ཅན་གྱི་གནས་ཐམས་ཅད་དེ་སྙེད་དེ། སེམས་ཅན་གྱི་གནས་ཀྱང་མི་མཐོང་། ཆོས་ཀྱི་གནས་ཀྱང་འཁྲུག་པར་མི་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་ཚུལ་བཞིན་ སྦྱོར་བ་སྟེ། ཤཱ་རིའི་བུ་དེ་ལྟར་ན་རྣམ་པ་འདི་དང་། ཐོས་པ་འདི་དང་། ཚུལ་བཞིན་དུ་འཇུག་པ་འདི་དང་། ཚུལ་བཞིན་མཐོང་བ་འདི་དང་། ཇི་ལྟ་བ་བཞིན་དུ་མཐོང་བའི་རྒྱུ་མཐུན་པ་འདི་དང་། འདི་དག་ནི་ཤེས་རབ་ཅེས་ 80-1-206a བྱ་སྟེ། ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདུ་བྱས་ལ་ སྤྱོད་པའི་ཆོས་ཐམས་ཅད་ལ་ཤེས་རབ་ཀྱིས་གནས་པ་ཡིན་ཏེ། འདི་ལྟ་སྟེ་མ་རིག་པ་དང་ལྷན་ཅིག་ཏུ་མི་གནས། འདུ་བྱེད་རྣམས་དང་ལྷན་ཅིག་ཏུ་མི་གནས་པ་ནས་རྒྱས་པར་བྱ་སྟེ། རྒ་ཤིའི་བར་དང་ལྷན་ཅིག་ཏུ་མི་ གནས། བདག་ཏུ་ལྟ་བ་དང་ལྷན་ཅིག་ཏུ་མི་གནས་པ་ནས་བདག་ཏུ་ལྟ་བའི་རྩ་བ་ལས་བྱུང་བའི་ལྟ་བར་གྱུར་པ་དྲུག་བཅུ་རྩ་གཉིས་དང་ལྷན་ཅིག་ཏུ་མི་གནས། མཐོ་བར་སེམས་པ་དང་ལྷན་ཅིག་ཏུ་མི་གནས། དམའ་བར་སེམས་པ་དང་ལྷན་ཅིག་ཏུ་མི་གནས། འཇིག་རྟེན་གྱི་ཆོས་བརྒྱད་རྣམས་དང་ལྷན་ཅིག་ཏུ་མི་གནས། ང་རྒྱལ་དང་། ཆེ་བའི་ང་རྒྱལ་དང་། ལོག་པའི་ང་རྒྱལ་ནས་ཉེ་བའི་ཉོན་མོངས་པ་ཉི་ཤུའི་བར་ དང་ལྷན་ཅིག་ཏུ་མི་གནས། ཆེན་པོ་དང་། འབྲིང་པོ་དང་། ཕྲ་མོ་ནས་ཉོན་མོངས་པ་ཐམས་ཅད་ཀྱི་བར་དང་ལྷན་ཅིག་ཏུ་མི་གནས། གཏི་མུག་གི་མུན་པ་རབ་རིབ་ཀྱི་ལིང་ཏོག་སྒྲིབ་པ་དང་། ཆོད་པར་བྱེད་ པ་ཀུན་ཏུ་དཀྲིས་ཏེ་འདུག་པ་ནས། དམའ་བའི་ཆོས་ཐམས་ཅད་ཀྱི་བར་དང་ལྷན་ཅིག་ཏུ་མི་གནས། རྩོད་པའི་རྙོག་པ་དང་། ཉོན་མོངས་པ་དང་། ཕུང་པོ་དང་། ལྷའི་བུ་དང་། འཆི་བདག་གི་བདུད་ནས་བདུད་ ཐམས་ཅད་ཀྱི་ལས་ཀྱི་བར་དང་ལྷན་ཅིག་ཏུ་མི་གནས། བདག་དང་སེམས་ཅན་དང་། སྲོག་དང་གསོ་བ་དང་། གང་ཟག་དང་། ཤེད་བུ་དང་། ཤེད་ལས་སྐྱེས་པ་ནས་བདག་ཏུ་ལྟ་བ་ཐམས་ཅད་ཀྱི་ བར་དང་ལྷན་ཅིག་ཏུ་མི་གནས། ལས་ཀྱི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ་དང་། ཆོས་ཀྱི་སྒྲིབ་པ་དང་། ལྟ་བའི་སྒྲིབ་པ་དང་། རྣམ་པར་སྨིན་པའི་སྒྲིབ་པ་དང་། མི་ཤེས་པའི་སྒྲིབ་པ་ནས་བག་ཆགས་ 80-1-206b ཀྱི་མཚམས་སྦྱོར་བ་ཐམས་ཅད་ཀྱི་བར་དང་ལྷན་ཅིག་ཏུ་མི་གནས། ཀུན་དུ་རྟོག་པ་དང་། རྣམ་པར་རྟོག་པ་དང་། མཚན་མ་དང་། དམིགས་པ་དང་། མཐོང་བ་དང་། ཐོས་པ་དང་། དྲན་པ་དང་། རྣམ་པར་རིག་པ་དང་། མདུད་པའི་སྒྲོ་འདོགས་པ་ཐམས་ཅད་དང་། ལྷན་ཅིག་ཏུ་མི་གནས། སེར་སྣ་དང་། གཏོང་བ་དང་། ཚུལ་ཁྲིམས་དང་། འཆལ་པའི་ཚུལ་ཁྲིམས་དང་། བཟོད་པ་དང་། གནོད་སེམས་ དང་། བརྩོན་འགྲུས་དང་། ལེ་ལོ་དང་། བསམ་གཏན་དང་། གཡེང་བ་དང་། ཤེས་རབ་དང་། འཆལ་པའི་ཤེས་རབ་ནས་ཕ་རོལ་དུ་ཕྱིན་པའི་ཕྱོགས་དང་། མི་མཐུན་པའི་ཕྱོགས་དང་། ཤེས་པ་དང་། མི་ཤེས་པའི་ བར་ཐམས་ཅད་དང་ལྷན་ཅིག་ཏུ་མི་གནས། ངེས་པ་དང་། མ་ངེས་པ་དང་། ལོག་པར་ངེས་པ་དང་། དགེ་བ་དང་། མི་དགེ་བ་དང་། ཁ་ན་མ་ཐོ་བ་དང་། ཁ་ན་མ་ཐོ་བ་མེད་པ་དང་། འཁོར་བ་དང་མྱ་ངན་ལས་ འདས་པ་ནས། ཆོས་ཐམས་ཅད་ཀྱི་གཉེན་པོའི་བར་དང་ལྷན་ཅིག་ཏུ་མི་གནས། ཞིང་སྣ་ཚོགས་དང་། སངས་རྒྱས་སྣ་ཚོགས་དང་། སེམས་ཅན་སྣ་ཚོགས་དང་། ཆོས་སྣ་ཚོགས་ནས་སྣ་ཚོགས་ ཐམས་ཅད་ཀྱི་བར་དང་ལྷན་ཅིག་ཏུ་མི་གནས། མི་ཤེས་པ་དང་། ཤེས་པ་དང་། རྣམ་པར་ཤེས་པ་དང་། ཀུན་རྫོབ་དང་། དོན་དམ་པ་ནས་སེམས་ཅན་ཐམས་ཅད་ཀྱི་མཚན་མ་ཡིད་ལ་བྱེད་པ་དག་དང་ལྷན་ ཅིག་ཏུ་མི་གནས། ཤེས་རབ་མི་རྒྱུ་བ་དང་། ལུས་མེད་པ་དང་། མཚན་ཉིད་མེད་པ་དང་། མཚན་མ་མེད་པ་དང་། འདུས་མ་བྱས་ནས་ཡིད་ལ་བྱེད་པ་ཐམས་ཅད་དང་། སེམས་དང་རྣམ་པར་ཤེས་པའི་གནས་ དག་གི་བར་དང་ལྷན་ཅིག་ཏུ་མི་གནས་ཏེ། དེ་དག་དང་གཞན་ཡང་འདུས་བྱས་ལ་སྤྱོད་པའི་ཆོས་དཔག་ཏུ་མེད་པ་དག་དང་ལྷན་ཅིག་ཏུ་མི་གནས་སོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ 80-1-207a སྤྱོད་པའི་ཤེས་རབ་དེ་ནི་འདུས་བྱས་ཀྱི་སྤྱོད་པ་ཐམས་ཅད་དང་ལྷན་ཏུ་མི་གནས་ཏེ། ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །ཤཱ་རིའི་བུ་གཞན་ ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་གནས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འབྱེད་མཁས་པ་ཡིན་ཏེ། ཆོས་ཐམས་ཅད་ ལ་མཁས་པ་རྗེས་སུ་འཐོབ་བོ། །དེ་ལ་ཤེས་རབ་རྣམ་པར་འབྱེད་པ་གང་ཞེ་ན། འདི་ལྟ་སྟེ་ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། བདེན་པ་ལ་མཁས་པ་དང་། སོ་སོ་ཡང་དག་པར་རིག་པ་ལ་མཁས་པ་དང་། རྟོན་པ་ལ་མཁས་པ་དང་། རྣམ་པར་ཤེས་པ་དང་། ཡེ་ཤེས་ལ་མཁས་པ་དང་། བྱང་ཆུབ་ཀྱི་ཡན་ལག་ལ་མཁས་པ་དང་། ལམ་ལ་མཁས་པ་དང་། རྟེན་ཅིང་འབྲེལ་ པར་འབྱུང་བ་ལ་མཁས་པ་དང་བཅུ་སྟེ། མཁས་པ་རྣམ་པ་བཅུ་པོ་འདི་དག་གི་རྣམ་པར་འབྱེད་པ་གང་ཡིན་པ་དེ་ནི་ཤེས་རབ་རྣམ་པར་འབྱེད་པ་ཞེས་བྱའོ། །དེ་ལ་ཕུང་པོ་ལ་མཁས་པ་གང་ཞེ་ན། གང་འདི་ཕུང་ པོ་རྣམས་ཀྱི་དཔེར་བྱ་བ་བསྟན་པ་འདི་ལྟ་སྟེ། དབུ་བ་རྡོས་པ་ལྟ་བུར་བསྟན་པ་དང་། སྨིག་རྒྱུ་ལྟ་བུར་བསྟན་པ་དང་། ཆུ་བུར་ལྟ་བུར་བསྟན་པ་དང་། ཆུ་ཤིང་ལྟ་བུར་བསྟན་པ་དང་། སྒྱུ་མ་ལྟ་བུར་བསྟན་པ་དང་། རྨི་ལམ་ལྟ་བུར་བསྟན་པ་དང་། བྲག་ཆ་ལྟ་བུར་བསྟན་པ་དང་། མིག་ཡོར་ལྟ་བུར་བསྟན་པ་དང་། གཟུགས་བརྙན་ལྟ་བུར་བསྟན་པའོ། །གཟུགས་ནི་ཆུའི་དབུ་བ་ལྟ་བུ་སྟེ། དབུ་བ་ལ་ཡང་བདག་མེད། སེམས་ཅན་མེད། སྲོག་མེད། གང་ཟག་མེད། སྐྱེས་བུ་མེད། ཤེད་བུ་མེད། ཤེས་ལས་སྐྱེས་མེད་དེ། དབུ་བའི་རང་བཞིན་གང་ཡིན་པ་གཟུགས་ཀྱང་དེའི་རང་བཞིན་ཡིན་ཏེ། གང་དེ་ལ་མཁས་པ་དེ་ནི་ཕུང་ 80-1-207b པོ་ལ་མཁས་པ་ཞེས་བྱའོ། །ཚོར་བ་ནི་ཆུའི་ཆུ་བུར་ལྟ་བུ་སྟེ། ཆུ་བུར་ལ་ཡང་བདག་མེད། སེམས་ཅན་མེད། སྲོག་མེད། གང་ཟག་མེད། ཤེད་བུ་མེད། ཤེད་ལས་སྐྱེས་མེད། སྐྱེ་བ་པོ་མེད། ཆུ་བུར་གྱི་རང་བཞིན་གང་ཡིན་པ་ཚོར་བ་ཡང་དེའི་རང་བཞིན་ཡིན་ཏེ། གང་དེ་ལ་མཁས་པ་འདི་ནི་ཕུང་པོ་ལ་མཁས་པ་ཞེས་བྱའོ། །འདུ་ཤེས་ནི་སྨིག་རྒྱུ་ལྟ་བུ་སྟེ་སྨིག་རྒྱུ་ལ་ཡང་བདག་མེད། སེམས་ཅན་མེད་པ་ནས་སྐྱེས་བུའི་བར་དུ་མེད་དེ། སྨིག་རྒྱུའི་རང་བཞིན་གང་ཡིན་པ་འདུ་ཤེས་ཀྱང་དེའི་རང་བཞིན་ཡིན་ཏེ། གང་དེ་ལ་མཁས་པ་དེ་ནི་ཕུང་པོ་ལ་མཁས་པ་ཞེས་བྱའོ།། འདུ་བྱེད་ རྣམས་ནི་ཆུ་ཤིང་ལྟ་བུ་སྟེ། ཆུ་ཤིང་ལ་ཡང་བདག་མེད། སེམས་ཅན་མེད། སྲོག་མེད་པ་ནས། སྐྱེས་བུའི་བར་དུ་མེད་པ་སྟེ། ཆུ་ཤིང་གི་རང་བཞིན་གང་ཡིན་པ་འདུ་བྱེད་དག་ཀྱང་དེའི་ རང་བཞིན་ཡིན་ཏེ། གང་དེ་ལ་མཁས་པ་དེ་ནི་ཕུང་པོ་ལ་མཁས་པ་ཞེས་བྱའོ། །རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུ་སྟེ། སྒྱུ་མ་ལ་ཡང་བདག་མེད། སེམས་ཅན་མེད། སྲོག་མེད། གང་ཟག་མེད། ཤེད་བུ་མེད། ཤེད་ལས་སྐྱེས་མེད། སྐྱེས་བུ་མེད། བྱེད་པ་པོ་མེད། ཚོར་བ་པོ་མེད་པ་སྟེ། སྒྱུ་མའི་རང་བཞིན་གང་ཡིན་པ་རྣམ་པར་ཤེས་པའི་རང་བཞིན་ཡང་དེ་ཡིན་ཏེ། གང་དེ་ལ་མཁས་པ་དེ་ནི་ཕུང་པོ་ལ་མཁས་ པ་ཞེས་བྱའོ། །གཞན་ཡང་ཕུང་པོ་རྣམས་ཞེས་བྱ་བ་ནི་འཇིག་རྟེན་ཡིན་ཏེ། འཇིག་རྟེན་ཡང་འཇིག་པའི་མཚན་ཉིད་དོ། །འཇིག་རྟེན་རྣམས་ཀྱི་རང་བཞིན་གང་ཡིན་པ་ཕུང་པོ་རྣམས་ཀྱི་རང་བཞིན་ཡང་དེ་ཡིན་ནོ། ། ཡང་འཇིག་རྟེན་གྱི་རང་བཞིན་གང་ཡིན་ཞེ་ན། འདི་ལྟ་སྟེ། མི་རྟག་པའི་རང་བཞིན་དང་། སྡུག་བསྔལ་གྱི་རང་བཞིན་ཏེ། ཕུང་པོ་ཡང་དེའི་རང་བཞིན་ནོ། །གང་དེ་ལ་མཁས་པ་དེ་ནི་ཕུང་པོ་ལ་མཁས་པ་ཞེས་ 80-1-208a བྱའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཕུང་པོ་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ལ་མཁས་པ་གང་ཞེ་ན། འདི་ལྟ་སྟེ་ཆོས་ཀྱི་ཁམས་ནི་སའི་ཁམས་མོད་ཀྱི་ཆོས་ཀྱི་ ཁམས་སྲ་བའི་མཚན་ཉིད་མ་ཡིན་ནོ། །ཆོས་ཀྱི་ཁམས་ནི་ཆུའི་ཁམས་མོད་ཀྱི་ཆོས་ཀྱི་ཁམས་རླན་པའི་མཚན་ཉིད་མ་ཡིན་ནོ། །ཆོས་ཀྱི་ཁམས་ནི་མེའི་ཁམས་མོད་ཀྱི་ཆོས་ཀྱི་ཁམས་ཚ་བའི་མཚན་ཉིད་མ་ཡིན་ནོ། ། ཆོས་ཀྱི་ཁམས་ནི་རླུང་གི་ཁམས་མོད་ཀྱི་ཆོས་ཀྱི་ཁམས་གཡོ་བའི་མཚན་ཉིད་མ་ཡིན་ནོ། །ཆོས་ཀྱི་ཁམས་ནི་མིག་གི་རྣམ་པར་ཤེས་པའི་ཁམས་མོད་ཀྱི་ཆོས་ཀྱི་ཁམས་མཐོང་བའི་མཚན་ཉིད་མ་ཡིན་ནོ། ། ཆོས་ཀྱི་ཁམས་ནི་རྣ་བའི་རྣམ་པར་ཤེས་པའི་ཁམས་མོད་ཀྱི་ཆོས་ཀྱི་ཁམས་སྒྲ་རྟོག་པའི་མཚན་ཉིད་མ་ཡིན་ནོ། །ཆོས་ཀྱི་ཁམས་ནི་སྣའི་རྣམ་པར་ཤེས་པའི་ཁམས་མོད་ཀྱི་ཆོས་ཀྱི་ཁམས་དྲི་སྣོམ་པའི་མཚན་ཉིད་མ་ ཡིན་ནོ། །ཆོས་ཀྱི་ཁམས་ནི་ལྕེའི་རྣམ་པར་ཤེས་པའི་ཁམས་མོད་ཀྱི་ཆོས་ཀྱི་ཁམས་རོ་མྱོང་བའི་མཚན་ཉིད་མ་ཡིན་ནོ། །ཆོས་ཀྱི་ཁམས་ནི་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་མོད་ཀྱི་ཆོས་ཀྱི་ཁམས་རེག་པའི་མཚན་ཉིད་ མ་ཡིན་ནོ། །ཆོས་ཀྱི་ཁམས་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་མོད་ཀྱི་ཆོས་ཀྱི་ཁམས་རྣམ་པར་སྒོམ་པའི་མཚན་ཉིད་མ་ཡིན་ནོ། །ཆོས་ཀྱི་ཁམས་དེ་དང་བདག་གི་ཁམས་དེ་ནི་མཚུངས་སོ། །འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ནི་མཚུངས་སོ། །འཁོར་བའི་ཁམས་དང་། མྱ་ངན་ལས་འདས་པའི་ཁམས་དེ་མཚུངས་སོ། །དེ་ལྟར་ཆོས་ཐམས་ཅད་ཀྱི་ཁམས་དང་། ནམ་མཁའི་ཁམས་ དེ་མཚུངས་ཏེ། སྟོང་པ་ཉིད་དང་མཚུངས་པས་མཚུངས། མི་འགྱུར་བ་དང་མཚུངས་པས་མཚུངས་ཏེ། འདུས་བྱས་ཀྱི་ཁམས་སུ་འཇུག་པ་དང་། འདུས་མ་བྱས་ཀྱི་ཁམས་སུ་འཇུག་པའི་ཕྱིར་དེ་ལ་བཤད་པ་དཔག་ 80-1-208b ཏུ་མེད་དེ། གང་ཁམས་ལ་འཇུག་པ་དེས་རབ་ཏུ་རྣམ་པར་འབྱེད་པ་ནི་མཁས་པ་ཞེས་བྱའོ། །དེ་ལྟར་ན་ཁམས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ དོ། །དེ་ལ་བྱང་ཆུབ་སེམས་དཔའི་སྐྱེ་མཆེད་ལ་མཁས་པ་གང་ཞེ་ན། འདི་ལ་མིག་བདག་དང་བདག་གིས་སྟོང་པ་སྟེ། བྱང་ཆུབ་སེམས་དཔའ་མིག་གི་རང་བཞིན་འདི་ལྟ་བུའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་ དུ་རབ་ཏུ་ཤེས་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་སྐྱེ་མཆེད་ལ་མཁས་པའོ། །གོང་མ་བཞིན་དུ་སྦྱར་ཏེ། དེ་བཞིན་དུ་རྣ་བ་དང་། སྣ་དང་ལྕེ་དང་ལུས་དང་། ཡིད་བདག་དང་བདག་གིས་སྟོང་པ་དེ་བྱང་ཆུབ་ སེམས་དཔའ་ཡིད་ཀྱི་རང་བཞིན་ནི་འདི་ལྟ་བུའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དགེ་བ་སྩོགས་པའི་ཕྱིར་གང་སྐྱེ་མཆེད་ལ་ཀུན་སྩོགས་པ་དང་། སྣ་ཚོགས་སྩོགས་པ་དེ་དག་སྩོགས་པར་ མི་བྱེད་ཅིང་དགེ་བ་དང་མི་དགེ་བའི་ཆོས་རྣམས་ལ་འདུ་ཤེས་གཉིས་སུ་མི་འཇུག་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་སྐྱེ་མཆེད་ལ་མཁས་པའོ། །འདི་ནི་མིག་གི་སྐྱེ་མཆེད་དོ། །འདི་ནི་གཟུགས་ཀྱི་སྐྱེ་མཆེད་དོ་ཞེས་ དེ་ལྟར་མིག་དང་གཟུགས་རྣམས་ལ་འདོད་ཆགས་མེད་པར་མཐོང་ཡང་འདོད་ཆགས་མེད་པ་མངོན་དུ་མི་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་སྐྱེ་མཆེད་ལ་མཁས་པའོ། །རྣ་བ་དང་སྒྲ། སྣ་དང་དྲི། ལྕེ་དང་རོ། ། ལུས་དང་རེག །ཡིད་དང་ཆོས། གོང་མ་བཞིན་དུ་སྦྱར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་ཡིད་དང་ཆོས་ཀྱི་བར་དུ་འདོད་ཆགས་མེད་པར་མཐོང་མོད་ཀྱི། འདོད་ཆགས་མེད་པ་མངོན་དུ་མི་བྱེད་པ་དེ་ནི་བྱང་ ཆུབ་སེམས་དཔའི་སྐྱེ་མཆེད་ལ་མཁས་པའོ། །སྐྱེ་མཆེད་ཅེས་བྱ་བ་ཡང་འཕགས་པའི་སྐྱེ་མཆེད་དང་། འཕགས་པ་མ་ཡིན་པའི་སྐྱེ་མཆེད་དེ། དེ་ལ་འཕགས་པའི་སྐྱེ་མཆེད་ནི་གང་ལམ་སྡུད་པར་བྱེད་པའོ། ། 80-1-209a འཕགས་པ་མ་ཡིན་པའི་སྐྱེ་མཆེད་ནི་གང་ལམ་གཏོང་བར་བྱེད་པ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ལམ་ལ་གནས་པ་ནི་སེམས་ཅན་ལམ་ལ་བརྩོན་པ་བོར་ཞིང་གནས་པ་ལ་སྙིང་རྗེ་ཆེན་པོ་འཐོབ་ ཅིང་ལམ་གྱི་སྐྱེ་མཆེད་ཀྱང་མི་གཏོང་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་སྐྱེ་མཆེད་ལ་མཁས་པའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའི་སྐྱེ་མཆེད་ཀྱང་མི་གཏོང་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་སྐྱེ་ མཆེད་ལ་མཁས་པའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའི་སྐྱེ་མཆེད་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །དེ་ལ་བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་གང་ཞེ་ན། བྱང་ཆུབ་ སེམས་དཔའི་བདེན་པ་ལ་འཇུག་པ་མཁས་པ་ནི་རྣམ་པ་བཞི་སྟེ། འདི་ལྟ་སྟེ། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་བ་ཤེས་པ་དང་། འགོག་པ་ཤེས་པ་དང་། ལམ་ཤེས་པའོ། །དེ་ལ་སྡུག་ བསྔལ་ཤེས་པ་གང་ཞེ་ན། གང་ཕུང་པོ་རྣམས་ལ་ནི་མྱི་སྐྱེ་བར་ཤེས་པ་དེ་ནི་སྡུག་བསྔལ་ཤེས་པ་ཞེས་བྱའོ། །དེ་ལ་ཀུན་འབྱུང་བ་ཤེས་པ་གང་ཞེ་ན། གང་སྲེད་པ་འཇོམས་པ་དེ་ནི་ཀུན་འབྱུང་བ་ཤེས་ པ་ཞེས་བྱའོ། །དེ་ལ་འགོག་པ་ཤེས་པ་གང་ཞེ་ན། གང་མི་འབྱུང་མི་འཇིག་པར་ཤེས་པ་དེ་ནི་འགོག་པ་ཤེས་པ་ཞེས་བྱའོ། །དེ་ལ་ལམ་ཤེས་པ་གང་ཞེ་ན། གང་མཉམ་པ་ཉིད་ཐོབ་པའི་ཆོས་རྣམས་ལ་ སྒྲོ་འདོགས་པ་དེ་ནི་ལམ་ཤེས་པ་ཞེས་བྱའོ། །གང་གི་ཚེ་བྱང་ཆུབ་སེམས་དཔས་བདེན་པ་བཞི་དེ་ལྟར་ཤེས་རབ་ཀྱིས་ཤེས་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་མངོན་དུ་མི་བྱེད་པ་དེ་ནི་བདེན་པ་ ལ་མཁས་པ་ཞེས་བྱའོ། །གཞན་ཡང་བདེན་པ་ལ་མཁས་པ་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པ་དང་། མཚན་ཉིད་ཀྱི་བདེན་པའོ། །དེ་ལ་ཀུན་རྫོབ་ཀྱི་ 80-1-209b བདེན་པ་ནི་འཇིག་རྟེན་གྱི་ཐ་སྙད་ཇི་སྙེད་པ་དང་། ཡི་གེ་དང་སྒྲ་དང་། བརྡར་བསྟན་པ་སྟེ། དེ་ནི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ། །དེ་ལ་དོན་དམ་པའི་བདེན་པ་གང་ཞེ་ན། གང་ལ་སེམས་ཀྱི་རྒྱུ་བ་ཡང་ མེད་ན་ཡི་གེ་ལྟ་ཅི་སྨོས་ཏེ་དེ་ནི་དོན་དམ་པའི་བདེན་པ་ཞེས་བྱའོ། །དེ་ལ་མཚན་ཉིད་ཀྱི་བདེན་པ་གང་ཞེ་ན། འདི་ལྟ་སྟེ། མཚན་ཉིད་ཐམས་ཅད་མཚན་ཉིད་གཅིག་ལ་མཚན་ཉིད་གཅིག་པ་ནི་མཚན་ཉིད་མེད་པའོ་དེ་ལ་ བྱང་ཆུབ་སེམས་དཔའ་ཀུན་རྫོབ་ཀྱི་བདེན་པ་འཆད་པས་མི་སྐྱོ། དོན་དམ་པའི་བདེན་པ་མངོན་དུ་བྱེད་པར་མི་ལྟུང་། མཚན་ཉིད་ཀྱི་བདེན་པ་མཚན་ཉིད་མེད་པས་རྟོགས་པར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་ བདེན་པ་ལ་མཁས་པ་ཞེས་བྱའོ། །གཞན་ཡང་བདེན་པ་ནི་གཅིག་པུ་གཉིས་མ་ཡིན་པ་སྟེ། འདི་ལྟ་སྟེ། འགོག་པའི་བདེན་པའོ། །དེ་ལ་བདེན་པ་གཅིག་པུ་ལ་གང་སྒྲོ་མི་འདོགས་པ་དང་། སེམས་ཅན་སྒྲོ་ འདོགས་པར་ལྷུང་བ་རྣམས་ལ་བདེན་པ་སྦྱོར་བར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་ཞེས་བྱའོ། །གཞན་ཡང་ཕུང་པོ་ལྔ་རྣམས་ནི་སྡུག་བསྔལ་བ་སྟེ། གང་ཕུང་པོ་ལྔ་རྣམས་ཀྱི་སྡུག་བསྔལ་ གྱི་མཚན་ཉིད་དེ་ནི་སྡུག་བསྔལ་ཞེས་བྱའོ། །སྡུག་བསྔལ་གྱི་མཚན་ཉིད་ཀྱི་གང་སྟོང་པ་ཉིད་ཀྱི་མཚན་ཉིད་རྟོགས་པ་དེ་ནི་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བྱའོ། །གང་ཕུང་པོ་ལྔ་རྣམས་ཀྱི་བག་ལ་ཉལ་རྒྱུ་སྲེད་ པ་ལས་བྱུང་བའི་ལྟ་བ་དེ་ནི་ཀུན་འབྱུང་བའི་བདེན་པའོ། །གང་སྲེད་པའི་རྒྱུ་ལྟ་བ་དེ་ལ་ཡང་སྒྲོ་མི་འདོགས་མི་ལེན་མི་སྙེམས་པ་དེ་ནི་ཀུན་འབྱུང་བ་འཕགས་པའི་བདེན་པ་ཞེས་བྱའོ། །གང་ཕུང་པོ་ལྔ་རྣམས་ཤིན་ དུ་ཟད་པའི་ཕྱིར་འགག་པ་སྔོན་གྱི་མཐར་མ་བྱུང་བ། ཕྱི་མའི་མཐར་མི་འཕོ་བ། ད་ལྟར་བྱུང་བར་མི་གནས་པ་དེ་ནི་འགོག་པ་འཕགས་པའི་བདེན་པ་ཞེས་བྱའོ། །གང་ལམ་ལ་བརྟེན་ནས་སྡུག་བསྔལ་ཤེས་ 80-1-210a པ་དང་། ཀུན་འབྱུང་བ་ཤེས་པ་དང་། འགོག་པ་ཤེས་པ་ལ་ཡང་རེག་པར་བྱེད་ལ། རྗེས་ལས་རྟོགས་པའི་ཤེས་པ་ཡང་ཐོབ་པར་བྱེད་པ་དེ་ནི་སྡུག་བསྔལ་འགོག་པར་འགྱུར་བའི་ལམ་ འཕགས་པའི་བདེན་པ་ཞེས་བྱའོ། །གང་བདེན་པ་ཤེས་པ་དེ་ལ་རྣམ་པར་རྟོག་པ་དང་། སེམས་ཅན་ཡོངས་སུ་བརྟག་པ་ལ་རྟོག་པར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་ཞེས་བྱའོ། ། གཞན་ཡང་ཚོར་བ་ཐམས་ཅད་སྡུག་བསྔལ་བ་སྟེ། དེ་ལ་ཚོར་བར་བྱ་བ་རྣམ་པར་འབྱེད་པ་དང་། བློས་རིག་པ་ཉིད་དེ་ནི་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བྱའོ། །རྒྱུ་གང་གིས་ཀུན་འབྱུང་བར་ཤེས་པའི་རྒྱུ་ དེ་ཇི་ལྟ་བ་ཡང་དག་པར་རབ་ཏུ་ཤེས་པ་དེ་ནི་ཀུན་འབྱུང་བ་འཕགས་པའི་བདེན་པ་ཞེས་བྱའོ། །གང་ཚོར་བ་གཏོང་ཞིང་མ་ཚོར་བ་ཚོར་བར་བྱེད་པ་དང་། འགོག་པ་ལ་ཡང་སོ་སོར་རྟོག་ལ་ཚོར་བ་འགོག་ པ་ཡང་མངོན་དུ་མི་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་ཞེས་བྱའོ། །ཚོར་བ་གང་གིས་གཟིངས་དང་འདྲ་བའི་ལམ་དེ་སྡུད་པར་བྱེད་ལ་ཚོར་བར་དགོས་པ་ཡང་མ་ ཡིན། ལམ་གྱི་དགོས་པ་ཡང་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཞེས་བྱའོ། །དེ་ལྟར་རྟོགས་ནས་བདེན་པ་དེ་བཞི་ལ་མཉམ་པར་ མཐོང་ཞིང་མཐོང་བ་ཤིན་དུ་དག་པའང་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་ཞེས་བྱའོ། །གཞན་ཡང་སྐྱེ་བ་སྡུག་བསྔལ་བ་སྟེ། གང་མི་སྐྱེ་བ་སོ་སོར་རྟོག་པར་ཤེས་པ་དེ་ནི་སྡུག་བསྔལ་ ཤེས་པ་ཞེས་བྱའོ། །སྲིད་པའི་རྐྱེན་གྱིས་སྐྱེ་བ་སྟེ། གང་སྲིད་པ་འཇིག་པར་ཤེས་པ་དེ་ནི་ཀུན་འབྱུང་བ་ཤེས་པ་ཞེས་བྱའོ། །སྐྱེ་བ་ཐམས་ཅད་གང་གིས་མྱི་སྐྱེ་བར་ཤེས་ལ་དེ་ལ་འགོག་པ་གང་ཡང་མེད་ཅིང་ 80-1-210b གང་མི་འགོག་པར་ཤེས་པ་དེ་ནི་ཟད་པ་འགོག་པའི་ཤེས་པ་ཞེས་བྱའོ། །གང་དེ་ལྟར་ཚོལ་བ་དང་། འཇལ་བ་དང་། ཡོངས་སུ་ཚོལ་བ་དང་། རྣམ་པར་རྟོག་པ་དང་། འཇུག་པའི་ཤེས་པ་དེ་ནི་ལམ་ཤེས་པ་ ཞེས་བྱ་སྟེ། གང་བདེན་པའི་ཤེས་པ་དེ་ལ་གཞོག་པར་བྱེད་ཀྱང་བདེན་པའི་ཤེས་པ་དེ་ལ་མི་གནས་པ་དེ་ནི་བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་ པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ལ་བྱང་ཆུབ་སེམས་དཔའི་སོ་སོ་ཡང་དག་པར་རིག་པ་ལ་མཁས་པ་གང་ཞེ་ན། བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་སོ་སོ་ཡང་དག་པར་རིག་པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། དོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །དེ་ལ་དོན་སོ་སོ་ཡང་ དག་པར་རིག་པ་གང་ཞེ་ན། གང་ཆོས་རྣམས་ལ་དོན་དམ་པའི་ཚིག་ཏུ་ཤེས་པ་དང་། གཉིས་སུ་མེད་པའི་རྒྱུ་ཤེས་པ་དང་། རྐྱེན་ཤེས་པ་དང་། འདུས་པ་ཤེས་པ་དང་། མཐའ་མེད་པའི་རྗེས་སུ་འགྲོ་བ་ ཤེས་པ་དང་། རྟེན་པ་ལ་འཇུག་པ་ཤེས་པ་དང་། ཆོས་ཀྱི་དབྱིངས་དབྱེར་མེད་པར་ཤེས་པ་དང་། དེ་བཞིན་ཉིད་ཀྱིས་རྗེས་སུ་འཇུག་པ་ཤེས་པ་དང་། ཡང་དག་པའི་མཐའ་མི་གནས་པར་ཤེས་པ་དང་། སྟོང་པ་ཉིད་རྗེས་སུ་རྟོགས་པ་ཤེས་པ་དང་། མཚན་མ་མེད་པར་རྟོག་པ་ཤེས་པ་དང་། སྨོན་པ་མེད་པ་ལ་སྨོན་པ་མེད་པར་ཤེས་པ་དང་། མངོན་པར་འདུ་མི་བྱེད་པ་ལ་མངོན་པར་འདུ་མི་བྱེད་པར་ཤེས་པ་དང་། ཚུལ་གཅིག་ཏུ་འཇུག་པ་ཤེས་པ་དང་། སེམས་ཅན་མེད་པར་འཇུག་པ་ཤེས་པ་དང་། བདག་མེད་པར་འཇུག་པ་ཤེས་པ་དང་། སྲོག་མེད་པ་བྱེད་པ་གཅིག་པ་ཤེས་པ་དང་། གང་ཟག་མེད་པ་དོན་དམ་ 80-1-211a པར་ཤེས་པ་དང་། འདས་པའི་དུས་ལ་མ་ཆགས་པར་ཤེས་པ་དང་། མ་འོངས་པའི་དུས་ལ་མཐའ་མེད་པར་ཤེས་པ་དང་། ད་ལྟར་བྱུང་བའི་དུས་ལ་ཐམས་ཅད་དུ་ཤེས་པ་དང་། ཕུང་པོ་ རྣམས་ལ་སྒྱུ་མར་ཤེས་པ་དང་། ཁམས་རྣམས་ལ་སྦྲུལ་གདུག་པ་དང་མཚུངས་པར་ཤེས་པ་དང་། སྐྱེ་མཆེད་རྣམས་ལ་སྟོང་པ་ཉིད་དུ་ངེས་པར་རྟོག་པར་ཤེས་པ་དང་། །ནང་ཞི་བ་ཤེས་པ་དང་། ཕྱི་རོལ་དུ་ མི་རྒྱུ་བ་ཤེས་པ་དང་། ཡུལ་ལ་ཡུལ་མེད་པར་ཤེས་པ་དང་། དྲན་པ་ལ་གནས་སུ་ཤེས་པ་དང་། རྟོགས་པ་ལ་ཁོང་དུ་ཆུད་པར་ཤེས་པ་དང་། བློ་གྲོས་ལ་མངོན་སུམ་དུ་ཤེས་པ་དང་། བདེན་པ་ལ་ རབ་ཏུ་རྟོགས་པར་ཤེས་པ་དང་། སྡུག་བསྔལ་ལ་མི་འབྱུང་བར་ཤེས་པ་དང་། ཀུན་འབྱུང་བ་ལ་མངོན་པར་འདུ་མི་བྱེད་པར་ཤེས་པ་དང་། འགོག་པ་ལ་མཚན་ཉིད་མེད་པར་ཤེས་པ་དང་། ལམ་ལ་ སྒྲོལ་བར་ཤེས་པ་དང་། ཆོས་ལ་ཚིག་རབ་ཏུ་ཐ་དད་པར་ཤེས་པ་དང་། དབང་པོ་རྣམས་ལ་འཇུག་པར་ཤེས་པ་དང་། སྟོབས་རྣམས་ལ་མི་རྫི་བར་ཤེས་པ་དང་། ཞི་གནས་ལ་གནས་སུ་ཤེས་པ་དང་། ལྷག་མཐོང་ལ་སྣང་བར་ཤེས་པ་དང་། སྒྱུ་མ་ལ་བསྒྲུབ་པར་ཤེས་པ་དང་། སྨིག་རྒྱུ་ལ་འཁྲུལ་པར་ཤེས་པ་དང་། རྨི་ལམ་ལ་མི་བདེན་པ་མཐོང་བར་ཤེས་པ་དང་། བྲག་ཆ་ལ་རྐྱེན་ལ་ འཇུག་པར་ཤེས་པ་དང་། མིག་ཡོར་ལ་འཕོ་བར་ཤེས་པ་དང་། མཚན་ཉིད་སྣ་ཚོགས་པ་ལ་མཚན་ཉིད་གཅིག་ཏུ་ཤེས་པ་དང་། འདུ་བ་ལ་འབྲལ་བར་ཤེས་པ་དང་། རབ་ཏུ་སྦྱངས་པ་ལ་ཕྱིར་ མཚམས་སྦྱོར་བ་མེད་པར་ཤེས་པ་དང་། ཉན་ཐོས་ཀྱི་ཐེག་པ་ལ་སྒྲའི་རྗེས་སུ་འགྲོ་བར་འཇུག་པར་ཤེས་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་རྟེན་པ་ལ་འཇུག་པར་ཤེས་ཤིང་། 80-1-211b དབེན་པ་མཆོག་ཏུ་ཤེས་པ་དང་། ཐེག་པ་ཆེན་པོ་ལ་དགེ་བའི་རྩ་བའི་ཚོགས་བསགས་པ་ཐམས་ཅད་ཤེས་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་དོན་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །གཞན་ ཡང་དོན་སོ་སོ་ཡང་དག་པར་རིག་པ་ནི་གང་དོན་ལ་རྟོན་པ་སྟེ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཀུན་གྱི་དོན་ལ་རྟོན་པ་ཉིད་ཀྱི་རྗེས་སུ་འབྲང་བའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་མ་ལུས་པར་སྟོང་ པ་སྟེ། སྟོང་པའི་དོན་གང་ཡིན་པ་དེ་ནི་དོན་ནོ། །ཆོས་ཐམས་ཅད་མ་ལུས་པར་མཚན་མ་མེད་པ་སྟེ། མཚན་མ་མེད་པའི་དོན་གང་ཡིན་པ་དེ་ནི་དོན་ནོ། །ཆོས་ཐམས་ཅད་མ་ལུས་པར་སྨོན་པ་མེད་པ་སྟེ། སྨོན་པ་མེད་པའི་དོན་གང་ཡིན་པ་དེ་ནི་དོན་ནོ། །ཆོས་ཐམས་ཅད་མ་ལུས་པར་རྣམ་པར་ཕྱེ་བ་སྟེ། རྣམ་པར་ཕྱེ་བའི་དོན་གང་ཡིན་པ་དེ་ནི་དོན་ནོ། །ཆོས་ཐམས་ཅད་མ་ལུས་པར་སེམས་ཅན་མེད། སྲོག་མེད། གང་ཟག་མེད་པ་སྟེ། གང་ཟག་མེད་པའི་དོན་གང་ཡིན་པ་དེ་ནི་དོན་ནོ། །གང་དེ་ལྟ་བུའི་ཆོས་རྣམས་རྟོགས་པ་དེ་ནི་དོན་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་སྟེ། གང་དོན་སྟོན་པ་དེ་ནི་ གནས་མེད་པ་སྟོན་པའོ། །དེ་ནི་མི་ཟད་པ་སྟོན་པའོ། །སོ་སོ་ཡང་དག་པར་རིག་པ་ནི་རྟོགས་པའི་དོན་སྟོན་པ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གནང་བ། རྗེས་སུ་ཡིད་རང་བ། ཡང་དག་པར། དེ་ཁོ་ན་གཞན་མ་ཡིན་པ། ཤེས་རབ་ཀྱིས་ཤིན་དུ་རྟོགས་པ། ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པ་དེ་ནི་བྱང་ཆུབ་སེམས་དཔའི་དོན་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །དེ་ལ་ ཆོས་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། གང་དགེ་བ་དང་། མི་དགེ་བ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད། 80-1-212a པ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆ་དང་འཐུན་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པར་ཉེ་ བར་འགྲོ་བའི་ཆོས་རྣམས་ལ་འཇུག་པར་ཤེས་པ་དང་། ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཤེས་པ་དང་། བྱང་ཆུབ་མཉམ་པ་ཉིད་ཤེས་པ་དང་། ཁམས་མཉམ་པ་ཉིད་ཤེས་པ་སྟེ། དེ་ནི་ཆོས་སོ་སོ་ཡང་དག་པར་རིག་པ་ཞེས་ བྱའོ། །གཞན་ཡང་ཆོས་སོ་སོ་ཡང་དག་པར་རིག་པ་ནི་གང་འདོད་ཆགས་སྤྱོད་པ་རྣམས་ལ་སེམས་ཅན་འཇུག་པ་ཤེས་པ་དང་། བཅོས་པའི་འདོད་ཆགས་སྤྱོད་པ་རྣམས་དང་། འདོད་ཆགས་བརྟན་པར་སྤྱོད་པ་རྣམས་དང་། འདོད་ཆགས་ ཆུང་ངུ་སྤྱོད་པ་རྣམས་དང་། རྣམ་པར་མི་ལྡང་བའི་འདོད་ཆགས་སྤྱོད་པ་རྣམས་དང་། མཐའ་མ་རྟག་ཏུ་མེད་པའི་འདོད་ཆགས་སྤྱོད་པ་རྣམས་དང་། ད་ལྟར་བྱུང་བ་ལ་རྐྱེན་ཀྱིས་འདོད་ཆགས་སྤྱོད་པ་རྣམས་ལ་འཇུག་པ་སྟེ། སེམས་ཅན་གང་དག་ནང་དུ་འདོད་ཆགས་ལ་ཕྱི་རོལ་དུ་འདོད་ཆགས་མེད་པ་དང་། ཕྱི་རོལ་དུ་འདོད་ཆགས་ལ་ནང་དུ་འདོད་ཆགས་མེད་པ་དང་། ནང་དུའང་འདོད་ཆགས་མེད། ཕྱི་རོལ་དུའང་འདོད་ཆགས་མེད་པ་དང་། ནང་དང་ཕྱི་རོལ་ དུ་འདོད་ཆགས་པ་དང་། གཟུགས་འདོད་ཆགས་ལ་སྒྲ་ལ་འདོད་ཆགས་མེད་པ་དང་། སྒྲ་ལ་འདོད་ཆགས་ལ་གཟུགས་ལ་འདོད་ཆགས་མེད་པ་དང་། གཟུགས་དང་སྒྲ་ལ་འདོད་ཆགས་པ་དང་། གཟུགས་དང་སྒྲ་ལ་འདོད་ ཆགས་མེད་པ་དང་། དྲི་ལ་འདོད་ཆགས་མེད་པ་དང་། དྲི་ལ་འདོད་ཆགས་ལ་རེག་ལ་འདོད་ཆགས་མེད་པ་དང་། རེག་ལ་འདོད་ཆགས་ལ་རོ་ལ་འདོད་ཆགས་མེད་པ་དང་། རོ་ལ་འདོད་ཆགས་ལ་གཟུགས་ལ་འདོད་ཆགས་ མེད་དྲི་ལ་འདོད་ཆགས་མེད་པ་དེ་ནི་འདོད་ཆགས་སྤྱོད་པ་རྣམས་ཀྱི་འཇུག་པ་སྟེ། འཇུག་པ་དེའི་སྒོས་འདོད་ཆགས་སྤྱོད་པ་རྣམས་ལ་ཉི་ཁྲི་ཆིག་སྟོང་། ཞེ་སྡང་སྤྱོད་པ་རྣམས་ལ་ཉི་ཁྲི་ཆིག་སྟོང་། གཏི་མུག་སྤྱོད་པ་རྣམས་ 80-1-212b ལ་ཉི་ཁྲི་ཆིག་སྟོང་། ཆ་མཉམ་པར་སྤྱོད་པ་རྣམས་ལ་ཉི་ཁྲི་ཆིག་སྟོང་སྟེ། གང་དེ་དག་གི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་གི་སེམས་འཇུག་པར་ཤེས་པ་དང་། ཇི་ལྟར་རིགས་པ་བསྟན་པ་ཤེས་པ་དང་། མི་མང་མི་ཉུང་བར་བསྟན་པ་ཤེས་ པ་དང་། འདོད་པ་ལས་ཡང་དག་པར་འདའ་བར་ཤེས་པ་དང་། སྣོད་ཀྱི་ཁྱད་པར་ཤེས་པ་དང་། འབྲས་བུ་ཡོད་པར་བསྟན་པ་དེ་ནི་ཆོས་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །དེ་ལ་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། གང་ སྐད་ཐམས་ཅད་ལ་སྐད་མེད་པར་འཇུག་པར་ཤེས་པ་དང་། ལྷའི་སྐད་དང་། ཀླུའི་སྐད་དང་། གནོད་སྦྱིན་གྱི་སྐད་དང་། དྲི་ཟའི་སྐད་དང་། མི་འམ་ཅིའི་སྐད་དང་། ལྟོ་འཕྱེ་ཆེན་པོའི་སྐད་དང་། མི་དང་མི་མ་ཡིན་པའི་སྐད་དང་། འགྲོ་ བ་ལྔར་སྐྱེས་པའི་སེམས་ཅན་རྣམས་ཀྱི་སྐད་དང་། སྒྲ་དང་དབྱངས་རྣམས་ལས་སྐད་དེས་དེ་དག་ལ་ཆོས་འཆད་པ་སྟེ། དེ་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་སྟེ། དེ་ལྟར་ཆོས་དེ་དག་བརྟག་པར་བྱའོ། །དེ་ལྟར་ ཆོས་དེ་དག་བསྡུ་བར་བྱའོ། །དེ་ལྟར་ཆོས་དེ་དག་རྗེས་སུ་རྒྱུན་ཆགས་པར་བྱའོ། །དེ་ལྟར་ཆོས་དེ་དག་ཡི་གེ་རྣམས་ཀྱིས་སྦྲེལ་བར་བྱའོ། །དེ་ཚིག་གཅིག་གི་བླ་དགས་ཤེས། ཚིག་གཉིས་པའི་བླ་དགས་ཤེས། ཚིག་མང་ པོའི་བླ་དགས་ཤེས། བུད་མེད་ཀྱི་ཚིག་ཤེས། སྐྱེས་པའི་ཚིག་ཤེས། མ་ནིང་གི་ཚིག་ཤེས། བསྡུས་པའི་ཚིག་ཤེས། རྒྱས་པའི་ཚིག་ཤེས། སྨད་པའི་ཚིག་ཤེས། འདས་པའི་ཚིག་ཤེས། མ་འོངས་པའི་ཚིག་ཤེས། ད་ ལྟར་བྱུང་བའི་ཚིག་ཤེས། ཡི་གེ་གཅིག་གིས་སྒྲོ་བཏགས་པ་ཤེས་ཏེ། དེ་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །ཡང་དེའི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི་འཁྲུལ་པ་མ་ཡིན། ཟློས་པ་མ་ཡིན། བརྟགས་པ་མ་ཡིན། དོན་གསལ་བའི་ཡི་གེ་ཡོངས་སུ་བྱང་བ་སྟེ། ཅི་ནས་ཀྱང་འཁོར་བ་ཡང་དག་པར་དགའ་བ། སྣ་ཚོགས་པ། ཟབ་པ། ཟབ་པར་སྣང་བ། ཀུན་རྫོབ་དང་། དོན་དམ་པས་བརྒྱན་པ། བདག་གིས་སེམས་ 80-1-213a མཐོང་བའི་ཤེས་པ་ལ་རག་ལུས་པ། །སངས་རྒྱས་ཀྱིས་གནང་བ། སེམས་ཅན་ཐམས་ཅད་དགའ་བར་བྱེད་པ་སྟེ། དེ་ནས་བྱང་ཆུབ་སེམས་དཔའི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་ སེམས་དཔའི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། གང་ཚིག་བཟང་བ་མི་གནས་པར་ལུང་བསྟན་པ། སྟོན་པ། རྒྱུན་མི་འཆད་པ། སྤོབས་པ་མྱུར་བས་སྤོབས་པ་མགྱོགས་ཤིང་མྱུར་བ། སྤོབས་པ་མི་ རྨོངས་པ། སྤོབས་པ་ཇི་ལྟར་དྲིས་པ་བཞིན་པ། སྤོབས་པ་ཡོངས་སུ་མ་ཉམས་པ། སྤོབས་པ་མི་འགལ་བ། སྤོབས་པ་རྩོད་པ་མེད་པ། སྤོབས་པ་ཆོས་ལ་རབ་ཏུ་དགའ་བ། སྤོབས་པ་བཟོད་པ་ལ་གནས་པ། སྤོབས་ པ་ཟབ་པ། སྤོབས་པ་སྣ་ཚོགས་པ། ཀུན་རྫོབ་དང་། དོན་དམ་པ་ལ་སྤོབས་པ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཐམས་ཅད་ལ་གནས་པའི་ སྤོབས་པ་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། ཞི་གནས་དང་། ལྷག་མཐོང་ལ་སྤོབས་ པ་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། བདེན་པ་ལ་འཇུག་པ་ཐམས་ཅད་ཤེས་པའི་སྤོབས་པ། ཐེག་པ་ཐམས་ཅད་ལ་སྤོབས་པ། སེམས་ཅན་ཐམས་ ཅད་ཀྱི་སེམས་དང་སྤྱོད་པ་ལ་སྤོབས་པ། ཚིག་མི་ལྐུག་པའི་སྤོབས་པ། ཚིག་མི་རྩུབ་པའི་སྤོབས་པ། ཚིག་མི་འཆལ་པའི་སྤོབས་པ། ཚིག་རྩུབ་མོ་མ་ཡིན་པའི་སྤོབས་པ། ཚིག་མཉེན་པའི་སྤོབས་ པ། ཚིག་དག་པ། ཚིག་གྲོལ་པ། ཚིག་མ་ཆགས་པ། ཚིག་བཙུན་པ། ཚིག་འབྲེལ་པ། ཚིག་ལྡན་པ། ཚིག་མ་ཉམས་པ། ཚིག་སྙན་པ། ཚིག་འཇམ་པ། ཚིག་མ་སྨད་པ། ཚིག་འཕགས་ 80-1-213b པ་ཐམས་ཅད་ཀྱིས་བསྟོད་པ་སྟེ། ཞིང་མཐའ་ཡས་པའི་རྣམ་པར་ཤེས་པའི་རྗེས་སུ་སོང་བའི་སྒྲ། ཚངས་པའི་སྒྲ་སྐད་ཀྱི་དབྱངས་དང་འདྲ་བར་རྟོག་པར་བྱེད་པའི་སྒྲ་གཅིག་པ། སངས་རྒྱས་ཀྱི་གནང་བའི་སྤོབས་ པས་སེམས་ཅན་གཞན་དང་། གང་ཟག་གཞན་དག་ལ་ཆོས་སྟོན་ཏོ། །དེའི་ཆོས་བསྟན་པ་དེ་ཡང་འབྱུང་བར་བྱེད་པ། དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་པར་འགྱུར་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་ སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །དེ་ནི་བྱང་ཆུབ་སེམས་དཔའི་སྤོབས་པ་ལ་མཁས་པ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའི་སྤོབས་པ་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། ། བམ་པོ་བཅྭ་བརྒྱད་པ། །དེ་ལ་བྱང་ཆུབ་སེམས་དཔའི་རྟོན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟོན་པ་འདི་བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། དོན་ལ་རྟོན་གྱི་ ཚིག་འབྲུ་ལ་མ་ཡིན་པ་དང་། ཡེ་ཤེས་ལ་རྟོན་གྱི་རྣམ་པར་ཤེས་པ་ལ་མ་ཡིན་པ་དང་། ངེས་པའི་དོན་གྱི་མདོ་སྡེ་རྣམས་ལ་རྟོན་གྱི་དྲང་བའི་དོན་རྣམས་ལ་མ་ཡིན་པ་དང་། ཆོས་ཉིད་ལ་རྟོན་གྱི་གང་ཟག་ལ་མ་ ཡིན་པའོ། །དེ་ལ་དོན་གང་། ཚིག་འབྲུ་ནི་གང་ཞེ་ན། ཚིག་འབྲུ་ཞེས་བྱ་བ་ནི་གང་འཇིག་རྟེན་གྱི་ཆོས་ཀྱི་བྱ་བ་ལ་འཇུག་པའོ། །དོན་ཅེས་བྱ་བ་ནི་གང་འཇིག་རྟེན་ལས་འདས་པའི་ཆོས་རྟོགས་པའོ། །ཚིག་འབྲུ་ ཞེས་བྱ་བ་ནི་སྦྱིན་པ་དང་། དུལ་བ་དང་། སྡོམ་པ་དང་། ངེས་པ་བསྟན་པའོ། །དོན་ཞེས་བྱ་བ་ནི་དུལ་བ་དང་། ཞི་གནས་དང་། སར་པ་མ་ཡིན་པ་དང་། རྙིང་པ་མ་ཡིན་པར་ཤེས་པའོ། །ཚིག་འབྲུ་ ཞེས་བྱ་བ་ནི་འཁོར་བ་ཡོངས་སུ་བཤད་པ་སྒྲོགས་པའོ། །དོན་ཞེས་བྱ་བ་ནི་མི་དམིགས་པ་ལ་རྟོན་པའོ། །ཚིག་འབྲུ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་ཡོན་ཏན་ཡོངས་སུ་སྒྲོག་པའོ། །དོན་ཞེས་བྱ་ 80-1-214a བ་ནི་ཆོས་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ལ་རྣམ་པར་མི་རྟོག་པའོ། །ཚིག་འབྲུ་ཞེས་བྱ་བ་ནི་ཐེག་པ་ཇི་ལྟར་རྣམ་པར་གཞག་པ་བཞིན་དུ་འཆད་པའོ། །དོན་ཞེས་ བྱ་བ་ནི་ཆོས་ཚུལ་གཅིག་པར་རྟོགས་པར་ཤེས་པའོ། །ཚིག་འབྲུ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་མི་གཏོང་བར་བསྟན་པའོ། །དོན་ཞེས་བྱ་བ་ནི་འཁོར་གསུམ་ཡོངས་སུ་དག་པའོ། །ཚིག་འབྲུ་ཞེས་ བྱ་བ་ནི་ལུས་དང་། ངག་དང་། ཡིད་སྡོམ་ཞིང་བསླབ་དང་། སྦྱངས་པའི་ཡོན་ཏན་ཐམས་ཅད་ཡང་དག་པར་ལེན་པར་བསྟན་པའོ། །དོན་ཞེས་བྱ་བ་ནི་ལུས་དང་། ངག་དང་། ཡིད་མི་དམིགས་ཤིང་མངོན་པར་ འདུ་མི་བྱེད་པ་ཡོངས་སུ་དག་པའོ། །ཚིག་འབྲུ་ཞེས་བྱ་བ་ནི་གནོད་སེམས་ཀྱི་ཐ་བ་དང་། ཁྲོ་བ་དང་། ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་འཇོམས་ཞིང་བཟོད་པ་དང་། ངེས་པ་བསྟན་པའོ། །དོན་ཞེས་ བྱ་བ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པའོ། །ཚིག་འབྲུ་ཞེས་བྱ་བ་ནི་དགེ་བའི་རྩ་བ་ལ་བརྩོན་འགྲུས་རྩོམ་པ་ཐམས་ཅད་བསྟན་པའོ། །དོན་ཞེས་བྱ་བ་ནི་མི་ལེན་མི་གཏོང་བ་ལ་གནས་པའི་བརྩོན་འགྲུས་ སོ། །ཚིག་འབྲུ་ཞེས་བྱ་བ་ནི་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་བསྟན་པའོ། །དོན་ཞེས་བྱ་བ་ནི་འགོག་པའི་སྙོམས་པར་འཇུག་པ་ཤེས་པའོ། ། ཚིག་འབྲུ་ཞེས་བྱ་བ་ནི་ཐོས་པ་ཐམས་ཅད་འཛིན་པ་ཤེས་རབ་ཀྱི་རྩ་བའོ། །དོན་ཞེས་བྱ་བ་ནི་བརྗོད་དུ་མེད་པའི་དོན་ཏོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་ གྱི་ཆོས་རྣམས་རབ་ཏུ་བསྟན་པའོ། །དོན་ཞེས་བྱ་བ་ནི་གང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་གྱི་ཆོས་རྣམས་ནན་ཏན་ཏུ་བྱེད་པའི་འབྲས་བུ་མངོན་སུམ་དུ་བྱེད་པའོ། །ཚིག་འབྲུ་ཞེས་བྱ་བ་ནི་སྡུག་བསྔལ་ 80-1-214b དང་། ཀུན་འབྱུང་བ་དང་། ལམ་རབ་ཏུ་བསྟན་པའོ། །དོན་ཞེས་བྱ་བ་ནི་འགོག་པ་མངོན་སུམ་དུ་བྱེད་པའོ། །ཚིག་འབྲུ་ཞེས་བྱ་བ་ནི་མ་རིག་པ་ལ་སོགས་ཏེ། རྒ་ཤིའི་བར་དུ་བསྟན་པའོ། །དོན་ཞེས་བྱ་བ་ནི་མ་ རིག་པ་འགོག་པ་ནས་རྒ་ཤིའི་བར་དུ་འགོག་པའོ། །ཚིག་འབྲུ་ཞེས་བྱ་བ་ནི་ཞི་གནས་དང་། ལྷག་མཐོང་གི་ཚོགས་བསྟན་པའོ། །དོན་ཞེས་བྱ་བ་ནི་རིག་པ་དང་རྣམ་པར་གྲོལ་བ་ཤེས་པའོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་ འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཆ་མཉམ་པར་སྤྱོད་པ་རྣམས་ལ་ཆོས་བསྟན་པའོ། །དོན་ཞེས་བྱ་བ་ནི་སེམས་ཀྱི་རྣམ་པར་གྲོལ་བ་མི་འཁྲུགས་པའོ། །ཚིག་འབྲུ་ཞེས་བྱ་བ་ནི་སྒྲིབ་པར་བྱེད་པའི་ཆོས་ ཐམས་ཅད་རབ་ཏུ་སྟོན་པའོ། །དོན་ཞེས་བྱ་བའི་ནི་སྒྲིབ་པ་མེད་པའི་ཡེ་ཤེས་རྣམ་པར་ཐར་པའོ། །ཚིག་འབྲུ་ཞེས་བྱ་བ་ནི་དཀོན་མཆོག་གསུམ་གྱི་ཡོན་ཏན་བསྔགས་པ་མཐའ་མེད་པ་ཡང་དག་པར་རབ་ཏུ་བསྟན་པའོ། །དོན་ཞེས་ བྱ་བ་ནི་གང་ཆོས་འདོད་ཆགས་མེད་པ་དང་། འདུས་མ་བྱས་པའི་དགེ་འདུན་གྱི་ཡོན་ཏན་སྒྲུབ་པའོ། །ཚིག་འབྲུ་ཞེས་བྱ་བ་ནི་གང་བྱང་ཆུབ་སེམས་དཔའི་ཐོག་མ་སེམས་བསྐྱེད་ནས་བྱང་ཆུབ་ཀྱི་སྙིང་པོའི་བར་དུ་བསླབས་པ་དང་། ཡོན་ཏན་རྩོམ་པ་བསྟན་པའོ། །དོན་ཞེས་བྱ་བ་ནི་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་རྫོགས་པར་བྱང་ཆུབ་པའོ། །མདོར་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་བསྟན་ པ་དེ་ནི་ཚིག་འབྲུ་ཞེས་བྱའོ། །སྒྲ་དང་ཡེ་གེ་དང་། ཚིག་འབྲུ་ཐམས་ཅད་བརྗོད་དུ་མྱེད་པའི་དོན་ནི་དོན་ཏོ། །དེ་ལ་དྲང་བའི་དོན་གྱི་མདོ་སྡེ་གང་ཞེ་ན། གང་ཚིག་འབྲུ་བཤད་པ་ཇི་ལྟར་བསྟན་པ་བཞིན་དུ་རྒྱ་ཆེར་ཁོང་དུ་ཆུད་པར་བྱ་སྟེ་ འདི་དག་ནི་དྲང་བ་དོན་གྱི་མདོ་སྡེ་དག་གོ། །ངེས་པའི་དོན་གྱི་མདོ་སྡེ་གང་ཞེ་ན། དོན་གང་བཤད་པ་ཇི་ལྟར་བསྟན་པ་བཞིན་དུ་རྒྱ་ཆེར་ཁོང་དུ་ཆུད་པར་བྱ་སྟེ། དེ་དག་ནི་ངེས་པའི་དོན་གྱི་མདོ་སྡེ་དག་གོ། །དེ་ཇི་ལྟར་ན་ 80-1-215a ཆོས་ལ་རྟོན་གྱི་གང་ཟག་ལ་མ་ཡིན་ཞེ་ན། གང་དྲང་བའི་དོན་དེ་ནི་གང་ཟག་གི་དོན་ཡིན་པས་དེ་ལ་མི་རྟོན་གྱི། གང་ངེས་པའི་དོན་དེ་ནི་ཆོས་ཉིད་ཇི་ལྟ་བ་བཞིན་པས་དེ་ལ་རྟོན་པ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའི་ རྟོན་པ་བཞིའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོན་པ་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚིག་འབྲུ་ལ་མཁས་པ་གང་ཞེ་ན། འདི་ལ་བྱང་ཆུབ་ སེམས་དཔའི་ཆོས་གཉིས་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །ཆོས་གཉིས་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་ཤེས་པ་ལ་མཁས་པ་དང་། ཡེ་ཤེས་ལ་མཁས་པ་ཡིན་ནོ། །དེ་ལ་རྣམ་པར་ཤེས་པ་གང་། ཡེ་ཤེས་གང་ཞེ་ན། རྣམ་པར་ཤེས་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། རྣམ་པར་ཤེས་པའི་གནས་པ་བཞིའོ། །བཞི་གང་ཞེ་ན། གཟུགས་ལ་ཞུགས་པའི་རྣམ་པར་ཤེས་པ་ཡོངས་སུ་གནས་ཤིང་གནས་པ་དང་། ཚོར་བ་ལ་ཞུགས་པ་ དང་། འདུ་ཤེས་ལ་ཞུགས་པ་དང་། འདུ་བྱེད་ལ་ཞུགས་པའི་རྣམ་པར་ཤེས་པ་ཡོངས་སུ་གནས་ཤིང་གནས་པ་སྟེ་དེ་ནི་རྣམ་པར་ཤེས་པ་ཞེས་བྱའོ། །དེ་ལ་ཡེ་ཤེས་གང་ཞེ་ན། གང་ལེན་པའི་ཕུང་པོ་ལྔ་རྣམས་ལ་གནས་ པ། རྣམ་པར་ཤེས་པའི་ཕུང་པོ་ཡོངས་སུ་ཤེས་པ་དེ་ནི་ཡེ་ཤེས་ཞེས་བྱའོ། །གང་སའི་ཁམས་རྣམ་པར་ཤེས་པ་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་རྣམ་པར་ཤེས་པ་དེ་ནི་རྣམ་པར་ཤེས་ པ་ཞེས་བྱའོ། །གང་ཡང་ཡེ་ཤེས་ཁམས་བཞི་ལ་མི་གནས་པ་ཆོས་ཀྱི་དབྱིངས་ཐ་མི་དད་པར་ཤེས་པ་དེ་ནི་ཡེ་ཤེས་ཞེས་བྱའོ། །གཞན་ཡང་རྣམ་པར་ཤེས་པ་ཞེས་བྱ་བ་ནི་གང་མིག་གི་རྣམ་པར་ཤེས་པས་ཤེས་པར་ བྱ་བའི་གཟུགས་རྣམས་ལ་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པས་ཤེས་པར་བྱ་བའི་སྒྲ་རྣམས་དང་། སྣའི་རྣམ་པར་ཤེས་པས་ཤེས་པར་བྱ་བའི་དྲི་རྣམས་དང་། ལྕེའི་རྣམ་པར་ཤེས་པས་ཤེས་པར་བྱ་བའི་རོ་ 80-1-215b རྣམས་དང་། ལུས་ཀྱི་རྣམ་པར་ཤེས་པས་ཤེས་པར་བྱ་བའི་རེག་རྣམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཤེས་པར་བྱ་བའི་ཆོས་རྣམས་ཤེས་པ་དེ་ནི་རྣམ་པར་ཤེས་པ་ཞེས་བྱའོ། །གང་ཡང་ནང་གི་སྐྱེ་མཆེད་རྣམས་ལ་ཉེ་བར་ཞི་ཞིང་ཕྱི་ རོལ་གྱི་སྐྱེ་མཆེད་རྣམས་ལ་རྒྱུ་བ་མེད་པའི་ཡེ་ཤེས་ལ་རྟོན་པས་ཆོས་གང་ཡང་གཞོག་པར་མི་བྱེད་པ་དེ་ནི་ཡེ་ཤེས་ཞེས་བྱའོ། །གཞན་ཡང་རྣམ་པར་ཤེས་པ་ཞེས་བྱ་བ་ནི་དམིགས་པ་ལས་རྣམ་པར་ཤེས་པ་སྐྱེ་བ་དང་། ཡོངས་སུ་ རྟོག་པ་ལས་རྣམ་པར་ཤེས་པ་སྐྱེ་བ་སྟེ། དེ་ནི་རྣམ་པར་ཤེས་པ་ཞེས་བྱའོ། །གང་ཡང་མི་འཛིན་པ། མི་སྙེམས་པ། མི་དམིགས་པ། རྣམ་པར་མི་རིག་པ། མི་འཁྲུགས་པ་དེ་ནི་ཡེ་ཤེས་ཞེས་བྱའོ། །གཞན་ཡང་འདུས་བྱས་ལ་སྤྱོད་པའི་ ཆོས་རྣམས་ལ་རྣམ་པར་ཤེས་པ་གནས་ཀྱི། འདུས་མ་བྱས་ལ་རྣམ་པར་ཤེས་པ་རྒྱུ་བ་མེད་དོ། །གང་ཡང་འདུས་མ་བྱས་ཤེས་པ་དེ་ནི་ཡེ་ཤེས་སོ། །གཞན་ཡང་སྐྱེ་བ་དང་། འཇིག་པ་ལ་གནས་པ་ནི་རྣམ་པར་ཤེས་པའོ། །གང་ཡང་ མི་སྐྱེ་མི་འགག་མི་གནས་པ་དེ་ནི་ཡེ་ཤེས་ཞེས་བྱའོ། །དེ་ལ་ངེས་པའི་དོན་གྱི་མདོ་སྡེ་གང་། དྲང་བའི་དོན་གྱི་མདོ་སྡེ་གང་ཞེ་ན། མདོ་སྡེ་གང་དག་ལམ་ལ་འཇུག་པར་བྱེད་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། །མདོ་སྡེ་གང་དག་འབྲས་ བུ་ལ་འཇུག་པར་བྱེད་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ། །མདོ་སྡེ་གང་དག་ཀུན་རྫོབ་སྒྲུབ་པར་བྱེད་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། །མདོ་སྡེ་གང་དག་དོན་དམ་པར་བསྟན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ། །གཞན་ཡང་མདོ་སྡེ་ གང་དག་ལས་ཀྱི་བྱ་བ་ལ་འཇུག་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། །མདོ་སྡེ་གང་དག་ལས་དང་ཉོན་མོངས་པ་ཟད་པར་བསྟན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ། །གཞན་ཡང་མདོ་སྡེ་གང་དག་ཀུན་ནས་ཉོན་མོངས་པ་ཡོངས་སུ་བཤད་ པའི་ཕྱིར་བསྟན་པ་དེ་དག་ནི་དྲང་བའི་དོན་ཏོ། །མདོ་སྡེ་གང་དག་རྣམ་པར་བྱང་བ་རྣམ་པར་དག་པའི་ཕྱིར་བསྟན་པ་དེ་དག་ནི་ངེས་པའི་དོན་ཏོ། །མདོ་སྡེ་གང་དག་འཁོར་བས་སྐྱོ་བར་བྱེད་པ་དེ་དག་ནི་དྲང་བའི་དོན་ཏོ། །མདོ་སྡེ་གང་དག་ 80-1-216a འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མི་འཇུག་པ་དེ་དག་ནི་ངེས་པའི་དོན་ཏོ། །མདོ་སྡེ་གང་དག་ཡི་གེ་དང་། ཚིག་སྣ་ཚོགས་སུ་བསྟན་པ་དེ་དག་ནི་དྲང་བའི་དོན་ཏོ། །མདོ་སྡེ་གང་དག་ཟབ་པ། བལྟ་དཀའ་བ། རྟོགས་པར་དཀའ་བ་དེ་དག་ནི་ངེས་པའི་དོན་ཏོ། །མདོ་སྡེ་གང་དག་ཚིག་འབྲུ་མང་བ། སེམས་ཅན་རྣམས་ཀྱི་སེམས་རངས་པར་བྱེད་པ་དེ་དག་ནི་དྲང་བའི་དོན་ཏོ། །མདོ་སྡེ་གང་དག་ཚིག་དང་ཚིག་འབྲུ་ཉུང་ལ་ངེས་པར་རྟོགས་པར་བྱེད་ པ་དེ་དག་ནི་ངེས་པའི་དོན་ཏོ། །གཞན་ཡང་མདོ་སྡེ་གང་དག་བདག་དང་། སེམས་ཅན་དང་། སྲོག་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་བུ་དང་། ཤེད་ལས་སྐྱེས་དང་། བྱེད་པ་པོ་དང་། ཚོར་བ་པོའི་སྒྲ་སྣ་ཚོགས་བདག་པོ་ མེད་པ། བདག་པོ་ཡོད་པ་བཞིན་དུ་བསྟན་པ་དེ་དག་ནི་དྲང་བའི་དོན་ཏོ། །མདོ་སྡེ་གང་དག་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མི་འབྱུང་བ་དང་། མ་སྐྱེས་པ་དང་། ཡང་དག་པར་མི་འབྱུང་བ་དང་། སེམས་ཅན་མེད་པ་དང་། གང་ ཟག་མེད་པ་དང་། དུས་གསུམ་ལས་རྣམ་པར་ཐར་པའི་སྒོ་བསྟན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ། །དེ་ལ་ཆོས་གང་། གང་ཟག་གང་ཞེ་ན། གང་གང་ཟག་ཏུ་ལྟ་བ་ལ་གནས་ཏེ། ཆོས་ཁ་ཅིག་ལ་རྩོམ་པ་དེ་དག་ནི་གང་ ཟག་ཅེས་བྱའོ། །གང་ཟག་ཏུ་ལྟ་བ་རྩོམ་པ་དེའི་གང་ཆོས་གནས་པ་ཆོས་ཀྱི་དབྱིངས་དེ་ནི་ཆོས་ཤེས་བྱའོ། །གཞན་ཡང་གང་ཟག་ནི་སོ་སོའི་སྐྱེ་བོའི་གང་ཟག་དང་། སོ་སོའི་སྐྱེ་བོ་དགེ་བའི་གང་ཟག་དང་། དད་པས་རྗེས་སུ་ འབྲེང་བའི་གང་ཟག་དང་། ཆོས་ཀྱི་རྗེས་སུ་འབྲང་བའི་གང་ཟག་དང་། བརྒྱད་པའི་གང་ཟག་དང་། རྒྱུན་དུ་ཞུགས་པའི་གང་ཟག་དང་། ལན་ཅིག་ཕྱིར་འོང་བའི་གང་ཟག་དང་། ཕྱིར་མི་འོང་བའི་གང་ཟག་དང་། དགྲ་བཅོམ་པའི་ གང་ཟག་དང་། རང་སངས་རྒྱས་ཀྱི་གང་ཟག་དང་། བྱང་ཆུབ་སེམས་དཔའི་གང་ཟག་དང་། སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། ལྷ་དང་། མིའི་སྐྱེ་བོ་ཕལ་པོ་ཆེའི་དོན་དང་། ཕན་པ་དང་བདེ་བའི་ཕྱིར་ 80-1-216b གང་ཟག་གཅིག་འཇིག་རྟེན་དུ་སྐྱེ་བར་འབྱུང་བར་འགྱུར་བ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པར་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ། གང་ཟག་གི་སྒྲ་དེ་ཐམས་ཅད་དེ་བཞིན་གཤེགས་པས་ཀུན་རྫོབ་ཀྱི་གནས་ཀྱིས་སེམས་ ཅན་རྣམས་གཟུང་བའི་ཕྱིར་བསྟན་པའོ། །དེ་ལ་གང་མངོན་པར་ཆགས་པ་དེ་དག་ནི་རྟོན་པ་མ་ཡིན་པ་ཞེས་བྱའོ། །དེ་དག་རྟོན་པ་ལ་འགོད་པའི་ཕྱིར་ཆོས་ཉིད་ལ་རྟོན་པར་བྱའི་གང་ཟག་ལ་མ་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ ཏེ། དེ་ལ་ཆོས་ཉིད་གང་ཞེ་ན། འདི་ལྟ་སྟེ། མི་འགྱུར་བ། སྒྲོ་མ་བཏགས་པ། མི་བྱེད་པ། རྣམ་པར་མི་བྱེད་པ། མི་གནས་པ། གནས་མེད་པ། རྩ་བ་མེད་པ། ཐམས་ཅད་དུ་མཉམ་པ། མཉམ་པ་ལ་མཉམ་པ། མི་མཉམ་པ་ལ་ མཉམ་པ། མཉམ་པ་དང་མི་མཉམ་པ་ལ་མཉམ་པ། རྣམ་པར་མི་རྟོག་པ། མི་རྩོམ་པ། ངེས་པར་གྱུར་བ་ཐོབ་པ། ཆོས་ཐམས་ཅད་ལ་ཤིན་དུ་ངོ་བོ་ཉིད་མེད་པའི་མཚན་ཉིད་དེ་ནི་ཆོས་ཉིད་ཅེས་བྱ་སྟེ། གང་དག་ཆོས་ཉིད་དེ་ལ་ རྟོན་པར་བྱེད་པ་དེ་དག་ནི་ཁམས་གང་ལ་ཡང་རྟོན་པར་མི་བྱེད་དེ། དེ་བས་ན་ཆོས་ཀྱི་ཚུལ་གྱི་སྒོ་ལ་འཇུག་པ་འདིས་ཆོས་ཐམས་ཅད་ལ་རྟོན་པའི་ཕྱིར་ཆོས་ཐམས་ཅད་དེ་ལྟ་བུའི་ཆོས་ཉིད་ཡིན་ནོ། །དེ་དག་ནི་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་རྟོན་པ་བཞི་ཞེས་བྱ་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་རྟོན་པ་ལ་མཁས་པའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྟོན་པ་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །དེ་ལ་བྱང་ཆུབ་སེམས་དཔའི་ཚོགས་ ལ་མཁས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོགས་ནི་འདི་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་སོ། །དེ་ལ་བསོད་ནམས་ཀྱི་ཚོགས་གང་ཞེ་ན། སྦྱིན་པ་ ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། བྱམས་པའི་སེམས་སྙོམས་པར་འཇུག་པ་དང་། 80-1-217a སྙིང་རྗེའི་སྦྱོར་བ་དང་། དགེ་བའི་རྩ་བ་ཐམས་ཅད་ལ་རྩོམ་པ་དང་། བདག་དང་ཕ་རོལ་གྱི་སྡིག་པ་འཆགས་པ་དང་། དུས་གསུམ་དུ་གཏོགས་པའི་སེམས་ཅན་ཐམས་ཅད་དང་། སློབ་པ་ཐམས་ཅད་དང་། མི་སློབ་པ་ཐམས་ཅད་དང་། རང་སངས་རྒྱས་ཐམས་ཅད་དང་། སེམས་དང་པོ་བསྐྱེད་པ་རྣམས་དང་། སྤྱོད་པ་ལ་ཞུགས་པ་རྣམས་དང་། ཕྱིར་མི་ལྡོག་པ་རྣམས་དང་། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་ལ་རྗེས་སུ་ཡིད་རང་ བ་དང་། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དགེ་བ་ཐམས་ཅད་ཀྱི་རྗེས་སུ་ཡིད་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་དང་། སངས་རྒྱས་ཐམས་ཅད་དང་། འཕགས་པ་ཐམས་ ཅད་ལ་གསོལ་བ་འདེབས་པ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་དང་། དགེ་བ་ཐམས་ཅད་བྱང་ཆུབ་ཏུ་བསྔོ་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་དང་། སེམས་ཅན་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་རྣམས་བྱང་ཆུབ་ཏུ་ སེམས་བསྐྱེད་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ལ་ཕ་རོལ་དུ་ཕྱིན་པའི་ལམ་སྟོན་པ་དང་། དབུལ་པོ་རྣམས་ལ་ལོངས་སྤྱོད་ཀྱིས་སྡུད་པ་དང་། ནད་པ་རྣམས་ལ་སྨན་སྦྱིན་པ་དང་། གུས་པར་བསྙེན་བཀུར་བྱེད་པ་དང་ མཐུ་ཆུང་བ་རྣམས་ལ་བཟོད་ཅིང་དང་དུ་ལེན་པ་དང་། ལྟུང་བ་རྣམས་མི་འཆབ་པ་དང་། སྡིག་པ་འཆགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་པ་དང་། ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ལ་ བསྙེན་བཀུར་དང་། རི་མོ་ཐམས་ཅད་བྱེད་པ་དང་། སློབ་དཔོན་དང་མཁན་པོ་རྣམས་ལ་སྟོན་པ་བཞིན་དུ་རི་མོ་བྱེད་པ་དང་། ཆོས་ལ་རིན་པོ་ཆེ་རིན་ཐང་མེད་པ་བཞིན་དུ་ཡོངས་སུ་ཆོལ་བའི་བརྩོན་འགྲུས་དང་། ཆོས་སྨྲ་ བ་ལ་དགའ་ཞིང་དཔག་ཚད་བརྒྱར་ཡང་སོང་སྟེ། ཆོས་ཉན་པས་ཆོག་མི་ཤེས་པ་དང་། ཟང་ཟིང་མེད་པར་ཆོས་འཆད་པ་དང་། ཕ་དང་མ་ལ་རིམ་གྲོ་བྱེད་པ་དང་། བྱས་པ་གཟོ་བ་དང་། བྱས་པ་ཤེས་པ་དང་། 80-1-217b འགྱོད་པ་མེད་པ་དང་། བསོད་ནམས་བསགས་པས་ཆོག་མི་ཤེས་པ་དང་། ལུས་བསྡམས་ཤིང་ཚུལ་འཆོས་པ་མེད་པ་དང་། ངག་བསྡམས་པའི་ངག་ལ་ཚུལ་འཆོས་པ་མེད་པ་དང་། ཡིད་བསྡམས་པའི་ཡིད་ལ་ཚུལ་ འཆོས་པ་མེད་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་བཙུགས་པའི་ཕྱིར་ཚངས་པའི་བསོད་ནམས་ཡོངས་སུ་འཛིན་པ་དང་། མཆོད་སྦྱིན་གཏན་པ་མེད་པ་བསགས་པས་མཚན་ཡོངས་སུ་རྫོགས་པ་དང་། དགེ་བའི་རྩ་ བའི་ཚོགས་སྣ་ཚོགས་བསགས་པས་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པ་དང་། ང་རྒྱལ་མེད་པས་ལུས་བརྒྱན་པ་དང་། ངག་གི་ཉེས་པ་ཐམས་ཅད་སྤངས་པས་ངག་བརྒྱན་པ་དང་། བློ་ཐོགས་པ་མེད་པས་སེམས་བརྒྱན་ པ་དང་། མངོན་པར་ཤེས་པ་སྤྲུལ་པས་སངས་རྒྱས་ཀྱི་ཞིང་གི་རྒྱན་དང་། ཡེ་ཤེས་ཡོངས་སུ་དག་པས་ཆོས་ཀྱི་མཚན་ཉིད་ཀྱི་རྒྱན་དང་། ཕྲ་མ་དང་ཞེ་གཅོད་པ་དང་། དབྱེ་བའི་ཚིག་ཡོངས་སུ་སྤངས་པས་འཁོར་མང་ པོའི་རྒྱན་དང་། ཆོས་འཛིན་པས་འདོད་ཆགས་མེད་པའི་ཆོས་ཀྱི་རྒྱན་དང་། རབ་ཏུ་དགའ་ནས་ལེགས་སོ་ཞེས་བྱ་བ་བྱིན་ནས་ཆོས་ཀྱི་གཏམ་མི་འཇིག་པར་བྱེད་པ་དང་། སྒྲིབ་པ་དང་། ཆོད་པ་རྣམ་པར་སྤངས་ཤིང་ གུས་པར་ཆོས་ཉན་པས་འབྲས་བུ་ཡོད་པར་ཆོས་འཆད་པ་དང་། སངས་རྒྱས་རྣམས་ལ་བཀའ་ཐུབ་ཀྱི་ནགས་ཚལ་ཕུལ་བས་བྱང་ཆུབ་ཀྱི་ཤིང་གི་རྒྱན་དང་། དགེ་བའི་རྩ་བ་ཐམས་ཅད་སྔོན་དུ་འགྲོ་ཞིང་བྱང་ཆུབ་ཀྱི་སེམས་ མི་གཏོང་བས་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་དང་། ལས་དང་ཉོན་མོངས་པ་མི་དམིགས་པས་ཚེ་དང་ཤི་འཕོ་ཡོངས་སུ་དག་པ་དང་། རིན་པོ་ཆེ་ཕངས་པའི་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བས་ལག་ན་རིན་པོ་ཆེ་དང་། མི་ཟད་པའི་སྨོན་ལམ་ཐོབ་པས་ལོངས་སྤྱོད་མི་ཟད་པ་དང་། ཁྲོ་གཉེར་མེད་པས་མཐོང་མ་ཐག་ཏུ་སེམས་ཅན་རྣམས་དད་ཅིང་བཞིན་འཛུམ་པས་གསོང་པོར་སྨྲ་བ་དང་། སེམས་ཅན་ཐམས་ཅད་ལ་འོད་ཟེར་སྙོམས་པས་ 80-1-218a མཉམ་པ་ཉིད་ཀྱི་རྒྱན་ཐོབ་པ་དང་། མ་ལོབས་པ་ལ་མི་བརྙས་པས་འོད་མང་པོ་མཐོང་བ་དང་། ཚུལ་ཁྲིམས་ཀྱི་བསོད་ནམས་བསགས་པས་སྐྱེ་བ་ཡོངས་སུ་དག་པ་དང་། ལྟུང་བ་ལ་མི་རྩོད་པས་མངལ་ཡོངས་སུ་ དག་པ་དང་། དགེ་བ་བཅུའི་ལས་ཡོངས་སུ་དག་པས་ལྷ་དང་མིར་སྐྱེ་བ་དང་། རྗེས་སུ་བསྟན་པ་ཐམས་ཅད་ལ་རབ་ཏུ་རྟོག་པས་གདོན་མི་ཟ་བར་ནོད་པ་དང་། ཆོས་ལ་སློབ་དཔོན་གྱི་དཔེ་མཁྱུད་མེད་པས་ཆོས་ཀྱི་དབང་ཕྱུག་དང་། ལྷག་པའི་ བསམ་པ་ཡོངས་སུ་དག་པས་འཇིག་རྟེན་ཐམས་ཅད་ལ་མངོན་སུམ་པ་དང་། ཉི་ཚེ་བའི་སྤྱོད་པ་མི་འདོད་པས་རྒྱ་ཆེན་པོའི་ཆོས་ལ་དད་པ་དང་། ཐམས་ཅད་མཁྱེན་པའི་སེམས་མི་འདོར་བས་བསོད་ནམས་ཐམས་ཅད་ཡོངས་སུ་འཛིན་ པ་དང་། དད་པ་སྔོན་དུ་འགྲོ་བས་ནོར་བདུན་ཡོངས་སུ་རྫོགས་པ་དང་། སྔོན་དམ་བཅས་པ་ཉམས་སུ་ལོན་པར་བྱེད་པས་འཇིག་རྟེན་ཐམས་ཅད་མི་སླུ་བ་དང་། དགེ་བའི་ཆོས་ཡོངས་སུ་རྫོགས་པས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་ སུ་རྫོགས་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་ཚོགས་ལ་མཁས་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་ཚོགས་ལ་མཁས་པ་གང་ཞེ་ན། རྒྱུ་གང་གིས་ཡེ་ཤེས་སྐྱེ་བ་སྟེ། དེ་ལྟར་རྒྱུ་དང་རྐྱེན་གང་ དང་གང་གིས་ཡེ་ཤེས་རྟོགས་པའོ། །དེ་ལ་རྒྱུ་གང་། རྐྱེན་གང་ཞེ་ན། ཆོས་ཚོལ་བ་ལ་རབ་ཏུ་འདུན་པ་དང་། ཡེ་ཤེས་ཀྱི་རྗེས་སུ་སོང་བའི་བཤེས་གཉེན་བསྟན་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་ལ་རྟེན་གྱི་ཉན་ཐོས་དང་། རང་སངས་རྒྱས་ ཀྱི་ཡེ་ཤེས་ལ་མི་རྟེན་པ་དང་། དེ་དག་ལ་ང་རྒྱལ་མི་བྱེད་པ་དང་། བླ་མ་ལ་དགའ་བ་དང་། སྟོན་པ་ལ་དགའ་བ་དང་། དེའི་དགེ་བའི་བཤེས་གཉེན་དེ་དག་གིས་འདི་ནི་བསམ་པ་དང་ལྡན་པར་ཤེས་ནས་ཡེ་ཤེས་ཀྱི་གཏམ་གང་ཡང་མི་ཏོན་པ་མེད་ པ་དང་། སྣོད་དུ་ཤེས་ནས་བར་ཆད་མེད་པར་སེམས་རྩེ་གཅིག་ཏུ་ཆོས་སྟོན་པ་དང་། དེས་ཆོས་དེ་ཐོས་ནས་ཆོས་ཀྱི་ཚོགས་ལ་བརྩོན་པར་བྱེད་དེ། གང་ཆོས་ཀྱི་ཚོགས་ལ་བརྩོན་པར་བྱེད་པ་དེ་ཉིད་དེའི་ཡེ་ཤེས་ཀྱི་ཚོགས་ལ་བརྩོན་ 80-1-218b པ་ཡིན་ནོ། །དེ་ལ་ཆོས་ཀྱི་ཚོགས་ལ་བརྩོན་པ་གང་ཞེ་ན། འདི་ལྟ་སྟེ་དོན་ཉུང་བ་དང་། བྱ་བ་ཉུང་བ་དང་། སྒྲ་ཉུང་བ་དང་། སྲོད་དང་ཐོ་རངས་ལ་མི་ཉལ་ཞིང་རྣལ་འབྱོར་ལ་བརྩོན་པ་དང་། འབྲེལ་པའི་དོན་ལ་ཡོངས་སུ་རྟོག་པ་དང་། ཕྱིར་ཞིང་ཡོངས་ སུ་ཚོལ་བ་དང་། སེམས་ལ་རྙོག་པ་མེད་པ་དང་། སྒྲིབ་པ་གནོན་པ་དང་། ལྟུང་བ་ལས་འབྱུང་བར་ཤེས་པ་དང་། འགྱོད་པ་མེད་པ་དང་། ཀུན་ནས་ལྡང་བ་མེད་པ་དང་། ནན་ཏན་སྙིང་པོར་བྱེད་པ་དང་། ཆོས་ལ་གཞོལ་བ་དང་། ཆོས་ ལ་འབབ་པ་དང་། ཆོས་ལ་བབ་པ་དང་། ཆོས་ལ་རྟུལ་བ་དང་། རྟག་པར་མགོ་དང་གོས་ལ་མེ་འབར་བ་ལྟ་བུ་དང་། ཡེ་ཤེས་ཚོལ་བ་དེ་ཉིད་གནས་པ་དང་། མི་ལྷོད་པ་དང་། བརྩོན་འགྲུས་མི་གཏོང་བ་དང་། ཁྱད་པར་དུ་འགྲོ་བ་དང་། འདུ་འཛི་ལས་དབེན་པ་དང་། གཅིག་པུར་དགའ་བ་དང་། དགོན་པ་བདེ་བ་ཡིད་ལ་བྱེད་པ་དང་། འཕགས་པའི་རིགས་ལ་དགའ་བ་དང་། སྦྱངས་པ་ལས་མི་འགྱུར་བ་དང་། ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པ་དང་། འཇིག་ རྟེན་རྒྱང་ཕན་པའི་གསང་ཚིག་ལ་རི་མོར་མི་བྱེད་པ་དང་། འཇིག་རྟེན་ལས་འདས་པ་དང་ཆོས་ཚོལ་བ་ལ་དྲན་པ་མི་ཉམས་པ་དང་། རྟོགས་པ་ལ་དོན་རྟོགས་པའི་རྗེས་སུ་འགྲོ་བ་དང་། བློ་གྲོས་ལ་ལམ་གྱི་རྗེས་སུ་འཐུན་པར་ བྱེད་པ་དང་། མོས་པ་ལ་སྡོམ་པ་དང་། རྐྱེན་ལ་ཡེ་ཤེས་ཀྱི་རྗེས་སུ་རིག་པ་དང་། ཁྲེལ་ཡོད་པ་དང་། ངོ་ཚ་ཤེས་པའི་རྒྱན་དང་། སངས་རྒྱས་ཀྱི་འགྲོས་ཀྱི་རྗེས་སུ་འགྲོ་བ་དང་། མི་ཤེས་པ་སེལ་བ་དང་། མ་རིག་པ་དང་། གཏི་མུག་གི་ལིང་ ཏོག་སེལ་པ་དང་། ཤེས་རབ་ཀྱི་མིག་རྣམ་པར་དག་པ་དང་། རབ་ཏུ་རྣམ་པར་དག་པ་དང་། བློ་རྒྱ་ཆེན་པོ་དང་། བློ་མ་ཞུམ་པ་དང་། བློ་རབ་ཏུ་ཐ་དད་པ་དང་། མངོན་སུམ་དུ་ཤེས་པ་དང་། གཞན་ལ་རག་མ་ལུས་པའི་ཡོན་ཏན་དང་། རང་གི་ཡོན་ ཏན་གྱིས་མི་སྙེམས་པ་དང་། ཕ་རོལ་གྱི་ཡོན་ཏན་ལ་རྟོག་པ་དང་། ལེགས་པར་བྱ་བའི་ལས་བྱེད་པ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་མི་དགལ་བར་བྱེད་པ་དང་། ལས་ཡོངས་སུ་དག་པར་ཤེས་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ 80-1-219a ཆེན་པོའི་ཡེ་ཤེས་ཀྱི་ཚོགས་ཞེས་བྱའོ། །གཞན་ཡང་ཡེ་ཤེས་ཀྱི་ཚོགས་ནི་སྦྱིན་པ་བཞི་སྟེ། ཆོས་སྨྲ་བ་ལ་གྲོ་བ་དང་། སྨྱུ་གུ་དང་། སྣག་ཚ་དང་། གླེགས་བམ་སྦྱིན་པ་དང་། ཆོས་སྨྲ་བ་དང་། ཆོས་ཀྱི་སྟན་སྣ་ཚོགས་སྦྱིན་པ་དང་། ཆོས་སྨྲ་ བ་ལ་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་ཐམས་ཅད་སྦྱིན་པ་དང་། ཆོས་སྨྲ་བ་ལ་ཆོས་ཀུན་བསྡུ་བའི་ཕྱིར་གཡོ་མེད་པར་ལེགས་སོ་ཞེས་བྱ་བ་སྦྱིན་པ་སྟེ། སྦྱིན་པ་བཞི་པོ་དེ་དག་ནི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་བའོ། ། ཀུན་སྲུང་བ་བཞི་རྣམས་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་ཏེ། བཞི་གང་ཞེ་ན། ཆོས་སྨྲ་བ་རྣམས་ཀྱི་ལུས་ཡོངས་སུ་སྲུང་བ་དང་། དགེ་བ་སྲུང་བ་དང་། ཡུལ་དང་ལྗོངས་སུ་འཇུག་པ་ལ་ཡོངས་སུ་སྲུང་བ་དང་། ཕན་པའི་དངོས་པོ་ཡོངས་སུ་སྲུང་བ་སྟེ། ཀུན་སྲུང་བ་ནི་བཞི་པོ་དེ་དག་གོ། །ཉེ་བར་རྟོན་པ་བཞི་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་ཏེ། བཞི་གང་ཞེ་ན། ཆོས་སྨྲ་བ་རྣམས་ཀྱི་ཆོས་ཉེ་བར་རྟོན་པ་དང་། ཡེ་ཤེས་ཉེ་བར་རྟོན་པ་དང་། ཟང་ཟིང་ཉེ་བར་རྟོན་པ་དང་། བྱང་ཆུབ་ཉེ་བར་རྟོན་པའོ། །སྟོབས་ལྔ་ཡེ་ཤེས་ ཀྱི་ཚོགས་སུ་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ་མོས་པའི་ཕྱིར་དད་པའི་སྟོབས་དང་། ཐོས་པ་ཚོལ་བའི་ཕྱིར་བརྩོན་འགྲུས་ཀྱི་སྟོབས་དང་། བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་ཕྱིར་དྲན་པའི་སྟོབས་དང་། མཉམ་པ་ཉིད་ཀྱི་ཆོས་ལ་ངེས་པར་རྟོགས་ པའི་ཕྱིར་ཏིང་ངེ་འཛིན་གྱི་སྟོབས་དང་། ཐོས་པའི་སྟོབས་ཀྱི་ཕྱིར་ཤེས་རབ་ཀྱི་སྟོབས་ཏེ། སྟོབས་ལྔ་པོ་དེ་དག་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་རོ། །ཚུལ་ཁྲིམས་བཞི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ་ཆོས་ལ་ངེས་པའི་ཚུལ་ ཁྲིམས་དང་། ཆོས་ཚོལ་བའི་ཚུལ་ཁྲིམས་དང་། ཆོས་ལ་ངེས་པར་རྟོག་པའི་ཚུལ་ཁྲིམས་དང་། བྱང་ཆུབ་ཏུ་བསྔོ་བའི་ཚུལ་ཁྲིམས་ཏེ། ཚུལ་ཁྲིམས་བཞི་པོ་དེ་དག་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་རོ། །བཟོད་པ་བཞི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་ ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཆོས་ཚོལ་བ་ལ་མངོན་པར་བརྩོན་པས་ངན་དུ་སྨྲ་བ་དང་། ངན་དུ་བརྗོད་པའི་ཚིག་རྣམས་བཟོད་པ་དང་། ཆོས་ཚོལ་བ་ལ་མངོན་པར་བརྩོན་པས་རླུང་དང་། ཚ་བ་དང་། གྲང་བ་དང་། དྲོ་བ་དང་། སྐོམ་པ་དང་། བཀྲེས་ 80-1-219b པ་བཟོད་པ་དང་། ཆོས་ཚོལ་བ་ལ་མངོན་པར་བརྩོན་པས་སློབ་དཔོན་དང་། མཁན་པོའི་རྗེས་སུ་འཇུག་པ་དང་། ཆོས་ཚོལ་བ་ལ་མངོན་པར་བརྩོན་པས་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་བཟོད་པ་སྟེ། བཟོད་པ་བཞི་པོ་ དེ་དག་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་རོ། །བརྩོན་འགྲུས་བཞི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཐོས་པའི་བརྩོན་འགྲུས་དང་། གཟུང་ཀྱི་བརྩོན་འགྲུས་དང་། བསྟན་པའི་བརྩོན་འགྲུས་དང་། ནན་ ཏན་གྱི་བརྩོན་འགྲུས་ཏེ། བརྩོན་འགྲུས་བཞི་པོ་དེ་དག་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་རོ། །བསམ་གཏན་གྱི་ཡན་ལག་བཞི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ་དབེན་པ་དང་། གཅིག་པུར་དགའ་བ་དང་། ཡེ་ཤེས་དང་། མངོན་པར་ཤེས་པ་ཚོལ་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་ལ་འཇུག་པ་སྟེ། བསམ་གཏན་གྱི་ཡན་ལག་བཞི་པོ་དེ་དག་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་རོ། །ཤེས་རབ་སྣང་བའི་ཆོས་འདི་བཞི་ཡེ་ཤེས་ཀྱི་ཚོགས་སོགས་ པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཆད་པ་ལ་མི་གནས་པ་དང་། རྟག་པ་ལ་མི་འཇུག་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། མི་འགལ་བ་དང་། བདག་མེད་པ་ལས་མོས་པ་སྟེ། ཤེས་རབ་སྣང་བའི་ཆོས་བཞི་པོ་དེ་དག་ཡེ་ཤེས་ཀྱི་ ཚོགས་སོགས་པར་འགྱུར་རོ། །ཆོས་འདི་བཞི་ཐབས་ཀྱི་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ་འཇིག་རྟེན་པའི་རྗེས་སུ་འཇུག་པ་དང་། མདོ་སྡེའི་རྗེས་སུ་འཇུག་པ་དང་། ཆོས་ཀྱི་རྗེས་སུ་འཇུག་པ་དང་། ཡེ་ཤེས་ཀྱི་རྗེས་སུ་འཇུག་ པ་སྟེ། ཆོས་བཞི་པོ་དེ་དག་ཐབས་ཀྱི་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་རོ། །ཆོས་འདི་བཞི་ལམ་གྱི་ཚོགས་ཀྱི་ཡེ་ཤེས་ལ་འཇུག་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པའི་ལམ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ལམ་དང་། ཡན་ལག་བརྒྱད་ པའི་ལམ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་འགྲོ་བའི་ལམ་སྟེ། ཆོས་བཞི་པོ་དེ་དག་ལམ་གྱི་ཚོགས་ཀྱི་ཡེ་ཤེས་ལ་འཇུག་པར་འགྱུར་རོ། །མི་ངོམས་པ་འདི་བཞི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཐོས་པས་མི་ 80-1-220a ངོམས་པ་དང་། བསྟན་པས་མི་ངོམས་པ་དང་། པྱོད་པས་མི་ངོམས་པ་དང་། ཡེ་ཤེས་ཀྱིས་མི་ངོམས་པ་སྟེ། མི་ངོམས་པ་བཞི་པོ་དེ་དག་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་རོ། །གཞན་ཡང་ཡེ་ཤེས་ཀྱི་ཚོགས་ནི་གང་སེམས་ཅན་ཐམས་ཅད་ཀྱི་ རྗེས་སུ་འགྲོ་བ་དང་། ཞིང་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་སྟེ། སྦྱིན་པ་ལས་ཀྱང་ཡེ་ཤེས་ཀྱི་ཚོགས་སུ་བལྟའོ། །ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ ལས་ཀྱང་ཡེ་ཤེས་ཀྱི་ཚོགས་སུ་བལྟའོ། །དེ་ཅིའི་ཕྱིར་ཞེ་ན་ཇི་ཙམ་དུ་བྱང་ཆུབ་སེམས་དཔའི་རྩོམ་པ་དེ་ཐམས་ཅད་ཡེ་ཤེས་ཀྱི་ཁར་ལས་པ་ཡེ་ཤེས་སྔོན་དུ་འགྲོ་བ། ཡེ་ཤེས་ལ་རྟོན་པ་སྟེ། དེ་ཡེ་ཤེས་ལ་གནས་པས་ཡེ་ཤེས་ཅན་ཐམས་ ཅད་ཀྱི་རྟོན་པར་འགྱུར་ཏེ། བདུད་ཐམས་ཅད་ཀྱིས་ཀྱང་དེ་ལ་གླགས་མི་རྙེད་དོ། །སངས་རྒྱས་ཀྱི་བྱིན་གྱི་བརླབས་ཀྱང་འཐོབ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཡང་གཞོག་པར་བྱེད་དོ། །དེ་གཉིས་ནི་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་ ཚོགས་དང་། ཡེ་ཤེས་ཀྱི་ཚོགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚོགས་དེ་གཉིས་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲན་པ་ཉེ་བར་གཞག་པ་ལ་མཁས་པ་ གང་ཞེ་ན། འདི་བཞི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲན་པ་ཉེ་བར་གཞག་པ་སྒོམ་པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་དྲན་པ་ཉེ་བར་གཞག་པ་སྒོམ་པ་དང་། ཚོར་བ་ལ་ཚོར་བའི་རྗེས་སུ་ལྟ་བ་དྲན་པ་ཉེ་ བར་གཞག་པ་སྒོམ་པ་དང་། སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བ་དྲན་པ་ཉེ་བར་གཞག་པ་སྒོམ་པ་དང་། ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་བ་དྲན་པ་ཉེ་བར་གཞག་པ་སྒོམ་པའོ། །དེ་ལ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་དྲན་པ་ཉེ་བར་གཞག་ པ་སྒོམ་པ་གང་ཞེ་ན། །ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེ་ལུས་ཀྱི་སྔོན་གྱི་མཐའ་ལ་ཡང་སོ་སོར་རྟོག །ལུས་ཀྱི་ཕྱི་མའི་མཐའ་ལ་ཡང་སོ་སོར་རྟོག །ལུས་ཀྱི་ད་ལྟར་བྱུང་བ་ལ་ 80-1-220b ཡང་སོ་སོར་རྟོག་སྟེ། ཀྱེ་མའོ་ལུས་འདི་ནི་ཕྱིན་ཅི་ལོག་ལས་བྱུང་བ་སྟེ། རྒྱུ་དང་རྐྱེན་ལས་སྐྱེས་པ། གཡོ་བ་མེད་པ། བྱེད་པ་མེད་པ། བདག་པོ་མེད་པ། ཡོངས་སུ་འཛིན་པ་མེད་པ། འདི་ལྟ་སྟེ་དཔེར་ན་ཕྱི་རོལ་གྱི་རྩྭ་དང་། ཤིང་གལ་པ་དང་། སྨན་དང་། ནགས་ཚལ་ དག་རྒྱུ་དང་རྐྱེན་ལས་འབྱུང་ཞིང་བདག་པོ་མེད་ཡོངས་སུ་འཛིན་པ་མེད་པ་དེ་བཞིན་དུ་ལུས་འདི་ཡང་རྩྭ་དང་། རྩིག་པ་དང་། ཤིང་དང་། བོང་བ་དང་། མིག་ཡོར་ལྟ་བུ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཡོངས་སུ་འཛིན་པ་བདག་དང་བདག་གི་འམ། རྟག་པ་འམ། བརྟན་པ་འམ། ཐེར་ཟུག་གམ། མི་འགྱུར་བའི་ཆོས་ཀྱིས་སྟོང་སྟེ། ལུས་དེ་ལ་ང་ཡིར་མི་བྱའི་ལུས་སྙིང་པོ་མེད་པ་དེས་སྙིང་པོ་བླང་བར་བྱའོ། །དེ་ལ་སྙིང་པོ་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་སྐུའོ། །དེ་བཞིན་གཤེགས་པའི་སྐུ་ནི་ཆོས་ ཀྱི་སྐུ། རྡོ་རྗེའི་སྐུ། མི་ཕྱེད་པའི་སྐུ། སྲ་བའི་སྐུ། འཇིག་རྟེན་གསུམ་ཐམས་ཅད་དང་ཁྱད་ཞུགས་པའི་སྐུ་བདག་གིས་བསྒྲུབ་པར་བྱའོ། །བདག་གི་ལུས་འདི་ཉེས་པ་དུ་མའི་སྐྱོན་ཆགས་མོད་ཀྱི། འོན་ཀྱང་ཉེས་པ་ཐམས་ཅད་དང་བྲལ་བའི་དེ་བཞིན་ གཤེགས་པའི་སྐུ་ཐོབ་པར་བྱའོ། །ཞེས་དེ་སོ་སོར་རྟོག་པའི་མཐུས་ལེགས་པར་མཐོང་ནས་འབྱུང་བ་ཆེན་པོའི་གནས་ཀྱི་ལུས་ཡོངས་སུ་སྲུང་བར་བྱེད་དེ། །ངའི་ལུས་ནི་སེམས་ཅན་ཐམས་ཅད་ཀྱི་ཅི་དགོས་པར་ཟད་པར་བྱའོ། །འདི་ལྟ་སྟེ་དཔེར་ན། ཕྱི་རོལ་ གྱི་འབྱུང་བ་ཆེན་པོ་བཞི་པོ་སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་སྒོ་སྣ་ཚོགས་དང་། དམིགས་པ་སྣ་ཚོགས་དང་། རྣམ་གྲངས་སྣ་ཚོགས་དང་། ཡོ་བྱད་སྣ་ཚོགས་དང་། ཡོངས་སུ་སྤྱོད་པ་སྣ་ཚོགས་ཀྱིས་སེམས་ ཅན་རྣམས་ཉེ་བར་འཚོ་བ་དེ་བཞིན་དུ་བདག་གི་འབྱུང་བ་ཆེན་པོ་བཞི་ལས་གྱུར་པའི་ལུས་འདི་སྒོ་སྣ་ཚོགས་དང་། དམིགས་པ་སྣ་ཚོགས་དང་། རྣམ་གྲངས་སྣ་ཚོགས་དང་། ཡོངས་སུ་སྤྱོད་པ་སྣ་ཚོགས་ཀྱིས་སེམས་ཅན་རྣམས་ ཀྱི་ཉེ་བར་འཚོ་བར་གྱུར་ཅིག་སྙམ་མོ། །དེ་ལུས་མི་རྟག་པ་ཉིད་དུ་ཡང་སོ་སོར་རྟོག་མོད་ཀྱི་སྐྱེ་བ་དང་། ཤི་འཕོས་ཀྱང་མི་སྐྱེའོ། །ལུས་སྡུག་བསྔལ་ཉིད་དུ་ཡང་སོ་སོར་རྟོག་མོད་ཀྱི་ལུས་ཀྱི་སྡུག་བསྔལ་བས་ཀྱང་ 80-1-221a ཡོངས་སུ་མི་གདུང་ངོ་། །ལུས་བདག་མེད་པ་ཉིད་དུ་ཡང་སོ་སོར་རྟོག་མོད་ཀྱི། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ཡང་མི་སྐྱོའོ། །ལུས་ཞི་བ་ཉིད་དུ་ཡང་སོ་སོར་རྟོག་མོད་ཀྱི། ལུས་ཞི་བས་བཏང་སྙོམས་སུ་ཡང་མི་ལྟུང་ངོ་། །ལུས་ སྟོང་པ་ཉིད་དང་། ལུས་དབེན་པ་ཉིད་དུ་ཡང་སོ་སོར་རྟོག་མོད་ཀྱི་དབེན་པའི་མུར་ཡང་མི་ལྟུང་ངོ་། །དེ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན་ལུས་ལ་རྫས་དང་སྙིང་པོར་རྗེས་སུ་མི་མཐོང་ངོ་། །ནང་གི་ལུས་ལ་ཡང་ལུས་ཀྱི་རྗེས་སུ་ ལྟ་ཞིང་གནས་པ་ན་ནང་གི་རྗེས་སུ་སོང་བའི་ཉོན་མོངས་པ་རྣམས་ཀྱི་གོ་སྐབས་མི་འབྱེད་དོ། །དེ་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན་ཕྱི་རོལ་གྱི་རྗེས་སུ་སོང་བའི་ཉོན་མོངས་པ་རྣམས་དང་ལྷན་ཅིག་མི་གནས་སོ། །དེ་ ལུས་ཉོན་མོངས་པ་མེད་པས་ལུས་ཀྱི་ལས་ཡོངས་སུ་དག་པ་དང་ལྡན་པ་ཡིན་ནོ། །དེ་ལུས་ཡོངས་སུ་དག་ནས་མཚན་གྱིས་ཡང་དག་པར་བརྒྱན་པའི་སྐུ་འཐོབ་བོ། །དེ་ལུས་མཚན་གྱིས་བརྒྱན་པར་གྱུར་ནས་ལྷ་དང་མི་རྣམས་མངོན་ དུ་འདུལ་བར་འགྱུར་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྒོམ་པའོ། །ཡང་ཇི་ལྟར་ན་བྱང་ཆུབ་སེམས་དཔའི་ཚོར་བ་ལ་ཚོར་བའི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྒོམ་པ་ཡིན་ ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་གང་ཅི་ཚོར་ཡང་རུང་དེ་ཐམས་ཅད་སྡུག་བསྔལ་ལོ་ཞེས་དེ་སྙམ་དུ་སེམས་ཏེ། དེ་ཡེ་ཤེས་ཀྱིས་རྟོགས་པ་དང་། ཤེས་རབ་ཀྱིས་རྟོགས་པ་དང་། ཐབས་ཀྱིས་རྟོགས་པའི་ཚོར་བ་ཤིན་དུ་རྟོགས་པས་བདེ་བར་ཚོར་བ་ཚོར་བར་བྱེད་མོད་ཀྱི། འདོད་ཆགས་ཀྱི་བག་ལ་ཉལ་ཡང་བག་ལ་ཉལ་བར་མི་བྱེད་དོ། །སྡུག་བསྔལ་བའི་ཚོར་བས་རིག་ནས་ཀྱང་ངན་སོང་དུ་སྐྱེས་པ་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་སྐྱེད་ཅིང་ཁོང་ཁྲོ་བའི་བག་ལ་ཉལ་བ་ཡང་བག་ལ་ཉལ་བར་མི་བྱེད་དོ། །བདེ་བ་ཡང་མ་ ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བས་རེག་ཀྱང་མ་རིག་པའི་བག་ལ་ཉལ་ཡང་བག་ལ་ཉལ་བར་མི་བྱེད་དོ། །དེ་ཚོར་བའི་རྗེས་སུ་སོང་བའི་དྲན་པས་བདེ་བ་འམ། སྡུག་བསྔལ་བ་འམ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ 80-1-221b ཡང་མ་ཡིན་པའི་ཚོར་བ་གང་ཚོར་བ་ཡང་ཚོར་བ་དེ་དག་ལས་འབྱུང་བར་ལྟ་བ་ཡིན་ནོ། །སེམས་ཅན་ཐམས་ཅད་ཀྱི་ཚོར་བ་ཡོངས་སུ་ཤེས་ཤིང་ཞི་བའི་ཕྱིར་ཡང་འཇུག་སྟེ། སེམས་ཅན་འདི་དག་ནི་ཚོར་བ་ལས་འབྱུང་བར་མི་ཤེས་པས་དེ་དག་བདེ་བའི་ཚོར་བ་ལ་དགའ་བར་བྱེད། སྡུག་བསྔལ་བའི་ ཚོར་བ་ལ་ཞེ་སྡང་བར་བྱེད། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ལ་རྨོངས་པར་བྱེད་ཀྱི། བདག་ནི་ཤེས་རབ་དང་། ཡེ་ཤེས་ཀྱིས་རྗེས་སུ་རྟོགས་པའི་ཚོར་བ་ཐམས་ཅད་སོ་སོར་སྦྱངས་པ་དང་། ཐབས་མཁས་པ་དང་། སྙིང་རྗེ་ཆེན་པོས་ཡོངས་སུ་བཟུང་བའི་རྩོམ་ པས་སེམས་ཅན་དེ་དག་གི་ཚོར་བ་ཐམས་ཅད་རྒྱུན་གཅོད་པའི་ཕྱིར་ཆོས་བསྟན་པར་བྱའོ། །ཅིའི་ཕྱིར་ཚོར་བ་ཞེས་བྱ་ཞེ་ན། རྟོག་པའི་ཚོར་བ་ནི་བདེ་བར་འགྱུར་རོ། །མ་རྟོགས་པའི་ཚོར་བ་སྡུག་བསྔལ་བར་འགྱུར་རོ། །དེ་ལ་རྟོགས་པའི་ཚོར་བ་གང་ཞེ་ན། །འདི་ལ་བདག་གམ། སེམས་ཅན་ ནམ། སྲོག་གམ། གང་ཟག་གང་ཡང་ཚོར་བར་བྱེད་པ་མེད་དེ། ཆགས་པ་ནི་ཚོར་བའོ། །ཡོངས་སུ་འཛིན་པ་ནི་ཚོར་བའོ། །ལེན་པ་ནི་ཚོར་བའོ། །ཕྱིན་ཅི་ལོག་ནི་ཚོར་བའོ། །རྣམ་པར་རྟོག་པ་ནི་ཚོར་བའོ། །ལྟ་བའི་བག་ལ་ཉལ་ནི་ཚོར་བའོ། །མིག་ཏུ་འདུ་ ཤེས་པ་ཚོར་བ་ཡིན་པ་ནས་ཡིད་ཀྱི་བར་དུ་འདུ་ཤེས་པ་ནི་ཚོར་བའོ། །གཟུགས་སུ་འདུ་ཤེས་པ་ཚོར་བ་ཡིན་པ་ནས་ཆོས་སུ་འདུ་ཤེས་པའི་བར་དུ་ནི་ཚོར་བའོ། །གང་མིག་གི་འདུས་ཏེ་རེག་པའི་རྐྱེན་ལས་བྱུང་བའི་ཚོར་བ་བདེ་བ་འམ། སྡུག་བསྔལ་བ་འམ། བདེ་བ་ ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་བར་དུ་དེ་ནི་ཚོར་བ་ཞེས་བྱའོ། །གོང་མ་བཞིན་དུ་ནང་དང་ཕྱིའི་ཆོས་རྣམས་སྦྱར་ཏེ། ཡིད་ཀྱི་བར་དུ་འདུས་ཏེ་རེག་པའི་རྐྱེན་ལས་བྱུང་བའི་ཚོར་བ་བདེ་བ་འམ། སྡུག་བསྔལ་བ་འམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་ བ་ཡང་མ་ཡིན་པའི་བར་དུ་དེ་ནི་ཚོར་བ་ཞེས་བྱའོ། །གཞན་ཡང་རྣམ་གྲངས་ཀྱིས་ཚོར་བ་གཅིག་སྟེ། དེ་ནི་སེམས་གཅིག་པུས་རྣམ་པར་རིག་པའོ། །ཚོར་བ་གཉིས་ཏེ། ཕྱི་དང་ནང་གིའོ། །ཚོར་བ་གསུམ་སྟེ། འདས་པ་རྣམ་པར་རིག་པ་དང་། མ་འོངས་པ་རྣམ་པར་རིག་པ་དང་། ད་ལྟར་བྱུང་བ་རྣམ་པར་རིག་པའོ། །ཚོར་བ་བཞི་སྟེ། དེ་ནི་ཁམས་བཞི་རྣམ་པར་རིག་པའོ། །ཚོར་བ་ལྔ་སྟེ། དེ་ནི་ཕུང་པོ་ལྔ་ཡིད་ལ་བྱེད་པའོ། །ཚོར་བ་དྲུག་སྟེ། དེ་ནི་སྐྱེ་མཆེད་དྲུག་ཡོངས་སུ་རྟོག་པའོ། །ཚོར་བ་ 80-1-222a བདུན་ཏེ། དེ་ནི་རྣམ་པར་ཤེས་པ་གནས་པ་བདུན་ནོ། །ཚོར་བ་བརྒྱད་དེ། དེ་ནི་ལོག་པར་ངེས་པའི་སྦྱོར་བ་བརྒྱད་དོ། །ཚོར་བ་དགུ་སྟེ། དེ་ནི་སེམས་ཅན་ཀྱི་གནས་དགུའོ། །ཚོར་བ་བཅུ་སྟེ། དེ་ནི་དགེ་བ་བཅུའི་ལས་ཀྱི་ལམ་མོ། །གོང་མ་བཞིན་དུ་སྦྱར་ ཏེ་ཐམས་ཅད་ནི་ཚོར་བ་སྟེ། དམིགས་པ་ཇི་སྙེད་པ་དང་། ཡིད་ལ་བྱེད་པ་ཇི་སྙེད་པ་དེ་ཐམས་ཅད་ཚོར་བར་བྱ་བའོ། །དེ་བས་ན་སེམས་ཅན་ཚད་མེད་པའི་ཚོར་བ་ཚད་མེད་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཚོར་བ་ལ་ཚོར་བའི་རྗེས་སུ་ལྟ་ཞིང་གནས་ པས་སེམས་ཅན་ཐམས་ཅད་ཀྱི་ཚོར་བ་སྐྱེ་བ་དང་། འཇིག་པ་དང་། གནས་པ་ལ་ཡེ་ཤེས་བསྐྱེད་པར་བྱ་སྟེ། གང་སེམས་ཅན་ཐམས་ཅད་ཀྱི་དགེ་བ་དང་། མི་དགེ་བའི་ཚོར་བ་ལ་ཚོར་བར་ཤེས་པ་དེ་ནི་བྱང་ཆུབ་སེམས་དཔའི་ཚོར་བ་ལ་ཚོར་བའི་རྗེས་སུ་ལྟ་བའི་དྲན་པ་ཉེ་ བར་གཞག་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། གང་བྱང་ཆུབ་སེམས་དཔའ་དེའི་མི་བརྗེད་པ་དང་། སྦ་བ་དང་། ཀུན་སྲུང་བ་དང་། མི་གཡེང་བའོ། །དེ་འདི་ལྟར་སོ་སོར་རྟོག་སྟེ། སེམས་ ནི་སྐྱེས་ནས་འཇིག་ཅིང་ཞུ་སྟེ་མི་གནས་པས་ནང་ན་ཡང་མི་གནས། ཕྱི་རོལ་དུ་ཡང་མི་འཕོ་སྟེ། གང་བདག་གིས་ཐོག་མར་སེམས་བསྐྱེད་པ་དེ་ཡང་ཟད། མེད། རྣམ་པར་གྱུར་ཏེ། ཡུལ་ན་མི་གནས། ཕྱོགས་ན་མི་གནས་པས་དེ་རྙེད་པར་མི་ནུས་ ཏེ་སེམས་གང་གིས་དགེ་བའི་རྩ་བ་བསྒྲུབས་པ་དེ་དག་ཀྱང་ཟད། མེད། རྣམ་པར་གྱུར། ཡུལ་ན་མི་གནས། ཕྱོགས་ན་མི་གནས་སོ། །གང་ཡང་བྱང་ཆུབ་དུ་བསྔོས་པའི་སེམས་དེ་ཡང་ངོ་བོ་ཉིད་ཀྱིས་མཚན་ཉིད་མེད་པ་སྟེ། སེམས་ཀྱིས་སེམས་ རབ་ཏུ་མི་ཤེས། སེམས་ཀྱིས་སེམས་མི་མཐོང་། སེམས་ཀྱིས་སེམས་མི་ཚོར་ན་གང་གིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་སེམས་དེ་གང་ཡིན། གང་བྱང་ཆུབ་ཀྱི་སེམས་དེ་ནི་དགེ་བའི་རྩ་ བའི་སེམས་དང་མི་འགྲོགས། གང་དགེ་བའི་རྩ་བའི་སེམས་དེ་ཡང་བསྔོ་བའི་སེམས་དང་མི་འགྲོགས། གང་བསྔོ་བའི་སེམས་དེ་ཡང་བྱང་ཆུབ་ཀྱི་སེམས་དང་། དགེ་བའི་རྩ་བའི་སེམས་དང་མི་འགྲོགས་སོ་ཞེས་དེ་དེ་ལྟར་སོ་སོར་ 80-1-222b རྟོག་པ་ན་མི་སྐྲག །མི་དངང་། དངང་བར་མི་འགྱུར་གྱི། དེ་ཡང་འདི་སྙམ་དུ་སེམས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་རྒྱུ་དང་འབྲུས་བུ་ཆུད་མི་ཟ་བའོ། །གལ་ཏེ་སེམས་ཀྱི་ཆོས་ཉིད་དེ་ལྟ་བུ་སེམས་ཀྱི་རང་བཞིན་ཡིན་ཡང་ཆོས་ཐམས་ཅད་ རྒྱུ་དང་རྐྱེན་ལ་རག་ལས་པ། གཡོ་བ། བྱེད་པ་མེད་པ། བདག་པོ་མེད་པ། ཇི་ལྟར་འདོད་པ་དེ་བཞིན་དུ་འགྲུབ་གྱིས་བདག་གིས་བསྒྲུབ་པ་ལ་བརྩོན་པར་བྱའོ། །སེམས་ཀྱི་ཆོས་ཉིད་དེ་མི་འབྲི་བར་བྱའོ། །དེ་ལ་སེམས་ཀྱི་ཆོས་ཉིད་གང་། སྒྲུབ་པ་ གང་ཞེ་ན། སེམས་ནི་སྒྱུ་མ་དང་འདྲ་བ་སྟེ། དེ་ལ་སྒྲིབ་པར་བྱེད་པ་ཡང་སུ་ཡང་མེད་དེ། དེ་ནི་སེམས་ཀྱི་ཆོས་ཉིད་དོ། །གང་ཡང་བདོག་པ་ཐམས་ཅད་ཡོངས་སུ་བཏང་ནས་སངས་རྒྱས་ཀྱི་ཞིང་རྣམ་པར་སྒྲུབ་པའི་རྒྱན་དུ་སྔོ་བར་བྱེད་པ་ དེ་ནི་སྒྲུབ་པར་བྱེད་པའོ། །སེམས་རྨི་ལམ་དང་འདྲ་བར་རབ་ཏུ་ཞི་བའི་མཚན་ཉིད་དེ་ནི་སེམས་ཀྱི་ཆོས་ཉིད་དེ། གང་ཡང་ཚུལ་ཁྲིམས་སྡོམ་པའི་ཚོགས་སོགས་སོ་ཅོག་དེ་ཐམས་ཅད་མྱུར་བའི་མངོན་པར་ཤེས་པར་སྔོ་བ་དེ་ནི་སྒྲུབ་ པའོ། །སེམས་སྨིག་རྒྱུ་ལྟ་བུ་ཤིན་དུ་ཟད་པས་ཟད་པར་གྱུར་པ་དེ་ནི་སེམས་ཀྱི་ཆོས་ཉིད་དེ་གང་ཡང་བཟོད་པའི་སྟོབས་དང་། དེས་པ་བྱང་ཆུབ་ཀྱི་རྒྱན་སྒྲུབ་པའི་ཕྱིར་སྔོ་བ་དེ་ནི་སྒྲུབ་པའོ། །སེམས་ཆུ་ཟླ་ལྟ་བུར་ཤིན་དུ་དབེན་པས་དབེན་པ་དེ་ནི་སེམས་ཀྱི་ ཆོས་ཉིད་དེ། གང་ཡང་བརྩོན་འགྲུས་རྩོམ་པ་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སྔོ་བ་དེ་ནི་དེའི་སྒྲུབ་པའོ། །སེམས་གཟུང་དུ་མེད་པ་མི་མཐོང་བ་དེ་ནི་སེམས་ཀྱི་ཆོས་ཉིད་དེ། གང་ཡང་ བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། མཉམ་པར་བཞག་པ་ཐམས་ཅད་སངས་རྒྱས་ཀྱི་ཏིང་ངེ་འཛིན་དུ་སྔོ་བ་དེ་ནི་དེའི་སྒྲུབ་པའོ། །སེམས་གཟུགས་མེད་པ། མི་མཐོང་བ། མི་ཐོས་པ། རྣམ་པར་མི་རིག་པ་ དེ་ནི་སེམས་ཀྱི་ཆོས་ཉིད་དེ། གང་ཡང་དྲིས་པའི་ཚིག་ཐ་དད་པ་བསྟན་པ་ཐམས་ཅད་ཤེས་པས་སངས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པར་སྔོ་བ་དེ་ནི་དེའི་སྒྲུབ་པའོ། །དམིགས་པ་སྣ་ 80-1-223a ཚོགས་ལ་སེམས་སྐྱེ་བ་དེ་ནི་སེམས་ཀྱི་ཆོས་ཉིད་དེ། གང་ཡང་དགེ་བའི་རྩ་བ་ལ་དམིགས་པའི་སེམས་ཉེ་བར་སྤྱོད་པ་དེའི་སྒྲུབ་པའོ། །རྒྱུ་མེད་པ་ལ་སེམས་མི་སྐྱེ་བ་དེ་ནི་ སེམས་ཀྱི་ཆོས་ཉིད་དེ། གང་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་རྒྱུའི་སེམས་སྐྱེད་པ་དེ་ནི་དེའི་སྒྲུབ་པའོ། །གང་ཡུལ་མེད་པར་སེམས་མི་སྐྱེ་བ་དེ་ནི་སེམས་ཀྱི་ཆོས་ཉིད་དེ། གང་ཡང་སངས་རྒྱས་ ཀྱི་ཡུལ་གྱི་རྒྱུའི་སེམས་ཉེ་བར་སྦྱོར་བ་དེ་ནི་དེའི་སྒྲུབ་པའོ། །ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་དྲན་པ་ཉེ་བར་གཞག་པ་སྒོམ་པའོ། །དེ་སེམས་ལ་ སེམས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན་མངོན་པར་ཤེས་པ་ཐོབ་པའི་ཕྱིར་སེམས་ཤིན་དུ་འབྲེལ་བར་བྱེད་དོ། །དེ་མངོན་པར་ཤེས་པ་ཐོབ་ནས་སེམས་གཅིག་གིས་སེམས་ཅན་ཐམས་ཅད་ཀྱི་ སེམས་རབ་ཏུ་ཤེས་ཏེ། ཤེས་ནས་ཀྱང་དེའི་རང་བཞིན་གྱི་ཆོས་འཆད་དོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན་སྙིང་རྗེ་ཆེན་པོ་ཐོབ་པའི་ཕྱིར་སེམས་ཉེ་བར་ འབྲེལ་བར་བྱེད་དེ། སྙིང་རྗེ་ཆེན་པོ་ཐོབ་པས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ལ་ཡོངས་སུ་མི་སྐྱོ་བའོ། །སེམས་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན་སེམས་ཟད་པ་དང་། སེམས་འགག་པར་བྱ་བའི་ཕྱིར་སེམས་གནས་པར་མྱི་བྱེད་ཀྱི། འཁོར་བའི་རྒྱུན་གྱི་ཀུན་དུ་སྦྱོར་བ་རྣམས་ཀྱིས་སེམས་མངོན་པར་སྒྲུབ་སྟེ། སེམས་ཀྱིས་དྲན་པ་ཤེས་པ་དེས་མ་སྐྱེས་པ་དང་། མི་སྐྱེ་བ་ངེས་པར་གྱུར་བ་ལ་ཞུགས་པའི་ཆོས་རྣམས་ཀྱི་གནས་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་ཡང་མི་ལྟུང་ངོ་། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་ 80-1-223b མ་གྱུར་གྱི་བར་དུ་སེམས་ཀྱི་རྒྱུན་དེ་རྒྱུན་ཆགས་པར་བྱེད་དོ། །སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ སྟེ། ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་དྲན་པ་ཉེ་བར་གཞག་པ་སྒོམ་མོ། །ཤཱ་རིའི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་བའི་ དྲན་པ་ཉེ་བར་གཞག་པ་སྒོམ་པ་ཡིན་ཞེ་ན། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔས་འཕགས་པའི་ཤེས་རབ་ཀྱི་མིག་གིས་ཆོས་གང་མཐོང་བ་དེ་དག་བྱང་ཆུབ་ཀྱི་སྙིང་པོའི་བར་དུ་བར་མ་དོར་རྨོངས་ པར་མི་འགྱུར་ཏེ། དེ་ལ་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན་གང་སྟོང་པ་ཉིད་དུ་མ་གཏོགས་པ་དང་། མཚན་མ་མེད་པར་མ་གཏོགས་པ་དང་། སྨོན་པ་མེད་པར་མ་གཏོགས་པ་དང་། མི་སྐྱེ་བར་མ་གཏོགས་པ་དང་། མ་སྐྱེས་པར་མ་གཏོགས་པ་དང་། མངོན་པར་འདུ་མི་བྱེད་པར་མ་གཏོགས་པ་དང་། དངོས་པོ་མེད་པར་མ་གཏོགས་པའི་ཆོས་རྡུལ་ཙམ་ཡང་མི་མཐོང་ངོ་། གང་རྟེན་ཅིང་འབྲེལ་པར་འབྱུང་བ་མ་གཏོགས་པའི་ཆོས་རྡུལ་ཙམ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བྱང་ཆུབ་སེམས་དཔའ་དེ་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན་ཆོས་ཉིད་ཡང་དག་ པར་རྗེས་སུ་མཐོང་གི། ཆོས་མ་ཡིན་པ་མི་མཐོང་ངོ་། །དེ་ལ་ཆོས་གང་ཞེ་ན། འདི་ལྟ་སྟེ། བདག་མེད་པའི་དོན་དང་། སེམས་ཅན་མེད་པའི་དོན་དང་། སྲོག་མེད་པའི་དོན་དང་། །གང་ཟག་ མེད་པའི་དོན་ཏེ། དེ་ནི་ཆོས་ཤེས་བྱའོ། །དེ་ལ་ཆོས་མ་ཡིན་པ་གང་ཞེ་ན། འདི་ལྟ་སྟེ། བདག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། སྲོག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། 80-1-224a ཆད་པར་ལྟ་བ་དང་། རྟག་པར་ལྟ་བ་དང་། འབྱུང་བར་ལྟ་བ་དང་། འཇིག་པར་ལྟ་བ་སྟེ། དེ་ནི་ཆོས་མ་ཡིན་པ་ཞེས་བྱའོ། །ཡང་ཤཱ་རིའི་བུ་ཆོས་ཐམས་ཅད་ཆོས་སོ། །ཆོས་ཐམས་ ཅད་ཆོས་མ་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཤེས་པའི་ཕྱིར་ཆོས་ཐམས་ཅད་ཆོས་སོ། །བདག་དང་བདག་གིར་ལྟ་བའི་བག་ལ་ཉལ་བའི་ཕྱིར་ ཆོས་ཐམས་ཅད་ཆོས་མ་ཡིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན་ཆོས་དེ་དག་ལ་གང་ཡང་སངས་རྒྱས་ཀྱི་ཆོས་མ་ཡིན་པ་གང་ལས་བྱང་ཆུབ་ཏུ་མི་འགྱུར་ བ་དང་། གང་ལ་སངས་རྒྱས་སུ་མི་འགྱུར་བ་དང་། གང་ལས་ལམ་དུ་མི་འགྱུར་བ་དང་། གང་ལས་ཐར་བར་མི་འགྱུར་བ་དང་། གང་ལས་འབྱུང་བར་མི་འགྱུར་བའི་ཆོས་རྡུལ་ཙམ་ཡང་མི་མཐོང་སྟེ། དེ་ཆོས་ ཐམས་ཅད་འབྱུང་བར་ཤེས་ནས་སྒྲིབ་པ་མེད་པ་ཞེས་བྱ་བའི་སྙིང་རྗེ་ཆེན་པོ་འཐོབ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པ་ལ་ཡང་དེ་དག་ཉོན་མོངས་པ་དང་བཅས་པ་མ་ཡིན་གྱི། དེ་དག་ཉོན་མོངས་པ་ མེད་པའོ་ཞེས་བཅོས་མར་འདུ་ཤེས་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་དེ་དག་ནི་ངེས་པའི་དོན་ལ་ཡང་དག་པར་འཇུག་སྟེ། ཉོན་མོངས་པ་རྣམས་ལ་བསགས་པ་འམ། ཕུང་པོའི་དངོས་པོ་མེད་དེ། དེ་དག་ཉིད་ རྗེས་སུ་རྟོགས་པའི་ཕྱིར་བྱང་ཆུབ་བོ། །ཉོན་མོངས་པའི་རང་བཞིན་གང་ཡིན་པ་བྱང་ཆུབ་ཀྱི་རང་བཞིན་ཡང་དེ་ཡིན་ནོ། །བྱང་ཆུབ་ཀྱི་རང་བཞིན་གང་ཡིན་པ་ཉོན་མོངས་པའི་རང་བཞིན་ཡང་དེ་ཡིན་ཏེ། དེ་ལྟར་དྲན་པ་ ཉེ་བར་གཞོག་ཀྱང་ཅུང་ཟད་ཀྱང་ཉེ་བར་འཇོག་པ་མེད། རབ་ཏུ་འཇོག་པ་མེད། མི་འཇོག་པ་མེད་དེ། ཆོས་ཉིད་དེ་གནས་པ་ཉིད་དུ་རབ་ཏུ་ཤེས་སོ། །དེ་བས་ན་ཆོས་ཀྱི་དབྱིངས་དེ་ནི་གནས་པ་ཉིད་ཅེས་བྱའོ། ། 80-1-224b ཆོས་ཀྱི་དབྱིངས་གནས་གང་ལ་གནས་པ་སེམས་ཅན་གྱི་ཁམས་ཀྱང་གནས་དེ་ལ་གནས་སོ། །སེམས་ཅན་གྱི་ཁམས་གནས་གང་ལ་གནས་པ་ནམ་མཁའི་ཁམས་ཀྱང་གནས་ཏེ། དེ་བས་ན་ཆོས་ཐམས་ཅད་ ནམ་མཁའ་དང་མཚུངས་ཤེས་བྱའོ། །བྱང་ཆུབ་སེམས་དཔའ་དེ་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན་སངས་རྒྱས་ཀྱི་ཆོས་ལ་རྟོན་པ་ཡིན། ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་སུ་མོས་པར་བྱེད་དེ། དེ་ཟད་པར་ཤེས་པ་ཡང་སྐྱེད་མོད་ཀྱི། འདུས་མ་བྱས་པའི་ཟད་པ་ཡང་མངོན་དུ་མི་བྱེད། མི་སྐྱེ་བ་ཤེས་པ་ཡང་མངོན་པར་སྒྲུབ་མོད་ཀྱི། སེམས་ཅན་ལ་ལྟ་བའི་ཕྱིར་ཡང་སྐྱེ་ལ་མི་སྐྱེ་བའི་མཐའ་དེ་ཡང་མི་གཏོང་ངོ་། ། དྲན་པ་ཉེ་བར་གཞག་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་དྲན་པ་དེ་ལ་གཞོག་པར་བྱེད་ཅིང་ཉན་ཐོས་སམ། རང་སངས་རྒྱས་སམ། སངས་རྒྱས་ཀྱི་ཆོས་ཇི་སྙེད་ཆོས་སུ་གདགས་པ་དེ་དག་ཐམས་ཅད་མ་ལུས་པར་ དྲན་པ་དེ་ལ་འཇོག་སྟེ། དྲན་པ་དེ་ཡང་བརྗེད་པར་མི་བྱེད། ཕྱི་མའི་མཐའི་ཡང་བར་དུ་སྨོངས་པར་མེ་བྱེད་དོ། །ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་དྲན་པ་ཉེ་བར་གཞག་པའོ་ཞེས་བྱ་བ་དེ་ནི་བསྟན་པ་དཔག་ཏུ་མེད་པ་སྟེ། ཀུན་ཏུ་སྤྱོད་ཡུལ་མ་ཡིན་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཡང་དག་པར་འདུ་བ། སེམས་ཅན་ཐམས་ཅད་ཀྱི་སེམས་ཚིམ་པར་བྱེད་པ། བདུད་ཐམས་ཅད་འདུལ་བ། རང་བྱུང་བར་རྟོགས་པའི་ ཕྱིར་ཏེ། ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་དྲན་པ་ཉེ་བར་གཞག་པ་སྒོམ་མོ། །དེ་དག་ནི་དྲན་པ་ཉེ་བར་གཞག་པ་བཞི་ཞེས་བྱ་སྟེ། ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་ སེམས་དཔའ་དྲན་པ་ཉེ་བར་གཞག་པ་བཞི་པོ་དེ་དག་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་ཡན་ལག་ལ་མཁས་པ་གང་ཞེ་ན། 80-1-225a བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་ཡན་ལག་འདི་བདུན་ཏེ། བདུན་གང་ཞེ་ན། འདི་ལྟ་སྟེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམས་པར་འབྱེད་པ་ཡང་དག་བྱང་ཆུབ་ ཀྱི་ཡན་ལག་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་ ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། ཤཱ་རིའི་བུ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་ཡན་ལག་བདུན་ནོ། །དེ་ལ་དྲན་པ་ཡང་དག་ བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། དྲན་པ་གང་གིས་ཆོས་རྟོགས་པར་བྱེད། ཆོས་ལ་སོ་སོར་རྟོག་པར་བྱེད། ཆོས་ལ་དཔྱོད་པར་བྱེད། ཆོས་ཡོངས་སུ་ཚོལ་བར་བྱེད་ཅིང་ཆོས་རྣམ་པར་འབྱེད་པར་ བྱེད་པ་དང་། ཆོས་ལ་རྣམ་པར་རྟོག་པར་བྱེད་དེ། དེ་དྲན་པ་དེས་གང་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་དེ་ཡང་རྗེས་སུ་རྟོགས་སོ། །ཡང་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་ཤེས་པ་གང་ ཞེ་ན། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་སྟེ། གང་དེ་ལྟར་དྲན་ཞིང་ཁོང་དུ་ཆུད་པ་དེ་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །དེ་ལ་ཆོས་རྣམས་པར་འབྱེད་པ་ཡང་དག་ བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། གང་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རབ་ཏུ་རྣམ་པར་འབྱེད་པ་ཤེས་པ་སྟེ། ངེས་པའི་དོན་ཀྱང་ངེས་པའི་དོན་དུ། དྲང་བའི་དོན་ཀྱང་དྲང་བའི་དོན་དུ། ཀུན་ རྫོབ་ཀྱི་དོན་ཀྱང་ཀུན་རྫོབ་ཀྱི་དོན་དུ། དོན་དམ་པ་ཡང་དོན་དམ་པར། བརྡ་ཡང་བརྡར། རྣམ་པར་གཏན་ལ་བབ་པ་ཡང་རྣམ་པར་གཏན་ལ་བབ་པར་ཆོས་དེ་དག་ཇི་ལྟར་རབ་ཏུ་དབྱེ་བར་བྱ་བ་དེ་བཞིན་དུ་དེ་དག་རྣམ་པར་ 80-1-225b འབྱེད་པར་བྱེད་དེ། དེ་ནི་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །དེ་ལ་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། གང་ཆོས་རྣམ་པར་འབྱེད་པ་དེ་ཉིད་ཀྱི་དགའ་བ་དང་། ཤིན་དུ་ སྦྱངས་པ་དང་། ཏིང་ངེ་འཛིན་དང་གཏང་སྙོམས་དང་། ཡེ་ཤེས་ཀྱི་རབ་ཏུ་འཛིན་པ་དང་། སྤྲོ་བ་དང་། སྟོབས་དང་། རྟུལ་བ་དང་། མི་ཟློགས་པའི་མོས་པ་དང་། མཐུ་དང་། བརྩོན་པ་མི་འདོར་བ་དང་། ལམ་མངོན་ པར་རྟོགས་པར་བྱ་བ་ལ་བརྩོན་འགྲུས་པ་སྟེ། དེ་ནི་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །ང་ལ་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། དགའ་བ་གང་དང་། ཆོས་ལ་དགའ་བ་གང་དང་། ཆོས་ལ་མཆོག་ཏུ་དགའ་བ་གང་གིས་སེམས་མི་ཞུམ་ཞིང་དད་པ་སྟེ། མ་ཞུམ་པའི་དགའ་བ་དེས་གང་ལུས་སམ་སེམས་ཀྱང་ཤིན་དུ་བྱང་བར་བྱེད་ལ་ཀུན་ནས་ཉོན་མོངས་པ་ཡང་སེལ་བ་དེ་ནི་དགའ་བ་ཡང་དག་ བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །དེ་ལ་ཤིན་དུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། གང་ལུས་ཤིན་དུ་སྦྱངས་པ་དང་། །སེམས་ཤིན་དུ་སྦྱངས་པ་དང་། ཉོན་མོངས་པ་ཤིན་དུ་ སྦྱངས་པ་དང་། སྒྲིབ་པ་མེད་པ་དང་། ཏིང་ངེ་འཛིན་དུ་དམིགས་པ་ལ་སེམས་ཉེ་བར་གཞོག་པ་སྟེ། དེ་ནི་ཤིན་དུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །དེ་ལ་ཏིང་ངེ་འཛིན་ཡང་དག་ བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། གང་སེམས་མཉམ་པར་བཞག་པས་ཆོས་ཤེས་པ་རྟོགས་པར་འགྱུར་ཏེ། སེམས་མཉམ་པར་མ་བཞག་པས་ནི་མ་ཡིན་པ་དང་། སེམས་མཉམ་པར་བཞག་ པས་ཆོས་དེ་དག་མངོན་པར་རྫོགས་པར་འཚང་རྒྱའི་སེམས་མཉམ་པར་མ་བཞག་པས་མ་ཡིན་ཏེ། ཆོས་མཉམ་པ་ཉིད་དང་། ཆོས་ལ་གཞོལ་བ་མ་གཏོགས་པར་རྗེས་སུ་ཆགས་པའི་ཀུན་ནས་ 80-1-226a དཀྲིས་པས་རྟོགས་པར་མི་བྱེད་དེ། དེ་ནི་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །དེ་ལ་གཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། གང་ཡིད་བདེ་བ་དང་། ཡིད་མི་བདེ་ བའི་ཆ་དང་འཐུན་པའི་ཆོས་རྣམས་ལ་སེམས་མི་འཛིན་པ་དང་། འཇིག་རྟེན་གྱི་ཆོས་ཀྱིས་མི་འཕྲོགས་པ་དང་། མཐོ་དམན་དུ་མི་གནས་པའི་ཕྱིར་རབ་ཏུ་མི་གཡོ། མི་འཁྲུག །རབ་ཏུ་མི་འཁྲུག ། ཡང་དག་པར་མི་འཁྲུག །ཆགས་པར་མི་བྱེད། ཞེ་སྡང་བར་མི་བྱེད། འཕགས་པའི་ལམ་དེ་ཉིད་དང་འཐུན་པར་བྱེད་པ་སྟེ། དེ་ནི་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །ཤཱ་རིའི་བུ་ དེ་ལྟར་ན་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ།། །། བམ་པོ་བཅུ་དགུ་པ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ ཀྱི་ལམ་ལ་མཁས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་འདི་བརྒྱད་དོ། །བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོགས་པ་དང་། ཡང་དག་པའི་ ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏེ། དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཡན་ལག་ བརྒྱད་པའོ། །དེ་ལ་ཡང་དག་པའི་ལྟ་བ་གང་ཞེ་ན། ལྟ་བ་གང་འཕགས་པའི་འཇིག་རྟེན་ལས་འདས་པ་སྟེ། བདག་ཏུ་ལྟ་བ་ལས་ལངས་པ་མ་ཡིན། སེམས་ཅན་ཏུ་ལྟ་བ་ལས་ལངས་པ་མ་ཡིན། སྲོག་ཏུ་ལྟ་ བ་ལས་ལངས་པ་མ་ཡིན། གང་ཟག་ཏུ་ལྟ་བ་ལས་ལངས་པ་མ་ཡིན། ཆད་པ་དང་། རྟག་པ་དང་། འབྱུང་བ་དང་། འཇིག་པར་ལྟ་བ་ལས་ལངས་པ་མ་ཡིན། དགེ་བ་དང་མི་དགེ་བར་ལྟ་བ་ལས་ལངས་པ་ 80-1-226b མ་ཡིན་པ་ནས། མྱ་ངན་ལས་འདས་པར་ལྟ་བ་ལས་ལངས་པ་མ་ཡིན་པ་སྟེ། དེ་ནི་ཡང་དག་པའི་ལྟ་བ་ཞེས་བྱའོ། །དེ་ལ་ཡང་དག་པའི་རྟོག་པ་གང་ཞེ་ན། རྟོག་པ་གང་གིས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ ལ་སོགས་པའི་ཉོན་མོངས་པ་གནས་པར་འགྱུར་བའི་རྟོག་པ་ལྡང་བར་མི་བྱེད་ཀྱི། རྟོག་པ་གང་གིས་ཚུལ་ཁྲིམས་དང་། །ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བར་ འབྱུང་བར་འགྱུར་བ་དེ་ལ་རྟོག་པ་སྟེ། དེ་ནི་ཡང་དག་པའི་རྟོག་པ་ཞེས་བྱའོ། །དེ་ལ་ཡང་དག་པའི་ངག་གང་ཞེ་ན། ཡང་དག་པའི་ངག་གང་གིས་བདག་དང་གཞན་ལ་མི་གདུང་ཞིང་དེ་ཕན་པའི་རྗེས་སུ་སྦྱོར་བའི་ངག་དང་ལྡན་ པ་ཡིན་ཏེ། ངག་དེས་ལམ་མཉམ་པ་ལ་འཇུག་པ་དེ་ནི་ཡང་དག་པའི་ངག་ཅེས་བྱའོ། །དེ་ལ་ཡང་དག་པའི་ལས་ཀྱི་མཐའ་གང་ཞེ་ན། གང་ལས་གནག་ལ་རྣམ་པར་སྨིན་པ་གནག་པ་དེ་ལྟ་བུ་མངོན་པར་འདུ་མི་བྱེད་པ་དང་། གང་ལས་དཀར་ལ་རྣམ་པར་སྨིན་པ་དཀར་བ་དེ་ལྟ་བུའི་ལས་མངོན་པར་འདུ་བྱེད་པ་དང་། གང་ལས་དཀར་གནག་ལ་རྣམ་པར་སྨིན་པ་དཀར་གནག་ཏུ་འགྱུར་བ་དེ་ལྟ་བུའི་ལས་མངོན་པར་འདུ་མི་བྱེད་པ་དང་། གང་ལས་དཀར་ གནག་མ་ཡིན་ལ་རྣམ་པར་སྨིན་པར་མི་འགྱུར་བ་ལས་ཟད་པར་འགྱུར་བ་དེ་ལྟ་བུའི་ལས་མངོན་པར་འདུ་བྱེད་པ་སྟེ། དེ་ལས་བདག་གིར་བྱ་བ། ལས་ལ་རྟོན་པ། ཡང་དག་པའི་ལས་ལ་བརྩོན་པས་ཡང་དག་པའི་ལས་ཀྱི་ མཐའ་ཞེས་བྱའོ། །དེ་ལ་ཡང་དག་པའི་འཚོ་བ་གང་ཞེ་ན། གང་འཕགས་པའི་རིགས་དང་། སྦྱངས་པའི་ཡོན་ཏན་མི་གཏོང་བ་དང་། ཁ་གསག་མེད་པ་དང་། ཚུལ་འཆོས་པ་མེད་པ་དང་། ཐོབ་ཀྱིས་འཇལ་བ་མེད་པ་དང་། དགང་སླ་བ་དང་། གསོ་སླ་བ་དང་། ཆོ་ག་མི་ལྷོད་པ་དང་། གཞན་གྱི་རྙེད་པ་ལ་ཕྲ་དོག་མེད་པ་དང་། བདག་གི་རྙེད་པས་ཆོག་ཤེས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། འཕགས་པས་གནང་པའི་འཚོ་བ་སྟེ། དེ་ནི་ཡང་དག་པའི་འཚོ་བའོ། །དེ་ལ་ 80-1-227a ཡང་དག་པའི་རྩོལ་བ་གང་ཞེ་ན། རྩོལ་བ་གང་ལོག་པར་སྤྱོད་པར་བཤད་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཉོན་མོངས་པ་བག་ལ་ཉལ་བའི་རྩོལ་བ་དེ་མི་འདོད་ཀྱི། རྩོལ་བ་གང་ འཕགས་པའི་ལམ་དང་བདེན་པ་ལ་འཇུག་པ། མྱ་ངན་ལས་འདས་པ་འགྲོ་བའི་ལམ་དུ་འཇོག་པར་བྱེད་པའི་རྩོལ་བ་དེ་ནི་རྗེས་སུ་འགྲོ་བ་སྟེ། དེ་ནི་ཡང་དག་པའི་རྩོལ་བ་ཞེས་བྱའོ། །དེ་ལ་ཡང་དག་པའི་དྲན་པ་གང་ཞེ་ན། དྲན་པ་གང་ཤིན་དུ་ཉེ་བར་གཞོག་པ་དང་། ཐ་མལ་པ་མ་ཡིན་པ་དང་། དྲང་བ་དང་། གྱ་གྱུ་མེད་པ་དང་། འཁོར་བའི་ཉེས་པ་དང་། སྐྱོན་ལ་ལྟ་བ་དང་། མྱ་ངན་ལས་འདས་པའི་ལམ་དུ་འདྲེན་པའི་དྲན་པ་དང་། དྲན་པར་བྱེད་ པ་དང་། འཕགས་པའི་ལམ་མི་བརྗེད་པ་སྟེ། དེ་ནི་ཡང་དག་པའི་དྲན་པ་ཞེས་བྱའོ། །དེ་ལ་ཡང་དག་པའི་ཏིང་ངེ་འཛིན་གང་ཞེ་ན། ཡང་དག་པ་ཉིད་དུ་མཉམ་པ་ཆོས་ཐམས་ཅད་ལ་མཉམ་པ་སྟེ། ཏིང་ངེ་འཛིན་དེ་ལ་རབ་ ཏུ་གནས་ནས་ཡང་དག་པ་ཉིད་དུ་འཇུག་སྟེ། གང་ཡང་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་ལ་གནས་ན་སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བའི་ཕྱིར་ཡང་དག་པ་ཉིད་དུ་འཇུག་པ་དེ་ནི་ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱའོ། ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ལམ་མི་ཟད་པ་འདི། བྱང་ཆུབ་སེམས་དཔས་མངོན་པར་རྟོག་ནས་འཆད་པ་དང་། སྟོན་པ་དང་། ཡང་དག་པར་རབ་ཏུ་ སྟོན་པ་དེ་ནི་ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཡན་ལག་བརྒྱད་པ་ཞེས་བྱ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་ལམ་ལ་མཁས་པའོ། །གཞན་ཡང་ ལམ་ལ་མཁས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཡན་ལག་གཉིས་པ་སྟེ། ཡན་ལག་གཉིས་གང་ཞེ་ན། འདི་ལྟ་སྟེ། ཞི་གནས་དང་། ལྷག་མཐོང་སྟེ། དེ་ནི་ལམ་ཡན་ལག་གཉིས་པ་ 80-1-227b ཞེས་བྱའོ། །དེ་ལ་ཞི་གནས་གང་ཞེ་ན། གང་སེམས་ཞི་བ་དང་། རབ་ཏུ་ཞི་བ་དང་། ཉེ་བར་ཞི་བ་དང་། མི་གཡེང་བ་དང་། དབང་པོ་རྣམས་བསྡམས་པ་དང་། མི་རྒོད་པ་དང་། མ་ཁེངས་པ་དང་། མི་འཕྱར་བ་དང་། མུ་ཅོར་མི་སྨྲ་བ་དང་། དེས་པ་དང་། སྦས་པ་དང་། གཡོ་མེད་པ་དང་། ཡིད་དུ་འོང་བ་དང་། གཅིག་པུར་དགའ་བ་དང་། འདུ་འཛི་སེལ་བ་དང་། དབེན་པར་དགའ་བ་དང་། ལུས་དབེན་པ་དང་། སེམས་མ་ འཁྲུལ་པ་དང་། དགོན་པའི་སྒོ་ཡིད་ལ་བྱེད་པ་དང་། ཆོག་ཤེས་པ་དང་། འདོད་པ་ཉུང་བ་དང་། འཚོ་བ་ཡོངས་སུ་དག་པ་དང་། ཆོ་ག་ཕུན་སུམ་ཚོགས་པ་དང་། སྤྱོད་ལམ་སྦས་པ་དང་། དུས་ཤེས་ པ་དང་། ཚོད་ཤེས་པ་དང་། དྲོད་ཤེས་པ་དང་། དགང་སླ་བ་དང་། གསོ་སླ་བ་དང་། སོ་སོར་རྟོག་པ་དང་། མི་མཐོ་མི་དམའ་བ་དང་། ཚིགས་ངན་པ་སྨྲས་པ་བཟོད་པ་དང་། རྣལ་འབྱོར་གྱི་སྒོར་ སེམས་བསྐྱེད་པ་དང་། ནང་དུ་ཡང་དག་འཇོག་ལ་མངོན་པར་དགའ་བ་དང་། བསམ་གཏན་གྱི་ཡན་ལག་ཡིད་ལ་བྱེད་པ་དང་། བྱམས་པ་བསྐྱེད་པ་དང་། སྙིང་རྗེ་མངོན་པར་སྒྲུབ་པ་དང་། དགའ་ བ་ལ་གནས་པ་དང་། གཏང་སྙོམས་སྒོམ་པ་དང་། བསམ་གཏན་དང་པོ་ནས། བརྒྱད་ཀྱི་བར་དུ་མཐར་གྱིས་སྙོམས་པར་འཇུག་པ་སྟེ། དེ་ནི་ཞི་གནས་ཤེས་བྱའོ། །ཡང་ཞི་གནས་ ཀྱི་ཚོགས་ཚད་མེད་པ་སྟེ། ཚོགས་དེ་ལ་གང་རྗེས་སུ་རྟོགས་པ་དེ་ནི་ཞི་གནས་ཤེས་བྱའོ། །དེ་ལ་ལྷག་མཐོང་གང་ཞེ་ན། གང་ཤེས་རབ་ཀྱིས་ཆ་དང་མཐུན་པའི་སྒོམ་པའི་ལམ་སྟེ། ཆོས་རྣམས་ལ་གཡོ་བ་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པ་དང་། ཕུང་པོ་རྣམས་ལ་སྒྱུ་མའི་ཕུང་པོར་མཐོང་བའི་ཤེས་པ་དང་། 80-1-228a ཁམས་རྣམས་ལ་ཆོས་ཀྱི་ཁམས་སུ་མཐོང་བའི་ཤེས་པ་དང་། །སྐྱེ་མཆེད་རྣམས་ལ་གྲོང་སྟོང་པར་མཐོང་བའི་ཤེས་པ་དང་། །མིག་ལ་བར་ཏུ་རྣམ་པར་ཕྱེ་བར་མཐོང་བའི་ ཤེས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མི་འགལ་བར་མཐོང་བའི་ཤེས་པ་དང་། སེམས་ཅན་དུ་ལྟ་བ་དང་བྲལ་བར་མཐོང་བའི་ཤེས་པ་དང་། རྒྱུ་དང་འབྲས་བུ་རྣམ་པར་སྨིན་པ་མཐོང་བའི་ཤེས་ པ་དང་། འབྲས་བུ་ཐོབ་པ་མངོན་སུམ་དུ་བྱ་བ་མཐོང་བའི་ཤེས་པ་དང་། ཡང་དག་པ་ཉིད་དུ་འཇུགས་པ་ལ་འཇུག་པར་བྱེད་པ་མཐོང་བའི་ཤེས་པའོ། །ཡང་ལྷག་མཐོང་ཞེས་བྱ་བ་ནི་འདི་ལྟ་སྟེ། ། ཆོས་རྣམས་ཀྱི་ཇི་ལྟ་བ་བཞིན་དུ་མཐོང་བ་དང་། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་མཐོང་བ་དང་། ཆོས་རྣམས་ཀྱི་གཞན་མ་ཡིན་པ་ཉིད་མཐོང་བ་དང་། ཆོས་རྣམས་ཀྱི་སྟོང་པ་ཉིད་མཐོང་བ་དང་། མཚན་ མ་མེད་པ་མཐོང་བ་དང་། སྨོན་པ་མེད་པ་མཐོང་བའོ། །ཡང་ལྷག་མཐོང་ཞེས་བྱ་བ་ནི་རྒྱུ་མེད་པར་མཐོང་བ་མེད་པ་དང་། སྐྱེ་བ་དང་། འཇིག་པ་དང་། གནས་པའི་རྒྱུ་མཐོང་བ་མེད་ པ་དང་། །དམིགས་པའི་རྒྱུས་མཐོང་བ་མེད་ཅིང་ལྷག་པར་མཐོང་ཡང་ཅུང་ཟད་ལྷག་པར་མི་མཐོང་བའོ། །གཞན་ཡང་ལྷག་མཐོང་ནི་མཐོང་བས་ཀྱང་མཐོང་ལ་ལྟ་བ་ཡང་མི་མཐོང་བ་སྟེ། གང་གི་ ཚེ་དེ་ལྟར་མཐོང་བ་དེའི་ཚེ་ཡང་དག་པར་མཐོང་བའོ། །ཡང་དག་པར་མཐོང་ན་ལྷག་མཐོང་ལ་མཁས་པ་ཡང་རྗེས་སུ་འཐོབ་སྟེ། དེ་ལ་བྱང་ཆུབ་སེམས་དཔའི་ལྷག་མཐོང་དེ་ལྟར་མཐོང་ལ་མངོན་པར་ འདུ་བྱེད་པར་ཡང་མི་ལྟུང་ཞིང་དགེ་བའི་རྩ་བ་མངོན་པར་འདུ་བྱེད་པ་ལ་ཡང་མི་གནས་ཏེ། དེ་ནས་བྱང་ཆུབ་སེམས་དཔའི་ལྷག་མཐོང་ངོ་། །དེ་ལྟར་ན་བྱང་ཆུབ་སེམས་དཔའི་ཞི་གནས་དང་། ། 80-1-228b ལྷག་མཐོང་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གཞན་ཡང་ལམ་ལ་མཁས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་རྣམ་པ་བཞི་སྟེ། རྣམ་པ་བཞི་གང་ཞེ་ན། འདི་ལྟ་སྟེ། སྡིག་ པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་འདུན་པ་སྐྱེད། འབད་པར་བྱེད། བརྩོན་འགྲུས་རྩོམ། སེམས་རབ་ཏུ་འཛིན། ཡང་དག་པར་རབ་ཏུ་འཇོག་པ་དང་། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་ རྣམས་སྤང་བའི་ཕྱིར་འདུན་པ་སྐྱེད། འབད་པར་བྱེད། བརྩོན་འགྲུས་རྩོམ། སེམས་རབ་ཏུ་འཛིན། ཡང་དག་པར་རབ་ཏུ་འཇོག་པ་དང་། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་སྐྱེད། འབད་པར་བྱེད། བརྩོན་འགྲུས་རྩོམ། སེམས་རབ་ཏུ་འཛིན། ཡང་དག་པར་རབ་ཏུ་འཇོག་པ་དང་། དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་། ཕྱིར་ཞིང་འབྱུང་བ་དང་། ཉམས་པར་མི་འགྱུར་བ་ ཆུད་མི་ཟ་བར་བྱ་བའི་ཕྱིར་འདུན་པ་སྐྱེད། འབད་པར་བྱེད། བརྩོན་འགྲུས་རྩོམ། སེམས་རབ་ཏུ་འཛིན། ཡང་དག་པར་རབ་ཏུ་འཇོག་པའོ། །གང་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ ཕྱིར་འདུན་པ་སྐྱེས་ཅེས་བྱ་བ་ནི་ཚུལ་བཞིན་ཡིད་ལ་བྱེད་པའི་ཚིག་བླ་དགས་སོ། །འབད་པར་བྱེད། བརྩོན་འགྲུས་རྩོམ་ཞེས་བྱ་བ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་དེ་མི་གཏོང་བའོ། སེམས་རབ་ཏུ་འཛིན། ཡང་ དག་པར་རབ་ཏུ་འཇོག་ཅེས་བྱ་བ་ནི་ཚུལ་བཞིན་ལ་སོ་སོར་རྟོག་པའི་ཚིག་བླ་དགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚུལ་བཞིན་ལ་རབ་ཏུ་སྦྱོར་བ་ནི་མི་དགེ་བའི་ཆོས་རྣམས་མི་འབྱུང་བའི་ཕྱིར་རོ། །དེ་ལ་མི་དགེ་བའི་ཆོས་རྣམས་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་དང་། ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་དང་། ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་སོ། དེ་ལ་ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་ཉམས་པ་དང་། 80-1-229a གང་གཞན་ལ་ལ་ཚུལ་ཁྲིམས་ཉམས་པར་འགྱུར་བའི་ཆོས་རྣམས་ཏེ། དེ་ནི་ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་ཤེས་བྱའོ། །དེ་ལ་ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་གང་ཞེ་ན། གང་ཆོ་ ག་ཉམས་པ་དང་། གང་གཞན་ལ་ལ་སེམས་གཡེང་བར་བྱེད་པའི་ཆོས་ཏིང་ངེ་འཛིན་གྱི་ཕུང་པོའི་མི་མཐུན་པའི། ཕྱོགས་དེ་ནི་ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་ཤེས་བྱའོ། །དེ་ལ་ཤེས་རབ་ཀྱི་ མི་མཐུན་པའི་ཕྱོགས་གང་ཞེ་ན། འདི་ལྟ་སྟེ། ལྟ་བ་ཉམས་པ་དང་། གང་གཞན་ལ་ལ་ལྟ་བ་ཀུན་ནས་ལྡང་བའི་སྒྲིབ་པར་བྱེད་པའི་ཆོས་གང་ཤེས་རབ་ཀྱི་ཕུང་པོའི་མི་མཐུན་པའི་ཕྱོགས་དེ་ནི་ཤེས་རབ་ཀྱི་ མི་མཐུན་པའི་ཕྱོགས་ཤེས་བྱ་སྟེ། དེ་ནི་སྡིག་པ་མི་དགེ་བའི་ཆོས་རྣམས་ཤེས་བྱའོ། །ཚུལ་བཞིན་ཡིད་ལ་བྱེད་པ་གང་གིས་སྡིག་པ་མི་དགེ་བའི་ཆོས་དེ་ལྟ་བུ་དེ་དག་སྤོང་བའི་ཕྱིར་འདུན་པ་སྐྱེད། འབད་པར་བྱེད། བརྩོན་འགྲུས་རྩོམ། སེམས་རབ་ཏུ་འཛིན། ཡང་དག་པར་རབ་ཏུ་འཇོག་པ་སྟེ། དེ་བས་ན་མི་དགེ་བའི་ཆོས་དེ་དག་སེམས་ལ་ཕུང་པོར་གྱུར་བ་མ་ཡིན། ཡུལ་ན་མི་གནས། གས་ན་མི་གནས་སོ། །གང་ཡང་མི་དགེ་བའི་ཆོས་དེ་རྣམས་སེམས་ལ་རྒྱུ་བའི་སྡུག་པའི་རྣམ་པས་འདོད་ཆགས་སམ། ཁོང་ཁྲོ་བའི་རྣམ་པས་ཞེ་སྡང་ངམ། མ་རིག་པའི་རྣམ་པས་གཏི་ མུག་གམ། རྒྱུ་དང་སྒྲིབ་པ་གང་དག་ལས་བྱུང་བ་ཤེས་ཤིང་དེ་ལ་ཚུལ་བཞིན་ཡིད་ལ་བྱེད་པའི་རྣམ་པ་མི་གཙང་བས་འདོད་ཆགས་ཞི་བར་བྱེད། བྱམས་པས་ཞེ་སྡང་ཞི་བར་བྱེད། རྟེན་ཅིང་འབྲེལ་བར་ འབྱུང་བས་གཏི་མུག་ཞི་བར་བྱེད་དེ། གང་ཀུན་ནས་ཉོན་མོངས་པ་དེ་དག་ཞི་བ་དེ་ནི་ཐ་སྙད་དུ་བཏགས་པའི་ཕྱིར་སྤོང་བ་ཞེས་བྱའོ། །གང་སྤོང་བ་ནི་གང་ཡང་རྙེད་པར་མི་འགྱུར་རོ། །མཉམ་པ་ཉིད་ཀྱིས་ 80-1-229b ཐམས་ཅད་མངོན་སུམ་བས་ན་དེའི་ཕྱིར་ཡང་དག་པར་སྤོང་བ་ཞེས་བྱ་སྟེ། དེ་ནི་ཡང་དག་པར་སྤོང་བ་གཉིས་པའོ། །གང་ཡང་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་སྐྱེད། འབད་ པར་བྱེད། བརྩོན་འགྲུས་རྩོམ། སེམས་རབ་ཏུ་འཛིན། ཡང་དག་པར་རབ་ཏུ་འཇོག་པ་ཞེས་བྱ་བ་དེ་ནི་གནས་ཚད་མེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོས་ཡང་དག་པར་བསྒྲུབ་པར་བྱ་བའི་དགེ་བའི་ཆོས་ཚད་མེད་པའི་ཕྱིར་རོ། །དེ་ལ་འདུན་པ་ནི་དགེ་བའི་རྩ་བ་ཐམས་ཅད་ཀྱི་རྩ་བའོ། །བརྩོན་འགྲུས་ཡང་དག་པར་སྒྲུབ་པ་ནི་དགེ་བའི་རྩ་བ་ཐམས་ཅད་ ཀྱི་རྩ་བའོ། །སེམས་རབ་ཏུ་འཛིན་པ་ཉམས་སུ་ལོན་པར་བྱེད་པ་ནི་དགེ་བའི་རྩ་བ་ཐམས་ཅད་ཀྱི་རྩ་བ་སྟེ། དེ་ནི་ཡང་དག་པར་སྤོང་བ་གསུམ་པའོ། །གང་ཡང་དགེ་བའི་ཆོས་སྐྱེས་པ་རྣམས་ གནས་པ་དང་། ཉམས་པར་མི་འགྱུར་བ་དང་། ཆུད་མི་ཟ་བར་བྱ་བའི་ཕྱིར་འདུན་པ་སྐྱེད། འབད་པར་བྱེད། བརྩོན་འགྲུས་རྩོམ། སེམས་རབ་ཏུ་འཛིན། ཡང་དག་པར་རབ་ཏུ་འཇོག་ཅེས་བྱ་བ་དེ་ནི་ དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོས་པའི་ཚིག་བླ་དགས་སོ། །དེ་ཅིའི་ཕྱིར་ཞེ་ན། དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོས་པ་ནི་མཐར་བྱང་ཆུབ་ཀྱི་སྙིང་པོའི་བར་དུ་སླར་ཆུད་ཟ་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་ཁམས་གསུམ་ལ་མི་གནས་པར་སེམས་བསྐྱེད་པའི་ཕྱིར་རོ། །གང་ཁམས་གསུམ་ལ་གནས་པའི་དགེ་བའི་རྩ་བ་དེ་ནི་ཟད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་སེམས་བསྐྱེད་པ་དེ་ནི་ཁམས་ གསུམ་ལ་གནས་པའི་ཕྱིར་རོ། །གང་ཡང་དགེ་བའི་རྩ་བ་ཁམས་གསུམ་ལ་མི་གནས་པ་ཐམས་ཅད་མཁྱེན་པར་བསྔོས་པ་དེ་ལ་ཟད་པ་གང་ཡང་མེད་དོ། །དེ་ནི་ཡང་དག་པར་སྤོང་བ་བཞི་པའོ། །དེ་ལྟར་ན་བྱང་ཆུབ་ 80-1-230a སེམས་དཔའ་ལམ་ཡན་ལག་བཞི་པ་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །གཞན་ཡང་ལམ་ལ་མཁས་པ་ནི་བྱང་ཆུབ་སེམས་དཔའི་ལམ་ཡན་ལག་ལྔ་པ་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། དད་པའི་ དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་སྟེ། དེ་ལ་དད་པའི་དབང་པོ་གང་ཞེ་ན། དད་པ་གང་གིས་ཆོས་བཞི་ལ་དད་པར་བྱེད་པ་སྟེ། བཞི་གང་ ཞེ་ན། འཁོར་བ་ན་སྤྱོད་པའི་འཇིག་རྟེན་པའི་ཡང་དག་པར་ལྟ་བ་ལ་མངོན་པར་དད་དེ། དེ་ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པ་ཡིན་དེ་སྲོག་གི་ཕྱིར་ཡང་སྡིག་པའི་ལས་མི་བྱེད་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་ པ་ལ་ཡང་དད་དེ། སྤྱོད་པ་ལ་ཞུགས་པ་དེ་ཐེག་པ་གཞན་ལ་འདོད་པར་མི་བྱེད་པ་དང་། དོན་དམ་པ་ངེས་པའི་དོན་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོ་དང་། སེམས་ཅན་ལ་རྣམ་པར་དཔྱོད་པ་དང་། སྟོང་པ་ཉིད་ དང་། མཚན་མ་མེད་པའི་མཚན་ཉིད་ཀྱི་ཆོས་ཐམས་ཅད་ལ་དད་དེ། ལྟ་བར་བྱ་བ་ཐམས་ཅད་བག་ལ་ཉལ་བར་མི་བྱེད་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། སྟོབས་དང་། མི་འཇིགས་པ་རྣམས་ལ་དད་ཅིང་ཐོས་ནས་ ཐེ་ཚོམ་མེད། ནེམ་ནུར་མེད་པར་ཆོས་དེ་རྣམས་སྡུད་པར་བྱེད་པ་དེ་ནི་དད་པའི་དབང་པོ་ཞེས་བྱའོ། །དེ་ལ་བརྩོན་འགྲུས་ཀྱི་དབང་པོ་གང་ཞེ་ན། ཆོས་གང་ལ་དད་པ་དེ་བརྩོན་འགྲུས་ཀྱི་དབང་པོས་སྐྱེད་པར་བྱེད་པ་སྟེ། དེ་ནི་བརྩོན་འགྲུས་ ཀྱི་དབང་པོ་ཞེས་བྱའོ། །ཆོས་གང་དག་བརྩོན་འགྲུས་ཀྱིས་སྡུད་པ་དེ་དག་དྲན་པའི་དབང་པོས་ཆུད་མི་ཟ་བར་བྱེད་པ་དེ་ནི་དྲན་པའི་དབང་པོ་ཞེས་བྱའོ། །ཆོས་གང་དག་དྲན་པའི་དབང་པོས་ཆུད་མི་ཟ་བར་བྱེད་པའི་ཆོས་དེ་དག་ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་བྱེད་པ་དེ་ནི་ཏིང་ངེ་འཛིན་གྱི་དབང་པོ་ཞེས་བྱའོ། ། ཆོས་གང་དག་ཏིང་ངེ་འཛིན་གྱིས་དབང་པོས་རྩེ་གཅིག་པར་བྱེད་པ་དེ་དག་ཤེས་རབ་ཀྱི་དབང་པོས་སོ་སོར་རྟོག་པར་བྱེད་དེ། གང་ཆོས་དེ་དག་ཤེས་པ་དེ་ནི་ཤེས་རབ་ཀྱི་དབང་པོ་ཞེས་བྱའོ། །དེ་ལྟར་ན་དབང་པོ་ལྔ་པོ་དག་ལྷན་ཅིག་ཏུ་འབྲེལ་བ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་ 80-1-230b བྱེད་ལུང་བསྟན་པའི་ས་ཡང་ཐོབ་པར་བྱེད་དེ། འདི་ལྟ་སྟེ། དཔེར་ན་ཕྱི་རོལ་གྱི་མངོན་པར་ཤེས་པ་ལྔ་དང་ལྡན་པ་དག་མངལ་ན་འདུག་པ་བུད་མེད་དང་སྐྱེས་པའི་དབང་པོར་མ་གྱུར་གྱི་བར་དུ་མངལ་ན་འདུག་པ་ལ་ལུང་མི་སྟོན་པ་དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ ཀྱང་བྱང་ཆུབ་སེམས་དཔའ་དབང་པོ་དེ་དག་དང་མི་ལྡན་གྱི་བར་དུ་ལུང་མི་སྟོན་ཏེ། དེ་ནི་ལམ་ཡན་ལག་ལྔ་པའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལམ་ཡན་ལག་ལྔ་པ་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །གཞན་ཡང་ཤཱ་རིའི་བུ་བྱང་ཆུབ་ སེམས་དཔའ་ལམ་ཡན་ལག་ལྔ་ལ་མཁས་པ་གང་ཞེ་ན། ཡན་ལག་ལྔ་ནི་འདི་ལྟ་སྟེ། དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་སོ། །དེ་ལ་དད་པའི་སྟོབས་གང་ཞེ་ན། གང་མོས་ པ་དང་མགོ་གཅིག་པ་མི་རྫི་བ་སྟེ་གལ་ཏེ་དེའི་དྲུང་དུ་བདུད་སྡིག་ཅན་སངས་རྒྱས་ཀྱི་གཟུགས་སུ་བསྒྱུར་ཏེ་འོངས་ནས། ཆོས་ཀྱི་ཡེ་ཤེས་ལ་དད་པ་གང་ཡང་རུང་བ་ལ་ལ་ཞིག་གིས་འདི་དག་ནི་སངས་རྒྱས་ཀྱི་ཆོས་མ་ཡིན་ནོ་ཞེས་འབྲལ་བར་བྱེད། འདུན་པ་ཟློག་པར་ བྱེད་ཀྱང་ཡོངས་སུ་བརྟག་པ་བཟུང་ན་འབྱུང་བ་ཆེན་པོ་བཞི་རྣམས་ནི་གཞན་དུ་འགྱུར་གྱི། དད་པའི་སྟོབས་ལ་མོས་པའི་བྱང་ཆུབ་སེམས་དཔའ་ནི་དེ་ལྟ་མ་ཡིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སྟོབས་ལས་འབྲལ་བར་མི་ནུས་པ་དེ་ནི་དད་པའི་སྟོབས་སོ། ། དེ་ལ་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཀྱི་སྟོབས་གང་ཞེ་ན། གང་བརྩོན་འགྲུས་རྩོམ་ཞིང་དགེ་བའི་ཆོས་གང་དང་གང་ལ་མངོན་པར་སྦྱོར་བ་དེ་དང་དེ་དག་ལ་བརྟན་པའི་སྟོབས་ཀྱི་མཐུ་ཐོབ་ཀྱང་གནས་དེར་མ་བསྒྲལ་གྱི་བར་དུ་སྟོབས་ཀྱི་མཐུ་ དེ་ལ་ལྷ་དང་བཅས་པའི་འཇིག་རྟེན་རྣམས་ཀྱིས་རྣམ་པར་བཟློག་པ་འམ་བསྟན་པ་འམ། རྣམ་པར་བསླང་བར་མི་ནུས་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱི་སྟོབས་ཤེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་དྲན་པའི་ སྟོབས་གང་ཞེ་ན། ཆོས་གང་དག་ལ་དྲན་པ་ཉེ་བར་གཞག་པས་སེམས་ཉེ་བར་གཞག་པ་སྟེ། དེ་ནི་ཉོན་མོངས་པ་གང་ཡང་རུང་བ་དག་གིས་གཏོང་བའམ་གཡེང་བར་མི་ནུས་ཏེ། དྲན་པའི་སྟོབས་བསྐྱེད་པ་དེས་ 80-1-231a ཉོན་མོངས་པ་ཐམས་ཅད་འཇོམས་ཞིང་དྲན་པ་དེ་ཡང་མི་ཆོམས་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་དྲན་པའི་སྟོབས་ཤེས་བྱའོ། དེ་ལ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་སྟོབས་གང་ཞེ་ན། གང་འདུ་འཛི་ཐམས་ཅད་དབེན་པར་སྤྱོད་པ་སྟེ། གང་ དག་གི་ལམ་གྱི་སྒྲ་ཐམས་ཅད་ལ་ཡང་རྟོག་ལ་དེའི་བསམ་གཏན་དང་པོའི་སྒྲའི་ཚེར་མ་ལ་སྒྲིབ་པར་མི་བྱེད་པ་དང་། དགེ་བར་རྟོག་པ་ལ་ཡང་རྣམ་པར་རྟོག་མོད་ཀྱི་བསམ་གཏན་གཉིས་པ་ལ་ཡང་སྒྲིབ་པར་མི་འགྱུར་བ་དང་། དེ་དགའ་བ་དང་། བདེ་བ་སྐྱེས་ ཏེ་གནས་མོད་ཀྱི། དེའི་བསམ་གཏན་གསུམ་པ་ལ་ཡང་སྒྲིབ་པར་མི་འགྱུར་བ་དང་། དེ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། དམ་པའི་ཆོས་ཡོངས་སུ་གཟུང་བར་བྱ་བའི་ཕྱིར་བཏང་སྙོམས་པ་ཡང་མ་ཡིན་མོད་ཀྱི། བསམ་གཏན་བཞི་པ་ལ་ ཡང་སྒྲིབ་པར་མི་འགྱུར་བ་སྟེ། དེ་བས་བསམ་གཏན་དེ་བཞི་ལ་གནས་ན་བསམ་གཏན་དང་། རྣམ་པར་ཐར་པས་གཞོམ་པར་མི་ནུས་ཏེ། དེ་ནི་ཏིང་ངེ་འཛིན་གྱི་གནས་ཀྱང་མི་གཏོང་ལ་ཏིང་ངེ་འཛིན་གྱི་དབང་གིས་ཀྱང་མི་སྐྱེ་བ་སྟེ། དེ་ནི་བྱང་ཆུབ་སེམས་ དཔའི་ཏིང་ངེ་འཛིན་གྱི་སྟོབས་སོ། །དེ་ལ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་སྟོབས་གང་ཞེ་ན། གང་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱིས་མི་ཆོམས་པའི་ཡེ་ཤེས་ཏེ། བྱང་ཆུབ་སེམས་དཔའ་སྐྱེས་མ་ཐག་ཏུ་ བཟོའི་གནས་འཇིག་རྟེན་ན་ཇི་སྙེད་སྤྱོད་པ་དམ་པ་དང་། དགའ་བར་བྱེད་པ་དང་། རྙེད་དཀའ་བ་དེ་དག་ཐམས་ཅད་སློབ་དཔོན་མེད་པར་མངོན་དུ་འགྱུར་ཏེ། གང་འཇིག་རྟེན་ལས་འདས་པ་བདག་ཀྱང་གང་གིས་འཇིག་རྟེན་དག་སྒྲོལ་བར་བྱེད་དེ། དེ་དག་བྱང་ཆུབ་ སེམས་དཔའི་ཤེས་རབ་དང་། ཡེ་ཤེས་ཀྱི་སྟོབས་ཀྱིས་བྱུང་བ་ལྷ་དང་མི་རྣམས་ཀྱིས་མི་ཆོམས་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་སྟོབས་སོ། །འདི་ནི་ཡན་ལག་ལྔ་པའི་ལམ་གཞན་ནོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཡན་ལག་ ལྔ་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གཞན་ཡང་མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་མགོ་གཅིག་པ་སྟེ། དེ་ནས་ལམ་བགྲོད་པ་གཅིག་པའོ། །འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་གཅིག་པུ་ 80-1-231b གཉིས་སུ་མེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་གྲོགས་མེད་པར་ཤིན་དུ་བརྩོན་པའི་སྟོབས་ཀྱི་མཐུ་ཡོངས་སུ་གཟུང་བའི་བསམ་པས་གོ་ཆ་དགོས་པ་སྟེ། གཞན་གྱིས་མ་བསྟན་པ། གཞན་གྱིས་དྲིང་མི་འཇོག་པ། བདག་ཉིད་བྱེད་པ། བདག་གིས་སྟོབས་ཀྱིས་ཡང་དག་པར་འཕགས་པ་སྟེ། དེ་ལྟར་གོ་ཆ་སྲབ་བ་བགོས་ནས་གང་སེམས་ཅན་ཐམས་ཅད་ཀྱིས་མ་ཐོབ་པ་དེ་བདག་གིས་ཐོབ་པར་བྱའོ། ། གང་འཕགས་པ་ཐམས་ཅད་དང་། གང་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་མ་ཐོབ་པ་དེ་བདག་གིས་ཐོབ་པར་བྱའོ། །སྦྱིན་པ་ནི་ངའི་གྲོགས་མ་ཡིན་གྱི། ང་ནི་སྦྱིན་པའི་གྲོགས་སོ། ། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ནི་ངའི་གྲོགས་མ་ཡིན་གྱི་ང་ནི་དེ་དག་གིས་གྲོགས་སོ། །ང་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་བསླང་བར་བྱ་བ་མ་ཡིན་གྱི། ཕ་རོལ་ཏུ་ཕྱིན་པ་རྣམས་ངས་བསླང་བར་བྱའོ། །གོང་མ་བཞིན་དུ་སྦྱར་ཏེ། དགེ་བའི་རྩ་བ་ཐམས་ཅད་ལ་རྒྱས་པར་ཤེས་པར་བྱའོ། །ང་ནི་དགེ་བའི་རྩ་བ་ཐམས་ཅད་ཀྱིས་བསླང་བར་བྱ་བ་མ་ཡིན་གྱི། དགེ་བའི་རྩ་བ་ཐམས་ ཅད་ངས་བསླང་བར་བྱའོ་ཞེས་དེ་ལྟ་བུའི་ཆོས་རྣམས་ལ་གྲོགས་མེད་ཅིང་ང་གཅིག་པུ་གཉིས་སུ་མེད་པར་རྡོ་རྗེའི་གདན་ལ་འདུག་ནས་བདུད་སྟོབས་དང་། བཅས་པ་བཏུལ་ཏེ། སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །ཞེས་དེ་ལ་ངེས་པར་རྟོགས་པ་བསམ་པའི་སྦྱོར་བ་དེ་ནི། །བྱང་ཆུབ་སེམས་དཔའི་ལམ་བགྲོད་པ་གཅིག་ པུ་ཞེས་བྱ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའི་ལམ་བགྲོད་པ་གཅིག་པུ་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ལ་མཁས་པ་སྟེ། །། 80-1-232a དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་གང་ཞེ་ན། འདི་ལྟར་ བྱང་ཆུབ་སེམས་དཔའ་གཅིག་པུ་དབེན་པར་སོང་སྟེ། ནང་དུ་ཡང་དག་གཞག་ནས་འདི་ལྟར་སེམས་ལ་རྟོག་པ་སྐྱེ་སྟེ། སྡུག་བསྔལ་གྱི་ཕུང་པོ་འདི་གང་ལས་འབྱུང་བར་འགྱུར་སྙམ་པ་དང་། དེ་འདི་ལྟར་སེམས་ཏེ། ཚུལ་བཞིན་མ་ ཡིན་པ་བྱུང་བའི་ཕྱིར་མ་རིག་པ་འབྱུང་། མ་རིག་པ་བྱུང་བའི་ཕྱིར་འདུ་བྱེད་འབྱུང་། འདུ་བྱེད་བྱུང་བའི་ཕྱིར་རྣམ་པར་ཤེས་པ་འབྱུང་། རྣམ་པར་ཤེས་པ་བྱུང་བའི་ཕྱིར་མིང་དང་གཟུགས་འབྱུང་། མིང་དང་གཟུགས་བྱུང་བའི་ཕྱིར་སྐྱེ་མཆེད་དྲུག་ འབྱུང་། སྐྱེ་མཆེད་དྲུག་བྱུང་བའི་ཕྱིར་རེག་པ་འབྱུང་། རེག་པ་བྱུང་བའི་ཕྱིར་ཚོར་བ་འབྱུང་། ཚོར་བ་བྱུང་བའི་ཕྱིར་སྲེད་པ་འབྱུང་། སྲེད་པ་བྱུང་བའི་ཕྱིར་ལེན་པ་འབྱུང་། ལེན་པ་བྱུང་བའི་ཕྱིར་སྲིད་པ་འབྱུང་། སྲིད་པ་བྱུང་བའི་ཕྱིར་སྐྱེ་བ་ འབྱུང་། སྐྱེ་བ་བྱུང་བའི་ཕྱིར་རྒ་ཤི་འབྱུང་། རྒ་ཤི་བྱུང་བའི་ཕྱིར་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་འགྱུར་རོ་སྙམ་མོ། །དེ་ཡང་འདི་ལྟར་སེམས་ཏེ། ཇི་ལྟར་མི་གཡོ་ བ་དང་། མི་བྱེད་པ་དང་། བདག་པོ་མེད་པ་དང་། དགེ་བའི་རྒྱུ་ལས་བྱུང་བ་དང་། མི་དགེ་བའི་རྒྱུ་ལས་བྱུང་བ་དང་། མི་གཡོ་བའི་རྒྱུ་ལས་བྱུང་བ་དང་། མྱ་ངན་ལས་འདས་པའི་རྒྱུ་ལས་བྱུང་བའི་ཆོས་དེ་དག་ཐམས་ཅད་རྐྱེན་ལས་བྱུང་བ་སྟེ། གང་ཡང་ལས་ཀྱི་རྒྱུ་གང་དག་གིས་སེམས་ཅན་གང་དག་གི་དབང་པོའྀ་རྒྱུ་ཚད་མ་དང་། ལྷག་མའི་ཆོ་གའི་རྒྱུ་ཚད་མའི་འབྲས་བུའི་རྒྱུ་འགྲུབ་པ་དང་། དེ་ལྟར་ཟིན་པ་དང་། མ་ཟིན་པ་ལས་གང་རྒྱུ་འདུས་པ་བྱུང་བ་དེ་ཐམས་ཅད་རབ་ཏུ་ཤེས་པ་ སྟེ། དེ་ནི་བྱང་ཆུབ་སེམས་དཔའི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་ཞེས་བྱའོ། །དེ་ཡང་གང་འགག་ཅེ་ན། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་འགགས་པའི་ཕྱིར་མ་རིག་པ་འགག་གོ། །མ་རིག་པ་འགགས་པའི་ཕྱིར་འདུ་བྱེད་འགག་པ་ 80-1-232b ནས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཤིག་གི་བར་དུ་འགག་པར་འགྱུར་རོ་ཞེས་དེ་སྙམ་དུ་སེམས་ཏེ། དེ་ལྟར་གང་དེ་ལ་ཤེས་པ་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་ཞེས་བྱའོ། །དེ་ཡང་ཆོས་ཐམས་ཅད་ནི་རྒྱུ་ལ་རག་ལས། རྐྱེན་ ལ་རག་ལས། འདུས་པ་ལ་རག་ལས་པ་སྟེ། གང་རྒྱུ་དང་། རྐྱེན་དང་། འདུས་པ་ལ་རག་ལས་དེ་ནི་བདག་གི་བྱིན་གྱི་བརླབས་མ་ཡིན། སྲོག་དང་གང་ཟག་གི་བྱིན་གྱི་བརླབས་མ་ཡིན་ཏེ། དེ་ལ་བགྲང་བ་གང་ཡང་མེད་དོ། །ཞེས་དེ་ལྟར་སེམས་ཏེ། གང་ དེ་ལྟར་སེམས་པ་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་ཐམས་ཅད་བྱང་ཆུབ་ཀྱི་རྣམ་པའི་རྐྱེན་དུ་སློང་བར་བྱེད་ལ། རྐྱེན་དེ་དག་ལ་ཡང་ཟད་པ་དང་། འགག་པར་སོ་སོར་རྟོག་ལ། སེམས་ཅན་ལ་ལྟ་བའི་ཕྱིར་ཟད་པ་དང་འགག་པ་མ་ཡིན་པ་ཡང་ཐོབ་པར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་མཁས་པ་གང་ཞེ་ན། ཆོས་ཐམས་ཅད་ཅེས་བྱ་བ་ནི་འདི་ལྟ་སྟེ། འདུས་བྱས་ དང་འདུས་མ་བྱས་སོ། །དེ་ལ་བྱང་ཆུབ་སེམས་དཔས་འདུས་བྱས་དང་། འདུས་མ་བྱས་ལ་མཁས་པར་བྱ་སྟེ། དེ་ལ་འདུས་བྱས་ལ་མཁས་པ་གང་ཞེ་ན། གང་ལུས་ཀྱི་འདུ་བྱེད་དང་། ངག་གི་འདུ་བྱེད་དང་། ཡིད་ཀྱི་འདུ་བྱེད་དོ། །གང་ལ་ལུས་ དང་ངག་དང་། ཡིད་ཀྱི་དགེ་བའི་འདུ་བྱེད་ཀྱིས་འདུས་མ་བྱས་པའི་བྱང་ཆུབ་ལ་འདུས་མ་བྱས་པར་རྟོག་པས་ཐམས་ཅད་མཁྱེན་པ་ཉིད་དུ་སྔོ་བ་དེ་ནི་འདུས་མ་བྱས་ལ་མཁས་པའོ། །གཞན་ཡང་འདུས་མ་བྱས་ལ་མཁས་པ་ནི་གང་སྦྱིན་པའི་ ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། །ཕ་རོལ་ཏུ་ཕྱིན་པ་ལྔ་རྣམས་སྡུད་པའོ། །གང་ཡང་འདུས་མ་བྱས་པའི་ཤེས་པས་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕ་རོལ་ཏུ་ཕྱིན་པ་ལྔ་རྣམས་ཀྱིས་སྨོད་པར་མི་བྱེད་ཅིང་ཕ་རོལ་ཏུ་ཕྱིན་པའི་ཚོགས་ཐམས་ཅད་ལ་མཁས་པ་དང་། ཟག་པ་མེད་པའི་བྱང་ཆུབ་དེ་ལ་མོས་པས་གང་ཐམས་ཅད་མཁྱེན་པ་ཉིད་དུ་སྔོ་བ་དེ་ནི་དེའི་འདུས་མ་ 80-1-233a བྱས་ལ་མཁས་པའོ། །གཞན་ཡང་འདུས་བྱས་ལ་མཁས་པ་ནི་སེམས་ཅན་ཐམས་ཅད་ལ་འོད་ཟེར་ཐོགས་པ་མེད་པ་དང་། བསྡུ་བ་བཞིས་སེམས་ཅན་སྡུད་པའོ། །གང་ཡང་སྙེམས་པ་མེད་པའི་ཕྱིར་སེམས་ ཅན་ལ་བདག་མེད་པར་འཛིན་པ་དང་བསྡུ་བ་ལ་མཁས་ཤིང་འདུས་མ་བྱས་པའི་བྱང་ཆུབ་ལ་མོས་ནས་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོ་བ་དེ་ནི་དེའི་འདུས་མ་བྱས་ལ་མཁས་པའོ། །གཞན་ཡང་འདུས་བྱས་ལ་མཁས་པ་ནི་ གང་འཁོར་བའི་རྒྱུན་གྱི་ཀུན་ནས་སྦྱོར་བ་རྣམས་ཡང་དག་པར་མི་གཅོད་ལ་འཁོར་བའི་རྒྱུན་གྱི་ཉོན་མོངས་པ་རྣམས་ཡང་དག་པར་གཅོད་པ་དང་། བྱང་ཆུབ་ཏུ་དམིགས་པའི་སྦྱོར་བ་རྣམས་རྒྱུན་ཆགས་པར་བྱེད་པ་དང་། སྦྱོར་ བ་ཕྱོགས་གཅིག་པ་རྣམས་མི་སྡུད་པར་སྤྱོད་པ་དེ་ནི་འདུས་བྱས་ལ་མཁས་པ་ཞེས་བྱའོ། །གང་ཡང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་རྣམས་ལ་འདྲིས་པར་བྱ་བ་ཤེས་ཤིང་མངོན་སུམ་དུ་མཁས་པ་དང་། བྱང་ཆུབ་ཏུ་གཞན་གྱི་དྲིང་ལ་མི་འཇོག་ཅིང་འདུས་མ་བྱས་ཀྱང་མངོན་དུ་མི་བྱེད་པ་དེ་ནི་འདུས་མ་བྱས་ལ་མཁས་པའོ། །གཞན་ཡང་ཁམས་གསུམ་ན་སྤྱོད་ཀྱང་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱིས་མི་དགོས་པ་དེ་ནི་དེའི་འདུས་བྱས་ལ་མཁས་པའོ། །གང་ ཡང་ཁམས་གསུམ་ལས་འབྱུང་བའི་ཡེ་ཤེས་རབ་ཏུ་ཤེས་ཀྱང་འབྱུང་བའི་ཁམས་སུ་མི་ལྟུང་བ་དེ་ནི་འདུས་མ་བྱས་ལ་མཁས་པ་ཞེས་བྱའོ། །གང་ཆོས་ཐམས་ཅད་ལ་མཁས་པ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚིག་བླ་དགས་སོ། །གང་ཐམས་ཅད་ མཁྱེན་པ་ཉིད་ཀྱི་ཡེ་ཤེས་རྟོགས་པ་ཡོངས་སུ་རྫོགས་པ་དེ་ནི་ཤེས་རབ་དང་། མཁས་པ་མེད་ན་འབྱུང་བར་མི་འགྱུར་བས་དེའི་ཕྱིར་ཆོས་ཐམས་ཅད་ལ་མཁས་པ་ཞེས་བྱ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་མཁས་པས་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་གནས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཤེས་རབ་རྣམ་པར་འབྱེད་པ་ལ་མཁས་ཤིང་མཁས་པ་བཅུ་པོ་ 80-1-233b དེ་དག་ལ་ཡང་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ལ་ཤེས་རབ་ནི་གང་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་དོན་ནི་གང་ཞེ་ན། ཤེས་རབ་ཅེས་བྱ་བ་ནི་དགེ་བ་དང་མི་དགེ་བའི་ཆོས་རྣམས་རབ་ཏུ་ཤེས་པའོ། །ཤེས་རབ་ནི་ངེས་པར་འབྱེད་ པའི་ཆ་དང་འཐུན་པའི་ཆོས་རྣམས་ཀྱིས་མངོན་སུམ་མོ། །འཕགས་པའི་ཆོས་མངོན་སུམ་དུ་གྱུར་པའི་ཕྱིར་ཚད་མར་གྱུར་པ་ནི་ཤེས་རབ་བོ། །ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཕྱིར་ཚད་མར་གྱུར་པའོ། །ཤེས་རབ་ནི་ལྟ་ བར་གྱུར་པ་ཐམས་ཅད་དང་། ཀུན་ནས་ལྡང་བ་དང་། སྒྲིབ་པ་དང་། སྒྲིབ་པར་བྱེད་པའི་ཆོས་རྣམས་རབ་ཏུ་རྟོགས་པའོ། །ཤེས་རབ་ནི་འདོད་པ་དང་། ཚོལ་བ་དང་། སྨོན་ལམ་ཐམས་ཅད་ཀྱི་སྨོན་ལམ་དང་བྲལ་བའོ། །ཤེས་རབ་ནི་ཤིན་དུ་སྦྱངས་པའི་ཕྱིར་ སིམ་པར་བྱེད་པའོ། །ཤེས་རབ་ནི་ཆོས་ཀྱི་དགའ་བ་ལ་དམིགས་པ་རྣམ་པར་མི་གཅོད་པའི་ཕྱིར་རབ་ཏུ་དགའ་བར་བྱེད་པའོ། །ཤེས་རབ་ནི་ཡེ་ཤེས་ཐམས་ཅད་མངོན་སུམ་དུ་གྱུར་པའི་ཕྱིར་བརྟེན་པའོ། །ཤེས་རབ་ནི་བྱང་ཆུབ་ཀྱི་ཕྱོགས་ ཀྱི་ཆོས་ཐམས་ཅད་ཀྱི་གནས་སོ། །ཤེས་རབ་ནི་ཐེག་པ་ཇི་ལྟ་བ་བཞིན་གྱི་འབྲས་བུ་རྟོགས་པའི་ཕྱིར་ཐོབ་པའི་མཚན་ཉིད་དོ། །ཤེས་རབ་ནི་རང་བཞིན་གྱིས་ཡེ་ཤེས་སྣང་བ་རབ་ཏུ་ཤེས་པའི་མཚན་ཉིད་དོ། །ཤེས་རབ་ནི་ཆུ་བོ་ཐམས་ཅད་ལས་ སྒྲོལ་བའི་ཕྱིར་རབ་ཏུ་སྒྲོལ་པའོ། །ཤེས་རབ་ནི་ཡང་དག་པར་གྱུར་པ་ལ་འདྲེན་པའོ། །ཤེས་རབ་ནི་དགེ་བའི་ཆོས་ཐམས་ཅད་རབ་ཏུ་འཛིན་པའོ། །ཤེས་རབ་ནི་ཉོན་མོངས་པའི་བག་ལ་ཉལ་ཐམས་ཅད་དང་བར་བྱེད་པའོ། །ཤེས་རབ་ནི་ཆོས་ ཐམས་ཅད་ཀྱི་སྐྱེ་བོ་ཐོབ་པའི་མཆོག་གོ། །ཤེས་རབ་ནི་རང་འབྱུང་བའི་ཡེ་ཤེས་རྟོགས་པར་བྱ་བ་ལ་དམ་པའོ། །ཤེས་རབ་ནི་ཁམས་གསུམ་དང་མ་འདྲེས་པས་རྒྱུ་བ་དང་བྲལ་བའོ། །ཤེས་རབ་ནི་འཕགས་ པ་ཐམས་ཅད་ཀྱིས་ཤིན་དུ་བཟུང་བའོ། །ཤེས་རབ་ནི་མཚན་མར་ཡོངས་སུ་རྟོག་པ་ཐམས་ཅད་སྤངས་པས་སྨོན་ལམ་རྣམ་པར་ཆད་པའོ། །ཤེས་རབ་ནི་མུན་པ་མུན་གནག་དང་བྲལ་བས་ 80-1-234a བག་མེད་པའི་གཉེན་པོའོ། །ཤེས་རབ་ནི་རྣལ་འབྱོར་སྤྱོད་པའི་ས་ལ་གནས་པ་ཐམས་ཅད་ཀྱི་སྦྱོར་བའོ། །ཤེས་རབ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ལམ་ལ་གནས་པ་རྣམས་ཀྱི་རབ་ཏུ་འདྲེན་པའོ། །ཤེས་ རབ་ནི་མ་རིག་པའི་རླུང་གི་མུན་པ་རབ་རིབ་ཀྱི་སྤྲིན་འཇོམས་པར་བྱས་པས་སྣང་བར་བྱེད་པའོ། །ཤེས་རབ་ནི་མིག་ལ་ཇི་ལྟར་མོས་པ་རྣམས་ཀྱི་མིག་ཐམས་ཅད་སྦྱིན་པར་བྱེད་པའོ། །ཤེས་རབ་ནི་མིག་དང་གཟུགས་ཀྱི་ལམ་ ལས་འདས་པའི་ཕྱིར་ཟག་པ་མེད་པའོ། །ཤེས་རབ་ནི་དབེན་པ་ལས་བྱུང་བ་དོན་དམ་པའོ། །ཤེས་རབ་ནི་ཤིན་དུ་དུལ་བའི་ཕྱིར་མི་འཁྲུགས་པའོ། །ཤེས་རབ་ནི་ཡེ་ཤེས་ཀྱི་སྒོའི་སྣང་བའོ། །ཤེས་རབ་ནི་ཐམས་ཅད་རྒྱུ་བ་མི་ཟད་པའོ། ། ཤེས་རབ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པར་མཐོང་བའི་ཕྱིར་འགལ་བར་མེད་པའོ། །ཤེས་རབ་ནི་ལེན་པའི་འཆིང་བ་ཐམས་ཅད་གཅོད་པར་བྱེད་པས་ཐར་པའི་ལམ་མོ། །ཤེས་རབ་ནི་སྒྲིབ་པར་བྱེད་པའི་ཕྱིར་ཆོས་ཐམས་ཅད་ དང་ལྷན་ཅིག་ཏུ་མི་གནས་པས་མ་འདྲེས་པའོ། །ཤཱ་རིའི་བུ་དེ་བས་ན་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ཇི་སྙེད་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ལས་དང་། ཡེ་ཤེས་ཀྱི་སྤྱོད་པ་ཡང་དེ་སྙེད་དོ། །སེམས་ཅན་ ཐམས་ཅད་ཀྱི་བསམ་པ་ཇི་སྙེད་པ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་སྤྱོད་པ་དང་ཡེ་ཤེས་ཀྱང་དེ་སྙེད་དོ། །སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་སྒོ་ཇི་སྙེད་པ་བྱང་ཆུབ་སེམས་དཔའི་ཤེས་རབ་ལ་འཇུག་པའི་སྒོ་ཡང་དེ་སྙེད་དོ། །ཉན་ཐོས་ དང་རང་སངས་རྒྱས་དང་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡོངས་སུ་ཤེས་པ་ཇི་སྙེད་པ་ཤེས་རབ་གནས་པའི་གནས་ཀྱང་དེ་སྙེད་དེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བསླབ་པར་བྱ་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ ཅེས་བྱའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པའི་དོན་གང་ཞེ་ན། ཤེས་རབ་གང་ཡིན་པ་ཕ་རོལ་ཏུ་ཕྱིན་པའི་དོན་ཀྱང་དེ་ཡིན་ཏེ། དགེ་བའི་ཆོས་རྣམས་རབ་ཏུ་ཤེས་པ་དེ་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཞེས་བྱའོ། །གོང་མ་བཞིན་དུ་སྦྱར་ཏེ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཚིག་ 80-1-234b ཀྱང་དེ་བཞིན་དུ་དཔྱད་པར་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པའི་ཁྱད་པར་ཡོངས་སུ་རྫོགས་པའི་དོན་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །གཞན་ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པའི་དོན་ནི་ཕ་རོལ་ཏུ་ ཕྱིན་པའི་དོན་ཏོ། །འདུས་བྱས་དང་འདུས་མ་བྱས་པའི་ཆོས་ལ་མངོན་པར་མ་ཆགས་པའི་དོན་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །འཁོར་བའི་ཉེས་པ་ཁོང་དུ་ཆུད་པའི་དོན་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །ཟད་མི་ཤེས་པའི་ཆོས་ཀྱི་མཛོད་སྟོན་པའི་ དོན་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ཡོངས་སུ་རྫོགས་པའི་དོན་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །སྦྱིན་པ་མཉམ་པ་ཉིད་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་མཉམ་ པ་ཉིད་རྟོགས་པའི་དོན་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །རྣམ་པར་ངེས་པའི་དོན་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །སེམས་ཅན་ཐམས་ཅད་ཀྱི་ཁམས་ལ་འཇུག་པའི་དོན་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཡོངས་སུ་རྫོགས་པའི་ དོན་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །ཕྱིར་མི་ལྡོག་པའི་ས་ཡོངས་སུ་རྫོགས་པའི་དོན་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་རྫོགས་པའི་དོན་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་དོན་ནི་ཕ་ རོལ་ཏུ་ཕྱིན་པའི་དོན་ཏོ། །བྱང་ཆུབ་ཀྱི་སྙིང་པོ་ཡང་དག་པར་ཐོབ་པའི་དོན་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །བདུད་ཐམས་ཅད་རབ་ཏུ་གཏུལ་བའི་དོན་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པའི་དོན་ནི་ཕ་ རོལ་ཏུ་ཕྱིན་པའི་དོན་ཏོ། །གཞན་ཡང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་གཞོག་པར་བྱེད་པའི་དོན་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་བསླབས་ན་ཕ་རོལ་ཏུ་ ཕྱིན་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་སོན་པར་འགྱུར་རོ། །ཤཱ་རིའི་བུ་དེ་བས་ན་ཐེག་པ་ཆེན་པོ་ལ་གནས་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་བླང་བར་བྱ། གཟུང་བར་བྱ། བཀླག་པར་ 80-1-235a བྱ་གཞན་ལ་ཡང་བཤད་པར་བྱ། རྒྱ་ཆེར་རབ་ཏུ་བསྟན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཤིན་དུ་མཉན། བླངས། བཟུང་། བཀླགས། ཀུན་ཆུབ་པར་བྱས། གཞན་ལ་ཡང་བཤད། རྒྱ་ཆེར་ ཡང་དག་པར་རབ་ཏུ་བསྟན་ན་ཡོན་ཏན་བཅུ་པོ་འདི་དག་འཐོབ་པར་འགྱུར་རོ། །བཅུ་གང་ཞེ་ན། འདི་ལྟ་སྟེ་ཚེ་རབ་གཞན་དུ་འཕོས་ནས་ཀྱང་བཟོའི་གནས་དང་ལས་ཀྱི་གནས་ཐམས་ཅད་ལ་རྟོགས་པར་ཁོང་དུ་ཆུད་པར་འགྱུར། རིགས་མཐོ་ཞིང་བཙུན་པར་འགྱུར་ དབང་ཆེ་བར་གྲགས་པར་འགྱུར། ཚིག་བཙུན་པར་འགྱུར། ལོངས་སྤྱོད་ཆེ་བར་འགྱུར། ལྷ་དང་མི་རྣམས་ལ་ཕངས་པར་འགྱུར། འཁོལ་ལོས་སྒྱུར་བའི་རྒྱལ་པོ་འཐོབ་པར་འགྱུར། ཚངས་པ་འཐོབ་པར་འགྱུར། ཐམས་ཅད་དུ་བྱང་ཆུབ་ ཀྱི་སེམས་དང་མི་འབྲལ་བར་འགྱུར་ཏེ། ཡོན་ཏན་གྱི་ཕན་ཡོན་འདི་བཅུ་འཐོབ་པར་འགྱུར་རོ། །དེ་གཞན་ཡང་ཡོན་ཏན་གྱི་ཕན་ཡོན་བཅུ་འཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན་འདི་ལྟ་སྟེ། གཅེར་བུ་པའི་རྩོད་པ་དང་། འདྲེས་པ་མ་ཡིན་ པར་འགྱུར་བ་དང་། བདག་ཏུ་མི་ལྟ་བ་དང་། སེམས་ཅན་དུ་མི་ལྟ་བ་དང་། སྲོག་ཏུ་མི་ལྟ་བ་དང་། གང་ཟག་ཏུ་མི་ལྟ་བ་དང་། ཆད་པར་མི་ལྟ་བ་དང་། རྟག་པར་མི་ལྟ་བར་འགྱུར་བ་དང་། དངོས་པོ་ཐམས་ཅད་ལ་མི་ལྟ་བ་དང་། རབ་ཏུ་འབྱུང་བ་ལ་དགའ་བར་སེམས་ བསྐྱེད་པ་འཐོབ་པ་དང་། ཐོས་པའི་ཚིག་འབྲུ་མྱུར་དུ་ཁོང་དུ་ཆུད་པར་འགྱུར་བ་སྟེ། ཡོན་ཏན་གྱི་ཕན་ཡོན་བཅུ་པོ་དེ་དག་འཐོབ་པར་འགྱུར་རོ། །དེ་གཞན་ཡང་ཡོན་ཏན་གྱི་ཕན་ཡོན་བཅུ་འཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། དྲན་པ་དང་ལྡན་པར་འགྱུར་བ་དང་། བློ་གྲོས་དང་ལྡན་པར་འགྱུར་བ་དང་། རྟོག་པ་དང་ལྡན་པར་འགྱུར་བ་དང་། མོས་པ་དང་ལྡན་པར་འགྱུར་བ་དང་། ཤེས་རབ་དང་ལྡན་པར་འགྱུར་བ་དང་། དལ་བ་ཕུན་སུམ་ཚོགས་པ་རྙེད་པར་འགྱུར་བ་དང་། ཚེ་རབ་དྲན་པར་འགྱུར་བ་དང་། རང་བཞི། གྱིས་འདོད་ ཆགས་ཆུང་སྟེ། འདོད་ཆགས་བདོ་བ་མ་ཡིན་ལ་དེ་ཤིན་དུ་འདོད་ཆགས་ཀྱི་གདུང་བས་ཡོངས་སུ་མི་གདུང་བ་དང་། རང་བཞིན་གྱིས་ཞེ་སྡང་ཆུང་སྟེ། ཞེ་སྡང་བདོ་བ་མ་ཡིན་ལ་དེ་ཤིན་དུ་ཞེ་སྡང་གི་གདུང་བས་ཡོངས་སུ་མི་གདུང་བ་དང་། རང་བཞིན་གྱིས་གཏི་མུག་ 80-1-235b ཆུང་སྟེ་གཏི་མུག་བདོ་བ་མ་ཡིན་ལ་དེ་ཤིན་དུ་གཏི་མུག་གི་གདུང་བས། །ཡོངས་སུ་གདུང་བར་མི་འགྱུར་བ་སྟེ། ཡོན་ཏན་གྱི་ཕན་ཡོན་བཅུ་པོ་དེ་དག་འཐོབ་པར་འགྱུར་རོ། །དེ་གཞན་ཡང་ཡོན་ཏན་གྱི་ཕན་ཡོན་བཅུ་འཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཤེས་རབ་ངོ་ མཚར་དུ་འགྱུར། ཤེས་རབ་མྱུར་བ་འགྱུར། ཤེས་རབ་རྣོ་བར་འགྱུར། ཤེས་རབ་མགྱོགས་པར་འགྱུར། ཤེས་རབ་རྒྱ་ཆེ་བར་འགྱུར། ཤེས་རབ་ཟབ་པར་འགྱུར། ཤེས་རབ་ངེས་པར་འབྱེད་པར་འགྱུར། ཤེས་རབ་མ་ཆགས་པར་འགྱུར། དེ་བཞིན་གཤེགས་པས་མངོན་ སུམ་དུ་མཐོང་ཞིང་མཐོང་ནས་ཚིགས་སུ་བཅད་པའི་དབྱངས་གྱིས་བསྟོད་པ་དང་། དེ་བཞིན་གཤེགས་པ་ལ་ཚུལ་བཞིན་གྱི་ཞུ་བ་ཡོངས་སུ་ཞུ་ཞིང་ཚུལ་བཞིན་གྱི་ཞུ་བ་ཞུས་ནས་ལན་ལྡོན་པར་འགྱུར་བ་སྟེ། ཡོན་ཏན་གྱི་ཕན་ཡོན་བཅུ་པོ་དེ་དག་འཐོབ་པར་ འགྱུར་རོ། །དེ་གཞན་ཡང་ཡོན་ཏན་གྱི་ཕན་ཡོན་བཅུ་འཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། དགེ་བའི་བཤེས་གཉེན་ཐམས་ཅད་མཉེས་པར་བྱས་པར་འགྱུར་བ་དང་། བདུད་ཀྱི་བཅིང་བ་ཐམས་ཅད་ལྷོད་པར་བྱས་པར་འགྱུར་བ་དང་། དེས་བདུད་ཐམས་ཅད་ཚར་གཅོད་པར་ འགྱུར་བ་དང་། ཉོན་མོངས་པ་ཐམས་ཅད་སྨད་པར་འགྱུར་བ་དང་། འདུ་བྱེད་ཐམས་ཅད་དུ་གཏོགས་པ་ལས་ཡིད་བསྐྱོད་པར་འགྱུར་བ་དང་། འགྲོ་བ་ངན་པར་འགྲོ་བའི་ལམ་ཐམས་ཅད་ལ་རྒྱབ་ཀྱིས་ཕྱོགས་པར་འགྱུར་བ་དང་། མྱ་ངན་ལས་འདས་ པར་འགྱུར་བའི་ལམ་མངོན་དུ་འགྱུར་བ་དང་། འཁོར་བ་ཐམས་ཅད་ལས་སྒྲོལ་བ་སྦྱིན་པ་བྱིན་པར་འགྱུར་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཆོ་གའི་རྗེས་སུ་ཞུགས་པར་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་བཀའི་རྗེས་སུ་ཞུགས་པར་ འགྱུར་བ་སྟེ། ཡོན་ཏན་གྱི་ཕན་ཡོན་བཅུ་པོ་དེ་དག་འཐོབ་པར་འགྱུར་རོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཤིན་དུ་མཉན། བླངས། བཟུང་། བཀླགས། ཀུན་ཆུབ་པར་བྱས། གཞན་ལ་ཡང་བཤད་ཅིང་རྒྱ་ཆེར་ཡང་དག་པར་ རབ་ཏུ་བསྟན་ན་ཡོན་ཏན་གྱི་ཕན་ཡོན་འདི་སྙེད་འཐོབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་རྒྱས་པར་བསྟན་པའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །གང་དག་མདོ་སྡེའི་རྒྱལ་པོ་འདི་འཛིན་པ། །མཁས་པ་དེ་དག་ཤེས་རབ་མཐའ་ཡས་འགྱུར། 80-1-236a ཆོས་དང་དོན་རྣམས་ལ་ཡང་མཁས་པར་འགྱུར། །ཚིག་ཀྱང་ཁྱད་པར་འཕགས་ཤིང་ཡི་གེ་རྫོགས། །གང་ཞིག་མདོ་སྡེའི་རྒྱལ་པོ་འདི་འཛིན་པ། །དེ་ནི་རབ་དགའ་ཤིན་ཏུ་མགུ་སྐྱེས་ནས། །དགེ་སློང་དེ་ནི་འདིར་ཡང་ ཆོས་འཆད་དེ། །རྟག་ཏུ་ཆོས་ཀྱི་སྦྱིན་པ་བྱེད་པར་འགྱུར། །སེམས་ཅན་རྣམས་ནི་མང་དུ་ཆོས་ཐོས་ནས། །ཀྱེ་མའོ་ཡོན་ཏན་ཆེན་པོ་འཆད་བྱེད་པ། །ནམ་ཞིག་བདག་ཅག་འདི་འདྲའི་ཆོས་སྟོན་ཅིང་། །མདོ་སྡེ་འདི་འདྲ་འཛིན་ པར་འགྱུར་ཞེས་ཟེར། །གང་དག་དེ་འདྲ་ཤེས་རབ་ལྡན་མཆོག་རྣམས། །ཆོས་རྣམས་གང་ལ་འང་ཞུམ་པར་མི་འགྱུར་དེ། །དྲན་དང་ཡེ་ཤེས་ཀྱིས་ནི་འཕགས་པ་དང་། །བླ་ན་མེད་པའི་ཡེ་ཤེས་ཚིག་སྟོན་འགྱུར། །གང་དག་མདོ་སྡེའི་ རྒྱལ་པོ་འདི་འཛིན་པ། །དེ་ནི་འཕགས་པས་རྟག་བསྔགས་རྒྱལ་བས་གནང་། །ཆོས་ཚིག་ལེགས་པར་བཤད་པ་ཚོལ་བར་བྱེད། །དེ་ནི་ཐོས་པས་རྟག་ཏུ་འཕགས་པར་འགྱུར། །ཐོས་ནས་དོན་ནི་ཉེ་བར་འཛིན་པར་བྱེད། །ཤེས་རབ་ ལྡན་པ་འབྲུ་ལ་མི་སྙེ་མས་ཏེ། །དོན་ལ་ལྟ་བས་རྟོགས་པ་འཕེལ་བར་འགྱུར། །དེ་ཡི་ཡེ་ཤེས་རྟག་ཏུ་ཚད་མེད་དོ། །ཡེ་ཤེས་མཐའ་ཡས་དོན་ཀྱང་མཐའ་ཡས་ཏེ། །སེམས་དཔའ་མཐའ་ཡས་དམ་པའི་དོན་ལ་མཁས། །དེ་ཡི་ཡོན་ཏན་ ཕྱོགས་དང་ཕྱོགས་སུ་འགྲོ། །དེ་ཡི་ཐོས་པའི་ཡོན་ཏན་འདི་དག་གོ། །དེ་ཡི་འདོད་ཆགས་ཆུང་ལ་ཞེ་སྡང་ཆུང་། །དེ་ཡི་གཏི་མུག་ཤིན་ཏུ་རབ་ཏུ་ཆུང་། །སེམས་ཀྱང་ཤིན་དུ་དགའ་བ་རྙེད་པར་འགྱུར། །དེ་ཡི་ཐོས་པའི་ཡོན་ཏན་འདི་དག་ གོ། །ལོངས་སྤྱོད་རྙེད་ནས་རྒྱགས་པར་མི་འགྱུར་ཏེ། །འདི་ལ་སྙིང་པོ་ཅི་ཞེས་དོན་ལ་རྟོག །།ལོངས་སྤྱོད་སྙིང་པོ་མེད་པར་རབ་ཤེས་ནས། །དེ་ནི་ལོངས་སྤྱོད་མི་ལྟ་རབ་ཏུ་འབྱུང་། །མངོན་པར་བྱུང་སྟེ་དགོན་པར་གནས། །རྟག་ཏུ་གཡེལ་ བ་མེད་པ་དང་། །ཆོས་རྣམས་ཐོས་པས་མི་ངོམས་ཏེ། །ཆོས་སྦྱིན་པ་ལ་སེར་སྣ་མེད། །འཇིག་རྟེན་མགོན་པོའི་དྲུང་ཉིད་དུ། །སོང་སྟེ་ཞུ་བ་ཞུ་བྱེད་པས། །དེ་ཕྱིར་དེ་ཡི་ཡེ་ཤེས་འཕེལ། །དེ་ལ་དཀར་པོ་འབྲི་བ་མེད། །ཤཱ་རིའི་བུ་དེ་ནི་བྱང་ཆུབ་ 80-1-236b རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བྱང་ཆུབ་སེམས་དཔའ་དེ་ལ་བརྩོན་པ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ། །དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་ཞེས་བྱའོ། །དེ་ལ་བསྡུ་བའི་དངོས་པོའི་རྗེས་སུ་འཇུག་པ་གང་ཞེ་ན། འདི་བཞི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྡུ་བའི་དངོས་པོ་སྟེ། བསྡུ་བའི་དངོས་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་ཡུན་རིང་པོར་སེམས་ཅན་རྣམས་ཡང་དག་པར་སྡུད་པར་བྱེད་དོ། །བཞི་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པ་དང་། སྙན་པར་ སྨྲ་བ་དང་། དོན་བྱེད་པ་དང་། དོན་མཚུངས་པ་སྟེ། དེ་དག་ནི་བསྡུ་བའི་དངོས་པོ་བཞི་ཞེས་བྱའོ། །དེ་ལ་སྦྱིན་པ་གང་ཞེ་ན། འདི་ལྟ་སྟེ། ཟང་ཟིང་སྦྱིན་པ་དང་། མི་འཇིགས་པ་སྦྱིན་པ་དང་། ཆོས་སྦྱིན་པ་སྟེ། དེ་ནི་སྦྱིན་པའོ། །དེ་ལ་སྙན་པར་ སྨྲ་བ་གང་ཞེ་ན། སློང་བ་དང་། ཆོས་ཉན་པ་ལ་སྙན་པར་སྨྲ་བའོ། །དེ་ལ་དོན་བྱེད་པ་ནི་བདག་དང་གཞན་གྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པའོ། །དོན་འཐུན་པ་ནི་ཐེག་པ་གང་ལ་ཡོན་ཏན་དུ་འདུ་ཤེས་པའི་ཐེག་པ་དང་། ཆོས་དེ་དག་ལ་ འཛིན་པར་བྱེད་པའི་སེམས་ཅན་རྣམས་གཞོག་པའོ། །གཞན་ཡང་སྦྱིན་པ་ནི་གང་སློང་བ་ལ་ཡིད་དང་བར་བྱེད་པ་སྟེ་དེ་ནི་སྦྱིན་པ་ཞེས་བྱའོ། །སྙན་པར་སྨྲ་བ་ནི་གང་སློང་བ་རྣམས་ལ་རིམ་གྲོ་བྱེད་པའོ། །དོན་བྱེད་པ་ནི་གང་གིས་སློང་བ་རྣམས་ ཀྱི་དོན་དུ་འགྱུར་བའི་དོན་དེ་ཡོངས་སུ་ཐོབ་པར་བྱེད་པའོ། །དོན་མཚུངས་པ་ནི་གང་སློང་བ་ལ་དོན་མཚུངས་པའོ། །གཞན་ཡང་སྦྱིན་པ་ནི་བསམ་པས་བཏང་བའོ། །སྙན་པར་སྨྲ་བ་ནི་སྦྱོར་བ་ཡོངས་སུ་ཆད་པའོ། །དོན་བྱེད་པ་ནི་ལྷག་པའི་བསམ་པ་ ལ་འགྱོད་པ་མེད་པའོ། །དོན་འཐུན་པ་ནི་ཐེག་པ་ཆེན་པོ་ལ་བསྔོ་བའོ། །གཞན་ཡང་སྦྱིན་པ་ནི་བྱམས་པའི་རྗེས་སུ་ཞུགས་པའི་སེམས་ཀྱིས་བཏང་བའོ། །སྙན་པར་སྨྲ་བ་ནི་དགའ་ཞིང་རབ་ཏུ་དགའ་བ་ལ་ཞུགས་པའི་སེམས་མི་གཏོང་ བའོ། །དོན་བྱེད་པ་ནི་སྙིང་རྗེ་ཆེན་པོའི་གོ་ཆ་བགོས་པའི་སེམས་ཀྱིས་སེམས་ཅན་གྱི་བྱ་བ་ལ་བརྩོན་པའོ། །དོན་མཚུངས་པ་ནི་བཏང་སྙོམས་ལ་མཐོ་དམའ་མེད་ཅིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བསྔོ་བའི་སེམས་སོ། །གཞན་ 80-1-237a ཡང་སྦྱིན་པ་ནི་གང་ཆོས་ཀྱིས་བཙལ་བའི་ལོངས་སྤྱོད་ཡོངས་སུ་གཏོང་བའོ། །སྙན་པར་སྨྲ་བ་ནི་གང་ལ་སྦྱིན་པར་བྱེད་པ་དེ་ཆོས་ལ་འཛུད་པའོ། །དོན་བྱེད་པ་ནི་གང་བདག་གི་དོན་དང་གཞན་གྱི་དོན་ཡང་དག་པར་སྐྱེད་པའོ། །དོན་ མཚུངས་པ་ནི་གང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའོ། །གཞན་ཡང་སྦྱིན་པ་ནི་གང་ནང་དང་ཕྱིའི་ཆོས་རྣམས་ལ་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའོ། །སྙན་པར་སྨྲ་བ་ནི་གང་ཆོས་ ཐམས་ཅད་ཀྱི་ཡོན་ཏན་གྱི་ཡེ་ཤེས་ལ་སློབ་དཔོན་གྱི་དཔེ་མཁྱུད་མེད་པའོ། །དོན་བྱེད་པ་ནི་གང་གིས་བདག་གིས་དོན་བཏང་སྟེ། གཞན་གྱི་དོན་མྱོང་བར་བྱེད་པའོ། །དོན་མཚུངས་པ་ཉིད་ནི་བྱང་ཆུབ་ལག་ཏུ་འོངས་པ་ལ་བལྟས་ནས་གཞན་ ལ་སྦྱིན་པ་ན་ཡིད་མི་བདེ་བར་མི་འགྱུར་བའོ། །དེ་ལ་ཆོས་སྦྱིན་པ་གང་ཞེ་ན། གང་ཇི་ལྟར་ཐོས་པའི་ཆོས་རྣམས་སྟོན་པའོ། །དེ་ལ་སྙན་པར་སྨྲ་བ་གང་ཞེ་ན། གང་ཟང་ཟིང་མེད་པར་ཆོས་སྟོན་པའོ། །དོན་བྱེད་པ་ནི་གང་ཕ་རོལ་ལ་ལུང་འབོག་ པ་དང་། ཁ་དོན་བྱེད་པ་དང་། འཆད་པ་དང་། སྟོན་པ་ལ་མི་སྐྱོ་བའོ། །དེ་ལ་དོན་མཚུངས་པ་ནི་གང་ཞེ་ན། གང་ཐམས་ཅད་མཁྱེན་པའི་སེམས་དང་མ་བྲལ་བར་ཆོས་ལ་འཛུད་པའོ། །གཞན་ཡང་སྦྱིན་པ་ནི་ཆོས་ཉ་བར་འོངས་པ་རྣམས་ལ་ མི་གཡེང་བར་སྟོན་པའོ། །དེ་ལ་སྙན་པར་སྨྲ་བ་ནི་གང་རྒྱང་རིང་པོར་ཡང་སོང་སྟེ་དམ་པའི་ཆོས་སྟོན་པའོ། །དེ་ལ་དོན་བྱེད་པ་ནི་གང་ཆོས་འདོད་པས་ཆོས་སྨྲ་བ་རྣམས་གོས་དང་བྲལ་བར་གྱུར་ཏམ། བསོད་སྙོམས་དང་། མལ་ཆ་དང་། ན་བའི་ གསོས་སྨན་དང་། ཡོ་བྱད་དང་བྲལ་བར་གྱུར་ཏམ། ཅི་དགོས་པར་གྱུར་པ་དེ་ཐམས་ཅད་སྦྱིན་པར་བྱེད་པའོ། །དོན་མཚུངས་པ་ཉིད་ནི་ལྷག་པའི་བསམ་པར་ཞུགས་པའི་རྒྱུད་ཀྱི་ཆོས་སྟོན་པའོ། །གཞན་ཡང་ཆོས་ཀྱི་སྦྱིན་པ་ནི་གང་སྦྱིན་པ་ཐམས་ ཅད་ཀྱི་ནང་ན་མཆོག་ཏུ་ཤེས་ནས་ཆོས་སྦྱིན་པར་བྱེད་པའོ། །དེ་ལ་སྙན་པར་སྨྲ་བ་ནི་གང་ཕན་པའི་དངོས་པོའི་ཕྱིར་སྟོན་པའོ། །དོན་བྱེད་པ་ནི་གང་དོན་ལ་རྟོན་གྱི་ཚིག་འབྲུ་ལ་མི་རྟོན་པའོ། །དེ་ལ་དོན་མཚུངས་པ་ནི་གང་སངས་རྒྱས་ཀྱི་ཆོས་ 80-1-237b ཡོངས་སུ་བསྐང་བའི་ཕྱིར་ཆོས་སྟོན་པའོ། །གཞན་ཡང་སྦྱིན་པ་ནི་སྦྱིན་པའི་ཕ་རོལ་དུ་ཕྱིན་པའོ། །སྙན་པར་སྨྲ་བ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །དོན་བྱེད་པ་ནི་གང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ པའོ། །དོན་མཚུངས་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གཞན་ཡང་སྦྱིན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་རྣམས་ཀྱིའོ། །སྙན་པར་སྨྲ་བ་ནི་བྱང་ཆུབ་སེམས་དཔའ་སྤྱོད་པ་ ལ་ཞུགས་པ་རྣམས་ཀྱིའོ། །དོན་བྱེད་པ་ནི་གང་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་རྣམས་ཀྱིའོ། །དོན་མཚུངས་པ་ནི་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་རྣམས་ཀྱིའོ། །གཞན་ཡང་སྦྱིན་པ་ནི་བྱང་ཆུབ་ཀྱི་རྩ་བའི་གནས་ སོ། །སྙན་པར་སྨྲ་བ་ནི་བྱང་ཆུབ་ཀྱི་མྱུ་གུ་ཡོངས་སུ་རྫོགས་པའོ། །དོན་བྱེད་པ་ནི་བྱང་ཆུབ་ཀྱི་མེ་ཏོག་ཡོངས་སུ་གྲུབ་པའོ། །དོན་མཚུངས་པར་བྱེད་པ་ནི་བྱང་ཆུབ་ཀྱི་འབྲས་བུ་མངོན་པར་གྲུབ་པ་སྟེ། དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྡུ་ བའི་དངོས་པོ་རྣམ་པ་བཞིའོ། །བསྡུ་བའི་དངོས་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡུན་རིང་པོར་སེམས་ཅན་རྣམས་ཡང་དག་པར་སྡུད་ཅིང་བྱང་ཆུབ་ཏུ་སྤྱོད་དེ། དེ་ནི་བསྡུ་བའི་དངོས་པོའི་རྗེས་སུ་འཇུག་པ་ཞེས་ བྱའོ། །དེ་ལྟ་བས་ན་ཚད་མེད་པ་དེ་དག་དང་། ཕ་རོལ་དུ་ཕྱིན་པ་དེ་དག་དང་། བསྡུ་བའི་དངོས་པོ་དེ་དག་ནི་བྱང་ཆུབ་ཀྱི་ལམ་ཞེས་བྱའོ། །དེ་ལྟར་ཤཱ་རིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་ཕུང་པོ་ཆེན་པོ་དེས་གཞོན་ནུ་བརྩོན་འགྲུས་སྤྱོད་ལ་བྱང་ཆུབ་ཀྱི་ལམ་དེ་ཡང་བཤད། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྔགས་པ་ཡང་ བརྗོད་དེ། ཤཱ་རིའི་བུ་དེ་ནས་གཞོན་ནུ་བརྩོན་འགྲུས་སྤྱོད་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཕུང་པོ་ཆེན་པོ་ལས་བྱང་ཆུབ་ཀྱི་ལམ་དེ་ཐོས། འདས་པ་དང་། མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ 80-1-238a ལྡན་འདས་རྣམས་ཀྱི་ཡོན་ཏན་ཡང་ཐོས་ནས་དགའ་བ་དང་། མགུ་བ་རྒྱ་ཆེན་པོ་རྙེད་པར་གྱུར་ཏོ། །དེ་དགའ་བ་དང་། མགུ་བ་རྒྱ་ཆེན་པོ་རྙེད་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་ཕུང་པོ་ཆེན་པོ་དེ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ལོ་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ཏུ་འདི་ལྟ་སྟེ། ན་བཟའ་དང་། བསོད་སྙོམས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་བཀུར་སྟིར་བྱས་ བླ་མར་བྱས། རིམ་གྲོར་བྱས། །མཆོད་པར་བྱས་ནས་བྱང་ཆུབ་ཏུ་སྨོན་ལམ་བཏབ་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཕུང་པོ་ཆེན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་ཏོ། །ཤཱ་རིའི་བུ་དེའི་ཚེ་ དེའི་དུས་ན་གཞོན་ནུ་བརྩོན་འགྲུས་སྤྱོད་ཅེས་བྱ་བ་དེ་གཞན་ཞིག་ཡིན་སྙམ་དུ་ཁྱོད་ཐེ་ཚོམ་དང་ཡིད་གཉིས་ཟ་ན་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། དེའི་ཚེ་དེའི་དུས་ན་ང་གཞོན་ནུ་བརྩོན་འགྲུས་སྤྱོད་ཅེས་བྱ་བར་གྱུར་ཏེ། ངས་བཅོམ་ལྡན་ འདས་དེ་བཞིན་གཤེགས་པ་ཕུང་པོ་ཆེན་པོ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ན་བཟའ་དང་། བསོད་སྙོམས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱི་ལོ་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ཏུ་བཀུར་སྟིར་བྱས། བླ་ མར་བྱས། རིམ་གྲོར་བྱས། མཆོད་པར་བྱས་ནས་བྱང་ཆུབ་ཏུ་སྨོན་ལམ་བཏབ་ཀྱང་། ང་ལ་བཅོམ་ལྡན་འདས་དེས་གཞོན་ནུ་ཁྱོད་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ སུ་འགྱུར་རོ། །ཞེས་ལུང་མ་བསྟན་ཏོ། །ཤཱ་རིའི་བུ་དེ་ལྟ་བས་ན་བཅོམ་ལྡན་འདས་འོད་འཕྲོའི་ཕུང་པོ་ཆེན་པོ་དེ་ཚུན་ཆད་བསྐལ་པ་གྲངས་མེད་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཀོན་ མཆོག་ཡན་ལག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་དུའོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པ་དཀོན་མཆོག་ཡན་ལག་གི་ཉན་ཐོས་བྱེ་བ་ཕྲག་བརྒྱད་བཅུའི་ཉན་ཐོས་རྣམས་ཀྱི་ཉན་ཐོས་འདུས་པ་ 80-1-238b ཆེན་པོ་བྱུང་སྟེ། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ་ནས་སེམས་ཅན་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པའི་བར་ཤ་སྟག་གོ། །ཤཱ་རིའི་བུ་ཡང་དེའི་ཚེ་ན་རྒྱལ་པོ་མཛེས་ པར་སྣང་བ་ཞེས་བྱ་བ་མཐའ་བཞིར་རྣམ་པར་རྒྱལ་བ། །འཁོར་ལོས་སྒྱུར་བ། ཆོས་དང་ལྡན་པ། ཆོས་ཀྱི་རྒྱལ་པོ་ཡུལ་གྱི་མཐུ་དང་བརྩོན་པ་ཐོབ་པ། །རིན་པོ་ཆེ་སྣ་བདུན་དང་ལྡན་པ་ཞིག་བྱུང་སྟེ། དེའི་རིན་པོ་ཆེ་སྣ་བདུན་བྱུང་བ་ནི་འདི་དག་གོ། ། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་ནས་བློན་པོ་རིན་པོ་ཆེའི་བར་དུ་བདུན་ཏེ། མངོན་པར་བཏུལ་ནས་གནས་པའི་བར་དུའོ། །ཤཱ་རིའི་བུ་རྒྱལ་པོ་མཛེས་པར་སྣང་བ་དེའི་ཕོ་བྲང་ནི་གྲོང་ཁྱེར་འཛམ་བུའི་ཆུ་བོའི་གསེར་ཞེས་བྱ་སྟེ། ཤར་ཕྱོགས་ནས་ནུབ་ ཕྱོགས་སུ་ཆུར་ནི་དཔག་ཚད་བཅུ་གཉིས། །ལྷ་ཕྱོགས་ནས་བྱང་ཕྱོགས་སུ་ཞིང་དུ་ནི་དཔག་ཚད་བདུན་ཡོད་དེ། འབྱོར་བ་དང་། རྒྱས་པ་དང་། །བདེ་བ་དང་། ལོ་ལེགས་པ་དང་། དགའ་བ་དང་། སྐྱེ་བོ་མང་པོ་དང་། མིས་གང་བར་གྱུར་ཏོ། །ཡང་དེའི་ཚེ་ ན་ཚོང་དཔོན་ཤེས་རབ་བཟང་ཞེས་བྱ་བ་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ་ནས་མཛོད་དང་བང་བས་ཡོངས་སུ་གང་བའི་བར་རྒྱས་པར་བྱ་སྟེ། སྔོན་གྱི་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ། སྔོན་གྱི་སངས་རྒྱས་ལ་བྱ་བ་བྱས་པ་ཞིག་ བྱུང་ངོ་། །ཤཱ་རིའི་བུ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཀོན་མཆོག་ཡན་ལག་དེས་ཚོང་དཔོན་ཤེས་རབ་བཟང་གི་བསམ་པ་ལ་བརྟགས་ནས། ཀྱེ་མའོ་ཚོང་དཔོན་ཤེས་རབ་བཟང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ ཀྱི་རྣམ་གྲངས་ཀྱི་སྣོད་དུ་རུང་ངོ་། །ཀྱེ་མའོ་ཚོང་དཔོན་ཤེས་རབ་བཟང་སངས་རྒྱས་ཀྱི་ཆོས་ཀྱི་སྣོད་དུ་གྱུར་ཏོ་སྙམ་དུ་དགོངས་ཏེ། སྣོད་དུ་གྱུར་པ་མཁྱེན་ནས་ཚོང་དཔོན་ཤེས་རབ་བཟང་ག་ལ་བ་དེར་གཤེགས་ཏེ་ཕྱིན་ནས་རྫུ་འཕྲུལ་གྱིས་ སྟེང་གི་བར་སྣང་ལ་སྐྱིལ་མོ་དཀྲུང་དུ་བཞུགས་ནས་བྱང་ཆུབ་ཀྱི་ལམ་ཡང་བཤད། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྔགས་པ་ཡང་བརྗོད་དོ། །ཤཱ་རིའི་བུ་དེ་ནས་ཚོང་དཔོན་ཤེས་ 80-1-239a རབ་བཟང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལམ་འདི་ཡང་ཐོས། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྔགས་པ་ཡང་ཐོས་ནས་དགའ་བ་དང་། མགུ་བ་དང་། མཆོག་ཏུ་དགའ་བ་རྒྱ་ཆེན་པོ་ཐོབ་པར་གྱུར་ཏོ། །དེ་དགའ་བ་དང་། མགུ་བ་དང་། མཆོག་ཏུ་དགའ་བ་རྒྱ་ཆེན་པོ་ཐོབ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཀོན་ མཆོག་ཡན་ལག་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་ལ་ལོ་སྟོང་དུ་འདི་ལྟ་སྟེ། ན་བཟའ་དང་། བསོད་སྙོམས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་ཀྱིས་བསྙེན་བཀུར་བྱས། བླ་མར་བྱས། སྟི་སྟང་དུ་བྱས། མཆོད་པར་ བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་ཀྱང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཀོན་མཆོག་ཡན་ལག་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་ཏོ། །ཤཱ་རིའི་བུ་ ཡང་དེའི་ཚེ་དེའི་དུས་ན་ཚོང་དཔོན་ཤེས་རབ་བཟང་ཞེས་བྱ་བ་དེ་གཞན་ཡིན་པ་སྙམ་དུ་ཐེ་ཚོམ་དང་། ཡིད་གཉིས་ཟ་ན་དེ་ལྟར་མི་ལྟའོ། །དེའི་ཚེ་དེའི་དུས་ན་ང་ཚོང་དཔོན་ཤེས་རབ་བཟང་ཞེས་བྱ་བར་གྱུར་ཏེ། ངས་བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་དཀོན་མཆོག་ཡན་ལག་ཉན་ཐོས་ཀྱི་དགེ་འདུན་བཅས་པ་དེ་ལ་ལོ་སྟོང་དུ་ན་བཟའ་དང་། བསོད་སྙོམས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། མཆོད་ པར་བྱེད་ཏེ། བྱང་ཆུབ་ཏུ་སྨོན་ལམ་བཏབ་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཀོན་མཆོག་ཡན་ལག་དེས། ང་ལ་ཁྱོད་མ་འོངས་པའི་དུས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་སུ་འགྱུར་རོ་ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་ཏོ། །ཤཱ་རིའི་བུ་འདི་ལྟ་སྟེ་དཀོན་མཆོག་ཡན་ལག་ཚུན་ཆད་བསྐལ་པ་གྲངས་མེད་པ་ན་དེ་བཞིན་གཤེགས་པ་མར་མེ་མཛད་ 80-1-239b ཅེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །ཡང་དེའི་ཚེ་ན་རྒྱལ་པོ་དགྲ་ཐུལ་ཞེས་བྱ་བ་ཞིག་བྱུང་སྟེ། ཤཱ་རིའི་བུ་རྒྱལ་པོ་དགྲ་ཐུལ་གྱི་གྲོང་ཁྱེར་པད་མ་ཅན་ཞེས་བྱ་བ་འབྱོར་པ། རྒྱས་པ། བདེ་བ། ལོ་ལེགས་པ། དགའ་བ། སྐྱེ་བོ་མང་པོ་དང་མིས་ གང་བ་ཞིག་ཡོད་དེ། ཤཱ་རིའི་བུ་རྒྱལ་པོ་དགྲ་ཐུལ་གྱི་བྲམ་ཟེ་མར་མེའི་བདག་ཅེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ་ནས་མཛོད་དང་། བང་བའི་བར་དུ་ཡོངས་སུ་གང་བ་ཞིག་བྱུང་བ་དེ་རྒྱལ་པོ་དགྲ་ ཐུལ་ལ་དབེན་ཞིང་ཕངས་པ་སྡུག་ཅིང་ཡིད་དུ་འོང་བ་སྟེ། །མཐོང་ན་མི་མཐུན་པ་མེད་དེ། ཤཱ་རིའི་བུ་བྲམ་ཟེ་མར་མེའི་བདག་པོ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ལ་རྒྱལ་སྲིད་ཕྱེད་བྱིན་ནོ། །ཤཱ་རིའི་བུ་འདི་ལྟ་སྟེ། རྒྱལ་པོ་མར་མེའི་བདག་པོ་རྒྱལ་ པོའི་ཕྱེད་བྱེད་པ་ཆོས་ཀྱིས་བྱེད་དེ། ཆོས་མ་ཡིན་པས་ནི་མ་ཡིན་ནོ། །ཡང་ཤཱ་རིའི་བུ་དུས་གཞན་ཞིག་ན་རྒྱལ་པོ་མར་མེའི་བདག་པོ་ལས་བུ་གཟུགས་བཟང་པོ་མཛེས་པ། བལྟ་ན་སྡུག་པ། ཤིན་དུ་བཟང་བ། ཁ་དོག་རྒྱས་པ་མཆོག་ དང་ལྡན་པ། །ལུས་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་བརྒྱན་པ་ཞིག་བྱུང་སྟེ། དེའི་ལུས་ཐམས་ཅད་ལས་འོད་བྱུང་བ་ནི་འདི་ལྟ་སྟེ། ཟླ་བའི་དཀྱིལ་འཁོར་ལས་འབྱུང་བ་བཞིན་ཏེ། དེའི་མིང་མར་མེ་མཛད་དུ་བཏགས་སོ། ། ཤཱ་རིའི་བུ་དེ་ནས་རྒྱལ་པོ་མར་མེའི་བདག་གིས་བྲམ་ཟེ་མཚན་མཁན་ལྟས་ཤེས་པ་རྣམས་བསོགས་ནས་རྒྱལ་པོ་གཞོན་ནུ་མར་མེ་མཛད་བསྟན་པ་དང་། དེ་དག་གིས་དེ་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེ་ལྟར་རྒྱལ་པོ་མར་མེའི་བདག་པོས་ རྒྱལ་བུ་གཞོན་ནུ་མར་མེ་མཛད་མ་མ་དག་ལ་གཏད་དོ། །ཤཱ་རིའི་བུ་དེ་ནས་རིང་པོ་མ་ལོན་པར་རྒྱལ་བུ་མར་མེ་མཛད་གཞོན་ནུ་མཁས་པར་གྱུར་ཏོ། །ཤཱ་རིའི་བུ་དེ་ནས་གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་འོག་མིན་གྱི་གནས་ནས་མི་ སྣང་བར་གྱུར་ནས། བྱང་ཆུབ་སེམས་དཔའ་མར་མེ་མཛད་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བྱང་ཆུབ་སེམས་དཔའ་མར་མེ་མཛད་ལ་བསྐོར་བ་བྱས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མར་མེ་མཛད་ལ་ཚིགས་སུ་བཅད་པ་འདི་དག་ 80-1-240a སྨྲས་སོ། །བཙུན་མོའི་འཁོར་གྱི་ནང་འདིར་ནི། །ཡོན་ཏན་འབྱུང་གནས་གྱུར་བ་མེད། །དྲང་སྲོང་རྒྱལ་མཚན་གནས་ནས་ནི། །བྱང་ཆུབ་དམ་པ་རྟོགས་པར་འགྱུར། །ལང་ཚོ་མྱུར་དུ་འགྲོ་བ་ནི། །རླུང་གི་ཤུགས་པས་ལྷག་པར་མགྱོགས་ རྒ་བ་དེ་ནི་གཟུགས་འཇིག་སྟེ། །འཇིག་རྟེན་ཡིད་དུ་མི་འོང་བ། །གྲོགས་པོ་རྒས་པ་མཐུ་ཉམས་ནི། །རབ་ཏུ་འབྱུང་བར་དཀའ་བ་སྟེ། །ཁྱོད་ནི་ཤིན་དུ་དར་ལ་བབ། །ཁྱོད་ནི་རྩལ་བའི་དུས་ཡིན་ནོ། །ལེགས་སོ་ལེགས་སོ་ཤེས་རབ་ཆེ། །ལེགས་སོ་ ལེགས་སོ་བློ་གྲོས་ཆེ། །མྱུར་དུ་མངོན་པར་བྱུང་ན་ལེགས། །ཐུབ་བརྟན་བྱང་ཆུབ་རྟོགས་པར་གྱིས།། །། བམ་པོ་ཉི་ཤུ་པ། ཤཱ་རིའི་བུ་དེ་ནས་གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་མར་མེད་མཛད་ལ་བསྐུལ་པ་དང་། དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་དེ་ཉིད་ཀྱི་ནུབ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་ཉིད་ཀྱི་ནུབ་མོ་དེ་ལྟར་བཅོམ་ལྡན་འདས་མར་མེ་ མཛད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་དུ་གྱུར་པ་ཆེ་བ་དང་། དགེ་བར་གྲགས་པའི་སྒྲ་དང་། ཚིགས་སུ་བཅད་པ་མངོན་པར་ བྱུང་ནས་རྒྱལ་པོ་དགྲ་ཐུལ་གྱིས་རྒྱལ་པོ་མར་མེའི་བདག་གི་བུས་མ་བསླབས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་དེ་ཉིད་ཀྱི་ནུབ་མོ་རྒྱ་ཆེར་སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་བའི་ བར་དུ་ཆེ་བ་དང་། དགེ་བར་གྲགས་པའི་སྒྲ་དང་ཚིགས་སུ་བཅད་པ་ཐོས་སོ། །ཤཱ་རིའི་བུ་དེ་ནས་རྒྱལ་པོ་དགྲ་ཐུལ་གྱིས་རྒྱལ་པོ་མར་མེའི་བདག་ལ་ཁྱོད་ཀྱི་སྲས་རབ་ཏུ་བྱུང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་ པར་སངས་རྒྱས་སོ་ཞེས་བདག་གིས་ཐོས་ཏེ། བདག་ནི་ཁྱོད་ཀྱི་སྲས་མར་མེ་མཛད་མཐོང་བར་འཚལ་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་ཐུགས་བརྩེ་བའི་སླད་དུ་བདག་གི་དྲུང་དུ་གཤེགས་སུ་གསོལ། དེ་སྟེ་མི་གཤེགས་ན་ 80-1-240b བདག་ཉིད་དཔུང་གི་ཚོགས་ཡན་ལག་བཞི་པ་དང་བཅས་ཏེ་མཆིའོ་ཞེས་ཕོ་ཉ་བ་དང་བ་དང་། དེ་ནས་ཤཱ་རིའི་བུ་རྒྱལ་པོ་མར་མེའི་བདག་གིས་རྩིས་པ་དང་། བློན་པོ་དང་། སྒོ་བ་དང་། འཁོར་རྣམས་བསགས་ཏེ། དེ་ལྟར་གྱུར་བ་དག་བཟླས་པ་དང་། དེ་དག་གིས་ལྷ་དེ་ལྟར་ན་བཅོམ་ལྡན་འདས་དེ་ཉིད་ལ་གསོལ་ན་བཅོམ་ལྡན་འདས་དེ་ནི་ཐུགས་རྗེ་ཆེ་བས་ཐུགས་རྗེར་དགོངས་ཏེ། རྒྱལ་པོ་དགྲ་ཐུལ་ཀྱང་འདིར་མི་མཆི་བར་འགྱུར་རོ་ཞེས་སྨྲས་པ་དང་། ཤཱ་རིའི་བུ་དེ་ནས་རྒྱལ་པོ་མར་མེའི་ བདག་པོ་བློན་པོ་དག་དང་འགྲོགས་ཏེ། བཅོམ་ལྡན་འདས་མར་མེ་མཛད་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། དེ་ལྟར་གྱུར་པ་དེ་དག་གསོལ་ཏོ། །དེ་སྐད་གསོལ་ནས། བཅོམ་ལྡན་འདས་ དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་རྒྱལ་པོ་མར་མེའི་བདག་པོ་ལ་དེ་བས་ན་རྒྱལ་པོ་ཆེན་པོ་ཐུགས་བརྩེ་བའི་ཕྱིར་རྒྱལ་པོ་དགྲ་ཐུལ་གྱི་དྲུང་དུ་གཤེགས་སོ་ཞེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་དེ་ནས་བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་མར་མེ་མཛད་ལྷ་རྫས་མཆོག་གི་རྒྱལ་པོའི་ཕོ་བྲང་དུ་ཇི་སྲིད་དགྱེས་པར་བཞུགས་ནས། དགྲ་བཅོམ་པ་བྱེ་བ་ཕྲག་བརྒྱད་བཅུ་དང་། བྱང་ཆུབ་སེམས་དཔའ་སྟོང་ཕྲག་བརྒྱད་བཅུ་རྩ་བཞི་དང་ཐབས་གཅིག་ཏུ་ཡུལ་རྒྱུ་ཞིང་ གཤེགས་སོ། །རྒྱལ་པོ་མར་མེའི་བདག་པོ་ཡང་དཔུང་གི་ཚོགས་ཡན་ལག་བཞི་པ་དང་བཅས་ཏེ་ཞབས་འབྲིང་ཐོག་ཐག་ཏུ་འབྲང་ཞིང་དེ་བཞིན་གཤེགས་པ་མར་མེ་མཛད་འཁོར་དང་བཅས་པ་ལ་ན་བཟའ་དང་། བསོད་སྙོམས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་བཀུར་སྟི་བྱེད་ཅིང་བདག་གི་ཡུལ་གྱི་བར་དུ་ཞབས་འབྲིང་དུ་བྱས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱི་ཞབས་ལ་ཕྱག་འཚལ་ནས་ལན་ གསུམ་བསྐོར་ཏེ་མཆི་མ་བླགས་ནས་སླར་ལོག་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་དགྲ་བཅོམ་པ་བྱེ་བ་ཕྲག་བརྒྱད་བཅུ་དང་ཐབས་གཅིག་ཏུ་རྒྱལ་པོའི་ 80-1-241a ཕོ་བྲང་པད་མ་ཅན་དུ་གཤེགས་པར་རྒྱལ་པོ་དགྲ་ཐུལ་གྱིས་ཐོས་སོ། །དེ་ནས་རྒྱལ་པོ་དགྲ་ཐུལ་གྱིས་རྒྱལ་པོའི་ཕོ་བྲང་པད་མ་ཅན་བརྒྱན་ཏེ། ས་གཞི་དང་། ལམ་གྱི་བཞི་མདོ་དང་། སུམ་མདོ་དག་ལ་གསེག་མ་དང་། གྱོ་མོ་ དག་སེལ་དུ་བཙུད་དེ་བསལ་ནས་ཕྱག་དར་དང་། ཆག་ཆག་འདེབས་སུ་བཙུད་དོ། །སྤོས་ཆུའི་ཆག་ཆག་ཀྱང་འདེབས་སུ་བཙུད་དོ། །མེ་ཏོག་བཀྲམ་པས་པུས་ནུབ་ཙམ་དུ་ཕྱིན་པར་བྱ་བ་བྱེད་དུ་བཙུད་དོ། །བདུག་པའི་སྣོད་ནས་ཀྱང་རབ་ཏུ་ བདུག་པ་བྱས་སོ། །གོས་རིན་པོ་ཆེ་སྣ་ཚོགས་ཀྱི་བླ་རེ་བྲེས། སིལ་སྙན་སྣ་ཚོགས་ཀྱང་དཀྲོལ་དུ་བཙུད་དོ། །དེ་ནས་རྒྱལ་པོ་དགྲ་ཐུལ་གྱིས་རྒྱལ་པོའི་ཕོ་བྲང་པད་མ་ཅན་བརྒྱན་ནས་གང་རྒྱལ་པོའི་ཕོ་བྲང་པད་མ་ཅན་ཀུན་ན་མེ་ཏོག་དང་། དྲི་དང་། བྱུག་པ་ཡོད་པ་རྣམས་སུས་ཀྱང་མ་སྤྱད་ཅིག །མ་བཙོང་ཤིག །དེ་ཐམས་ཅད་བཅོམ་ལྡན་འདས་མར་མེ་མཛད་ལ་འབུལ་ཞིང་མཆོད་པའི་ལས་སུ་གྱིས་ཤིག །ལ་ལ་ཞིག་སྤྱོད་དམ་འཚོང་ན་དེ་ནི་ཆད་པ་ཆེན་པོས་བཅད་དོ་ཞེས་ སྒྲ་བསྒྲགས་སོ། །དེ་ནས་རྒྱལ་པོ་དགྲ་ཐུལ་གྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་ལ་བལྟ་བ་དང་། ཕྱག་བྱ་བའི་ཕྱིར་དཔུང་གི་ཚོགས་ཡན་ལག་བཞི་པ་དང་བཅས་ཏེ། མེ་ཏོག་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་དཀྲོལ་བ་དང་། རྒྱལ་པོའི་མཐུ་ཆེན་པོ་དང་། རྒྱལ་པོའི་འབྱོར་པ་ཆེན་པོས་རྒྱལ་པོའི་ཕོ་བྲང་པད་མ་ཅན་ནས་ཕྱིར་བྱུང་ངོ་། །པད་མ་ཅན་གྱི་བྲམ་ཟེ་ དང་། ཁྱིམ་བདག་རྣམས་ཀྱང་བཅོམ་ལྡན་འདས་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་དེའི་ཞབས་ལ་ཕྱག་འཚལ་ཏེ། མེ་ཏོག་དང་། ཕྲེང་བ་དང་། དྲི་དང་། བྱུག་པ་དང་། ཕྱེ་མ་དང་། ན་ བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱིས་བཅོམ་ལྡན་འདས་ལ་མཆོད་པ་བྱས། བློན་པོ་དང་། འཁོར་དང་། བྲམ་ཟེ་དང་། ཁྱིམ་བདག་དེ་དག་གིས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ 80-1-241b བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ་ཞབས་འབྲིང་དུ་འབྲང་བ་དང་། རྒྱལ་པོ་དགྲ་ཐུལ་སེམས་དགའ། སེམས་མགུ། སེམས་ལ་སྒྲིབ་པ་མེད། སེམས་རངས་པར་གྱུར་ནས་བཅོམ་ལྡན་འདས་ཀྱི་ཞབས་འབྲིང་དུ་འབྲང་ངོ་། །ཡང་དེའི་ཚེ་ན་ གངས་རིའི་ངོས་ལ་བྲམ་ཟེ་རིན་པོ་ཆེ་ཞེས་བྱ་བ་གཡོག་བྲམ་ཟེ་གཞོན་ནུ་ལྔ་བརྒྱ་ཡོད་པ། ཀློག་ཏུ་འཛུད་པའི་མཁན་པོ་སྔགས་འཆང་བ། རིག་བྱེད་གསུམ་པོ་སྒྲ་ངེས་པར་སྦྱོར་བ་དང་བཅས་པ་དང་། ཤེས་གསལ་དང་བཅས་པ་དང་། ཡི་གེ་རབ་ ཏུ་དབྱེ་བ་དང་བཅས་པ་དང་། སྔོན་བྱུང་བ་ལྔ་པ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚིག་རེ་རེ་ཞིང་ལུང་བསྟན་པ་དང་། འཇིག་རྟེན་རྒྱང་པན་པ་དང་། མཆོད་སྦྱིན་གྱི་རྒྱུད་དང་། སྐྱེས་བུ་ཆེན་པོའི་མཚན་རྗེས་སུ་རྟོགས་པ། རང་གི་ཚིག་རབ་ལ་གསུམ་རིག་པ་ དང་། སློབ་དཔོན་དུ་གྱུར་པར་ཡོངས་སུ་ཤེས་པ་ཞིག་གནས་ཏེ། ཤཱ་རིའི་བུ་ཡང་བྲམ་ཟེ་རིན་པོ་ཆེ་དེ་ལ་བྲམ་ཟེ་གཞོན་ནུ་སྤྲིན་ཅེས་བྱ་བ་ཉེ་གནས་བྱེད་པ། ཀློག་ཏུ་འཇུག་པ། སྔགས་འཆང་བ། རིག་བྱེད་གསུམ་པོ་སྒྲ་ངེས་པར་སྦྱོར་བ་དང་བཅས་པ་དང་། ཤེས་གསལ་དང་བཅས་པ་དང་། ཡི་གེ་རབ་ཏུ་དབྱེ་བ་དང་བཅས་པ་དང་། སྔོན་བྱུང་བ་སྔ་བ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིག་རེ་རེ་ཞིང་ལུང་སྟོན་པ་དང་། འཇིག་རྟེན་རྒྱང་པན་པ་དང་། མཆོད་སྦྱིན་གྱི་རྒྱུ་དང་། སྐྱེས་བུ་ཆེན་པོའི་མཚན་རྗེས་སུ་ རྟོགས་པ་ཁ་ན་མ་ཐོ་བ་མེད་པ། རང་གི་ཚིག་རབ་ལ་གསུམ་རིག་པ་དང་། སློབ་དཔོན་དུ་གྱུར་པར་ཡོངས་སུ་ཤེས་པ་ཞིག་ཡོད་དོ། །ཤཱ་རིའི་བུ་དེ་ནས་བྲམ་ཟེ་གཞོན་ནུ་སྤྲིན་ཅེས་བྱ་བ་རིག་བྱེད་ལོབས་ནས་མཁན་པོ་ལ་ཀྱེ་མཁན་པོ་བདག་གིས་ རིག་བྱེད་ལོབས་ཏེ་བདག་ནི་ཡུལ་དུ་མཆི་ན་བདག་གིས་བགྱི་བ་ཅི་མཆིས་ཤེས་དེ་སྐད་སྨྲས་པ་དང་། ཀྱེ་བུ་སྤྲིན་སློབ་དཔོན་ལ་ནོར་མགྲོན་བུ་ལྔ་བརྒྱ་བྱིན་ཅིག་ཅེས་དེས་དེ་སྐད་སྨྲས་སོ། །དེ་ནས་བྲམ་ཟེ་གཞོན་ནུ་སྤྲིན་གྱིས་མཁན་པོའི་རྐང་པ་ ལ་ཕྱག་འཚལ་ཏེ་ལན་གསུམ་བསྐོར་ནས་མཁན་པོའི་དྲུང་ནས་སོང་སྟེ། དེ་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། རྒྱལ་པོའི་ཕོ་བྲང་དག་ན་རྒྱུ་ཞིང་སློབ་དཔོན་ལ་དབུལ་བའི་སློབ་དཔོན་གྱི་ནོར་བཙལ་ཏེ། དེས་སློབ་དཔོན་ལ་དབུལ་བའི་སློབ་ 80-1-242a དཔོན་གྱི་ནོར་བསྡུས་ནས་མཐར་གྱིས་རྒྱལ་པོའི་ཕོ་བྲང་པད་མ་ཅན་དུ་ཕྱིན་ཏེ། བྲམ་ཟེ་གཞོན་ནུ་སྤྲིན་གྱིས་རྒྱལ་པོའི་ཕོ་བྲང་པད་མ་ཅན་ཀུན་བརྒྱན་པར་མཐོང་ངོ་། །མཐོང་ནས་མི་ཞིག་བོས་ཏེ། ཀྱེ་སྐྱེས་བུ་རྒྱལ་པོའི་ཕོ་བྲང་ པད་མ་ཅན་འདིར་ཅིའི་དགའ་སྟོན་ཞིག་གཡོས་པར་གྱུར་ཅེས་སྨྲས་པ་དང་། དེས་གཞོན་ནུ་ཁྱོད་ཀྱིས་མི་ཤེས་སམ། དེ་རིང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་ མཛད་དགྲ་བཅོམ་པ་བྱེ་བ་ཕྲག་བརྒྱད་བཅུ་དང་། བྱང་ཆུབ་སེམས་དཔའ་སྟོང་ཕྲག་བརྒྱད་བཅུ་རྩ་བཞི་དང་ཐབས་གཅིག་ཏུ་རྒྱལ་པོའི་ཕོ་བྲང་པད་མ་ཅན་དུ་གཤེགས་ཏེ། དེའི་ཕྱིར་རྒྱལ་པོའི་ཕོ་བྲང་པད་མ་ཅན་འདི་ཀུན་བརྒྱན་ཏོ། ། དེ་ལ་མི་དག་སྦྱིན་པ་ཡང་སྦྱིན་པར་བྱེད། བསོད་ནམས་དག་ཀྱང་བྱེད་དོ་ཞེས་དེ་སྐད་སྨྲས་པ་དང་། དེ་ནས་བྲམ་ཟེ་སྤྲིན་གཞོན་ནུས་སངས་རྒྱས་ཀྱི་སྒྲ་ཐོས་ནས་དགའ་བ་དང་། དང་བ་དང་། མགུ་བ་ཆེར་སྐྱེས་ནས་སངས་རྒྱས་བཅོམ་ལྡན་ འདས་རྣམས་འབྱུང་བ་དཀོན་ཏེ། ཤིན་དུ་དཀོན་པ་ཨུ་དུམ་བ་རའི་མེ་ཏོག་དང་འདྲ་བ། མཆོད་སྦྱིན་གྱི་ཤིང་གཅིག་པུའི་ཚུལ་ལྟ་བུ་ཡིན་པས་གང་བདག་གིས་ཀཱར་ཤཱ་པ་ཎ་ལྔ་བརྒྱ་པོ་འདིས་མེ་ཏོག་ཉོས་ཏེ། བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་མར་མེ་མཛད་ལ་མེ་ཏོག་གཏོར་ལ་སློབ་དཔོན་གྱི་ནོར་གུད་ནས་བཙལ་ལོ་སྙམ་མོ། །ཡང་དེའི་ཚེ་ན་བུ་མོ་ཞིག་མེ་ཏོག་ཨུད་པ་ལ་བདུན་ཁྱེར་ཏེ་ལམ་གྱི་སྲང་ནས་སོང་བ་དང་། དེ་ནས་བྲམ་ཟེ་གཞོན་ནུ་སྤྲིན་གྱི་བུ་མོ་དེ་ལ་ ཀྱེ་བུ་མོ་ཆུ་ནས་བྱུང་བའི་མེ་ཏོག་གང་ནས་རྙེད་པར་འགྱུར་ཞེས་དེ་སྐད་སྨྲས་པ་དང་། དེས་ཕྱོགས་ཆེ་གེ་མོ་ཞིག་ན་ཕྲེང་བ་བྱེད་པའི་ཁང་པ་ནས་བདག་གིས་ཀཱར་ཤཱ་པཎ་ལྔ་བརྒྱས་ཉོས་སོ་ཞེས་སྨྲས་སོ། །དེ་ནས་བྲམ་ཟེ་གཞོན་ནུ་སྤྲིན་ གྱིས་བུ་མོ་དེ་ལ་མེ་ཏོག་ཆུ་ནས་སྐྱེས་པ་འདི་དག་ཇི་ཙམ་གྱིས་ཉོས་པ་བཞིན་དུ་ང་ལ་ཚོངས་ཤིག་ཅེས་དེ་སྐད་སྨྲས་པ་དང་། དེས་དེ་ལྟར་མི་རུང་ངོ་ཞེས་སྨྲས་ནས། དེས་འོ་ན་གཉིས་ཁྱོད་ལ་ཞོག་ལ་ལྔ་ང་ལ་ཀཱར་ཤཱ་པ་ཎ་ལྔ་བརྒྱས་ཉོར་ 80-1-242b བྱིན་ཅིག་ཅེས་སྨྲས་ནས། དེས་འདི་དག་གིས་ཅི་བྱ་ཞེས་སྨྲས་པ་དང་། དེས་བཅོམ་ལྡན་འདས་མར་མེ་མཛད་ལ་གཏོར་བར་བྱའོ་ཞེས་སྨྲས་སོ། །དེས་གལ་ཏེ་ཁྱོད་སྲིད་པའི་འགྲོ་བ་འཆི་འཕོ་བ་ཐམས་ཅད་དུ་བདག་གི་ཁྱིམ་ཐབ་ཏུ་འགྱུར་ བར་དམ་འཆའ་ན་སྦྱིན་ནོ། །དེས་བུ་མོ་ཐོང་ཁྱོད་དེ་སྐད་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། ཁྱོད་ནི་གཡེང་ཞིང་རྒོད་པའོ། །བུ་མོ་བླ་ན་མེད་པའི་སངས་རྒྱས་ཀྱི་ཆོས་གྲངས་མེད་པ་ནི་བསྐལ་པ་གྲངས་མེད་པས་བསྒྲུབ་དགོས་ཏེ། དེའི་ཕྱིར་ འདི་ལྟ་སྟེ། མགྲོན་བུ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་ཆེན་པོ་དང་། གསེར་དང་། དངུལ་དང་ལྡན་པ་དང་། རྟ་དང་། གླང་པོ་ཆེ་དང་། བོང་བུ་དང་། བ་ལང་དང་། ལུག་དང་། རྒྱལ་སྲིད་ཀྱང་ ཡོངས་སུ་གཏང་བ་དང་། ཤིང་རྟ་ཡོངས་སུ་གཏང་བ་དང་། སླས་ཡོངས་སུ་གཏང་བ་དང་། བུ་ཕོ་དང་། བུ་མོ་ཡོངས་སུ་གཏང་བ་དང་། ལག་པ་ཡོངས་སུ་གཏང་བ་དང་། རུས་པ་དང་། རྐང་དང་། གཙུག་ཕུད་ཡོངས་སུ་གཏང་བ་དང་། རྣ་བ་དང་། སྣ་དང་། མིག་དང་། ཡན་ལག་ཡོངས་སུ་གཏོང་བའི་སྦྱིན་པ་བྱིན་པར་བྱ་སྟེ། མདོར་ན་བུ་མོ་ནང་ངམ་ཕྱིའི་དངོས་པོ་གང་ཡང་བདག་གིས་ཡོངས་སུ་མི་གཏང་བར་བྱ་བ་མེད་དེ། བུ་མོ་གང་བདག་གིས་ཁྱོད་ཀྱང་ཡོངས་སུ་ གཏང་སྟེ། དེ་བཞིན་གཤེགས་པའི་བསྟན་པ་ལ་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བའི་དུས་དང་ཚོད་དུ་གྱུར་ན། ཁྱོད་ནི་གཡེང་ཞིང་རྒོད་ཀྱིས་ཁྱོད་ངའི་སྦྱིན་པའི་བར་ཆད་མ་བྱེད་ཅིག་ཅེས་དེ་སྐད་སྨྲས་པ་དང་། དེས་གལ་ཏེ་ཁྱོད་ལུས་ལས་ཤ་ཡུངས་ཀར་གྱི་འབྲུམ་བུ་ཙམ་དུ་བཅད་དེ། བྱིན་དུ་ཟིན་ཀྱང་ངས་ཁྱོད་ཀྱི་སྦྱིན་པའི་བར་ཆད་མི་བྱའོ་ཞེས་སྨྲས་ནས་དེས་དེ་ལ་དེ་ལྟར་གྱུར་ཅིག །ཆུ་ལས་སྐྱེས་པའི་མེ་ཏོག་དག་ང་ལ་བྱྀན་ཅིག་ཅེས་ སྨྲས་པ་དང་། དེས་ཀྱང་བྱིན་ནོ། །དེ་ནས་བྲམ་ཟེ་གཞོན་ནུ་སྤྲིན་གྱིས་མེ་ཏོག་ཨུད་པ་ལ་དེ་དག་བླངས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་ག་ལ་བ་དེར་སོང་སྟེ། བྲམ་ཟེ་གཞོན་ནུ་སྤྲིན་གྱིས་བཅོམ་ལྡན་ 80-1-243a འདས་དེ་བཞིན་གཤེགས་པ་མར་མེ་མཛད་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་བསྐོར་ཅིང་མདུན་དུ་བདར་བ་མཐོང་སྟེ། སྤྱོད་ལམ་མཛེས་པའི་བར་རྒྱས་པར་བྱའོ། །དེ་བཅོམ་ལྡན་འདས་ལ་སེམས་ དང་བར་གྱུར་ཏོ། །དེ་སེམས་ཅན་དང་བར་གྱུར་ནས་ཤིན་དུ་དགའ་བ་དང་། དད་པ་དང་། བཀུར་སྟི་བསྐྱེད་ནས་བཅོམ་ལྡན་འདས་མར་མེ་མཛད་ག་ལ་བ་དེར་སོང་སྟེ། བྲམ་ཟེ་གཞོན་ནུ་སྤྲིན་གྱིས་མི་མང་པོ་དག་གིས་གོས་བཟང་པོ་ བཟང་བ་དག་བཅོམ་ལྡན་འདས་མར་མེ་མཛད་ཀྱི་དྲུང་དུ་བཀྲམ་པ་མཐོང་ནས་དེས་བདག་ལ་གོས་མེད་ཀྱིས། གང་བདག་གིས་རི་དགས་ཀྱི་ལྤགས་པ་གདིང་ངོ་སྙམ་ནས་དེས་རི་དགས་ཀྱི་ལྤགས་པ་དེ་བཏིང་བ་དང་། དེ་ན་མི་དག་འདི་འདྲ་བའི་སེམས་ཅན་དཀོན་མཆོག་གི་དྲུང་དུ་རི་དགས་ཀྱི་ལྤགས་པ་བཏིང་ངམ་ཞེས་འཕྱ་ཞིང་བཏིང་བ་ཡང་རྟུལ་བར་བྱེད་དོ། །དེ་ནས་བྲམ་ཟེ་གཞོན་ནུ་སྤྲིན་ཕྱོགས་ཀྱི་མཐའ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ རི་དགས་ཀྱི་ལྤགས་པ་བཏིང་སྟེ་དགོངས་ཤིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་ཀུན་ནས་སྤྱན་རྀ་དགས་ཀྱི་ལྤགས་པ་འདི་ལ་ཞབས་གཞག་པར་མཛོད་ཅིག་ཅེས་སེམས་བསྐྱེད་པ་དང་། བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་དགོངས་ནས་བྲམ་ཟེ་གཞོན་ནུ་སྤྲིན་གྱི་རི་དགས་ཀྱི་ལྤགས་པ་ལ་ཞབས་གཞག་གོ། །དེ་ནས་བྲམ་ཟེ་གཞོན་ནུ་སྤྲིན་དགའ་མགུ་རངས་རབ་ཏུ་དགའ་ཞིང་ཡིད་བདེ་བ་སྐྱེས་ ནས་དེ་བཞིན་གཤེགས་པ་མར་མེ་མཛད་ལ་མེ་ཏོག་ཨུད་པ་ལ་ལྔ་གཏོར་བ་དང་། ལྷའི་བུ་བརྒྱ་ཕྲག་དུ་མས་ལྷའི་མེ་ཏོག་མན་དཱ་ར་བ་དང་། ལྷའི་མེ་ཏོག་ཨུད་པ་ལ་དང་། །པད་མ་དང་ལྷའི་ཙན་དན་གྱི་ཕྱེ་མ་རྣམས་ཀྱིས་བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་ལ་མངོན་པར་གཏོར། ལྷའི་སིལ་སྙན་རྣམས་དཀྲོལ། ལྷའི་གླུ་དབྱངས་བླངས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་ལ་སྟི་སྟང་བྱ་བའི་ཕྱིར་མེ་ཏོག་ 80-1-243b ཨུད་པ་ལ་དེ་དག་ཨུད་པ་ལ་སྟོང་ཕྲག་དུ་མར་བྱས་ཏེ། མེ་ཏོག་གི་བླ་རེ་འདབ་མ་མཐུར་དུ་ལྟ། སྡོང་བུ་གྱེན་དུ་ལྟ་བར་བྱས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ ལ་མངོན་པར་གཏོར་ཏེ། འདི་ལྟ་སྟེ། བྲམ་ཟེ་གཞོན་ནུ་སྤྲིན་སེམས་དང་ནས་བཅོམ་ལྡན་འདས་མར་མེ་མཛད་ཀྱི་སྤྱན་ལྔར་ལོ་བཅུ་གཉིས་སུ་རལ་བ་གསེར་གྱི་ཁ་དོག་ལྟ་བུ་བཏིང་ནས། བདག་མ་འོངས་པའི་དུས་ན་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཞེ་ན། བཅོམ་ལྡན་འདས་ཀྱིས་བདག་དབུགས་དབྱུང་བར་མཛོད་ཅིག ། བདག་ལ་ཕྱག་གིས་དྲང་བར་གསོལ་ཞེས་ཡི་དམ་བརྟན་པར་བྱས་སོ། །བཅོམ་ལྡན་འདས་ དེ་བཞིན་གཤེགས་པ་མར་མེ་མཛད་གདག་གི་རལ་བ་གསེར་གྱི་ཁ་དོག་ལྟ་བུའི་སྟེང་དུ་ཞབས་མི་འཇོག་ཅིང་བདག་ལ་དབུགས་འབྱིན་པར་མི་མཛད། བདག་ལ་བྱང་ཆུབ་ཏུ་ལུང་ཡང་མི་སྟོན་ན་དེའི་ཕྱིར་བདག་འདི་ཉིད་དུ་ལུས་ སྐམ་པར་བགྱིའོ། །ཞེས་ཡི་དམ་ཡང་བཅས་སོ། །ཤཱ་རིའི་བུ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀུན་ནས་སྤྱན། ཀུན་ནས་མཁྱེན་པ་དུས་ གསུམ་གང་ཡང་མི་མཁྱེན་པ་ཅུང་ཟད་ཀྱང་མི་མངའ་བ་དེས་བྲམ་ཟེའི་ཁྱེའུ་སྤྲིན་གྱི་བསམ་པ་མཁྱེན་ནས་བྲམ་ཟེའི་ཁྱེའུ་སྤྲིན་གྱི་སྐྲ་རལ་བ་གསེར་གྱི་ཁ་དོག་ལྟ་བུ་ལ་ཞབས་བཞག་སྟེ། གཡས་ཕྱོགས་ནས་གླང་པོ་ཆེའི་ གཟིགས་པས་གཟིགས་ཏེ། ཉན་ཐོས་ཀྱི་དགེ་འདུན་དེ་ལ་དགེ་སློང་དག་རལ་པ་རྣམས་ལ་རྐང་པ་མ་གཞག་ཤིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་བྲམ་ཟེའི་ཁྱེའུ་འདི་ནི་བསྐལ་པ་གྲངས་མེད་པ་ན་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་དེ་ལྟར་བྲམ་ཟེའི་ཁྱེའུ་སྤྲིན་གྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་ལས་ 80-1-244a ལུང་བསྟན་པ་ཐོས་ནས་དགའ་ཞིང་མགུ་ནས་སྟེང་གི་བར་སྣང་གི་ནམ་མཁའ་ལ་མངོན་པར་འཕགས་ཏེ། ཏིང་ངེ་འཛིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྗོད་དུ་ མེད་པ་མངོན་སུམ་དུ་བྱེད་དོ། །དེ་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་ཤར་ཕྱོགས་ན། སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་ལས་འདས་པ་དག་གིས་ བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་བསྐལ་གྲངས་མེད་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ། །ཞེས་ལུང་ སྟོན་པ་དང་། དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་དང་། དེ་བཞིན་དུ་ཤར་དང་། ལྷོའི་མཚམས་ནས་འོག་དང་། སྟེང་གི་བར་དང་། ཕྱོགས་བཅུ་ཀུན་ནས་སངས་རྒྱས་བཅོམ་ལྡན་ གང་གཱའི་ཀླུང་གི་བྱེ་མ་བས་ལྷག་པ་དག་གིས། བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་བསྐལ་པ་གྲངས་མེད་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་རྫོགས་པའི་ སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ། །ཞེས་ལུང་སྟོན་པ་མཐོང་ངོ་། །ཤཱ་རིའི་བུ་དེ་ལྟར་བྲམ་ཟེའི་ཁྱེའུ་སྤྲིན་ལུང་བསྟན་པ་ཐོས་ནས་དབུགས་ཕྱིན་པར་གྱུར་ཏེ། ནམ་མཁའི་ དཀྱིལ་དེ་ནས་བབས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་དེའི་དྲུང་དུ། དད་པས་ཁྱིམ་ནས་ཁྱིམ་མེད་པ་རབ་ཏུ་བྱུང་སྟེ། ཚངས་པར་སྤྱད་པ་སྤྱོད་དོ། །ཤཱ་རིའི་ བུ་ཁྱོད་དེའི་ཚེ་དེའི་དུས་ན་བྲམ་ཟེའི་ཁྱེའུ་སྤྲིན་ཅེས་བྱ་བར་གྱུར་པ་དེ་གཞན་ཡིན་པ་སྙམ་དུ་དེ་ལྟར་དོགས་ཤིང་ཐེ་ཚོམ་ཟ་ན་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། །ང་དེའི་ཚེ་དེའི་དུས་ན་ 80-1-244b བྲམ་ཟེའི་ཁྱེའུ་སྤྲིན་ཅེས་བྱ་བར་གྱུར་བ་དེ་ཡིན་ཏེ། ངས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་དེ་ལ་མེ་ཏོག་ཨུད་པ་ལ་ལྔ་གཏོར་ཏེ་རལ་བ་ཡང་བཏིང་ངོ་། །ཤཱ་རིའི་བུ་ དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལུང་བསྟན་པ་མྱུར་དུ་ཐོབ་པར་འདོད་པ་དག་གིས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཤིན་དུ་མཉན་པར་བྱ། བླང་བར་བྱ། བཟུང་བར་བྱ། གཞན་དག་ལ་ཡང་བརྗོད་པར་བྱ། རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱ། །གང་འདི་མཚན་མ་མེད་པའི་སྤྱོད་པས་ནན་ཏན་གྱིས་བསྒྲུབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་ བུ་ངས་མངོན་པར་ཤེས་ཏེ་འདས་པའི་དུས་ན་མར་མེ་མཛད་ཀྱི་ཕ་རོལ་ན་ངས་དཀར་པོའི་ཆོས་ཀྱི་སྤྱོད་པ་གང་ལ་མ་སྤྱད་པ་དེ་གང་ཡང་མེད་དེ། འོན་ཀྱང་སངས་རྒྱས་བཅོམ་ལྡན་འདས་ དེ་དག་གིས་ལུང་མ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་ང་མཚན་མ་དང་བཅས་པར་སྤྱོད་པར་གྱུར་ཏོ། །གང་གི་ཚེ་ང་གང་འདི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ མཚན་མ་མེད་པར་སྤྱོད་པ། དམིགས་པ་མེད་པར་སྤྱོད་པ། ཇི་ལྟར་ཐོས་པ་བཞིན་དུ་བསྒྲུབ་པས་གནས་པ་དེའི་འོག་ཏུ་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་ པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ། །ཞེས་བྱ་བར་ང་ལུང་བསྟན་ཏོ། །ཤཱ་རིའི་བུ་དེ་ལྟར་ངས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་མཐོང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ 80-1-245a མཐོང་མ་ཐག་ཏུ་སྤྱོད་པ་ཐམས་ཅད་ལས་འདས་ཏེ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་མཐོང་བ་ཁོང་དུ་ཆུད་དོ། །མཐོང་མ་ཐག་ཏུ་ཆོས་ཐམས་ཅད་རང་ བཞིན་གྱིས་མ་སྐྱེས་པར་ཤེས་སོ། །དེའི་འོག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་དེས་བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་བསྐལ་པ་གྲངས་མེད་པ་ན་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ། །ཞེས་ལུང་བསྟན་ཏོ། །ལུང་བསྟན་མ་ཐག་ཏུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ རབ་ཏུ་ཐོབ་བོ། །བཟོད་པ་རབ་ཏུ་ཐོབ་པ་ཇི་ལྟ་བུ་ཞེ་ན། གང་འདི་གཟུགས་རབ་ཏུ་མི་རྙེད་པར་བཟོད་པ་རབ་ཏུ་ཐོབ་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ ཤེས་པ་རབ་ཏུ་མི་རྙེད་པར་བཟོད་པ་རབ་ཏུ་ཐོབ་པ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ཀྱི་ཆོས་ཐམས་ཅད་རབ་ཏུ་མི་རྙེད་པར་བཟོད་པ་རབ་ཏུ་ཐོབ་པའོ། །ཡང་ བཟོད་པ་རབ་ཏུ་ཐོབ་པ་ཞེས་བྱ་བར་འདི་ནི་བཟོད་པ་མེད་པའི་ཆོས་རབ་ཏུ་ཐོབ་པའི་ཚིག་བླ་དགས་སོ། །དེ་ཅིའི་ཕྱིར་ཞེ་ན། བཟོད་པ་རབ་ཏུ་ཐོབ་པའི་ཆོས་དེ་ལ་ནི་འཇིག་རྟེན་གྱི་ཆོས་རྣམས་ ཀུན་དུ་མི་འབྱུང་ངོ་། །སོ་སོའི་སྐྱེ་བོའི་ཆོས་རྣམས་མ་ཡིན། སློབ་པའི་ཆོས་རྣམས་མ་ཡིན། མི་སློབ་པའི་ཆོས་རྣམས་མ་ཡིན། བྱང་ཆུབ་སེམས་དཔའི་ཆོས་རྣམས་མ་ ཡིན་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་མི་འབྱུང་ངོ་། །ཆོས་ཐམས་ཅད་མི་འབྱུང་བས་དེའི་ཕྱིར་བཟོད་པ་རབ་ཏུ་ཐོབ་པ་ཞེས་བྱའོ། །ཆོས་ཐམས་ཅད་ཐོབ་པ་མེད་ཅིང་མི་དམིགས་པས་ 80-1-245b དེའི་ཕྱིར་བཟོད་པ་རབ་ཏུ་ཐོབ་པ་ཞེས་བྱའོ། །བཟོད་པ་དེ་ཡང་མཚན་མ་ཐམས་ཅད་དང་། དམིགས་པ་ཐམས་ཅད་ཀྱིས་སྐད་ཅིག་པ་ཡིན་ཏེ། དེའི་ཕྱིར་བཟོད་པ་རབ་ཏུ་ཐོབ་པ་ཞེས་ བྱ་སྟེ། དེ་ལ་ནི་མིག་མེད་དོ། །མིག་ལ་སྨོས་པ་མེད་དོ། །གོང་མ་བཞིན་དུ་སྦྱར་ཏེ། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད། ཡིད་ལ་སྨོས་པ་མེད་དེ། མི་བཟད་པའི་ཡུལ་དེ་ནི་བཟོད་པ། འགྲོ་བ་མེད་པའི་ཡུལ་དེ་ནི་བཟོད་པ་སྟེ། དེའི་ཕྱིར་བཟོད་པ་རབ་ཏུ་ཐོབ་པ་ཞེས་བྱའོ། །ཤཱ་རིའི་བུ་དེ་བས་ན་བྱང་ཆུབ་སེམས་དཔའི་ལུང་བསྟན་ པ་མྱུར་དུ་ཐོབ་པར་འདོད་པ་དག་གིས་གང་འདི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་མཚན་མ་མེད་པར་སྤྱོད་པ། ལྷུན་གྱིས་གྲུབ་པར་སྤྱོད་པ། །དམིགས་པ་མེད་ པར་སྤྱོད་པ། ཤིན་དུ་མཉན་པར་བྱ། བླང་བར་བྱ། གཟུང་བར་བྱ། ཀུན་ཆུབ་པར་བྱ། །གཞན་དག་ལ་ཡང་བརྗོད་པར་བྱ། རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱ། ནན་ཏན་ གྱིས་བསྒྲུབ་པར་བྱའོ། །ཡང་དེའི་ཚེ་འཁོར་དེ་ཉིད་དུ་ཚོང་དཔོན་གྱི་བུ་མིས་བྱིན་ཞེས་བྱ་བ་འདུས་པར་གྱུར་ཏེ་འདུག་པ་དེས་བཅོམ་ལྡན་འདས་ལས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ ཀྱི་ཆོས་ཀྱི་རྣམ་གྲངས་དང་། །སངས་རྒྱས་ཀྱི་ཡོན་ཏན་དང་། །བྱང་ཆུབ་སེམས་དཔའི་ཡོན་ཏན་རྣམས་ཐོས་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ཏེ། །བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། 80-1-246a བཅོམ་ལྡན་འདས་གནས་བརྟན་མ་འགགས་པས་བདག་ལ་ཁྱིམ་བདག་དགྲ་བཅོམ་པ་འཐོབ་པ་སྟེ། འདི་ནི་རྒ་ཤིའི་ཐ་མའོ་ཞེས་དེ་ལྟར་འཇུག་པར་བགྱིས། དེ་སྐད་རྗེས་སུ་བསྟན་མོད་ཀྱི། བདག་བཅོམ་ལྡན་འདས་ལས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་དང་། །སངས་རྒྱས་ཀྱི་ཡོན་ཏན་དང་། བྱང་ཆུབ་སེམས་ དཔའི་ཡོན་ཏན་རྣམས་ཐོས་ནས་འདི་སྙམ་དུ་གང་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐེག་པ་ཆེན་པོ་འདི་ནི་མཆོག །གཙོ་བོ། དམ་པ། མཆོག་རབ། གྱ་ ནོམ་པ། བླ་ན་མེད་པའོ་སྙམ་བགྱིད་དོ། །བཅོམ་ལྡན་འདས་ལས་ཀྱང་བདག་གིས་རབ་ཏུ་རྣམ་པར་ཕྱེ་བའི་ཆོས་རྣམས་ཀྱི་མཆོག་གང་ཡིན་པ་དེ་བསྐྱེད་པར་བྱའོ་ཞེས་མངོན་ སུམ་དུ་ཐོས་མངོན་སུམ་དུ་བཟུང་ནས་བདག་འདི་སྙམ་དུ་རབ་ཏུ་རྣམ་པར་ཕྱེ་བའི་ཆོས་གཟུང་བ་མ་མཆིས་པ། ངའི་བ་མ་མཆིས་པ། ཡོངས་སུ་བཟུང་བ་མ་མཆིས་པ་རྣམས་ཀྱིས་ཆོས་ གང་མཆོག ། གཙོ་བོ། མཆོག་རབ། གྱ་ནོམ་པ། བླ་ན་མེད་པའི་ཆོས་དེ་ཡང་དག་པར་བསྒྲུབས་ཏེ་འཇུག་གོ་སྙམ་བགྱིད་དོ། །བཅོམ་ལྡན་འདས་བདག་འདི་སྙམ་དུ་ཐེག་པ་ཐམས་ ཅད་ཀྱི་ནང་ན་ནི་སངས་རྒྱས་ཀྱི་ཐེག་པ་བླ་ན་མེད་པར་གནས་པ་ལགས་ཏེ། དེ་བཞིན་གཤེགས་པའི་ཐེག་པ་ནི་ཐེག་པ་གང་ཇི་སྙེད་པ་དེ་དག་གི་མཆོག་ཏུ་བརྗོད་པ་ནས་བླ་ན་མེད་པའི་ བར་དུ་བརྗོད་པ་སྟེ། བཅོམ་ལྡན་འདས་བདག་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། སྐྱེ་བོའི་ཚོགས་ཆེན་པོ་དང་། 80-1-246b ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་བདེ་བའི་སླད་དུ་ང་སླན་ཆད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །ཇི་ལྟར་བྱང་ཆུབ་སེམས་དཔའི་ བསླབ་པ་བཅས་པ་ལ་ཡང་བསླབ་པར་བགྱིའོ་སྙམ་བགྱིད་དོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚོང་དཔོན་གྱི་བུ་མིས་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། མིས་བྱིན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཡིད་ཆེས་པར་དཀའ་བ། བསྒྲུབ་པར་དཀའ་བའོ། །གསོལ་བ་བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཡིད་ཆེས་པར་དཀའ་ཞིང་། བསྒྲུབ་པར་དཀའ་ལགས་ཀྱང་བཅོམ་ལྡན་འདས་དེ་དང་འཐུན་པར་བརྩོན་འགྲུས་བརྩམས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ བསྒྲུབ་པར་བགྱིའོ། །ཅི་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བགྱིའོ། །བཅོམ་ལྡན་འདས་གལ་ཏེ་སེམས་བསྐྱེད་པ་གང་གཱའི་ཀླུང་གི་བྱེ་མ་ སྙེད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ནུས་པར་གྱུར་ལ། སེམས་བསྐྱེད་པ་རེ་རེ་ཡང་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གྱུར་ལ་ བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལན་རེ་ཞིང་ཡང་མགོ་གང་གཱའི་བྱེ་མ་སྙེད་ཆད་པར་གྱུར་ཀྱང་དེ་ལྟར་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་མི་བཏང་ སྟེ། བཅོམ་ལྡན་འདས་བདག་ནི་རྣམ་གྲངས་འདིས། བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་སྤྲོ་ན། །གང་བདེ་བའི་ཡོ་བྱད་ཀྱིས་བྱང་ཆུབ་མངོན་པར་རྫོགས་པར་འཚང་། 80-1-247a རྒྱ་བར་ལྟ་སྨོས་ཀྱང་ཅི་འཚལ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཇི་ལྟར་བསྐལ་བ་བྱེ་བ་བརྒྱ་སྟོང་དུ་ཚིག་གིས་ཀྱང་ཁོང་དུ་ཆུད་ པར་སླ་བ་མ་ལགས་ཏེ་དེ་ལྟར་རྒྱ་ཆེ་བའོ། །སངས་རྒྱས་ཀྱི་ཆོས་འདི་དག་ཀྱང་དེ་ལྟར་རྒྱ་ཆེ་བའོ། །དེ་ལྟར་བསམ་གྱིས་མྱི་ཁྱབ་བོ། །དེ་ལྟར་མཚུངས་པ་མ་མཆིས་སོ། །དེ་ལྟར་དཔག་ཏུ་མ་མཆིས་སོ། །དེ་ལྟར་ གྲངས་མ་མཆིས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཁྱེན་པ་ཡང་དེ་ལྟར་ཆགས་པ་མ་མཆིས་སོ། །དེ་ནས་ཚོང་དཔོན་གྱི་བུ་མིས་བྱིན་གྱིས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། བསྐལ་པ་ བྱེ་བ་སྟོང་རྣམས་སུ། བདག་ནི་བྱང་ཆུབ་སེམས་སྐྱེད་ཅིང་། །སྡུག་བསྔལ་ཀུན་གྱིས་གཙེས་གྱུར་ཀྱང་། །སེམས་ཅན་རྣམས་ནི་མི་བཏང་ངོ་། །སེམས་བསྐྱེད་པ་ནི་ལན་རེ་ཞིང་། །མགོ་ཡི་ཕུང་པོ་རི་རབ་ཀྱི། །འཕང་ ཙམ་མཐོན་པོར་གྱུར་བ་དག ། ཐམས་ཅད་གཅོད་པར་སྤྲོ་བར་བགྱི། །སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །བྱང་ཆུབ་འདི་ལ་བདག་འཇུག་གོ། །དེ་བཞིན་གཤེགས་པ་ཁྱོད་ཅི་འདྲར། །དེ་འདྲ་ཁོ་ནར་གྱུར་བར་ཤོག ། ཐེག་པ་ཆུང་ངུ་ཐེག་པ་དམན། །ཉན་ཐོས་ཐེག་པ་སྤངས་ནས་ནི། །དེ་བཞིན་གཤེགས་པ་ཁྱོད་ཅི་འདྲར། །དེ་འདྲ་ཁོ་ནར་གྱུར་བར་ཤོག ། །ཐེག་པ་འདི་ནི་ཐེག་པ་ཆེ། །སངས་རྒྱས་རྣམས་ཀྱིས་མཆོག་ཅེས་བསྔགས། གཟུང་བར་འོས་པ་གཞན་མ་མཐོང་། །དེ་བས་བདག་ནི་བྱང་ཆུབ་མོས། །གནོད་པར་གྱུར་པ་རྣམས་ལ་སྐྱོབ། །ངན་འགྲོ་གསུམ་ལས་ཐར་པར་བགྱིད། །དེ་ཡི་ཕྱིར་ནི་སངས་རྒྱས་དག ། །དེ་བཞིན་གཤེགས་ པ་རྣམས་འབྱུང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་མིས་བྱིན་འདི་སྙམ་དུ་སེམས་ཏེ། བདག་གིས་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་འདི་ལྟ་བུ་དག་ཤེས་ལ་གང་བུ་དང་ཆུང་མ་དག་ཆོས་འདི་དག་ཡང་དག་པར་འཛིན་དུ་མ་བཅུག་ན། 80-1-247b འདི་ནི་བདག་གི་མི་ཆའོ་སྙམ་ནས་དེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་རིངས་ཤིང་མྱུར་བའི་གཟུགས་ཀྱིས་རང་གི་ཁྱིམ་ག་ལ་བ་དེར་སོང་སྟེ་ཆུང་མ་ བདུན་དང་། ཁྱེའུ་བདུན་དང་། བུ་མོ་བདུན་དང་། བྲན་ཕོ་བདུན་དང་། བྲན་མོ་བདུན་དང་ལྷན་ཅིག་ཏུ་རས་བཅོས་བུ་ཟུང་སྟོང་ཐོགས་ཏེ་རོལ་མོ་མཁན་ལྔ་བརྒྱ་ཙམ་དང་ལྷན་ཅིག་བཅོམ་ལྡན་འདས་ལ་བལྟ་བར་འདོད་པས་རིངས་ཤིང་ མྱུར་བའི་གཟུགས་ཀྱིས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་བ་དང་། རྒྱལ་པོའི་ཁབ་ཀྱི་མི་དང་མི་མ་ཡིན་པ་རབ་ཏུ་མང་པོ་དག་གིས་ཚོང་དཔོན་གྱི་བུ་མིས་བྱིན་གཡོག་དང་བཅས་ཏེ་རིངས་ཤིང་མྱུར་བའི་གཟུགས་ཀྱིས་ རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་བར་མཐོང་ངོ་། །མཐོང་ནས་འདི་སྐད་ཅེས་མིས་བྱིན་ཁྱོད་གཡོག་དང་བཅས་ཏེ། རིངས་ཤིང་མྱུར་བའི་གཟུགས་ཀྱིས་གར་ཆ་ཞེས་འཛེར་པ་དང་། སྨྲས་པ། སྐྱེས་བུ་ཁྱེད་ ཅིག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱ་རྒོད་ཀྱི་ཕུང་པོའི་རི་ལ་འཁོར་བརྒྱ་སྟོང་ཕྲག་དུ་མས་བསྐོར་ཏེ། མདུན་དུ་བདར་ནས་རྣམ་གྲངས་དུ་མས་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་དག་ ཡང་དག་པར་རབ་ཏུ་སྟོན་ཏེ། སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་དག་གིས་དོན་དང་། སངས་རྒྱས་ཀྱི་ཡེ་ཤེས་བསམ་གྱིས་མི་ཁྱབ་ཅིང་མཚུངས་པ་མེད་པ་ཡོངས་སུ་བསྒྲུབ་པའི་ཕྱིར་བདག་གཡོག་དང་བཅས་ཏེ་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ག་ལ་བ་དེར་སོང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགེ་བའི་རྩ་བ་སྐྱེད་པར་བྱེད་པ་མི་ཤེས་པ་སྟེ། གལ་ཏེ་ཁྱེད་སངས་རྒྱས་ཀྱི་ ཆོས་རྒྱ་ཆེན་པོ་དག་ཡོངས་སུ་བསྒྲུབ་པར་འདོད་ན་ཚུར་ཤོག་འདོང་ངོ་། །བཅོམ་ལྡན་འདས་དེའི་གན་དུ་འདོང་སྟེ། སངས་རྒྱས་ཀྱི་ཆོས་རྒྱ་ཆེ་བ་རྒྱ་ཆེ་བ་དག་གི་དོན་གྱི་ཕྱིར་དགེ་བའི་རྩ་བ་སྐྱེད་པར་བྱའོ། །དེ་ལྟར་རྒྱལ་ 80-1-248a པོའི་ཁབ་ཀྱི་མི་རྣམས་མིས་བྱིན་གྱི་ཚིག་དེ་ཐོས་ནས་སྲོག་ཆགས་ཁྲི་ཕྱི་བཞིན་དུ་འབྲང་བར་གྱུར་ཏོ། །དེ་ནས་ཚོང་དཔོན་གྱི་བུ་མིས་བྱིན་ཆུང་མ་བདུན་དང་། ཁྱེའུ་བདུན་དང་། བུ་མོ་བདུན་དང་། བྲན་ཕོ་བདུན་དང་། བྲན་མོ་བདུན་དང་ལྷན་ཅིག་ཏུ་རས་བཅོས་པུ་ཟུང་སྟོང་ཐོགས་ནས་སྲོག་ཆགས་སྟོང་ཕྲག་བཅུ་པོ་དེ་དག་དང་། རོལ་མོ་མཁན་ལྔ་བརྒྱ་ཙམ་པོ་དེ་དག་དང་ལྷན་ཅིག་ཏུ་མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་གདུགས་དང་། རྒྱལ་མཚན་དང་། བ་དན་དང་རྔ་དང་། རོལ་མོའི་སིལ་སྙན་དཀྲོལ་ཏེ། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་རས་བཅོས་པུ་ཟུང་སྟོང་ པོ་དེ་དག་བཅོམ་ལྡན་འདས་ཀྱི་སྐུ་ལ་གསོལ་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སེམས་ཅན་དམ་པ་མི་མཆོག་གང་ལགས་པ། བྱང་ཆུབ་མཆོག་ཏུ་རྣམ་པར་དག་པར་སྤྱོད། །མཐའ་ཡས་གཟིགས་པ་ རྐང་གཉིས་རྣམས་ཀྱི་མཆོག །དེ་ལ་དེ་རིང་བདག་ནི་མཆོད་པར་བགྱི། །བུ་དང་བྲན་བཅས་ཉེ་དུའི་ཚོགས་དང་བཅས། །སྲོག་ཆགས་རྣམས་ལ་ཕན་ཕྱིར་བྱང་ཆུབ་ཚོལ། །སྲོག་ཆགས་སྟོང་པོ་འདི་དང་ལྷན་ཅིག་ཏུ། །སངས་རྒྱས་ དང་ནི་ཚོགས་ལ་སྐྱབས་སུ་མཆི། །དེ་ནས་ཚོང་དཔོན་གྱི་བུ་མིས་བྱིན་གྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དེ་དག་གིས་མངོན་པར་བསྟོད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ ཅན་ཇི་སྙེད་དག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ཀྱི་གན་དུ་མཆིས་པ་དེ་དག་ཐམས་ཅད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་ཤ་སྟགས་ལགས་ན། བཅོམ་ལྡན་འདས་ཀྱིས་ཅི་ནས་ཀྱང་ སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་མི་འགྱུར་བ་དང་། བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ལས་དགེ་བའི་རྩ་བ་བསྐྲུན་པ་གང་ལགས་པ་དགེ་བའི་རྩ་བ་འདིས་བདག་ 80-1-248b བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་ལྟར་དེ་དག་ལ་ཆོས་བསྟན་དུ་གསོལ། འདི་ལྟ་སྟེ་ད་ལྟར་བཅོམ་ལྡན་འདས་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་ཆོས་འདི་དག་ཐོབ་པར་ གྱུར་ཅིག །དེ་ནས་ཚོང་དཔོན་གྱི་བུ་མིས་བྱིན་དང་། སྐྱེ་དགུའི་བདག་མོ་བདུན་པོ་དེ་དག་དང་། ཁྱེའུ་བདུན་དང་། བུ་མོ་བདུན་དང་། བྲན་ཕོ་བདུན་དང་། བྲན་མོ་བདུན་དང་། སྲོག་ཆགས་ཁྲི་བོ་དེ་དག་དང་རོལ་མོ་མཁན་ལྔ་བརྒྱ་པོ་དེ་དག་ གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་སངས་རྒྱས་དང་། ཆོས་དང་དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆིའོ། །བཅོལ་ལྡན་འདས་བདག་ཅག་དགེ་བསྙེན་དུ་གཟུང་དུ་གསོལ། །དེང་ ནས་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤོང་ངོ་། །སྐྱབས་སུ་མཆིས་སོ། །མངོན་པར་དད་དོ། །བཅོམ་ལྡན་འདས་བདག་ཅག་དེང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། ། འདི་ལྟ་སྟེ་ད་ལྟར་ཡང་དག་པར་རྫོགས་པའི་སངས་རྒྱས་ཁྱོད་བཞིན་དུ་བདག་ཅག་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ལ་ཆོས་བསྟན་པར་བགྱིའོ། ། འདི་ལྟ་སྟེ། ད་ལྟར་བཅོམ་ལྡན་འདས་ཚོགས་ལ་གདམས་ངག་མཛད་པ་དེ་བཞིན་དུ་ཚོགས་ལ་གདམས་པར་བགྱིའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ད་ལྟར་བཅོམ་ལྡན་འདས་སེམས་ཅན་སྡུག་བསྔལ་གྱིས་ཉེན་པ་རྣམས། ཐར་པར་མཛད་པ་དེ་བཞིན་དུ་བདག་ཅག་ཀྱང་སེམས་ཅན་སྡུག་བསྔལ་གྱིས་ཉེན་པ་རྣམས་ཐར་པར་བགྱིའོ། །དེ་ནས་རོལ་མོ་མཁན་ལྔ་བརྒྱ་པོ་དེ་དག་གིས་སིལ་སྙན་གྱི་སྒྲ་ཆེན་པོས་བཅོམ་ལྡན་འདས་ལ་ལན་གསུམ་སྐོར་ བ་བྱེད་དོ། །སྲོག་ཆགས་ཁྲི་བོ་དེ་དག་དང་། ཚོང་དཔོན་གྱི་བུ་མིས་བྱིན་ཆུང་མ་བདུན་དང་། ཁྱེའུ་བདུན་དང་། བུ་མོ་བདུན་དང་། བྲན་ཕོ་བདུན་དང་། བྲན་མོ་བདུན་དང་། གཡོག་ཐམས་ཅད་དང་། རོལ་མོ་ 80-1-249a མཁན་ལྔ་བརྒྱ་པོ་དེ་དག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ལ་ལན་གསུམ་སྐོར་བ་བྱེད་དོ། །དེ་ནས་བཅོམ་ལྡན་འདས་སེམས་ཅན་དེ་དག་ལ་ཐུགས་བརྩེ་བའི་སླད་དུ་སྟེང་གི་བར་སྣང་ལ་སྐྱིལ་མོ་ དཀྲུང་བཅས་ཏེ་བཞུགས་སོ། །དེ་ནས་རོལ་མོ་མཁན་ལྔ་བརྒྱ་པོ་དེ་དག་གིས་བཅོམ་ལྡན་འདས་སྟེང་གི་བར་སྣང་ལ་སྐྱིལ་མོ་དཀྲུང་བཅས་ཏེ་བཞུགས་པ་མཐོང་ངོ་། །མཐོང་ནས་ཀྱང་དད་པ་སྐྱེས་ནས་ སངས་རྒྱས་ཀྱི་མཐུས་རོལ་མོའི་ཆ་སྤྱད་དེ་དག་ཐམས་ཅད་བོར་བ་དང་། སངས་རྒྱས་ཀྱི་མཐུས་དེ་དག་མ་བཟུང་བར་སྟེང་གི་བར་སྣང་ལ་གནས་ཤིང་སྒྲ་འབྱིན་ཏེ། སྒྲ་འབྱིན་བཞིན་དུ་དེ་བཞིན་གཤེགས་པ་བར་སྣང་ལ་ བཞུགས་པ་ལ་ལན་གསུམ་བསྐོར་བ་བྱེད་དོ། །དེ་ནས་ཚོང་དཔོན་གྱི་བུ་མིས་བྱིན་གཡོག་དང་བཅས་པ་དང་། རོལ་མོ་མཁན་ལྔ་བརྒྱ་ཙམ་པོ་དེ་དག་དང་། སྲོག་ཆགས་ཁྲི་པོ་དེ་དག་གིས་བཅོམ་ལྡན་འདས་ ཀྱི་རྫུ་འཕྲུལ་དང་། ཆོ་འཕྲུལ་འདི་མཐོང་ནས་དགའ་མགུ་ཡི་རངས་ཏེ་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་ཐམས་ཅད་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །སྟེང་གི་བར་སྣང་ལ་དཔག་ཚད་གཅིག་ ཁོར་ཡུག་ཏུ་ཡང་སིལ་སྙན་སྟོང་ཕྲག་དུ་མས་ཡོངས་སུ་མ་བཟུང་བ་དག་གིས་ཁྱབ་པར་གྱུར་ཏེ། དཔེར་ན་སྦྲང་རྩིའི་ཚང་བཞིན་དུ་སྟེང་གི་བར་སྣང་ལ་རྔ་དང་རོལ་མོ་སིལ་སྙན་གྱི་སྒྲ་བྱུང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་མིས་བྱིན་ གཡོག་དང་བཅས་པ་དང་། རོལ་མོ་མཁན་ལྔ་བརྒྱ་ཙམ་པོ་དེ་དག་དང་། སྲོག་ཆགས་ཁྲི་བོ་དེ་དག་དང་། ཆོས་ཉན་དུ་སྔར་ལྷགས་པ་ལས་སྲོག་ཆགས་དྲུག་སྟོང་ཙམ་ཞིག་དང་། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུ་པོ་དེ་དག་ ཐམས་ཅད་སངས་རྒྱས་ཀྱི་མཐུས་སྟེང་གི་བར་སྣང་ལ་མངོན་པར་འཕགས་པ་དང་། སངས་རྒྱས་ཀྱི་མཐུས་སྟེང་གིས་བར་སྣང་ལ་ཁང་པ་བརྩེགས་པ་ལྔ་ལྔ་བྱུང་ངོ་། །རོལ་མོ་མཁན་གྱི་ཁང་པ་བརྩེགས་པ་བཞིས་ 80-1-249b མདུན་གྱིས་བལྟས་པའི་རོལ་མོ་མཁན་གྱི་ཁང་པ་བརྩེགས་པ་ཐམས་ཅད་ན་ཆོས་སྟོན་ཏོ། །བར་སྣང་ལ་གནས་པའི་ལྷ་སྟོང་ཕྲག་བྱེ་བ་དུ་མ་དག་གིས་ཀྱང་ལྷའི་མེ་ཏོག་མན་དཱ་ར་བ་དག་གཏོར་ཏོ། །མེ་ཏོག་དེ་དག་ཀྱང་སངས་རྒྱས་ ཀྱི་མཐུས་སྟེང་གི་བར་སྣང་ལ་ཁང་པ་བརྩེགས་པ་བརྒྱད་བཅུར་གྱུར་ཏོ། །དེ་ནས་སྐྱེ་བོའི་ཚོགས་ཆེན་པོ་སྟེང་གི་བར་སྣང་ལ་གནས་པས་རྫུ་འཕྲུལ་གྱི་མཐུ་ཆེན་པོ་འདི་མཐོང་ནས་བཅོམ་ལྡན་འདས་ལ་དགའ་བ་དང་། དད་པ་དང་། གུས་པ་དང་། ཞེ་ས་ཆེར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་བོའི་ཚོགས་ཆེན་པོའི་དད་པ་མཁྱེན། ཚོང་དཔོན་གྱི་བུ་མིས་བྱིན་དང་། སྐྱེ་བོའི་ཚོགས་ཆེན་པོ་དེའི་ལྷག་པའི་བསམ་པ་མཁྱེན་ནས་དེའི་ཚེ་འཛུམ་ པ་མཛད་དེ། དབུའི་གཙུག་ཏུ་མི་སྣང་བར་གྱུར་ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་རོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་འཛུམ་པ་མཛད་པ་མཐོང་ནས་ཆོས་གོས་ཕྲག་པ་གཅིག་ཏུ་གཟར་ ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་དག་ནི་རྒྱུ་མ་མཆིས། རྐྱེན་མ་མཆིས་པར་འཛུམ་པ་ མི་མཛད་ན་འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཚོང་དཔོན་གྱི་བུ་ མིས་བྱིན་འདིས་ཆུང་མ་བདུན་དང་། ཁྱེའུ་བདུན་དང་། བུ་མོ་བདུན་དང་། བྲན་ཕོ་བདུན་དང་། བྲན་མོ་བདུན་གྱིས་ང་ལ་མཆོད་པ་བྱས་ཏེ། བསྐལ་པ་བྱེ་བ་ཕྲག་སྟོང་དུ་ལོག་པར་ལྟུང་བར་མི་འགྲོ་སྟེ། ལྷ་དང་མི་རྣམས་ ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་བསྐལ་པ་བྱེ་བ་སྟོང་ཕྲག་བརྒྱ་འདས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེད་དཔོན་ཞེས་བྱ་བ་མཉེས་པར་བྱེད་པར་འགྱུར་རོ། ། 80-1-250a མཉེས་པར་བྱས་ནས་སྟི་སྟང་དུ་བྱེད་པར་འགྱུར། བླ་མར་བྱེད་པར་འགྱུར། རིམ་གྲོར་བྱེད་པར་འགྱུར། མཆོད་པར་བྱེད་པར་འགྱུར་ཏེ། དེའི་འོག་ཏུ་བསྐལ་པ་ཉི་ཤུར་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་རོ། །ཀུན་ དགའ་བོ་དེ་ལ་ཚོང་དཔོན་གྱི་བུ་མིས་བྱིན་གྱི་ཆུང་མ་བདུན་དང་། བུ་མོ་བདུན་དང་། བྲན་མོ་བདུན་གང་ཡིན་པ་དག་ནི་འདི་ནས་ཤི་འཕོས་ནས་བུད་མེད་ཀྱི་ལུས་ལས་བསྒྱུར་ཏེ། སྐྱེས་པའི་ལུས་ཐོབ་ནས་བྱང་ཆུབ་སེམས་ དཔའ་མིས་བྱིན་དང་ལྷན་ཅིག་ཏུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་འགྱུར་རོ། །དེ་དག་བསྐལ་པ་གཅིག་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། ཀུན་ དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མིས་བྱིན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེམས་སྙོམས་ཤེས་བྱ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་མིས་བྱིན་གྱི་ ཞབས་འབྲིང་བ་གང་ཡིན་པ་ཐམས་ཅད་ནི་དེ་བཞིན་གཤེགས་པ་མིང་ཐ་དད་པར་འགྱུར་རོ། །རོལ་མོ་མཁན་ལྔ་བརྒྱ་པོ་གང་ཡིན་པ་དེ་དག་ནི་བསྐལ་པ་གྲངས་མེད་པར་ལོག་པར་ལྟུང་བར་མི་འགྲོ་སྟེ། འཁོར་ལོས་སྒྱུར་བའི་ རྒྱལ་པོ་བྱེ་བ་ཕྲག་སྟོང་བྱེད་པར་བགྲང་བས་སྨྲ་སྟེ། བར་སྐབས་དེར་སངས་རྒྱས་སྟོང་ཕྲག་བཅུ་མཉེས་པར་བྱས་ནས་སྟི་སྟང་དུ་བྱེད་པར་འགྱུར། བླ་མར་བྱེད་པར་འགྱུར། རི་མོར་བྱེད་པར་འགྱུར། མཆོད་པ་བྱེད་པར་འགྱུར་རོ། ། ཐམས་ཅད་ཀྱང་བསྐལ་པ་གཅིག་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབྱངས་འཇམ་ཞེས་ བྱ་བར་ཐམས་ཅད་མིང་འཐུན་པར་འགྱུར་རོ། །སྲོག་ཆགས་ཁྲི་བོ་དེ་དག་ལས་སྲོག་ཆགས་བཞི་བརྒྱ་ནི་དེ་བཞིན་གཤེགས་པ་བྱམས་པ་མཉེས་པ་བྱས་ནས་དེའི་ཚེ་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་རོ། །ལྷག་མ་རྣམས་ནི་ 80-1-250b བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ལོག་པར་ལྟུང་བར་མི་འགྲོ་སྟེ། ཚུལ་འདིས་སངས་རྒྱས་བྱེ་བ་ཕྲག་སྟོང་མཉེས་པར་བྱས་ནས་སྟི་སྟང་དུ་བྱེད་པར་འགྱུར། བླ་མར་བྱེད་པར་འགྱུར་རི་མོར་བྱེད་པར་འགྱུར། མཆོད་པ་བྱེད་པར་ འགྱུར་རོ། །ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངོ་མཚར་ཞེས་ བྱ་བར་ཐམས་ཅད་ཀྱང་མིང་འཐུན་པར་འགྱུར་རོ། །སྲོག་ཆགས་དྲུག་སྟོང་པོ་དེ་དག་ལས་སྲོག་ཆགས་སྟོང་ནི་ང་ཡོངས་སུ་མྱ་ངན་ལས་འདས་ཏེ། དམ་པའི་ཆོས་ནུབ་ནས་མཚོན་གྱི་བསྐལ་པ་བར་མ་ནི་འདས་དེ་བཞིན་ གཤེགས་པ་བྱམས་པ་ནི་མ་བྱུང་པའི་དུས་ན་དེར་སེམས་ཅན་རྣམས་ཀྱི་ཚེ་འཕེལ་བར་འགྱུར་བའི་དུས་དེ་ན་རང་སངས་རྒྱས་བརྒྱད་ཁྲི་འབྱུང་བར་འགྱུར་ཏེ། སྲོག་ཆགས་སྟོང་པོ་དེ་དག་གིས་རང་སངས་རྒྱས་དེ་དག་ཐམས་ཅད་མཉེས་པར་ བྱས་ནས་སྟི་སྟང་དུ་བྱེད་པར་འགྱུར། བླ་མར་བྱེད་པ་འགྱུར། རི་མོར་བྱེད་པར་འགྱུར། མཆོད་པར་བྱེད་པར་འགྱུར་རོ། །གང་ཟག་གི་མཆོག་བྱམས་པ་དེ་ཡང་མཉེས་པར་བྱས་ནས་སྟི་སྟང་དུ་བྱེད་པར་འགྱུར། བླ་མར་བྱེད་པར་ འགྱུར། རི་མོར་བྱེད་པར་འགྱུར། མཆོད་པར་བྱེད་པར་འགྱུར་རོ། །དེའི་འོག་ཏུ་བསྐལ་པ་བྱེ་བ་ཁྲག་ཁྲིག་ཕྲག་ཉི་ཤུར་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་རོ། །དེ་ནས་ལུས་ཀྱི་ཐ་མ་བདག་གི་ལུས་ཀྱི་ཐ་མ་ཐོབ་ནས་ དགེ་བའི་རྩ་བ་རྣམས་ཀྱིས་བསྐུལ་ཏེ། དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས། རང་བྱང་ཆུབ་མངོན་སུམ་དུ་བྱེད་པར་འགྱུར་རོ། །སྲོག་ཆགས་ཁྲི་པོ་ལས་སྲོག་ཆགས་མཐོང་བ་སྐྱེས་པ་སྟོང་གིས་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ལྷའི་བུ་ཁྲི་ཕྲག་དྲུག་བཅུ་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་དང་བྲལ་ཞིང་དྲི་མ་མེད་པར་སྐྱེས་སོ། །ཀུན་དགའ་བོ་བྱིས་པ་རྣམས་མ་གཏོགས་པར་ 80-1-251a དེ་བཞིན་གཤེགས་པ་རྣམས་ལ་སུ་ཞིག་དགའ་བ་དང་དད་པ་དང་གུས་པ་དང་ཞེ་ས་སྐྱེད་པར་མི་བྱེད། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དགེ་བའི་རྩ་བ་ཆུང་ངུས་འདི་ལྟ་བུའི་ཆེ་བ་ཉིད་ཐོབ་ཅིང་མྱ་ངན་ལས་འདས་ བ་ལ་ཡང་རེག་གོ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །སངས་རྒྱས་ལ་ནི་གུས་བྱས་ནས། འདི་འདྲ་བ་ཡི་དཔའ་འཐོབ་སྟེ། །དེ་ཕྱིར་གང་ལ་བྱིན་ན་ནི། འབྲས་བུ་ཆེ་བའི་སྟོན་ལ་ མཆོད། །གང་ཡང་བཞུགས་ལ་མཆོད་པ་དང་། །གང་ཡང་མྱ་ངན་འདས་པ་ཡི། །རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་པ། །དེ་བཞིན་གཤེགས་པར་འགྱུར་བར་མཐོང་། །གང་ཡང་བཞུགས་ལ་མཆོད་པ་དང་། །གང་ ཡང་མྱ་ངན་འདས་པ་ཡི། །རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་པ། །སེམས་ཀྱང་མཉམ་ལ་འབྲས་བུ་མཉམ། །མཉམ་པའི་སེམས་སུ་བྱས་ནས་ནི། །གང་ཟག་མཆོག་ལ་མཆོད་བྱེད་པ། །དེ་ཡི་རྣམ་པར་སྨིན་པ་མཉམ། ། མཚུངས་པར་བྱང་ཆུབ་འཚང་ཡང་རྒྱ། །བདེ་བར་གཤེགས་པའི་ལམ་བཟུང་སྟེ། །ངན་པར་འགྲོ་བའི་ལམ་ཡང་བཅད། །མྱ་ངན་འདས་པར་འགྲོ་བའི་ལམ། །དེ་ཡང་དེ་ལ་མི་དཀོན་ནོ། །སངས་རྒྱས་ཚུལ་ཁྲིམས་དམ་པ་དང་། སངས་རྒྱས་ཏིང་ངེ་འཛིན་མཆོག་གིས། །དེ་ཕྱིར་མཆོག་ལ་དད་བྱས་ནས། །དེ་བཞིན་གཤེགས་པ་མཆོག་ཏུ་འགྱུར། །མཆོད་པར་དམ་པ་བྱས་ནས་ནི། །མྱུར་དུ་མཆོག་ཏུ་འགྱུར་བ་ཡིན། །ཆོས་ཀྱི་དམ་པ་སྟོན་མཛད་པ། ། རྫོགས་པའི་སངས་རྒྱས་མཆོག་ཏུ་འགྱུར། །མི་གང་མཁས་པ་སངས་རྒྱས་ཀྱི། །ཆོས་ལ་སྟེན་པར་འདོད་པ་དེ། །འདུན་པ་དྲག་པོ་བསྐྱེད་པར་བྱ། །མང་དུ་ཐོས་ནས་ཚུལ་བཞིན་ནོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ དང་། །ཚངས་པ་དབང་བྱེད་གྱུར་ནས་ན། །ཡོན་ཏན་མང་པོའི་འབྱུང་གནས་དང་། །མྱ་ངན་འདས་པར་ངེས་པར་འགྱུར། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ་ཤཱ་རིའི་བུ་དེ་བས་ན་རིགས་ 80-1-251b ཀྱི་བུ་འམ། རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དག་གིས། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ ཆོས་ཀྱི་རྣམ་གྲངས་འདི་ལ་འདུན་པ་དྲག་པོ་བསྐྱེད་དེ་ཤིན་དུ་མཉན་པར་བྱ། བླང་བར་བྱ། གཟུང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱ་གཞན་དག་ལ་བརྗོད་པར་བྱ་གཞན་དག་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་ བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཤིན་ཏུ་མཉན་ཏམ། བླངས་སམ། བཟུང་ངམ། ཀུན་ཆུབ་པར་བྱས་སམ། གཞན་དག་ལ་བརྗོད་དམ། གཞན་དག་ལ་ རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ན། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་བཅད་པར་བྱ་བའི་ཕྱིར་ཞུགས་པ་ཡིན་ནོ། །ཚད་མེད་པ་བཞི་དང་མི་འབྲལ་བ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྩོན་པ་ཡིན་ནོ། ། བསྡུ་བའི་དངོས་པོ་བཞིས་སེམས་ཅན་རྣམས་སྡུད་པར་བརྩོན་པ་ཡིན་ནོ། །ཤཱ་རིའི་བུ་གང་འདི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ནི་བྱང་ཆུབ་ཀྱི་ལམ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་དང་འབྲེལ་ཏོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནོར་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ ཆོས་ཀྱི་རྣམ་གྲངས་ཀྱི་ནང་དུ་བཅུག་གོ། །ཤཱ་རིའི་བུ་ངས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ལ་བསླབས་ནས་ཡང་དག་པར་ཆད་པ་རྗེས་སུ་ཐོབ་བོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཡང་རྗེས་སུ་ཐོབ་པོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་གང་ཞེ་ན། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕ་རོལ་ཏུ་སོན་པའོ། །དེ་བཞིན་གཤེགས་པ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ 80-1-252a ལ་དེས་པར་བྱས་པ། དེ་བཞིན་གཤེགས་པ་མཛད་པ་རྒྱུན་མ་བཅད་པ། རྣམ་པ་ཐམས་ཅད་ཀྱིས་ཚད་མེད་པ་རྗེས་སུ་ཐོབ་པ། དེ་བཞིན་གཤེགས་པས་དཔག་ཏུ་མེད་པ་རྗེས་སུ་ཐོབ་པ། ཕ་རོལ་ཏུ་ཕྱིན་པ་ ཐམས་ཅད་རྗེས་སུ་ཐོབ་པ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་ཤིན་དུ་གནས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ལས་ཀྱི་ལས་དང་རྣམ་སྨིན་གྱིས། རྣམ་པར་ སྨིན་པ་ཤེས་པར་བྱ། །ལས་སྨིན་རྣམ་སྨིན་མ་ཡིན་གང་། །དེ་བདེ་དེ་ནི་མྱ་ངན་འདས། །གང་ལས་ཤེས་པ་མེད་པ་ཡི། །འདུས་བྱས་ཐམས་ཅད་སྡུག་བསྔལ་ཏེ། །དེ་ཕྱིར་ཤེས་པ་བསྐྱེད་པས་ནི། འདུས་བྱས་ཀུན་ལས་ རྣམ་པར་གྲོལ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། དགེ་སློང་དེ་དག་དང་། ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ལེའུ་ཞེས་བྱ་བ་སྟེ། བཅུ་གཉིས་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨ་ཙཱརྱ་སུ་རེན་དྲ་དང་། ཤཱི་ལེན་དྲ་དང་། ཨ་ཙརྱ་དྷརྨ་ཏཱ་ཤཱི་ལས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱི་ཀྱང་བཅོས་ནས་གཏན་ལ་ཕབ་པ།། །།འཕགས་པ་དཀོན་མཆོག་ བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཅུ་གསུམ་པ་སྟེ། ཚེ་དང་ལྡན་པ་དགའ་བོ་ལ་མངལ་ན་གནས་པ་བསྟན་པ། བམ་པོ་དང་པོ། རྒྱ་གར་སྐད་དུ། ཨཱརྱ་ནནྡཾ་གརྦྷྰ་བ་ཀྲཱནྟི་ནིར་ དེ་ཤ །བོད་སྐད་དུ། འཕགས་པ་དགའ་བོ་ལ་མངལ་ན་གནས་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་ 80-1-252b གཅིག་ན། བཅོམ་ལྡན་འདས་གྲོང་ཁྱེར་སེར་སྐྱ་ན་ཤིང་ནྱ་གྲོ་དྷཱའི་ཀུན་དགའ་ར་བ་ན་དགེ་སློང་གི་དགེ་འདུན་ཚད་མེད་པ་རྣམས་དང་ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་ན་བཅོམ་ལྡན་འདས་ཀྱི་གཅུང་དགའ་བོ་ཞེས་བྱ་བ་དེའི་ ལུས་གསེར་གྱི་ཁ་དོག་ཅན་མཚན་སུམ་བཅུ་དང་ལྡན་ཞིང་ཚད་བཅོམ་ལྡན་འདས་ལས་སོར་བཞིས་ཐུང་པ་ཞིག་ཡོད་དེ་དེའི་ཆུང་མ་སུན་ད་རི་ཀ་ཞེས་བྱ་བ་བཟང་མོ་བལྟ་ན་སྡུག་པ། བྱད་བཞིན་མཛེས་ཤིང་འཇིག་རྟེན་ན་དཀོན་པ་ ཁ་དོག་ཁྱད་པར་དུ་འཕགས་ཤིང་མང་པོ་ཀུན་ཀྱིས་བལྟ་བར་འདོད་པ་ཞིག་ཡོད་པས་དགའ་བོ་དེ་ལ་ཆགས་ཤིང་ཞེན་པར་གྱུར་པས་སྐད་ཅིག་ཙམ་དུ་ཡང་མི་འབྲལ་ཞིང་འདོད་པའི་སེམས་ཀྱིས་ཤིན་དུ་ཆགས་པར་གྱུར་ཏེ། སྲོག་ གིས་འཇལ་བར་བྱེད་པས། བཅོམ་ལྡན་འདས་ཀྱིས་དེ་གདུལ་བའི་དུས་ལ་བབ་པར་མཁྱེན་པས་སྔ་དྲོའི་དུས་ཀྱི་ཚེ་ན་བཟའ་བནབས་ཏེ། ལྷུང་བཟེད་བསྣམས་ནས་ཞབས་འབྲིང་བ་ཚེ་དང་ལྡན་པ་ཀུན་དགའ་བོ་དང་གྲོང་ཁྱེར་དུ་ བསོད་སྙོམས་ལ་གཤེགས་ཏེ། མཐར་གྱིས་དགའ་བོའི་ཁྱིམ་གང་ན་བ་དེར་གཤེགས་ནས་དེའི་སྒོར་གཤེགས་ཏེ་བཞུགས་སོ། །དེ་ནས་ཐུགས་རྗེ་ཆེན་པོའི་མཐུས་འོད་ཟེར་གསེར་གྱི་ཁ་དོག་ལྟ་བུ་བཏང་བས་དགའ་བོའི་ཁྱིམ་ ནང་ཀུན་ཏུ་གསེར་བཙོ་མ་ལྟ་བུའི་ཁ་དོག་ཏུ་གྱུར་བ་དང་། དེའི་ཚེ་དགའ་བོ་འདི་སྙམ་དུ་འོད་ཟེར་ཀུན་དུ་སྣང་བར་གྱུར་བས་གདོན་མི་ཟ་བར་འདི་ནི་དེ་བཞིན་གཤེགས་པ་ཡིན་ནོ། །སྙམ་དུ་བསམས་ནས་མི་ཞིག་མངགས་ཏེ། ཀྱེ་སོང་ ལ་སུ་ཡིན་བལྟོས་ཤིག་ཅེས་བསྒོ་བ་དང་། དེས་ཀྱང་བཅོམ་ལྡན་འདས་མཐོང་ནས་མྱུར་ཞིང་རིངས་པས་སླར་ལོག་ནས་དགའ་བོ་ལ་བཅོམ་ལྡན་འདས་སྒོ་ན་བཞུགས་སོ་ཞེས་སྨྲས་སོ། །དེས་དེ་སྐད་སྨྲས་པ་ཐོས་ནས་མྱུར་དུ་ ཕྱིར་བྱུང་སྟེ། བཅོམ་ལྡན་འདས་བསུ་སྟེ། ཕྱག་བྱ་བར་བྱས་པ་ལས་དེའི་ཚེ་སུན་ད་རི་ཀ་འདི་སྙམ་དུ་བདག་གིས། གལ་ཏེ་འདི་བཏང་བར་གྱུར་ན་བཅོམ་ལྡན་འདས་ཀྱིས་གདོན་མི་ཟ་བར་རབ་ཏུ་བྱུང་བར་འགྱུར་རོ། །སྙམ་དུ་བསམས་ 80-1-253a ནས་གོས་ཀྱི་མཐའ་ནས་བཟུང་སྟེ་མ་བཏང་བ་དང་། དགའ་བོས་སྨྲས་པ། དེང་རེ་ཤིག་ཐོང་ཤིག་དང་། བཅོམ་ལྡན་འདས་ལ་ཕྱག་བྱས་ནས་བདག་སླར་འོང་ངོ་། །སུན་ད་རི་ཀས་སྨྲས་པ། བདག་ཅག་ དམ་བཅས་ནས་གདོད་དེ་བཞིན་གཏང་ངོ་། །ཞེས་དེའི་འཕྲལ་བ་ལ་ཐིག་ལེ་གཤེར་བའི་མཚན་མ་བཏབ་ནས་འདི་སྐད་དུ་ཐིག་ལེ་འདི་མ་སྐམས་པར་སླར་གཤེགས་སུ་གསོལ། །གལ་ཏེ་ཐོགས་པར་གྱུར་ན་གསེར་གྱི་ཀཱར་ཤཱ་པ་ཎ་ལྔ་བརྒྱས་ ཆད་པས་གཅད་དོ་ཞེས་སྨྲས་པ་དང་། དགའ་བོས་ཀྱང་དེ་བཞིན་དུ་བྱའོ། །ཞེས་སྒོར་བྱུང་ནས་བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་བྱས་ཏེ་དེ་བཞིན་གཤེགས་པའི་ལྷུང་བཟེད་བླངས་ནས་སླར་ཁྱིམ་དུ་ཞུགས་ ཏེ། བཟའ་བ་དང་བཅའ་བ་བསོད་པ་དག་གིས་ལྷུང་བཟེད་བཀང་ནས་སླར་སྒོར་བྱུང་བ་དང་། བཅོམ་ལྡན་འདས་སླར་གཤེགས་པས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བྱིན་པ་དང་། བཅོམ་ལྡན་འདས་ཀྱིས་ལྷུང་བཟེད་མ་ལེན་ཅིག་ པར་མཚན་མ་བསྟན་ཏོ། །དེ་བཞིན་གཤེགས་པ་སྟོན་པ་ཆེན་པོ་ཤིན་ཏུ་གཟི་བྱིན་ཆེ་བས་བཞེས་སུ་གསོལ་ཞེས་གསོལ་བའི་ཐུགས་ཀྱང་མ་ཐུབ་ནས་ཡང་དགའ་བོ་ལ་བྱིན་པ་དང་། ཀུན་དགའ་བོས་སྨྲས་པ། ཁྱོད་ ཀྱིས་ལྷུང་བཟེད་འདི་སུ་ལས་བླངས་སྨྲས་པ། བཅོམ་ལྡན་འདས་ལས་བླངས་སོ། ཀུན་དགའ་བོས་སྨྲས་པ། འོ་ན་བཅོམ་ལྡན་འདས་ལ་ཕུལ་ཅིག །དེས་སྨྲས་པ་བདག་སྟོན་པ་ཆེན་པོ་ལ་གསོལ་པའི་ཐུགས་མི་ཐུབ་ པོ་ཞེས་ཅང་མི་སྨྲ་བར་ཞབས་འབྲིང་དུ་སོང་ངོ་། །བཅོམ་ལྡན་འདས་སླར་གཙུག་ལག་ཁང་དུ་གཤེགས་ནས་ཕྱག་བཅབས། ཞབས་བསིལ་ཏེ་གདན་ལ་བཞུགས་པ་དང་། དགའ་བོས་ལྷུང་བཟེད་ཐོགས་པ་དེ་བཅོམ་ལྡན་འདས་ ལ་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་ཟས་ཀྱི་བྱ་བ་མཛད་ནས་དགའ་བོ་ལ་བཀའ་སྩལ་པ། ཁྱོད་ངའི་ལྷུང་བཟེད་ཀྱི་ལྷག་མ་ཟ་འམ། བདག་འཚལ་ལོ་ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཀྱང་དེ་ལ་བྱིན་ནོ། ། 80-1-253b དགའ་བོས་ཟོས་ཟིན་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཅི་ཁྱོད་རབ་ཏུ་འབྱུང་ངམ། དེས་ཀྱང་རབ་ཏུ་འབྱུང་ངོ་ཞེས་གསོལ་ཏེ། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡབ་ཡུམ་ དང་། མཁན་པོ་དང་། སློབ་དཔོན་དང་། བླ་མའི་གནས་གཞན་རྣམས་ཀྱིས་རྗེས་སུ་བསྟན་པ་དག་དང་ནམ་ཡང་འགལ་བར་མ་མཛད་པའི་ཕྱིར་ད་ལྟར་གང་ཡང་བཀའ་ལས་འགལ་བར་མི་བྱེད་པ་བརྙེས་པར་གྱུར་བ་ཡིན་ནོ། །དེ་ནས་ བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཁྱོད་ཀྱི་དགའ་བོའི་སྐྲ་དང་ཁ་སྤུ་བྲེགས་ཤིག་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་དེ་བཞིན་དུ་འཚལ་ལོ་ཞེས་འབྲེག་མཁན་བཙལ་ནས། དེའི་སྐྲ་བྲེགས་པར་ བརྩམས་པ་དང་། དགའ་བོས་འབྲེག་མཁན་དེ་ལ་བསྒོ་བ། ཀྭའི་ཁྱོད་མི་ཤེས་སམ། ང་ནི་རིང་པོར་མི་ཐོག་པར་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱེད་པར་འགྱུར་བས་ཁྱོད་ཀྱིས་གལ་ཏེ་ངའི་སྐྲ་དང་ཁ་སྤུ་བྲེགས་ པར་གྱུར་ན་ངས་ཁྱོད་ཀྱི་ལག་པ་གཉིས་འཁྲིག་མ་མན་ཆད་གཅད་དོ་ཞེས་བསྡིགས་པས་ཤིན་དུ་སྐྲག་པར་གྱུར་ནས་སྤུ་གྲི་བསྡུས་ཏེ། ཕྱིར་འགྲོ་བར་བརྩམས་པ་དང་། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་ འདས་ལ་དེ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཉིད་དགའ་བོ་ག་ལ་བ་དེར་གཤེགས་ཏེ། དགའ་བོ་ལ་ཅི་ཁྱོད་རབ་ཏུ་མི་འབྱུང་ངམ། དེས་ཀྱང་རབ་ཏུ་འབྱུང་ངོ་ཞེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཉིད་ཀྱིས་ རིལ་བ་བསྣམས་ཏེ། དེའི་མགོ་བོ་ལ་ཆུ་བླུགས་ནས་འབྲེག་མཁན་གྱིས་སྐྲ་དང་ཁ་སྤུ་བྲེགས་པ་དང་། དེ་འདི་སྙམ་དུ་དེང་བདག་རེ་ཤིག་བཅོམ་ལྡན་འདས་ལ་སྲི་ཞུ་བྱས་ཏེ་རབ་ཏུ་འབྱུང་མོད་ཀྱི། འོན་ཀྱང་རྒོངས་ཀར་སླར་ ཁྱིམ་དུ་འགྲོའོ་སྙམ་མོ། །དེས་རྒོངས་ཀར་ལམ་དུ་ཞུགས་ཏེ་སོང་བ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་འགྲོ་བའི་ལམ་དུ་གཡང་ས་ཆེན་པོ་ཞིག་སྤྲུལ་པ་དེས་མཐོང་ནས། འདི་སྙམ་དུ་སུན་ད་རི་ཀ་དང་དུས་བྱས་ 80-1-254a པ་ནི་ཐག་རིང་དུ་གྱུར་པས་འགྲོ་བའི་རྐྱེན་དང་ལྡན་པར་མ་གྱུར་ཏེ། དེང་བདག་གིས་དེ་བསམས་པ་ཉིད་ཀྱིས་གལ་ཏེ་འཆི་བའི་དུས་བྱེད་པར་འགྱུར་ཡང་སྲིད་ན། གལ་ཏེ་ཤི་བར་མ་གྱུར་ན་ནམ་ནངས་ཏེ་འགྲོའོ་ཞེས་ སུན་ད་རི་ཀ་དྲན་པའི་མྱ་ངན་དང་། སྡུག་བསྔལ་གྱིས་མཚན་མོ་འདས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་ཐུགས་ཀྱིས་མཁྱེན་ནས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་ བོ་ཁྱོད་སོང་ལ་དགའ་བོ་དེ་ལ་ཁང་སྐྱོང་བྱོས་ཤིག་པར་བསྒོ་ཤིག །དེས་ཀྱང་དེ་བཞིན་དུ་དེའི་ཐད་དུ་སོང་ནས་བཅོམ་ལྡན་འདས་ཀྱིས་ཁང་སྐྱོང་བྱོས་ཤིག་པར་བཀའ་སྩལ་ཏོ། །ཞེས་བསྒོ་བ་དང་། དེས་ཀྱང་ཁང་སྐྱོང་ ཞེས་བྱ་བ་ཇི་ལྟ་བུ། དེས་བྱ་བ་ནི་ཅི་ཞིག་བྱེད་ཅེས་དྲིས་སོ། །དེས་སྨྲས་པ་གཙུག་ལག་ཁང་དུ་དགེ་འདུན་གྱི་བྱ་བ་དག་ཞལ་ཏ་བྱ་དགོས་སོ། །སྨྲས་པ། ཚུལ་ཇི་ལྟ་བུར་བྱ་བའི་རིགས་སྨྲས་པ། ཁང་སྐྱོང་ཞེས་བྱ་ བ་ནི་གལ་ཏེ་དགེ་སློང་རྣམས་བསོད་སྙོམས་ལ་དོང་ན་གཙུག་ལག་ཁང་གི་ནང་གི་ས་རྣམས་ཕྱག་ནས་ཆག་ཆག་གདབ་པར་བྱའོ། །བ་ལང་གི་ལྕི་བ་སར་པ་བླངས་ནས་གོ་རིམ་བཞིན་དུ་འཇམ་པོར་བསྐུ་བར་བྱའོ། ། ལེགས་པར་ཡིད་ལ་བྱས་ཏེ་བསྲུང་ཞིང་སྟོར་བརླག་མེད་པར་བྱའོ། །གྲོས་སུ་བྱ་བ་ཡོད་ན་དགེ་འདུན་ལ་གསོལ་པར་བྱའོ། །དྲི་དང་མེ་ཏོག་ཡོད་ན་དགེ་འདུན་ལ་བྲིམ་པར་བྱའོ། །མཚན་མོ་སྒོ་བཅད་ཅིང་ནམ་ ནངས་ནས་དབྱེ་བར་བྱའོ། །རྣམ་ཕྱི་ས་དང་། ཆབ་ཁུང་ས་རྟག་ཏུ་བཀྲུ་ཞིང་བྱི་དོར་བྱ་དགོས་སོ། །གལ་ཏེ་གཙུག་ལག་ཁང་ཞིག་ཅིང་རལ་པ་ཡོད་ན་བཅོས་ལེགས་བྱའོ་ཞེས་དེ་སྐད་བསྟན་པ་ཐོས་པ་དང་། བཙུན་ པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱིས་ཇི་སྐད་བཀའ་སྩལ་པ་བཞིན་དུ་ཐམས་ཅད་བདག་གིས་དེ་བཞིན་བགྱིའོ་ཞེས་བླངས་སོ། །དེ་ནས་དགེ་སློང་རྣམས་སྔ་དྲོའི་དུས་ཀྱི་ཚེ་ཤམ་ཐབས་བགོས། ཆོས་གོས་ 80-1-254b དང་ལྷུང་བཟེད་ཐོགས་ཏེ། གྲོང་ཁྱེར་སེར་སྐྱའི་གནས་སུ་བསོད་སྙོམས་ལ་བཞུད་པ་དང་། དགའ་བོས་གཙུག་ལག་ཁང་ན་སུ་ཡང་མེད་པར་མཐོང་ནས་བདག་གིས་ཕྱག་དར་བྱས་ཟིན་པ་དང་། སླར་ཁྱིམ་དུ་འགྲོའོ་ཞེས་ཕྱག་ དར་བྱེད་པ་ལ་ཞུགས་སོ། །བཅོམ་ལྡན་འདས་ཀྱིས་དེ་གཟིགས་ཤིང་མཁྱེན་པས་རྫུ་འཕྲུལ་གྱི་སྟོབས་ཀྱིས་ཕྱགས་ཟིན་བའི་ས་གཙང་མ་རྣམས་སླར་ཕྱག་དར་གྱིས་གང་བར་བྱིན་གྱིས་བརླབས་པ་དང་། དེས་ཀྱང་ འདི་སྙམ་དུ་བདག་གིས་ཕྱག་དར་བོར་ཏེ་སླར་ཁྱིམ་དུ་འགྲོའོ་སྙམ་དུ་བསམས་ནས་དེས་ཕྱགས་མ་བཞག་སྟེ། ཕྱག་དར་དབོ་བར་བརྩམས་པ་དང་། ཟད་པར་མ་གྱུར་ནས་དེས་བསམས་པ། གནས་ཁང་རྣམས་ཀྱི་སྒོ་བཅད་ ལ་འགྲོའོ་སྙམ་ནས་དེས་གནས་ཁང་རྣམས་ཀྱི་སྒོ་བཅད་པར་བརྩམས་པ་དང་། བཅོམ་ལྡན་འདས་ཀྱིས་སྒོ་གཅིག་བཅད་ཟིན་ནས་སྒོ་གཞན་བཅད་ཙམ་ན་སྒོ་གཞན་ཡང་བྱེ་བར་བྱིན་གྱིས་བརླབས་པས་དེ་ཉོན་མོངས་པ་སྐྱེས་ ནས་གཞན་ཡང་འདི་སྙམ་དུ་གལ་ཏེ་རྐུན་པོས་གཙུག་ལག་ཁང་འདི་ཉམས་པར་བྱས་ཀྱང་འདི་ལ་གནོད་པ་ཅི་ཡོད་དེ། བདག་རྒྱལ་པོར་གྱུར་བ་ན་འདི་བས་ཆེས་ལྷག་པའི་གཙུག་ལག་ཁང་བཟང་པོ་བརྒྱ་སྟོང་བརྩིག་པར་ཟད་ པས་བདག་ནི་སླར་ཁྱིམ་དུ་འགྲོའོ། །ཡང་བསམས་པ། གལ་ཏེ་ལམ་པོ་ཆེར་ཞུགས་ཏེ་འགྲོ་ན་ནི་བཅོམ་ལྡན་འདས་དང་ཕྲད་དུ་དོགས་པས། གསེབ་ལམ་དུ་ཞུགས་ཏེ་འགྲོ་སྙམ་དུ་བསམས་སོ། །བཅོམ་ལྡན་ འདས་ཀྱིས་དེའི་བསམ་པ་ཐུགས་ཀྱིས་མཁྱེན་ནས་གསེབ་ལམ་དེ་ཉིད་དུ་ཞུགས་ཏེ་གཤེགས་སོ། །དེས་རྒྱང་ནས་བཅོམ་ལྡན་འདས་མཐོང་ནས་མི་ཕྲད་པར་བྱ་བའི་ཕྱིར་ལམ་གྱི་འགྲམ་ན་ལྗོན་ཤིང་ཡལ་ག་དང་ གྲིམ་མར་ལྡན་པ་ཐུར་དུ་གཞོལ་བ་ཞིག་གི་དྲུང་དུ་གབ་སྟེ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་ལྗོན་ཤིང་དེའི་ཡལ་ག་གྱེན་དུ་བརྫེས་ནས་དེ་ལུས་མངོན་དུ་སྣང་བར་བྱིན་གྱིས་བརླབས་སོ། །དེ་ནས་བཅོམ་ 80-1-255a ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་ཁྱོད་གར་འགྲོ། ངའི་ཕྱི་བཞིན་དུ་ཤོག་ཤིག་ཅེས་བཀའ་སྩལ་པ་དང་། དེ་ཡང་སྐྱེངས་ཏེ་ངོ་ཚ་བའི་སེམས་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་འབྲིང་དུ་འབྲངས་ པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྙམ་དུ་འདི་ཆུང་མ་ལ་ཤིན་དུ་ཆགས་ཤིང་ཞེན་པར་གྱུར་པས་འདི་དེ་དང་འབྲལ་ཞིང་ཕན་གདགས་པའི་ཕྱིར་གྲོང་ཁྱེར་སེར་སྐྱ་ནས་བྱུང་སྟེ། གྲོང་ཁྱེར་མཉན་ཡོད་དུ་གཤེགས་སོ་སྙམ་ དུ་དགོངས་ནས་དེར་བྱོན་པ་དང་། རི་དགས་དགྲའི་མ་ས་གའི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྙམ་དུ་དགའ་བོ་བླུན་པོ་འདི་ནི་རྟག་ཏུ་ཆུང་མ་ལ་ཆགས་ཤིང་ཞེན་ནས་གཏོང་བར་མི་བྱེད་ པས་འདི་ལ་ཐབས་ཤིག་སྦྱར་ཏེ་སེམས་ཉེ་བར་ཞི་བར་བྱའོ་སྙམ་དུ་དགོངས་ནས། ཚེ་དང་ལྡན་པ་དགའ་བོ་ལ་བཀའ་སྩལ་པ། ཁྱོད་ཀྱིས་སྔོན་ཆད་སྤོས་ཀྱི་ངད་ལྡང་ཞེས་བྱ་བའི་རི་མཐོང་ངམ། གསོལ་པ། མ་མཐོང་ ལགས་སོ། །གལ་ཏེ་དེ་ལྟ་ན་ངའི་ཆོས་གོས་ཀྱི་གྲྭ་ནས་ཟུང་ཤིག །དེས་ཀྱང་ན་བཟའི་གྲྭ་ནས་བཟུང་བ་དང་། དེ་ནས་བཅོམ་ལྡན་འདས་ངང་པའི་རྒྱལ་པོ་བཞིན་དུ་ནམ་མཁའ་ལ་ལྡིངས་ཏེ་སྤོས་ཀྱི་ངད་ལྡང་དུ་གཤེགས་ ནས་ཚེ་དང་ལྡན་པ་དགའ་བོ་དང་ཐབས་གཅིག་ཏུ་གཡས་གཡོན་དུ་གཟིགས་པ་ལས་ཤིང་དྲུང་ཞིག་ན་སྤྲ་མོ་མིག་ཡ་གཅིག་ཞར་བ་ཞིག་གདོང་བཏེག་ནས་མི་གཡོ་བར་རྩེ་གཅིག་ཏུ་བཅོམ་ལྡན་འདས་ལ་བལྟས་པ་དང་། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ཁྱོད་ཀྱིས་སྤྲ་མོ་ཞར་བ་འདི་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཇི་སྙམ་དུ་སེམས། སྤྲ་མོ་ཞར་མ་འདི་སུན་ད་རི་ཀ་དང་བསྒྲུན་ན་གང་བཟང་ཞིང་ཁྱད་པར་དུ་འཕགས། གསོལ་པ། སུན་ད་རི་ཀ་དེ་ནི་ཤཱཀྱའི་རིགས་ལགས་ཏེ། ལྷའི་བུ་མོ་དང་འདྲ་བར་བྱད་བཞིན་ 80-1-255b མཆོག་ཏུ་གྱུར་ཅིང་འཇིག་རྟེན་ན་ཟླ་མ་མཆིས་པ་ལགས་པས་སྤྲ་མོ་འདི་དང་བསྒྲུན་པར་གྱུར་ན། བརྒྱའི་ཆར་ཡང་ཉེ་བར་མི་མཆི། སྟོང་གི་ཆ་དང་། ཁྲིའི་ཆ་དང་། འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་མི་བཟོད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱི་ལྷའི་གཞལ་མེད་ཁང་མཐོང་ངམ། གསོལ་པ། མ་མཐོང་ལགས་སོ། །འོ་ན། ཡང་ཆོས་གོས་ཀྱི་གྲྭ་ནས་ཟུང་ཤིག །དེས་ཀྱང་ན་བཟའ་ལ་བཟུང་བ་དང་། ངང་པའི་རྒྱལ་པོ་བཞིན་ནམ་མཁའ་ལ་མངོན་པར་འཕགས་ནས་སུམ་བཅུ་རྩ་གསུམ་གྱི་ལྷའི་གནས་སུ་གཤེགས་ཏེ། ཚེ་ དང་ལྡན་པ་དགའ་བོ་ལ་ཁྱོད་སོང་ལ་ལྷའི་གཞལ་མེད་ཁང་ཁྱད་པར་དུ་འཕགས་པའི་གནས་རྣམས་ལ་ལྟོས་ཤིག ། ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་དགའ་བོས་ཀྱང་དགའ་ཚལ་དང་། ཤིང་རྟ་སྣ་ཚོགས་ཀྱི་ཚལ་དང་། རྩུབ་འགྱུར་གྱི་ཚལ་དང་། འདྲེས་པའི་ཚལ་དང་། ཡོངས་འདུའི་ཚལ་དང་། ཆོས་བཟང་ཁང་ལ་སོགས་པ་ལྷའི་ཚོགས་རྣམས་ཀྱིས་ཀུན་དགའ་ར་བ་དང་། མེ་ཏོག་དང་། འབྲས་བུ་དང་། རྫིང་དང་། རྫིང་བུ་དང་། རྩེད་མོ་རྩེ་ཞིང་དགའ་མགུའི་གནས་རྣམས་སུ་སོང་སྟེ། ཀུན་དུ་ཁྱབ་པར་བལྟས་ནས་མཐར་གྱིས་གྲོང་ཁྱེར་བལྟ་ན་སྡུག་ཏུ་ཞུགས་པ་ ལས་གནས་གཞན་དུ་ཡང་རྔ་དང་། པི་བང་དང་། རྒྱུད་རྣམ་པ་སྣ་ཚོགས་ལས་སྒྲ་སྙན་པ་ལ་སོགས་པ་འབྱིན་པ་དང་། གནས་དེ་དང་དེ་དག་ཏུ་ལྷའི་བུ་མོ་དང་། བུ་ཕོ་ཤིན་ཏུ་མཛེས་ པ་དག་ལྷན་ཅིག་རྩེ་ཞིང་འཁོད་པ་དག་མཐོང་ངོ་། །དགའ་བོས་ཀུན་དུ་བརྟགས་པ་ལས་གནས་གཞན་ཞིག་གི་གཞལ་མེད་ཁང་ན་ལྷའི་བུ་མོ་འབའ་ཞིག་ཡོད་ཀྱི། ལྷའི་བུ་ 80-1-256a ཕོ་མེད་པར་མཐོང་ནས་ལྷའི་བུ་མོ་དེ་དག་ལ་ཅིའི་རྒྱུས་གནས་གཞན་ནི་ལྷའི་བུ་མོ་དང་། ལྷའི་བུ་ཕོ་འདྲེས་པར་གནས་ནས་བདེ་བ་རྣམས་མྱོང་བར་བྱེད་ལ་ཁྱེད་ནི་གང་གི་ཕྱིར་ ལྷའི་བུ་མོ་འབའ་ཞིག་ལྷན་ཅིག་གནས་ཤིང་ལྷའི་བུ་མི་སྣང་བར་གྱུར་ཞེས་དྲིས་པ་དང་། ལྷའི་བུ་མོ་དེ་དག་གིས་བཅོམ་ལྡན་འདས་ཀྱི་གཅུང་དགའ་བོ་ཞེས་བྱ་བ། བཅོམ་ལྡན་འདས་ལས་རབ་ ཏུ་བྱུང་ནས་རྩེ་གཅིག་ཏུ་ཚངས་པར་སྤྱོད་པ་ཡང་དག་པར་སྤྱོད་པ་ཞིག་ཡོད་དེ། དེ་དུས་དེ་ལས་འདས་པའི་འོག་ཏུ་འདིར་སྐྱེ་བར་འགྱུར་བས་བདག་ཅག་ནི་འདིར་དེ་ལ་སྡོད་པ་ཡིན་ནོ་ཞེས་ སྨྲས་སོ། །དགའ་བོས་དེ་སྐད་ཐོས་ནས་དགའ་མགུ་རངས་པས་མྱུར་ཞིང་རིངས་པར་བཅོམ་ལྡན་འདས་ག་ལ་བ་དེར་སོང་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱིས་ ལྷ་རྣམས་ཀྱི་ཁྱད་པར་དུ་འཕགས་པའི་དངོས་པོ་དག་མཐོང་ངམ། གསོལ་པ། མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་དངོས་པོ་ཅི་ཞིག་མཐོང་ཞེས་བཀའ་ སྩལ་པ་དང་། དེས་ཀྱང་ཇི་ལྟར་མཐོང་བ་རྣམས་རྒྱས་པར་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་ཁྱོད་ཀྱིས་ལྷའི་བུ་མོ་རྣམས་ མཐོང་ངམ། གསོལ་པ། མཐོང་ལགས་སོ། །ལྷའི་བུ་མོ་དེ་དག་སུན་ད་རི་ཀ་དང་། བསྒྲུན་ན་གང་གཟུགས་བཟང་ཞིང་ཁྱད་པར་དུ་འཕགས། གསོལ་པ། བཅོམ་ལྡན་ འདས་སུན་ད་རི་ཀ་ལྷའི་བུ་མོ་དེ་དག་དང་། བསྒྲུན་ན་ཇི་ལྟར་རི་སྤོས་ཀྱི་ངད་ལྡང་གི་སྤྲ་མོ་ཞར་མ་སུན་ད་རི་ཀ་དང་བསྒྲུན་པ་བཞིན་དུ་བརྒྱའི་ཆར་ཡང་ཉེ་བར་མི་མཆི་སྟེ། 80-1-256b སྟོང་གི་ཆ་དང་། ཁྲིའི་ཆ་དང་། འབུམ་གྱི་ཆ་ནས་རྒྱུའི་བར་དུ་ཡང་མི་བཟོད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་ཚངས་པར་སྤྱོད་པ་ཡང་དག་པར་སྤྱད་ན་དེ་ལྟ་བུའི་ཕན་ཡོན་ཁྱད་པར་དུ་འཕགས་པ་ དང་ལྡན་པར་གྱུར་པས། དེང་ཁྱོད་ཀྱིས་ཚངས་པར་སྤྱོད་པ་བརྟན་པར་སྤྱོད་ཅིག་དང་། ལྷར་སྐྱེས་ནས་དེ་ལྟ་བུའི་བདེ་བ་མྱོང་བར་འགྱུར་རོ། །དེས་ཀྱང་དེ་སྐད་དུ་ཐོས་ནས་དགའ་མགུ་རངས་ཏེ་ཅང་མི་ཟེར་བར་འདུག་གོ། དེ་ནས་ བཅོམ་ལྡན་འདས་ཚེ་དང་ལྡན་པ་དགའ་བོ་དང་། ཐབས་གཅིག་ཏུ་ལྷའི་གནས་ནས་མི་སྣང་བར་གྱུར་ཏེ། མཉན་ཡོད་དུ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བར་གཤེགས་སོ། །དེའི་ཚེ་ཚེ་དང་ ལྡན་པ་དགའ་བོ་ཡང་ལྷའི་གཞལ་མེད་ཁང་ལ་བསམས་བཞིན་དུ་ཚངས་པར་སྤྱོད་པ་ཡང་དག་པར་སྤྱད་པར་གྱུར་བ་དང་། བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་ཐུགས་ཀྱིས་མཁྱེན་ནས་ཚེ་དང་ལྡན་པ་ ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་སོང་ལ་དགེ་སློང་རྣམས་ལ་འདི་སྐད་དུ་ཁྱེད་སུ་ཡང་དགའ་བོ་དང་ལྷན་ཅིག་སྟན་གཅིག་ལ་མ་འདུག་ཅིག །འཆག་ས་གཅིག་ཏུ་མ་ འཆག་ཅིག །རྡང་བུ་གཅིག་ལ་ཆོས་གོས་ལྷན་ཅིག་མ་གཞག་ཅིག །གནས་གཅིག་ཏུ་ལྷུང་བཟེད་དང་རིལ་བ་ལྷན་ཅིག་མ་གཞག་ཅིག །གནས་གཅིག་ཏུ་མདོ་སྡེ་ཀློག་པར་མ་ བྱེད་ཅིག །ཁ་ཏོན་འདོན་པར། མ་བྱེད་ཅིག་ཅེས་བསྒོ་ཅིག །ཚེ་དང་ལྡན་པ་ཀུན་དགའ་བོས་ཀྱང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དེ་བཞིན་དུ་དགེ་སློང་རྣམས་ལ་བསྒོ་བ་དང་། དགེ་སློང་ རྣམས་ཀྱིས་ཀྱང་འཕགས་པའི་བཀའ་བཞིན་དུ་འཚལ་ལོ་ཞེས་སྨྲས་སོ། །དེའི་ཚེ་ཚེ་དང་ལྡན་པ་དགའ་བོ་ཡང་མང་པོ་རྣམས་ཀྱིས་སྤངས་པར་ཡང་མཐོང་བས་ 80-1-257a ཤིན་དུ་ངོ་ཚ་ཞིང་གནོང་བར་གྱུར་ཏོ། །དེ་ནས་དུས་གཞན་ཞིག་ན་ཚེ་དང་ལྡན་པ་ཀུན་དགའ་བོ་དགེ་སློང་མང་པོ་རྣམས་དང་ལྷན་ཅིག་ཏུ་རིམ་གྲོའི་གནས་ན་ཆོས་གོས་འདྲུབ་པའི་ལས་བྱེད་པ་དེའི་ཚེ་ཚེ་དང་ལྡན་པ་དགའ་བོས་མཐོང་ ནས་འདི་སྙམ་དུ་དགེ་སློང་མང་པོ་འདི་དག་ནི་བདག་ཡོངས་སུ་སྤངས་པས་ལྷན་ཅིག་ཏུ་མི་གནས་ན། ཚེ་དང་ལྡན་པ་ཀུན་དགའ་བོ་འདི་ནི་བདག་གི་ཕུ་ནུ་བོ་ཡིན་པས་ཅིས་ཀྱང་སྨད་པར་མི་བྱེད་དོ། །སྙམ་དུ་བསམས་ནས་དེའི་ཐད་དུ་སོང་སྟེ། ལྷན་ཅིག་འདུག་པ་དང་། དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་ཡང་མྱུར་དུ་ལངས་ཏེ་སོང་ངོ་། །དེས་སྨྲས་པ། ཀུན་དགའ་བོ་དགེ་སློང་གཞན་རྣམས་ནི་བདག་སྤོང་བའི་རིགས་ན། ཁྱོད་ཁོ་བོའི་ཕུ་ནུ་བོ་ཡིན་ན་ཅིའི་ཕྱིར་བདག་སྤོང་བར་བྱེད་ ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ། ཡང་དག་པར་དེ་ལྟ་བུའི་དོན་དང་ལྡན་མོད་ཀྱི་འོན་ཀྱང་ཁྱོད་ནི་ལམ་གཞན་དུ་འགྲོ་ལ་བདག་ཀྱང་ལམ་གཞན་དུ་འགྲོ་བས་དེའི་ཕྱིར་ཕན་ཚུན་བྱོལ་པ་ཡིན་ནོ། །སྨྲས་པ་གང་ནི་ཁོ་བོའི་ལམ་ཡིན། གང་ ནི་ཁྱོད་ཀྱི་ལམ་ཡིན། སྨྲས་པ། ཁྱོད་ནི་ལྷར་སྐྱེ་བར་མོས་ནས་ཚངས་པར་སྤྱོད་པ་སྤྱོད་དོ། །བདག་ནི་མྱ་ངན་ལས་འདས་པ་ཡོངས་སུ་གཉེར་བའི་ཕྱིར་འདོད་པ་ཀུན་ནས་ཉོན་མོངས་པ་རབ་ཏུ་བསལ་བ་ཡིན་ནོ། །ཞེས་དེ་སྐད་སྨྲས་པ་ཐོས་པ་དང་། ཤིན་ཏུ་མི་དགའ་ཞིང་མྱ་ངན་གྱིས་ནོན་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་སེམས་ཀྱི་བསམ་པ་ཐུགས་ཀྱིས་མཁྱེན་ནས་ཚེ་དང་ལྡན་པ་དགའ་བོ་ལ་བཀའ་སྩལ་པ། ཁྱོད་ཀྱིས་སྔོན་ཆད་སེམས་ཅན་དམྱལ་བ་མཐོང་ངམ། གསོལ་པ། མ་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱིས་ངའི་ཆོས་གོས་ཀྱི་གྲྭ་ནས་ཟུང་ཤིག །དེས་ཀྱང་ན་བཟའ་ལ་བཟུང་བ་དང་། བཅོམ་ལྡན་འདས་ཀྱིས་དེ་ཁྲིད་ནས་སེམས་ཅན་དམྱལ་བའི་ གནས་སུ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་ཕྱོགས་གཅིག་ཏུ་བཞུགས་ནས་ཚེ་དང་ལྡན་པ་དགའ་བོ་ལ་བཀའ་སྩལ་པ། ཁྱོད་སོང་ལ་སེམས་ཅན་དམྱལ་བ་རྣམས་ལྟོས་ཤིག །ཚེ་དང་ལྡན་པ་དགའ་བོས་ཀྱང་དེ་བཞིན་དུ་ 80-1-257b སོང་བ་ལས་སྔར་ནི་ཆུ་བོ་འབེ་ཧ་ར་ནི་མཐོང་ངོ་། །དེ་ནས་མཐར་གྱིས་རལ་གྲིའི་ལོ་མའི་ནགས་དང་། བཤང་གཅིའི་འདམ་དང་། མེ་མ་མུར་གྱིས་གནས་སུ་ཕྱིན་ཏེ། དེ་དག་ཏུ་ཞུགས་ཏེ་རྣམ་པར་བལྟས་པ་ལས་སེམས་ཅན་མང་པོ་སྡུག་བསྔལ་ སྣ་ཚོགས་མྱོང་བ་དག་མཐོང་སྟེ། ཁ་ཅིག་ནི་སྐམ་པས་ལྕེ་དང་། སོ་དང་མིག་ཕྱུང་བ་དང་། ཁ་ཅིག་ནི་སོག་ལེས་ལུས་འདྲ་བ་དང་། ཁ་ཅིག་ནི་སྟ་རིས་རྐང་ལག་གཏུབ་པ་དང་། ཁ་ཅིག་ནི་མཚོན་ཆ་ཤག་ཏི་དང་དགྲ་སྟ་སོ་གཉིས་པ་དང་བེ་རྒས་བསྣུན་པ་དང་། ཁ་ཅིག་ནི་ལྕགས་ ཀྱིས་ཐོ་བས་འཚོག་པར་བྱས་པ་དང་། ཁ་ཅིག་ནི་ལྕགས་ཀྱི་ཐུ་ལུམ་ཁར་བཅུག་པ་དང་། ཁ་ཅིག་ནི་རི་རལ་གྲི་ལོ་མ་ཅན་དང་། ལྗོན་ཤིང་རལ་གྲིའི་ལོ་མ་ཅན་ལ་འཛེག་པ་དང་། གཏུན་གྱིས་རྡུང་བ་དང་། རང་ཐག་གིས་འཐག་པ་དང་། ཟངས་ ཀྱི་ཀ་བ་ས་འཇུ་བ་དང་། ལྕགས་ཀྱི་ཁྲི་ལ་འདུག་ནས་སྡུག་བསྔལ་མི་བཟད་པ་རྣམས་མྱོང་བར་མཐོང་ངོ་། །ཁ་ཅིག་ནི་ལྕགས་ཟངས་མེ་ལྕེ་རབ་ཏུ་འབར་ཞིང་ཁོལ་བ་རབ་ཏུ་ཚ་བའི་འོད་བྱུང་བ་དག་ཏུ་སེམས་ཅན་དེ་དག་ འཚོད་པས་དེ་ལྟ་བུའི་སྡུག་བསྔལ་གྱི་དངོས་པོ་མྱོང་བ་དག་མཐོང་ངོ་། །གཞན་ཡང་ལྕགས་ཟངས་སྟོང་པར་ཁོལ་ཞིང་མེ་ལྕེ་རབ་ཏུ་འབར་ཞིང་ཚ་བ་སེམས་ཅན་མེད་པ་ཞིག་མཐོང་བ་དང་། ཤིན་དུ་སྐྲག་ནས་དམྱལ་བའི་སྲུངས་མ་ལ་ཀྱེ་ རྒྱུ་དང་རྐྱེན་གང་གི་ཕྱིར་ལྕགས་ཟངས་གཞན་རྣམས་ན་ནི་སེམས་ཅན་དག་འཚོད་པར་བྱེད་ལ། ལྕགས་ཟངས་འདི་འབའ་ཞིག་ནི་སྟོང་པར་ཁོལ་ཞེས་དྲིས་པ་དང་། དེས་སྨྲས་པ། བཅོམ་ལྡན་འདས་ཀྱི་གཅུང་དགའ་བོ་ཞེས་ བྱ་བ་དེ་ལྷར་སྐྱེ་བར་སྨོན་ནས་སེམས་རྩེ་གཅིག་ཏུ་ཚངས་པར་སྤྱད་པ་ལ་ཡང་དག་པར་སྤྱོད་པས་ལྷའི་འཇིག་རྟེན་དུ་སྐྱེས་ནས། རེ་ཤིག་བདེ་བ་མྱོང་བར་འགྱུར་ཡང་དེ་ཤི་བའི་འོག་ཏུ་ལྕགས་ཟངས་འདིར་འཇུག་ པར་འགྱུར་བས་དེའི་ཕྱིར་དེང་བདག་ཅག་ལྕགས་ཟངས་མེ་སྤར་ནས་སྡོད་པ་ཡིན་ནོ། །ཞེས་སྨྲས་པ་དགའ་བོས་ཐོས་ནས་ཤིན་དུ་འཇིགས་སྐྲག་པ་སྐྱེས་ནས་བ་སྤུ་ལངས་ཏེ། ལུས་ལས་རྔུལ་བྱུང་ནས་འདི་ 80-1-258a སྙམ་དུ་འདིས་གལ་ཏེ་བདག་དགའ་བོ་ཡིན་པ་ཤེས་པར་གྱུར་ན་ནི། གསོན་པོ་ཁོ་ནར་ཟངས་ཀྱི་ནང་དུ་བོར་བར་འགྱུར་རོ། །སྙམ་དུ་བསམས་ནས་མྱུར་ཞིང་རིངས་པར་བཅོམ་ལྡན་འདས་ག་ལ་བ་དེ་ ལོགས་སུ་བྲོས་ཏེ་སོང་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱིས་སེམས་ཅན་དམྱལ་པ་མཐོང་ངམ། དེས་ཀྱང་སྙིང་རྗེ་བའི་ཚུལ་དུ་མཆི་མ་བླགས་ཏེ། ངུས་ནས་ལྕེ་ལྐུགས་པ་བཞིན་དུ་ སྐད་ཕྲ་མོ་ཕྱུང་ནས་མཐོང་ལགས་སོ། །ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱི་དངོས་པོ་ཅི་ཞིག་མཐོང་། དེས་ཀྱང་ཇི་ལྟར་མཐོང་བ་རྣམས་རྒྱས་པར་བཅོམ་ལྡན་འདས་ལ་གསོལ་ པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་མིར་སྐྱེ་བར་སྨོན་པ་དང་། ལྷའི་འཇིག་རྟེན་ཡོངས་སུ་ཚོལ་བས་ཚངས་པར་སྤྱོད་པ་ཡང་དག་པར་སྤྱད་པ་ལ་ཉེས་དམིགས་དེ་ལྟ་བུ་ཡོད་པས། དེ་ལྟ་བས་ན་དིང་ཁྱོད་ཀྱིས་མྱ་ངན་ལས་འདས་པ་ཡོངས་སུ་གཉེར་བའི་བསམ་པས་ཚངས་པར་སྤྱད་པར་བྱའི་ལྷར་སྐྱེ་བ་ལ་མངོན་པར་དགའ་བས་རབ་ཏུ་བརྩོན་པར་མྱི་བྱའོ། །ཚེ་དང་ལྡན་པ་དགའ་བོས་དེ་སྐད་ ཅེས་བཀའ་སྩལ་པ་ཐོས་ནས་ངོ་ཚ་བའི་སེམས་ཀྱིས་ཅང་མི་ཟེར་བར་འདུག་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་ཐུགས་ཀྱིས་མཁྱེན་ནས་སེམས་ཅན་དམྱལ་བའི་ཁམས་ནས་མི་སྣང་བར་ གྱུར་ཏེ། སླར་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་གཤེགས་ནས་ཚེ་དང་ལྡན་པ་དགའ་བོ་དང་། དགེ་སློང་རྣམས་ལ་བཀའ་སྩལ་པ། ནང་གི་དྲི་མ་རྣམ་པ་གསུམ་ཡོད་དོ། འདི་ལྟ་སྟེ། འདོད་ཆགས་དང་། ཞེ་སྡང་ དང་། གཏི་མུག་གང་ཡིན་པ་སྟེ། དེ་དག་ནི་སྤང་བར་བྱ་བ་ཡིན་པས་ཡོངས་སུ་སྤང་བ་ལ་རབ་ཏུ་བརྩོན་ཞིང་བསླབ་པར་བྱའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་བཞུགས་ 80-1-258b ནས་རིང་པོར་མ་ལོན་པར་རྐྱེན་ཇི་ལྟ་བ་བཞིན་དུ་སེམས་ཅན་གདུལ་བའི་ཕྱིར་དགེ་སློང་གི་དགེ་འདུན་དང་ཐབས་གཅིག་ཏུ་ཡུལ་ཙམ་པར་གཤེགས་ནས་གང་གཱའི་རྫིང་བུའི་འགྲམ་ན་བཞུགས་སོ། །དེ་ནས་ ཚེ་དང་ལྡན་པ་དགའ་བོ་དགེ་སློང་ལྔ་བརྒྱ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བཅོམ་ལྡན་ འདས་ཀྱིས་དགེ་སློང་རྣམས་ཕྱོགས་གཅིག་ཏུ་འཁོད་པར་མཁྱེན་ནས། ཚེ་དང་ལྡན་པ་དགའ་བོ་ལ་བཀའ་སྩལ་པ། ང་ལ་ཆོས་ཀྱི་རྣམ་གྲངས་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། །མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་དཀར་བ། ཚངས་པར་སྤྱོད་པའི་ཆོས་འདི་ལྟ་སྟེ། མངལ་དུ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ ཡོད་ཀྱིས། ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་དིང་ཁྱོད་ལ་བཤད་པར་བྱའོ། །ཚེ་དང་ལྡན་པ་དགའ་བོས་བཅོམ་ལྡན་འདས་དེ་བཞིན་ཐོས་པར་འཚལ་ལོ་ཞེས་གསོལ་ པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་མའི་མངལ་དང་ལྡན་པར་གྱུར་ཀྱང་། མངལ་དུ་འཇུག་པར་འགྱུར་བ་ཡང་ཡོད། །འཇུག་པར་མི་འགྱུར་བ་ཡང་ཡོད་དོ། ། ཇི་ལྟར་སྐྱེ་བ་ལེན་ཅིང་མའི་མངལ་དུ་འཇུག་པར་འགྱུར་ཞེ་ན། གལ་ཏེ་ཕ་མ་གཉིས་འདོད་པའི་སེམས་ཀྱིས་ལྷན་ཅིག་འཁྲིག་པ་ཡང་སྤྱོད་པར་འགྱུར། །མའི་མངལ་ཡང་ཡོངས་སུ་གཙང་བར་ གྱུར། དུས་ཀྱི་ཟླ་མཚན་དང་ཡང་ལྡན་པར་འགྱུར་ལ། །བར་མ་དོའི་ཕུང་པོ་ཡང་མངོན་སུམ་དུ་སྣང་བར་གྱུར་ན། དེའི་ཚེ་མའི་མངལ་དུ་འཇུག་པར་རིག་པར་བྱའོ། །དེ་ལ་བར་མ་དོའི་ཕུང་པོའི་དབྱིབས་དེ་ཡང་། 80-1-259a རྣམ་པ་གཉིས་སུ་འགྱུར་ཏེ། ཁ་དོག་སྡུག་ཅིང་མཛེས་པ་དང་། ཁ་དོག་མི་སྡུག་ཅིང་མི་མཛེས་པའོ། །སེམས་ཅན་དམྱལ་བ་རྣམས་ཀྱི་བར་མ་དོའི་སྲིད་པའི་ཁ་དོག་མི་སྡུག་པ་ཡིན་ཏེ། འདི་ལྟ་སྟེ་དཔེར་ན་སྡོང་དུམ་ཚིག་ པ་དང་འདྲའོ། །དུད་འགྲོ་རྣམས་ཀྱི་བར་མ་དོའི་སྲིད་པའི་ཁ་དོག་ནི་འདི་ལྟ་སྟེ་དཔེར་ན་དུད་པ་དང་འདྲའོ། །ཡི་དགས་རྣམས་ཀྱི་བར་མ་དོའི་སྲིད་པའི་ཁ་དོག་འདི་ལྟ་སྟེ། དཔེར་ན་ཆུ་དང་འདྲའོ། །ལྷ་དང་མི་རྣམས་ཀྱི་བར་མ་དོའི་ སྲིད་པའི་ཁ་དོག་ནི་འདི་ལྟ་སྟེ། དཔེར་ན་གསེར་གྱི་ཁ་དོག་དང་འདྲའོ། །གཟུགས་ཀྱི་ཁམས་ཀྱི་བར་མ་དོའི་སྲིད་པའི་ཁ་དོག་ནི་དཀར་པོར་འདུག་གོ། །གཟུགས་མེད་པའི་ཁམས་ཀྱི་ལྷ་རྣམས་ལ་ནི་བར་མ་དོའི་སྲིད་པ་མེད་དེ། འདི་ལྟར་དེ་ནི་གཟུགས་མེད་པའི་ཕྱིར་རོ། །བར་མ་དོའི་ཕུང་པོའི་སེམས་ཅན་ཁ་ཅིག་ལག་པ་གཉིས་དང་། རྐང་པ་གཉིས་དང་ལྡན་ནོ། །ཁ་ཅིག་ནི་རྐང་པ་བཞི་དང་རྐང་པ་མང་པོ་དང་ལྡན་ནོ། །ཁ་ཅིག་རྐང་པ་མེད་དོ། །སྔོན་གྱི་ ལས་ཇི་ལྟ་བ་བཞིན་དུ་གང་དུ་སྐྱེས་པར་གྱུར་བ་དེ་དང་དབྱིབས་འདྲ་བའི་བར་མ་དོའི་སྲིད་པ་མངོན་པར་འགྲུབ་པར་འགྱུར་རོ། །ལྷའི་བར་མ་དོའི་སྲིད་པ་གང་ཡིན་པ་དེ་ནི་མགོ་གྱེན་དུ་ལྟའོ། །མི་དང་། དུད་འགྲོ་དང་། ཡི་དགས་རྣམས་ ཀྱི་ཐད་ཀར་ལྟ་ཞིང་འགྲོའོ། །སེམས་ཅན་དམྱལ་བ་རྣམས་ཀྱི་བར་མ་དོའི་མགོ་ཐུར་དུ་ལྟའོ། །བར་མ་དོའི་སྲིད་པ་ཐམས་ཅད་ཀྱང་རྫུ་འཕྲུལ་དང་ལྡན་པས་ནམ་མཁའ་ལ་འགྲོ་ཞིང་ལྷའི་མིག་བཞིན་དུ་སྐྱེ་བའི་གནས་ཐག་རིང་པོ་ ཡང་མཐོང་བར་ནུས་སོ། །དེ་ལ་དུས་ཀྱི་ཟླ་མཚན་དང་ལྡན་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཟླ་མཚན་གྱི་དུས་ལ་བབ་པ་གང་ཡིན་པའོ། །དགའ་བོ་བུད་མེད་ཁ་ཅིག་ནི་ཞག་གསུམ་དང་། ཞག་ལྔ་དང་། ཟླ་བ་ཕྱེད་དང་། ཟླ་བ་གཅིག་ ལོན་ནས་ཟླ་མཚན་དང་ལྡན་པ་ཡང་ཡོད་དོ། །ཁ་ཅིག་ནི་རྐྱེན་ལ་ལྟོས་པས་ཡུན་རིང་བ་ཞིག་ལོན་ནས་གདོད་ཟླ་མཚན་དང་ལྡན་པར་འགྱུར་བ་ཡང་ཡོད་དོ། །བུད་མེད་གང་ལུས་ཀྱི་མཐུ་སྟོབས་མེད་པ་དང་། སྡུག་བསྔལ་མང་པོ་ 80-1-259b མྱོང་བ་དང་། བྱད་བཞིན་མི་སྡུག་པ་དང་། བཟའ་བ་དང་། བཏུང་བ་མི་བསོད་པ་དག་ཟོས་ཤིང་འཐུངས་པ་དེ་དག་ནི་ཟླ་མཚན་འོངས་སུ་ཟིན་ཀྱང་མྱུར་དུ་འཆད་པར་འགྱུར་ཏེ། འདི་ལྟ་སྟེ་དཔེར་ན་ས་སྐམ་པོའི་ཕྱོགས་སུ་ཆུ་ཆག་ ཆག་བཏབ་པའི་ཚེ་མྱུར་ཏུ་སྐམ་པར་འགྱུར་བ་བཞིན་ནོ། །བུད་མེད་གང་ལུས་ཀྱི་མཐུ་སྟོབས་དང་ལྡན་པ་དང་། རྟག་ཏུ་བདེ་བ་མྱོང་བ་དང་། བྱད་བཞིན་སྡུག་པ་དང་། བཟའ་བ་དང་། བཏུང་བ་བསོད་པ་དག་ཟོས་ཤིང་འཐུངས་པ་ དེ་དག་གི་ཟླ་མཚན་ནི་མྱུར་དུ་ཆད་པར་མི་འགྱུར་ཏེ། འདི་ལྟ་སྟེ་དཔེར་ན་ས་གཤེར་བའི་ཕྱོགས་སུ་ཆུས་ཆག་ཆག་བཏབ་པའི་ཚེ་མྱུར་དུ་སྐམ་པར་མི་འགྱུར་བ་བཞིན་ནོ། །ཇི་ལྟར་མའི་མངལ་དུ་འཇུག་པར་མི་འགྱུར་ཞེ་ན། གལ་ཏེ་ ཕའི་ཁུ་བ་བྱུང་ལ་མའི་ཁུ་བ་མ་བྱུང་བ་དང་། མའི་ཁུ་བ་བྱུང་ལ་ཕའི་ཁུ་བ་མ་བྱུང་བ་འམ། གལ་ཏེ་གཉིས་ག་བྱུང་བར་མ་གྱུར་ན་ཐམས་ཅད་མངལ་ལེན་པར་མི་འགྱུར་རོ། །གལ་ཏེ་མ་ཡོངས་སུ་དག་པར་མི་འགྱུར་ལ་ཕ་ཡོངས་སུ་ དག་འགྱུར་བ་འམ། གལ་ཏེ་ཕ་ཡོངས་སུ་དག་པར་མ་གྱུར་ལ་མ་ཡོངས་སུ་དག་པར་གྱུར་བ་འམ། གལ་ཏེ་གཉིས་ག་ཡོངས་སུ་དག་པར་མ་གྱུར་ན་ཡང་མངལ་ལེན་པར་མི་འགྱུར་རོ། །གལ་ཏེ་མའི་མངལ་གྱི་གནས་རླུང་ནད་ཀྱིས་ ཡོངས་སུ་ཟིན་པར་གྱུར་ཏམ། འཁྲིས་པ་དང་། བད་ཀན་གྱིས་ཡོངས་སུ་ཟིན་པར་གྱུར་ཏམ། ཁྲག་གིས་ནོན་པས་མངལ་མདུད་པ་ཅན་དུ་གྱུར་ཏམ། ཤས་གང་བར་གྱུར་ཏམ། སྨན་འཐུངས་སམ། དབུས་ནས་འདྲ་བ་འམ། གྲོག་མའི་རྐེད་པ་འདྲ་བ་འམ། མངལ་གྱི་སྒོ་རྔ་མོའི་ཁ་ལྟ་བུར་གྱུར་ཏམ། དབུས་ཤིང་རྩ་བ་མང་པོ་ཅན་ལྟ་བུར་གྱུར་ཏམ། སྒོ་གཤོལ་མདའ་ལྟ་བུར་གྱུར་ཏམ། ཤིང་རྟའི་རྩིབས་བཞིན་སོགས་ཀར་འདུག་པ་འམ། སྤ་ལྟ་བུར་ འདུག་པ་འམ། ནས་ཀྱི་གྲམ་སྐྱེས་པར་ལྟ་བུར་གྱུར་ཏམ། མངལ་འོག་ཏུ་ཟབ་པ་འམ། སྟེང་དུ་ཟབ་པ་འམ། མངལ་སྣོད་དུ་རུང་བ་མ་ཡིན་པ་འམ། རྟག་ཏུ་ཁྲག་ཟག་པ་འམ། ཆུ་ཟག་པ་འམ། བྱ་རོག་གི་མཆུ་ལྟར་རྟག་ཏུ་བྱེ་ཞིང་ 80-1-260a འཛུམ་དུ་མི་བཏུབ་པ་འམ། སྟེང་དང་འོག་དང་ཐ་མ་ཞེང་ཆེ་ཆུང་མི་མཉམ་པ་འམ། མཐོ་དམའ་མི་སྙོམས་ཤིང་འབར་འབུར་དུ་གྱུར་བ་འམ། ནང་སྲིན་བུས་གཙེས་པ་འམ། རུལ་ཞིང་མྱགས་ནས་མི་གཙང་བར་ གྱུར་བ་གང་ཡིན་པ་སྟེ། གལ་ཏེ་མ་འདི་ལྟ་བུའི་སྐྱོན་དང་ལྡན་པར་གྱུར་ན་ཐམས་ཅད་མངལ་དུ་འཇུག་པར་མི་འགྱུར་རོ། །གལ་ཏེ་ཕ་མའི་ཆོ་རིགས་བཙུན་ཞིང་བར་མ་དོའི་སྲིད་པ་དམན་པར་གྱུར་ཏམ། བར་མ་དོའི་སྲིད་པ་ཆོ་ རིགས་བཙུན་ཞིང་ཕ་མ་དམན་པར་གྱུར་ན་ཡང་མངལ་དུ་འཇུག་པར་མི་འགྱུར་རོ། །གལ་ཏེ་ཕ་མ་དང་བར་མ་དོའི་སྲིད་པ་གཉིས་ག་ཆོ་རིགས་བཙུན་པར་གྱུར་ཀྱང་། གལ་ཏེ་ལས་འཐུན་པར་མ་གྱུར་ན་ཡང་མངལ་དུ་འཇུག་པར་མི་ འགྱུར་རོ། །གལ་ཏེ་བར་མ་དོའི་སྲིད་པ་མདུན་ན་སྣང་བའི་ཡུལ་ལ་ཕོ་དང་མོའི་སྲིད་པ་གཉིས་མེད་པར་གྱུར་ན་ཡང་སྐྱེ་བ་ལེན་པར་མི་འགྱུར་རོ། །དགའ་བོ་བར་མ་དོའི་སྲིད་པ་ཇི་ལྟར་མའི་མངལ་དུ་འཇུག་པ་ཐོབ་པར་འགྱུར་ཞེ་ན། གལ་ཏེ་མའི་མངལ་ཡང་ཡོངས་སུ་གཙང་བར་གྱུར་ལ་བར་མ་དོའི་སྲིད་པས་འདོད་པའི་བྱ་བ་སྤྱོད་པ་མངོན་སུམ་དུ་མཐོང་བར་གྱུར་བ་ནས་གོང་དུ་བསྟན་པ་ལྟ་བུའི་སྐྱོན་མང་པོའི་བར་ཡང་མེད་པར་གྱུར་ཏེ། ཕ་མ་དང་བུ་ཡང་ཕན་ ཚུན་མངོན་པར་ཕྲད་པའི་ལས་དང་ལྡན་པར་གྱུར་ན་གདོད་མའི་མངལ་དུ་འཇུག་པར་འགྱུར་རོ། །གཞན་ཡང་བར་མ་དོའི་སྲིད་པ་དེ་མའི་མངལ་དུ་འཇུག་པའི་ཚེ་སེམས་ཕྱིན་ཅི་ལོག་ཏུ་གྱུར་ཏེ། གལ་ཏེ་ཕོ་ཡིན་ན་ནི་མ་ལ་ནི་ ཆགས་པ་སྐྱེ་བར་འགྱུར་ལ་ཕ་ལ་ནི་ཞེ་སྡང་སྐྱེ་བར་འགྱུར་རོ། །གལ་ཏེ་མོ་ཡིན་ན་ནི་ཕ་ལ་ནི་ཆགས་པ་སྐྱེ་བར་འགྱུར་ལ་མ་ལ་ནི་ཞེ་སྡང་སྐྱེ་བར་འགྱུར་ཏེ། སྔོན་འདས་པའི་དུས་སུ་མངོན་པར་འདུས་བྱས་པའི་ལས་ཀྱི་དབང་གིས་ ཡང་དག་པ་མ་ཡིན་པའི་འདུ་ཤེས་ཀྱིས་ལོག་པར་ཤེས་པའི་བསམ་པ་སྐྱེད་པར་བྱེད་དེ། གྲང་བའི་འདུ་ཤེས་དང་། རླུང་ཆེན་པོ་ལངས་པ་དང་། ཆར་ཆེན་པོ་འབབ་པ་དང་། ནམ་རྨུས་པའི་འདུ་ཤེས་དང་། སྐྱེ་བོ་མང་པོའི་སྒྲ་ 80-1-260b ཅ་ཅོ་ཐོས་པའི་འདུ་ཤེས་སྐྱེད་པར་བྱེད་པས་ལས་ཀྱི་མཐོ་དམའ་ཇི་ལྟ་བ་བཞིན་དུ་ཡང་དག་པ་མ་ཡིན་པའི་འདུ་ཤེས་རྣམ་པ་བཅུ་འབྱུང་བར་འགྱུར་རོ། །བཅུ་གང་ཞེ་ན། དེང་བདག་ནི་ཁང་པའི་ནང་དུ་འཇུག་གོ་སྙམ་པ་དང་། བདག་ ནི་ཁང་པ་བརྩེགས་པའི་སྟེང་དུ་འཇུག་གོ་སྙམ་པ་དང་། བདག་ནི་གཞལ་མེད་ཁང་དུ་འཇུག་གོ་སྙམ་པ་དང་། བདག་ནི་ཁྲི་ལ་འཇུག་གོ་སྙམ་པ་དང་། བདག་ནི་རྩྭའི་སྤྱིལ་བུ་འཇུག་གོ་སྙམ་པ་དང་། བདག་ནི་ལོ་མའི་ཁྱིམ་དུ་འཇུག་ གོ་སྙམ་པ་དང་། བདག་ནི་རྩྭ་སྟུག་པོར་འཇུག་གོ་སྙམ་པ་དང་། བདག་ནི་ནགས་ཀྱི་ནང་དུ་འཇུག་གོ་སྙམ་པ་དང་། བདག་ནི་རྩིག་པའི་བུ་གར་འཛུལ་ལོ་སྙམ་པ་དང་། བདག་ནི་སབ་མའི་གསེབ་ཏུ་འཇུག་གོ་སྙམ་དུ་སེམས་པ་གང་ཡིན་པ་སྟེ། དགའ་བོ་དེའི་ཚེ་བར་མ་དོའི་སྲིད་ པ་དེ་དེ་སྙམ་དུ་བསམ་ནས་མའི་མངལ་དུ་འཇུག་པར་འགྱུར་རོ། །སྐྱེ་བ་ལེན་ཅིང་མེར་མེར་པོ་ཞེས་བྱ་བར་རིག་པར་བྱ་སྟེ། དེ་ནི་ཕའི་ཁུ་བ་དང་། མའི་ཁྲག་ཡིན་ཏེ། དངོས་པོ་གཞན་མ་ཡིན་ན་ཡང་ཕ་དང་མའི་ཁུ་བ་དང་ཁྲག་འདུས་ པའི་རྒྱུ་དང་རྐྱེན་དང་། རྣམ་པར་ཤེས་པའི་རྐྱེན་ལ་བརྟེན་ཏེ་ལྷན་ཅིག་གནས་པར་བྱེད་པས་འདི་ལྟ་སྟེ་དཔེར་ན་ཞོ་དང་། རྫ་མ་དང་། བསྲུབ་ཤིང་དང་། སྐྱེས་བུའི་རྩོལ་བ་ལ་བརྟེན་ནས་སུར་འབྱུང་སྟེ། གཞན་ལས་མི་འབྱུང་བ་བཞིན་དུ་ ཕ་མའི་མི་གཙང་བའི་ཁུ་བ་དང་། ཁྲག་ལས་མངོན་པར་གྲུབ་པའི་ལུས་མེར་མེར་པོ་ཡང་དེ་བཞིན་དུ་རིག་པར་བྱའོ། །གཞན་ཡང་དགའ་བོ་དཔེ་རྣམ་པ་བཞི་ཡོད་ཀྱིས་ཁྱོད་ལེགས་པར་ཉོན་ཅིག །འདི་ལྟ་སྟེ་དཔེར་ན་རྩྭ་སྔོན་ པོ་ལ་བརྟེན་ཏེ། སྲིན་བུ་སྐྱེ་བར་འགྱུར་བ་རྩྭ་སྔོན་པོ་ཡང་སྲིན་བུ་མ་ཡིན། རྩྭ་ལས་གུད་ན་ཡང་སྲིན་བུ་མེད་མོད་ཀྱི། འོན་ཀྱང་རྩྭ་ལ་བརྟེན་པའི་རྒྱུ་དང་རྐྱེན་འདུས་པའི་དབང་གིས་སྲིན་བུ་སྐྱེས་ནས་ལུས་ཀྱི་ཁ་དོག་ཀྱང་སྔོན་པོར་འགྱུར་བ་དེ་ བཞིན་དུ་དགའ་བོ་ཕའི་ཁུ་བ་དང་། མའི་ཁྲག་གི་ལུས་མེར་མེར་པོ་ཡང་འདི་ལྟར་རྒྱུ་དང་རྐྱེན་འདུས་པ་ལས་འབྱུང་བ་ཆེན་པོའི་དབང་པོ་སྐྱེ་བར་རིག་པར་བྱའོ། །འདི་ལྟ་སྟེ་དཔེར་ན་བ་ལང་གི་ལྕི་བ་ལ་བརྟེན་ནས་སྲིན་བུ་སྐྱེ་བར་ 80-1-261a འགྱུར་བ། བ་ལང་གི་ལྕི་བ་ཡང་སྲིན་བུ་མ་ཡིན། བ་ལང་གི་ལྕི་བ་ལས་གུད་ན་ཡང་སྲིན་བུ་མེད་མོད་ཀྱི་འོན་ཀྱང་བ་ལང་གི་ལྕི་བ་ལ་བརྟེན་པའི་རྒྱུ་རྐྱེན་འདུས་པའི་དབང་གིས་སྲིན་བུ་སྐྱེས་ནས་ལུས་ཀྱི་ཁ་དོག་ཀྱང་ སེར་པོ་གྱུར་བ་དེ་བཞིན་དུ་དགའ་བོ་ཕའི་ཁུ་བ་དང་། མའི་ཁྲག་གི་ལུས་མེར་མེར་པོ་ཡང་འདི་ལྟར་རྒྱུ་རྐྱེན་འདུས་པ་ལས་འབྱུང་བ་ཆེན་པོའི་དབང་པོ་སྐྱེ་བར་རིག་པར་བྱའོ། །འདི་ལྟ་སྟེ་དཔེར་ན་རྒྱ་ཤུག་ལ་བརྟེན་ནས་སྲིན་ བུ་སྐྱེ་བར་འགྱུར་བ་རྒྱ་ཤུག་ཀྱང་སྲིན་བུ་མ་ཡིན། རྒྱ་ཤུག་ལས་གུད་ན་ཡང་སྲིན་བུ་མེད་མོད་ཀྱི་འོན་ཀྱང་རྒྱ་ཤུག་ལ་བརྟེན་པའི་རྒྱུ་རྐྱེན་འདུས་པའི་དབང་གིས་སྲིན་བུ་སྐྱེས་ནས་ལུས་ཀྱི་ཁ་དོག་ཀྱང་དམར་པོ་འགྱུར་བ་དེ་བཞིན་དུ་དགའ་ བོ་ཕའི་ཁུ་བ་དང་། མའི་ཁྲག་གིས་ལུས་མེར་མེར་པོ་ཡང་འདི་ལྟར་རྒྱུ་དང་རྐྱེན་འདུས་པ་ལས་འབྱུང་བ་ཆེན་པོའི་དབང་པོ་སྐྱེ་བར་རིག་པར་བྱའོ། །འདི་ལྟ་སྟེ་དཔེར་ན་ཞོ་ལ་བརྟེན་ནས་སྲིན་བུ་སྐྱེ་བར་འགྱུར་བ་ལུས་ཀྱི་ཁ་དོག་ཀྱང་དཀར་ པོར་འགྱུར་བ་ཞེས་བྱ་བ་ནས་རྒྱུ་དང་རྐྱེན་འདུས་པ་ལས་འབྱུང་བ་ཆེན་པོའི་དབང་པོ་སྐྱེ་བར་འགྱུར་ཞེས་བྱ་བའི་བར་དུ་ཡང་རྒྱས་པར་སྦྱར་རོ། །གཞན་ཡང་དགའ་བོ་ཕ་མའི་མི་གཙང་བ་ལ་བརྟེན་པའི་མེར་མེར་པོའི་དབང་གིས་སའི་ཁམས་ མངོན་དུ་སྣང་བས་ནི་སྲ་བའི་བྱ་བ་བྱེད་དོ། །ཆུའི་ཁམས་མངོན་དུ་སྣང་བས་ནི་གཤེར་བའི་བྱ་བ་བྱེད་དོ། །མེའི་ཁམས་མངོན་དུ་སྣང་བས་ནི་དྲོ་བའི་བྱ་བ་བྱེད་དོ། །རླུང་གི་ཁམས་མངོན་དུ་སྣང་བས་ནི་ཡང་ཞིང་གཡོ་བའི་བྱ་ བ་བྱེད་དོ། །དགའ་བོ་གལ་ཏེ་ཕ་མའི་མི་གཙང་བའི་ལུས་མེར་མེར་པོ་དེ་སའི་ཁམས་འབའ་ཞིག་དང་ལྡན་ལ། ཆུའི་ཁམས་མེད་པར་གྱུར་ན་ནི་སྐམས་ཏེ་གྱེས་པར་འགྱུར་བས་འདི་ལྟ་སྟེ། དཔེར་ན་ལག་པས་ཕྱེ་དང་ཐལ་བ་སྐམ་པོ་ ལ་སོགས་པ་བཅངས་པ་བཞིན་དུ་འགྱུར་རོ། །གལ་ཏེ་ཆུའི་ཁམས་འབའ་ཞིག་དང་ལྡན་ལ་སའི་ཁམས་མེད་པར་གྱུར་ན་ནི་བོ་བར་འགྱུར་ཏེ། འདི་ལྟ་སྟེ་དཔེར་ན་འབྲུ་མར་རམ། ཆུ་ལྟ་བུར་གྱུར་བ་ཞིག་ན་ཆུའི་ཁམས་ཀྱི་དབང་ 80-1-261b གིས་ནི་སའི་ཁམས་གྱེས་པར་མི་འགྱུར་ལ་སའི་ཁམས་ཀྱི་དབང་གིས་ནི་ཆུའི་ཁམས་བོ་བར་མི་འགྱུར་རོ། །དགའ་བོ་གལ་ཏེ་མེར་མེར་པོའི་ལུས་ས་དང་། ཆུའི་ཁམས་དང་ལྡན་པར་འགྱུར་ལ་མེའི་ཁམས་མེད་པར་གྱུར་ན་ནི་རུལ་ཞིང་ མྱགས་པར་འགྱུར་ཏེ། འདི་ལྟ་སྟེ། དཔེར་ན་དབྱར་གྱི་དུས་སུ་ཤའི་གོང་བུ་གྲིབ་མ་ལ་བཞག་པ་བཞིན་དུ་འགྱུར་རོ། །དགའ་བོ་གལ་ཏེ་མེར་མེར་པོའི་ལུས་ས་དང་ཆུ་དང་མེའི་ཁམས་འགའ་ཞིག་དང་ལྡན་ལ་རླུང་གི་ཁམས་མེད་པར་གྱུར་ ན་ནི་འཕེལ་ཞིང་རྒྱས་པར་མི་འགྱུར་ཏེ། འདི་དག་ཐམས་ཅད་ནི་སྔོན་གྱི་ལས་ཀྱིས་རྒྱུ་བྱས་ནས་ཕན་ཚུན་གཅིག་གིས་རྐྱེན་གཅིག་གིས་རྒྱུ་བྱས་པའི་དབང་གིས་རྣམ་པར་ཤེས་པ་སྐྱེ་བར་འགྱུར་བས་སའི་ཁམས་ཀྱིས་ནི་རྟེན་བྱེད་དོ། ། ཆུའི་ཁམས་ཀྱིས་ནི་སྡུད་པར་བྱེད་དོ། །མེའི་ཁམས་ཀྱིས་ནི་ཡོངས་སུ་སྨིན་པར་བྱེད་དོ། །རླུང་གི་ཁམས་ཀྱིས་ནི་འཕེལ་བར་བྱེད་དོ། །དགའ་བོ་འདི་ལྟ་སྟེ་དཔེར་ན་ཁུར་བ་མཁན་ནམ་དེའི་སློབ་མས་ཁུར་བ་ལེགས་པར་བཙོས་ནས་ དབུགས་ཀྱིས་བུས་ཏེ་རྒྱ་ཆེར་འཕེལ་ཞིང་ནང་ཁོང་སྟོང་དུ་བྱེད་པ་ཇི་ལྟ་བ་བཞིན་ནོ། །འདི་ལྟ་སྟེ། དཔེར་ན་པད་མའི་རྩ་བ་ཇི་ལྟ་བ་བཞིན་དུ་ནང་གི་ལུས་ཀྱི་འབྱུང་བ་ཆེན་པོ་ས་དང་། ཆུ་དང་། མེ་དང་། རླུང་གི་ཁམས་ལས་ཀྱི་སྟོབས་ཀྱིས་འཕེལ་ བར་བྱེད་པ་ཡང་དེ་བཞིན་དུ་རིག་པར་བྱའོ། །དགའ་བོ་ཕ་མའི་མི་གཙང་བ་ལས་མེར་མེར་པོའི་ལུས་འབྱུང་བ་ཡང་མ་ཡིན། ཕའི་རྐང་ལས་ཀྱང་མ་ཡིན། མའི་མངལ་ནས་ཀྱང་མ་ཡིན། ལས་ལས་ཀྱང་མ་ཡིན། རྒྱུ་ལས་ཀྱང་མ་ཡིན་ མོད་ཀྱི། འོན་ཀྱང་མང་པོ་འདི་དག་ཚོགས་པའི་དབང་གིས་མངལ་མངོན་པར་འགྲུབ་པར་བྱེད་དེ། འདི་ལྟ་སྟེ། དཔེར་ན་ས་བོན་སར་པ་རླུང་དང་ཉི་མས་ཉམས་པར་བྱས་པ། སྲ་ཞིང་སྙིང་པོ་དང་བཅས་པ། བུ་ག་མ་བྱུང་བ། ཤིན་དུ་ལེགས་པར་སྦས་པ་ཞིང་གཤིན་པ་ལ་བཏབ་ནས་རླན་གྱི་རྒྱུ་དང་རྐྱེན་འདུས་པར་གྱུར་ན་གདོད་མྱུ་གུ་དང་། སྡོང་བུ་དང་། ཡལ་ག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་རིམ་གྱིས་སྐྱེ་ཞིང་འཕེལ་བར་འགྱུར་ཏེ་དགའ་བོ་ས་བོན་ 80-1-262a དེ་ཡང་རྐྱེན་འདུས་པ་དང་བྲལ་བ་ལས་མྱུ་གུ་ལ་སོགས་པ་སྐྱེད་པར་བྱེད་པ་མ་ཡིན་པ་དེ་བཞིན་དུ་ཕ་མ་འབའ་ཞིག་དང་། ལས་འབའ་ཞིག་དང་། རྐྱེན་གཞན་འབའ་ཞིག་ལས་མངལ་དུ་སྐྱེ་བ་ཐོབ་པ་མ་ཡིན་གྱི་ཕ་མའི་ཁུ་ བ་དང་། ཁྲག་དང་། རྒྱུ་དང་རྐྱེན་འདུས་པའི་དབང་གིས་མངལ་མངོན་པར་འགྲུབ་པར་རིག་པར་བྱའོ། །དགའ་བོ་འདི་ལྟ་སྟེ། དཔེར་ན་མིག་དང་ལྡན་པའི་སྐྱེས་བུས་མེ་ཡོངས་སུ་ཚོལ་བའི་ཕྱིར་ནོར་བུ་མེ་ཤེལ་ཁྱེར་ནས་ཉི་མ་ ལ་བཞག་སྟེ་བ་ལང་གི་ལྕི་བ་སྐམ་པོའི་སྟེང་དུ་བཞག་ན་གདོད་མེ་འབྱུང་བར་འགྱུར་བ་དེ་བཞིན་དུ་ཕའི་ཁུ་བ་དང་། ཁྲག་དང་། རྒྱུ་དང་རྐྱེན་འདུས་པ་ལ་རྟེན་པའི་ཕྱིར་གདོད་མངལ་མངོན་པར་འགྲུབ་པ་ཡང་དེ་བཞིན་དུ་རིག་པར་ བྱའོ། །ཕ་མའི་མི་གཙང་བ་ལས་མེར་མེར་པོ་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི་གཟུགས་ཞེས་བྱའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་མིང་ཞེས་བྱ་སྟེ། དེ་ནི་མིང་དང་གཟུགས་ ཞེས་བྱའོ། །མིང་དང་གཟུགས་ཀྱི་ཕུང་པོ་ཤིན་དུ་སྨད་པར་བྱ་བའི་སྲིད་པ་རྣམས་སུ་སྐྱེ་བ་ལེན་པར་བྱེད་པ་འདི་ལ་ནི་ངས་ཕྱོགས་ཅུང་ཟད་ཙམ་འམ། སྐད་ཅིག་ཙམ་དུ་ཡང་བསྔགས་པ་བརྗོད་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྲིད་པ་རྣམས་སུ་སྐྱེ་བར་འགྱུར་བ་གང་ཡིན་པ་དེ་ནི་སྡུག་བསྔལ་ཆེན་པོ་ཡིན་པས་སོ། །འདི་ལྟ་སྟེ། དཔེར་ན་སྐྱུགས་པ་ནི་ཇི་ལྟར་ཆུང་ཡང་མནམ་པར་བྱེད་པ་དེ་བཞིན་དུ་སྲིད་པ་རྣམས་སུ་སྐྱེས་པ་གང་ཡིན་པ་དེ་ནི་ཆུང་ངུ་ཡང་སྡུག་ བསྔལ་ཡིན་པར་རིགས་པར་བྱའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་སྐྱེ་བ་དང་། གནས་པ་དང་། འཕེལ་བ་དང་། ཉམས་ཤིང་འཇིག་པ་དང་ལྡན་ཏེ་སྐྱེ་བ་གང་ཡིན་པ་དེ་ནི་སྡུག་བསྔལ་བ་ཡིན་ནོ། །གནས་པ་གང་ཡིན་པ་དེ་ནི་ན་བ་ཡིན་ནོ། །འཕེལ་བ་དང་། ཉམས་ཤིང་འཇིག་པ་གང་ཡིན་པ་དེ་ནི་རྒ་ཤི་ཡིན་ཏེ། དེ་ལྟ་བས་ན་དགའ་བོ་ 80-1-262b མཁས་པ་སུ་ཞིག་སྲིད་པའི་རྒྱ་མཚོ་འདིར་སྲིད་པའི་རོ་བསྐྱེད་ནས་མའི་མངལ་ན་ཉལ་ཞིང་འདི་འདྲ་བའི་སྡུག་བསྔལ་མི་བཟད་པ་ཡང་དག་པར་ཉམས་སུ་མྱོང་བར་བྱེད། གཞན་ཡང་དགའ་བོ་འདི་ལྟར་མིའི་མངལ་དུ་ཞུགས་པ་དེའི་ གྲངས་ཀྱང་མདོར་བསྡུ་ན། ཞག་བདུན་ཕྲག་སུམ་བཅུ་རྩ་བརྒྱད་ཡོད་པར་རིག་པར་བྱ་སྟེ། ཞག་བདུན་ཕྲག་དང་པོའི་ཚེ་མའི་མངལ་མི་གཙལ་པ་ཐོག་མའི་གནས་སུ་ཉལ་བས་འདི་ལྟ་སྟེ། དཔེར་ན་ཟངས་རབ་ཏུ་ཚ་བའི་ནང་དུ་བཙོས་ ཤིང་བརྔོས་པ་བཞིན་དུ་ལུས་ཀྱི་དབང་པོ་དང་རྣམ་པར་ཤེས་པ་ལྷན་ཅིག་ཏུ་སྡུག་བསྔལ་མི་བཟད་པ་མྱོང་བ་གང་ཡིན་པ་དེ་ནི་མེར་མེར་པོ་ཞེས་བྱའོ། །དེའི་དབྱིབས་ནི་འདི་ལྟ་སྟེ། དཔེར་ན་འབྲས་ཀྱི་ཁུ་བ་འམ། ཞོའི་པྲིས་མ་དང་ འདྲ་བས་ཞག་བདུན་གྱི་བར་དུ་ནང་དུ་བཙོས། རབ་ཏུ་བཙོས་པས་ན་སའི་ཁམས་སྲ་བ་ཉིད་དང་། ཆུའི་ཁམས་གཤེར་བ་ཉིད་དང་། མེའི་ཁམས་དྲོ་བ་ཉིད་དང་། རླུང་གི་ཁམས་ཡང་ཞིང་གཡོ་བ་ཉིད་གདོད་མངོན་དུ་སྣང་བར་ འགྱུར་རོ། །དགའ་བོ་ཞག་བདུན་ཕྲག་གཉིས་པ་ལ་མའི་མངལ་ན་མི་གཙང་བའི་གནས་སུ་འདི་ལྟ་སྟེ། དཔེར་ན་ཟངས་ཀྱི་ནང་དུ་བཙོས་ཤིང་བརྔོས་པ་བཞིན་དུ་ལུས་ཀྱི་དབང་པོ་དང་རྣམ་པར་ཤེས་པ་ལྷན་ཅིག་ཏུ་སྡུག་བསྔལ་ མི་བཟད་པ་མྱོང་བ་ན་མའི་མངལ་ནས་ཀུན་དུ་རེག་པ་ཞེས་བྱ་བའི་རླུང་སྔོན་གྱི་ལས་ཀྱི་དབང་གིས་རང་བྱུང་ནས་མངལ་དེ་ལ་རེག་པ་གང་ཡིན་པ་དེ་ནི་ནུར་ནུར་པོ་ཞེས་བྱའོ། །དེའི་དབྱིབས་ནི་ཞོ་སྐ་བ་འམ། མར་འཁྱགས་པ་ འདྲ་སྟེ། ཞག་བདུན་གྱི་བར་དུ་ནང་དུ་བཙོས་རབ་ཏུ་བཙོས་པས་ན་ཁམས་བཞི་པོ་དག་མངོན་དུ་སྣང་བར་འགྱུར་རོ། །དགའ་བོ་ཞག་བདུན་ཕྲག་གསུམ་པ་ལ་ཡང་རྒྱས་པར་སྔ་མ་བཞིན་དུ་སྦྱར་ཏེ། མའི་མངལ་ནས་མཛོད་ཁ་ཞེས་བྱ་བའི་རླུང་ སྔོན་གྱི་ལས་ཀྱི་དབང་གིས་བྱུང་ནས་མངལ་དེ་ལ་རེག་པ་གང་ཡིན་པ་དེ་ནི་ལྟར་ལྟར་པོ་ཞེས་བྱའོ། །དེའི་དབྱིབས་ནི་འདི་ལྟ་སྟེ། ལྕགས་ཀྱི་ཐུར་མ་འམ། སྲིན་བུ་གྲོལ་མ་འདྲ་སྟེ། ཞག་བདུན་གྱི་བར་དུ་ཡང་བཙོས་རབ་ཏུ་ 80-1-263a བཙོས་པས་ན་ཁམས་བཞི་པོ་དག་མངོན་དུ་སྣང་བར་འགྱུར་རོ། །དགའ་བོ་ཞག་བདུན་ཕྲག་བཞི་པ་ལ་ཡང་རྒྱས་པར་སྔ་མ་བཞིན་དུ་སྦྱར་ཏེ། མའི་མངལ་ནས་ནང་རབ་ཏུ་འབྱེད་པ་ཞེས་བྱ་བའི་རླུང་སྔོན་གྱི་ལས་ ལས་བྱུང་ནས་མངལ་ན་གནས་པའི་ཟུག་རྔུ་རབ་ཏུ་འབར་བ་འབུད་པར་བྱེད་པ་གང་ཡིན་པ་དེ་ནི་མཁྲང་འགྱུར་ཞེས་བྱའོ། །དེའི་དབྱིབས་ནི་བདར་རམ་མཆི་གུ་འདྲ་སྟེ། ཞག་བདུན་གྱི་བར་དུ་ཞེས་བྱ་བ་ནས་ཁམས་བཞི་པོ་དག་མངོན་དུ་ སྣང་བར་འགྱུར་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །དགའ་བོ་ཞག་བདུན་ཕྲག་ལྔ་པ་ལ་ཡང་རྒྱས་པར་སྔ་མ་བཞིན་དུ་སྦྱར་ཏེ། མའི་མངལ་ནས་ཡང་དག་པར་སྡུད་པ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ལ་རེག་པར་གྱུར་ བ་ན་མཚན་མ་ལྔ་པོ་འདི་ལྟ་སྟེ། དཔུང་པ་གཉིས་དང་། བརླ་གཉིས་དང་། མགོ་བོའི་མཚན་མ་མངོན་དུ་འབྱུང་བར་བྱེད་དེ། འདི་ལྟ་སྟེ། དཔེར་ན་དབྱར་གྱི་དུས་སུ་ཆར་འབབ་པའི་ཚེ་ལྗོན་ཤིང་དང་། ནགས་ཚལ་རྣམས་ཡལ་ག་ དང་ལོ་མ་རྒྱས་ཤིང་འཕེལ་བར་བྱེད་པ་དེ་བཞིན་དུ་མཚན་མ་ལྔ་པོ་དག་རབ་ཏུ་སྣང་བར་བྱེད་དོ། །དགའ་བོ་ཞག་བདུན་ཕྲག་དྲུག་པ་ལ་ནི་མའི་མངལ་ནས་རྒྱ་ཆེན་པོ་ཞེས་བྱའི་རླུང་འབྱུང་སྟེ། རླུང་དེ་མངལ་ལ་རེག་པར་ གྱུར་བ་ན་མཚན་མ་བཞི་པོ་འདི་ལྟ་སྟེ། ལག་ངར་གཉིས་དང་། རྗེ་ངར་གཉིས་འབྱུང་བར་བྱེད་དོ། །འདི་ལྟ་སྟེ། དཔེར་ན་དབྱར་ཆར་འབབ་པའི་ཚེ་རྩྭ་ཤིང་ཡལ་ག་སྐྱེ་བར་འགྱུར་བ་དེ་བཞིན་དུ་མཚན་མ་བཞི་པོ་དག་རབ་ཏུ་སྣང་ བར་བྱེད་དོ། །དགའ་བོ་ཞག་བདུན་ཕྲག་བདུན་པ་ལ་ནི་མའི་མངལ་ནས་འཁྱིལ་བར་བྱེད་པ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་དེ་ལ་རེག་པར་གྱུར་བ་ན་མཚན་མ་བཞི་པོ་འདི་ལྟ་སྟེ། ལག་པའི་བོལ་གཉིས་དང་། རྐང་ པའི་བོལ་གཉིས་སུ་འབྱུང་བར་བྱེད་དེ། འདི་ལྟ་སྟེ། དཔེར་ན་དབུ་བ་འདུས་པ་འམ། ཉ་ལྕིབས་བཞིན་དུ་མཚན་མ་བཞི་པོ་དེ་དག་དང་ལྡན་པར་འགྱུར་རོ། །དགའ་བོ་ཞག་བདུན་ཕྲག་བརྒྱད་པ་ལ་ནི་མའི་མངལ་ནས་ཟློག་ཅིང་ 80-1-263b སྒྱུར་བར་བྱེད་པ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ལ་རེག་པར་གྱུར་བ་ན་མཚན་མ་ཉི་ཤུ་པོ་འདི་ལྟ་སྟེ། ལག་པ་དང་རྐང་པའི་སོར་མོ་བཅུ་ཐོག་མ་ཁོ་ནར་སྣང་བར་བྱེད་དེ། འདི་ལྟ་སྟེ། དཔེར་ན་དབྱར་ཆར་པ་ འབབ་པའི་ཚེ་ལྗོན་ཤིང་གི་རྩ་བ་དང་པོར་སྐྱེས་པ་ཇི་ལྟ་བ་བཞིན་ནོ། །དགའ་བོ་ཞག་བདུན་ཕྲག་དགུ་པ་ལ་ནི་མའི་མངལ་ནས་རྣམ་པར་འབྱེད་པ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ལ་རེག་པར་གྱུར་བ་ ན་མཚན་མ་དགུ་པོ་འདི་ལྟ་སྟེ། མིག་གཉིས་དང་། རྣ་བ་གཉིས་དང་། སྣ་གཉིས་དང་། ཁ་དང་། བཤང་བ་དང་། གཅི་བའི་བུ་ག་གཉིས་སྣང་བར་བྱེད་དོ། །དགའ་བོ་ཞག་བདུན་ཕྲག་བཅུ་ལ་ནི་མའི་མངལ་ནས་སྲ་བར་བྱེད་ པ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེ་མངལ་ན་གནས་པ་སྲ་ཞིང་བརྟན་པར་བྱེད་དོ། །ཞག་བདུན་པ་དེ་ཉིད་ཀྱི་ཚེ་མའི་མངལ་ནས་གཞན་ཡང་ཀུན་ནས་སྐྱེ་བ་ཞེས་བྱ་བའི་རླུང་བྱུང་ནས་རླུང་དེས་མངལ་གྱི་གནས་བུས་ནས་རྒྱས་ པར་བྱེད་དེ། འདི་ལྟ་སྟེ། དཔེར་ན་རྐྱལ་པ་བུས་པ་རྒྱས་པར་ཇི་ལྟ་བ་བཞིན་ནོ།། །། བམ་པོ་གཉིས་པ། དགའ་བོ་ཞག་བདུན་ཕྲག་བཅུ་གཅིག་པ་ལ་ནི་མའི་མངལ་ནས་བུ་ག་སྣང་བ་ཞེས་ བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ལ་རེག་པར་གྱུར་བ་ན་མངལ་ན་གནས་པ་དེ་ཁོང་སྟོང་དུ་བྱེད་པས་བུ་ག་དགུ་པོ་དག་རབ་ཏུ་སྣང་བར་འགྱུར་ཏེ། གལ་ཏེ་མ་འགྲོ་བ་འམ། འགྲེང་བ་འམ། འདུག་པ་འམ། ཉལ་བ་འམ། ལས་དག་བྱས་པར་གྱུར་ན། དེའི་ཚེ་རླུང་དེ་འཁྱིལ་པ་ཉིད་ཀྱིས་ཁོང་སྟོང་དུ་གྱུར་ནས་བུ་ག་རྣམས་མཐར་གྱིས་ཆེ་བར་བྱེད་དོ། །གལ་ཏེ་རླུང་སྟེང་གི་ཕྱོགས་སུ་སོང་ན་ནི་སྟེང་གི་བུ་ག་འབྱིན་པར་བྱེད་ལ། གལ་ཏེ་འོག་གི་ཕྱོགས་སུ་སོང་ན་ནི། འོག་གི་བུ་ག་འབྱིན་པར་བྱེད་དེ། འདི་ལྟ་སྟེ། དཔེར་ན་མགར་བ་འམ། དེའི་སློབ་མས་སྦུད་པ་བུས་པ་ན་སྟེང་དང་འོག་ཏུ་རྒྱུ་ཞིང་རླུང་གི་བྱ་བ་བྱས་ནས་འགག་པར་གྱུར་བ་ 80-1-264a ཇི་ལྟ་བ་བཞིན་ནོ། །དགའ་བོ་ཞག་བདུན་ཕྲག་བཅུ་གཉིས་པ་ལ་ནི་མའི་མངལ་ནས་ཡོན་པོའི་སྒོ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་བུས་པས་གཡས་གཡོན་གཉིས་ཀྱི་ནང་གྲོལ་གྱི་རྒྱུ་མ་དང་གཉེ་མ་ དག་འགྲུབ་པར་བྱེད་དེ། འདི་ལྟ་སྟེ། དཔེར་ན་པད་མའི་རྩ་བ་བཞིན་དུ་ལུས་ལ་བརྟེན་ཏེ་སྣོལ་མར་གནས་སོ། །ཞག་བདུན་པ་དེ་ཉིད་ཀྱི་ཚེ་གཞན་ཡང་སྤུ་བརྒྱུས་པ་ཞེས་བྱ་བའི་རླུང་འབྱུང་སྟེ། མངལ་གྱི་ནང་ཉིད་དུ་ལྷག་ ཆད་མེད་པར་ཚིགས་སུམ་བརྒྱ་སུམ་བཅུ་སྐྱེད་པར་བྱེད་དོ། །གཞན་ཡང་རླུང་དེའི་སྟོབས་ཀྱིས་གནད་བརྒྱ་རྩ་གཅིག་འབྱུང་བར་བྱེད་དོ། །དགའ་བོ་ཞག་བདུན་ཕྲག་བཅུ་གསུམ་པ་ལ་ནི་མའི་མངལ་ནས་སྔ་མའི་རླུང་དེ་ཉིད་ ཀྱི་སྟོབས་ཀྱིས་བཀྲེས་པ་དང་། སྐོམ་པར་ཤེས་པར་བྱེད་པས་མས་ཟོས་ཤིང་འཐུངས་པའི་བཅུད་ཇི་སྙེད་པ་དག་ལྟེ་བར་ཞུགས་ནས་དེའི་ལུས་ལ་ཕན་འདོགས་པར་བྱེད་དོ། །དགའ་བོ་ཞག་བདུན་ཕྲག་བཅུ་བཞི་པ་ལ་ནི་མའི་མངལ་ ནས་སྐུད་པའི་ཁ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ན་གནས་པ་དེའི་རྩ་རྒྱུས་སྟོང་སྐྱེད་པར་བྱེད་དེ། ཉིས་བརྒྱ་ལྔ་བཅུ་ནི་ལུས་ཀྱི་མདུན་ན་གནས་སོ། །ཉིས་བརྒྱ་ལྔ་བཅུ་ནི་ལུས་ཀྱི་རྒྱབ་ན་གནས་སོ། །ཉིས་བརྒྱ་ ལྔ་བཅུ་ནི་ལུས་ཀྱི་གཡས་ཕྱོགས་ན་གནས་སོ། །ཉིས་བརྒྱ་ལྔ་བཅུ་ནི་ལུས་ཀྱི་གཡོན་ཕྱོགས་ན་གནས་སོ། །དགའ་བོ་ཞག་བདུན་ཕྲག་བཅྭ་ལྔ་པ་ལ་ནི་མའི་མངལ་ནས་པད་མ་ཞེས་བྱ་བའི་རླུང་འབྱུང་སྟེ། མངལ་ན་ གནས་པ་དེའི་ལུས་ལ་རྩར་རྒྱུ་བ་རྣམ་པ་ཉི་ཤུ་བསྐྱེད་ནས་རོ་རྣམས་བཞིབ་པར་བྱེད་དེ། དེ་ཡང་ལུས་ཀྱི་མདུན་ན་ལྔ་དང་། ལུས་ཀྱི་རྒྱབ་ན་ལྔ་དང་། ལུས་ཀྱི་གཡས་ན་ལྔ་དང་། ལུས་ཀྱི་གཡོན་ན་ལྔ་ཡོད་དོ། །རྩར་ རྒྱུ་བ་དེ་ཡང་མིང་སྣ་ཚོགས་དང་། ཁ་དོག་སྣ་ཚོགས་དང་ལྡན་པས་མིང་ནི་ས་ག་ཞེས་ཀྱང་བྱ། སྟོབས་ཤེས་ཀྱང་བྱ། བརྟན་པ་ཞེས་ཀྱང་བྱ། མཐུ་དང་ལྡན་པ་ཞེས་ཀྱང་བྱའོ། །ཁ་དོག་ནི་སྔོན་པོ་དང་། སེར་པོ་དང་། དམར་ 80-1-264b པོ་དང་། དཀར་པོ་དང་། བལ་ལྟ་བུའི་སེར་སྐྱ་དང་། མར་དང་། འབྲུམ་མར་དང་། ཞོ་ལ་སོགས་པའི་ཁ་དོག་དང་ལྡན་པ་གང་ཡིན་པ་དང་། གཞན་ཡང་ཁ་དོག་མང་པོ་ཕན་ཚུན་འདྲེས་པ་གང་ཡིན་པའོ། །དགའ་བོ་རྩར་རྒྱུ་བ་ཉི་ཤུ་པོ་དག་ རེ་རེ་ལ་ཡང་ཡན་ལག་བཞི་བཅུ་བཞི་བཅུ་ཡོད་པས་གཅིག་ཏུ་སྡུས་ན་དབུགས་གཞིབ་པའི་རྩར་རྒྱུ་བ་བརྒྱད་བརྒྱ་ཡོད་པར་འགྱུར་ཏེ། ལུས་ཀྱི་མདུན་དང་། རྒྱབ་དང་། གཡས་དང་། གཡོན་གྱི་ཕྱོགས་རེ་རེ་ལ་ཡང་ཉིས་བརྒྱ་ཉིས་བརྒྱ་ཡོད་ དོ། །དགའ་བོ་རྩར་རྒྱུ་བ་བརྒྱད་བརྒྱ་པོ་དེ་དག་རེ་རེ་ལ་ཡང་རྩར་རྒྱུ་བའི་ཡན་ལག་ཕན་ཚུན་འབྲེལ་བ་བརྒྱ་བརྒྱ་ཡོད་པས་གཅིག་ཏུ་བསྡུས་ན་སྟོང་ཕྲག་བརྒྱད་བཅུ་ཡོད་པར་འགྱུར་ཏེ། སྟོང་ཕྲག་ཉི་ཤུ་ནི་ལུས་ཀྱི་མདུན་ན་ཡོད་དོ། །སྟོང་ ཕྲག་ཉི་ཤུ་ནི་ལུས་ཀྱི་རྒྱབ་ན་ཡོད་དོ། །སྟོང་ཕྲག་ཉི་ཤུ་ནི་ལུས་ཀྱི་གཡས་ཕྱོགས་ན་ཡོད་དོ། །སྟོང་ཕྲག་ཉི་ཤུ་ནི་ལུས་ཀྱི་གཡོན་ཕྱོགས་ན་ཡོད་དོ། །དགའ་བོ་རྩར་རྒྱུ་བ་སྟོང་ཕྲག་བརྒྱད་བཅུ་པོ་དེ་དག་ལ་ཡང་བུ་ག་མང་པོ་ཡོད་པས་ བུ་ག་གཅིག་དང་གཉིས་དང་ལྡན་པ་ནས་བུ་ག་བདུན་གྱི་བར་དང་ལྡན་པ་ཡང་ཡོད་དོ། །དེ་དག་རེ་རེ་ལ་ཡང་སྤུའི་ཁུང་བུ་རེ་རེ་དང་སོ་སོར་ཕན་ཚུན་འབྲེལ་ཏེ། འདི་ལྟ་སྟེ། དཔེར་ན་པད་མའི་རྩ་བ་ལ་བུ་ག་མང་པོ་ཡོད་པ་ཇི་ལྟ་བ་བཞིན་ ནོ། །དགའ་བོ་ཞག་བདུན་ཕྲག་བཅུ་དྲུག་པ་ལ་ནི་བདུད་རྩི་འགྲོ་བ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེའི་སྦྱོར་བས་མངལ་ན་གནས་པ་དེའི་མིག་གི་སྐྱེ་མཆེད་གཉིས་དང་། རྣ་བའི་སྐྱེ་མཆེད་གཉིས་དང་། སྣའི་སྐྱེ་མཆེད་གཉིས་དང་། ཁའི་སྒོ་དང་། མིད་པའི་བུ་ག་དང་། སྙིང་གི་ཁོ་ར་ཁོར་ཡུག་དང་། བཟའ་བ་དང་། བཏུང་བ་དང་། བཅའ་བ་དང་། མྱངས་པ་རྣམས་འཇུག་པར་འགྱུར་བའི་གནས་རྣམ་པར་འཇོག་ཅིང་དབུགས་ ཕྱི་ནང་དུ་རྒྱུ་བ་ཐོགས་པ་མེད་པར་བྱེད་དེ། འདི་ལྟ་སྟེ། དཔེར་ན་རྫ་མཁན་ནམ་དེའི་སློབ་མས་འཇིམ་པའི་གོང་བུ་བླངས་ཏེ་འཁོར་ལོའི་སྟེང་དུ་བཞག་ནས་ཇི་ལྟར་མོས་པ་བཞིན་དུ་སྣོད་ཀྱི་རྣམ་པར་དབྱིབས་ཐ་དད་པ་སྤེལ་ཞིང་ 80-1-265a རྣམ་པར་འཇོག་པ་དེ་བཞིན་དུ་ལས་ཀྱི་རླུང་གི་དབང་གིས་ཀྱང་དེ་བཞིན་དུ་མིག་ལ་སོགས་པའི་སྐྱེ་མཆེད་ཇི་ལྟར་མོས་པ་བཞིན་དུ་རྣམ་པར་འཇོག་ཅིང་དབུགས་ཕྱི་ནང་དུ་རྒྱུ་བ་ཐོགས་པ་མེད་པར་བྱེད་དོ། །དགའ་ བོ་ཞག་བདུན་ཕྲག་བཅུ་བདུན་པ་ལ་ནི་མའི་མངལ་ནས་འབྲི་གདོང་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ན་གནས་པ་དེའི་མིག་དང་། རྣ་བ་དང་། སྣ་དང་། ཁའི་སྒོ་དང་། མིད་པ་དང་། སྙིང་གི་ཕྱོགས་དང་། ཟས་འཇུག་པར་ འགྱུར་བའི་གནས་རྣམས་ཀུན་དུ་དང་བར་བྱེད་ཅིང་དབུགས་ཕྱི་ནང་དུ་རྒྱུ་བའི་གནས་ཐོགས་པ་མེད་པར་བྱེད་དེ། འདི་ལྟ་སྟེ། དཔེར་ན་ཁྱེའུ་འམ། བུ་མོ་མཁས་པ་ཞིག་གིས་མེ་ལོང་གི་དཀྱིལ་འཁོར་རྡུལ་གྱིས་གཡོགས་ པ་བླངས་ནས་འབྲུ་མར་དང་། ཐལ་བ་དང་། སའི་ཕྱེ་མ་ཞིབ་མོ་དག་གིས་བྱི་དོར་བྱས་ན་གསལ་བར་འགྱུར་བ་དེ་བཞིན་དུ་ལས་ཀྱི་རླུང་གི་དབང་གིས་སྐྱེ་མཆེད་རྣམས་རྣམ་པར་འཇོག་ཅིང་ཐོགས་པ་མེད་པར་བྱེད་དོ། །དགའ་བོ་ ཞག་བདུན་ཕྲག་བཅྭ་བརྒྱད་པ་ལ་ནི་མའི་མངལ་ནས་དྲི་མ་མེད་པ་ཞེས་བྱ་བའི་རླུང་འབྱུང་སྟེ། མངལ་ན་གནས་པ་དེའི་སྐྱེ་མཆེད་དྲུག་པོ་དག་ཡོངས་སུ་དག་པར་བྱེད་དེ། འདི་ལྟ་སྟེ། དཔེར་ན་ཉི་མ་དང་ཟླ་བའི་དཀྱིལ་འཁོར་སྤྲིན་ ཆེན་པོས་ཁེབས་པ་རླུང་དྲག་པོ་ལངས་ནས་བུས་ཏེ་ཕྱོགས་བཞིར་གཏོར་བར་གྱུར་ན་འོད་དང་ལྡན་ཞིང་ཡོངས་སུ་དག་པར་འགྱུར་བ་དེ་བཞིན་དུ་དགའ་བོ་ལས་ཀྱི་རླུང་དེའི་སྟོབས་ཀྱིས་མངལ་ན་གནས་པ་དེའི་དབང་པོ་དྲུག་ཡོངས་སུ་དག་པར་ བྱེད་པ་ཡང་དེ་བཞིན་དུ་རིག་པར་བྱའོ། །དགའ་བོ་ཞག་བདུན་ཕྲག་བཅུ་དགུ་པ་ལ་ནི་མའི་མངལ་ན་གནས་པ་དེའི་དབང་པོ་བཞི་པོ་མིག་དང་། རྣ་བ་དང་། སྣ་དང་། ལྕེའི་དབང་པོ་དག་མངོན་པར་འགྲུབ་པར་བྱེད་དོ། །དང་པོ་མའི་ མངལ་དུ་འཇུག་པའི་ཚེ་ཐོག་མ་ཁོ་ནར་དབང་པོ་གསུམ་ཐོབ་པར་འགྱུར་ཏེ། འདི་ལྟ་སྟེ། ལུས་དང་། སྲོག་དང་། ཡིད་ཀྱི་དབང་པོ་གང་ཡིན་པའོ། དགའ་བོ་ཞག་བདུན་ཕྲག་ཉི་ཤུ་པ་ལ་ནི་མའི་མངལ་ནས་ཤིན་ཏུ་བརྟན་པ་ཞེས་ 80-1-265b བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ན་གནས་པ་དེའི་རྐང་པ་གཡོན་པ་ལ་བརྟེན་ཏེ། སེར་མོའི་རུས་པ་ཉི་ཤུ་སྐྱེད་པར་བྱེད་དོ། །རྐང་པ་གཡས་པ་ལ་བརྟེན་ཏེ་རུས་པ་ཉི་ཤུ་དང་། རྐང་པའི་རྟིང་པའི་རུས་པ་བཞི་དང་། རྗེ་ངར་གྱི་རུས་ པ་གཉིས་དང་། པུས་མོའི་རུས་པ་གཉིས་དང་། བརླའི་རུས་པ་གཉིས་དང་། རྐེད་པའི་རུས་པ་གསུམ་དང་། ལོང་བུའི་རུས་པ་གསུམ་དང་། སྒལ་ཚིགས་ཀྱི་རུས་པ་བཅྭ་བརྒྱད་དང་། རྩིབ་མའི་རུས་པ་ཉི་ཤུ་རྩ་བཞི་སྐྱེད་པར་བྱེད་དོ། ། གཞན་ཡང་ལག་པ་གཡོན་པ་ལ་བརྟེན་ཏེ་སོར་མོའི་ཚིགས་ཀྱི་རུས་པ་ཉི་ཤུ་དང་། ལག་པ་གཡས་པ་ལ་བརྟེན་ཏེ་སོར་མོའི་ཚིགས་ཀྱི་རུས་པ་ཉི་ཤུ་སྐྱེད་པར་བྱེད་དོ། །གཞན་ཡང་ལག་ངར་གྱི་རུས་པ་བཞི་དང་། དཔུང་པའི་རུས་ པ་གཉིས་དང་། བྲང་གི་རུས་པ་བདུན་དང་ཕྲག་པའི་རུས་པ་བདུན་དང་། གཉའ་བའི་རུས་པ་བཞི་དང་། འགྲམ་པའི་རུས་པ་གཉིས་དང་། སོའི་རུས་པ་སུམ་བཅུ་རྩ་གཉིས་དང་། མགོའི་རུས་པ་བཞི་སྐྱེད་པར་བྱེད་དེ། དགའ་བོ་འདི་ལྟ་སྟེ་ དཔེར་ན་གཟུགས་མཁན་ནམ། གཟུགས་མཁན་གྱི་སློབ་མ་མཁས་པས་སྔར་ནི་ཤིང་སྲ་བ་ལས་དེའི་དབྱིབས་བྱས་ནས་དེའི་འོག་ཏུ་སྲད་བུས་བཅིངས་ཏེ་ཕྱི་འཇིམ་པ་རྣམས་བསྐུས་ནས་གཟུགས་བརྙན་མངོན་པར་འགྲུབ་པར་བྱེད་ པ་དེ་བཞིན་དུ་ལས་ཀྱི་རླུང་གི་སྟོབས་དེས་རུས་པ་རྣམས་རྣམ་པར་གཞོག་པ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །དགའ་བོ་དེ་ལྟར་ཞག་བདུན་ཕྲག་ཉི་ཤུ་པ་ལ་ནི་རུས་པ་ཕྲ་མོ་མ་གཏོགས་པར་རུས་པ་ཆེན་པོ་སྐྱེ་བའི་གྲངས་ནི་ཉིས་བརྒྱ་ ཡོད་པར་རིག་པར་བྱའོ། དགའ་བོ་ཞག་བདུན་ཕྲག་ཉི་ཤུ་གཅིག་པ་ལ་མའི་མངལ་ནས་ཡང་དག་སྐྱེད་པ་ཞེས་བྱའི་རླུང་འབྱུང་སྟེ། མངལ་ན་གནས་པ་དེའི་ལུས་ལ་ཤ་སྐྱེད་པར་བྱེད་པ་འདི་ལྟ་སྟེ། དཔེར་ན་ཞལ་ཞལ་མཁན་ནམ། ཞལ་ ཞལ་མཁན་གྱི་སློབ་མས་འཇིམ་པ་ལེགས་པར་སྦྱར་ནས་བརྩིག་ངོས་ལ་ཞལ་ཞལ་བྱེད་པ་བཞིན་དུ་ལས་ཀྱི་རླུང་དེས་ཤ་སྐྱེད་པར་བྱེད་པ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །དགའ་བོ་ཞག་བདུན་ཕྲག་ཉི་ཤུ་གཉིས་ 80-1-266a པ་ལ་ནི་མའི་མངལ་ནས་ཀུན་དུ་རྒྱལ་བ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ན་གནས་པ་དེའི་ཁྲག་སྐྱེད་པར་བྱེད་དོ། །དགའ་བོ་ཞག་བདུན་ཕྲག་ཉི་ཤུ་གསུམ་པ་ནི་མངལ་ནས་ཡོངས་སུ་དག་པར་འཛིན་པ་ ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ན་གནས་པ་དེའི་ལྤགས་པ་བསྐྱེད་པར་བྱེད་དོ། །དགའ་བོ་ཞག་བདུན་ཕྲག་ཉི་ཤུ་བཞི་པ་ལ་ནི་མའི་མངལ་ནས་ཀུན་དུ་འཕྱོ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ན་གནས་པ་དེའི་ ལྤགས་པ་རབ་ཏུ་དང་བར་བྱེད་དོ། །དགའ་བོ་ཞག་བདུན་ཕྲག་ཉི་ཤུ་ལྔ་པ་ལ་ནི་མའི་མངལ་ནས་གྲོང་ཁྱེར་འཛིན་ཅེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ན་གནས་པ་དེའི་ཤ་དང་ཁྲག་རབ་ཏུ་ལྡང་བར་བྱེད་དོ། །དགའ་བོ་ཞག་བདུན་ཕྲག་ ཉི་ཤུ་དྲུག་པ་ལ་ནི་མའི་མངལ་ནས་སྐྱེ་བ་མངོན་པར་གྲུབ་པ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ན་གནས་པ་དེའི་ལུས་ཀྱི་སྐྲ་དང་སྤུ་དང་སེན་མོ་རྣམས་སྐྱེད་པར་བྱེད་དོ། །དེ་དག་ཐམས་ཅད་ཀྱང་རྩ་རྒྱུས་རྣམས་དང་ཕན་ཚུན་ འབྲེལ་བར་བལྟ་བར་བྱའོ། །དགའ་བོ་ཞག་བདུན་ཕྲག་ཉི་ཤུ་བདུན་པ་ལ་ནི་མའི་མངལ་ནས་སྨན་ཡོན་ཆེན་པོ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ན་གནས་པ་དེའི་སྐྲ་དང་། སེན་མོ་རྣམས་མངོན་པར་འགྲུབ་པར་བྱེད་དོ། ། དགའ་བོ་མངལ་ན་གནས་པ་དེ་གལ་ཏེ་ཚེ་རབས་སྔ་མ་ལ་སྡིག་པ་མི་དགེ་བའི་ལས་མངོན་པར་འདུས་བྱས་པས་སེར་སྣས་ལོངས་སྤྱོད་བདོག་པ་རྣམས་འཕངས་ཤིང་ཤིན་དུ་བསྟེན་པར་མངོན་པར་ཞེན་ནས་སྦྱིན་པ་གཏོང་བར་མི་ བྱེད་པ་དང་། ཕ་མ་དང་། མཁན་པོ་དང་། སློབ་དཔོན་དང་། བླ་མའི་གནས་རྣམས་ཀྱིས་རྗེས་སུ་བསྟན་པ་དག་མཉན་པར་མི་བྱེད་པ་དང་། ལུས་དང་ངག་དང་། ཡིད་ཀྱིས་མི་དགེ་བའི་ལས་མངོན་པར་འདུས་བྱས་ཤིང་ཉིན་མཚན་ དུ་འཕེལ་བར་བྱེད་པ་ཞིག་ཡིན་ན་ནི་འདི་ལྟ་བུའི་རྣམ་པར་སྨིན་པ་མྱོང་བར་འགྱུར་ཏེ། གལ་ཏེ་མིར་སྐྱེས་པར་གྱུར་ན་ཡང་འབྲས་བུ་རྣམ་པར་སྨིན་པ་ཡིད་དུ་མི་འོང་བ་ཐོབ་པར་འགྱུར་བས་གལ་ཏེ་འཇིག་རྟེན་པ་རྣམས་འདི་ 80-1-266b ལྟར་རིང་པོས་མཛེས་པར་གྱུར་ན་ནི་དེ་ཐུང་བར་འགྱུར་རོ། །གལ་ཏེ་ཐུང་ངུས་མཛེས་པར་གྱུར་ན་ནི་དེ་རིང་པོར་འགྱུར་རོ། །སྦོམ་པོས་མཛེས་པར་གྱུར་ན་ནི་དེ་ཕྲ་བར་འགྱུར་རོ། །གལ་ཏེ་ཕྲ་མོས་མཛེས་པར་གྱུར་ན་ནི་དེ་སྦོམ་པོར་ འགྱུར་རོ། །གལ་ཏེ་ཡན་ལག་དང་ཉིང་ལག་ཕན་ཚུན་ཐག་ཉེ་བས་མཛེས་པར་གྱུར་ན་ནི་དེ་ཐག་རིང་པོར་འགྱུར་རོ། །གལ་ཏེ་ཐག་རིང་པོས་མཛེས་པར་གྱུར་ན་ནི་དེ་ཐག་ཉེ་བར་འགྱུར་རོ། །གལ་ཏེ་མང་པོས་མཛེས་པར་ གྱུར་ན་ནི་དེ་ཉུང་བར་འགྱུར་རོ། གལ་ཏེ་ཉུང་བར་མཛེས་པར་གྱུར་ན་ནི་དེ་མང་པོར་འགྱུར་རོ། །གལ་ཏེ་ཚོ་བ་འདོད་ན་ནི་རིད་པར་འགྱུར་རོ། །རིད་པ་འདོད་ན་ནི་ཚོ་བར་འགྱུར་རོ། །ཞན་ཅིང་མཉེན་པ་འདོད་ན་ནི་བཤོར་བར་འགྱུར་རོ། ། བཤོར་བར་འདོད་ན་ནི་ཞན་ཅིང་མཉེན་པར་འགྱུར་རོ། །དཀར་བར་འདོད་ན་ནི་གནག་པར་འགྱུར་རོ། །གནག་པར་འདོད་ན་ནི་དཀར་བར་འགྱུར་རོ། །དགའ་བོ་གཞན་ཡང་སྡིག་པ་མི་དགེ་བའི་ལས་ཀྱི་དབང་གིས། སྡིག་པ་མི་དགེ་བའི་རྣམ་ པར་སྨིན་པ་འོན་པ་དང་། ལོང་བ་དང་། ལྐུག་པ་དང་། གླེན་པ་དང་། བྱད་བཞིན་མི་སྡུག་པ་དང་། ཚིག་སྨྲས་པ་རྣམས་གཞན་གྱིས་མཉན་པའི་འོས་སུ་མི་འགྱུར་བ་དང་། རྐ་ལག་འཕྱེ་ཞིང་འགྲོ་བ་དང་། ལུས་མི་སྡུག་ཅིང་ཡི་དགས་དང་འདྲ་བས་ཉེ་བཤེས་རྣམས་ ཀྱང་མཐོང་བར་མི་འདོད་ན་གཞན་ལྟ་སྨོས་ཀྱང་ཅི་དགོས་པ་དང་། ལུས་དང་། ངག་དང་། ཡིད་ཀྱི་ལས་ཇི་སྙེད་བཙལ་བ་དག་གཞན་ལ་སྨྲས་ན་ཡང་གཞན་གྱིས་ཡིད་མི་ཆེས་ཤིང་ཡིད་ལ་མི་འཛིན་པ་དག་མངོན་པར་འགྲུབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེས་ཚེ་རབས་སྔ་མ་ལ་སྡིག་པ་མི་དགེ་བའི་ལས་མངོན་པར་འདུས་བྱས་པའི་དབང་གིས་དེ་ལྟ་བུའི་རྣམ་པར་སྨིན་པ་འཐོབ་པར་འགྱུར་བས་སོ། །དགའ་བོ་མངལ་ན་གནས་པ་དེ་ཚེ་རབས་སྔ་མ་ལ་བསོད་ནམས་ཀྱི་ལས་མངོན་པར་བསྒྲུབས་པ་དང་། སེར་ སྣ་མེད་པར་ལེགས་པར་སྦྱིན་པ་གཏོང་ཞིང་ཕོངས་པ་རྣམས་ལ་སྙིང་བརྩེ་བ་དང་། ལོངས་སྤྱོད་རྣམས་ལ་ཕངས་ཤིང་མངོན་པར་ཞེན་པའི་སེམས་མེད་པ་དང་། དགེ་བའི་ལས་མངོན་པར་འདུས་བྱས་པ་རྣམས་ཉིན་མཚན་དུ་འཕེལ་བར་བྱེད་པ་ཞིག་ 80-1-267a ཡིན་ན་ནི་འདི་ལྟ་བུའི་རྣམ་པར་སྨིན་པ་ཁྱད་པར་དུ་འཕགས་པ་མྱོང་བར་འགྱུར་ཏེ། མིར་སྐྱེས་པར་གྱུར་ན་ཡང་འབྲས་བུ་རྣམ་པར་སྨིན་པ་ཡིད་དུ་འོང་བ་ཐོབ་པར་འགྱུར་བས་གལ་ཏེ་འཇིག་རྟེན་པ་རྣམས་རིང་པོས་མཛེས་པར་གྱུར་ ན་ཡང་དེ་བཞིན་དུ་རིང་པོར་འགྱུར་རོ། །གལ་ཏེ་ཐུང་ངུས་མཛེས་པར་གྱུར་ན་ཡང་དེ་བཞིན་དུ་ཐུང་བར་འགྱུར་བ་དང་། ཕྲ་སྦོམ་རན་ཞིང་ཡན་ལག་དང་ཉིང་ལག་འཚམ་པ་དང་། མང་ཉུང་དང་། ཚོ་རིད་དང་། བཤོར་མི་བཤོར་ཡང་དེ་བཞིན་དུ་མཛེས་ཤིང་ཡིད་དུ་མི་འོང་བ་ མེད་པ་དང་། དབང་པོ་དྲུག་ཚང་ཞིང་བྱད་བཞིན་སྡུག་པས་གཞན་ལས་ཁྱད་པར་དུ་འཕགས་པ་དང་། ཚིག་གསལ་ཞིང་དབྱངས་སྙན་པ་དང་། སྐྱེས་བུའི་མཚན་ཕུན་སུམ་ཚོགས་ཤིང་གང་གིས་མཐོང་བ་རྣམས་དགའ་བར་འགྱུར་བ་དང་། ལུས་དང་ངག་དང་། ཡིད་ཀྱི་ལས་ཇི་སྙེད་བཙལ་བ་དག་གཞན་ལ་བསྙད་ན་ཡང་གཞན་གྱིས་ཡིད་ཆེས་ཤིང་གུས་པས་ཡིད་ལ་འཛིན་པར་འགྱུར་རོ། །དེ་ཅིའི་ཕྱིར་ན། དེས་ཚེ་རབས་སྔ་མ་ལ་དགེ་བའི་ལས་རྣམས་མངོན་པར་འདུས་བྱས་པའི་དབང་གིས་དེ་ལྟ་བུའི་རྣམ་པར་ སྨིན་པ་ཐོབ་པར་འགྱུར་བས་སོ། །དགའ་བོ་མངལ་ན་གནས་པ་དེ་གལ་ཏེ་ཁྱེའུ་ཡིན་ན་ནི་མའི་རྩིབ་ལོགས་གཡས་ཕྱོགས་སུ་ཅོག་པུར་འདུག་ལ། ལག་པ་གཉིས་ཀྱིས་གདོང་གཡོགས་ནས་མའི་སྒལ་ཚིགས་ལོགས་སུ་བལྟས་ཏེ་འདུག་གོ། །གལ་ཏེ་ བུ་མོ་ཡིན་ན་ནི་མའི་རྩིབ་ལོགས་གཡོན་ཕྱོགས་སུ་ཅོག་པུར་འདུག་ལ། ལག་པ་གཉིས་གྱིས་གདོང་གཡོགས་ནས་མའི་ལྟོ་བ་ལོགས་སུ་ཁ་བལྟས་ཏེ་མ་ཞུ་བའི་གནས་ཀྱི་འོག །ཞུ་བའི་གནས་ཀྱི་ནི་སྟེང་ན་མ་ཞུ་བའི་དངོས་པོས་ནི་ཐུར་དུ་མནན། ཞུ་ བའི་དངོས་པོས་ནི་ཡར་འདེགས་པར་བྱེད་པས། འདི་ལྟ་སྟེ་དཔེར་ན་གནས་ལྔ་བཅིངས་ནས་གསལ་ཤིང་རྣོན་པོའི་ཁར་བཙུགས་པ་བཞིན་དུ་གནས་སོ། །གལ་ཏེ་མས་ཟས་མང་དུ་ཟོས་སམ་ཉུང་ངུ་ཟོས་ན་ཡང་སྡུག་བསྔལ་མྱོང་བར་འགྱུར་རོ། ། དེ་བཞིན་དུ་གལ་ཏེ་ཤིན་དུ་སྣུམ་པ་འམ། ཤིན་དུ་རྩུབ་པ་དང་ཤིན་དུ་གྲང་བ་འམ། ཤིན་དུ་ཚ་བ་འམ། ལན་ཚྭ་བྲོ་བ་འམ། མི་བྲོ་བ་འམ། ཁ་བ་འམ། སྐྱུར་བ་འམ། མངར་བ་ལ་སོགས་པ་ཟས་འདི་ལྟ་བུ་དག་ཟོས་ན་ཡང་ཐམས་ཅད་དུ་སྡུག་ 80-1-267b བསྔལ་མྱོང་བར་འགྱུར་རོ། །གལ་ཏེ་མས་འདོད་པ་སྤྱད་པར་གྱུར་ཏམ། དྲག་ཏུ་སོང་ངམ། བརྒྱུགས་སམ། ཉམ་ང་བའི་ཕྱོགས་སུ་འདུག་གམ། ཡུན་རིང་དུ་འདུག་པ་གྱུར་ཏམ། ཡུན་རིང་དུ་ཉལ་བར་གྱུར་ཏམ། མཆོངས་པར་གྱུར་ ན་ཡང་ཐམས་ཅད་དུ་སྡུག་བསྔལ་མྱོང་བར་འགྱུར་རོ། །དགའ་བོ་མའི་མངལ་དུ་གནས་པ་ན་དེ་ལྟ་བུའི་སྡུག་བསྔལ་རྣམ་པ་སྣ་ཚོགས་བརྗོད་ཀྱིས་མི་ལང་བས་ལུས་ལ་ཉོན་མོངས་པར་རིག་པར་བྱ་སྟེ། མིའི་འགྲོ་བ་ན་ཡང་སྡུག་བསྔལ་ དེ་ལྟ་བུ་མྱོང་བར་འགྱུར་ན་ངན་འགྲོ་སེམས་ཅན་དམྱལ་བའི་སྡུག་བསྔལ་དཔེ་བྱ་བར་དཀའ་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བས་ན་དགའ་བོ་མཁས་པ་སུ་ཞིག་འཁོར་བའི་རྒྱ་མཚོ་དཔག་ཏུ་མེད་པ་ན་གནས་པར་མོས་ཤིང་སྡུག་ བསྔལ་འདི་ལྟ་བུ་ཉམས་སུ་མྱོང་བར་བྱེད་དོ། །དགའ་བོ་ཞག་བདུན་ཕྲག་ཉི་ཤུ་རྩ་བརྒྱད་པ་ལ་ནི་མའི་མངལ་ན་གནས་པ་དེ་ཕྱིན་ཅི་ལོག་གིས་འདུ་ཤེས་རྣམ་པ་བརྒྱད་སྐྱེ་བར་འགྱུར་རོ། །བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཁྱིམ་གྱི་འདུ་ ཤེས་དང་། བཞོན་པའི་འདུ་ཤེས་དང་། ཀུན་དགའ་ར་བའི་འདུ་ཤེས་དང་། ཁང་པ་བརྩེགས་པའི་འདུ་ཤེས་དང་། བསྐྱེད་མོས་ཚལ་གྱི་འདུ་ཤེས་དང་། ཁྲི་ལ་འདུག་པའི་འདུ་ཤེས་དང་། ཆུ་བོའི་འདུ་ཤེས་དང་། རྫིང་གི་འདུ་ཤེས་ཏེ། ཡང་དག་པར་འདི་དག་ཡོད་པ་མ་ཡིན་ཡང་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་སྐྱེད་པར་བྱེད་དོ། །དགའ་བོ་ཞག་བདུན་ཕྲག་ཉི་ཤུ་དགུ་པ་ལ་ནི་མའི་མངལ་ནས་མེ་ཏོག་ཕྲེང་བ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མའི་ མངལ་ན་གནས་པ་དེའི་ལྤགས་པའི་མདོག་ཀུན་དུ་གསལ་ཞིང་ཡོངས་སུ་དཀར་བ་དང་། ཡོངས་སུ་དག་ཅིང་དང་བར་བྱེད་དེ། །ལས་ཀྱི་སྟོབས་ཀྱིས་ཁ་ཅིག་ནི་ཁ་དོག་ནག་པོར་འགྱུར། ཁ་ཅིག་ནི་ཁ་དོག་སྔོན་པོར་འགྱུར་ཏེ། གཞན་ཡང་ ཁ་དོག་རྣམ་པ་སྣ་ཚོགས་དང་ལྡན་པ་དང་། ཁ་ཅིག་ནི་རྩུབ་ལ་སྣུམ་པ་མེད་པ་དང་། ཁ་དོག་དཀར་བ་དང་། ཁ་དོག་གནག་པ་དག་ཀྱང་ཅི་རིགས་པར་འབྱུང་བར་འགྱུར་རོ། །དགའ་བོ་ཞག་བདུན་ཕྲག་སུམ་བཅུ་པ་ལ་ནི་མའི་མངལ་ནས་ལྕགས་ 80-1-268a ཀྱི་སྒོ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ན་གནས་པ་དེ་བུས་པས་སྐྲ་དང་སྤུ་དང་། སེན་མོ་རྣམས་སྐྱེ་ཞིང་འཕེལ་བར་བྱེད་དེ་སྔོན་གྱི་ལས་ཀྱི་དབང་གིས་ཁ་དོག་དཀར་གནག་ལ་སོགས་པ་ཅི་རིགས་པ་སྣང་བར་འགྱུར་ བ་ཡང་གོང་མ་བཞིན་དུ་རིག་པར་བྱའོ། །དགའ་བོ་ཞག་བདུན་ཕྲག་སུམ་བཅུ་གཅིག་པ་ལ་ནི་མའི་མངལ་ན་གནས་པ་དེ་མཐར་གྱིས་ཆེར་སྐྱེ་བར་བྱེད་དེ། དེ་བཞིན་དུ་ཞག་བདུན་ཕྲག་སུམ་བཅུ་གཉིས་པ་དང་། གསུམ་པ་དང་། བཞི་པའི་ བར་དུ་ཡང་། །རྒྱ་ཆེར་སྐྱེ་ཞིང་འཕེལ་བར་བྱེད་དོ། །དགའ་བོ་ཞག་བདུན་ཕྲག་སུམ་བཅུ་ལྔ་པ་ལ་ནི་མངལ་ན་གནས་པ་དེ་མའི་མངལ་དུ་ཡན་ལག་དང་ཉིང་ལག་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །དགའ་བོ་ཞག་ བདུན་ཕྲག་སུམ་བཅུ་དྲུག་པ་ལ་ནི་མངལ་ན་གནས་པ་དེ་མའི་མངལ་ན་འདུག་མི་འདོད་པར་འགྱུར་རོ། །དགའ་བོ་ཞག་བདུན་ཕྲག་སུམ་བཅུ་བདུན་པ་ལ་ནི་མངལ་ན་གནས་པ་དེ་ཕྱིན་ཅི་ལོག་མ་ཡིན་པའི་འདུ་ཤེས་རྣམ་པ་གསུམ་པོ་འདི་ ལྟ་སྟེ། མི་གཙང་བའི་འདུ་ཤེས་དང་། དྲི་མི་ཞིམ་པའི་འདུ་ཤེས་དང་། མུན་ནག་གི་འདུ་ཤེས་སྐྱེ་བར་འགྱུར་རོ། །འདི་ནི་ཕྱོགས་གཅིག་གི་དབང་དུ་བྱས་ཏེ་བསྟན་ཏོ། །དགའ་བོ་ཞག་བདུན་ཕྲག་སུམ་བཅུ་བརྒྱད་པ་ལ་ནི་མའི་མངལ་ ནས་ཡན་ལག་སྡུད་པ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ན་གནས་པ་དེ་ལུས་བསྒྱུར་ནས་མཐུར་དུ་ཕྱོགས་ཤིང་ལག་པ་གཉིས་བཅུམ་ནས་སྐྱེ་བའི་གནས་ཀྱི་སྒོར་འཇོག་པར་བྱེད་དོ། །གཞན་ཡང་དེའི་ཚེ་ཁ་མཐུར་དུ་ལྟ་བ་ ཞེས་བྱ་བའི་རླུང་འབྱུང་སྟེ། ལས་ཀྱི་སྟོབས་ཀྱིས་རླུང་དེས་མངལ་གནས་པ་དེ་བུས་པས་མགོ་ནི་མཐུར་དུ་ལྟ་ཞིང་རྐང་པ་གཉིས་ནི་གྱེན་དུ་ཕྱོགས་པར་བྱས་ནས་སྐྱེ་བའི་གནས་ཀྱི་སྒོ་ནས་འབྱུང་བར་འགྱུར་རོ། །དགའ་བོ་གལ་ཏེ་ མངལ་ན་གནས་པ་དེ་ཚེ་རབས་སྔ་མ་ལ་སྡིག་པ་མི་དགེ་བའི་ལས་མང་པོ་མངོན་པར་འདུས་བྱས་ཤིང་གཞན་གྱི་མངལ་ལྷུང་བར་འགྱུར་བའི་ལས་བྱས་པ་ཞིག་ཡིན་ན་ནི་རྒྱུ་དང་རྐྱེན་དེས་མངལ་ནས་འབྱུང་བར་འགྱུར་བའི་ཚེ་རྐང་ལག་ 80-1-268b ལོག་ཅིང་སྣོལ་མར་གྱུར་ནས་བསྒྱུར་མི་ནུས་པས་མའི་མངལ་ཉིད་དུ་འཆི་བའི་དུས་བྱེད་པར་འགྱུར་ཏེ། དེའི་ཚེ་ཤེས་པ་དང་ལྡན་པའི་བུད་མེད་དམ་སྨན་པ་མཁས་པས་མར་དང་འབྲུ་མར། འཇམ་པ་འམ། ཤིང་ཤལ་མ་ལའི་ཤུན་པའི་ཁུ་ བ་འམ། གཞན་ཡང་དངོས་པོ་འཇམ་པོ་དག་གིས་ལག་པ་བསྐུས་ནས་ལག་པའི་སོར་མོས་གྲི་རྣོན་པོ་བླངས་ཏེ། སྣམ་ཕྱི་ས་དང་འདྲ་ཞིང་མཆོག་ཏུ་དྲི་མི་ཞིམ་པ་སྐྱུག་བྲོ་བའི་འདམ་ཁུང་། སྲིན་བུའི་རིགས་བརྒྱ་སྟོང་ཚད་མེད་པ་ རྟག་ཏུ་གནས་པ། མི་གཙང་བའི་ཁུ་བ་རྟག་ཏུ་འཛག་པ། ཁུ་བ་དང་ཁྲག་རླང་རྣམས་རུལ་ཞིང་མྱགས་པ་མཐོང་ན་སྐྱོ་བར་འགྱུར་བ། ལྤགས་པ་སྲབ་མོས་གཡོགས་པ་སྡིག་པའི་ལས་ལས་བྱུང་བའི་ལུས་རྨ་དང་བཅས་པ་མི་གཙང་ བའི་གནས་དེར་སོར་མོ་བཅུམ་སྟེ་དེར་བཅུག་ནས་གྲི་རྣོན་པོས་མངལ་ན་གནས་པ་དེའི་ལུས་དུམ་བུར་གཏུབས་ནས་མའི་མངལ་ནས་འབྱིན་པར་བྱེད་པས། དེས་ན་ཡིད་དུ་མི་འོང་བའི་སྡུག་བསྔལ་ཤིན་དུ་མི་བཟད་ཅིང་ཚ་བ་རྩུབ་ པ་དག་མྱོང་བའི་རྒྱུས་མ་དེ་ཡང་འཆི་བའི་དུས་བྱེད་པར་འགྱུར་ཏེ། གལ་ཏེ་ཤི་བར་མ་གྱུར་ན་ཡང་ཤི་བ་དང་བྱེ་བྲག་མེད་དོ། །དགའ་བོ་གལ་ཏེ་མངལ་ན་གནས་པ་དེ་དགེ་བའི་ལས་ལས་མངོན་པར་གྲུབ་པ་ཡིན་ན་ནི་གལ་ཏེ་ལོག་ པར་གྱུར་ན་ཡང་མ་ལ་གནོད་པ་མེད་པར་བདེ་བར་བཙས་པར་འགྱུར་བས་སྡུག་བསྔལ་ཡང་མྱོང་བར་མི་འགྱུར་རོ། །དགའ་བོ་གང་བགེགས་འདི་ལྟ་བུ་དང་མི་ལྡན་པ་དེ་དག་ནི་ཞག་བདུན་ཕྲག་སུམ་ཅུ་རྩ་བརྒྱད་འདས་ནས་ བཙའ་བར་འགྱུར་བའི་ཚེ་སྡུག་བསྔལ་ཆེན་པོ་སྲོག་ལ་བབ་པ་མྱོང་ནས་གདོད་མའི་མངལ་ནས་འབྱུང་བར་འགྱུར་བས་ན། དགའ་བོ་ཁྱོད་ཀྱིས་ཤིན་དུ་ལེགས་པར་བརྟགས་ནས་ངེས་པར་འབྱུང་བ་ཡོངས་སུ་བཙལ་བར་བྱའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་དེའི་ཚེ་ཚེ་དང་ལྡན་པ་དགའ་བོ་ལ་བཀའ་སྩལ་པ། དགའ་བོ་ཁྱོད་ཀྱིས་མངལ་ན་གནས་པའི་སྡུག་བསྔལ་དང་། བཙས་པའི་སྡུག་བསྔལ་ཤེས་པར་བྱས་ནས་སོ་སོའི་སྐྱེ་བོ་མངལ་ 80-1-269a ནས་སྐྱེ་བ་ལེན་པ་གང་ཡིན་པ་དེ་དག་ནི་ཤིན་ཏུ་སྡུག་བསྔལ་བ་ཡིན་པར་རིག་པར་བྱའོ། །དང་པོ་བཙས་པའི་ཚེ་ཁྱེའུའམ་བུ་མོ་ཡང་རུང་སྟེ། ལག་པའི་སྟེང་ངམ། གོས་ལ་སོགས་པའི་སྟེང་དུ་ལྷུང་ ནས་ཉི་མ་འམ་གྲིབ་མ་འམ། བསྒུལ་བའི་ཤིང་ལེབ་བམ། སྟན་ནམ། པང་པའི་སྟེང་དུ་བཞག་པ་ན་རྒྱུ་དང་རྐྱེན་དེས་ཐམས་ཅད་དུ་སྡུག་བསྔལ་མི་བཟད་པ་ཚ་བ་རྩུབ་པ་ཡིད་དུ་མི་འོང་བ་མྱོང་བར་འགྱུར་ཏེ། དགའ་ བོ་འདི་ལྟ་སྟེ་དཔེར་ན་བ་ལང་གསོན་པོར་ལྤགས་པ་བཤུས་པ་བརྩིག་པ་དང་ཉེ་བར་གྱུར་ན་བརྩིག་པ་ལ་གནས་པའི་སྲོག་ཆགས་ཀྱིས་ཟ་བར་འགྱུར་བ་འམ། གལ་ཏེ་ཤིང་དང་། རྩྭའི་ཕུང་པོ་དང་། ཉེ་བར་གྱུར་ན་ཤིང་ དང་རྩྭ་ལ་གནས་པའི་སྲོག་ཆགས་ཀྱིས་ཟ་བར་འགྱུར་བ་འམ། གལ་ཏེ་བླ་གབ་མེད་པར་འདུག་པར་གྱུར་ན་བླ་གབ་མེད་པ་ན་གནས་པའི་སྲོག་ཆགས་ཀྱིས་ཟ་བར་གྱུར་ཞིང་ཐམས་ཅད་དུ་སྡུག་བསྔལ་མྱོང་བར་ འགྱུར་བ་དེ་བཞིན་དུ་དང་པོ་བཙས་པ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །དང་པོ་བཙས་པ་དེ་ལ་ཆུ་དྲོན་རན་པས་བཀྲུས་ན་ཡང་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་ཏེ། འདི་ལྟ་སྟེ་དཔེར་ན་སྐྱེས་བུ་མཛེ་ཅན་ ལྤགས་པ་རུལ་ཅིང་མྱགས་པ་རྣག་ཁྲག་ཟག་པ་ལ་ཡང་ལྕག་གིས་བཞུས་ན་སྡུག་བསྔལ་མི་བཟད་པ་ཚ་བ་དང་རྩུབ་པ་མྱོང་བར་འགྱུར་བ་དེ་བཞིན་དུ་དང་པོ་བཙས་པའི་ལུས་ཆུ་དྲོན་གྱིས་བཀྲུས་པ་ཡང་དེ་བཞིན་ དུ་བལྟ་བར་བྱའོ། །དང་པོ་བཙས་པའི་ལུས་དེ་ཡང་ཕྱིས་མའི་ཁྲག་གི་དྲི་མ་འཐུངས་ནས་ཆེར་སྐྱེ་བར་འགྱུར་ཏེ། དེ་ལ་ཁྲག་གི་དྲི་མ་ཞེས་བྱ་བ་ནི་འཕགས་པའི་ཆོས་འདུལ་བ་ལས་ནུ་ཞོ་ཉིད་ལ་བྱ་བར་ བསྟན་པས་དེ་ལྟ་བས་ན་དགའ་བོ་འདི་ལྟར་ཤིན་དུ་མི་ཟད་པའི་སྡུག་བསྔལ་རྣམ་པ་སྣ་ཚོགས་དང་ལྡན་ཞིང་བདེ་བ་ཅུང་ཟད་ཀྱང་མེད་ན། མཁས་པ་སུ་ཞིག་སྡུག་བསྔལ་གྱི་རྒྱ་མཚོ་འདི་ལ་རྗེས་སུ་ 80-1-269b ཆགས་པ་བསྐྱེད་ནས་རྟག་ཏུ་འཁོར་བའི་རྒྱུན་ཕྱོགས་སུ་འཇུག་ཅིང་རྒྱུན་འཆད་པ་མེད་པར་བྱེད། དང་པོ་བཙས་པ་དེ་ཞག་བདུན་ལོན་པ་དང་ལུས་དེ་ཉིད་ལས་སྲོག་ཆགས་སྲིན་བུའི་རིགས་སྟོང་ཕྲག་བརྒྱད་བཅུ་བྱུང་ ནས་ལུས་ལ་ཟ་བར་བྱེད་དེ། དགའ་བོ་སྲིན་བུའི་རིགས་སྐྲ་ལ་ཟ་བ་ཞེས་བྱ་བ་གཅིག་ཡོད་དེ་སྐྲའི་རྩ་བ་ལ་གནས་ནས་རྟག་ཏུ་སྐྲ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་ཁར་བའི་མཛོད་དང་། མགོ་སྦོམ་ ཞེས་བྱ་བ་གཉིས་ཡོད་དེ་མགོ་ལ་རྟེན་ཏེ་གནས་ནས་རྟག་ཏུ་མགོ་ལ་ཟ་བར་བྱེད་དེ། །སྲིན་བུའི་རིགས་མིག་འཁོར་ཞེས་བྱ་བ་གཅིག་ཡོད་དེ་མིག་ལ་གནས་ནས་རྟག་ཏུ་མིག་ལ་ཟ་བར་བྱེད་དོ། །སྲིན་བུའི་ རིགས་དེད་པ་དང་། འབྲོས་པ་དང་། ཁང་ཁྱིམ་དང་། ཡོངས་སུ་རྫོགས་པ་ཞེས་བྱ་བ་བཞི་ཡོད་དེ་ཀླད་པ་ལ་གནས་ནས་རྟག་ཏུ་ཀླད་པ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་སཱ་ལུའི་ལོ་མ་ཞེས་བྱ་བ་ གཅིག་ཡོད་དེ་རྣ་བ་ལ་གནས་ནས་རྣ་བ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་མཛོད་སྒོ་ཞེས་བྱ་བ་གཅིག་ཡོད་དེ་སྣ་ལ་གནས་ནས་སྣ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་འཕེན་པ་དང་། ཀུན་དུ་འཕེན་པ་ ཞེས་བྱ་བ་གཉིས་ཡོད་དེ་མཆུ་ལ་གནས་ནས་མཆུ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་སྦྲང་རྩིའི་ལོ་མ་ཞེས་བྱ་བ་གཅིག་ཡོད་དེ་སོ་ལ་གནས་ནས་སོ་ལ་ཟ་བར་བྱེད་དོ། །སྲིན་བུའི་ རིགས་ཤིང་གདོང་ཞེས་བྱ་བ་གཅིག་ཡོད་དེ་སོའི་རྩ་བ་ལ་གནས་ནས་སོའི་རྩ་བ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་ཁབ་མཆུ་ཞེས་བྱ་བ་གཅིག་ཡོད་དེ་ལྕེ་ལ་གནས་ ནས་ལྕེ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་ཁ་རྣོན་ཞེས་བྱ་བ་གཅིག་ཡོད་དེ་ལྕེའི་རྩ་བ་ལ་གནས་ནས་ལྕེའི་རྩ་བ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་ལག་རྫོགས་ཞེས་ 80-1-270a བྱ་བ་གཅིག་ཡོད་དེ་རྐན་ལ་གནས་ནས་རྐན་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་ལག་པ་དྲ་བ་ཅན་དང་། ཕྱེད་སྒྱུར་ཞེས་བྱ་བ་གཉིས་ཡོད་དེ་ལག་མཐིལ་ལ་གནས་ནས་ལག་མཐིལ་ལ་ཟ་བར་བྱེད་དོ། །སྲིན་ བུའི་རིགས་འཕྱང་བ་དང་། རབ་ཏུ་འཕྱང་བ་ཞེས་བྱ་བ་གཉིས་ཡོད་དེ་ལག་ངར་ལ་གནས་ནས་ལག་ངར་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་དཔུང་པ་དང་ཉེ་བའི་དཔུང་པ་ཞེས་བྱ་བ་གཉིས་ཡོད་དེ་དཔུང་པ་ལ་གནས་ནས་དཔུང་པ་ལ་ཟ་བར་བྱེད་དོ། ། སྲིན་བུའི་རིགས་མིད་པ་དང་། ཉེ་བའི་མིད་པ་ཞེས་བྱ་བ་གཉིས་ཡོད་དེ་མིད་པ་ལ་གནས་ནས་མིད་པ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་དཔའ་བ་དང་། དཔའ་བ་ཆེན་པོ་ཞེས་བྱ་བ་གཉིས་ཡོད་དེ་བྲང་ལ་གནས་ནས་བྲང་ལ་ ཟ་བར་བྱེད་དོ། །སྲིན་བུའི་རིགས་དུང་དང་། དུང་ཁ་ཞེས་བྱ་བ་གཉིས་ཡོད་དེ་ཤ་ལ་གནས་ནས་ཤ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་ཁ་དོག་དང་ལྡན་པ་དང་། སྟོབས་ལྡན་ཞེས་བྱ་བ་གཉིས་ཡོད་དེ་ཁྲག་ལ་གནས་ནས་ ཁྲག་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་དཔའ་བོ་དང་། དྲི་གདོང་ཞེས་བྱ་བ་གཉིས་ཡོད་དེ་ཆུ་ལ་གནས་ནས་ཆུ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་མི་མཐོ་བ་དང་། ཁ་སྦུབ་ཅེས་བྱ་བ་གཉིས་ཡོད་དེ་རྒྱབ་ཀྱི་སྒལ་ཚིགས་ ལ་གནས་ནས་རྒྱབ་ཀྱི་རྒལ་ཚིགས་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་གཉིས་ག་ཡང་ཚིལ་གྱི་ཁ་དོག་ཅེས་བྱ་བ་གཉིས་ཡོད་དེ་ཚིལ་ལ་གནས་ནས་ཚིལ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་མཁྲིས་པའི་ཁ་དོག་ཅེས་བྱ་བ་གཅིག་ཡོད་དེ་མཁྲིས་ པ་ལ་གནས་ནས་མཁྲིས་པ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་མུ་ཏིག་ཅེས་བྱ་བ་གཅིག་ཡོད་དེ་མཁལ་མ་ལ་གནས་ནས་མཁལ་མ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་མུ་ཏིག་ཆེན་པོ་ཞེས་བྱ་བ་གཅིག་ཡོད་དེ་རྐེད་པ་ ལ་གནས་ནས་རྐེད་པ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་མ་འོངས་པ་ཞེས་བྱ་བ་གཅིག་ཡོད་དེ་མཚེར་པ་ལ་གནས་ནས་མཚེར་པ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་ཆུ་སྲོག་དང་། ཆུ་སྲོག་ཆེན་པོ་དང་། ཁབ་ཀྱི་མཆུ་ 80-1-270b དང་། མཚོན་ཆའི་མཆུ་ཞེས་བྱ་བ་བཞི་ཡོད་དེ་རྒྱུ་མ་ལ་གནས་ནས་རྒྱུ་མ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་ཟླ་བ་རྫོགས་པ་དང་། ཟླ་བ་གཏོང་དང་། བསིལ་བྱེད་དང་། བསིལ་བྱེད་གཏོང་དང་། སོ་སོར་གནས་པ་ཞེས་བྱ་བ་ལྔ་ ཡོད་དེ་རྩིབ་ལོགས་གཡས་པ་ལ་གནས་ནས་རྩིབ་ལོགས་གཡས་པ་ལ་ཟ་བར་བྱེད་དོ། །གཞན་ཡང་སྲིན་བུའི་རིགས་གོང་མ་དང་མིང་འཐུན་པ་ལྔ་ཡོད་དེ་རྩིབ་ལོགས་གཡོན་པ་ལ་གནས་ནས་རྩིབ་ལོགས་གཡོན་པ་ལ་ཟ་བར་ བྱེད་དོ། །གཞན་ཡང་སྲིན་བུའི་རིགས་མདུན་དུ་འབིགས་པ་དང་། རྒྱབ་ཏུ་འབིགས་པ་དང་། བརྟན་པར་འབིགས་པ་དང་འབིགས་ཏེ་གནས་པ་ཞེས་བྱ་བ་བཞི་ཡོད་དེ་རུས་པ་ལ་གནས་ནས་རུས་པ་ལ་ཟ་བར་བྱེད་དོ། །སྲིན་ བུའི་རིགས་ཆེར་དཀར་བ་དང་། ཅུང་ཟད་དཀར་བ་དང་། སྤྲིན་བརྩེགས་དང་། དྲི་མི་ཞིམ་ཞེས་བྱ་བ་བཞི་ཡོད་དེ་རྩ་རྒྱུས་ལ་གནས་ནས་རྩ་རྒྱུས་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་སེང་གེ་དང་། སྟོབས་ལྡན་དང་། མགྱོགས་མའི་ མངའ་དང་། པད་མ་ཞེས་བྱ་བ་བཞི་ཡོད་དེ་མ་ཞུ་བའི་གནས་ལ་གནས་ནས་མ་ཞུ་བའི་གནས་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་བརྟན་པ་དང་། ཉེ་བའི་བརྟན་པ་ཞེས་བྱ་བ་དང་གཉིས་ཡོད་དེ། ཞུ་བའི་གནས་ལ་གནས་ནས་ཞུ་ བའི་གནས་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་མུ་ཁ་དང་། ཕུང་པོའི་ཁ་དང་། དྲ་བ་ཁ་དང་། བྱིའུ་ཁ་ཞེས་བྱ་བ་བཞི་ཡོད་དེ་གཅི་བའི་ལམ་ལ་གནས་ནས་གཅི་བའི་ལམ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་བྱེད་པ་དང་། བྱེད་ པ་ཆེན་པོ་དང་། དབྱིབས་ཆུང་དང་། པོ་ཏ་ར་ཀ་ཞེས་བྱ་བ་བཞི་ཡོད་དེ་བཤང་བའི་ལམ་ལ་གནས་ནས་བཤང་བའི་ལམ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་ཁ་ནག་དང་། ཁ་ནག་ཆེན་པོ་ཞེས་བྱ་བ་གཉིས་ཡོད་དེ་བརླ་ལ་གནས་ ནས་བརླ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་མཛེ་ཅན་དང་། མཛེ་ཅན་ཆུང་ངུ་ཞེས་བྱ་བ་གཉིས་ཡོད་དེ་པུས་མོ་ལ་གནས་ནས་པུས་མོ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་མྱོས་པའི་རྩ་བ་ཞེས་བྱ་བ་གཅིག་ཡོད་དེ་ 80-1-271a བྱིན་པ་ལ་གནས་ནས་བྱིན་པ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་མགོ་ནག་ཅེས་བྱ་བ་གཅིག་ཡོད་དེ་རྐང་པ་ལ་གནས་ནས་རྐང་པ་ལ་ཟ་བར་བྱེད་དོ། །དགའ་བོ་ཡོངས་སུ་སྐྱོབ་པར་བྱ་བའི་ལུས་འདི་འདྲ་བ་འདི་ལ་ནི་ སྲིན་བུའི་རིགས་འདི་ལྟ་བུ་སྟོང་ཕྲག་བརྒྱད་བཅུ་རྟག་པར་ཉིན་མཚན་དུ་ཟ་བར་བྱེད་པ་དེས་ན་ལུས་ལ་གདུང་བ་དང་། རབ་ཏུ་གདུང་བ་དང་། ཉམ་ཆུང་ཞིང་རྨ་བ་དང་། བཀྲེས་པ་དང་། སྐོམ་པར་བྱེད་ཅིང་གཞན་ཡང་སེམས་ཀྱི་སྡུག་ བསྔལ་སྣ་ཚོགས་དང་ལྡན་ཞིང་གདུང་བ་དང་། རབ་ཏུ་གདུང་བ་དང་། ཡོངས་སུ་གདུང་བ་དང་། ནད་མང་པོ་རྣམས་མངོན་དུ་སྣང་བར་བྱེད་པས་སྨན་པ་མཁས་པ་གང་གིས་ཀྱང་གསོ་ཞིང་བསལ་བར་མི་ནུས་ཏེ། དགའ་བོ་སྲིད་པའི་ རྒྱ་མཚོ་ཆེན་པོ་འཁོར་བ་འདིར་སྡུག་བསྔལ་དེ་ལྟ་བུ་དང་ལྡན་པ་ཡིན་ན་ཅིའི་ཕྱིར་འདི་ལ་རྗེས་སུ་ཆགས་པ་སྐྱེད་པར་བྱེད། གཞན་ཡང་གནོད་པ་མང་པོས་ཡོངས་སུ་བཟུང་བ་འདི་ལྟ་སྟེ། ལྷའི་གདོན་དང་། ཀླུའི་གདོན་དང་། ཀ་ཏ་ པུ་ཏ་ནི་བར་གྱི་གདོན་རྣམས་ཀྱིས་ཡོངས་སུ་ཟིན་པ་དང་། གཞན་ཡང་གཅན་ཟན་གྱི་གདོན་རྣམས་ཀྱིས་ཡོངས་སུ་ཟིན་པ་དང་། གཞན་ཡང་ཉི་མ་དང་། ཟླ་བ་དང་། གཟའ་དང་། རྒྱུ་སྐར་གྱི་གདོན་ལ་སོགས་པས་ཡོངས་སུ་ཟིན་ནས་ ནད་སྣ་ཚོགས་ཀྱིས་ལུས་དང་། སེམས་ཉོན་མོངས་པར་བྱེད་པ་ཡོད་དེ་བརྗོད་ཀྱིས་མི་ལང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་མཁས་པ་སུ་ཞིག་འཁོར་བ་འདིར་མའི་མངལ་དུ་འཇུག་པར་མོས་ཤིང་སྡུག་བསྔལ་ མི་བཟད་པ་མྱོང་བར་བྱེད། དེ་ལྟར་བཙས་ཤིང་དེ་ལྟར་གྱུར་ནས་མའི་ནུ་ཞོ་ཁྲག་དང་འདྲེས་པ་འཐུང་ཞིང་བཟའ་བ་དང་། བཏུང་བ་རྣམས་ཟོས་ཤིང་འཐུངས་པ་ན་ཡང་ཡང་དག་པ་མ་ཡིན་པའི་སེམས་ཀྱིས་ཞིམ་པའི་འདུ་ཤེས་སྐྱེད་ པར་བྱེད་དོ། །མཐར་གྱིས་ཆེར་སྐྱེས་ནས་ལུས་བདེ་ཞིང་ནད་མེད་པ་དང་། གོས་དང་། བཟའ་བ་དང་། བཏུང་བ་དང་ལྡན་ཞིང་ཚེ་ལོ་བརྒྱ་ཐུབ་པར་གྱུར་ན་ཡང་ཚེ་འདི་ཉིད་ལ་གཉིད་ཀྱིས་ཕྱེད་བྲི་བར་བྱེད་དོ། །དང་པོ་བྱིས་པ་དང་། དེའི་ 80-1-271b འོག་ཏུ་གཞོན་ནུ་ནས་མཐར་གྱིས་ཆེར་སྐྱེས་པར་གྱུར་བའི་བར་དུ་ཡང་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། ནད་སྣ་ཚོགས་ཀྱིས་རབ་ཏུ་གཟིར་ཅིང་སྡུག་བསྔལ་གྱི་རེག་པ་བརྒྱ་སྟོང་ཚད་མེད་པ་བརྗོད་ཀྱིས་མི་ལང་བ་རྣམས་ཀྱིས་ ལུས་ཉོན་མོངས་པར་བྱེད་པས་ལུས་ཀྱི་སྡུག་བསྔལ་དང་དུ་ལེན་པར་མི་ནུས་པའི་ཚེ་གསོན་པར་མི་སྨོན་ཅིང་ཤི་བར་དགའ་བས་ན་ལུས་འདི་ནི་སྡུག་བསྔལ་མང་ལ་བདེ་བ་ཆུང་བ་ཡིན་ཏེ། རེ་ཤིག་ཙམ་དུ་གནས་པར་བྱེད་ཀྱང་མཐར་འཇིག་ པར་འགྱུར་བས་དགའ་བོ་སྐྱེ་བ་རྣམས་ནི་ཐམས་ཅད་ཀྱང་འཆི་བར་འགྱུར་བས་རྟག་པར་གནས་པ་གང་ཡང་མེད་དོ། །གལ་ཏེ་སྨན་དང་ཟས་ཀྱིས་གསོས་ནས་ཚེ་རིང་པོར་འགྱུར་བ་ན་ཡང་མཐར་འཆི་བདག་གི་རྒྱལ་པོས་གསོད་ཅིང་ ཡུལ་སྟོང་དུ་སྐྱེ་བར་འགྱུར་བས་དེའི་ཕྱིར་སྐྱེ་བ་ལ་དགའ་བ་ཅི་ཡང་མེད་པར་རིག་པར་བྱས་ནས་ནན་ཏན་བརྩོན་འགྲུས་ཀྱིས་མ་འོངས་པའི་ཚོགས་བསགས་པ་ལ་བག་ཡོད་པར་བྱ་བ་དང་། ཚངས་པར་སྤྱོད་པ་ལ་བརྩོན་ཞིང་ལེ་ལོ་ མི་བྱ་བ་དང་། དོན་གྱི་སྤྱོད་པ་དང་། ཆོས་ཀྱི་སྤྱོད་པ་དང་། ཡོན་ཏན་གྱི་སྤྱོད་པ་དང་། དགེ་བ་འབའ་ཞིག་གི་སྤྱོད་པ་ལ་རྟག་པར་མོས་པས་བསྒོམ་པར་བྱའོ། །རྟག་པར་བདག་ཉིད་ཀྱི་དགེ་བ་དང་། མི་དགེ་བའི་ལས་རྣམ་པ་ གཉིས་ལ་སོ་སོར་བརྟགས་ནས་སེམས་ལ་གཏད་དེ། མ་འོངས་པ་ན་འགྱོད་པ་ཆེན་པོ་མེད་པར་བྱའོ། །རྗེས་སུ་ཆགས་པར་བྱ་བའི་དངོས་པོ་ཐམས་ཅད་ནི་མཐར་འབྲལ་བར་འགྱུར་ཞིང་དགེ་བ་དང་མི་དགེ་བའི་ལས་ཇི་ ལྟ་བ་བཞིན་དུ་ཚེ་ཕྱི་མ་ལེན་པར་འགྱུར་རོ། །དགའ་བོ་ཚེ་ལོ་བརྒྱ་ཐུབ་པ་དེ་ཡང་གནས་སྐབས་བཅུ་དང་ལྡན་པར་འགྱུར་ཏེ། དང་པོ་ནི་བྱིས་པའི་གནས་སྐབས་ཏེ་ཉམ་ཆུང་ཞིང་གན་རྐྱལ་དུ་ཉལ་བར་བྱེད་དོ། །གཉིས་པ་ནི་ གཞོན་ནུར་གྱུར་བ་སྟེ་བྱིས་པའི་རྩེད་མོ་ལ་དགའ་བར་བྱེད་དོ། །གསུམ་པ་ནི་ལང་ཚོ་ལ་བབ་པ་སྟེ་འདོད་པའི་བདེ་བ་རྣམས་མྱོང་བར་བྱེད་དོ། །བཞི་པ་ནི་མཐུ་དང་ལྡན་པར་གྱུར་བ་སྟེ་དཔའ་ཞིང་སྟོབས་དང་ལྡན་པ་ཡིན་ནོ། ། 80-1-272a ལྔ་པ་ནི་དར་ལ་བབ་པ་སྟེ་ཤེས་རབ་ཀྱི་སྤོབས་པ་དང་ལྡན་པར་གྱུར་བ་ཡིན་ནོ། །དྲུག་པ་ནི་ཡོངས་སུ་རྫོགས་པ་སྟེ་དྲན་པ་དང་ལྡན་ཞིང་དཔྱོད་པ་ལ་མཁས་པའི་རང་བཞིན་ཅན་ཡིན་ནོ། །བདུན་པ་ནི་མཐར་གྱིས་ རྒས་པ་སྟེ་ཆོས་ཀྱི་གཞུང་ལུགས་རབ་ཏུ་ཤེས་པ་ཡིན་ནོ། །བརྒྱད་པ་ནི་རྒས་པར་གྱུར་བ་སྟེ་བྱ་བ་མང་པོ་རྣམས་ལ་མཐུ་ཆུང་བར་གྱུར་བ་ཡིན་ནོ། །དགུ་པ་ནི་ཤིན་དུ་རྒས་པ་སྟེ་ཅི་ཡང་མི་ནུས་པ་ཡིན་ནོ། །བཅུ་པ་ནི་ལོ་བརྒྱ་པ་སྟེ། འཆི་བའི་གནས་སྐབས་གང་ཡིན་པའོ། །དགའ་བོ་གནས་སྐབས་ཆེན་པོ་དེ་དག་ཀྱང་མདོར་བསྡུས་ཏེ་བསྟན་ན་འདི་ལྟར་ཟླ་བ་བཞི་ཞིང་དུས་གཅིག་ཏུ་བྱས་ནས་ལོ་བརྒྱ་ལ་དུས་སུམ་བརྒྱ་ཡོད་པར་འགྱུར་ཏེ་དཔྱིད་དང་། དབྱར་དང་། དགུན་གྱི་དུས་རེ་རེ་ལ་ཡང་དུས་བརྒྱ་བརྒྱ་ཡོད་པས་སོ། །ལོ་གཅིག་ལ་ཟླ་བ་བཅུ་གཉིས་ཡོད་པས་ཟླ་བ་ཡང་བརྒྱ་ཕྲག་བཅུ་གཉིས་ཡོད་པར་འགྱུར་ལ། དེ་ཡང་ཟླ་བ་ཕྱེད་ཕྱེད་བགྲངས་ནས་ཟླ་བ་ཕྱེད་ཀྱང་བརྒྱ་ཕྲག་ཉི་ཤུ་རྩ་བཞི་ ཡོད་པར་འགྱུར་བས་དུས་གསུམ་པོ་རེ་རེ་ལ་ཡང་ཟླ་བ་ཕྱེད་བརྒྱད་བརྒྱ་བརྒྱད་བརྒྱ་ཡོད་པས་མདོར་བསྡུས་ན་ཉིན་མཚན་སུམ་ཁྲི་དྲུག་སྟོང་དུ་འཚོ་བར་འགྱུར་རོ། །ཉིན་ཞག་གཅིག་ལ་ལན་གཉིས་སུ་ཟ་བས་མདོར་བསྡུས་ན་ཟས་ནི་ ལན་སྟོང་ཕྲག་བདུན་བཅུ་རྩ་གཉིས་ཟ་བར་འགྱུར་ཏེ། རྐྱེན་གྱིས་བར་ཆད་བྱས་ནས་མ་ཟོས་པའི་གྲངས་ཀྱང་དེར་གཏོགས་སོ། །ཟས་མ་ཟོས་པའི་རྐྱེན་ནི་འདི་ལྟ་སྟེ། ཁྲོས་ནས་མ་ཟོས་པ་དང་། སྡུག་བསྔལ་ནས་མ་ཟོས་པ་ དང་། བརྩལ་ཏེ་མ་རྙེད་ནས་མ་ཟོས་པ་དང་། གཉིད་ལོག་སྟེ་མ་ཟོས་པ་དང་། སྡོམ་པ་བླངས་པ་དང་། རྩེ་བས་མྱོས་ཏེ་མ་བཟོས་པ་དང་། བྲེལ་ཏེ་མ་ཟོས་པ་སྟེ། ཟོས་པ་དང་། མ་ཟོས་པ་གཅིག་ཏུ་བསྡུས་ན་གྲངས་དེ་སྙེད་ཡོད་དེ་ མའི་ནུ་ཞོ་འཐུངས་པ་ཡང་གྲངས་དེར་གཏོགས་སོ། །དེ་ལྟར་ངས་མི་རྣམས་ཀྱི་འཚོ་བའི་ཚེ་ལོ་བརྒྱ་པའི་ལོ་དང་། ཟླ་བ་དང་། ཉིན་མཚན་དང་། བཟའ་བ་དང་། བཏུང་བ་ཟོས་པ་དང་། འཐུངས་པའི་གྲངས་ཡོངས་སུ་རྫོགས་པར་ 80-1-272b བསྟན་པ་ཡིན་གྱིས་ཁྱོད་ཀྱིས་འདི་ལ་ཡོངས་སུ་སྐྱོ་བ་བསྐྱེད་པར་བྱའོ། །དགའ་བོ་དེ་ལྟར་བཙས་ཤིང་ཆེར་སྐྱེས་པའི་ལུས་ལ་ཡང་ནད་མང་པོ་འདི་ལྟ་སྟེ། ཀླད་པ་ན་བ་དང་། མིག་ན་བ་དང་། རྣ་བ་ན་བ་དང་། སྣ་ན་བ་དང་། ལྕེ་ན་བ་དང་། སོ་ན་བ་དང་། ལྐོག་མ་ན་བ་དང་། སྙིང་ན་བ་དང་། ལྟོ་ན་བ་དང་། ལག་པ་ན་བ་དང་། རྐང་པ་ན་བས་གནོད་པ་དང་། གཡན་པ་དང་། མཛེ་དང་། མྱོས་པ་དང་། སྐྲངས་པ་དང་། ལུད་པ་དང་། མཁྲིས་པ་དང་། བད་ཀན་ལ་སོགས་པ་ནད་མང་ པོ་རྣམས་ཀྱིས་ཡན་ལག་དང་། ཉིང་ལག་ན་ཞིང་སྡུག་བསྔལ་མྱོང་བར་བྱེད་དེ། དགའ་བོ་མིའི་ལུས་ལ་འདི་འདྲ་བའི་ནད་ཀྱིས་སྡུག་བསྔལ་རྣམ་པ་སྣ་ཚོགས་ཡོད་དོ། །གཞན་ཡང་རླུང་ནད་བརྒྱ་རྩ་གཅིག་དང་། མཁྲིས་པའི་ནད་ བརྒྱ་རྩ་གཅིག་དང་། བད་ཀན་གྱི་ནད་བརྒྱ་རྩ་གཅིག་དང་། བདུས་པའི་ནད་བརྒྱ་རྩ་གཅིག་ཡོད་པས་མདོར་བསྡུས་ན་ནད་བཞི་བརྒྱ་རྩ་བཞི་ནང་གི་ལུས་ལས་སྐྱེ་བར་འགྱུར་བས་དགའ་བོ་ལུས་འདི་ནི་འབྲས་དང་འདྲ་ཞིང་ཟུག་རྔུ་འདྲ་བས་ ནད་མང་པོ་ལས་མངོན་པར་གྲུབ་པ། སྐད་ཅིག་ཙམ་དུ་ཡང་མི་གནས་ཤིང་སྐད་ཅིག་མར་འགྱུར་བ། རང་བཞིན་གྱིས་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་གྱུར་པ། འཆི་བ་དང་ཉེ་ཞིང་འཇིག་པར་ འགྱུར་བའི་ཆོས་ཅན་ཡིད་བརྟན་དུ་མི་རུང་བ་ཡིན་ནོ། །དགའ་བོ་འདི་ལྟར་སེམས་ཅན་རྣམས་ནི་གཞན་ཡང་སྐྱེ་བའི་སྡུག་བསྔལ་འདི་ལྟ་བུ་མྱོང་བར་འགྱུར་ཏེ། འདི་ལྟ་སྟེ། ལག་པ་བཅད་པ་དང་། རྐང་པ་བཅད་པ་དང་། མིག་ ཕྱུང་བ་དང་། རྣ་བ་བཅད་པ་དང་། སྣ་བཅད་པ་དང་། ལྕེ་བཅད་པ་དང་། མགོ་བཅད་པ་དང་། ཡན་ལག་དང་། ཉིང་ལག་བཅད་པའི་སྡུག་བསྔལ་དང་། གཞན་ཡང་གོ་རར་གཞུགས་པ་དང་། གག་ཤིང་དང་། ལྕག་གིས་གཞུ་པ་ དང་། རྡེག་པ་དང་། བཅིང་བ་ལ་སོགས་པའི་སྡུག་བསྔལ་དང་། བཀྲེས་པ་དང་། སྐོམ་པ་དང་། ངལ་བའི་སྡུག་བསྔལ་དང་། གྲང་བ་དང་། ཚ་བ་དང་། རླུང་དང་། ཆར་པ་དང་། སྦྲང་བུ་མཆུ་རིངས་དང་། ཤ་སྦྲང་དང་། གཅན་ཟན་དང་། སྡིག་ 80-1-273a སྦྲུལ་ལ་སོགས་པའི་རེག་པ་ལས་བྱུང་བའི་སྡུག་བསྔལ་རྣམ་པ་སྣ་ཚོགས་ཚད་མེད་པ་དཔག་ཏུ་མེད་པ་བརྗོད་ཀྱིས་མི་རྫོགས་པ་དག་མྱོང་བར་འགྱུར་ཏེ། སེམས་ཅན་རྣམས་ནི་རྟག་ཏུ་འདི་འདྲ་བའི་སྡུག་བསྔལ་མི་བཟད་ པ་རྩུབ་པ་ཡིད་དུ་མི་འོང་བ་ལ་གནས་ཤིང་རྗེས་སུ་ཆགས་པ་དང་། བྱིང་བར་གྱུར་བ་ཡིན་པས་འདོད་པ་རྣམས་ནི་སྡུག་བསྔལ་གྱི་རྩ་བར་གྱུར་བ་ཡིན་ཡང་དེ་སྤང་བར་བྱ་བ་ཡིན་པར་མི་ཤེས་ཤིང་། ཡང་ཡོངས་སུ་གཉེར་བར་བྱེད་པས་ ཉིན་མཚན་དུ་ལུས་དང་སེམས་ཡོངས་སུ་གདུང་བ་དང་། ནང་སྲེག་ཅིང་ཚིག་པར་བྱེད་པ་ལ་ཡང་རྒྱུན་འཆད་པ་མེད་དེ། དེ་བཞིན་དུ་སྐྱེ་བ་ཡང་སྡུག་བསྔལ་ཡིན་ནོ། །རྒ་བ་ཡང་སྡུག་བསྔལ་ཡིན་ནོ། །ན་བ་ཡང་སྡུག་བསྔལ་ཡིན་ནོ། ། འཆི་བ་ཡང་སྡུག་བསྔལ་ཡིན་ནོ། །སྡུག་པ་དང་བྲལ་བ་ཡང་སྡུག་བསྔལ་ཡིན་ནོ། །མི་སྡུག་པ་དང་ཕྲད་པ་ཡང་སྡུག་བསྔལ་ཡིན་ནོ། །གང་འདོད་པ་བཙལ་ཏེ་མ་རྙེད་པ་ཡང་སྡུག་བསྔལ་ཡིན་ནོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ཡང་སྡུག་ བསྔལ་ཡིན་ནོ། །འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བའི་སྤྱོད་ལམ་བཞི་པོ་དག་ཀྱང་སྡུག་བསྔལ་ཡིན་པས། གལ་ཏེ་རྟག་ཏུ་འགྲོ་ཞིང་འགྲེང་བ་དང་། འདུག་པ་དང་། ཉལ་བར་མ་གྱུར་ན་ཡང་སྡུག་བསྔལ་མྱོང་ཞིང་བདེ་ བ་མེད་པར་འགྱུར་རོ། །གལ་ཏེ་རྟག་ཏུ་འགྲེང་ཞིང་འགྲོ་བ་དང་། འདུག་པ་དང་། ཉལ་བར་གྱུར་ཏམ། གལ་ཏེ་རྟག་ཏུ་འདུག་ལ་འགྲོ་བ་དང་། འགྲེང་བ་དང་། ཉལ་བར་མ་གྱུར་ཏམ། གལ་ཏེ་རྟག་ཏུ་ཉལ་ལ་འགྲོ་བ་དང་། འགྲེང་བ་དང་། འདུག་པར་མ་གྱུར་ན་ཡང་ཐམས་ཅད་སྡུག་བསྔལ་མི་ཟད་པ་མྱོང་ཞིང་བདེ་བ་ཐོབ་པར་མི་འགྱུར་བས་དགའ་བོ་འདི་དག་ཐམས་ཅད་སྡུག་བསྔལ་མ་སྤངས་པས་སྡུག་བསྔལ་ཡོངས་སུ་གཉེར་བར་བྱེད་པ་ཡིན་པས་སྡུག་བསྔལ་ ཁོ་ན་སྐྱེ་ཞིང་། སྡུག་བསྔལ་ཁོ་ན་འགག་པར་འགྱུར་བས་འདུ་བྱེད་རྣམས་ཀྱི་རྒྱུ་དང་རྐྱེན་རྒྱུན་ཆད་པ་མེད་པར་འབྱུང་བར་འགྱུར་ཏེ། དེ་བཞིན་གཤེགས་པས་འདི་དག་ཐུགས་སུ་ཆུད་པའི་ཕྱིར་སེམས་ཅན་རྣམས་ཀྱི་འཁོར་བའི་ཆོས་ 80-1-273b འདུ་བྱེད་པ་རྣམས་མི་རྟག་ཅིང་ཡང་དག་པའི་མཐར་ཕྱིན་པ་མ་ཡིན་པ། རྣམ་པར་འགྱུར་བའི་ཆོས་ཅན་ཡིད་བརྟན་དུ་མི་རུང་བ་ཡིན་པས་ཆོག་ཤེས་པ་ཡོངས་སུ་བཙལ་ནས་ཤིན་ཏུ་སྐྱོ་བ་བསྐྱེད་དེ། ནན་ཏན་བརྩོན་འགྲུས་ཀྱིས་ རྣམ་པར་གྲོལ་བ་ཡོངས་སུ་གཉེར་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །དགའ་བོ་བདེ་འགྲོར་སྐྱེས་པའི་སེམས་ཅན་ཡང་སྐྱེ་གནས་མི་གཙང་བ་དག་ཏུ་སྡུག་བསྔལ་མི་བཟད་པ། ཡང་དག་པ་མ་ཡིན་པ། རྣམ་པ་སྣ་ཚོགས་ མྱོང་བ་ཡང་བརྗོད་ཀྱིས་མི་རྫོགས་ན་ངན་སོང་གསུམ་པོ་ཡི་དགས་དང་། དུད་འགྲོ་དང་། སེམས་ཅན་དམྱལ་བའི་སེམས་ཅན་རྣམས་ཀྱིས་མྱོང་བར་གྱུར་བའི་སྡུག་བསྔལ་མི་བཟད་པ་བཟོད་པར་དཀའ་བ་ཡོངས་སུ་རྫོགས་ པར་བརྗོད་པ་ལྟ་སྨོས་ཀྱང་ཅི་དགོས།། །། བམ་པོ་གསུམ་པ་སྟེ་ཐ་མ། གཞན་ཡང་དགའ་བོ་མའི་མངལ་དུ་འཇུག་པ་རྣམ་པ་བཞི་ཡོད་དེ། བཞི་ གང་ཞེ་ན། སེམས་ཅན་ཁ་ཅིག་ནི་ཡང་དག་པར་ཤེས་བཞིན་དུ་འཇུག །ཡང་དག་པར་ཤེས་བཞིན་དུ་གནས། ཡང་དག་པར་ཤེས་བཞིན་དུ་འབྱུང་བ་ཡང་ཡོད། །ཁ་ཅིག་ནི་ཡང་དག་པར་ཤེས་བཞིན་དུ་འཇུག །ཡང་དག་ པར་ཤེས་བཞིན་དུ་གནས་ལ་ཡང་དག་པར་མི་ཤེས་བཞིན་དུ་འབྱུང་བ་ཡོད། ཁ་ཅིག་ནི་ཡང་དག་པར་ཤེས་བཞིན་དུ་འཇུག་ལ་ཡང་དག་པར་མི་ཤེས་བཞིན་དུ་གནས་ཤིང་ཡང་དག་པར་མི་ཤེས་བཞིན་དུ་འབྱུང་བ་ ཡང་ཡོད། ཁ་ཅིག་ནི་ཡང་དག་པར་མི་ཤེས་བཞིན་དུ་འཇུག །ཡང་དག་པར་མི་ཤེས་བཞིན་དུ་གནས། ཡང་དག་པར་མི་ཤེས་བཞིན་དུ་འབྱུང་བ་ཡང་ཡོད་དོ། །དེ་ལ་སུ་ཞིག་ཡང་དག་པར་ཤེས་བཞིན་དུ་འཇུག་པ་ དང་། གནས་པ་དང་། འབྱུང་བར་འགྱུར་ཞེ་ན། འདི་ལྟར་འདི་ན་སོ་སོའི་སྐྱེ་བོའི་སེམས་ཅན་ཁ་ཅིག་རང་བཞིན་གྱིས་ཚུལ་ཁྲིམས་བསྲུང་བ་ལ་དགའ་ཞིང་ཡང་ནས་ཡང་དུ་དགེ་བའི་ཕྱོགས་ལ་གོམས་པར་བྱེད་ 80-1-274a པ་དང་། དངོས་པོ་མཆོག་ལ་མོས་ཤིང་བསོད་ནམས་རྣམས་མངོན་པར་འདུ་བྱེད་པ་དང་། ཤིན་ཏུ་ཡང་དག་པར་སྡོམ་པ་དང་། རྟག་པར་དྲང་པོར་སེམས་ཤིང་བག་མེད་པར་མི་བྱེད་པ་དང་། ཤེས་རབ་ཆེན་ པོ་དང་ལྡན་པས་འཆི་ཀའི་དུས་ཀྱི་ཚེ་འགྱོད་པ་མེད་པར་སྐྱེ་བ་ཡང་དག་པར་ལེན་པར་བྱེད་པ་རྒྱུན་དུ་ཞུགས་པ་སྐྱེ་བ་ལན་བདུན་པ་འམ། རིགས་ནས་རིགས་སུ་སྐྱེ་བ་འམ། ལན་ཅིག་ཕྱིར་འོང་བ་འམ། བར་ཆད་གཅིག་པ་ དག་ཡིན་ཏེ། གང་ཟག་དེ་དག་གིས་སྔར་དགེ་བ་སྤྱད་པའི་ཕྱིར་འཆི་ཀའི་དུས་ཀྱི་ཚེ་སྡུག་བསྔལ་ཉེ་བར་འོངས་ཤིང་ན་བ་དང་། ཚ་བ་ཉམས་སུ་མྱོང་བར་གྱུར་ཀྱང་སེམས་ལ་གཡེང་བ་མེད་པར་ཡང་དག་པར་དྲན་བཞིན་དུ་འཆི་ བའི་དུས་བྱས་ཏེ། ཡང་དག་པར་དྲན་བཞིན་དུ་མའི་མངལ་དུ་ཞུགས་ནས་ཆོས་རྣམས་ལས་ཀྱི་དབང་གིས་སྐྱེ་བ་དང་། ཐམས་ཅད་རྒྱུ་དང་རྐྱེན་ལས་སྐྱེ་བར་འགྱུར་བས་རྟག་ཏུ་བདུད་ཀྱི་གནས་བྱས་པར་གྱུར་ཏོ་ཞེས་རབ་ཏུ་ཤེས་ སོ། །དགའ་བོ་ལུས་འདི་ནི་མི་གཙང་བ་ཐམས་ཅད་ཀྱི་ཁྱིམ་ཡིན་པས་རང་བཞིན་གྱིས་རྟག་པར་གནས་པ་མ་ཡིན་པ་དང་། གླེན་པའི་དངོས་པོ་ཡིན་པས་རྨོངས་པ་དག་ལ་སླུ་བར་བྱེད་པ་ཡིན་ནོ་སྙམ་དུ་རིག་པར་བྱའོ། ། ལུས་འདི་ནི་རུས་པའི་འཁྲུལ་འཁོར་རྩ་རྒྱུས་རྣམས་ཕན་ཚུན་འབྲེལ་པ། བུ་ག་དང་གནད་རྣམས་དོད་པར་གྱུར་པ། ཤ་དང་། ཚིལ་དང་། རུས་པ་དང་། རྐང་ཕན་ཚུན་དུ་དཀྲིས་ཤིང་ལྤགས་པས་གཡོགས་པ་ཡིན་ཡང་ སྐྱོན་དུ་མ་མཐོང་བས་རབ་ཏུ་གདུངས་པའི་ཕུག་མི་གཙང་བས་ཡོངས་སུ་གང་བ། སྐྲ་དང་། སྤུ་དང་། སེན་མོ་དང་། སོའི་གནས་སྐབས་ཐ་དད་པ་ལ། བདག་དང་བདག་གིར་བཟུང་བའི་ཕྱིར་རྟག་ཏུ་རང་དབང་མེད་པར་ཁྲིད་པ། རྟག་ཏུ་མཆིལ་མ་དང་། སྣབས་དང་། མི་གཙང་བ་དང་། ཁ་ཆུ་དང་། རྔུལ་དང་། མཁྲིས་པ་དང་། བད་ཀན་འབྱུང་ཞིང་ཞག་དང་། ཚིལ་རུལ་ཞིང་མྱགས་པ་དང་། མཁལ་མ་དང་། མཚེར་པ་དང་། མཆིན་པ་དང་། གློ་བ་དང་། རྒྱུ་མ་ 80-1-274b ཆེ་ཕྲ་མི་གཙང་བས་གང་ཞིང་སྐྱུག་བྲོ་བ། སྲིན་བུའི་རིགས་མང་པོས་ཀུན་དུ་ཁྱབ་པར་གང་བ། སྟེང་དང་འོག་གི་བུ་ག་རྣམས་སུ་རྟག་ཏུ་མི་གཙང་བ་འཛག་པ་ཞུ་བ་དང་། མ་ཞུ་བའི་གནས་གཉིས་ལྤགས་པ་སྲབ་མོས་གཡོགས་ པས། འདི་ནི་སྣམ་ཕྱིས་དང་འདྲ་བ་ཡིན་ནོ་སྙམ་དུ་ཁྱོད་ཀྱིས་སོ་སོར་བརྟག་པར་བྱའོ། །ཇི་ཙམ་དུ་བཟའ་བ་དང་། བཅའ་བ་ཟོས་འཆོས་ཤིང་བལྡད་པ་ན་མཆིལ་སྣབས་སུ་གྱུར་ནས་མིད་པར་འཇུག་ཅིང་རྐང་དང་ཀླད་པ་ཕན་ ཚུན་འདྲེས་ནས་ལྟོ་བར་འབབ་པར་འགྱུར་ཏེ། འདི་ལྟ་སྟེ་དཔེར་ན་ཁྱི་རུས་པ་སྐམ་པོ་བལྡད་པ་ལྟ་བུར་གྱུར་བ་ཡིན་ཡང་ཡང་དག་པ་མ་ཡིན་པའི་སེམས་ཀྱིས་ཞིམ་པའི་འདུ་ཤེས་སྐྱེད་པར་བྱེད་པས་ཟས་རྐེད་པར་ཕྱིན་ ནས་གྱེན་དུ་ཟློན་པར་བྱེད་ཀྱང་སླར་མིད་པར་བྱེད་དོ། །དགའ་བོ་ལུས་འདི་ནི་དང་པོ་མེར་མེར་པོ་དང་། ནུར་ནུར་པོ་དང་། ལྟར་ལྟར་པོ་དང་། མཁྲང་འགྱུར་དང་། རྐང་ལག་འགྱུས་པ་མི་གཙང་བའི་དངོས་པོ་ཆེར་སྐྱེས་ནས། བྱིས་པའི་ཚེ་འཁོར་བར་གྱུར་བ་ནས་རྒས་པའི་བར་དུ་འཁོར་ཞིང་བཅིངས་པར་གྱུར་བ་ནི་འདི་ལྟ་སྟེ། དཔེར་ན་མུན་པའི་གཡང་ས་དང་འདྲའོ། །ཁྲོན་པ་མནམ་པོ་དང་འདྲ་བར་རྟག་ཏུ་ལན་ཚྭ་དང་། བསྐ་བ་དང་། ཚ་བ་དང་། སྐྱུར་ བ་ལ་སོགས་པའི་ཟས་ཀྱི་རོས་ཡོངས་སུ་གསོས་པ། གཞན་ཡང་མའི་མངལ་ཀྱི་མེས་ལུས་ཀྱི་དབང་པོ་རབ་ཏུ་བཙོས་པ། མི་གཙང་བའི་སྣོད་དུ་རྟག་པར་རབ་ཏུ་གདུང་བའི་སྡུག་བསྔལ་མྱོང་བར་འགྱུར་བ། གལ་ཏེ་མ་ འགྲེང་ངམ། འདུག་གམ། ཉལ་བར་གྱུར་བ་ན་བཅིང་བ་ལྔས་བཅིངས་པ་འམ། མེས་གདུངས་པ་བཞིན་ཤིན་དུ་བཟོད་པར་དཀའ་བའི་སྡུག་བསྔལ་མྱོང་བར་འགྱུར་བས་དཔེ་བྱར་ཡང་མི་ནུས་སོ། །དགའ་བོ་མངལ་ན་གནས་ པ་དེ་དེ་ལྟར་མི་གཙང་བའི་འདམ་དུ་གནས་ཤིང་སྡུག་བསྔལ་མང་པོས་ཉོན་མོངས་པར་འགྱུར་མོད་ཀྱི་འོན་ཀྱང་དབང་པོ་རྣོ་བའི་ཕྱིར་སེམས་གཡེང་བར་མི་འགྱུར་རོ། །གཞན་ཡང་སེམས་ཅན་བསོད་ནམས་ཆུང་བ་ཁ་ཅིག་ནི་ 80-1-275a མའི་མངལ་ན་འཕྲེད་དུ་ཉལ་བ་འམ། ལོག་པར་འདུག་པར་ཡང་འགྱུར་ཏེ། དེ་ཡང་སྔོན་གྱི་ལས་ཀྱི་སྟོབས་ཀྱི་ཕྱིར་རམ། ཡང་ན་མས་ཁ་ཟས་མ་སྙོམས་པ་ཤིན་དུ་གྲང་བ་འམ། ཤིན་དུ་ཚ་བ་འམ། ཤིན་དུ་སྐྱུར་བ་འམ། ཤིན་དུ་མངར་བ་འམ། ཤིན་དུ་ཁ་བ་ཟོས་པའི་ཕྱིར་རམ། ཡང་ན་ཚད་ལས་འདས་པར་སྐོམ་འཐུངས་སམ། འདོད་ཆགས་མང་དུ་སྤྱད་དམ། ནད་བུ་ཅན་དུ་གྱུར་ཏམ། མྱ་ངན་མང་པོས་ནོན་ཏམ། རྡེག་འཚོས་སམ། བརྡེགས་པར་གྱུར་ན་ཡང་རྐྱེན་འདི་དག་གི་དབང་གིས་མའི་ལུས་ཀྱང་ཡོངས་སུ་གདུང་བར་འགྱུར་ལ་མའི་ལུས་ཡོངས་སུ་གདུངས་པར་གྱུར་པའི་ཕྱིར་མངལ་ན་གནས་པ་ཡང་ཡོངས་སུ་གདུང་བར་ འགྱུར་རོ། །ཡོངས་སུ་གདུངས་པར་གྱུར་པའི་ཕྱིར་ན་སྡུག་བསྔལ་མང་པོ་མྱོང་བར་འགྱུར་རོ། །སྡུག་བསྔལ་མང་པོ་མྱོང་བར་གྱུར་བའི་ཕྱིར་ན་གཡོ་བར་འགྱུར་རོ། །གཡོས་པར་གྱུར་པའི་ཕྱིར་ན་ལུས་ལོག་པར་འཕྲེད་ དུ་ཉལ་ཞིང་འབྱུང་བར་མི་ནུས་པ་ལ་བུད་མེད་མཁས་པས་མར་རམ། འབྲུ་མར་གྱིས་ལག་པ་བསྐུས་ནས་མའི་མངལ་དུ་འཇུག་སྟེ། བགས་ཀྱིས་བགས་ཀྱིས་མངལ་ལ་མྱངས་ནས་སྔར་ཇི་ལྟར་གནས་པ་བཞིན་དུ་ འཇོག་པར་བྱེད་པས་ལག་པས་རེག་པར་གྱུར་བ་ན་མངལ་ན་གནས་པ་དེ་སྡུག་བསྔལ་ཆེན་པོ་མི་ཟད་པ་དག་མྱོང་བར་འགྱུར་ཏེ། དགའ་བོ་འདི་ལྟ་སྟེ་དཔེར་ན་ཁྱེའུ་འམ་བུ་མོ་ཤིན་དུ་གཞོན་པའི་ལུས་ལ་ལ་ལ་ཞིག་གིས་ མཚོན་རྣོན་པོས་ལྤགས་པ་དང་ཤ་གཅད་ནས་དེའི་སྟེང་ཏུ་ཐལ་བས་གཏོར་ན། དེའི་རྐྱེན་གྱིས་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་བ་དེ་བཞིན་དུ་མངལ་ན་གནས་པའི་སྡུག་བསྔལ་མི་བཟད་པ་རྩུབ་པ་ཡང་དེ་འདྲ་སྟེ། དེ་ལྟ་ བུའི་སྡུག་བསྔལ་མྱོང་བར་གྱུར་ཀྱང་དབང་པོ་མཆོག་ཏུ་རྣོ་བའི་ཕྱིར་ཡང་དག་པའི་དྲན་པ་དང་ལྡན་པས་རྣམ་པ་གཡེང་བར་མི་འགྱུར་ཏེ། དགའ་བོ་དེ་ལྟར་ན་མངལ་ན་གནས་པ་དེ་མའི་མངལ་ན་གནས་པའི་ཚེ་དེ་ལྟ་བུའི་སྡུག་ 80-1-275b བསྔལ་མྱོང་བར་འགྱུར་རོ། །གཞན་ཡང་བཙས་སུ་ཉེ་བའི་ཚེ་ན་སྡུག་བསྔལ་དང་བཅས་བཞིན་དུ་འབྱུང་བར་འགྱུར་ཏེ། ལས་ཀྱི་རླུང་གི་དབང་གིས་དེའི་ལག་པ་བསྣོལ་ནས་ཡན་ལག་དང་ཉིང་ལག་བཅུམ་སྟེ། སྡུག་བསྔལ་ཆེན་ པོ་མི་བཟད་པ་མྱོང་ནས། མའི་མངལ་ནས་བྱུང་བར་གྱུར་པས་ལུས་ཀྱི་ཡན་ལག་ཐམས་ཅད་སྔོན་པོར་འགྱུར་ཏེ་འདི་ལྟ་སྟེ། དཔེར་ན་གསར་དུ་སྐྲངས་པ་ལ་རེག་པར་མི་བཟོད་པ་བཞིན་དུ་བཀྲེས་སྐོམ་གྱིས་གདུང་བ་ དང་། སྙིང་འཕྱང་ཞིང་གདུང་བ་དང་བཅས་བཞིན་དུ་ལས་ཀྱི་རླུང་གི་རྒྱུ་དང་རྐྱེན་གྱིས་བུས་ནས་མངལ་ནས་འབྱུང་བར་འགྱུར་རོ། །མངལ་ནས་བྱུང་ནས་ཀྱང་ཕྱི་རོལ་གྱི་རླུང་གིས་རེག་པར་གྱུར་བ་ན་འདི་ལྟ་སྟེ། དཔེར་ན་མཚོན་ གྱིས་བཅད་ནས་ཐལ་བས་བསྐུས་པ་ཇི་ལྟ་བ་བཞིན་དུ་འགྱུར་རོ། །ལག་པ་དང་གོས་ཀྱིས་རེག་པར་གྱུར་པའི་ཚེ་ན་ཡང་ཐམས་ཅད་དུ་སྡུག་བསྔལ་མི་བཟད་པ་མྱོང་བར་འགྱུར་ཏེ། འདི་ལྟ་བུའི་སྡུག་བསྔལ་མྱོང་བར་གྱུར་ ཀྱང་དབང་པོ་རབ་ཏུ་རྣོ་བའི་ཕྱིར་ཡང་དག་པའི་དྲན་པ་དང་ལྡན་པས་རྣམ་པར་གཡེང་བར་མི་འགྱུར་ཏེ། མའི་མངལ་དུ་ཤེས་བཞིན་དུ་འཇུག་པ་དང་། གནས་པ་དང་། འབྱུང་བ་ཐམས་ཅད་ཀྱང་སྡུག་བསྔལ་བ་ཡིན་ན། དགའ་བོ་མཁས་པ་སུ་ཞིག་འདི་འདྲ་བའི་མངལ་དུ་འཇུག་པ་ལ་མོས་པར་བྱེད། དགའ་བོ་དེ་ལ་སུ་ཞིག་མའི་མངལ་དུ་ཡང་དག་པར་ཤེས་བཞིན་དུ་འཇུག་ཅིང་གནས་ལ་ཡང་དག་པར་མི་ཤེས་པ་བཞིན་དུ་འབྱུང་བར་འགྱུར་ ཞེ་ན། དགའ་བོ་ཇི་ལྟར་འདི་ནི་སོ་སོའི་སྐྱེ་བོའི་སེམས་ཅན་ཁ་ཅིག་ནི་རང་བཞིན་གྱིས་ཚུལ་ཁྲིམས་སྲུང་བ་ལ་དགའ་ཞིང་ཡང་ནས་ཡང་དུ་དགེ་བའི་ཕྱོགས་ལ་གོམས་པར་བྱེད་པ་དང་། རྟག་ཏུ་དངོས་པོ་མཆོག་ལ་མོས་ཤིང་ བསོད་ནམས་རྣམས་མངོན་པར་འདུ་བྱེད་པ་དང་། དེའི་སེམས་དྲང་ཞིང་བག་མེད་པར་མི་བྱེད་པ་དང་། ཤེས་རབ་ཆུང་ངུ་དང་ལྡན་པས་འཆི་ཀའི་དུས་ཀྱི་ཚེ་འགྱོད་པ་མེད་པར་གྱུར་བ་རྒྱུན་དུ་ཞུགས་པ་སྐྱེ་བ་ལན་བདུན་པ་ 80-1-276a འམ། རིགས་ནས་རིགས་སུ་སྐྱེ་བ་འམ། ལན་ཅིག་ཕྱིར་འོང་བ་འམ། བར་ཆད་གཅིག་པ་དག་ཡིན་ཏེ། གང་ཟག་དེ་དག་གིས་སྔར་དགེ་བ་སྤྱད་པས་འཆི་ཀའི་དུས་ཀྱི་ཚེ་སྡུག་བསྔལ་ཉེ་བར་འོངས་ཤིང་ ན་བ་དང་ཚ་བ་ཉམས་སུ་མྱོང་བར་གྱུར་ཀྱང་སེམས་ལ་གཡེང་བ་མེད་པར་ཡང་དག་པར་དྲན་བཞིན་དུ་མའི་མངལ་དུ་ཞུགས་ནས་ཆོས་རྣམས་ལས་ཀྱི་དབང་གིས་སྐྱེ་བ་དང་། ཐམས་ཅད་རྒྱུ་དང་རྐྱེན་ལས་སྐྱེ་བར་རབ་ཏུ་ཤེས་ སོ་ཞེས་བྱ་བ་ནས་མའི་མངལ་ནས་ཞེས་བྱ་བའི་བར་དུ་ཡང་སྔ་མ་བཞིན་དུ་རྒྱས་པར་སྦྱར་ཏེ། དེ་ལྟ་བུའི་སྡུག་བསྔལ་མི་བཟད་པ་ཚ་ཞིང་རྩུབ་པ་རྣམས་མྱོང་བར་གྱུར་ཀྱང་དབང་པོ་འབྲིང་དང་ལྡན་པའི་ཕྱིར་ཡང་དག་པར་ ཤེས་བཞིན་དུ་འཇུག་ཅིང་གནས་ལ། ཡང་དག་པར་མི་ཤེས་བཞིན་དུ་འབྱུང་བར་འགྱུར་ཏེ། མཁས་པ་སུ་ཞིག་འདི་འདྲ་བའི་མངལ་དུ་འཇུག་པ་ལ་མོས་པར་བྱེད་ཅེས་བྱ་བའི་བར་དུ་ཡང་སྔ་མ་བཞིན་དུ་རྒྱས་པར་སྦྱར་ རོ། །དགའ་བོ་སུ་ཞིག་ཡང་དག་པར་ཤེས་བཞིན་དུ་མའི་མངལ་དུ་འཇུག་ལ། ཡང་དག་པར་མི་ཤེས་བཞིན་དུ་གནས་ཤིང་འབྱུང་བར་བྱེད་ཅེ་ན། དགའ་བོ་འདི་ལྟར་འདི་ན་སོ་སོའི་སྐྱེ་བོའི་སེམས་ཅན་ཁ་ཅིག་རང་བཞིན་ གྱིས་ཚུལ་ཁྲིམས་སྲུང་བ་ལ་དགའ་ཞིང་ཡང་ནས་ཡང་དུ་དགེ་བའི་ཕྱོགས་ལ་གོམས་པར་བྱེད་པ་དང་། རྟག་ཏུ་དངོས་པོ་མཆོག་ལ་མོས་ཤིང་བསོད་ནམས་མངོན་པར་འདུ་བྱེད་པ་ཞེས་བྱ་བ་ནས་འཆི་ཀའི་དུས་ཀྱི་ཚེ་ འགྱོད་པ་མེད་པར་གྱུར་བ་རྒྱུན་དུ་ཞུགས་པ་སྐྱེ་བར་ལན་བདུན་པ་ཞེས་བྱ་བ་ལ་སོགས་པའི་བར་དུ་ཡང་སྔ་མ་བཞིན་དུ་རྒྱས་པར་སྦྱར་སྟེ། འཆི་ཀའི་དུས་ཀྱི་ཚེ་སྡུག་བསྔལ་ཉེ་བར་འོངས་ཤིང་ན་བ་དང་། ཚ་བ་ཉམས་ སུ་མྱོང་བར་གྱུར་ཀྱང་སེམས་ལ་གཡེང་བ་མེད་པར་ཡང་དག་པར་དྲན་བཞིན་དུ་མའི་མངལ་དུ་འཇུག་པར་བྱེད་དེ། དབང་པོ་རྣོན་པོ་མ་ཡིན་པའི་ཕྱིར་ཤེས་བཞིན་དུ་མངལ་དུ་འཇུག་པར་བྱེད་ཀྱང་མི་ཤེས་བཞིན་དུ་གནས་ 80-1-276b ཤིང་འབྱུང་བར་བྱེད་དེ། མཁས་པ་སུ་ཞིག་འདི་འདྲ་བའི་མངལ་དུ་འཇུག་པ་ལ་མོས་པར་བྱེད་ཅེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་དུ་རྒྱས་པར་སྦྱར་རོ། །དགའ་བོ་སུ་ཞིག་ཡང་དག་པར་མི་ཤེས་བཞིན་དུ་འཇུག་ པ་དང་། གནས་པ་དང་། འབྱུང་བར་བྱེད་ཅེ་ན། འདི་ལྟར་འདི་ན་སོ་སོའི་སྐྱེ་བོའི་སེམས་ཅན་ཁ་ཅིག་ཚུལ་ཁྲིམས་ཡོངས་སུ་དག་པ་འབྲལ་བ་ལ་དགའ་ཞིང་དགེ་བའི་ཕྱོགས་སྒྲུབ་པར་མི་བྱེད་པ་རྟག་ཏུ་དངོས་པོ་ངན་ པ་ལ་མོས་ཤིང་སྡིག་པ་རྣམས་སྤྱོད་པ། སེམས་ཀྱི་རང་བཞིན་མི་དྲང་ཞིང་བག་མེད་པ་མང་བ། ཤེས་རབ་དང་མི་ལྡན་པ་དག་ལོངས་སྤྱོད་ལ་མངོན་པར་ཞེན་ཅིང་སེར་སྣ་བྱས་པ་དང་། རྟག་ཏུ་ལག་པ་བསྐུམས་ ནས་གཞན་དག་ལ་རྐྱོང་ཞིང་གཏོང་བར་མི་བྱེད་པ་དང་། རྟག་ཏུ་རེ་བ་དང་བཅས་ཤིང་སེམས་རབ་ཏུ་དུལ་བར་མ་གྱུར་བ་དང་། ལྟ་བ་དང་། སྤྱོད་པ་ཕྱིན་ཅི་ལོག་ཏུ་གྱུར་པས་འཆི་ཀའི་དུས་ཀྱི་ཚེ་འགྱོད་པ་དང་བཅས་ ཤིང་སྡིག་པ་མི་དགེ་བའི་ལས་མངོན་དུ་གྱུར་པས་འཆི་ཀའི་དུས་ཀྱི་ཚེ་སྡུག་བསྔལ་མི་བཟད་པ་དང་། ཚ་བ་དང་། རྩུབ་པ་དང་། ཡིད་དུ་མི་འོང་བ་དག་གིས་རབ་ཏུ་གཟིར་ཅིང་དེའི་སེམས་རྣམ་པར་གཡེང་བར་བྱེད་པས་ སྡུག་བསྔལ་གྱི་དབང་གིས་བདག་ནི་སུ་ཞིག་གང་ནས་འདིར་འོངས། དེ་གང་དུ་འགྲོ་བར་འགྱུར་ཞེས་རབ་ཏུ་མི་ཤེས་པས་དགའ་བོ་འདི་ནི་དུས་གསུམ་དུ་ཡང་དག་པར་ཤེས་བཞིན་མེད་པ་ཞེས་བྱ་སྟེ་རྒྱས་པར་གོང་མ་བཞིན་ དུ་སྦྱར་རོ། །དགའ་བོ་སེམས་ཅན་དེ་དག་མིར་སྐྱེས་ནས་དེ་ལྟ་བུའི་སྡུག་བསྔལ་ཚད་མེད་པ་དང་ལྡན་པར་འགྱུར་མོད་ཀྱི་འོན་ཀྱང་དེ་དག་ནི་གནས་མཆོག་ཏུ་གྱུར་བ་ཡིན་པས་བསྐལ་པ་བྱེ་བ་བརྒྱ་སྟོང་ཚད་མེད་པ་སྙེད་ དུ་ཡང་མིའི་ལུས་ཤིན་དུ་རྙེད་པར་དཀའ་བ་ཡིན་ནོ། །གལ་ཏེ་མཐོ་རིས་སུ་སྐྱེས་པར་གྱུར་ན་ཡང་རྟག་ཏུ་ལྟུང་བས་འཇིགས་པས་སྡུག་པ་དང་བྲལ་བའི་སྡུག་བསྔལ་དང་ལྡན་ཏེ། འཆི་བའི་དུས་ཀྱི་ཚེ་ལྷ་གཞན་རྣམས་ཀྱིས་ 80-1-277a འདི་སྐད་དུ་ཁྱོད་བདེ་འགྲོའི་འཇིག་རྟེན་དུ་སྐྱེ་བར་གྱུར་ཅིག །བདེ་འགྲོའི་འཇིག་རྟེན་གང་ཞེ་ན། འདི་ལྟ་སྟེ། དེ་ནི་མིའི་འགྲོ་བ་གང་ཡིན་པའོ་ཞེས་ཟེར་བས་མིའི་འགྲོ་བ་ནི་ཤིན་དུ་རྙེད་པར་དཀའ་བ་ཡིན་ ལ། ཁོམ་པ་དང་ལྡན་པ་ནི་དེ་བས་ཀྱང་ཆེས་ཤིན་དུ་རྙེད་པར་དཀའོ། །ངན་འགྲོ་གང་ཞེ་ན། འདི་ལྟ་སྟེ། ངན་སོང་གསུམ་པོ་དག་གང་ཡིན་པའོ། །སེམས་ཅན་དམྱལ་བའི་འགྲོ་བ་ནི་རྟག་ཏུ་སྡུག་བསྔལ་མི་བཟད་པ། ཤིན་ དུ་ཡིད་དུ་མི་འོང་བ། རབ་ཏུ་ཚ་ཞིང་རྩུབ་པ་དག་མྱོང་བར་འགྱུར་བས་དཔེ་བྱར་ཡང་མི་ནུས་སོ། །ཡིད་དགས་ཀྱི་འགྲོ་བ་ནི་རང་བཞིན་གྱིས་ཞེ་སྡང་མང་བ། རབ་ཏུ་མཉེན་ཞིང་དུལ་བའི་སེམས་མེད་པ། གཡོ་སྒྱུ་དང་ བཅས་པ། གསོད་ཅིང་གནོད་པར་བྱེད་པ། ལག་པ་ཁྲག་གིས་བསྐུས་པ། བྱམས་པ་དང་། སྙིང་རྗེ་མེད་པ། བྱད་བཞིན་མི་སྡུག་པ། མཐོང་ན་འཇིགས་སུ་རུང་བ། གལ་ཏེ་མི་དང་ཉེ་བར་གྱུར་ན་ཡང་བཀྲེས་པ་དང་། སྐོམ་པའི་སྡུག་བསྔལ་མྱོང་བར་བྱེད་པས་རྟག་པར་སྒྲིབ་པ་དང་བཅས་ཤིང་ཐོགས་པ་དང་བཅས་པ་ཡིན་ནོ། །དུད་འགྲོའི་སྐྱེ་གནས་ཀྱི་འགྲོ་བ་ནི་ཚད་མེད་དཔག་ཏུ་མེད་དེ། དོན་གྱི་སྤྱོད་པ་དང་མི་ལྡན་པ། བསོད་ནམས་ ཀྱི་སྤྱོད་པ་དང་མི་ལྡན་པ། ཆོས་ཀྱི་སྤྱོད་པ་དང་མི་ལྡན་པ། དགེ་བའི་སྤྱོད་པ་དང་མི་ལྡན་པ། དྲང་པོའི་སྤྱོད་པ་དང་མི་ལྡན་པ། ཕན་ཚུན་གཅིག་ལ་གཅིག་ཟ་བ་དང་། མཐུ་དང་ལྡན་པ་རྣམས་མཐུ་ཆུང་བ་དག་ལ་ཟ་བར་ བྱེད་པ་དག་ཡིན་ནོ། །དུད་འགྲོའི་སྐྱེ་གནས་ཁ་ཅིག་ནི་མུན་པར་སྐྱེས། མུན་པར་རྒས། མུན་པར་འཆི་བའི་དུས་བྱེད་ཅིང་། མི་གཙང་བའི་གནས་གཅིན་རྐྱག་གི་ནང་དུ་གནས་ནས་རེ་འགའ་སྣང་བ་དང་བཅས་པ་ཡང་ ཡོད་དེ། འདི་ལྟ་སྟེ། ཕྱེ་མ་ལེབ་དང་། སྦྲང་མ་དང་། སྲོ་ཤིག་དང་། ཏྲེ་ལ་ཏ་ལྟ་བུ་རྣམས་སོ། །གཞན་ཡང་རྟག་པར་མུན་པའི་ནང་དུ་སྐྱེས། མུན་པའི་ནང་དུ་རྒས་པར་གྱུར་བ་ཚད་མེད་དཔག་ཏུ་མེད་པ་དག་ཡོད་དེ། དེ་ནི་ 80-1-277b ཚེ་རབས་སྔ་མ་ལ་མིར་གྱུར་བ་ན་གླེན་ཞིང་གཏི་མུག་པས་ཆོས་ཡང་དག་པ་མ་མཉན་པ། ལུས་དང་ངག་དང་ཡིད་ཐལ་རངས་སུ་གཏོང་ཞིང་འདོད་པ་ལྔ་ལ་མངོན་པར་ཞེན་པར་གྱུར་པ། སྡིག་པ་མི་དགེ་བའི་ལས་མང་པོ་ མངོན་པར་འདུས་བྱས་པས་དེའི་རིགས་སུ་སྐྱེས་ནས་གླེན་ཞིང་རྨོངས་པའི་སྡུག་བསྔལ་མྱོང་བར་འགྱུར་བ་དག་ཡིན་ནོ། །དགའ་བོ་གཞན་ཡང་དུད་འགྲོའི་སྐྱེ་གནས་པའི་སེམས་ཅན་ཆུའི་ནང་དུ་སྐྱེས་ནས་ཆུའི་ནང་དུ་རྒས། ཆུའི་ནང་དུ་དུས་བྱེད་པར་འགྱུར་བ་ཚད་མེད་དཔག་ཏུ་མེད་པ་དག་ཡོད་དེ། འདི་ལྟ་སྟེ། ཉ་དང་། རུ་སྦལ་དང་། སྦལ་པ་དང་། སྦལ་པ་དཀར་པོ་དང་། བ་ལུ་ཀ་ལྟ་བུ་རྣམས་ཏེ། ཐམས་ཅད་ཀྱང་ཚེ་རབས་སྔ་མ་ལ་ལུས་དང་ངག་ དང་། ཡིད་ཀྱི་ལས་མི་དགེ་བའི་དབང་གིས་ཞེས་བྱ་བ་ལ་སོགས་པ་ཡང་གོང་མ་བཞིན་དུ་རྒྱས་པར་སྦྱར་རོ། །དགའ་བོ་གཞན་ཡང་དུད་འགྲོའི་སྐྱེ་གནས་པའི་སེམས་ཅན་བཤང་པ་དང་གཅི་བའི་དྲི་ཚོར་ན་མྱུར་དུ་དེར་སོང་ནས་ བཟའ་བ་དང་། བཏུང་བར་བྱེད་པ་ཚད་མེད་དཔག་ཏུ་མེད་པ་སྙེད་ཡོད་དེ། འདི་ལྟ་སྟེ། ཕག་དང་། ལུག་དང་། ཁྱིམ་བྱ་དང་། ཁྱི་དང་། ཝ་དང་། བྱ་རྒོད་དང་། བྱ་རོག་དང་། སྦྲང་བུ་དང་། སྦུར་བ་དང་། གཅན་ཟན་རྣམས་ཏེ། ཐམས་ ཅད་ཀྱང་ཚེ་རབས་སྔ་མའི་སྡིག་པ་མི་དགེ་བའི་ལས་ཀྱི་དབང་གིས་དེ་ལྟ་བུའི་རྣམ་པར་སྨིན་པ་མྱོང་བར་འགྱུར་རོ། །དགའ་བོ་གཞན་ཡང་དུད་འགྲོའི་སྐྱེ་གནས་པ་རྟག་ཏུ་རྩྭ་དང་ཤིང་དང་མི་གཙང་བའི་དངོས་པོ་རྣམས་ཟ་ ཞིང་འཐུང་པར་བྱེད་པ་ཚད་མེད་དཔག་ཏུ་མེད་པ་སྙེད་ཡོད་དེ། འདི་ལྟ་སྟེ། གླང་པོ་ཆེ་དང་། རྟ་དང་། རྔ་མོ་དང་། བ་ལང་དང་། བོང་བུ་དང་། དྲེའུ་ལ་སོགས་པ་ལྟ་བུ་རྣམས་ཏེ། དེ་དག་ཐམས་ཅད་ཀྱང་ཚེ་རབས་སྔ་མའི་ ལས་མི་དགེ་བའི་དབང་གིས་ཇི་སྲིད་འཚོའི་བར་དུ་དེ་ལྟ་བུའི་རྣམ་པར་སྨིན་པ་མྱོང་བར་འགྱུར་རོ། །གཞན་ཡང་དགའ་བོ་ཀྱེ་མ་ཀྱེ་ཧུད་སྲིད་པར་འཁོར་བའི་རྒྱ་མཚོ་འདི་ནི་འབར་བ། རབ་ཏུ་འབར་བ། མཆོག་ཏུ་འབར་བ། 80-1-278a ཤིན་ཏུ་མཆོག་ཏུ་འབར་བ་ཡིན་པས་སེམས་ཅན་འགའ་ཙམ་ཡང་དེས་མ་བསྲེགས་ཤིང་མ་བརྩོས་པ་མེད་དེ། དེ་ཡང་མིག་དང་། རྣ་བ་དང་། སྣ་དང་། ལྕེ། ལུས་དང་། ཡིད་ཀྱི་མེ་རབ་ཏུ་འབར་བའི་འདོད་ པས་མངོན་དུ་སྣང་བའི་ཡུལ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཡོངས་སུ་གཉེར་བའི་དབང་གིས་དེ་ལྟར་གྱུར་བ་ཡིན་ནོ། །དགའ་བོ་འབར་རབ་ཏུ་འབར་བར་བྱེད་པའི་མེ་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་མེ་དང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བའི་མེ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པའི་མེ་དག་གིས་རྟག་ ཏུ་བསྲེགས་ཤིང་འབར་བར་བྱེད་པས་འགའ་ཙམ་ཡང་དེ་ལས་ཐལ་བ་མེད་དོ། །དགའ་བོ་ལེ་ལོ་རབ་ཏུ་གནས་པ་དག་ནི་སྡུག་བསྔལ་མང་པོ་མྱོང་ཞིང་ཉོན་མོངས་པས་ཀུན་དུ་བཀྲིས་ནས་སྡིག་པ་མི་དགེ་བའི་ཆོས་མངོན་ པར་འདུས་བྱས་པས་འཁོར་བར་འཁོར་བ་ཡང་ཉེ་བར་ཞི་ཞིང་རྒྱུན་ཆད་པར་མི་འགྱུར་རོ། །བརྩོན་འགྲུས་བརྩམས་པ་གང་ཡིན་པ་དེ་དག་ནི་བདེ་བ་མང་དུ་མྱོང་ཞིང་བརྟུལ་བའི་སེམས་སྐྱེད་པར་བྱེད་པས་ཉོན་མོངས་པ་ ཡོངས་སུ་བསལ་ནས་དགེ་བའི་ཆོས་བསྒོམས་པའི་རབ་ཏུ་བརྩོན་པ་མི་གཏོང་བ་ལ་རྒྱུན་འཆད་པ་མེད་དོ། །དེ་ལྟ་བས་ན་དེང་ཁྱོད་ཀྱི་ལུས་འདིའི་ལྤགས་པ་དང་། ཤ་དང་། ཆུ་བ་དང་། རུས་པ་དང་། ཁྲག་དང་། རྩ་རྒྱུས་དང་། རྐང་རྣམས་ནི་རིང་པོ་མི་ཐོགས་པར་གྱེས་ཤིང་འཇིག་པར་འགྱུར་རོ་སྙམ་དུ་སོ་སོར་བརྟགས་ནས་རྟག་པར་སེམས་རྩེ་གཅིག་ཏུ་ལེ་ལོ་མི་བྱ་བར་མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བའི་ཕྱིར་ནན་ཏན་བརྩོན་འགྲུས་ ཀྱིས་དེ་ལྟར་བསླབ་པར་བྱའོ། །དགའ་བོ་ང་ནི་འཇིག་རྟེན་པ་རྣམས་དང་རྩོད་པར་མི་བྱེད་ན་འོན་ཀྱང་འཇིག་རྟེན་པ་རྣམས་ནི་ནན་གྱིས་ང་དང་རྩོད་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། །གང་ཆོས་ཤེས་པ་རྣམས་ནི་གཞན་དང་རྩོད་ 80-1-278b པར་མི་བྱེད་དེ། །བདག་དང་བདག་གིར་འཛིན་པ་དང་བྲལ་བ་ཡིན་ན་སུ་དང་ལྷན་ཅིག་རྩོད་པར་བྱེད། འོན་ཀྱང་མཐོང་བ་དང་། ཤེས་པ་མེད་པ་དག་ཡང་དག་པ་མ་ཡིན་པའི་འཛིན་པ་སྐྱེད་བར་བྱེད་པའི་ཕྱིར་ངས་ཡང་དག་པར་མངོན་པར་ རྫོགས་པར་སངས་རྒྱས་ནས་འདི་སྐད་དུ་ངས་ནི་ཆོས་རྣམས་གང་ཡང་མི་ཤེས་པ་མེད་དོ་ཞེས་སྨྲས་པ་ཡིན་ཏེ། དགའ་བོ་ངས་དེ་སྐད་སྨྲས་པ་དེ་ལ་ཐ་དད་དུ་གྱུར་བ་ཡོད་དམ། དགའ་བོས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་ ཏེ། དེ་བཞིན་གཤེགས་པས་དེ་སྐད་གསུངས་པ་ལ་གཞན་དུ་འགྱུར་བ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ་ལེགས་སོ། །དགའ་བོ་དེ་བཞིན་གཤེགས་པའི་གསུང་ལ་གདོན་མི་ཟ་བར་ཐ་དད་དུ་གྱུར་བ་མེད་ པས་དེ་བཞིན་གཤེགས་པ་ནི་ཡང་དག་པར་གསུང་བ། བདེན་པར་གསུང་བ་དེ་བཞིན་ཉིད་དུ་གསུང་བ། ཐ་མི་དད་པར་གསུང་བ། སླུ་བ་མེད་པར་གསུང་བ། འཇིག་རྟེན་པ་རྣམས་ལ་ཡུན་རིང་པོར་ཕན་པ་དང་། བདེ་བ་དང་། ཕན་ཡོན་ཆེན་པོ་ཐོབ་པར་མཛད་པ། ལམ་མཁྱེན་པ། ལམ་རིག་པ། ལམ་སྟོན་པ། ལམ་འབྱེད་པ། ལམ་འདྲེན་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ། སྐྱེས་བུ་འདུལ་བ། ཁ་ལོ་སྒྱུར་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་བ་ཡིན་ནོ། །འཇིག་རྟེན་པ་རྣམས་ནི་ཤེས་པ་ མེད་པ། མངོན་པར་ཡིད་ཆེས་པ་མེད་པ། །རྟག་པར་དབང་པོ་རྣམས་ཀྱི་བྲན་བྱེད་པ། ལག་མཐིལ་ན་ཡོད་པ། ཁོ་ན་མཐོང་ཞིང་དོན་ཆེན་པོ་ལ་མི་ལྟ་བ། སླ་བའི་དངོས་པོ་མི་སྒྲུབ་པར་གང་བྱ་དཀའ་བ་རྒྱུན་དུ་བྱེད་པ་ཡིན་ ནོ། །དགའ་བོ་ཤེས་རབ་དང་ལྡན་པའི་སྤྱོད་ཡུལ་འདི་ལྟར་རེ་ཤིག་ཞོག་ལ་དེང་ཁྱོད་ཀྱིས་ཤའི་མིག་གིས་ལྟ་བས་ཤེས་པ་དང་མཐོང་བ་ཇི་སྙེད་པ་དག་ཡང་དག་པ་མ་ཡིན་པར་སོ་སོར་བརྟགས་ན་དེ་ཉིད་རྣམ་པར་ཐར་པ་ཞེས་ 80-1-279a བྱ་བས། དགའ་བོ་ཁྱོད་ང་ལ་དད་པའི་ཕྱིར་མ་འགྲོ་ཤིག །ང་ལ་འདུན་པའི་ཕྱིར་འབྲང་བར་མ་བྱེད་ཅིག །ངའི་ཚིག་ལ་རྟོན་པར་མ་བྱེད་ཅིག །ངའི་མཚན་མ་ལ་རྟོག་པར་མ་བྱེད་ཅིག །དགེ་སྦྱོང་གི་ལྟ་བ་དང་ ཤེས་པའི་རྗེས་སུ་མ་འབྲང་ཤིག །དགེ་སྦྱོང་ལ་གུས་པ་མ་སྐྱེད་ཅིག །འདི་སྐད་དུ་དགེ་སྦྱོང་གཽ་ཏ་མ་ནི་བདག་གི་སྟོན་པ་ཆེན་པོ་ཡིན་ནོ་ཞེས་མ་ཟེར་བར་ངས་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་གང་ཡིན་པ་དེ་གཅིག་ པུ་དབེན་པར་སོང་ལ་ཡིད་ལ་བསམས་ཏེ། འཇལ་བར་གྱིས་ཤིག །སོ་སོར་རྟོགས་ཤིག །རྟག་པར་མང་དུ་སྒོམས་ཤིག །སེམས་རྩེ་གཅིག་ཏུ་ཆོས་རྣམས་སོ་སོར་བརྟགས་ཏེ། ཆོས་དེ་དག་ལས་བསྒོམ་པའི་འདུ་ཤེས་ཡོངས་ སུ་རྫོགས་པར་བྱས་ཏེ། ཡང་དག་པའི་དྲན་པ་ལ་གནས་ནས་བདག་ཉིད་ཀྱི་གླིང་དུ་བྱོས་ཤིག །བདག་ཉིད་ཀྱི་གནས་དང་། སྐྱབས་བྱོས་ཤིག ཆོས་ཀྱི་གླིང་བྱོས་ཤིག །ཆོས་ཀྱི་གནས་དང་སྐྱབས་བྱོས་ཤིག་དང་། དེ་ལས་གཞན་ པའི་གླིང་དང་། གནས་དང་། སྐྱབས་མེད་དོ། །དགའ་བོ་ཇི་ལྟར་ན་དགེ་སློང་བདག་ཉིད་དུ་གྱུར་བ་དང་། བདག་ཉིད་གནས་དང་། སྐྱབས་སུ་གྱུར་བ་དང་། ཆོས་གླིང་དུ་གྱུར་བ་དང་། ཆོས་གནས་དང་སྐྱབས་སུ་གྱུར་ཅིང་དེ་ལས་ གཞན་པའི་གླིང་དང་། དེ་ལས་གཞན་པའི་གནས་དང་། སྐྱབས་མེད་པར་གྱུར་བ་ཡིན་ཞེ་ན། དགའ་བོ་འདི་ལྟར་དགེ་སློང་གང་ལ་ལ་ཞིག་བདག་ཉིད་ཀྱི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ལ་རབ་ཏུ་གནས་ནས་བརྩོན་ འགྲུས་ཀྱི་དྲན་པ་རྩེ་གཅིག་ཏུ་བྱས་པས་ཡང་དག་པའི་ཤེས་པ་ཐོབ་ནས་འཇིག་རྟེན་པའི་ཁོང་ཁྲོ་བ་ཇི་སྙེད་པ་དག་རྟག་ཏུ་ཡིད་ལ་སེམས་ཤིང་རབ་ཏུ་དུལ་བར་གྱུར་བ་གང་ཡིན་པ་དེ་ནི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ ཞེས་བྱ་སྟེ། གང་གིས་ཕྱི་རོལ་གྱི་ལུས་དང་། ནང་དང་ཕྱི་རོལ་དང་གཉི་གའི་ལུས་ལ་རྗེས་སུ་ལྟ་བ་ཡང་དེ་བཞིན་ནོ། །དགའ་བོ་དེའི་འོག་ཏུ་ཀུན་འབྱུང་བའི་ཆོས་ལ་ལུས་སུ་བལྟས་ནས་རབ་ཏུ་གནས་པ་དང་། འགོག་པའི་ 80-1-279b ཆོས་སུ་བལྟས་ནས་རབ་ཏུ་གནས་པ་ཡང་བྱེད་ལ། གཞན་ཡང་ཀུན་འབྱུང་བ་དང་། འགོག་པའི་ཆོས་གཉིས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པར་བྱེད་པ་ཉིད་ཀྱི་ལུས་འདི་ལ་ཡང་དག་པར་དྲན་པར་བྱེད་པས་རེས་འགའ་ ནི་ཤེས་པ་ཁོ་ན་དང་ལྡན་པར་འགྱུར། རེས་འགའ་ནི་མཐོང་བ་ཁོ་ན་དང་ལྡན་པར་འགྱུར། རེས་འགའ་ནི་དྲན་པ་ཁོ་ན་དང་ལྡན་པར་འགྱུར་ཞིང་རྟེན་པ་མེད་པར་གནས་པར་འགྱུར་བས་འཇིག་རྟེན་འདི་ལ་བླང་བར་བྱ་བ་ ཅི་ཡང་མེད་པར་རབ་ཏུ་ཤེས་པར་འགྱུར་ཏེ། དེ་ལྟར་ན་དགའ་བོ་འདི་ནི་དགེ་སློང་བདག་ཉིད་ཀྱི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ལ་གནས་པ་ཞེས་བྱ་སྟེ། ཕྱི་རོལ་གྱི་ལུས་དང་། ནང་དང་ཕྱི་རོལ་གཉིས་གའི་ལུས་ལ་ལྟ་བ་ ཡང་དེ་བཞིན་ནོ། །དེའི་འོག་ཏུ་ནང་གི་ཚོར་བ་དང་། ཕྱི་རོལ་གྱི་ཚོར་བ་དང་། ནང་དང་ཕྱི་རོལ་གཉིས་གའི་ཚོར་བར་ལྟ་བ་ལ་རབ་ཏུ་གནས་པ་དང་། ནང་གི་སེམས་དང་། ཕྱི་རོལ་གྱི་སེམས་དང་། ནང་དང་ཕྱི་རོལ་གཉིས་གའི་ སེམས་སུ་ལྟ་བ་ལ་གནས་པ་དང་། ནང་གི་ཆོས་དང་། ཕྱི་རོལ་གྱི་ཆོས་དང་། ནང་དང་ཕྱི་རོལ་གཉིས་གའི་ཆོས་སུ་ལྟ་བ་ལ་རབ་ཏུ་གནས་ནས་བརྩོན་འགྲུས་ཀྱིས་དྲན་པ་རྩེ་གཅིག་ཏུ་བྱས་པས་ཡང་དག་པར་ཤེས་པ་ཐོབ་ ནས་འཇིག་རྟེན་པའི་ཁོང་ཁྲོ་བ་ཇི་སྙེད་པ་དག་རྟག་ཏུ་ཡིད་ལ་མི་སེམས་ཤིང་རབ་ཏུ་དུལ་བར་གྱུར་ནས་ཀུན་འབྱུང་བའི་ཆོས་སུ་བལྟས་ཏེ་རབ་ཏུ་གནས་པ་དང་། འགོག་པའི་ཆོས་སུ་བལྟས་ནས་རབ་ཏུ་གནས་ པར་ཡང་བྱེད་ལ། གཞན་ཀུན་འབྱུང་བ་དང་། འགོག་པའི་ཆོས་གཉིས་ལ་ཆོས་སུ་བལྟས་ནས་རབ་ཏུ་གནས་པར་བྱེད་པ་ཉིད་ཀྱིས་ལུས་འདི་ཉིད་ལ་ཡང་དག་པར་དྲན་པར་བྱེད་པས་རེས་འགའ་ནི་ཤེས་པ་ཁོ་ན་དང་ ལྡན་པར་འགྱུར། རེས་འགའ་ནི་མཐོང་བ་ཁོ་ན་དང་ལྡན་པར་འགྱུར། རེ་འགའ་ནི་དྲན་པ་ཁོ་ན་དང་ལྡན་པར་འགྱུར་བས་འཇིག་རྟེན་འདི་ལ་བླང་བར་བྱ་བ་ཅི་ཡང་མེད་པ་རབ་ཏུ་ཤེས་པར་འགྱུར་ཏེ། དེ་ལྟར་ན་དགའ་ 80-1-280a བོ་འདི་ནི་དགེ་སློང་བདག་ཉིད་གླིང་དུ་གྱུར་བ་དང་། བདག་ཉིད་གནས་དང་སྐྱབས་སུ་གྱུར་བ་དང་། ཆོས་གླིང་དུ་གྱུར་བ་དང་། ཆོས་གནས་དང་སྐྱབས་སུ་གྱུར་ཅིང་དེ་ལས་གཞན་པའི་གླིང་མེད་པ་དང་། དེ་ ལས་གཞན་པའི་གནས་དང་སྐྱབས་མེད་པ་ཞེས་བྱའོ། དགའ་བོ་སྐྱེས་བུ་རང་བཞིན་དྲང་ཞིང་གཡོ་སྒྱུ་སྤངས་པ་གང་ལ་ལ་ཞིག་སྔ་དྲོའི་དུས་ཀྱི་ཚེ་ངའི་ཐད་དུ་འོངས་པ་ལ་ངས་དབང་པོ་ཇི་ལྟ་བ་བཞིན་དུ་དགེ་བའི་ ཆོས་དེ་ལ་རྗེས་སུ་བསྟན་ནས་དེ་ཕྱི་དྲོའི་དུས་ཀྱི་ཚེ་བདག་ཉིད་ཐོབ་པ་དང་ལྡན་པར་གྱུར་ལ། ཕྱི་དྲོའི་དུས་ཀྱི་ཚེ་ཆོས་རྗེས་སུ་བསྟན་པ་ཡང་བདག་ཉིད་ཐོབ་པ་དང་ལྡན་པར་སྨྲ་བར་བྱེད་པས་ན། དགའ་བོ་ངས་ ལེགས་པར་བསྟན་པའི་ཆོས་ནི་མཐོང་བའི་ཆོས་ལ་མངོན་སུམ་དུ་རྟོགས་པ། རབ་ཏུ་གདུང་བ་སེལ་བར་བྱེད་པ། དུས་དང་དབང་པོ་དང་རབ་ཏུ་འཚམ་པར་འགྱུར་བ། ཐབས་དང་ལྡན་པ་རང་གིས་རིག་པའི་ཆོས་ ལེགས་པར་སྐྱོབ་པར་བྱེད་པ་ཡིན་པས་གང་གིས་ངའི་མངོན་སུམ་དུ་ཆོས་བསྟན་པ་ཐོས་པར་གྱུར་ན་མྱ་ངན་ལས་འདས་པའི་རྗེས་སུ་འཐུན་པར་འགྱུར་ཞིང་བྱང་ཆུབ་ལ་གཞོལ་བར་བྱེད་པ་གང་ཡིན་པ་འདི་ནི་ངའི་མཁྱེན་ པ་ཡིན་ཏེ། དེ་ལྟ་བས་ན་དེང་ཁྱོད་ཀྱིས་བདག་གི་དོན་དང་། གཞན་གྱི་དོན་དང་། གཉིས་གའི་དོན་དེ་ལྟ་བུ་མཐོང་ནས་ཆོས་འདི་ལ་རྟག་པར་ཡང་དག་པར་བརླབས་ཏེ། རབ་ཏུ་བྱུང་བའི་ཆོས་བག་ཡོད་པར་བསྒྲུབས་ནས་ཆུད་ མི་གཟན་ཅིང་འབྲས་བུ་ཁྱད་པར་དུ་འཕགས་པ་འདུས་མ་བྱས་ཀྱི་བདེ་བ་ཐོབ་པར་བྱས་ནས་གཞན་གྱིས་བྱིན་པའི་ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། ན་བའི་གསོས་སྨན་ལ་སོགས་པ་བླང་བར་བྱ་ ཞིང་སྦྱིན་བདག་རྣམས་བསོད་ནམས་ཀྱི་ཕན་ཡོན་ཆེན་པོ་ཐོབ་པ་དང་། འབྲས་བུ་རྣམ་པར་སྨིན་པ་ཁྱད་པར་དུ་འཕགས་པ་ཡངས་ཤིང་རྒྱ་ཆེ་བ་དག་འཐོབ་པར་འགྱུར་བར་དེ་ལྟར་དགའ་བོ་ཁྱོད་ཀྱིས་བསླབ་པར་བྱའོ། ། 80-1-280b གཞན་ཡང་དགའ་བོ་གཟུགས་འགའ་ཙམ་ཡང་རྗེས་སུ་ཆགས་པར་བྱ་བ་འམ། མ་འོངས་པའི་དུས་ན་རྣམ་པར་འགྱུར་ཞིང་འཇིག་པར་མི་འགྱུར་བ་གང་ཡང་མེད་དེ་དེའི་གནས་མེད་དོ། །གང་ཡང་མྱ་ངན་དང་། སྨྲེ་སྔགས་ འདོན་པ་དང་། ཉོན་མོངས་པ་མི་སྐྱེད་པ་གང་ཡང་མེད་དེ་དེའི་གནས་མེད་དོ། །དགའ་བོ་འདི་ཇི་སྙམ་དུ་སེམས། གཟུགས་དེ་རྟག་པ་ཞིག་ཡིན་ནམ། འོན་ཏེ་མི་རྟག་པ་ཞིག་ཡིན། བཙུན་པ་དེ་ནི་རང་བཞིན་གྱིས་ མི་རྟག་པ་ལགས་སོ། །དགའ་བོ་གལ་ཏེ་རང་བཞིན་གྱིས་མི་རྟག་པ་ཡིན་ན་ཅི་དེ་བདེ་བ་ཅིག་ཡིན་ནམ། འོན་ཏེ་སྡུག་བསྔལ་བ་ཞིག་ཡིན། བཙུན་པ་དེ་ནི་སྡུག་བསྔལ་བ་ལགས་སོ། །གང་མི་རྟག་ཅིང་ སྡུག་བསྔལ་བ་དེ་ནི་རྣམ་པར་འགྱུར་ཞིང་འཇིག་པའི་ཆོས་ཅན་ཡིན་ན་ངའི་ཉན་ཐོས་འཕགས་པ་མང་དུ་ཐོས་པ་དང་ལྡན་པ་དག་ཅི་གཟུགས་འདི་ནི་བདག་ཡིན་ནོ། །བདག་ནི་གཟུགས་རྣམས་དང་ལྡན་ནོ། ། གཟུགས་ནི་བདག་གི་ཡིན་ནོ། །བདག་ནི་གཟུགས་ལ་གནས་སོ་ཞེས་ཁས་ལེན་པར་བྱེད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །འདི་ཇི་སྙམ་དུ་སེམས། ཅི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དེ་དག་རྟག་པ་ཞིག་ཡིན་ནམ། འོན་ཏེ་མི་རྟག་པ་ཞིག་ཡིན། བཙུན་པ་ཐམས་ཅད་རང་བཞིན་གྱིས་མི་རྟག་པ་ལགས་སོ། །དགའ་བོ་གལ་ཏེ་རང་བཞིན་ གྱིས་མི་རྟག་པ་ཡིན་ན་ཅི་བདེ་བ་ཞིག་ཡིན་ནམ། འོན་ཏེ་སྡུག་བསྔལ་བ་ཞིག་ཡིན། བཙུན་པ་སྡུག་བསྔལ་བ་ལགས་སོ། །གང་མི་རྟག་ཅིང་སྡུག་བསྔལ་བ་དེ་ནི་རྣམ་པར་འགྱུར་ཞིང་འཇིག་པའི་ཆོས་ཅན་ ཡིན་ན། ངའི་འཕགས་པ་ཉན་ཐོས་མང་དུ་ཐོས་པ་དང་ལྡན་པ་དག་ཅི་ཚོར་བ་ལ་སོགས་པ་འདི་དག་ནི་བདག་ཡིན་ནོ། །བདག་ནི་ཚོར་བ་ལ་སོགས་པ་དང་ལྡན་ནོ། །ཚོར་བ་ལ་སོགས་པ་ནི་བདག་གི་ཡིན་ནོ། །བདག་ནི་ཚོར་བ་ལ་སོགས་པ་ལ་ 80-1-281a གནས་སོ་ཞེས་ཁས་ལེན་པར་བྱེད་དམ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །དེ་ལྟ་བས་ན་ཇི་ཙམ་དུ་གཟུགས་སུ་གྱུར་བ་འདས་པ་འམ། མ་འོངས་པ་འམ། ད་ལྟར་བྱུང་བ་ འམ། ནང་གི་འམ། ཕྱི་རོལ་གྱི་འམ། རགས་པ་འམ། ཕྲ་བ་འམ། བཟང་པོ་འམ། ངན་པ་འམ། ཐག་རིང་བ་འམ། ཐག་ཉེ་བ་ཡང་རུང་སྟེ། ཇི་ཙམ་དུ་གཟུགས་སུ་གྱུར་བ་ཐམས་ཅད་ཀྱང་བདག་ མ་ཡིན་ལ། བདག་ཀྱང་གཟུགས་དང་ལྡན་པ་མ་ཡིན་པ་དང་། གཟུགས་ཀྱང་བདག་ནི་མ་ཡིན་ལ། བདག་ཀྱང་གཟུགས་ལ་གནས་པ་མ་ཡིན་པར་རིག་པར་བྱའོ། །དེ་བཞིན་དུ་ཡང་དག་པའི་ དྲན་པ་དང་། ཡང་དག་པའི་ཤེས་རབ་ཀྱིས་ཇི་ཙམ་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་རྣམ་པར་ཤེས་པར་གྱུར་བ་འདས་པ་འམ། མ་འོངས་པ་འམ། ད་ལྟར་བྱུང་བ་འམ། ནང་གི་འམ། ཕྱི་རོལ་གྱི་འམ། རགས་པ་འམ། ཕྲ་བ་འམ། བཟང་པོ་འམ། ངན་པ་འམ། ཐག་རིང་བ་འམ། ཐག་ཉེ་བ་ཡང་རུང་སྟེ། དེ་དག་ཐམས་ཅད་ཀྱང་བདག་མ་ཡིན་ལ་བདག་ཀྱང་དེ་དག་དང་ལྡན་ པ་མ་ཡིན་པ་དང་། དེ་དག་ཀྱང་བདག་གི་མ་ཡིན་ལ། བདག་ཀྱང་དེ་དག་ལ་གནས་པ་མ་ཡིན་པར་ལེགས་པར་སོ་སོར་བརྟག་པར་བྱའོ། །དེ་བཞིན་དུ་ཡང་དག་པའི་དྲན་པ་དང་། ཡང་ དག་པའི་ཤེས་རབ་ཀྱིས་ངའི་ཉན་ཐོས་འཕགས་པ་མང་དུ་ཐོས་པ་དང་ལྡན་པ་དག་ནི་འདི་ལྟར་གཟུགས་ལ་སོ་སོར་བརྟགས་ནས་ཡོངས་སུ་སྐྱོ་བ་སྐྱེ་བ་དང་། གཞན་ཡང་ཚོར་བ་དང་། འདུ་ཤེས་ དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་སོ་སོར་བརྟགས་ནས་ཡོངས་སུ་སྐྱོ་བ་སྐྱེ་བར་འགྱུར་རོ། །གལ་ཏེ་སྐྱོ་བར་གྱུར་ན་མངོན་པར་ཞེན་པར་མི་བྱེད་དོ། །མངོན་པར་ཞེན་པ་མེད་པས་རྣམ་པར་ 80-1-281b གྲོལ་བ་ཐོབ་པར་འགྱུར་རོ། །རྣམ་པར་གྲོལ་ནས་བདག་རྣམ་པར་གྲོལ་ལོ་སྙམ་དུ་ཤེས་པས་འདི་སྐད་དུ་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་ཡང་དག་པར་སྤྱོད་དོ། །བྱ་བ་བྱས་པས་ཡང་ སྲིད་པ་ཕྱི་མ་ལེན་པར་མི་འགྱུར་རོ་ཞེས་སྒྲོགས་པར་འགྱུར་རོ་སྙམ་དུ་སོ་སོར་བརྟག་པར་བྱའོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བཀའ་སྩལ་པ་ན། ཚེ་དང་ལྡན་པ་ དགའ་བོ་རྡུལ་སྤངས་ཤིང་དྲི་མ་དང་བྲལ་ནས་ཆོས་ཀྱི་མིག་རྣམ་པར་དག་པ་ཐོབ་པར་གྱུར་ཏོ་དགེ་སློང་ལྔ་བརྒྱ་པོ་རྣམས་ནི་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་བ་ཐོབ་པར་གྱུར་ཏོ། །དེ་ནས་ དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཡང་ཚིགས་སུ་བཅད་དེ་དགའ་བོ་ལ་བཀལ་སྩལ་པ། གང་ལ་མཉམ་བཞག་སེམས་མེད་པས། །རྣམ་དག་ཡེ་ཤེས་མེད་པས་ན། །ཟག་པ་རྣམས་ནི་སྤོང་མི་འགྱུར། ། དེ་བས་ཁྱོད་ཀྱིས་ནན་ཏན་བསྒྲུབས། །ཁྱོད་ཀྱིས་རྣལ་འབྱོར་རྟག་བསྒོམས་ལ། །ཕུང་པོ་སྐྱེ་འགག་ཤེས་པར་གྱིས། །རྣམ་དག་གལ་ཏེ་རྫོགས་གྱུར་ན། །ལྷ་རྣམས་ཀུན་ནི་དགའ་བར་འགྱུར། ། མཛའ་བཤེས་ལྷན་ཅིག་འབྲེལ་དགའ་ཞིང་། །ཕན་ཚུན་འདྲུལ་ཞིང་ཆགས་པ་དང་། །ཐོབ་དང་གྲགས་པ་མངོན་ཞེན་པ། །དགའ་བོ་ཁྱོད་ཀྱིས་ཀུན་སྤོངས་ཤིག །ཁྱིམ་པ་དང་ནི་རབ་བྱུང་ལ། ། བསྟེན་ཅིང་བཤེས་ནི་མ་བྱེད་པར། །འཁོར་བའི་རྒྱ་མཚོ་འདིའི་སོམས་ལ། །སྡུག་བསྔལ་མཐར་ནི་ཕྱིན་པར་བྱོས། །དང་པོ་མེར་མེར་པོ་ལས་ནི། །ཤ་ཡི་ཆུ་བུར་སྐྱེ་བར་འགྱུར། །ཆུ་བུར་ལས་ ནི་ལྟར་ལྟར་སྐྱེ། །ལྟར་ལྟར་པོ་ལས་མཁྲང་བར་འགྱུར། །མཁྲང་བ་རྣམ་པར་གྱུར་ནས་ནི། །མགོ་དང་ཡན་ལག་བཞི་སྐྱེ་བས། །རུས་པ་འདུས་ནས་ལུས་གྲུབ་པ། །ཐམས་ཅད་ལས་ཀྱི་རྒྱུ་ལས་བྱུང་། ། 80-1-282a མགོ་ཐོད་རུས་པ་དགུ་འདུས་ཤིང་། །འགྲམ་པའི་རུས་པ་གཉིས་འབྲེལ་ཏེ། །སོ་ནི་སུམ་བཅུ་རྩ་གཉིས་ལྡན། །དེ་ཡི་རྩ་བའང་དེ་བཞིན་ནོ། །རྣ་རྩ་གཉའ་བའི་རུས་པ་དང་། ། རྐན་དང་སྣ་ཡི་རུས་པ་དང་། །བྲང་དང་མིད་པའི་རུས་པ་དང་། །བསྡུས་ན་རུས་པ་ཉི་ཤུ་ཡོད། །མིག་ལ་རུས་པ་བཞི་ཡོད་དེ། །ཕྲག་པ་བྱིན་པ་ཟུང་གཉིས་ཡོད། །ལག་པ་གཉིས་དང་སོར་མོ་རྣམས། ། བསྡུས་ན་རུས་པ་ལྔ་བཅུ་ཡོད། །ལྟག་རྒྱབ་རུས་པ་བརྒྱད་ཡོད་དེ། །སྒལ་ཚིགས་ལ་ནི་སུམ་བཅུ་གཉིས། །འདི་དག་ཀུན་ལ་རྩ་ཡོད་པས། །དེ་ཡི་གྲངས་ནི་ཆ་བཞིར་འགྱུར། །རྩིབ་ལོགས་ གཡས་པའི་རུས་པ་ནི། །ཕན་ཚུན་འབྲེལ་པ་བཅུ་གསུམ་ཡོད། །རྩིབས་ལོགས་གཡོན་འབྲེལ་སྐྱེ་བ་ཡི། །རུས་པ་དག་ནི་བཅུ་གསུམ་ཡོད། །རུས་པའི་ལུ་གུ་རྒྱུད་འདི་དག ། །གསུམ་གསུམ་ དག་ནི་ཕན་ཚུན་འབྲེལ། །གཉིས་གཉིས་དག་ནི་ཚིགས་ལྡན་ཏེ། །ལྷག་མ་གཞན་ནི་འབྲེལ་པ་མེད། །གཡས་གཡོན་བརླ་ནི་གཉིས་པོ་ལ། །བསྡུས་ན་རུས་པ་ལྔ་བཅུ་ཡོད། །ལུས་ནང་འབྲེལ་པའི་ རུས་པ་ནི། །བསྡོམས་ནས་སུམ་བརྒྱ་དྲུག་བཅུ་ཡོད། །རུས་རིགས་ཕན་ཚུན་འབྲེལ་ན་ནི། །སེམས་ཅན་ལུས་ནི་གྲུབ་ཡིན་ཞེས། །ཡང་དག་སངས་རྒྱས་མཁྱེན་པ་ཡིས། །བདེན་ཚིག་ཏུ་ནི་ གསུངས་པ་ཡིན། །རྐང་མཐིལ་ནས་ནི་མགོ་ཡི་བར། །མི་གཙང་འདྲེས་ཤིང་མི་བརྟན་པ། །དེ་དག་ལྷན་ཅིག་ལུས་བསྒྲུབས་པས། །ཉམས་ཆུང་འདམ་བུའི་ཁྱིམ་དང་འདྲ། །རུས་ པ་འབའ་ཤིག་གཟེར་པུ་མེད། །ཤ་ཁྲག་ཀུན་དུ་བསྐུས་པས་ན། མི་གཙང་འཁྲུལ་འཁོར་རབ་འདྲ་ཞིང་། །སྒྱུ་མས་སྤྲུལ་པའི་གཟུགས་བརྙན་འདྲ། །ལུས་འདི་རྩ་རྒྱུས་དཀྲིས་ནས་ནི། ། 80-1-282b ལྤགས་པ་གཤེར་བས་གཡོགས་པས་ན། །གནས་གུད་རྨ་ཡི་སྒོ་ཡོད་པར། །དེ་ལྟ་བུར་ནི་བལྟ་བར་བྱ། །ཀུན་ནས་གཅིན་རྐྱག་མི་གཙང་བ། །རྟག་ཏུ་གང་ཞིང་འཛག་པས་ན། །དཔེར་ན་བང་བ་ རྡོལ་རྣམས་སུ། །འབྲུ་རྣམས་སྣ་ཚོགས་བཀང་བ་ལྟར། །ལུས་འདི་ཡང་ནི་དེ་བཞིན་ཏེ། །མི་གཙང་སྣ་ཚོགས་རབ་ཏུ་གང་། །རུས་པའི་འཁྲུལ་འཁོར་གཡོ་བས་ན། །ཉམས་ཆུང་སྙིང་པོ་ཅི་ཡང་ མེད། །བྱིས་པའི་སྐྱེ་བོ་རྟག་ཏུ་ཆགས། །མཁས་པ་དག་ནི་ཞེན་མི་བྱེད། །མཆིལ་སྣབས་རྡུལ་ནི་རྟག་ཏུ་འབབ། །རྣག་ཁྲག་དག་གིས་རྒྱུན་དུ་གང་། །ཞག་སེར་འོ་མ་ལྷན་ཅིག་འདྲེས། ། གླད་རྒྱས་དག་ནི་གླད་པས་གང་། །སྙིང་ཁར་བད་ཀན་རྒྱུན་དུ་འབྱུང་། །ནང་གི་ཞུ་དང་མ་ཞུའི་གནས། །གླད་རྒྱས་དང་ནི་ལྤགས་པ་དང་། །སྙིང་དང་ནང་གྲོལ་གློ་མཆིན་དང་། །འདི་ལ་སོགས་པའི་ རུལ་མྱགས་དང་། །མི་གཙང་རྣམས་དང་ལྷན་ཅིག་གནས། །སྡིག་པའི་ལུས་ནི་འཇིགས་རུང་བས། །འདི་ཉིད་བདག་གི་དགྲ་ཡིན་ན། །ཤེས་མེད་འདོད་ལ་ཞེན་པ་ཡི། །བླུན་པོ་རྟག་ཏུ་ ཕངས་པར་བྱེད། །འདི་འདྲའི་མི་གཙང་ལུས་འདི་ནི། །གྲོང་ཁྱེར་རྙིང་བ་འདྲ་བས་ན། །ཉིན་མཚན་ཉོན་མོངས་རབ་གཟིར་ཅིང་། །སྐད་ཅིག་མི་གནས་ཀུན་དུ་འཁྱམ། །རུས་པར་གྲོང་ཁྱེར་བརྩིག་ པར་བྱེད། །ཤ་དང་ཁྲག་གིས་ཞལ་ཞལ་བསྐུས། །འདོད་སྡང་གཏི་མུག་ཚོན་བཀྱེ་ནས། །ཅི་རིགས་པར་ནི་རྒྱན་པར་བྱེད། །རུས་པའི་གྲོང་ཁྱེར་སྐྱུག་བྲོ་བ། །ཤ་ཁྲག་འབྲེལ་ཅིང་འདུས་པས་ན། ། རྟག་ཏུ་སྡུག་པའི་གྲོགས་པོ་ཡིས། །ཕྱི་ནང་སྡུག་བསྔལ་གདུང་བར་བྱེད། །དགའ་བོ་ཁྱོད་ཀྱིས་ཤེས་པར་བྱོས། །ངས་ནི་ཇི་སྐད་བསྟན་པ་བཞིན། །ཉིན་མཚན་རྟག་ཏུ་དྲན་བྱོས་ལ། །འདོད་པའི་ 80-1-283a ཡུལ་ལ་སེམས་མ་བྱེད། །གལ་ཏེ་འདོད་པ་སྤོང་འདོད་ན། །རྟག་ཏུ་དེ་བཞིན་རབ་སྒོམས་ལ། །རྣམ་གྲོལ་ཡོངས་སུ་བཙལ་བར་གྱིས། །མྱུར་དུ་འཁོར་བའི་རྒྱ་མཚོ་འདའ། །བཅོམ་ལྡན་ འདས་ཀྱིས་མངལ་དུ་འཇུག་པའི་ཆོས་ཀྱི་རྣམ་གྲངས་འདི་བཀའ་སྩལ་པ་ན། །ཚེ་དང་ལྡན་པ་དགའ་བོ་དང་། དགེ་སློང་ལྔ་བརྒྱ་པོ་དེ་དག་རབ་ཏུ་དགའ་བར་གྱུར་པས། བཅོམ་ལྡན་འདས་ཀྱིས་ གསུངས་པ་ལ་མངོན་པར་བསྟོད་དོ། །དེའི་ཚེ་ཚེ་དང་ལྡན་པ་དགའ་བོ་འཁོར་བའི་རྒྱ་མཚོ་འབྲོག་དགོན་པ་ལས་ཡང་དག་པར་འདས་ཏེ། མཐར་ཐུག་པའི་བདེ་བ་མྱ་ངན་ལས་འདས་པའི་གནས་སུ་ཕྱིན་ ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་པས་བདག་ཉིད་ཤིན་དུ་དགའ་བར་གྱུར་ནས་ཚིགས་སུ་བཅད་དེ་སྨྲས་པ། །གུས་སེམས་ཁྲུས་ནི་བསྟབས་པ་དང་། ཆུ་གཙང་བྱུག་སྤོས་ཕུལ་བ་དང་། བསོད་ནམས་རྣམས་ནི་བསྒྲུབས་པས་ན། །རྣམ་སྨིན་མཆོག་འདི་ཐོབ་པ་ཡིན། །དེ་ནས་འཁོར་མང་པོ་རྣམས་དེ་སྐད་ཅེས་སྨྲས་པ་ཐོས་པས་ཐམས་ཅད་ཐེ་ཚོམ་དུ་གྱུར་ནས་ཐེ་ཚོམ་བཅད་པའི་ཕྱིར་ སྟོན་པ་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བརྩུན་པ་ཚེ་དང་ལྡན་པ་དགའ་བོ་འདིས་སྔོན་སུག་ལས་ཅི་བགྱིས་ན་དེའི་རྣམ་པར་སྨིན་པས་ལུས་ཀྱི་མདོག་གསེར་གྱི་ཁ་དོག་ལྟ་བུར་གྱུར་ལ། མཚན་ སུམ་བཅུ་དང་ལྡན་པས་བདག་ཉིད་བརྒྱན་ཅིང་བཅོམ་ལྡན་འདས་ཀྱི་སྐུ་བས་སོར་བཞིས་ཐུང་བར་གྱུར། ཅིའི་སླད་དུ་འདོད་པའི་ཡུལ་ལ་ཤིན་དུ་མངོན་པར་ཞེན་པ་ལས་སྟོན་པ་ཆེན་པོས་ཐུགས་བརྩེ་ བར་དགོངས་ནས་མཐུས་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ཏེ། །ཐབས་ཀྱིས་ཤིན་དུ་མཐར་ཐུག་པའི་མྱ་ངན་ལས་འདས་པ་ལ་རྣམ་པར་གཞག་པ་བཀས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་ 80-1-283b བསྩལ་པ། དགེ་སློང་དག་དགེ་སློང་དགའ་བོས་སྔོན་ལས་མངོན་པར་འདུས་བྱས་པའི་འབྲས་བུ་རྣམ་པར་སྨིན་པ་ཡོངས་སུ་སྨིན་པས་ན་ཐམས་ཅད་མངོན་དུ་གྱུར་བ་ཡིན་ནོ་ཞེས་གཞན་ནས་བསྟན་ པ་བཞིན་དུ་རྒྱ་ཆེར་བཀའ་སྩལ་ནས་ཚིགས་སུ་བཅད་དེ་བཀའ་སྩལ་པ། གལ་ཏེ་བསྐལ་པ་བརྒྱ་ལོན་ཀྱང་། །ལས་བྱས་ཆུད་ཟར་མི་འགྱུར་ཏེ། །རྒྱུ་དང་རྐྱེན་ནི་ཚོགས་པ་ན། ལུས་ཅན་ཉིད་ལ་འབྲས་ བུར་སྨིན། །དགེ་སློང་དག་ཁྱེད་ཉོན་ཅིག། །སྔོན་བྱུང་བ་འདས་པའི་དུས་བསྐལ་པ་དགུ་བཅུ་རྩ་གཅིག་གི་སྔོན་རོལ་ན་སྐྱེ་དགུ་རྣམས་ཚེ་ལོ་བརྒྱད་ཁྲི་ཐུབ་པའི་ཚེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པའི་སྐྱེས་བུ་འདུལ་བ་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཤེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དགེ་སློང་གི་དགེ་འདུན་བརྒྱ་སྟོང་ཕྲག་དྲུག་བཅུ་རྩ་གཉིས་དང་ཐབས་གཅིག་ཏུ་ལྗོངས་རྒྱུ་ཞིང་གྲོང་ཁྱེར་མཉེན་ལྡན་ རྒྱལ་པོའི་ཕོ་བྲང་འཁོར་དུ་གཤེགས་ནས་མཉེན་ལྡན་གྱི་ཚལ་ན་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་དེའི་གཡས་ཁྱིམ་གྱི་གཅུང་ཞིག་ཡོད་པ་དེ་འདོད་པའི་ཡུལ་ལ་ཤིན་དུ་མངོན་པར་ཞེན་ ཅིང་ཆགས་པ་ལས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་དེས་འཁོར་བའི་རྒྱ་མཚོ་ལས་ཡོངས་སུ་བཟླ་བའི་ཕྱིར་རབ་ཏུ་འབྱུང་བར་ བསྐུལ་ནས་ཐབས་ཀྱིས་མཐར་ཐུག་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་རྣམ་པར་གཞག་གོ། །དེའི་ཚེ་ན་ཡུལ་དེའི་བདག་པོ་མཉེན་ལྡན་ཞེས་བྱ་བ་རྒྱལ་པོ་བྱེད་དེ། འདི་ལྟར་རྒྱལ་པོ་ཆོས་ཀྱིས་ 80-1-284a མི་རྣམས་འདུལ་བ། མི་དང་སྐྱེ་བོ་མང་པོ་རྒྱས་པ། ལོ་ལེགས་ཤིང་བདེ་བ། གཡོ་སྒྱུ་དང་ཆོམ་རྐུན་མེད་ཅིང་ནད་དང་བྲལ་བ། བ་ལང་དང་། ར་ལུག་དང་། སཱ་ལུ་དང་། བུ་རམ་ ཤིང་ཀུན་དུ་གང་ཞིང་རྒྱས་པར་གྱུར་ཏེ། རྒྱལ་པོ་དེའི་གཡས་ཁྱིམ་གྱི་ནུ་བོ་ཞིག་ཡོད་པ་ཡང་ཤིན་དུ་འདོད་པ་ལ་མངོན་པར་ཞེན་ཅིང་ཆགས་པར་གྱུར་ཏོ། །རྒྱལ་པོ་དེས་བཅོམ་ལྡན་འདས་འཁོར་དང་ བཅས་ཏེ་མཉེན་ལྡན་གྱི་ཚལ་ན་བཞུགས་པར་ཐོས་པས་བཙུན་མོ་དང་། གཞོན་ནུ་དང་། བློན་པོ་དང་། སྐྱེ་བོ་མང་པོའི་ཚོགས་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ག་ལ་དེར་དོང་སྟེ། བཅོམ་ལྡན་ འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འཁོད་པ་དང་། དེ་ནས་བཅོམ་ལྡན་འདས་དེས་རྒྱལ་པོ་འཁོར་དང་བཅས་པ་ལ་ཤིན་དུ་གྱ་ནོམ་པའི་ཆོས་ཀྱི་གཏམ་ཀུན་དུ་བསྟན་ ཅིང་གཟེང་བསྟོད་པས་ཁྱད་པར་དུ་འཕགས་པའི་ཤེས་པ་ཐོབ་པར་གྱུར་ཏོ། །དེའི་ནུ་བོ་འདོད་པ་ལ་ཞེན་ཅིང་ཁྱིམ་ནས་འབྱུང་དུ་མ་བཏུབ་པ་དང་། དེའི་ཚེ་དེ་ལ་བློན་པོའི་བུ་དང་། གཞན་ཡང་ སྔ་ནས་ལྷན་ཅིག་རྩེ་རྩེ་བའི་གྲོགས་པོ་དག་གིས་ཀྱེ་གྲོགས་པོ་ཤེས་པར་གྱིས་ཤིག །འདི་ལྟར་རྒྱལ་པོའི་གཞོན་ནུ་དང་། བཙུན་མོའི་འཁོར་དང་། བློན་པོ་དང་། སྐྱེ་བོ་མང་པོ་དང་བཅས་ཏེ། དེ་བཞིན་གཤེགས་པ་རྣམ་པར་གཟིགས་ག་ལ་བ་དེར་དོང་སྟེ། གུས་པས་དམ་པའི་ཆོས་མཉན་པས་ཁྱད་པར་དུ་འཕགས་པའི་ཤེས་པ་ཐོབ་པར་གྱུར་ཏེ། འདི་ལྟར་ཁྱོད་ཀྱང་མི་ལུས་ཤིན་ ཏུ་ཐོབ་པར་དཀའ་བ་ལས་དེང་ཐོབ་པར་གྱུར་ན་ཅིའི་ཕྱིར་འདོད་པ་ལ་མངོན་པར་ཞེན་ཅིང་ཆགས་ནས་སྒོར་ཡང་འབྱུང་དུ་མི་བཏུབ་ཅེས་སྨྲས་པ་དང་། དེས་ཀྱང་དེ་སྐད་དུ་སྤྱོ་བ་ཐོས་པས་ཤིན་དུ་ 80-1-284b ངོ་ཚ་བར་གྱུར་ནས་དེ་དག་གི་རྗེས་སུ་འབྲངས་ཏེ་ལྷན་ཅིག་དོང་ངོ་། །དེའི་ཚེ་བཅོམ་ལྡན་འདས་དེའི་གཅུང་དགེ་སློང་དེས་མང་པོ་དེ་དག་ལྷན་ཅིག་འགྲོགས་ཏེ་དོང་བ་མཐོང་ནས་ཀྱེ་ཁྱེད་ཅིའི་ཕྱིར་ མི་འདི་གཅིག་པུ་ཁྲིད་ནས་ལྷན་ཅིག་འགྲོགས་ཏེ་འགྲོ་ཞེས་དྲིས་པ་དང་། དེ་དག་གིས་ཀྱང་ཇི་ལྟར་གྱུར་བ་ཞིབ་ཏུ་སྨྲས་སོ། །དགེ་སློང་དེས་སྨྲས་པ། བདག་ནི་བཅོམ་ལྡན་འདས་ཀྱི་གཅུང་ཡིན་ ཏེ། སྔོན་ཁྱིམ་ན་གནས་པའི་ཚེ་འདོད་པའི་ཡུལ་རྣམས་ལ་ཤིན་དུ་མངོན་པར་ཞེན་ཅིང་ཆགས་པ་ལས་སྟོན་པ་ཆེན་པོས་ཐུགས་རྗེར་དགོངས་ནས་མཐུས་འཁོར་བ་ལས་བཟླས་ཏེ་མཐར་ཐུག་པའི་མྱ་ ངན་ལས་འདས་པ་ལ་བཞག་པ་ཡིན་ནོ། །གཞན་ཡང་སྐྱེས་བུ་གླེན་པ་བདག་དང་འདྲ་བ་འདི་ལྟ་བུ་ཡོད་པ་ལས་ཁྱེད་ཀྱིས་སྙིང་བརྩེ་ནས་ལྷན་ཅིག་ཁྲིད་དེ་འོངས་པ་ཤིན་དུ་ལེགས་སོ། །དེང་བླ་ན་མེད་ པའི་སྟོན་པ་ཆེན་པོ་བཅོམ་ལྡན་འདས་ག་ལ་བ་དེར་ཁྲིད་ཅིག་དང་། གདོན་མི་ཟ་བར་ཤིན་དུ་དད་པ་སྐྱེ་བར་འགྱུར་རོ་ཞེས་སྨྲས་པས་དེ་དག་ཀྱང་ལྷན་ཅིག་འགྲོགས་ནས་བཅོམ་ལྡན་འདས་ ག་ལ་བ་དེར་དོང་བ་དང་། བཅོམ་ལྡན་འདས་དེས་ཀྱང་དེ་དག་ལ་གཟིགས་ནས་དབང་པོ་དང་མོས་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་བསྟན་པས་དེ་དག་གིས་ཐོས་པར་གྱུར་ནས་ཤིན་དུ་དད་པ་སྐྱེས་ པས་འདུག་པའི་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྟོན་པ་ཆེན་པོ་འཕགས་ པའི་དགེ་འདུན་དང་ཐབས་གཅིག་ཏུ་སང་གི་གདུགས་ལ་བདག་གི་སྡུམ་པར་བསྲོ་ཁང་དུ་ཁྲུས་ལ་གཤེགས་པར་ཅི་གནང་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱང་ཅང་མི་གསུང་བར་ 80-1-285a གཤེགས་པར་ཞལ་གྱིས་བཞེས་སོ། །དེས་ཀྱང་ཞལ་གྱིས་བཞེས་པར་རིག་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་བྱས་ཏེ་སོང་ངོ་། །དེ་ནས་རྒྱལ་པོ་ག་ལ་བ་དེར་ སོང་སྟེ་ཕྱིན་པ་དང་། རྒྱལ་པོ་ལ་ལུས་གུས་པས་ཕྱག་བྱས་ནས་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་བདག་བཅོམ་ལྡན་འདས་ག་ལ་བ་དེར་མཆིས་ནས་ཆོས་ཐོས་པ་དང་། ཤིན་དུ་དད་ པ་སྐྱེས་ཏེ་འདོད་པའི་ཡུལ་རྣམས་ལ་ཡོངས་སུ་སྐྱོ་བའི་སེམས་སྐྱེས་ནས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པར་སང་གི་གདུགས་ལ་བདག་གི་སྡུམ་པར་བསྲོ་གང་དུ་ ཁྲུས་ལ་གཤེགས་པར་གསོལ་པ་ལས་དེ་བཞིན་གཤེགས་པ་སྟོན་པ་ཆེན་པོས་ཀྱང་ཐུགས་བརྩེ་བར་དགོངས་ནས་གཤེགས་པར་ཞལ་གྱིས་བཞེས་ཏེ། བཅོམ་ལྡན་འདས་དེ་ནི་ལྷ་དང་ མི་རྣམས་ཀྱིས་མཆོད་པར་བགྱི་བའི་འོས་སུ་གྱུར་བ་ལགས་ན། ལྷས་ཀྱང་གྲོང་ཁྱེར་གྱི་ཤུལ་དང་། སྲང་རྣམས་ཕྱག་དར་བྱས་ནས་ཆག་ཆག་བཏབ་སྟེ་མཛེས་པར་བགྱི་བའི་རིགས་སོ་ཞེས་ སྨྲས་པ་དང་། རྒྱལ་པོས་འདི་སྙམ་དུ་བཅོམ་ལྡན་འདས་གྲོང་ཁྱེར་དུ་གཤེགས་ན་བདག་གི་གྲོང་ཁྱེར་མཛེས་པར་བྱ་མོད་ཀྱི་འོན་ཀྱང་བདག་གི་ནུ་བོ་འདོད་པ་ལ་མངོན་པར་ཞེན་ནས་བཟློག་པ་ དཀའ་བ་ལས་དེང་བཅོམ་ལྡན་འདས་ཀྱིས་ཐུལ་བར་གྱུར་བ་ནི་ཡང་དག་པར་ངོ་མཚར་ཆེའོ་སྙམ་དུ་བསམས་ནས་ནུ་བོ་ཤིན་དུ་ལེགས་ཀྱིས་ཁྱོད་སོང་ལ་ཁྲུས་ཀྱི་ཡོ་བྱད་ཅི་དགོས་པ་སྤྱོད་ ཅིག་དང་། ངས་ཀྱང་ཅི་ནུས་གྱིས་གྲོང་ཁྱེར་བརྒྱན་པར་བྱའོ་ཞེས་སྨྲས་པས་རྒྱལ་པོའི་ནུ་བོ་ཡང་ཤིན་དུ་དགའ་བར་གྱུར་ཏེ། རྒྱལ་པོ་ལ་ཕྱག་བྱས་ནས་ལངས་ཏེ་སོང་ངོ་། །དེ་ནས་རྒྱལ་པོས་ 80-1-285b བློན་པོ་རྣམས་ལ་བསྒོ་བ། ཀྱེ་ཁྱེད་ཅག་དེང་ལ་གྲོང་ཁྱེར་དུ་དྲིལ་ཆེན་བསྒྲགས་ཏེ་ཕྱོགས་སུ་འདི་སྐད་དུ་སང་བཅོམ་ལྡན་འདས་གྲོང་ཁྱེར་དུ་གཤེགས་ཀྱིས་གྲོང་ཁྱེར་ན་གནས་པ་དང་། ཡུལ་ སོ་སོ་ནས་ལྷགས་པའི་སྐྱེ་བོ་རྣམས་སོ་སོ་ནས་ཅི་ནུས་གྱིས་གྲོང་ཁྱེར་མཛེས་པར་གྱིས་ལ། ལམ་དང་སྲང་རྣམས་ཕྱག་དར་བྱས་ཏེ། ཆག་ཆག་བཏབ་ནས་མེ་ཏོག་དང་། སྤོས་དང་། དྲི་རྣམས་ ཐོགས་ཏེ། སྟོན་པ་ཆེན་པོ་གཤེགས་པ་སུ་ཤིག་ཅེས་སྒོ་ཤིག །བློན་པོ་རྣམས་ཀྱིས་ཀྱང་ལྷ་དེ་བཞིན་འཚལ་ལོ་ཞེས་རྒྱལ་པོའི་བཀའ་ཁྱེར་ནས་ཕྱོགས་སུ་གོ་བར་བསྒོ་ཞིང་དྲིལ་ཆེན་གྱི་ སྒྲ་བསྒྲགས་པས་སྐྱེ་བོ་རྣམས་གྲོང་ཁྱེར་དེའི་རྡོ་བ་དང་། གྱོ་མོ་དང་། བོང་བ་རྣམས་བསལ་ཏེ། ས་སྤོས་ཀྱི་ཆུས་ཀུན་དུ་ཁྱབ་པར་ཆག་ཆག་བཏབ་ནས་བདུག་པ་དམ་པ་རྣམས་ཀྱང་བསྲེགས་ གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོ་ཡང་བཙུགས་ཏེ་མེ་ཏོག་རྣམས་མངོན་པར་གཏོར་བས་ལྷའི་དབང་པོ་བརྒྱ་བྱིན་གྱི་བསྐྱེད་མོས་ཚལ་དགའ་བ་བཞིན་དུ་བྱས་སོ། །དེའི་ ཚེ་རྒྱལ་པོའི་ནུ་བོས་ཀྱང་སྤོས་ཆུ་དང་། སྤོས་མར་ལ་སོགས་པ་སྦྱར་ཏེ་བསྲོ་ཁང་མཛེས་པར་བྱས། ཁྲི་བཤམས་ནས་གདན་ཡང་བཏིང་ངོ་། །དེ་བཞིན་གཤེགས་པ་རྣམ་པར་གཟིགས་མཐར་གྱིས་གྲོང་ ཁྱེར་དུ་གཤེགས་སུ་ཉེ་བ་དང་། རྒྱལ་པོ་དང་། རྒྱལ་བུ་དང་། བློན་པོ་དང་། བཙུན་མོ་དང་། སླས་དང་། སྐྱེ་བོ་མང་པོ་རྣམས་གྲོང་ནས་བྱུང་སྟེ། དེ་བཞིན་གཤེགས་པ་བསུ་ནས་རྒྱང་ནས་བཅོམ་ལྡན་ འདས་ལ་ཕྱག་བྱས་ཏེ་ཞབས་འབྲིང་བྱས་ནས་གྲོང་ཁྱེར་དུ་གཤེགས་པ་དང་། དེའི་ཚེ་རྒྱལ་པོའི་ནུ་བོ་དེས་ཀྱང་བཅོམ་ལྡན་འདས་བསྲོ་ཁང་དུ་གཤེགས་པར་སྤྱན་དྲངས་ཏེ། སྤོས་ཆུ་ལ་སོགས་པ་ཕུལ་ནས་སྐུ་ 80-1-286a བསིལ་བར་གསོལ་ཏེ། བཅོམ་ལྡན་འདས་ཀྱི་སྐུ་གསེར་གྱི་ཁ་དོག་ཅན་མཚན་སུམ་བཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་བཅུས་ཡོངས་སུ་བརྒྱན་པ་མཐོང་བ་དང་། རབ་ཏུ་དགའ་ ནས་ཤིན་དུ་དང་བའི་དད་པ་སྐྱེས་པར་གྱུར་ཏོ། །སྐུ་བསིལ་ནས་ན་བཟའ་མནབས་པ་དང་། དེས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ནས་འདི་སྐད་དུ་དེང་བདག་གིས་བསོད་ནམས་ཀྱི་ཞིང་མཆོག་དམ་པ་ལ་ མཆོད་པ་ཅུང་ཟད་བགྱིས་པ་འདིའི་དགེ་བའི་རྩ་བས་མ་འོངས་པའི་དུས་ན་བཅོམ་ལྡན་འདས་འདི་དང་ཐ་དད་པ་མེད་པའི་གསེར་གྱི་ཁ་དོག་ཅན་གྱི་ལུས་ཐོབ་པར་གྱུར་ཅིག །ཇི་ལྟར་བཅོམ་ལྡན་འདས་འདིའི་གཅུང་འདོད་ པའི་ཡུལ་ལ་མངོན་པར་ཞེན་ཅིང་ཆགས་པ་ལས་མཐུས་ཡོངས་སུ་བཟླས་ཏེ། ཤིན་དུ་མཐར་ཐུག་པའི་མྱ་ངན་ལས་འདས་པ་ལ་གཞོལ་བར་འགྱུར་བ་དེ་བཞིན་དུ་བདག་ཀྱང་མ་འོངས་པའི་དུས་ན་དེ་བཞིན་གཤེགས་ པའི་གཅུང་དུ་གྱུར་ནས་གསེར་གྱི་ཁ་དོག་ཅན་གྱི་ལུས་ཐོབ་པར་གྱུར་ཏེ། འདི་ལྟར་བདག་འདོད་པའི་ཡུལ་ལ་མངོན་པར་ཞེན་ཅིང་ཆགས་པར་གྱུར་བ་ན་ཡང་མཐུས་སྲེད་པའི་ཆུ་བོ་ཟབ་མོ་ལས་ཡོངས་སུ་བཟླས་ཏེ་མྱ་ངན་ ལས་འདས་པའི་བདེ་བ་ལ་གཞོག་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པོ། །དགེ་སློང་དག་ཁྱེད་ཀྱིས་དེའི་ཚེ་དེའི་དུས་ན་རྒྱལ་པོ་མཉེན་ལྡན་གྱི་ནུ་བོ་འདོད་པ་ལ་མངོན་པར་ཞེན་པར་གྱུར་བ་དེ་གཞན་ཡིན་སྙམ་དུ་སེམས་ན་ དེ་ལྟར་མི་ལྟ་སྟེ། དེ་ནི་དགེ་སློང་དགའ་བོ་འདི་ཉིད་ཡིན་ནོ། །འདིས་སྔོན་འདས་པའི་དུས་སུ་དེ་བཞིན་གཤེགས་པ་རྣམས་པར་གཟིགས་བསྲོ་ཁང་དུ་གཤེགས་པར་གསོལ་ནས་སྤོས་ཆུ་ལ་སོགས་པས་སྐུ་བསིལ་ ཏེ། ཤིན་དུ་དང་བའི་དད་པས་སྨོན་ལམ་བཏབ་པ་དེའི་དགེ་རྩ་བའི་རྒྱུས་དེང་དེ་བཞིན་གཤེགས་པའི་གཅུང་དུ་གྱུར་ནས་ལུས་གསེར་གྱི་ཁ་དོག་ལྟ་བུར་གྱུར་བ་དང་། འདོད་པའི་ཡུལ་ལ་མངོན་པར་ཞེན་ཅིང་ 80-1-286b ཆགས་པ་ལས་ངས་མཐུས་ཕྱུང་སྟེ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་མཐར་ཐུག་པའི་མྱ་ངན་ལས་འདས་པ་ཤིན་དུ་བདེ་བའི་གནས་སུ་ཕྱིན་པར་གྱུར་བ་ཡིན་ནོ། །དེ་ནས་འཁོར་མང་པོ་རྣམས་ཐེ་ཚོམ་དུ་གྱུར་ ནས་ཡང་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་ཚེ་དང་ལྡན་པ་དགའ་བོས་སྔོན་ལས་ཅི་བགྱིས་ན་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་མངོན་པར་གྲུབ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདིས་ ལས་མངོན་པར་འདུས་བྱས་པས་ན་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་སྔ་མ་བཞིན་ཏེ། སྔོན་འདས་པའི་དུས་སུ་རི་བྲགས་ཀྱི་གྲོང་གཞན་ཞིག་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་བ། ཡོད་བྱད་ཀྱིས་བྲེལ་བ་མེད་པ་ཞིག་གནས་པ་དེ་ལ་ བསྐྱེད་མོས་ཚལ་མེ་ཏོག་དང་འབྲས་བུ་རྒྱས་ཤིང་ཆུ་མིག་དང་འབབ་ཆུ་དང་། ལྗོན་ཤིང་དང་ལྡན་པ། རབ་ཏུ་བྱུང་བའི་དབེན་གནས་སུ་འོས་པ་ཞིག་ཡོད་དེ། དེའི་ཚེ་རང་སངས་རྒྱས་སེམས་ཅན་ལ་སྙིང་བརྩེ་བའི་ཕྱིར་འཇིག་ རྟེན་དུ་བྱུང་ནས་དབེན་པ་ན་གནས་པ་ཡོད་པས་ནམ་འཇིག་རྟེན་དུ་སངས་རྒྱས་མི་འབྱུང་བའི་ཚེ་འདི་འབའ་ཤིག་བསོད་ནམས་ཀྱི་ཞིང་དུ་གྱུར་ཏེ། དེ་ནས་སངས་རྒྱས་གཞན་ཞིག་ལྗོངས་རྒྱུ་ཞིང་རི་བྲགས་ཀྱི་གྲོང་དེར་ཕྱིན་ ནས་ཕན་ཚུན་ཀུན་དུ་བརྟགས་ཏེ། གནས་བཙལ་བ་ལས་དེའི་སྐྱེད་མོས་ཚལ་དུ་ཕྱིན་པ་དང་། བསྐྱེད་མོས་ཚལ་དེ་སྲུང་བའི་མིས་འཕགས་པ་དེ་མཐོང་ནས་བདེ་བར་གཤེགས་སམ་སེལ་སླད་དུ་འཕགས་པ་ འདིར་བཞུགས་སུ་གསོལ་ཞེས་སྨྲས་སོ། །དེས་ནམ་གྱི་གུང་ཐུན་ལ་མེའི་ཁམས་ལ་སྙོམས་པར་ཞུགས་པ་དང་། བསྐྱེད་མོས་ཚལ་བསྲུང་བའི་མིས་མཐོང་ནས་འདི་སྙམ་དུ་བཙུན་པ་ཆེན་པོ་འདི་ནི་འདི་ལྟ་བུའི་སྤྱོད་པ་མཆོག་གྲུབ་ པོ་སྙམ་དུ་བསམས་ནས་དེ་ནས་ནུབ་མོ་ལངས་ཏེ། ཁྱིམ་བདག་ག་ལ་བ་དེར་སོང་ནས་འདི་སྐད་དུ་ཁྱིམ་བདག་ཆེན་པོ་དེང་དགའ་བ་ཆེན་པོ་སྐྱེད་ཅིག །བསྐྱེད་མོས་ཚལ་ན་འཕགས་པ་ཞིག་བདག་གི་ཐད་དུ་གཤེགས་ 80-1-287a ནས་མཚན་མོ་གནས་པ་ལས་དེའི་སྤྱོད་པ་གྱ་ནོམ་པ་དང་ལྡན་ཞིང་རྫུ་འཕྲུལ་ཆེན་པོ་ཕུན་སུམ་ཚོགས་པ་ཞིག་པས་འོད་ཟེར་ཆེན་པོ་བཀྱེ་ནས་བསྐྱེད་མོས་ཚལ་གྱི་ནང་དུ་གསལ་བར་བྱས་སོ་ཞེས་སྨྲས་པ་ཁྱིམ་ བདག་གིས་ཐོས་ནས་མྱུར་ཞིང་རིངས་པར་བསྐྱེད་མོས་ཚལ་དུ་སོང་སྟེ། རྐང་པ་གཉིས་ལ་ཕྱག་བྱས་ནས་འདི་སྐད་དུ་འཕགས་པ་ནི་བསོད་སྙོམས་བཞེད་པ་ལགས་ལ་བདག་ནི་བསོད་ནམས་འཚལ་བ་ལགས་ན་ཐུགས་བརྩེ་བར་དགོངས་ཏེ། བསྐྱེད་མོས་ཚལ་འདིར་བཞུགས་སུ་གསོལ། བདག་གིས་རྟག་པར་བསོད་སྙོམས་སྦྱར་རོ་ཞེས་སྨྲས་པ་དང་། དེས་ཀྱང་དེས་གུས་པས་གསོལ་བ་བཏབ་པར་མཐོང་ནས་ཁས་བླངས་ཏེ། བསྐྱེད་མོས་ཚལ་དེའི་ནང་དུ་གནས་ནས་བསམ་གཏན་དང་། རྣམ་པར་ ཐར་པ་མཆོག་ལ་སྙོམས་པར་ཞུགས་ཏེ། བདེ་བ་རྗེས་སུ་མྱོང་བར་གྱུར་ཏོ། །དུས་གཞན་ཞིག་ན་དེ་འདི་སྙམ་དུ་བདག་གི་ལུས་རུལ་པ་འདི་ནི་འཁོར་བར་འཁོར་བ་ལས་བདག་གིས་གང་བྱ་བ་དེ་ནི་ཐོབ་པར་གྱུར་པས་མྱ་ངན་ལས་འདས་པ་ཞི་བའི་དབྱིངས་སུ་ཞུགས་ ནས་གཏན་དུ་མི་སྐྱེ་བ་དེ་མངོན་སུམ་དུ་བྱའི་རིགསོ་སྙམ་ནས་ནམ་མཁའ་ལ་མངོན་པར་འཕགས་ཏེ། མེའི་ཁམས་ལ་སྙོམས་པར་ཞུགས་ནས་རྫུ་འཕྲུལ་རྣམས་མངོན་པར་བསྟན་ཏེ། འོད་ཟེར་ཆེན་པོ་བཀྱེ་ནས་སྟེང་དུ་འབར་བ་དང་། ཚ་བ་དང་། འོག་ཏུ་ཆུ་ལ་འབབ་པ་ལ་སོགས་ པ་བསྟན་ཏེ། ལུས་འདི་སྤངས་ནས་རྣམ་པར་ཤེས་པ་སྐྱེ་བར་མི་འགྱུར་བ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་ཁྱིམ་བདག་དེས་དེའི་རུས་བུ་བླངས་ནས་དྲིའི་ཤིང་ཐམས་ཅད་ཀྱིས་བསྲེགས་ཏེ། འོ་མས་ མེ་བསད་ནས་རུས་པ་ལྷག་མ་ལུས་པར་བསྡུས་ཏེ་བུམ་པ་སར་པའི་ནང་དུ་བཅུག་ནས་མཆོད་རྟེན་བརྩིགས་ཏེ། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་བཙུགས་ནས་ཤིན་དུ་དང་བའི་དད་པས་དྲིའི་ཆུ་གྱ་ནོམ་པ་སུམ་བཅུ་གཏོར་ཏེ། མཚན་བཟང་ པོ་རྣམས་གྲུབ་པར་ཤོག་ཤིག་ཅེས་སྨོན་ལམ་ཆེན་པོ་བཏབ་བོ། །དགེ་སློང་དག་ལེགས་པར་ཉོན་ལ་དེའི་དུས་ན་ཁྱིམ་བདག་ཏུ་གྱུར་བ་དེ་གཞན་ཡིན་པ་སྙམ་དུ་སེམས་ན་དེ་ལྟར་མི་བལྟ་སྟེ། དེ་ནི་དགའ་བོ་འདི་ཉིད་ཡིན་ནོ། །འདིས་མཆོད་པ་མཆོག་ 80-1-287b བྱས་པ་དང་། གུས་པ་དང་། ཤིན་དུ་དད་པ་བསྐྱེད་པའི་ལས་ཀྱི་དབང་གིས་དེང་འདིས་མཚན་མཆོག་ཁྱད་པར་དུ་འཕགས་པ་སུམ་བཅུ་མངོན་པར་གྲུབ་པའི་རྣམ་པར་སྨིན་པ་མྱོང་བར་གྱུར་བ་ཡིན་ནོ། །དེ་ནས་འཁོར་མང་པོ་རྣམས་ཡང་ ཐེ་ཚོམ་སྐྱེས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཚེ་དང་ལྡན་པ་དགའ་བོས་ལས་ཅི་བགྱིས་ན་གལ་ཏེ་འདིར་རབ་ཏུ་མ་བྱུང་ཞིང་ཁྱིམ་ན་གནས་པར་གྱུར་ན་གདོན་མི་ཟ་བར་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་ པོ་འདིས་བགྱིས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགའ་བོས་ཚེ་རབས་སྔ་མ་ལ་ལས་མངོན་པར་འདུས་བྱས་པའི་འབྲས་བུ་རྣམ་པར་སྨིན་པ་ཡོངསུ་སྨིན་པར་གྱུར་པའི་ཚེ་གདོན་མི་ཟ་བར་ བདག་ཉིད་ཀྱིས་མྱོང་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ཡང་རྒྱས་པར་གོང་མ་བཞིན་དུ་རྒྱས་པར་སྦྱར་ཏེ། དགེ་སློང་དག་སྔོན་བྱུང་བ་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུ་རྣམས་ཚེ་ལོ་སྟོང་ཕྲག་ཉི་ཤུ་ཐུབ་པ་ན་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཞེས་བྱ་བ་མཚན་སུམ་བཅུ་དང་ལྡན་པ་འཇིག་རྟེན་དུ་བྱུང་ཏེ། ཡུལ་བཱ་ར་ཎ་སཱི་དྲང་སོང་ལྷུང་བའི་གནས་རི་དགས་བྱིན་པའི་ཚལ་ན་བཞུགས་སོ། །དེའི་ཚེ་གྲོང་ཁྱེར་དེ་ན་རྒྱལ་པོ་ ཀྲི་ཀི་ཞེས་བྱ་བ་རྒྱལ་པོ་བྱེད་དེ། འདི་ལྟར་ཆོས་ཀྱིས་འཇིག་རྟེན་འདུལ་བར་བྱེད་པས་ཆོས་བཞིན་དུ་རྒྱལ་པོ་བྱེད་དོ་ཞེས་བྱ་བ་ལ་སོགས་པ་ཡང་རྒྱས་པར་གོང་མ་བཞིན་དུ་སྦྱར་རོ། །རྒྱལ་པོ་དེ་ལ་བུ་གསུམ་ཡོད་དེ། འདི་ལྟ་སྟེ་རབ་དང་། འབྲིང་པོ་དང་། ཐ་ཆུངས་སོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་སངས་རྒྱས་ཀྱི་མཛད་པ་མཐར་ཕྱིན་ནས་ཤིང་ཟད་པའི་མེ་བཞིན་དུ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ ཡོངས་སུ་མྱ་ངན་ལས་འདས་པ་དང་། རྒྱལ་པོ་དེས་གུས་པའི་སེམས་ཀྱིས་དེ་བཞིན་གཤེགས་པའི་སྐུ་གདུང་བླངས་ཏེ། དྲིའི་ཤིང་ཙན་དན་དང་། གོ་ཤིར་ཥ་དང་། ལྷའི་སྤོས་ཀྱི་ཤིང་ལ་སོགས་པས་བསྲེགས་ཏེ། འོ་མས་མེ་བསད་ནས་རིང་ 80-1-288a བསྲེལ་བསྡུས་ཏེ། རིན་པོ་ཆེའི་བུམ་པའི་ནང་དུ་བཅུག་ནས་མཆོད་རྟེན་ཆེན་པོ་རིན་པོ་ཆེ་སྣ་བཞི་ལས་བྱས་པ་ཁོ་ར་ཁོར་ཡུག་ཏུ་ནི་དཔག་ཚད་གཅིག །འཕང་དུ་ནི་དཔག་ཚད་ཕྱེད་ཡོད་པ་བརྩིགས་ནས་དེ་ལ་འཁོར་ལོ་འཛུགས་པའི་ཚེ་རྒྱལ་ པོའི་བུ་འབྲིང་པོ་དེས་བདག་ཉིད་སྟེང་དུ་འཛེགས་ནས་འཁོར་ལོ་བར་མ་བཙུགས་སོ། །དགེ་སློང་དག་དེའི་ཚེ་དེའི་དུས་ན། རྒྱལ་པོའི་བུ་འབྲིང་པོར་གྱུར་བ་དེ་གཞན་ཡིན་པ་སྙམ་དུ་སེམས་ན་དེ་ལྟར་མི་བལྟ་སྟེ། དགའ་བོ་འདི་ཉིད་ཡིན་ནོ། །འདིས་སྔོན་འདས་པའི་ དུས་སུ་གུས་པའི་སེམས་ཀྱིས་མཆོད་པ་བྱས་པ་དང་། འཁོར་ལོ་བར་མ་བཙུགས་པའི་དགེ་བའི་ལས་དེས་ཚེ་རབས་ཉིས་སྟོང་ལྔ་བརྒྱའི་བར་རྟག་པར་གླིང་གཅིག་ལ་དབང་བའི་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱས་སོ། །ཚེ་འདི་ལ་གལ་ཏེ་རབ་ ཏུ་བྱུང་བར་མ་གྱུར་ན་དེ་བཞིན་དུ་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དབང་ཕྱུག་ཆེན་པོ་ལ་དབང་སྒྱུར་བ་བྱེད་པར་འགྱུར་རོ། །དེ་ནས་འཁོར་མང་པོ་རྣམས་ཐེ་ཚོམ་དུ་གྱུར་ནས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཚེ་དང་ལྡན་པ་ དགའ་བོས་སྔོན་ཅི་བགྱིས་ན་ཉན་ཐོས་ཀྱི་ནང་ན་དབང་པོའི་སྒོ་རབ་ཏུ་སྡོམ་པའི་མཆོག་ཏུ་བཀའ་སྩལ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་འདི་ནི་སྔོན་གྱི་སྨོན་ལམ་གྱི་སྟོབས་ལས་གྱུར་བ་ཡིན་ཏེ། དགེ་སློང་དག་དགའ་བོ་འདི་སྔོན་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ལས་དེའི་མཁན་པོ་བཅོམ་ལྡན་འདས་དེའི་བསྟན་པ་ལ་དབང་པོའི་སྒོ་རབ་ཏུ་སྡོམ་པའི་མཆོག་ཏུ་བསྔགས་པ་བརྗོད་པར་གྱུར་ ཏོ། །དེས་ཇི་སྲིད་འཚོའི་བར་དུ་ཚངས་པར་སྤྱད་ཀྱང་ཚེ་དེ་ཉིད་ལ་མངོན་པར་རྟོགས་པ་ཅི་ཡང་ཐོབ་པར་མ་གྱུར་པས་དེ་འཆི་བའི་དུས་ཀྱི་ཚེ། འདི་སྐད་དུ་བདག་གིས་དེ་བཞིན་གཤེགས་པའི་བསྟན་པ་ལ་ཇི་སྲིད་འཚོ་བའི་བར་དུ་ཚངས་པར་སྤྱད་ཀྱང་ཚེ་འདི་ ཉིད་ལ་མངོན་པར་རྟོགས་པ་ཅི་ཡང་མེད་པས་བདག་གིས་ཚངས་པར་སྤྱད་པའི་དགེ་བའི་རྩ་བ་འདིས་བཅོམ་ལྡན་འདས་འོད་སྲུང་གིས་མ་འོངས་པའི་དུས་ན་བྲམ་ཟེའི་ཁྱེའུ་བླ་མ་ཞེས་བྱ་བ་འདི་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་ 80-1-288b རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། མཚན་ཡང་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པས་བདག་ཀྱང་བཅོམ་ལྡན་འདས་དེའི་བསྟན་པ་ལ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། ཉོན་མོངས་ པ་རྣམས་སྤངས་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏེ། ཇི་ལྟར་བདག་གི་མཁན་པོ་འདི་བཅོམ་ལྡན་འདས་འདིའི་བསྟན་པ་ལ་དབང་པོའི་སྒོ་རབ་ཏུ་སྡོམ་པའི་མཆོག་ཏུ་གྱུར་བ་དེ་བཞིན་དུ་བདག་ཀྱང་བཅོམ་ལྡན་འདས་དེའི་བསྟན་ པ་ལ་དབང་པོའི་སྒོ་རབ་ཏུ་སྡོམ་པའི་མཆོག་ཏུ་གྱུར་ཅིག་ཅེས། སྨོན་ལམ་བཏབ་བམ་ན་སྨོན་ལམ་དེའི་སྟོབས་ཀྱིས་དེང་འདིར་ངའི་བསྟན་པ་ལ་ཉན་ཐོས་ཀྱི་ནང་ན་དབང་པོའི་སྒོ་རབ་ཏུ་སྡོམ་པའི་མཆོག་ཏུ་གྱུར་བ་ཡིན་ནོ། །འདི་ལྟར་དགེ་སློང་ དག་གང་གཅིག་ཏུ་གནག་པའི་ལས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་གནག་གོ། །གང་གཅིག་ཏུ་དཀར་བའི་ལས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་དཀར་རོ། །ལས་འདྲེན་མ་གང་ཡིན་པ་དེ་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་མྱོང་བར་འགྱུར་ ཏེ། དེ་ལྟ་བས་ན་ཁྱེད་ཀྱིས་གཅིག་ཏུ་གནག་པ་དང་། འདྲེན་མའི་ལས་སྤངས་ལ་གཅིག་ཏུ་དཀར་བའི་ལས་བསྒྲུབ་པར་བྱའོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་མངལ་ན་གནས་པ་བསྟན་པའི་ འདུས་པ་སྟེ་འདུས་པ་བཅུ་གསུམ་པ་རྫོགས་སྷོ།། །།འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། ལེའུ་བཅུ་བཞི་པ་སྟེ། ཚེ་དང་ལྡན་པ་དགའ་བོ་ལ་མངལ་དུ་འཇུག་པ་བསྟན་པ། བམ་པོ་གཅིག་པ། རྒྱ་གར་སྐད་དུ། ཨཱརྱཱ་ཡུཥྨྃ་ནནྡྃ་གརྦྷཱ་བ་ཀྲཱནྟི་ནིར་དེ་ཤ ། བོད་སྐད་དུ། འཕགས་པ་ཚེ་དང་ལྡན་པ་དགའ་བོ་ལ་མངལ་དུ་འཇུག་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ ལོ། །འདི་སྐད་བདག་གི་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་དེའི་ཚེ་ཚེ་དང་ལྡན་པ་དགའ་བོ་ཕྱི་དྲོའི་དུས་ཀྱི་ཚེ་ནང་དུ་ཡང་དག་འཇོག་ལས་ལངས་ཏེ། དགེ་སློང་ལྔ་བརྒྱ་དང་ལྷན་ 80-1-289a གཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། ཐལ་མོ་སྦྱར་ནས་གུས་པས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བོ་དང་། དགེ་སློང་རྣམས་ ལ་བཀའ་སྩལ་པ། ང་ལ་ཆོས་ཀྱི་རྣམ་གྲངས་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། གཅིག་ཏུ་མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་དཀར་བ། ཚངས་པར་སྤྱོད་པའི་ཆོས་འདི་ལྟ་སྟེ། མངལ་དུ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཡོད་ཀྱིས་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་རྣམ་པར་ཕྱེ་སྟེ་བསྟན་པར་བྱའོ། །བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་དགའ་བོས་གསོལ་པ། བཅོམ་ལྡན་འདས་དེ་ བཞིན་དུ་ཐོས་པར་འཚལ་ལོ་ཞེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགའ་བོ་སེམས་ཅན་རྣམས་ནི་མངལ་དུ་འཇུག་པར་འདོད་པའི་ཚེ་རྒྱུ་དང་རྐྱེན་ཕུན་སུམ་ཚོགས་པར་ གྱུར་ན་ནི་ལུས་ལེན་པར་འགྱུར་གྱི། གལ་ཏེ་ཕུན་སུམ་ཚོགས་པར་མ་གྱུར་ན་ནི་ལུས་ལེན་པར་མི་འགྱུར་རོ། །དེ་ལ་རྐྱེན་དང་མི་ལྡན་པ་ཞེས་བྱ་བ་གང་ཞེ་ན། འདི་ལྟ་སྟེ། ཕ་དང་མ་གཉིས་ཀ་ཡང་ཆགས་པའི་སེམས་བྱུང་བར་གྱུར། བར་མ་དོའི་ཕུང་པོ་ཡང་མངོན་དུ་གྱུར་ཅིང་སྐྱེ་བའི་གནས་ཡོངས་སུ་ཚོལ་བར་བྱེད་ཀྱང་ཕ་མ་དེ་དག་གི་འདུ་འཕྲོད་སྔ་ཕྱིར་གྱུར་ཅིང་དུས་གཅིག་ཏུ་བྱུང་བར་མ་གྱུར་ཏམ། སོ་སོའི་ལུས་ལ་ནད་རྣམས་ལྡན་པར་གྱུར་ན་ཡང་མངལ་དུ་འཇུག་པར་ མི་འགྱུར་རོ། །གལ་ཏེ་མའི་མངལ་རླུང་དང་། མཁྲིས་པ་དང་། བད་ཀན་དང་། ཁྲག་གིས་ཉེ་བར་ནོན་པར་གྱུར་ཏམ། མཚམས་ཤས་གང་བ་འམ། སྨན་གྱིས་གང་བ་འམ། དབུས་ནས་འདྲ་བ་འམ། གྲོག་མའི་རྐེད་པ་འདྲ་བ་འམ། རྔ་མོའི་ཁ་ འདྲ་བ་འམ། ཤིང་རྟའི་ཚིགས་པ་བཞིན་སོགས་ཀར་འདུག་པ་འམ། ཤིང་རྟའི་སྲོག་ཤིང་ལྟ་བུར་འདུག་པ་འམ། ཤིང་རྟའི་ལྟེ་བའི་ཁ་ལྟ་བུར་འདུག་པ་འམ། ཤིང་ལོ་ལྟ་བུར་གྱུར་བ་འམ། སྦ་ལྟ་བུར་གྱ་གྱུར་འཁྱིལ་པར་གྱུར་ཏམ། མངལ་གྱི་ 80-1-289b ནང་ནས་ཀྱི་གྲ་མ་སྐྱེས་པ་ལྟ་བུར་གྱུར་ཏམ། ཁུ་ཆུ་དང་ཁྲག་མང་དུ་འཛག་ཅིང་སྐད་ཅིག་ཙམ་དུ་ཡང་འདུག་ཏུ་མི་བཏུབ་པར་གྱུར་ཏམ། མཐུར་དུ་འཛག་པར་གྱུར་ཏམ། མངལ་གྱི་ལམ་རྩུབ་པར་གྱུར་ཏམ། སྟེང་དུ་ཡངས་པ་འམ། འོག་ཏུ་ཡངས་པ་ འམ། ཡོ་བ་འམ། ཟབ་བ་མ་ཡིན་པ་འམ། རྡོལ་ནས་ཟགས་པ་འམ། མཐོ་བ་འམ། དམའ་བ་འམ། ཐུང་ཞིང་དོག་པ་འམ། ནད་སྣ་ཚོགས་དང་བཅས་པར་གྱུར་ན་ཡང་མངལ་དུ་འཇུག་པར་མི་འགྱུར་རོ། །གལ་ཏེ་ཕ་མ་ཆོ་རིགས་བཙུན་ཞིང་ བསོད་ནམས་ཆེན་པོ་དང་ལྡན་པར་གྱུར་ལ་བར་མ་དོའི་ཕུང་པོ་བསོད་ནམས་ཆུང་བ་འམ། བར་མ་དོའི་སྲིད་པ་ཆོ་རིགས་བཙུན་ཞིང་བསོད་ནམས་ཆེན་པོ་དང་ལྡན་པར་གྱུར་ལ་ཕ་མ་བསོད་ནམས་ཆུང་བར་གྱུར་ཏམ། གཉིས་ག་བསོད་ནམས་དང་ ལྡན་ཡང་ཕན་ཚུན་ཕྲད་པར་གྱུར་བའི་ལས་བསགས་པར་མ་གྱུར་ན་ཡང་མངལ་དུ་འཇུག་པར་མི་འགྱུར་རོ། །འདི་ལྟར་བར་མ་དོའི་ཕུང་པོ་དེ་མངལ་དུ་འཇུག་པར་འགྱུར་བ་ན། ཐོག་མ་ཁོ་ནར་ཕྱིན་ཅི་ལོག་གི་སེམས་རྣམ་པ་གཉིས་འབྱུང་ བར་འགྱུར་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ཕ་མ་གཉིས་ཕྲད་པར་གྱུར་བའི་ཚེ་གལ་ཏེ་ཕོར་འགྱུར་བ་ཞིག་ཡིན་ན་ནི་མ་ལ་ནི་ཆགས་པ་སྐྱེ་བར་འགྱུར་ལ། ཕ་ལ་ནི་ཞེ་སྡང་སྐྱེ་བར་འགྱུར་ཏེ། ཕའི་ཁུ་བ་བྱུང་བ་ན་འདི་ནི་བདག་གི་ ཡིན་ནོ་སྙམ་དུ་སེམས་སོ། །གལ་ཏེ་མོར་འགྱུར་བ་ཞིག་ཡིན་ན་ནི་ཕ་ལ་ནི་ཆགས་པ་སྐྱེ་བར་འགྱུར་ལ། མ་ལ་ནི་ཞེ་སྡང་སྐྱེ་བར་འགྱུར་ཏེ་མའི་ཁུ་བ་བྱུང་བ་ན་འདི་ནི་བདག་གི་ཡིན་ནོ་སྙམ་དུ་སེམས་པས་གལ་ཏེ་འདི་ལྟ་བུའི་ཞེ་ སྡང་དང་ཆགས་པའི་སེམས་སྐྱེས་པར་མ་འགྱུར་ན། མངལ་དུ་འཇུག་པར་མི་འགྱུར་རོ། །གཞན་ཡང་དགའ་བོ་ཇི་ལྟར་མའི་མངལ་དུ་འཇུག་པར་འགྱུར་ཞེ་ན། །འདི་ལྟ་སྟེ། ཕ་མ་ཡང་ཆགས་པའི་སེམས་སྐྱེས་པར་འགྱུར། དུས་ཀྱི་ཟླ་ མཚན་ཡང་རྗེས་དུ་འཐུན་པར་འགྱུར། བར་མ་དོའི་ཕུང་པོ་ཡང་མངོན་དུ་གྱུར་ལ། གོང་མ་ལྟ་བུའི་སྐྱོན་མང་པོ་ཡང་མེད་ཅིང་ལས་ཀྱི་རྐྱེན་དང་ལྡན་པར་གྱུར་ན་མངལ་དུ་འཇུག་པར་འགྱུར་རོ། །འདི་ལྟར་བར་མ་དོའི་ཕུང་པོ་དེ་མངལ་ 80-1-290a དུ་འཇུག་པར་འདོད་པ་ན་དེ་ཡང་རྣམ་པ་གཉིས་སུ་འགྱུར་ཏེ། གཉིས་གང་ཞེ་ན། བསོད་ནམས་དང་མི་ལྡན་པ་དང་། བསོད་ནམས་ཆེན་པོ་དང་ལྡན་པ་གང་ཡིན་པའོ། །བསོད་ནམས་དང་མི་ལྡན་པ་གང་ཡིན་པ་དེ་ནི་རྣམ་ པར་རྟོགས་པའི་སེམས་བྱུང་ནས་ཡུལ་མཐོང་བར་གྱུར་བ་ན་འདི་སྙམ་དུ་སེམས་ཏེ། དེང་བདག་ནི་རླུང་དང་། གྲང་བ་དང་། ནམ་རྨུགས་པ་དང་། ཆར་འབབ་པ་དང་། སྐྱེ་བོ་མང་པོའི་ཅ་ཅོ་དང་། མང་པོའི་མཐུ་སྟོབས་ཀྱི་གནོད་པ་བྱེད་པ་དང་ཕྲད་ པར་གྱུར་ཏོ་ཞེས་འཇིགས་ཤིང་སྐྲག་པ་སྐྱེས་ནས་དེང་བདག་རྩའི་ཁྱིམ་དང་། ལོ་མའི་ཁྱིམ་དང་། རྩིག་དྲུང་དབེན་པར་འཇུག་པར་བྱའོ། །ཡང་ན་རི་དང་། ནགས་སྟུག་པོ་དང་། བྲག་ཕུག་དག་ཏུ་འཇུག་པར་བྱའོ། །སྙམ་དུ་སེམས་ཏེ། གཞན་ ཡང་འདུ་ཤེས་རྣམས་བསྐྱེད་ནས་ཇི་ལྟར་མཐོང་བ་བཞིན་དུ་མའི་མངལ་དུ་འཇུག་པར་བྱའོ། །གང་བསོད་ནམས་ཆེན་པོ་དང་ལྡན་པ་དེ་ཡང་འདི་སྙམ་དུ་དེང་བདག་ནི་རླུང་དང་། གྲང་བ་དང་། ནམ་རྨུགས་པ་དང་། ཆར་ འབབ་པ་དང་། སྐྱེ་བོ་མང་པོའི་ཅ་ཅོ་དང་། མང་པོའི་མཐུ་སྟོབས་ཀྱིས་གནོད་པར་བྱེད་པ་དང་ཕྲད་པར་གྱུར་ཏོ། །ཞེས་འཇིགས་ཤིང་སྐྲག་པ་སྐྱེས་ནས་ཁང་པ་བརྩེགས་མའི་སྟེང་དུ་འཛེག་པ་དང་། ཡང་ཐོག་མཐོན་པོའི་སྟེང་ དུ་འཛེག་པ་འམ། གཞལ་མེད་ཁང་གི་ནང་དུ་འཇུག་པ་འམ། ཁྲི་ལ་འདུག་པར་བྱའོ་སྙམ་དུ་སེམས་ཏེ། གཞན་ཡང་འདུ་ཤེས་རྣམ་པ་སྣ་ཚོགས་བསྐྱེད་ནས་ཇི་ལྟར་མཐོང་བ་བཞིན་དུ་མའི་མངལ་དུ་འཇུག་པར་འགྱུར་རོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་འདི་ལྟར་བར་མ་དོའི་ཕུང་པོ་དེ་ཐོག་མ་ཁོ་ནར་མངལ་དུ་ཞུགས་པ་གང་ཡིན་པ་དེ་ནི་མེར་མེར་པོ་ཞེས་བྱ་སྟེ། ཕ་མའི་མི་གཙང་བ་དང་། འདས་པའི་ལས་ལ་བརྟེན་ནས་ལུས་ལེན་ པར་བྱེད་ཀྱང་འདི་ལྟར་ལས་དེ་དང་། ཕ་མའི་རྐྱེན་རྣམས་ཀྱིས་སོ་སོ་ནས་རང་སྐྱེ་བར་མི་བྱེད་ཀྱི། འདུས་པའི་མཐུ་སྟོབས་ཀྱིས་ལུས་ལེན་པར་བྱེད་པས། འདི་ལྟ་སྟེ་དཔེར་ན། སྣོད་ཀྱི་ནང་དུ་ཞོས་བཀང་ནས་སྐྱེས་བུའི་རྩོལ་བ་དང་། ཐག་པ་ལ་སོགས་ 80-1-290b པ་ལ་བརྟེན་ཏེ་མར་འབྱུང་བ་ཡང་རྐྱེན་རྣམས་ལས་དམིགས་པར་མི་འགྱུར་མོད་ཀྱི་འོན་ཀྱང་འདུས་པའི་མཐུ་ལས་མར་འབྱུང་བར་འགྱུར་བ་དེ་བཞིན་དུ་མེར་མེར་པོའི་ལུས་ཀྱང་དེ་བཞིན་ཏེ། འདི་ལྟར་རྒྱུ་དང་རྐྱེན་གྱི་མཐུས་མངལ་དུ་ལུས་མངོན་པར་འགྲུབ་པར་འགྱུར་རོ། ། དགའ་བོ་འདི་ལྟ་སྟེ་དཔེར་ན་རྩྭ་སྔོན་པོ་དང་། བ་ལང་གི་ལྕི་བ་དང་། རྒྱ་ཤུག་དང་ཞོ་ལ་བརྟེན་ནས་སོ་སོ་ནས་སྲིན་བུ་སྐྱེ་བར་འགྱུར་བ་རེ་རེའི་ནང་དུ་སྲིན་བུ་མི་དམིགས་ཀྱང་རྒྱུ་དང་རྐྱེན་གྱི་སྟོབས་ཀྱིས་སྲིན་བུ་སྐྱེས་པར་འགྱུར་ཏེ། སྲིན་བུ་དེ་དག་སྐྱེས་པ་ན་སོ་སོ་ནས་རྟེན་ཇི་ ལྟ་བ་བཞིན་དུ་ཁ་དོག་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོར་འགྱུར་རོ། །དེ་བཞིན་དུ་ཕ་མའི་མི་གཙང་བ་ལས་ལུས་འདི་སྐྱེ་བ་ཡང་རྐྱེན་རྣམས་ཀྱི་ནང་དུ་བཙལ་ན་དམིགས་པར་མི་འགྱུར་མོད་ཀྱི། འོན་ཀྱང་རྐྱེན་འདུས་པའི་མཐུ་དང་མ་ཕྲད་པར་ ཡང་ལུས་ཡང་དག་པར་ལེན་པར་ཡང་མི་འགྱུར་རོ། །ལུས་འདི་སྐྱེས་ན་ཕ་མའི་འབྱུང་བ་ཆེན་པོ་བཞི་དང་ངོ་བོ་ཉིད་ཐ་མི་དད་པར་གྱུར་ཏེ། འདི་ལྟ་སྟེ། སའི་ཁམས་ཀྱིས་ནི་སྲ་བའི་བྱ་བ་བྱེད་དོ། །ཆུའི་ཁམས་ཀྱིས་ནི་གཤེར་བའི་བྱ་བ་བྱེད་དོ། །མེའི་ ཁམས་ཀྱིས་ནི་དྲོ་བའི་བྱ་བ་བྱེད་དོ། །རླུང་གི་ཁམས་ཀྱིས་ནི་ཡང་ཞིང་གཡོ་བའི་བྱ་བ་བྱེད་དེ། མེར་མེར་པོའི་ལུས་དེ་དག་གལ་ཏེ་སའི་ཁམས་འབའ་ཤིག་དང་ལྡན་ལ་ཆུའི་ཁམས་མེད་པར་གྱུར་ན་ནི་འདི་ལྟ་སྟེ། དཔེར་ན་ཕྱེ་དང་ཐལ་བ་སྐམ་པོ་བཅངས་ པ་བཞིན་དུ་འདུར་མི་བཏུབ་པར་འགྱུར་རོ། །གལ་ཏེ་ཆུའི་ཁམས་འབའ་ཤིག་དང་ལྡན་ལ་སའི་ཁམས་མེད་པར་གྱུར་ན་ནི་འདི་ལྟ་སྟེ། དཔེར་ན་འབྲུ་མར་རམ་ཆུའི་རང་བཞིན་ནི་སྣུམ་ཞིང་གཤེར་བས་སྲ་བ་མེད་པ་བཞིན་དུ་ བོ་ཞིང་གྱེས་པར་འགྱུར་རོ། །གལ་ཏེ་ས་དང་ཆུའི་ཁམས་འབའ་ཤིག་དང་ལྡན་ལ་མེའི་ཁམས་མེད་པར་གྱུར་ན་ནི་འདི་ལྟ་སྟེ་དཔེར་ན། དབྱར་ཚ་བའི་དུས་སུ་ཤའི་གོང་བུ་གྲིབ་མ་ལ་བཞག་པ་ཉི་མའི་འོད་ཀྱིས་མ་ཕོག་པ་ བཞིན་དུ་རུལ་ཞིང་མྱགས་པར་འགྱུར་རོ། །གལ་ཏེ་ས་དང་ཆུ་དང་མེའི་ཁམས་དང་ལྡན་ལ་རླུང་གི་ཁམས་མེད་པར་གྱུར་ན་ནི་འཕེལ་བར་མི་འགྱུར་སྟེ། འདི་ལྟ་སྟེ་དཔེར་ན་ཁུར་བ་མཁན་ནམ། དེའི་སློབ་མ་མཁས་པས་ཁུར་བ་བཙོས་ནས་དབུགས་ 80-1-291a ཀྱིས་བུས་ཏེ་ཅི་དང་ཅི་བྱ་བ་རྣམས་མངོན་པར་འདུས་བྱས་ནས་དེ་དག་ནང་ཁོང་སྟོང་དུ་བྱེད་པ་གལ་ཏེ་རླུང་གི་སྟོབས་མེད་པར་གྱུར་ན་མངོན་པར་འགྲུབ་པར་མི་འགྱུར་རོ། །དེ་བཞིན་དུ་འབྱུང་བ་ཆེན་པོ་བཞི་པོ་ དེ་དག་ཀྱང་ཕན་ཚུན་གཅིག་ལ་གཅིག་བརྟེན་ཅིང་ཡོངས་སུ་བཟུང་ནས་རྣམ་པར་གཞག་པ་ཡིན་པས་དེའི་ཕྱིར་མེར་མེར་པོའི་ལུས་ཕ་མའི་འབྱུང་བ་ཆེན་པོ་བཞི་དང་། ལས་ཀྱི་རླུང་གི་རྒྱུས་སྐྱེ་བར་འགྱུར་བ་དང་དེ་བཞིན་ དུ་རྐྱེན་མང་པོ་རྣམས་ཀྱི་ནང་ན་དམིགས་པར་མི་འགྱུར་ཡང་འདུས་པའི་སྟོབས་ཀྱིས་ལུས་ཡང་དག་པར་ལེན་པར་འགྱུར་བར་རིག་པར་བྱའོ། །གཞན་ཡང་དགའ་བོ་འདི་ལྟ་སྟེ། དཔེར་ན། ས་བོན་སར་བ་ཡོངས་སུ་གཙང་བ་ལེགས་པར་ སྦས་པ། སྲིན་བུས་མ་ཟོས་པ་མ་རུལ་ཅིང་མ་ཚིག་པ་དང་། མ་གས་པ་དང་། བུ་ག་མེད་པ་ཞིག་གང་ལ་ལ་ཞིག་གིས་ཞིང་བཟང་ཞིང་གཤིན་པ་བཙལ་ཏེ་ས་བོན་བཏབ་ན། ཅི་ཉིན་ཞག་གཅིག་གིས་མྱུ་གུ་དང་སྡོང་བུ་དང་། ཡལ་ ག་དང་། ལོ་མ་གྲིབ་མ་དང་བཅས་པ་དང་། མེ་ཏོག་དང་། འབྲས་བུ་རྒྱས་ཤིང་ཕུན་སུམ་ཚོགས་པར་འགྱུར་རམ། བཅོམ་ལྡན་འདས་དེ་ནི་དེ་ལྟར་མི་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་མེར་མེར་ པོའི་ལུས་ཀྱང་དེ་བཞིན་དུ་རྒྱུ་དང་རྐྱེན་ལས་རིམ་གྱིས་སྐྱེ་བར་འགྱུར་གྱི། དུས་གཅིག་ཏུ་དབང་པོ་རྣམས་ཕུན་སུམ་ཚོགས་པར་མི་འགྱུར་ཏེ། དེ་ལྟ་བས་ན་ཕ་མ་ལས་འབྱུང་བར་གྱུར་བའི་ལུས་འདི་རྐྱེན་རྣམས་ཀྱི་ནང་ན་བཙལ་ན་ཡང་ དམིགས་པར་མི་འགྱུར་མོད་ཀྱི། འོན་ཀྱང་ཚོགས་པའི་སྟོབས་ཀྱིས་སྐྱེ་བ་ལེན་པར་འགྱུར་བར་རིག་པར་བྱའོ། །གཞན་ཡང་དགའ་བོ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་མིག་དང་ལྡན་པས་མེ་ཤེལ་གྱི་ནོར་བུ་བླངས་ནས་ཉི་མ་ལ་བཞག་སྟེ། ལྕི་བ་སྐམ་པོ་ནོར་བུ་དང་མི་རིང་བར་བསྟེན་པ་ལས་མེ་བྱུང་བར་འགྱུར་བ་ལྕི་བ་དང་། ཉི་མའི་འོད་སོ་སོ་ནས་མེ་འབྱིན་པར་མི་ནུས་ཀྱང་ཕན་ཚུན་མི་འབྲལ་བས་རྒྱུ་དང་རྐྱེན་གྱི་སྟོབས་ཀྱིས་མེ་འབྱུང་བར་བྱེད་དོ། །ཕ་མ་ལས་བྱུང་བའི་ལུས་ 80-1-291b ཀྱང་དེ་བཞིན་ཏེ། འདི་ལྟར་མེར་མེར་པོའི་ལུས་གང་ཡིན་པ་དེ་ནི་གཟུགས་ཞེས་བྱའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་མིང་ཞེས་བྱ་སྟེ། མིང་དང་གཟུགས་ཀྱི་ཕུང་པོ་ལྔ་པོས་སྐད་ཅིག་མ་གཅིག་ལ་ ལུས་བླངས་ནས་སྡུག་བསྔལ་མྱོང་བར་བྱེད་པ་ལ་ཡང་ངས་བསྔགས་པ་བརྗོད་པར་མི་བྱེད་ན་ཡུན་རིང་པོར་སྲིད་པ་རྣམས་སུ་འཁོར་བར་གྱུར་བ་ལྟ་སྨོས་ཀྱང་ཅི་དགོས། འདི་ལྟ་སྟེ། དཔེར་ན་མི་གཙང་བ་ནི་ཉུང་ཡང་མནམ་ན་མང་པོ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བས་ན་མེར་མེར་པོའི་ལུས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་སུ་ཞིག་སྲེད་ཅིང་ཆགས་པར་བྱེད། གཞན་ཡང་དགའ་བོ་འདི་ལྟར་ལུས་དེ་མའི་མངལ་ན་གནས་པ་ཡང་ཞག་བདུན་ཕྲག་སུམ་བཅུ་རྩ་བརྒྱད་ལོན་ནས་གདོད་ འབྱུང་བར་འགྱུར་ཏེ། ཞག་བདུན་ཕྲག་དང་པོ་ལ་མངལ་ན་གནས་པ་གང་ཡིན་པ་དེ་ནི་མེར་མེར་པོ་ཞེས་བྱ་སྟེ་ལུས་ཀྱི་མཚན་མ་དང་པོར་སྣང་བ་ཡིན་པས་འདི་ལྟ་སྟེ། དཔེར་ན། ཞོ་མ་ཆགས་པ་དང་འདྲ་བས་ཞག་བདུན་གྱི་བར་ དུ་ནང་དུ་བཙོས། རབ་ཏུ་བཙོས་ནས་འབྱུང་བ་ཆེན་པོ་བཞི་མཐར་གྱིས་མངོན་པར་འགྲུབ་པར་བྱེད་དོ། །ཞག་བདུན་ཕྲག་གཉིས་པ་ལ་མའི་མངལ་དུ་གནས་པའི་ཚེ་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི་ཀུན་སྡུད་ཅེས་བྱ་སྟེ། རླུང་ཤིན་ དུ་ཕྲ་མོ་དེས་མའི་རྩིབ་ལོགས་གཡོན་པ་དང་། གཡས་པ་བུས་ཏེ་མེར་མེར་པོའི་ལུས་ཀྱི་མཚན་མ་རིམ་གྱིས་སྣང་བར་བྱེད་པས་དེའི་དབྱིབས་ཞོ་སྐ་བ་འམ། མར་འཁྱགས་པ་འདྲ་སྟེ། མངལ་གྱི་ནང་དུ་བཙོས། རབ་ཏུ་བཙོས་པས་ནུར་ནུར་པོའི་ལུས་ སུ་གྱུར་ནས་འདི་ལྟར་འབྱུང་བ་ཆེན་པོ་བཞི་པོ་དག་མཐར་གྱིས་མངོན་པར་གྲུབ་པར་བྱེད་དོ། །ཞག་བདུན་ཕྲག་གསུམ་པ་ལ་མའི་མངལ་དུ་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི་མཛོད་ཀ་ཞེས་བྱ་སྟེ། རླུང་དེའི་ སྟོབས་ཀྱི་ནུར་ནུར་པོ་གང་ཡིན་པ་དེ་མཐར་གྱིས་མཁྲེགས་ཤིང་ལྟར་ལྟར་པོར་བྱེད་པས། དེའི་དབྱིབས་ནི་སྨན་རྡུང་བའི་གཏུན་བུ་འདྲ་ལ་ཐུང་ཞིང་ཆུང་སྟེ། མངལ་གྱི་ནང་དུ་བཙོས། རབ་ཏུ་བཙོས་པས་འདི་ལྟར་འབྱུང་བ་ཆེན་པོ་བཞི་པོ་འདི་དག་མཐར་གྱིས་འཕེལ་བར་བྱེད་དོ། ། 80-1-292a ཞག་བདུན་ཕྲག་བཞི་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི་ནང་དུ་རབ་ཏུ་འབྱེད་པ་ཞེས་བྱ་སྟེ་རླུང་དེའི་སྟོབས་ཀྱིས་ལྟར་ལྟར་པོ་གང་ཡིན་པ་དེ་ནི་མཁྲང་བར་བྱེད་པས། དེའི་དབྱིབས་ནི་མཆི་གུ་འདྲ་བ་སྟེ། ནང་དུ་བཙོས་རབ་ཏུ་བཙོས་པས་འབྱུང་བ་ཆེན་པོ་བཞི་པོ་མཐར་གྱིས་འཕེལ་བར་བྱེད་དོ། །ཞག་བདུན་ཕྲག་ལྔ་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་ གྲུབ་པ་གང་ཡིན་པ་དེ་ནི་ཡང་དག་པར་སྡུད་པ་ཞེས་བྱ་སྟེ། རླུང་དེའི་སྟོབས་ཀྱི་མཁྲང་འགྱུར་གང་ཡིན་པ་དེ་རྐང་ལག་འགྱུར་བ་སྒྱུར་བར་བྱེད་པས་གོར་གོར་པོ་གང་ཡིན་པ་དེ་རྣམ་པར་ཕྱེ་ནས་བརླ་གཉིས་དང་། དཔུང་ པ་གཉིས་དང་། མགོ་བོའི་མཚན་མ་མངོན་དུ་འབྱུང་བར་བྱེད་དེ། འདི་ལྟ་སྟེ། དཔེར་ན་དབྱར་གྱི་དུས་སུ་ཆར་འབབ་པའི་ཚེ་ན་ལྗོན་ཤིང་རྣམས་ཡལ་ག་དང་། མདབ་མ་སྐྱེད་པར་བྱེད་པ་དེ་བཞིན་དུ་ལས་ཀྱི་རླུང་གི་སྟོབས་ ཀྱིས་ཀྱང་ལུས་ཀྱི་མཚན་མ་རྣམས་སྣང་བར་བྱེད་དོ། །ཞག་བདུན་ཕྲག་དྲུག་པ་ལ་མའི་མངལ་དུ་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི་ཟས་ཞེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་མཚན་མ་ བཞི་འབྱུང་བར་བྱེད་དོ། །བཞི་གང་ཞེ་ན། འདི་ལྟ་སྟེ། ལག་ངར་གཉིས་དང་། རྗེ་ངར་གཉིས་གང་ཡིན་པ་དེ་ནི་མཚན་མ་རྣམ་པ་བཞི་ཞེས་བྱའོ། །ཞག་བདུན་ཕྲག་བདུན་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི་འཁྱིལ་པར་བྱེད་པ་ཞེས་བྱ་སྟེ་རླུང་དེའི་སྟོབས་ཀྱིས་མཚན་མ་རྣམ་པ་བཞི་འབྱུང་བར་བྱེད་དེ། འདི་ལྟ་སྟེ། ལག་མཐིལ་གཉིས་དང་། རྐང་མཐིལ་གཉིས་སྟེ། དེའི་ མཚན་མ་ནི་ཤིན་ཏུ་མཉེན་པས་དབུ་བ་འདུས་པ་དང་འདྲའོ། །ཞག་བདུན་ཕྲག་བརྒྱད་པ་ལ་མའི་མངལ་དུ་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི་ཟློག་ཅིང་སྒྱུར་བར་བྱེད་པ་ཞེས་བྱ་སྟེ། 80-1-292b རླུང་དེའི་སྟོབས་ཀྱིས་མཚན་མ་ཉི་ཤུ་འབྱུང་བར་བྱེད་དེ། འདི་ལྟ་སྟེ། ལག་པ་དང་། རྐང་པའི་སོར་མོའི་མཚན་མ་ཉི་ཤུ་འབྱུང་བར་བྱེད་པ་གང་ཡིན་པའོ། །དེ་ནི་འདི་ལྟ་སྟེ་དཔེར་ན་དབྱར་ཆར་འབབ་པའི་ཚེ་ལྗོན་ཤིང་རྣམས་ ཀྱི་ཡལ་ག་དང་། འདབ་མ་མཐར་གྱིས་སྐྱེ་ཞིང་འཕེལ་བར་བྱེད་པ་དེ་བཞིན་དུ་ལས་ཀྱི་རླུང་གི་སྟོབས་ཀྱིས་ཀྱང་མཚན་མ་རྣམས་མངོན་དུ་སྣང་བར་བྱེད་དོ། །ཞག་བདུན་ཕྲག་དགུ་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི་རྣམ་པར་འབྱེད་པ་ཞེས་བྱ་སྟེ་རླུང་དེའི་སྟོབས་ཀྱིས་མཚན་མ་རྣམ་པ་དགུ་འབྱུང་བར་བྱེད་དེ། དགུ་གང་ཞེ་ན། འདི་ལྟ་སྟེ། མིག་གཉིས་དང་། རྣ་བ་གཉིས་དང་། སྣ་གཉིས་ དང་། ཁ་དང་བཤང་བ་དང་། གཅི་བའི་གནས་གང་ཡིན་པ་དེ་དག་མཚན་མ་རྣམ་པ་དགུ་ཞེས་བྱའོ། །ཞག་བདུན་ཕྲག་བཅུ་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི་སྲ་བར་བྱེད་ པ་ཞེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་སྲ་ཞིང་བརྟན་པར་བྱེད་དོ། །གཞན་ཡང་དེའི་ཚེ་ཀུན་ནས་སྒོ་ཞེས་བྱ་བའི་རླུང་འབྱུང་སྟེ། དེས་མངལ་ན་གནས་པའི་ལུས་བུས་པས་ལུས་ཀུན་དུ་རྒྱས་ཤིང་གང་བར་བྱེད་དེ། །འདི་ལྟ་སྟེ་དཔེར་ ན་རྐྱལ་བ་གང་བ་ཇི་ལྟ་བ་བཞིན་ནོ། །ཞག་བདུན་ཕྲག་བཅུ་གཅིག་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི་རྡོ་རྗེ་ཞེས་བྱ་སྟེ་རླུང་དེའི་སྟོབས་ཀྱིས་མངལ་ན་གནས་པ་དེ་སྟེང་ དང་འོག་གི་ཕྱོགས་སུ་འགྲོ་ཞིང་ལུས་ཀྱི་བུ་ག་རྣམས་འབྱིན་པར་འབྱེད་དོ། །གཞན་ཡང་རླུང་དེའི་སྟོབས་ཀྱིས་མ་དེ་རེས་འགའ་དགའ་བ་དང་། མི་དགའ་བར་ཡང་བྱེད། འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་ བ་ན་ཡང་དེའི་རང་བཞིན་འགྱུར་ཞིང་རྐང་ལག་སྐྱོད་པར་ཡང་བྱེད་པས་མངལ་ན་གནས་པའི་བུ་ག་རྣམས་མཐར་གྱིས་སྐྱེ་ཞིང་འཕེལ་བར་ཡང་བྱེད་ལ་དེའི་ཁ་ནས་ཁྲག་ནག་པོ་ཡང་འབྱུང་བར་འགྱུར། སྣ་ནས་ཀྱང་ཆུ་མི་ 80-1-293a གཙང་བ་འབྱུང་བར་འགྱུར་ཏེ། རླུང་དེས་དབང་པོ་རྣམས་བཟློག་ནས་དེ་ནས་ཞི་བར་འགྱུར་རོ། །ཞག་བདུན་ཕྲག་བཅུ་གཉིས་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི་ ཡོན་པོའི་སྒོ་ཞེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་རྩིབ་ལོགས་གཡས་གཡོན་གྱི་ནང་གྲོལ་གྱི་རྒྱུ་མ་ཆེ་ཆུང་རྣམས་སྐྱེད་པར་བྱེད་དེ། དེ་ནི་འདི་ལྟ་སྟེ། དཔེར་ན་པད་མའི་རྩ་བ་ཤང་ཤང་པོ་འམ། སྐུད་པ་གྲིམས་པ་ས་ལ་བཞག་པ་ལྟ་བུར་ལན་ བཅྭ་བརྒྱད་འཁོར་བར་ལུས་ལ་བརྟེན་ཏེ་གནས་སོ། །དེའི་ཚེ་གཞན་ཡང་སྤུ་བརྒྱུས་པ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེའི་དབང་གིས་ཚིགས་ཀྱི་ཡན་ལག་སུམ་བརྒྱ་ཉི་ཤུ་དང་། གནད་བརྒྱ་རྩ་གཅིག་ལུས་ལ་གནས་པར་ འགྱུར་རོ། །ཞག་བདུན་ཕྲག་བཅུ་གསུམ་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི་བཀྲེས་ཤིང་སྐོམ་པར་བྱེད་པ་ཞེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་མངལ་གྱི་ལུས་དེ་ཉམ་ཆུང་ ཞིང་བཀྲེས་པ་དང་། སྐོམ་པའི་འདུ་ཤེས་སྐྱེད་པར་བྱེད་པས་དེའི་མས་ཟོས་ཤིང་འཐུངས་པའི་རོ་ཇི་སྙེད་པ་དག་ལུས་ཀྱི་གནད་དང་། ལྟེ་བའི་དཀྱིལ་འཁོར་ཡོངས་སུ་འཛིན་ཅིང་ཕན་འདོགས་པར་བྱེད་དོ། །དེ་ནས་དེའི་ཚེ་བཅོམ་ ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། བུ་ནི་མ་མངལ་གནས་པ་ན། མངལ་གནས་དེ་ལ་ཕན་འདོགས་པས། དེས་ན་ལུས་སྲོག་རབ་གནས་ཤིང་། རིམ་གྱིས་སྐྱེ་དང་འཕེལ་བར་བྱེད། །མས་ནི་ཟོས་ ཤིང་འཐུངས་པ་དག །མངལ་ན་གནས་ན་ཕན་འདོགས་པས། །རིམ་གྱིས་སྐྱེ་དང་འཕེལ་བར་བྱེད། ཞག་བདུན་ཕྲག་བཅུ་བཞི་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་ དེ་ནི་སྐུད་པའི་སྒོ་ཞེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་རྩ་རྒྱུད་དགུ་བརྒྱ་བསྐྱེད་ནས་ལུས་ཀྱི་མདུན་དང་། རྒྱབ་དང་། གཡས་གཡོན་སྣོལ་མར་གཡོག་པར་བྱེད་དོ། །ཞག་བདུན་ཕྲག་བཅྭ་ལྔ་པ་ལ་མའི་མངལ་ན་གནས་ 80-1-293b པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི་པད་མ་ཞེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་རྩར་རྒྱུ་བ་ཉི་ཤུ་བསྐྱེད་ནས་བཟའ་བ་དང་། བཏུང་བའི་རོ་གང་ཡིན་པ་རྩ་འདིར་ཞུགས་ནས་ལུས་ལ་ ཕན་འདོགས་པར་བྱེད་དོ། །ཉི་ཤུ་གང་ཞེ་ན། ལུས་ཀྱི་མདུན་དང་རྒྱབ་དང་། གཡས་གཡོན་རེ་རེ་ལ་ཡང་རྩ་ལྔ་ལྔ་ཡོད་དེ། རྩ་འདི་དག་རེ་རེ་ལ་ཡང་ཕྲ་མོའི་ཡན་ལག་བཞི་བཅུ་བཞི་བཅུ་ཡོད་དོ། །རྩ་དེ་ དག་རེ་རེ་ལ་ཡང་ཡན་ལག་བརྒྱ་བརྒྱ་ཡོད་དོ། །ལུས་ཀྱི་མདུན་ན་ཡོད་པ་ཉི་ཁྲི་ནི་ས་ག་ཞེས་བྱའོ། །ལུས་ཀྱི་རྒྱབ་ན་ཡོད་པ་ཉི་ཁྲི་ནི་སྟོབས་ཞེས་བྱའོ། །ལུས་ཀྱི་གཡོན་ཕྱོགས་ན་ཡོད་པ་ཉི་ཁྲི་ནི་བརྟན་པ་ཞེས་ བྱའོ། །ལུས་ཀྱི་གཡས་ཕྱོགས་ན་ཡོད་པ་ཉི་ཁྲི་ནི་མཐུ་དང་ལྡན་པ་ཞེས་བྱ་སྟེ། དེ་ལྟར་ན་རྩའི་ཡན་ལག་ཆེ་ཕྲ་བརྒྱད་ཁྲི་ལུས་དེ་ལ་སྐྱེ་བར་འགྱུར་རོ། །རྩ་དེ་དག་ཀྱང་ཁ་དོག་རྣམ་པ་སྣ་ཚོགས་དང་ལྡན་ཏེ། འདི་ ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། མར་དང་། ཞོ་དང་། འབྲུ་མར་གྱི་ཁ་དོག་གོ། །རྩ་བརྒྱད་ཁྲི་བོ་དེ་དག་རེ་རེ་ལ་ཡང་རྩ་བ་རེ་རེ་ཡོད་དེ། རྩ་བ་རེ་རེ་ལ་ཡང་བུ་ག་སྣ་ཚོགས་ཡོད་དེ། བུ་ག་གཅིག་ དང་། བུ་ག་གཉིས་ནས་བུ་ག་བདུན་གྱི་བར་དང་ལྡན་ཏེ། རེ་རེ་ཡང་སྤུའི་བུ་ག་དང་ཕན་ཚུན་འབྲེལ་ཏེ་དེ་ནི་དཔེར་ན། པད་མའི་རྩ་བ་ལ་བུ་ག་མང་པོ་ཡོད་པ་ཇི་ལྟ་བ་བཞིན་ནོ། །ཞག་བདུན་ཕྲག་བཅུ་དྲུག་པ་ལ་མའི་ མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི་བདུད་རྩི་ཞེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་དེའི་མིག་དང་། རྣ་བ་དང་། སྣ་དང་། ཁའི་སྒོ་དང་། མིད་པ་དང་། སྙིང་གི་སྙིང་པོའི་ཁོར་ཡུག་གི་ བུ་ག་དགུ་པོ་དེ་དག་རྣམ་པར་ཕྱེ་ནས་དབུགས་ཕྱི་ནང་དུ་རྒྱུ་བ་སྟེང་དང་འོག་ཏུ་རྒྱུ་ཞིང་ཐོགས་པ་མེད་པ་དང་། བཟའ་བ་དང་། བཏུང་བ་ཟོས་ཤིང་འཐུངས་པ་གང་ཡིན་པ་དེ་དག་ཀྱང་། ལུས་ལ་ཕན་འདོགས་ཤིང་བསགས་ 80-1-294a པའི་གནས་ཡོད་པ་དང་། ལེགས་པར་ཞུགས་ནས་འོག་གི་ཕྱོགས་སུ་འབྱུང་བར་བྱེད་དེ། འདི་ལྟ་སྟེ། དཔེར་ན་རྫ་མཁན་ནམ། དེའི་སློབ་མ་མཁས་པས་འཇིམ་པ་ལེགས་པར་སྦྱར་ཏེ་འཁོར་ལོའི་སྟེང་དུ་བཞག་ ནས་འོག་དང་སྟེང་དུ་བསྒྱུར་ཞིང་སྣོད་ཀྱི་རྣམ་པ་མངོན་པར་འདུས་བྱས་ནས་མངོན་པར་གྲུབ་པ་དེ་བཞིན་དུ་འདི་ཡང་རླུང་གི་སྟོབས་དང་། དགེ་བ་དང་མི་དགེ་བའི་ལས་ཀྱིས་མིག་དང་། རྣ་བ་ལ་སོགས་པ་རིམ་གྱིས་ཡོངས་སུ་ རྫོགས་པར་བྱེད་དོ། །ཞག་བདུན་ཕྲག་བཅུ་བདུན་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི་འབྲི་གདོང་ཞེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་དེའི་མིག་གཉིས་ཀུན་དུ་དང་བ་དང་། རྣ་བ་དང་། སྣའི་དབང་པོ་ལ་སོགས་པ་ཡང་རིམ་གྱིས་ཡོངས་སུ་སྨིན་པར་བྱེད་དེ། འདི་ལྟ་སྟེ་དཔེར་ན་མེ་ལོང་གི་དཀྱིལ་འཁོར་རྡུལ་གྱིས་ཡོག་པ་སའི་ཕྱི་མ་དང་། འབྲུ་མར་དང་། ཐལ་བ་བླངས་ཏེ་བྱི་དོར་བྱས་ན་ཡོངས་སུ་གསལ་ བར་འགྱུར་བ་དེ་བཞིན་དུ་ལས་ཀྱི་རླུང་གི་སྟོབས་ཀྱིས་མིག་ལ་སོགས་པ་བུས་ནས་མིག་ལ་སོགས་པ་ཀུན་དུ་དང་བར་བྱེད་པ་ཡང་དེ་བཞིན་དུ་རིག་པར་བྱའོ། །ཞག་བདུན་ཕྲག་བཅྭ་བརྒྱད་པ་ལ་མའི་མངལ་ན་གནས་པའི་ ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི་བརྟན་པར་འགྱུར་བ་ཞེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་དེའི་དབང་པོ་རྣམས་མཐར་གྱིས་ཡོངས་སུ་སྨིན་ཅིང་གསལ་བ་དང་། ཡོངས་སུ་དག་པར་བྱེད་དེ། འདི་ལྟ་སྟེ་དཔེར་ ན། ཉི་མ་དང་ཟླ་བའི་དཀྱིལ་འཁོར་སྤྲིན་དང་། ཁུག་རྣ་རྣམས་ཀྱིས་བསྒྲིབས་ཤིང་ཁེབས་པར་འགྱུར་བ་གློ་བུར་དུ་རླུང་དྲག་པོ་ལངས་ཏེ་བུས་ནས་ཕྱོགས་བཞིར་གཏོར་བར་གྱུར་ན་ཉི་མ་དང་ཟླ་བའི་དཀྱིལ་འཁོར་ཤིན་དུ་གསལ་ བར་གྱུར་བ་དེ་བཞིན་དུ་འདི་ལྟར་ལས་ཀྱི་རླུང་གི་དབང་གིས་དབང་པོ་རྣམས་བུས་པས་ཆེས་ཤིན་དུ་གསལ་ཞིང་ཡོངས་སུ་དག་པར་བྱེད་པ་ཡང་དེ་བཞིན་དུ་རིག་པར་བྱའོ། །ཞག་བདུན་ཕྲག་བཅུ་དགུ་པ་ལ་མའི་མངལ་ན་ 80-1-294b གནས་པའི་ཚེ་ཡང་ལས་ཀྱི་རླུང་གི་སྟོབས་ཀྱིས་མིག་དང་། རྣ་བ་དང་སྣ་དང་། ལྕེའི་དབང་པོ་བཞི་པོ་དག་ཡོངས་སུ་སྨིན་པར་བྱེད་དོ། །དང་པོ་མངལ་དུ་འཇུག་པའི་ཚེ་ནི་དབང་པོ་གསུམ་དང་ལྡན་ཏེ། ལུས་ཀྱི་དབང་པོ་དང་། སྲོག་གི་དབང་ པོ་དང་། ཡིད་ཀྱི་དབང་པོ་སྟེ། དེ་ལྟར་དབང་པོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །ཞག་བདུན་ཕྲག་ཉི་ཤུ་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི་ཤིན་ཏུ་སྲ་བ་ཞེས་བྱ་ སྟེ། རླུང་དེའི་སྟོབས་ཀྱིས་དེའི་ལུས་ལས་རུས་པ་སྣ་ཚོགས་བསྐྱེད་པར་བྱེད་དེ། རྐང་པ་གཡོན་པ་ལ་བརྟེན་ཏེ་རུས་པ་ཉི་ཤུ་སྐྱེད་དོ། །རྐང་པ་གཡས་པ་ལ་བརྟེན་ཏེ་རུས་པ་ཉི་ཤུ་སྐྱེད་དོ། །གཞན་ཡང་རྐང་པའི་རྟིང་པའི་རུས་པ་བཞི་ དང་། རྗེ་ངར་གྱི་རུས་པ་གཉིས་དང་། ལྷ་ངའི་རུས་པ་གཉིས་དང་། བརླའི་རུས་པ་གཉིས་དང་། རྐེད་པ་དང་། དཔྱིའི་རུས་པ་གསུམ་གསུམ་དང་། སྒལ་ཚིགས་ཀྱི་རུས་པ་བཅྭ་བརྒྱད་དང་། རྩིབ་མའི་རུས་པ་ཉི་ཤུ་རྩ་བཞི་དང་། བྲང་གི་རུས་པ་སུམ་བཅུ་དང་། ལག་པ་གཡས་གཡོན་རེ་རེ་ལ་རུས་པ་ཉི་ཤུ་ཉི་ཤུ་དང་། ལག་ངར་གྱི་རུས་པ་བཞི་དང་། དཔུང་པའི་རུས་པ་གཉིས་དང་། འགྲམ་པའི་རུས་པ་གཉིས་དང་། མགོ་བའི་རུས་པ་བཞི་དང་། སོའི་ རྩ་བའི་རུས་པ་སུམ་བཅུ་རྩ་གཉིས་ཀྱང་སྐྱེད་པར་བྱེད་དོ། །འདི་ལྟ་སྟེ། དཔེར་ན་གཟུགས་མཁན་ནམ། གཟུགས་མཁན་གྱི་སློབ་མ་མཁས་པས་སྔར་ཤིང་སྲ་བ་བླངས་ཏེ་ཕྱིས་སྲད་བུས་བཅིངས་ནས་གཟུགས་རྣམས་ བྱས་པ་ལ་འཇིམ་པ་མ་བསྐུས་མོད་ཀྱི། འོན་ཀྱང་དེའི་ཚེ་རུས་པའི་མཚན་ཉིད་ཅེས་བརྗོད་པ་དེ་བཞིན་དུ་ལས་ཀྱི་རླུང་གི་སྟོབས་ཀྱིས་རུས་པ་རྣམས་བསྐྱེད་པའི་དུས་ཀྱི་ཚེ་ཡང་དེ་བཞིན་ཏེ། དེ་ལྟ་བས་ན་ཞག་བདུན་པོ་དེ་ དག་ཏུ་རུས་པ་ཕྲ་མོ་མ་གཏོགས་པ་རུས་པ་ཆེན་པོ་བསྐྱེད་པའི་གྲངས་ནི་ཉིས་བརྒྱ་ཡོད་པར་རིག་པར་བྱའོ། །ཞག་བདུན་ཕྲག་ཉི་ཤུ་གཅིག་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱིས་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི་ཡང་དག་སྐྱེད་པ་ཞེས་ 80-1-295a བྱ་སྟེ། རླུང་དེའི་སྟོབས་ཀྱིས་མངལ་ན་གནས་པ་དེའི་ལུས་ཀྱི་ཤ་སྐྱེད་པར་བྱེད་དེ། འདི་ལྟ་སྟེ། དཔེར་ན་ཞལ་ཞལ་མཁན་ནམ། ཞལ་ཞལ་མཁན་གྱི་སློབ་མས་འཇིམ་པ་ལེགས་པར་སྦྱངས་ནས་རྩིག་པ་རྣམས་ལ་ ཞལ་ཞལ་བྱེད་པ་དེ་བཞིན་དུ་ལས་ཀྱི་རླུང་གི་དབང་གིས་དེའི་ལུས་ཀྱི་ཤ་སྐྱེད་པ་ཡང་དེ་བཞིན་དུ་རིག་པར་བྱའོ། །ཞག་བདུན་ཕྲག་ཉི་ཤུ་གཉིས་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་ པ་གང་ཡིན་པ་དེ་ནི་ཀུན་དུ་རྒྱལ་བ་ཞེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་དེའི་ཁྲག་སྐྱེད་པར་བྱེད་དོ། །ཞག་བདུན་ཕྲག་ཉི་ཤུ་གསུམ་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ ཡིན་པ་དེ་ནི་ཡོངས་སུ་དག་པར་འཛིན་པ་ཞེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་ལུས་ཀྱི་ལྤགས་པ་སྐྱེད་པར་བྱེད་དོ། །ཞག་བདུན་ཕྲག་ཉི་ཤུ་བཞི་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་ པ་གང་ཡིན་པ་དེ་ནི་སྤྲིན་འཛིན་ཅེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་དེའི་ལུས་ཀྱི་ལག་པ་རྐྱོང་ཞིང་མདོག་དང་ལྡན་པར་བྱེད་དོ། །ཞག་བདུན་ཕྲག་ཉི་ཤུ་ལྔ་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་ གྲུབ་པ་གང་ཡིན་པ་དེ་ནི་གྲོང་ཁྱེར་འཛིན་ཅེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་མངལ་ན་གནས་པ་དེའི་ལུས་ལ་ཤ་དང་ཁྲག་འཕེལ་ཞིང་རིམ་གྱིས་རབ་ཏུ་དང་བར་བྱེད་དོ། །ཞག་བདུན་ཕྲག་ཉི་ཤུ་དྲུག་པ་ལ་མའི་ མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི་སྐྱེ་བ་མངོན་པར་གྲུབ་པ་ཅེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་དེའི་སྐྲ་དང་། སྤུ་དང་། སེན་མོ་རྣམས་བསྐྱེད་ནས་ཐམས་ཅད་ རྩ་རྒྱུས་རྣམས་དང་འབྲེལ་པར་བྱེད་དོ། །ཞག་བདུན་ཕྲག་ཉི་ཤུ་བདུན་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི་སྨན་ཡོན་ཆེན་པོ་ཞེས་བྱ་སྟེ། རླུང་དེའི་ 80-1-295b སྟོབས་ཀྱིས་དེའི་ལུས་ཀྱི་མཚན་མ་རྣམས་མཐར་གྱིས་མངོན་པར་གྲུབ་པ་ཞེས་བྱ་སྟེ། གང་ཚེ་རབས་སྔ་མ་ལ་སྡིག་པ་མི་དགེ་བའི་ལས་རྣམས་མངོན་པར་འདུས་བྱས་ཤིང་ཡོ་བྱད་རྣམས་ལ་སེར་སྣས་ཕངས་ཤིང་ སྦྱིན་པ་གཏོང་བར་མི་བྱེད་པ་དང་། ཕ་མ་དང་། མཁན་པོ་དང་། བླ་མའི་གནས་རྣམས་ཀྱིས་རྗེས་སུ་བསྟན་པ་ཉན་པར་མི་བྱེད་པ་ཞིག་ཡིན་ན་ནི་ལས་དེའི་དབང་གིས་ཡིད་དུ་མི་འོང་བའི་ལུས་རྣམ་པ་སྣ་ཚོགས་འཐོབ་ པར་འགྱུར་བས་གལ་ཏེ་ལུས་རིང་ཞིང་སྦོམ་པ་དང་། ཚོ་ཞིང་དགར་བ་དང་། མཉེན་པ་གང་ཡིན་པ་དེས་མཛེས་པར་གྱུར་ན་ནི་ལུས་ཐུང་ཞིང་ཕྲ་བ་དང་། རིད་ཅིང་གནག་པ་དང་། རྩུབ་པ་དག་འཐོབ་པར་བྱེད་དོ། །གལ་ཏེ་ ལུས་ཐུང་ཞིང་ཕྲ་བ་དང་། རིད་ཅིང་གནག་པ་དང་། རྩུབ་པ་གང་ཡིན་པ་དེས་མཛེས་པར་གྱུར་ན་ནི་ལུས་རིང་ཞིང་སྤོམ་པ་དང་། ཚོ་ཞིང་དཀར་བ་དང་། ཤིན་དུ་མཉེན་པ་དག་འཐོབ་པར་བྱེད་དོ། །གལ་ཏེ་ལུས་ཀྱི་ཡན་ལག་མཐོ་ བ་དང་། དམའ་བ་དང་། མང་བ་དང་། ཉུང་བ་དང་། ཐགས་བཟང་བ་དང་། ཐགས་ངན་པས་མཛེས་པར་གྱུར་ན་ནི་མཐོ་བ་དང་། དམའ་བ་དང་། ཐགས་བཟང་བ་དང་། ཐགས་ངན་པ་དང་མི་ལྡན་པའི་ལུས་ཡང་དག་པར་ ལེན་པར་བྱེད་དོ། །གཞན་ཡང་འོན་པ་དང་། ལོང་བ་དང་། ལྐུགས་པ་དང་། རྐང་ལག་འཕྱེ་ཞིང་འགྲོ་བ་དང་། དབང་པོ་རྣམས་མ་ཚང་བ་དང་། ཚིག་སྨྲས་པ་གཞན་གྱིས་མཉན་པར་མི་འདོད་པ་དང་། ལུས་མི་སྡུག་ཅིང་ཡི་དགས་ དང་འདྲ་བ་ཡང་ཡང་དག་པར་ལེན་པར་འགྱུར་ཏེ། སྡིག་པ་མི་དགེ་བའི་ལས་ཀྱི་དབང་གིས་ཡིད་དུ་མི་འོང་བའི་ལུས་རྣམ་པ་སྣ་ཚོགས་ལེན་པར་འགྱུར་བས་ཕ་མ་དང་། གཉེན་བཤེས་རྣམས་ཀྱིས་ཀྱང་མཐོང་བར་མི་ འདོད་ན་གཞན་ལྟ་སྨོས་ཀྱང་ཅི་དགོས། གལ་ཏེ་ཚེ་རབས་སྔ་མ་ལ་དགེ་བ་བཅུའི་ལས་མངོན་པར་འདུས་བྱས་ཤིང་སྦྱིན་པ་ལེགས་པར་བཏང་བ་དང་། སེར་སྣ་དང་། གཡོ་སྒྱུའི་བསམ་པ་མེད་པ་དང་། ཕ་མ་དང་། མཁན་ 80-1-296a པོ་དང་། བླ་མའི་གནས་རྣམས་ཀྱིས་རྗེས་སུ་བསྟན་པ་བདག་ལ་མངོན་པར་ཡིད་ཆེས་ཤིང་ཡང་དག་པར་བླངས་པ་ཞིག་ཡིན་ན་ནི་རྒྱུ་དང་རྐྱེན་དེས་གལ་ཏེ་མིའི་ལུས་ཐོབ་པར་གྱུར་ན་ཡང་གོང་དུ་བསྟན་པ་ལྟ་བུའི་ སྡིག་པ་མི་དགེ་བའི་ལས་ལས་མངོན་པར་གྲུབ་པའི་ལུས་ལེན་པར་མི་འགྱུར་ཞིང་གྱ་ནོམ་པ་རྣམ་པ་སྣ་ཚོགས་དང་ལྡན་པའི་ལུས་ཐོབ་པར་འགྱུར་བས་བྱད་བཞིན་མཛེས་པ་དང་། མཚན་རྣམས་དང་ལྡན་ཞིང་ཚིག་སྨྲས་པ་རྣམས་ མང་པོ་ཀུན་གྱིས་མཉན་པར་འདོད་པའི་འོས་སུ་འགྱུར་ཏེ། དེ་ལྟ་བས་ན་དགེ་བའི་ལས་ཀྱི་དབང་གིས་ཁྱད་པར་དུ་འཕགས་པའི་འབྲས་བུ་རྣམ་པར་སྨིན་པ་དེ་ལྟ་བུ་ཐོབ་པར་འགྱུར་བར་རིག་པར་བྱའོ། །དགའ་བོ་དེ་ལྟ་ བུའི་དེ་ཡང་གལ་ཏེ་ཕོ་ཡིན་ན་ནི་མའི་མངལ་ན་གཡས་ཕྱོགས་སུ་ཙོག་པུར་འདུག་ལ། ལག་པ་གཉིས་ཀྱིས་གདོང་གཡོགས་ནས་མའི་སྒལ་ཚིག་ལོགས་སུ་བལྟས་ཏེ་འདུག་གོ། །གལ་ཏེ་མོ་ཡིན་ན་ནི་རྩིབ་ལོགས་ གཡོན་ཕྱོགས་ན་ཙོག་པུར་འདུག་ལ་ལག་པ་གཉིས་ཀྱིས་གདོང་གཡོགས་ནས་མའི་ལྟོ་བ་ལ་ཁ་བལྟས་ནས་མ་ཞུ་བའི་གནས་ཀྱི་ནི་འོག །ཞུ་བའི་གནས་ཀྱི་ནི་སྟེང་ན་ནང་དུ་བཙོས། རབ་ཏུ་བཙོས་ཤིང་གནས་ལྔ་ཀུན་དུ་བཅིངས་ པས། འདི་ལྟ་སྟེ། དཔེར་ན་རྩྭའི་རྐྱལ་བའི་ནང་དུ་འདུག་པ་དང་འདྲའོ། །གལ་ཏེ་དེའི་མས་ཤིན་ཏུ་མང་དུ་ཟོས་སམ། ཤིན་ཏུ་ཉུང་ངུ་ཟོས་སམ། གལ་ཏེ་ཟས་ཤིན་དུ་མངར་བ་འམ། ཤིན་དུ་རྩུབ་པ་འམ། ཤིན་དུ་བསྐ་བ་འམ། ཤིན་དུ་སྣུམ་པ་འམ། ཤིན་དུ་ལན་ཚྭ་བྲོ་བ་འམ། ཤིན་དུ་ཁ་བ་འམ། ཤིན་དུ་སྐྱུར་བ་འམ། ཤིན་དུ་གྲང་བ་འམ། ཤིན་དུ་ཚ་བ་དག་ཟོས་པར་གྱུར་ཏམ། གཞན་ཡང་འདོད་ཆགས་སྤྱད་པར་གྱུར་ཏམ། དྲག་ཏུ་སོང་བ་འམ། མཆོངས་པ་བྱས་སམ། ཡུན་རིང་དུ་ཉལ་ལམ། ཡུན་རིང་དུ་འདུག་པར་གྱུར་ན་ཡང་། མངལ་ན་གནས་པ་དེ་སྡུག་བསྔལ་མྱོང་བར་འགྱུར་ཏེ། དེ་ལྟ་བས་ན་མའི་མངལ་ན་གནས་པའི་ཚེ་སྡུག་བསྔལ་མང་པོ་དེ་ལྟ་བུ་དག་གིས་རབ་ཏུ་ 80-1-296b གཟིར་བར་རིག་པར་བྱའོ། །ངས་མིར་གྱུར་བའི་སྡུག་བསྔལ་མདོ་ཙམ་དུ་བསྟན་པ་ཡང་དེ་འདྲ་ན་སེམས་ཅན་དམྱལ་བ་རྣམས་ཀྱི་སྡུག་བསྔལ་དཔེར་བྱ་དཀའ་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། མཁས་པ་སུ་ཞིག་འཁོར་བའི་རྒྱ་མཚོར་ ལུས་འདི་ལྟ་བུ་ལ་རབ་ཏུ་མོས་པར་བྱེད། ཞག་བདུན་ཕྲག་ཉི་ཤུ་བརྒྱད་པ་ལ་མའི་མངལ་ན་གནས་པའི་ཚེ་ཕྱིན་ཅི་ལོག་གི་འདུ་ཤེས་རྣམ་པ་བརྒྱད་འབྱུང་བར་འགྱུར་ཏེ། བརྒྱད་གང་ཞེ་ན། བཞོན་པའི་འདུ་ཤེས་དང་། ཁང་ བུ་བརྩེགས་པའི་འདུ་ཤེས་དང་། ཁྲི་སྟན་གྱི་འདུ་ཤེས་དང་། ཆུ་མིག་གི་འདུ་ཤེས་དང་། རྫིང་གི་འདུ་ཤེས་དང་། ཆུ་བོའི་འདུ་ཤེས་དང་། ཀུན་དགའ་ར་བའི་འདུ་ཤེས་དང་། བསྐྱེད་མོས་ཚལ་གྱི་འདུ་ཤེས་ཏེ། འདི་ནི་འདུ་ཤེས་ རྣམ་པ་བརྒྱད་ཅེས་བྱའོ། །ཞག་བདུན་ཕྲག་ཉི་ཤུ་དགུ་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི་མེ་ཏོག་ཕྲེང་བ་ཞེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་མངལ་ན་གནས་པ་ དེའི་ལུས་ཀྱི་ལྤགས་པའི་མདོག་ཀུན་དུ་བཟང་ཞིང་མཚན་མ་རྣམས་རབ་ཏུ་གསལ་བར་བྱེད་དེ། ཐམས་ཅད་ཀྱང་འདས་པའི་འདུས་སུ་ལས་རྣམས་མངོན་པར་འདུས་བྱས་པའི་བྱེ་བྲག་མི་མཚུངས་པས་རྣམ་པ་ཇི་ལྟ་བ་ བཞིན་དུ་ཁ་དོག་རྣམ་པ་སྣ་ཚོགས་དང་ལྡན་པར་འགྱུར་བས་ཁ་ཅིག་ནི་ཁ་དོག་དཀར་པོ་འགྱུར། ཁ་ཅིག་ནི་ཁ་དོག་ནག་པོ་འགྱུར། ཁ་ཅིག་ནི་ཁ་དོག་དཀར་བ་ཡང་མ་ཡིན། གནག་པ་ཡང་མ་ཡིན་པར་འགྱུར་ ཁ་ཅིག་ནི་ཁ་དོག་སྔོན་པོར་འགྱུར། ཁ་ཅིག་ནི་ཁ་དོག་རྩུབ་ཅིང་སྐམ་པར་འགྱུར། ཁ་ཅིག་ནི་ཁ་དོག་སྣུམ་པར་འགྱུར་ཏེ། འདི་ལྟ་བུའི་ཁ་དོག་གི་མཚན་ཉིད་དང་ལྡན་པར་འགྱུར་རོ། །ཞག་བདུན་ཕྲག་སུམ་བཅུ་པ་ ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི་ལྕགས་ཀྱི་སྒོ་ཞེས་བྱ་སྟེ། རླུང་དེའི་སྟོབས་ཀྱིས་དེའི་སྐྲ་དང་། སྤུ་དང་། སེན་མོ་རྣམས་རབ་ཏུ་སྐྱེད་པ་དང་། ཁ་དོག་དཀར་ནག་ 80-1-297a རྣམས་རབ་ཏུ་གསལ་བར་བྱེད་དེ་ལས་ཀྱི་རྐྱེན་གྱིས་མཚན་མ་འདི་དང་འདི་དག་འབྱུང་བར་འགྱུར་རོ། །ཞག་བདུན་ཕྲག་སུམ་བཅུ་གཅིག་པ་ནས་ཞག་བདུན་ཕྲག་སུམ་བཅུ་པའི་བར་དུ་མའི་མངལ་ན་གནས་པའི་ ཚེ་ནི་ལུས་ཀྱི་མཚན་མ་རྣམས་ཆེར་སྐྱེ་བར་འགྱུར་བས་མཐར་གྱིས་ལུས་ཀྱི་ཡན་ལག་ཕུན་སུམ་ཚོགས་ཤིང་ཡངས་པར་འགྱུར་རོ། །ཞག་བདུན་ཕྲག་སུམ་བཅུ་དྲུག་པ་ལ་མའི་མངལ་ན་གནས་པའི་ཚེ་ནི་དེ་ འབྱུང་བའི་བསམ་པ་སྐྱེ་བས་མངོན་པར་མི་དགའ་བར་འགྱུར་རོ། །ཞག་བདུན་ཕྲག་སུམ་བཅུ་བདུན་པ་ལ་མའི་མངལ་ན་གནས་པའི་ཚེ་ནི་ཕྱིན་ཅི་ལོག་ཏུ་མ་གྱུར་བའི་འདུ་ཤེས་རྣམ་པ་ལྔ་འབྱུང་བར་འགྱུར་ རོ། །ལྔ་གང་ཞེ་ན། མི་གཙང་བའི་འདུ་ཤེས་དང་། དྲི་མི་ཞིམ་པའི་འདུ་ཤེས་དང་། བཙོན་རའི་འདུ་ཤེས་དང་། མུན་ནག་གི་འདུ་ཤེས་དང་། ཡོངས་སུ་སྐྱོ་ནས་ཕྱིར་འབྱུང་བའི་འདུ་ཤེས་སྐྱེ་བ་གང་ཡིན་པ་སྟེ། མངལ་ན་ གནས་པ་དེ་ཡོངས་སུ་སྐྱོ་བའི་བསམ་པ་དེ་ལྟ་བུ་དག་སྐྱེ་བར་འགྱུར་རོ། །ཞག་བདུན་ཕྲག་སུམ་བཅུ་བརྒྱད་པ་ལ་མའི་མངལ་ན་གནས་པའི་ཚེ་ཡང་ལས་ཀྱི་རླུང་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི་ཐོགས་པའི་རྐྱེན་ཅེས་ བྱ་སྟེ། རླུང་དེའི་སྟོབས་ཀྱིས་དེ་རབ་ཏུ་སྒྱུར་བར་བྱེད་དོ། །གཞན་ཡང་ཁ་མཐུར་དུ་ལྟ་བ་ཞེས་བྱ་བའི་རླུང་འབྱུང་སྟེ། དེའི་མགོ་མཐུར་དུ་ལྟ་ཞིང་ལག་པ་གཉིས་བརྐྱང་སྟེ། མཐར་གྱིས་འབྱུང་བར་འདོད་པར་འགྱུར་རོ། ། མངལ་ན་གནས་པ་དེ་གལ་ཏེ་ཚེ་རབས་སྔ་མ་ལ་མངལ་དུ་འཆི་བར་འགྱུར་བའི་ལས་བསགས་པ་ཞིག་ཡིན་ན་ནི་དེའི་ལག་པ་དང་རྐང་པ་སྣོལ་མར་གྱུར་ནས་སྒྱུར་མི་ནུས་པས་སྡིག་པ་མི་དགེ་བའི་ལས་ཀྱི་རྐྱེན་གྱིས་མའི་མངལ་ ཉིད་དུ་འཆི་བའི་དུས་བྱེད་པར་འགྱུར་ཏེ། དེའི་མ་ཡང་དེའི་ཚེ་སྡུག་བསྔལ་ཆེན་པོ་མྱོང་བ་འམ། ཡང་ན་འཆི་བའི་འདུས་བྱེད་པར་འགྱུར་རོ། །གལ་ཏེ་ཚེ་རབས་སྔ་མ་ལ་དགེ་བའི་ལས་རྣམས་མངོན་པར་འདུས་བྱས་ཤིང་ 80-1-297b ཚེ་རིང་པོར་འགྱུར་བའི་རྒྱུ་བསགས་པ་ཞིག་ཡིན་ན་ནི་བཙས་སུ་ཉེ་བའི་ཚེ་མ་དང་། བུ་གཉིས་ཀ་རབ་ཏུ་བདེ་ཞིང་སྡིག་པ་མི་དགེ་བའི་ལས་ཀྱི་སྡུག་བསྔལ་གོང་མ་ལྟ་བུ་མེད་དོ། །ཞག་བདུན་ཕྲག་སུམ་བཅུ་རྩ་བརྒྱད་འདས་ནས་ མངལ་ནས་འབྱུང་བར་འདོད་པའི་ཚེ། སྡུག་བསྔལ་སྣ་ཚོགས་མྱོང་ནས་གདོད་འབྱུང་བར་འགྱུར་བ་དེའི་ཕྱིར་ལུས་འདི་ལྟ་བུ་ལེན་པ་འདི་ནི་ཡང་དག་པར་སྡུག་བསྔལ་ཆེན་པོ་ཡིན་པར་རིག་པར་བྱའོ། །དང་པོ་མངལ་ནས་ འབྱུང་བའི་ཚེ་ཁྱེའུ་འམ། བུ་མོ་ཡང་རུང་སྟེ། ས་ལ་ལྷུང་མ་ཐག་ཏུ་ལག་པས་བཟུང་ངམ། གོས་ཀྱི་བླངས་སམ། ཁྲི་ལ་བཞག་གམ། ཁང་པའི་ནང་དུ་བཞག་གམ། ས་ལ་བཞག་གམ། བླ་གབ་མེད་པར་བཞག་གམ། ཉི་མ་ལ་བཞག་གམ། དགུན་ནམ། དབྱར་གྱི་དུས་སུ་གྲང་བ་དང་། ཚ་བའི་རླུང་གིས་བཙས་མ་ཐག་པའི་ལུས་དེ་ལ་རེག་པར་གྱུར་ན་ཡང་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་ཏེ། འདི་ལྟ་སྟེ། དཔེར་ན་པ་ལང་ གསོན་པོར་བཤུས་པ་བརྩིག་པ་ལ་རེག་གམ། བླ་གབ་མེད་པའི་ཐང་ལ་ལྷུང་བར་གྱུར་ན་སྲོག་ཆགས་དག་གིས་ཟ་བར་འགྱུར་བ་འམ། གཞན་ཡང་འདི་ལྟ་སྟེ། དཔེར་ན་མི་ཞིག་ལ་སྦྲང་བུ་མཆུ་རིངས་རྣམས་ཀྱིས་ཟ་ བ་ལ་ཡང་ལྕགས་གིས་གཞུས་པ་དེ་བཞིན་དུ་དང་པོ་མངལ་ནས་བྱུང་བའི་ཚེ་ཆུ་དྲོན་པོ་དག་གིས་ལུས་བཀྲུས་པས་རེག་པའི་སྡུག་བསྔལ་མྱོང་བ་ཡང་དེ་དང་འདྲའོ། །བཙས་ནས་མཐར་གྱིས་ཆེར་འགྱུར་བ་དང་། མའི་ལུས་ལས་ཁྲག་དང་འདྲེས་པའི་ནུ་ཞོ་བྱུང་ནས་གསོ་བར་བྱེད་དེ། ངས་སྔར་མདོ་སྡེ་གཞན་དག་ལས་རྒྱ་ཆེར་བསྟན་པ་ཡིན་ནོ། །དེ་ལྟ་བས་ན་ལུས་འདི་ནི་མི་གཙང་བ་དང་། སྡུག་བསྔལ་མང་པོ་ལས་མངོན་པར་གྲུབ་པ་ ཡིན་པས་མཁས་པ་སུ་ཞིག་འཁོར་བ་ན་འདི་འདྲ་བའི་ལུས་ལ་རྗེས་སུ་ཆགས་པར་བྱེད། གཞན་ཡང་དགའ་བོ་དང་པོ་མངལ་ནས་བྱུང་ནས་ཞག་བདུན་ལོན་པ་དང་། སྲོག་ཆགས་སྲིན་བུའི་རིགས་སྟོང་ཕྲག་བརྒྱད་བཅུ་ལུས་ 80-1-298a ལས་སྐྱེས་ནས་དེ་ལས་ཟ་བར་བྱེད་དོ། །སྐྲ་ལ་ཟ་བ་ཞེས་བྱ་བའི་སྲིན་བུའི་རིགས་གཉིས་ཡོད་དེ་སྐྲ་ལ་གནས་ནས་སྐྲ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་གཉིས་ནི་མིག་ལ་གནས་ནས་མིག་ལ་ཟ་བར་བྱེད་དོ། ། སྲིན་བུའི་རིགས་པ་ཧན་དང་། རྐན་ལྡན་དང་། ནད་སློང་དང་། ཡོངས་སུ་རྫོགས་པ་ཞེས་བྱ་བ་བཞི་ཡོད་ཡོད་དེ་ཀླད་པ་ལ་གནས་ནས་ཀླད་པ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་སཱ་ལུ་ནག་པོའི་ལོ་མ་ཞེས་བྱ་བ་གཅིག་ ཡོད་དེ་རྣ་བ་ལ་གནས་ནས་རྣ་བ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་མཛོད་སྒོ་ཞེས་བྱ་བ་གཅིག་ཡོད་དེ་སྣ་ལ་གནས་ནས་སྣ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་འཕེན་པ་དང་། ཀུན་དུ་འཕེན་པ་ཞེས་བྱ་བ་གཉིས་ཡོད་དེ་ མཆུ་ལ་གནས་ནས་མཆུ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་ཁབ་མཆུ་ཞེས་བྱ་བ་གཅིག་ཡོད་དེ་ལྕེ་ལ་གནས་ནས་ལྕེ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་ཁ་རྣོ་ཞེས་བྱ་བ་གཅིག་ཡོད་དེ་ལྕེའི་དྲུང་ན་གནས་ནས་ལྕེའི་ དྲུང་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་ལག་རྫོགས་ཞེས་བྱ་བ་གཅིག་ཡོད་དེ་རྐན་ལ་གནས་ནས་རྐན་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་ལག་པ་དྲ་བ་ཅན་དང་། ཕྱེད་སྒྱུར་ཞེས་བྱ་བ་གཉིས་ཡོད་དེ་ལག་མཐིལ་ལ་ གནས་ནས་ལག་མཐིལ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་དཔུང་པ་དང་། ཉེ་བའི་དཔུང་བ་ཞེས་བྱ་བ་གཉིས་ཡོད་དེ་དཔུང་པ་ལ་གནས་ནས་དཔུང་པ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་ལྕགས་ཅན་དང་ཉེ་བའི་ལྕགས་ ཅན་ཞེས་བྱ་བ་གཉིས་ཡོད་དེ་མིད་པ་ལ་གནས་ནས་མིད་པ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་རྡོ་རྗེ་དང་། རྡོ་རྗེ་ཆེན་པོ་ཞེས་བྱ་བ་གཉིས་ཡོད་དེ་སྙིང་ལ་གནས་ནས་སྙིང་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་དམན་པ་དང་། དམན་པའི་ཁ་ཞེས་ བྱ་བ་གཉིས་ཡོད་དེ་ཤ་ལ་གནས་ནས་ཤ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་ཁ་དོག་ལྡན་དང་། གྲགས་ལྡན་ཞེས་བྱ་བ་གཉིས་ཡོད་དེ་ཁྲག་ལ་གནས་ནས་ཁྲག་ལ་འཐུང་བར་བྱེད་དོ། །སྲིན་བུའི་རིགས་དཔའ་བོ་དང་། 80-1-298b དྲི་གཏོང་ཞེས་བྱ་བ་གཉིས་ཡོད་དེ་ཆུ་བ་ལ་གནས་ནས་ཆུ་བ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་མི་མཐོང་དང་། ཁས་སྦུབ་ཅེས་བྱ་བ་གཉིས་ཡོད་དེ་རྒྱབ་ཀྱི་རྒལ་ཚིགས་ལ་གནས་ནས་རྒྱབ་ཀྱི་ཚིགས་ལ་ཟ་བར་བྱེད་དོ། །སྲིན་བུའི་ རིགས་ཚིལ་གྱི་ཁ་དོག་ཅེས་བྱ་བ་གཅིག་ཡོད་དེ་ཚིལ་ལ་གནས་ནས་ཚིལ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་མཁྲིས་པའི་ཁ་དོག་ཅེས་བྱ་བ་གཅིག་ཡོད་དེ་མཁྲིས་པ་ལ་གནས་ནས་མཁྲིས་པ་ལ་ཟ་བར་བྱེད་དོ། །སྲིན་བུའི་ རིགས་མུ་ཏིག་ཅེས་བྱ་བ་གཅིག་ཡོད་དེ་མཆིན་པ་ལ་གནས་ནས་མཆིན་པ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་འདམ་བུ་ཞེས་བྱ་བ་གཅིག་ཡོད་དེ་མཚེར་པ་ལ་གནས་ནས་མཚེར་བ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་ལྔ་བརྒྱ་ ཡོད་དེ་རིགས་བརྒྱ་ནི་ཟླ་བ་ཞེས་བྱའོ། །རིགས་བརྒྱ་ནི་ཟླ་བའི་ཁ་ཞེས་བྱའོ། །རིགས་བརྒྱ་ནི་བསིལ་བྱེད་ཅེས་བྱའོ། །རིགས་བརྒྱ་ནི་བསིལ་བྱེད་གཏོང་ཞེས་བྱའོ། །རིགས་བརྒྱ་ནི་ཡངས་པ་ཞེས་བྱ་སྟེ། རྩིབ་ལོགས་གཡོན་པ་ལ་གནས་ ནས་རྩིབ་ལོགས་གཡོན་པ་ལ་ཟ་བར་བྱེད་དོ། །གཞན་ཡང་སྲིན་བུའི་རིགས་ལྔ་བརྒྱ་ཡོད་པ་ཡང་མིང་གོང་མ་དང་འཐུན་ཏེ། རྩིབ་ལོགས་གཡས་པ་ལ་གནས་ནས་རྩིབ་ལོགས་གཡས་པ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་ཅུང་ཟད་འབིགས་པ་དང་། ཆེར་ འབིགས་པ་དང་། རུས་པ་འབིགས་པ་དང་། རུས་པའི་གདོང་ཞེས་བྱ་བ་བཞི་ཡོད་དེ་རུས་པ་ལ་གནས་ནས་རུས་པ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་ཆེར་དཀར་བ་དང་། ཅུང་ཟད་དཀར་བ་དང་། སྣུམ་པའི་སྟོབས་དང་། སྟག་ལམ་ ཞེས་བྱ་བ་བཞི་ཡོད་དེ་རྩ་བརྒྱུས་ལ་གནས་ནས་རྩ་རྒྱུས་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་མོས་པའི་ཡིད་དང་། སེང་གེའི་སྟོབས་དང་། རི་བོང་ལྟོ་དང་། འདོད་པ་ལ་མངོན་པར་ཞེན་པ་ཞེས་བྱ་བ་བཞི་ཡོད་དེ་མ་ཞུ་བའི་གནས་ ལ་གནས་ནས་མ་ཞུ་བའི་གནས་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་དཔའ་བོ་དང་། དཔའ་བོའི་བདག་པོ་ཞེས་བྱ་བ་གཉིས་ཡོད་དེ་ཞུ་བའི་གནས་ལ་གནས་ནས་ཞུ་བའི་གནས་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་མུ་ཁ་དང་ 80-1-299a དྲ་བ་ཁ་དང་། ཕུང་པོའི་ཁ་དང་། བྱིའུ་ཁ་ཞེས་བྱ་བ་བཞི་ཡོད་དེ་གཅི་བའི་ལམ་ལ་གནས་ནས་གཅི་བའི་ལམ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་བྱེད་པ་དང་། བྱེད་པ་ཆེན་པོ་དང་། ཕྱེ་མ་དང་། པོ་ཏ་ཀ་ ཞེས་བྱ་བ་བཞི་ཡོད་དེ་བཤད་པའི་ལམ་ལ་གནས་ནས་བཤད་པའི་ལམ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་གདོང་གནག་དང་། འཇིགས་སུ་རུང་བའི་གདོང་ཞེས་བྱ་བ་གཉིས་ཡོད་དེ་བརླ་ལ་གནས་ནས་བརླ་ལ་ཟ་བར་ བྱེད་དོ། །སྲིན་བུའི་རིགས་མཛེ་ཅན་དང་། མཛེ་ཅན་ཆུང་ངུ་ཞེས་བྱ་བ་གཉིས་ཡོད་དེ་པུས་མོ་ལ་གནས་ནས་པུས་མོ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་མྱོས་པའི་རྩ་བ་ཞེས་བྱ་བ་གཅིག་ཡོད་དེ་བྱིན་པ་ལ་གནས་ནས་བྱིན་ལ་ ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་མགོ་ནག་ཅེས་བྱ་བ་གཅིག་ཡོད་དེ་རྐང་པ་ལ་གནས་ནས་རྐང་པ་ལ་ཟ་བར་བྱེད་དོ། །དགའ་བོ་ངས་དེང་ཁྱོད་ལ་སྲིན་བུའི་རིགས་སྟོང་ཕྲག་བརྒྱད་བཅུ་ལུས་འདི་ལ་གནས་ནས་ཉིན་ མཚན་དུ་ཟ་བར་བྱེད་པས་ཉམས་སྟོབས་ཆུང་ཞིང་མདོག་ངན་པར་བྱེད་པ་དང་། ནད་ཀྱི་སྡུག་བསྔལ་རྣམ་པ་སྣ་ཚོགས་ལུས་འདི་ལ་འདུས་ནས་གཞན་ཡང་དེའི་སེམས་གདུང་བ་དང་། རབ་ཏུ་གདུང་བ་དང་། ཡོངས་སུ་ གདུང་བར་བྱེད་པས་སྨན་པ་མཁས་པ་ཡོད་ཀྱང་། དེ་ལ་རྨོངས་ནས་སྨན་གང་གིས་ནད་འདི་དག་གསོ་བར་ནུས་པ་ཤེས་པར་མི་འགྱུར་བ་མདོར་བསྟན་པ་ཡིན་ཏེ། མཁས་པ་སུ་ཞིག་འཁོར་བའི་རྒྱ་མཚོར་འདི་ འདྲ་བའི་ལུས་ལ་རྗེས་སུ་ཆགས་པར་བྱེད། གཞན་ཡང་དགའ་བོ་དང་པོ་བཙས་ནས་ཆེར་སྐྱེ་བར་འགྱུར་བའི་བར་དུ་གོས་དང་ཟས་ཀྱིས་གསོས་ནས། ལུས་འདི་མངོན་པར་གྲུབ་པར་གྱུར་ཀྱང་། དེའི་ཚེའི་ཚད་ལོ་ བརྒྱ་ཐུབ་པ་ཡང་ཡོད་དེ་དེ་བས་ཐུང་བ་ཡང་ཡོད་དོ། །ལོ་བརྒྱ་པོ་དེ་ཡང་དུས་སུམ་བརྒྱར་འགྱུར་རོ། །འདི་ལྟ་སྟེ། དཔྱིད་དང་། དབྱར་དང་། དགུན་གྱི་དུས་གང་ཡིན་པའོ། །དེ་ལས་དཔྱིད་གང་ཡིན་པ་དེ་ནི་ཚ་ 80-1-299b བའི་དུས་སོ། །དབྱར་གང་ཡིན་པ་དེ་ནི་ཆར་འབབ་པའི་དུས་སོ། །དགུན་གང་ཡིན་པ་དེ་ནི་གྲང་བའི་དུས་སོ། །དུས་གསུམ་པོ་དེ་དག་རེ་རེ་ལ་ཡང་ཟླ་བ་བཞི་བཞི་ཡོད་པས་ལོ་གཅིག་ལ་ནི་ཟླ་བ་བཅུ་གཉིས་ཡོད་པར་འགྱུར་ལ་ལོ་ བརྒྱ་ལ་ནི་ཟླ་བ་སྟོང་ཉིས་བརྒྱ་ཡོད་པར་འགྱུར་བས་ཟླ་བ་ཡར་གྱི་ངོ་དཀར་པོ་དང་། ཟླ་བ་མར་གྱི་ངོ་ནག་པོས་ཕྱེ་ན་ནི་ཉིས་སྟོང་བཞི་བརྒྱར་འགྱུར་ཏེ། དེ་ལ་ཉིན་མཚན་ནི་སྟོང་ཕྲག་སུམ་བཅུ་རྩ་དྲུག་ཡོད་དོ། །ཉིན་གཅིག་ལ་ལན་ གཉིས་སུ་ཟ་བས་ཟས་ནི་ལན་སྟོང་ཕྲག་བདུན་བཅུ་རྩ་གཉིས་ཟ་བར་འགྱུར་ཏེ། རེས་འགའ་མི་ཟ་བ་ཡང་གྲངས་དེར་འདུས་སོ། །དེ་ནི་འདི་ལྟ་སྟེ། ན་པ་དང་། ར་རོ་བ་དང་། ཆེད་དུ་ཟས་བཅད་པ་དང་། གཉིད་ལོག་པ་དང་། རྩེད་མོ་རྩིས་པ་དང་། ལས་གཞན་གྱིས་བྲེལ་བ་དང་། མའི་ནུ་ཞོ་འཐུངས་པའི་རྒྱུ་དང་། རྐྱེན་གྱིས་མ་ཟོས་པ་གང་ཡིན་པ་དེ་ནི་མ་ཟོས་པ་ཞེས་བྱའོ། །འདི་ལྟ་བུའི་ལུས་འདི་ལོ་བརྒྱ་ཐུབ་པར་གྱུར་ཀྱང་མཐར་འཇིག་ པར་འགྱུར་བས་མཁས་པ་སུ་ཞིག་འཁོར་བའི་རྒྱ་མཚོ་འདིར་དེ་ལ་རྗེས་སུ་ཆགས་པར་བྱེད། གཞན་ཡང་དགའ་བོ་ལུས་འདི་ཡང་དག་པ་བླངས་པ་ལ་སྡུག་བསྔལ་རྣམ་པ་གཉིས་ཡོད་དེ། གཉིས་གང་ཞེ་ན། ནད་ མང་པོ་རྣམས་ལུས་ལ་འདུས་པ་གང་ཡིན་པ་དེ་ནི་ནང་གི་སྡུག་བསྔལ་ཞེས་བྱའོ། །མི་དང་མི་མ་ཡིན་པས་རྣམ་པར་འཚེ་བ་གང་ཡིན་པ་དེ་ནི་ཕྱི་རོལ་གྱི་སྡུག་བསྔལ་ཞེས་བྱའོ། །དེ་ལ་ནད་མང་པོ་ལུས་ལ་འདུས་ པ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལྐོག་མ་དང་། སོ་དང་། བྲང་དང་། ལྟོ་བ་དང་། ལག་པ་དང་། རྐེད་པ་རྣམས་ན་པར་གྱུར་བ་དང་། གཞན་ཡང་རླུང་ ན་པ་དང་། མཆིལ་སྣབས་དང་། སྨྱོས་པ་དང་། ཁོང་རྡེ་དང་། དབུགས་མི་བདེ་བ་དང་། གློ་བ་ན་པ་དང་། གཅི་བའི་ལམ་རྩུབ་པ་དང་། གཡན་པ་དང་། མཛེ་དང་། འབྲས་དང་། ཐོར་བུ་དང་། ཤུ་བ་དང་། 80-1-300a འབྲུམ་བུ་དང་། རྐང་བམ་དང་། གཞན་ཡང་ནད་རྣམ་པ་སྣ་ཚོགས་ལུས་ལ་འདུས་པ་གང་ཡིན་པའོ། །གཞན་ཡང་མཁྲིས་པའི་ནད་བརྒྱ་རྩ་གཅིག་དང་། རླུང་ནད་བརྒྱ་རྩ་གཅིག་དང་། བད་ཀན་གྱི་ནད་ བརྒྱ་རྩ་གཅིག་དང་། རླུང་དང་མཁྲིས་པ་དང་། བད་ཀན་འདུས་པ་ལས་བྱུང་བའི་ནད་བརྒྱ་རྩ་གཅིག་སྟེ། དེ་ལྟར་ནད་བཞི་བརྒྱ་རྩ་བཞི་དག་གིས་ལུས་ཉོན་མོངས་པ་གང་ཡིན་པ་དེ་ནི་ནང་གི་སྡུག་བསྔལ་ཞེས་བྱའོ། །གཞན་ ཡང་ཕྱི་རོལ་གྱི་སྡུག་བསྔལ་གྱིས་ལུས་འདི་ལ་གནོད་པར་བྱེད་པ་འདི་ལྟ་སྟེ། བརྩོན་ར་དམ་པོར་བཅུག་པ་དང་། ལྕག་གིས་གཞུས་པ་དང་། བཙོན་རར་བཅུག་པ་དང་། བཅིངས་པའི་སྡུག་བསྔལ་གང་ཡིན་པ་ དང་། གཞན་ཡང་རྣ་བ་བཅད་པ་དང་། སྣ་བཅད་པ་དང་། ལག་པ་དང་། རྐང་པ་གཏུབས་པ་དང་། མགོ་བཅད་པ་དང་། ལྷ་རྣམས་ཀྱིས་མ་བསྲུངས་པས་མི་མ་ཡིན་པའི་གདོན་མ་རུངས་པ་རྣམས་དང་། གནོད་སྦྱིན་དང་། སྲིན་པོ་རྣམས་ཀྱིས་གླགས་རྙེད་པར་འགྱུར་བ་གང་ཡིན་པ་དང་། གཞན་ཡང་སྦྲང་བུ་མཆུ་རིངས་དང་། ཤ་སྦྲང་ལ་སོགས་པའི་སྲིན་བུ་གདུག་པ་རྣམས་ཀྱིས་ཟོས་པ་དང་། གྲང་བ་དང་། ཚ་བ་དང་། བཀྲེས་པ་དང་། སྐོམ་པ་དང་། རླུང་དང་། ཆར་པ་ཉེ་བར་གནས་པར་གྱུར་བའི་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་ལུས་ཉོན་མོངས་པར་བྱེད་དེ། མིར་གྱུར་བ་རྣམས་ཀྱི་སྡུག་བསྔལ་ཡང་དེ་དང་འདྲ་ན་ངན་འགྲོ་རྣམས་ ཀྱི་སྡུག་བསྔལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ནི་ཤིན་ཏུ་བརྗོད་པར་དཀའོ། །དེ་ལྟ་བས་ན་འདི་དག་ཐམས་ཅད་ཀྱང་འདས་པའི་དུས་སུ་སྡིག་པ་མི་དགེ་བའི་ལས་མངོན་པར་འདུས་བྱས་པའི་དབང་གིས་འདི་ལྟ་བུའི་རྣམ་ པར་སྨིན་པ་མྱོང་བར་རིག་པར་བྱའོ། །གང་གིས་མཚོན་ཆ་དག་གིས་གནོད་པ་བྱས་པ་ཡོངས་སུ་བསྲུང་བའི་ཕྱིར། གྲོང་ཁྱེར་བརྩིགས་ཏེ་འོབས་ཀྱིས་བསྐོར་ནས་ལུས་འདི་ཡོངས་སུ་བསྲུངས་ཀྱང་། 80-1-300b རླུང་དང་། ཆར་པ་དང་། སྦྲང་བུ་མཆུ་རིངས་དང་། ཤ་སྦྲང་ལ་སོགས་པ་ཁང་ཁྱིམ་དག་ཏུ་འོངས་ནས་གནོད་པ་བྱེད་པར་འགྱུར་ལ། ནད་བཞི་བརྒྱ་རྩ་བཞིས་ཀྱང་ནང་དང་། ཕྱི་རོལ་ཉོན་མོངས་པར་བྱེད་དོ། ། བཟའ་བ་དང་། བཏུང་བ་དང་། མལ་ཆ་དང་། ན་པའི་གསོས་སྨན་དང་། ཞིང་དང་། ཀུན་དགའ་ར་བ་དང་། ཁང་ཁྱིམ་དང་། གསེར་དང་། དངུལ་ལ་སོགས་པ་རིན་པོ་ཆེ་སྣ་བདུན་དང་། བྲན་ཕོ་དང་། བྲན་ མོ་དང་། ཤིང་རྟ་དང་བཞོན་པ་དང་། འཚོ་བའི་ཡོ་བྱད་རྣམས་ཡོངས་སུ་ཚོལ་བ་ན་གལ་ཏེ་ཡིད་དང་འཐུན་པར་གྱུར་ན་ཡང་སྡུག་བསྔལ་སྐྱེད་པར་བྱེད་ལ་གལ་ཏེ་ལོངས་སྤྱོད་ཐོབ་པར་གྱུར་ན་ཡང་སེར་སྣས་ ཕངས་ཤིང་རྟག་ཏུ་སྲུང་བ་དང་། གལ་ཏེ་སྟོར་ཅིང་ཆུད་ཟོས་པར་གྱུར་ན་ཡང་སྡུག་བསྔལ་ཆེན་པོར་སྐྱེད་པར་བྱེད་དོ། །དགའ་བོ་མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔའི་ལུས་འདི་ནི་འགྲོ་བ་དང་། སྡོད་ པ་དང་། འདུག་པ་དང་། ཉལ་བའི་སྤྱོད་ལམ་ཐམས་ཅད་སྡུག་བསྔལ་མ་ཡིན་པ་གང་ཡང་མེད་པས། །གལ་ཏེ་ཡུན་རིང་དུ་འགྲོ་ཞིང་སྐད་ཅིག་ཙམ་དུ་ཡང་ངལ་བསོར་མེད་པར་གྱུར་ན་ ཡང་སྡུག་བསྔལ་འབྱུང་བར་འགྱུར་ལ། སྡོད་པ་དང་། འདུག་པ་དང་། ཉལ་བ་དེ་དག་སོ་སོ་ནས་ཡུན་རིང་དུ་གྱུར་ན་ཡང་ཐམས་ཅད་སྡུག་བསྔལ་བར་འགྱུར་བས། གལ་ཏེ་ ཡུན་རིང་དུ་སོང་སོང་བ་ལས་སྐད་གཅིག་ཙམ་འདུག་ཏུ་ཡོད་པར་གྱུར་ན། བདེ་བའི་འདུ་ཤེས་སྐྱེད་པར་བྱེད་ཀྱང་དེ་ཡང་དག་པར་བདེ་བར་བྱེད་པ་མ་ཡིན་ནོ། །གལ་ཏེ་ ཡུན་རིང་དུ་འགྲེང་བ་ལས་སྐད་ཅིག་ཙམ་འདུག་པ་དང་། གལ་ཏེ་ཡུན་རིང་དུ་འདུག་པ་ལས་སྐད་ཅིག་ཙམ་ཉལ་བར་གྱུར་བ་ལ་ཡང་དག་པ་མ་ཡིན་པས་བདེ་བའི་འདུ་ 80-1-301a ཤེས་སྐྱེད་པར་བྱེད་ཀྱང་དེ་ཡང་དག་པར་བདེ་བ་མ་ཡིན་པས་དེའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་ལྔའི་ལུས་འདི་ནི་ཐམས་ཅད་སྡུག་བསྔལ་ཡིན་པར་རིག་པར་བྱའོ། །གང་ལ་ལ་ཞིག་གིས་བདག་ གི་དོན་དང་། གཞན་གྱི་དོན་དང་། བདག་དང་གཞན་གྱི་དོན་གྱི་ཕྱིར་དེ་ལྟ་བུས་སྡུག་བསྔལ་རྣམས་ལ་ཡོངས་སུ་སྐྱོ་བར་བྱས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། ཡང་དག་པར་སློབ་པར་བྱེད་ན་མྱ་ངན་ལས་འདས་པའི་རྣམ་པར་གྲོལ་ བའི་ཆོས་ལས་ཡོངས་སུ་ཉམས་པར་མི་འགྱུར་ལ་གང་ལ་ལ་ཞིག་གོས་དང་། མལ་ཆ་དང་། ན་པའི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་དེ་ལ་རིམ་གྲོ་བྱེད་པ་དེ་དག་ཀྱང་རྣམ་པར་སྨིན་པ་ཆེན་པོའི་མཐུ་དང་། གྲགས་པ་ཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་འདི་ཇི་སྙམ་དུ་སེམས། གཟུགས་གང་ཡིན་པ་དེ་ཅི་རྟག་པ་ཞིག་ཡིན་ནམ། འོན་ཏེ་མི་རྟག་པ་ཞིག་ཡིན། བཅོམ་ལྡན་འདས་ལ་ཚེ་དང་ ལྡན་པ་དགའ་བོས་གསོལ་པ། བཅོམ་ལྡན་འདས་གཟུགས་དེ་ནི་མི་རྟག་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་མི་རྟག་པ་ཡིན་ན་དེ་སྡུག་བསྔལ་བ་ཞིག་ཡིན་ནམ། འོན་ཏེ་སྡུག་བསྔལ་ མེད་པ་ཞིག་ཡིན། དགའ་བོས་གསོལ་བ། གཟུགས་གང་ལགས་པ་དེ་ནི་སྡུག་བསྔལ་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་མི་རྟག་ཅིང་སྡུག་བསྔལ་བ་དེ་ནི་རྣམ་པར་འཇིག་པའི་ ཆོས་ཅན་ཡིན་ན། འཕགས་པ་ཉན་ཐོས་མང་དུ་ཐོས་པ་དང་ལྡན་པ་གང་དེ་ལྟ་བུའི་བསྟན་པ་ཐོས་པར་གྱུར་ན་ཡང་ལུས་འདི་ནི་འདི་ལྟ་བུའི་གཟུགས་ཅན་ནོ་ཞེས་འཛིན་ཅིང་དེ་ལ་བདག་དང་བདག་གིར་འཛིན་ པར་བྱེད་དམ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། གཟུགས་ལ་བདག་ཅེས་བགྱི་བ་ཡང་མ་མཆིས་ལ་བདག་གི་ཞེས་བགྱི་བ་ཡང་མ་མཆིས་ལགས་སོ། །གཞན་ཡང་དགའ་བོ་འདི་ཇི་སྙམ་དུ་ 80-1-301b སེམས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་གང་ཡིན་པ་དེ་དག་ཅི་རྟག་པ་ཞིག་ཡིན་ནམ། འོན་ཏེ་མི་རྟག་པ་ཞིག་ཡིན། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་དགའ་བོས་གསོལ་ པ། བཅོམ་ལྡན་འདས་དེ་དག་ཐམས་ཅད་ནི་མི་རྟག་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་མི་རྟག་པ་ཡིན་ན་ཅི་སྡུག་བསྔལ་བ་ཞིག་ཡིན་ནམ། འོན་ཏེ་ སྡུག་བསྔལ་མེད་པ་ཞིག་ཡིན། དགའ་བོས་གསོལ་པ། འདི་ལྟར་ཕུང་པོ་བཞི་པོ་དེ་དག་ནི་སྡུག་བསྔལ་བ་ཞེས་བགྱི་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་མི་རྟག་ཅིང་སྡུག་བསྔལ་བ་དེ་ནི་རྣམ་པར་འཇིག་པའི་ཆོས་ཅན་ཡིན་ན་འཕགས་པ་ཉན་ཐོས་མང་དུ་ཐོས་པ་དང་ལྡན་པ་གང་དེ་ལྟ་བུའི་བསྟན་པ་ཐོས་པར་གྱུར་ན་ཡང་ལུས་འདི་ཕུང་པོ་བཞི་པོ་ དག་ལ་བདག་དང་བདག་གིར་འཛིན་པར་བྱེད་དམ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། ཕུང་པོ་བཞི་པོ་དག་ལ་ཡང་དག་པར་བདག་ཅེས་བགྱི་བ་ཡང་མ་མཆིས་ལ་བདག་གི་ཞེས་ སོ། བགྱི་བ་ཡང་མ་མཆིས་ལགས་སོ། །གཞན་ཡང་དགའ་བོ་འདི་ལྟར་བདག་ཅེས་བྱ་བ་དེ་ནི་འདས་པ་དང་། ད་ལྟར་བྱུང་བ་དང་། མ་འོངས་པ་དང་། ནང་དང་། ཕྱི་རོལ་ན་ཡང་ཡོད་པ་མ་ཡིན་པ་ལ་རགས་པ་དང་། ཕྲ་བ་དང་། བཟང་པོ་དང་། ངན་པ་དང་། ཉེ་བ་དང་། རིང་བ་ཡང་མ་ཡིན་པས་ཆོས་དེ་དག་ཐམས་ཅད་ནི་བདག་དང་། བདག་གི་ མ་ཡིན་ནོ། །དེ་ལྟ་བས་ན་དགའ་བོ་འདི་ལྟར་ཡང་དག་པར་ཤེས་པས་ཆོས་རྣམས་ལ་བདག་མེད་པར་སོ་སོར་བརྟག་པར་རིག་པར་བྱའོ། །འཕགས་པ་ཉན་ཐོས་མང་དུ་ཐོས་པ་དང་ལྡན་པ་གང་དེ་ལྟར་སོ་སོར་བརྟགས་ 80-1-302a ནས་ཡོངས་སུ་སྐྱོ་བ་སྐྱེད་པར་བྱེད་ན་རྣམ་པར་གྲོལ་ཞིང་མཐར་ཡོངས་སུ་མྱ་ངན་ལས་འདས་པ་ཐོབ་པར་གྱུར་ཏེ། དེ་ལྟར་ཡང་དག་པར་བསླབས་ནས་ཆོས་འདི་མངོན་དུ་གྱུར་པའི་ཚེ་སྐྱེ་བའི་ ཆ་ནི་ཟད་ཅིང་ཚངས་པར་སྤྱོད་པ་ཡང་དག་པར་སྤྱད་པས་བྱ་བ་བྱས་ནས་ཡང་སྲིད་པ་ཕྱི་མ་ལེན་པར་མི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བཀའ་སྩལ་པ་ན། ཚེ་དང་ལྡན་པ་དགའ་ བོ་ནི་རྡུལ་སྤངས་ཤིང་དྲི་མ་དང་བྲལ་བས་ཆོས་ཀྱི་མིག་རྣམ་པར་དག་པ་ཐོབ་པར་གྱུར་ཏོ། །དགེ་སློང་ལྔ་བརྒྱ་པོ་དེ་དག་ནི་ཆོས་རྣམས་ལ་ལེན་པ་མེད་པར་ཟག་པ་ཟད་ནས་སེམས་རྣམ་པར་གྲོལ་བར་གྱུར་ ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། འཁོར་མང་པོ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དཀོན་ མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། ཚེ་དང་ལྡན་པ་དགའ་བོ་ལ་མངལ་དུ་འཇུག་པ་བསྟན་པའི་ལེའུ་སྟེ། ལེའུ་བཅུ་བཞི་པ་རྫོགས་སོ།། །། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཅྭ་ལྔ་པ་སྟེ། འཇམ་དཔའ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་བསྟན་པ། བམ་པོ་དང་པོ། རྒྱ་གར་སྐད་དུ། ཨཱརྱ་མཉྫྱུ་ཤྲཱི་བུད་དྷ་ཀྵེ་ཏྲ་གུ་ཎ་བྱུ་ཧ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་འཇམ་དཔལ་ གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་ 80-1-302b གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱམས་པ་དང་། འཇམ་དཔལ་དང་། ངན་སོང་སེལ་དང་། སྤྱན་ རས་གཟིགས་དབང་ཕྱུག་དང་། མཐུ་ཆེན་ཐོབ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་བཞི་སྟོང་ལ་འདི་ལྟ་སྟེ། ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ པ་ཤ་སྟག་དང་ཐབས་གཅིག་ཏུ་བཞུགས་ཏེ། ལྷ་བྱེ་བ་ཕྲག་བདུན་བཅུ་རྩ་གཉིས་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་དང་། ལྷ་རྣམས་ཀྱི་དབང་པོ་ བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པའི་ཚངས་པ་བཞི་ཁྲི་ཉིས་སྟོང་དང་ཡང་ཐབས་གཅིག་གོ། །འདི་ལྟ་སྟེ། ལྷ་མ་ ཡིན་གྱི་དབང་པོ་ཐག་ཟངས་རིས་དང་། ལྷ་མ་ཡིན་གྱི་དབང་པོ་སྟོབས་ཅན་དང་། ལྷ་མ་ཡིན་གྱི་དབང་པོ་ཕྲག་རྩུབ་དང་། ལྷ་མ་ཡིན་གྱི་དབང་པོ་རབ་དགའ་དང་། ལྷ་མ་ ཡིན་གྱི་དབང་པོ་བཞི་ཐམས་ཅད་ཀྱང་གཡོག་ལྷ་མ་ཡིན་བརྒྱ་སྟོང་ཕྲག་དུ་མ་ཡོད་པ་དང་ཐབས་གཅིག་གོ། །ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་བོ་དང་། ཀླུའི་རྒྱལ་པོ་ཆུ་ལྷ་ དང་། ཀླུའི་རྒྱལ་པོ་རྒྱ་མཚོ་དང་། ཀླུའི་རྒྱལ་པོ་གཟི་ཅན་དང་། ཀླུའི་རྒྱལ་པོ་གཞན་གྱིས་མི་ཐུབ་པ་དང་། ཀླུའི་རྒྱལ་པོ་ས་འཛིན་དང་། ཀླུའི་རྒྱལ་པོ་མ་དྲོས་པ་དང་། ཀླུའི་རྒྱལ་པོ་རི་བོ་དང་། ཀླུའི་ རྒྱལ་པོ་བདུད་ལས་རྒྱལ་བ་དང་། ཀླུའི་རྒྱལ་པོ་ཟླ་བའི་བླ་མ་ལ་སོགས་པ། ཀླུའི་རྒྱལ་པོ་སྟོང་ཕྲག་དྲུག་བཅུ་རྩ་གཉིས་དང་། འདི་ལྟ་སྟེ། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དང་། 80-1-303a རྒྱལ་པོ་ཆེན་པོ་མིག་མི་བཟང་དང་། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང་། རྒྱལ་པོ་ཆེན་པོ་བཞི་ཐམས་ཅད་ཀྱང་གཡོག་བརྒྱ་སྟོང་དུ་མ་དང་བཅས་པ་དག་དང་། གནོད་སྦྱིན་ཀུམ་བྷི་ར་དང་། འབྲོག་གནས་ དང་། ཁབ་སྤུ་དང་། ཡིད་བཟངས་དང་། བློ་གྲོས་བཟང་པོ་དང་། དབྱིབས་བཟངས་དང་། ཀུན་ནས་ཁ་དང་། གནོད་སྦྱིན་མི་འཁྲུགས་པ་དང་། དེ་དག་དང་གནོད་སྦྱིན་གཞན་བརྒྱ་སྟོང་དང་ཡང་ཐབས་གཅིག་ གོ། །ཡང་དེའི་ཚེ་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་ཉེ་བར་གནས་ཤིང་བཞུགས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་ དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དག་དང་། འཁོར་བཞི་རྣམས་ཀྱིས་སྟི་སྟང་དུ་བྱས། བླ་མར་བྱས། རིམ་གྲོར་བྱས་ནས་མཆོད་ཅིང་གསོལ་ཏེ། བཅོམ་ལྡན་འདས་བཟའ་བ་དང་། བཅའ་བ་ དང་། མྱང་བ་དང་། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། སྙུན་གྱི་གསོས་སྨན་དང་། ཡོ་བྱད་བཟང་པོ་མང་པོ་བརྙེས་སོ། །ཡང་དེའི་ཚེ་བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚེ་ཤམ་ཐབས་དང་ཆོས་གོས་ གསོལ། ལྷུང་བཟེད་བསྣམས་ཏེ། དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། སངས་རྒྱས་ཀྱི་མཐུ་ཆེན་པོ་དང་། སངས་ རྒྱས་ཀྱི་རྣམ་པར་རོལ་པ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོ་འཕྲུལ་ཆེན་པོ་དང་། སངས་རྒྱས་ཀྱི་རྫུ་འཕྲུལ་ཆེན་པོས་མེ་ཏོག་ཨུད་པ་ལ་དང་། ཀུ་མུ་ད་དང་། པད་མ་དཀར་པོའྀ་ཆར་ཆེན་པོ་ནི་མངོན་པར་འབེབས། སིལ་ སྙན་བརྒྱ་སྟོང་ནི་དཀྲོལ་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་རྒྱལ་པོ་མ་སྐྱེས་དགྲའི་ཁྱིམ་དུ་བསོད་སྙོམས་ཀྱི་ཕྱིར་གཤེགས་ཏེ། འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཡང་རབ་ཏུ་ཕྱུང་ངོ་། །དེ་ནས་དེའི་ཚེ་ 80-1-303b བཅོམ་ལྡན་འདས་ཀྱིས་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ་མཛད་པས་ཞབས་གང་དང་གང་དུ་བཞག་པའི་ཞབས་བཞག་པ་དེ་དང་དེར་པད་མ་ཤིང་རྟའི་འཕང་ལོ་ཙམ་འདབ་མ་ནི་གསེར། ཆུ་བ་ནི་དངུལ། ཟེ་བ་ནི་བཻ་ དཱུརྱ། སྙིང་པོ་ནི་ནོར་བུ་བཟང་པོ་དང་ལྡན་པ་རྣམས་བྱུང་སྟེ། པད་མ་དེ་དག་གི་དབུས་ཀྱི་སྙིང་པོ་ལ་བྱང་ཆུབ་སེམས་དཔའི་གཟུགས་ཀྱི་སྐྱིལ་མོ་དཀྲུང་བཅས་ཏེ་འདུག་པ་དག་འབྱུང་བ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་ འདུ་མཛད་པ་མངོན་པར་མཛད་དོ། །དེ་ནས་བྱང་ཆུབ་སེམས་དཔའི་གཟུགས་དེ་དག་པད་མ་དེ་དག་དང་བཅས་ཏེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ལ་ལན་བདུན་སྐོར་བ་བྱེད་ཅིང་ཚིགས་སུ་བཅད་པ་འདི་དག་སྨྲས་ སོ། །སྐྱེ་བོ་རྣམས་ལ་ཕན་མཛད་དེད་དཔོན་གང་། །ཡོན་གྱི་གནས་གང་དགེ་བ་རྣམས་མཛད་པ། །ཤཱཀྱ་ཁྱུ་མཆོག་བློ་ཞི་བདག་ཉིད་ཆེ། །འཇིག་རྟེན་མགོན་པོ་དེ་ནི་གྲོང་དུ་གཤེགས། །ལྷ་ཡི་གནས་སུ་གང་རྣམས་ རྩེན་པ་དང་། དེ་བཞིན་དགའ་དང་འཆི་ལས་ཐར་འདོད་དང་། བདུད་ཀྱི་སྡེ་རྣམས་ཕམ་པར་གང་འདོད་པ། །དེས་ནི་ཤཱཀྱ་སེང་གེ་མཆོད་པར་གྱིས། །འགྲོ་བ་རྣམས་ལ་ཕན་ཞིང་ཐུགས་བརྩེའི་ཕྱིར། །བསྐལ་པ་ བྱེ་བ་སྤྱད་པ་རྣམ་སྤྱོད་པ། །ཐུབ་པ་རྣམས་ཀྱི་སྒྲ་ཡང་རྙེད་པར་དཀའ། །ཐུབ་པ་དེ་དེང་རྒྱལ་པོའི་ཁབ་གཤེགས་བཞེད། །ཟས་སྐོམ་དེ་བཞིན་གོས་དང་བཞོན་པ་དང་། །བུ་དང་བུ་མོ་ཆུང་མ་རྣམས་དང་ནི། ། སྦྱིན་པ་དཔག་མེད་བསམ་ཡས་གང་བཏང་བ། །ཀུན་མཁྱེན་དེ་ནི་རྒྱལ་པོའི་ཁབ་ཏུ་གཤེགས། །ལག་པ་རྐང་པ་མིག་དང་རྣ་བ་དང་། །སྣ་དང་ཡན་ལག་དམ་པ་མགོ་བཏང་སྟེ། ཀུན་བཏང་ཡོན་ཏན་ལྡན་པ་ གཏོང་ཕོད་པ། །དེས་ནི་ཀུན་མཁྱེན་ཡེ་ཤེས་མཆོག་བརྙེས་སོ། །སྦྱིན་དང་དུལ་དང་སྡོམ་ལ་གང་བསླབས་ཤིང་། །སྐྱེས་བུ་དམ་པ་ཚུལ་ཁྲིམས་མ་ཉམས་པ། །བཟོད་པའི་བདག་ཉིད་ཡོན་ཏན་མཆོག་ལྡན་པ། ། 80-1-304a ཞི་བའི་ཐུགས་དེ་གྲོང་དུ་དེང་གཤེགས་སོ། །སྡུག་བསྔལ་བྱིང་བའི་འཇིག་རྟེན་རབ་གཟིགས་ནས། །བརྩོན་མཆོག་བསྐལ་པ་བྱེ་བར་གང་སྤྱོད་ཅིང་། །བསམ་གཏན་མཐའ་ཡས་མཉམ་པ་ མེད་དང་ལྡན། །ཚངས་དབྱངས་དེ་ནི་དེ་རིང་གྲོང་ཁྱེར་གཤེགས། །དྲང་སྲོང་ཆེན་པོ་དེ་ཡི་ཤེས་རབ་ནི། །མཚུངས་མེད་ནམ་མཁའི་མཐའ་ལྟར་དཔག་ཏུ་མེད། །བདེ་གཤེགས་དེ་ཡི་ཡོན་ཏན་གཞན་དག་ ཀྱང་། །སྤྱོད་པ་དང་ནི་རྣམ་པར་སྨིན་པས་སྦྱངས། །བློ་ལྡན་གང་གིས་བདུད་ཀྱི་སྡེ་བཅོམ་ཞིང་། །མི་གཡོ་གོ་འཕང་མྱ་ངན་མེད་པ་བརྙེས། །ཆོས་ཀྱི་འཁོར་ལོ་ཚུལ་བཞིན་རབ་བསྐོར་ཏེ། །ཆོས་ཀྱི་ དབང་ཕྱུག་དེ་ནི་གྲོང་ཁྱེར་གཤེགས། །མཚན་རབ་སུམ་བཅུ་རྩ་གཉིས་བརྒྱན་པའི་སྐུ། །བདེ་གཤེགས་འགྱུར་བར་སུ་དག་འདོད་པ་ནི། །སྙིང་ལ་རྫོགས་པའི་བྱང་ཆུབ་སེམས་ཞོག་སྟེ། །མཆོད་པའི་ ཕྱིར་ནི་དེ་ཡི་ཐད་དུ་སོང་། །འདོད་ཆགས་ཞེ་སྡང་གཏི་མུག་སྤང་བ་དང་། །དེ་བཞིན་ཉོན་མོངས་གཞན་ལས་རྒྱལ་འདོད་པ། །དེ་ནི་སྟོན་པའི་ཐད་དུ་ཉེར་སོང་ལ། །མཆོད་པ་རྣམས་མང་མཐའ་ཡས་མྱུར་ དུ་གྱིས། །ཚངས་པ་དང་ནི་ལྷ་ཡི་དབང་ཕྱུག་དང་། །བརྒྱ་བྱིན་ཉིད་ནི་ཐོབ་པར་སུ་འདོད་ཅིང་། །ལྷ་ཡི་བདེ་བས་རྟག་ཏུ་རྩེན་དགའ་བ། །དེ་ནི་ཐུབ་པ་མཆོད་ཕྱིར་ཉེ་བར་སོང་། །གླིང་བཞིའི་བདག་པོ་ རྒྱལ་པོར་འགྱུར་བྱ་ཞིང་། །རིན་ཆེན་མཆོག་བདུན་རང་གིས་འཐོབ་པ་དང་། །བུ་མཆོག་སྟོང་རྣམས་ཀྱང་ནི་གང་འདོད་པ། །སེམས་ཅན་མཆོག་ལ་དེས་མྱུར་མཆོད་པ་གྱིས། ཁྱིམ་བདག་ཚོང་དཔོན་ཁམས་ཀྱི་ རྒྱལ་པོ་དང་། །མཛེས་པའི་གཟུགས་དང་གཡོག་འཁོར་དམ་པ་དང་། །ལོངས་སྤྱོད་འཕེལ་བའི་མཆོག་རྣམས་གང་འདོད་པ། །དེ་ནི་དེང་སོང་ཐུབ་ལ་མཆོད་པ་གྱིས། །གང་སུ་རྣམ་པར་གྲོལ་དང་གྲོལ་བ་ཀུན། ། 80-1-304b ཐུབ་པ་རྣམས་ཀྱི་ཆོས་མཆོག་ཐོས་ནས་ཏེ། །འདྲེན་པ་རྣམས་ཀྱི་སྒྲ་ཡང་འདིར་དཀོན་གྱིས། །དེ་ཕྱིར་ཆོས་ཉིད་དུ་ནི་དེར་མྱུར་དེང་། །དེ་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་ སྟོང་མང་པོ་དག་ཚིགས་སུ་བཅད་པ་དེ་དག་གིས་བསྐུལ་ནས་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་རྣམས་མེ་ཏོག་དང་། བདུག་སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མའི་ཕུར་མ་ཐོགས། གསེར་དང་། དངུལ་གྱི་མེ་ཏོག་གི་ཕུར་མ་ཐོགས། །གདུགས་དང་། རྒྱལ་མཚན་དང་། བ་དན་ཐོགས། རྔ་བོ་ཆེ་དང་། དུང་དང་། རྫ་རྔ་དང་། ཁར་རྔ་དང་། པི་བང་རྒྱུད་གཅིག་པ་དང་། སྒྲ་སྙན་པ་དང་། གླིང་བུ་དང་། འཁར་ དཀྲོལ་དང་། ཀིམ་པ་ལ་དང་། ན་གུ་ལ་དང་། པི་བང་ཐོགས་ཏེ། དེ་བཞིན་གཤེགས་པ་ཡིད་ལ་བྱེད་ཅིང་དེ་བཞིན་གཤེགས་པ་ལ་སེམས་ཏེ། སངས་རྒྱས་དང་ལྡན་པའི་ཡིད་ལ་བྱེད་པས་དགའ་བ་དང་། མཆོག་ཏུ་ དགའ་བ་ཐོབ་ཅིང་འཁོད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་གཤེགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཡས་པ་སྒོའི་ཐེམ་པ་ལ་བཞག་མ་ཐག་ཏུ་དེ་ནས་གྲོང་ ཁྱེར་ཐམས་ཅད་རྣམ་པ་དྲུག་ཏུ་རབ་ཏུ་གཡོས། ལྷ་དང་མིའི་སིལ་སྙན་བརྒྱ་སྟོང་ཡང་མ་དཀྲོལ་བར་སྒྲ་འབྱུང་། ལྷའི་མེ་ཏོག་གི་ཆར་ཡང་རབ་ཏུ་བབ་སྟེ། སེམས་ཅན་ལོང་བ་རྣམས་ནི་མིག་གིས་ གཟུགས་རྣམས་མཐོང་། སེམས་ཅན་འོན་པ་རྣམས་ནི་རྣ་བས་སྒྲ་ཐོས། སེམས་ཅན་སྨྱོན་པ་རྣམས་ནི་དྲན་པ་ཐོབ། སེམས་ཅན་ཡིད་བྲེལ་བ་རྣམས་ནི་རྩེ་གཅིག་པ་ཐོབ། སེམས་ཅན་གཅེར་བུ་ རྣམས་ནི་གོས་རྙེད། སེམས་ཅན་བཀྲེས་པ་རྣམས་ནི་ཟས་རྙེད། སེམས་ཅན་དབུལ་པོ་རྣམས་ནི་ནོར་རྙེད་དོ། །དེའི་ཚེ་ན་སེམས་ཅན་གང་ཡང་འདོད་ཆགས་ཀྱིས་གཟིར་བ་མེད་དེ། ཞེ་སྡང་གིས་མ་ 80-1-305a ཡིན། གཏི་མུག་གིས་མ་ཡིན། ཕྲག་དོག་གིས་མ་ཡིན་སེར་སྣས་མ་ཡིན། ཁྲོ་བས་མ་ཡིན། ང་རྒྱལ་གྱིས་མ་ཡིན་ནོ། །དེའི་ཚེ་ན་སེམས་ཅན་ཐམས་ཅད་ཀྱང་བྱམས་པའི་སེམས་དང་། ཕན་པའི་སེམས་དང་ ལྡན་ཞིང་ཕན་ཚུན་དུ་ཕ་མར་འདུ་ཤེས་པར་གྱུར་ཏོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། སངས་རྒྱས་སྐྱེས་བུའི་སེང་གེ་ཆེ། །སྟོབས་བཅུ་གྲོང་ཁྱེར་ནམ་གཤེགས་ཚེ། །དེ་ཡི་མོད་ལ་སྐྱེ་བོ་རྣམས། །བདེ་བ་རྒྱ་ཆེན་དྲི་མེད་ཐོབ། །ལོང་བའི་ མིག་རྣམས་མཐོང་བར་གྱུར། །འོན་པ་ཐོས་པའི་མཐུ་ཡང་སྐྱེས། །སྨྱོས་པ་དག་ནི་དྲན་པ་རྙེད། །ཡིད་བྲེལ་རྩེ་གཅིག་དེ་བཞིན་ནོ། །གཅེར་བུ་དག་ནི་གོས་རྙེད་དེ། །བཀྲེས་པ་བདག་གིས་ཟས་ཐོབ་བོ། །སྐྱེས་བུ་གང་སུ་ དབུལ་པོ་ཡང་། །དགའ་བར་ནོར་རྣམས་རྙེད་པར་གྱུར། །ལྷ་རྣམས་བྱེ་བ་མང་པོ་ཡང་། །མཁའ་ལ་གནས་ཤིང་སྟོབས་རབ་མཆོད། །སྨྲ་བའི་སེང་གེ་མཆོད་པའི་ཕྱིར། །མེ་ཏོག་ཆར་ཡང་རབ་ཏུ་འབེབས། ། རྔ་དང་རྫ་རྔ་སིལ་སྙན་དུང་། །ཉམས་དགའ་འབྱེད་པ་དཔག་མེད་པ། །སངས་རྒྱས་ཀྱི་ནི་བསོད་ནམས་ཀྱིས། །གྲོང་ཁྱེར་འཇུག་ཚེ་སྒྲ་ཡང་འབྱུང་། །གྲོང་ཁྱེར་ཀུན་དུ་རབ་གཡོས་ཏེ། །དེ་ཚེ་ཉམས་དགའ་ མཉམ་པར་གནས། །སྐྱེ་བོས་ངོ་མཚར་འདི་མཐོང་ནས། །དགའ་བ་ཤིན་དུ་རྒྱ་ཆེན་ཐོབ། །འདོད་ཆགས་ཀྱི་ནི་མིག་ཟེར་ཞིང་། །དེ་ཚེ་ཁྲོ་བླུན་སེར་སྣ་མེད། །ང་རྒྱལ་ལ་སོགས་ཉེས་པས་ཀྱང་། གཟིར་བ་དེ་ཚེ་མ་ལུས་མེད། །དགའ་བས་ཁྱབ་ཅིང་དང་བ་སྟེ། །མི་རྣམས་ཕ་མར་འདུ་ཤེས་གྱུར། །གང་ཚེ་སངས་རྒྱས་སྟོབས་བཅུ་པོ། །སྐྱེ་བོ་བདེ་ཕྱིར་གྲོང་གཤེགས་ཚེ། །མི་ཡི་མ་ཡིན་སིལ་སྙན་རྣམས། ། མ་དཀྲོལ་བར་ནི་སྒྲ་ཡང་འབྱུང་། །འཇིག་རྟེན་ལྷ་མིན་ལྷ་མིར་བཅས། །བདེ་གཤེགས་འོད་ཀྱིས་རྒྱས་པར་གང་། །དེ་ལྟར་གང་ཚེ་སངས་རྒྱས་ནི། །འགྲོ་ལ་ཕན་ཕྱིར་གྲོང་གཤེགས་པ། །དེ་ཚེ་ངོ་མཚར་ 80-1-305b རྨད་འབྱུང་བ། །རྣམ་པ་མང་པོ་རབ་ཏུ་གདའ། །དེ་ནས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་གཤེགས་པ་དང་། ཚོང་དཔོན་ཤིང་ས་ལ་ཆེན་པོ་ལྟ་བུའི་བུ་སྡིག་བཅོམ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ ཁྱིམ་པར་གྱུར་པ་གྲོང་བར་ཞིག་ན་འདུག་སྟེ། བྱང་ཆུབ་སེམས་དཔའ་སྡིག་བཅོམ། བཅོམ་ལྡན་འདས་མཛེས་པ། དགའ་བར་འགྱུར་བ། དབང་པོ་ཞི་བ། ཐུགས་ཞི་བ། དུལ་བ་དང་ཞི་གནས་མཆོག་གི་ ཕ་རོལ་དུ་བྱོན་པ། བསྡམས་པ། གླང་པོ་ལྟར་དབང་པོ་ཐུལ་བ། མཚོ་ལྟར་དང་སྟེ་རྙོག་པ་མེད་ཅིག་གསལ་པ། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་ལྡན་པ། དཔེ་བྱད་བཟང་པོ་བརྒྱད་བཅུས་ སྐུ་ལེགས་པར་བརྒྱན་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་བརྒྱད་རིང་པོ་ནས་གཤེགས་པ་མཐོང་ངོ་། །མཐོང་ནས་ཀྱང་དེ་བཅོམ་ལྡན་འདས་ལ་སེམས་ཤིན་དུ་དད་པར་གྱུར་ཏོ། །དེ་སེམས་ཤིན་དུ་ དད་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། ། ཕྱོགས་གཅིག་ཏུ་འདུག་ནས་བྱང་ཆུབ་སེམས་དཔའ་སྡིག་བཅོམ་གྱིས་བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དུ་དང་ལྡན་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་སྤྱོད། སངས་རྒྱས་ཀྱི་ཞིང་ གི་ཡོན་ཏན་བཀོད་པ་ཇི་ལྟ་བ་འཚལ་བ་དེ་ལྟ་བུ་ཡང་ཡོངས་སུ་འཛིན་པར་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྡིག་བཅོམ་ལ་ཐུགས་བརྩེ་བ་དང་། སྐྱེ་བོའི་ཚོགས་ཆེན་པོ་འདུལ་བའི་དབང་ 80-1-306a གི་ཕྱིར་གྲོང་ཁྱེར་གྱི་ཕྱོགས་གཅིག་ཏུ་བཞུགས་སོ། །ཕྱོགས་གཅིག་ཏུ་བཞུགས་པ་དང་། བཅོམ་ལྡན་འདས་མཐོང་ནས་སྲོག་ཆགས་བརྒྱ་སྟོང་མང་པོ་དག་ཀྱང་ལྷགས་པར་གྱུར་ཏོ། །བར་སྣང་ལས་ ཀྱང་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དག་གུས་པ་དང་བཅས། ཞེ་ས་དང་བཅས་པར་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས། དཔའ་ཆེན་པོ་སྡིག་བཅོམ་ལ་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གཅིག་དང་ལྡན་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་སངས་ རྒྱས་ཀྱི་ཞིང་ཡང་ཡོངས་སུ་སྦྱོང་ལ། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཇི་ལྟ་བུ་འདོད་པ་དེ་ལྟ་བུ་ཡང་ཡོངས་སུ་འཛིན་ཏོ། །ཆོས་གཅིག་པོ་གང་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཞིང་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །དེ་ལ་ལྷག་པའི་བསམ་པ་ཁོང་དུ་ཆུད་པར་བྱ་བ་གང་ཞེ་ན། རིགས་ཀྱི་བུ་ ལྷག་པའི་བསམ་པ་ཞེས་བྱ་བ་ནི་གང་བྱང་ཆུབ་ཀྱི་ཕྱིར་སེམས་བསྐྱེད་ནས་མི་དགེ་བའི་ལས་གང་ཡང་མི་སྤྱོད་པའོ། །ཅི་མི་སྤྱོད་ཅེ་ན། འདོད་ཆགས་མི་སྤྱོད། ཞེ་སྡང་མི་སྤྱོད། གཏི་མུག་མི་སྤྱོད། ཁྱིམ་པའི་རྟགས་ ལ་སྲེད་པ་མི་སྤྱོད་དེ། རབ་ཏུ་བྱུང་ནས་ཀྱང་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་མི་འདོད་ཅིང་གང་རབ་ཏུ་བྱུང་བའི་བསྒྲུབ་པ་དེ་ལ་གནས་པ་ཡིན་ནོ། །དེ་ལ་རབ་ཏུ་བྱུང་བའི་བསྒྲུབ་པ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོགས་པའོ། །ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོགས་པ་གང་ཞེ་ན། རིགས་ཀྱི་བུ་ཆོས་ཐམས་ཅད་ཅེས་བྱ་བའི་ཕུང་པོ་དང་། ཁམས་དང་། 80-1-306b སྐྱེ་མཆེད་དང་། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་སོ། །ཕུང་པོ་ལྔ་རབ་ཏུ་རྟོགས་པ་ཇི་ལྟར་རབ་ཏུ་རྟོགས་ཤེ་ན་ཕུང་པོ་ལྔ་རྣམས་སྒྱུ་མ་ལྟ་བུ་དང་། དབེན་པ་དང་། སྟོང་པ་དང་། དམིགས་པ་མེད་པ་དང་། མ་སྐྱེས་པ་ དང་། མ་འགགས་པར་རབ་ཏུ་རྟོགས་པ་སྟེ། ཇི་ལྟར་རབ་ཏུ་རྟོགས་པ་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་ལྟར་རབ་ཏུ་རྟོགས་པའོ། །གང་གི་ཚེ་ཡང་དག་པར་རྗེས་སུ་མི་མཐོང་མི་ཤེས་བློམ་སེམས་སུ་མི་བྱེད་མི་རྟོག་རྣམ་པར་ རྟོག་པ་དེའི་ཚེ་རྟོག་པ་ཐམས་ཅད་ཉེ་བར་ཞི་བ་ནི་ཕུང་པོ་རབ་ཏུ་རྟོགས་པ་ཞེས་བྱའོ། །གང་ཕུང་པོ་རབ་ཏུ་རྟོགས་པ་དེ་ཆོས་ཐམས་ཅད་རབ་ཏུ་རྟོགས་པ་སྟེ། རིགས་ཀྱི་བུ་འདི་ནི་རབ་ཏུ་བྱུང་བའི་བསྒྲུབ་པ་ཞེས་བྱའོ། ། དེ་ལྟར་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་རྣམས་ཡོངས་སུ་མི་གཏོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེས་ཇི་ལྟར་བདག་གིས་ཆོས་དེ་དག་ཡོངས་སུ་ཤེས་པར་གྱུར་པ་དེ་ལྟར་སེམས་ ཅན་ཐམས་ཅད་ལ་སྟོན་ཀྱང་སེམས་ཅན་དང་། ཆོས་ཀྱང་མི་དམིགས་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གཅིག་པོ་འདི་དང་ལྡན་ན་མྱུར་དུ་བླ་ན་མེད་པ་ལ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་ པར་འཚང་རྒྱ་ཞིང་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་ལ་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཇི་ལྟ་བུ་འདོད་པ་དེ་ལྟ་བུ་ཡང་ཡོངས་སུ་འཛིན་ཏོ། །བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ ཡོངས་སུ་བསྒྲུབ་པའི་ཆོས་ཀྱི་སྒོ་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་སྡིག་བཅོམ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏེ་དེ་དགའ་བ་དང་མཆོག་ཏུ་དགའ་བ་དེས་ཤིང་ཏ་ལ་བདུན་སྲིད་ཙམ་དུ་བར་སྣང་ལ་ མངོན་པར་འཕགས་སོ། །འཁོར་དེའི་ནང་ན་སྲོག་ཆགས་ཉིས་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ལྷ་དང་མིར་བཅས་པའི་སྐྱེ་དགུའི་སྲོག་ཆགས་ཁྲི་བཞི་སྟོང་ 80-1-307a ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་ པའི་ཆོས་ཉིད་དེ། དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་ཀྱི་སྒོ་ནས་ཁ་དོག་དུ་མ་ཁ་དོག་སྣ་ཚོགས་ཀྱི་འོད་འཕྲོ་བ་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེབ་རྒན་དང་། ཤེལ་དང་། དངུལ་གྱི་ ཁ་དོག་ལྟ་བུ་རྣམས་བྱུང་སྟེ། དེ་དག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་སྣང་བས་ཁྱབ་པར་བྱས་ནས་སླར་ལོག་སྟེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ ཀྱི་དབུའི་གཙུག་ཏུ་ནུབ་བོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ནས་བླ་གྲོས་ཕྲག་པ་གཅིག་ཏུ་གཟར་ཏེ། བུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་ སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །ཆོས་རྣམས་ཀུན་ལ་མངའ་དབང་ཕ་རོལ་ཕྱིན། །འདྲེན་པ་ཁྱོད་ནི་རྒྱལ་པོའི་སྟོབས་ལ་མངའ། །ཁྱོད་ནི་ཐམས་ཅད་མཁྱེན་ པར་འཇིག་རྟེན་གྲགས། །ཅི་ཡི་སླད་དུ་འཛུམ་པ་འདི་བསྟན་གསུངས། །ཐུབ་པ་ཆེན་པོ་འདས་པ་མ་ལུས་མཁྱེན། །དེ་བཞིན་མ་འོངས་མ་ལུས་རྣམས་ཀྱང་མཁྱེན། །ད་ལྟར་དག་ཀྱང་མཁྱེན་པ་མ་སྨད་པ། །ཅི་སླད་ ཁྱོད་ཀྱིས་འཛུམ་པ་འདི་མཛད་གསུངས། །རབ་འབྲིང་ཐ་མའི་སེམས་དང་ལྡན་པ་ཡི། །སེམས་ཅན་ཐམས་ཅད་ཀྱི་ནི་སྤྱོད་པ་མཁྱེན། །ཆགས་གྲོལ་སྲིད་པའི་འདུ་ཤེས་ཕ་རོལ་ཕྱིན། །མི་འདུལ་ཁ་ལོ་སྒྱུར་བ་ལུང་ བསྟན་གསོལ། །ལྷ་རྣམས་བྱེ་བ་ཁྲག་ཁྲིག་ཀུན་ལྷགས་ཏེ། །སྐྱོན་མ་མཆིས་ལ་ཐལ་སྦྱར་ཕྱག་འཚལ་ཞིང་། །སྐྱེ་བོ་ཆོས་སྤྱོད་འདི་དག་ཀུན་སྡོད་ཀྱིས། །ཐུབ་པ་ཆེན་པོ་མཚུངས་མེད་གསུང་དབྱུང་གསོལ། ། 80-1-307b ཁྱོད་ནི་ཡེ་ཤེས་ཕ་རོལ་ཕྱིན། །ཁྱོད་ལ་འཁྲུལ་པ་ཡོང་མི་མངའ། །སྤྱོད་པའི་བྱེ་བྲག་ཀུན་མཁྱེན་པ། །ཅི་ཞིག་སླད་དུ་འཛུམ་པ་བསྟན། །བྱེ་བ་ཁྲག་ཁྲིག་ཕྲག་སྟོང་ལྷ་འདི་དག །ཆོས་རྣམས་འཚལ་བའི་སླད་དུ་འདིར་ལྷགས་ཏེ། ། དེ་བཞིན་དགེ་སློང་ཚོགས་ཀྱང་མང་པོ་དག །དམ་པའི་ཆོས་རྣམས་ཉན་པར་འཚལ་བ་མཆིས། །ཁྱོད་ལ་མཆོད་པའི་ཕྱིར་ནི་སིལ་སྙན་རྣམས། །རབ་ཏུ་བཟང་ཞིང་མང་བ་བརྡུང་བར་བགྱིད། །སྐྱེ་བོ་མང་པོ་ཐེ་ཙོམ་འཚལ་བ་ ཀུན། །ཐུབ་པ་དེང་འདིར་ཐེ་ཚོམ་མྱུར་བཅད་གསོལ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་སྡིག་བཅོམ་འདི་ཤིང་ཏ་ལ་བདུན་སྲིད་ཙམ་དུ་སྟེང་གི་བར་སྣང་ལ་འདུག་པ་མཐོང་ངམ། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བདེ་བར་གཤེགས་པ་ མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྡིག་བཅོམ་འདི་བསྐལ་པ་གྲངས་མེད་པ་བརྒྱ་སྟོང་ཕྲག་དྲུག་བཅུ་རྩ་གཉིས་ན་བླ་ ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། བསྐལ་པ་རིམས་ནད་མེད་པ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་དུ་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རབ་ཏུ་ཞི་ཞིང་དུལ་བའི་དབང་ཕྱུག་ཅེས་བྱ་བར་འཇིག་རྟེན་དུ་འབྱུང་སྟེ། ཀུན་དགའ་བོ་དཔེར་ན་ད་ལྟར་དེ་བཞིན་གཤེགས་པ་མི་འཁྲུགས་པའི་འཇིག་རྟེན་གྱི་ཁམས་ མངོན་པར་དགའ་བ་ནས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དང་། ཉན་ཐོས་ཕུན་སུམ་ཚོགས་པ་དང་། བྱང་ཆུབ་སེམས་དཔའ་ཕུན་སུམ་ཚོགས་པ་དེ་འདྲ་བར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ 80-1-308a དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རབ་ཏུ་ཞི་ཞིང་དུལ་བའི་དབང་ཕྱུག་དེའི་སངས་རྒྱས་ཀྱི་ཞིང་ན་ཡང་དེ་ལས་མི་ལྷག་མི་ཐུབ་བར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་ ཕྱོགས་དེ་ནས་གཤེགས་ཏེ། མཐར་གྱིས་རྒྱལ་པོ་མ་སྐྱེས་དགྲའི་ཁྱིམ་ག་ལ་བ་དེར་གཤེགས་ནས་བྱོན་པ་དང་། བཅོམ་ལྡན་འདས་གདན་བཤམས་པ་ལ་བཞུགས་སོ། །དགེ་སློང་གི་དགེ་འདུན་རྣམས་ཀྱང་སྟན་ཅི་འོས་པ་ དག་ལ་འཁོད་དོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་བཞུགས་པར་རིག་ནས་བདག་ཉིད་ལག་བདར་ཏེ། བཟའ་བ་དང་། བཅའ་བ་དང་། མྱང་བ་བཟང་པོས་དེ་བཞིན་ གཤེགས་པ་དང་། དགེ་སློང་གི་དགེ་འདུན་ལ་བསྟབས་ཏེ་ཚིམ་པར་བྱས་སོ། །བསྟབས་ཏེ་ཚིམ་པར་བྱས་ནས་དེ་བཞིན་གཤེགས་པ་གཤོས་གསོལ་བ་དང་། ལྷུང་བཟེད་བཞག་ཅིང་ཕྱག་བཅབས་པར་རིག་ནས་ བཅོམ་ལྡན་འདས་ལ་རས་བཅོས་བུའི་ཟུང་རིན་ཐང་མེད་པ་སྐུ་ལ་གསོལ་ཏོ། །སྐུ་ལ་གསོལ་ནས་ཀྱང་བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་ལ་ཕྱག་འཚལ་ཏེ། སྟན་རན་པ་ཞིག་བླངས་ཏེ་ཕྱོགས་ གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས་རྒྱལ་པོ་མ་སྐྱེས་དགྲས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གནོད་སེམས་དང་། ཐ་བ་དང་། ཞེ་སྡང་དང་། འཆབ་པ་གང་ ནས་འབྱུང་བ་ལགས། །མི་ཤེས་པ་ཅི་ལས་སྐྱེ་བ་ལགས། མི་ཤེས་པ་ཇི་ལྟར་འགག་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རྒྱལ་པོ་ཆེན་པོ་ངར་འཛིན་པ་དང་། །ང་ཡིར་འཛིན་པ་ཡོད་པ་ལས་གནོད་སེམས་དང་། ཐ་བ་དང་། ཞེ་སྡང་དང་། འཆབ་པར་འབྱུང་བར་འགྱུར་རོ། །ངར་འཛིན་པ་དང་། ང་ཡིར་འཛིན་པ་ལ་གནས་པས་ཡོན་ཏན་དང་། ཉེས་པ་ 80-1-308b མི་ཤེས་ཏེ། དེ་བས་ན་མི་ཤེས་པ་ཞེས་བྱའོ། །གང་ངར་འཛིན་པ་དང་། ང་ཡིར་འཛིན་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་དེ་ལ་ནི་ཤེས་པ་འམ་མི་ཤེས་པ་ཞེས་གནས་པར་མི་ནུས་སོ། །དེ་བས་ན་རྒྱལ་པོ་ཆེན་པོ་ ཁྱོད་ཀྱིས་འདུ་བྱེད་ཐམས་ཅད་ལ་གར་ཡང་འགྲོ་བ་དང་། གང་ནས་འོང་བར་མི་གདགས་པ་དེ་ལྟར་བསླབ་པར་བྱའོ། །རྒྱལ་པོ་ཆེན་པོ་གང་གར་ཡང་མི་འགྲོ། གང་ནས་ཀྱང་མི་འོང་བ་དེ་ལ་ཆོས་གང་ཡང་འགྲོ་བ་ འམ་འོང་བ་མེད་དོ། །གང་ལ་འོང་བ་དང་། འགྲོ་བ་མེད་པ་དེ་ལ་སྐྱེ་བ་མེད། འགག་པ་མེད་དོ། །གང་མི་སྐྱེ་མི་འགགས་པ་དེ་ཤེས་པ་མེད་དོ། །ཤེས་པ་དེ་ཇི་ལྟ་བར་མི་ཤེས་པ་ཡང་དེ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ངེས་པར་ འབྱུང་བ་འམ། ངེས་པར་མི་འབྱུང་བའི་ཆོས་དེ་གང་ཡང་མི་ཤེས་པའི་ཕྱིར་རོ། །གང་གི་ཚེ་ངེས་པར་འབྱུང་བ་འམ། ངེས་པར་མི་འབྱུང་བའི་ཆོས་གང་ཡང་མི་ཤེས་པ་དེའི་ཚེ་ཡེ་ཤེས་ཅན་ཞེས་བྱའོ། །དེ་ནས་ བཅོམ་ལྡན་འདས་ལ་རྒྱལ་པོ་མ་སྐྱེས་དགྲས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ལེགས་པར་གསུངས་པ་ངོ་ མཚར་ཏོ། །བཅོམ་ལྡན་འདས་གལ་ཏེ་བདག་བར་སྐབས་འདི་ཁོ་ནར་འགུམ་པའི་དུས་བགྱིས་པར་གྱུར་ན་ནི་བདག་ཉིད་མཚམས་སྦྱོར་བར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་མ་ སྐྱེས་དགྲ་ལ་ཆོས་ཀྱི་གཏམ་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེང་སྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་ནས་ཕྱི་དྲོའི་དུས་ཀྱི་ཚེ་ ཡང་ཆོས་ཀྱི་སྦྱིན་པ་ལ་འདུ་བར་འགྱུར་བ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཟས་ཕྱིས་ལེན་པ་སྤངས་ཏེ། ལྷུང་བཟེད་དང་། ཆོས་གོས་བཞག་ནས་ཞབས་བཀྲུས་ཏེ། ནང་དུ་ཡང་དག་འཇོག་པའི་ཕྱིར་གནས་ཁང་ 80-1-309a དུ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་ཕྱི་དྲོའི་དུས་ཀྱི་ཚེ་ནང་དུ་ཡང་དག་འཇོག་ལས་བཞེངས་ནས་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་ག་ལ་བ་དེར་གཤེགས་ཏེ་བྱོན་ནས། འདི་ལྟ་སྟེ། ཆོས་ཡང་དག་པར་ རབ་ཏུ་བསྟན་པའི་ཕྱིར་བཅོམ་ལྡན་འདས་གདན་བཤམས་པ་ལ་བཞུགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཉན་ཐོས་ཆེན་པོ་གཞན་དག་ཀྱང་དེ་བཞིན་དུ་ནང་དུ་ཡང་དག་འཇོག་ལས་ལངས་ནས་རིའི་རྒྱལ་པོ་ བྱ་རྒོད་ཀྱི་ཕུང་པོ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །འཇམ་དཔལ་ གཞོན་ནུར་གྱུར་པ་ཡང་ནང་དུ་ཡང་དག་འཇོག་ལས་ལངས་ཏེ། ལྷའི་བུ་བཞི་ཁྲི་ཉིས་སྟོང་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཤ་སྟག་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས་ལྷན་ཅིག་ཏུ་ བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཡང་བྱང་ ཆུབ་སེམས་དཔའ་སྟོང་ཙམ་གྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས་ལྷན་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་ འཁོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་རྩལ་གྱིས་མངོན་པར་བསྒྲགས་པའི་སྒྲ་ཡང་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ཙམ་གྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས་ལྷན་ཅིག་ཏུ་ བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །རྒྱལ་པོ་མ་སྐྱེས་དགྲ་ཡང་དཔུང་གི་ཚོགས་ཡན་ལག་བཞིས་ཡོངས་སུ་བསྐོར་ 80-1-309b ཅིང་མདུན་དུ་བདར་ནས་ལྷན་ཅིག་ཏུ་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ། ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ།། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་ཀྱང་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷག་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤཱ་རིའི་བུ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་གྲོང་བར་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་སྡིག་བཅོམ་གྱིས་གང་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ལ་བརྩམས་ཏེ། ཡོངས་སུ་ཞུས་པ་དེའི་ལན་བཅོམ་ལྡན་འདས་ཀྱིས་མདོ་ཙམ་ཞིག་ བཀའ་སྩལ་ན། བཅོམ་ལྡན་འདས་ང་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་འགྲུབ་པ་དེ་ལས་བརྩམས་ཏེ། ཇི་ལྟར་སྤྱོད་པའི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དང་། ཐམས་ཅད་མཁྱེན་པ་ཁོང་དུ་ཆུད་པར་འགྱུར་བ་དང་། བདུད་ཀྱི་སྡེ་རྣམས་ཕམ་པར་བགྱིད་པ་དང་། གཞན་མུ་སྟེགས་ ཅན་རྣམས་ཚར་གཅོད་པར་འགྱུར་བ་དང་། ཉོན་མོངས་པས་ཟིལ་གྱིས་ནོན་པར་མི་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་སྦྱོང་བར་འགྱུར་བ་དང་། སྨོན་ལམ་ཡོངས་སུ་རྫོགས་ 80-1-310a པར་འགྱུར་བ་དང་། ཤེས་རབ་ཡོངས་སུ་ཉམས་པར་མི་འགྱུར་བ་དང་། སངས་རྒྱས་ཀྱི་ས་ལ་འཇུག་པར་འགྱུར་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ཡོངས་སུ་སྤོང་བར་འགྱུར་བ་དང་། ཕ་རོལ་ དུ་ཕྱིན་པ་དྲུག་སྤྱོད་པར་འགྱུར་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་སྟེ། བྱང་ཆུབ་སེམས་དཔར་གྱུར་བཞིན་དུ་ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་བར་འགྱུར་བ་དང་། སེམས་ཅན་དཔག་ཏུ་མ་མཆིས། གྲངས་མ་ མཆིས་པའི་དོན་བགྱིད་པར་འགྱུར་བ་དེ་ལྟར་ཆོས་ལེགས་པར་རབ་ཏུ་བསྟན་དུ་གསོལ། བཅོམ་ལྡན་འདས་འཁོར་འདི་ན་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་བྱང་ཆུབ་དོན་དུ་གཉེར་བ་འདུས་ཤིང་མཆིས་པ་རྣམས་ བཅོམ་ལྡན་འདས་ལས་ཆོས་མངོན་སུམ་དུ་ཐོས་ནས་དགའ་བ་དང་། མཆོག་ཏུ་དགའ་བ་རྒྱ་ཆེན་པོ་ཐོབ་པར་འགྱུར་ཏེ། དེ་དག་དགའ་བ་དང་། མཆོག་ཏུ་དགའ་བ་ཐོབ་ནས་ཇི་ལྟར་ཐོས་པ་བཞིན་དུ་ནན་ཏན་ གྱིས་སྒྲུབ་པར་འགྱུར་བ་དག་མཆིས་སོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། འདི་ལྟ་བུའི་ཆོས་བསྟན་པར་བྱ་ན་འཁོར་འདི་ལྟ་བུ་ནི་མི་མཛེས་ཀྱིས་ངས་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་ བྱ་བ་མངོན་པར་འདུ་བྱས་པས་ཕྱོགས་བཅུ་ཀུན་དུ་ཕྱོགས་རེ་རེར་ཡང་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་བཀྱེ་ལ། འོད་ཟེར་རེ་རེས་ཀྱང་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ སྣང་བས་ཁྱབ་པར་བྱས་ཏེ། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་ཉི་མ་དང་། ཟླ་བའི་འོད་ཀྱང་མི་སྣང་ཞིང་དེ་དག་འོད་ཟེར་དེ་དག་གིས་ཟིལ་གྱིས་མནན་ནས་ཕྱིར་མིག་གིས་དབང་པོ་ལ་སྣང་བར་མི་འགྱུར་བ་དང་། ལྷ་རྣམས་ཀྱི་འོད་ཀྱང་མི་མངོན། ཀླུ་དང་། གནོད་སྦྱིན་དང་། ནོར་བུ་དང་། གློག་དང་། མེ་དང་། སྐར་མའི་གཟུགས་དང་། སེམས་ཅན་གཞན་གང་གི་འོད་ཀྱང་མི་མངོན་པར་འགྱུར་བ་དང་། གང་ཕྱོགས་བཅུའི་ 80-1-310b འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པའི་ཁོར་ཡུག་དང་། ཁོར་ཡུག་ཆེན་པོ་དང་། བཏང་ཟུང་དང་། བཏང་ཟུང་ཆེན་པོ་དང་། རིའི་རྒྱལ་པོ་རི་རབ་དང་། དེ་མ་ཡིན་པ་གཞན་རིའི་རྒྱལ་པོ་ནག་པོ་དག་དང་། དེ་མ་ཡིན་ པ་གཞན་རི་ནག་པོ་དག་དང་། རྩིག་པ་དང་། ཤིང་དང་། ནགས་ཚལ་དེ་དག་ཐམས་ཅད་འོད་ཟེར་དེ་དག་གིས་ཐལ་བྱུང་དུ་སྣང་བར་འགྱུར་བ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་བྱའོ་སྙམ་དུ་དགོངས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འོད་ཟེར་བཀྱེ་ནས་གསུང་བསལ་བའི་སྒྲ་མཛད་པ་དང་། གསུང་བསལ་བའི་སྒྲ་དེས་ཕྱོགས་བཅུ་ཀུན་ཏུ་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་སྒྲས་གོ་བར་གྱུར་ ཏོ།། ཡང་དེའི་ཚེ་ན་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བརྒྱད་བཅུ་རྩ་བཞིའི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་ཀུན་ནས་འོད་ཅེས་བྱ་བ་དེ་ན་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་བརྩེགས་རྒྱལ་པོ་ཞེས་བྱ་བ་ད་ལྟ་ཡང་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །སངས་རྒྱས་ཀྱི་ཞིང་དེ་ན་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་མིང་ཡང་མི་གྲག་སྟེ། སངས་རྒྱས་ཀྱི་ཞིང་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འབའ་ཤིག་གིས་ཡོངས་སུ་གང་ངོ་། །སངས་རྒྱས་ཀྱི་ཞིང་དེ་ན་བྱང་ཆུབ་སེམས་ དཔའི་ཚོགས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་བྱེ་བ་ཕྲག་བརྒྱ་བརྒྱ་ཡོད་དོ། །སངས་རྒྱས་ཀྱི་ཞིང་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ འཕགས་ཤེས་བྱ་བ་ཞིག་གནས་ཏེ། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ཆོས་འཕགས་ཞེས་བྱ་ཞེ་ན། བྱང་ཆུབ་སེམས་དཔའ་དེ་བཅོམ་ལྡན་འདས་དཔལ་བརྩེགས་རྒྱལ་པོ་དེ་བཞིན་གཤེགས་པ་ 80-1-311a དེ་བྱང་ཆུབ་སེམས་དཔའི་དགེ་འདུན་གྱིས་བསྐོར་ཅིང་ཆོས་སྟོན་པའི་སྤྱན་སྔ་ན་ཤིང་ཏ་ལ་བདུན་སྲིད་ཙམ་དུ་བར་སྣང་ལ་འཕགས་ཏེ། ལུས་མི་སྣང་བར་གང་འདི་བྱང་ཆུབ་སེམས་དཔའི་སྡེ་ སྣོད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་རྡོ་རྗེའི་ཚིག་གི་གཟུངས་ཀྱི་ཆོས་སྟོན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་འདི་སྙམ་དུ་སེམས་ཏེ། ཆོས་འདི་དག་ཐམས་ཅད་ནི་སྒྲ་ཙམ་མོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རིགས་ཀྱི་བུ་འདིའི་ལུས་མི་སྣང་མོད་ཀྱི། བཤད་པ་ཡང་གྲག་ལ་སྒྲ་ཡང་འབྱིན་ཏེ། གཟུགས་ཡོངས་སུ་གྲུབ་པ་ཡང་མི་སྣང་ངོ་། །སྒྲ་ཇི་ལྟ་བར་གཟུགས་ཀྱང་དེ་བཞིན་ནོ། །གཟུགས་ཇི་ལྟ་བར་ ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ་སྙམ་མོ། །དེ་ལྟར་རབ་ཏུ་ཤེས་པས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་རྣམས་བཟོད་པ་ཐོབ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ཆོས་འཕགས་ཤེས་བྱའོ།། བྱང་ཆུབ་སེམས་དཔའ་ཆོས་འཕགས་དེས་སྣང་བ་ཆེན་པོ་དེ་ཡང་མཐོང་། གསུང་བསལ་བའི་སྒྲ་ཡང་ཐོས་ཏེ། མཐོང་ཞིང་ཐོས་ནས་བཅོམ་ལྡན་འདས་དཔལ་བརྩེགས་རྒྱལ་པོ་དེ་བཞིན་གཤེགས་པ་དེ་ ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཆོས་འཕགས་ཀྱིས་བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྣང་བ་ཆེན་པོ་འདི་འཇིག་རྟེན་དུ་བྱུང་ཞིང་གསུང་བསལ་བའི་སྒྲ་ཆེན་པོ་ཡང་གདའ་བ་འདིའི་རྒྱུ་གང་ལགས་ རྐྱེན་གང་ལགས། བཅོམ་ལྡན་འདས་སྣང་བ་འདི་ལྟ་བུ་ནི་སྔོན་ཆད་མ་མཐོང་ངོ་། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་ 80-1-311b བརྩེགས་རྒྱལ་པོས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ནུབ་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་ བརྒྱད་བཅུ་རྩ་བཞིའི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་ད་ལྟར་ བཞུགས་ཏེ་འཚོའོ་གཞེས་སོ། །དེ་བཞིན་གཤེགས་པ་དེས་གང་འདི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་པ་གྲངས་མེད་པ་དག་ནས་བྱང་ཆུབ་སེམས་དཔའ་བསྡུ་བ་དང་། འདི་ ལྟ་སྟེ། ཆོས་བསྒྲག་པར་བྱ་བའི་ཕྱིར་བ་སྤུའི་ཁུང་བུ་ཐམས་ཅད་ནས་འོད་ཟེར་འདི་དག་བཏང་སྟེ་གསུང་བསལ་བའི་སྒྲ་ཕྱུང་ངོ་། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔལ་བརྩེགས་རྒྱལ་ པོ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་འཇིག་རྟེན་གྱི་ཁམས་མི་མཇེད་དེར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ལ་བལྟ་བ་དང་། ཕྱག་བགྱི་བ་དང་། བསྙེན་བཀུར་བགྱི་བ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་དེ་དག་ལ་ཡང་བལྟ་བ་དང་། ཆོས་ དེ་ཡང་ཉན་དུ་མཆིའོ། །བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་དེའི་དུས་ལ་དབབ་པར་ཤེས་ན་སོང་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་བྱང་ཆུབ་ སེམས་དཔའ་སྟོང་ཕྲག་དྲུག་ཁྲི་སུམ་སྟོང་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་སྟོབས་པོ་ཆེས་ལག་པ་བསྐུམ་པ་ལས་བརྐྱང་བ་དང་། བརྐྱང་བ་ལས་བསྐུམ་ 80-1-312a པ་ཙམ་གྱིས་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ཉིད་ལ་སངས་རྒྱས་ཀྱི་ཞིང་དེ་ནས་མི་སྣང་བར་གྱུར་ནས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་གནས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆོས་འཕགས་ དེའི་ཚེ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཏིང་ངེ་འཛིན་དེ་ལ་སྙོམས་པར་ ཞུགས་མ་ཐག་ཏུ་དེ་ནས་སྐད་ཅིག་དེ་ཉིད་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་མེ་ཏོག་གི་ཚོགས་ཆེན་པོ་པུས་ནུབ་ཙམ་དུ་གང་བར་གྱུར་རོ། སིལ་སྙན་བརྒྱ་སྟོང་གི་སྒྲ་ཡང་བྱུང་ངོ་། ། འཇིག་རྟེན་གྱི་ཁམས་འདི་གདུགས་དང་། རྒྱལ་མཚན་དང་། བ་དན་བསྒྲེང་བས་ཀྱང་ལེགས་པར་བརྒྱན་ཏོ། །སྤོས་མཆོག་གིས་ཀྱང་ཡང་དག་པར་བདུགས་ཏེ། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་ལོངས་ སྤྱོད་དང་ཁྱད་པར་མེད་པར་གྱུར་ཏེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱིས་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་དེ་ལྟ་བུ་བསྟན་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་དེ་དག་དང་ལྷན་ཅིག་ཏུ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ག་ལ་བ་དེར་དོང་སྟེ་ལྷག་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ སྨོན་ལམ་ཇི་ལྟ་བ་བཞིན་དུ་བྱུང་བའི་པད་མ་དག་ལ་འཁོར་དང་བཅས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ་ཡང་དེའི་ཚེ་ལྷོ་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་གང་གཱའི་ཀླུང་དགུ་བཅུ་ རྩ་དྲུག་གི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་རྡུལ་མེད་པ་ཞེས་བྱ་བ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེའི་རྩལ་གྱིས་བསྒྱིངས་པ་ཞེས་བྱ་བ་ད་ལྟ་ཡང་ 80-1-312b བཞུགས་ཏེ་འཚོ་ཞིང་གཞེས་ལ་བྱང་ཆུབ་སེམས་དཔའི་དགེ་འདུན་དཔག་ཏུ་མེད་པས་ཡོངས་སུ་བསྐོར་ཅིང་ཆོས་སྟོན་ཏོ། །སངས་རྒྱས་ཀྱི་ཞིང་དེ་ན་ཉན་ཐོས་དང་། རང་སངས་རྒྱས་རྣམས་མེད་དོ། །ཡང་སངས་རྒྱས་ཀྱི་ཞིང་ དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རིན་པོ་ཆེ་ཞེས་བྱ་བ་ཞིག་གནས་ཏེ། བྱང་ཆུབ་སེམས་དཔའ་དེ་ཅིའི་ཕྱིར་ལག་ན་རིན་པོ་ཆེ་ཞེས་བྱ་ཞེ་ན། ཡང་རིགས་ཀྱི་བུ་དེ་ནམ་སངས་རྒྱས་ཀྱི་ཞིང་གཞན་དུ་ སེམས་ཅན་རྣམས་ལ་ཆོས་སྟོན་པར་འདོད་པ་དེའི་ཚེ་ལག་པ་གཡས་པ་བརྐྱང་ནས་སངས་རྒྱས་ཀྱི་ཞིང་ཇི་སྙེད་ཏུ་འདོད་པ་སངས་རྒྱས་ཀྱི་ཞིང་དེ་སྙེད་ལག་གིས་བྱུགས་ནས་ལག་པ་དེ་ལས་སངས་རྒྱས་རིན་པོ་ཆེའི་ སྒྲ་འབྱུང་ངོ་། །ཆོས་རིན་པོ་ཆེའི་སྒྲ་དང་། དགེ་འདུན་རིན་པོ་ཆེའི་སྒྲ་འབྱུང་ངོ་། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་རིན་པོ་ཆེའི་སྒྲ་འབྱུང་ངོ་། །བྱམས་པ་ དང་སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་རིན་པོ་ཆེའི་སྒྲ་འབྱུང་ངོ་། །དེ་དག་དང་གཞན་ཡང་ཆོས་རིན་པོ་ཆེའི་སྒྲ་སྣ་ཚོགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འབྱུང་སྟེ། དེའི་ཕྱིར་རིགས་ཀྱི་བུ་དེ་ལག་ན་རིན་པོ་ཆེ་ཞེས་ བྱའོ། །བྱང་ཆུབ་སེམས་དཔའ་ལག་ན་རིན་པོ་ཆེས་སྣང་བ་ཆེན་པོ་དེ་ཡང་མཐོང་། གསུང་བསལ་བའི་སྒྲ་དེ་ཡང་ཐོས་ཏེ། མཐོང་ཞིང་ཐོས་ནས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སེང་གེའི་རྩལ་ གྱིས་བསྒྱིངས་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ ན་རིན་པོ་ཆེས་བཅོམ་ལྡན་དེ་བཞིན་གཤེགས་པ་སེང་གེ་རྩལ་གྱིས་བསྒྱིངས་པ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྣང་བ་ཆེན་པོ་འདི་འཇིག་རྟེན་དུ་བྱུང་ཞིང་གསུང་བསལ་བའི་སྒྲ་ཆེན་པོ་ཡང་ 80-1-313a གདའ་བ་འདིའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་གང་གཱའི་ཀླུང་དགུ་བཅུ་རྩ་ དྲུག་གི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་ད་ལྟར་ཡང་བཞུགས་ཏེ། འཚོ་ཞིང་གཞིས་ལ་ཆོས་ ཀྱང་སྟོན་ཏོ། །དེ་བཞིན་གཤེགས་པ་དེས་གང་འདི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་དག་ནས་བྱང་ཆུབ་སེམས་དཔའ་བསྡུ་བ་དང་། འདི་ལྟ་སྟེ། དམ་པའི་ཆོས་བསྒྲགས་པའི་ཕྱིར་བ་སྤུའི་ཁུང་བུ་ཐམས་ཅད་ ནས་འོད་འདི་དག་རབ་ཏུ་བཀྱེ་ཞིང་གསུང་གསལ་བའི་སྒྲ་ཕྱུང་ངོ་། །ཡང་རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བཤད་པར་བཞེད་དེ། དེར་ བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་རྣམས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་འཛིན་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་སེང་གེའི་རྩལ་གྱིས་བསྒྱིངས་པ་དེ་ལ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ལག་ན་རིན་པོ་ཆེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་འཇིག་རྟེན་གྱི་ཁམས་མི་མཇེད་དེར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་ཤཱཀྱ་ཐུབ་པ་དེ་ལ་བལྟ་བ་དང་། ཕྱག་བགྱི་བ་དང་། བསྙེན་བཀུར་བགྱི་བ་དང་། བྱང་ཆུབ་སེམས་དཔའ་འདུས་པ་དེ་ལ་ཡང་བལྟ་བ་དང་། ཆོས་སྟན་པ་དེ་ཡང་ཉན་དུ་མཆི་འོ། །བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་དེར་སོང་སྟེ་ཅི་རུང་། དེ་ཅིའི་ཕྱིར་ཞེ་ན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་ཁེབས་པའི་སེམས་ཅན་རྣམས་དང་ཕྲད་པས་འཇིག་རྟེན་གྱི་ཁམས་དེ་ནི་སྡུག་བསྔལ་བའོ། །དེ་སྐད་ཅེས་ 80-1-313b བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རིན་པོ་ཆེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སེང་གེའི་རྩལ་གྱིས་བསྒྱིངས་པ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེས་དོན་གྱི་དབང་ཅི་ཞིག་གཟིགས་ན། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་གཞན་དག་ཀྱང་མཆིས་བཞིན་དུ་དེ་ཙམ་དུ་སངས་རྒྱས་ཀྱི་ཞིང་ ངན་པ་ཡོངས་སུ་འཛིན། བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེས་ང་ཅི་ནས་ཀྱང་སེམས་ཅན་ངན་པ་རྣམས་ཀྱི་ནང་དུ་བླ་ ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་ཏེ། ཆོས་བསྟན་པར་བྱའོ་ཞེས་ཡུན་རིང་པོ་ནས་སྨོན་ལམ་བཏབ་པར་གྱུར་ཏེ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ནི་ དེ་ལྟར་ཐུགས་རྗེ་ཆེན་པོ་དང་ལྡན་ནོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སེང་གེའི་རྩལ་གྱིས་བསྒྱིངས་པ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རིན་པོ་ཆེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་མི་མཇེད་དེར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ལ་ལྟ་བ་དང་། ཕྱག་བགྱི་བ་དང་། བསྙེན་བཀུར་བགྱི་བའི་སླད་དུ་མཆིའོ། ། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་ཐུགས་རྗེ་ཆེན་པོ་བསྐྱེད་དེ་དེ་ཙམ་དུ་སངས་རྒྱས་ཀྱི་ཞིང་ངན་པ་ཡོངས་སུ་བཟུང་བ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་དཀའ་བ་མཛད་ པ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་ལྟ་བུ་ནི་འབྱུང་བར་དཀའོ། །དེ་མཐོང་བ་ཡང་རྙེད་པར་དཀའོ། ། 80-1-314a བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་དེའི་དུས་ལ་བབ་པར་ཤེས་ན་སོང་ལ་རིགས་ཀྱི་བུ་ཁྱོད་སངས་རྒྱས་ཀྱི་ཞིང་དེར་རབ་ཏུ་བསྒྲིམ་པར་གྱིས་ཤིག །སྨྲས་པར་གྱུར་ཏ་རེ། དེ་ཅིའི་ཕྱིར་ཞེ་ན། གང་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བའི་བྱང་ཆུབ་སེམས་དཔའ་དེ་དག་ནི་བསྙེན་པར་དཀའོ། །དེ་ན་སེམས་ཅན་གཞན་དེ་དག་ཀྱང་གཏུམ་ཞིང་ཁྲོ་བ་དག་གོ། དེ་སྐད་ཅེས་བཀའ་སྩལ་པ་དང་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རིན་པོ་ཆེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སེང་གེའི་རྩལ་གྱིས་བསྒྱིངས་པ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་རྗེས་སུ་ ཆགས་པ་དང་། ཁོང་ཁྲོ་བར་འགྱུར་པ་དེ་ནི་སངས་རྒྱས་ཀྱི་ཞིང་དེར་སྨྲས་པར་འགྱུར་གྱི། བཅོམ་ལྡན་འདས་བདག་ལ་ནི་རྗེས་སུ་ཆགས་པ་ཡང་མ་མཆིས། ཁོང་ཁྲོ་བ་ཡང་མ་མཆིས་ན་བདག་ཅིའི་སླད་དུ་སྨྲས་ པར་འགྱུར། བཅོམ་ལྡན་འདས་བདག་ལ་སེམས་ཅན་ཐམས་ཅད་ཀྱིས་ཕྱི་མའི་མཐའི་བསྐལ་བར་གཤེ་ཞིང་སྤྱོས་ཏེ། བསྡིགས་ཤིང་བཙོགས་ནས་བོང་བ་དང་། མཚོན་གྱིས་བཏབ་ཀྱང་བཟོད་པར་སྤྲོ་ སྟེ། སེམས་ཅན་གང་ལ་ཡང་གནོད་པར་བགྱི་བའི་སེམས་མི་སྐྱེད་དོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སེང་གེའི་རྩལ་གྱིས་བསྒྱིངས་པ་དེས་རང་གི་བྱང་ཆུབ་སེམས་དཔའི་འཁོར་ལ་བཀའ་ སྩལ་པ། རིགས་ཀྱི་བུ་དག་ཁྱེད་ལས་གང་བྱང་ཆུབ་སེམས་དཔའ་ལག་ན་རིན་པོ་ཆེ་ལྟར་བཟོད་པ་འདི་ལྟ་བུ་ཡང་དག་པར་འཛིན་པ་སྤྲོ་བ་དེ་རིགས་ཀྱི་བུ་འདི་དང་ལྷན་ཅིག་ཏུ་འཇིག་རྟེན་གྱི་ཁམས་མི་མཇེད་དེར་ དེང་ཤིག །བཅོམ་ལྡན་འདས་དེས་ཚིག་དེ་སྐད་གསུངས་མ་ཐག་ཏུ་དེ་ནས་བྱང་ཆུབ་སེམས་དཔའི་འཁོར་དེའི་ནང་ནས་བྱང་ཆུབ་སེམས་དཔའ་དགུ་ཁྲི་ཉི་སྟོང་གིས་དབྱངས་གཅིག་ཏུ་བཅོམ་ལྡན་འདས་བདག་ཅག་ 80-1-314b ཀྱང་བྱང་ཆུབ་སེམས་དཔའ་ལག་ན་རིན་པོ་ཆེ་བལྟར་བཟོད་པ་འདི་ལྟ་བུ་ཡང་དག་པར་འཛིན་པར་སྤྲོ་སྟེ། འཇིག་རྟེན་གྱི་ཁམས་མི་མཇེད་དེར་མཆིའོ་ཞེས་གསོལ་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ལག་ན་རིན་པོ་ཆེ་བྱང་ཆུབ་སེམས་དཔའ་དགུ་ཁྲི་ཉིས་སྟོང་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་སྟེ། ལྷན་ཅིག་སེམས་བསྐྱེད་པ་གཅིག་གིས་སངས་རྒྱས་ཀྱི་ཞིང་དེ་ནས་མི་སྣང་བར་གྱུར་ནས་ སངས་རྒྱས་ཀྱི་ཞིང་འདིར་གནས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རིན་པོ་ཆེ་འདི་སྙམ་དུ་སེམས་ཏེ། བདག་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཇི་ལྟ་བུས་བཅོམ་ལྡན་འདས་ཤཱཀྱ་ཐུབ་ པ་དེའི་ཐད་དུ་འགྲོ་ཞིང་སེམས་ཅན་ཚད་མེད་པ་ལ་ཇི་ལྟར་བདེ་བར་བྱ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རིན་པོ་ཆེས་དེའི་ཚེ་ཇི་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ ཁམས་འདི་ལག་པ་གཡས་པས་བཀབ་ནས་ལག་པ་དེ་ལས་བཟའ་བ་འདོད་པ་རྣམས་ལ་བཟའ་བ་བྱུང་བ་དང་། བཏུང་བ་འདོད་པ་རྣམས་ལ་བཏུང་བ་དང་། དེ་བཞིན་དུ་བཞོན་པ་དང་། གོས་དང་། གསེར་དང་། དངུལ་དང་། བཻ་དཱུརྱ་དང་། མུ་ཏིག་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། སུ་དག་ཅི་འདོད་པར་གྱུར་པ་ཐམས་ཅད་དེ་ལས་བྱུང་བར་གྱུར་པ་དང་། སེམས་ཅན་གང་ཆོས་དོན་དུ་གཉེར་ཞིང་ཆོས་འདོད་པ་དེ་དག་ གིས་ཀྱང་ལགས་པ་དེ་ལས་ཆོས་ཐོས་པར་གྱུར་པ་དང་། དེ་ནས་སེམས་ཅན་དཔག་ཏུ་མེད་པ་དག་གིས་ཀྱང་ཆོས་མངོན་པར་རྟོགས་པར་གྱུར་པ་དང་། སེམས་ཅན་གང་ནད་རྣམ་པ་སྣ་ཚོགས་ཀྱིས་ བཏབ་ཅིང་སྡུག་བསྔལ་བར་གྱུར་པ་དེ་དག་ཐམས་ཅད་ཀྱང་མཆོག་ཏུ་བདེ་བ་དང་ལྡན་པར་གྱུར་པ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ 80-1-315a ཆེན་པོ་ལག་ན་རིན་པོ་ཆེས་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་དེ་ལྟ་བུ་འདི་བསྟན་ནས་བྱང་ཆུབ་སེམས་དཔའ་དེ་དག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ག་ ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་སྨོན་ལམ་ཇི་ལྟ་བ་བཞིན་དུ་བྱུང་བའི་པད་མ་དེ་དག་ལ་འཁོར་དང་ བཅས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་ནུབ་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གང་གཱའི་ཀླུང་དགུ་བཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་འདས་པ་ན་འཇིག་ རྟེན་གྱི་ཁམས་ནོར་བུའི་སྙིང་པོ་ཞེས་བྱ་བ་དེ་ན་དེ་བཞིན་གཤེགས་པ་ནོར་བུ་བརྩེགས་རྒྱལ་པོ་ཞེས་བྱ་བ་ད་ལྟར་ཡང་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །དེ་བཞིན་གཤེགས་པ་དེའི་སངས་ རྒྱས་ཀྱི་ཞིང་དེ་ནི་བཻ་དཱུརྱ་བཟང་པོ་འབའ་ཤིག་ལས་མངོན་པར་གྲུབ་པའོ། །སངས་རྒྱས་ཀྱི་ཞིང་དེ་ན་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་རྣམ་པར་གཞག་པ་མེད་དེ། སངས་རྒྱས་ཀྱི་ཞིང་དེ་བྱང་ཆུབ་སེམས་ དཔའ་འབའ་ཤིག་གིས་ཡོངས་སུ་གང་ངོ་། །ཡང་སངས་རྒྱས་ཀྱི་ཞིང་དེ་ན་བྱང་ཆུབ་སེམས་དཔའ་གང་རྣམས་འགྲོ་ཡང་རུང་། འོང་ཡང་རུང་། འགྲེང་ཡང་རུང་། འདུག་ཀྱང་རུང་། ལྡང་ཡང་རུང་། འཆག་ཀྱང་ རུང་སྟེ། དེ་དག་གིས་བཻ་དཱུརྱའི་ས་ཆེན་པོ་དེ་ལས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནོར་བུ་བརྩེགས་རྒྱལ་པོ་དེ་མཐོང་ངོ་། །འདི་ལྟ་སྟེ། དཔེར་ན་ཤིན་ཏུ་ཕྱིས་པའི་མེ་ལོང་གི་དཀྱིལ་འཁོར་ལ་བཞིན་གྱི་ དཀྱིལ་འཁོར་སྣང་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་དག་གིས་བཻ་དཱུརྱའི་ས་ཆེན་པོ་དེ་ལས་དེ་བཞིན་གཤེགས་པ་དེ་མཐོང་ངོ་། །མཐོང་ནས་ཆོས་ཀུན་འདྲི་སྟེ། དེ་བཞིན་གཤེགས་པ་དེ་ཡང་དེ་དག་ལ་ལུང་སྟོན་ཏོ། ། 80-1-315b དེ་དག་ཀྱང་ཆོས་ཐོས་ནས་བཟོད་པ་ཐོབ་བོ། །འདི་ལྟ་སྟེ། བཅོམ་ལྡན་འདས་དེའི་སྔོན་གྱི་སྨོན་ལམ་གྱིས་བཅོམ་ལྡན་འདས་དེའི་སྨིན་མཚམས་ཀྱི་སྤུའི་དབུས་སུ་ཡང་ནོར་བུ་རིན་པོ་ཆེ་ཆེན་པོ་མངོན་པར་གྲུབ་སྟེ། ནོར་བུ་ རིན་པོ་ཆེ་དེའི་འོད་ཀྱི་སངས་རྒྱས་ཀྱི་ཞིང་དེ་ཐམས་ཅད་སྣང་བར་བྱས་ནས། སངས་རྒྱས་ཀྱི་ཞིང་དེ་ན་མེ་ཏོག་ཁ་ཟུམ་པ་དང་། མེ་ཏོག་ཁ་བྱེ་བ་ལས་ཉིན་མཚན་བགྲང་བ་མ་གཏོགས་པར་ཉི་མ་དང་ཟླ་བར་མངོན་པ་ཡང་ མེད། ཉིན་མཚན་དུ་མངོན་པ་ཡང་མེད་དོ། །ཡང་དེ་བཞིན་གཤེགས་པ་ནོར་བུ་བརྩེགས་རྒྱལ་པོ་དེའི་སངས་རྒྱས་ཀྱི་ཞིང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨོན་ལམ་ཁྱད་པར་བློ་གྲོས་ཞེས་བྱ་བ་ ཞིག་གནས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨོན་ལམ་ཁྱད་པར་བློ་གྲོས་ཀྱིས་སྣང་བ་ཆེན་པོ་དེ་ཡང་མཐོང་། གསུང་བསལ་བའི་སྒྲ་དེ་ཡང་ཐོས་ཏེ། མཐོང་ཞིང་ཐོས་ནས་བཅོམ་ལྡན་ འདས་དེ་བཞིན་གཤེགས་པ་ནོར་བུ་བརྩེགས་རྒྱལ་པོ་དེ་ག་བ་ལ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨོན་ལམ་ཁྱད་པར་བློ་གྲོས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནོར་བུ་བརྩེགས་རྒྱལ་པོ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྣང་བ་ཆེན་ པོ་འདི་འཇིག་རྟེན་དུ་བྱུང་ཞིང་གསུང་བསལ་བའི་སྒྲ་ཆེན་པོ་ཡང་གདའ་བ་འདིའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་ འདི་ནས་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གང་གཱའི་ཀླུང་དགུ་བཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ 80-1-316a དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་ད་ལྟར་ཡང་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །དེ་བཞིན་གཤེགས་པ་དེས་གང་འདི་ཕྱོགས་བཅུའི་འཇིག་ རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་ཚད་མེད་གྲངས་མེད་པ་དག་ནས། བྱང་ཆུབ་སེམས་དཔའ་བསྡུ་བ་དང་། འདི་ལྟ་སྟེ་ཆོས་བསྒྲག་པའི་ཕྱིར་སྤུའི་ཁུང་བུ་ཐམས་ཅད་ནས་འོད་འདི་དག་རབ་ཏུ་བཀྱེ་ཞིང་གསུང་ བསལ་བའི་སྒྲ་ཕྱུང་ངོ་། །དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སྨོན་ལམ་ཁྱད་པར་བློ་གྲོས་ཀྱིས་བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་འཇིག་ རྟེན་གྱི་ཁམས་མི་མཇེད་དེར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ལ་བལྟ་བ་དང་། ཕྱག་བགྱི་བ་དང་། བསྙེན་བཀུར་བགྱི་བ་དང་། བྱང་ཆུབ་སེམས་དཔའ་འདུས་པ་དེ་ཡང་བལྟ་བ་དང་། ཆོས་བསྟན་པ་དེ་ཡང་ཉན་དུ་མཆིའོ། །བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་དེའི་དུས་ལ་བབ་པར་ཤེས་ན་སོང་ཤིག །དེ་ནས་ བྱང་ཆུབ་སེམས་དཔའ་སྨོན་ལམ་ཁྱད་པར་བློ་གྲོས་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཞི་བཅུ་རྩ་གཉིས་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། ལྷན་ཅིག་ཏུ་སེམས་བསྐྱེད་པ་གཅིག་ གིས་སངས་རྒྱས་ཀྱི་ཞིང་དེ་ནས་མི་སྣང་བར་གྱུར་ནས་འཇིག་རྟེན་གྱི་ཁམས་མི་མཇེད་དེར་གནས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སྨོན་ལམ་ཁྱད་པར་བློ་གྲོས་འདི་སྙམ་དུ་སེམས་ཏེ། བདག་གིས་ རྫུ་འཕྲུལ་གྱི་ཆོ་འཕྲུལ་ཇི་ལྟ་བུས་བཅོམ་ལྡན་འདས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེའི་ཐད་དུ་འགྲོ་བར་བྱ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་ 80-1-316b དཔའ་སྨོན་ལམ་ཁྱད་པར་བློ་གྲོས་ཀྱིས་དེའི་ཚེ་ཇི་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་གང་དག་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ དུ་སྐྱེས་པར་གྱུར་བའི་སེམས་ཅན་དེ་དག་ཐམས་ཅད་མཆོག་ཏུ་བདེ་བ་དང་ལྡན་པར་གྱུར་པ་དང་། སེམས་ཅན་དམྱལ་བའི་སེམས་ཅན་རྣམས་ཀྱི་སེམས་ཅན་དམྱལ་བའི་མེ་ཡང་རབ་ཏུ་ཞི་བར་གྱུར་པ་དང་། སེམས་ ཅན་གང་དག་བཀྲེས་པ་དང་། སྐོམ་པས་ཉེན་པ་ཡི་དགས་དང་། དུད་འགྲོའི་སྐྱེ་གནས་སུ་སོང་བའི་སེམས་ཅན་དེ་དག་དང་། གཤིན་རྗེའི་འཇིག་རྟེན་པ་དེ་དག་ཐམས་ཅད་བཀྲེས་པ་དང་། སྐོམ་པ་དང་བྲལ་ཞིང་ བདེ་བ་མཆོག་དང་ལྡན་པར་གྱུར་པ་འདི་ལྟ་སྟེ། དཔེར་ན་དགེ་སློང་བསམ་གཏན་ལ་སྙོམས་པར་ཞུགས་པའི་བདེ་བ་བཞིན་ཏེ། སྐད་ཅིག་དེ་ཉིད་ལ་སེམས་ཅན་དེ་དག་བདེ་བ་རྣམ་པ་འདི་ལྟ་བུ་སྐྱེས་ནས་སྐད་ ཅིག་དེ་ཉིད་ལ་སེམས་ཅན་གང་ཡང་འདོད་ཆགས་སམ། ཞེ་སྡང་ངམ། གཏི་མུག་གམ། ཁྲོ་བ་འམ། ང་རྒྱལ་ལམ། འཆབ་པ་འམ། འཚིག་པ་འམ། ཕྲག་དོག་གམ། ། སེར་སྣ་འམ། གཡོ་བ་འམ། ཐ་བ་འམ། གནོད་སེམས་ཀྱིས་གཟེར་བ་མེད་པ་དང་། འགྲོ་བ་ཐམས་ཅད་དུ་སྐྱེས་པའི་སེམས་ཅན་ཐམས་ཅད་ཀྱང་སྐད་ཅིག་དེ་ཉིད་ལ་བྱམས་པའི་སེམས་ དང་། ཕན་པའི་སེམས་དང་ལྡན་ཞིང་ཕན་ཚུན་ཕ་མར་འདུ་ཤེས་པར་གྱུར་པ་དེ་ལྟ་བུའི། རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་བྱས་ཏེ། དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་སྨོན་ལམ་ཁྱད་པར་བློ་གྲོས་ཀྱིས་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་འདི་ལྟ་བུ་འདི་བསྟན་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་ལྷན་ཅིག་ཏུ། 80-1-317a བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་སྨོན་ལམ་ཇི་ལྟ་བ་བཞིན་དུ་བྱུང་བའི་པད་མ་དེ་དག་ལ་འཁོར་དང་བཅས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ།། །། བམ་པོ་གཉིས་པ། ཡང་དེའི་ཚེ་བྱང་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་དྲུག་བཅུ་རྩ་གསུམ་གྱི་བྱེ་མ་སྙེད་འདས་པ་ན་ འཇིག་རྟེན་གྱི་ཁམས་རྟག་ཏུ་བརྒྱན་པ་ཞེས་བྱ་བའི་སངས་རྒྱས་ཀྱི་ཞིང་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སཱ་ལའི་དབང་པོའི་རྒྱལ་པོ་འབྱུང་བ་ཞེས་བྱ་བ་ད་ ལྟར་ཡང་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །སངས་རྒྱས་ཀྱི་ཞིང་དེ་ན་ཁྱིམ་པ་གོས་དཀར་པོ་གྱོན་པ་མེད་དེ། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་གོས་ངུར་སྨིག་ འཆང་བ་ཤ་སྟག་གོ། །སངས་རྒྱས་ཀྱི་ཞིང་དེ་ན་བུད་མེད་ཀྱི་མིང་ཡང་མེད་ཅིང་མངལ་གྱི་གནས་ཀྱང་མི་ཤེས་སོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་གོས་ངུར་སྨིག་གྱོན་ཅིང་སྐྱིལ་མོ་དཀྲུང་ བཅས་པར་རྫུས་ཏེ་འབྱུང་ངོ་། །བཅོམ་ལྡན་འདས་དེ་ཡང་བྱང་ཆུབ་སེམས་དཔའ་དེ་དག་ལ་སངས་རྒྱས་ཀྱི་རིགས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཡང་དག་པར་རབ་ཏུ་སྟོན་ཏོ། །དེ་ལ་སངས་རྒྱས་ ཀྱི་རིགས་ཀྱི་ཕྱག་རྒྱ་ཞེས་བྱ་བ་གང་ཞེ་ན། གང་འདི་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་དེ། དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བྱང་ཆུབ་སེམས་དཔའི་བསླབ་པ་ཡོངས་སུ་རྫོགས་པ། བྱང་ཆུབ་ 80-1-317b སེམས་དཔའི་སྡེ་སྣོད་ལ་འཇུག་པ། གཟུངས་ཀྱི་རྩ་བའི་གནས། སེམས་མི་གཡེང་བ། གཏོང་བ། རྗེས་སུ་གཏོང་བ། སྟོང་པ་ཉིད་ཀྱི་རྗེས་སུ་འཇུག་པ། མཚན་མ་མེད་པ་ལ་ཡང་ དག་པར་སྒྲུབ་པ། སྨོན་པ་མེད་པ་ཚོལ་པ། རང་བཞིན་གྱིས་འདོད་ཆགས་དང་བྲལ་བ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རབ་ཏུ་རྟོགས་པ། འདུན་པའི་བྱ་བ་རྒྱུན་ཆགས་པ། སངས་རྒྱས་ ཀྱི་ཡེ་ཤེས་འདོད་པ། དེ་ལ་མངོན་པར་དད་པ། ཆོས་ཐམས་ཅད་རབ་ཏུ་རྟོགས་པ། དེ་དག་ལ་ཡོངས་སུ་རྟོགས་པ་མེད་པ། རྟོག་པ་ཡང་དག་པར་ཆད་པ་དེ་ཡང་མི་མཐོང་བ་འདི་ནི་སངས་རྒྱས་ ཀྱི་རིགས་ཀྱི་ཕྱག་རྒྱ་ཞེས་བྱའོ། །ཡང་སངས་རྒྱས་ཀྱི་ཞིང་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཚན་གྱིས་བརྒྱན་པ་སྐར་མ་བརྩེགས་པའི་རྒྱལ་པོ་ཞེས་བྱ་བ་ཞིག་གནས་ཏེ། རིགས་ ཀྱི་བུ་དེའི་སྨོན་ལམ་གྱི་ཁྱད་པར་ནི་འདི་ལྟ་བུ་སྟེ། སེམས་ཅན་ཇི་སྙེད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་མཐོང་བ་དེ་དག་ཐམས་ཅད་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་ ལེགས་པར་བརྒྱན་པར་འགྱུར་བའོ། །བྱང་ཆུབ་སེམས་དཔའ་མཚན་གྱིས་བརྒྱན་པ་སྐར་མ་བརྩེགས་པའི་རྒྱལ་པོས་སྣང་བ་ཆེན་པོ་དེ་ཡང་མཐོང་། གསུང་བསལ་བའི་སྒྲ་དེ་ཡང་ཐོས་ཏེ། མཐོང་ཞིང་ ཐོས་ནས་བཅོམ་ལྡན་འདས་སཱ་ལའི་དབང་པོའི་རྒྱལ་པོ་འབྱུང་བ་དེ་བཞིན་གཤེགས་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། དེ་བཞིན་གཤེགས་པ་ དེ་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཚན་གྱིས་བརྒྱན་པ་སྐར་མ་བརྩེགས་པའི་རྒྱལ་པོས་ 80-1-318a བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སཱ་ལའི་དབང་པོའི་རྒྱལ་པོ་འབྱུང་བ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྣང་བ་ཆེན་པོ་འདི་དང་། གསུང་བསལ་བའི་སྒྲ་ཆེན་པོ་འདི་ འཇིག་རྟེན་དུ་བྱུང་བའི་རྒྱུ་གང་ལགས། རྐྱེན་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སཱ་ལའི་དབང་པོའི་རྒྱལ་པོ་འབྱུང་བ་དེས་རིགས་ཀྱི་བུ་དེ་ལ་འདི་སྐད་ཅེས་ བཀའ་སྩལ་ཏོ། །རིགས་ཀྱི་བུ་ལྷོ་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་དྲུག་ཁྲི་སུམ་སྟོང་གི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་ད་ལྟར་ཡང་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེས་གང་འདི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་དག་ནས་བྱང་ཆུབ་སེམས་དཔའ་བསྡུ་བ་དང་། འདི་ལྟ་སྟེ། ཆོས་བསྒྲག་ པའི་ཕྱིར་སྤུའི་ཁུང་བུ་ཐམས་ཅད་ནས་འོད་ཟེར་འདི་དག་རབ་ཏུ་བཀྱེ་ཞིང་གསུང་གསལ་བའི་སྒྲ་ཕྱུང་ངོ་། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་འཇིག་རྟེན་གྱི་ཁམས་དེ་མི་མཇེད་ཅེས་བགྱི། བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལྟར་འཇིག་རྟེན་གྱི་ཁམས་དེ་ན་སེམས་ཅན་འདོད་ཆགས་ལ་མི་མཇེད། ཞེ་སྡང་ལ་མི་མཇེད། གཏི་མུག་ལ་མི་མཇེད། སྡུག་བསྔལ་ལ་མི་ མཇེད་དེ། དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་མི་མཇེད་ཅེས་བྱའོ། །གསོལ་པ། བཅོམ་ལྡན་འདས་སེམས་ཅན་དེ་དག་ལས་ལ་ལ་སྤྱོས་པ་དང་། མི་སྙན་པར་བརྗོད་པ་དང་། བསྡིགས་པ་དང་། བརྡེགས་ 80-1-318b པ་བཟོད་ཅིང་དང་དུ་ལེན་པར་བགྱིད་པ་མཆིས་སམ། འདོད་ཆགས་ཀྱི་སེམས་སྐྱེས་པ་སེལ་ཏམ། དེ་བཞིན་དུ་ཞེ་སྡང་གི་སེམས་དང་། གཏི་མུག་གི་སེམས་སེལ་པ་མཆིས་སམ། བཀའ་སྩལ་པ། རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་དེ་ན་སེམས་ཅན་དེ་དག་ལས་གང་ཡོན་ཏན་འདི་དག་དང་ལྡན་པ་ནི་ཉུང་ངོ་། རིགས་ཀྱི་བུ་སེམས་ཅན་དེ་དག་ལས་ཕལ་ཆེར་ནི་གནོད་སེམས་དང་། ཐ་བ་དང་། ཞེ་སྡང་ མང་སྟེ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་ཀུན་དུ་དཀྲིས་སོ། །གསོལ་པ། བཅོམ་ལྡན་འདས་མི་མཇེད་ཅེས་བགྱི་བའི་མི་འདི་ཐོག་དུ་མ་བབ་བོ། །གལ་ཏེ་སེམས་ཅན་དེ་དག་ བཟོད་པར་གྱུར་ན་ནི་དེ་ཡང་རུང་ན། བཅོམ་ལྡན་འདས་འདི་ལྟར་མི་བཟོད་པས་ན་དེའི་སླད་དུ་བཅོམ་ལྡན་འདས་མི་མཇེད་བགྱི་བའི་མི་འདི་ཐོག་ཏུ་མ་བབ་པོ། །བཀའ་སྩལ་པ། རིགས་ཀྱི་ བུ་སངས་རྒྱས་ཀྱི་ཞིང་དེ་ན་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེག་པ་པ། སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། དགེ་བའི་རྩ་བ་རྣམས་བསྐྱེད་པ། སངས་རྒྱས་བརྒྱ་སྟོང་མང་པོ་ལ་བསྙེན་བཀུར་བྱས་པ། བཟོད་པ་དང་། དུལ་བ་དང་། དེས་པ་དང་། ལྡན་པ་དག་ཡོད་དེ། དེ་དག་ནི་སེམས་ཅན་ཐམས་ཅད་ཀྱིས་སྤྱོས། བསྡིགས། མཚོན་གྱིས་བཏབ་ཀྱང་ཇི་སྙམ་མི་མཇེད་དེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་ཀྱིས་མི་འཕྲོགས་སོ། །རིགས་ཀྱི་བུ་སྐྱེས་བུ་དམ་པ་དེ་དག་གི་མིང་གི་ འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བརྗོད་དོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ཡང་དེ་ན་སེམས་ཅན་ཁ་ཅིག་སྡིག་པའི་ཆོས་དང་ལྡན་པ་ 80-1-319a མུ་ཅོར་སྨྲ་བ། ཁྲོ་བ། གཏུམ་པ། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་སུ་གཞོལ་བ། ངན་འགྲོའི་སྤྱོད་ཡུལ་བ། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མི་གུས་པ། ཕྲག་དོག་ལ་མངོན་པར་དགའ་བའི་སེམས་ཅན་ངན་པ་དེ་དག་གིས་དེ་ཙམ་དུ་སྤྱོས་ཤིང་སྨད་དེ། གནོད་པར་བྱས་ཤིང་སྐུར་ཀྱང་བཅོམ་ལྡན་ འདས་དེ་སྙིང་རྗེ་བས་བཟོད་ཅིང་དང་དུ་ལེན་ཏེ། ས་དང་མཉམ་བའི་སེམས་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་མེད་པས་དེ་སྟི་སྟང་དུ་བྱས་ཀྱང་ཁེངས་པར་མི་བྱེད། སྟེ་སྟང་དུ་མ་བྱས་ཀྱང་ འདུད་པར་མི་བྱེད་དེ། དེ་སྤྱོས་ཤིང་བརྒྱད་ཀྱང་མི་རྟོག །རྣམ་པར་མི་རྟོག །གནོད་པར་མི་འགྱུར། མི་འཕྲོགས། མི་ཆགས། མི་སྐྱོ་སྟེ། དེའི་ཕྱིར་འཇིག་རྟེན་གྱི་ཁམས་ དེ་མི་མཇེད་ཅེས་བྱའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སཱ་ལའི་དབང་པོའི་རྒྱལ་པོ་འབྱུང་བ་དེ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཚན་གྱིས་བརྒྱན་པ་ སྐར་མ་བརྩེགས་པའི་རྒྱལ་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་བདག་འཇིག་རྟེན་གྱི་ཁམས་དེར་དེ་ཙམ་དུ་དམད་པའི་སེམས་ཅན་རྣམས་ཀྱི་ནང་དུ་མ་སྐྱེས་པ་ནི་ བདག་གིས་རྙེད་པ་ལེགས་པར་རྙེད་དོ། །བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་དེ་སྐད་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན་རིགས་ཀྱི་བུ་བྱང་དང་ཤར་གྱི་མཚམས་ ན་འཇིག་རྟེན་གྱི་ཁམས་སྟོང་གིས་བརྒྱན་པ་ཞེས་བྱ་བ་ཡོད་དེ། སངས་རྒྱས་ཀྱི་ཞིང་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་ཕྱུག་ཆེན་པོའི་རྒྱལ་པོ་ཞེས་བྱ་ 80-1-319b བ་ད་ལྟར་ཡང་བཞུགས་ཏེ་འཚོ་ཞིང་གཞེས་སོ། །རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་རྣམས་རབ་ཏུ་བདེ་བ་དང་ལྡན་ནོ། །འདི་ལྟ་སྟེ་དཔེར་ན་འགོག་པ་ལ་སྙོམས་པར་ཞུགས་པའི་དགེ་སློང་གི་ བདེ་བ་བཞིན་ཏེ། སེམས་ཅན་རྣམས་ཀྱང་བདེ་བ་དེ་ལྟ་བུ་དང་ལྡན་ནོ། །ཡང་རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་སྟོང་གིས་བརྒྱན་པ་དེར་ལོ་བྱེ་བ་བརྒྱ་སྟོང་དུ་ཚངས་པར་སྤྱོད་པ་སྤྱད་པ་བས་ནི་གང་འཇིག་ རྟེན་གྱི་ཁམས་མི་མཇེད་དུ་ཐ་ན་སེ་གོལ་གཏོགས་པ་སྲིད་ཙམ་དུ་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་བསྐྱེད་ན་དེ་བས་འདི་བསོད་ནམས་ཆེས་མང་དུ་སྐྱེད་ན། གང་ཉིན་མཚན་དུ་ ཡོངས་སུ་དག་པར་གནས་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སཱ་ལའི་དབང་པོའི་རྒྱལ་པོ་འབྱུང་བ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་མཚན་གྱིས་བརྒྱན་པ་སྐར་མ་བརྩེགས་པའི་རྒྱལ་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་འཇིག་རྟེན་གྱི་ཁམས་མི་མཇེད་དེར་བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ལ་བལྟ་བ་དང་། ཕྱག་བགྱི་བ་དང་། བསྙེན་བཀུར་བགྱི་བ་དང་བྱང་ཆུབ་སེམས་དཔའ་འདུས་པ་དེ་ཡང་ བལྟ་བ་དང་ཆོས་བསྟན་པ་དེ་ཡང་ཉན་དུ་མཆིའོ། །བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་དེའི་དུས་ལ་དབབ་པར་ཤེས་ན་སོང་ཤིག །དེ་ནས་བྱང་ ཆུབ་སེམས་དཔའ་མཚན་གྱིས་བརྒྱན་པ་སྐར་བ་བརྩེགས་པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བཅུས་ཡོངས་སུ་བསྐོར་ཅིང་ལྷན་ཅིག་ཏུ་སེམས་བསྐྱེད་པ་གཅིག་གིས་སངས་རྒྱས་ཀྱི་ཞིང་དེ་ནས་ 80-1-320a མི་སྣང་བར་གྱུར་ནས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་གནས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་མཚན་གྱིས་བརྒྱན་པ་སྐར་མ་བརྩེགས་པའི་རྒྱལ་པོ་འདི་སྙམ་དུ་སེམས་ཏེ། བདག་གིས་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཇི་ལྟ་བུས་བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེའི་ཐད་དུ་འགྲོ་སྙམ་ནས། དེ་དེའི་ཚེ་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་བྱས་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེའི་གདུགས་གཅིག་གིས་ཁེབས་པར་གྱུར་བ་དང་། རིན་ པོ་ཆེའི་གདུགས་དེ་ལས་ཀྱང་མེ་ཏོག་རྣམ་པ་སྣ་ཚོགས་ཀྱི་ཆར་རབ་ཏུ་འབབ་སིལ་སྙན་བརྒྱ་སྟོང་ཡང་འཁྲོལ། །མུ་ཏིག་གི་རྒྱན་ཕྲེང་བརྒྱ་སྟོང་ཡང་མངོན་པར་འཕྱང་། གདུགས་དང་། རྒྱལ་མཚན་དང་། བ་དན་བརྒྱ་སྟོང་ཡང་མངོན་པར་འཕྱང་པ་དང་། བཅོམ་ལྡན་ འདས་ཤཱཀྱ་ཐུབ་པའི་འཁོར་གྱི་དཀྱིལ་འཁོར་དུ་འདུས་པ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་ མ་ཡིན་པ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་རང་རང་གི་ལུས་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་བརྒྱན་པར་ཤེས་པ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཚན་གྱིས་ བརྒྱན་པ་སྐར་མ་བརྩེགས་པའི་རྒྱལ་པོས་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་དེ་ལྟ་བུ་འདི་བསྟན་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་ལྷན་ཅིག་ཏུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་སྨོན་ལམ་ཇི་ལྟ་བ་བཞིན་དུ་བྱུང་བའི་པད་མ་དག་ལ་འཁོར་དང་བཅས་ཏེ་ཕྱོགས་གཅིག་ཏུ་ འཁོད་དོ། །དེ་བཞིན་དུ་སྦྱར་ཏེ། ཕྱོགས་བཅུ་ཀུན་གྱི་བར་གྱི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་གྲངས་མེད་པ་དག་ཏུ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་གྲངས་མེད་པ་རྣམས་ཀྱིས་སྣང་བ་ཆེན་པོ་དེ་ཡང་ 80-1-320b མཐོང་། །གསུང་བསལ་བའི་སྒྲ་དེ་ཡང་ཐོས་ནས་རང་རང་གི་དེ་བཞིན་གཤེགས་པ་ལ་ཡོངས་སུ་ཞུས་ཏེ་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ལྷགས་ནས་དེ་དག་ཐམས་ཅད་ཀྱིས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་ཤཱཀྱ་ཐུབ་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །གང་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་ལྷ་དང་། ཀླུ་དང་། གནོད་ སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། རྒྱལ་པོ་ཆེན་པོ་འཇིག་རྟེན་སྐྱོང་བ་དང་། དེ་མ་ཡིན་པའི་ལྷའི་བུ་གཟི་བརྗིད་ཆེ་བ། གཟི་བརྗིད་ཆེ་བ་དེ་དག་ཐམས་ཅད་ཀྱིས་ འོད་ཟེར་གྱི་སྣང་བ་ཆེན་པོ་དེ་ཡང་མཐོང་གསུང་བསལ་བའི་སྒྲ་དེ་ཡང་ཐོས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་མཛད་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་གྲངས་ མེད་པ་ཇི་སྙེད་པ་དེ་དག་ནས་བྱང་ཆུབ་སེམས་དཔའ་ཚད་མེད་གྲངས་མེད་པ་འདུས་པ་དེ་དག་ཐམས་ཅད་ཀྱིས་ཀྱང་འཇིག་རྟེན་གྱི་ཁམས་མི་མཇེད་འདི་རང་རང་གི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དེ་དང་ཅི་འདྲ་བ་དེ་འདྲ་བར་ལྷག་ཆད་མེད་ཅིང་ ཁྱད་མ་ཞུགས་པར་མཐོང་བ་དང་། སངས་རྒྱས་ཀྱི་ཞིང་དེ་དག་གི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུའི་ཁ་དོག་དང་། ཆུ་ཞེང་ཅི་འདྲ་བར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུའི་ཡོངས་སུ་གྲུབ་པ་དེ་འདྲ་བར་བྱང་ཆུབ་སེམས་དཔའ་དེ་དག་གིས་ སོ་སོ་ནས་མཐོང་བ་དང་། སངས་རྒྱས་ཀྱི་ཞིང་དེ་དག་གི་བྱང་ཆུབ་སེམས་དཔའ་ཕུན་སུམ་ཚོགས་པ་ཅི་འདྲ་བ་དང་། ཉན་ཐོས་ཆེན་པོ་ཕུན་སུམ་ཚོགས་པ་ཅི་འདྲ་བ་དང་། ལོངས་སྤྱོད་དང་། ཀུན་སྤྱོད་པ་ཅི་འདྲ་བ་དེ་འདྲ་བར་འདིར་ཡང་བྱང་ 80-1-321a ཆུབ་སེམས་དཔའ་དག་གིས་སོ་སོ་ནས་ཤེས་པ་དང་། བདག་ཉིད་ཀྱང་རང་རང་གི་སངས་རྒྱས་ཀྱི་ཞིང་ན་འདུག་པ་སྙམ་དུ་སེམས་པ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་མཛད་དོ། །དེ་ནས་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་བྱང་ཆུབ་སེམས་དཔའི་འཁོར་རྒྱ་ཆེན་པོ་དེ་མཐོང་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་ དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །ཕྱོགས་བཅུ་རྣམས་སུ་གྲགས་པ་མཐའ་ཡས་བློ། །འཇིག་རྟེན་ལྷར་བཅས་འདིར་ནི་ལམ་མེ་སྟེ། །ཐུབ་པའི་ཐུགས་ནི་སེམས་ཅན་ཐམས་ ཅད་ཀྱིས། །ཚད་གཟུང་མི་ནུས་དེ་ཕྱིར་ཁྱོད་བསམ་ཡས། །ཕྱོགས་བཅུ་དག་ནས་རྒྱལ་སྲས་དཔག་མེད་པ། ཆོས་ཚོལ་སླད་དུ་དེ་རིང་འདིར་ལྷགས་ནས། །བཅོམ་ལྡན་འདས་ལ་ཀུན་ཀྱང་གུས་བཅས་གནས། །སྨྲ་བའི་མཆོག་གིས་ ཆོས་རྣམས་རབ་ཏུ་གསུངས། །ཕྱོགས་རྣམས་མ་ལུས་པར་ནི་བརྗོད་གྲགས་པ། །ཚུལ་ཁྲིམས་བརྩོན་འགྲུས་ཏིང་འཛིན་བློ་རྣམས་ཀྱིས། །སེང་གེ་ལྟར་ནི་འཇིགས་མེད་ཁྱོད་མཛེས་པ། །ནམ་མཁའ་དག་ལ་ཉི་མ་བཞིན་དུ་གསལ། ལྷ་དང་ཀླུ་དང་ལྷ་མིན་གསང་བ་པ། །དགེ་བསྙེན་ཕོ་མོ་དགེ་སློང་དགེ་སློང་མ། །ཐམས་ཅད་གུས་བཅས་ཐལ་མོ་སྦྱར་གནས་ཀྱིས། །བཅོམ་ལྡན་ཕན་བཞེད་ཆོས་ནི་བཤད་དུ་གསོལ། ཁྱོད་ནི་འདས་མཁྱེན་དེ་བཞིན་མ་འོངས་དང་། ད་ལྟར་ཡང་ནི་ཤིན་དུ་ངེས་པར་མཁྱེན། །ལུས་ཅན་མོས་པ་ཇི་བཞིན་ཁྱོད་གཟིགས་ལ། །ཐེ་ཚོམ་ཆེན་པོ་སེལ་བའི་ཆོས་བཤད་གསོལ། །ཐུབ་པ་རྒྱལ་སྲས་ཇི་ལྟར་སྤྱད་པས་ན། །ཞིང་རྣམས་དག་པ་རྡུལ་མེད་ཐོབ་པར་འགྱུར། །ཇི་ ལྟར་སྨོན་ལམ་འགྲུབ་པ་འཐོབ་འགྱུར་པ། །དེ་ནི་འདྲེན་པས་བདག་ལ་མྱུར་བཤད་གསོལ། །ཇི་ལྟར་སེར་སྣའི་དྲི་མས་མི་གོས་ཤིང་། །ཇི་ལྟར་ཚུལ་ཁྲིམས་མ་ཉམས་འགྱུར་བ་དང་། །བསྡིགས་པ་དང་ནི་དེ་བཞིན་སྐུར་པ་དང་། །བརྙས་ 80-1-321b པ་དག་ཀྱང་ཐུབ་པ་ཇི་ལྟར་བཟོད། །སྡུག་བསྔལ་དུ་མས་རབ་ཏུ་གཟིར་བ་ཡི། །འཇིག་རྟེན་དག་གི་སྡུག་བསྔལ་བཟློག་སླད་དུ། །བསྐལ་པ་བྱེ་བ་མང་པོར་རྒྱལ་སྲས་རྣམས། །ཇི་ལྟར་བརྩོན་འགྲུས་རྩོམ་ཞིང་སྤྱོད་པར་འགྱུར། །རྟག་ཏུ་སེམས་ནི་རྩེ་གཅིག་ མཉམ་བཞག་ཅིང་། །བསམ་གཏན་གནས་པ་སྤྱོད་ཡུལ་རྣམ་དག་སྟེ། །པད་མ་ཆུ་ཡི་དྲི་མས་མི་གོས་ལྟར། །ཇི་ལྟར་འདོད་པ་དག་གིས་གོས་མི་འགྱུར། །ཐུབ་པ་ཇི་ལྟར་ཟབ་མོའི་ཆོས་སྨྲ་ཞིང་། །མཁས་པ་འཇིག་རྟེན་འདས་པའི་བློ་ལྡན་འགྱུར། ། བརྟན་པ་ཇི་ལྟར་བདུད་སྡེ་བཅས་བཅོམ་ནས། །བྱང་ཆུབ་རྡུལ་བྲལ་བླ་མེད་རེག་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱམས་པ་ཁྱོད་ཀྱིས་ དེ་བཞིན་གཤེགས་པའི་གདན་ཤོམས་ཤིག་དང་། དེ་བཞིན་གཤེགས་པ་གདན་དེ་ལ་བཞུགས་ནས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་སྤྱོད་པ་ལ་ཡང་དག་པར་འཇུག་པའི་ཚུལ་ལ་མཁས་པ་བསྒྲུབ་པ་དང་པོར་བསམ་ཞིང་ནན་ཏན་བྱ་བ་ ཞེས་བྱའི་ཆོས་ཀྱི་རྣམ་གྲངས་བཤད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་དོན་གྱི་དབང་ཅི་ཞིག་གཟིགས་ན་བདག་གདན་འདིང་དུ་བཅུག་སྟེ། གནས་བརྟན་ཀུན་དགའ་བོ་དང་། མཽད་གལ་གྱི་བུ་ཆེན་པོ་ལ་བཀའ་མ་སྩལ། དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་རྣམས་གདན་འདིང་དུ་བཅུག་པ་ལས་ན་གཏམ་འདི་ནི་བྱང་ཆུབ་སེམས་དཔའ་འབའ་ཤིག་གི་ཕྱིར་བརྩམས་ནས་ཉན་ཐོས་དང་རང་སངས་རྒྱས་ གྱི་ཐེག་པ་ཡོངས་སུ་སྤངས་པའི་གཏམ་ཞིག་འབྱུང་བ་སྟེ། ཉན་ཐོས་དང་། རང་སངས་རྒྱས་རྣམས་ནི་ཆོས་བསྟན་པ་འདིའི་སྣོད་མ་ཡིན་པ་ལྟ་ཞིག་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་དེའི་ཚེ་ འདི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་བྱས་པས་དེ་བཞིན་གཤེགས་པའི་སེང་གེའི་ཁྲི་འཕང་དུ་དཔག་ཚད་བཞི་འབུམ་པ་རིན་པོ་ཆེ་དུ་མས་སྤྲས་པ། །ལྷའི་རས་བཅོས་བུ་བརྒྱ་སྟོང་དུ་མ་བཏིང་བ། ཤིང་བལ་ལྟར་འཇམ་ 80-1-322a ཞིང་རེག་ན་བདེ་བ་བཤམས་ནས་ཁྲི་དེའི་འོད་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བར་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཁྲི་སྔ་མ་ལས་བཞེངས་ཏེ་སེང་གེའི་ཁྲི་དེ་ལ་བཞུགས་སོ། །བཅོམ་ ལྡན་འདས་སེང་གེའི་ཁྲི་དེ་ལ་བཞུགས་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་ ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨོན་ལམ་ཡོངས་སུ་རྫོགས་པར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ་བྱང་ཆུབ་ཀྱི་བསམ་པས་ཡང་དག་པར་ཞུགས་པ་དང་། སེམས་ཅན་ལ་སྙིང་རྗེ་བ་དང་། བརྩོན་ འགྲུས་རྩོམ་པ་དང་། དགེ་བའི་བཤེས་གཉེན་ལ་བསྟེན་པ་སྟེ། ཤཱ་རིའི་བུ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨོན་ལམ་ཡོངས་སུ་རྫོགས་པར་འགྱུར་རོ། །ཤཱ་རིའི་བུ་གཞན་ཡང་ཆོས་གཅིག་ དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨོན་ལམ་ལས་མི་ཉམས་ཤིང་སངས་རྒྱས་ཀྱི་ཞིང་ཕུན་སུམ་ཚོགས་པ་ཡང་ཡོངས་སུ་སྤྱོད་པར་འགྱུར་རོ། །ཆོས་གཅིག་པོ་གང་ཞེ་ན། ཤཱ་རིའི་བུ་འདི་ལྟར་བྱང་ཆུབ་སེམས་ དཔས་དེ་བཞིན་གཤེགས་པ་མི་འཁྲུགས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སློབ་ཅིང་འདོད་པ་དང་འདུན་པ་བསྐྱེད་པ་སྟེ། ཇི་ལྟར་དེ་བཞིན་གཤེགས་པ་མི་འཁྲུགས་པ་སྔོན་བྱང་ཆུབ་སེམས་དཔར་གྱུར་བ་ན་ཚིག་འདི་སྐད་ ཅེས། གལ་ཏེ་བདག་སྐྱེ་བ་ཐམས་ཅད་ཏུ་རབ་ཏུ་མ་བྱུང་ན་སངས་རྒྱས་ཐམས་ཅད་བསླུས་པར་གྱུར་ཅིག་ཅེས་སྨྲས་ཏེ། ཤཱ་རིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་མི་འཁྲུགས་པའི་བྱང་ཆུབ་སེམས་དཔའི་ སྤྱོད་པའི་རྗེས་སུ་བསླབ་པར་བྱའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་དེ་ལྟར་སློབ་པ་ནི་སྐྱེ་བ་ཐམས་ཅད་ཏུ་རབ་ཏུ་འབྱུང་སྟེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་། གདོན་མི་ཟ་བར་ཁྱིམ་གྱི་གནས་ནས་ 80-1-322b འབྱུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟ་སྟེ། ཁྱིམ་གྱི་གནས་ནས་མངོན་པར་འབྱུང་བ་འདི་ནི་བྱང་ཆུབ་སེམས་དཔའི་རྙེད་པའི་མཆོག་ཡིན་པའི་ཕྱིར། ཤཱ་རིའི་བུ་རབ་ཏུ་འབྱུང་བ་ལ་མངོན་པར་དགའ་བའི་བྱང་ཆུབ་སེམས་དཔའ་ཡོན་ ཏན་བཅུ་ཡོངས་སུ་འཛིན་ཏོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། འདོད་པ་ལ་ཆགས་པར་མི་འགྱུར་བ་དང་། དགོན་པའི་གནས་ལ་དགའ་བ་རྙེད་པ་དང་། སངས་རྒྱས་ཀྱི་སྤྱོད་ཡུལ་ཡང་འཐོབ་པ་དང་། དེ་ཆུང་མ་དང་། བུ་ཕོ་དང་། བུ་མོ་ལ་སྲེད་པར་མི་འགྱུར་བ་དང་། ངན་ འགྲོར་འགྲོ་བའི་ཆོས་རྣམ་པར་སྤོང་བ་དང་། བདེ་འགྲོར་འགྲོ་བའི་ཆོས་ལ་སྟེན་པ་དང་། སྔོན་གྱི་དགེ་བའི་རྩ་བ་ལས་ཡོངས་སུ་མི་ཉམས་པ་དང་། དགེ་བའི་རྩ་བ་ཕུན་སུམ་ཚོགས་པ་འཐོབ་པ་དང་། དེ་ལ་ལྷ་རྣམས་དགའ་བ་དང་། དེ་ལ་མི་མ་ཡིན་པ་རྣམས་ ཀྱིས་བསྲུང་བར་འགྱུར་བ་སྟེ། ཤཱ་རིའི་བུ་རབ་ཏུ་འབྱུང་བ་ལ་མངོན་པར་དགའ་བའི་བྱང་ཆུབ་སེམས་དཔའ་ཡོན་ཏན་བཅུ་པོ་དེ་དག་ཡོངས་སུ་འཛིན་པར་འགྱུར་རོ། །ཤཱ་རིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་བྱང་ཆུབ་མངོན་པར་ འཚང་རྒྱ་བར་འདོད་པ་དང་། སེམས་ཅན་ཐམས་ཅད་དགྲོལ་བར་འདོད་པས་རྒྱུན་དུ་རབ་ཏུ་འབྱུང་བ་དང་། མངོན་པར་འབྱུང་བ་ལ་ཤིན་དུ་དགའ་བར་བྱའོ། །ཤཱ་རིའི་བུ་ཆོས་གཅིག་པོ་དེ་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྨོན་ལམ་ལས་མི་ཉམས་ ཤིང་སངས་རྒྱས་ཀྱི་ཞིང་ཕུན་སུམ་ཚོགས་པ་ཡང་ཡོངས་སུ་སྤྱོད་པར་འགྱུར་རོ། །ཤཱ་རིའི་བུ་གཞན་ཡང་ཆོས་གཉིས་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྨོན་ལམ་ལས་མི་ཉམས་ཤིང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཇི་ལྟ་བུ་འདོད་ པ་དེ་ལྟ་བུ་ཡོངས་སུ་འཛིན་པར་འགྱུར་ཏེ། གཉིས་གང་ཞེ་ན། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་ཐེག་པ་མི་འདོད། །ཉན་ཐོས་ཀྱི་ཐེག་པའི་གཏམ་ལ་མི་དགའ། ཉན་ཐོས་ཀྱི་ཐེག་པ་པ་དང་མི་སྟེན། ཉན་ཐོས་ཀྱི་བསླབ་པ་ ལ་མི་སློབ། ཉན་ཐོས་ཀྱི་ཐེག་པ་དང་ལྡན་པའི་ཆོས་མི་སྟོན། །གཞན་ཡང་ཉན་ཐོས་ཀྱི་ཐེག་པ་ཡང་དག་པར་འཛིན་དུ་མི་འཇུག་ཅིང་རང་སངས་རྒྱས་ཀྱི་ཐེག་པ་ཡང་དེ་བཞིན་པ་དང་། གང་འདི་སངས་རྒྱས་ཀྱི་ཆོས་ཡོངས་སུ་བསྒྲུབ་པའི་ཕྱིར་ 80-1-323a བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་པའོ། །ཤཱ་རིའི་བུ་དེ་ལ་གཞན་དག་སངས་རྒྱས་ཀྱི་ཐེག་པ་ཡང་དག་པར་འཛིན་དུ་འཇུག་པའི་བྱང་ཆུབ་སེམས་དཔའ་ནི་གནས་བཅུ་ཡོངས་སུ་འཛིན་ ཏོ། །བཅུ་གང་ཞེ་ན། ཉན་ཐོས་དང་། རང་སངས་རྒྱས་མེད་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་པ་དང་། བྱང་ཆུབ་སེམས་དཔའ་འབའ་ཤིག་གི་དགེ་འདུན་རབ་ཏུ་རྙེད་པ་དང་། དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་དགོངས་པ་དང་། སངས་རྒྱས་ བཅོམ་ལྡན་འདས་རྣམས་དེའི་ཚུལ་ཡོངས་སུ་སྒྲོགས་ཤིང་ཆོས་སྟོན་པ་དང་། འདི་ལྟ་སྟེ། དེ་བརྒྱ་བྱིན་ཉིད་དམ། ཚངས་པ་ཉིད་ཀྱི་ཕྱིར་སེམས་དང་སེམས་ལས་བྱུང་བ་རྒྱ་ཆེན་པོ་སྐྱེད་པ་དང་། མིར་གྱུར་ན་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བ་དང་། སངས་རྒྱས་མཐོང་བ་དང་འབྲལ་བར་མི་འགྱུར་བ་དང་། ལྷ་དང་མི་རྣམས་དགའ་བར་འགྱུར་བ་དང་། གཡོག་འཁོར་མི་ཕྱེད་པར་འགྱུར་བ་དང་། གསོད་ནམས་ཀྱི་ཕུང་པོ་ཚད་མེད་གྲངས་མེད་པ་ཡོངས་སུ་འཛིན་པའོ། །ཤཱ་རིའི་བུ་དེ་ཅིའི་ཕྱིར་ཞེ་ ན། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱ་བ་ལ་བཀོད་པ་དང་། རང་སངས་རྒྱས་ཀྱི་འབྲས་བུ་མངོན་སུམ་དུ་བྱ་བ་ལ་བཀོད་པ་བས་ གང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གཅིག་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ལ་བཞག་ན་དེ་ནི་དེ་བས་བསོད་ནམས་ཆེས་མང་དུ་སྐྱེད་དོ། །ཤཱ་རིའི་བུ་དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་སྐྱེས་པས་ནི་ སངས་རྒྱས་ཀྱི་རིགས་མི་འཆད་པར་མི་འགྱུར་ཏེ། སངས་རྒྱས་འབྱུང་བ་མེད་ན་ཉན་ཐོས་དང་། རང་སངས་རྒྱས་འབྱུང་བར་མི་འགྱུར་གྱི། ཤཱ་རིའི་བུ་སངས་རྒྱས་འབྱུང་བ་ཡོད་ན་སངས་རྒྱས་ཀྱི་རིགས་མི་འཆད་ཅིང་ཉན་ཐོས་དང་། རང་སངས་ རྒྱས་སུ་གདགས་པ་ཡང་ཡོད་པར་འགྱུར་རོ། །ཤཱ་རིའི་བུ་གཞན་དག་བྱང་ཆུབ་ཀྱི་སེམས་ལ་རབ་ཏུ་འགོད་པའི་བྱང་ཆུབ་སེམས་དཔའ་ནི་གནས་བཅུ་པོ་དེ་དག་ཡོངས་སུ་འཛིན་ཏོ། །ཤཱ་རིའི་བུ་ཆོས་གཉིས་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་ 80-1-323b དཔའ་སྨོན་ལམ་ལས་མི་ཉམས་ཤིང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཇི་ལྟ་བུ་འདོད་པ་དེ་ལྟ་བུ་ཡོངས་སུ་འཛིན་ཏོ། །ཤཱ་རིའི་བུ་གཞན་ཡང་ཆོས་གསུམ་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྨོན་ལམ་ལས་མི་ཉམས་ཤིང་སངས་རྒྱས་ཀྱི་ ཞིང་གི་ཡོན་ཏན་བཀོད་པ་ཇི་ལྟ་བུ་འདོད་པ་དེ་ལྟ་བུ་ཡོངས་སུ་འཛིན་ཏེ། གསུམ་གང་ཞེ་ན། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་དགོན་པ་ལ་གནས་པ་ལྷུར་ལེན་པ་དང་། ཟང་ཟིན་མེད་པར་ཆོས་ཀྱི་སྦྱིན་པ་སྦྱིན་པ་དང་། ཚུལ་ཁྲིམས་ཀྱི་ སྡོམ་པ་ལ་གནས་པར་འགྱུར་བའོ། །ཤཱ་རིའི་བུ་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་མི་འཇིགས་པ་བཅུ་འཐོབ་སྟེ། བཅུ་གང་ཞེ་ན། གང་འདི་མི་འཇིགས་པར་གྲོང་དུ་འཇུག་པ་དང་། མི་འཇིགས་པར་འཁོར་ལ་ ཆོས་སྟོན་པ་དང་། མི་འཇིགས་པར་ཁ་ཟས་ཟ་བ་དང་། མི་འཇིགས་པར་གཙུག་ལག་ཁང་དུ་འཇུག་པ་དང་། མི་འཇིགས་པར་དགེ་འདུན་གྱི་ནང་དུ་འཇུག་པ་དང་། མི་འཇིགས་པར་ལུང་འབོག་པ་དང་། མི་འཇིགས་པར་སློབ་དཔོན་དང་མཁན་པོའི་ དྲུང་དུ་འགྲོ་བ་དང་། མི་འཇིགས་པར་བྱམས་པ་དང་ལྡན་པས་འཁོར་ལ་རྗེས་སུ་སྟོན་པ་དང་། མི་འཇིགས་པར་གོས་དང་། ཟས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་ལ་སྤྱོད་པ་དང་། དེས་སྨྲས་པ་གཟུང་བར་འགྱུར་སྟེ། ཤཱ་ རིའི་བུ་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་མི་འཇིགས་པ་བཅུ་པོ་དེ་དག་འཐོབ་བོ། །ཤཱ་རིའི་བུ་ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་ཀྱི་སྦྱིན་པ་སྦྱིན་པའི་བྱང་ཆུབ་སེམས་དཔའ་ནི་ཡོན་ཏན་གྱི་ཆོས་བཅུ་ ཡོངས་སུ་འཛིན་ཏེ། བཅུ་གང་ཞེ་ན། གང་འདི་དེ་སྡིག་པ་མི་འདོད་པ་ཡིན། དེ་ཤེས་ཀྱི་ཁེ་མི་འདོད་པ་ཡིན་དེ་གྲགས་པ་མི་འདོད་པ་ཡིན། དེ་ཁྱིམ་ཡོངས་སུ་མི་འཛིན་པ་ཡིན། །དེ་ཁྱིམ་ལ་སེར་སྣ་མེད་པ་ཡིན། དེ་གོས་དང་། ཟས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་ངན་ངོན་ཙམ་གྱིས་ཆོག་ཤེས་པ་ཡིན། དེས་སྨྲས་པ་གཟུང་བར་འོས་པ་ཡིན། ལྷ་དག་ཀྱང་དེའི་དྲུང་དུ་འགྲོ་བ་ཡིན། དེ་ཚུལ་བཞིན་མ་ཡིན་པ་རྣམ་པར་རྟོག་པ་ཡིད་ལ་བྱེད་པ་མི་སྐྱེད་པ་ཡིན། 80-1-324a དེ་སངས་རྒྱས་ཀྱི་སེམས་ལ་སེམས་བསྐྱེད་པ་ཡིན་ཏེ། ཤཱ་རིའི་བུ་ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་ཀྱི་སྦྱིན་པ་སྦྱིན་པའི་བྱང་ཆུབ་སེམས་དཔའ་ནི་ཡོན་ཏན་གྱི་ཆོས་བཅུ་པོ་དེ་དག་ཡོངས་སུ་འཛིན་ཏོ། །ཤཱ་རིའི་བུ་དགོན་ པ་ལ་གནས་པ་ལྷུར་ལེན་པའི་བྱང་ཆུབ་སེམས་དཔའ་ཡོན་ཏན་གྱི་ཕན་ཡོན་བཅུ་ཡོངས་སུ་འཛིན་ཏོ། །བཅུ་གང་ཞེ་ན། གང་འདི་འདུ་འཛི་རྣམ་པར་སྤོང་བ་དང་། རབ་ཏུ་དབེན་པ་ལ་སྟེན་པ་དང་། དེ་བསམ་གཏན་ལ་སེམས་དམིགས་ པར་འགྱུར་བ་དང་། བྱ་བ་མང་པོར་མི་འགྱུར་བ་དང་། སངས་རྒྱས་རྣམས་འདོད་པ་དང་། དེའི་ལུས་བདེ་བ་དང་། མི་འབྲལ་བ་དང་། དེའི་ཚངས་པར་སྤྱོད་པ་བར་ཆད་དུ་མི་འགྱུར་བ་དང་། ཚེགས་ཆུང་ངུས་ཏིང་ངེ་འཛིན་ཐོབ་པ་དང་། དེས་ཚིག་དང་ཡི་གེར་བསྟན་པ་རྣམས་ཆུད་མི་ཟ་བ་དང་། ཇི་ལྟར་ཐོས་པའི་ཆོས་རྣམས་ཀྱི་དོན་རབ་ཏུ་ཤེས་པ་སྟེ། ཤཱ་རིའི་བུ་དགོན་པ་ལ་གནས་པ་ལྷུར་ལེན་པའི་བྱང་ཆུབ་སེམས་དཔའ་ནི་ཡོན་ཏན་གྱི་ཕན་ཡོན་བཅུ་པོ་དེ་དག་ཡོངས་ སུ་འཛིན་ཏོ། །ཤཱ་རིའི་བུ་ཆོས་གསུམ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྨོན་ལམ་ལས་མི་ཉམས་ཤིང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཇི་ལྟ་བུ་འདོད་པ་དེ་ལྟ་བུ་ཡོངས་སུ་འཛིན་ཏོ། །ཤཱ་རིའི་བུ་གཞན་ ཡང་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྨོན་ལམ་ལས་མི་ཉམས་ཤིང་སངས་རྒྱས་ཀྱི་ཞིང་ཇི་ལྟ་བུ་འདོད་པ་དེ་ལྟ་བུ་ཡོངས་སུ་འཛིན་ཏོ། །བཞི་གང་ཞེ་ན། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་བདེན་པར་སྨྲ་བ་ ཡིན། ཇི་སྐད་སྨྲས་པ་དེ་བཞིན་བྱེད་ཅིང་ང་རྒྱལ་བཅོམ་པ་ཡིན། ང་རྒྱལ་ཚར་བཅད་པའི་ཕྱིར་ཞུགས་ཤིང་ཕྲག་དོག་དང་སེར་སྣ་ཡོངས་སུ་སྤངས་པ་ཡིན། ཕ་རོལ་འབྱོར་བ་ལ་ཡང་ཡིད་དགའ་བ་ཡིན་ནོ། །ཤཱ་རིའི་ བུ་བཞི་པོ་འདི་དག་ནི་བདེན་པར་སྨྲ་བའི་བྱང་ཆུབ་སེམས་དཔའི་ཕན་ཡོན་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། དེའི་ཁ་ནས་ཨུད་པ་ལའི་དྲིའི་ངད་འབྱུང་བ་དང་། ལུས་དང་། ངག་དང་། ཡིད་ཀྱི་ལས་ཀྱི་མཐའ་ཡོངས་ 80-1-324b སུ་དག་པར་འགྱུར་བ་དང་། ལྷར་བཅས་པའི་འཇིག་རྟེན་གྱི་ཚད་མར་གྱུར་ཅིང་། ཚིག་འཁྲུལ་པ་མེད་པ་འགྱུར་བ་དང་། སངས་རྒྱས་ཀྱི་གསུང་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་སྟེ། ཤཱ་རིའི་བུ་བཞི་པོ་དེ་དག་ནི་བྱང་ཆུབ་ སེམས་དཔའ་བདེན་པར་སྨྲ་བའི་ཕན་ཡོན་ནོ། །ཤཱ་རིའི་བུ་བཞི་པོ་འདི་དག་ནི་ང་རྒྱལ་བཅོམ་པའི་བྱང་ཆུབ་སེམས་དཔའི་ཕན་ཡོན་ཏེ། བཞི་གང་ཞེ་ན། གང་འདི་ངན་འགྲོར་སྐྱེ་བ་རྣམ་པར་སྤོང་བ་སྟེ། འདི་ལྟ་སྟེ། རྔ་ མོ་དང་། བ་ལང་དང་། བོང་བུ་དང་། རྟའི་སྐྱེ་གནས་དང་། དེ་བཞིན་དུ་གཞན་སྨད་པར་སྐྱེ་བ་རྣམ་པར་སྤོང་བ་དང་། མི་སྨད་པར་འགྱུར་བ་དང་། གཞན་གྱི་ཕྱིར་རྒོལ་བ་དང་། མི་འཛའ་བ་རྣམས་ཀྱིས་མི་ཚུགས་པར་ འགྱུར་བ་དང་། ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བར་འགྱུར་བ་སྟེ། ཤཱ་རིའི་བུ་བཞི་པོ་དེ་དག་ནི་ང་རྒྱལ་བཅོམ་པའི་བྱང་ཆུབ་སེམས་དཔའི་ཕན་ཡོན་ནོ། །ཤཱ་རིའི་བུ་བཞི་པོ་འདི་དག་ནི་ཕྲག་དོག་དང་། སེར་ སྣ་ཡོངས་སུ་སྤངས་པའི་བྱང་ཆུབ་སེམས་དཔའི་ཕན་ཡོན་ནོ། །བཞི་གང་ཞེ་ན། འདི་ལྟ་སྟེ། དེ་གཏོང་བའི་སེམས་ལ་མི་རྨོངས་པ་དང་། མུ་གེ་བྱུང་བའི་དུས་ན་སྦྱིན་བདག་ཏུ་འགྱུར་བ་དང་། དེ་ཚུལ་ ཁྲིམས་དང་ལྡན་པ་འོངས་ན་ཁྱིམ་གྱི་སྒོ་གཅོད་པར་མི་འགྱུར་བ་དང་། དེའི་གཏོང་བ་དང་། ལེན་པ་ལ་སུ་ཡང་ཕྲག་དོག་མི་བྱེད་པ་སྟེ། ཤཱ་རིའི་བུ་བཞི་པོ་དེ་དག་ནི་ཕྲག་དོག་དང་སེར་སྣ་ ཡོངས་སུ་སྤངས་པའི་བྱང་ཆུབ་སེམས་དཔའི་ཕན་ཡོན་ནོ། །ཤཱ་རིའི་བུ་བཞི་པོ་འདི་དག་ནི་ཕ་རོལ་འབྱོར་པ་ལ་དགའ་བའི་བྱང་ཆུབ་སེམས་དཔའི་ཕན་ཡོན་ཏེ། བཞི་གང་ཞེ་ན། འདི་ལྟ་ སྟེ། བདག་གིས་སེམས་ཅན་འདི་དག་བཟུང་སྟེ། བདག་འདི་དག་གི་ཆེད་དུ་གོ་ཆ་བགོས་ནས་འདི་དག་ལ་བདེ་བ་སྦྱར་བར་བྱ་བ་ཡིན་ན་སེམས་ཅན་འདི་དག་རང་གི་མཐུས་བསྒྲུབས་པའི་ལོངས་སྤྱོད་ཀྱིས་བདེ་བར་ 80-1-325a འཚོ་འོ་ཞེས་དགའ་བ་རྙེད་པ་དང་། དེའི་ལོངས་སྤྱོད་རྒྱལ་པོ་དང་། རྐུན་པོ་དང་། མེ་དང་ཆུ་ལ་སོགས་པ་དང་། བགོ་སྐལ་ལ་སྤྱོད་པ་མི་འཛའ་བ་རྣམས་ཀྱིས་མི་ཕྲོགས་པར་འགྱུར་བ་དང་། གང་གི་ཚེ་ཕུན་སུམ་ཚོགས་པ་ དང་། གཡོག་འཁོར་ཕུན་སུམ་ཚོགས་པ་དང་། ལོངས་སྤྱོད་ཕུན་སུམ་ཚོགས་པ་རྙེད་པ་དེའི་ཚེ་དེ་ལ་རྒྱལ་པོ་ཡང་དགའ་བར་འགྱུར་ན་སེམས་ཅན་གཞན་ལྟ་སྨོས་ཀྱང་ཅི་དགོས། དེ་ལོངས་སྤྱོད་དང་། ཀུན་དུ་སྤྱོད་པ་རྒྱ་ཆེན་ པོ་ལ་སེམས་འཇུག་པ་སྟེ། ཤཱ་རིའི་བུ་བཞི་པོ་དེ་དག་ནི་ཕ་རོལ་འབྱོར་པ་ལ་དགའ་བའི་བྱང་ཆུབ་སེམས་དཔའི་ཕན་ཡོན་ནོ། །ཤཱ་རིའི་བུ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྨོན་ལམ་ལས་མི་ཉམས་ཤིང་ སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཇི་ལྟ་བུ་འདོད་པ་དེ་ལྟ་བུ་ཡོངས་སུ་འཛིན་ཏོ། །ཤཱ་རྀའི་བུ་གཞན་ཡང་ཆོས་ལྔ་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྨོན་ལམ་ལས་མི་ཉམས་ཤིང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་ བཀོད་པ་ཇི་ལྟ་བུ་འདོད་པ་དེ་ལྟ་བུ་ཡོངས་སུ་འཛིན་ཅིང་ཡོངས་སུ་སྦྱོང་སྟེ། ལྔ་གང་ཞེ་ན། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་རྣམས་ལ་ཕུན་སུམ་ཚོགས་པ་ཡོངས་སུ་ རྫོགས་པར་བྱ་བའི་ཕྱིར་ཚོལ་ཀུན་དུ་འཚོལ་ཞིང་དེ་གང་ལ་ཆོས་ཉན་པ་དེ་ལ་བྱང་ཆུབ་སེམས་དཔས་ཇི་ལྟར་ཡོན་ཏན་འདི་དག་ཡོངས་སུ་བསྒྲུབས་པ་དེ་ཀུན་འདྲི་ཞིང་དེས་ཆོས་དེ་ཐོས་ནས་དེ་བཞིན་དུ་ནན་ཏན་བྱེད་པའོ། །ཤཱ་རྀའི་བུ་གཞན་ ཡང་འདི་ལ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བར་སྨོན་ཅིང་དེ་ཚུལ་ཁྲིམས་ཡོངས་སུ་དག་པར་འགྱུར་བ་སྟེ། དེ་ཚུལ་ཁྲིམས་ཡོངས་སུ་དག་པས་གང་དང་གང་དུ་སྨོན་པ་དེ་དང་དེར་སྐྱེས་སྟེ། དེ་དེར་ སྐྱེས་ནས་དེ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལ་སེམས་ཤིང་རྟོག་སྟེ། ཉན་ཐོས་ཀྱི་ཕུན་སུམ་ཚོགས་པ་འམ། བྱང་ཆུབ་སེམས་དཔའི་ཕུན་སུམ་ཚོགས་པ་འམ། ལོངས་སྤྱོད་དང་ཀུན་དུ་སྤྱོད་པ་ཕུན་སུམ་ 80-1-325b ཚོགས་པ་མཚན་མར་འཛིན་ཏེ། དེས་དེ་དག་མཚན་མར་བཟུང་ནས་གུས་པ་དང་བཅས། རྗེ་ས་དང་བཅས་ཤིང་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པའི་ཐད་དུ་སོང་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཇི་ལྟར་སྤྱད་ ན་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་རྒྱ་ཆེན་པོ་ཡོངས་སུ་འཛིན་ཅེས་ཀུན་དུ་ཞུས་ནས་དེ་བཞིན་གཤེགས་པ་དེས་ཀྱང་དེའི་ལྷག་པའི་བསམ་པ་མཁྱེན་ཏེ། གང་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན། བཀོད་པ་རྒྱ་ཆེན་པོ་ཡོངས་སུ་འགྲུབ་པར་འགྱུར་བའི་གནས་དེ་དག་སྟོན་ཅིང་། ཡང་དག་པར་རབ་ཏུ་འཆད་དེ། དེས་དེ་ཐོས་ནས་དེ་བཞིན་དུ་ནན་ཏན་བྱེད་པའོ། །ཤཱ་རིའི་བུ་གཞན་ཡང་འདི་ལ་བྱང་ཆུབ་སེམས་དཔའ་ཡེ་ཤེས་དང་ལྡན་ཞིང་བྱ་ བ་དང་ལྡན་པ་ཡིན་ཏེ། དེ་མི་ཤེས་པ་ཡོངས་སུ་སྤོང་ཞིང་བྱ་བ་མ་ཡིན་པ་ཡོངས་སུ་སྤོང་ངོ་། །དེ་ལ་ཡེ་ཤེས་ནི་གང་། བྱ་བ་ནི་གང་ཞེ་ན། ཡེ་ཤེས་ཞེས་བྱང་བ་ནི་གང་དམིགས་པ་ལ་དམིགས་པ་ནི་ཡེ་ཤེས་ཏེ། ཉན་ཐོས་དང་། རང་སངས་ རྒྱས་ཀྱི་ཡེ་ཤེས་དང་བྲལ་བའོ། །བྱ་བ་ཞེས་བྱ་བ་ནི་ཇི་ལྟར་ཐོས་པའི་ཆོས་རྣམས་ལ་ནན་ཏན་བྱེད་པའོ། །ཤཱ་རྀའི་བུ་གཞན་ཡང་འདི་བྱང་ཆུབ་སེམས་དཔའ་རྒྱུ་དང་འབྱུང་བ་ལ་མཁས་པ་ཡིན་ཏེ། དེ་ལ་རྒྱུ་ནི་གང་། འབྱུང་བ་ནི་གང་ཞེ་ ན། རྒྱུ་ཞེས་བྱ་བ་ནི་གང་། འདི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྣམ་པར་རྟོག་པ་སྟེ། གང་ལས་ཕྱིན་ཅི་ལོག་བཞི་ལ་སེམས་ཅན་རྣམས་གནས་པར་འགྱུར་བའོ། །དེ་ནི་ཚུལ་བཞིན་ལ་བརྩོན་པ་ཡིན་ཏེ། དེ་ལ་ཚུལ་བཞིན་སྦྱོར་ བ་གང་ཞེ་ན། གང་འདི་ཆོས་ཐམས་ཅད་ཡིད་ལ་མི་བྱེད་པ་སྟེ། འབྱུང་བ་ཡང་དེ་ཉིད་ཡིན་ནོ། །ཤཱ་རིའི་བུ་གཞན་ཡང་འདི་ལ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱང་རབ་ཏུ་ཤེས། ཞིང་གི་ངོ་བོ་ཉིད་ཀྱང་རབ་ཏུ་ཤེས་སོ། །དེ་ལ་ སངས་རྒྱས་ཀྱི་ངོ་བོ་ཉིད་ནི་གང་། ཞིང་གི་ངོ་བོ་ཉིད་ནི་གང་ཞེ་ན། སངས་རྒྱས་ཀྱི་ངོ་བོ་ཉིད་ཅེས་བྱ་བ་དེ་ནི་མིང་ཙམ་མོ། །ཞིང་གི་ངོ་བོ་ཉིད་ཅེས་བྱ་བ་དེ་ཡང་མིང་ཙམ་མོ། །གང་མིང་ཙམ་དེ་དབེན་པར་ཤེས་ཤིང་ཇི་ལྟར་ཆོས་གང་ཡང་མི་དམིགས་པ་ 80-1-326a དེ་ལྟར་ཤེས་པ་སྟེ། ཤཱ་རིའི་བུ་ཆོས་ལྔ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྨོན་ལམ་ལས་མི་གཡོ་ཞིང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཇི་ལྟ་བུ་འདོད་པ་དེ་ལྟ་བུ་ཡོངས་སུ་འཛིན་ཅིང་ཡོངས་སུ་ སྤྱོད་དོ། །ཤཱ་རིའི་བུ་གཞན་ཡང་ཆོས་དྲུག་དང་ལྡན་ན་བྱང་ཆུབ་སེམས་དཔའ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ་ཞིང་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པའི་སངས་རྒྱས་ཀྱི་ ཞིང་ཡོངས་སུ་འཛིན་ཏེ་དྲུག་གང་ཞེ་ན་ཤཱ་རྀའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ནི་སྦྱིན་པ་པོ་སྦྱིན་བདག་ཏུ་འགྱུར་བ་སྟེ། དེ་དངོས་པོ་གང་ཕངས་པ་ཡིད་དུ་འོང་བ། མངོན་པར་འདོད་པར་འགྱུར་བ་དེ་དག་ཡོངས་སུ་གཏོང་ཡང་ཞུམ་ པར་མི་འགྱུར་ཞིང་ཡིད་དགའ་བ་དང་། མགུ་བ་དང་། རངས་པ་དང་། ཡིད་བདེ་བ་སྐྱེས་ནས་འདི་ལྟར་གང་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་མངོན་པར་སྨོན་པས་བདག་གིས་སྦྱིན་པ་ཆེན་པོ་དང་། ཐེག་པ་ཆེན་པོ་དང་། བྱ་བ་ཆེན་པོ་ཡོངས་སུ་རྫོགས་པར་བྱའོ། །ཀུན་དུ་འཛིན་པའི་སེམས་ཀྱིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྒྲུབ་པར་མི་ནུས་སོ་སྙམ་དུ་རྟོག་གོ། །དེས་དེ་ལྟར་བརྟགས་ནས་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་འགྱུར་ཏེ། དེས་རང་གི་ལུས་དང་སྲོག་ཡོངས་སུ་བཏང་ཡང་ཡིད་མི་བདེ་བར་མི་འགྱུར་ན་གཞན་ནོར་གྱི་རྣམ་པ་དང་། ཆུང་མ་དང་། བུ་ཕོ་དང་། བུ་མོ་ལྟ་སྨོས་ཀྱང་ཅི་དགོས། ཤཱ་རྀའི་བུ་འདི་ལ་ཇི་སྙམ་དུ་སེམས་གང་ཐམས་ཅད་མཁྱེན་པ་ཞེས་ བྱ་བའི་ཚིག་འདྀའི་བསྟན་པ་ཇི་ལྟ་བུ་ཞེ་ན། ཤཱ་རྀའི་བུ་གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ཡིན་ཏེ། དེའི་ཕྱིར་དེ་བྱང་ཆུབ་ཐོབ་ པས་ན་ཐམས་ཅད་མཁྱེན་པ་ཞེས་བྱའོ། །ཤཱ་རིའི་བུ་གཞན་ཡང་འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པར་གྱུར་བ་ཡང་རུང་། རབ་ཏུ་བྱུང་བ་ཡང་རུང་སྟེ། ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་འཛིན་པ་ལ་རབ་ཏུ་གནས་པ་ཡིན་ཏེ། དེ་སྲོག་ 80-1-326b གི་ཕྱིར་ཡང་བསླབ་པ་ལས་མི་འདའོ། །གང་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བཟུང་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། བདག་ནི་ཚུལ་ཁྲིམས་ དང་ལྡན་པའོ། །ཞེས་དགའ་བ་རྙེད་ཅིང་མཆོག་ཏུ་དགའ་བ་སྐྱེས་ཏེ། མངོན་པར་དགའ་བས་ཚངས་པར་སྤྱད་པ་སྤྱོད་དེ་དེ་ཚངས་པར་སྤྱོད་ཅིང་བདེ་བར་ཉིན་མཚན་འདའ་བར་བྱེད་དོ། །དེ་བདེ་བར་ཆོས་མངོན་སུམ་དུ་འགྱུར་རོ། །ཆོས་ཀྱི་ ཚུལ་དང་ལྡན་པར་ཡང་དག་པར་སོ་སོར་རྟོག་པར་འགྱུར་རོ། །ཡང་དག་པར་སོ་སོར་རྟོག་པ་ལ་གནས་པ་ནི་ཟབ་མོ་ལ་བཟོད་པ་སྐྱེའོ། །ཟབ་མོ་ལ་བཟོད་པ་སྐྱེས་པ་ནི་ལྟ་བ་དྲང་པོར་འགྱུར་རོ། །ལྟ་བ་དྲང་བ་ནི་ཡང་དག་པར་ནན་ཏན་ བྱེད་པར་འགྱུར་རོ། །ཡང་དག་པའི་ནན་ཏན་ལ་གནས་པ་ནི་ཁམས་གསུམ་ལ་མངོན་པར་མི་དགའ་བར་འགྱུར་རོ། །དེ་ཁམས་གསུམ་ལ་མངོན་པར་མི་དགའ་བས་སྐྲག་པར་འགྱུར་རོ། །སྐྲག་པས་འབྱུང་བ་ཆོལ་ལོ། །འབྱུང་བ་མཐོང་ ནས་དེ་འདི་སྙམ་དུ་སེམས་ཏེ། ཇི་ལྟར་བདག་སྡུག་བསྔལ་བ་ལྟར་སེམས་ཅན་ཐམས་ཅད་ཀྱང་དེ་བཞིན་ཏེ། བདག་གིས་སེམས་ཅན་འདི་དག་ཐམས་ཅད་ཀྱི་ཁུར་ཁྱེར་ལ་ཉེ་བར་ཞི་བ་མ་གཏོགས་པར་འདི་དག་གི་བདེ་བའི་རྒྱུ་གཞན་ མེད་དོ་སྙམ་མོ། །དེ་དེ་ལྟར་སོ་སོར་རྟོག་པ་ནི་སྙིང་རྗེ་ཆེན་པོ་འཐོབ་པོ། །དེ་ཆེར་སྙིང་རྗེ་བས་ཐམས་ཅད་མཁྱེན་པ་མ་ཐོབ་ཀྱི་བར་དུ་མགོ་དང་གོས་ལ་མེ་འབར་བ་བཞིན་དུ་བརྩོན་འགྲུས་མི་འདོར་རོ། །ཤཱ་རྀའི་བུ་གཞན་ཡང་འདི་ ལ་བྱང་ཆུབ་སེམས་དཔའ་དེ་བཟོད་པའི་གོ་ཆ་གྱོན་ཅིང་བཟོད་པའི་སྟོབས་དང་ལྡན་པ་ཡིན་གྱི། ང་རྒྱལ་གྱི་སྟོབས་དང་ལྡན་པ་མ་ཡིན་ནོ། །དེ་སྤྱོས་བརྒྱད་བརྡེགས་བསྡིགས་ཀྱང་བཟོད་པ་སྒྲུབ་སྟེ། ཕ་རོལ་ལ་མི་འཁྲུག་གནོད་པར་ མི་སེམས་སོ། །དེ་འདི་ལྟར་སེམས་བསྐྱེད་དེ། གལ་ཏེ་བདག་ལ་སེམས་ཅན་དེ་དག་གིས་རི་རབ་ཙམ་གྱི་ཐོ་བས་བརྡེགས་ཤིང་བསྐལ་པ་བྱེ་བའི་བར་དུ་རྒྱུན་མི་འཆད་པར་གཤེ་ཡང་བདག་གིས་གནོད་སེམས་དང་ཐ་བ་དང་། ཞེ་སྡང་གི་ 80-1-327a སེམས་བསྐྱེད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅད་དེ་དག་ནི་མ་བསླབས་པ་བདག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སློབ་པར་འདོད་པའོ་སྙམ་ནས་དེ་ཇི་ལྟ་ཇི་ལྟ་བུར་སེམས་ཅན་རྣམས་ཀྱིས་སྤྱོས་པ་ དང་། བརྒྱད་པ་དང་། བརྡེགས་པ་དེ་ལྟ་དེ་ལྟ་བུར་སྙིང་རྗེ་ཆེན་པོ་རྙེད་དེ། བདག་གིས་སེམས་ཅན་འདི་དག་བསྐྱབ་པར་བྱའོ། །བདག་སེམས་ཅན་འདི་དག་གི་དོན་དུ་གོ་ཆ་བགོས་ནས་བདག་གིས་སེམས་ཅན་འདི་དག་གཟུང་བ་ཡིན་ཏེ། བདག་ གིས་འདི་དག་འཁོར་བ་ལས་ཡོངས་སུ་ཐར་པར་བྱའོ། །བདག་གིས་འདི་དག་ལ་གནོད་སེམས་དང་ཐ་བ་དང་། ཞེ་སྡང་གི་སེམས་བསྐྱེད་པར་མི་བྱའོ་སྙམ་མོ། །དེ་དེ་ལྟར་བཟོད་པའི་གོ་ཆ་བགོས་པས་ཕུན་སུམ་ཚོགས་པ་བཅུ་འཐོབ་སྟེ་ བཅུ་གང་ཞེ་ན། གང་འདི་རིགས་ཕུན་སུམ་ཚོགས་པ་དང་། ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། གཟུགས་ཕུན་སུམ་ཚོགས་པ་དང་། གཡོག་འཁོར་ཕུན་སུམ་ཚོགས་པ་དང་། གཏོང་བ་ཕུན་སུམ་ཚོགས་པ་དང་། དགེ་བའི་བཤེས་ གཉེན་ཕུན་སུམ་ཚོགས་པ་དང་། ཆོས་ཉན་པ་ཕུན་སུམ་ཚོགས་པ་དང་། ཆོས་ལ་ནན་ཏན་བྱེད་པ་ཕུན་སུམ་ཚོགས་པ་དང་། ཤི་འཕོས་ནས་ཀྱང་སངས་རྒྱས་མཐོང་བ་ཕུན་སུམ་ཚོགས་པ་རྙེད་པ་དང་། མཐོང་ནས་ ཀྱང་དད་པ་ཐོབ་པ་སྟེ། ཤཱ་རིའི་བུ་བཟོད་པའི་གོ་ཆ་བགོས་པའི་བྱང་ཆུབ་སེམས་དཔའ་ནི་ཕུན་སུམ་ཚོགས་པ་བཅུ་པོ་དེ་དག་འཐོབ་བོ། །ཤཱ་རིའི་བུ་གཞན་ཡང་འདི་ལ་བྱང་ཆུབ་སེམས་དཔའི་དགེ་བའི་ཆོས་ཡོངས་སུ་བསྒྲུབ་ པའི་ཕྱིར་བརྩོན་འགྲུས་བརྩམས་ཤིང་ཡིད་དམ་ལ་བརྟན་པ་ཡིན་ནོ། །དེ་འདི་ལྟར་བརྩོན་འགྲུས་རྩོམ་སྟེ། གལ་ཏེ་བདག་གིས་སེམས་ཅན་རེ་རེའི་དོན་གྱི་ཕྱིར་ཡང་ཕྱི་མའི་མཐའི་བསྐལ་པ་བྱེ་བར་ཡང་འཁོར་བར་བྱའོ་ཞེས་ཚུལ་འདི་དང་། བརྩོན་འགྲུས་རྩོམ་པ་འདི་དང་། སྤྱོད་པ་འདི་དང་། སེམས་ཞི་བ་དང་། ཡིད་དམ་འདི་དང་། དགེ་བའི་བསམ་པ་འདི་དང་། སྙིང་རྗེའི་སེམས་འདིས་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བསྐལ་པ་དེ་སྙེད་དུ་འཁོར་བར་བྱ་སྟེ། དེ་ལྟར་བདག་གིས་སེམས་ 80-1-327b ཅན་འདི་དག་ཡོངས་སུ་མི་གཏང་ངོ་སྙམ་ནས་བརྩོན་འགྲུས་རྩོམ་མོ། །ཡང་ཤཱ་རྀའི་བུ་བྱང་ཆུབ་སེམས་དཔའ་གང་གིས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་གང་བར་བྱས་ཏེ། སེམས་ བསྐྱེད་པ། སེམས་བསྐྱེད་པ་ཙམ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་སྦྱིན་པ་བྱིན་ཏེ། ཚུལ་འདི་དང་། སྟོབས་བསྐྱེད་པ་འདིས་ཕྱི་མའི་མཐའི་བསྐལ་པ་བྱེ་བར་སྦྱིན་པ་བྱིན་པས་བྱང་ཆུབ་སེམས་ དཔའི་གང་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་སྙིང་རྗེ་ཆེན་པོ་ལ་གནས་པས་འདི་ལྟ་བུའི་བརྩོན་འགྲུས་ཀྱི་གོ་ཆའི་སེམས་བསྐྱེད་ན་དེ་བས་བསོད་ནམས་ཆེས་མང་དུ་སྐྱེད་དོ། །ཤཱ་རྀའི་བུ་བརྩོན་འགྲུས་བརྩམས་པའི་བྱང་ཆུབ་སེམས་དཔའི་ ཡོན་ཏན་གྱི་ཆོས་བཅུ་འཐོབ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། དེས་བྱིས་པའི་སྤྱོད་པ་སྤངས་པ་ཡིན། དེས་སངས་རྒྱས་ཀྱི་སྤྱོད་པ་ཡོངས་སུ་བཟུང་བ་ཡིན། དེས་འཁོར་བ་ལ་ཉེས་པར་འདུ་ཤེས་བསྐྱེད་པ་ཡིན། དེས་སྙིང་རྗེ་ཆེན་པོ་ཡོངས་སུ་བཟུང་བ་ ཡིན། སྔོན་དམ་བཅས་པ་ལས་མི་འགྱུར་བ་ཡིན། ནད་ཉུང་བ་ཡིན། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བཀའ་བཞིན་བྱས་པ་ཡིན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཆུང་བ་ཡིན། ཇི་ ལྟར་བསྟན་པའི་ཚིག་དང་། ཡི་གེ་རྣམས་ཀྱི་དོན་རབ་ཏུ་ཤེས་པ་ཡིན། ནན་ཏན་གྱིས་ཡང་དག་པར་སྒྲུབ་པ་ཡིན་ཏེ། ཤཱ་རྀའི་བུ་བརྩོན་འགྲུས་བརྩམས་པའི་བྱང་ཆུབ་སེམས་དཔའ་ནི་ཡོན་ཏན་གྱི་ཆོས་བཅུ་པོ་དེ་དག་འཐོབ་བོ། །ཤཱ་རིའི་བུ་གཞན་ ཡང་འདི་ལ་བྱང་ཆུབ་སེམས་དཔའ་སངས་རྒྱས་བཅོམ་ལྡན་འདས་རྣམས་རྗེས་སུ་དྲན་ཞིང་དེ་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་དེ་དག་ནི་ཐུགས་རྩེ་གཅིག་པ། རྟག་ཏུ་མཉམ་པར་བཞག་པ། བསྙེལ་བ་མི་མངའ་བ་དང་ལྡན་བའོ། སྙམ་ནས་དེ་ཡང་འདི་སྙམ་དུ་སེམས་ཏེ། བདག་དེ་བཞིན་གཤེགས་པ་བཞུད་པའི་རྗེས་སུ་འགྲོ་བར་བྱ་ན་སེམས་གཡེངས་པ་དང་། བརྗེད་ངས་པས་ནི་གང་འདི་སངས་རྒྱས་ཀྱི་གནས་ཏེ། གནས་འདི་ཐོབ་པར་མི་ནུས་སོ་སྙམ་ནས་དེ་ཆགས་པ་ 80-1-328a ཐམས་ཅད་དང་། ཡོངས་སུ་འཛིན་པ་ཐམས་ཅད་དང་། འཐོབ་པ་དང་། བཀུར་སྟི་ཐམས་ཅད་དང་། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་ལ་ཆགས་པ་ཐམས་ཅད་དང་། གྲོགས་པོ་དང་། གླ་མི་དང་། ཁྱིམ་ལ་སྲེད་པ་ཐམས་ཅད་ཡོངས་སུ་ བཏང་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་སེམས་ཅན་ཐམས་ཅད་ནི་བདག་གིས་ཡོངས་སུ་མི་བཏང་ངོ་། །སྙམ་ནས་དགོན་པ་རབ་ཏུ་དགོན་པ་ལ་མངོན་པར་དགའ་བ་ཡིན་ཏེ། བསེ་རུ་ལྟར་གཅིག་པུ་སྤྱོད་ཅིང་དེ་དགོན་པ་རབ་ ཏུ་དགོན་པ་དག་ཏུ་གནས་ནས་ཕྱོག་གཅིག་ཏུ་སེམས་ཅན་རྣམས་ལ་བྱམས་པས་ཁྱབ་པར་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། ཕྱོགས་བཅུ་ཀུན་གྱི་བར་དུ་ཚད་མེད་པ་དང་ལྡན་པའི་སེམས་ཀྱིས་སེམས་ཅན་ཐམས་ཅད་ལ་བྱམས་ པས་ཁྱབ་པར་བྱེད་དོ། །བྱམས་པ་ལ་གནས་ནས་བསམ་གཏན་ལ་བསམ་གཏན་པར་འགྱུར་རོ། །ཡང་ཤཱ་རྀའི་བུ་བྱང་ཆུབ་སེམས་དཔའ་ཁྱིམ་པ་གང་གིས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་ འདུན་གྱི་འཁོར་དང་བཅས་པ་རྣམས་ལ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་བདེ་བ་ཐམས་ཅད་ཀྱིས་སྟི་སྟང་དུ་བྱས་པ་བས་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ན་རབ་ཏུ་དབེན་པར་འདོད་ཅིང་དགོན་པ་ལོགས་སུ་ ཕྱོགས་ཏེ། གོམ་པ་བདུན་བོར་ན་འདི་ནི་དེ་བས་བསོད་ནམས་ཆེས་མང་དུ་སྐྱེད་དོ། །ཆེས་མྱུར་དུ་བྱང་ཆུབ་འཐོབ་པར་འགྱུར་རོ། །ཤཱ་རྀའི་བུ་བཅུ་པོ་འདི་དག་ནི་དབེན་པ་ན་གནས་ཤིང་བསམ་གཏན་ལ་བསམ་གཏན་པའི་བྱང་ཆུབ་སེམས་ དཔའི་ཕན་ཡོན་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། དྲན་པ་དང་ལྡན་པ་ཡིན། བློ་གྲོས་དང་ལྡན་པ་ཡིན། རྟོགས་པ་དང་ལྡན་པ་ཡིན། མོས་པ་དང་ལྡན་པ་ཡིན། མྱུར་དུ་སྤོབས་པ་རབ་ཏུ་ཐོབ་པ་ཡིན། གཟུངས་སྒྲུབ་པ་ཡིན། སྐྱེ་བ་དང་། འཇིག་ པ་ལ་མཁས་པ་ཐོབ་པ་ཡིན། ཚུལ་ཁྲིམས་ཀྱི་ཕུང་པོ་ལས་མི་ཉམས་པ་ཡིན། ལྷ་རྣམས་ཀྱང་དེ་ལ་རིམ་གྲོར་བྱེད་པ་ཡིན། གཞན་གྱི་འབྱོར་པ་ལ་མི་འདོད་པ་ཡིན་ཏེ། ཤཱ་རིའི་བུ་བཅུ་པོ་དེ་དག་ནི་དབེན་པ་ལ་གནས་ཤིང་བསམ་གཏན་ལ་ 80-1-328b བསམ་གཏན་པའི་བྱང་ཆུབ་སེམས་དཔའི་ཕན་ཡོན་ནོ། །ཤཱ་རྀའི་བུ་གཞན་ཡང་འདི་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་རྒྱུ་མཐུན་པ་ལ་མཁས་པ་ཡིན་ཏེ། དེ་འདི་ལྟར་ཤེས་རབ་གང་ནས་བྱུང་སྙམ་དུ་ཉེ་བར་རྟོག་ཅིང་འདི་སྙམ་དུ་ སེམས་ཏེ། ཤེས་རབ་ནི་ཚུལ་ཁྲིམས་ཀྱི་སྡོམ་པའི་གནས་ལས་བྱུང་སྟེ། ཤེས་རབ་བྱུང་བ་ལས་ཆོས་དཀར་པོ་ཐམས་ཅད་རྣམ་པར་འཕེལ་ལོ་སྙམ་ནས་དེ་ཤེས་རབ་ལ་སློབ་སྟེ། གང་འཇིག་རྟེན་གྱི་བཟོའི་གནས་དང་། ལས་ཀྱི་གནས་ དང་། སྔགས་ཀྱི་གནས་དང་། སྨན་གྱི་གནས་དང་། གང་བྱ་དཀའ་བ་དང་། བསྒྲུབ་པ་དཀའ་བའི་ལས་དེ་དག་ཐམས་ཅད་ལ་སློབ་བོ། །བསླབས་ནས་ཀྱང་དེ་འདི་ལྟར་སེམས་བསྐྱེད་དེ། གང་འཇིག་རྟེན་པའི་ཤེས་རབ་འདི་ནི་ཡིད་འབྱུང་བར་མ་ཡིན། འདོད་ཆགས་དང་བྲལ་བར་མ་ཡིན། །འགོག་པར་མ་ཡིན། ཞི་བར་མ་ཡིན། མངོན་པར་ཤེས་པར་མ་ཡིན། མངོན་པར་རྫོགས་པར་བྱང་ཆུབ་པར་མ་ཡིན། དགེ་སྦྱོང་དུ་མ་ཡིན། མྱ་ངན་ལས་འདའ་བར་འགྱུར་བ་མ་ཡིན་གྱིས། འདི་ལྟར་བདག་གིས་ ཤེས་རབ་གང་གིས་ཤིན་དུ་ཞི་བར་འགྱུར་བའི་བཟོ་རྣམ་པ་དེ་ལྟ་བུ་དང་། སྔགས་རྣམ་པ་དེ་ལྟ་བུ་དང་། སྨན་རྣམ་པ་དེ་ལྟ་བུ་དང་། ཤེས་རབ་རྣམ་པ་དེ་ལྟ་བུ་ཡོངས་སུ་བཙལ་ལོ་སྙམ་ནས་དེ་ཆོས་ཐམས་ཅད་ཀྱི་ཐོག་མ་ཡོངས་སུ་ཚོལ་ལོ། །དེ་ ཆོས་ཐམས་ཅད་ཀྱི་ཐོག་མ་ཡོངས་སུ་ཚོལ་བ་ན་ཆོས་གང་ཡང་ཆོས་གང་ལ་ཡང་ཉེ་བར་འཇོག་པའི་ཆོས་དེ་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཡང་དག་པར་རྗེས་སུ་མི་མཐོང་བས་རབ་ཏུ་ཞི་བ་ལ་གནས་པར་འགྱུར་རོ། །རབ་ཏུ་ཞི་ བར་སྤྱོད་པ་ལ་གནས་ནས་ཡོངས་སུ་ཡི་མི་འཆད་དོ། །ཡོངས་སུ་ཡི་མི་འཆད་པས་དེ་སེམས་ཅན་རྣམས་ཀྱི་དོན་དུ་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རབ་ཏུ་ཞི་བར་བྱ་བའི་ཕྱིར་བསམས་བཞིན་དུ་སྲིད་པ་འཛིན་ཏེ། ཤཱ་རྀའི་ བུ་ཆོས་དྲུག་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་སྨོན་ལམ་ལས་མི་ཉམས་ལ། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པའི་ 80-1-329a སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་ཡང་ཡོངས་སུ་རྫོགས་པར་འགྱུར་རོ། །ཤཱ་རིའི་བུ་གཞན་ཡང་ཆོས་བདུན་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྨོན་ལམ་ལས་མི་ཉམས་ཤིང་རྒྱན་ཐམས་ཅད་ཀྱིས་ བརྒྱན་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྤྱོད་དོ། །བདུན་གང་ཞེ་ན། འདི་ལྟ་སྟེ། བདོག་པ་ཐམས་ཅད་ཡོངས་སུ་གཏོང་ཞིང་སྦྱིན་པ་དེ་ཡང་མི་དམིགས་པ་དང་། ཚུལ་ཁྲིམས་ཀྱང་སྐྱོན་མེད་ལ། ཚུལ་ཁྲིམས་དེ་ལ་རློམ་སེམས་ཀྱང་མེད་པ་དང་། བཟོད་ཅིང་དེས་ལ། སེམས་ཅན་དེ་ཡང་མི་དམིགས་པ་དང་། བརྩོན་འགྲུས་ཀྱང་རྩོམ་ལ། ལུས་དང་། ངག་དང་། སེམས་དེ་ཡང་མི་དམིགས་པ་དང་། བསམ་གཏན་ཡང་ཡོངས་སུ་སྒྲུབ་ལ། དེ་ཡང་མི་གནས་པའི་བསམ་གཏན་ལ་བསམ་གཏན་ པ་དང་། ཤེས་རབ་ཀྱང་ཡོངས་སུ་རྫོགས་པར་བྱེད་ལ། དེ་རྟོག་པ་ཡང་མེད་པ་དང་། སངས་རྒྱས་ཀྱང་རྗེས་སུ་དྲན་ལ་དེ་མཚན་མ་ཡང་སེལ་བ་སྟེ། ཤཱ་རྀའི་བུ་ཆོས་བདུན་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྨོན་ལམ་ལས་མི་ཉམས་ ཤིང་སངས་རྒྱས་ཀྱི་ཞིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཡང་ཡོངས་སུ་འཛིན་ཏོ། །ཤཱ་རིའི་བུ་ཆོས་བརྒྱད་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྨོན་ལམ་ལས་མི་ཉམས་ཤིང་སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་སྦྱོང་སྟེ། བརྒྱད་གང་ཞེ་ན། ཕྲག་དོག་མེད་པ་དང་། རྒྱན་སྦྱིན་པ་དང་། སེམས་རྒྱ་ཆེ་བ་དང་། ཆོས་སྨྲ་བ་ལ་སྟི་སྟང་བྱེད་པ་དང་གུས་པ་དང་བཅས་པ་དང་། འཚོ་བ་རྣམ་པར་དག་པ་དང་། ཀུན་བགེད་པའི་ངང་ཚུལ་ཅན་དང་། བདག་ལ་མི་སྟོད་ཅིང་གཞན་ལ་མི་སྨོད་པ་སྟེ། ཤཱ་རིའི་ བུ་ཆོས་བརྒྱད་པོ་དེ་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྨོན་ལམ་ལས་མི་ཉམས་ཤིང་སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་སྤྱོད་དོ།། །། བམ་པོ་གསུམ་པ། ཤཱ་རིའི་བུ་ཆོས་དགུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྨོན་ལམ་ལས་མི་ཉམས་ ཤིང་སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་དེ། དགུ་གང་ཞེ་ན། འདི་ལྟ་སྟེ། ལུས་སྡོམ་པ་དང་། ངག་སྡོམ་པ་དང་། ཡིད་སྡོམ་པ་དང་། འདོད་ཆགས་བསལ་བ་དང་། ཞེ་སྡང་བསལ་བ་དང་། གཏི་མུག་བསལ་བ་དང་། སླུ་བ་མེད་པ་དང་། མཛའ་བ་བརྟན་པ་ 80-1-329b དང་། དགེ་བའི་བཤེས་གཉེན་ལ་བརྙས་པ་མེད་པ་སྟེ། ཤཱ་རིའི་བུ་ཆོས་དགུ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྨོན་ལམ་ལས་མི་ཉམས་ཤིང་སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་དོ། །ཤཱ་རིའི་བུ་ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྨོན་ ལམ་ལས་མི་ཉམས་ཤིང་སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་དོ། །བཅུ་གང་ཞེ་ན། འདི་ལྟ་སྟེ།། སེམས་ཅན་དམྱལ་བའི་སྡུག་བསྔལ་ཐོས་ན་མི་འཇིགས་ཤིང་སྙིང་རྗེ་བ་དང་། དུད་འགྲོའི་སྐྱེ་གནས་ཀྱི་སྡུག་བསྔལ་ཐོས་ན་མི་འཇིགས་ཤིང་སྙིང་རྗེ་ བ་དང་། གཤེན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཐོས་ན་མི་འཇིགས་ཤིང་སྙིང་རྗེ་བ་དང་། ལྷ་རྒུད་པ་ཐོས་ན་མི་འཇིགས་ཤིང་སྙིང་རྗེ་བ་དང་། མི་རྒུད་པ་ཐོས་ན་མི་འཇིགས་ཤིང་སྙིང་རྗེ་བ་དང་། དབུལ་བ་དང་། མུ་གེ་དང་། རྐུན་པོ་དང་རང་རྟ་དང་དམག་གིས་གནོད་པ་ ཐོས་ན་མི་འཇིགས་ཤིང་སྙིང་རྗེ་བ་སྟེ། དེ་འདི་སྙམ་དུ་ཅི་ནས་ཀྱང་བདག་གི་སངས་རྒྱས་ཀྱི་ཞིང་ན་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། ཡི་དགས་ཀྱི་ཡུལ་མེད་ཅིང་བསམས་པ་ཙམ་གྱིས་བཟའ་བ་དང་། བཏུང་བ་དང་། བགོ་བ་ཕུན་སུམ་ཚོགས་པ་ དང་། སེམས་ཅན་རྣམས་ཀྱང་ཚེ་དཔག་ཏུ་མེད་པར་གྱུར་ཏེ། ངའི་བ་མེད་ཅིང་ཡོངས་སུ་འཛིན་པ་མེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་དུ་ཡོངས་སུ་དག་པར་མ་བྱས་ཀྱི་བར་དུ་བརྩོན་འགྲུས་ མི་བཏང་ངོ་སྙམ་དུ་སེམས་སྐྱེད་པ་སྟེ། ཤཱ་རྀའི་བུ་ཆོས་བཅུ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྨོན་ལམ་ལས་ཀྱང་མི་ཉམས་ཤིང་སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་དོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ མེ་ཏོག་ཁྱེར་ཞིང་དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས་པའི་མཆོད་རྟེན་གྱི་དྲུང་དུ་སོང་ནས་འདི་སྙམ་དུ་སེམས་སྐྱེད་དེ། མེ་ཏོག་འདི་ལྟར་དྲི་ཞིམ་ལ་ཁ་དོག་བཟང་ཞིང་བལྟ་ན་སྡུག་སྟེ། ཡིད་དུ་འོང་བ་དང་། མཛེས་པ་དེ་བཞིན་དུ་ བདག་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དེ་ཡང་མེ་ཏོག་སྣ་ཚོགས་ཀྱིས་ཡོངས་སུ་གང་བ་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ཤིང་ལྗོན་པས་རབ་ཏུ་བརྒྱན་པར་གྱུར་ཅིག་ཅེས་བྱ་བར་སེམས་བསྐྱེད་དོ། །དེ་བཞིན་དུ་སྦྱར་ཏེ། ཕྱེ་མ་དང་། 80-1-330a བདུག་སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། བཞོན་པ་དང་། གོས་དང་། བཟའ་བ་དང་། བཏུང་བ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། གསེར་དང་། དངུལ་དང་། བཻ་དཱུརྱ་དང་། མུ་ཏིག་དང་། དུང་དང་། མན་ཤེལ་དང་། བྱི་རུའི་ བར་དུ་གང་ཅི་འབུལ་ཡང་རུང་སྟེ། དེ་དག་ཐམས་ཅད་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་བསྒྲུབ་པའི་དོན་དུ་ཡོངས་སུ་བསྔོ་ཞིང་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་གནས་པས་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་ གནས་པ་དེའི་སེམས་ཀྱི་སྨོན་པ་འགྲུབ་པར་འགྱུར་རོ། །ཤཱ་རིའི་བུ་གཞན་ཡང་འདི་ལ་བྱང་ཆུབ་སེམས་དཔའ་ནི་སུ་ལ་ཡང་ཡིད་དུ་མི་འོང་བའི་ཚིག་མི་བརྗོད་ཅིང་ཡིད་དུ་འོང་བའི་ཚིག་ཤ་སྟག་བརྗོད་དེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དེ་ན་ སེམས་ཅན་གང་གིས་ཀྱང་ཡིད་དུ་མི་འོང་བའི་སྒྲ་མི་ཐོས་ཏེ། ཡིད་དུ་འོང་བའི་སྒྲ་ཤ་སྟག་ཐོས་པར་འགྱུར་རོ། །ཤཱ་རིའི་བུ་གཞན་ཡང་འདི་ལ་བྱང་ཆུབ་སེམས་དཔའ་བདག་གི་བདེ་བ་ཡོངས་སུ་མི་ཚོལ་ཞིང་གཞན་བདེ་བས་དགའ་བར་འཛིན་ཏེ། དེ་ལ་ བྱང་ཆུབ་ཐོབ་པའི་ཚེ་སངས་རྒྱས་ཀྱི་ཞིང་དེའི་སེམས་ཅན་བདེ་བའི་དམ་པས་ཚིམ་པར་འགྱུར་རོ། །ཤཱ་རིའི་བུ་གཞན་ཡང་འདི་ལ་བྱང་ཆུབ་སེམས་དཔའི་དགེ་བ་བཅུའི་ལས་ཀྱི་ལམ་རྟག་ཏུ་རྒྱུན་མི་འཆད་པར་ཡང་དག་པར་བླངས་ཤིང་ སྒྲུབ་སྟེ། དགེ་བའི་རྩ་བ་དེ་ཡང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོ་སྟེ། དེ་བྱང་ཆུབ་ཐོབ་པའི་ཚེ་སངས་རྒྱས་ཀྱི་ཞིང་དེའི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལས་ ཀྱི་ལམ་དང་ལྡན་ཞིང་འབྱུང་བའི་ཤེས་རབ་ཅན་དུ་འགྱུར་རོ། །ཤཱ་རྀའི་བུ་གཞན་ཡང་འདི་ལ་བྱང་ཆུབ་སེམས་དཔའ་ཡུལ་གང་ན་འདུག་ཀྱང་རུང་སྟེ། ཡུལ་དེར་སྐྱེས་པ་འམ། བུད་མེད་དམ། །ཁྱེའུ་འམ། བུ་མོ་འམ། སེམས་ཅན་གང་ཇི་སྙེད་ཅིག་ དེས་མཐོང་བ་དེ་ཐམས་ཅད་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་ཅིང་སུ་ལ་ཡང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པའི་གཏམ་མི་རྗོད་ཅིང་། གཞན་དུ་ན་སངས་རྒྱས་ཀྱི་ཐེག་པའི་གཏམ་ཤ་སྟག་བརྗོད་དེ། དེ་བྱང་ཆུབ་ཐོབ་ 80-1-330b པའི་ཚེ་སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་གང་ཇི་སྙེད་ཅིག་སྐྱེས་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏེ། ཉན་ཐོས་དང་། རང་སངས་རྒྱས་མེད་ཅིང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ ཡོངས་སུ་གང་བའི་སངས་རྒྱས་ཀྱི་ཞིང་དེ་ཐོབ་པར་འགྱུར་རོ། །ཤཱ་རྀའི་བུ་གཞན་ཡང་འདི་ལ་བྱང་ཆུབ་སེམས་དཔའ་གཞན་གྱི་རྙེད་པ་མི་འཕྲོག་ཅིང་གཞན་གྱིས་ཐོབ་ན་དགའ་བར་འཛིན་ཏེ། དེ་བྱང་ཆུབ་ཐོབ་པའི་ཚེ་སངས་རྒྱས་ཀྱི་ཞིང་དེར་ སེམས་ཅན་གང་ཇི་སྙེད་ཅིག་སྐྱེས་པ་དེ་ཐམས་ཅད་མི་འཕྲོགས་པའི་ཕུན་སུམ་ཚོགས་པ་དང་། ཆོས་ཀྱི་འཐོབ་པ་ཆེན་པོ་དང་ལྡན་པར་འགྱུར་རོ། །ཤཱ་རིའི་བུ་གཞན་ཡང་འདི་ལ་བྱང་ཆུབ་སེམས་དཔའ་དགེ་སློང་ངམ། དགེ་སློང་མ་འམ་སུ་ ཡང་རུང་སྟེ། ཉེས་པ་བྱུང་བས་མྀ་རྒོལ་ལ་བདག་ཉིད་ཀྱང་དམ་པའི་ཆོས་ལ་སྦྱོར་ཏེ། དེ་བྱང་ཆུབ་ཐོབ་པའི་ཚེ་སངས་རྒྱས་ཀྱི་ཞིང་དེ་ན་ཉེས་པའི་མིང་ཡང་ཡེ་མེད་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དེ་དག་ནི་ཉེས་པ་མེད་པའི་ཆོས་ ཅན་ཡོངས་སུ་དག་པར་འགྱུར་བའི་ཕྱིར་རོ། །ཤཱ་རིའི་བུ་གཞན་ཡང་འདི་ལ་བྱང་ཆུབ་སེམས་དཔའ་ཆོས་འདོད་ཅིང་ཆོས་དོན་དུ་གཉེར་ལ་ཡོངས་སུ་ཡི་འཆད་པ་མེད་པའི་རང་བཞིན་ཅན་ཡིན་ཏེ། ཇི་སྐད་དུ་ཐོས་པའི་ཆོས་ལ་ནན་ཏན་བྱེད་པས་ དེ་བྱང་ཆུབ་ཐོས་པའི་ཚེ་སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་གང་དག་སྐྱེས་པ་དེ་དག་ཐམས་ཅད་ཆོས་འདོད་ཅིང་ཆོས་དོན་དུ་གཉེར་བ་དང་། ཡོངས་སུ་ཡི་འཆད་པ་མེད་པའི་རང་བཞིན་ཅན་ཡིན་ཏེ། ཇི་སྐད་དུ་ཐོས་པའི་ཆོས་རྣམས་ལ་ ནན་ཏན་བྱེད་པར་འགྱུར་རོ། །ཤཱ་རིའི་བུ་གཞན་ཡང་འདི་ལ་བྱང་ཆུབ་སེམས་དཔའ་རྔ་བོ་ཆེ་དང་། དུང་དང་། རྫ་རྔ་དང་། ཁར་རྔ་དང་། པི་བང་རྒྱུད་གཅིག་པ་དང་། སྒྲ་སྙན་དང་། འཁར་དཀྲོལ་དང་། གླིང་བུ་དང་། པི་བང་དང་། བ་ལ་ལ་ཀི་དང་། ཀིམ་པ་ལ་ལ་སོགས་པ་རོལ་མོ་སིལ་སྙན་གྱི་ཡོ་བྱད་ཡིད་དུ་འོང་བ་སྣ་ཚོགས་ཀྱིས་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱེད་ཅིང་དགེ་བའི་རྩ་བ་དེ་ཡང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་བསྒྲུབ་པའི་དོན་ 80-1-331a དུ་ཡོངས་སུ་བསྔོ་སྟེ། དེ་བྱང་ཆུབ་ཐོབ་པའི་ཚེ་སངས་རྒྱས་ཀྱི་ཞིང་དེ་ན་སིལ་སྙན་བརྒྱ་སྟོང་མ་དཀྲོལ་མ་བརྡུངས་པར་སྒྲ་འབྱིན་པར་འགྱུར་རོ། །ཤཱ་རིའི་བུ་གཞན་ཡང་འདི་ལ་བྱང་ཆུབ་སེམས་དཔའ་བརྗེད་ངས་པའི་ སེམས་ཅན་རྣམས་ལ་དྲན་པར་འགྱུར་བའི་གདམས་ངག་གིས་འདེམས་ཏེ། དེ་བྱང་ཆུབ་ཐོབ་པའི་ཚེ་སངས་རྒྱས་ཀྱི་ཞིང་དེའི་སེམས་ཅན་རྣམས་བསམ་གཏན་གྱི་ཟས་ཅན་དུ་འགྱུར་རོ། །ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་གི་ ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་ལས་བརྩམས་ཏེ་བསྐལ་པ་འམ། བསྐལ་པ་ལས་ལྷག་པར་ཆོས་བསྟན་ཀྱང་དེ་བཞིན་གཤེགས་པའི་སྤོབས་པ་ལ་མཐའ་ཐུག་པ་མེད་མོད་ཀྱི། མོས་པ་དང་། ལྷག་པའི་བསམ་པ་ཕུན་སུམ་ ཚོགས་པ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་དག་གིས་གང་ཐོས་ན་དེ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་བ་མདོར་བསྟན་ཏོ། །ཤཱ་རིའི་བུ་ཆོས་གསུམ་དང་ལྡན་ན་བྱང་ཆུབ་སེམས་དཔའ་ མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་ཇི་ལྟར་བསམས་པའི་སངས་རྒྱས་ཀྱི་ཞིང་མངོན་པར་འགྲུབ་པར་འགྱུར་ཏེ། གསུམ་གང་ཞེ་ན། འདི་ལྟ་སྟེ། བག་ཡོད་པར་གནས་པ་དང་། ཇི་སྐད་དུ་ཐོས་པའི་ཆོས་ལ་ནན་ཏན་བྱེད་པ་དང་། སྨོན་ལམ་གྱི་ཁྱད་པར་ཏེ། ཤཱ་རིའི་བུ་ཆོས་གསུམ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་ འཚང་རྒྱ་ཞིང་ཇི་ལྟར་བསམས་པའི་སངས་རྒྱས་ཀྱི་ཞིང་མངོན་པར་འགྲུབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་དུ་དེ་བཞིན་གཤེགས་ པས་ལེགས་པར་གསུངས་པ་ནི་ངོ་མཚར་ཏེ། བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ནི་བག་མཆིས་པ་ལ་གནས་པའོ། །བྱང་ཆུབ་ནི་ནན་ཏན་ལ་གནས་སོ། །སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ 80-1-331b ཚོགས་པ་ནི་སྨོན་ལམ་གྱི་ཁྱད་པར་གྱིས་འགྲུབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་དེ་བཞིན་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ནི་བག་ཡོད་པ་ལ་གནས་སོ། །བྱང་ཆུབ་ནི་ནན་ཏན་ལ་གནས་སོ། ། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་ནི་སྨོན་ལམ་གྱི་ཁྱད་པར་གྱིས་འགྲུབ་བོ། །ཤཱ་རིའི་བུ་ངས་སྔོན་ཇི་ལྟར་སྨོན་ལམ་བཏབ་པ་དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་གྲུབ་བོ། །ཤཱ་རིའི་བུ་ང་བག་ཡོད་པ་ལ་གནས་ པས་སྨོན་ལམ་ཡོངས་སུ་རྫོགས་སོ། །ཤཱ་རིའི་བུ་ངས་ནན་ཏན་བྱས་པས་བྱང་ཆུབ་ཐོབ་བོ། །ཤཱ་རིའི་བུ་བག་མེད་པར་གནས་ཤིང་ཚིག་གི་ལས་ལྷུར་ལེན་པའི་ན་ནན་ཏན་མེད་པ་ནི་ཉན་ཐོས་ཀྱི་ས་ཡང་སྒྲུབ་པར་མི་ནུས་ན་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ལྟ་ཅི་སྨོས་ཏེ། ཤཱ་རིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ཡང་དག་པའི་མིང་དུ་གདགས་པར་དམ་བཅའ་བར་འདོད་པའི་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་བསླབ་པ་ཇི་ལྟར་བཅས་པ་འདི་ལ་བསླབ་ པར་བྱའོ། །དེ་ནས་འཁོར་དེའི་ནང་ནས་བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་བཞི་སྟོང་སོ་སོའི་སྟན་ལས་ལངས་ཏེ། ཐལ་མོ་སྦྱར་ནས་ཀུན་གྱིས་ཀྱང་མགྲིན་གཅིག་ཏུ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ བདག་ཅག་གིས་བྱང་ཆུབ་སེམས་དཔའི་བསླབ་པ་ཇི་ལྟར་བཅས་པ་འདི་ལ་བསླབ་པར་བགྱིའོ། །ནན་ཏན་གྱིས་ཡོངས་སུ་བསྒྲུབ་པར་བགྱིའོ། །བག་མཆིས་པར་གནས་པར་བགྱིའོ། །སྨོན་ལམ་རྣམས་ཡོངས་སུ་རྫོགས་པར་བགྱིའོ། སངས་རྒྱས་ཀྱི་ཞིང་ཕུན་སུམ་ཚོགས་པ་ཡོངས་སུ་རྫོགས་པར་བགྱིའོ། །ཇི་ལྟར་བསམས་པའི་སྨོན་ལམ་ཡོངས་སུ་རྫོགས་པར་མ་གྱུར་གྱི་བར་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ དེའི་ཚེ་འཛུམ་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་ 80-1-332a བུ་ཁྱོད་ཀྱིས་འདི་སྐད་དུ་སེང་གེའི་སྒྲ་སྒྲོགས་པའི་རིགས་ཀྱི་བུ་འདི་དག་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་རིགས་ཀྱི་བུ་འདི་དག་ཐམས་ཅད་བསྐལ་པ་བརྒྱ་ ཕྲག་སྟོང་འདས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། ཤཱ་རིའི་བུ་དཔེར་ན་སེང་གེ་ཞེས་བྱ་བའི་དེ་བཞིན་གཤེགས་པ་ཤ་སྟག་སངས་རྒྱས་ཀྱི་ཞིང་གཞན་དང་གཞན་དུ་འབྱུང་བ་ངས་གཟིགས་པ་དེ་ བཞིན་དུ་དེ་བཞིན་གཤེགས་པ་དེ་དག་ཀྱང་མིང་སྨོན་ལམ་བཀོད་པ་ཞེས་བྱ་བ་ཤ་སྟག་ཏུ་སངས་རྒྱས་ཀྱི་ཞིང་གཞན་དང་གཞན་དུ་འབྱུང་བར་འགྱུར་ཏེ། ཤཱ་རིའི་བུ་དེ་བཞིན་གཤེགས་པ་དེ་དག་གིས་སངས་རྒྱས་ཀྱི་ཞིང་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་ན་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཅི་འདྲ་བར་ལྷག་ཆད་མེད་པར་འགྱུར་ཏེ། ཚེའི་ཚད་ནི་མ་གཏོགས་སོ། །གསོལ་པ། བཅོམ་ལྡན་འདས་འདི་དག་གི་ཚེའི་ ཚད་ཇི་ཙམ་ཞིག་ཏུ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་བཞིན་གཤེགས་པ་དེ་དག་རེ་རེ་ཞིང་ཚེའི་ཚད་ནི་བསྐལ་པ་བཅུ་བཅུར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་རྩལ་གྱིས་མངོན་པར་ བསྒྲགས་པའི་སྒྲ་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ། འདུག་པ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་ མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་བ་འདི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྟོད་ཅིང་བསྔགས་ན། བཅོམ་ལྡན་འདས་འཇམ་ དཔལ་གཞོན་ནུར་གྱུར་པ་འདི་ཡུན་ཇི་སྲིད་ཅིག་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ། དེའི་སངས་རྒྱས་ཀྱི་ཞིང་ནི་ཇི་ལྟ་བུ་ཞིག་ཏུ་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ 80-1-332b བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་རྩལ་གྱིས་མངོན་པར་བསྒྲགས་པའི་སྒྲ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་འཇམ་དཔལ་གཞོན་ནུར་གྱུར་པ་འདི་ཉིད་ལ་དྲིས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་སེང་གེའི་རྩལ་གྱིས་མངོན་པར་བསྒྲགས་པའི་སྒྲས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔའ་ཁྱོད་ཇི་སྲིད་ཅིག་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་ རྫོགས་པར་འཚང་རྒྱ་བར་འགྱུར། འཇམ་དཔལ་གྱིས་སྨྲས་པ། རིགས་ཀྱི་བུ་ཁྱོད་ཀྱིས་ཁོ་བོ་ལ་ཅི་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་སམ། །འོན་ཏེ་མ་ཞུགས་ཞེས་ཇེ་དྲིས་ཤིག །དེ་ཅིའི་ཕྱིར་ཞེ་ ན། རིགས་ཀྱི་བུ་གལ་ཏེ་ཁོ་བོ་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ན་ནི་དེའི་ཕྱིར་མངོན་པར་རྫོགས་པར་འཚང་ཡང་རྒྱ་ན། ཁོ་བོ་ཡང་དག་པར་ཞུགས་པ་མེད་པས་མངོན་པར་རྫོགས་པར་འཚང་རྒྱ་བར་ཇི་ལྟར་འགྱུར། སྨྲས་པ། འཇམ་དཔལ་ཁྱོད་ སེམས་ཅན་རྣམས་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་མ་ཞུགས་སམ། སྨྲས་པ། རིགས་ཀྱི་བུ་དེ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དམིགས་སུ་མེད་པའི་ཕྱིར་ཏེ། རིགས་ཀྱི་བུ་གལ་ཏེ་ཁོ་བོས་ སེམས་ཅན་ཞིག་དམིགས་ན་ནི་དེའི་ཕྱིར་ཁོ་བོ་ཡང་དེ་དག་གི་དོན་དུ་བྱང་ཆུབ་ཏུ་ཡང་དག་པར་འཇུག་ན། རིགས་ཀྱི་བུ་གང་གི་ཕྱིར་སེམས་ཅན་ཡང་མེད། སྲོག་ཀྱང་མེད། གང་ཟག་ཀྱང་མེད་པ་དེའི་ཕྱིར་ཁོ་བོ་འཇུག་པ་མེད་དོ། །ལྡོག་ པ་མེད་དོ། །སྨྲས་པ། །འཇམ་དཔལ་ཁྱོད་སངས་རྒྱས་ཀྱི་ཆོས་ལ་མ་ཞུགས་སམ། སྨྲས་པ། རིགས་ཀྱི་བུ་དེ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ཆོས་ཐམས་ཅད་ནི་སངས་རྒྱས་ཀྱི་ཆོས་ལ་ཞུགས་པ་སྟེ། ཆོས་གང་ ཟག་པ་མེད་ཅིང་ཁོངས་སུ་གཏོགས་པ་མེད་ལ་མཚན་མ་མེད་ཅིང་མཚན་ཉིད་མེད་པ་དེ་ནི་སངས་རྒྱས་སུ་ཞུགས་པ་ཡིན་ཏེ། ཆོས་ཐམས་ཅད་ཀྱང་སངས་རྒྱས་སུ་ཞུགས་པ་དེ་དང་འདྲ་བས་སངས་རྒྱས་སུ་ཞུགས་པ་དེ་དང་མི་འདྲ་ 80-1-333a བ་མེད་དོ། །རིགས་ཀྱི་བུ་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཁྱོད་སངས་རྒྱས་ཀྱི་ཆོས་ཀྱི་དོན་དུ་མ་ཞུགས་སམ་ཞེས་སྨྲས་པ་དེ་ཁྱོད་ཉིད་ལ་དྲིས། ཁྱོད་ཀྱི་ཇི་ལྟར་བཟོད་པ་བཞིན་དུ་ལུང་སྟོན་ཅིག །རིགས་ཀྱི་བུ་འདི་ཇི་སྙམ་དུ་ སེམས། གཟུགས་བྱང་ཆུབ་ཏུ་སྨོན་ཏམ། འོན་ཏེ་གཟུགས་ཀྱི་རང་བཞིན་ནམ། གཟུགས་ཀྱི་དེ་བཞིན་ཉིད་དམ། གཟུགས་ཀྱི་ངོ་བོ་ཉིད་དམ། གཟུགས་ཀྱི་སྟོང་པ་ཉིད་དམ། གཟུགས་ཀྱི་དབེན་པ་ཉིད་དམ། གཟུགས་ཀྱི་ཆོས་ཉིད་ བྱང་ཆུབ་ཏུ་སྨོན། རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས། གཟུགས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་འམ། འོན་ཏེ་གཟུགས་ཀྱི་རང་བཞིན་ནམ། གཟུགས་ཀྱི་དེ་བཞིན་ཉིད་དམ། གཟུགས་ཀྱི་ངོ་བོ་ཉིད་དམ། གཟུགས་ཀྱི་སྟོང་པ་ ཉིད་དམ། གཟུགས་ཀྱི་དབེན་པ་ཉིད་དམ། གཟུགས་ཀྱི་ཆོས་ཉིད་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ། སྨྲས་པ། འཇམ་དཔལ་དེ་ནི་མ་ཡིན་ཏེ། གཟུགས་བྱང་ཆུབ་ཏུ་སྨོན་པ་མེད་དོ། །གཟུགས་ཀྱི་རང་བཞིན་དང་། གཟུགས་ཀྱི་དེ་བཞིན་ ཉིད་དང་། གཟུགས་ཀྱི་ངོ་བོ་ཉིད་དང་། གཟུགས་ཀྱི་སྟོང་པ་ཉིད་དང་། གཟུགས་ཀྱི་དབེན་པ་ཉིད་དང་། གཟུགས་ཀྱི་ཆོས་ཉིད་ནི་བྱང་ཆུབ་ཏུ་སྨོན་པ་མེད་དོ། །གཟུགས་ནི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། གཟུགས་ ཀྱི་ཆོས་ཉིད་ཀྱི་བར་དུ་ཡང་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །སྨྲས་པ། རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བྱང་ཆུབ་ཏུ་སྨོན་ཏམ། རྣམ་པར་ ཤེས་པ་ཆོས་ཉིད་ཀྱི་བར་དུ་ཡང་བྱང་ཆུབ་ཏུ་སྨོན་ཏམ། རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས། རྣམ་པར་ཤེས་པ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་འམ། རྣམ་པར་ཤེས་པའི་ཆོས་ཉིད་ཀྱི་བར་དུ་ཡང་མངོན་པར་རྫོགས་ པར་འཚང་རྒྱ་འམ། སྨྲས་པ་འཇམ་དཔལ་དེ་ནི་མ་ཡིན་ཏེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་བྱང་ཆུབ་ཏུ་སྨོན་པ་མེད་དོ། །རྣམ་པར་ཤེས་པའི་ཆོས་ཉིད་ཀྱི་བར་དུ་ཡང་བྱང་ཆུབ་ཏུ་སྨོན་པ་མེད་ 80-1-333b དོ། །རྣམ་པར་ཤེས་པ་ནི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །རྣམ་པར་ཤེས་པའི་ཆོས་ཉིད་ཀྱི་བར་དུ་ཡང་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །སྨྲས་པ་རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས། ཕུང་པོ་ ལྔ་པོ་དག་ལས་ཕྱི་རོལ་དུ་བདག་གམ་བདག་གིས་ཞེས་བྱ་བར་གདགས་པར་ནུས་སམ། སྨྲས་པ། འཇམ་དཔལ་དེ་ནི་མ་ཡིན་ནོ། །སྨྲས་པ། རིགས་ཀྱི་བུ་དེ་ལྟ་ཡིན་ན་བྱང་ཆུབ་ཏུ་སྨོན་པའི་ཆོས་དེ་གང་ཞིག་ཡོད། བྱང་ ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡང་གང་ཞིག་ཡོད། སྨྲས་པ། འཇམ་དཔལ་ཁྱོད་ལྟ་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་གི་དཔང་དུ་གྱུར་པ། ཚད་མར་གྱུར་པས་ཁོ་བོ་བྱང་ཆུབ་ཏུ་ སྨོན་པ་མེད་དོ། །ཁོ་བོ་མངོན་པར་རྫོགས་པར་འཚང་མི་རྒྱའོ་ཞེས་བཤད་ན། བསྟན་པ་དེ་ཐོས་པས་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་རྣམས་སྐྲག་པར་འགྱུར་རོ། །འཇམ་དཔལ་གྱིས་སྨྲས་པ། རིགས་ཀྱི་བུ་ཆོས་ཐམས་ ཅད་ནི་སྐྲག་པ་མེད་པ་སྟེ། ཡང་དག་པའི་མཐའ་ནི་སྐྲག་པ་མེད་པའོ། །སྐྲག་པ་མེད་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཡང་ཆོས་སྟོན་ཏེ། གང་སྐྲག་པ་དེ་ནི་སྐྱོ་བར་འགྱུར་རོ། །གང་སྐྱོ་བར་གྱུར་པ་དེ་ནི་འདོད་ཆགས་དང་ བྲལ་བར་འགྱུར་རོ། །གང་འདོད་ཆགས་དང་བྲལ་བ་དེ་ནི་རྣམ་པར་གྲོལ་ལོ། །གང་རྣམ་པར་གྲོལ་བ་དེ་ནི་བཅིངས་པ་མེད་པར་འགྱུར་རོ། །གང་བཅིངས་པ་མེད་པ་དེ་ནི་ཆགས་པར་མི་འགྱུར་རོ། །གང་ཆགས་པ་མེད་པ་དེ་ནི་འགྲོ་བ་མེད་དོ། ། གང་འགྲོ་བ་མེད་པ་དེ་ནི་འོང་བ་མེད་དོ། །གང་འོང་བ་མེད་པ་དེ་ནི་སྨོན་པ་མེད་དོ། །གང་སྨོན་པ་མེད་པ་དེ་ནི་སྨོན་ལམ་འདེབས་པ་མེད་དོ། །གང་སྨོན་ལམ་འདེབས་པ་མེད་པ་དེ་ནི་ལྡོག་པ་མེད་དོ། །གང་ལྡོག་པ་མེད་པ་དེ་ནི་ཕྱིར་ལྡོག་པ་ སྟེ། ཅི་ལས་ཕྱིར་ལྡོག་ཅེ་ན། བདག་ཏུ་འཛིན་པ་ལས་ཕྱིར་ལྡོག་གོ། །སེམས་ཅན་དུ་འཛིན་པ་དང་། སྲོག་ཏུ་འཛིན་པ་དང་། གང་ཟག་ཏུ་འཛིན་པ་དང་། ཆད་པར་འཛིན་པ་དང་། རྟག་པར་འཛིན་པ་དང་། མཚན་མར་འཛིན་པ་ལས་ 80-1-334a ཕྱིར་ལྡོག་གོ་རྣམ་པར་རྟོག་པ་ལས་ཕྱིར་ལྡོག་གོ། ནམ་ཕྱིར་ལྡོག་པ་དེའི་ཚེ་འགྱུར་བ་མེད་པས་ཕྱིར་མི་ལྡོག་སྟེ། གང་ལས་ཕྱིར་མི་ལྡོག་ཅེ་ན། སྟོང་པ་ཉིད་ལས་ཕྱིར་མི་ལྡོག་གོ། །མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། ཡང་དག་པའི་མཐའ་ དང་། སངས་རྒྱས་ཀྱི་ཆོས་རྣམས་ལས་ཕྱིར་མི་ལྡོག་གོ། །དེ་ལ་གང་ལས་ཕྱིར་མི་ལྡོག་པའི་སངས་རྒྱས་ཀྱི་ཆོས་རྣམས་གང་ཞེ་ན། བྲལ་བ་མེད་པ་ནི་སངས་རྒྱས་ཀྱི་ཆོས་རྣམས་སོ། །ཁོངས་སུ་གཏོགས་པ་མེད་པ་ནི་ སངས་རྒྱས་ཀྱི་ཆོས་རྣམས་སོ། །དམིགས་པ་མེད་པ་ནི་སངས་རྒྱས་ཀྱི་ཆོས་རྣམས་སོ། །ལེན་པ་མེད་པ་ནི་སངས་རྒྱས་ཀྱི་ཆོས་རྣམས་སོ། །དོར་བ་མེད་པ་ནི་སངས་རྒྱས་ཀྱི་ཆོས་རྣམས་སོ། །རྒྱུ་བ་མེད་པ་དང་། རྣམ་པར་རིག་པ་ མེད་པ་དང་། མིང་ཙམ་དུ་ཟད་པ་དང་། སྟོང་པ་དང་། མ་སྐྱེས་པ་དང་། མ་འགགས་པ་དང་། འོང་བ་མེད་པ་དང་། འགྲོ་བ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། ཀུན་ནས་ཉོན་མོངས་པ་དང་བྲལ་བ་དང་། རྡུལ་མེད་པ་དང་། རྡུལ་དང་བྲལ་བ་ དང་། བདག་གི་བ་མེད་པ་དང་། ཡིད་ལ་བྱ་བ་མེད་པ་དང་། མི་ལྡན་པ་མེད་པ་དང་། ཟག་པ་མེད་པ་དང་། བླངས་པ་མེད་པ་དང་། མཉམ་པ་དང་མི་མཉམ་པ་མེད་པ་ནི་སངས་རྒྱས་ཀྱི་ཆོས་རྣམས་སོ། །རིགས་ཀྱི་བུ་སངས་རྒྱས་ཀྱི་ཆོས་གང་ ཡིན་པ་དེ་དག་ནི་ཆོས་ཀྱང་མ་ཡིན། ཆོས་མ་ཡིན་པ་ཡང་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་གང་ལས་འདི་དག་ནི་སངས་རྒྱས་ཀྱི་ཆོས་རྣམས་སོ་ཞེས་བྱ་བར་བརྗོད་པའི་གནས་མི་དམིགས་སོ། །རིགས་ཀྱི་བུ་བྱང་ཆུབ་ སེམས་དཔའ་ལས་དང་པོ་པ་གང་གིས་བསྟན་པ་འདི་ཐོས་ནས་འཇིགས་པར་གྱུར་པ་དེ་དག་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །གང་འཇིགས་པར་མ་གྱུར་པ་དེ་དག་ནི་ཅི་ཡང་ མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་རོ། །སྨྲས་པ། འཇམ་དཔལ་ཅི་ལས་བསམས་ཤིང་དེ་སྐད་དུ་སྟོན། སྨྲས་པ། རིགས་ཀྱི་བུ་གང་འཇིགས་པར་གྱུར་པ་དེ་དག་ནི་རྣམ་པར་རྟོག་པར་འགྱུར་ཏེ། གང་རྣམ་པར་རྟོག་པ་དེ་དག་ནི་ 80-1-334b འདི་སྙམ་དུ་བདག་ཅག་གིས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་ནས་དེ་དག་མངོན་པར་རྫོགས་པར་འཚང་རྒྱ་བ་དང་ལྡན་པའི་སེམས་བསྐྱེད་པ་ཇི་སྙེད་དུ་བསྐྱེད་པར་གྱུར་བ་དེ་སྙེད་དུ་མངོན་པར་རྫོགས་པར་འཚང་རྒྱའོ། །གང་དག་དེ་ལྟ་ བུའི་སེམས་མི་སྐྱེད་པ་དེ་དག་ནི་བྱང་ཆུབ་ཏུ་དམིགས་པ་མེད་ཅིང་སེམས་ཀྱིས་རློམ་སེམས་སུ་མི་བྱེད་དེ་བྱང་ཆུབ་ཀྱི་སེམས་སུ་དམིགས་པ་མེད་པས་རྣམ་པར་རྟོག་པ་མེད་དོ། །གང་གི་ཚེ་རྣམ་པར་མི་རྟོག་པ་དེའི་ཚེ། ཅི་ཡང་མངོན་པར་རྫོགས་པར་འཚང་ རྒྱ་བ་མེད་དོ། །ཅིའི་ཕྱིར་ཅི་ཡང་མངོན་པར་རྫོགས་པར་འཚང་རྒྱ་བ་མེད་ཅེ་ན། བྱང་ཆུབ་དེ་མི་དམིགས་པས་དེའི་ཕྱིར་མངོན་པར་རྫོགས་པར་འཚང་རྒྱ་བ་མེད་དོ། །རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས། ནམ་མཁའི་ཁམས་བྱང་ཆུབ་མངོན་པར་རྫོགས་པར་འཚང་ རྒྱ་འམ། སྨྲས་པ། འཇམ་དཔལ་དེ་ནི་མ་ཡིན་ནོ། །འཇམ་དཔལ་གྱིས་སྨྲས་པ། རིགས་ཀྱི་བུ་ཅི་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ནམ་མཁའ་དང་མཉམ་པར་བསྟན་མོད། སྨྲས་པ། འཇམ་དཔལ་དེ་དེ་བཞིན་ནོ། །འཇམ་དཔལ་ གྱིས་སྨྲས་པ། རིགས་ཀྱི་བུ་དེ་ལྟ་བས་ན་ནམ་མཁའ་ཇི་ལྟ་བར་བྱང་ཆུབ་ཀྱང་དེ་བཞིན། བྱང་ཆུབ་ཇི་ལྟ་བར་ནམ་མཁའ་ཡང་དེ་བཞིན་ཏེ། ནམ་མཁའ་དང་བྱང་ཆུབ་དེ་ནི་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་དོ། ། གང་གིས་དེ་ལྟ་བུའི་མཉམ་པ་ཉིད་ཤེས་པ་དེ་ནི་ཅུང་ཟད་ཀྱང་ཤེས་པ་མེད་ལ་དེས་མ་ཤེས་པ་ཡང་གང་ཡང་མེད་དོ། །བསྟན་པ་འདི་བཤད་པའི་ཚེ་དགེ་སློང་ཁྲི་ཉིས་སྟོང་ཉེ་བར་ལེན་པ་མེད་པར་ཟག་པ་རྣམས་ ལས་སེམས་རྣམ་པར་གྲོལ་ལོ། །ལྷ་དང་མི་ཁྲི་བཞི་སྟོང་ཆོས་ལ་ཆོས་ཀྱི་མིག་རྡུལ་དང་བྲལ་ཞིང་དྲི་མ་མེད་པར་རྣམ་པར་དག་གོ། །སྲོག་ཆགས་དགུ་ཁྲི་དྲུག་སྟོང་གིས་སྔོན་མ་བསྐྱེད་པ་ལས་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ལྔ་ཁྲི་ཉིས་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེང་གེའི་རྩལ་ 80-1-335a གྱིས་མངོན་པར་བསྒྲགས་པའི་སྒྲས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་ཀྱིས་ཡུན་རིང་པོ་ཇི་སྲིད་ཅིག་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད། འཇམ་དཔལ་ གྱིས་སྨྲས་པ། རིགས་ཀྱི་བུ་ཁ་རོག་ཆོས་རྣམས་མ་སྐྱེས་པ་ལ་བདག་རྣམ་པར་རྟོག་ཏུ་མ་གཞུག ། རིགས་ཀྱི་བུ་གང་ལ་ལ་ཞིག་འདི་སྐད་དུ་བདག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བདག་གིས་བྱང་ཆུབ་ཀྱི་ཕྱིར་སྤྱད་པར་བྱའོ། །ཞེས་ཟེར་ན་དེ་ཉིད་དེའི་ ལོག་པར་ལྟ་བ་ཆེན་པོ་འགྱུར་ཏེ། རིགས་ཀྱི་བུ་བདག་གིས་ནི་སེམས་གང་བྱང་ཆུབ་ཏུ་བསྐྱེད་པར་བྱ་བ་དེ་ལྟ་བུ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། དེ་ལྟར་བདག་གིས་སེམས་དེ་ཡང་དག་པར་རྗེས་སུ་མ་མཐོང་བས་བྱང་ཆུབ་ཏུ་ཡང་སེམས་མ་བསྐྱེད་དོ། །སྨྲས་པ། འཇམ་དཔལ་རྗེས་སུ་མཐོང་ཞེས་བྱ་བའི་ཚིག་དེའི་དོན་གང་ཡིན། འཇམ་དཔལ་གྱིས་སྨྲས་པ། རིགས་ཀྱི་བུ་ཡང་དག་པར་རྗེས་སུ་མཐོང་ཞེས་བྱ་བ་ནི་མཉམ་པ་ཉིད་བསྟན་པའོ། །སྨྲས་པ། འཇམ་དཔལ་ཅིའི་ཕྱིར་མཉམ་པ་ཉིད་ཅེས་བྱ། སྨྲས་པ། རིགས་ཀྱི་བུ་མཉམ་ པ་ཉིད་ཅེས་བྱ་བ་ནི་གང་ལ་ཐ་དད་པ་མེད་པ་སྟེ། མཉམ་པ་ཉིད་དེས་ཆོས་ཐམས་ཅད་འདི་ལྟ་སྟེ། དབེན་པའི་ཚུལ་དུ་ཚུལ་གཅིག་དུ་བསྟན་པས་རོ་གཅིག་ཏུ་བརྗོད་ཅིང་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། ཆད་པ་མེད་པ་དང་། རྟག་ པ་མེད་པ་དང་། མི་སྐྱེ་བ་དང་། མི་འགག་པ་དང་། ངའི་བ་མེད་པ་དང་། ཡོངས་སུ་འཛིན་པ་མེད་པ་དང་། དོར་བ་མེད་པའི་ཕྱིར་ཆོས་སྟོན་ཅིང་མི་རྟོག་རྣམ་པར་མི་རྟོག་པ་སྟེ། རིགས་ཀྱི་བུ་ཆོས་དེ་ལྟ་བུ་མཉམ་པ་ཉིད་དུ་རྟོགས་པའི་ཡེ་ཤེས་ ནི་མཉམ་པ་ཉིད་ཅེས་བྱའོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་ཆོས་ཉིད་ཁོང་དུ་ཆུད་པ་དེ་ནི་ཁམས་ལས་ཐ་དད་པར་ཡང་ཡང་དག་པར་རྗེས་སུ་མི་མཐོང་། གཅིག་ཏུ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ བ་འདི་ནི་མཉམ་པ་ཉིད་དོ། །མཉམ་པ་ཉིད་གང་ཡིན་པ་དེ་ནི་མི་མཉམ་པ་མེད་པའོ། །མི་མཉམ་པ་མེད་པ་གང་ཡིན་པ་དེ་ནི་གཟོད་མ་ནས་དག་པའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ 80-1-335b ཆེན་པོ་སེང་གེའི་རྩལ་གྱིས་མངོན་པར་བསྒྲགས་པའི་སྒྲས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་འདི་ནི་འདི་སྲིད་ཅིག་ནས་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་ བསྐྱེད་དོ་ཞེས་བགྱི་བར་མི་སྟོན་ཏེ། འཁོར་འདི་དག་ནི་ཉན་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འཇམ་དཔལ་གཞོན་ནུར་གྱུར་པ་འདི་ནི་ཟབ་མོའི་བཟོད་པ་དང་ལྡན་སྟེ། དེ་ཡང་ཇི་ཙམ་དུ་ བྱང་ཆུབ་ཀྱང་མི་དམིགས། སེམས་ཀྱང་མི་དམིགས་པ་དེ་རྩམ་དུ་ཟབ་མོའི་བཟོད་པ་དང་ལྡན་ཏེ། དེས་བྱང་ཆུབ་ཀྱི་སེམས་མི་དམིགས་པས་ངས་འདི་སྲིད་ཅིག་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དོ་ཞེས་བྱ་བར་མི་སྟོན་ན། རིགས་ཀྱི་ བུ་འཇམ་དཔལ་གཞོན་ནུར་གྱུར་པས་ཡུན་རིང་པོ་ཇི་སྲིད་ཅིག་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་བསྟན་པར་བྱའོ། །རིགས་ཀྱི་བུ་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་ མེད་པ་བརྒྱ་སྟོང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཕྲག་བདུན་འདས་པ་དེ་ཕ་རོལ་གྱི་ཡང་ཆེས་ཕ་རོལ་དེའི་ཚེ་དེའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྲུག་སྒྲའི་ དབྱངས་ཀྱི་རྒྱལ་པོ་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ འདས་འཇིག་རྟེན་དུ་བྱུང་སྟེ། སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བྱེ་བ་ཕྲག་དགུ་བཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་འབྱུང་བ་བཟང་པོ་ ཞེས་བྱ་བར་གྱུར་ཏེ། དེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འབྲུག་སྒྲའི་དབྱངས་ཀྱི་རྒྱལ་པོ་ཞེས་བྱ་བ་དེ་ཆོས་སྟོན་ཏོ། །དེའི་ཚེ་བཅོམ་ལྡན་འདས་དེའི་ཉན་ཐོས་འདུས་པ་ནི་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་བཅུ་ 80-1-336a རྩ་བཞིར་གྱུར། བྱང་ཆུབ་སེམས་དཔའི་འདུས་པ་ནི་དེའི་ཉིས་འགྱུར་དུ་གྱུར་ཏེ། དེའི་ཚེ་རྒྱལ་པོ་ནམ་མཁའ་ཞེས་བྱ་བ་ཆོས་དང་ལྡན་པ། ཆོས་ཀྱི་རྒྱལ་པོ་འཁོར་ལོས་སྒྱུར་བའི་རིན་པོ་ཆེ་བདུན་དང་ལྡན་པ་བྱུང་སྟེ། རིགས་ཀྱི་བུ་རྒྱལ་ པོ་ནམ་མཁའ་ཞེས་བྱ་བ་དེ་བུ་དང་ཆུང་མ་དང་། གཉེན་མང་བ་དང་། འཁོར་དུ་བཅས་པས་ལས་གཞན་མེད་ཅིང་སྐྱོ་བ་མེད་པའི་སེམས་ཀྱིས་དེ་བཞིན་གཤེགས་པ་འབྲུག་སྒྲའི་དབྱངས་ཀྱི་རྒྱལ་པོ་ཉན་ཐོས་ཀྱི་དགེ་འདུན་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་དུ་བཅས་པ་དེ་ལ་ལོ་བརྒྱད་ཁྲི་བཞི་སྟོང་དུ་ཞལ་ཟས་ཀྱི་རྣམ་པ་ཁ་ན་མ་ཐོ་བ་མེད་པ་གཞན་དང་གཞན་དག་དང་། ན་བཟའ་སར་པ་སར་པ་གཞན་དང་གཞན་དག་དང་། ཕོ་བྲང་ཁང་པ་བརྩེགས་ པ་སར་པ་སར་པ་གཞན་དང་གཞན་དག་དང་། རིམ་གྲོ་པ་ཁ་ན་མ་ཐོ་བ་མེད་པ་གཞན་དང་གཞན་དག་དང་། བདེ་བར་སྦྱར་བ་ཐམས་ཅད་ཀྱིས་རིམ་གྲོར་བྱས་པར་གྱུར་ཏོ། །དེ་ལྟར་ལོ་བརྒྱད་ཁྲི་བཞི་སྟོང་འདས་པའི་འོག་ཏུ་དེ་གཅིག་པུ་ དབེན་པ་ན་གཉིས་སུ་མེད་པར་འདུག་འདུག་པའི་ཡིད་ལ་རྣམ་པ་འདི་ལྟ་བུའི་སེམས་སྐྱེས་པར་གྱུར་ཏེ། བདག་གིས་དགེ་བའི་རྩ་བ་མང་པོ་མངོན་པར་འདུས་བྱས་ཀྱང་དེ་དག་ངེས་པ་མེད་པའི་སེམས་ཀྱིས་འདུས་བྱས་ན་ད་ནི་དགེ་བའི་རྩ་བ་ དེ་དག་ཀྱང་ཡོངས་སུ་བསྔོ་བར་བྱའོ། །སྙམ་ནས་དེ་འདི་སྙམ་དུ་སེམས་ཏེ་དགེ་བའི་རྩ་བ་འདི་བརྒྱ་བྱིན་དུ་བསྔོ་འམ། འཁོར་ལོས་སྒྱུར་བར་བསྔོ་འམ། ཉན་ཐོས་སུ་བསྔོ་འམ། རང་སངས་རྒྱས་སུ་བསྔོ་འམ། གང་དུ་བསྔོ་སྙམ་པ་ དང་། རིགས་ཀྱི་བུ་རྒྱལ་པོ་དེའི་སེམས་དེ་ལྟར་བསྐྱེད་མ་ཐག་ཏུ་སྟེང་གི་བར་སྣང་ལས་ལྷ་མང་པོས་སྒྲ་བསྒྲགས་པ། རྒྱལ་པོ་ཆེན་པོ་དེ་ལྟར་དམའ་བའི་སེམས་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཀྱིས་བསོད་ནམས་ཀྱི་ ཕུང་པོ་ཡངས་པ་བྱས་ཀྱིས་རྒྱལ་པོ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་ཅིག་ཅེས་བྱས་པ་དང་། རིགས་ཀྱི་བུ་དེའི་ཚེ་རྒྱལ་པོ་ཆེན་པོ་ནམ་མཁའ་དེ་དགའ་བ་དང་། མཆོག་ཏུ་དགའ་བ་ཆེན་པོ་སྐྱེས་པར་ 80-1-336b གྱུར་ཏེ། དེས་འདི་སྙམ་དུ་བསམས་སོ། །བདག་ནི་བྱང་ཆུབ་ལས་ཕྱིར་མི་ལྡོག་གོ། །དེ་ཅིའི་ཕྱིར་ཞེ་ན། ལྷ་རྣམས་ཀྱིས་བདག་གི་སེམས་ཡོངས་སུ་ཤེས་ཏེ་སྒྲ་བསྒྲགས་སོ་སྙམ་མོ། །རིགས་ཀྱི་བུ་དེ་ནས་རྒྱལ་པོ་ནམ་མཁའ་དེ་སྲོག་ ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་བཅུས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འབྲུག་སྒྲའི་དབྱངས་ཀྱི་རྒྱལ་པོ་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་དེ་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །རིགས་ཀྱི་བུ་དེ་ནས་རྒྱལ་པོ་ནམ་མཁའ་ཞེས་བྱ་བ་དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འབྲུག་སྒྲའི་དབྱངས་ཀྱི་ རྒྱལ་པོ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། ཁྱོད་ཀྱི་སྤྱན་སྔར་དམ་ཆོས་ཞུ། སྐྱེས་བུ་དམ་པ་མཆོག་སྐྱེ་བར། རྣམ་པ་གང་གིས་འགྱུར་བ་དེ། རྣམ་པར་འདྲེན་པས་བདག་ལ་གསུངས། རྣམ་འདྲེན་ཁྱོད་ལ་མངོན་སུམ་དུ། མཆོད་པ་ཡངས་པ་བགྱིད་བགྱིད་ཀྱང་། མ་ངེས་སེམས་ཀྱིས་བགྱིས་གྱུར་གྱིས། །གར་ཡང་ཡོངས་སུ་བསྔོ་མ་བགྱིས། བདག་ནི་གཅིག་པུ་དབེན་གནས་ཚེ། འདི་འདྲའི་སེམས་ཤིག་སྐྱེས་པར་གྱུར། བདག་གིས་ བསོད་ནམས་ཆེ་བས་གསན། ཇི་ལྟར་ཡོངས་སུ་དེ་བསྔོ་སྙམ། ཚངས་པར་བསྔོ་འམ་བརྒྱ་བྱིན་ནམ། །གླིང་གཞིའི་དབང་ཕྱུག་ཐོབ་པར་རམ། འོན་ཏེ་ཉན་ཐོས་དངོས་པོར་རམ། །རང་རྒྱལ་འཐོབ་པའི་ཕྱིར་བསྔོ་སྙམ། དེ་ལྟར་སེམས་བསྐྱེད་དེ་མ་ཐག ། ལྷ་རྣམས་སྒྲ་འབྱིན་བརྗོད་པ་ནི། དམན་པའི་སེམས་ཀྱིས་བསོད་ནམས་འདི། རྣམ་པར་ཆུད་གཟོན་མ་བྱེད་ཅིག །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། སྨོན་ལམ་རླབས་ཆེན་གདབ་པར་གྱིས། བྱང་ཆུབ་སེམས་རབ་བསྐྱེད་བྱས་ཤིང་། །འཇིག་རྟེན་རྣམས་ ཀྱི་དོན་ཀྱང་གྱིས། །དེ་བས་ཆོས་ཀྱི་དབང་ཕྱུག་གཙོ། རྫོགས་སངས་རྒྱས་ལ་བདག་ཞུ་སྟེ། ཐུབ་པ་ཇི་ལྟར་སེམས་བསྐྱེད་ན། རྫོགས་པའི་བྱང་ཆུབ་སྐྱེ་བར་འགྱུར། ཡེ་ཤེས་དེ་ནི་གང་གིས་འཐོབ། དེ་དོན་བདག་ལ་བསྟན་དུ་གསོལ། །བྱང་ཆུབ་ 80-1-337a སེམས་ནི་བསྐྱེད་བགྱིས་ཤིང་། །ཐུབ་པ་ཁྱོད་འདྲར་བདག་ཀྱང་སྨོན། །དེ་ཡི་ཚིག་དེ་གསན་གྱུར་ནས། །དེ་བཞིན་གཤེགས་པས་བཀའ་སྩལ་པ། ། རྒྱལ་པོ་ཆེན་པོ་ཤེས་པར་གྱིས། །རིམ་གྱིས་ཁྱོད་ལ་བསྟན་པར་བྱ། །ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩ་ལ་རབ་ཏུ་གནས། །གང་གིས་སྨོན་ ལམ་ཅི་བཏབ་པ། །དེ་འདྲའི་འབྲས་བུ་ཐོབ་པར་འགྱུར། །རྒྱལ་པོ་ངས་ཀྱང་སྔོན་ཆད་ནི། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་གྱུར། །སེམས་ཅན་ ཀུན་ལ་ཕན་དོན་དུ། །ངས་ནི་སྨོན་ལམ་དམ་པ་བཏབ། །སྨོན་ལམ་ཇི་ལྟར་བཏབ་ཚུལ་དུ། །ངས་ནི་འབྲས་བུ་ཐོབ་པར་གྱུར། །བྱང་ཆུབ་དམ་པ་ངས་ ཐོབ་པས། །ང་ཡི་བསམ་པ་རྫོགས་པར་གྱུར། །རྒྱལ་པོ་ཆེན་པོ་བརྟན་གྱིས་ལ། མི་འགྱུར་སེམས་ནི་བསྐྱེད་པར་གྱིས། །གལ་ཏེ་སྤྱོད་པ་སྤྱད་བྱས་ནས། ། ཁྱོད་ཀྱང་ཡང་དག་སངས་རྒྱས་འགྱུར། །ཐུབ་པའི་གསུང་དེ་ཐོས་གྱུར་ནས། །རྒྱལ་པོ་དེ་ནི་དགའ་བར་གྱུར། །འཇིག་རྟེན་ཀུན་གྱི་མངོན་སུམ་དུ། །སེང་ གེའི་ང་རོར་ཚིག་འདི་བརྗོད། །འཁོར་བའི་ཐ་མ་མེད་པ་ཡི། །སྔོན་གྱི་ཐ་མ་ཇི་སྲིད་པ། །དེ་སྲིད་སེམས་ཅན་ཕན་དོན་དུ། །སྤྱོད་པ་དཔག་ཡས་སྤྱད་པར་བྱ། ། འཇིག་རྟེན་མགོན་པོའི་སྤྱན་སྔ་འདིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །འགྲོ་བ་ཐམས་ཅད་འགྲོན་གཉེར་ཏེ། །དབུལ་ཞིང་ཕོངས་ལས་དགྲོལ་བར་བྱ། ། 80-1-337b དེ་རིང་ཕན་ཆད་གལ་ཏེ་ཡང་། །བདག་གིས་འདོད་ཆགས་སེམས་བསྐྱེད་ན། །ཕྱོགས་བཅུ་དག་ན་གང་བཞུགས་པའི། །སངས་རྒྱས་ཐམས་ཅད་བསླུས་པར་གྱུར། ། བྱང་ཆུབ་ནམ་ཞིག་ཐོབ་བར་དུ། །ཐ་བའི་སེམས་དང་གནོད་སེམས་དང་། །ཕྲག་དོག་དང་ནི་སེར་སྣ་ཡང་། །དེ་རིང་ཕན་ཆད་མི་བྱའོ། །ཚངས་པའི་སྤྱོད་པ་བདག་གིས་སྤྱད། ། སྡིས་པའི་འདོད་པ་ཡོངས་སུ་གཏང་། །ཚུལ་ཁྲིམས་སྡོམ་དང་ངེས་པ་ལ། །སངས་རྒྱས་རྗེས་སུ་བསླབ་པར་བྱ། །བདག་ནི་བྱང་ཆུབ་རིངས་ཚུལ་དུ། །འཚང་རྒྱར་མོས་ཤིང་སྤྲོ་བ་མེད། །ཕྱི་ མཐར་ཐུག་གི་བར་དུ་ཡང་། །སེམས་ཅན་གཅིག་ཕྱིར་སྤྱད་པར་བྱ། །ཚད་མེད་བསམ་གྱིས་མི་ཁྱབ་པའི། །སངས་རྒྱས་ཞིང་ནི་སྤྱད་པར་བྱ། །ཕྱོགས་རྣམས་བཅུ་པོ་ཐམས་ཅད་དུ། །བདག་གི་མིང་ནི་ཐོས་པར་ བྱ། །བདག་གིས་བདག་ལ་ལུང་བསྟན་ཏེ། །སངས་རྒྱས་འགྱུར་བར་དོགས་པ་མེད། བདག་གི་ལྷག་བསམ་རྣམ་པར་དག ། །བདག་དབང་འདི་ན་འདྲེན་པ་རྣམས། །ལུས་དང་ངག་གི་ལས་རྣམས་ཀྱང་། རྣམ་པ་ཀུན་དུ་བདག་གིས་སྤྱད། ཡིད་ཀྱི་ལས་ཀྱང་སྤྱད་པར་བྱ། །མི་དགེའི་ལས་ནི་སྤྱད་མི་བྱ། །མ་འོངས་དུས་ན་སངས་རྒྱས་ཏེ། །འཇིག་རྟེན་མགོན་དུ་འགྱུར་ཞེ་ན། །བདེན་པ་དེས་ནི་ས་འདི་ཡང་། རྣམ་པ་དྲུག་ཏུ་གཡོས་གྱུར་ཅིག །བདག་གིས་བདེན་ཚིག་གང་བརྗོད་པ། །མ་ནོར་ཡང་དག་སྨྲས་ཤེས་ན། །བདེན་པ་དེས་ནི་མཁའ་དབྱིངས་ལ། །སིལ་སྙན་དག་གི་སྒྲ་གྲག་ཤོག །བདག་ལ་གལ་ ཏེ་གཡོ་མེད་ཅིང་། །དེ་བཞིན་ཐ་བ་མེད་ཅེས་ན། །མན་དཱ་ར་བའི་མེ་ཏོག་བཟང་། །བདེན་པ་དེས་ནི་ཆར་དུ་ཕོབ། །ཡང་དག་དོན་དུ་ངེས་པ་ཡི། །ཚིག་བདེན་དེ་སྐད་བརྗོད་པ་དང་། ཕྱོགས་བཅུ་ 80-1-338a མཐའ་ཡས་ཐམས་ཅད་ཀྱི། །བྱེ་བའི་ཞིང་རྣམས་རབ་ཏུ་གཡོས། །དེ་ཡི་མདོ་ལས་མཁའ་དབྱིངས་ནས། །སིལ་སྙན་བྱེ་བའི་སྒྲ་ཡང་བྱུང་། །མེ་ཏོག་མན་དཱ་ར་བ་དག ། །མི་འགྲེང་ བདུན་སྲིད་བབ་པར་གྱུར། །རྒྱལ་པོ་དེ་ཡི་རྗེས་བསླབས་ཏེ། །སྲོག་ཆགས་བྱེ་བ་ཉི་ཤུ་ཡི། །འདྲེན་པར་བདག་ཅག་འགྱུར་སྨོན་ཅེས། །ཡིད་དུ་འོང་བའི་སྒྲ་ཡང་བསྒྲགས། །དེ་ལྟར་སྲོག་ཆགས་ བྱེ་བ་ཕྲག ། །ཉི་ཤུ་པོ་རྣམས་ཐམས་ཅད་ཀྱང་། །རྒྱལ་པོ་མཆོག་གི་རྗེས་སློབ་ཅིང་། །བྱང་ཆུབ་མཆོག་ཏུ་ཞུགས་པར་གྱུར། །རིགས་ཀྱི་བུ་དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ ནམ་མཁའ་ཞེས་བྱ་བ་བྱུང་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་གཞོན་ནུར་གྱུར་པ་འདི་ཉིད་དེའི་ཚེ་དེའི་དུས་ན། འཁོར་ ལོས་སྒྱུར་བའི་རྒྱལ་པོ་ནམ་མཁའ་ཞེས་བྱ་བར་གྱུར་པ་སྟེ། འཇམ་དཔལ་གཞོན་ནུར་གྱུར་པ་འདིས། བྱང་ཆུབ་ཏུ་སེམས་བསྐྱེད་ཕྱིན་ཆད་བསྐལ་པ་གང་གཱའི་ཀླུང་གྲངས་མེད་པ་བརྒྱ་སྟོང་ཕྲག་ བདུན་གྱི་བྱེ་མ་སྙེད་འདས་པར་གྱུར་ཏོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ནས་ཀྱང་། བསྐལ་པ་གང་གཱའི་ཀླུང་དྲུག་བཅུ་རྩ་བཞིའི་བྱེ་མ་སྙེད་འདས་པར་གྱུར་ཏེ། དེ་ནས་ཉེ་བར་བཟུང་ནས་ འདི་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་སོ། །འདི་བྱང་ཆུབ་སེམས་དཔའི་ས་བཅུ་ཐམས་ཅད་ཡོངས་སུ་རྫོགས་སོ། །འདི་སངས་རྒྱས་ཀྱི་ས་ཡོངས་སུ་ རྫོགས་སོ། །འདི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་ཡོངས་སུ་རྫོགས་ཏེ། བར་འགའ་ཡང་དེས་བདག་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རམ། མི་འགྱུར་ 80-1-338b སྙམ་པའི་སེམས་གཅིག་ཀྱང་བསྐྱེད་པར་མ་གྱུར་ཏོ། །རིགས་ཀྱི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འབྲུག་སྒྲའི་དབྱངས་ཀྱི་རྒྱལ་པོའི་སྤྱན་སྔར་རྒྱལ་པོ་དེ་དག་ལྷན་ཅིག་ཏུ། །བྱང་ཆུབ་ཏུ་སེམས་ བསྐྱེད་པའི་སྲོག་ཆགས་བྱེ་བ་ཕྲག་ཉི་ཤུ་པོ་དེ་དག་ཐམས་ཅད་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། །ཆོས་ཀྱི་འཁོར་ལོ་བསྐོར་ཏེ། ། སེམས་ཅན་ཚད་མེད་གྲངས་མེད་པའི་དོན་དུ་སངས་རྒྱས་ཀྱི་བྱ་བ་བྱས་ནས། སངས་རྒྱས་ཀྱི་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་དག་ཐམས་ཅད་ཀྱང་འཇམ་དཔལ་ གཞོན་ནུར་གྱུར་བ་འདིས་སྦྱིན་པ་ལ། ཡང་དག་པར་བཙུད་དོ། །དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ལ་ཡང་དག་པར་བཙུད་དེ། ཐམས་ཅད་ལ་ཡང་བསྙེན་བཀུར་དང་། ཡོངས་སུ་སྤྱད་པར་བྱས་སོ། །ཐམས་ཅད་ཀྱིས་དམ་པའི་ཆོས་བཟུངས་དོ། །དེ་བཞིན་གཤེགས་པ་གཅིག་མ་གཏོགས་པ་ནི་སངས་རྒྱས་ ཀྱི་ཞིང་འདི་ནས་འོག་གི་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བཞི་ཁྲི་བཞི་སྟོང་གི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་སའི་དབྱངས་ཤེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་ གཤེགས་པ་སའི་ལྷ་ཞེས་བྱ་བ། བྱང་ཆུབ་སེམས་དཔའི་དགེ་འདུན་ཚད་མེད་པ་དང་། སྐུ་ཚེའི་ཚད་དཔག་ཏུ་མེད་པར་བཞུགས་པ་སྟེ། དེ་ད་ལྟར་ཡང་བཞུགས་ཤིང་འཚོའོ་གཞེས་ སོ། །སྔོན་བྱུང་བའི་ལེའུ་འདི་བསྟན་པའི་ཚེ། སྲོག་ཆགས་བརྒྱ་སྟོང་ཕྲག་བདུན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་ 80-1-339a སེམས་དཔའ་སེང་གེའི་རྩལ་གྱིས་མངོན་པར་བསྒྲགས་པའི་སྒྲས། །འཇམ་དཔལ་གཞོན་ནུར་གྱུར་པ་ལ། འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ གལ་ཏེ་དེ་ལྟར་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡང་ཡོངས་སུ་རྫོགས། །བྱང་ཆུབ་སེམས་དཔའི་ས་བཅུ་ཡང་ཡོངས་སུ་རྫོགས། སངས་རྒྱས་ ཀྱི་ས་ཡང་ཡོངས་སུ་རྫོགས། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་ཡོངས་སུ་རྫོགས་ན། ཅིའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་ པར་རྫོགས་པར་འཚང་མི་རྒྱ། །དེ་སྐད་ཅེས་སྨྲས་པ་དང་། །འཇམ་དཔལ་གཞོན་ནུར་གྱུར་པས། །བྱང་ཆུབ་སེམས་དཔའ་སེང་གེའི་རྩལ་གྱིས་མངོན་པར་བསྒྲགས་ པའི་སྒྲ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱིས་བུ་སངས་རྒྱས་ཀྱིས་ཆོས་ཡོངས་སུ་རྫོགས་ན་ཡང་དང་ཡང་དུ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱར་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། །དེས་བྱང་ཆུབ་ཐོབ་པར་གྱུར་པས་ཐོབ་ཟིན་པ་ནི་གཟོད་ཐོབ་པར་མི་བྱའོ། །སྨྲས་པ། །འཇམ་དཔལ་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་ཤེས་ བྱ་བ་ཇི་ལྟ་བུ། སྨྲས་པ། །རིགས་ཀྱི་བུ་དེ་བཞིན་ཉིད་ཡོངས་སུ་རྫོགས་པ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱིས་ཆོས་རྣམས་ཡོངས་སུ་རྫོགས་པའོ། །ནམ་མཁའ་ ཡོངས་སུ་རྫོགས་པ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པའོ། །དེ་ལྟར་ན་ནམ་མཁའ་དང་། །སངས་རྒྱས་ཀྱི་ཆོས་རྣམས་དང་། ། 80-1-339b དེ་བཞིན་ཉིད་ཅེས་བྱ་བ་འདི་ནི་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་དོ། །རིགས་ཀྱི་བུ་སངས་རྒྱས་ཀྱིས་ཆོས་རྣམས་ཡོངས་སུ་རྫོགས་པ་གང་ཡིན་ཞེ་ན། དེ་སྐད་ཟེར་བ་ལ་ གང་གཟུགས་ཡོངས་སུ་རྫོགས་པ་དང་། །གང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། གང་རྣམ་པར་ཤེས་པ་ཡོངས་སུ་རྫོགས་པ་དེ་ནི་སངས་རྒྱས་ཀྱི་ཆོས་རྣམས་ ཡོངས་སུ་རྫོགས་པའོ། །སྨྲས་པ། །འཇམ་དཔལ་གཟུགས་ཡོངས་སུ་རྫོགས་པ་ནི་ཇི་ལྟ་བུ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་རྫོགས་ པ་ནི་ཇི་ལྟ་བུ། སྨྲས་པ། རིགས་ཀྱི་བུ་ཁྱོད་ཀྱིས་གཟུགས་ཀྱི་རྟག་པ་འམ། མི་རྟག་པ་ཡང་དག་པར་རྗེས་སུ་མཐོང་ངམ། སྨྲས་པ། འཇམ་དཔལ་དེ་ནི་མ་མཐོང་ངོ་། །འཇམ་དཔལ་གྱིས་ སྨྲས་པ། རིགས་ཀྱི་བུ་ཆོས་གང་རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན་པ་དེ་ལ་ཡོངས་སུ་རྫོགས་པ་འམ་འགྲིབ་པར་འགྱུར་བ་ཡོད་དམ། སྨྲས་པ། །འཇམ་དཔལ་དེ་ནི་མེད་དོ། །འཇམ་དཔལ་ གྱིས་སྨྲས་པ། རིགས་ཀྱི་བུ་དེ་ལྟར་ཆོས་གང་ཡོངས་སུ་རྫོགས་པ་ཡང་མེད། །འགྲིབ་པ་མེད་པ་དེ་ནི་ཡོངས་སུ་རྫོགས་པ་ཞེས་བྱའོ། །སྨྲས་པ། །དེས་ཆོས་ཅིས་ཡོངས་སུ་རྫོགས་ཤེས་བྱ། སྨྲས་པ། དེས་ཆོས་ཇི་ལྟར་ཤེས་པ་དེ་ལྟར་ཡེ་ཤེས་འཇུག་པར་འགྱུར་ཏེ། གང་གི་ཚེ་ཡེ་ཤེས་འཇུག་པར་འགྱུར་བ་དེའི་ཚེ་མི་རྟོག ། རྣམ་པར་མི་རྟོག་གོ། །གང་གི་ཚེ་མི་རྟོག །རྣམ་པར་མི་ རྟོག་པ་དེའི་ཚེ་ཡོངས་སུ་རྫོགས་པ་འམ་འགྲིབ་པར་བྱེད་པ་མེད་དེ། །གང་ཡོངས་སུ་རྫོགས་པ་འམ། །འགྲིབ་པ་མེད་པ་དེ་ནི་མཉམ་པ་ཉིད་དོ། །རིགས་ཀྱི་བུ་དེ་ལྟ་བས་ན་གཟུགས་ཀྱི་མཉམ་པ་ 80-1-340a ཉིད་མཐོང་བ་གང་ཡིན་པ་དེ་ནི་གཟུགས་ཡོངས་སུ་རྫོགས་པའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་མཉམ་པ་ཉིད་མཐོང་བ་གང་ཡིན་པ་དེ་ནི་རྣམ་པར་ ཤེས་པ་ཡོངས་སུ་རྫོགས་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་རྩལ་གྱིས། མངོན་པར་བསྒྲགས་པའི་སྒྲས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་ སྨྲས་སོ། །འཇམ་དཔལ་དེ་ལྟར་ཁྱོད་ཡུན་རིང་པོ་ནས་བཟོད་པ་ཐོབ་ཀྱང་བདག་གིས་བྱང་ཆུབ་ཐོབ་པར་བྱའོ། །ཞེས་བྱ་བའི་སེམས་བསྐྱེད་པ་གཅིག་ཀྱང་སྐྱེ་བ་མེད་ན། འཇམ་དཔལ་ ཁྱོད་ཀྱིས་ད་ཇི་ལྟར་སེམས་ཅན་གཞན་དག་བྱང་ཆུབ་ལ་ཡང་དག་པར་གཟུད་པར་བྱ། སྨྲས་པ། རིགས་ཀྱི་བུ་ཁོ་བོ་ནི་སེམས་ཅན་གང་ཡང་བྱང་ཆུབ་ལ་ཡང་དག་པར་མི་འཛུད་དོ།། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་མེད་པ་དང་། སེམས་ཅན་དབེན་པའི་ཕྱིར་ཏེ། རིགས་ཀྱི་བུ་གང་གིས་སེམས་ཅན་དམིགས་པ་དེས་ནི་བྱང་ཆུབ་ཀྱང་དམིགས། གང་གིས་བྱང་ཆུབ་དམིགས་པ་ དེ་ནི་བྱང་ཆུབ་ལ། སེམས་ཅན་རྣམས་ཡང་དག་པར་འཛུད་པར་བྱེད་ཀྱིས། རིགས་ཀྱི་བུ་བདག་གིས་ནི་བྱང་ཆུབ་ཀྱང་མ་དམིགས། སེམས་ཅན་ཡང་མ་དམིགས་པས། དེ་ལྟར་བྱང་ཆུབ་ལ་ སེམས་ཅན་རྣམས་འཛུད་པར་མི་བྱེད་དོ། །མཉམ་པ་ཉིད་ནི་བྱང་ཆུབ་ཏུ་སྨོན་པར་བྱེད་པ་ཡང་མེད་དེ། དེ་ལས་ལྡོག་པ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། མཉམ་པ་ཉིད་ལ་རྣམ་པར་རྟོག་པ་མེད་ པས་དེ་ལྟར་མཉམ་པ་ཉིད་ལ་སྨོན་པ་མེད་དོ། །ལྡོག་པ་མེད་དོ། །དེའི་ཕྱིར་ན་འདུ་བྱེད་རྣམས་ལ་གང་ནས་ཀྱང་འོང་བ་དང་། གང་དུ་ཡང་འགྲོ་བ་མེད་དེ། དེ་ནི་མཉམ་པ་ཉིད་དོ། །རིགས་ཀྱི་བུ་མཉམ་ 80-1-340b པ་ཉིད་ཅེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཚིག་སྟེ་སྟོང་པ་ཉིད་ལ་སྨོན་པ་གང་ཡང་མེད་དོ། །རིགས་ཀྱི་བུ་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་དེ་ལྟར་ཡུན་རིང་པོ་ནས་བཟོད་པ་ཐོབ་ན། ཅིའི་ཕྱིར་བདག་གིས་ བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་ཞེས་བྱ་བར་སེམས་མི་སྐྱེད་ཅེས་ཟེར་བ་ནི། །རིགས་ཀྱི་བུ་ཁྱོད་ཀྱིས་སེམས་གང་གིས་བྱང་ཆུབ་ཐོབ་པར་བྱ་བ་དེ་ལྟ་བུ་ཡང་དག་པར་རྗེས་སུ་ མཐོང་ངམ་། སྨྲས་པ། འཇམ་དཔལ་དེ་ནི་མ་མཐོང་སྟེ། དེ་ཅིའི་ཕྱིར་ཞེ་ན། །སེམས་ལ་གཟུགས་མེད་ཅིང་བསྟན་དུ་མེད་པས་བྱང་ཆུབ་ཀྱང་མིང་ཙམ་སྟེ། །ཡིད་ལས་བྱུང་བ་མ་ཡིན་པས་བྱང་ཆུབ་ ཅེས་བྱ་བ་འམ། སེམས་ཤེས་བྱ་བ་ནི་མིང་ཙམ་སྟེ། །མིང་ཙམ་གང་ཡིན་པ་དེ་ནི་དབེན་ཞིང་བྱེད་པ་མེད་པའོ། །སྨྲས་པ། །རིགས་ཀྱི་བུ་དེ་ལས་བསམས་ནས་བདག་གིས་བྱང་ཆུབ་ཇི་ལྟར་ཐོབ་པར་ བྱ་སྙམ་དུ་སེམས་བསྐྱེད་པ་མེད་དོ་ཞེས་སྨྲས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སེམས་དེ་ནི་མ་སྐྱེས་པ་སྟེ། མ་སྐྱེས་པ་ལ་སྐྱེ་བ་མེད་དོ། །གང་ལ་སྐྱེ་བ་མེད་པ་དེ་ལ་ཐོབ་པ་དང་། མངོན་པར་རྟོགས་པར་ བྱ་བ་ཡང་གང་ཞིག་ཡོད་སྨྲས་པ། །འཇམ་དཔལ་མངོན་པར་རྟོགས་པ་ཞེས་བྱ་བ་ཇི་ལྟ་བུ། སྨྲས་པ། །རིགས་ཀྱི་བུ་གང་ཆོས་ཐམས་ཅད་ལ་རློམ་སེམས་མེད་ཅིང་མཉམ་པ་ཉིད་དུ་ཁོང་དུ་ཆུད་ པ་འདི་ནི་མངོན་པར་རྟོགས་པ་ཞེས་བྱའོ། །ཇི་ལྟར་རྡུལ་ཙམ་གྱི་འདུ་ཤེས་ཀྱང་མི་སྐྱེ་མི་འགོག་པ། དེ་ལྟར་རྟོགས་པ་དེ་ནི་མངོན་པར་རྟོགས་པ་ཞེས་བྱའོ། །དེ་བཞིན་ཉིད་དང་མ་ནོར་བ་དེ་ བཞིན་ཉིད་ནི་རྣམ་པར་མི་རྟོག་སྟེ། །དེ་ནི་མངོན་པར་རྟོགས་པ་ཞེས་བྱའོ། །ཡང་དག་པའི་ལྟ་བས་ཞུགས་ཏེ། །མཉམ་པ་ཉིད་ལ། ཆོས་གང་ཡང་མི་དམིགས་ཤིང་མ་དམིགས་པས་ 80-1-341a གཅིག་པ་འམ་ཐ་དད་པར་མི་བྱེད་ཅིང་རློམ་སེམས་སུ་མི་བྱེད་པ་འདི་ནི་མངོན་པར་རྟོགས་པ་ཞེས་བྱའོ། །ཆོས་ཐམས་ཅད་གང་འདི་མཚན་ཉིད་མེད་པར་མཚན་ཉིད་གཅིག་ཏུ་ལུས་ཀྱིས་མངོན་སུམ་དུ་བྱས་ཤིང་ཤེས་ཀྱང་ ལུས་ལ་ཡང་མངོན་པར་ཞེན་པ་མེད། སེམས་ལ་ཡང་མངོན་པར་ཞེན་པ་མེད་པ་འདི་ནི་མངོན་པར་རྟོགས་པ་ཐོབ་པ་ཞེས་བྱའོ། །སྨྲས་པ། འཇམ་དཔལ་ཐོབ་པ་ཞེས་བྱ་བ་དེ་ཇི་ལྟ་བུ། སྨྲས་པ། རིགས་ཀྱི་བུ་དེ་ནི་རྒྱུ་བ་མེད་པའི་ ཚིག་སྟེ། དེའི་ཕྱིར་ཐོབ་པ་ཞེས་བྱའོ། །དེའི་རྒྱུ་བ་ཁམས་གསུམ་ན་ཐ་སྙད་དུ་འདི་ཡིན་ནོ་ཞེས་བསྟན་དུ་མེད་དོ། །འཕགས་པ་རྣམས་ཀྱི་ཐོབ་པ་གང་ཡིན་པ་དེ་ནི་བརྗོད་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་ནི་གནས་ མེད་ཅིང་རྒྱུ་བ་མེད་པས་དེའི་ཕྱིར་བརྗོད་པར་མི་ནུས་སོ། །རིགས་ཀྱི་བུ་གཞན་ཡང་དེ་ནི་ཐོབ་པ་མེད་པ་ལས་ཐོབ་པའི་སྒྲར་བརྗོད་པ་སྟེ། དེ་ནི་ཆོས་གང་ཡང་ཐོབ་པ་ཡང་མ་ཡིན། མ་ཐོབ་པ་ཡང་མ་ཡིན་པས་དེའི་ཕྱིར་ཐོབ་པ་ ཞེས་བྱའོ།། །། བམ་པོ་བཞི་པ་སྟེ་ཐ་མ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་རྩལ་གྱིས་མངོན་པར་བསྒྲགས་པའི་སྒྲས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་བ་འདིའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཇི་ལྟ་བུ་ཞིག་ཏུ་འགྱུར་བ་དེ་བཞིན་གཤེགས་པས་ལེགས་པར་བསྟན་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འཇམ་དཔལ་གཞོན་ནུར་གྱུར་བ་འདི་ཉིད་ལ་དྲིས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་རྩལ་གྱིས་མངོན་པར་བསྒྲགས་པའི་སྒྲས། འཇམ་དཔལ་གཞོན་ནུར་གྱུར་བ་ལ་འདི་སྐད་ ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཇི་ལྟ་བུ་ཞིག་དུ་འགྱུར། སྨྲས་པ། རིགས་ཀྱི་བུ་གང་བྱང་ཆུབ་ལ་མངོན་པར་དགའ་བ་དེ་ལ་དྲིས་ཤིག །སྨྲས་པ། འཇམ་དཔལ་ཁྱོད་བྱང་ཆུབ་ལ་མངོན་པར་ 80-1-341b དགའ་བ་མ་ཡིན་ནམ། སྨྲས་པ། རིགས་ཀྱི་བུ་དེ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་མངོན་པར་དགའ་བ་དེ་ནི་འདོད་ཆགས་དང་མ་བྲལ་བའོ། །གང་འདོད་ཆགས་དང་མ་བྲལ་བ་དེ་ནི་སྲེད་པའོ། །སྲེད་པ་གང་ལ་ཡོད་པ་དེ་ནི་སྐྱེ་བར་འགྱུར་ རོ། །སྐྱེ་བ་གང་ལ་ཡོད་པར་དེ་ལ་ཚོར་བ་ཡོད་དོ། །གང་ལ་ཚོར་བ་ཡོད་པ་དེ་ལ་འབྱུང་བ་མེད་དེ། རིགས་ཀྱི་བུ་དེ་ལྟ་བས་ན་ཁོ་བོ་བྱང་ཆུབ་ལ་མངོན་པར་དགའ་བ་མེད་དེ། བྱང་ཆུབ་ཏུ་དམིགས་པ་མེད་པས་དེའི་ཕྱིར་མངོན་པར་དགའ་བ་ མེད་དོ། །རིགས་ཀྱི་བུ་དེ་ལྟ་མོད་ཀྱི་འོན་ཀྱང་གང་ཁྱོད་ཀྱིས་འདི་སྐད་དུ་ཁྱོད་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཇི་ལྟ་བུ་ཞིག་ཏུ་འགྱུར་ཞེས་སྨྲས་པ་ནི་དེ་ལ་བདག་གིས་བདག་བསྟོད་པར་མི་ནུས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་ གཤེགས་པ་ཆོས་ཐམས་ཅད་ཐུགས་སུ་ཆུད་པ་མངོན་སུམ་དུ་བཞུགས་བཞིན་དུ་བདག་གི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་བདག་ཉིད་ཀྱིས་བརྗོད་ན། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བདག་བསྟོད་ ཏུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱིས་ཁྱོད་ཉིད་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་སྨོན་ལམ་སྟོན་ཅིག །དེ་བཞིན་གཤེགས་པས་གནང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཁྱོད་ལས་སྨོན་ལམ་དེ་དག་ཐོས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་ཀྱང་སྤྱོད་པ་དེ་ལྟ་བུ་ཡོངས་སུ་རྫོགས་པར་བྱེད་དོ། །འཇམ་དཔལ་གྱི་གསོལ་པ། བཅོམ་ལྡན་འདས་བདག་ནི་དེ་བཞིན་གཤེགས་པའི་བཀའ་ ལ་སླར་ལ་མི་ཟློག་སྟེ། སངས་རྒྱས་ཀྱི་མཐུས་བསྟན་པར་བགྱིའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་ འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེའི་སླད་དུ་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་བྱང་ཆུབ་དོན་དུ་གཉེར་བ་དག་བདག་ 80-1-342a ལ་ཉན་ཅིང་སྨོན་ལམ་དེ་དག་ཐོས་ནས་ཀྱང་ཡོངས་སུ་རྫོགས་པར་བགྱིད་ལ། དེ་བཞིན་ཉིད་དུ་ནན་ཏན་བགྱིད་ན་བདག་གིས་བསྟན་པར་བགྱིའོ། །དེ་ལྟར་འཇམ་དཔལ་གཞོན་ནུར་གྱུར་བས་པུས་མོ་གཡས་པའི་ ལྷ་ང་ས་ལ་བཙུགས་མ་ཐག་ཏུ། དེ་ནས་སྐད་ཅིག་དེ་ལ་ཕྱོགས་བཅུར་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་བས་འདི་སྐད་ཅེས་གསོལ་ ཏོ། །བཅོམ་ལྡན་འདས་བསྐལ་པ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྲག་གྲངས་མ་མཆིས་པ་ནས་ཉེ་བར་བཟུང་སྟེ་བདག་གིས་སྨོན་ལམ་བཏབ་པ་ནི། ནམ་བདག་གིས་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་ཀྱི་ སྤྱན་སྒྲིབ་པ་མེད་པས་བལྟས་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་པ་དེ་དག་ཐམས་ཅད་བདག་གིས་བྱང་ཆུབ་ལ་ཡང་དག་པར་བཙུད་པ་དང་། བདག་གིས་བྱང་ཆུབ་ཀྱི་སེམས་ལ་བཀོད་པ་དང་། བདག་གིས་སྦྱིན་པ་ལ་ཡང་དག་ པར་བཙུད་པ་དང་། དེ་བཞིན་དུ་བདག་གིས་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ལ་ཡང་དག་པར་བཙུད་པ་དང་། བདག་གིས་བསྐུལ་བ་དང་། བདག་གིས་རྗེས་སུ་བསྟན་པར་གྱུར་བར་ མ་མཐོང་བ་དེ་སྲིད་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བྱའི། ནམ་བདག་གིས་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པས་ཕྱོགས་བཅུར་རྣམ་པར་བལྟས་ཀྱང་བདག་གིས་སངས་ རྒྱས་ཉིད་ལ་མ་བཀོད་པའི་དེ་བཞིན་གཤེགས་པ་དེ་ལྟ་བུ་གང་ཡང་མཐོང་བར་མ་གྱུར་བ་དེའི་ཚེ་བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །ཞེས་བགྱི་བར་སྨོན་ལམ་བཏབ་བོ། ། དེ་ནས་འཁོར་དེའི་ནང་ནས་བྱང་ཆུབ་སེམས་དཔའ་ལ་ལ་འདི་སྙམ་དུ་སེམས་པར་འགྱུར་ཏེ། འཇམ་དཔའ་གཞོན་ནུར་གྱུར་བ་འདིས་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་ཅིག་མཐོང་བར་འགྱུར་སྙམ་པ་དང་། དེ་ནས་བཅོམ་ལྡན་ 80-1-342b འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་གིས་སེམས་ཀྱི་རྟོག་པ་ཐུགས་ཀྱིས་ཐུགས་སུ་ཆུད་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་རྩལ་གྱིས་མངོན་པར་བསྒྲགས་པའི་སྒྲ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་གང་ལ་ལ་ཞིག་སྐྱེས་པར་གྱུར་ཏེ། དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྡུལ་ཕྲ་རབ་ཏུ་བརླགས་ཤིང་བཤིག་སྟེ་ཐལ་བར་བྱས་ན་རིགས་ཀྱི་བུ་དེ་ཇི་སྙམ་དུ་སེམས། རྡུལ་ ཕྲ་རབ་ཀྱི་རྡུལ་དེ་དག་རྩི་ཤེས་པ་འམ། རྩིས་ལ་ཤིན་དུ་མཁས་པ་དག་གིས་བརྒྱ་ཕྲག་འདི་སྙེད་ཅིག་ཡོད་དོ་ཞེས་འམ། སྟོང་ཕྲག་འདི་སྙེད་ཅིག་ཡོད་དོ་ཞེས་འམ། འབུམ་ཕྲག་འདི་སྙེད་ཅིག་ཡོད་དོ་ཞེས་འམ། བྱེ་བ་ཕྲག་འདི་སྙེད་ཅིག་ ཡོད་དོ་ཞེས་འམ། བྱེ་བ་བརྒྱ་ཕྲག་འདི་སྙེད་ཅིག་ཡོད་དོ་ཞེས་འམ། བྱེ་བ་སྟོང་ཕྲག་འདི་སྙེད་ཅིག་ཡོད་དོ་ཞེས་འམ། བྱེ་བ་འབུམ་ཕྲག་འདི་སྙེད་ཅིག་ཡོད་དོ་ཞེས་ཤེས་པ་འམ། བགྲང་བ་འམ། གཞལ་བ་འམ། ཚད་བཟུང་བར་ནུས་ སམ་གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བདེ་བར་གཤེགས་པ་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་གཞོན་ནུར་གྱུར་བས་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པས་རྣམ་པར་བལྟས་ན། ཕྱོགས་ བཅུའི་ཕྱོགས་རེ་རེ་ཡང་དེ་སྙེད་ཀྱི་སངས་རྒྱས་བཅོམ་ལྡན་འདས་དག་མཐོང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ནི་བདག་གི་སངས་རྒྱས་ཀྱི་ཞིང་གཅིག་ ལ་གང་གཱའི་ཀླུང་དུ་མའི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཙམ་གྱི་ཐག་གྲུ་ཡངས་པ་ཡོངས་སུ་མ་གྲུབ་ཅིང་སངས་རྒྱས་ཀྱི་ཞིང་དེ་རིན་པོ་ཆེ་བརྒྱ་སྟོང་དུ་མ་ལས་གྲུབ་པ་དང་། རིན་པོ་ཆེ་བརྒྱ་སྟོང་དུ་མས་སྤྲས་པ། སྲིད་པའི་རྩེ་མོའི་ཚད་ཙམ་དུ་མ་གྱུར་གྱི་བར་དུ་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བགྱི་བར་སྨོན་ལམ་བཏབ་བོ། །བཅོམ་ལྡན་འདས་གཞན་ཡང་བདག་གིས་སངས་རྒྱས་ཀྱི་ཞིང་དེར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བཅུའི་ཚད་ཙམ་གྱི་ 80-1-343a བྱང་ཆུབ་ཀྱི་ཤིང་སྐྱེས་ཏེ། བྱང་ཆུབ་ཀྱི་ཤིང་དེའི་འོད་ཀྱིས་སངས་རྒྱས་ཀྱི་ཞིང་དེ་ཐམས་ཅད་རྒྱས་ཤིང་ཁྱབ་པར་གྱུར་ཅིག་ཅེས་བགྱི་བར་སྨོན་ལམ་དེ་སྐད་བཏབ་བོ། །བཅོམ་ལྡན་འདས་གཞན་ཡང་བདག་གིས་བྱང་ཆུབ་ ཀྱི་ཤིང་དེའི་དྲུང་དུ་བདག་འདུག་པའི་ཚེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ནས་ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ་བྱང་ཆུབ་ཀྱི་ཤིང་དྲུང་དེ་ནས་མ་ལངས་ཀྱང་། བདག་གི་སྤྲུལ་པ་ཕྱོགས་བཅུའི་ ཕྱོགས་རེ་རེ་ཞིང་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྲག་གྲངས་མེད་པ་དག་ཏུ་དོང་ཞིང་སེམས་ཅན་རྣམས་ལ་ཆོས་སྟོན་པར་གྱུར་ཅིག་ཅེས་བགྱི་བར་སྨོན་ལམ་དེ་སྐད་བཏབ་བོ། །བཅོམ་ལྡན་འདས་གཞན་ཡང་བདག་གིས་བདག་གི་སངས་རྒྱས་ ཀྱི་ཞིང་དེར་ཉན་ཐོས་དང་། རང་སངས་རྒྱས་ཀྱི་མིང་ཙམ་ཡང་ཡེ་མེད་པར་གྱུར་ཏེ། །བྱང་ཆུབ་སེམས་དཔའ་ཞེ་སྡང་དང་། ཐ་བ་དང་། འཆབ་པ་མེད་པ། ཚངས་པའི་སྤྱོད་པ་ཡོངས་སུ་དག་པར་སྤྱོད་པ་ཤ་སྟག་གིས་སངས་རྒྱས་ཀྱི་ཞིང་དེ་གང་ལ་སངས་རྒྱས་ཀྱི་ ཞིང་དེ་ན་བུད་མེད་ཀྱི་མིང་ཡང་མི་གྲག་ཅིང་མངལ་དུ་སྐྱེ་བ་མེད་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་གོས་ངུར་སྨིག་གྱོན་ཅིང་སྐྱིལ་མོ་དཀྲུང་བཅས་པར་རྫུས་ཏེ་བྱུང་བ་དང་། སངས་རྒྱས་ཀྱི་ཞིང་དེ་ཤིན་དུ་དག་པར་གྱུར་ཏེ། དེ་བཞིན་ གཤེགས་པའི་སྤྲུལ་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྲག་གྲངས་མེད་པར་གཤེགས་ཤིང་། སེམས་ཅན་རྣམས་ལ་ཆོས་སྟོན་པ་དེ་དག་ཐེག་པ་གསུམ་ལས་བརྩམས་ཏེ་མོས་པས་ཚུལ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ པ་མ་གཏོགས་པར་སངས་རྒྱས་ཀྱི་ཞིང་དེ་ན་ཉན་ཐོས་དང་། རང་སངས་རྒྱས་མེད་ཅིང་བྱང་ཆུབ་སེམས་དཔས་ཡོངས་སུ་གང་བར་གྱུར་ཅིག་ཅེས་བགྱི་བར་སྨོན་ལམ་དེ་སྐད་བཏབ་བོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་སེང་གེའི་རྩལ་གྱིས་མངོན་པར་བསྒྲགས་པའི་སྒྲས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇམ་དཔའ་གཞོན་ནུར་གྱུར་བ་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན་མིང་ཇི་སྐད་ཅེས་བགྱི་བར་འགྱུར། བཅོམ་ལྡན་འདས་ 80-1-343b ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཀུན་དུ་གཟིགས་པ་ཞེས་བྱ་བར་འགྱུར་རོ། །རིགས་ཀྱི་བུ་འདི་ཅི་སྙམ་དུ་སེམས། དེ་བཞིན་གཤེགས་པ་དེ་ཅིའི་ཕྱིར་ཀུན་དུ་གཟིགས་པ་ཞེས་བྱ་ཞེ་ན། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཀུན་དུ་ གཟིགས་པ་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་གྲངས་མེད་པ་ཀུན་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་བར་འགྱུར་བ་དང་། སེམས་ཅན་གང་གིས་དེ་བཞིན་གཤེགས་པ་དེ་མཐོང་བར་འགྱུར་བ་དེ་དག་ ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་བ་དང་། རིགས་ཀྱི་བུ་ད་ལྟར་བྱུང་བའི་དུས་སམ། ང་མྱ་ངན་ལས་འདས་པའི་དུས་ཀྱང་རུང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་ཀུན་དུ་གཟིགས་པ་དེའི་མཚན་གང་གིས་ཐོས་པ་དེ་དག་ནི་མི་འགྱུར་བ་ལ་ཞུགས་པ་དང་། མོས་པ་ཆུང་བའི་གང་ཟག་རྣམས་མ་རྟོགས་པར་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་ པར་འཚང་རྒྱ་བས། དེའི་ཕྱིར་དེ་བཞིན་གཤེགས་པ་དེ་ཀུན་དུ་གཟིགས་པ་ཞེས་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་སྨོན་ལམ་ནི་ དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱིས་དགའ་བའི་ཟས་དང་ལྡན་པར་འགྱུར་བ་སྨོན་ལམ་མཛད་པ་ལྟ་བུ་ཡང་མ་ལགས་ཏེ། བཅོམ་ལྡན་འདས་བདག་གིས་ནི་བདག་གིས་སངས་རྒྱས་ཀྱིས་ཞིང་དེར་བྱང་ཆུབ་སེམས་དཔའ་གང་ དག་སྐྱེས་པར་གྱུར་བ་དེ་དག་ཁ་ཟས་ཀྱི་འདུ་ཤེས་སྐྱེས་པར་གྱུར་བ་ན། དེ་མ་ཐག་ཏུ་སྐད་ཅིག་དེ་ལ་དེ་དག་གིས་ལག་པ་གཡས་པར་རོ་བྲོ་བ་བརྒྱ་ཕྲག་དུ་མ་དང་ལྡན་པར་ཁ་ཟས་ཀྱིས་གང་བའི་སྣོད་མངོན་དུ་བྱུང་བར་གྱུར་ལ། སྣོད་དེ་དག་བྱུང་མ་ཐག་ཏུ་ དེ་དག་འདི་སྙམ་དུ་འདི་ལྟར་བདག་ཅག་གིས་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མ་ཕུལ། སེམས་ཅན་དབུལ་ཞིང་ཕོངས་པས་སྡུག་བསྔལ་བ་དང་མགོན་མེད་པར་གྱུར་བ་དག་དང་། ཡི་དགས་ཀྱི་འཇིག་རྟེན་དུ་སྐྱེས་པ་གང་དག་ལོ་སྟོང་ཕྲག་དུ་མར་ཡང་མཆིལ་ 80-1-344a མའི་ཐལ་བ་འགའ་ཡང་མི་རྙེད་པ་དེ་ལྟ་བུར་དག་ཡོངས་སུ་ཚིམ་པར་མ་བྱས་པར་བདག་ཉིད་ཀྱིས་བཟའ་བ་ནི་ཚུལ་དང་མི་འདྲའོ་ཞེས་བགྱི་བ་དྲན་པ་ཐོབ་པར་གྱུར་ཅིང་དེའི་མོད་ལ་དེ་དག་མངོན་པར་ཤེས་པ་ལྔ་ཡོངས་སུ་གྲུབ་པར་འགྱུར་ཏེ། རྫུ་འཕྲུལ་དང་ལྡན་ཞིང་ནམ་མཁའ་ལས་ མཆི་བ་དང་། རླུང་ལྟར་ཆགས་པ་མ་མཆིས་པའི་ཤུགས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་དང་ཚད་མ་མཆིས་པ་དག་ཏུ་ཕྱིན་ནས་ཁ་ཟས་དེ་ལས་དེ་བཞིན་གཤེགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཡང་ཕུལ། སེམས་ཅན་ ཕོངས་ཤིང་ལྟོགས་པ་དང་། མགོན་མ་མཆིས་པ་རྣམས་དང་། ཡི་དགས་ཀྱི་འཇིག་རྟེན་དུ་སྐྱེས་པ་རྣམས་ཀྱང་ཡོངས་སུ་ཚིམ་པར་བགྱིས་ནས་དེ་དག་ལ་ཆོས་བསྟན་ཏེ། སྐད་ཅིག་གཅིག་གིས་སངས་རྒྱས་ཀྱི་ཞིང་དེར་སླར་མཆི་བར་གྱུར་ཅིག་ཅེས་ བགྱི་བར་སྨོན་ལམ་དེ་སྐད་བཏབ་བོ། །བཅོམ་ལྡན་འདས་གཞན་ཡང་བདག་བྱང་ཆུབ་ཐོབ་པའི་ཚེ་བདག་གིས་སངས་རྒྱས་ཞིང་དེར་བྱང་ཆུབ་སེམས་དཔའ་གང་ཇི་སྙེད་ཅིག་སྐྱེས་པ་དེ་དག་གོས་རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱི་ལོངས་སྤྱོད་དང་ལྡན་པར་ གྱུར་ཏེ། བསམ་པ་ཙམ་གྱིས་ཅི་ལ་དགའ་བའི་གོས་རིན་པོ་ཆེ་དགེ་སྦྱོང་གི་ཚུལ་དང་མཐུན་པ་རུང་བ་དག་འབྱུང་བར་གྱུར་ལ་གོས་རིན་པོ་ཆེ་དེ་དག་བྱུང་མ་ཐག་ཏུ་འདི་སྙམ་དུ་འདི་ལྟར་བདག་ཅག་གིས་གོས་འདི་ལྟ་བུ་ཕྱོགས་བཅུའི་སངས་རྒྱས་ བཅོམ་ལྡན་འདས་རྣམས་ལ་མ་ཕུལ་བར་བདག་ཅག་ཉིད་ཀྱིས་ཡོངས་སུ་སྤྱད་པ་ནི་ཚུལ་དང་མི་འདྲའོ་སྙམ་པའི་དྲན་པ་ཐོབ་པར་གྱུར་ནས། དེ་དག་གི་སེམས་དེ་ལྟར་སྐྱེས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་ཚད་མ་མཆིས་གྲངས་མ་མཆིས་པ་ དག་ཏུ་མཆིས་ཤིང་གོས་དེ་དག་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མངོན་པར་བཀབ་སྟེ། སླར་སངས་རྒྱས་ཀྱི་ཞིང་དེར་མཆིས་ན། ཅི་དགའ་བའི་གོས་རིན་པོ་ཆེ་ལ་སྤྱོད་པར་གྱུར་ཅིག་ཅེས་བགྱི་བར་སྨོན་ལམ་དེ་སྐད་བཏབ་བོ། ། བཅོམ་ལྡན་འདས་དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་ལོངས་སྤྱོད་དང་། ཡོངས་སུ་སྤྱད་པ་གང་ཇི་སྙེད་ཅིག་མཆིས་པ་དེ་དག་ཐམས་ཅད་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་ 80-1-344b དགེ་འདུན་དང་བཅས་པ་དག་ལ་ཕུལ་ནས་སླད་ཀྱིས་བདག་ཅག་ཡོངས་སུ་སྤྱོད་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་དེ་ན་མི་ཁོམ་པ་བརྒྱད་མ་མཆིས་པ་དང་། སངས་རྒྱས་ཀྱི་ཞིང་དེ་ན་མི་དགེ་བའི་སྒྲ་མ་མཆིས་པ་དང་། སངས་རྒྱས་ཀྱི་ཞིང་དེ་ན་སྡུག་ བསྔལ་གྱི་སྒྲ་མ་མཆིས་པ་དང་། སངས་རྒྱས་ཀྱི་ཞིང་དེ་ན་སྐྱོན་དུ་འགྱུར་བའི་སྒྲ་མ་མཆིས་པ་དང་། སངས་རྒྱས་ཀྱི་ཞིང་དེ་ན་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ཡིད་དུ་མི་འོང་བ་མ་མཆིས་པར་གྱུར་ཅིག་ཅེས་བགྱི་བར་སྨོན་ལམ་ བཏབ་བོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་རྩལ་གྱིས་མངོན་པར་བསྒྲགས་པའི་སྒྲས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་དུ་བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་ཀུན་ཏུ་གཟིགས་པ་དེ་འབྱུང་བར་འགྱུར་བའི་འཇིག་རྟེན་གྱི་ཁམས་དེའི་མིང་ཅི་ཞེས་བགྱི་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་ཇི་ལྟ་བ་བཞིན་དུ་ཡོངས་སུ་རྫོགས་ཤིང་དག་ལ་རྡུལ་མེད་ པ་བསགས་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་དེ་ཕྱོགས་གང་ལོགས་ཤིག་ཏུ་འབྱུང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་དེ་ནི་ ལྷོ་ཕྱོགས་ལོགས་སུ་འབྱུང་སྟེ་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ཉིད་ཀྱང་དེའི་ནང་དུ་འདུས་ཤིང་ཁོངས་སུ་ཆུད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་བས་གཞན་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ འདས་བདག་གིས་ནི་སྨོན་ལམ་འདི་ལྟར་བཏབ་སྟེ། བདག་གི་སངས་རྒྱས་ཀྱི་ཞིང་དེར་རིན་པོ་ཆེ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མས་གང་ཞིང་ནོར་བུ་རིན་པོ་ཆེ་ཀུན་དུ་བསྟན་པ་དང་འདྲ་ལ་རིན་པོ་ཆེ་དེ་དག་ཀྱང་ཕྱོགས་བཅུའི་ འཇིག་རྟེན་ན་དཀོན་ལ་སྔན་ཆད་མ་མཐོང་ཞིང་མི་སྲིད་པ་ཤ་སྟག་སྟེ། དེ་དག་གི་མིང་བརྗོད་ན་ཡང་ལོ་བྱེ་བ་བརྒྱ་སྟོང་ཐོགས་པར་འགྱུར་བ་དེ་ལྟ་བུའི་ནོར་བུ་རིན་པོ་ཆེ་དག་གིས་སངས་རྒྱས་ཀྱི་ཞིང་དེ་ཡོངས་སུ་གང་བར་འགྱུར་ཏེ། 80-1-345a སངས་རྒྱས་ཀྱི་ཞིང་དེ་ལ་བྱང་ཆུབ་སེམས་དཔའ་ལ་ལ་ཞིག་སངས་རྒྱས་ཀྱི་ཞིང་འདི་གསེར་ལས་གྲུབ་པར་མཐོང་བར་དགའོ་སྙམ་ན་ཡང་དེས་གསེར་ལས་གྲུབ་པར་མཐོང་བ་དང་། དངུལ་ལས་གྲུབ་པར་མཐོང་བར་དགའོ་སྙམ་ ན་ཡང་དངུལ་ལས་གྲུབ་པར་མཐོང་ལ། གཞན་གྱིས་གསེར་ལས་གྲུབ་པར་མཐོང་བ་མ་མཆིས་པར་མི་འགྱུར་བ་དང་། དེ་བཞིན་དུ་བཻ་དཱུརྱ་ལས་གྲུབ་པ་དང་། ཤེལ་ལས་གྲུབ་པ་དང་། མུ་ཏིག་དམར་པོ་ལས་གྲུབ་པ་དང་། རྡོའི་སྙིང་པོ་ལས་ གྲུབ་པ་དང་། སྦུ་ག་ལས་གྲུབ་པ་འམ། དེ་བཞིན་དུ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱུ་ལས་གྲུབ་པ་འམ། ཙན་དན་ལས་གྲུབ་པ་འམ། ཨ་ཀ་རུ་ལས་གྲུབ་པ་འམ། ཏ་ཀ་ར་ལས་གྲུབ་པ་འམ། ཏ་མ་ལའི་ལོ་མ་ལས་གྲུབ་པ་འམ། ཙན་དན་སྦྲུལ་གྱི་ སྙིང་པོ་ལས་གྲུབ་པ་འམ། ཙན་དན་དམར་པོ་ལས་གྲུབ་པ་འམ། སུ་རྣམ་པ་ཇི་ལྟ་བུར་འདོད་པ་དེ་དག་གིས་དེ་བཞིན་དུ་མཐོང་སྟེ། ཕན་ཚུན་ནས་སངས་རྒྱས་ཀྱི་ཞིང་ཐ་དད་པར་མཐོང་བ་ཡང་མ་མཆིས་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་ དེ་ན་བྱང་ཆུབ་ཀྱི་ཤིང་དེ་ལས་འོད་བྱུང་བ་དང་། བྱང་ཆུབ་སེམས་དཔའ་རང་རང་ལས་འོད་བྱུང་བས་སྣང་ཞིང་གསལ་བ་མ་གཏོགས་པར་ཉི་མ་དང་ཟླ་བའི་འོད་ཀྱང་མི་མངོན། སྐར་མ་དང་། རིན་པོ་ཆེ་དང་། ཞུགས་དང་། གློག་གམ། སེམས་ཅན་ གཞན་གང་གི་འོད་ཀྱང་མི་མངོན་པ་དང་། གང་དག་ཇི་ཙམ་དུ་འོད་ཀྱིས་ཁྱབ་པར་དགའ་བ་ཐ་ན་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དེ་སྙེད་དུ་དེ་དག་གི་འོད་ཀྱིས་གསལ་བར་འགྱུར་ཏེ། སངས་རྒྱས་ཀྱི་ཞིང་དེ་ན་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་བསམ་པའི་ཁྱད་པར་གྱིས་མེ་ཏོག་ཁ་བྱེ་བ་དང་། ཁ་ཟུམ་པར་འགྱུར་བ་དང་། གང་དུས་དང་། ཚོད་རྣམ་པ་ཇི་ལྟ་བུར་ཡོངས་སུ་སྤྱད་པར་འཚལ་བ་དེ་བཞིན་དུ་དེའི་གྲུབ་པ་མ་གཏོགས་པར་ཉིན་མཚན་གྱི་མིང་ཡང་མ་ མཆིས་པ་དང་། སངས་རྒྱས་ཀྱི་ཞིང་དེ་ན་གྲང་བ་དང་ཚ་བ་ཡང་མ་མཆིས། རྒ་བ་དང་། ན་བ་དང་། འཆི་བ་ཡང་མ་མཆིས་ཏེ། བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བ་དེ་འཇིག་རྟེན་ 80-1-345b གྱི་ཁམས་གཞན་དུ་མཆིས་ཤིང་དགའ་ལྡན་གྱི་གནས་སུ་ཚེ་བས་པར་བགྱིས་ནས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་དེའི་སྟེང་གི་བར་སྣང་ལས་སིལ་སྙན་བལྟར་མི་གདའ་བ་བྱེ་བ་ ཁྲག་ཁྲིག་ཕྲག་འབུམ་རྟག་ཏུ་རྒྱུན་མི་འཆད་པར་སྒྲ་འབྱིན་པ་དང་། སིལ་སྙན་དེ་དག་ལས་ཀྱང་འདོད་པ་དང་ལྡན་པའི་སྒྲ་མི་འབྱུང་གི་གཞན་དུ་ན་ཕ་རོལ་ཏུ་ཕྱིན་པའི་སྒྲ་དང་། སངས་རྒྱས་ཀྱི་སྒྲ་དང་། ཆོས་ཀྱི་སྒྲ་དང་། དགེ་འདུན་གྱི་ སྒྲ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཀྱི་སྒྲ་འབྱིན་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་དག་ཇི་ལྟ་བུར་མོས་པའི་སྒྲ་དེ་ལྟ་བུ་ཐོས་པར་འགྱུར་བ་དང་། བྱང་ཆུབ་སེམས་དཔའ་གང་དག་དེ་བཞིན་གཤེགས་ པ་དེ་བལྟ་བར་འཚལ་ལམ། འཆག་གམ། འགྲོ་འམ། འོང་ངམ། སྡོད་དམ། མཆིས་ཀྱང་རུང་སྟེ། གང་དག་དེར་སངས་རྒྱས་བལྟ་བའི་ཡིད་ལ་བགྱི་བ་སྐྱེས་མ་ཐག་ཏུ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་ཀུན་ཏུ་གཟིགས་པ་བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་པ་དེ་དེ་ཉིད་ན་བཞུགས་པར་མཐོང་བར་གྱུར་ཅིང་མཐོང་ནས་ཀྱང་བཅོམ་ལྡན་འདས་དེ་མཐོང་མ་ཐག་ཏུ་དེ་དག་གི་ཐེ་ཚོམ་འམ། ནེམ་ནུར་རམ། ཡིད་གཉིས་སམ། ཆོས་ཀྱི་སོམ་ཉིད་གང་ཅི་མཆིས་པ་ཡོངས་སུ་ཆད་པར་གྱུར་ཏེ། བསྟན་མི་འཚལ་བར་ཆོས་ཀྱི་ཚིག་དེའི་དོན་ཡོངས་སུ་འཚལ་བར་གྱུར་ཅིག་ཅེས་བགྱི་བར་སྨོན་ལམ་བཏབ་བོ། །དེ་ནས་འཁོར་དེའི་བྱང་ ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྲག་དུ་མས་མགྲིན་གཅིག་ཏུ་སྨྲས་པ། གང་འདི་ཀུན་དུ་གཟིགས་པ་ཞེས་བྱ་བ་མཚན་དེ་ནི་ཚུལ་དང་འདྲ་བ་སྟེ། སེམས་ཅན་གང་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་ཀུན་ཏུ་གཟིགས་པ་དེའི་མཚན་ཐོས་པ་དེ་དག་ཀྱང་རྙེད་པ་ལེགས་པར་རྙེད་པ་ཡིན་ན་སངས་རྒྱས་ཀྱི་ཞིང་དེར་སྐྱེས་པར་གྱུར་བ་ལྟ་ཅི་སྨོས་ཏེ། གང་དག་གིས་ལུང་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དང་། གང་དག་ 80-1-346a གིས་འཇམ་དཔལ་གཞོན་ནུར་གྱུར་བའི་མིང་ཐོས་པ་དེ་དག་གིས་ནི་སངས་རྒྱས་མངོན་སུམ་དུ་མཐོང་བར་བལྟའོ། །དེ་སྐད་ཅེས་སྨྲས་པ་དང་། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། །རིགས་ཀྱི་བུ་དག་གང་གིས་སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་ འབུམ་གྱིས་མཚན་བརྗོད་པ་བས་ནི་གང་གིས་འཇམ་དཔལ་གཞོན་ནུར་གྱུར་བའི་མིང་བརྗོད་ན་འདི་ཉིད་དེ་བས་བསོད་ནམས་ཆེས་མང་དུ་སྐྱེད་ན། །བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་ཀུན་དུ་གཟིགས་པ་དེའི་མཚན་བརྗོད་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་གཞོན་ནུར་གྱུར་བས་བསྐལ་པ་རེ་རེ་ཞིང་སེམས་ཅན་གྱི་དོན་ཇི་སྙེད་དུ་བྱས་པའི་སེམས་ ཅན་གྱི་དོན་དེ་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱིས་ཀྱང་མ་མཛད་དོ། །དེ་ནས་འཁོར་དེའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མས་མགྲིན་གཅིག་ཏུ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔའ་གཞོན་ནུར་གྱུར་བ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཀུན་དུ་གཟིགས་པ་ལ་ཕྱག་འཚལ་ལོ། །དེ་སྐད་ཅེས་བརྗོད་པ་དང་། །དེའི་མོད་ལ་སྲོག་ཆགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་བཅུ་རྩ་བཞི་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་པར་གྱུར་ཏོ། །སེམས་ཅན་ཚད་མེད་པ་དག་ཀྱང་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་གྱུར་ཏེ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ 80-1-346b མི་ལྡོག་པར་གྱུར་ཏོ། །བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་བས་གཞན་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ནི་འདི་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ ཁམས་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྲག་ཚད་མེད་གྲངས་མེད་པ་དག་ན་སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཀྱི་སངས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་རྒྱན་དང་། སྨོན་ལམ་གྱི་ རྒྱན་དང་། །མཚན་ཉིད་དང་། མཚན་མ་དང་། སྤྱོད་པ་དང་། གནས་ཀྱི་རྣམ་པའི་རྒྱན་གང་ཇི་སྙེད་ཅིག་མཐོང་བ་ལས་ཉན་ཐོས་ཀྱི་བཀོད་པ་དང་། །སྙིགས་མ་ལྔའི་སངས་རྒྱས་རྣམས་མ་གཏོགས་ པར་དེ་དག་ཐམས་ཅད་བདག་གིས་སངས་རྒྱས་ཀྱི་ཞིང་གཅིག་གི་ནང་དུ་འདུས་པ་དང་། །ཁོངས་སུ་ཆུད་པར་བྱའོ་ཞེས་བགྱི་བར་སྨོན་ལམ་བཏབ་སྟེ། །བཅོམ་ལྡན་འདས་བདག་འཚལ་ན་བསྐལ་པ་ གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བདག་གི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ལས་བརྩམས་ཏེ་རྣམ་པ་གཞན་དང་གཞན་དུ་ཐོགས་པ་མ་མཆིས་པའི་ཚུལ་གྱིས་སུག་ལས་གཞན་མ་མཆིས་ པར་བཤད་དམ་དེ་བས་ཀྱང་རིང་དུ་བཤད་ཀྱང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དེ་དག་མཐར་ཐུག་པར་མི་འགྱུར་རོ། །བཅོམ་ལྡན་འདས་བདག་གི་སྨོན་ལམ་གྱི་རྣམ་པ་གང་ཅི་འདྲ་བ་དེ་ལ་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་གཏོགས་པར་དཔང་དུ་གྱུར་བ་གཞན་གང་ཡང་མ་མཆིས་སོ། །བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། འཇམ་ དཔལ་དེ་དེ་བཞིན་ཏེ། །དེ་བཞིན་གཤེགས་པས་ཐུགས་སུ་ཆུད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ལ་ནི་ཐོགས་པ་མེད་དེ་དུས་གསུམ་ 80-1-347a ཀུན་དུ་འཇུག་གོ། །དེ་ནས་འཁོར་དེའི་ནང་ནས་བྱང་ཆུབ་སེམས་དཔའ་ཁ་ཅིག་འདི་སྙམ་དུ་སེམས་པར་གྱུར་ཏེ། །འཇམ་དཔལ་གཞོན་ནུར་གྱུར་བས་རང་གི་སངས་རྒྱས་ཀྱི་ ཞིང་གི་ཡོན་ཏན་བཀོད་པ་དེ་བརྗོད་པ་དང་། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་གི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ན་སངས་རྒྱས་ཀྱི་ཞིང་གི་ ཡོན་ཏན་བཀོད་པ་ཡོད་པ་དེ་གཉིས་འདྲ་འམ། འོན་ཏེ་མི་འདྲ་སྙམ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་གིས་སེམས་ཀྱི་རྟོག་པ་ཐུགས་ཀྱིས་ཐུགས་སུ་ ཆུད་ནས་བྱང་ཆུབ་སེམས་དཔའ་སེང་གེའི་རྩལ་གྱིས་མངོན་པར་བསྒྲགས་པའི་སྒྲ་ལ་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལྟ་སྟེ། །དཔེར་ན་མི་ལ་ལ་ཞིག་གིས་སྐྲའི་རྩེ་མོ་བརྒྱར་གཤགས་པའི་ཆས་རྒྱ་མཚོ་ཆེན་ པོ་ལས་ཆུའི་ཐིགས་པ་གཅིག་བླངས་ན། རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས། ཆུ་བླངས་པ་དེ་དང་། ཕྱི་ན་ལུས་པ་དེ་གཉིས་གང་མང་བར་འགྱུར། གསོལ་པ། བཅོམ་ལྡན་འདས་བླངས་པ་ནི་ཉུང་སླད་ན་ལས་ པ་ནི་ཚད་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་མི་དེས་སྐྲའི་རྩེ་མོ་བརྒྱར་གཤེགས་པའི་ཆས་རྒྱ་མཚོ་ཆེན་པོ་ལས་ཆུའི་ཐིགས་པ་གཅིག་བླངས་པ་དེ་ཙམ་དུ་ནི་འཇིག་རྟེན་གྱི་ཁམས་ བདེ་བ་ཅན་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པར་བལྟའོ། །རྒྱ་མཚོ་ཆེན་པོ་ན་ཆུའི་ལྷག་མ་ཇི་སྙེད་ཅིག་ཡོད་པ་དེ་ཙམ་དུ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་དུ་གཟིགས་པའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པར་བལྟའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེང་གེའི་རྩལ་གྱིས་མངོན་པར་བསྒྲགས་ 80-1-347b པའི་སྒྲས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་དུ་གཟིགས་པའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་རྣམ་པ་དེ་ལྟ་བུ་དེ་བཞིན་གཤེགས་པ་གཞན་ལ་ལ་ལ་མངའ་བར་ གྱུར་ཏམ། མངའ་བར་འགྱུར་རམ། ད་ལྟར་ལ་ལ་ན་དེ་ལྟ་བུ་མངའ་བ་ལྟ་ཡང་བཞུགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཡོད་དེ། སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ ཞིང་གང་གཱའི་ཀླུང་བྱེ་བ་ཕྲག་བརྒྱའི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་སྨོན་ལམ་ལ་རབ་ཏུ་གནས་པས་མངོན་པར་འཕགས་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་ཀུན་ནས་འོད་ཟེར་ཡོན་ཏན་རྟག་ཏུ་མང་བ་རྒྱ་མཚོའི་རྒྱལ་པོ་ཞེས་བྱ་བ་སྐུ་ཚེའི་ཚད་དཔག་ཏུ་མེད་པ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ལ་བྱང་ཆུབ་སེམས་དཔའི་ཚོགས་ཚད་མེད་པས་ཡོངས་སུ་བསྐོར་ ཅིང་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཏོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཀུན་དུ་གཟིགས་པའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པར་འགྱུར་བ་གང་ཡིན་པ་དང་། ད་ལྟར་བཅོམ་ལྡན་འདས་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ནས་འོད་ཟེར་ཡོན་ཏན་རྟག་ཏུ་མང་བ་རྒྱ་མཚོའི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་གང་ཡིན་པ་དེ་གཉིས་མཚུངས་ཏེ་ལྷག་ཆད་ མེད་དོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པའི་གོ་བགོས་པ། འཇུག་པ་ཆེན་པོ་ཞུགས་པ་གང་འདི་འཇམ་དཔལ་གཞོན་ནུར་གྱུར་བའི་སྤྱོད་པ་འདི་ཉིད་ལ་གནས་པ་བཞི་ཡོད་དོ། །བྱང་ཆུབ་སེམས་ དཔའ་དེ་དག་གི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡང་འདི་དང་འདྲ་བར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་དག་གི་མིང་བསྟན་དུ་གསོལ། བྱང་ཆུབ་སེམས་དཔའ་དེ་དག་གང་ན་ 80-1-348a མཆིས་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ནས་འོད་ཟེར་ཡོན་ཏན་རྟག་ཏུ་མང་བ་རྒྱ་མཚོའི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་ཡང་བསྟན་དུ་གསོལ། དེ་བཞིན་གཤེགས་པ་དེ་དང་བྱང་ ཆུབ་སེམས་དཔའ་དེ་དག་ཀྱང་བསྟན་དུ་གསོལ། དེ་ཅིའི་སླད་དུ་ཞེ་ན། བྱང་ཆུབ་སེམས་དཔའ་གཞན་དག་ཀྱང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དེ་ལྟ་བུ་ཡོངས་སུ་འཛིན་པར་འགྱུར་བའི་སླད་དུའོ། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེའི་ཕྱིར་ཉོན་ཅིག་དང་བསྟན་པར་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་གཅིག་ནི་འོད་ཀྱི་ཏོག་ཅེས་བྱ་སྟེ། ཤར་ཕྱོགས་ལོགས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་མྱ་ངན་མེད་པའི་དཔལ་གྱི་སངས་རྒྱས་ཀྱི་ཞིང་ན་འདུག་གོ། །གཉིས་པ་ནི་ཡེ་ཤེས་བླ་མ་ཞེས་བྱ་སྟེ། ལྷོ་ཕྱོགས་ལོགས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་རྒྱལ་བའི་སངས་རྒྱས་ཀྱི་ཞིང་ན་འདུག་གོ། ། གསུམ་པ་ནི་ཞི་བའི་དབང་པོ་ཞེས་བྱ་སྟེ། ནུབ་ཕྱོགས་ལོགས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤེས་རབ་བརྩེགས་པའི་སངས་རྒྱས་ཀྱི་ཞིང་ན་འདུག་གོ། །བཞི་པ་ནི་སྨོན་ལམ་བློ་གྲོས་ཞེས་བྱ་སྟེ། བྱང་ཕྱོགས་ལོགས་ ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཐུ་བོ་ཆེའི་སངས་རྒྱས་ཀྱི་ཞིང་ན་འདུག་གོ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་རྫུ་འཕྲུལ་མངོན་པར་འདུ་འཛད་པ་འདི་ལྟ་བུ་མངོན་པར་མཛད་དེ། རྫུ་འཕྲུལ་མངོན་པར་འདུ་མཛད་པ་དེ་མངོན་པར་ མཛད་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ནས་འོད་ཟེར་ཡོན་ཏན་རྟག་ཏུ་མང་བ་རྒྱ་མཚོའི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་ཡང་ཀུན་དུ་སྣང་བར་གྱུར། བཅོམ་ལྡན་འདས་དེ་ཡང་བྱང་ཆུབ་སེམས་དཔའི་འཁོར་གྱིས་ཀུན་ནས་བསྐོར་ ཅིང་མདུན་གྱིས་བྱས་པ་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་སྔན་ཆད་མ་མཐོང་མ་ཐོས་ཤིང་བསམ་གྱིས་མི་ཁྱབ་ལ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་དེ་དག་ཀྱང་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་མིག་དང་ལྡན་པའི་ལག་ན་སྐྱུ་རུ་རའི་འབྲུ་འདུག་ 80-1-348b པ་མཐོང་བ་དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་དེ་སངས་རྒྱས་ཀྱི་ཞིང་འདི་ནས་ཀུན་དུ་སྣང་བར་གྱུར་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ནས་འོད་ཟེར་ཡོན་ཏན་རྟག་ཏུ་མང་བ་རྒྱ་མཚོའི་རྒྱལ་པོ་དེ་ཡང་སྐུ་ཐ་མལ་པ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ མངའ་བ་སྟེ། འཛམ་བུའི་ཆུ་བོའི་གསེར་གྱི་རི་བོ་ལྟར་མཛེས་ཤིང་ལམ་མེ་ལྷན་ནེ་ལྷང་ངེར་བཞུགས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་དཔག་ཚད་བཞི་ཁྲི་ཉིས་སྟོང་ཙམ་དུ་གྱུར་བ་ཤ་སྟག་གིས་བསྐོར་ཅིང་མདུན་གྱིས་བྱས་ཏེ། བྱང་ཆུབ་གྱི་ཤིང་ཡོན་ཏན་བཀོད་པ་དུ་མས་རབ་ཏུ་བརྒྱན་པའི་དྲུང་ན་སེང་གེའི་ཁྲི་ལ་བཞུགས་ཤིང་སྤྲུལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མངོན་པར་སྤྲུལ་པ་མཛད་དེ། སྤྲུལ་པ་དེ་དག་ཀྱང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ མང་པོར་དོང་ཞིང་སེམས་ཅན་རྣམས་ལ་ཆོས་སྟོན་པ་མཐོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའི་ཚོགས་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་ཁྱོད་ཀྱིས་སངས་རྒྱས་ཀྱི་ཞིང་འདིར་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ དང་། བྱང་ཆུབ་སེམས་དཔའི་ཚོགས་ཕུན་སུམ་ཚོགས་པ་མཐོང་ངམ། དེ་ནས་འཁོར་དེའི་ནང་ནས་བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་བཞི་སྟོང་སྟན་ལས་ལངས་ཏེ། ཐལ་མོར་སྦྱར་ནས་ཀུན་གྱིས་ཀྱང་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་ཅག་གིས་ཀྱང་འཇམ་དཔལ་གཞོན་ནུར་གྱུར་བ་སྤྱོད་པ་ཅི་འདྲ་བའི་སྤྱོད་པ་དེ་ལ་བསླབ་པར་བགྱིའོ། །བདག་ཅག་གིས་ཀྱང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དེ་ལྟ་བུ་བསྒྲུབ་པར་བགྱིའོ། །དེ་ནས་དེའི་ཚེ་བཅོམ་ ལྡན་འདས་ཀྱིས་ཞལ་འཛུམ་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་སྣ་ཚོགས་པ། ཁ་དོག་དུ་མ་དང་ལྡན་པ་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེབ་རྒན་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་མང་པོ་མཐོན་པར་གྱུར་ཏེ། དེ་དག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་སྣང་བར་བྱེད་ནས་སླར་ལོག་སྟེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་དབུའི་ 80-1-349a གཙུག་ཏུ་ནུབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས་ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་འདི་བསྟན་པའི་ཚེ་བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་བཞི་སྟོང་འཇམ་དཔལ་གཞོན་ནུར་གྱུར་བའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་ པ་རྣམ་པ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་བསྒྲུབ་པའི་ཕྱིར་སེམས་བསྐྱེད་དེ། བྱམས་པ་བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་ལས་སྐྱེས་བུ་དམ་པ་བཅུ་དྲུག་གིས་ནི་ལྷག་པའི་བསམ་ པ་དང་ལྡན་པར་བསམ་པ་ཐག་པས་ཚིག་བརྗོད་དེ། དེ་དག་གིས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡང་འཇམ་དཔལ་གཞོན་ནུར་གྱུར་བའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཅི་འདྲ་བ་དེ་བཞིན་དུ་འགྱུར་ཏེ། ལྷག་མ་རྣམས་ཀྱི་ སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ནི་དེ་ལྟར་མི་འགྱུར་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། དེ་དག་གི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ནི་དེ་བཞིན་གཤེགས་པ་འོད་ དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ན་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཅི་འདྲ་བ་དེ་འདྲ་བར་ལྷག་ཆད་མེད་པར་འགྱུར་རོ། །བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལྷག་པའི་ བསམ་པ་གཅེས་སྤྲས་བྱེད་པ་ལ་ལྟོས། ཚིག་ཏུ་བརྗོད་པར་འདྲ་ཡང་གང་གིས་ལྷག་པའི་བསམ་པས་བསམ་པ་ཐག་པ་ནས་ཚིག་ཏུ་བརྗོད་པ་དེ་དག་གི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དག་གི་ནི་འཇམ་དཔལ་གཞོན་ནུར་གྱུར་ པའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་བཞིན་དུ་གྱུར་ཏོ། །གང་གི་དམན་པའི་སེམས་དང་། དད་པ་ཙམ་གྱི་ཚིག་ཏུ་བརྗོད་པ་དེ་དག་ཀྱང་ལས་དམའ་བ་དེས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་བཅུར་འཁོར་བ་ཕྱིར་ 80-1-349b བསྙིལ་ཏེ། ཕ་རོལ་དུ་ཕྱིན་པ་ལྔ་ཡོངས་སུ་རྫོགས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་བཞི་པོ་འོད་ཀྱི་ཏོག་དང་། ཡེ་ཤེས་བླ་མ་དང་། ཞི་བའི་དབང་པོ་དང་། སྨོན་ལམ་བློ་གྲོས་དག་ཀྱང་། ཕྱོགས་བཞི་ནས་ཁང་པ་བརྩེགས་པ་བཻ་དཱུརྱའི་ མདོག་ཏུ་འདུག་པ་མཚུངས་པ་མེད་པར་བཟང་བ་དག་གི་ནང་དུ་ཞུགས་ཏེ། ལྷ་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། སངས་རྒྱས་ཀྱི་ཞིང་ནི་རྣམ་པ་དྲུག་ཏུ་གཡོ་བར་བྱེད། མེ་ཏོག་གི་ཆར་ཆེན་པོ་ནི་རབ་ཏུ་ འབེབས། སིལ་སྙན་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ནི་སྒྲ་འབྱིན་ཅིང་རྫུ་འཕྲུལ་གྱི་ཆོ་འཕྲུལ་སྣ་ཚོགས་ཀྱིས་འོང་བར་སྣང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། བཅོམ་ལྡན་འདས་ཅིའི་སླད་དུ་འཇིག་རྟེན་དུ་དོག་ས་ཆེར་གཡོས་པར་གྱུར་བ་དང་། ཕྱོགས་བཞི་ནས་ཁང་པ་བརྩེགས་པ་བཞི་མཆི་བར་གདའ་བར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་བྱང་ཆུབ་སེམས་དཔའ་བཞི་པོ་དེ་དག་ དེ་བཞིན་གཤེགས་པས་བསྐུལ་ནས་དེ་བཞིན་གཤེགས་པ་ལ་བལྟ་བའི་ཕྱིར་ཉེ་བར་འོང་བར་གྱུར་ཏོ། །དེ་སྐད་ཅེས་བཀའ་སྩལ་ནས་རིང་པོ་མ་ལོན་པར་དེའི་མོད་ལ་བྱང་ཆུབ་སེམས་དཔའ་བཞི་པོ་དེ་དག་ལྷགས་ཏེ། ལྷགས་ནས་ཀྱང་ཁང་པ་བརྩེགས་ པ་དེ་དག་ནས་བབས་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་བདུན་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། ། བྱང་ཆུབ་སེམས་དཔའ་དེ་དག་འཁོད་མ་ཐག་ཏུ་ཐམས་ཅད་དང་ལྡན་པའི་འཁོར་ཕྱོགས་བཞི་ནས་སྣང་བ་ཆེན་པོས་སྣང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའི་ཚོགས་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་སྐྱེས་ བུ་དམ་པ་འོངས་པ་བཞི་པོ་འདི་དག་ནི་བསམ་གྱིས་མི་ཁྱབ་པའི་གོ་གྱོན་པ། འཇུག་པ་ཆེན་པོས་ཡང་དག་པར་ཞུགས་པ་ཡིན་གྱིས། རིགས་ཀྱི་བུ་དག་ཁྱོད་ཀྱིས་སྐྱེས་བུ་དམ་པ་འདི་དག་ལ་རིམ་གྲོ་སྐྱེད་ལ་ཆོས་དྲིས་ཤིག །རིགས་ཀྱི་བུ་ 80-1-350a དག་སྐྱེས་བུ་དམ་པ་འདི་དག་གི་སྨོན་ལམ་ཉོན་ཅིག་རིགས་ཀྱི་བུ་དག་སྐྱེས་བུ་དམ་པ་འདི་དག་གི་སྨོན་ལམ་ནི་རྣམ་པ་འདི་ལྟ་བུ་སྟེ། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་སུ་དག་གིས་བདག་ ཅག་མཐོང་བར་གྱུར་བ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏེ། བསྐལ་པ་བྱེ་བ་ཕྲག་ཉི་ཤུར་འཁོར་བ་ཕྱིར་བསྙིལ་བར་གྱུར་ཅིག །ཕ་རོལ་དུ་ཕྱིན་པ་ལྔ་ཡོངས་སུ་རྫོགས་པར་གྱུར་ཅིག ། བུད་མེད་གང་གིས་བདག་ཅག་གི་མིང་ཐོས་ན་ཡང་མྱུར་དུ་བུད་མེད་ཀྱི་ལུས་ལས་འགྱུར་བར་ཤོག་ཤིག་ཅེས་བྱ་བ་དེ་ལྟ་བུའི་སྨོན་ལམ་དང་ལྡན་པ་དག་གོ། དེ་ནས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཞིང་དེ་བསྟན་ཏེ། རྫུ་འཕྲུལ་དེ་དག་ཕྱིར་བརྟུལ་བ་མཛད་ པ་དང་། སངས་རྒྱས་ཀྱི་ཞིང་དེ་ཡང་མི་སྣང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུ་སྟེ། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་སྒྱུ་མ་ མཁན་ནི་སྒྱུ་མ་སྤྲུལ་པ་ཡང་བགྱིད། སྒྱུ་མ་མཆིས་པར་ཡང་བགྱིད་དེ། བཅོམ་ལྡན་འདས་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྐྱེ་བ་ཡང་སྐྱེ། འགག་ཀྱང་འགག་སྟེ། གང་ལ་སྐྱེ་བ་དང་། འགག་པ་མ་མཆིས་པ་དེ་ནི་མཉམ་པ་ཉིད་དོ། །བཅོམ་ལྡན་འདས་ མཉམ་པ་ཉིད་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཡེ་ཤེས་བླ་མས་འཇམ་དཔལ་གཞོན་ནུར་གྱུར་བ་ ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་བྱང་ཆུབ་ཇི་ལྟ་བུ་ཞིག་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ། འཇམ་དཔལ་གྱིས་སྨྲས་པ། གང་སུས་ཀྱང་མ་ཐོབ་མ་བཤིག་ཅིང་གང་ལ་ཡོད་པ་འམ་མེད་པར་ཆགས་པ་དམིགས་སུ་མེད་པའོ། །བྱང་ཆུབ་ སེམས་དཔའ་ཡེ་ཤེས་བླ་མས་སྨྲས་པ། འཇམ་དཔལ་བྱང་ཆུབ་དེ་ཇི་ཙམ་དུ་ཡོད་པས་ཀྱང་མི་འཐོབ། མེད་པས་ཀྱང་མི་འཐོབ་བམ། སྨྲས་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་གཟོད་མ་ནས་མ་སྐྱེས་པ་སྟེ། 80-1-350b ཡོད་པར་མ་གྱུར་མི་འགྱུར་བས་དེའི་ཕྱིར་འཐོབ་པར་འགྱུར་བ་མེད་དོ། །སྨྲས་པ། འཇམ་དཔལ་ཚུལ་གཅིག་པའི་ཆོས་བསྟན་པས་དེ་སྐད་དུ་སྟོན་ཏམ། འཇམ་དཔལ་གྱིས་སྨྲས་པ། རིགས་ཀྱི་བུ་ཚུལ་གཅིག་པའི་ཆོས་བསྟན་པ་ཞེས་བྱ་བ་ གང་ཡིན། སྨྲས་པ། འཇམ་དཔལ་གང་ཕུང་པོ་རྣམས་ཀྱང་མི་མཐོང་། ཁམས་དང་སྐྱེ་མཆེད་རྣམས་ཀྱང་མི་མཐོང་ལ་དམུས་ལོང་ཡང་མ་ཡིན། ཤའི་མིག་ཅན་ཡང་མ་ཡིན་ཞིང་ཆོས་གང་ལ་ཡང་མི་རྟོག །རྣམ་པར་མི་རྟོག་པ་དང་། ཆོས་གང་ལ་ཡང་འཕེལ་བ་དང་། འགྲིབ་པར་མི་མཐོང་བ་འདི་ནི་ཆོས་ཀྱི་ཚུལ་གཅིག་ཏུ་བསྟན་པ་ཞེས་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེང་གེའི་རྩལ་གྱིས་མངོན་པར་བསྒྲགས་པའི་སྒྲས་སྨྲས་པ། གང་དེ་བཞིན་ཉིད་དང་མི་འགལ་ཞིང་ ཆོས་ཉིད་དང་འགལ་བར་མི་བྱེད་དེ་འདི་དག་ནི་སོ་སོའི་སྐྱེ་བོའི་ཆོས་སོ། །འདི་དག་ནི་ཉན་ཐོས་ཀྱི་ཆོས་སོ། །འདི་དག་ནི་རང་སངས་རྒྱས་ཀྱི་ཆོས་སོ། །འདི་དག་ནི་སངས་རྒྱས་ཀྱི་ཆོས་སོ་ཞེས་བྱ་བར་ཐ་དད་དུ་མི་འབྱེད་ཅིང་གང་འདི་དབེན་པའི་ཚུལ་ དུ་ཚུལ་གཅིག་པ་ལ་འཇུག་པ་འདི་ནི་ཆོས་ཀྱི་ཚུལ་གཅིག་ཏུ་བསྟན་པའོ། །བྱང་ཆུབ་སེམས་དཔའ་མཐོང་དགས་སྨྲས་པ། གང་དེ་བཞིན་ཉིད་ལ་ཡང་ཞུགས་ལ་དེ་བཞིན་ཉིད་ཀྱིས་ཀྱང་རློམ་སེམས་སུ་མི་བྱེད་ཅིང་འདི་ནི་ཟབ་བོ་ཞེས་བྱ་བར་མི་རྟོག་ རྣམ་པར་མི་རྟོག་པ་དེ་ལྟར་བསྟན་པ་གང་ཡིན་པ་དེ་ནི་ཆོས་ཀྱི་ཚུལ་གཅིག་ཏུ་བསྟན་པའོ། །བྱང་ཆུབ་སེམས་དཔའ་སྤོབས་པ་མི་ཟད་པས་སྨྲས་པ། ཆོས་ཐམས་ཅད་མི་ཟད་པ་གང་ཡིན་པ་དེ་ནི་ཤིན་ཏུ་ཟད་པ་སྟེ། གང་ཆོས་ཐམས་ཅད་མི་ཟད་པར་ ཆོས་བསྟན་པ་དེ་ནི་ཆོས་ཉིད་ལས་འགལ་བར་མི་བྱེད་པ་སྟེ། དེ་ལྟར་བསྟན་པ་གང་ཡིན་པ་དེ་ནི་ཆོས་ཀྱི་ཚུལ་གཅིག་ཏུ་བསྟན་པའོ། །བྱང་ཆུབ་སེམས་དཔའ་བསམ་པ་ལེགས་པར་སེམས་པས་སྨྲས་པ། གང་བསམ་པས་བསམ་དུ་མེད་པ་ ལ་ཡང་འཇུག་ལ་བསམ་དུ་མེད་པ་དེས་ཀྱང་རློམ་སེམས་སུ་མི་བྱེད་ཅིང་མི་དམིགས་པ་དེ་ལྟར་བསྟན་པ་གང་ཡིན་པ་དེ་ནི་ཆོས་ཀྱི་ཚུལ་གཅིག་ཏུ་བསྟན་པའོ། །བྱང་ཆུབ་སེམས་དཔའ་རྡུལ་དང་བྲལ་བས་སྨྲས་པ། གང་འདོད་ཆགས་ 80-1-351a དང་ཤིན་དུ་བྲལ་བ་དེ་ནི་མཚན་མ་ཐམས་ཅད་ལ་འདོད་ཆགས་པ་ཡང་མེད། འདོད་ཆགས་དང་བྲལ་བ་ཡང་མེད། རྗེས་སུ་ཆགས་པ་ཡང་མེད། ཁོང་ཁྲོ་བ་ཡང་མེད། རྨོངས་པ་ཡང་མེད། གཅིག་ཏུ་བྱེད་པ་ཡང་མེད། གཉིས་སུ་བྱེད་པ་ཡང་མེད། བྱེད་པ་ཡང་མེད། མི་བྱེད་པ་ཡང་མེད། ལེན་པ་ཡང་མེད། འདོར་བ་ཡང་མེད་དེ་དེ་ལྟར་བསྟན་པ་གང་ཡིན་པ་དེ་ནི་ཆོས་ཀྱི་ཚུལ་གཅིག་ཏུ་བསྟན་པའོ། །བྱང་ཆུབ་སེམས་དཔའ་རྒྱ་མཚོས་སྨྲས་པ། གང་རྒྱ་མཚོ་ལྟ་བུར་ཟབ་ཅིང་གཏིང་དཔག་དཀའ་བའི་ཆོས་ལ་ཞུགས་པ་དེ་ཆོས་ལ་ཡང་མི་རྟོག་རྣམ་པར་མི་རྟོག་ལ་ཇི་ལྟར་གནས་པ་དེ་བཞིན་དུ་ཆོས་སྟོན་ཅིང་། བདག་དང་གཞན་དུ་རློམ་སེམས་སུ་མི་བྱེད་པ་དེ་ལྟར་བསྟན་པ་གང་ཡིན་ པ་དེ་ནི་ཆོས་ཀྱི་ཚུལ་གཅིག་ཏུ་བསྟན་པའོ། །ཟླ་བའི་བླ་མ་གཞོན་ནུར་གྱུར་བས་སྨྲས་པ། གང་སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་ཀྱིས་ཟླ་བ་ལྟ་བུར་གྱུར་ཀྱང་སེམས་ཅན་དེ་དག་ལ་ཡང་རློམ་སེམས་མེད་པ་དེ་ལྟར་བསྟན་ པ་གང་ཡིན་པ་དེ་ནི་ཆོས་ཀྱི་ཚུལ་གཅིག་ཏུ་བསྟན་པའོ། །བྱང་ཆུབ་སེམས་དཔའ་མྱ་ངན་གྱི་མུན་པ་ཐམས་ཅད་རྣམ་པར་སེལ་བས་སྨྲས་པ། གང་མྱ་ངན་ཐམས་ཅད་རྒྱུན་ཆད་པ་དེ་ནི་མྱ་ངན་མེད་ཅིང་ཞུམ་པར་འགྱུར་བ་མེད་དོ། ། སེམས་ཅན་རྣམས་ནི་མྱ་ངན་གྱི་ཟུག་རྔུ་དང་ལྡན་པའོ། །དེ་ལ་མྱ་ངན་གྱི་རྩ་བ་གང་ཞེ་ན། གང་འདི་ངར་འཛིན་པ་དང་། ང་ཡིར་འཛིན་པ་སྟེ། གང་ངར་འཛིན་པ་དང་། ང་ཡིར་འཛིན་པ་མཉམ་པ་ཉིད་ལ་གནས་ཤིང་ཆོས་སྟོན་པ་དེ་ནི་ ཆོས་ཀྱི་ཚུལ་གཅིག་ཏུ་བསྟན་པའོ། །བྱང་ཆུབ་སེམས་དཔའ་དམིགས་པ་མེད་པས་སྨྲས་པ། གང་འདོད་པ་པའི་ཁམས་ལ་ཡང་མི་དམིགས། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དང་། ཉན་ཐོས་ ཀྱི་ཆོས་དང་། རང་སངས་རྒྱས་ཀྱི་ཆོས་ལའང་མི་དམིགས་པ་དེ་ལྟར་བསྟན་པ་གང་ཡིན་པ་དེ་ནི་ཆོས་ཀྱི་ཚུལ་གཅིག་ཏུ་བསྟན་པའོ། །བྱང་ཆུབ་སེམས་དཔའ་ཀུན་དུ་ལྟ་བས་སྨྲས་པ། གང་ཆོས་སྟོན་ན་གང་འདི་སྟོང་ 80-1-351b པ་ཉིད་ཀྱིས་མཉམ་པ་ཉིད་ཀྱིས་མཉམ་པ་ཉིད་སྟོན་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་མི་བྱེད། མཉམ་པ་ཉིད་ཀྱིས་ཀྱང་མི་དམིགས་པ་དེ་ལྟར་བསྟན་པ་གང་ཡིན་པ་དེ་ནི་ཆོས་ཀྱི་ཚུལ་གཅིག་ཏུ་ བསྟན་པའོ། །བྱང་ཆུབ་སེམས་དཔའ་འཁོར་གསུམ་ཡོངས་སུ་དག་པས་སྨྲས་པ། གང་ཆོས་སྟོན་པའི་ཚེ་འཁོར་གསུམ་དང་འགལ་བར་མི་བྱེད་དེ། འཁོར་གསུམ་གང་ཞེ་ན། བདག་མི་དམིགས་པ་དང་། ཆོས་ ཉན་པ་མི་དམིགས་པ་དང་། ཆོས་ལ་ཡང་མངོན་པར་ཞེན་པ་མེད་པའོ། །འདི་ནི་འཁོར་གསུམ་ཡོངས་སུ་དག་པའི་ཆོས་བསྟན་པ་ཞེས་བྱ་སྟེ། དེ་ལྟར་བསྟན་པ་གང་ཡིན་པ་དེ་ནི་ཆོས་ཀྱི་ཚུལ་གཅིག་ཏུ་བསྟན་པའོ། །བྱང་ཆུབ་ སེམས་དཔའ་འགྲོ་བ་གྲུབ་པས་སྨྲས་པ། གང་ཆོས་ཐམས་ཅད་འདུ་བ་མེད་པར་ཡང་ཤེས་ཤིང་ཇི་ལྟར་ཤེས་པ་དེ་བཞིན་དུ་ཡང་སྟོན་པ་འདི་ལྟ་སྟེ། ཆོས་ཐམས་ཅད་བརྗོད་དུ་མེད་པའི་ཕྱིར་ཡི་གེ་གཅིག་ཀྱང་མི་བརྗོད་པ་དེ་ལྟར་ བསྟན་པ་གང་ཡིན་པ་དེ་ནི་ཆོས་ཀྱི་ཚུལ་གཅིག་ཏུ་བསྟན་ཏོ། །བྱང་ཆུབ་སེམས་དཔའ་ཟབ་མོར་སྤྱོད་པས་སྨྲས་པ། གང་ཆོས་ཐམས་ཅད་ཀྱི་ཟབ་པ་ཉིད་ཀྱང་ཤེས་ལ་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་། གང་སྟོན་ པ་དང་། གང་ལ་སྟོན་པ་དང་། གང་བསྟན་པ་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་ལྟར་བསྟན་པ་གང་ཡིན་པ་དེ་ནི། ཆོས་ཀྱི་ཚུལ་གཅིག་ཏུ་བསྟན་པའོ། །དེ་བཞིན་དུ་སྦྱར་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་བཟི་བརྗིད་ཆེན་པོ་བཟི་བརྗིད་ཆེན་པོ་དག་གིས་སོ་སོ་ནས་རང་རང་གི་སྤོབས་པ་སྟོན་པར་གྱུར་ཏོ། །ཚུལ་གཅིག་ཏུ་བསྟན་པའི་ཆོས་ཀྱི་སྒོ་འདི་བསྟན་པའི་ཚེ་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བདུན་བཅུས་མི་སྐྱེ་བའི་ ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །སྲོག་ཆགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་བཅུ་རྩ་བཞི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །དགེ་སློང་བདུན་སྟོང་ནི་ཉེ་བར་ལེན་པ་མེད་ 80-1-352a པར་ཟག་པ་རྣམས་ལས་རྣམ་པར་གྲོལ་ལོ། །ལྷ་དང་མིའི་སྐྱེ་དགུ་ལས་ཁྲག་ཁྲིག་དགུ་བཅུ་རྩ་དྲུག་ནི་ཆོས་ལ་ཆོས་ཀྱི་མིག་རྡུལ་དང་བྲལ་ཞིང་དྲི་མ་མེད་པ་རྣམ་པར་དག་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་རྩལ་གྱིས་མངོན་པར་བསྒྲགས་པའི་སྒྲས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་དུ་གཟིགས་པ་དེའི་བྱང་ཆུབ་སེམས་དཔའི་དགེ་ འདུན་ནི་ཇི་སྙེད་ཅིག་ཏུ་འགྱུར། དེའི་སྐུ་ཚེའི་ཚད་ནི་ཇི་ཙམ་ཞིག་ཏུ་འགྱུར། འཇམ་དཔལ་གཞོན་ནུར་གྱུར་བ་ནི་ཇི་སྲིད་ཅིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་འཇམ་དཔལ་གཞོན་ནུར་གྱུར་བ་འདི་ཉིད་ལ་དྲིས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་རྩལ་གྱིས་མངོན་པར་བསྒྲགས་པའི་སྒྲས་འཇམ་དཔལ་ གཞོན་ནུར་གྱུར་བ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་ཇི་སྲིད་ཅིག་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ། འཇམ་དཔལ་གྱིས་སྨྲས་པ། རིགས་ཀྱི་བུ་གང་གི་ཚེ་ནམ་ མཁའི་ཁམས་གཟུགས་ཅན་དུ་གྱུར་བ་དེའི་ཚེ་བདག་ཀྱང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །གང་གི་ཚེ་སྒྱུ་མའི་སྐྱེས་བུ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེའི་ཚེ་བདག་ཀྱང་བྱང་ཆུབ་མངོན་པར་ རྫོགས་པར་འཚང་རྒྱའོ། །གང་གི་ཚེ་དགྲ་བཅོམ་པ་ཟག་པ་ཟད་པ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེའི་ཚེ་བདག་ཀྱང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །གང་གི་ཚེ་རྨི་ལམ་གྱི་ སྐྱེས་བུ་དང་། །བྲག་ཆ་དང་། །མིག་ཡོར་དང་། །ཆུ་ཟླ་དང་། །དེ་བཞིན་གཤེགས་པའི་སྤྲུལ་པ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེའི་ཚེ་བདག་ཀྱང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། ། 80-1-352b གང་གི་ཚེ་ཉི་མའི་འོད་ཀྱིས་མཚན་མོར་གྱུར་ལ་ཟླ་བའི་འོད་ཀྱིས་ཉིན་མོར་གྱུར་བ་དེའི་ཚེ་བདག་ཀྱང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །རིགས་ཀྱིས་བུ་དེ་ལྟ་ཡིན་གྱིས། །སུ་བྱང་ ཆུབ་དུ་སྨོན་པ་དེ་ལ་དྲིས་ཤིག །སྨྲས་པ། །འཇམ་དཔལ་ཁྱོད་བྱང་ཆུབ་ཏུ་མི་སྨོན་ཏམ། །སྨྲས་པ། །རིགས་ཀྱིས་བུ་དེ་ནི་མ་ཡིན་ཏེ། །དེ་ཅིའི་ཕྱིར་ཞེ་ན། །འཇམ་དཔལ་ཉིད་ ཀྱང་བྱང་ཆུབ་ལ་བྱང་ཆུབ་ཉིད་ཀྱང་འཇམ་དཔལ་ལོ། །དེ་ཅིའི་ཕྱིར་ཞེ་ན། །རིགས་ཀྱི་བུ་གང་འདི་བྱང་ཆུབ་ཅེས་བྱ་བ་འམ། །འཇམ་དཔལ་ཞེས་བྱ་བ་དེ་ནི་མིང་ཙམ་མོ། །མིང་གང་ཡིན་པ་ དེ་ནི་དབེན་ཞིང་བྱེད་པ་མེད་པ་སྟེ་སྟོང་བའོ། །སྟོང་པ་ཉིད་གང་ཡིན་པ་དེ་ནི་བྱང་ཆུབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་རྩལ་གྱིས་མངོན་ པར་བསྒྲགས་པའི་སྒྲ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་བྱང་ཆུབ་སེམས་དཔའ་འདུས་པ་དང་། ། ཉན་ཐོས་འདུས་པ་མཐོང་ངམ། །ཐོས་སམ། །གསོལ་པ། །བཅོམ་ལྡན་འདས་བདག་གིས་མཐོང་ངོ་། །ཐོས་སོ། །བཀའ་སྩལ་པ། །རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས། གསོལ་ པ། །བཅོམ་ལྡན་འདས་དེ་ནི་བསམ་གྱིས་མི་ཁྱབ་བོ། །བདེ་བར་གཤེགས་པ་དེ་ནི་བགྲང་དུ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱིས་བུ་འདི་ལྟ་སྟེ། །དཔེར་ ན་ཡུལ་མ་གངྒཱའི་ཏིལ་གྱི་དོང་ནས་ཏིལ་གྱིས་འབྲུ་གཅིག་ཅིག་བླངས་ན་རིགས་ཀྱི་བུ་ཏིལ་གྱི་འབྲུ་གཅིག་པོ་དེ་ཇི་ལྟ་བ་དེ་བཞིན་དུ་ནི་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་བྱང་ཆུབ་སེམས་དཔའ་འདུས་པ་དང་། 80-1-353a ཉན་ཐོས་འདུས་པར་བལྟའོ། །ཕྱི་ན་ཏིལ་གྱི་ལྟག་མ་ལུས་པ་ལྟར་ནི་འཇམ་དཔལ་གཞོན་ནུར་གྱུར་བ་མངོན་པར་རྫོགས་པར་སངས་རྒྱས་པའི་བྱང་ཆུབ་སེམས་དཔའི་ཚོགས་ འདུས་པར་བལྟའོ། །རིགས་ཀྱི་བུ་འདི་ལྟ་སྟེ། །དཔེར་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐལ་བར་བརླགས་ཏེ། །རྡུལ་ཕྲ་རབ་ཙམ་དུ་བྱས་པ་ལ་རིགས་ཀྱི་ བུ་རྡུལ་ཕྲ་རབ་ཇི་སྙེད་ཅིག་ཡོད་པ་དེ་སྙེད་ཀྱི་བསྐལ་པར་དེ་བཞིན་གཤེགས་པ་ཀུན་དུ་གཟིགས་པ་དེ་བཞུགས་པར་བྱས་ཀྱང་བརྒྱའི་ཆར་ཡང་སྨོས་པར་མི་འགྱུར་རོ། །སྟོང་གི་ཆ་དང་། བྱེ་བ་བརྒྱ་ཕྲག་སྟོང་གི་ཆ་དང་། །བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་ཆ་དང་། །གྲངས་དང་ཆ་དང་། །བགྲང་བ་དང་། །རྒྱུར་ཡང་སྨོས་པར་མི་འགྱུར་རོ། །རིགས་ཀྱི་བུ་རྣམ་གྲངས་ དེས་ཀྱང་འདི་ལྟར། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་ཚེའི་ཚད་ནི་ཚད་མེད་གྲངས་མེད་པར་འགྱུར་བར་རིག་ པར་བྱའོ། །རིགས་ཀྱི་བུ་འདི་ལྟ་སྟེ། །དཔེར་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྐྱེས་བུ་ལ་ལ་ཞིག་གིས་རྡུལ་ཕྲ་རབ་ཏུ་བརླགས་ཏེ། །ཐལ་བར་ བྱས་པ་དེ་ལས་སྐྱེས་བུ་ལ་ལ་ཞིག་གིས་རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་ཁྱེར་ཏེ། །རྡུལ་ཕྲ་རབ་ཀྱི་རྡུལ་ཇི་སྙེད་པ་དེ་སྙེད་ཀྱི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདས་ནས་ དེར་རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་བཞག་སྟེ། །སྐྱེས་བུ་དེས་ཚུལ་དེ་བཞིན་དུ་ཤར་ཕྱོགས་ལོགས་སུ་རྡུལ་ཕྲ་རབ་ཀྱི་རྡུལ་དེ་དག་ཐམས་ཅད་ཟད་ཟད་ཏུ་བཀོད་པར་གྱུར་ལ།། །། 80-1-353b དེ་བཞིན་དུ་སྐྱེས་བུ་གཉིས་པ་ཞིག་སྐྱེས་ཏེ། །དེས་ཀྱང་ལྷོ་ཕྱོགས་ལོགས་སུ་དེ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་རེ་རེ་ནས། །ཚུལ་དེ་བཞིན་དུ་བོར་ཏེ། །དེ་བཞིན་དུ་ཕྱོགས་བཅུར་སྐྱེས་བུ་དེ་ལྟ་བུ་ རེ་རེས་ཚུལ་དེ་དང་འདྲ་བར་དེ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་ཟད་ཟད་དུ་རེ་རེ་ནས་བོར་ན་རིག་ཀྱི་བུ་ཇི་སྙམ་དུ་སེམས། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་དག་བརྒྱ་ཕྲག་ནི་འདི་ སྙེད་ཅིག་ཡོད་དོ། །སྟོང་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །འབུམ་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །བྱེ་བ་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །བྱེ་བ་བརྒྱ་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །བྱེ་བ་ སྟོང་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །བྱེ་བ་འབུམ་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །བྱེ་བ་ཁྲག་ཁྲིག་འབུམ་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །གཏམས་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །དཀྲིགས་ ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །མི་འཁྲུགས་པ་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །ཞེས་བྱ་བར་ཚད་གཟུང་བར་ནུས་སམ། །གསོལ་པ། །བཅོམ་ལྡན་འདས་དེ་ནི་མི་ནུས་སོ། ། བདེ་བར་གཤེགས་པ་དེ་ནི་མི་ནུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རིགས་ཀྱི་བུ་སྐྱེས་བུ་བཅུ་པོ་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ ཇི་སྙེད་ཅིག་འདས་པ་དང་གང་དག་ཏུ་ཕྱིན་ཏེ་རྡུལ་ཕྲ་རབ་ཀྱི་རྡུལ་དེ་དག་བོར་བ་དང་། །གང་དག་ལས་འདས་ཏེ། རྡུལ་ཕྲ་རབ་མ་བོར་བའི་འཇིག་རྟེན་གྱི་ཁམས་དེ་དག་། ཐམས་ཅད་བཏགས་ཏེ་རྡུལ་ཕྲ་རབ་ཏུ་བརླགས་ན། རིགས་ཀྱི་བུ་དེ་ཇི་སྙམས་དུ་སེམས། རྡུལ་ཕྲ་རབ་དེ་དག་རྩིས་ཤེས་པ་འམ། 80-1-354a རྩིས་ལ་མཁས་པས་བརྒྱ་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །སྟོང་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །འབུམ་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །བྱེ་བ་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །བྱེ་བ་བརྒྱ་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །བྱེ་བ་སྟོང་ ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །བྱེ་བ་འབུམ་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །བྱེ་བ་ཁྲག་ཁྲིག་འབུམ་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །གཏམས་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །དཀྲིགས་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། ། མི་འཁྲུགས་པ་ཕྲག་ནི་འདི་སྙེད་ཅིག་ཡོད་དོ་ཞེས་བྱ་བར་ཤེས་པ་འམ། བགྲང་བ་འམ། གཞལ་བ་འམ། ཚད་གཟུང་བར་ནུས་སམ། གསོལ་པ། བཅོམ་ལྡན་འདས་དཔེ་དེ་ལ་ནི་སེམས་ཅན་རྣམས་མོས་པར་ འགྱུར་གྱི། དོན་འཚལ་པ་འམ། གཞལ་བ་འམ། བགྲང་བ་འམ། ཚད་གཟུང་བར་མི་ནུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པས་ནི་རྡུལ་ཕྲ་རབ་དེ་དག་བགྲང་བའི་ ཚུལ་གྱིས་བརྒྱ་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །སྟོང་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །འབུམ་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །བྱེ་བ་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །བྱེ་བ་བརྒྱ་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །བྱེ་ བ་སྟོང་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །བྱེ་བ་འབུམ་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །བྱེ་བ་ཁྲག་ཁྲིག་འབུམ་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །གཏམས་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །དཀྲིགས་ཕྲག་ནི་འདི་སྙེད་ ཅིག་ཡོད་དོ། །མི་འཁྲུགས་པ་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །ཞེས་བྱ་བ་དེ་བས་ཀྱང་ལྷག་པར་གོང་དུ་དེ་བཞིན་གཤེགས་པས་རྣམ་པ་ཐམས་ཅད་དུ་ཐུགས་སུ་ཆུད་དོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཡེ་ཤེས་ཆེན་པོ་དེ་ལྟ་བུའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱི་མའི་མཐའི་མུར་ 80-1-354b ཐུག་པར་སེམས་ཅན་དམྱལ་བ་ཆེན་པོར་བསྲེགས་ཀྱང་བཅོམ་ལྡན་འདས་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་བཟོད་པར་བགྱིའོ། །དེ་ལྟ་བུའི་ཡེ་ཤེས་ཆེན་པོ་ནི་ཡོངས་སུ་གཏང་བར་མི་བགྱིའོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། སེམས་ཅན་མོས་པ་ཆུང་ངུ་དང་། ལེ་ལོ་ཆེ་བ་དང་། བརྩོན་འགྲུས་ཆུང་བ་མ་གཏོགས་པར་སུ་ཞིག་དེ་ལྟ་བུའི་ཡེ་ཤེས་ཆེན་པོ་ ལ་འདོད་པ་མི་བསྐྱེད། སངས་རྒྱས་ཀྱི་ཡེ་ཤེས་འདི་བསྟན་པའི་ཚེ་སྲོག་ཆགས་ཁྲི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེང་གེའི་རྩལ་གྱིས་མངོན་པར་བསྒྲགས་ པའི་སྒྲ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དེ་ལྟར་ཕྱོགས་བཅུར་སྐྱེས་བུ་བཅུ་པོ་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཇི་སྙེད་ཅིག་འདས་པ་དང་། འཇིག་རྟེན་གྱི་ཁམས་གང་དག་ དུ་ཕྱིན་ཏེ་རྡུལ་ཕྲ་རབ་ཀྱི་རྡུལ་བོར་བ་དང་། གང་དག་ལས་འདས་ཏེ་མ་བོར་བ་དེ་ཐམས་ཅད་རྡུལ་ཕྲ་རབ་ཏུ་བརླགས་པ་དེ་དག་པས་ཀྱང་མང་བའི་བསྐལ་པར་ད་དུང་འཇམ་དཔལ་གཞོན་ནུར་གྱུར་བ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་ པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ། འཇམ་དཔལ་གཞོན་ནུར་གྱུར་བའི་སྨོན་ལམ་ནི་བསམ་གྱིས་མི་ཁྱབ། ཡང་དག་པར་འཇུག་པ་ནི་བསམ་གྱིས་མི་ཁྱབ་པས་དེ་བྱང་ཆུབ་ཐོབ་པའི་ཚེ་ཚད་ཀྱང་བསམ་གྱིས་ མི་ཁྱབ། བྱང་ཆུབ་སེམས་དཔའི་དགེ་འདུན་ཡང་བསམ་གྱིས་མི་ཁྱབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེང་གེའི་རྩལ་གྱིས་མངོན་པར་བསྒྲགས་པའི་སྒྲས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་འདི་ལྟ་སྟེ། འཇམ་དཔལ་གཞོན་ནུར་གྱུར་བ་འདི་ལྟར་བསྐལ་པ་འདི་སྙེད་དུ་ཡང་སྐྱོ་བ་མི་སྐྱེད་པའི་འཇུག་པ་ཆེན་པོ་དེ་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་སྤྱོད་པ་ཆེན་པོ་ངོ་མཚར་ལགས་སོ། །འཇམ་དཔལ་གྱིས་སྨྲས་པ། རིགས་ཀྱི་བུ་འདི་ཇི་སྙམ་དུ་ 80-1-355a སེམས་ནམ་མཁའི་ཁམས་འདི་སྙམ་དུ་ཞག་དང་། ཉི་མ་དང་ཟླ་བ་ཕྱེད་དང་། དུས་དང་། ལོ་དང་། བསྐལ་པ་དང་། བསྐལ་པ་བརྒྱ་དང་། བསྐལ་པ་སྟོང་དང་། བསྐལ་པ་བྱེ་བ་དང་། བསྐལ་པ་ཁྲག་ཁྲིག་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་ འབུམ་ཕྲག་དང་། གཏམས་དང་། དཀྲིགས་དང་། མི་འཁྲུགས་པ་ཞིག་འདས་སོ་སྙམ་དུ་སེམས་སམ། སྨྲས་པ། འཇམ་དཔལ་དེ་ནི་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ནམ་མཁའི་ཁམས་ལ་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །སྨྲས་པ་རིགས་ཀྱི་བུ་དེ་ དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་གང་གིས་ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་ཁོང་དུ་ཆུད་དེ་ཅི་ནས་ཀྱང་མི་རྟོག་རྣམ་པར་མི་རྟོག་པ་དེ་ལྟར་ཁོང་དུ་ཆུད་པ་དེ་ནི་འདི་སྙམ་དུ་ཞག་གཅིག་འདས་པར་གྱུར་ཏོ། ། ཉི་མ་གཅིག་འདས་པར་གྱུར་ཏོ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་ལོ་འདི་སྙེད་ཅིག་འདས་པར་གྱུར་ཏོ་ཞེས་རྣམ་པར་མི་རྟོག་གོ། དེ་ཅིའི་ཕྱིར་ཞེ་ན། ཆོས་གང་ལ་ཡང་དེའི་འདུ་ཤེས་གང་ཡང་འཇུག་པ་མེད་དོ། །རིགས་ ཀྱི་བུ་འདི་ལྟ་སྟེ། དཔེར་ན་ནམ་མཁའི་ཁམས་ནི་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་པས་ལྷག་པ་ཞིག་འདས་པར་གྱུར་ཀྱང་སྐྱོ་ཞིང་ཡོངས་སུ་ཡི་འཆད་པ་མེད་དེ། ནམ་མཁའི་ཁམས་ལ་སྐྱེ་བ་འམ། འཇིག་པ་འམ། འཚིག་པ་འམ། འགྱེས་པར་འགྱུར་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ནམ་མཁའི་ཁམས་ལ་དངོས་པོ་མེད་པའི་ཕྱིར་རོ། །རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གང་གིས་ཆོས་ཐམས་ཅད་དངོས་པོ་མེད་པར་ཤེས་པ་དེ་ནི་སྐྱོ་བ་དང་ ཡོངས་སུ་ཡིད་འཆད་པའི་སེམས་མི་བསྐྱེད་དོ། །རིགས་ཀྱི་བུ་གང་ལ་ནམ་མཁའི་ཁམས་ཤེས་བྱ་བ་དེ་ནི་འཚིག་པ་མེད། སྐྱོ་བ་མེད། ཡི་འཆད་པ་མེད། གཡོ་བ་མེད། སྐྱེ་བ་མེད། རྒ་བ་མེད། འཆི་བ་མེད། འཕོ་བ་མེད། འབྱུང་བ་མེད། འོང་བ་མེད། འགྲོ་བ་མེད་དོ། །རིགས་ཀྱི་བུ་དེ་བཞིན་དུ་གང་ལ་འཇམ་དཔལ་ཞེས་བྱ་བའི་མིང་འདི་ལ་ཡང་འཚིག་པ་མེད། སྐྱོ་བ་མེད། ཡི་འཆད་པ་མེད། གཡོ་བ་མེད། སྐྱེ་བ་མེད། རྒ་བ་མེད། འཆི་བ་མེད། འཕོ་བ་མེད། འབྱུང་བ་མེད། འོང་བ་མེད། 80-1-355b འགྲོ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། མིང་དེ་ནི་ཤིན་དུ་དབེན་པའི་ཕྱིར་རོ། །ཆོས་ཀྱི་རྣམ་གྲངས་འདི་བསྟན་པའི་ཚེ་རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ལྷའི་བུ་གཞན་ཡང་དབང་ཆེ་བ། དབང་ཆེ་བར་གྲགས་ པ་དག་གིས་མགྲིན་གཅིག་ཏུ་འདི་སྐད་ཅེས་སྨས་སོས། བཅོམ་ལྡན་འདས་སེམས་ཅན་གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ་དག་ཀྱང་རྙེད་པ་ལེགས་པར་རྙེད་ལགས་ན། གང་གིས་ཐོས་ནས་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བགྱིད་པ་ དང་གཞན་ལ་ཡང་རྒྱ་ཆེར་བསྟན་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། བཅོམ་ལྡན་འདས་སེམས་ཅན་གང་དག་འདི་སྐད་དུ་བདག་ཅག་གིས་གང་འདི་སངས་རྒྱས་ཀྱི་ཆོས་ཡོངས་སུ་གཟུང་བའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་གཟུང་བར་བྱའོ། ། བཅང་བར་བྱའོ། །བཀླག་པར་བྱའོ། །ཀུན་ཆུབ་པར་བྱའོ། །གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བསྟན་པར་བྱའོ་ཞེས་ཚིག་ཏུ་བརྗོད་པ་དེ་དག་ནི་དགེ་བའི་རྩ་བ་ངན་ངོན་དང་ལྡན་པ་མ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་རྩལ་གྱིས་མངོན་པར་བསྒྲགས་པའི་སྒྲས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་འཛིན་ཏམ་འཆང་ངམ། ཀློག་གམ། ཀུན་ཆུབ་པར་བགྱིད་དམ། འཇུག་པར་བགྱིད་དམ། གཞན་ལ་ཡང་རྒྱ་ཆེར་བསྟན་པ་དང་། གང་འཇམ་དཔའ་གཞོན་ནུར་གྱུར་བའི་རྗེས་སུ་བསླབ་པོ་ཞེས་སེམས་བསྐྱེད་པ་དེ་བསོད་ནམས་ཇི་ཙམ་ཞིག་སྐྱེད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ་དང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་གང་ལ་ལས་ཕྱོགས་བཅུར་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པས་སངས་རྒྱས་ཀྱི་ཞིང་ཇི་སྙེད་ཅིག་གཟིགས་པ་དེ་དག་ཐམས་ཅད་རིན་པོ་ཆེ་སྣ་བདུན་གྱིས་ ཡོངས་སུ་བཀང་སྟེ། དེ་བཞིན་གཤེགས་པ་རེ་རེ་ལ་ཕུལ་པ་དང་། རྣམ་གྲངས་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་ཀྱིས་ཚུལ་ཁྲིམས་ཀྱི་སྡོམ་པ་ཐམས་ཅད་ཡང་དག་པར་བླངས་པ་ལ་གནས་ཏེ། 80-1-356a ཕྱི་མའི་མཐའི་མུར་ཐུག་གི་བར་དུ་སྦྱིན་པ་བྱིན་པ་བས། བྱང་ཆུབ་སེམས་དཔའ་གཞན་ཞིག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་འཛིན་ཏམ། འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། འཇུག་པར་བྱེད་ དམ། གཞན་ལ་ཡང་རྒྱ་ཆེར་སྟོན་པར་བྱེད་དམ། འཇམ་དཔལ་གཞོན་ནུར་གྱུར་བའི་རྗེས་སུ་བསླབ་པར་བྱའོ་ཞེས་བྱ་བའི་བར་དུ་སེམས་སྐྱེད་ཅིང་གོམ་པ་བདུན་འདོར་ན། བསོད་ནམས་ཀྱི་ཕུང་པོ་དེ་ལ་བསོད་ནམས་ཀྱི་ཕུང་པོ་སྔ་ མས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །བརྒྱ་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །བྱེ་བ་སྟོང་གི་ཆར་ཡང་ཉེ་བར་འགྲོའོ། །བྱེ་བ་བརྒྱ་སྟོང་གི་ ཆར་ཡང་ཉེ་བར་མི་འགྲོའོ། །བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་ཆར་ཡང་ཉེ་བར་མི་འགྲོ་སྟེ། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་རྒྱུར་ཡང་མི་བཟོད་དོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བས་དེའི་ཚེ་བྱང་ཆུབ་ སེམས་དཔའི་ཏིང་ངེ་འཛིན་ཀུན་ནས་སྣང་བ་སྒྱུ་མ་ལྟ་བུར་འབྱུང་བ་ཞེས་བྱ་བ་ལ་སྙོམས་པར་ཞུགས་སོ། །དེ་ལྟར་འཇམ་དཔལ་གཞོན་ནུར་གྱུར་བས་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་འཁོར་དེར་བྱང་ཆུབ་ སེམས་དཔའ་ཇི་སྙེད་ཅིག་འདུས་པར་གྱུར་བ་དེ་དག་གི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་གི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་བར་གྱུར་ཏེ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ ཀྱི་སྤྱན་སྔ་ན་འཇམ་དཔའ་གཞོན་ནུར་གྱུར་བ་འདུག་ཅིང་རང་གི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་སྟོན་པར་མཐོང་ནས། དེ་དག་འདི་སྙམ་དུ་སེམས་ཏེ་འཇམ་དཔའ་གཞོན་ནུར་གྱུར་བ་འདི་དེ་ལྟར་འཇིག་རྟེན་གྱི་ཁམས་བྱེ་ བ་ཁྲག་ཁྲིག་འབུམ་ཕྲག་མང་པོར་གཅིག་ཅར་དུ་སྣང་བར་གྱུར་བ་ནི་སྨོན་ལམ་དང་། ཏིང་ངེ་འཛིན་དང་། ཡེ་ཤེས་ཀྱི་ཁྱད་པར་ངོ་མཚར་ཆེའོ་སྙམ་དུ་ངོ་མཚར་གྱི་འདུ་ཤེས་སྐྱེས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ 80-1-356b བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་དེའི་ཕྱིར་ ཆོས་ཀྱི་རྣམ་གྲངས་འདྀའི་མིང་སངས་རྒྱས་རྣམ་པར་རོལ་པ་ཞེས་བྱ་བར་ཟུང་ཤིག །སྨོན་ལམ་བསམ་གྱི་མི་ཁྱབ་པ་ཞེས་བྱ་བར་ཡང་ཟུང་ཤིག །འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་བསྟན་པ་ཞེས་བྱ་བར་ཡང་ ཟུང་ཤིག །བྱང་ཆུབ་ཀྱི་སེམས་ཡང་དག་པར་དགའ་བར་བྱེད་པ་ཞེས་བྱ་བར་ཡང་ཟུང་ཤིག །དེ་ནས་དེའི་ཚེ་འཁོར་དེར་ཕྱོགས་བཅུ་དག་ནས་བྱང་ཆུབ་སེམས་དཔའ་ཚད་མེད་གྲངས་མེད་པ་འདུས་པ་དེ་དག་ཐམས་ཅད་ཀྱིས་དེ་བཞིན་ གཤེགས་པ་དང་། ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པ་བྱ་བའི་ཕྱིར་མེ་ཏོག་གི་ཆར་ཆེན་པོ་ཕབ་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ཏེ། རང་རང་གི་སངས་རྒྱས་ཀྱི་ཞིང་དུ་འདོང་ཞིང་འདི་སྐད་དུ་ཀྱེ་མ་སངས་རྒྱས་ ཀྱེ་མ་སངས་རྒྱས་དེ་ད་ནི་བདག་ཅག་གིས་འཇམ་དཔལ་གཞོན་ནུར་གྱུར་བའི་སེང་གེའི་སྒྲ་དང་། བཀོད་པ་བསམ་གྱིས་མི་ཁྱབ་པ་ཐོས་སོ་ཞེས་ཆེད་དུ་རྗོད་པ་ཆེད་དུ་བརྗོད་དོ། །ཆོས་ཀྱི་རྣམ་གྲངས་འདི་བསྟན་པའི་ཚེ་ན་ བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་གི་བྱེ་མ་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །སེམས་ཅན་ཚད་མེད་པ་ཡང་དགེ་བའི་རྩ་བ་ཡོངས་སུ་གྲུབ་པར་གྱུར་ཏོ། །བཅོམ་ལྡན་ འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། འཇམ་དཔལ་གཞོན་ནུར་གྱུར་བ་དང་། བྱང་ཆུབ་སེམས་དཔའ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་སེང་གེའི་རྩལ་གྱིས་མངོན་པར་བསྒྲགས་པའི་སྒྲ་དང་། ཕྱོགས་བཅུ་ནས་འདུས་པའི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། དགེ་སློང་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །། 80-1-357a འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་བསྟན་པའི་ལེའུ་ཞེས་བྱ་སྟེ། ལེའུ་བཅྭ་ལྔ་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཤཱི་ལེན་དྲ་བོ་དྷི་དང་། ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། །། 81-1-1a