82-1-1a ༼ཅ༽ ༄༅། ༈ །འཕགས་པ་དཀོན་མཆོག་བརྩེགས་པ་བཞུགས་སོ། ། (黃) 大寶積經第五部 82-1-1b ༄༅༅། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ ཕྲག་བརྒྱ་པ་ལས་ལེའུ་ཉི་ཤུ་པ་སྟེ་གློག་ཐོབ་ཀྱིས་ཞུས་པ། བམ་པོ་དང་པོ། རྒྱ་གར་སྐད་དུ། ཨཱརྱ་བི་དྱུ་ཏ་པྲཱ་པྟ་པ་རི་པྲྀཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་གློག་ཐོབ་ཀྱིས་ ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་ འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ། དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ ཀྱང་ཡོན་ཏན་ཁྱད་པར་དུ་འཕགས་པ་ཕུན་སུམ་ཚོགས་ཤིང་སེང་གེའི་སྒྲ་སྒྲོགས་པ་སྟོང་ དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྔ་བརྒྱ་དང་ཐབས་གཅིག་ཏུ་ 82-1-2a བཞུགས་ཏེ། དེ་དག་ཐམས་ཅད་ཀྱང་གཟུངས་རབ་ཏུ་ཐོབ་པ། སྤོབས་པ་ཐོགས་པ་མེད་པར་གྱུར་པ། མི་སྐྱེ་བའི་ཆོས་ལ་བཟོད་པ་མངོན་སུམ་དུ་བྱས་པ། ཕྱིར་མི་ལྡོག་པ་ལ་གནས་པ། ཏིང་ ངེ་འཛིན་རྣམས་དང་ལྡན་པ། མངོན་པར་ཤེས་པས་རྣམ་པར་རྩེན་པ། སེམས་ཅན་གྱི་སེམས་ཀྱི་སྤྱོད་པའི་ཚུལ་རབ་ཏུ་རྟོགས་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཉི་མའི་རྒྱལ་མཚན་དང་། བྱང་ཆུབ་ སེམས་དཔའ་ཟླ་བའི་རྒྱལ་མཚན་དང་། བྱང་ཆུབ་སེམས་དཔའ་ཀུན་དུ་འོད་དང་། བྱང་ཆུབ་སེམས་དཔའ་ཟླ་བའི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་ཤིན་དུ་མཐོ་གསལ་དང་། བྱང་ཆུབ་སེམས་དཔའ་རྣམ་པར་སྣང་ བྱེད་དང་། བྱང་ཆུབ་སེམས་དཔའ་སེང་གེའི་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་ཡོན་ཏན་འོད་དང་། བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པ་དང་། བྱང་ཆུབ་སེམས་དཔའ་སྔོན་གྱི་རྐྱེན་དང་ལྡན་པ་དང་། བྱང་ཆུབ་སེམས་དཔའ་སྨོན་ལམ་དང་སྤྱོད་པ་ཕུན་སུམ་ཚོགས་པ་དང་། བྱང་ཆུབ་སེམས་དཔའ་སྟོང་པའི་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་མཉམ་པའི་སེམས་དང་། བྱང་ཆུབ་སེམས་དཔའ་དགའ་སྲེད་དང་། བྱང་ ཆུབ་སེམས་དཔའ་འཁོར་ལོ་མོས་པ་དང་། བྱང་ཆུབ་སེམས་དཔའ་གཡུལ་ལས་རྣམ་པར་རྒྱལ་བ་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་སྤྱོད་པ་དང་། བྱང་ཆུབ་སེམས་དཔའ་གློག་ཐོབ་དང་། བྱང་ཆུབ་སེམས་དཔའ་ རྣམ་པར་རྒྱལ་བའི་སྤོབས་པ་དང་། བྱང་ཆུབ་སེམས་དཔའ་སེང་གེའི་ང་རོ་དང་། བྱང་ཆུབ་སེམས་དཔའ་རབ་དབྱངས་དང་། བྱང་ཆུབ་སེམས་དཔའ་སད་བྱེད་དང་། བྱང་ཆུབ་སེམས་དཔའ་སྤྱོད་པ་སྒྱུར་བ་ལ་མཁས་པ་དང་། བྱང་ཆུབ་སེམས་དཔའ་རབ་ཏུ་ཞི་བའི་སྤྱོད་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ནི་གཙོ་བོར་གྱུར་ཏོ། །གཞན་ཡང་བརྒྱ་བྱིན་ལྷའི་དབང་པོ་དང་། རྒྱལ་པོ་ཆེན་པོ་བཞི་དང་། འཇིག་རྟེན་ 82-1-2b གྱི་ཁམས་མི་མཇེད་ཀྱི་བདག་པོ་ཚངས་པའི་རྒྱལ་པོ་དང་། མཐུ་ཆེན་པོ་དང་ལྡན་པའི་ལྷ་དང་། གླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པའི་ འཁོར་ཚད་མེད་པ་རྣམས་དང་ཡང་ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་གློག་ཐོབ་ཅེས་བྱ་བས་འཁོར་མང་པོ་རབ་ཏུ་ཞི་ཞིང་ཡོངས་སུ་དག་པ་དག་འདུས་པར་གྱུར་བ་མཐོང་བ་དང་སྟན་ལས་ལངས་ ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་ཐེ་ ཚོམ་ཅུང་ཟད་ཅིག་མཆིས་ཏེ་དེང་ཞུ་བར་འཚལ་ན། དེ་བཞིན་གཤེགས་པས་ཐུགས་རྗེས་གསན་པར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་གློག་ཐོབ་ལ་བཀའ་སྩལ་པ། དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཁྱོད་ལ་སྐབས་ཕྱེས། ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་ཁྱོད་ལ་ཡང་དག་པར་བསྟན་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་གློག་ཐོབ་ ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་ཇི་ལྟ་བུ་ཞིག་དང་ལྡན་པར་གྱུར་ན་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བགྱིད་ཅིང་སྐྱོན་རྣམས་ཀྱིས་གོས་པར་མི་འགྱུར་བ་ དང་། དབང་པོ་དང་རང་བཞིན་ཇི་ལྟ་བ་བཞིན་དུ་ཐབས་མཁས་པས་སེམས་ཅན་དེ་དག་དྲངས་ཏེ་ལུས་ཞིག་པའི་འོག་ཏུ་ངན་འགྲོ་རྣམས་སུ་ལྟུང་བར་མི་འགྱུར་ཞིང་གདོན་མི་འཚལ་བར་མཉམ་པ་ཉིད་རྟོགས་པར་འགྱུར་བ་དང་། འཇིག་རྟེན་ན་གནས་ཀྱང་པད་མ་བཞིན་སྐྱོན་གྱིས་གོས་པར་མི་འགྱུར་བ་དང་། ཆོས་ཀྱི་དབྱིངས་ལས་མ་གཡོས་པར་ཡང་སངས་རྒྱས་ཀྱི་ཞིང་ཀུན་དུ་རྒྱུ་ཞིང་རྟག་པར་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་མཐོང་བ་དང་ 82-1-3a འབྲལ་བར་མི་འགྱུར་བ་དང་། རྣམ་པར་ཐར་པ་གསུམ་ལ་རབ་ཏུ་གནས་ཀྱང་སྙོམས་པར་མི་འཇུག་པར་སེམས་ཅན་གྱི་མོས་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཡོངས་སུ་སྦྱངས་ནས་ སྐད་ཅིག་མ་གཅིག་ལ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལགས། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གློག་ཐོབ་ཀྱིས་བཅོམ་ལྡན་འདས་ ཀྱི་སྤྱན་སྔར་ཚིགས་སུ་བཅད་དེ་ཞུ་བ་ཞུས་པ། བླ་ན་མ་མཆིས་མི་ཡི་གཙོ། །མཁྱེན་དང་གཟིགས་པ་ཚད་མ་མཆིས། །མ་འདྲེས་ཆོས་ལ་བཞུགས་ནས་ནི། །འཇིག་རྟེན་རྣམས་ལ་ཕན་འདོགས་མཛད། །སེམས་ ཅན་ཀུན་ལ་སྙོམས་པར་གཟིགས། །འཇིག་རྟེན་ཀུན་གྱི་མགོན་སྐྱབས་མཛད། །ལོག་དང་ཡང་དག་ལམ་བསྟན་ནས། །མཐར་ཐུག་བདེ་ལ་འགོད་པར་མཛད། །ཡོན་ཏན་མཆོག་ནི་རབ་བསགས་པས། །རིན་ཆེན་ སྣ་ཚོགས་ཕུང་པོ་འདྲ། །འཇིག་རྟེན་ཤེས་རབ་ཉི་མ་ཁྱོད། །ཁམས་གསུམ་མཆོད་འོས་གཙོ་བོ་ལགས། །ཐེག་པ་ཆེན་པོ་བཀས་བཤད་ནས། །བྱང་ཆུབ་ལམ་ནི་རྫོགས་པར་མཛོད། །ཞལ་མཚན་ཟླ་བ་ཉ་བ་འདྲ། ། ཞི་གནས་དག་ནི་ཕུན་སུམ་ཚོགས། །ཉེར་ཞི་ཆོས་ནི་རབ་བསྟན་ནས། །ཉོན་མོངས་རྣམས་ནི་ཞི་བར་མཛད། །བྱང་ཆུབ་སྤྱོད་པ་བཀས་བཤད་ནས། །སེམས་ཅན་རྣམས་ལ་ཕན་མཛད་གསོལ། །སངས་རྒྱས་ཞིང་དང་སྐུ་ ཚེ་དང་། །གཟུགས་སྐུ་དང་ནི་འཁོར་རྣམས་དང་། །ཕྲིན་ལས་གསུམ་དང་ཆོས་རྣམས་ཀྱང་། །ཐམས་ཅད་ཀུན་ནི་རྣམ་པར་དྲག །བཅོམ་ལྡན་བྱང་ཆུབ་སེམས་དཔའ་ཡི། །རྣམ་དག་སྤྱོད་པ་བཀས་བཤད་གསོལ། ། ཇི་ལྟར་བདུད་ནི་གདུལ་བར་བགྱི། །ཇི་ལྟར་ཆོས་ནི་བསྟན་པར་བགྱི། །ཇི་ལྟར་དྲན་པ་ཉམས་མི་འགྱུར། །ཁྱོད་ཀྱི་བཀས་ནི་བཤད་དུ་གསོལ། །ཇི་ལྟར་དཔའ་བོ་དག་གིས་ནི། །འཁོར་བ་ཀུན་དུ་ཞུགས་གྱུར་ཀྱང་། ། 82-1-3b མཚན་ཉིད་གཅིག་ལ་གནས་བགྱིད་ཅིང་། །ཆོས་ལ་རྟག་ཏུ་གཡོ་མི་འགྱུར། །ཇི་ལྟར་སངས་རྒྱས་རྣམས་ལ་ནི། །བསྟེན་ཅིང་མཆོད་པ་བགྱིས་ནས་ནི། །རྟག་པར་སངས་རྒྱས་སྐུ་བལྟས་ཀྱང་། །མཐར་ནི་མཚན་མ་སྤོང་ འགྱུར་ལགས། །རྣམ་ཐར་གསུམ་པོ་མངོན་བགྱིས་ཀྱང་། །མཁའ་ལ་བྱ་ནི་འཕུར་བ་བཞིན། །ཡོན་ཏན་ཕུན་ཚོགས་མ་གྱུར་པར། །ནམ་ཡང་མྱ་ངན་མི་འདའ་ལགས། །དབང་པོ་རང་བཞིན་ཡོངས་རྟོགས་ནས། ། འཇིགས་པ་མ་མཆིས་རྗེས་འབྲང་ཞིང་། །མངོན་པར་ཞེན་པ་མ་མཆིས་བར། །སེམས་ཅན་དེ་དག་སྨིན་བགྱིད་ལགས། །སྔར་ནི་འཇིག་རྟེན་བདེ་བཏང་ནས། །སླད་ཀྱིས་དང་བའི་སེམས་བསྐྱེད་དེ། །ཡེ་ཤེས་གྱ་ནོམ་ ཕུན་ཚོགས་པས། །བླ་མེད་བྱང་ཆུབ་འཐོབ་པར་འགྱུར། །འདི་འདྲའི་ཟབ་མོ་གྱ་ནོམ་དོན། །དེ་བཞིན་གཤེགས་པས་བཀས་བཤད་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་གློག་ཐོབ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་སེམས་ཅན་ཚད་མེད་པ་རྣམས་ལ་ཕན་ཞིང་བདེ་བར་བྱ་བ་དང་། ད་ལྟར་གྱི་ལྷ་དང་བཅས་པའི་འཇིག་རྟེན་དང་། མ་འོངས་པའི་བྱང་ཆུབ་སེམས་དཔའ་རྣམས་ཡོངས་ སུ་བཟུང་བའི་ཕྱིར་དེ་བཞིན་གཤེགས་པ་ལ་དོན་འདི་ལྟ་བུ་ཞུས་པ་ལེགས་སོ་ལེགས་སོ། །དེའི་ཕྱིར་གློག་ཐོབ་ཤིན་དུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ཁྱོད་ལ་ཡང་དག་པར་བསྟན་པར་བྱའོ། །བྱང་ཆུབ་སེམས་ དཔའ་གློག་ཐོབ་ཀྱིས་བཅོམ་ལྡན་འདས་དེ་བཞིན་དུ་ཐོས་པར་འཚལ་ལོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གློག་ཐོབ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་གཏེར་ཆེན་པོ་ དང་། ཟད་མི་ཤེས་པའི་གཏེར་དང་། ཀུན་དུ་ཟད་མི་ཤེས་པའི་གཏེར་དང་། མཐའ་མེད་པའི་གཏེར་རྣམ་པ་ལྔ་དང་ལྡན་པ་སྟེ། བྱང་ཆུབ་སེམས་དཔའ་དེ་ལྟ་བུའི་གཏེར་ཕུན་སུམ་ཚོགས་པར་གྱུར་བས་རྒུད་པ་རྣམས་གཏན། 82-1-4a སྤོང་ཞིང་གོང་དུ་བསྟན་པ་ལྟ་བུའི་ཡོན་ཏན་ཁྱད་པར་དུ་འཕགས་པ་ཡང་ཡོངས་སུ་རྫོགས་པར་བྱེད་ལ་ཚེགས་ཆུང་ངུས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་འཐོབ་པར་འགྱུར་རོ། །ལྔ་ གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་སྤྱོད་པའི་གཏེར་དང་། ཞེ་སྡང་སྤྱོད་པའི་གཏེར་དང་། གཏི་མུག་སྤྱོད་པའི་གཏེར་དང་། ཆ་མཉམ་པ་སྤྱོད་པའི་གཏེར་དང་། ཆོས་ཐམས་ཅད་ཀྱི་གཏེར་གང་ཡིན་པའོ། །གློག་ཐོབ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་འདོད་ཆགས་སྤྱོད་པའི་གཏེར་ཞེས་བྱ་བ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལྟ་སྟེ། སེམས་ཅན་རྣམས་ནི་འདོད་ཆགས་ཀྱི་སྤྱོད་པའི་རྗེས་སུ་འཐུན་ཞིང་ཕྱིན་ཅི་ལོག་གིས་བཅིངས་པས་མཚན་ མ་རྣམས་ཀྱི་རྗེས་སུ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ལ་སོགས་པའི་ཡུལ་དག་ལ་རྣམ་པ་སྣ་ཚོགས་སུ་རྣམ་པར་བརྟགས་ནས་བརྟན་པ་ཉིད་དུ་མངོན་པར་ཞེན་པ་དང་། བདེ་བ་ལ་ཆགས་ཤིང་མྱོས་ པར་གྱུར་བ་ཡིན་ལ། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་དག་གི་སེམས་ཀྱི་སྤྱོད་པ་རྣམ་པ་སྣ་ཚོགས་གང་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས་སེམས་ཅན་དེ་དག་གང་ལ་མོས་ཤིང་འདུན་པ་དང་། སྤྱོད་ཡུལ་གང་ལ་ ཆགས་ཤིང་གོམས་པས་མཐུ་ཅན་དུ་གྱུར་བ་དང་། དད་པ་ཇི་ལྟ་བུ་དང་ལྡན་ཞིང་ཕུན་སུམ་ཚོགས་པར་གྱུར་བ་དང་། སྔོན་དགེ་བའི་རྩ་བ་ཇི་ལྟ་བུ་བསྐྱེད་པ་དང་། ཐེག་པ་གང་ལ་གཞོལ་བར་བྱེད་པ་དང་། དགེ་བའི་རྩ་བ་ཇི་སྙེད་ ཡོད་པ་དག་ནམ་ཞིག་ན་ཡོངས་སུ་སྨིན་པར་གྱུར་བ་ཡང་རབ་ཏུ་ཤེས་ཏེ། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་དེ་དག་གི་འདོད་པ་ཐམས་ཅད་ཡོངས་སུ་སྤང་བའི་ཕྱིར་དང་། དེ་དག་གི་དགེ་བའི་སེམས་རྟག་པར་རྒྱུན་མི་འཆད་ པར་བྱ་བའི་ཕྱིར་ཤིན་དུ་ལེགས་པར་བརྟགས་ནས་ཡོངས་སུ་གསོ་བར་བྱེད་དེ། གློག་ཐོབ་སེམས་ཅན་རྣམས་ཀྱི་དབང་པོ་དང་། སྤྱོད་པའི་བྱེ་བྲག་ནི་ཤིན་དུ་ཤེས་པར་དཀའ་བར་རིག་པར་བྱ་སྟེ། ཉན་ཐོས་དང་། རང་ 82-1-4b སངས་རྒྱས་ཐམས་ཅད་ཀྱིས་ཀྱང་རིག་པར་མི་ནུས་ན་སོ་སོའི་སྐྱེ་བོ་དང་། མུ་སྟེགས་ཅན་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། གློག་ཐོབ་སེམས་ཅན་ཁ་ཅིག་ནི་འདོད་པ་རྣམས་ལ་མངོན་པར་ཞེན་པར་གྱུར་ཀྱང་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་སྨིན་པར་བྱེད་པ་ཡང་ཡོད་དོ། །སེམས་ཅན་ཁ་ཅིག་ནི་འདོད་པའི་ཡུལ་ལ་རེག་པ་ཙམ་འམ། འདོད་པའི་སེམས་ཀྱིས་ཚིག་སྨྲས་པ་ཙམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཡོངས་སུ་སྨིན་པར་བྱེད་པ་ཡང་ཡོད་དོ། །སེམས་ཅན་ཁ་ཅིག་ནི་གཟུགས་སྡུག་གུ་དག་མཐོང་ནས་འདོད་ཆགས་ཀྱི་སེམས་སྐྱེས་པ་ལས་གཟུགས་དེ་རྣམ་པར་འགྱུར་ཞིང་ཞིག་པར་མཐོང་བ་ཉིད་ཀྱིས་གཟུགས་མི་ རྟག་པར་ཁོང་དུ་ཆུད་པར་གྱུར་ནས་འདོད་པའི་གདུང་བ་ཉེ་བར་ཞི་སྟེ། མི་རྟག་པ་ཉིད་ཤིན་དུ་ཡིད་ལ་བྱེད་པ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་སྨིན་པར་བྱེད་པ་ཡང་ཡོད་དོ། །སེམས་ཅན་ཁ་ ཅིག་ནི་བུད་མེད་མཐོང་བ་ན་མངོན་པར་ཞེན་པ་སྐྱེས་བ་མེད་ཀྱང་ཕྱིས་ཡིད་ལ་དྲན་པའི་དབང་གིས་འདོད་ཆགས་ཀྱི་སེམས་སྐྱེས་ནས་དེའི་ཁ་དོག་དང་དབྱིབས་ཡིད་ལ་བྱས་ནས་རྗེས་སུ་ཆགས་པ་སྐྱེ་བར་འགྱུར་བ་ཡང་ཡོད་དོ། ། སེམས་ཅན་ཁ་ཅིག་ནི་རྨི་ལམ་ན་གཟུགས་ཡིད་དུ་འོང་བ་རྣམས་མཐོང་བའི་དབང་གིས་འདོད་ཆགས་ཀྱི་མངོན་པར་ཞེན་པ་སྐྱེས་ནས་ཡིད་ལ་བྱེད་ཅིང་ཡོངས་སུ་གཉེར་བར་བྱེད་པ་ཡང་ཡོད་དོ། །སེམས་ཅན་ཁ་ཅིག་ནི་བུད་ མེད་ཀྱི་སྒྲ་ཐོས་པ་ཙམ་གྱིས་འདོད་ཆགས་ཀྱི་སྲེད་པ་སྐྱེད་པར་བྱེད་ལ། རེས་འགའ་ནི་མཐོང་བ་ཙམ་གྱིས་འདོད་ཆགས་ཀྱི་སེམས་དང་བྲལ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་སྨིན་པར་བྱེད་ པ་ཡང་ཡོད་པས་དེའི་ཕྱིར་གློག་ཐོབ་བྱང་ཆུབ་སེམས་དཔའ་ནི་འདོད་ཆགས་ཀྱི་ནད་རྣམ་པ་སྣ་ཚོགས་གང་ཡིན་པ་དང་། འདོད་ཆགས་ཀྱི་སྨན་གང་ཡིན་པ་དེ་དག་ཐབས་མཁས་པས་ལེགས་པར་ཁོང་དུ་ཆུད་ཀྱང་ 82-1-5a ཆོས་ཀྱི་དབྱིངས་ལ་གཉིས་སུ་འཛིན་པའི་མཚན་མ་ཡང་མེད་ལ། ཆོས་ཀྱི་དབྱིངས་ལ་རྨོངས་པར་གྱུར་བའི་སེམས་ཅན་དེ་དག་ལ་ཡང་སྙིང་རྗེ་ཆེན་པོ་སྐྱེད་པར་བྱེད་དོ། །གློག་ཐོབ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཅེས་བྱ་བ་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བྱ་བའི་ཆོས་ཅུང་ཟད་ཙམ་ཡང་དམིགས་སུ་མེད་པས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་བདག་གིས་མཐོང་བ་ལྟར་ན་སེམས་ཅན་རྣམས་ ནི་མཚན་མ་མེད་པ། རང་བཞིན་གྱིས་སྟོང་ཞིང་དབེན་པ། བཏགས་པ་ཙམ་དུ་རྣམ་པར་གཞག་པ་ཚོགས་ཤིང་འདུས་པའི་ཆོས་འདི་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྐྱེད་པར་བྱེད་པས་བདག་གིས་འདི་ དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་བརྟགས་ནས་འདོད་ཆགས་ཀྱིས་རྨོངས་པར་གྱུར་བའི་སེམས་ཅན་དེ་དག་གི་ཆེད་དུ་སྙིང་རྗེ་ཆེན་པོ་ལ་གནས་ནས་སྔོན་གྱི་སྨོན་ལམ་ཡོངས་སུ་རྫོགས་པར་བྱེད་དོ། །ཆོས་ཀྱི་ དབྱིངས་ལས་མ་གཡོས་པར་རྩོལ་བ་མེད་པའི་ཡེ་ཤེས་ཀྱིས་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་སེམས་སོ། །སྐྱེས་པ་གང་ཞིག་བུད་མེད་དག་ལ་ཡང་དག་པ་མ་ཡིན་པས་སྡུག་པའི་འདུ་ཤེས་བསྐྱེད་ནས་འདོད་ཆགས་ ལྕི་བ་སྐྱེས་པར་གྱུར་ན། བྱང་ཆུབ་སེམས་དཔས་བུད་མེད་ཤིན་དུ་སྡུག་ཅིང་མཛེས་པ། གཟུགས་ཀྱི་མཚན་ཁྱད་པར་དུ་འཕགས་པ། རིན་པོ་ཆེའི་རྒྱན་ཕྲེང་དང་ལྡན་པ། རྒྱན་རྣམ་པ་སྣ་ཚོགས་ཀྱིས་རབ་ ཏུ་བརྒྱན་པས་ལྷའི་བུ་མོ་དང་འདྲ་བར་གྱུར་བ་སྔོན་མ་མཐོང་བ་དག་ཏུ་བསྒྱུར་ནས་སེམས་ཅན་དེ་དག་གིས་ཇི་ལྟར་སྲེད་ཅིང་རྗེས་སུ་ཆགས་པ་དང་། ཤིན་དུ་མངོན་པར་ཞེན་པར་གྱུར་བ་སྟོན་པར་བྱེད་དེ། དེ་དག་གི་ ནུས་པ་དང་སྦྱར་ནས་ཐབས་ཀྱིས་འདོད་ཆགས་ཀྱི་དུག་མདའ་དབྱུང་བའི་ཆེད་དུ་རང་དབང་དུ་གྱུར་བའི་མཐུས་བུད་མེད་ཀྱི་གཟུགས་སུ་བསྒྱུར་ནས་དེའི་མདུན་དུ་སྣང་བར་བྱས་ནས་ཆོས་བསྟན་པ་ཉིད་ཀྱིས་སེམས་ 82-1-5b ཅན་དེ་དག་ཆོས་ཀྱི་དབྱིངས་རྟོགས་པར་བྱས་ཏེ་མི་སྣང་བར་འགྱུར་རོ། །བུད་མེད་གང་ཞིག་སྐྱེས་པ་དག་ལ་འདོད་ཆགས་ཀྱི་སེམས་སྐྱེས་པར་གྱུར་ན་བྱང་ཆུབ་སེམས་དཔས་སྐྱེས་པའི་ལུས་བསྟན་ནས་འདོད་ཆགས་ ཀྱི་དུག་མདའ་དབྱུང་བའི་ཆེད་དུ་ཆོས་བསྟན་པ་ཉིད་ཀྱིས་ཆོས་ཀྱི་དབྱིངས་ལ་ཞུགས་པར་བྱས་ནས་མི་སྣང་བར་བྱེད་དེ། གློག་ཐོབ་འདོད་ཆགས་ཀྱི་སྤྱོད་པ་ཉི་ཁྲི་ཆིག་སྟོང་དང་། སྤྱོད་པ་གཞན་དེ་དག་ཀྱང་གཏོགས་ པར་བརྒྱད་ཁྲི་བཞི་སྟོང་དུ་གྱུར་བ་དེ་དག་བྱང་ཆུབ་སེམས་དཔས་རྩོལ་བ་མེད་པའི་ཡེ་ཤེས་ཀྱིས་ཆོས་ཀྱི་སྒོ་མོ་བྱེ་བ་སྟོང་ཕྲག་ཚད་མེད་པ་བསྐྱེད་དེ། སེམས་ཅན་རྣམས་ཀྱི་སེམས་ཁོང་དུ་ཆུད་པར་བྱས་ནས་ ཐམས་ཅད་རྣམ་པར་གྲོལ་བར་གྱུར་ཀྱང་བདག་གིས་སེམས་ཅན་དག་ལ་འདི་ལྟ་བུའི་ཆོས་བསྟན་ཏོ་སྙམ་དུ་སེམས་པ་ཡང་མེད་ལ། སེམས་ཅན་རྣམ་པར་གྲོལ་བར་གྱུར་བ་ཡང་མི་དམིགས་སོ། །གློག་ཐོབ་འདི་ ལྟ་སྟེ་དཔེར་ན་མཚོ་མ་དྲོས་པའི་ཀླུའི་རྒྱལ་པོ་ནི་ལས་ཀྱི་མཐུའི་དབང་གིས་དེའི་ཕོ་བྲང་གི་ནང་ནས་ཆུ་ཀླུང་ཆེན་པོ་བཞི་བྱུང་ནས་སེམས་ཅན་ཆུ་དང་སྐམ་ལ་གནས་པ་དག་དབྱར་ཚ་བའི་དུས་ཀྱི་ཚེ་བསིལ་བ་དང་། རླན་ གྱིས་མེ་ཏོག་དང་། འབྲས་བུ་དག་རྒྱས་ཤིང་འབྲུ་རྣམས་འཕེལ་བར་གྱུར་ནས་སེམས་ཅན་མང་པོ་ཤིན་དུ་བདེ་བར་བྱེད་ཀྱང་། ཀླུའི་རྒྱལ་པོ་དེ་བདག་གིས་ཆུ་བོ་འདི་དག་ཕྱུང་ངོ་། །དབྱུང་བར་བྱའོ་སྙམ་དུ་མི་སེམས་ མོད་ཀྱི། འོན་ཀྱང་ཆུ་ཀླུང་བཞི་པོ་དག་རྟག་ཏུ་འབབ་ཅིང་སེམས་ཅན་རྣམས་ཉེ་བར་སྤྱོད་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ཡང་དེ་བཞིན་དུ་སྔོན་གྱི་སྨོན་ལམ་ཡོངས་སུ་རྫོགས་པར་གྱུར་བའི་དབང་གིས་ རྩོལ་བ་མེད་པའི་ཡེ་ཤེས་ཀྱིས་འཕགས་པའི་བདེན་པ་བཞི་བསྟན་ནས་འཁོར་བའི་ཡོངས་སུ་གདུང་བ་ཐམས་ཅད་བསལ་ཏེ་ལྷ་དང་མི་རྣམས་ལ་འཕགས་པའི་རྣམ་པར་གྲོལ་བའི་བདེ་བ་སྦྱིན་པར་བྱེད་ཀྱང་བྱང་ཆུབ་ 82-1-6a སེམས་དཔའ་དེ་བདག་གིས་ཆོས་བསྟན་ཏོ། །བསྟན་པར་བྱའོ་སྙམ་དུ་མི་སེམས་མོད་ཀྱི། འོན་ཀྱང་རང་གི་ངང་གིས་སྙིང་རྗེ་ཆེན་པོའི་བསམ་བ་ལ་གནས་ནས་སེམས་ཅན་རྣམས་ལ་སོ་ སོར་བརྟགས་ཏེ་ཅི་རིགས་པར་ཆོས་སྟོན་པར་བྱེད་དོ། །གཞན་ཡང་གློག་ཐོབ་འདི་ལྟ་སྟེ་དཔེར་ན་བརྒྱ་བྱིན་ལྷའི་དབང་པོ་ལ་ལྷའི་བུ་མོ་ཁྲག་ཁྲིག་ཕྲག་བཅུ་གཉིས་ཡོད་པ་དེ་དག་བརྒྱ་བྱིན་ལྷའི་དབང་པོའི་རང་དབང་གི་མཐུའི་དབང་གིས་ ལུས་མང་པོ་བསྟན་ནས་ལྷའི་བུ་མོ་དེ་དག་དེ་དང་ལྷན་ཅིག་འདོད་པའི་བདེ་བ་ཡོངས་སུ་རྫོགས་པར་མྱོང་བས་དེ་དག་སོ་སོ་ནས་འདི་སྙམ་དུ་བདག་གཅིག་པུ་ནི། དེང་ལྷའི་དབང་པོ་དང་ལྷན་ཅིག་རྩེས་སོ་སྙམ་དུ་སེམས་ཀྱང་ ཡང་དག་པར་ལྷའི་དབང་པོ་དེ་ལ་མངོན་པར་ཞེན་པར་གྱུར་བ་ཅི་ཡང་མེད་དོ། །བྱང་ཆུབ་སེམས་དཔའ་ཡང་དེ་བཞིན་དུ་སེམས་ཅན་གང་ཡོངས་སུ་བཟླ་བའི་འོས་སུ་གྱུར་བ་དེ་དག་གི་བསམ་པ་ཇི་ལྟ་བ་བཞིན་དུ་ཡོངས་ སུ་སྨིན་པར་བྱེད་ཀྱང་། བྱང་ཆུབ་སེམས་དཔའ་ལ་མངོན་པར་ཞེན་པར་གྱུར་བ་མེད་དོ། །གཞན་ཡང་གློག་ཐོབ་འདི་ལྟ་སྟེ་དཔེར་ན་ཉི་མའི་དཀྱིལ་འཁོར་རི་མཐོན་པོའི་རྩེ་མོ་ལ་ཤར་བའི་ཚེ་འོད་ཀྱིས་འཛམ་བུའི་གླིང་ ཀུན་དུ་སྣང་བར་བྱེད་པས་གང་དུ་སྣང་བར་བྱས་པའི་གནས་དེ་དག་ཏུ་ཁ་དོག་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་པ་སྣ་ཚོགས་རབ་ཏུ་སྟོན་པར་བྱེད་ཀྱང་ཉི་མའི་དཀྱིལ་འཁོར་དེ་ནི་ཁ་དོག་གཅིག་ པ། འོད་གཅིག་པ་ཉིད་དེ་ཐ་དད་པའི་མཚན་མ་མེད་དོ། །བྱང་ཆུབ་སེམས་དཔའ་ཡང་དེ་བཞིན་དུ་ཤེས་རབ་ཀྱི་ཉི་མའི་དཀྱིལ་འཁོར་གྱིས་ཆོས་ཀྱི་དབྱིངས་སྣང་བར་བྱས་ནས་སེམས་ཅན་གྱི་མངོན་པར་ཞེན་པའི་ རིའི་རྩེ་མོ་དེ་དག་ཏུ་ཤར་བ་ན་དམིགས་པའི་མཚན་ཉིད་གཅིག་ཏུ་གྱུར་ཅིང་དེ་དག་གི་མོས་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པར་བྱེད་ཀྱང་། ཆོས་ཀྱི་དབྱིངས་ལ་གཉིས་སུ་གྱུར་བའི་མཚན་ཉིད་མེད་དེ། གློག་ཐོབ་འདི་ནི་བྱང་ 82-1-6b ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་འདོད་ཆགས་ཀྱི་སྤྱོད་པའི་གཏེར་ཞེས་བྱའོ། །བྱང་སེམས་དཔའ་གང་གིས་གཏེར་འདི་ཐོབ་པར་གྱུར་ན་བསྐལ་པ་འམ། བསྐལ་པ་ལས་ལྷག་པར་སེམས་ཅན་ རྣམས་ཀྱི་མོས་པ་སྣ་ཚོགས་ཇི་ལྟ་བ་བཞིན་དུ་ལུས་ཚད་མེད་པ་བསྟན་ནས་ཚིག་རྣམ་པ་སྣ་ཚོགས་ཀྱིས་ཆོས་སྟོན་པར་བྱེད་ཀྱང་ཆོས་ཀྱི་དབྱིངས་ལ་གཉིས་སུ་གྱུར་བའི་མཚན་ཉིད་མེད་དོ། །གཞན་ཡང་གློག་ཐོབ་ འདི་ལྟ་སྟེ་དཔེར་ན་གསེར་ཡང་དག་པ་ནི་མགར་བའི་ཐབས་མཁས་པའི་མཐུའི་དབང་གིས་མོས་པ་ཇི་ལྟ་བ་བཞིན་དུ་རྒྱན་རྣམ་པ་སྣ་ཚོགས་སུ་བྱས་ཏེ་མཚན་ཉིད་ཐ་དད་པར་གྱུར་ཀྱང་གསེར་གྱི་རང་བཞིན་ལ་ནི་ཐ་དད་དུ་གྱུར་ པ་ཅི་ཡང་མེད་དོ། །བྱང་ཆུབ་སེམས་དཔའ་ཡང་དེ་བཞིན་དུ་ཆོས་ཀྱི་དབྱིངས་ཤིན་དུ་ལེགས་པར་བརྟགས་ནས་སེམས་ཅན་མོས་པ་སྣ་ཚོགས་པ་ཇི་ལྟ་བ་བཞིན་དུ་ལུས་ཚད་མེད་པ་དག་བསྟན་ནས་ཚིག་རྣམ་པ་སྣ་ཚོགས་ཀྱིས་ ཆོས་སྟོན་པར་བྱེད་ཀྱང་ཆོས་ཀྱི་དབྱིངས་ལ་ནི་གཉིས་སུ་གྱུར་བའི་མཚན་ཉིད་མེད་དེ། འདི་ནི་རྟག་པར་ཆོས་ཀྱི་དབྱིངས་ལ་ཞུགས་པས་མཚན་ཉིད་གཅིག་ཏུ་གྱུར་བ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་གང་གིས་གཏེར་འདི་ལྟ་ བུ་ཐོབ་པར་གྱུར་ན་སེམས་ཅན་གྱི་ཆེད་དུ་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་ཆོས་སྟོན་པར་བྱེད་པས་དེ་དག་གིས་ཆོས་ཐོས་པའི་དབང་གིས་འཕགས་པའི་ནོར་ཕུན་སུམ་ཚོགས་པའི་དབང་ཕྱུག་དང་ལྡན་པར་གྱུར་བས་འཁོར་བའི་ རྒུད་པ་དག་གཏན་དུ་ཡོངས་སུ་སྤོང་བར་བྱེད་དོ། །གཞན་ཡང་གློག་ཐོབ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཞེ་སྡང་སྤྱོད་པའི་གཏེར་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། སེམས་ཅན་རྣམས་ནི་ང་རྒྱལ་དང་ མཚུངས་པར་ལྡན་པ། བདག་དང་བདག་གིར་འཛིན་པ་དང་བཅས་པ། བདག་དང་བདག་གི་མཚན་མ་ལ་གནས་པས་ཡུན་རིང་པོ་ནས་བྱམས་པ་དང་། བཟོད་པ་མ་བསྒོམས་པ་ཞེ་སྡང་གི་གདུང་བས་རང་གི་སེམས་བཤིག་ 82-1-7a པར་གྱུར་པ། སངས་རྒྱས་དང་། ཆོས་དང་། དགེ་འདུན་རྗེས་སུ་དྲན་པར་མ་གྱུར་པ། ཞེ་སྡང་གི་གདུག་པས་གཡོགས་པས་ཆོས་ཉིད་ལ་རྨོངས་པར་གྱུར་བ་ཡིན་ཡང་བྱང་ཆུབ་སེམས་དཔའ་ནི་ཞེ་ སྡང་མང་བའི་སེམས་ཅན་དེ་དག་ལ་ནམ་ཡང་གནོད་སེམས་དང་རྣམ་པར་འཚེ་བ་སྐྱེད་པར་མི་བྱེད་ཀྱི། འདི་སྙམ་དུ་ཀྱེ་མ་སེམས་ཅན་འདི་དག་ནི་གཏི་མུག་གིས་རྨོངས་པས་ཆོས་རྣམས་གཟོད་མ་ཉིད་ནས་རབ་ཏུ་དབེན་ཞིང་ཞི་བ། དྲི་མ་དང་རྙོག་པ་མེད་པ། འདུམ་པ་མེད་པ། རྩོད་པ་མེད་པ། རབ་ཏུ་དབེན་པའི་ཆོས་ཉིད་ལ་ཕྱིན་ཅི་ལོག་དང་མཚུངས་པར་ལྡན་པར་གྱུར་བའི་དབང་གིས་ཡང་དག་པ་མ་ཡིན་པའི་ཞེ་སྡང་དང་། འཁོན་དུ་འཛིན་པ་རྒྱས་པར་གྱུར་ ཏོ་སྙམ་དུ་སེམས་པ་ཁོ་ནར་ཟད་དོ། །དེ་སྙམ་དུ་བསམས་ནས་ཀྱང་སྙིང་རྗེ་ཆེན་པོ་ལ་གནས་ཏེ་རྟག་པར་བདག་ཉིད་འགྱོད་ཅིང་བཤགས་པར་ཡང་བྱེད་ལ། གལ་ཏེ་ལུས་ཀྱི་ཡན་ལག་དང་ཉིང་ལག་གཅོད་པ་ཞིག་ཡོང་ན་ཡང་ ཞེ་སྡང་སྤྱོད་པའི་སེམས་ཅན་དེ་དག་འདུལ་བར་འདོད་པའི་ཕྱིར་བཟོད་པ་ལ་རབ་ཏུ་གནས་པར་བྱེད་དོ། །གལ་ཏེ་ཞེ་སྡང་སྤྱོད་པའི་སེམས་ཅན་ཚད་མེད་པ་དེ་དག་ཕན་ཚུན་གཅིག་ལ་གཅིག་རྒྱབ་ཀྱིས་ཕྱོགས་ཤིང་ཞེ་སྡང་དང་། འཁོན་དུ་འཛིན་པའི་ལས་ཡོངས་སུ་རྫོགས་པའི་དབང་གིས་སྦྲུལ་གདུག་པ་ངན་འགྲོའི་ལུས་སུ་ལྟུང་བར་གྱུར་བ་དག་ལ་ནི་བྱང་ཆུབ་སེམས་དཔའ་བཟོད་པ་ལ་རབ་ཏུ་གནས་པ་དེས་འདི་ལྟར་བྱམས་པ་དང་། དྲན་པའི་སྟོབས་ ཀྱིས་སེམས་ཅན་དེ་དག་བཏུལ་ནས་ངན་འགྲོའི་རྣམ་པར་སྨིན་པ་ལེན་པར་མི་འགྱུར་ཞིང་། གདོན་མི་ཟ་བར་མཉམ་པ་ཉིད་རྟོགས་པར་བྱེད་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་ཐབས་མཁས་པས་སེམས་ཅན་ གྱི་ཞེ་སྡང་གི་སྤྱོད་པ་ཡོངས་སུ་བསལ་བར་བྱེད་པ་ཞེས་བྱའོ། །གཞན་ཡང་གློག་ཐོབ་བྱང་ཆུབ་སེམས་དཔའ་ནི་གལ་ཏེ་སེམས་ཅན་ཞེ་སྡང་ཅན་དག་མཐོང་བར་གྱུར་ན། འདི་སྙམ་དུ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་ 82-1-7b རྣམ་པར་དག་པ་ཡིན་ན། ཀྱེ་མ་སེམས་ཅན་འདི་དག་ནི་ཞེ་སྡང་གི་རྗེས་སུ་འབྲངས་ནས་ཡང་དག་པ་མ་ཡིན་པས་རྣམ་པར་རྟོག་པ་བསྐྱེད་ནས་མཉམ་ཞིང་རྩོད་པ་མེད་པའི་ཆོས་ཉིད་འདི་ལ་ཞེ་སྡང་གི་བསམ་པ་བསྐྱེད་པས་ སེམས་ཅན་འདི་དག་ཆོས་ཀྱི་དབྱིངས་ཉིད་མ་རྟོགས་པར་གྱུར་ཏོ། །གལ་ཏེ་སེམས་ཅན་འདི་དག་ཆོས་ཉིད་མཐོང་བར་གྱུར་ན་ནི་གཞན་དག་ལ་གནོད་སེམས་བསྐྱེད་པར་མི་འགྱུར་བ་ཞིག་ན། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་མ་རྟོགས་ པས་དེའི་ཕྱིར་ཞེ་སྡང་སྐྱེས་པར་གྱུར་ཏོ་ཞེས་བྱང་ཆུབ་སེམས་དཔའ་དེས་ཞེ་སྡང་མང་བའི་སེམས་ཅན་དེ་དག་ལ་ལྷག་པར་སྙིང་བརྩེ་བ་བསྐྱེད་ནས་སྙིང་རྗེ་ཆེན་པོ་ལ་གནས་ཏེ། སྔོན་གྱི་སྨོན་ལམ་ཡང་ཡོངས་སུ་རྫོགས་པར་བྱེད་ ལ། རྩོལ་བ་མེད་པའི་ཡེ་ཤེས་ཀྱིས་སེམས་ཅན་གྱི་ཞེ་སྡང་གི་སྤྱོད་པ་རྣམ་པར་གཞིག་པའི་ཕྱིར་ཆོས་ཀྱི་སྒོ་མོ་རྣམ་པ་སྣ་ཚོགས་ཡང་དག་པར་སྟོན་པར་བྱེད་ཀྱང་བདག་གིས་སེམས་ཅན་གྱི་ཞེ་སྡང་བསལ་བའི་ཕྱིར་ཆོས་ བསྟན་ཏོ་སྙམ་དུ་མི་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔས་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ཤིན་དུ་ལེགས་པར་རྟོགས་པའི་ཕྱིར་རོ། །འདི་ནི་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་དབྱེར་མེད་པའི་མཚན་ ཉིད་ལ་གནས་ནས་ཉོན་མོངས་པའི་སྤྱོད་པ་རབ་ཏུ་བསལ་བ་ཞེས་བྱའོ། །གློག་ཐོབ་འདི་ལྟ་སྟེ། དཔེར་ན་མུན་པ་བསལ་ནས་སྣང་བ་འཐོབ་པར་འགྱུར་ཡང་མུན་པ་སེལ་བར་བྱེད་པ་མེད་དེ། འདི་ལྟར་མུན་པ་དང་སྣང་བ་ངོ་བོ་ཉིད་ ནམ་མཁའ་དང་མཚུངས་ཤིང་དབྱེར་མེད་པ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཆོས་ཀྱི་དབྱིངས་དབྱེར་མེད་པའི་ཡེ་ཤེས་དེ་ལ་བརྟེན་ནས་ཐབས་མཁས་པས་ཆོས་བསྟན་ཏེ། ཞེ་སྡང་སྤྱོད་པའི་སེམས་ཅན་ རྣམ་པ་སྣ་ཚོགས་འདུལ་ཞིང་ཞི་བར་བྱེད་ཀྱང་ཆོས་ཀྱི་དབྱིངས་ལ་ཐ་དད་དུ་གྱུར་བ་མེད་དོ། །གློག་ཐོབ་འདི་ལྟ་སྟེ་དཔེར་ན་ཉི་མའི་དཀྱིལ་འཁོར་ཤར་ནས་འོད་ཀྱིས་གང་དང་གང་དུ་སྣང་བར་བྱས་པ་དེ་དག་ཐམས་ཅད་ནི་ཉི་ 82-1-8a མའི་དཀྱིལ་འཁོར་གྱིས་བསྡུས་པ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཞེ་སྡང་གི་སྤྱོད་པ་གདུལ་ཞིང་བསལ་བའི་ཕྱིར་ཇི་ཙམ་དུ་ཚིག་ཏུ་བརྗོད་པ་ཐམས་ཅད་ཆོས་ཀྱི་འཁོར་ལོ་ཡིན་ཡང་ ཆོས་ཀྱི་དབྱིངས་ལ་ནི་ཐ་དད་དུ་གྱུར་བ་མེད་དོ། །འདི་ལྟར་ཞེ་སྡང་གི་སྤྱོད་པ་ཉི་ཁྲི་ཆིག་སྟོང་དང་། སྤྱོད་པ་གཞན་གཏོགས་པ་བརྒྱད་ཁྲི་བཞི་སྟོང་དུ་གྱུར་བ་དེ་དག་བྱང་ཆུབ་སེམས་དཔའ་རྩོལ་བ་མེད་པའི་ཡེ་ཤེས་ཡོངས་སུ་ གྲུབ་པས་སེམས་ཅན་དེ་དག་གི་ཞེ་སྡང་གི་སྤྱོད་པ་རྣམ་པ་སྣ་ཚོགས་ཀྱི་རྗེས་སུ་ཆོས་སྟོན་པར་བྱེད་ཀྱང་བདག་གིས་སེམས་ཅན་ལ་ཆོས་བསྟན་ཏོ། །སྟོན་ཏོ། །སྟོན་པར་འགྱུར་རོ་སྙམ་དུ་སེམས་པ་མེད་དོ། །འདི་ནི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཞེ་སྡང་སྤྱོད་པའི་གཏེར་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་གང་གིས་གཏེར་འདི་ཐོབ་པར་གྱུར་ན་བསྐལ་པ་འམ། བསྐལ་པ་ལས་ལྷག་པར་སེམས་ཅན་གྱི་མོས་པ་རྣམ་ པ་སྣ་ཚོགས་ཀྱི་རྗེས་སུ་ཚིག་འབྲུ་དང་། ཡི་གེ་དང་། བརྗོད་པ་རྣམ་པ་སྣ་ཚོགས་ཀྱི་ཐབས་མཁས་པས་ཆོས་སྟོན་པར་བྱེད་ཀྱང་ཞེ་སྡང་སྤྱོད་པའི་མཐའ་རྙེད་པར་མི་འགྱུར་ལ། བྱང་ཆུབ་སེམས་དཔའ་དེའི་ཤེས་རབ་དང་། སྤོབས་པ་ཡང་གཏུགས་པར་མི་འགྱུར་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་དབྱེར་མེད་པའི་མཚན་ཉིད་ལེགས་པར་བཤད་པས་ཐོབ་པའི་ཞེ་སྡང་སྤྱོད་པའི་གཏེར་ཞེས་བྱའོ། །གཞན་ཡང་གློག་ཐོབ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་གཏི་མུག་སྤྱོད་པའི་གཏེར་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། གློག་ཐོབ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་འདི་ལྟ་བུ་འདི་ནི་ཤིན་དུ་དཀའ་བའི་དངོས་པོ་ཡིན་ཏེ། འདི་ལྟར་ སེམས་ཅན་རྣམས་ནི་ཉོན་མོངས་པའི་རྗེས་སུ་འབྲང་བ། གཞན་ལ་གནོད་པ་བྱེད་པ། མ་རིག་པའི་མངལ་གྱི་སྒོ་ངས་ཀུན་དུ་དཀྲིགས་པ་དར་གྱི་སྲིན་བུ་བཞིན་དུ་བདག་ཉིད་བཅིངས་པས་ཆོས་ཀྱི་དབྱིངས་རྟོགས་པའི་ཐབས་ 82-1-8b མེད་པ། བྱ་བ་དག་ལ་ལེགས་པར་སོ་སོར་མི་རྟོག་པ་བདག་ཏུ་ལྟ་བ་ལ་མངོན་པར་ཞེན་པ། ལམ་ལོག་པར་ཞུགས་པ། བྱིས་པའི་སྤྱོད་པ་ལ་གནས་པ། ངེས་པར་འབྱུང་བ་དཀའ་བ་ཡིན་པས་འདི་ལྟ་བུ་ལ་སོགས་པས་རྨོངས་ པར་གྱུར་བའི་སེམས་ཅན་དག་གི་ཆེད་དུ་དང་པོ་སེམས་བསྐྱེད་པ་ནས་སྦྱོར་བ་ཆེན་པོ་བསྐྱེད་དེ། ངལ་ཞིང་སྡུག་བསྔལ་བ་ཡང་མེད། ལེ་ལོ་ཡང་མེད་པར་རྐྱེན་གང་དང་། མོས་པ་གང་དང་། ཆོས་བསྟན་པ་ཇི་ལྟ་བུ་ཞིག་གིས་ སེམས་ཅན་འདི་དག་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བཙུད་དེ་རྣམ་པར་གྲོལ་བ་ཐོབ་པར་འགྱུར་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་དཔའ་སྔོན་ཆོས་ཀྱི་དབྱིངས་ལེགས་པར་སོ་སོར་བརྟགས་པར་རྩོལ་བ་མེད་པའི་ཡེ་ཤེས་ ཀྱིས་སྙིང་རྗེ་ཆེན་པོ་ལ་གནས་ཏེ། སེམས་ཅན་དེ་དག་ཆོས་ཀྱི་དབྱིངས་ལ་རྨོངས་པར་གྱུར་བར་རིག་ནས་ཅི་ནུས་ཅི་ལྕོགས་ཀྱིས་ཆོས་བསྟན་ནས་རབ་ཏུ་དུལ་བར་བྱེད་ཀྱང་བདག་གིས་ཆོས་བསྟན་ཏོ། །སྟོན་ཏོ། །སྟོན་པར་ འགྱུར་རོ་སྙམ་དུ་སེམས་པ་མེད་དེ། འོན་ཀྱང་དེའི་སྔོན་གྱི་སྨོན་ལམ་གྱི་མཐུས་རྟེན་ཅིང་འབྲེལ་བར་འབྱུང་བ་ལེགས་པར་སོ་སོར་བརྟགས་ནས་རང་གི་ངང་གིས་ཆོས་ཀྱི་སྒོ་མོ་བརྒྱ་སྟོང་དུ་མ་བསྟན་ཏེ། སེམས་ཅན་དེ་དག་ གི་མ་རིག་པའི་ལས་ཀྱི་འདུ་བྱེད་བསལ་ནས་རྣམ་པར་གྲོལ་བ་འཐོབ་པར་བྱེད་དོ། །གློག་ཐོབ་འདི་ལྟ་སྟེ་དཔེར་ན་སྨན་པ་བཟང་པོ་ནད་མང་པོ་གསོ་བ་ལ་མཁས་པ། སྔར་སྨན་དཔྱད་རྣམས་ལ་ཤིན་དུ་གོམས་པར་གྱུར་བ་ ནི་ནད་ཀྱི་མཚན་མ་མཐོང་མ་ཐག་ཏུ་སྔགས་དང་སྨན་བཏང་བ་ཐམས་ཅད་རབ་ཏུ་རྟོགས་པར་གྱུར་བས་དེས་གསོས་པ་གང་ཡང་མི་སོས་པ་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་འདི་ལྟར་ཆོས་ཀྱི་དབྱིངས་ཤིན་ དུ་ལེགས་པར་རྟོགས་པས་རྩོལ་བ་མེད་པའི་ཡེ་ཤེས་ཀྱིས་གཏི་མུག་གི་སྤྱོད་པ་བསགས་པའི་སེམས་ཅན་དེ་དག་གི་དབང་པོ་དང་། རང་བཞིན་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་སྒོ་མོ་བརྒྱ་སྟོང་དུ་མ་བསྟན་ནས་ཐམས་ཅད་རབ་ཏུ་ 82-1-9a གསལ་བར་རྟོགས་པར་བྱེད་དེ། གློག་ཐོབ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་གཏི་མུག་སྤྱོད་པའི་གཏེར་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་གང་གིས་གཏེར་འདི་ཐོབ་པར་ གྱུར་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ཤིན་དུ་ལེགས་པར་སོ་སོར་བརྟགས་ནས་གཏི་མུག་སྤྱོད་པའི་སེམས་ཅན་དེ་དག་གི་ཆེད་དུ་བསྐལ་པ་འམ། བསྐལ་པ་ལས་ལྷག་པར་དེ་དག་གི་རང་བཞིན་དང་། འདུན་པ་ཇི་ལྟ་བ་བཞིན་ དུ་ཚིག་འབྲུ་དང་། ཡི་གེ་དང་། རྗོད་པ་སྣ་ཚོགས་ཀྱི་ཐབས་མཁས་པས་ཆོས་སྟོན་པར་བྱེད་ཀྱང་གཏི་མུག་སྤྱོད་པའི་མཐའ་ཡང་རྙེད་པར་མི་འགྱུར་ལ། བྱང་ཆུབ་སེམས་དཔའ་དེའི་ཤེས་རབ་དང་སྤོབས་པ་ཡང་གཏུགས་པར་ མི་འགྱུར་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་དབྱེར་མེད་པའི་མཚན་ཉིད་ལེགས་པར་བཤད་པས་ཐོབ་པའི་གཏི་མུག་སྤྱོད་པའི་གཏེར་ཞེས་བྱའོ། །འདི་ལྟར་གཏི་མུག་གི་སྤྱོད་པ་ཉི་ཁྲི་ཆིག་སྟོང་དང་། སྤྱོད་ པ་གཞན་གཏོགས་པར་བརྒྱད་ཁྲི་བཞི་སྟོང་དུ་གྱུར་བ་དེ་དག་བྱང་ཆུབ་སེམས་དཔས་ཡོངས་སུ་སྤང་བའི་ཕྱིར་ཆོས་ཀྱི་སྒོ་མོ་བརྒྱ་སྟོང་དུ་མ་རབ་ཏུ་ཕྱེ་ནས་ཡང་དག་པར་སྟོན་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའི་གཏི་ མུག་སྤྱོད་པའི་གཏེར་ཅེས་བྱའོ། །གཞན་ཡང་གློག་ཐོབ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆ་མཉམ་པའི་སྤྱོད་པའི་གཏེར་ཞེས་བྱ་བ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལྟ་སྟེ་དཔེར་ན་མེ་ལོང་གི་དཀྱིལ་འཁོར་ ཤིན་དུ་དག་ཅིང་ཡོངས་སུ་གསལ་བ་དྲི་མ་མེད་པ་ལམ་གྱི་བཞི་མདོར་བཞག་ན་གཟུགས་བརྙན་རྣམས་དེར་སྣང་ཞིང་འཕེལ་བ་དང་འགྲིབ་པ་མེད་ཀྱང་མེ་ལོང་གི་དཀྱིལ་འཁོར་དེ་བདག་གིས་གཟུགས་བརྙན་རྣམ་པ་སྣ་ ཚོགས་འདི་དག་སྟོན་པར་བྱེད་དོ་ཞེས་མི་སེམས་མོད་ཀྱི། འོན་ཀྱང་མེ་ལོང་གི་དཀྱིལ་འཁོར་དེ་ཤིན་དུ་ལེགས་པར་བྱི་དོར་བྱས་ན་གཟུགས་བརྙན་གྱི་རྣམ་པ་ཐམས་ཅད་རང་གི་ངང་གིས་རབ་ཏུ་སྣང་བར་འགྱུར་རོ། །དེ་ 82-1-9b བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཆོས་ཀྱི་དབྱིངས་ཀྱི་མེ་ལོང་གི་དཀྱིལ་འཁོར་ཤིན་དུ་ལེགས་པར་བྱི་དོར་བྱས་པས་རྩོལ་བ་མེད་པའི་ཏིང་ངེ་འཛིན་ལ་གནས་ནས་སེམས་ཅན་རྣམས་ཀྱི་སྤྱོད་པའི་བྱེ་བྲག་ཇི་ལྟ་ བ་བཞིན་དུ་ཆོས་ཀྱི་སྒོ་མོ་བརྒྱ་སྟོང་དུ་མ་རྣམ་པར་ཕྱེ་སྟེ་བསྟན་ནས་དེ་དག་ཐམས་ཅད་རབ་ཏུ་རྟོགས་ཤིང་རྣམ་པར་གྲོལ་བ་ཐོབ་པར་བྱས་ཀྱང་ཆོས་ཀྱི་མཚན་མ་དང་སེམས་ཅན་གྱི་མཚན་མ་སྐྱེད་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན་ བྱང་ཆུབ་སེམས་དཔའ་དེས་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ཤིན་དུ་ལེགས་པར་རྟོགས་པའི་ཕྱིར་དང་། སྤྱོད་པ་བཞི་པོ་འདི་དག་དང་མཚུངས་པར་ལྡན་པའི་སེམས་ཅན་གང་ཡིན་པ་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོགས་ པས་དེ་དག་གི་དབང་པོ་དང་། རང་བཞིན་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པར་བྱེད་ཀྱང་ཆོས་ཀྱི་དབྱིངས་དང་། སེམས་ཅན་གྱི་ཁམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པར་བྱེད་པས་གཉིས་སུ་འགྱུར་བའི་མཚན་ཉིད་ཀྱང་ མེད་དེ། ཆོས་ཀྱི་དབྱིངས་དང་། སེམས་ཅན་གྱི་ཁམས་ཇི་སྙེད་པ་དེ་དག་གཉིས་སུ་མེད་ཅིང་ཐ་དད་པ་མེད་པར་གསལ་བར་མཐོང་བའི་ཕྱིར་རོ། །གློག་ཐོབ་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་ནི་ཐ་དད་པ་རྣམ་པ་སྣ་ ཚོགས་ཀྱི་མཚན་མ་ཡང་མེད་ལ་རྣམ་པར་གཞག་པ་ཡང་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཆོས་ཀྱི་དབྱིངས་ཤིན་དུ་ལེགས་པར་སོ་སོར་བརྟགས་ནས་ཆོས་ཐམས་ཅད་མཚན་ཉིད་གཅིག་ཏུ་ འཇུག་པར་རྟོགས་པ་དང་། སྔོན་གྱི་སྨོན་ལམ་གྱི་མཐུས་སེམས་ཅན་གྱི་སྤྱོད་པ་ཇི་ལྟ་བ་བཞིན་དུ་ཆོས་རྣམ་པ་སྣ་ཚོགས་སྟོན་པར་བྱེད་ཀྱང་ཆོས་ཀྱི་དབྱིངས་ལ་ནི་ཐ་དད་དུ་གྱུར་བ་མེད་དོ། །གློག་ཐོབ་ཆ་མཉམ་པའི་ སྤྱོད་པ་འདི་ལ་ཉི་ཁྲི་ཆིག་སྟོང་ཡོད་པ་དང་། སྤྱོད་པ་གཞན་གཏོགས་པ་བརྒྱད་ཁྲི་བཞི་སྟོང་དུ་གྱུར་བ་དེ་དག་ཀྱང་བྱང་ཆུབ་སེམས་དཔས་སོ་སོར་བརྟགས་ནས་ཐམས་ཅད་གསལ་བར་རྟོགས་པར་འགྱུར་ཏེ། འདི་ལྟ་སྟེ་ 82-1-10a དཔེར་ན་སྨན་པ་མཁས་པ་ནད་དང་སྨན་གཏོང་བ་རབ་ཏུ་ཤེས་པ་བཞིན་དུ་རྩོལ་བ་མེད་པའི་ཡེ་ཤེས་ཀྱིས་ཆོས་རྣམ་པ་སྣ་ཚོགས་སྟོན་པར་བྱེད་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམས་ཀྱི་ཆ་མཉམ་པ་སྤྱོད་པའི་གཏེར་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་གང་གིས་གཏེར་འདི་ཐོབ་པར་གྱུར་ན་སེམས་ཅན་རྣམས་ཀྱི་ཆེད་དུ་བསྐལ་པ་འམ། བསྐལ་པ་ལས་ལྷག་པར་དེ་དག་མོས་པ་ ཇི་ལྟ་བ་བཞིན་དུ་བརྗོད་པ་རྣམ་པ་སྣ་ཚོགས་ཀྱི་ཐབས་མཁས་པས་ཆོས་སྟོན་པར་བྱེད་ཀྱང་སྤྱོད་པ་དེ་དག་གི་མཐའ་ཡང་རྙེད་པར་མི་འགྱུར་ལ། བྱང་ཆུབ་སེམས་དཔའ་དེའི་ཤེས་རབ་དང་སྤོབས་པ་ཡང་གཏུགས་པར་མི་འགྱུར་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་ཆོས་ཀྱི་དབྱིངས་དབྱེར་མེད་པའི་མཚན་ཉིད་ལེགས་པར་བཤད་པས་ཐོབ་པའི་ཆ་མཉམ་པའི་སྤྱོད་པའི་གཏེར་ཞེས་བྱའོ།། །། བམ་པོ་གཉིས་པ་སྟེ་ཐ་མ། གཞན་ཡང་གློག་ཐོབ་ བྱང་ཆུབ་སེམས་དཔའ་དེས་དེ་ལྟ་བུའི་ཡེ་ཤེས་ཡོངས་སུ་རྫོགས་པར་གྱུར་བས་སེམས་ཅན་རྣམས་ཀྱི་དབང་པོ་དང་། སྤྱོད་པ་དང་། བསམ་པ་ཡང་ཐབས་མཁས་པས་རབ་ཏུ་རྟོགས་པས་གལ་ཏེ་འདོད་ཆགས་མང་བའི་ སེམས་ཅན་མཐོང་བར་གྱུར་ན་དེ་དག་རབ་ཏུ་གདུལ་ཞིང་དེ་དག་གི་ནད་གསོ་བའི་ཕྱིར་སོ་སོའི་སྐྱེ་བོ་དང་འཐུན་པར་འདོད་པ་རྣམས་ལ་ཡོངས་སུ་སྤྱོད་པ་དང་། བུ་དང་། ཆུང་མ་དང་། ཁྱིམ་གྱི་སོ་ཆིས་ཕུན་སུམ་ཚོགས་པ་ སྟོན་པར་བྱེད་ཀྱང་པད་མ་བཞིན་དུ་དེས་གོས་ཞིང་མངོན་པར་ཞེན་པར་གྱུར་བ་མེད་དོ། །སེམས་ཅན་གང་གཏི་མུག་ཅིང་བློ་དང་མི་ལྡན་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་མི་ཤེས་པས་འདི་སྙམ་དུ་བློ་དང་ ལྡན་པ་སུ་ཞིག་སོ་སོའི་སྐྱེ་བོ་དང་ཐ་མི་དད་པར་འདོད་པ་རྣམས་ཉམས་སུ་ལེན་པར་བྱེད་ཅེས་བྱང་ཆུབ་སེམས་དཔའ་དེ་ལ་འདི་ནི་བྱང་ཆུབ་སྤངས་པ་ཡིན་ནོ་སྙམ་དུ་སེམས་པར་བྱེད་དོ། །སེམས་ཅན་དེ་ལྟ་བུ་དེ་དག་ནི་ 82-1-10b སེམས་ཡོངས་སུ་མི་གཙང་བའི་ཕྱིར་ཞེ་སྡང་ཆེན་པོ་སྐྱེས་ནས་གུས་པར་མི་འགྱུར་བས་ལས་དེའི་དབང་གིས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་སེམས་ཅན་དམྱལ་བ་ཆེན་པོར་ལྷུང་བར་གྱུར་ཀྱང་འདི་ལྟར་བྱང་ཆུབ་སེམས་ དཔའ་ཤིན་དུ་གསང་བས་གདུལ་བའི་རྒྱུ་དང་རྐྱེན་གྱིས་ཁ་ན་མ་ཐོ་བའི་རྣམ་པ་ཡོངས་སུ་ཟད་ནས་གདོན་མི་ཟ་བར་མཉམ་པ་ཉིད་འཐོབ་པ་ལ་རབ་ཏུ་འགོད་པར་བྱེད་དོ། །གློག་ཐོབ་འདི་ལྟ་སྟེ་དཔེར་ན་མེ་རབ་ཏུ་འབར་བ་ ནི་རྩྭ་དང་ཤིང་དང་ཕྲད་པར་གྱུར་བ་ན་ཐམས་ཅད་རབ་ཏུ་འབར་ཞིང་མེའི་ཕུང་པོ་ཉིད་དུ་མངོན་པར་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཡེ་ཤེས་ཀྱི་མེ་འབར་བར་གྱུར་བ་ན་སེམས་ཅན་རྣམས་ཀྱི་འདོད་ ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། དགེ་བ་དང་། མི་དགེ་བ་ཇི་སྙེད་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་དང་ལྷན་ཅིག་འགྲོགས་ཤིང་ཐམས་ཅད་རབ་ཏུ་འབར་ནས་ཤེས་རབ་ཉིད་དུ་མངོན་པར་འགྲུབ་པར་འགྱུར་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་མ་འདྲེས་པའི་ཆོས་ཤེས་བྱའོ། །གཞན་ཡང་འདི་ལྟ་སྟེ། དཔེར་ན་རིའི་རྒྱལ་པོ་རི་རབ་ཀྱི་མ་འདྲེས་པའི་མཚན་ཉིད་ནི་འདི་ལྟ་སྟེ། རིན་པོ་ཆེ་སྣ་བཞི་ལས་མངོན་པར་གྲུབ་པ་ཡིན་ཏེ། སེམས་ ཅན་རྣམས་ཀྱང་དེའི་རྗེས་སུ་ཁ་དོག་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་སྣ་ཚོགས་ཀྱི་མཚན་ཉིད་དུ་གྱུར་བར་བྱེད་དེ། གལ་ཏེ་བཻ་དཱུརྱའི་ངོས་སུ་ཕྱིན་ན་ནི་ཐམས་ཅད་ཀྱང་བཻ་དཱུརྱའི་ཁ་དོག་གཅིག་པ་ཉིད་ དུ་འགྱུར་བར་བྱེད་དོ། །གསེར་གྱི་ཁ་དོག་གི་ངོས་སུ་ཕྱིན་ན་ནི་ཐམས་ཅད་གསེར་གྱི་ཁ་དོག་ཉིད་དུ་འགྱུར་བར་བྱེད་དོ། །དངུལ་དང་། ཆུ་ཤེལ་གྱི་ཁ་དོག་ཏུ་འགྱུར་བ་ཡང་དེ་བཞིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་ དཔའ་ཡང་མ་འདྲེས་པའི་ཆོས་ཐོབ་པས་སེམས་ཅན་རྣམས་ཀྱི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། དགེ་བ་དང་། མི་དགེ་བ་ཇི་སྙེད་པ་དེ་དག་བྱང་ཆུབ་སེམས་དཔའི་ཐད་དུ་ཕྱིན་ཅིང་ལྷན་ཅིག་ 82-1-11a འགྲོགས་པར་གྱུར་ན་ཐམས་ཅད་བྱང་ཆུབ་སེམས་དཔའི་ཡེ་ཤེས་ལ་འཇུག་པ་ཉིད་དུ་འགྱུར་བར་བྱེད་ཀྱང་། དེའི་སེམས་མི་གཙང་ཞིང་རང་གི་སྡིག་པའི་ལས་ཀྱི་དབང་གིས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་ སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་ལྷུང་བར་གྱུར་བས་འདི་ལྟར་བྱང་ཆུབ་སེམས་དཔའི་མ་འདྲེས་པའི་ཡོན་ཏན་དང་སྨོན་ལམ་གྱི་སྟོབས་ཀྱིས་ཁ་ན་མ་ཐོ་བའི་རྣམ་པར་སྨིན་པ་ཟད་པའི་འོག་ཏུ་གདོན་མི་ཟ་བར་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བ་ལ་འགོད་པར་བྱེད་དོ། །གློག་ཐོབ་སྔོན་བྱུང་བ་འདས་པའི་བསྐལ་པ་ཚད་མེད། དཔག་ཏུ་མེད། གྲངས་མེད་པ་ན་སྙིགས་མ་ལྔའི་དུས་ཀྱི་ཚེ་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་ རྒྱས་བཅོམ་ལྡན་འདས་རིན་པོ་ཆེའི་ཕུང་པོ་ཡོན་ཏན་གྱི་སྒྲ་ཞེས་བྱ་བ་བྱུང་སྟེ། དེའི་ཚེ་སྐྱེ་དགུ་རྣམས་ཚེ་ལོ་བརྒྱ་ཉི་ཤུ་ཐམ་པར་གྱུར་ཏེ། ད་ལྟར་ང་ཇི་ལྟ་བ་བཞིན་ནོ། །དེའི་ཚེ་སེམས་ཅན་རྣམས་འདོད་ཆགས་དང་། ཞེ་སྡང་ དང་། གཏི་མུག་ཤིན་དུ་ཆེ་སྟེ། ཉོན་མོངས་པ་རྣམས་ཀྱིས་ཟིལ་གྱིས་ནོན་པས་ཕ་མ་དང་། ཕུ་ནུ་དང་། གྲོགས་པོའི་ཡིད་དང་འགལ་བར་བྱེད་པ། མཁན་པོ་དང་། སློབ་དཔོན་གྱི་རྗེས་སུ་མི་འབྲང་བ། བྱས་པ་དྲིན་དུ་མི་ གཟོ་བ། རྟག་པར་གནོད་སེམས་དང་བཅས་པ། གཡོ་སྒྱུ་དང་རྐུན་བུའི་སེམས་དང་ལྡན་པ། ཕན་ཚུན་གཅིག་ལ་གཅིག་གནོད་པ་བྱེད་པ། ཚུལ་བཞིན་མ་ཡིན་པར་སྤྱོད་པ། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་ གུས་པ་མེད་པ། སེར་སྣས་ཟིལ་གྱིས་ནོན་པས་ཡི་དགས་ཀྱི་ཆོས་སྤྱོད་པའི་སེམས་ཅན་དེ་ལྟ་བུ་ཤ་སྟག་སངས་རྒྱས་ཀྱི་ཞིང་དེ་ན་གནས་པར་གྱུར་བས་ནི་ཤིན་དུ་གདུལ་དཀའ་བར་གྱུར་ཏོ། །དེའི་ཚེ་བཅོམ་ལྡན་ 82-1-11b འདས་དེ་ཡང་སྔོན་གྱི་སྨོན་ལམ་གྱི་མཐུས་དུས་ངན་པ་དེའི་ཚེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཏེ། བཅོམ་ལྡན་འདས་དེ་ལ་ཉན་ཐོས་ཆེན་པོའི་ཚོགས་ནི་ཉི་ཁྲི་ ཉིས་སྟོང་མངའ་བར་གྱུར་ཏོ། །དེའི་ཚེ་དེའི་དུས་ན་རྒྱལ་པོ་རྒྱ་ཆེར་བྱིན་པ་ཞེས་བྱ་བ་འཛམ་བུའི་གླིང་ལ་དབང་བའི་དབང་ཕྱུག་དང་ལྡན་བ། སངས་རྒྱས་ཀྱི་བསྟན་པ་ལ་སེམས་ཤིན་དུ་དང་བར་གྱུར་བ་ཞིག་ཡོད་པ་དེས་ དེ་བཞིན་གཤེགས་པ་དེ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པར་དབྱར་ཟླ་བ་གསུམ་སྤྱན་དྲངས་ཏེ་མཆོད་པ་རྒྱ་ཆེར་བཤམས་ནས་མཆོད་ཅིང་རིམ་གྲོ་བྱས་སོ། །དེའི་ཚེ་དགེ་སློང་དྲི་མ་མེད་པ་ཞེས་བྱ་བ་སྤོབས་པ་ཕུན་སུམ་ ཚོགས་པ། ཆོས་སྟོན་པའི་ཐབས་ལ་མཁས་པས་འཁོར་མང་པོ་རྣམས་ཉན་པར་སྤྲོ་བ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་རྟག་པར་ངལ་བ་མེད་པ། རེ་བ་མེད་པར་ཆོས་སྟོན་པ། མདོག་གསལ་ཞིང་གསོང་པོར་སྨྲ་བ། གཟུགས་དང་སྟོབས་ཕུན་སུམ་ཚོགས་པ། བྱང་བཞིན་སྡུག་ཅིང་མཛེས་པ། སེམས་ཅན་རྣམས་ཀྱིས་མཐོང་བར་མོས་ཤིང་རིམ་གྲོ་དང་། བཀུར་སྟི་དང་། བླ་མར་བྱེད་ཅིང་བསྔགས་པ་བརྗོད་པ་ཞིག་ཡོད་དེ། དགེ་སློང་ གསར་བུ་དག་ཀྱང་རྟག་པར་དྲི་མ་མེད་པའི་རྗེས་སུ་འབྲང་ཞིང་རྒྱལ་པོའི་ཕོ་བྲང་འཁོར་དུ་འབྱུང་ཞིང་འཇུག་པ་དག་ལ་ཐོགས་པ་མེད་པར་གྱུར་བས་གོས་དང་། བཟའ་བ་དང་། བཏུང་བ་དང་། མལ་སྟན་དང་། ན་བའི་གསོས་ སྨན་རྣམ་པ་སྣ་ཚོགས་ཀྱིས་ཀྱང་རིམ་གྲོ་བྱས་པར་གྱུར་ཏོ། །དེའི་ཚེ་འཁོར་མང་པོ་དེ་ལས་དགེ་སློང་ཕལ་ཆེར་ལུས་གྱི་སྡོམ་པ་དང་། སེམས་ཀྱི་ཤེས་རབ་བསྒོམ་པ་མི་ཤེས་པ། སངས་རྒྱས་དང་། ཆོས་དང་། དགེ་འདུན་ ལ་གུས་པ་མེད་པ། རྟག་པར་ལྟ་བ་དང་། ཆད་པར་ལྟ་བ་དང་། བདག་ཏུ་ལྟ་བ་ལ་སོགས་པ་དང་ལྡན་པ། སངས་རྒྱས་ཀྱི་ཆོས་ལ་སྐུར་བ་འདེབས་པ། རྣམ་པར་གཡེང་ཞིང་གདུལ་དཀའ་བ། དབང་པོ་རྣམས་མི་སྡོམ་ 82-1-12a པ། ཆོས་བཞིན་མ་ཡིན་པ་ལ་གནས་པ། དགེ་སྦྱོང་གི་ཚུལ་མེད་པར་བདག་ཉིད་དགེ་སྦྱོང་དུ་ཁས་འཆེ་བ། ལུས་དང་ངག་དང་ཡིད་ཀྱི་ལས་ཐམས་ཅད་ལོག་པར་ཞུགས་པར་ཤ་སྟག་གནས་པར་གྱུར་ཏོ། ། དེའི་ཚེ་བཅོམ་ལྡན་འདས་དེ་དབྱར་འདས་ནས་ཡོངས་སུ་མྱ་ངན་ལས་འདས་པ་དང་། རྒྱལ་པོ་རྒྱ་ཆེར་བྱིན་པས་ཙན་དན་དམར་པོས་སྐུ་ཞུགས་ལ་གཞེན་ནས་མཆོད་པ་བྱས་ཏེ་རིང་བསྲེལ་གྱི་མཆོད་རྟེན་ངོས་བཞི་ཀུན་དུ་ཙན་དན་ དམར་པོའི་མུ་ཁྱུད་ཀྱིས་བསྐོར་བ། པད་མ་གསེར་གྱི་ཁ་དོག་དང་ལྡན་པ་བྱེ་བ་ཕྲག་བརྒྱད་བཅུ་བརྩིགས་སོ། །དེའི་ཚེ་དགེ་སློང་དྲི་མ་མེད་པ་ནི་བཅོམ་ལྡན་འདས་དེས་མང་དུ་ཐོས་པའི་མཆོག་ཏུ་ལུང་བསྟན་པས་དེ་བཞིན་ གཤེགས་པ་དེ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་དམ་པའི་ཆོས་རྒྱ་ཆེར་སྤེལ་ཏེ། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་གང་དང་གང་དུ་སོང་བ་དེར་སེམས་ཅན་བརྒྱ་སྟོང་ཚད་མེད་པ་སྙེད་ཡོངས་སུ་བཏུལ་ནས་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་པར་གྱུར་ཏོ། །དེའི་ཚེ་དགེ་སློང་སྡིག་ཅན་མང་པོ་རྣམས་རྣལ་འབྱོར་ཁོང་དུ་མ་ཆུད་པ། རྟག་པར་ཕྲག་དོག་དང་བཅས་པ། བདུད་ཀྱིས་བསླུས་པ་རྣམས་རྒྱལ་པོ་དེ་ག་ལ་བ་དེར་ དོང་སྟེ་འདི་སྐད་དུ་རྒྱལ་པོས་བཀུར་བའི་དགེ་སློང་དྲི་མ་མེད་པ་ནི་རྒྱལ་པོའི་ཕོ་བྲང་དུ་འབྱུང་ཞིང་འཇུག་པ་ལ་ཐགས་ཐོགས་མ་མཆིས་ཏེ། དགེ་སློང་འདི་འདོད་ཆགས་དང་བྲལ་བ་ཡང་མ་ལགས་ལ། དུས་མ་ལགས་པར་ ཡང་ཟས་འཚལ་ཏེ། སྤོས་དང་ཕྲེང་བ་དག་གིས་ཀྱང་ལུས་བརྒྱན་པར་བགྱིད་པས་ཡང་དག་པར་ཚངས་པར་སྤྱོད་པ་མ་ལགས་པས་མཆོད་པ་མཛད་པའི་མི་རིགས་སོ། །བདག་ཅག་ནི་དོན་འདིའི་སླད་དུ་འདིར་མཆིས་ནས་ རྒྱལ་པོ་ལ་གསོལ་བ་ལགས་ཀྱིས། སླད་ཀྱིས་འགྱོད་པར་ཡང་མ་མཛད་ཅིག །སངས་རྒྱས་ཀྱི་ཡང་དག་པའི་བསྟན་པ་ལ་ཐུགས་མི་ཆེས་པ་ཡང་མི་བསྐྱེད་དུ་གསོལ་ཞེས་སྨྲས་སོ། །དེའི་ཚེ་བདུད་སྡིག་ཅན་ཞེས་ 82-1-12b བྱ་བ་ཞིག་ཀྱང་བདག་ཉིད་དགེ་སློང་གི་གཟུགས་སུ་བསྒྱུར་ནས་རྒྱལ་པོ་དེ་ག་ལ་བ་དེར་སོང་སྟེ་སྔ་མ་བཞིན་དུ་སྨྲས་སོ། །དེའི་ཚེ་རྒྱལ་པོ་རྒྱ་ཆེར་བྱིན་པས་ཡང་དང་ཡང་དུ་དེ་སྐད་སྨྲས་པ་ཐོས་ཀྱང་འདི་སྙམ་དུ་དགེ་སློང་དྲི་མ་མེད་ པ་ནི་རབ་ཏུ་བརྩོན་ཞིང་བློ་དང་ལྡན་པས་བདག་གིས་བླ་མར་བཀུར་བ་ཡིན་ཏེ། དངོས་པོ་འདི་ལྟ་བུ་བྱེད་པ་ནི་གནས་མེད་དོ་སྙམ་མོ། །དེ་ནས་དེའི་ཚེ་བདུད་ཀྱི་འཁོར་རྣམས་པར་སྣང་ལས་ལུས་ཕྱེད་བསྟན་ནས་རྒྱལ་པོ་དེ་ལ་ ཚིགས་སུ་བཅད་དེ་སྨྲས་པ། རྒྱལ་པོ་བཟོ་ཡི་སྒྱུ་རྩལ་སློབས། །དུས་ཚོད་དག་ལ་མཁས་པར་གྱིས། །རྒྱལ་པོས་དེ་ནི་མ་ཤེས་ན། །མི་རྒྱལ་རྟགས་དང་ལྡན་མ་ཡིན། །སངས་རྒྱས་ཉན་ཐོས་དགྲ་བཅོམ་པ། །ཡེ་ཤེས་ ཆེན་པོ་ལྡན་པ་ཡི། །ཚིག་དག་ལ་ནི་མི་རྟེན་པར། །ཅི་ཡི་ཕྱིར་ན་ཆད་པར་ལྟ། །དགེ་སློང་རྣམས་ནི་ཕན་གདགས་ཕྱིར། །ཁྱོད་ལ་བདེན་ཚིག་སྨྲ་བ་ཡིན། །ཆད་སྨྲ་ངན་འགྲོར་འགྲོ་བའི་མི། །ཡང་དག་ཚངས་སྤྱོད་མ་ཡིན་ པས། །དེ་ནི་རྒྱལ་པོའི་ཕོ་བྲང་དུ། །བཙུན་མོ་དག་དང་ལྷན་ཅིག་རྩེ། །རྒྱལ་པོ་འཁོར་དང་བཅས་པ་ཡིས། །ལེགས་པར་རྟོགས་ལ་ཐེ་ཚོམ་སོལ། །རྒྱལ་པོས་དངོས་པོ་འདི་ཐོས་པས། །སེམས་ལ་སྐྲག་ཅིང་མྱ་ངན་ སྐྱེས། །འཁོར་རྣམས་དང་ནི་ལྷན་ཅིག་ཏུ། །མྱུར་ཞིང་རིངས་པར་ཕོ་བྲང་དོང་། །དེ་ཚེ་དྲི་མེད་ཕོ་བྲང་ནང་། །ཆོས་རྣམས་རང་བཞིན་སྟོང་པ་དང་། །བདག་དང་སེམས་ཅན་མེད་པ་ཡི། །དམ་པའི་དོན་ནི་སྟོན་པར་བྱེད། ། རྒྱལ་པོ་དམག་འཁོར་བཅས་པ་རྣམས། །ཐམས་ཅད་བདུད་ཀྱིས་བསླུས་པས་ན། །ཕོ་བྲང་ནང་གི་བཙུན་མོ་རྣམས། །དགེ་སློང་ཡོངས་བསྐོར་མཐོང་བ་དང་། །ཞེ་སྡང་གླང་ཆེན་མྱོས་འདྲ་བས། །གཤེད་མ་དག་ལ་ རབ་བསྒོ་བ། །དགེ་སློང་ང་ཡི་བཙུན་མོ་བསླུས། །སྡུག་བསྔལ་ཆོས་ཀྱིས་ཆད་པས་ཆོད། །བློན་པོ་འཁོར་དང་བཅས་པ་རྣམས། །ཐམས་ཅད་བདུད་ཀྱིས་ཟིན་པས་ན། །དགེ་སློང་ཉེས་པ་མེད་པ་ལ། །སེམས་ཀྱིས་ 82-1-13a གནོད་པ་བྱ་བར་བསམས། །གཤེད་མ་མཚོན་ཐོགས་འོངས་པ་དང་། །དྲི་མེད་སྙིང་བརྩེ་མཆི་མ་བྱུང་། །རྒྱལ་པོས་ཁྱོད་ནི་ཆོས་མིན་ན། །ཅི་ཡི་ཕྱིར་ན་མཆི་མ་བྱུང་། །དྲི་མེད་རྒྱལ་པོ་ལ་སྨྲས་པ། །དངོས་ པོ་འདི་ནི་ཡིད་ཆེས་དཀའ། །རེ་ཤིག་སྐད་ཅིག་སྡོད་ཅིག་དང་། །བདག་གསང་བ་ཡི་ལོང་ཡོད་དོ། །རྒྱལ་པོས་དགེ་སློང་ཚིག་ཐོས་ནས། །གཤེད་མ་དག་ལ་སྡོད་ཅིག་བསྒོ། །བདེན་པའི་དངོས་པོ་ཅི་ཞིག་ཡོད། །ཁྱོད་ཀྱིས་ མྱུར་དུ་སྨྲ་བའི་རིགས། །ལྷག་པའི་བསམ་པ་ལྡན་གྱུར་ཅིང་། །སྙིང་རྗེས་འཇིག་རྟེན་ཕན་འདོགས་པས། །སོར་མོ་བཅུ་ཡི་ཐལ་སྦྱར་ཏེ། །བདེན་པའི་ཚིག་ནི་འདི་སྐད་སྨྲས། །རྒྱལ་པོ་ཆེན་པོས་མཁྱེན་པར་མཛོད། ། གལ་ཏེ་ཡང་དག་ཉེས་མེད་ན། །ས་འདི་རྣམ་པ་དྲུག་ཏུ་གཡོས། །མཁའ་ལས་མེ་ཏོག་ཆར་ཕོབ་ཤིག །དེ་སྐད་ཚིག་ནི་སྨྲས་མ་ཐག །ས་ཆེན་རྣམ་པ་དྲུག་ཏུ་གཡོས། །མཁའ་ལས་ལྷ་ཡི་མེ་ཏོག་བབ། །བདུད་ འཁོར་མྱ་ངན་སྐྱེས་པར་གྱུར། །དེ་ཚེ་རྒྱལ་པོ་དང་བ་སྐྱེས། །རྐང་ལ་ཕྱག་བྱས་བཟོད་པ་གསོལ། །བདག་ནི་དམྱལ་བར་ལྟུང་འགྱུར་ན། །མགོན་མེད་བདག་ལ་སྐྱབས་མཛོད་ཅིག །ཀྱེ་ཧུད་སྡིག་པའི་གྲོགས་ཕྲད་པས། ། གདུག་པའི་སེམས་ནི་སྐྱེས་པར་གྱུར། །སྡིག་པའི་གྲོགས་པོ་རྗེས་འབྲངས་པས། །མགོན་དང་སྐྱབས་བྱེད་སུ་ཡང་མེད། །སྟོན་པ་ཆེན་པོ་མ་གཏོགས་པར། །ཕྱོགས་བཅུ་བདག་གི་མགོན་བྱེད་མེད། །བདག་གིས་རྒྱལ་ སྲིད་སྤངས་ནས་ནི། །ནམ་འཚོའི་བར་དུ་སྐྱབས་སུ་མཆིས། །དགེ་སློང་དེས་ནི་རྒྱལ་པོ་དང་། །གཡོག་འཁོར་བསམ་པ་རིག་གྱུར་ནས། །དམ་པའི་དོན་ནི་རབ་ཏུ་བཤད། །རྒྱལ་པོས་ཐོས་ནས་དང་བ་ཐོབ། །འཁོར་ནི་བྱེ་བ་ བརྒྱ་སྟོང་དང་། །རྒྱལ་སྲིད་སྤངས་ནས་རབ་ཏུ་བྱུང་། །སྦྱངས་པའི་སྡོམ་པ་བླངས་པས་ན། །གཞན་གྱིས་འགྲོན་གཉེར་ཡོང་མི་ལེན། །དེ་ཚེ་རྒྱལ་པོའི་ཕོ་བྲང་ནང་། །བཙུན་མོ་འཁོར་བཅས་བརྒྱད་ཁྲི་རྣམས། །དམ་པའི་དོན་ནི་ 82-1-13b ཐོས་པས་ན། །ཕྱིར་མི་ལྡོག་ལ་གནས་པར་གྱུར། །རྒྱལ་པོས་སངས་རྒྱས་གསུངས་པ་བཞིན། །ལོ་ནི་ཉི་ཤུ་རྩ་བཞིའི་བར། །ཉིན་མཚན་རྟག་པར་སྡིག་བཤགས་ཀྱང་། །འོན་ཀྱང་སྡིག་པའི་ལས་མ་ཟད། ། ལོ་ནི་བྱེ་མང་སྡུག་བསྔལ་མྱོང་། །སྡིག་ཟད་དེ་བཞིན་གཤེགས་དང་ཕྲད། །སྔོན་ནི་སྐྲག་པར་བྱས་པའི་རྒྱུས། །རྣམ་སྨིན་ལྷག་མ་རྟག་པར་དམན། །མཐར་གྱིས་རྣལ་འབྱོར་རབ་བསྒོམས་ཏེ། །སངས་རྒྱས་བྱེ་བ་ སྟོང་མཆོད་ནས། །སོ་སོར་ཞིང་ཁམས་གཞན་དག་ཏུ། །ཐམས་ཅད་མངོན་པར་རྫོགས་སངས་རྒྱས། །ཐམས་ཅད་ཀུན་ཀྱང་མཚན་འཐུན་པར། །ཡོན་ཏན་གྲགས་པ་ཞེས་བྱར་གྱུར། །དེ་ཚེ་རྒྱལ་པོ་རྒྱ་ཆེར་བྱིན། ། དགེ་སྦྱོང་བྱམས་བཟོད་དེ་ལ་ནི། །གདུག་པའི་སེམས་ནི་བསྐྱེད་པས་ན། །ལོ་ནི་བྱེ་བ་མང་པོར་ཡང་། །སྔོན་གྱི་སྡིག་ལས་མངོན་གྱུར་པས། །ངུ་འབོད་ཆེན་པོར་ལྷུང་བར་གྱུར། །རྣམ་སྨིན་དེ་ནི་ཟད་ནས་ཀྱང་། །སླར་ ཡང་མི་ལུས་ཐོབ་གྱུར་ཏེ། །དེ་བཞིན་གཤེགས་པ་ཀུན་སྤྱན་ཕྲང་། །རྟག་ཏུ་བསྙེན་བཀུར་རིམ་གྲོ་བྱས། །གཞན་ཡང་སངས་རྒྱས་བྱེ་བ་ཕྲག །བརྒྱད་བཅུ་དག་ལ་རིམ་གྲོ་བྱས། །དེ་ཡི་འོག་ཏུ་སངས་རྒྱས་པ། ། དེ་ནི་ང་བདག་ཉིད་ཡིན་ནོ། །ཆོས་སྨྲ་ཉེས་པ་མེད་པ་ལ། གནོད་པ་བྱས་པའི་དགེ་སློང་ནི། །མ་འོངས་མངོན་པར་འཚང་རྒྱ་བ། །བྱང་ཆུབ་སེམས་དཔའ་བྱམས་པ་ཡིན། །དེ་ཚེ་རྒྱལ་པོ་ཕོ་བྲང་ནང་། །བཙུན་ མོའི་འཁོར་ནི་བརྒྱད་ཁྲི་རྣམས། །ཤིན་དུ་དང་བས་དགེ་རྩ་བསྐྱེད། །སངས་རྒྱས་ཚད་མེད་རིམ་གྲོ་བྱས། །དེ་ལྟར་སྤྱོད་པ་རབ་བསྐྱེད་ནས། །སེམས་ཅན་ཕན་གདགས་སྨོན་ལམ་བཏབ། །སངས་རྒྱས་བྱེ་བ་ སྟོང་མཆོད་ནས། །སོ་སོར་མངོན་པར་འཚང་རྒྱ་ཡང་། །ངས་དེང་ཁྱེད་ལ་བསྒོ་བ་ནི། ཐམས་ཅད་གནོད་སེམས་མ་སྐྱེད་ཅིག །གང་ཞིག་བྱམས་བསྒོམས་སངས་རྒྱས་བསྔགས། །མྱུར་དུ་བྱང་ཆུབ་ཆེན་པོ་འཐོབ། །དེ་ལྟ་བས་ན་གློག་ 82-1-14a ཐོབ་སེམས་ཅན་རྣམས་ཀྱི་དབང་པོ་དང་། རང་བཞིན་དང་། བསམ་པ་དག་ལ་མི་མཁས་པ་དག་གིས་དུས་ཐམས་ཅད་དུ་གནོད་སེམས་བསྐྱེད་པར་མི་བྱའོ། །གློག་ཐོབ་འདི་ལྟ་སྟེ་དཔེར་ན་རི་ རྣམས་ཀྱི་ནང་ན་རི་རབ་མཆོག་ཏུ་གྱུར་བ་དེ་བཞིན་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱང་ཡེ་ཤེས་རྣམས་ཀྱི་ནང་ན་མཆོག་དང་གཙོ་བོ་དང་། བླ་ན་མེད་པར་གྱུར་བ་ཡིན་ནོ། །འདི་ལྟ་སྟེ་དཔེར་ན་ཆུ་བོ་ཐམས་ཅད་ཀྱི་ནང་ན་ རྒྱ་མཚོ་མཆོག་ཏུ་གྱུར་བ་དེ་བཞིན་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱང་ཡེ་ཤེས་རྣམས་ཀྱི་ནང་ན་མཆོག་ཏུ་ཟབ་ཅིང་རྒྱ་ཆེ་བར་གྱུར་བ་ཡིན་ནོ། །གཞན་ཡང་འདི་ལྟ་སྟེ་དཔེར་ན་རྒྱལ་པོ་རྣམས་ཀྱི་ནང་ན་འཁོར་ལོས་སྒྱུར་ བའི་རྒྱལ་པོ་མཆོག་དང་། གཙོ་བོ་དང་། བླ་མར་གྱུར་བ་དེ་བཞིན་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱང་ཡེ་ཤེས་རྣམས་ཀྱི་ནང་ན་གོང་ན་མེད་པར་གྱུར་བ་ཡིན་ནོ། །གློག་ཐོབ་དེ་བཞིན་གཤེགས་པ་ནི་དེ་ལྟ་བུའི་ མཁྱེན་པ་དང་ལྡན་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྤྱོད་པའི་སེམས་དང་སེམས་ལས་བྱུང་བ་འཇུག་ཅིང་འགྱུར་བ་ཇི་སྙེད་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པས་ རབ་ཏུ་མཁྱེན་ཅིང་སེ་གོལ་གཏོགས་པ་གཅིག་ལ་ཐམས་ཅད་ཡོངས་སུ་སྡུད་པར་མཛད་དོ། །གློག་ཐོབ་དེ་བཞིན་གཤེགས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པས་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་མིག་ དང་ལྡན་པས་རྩོལ་བ་ལ་མི་ལྟོས་པར་རང་གི་ལག་མཐིལ་ན་སྐྱུ་རུ་རའི་འབྲས་བུ་གསལ་བར་མཐོང་ཞིང་ཐེ་ཚོམ་མེད་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་སེམས་ཅན་ཐམས་ཅད་ཀྱི་སེམས་ཅན་གྱི་སྤྱོད་པ་ཇི་ སྙེད་པ་དེ་དག་ཐམས་ཅད་རབ་ཏུ་མཁྱེན་པས་འཁོར་མང་པོའི་ནང་དུ་ཆོས་རྣམ་པ་སྣ་ཚོགས་ཡང་དག་པར་སྟོན་པར་མཛད་དོ། །སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་དག་ན་འདོད་ 82-1-14b ཆགས་ཀྱི་སྤྱོད་པ་དང་མཚུངས་པར་ལྡན་པའི་སེམས་ཅན་རྣམས་འདོད་ཆགས་ཀྱིས་ཡོངས་སུ་གདུངས་ནས་ཉིན་མཚན་དུ་ཡིད་ལ་བྱེད་ཅིང་དོན་མེད་པར་དུས་ལས་འདའ་བར་བྱེད་པ་ཡང་ངས་རབ་ཏུ་མཁྱེན་ཅིང་གཟིགས་ སོ། །འདོད་ཆགས་ཀྱིས་གདུང་བས་ལུས་དང་ངག་གི་ལས་རྣམ་པ་སྣ་ཚོགས་སློང་བར་བྱེད་པ་དག་ཀྱང་ངས་རབ་ཏུ་མཁྱེན་ཅིང་གཟིགས་སོ། །ཞེ་སྡང་སྤྱོད་པའི་སེམས་ཅན་དེ་དག་ཞེ་སྡང་གིས་ཟིལ་གྱིས་ནོན་ནས་གཅིག་ ལ་གཅིག་ཞེ་སྡང་གིས་ཕྲག་དོག་བྱེད་པ་དང་། གནོད་པ་བྱས་པའི་ཕྱིར་མནར་མེད་པའི་གནས་སུ་ལྟུང་བར་འགྱུར་བ་དག་ཀྱང་རབ་ཏུ་མཁྱེན་ཅིང་གཟིགས་སོ། །གཏི་མུག་སྤྱོད་པ་དང་མཚུངས་པར་ལྡན་པའི་སེམས་ཅན་རྣམས་ མ་རིག་པའི་མུན་ནག་གིས་བསྒྲིབས་ཤིང་རྨོངས་པས་མངོན་པར་ཞེན་པ་དང་། ལོག་པར་ལྟ་བའི་རྗེས་སུ་འབྲང་བ་ལ་མོས་པར་འགྱུར་བ་དག་ཀྱང་རབ་ཏུ་མཁྱེན་ཏོ། །འོས་སུ་འགྱུར་བ་དང་། འོས་སུ་མི་འགྱུར་བ་དང་། འཕེལ་ཞིང་ རྩོལ་བ་དང་བཅས་པ་དང་། ལྡོག་ཅིང་ཉམས་པར་གྱུར་བ་དང་། དེ་བཞིན་གཤེགས་པའི་ཐེག་པར་དགེ་བའི་རྩ་བ་བསྐྱེད་པ་དང་། རང་སངས་རྒྱས་ཀྱི་ཐེག་པར་དགེ་བའི་རྩ་བ་བསྐྱེད་པ་དང་། ཉན་ཐོས་ཀྱི་ཐེག་པར་དགེ་བའི་ རྩ་བ་བསྐྱེད་པ་དག་ཀྱང་ངས་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ནི་དེ་ལྟ་བུའི་མཁྱེན་པ་དང་ལྡན་པས་འཁོར་མང་པོའི་ནང་དུ་བཞུགས་ནས་སེམས་ཅན་གྱི་སེམས་ཀྱི་སྤྱོད་པའི་བྱེ་བྲག་ཀྱང་རབ་ཏུ་མཁྱེན་པས་གལ་ ཏེ་དུས་ལ་མ་བབ་པར་རིག་པར་གྱུར་ན་ནི་ཅང་མི་གསུང་ཞིང་བཏང་སྙོམས་སུ་བཞག་ནས་སེམས་ཅན་འདི་དག་ནི་ཆོས་ལ་རྨོངས་པར་གྱུར་པས། ཁོང་དུ་ཆུད་པར་མི་འགྱུར་རོ་སྙམ་དུ་དགོངས་སོ། །དེ་བཞིན་གཤེགས་པ་ནི་དབང་ པོ་དང་སྟོབས་ཁྱད་པར་དུ་འཕགས་པ་ཕུན་སུམ་ཚོགས་ཤིང་དུས་རབ་ཏུ་མཁྱེན་པའི་ཕྱིར་གདུལ་བའི་འོས་སུ་གྱུར་བ་དང་། བསམ་པ་མཆོག་ཏུ་གྱུར་བ་དང་། བཟོད་པར་ནུས་པའི་འོས་སུ་གྱུར་བ་དང་། ཚིག་ལེགས་ 82-1-15a པར་ཉན་པར་གྱུར་བ་དག་ཀྱང་ངས་རབ་ཏུ་མཁྱེན་ཏེ། དེ་ལྟར་མཁྱེན་པར་གྱུར་ནས་ཀྱང་སེམས་ཅན་དེ་དག་ཡོངས་སུ་སྡུད་ཅིང་ཕན་འདོགས་པར་བྱེད་དོ། །དེ་ལྟ་བས་ན་གློག་ཐོབ་བྱང་ཆུབ་སེམས་ དཔའ་ལས་དང་པོ་པ་ཡང་དག་པའི་གནས་སྐབས་སུ་མ་ཞུགས་པ་སེམས་ཅན་རྣམས་ཀྱི་ལྷག་པའི་བསམ་པ་ལེགས་པར་ཁོང་དུ་མ་ཆུད་པ་དག་གིས་ཁྱིམ་ན་གནས་པའམ། རབ་ཏུ་བྱུང་བ་ཡང་རུང་སྟེ། ཐམས་ཅད་ཀུན་ ལ་སྨོད་ཅིང་གནོད་སེམས་བསྐྱེད་ནས་ཡུན་རིང་པོར་བདག་ཉིད་ལ་གནོད་པར་འགྱུར་བ་མི་བྱའོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ནས་ཐེག་པ་ཆེན་པོ་ལ་གནས་པ་ཐམས་ཅད་ལ་སངས་རྒྱས་ཀྱི་ འདུ་ཤེས་བསྐྱེད་པར་བྱའོ། །སེམས་ཅན་གཞན་དག་སྡིག་པ་མི་དགེ་བའི་ལས་བྱེད་པ་མཐོང་ན་ཡང་གནོད་སེམས་བསྐྱེད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་རྟག་ཏུ་སེམས་ཅན་གང་རྣམ་ པར་དཀར་ཞིང་ཡོངས་སུ་དག་པའི་ཆོས་ལས་ཅུང་ཟད་ཅིག་ཉན་པར་གྱུར་ན་ནམ་ཡང་ཡོངས་སུ་མྱ་ངན་ལས་མི་འདའ་བར་མི་འགྱུར་རོ་ཞེས་གསུངས་པས་སོ། །བྱང་ཆུབ་སེམས་དཔའ་ནི་གལ་ཏེ་འདོད་ཆགས་སྤྱོད་པའི་ སེམས་ཅན་མཐོང་བར་གྱུར་ན་སེམས་ཅན་འདི་དག་འདོད་ཆགས་ཀྱི་གདུང་བས་བསྲེགས་པར་གྱུར་བ་ཡང་བདག་གིས་ཉེས་པ་ཡིན་ནོ་སྙམ་དུ་སེམས་སོ། །ཞེ་སྡང་དང་། གཏི་མུག་གིས་གདུང་བས་བསྲེགས་པར་གྱུར་བ་དེ་དག་ མཐོང་ན་ཡང་འདི་དག་ཐམས་ཅད་ནི་བདག་གིས་ཉེས་པ་ཡིན་ནོ་སྙམ་དུ་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། བདག་གིས་སེམས་ཅན་ཐམས་ཅད་ན་བའི་སྡུག་བསྔལ་དང་ལྡན་པར་གྱུར་བ་དག་མཐོང་བར་གྱུར་ན་སྨན་ཡོངས་སུ་ བཙལ་ཏེ་ཐབས་མཁས་པས་ཡོངས་སུ་གསོ་བའི་རིག་པ་ལས། བདག་སྔོན་སེམས་ཅན་གྱི་ནད་བསལ་བར་ཡིད་དམ་བཅས་ནས་དེང་ཡལ་བར་བོར་བ་འདི་ཉིད་བདག་གི་ཉེས་པ་ཡིན་ནོ་སྙམ་དུ་སེམས་པས་སོ། ། 82-1-15b བྱང་ཆུབ་སེམས་དཔའ་ནི་དེ་ལྟ་བུའི་བསམ་པ་དང་ལྡན་པས་བདག་ཉིད་ཀྱི་ཉེས་པ་ལ་ལྟ་ཞིང་སེམས་ཅན་རྣམས་ལ་བྱམས་པའི་སེམས་སྐྱེད་པར་བྱེད་དོ། །གལ་ཏེ་གསོད་པ་འམ། ལུས་ཀྱི་ཡན་ལག་དང་ཉིང་ལག་གཅོད་ཅིང་གཏུབ་ པ་ཞིག་དང་ཕྲད་པར་གྱུར་ན་ཡང་ཕ་རོལ་གནོད་པ་བྱེད་པ་དེ་དག་ལ་ལན་བྱའོ་སྙམ་པའི་བསམ་པ་མེད་དོ། །གློག་ཐོབ་བྱང་ཆུབ་སེམས་དཔའ་དེ་ལྟར་ཡང་དག་པར་སྒོམ་པ་ན་འདས་པའི་མི་དགེ་བའི་ལས་ཇི་སྙེད་པ་དག་ཀྱང་གཏན་དུ་ཟད་ ཅིང་མ་ལུས་པར་འབྱང་བར་འགྱུར་ལ། མ་འོངས་པའི་མི་དགེ་བ་རྣམས་ནི་ཡང་ལྡང་བར་མི་འགྱུར་རོ། །གློག་ཐོབ་སྔོན་བྱུང་བ་འདས་པའི་བསྐལ་པ་ཚད་མེད་གྲངས་མེད་པ་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱི་ཡང་ཆེས་སྔ་རོལ་ན་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་ སྟོན་པ། སངས་རྒྱས་བཅོམ་ལྡན་འདས་མཆོག་ཏུ་སྐྱེས་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །འཇིག་རྟེན་གྱི་ཁམས་དེ་ནི་འོད་ཟེར་ཅན་ཞེས་བྱ་སྟེ། རྒྱལ་པོའི་གྲོང་ཁྱེར་རབ་ཏུ་བདེ་བ་ཞེས་བྱ་བའི་ཚལ་ན་བཞུགས་སོ། ། དེའི་ཚེ་ཤན་པ་འཇིགས་སུ་རུང་བ་ཞེས་བྱ་བ་ཁྲོ་གཏུམ་ཆེ་ཞིང་གསོད་པ་ལ་དགའ་བ། བཟོད་པ་དང་བྱམས་པའི་སེམས་མེད་པ། ལག་པ་ཁྲག་གིས་བསྐུས་པ། མཐོང་བ་ཐམས་ཅད་སྐྲག་པར་འགྱུར་བ་ཞིག་ཡོད་དེ། དེའི་ཚེ་ཤན་པ་དེས་གླང་ཞིག་ཁང་པའི་ནང་དུ་བཅིངས་ཏེ་ནང་དུ་ཞུགས་ནས་བསད་པར་བྱས་པ་ལས་གླང་དེས་དེ་མཐོང་ནས་ཤིན་དུ་སྐྲག་པས་ཐག་པ་བཅད་དེ་བྲོས་ནས་དེ་བཞིན་གཤེགས་པ་མཆོག་ཏུ་སྐྱེས་པ་བཞུགས་ པའི་ཚལ་ག་ལ་བ་དེར་སོང་ངོ་། །དེའི་ཚེ་ཤན་པ་དེ་ཡང་མཚོན་ཐོགས་ནས་ཕྱི་བཞིན་དུ་བསྙགས་པས་གླང་དེ་སྐྲག་ནས་གཡང་ས་ཟབ་མོ་ཞིག་ཏུ་ལྷུང་བས་སྲོག་ཆད་ལ་ཐུག་པ་ཙམ་དུ་ན་ཞིང་སྡུག་བསྔལ་བས་སྒྲ་ 82-1-16a ཕྱུང་ངོ་། །དེའི་ཚེ་ཤན་པས་གླང་དེ་མཐོང་ནས་ཞེ་སྡང་ཆེར་སྐྱེས་ཏེ། གཡང་ས་ཟབ་མོ་དེ་ཉིད་དུ་ཞུགས་ནས་མཚོན་ཐོགས་ཏེ་བསད་པར་བྱས་པ་ལས་མཚོན་མ་བཏབ་པའི་བར་སྐབས་སུ། དེའི་ ཚེ་དེ་བཞིན་གཤེགས་པ་མཆོག་ཏུ་སྐྱེས་པ་ཚལ་དེར་འཁོར་མང་པོ་བརྒྱ་སྟོང་ཚད་མེད་པས་ཡོངས་སུ་བསྐོར་བ་དག་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཀྱི་རྣམ་གྲངས་འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ ཀྱི་རྐྱེན་གྱི་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ འབྱུང་བར་འགྱུར་ཏེ། དེ་ལྟར་ན་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་དག་ཐམས་ཅད་ནི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་གོ་ཞེས་རྒྱ་ཆེར་རྣམ་པར་ཕྱེ་སྟེ། སྟོན་པར་མཛད་པས། གློག་ཐོབ་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ ལ་མ་རིག་པ་ཡང་འདུ་བྱེད་ལ་མི་སེམས་མི་རྟོག་ལ། འདུ་བྱེད་ཀྱང་མ་རིག་པ་ལ་མི་སེམས་མི་རྟོག་གོ། །དེ་བཞིན་དུ་སྐྱེ་བ་ཡང་རྒ་ཤི་ལ་མི་སེམས་མི་རྟོག་ལ། རྒ་ཤི་ཡང་སྐྱེ་བ་ལ་མི་སེམས་མི་རྟོག་པས་དེ་ལྟར་ན་ཆོས་ ཐམས་ཅད་ནི་རང་བཞིན་དམིགས་སུ་མེད་པས་མངོན་པར་འདུ་བྱ་བ་མེད་པ། དྲན་པ་མེད་པ། བདག་དང་བདག་གི་བ་མེད་པ། རང་བཞིན་གྱིས་རྣམ་པར་དག་པ། ཕན་ཚུན་གཅིག་གིས་གཅིག་མི་རིག་པ་ཡིན་ནོ། །སོ་སོའི་ སྐྱེ་བོ་རྣམས་འདི་ལྟ་བུའི་ཆོས་མ་ཐོས་པའི་ཕྱིར་གཟུགས་ནི་བདག་ཡིན་ནོ། །བདག་ནི་གཟུགས་རྣམས་དང་ལྡན་ནོ། །གཟུགས་ནི་བདག་གི་ཡིན་ནོ་ཞེས་འཛིན་པར་བྱེད་དེ། ཚོར་བ་དང་། འདུ་ཤེས་དང་། འདུ་ 82-1-16b བྱེད་དང་། རྣམ་པར་ཤེས་པའི་བར་ལ་ཡང་དེ་བཞིན་ནོ། །བདག་དང་བདག་གིར་འཛིན་པ་ལ་མངོན་པར་ཞེན་པའི་དབང་གིས་མི་རྟག་པ་ལ་རྟག་པར་འཛིན་པར་བྱད། སྡུག་བསྔལ་བ་ལ་བདེ་བར་འཛིན་པར་བྱེད། མི་སྡུག་ པ་ལ་སྡུག་པ་ཉིད་དུ་འཛིན་པར་བྱེད། བདག་མེད་པ་ལ་བདག་ཏུ་འཛིན་ཅིང་ཕྱིན་ཅི་ལོག་བཞི་སྐྱེད་པར་བྱེད་དོ། །ཕྱིན་ཅི་ལོག་ཏུ་ལྟ་བའི་ཕྱིར་མ་རིག་པས་རྨོངས་ནས་ཡང་དག་པར་ཚུལ་བཞིན་དུ་ཡིད་ལ་མི་བྱེད་ཅིང་སེམས་ཀྱི་ རྗེས་སུ་མངོན་པར་ཞེན་པར་གྱུར་བས་སྲིད་པའི་སྲེད་པ་འཆིང་བ་གཅོད་པར་མི་ནུས་ཤིང་འཁོར་བའི་འཁོར་བར་རྒྱུན་མི་འཆད་པར་འཁོར་བར་འགྱུར་བ་ཡིན་ནོ། །མཁས་པ་དག་ནི་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ལ་ཤིན་དུ་ལེགས་ པར་རྟོག་པར་བྱེད་པའི་ཕྱིར་བདག་དང་། གང་ཟག་དང་། སེམས་ཅན་ཞེས་བྱ་བ་ནས་སྲོག་ཅེས་བྱ་བའི་བར་དུ་ཅུང་ཟད་ཙམ་ཡོད་པར་ཡང་དག་པར་རྗེས་སུ་མི་མཐོང་ལ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། གསོད་ པ་དང་། གནོད་པ་བྱེད་པ་དག་ཀྱང་མི་དམིགས་སོ་ཞེས་གསུངས་པ་དང་། གློག་ཐོབ་དེའི་ཚེ་ཤན་པ་འཇིགས་སུ་རུངས་བས་རྒྱང་ནས་དེ་བཞིན་གཤེགས་པས་ཆོས་བཤད་པའི་སྒྲ་ཐོས་ནས་གོ་བར་གྱུར་བས་དེ་མ་ཐག་ཏུ་ གསོད་པའི་སེམས་ཉེ་བར་ཞི་བར་གྱུར་ནས་མཚོན་ཆ་སྤངས་ཏེ་གཡང་ས་ནས་བྱུང་ནས་བཅོམ་ལྡན་འདས་དེ་ག་ལ་བ་དེར་སོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་གཏུགས་ནས་ཕྱག་བྱས་ཏེ་ཕྱོགས་ གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་དེང་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་ནས་ལམ་བསྒྲུབ་པར་འཚལ་ལོ་ཞེས་གསོལ་པ་དང་། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ་དེ་རིགས་སོ། །དགེ་སློང་ལེགས་པར་འོངས་སོ་ཞེས་གསུངས་མ་ཐག་ཏུ་དགེ་སློང་གི་དངོས་པོར་གྱུར་ནས་རྫོགས་པར་བསྙེན་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་མཆོག་ཏུ་ 82-1-17a སྐྱེས་པས་དེའི་ལྷག་པའི་བསམ་པ་ཐུགས་ཀྱིས་མཁྱེན་ནས་མཐར་གྱིས་ཡོངས་སུ་སྨིན་པར་མཛད་ཅིང་། བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་རྒྱ་ཆེར་ཡང་དག་པར་བསྟན་པ་འཇིགས་སུ་རུང་བ་ ཐོས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ནས་སངས་རྒྱས་ཀྱི་བསྟན་པ་ལ་ཕྱིར་མི་ལྡོག་པ་ཐོབ་པར་གྱུར་ཏོ། །སླར་དེ་ཡང་དེ་བཞིན་གཤེགས་པ་དེས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཀྱི་ཚིག་སྟོན་པའི་གསུང་སྒྲ་ ཤིན་དུ་གྱ་ནོམ་པ་ཐོས་ནས་སེམས་ལ་རབ་ཏུ་དགའ་བ་སྐྱེས་པས་ཤི་འཕོས་པའི་འོག་ཏུ་དགའ་ལྡན་ལྷའི་གནས་སུ་སྐྱེས་ནས་ཐ་མར་བྱམས་པ་དང་ཕྲད་དེ་ཡང་དག་པའི་དད་པ་དང་ལྡན་པར་གྱུར་ཏོ། །གློག་ཐོབ་དེ་ལྟར་ན་ སེམས་ཅན་རྣམས་ཀྱི་སྤྱོད་པ་ནི་ཤིན་དུ་ཟབ་པ་དང་། རྣམ་པར་རིག་པར་དཀའ་ཞིང་ཤེས་པར་དཀའ་བ་ཡིན་ཏེ། དེའི་ཕྱིར་གློག་ཐོབ་བྱང་ཆུབ་སེམས་དཔའ་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་ སུ་གཉེར་བར་འདོད་པས་སེམས་ཅན་གྱི་དབང་པོ་དང་། སྤྱོད་པ་དག་ལ་ཤིན་དུ་མཁས་པར་བྱས་ནས་སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་དང་། ཐོགས་པ་མེད་པའི་སེམས་ལ་རབ་ཏུ་གནས་ཏེ་ཆོས་ ཐམས་ཅད་ལ་རྟག་ཏུ་མངོན་པར་ཞེན་པ་མེད་པར་བྱའོ། །ཅི་བདོག་པ་རྣམས་ཡོངས་སུ་སྤངས་ཏེ་ཚུལ་ཁྲིམས་རྣམ་པར་དག་པ་བསྒྲུབ་པར་བྱའོ། །བཟོད་པ་ལ་གནས་པར་བྱའོ། །བརྩོན་འགྲུས་བསྐྱེད་པར་ བྱའོ། །བསམ་གཏན་དང་། ཏིང་ངེ་འཛིན་མཉམ་པར་བཞག་པར་བྱའོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་སོ་སོར་བརྟག་པར་བྱའོ། །གློག་ཐོབ་བྱང་ཆུབ་སེམས་དཔའ་ གང་ཆོས་དྲུག་པོ་འདི་དག་ཡོངས་སུ་རྫོགས་པར་གྱུར་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཇི་ལྟར་ཡོངས་སུ་རྫོགས་པར་བྱེད་ཅེ་ན། 82-1-17b འདི་ལྟ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བརྟེན་ནས་མངོན་པར་སྒྲུབ་པར་བྱེད་པའི་ཕྱིར་རོ། །གློག་ཐོབ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཏེར་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔས་ གཟུགས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོགས་ཤིང་། གཟོད་མ་ཉིད་ནས་སྐྱེ་བ་མེད་པ་དང་། རང་བཞིན་གྱིས་རྣམ་པར་དག་པར་མཐོང་བ་གང་ཡིན་པའོ། །བྱང་ཆུབ་སེམས་དཔའ་ནི་གཟུགས་ལ་མཁས་ པ་ཐོབ་པའི་ཕྱིར་སོ་སོ་ཡང་དག་པར་རིག་པ་བཞི་དང་ལྡན་པར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། དོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་ པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །དེ་ལ་དོན་སོ་སོ་ཡང་དག་པར་རིག་པ་ནི་གཟུགས་ཀྱི་དོན་རྣམས་ལ་ཐོགས་པ་མེད་པར་གྱུར་བའི་ཕྱིར་རོ། །གཟུགས་ཀྱི་དོན་གང་ཞེ་ན། འདི་ལྟ་སྟེ། དོན་དམ་པ་ གང་ཡིན་པའོ། །དོན་དམ་པ་གང་ཞེ་ན། འདི་ལྟ་སྟེ། གཟུགས་དམིགས་སུ་མེད་པ་གང་ཡིན་པ་སྟེ། དོན་དམ་པའི་ཡེ་ཤེས་འདི་ལྟ་བུ་དང་ལྡན་པ་གང་ཡིན་པ་དེ་ནི་དོན་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །ཆོས་ སོ་སོ་ཡང་དག་པར་རིག་པ་ནི་གཟུགས་ཀྱི་ཆོས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་བརྟགས་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་གང་ཡིན་པ་དེ་ནི་ཆོས་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །ངེས་ པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི་འདི་ལྟ་སྟེ། གཟུགས་རྣམས་ལ་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་ཐབས་ལ་མཁས་པས་ངེས་པའི་ཚིག་རྣམ་པ་སྣ་ཚོགས་ཀྱིས་རྣམ་པར་འབྱེད་པ་གང་ཡིན་པ་དེ་ནི་ངེས་པའི་ ཚིག་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི་འདི་ལྟ་སྟེ། གཟུགས་ཀྱི་ཆོས་རྣམས་སེམས་ཅན་གྱི་དབང་པོ་ཇི་ལྟ་བ་བཞིན་དུ་རྣམ་པར་ཕྱེ་སྟེ་སྟོན་པར་བྱེད་ཀྱང་ཀུན་ནས་ 82-1-18a ཉོན་མོངས་པ་མེད་ཅིང་མངོན་པར་ཞེན་པ་མེད་པ་གང་ཡིན་པ་དེ་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ནི་འདི་ལྟ་བུའི་ཡེ་ཤེས་དང་ལྡན་པས་གཟུགས་ཀྱི་ཆོས་ལ་རྨོངས་ཤིང་ མངོན་པར་ཞེན་པར་གྱུར་བའི་སེམས་ཅན་ཐམས་ཅད་ཀྱི་རང་བཞིན་དང་། འདུན་པ་ཇི་ལྟ་བ་བཞིན་དུ་རྩོལ་བ་མེད་པའི་ཡེ་ཤེས་ཀྱིས་ཅི་རིགས་པར་ཆོས་སྟོན་པར་བྱེད་ཀྱང་ཆོས་ཀྱི་དབྱིངས་ལ་མཚན་ཉིད་གཉིས་སུ་གྱུར་བ་མེད་དེ། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཀྱི་བར་ལ་ཡང་དེ་བཞིན་དུ་རྒྱས་པར་སྦྱར་ཏེ། གློག་ཐོབ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་ཀྱི་གཏེར་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་གང་གིས་གཏེར་འདི་ ཐོབ་པར་གྱུར་ན་སྤྱོད་ཡུལ་རྣམས་ལ་རྨོངས་པར་གྱུར་བའི་སེམས་ཅན་དེ་ལྟ་བུ་དག་ཡོངས་སུ་གདུལ་བར་འདོད་པའི་ཕྱིར་དེ་དག་གི་མོས་པ་ཇི་ལྟ་བུ་བཞིན་དུ་དེ་དག་རེ་རེ་ལ་ཡང་བསྐལ་པའམ། བསྐལ་པ་ལས་ལྷག་པར་ཚིག་རྣམ་པ་སྣ་ ཚོགས་ཀྱིས་ཐབས་ལ་མཁས་པས་ཆོས་སྟོན་པར་བྱེད་ཀྱང་དེ་དག་གི་མཐའ་ཡང་རྙེད་པར་མི་འགྱུར་ལ། བྱང་ཆུབ་སེམས་དཔའ་དེའི་ཤེས་རབ་ལ་ཡང་འགྲིབ་པ་མེད་ཅིང་ཆོས་ཀྱི་དབྱིངས་དང་མི་འགལ་བར་གཉིས་སུ་མེད་ཅིང་དབྱེར་མེད་པའི་རྗེས་ སུ་འབྲང་བ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པས་ཆོས་ཐམས་ཅད་དབྱེར་མེད་པའི་མཚན་ཉིད་བསྟན་པས་འཐོབ་པའི་ཆོས་ཀྱི་གཏེར་ཞེས་བྱའོ། །ཆོས་ཀྱི་གཏེར་འདིས་སེམས་ཅན་དག་ལ་ཅི་རིགས་པར་ཆོས་ བསྟན་ནས་ཟད་མི་ཤེས་པའི་ཆོས་ཀྱི་གཏེར་ཕུན་སུམ་ཚོགས་པར་གྱུར་ཏེ། འཁོར་བའི་རྒུད་པ་གཏན་དུ་སྤོང་བ་གང་ཡིན་པ་འདི་ནི་གློག་ཐོབ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་གཏེར་ཆེན་པོ་དང་། ཟད་མི་ཤེས་པའི་ གཏེར་དང་། ཀུན་དུ་ཟད་མི་ཤེས་པའི་གཏེར་དང་། མཐའ་མེད་པའི་གཏེར་རྣམ་པ་ལྔ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་གང་གཏེར་འདི་ལྟ་བུ་དང་ལྡན་པར་གྱུར་ན་ཡོན་ཏན་ཁྱད་པར་དུ་འཕགས་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་ 82-1-18b བའི་ཕྱིར་ཚེགས་ཆུང་ངུས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཆོས་ཀྱི་གཏེར་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་བསྟན་པའི་ཚེ་བྱང་ཆུབ་སེམས་དཔའ་གློག་ཐོབ་ནི་གཟུངས་ རབ་ཏུ་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ནི་གློག་གི་འོད་ཟེར་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏོ། །ལྷའི་བུ་སུམ་ཁྲི་དྲུག་སྟོང་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཟླ་བའི་རྒྱལ་མཚན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་རྩོལ་བ་མ་མཆིས་པའི་ཡེ་ཤེས་ཞེས་གང་གསུངས་པ་དེའི་དོན་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་གང་གིས་དགེ་བའི་ཆོས་རྣམས་ལ་ལུས་དང་སེམས་ཀྱི་རྗེས་སུ་འཐུན་པས་དམིགས་ཤིང་མངོན་པར་འདུ་བྱེད་པ་གང་ཡིན་པ་དེ་ནི་རྩོལ་བ་དང་བཅས་པ་ཞེས་བྱའོ། ། བྱང་ཆུབ་སེམས་དཔའ་གང་ལུས་དང་སེམས་རབ་ཏུ་དུལ་བར་གྱུར་ནས་དྲན་པ་མེད་པ། གནས་པ་མེད་པ། རྣལ་འབྱོར་བསྒོམ་པའི་མཚན་མ་དང་བྲལ་བར་གྱུར་བ་དང་། དེ་སྔོན་གྱི་སྨོན་ལམ་དང་། ཡེ་ཤེས་ཡོངས་སུ་རྫོགས་པར་གྱུར་བས་ སངས་རྒྱས་ཀྱི་ཞིང་བྱེ་བ་སྟོང་ཕྲག་མང་པོ་རྣམས་སུ་རྣམ་པ་སྣ་ཚོགས་སུ་སྟོན་པར་བྱེད་ཀྱང་ཆོས་ཀྱི་དབྱིངས་ལས་གཡོ་བ་མེད་པ་དང་། རྟག་ཏུ་ཆོས་སྟོན་པར་བྱེད་ཀྱང་ཆོས་ཀྱི་མཚན་མ་ཅུང་ཟད་ཙམ་ཡང་མེད་པ་དང་། བསྡུ་བའི་དངོས་པོ་ བཞིས་སེམས་ཅན་ཡོངས་སུ་སྨིན་པར་བྱས་ཀྱང་སེམས་ཅན་གང་ཡང་ཡོངས་སུ་བཟླས་པ་མེད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་ཀྱང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཡང་དག་པར་རྗེས་སུ་མི་མཐོང་བ་དང་། རྟག་པར་ སངས་རྒྱས་རྣམས་རྗེས་སུ་དྲན་པར་བྱེད་ཀྱང་གཟུགས་ཀྱི་མཚན་ཉིད་དུ་མི་ལྟ་བ་དང་། སངས་རྒྱས་ཀྱི་ཞིང་ཀུན་དུ་རྒྱུ་བར་བྱེད་ཀྱང་ཆོས་ཀྱི་དབྱིངས་དང་མི་འབྲལ་བ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའི་རྩོལ་བ་མེད་པའི་ཡེ་ཤེས་ 82-1-19a ཤེས་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་འདི་ལྟ་བུའི་ཡེ་ཤེས་དང་ལྡན་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་རེ་བ་ཡོངས་སུ་རྫོགས་པར་བྱས་ཀྱང་གང་བྱས་པ་དེ་དག་ལ་མངོན་པར་ཞེན་པ་ཡང་མེད་དོ། །དེའི་ཚེ་ བཅོམ་ལྡན་འདས་ཀྱིས་རྩོལ་བ་མེད་པའི་ཡེ་ཤེས་འདི་བསྟན་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏོ། །བརྒྱ་བྱིན་ལྷའི་དབང་པོ་ཡང་སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་དང་བཅས་པར་ སྟེང་གི་བར་སྣང་ལས་མེ་ཏོག་མན་དཱ་ར་བ་དང་། ཨུད་པ་ལ་དང་། ཀུ་མུ་ད་དང་། པད་མ་དང་། པུན་ད་རི་ཀ་དང་། ཙན་དན་གྱི་ཕྱེ་མའི་ཆར་མངོན་པར་ཕབ་སྟེ། བཅོམ་ལྡན་འདས་ལ་མངོན་པར་གཏོར་ཏོ། །ལྷའི་རྔ་རྣམས་ཀྱང་རང་སྒྲ་བྱུང་བར་འགྱུར་ཏོ། །ངོ་ མཚར་རྨད་དུ་བྱང་བའི་སྣང་བ་ཆེན་པོས་ཀྱང་ཀུན་དུ་སྣང་བར་བྱས་ཏེ། སེམས་ཅན་གང་ལ་རེག་པར་གྱུར་བ་དེའི་ལུས་ཀྱང་ཤིན་དུ་བསིལ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་གློག་ཐོབ་ལ་བཀའ་སྩལ་པ། གློག་ཐོབ་འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གནས་འདིར་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་གསུངས་སོ། །མ་བྱོན་པའི་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་ འབྱུང་བའི་ཚེ་ཡང་གནས་འདིར་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་གསུང་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་དག་ན་ད་ལྟར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་རྒྱུན་མི་འཆད་ པར་མཛད་པའི་ཕྱིར་འོད་ཟེར་ཆེན་པོ་འགྱེད་པར་མཛད་དོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་ སུ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། བདག་གིས་ཇི་ལྟར་ཡོངས་སུ་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་ 82-1-19b བོ་ཆོས་ཀྱི་རྣམ་གྲངས་འདི་ནི་མི་ཟད་པའི་གཏེར་བསྟན་པ་ཞེས་བྱའོ། །ཆོས་ཐམས་ཅད་དབྱེར་མེད་པའི་མཚན་ཉིད་བསྟན་པ་ཞེས་ཀྱང་བྱ་སྟེ། ཁྱོད་ཀྱིས་དེ་ལྟར་མིང་ཡོངས་སུ་གཟུང་བར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་ བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་གློག་ཐོབ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། འཁོར་བཞི་པོ་རྣམས་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཐམས་ཅད་བཅོམ་ལྡན་འདས་ཀྱིས་གསུངས་ པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་མི་ཟད་པའི་གཏེར་བསྟན་པའི་ལེའུ་ཞེས་བྱ་བ་སྟེ་འདུས་པ་ཉི་ཤུ་པ་རྫོགས་སོ།། །། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་ཉི་ཤུ་རྩ་གཅིག་པ་སྟེ་སྒྱུ་མ་མཁན་བཟང་པོ་ལུང་བསྟན་པ། བམ་པོ་གཅིག་པ། རྒྱ་གར་སྐད་དུ། ཨཱརྱ་བྷ་དྲ་མཱ་ཡཱ་ཀཱ་ར་བྱཱ་ཀ་ར་ཎ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སྒྱུ་མ་མཁན་བཟང་པོ་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་མངོན་པར་གྲགས་པ། མངོན་པར་ཤེས་པ་ཐོབ་པ། རྫུ་འཕྲུལ་གྱི་ཆོ་འཕྲུལ་ཐོབ་པ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ལྔ་སྟོང་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེ་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཙན་དན་བཟང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁ་ལོ་སྒྱུར་བ་དང་། བྱང་ཆུབ་སེམས་དཔའ་སེམས་ 82-1-20a དཔའ་ཆེན་པོ་ཁ་ལོ་སྒྱུར་བ་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་དཔལ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་བྱེད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་འོད་གཟི་བརྗིད་དང་ལྡན་ཞིང་ང་རོ་སྙན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་བཀོད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གསལ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ སེམས་ཅན་གྱི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཁ་ལོ་སྒྱུར་བ་དུལ་བ་དང་ལྡན་པ་དང་། བྱམས་པ་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ ཅད་དང་། འཇམ་དཔལ་གཞོན་ནུར་གྱུར་བ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྔ་སྟོང་དང་ཐབས་གཅིག་ཏུ་བཞུགས་ཏེ། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་ཡང་ཐབས་གཅིག་གོ། །མི་མཇེད་ ཀྱི་བདག་པོ་ཚངས་པ་དང་ཡང་ཐབས་གཅིག་གོ། །རྒྱལ་པོ་ཆེན་པོ་བཞི་དང་ཡང་ཐབས་གཅིག་གོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དུ་མས་ ཀྱང་ཡོངས་སུ་བསྐོར་ཏོ། །དེ་ནས་བཅོམ་ལྡན་འདས་ནི་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ལ་རྟེན་ཅིང་བཞུགས་ཏེ། རྒྱལ་པོ་དང་། བློན་པོ་ཆེན་པོ་རྣམས་དང་། བྲམ་ཟེ་དང་། ཁྱིམ་བདག་དང་། གྲོང་རྡལ་དང་། ལྗོངས་ཀྱི་མི་རྣམས་ ཀྱིས་ནི་གུས་པར་བྱས། བླ་མར་བྱས། བསྙེན་བཀུར་བྱས། མཆོད་པ་བྱས་སོ། །བཅོམ་ལྡན་འདས་ཀྱིས་ཆོས་གོས་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་ནི་བརྙེས། བཅོམ་ ལྡན་འདས་ཀྱི་གྲགས་པ་དང་། སྙན་པ་དང་། ཚིགས་སུ་བཅས་པ་རྒྱ་ཆེན་པོ་ནི་མངོན་པར་འཕགས་ཏེ། འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་ 82-1-20b བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་དེ་ནི་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ་དང་ལྡན་པ་སྟེ། ཐམས་ཅད་ ནི་མཁྱེན། ཐམས་ཅད་ནི་གཟིགས། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ནི་ལྡན། དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་དང་ནི་ལྡན། སོ་སོ་ཡང་དག་པར་རིག་པ་བཞི་དང་ནི་ལྡན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ བཅྭ་བརྒྱད་དང་ནི་ལྡན། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་ནི་ལྡན། སངས་རྒྱས་ཀྱི་སྤྱན་ཉམས་པ་མི་མངའ་བ་དང་ནི་ལྡན། སྤྱན་ལྔ་དང་ནི་ལྡན། ཆོ་འཕྲུལ་ཡང་བརྙེས་ཏེ། ཀུན་རྫོང་པའི་ཆོ་འཕྲུལ་ནི་བརྙེས། རྗེས་སུ་ བསྟན་པའི་ཆོ་འཕྲུལ་ནི་བརྙེས། རྫུ་འཕྲུལ་གྱི་ཆོ་འཕྲུལ་ནི་བརྙེས་སོ། །བཞེད་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གྲོང་ཁྱེར་དང་བཅས་པ། གྲོང་རྡལ་དང་བཅས་པ། ས་དང་བཅས་པ། འགྲོ་བ་དང་ བཅས་པ། རི་རབ་དང་བཅས་པ། རྒྱ་མཚོའི་མཐས་གཏུགས་པ། ལྷའི་གནས་དང་བཅས་པ། ཁོར་ཡུག་དང་འོབས་སུ་བཅས་པ། རྩྭ་དང་། ཤིང་དང་རིར་བཅས་པ་འདི་ནམ་མཁའ་ལ་བསྐལ་པ་འམ། བསྐལ་པ་བས་ཀྱང་ ལྷག་པར་སྐྲའི་རྩེ་མོའི་ཆ་ཤས་ཀྱིས་འཛིན་པར་མཛད་དོ། །ཡང་དེའི་ཚེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན་སྒྱུ་མ་མཁན་བཟང་པོ་ཞེས་བྱ་བ་བསྟན་བཅོས་ལ་ཤིན་དུ་མཁས་པ། གསང་སྔགས་ལ་ཤིན་དུ་མཁས་པ། བཟོ་ དང་རིག་པ་ལ་འབྱམ་པ། ལས་ཀྱི་མཐའ་བྱས་ཟིན་པ། རབ་ཏུ་བྱེད་པ་བྱས་པ། སྒྲ་གྲགས་པ། ཡུལ་མ་ག་དྷཱ་ན་སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་ཇི་སྙེད་པ་དེ་དག་གི་མཆོག་ཏུ་གྲགས་པ། ཕུལ་དུ་གྲགས་པ་ཞིག་ གནས་ཏེ། དེས་ཡུལ་མ་ག་དྷཱ་རིལ་གྱི་སྐྱེ་བོའི་ཚོགས་ཐམས་ཅད་འདུན་པར་བྱས། རྨོངས་པར་བྱས། མགོ་འཁོར་བར་བྱས་ནས་ཡ་མཚན་གྱི་ཆོས་ལ་བཀོད་དེ། བདེན་པ་ཐོབ་པ་རྣམས་དང་། དང་བ་དང་། ཆོས་ཀྱི་རྗེས་སུ 82-1-21a འབྲང་བ་རྣམས་དང་། དགེ་བསྙེན་དང་། དགེ་བསྙེམ་མ་རྣམས་ནི་མ་གཏོགས་སོ། །དེས་སྒྱུ་མས་རྨོངས་པར་བྱེད་པའི་རིག་པའི་སྟོབས་བསྐྱེད་པས་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅས་པ་ཡང་ལྷག་པར་རྙེད་དོ། ། སྒྱུ་མ་མཁན་བཟང་པོས་བཅོམ་ལྡན་འདས་ཀྱི་གྲགས་པ་དང་། སྙན་པ་དང་། ཚིགས་སུ་བཅས་པ་ལྷག་པར་མངོན་པར་འཕགས་ཏེ། འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་ སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་དེ་ནི་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ་སྟེ། ཐམས་ཅད་ནི་མཁྱེན། ཐམས་ཅད་ནི་གཟིགས། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ནི་ལྡན། དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་དང་ནི་ལྡན། སོ་སོ་ཡང་དག་པར་རིག་པ་བཞི་དང་ནི་ལྡན། སངས་རྒྱས་ཀྱི་ཆོས་མ་ འདྲེས་པ་བཅྭ་བརྒྱད་དང་ནི་ལྡན། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་ནི་ལྡན། སངས་རྒྱས་ཀྱི་སྤྱན་ཉམས་པ་མི་མངའ་བ་དང་ནི་ལྡན། སྤྱན་ལྔ་དང་ནི་ལྡན། ཆོ་འཕྲུལ་ཡང་བརྙེས་ཏེ། ཀུན་བརྗོད་པའི་ཆོ་འཕྲུལ་ནི་བརྙེས། རྗེས་སུ་བསྟན་པའི་ཆོ་འཕྲུལ་ནི་བརྙེས། རྫུ་འཕྲུལ་གྱི་ཆོ་འཕྲུལ་ནི་བརྙེས་སོ། །བཞེད་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གྲོང་ཁྱེར་དང་བཅས་པ། གྲོང་རྡལ་དང་བཅས་པ། ས་དང་བཅས་པ། འགྲོ་བ་དང་བཅས་ པ། རི་རབ་དང་བཅས་པ། རྒྱ་མཚོའི་མཐས་གཏུགས་པ། ལྷའི་གནས་དང་བཅས་པ། ཁོར་ཡུག་དང་འོབས་སུ་བཅས་པ། རྩྭ་དང་ཤིང་དང་རིར་བཅས་པ་འདི་ནམ་མཁའ་ལ་བསྐལ་པའམ། བསྐལ་པ་བས་ལྷག་པར་ སྐྲའི་རྩེ་མོའི་ཆ་ཤས་ཙམ་ལ་འཛིན་པར་མཛད་དོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ཡང་དེ་འདི་སྙམ་དུ་སེམས་ཏེ། ཡུལ་མ་ག་དྷཱ་རིལ་ཀྱི་སྐྱེ་བོ་ཐམས་ཅད་བདག་གིས་འདུན་པར་བྱས། རྨོངས་པར་བྱས། མགོ་འཁོར་བར་བྱས་ 82-1-21b ནས་ཡ་མཚན་གྱི་ཆོས་ལ་བཀོད་དེ། བྲམ་ཟེ་དང་། ཁྱིམ་བདག་ཆེན་པོ་གང་དག་ཡིན་པ་དེ་དག་ཀྱང་བདག་གི་མིང་གིས་རབ་ཏུ་མགུ་པར་གྱུར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་གཅིག་པུ་ད་དུང་ མ་བགམས། རྨོངས་པར་མ་བྱས། མགོ་འཁོར་བར་མ་བྱས་ཀྱིས། མ་ལ་བདག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ག་ལ་བ་དེར་འགྲོ་བར་བྱའོ། །སོང་ནས་ཀྱང་བགམ་པར་བྱ་སྟེ། གལ་ ཏེ་རྨོངས་པའམ། མགོ་འཁོར་བ་བྱ་ནུས་པ་ལྟ་ན། དེ་ལྟ་ན་ཡུལ་མ་ག་དྷཱ་ཐམས་ཅད་བདག་ལ་གཅིག་ཏུ་འདུལ། བདག་གི་རྙེད་པ་དང་། བཀུར་སྟི་ཡང་ཆེས་སྟོབས་དང་ལྡན་པར་འགྱུར་རོ་སྙམ་མོ། །དེ་ནས་ཡང་སྒྱུ་མ་མཁན་བཟང་ པོ་སྔོན་གྱི་དགེ་བའི་རྩ་བས་བསྐུལ་བ་དང་། སངས་རྒྱས་ཀྱི་མཐུས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། བྱ་རྒོད་ཀྱི་ཕུང་པོའི་རི་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ་། །སོང་ནས་ཀྱང་སྒྱུ་མ་མཁན་བཟང་པོས་ དེ་བཞིན་གཤེགས་པ་ཉི་མ་བྱེ་བ་ཕྲག་འབུམ་པས་ལྷག་པའི་འོད་ཟེར་འབར་བ། ཞལ་ཟླ་བ་བྱེ་བ་ཕྲག་འབུམ་པས་ལྷག་པར་དྲི་མ་མེད་པ། སྐུ་ཤིང་ནྱ་གྲོ་དྷའི་རྒྱལ་པོ་ལྟར་ཆུ་ཞེང་གབ་པ། མཛོད་སྤུ་ནོར་བུ་དྲི་མ་མེད་པའི་འོད་དག་བལྟར་ གསལ་བ། སྤྱན་པད་མ་དང་། ཨུད་པ་ལ་སྔོན་པོ་ཁ་ཕྱེ་བ་ལྟ་བུའི་བཀྲག་ཡོད་པ། སྤྱི་གཙུག་ཚངས་བས་ཀྱང་བལྟར་མི་མཐོང་བ། འཁོར་གྱི་ནང་ན་གསུང་དབྱངས་ཡན་ལག་དྲུག་བཅུ་དང་ལྡན་པས་ཆོས་སྟོན་པ་མཐོང་ངོ་། །མཐོང་ ནས་ཀྱང་དེའི་སྐུ་དེ་ལྟ་བུ་མཐོང་། གསུང་གི་ཕྲིན་ལས་དེ་ལྟ་བུ་ཐོས་ནས་སེམས་དང་བར་གྱུར་ཅིང་དེ་འདི་སྙམ་དུ་སེམས་ཏེ། མ་ལ་བདག་གིས་འདི་ཅི་ཐམས་ཅད་མཁྱེན་ལ་ཐམས་ཅད་གཟིགས་པ་དང་ལྡན་པ་ཞིག་ཡིན་ནམ། འོན་ ཏེ་མ་ཡིན་པ་བགམ་པར་བྱ་གོར་མ་ཆག་སྙམ་མོ། །དེ་ནས་ཡང་སྒྱུ་མ་མཁན་བཟང་པོས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བགམ་པའི་བསམ་པས་སང་གི་གདུགས་ཚོད་ལ་སྤྱན་འདྲེན་ཏོ་ཞེས་གསོལ་ 82-1-22a ཏོ། །འདི་སྙམ་དུ་ཡང་སེམས་ཏེ། ཅི་འདིས་བདག་གི་སེམས་ཤེས་སམ། འོན་ཏེ་མི་ཤེས་ཞིག་གུ། གལ་ཏེ་ཤེས་ན་ནི་དེར་འོང་བར་མི་འགྱུར་རོ། །ཅི་སྟེ་མི་ཤེས་ན་ནི་འོང་བར་འགྱུར་རོ་སྙམ་མོ། །དེ་ནས་ བཅོམ་ལྡན་འདས་ཀྱིས་སྒྱུ་མ་མཁན་བཟང་པོ་གདུལ་བའི་དབང་དུ་ཡང་མཛད། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་སྐྱེ་བོ་ཕལ་པོ་ཆེ་གདུལ་བའི་དབང་དུ་ཡང་མཛད་ནས་མཁྱེན་བཞིན་དུ་སྒྱུ་མ་མཁན་བཟང་པོ་ལ་དགེ་སློང་གི་དགེ་འདུན་དང་ བཅས་ཏེ་ཅང་མི་གསུང་བས་གནང་བར་མཛད་དོ། །དེ་ནས་ཡང་སྒྱུ་མ་མཁན་བཟང་པོ་འདི་སྙམ་དུ་སེམས་ཏེ། འདི་བདག་རྣམ་པར་མཐོ་འཚམ་པའི་བསམ་པ་དང་ལྡན་པ་ལ་འདིར་ཁས་ལེན་པ་དང་སྦྱར་ན་འདི་ནི་ཐམས་ཅད་མཁྱེན་པ་ཡང་མ་ ཡིན་ལ་ཐམས་ཅད་གཟིགས་པ་དང་ལྡན་པ་ཡང་མ་ཡིན་ནོ་སྙམ་ནས་དེ་ནས་སྒྱུ་མ་མཁན་བཟང་པོ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ ལྡན་པ་མཽད་གལ་གྱི་བུ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །སྒྱུ་མ་མཁན་བཟང་པོས་ནི་སྒྱུ་མའི་ཟ་མ་ཏོག་གིས་དགེ་འདུན་འདི་ལ་འཐོ་འཚམ་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽད་གལ་གྱི་བུ་ ཁྱོད་སྙིང་ལས་ཆུང་བར་གྱིས་ཤིག་དང་། ངས་ཡུན་རིང་པོ་ནས་སྤྱད་པ་བསྒྲུབས་པས་ན་དེ་བཞིན་གཤེགས་པ་ནི་འདིར་དུས་མཁྱེན་པ་ཡིན་ཏེ། དེ་བཞིན་གཤེགས་པ་ལ་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཀྱང་མཐོ་བརྩམ་བར་མི་ ནུས་སོ། །མཽད་གལ་གྱི་བུ་གཞན་ཡང་འདོད་ཆགས་ནི་མཐོ་འཚམ་པར་བྱེད་པ་ཡིན། ཞེ་སྡང་ནི་མཐོ་འཚམ་བར་བྱེད་པ་ཡིན། གཏི་མུག་ནི་མཐོ་འཚམ་པར་བྱེད་པ་ཡིན་ན། དེ་དག་ནི་དེ་བཞིན་གཤེགས་པ་ལ་བག་ལ་ཉལ་དང་བཅས་ ཏེ་ཟད་བྲལ་ཡོངས་སུ་གྱུར། གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ཡིན་ཏེ། དེས་ན་དེ་བཞིན་གཤེགས་པ་ལ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཀྱང་མཐོ་བརྩམ་པར་མི་ནུས་སོ། །མཽད་གལ་གྱི་བུ་གཞན་ཡང་སྒྱུ་མ་མཁན་ 82-1-22b བཟང་པོའི་སྒྱུ་མ་ནི་ཕྱོགས་གཅིག་པ་ཡིན་པས་སྒྱུ་མ་ཡང་དག་པ་མ་ཡིན་གྱི། དེ་བཞིན་གཤེགས་པའི་སྒྱུ་མ་ནི་ཡང་དག་པ་ཡིན་ཏེ། དེས་ན་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་མངོན་པར་རྫོགས་པར་སངས་རྒྱས་སོ། །མཽད་གལ་གྱི་བུ་ སེམས་ཅན་གྱི་ཁམས་སུ་གདགས་པར་འདོགས་པ་ཇི་སྙེད་པ་དེ་དག་ཐམས་ཅད་འདི་ལྟ་སྟེ། སྒྱུ་མ་མཁན་བཟང་པོའི་སྒྱུ་མ་འདི་ལྟ་བུ་དང་ལྡན་པར་གྱུར་ཀྱང་དེ་དག་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་སྒྱུ་མ་ལ་བརྒྱའི་ཆར་ ཡང་ཉེ་བར་མི་འགྲོ། སྟོང་གི་ཆར་ཡང་ཉེ་བར་མི་འགྲོ། བྱེ་བ་འབུམ་གྱི་ཆར་ཡང་། གྲངས་སུ་ཡང་། ཆར་ཡང་། བགྲང་བར་ཡང་། དཔེར་ཡང་ཉེ་བར་མི་འགྲོའོ། །མཽད་གལ་གྱི་བུ་འདི་ཇི་སྙམ་དུ་སེམས། སྒྱུ་མ་མཁན་བཟང་ པོས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་ཀུན་དུ་སྟོན་ནུས་སམ། གསོལ་པ། མ་ལགས་སོ། །བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། དེ་བཞིན་གཤེགས་པ་ནི་བཞེད་ན་ འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་བརྒྱན་ཅིང་དེ་ཐམས་ཅད་ཀྱང་སྐྲའི་རྩེ་མོའི་ཆ་ཤས་ཙམ་ལ་ཀུན་དུ་སྟོན་པར་མཛད་ཀྱང་། དེ་བཞིན་གཤེགས་པའི་སྒྱུ་མ་རིལ་ཀྱིས་བསྟན་པར་ནི་མི་འགྱུར་རོ། །མཽད་གལ་གྱི་བུ་ཕྱོགས་ བཅུ་ན་རླུང་གི་དཀྱིལ་འཁོར་གང་དག་ཡོད་པ་འདི་ལྟ་སྟེ། རླུང་གི་དཀྱིལ་འཁོར་རྣམ་པར་འཐོར་བྱེད་ཅེས་བྱ་བ་དང་། རླུང་གི་དཀྱིལ་འཁོར་ཡོངས་སུ་གཅོད་བྱེད་ཅེས་བྱ་བ་གང་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ ཡོངས་སུ་གཅོད་པར་བྱེད་ཅིང་ཡོངས་སུ་བཅད་ནས་ཀྱང་འཇིག་པར་བྱེད་པ་དང་། རླུང་གི་དཀྱིལ་འཁོར་ཀུན་དུ་འཐོར་བྱེད་དང་། རྣམ་པར་འཐོར་བྱེད་ཅེས་བྱ་བ་འཇིག་རྟེན་གྱི་བར་ན་རྒྱུ་བ་གང་དག་ཡིན་པ་དང་། རླུང་གི་དཀྱིལ་འཁོར་ཀུན་ ནས་ཡོངས་སུ་འཇོག་པ་ཞེས་བྱ་བ་སྲིད་པའི་རྩེ་མོ་ན་རྒྱུ་བ་གང་དག་ཡིན་པ་དང་། རླུང་གི་དཀྱིལ་འཁོར་རྣམ་པར་འཇིག་པ་ཞེས་བྱ་བ་རིའི་རྒྱལ་པོ་རི་རབ་ཀྱང་རྣམ་པར་འཇིག་པར་བྱེད་ན། རི་ཕལ་པ་ལྟ་སྨོས་ཀྱང་ཅི་དགོས་པ་གང་དག་ 82-1-23a ཡིན་པ་དང་། རླུང་གི་དཀྱིལ་འཁོར་འབར་བྱེད་ཅེས་བྱ་བ་སྲེག་པའི་བསྐལ་པའི་ཚེ་ལྡང་ཞིང་གང་གིས་ན་མེ་ལྕེ་དེ་དག་ཚངས་པའི་འཇིག་རྟེན་གྱི་བར་དུ་འཕེན་པར་བྱེད་པ་དང་། རླུང་གི་དཀྱིལ་འཁོར་རྣམ་པར་སྒྲུབ་བྱེད་ ཅེས་བྱ་བ་གང་གིས་སྲེག་པའི་བསྐལ་པའི་མེ་དེ་ཞི་བར་བྱེད་པ་དང་། རླུང་གི་དཀྱིལ་འཁོར་རབ་ཏུ་ཚིམ་བྱེད་ཅེས་བྱ་བ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྤྲིན་གྱི་དྲ་བ་གཅིག་གིས་ཀུན་དུ་ཁེབས་པར་བྱེད་པ་ དང་། རླུང་གི་དཀྱིལ་འཁོར་ཆུས་འདེབས་ཤེས་བྱ་བ་གང་གིས་ན་སྲེག་པའི་བསྐལ་པའི་ཚེ་ཆར་འབེབས་པར་བྱེད་པ་དང་། རླུང་གི་དཀྱིལ་འཁོར་ལྷག་པར་སྐེམས་ཤེས་བྱ་བ་གང་གིས་ན་ཆུས་འཇིག་པ་དེ་ལྷག་པར་སྐེམས་པར་ བྱེད་པ་ཡོད་དོ། །མཽད་གལ་གྱི་བུ་ངས་རླུང་གི་དཀྱིལ་འཁོར་ལས་བརྩམས་ཏེ་བསྐལ་པའམ། བསྐལ་པ་ལས་ལྷག་པར་ཆོས་བསྟན་ཀྱང་དེ་བཞིན་གཤེགས་པས་རླུང་གི་དཀྱིལ་འཁོར་ལས་བརྩམས་ཏེ་ཆོས་བསྟན་པ་ལ་ མཐའ་ཐུག་པ་མེད་དོ། །མཽད་གལ་གྱི་བུ་འདི་ཇི་སྙམ་དུ་སེམས། སྒྱུ་མ་མཁན་བཟང་པོས་རླུང་གི་དཀྱིལ་འཁོར་དེ་དག་གི་ནང་དུ་འདུག་པར་ནུས་སམ། གསོལ་པ། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། མཽད་གལ་གྱི་བུ་ང་ནི་རླུང་གི་དཀྱིལ་འཁོར་དེ་དག་ཐམས་ཅད་ཀྱི་ནང་དུ་སྤྱོད་ལམ་བཞིས་གནས་པར་བྱེད་དོ། །དེ་བཞིན་གཤེགས་པ་ནི་བཞེད་ན་རླུང་གི་དཀྱིལ་འཁོར་ཐམས་ཅད་ཡུངས་འབྲུ་གཅིག་གི་ནང་དུ་འཇོག་པར་མཛད། འཇུག་ པར་མཛད་ལ། ཡུངས་འབྲུ་དེ་ཡང་རྣམ་པར་འཇིག་པར་མི་འགྱུར་ཞིང་། ཡུངས་འབྲུ་དེའི་ནང་དུ་རླུང་གི་དཀྱིལ་འཁོར་དེ་དག་ཐམས་ཅད་ཀྱི་བྱ་བ་ཐམས་ཅད་ཀྱང་ཉེ་བར་སྟོན་པར་མཛད་ལ། རླུང་དེ་དག་ཕན་ཚུན་ཐུག་པར་ཡང་མི་ འགྱུར། ལྟུང་བར་ཡང་མི་འགྱུར་རོ། །མཽད་གལ་གྱི་བུ་ང་ནི་སྒྱུ་མའི་ཆོས་ཉིད་དེ་ལྟ་བུ་དང་དེ་མ་ཡིན་པ་གཞན་ཡང་ཚད་མེད་པ་དང་ལྡན་ནོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་། ཐམས་ཅད་དང་ལྡན་པའི་འཁོར་ 82-1-23b དེ་ངོ་མཚར་དུ་གྱུར་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་དག་འཐུན་པར་ཚིག་ཏུ་སྨྲས་པ། བཅོམ་ལྡན་འདས་བདག་ཅག་གིས་རྙེད་པ་ལེགས་པར་རྙེད་དེ། སྟོན་པ་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་དབང་ཆེ་ བར་གྲགས་པ། འདི་ལྟར་མཐུ་ཆེ་བ་ནི་བདག་ཅག་གིས་རྙེད་པ་ལེགས་པར་རྙེད་ལགས་སོ། །བཅོམ་ལྡན་འདས་གང་དག་དེ་བཞིན་གཤེགས་པའི་ཆོ་འཕྲུལ་འདི་ཐོས་ནས་མོས་པར་བགྱིད་ཅིང་མོས་པར་བགྱིས་ནས་ཀྱང་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིད་པ་དེ་དག་ཀྱང་རྙེད་པ་ལེགས་པར་རྙེད་པ་ལགས་སོ། །དེ་ནས་སྒྱུ་མ་མཁན་བཟང་པོ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དེར་སོང་སྟེ། དེ་ཉིད་ཀྱི་ ནུབ་མོ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་ཕྱོགས་གང་ན་གྲོང་ཁྱེར་ཐམས་ཅད་ཀྱི་བཙོག་དགུ་དང་། མི་མཐུན་པ་ཐམས་ཅད་འབབ་པ་དང་འབྱུང་བའི་ས་ཕྱོགས་དེར་འཁོར་གྱི་ཁྱམས་ཆེན་པོ་དར་གྱི་ལྡ་ལྡི་དང་། གདུགས་ དང་། རྒྱལ་མཚན་དང་། བ་དན་བསྒྲེང་བས་བརྒྱན་པ། གཞི་ལག་མཐིལ་ལྟར་མཉམ་པ། མེ་ཏོག་བཀྲམ་པ། སྤོས་བཟང་པོ་མཆོག་གིས་བདུགས་པ། སྟེང་དུ་བླ་རེ་བྲེས་པ་ཞིག་མངོན་པར་སྤྲུལ་ཏོ། ། འཁོར་གྱི་ཁྱམས་དེའི་ནང་དུ་ཡང་རིན་པོ་ཆེའི་ཤིང་ལྗོན་པ་མེ་ཏོག་དང་འབྲས་བུར་བཅས་ པ་བརྒྱད་སྟོང་མངོན་པར་སྤྲུལ་ཏོ། །རིན་པོ་ཆེའི་ཤིང་ལྗོན་པ་ཐམས་ཅད་ཀྱི་དྲུང་དུ་ཡང་སེང་གེའི་ཁྲི་རས་བཅོས་བུ་དུ་མས་གཡོགས་པ་རིན་པོ་ཆེའི་བ་དན་ཐམས་ཅད་ཀྱིས་བརྒྱན་པ་མངོན་པར་སྤྲུལ་ཏོ། །སེང་གེའི་ཁྲིའི་ གཡས་གཡོན་དུ་ཡང་རིན་པོ་ཆེའི་ཤིང་ལྗོན་པ་མེ་ཏོག་དང་འབྲས་བུར་བཅས་པ་བཞི་བཞི་མངོན་པར་སྤྲུལ་ཏོ། །བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་ལོངས་སྤྱད་པར་བྱ་བའི་ཞལ་ཟས 82-1-24a རོ་བརྒྱ་དང་ལྡན་པ་ཡང་མངོན་པར་སྤྲུལ་ཏོ། །རིམ་གྲོ་བྱེད་པ་གོས་དཀར་པོ་བགོས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལྔ་བརྒྱ་ཡང་མངོན་པར་སྤྲུལ་ཏོ། །སྒྱུ་མ་མཁན་བཟང་པོས་བཀོད་པ་དེ་ལྟ་བུ་སྤྲུལ་མ་ཐག་ཏུ་དེ་ནས་ དེའི་མོད་ལ་རྒྱལ་པོ་ཆེན་པོ་བཞི་ལུས་ཆེན་པོར་སྤྲུལ་ནས་སྒྱུ་མ་མཁན་བཟང་པོའི་འཁོར་གྱི་ཁྱམས་གྱི་བཀོད་པ་ག་ལ་བ་དེར་སོང་ནས་སྒྱུ་མ་མཁན་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཟང་པོ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་སང་གདུགས་ཚོད་ལ་སྤྱན་དྲངས་པ་དང་། ཁྱོད་ཀྱིས་དེ་བཞིན་གཤེགས་པས་ཡོངས་ སུ་ལོངས་སྤྱད་པར་བྱ་བའི་འཁོར་གྱི་ཁྱམས་ཀྱི་བཀོད་པ་འདི་ལྟ་བུ་འདི་མངོན་པར་སྤྲུལ་པ་ནི་རྙེད་པ་ལེགས་པར་རྙེད་དོ། །བཟང་པོ་གཞན་ཡང་ཁོ་བོ་ཅག་ཀྱང་དེ་བཞིན་གཤེགས་པ་ལ་མཆོད་པ་བྱ་བའི་ལས་བྱ་བ་ལ་བཅོམ་ལྡན་ འདས་ཀྱིས་ཡོངས་སུ་ལོངས་སྤྱད་པ་དང་། ཁྱོད་ལ་བསྟང་བའི་ཕྱིར་འཁོར་གྱི་ཁྱམས་ཀྱི་བཀོད་པ་འདི་ལྟ་བུ་གཉིས་པ་ཅུང་ཞིག་སྟོན་པར་བྱེད་ན་ཁོ་བོ་ཅག་ལ་གནང་བར་གྱིས་ཤིག །ད་ནས་སྒྱུ་མ་མཁན་བཟང་པོ་ཤིན་དུ་ངོ་མཚར་ དུ་གྱུར་ནས་རྒྱལ་པོ་ཆེན་པོ་བཞི་ལ་གནང་བ་དང་། དེ་ནས་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ཀྱིས་ཡོངས་སུ་ལོངས་སྤྱད་པར་བྱ་བའི་འཁོར་གྱི་ཁྱམས་དེ་ལྟ་བུ་ཞིག་མངོན་པར་སྤྲུལ་ཏོ། །དེ་ནས་ཡང་ལྷ་རྣམས་ཀྱི་དབང་པོ་བརྒྱ་ བྱིན་ལྷའི་བུ་སུམ་ཁྲི་དང་ལྷན་ཅིག་བཟང་པོའི་འཁོར་གྱི་ཁྱམས་ཀྱི་བཀོད་པ་ག་ལ་བ་དེར་སོང་ནས་སྒྱུ་མ་མཁན་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཟང་པོ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་སང་གདུགས་ཚོད་ལ་སྤྱན་ དྲངས་པ་དང་། དེ་བཞིན་གཤེགས་པས་ཡོངས་སུ་ལོངས་སྤྱད་པར་བྱ་བའི་འཁོར་གྱི་ཁྱམས་ཀྱི་བཀོད་པ་འདི་ལྟ་བུ་འདི་མངོན་པར་སྤྲུལ་པ་ནི་རྙེད་པ་ལེགས་པར་རྙེད་དོ། །བཟང་པོ་ཁོ་བོ་ཅག་ཀྱང་། དེ་བཞིན་གཤེགས་ པ་ལ་མཆོད་པའི་ལས་བྱ་ཞིང་བཅོམ་ལྡན་འདས་ཀྱིས་ཡོངས་སུ་ལོངས་སྤྱད་པ་དང་། ཁྱོད་ལ་བསྟང་བའི་ཕྱིར་འཁོར་གྱི་ཁྱམས་ཀྱི་བཀོད་པ་འདི་ལྟ་བུ་གཉིས་པ་ཅུང་ཞིག་སྟོན་པར་བྱེད་ན་ཁོ་བོ་ཅག་ལ་གནང་བར་གྱིས་ 82-1-24b ཤིག །དེ་ནས་སྒྱུ་མ་མཁན་བཟང་པོ་ཤིན་དུ་ངོ་མཚར་དུ་གྱུར་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་གནང་བ་དང་། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ཀྱིས་ཡོངས་སུ་ལོངས་སྤྱད་པར་བྱ་བ་སུམ་བཅུ་ རྩ་གསུམ་པའི་ལྷ་རྣམས་ཀྱི་ཁང་བཟངས་རྣམ་པར་རྒྱལ་བ་དང་། ཡོངས་འདུ་ས་བརྟོལ་བས་ཆེས་ཁྱད་པར་དུ་འཕགས་པའི་འཁོར་གྱི་ཁྱམས་ཞིག་མངོན་པར་སྤྲུལ་ཏེ། འཁོར་གྱི་ཁྱམས་དེས་སྒྱུ་མ་མཁན་བཟང་པོའི་བཀོད་པ་དང་། རྒྱལ་པོ་ཆེན་པོ་བཞིའི་བཀོད་པ་ཡང་མོག་མོག་པོར་བྱས་པར་གྱུར་ཏོ། །དེ་ནས་སྒྱུ་མ་མཁན་བཟང་པོ་འདི་སྙམ་དུ་སེམས་ཏེ། ལྷའི་བུ་འདི་ལྟ་བུ་འདི་དག་ཀྱང་བཅོམ་ལྡན་འདས་ལ་རིམ་གྲོ་བྱ་བ་དང་། མཆོད་པའི་ལས་བྱ་བའི་ ཕྱིར་མངོན་པར་བརྩོན་ཏེ་ལྷགས་པ་དང་སྦྱར་ན། སེམས་ཅན་འདི་ནི་ཐ་མལ་པ་མ་ཡིན་པས་བདག་གིས་སེམས་ཅན་མཆོག་དེ་ལྟ་བུ་ལ་མཐོ་བརྩམས་པར་གྱུར་ན་མི་རུང་གིས་བྱ་བ་འདི་ལྟ་བུ་འདི་དག་དོར་གོར་མ་ཆག་སྙམ་མོ། །དེ་ནས་ སྒྱུ་མ་མཁན་བཟང་པོ་སྤྲུལ་པའི་བྱ་བ་དེ་དག་འདོར་བར་བྱེད། དེ་དག་མེད་པར་བྱེད་དེ། གསང་སྔགས་དང་རིག་སྔགས་ཀྱི་སྟོབས་བསྐྱེད་པ་ཐམས་ཅད་ཀྱིས་མེད་པར་བྱེད་ཅིང་མི་སྣང་བར་བྱ་བར་བརྩལ་ཀྱང་ཞལ་ཟས་དང་། རིམ་ གྲོ་དང་། འཁོར་གྱི་ཁྱམས་ཀྱི་བཀོད་པ་དང་། སེང་གེའི་ཁྲི་ཡང་དེ་ཁོ་ན་བཞིན་དུ་སྣང་སྟེ། གསང་སྔགས་དང་། རིག་སྔགས་ཀྱི་སྟོབས་བསྐྱེད་པ་ཐམས་ཅད་ཀྱིས་མེད་པར་བྱ་མ་ནུས་པ་དང་། དེ་ཤིན་དུ་ངོ་མཚར་དུ་གྱུར་ ནས་འདི་སྙམ་དུ་སེམས་ཏེ། བདག་སྔོན་ཆད་ནི་འདོད་ན་སྒྱུ་མ་སྟོན་པར་ཡང་བྱེད། འདོད་ན་སྒྱུ་མ་མེད་པར་ཡང་བྱེད་ན། ད་ནི་དེ་བཞིན་གཤེགས་པའི་ཆེད་དུ་གནས་ཀྱི་བཀོད་པ་བྱས་པ་མེད་པར་བྱེད་མ་ནུས་སོ་སྙམ་ མོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་སྒྱུ་མ་མཁན་བཟང་པོའི་སེམས་ཀྱི་རྣམ་པར་རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་ནས་སྒྱུ་མ་མཁན་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཟང་པོ་ཇི་ལྟར་ཁྱོད་ཀྱིས་ 82-1-25a དེ་བཞིན་གཤེགས་པའི་ཕྱིར་གནས་ཀྱི་བཀོད་པ་བྱས་པ་འདི་མེད་པར་བྱ་མི་ནུས་པ་དེ་བཞིན་དུ་བཟང་པོ་གང་དག་དེ་བཞིན་གཤེགས་པ་ལ་སེམས་བསྐྱེད་པ་འགའ་ཙམ་ཐོབ་པ་དེ་དག་གི་སེམས་བསྐྱེད་པ་ དེ་ཡང་མེད་པར་མི་འགྱུར་ཏེ། དེ་དག་གི་དེ་ནི་ཡོངས་སུ་མྱ་ངན་ལས་འདས་པའི་བར་གྱི་རྒྱུར་འགྱུར་རོ། །དེ་ནས་སྒྱུ་མ་མཁན་བཟང་པོ་དགའ་མགུ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་ཡིད་བདེ་བར་གྱུར་ནས་དེ་ཉིད་ཀྱི་མཚན་མོ་ འདས་པ་དང་། བཅོམ་ལྡན་འདས་ལ་གདུགས་ཚོད་ལ་བབ་པ་སྐུལ་བར་བྱེད་དོ། །བཅོམ་ལྡན་འདས་གདུགས་ཚོད་ལགས་པའི་དུས་དང་ཚོད་ལ་བབ་ན་ད་གདུགས་ཚོད་ལ་བབ་པར་དགོངས་སུ་གསོལ་ཞེས་གསོལ་ཏོ། །དེ་ ནས་བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚེ་ཤམ་ཐབས་མནབས། ཆོས་གོས་གསོལ། ལྷུང་བཟེད་ཐོགས་ཏེ། དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཅིང་དགེ་སློང་གི་དགེ་འདུན་གྱི་དང་ལ་གཤེགས་ཏེ། རྒྱལ་ པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་གཤེགས་ནས། སྒྱུ་མ་མཁན་བཟང་པོའི་འཁོར་གྱི་ཁྱམས་ག་ལ་བ་དེར་གཤེགས་ཏེ། གང་གིས་ན་སྒྱུ་མ་མཁན་བཟང་པོ་ཡང་དེ་བཞིན་གཤེགས་པ་ནི་བདག་གིས་སྤྲུལ་པའི་བཀོད་པ་ན་ བཞུགས་སོ་སྙམ་དུ་ཤེས། རྒྱལ་པོ་ཆེན་པོ་བཞི་ཡང་དེ་བཞིན་གཤེགས་པ་ནི་བདག་ཅག་གིས་སྤྲུལ་པའི་བཀོད་པ་ན་བཞུགས་སོ་སྙམ་དུ་ཤེས། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཡང་དེ་བཞིན་གཤེགས་པ་ནི་བདག་གིས་སྤྲུལ་ པའི་བཀོད་པ་ན་བཞུགས་སོ་སྙམ་དུ་ཤེས་པར་འགྱུར་བ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ་མཛད་དོ། །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་དེ་ན་གཞན་མུ་སྟེགས་ཅན་དང་། སྤྱོད་པ་པ་དང་། ཀུན་དུ་རྒྱུ་དང་ བྲམ་ཟེ་དང་། ཁྱིམ་བདག་གང་དག་གིས་ཐོས་པ་དེ་དག་ནི་ངོ་མཚར་དུ་གྱུར་ནས་འཁོར་གྱི་ཁྱམས་དེར་དོང་སྟེ། དེ་རིང་དགེ་སྦྱོང་གཽ་ཏ་མ་ལ་མཐོ་འཚམ་པ་བལྟ་བར་བྱའོ་སྙམ་མོ། །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་དེ་ན་དད་ 82-1-25b པའི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་གང་དག་འཁོད་པ་དེ་དག་ནི་འཁོར་གྱི་དཀྱིལ་འཁོར་དེར་དོང་ནས་དེ་རིང་དེ་བཞིན་གཤེགས་པ་ལ་བགམ་པ་ཡང་མཉན་པར་བྱ། ཆོ་འཕྲུལ་ཆེན་པོ་ཡང་བལྟ་ བར་བྱའོ་སྙམ་མོ། །དེ་ནས་སྒྱུ་མ་མཁན་བཟང་པོས་ང་རྒྱལ་དང་། རྒྱགས་པ་དང་། ཁེངས་པ་ངེས་པར་བཅོམ་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་རྣམ་པར་མཐོ་འཚམ་པའི་བསམ་པ་ཆེན་པོས་དེ་བཞིན་གཤེགས་པ་འདིར་གཤེགས་སུ་གསོལ་བ་གང་ལགས་པའི་ནོངས་པ་འཆགས་སོ། །བཅོམ་ལྡན་འདས་གཞན་ཡང་ཞལ་ཟས་སྤྲུལ་པ་དང་། རིམ་གྲོ་བགྱིད་པ་སྤྲུལ་པ་དང་། སེང་གེའི་ཁྲི་སྤྲུལ་པ་དང་། འཁོར་གྱི་ཁྱམས་སྤྲུལ་པ་དེ་ལ་བདག་འདི་སྙམ་དུ་སེམས་ཅན་མཆོག་དེ་ལྟ་བུ་དེ་ལ་བསླུས་པར་གྱུར་ན་མི་རུང་གིས་བྱ་བ་འདི་མ་མཆིས་པར་བགྱི་སྙམ་སྟེ་ཤིན་དུ་ སྤངས་ཀྱང་མ་མཆིས་པར་མ་བཏུབ། གསང་སྔགས་དང་། རིག་སྔགས་ཀྱི་སྟོབས་བསྐྱེད་པ་ཐམས་ཅད་ཀྱིས་ཀྱང་མ་མཆིས་པར་བགྱི་རྔོ་མ་ཐོག་ནས་ཞལ་ཟས་དང་། རིམ་གྲོ་བགྱིད་པ་དང་། སེང་གེའི་ཁྲི་དང་། འཁོར་གྱི་ཁྱམས་ཀྱི་བཀོད་པ་ཡང་དེ་ཁོ་ན་བཞིན་དུ་གདའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་སྒྱུ་མ་མཁན་བཟང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཟང་པོ་སེམས་ཅན་ཐམས་ ཅད་ཀྱི་ཉེ་བར་སྤྱད་པ་དང་། ཡོངས་སུ་སྤྱད་པ་ཡང་འདི་ལྟ་སྟེ། ལས་ཀྱི་སྒྱུ་མས་སྤྲུལ་པ་ཡིན་ནོ། །བཟང་པོ་དགེ་སློང་གི་དགེ་འདུན་འདི་ཡང་འདི་ལྟ་སྟེ། ཆོས་ཀྱི་སྒྱུ་མས་སྤྲུལ་པ་ཡིན་ནོ། །བཟང་པོ་ང་ ཡང་འདི་ལྟ་སྟེ། ཡེ་ཤེས་ཀྱི་སྒྱུ་མས་སྤྲུལ་པ་ཡིན་ནོ། །བཟང་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་འདི་ལྟ་སྟེ། སྣ་ཚོགས་མངོན་པར་འགྲུབ་པར་བྱེད་པའི་སྒྱུ་མས་སྤྲུལ་པ་ཡིན་ནོ། །བཟང་ 82-1-26a པོ་ཆོས་ཐམས་ཅད་ཀྱང་འདི་ལྟ་སྟེ། རྐྱེན་ཚོགས་པའི་སྒྱུ་མས་སྤྲུལ་པ་ཡིན་ནོ། །བཟང་པོ་འོན་ཀྱང་ང་དེའི་དུས་ལ་བབ་པར་ཤེས་ན་ཇི་ལྟར་སྤྲུལ་པའི་བཟའ་བ་དང་། བཅའ་བ་དང་། མྱང་བ་དང་། བལྡག་པ་དག་ཁྱོད་ཀྱིས་ཕུལ་ཅིག །དེ་ནས་སྒྱུ་མ་མཁན་བཟང་པོ་སྤྲུལ་པའི་རིམ་གྲོ་པ་དེ་དག་དང་། རྒྱལ་པོ་ཆེན་པོ་བཞི་དག་དང་། ལྷའི་དབང་པོ་བརྒྱ་བྱིན་འཁོར་དང་བཅས་པ་དང་ལྷན་ཅིག་སྤྲུལ་པའི་བཟའ་བ་དང་། བཅའ་བ་དང་། མྱང་བ་དང་། བལྡག་པ་དེས་བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་ཡང་དག་པར་ཚིམ་པར་བྱེད་དོ། །དེ་ནས་དེའི་ཚེ་གནས་བརྟན་འོད་སྲུང་ཆེན་པོས་ཚིགས་སུ་བཅད་པ་འདི་སྨྲས་སོ། །སྦྱིན་ པ་འདི་ནི་ཅི་འདྲ་དང་། །ལེན་པར་བྱེད་པ་ཅི་འདྲ་བ། །དེ་འདྲའི་ཆོས་ཉིད་ཐོབ་འགྱུར་བར། །ཡོན་ནི་རྣམ་པར་སྦྱོང་གྱུར་ཅིག །མཽད་གལ་གྱི་བུ་ཆེན་པོས་སྨྲས་པ། །གདན་ནི་ཇི་ལྟར་བཤམས་པ་དང་། །དེ་ལ་གང་དག་ བཞུགས་པ་རྣམས། །མི་མཉམ་མ་མཆིས་མཚུངས་པ་སྟེ། །མཆོད་སྦྱིན་དགེ་བ་བླ་ན་མེད། །ཤཱ་རིའི་བུས་སྨྲས་པ། རིམ་གྲོ་བྱེད་པའི་སེམས་གང་དང་། །ལེན་པར་བྱེད་པའི་སེམས་གང་དང་། །སྦྱིན་པར་བྱེད་པ་ཇི་ ལྟ་བར། །ཡོན་ནི་མྱུར་དུ་སྦྱོང་བར་ཤོག །རབ་འབྱོར་ཀྱིས་སྨྲས་པ། གཏོང་མེད་སྦྱིན་པ་འདི་བཏང་བ། །ལེན་པ་མེད་པ་རྣམས་ཀྱིས་བླངས། །གང་དག་འདིར་ནི་གཤེགས་པ་རྣམས། །དེ་དག་ཡོན་སྦྱོང་བྱེད་པ་ ཡིན། །ཀུན་དགའ་བོས་སྨྲས་པ། འདི་ནི་ནམ་མཁའི་སྦྱིན་པ་སྟེ། བསམ་གྱིས་མི་ཁྱབ་རྣམས་ཀྱིས་སྤྱད། །གང་དག་སེམས་ལུས་གྲོལ་བ་དེ། །འཇིག་རྟེན་དག་ན་ཡོན་སྦྱོང་མཆོག །བྱང་ཆུབ་སེམས་དཔའ་ འོད་ཏོག་གིས་སྨྲས་པ། ཇི་ལྟ་བུར་ན་སྒྱུ་མའི་མཁན། །བཟང་པོས་བཀོད་པ་སྤྲུལ་བྱས་པ། །དངོས་ཀུན་དེ་དང་འདྲ་བ་སྟེ། །བྱིས་པས་དེ་ནི་མི་རྟོགས་སོ། །བྱང་ཆུབ་སེམས་དཔའ་འོད་བཀོད་པས་སྨྲས་པ། 82-1-26b ཇི་ལྟར་གདན་དང་ལྗོན་ཤིང་དག །དུ་མ་མངོན་པར་སྤྲུལ་བྱས་པ། །ཡིད་ཀྱི་སྒྱུ་མ་ལྟ་བུར་སྟོང་། །འདི་ལ་ཁྱད་པར་འགའ་ཡང་མེད། །བྱང་ཆུབ་སེམས་དཔའ་སེང་གེའི་སྒྲས་སྨྲས་པ། སེང་གེའི་སྒྲ་ནི་མ་ཐོས་ན། ། ཝ་ནི་ནགས་ཚལ་ནང་ན་སྒྲོགས། །དེ་ཡིས་སེང་གེའི་སྒྲ་ཐོས་ནས། །ཕྱོགས་བཅུ་དག་ཏུ་འབྲོས་པར་འགྱུར། །དེ་བཞིན་སྒྱུ་མཁན་བཟང་པོ་ཡང་། །དེ་བཞིན་གཤེགས་པ་མ་མཐོང་ན། །མུ་སྟེགས་ནང་དུ་རྒྱལ་བ་ བས། །བདག་ཉིད་མཆོག་ཅེས་སྒྲོགས་པར་བྱེད། །བཟང་པོ་དེ་བཞིན་གཤེགས་པ་ཡི། །སྒྱུ་མས་སྒྱུ་མར་རྟོགས་བྱེད་པ། །ཚད་མར་གྱུར་བ་གསུངས་ནས་ནི། །དེ་ལ་བདུད་ཀྱི་གཏིང་མི་དཔོགས། །བྱང་ཆུབ་སེམས་ དཔའ་སེང་གེའི་བློ་གྲོས་ཀྱིས་སྨྲས་པ། ཞལ་ཟས་འདི་ནི་སྤྲུལ་པ་སྟེ། །བསྙེན་བཀུར་བྱེད་པའང་སྤྲུལ་པ་ཡིན། །སྤྱོད་པར་བྱེད་པའང་སྤྲུལ་པ་སྟེ། །སྦྱིན་པ་དགེ་བ་བླ་ན་མེད། །བྱང་ཆུབ་སེམས་དཔའ་བྱམས་པས་ སྨྲས་པ། །མེ་ནི་མར་དང་ཏིལ་མར་གྱིས། །ཕྱི་ཕྱིར་ཞིང་ནི་རབ་ཏུ་མཆེད། །དེ་བཞིན་བཟང་པོའི་སྒྱུ་མ་ཡིས། །སངས་རྒྱས་སྒྱུ་མ་ངེས་པར་བསྟན། །འཇམ་དཔལ་གཞོན་ནུར་གྱུར་བས་སྨྲས་པ། །ཇི་ལྟར་འདི་ནི་ སྔོན་གནས་པ། །ཐམས་ཅད་བྱེད་པ་མེད་པ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ནི། །སྔོན་གྱི་མཐའ་ནས་རྟག་ཏུ་མཉམ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྒྱུ་མ་མཁན་བཟང་པོ་ཤིན་དུ་གདུལ་བའི་ དབང་དུ་མཛད་ནས་ཁྱིམ་བདག་ཅིག་སྤྲུལ་ཏེ། འཁོར་གྱི་ཁྱམས་དེའི་ནང་དུ་ཞུགས་ནས་སྒྱུ་མ་མཁན་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཟང་པོ་ཅི་བྱེད། སྨྲས་པ། དགེ་སྦྱོང་གཽ་ཏ་མ་འདི་གདུགས་ཚོད་གསོལ་ བར་བྱེད་དོ། །དེས་སྨྲས་པ། བཟང་པོ་ཐོང་དེ་སྐད་མ་ཟེར་དེ་བཞིན་གཤེགས་པ་དེ་ནི་དགེ་སློང་གི་དེ་འདུན་དང་ཐབས་གཅིག་ཏུ་རྒྱལ་པོ་མ་སྐྱེས་དགྲའི་ཁབ་ན་གདུགས་ཚོད་གསོལ་ཞིང་བཞུགས་སོ། །སྒྱུ་ 82-1-27a མ་མཁན་བཟང་པོས་ཀྱང་སངས་རྒྱས་ཀྱི་མཐུས་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་ཐབས་གཅིག་ཏུ་རྒྱལ་པོ་མ་སྐྱེས་དགྲའི་ཁབ་ན་གདུགས་ཚོད་གསོལ་བར་མཐོང་ངོ་། །དེ་ནས་ ཡང་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་གཉིས་པ་ཞིག་མངོན་པར་སྤྲུལ་ནས་དེ་ནང་དུ་ཞུགས་ཏེ། སྒྱུ་མ་མཁན་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཟང་པོ་ཅི་བྱེད། སྨྲས་པ། དགེ་སྦྱོང་གཽ་ཏ་མ་འདི་གདུགས་ཚོད་གསོལ་བ་བྱེད་ དོ། །དེས་སྨྲས་པ། ཐོད་དེ་སྐད་མ་ཟེར་དེ་བཞིན་གཤེགས་པ་དེ་ནི་དགེ་སློང་གི་དགེ་འདུན་དང་ཐབས་གཅིག་ཏུ་ཀུན་དུ་རྒྱུའི་སྲང་ན་བསོད་སྙོམས་ཀྱི་ཕྱིར་རྒྱུ་ཞིང་བཞུགས་སོ། །སྒྱུ་མ་མཁན་བཟང་པོས་ཀྱང་སངས་རྒྱས་ཀྱི་ མཐུས་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་ཐབས་གཅིག་ཏུ་ཀུན་དུ་རྒྱུའི་སྲང་ན་བསོད་སྙོམས་ཀྱི་ཕྱིར་རྒྱུ་བར་མཐོང་ངོ་། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་གཞན་ཞིག་སྤྲུལ་ཏེ། དེ་ནང་དུ་ ཞུགས་ནས་སྒྱུ་མ་མཁན་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཟང་པོ་ཅི་བྱེད། སྨྲས་པ། དེ་བཞིན་གཤེགས་པ་ནི་གདུགས་ཚོད་གསོལ་བར་བྱེད་དོ། །དེས་སྨྲས་པ། བཟང་པོ་ཐོད་དེ་སྐད་མ་ཟེར་དེ་བཞིན་གཤེགས་ པ་དེ་ནི་འཚོ་བྱེད་ཀྱི་བསྐྱེད་མོས་ཚལ་ན་འཁོར་བཞི་ལ་ཆོས་སྟོན་ཅིང་བཞུགས་སོ། །སྒྱུ་མ་མཁན་བཟང་པོས་ཀྱང་སངས་རྒྱས་ཀྱི་མཐུས་དེ་བཞིན་གཤེགས་པ་འཚོ་བྱེད་ཀྱི་བསྐྱེད་མོས་ཚལ་ན་འཁོར་བཞི་ལ་ཆོས་སྟོན་ པར་མཐོང་ངོ་། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་སྒྱུ་མ་མཁན་བཟང་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་སྒྱུ་མ་མཁན་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཟང་པོ་ཅི་བྱེད། སྨྲས་པ། དགེ་སྦྱོང་གཽ་ཏ་མ་འདི་གདུགས་ ཚོད་གསོལ་བར་བྱེད་དོ། །དེས་སྨྲས་པ། བཟང་པོ་ཐོད་དེ་སྐད་མ་ཟེར་དེ་བཞིན་གཤེགས་པ་དེ་ནི་སུམ་བཅུ་རྩ་གསུམ་པའི་གནས་ན་ཤིང་ཡོངས་འདུའི་དྲུང་ན་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ལ་ཆོས་སྟོན་ཅིང་ 82-1-27b བཞུགས་སོ། །བཟང་པོས་ཀྱང་དེ་བཞིན་གཤེགས་པ་སུམ་བཅུ་རྩ་གསུམ་པའི་གནས་ན་ཤིང་ཡོངས་འདུའི་དྲུང་ན་ཆོས་སྟོན་པར་མཐོང་ངོ་། །དེ་ནས་སྒྱུ་མ་མཁན་བཟང་པོས་ཤིང་ལྗོན་པ་སྤྲུལ་པ་ཇི་སྙེད་པ་དེ་ཐམས་ཅད་ ཀྱི་ལོ་མ་ཐམས་ཅད་དང་། མེ་ཏོག་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྐུ་མཚན་གྱིས་བརྒྱན་པ། དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་བ་མཐོང་ངོ་། །སྒྱུ་མ་མཁན་བཟང་པོས་སེང་གེའི་ཁྲི་སྤྲུལ་པ་གང་དག་ ཡིན་པ་དང་། རྒྱལ་པོ་ཆེན་པོ་བཞིས་སེང་གེའི་ཁྲི་སྤྲུལ་པ་གང་དག་ཡིན་པ་དེ་དག་ཐམས་ཅད་ལ་ཡང་དེ་བཞིན་གཤེགས་པའི་སྐུ་མཚན་གྱིས་བརྒྱན་པ། དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་བ་མཐོང་ངོ་། །རྒྱལ་ པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན་རྩིག་པའམ། ཁྱིམ་འམ། ཁང་བཟངས་སམ། སྲང་ངམ། ལམ་པོ་ཆེ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ན་ཡང་དེ་བཞིན་གཤེགས་པའི་སྐུ་མཚན་གྱིས་བརྒྱན་པ་མཐོང་ངོ་། །དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཐམས་ཅད་ཀྱི་སྤྱན་སྔ་ན་ཡང་སྒྱུ་མ་མཁན་བཟང་པོ་བདག་ཉིད་ཕྱག་འཚལ་ནས་ཉེས་པ་འཆགས་པར་མཐོང་ཞིང་། དེ་ནས་སྒྱུ་མ་མཁན་བཟང་ པོའི་མིག་ལམ་ན་གང་ཅུང་ཟད་ཅི་སྣང་བ་དེ་ཐམས་ཅད་དེ་བཞིན་གཤེགས་པ་མ་གཏོགས་པ་གཞན་ཅུང་ཟད་ཀྱང་མ་མཐོང་ནས་དེ་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བར་གྱུར་ཏོ། །དེ་ དགའ་བ་དང་ཡིད་བདེ་བ་དེ་ཉིད་ཀྱིས་དད་པ་རྗེས་སུ་དྲན་པའི་ཏིང་ངེ་འཛིན་ཐོབ་བོ། །དེ་ཏིང་ངེ་འཛིན་དེ་ལས་ལངས་མ་ཐག་ཏུ་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས་ཚིགས་སུ་བཅད་པ་འདི་དག་ གསོལ་ཏོ། །བཞེད་ན་བརྒྱ་ཕྲག་སྟོང་ལས་ལྷག་གྱུར་ཅིང་། །དཔེར་ན་གང་གཱའི་ཀླུང་གི་བྱེ་སྙེད་ཀྱི། །སངས་རྒྱས་མང་པོ་སྤྲུལ་པར་མཛད་པ་ཡི། །དེ་བཞིན་གཤེགས་པའི་རྫུ་འཕྲུལ་དེ་ལ་མོས། །བདག་ 82-1-28a གིས་སྔོན་བསླབས་སྒྱུ་མའི་ས་མ་ལགས། །འཛམ་བུའི་གླིང་ན་བདག་འདྲ་མེད་སྙམ་ན། །དེ་རིང་རྒྱལ་བའི་རྫུ་འཕྲུལ་འདི་མཐོང་ནས། །འདི་ཡི་གྲངས་དང་ཆར་ཡང་མ་ཕོད་དོ། །བདག་གི་ཤ་ཡི་མིག་གིས་ གང་མཐོང་བ། །ཐམས་ཅད་རྒྱལ་བའི་མཚན་གྱིས་བརྒྱན་པའི་སྐུ། །ཆོས་ཀྱི་རྒྱལ་པོ་ལ་ནི་འདི་དག་ཞུས། །རྒྱལ་བ་ཡང་དག་གང་ལགས་བཀའ་སྩོལ་ཅིག །གང་ཞིག་མཆོད་ན་ལེགས་པར་མཆོད་པ་ལགས། །གང་ལ་ འབྲས་བུ་ཆེན་པོར་འགྱུར་བ་ལགས། །གང་གི་བྱང་ཆུབ་འཐུན་པར་གཟུང་བ་འདི། །ཀུན་དུ་སྤྱན་གྱིས་བདག་ལ་བཀའ་སྩོལ་ཅིག །དེ་རིང་འཇིག་རྟེན་མགོན་བགམ་བགྱིས་པ་ཡི། །ནོངས་པ་གང་ལགས་དེ་འདིར་ཀུན་དུ་འཆགས། ། གང་དག་སེམས་ཅན་མཆོག་ལ་གུས་མི་གནས། །སེམས་ཅན་དེ་དག་རྒྱལ་བའི་བདེ་ལས་ཉམས། །བདག་ལ་ལྷ་དང་བརྒྱ་བྱིན་ཚངས་པ་དང་། །འཁོར་འདུས་གྱུར་བ་འདི་དག་ཀུན་གསོན་ཅིག །སེམས་ཅན་ཐམས་ཅད་རབ་ཏུ་ དགྲོལ་སླད་དུ། །བྱང་ཆུབ་སེམས་ནི་བདག་གིས་བསྐྱེད་པར་བགྱི། །བདག་གིས་སེམས་ཅན་ཐམས་ཅད་འགྲོན་དུ་གཉེར། །བདུད་རྩི་བདེ་བས་ཡང་དག་ཚིམ་པར་བགྱི། །གཉིད་ཀྱིས་རབ་ལོག་སེམས་ཅན་ཤེས་རབ་ཀྱི། ། མཐུ་དང་སྒྲུབ་པས་རྣམ་པར་སད་པར་བགྱི། །རྣམ་པར་འཕྲུལ་བ་འདི་འདྲ་མཐོང་གྱུར་ཅིང་། །བདེ་བར་གཤེགས་བཀའ་ཡིད་འོང་ཡེ་ཤེས་དང་། །ཆགས་པ་མེད་པའི་སྤྱོད་མཆོག་ཐོས་ནས་ནི། །སུ་ཞིག་དག་པའི་རྒྱུ་སེམས་ བསྐྱེད་མི་བགྱིད། །བྱང་ཆུབ་སེམས་མཁས་ཇི་ལྟར་སྤྱོད་པ་ཡི། །བྱང་ཆུབ་ལམ་ནི་བདག་ལ་བཤད་དུ་གསོལ། །གང་ལ་ཉན་ཐོས་རྣམས་ཀྱིས་མི་དཔོགས་པའི། །དེ་དག་རྣམས་ཀྱི་སྤྱོད་པ་ཇི་ལྟ་བུ། །མཉན་པར་འདོད་ ལ་གུས་པ་ཇི་ལྟ་བུ། །དེས་པ་རྣམས་ཀྱི་སྤྱོད་ལམ་ཅི་འདྲ་བ། །བདག་ལ་ཐེ་ཙོམ་མ་མཆིས་དེ་བཞིན་གསུངས། །ཇི་ལྟར་ཐོས་པ་ཚོལ་ལ་གོམས་པ་ལགས། །ཐོས་པ་སྙིང་པོར་བགྱིད་པའི་དང་པོ་གང་། །གཞན་ལ་ 82-1-28b གསལ་བར་སྟོན་པ་ཇི་ལྟ་བུ། །སྲོག་ཆགས་ཐམས་ཅད་ཇི་ལྟར་ཆོས་ལ་དད། །ཇི་ལྟར་འདི་དག་ཤེས་ཀྱི་ཁེ་མི་ཚོལ། །ཟང་ཟིང་མེད་པའི་སེམས་ལ་ཇི་ལྟར་གནས། །བྱས་པ་ཤེས་ཤིང་རབ་ཏུ་ཕན་འདོགས་དང་། །སེམས་ཅན་ མི་ཕྱེད་གནས་པར་ཇི་ལྟར་འགྱུར། །གྲོགས་པོ་གང་དག་བསྟེན་བགྱི་ཇི་ལྟ་བུ། །སྡིག་པའི་གྲོགས་རྣམས་ཇི་ལྟར་རྣམ་པར་སྤོང་། །ཇི་ལྟར་སངས་རྒྱས་རྣམས་དང་ཕྲད་པར་འགྱུར། །དེ་དག་མཐོང་ནས་ཇི་ལྟར་མཆོད་པར་བགྱི། །ཇི་ ལྟར་བསླབ་པ་དག་ལ་གུས་པ་ལགས། །དེ་ཡི་བསླབ་པ་བཅའ་བ་གང་ཞིག་ལགས། །ཚུལ་ཁྲིམས་ཇི་ལྟར་རྣམ་པར་དག་པར་འགྱུར། །ཏིང་འཛིན་རྣམ་པར་དག་པ་ཇི་ལྟར་འཐོབ། །ཇི་ལྟར་ཚུལ་བཞིན་རབ་ཏུ་སྦྱོར་བ་ ལགས། །ཚུལ་བཞིན་མ་ལགས་ཇི་ལྟར་སྤོང་བ་ལགས། །ཇི་ལྟར་ཤིན་དུ་ངེས་པར་བསམས་ཡིད་དང་། །ཉོན་མོངས་བདུད་ཀྱི་འཆིང་བས་མི་ཐུབ་ལགས། །ཇི་ལྟར་དད་ལྡན་དོན་ནི་སེམས་བགྱིད་ཅིང་། །སེམས་ཀྱིས་ སེམས་ཅན་རྣམས་ནི་མི་གཏོང་ལགས། །ཇི་ལྟར་སེམས་ཅན་ཡོངས་སུ་སྨིན་བགྱིད་ཅིང་། །ནོར་མཆོག་འཛིན་པ་མེད་ལ་དཔའ་བ་ལགས། །ཇི་ལྟར་སེམས་ཅན་སྤྱོད་ལ་འཇུག་པ་དང་། །ཐབས་དང་བྱམས་པའི་སྙིང་རྗེ་གནས་ པ་ལགས། །མངོན་པར་ཤེས་པ་ཇི་ལྟར་ཡོངས་རྫོགས་འགྱུར། །དྲན་དང་བློ་གྲོས་གང་གིས་རྣམ་དག་ཅིང་། །སོ་སོ་ཡང་དག་རིག་གཟུངས་བཟོད་པར་འགྱུར། །སྨོན་ལམ་རྣམ་དག་སྤྱོད་ལས་མི་ལྡོག་ཅིང་། །ཟབ་མོ་ཤེས་ ལྡན་དོན་དམ་མཁས་པ་ལགས། །སྨོན་ལམ་ཐམས་ཅད་ཇི་ལྟར་འགྲུབ་པར་འགྱུར། །ཇི་ལྟར་དེ་དག་ཕ་རོལ་ཕྱིན་འཕགས་ཤིང་། །དེ་བཞིན་བྱང་ཆུབ་རྗེས་སུ་འཐུན་པར་འགྱུར། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཀུན་ ཤེས་ཤིང་། །བྱང་ཆུབ་ཕྱིར་ནི་སྤྱོད་པ་མི་ལྡོག་པ། །ཀུན་མཁྱེན་ལེགས་པར་དོན་བསམས་ཤེས་རབ་མཚོ། །ཡེ་ཤེས་འབྱུང་གནས་འདི་ནི་བདག་ལ་གསུངས། །བཅོམ་ལྡན་ཕན་ཡོན་བདག་ལ་བསྟན་དུ་གསོལ། ། 82-1-29a བདག་གིས་ནན་ཏན་སྙིང་པོར་བགྱི་བར་འཚལ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྒྱུ་མ་མཁན་བཟང་པོ་ལ་སླར་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཆོས་ཀུན་སྤྲུལ་བར་གང་གིས་ཤེས་པ་དེ། །སངས་རྒྱས་བྱེ་ བ་ཕྲག་སྟོང་སྤྲུལ་པར་བྱེད། །སྤྲུལ་པ་དེ་དག་ཞིང་རྣམས་བྱེ་བར་འགྲོ། །དེ་དག་སོང་ནས་སེམས་ཅན་བྱེ་བ་འགྲེལ། །ཇི་ལྟར་བཟང་པོ་ཁྱོད་ཀྱིས་གཟུགས་མེད་ལས། །སྣ་ཚོགས་མཐའ་ཡས་གཟུགས་ནི་སྟོན་བྱེད་ཅིང་། །དེ་དག་ སྐྱེ་བ་མེད་ཅིང་འགག་མེད་ལ། །འགྲོ་མེད་འོང་མེད་གནས་པ་མེད་པ་ལྟར། །བཟང་པོ་སྐྱེས་བུ་ཁྱུ་མཆོག་རྒྱལ་བ་ཡིས། །ཕུང་པོ་དགེ་འདུན་ཚོགས་བཅས་སྤྲུལ་དེ་འདྲ། །དེ་དང་ཡེ་ཤེས་མེད་པར་མི་འགྱུར་ཏེ། །སངས་རྒྱས་ བསམ་ཡས་རྣམས་ཀྱི་རྫུ་འཕྲུལ་ཡིན། །ཇི་ལྟར་སྒྱུ་མས་རྨོངས་བྱས་སྐྱེ་བོ་ནི། །སེམས་ཅན་ཡོད་མིན་དེ་ལ་ང་རྒྱལ་མེད། །འདི་ལ་གྲུབ་པ་མེད་ཅིང་རྫས་ཡོད་མིན། །ཕྱིན་ཅི་ལོག་གི་སེམས་ཀྱིས་མཐོང་བ་ལྟར། །དེ་བཞིན་སངས་ རྒྱས་གཟུགས་མེད་ཁ་དོག་དང་། །དབྱིབས་མིན་སྤྱོད་པ་སྟོན་ཡང་སྤྱོད་ལམ་མེད། །འཇིག་ཚོགས་ལྟ་བས་ཀུན་ནས་བསླང་བ་ཡིན། །སངས་རྒྱས་སངས་རྒྱས་སྙམ་དུ་འདུ་ཤེས་ཤིང་། །སངས་རྒྱས་གཟུགས་སུ་མི་བལྟ་མཚན་ དང་ནི། །ན་ཚོད་རིགས་སུ་མ་ཡིན་སྒྲ་དང་ནི། །འཆང་བར་འགྱུར་བ་མ་ཡིན་སེམས་དང་ནི། །རྣམ་ཤེས་ཡིད་ཀྱིས་རབ་ཏུ་ཕྱེ་བ་མིན། །ཆོས་ཉིད་གང་ཡིན་སངས་རྒྱས་བཅོམ་ལྡན་འདས། །དུས་གསུམ་སྟོང་ཞིང་མཚན་ཡང་ མ་སྐྱེས་པ། །རྟག་ཏུ་སྒྱུ་མའི་རང་བཞིན་རྣམ་པར་གྲོལ། །དེ་ལ་བགྲང་བས་རབ་ཏུ་ཕྱེ་བ་མེད། །སངས་རྒྱས་འབྱུང་གང་ཆོས་ཉིད་འབྱུང་བ་མེད། །དེ་ལ་ཕུང་པོ་ཡོད་མིན་ཁམས་མི་འབྱུང་། །ཆོས་དེ་གནས་པ་མི་གཡོ་ སྟོན་པ་མེད། །དེ་ནི་མིག་ལྔའི་གནས་ཀྱང་མ་ཡིན་ནོ། །གང་ཞིག་བདག་གིས་སངས་རྒྱས་བལྟ་སྙམ་སེམས། །དེས་ནི་གཞར་ཡང་སངས་རྒྱས་མཐོང་མི་འགྱུར། །འདྲེན་པ་མཐོང་བ་མེད་པ་མཐོང་བ་སྟེ། ། 82-1-29b དཔེར་ན་ནམ་མཁའ་ལ་ནི་བྱ་རྗེས་བཞིན། །བཟང་པོ་གང་ཁྱོད་ཅུང་ཟད་སངས་རྒྱས་ལྟ། །དེ་ཀུན་དོན་གཅིག་ཡིན་པར་ཤེས་པར་གྱིས། །ང་དང་གཞན་གང་ཡིན་པ་དེ་ཀུན་མཚུངས། །བར་སྣང་མཐོང་དང་འདྲ་བར་མཉམ་པ་ཡིན། ། དེ་དག་ཏིང་འཛིན་མཉམ་ཞིང་ཤེས་རབ་མཉམ། །དེ་དག་རྣམ་པར་གྲོལ་བར་མཉམ་པ་ཡིན། །རྣམ་གྲོལ་ཡེ་ཤེས་མཐོང་དང་སྟོབས་དང་ནི། །རྒྱལ་བའི་ཡོན་ཏན་ཀུན་གྱིས་མཉམ་པ་ཡིན། །དེ་དག་སྟོང་དོན་གོ་འཕང་གནས་པར་ མཉམ། །ཐམས་ཅད་ཆགས་པ་མེད་པའི་ཆོས་ཉིད་གནས། །ཀུན་ཀྱང་སྒྱུ་མའི་རང་བཞིན་རྣམ་པར་གྲོལ། །དེ་དག་འབྱུང་བ་མེད་པར་འགྱུར་བ་ཡིན། །བཟང་པོ་རྒྱལ་བ་གཅིག་ལ་མཆོད་བྱེད་ན། །ཕྱོགས་བཅུའི་སངས་ རྒྱས་ལ་ནི་མཆོད་འགྱུར་ཏེ། །འདི་ལྟར་དེ་དག་ང་ཡི་ཆོས་དབྱིངས་དང་། །ཐ་དད་བྱ་བ་ནམ་ཡང་ཡོད་མ་ཡིན། །དེ་དག་ཐམས་ཅད་ཡོན་བཞེས་སྦྱོང་བར་མཛད། །ཀུན་ལ་ཕུལ་བའང་འབྲས་བུ་ཆེ་བར་འགྱུར། །དེ་ཀུན་ཆོས་ཉིད་ དག་པ་མཉམ་པ་བརྙེས། །སངས་རྒྱས་རྣམས་ལ་ཐ་དད་བྱ་བའང་མེད། །རྒྱལ་བ་ཡང་དག་གང་ཡིན་བཤད་བྱ་ཡིས། །རྩེ་གཅིག་སེམས་དང་དྲན་པ་ཉེར་གཞག་ཅིང་། །ཆོས་ཚུལ་རྟོགས་པ་རྣམ་པར་ལྟ་བས་དེ། །ལེགས་ པར་ངེས་བསམས་སེམས་ཀྱིས་ང་ལས་ཉོན། །བཟང་པོ་དེ་ཀུན་མ་བསྐྱེད་ཡང་དག་མིན། །ཕྱིན་ཅི་ལོག་གིས་དེ་ཀུན་མཐོང་བར་ཟད། །གལ་ཏེ་དངོས་པོའི་ངོ་བོ་ཡང་དག་ན། །དངོས་པོ་ཐམས་ཅད་དུ་ནི་ཟད་མི་འགྱུར། །དེ་ ཕྱིར་ཤིན་དུ་མ་སྐྱེས་ཡང་དག་མིན། །དེ་དག་སྐྱེ་མེད་ཟད་ལ་གནས་པ་མེད། །དེས་ན་བལྟར་མེད་ངོ་བོ་དེ་དག་སྣང་། །རྣམ་པར་བལྟས་ན་གནས་པ་ཡོད་མ་ཡིན། །ཇི་ལྟར་བཟང་པོས་རྒྱལ་བ་མཐོང་བ་དང་། །ཇི་ལྟར་ཕྱོགས་སུ་ མངོན་པར་སྤྲུལ་མཐོང་བ། །གང་དག་ཕུང་པོ་རྒྱ་ཆེན་རྟེན་སྟོབས་དང་། །ཕུང་པོ་ལྔ་པོའང་དེ་དང་འདྲ་བར་ལྟོས། །ཆོས་རྣམས་ཐམས་ཅད་རང་བཞིན་མེད་པ་སྟེ། །སེམས་ཅན་དང་ནི་སངས་རྒྱས་མཚན་ཉིད་མེད། །མཚན་ 82-1-30a ཉིད་མེད་ལ་མཚན་དུ་འདོད་པ་དེ། །སངས་རྒྱས་ལས་ནི་ཤིན་དུ་རིང་བར་འགྱུར། །ཆོས་ཡོད་མ་ཡིན་ཀུན་དུ་རྟོག་པས་བསླད། །དངོས་པོ་མེད་པར་ཡང་ནི་བརྟེན་ནས་ཤེས། །བྱེད་པ་མེད་ཅིང་བྱེད་པ་ པོ་ལས་འདས། །མིང་དུ་འཛིན་པས་སྟོང་པ་རབ་ཏུ་སྟོན། །གང་གིས་རྒྱུ་དང་བྱེད་པོ་རྐྱེན་མིན་ཤེས། །དེས་ནི་ཆགས་བྲལ་གྱུར་བའི་ཆོས་ཀྱང་ཤེས། །འདོད་ཆགས་བྲལ་བའི་ཆོས་ནི་ཤེས་གྱུར་ན། །དེས་ནི་རྣམ་ དག་མིག་གིས་སངས་རྒྱས་མཐོང་། །ཡང་དེའི་ཚེ་ཚིགས་སུ་བཅད་པ་དག་བརྗོད་དེ་བསྟན་པ་ན་སྒྱུ་མ་མཁན་བཟང་པོ་ཆོས་ལ་ངེས་པར་རྟོག་པ་དང་འཐུན་པའི་བཟོད་པ་ཆུང་ངུ་སྐྱེས་སོ། །སྲོག་ཆགས་ལྔ་སྟོང་ནི་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་སྔོན་མ་བསྐྱེད་པ་སྐྱེས་སོ། །བྱང་ཆུབ་སེམས་དཔའ་ཉིས་བརྒྱ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཞལ་ཟས་ སྤྲུལ་པ་དེ་གསོལ་ནས་སྒྱུ་མ་མཁན་བཟང་པོའི་ཡོན་ཡོངས་སུ་སྦྱང་བར་བྱ་བའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །གང་གིས་སྦྱིན་དང་གང་ལ་སྦྱིན། །སྦྱིན་པ་ཇི་ལྟར་མི་རྟོག་པ། །སྦྱིན་པ་མཉམ་ པ་དེ་ཉིད་ནི། །བཟང་པོ་ལ་ནི་ཡོངས་རྫོགས་ཤོག །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཁོར་གྱི་ཁྱམས་འདི་རྒྱན་གྱིས་བརྒྱན་བཞིན་དུ་དགུང་བདུན་དུ་ གནས་ཤིང་མི་གདའ་བར་མི་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། །དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་འཁོར་གྱིས་ཁྱམས་དེ་ཇི་ལྟར་རྒྱན་གྱིས་བརྒྱན་བཞིན་དུ་ཞག་བདུན་དུ་གནས་ཤིང་མི་སྣང་བར་མི་འགྱུར་བར་ བྱིན་གྱིས་བརླབ་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་ཏེ་གདན་ལས་བཞེངས་ནས་གཤེགས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ནང་དུ་ཡང་དག་འཇོག་ལས་བཞེངས་ནས་ཆོས་བསྟན་པའི་ 82-1-30b ཕྱིར་བཞུགས་སོ། །དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དེ་དག་ཀྱང་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་ཐད་དུ་དོང་ངོ་། །དེ་ནས་སྒྱུ་མ་མཁན་བཟང་པོ་ཡང་ བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་གུས་པ་དང་བཅས། ཞེ་ས་དང་བཅས་པར་ཐལ་མོ་སྦྱར་ཏེ་ཕྱོགས་གཅིག་ ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཀྱང་བཅོམ་ལྡན་འདས་ལ་སྒྱུ་མ་མཁན་བཟང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ལམ་གང་ལ་ཞུགས་ན་བྱང་ཆུབ་ཀྱི་སྙིང་པོར་མཆི་བར་འགྱུར་ བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་བཤད་དུ་གསོལ། །དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་སྒྱུ་མ་མཁན་བཟང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཟང་པོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ ཟུང་ཤིག་དང་ངས་བཤད་དོ། །སྒྱུ་མ་མཁན་བཟང་པོས་བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས་བཅོམ་ལྡན་འདས་ལ་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཟང་པོ་བཞི་པོ་འདི་ དག་ནི་བྱང་ཆུབ་སེམས་དཔའ་ལམ་གང་ལ་ཞུགས་ན་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བར་འགྱུར་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཡིན་ཏེ། བཞི་གང་ཞེ་ན། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་མི་འདོར་བ་དང་། སེམས་ཅན་ཡོངས་སུ་མི་གཏོང་བ་དང་དགེ་བའི་རྩ་བ་ཐམས་ཅད་ཚོལ་བ་ལ་ངོམས་མི་ཤེས་པ་ཉིད་དང་། དམ་པའི་ཆོས་ཡོངས་སུ་བསྲུང་བའི་ཕྱིར་བརྩོན་འགྲུས་རྩོམ་པ་སྟེ། བཟང་པོ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་ དཔའ་ལམ་གང་ལ་ཞུགས་ན་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བར་འགྱུར་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཡིན་ནོ། །བཟང་པོ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡོངས་སུ་དག་པ་ཡིན་ཏེ། 82-1-31a བཞི་གང་ཞེ་ན། སྡོམ་པ་གསུམ་ཡོངས་སུ་དག་པ་དང་། གནས་ཡོངས་སུ་དག་པ་དང་། ཤེས་པ་ཡོངས་སུ་དག་པ་དང་། སྐྱེ་བ་ཡོངས་སུ་དག་པ་སྟེ། བཞི་པོ་དེ་དག་ཡིན་ནོ། །བཟང་པོ་བཞི་པོ་འདི་ དག་ནི་གང་ལ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་གཏིང་མི་དཔོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཡིན་ཏེ། བཞི་གང་ཞེ་ན། བསམ་གཏན་ཟློག་པ་དང་། སེམས་ཀྱིས་རྣམ་པར་འབྱེད་པ་དང་། སེམས་ཅན་རྣམས་ལ་སྙིང་རྗེ་བ་དང་། སྤོབས་པ་དང་། སྐད་སྣ་ཚོགས་པ་ཉིད་དེ། བཞི་པོ་དེ་དག་ཡིན་ནོ། །བཟང་པོ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཕགས་པའི་སྤྱོད་པ་ཡིན་ཏེ། བཞི་གང་ཞེ་ན། དགོན་པ་ན་གནས་པ་དང་། འདུ་འཛི་ལ་མི་དགའ་བ་དང་། དེ་ན་གནས་ན་སེམས་ཅན་རྣམས་ལ་བྱམས་པ་དང་། འདུ་བྱེད་རྣམས་གང་ནས་ཀྱང་མི་འོང་། གང་དུ་ཡང་མི་འགྲོ་བར་ཤེས་པ་སྟེ་བཞི་པོ་དེ་དག་ཡིན་ནོ། ། བཟང་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སྲི་ཞུ་ཆེ་ཞིང་གུས་པ་ལ་གནས་པ་ཞེས་བརྗོད་པར་བྱ་སྟེ། བཞི་གང་ཞེ་ན། བྱང་ཆུབ་སེམས་དཔའ་ལུས་དང་སྲོག་ལ་མི་ལྟ་བ་དང་། སེམས་རྟག་དུ་དགའ་བ་དང་། ང་རྒྱལ་དང་། དྲེགས་པ་སྤོང་བ་དང་། ཇི་སྐད་སྨྲས་པ་དེ་བཞིན་དུ་སྒྲུབ་པ་སྟེ། བཞི་པོ་དེ་དག་ཡིན་ནོ། །བཟང་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སྤྱོད་ལམ་ཕུན་སུམ་ཚོགས་པ་ཡིན་ཏེ། བཞི་གང་ཞེ་ན། དུས་ ཤེས་པ་དང་། ཚོད་ཤེས་པ་དང་། རབ་ཏུ་དབེན་པ་དང་། ཡང་དག་པ་ཉིད་དེ། བཞི་པོ་དེ་དག་ཡིན་ནོ། །བཟང་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཐེ་ཚོམ་མེད་པ་ཡིན་ཏེ། བཞི་གང་ཞེ་ན། འགྱོད་པ་ཀུན་ ནས་ལྡང་བ་རྣམ་པར་གནོན་པ་དང་། མཁས་པ་དང་ཤེས་རབ་ཆེན་པོ་ལ་བསྙེན་བཀུར་བྱེད་པ་དང་། ཐོས་པའི་དོན་སེམས་པ་དང་། གཞན་གྱི་ཉེས་པ་མི་གླེང་ཞིང་གླེང་པ་གང་ཡིན་པ་ཡང་བྱམས་པས་གླེང་གི་སྐྱོན་ 82-1-31b གཙོར་བྱེད་པས་མ་ཡིན་པ་སྟེ། བཞི་པོ་དེ་དག་ཡིན་ནོ། །བཟང་པོ་བྱང་ཆུབ་སེམས་དཔའ་ཕན་ཡོན་བཞི་པོ་འདི་དག་མཐོང་ན་ཐོས་པ་ཚོལ་བར་བྱེད་དེ། བཞི་གང་ཞེ་ན། བདག་དང་གཞན་གྱི་ཤེས་རབ་སྦྱོང་བ་དང་། ཕྱོགས་བཞི་ནས་ལྷགས་པ་རྣམས་ཀྱི་ཐེ་ཚོམ་གཅོད་པ་དང་། དམ་པའི་ཆོས་འཛིན་པ་དང་། སངས་རྒྱས་ཀྱིས་བསྔགས་པ་ཟད་མི་ཤེས་པ་སྟེ། བཞི་པོ་དེ་དག་ཡིན་ནོ། །བཟང་པོ་བཞི་པོ་འདི་ནི་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་མང་དུ་ཐོས་པའི་སྙིང་པོ་ཡིན་ནོ། །བཞི་གང་ཞེ་ན། ཐོས་ནས་ཆོས་བྱེ་བྲག་ཏུ་ཤེས་པ་འདི་ནི་འདིའི་སྙིང་པོ་ཡིན་ནོ། །ཐོས་ནས་བྱ་བ་མ་ཡིན་པ་མི་བྱེད་པ་འདི་ནི་འདིའི་སྙིང་པོ་ཡིན་ནོ། །ཐོས་ནས་གཞན་ ལ་སྟོན་པར་བྱེད་པ་འདི་ནི་འདིའི་སྙིང་པོ་ཡིན་ནོ། །ཐོས་ནས་དོན་དེ་ཉིད་རྣམ་པར་གྲོལ་བ་འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ལ་གཏོད་པར་བྱེད་པ་འདི་ནི་འདིའི་སྙིང་པོ་ཡིན་ཏེ། བཞི་པོ་དེ་དག་ ཡིན་ནོ། །བཟང་པོ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་ཆོས་སྟོན་པར་བྱེད་པའི་ཕན་ཡོན་ཡིན་ཏེ། བཞི་གང་ཞེ་ན། ལས་བྱས་ནས་ཀྱང་ཟས་ལ་ཡོངས་སུ་སྤྱོད་པ་དང་། ཆོས་གོས་དང་། བསོད་སྙོམས་ དང་། མལ་ཆ་དང་། སྟན་དང་། ནད་གསོས་དང་། སྨན་ཟོང་རྣམས་རྙེད་པ་དང་། གཞན་གྱི་ཕྱོགས་མཐུ་ཆུང་བར་བྱེད་པ་དང་། ཆོས་འདོད་པའི་ལྷ་རྣམས་ཕྱི་བཞིན་འབྲང་ཞིང་དེ་དག་གིས་བསྲུངས་པས་བདུད་ཀྱིས་ གླགས་མི་རྙེད་པ་སྟེ། བཟང་པོ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཆོས་སྟོན་པར་བྱེད་པའི་ཕན་ཡོན་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་གཞན་དག་ལ་ཆོས་སྟོན་པར་བྱེད་ཅིང་འདིའི་ཚིག་གི་ ལམ་གཟུང་བར་འོས་པར་ཡང་འགྱུར་ཏེ། བཞི་གང་ཞེ་ན། འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། ངང་ཚུལ་བཟང་ཞིང་མཉེན་པ་དང་། བདག་ཉིད་ཀྱི་ཆོས་སྒྲུབ་པ་སྟེ། བཞི་པོ་དེ་དག་ཡིན་ནོ། །བཟང་ 82-1-32a པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཤེས་ཀྱི་ཁེ་ལས་འབྱོལ་ཞིང་ཟང་ཟིང་མེད་པར་ཆོས་སྟོན་པ་ཡང་ཡིན་ཏེ། བཞི་གང་ཞེ་ན། འཁོར་བ་ལས་འཇིགས་བསྐྱེད་པ་དང་། འཇིག་རྟེན་གྱི་ཟང་ཟིང་དང་ འདུ་འཛི་དོན་དུ་གཉེར་བ་དང་། ཕ་རོལ་རྗེས་སུ་སྲུང་བ་དང་། འཕགས་པའི་རིགས་ལ་གནས་པ་སྟེ། བཞི་པོ་དེ་དག་ཡིན་ནོ། །བཟང་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བྱས་པ་གཟོ་བ་དང་། བྱས་པ་ཚོར་བ་དང་། བྱས་པ་ལ་ལན་དུ་ཕན་འདོགས་པ་ཡིན་ཏེ། བཞི་གང་ཞེ་ན། གཞན་བྱང་ཆུབ་ཡང་དག་པར་ལེན་དུ་འཇུག་པ་དང་། ལས་བྱས་པ་ཆུད་མི་གཟོན་པ་དང་། བདག་ཉིད་ལ་བྱམས་པ་ལྟར་གཞན་ལ་ཡང་བྱམས་པ་དང་། སྐྱེས་བུ་དམ་པའི་ རྩལ་དོན་དུ་གཉེར་བ་སྟེ། བཞི་པོ་དེ་དག་ཡིན་ནོ། །བཟང་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སེམས་ཅན་རྣམས་ལ་མཛའ་བཤེས་མི་ཕྱེད་པར་འགྱུར་ཏེ། བཞི་གང་ཞེ་ན། བཟོད་པའི་སྟོབས་ཀྱི་གོ་བགོས་པ་དང་། ལན་དུ་ཕན་ འདོགས་པར་ཅུང་ཟད་ཀྱང་རེ་བ་མེད་པ་དང་། སྙིང་རྗེ་ཆེན་པོ་མི་འདོར་བ་དང་། ལོག་པར་ཞུགས་པ་རྣམས་མི་སྤོང་བ་སྟེ། བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་སེམས་ཅན་རྣམས་ལ་མཛའ་བཤེས་མི་ཕྱེད་པར་འགྱུར་རོ། ། བཟང་པོ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔས་བསྟེན་པར་བྱ་བའི་གྲོགས་པོ་ཡིན་ཏེ། བཞི་གང་ཞེ་ན། སྦྱོར་བ་ཕུན་སུམ་ཚོགས་པ་དང་། བསམ་པ་ཕུན་སུམ་ཚོགས་པ་དང་། སྤྱོད་པ་ཕུན་སུམ་ཚོགས་པ་དང་། གང་དག་འདིའི་བྱང་ ཆུབ་ཉེ་བར་སྟོན་པར་བྱེད་པ་སྟེ། བཞི་པོ་དེ་དག་ཡིན་ནོ། །བཟང་པོ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་དགེ་བའི་གྲོགས་པོ་ཡིན་པར་རིག་པར་བྱ་སྟེ། བཞི་གང་ཞེ་ན། ཐེག་པ་དམན་པ་སྟོན་པ་དང་། བྱང་ཆུབ་ཀྱི་ སེམས་ལ་འདུན་པ་ཟློག་པར་བྱེད་པ་དང་། གང་དག་བསྟན་ན་མི་དགེ་བའི་ཆོས་འཕེལ་བར་འགྱུར་བ་དང་། དགེ་བའི་ཆོས་རྣམས་ཡོངས་སུ་ཉམས་པར་འགྱུར་བ་སྟེ། བཞི་པོ་དེ་དག་ཡིན་ནོ། །བཟང་པོ་བྱང་ཆུབ་སེམས་དཔའ་ཆོས་ 82-1-32b བཞི་དང་ལྡན་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཕྲད་པར་འགྱུར་རོ། །བཞི་གང་ཞེ་ན། དྲན་པ་རྩེ་གཅིག་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྔགས་པ་ཡང་དང་ཡང་དུ་སྒྲོགས་པ་དང་། ཚུལ་ཁྲིམས་ཡོངས་སུ་དག་ པ་དང་། ལྷག་པའི་བསམ་པས་སྨོན་ལམ་འདེབས་པ་སྟེ། བཞི་པོ་དེ་དག་ཡིན་ནོ། །བཟང་པོ་བྱང་ཆུབ་སེམས་དཔའ་ཕན་ཡོན་བཞི་པོ་འདི་དག་མཐོང་ན་དེ་བཞིན་གཤེགས་པ་ལ་མཆོད་པ་བྱ་བར་སྤྲོ་བར་འགྱུར་ཏེ། ཡོན་གནས་མཆོག་ལ་ མཆོད་པར་འགྱུར་བ་དང་། བདག་མཐོང་ནས་སེམས་ཅན་གཞན་དག་ཀྱང་དེ་བཞིན་དུ་མཆོད་པ་བྱེད་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་ལེགས་པར་མཆོད་ན་བྱང་ཆུབ་ཀྱི་སེམས་བརྟན་པར་འགྱུར་བ་དང་། སྐྱེས་བུ་ཆེན་པོའི་ མཚན་སུམ་བཅུ་རྩ་གཉིས་དང་ལྡན་པ་མངོན་སུམ་དུ་མཐོང་ན་དགེ་བའི་རྩ་བ་སོགས་པར་འགྱུར་བ་སྟེ། བཟང་པོ་བྱང་ཆུབ་སེམས་དཔས་ཕན་ཡོན་བཞི་པོ་དེ་དག་མཐོང་ན་དེ་བཞིན་གཤེགས་པ་ལ་མཆོད་པ་བྱ་བར་སྤྲོ་བར་འགྱུར་རོ། །བཟང་པོ་ དེ་བཞིན་དུ་བྱང་ཆུབ་སེམས་དཔས་དོན་གྱི་དབང་བཞི་མཐོང་ན་བསླབ་པ་ལྷུར་ལེན་པར་འགྱུར་ཏེ། བཞི་གང་ཞེ་ན། ངན་འགྲོ་ལས་ཡང་དག་པར་འདའ་བ་དང་། བདེ་འགྲོ་འཐོབ་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་ལ་གུས་པ་དང་། སྨོན་ལམ་ཡོངས་ སུ་རྫོགས་པར་འགྱུར་བ་སྟེ། བཞི་པོ་དེ་དག་ཡིན་ནོ། །བཟང་པོ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ཡིན་ཏེ། བཞི་གང་ཞེ་ན། བྱང་ཆུབ་ཀྱི་སེམས་མི་འདོར་བ་དང་། སེམས་ཅན་ཐམས་ཅད་ལ་མཉམ་པར་སྦྱོར་བ་དང་། ཕ་ རོལ་ཏུ་ཕྱིན་པ་ཡོངས་སུ་ཚོལ་བ་དང་། སངས་རྒྱས་ཀྱི་ཆོས་ཚད་མེད་པ་མཉན་པ་ལ་མི་སྒྲག་པ་སྟེ། བཟང་པོ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ཡིན་ནོ། །བཟང་པོ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ ཀྱི་བསླབ་པ་ཡོངས་སུ་དག་པ་ཡིན་ཏེ། བཞི་གང་ཞེ་ན། བྱ་བ་མ་ཡིན་པ་མི་སྤྱོད་པ་དང་། སྟོང་པ་ཉིད་ལ་མོས་པ་དང་། སངས་རྒྱས་ཀྱི་བྱང་ཆུབ་མི་སྤོང་བ་དང་། ལྟ་བ་བག་ལ་ཉལ་དང་བཅས་པར་ཡང་དག་པར་འཇོམས་པ་སྟེ། བཟང་པོ་བཞི་ 82-1-33a པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ཡོངས་སུ་དག་པ་ཡིན་ནོ། །བཟང་པོ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་གྱི་རིགས་ཡིན་ཏེ། བཞི་གང་ཞེ་ན། འདུ་འཛི་མེད་པ་དང་། རབ་ཏུ་དབེན་པ་དང་། སེམས་ཀྱི་རྙོག་པ་མེད་པ་དང་། དགེ་བའི་རྩ་བ་ཉེ་བར་རྟོན་པ་སྟེ། བཟང་པོ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་གྱི་རིགས་ཡིན་ནོ། །བཟང་པོ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་བཞིན་རབ་ཏུ་སྦྱོར་བ་ཡིན་ ཏེ། བཞི་གང་ཞེ་ན། དགེ་བའི་རྩ་བ་སྐྱེས་ནས་བྱང་ཆུབ་ཀྱི་སེམས་མངོན་དུ་བྱེད་པ་དང་། ནང་དུ་ཡང་དག་འཇོག་པ་ལ་སྒྲིབ་པ་མེད་པ་དང་། རྣམ་པར་ཐར་པའི་སྒོ་དག་ལ་འདྲིས་པར་བྱེད་པ་དང་། ངེས་པ་ལ་མི་འཇུག་པ་སྟེ། བཟང་པོ་བཞི་པོ་འདི་དག་ནི་བྱང་ཆུབ་ སེམས་དཔའ་རྣམས་ཀྱི་ཚུལ་བཞིན་རབ་ཏུ་སྦྱོར་བ་ཡིན་ནོ། །བཟང་པོ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་བཞིན་མ་ཡིན་པའི་སེམས་སྐྱེ་བ་བཟློག་པར་བྱ་བ་ཡིན་ཏེ། བཞི་གང་ཞེ་ན། འཁོར་བའི་འཇིགས་པས་སྐྲག་པ་དང་། རྣལ་ འབྱོར་སྤྱོད་པ་དག་ལ་མ་མོས་པ་དང་། དགོངས་པ་དག་ལ་མི་དགའ་བ་དང་། དགེ་བའི་རྩ་བ་རྣམས་མངོན་པར་འདུ་མི་བྱེད་པ་སྟེ། བཟང་པོ་བཞི་པོ་དེ་དག་ནི་ཚུལ་བཞིན་མ་ཡིན་པའི་སེམས་སྐྱེ་བ་བཟློག་པ་བྱ་བ་ཡིན་ནོ། །བཟང་པོ་བཞི་པོ་འདི་ དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཀྱི་ངེས་པར་བསམ་པ་ཡིན་ཏེ། བཞི་གང་ཞེ་ན། སེམས་ཅན་འགའི་དོན་གྱི་ཕྱིར་ཡང་བསྐལ་པ་ཕྱི་མའི་མཐར་ཐུག་པར་འཁོར་བ་ན་འཁོར་བར་བྱའོ་སྙམ་པ་འདི་ནི་སེམས་ཀྱིས་ངེས་པར་བསམ་པ་དང་ པོ་ཡིན་ནོ། །བདག་གིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རྣམས་ཤེས་པར་བྱ་ཞིང་དེ་དག་གི་ཉོན་མོངས་པ་རབ་ཏུ་ཞི་བར་བྱ་བ་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པར་བྱ་བའི་ཕྱིར་ཆོས་བསྟན་པར་བྱའོ། །སྙམ་པ་འདི་ནི་སེམས་ ཀྱིས་ངེས་པར་བསམ་པ་གཉིས་པ་ཡིན་ནོ། །བདག་གིས་མི་དགེ་བའི་ཆོས་ཐམས་ཅད་སྤངས་ཤིང་དགེ་བའི་རྩ་བ་ཐམས་ཅད་དང་ལྡན་པར་བྱས་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་སྟེ། བདུད་ཀྱི་དཔུང་ཕམ་བར་བྱས་ནས་བླ་ན་མེད་པ་ཡང་དག་ 82-1-33b པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་པ་འདི་ནི་སེམས་ཀྱིས་ངེས་པར་བསམ་པ་གསུམ་པ་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྐད་ཅིག་གིས་གོ་བར་བྱས་ཏེ་ཆོས་བསྟན་པར་བྱའོ་སྙམ་ པ་འདི་ནི་སེམས་ཀྱིས་ངེས་པར་བསམ་པ་བཞི་པ་ཡིན་ཏེ། བཟང་པོ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཀྱིས་ངེས་པར་བསམ་པ་ཡིན་ནོ། །བཟང་པོ་ཆོས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་འདུལ་ བ་ཡིན་ཏེ། བཞི་གང་ཞེ་ན། ཆོས་ལ་སྒྱུ་མ་ལྟ་བུར་སོ་སོར་རྟོག་པ་དང་། ཚུལ་བཞིན་དུ་སྦྱོར་བ་དང་། ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པ་དང་། མཚན་མ་ཐམས་ཅད་ལ་མི་གནས་པ་སྟེ། བཟང་པོ་ཆོས་བཞི་པོ་དེ་དག་ནི་བདུད་འདུལ་བ་ཡིན་ནོ། །བཟང་པོ་བཞི་པོ་འདི་དག་ནི་བྱང་ཆུབ་ སེམས་དཔའ་རྣམས་ཀྱི་དོན་སེམས་པ་ཡིན་ཏེ། བཞི་གང་ཞེ་ན། གང་ཟག་མེད་པའི་ཕྱིར་ཆོས་རྣམས་བརྟེན་ནས་སྐྱེ་བ་ཡིན་གྱི་ཆོས་འགའ་ཡང་རྒྱུ་མེད་པར་ནི་མི་སྐྱེ་བ་དང་། བརྟེན་ནས་སྐྱེ་བའི་ཆོས་གང་ཡིན་པ་དེ་མ་སྐྱེས་པ་དང་། དངོས་པོ་མེད་ པ་དང་། བྱང་ཆུབ་ཀྱི་ཕྱིར་ཆུད་མི་ཟ་བ་སྟེ། བཟང་པོ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་སེམས་པ་ཡིན་ནོ། །བཟང་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སེམས་ཅན་རྣམས་མི་གཏོང་བ་ཡིན་ཏེ། བཞི་གང་ཞེ་ན། སྔོན་གྱི་སྨོན་ལམ་མི་འདོར་བ་དང་། ཡོངས་སུ་སྐྱོ་བ་བཟོད་པ་དང་། ལུས་དང་སྲོག་ལ་མི་ལྟ་བ་དང་། བསྡུ་བའི་དངོས་པོས་སྡུད་པ་སྟེ། བཞི་པོ་དེ་དག་ཡིན་ནོ། །བཟང་པོ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་སྨིན་ པར་བྱེད་པ་ཡིན་ཏེ། བཞི་གང་ཞེ་ན། འཇིག་རྟེན་གྱི་ཟང་ཟིང་སྦྱིན་པ་ཡོངས་སུ་གཏོང་བ་དང་། ཡོངས་སུ་སྨིན་པ་ལ་ཆོས་སྟོན་པ་ཡོངས་སུ་གཏོང་བ་དང་། དུས་དུས་སུ་སྐུལ་བས་དྲན་པར་བྱེད་པ་ཡོངས་སུ་གཏོང་བ་དང་། བདག་ཉིད་ཀྱི་ བདེ་བ་སྤངས་ནས་གཞན་གྱི་དགེ་བའི་རྩ་བ་སྟོན་པ་དང་། ཡོངས་སུ་སྨིན་པར་བྱེད་པ་སྟེ། བཟང་པོ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་སྨིན་པར་བྱེད་པ་ཡིན་ནོ། །བཟང་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་ 82-1-34a དང་ལྡན་ན་མ་བསྡུས་པ་སྡུད་པར་བྱེད་པ་ལ་མི་འཇིགས་པ་ཡིན་ཏེ། བཞི་གང་ཞེ་ན། དགེ་བའི་རྩ་བ་ཆུང་ངུ་ལ་ཡང་མོས་པ་དང་། རྟག་ཏུ་རྒྱུན་མི་འཆད་པར་གཞན་གྱི་དོན་བྱེད་པར་སྤྲོ་བ་དང་། སྦྱིན་པ་དང་། དུལ་བ་དང་། ངེས་ པ་ཕུན་སུམ་ཚོགས་པ་དང་། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་ཐམས་ཅད་ལ་དོན་དུ་གཉེར་བ་མེད་པ་སྟེ། བཞི་པོ་དེ་དག་ཡིན་ནོ། །བཟང་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སེམས་ཅན་གྱི་སྤྱོད་པ་ལ་འཇུག་ པ་ཡིན་ཏེ། བཞི་གང་ཞེ་ན། མངོན་པར་ཤེས་པ་ཐོབ་པ་དང་། ཡེ་ཤེས་ཐོབ་པ་དང་། ཏིང་ངེ་འཛིན་ཆེན་པོར་གྱུར་བ་ཚད་མེད་པ་ལ་འཇུག་པ་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་སྒོམ་ཞིང་རྣམ་པར་གྲོལ་བ་དང་མ་ འདྲེས་པ་སྟེ། བཞི་པོ་དེ་དག་ཡིན་ནོ། བཟང་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཐབས་ལ་མཁས་པ་ཡིན་པར་རིག་པར་བྱ་སྟེ། བཞི་གང་ཞེ་ན། སེམས་བསྐྱེད་པ་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བ་སྟེ། ཐ་ན་ཉོན་ མོངས་པའི་སེམས་ལ་ཡང་རུང་ན་དགེ་བའི་སེམས་ལ་ལྟ་སྨོས་ཀྱང་ཅི་དགོས་པ་དང་། སེམས་ཅན་ཐམས་ཅད་ཆོས་ཀྱི་སྣོད་ཉིད་ཡིན་པར་ལྟ་བ་དང་། ངོ་བོ་ཉིད་མེད་པར་ཁོང་དུ་ཆུད་པས་ཆོས་ཐམས་ཅད་ལོག་པ་ཉིད་དུ་ངེས་པ་ཡིན་པར་ལྟ་བ་ དང་། རྣམ་པར་གྲོལ་བར་འདོད་པས་སྙོམས་པར་འཇུག་པ་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པའི་འདུ་ཤེས་སྒོམ་པར་བྱེད་པ་སྟེ། བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཐབས་ལ་མཁས་པ་ཡིན་པར་ རིག་པར་བྱའོ། །བཟང་པོ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་སྒོམ་པ་ཡིན་ཏེ། བཞི་གང་ཞེ་ན། བདག་གིས་སེམས་ཅན་ཐམས་ཅད་བསྐྱབ་པར་བྱའོ་སྙམ་དུ་བྱམས་པ་སྒོམ་པ་དང་། བདག་ གིས་སེམས་ཅན་ཐམས་ཅད་བསྒྲལ་བར་བྱའོ་སྙམ་དུ་བྱམས་པ་སྒོམ་པ་དང་། བདག་གིས་སེམས་ཅན་ཐམས་ཅད་བསྐུལ་བར་བྱའོ་སྙམ་དུ་བྱམས་པ་སྒོམ་པ་དང་། བདག་གིས་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ 82-1-34b ངན་ལས་བཟླའོ་སྙམ་དུ་བྱམས་པ་སྒོམ་པ་སྟེ། བཟང་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་སྒོམ་པ་ཡིན་ནོ། །བཟང་པོ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཡིན་ཏེ། བཞི་གང་ཞེ་ན། ངན་སོང་དུ་སྐྱེས་པ་རྣམས་བདེ་འགྲོའི་ལམ་ལ་འགོད་པའི་སྙིང་རྗེ་དང་། སྡིག་པའི་ལས་དང་ལྡན་པ་རྣམས་དགེ་བའི་ཆོས་ལ་སྦྱོར་བའི་སྙིང་རྗེ་དང་། ཐེག་པ་དམན་པ་ལ་མོས་པ་རྣམས་ཐེག་པ་ཆེན་པོ་ཡང་དག་པར་ ལེན་དུ་འཇུག་པའི་སྙིང་རྗེ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླའོ་སྙམ་པའི་སྙིང་རྗེ་ནི་བཞི་པ་ཡིན་ཏེ། བཞི་པོ་དེ་དག་ཡིན་ནོ། །བཟང་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་མངོན་པར་ཤེས་པ་འཐོབ་ པར་འགྱུར་ཏེ། བཞི་གང་ཞེ་ན། ལུས་དང་སེམས་ཡང་བ་དང་། སྒྱུ་མའི་རང་བཞིན་དུ་རྣམ་པར་འབྱེད་པ་དང་། སེམས་ཅན་ཐམས་ཅད་ལ་གུས་པ་དང་། རིམ་གྲོའི་སེམས་བསྐྱེད་པ་དང་། ཞི་གནས་ལ་རྩེ་གཅིག་ཏུ་གྱུར་བས་རྣམ་ པར་གཡེང་བ་མེད་པ་ཡིན་ནོ། །བཟང་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སོ་སོ་ཡང་དག་པར་རིག་པ་འཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། དོན་ལ་རྟོན་པ་ཡིན་གྱི་ཚིག་འབྲུ་ལ་མི་རྟོན་པ་དང་། ཆོས་ལ་ རྟོན་པ་ཡིན་གྱི་གང་ཟག་ལ་མི་རྟོན་པ་དང་། ཆོས་ཐམས་ཅད་བདག་མེད་པའི་ངེས་པའི་ཚིག་དང་། ཡི་གེ་མི་ཟད་པར་ཤེས་ནས་ཆགས་པ་མེད་ཅིང་ཐོགས་པ་མེད་པར་སྟོན་པས་སྟོན་པར་བྱེད་པ་སྟེ་བཞི་པོ་དེ་དག་ཡིན་ ནོ། །བཟང་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་གཟུངས་འཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། མང་དུ་ཐོས་པས་ངོམས་མི་ཤེས་པ་དང་། མང་དུ་ཐོས་པ་རྣམས་ལ་ཆོས་བཞིན་དུ་གུས་པར་བསྙེན་བཀུར་བྱེད་ པ་དང་། རྟག་དུ་གཞན་དག་ལ་ཆོས་སྟོན་པར་བརྩོན་པ་དང་། ཚིག་དང་ཡི་གེ་ཐམས་ཅད་གཏན་ལ་དབབ་པའི་ཕྱིར་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་ལ་འཇུག་པ་ཡིན་ནོ། །བཟང་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་ 82-1-35a དང་ལྡན་ན་བཟོད་པ་འཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། མོས་པ་དང་། ཕྱིར་མི་ལྡོག་པ་དང་། ཚོགས་པ་དང་། ཡོངས་སུ་མི་སྐྱོ་བ་སྟེ། བཞི་པོ་དེ་དག་ཡིན་ནོ། །བཟང་པོ་བྱང་ཆུབ་སེམས་དཔའ་ ཆོས་བཞི་དང་ལྡན་ན་སྤོབས་པ་དག་པ་འཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། ཆོས་སྨྲ་བ་གཞན་དག་གིས་བཤད་པ་དང་འགལ་བར་མི་བྱེད་པ་དང་། ཆོས་སྨྲ་བ་ལ་གུས་པ་དང་བཅས་ཤིང་ཞེ་ས་དང་བཅས་ པར་ཆོས་ཉན་པ་དང་། ཐོས་པས་ཁེངས་པ་མེད་པ་དང་། ཐོས་པ་ཉུང་ངུ་རྣམས་ལ་བརྙས་པར་མི་བྱེད་པ་སྟེ་བཞི་པོ་དེ་དག་ཡིན་ནོ། །བཟང་པོ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྱུར་བ་སྟེ། བཞི་ གང་ཞེ་ན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྒྱུར་བ་དང་། ཉན་ཐོས་ལས་སྒྱུར་བ་དང་། རང་སངས་རྒྱས་ལས་སྒྱུར་བ་དང་། དགེ་བའི་རྩ་བའི་ཆོས་ལ་འདུ་ཤེས་སྒྱུར་བ་སྟེ། བཞི་པོ་དེ་དག་ཡིན་ནོ། ། བཟང་པོ་ཆོས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་ཟབ་མོ་ལ་སྦྱོར་བ་ཡིན་ཏེ། བཞི་གང་ཞེ་ན། རྟེན་ཅིང་འབྲེལ་བར་འབྱུང་བར་རྟོགས་པར་བྱེད་པ་དང་། དགོངས་པ་རྟོགས་པར་བྱེད་ པ་དང་། བདག་གི་ངོ་བོ་ཉིད་རྟོགས་པར་བྱེད་པ་དང་། འདི་ལྟར་སྟོད་པའི་དོན་དུ་ཆོས་དེ་དག་ཐམས་ཅད་དོན་གཅིག་པར་རྟོགས་པར་བྱེད་པ་སྟེ། བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་ཟབ་མོ་ལ་སྦྱོར་ བ་ཡིན་ནོ། །བཟང་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སྨོན་ལམ་འགྲུབ་པར་འགྱུར་ཏེ། བཞི་གང་ཞེ་ན། ཚུལ་ཁྲིམས་དང་བསླབ་པ་ཡོངས་སུ་དག་པ་དང་། ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བ་དང་། གཡོ་ སྒྱུ་མེད་པ་དང་། དགེ་བའི་རྩ་བ་སྐྱེད་པ་ལ་སེམས་དབང་བྱེད་པ་སྟེ། བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་འགྲུབ་པར་འགྱུར་བའོ། །བཟང་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཕ་རོལ་ཏུ་ཕྱིན་ 82-1-35b པ་ཐམས་ཅད་ཀྱིས་འཕགས་ཤིང་ཕྱིར་མི་ལྡོག་པའི་ཆོས་ཅན་དུ་འགྱུར་ཏེ། བཞི་གང་ཞེ་ན། ཐབས་མཁས་པ་དང་ལྡན་པས་ཕ་རོལ་ཏུ་ཕྱིན་པ་གཅིག་གི་ནང་དུ་ཕ་རོལ་ཏུ་ཕྱིན་པ་གཞན་ཐམས་ཅད་ཀྱང་སྡུད་ པར་བྱེད་པ་དང་། ཐབས་མཁས་པ་དང་ལྡན་པས་སེམས་ཅན་གཅིག་གི་རང་བཞིན་རྟོགས་པས་དེ་ལས་གཞན་པའི་སེམས་ཅན་ཐམས་ཅད་ཀྱང་ཤེས་པ་དང་། ཐབས་མཁས་པ་དང་ལྡན་པས་ཆོས་རྣམ་པར་དག་པ་གཅིག་གི་ཚུལ་རྟོགས་ པས་ཆོས་གཞན་དག་གི་རྣམ་པར་དག་པ་ཡང་ཤེས་པ་དང་། ཆོས་ཉིད་ཡིན་པས་སངས་རྒྱས་ཐམས་ཅད་སངས་རྒྱས་གཅིག་ཏུ་མོས་པ་སྟེ། བཟང་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཕ་རོལ་དུ་ཕྱིན་པ་ཐམས་ཅད་ ཀྱིས་འཕགས་ཤིང་ཕྱིར་མི་ལྡོག་པའི་ཆོས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཞི་པ་སྒྲུབ་པ་འདི་བཤད་པ་ན་སྒྱུ་མ་མཁན་བཟང་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་ དགའ་བ་དང་། ཡིད་བདེ་བར་གྱུར་ནས་དགའ་བ་དང་། མཆོག་ཏུ་དགའ་བ་དེ་ཉིད་ཀྱིས་ཤིང་ཏ་ལ་བདུན་སྲིད་ཙམ་གྱི་སྟེང་གི་ནམ་མཁའ་ལ་འཕགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཛུམ་པ་མཛད་དོ། །འཛུམ་པ་མཛད་ པའི་ཞལ་གྱི་སྒོ་ནས་འོད་ཟེར་གྲངས་མེད་དཔག་ཏུ་མེད་པ་བཀྱེ་པས་སངས་རྒྱས་ཀྱི་ཞིང་ཐམས་ཅད་འོད་ཟེར་དེས་ཁྱབ་པར་བྱས་ནས་སླར་ཡང་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་བོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ ལས་ལངས་ཏེ་ཆོས་གོས་ཕྲག་པ་གཅིག་ཏུ་བགོས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ དེ་བཞིན་གཤེགས་པ་ནི་རྒྱུ་མ་མཆིས་པ་དང་། རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ན་འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་གསོལ་ཏོ། །ཡེ་ཤེས་འབྱུང་གནས་གཟི་བརྗིད་གཞལ་ཡས་ཤེས་རབ་གྲགས། ། 82-1-36a འཇིག་རྟེན་གསུམ་དུ་ཡོན་ཏན་ཕ་རོལ་ཕྱིན་བརྙེས་གྲགས། །རྒྱལ་བ་རང་བྱུང་གང་གི་སླད་དུ་འཛུམ་བསྟན་པ། །མི་ཡི་དབང་པོས་དེ་ནི་བདག་ལ་བཀའ་སྩལ་གསོལ། །ཕྱོགས་རྣམས་ན་ནི་འགྲོ་བར་སེམས་ཅན་ཇི་སྙེད་གནས། །དེ་དག་ཀུན་ གྱི་སེམས་ཀྱི་སྤྱོད་པ་རྣམས་དང་ནི། །དམན་དང་མཆོག་དང་ཐ་མ་བར་མ་རྒྱུ་ལྡན་མཁྱེན། །ཇི་སླད་འཛུམ་པ་མཛད་པ་བདག་ལ་བསྟན་དུ་གསོལ། །ལྷ་དང་དེ་བཞིན་ཞུགས་འབར་སྒྲ་ནི་གང་ལགས་དང་། །མི་འམ་ཅི་དང་མི་དང་བརྒྱ་བྱིན་ལྷ་མིན་དང་། ། མཁའ་ལྡིང་ལྟོ་འཕྱེ་ཚངས་པའི་སྒྲ་དང་སྒྲ་གཞན་རྣམས། །སངས་རྒྱས་རྡུལ་བྲལ་གསུང་སྒྲའི་ཆར་ཡང་ག་ལ་སྤྱོད། །འོད་བཟང་ཉི་མའི་འོད་དང་ནོར་བུའི་འོད་རྣམས་དང་། །བརྒྱ་བྱིན་འོད་དང་ཚངས་པའི་འོད་རྣམས་ཇི་སྙེད་པ། །ཇི་ལྟར་སངས་ རྒྱས་འོད་ཀྱིས་ཁྱབ་པར་གདའ་པ་ལྟར། །འོད་རྣམས་དེ་དག་ཐམས་ཅད་རྣམ་པར་གསལ་མ་ལགས། །སངས་རྒྱས་ཞིང་དེ་ཟབ་མོའི་ཆོས་ནི་རྗེས་སུ་ཐོབ། །སྟོང་པ་བདག་མེད་སེམས་ཅན་གང་ཟག་མེད་མཁྱེན་ནས། །ཡོད་དང་མེད་ པའི་མཐའ་གཉིས་རྣམ་པར་སྤངས་ནས་སུ། །དུས་གསུམ་ཆུ་ཟླ་འདྲ་བར་རབ་ཏུ་མཁྱེན་པ་པོ། །དེང་འདིར་སུ་ཞིག་ཐེག་པའི་མཆོག་ལ་སེམས་བཏུད་དེ། །སུ་ཞིག་སངས་རྒྱས་རིགས་དང་ཆོས་ཀྱི་རིགས་ལ་གནས། །སུ་ཞིག་དཀོན་ མཆོག་གསུམ་པོ་རྒྱ་ཆེར་སྐྱེད་པར་བགྱིད། །གང་གི་ཆེད་དུ་འཛུམ་པ་མཛད་པ་ལེགས་པར་གསུངས། །གལ་ཏེ་རྒྱལ་བ་ཉན་ཐོས་རྣམས་ལ་དོན་ལྡན་གསུང་། །དེ་ཚེ་བདེ་གཤེགས་འཛུམ་པ་ཞབས་ཀྱི་པུས་མོར་ནུབ། །གལ་ཏེ་རྐྱེན་གྱི་ཐེག་ པ་གསུང་ན་ཕྲག་པར་ནུབ། །གལ་ཏེ་སངས་རྒྱས་ཐེག་གསུང་དེ་ཚེ་སྤྱི་བོར་ནུབ། །ཇི་ལྟར་ཁྱོད་ཀྱིས་འོད་ཟེར་འབུམ་སྙེད་རབ་བཏང་བ། །བདེ་བར་གཤེགས་ཀྱི་གཙུག་ཏུ་ནུབ་པར་གྱུར་ལགས་ན། །ཕན་མཛད་ལྷ་ཡི་ལྷ་སྟེ་ ཕན་པ་མཛད་པ་པོ། །འདི་ནི་སངས་རྒྱས་ཐེག་པར་ལུང་སྟོན་དགོས་མ་མཆིས། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་རིགས་ཀྱི་བུ་བཟང་ 82-1-36b པོ་མཐོང་ངམ། གསོལ་བ། བཅོམ་ལྡན་འདས་མཐོང་ལགས་སོ། །བཀའ་སྩལ་པ། ཀུན་དགའ་བོ་རིགས་ཀྱི་བུ་བཟང་པོ་འདི་ནི་བསྐལ་པ་དགུ་ཁྲི་ཉིས་སྟོང་ན་བསྐལ་པ་ལེགས་པར་སྤྲུལ་པ་ལ་འཇིག་རྟེན་གྱི་ཁམས་བཀོད་པ་ཆེན་པོར་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་འཕྲུལ་བའི་རྒྱལ་པོ་ཞེས་བྱ་བར་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་ པར་འཕྲུལ་བའི་རྒྱལ་པོ་དེའི་འཇིག་རྟེན་གྱི་ཁམས་བཀོད་པ་ཆེན་པོ་དེ་ནི་འབྱོར་པར་འགྱུར། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། ཉམས་དགའ་བ་དང་། མི་དང་སྐྱེ་བོ་མང་པོས་གང་བར་འགྱུར་ཞིང་ལག་མཐིལ་ལྟར་མཉམ་ པ་དང་། ཀ་ཙ་ལིན་དི་ལྟར་རེག་ན་འཇམ་པ་དང་། མེ་ཏོག་གི་ཤིང་ལྗོན་པས་བརྒྱན་པ་དང་། རོལ་མོ་སྣ་ཚོགས་སྒྲོགས་པ་དང་། སྤོས་སྣ་ཚོགས་ཀྱིས་བདུགས་པ་དང་། རྟག་ཏུ་རྒྱུན་མི་འཆད་པར་གདུགས་དང་། རྒྱལ་མཚན་དང་། བ་དན་བསྒྲེང་ བར་འགྱུར་རོ། །ཀུན་དགའ་བོ་བཟའ་བ་དང་། བཏུང་བ་ནི་དཔེར་ན་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ལོངས་སྤྱོད་ལྟར་བསམས་པ་ཙམ་གྱིས་འགྲུབ་སྟེ། མི་དེ་དག་གི་ཉེ་བར་སྤྱད་པ་དང་། ཡོངས་སུ་སྤྱད་པ་ནི་དེ་ལྟ་བུར་འགྱུར་རོ། །ཀུན་དགའ་བོ་ དེའི་ཚེ་འཇིག་རྟེན་གྱི་ཁམས་བཀོད་པ་ཆེན་པོ་དེ་རྟག་ཏུ་བཀོད་པ་ཐམས་ཅད་ཉེ་བར་སྟོན་པར་བྱེད་དེ། དེས་ན་འཇིག་རྟེན་གྱི་ཁམས་དེ་བཀོད་པ་ཆེན་པོ་ཞེས་བྱའོ། །ཀུན་དགའ་བོ་སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་གང་དག་ སྐྱེས་པ་དེ་དག་ཐམས་ཅད་རྒྱ་ཆེན་པོ་ལ་མོས་པ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཤ་སྟག་ཏུ་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་རྣམ་པར་འཕྲུལ་པའི་རྒྱལ་པོའི་ཚེའི་ཚད་ནི་ལོ་ཁྲིར་འགྱུར་རོ། །ཡོངས་སུ་མྱ་ངན་ ལས་འདས་ནས་ཀྱང་དམ་པའི་ཆོས་ལོ་བྱེ་བར་གནས་པར་འགྱུར་རོ། །ཀུན་དགའ་བོ་གང་གི་ཚེ་དེ་བཞིན་གཤེགས་པ་རྣམ་པར་འཕྲུལ་པའི་རྒྱལ་པོ་ཡོངས་སུ་མྱ་ངན་ལས་འདའ་བ་དེའི་ཚེ་ཡང་བྱང་ཆུབ་སེམས་དཔའ་སྒྲ་རྣམ་པར་གྲགས་པའི་ 82-1-37a འོག་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་གྱི་ཁྱབ་བདག་ཅེས་བྱ་བར་འཇིག་རྟེན་དུ་འབྱུང་བར་འགྱུར་རོ་ཞེས་བྱང་ཆུབ་སེམས་དཔའ་སྒྲ་རྣམ་པར་གྲགས་པ་ལུང་བསྟན་ནས་ཡོངས་སུ་མྱ་ ངན་ལས་འདའོ། །དེ་ནས་རིགས་ཀྱི་བུ་བཟང་པོ་བར་སྣང་དེ་ལས་བབས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་དེང་སླན་ཆད་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་འབུམ་ཕྲག་དུ་མ་དང་། ཆོས་དང་། དགེ་སློང་གི་དགེ་འདུན་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དེ་བཞིན་ཉིད་གང་གིས་དེ་བཞིན་ཉིད་ལས་སླར་མ་ལོག་པའི་དེ་བཞིན་གཤེགས་ པའི་དེ་བཞིན་ཉིད་དང་། དབྱེར་མ་མཆིས་པའི་དེ་བཞིན་ཉིད་དང་། མ་ཚང་བ་མ་མཆིས་པའི་དེ་བཞིན་ཉིད་དང་། རྣམ་པར་རྟོག་པའི་དེ་བཞིན་ཉིད་དང་། སྐྱེ་བ་མ་མཆིས་པའི་དེ་བཞིན་ཉིད་དང་། མངོན་པར་འདུ་བགྱི་བ་མ་མཆིས་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་ཉིད་ གསུང་བ་བཞིན་དུ་བདག་ཀྱང་དེ་སྐད་མཆིའོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་རིགས་ཀྱི་བུ་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཟང་པོ་ཁྱོད་དེ་བཞིན་གཤེགས་པའི་ཆོས་ཉིད་རྗེས་སུ་ཐོབ་བམ་ཅི་ན་ཁྱོད་ཇི་ལྟར་དེ་བཞིན་གཤེགས་ པ་དེ་བཞིན་ཉིད་གསུང་བ་ལྟར་ཁྱོད་དེ་སྐད་སྨྲ། བཟང་པོས་སྨྲས་པ། ཀུན་དགའ་བོ་ཆོས་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་ཆོས་ཉིད་ཐོབ་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟར་དེ་བཞིན་གཤེགས་པས་དེ་བཞིན་ ཉིད་དབྱེར་མེད་པ་ཉིད་དུ་ཐུགས་སུ་ཆུད་དེ། དེ་བཞིན་ཉིད་དབྱེར་མེད་པ་གང་ཡིན་པ་དེར་ཁོ་བོ་ཡང་ཆུད་ཅིང་ཇི་ལྟར་ཁོ་བོ་ཆུད་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་ཆུད་ལ། ཇི་ལྟར་སེམས་ཅན་ཐམས་ཅད་ཆུད་པ་དེ་བཞིན་ དུ་ཆོས་ཐམས་ཅད་ཀྱང་ཆུད་པའི་ཕྱིར་ཏེ། བཙུན་པ་ཀུན་དགའ་བོ་དེ་བཞིན་གཤེགས་པའི་ཆོས་ཉིད་ནི་གཉིས་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན་ནོ། །བཙུན་པ་ཀུན་དགའ་བོ་གཉིས་སུ་མེད་པ་ནི་གང་ན་ཀུན་དུ་ཤེས་པ་མེད་པ་ཉིད་དང་། ཡོངས་སུ་ 82-1-37b ཤེས་པ་མེད་པ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། འདུ་ཤེས་ཡོངས་སུ་ཤེས་པའི་ཤེས་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཡིན་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུ་བཟང་པོ་ནི་ལྷ་དང་བཅས་ པའི་འཇིག་རྟེན་མགོ་རྨོངས་པར་བགྱིད་པ་སྟེ། སྔོན་ཡང་སྒྱུ་མའི་ཆོས་ཉིད་ཀྱིས་མགོ་རྨོངས་པར་བགྱིས་སོ། །ད་ཡང་ཤེས་རབ་དང་། ཡེ་ཤེས་ཀྱིས་མགོ་རྨོངས་པར་བགྱིད་དོ། །དེ་ཅིའི་སླད་དུ་ཞེ་ན། འདིའི་ཤེས་རབ་དང་། ཡེ་ཤེས་ཀྱི་སྤོབས་པ་ནི་དེ་ལྟ་བུ་ལགས་པའི་སླད་དུའོ། །དེ་ནས་ བཅོམ་ལྡན་འདས་ཀྱིས་སྒྱུ་མ་མཁན་བཟང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཟང་པོ་ཁྱོད་ལྷ་དང་བཅས་པའི་འཇིག་རྟེན་མགོ་རྨོངས་པར་བྱེད་པ་བདེན་ནམ། གསོལ་པ། བཅོམ་ལྡན་འདས་ཀྱིས་ཇི་ལྟར་མགོ་རྨོངས་པར་མཛད་པ་དེ་བཞིན་དུ་བདག་ཀྱང་མགོ་རྨོང་ པར་བགྱིད་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟ་སྟེ། བདག་མེད་པ་ཉིད་ཀྱིས་སེམས་ཅན་དུ་ཐ་སྙད་བཏགས་ཏེ་ཆོས་སྟོན་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པ་ཉིད་ཀྱིས་གང་ཟག་ཏུ་ཆོས་སྟོན་པ་འདི་ནི་མགོ་རྨོངས་པར་བགྱིད་པ་ཆེན་ པོ་ལགས་པའི་སླད་དུའོ། །དེ་བཞིན་གཤེགས་པས་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་ནས་ཆོས་འགའ་ཡང་འཆི་འཕོ་བ་འམ། འགྲོ་བ་འམ། སྐྱེ་བ་མ་གཟིགས་མོད་ཀྱི། འཆི་འཕོ་བ་དང་། འགྲོ་བ་དང་། སྐྱེ་བའི་ཆོས་སྟོན་པར་ཡང་མཛད་དེ། བཅོམ་ལྡན་འདས་དེ་ལྟ་ལགས་པས་དེ་བཞིན་གཤེགས་པ་ཡང་དག་པར་གསུང་བ་བཀའ་སྩོལ་བ་ལྟ་ལྷ་དང་བཅས་པའི་འཇིག་རྟེན་གྱི་ཡུལ་ག་ལ་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་སྒྱུ་མ་མཁན་བཟང་པོ་ལ་ལེགས་སོ་ཞེས་བྱ་བ་ བྱིན་ཏེ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །ཁྱོད་ཇི་སྐད་སྨྲ་བ་དེ་ཁོ་ན་བཞིན་ཏེ། འདི་ལྟ་སྟེ། བདག་མེད་པ་ཉིད་ཀྱིས་སེམས་ཅན་དུ་ཐ་སྙད་བཏགས་ཏེ་ཆོས་སྟོན་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པ་ཉིད་ཀྱིས་གང་ཟག་ཏུ་ཆོས་སྟོན་པ་ འདི་ནི་མགོ་རྨོངས་པ་ཆེན་པོ་ཡིན་ནོ། །དེ་བཞིན་གཤེགས་པས་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་ནས་ཆོས་འགའ་ཡང་འཆི་འཕོ་བ་འམ། འགྲོ་བ་འམ། སྐྱེ་བ་མ་གཟིགས་མོད་ཀྱི། འཆི་འཕོ་བ་དང་འགྲོ་བ་དང་། སྐྱེ་བའི་ཆོས་སྟོན་པར་ཡང་མཛད་དེ། འདི་ལ་ཡོངས་སུ་མྱ་ངན་ལས་འདའ་བའམ། 82-1-38a ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་ཆོས་སྟོན་པའི་ཆོས་ནི་འགའ་ཡང་མེད་དོ། །དེ་ནས་རིགས་ཀྱི་བུ་བཟང་པོས་བཅོམ་ལྡན་འདས་ལ་རབ་ཏུ་འབྱུང་བར་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བྱང་ ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་ཁྱོད་ཀྱིས་རིགས་ཀྱི་བུ་བཟང་པོ་རབ་ཏུ་ཕྱུང་ཤིག །དེ་ནས་བྱམས་པས་རིགས་ཀྱི་བུ་བཟང་པོ་རབ་ཏུ་ཕྱུང་རྫོགས་པར་བསྙེན་པར་བྱས་སོ། །རབ་ཏུ་རྫོགས་ པར་བསྙེན་ནས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ནི་ཁ་དོག་དང་། རྟགས་དང་། ཚུལ་གྱིས་རབ་ཏུ་བྱུང་བ་མ་ལགས་སོ། །བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ ན། བྱང་ཆུབ་སེམས་དཔའ་གང་ཞིག་མཚན་མ་ཐམས་ཅད་ལ་ཆགས་པ་མ་མཆིས་ལ་སེམས་ཅན་ཡོངས་སུ་སྨིན་པར་བགྱི་བའི་སླད་དུ་ཁམས་གསུམ་ན་ཡང་མི་གནས་ན་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རབ་ཏུ་བྱུང་བ་ལགས་ སོ། །ཡང་དེའི་ཚེ་བསྟན་པ་འདི་བཤད་པ་ན་སྲོག་ཆགས་ལྔ་སྟོང་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དགེ་སློང་ཉིས་བརྒྱ་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་ པར་གྲོལ་ལོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདིའི་མིང་ཇི་སྐད་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། སྒྱུ་མ་མཁན་བཟང་པོ་ལུང་བསྟན་པ་ཞེས་བྱ་བར་ཟུང་ཤིག །རིམ་གྱིས་བྱང་ཆུབ་ཡང་དག་པར་འབྱུང་བ་ཞེས་བྱ་བར་ཡང་ཟུང་ཤིག །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་གང་དེ་བཞིན་གཤེགས་པ་ལྟ་བར་འདོད་པ་དང་། སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་ མཛད་པ་བྱ་བར་འདོད་པ་དེ་ཆོས་ཀྱི་རྣམ་གྲངས་འདི་གཟུང་བར་བྱ་བཅད་པར་བྱ་བཀླག་པར་བྱ་གཞན་དག་ལ་ཡང་བསྟན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་གང་གིས་འདི་བཟུང་བ་དང་། བཅངས་པ་དང་། བཀླག་པ་དང་། གཞན་དག་ལ་ཡང་རབ་ཏུ་བསྟན་པ་དེས་ནི་དེ་བཞིན་གཤེགས་ 82-1-38b པ་མཐོང་བ་ཡིན། དེས་ནི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པ་ཡང་བྱས་པ་ཡིན་ནོ། །ཀུན་དགའ་བོ་དེ་ལྟ་བས་ན་ཁྱོད་ཀྱིས་སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། འདི་ལྟ་སྟེ། ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་། བདེ་བའི་ ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག །ཆོངས་ཤིག །ལྷོགས་ཤིག །ཀུན་ཆུབ་པར་གྱིས་ཤིག །ཀུན་དགའ་བོ་ཆོས་གང་དག་གིས་བྱང་ཆུབ་ཡང་དག་པར་འབྱུང་བ་དང་། ཐེག་པ་ཆེན་པོ་འདི་ཡང་ཡང་དག་པར་འབྱུང་བར་འགྱུར་བ་དེ་དག་ནི་ཐེག་པ་ ཆེན་པོ་འདི་ལས་ཡང་དག་པར་རབ་ཏུ་སྟོན་ཏོ། །དེས་ན་ཆོས་ཀྱི་རྣམ་གྲངས་འདི་བྱང་ཆུབ་ཡང་དག་པར་འབྱུང་བ་ཞེས། ཀུན་དགའ་བོ་ཁྱོད་མོས་པར་བྱའོ། །ཁོང་དུ་ཆུད་པར་བྱའོ། །གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་གླེགས་བམ་དུ་བྱེད་པ་འམ། ལུས་ ལ་སྲེལ་བ་དེའི་ལུས་ལ་དེ་བཞིན་གཤེགས་པ་ཡོད་པ་ཡིན་ན་གང་དག་གིས་ཐོས་ནས་དེ་བཞིན་ཉིད་དུ་སྒྲུབ་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་བཅོམ་ལྡན་འདས་ལ་རིགས་ཀྱི་བུ་བཟང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ ཆོས་ཀྱི་རྣམ་གྲངས་འདི་ནི་སྔོན་གྱི་དགེ་བའི་རྩ་བ་སྐུལ་བ་ཞེས་བགྱི་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་དགེ་བའི་རྩ་བ་སྔོན་བསགས་པ་ཐམས་ཅད་ མངོན་སུམ་དུ་གྱུར་བའི་སླད་དུ་ལགས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། རིགས་ཀྱི་བུ་བཟང་པོ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ ལས་སྒྱུ་མ་མཁན་བཟང་པོ་ལུང་བསྟན་པ་ཞེས་བྱ་བ་སྟེ། ལེའུ་ཉི་ཤུ་རྩ་གཅིག་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲ་ཛྙཱ་བརྨ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། 82-1-39a ༄༅། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་ཉི་ཤུ་རྩ་གཉིས་པ་སྟེ་ཆོ་འཕྲུལ་ཆེན་པོ་བསྟན་པ། བམ་པོ་དང་པོ། རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་པྲ་ཏེ་ཧཱརྱ་ནིར་དེ་ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཆོ་འཕྲུལ་ཆེན་པོ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་ སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་བརྒྱད་སྟོང་དང་ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་ལྷའི་བུ་དེད་དཔོན་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་ འདུག་གོ། །འཇམ་དཔལ་གཞོན་ནུར་གྱུར་བ་ཡང་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་དེད་དཔོན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་ཆོ་འཕྲུལ་དུ་ཞིག་གིས་སེམས་ཅན་རྣམས་འདུལ་བར་མཛད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་ང་ནི་ཆོ་འཕྲུལ་རྣམ་པ་གསུམ་གྱིས་སེམས་ཅན་རྣམས་འདུལ་ བར་བྱེད་དོ། །གསུམ་གང་ཞེ་ན། འདི་ལྟ་སྟེ། ཀུན་རྫོད་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་དང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་ལོ། །དེ་ལ་དེ་བཞིན་གཤེགས་པའི་ཀུན་རྫོད་པའི་ཆོ་འཕྲུལ་གང་ཞེ་ན། ཐོགས་པ་མེད་པའི་ཡེ་ཤེས་ཀྱིས་མ་འོངས་པའི་དུས་གཟིགས་པ་གང་ཡིན་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་མཁྱེན་ཅིང་གཟིགས་པ་དང་། དཀོན་མཆོག་གསུམ་པོ་རྣམས་ལ་མ་དད་པ་རྣམས་ 82-1-39b དད་པར་མཛད་པ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་འཇུག་པ་མཁྱེན་པ་དང་། དེ་བཞིན་གཤེགས་པས་གང་ཟག་གང་ལ་ད་ལྟར་བྱུང་བ་ན་ཉེས་པར་སྤྱད་པའི་གཞི་ངན་སོང་དང་། ངན་འགྲོ་གང་ཡང་རུང་བ་དག་སྐྱེ་ བར་འགྱུར་བ་དེ་ནི་དེ་ཁོ་ན་བཞིན་དུ་འགྱུར་གྱི་གཞན་དུ་མ་ཡིན་ནོ། །ཞེས་ཀུན་རྫོད་པར་མཛད་པ་དང་། གང་ཟག་དེ་སྔོན་དགེ་བའི་རྩ་བ་ཡང་དག་པར་བླངས་པའི་རྒྱུས་ངན་སོང་རྣམས་ལས་ཐར་ནས་ལྷ་དང་མི་དག་ཏུ་ སྐྱེ་བར་འགྱུར་ཞིང་། ཐེག་པ་གང་གིས་ངེས་པར་འབྱུང་བར་འགྱུར་བ་ཡང་ན་ཉན་ཐོས་ཀྱི་ཐེག་པ་འམ། ཡང་ན་རང་སངས་རྒྱས་ཀྱི་ཐེག་པ་འམ། ཡང་ན་ཐེག་པ་ཆེན་པོས་ངེས་པར་འབྱུང་བར་འགྱུར་བ་དང་། དེ་བཞིན་དུ་བདེ་བ་དང་། སྡུག་བསྔལ་མྱོང་བར་འགྱུར་བ་དང་། བསྐལ་པ་ཇི་སྙེད་ཅིག་གིས་ངེས་པར་འབྱུང་བར་འགྱུར་བ་དང་། སྤྱོད་པ་ཇི་ལྟ་བུས་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་ཅིག་མཐོང་བར་འགྱུར་ཞིང་ མཉེས་བར་བྱེད་པར་འགྱུར་བ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །མཁྱེན་ནས་ཀྱང་དེ་ནི་དེ་ཁོ་ན་བཞིན་དུ་འགྱུར་གྱི་གཞན་དུ་མ་ཡིན་ནོ། །ཞེས་དེ་ཁོ་ན་བཞིན་དུ་ཀུན་རྫོད་པར་མཛད་པ་དང་ གང་ཟག་གང་དགེ་བའི་རྩ་བ་ཡང་དག་པར་བླངས་པའི་རྒྱུས་འདོད་པའི་ཁམས་རྣམས་སུ་སྐྱེ་བར་འགྱུར་བ་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཀྱི་སྐྱེ་མཆེད་གང་ཡང་རུང་བ་དག་ ཏུ་སྐྱེ་བར་འགྱུར་བ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ཐེག་པ་གང་གིས་ངེས་པར་འབྱུང་བར་འགྱུར་བ་དང་། བསྐལ་པ་ཇི་སྙེད་ཅིག་གིས་ངེས་པར་འབྱུང་བར་འགྱུར་བ་དང་། སྤྱོད་པ་ཇི་ལྟ་ བུས་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་ཅིག་མཐོང་བར་འགྱུར་ཞིང་མཉེས་པར་བྱེད་པར་འགྱུར་བ་དི་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །མཁྱེན་ནས་ཀྱང་དེ་ཁོ་ན་བཞིན་དུ་ 82-1-40a ཀུན་རྗོད་ཅིང་ལུང་སྟོན་པར་མཛད་པ་དང་། དགེ་བ་འམ། མི་དགེ་བ་འམ། དམན་པ་འམ། བར་མ་འམ། མཆོག་གམ། ཐ་ན་སེམས་བསྐྱེད་པ་གཅིག་ཀྱང་མི་གདའ་སྟེ། དེ་ནི་དེ་བཞིན་གཤེགས་པའི་ཀུན་རྗོད་པའི་ཆོ་འཕྲུལ་ཡིན་ནོ། །དེ་ལ་དེ་བཞིན་གཤེགས་པའི་རྗེས་སུ་བསྟན་པའི་ཆོ་འཕྲུལ་གང་ཞེ་ན། བསླབ་པ་བསྲུང་བའི་དོན་གྱི་ཕྱིར་རྗེས་སུ་སྟོན་པར་མཛད་པ་གང་ ཡིན་པ་སྟེ། འདི་ནི་བྱ་བའོ། །འདི་ནི་བྱ་བ་མ་ཡིན་པའོ། །འདི་ནི་བསྟེན་པར་བྱ་བའོ། །འདི་ནི་བསྟེན་པར་བྱ་བ་མ་ཡིན་པའོ། །འདི་ནི་སྒྲུབ་པའོ། །འདི་ནི་ལོག་པར་སྒྲུབ་པའོ། །ཆོས་འདི་དག་ནི་ ཀུན་ནས་ཉོན་མོངས་པའི་ཆ་དང་འཐུན་པའོ། །ཆོས་འདི་དག་ནི་རྣམ་པར་བྱང་བའི་ཆ་དང་འཐུན་པའོ་ཞེས་དེ་ལྟར་ཡོན་ཏན་ཐམས་ཅད་ཡང་དག་པར་བླང་བ་རྗེས་སུ་སྟོན་པ་དང་། མི་དགེ་བ་ཐམས་ཅད་སྦང་ པ་རྗེས་སུ་སྟོན་པ་དང་། དགེ་བའི་ལམ་གྱི་ཚོགས་ཐམས་ཅད་རྗེས་སུ་སྟོན་པ་དང་། ལམ་འདི་ནི་ཉན་ཐོས་ཀྱི་ཐེག་པ་ཡོངས་སུ་རྫོགས་པར་འགྱུར་བའོ། །ལམ་འདི་ནི་སངས་རྒྱས་ཀྱི་ཐེག་པ་ཡོངས་ སུ་རྫོགས་པར་འགྱུར་བའོ། །ལམ་འདི་ནི་ཐེག་པ་ཆེན་པོ་ཡོངས་སུ་རྫོགས་པར་འགྱུར་བའོ། །ཞེས་རྗེས་སུ་སྟོན་པ་གང་ཡིན་པ་སྟེ། དེ་དག་ཇི་སྐད་བསྟན་པ་བཞིན་དུ་བསྒྲུབས་ན་གནས་གང་ཡིན་པ་དེ་རྗེས་སུ་འཐོབ་ པར་མི་འགྱུར་བའི་གནས་མ་ཡིན། སྐབས་མ་ཡིན་ཏེ། དེ་ནི་གནས་མེད་དོ། །ལས་འདི་ཡང་དག་པར་བླངས་ན་ནི་སེམས་ཅན་དམྱལ་བ་རྣམས་སུ་ཁྲིད་པར་བྱེད་དོ། །ལས་འདི་ཡང་དག་པར་བླངས་ན་ནི་དུད་ འགྲོའི་སྐྱེ་གནས་རྣམས་སུ་ཁྲིད་པར་བྱེད་དོ། །ལས་འདི་ཡང་དག་པར་བླངས་ན་ནི་གཤིན་རྗེའི་འཇིག་རྟེན་རྣམས་སུ་ཁྲིད་པར་བྱེད་དོ། །ལས་འདི་ཡང་དག་པར་བླངས་ན་ནི་ལྷ་རྣམས་སུ་ཁྲིད་པར་བྱེད་དོ། །ལས་འདི་ 82-1-40b ཡང་དག་པར་བླངས་ན་ནི་མི་རྣམས་སུ་ཁྲིད་པར་བྱེད་དོ། །དེ་ལ་གང་དག་མི་དགེ་བ་སྤངས་ནས་དགེ་བ་ཡང་དག་པར་བླང་བའི་ཕྱིར་འཇུག་པ་དང་། འཕགས་པའི་ལམ་དུ་འཇུག་པ་དེ་དག་ནི་ལྷ་དང་མི་རྣམས་སུ་ སྐྱེས་ནས་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་དུ་འགྱུར་བ་དང་། ཚུལ་དེ་ལྟ་བུས་ཁ་ན་མ་ཐོ་བ་མེད་པ་དང་། རྨོངས་པ་མེད་པ་རྗེས་སུ་སྟོན་པར་མཛད་པ་གང་ཡིན་པ་སྟེ། དེ་ནི་དེ་བཞིན་གཤེགས་ པའི་རྗེས་སུ་བསྟན་པའི་ཆོ་འཕྲུལ་ཡིན་ནོ། །དེ་ལ་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་གང་ཞེ་ན། གང་དག་རྫུ་འཕྲུལ་གྱིས་འདུལ་བའི་སེམས་ཅན་ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པས་ བཅོམ་པ་རྣམས་ལ་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཀུན་ཏུ་སྟོན་པར་མཛད་དེ། འདི་ལྟ་སྟེ། གཅིག་ཏུ་གྱུར་ནས་དུ་མར་འགྱུར་རོ། །དུ་མར་གྱུར་ནས་གཅིག་ཏུ་འགྱུར་རོ། །སྣང་བར་གྱུར་ཅིང་མི་སྣང་བར་ཡང་འགྱུར་རོ། །རྩིག་ པ་ལ་ཡང་ཐད་ཀར་འགྲོའོ། །ར་བ་ལ་ཡང་ཐད་ཀར་འགྲོའོ། །རི་ལ་ཡང་མི་ཐོགས་པར་ཐད་ཀར་འགྲོའོ། །ས་ལ་ཡང་སྟེང་དུ་འབྱུང་བ་དང་བྱིའུ་ཟུལ་བྱེད་དེ་དཔེར་ན་ཆུ་ལ་བྱ་བ་བཞིན་ནོ། །ཆུ་ལ་ཡང་མི་ནུབ་ པར་འགྲོ་སྟེ། དཔེར་ན་ས་ལ་བྱ་བ་བཞིན་ནོ། །ནམ་མཁའ་ལ་ཡང་འགྲོ་སྟེ་དཔེར་ན་མདབ་ཆགས་བྱ་བ་བཞིན་ནོ། །ལུས་ཀྱི་སྟོད་ནས་མེ་འབར་བར་བྱེད་ཅིང་ལུས་ཀྱི་སྨད་ནས་ཆུའི་རྒྱུན་བབ་པར་བྱེད་དོ། །ལུས་ ཀྱི་སྨད་ནས་མེ་འབར་བར་བྱེད་ཅིང་ལུས་ཀྱི་སྟོད་ནས་ཆུའི་རྒྱུན་འབབ་པར་བྱེད་དོ། །ཉི་མ་དང་ཟླ་བ་འདི་གཉིས་འདི་ལྟར་རྫུ་འཕྲུལ་ཆེ་ལ། འདི་ལྟར་མཐུ་ཆེ་བ། འདི་ལྟར་གཟི་བརྗིད་ཆེ་བ་ལ་ཡང་ལག་པས་འཛིན་ཅིང་ ཀུན་དུ་ཉུག་པར་བྱེད་དོ། །ཚངས་པའི་འཇིག་རྟེན་གྱི་བར་དུ་ཡང་ལུས་ཀྱིས་དབང་སྒྱུར་རོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་ཀུན་ཏུ་འབར་བར་སྟོན་ཏེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་ 82-1-41a བའི་ཕྱིར་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའི་ཁྱད་པར་ཅི་དང་ཅི་ལྟ་བུས་སེམས་ཅན་རྣམས་འདུལ་བར་འགྱུར་བ་དེ་དང་དེ་ལྟ་བུའི་རྫུ་འཕྲུལ་གྱི་རྣམ་པ་དག་མངོན་པར་སྒྲུབ་པར་བྱེད་དོ། །དེ་ནི་དེ་ བཞིན་གཤེགས་པའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཡིན་ནོ། །ལྷའི་བུ་ང་ནི་ཆོ་འཕྲུལ་གསུམ་པོ་དེ་དག་གིས་སེམས་ཅན་རྣམས་འདུལ་བར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་དེད་དཔོན་གྱིས་འདི་སྐད་ ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོ་འཕྲུལ་དེ་དག་མ་ལགས་པའི་ཆོ་འཕྲུལ་དམ་པ་གཞན་ཅི་ཞིག་མངའ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་ཡོད་དོ། །དེ་ནས་བཅོམ་ལྡན་ འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་བ་ལ་བཀའ་སྩལ་པ། འཇམ་དཔལ་ཆོ་འཕྲུལ་བསྟན་པའི་ཆོས་ཀྱི་རྣམ་གྲངས་གང་ཐོས་ན་ཟབ་མོ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ བཟོད་པ་ཐོབ་པར་འགྱུར་བ་དང་། བདུད་ཀྱི་ཕྱོགས་ཀྱང་ཤིན་དུ་ཚར་བཅད་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་འདི་ཡང་ཡུན་རིང་དུ་གནས་པར་འགྱུར་བའི་ཆོ་འཕྲུལ་བསྟན་པ་ཞེས་བྱ་ བའི་ཆོས་ཀྱི་རྣམ་གྲངས་ལ་ཁྱོད་སྤོབས་པར་གྱིས་ཤིག་དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་ནི་བཞེད་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱ་མཚོ་ཆེན་པོའི་ཆབ་ཀྱི་ཕུང་པོ་གང་ལགས་པ་དེ་ཐམས་ཅད་ཕྱག་གི་ཁྱོར་བ་ཡ་ཅིག་ཏུ་སྩལ་ཀྱང་ཆབ་ཀྱི་སེམས་ཅན་རྣམས་ལ་ཡང་གནོད་པར་ མི་འགྱུར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་ནི་ཆོ་འཕྲུལ་འདི་མངའ་ལགས་སོ། །ཡང་འདི་ནི་ཆོ་འཕྲུལ་དམ་པ་ལགས་ཏེ། གང་དེ་བཞིན་གཤེགས་པས་བརྗོད་དུ་མ་མཆིས་པ་དང་། ཡི་གེ་མ་ 82-1-41b མཆིས་པ་དང་། བསྙད་དུ་མ་མཆིས་པ་དང་། སྐྱེ་བ་མ་མཆིས་པ་དང་། འབྱུང་བ་མ་མཆིས་པ་དང་། མིང་མ་མཆིས་པ་དང་། མཚན་མ་མ་མཆིས་པ་དང་། སྒྲ་མ་མཆིས་པ་དང་། དབྱངས་མ་མཆིས་པ་དང་། ཚིག་གི་ལམ་མ་མཆིས་པ་དང་། རྒྱུ་མཚན་མ་མཆིས་པ་དང་། མཚན་ཉིད་མ་མཆིས་པ་དང་། སྤྱོད་པ་མ་མཆིས་པ་དང་། རྒྱུ་བ་མ་མཆིས་པ་དང་། ཀུན་ཏུ་འབྱུང་བ་མ་མཆིས་པ་དང་། རྣམ་པ་རིག་བ་ མ་མཆིས་པ་དང་། འདུས་མ་བགྱིས་པ་དང་། སེམས་དང་། ཡིད་དང་། རྣམ་པར་ཤེས་པ་དང་བྲལ་བ་དང་། ཐ་སྙད་ཐམས་ཅད་ཡང་དག་པར་ཆད་པ་དང་། ཞི་བ་དང་། བྱང་བ་དང་། ཕྲ་བ་དང་། མཐོང་བར་ དཀའ་བ་དང་། བརྟག་ཏུ་མ་མཆིས་པ་དང་། རྟོག་གེའི་སྤྱོད་ཡུལ་མ་ལགས་པའི་ཆོས་མངོན་པར་རྫོགས་པར་སངས་རྒྱས་ནས་ཡི་གེ་དང་། ངེས་བའི་ཚིག་དང་། བརྡ་དང་། ཐ་སྙད་ཀྱི་ལམ་དེ་དང་དེ་དག་གིས་ ཆོས་དེ་དག་གཞན་དག་ལ་རྣམ་པར་རིག་པར་མཛད་པ་དེ་ནི་དེ་བཞིན་གཤེགས་པའི་ཆོ་འཕྲུལ་ཆེན་པོ་ལགས་སོ། །ལྷ་དང་བཅས་པའི་འཇིག་རྟེན་གྱིས་དེའི་གཏིང་མི་རྟོགས་ཤིང་། དམིགས་པ་དང་། མཚན་མ་ དང་། ཡོངས་སུ་རྟོག་པ་དང་བཅས་པའི་དགེ་སྦྱོང་དང་། བྲམ་ཟེ་ཐམས་ཅད་དངང་ཞིང་འཇུག་པར་མི་འགྱུར་བ་དེ་ཡང་དེ་བཞིན་གཤེགས་པའི་ཆོ་འཕྲུལ་ཆེན་པོ་ལགས་སོ། །བཅོམ་ལྡན་འདས་གཞན་ཡང་དེ་ བཞིན་གཤེགས་པ་ནི་བཞེད་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཞལ་གྱི་སྒོར་སྩལ་ཀྱང་གླིང་ཆེན་པོ་བཞི་པའི་སེམས་ཅན་རྣམས་དང་། དགུང་ཟླ་དང་། གདུགས་དག་དང་། ཁོར་ཡུག་རྣམས་ དང་། རན་དང་། ཤིང་གེལ་བ་དང་། སྨན་དང་། ནགས་ཚལ་རྣམས་ལ་ཡང་སྒྲིབ་པར་མི་འགྱུར་བ་དང་། སླར་ཕྱུང་སྟེ། གནས་ཇི་ལྟ་བ་བཞིན་དུ་བཀོད་ཀྱང་སེམས་ཅན་རྣམས་ཀྱིས་འདི་ལྟར་བདག་ཅག་ཡུལ་གང་ 82-1-42a དུ་བཀོད་པ་དང་། བདག་ཅག་ཡུལ་གང་ནས་བཏོན་པ་ཡང་མ་འཚལ་ཏོ། །བཅོམ་ལྡན་འདས་དེ་ཡང་དེ་བཞིན་གཤེགས་པའི་ཆོ་འཕྲུལ་ཆེན་པོ་ལགས་སོ། །འདི་ནི་ཆོ་འཕྲུལ་ཆེན་ པོ་དམ་པ་ལགས་ཏེ། གང་དེ་བཞིན་གཤེགས་པས་བརྗོད་དུ་མ་མཆིས་པ་དང་། ཡི་གེ་མ་མཆིས་པ་དང་། བསྙད་དུ་མ་མཆིས་པ་དང་། མིང་མ་མཆིས་པ་དང་། མཚན་མ་མཆིས་པ་དང་། དེ་ བཞིན་དུ་སྦྱར་ཏེ། སེམས་དང་། ཡིད་དང་། རྣམ་པར་ཤེས་པ་དང་བྲལ་བ་དང་། ཐ་སྙད་ཐམས་ཅད་ཡང་དག་པར་ཆད་པ་དང་། ཞི་བ་དང་། བྱང་བ་དང་། ཕྲ་བ་དང་། མཐོང་བར་དཀའ་བ་དང་། བརྟག་ ཏུ་མ་མཆིས་པ་དང་། རྟོག་གེའི་སྤྱོད་ཡུལ་མ་ལགས་པའི་བར་གྱི་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་ནས་ཡི་གེ་དང་། ངེས་པའི་ཚིག་དང་། བརྡ་དང་། ཐ་སྙད་ཀྱི་ལམ་དེ་དང་དེ་དག་གིས་ ཆོས་དེ་བསྟན་པ་དེ་ཡང་དེ་བཞིན་གཤེགས་པའི་ཆོ་འཕྲུལ་ཆེན་པོ་ལགས་སོ། །བཅོམ་ལྡན་འདས་གཞན་ཡང་གང་དག་དེ་བཞིན་གཤེགས་པའི་སྐུ་དང་ལྡན་པའི་ཆོ་འཕྲུལ་དེ་དག་ཐམས་ཅད་ནི་མཚན་མའི་ དངོས་པོ་དང་བཅས་པའི་སེམས་ཅན་རྣམས་ཀུན་ནས་འདྲེན་པར་མཛད་པ་ལགས་སོ། །འདི་ཡང་དེ་བཞིན་གཤེགས་པའི་ཆོ་འཕྲུལ་ཆེན་པོ་ལགས་ཏེ། འདི་ལྟ་སྟེ། བདག་མ་མཆིས་པ་ལ་བདག་ཏུ་ཐ་སྙད་ འདོགས་པ་དང་། སེམས་ཅན་མ་མཆིས་པ་ལ་སེམས་ཅན་དུ་ཐ་སྙད་འདོགས་པ་དང་། སྲོག་མ་མཆིས་པ་ལ་སྲོག་ཏུ་ཐ་སྙད་འདོགས་པ་དང་། གསོ་བ་མ་མཆིས་པ་ལ་གསོ་བར་ཐ་སྙད་འདོགས་པ་ དང་། གང་ཟག་མ་མཆིས་པ་ལ་གང་ཟག་ཏུ་ཐ་སྙད་འདོགས་པ་དང་། ཤེད་ལས་སྐྱེས་མ་མཆིས་པ་ལ་ཤེད་ལས་སྐྱེས་སུ་ཐ་སྙད་འདོགས་པ་དང་། ཤེད་བུ་མ་མཆིས་པ་ལ་ཤེད་བུར་ཐ་སྙད་འདོགས་ 82-1-42b པ་དང་། མིང་མ་མཆིས་པ་ལ་མིང་དུ་ཐ་སྙད་འདོགས་པ་དང་། གཟུགས་མ་མཆིས་པ་ལ་གཟུགས་སུ་ཐ་སྙད་འདོགས་པ་དང་། ཚོར་བ་མ་མཆིས་པ་ལ་ཚོར་བར་ཐ་སྙད་འདོགས་པ་དང་། འདུ་ ཤེས་མ་མཆིས་པ་ལ་འདུ་ཤེས་སུ་ཐ་སྙད་འདོགས་པ་དང་། འདུ་བྱེད་རྣམས་མ་མཆིས་པ་ལ་འདུ་བྱེད་རྣམས་སུ་ཐ་སྙད་འདོགས་པ་དང་། རྣམ་པར་ཤེས་པ་མ་མཆིས་པ་ལ་རྣམ་པར་ཤེས་ པར་ཐ་སྙད་འདོགས་པ་དང་། ཕུང་པོ་མ་མཆིས་པ་ལ་ཕུང་པོར་ཐ་སྙད་འདོགས་པ་དང་། ཁམས་མ་མཆིས་པ་ལ་ཁམས་སུ་ཐ་སྙད་འདོགས་པ་དང་། སྐྱེ་མཆེད་མ་མཆིས་པ་ལ་སྐྱེ་མཆེད་དུ་ཐ་ སྙད་འདོགས་པ་དང་། མིག་སྟོང་ཞེས་བགྱི་བར་ཐ་སྙད་འདོགས་ཀྱང་མིག་ནི་འདི་སྙམ་དུ་བདག་སྟོང་ངོ་། སྙམ་དུ་མི་སེམས་པ་དང་། གཟུགས་སྟོང་ཞེས་བགྱི་བར་ཐ་སྙད་འདོགས་ཀྱང་གཟུགས་ ནི་འདི་སྙམ་དུ་བདག་སྟོང་ངོ་སྙམ་དུ་མི་སེམས་པ་དང་། མིག་གི་རྣམ་པར་ཤེས་པ་སྟོང་ཞེས་བགྱི་བར་ཐ་སྙད་འདོགས་ཀྱང་མིག་གི་རྣམ་པར་ཤེས་པ་འདི་སྙམ་དུ་བདག་སྟོང་ངོ་སྙམ་དུ་མི་སེམས་པ་ དང་། དེ་བཞིན་དུ་རྣ་བ་དང་། སྒྲ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣ་དང་། དྲི་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེ་དང་། རོ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་དང་། རེག་བྱ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་སྟོང་ཞེས་བགྱི་བར་ཐ་སྙད་འདོགས་ཀྱང་ཡིད་ནི་འདི་སྙམ་དུ་བདག་སྟོང་ངོ་སྙམ་དུ་མི་སེམས་པ་དང་། ཆོས་རྣམས་སྟོང་ཞེས་བགྱི་བར་ཐ་སྙད་འདོགས་ཀྱང་ ཆོས་རྣམས་ནི་འདི་སྙམ་དུ་བདག་ཅག་སྟོང་ངོ་སྙམ་དུ་མི་སེམས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་སྟོང་ཞེས་བགྱི་བར་ཐ་སྙད་འདོགས་ཀྱང་ཡིད་ཀྱི་རྣམ་པར་ཤེས་པ་ནི་འདི་སྙམ་དུ་བདག་སྟོང་ངོ་སྙམ་དུ་མི་སེམས་ཏེ། 82-1-43a འདི་ལྟར་བེམས་པོ་དང་། སེམས་པ་མ་མཆིས་པ་དང་། དངོས་པོ་མ་མཆིས་པ་དང་། མིང་མ་མཆིས་པ་དང་། མཚན་མ་མཆིས་པའི་ཆོས་འདི་ལྟ་བུ་འདི་དག་སེམས་ཅན་གཞན་ དང་། གང་ཟག་གཞན་དག་ལ་ཡང་དག་པར་གོ་བར་མཛད་པ་གང་ལགས་པ་འདི་ནི་དེ་བཞིན་གཤེགས་པའི་ཆོ་འཕྲུལ་ཆེན་པོ་ལགས་ཏེ། ཆོ་འཕྲུལ་དེ་ནི་མིག་དང་ལྡན་པ་ཡང་མ་ལགས། གཟུགས་དང་ལྡན་ པ་ཡང་མ་ལགས། མིག་གི་རྣམ་པར་ཤེས་པ་དང་ལྡན་པ་ཡང་མ་ལགས། རྣ་བ་དང་ལྡན་པ་ཡང་མ་ལགས། སྒྲ་དང་ལྡན་པ་ཡང་མ་ལགས། རྣ་བའི་རྣམ་པར་ཤེས་པ་དང་ལྡན་པ་ཡང་མ་ལགས། སྣ་དང་ལྡན་པ་ཡང་མ་ལགས། དྲི་དང་ལྡན་པ་ཡང་མ་ལགས། སྣའི་རྣམ་པར་ཤེས་པ་དང་ལྡན་པ་ཡང་མ་ལགས། ལྕེ་དང་ལྡན་པ་ཡང་མ་ལགས། རོ་དང་ལྡན་པ་ཡང་མ་ལགས། ལྕེའི་རྣམ་པར་ ཤེས་པ་དང་ལྡན་པ་ཡང་མ་ལགས། ལུས་དང་ལྡན་པ་ཡང་མ་ལགས། རེག་བྱ་དང་ལྡན་པ་ཡང་མ་ལགས། ལུས་ཀྱི་རྣམ་པར་ཤེས་པ་དང་ལྡན་པ་ཡང་མ་ལགས། ཡིད་དང་ལྡན་པ་ཡང་མ་ལགས། ཆོས་རྣམས་དང་ལྡན་པ་ཡང་མ་ལགས། ཡིད་ཀྱི་རྣམ་པར་ཤེས་པ་དང་ལྡན་པ་ཡང་མ་ལགས་ཏེ། དེ་ལྟ་བུའི་ཆོ་འཕྲུལ་དེ་ནི་ཡུལ་མ་མཆིས་པའི་ཆོ་འཕྲུལ་ལགས་སོ། །དེ་ནི་ཡུལ་དང་བྲལ་བའི་ཆོ་འཕྲུལ་ ལགས་ཏེ། ཆོ་འཕྲུལ་དེ་ནི་ལུས་དང་ལྡན་པར་བལྟ་བ་མ་ལགས། སེམས་དང་། ཡིད་དང་། རྣམ་པར་ཤེས་པ་དང་ལྡན་པར་བལྟ་བ་མ་ལགས་ཏེ། དེའི་སླད་དུ་ཆོ་འཕྲུལ་དེ་ནི་འཇིག་རྟེན་ཐམས་ཅད་གློ་བ་ མི་ཆེས་པར་འགྱུར་བ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འཇིག་རྟེན་ཞེས་བགྱི་བ་ནི་ཕུང་པོ་ལྔ་པོ་དག་ལགས་ཏེ། ཕུང་པོ་ལྔ་པོ་མི་རྟག་པ་དེ་ལ་བྱིས་པ་རྣམས་མངོན་པར་ཞེན་ཅིང་། དེ་དག་གིས་ཕུང་པོ་ 82-1-43b ལྔ་པོ་དག་རྟག་པར་བཟུང་བའི་སླད་དུ་སྟེ། དེའི་སླད་དུ་ཆོ་འཕྲུལ་དེ་ནི་འཇིག་རྟེན་ཐམས་ཅད་གློ་བ་མི་ཆེས་པར་འགྱུར་བ་ལགས་སོ། །འཇིག་རྟེན་ནི་ཕུང་པོ་ལྔ་པོ་དག་རྟག་ཅེས་བགྱི་བར་གློ་བ་ཆེས་པས་ན་དེ་དག་ མི་རྟག་གོ་ཞེས་བཤད་ན་འཇིག་རྟེན་ཐམས་ཅད་གློ་བ་མི་ཆེས་ལགས་སོ། །འཇིག་རྟེན་ནི་ཕུང་པོ་ལྔ་པོ་དག་བདེ་ཞེས་བགྱི་བར་གློ་བ་ཆེས་པས་ན་དེ་དག་སྡུག་བསྔལ་ལོ་ཞེས་བཤད་ན་འཇིག་རྟེན་ཐམས་ཅད་གློ་བ་མི་ ཆེས་ལགས་སོ། །འཇིག་རྟེན་ནི་ཕུང་པོ་ལྔ་པོ་དག་བདག་ཅེས་བགྱི་བར་གློ་བ་ཆེས་པས་ན་དེ་དག་བདག་མ་མཆིས་སོ་ཞེས་བཤད་ན་འཇིག་རྟེན་ཐམས་ཅད་གློ་བ་མི་ཆེས་ལགས་སོ། །འཇིག་རྟེན་ནི་ཕུང་པོ་ལྔ་པོ་ དག་སྡུག་ཅེས་བགྱི་བར་གློ་བ་ཆེས་པས་ན་དེ་དག་མི་སྡུག་གོ་ཞེས་བཤད་ན་འཇིག་རྟེན་ཐམས་ཅད་གློ་བ་མི་ཆེས་ལགས་སོ། །འཇིག་རྟེན་ནི་ཕུང་པོ་ལྔ་པོ་དག་བདག་གི་ཞེས་བགྱི་བར་གློ་བ་ཆེས་པས་ན་དེ་དག་བདག་ པོ་མ་མཆིས་སོ་ཞེས་བཤད་ན་འཇིག་རྟེན་ཐམས་ཅད་གློ་བ་མི་ཆེས་ལགས་སོ། །འཇིག་རྟེན་ནི་ཕུང་པོ་ལྔ་པོ་དག་ཡང་དག་པ་ཞེས་བགྱི་བར་གློ་བ་ཆེས་པས་ན་དེ་དག་ཡང་དག་པ་མ་ལགས་སོ་ཞེས་བཤད་ན་ འཇིག་རྟེན་ཐམས་ཅད་གློ་བ་མི་ཆེས་ལགས་ཏེ། དེའི་སླད་དུ་དེ་བཞིན་གཤེགས་པའི་ཆོ་འཕྲུལ་དེ་ནི་འཇིག་རྟེན་ཐམས་ཅད་གློ་བ་མི་ཆེས་པར་འགྱུར་བ་ལགས་སོ། །ཆོ་འཕྲུལ་དེ་ལ་ནི་སེམས་རངས་པར་མི་འགྱུར་ ལགས་ཏེ། ཆོ་འཕྲུལ་དེ་ནི་བསམ་གྱིས་མི་ཁྱབ་པ་ལགས་སོ། །ཆོ་འཕྲུལ་དེ་ནི་མིག་ཏུ་བགྲང་བ་མ་ལགས། གཟུགས་སུ་བགྲང་བ་མ་ལགས་ཏེ། ཆོ་འཕྲུལ་དེ་ནི་མིག་དང་གཟུགས་ཀྱི་ཡུལ་ ལས་ཡང་དག་པར་འདས་པ་ལགས་སོ། །ཆོ་འཕྲུལ་དེ་ནི་རྣ་བར་བགྲང་བ་མ་ལགས། སྒྲར་བགྲང་བ་མ་ལགས་ཏེ། ཆོ་འཕྲུལ་དེ་ནི་རྣ་བ་དང་སྒྲའི་ཡུལ་ལས་ཡང་དག་པར་འདས་པ་ལགས་སོ། །དེ་བཞིན་དུ་སྦྱར་ 82-1-44a ཏེ། ཆོ་འཕྲུལ་དེ་ནི་ཡིད་དུ་བགྲང་བ་མ་ལགས། ཆོས་སུ་བགྲང་བ་མ་ལགས་ཏེ། ཆོ་འཕྲུལ་དེ་ནི་ཡིད་དང་ཆོས་ཀྱི་ཡུལ་ལས་ཡང་དག་པར་འདས་པ་ལགས་སོ། །ཆོ་ འཕྲུལ་དེ་ནི་ཤེས་པའི་སྤྱོད་ཡུལ་མ་ལགས། རངས་པར་བགྱིད་པ་མ་ལགས་ཏེ། ཆོ་འཕྲུལ་དེ་ནི་རྣམ་པར་རིག་པར་བགྱི་བ་མ་ལགས་སོ། །སྟོང་པ་ཉིད་ནི་བརྗོད་དུ་མ་མཆིས་པ་ལགས་ན་སྟོང་པ་ཉིད་རྗོད་པ་དེ་ ནི་ཆོ་འཕྲུལ་ལགས་སོ། །མཚན་མ་མ་མཆིས་པ་ནི་བརྗོད་དུ་མ་མཆིས་པ་ལགས་ན་མཚན་མ་མཆིས་པ་བརྗོད་པ་དེ་ནི་ཆོ་འཕྲུལ་ལགས་སོ། །སྨོན་པ་མ་མཆིས་པ་ནི་བརྗོད་དུ་མ་མཆིས་པ་ ལགས་ན་སྨོན་པ་མ་མཆིས་པ་བརྗོད་པ་དེ་ནི་ཆོ་འཕྲུལ་ལགས་སོ། །མངོན་པར་འདུ་བགྱི་བ་མ་མཆིས་པ་ནི་བརྗོད་དུ་མ་མཆིས་པ་ལགས་ན་མངོན་པར་འདུ་བགྱི་བ་མ་མཆིས་པ་བརྗོད་པ་དེ་ནི་ཆོ་འཕྲུལ་ལགས་སོ། ། སྐྱེ་བ་མ་མཆིས་པ་ནི་བརྗོད་དུ་མ་མཆིས་པ་ལགས་ན་སྐྱེ་བ་མ་མཆིས་པ་རྗོད་པ་དེ་ནི་ཆོ་འཕྲུལ་ལགས་སོ། །འབྱུང་བ་མ་མཆིས་པ་ནི་བརྗོད་དུ་མ་མཆིས་པ་ལགས་ན་འབྱུང་བ་མ་མཆིས་པ་རྗོད་པ་དེ་ནི་ཆོ་འཕྲུལ་ལགས་ སོ། །དངོས་པོ་མ་མཆིས་པ་ནི་བརྗོད་དུ་མ་མཆིས་པ་ལགས་ན་དངོས་པོ་མ་མཆིས་པ་རྗོད་པ་དེ་ནི་ཆོ་འཕྲུལ་ལགས་སོ། །མཚན་ཉིད་མ་མཆིས་པ་ནི་བརྗོད་དུ་མ་མཆིས་པ་ལགས་ན་མཚན་ཉིད་མ་མཆིས་པ་བརྗོད་པ་དེ་ནི་ ཆོ་འཕྲུལ་ལགས་སོ། །འགག་པ་མ་མཆིས་པ་ནི་བརྗོད་དུ་མ་མཆིས་པ་ལགས་ན་འགག་པ་མ་མཆིས་པ་རྗོད་པ་དེ་ནི་ཆོ་འཕྲུལ་ལགས་སོ། །མྱ་ངན་ལས་འདས་པ་ནི་བརྗོད་དུ་མ་མཆིས་པ་ལགས་ན་མྱ་ངན་ལས་ འདས་པ་རྗོད་པ་དེ་ནི་ཆོ་འཕྲུལ་ལགས་སོ། །འདི་ལྟ་སྟེ། བདག་ཏུ་དམིགས་པ་མ་མཆིས་པ་དང་། སེམས་ཅན་དུ་ཀུན་དུ་འབྱུང་བ་མ་མཆིས་པ་དང་། བྱང་ཆུབ་ལ་རློམ་སེམས་མ་མཆིས་པའི་འཁོར་གསུམ་ 82-1-44b ཡོངས་སུ་དག་པའི་སྦྱིན་པ་དེ་ནི་ཆོ་འཕྲུལ་ལགས་སོ། །འདི་ལྟ་སྟེ། ལུས་གཡོ་བ་མ་མཆིས་པ་དང་། ངག་རྗོད་པ་མ་མཆིས་པ་དང་། སེམས་རྒྱུ་བ་མ་མཆིས་པའི་འཁོར་གསུམ་ཡོངས་སུ་དག་པའི་ ཚུལ་ཁྲིམས་དེ་ནི་ཆོ་འཕྲུལ་ལགས་སོ། །འདི་ལྟ་སྟེ། སྲེད་པར་སྒྲོ་འདོགས་པ་མ་མཆིས་པ་དང་། སེམས་སྐད་ཅིག་ཏུ་འཇིག་པ་དང་། ལུས་དང་སེམས་རྣམ་པར་མི་རྟོག་པའི་འཁོར་གསུམ་ཡོངས་ སུ་དག་པའི་བཟོད་པ་དེ་ནི་ཆོ་འཕྲུལ་ལགས་སོ། །འདི་ལྟ་སྟེ། བླང་བ་མ་མཆིས་པ་དང་། དོར་བ་མ་མཆིས་པ་དང་། གནས་པ་མ་མཆིས་པའི་འཁོར་གསུམ་ཡོངས་སུ་དག་པའི་བརྩོན་འགྲུས་དེ་ནི་ཆོ་ འཕྲུལ་ལགས་སོ། །འདི་ལྟ་སྟེ། ནང་ཉེ་བར་ཞི་བ་དང་། ཕྱི་རོལ་ཏུ་རྒྱུ་བ་མ་མཆིས་པ་དང་། སེམས་བསགས་པ་མ་མཆིས་པའི་འཁོར་གསུམ་ཡོངས་སུ་དག་པའི་བསམ་གཏན་དེ་ནི་ཆོ་འཕྲུལ་ལགས་ སོ། །འདི་ལྟ་སྟེ། ངར་འཛིན་པ་རྣམ་པར་སྤངས་པ་དང་། ང་ཡིར་འཛིན་པ་བོར་བ་དང་། ལྟ་བའི་རྣམ་པ་ཐམས་ཅད་དང་བྲལ་བའི་འཁོར་གསུམ་ཡོངས་སུ་དག་པའི་ཤེས་རབ་དེ་ནི་ཆོ་འཕྲུལ་ལགས་སོ། །ཆོས་ ཐམས་ཅད་ནི་རྣམ་པར་བྲལ་བ་མ་མཆིས་པ་ལགས་ན་དེ་དག་རྣམ་པར་བྲལ་བར་བཤད་པ་ནི་ཆོ་འཕྲུལ་ལགས་སོ། །ཆོས་ཐམས་ཅད་ནི་དངོས་པོ་མ་མཆིས་པ་ལགས་ན་རང་གི་ངོ་བོ་དང་བྲལ་བར་བཤད་པ་དེ་ནི་ཆོ་ འཕྲུལ་ལགས་སོ། །ཆོས་ཐམས་ཅད་ནི་དབྱེར་མ་མཆིས་པ་ལགས་ན་ཡི་གེས་ཀུན་དུ་ཕྱེ་སྟེ། བཤད་པ་ནི་ཆོ་འཕྲུལ་ལགས་སོ། །ཆོས་ཐམས་ཅད་ནི་འོང་བ་མ་མཆིས་པ་དང་། འགྲོ་བ་མ་མཆིས་པ་ལགས་ན་འོང་ བ་དང་འགྲོ་བར་བཤད་པ་ནི་ཆོ་འཕྲུལ་ལགས་སོ། །ཆོས་ཐམས་ཅད་ནི་འབྱུང་བ་མ་མཆིས་པ་ལགས་ན་འབྱུང་བར་བཤད་པ་ནི་ཆོ་འཕྲུལ་ལགས་སོ། །ཆོས་ཐམས་ཅད་ནི་མངོན་པར་རྟོགས་པ་གཅིག་པ་ 82-1-45a ལགས་ན་འབྲས་བུ་རྣམ་པར་དགོད་པ་བཤད་པ་ནི་ཆོ་འཕྲུལ་ལགས་སོ། །ཆོས་ཐམས་ཅད་ནི་རོ་གཅིག་པ་ལགས་ན་ཐེག་པ་གསུམ་དུ་རྣམ་པར་དགོད་པ་བཤད་པ་ནི་ཆོ་འཕྲུལ་ལགས་སོ། །ཆོས་ ཀྱི་དབྱིངས་དབྱེར་མ་མཆིས་པ་ལགས་ན་ཆོས་ཐམས་ཅད་རྣམ་པར་དགོད་པ་བཤད་པ་ནི་ཆོ་འཕྲུལ་ལགས་སོ། །སངས་རྒྱས་ཐམས་ཅད་ནི་སངས་རྒྱས་གཅིག་པ་ལགས་ན་སངས་རྒྱས་དཔག་ཏུ་མ་མཆིས་པར་བཤད་ པ་ནི་ཆོ་འཕྲུལ་ལགས་སོ། ཞིང་ཐམས་ཅད་ནི་ཞིང་གཅིག་པ་ལགས་ན་ཞིང་སྣ་ཚོགས་བཤད་པ་ནི་ཆོ་འཕྲུལ་ལགས་སོ། །སེམས་ཅན་ཐམས་ཅད་ནི་སེམས་ཅན་གཅིག་པ་ལགས་ན་སེམས་ཅན་གྱི་ རིམ་པ་བཤད་པ་ནི་ཆོ་འཕྲུལ་ལགས་སོ། །ཆོས་ཐམས་ཅད་ནི་ཆོས་གཅིག་པ་ལགས་ན་ཐ་མ་དང་མཆོག་དང་བར་མར་བཤད་པ་ནི་ཆོ་འཕྲུལ་ལགས་སོ། །ཆོས་ཐམས་ཅད་ནི་རྣམ་པར་བསྒྲུབས་པ་མ་མཆིས་ པ་ལགས་ན་རྣམ་པར་བསྒྲུབས་པའི་མཚན་ཉིད་བཤད་པ་ནི་ཆོ་འཕྲུལ་ལགས་སོ། །ཆོས་ཐམས་ཅད་ནི་རྣམ་པར་རིག་པ་མ་མཆིས་པ་ལགས་ན་གཞན་ལ་རྣམ་པར་རིག་པར་བཤད་པ་ནི་ཆོ་འཕྲུལ་ལགས་སོ། ། དེ་ནས་ལྷའི་བུ་དེད་དཔོན་གྱིས་འཇམ་དཔལ་གཞོན་ནུར་གྱུར་བ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་ཀྱིས་ཇི་སྐད་སྨྲས་པའི་དོན་ཁོ་བོས་ཤེས་པ་ལྟར་ན་ཇི་ཙམ་དུ་བརྗོད་པའི་ཆོས་དེ་དག་ཐམས་ཅད་ནི་ཆོ་འཕྲུལ་ཡིན་ ནོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཆོས་ཐམས་ཅད་ནི་བརྗོད་དུ་མེད་པ་ཡིན་པས་དེ་དག་ལ་རྗོད་པ་གང་ཡིན་པ་དེ་ནི་ཆོ་འཕྲུལ་ཆེན་པོ་ཡིན་ནོ། །བསྟན་པ་འདི་བཤད་ པ་ན་ལྷའི་བུ་ཁྲི་ཉིས་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་ 82-1-45b ལྷའི་བུ་དེད་དཔོན་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་ཅི་ཁྱོད་ཆོ་འཕྲུལ་བསྟན་པ་འདི་ཐོས་ན་སྐྲག་པར་མི་འགྱུར་རམ། ལྷའི་བུ་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་ཁོ་བོ་ཉིད་ཀྱང་ཆོ་འཕྲུལ་ཡིན་ན་དེ་ལ་ཁོ་བོ་ སྐྲག་པར་འགྱུར་དུ་ཅི་ཡོད། ཤཱ་ར་དྭ་ཏིའི་བུས་སྨྲས་པ། ལྷའི་བུ་ཁྱོད་ཅི་ལས་བསམས་ཏེ་དེ་སྐད་སྨྲས། ལྷའི་བུས་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་ཆོས་ཐམས་ཅད་ནི་འཕོ་བ་མེད་པ་ཡིན་ན་དེ་ལ་དགེ་ བ་དང་མི་དགེ་བའི་ཆོས་འཕོ་བ་གང་ཡིན་པ་དེ་ནི་ཆོ་འཕྲུལ་ཆེན་པོ་ཡིན་ནོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་དགེ་བའི་ལས་མངོན་པར་འདུ་བྱ་བ་གང་གིས་ཁོ་བོ་ལྷ་རྣམས་ཀྱི་ནང་དུ་སྐྱེས་ཏེ། བདག་ཉིད་ཆེན་པོ་འདི་ཡང་ཐོབ་པའི་ དགེ་བའི་ལས་མངོན་པར་འདུ་བྱ་བ་གང་ཡིན་པ་དེ་ནི་སེམས་པར་མི་བྱེད་ཅིང་རྣམ་པར་ཤེས་པར་མི་བྱེད་དོ། །དེ་ལྟ་བས་ན་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་དང་སྐྱེ་བ་ཡང་སེམས་པར་མི་བྱེད་ཅིང་རྣམ་པར་ཤེས་པར་མི་ བྱེད་དེ། སེམས་པར་མི་བྱེད་ཅིང་རྣམ་པར་ཤེས་པར་མི་བྱེད་པ་གང་ཡིན་པ་དེ་ནི་ཆོ་འཕྲུལ་ཆེན་པོ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ལས་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ནི་བསམ་གྱིས་མི་ཁྱབ་བོ། ། ཀླུ་རྣམས་ཀྱི་ཀླུའི་ཡུལ་ཡང་བསམ་གྱིས་མི་ཁྱབ་བོ། །བསམ་གཏན་པ་རྣམས་ཀྱི་བསམ་གཏན་གྱི་ཡུལ་བསམ་གྱིས་མི་ཁྱབ་བོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཡུལ་ཡང་ བསམ་གྱིས་མི་ཁྱབ་བོ་ཞེས་གསུངས་པ་ལྟ་བུ་སྟེ། དེ་ལྟ་བས་ན་ཆོས་ཐམས་ཅད་ནི་བསམ་གྱིས་མི་ཁྱབ་པ་སྟེ། བསམ་གྱིས་མི་ཁྱབ་པ་གང་ཡིན་པ་དེ་ནི་ཆོ་འཕྲུལ་ཆེན་པོ་ཡིན་ནོ། །ཡང་གནས་བརྟན་ཤཱ་ར་ དྭ་ཏིའི་བུས་འདི་སྐད་དུ་ལྷའི་བུ་ཅི་ཁྱོད་བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་བསྟན་པ་གང་ཡིན་པ་དེ་ཐོས་ན་སྐྲག་པར་མི་འགྱུར་རམ། ཞེས་ཟེར་བ་ནི་བཙུན་པ་ཤཱ་ར་དྭ་ཏིའི་བུ་ཅི་དེ་བཞིན་གཤེགས་པས་ཆོ་འཕྲུལ་བསྟན་པ་ 82-1-46a གང་ཡིན་པ་དེས་ནམ་མཁའི་ཁམས་སྐྲག་པར་འགྱུར་རམ། སྨྲས་པ། ལྷའི་བུ་དེ་ནི་མ་ཡིན་ནོ། །སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་གལ་ཏེ་དེ་བཞིན་གཤེགས་པས་ཆོ་འཕྲུལ་བསྟན་པ་དེས་ ནམ་མཁའི་ཁམས་སྐྲག་པར་མི་འགྱུར་ན་ཁོ་བོ་ཡང་སྐྲག་པར་མི་འགྱུར་རོ། །སྨྲས་པ། ལྷའི་བུ་ཅི་ཁྱོད་ནམ་མཁའ་ཡིན་ནམ། སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་ཁོ་བོ་ནི་ནམ་མཁའ་ཡིན་ནོ། །སྨྲས་ པ། ལྷའི་བུ་ཁྱོད་ཅི་ལས་བསམས་ཏེ་དེ་སྐད་སྨྲ། སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་ཅི་བཅོམ་ལྡན་འདས་ཀྱིས་ནང་གི་ནམ་མཁའི་ཁམས་སུ་གསུངས་པ་གང་ཡིན་པ་དང་། ཕྱི་རོལ་གྱི་ནམ་མཁའི་ཁམས་ སུ་གསུངས་པ་གང་ཡིན་པ་དེ་ཉིད་ནམ་མཁའི་ཁམས་མ་ཡིན་ནམ། སྨྲས་པ། ལྷའི་བུ་དེ་ནི་ཡིན་ནོ། སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་དེ་ལྟ་བས་ན་སེམས་ཅན་ཐམས་ཅད་ཀྱང་ནམ་མཁའི་ཁམས་ཀྱི་ རང་བཞིན་ཅན་ཡིན་ནོ། །སྨྲས་པ་ལྷའི་བུ་ཇི་ལྟར་ཁྱོད་ཀྱིས་བསྟན་པ་བཞིན་དུ་ཁྱོད་ཉིད་ཀྱང་རིང་པོ་མི་ཐོགས་པར་ཆོ་འཕྲུལ་དེ་དག་ཉིད་ཉེ་བར་སྟོན་པར་འགྱུར་རོ། སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་ཆོ་འཕྲུལ་ དེ་དག་ནི་ཉེ་བར་བསྟན་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོ་འཕྲུལ་དེ་དག་ནི་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པ་ཡིན་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་ བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལྷའི་བུ་དེད་དཔོན་འདི་དེ་ལྟ་བུ་སྟོན་པ་ལས་ན་འདིས་ནི་སྔོན་གྱི་རྒྱལ་བ་ལ་ལྷག་པར་བགྱི་བ་བགྱིས་ཤིང་འཇམ་དཔལ་གཞོན་ནུར་གྱུར་བ་ལ་ཡང་བསྙེན་ བཀུར་བགྱིས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཤཱ་ར་དྭ་ཏིའི་བུ་ལྷའི་བུ་དེད་དཔོན་འདི་ནི་འཇམ་དཔལ་གཞོན་ནུར་གྱུར་བས་ 82-1-46b ཡོངས་སུ་སྨིན་པར་བྱས་པ་ཡིན་ནོ། །ཤཱ་ར་དྭ་ཏིའི་བུ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ་འདས་པར་གྱུར་བ་དེའི་ཚེ་དེའི་དུས་ན་བསྐལ་པ་མངོན་པར་དགའ་བ་ཞེས་ བྱ་བ་ལ་འཇིག་རྟེན་གྱི་ཁམས་བདེ་བ་ཞེས་བྱ་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་ བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རི་རབ་ལྟ་བུ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་བར་གྱུར་ཏོ། །ཤཱ་ར་དྭ་ཏིའི་བུ་འཇིག་རྟེན་གྱི་ཁམས་བདེ་ བ་ཞེས་བྱ་བ་དེ་ཡང་འཇིག་རྟེན་གྱི་ཁམས་དེ་ན་སེམས་ཅན་རྣམས་བདེ་བ་ཐམས་ཅད་དང་ལྡན་པར་གནས་ཤིང་སྡུག་བསྔལ་བ་དང་། ཡིད་མི་བདེ་བའི་སྒྲ་འགའ་ཙམ་ཡང་མེད་ལ་འཇིག་རྟེན་གྱི་ཁམས་དེ་ ཡང་རིན་པོ་ཆེ་སྣ་བཞི་གསེར་དང་། དངུལ་དང་། བཻ་དུརྱ་དང་། ཤེལ་ལས་གྲུབ་ཅིང་ལག་མཐིལ་ལྟར་མཉམ་ལ་ཀ་ཙ་ལིན་དིའི་གོས་ལྟར་རེག་ན་འཇམ་ཞིང་མི་ཁོམ་པ་དང་། ངན་སོང་རྣམས་དང་བྲལ་ལ་ལྷ་དང་ མི་རྣམས་ཀྱིས་ཀུན་དུ་གང་ཞིང་ཡིད་ལ་བསམས་པ་ཙམ་གྱིས་བཟའ་བ་དང་བཏུང་བ་དག་འབྱོར་ལ་བདེ་བ་ཚད་མེད་པ་དང་ལྡན་པས་ན་དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་བདེ་བ་ཞེས་བྱའོ། །དེ་བཞིན་གཤེགས་པ་ དེའི་དགེ་འདུན་ནི་བྱང་ཆུབ་སེམས་དཔའ་འབའ་ཞིག་སྟེ། བརྩོན་འགྲུས་འབར་བ། ཤེས་རབ་ཀྱི་སྣང་བ་ཐོབ་པ། གཟུངས་དང་མདོ་སྡེའི་རྒྱལ་པོ་ཐོབ་པ། སྤོབས་པ་མི་ཚོད་པ། ཚིག་ཐམས་ཅད་རབ་ཏུ་འབྱེད་ ཅིང་སྟོན་པའི་ཤེས་པ་ལ་མཁས་པ། མངོན་པར་ཤེས་པས་རྣམ་པར་ཤེས་པ་ཁོང་དུ་ཆུད་པ། བདུད་དང་ཕྱིར་རྒོལ་བ་ངེས་པར་བཅོམ་པ། སྒྲིབ་པ་མེད་པའི་རྣམ་པར་ཐར་པའི་ཡེ་ཤེས་ཀྱི་བཟོད་པ་དང་ 82-1-47a ལྡན་པ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ལ་ཇི་ལྟར་རིགས་པ་བཞིན་དུ་ཆོས་ཀྱི་སྨན་སྦྱོར་བ་ལ་མཁས་པ། བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་ཆེན་པོ་བསགས་ པ། གསོལ་བ་མ་བཏབ་པར་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་བཤེས་གཉེན་བྱེད་པ། རྫུ་འཕྲུལ་གྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་བའི་ཤེས་པ་ལ་མཁས་པ། དྲན་པ་དང་། བློ་གྲོས་དང་། རྟོགས་པ་དང་། ངོ་ཚ་ཤེས་པ་དང་། བརྟན་པ་དང་། བློ་རྒྱ་མཚོའི་རྗེས་སུ་ཞུགས་པ། སྦྱིན་པ་དང་། དུལ་བ་དང་། ལེགས་པར་སྡོམ་པ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། ཤེས་རབ་ལ་ཤིན་དུ་ གནས་པ། ཐབས་མཐའ་ཡས་པས་དགེ་བའི་རྩ་བ་ཡོངས་སུ་སྔོ་བ་ལ་མཁས་པ། སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ལྷག་པའི་བསམ་པས་ཤིན་དུ་ཞུགས་ པ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པས་རྣམ་པར་རྩེ་བའི་བྱང་ཆུབ་སེམས་དཔའ་ཤ་སྟག་གོ། །ཤཱ་ར་དྭ་ཏིའི་བུ་དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རི་རབ་ལྟ་བུ་དེའི་གསུང་རབ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དགེ་བའི་བཀོད་པ་ཞེས་བྱ་བ་ཆོས་དང་ལྡན་པ། ཆོས་ཀྱི་རྒྱལ་པོ། གླིང་བཞིའི་དབང་ཕྱུག ། རིན་པོ་ཆེ་སྣ་བདུན་དང་ལྡན་པ། མིའི་དབང་པོར་གྱུར་བ་ཞིག་བྱུང་བར་གྱུར་ཏོ། །དེའི་བུ་སྟོང་དུ་ཚང་བར་གྱུར་ཏེ། དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་ཤ་སྟག་ གོ། །ཤཱ་ར་དྭ་ཏིའི་བུ་རྒྱལ་པོ་དགེ་བའི་བཀོད་པ་དེ་ཡང་བཙུན་མོའི་ཚོགས་རྣམས་དང་ལྷན་ཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པར་གྱུར་ཏོ། །བཅོམ་ལྡན་འདས་དེ་བཞིན་ 82-1-47b གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རི་རབ་ལྟ་བུ་དེའི་སྐུ་ཚེའི་ཚད་དང་། མི་དེ་དག་གི་ཚེའི་ཚད་ནི་ལོ་དུང་ཕྱུར་ཕྲག་བདུན་དུ་གྱུར་ཏོ། །དེ་ནས་རྒྱལ་པོ་དགེ་བའི་བཀོད་པ་བུ་སྟོང་ དང་ལྷན་ཅིག །བཙུན་མོའི་འཁོར་དང་ལྷན་ཅིག་ཏུ་ཆོས་ལ་དགའ་བ་དང་། མཆོག་ཏུ་དགའ་བ་དང་། དད་པ་ཐོབ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་རི་རབ་ལྟ་བུ་བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས་པ་དེ་ལ་ལོ་འབུམ་ཚང་བར་ཐུགས་ལ་དགོངས་པ་བཞིན་དུ་ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གྱི་གསོས་སྨན་ དང་། ཡོ་བྱད་རྣམས་དང་། བདེ་བར་སྦྱར་བ་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་སོ། །རྒྱལ་པོ་དགེ་བའི་བཀོད་པ་འཁོར་དང་བཅས་པས་རྟག་པར་རྒྱུན་དུ་དེ་བཞིན་གཤེགས་པ་དེ་ལ་མངོན་སུམ་དུ་ཉིན་གཅིག་མི་ འཆད་པར་རང་གི་ལག་ནས་གུས་པར་ཕུལ་ཞིང་རྟག་ཏུ་རྒྱུན་མི་འཆད་པར་ཆོས་ཉན་པ་ལ་ཡང་འཇུག་པར་གྱུར་ཏོ། །དེ་བུ་དང་བཅས། བཙུན་མོའི་འཁོར་དང་བཅས་པས་ལོ་འབུམ་འདས་ནས་ཀྱང་ཡང་དང་ཡང་ དུ་སངས་རྒྱས་མཐོང་ཞིང་ཡང་དང་ཡང་དུ་དེ་ལ་ཆོས་མཉན་པས་རྗེས་སུ་དྲན་པ་བཞི་ཐོབ་པར་གྱུར་ཏོ། །བཞི་གང་ཞེ་ན། སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་རྗེས་སུ་དྲན་པ་དང་། དགེ་འདུན་རྗེས་སུ་དྲན་པ་དང་། སྦྱིན་པ་དང་ལྡན་ ཞིང་བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་ཚུལ་ཁྲིམས་རྗེས་སུ་དྲན་པ་སྟེ། རྗེས་སུ་དྲན་པ་བཞི་པོ་དེ་དག་ཐོབ་པར་གྱུར་ཏོ། །རྗེས་སུ་དྲན་པ་བཞི་པོ་དེ་དག་དང་ལྡན་པས་ཉིན་མཚན་དུ་སངས་རྒྱས་མཐོང་བ་དང་། ཆོས་ ཡང་དག་པར་འགྲོ་བ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་མཐོང་བ་དང་བྲལ་བར་མ་གྱུར་ཏོ། །དེ་ནས་དུ་གཞན་ཞིག་ན་རྒྱལ་པོ་དགེ་བའི་བཀོད་པ་བུ་དང་བཅས། བཙུན་མོའི་འཁོར་དང་བཅས་པ་དེ་ཆོས་ 82-1-48a མཉན་པའི་ཕྱིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རི་རབ་ལྟ་བུ་དེ་ག་ལ་བ་དེར་སོང་ངོ་། །དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རི་རབ་ལྟ་བུ་དེས་བྱང་ཆུབ་སེམས་དཔའ་དེ་དག་ལ་ཆོ་འཕྲུལ་རྣམ་པ་དུ་མས་རྗེས་སུ་གདམས་པ་མཛད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རི་རབ་ལྟ་བུ་དེ་ལ་རྒྱལ་པོ་དགེ་བའི་བཀོད་པ་དེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོ་འཕྲུལ་དེ་དག་མ་ལགས་པའི་ཆོ་འཕྲུལ་དམ་པ་གཞན་མཆིས་ ལགས་སམ། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རི་རབ་ལྟ་བུ་དེས་རྒྱལ་པོ་དགེ་བའི་བཀོད་པ་དེ་ལ་འདི་སྐད་ཅེས་བཀའ་ སྩལ་ཏོ། །རྒྱལ་པོ་ཆེན་པོ་ཆོ་འཕྲུལ་དེ་དག་མ་ཡིན་པའི་ཆོ་འཕྲུལ་དམ་པ་གཞན་ཡང་ཡོད་དོ། །དེ་ཡང་གང་ཞེ་ན། འདི་ལྟ་སྟེ། སེམས་དང་སེམས་ལས་བྱུང་བ་གཟུགས་ཅན་མ་ཡིན་པ་རྣམས་བཤད་པ་དང་། སེམས་དང་སེམས་ལས་བྱུང་བ་འགགས་པ་རྣམས་བཤད་པ་དང་། ད་ལྟར་བྱུང་བའི་སེམས་དང་སེམས་ལས་བྱུང་བ་མི་གནས་པ་རྣམས་སྨོས་པ་དང་། མ་སྐྱེས་མ་བྱུང་བའི་ལམ་བཤད་པ་དང་། རྣམ་པར་ ཐར་པའི་སྒོ་རོ་གཅིག་པ་དང་། ཡན་ལག་གསུམ་དུ་སྨོས་པ་དང་། མངོན་པར་རྟོགས་པ་གཅིག་ཏུ་འདུས་པ་ལ་བདེན་པ་བཞིར་ཡོངས་སུ་བརྗོད་པ་དང་། མཚན་མ་མེད་པ་དང་། རྣམ་པ་མེད་པ་དང་། འདུས་མ་བྱས་པའི་བྱང་ཆུབ་ལ་ཡོངས་སུ་སྒྲུབ་པར་བྱེད་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་རྣམས་བཤད་པ་དང་། ཕྱིན་ཅི་ལོག་དང་། ཉོན་མོངས་པས་གྲུབ་པའི་ 82-1-48b སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་དང་། བླང་བ་མེད་པ་དང་། དོར་བ་མེད་པའི་ཆོས་རྣམས་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་། བྱས་པ་མེད་པའི་ཆོས་ རྣམས་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོད་པ་དང་། འབྱུང་བ་མེད་ཅིང་སྐད་ཅིག་པའི་ཆོས་རྣམས་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་པ་དང་། ལུས་དང་སེམས་དབེན་བའི་ཆོས་རྣམས་ལ་བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པ་དང་། བསྡུས་པ་དང་རྣམ་པར་གཡེངས་པ་མེད་པའི་ཆོས་རྣམས་ལ་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ཡོད་པ་དང་། ཕ་རོལ་དང་ཚུ་རོལ་མེད་པའི་ཆོས་རྣམས་ ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོད་པ་དང་། བརྟག་པ་དང་བསལ་བ་མེད་པའི་ཆོས་རྣམས་ལ་ཐབས་ལ་མཁས་པ་ཡོད་པ་དང་། སྐྱེ་བ་མེད་པ་དང་། རྟོན་པ་མེད་པའི་ཆོས་རྣམས་ལ་བྱམས་པ་སྒོམ་པ་དང་། བྱ་ བ་མེད་པ་དང་། གཞིག་པ་མེད་པའི་ཆོས་རྣམས་ལ་སྙིང་རྗེས་སྦྱོར་བ་དང་། དགའ་བ་མེད་པའི་ཆོས་རྣམས་ལ་དགའ་བ་མངོན་པར་སྒྲུབ་པ་དང་། གནས་པ་མེད་པའི་ཆོས་རྣམས་ལ་བཏང་སྙོམས་སྒོམ་པ་དང་། ཤེས་ པ་མེད་པ་དང་། མཐོང་བ་མེད་པའི་ཆོས་རྣམས་ལ་ལྷའི་མིག་མངོན་པར་སྒྲུབ་པ་དང་། ཐོས་པ་མེད་པ་དང་། རྣམ་པར་རིག་པ་མེད་པའི་ཆོས་རྣམས་ལ་ལྷའི་རྣ་བ་མངོན་པར་སྒྲུབ་པ་དང་། དམིགས་པ་དང་ སེམས་དང་རྣམ་པར་བྲལ་བའི་ཆོས་རྣམས་ལ་ཕ་རོལ་གྱི་སེམས་ཤེས་པ་ཡོད་པ་དང་། སྔོན་གྱི་མཐའ་དང་བྲལ་བའི་ཆོས་རྣམས་ལ་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་ཡོད་པ་དང་། སེམས་དང་ ལུས་དང་། སྒྲ་དང་། བརྩོན་འགྲུས་དང་བྲལ་བའི་ཆོས་རྣམས་ལ་རྫུ་འཕྲུལ་གྱི་རྐང་པ་འཐོབ་པ་དང་། གནས་པ་མེད་པའི་ཆོས་རྣམས་ལ་དྲན་པ་ཉེ་བར་གཞག་པ་སྒོམ་པ་དང་། སྐྱེ་བ་མེད་པ་དང་། འགག་པ་ 82-1-49a མེད་པའི་ཆོས་རྣམས་ལ་ཡང་དག་པའི་སྤོང་བ་སྒོམ་པ་དང་། དབང་པོ་མེད་པའི་ཆོས་རྣམས་ལ་དབང་པོ་བསྟན་པ་དང་། སྟོབས་མེད་པ་དང་། ཉམ་ཆུང་བ་མེད་པའི་ཆོས་རྣམས་ལ་ སྟོབས་ཡོངས་སུ་རྗོད་པ་དང་། ཉེ་བར་ཞི་བའི་ཆོས་རྣམས་ལ་བྱང་ཆུབ་ཀྱི་ཡན་ལག་བཤད་པ་དང་། ཁྱད་པར་མེད་པའི་ཆོས་རྣམས་ལ་ལམ་སྨོས་པ་དང་། ཞི་བའི་མཐར་སོང་བའི་ཆོས་རྣམས་ ལ་ཞི་གནས་སྐྱེད་པ་དང་། རྣམ་པར་གྲོལ་བའི་མཚན་ཉིད་ཀྱི་ཆོས་རྣམས་ལ་ལྷག་མཐོང་ལ་མཁས་པ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་རྣམས་ལ་མྱ་ངན་ལས་འདས་ པ་སྨོས་པའོ་ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རི་རབ་ལྟ་བུ་དེས་རྒྱལ་པོ་དགེ་བའི་བཀོད་པ་དེ་དང་། བུ་སྟོང་པོ་དེ་དག་དང་། བཙུན་མོའི་ ཚོགས་དེ་དག་ལ་ཆོ་འཕྲུལ་བསྟན་པའི་ཆོས་ཀྱི་རྣམ་གྲངས་དེ་ཉིད་ལས་བརྩམས་ཏེ་དེ་ལྟ་དེ་ལྟར་ཆོས་བསྟན་པ་དང་། སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །རྒྱལ་ པོ་དགེ་བའི་བཀོད་པ་དང་། དེའི་བུ་སྟོང་གིས་ནི་ཆོས་རྣམས་ལ་རྗེས་སུ་འཐུན་པའི་བཟོད་པ་ཐོབ་པར་གྱུར་ཏོ། །དེ་དག་གིས་བཟོད་པ་ཐོབ་ནས་སངས་རྒྱས་ཀྱི་མཐུ་དང་། རང་གིས་སྤོབས་པས་བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རི་རབ་ལྟ་བུ་དེ་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །ཇི་ལྟར་རྒྱ་མཚོའི་དབུས་ན་ནི། །ལྷུན་པོའི་རྒྱལ་པོ་མཛེས་པ་ལྟར། །དེ་ བཞིན་དགེ་འདུན་དབུས་ན་ནི། །ཆོས་ཀྱི་རྒྱལ་པོ་རྣམ་པར་མཛེས། །ཇི་ལྟར་ཉི་མ་འཆར་བ་ཡིས། །མུན་པ་ཐམས་ཅད་སེལ་བ་ལྟར། །དེ་བཞིན་སངས་རྒྱས་མཛོད་སྤུ་ཡང་། །སངས་རྒྱས་ཞིང་རྣམས་སྣང་བར་བགྱིད། ། 82-1-49b ཇི་ལྟར་ཟླ་བ་ཉ་བ་ཡི། །ཟླ་བ་ཡོངས་རྫོགས་ལྷད་དེ་ལྟར། །སངས་རྒྱས་ཆོས་རྣམས་རྫོགས་པ་ཡི། །འཇིག་རྟེན་མགོན་ཡང་ལྷད་དེ་ལགས། །ཇི་ལྟར་མེ་ཏོག་པད་མ་ནི། །ཆབ་ཀྱི་ནང་དུ་མི་གོས་ལྟར། །དེ་བཞིན་ འཇིག་རྟེན་མགོན་པོ་ཡང་། །འཇིག་རྟེན་ཆོས་ཀྱིས་མི་གོས་ལགས། །ཇི་ལྟར་སེང་གེ་རི་དགས་རྒྱལ། །ནགས་ན་སྒྲ་སྐད་སྒྲོགས་པ་ལྟར། །དེ་བཞིན་སྐྱེས་བུ་སེང་གེ་ཡང་། །སྟོང་པ་ཉིད་ཀྱི་སྒྲ་སྐད་སྒྲོགས། །མཆིས་ སམ་ཡང་ན་མ་མཆིས་དང་། །མཆིས་དང་མ་མཆིས་ཐམས་ཅད་དང་། །མཐར་ལྟར་བ་ལས་རྣམ་འདས་པ། །ངེས་པར་སེང་གེའི་སྒྲ་ཞེས་བགྱི། །སྐྱེ་བའམ་ཡང་ན་འཇིག་པའང་རུང་། །དེ་དག་མཚན་མར་བསྟན་མཛད་ ཅིང་། །མི་སྐྱེ་འགག་པ་མ་མཆིས་པ། །ངེས་པར་སེང་གེའི་སྒྲ་ཞེས་བགྱི། །ཕ་རོལ་དང་ནི་ཚུ་རོལ་དག །དེ་དག་རྣམ་པར་རྟོག་པར་བསྟན། །ཆོས་རྣམས་ཀུན་ལ་མི་གནས་པ། །ངེས་པར་སེང་གེའི་སྒྲ་ཞེས་བགྱི། ། ཀུན་ནས་ཉོན་མོངས་རྣམས་བྱང་བ། །དེ་གཉིས་མཚན་ཉིད་མ་མཆིས་ཏེ། །ཤིན་དུ་དྲི་མ་མ་མཆིས་ཆོས། །ངེས་པར་སེང་གེའི་སྒྲ་ཞེ་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་ནི། །ཡོངས་སུ་རྟོག་ལས་བྱུང་བ་སྟེ། །རྟོག་ བྲལ་རྣམ་རྟོག་མ་མཆིས་པ། །ངེས་པར་སེང་གེའི་སྒྲ་ཞེས་བགྱི། །འཁོར་བ་དང་ནི་མྱ་ངན་འདས། །དེ་དག་ལམ་དུ་གཞུག་པ་སྟེ། །ཆོས་རྣམས་ཤིན་ཏུ་གསོག་ལགས་པ། །ངེས་པར་སེང་གེའི་སྒྲ་ཞེས་བགྱི། །སྐྱེ་དང་འཆི་དང་ འཁོར་བ་ནི། །ཕྱིན་ཅི་ལོག་ལས་བྱུང་བ་སྟེ། །མི་རྟག་སྡུག་བསྔལ་བདག་མེད་དོན། །ངེས་པར་སེང་གེའི་སྒྲ་ཞེས་བགྱི། །ལྟ་དང་དམིགས་པ་གནས་ལགས་ཏེ། །དེ་དག་གིས་ནི་འཇིག་རྟེན་འཇུག །ཆོས་རྣམས་སྟོང་ པར་རབ་བཤད་པ། །ངེས་པར་སེང་གེའི་སྒྲ་ཞེས་བགྱི། །འཇིག་རྟེན་མགོན་པོས་ཆོ་འཕྲུལ་ནི། །གང་དག་ཇི་སྙེད་བསྟན་མཛད་པ། །དེ་དག་ཐམས་ཅད་བཤད་པ་ནི། །ངེས་པར་སེང་གེའི་སྒྲ་ཞེས་བགྱི། །སེམས་ནི་མཉམ་ 82-1-50a པ་ཉིད་སླད་དུ། །རྗེས་སུ་མཐུན་དང་མི་མཐུན་པ། །གང་ལའང་སེམས་ནི་མི་འཇུག་པ། །དེ་ནི་རྗེས་འཐུན་བཟོད་པ་ལགས། །སངས་རྒྱས་རྣམས་ཀྱིས་བཤད་པའི། །ཟད་ཅིང་ཞི་ལ་འཐུན་བགྱིད་ ཅིང་། །དེ་ལ་རྩོད་པ་མི་བགྱིད་པ། །དེ་ནི་རྗེས་འཐུན་བཟོད་པ་ལགས། །མི་དགེ་ཐམས་ཅད་མ་གཏོགས་པར། །དགེ་ཆོས་རྣམས་ལ་འཇུག་འགྱུར་ཞིང་། །དེ་ལའང་གནས་པར་མི་བགྱིད་པ། །དེ་ནི་རྗེས་འཐུན་བཟོད་པ་ལགས། ། སྟོང་པའི་སྒྲ་དང་སེམས་ཅན་སྒྲ། །དེ་བཞིན་ལྟ་བའི་སྒྲ་དང་ནི། །སྒྲ་རྣམས་ཀུན་ལ་མ་ཆགས་པ། །དེ་ནི་རྗེས་འཐུན་བཟོད་པ་ལགས། །སངས་རྒྱས་སྒྲ་དང་ཉོན་མོངས་སྒྲ། །རྣམ་མང་ཆོས་ཀྱི་སྒྲ་རྣམས་དང་། །གང་གི་ སྒྲ་ལའང་མི་རྟོག་པ། །དེ་ནི་རྗེས་འཐུན་བཟོད་པ་ལགས། །སྦྱིན་དང་ཚུལ་ཁྲིམས་ཐོས་པ་དང་། །བརྩོན་འགྲུས་བསམ་གཏན་ཤེས་རབ་དང་། །དེ་བཞིན་ཀུན་ལ་བརྩོན་བགྱིད་པ། །དེ་ནི་རྗེས་འཐུན་བཟོད་པ་ལགས། ། ཐམས་ཅད་དག་ལ་སེམས་མཉམ་ཞིང་། །བྱང་ཆུབ་སེམས་ནི་མི་སྤོང་ལ། །བྱང་ཆུབ་ལམ་ནི་སྟོན་བགྱིད་པ། །དེ་ནི་རྗེས་འཐུན་བཟོད་པ་ལགས། །རྫོགས་སངས་རྒྱས་ཀྱིས་བདག་ཅག་ལ། །དེ་འདྲའི་ཆོས་ནི་བསྟན་མཛད་ དེ། །དེ་ལ་སོམ་ཉི་མ་མཆིས་པ། །དེ་ནི་རྗེས་འཐུན་བཟོད་པ་ལགས། །བདག་ཀྱང་བྱང་ཆུབ་སངས་རྒྱས་ཤིང་། །སེང་གེའི་སྒྲ་སྐད་བསྒྲགས་ནས་ནི། །ཇི་ལྟར་འདྲེན་པས་བསྟན་མཛད་པའི། །ཆོ་འཕྲུལ་ངེས་པར་བསྟན་ པར་བགྱི། །ཞིང་འདི་བསམ་གྱིས་མི་ཁྱབ་སྟེ། །བླ་མེད་བསོད་ནམས་ཞིང་དེ་ལ། །བདག་གིས་ས་བོན་བཏབ་པས་ན། །བདག་ནི་སླར་ལྡོག་མ་མཆིས་ལགས། །དོག་ས་ཐམས་ཅད་རྡོལ་འགྱུར་ཞིང་། །རྒྱ་མཚོ་འདབས་པར་ འགྱུར་གདའ་ཡི། །རྫོགས་སངས་རྒྱས་ལ་བསྐྲུན་པ་ཡི། །ས་བོན་ནམ་ཡང་ཆབ་མི་འཚལ། །སེམས་ཅན་རྣམས་ཀྱི་སེམས་འཚལ་ཅིང་། །ནམ་མཁའ་གཞལ་བར་རྡོ་ཐོག་གི། །བྱང་ཆུབ་ཏུ་ནི་བསྐྲུན་པའི་སེམས། །དེ་ཡི་ 82-1-50b བསོད་ནམས་ཚད་མ་མཆིས། །བདག་གིས་བསམ་པ་ཅི་འདྲ་བའི། །དཔུང་དུ་ལྷ་དང་དྲི་ཟ་དང་། །མི་རྣམས་གཞན་དག་མ་མཆིས་ཏེ། །བཅོམ་ལྡན་འདས་ཉིད་བདག་གི་དཔང་། །འདྲེན་པ་བདག་ནི་ལོངས་སྤྱོད་དང་། ། གཟུགས་དང་མཐོ་རིས་མི་འཚལ་གྱི། །མི་མཆོག་ཁྱོད་ཀྱི་མཁྱེན་པ་ནི། །ཅི་འདྲ་དེ་ལྟར་བདག་གྱུར་ཅིག །བྱང་ཆུབ་ལ་ནི་དམིགས་བགྱིས་ནས། །བདག་གིས་དགུང་ལོ་འབུམ་དུ་ནི། །མ་ཆགས་སྡང་བ་མ་མཆིས་ པར། །བདག་གིས་བདེ་གཤེགས་བསྙེན་བཀུར་བགྱིས། །བདག་གི་བྱིས་པ་སྟོང་རྣམས་དང་། །མཆིས་བྲང་ཡོངས་སུ་སྨིན་བགྱིས་པ། །གང་ལགས་འདི་དག་སངས་རྒྱས་ཀྱི། །བྱང་ཆུབ་སླད་དུ་སྤྲོ་བར་མཛོད། །བདག་ གིས་བདེ་གཤེགས་ལེགས་མཐོང་ཞིང་། །ཆོས་འདི་ལེགས་པར་ཐོས་པ་དང་། །བྱང་ཆུབ་ལ་ནི་རྟག་དགའ་བ། །བདག་གིས་རྙེད་པ་ལེགས་པར་རྙེད། །གང་ཞིག་བྱང་ཆུབ་དགའ་བགྱིད་པ། །དེ་ནི་ཆོས་ལའང་རྟག་ཏུ་ དགའ། །ཆོས་རྣམས་སྤོང་བར་མི་བགྱིད་པ། །སེམས་ཅན་ཀུན་ལ་རྟག་དགའ་ལགས། །དེ་ནས་འཁོར་དེ་ཉིད་དུ་ཆོས་སྨྲ་བའི་དགེ་སློང་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བ་ཞིག་འདུས་ཏེ་འདུག་པར་གྱུར་བ་དེས་རྒྱལ་པོ་དགེ་བའི་བཀོད་ པ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ནི་དེ་བཞིན་གཤེགས་པའི་ཆོ་འཕྲུལ་དེ་དང་འཐུན་པར་མ་བྱས་ཀྱི་མི་མཐུན་པར་བྱས་པས་ན་ཁྱོད་ནི་གནས་མ་ཡིན་པ་ལ་གནས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་ པོ་ཆེན་པོ་བྱང་ཆུབ་ནི་ཆོས་ཀྱི་དབྱིངས་ཀྱི་གནས་ལ་གནས་པས་འཇུག་པ་མེད་པའོ། །རྒྱལ་པོ་ཆེན་པོ་བྱང་ཆུབ་ནི་ཚོར་བ་ཐམས་ཅད་མེད་པ་ཤེས་པ་མེད་པའི་མཚན་ཉིད་ཡིན་ནོ། །རྒྱལ་པོ་ཆེན་པོ་བྱང་ཆུབ་ནི་བླངས་ པ་མེད་ཅིང་བོར་བ་མེད་པས་བླང་བ་མེད་ལ་དོར་བ་མེད་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་བྱང་ཆུབ་ནི་ནམ་མཁའ་ལ་བྲིས་པ་དང་འདྲ་བས་གཟུགས་མེད་པ། ཁ་དོག་མེད་པ། རྟགས་མེད་པ། དབྱིབས་མེད་པ་ཡིན་ནོ། །རྒྱལ་ 82-1-51a པོ་ཆེན་པོ་བྱང་ཆུབ་ནི་རང་བཞིན་གྱིས་ཡོངས་སུ་དག་པས་གཉེན་པོ་མེད་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་བྱང་ཆུབ་ནི་ཆོས་ཐམས་ཅད་དང་མཉམ་པས་ཐམས་ཅད་ཀྱི་རྗེས་སུ་སོང་བ་ཡིན་ནོ། །རྒྱལ་པོ་ ཆེན་པོ་བྱང་ཆུབ་ནི་མཚན་མ་ཐམས་ཅད་དང་བྲལ་བས་གཡོ་བ་མེད་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་བྱང་ཆུབ་ནི་རབ་ཏུ་ཞི་བའི་མཚན་ཉིད་ཡིན་པས་ཞི་བའོ། །རྒྱལ་པོ་ཆེན་པོ་བྱང་ཆུབ་ནི་བརྟག་པ་དང་བསལ་བ་དང་ བྲལ་བས་ཉེ་བར་ཞི་བའོ། །རྒྱལ་པོ་ཆེན་པོ་བྱང་ཆུབ་ནི་མི་མཐུན་པ་མེད་པས་ལྷག་པར་གཡོ་བ་མེད་པའོ། །རྒྱལ་པོ་ཆེན་པོ་བྱང་ཆུབ་ནི་ཡོངས་སུ་གྲུབ་པ་མེད་པས་སེམས་མཉམ་པའོ། །རྒྱལ་པོ་ཆེན་པོ་བྱང་ ཆུབ་ནི་གཟོད་མ་ནས་མ་སྐྱེས་པས་སེམས་ཅན་དང་མཚུངས་པའོ། །རྒྱལ་པོ་ཆེན་པོ་བྱང་ཆུབ་ནི་རྣམ་པར་རིག་པའི་མཚན་ཉིད་མ་ཡིན་པས་སྐྱེ་བ་མེད་པས་རབ་ཏུ་ཕྱེ་བའོ། །རྒྱལ་པོ་ཆེན་པོ་བྱང་ཆུབ་ནི་སེམས་དང་། ཡིད་དང་། རྣམ་པར་ཤེས་པ་དང་བྲལ་བས་རྣམ་པར་རིག་པ་མེད་པའོ། །རྒྱལ་པོ་ཆེན་པོ་བྱང་ཆུབ་ནི་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པས་རྒྱུ་བ་མེད་པའོ། །རྒྱལ་པོ་ཆེན་པོ་བྱང་ཆུབ་ནི་རྣམ་པར་རྟོག་པ་ ཐམས་ཅད་དང་བྲལ་བས་སྤྲོས་པ་མེད་པའོ། །རྒྱལ་པོ་ཆེན་པོ་བྱང་ཆུབ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་ཡིན་པས་སྟོང་པའོ། །རྒྱལ་པོ་ཆེན་པོ་བྱང་ཆུབ་ནི་མཚན་མ་ཐམས་ཅད་དང་བྲལ་བས་མཚན་མ་མེད་པའོ། །རྒྱལ་ པོ་ཆེན་པོ་བྱང་ཆུབ་ནི་སྨོན་པ་དང་བྲལ་བས་སྨོན་པ་མེད་པའོ། །རྒྱལ་པོ་ཆེན་པོ་བྱང་ཆུབ་ནི་ལས་ཀྱི་རྣམ་པར་སྨིན་པ་མེད་པས་མངོན་པར་འདུ་བྱེད་པ་མེད་པའོ། །རྒྱལ་པོ་ཆེན་པོ་བྱང་ཆུབ་ནི་མཚན་ཉིད་གསུམ་དང་བྲལ་ བས་འདུས་མ་བྱས་པ་སྟེ། རྒྱལ་པོ་ཆེན་པོ་གང་དག་བྱང་ཆུབ་ཀྱི་མཚན་ཉིད་དེ་ལྟ་བུ་དང་། ངོ་བོ་ཉིད་དེ་ལྟ་བུ་ལ་སྒྲུབ་པར་བྱེད་པ་དང་། གང་དག་སྨོན་ལམ་འདེབས་པར་བྱེད་པ་དང་། གང་དག་མངོན་པར་དགའ་བར་ 82-1-51b བྱེད་པ་དང་། གང་དག་འདོད་པར་བྱེད་པ་དེ་དག་ཐམས་ཅད་ནི་ལོག་པར་རྩོལ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་བྱང་ཆུབ་ཅི་འདྲ་བར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་དེ་འདྲ་བ་ཡིན་པས་ན་ གང་དག་དེ་ལྟར་སྤྱོད་པ་དེ་དག་ནི་ཡང་དག་པར་སྤྱོད་པ་ཡིན་པའི་ཕྱིར་རོ།། །། བམ་པོ་གཉིས་པ། དེ་ནས་རྒྱལ་པོ་དགེ་བའི་བཀོད་པས་ཆོས་སྨྲ་བའི་དགེ་སློང་ཆོས་ཀྱི་རྒྱལ་མཚན་ལ་འདི་སྐད་ཅེས་སྨྲས་ སོ། །རིགས་ཀྱི་བུ་ཁྱོད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་དག་པ་ཉིད་ཀྱི་སྤྱོད་པ་ལ་སྤོབས་པར་གྱིས་ཤིག །དེ་སྐད་ཅེས་སྨྲས་པ་དང་། ཆོས་སྨྲ་བའི་དགེ་སློང་ཆོས་ཀྱི་རྒྱལ་མཚན་གྱིས་རྒྱལ་པོ་དགེ་བའི་ བཀོད་པ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་སེམས་ཅན་ཐམས་ཅད་ལ་རློམ་སེམས་མེད་པ་མཉམ་པ་ཉིད་ཀྱིས་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ སྤྱོད་པ་ཡིན་ནོ། །ཚུལ་ཁྲིམས་ཀྱིས་རློམ་སེམས་སུ་མི་བྱེད་པ་མཉམ་པ་ཉིད་ཀྱིས་ཚུལ་ཁྲིམས་དང་། བསླབ་པ་དང་། སྦྱངས་པའི་ཡོན་ཏན་ཐམས་ཅད་ཡང་དག་པར་ལེན་པའི་སྤྱོད་པ་ནི་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །བཟོད་པས་རློམ་སེམས་སུ་མི་བྱེད་པ་མཉམ་པ་ཉིད་ཀྱིས་ཐ་བ་དང་། ཁྲོ་བ་དང་། གནོད་སེམས་དང་། འཆབ་པའི་ཡོངས་སུ་གདུང་བ་དང་། ཞེ་སྡང་གི་ཡོངས་སུ་གདུང་བ་ ཐམས་ཅད་འབྱིན་པར་བྱེད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །བརྩོན་འགྲུས་ཀྱིས་རློམ་སེམས་སུ་མི་བྱེད་པ་མཉམ་པ་ཉིད་ཀྱིས་བརྩོན་འགྲུས་བརྟན་ཞིང་འབར་བ་དང་། ཞུམ་པ་མེད་པ་ནི་བྱང་ ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །བསམ་གཏན་གྱིས་རློམ་སེམས་སུ་མི་བྱེད་པ་མཉམ་པ་ཉིད་ཀྱིས་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་སྒྲུབ་པ་ནི་ 82-1-52a བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །ཤེས་རབ་ཀྱིས་རློམ་སེམས་སུ་མི་བྱེད་པ་མཉམ་པ་ཉིད་ཀྱིས་མཉམ་པའི་ཤེས་རབ་ཀྱི་ཚོགས་ཡོངས་སུ་ཚོལ་བ་ནི་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །གཉིས་དང་བྲལ་བའི་བཏང་སྙོམས་མཉམ་པ་ཉིད་ཀྱིས་ཚངས་པའི་གནས་པ་སྐྱེད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །མངོན་པར་ཤེས་པས་རློམ་ སེམས་སུ་མི་བྱེད་པ་མཉམ་པ་ཉིད་ཀྱིས་མངོན་པར་ཤེས་པ་སྐྱེད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །དོན་དང་ཆོས་ལ་ངེས་པར་སེམས་པ་མཉམ་པ་ཉིད་ཀྱིས་སོ་སོ་ཡང་དག་པར་རིག་པ་ ལ་འཇུག་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །ཆོས་ཀྱི་དབྱིངས་གཡོ་བ་མེད་པ་མཉམ་པ་ཉིད་ཀྱིས་རྟོན་པ་ལ་མོས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །ཡང་དག་ པར་སྐྱོ་བ་མེད་པའི་སེམས་ཀྱིས་ངེས་པར་སེམས་པ་མཉམ་པ་ཉིད་ཀྱིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡང་དག་པར་སྡུད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །དོན་འཐུན་པ་མཉམ་པ ཉིད་ཀྱིས་བསྡུ་བའི་དངོས་པོ་བཞི་ཡང་དག་པར་འཛིན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །སེམས་ཀྱིས་རློམ་སེམས་སུ་མི་བྱེད་པ་མཉམ་པ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ལ་སེམས་ མཉམ་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །ནམ་མཁའ་ཡོངས་སུ་དག་པ་དང་། སེམས་ཡོངས་སུ་དག་པ་དང་། ཞིང་ཡོངས་སུ་དག་པ་མཉམ་པ་ཉིད་ཀྱིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་ དག་པར་བྱེད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །མཚན་ཉིད་མེད་པའི་ཆོས་ལ་སོ་སོར་རྟོག་པ་མཉམ་པ་ཉིད་ཀྱིས་མཚན་སུམ་བཅུ་རྩ་གཉིས་ཀྱི་ཚོགས་ཡང་དག་པར་སྡུད་པ་ནི་བྱང་ཆུབ་ 82-1-52b སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །ལུས་དང་། ངག་དང་། སེམས་མཉམ་པ་ཉིད་ཀྱིས་ལུས་དང་། ངག་དང་། སེམས་བརྒྱན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །སེམས་ཅན་ ཐམས་ཅད་ལ་བདག་མེད་པར་མཉམ་པ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ཅི་ཞིག་བྱ་སྙམ་དུ་སྤྲོ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །རྨི་ལམ་གྱི་རང་བཞིན་ལྟ་བུར་མོས་པ་མཉམ་པ་ཉིད་ཀྱིས་ འཁོར་བས་ཡོངས་སུ་མི་སྐྱོ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལ་མོས་པ་མེད་པ་མཉམ་པ་ཉིད་ཀྱིས་ལེགས་པར་སྤྱོད་པའི་ལས་བྱེད་པ་ནི་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །ཆོས་སྒྱུ་མ་ལྟ་བུར་སོ་སོར་རྟོག་པ་མཉམ་པ་ཉིད་ཀྱིས་བརྟུལ་ཞུགས་དང་དཀའ་ཐུབ་ཀྱི་གོ་ཆ་བགོས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །སྡུག་བསྔལ་སྐྱེ་བ་ མེད་པར་ཤེས་པ་མཉམ་པ་ཉིད་ཀྱིས་སྡུག་བསྔལ་ཐམས་ཅད་བཟོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །མཛའ་བཤེས་དང་མཛའ་བཤེས་མ་ཡིན་པ་ལ་སེམས་སྙོམ་པ་མཉམ་པ་ཉིད་ཀྱིས་ མཛའ་བ་བརྟན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །ལན་རེ་བ་མེད་པ་མཉམ་པ་ཉིད་ཀྱིས་ལྷག་པའི་བསམ་པ་ལ་སྦྱོར་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །ཐོས་པ་དང་། སྒྲུབ་པ་ མཉམ་པ་ཉིད་ཀྱིས་ཐོས་པ་ཚོལ་བས་མི་ངོམས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །ཟང་ཟིང་མེད་པའི་ཆོས་སྟོན་པ་མཉམ་པ་ཉིད་ཀྱིས་ཆོས་ལ་སློབ་དཔོན་གྱི་དཔེ་མཁྱུད་མེད་པ་ནི་བྱང་ཆུབ་ སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །ཆོས་དབེན་པ་མཉམ་པ་ཉིད་ཀྱིས་དམ་པའི་ཆོས་ཡོངས་སུ་འཛིན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །དོན་དམ་པའི་བདེན་པ་མཉམ་པ་ཉིད་ཀྱིས་བདེན་ 82-1-53a པའི་ཤེས་པ་ཡོངས་སུ་ཚོལ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །སེམས་ཅན་ལ་ཤིན་དུ་འདུད་པ་མཉམ་པ་ཉིད་ཀྱིས་ང་རྒྱལ་ངེས་པར་བཅོམ་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ ཀྱི་སྤྱོད་པ་ཡིན་ནོ། །ཡོན་ཏན་ཐམས་ཅད་ཡང་དག་པར་བླངས་པས་རློམ་སེམས་མེད་པ་མཉམ་པ་ཉིད་ཀྱིས་ཡོན་ཏན་ཐམས་ཅད་ཡང་དག་པར་འདུ་བ་ཡོངས་སུ་ཚོལ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ པ་ཡིན་ནོ། །དེ་ནས་རྒྱལ་པོ་དགེ་བའི་བཀོད་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་དག་པ་ཉིད་ཀྱི་སྤྱོད་པ་དེ་དག་ཐོས་ནས་དགའ་བ་དང་། མགུ་བ་དང་། ཡི་རངས་པ་དང་། རབ་ཏུ་དགའ་བ་དང་། དགའ་ ཞིང་ཡིད་བདེ་བ་སྐྱེས་ནས་གོས་དང་། རྒྱན་ཅི་གྱོན་པ་རྣམས་ཀྱིས་ཆོས་སྨྲ་བའི་དགེ་སློང་ཆོས་ཀྱི་རྒྱལ་མཚན་ལ་མངོན་པར་བཀབ་པོ། །བུ་སྟོང་པོ་དེ་དག་གིས་ཀྱང་རང་རང་གི་རྒྱན་དག་གིས་ཆོས་སྨྲ་བའི་དགེ་སློང་ ཆོས་ཀྱི་རྒྱལ་མཚན་ལ་བཀབ་ནས་ཚིག་འདི་སྐད་དུ་གང་བདག་ཅག་གིས་སྐྱེས་བུ་དམ་པ་འདི་ལྟ་བུ་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དག་རྙེད་པ་ནི་བདག་ཅག་གིས་རྙེད་པ་ལེགས་པར་རྙེད་དོ། ། སེམས་ཅན་ཐམས་ཅད་ཀྱིས་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པ་དེ་ལྟ་བུ་དང་། སྤོབས་པ་དེ་ལྟ་བུ་དག་ཐོབ་པར་གྱུར་ཅིག་ཅེས་ཀྱང་སྨྲས་སོ། །དེ་ནས་ཆོས་སྨྲ་བའི་དགེ་སློང་ཆོས་ཀྱི་རྒྱལ་མཚན་གྱིས་རྒྱལ་པོ་ དགེ་བའི་བཀོད་པ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་གོས་དང་། རྒྱན་ཙམ་གྱིས་མཆོད་པ་དེ་ནི་མཆོད་པ་ཆེན་པོ་མ་ཡིན་གྱི། དེ་ལས་གཞན་པའི་མཆོད་པ་ཁྱད་པར་དུ་འཕགས་པ་དག་ ཀྱང་ཡོད་ཀྱིས་དེ་དག་ཁྱོད་ཀྱིས་སྒྲུབས་ཤིག །དེ་ཡང་གང་ཞེ་ན། དེ་ནས་དེའི་ཚེ་ཆོས་སྨྲ་བའི་དགེ་སློང་ཆོས་ཀྱི་རྒྱལ་མཚན་གྱིས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །གང་དག་སྟོང་ཆེན་སེམས་ཅན་དེ་དག་ 82-1-53b ཀུན། །བྱང་ཆུབ་ཕྱིར་ནི་རབ་ཏུ་ཞུགས་གྱུར་ཅིང་། །མ་ཞུམ་སེམས་ཀྱིས་བསྐལ་པ་རྫོགས་པར་ནི། །བུ་དང་ཆུང་མའི་སྦྱིན་པ་བྱས་པ་བས། །གང་གིས་བྱང་ཆུབ་ཕྱིར་ནི་སེམས་བསྐྱེད་ནས། །དེ་བཞིན་ གཤེགས་པའི་རྗེས་སུ་བསླབ་པ་དང་། །རབ་འབྱུང་སེམས་ཀྱིས་གོམ་པ་གཅིག་བོར་བ། །དེ་ནི་དེ་བས་བསོད་ནམས་ཁྱད་པར་འཕགས། །གང་དག་སྔན་ཆད་བྱུང་བའི་སངས་རྒྱས་དང་། །གང་དག་ མ་བྱོན་བྱུང་དང་བཞུགས་པ་རྣམས། །དེ་དག་སྐྱོན་མང་ཁབ་ནི་མ་སྤོངས་པར། །བླ་མེད་བྱང་ཆུབ་ཞི་བ་ཐོབ་པ་མེད། །རབ་འབྱུང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །རབ་ཏུ་བསྟོད་ཅིང་བསྔགས་ ལ་བཀུར་བ་སྟེ། །གང་ཞིག་སངས་རྒྱས་ཀུན་ལ་མཆོད་འདོད་པ། །རྒྱལ་བའི་བསྟན་ལ་རབ་འབྱུང་གཟུང་བར་གྱིས། །གང་ཞིག་ཁྱིམ་གནས་རིན་ཆེན་ཁྱིམ་བརྒྱན་པའི། །གང་གཱའི་བྱེ་སྙེད་སངས་ རྒྱས་ཞིང་བྱིན་དང་། །གང་ཞིག་རབ་འབྱུང་ཉིན་དང་མཚན་གཅིག་ཏུ། །མི་རྟག་སྡུག་བསྔལ་བདག་མེད་སེམས་བྱེད་ན། །གང་ཞིག་རབ་འབྱུང་བག་ཡོད་གྱུར་བ་ཡི། །བྱང་ཆུབ་སེམས་དཔའ་བྱང་ཆུབ་ཉེ་བ་དང་། ། བདུད་ཀྱི་དཀྱིལ་འཁོར་ཤིན་དུ་བཅོམ་བྱས་ཤིང་། །དགེ་བའི་ཕྱོགས་ཀྱང་མི་འགྲིབ་འཕེལ་བ་ཡིན། །རབ་འབྱུང་དེ་ནི་ལམ་ངན་སྤངས་པ་དང་། །ལམ་གྱི་རྗེས་འཐུན་འཕགས་པའི་སྐྱེ་བོས་བསྟོད། །དེ་ནི་ དགེ་བ་ཆུད་ཟ་མ་ཡིན་ཞིང་། །དེ་ནི་ཡོངས་སུ་འཛིན་པ་སྤངས་པ་ཡིན། །ཁྱིམ་ལས་གྲོལ་བ་ཉོན་མོངས་མི་འཕེལ་ཞིང་། །ཉོན་མོངས་རྣམ་གྲོལ་བདུད་ཀྱི་འཆིང་བ་མེད། །རྣམ་གྲོལ་སེམས་ནི་བྱང་ཆུབ་སྤྱད་ པ་སྤྱོད། །སྤྱོད་པ་དག་པས་བྱང་ཆུབ་རྙེད་མི་དཀའ། །དེ་ནས་རྒྱལ་པོ་དགེ་བའི་བཀོད་པས་ཚིགས་སུ་བཅད་པ་དེ་དག་ཐོས་པ་དང་། འདོད་པའི་དགའ་བ་དང་། ལོངས་སྤྱོད་དང་། རྒྱལ་སྲིད་ཀྱི་དབང་ཕྱུག་དག་ལ་ 82-1-54a མི་ལྟ་བར་གྱུར་ཅིང་སྐྱོ་ལ། འདོད་ཆགས་དང་བྲལ་བ་སྐྱེས་པར་གྱུར་ཏེ་རབ་ཏུ་འབྱུང་བ་ལ་སེམས་གཞོལ་བར་གནས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རི་རབ་ལྟ་བུ་དེ་ལ་འདི་ སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་ཞིང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འཐོབ་ལགས་སམ། བཅོམ་ལྡན་འདས་ དེ་བཞིན་གཤེགས་པ་རི་རབ་ལྟ་བུ་དེས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་རབ་ཏུ་འབྱུང་བ་ནི་དགག་པ་མེད་པ་སྟེ། སེམས་ཅན་ཐམས་ཅད་ལ་ཡང་བར་དུ་མི་གཅོད་ཅིང་སྐབས་ཡོད་དོ། །ཁྱིམ་ན་གནས་ པ་ནི་ཉོན་མོངས་པའི་ནང་ན་གནས་པ་ཡིན་གྱིས། །གལ་ཏེ་འདོད་ན་ངས་ཁྱོད་ལ་གདམས་ཤིང་རྗེས་སུ་བསྟན་གྱིས་ཁྱོད་ཀྱིས་ཀྱང་གཏམས་ཤིང་རྗེས་སུ་བསྟན་པ་བཞིན་དུ་བསྒྲུབ་པར་བྱའོ། །དེ་ནས་ བཅོམ་ལྡན་འདས་དེས་རབ་ཏུ་འབྱུང་བའི་སྐབས་ཕྱེ་བ་དང་། རྒྱལ་པོ་དགེ་བའི་བཀོད་པས་བུ་སྟོང་པོ་དེ་དག་ལ་སྨྲས་པ། ཁྱེད་ཅག་ལས་རྒྱལ་སྲིད་སྒྲུབ་པ་དང་། སེམས་ཅན་རྣམས་ཆོས་ཡང་དག་ པར་འཛིན་དུ་འཇུག་པར་སྤྲོ་བ་སུ་ཡོད། དེ་དག་ཐམས་ཅད་ཀྱིས་སྨྲས་པ། ཡབ་བདག་ཅག་ཀྱང་དད་པས་ཁྱིམ་ནས་ཁྱིམ་མ་མཆིས་པར་རབ་ཏུ་འབྱུང་ལགས་ཀྱིས། བདག་ཅག་མི་དོར་བར་གསོལ། རྒྱལ་ པོས་སྨྲས་པ། གལ་ཏེ་ཁྱེད་ཅག་ཐམས་ཅད་རབ་ཏུ་བྱུང་ན་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སྐྱེ་བོའི་ཚོགས་ཐམས་ཅད་རབ་ཏུ་ཆུད་ཟོས་པར་འགྱུར་གྱིས་ཁྱེད་ཅག་ལས་གང་སེམས་ ཅན་རྣམས་ལ་བརྟན་པའི་སྙིང་རྗེ་ཆེན་པོ་འཇུག་པར་འགྱུར་བ་དེས་རྒྱལ་སྲིད་བསྒྲུབས་ལ་སེམས་ཅན་རྣམས་ཆོས་ཡང་དག་པར་འཛིན་ཏུ་ཆུག་ཤིག །དེ་ནས་རྒྱལ་བུ་གཞོན་ནུ་དེ་དག་གི་ནང་ནས་རྒྱལ་བུ་གཞོན་ནུ་སྙིང་ 82-1-54b རྗེ་ཆེར་སེམས་ཤེས་བྱ་བ་དེས་རང་གི་ཕ་དེ་དང་། རྒན་རབས་དེ་དག་ལ་ཚིགས་སུ་བཅས་དེ་སྨྲས་པ། རབ་འབྱུང་ཡོན་ཏན་དུ་མ་བསག་པ་ཞེས། དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་མོད་ཀྱི། དེ་ ལྟ་ལགས་ཀྱང་སྙིང་རྗེར་གྱུར་བས་ན། །འགྲོ་ལ་ཕན་ཕྱིར་རྒྱལ་སྲིད་བདག་གིས་བསྒྲུབ། །ཇི་སྲིད་འཚོ་བར་བདག་ནི་ཚངས་སྤྱོད་ཅིང་། །གསོ་སྦྱོང་ཡན་ལག་བརྒྱད་པ་བླང་བར་བགྱི། །མེ་ཏོག་རྣམས་དང་དྲི་ དང་བྱུག་པ་དང་། །དེ་བཞིན་ཆང་ཡང་མྱང་བར་མི་བགྱིའོ། །ལུས་ལ་རྒྱན་རྣམས་ཀྱང་ནི་མི་ཐོགས་ཤིང་། །མཆིལ་ལྷམ་མི་འཚལ་རིན་ཆེན་གཙུག་ཕུད་མིན། །ཁྲི་རྐང་གསེར་ལས་བགྱིས་པར་ མི་ཉལ་ཞིང་། །རྒྱལ་པོའི་རྐྱེན་གྱི་གོས་ཀྱང་མི་འཚལ་ལོ། །སིལ་སྙན་གླུ་དབྱངས་སྒྲ་ལ་མི་དགའ་ཞིང་། །རྨ་བྱ་དང་བའི་སྒྲ་ལའང་དགའ་མི་བགྱིད། །སྐྱེ་བོས་མདུན་བདར་བུད་མེད་གནས་སྤོང་ཞིང་། ། གཅིག་པུ་མལ་ན་མཆིས་ཉལ་རླུང་མི་གཡབ། །བདག་ནི་གླིང་ནས་གླིང་དུ་མཆི་བགྱི་ཞིང་། །དགེ་བ་བཅུ་རྣམས་རབ་ཏུ་བཤད་པར་བགྱི། །ཁྱིམ་ན་གནས་པའི་ནོངས་པ་བསྟན་བགྱི་ཞིང་། །རབ་ཏུ་འབྱུང་ བའི་བསྔགས་པའང་བརྗོད་པར་བགྱི། །གཟུགས་དང་ལོངས་སྤྱོད་དབང་ཕྱུག་དྲེགས་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་བགྲོད་མི་བགྱི། །བྱང་ཆུབ་སེམས་ནི་བསྐྱེད་པར་མི་བགྱི་ཞིང་། །རྟག་ ཏུ་ཡིད་བྱུང་སྲིད་གསུམ་སྤྱད་པར་བགྱི། །སྦྱིན་དང་སྙན་སྨྲ་དོན་སྤྱོད་དོན་འཐུན་བས། །སེམས་ཅན་བསྡུ་བ་ལ་ནི་བརྩོན་བགྱི་ཞིང་། །བླ་མེད་ཐེག་ཆེན་དམ་པ་འདི་ལ་ཡང་། །སྲོག་ཆགས་བྱེ་བ་མང་པོ་ ཡོངས་སྨིན་བགྱི། །ཆོས་དོན་མཉན་ཅིང་བཤད་པར་བགྱི་སླད་དུ། །ཉིན་མོ་དུས་གསུམ་མཚན་མོ་དུས་གསུམ་དུ། །རི་རབ་ལྟ་བུའི་སྤྱན་སྔར་ཉེར་མཆི་ཞིང་། །དེ་བཞིན་གཤེགས་པ་ལ་ནི་མཆོད་པའང་ 82-1-55a བགྱི། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རི་རབ་ལྟ་བུ་དེས་རྒྱལ་བུ་གཞོན་ནུ་སྙིང་རྗེ་ཆེར་སེམས་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། སྐྱེས་བུ་དམ་པ་ལེགས་སོ་ ལེགས་སོ། །བསླབ་པ་བརྒྱད་ཀྱི་ཚུལ་ཁྲིམས་ཡང་དག་པར་བླངས་པའི་ཆོས་ཀྱི་ཡོན་ཏན་དེས་ན་ཁྱིམ་པར་གྱུར་བའི་བྱང་ཆུབ་སེམས་དཔའ་ཡང་རབ་ཏུ་བྱུང་བ་དང་། ཡོན་ཏན་མཚུངས་པ་ཡིན་ནོ། ། ཁྱོད་ཀྱི་སྙིང་རྗེ་ཆེན་པོ་དེས་ན་རབ་ཏུ་བྱུང་བའི་ཡོན་ཏན་ཡང་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ནས་རྒྱལ་པོ་དགེ་བའི་བཀོད་པས་རྒྱལ་བུ་གཞོན་ནུ་སྙིང་རྗེ་ཆེར་སེམས་རྒྱལ་སྲིད་ལ་བཞག་ནས་བུ་སྟོང་དུ་གཅིག་ གིས་མ་ཚང་བ་དང་། ལྷན་ཅིག་ཏུ་བཅོམ་ལྡན་འདས་དེའི་བསྟན་པ་ལ་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་གྱུར་ཏོ། །དེ་དག་རབ་ཏུ་བྱུང་ནས་ཀྱང་དེ་བཞིན་གཤེགས་པ་དེས་ཆོ་འཕྲུལ་ བསྟན་པ་འདི་ཉིད་ཀྱིས་དེ་ལྟ་དེ་ལྟར་གདམས་ཤིང་རྗེས་སུ་བསྟན་པས་དེ་དག་གིས་རིང་པོ་མ་ཐོགས་པར་མངོན་པར་ཤེས་པ་ལྔ་བསྐྱེད་པར་གྱུར་ཏོ། །གཟུངས་དང་། དྲན་བ་དང་། ཆོས་མཉན་པའི་ ཤེས་པ་ཡང་བསྐྱེད་པར་གྱུར་ཏོ། །རྒྱལ་བུ་གཞོན་ནུ་སྙིང་རྗེ་ཆེར་སེམས་ཀྱང་རྒྱལ་སྲིད་ལ་དབང་བསྐུར་ནས་ཟླ་བ་ཉའོ་ཅོག་ན་གླིང་ཆེན་པོ་བཞི་པོ་དག་ཏུ་རྗེས་སུ་སྟོན་པར་བྱེད་དེ། ཅི་ནས་ཀྱང་སྲོག་ཆགས་ དུང་ཕྱུར་ཕྲག་དགུ་དང་། བྱེ་བ་ཕྲག་གཉིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བ་དེ་ལྟ་དེ་ལྟར་སེམས་ཅན་རྣམས་ལ་ཆོས་སྟོན་པར་གྱུར་ཏོ། །དེ་དག་ཐམས་ ཅད་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རི་རབ་ལྟ་བུ་དེའི་བསྟན་པ་ལ་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་ཐེག་པ་ཆེན་པོ་འདིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ 82-1-55b ལས་ཕྱིར་མི་ལྡོག་པ་ཤ་སྟག་ཏུ་གྱུར་ཏོ། །ཤཱ་ར་དྭ་ཏིའི་བུ་ཇི་ཙམ་དུ་དགེ་བའི་རྩ་བ་བསྐྱེད་པ་དང་། ཡོངས་སུ་སྦྱང་བ་བྱས་པའི་སེམས་ཅན་རྣམས་ཀྱི་རྟེན་དུ་གྱུར་ཅིང་། དད་པ་བསྐྱེད་པར་ གྱུར་བའི་གསུང་རབ་དེ་ལ་ལྟོས། ཤཱ་ར་དྭ་ཏིའི་བུ་དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དགེ་བའི་བཀོད་པ་ཞེས་བྱ་བར་གྱུར་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་སོམ་ཉི་དང་ཡིད་གཉིས་ ཟ་བར་གྱུར་ན། ཤཱ་ར་དྭ་ཏིའི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ལྷའི་བུ་དེད་དཔོན་འདི་ཉིད་དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དགེ་བའི་བཀོད་པ་ཞེས་བྱ་བར་གྱུར་ཏོ། །ཤཱ་ར་དྭ་ཏིའི་བུ་དེའི་ཚེ་ དེའི་དུས་ན་ཆོས་སྨྲ་བའི་དགེ་སློང་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བར་གྱུར་བ་དེ་གཞན་ཞིག་ཡིན་བསྙམ་དུ་ཁྱོད་སོམ་ཉི་དང་ཡིད་གཉིས་ཟ་བར་གྱུར་ན། ཤཱ་ར་དྭ་ཏིའི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འཇམ་ དཔལ་གཞོན་ནུར་གྱུར་བ་འདི་ཉིད་དེའི་ཚེ་དེའི་དུས་ན་ཆོས་སྨྲ་བའི་དགེ་སློང་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བར་གྱུར་ཏོ། །ཤཱ་ར་དྭ་ཏིའི་བུ་དེའི་ཚེ་དེའི་དུས་ན་རྒྱལ་པོ་དགེ་བའི་བཀོད་པ་དེའི་བུ་སྟོང་ཐམ་པར་གྱུར་བ་ དེ་དག་གཞན་ཞིག་ཡིན་བསྙམ་དུ་ཁྱོད་སོམ་ཉི་དང་ཡིད་གཉིས་ཟ་བར་གྱུར་ན། ཤཱ་ར་དྭ་ཏིའི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། བསྐལ་པ་བཟང་པོ་འདི་ཉིད་ཀྱི་སངས་རྒྱས་སྟོང་པོ་དག་དེའི་ཚེ་དེའི་དུས་ ན་རྒྱལ་པོ་དགེ་བའི་བཀོད་པ་དེའི་བུ་སྟོང་ཐམ་པར་གྱུར་ཏོ། །ཤཱ་ར་དྭ་ཏིའི་བུ་དེའི་ཚེ་དེའི་དུས་ན་རྒྱལ་བུ་སྙིང་རྗེ་ཆེར་སེམས་ཤེས་བྱ་བར་གྱུར་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་སོམ་ཉི་དང་ཡིད་ གཉིས་ཟ་བར་གྱུར་ན། ཤཱ་ར་དྭ་ཏིའི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་ཉིད་དེའི་ཚེ་དེའི་དུས་ན་རྒྱལ་བུ་གཞོན་ནུ་སྙིང་རྗེ་ཆེར་སེམས་ཤེས་བྱ་བར་གྱུར་ཏོ། །ཤཱ་ར་དྭ་ཏིའི་བུ་དེ་ལྟར་ན་སྔོན་གྱི་བྱང་ཆུབ་ 82-1-56a སེམས་དཔའ་བག་ཡོད་པ་རྣམས་ནི་ལྷག་པའི་བསམ་པ་དང་། ཤེས་བཞིན་གྱི་སྤྱོད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བ་ཡིན་ནོ། །བཅོམ་ ལྡན་འདས་ཀྱིས་སྔོན་གྱི་ཚུལ་དང་ལྡན་པའི་གཏམ་འདི་བཤད་པ་ན་ལྷ་དང་མི་རྣམས་ཀྱི་སྐྱེ་དགུ་ལས་སྲོག་ཆགས་སུམ་ཁྲི་ཉིས་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། ། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་འཇམ་དཔལ་གཞོན་ནུར་གྱུར་བ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་ནི་ལྷའི་བུ་དེད་དཔོན་འདི་དང་ལྷན་ཅིག་ཏུ་ཡུན་རིང་པོ་ནས་ཚངས་པར་སྤྱོད་པ་སྤྱད་པ་ དང་། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་ཤིང་དགེ་བའི་རྩ་བ་བསྐྱེད་པ་ཡིན་ནོ། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་ཚངས་པར་སྤྱོད་པ་ཞེས་བྱ་བ་དེ་ནི་འཕགས་པའི་ཡན་ ལག་བརྒྱད་པའི་ཚིག་བླ་དགས་ཡིན་ལ། ལམ་ནི་འདུས་བྱས་ཡིན་གྱི། ཁོ་བོ་ནི་འདུས་མ་བྱས་སུ་གཏོགས་པ་ཡིན་པས་དེའི་ཕྱིར་ཁོ་བོ་ནི་ཡུན་རིང་པོ་ནས་ཚངས་པར་སྤྱོད་པ་མ་ཡིན་ནོ། །བཙུན་པ་ ཤཱ་ར་དྭ་ཏིའི་བུ་ཚངས་པར་སྤྱོད་པ་ཞེས་བྱ་བ་དེ་ནི་སྤྱོད་པའི་མཚན་ཉིད་ཡིན་གྱི། ཁོ་བོ་ནི་སྤྱོད་པ་མེད་པ་དང་། རབ་ཏུ་སྤྱོད་པ་མེད་པ་ཡིན་ཏེ། དེའི་ཕྱིར་ཁོ་བོ་ནི་ཡུན་རིང་པོ་ནས་ཚངས་པར་སྤྱད་པ་མ་ཡིན་ནོ། ། བཙུན་པ་ཤཱ་ར་དྭ་ཏིའི་བུ་ཚངས་པར་སྤྱོད་པ་ཞེས་བྱ་བ་དེ་ནི་གཉིས་སུ་སྦྱོར་བ་ཡིན་གྱི། ཁོ་བོ་ནི་གཉིས་སུ་སྦྱོར་བ་ཡང་མ་ཡིན་ལ། གཉིས་སུ་མེད་པར་སྦྱོར་བ་ཡང་མ་ཡིན་ཏེ། དེའི་ཕྱིར་ཁོ་བོ་ནི་ཡུན་ རིང་པོ་ནས་ཚངས་པར་སྤྱད་པ་མ་ཡིན་ནོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་ཚངས་པར་སྤྱོད་པ་ཞེས་བྱ་བ་དེ་ནི་ཉོན་མོངས་པའི་གཉེན་པོ་ཡིན་གྱི། ཁོ་བོ་ནི་གཉེན་པོས་རབ་ཏུ་ཕྱེ་བ་མ་ཡིན་ཏེ། དེའི་ཕྱིར་ཁོ་བོ་ནི་ཡུན་རིང་ 82-1-56b པོ་ནས་ཚངས་པར་སྤྱད་པ་མ་ཡིན་ནོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་ཚངས་པར་སྤྱོད་པ་ཞེས་བྱ་བ་དེ་ནི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ལས་འབྱོལ་བ་ཡིན་གྱི། ཁོ་བོ་ནི་ གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ལས་འབྱོལ་བ་མ་ཡིན་ཏེ། དེའི་ཕྱིར་ཁོ་བོ་ནི་ཡུན་རིང་པོ་ནས་ཚངས་པར་སྤྱད་པ་མ་ཡིན་ནོ། །བཙུན་བ་ཤཱ་ར་དྭ་ཏིའི་བུ་ཚངས་པར་ སྤྱོད་པ་ཞེས་བྱ་བ་དེ་ནི་བདུད་ཀྱི་ལམ་ལས་ཡང་དག་པར་འདའ་བ་ཡིན་གྱི། ཁོ་བོ་ནི་བདུད་ཀྱི་ལམ་ལས་ཡང་དག་པར་འདའ་བ་མ་ཡིན་ཏེ། དེའི་ཕྱིར་ཁོ་བོ་ནི་ཡུན་རིང་པོ་ནས་ཚངས་པར་སྤྱད་པ་མ་ ཡིན་ནོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་ཚངས་པར་སྤྱོད་པ་ཞེས་བྱ་བ་དེ་ནི་དགེ་བའི་བཤེས་གཉེན་ཐམས་ཅད་ཡིན་གྱི། ཁོ་བོ་ནི་དགེ་བ་དང་སྡིག་པ་ལ་ངེས་པར་སྦྱོར་བར་མི་བྱེད་དེ། དེའི་ཕྱིར་ཁོ་བོ་ནི་ཡུན་རིང་པོ་ ནས་ཚངས་པར་སྤྱད་པ་མ་ཡིན་ནོ། །བཙུན་བ་ཤཱ་ར་དྭ་ཏིའི་བུ་ཚངས་པར་སྤྱོད་པ་ཞེས་བྱ་བ་དེ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སྐྱོན་མེད་པ་ཐོབ་པ་ཡིན་གྱི། ཁོ་བོ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སྐྱོན་ མེད་པ་ཐོབ་པ་མ་ཡིན་ཏེ། དེའི་ཕྱིར་ཁོ་བོ་ནི་ཡུན་རིང་པོ་ནས་ཚངས་པར་སྤྱད་པ་མ་ཡིན་ནོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་ཚངས་པར་སྤྱོད་པ་ཞེས་བྱ་དེ་ནི་འཁོར་བ་ལས་འབྱོལ་བ་ཡིན་གྱི། ཁོ་བོ་ནི་འཁོར་བ་ལས་ འབྱོལ་བ་མ་ཡིན་ཏེ། དེའི་ཕྱིར་ཁོ་བོ་ནི་ཡུན་རིང་པོ་ནས་ཚངས་པར་སྤྱད་པ་མ་ཡིན་ནོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་ཚངས་པར་སྤྱོད་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་ལམ་དུ་འགྲོ་བ་ཡིན་གྱི། ཁོ་བོ་ནི་མྱ་ ངན་ལས་འདས་པ་དོན་དུ་གཉེར་བ་མ་ཡིན་ཏེ། དེའི་ཕྱིར་ཁོ་བོ་ནི་ཡུན་རིང་པོ་ནས་ཚངས་པར་སྤྱད་པ་མ་ཡིན་ནོ། །བཙུན་བ་ཤཱ་ར་དྭ་ཏིའི་བུ་གང་ཡང་ཁྱོད་འདི་སྐད་དུ་འཇམ་དཔལ་ཁྱོད་ནི་སངས་རྒྱས་མང་པོ་ལ་བསྙེན་ 82-1-57a བཀུར་བྱས་པ་ཡིན་ནོ་ཞེས་ཟེར་བ་ནི། བཙུན་བ་ཤཱ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པ་ལ་ནི་བསྙེན་བཀུར་བྱ་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་གཟུགས་ མེད་ཅིང་བསྟན་དུ་མེད་པ་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་ཚོར་བ་མེད་ཅིང་ཚོར་བ་ཐམས་ཅད་རྒྱུན་བཅད་པ་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་ གཤེགས་པ་ནི་འདུ་ཤེས་མེད་ཅིང་འདུ་ཤེས་ཀྱི་མདུང་པ་ཐམས་ཅད་དང་བྲལ་བ་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་འདུ་བྱེད་རྣམས་མེད་ཅིང་འདུས་མ་བྱས་བརྙེས་པ་ཡིན་ པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་རྣམ་པར་ཤེས་པ་མེད་ཅིང་ཡིད་གནས་པ་མེད་པ་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་མིག་དང་ གཟུགས་ཀྱི་ཡུལ་མ་ཡིན་ཞིང་སྟོང་པ་ཉིད་ཀྱི་སྤྱོད་ཡུལ་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་རྣ་བ་དང་སྒྲའི་ཡུལ་མ་ཡིན་ཞིང་མཚན་མ་མེད་པའི་ཡུལ་ཡིན་པས་དེ་ལ་ བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་སྣ་དང་དྲིའི་ཡུལ་མ་ཡིན་ཞིང་གཉིས་དང་བྲལ་བ་ཡིན་པས། དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་ལྕེ་དང་རོའི་ཡུལ་ མ་ཡིན་ཞིང་རྣམ་པར་རིག་པ་མེད་པའི་མཚན་ཉིད་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་ལུས་དང་རེག་བྱའི་ཡུལ་མ་ཡིན་ཞིང་ཐོགས་པ་མེད་པའི་མཚན་ཉིད་ཡིན་པས་དེ་ལ་ བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་ཡིད་དང་ཆོས་ཀྱི་ཡུལ་མ་ཡིན་ཞིང་ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་བ་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་ 82-1-57b ནི་དེ་བཞིན་ཉིད་ལ་གནས་པ་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་ཡང་དག་པའི་མཐའ་དང་འཐུན་པར་ཞུགས་པ་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་ བཞིན་གཤེགས་པ་ནི་ཆོས་ཀྱི་དབྱིངས་ཀྱིས་རབ་ཏུ་ཕྱེ་བ་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་ཆེན་པོ་སྟོང་པ་ཉིད་ལ་ཞུགས་པ་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་ མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་རང་བཞིན་མཉམ་པ་ཉིད་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་སྤྲོས་པ་ཐམས་ཅད་ཡང་དག་པར་ཆད་པ་ཡིན་པས་ དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་དམིགས་པ་མེད་པ་ལ་ཞུགས་པ་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་རྣམ་པར་ཤེས་པ་ ལ་མི་གནས་པ་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་ཁམས་གསུམ་ན་མི་གནས་པ་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་ པ་ནི་ཟག་པ་མེད་པ་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་འཇིག་རྟེན་འདི་དང་། འཇིག་རྟེན་ཕ་རོལ་ལ་མི་གནས་པ་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་ དང་། དེ་བཞིན་གཤེགས་པ་ནི་ཞི་ཞིང་རབ་ཏུ་ཞི་ལ་ཉེ་བར་ཞི་བ་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་ལུས་དང་ངག་དང་ཡིད་དང་བྲལ་བ་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་ མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་ཁ་དོག་དང་། གཟུགས་དང་། དབྱིབས་དང་བྲལ་བ་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་ཐམས་ཅད་དུ་མ་སྨད་ཅིང་ཁ་ན་ 82-1-58a མ་ཐོ་བ་མེད་པ་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་སྤྱོད་ལམ་ཐམས་ཅད་ལ་ཡང་དག་པར་མི་གནས་པ་ཡིན་པས་དེ་ལ་བསྙེན་བཀུར་བྱ་ བར་མི་ནུས་པ་དང་། བཙུན་པ་ཤཱ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པ་ནི་ཐམས་ཅད་དུ་སྐུར་བ་གདབ་ཏུ་མེད་ཅིང་ནམ་མཁའ་ལ་བྲིས་པ་ལྟ་བུ་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པའི་ཕྱིར་རོ། །བཙུན་པ་ ཤཱ་ར་དྭ་ཏིའི་བུ་གང་ཡང་ཁྱོད་འདི་སྐད་དུ་འཇམ་དཔལ་ཁྱོད་ནི་དགེ་བའི་རྩ་བ་ཡིན་ནོ་ཞེས་ཟེར་བ་ལ། བཙུན་པ་ཤཱ་ར་དྭ་ཏིའི་བུ་དགེ་བའི་རྩ་བ་དེ་ནི་འཇིག་ཚོགས་ཀྱི་རྩ་བ་མ་ཡིན་པ་དང་། མ་རིག་པ་ དང་། སྲིད་པའི་སྲེད་པ་རྩ་བ་མ་ཡིན་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་རྩ་བ་མ་ཡིན་པ་དང་། ཕྱིན་ཅི་ལོག་བཞི་རྩ་བ་མ་ཡིན་པ་དང་། ཕུང་པོ་ལྔ་རྩ་བ་མ་ཡིན་པ་དང་། སྐྱེ་མཆེད་ དྲུག་རྩ་བ་མ་ཡིན་པ་དང་། རྣམ་པར་ཤེས་པའི་གནས་བདུན་རྩ་བ་མ་ཡིན་པ་དང་། ལོག་པ་བརྒྱད་རྩ་བ་མ་ཡིན་པ་དང་། ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་རྩ་བ་མ་ཡིན་པ་དང་། སེམས་ ཅན་གྱི་གནས་དགུ་རྩ་བ་མ་ཡིན་པ་དང་། མི་དགེ་བ་བཅུའི་ལས་ཀྱི་ལམ་རྩ་བ་མ་ཡིན་པ་གང་ཡིན་པ་དེ་ནི་དགེ་བའི་རྩ་བ་ཡིན་ནོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་བགྲོད་པ་གཅིག་པའི་ལམ་ལ་མངོན་པར་ཞེན་པ་རྩ་ བ་མ་ཡིན་པ་དང་། རིག་པ་དང་རྣམ་པར་གྲོལ་བ་ལ་ཡོངས་སུ་རྟོག་པ་རྩ་བ་མ་ཡིན་པ་དང་། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷག་པའི་སེམས་ཀྱི་བསླབ་པ་དང་། ལྷག་པའི་ཤེས་ རབ་ཀྱི་བསླབ་པས་རློམ་སེམས་སུ་བྱེད་པ་རྩ་བ་མ་ཡིན་པ་དང་། བདེན་པ་བཞི་པོ་དག་ལ་ཡོངས་སུ་རྟོག་པ་རྩ་བ་མ་ཡིན་པ་དང་། དབང་པོ་ལྔར་འདུ་ཤེས་པ་རྩ་བ་མ་ཡིན་པ་དང་། མངོན་པར་ཤེས་པ་དྲུག་ལ་ 82-1-58b དམིགས་པ་རྩ་བ་མ་ཡིན་པ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྒྲོ་འདོགས་པ་རྩ་བ་མ་ཡིན་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པས་རློམ་སེམས་སུ་བྱེད་པ་རྩ་བ་མ་ཡིན་པ་དང་། མཐར་ ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་ལྟ་བ་སྐྱེད་པ་རྩ་བ་མ་ཡིན་པ་དང་། མི་སློབ་པའི་ཆོས་བཅུ་ལ་མངོན་པར་ཞེན་པ་རྩ་བ་མ་ཡིན་པ་གང་ཡིན་པ་དེ་ནི་དགེ་བའི་རྩ་བ་ཡིན་ནོ། །ཕུང་པོའི་བདུད་ རྩ་བ་མ་ཡིན་པ་དང་། ཉོན་མོངས་པའི་བདུད་རྩ་བ་མ་ཡིན་པ་དང་། འཆི་བདག་གི་བདུད་རྩ་བ་མ་ཡིན་པ་དང་། ལྷའི་བུའི་བདུད་རྩ་བ་མ་ཡིན་པ་གང་ཡིན་པ་དེ་ནི་དགེ་བའི་རྩ་བ་ཡིན་ནོ། །སྒྲིབ་པ་རྩ་བ་མ་ ཡིན་པ་དང་། ཆོད་པ་དང་ཀུན་ནས་ལྡང་བ་རྩ་བ་མ་ཡིན་པ་དང་། འགྱོད་པ་རྩ་བ་མ་ཡིན་པ་གང་ཡིན་པ་དེ་ནི་དགེ་བའི་རྩ་བ་ཡིན་ནོ། །བདག་ཏུ་ལྟ་བ་རྩ་བ་མ་ཡིན་པ་དང་། སེམས་ཅན་ཏུ་ལྟ་བ་རྩ་བ་མ་ཡིན་ པ་དང་། སྲོག་ཏུ་ལྟ་བ་རྩ་བ་མ་ཡིན་པ་དང་། གསོ་བ་དང་། གང་ཟག་ཏུ་ལྟ་བ་རྩ་བ་མ་ཡིན་པ་གང་ཡིན་པ་དེ་ནི་དགེ་བའི་རྩ་བ་ཡིན་ནོ། །འབྱུང་བར་ལྟ་བ་རྩ་བ་མ་ཡིན་པ་དང་། འཇིག་པར་ལྟ་བ་རྩ་བ་མ་ ཡིན་པ་དང་། ཆད་པར་ལྟ་བ་རྩ་བ་མ་ཡིན་པ་དང་། རྟག་པར་ལྟ་བ་རྩ་བ་མ་ཡིན་པ་གང་ཡིན་པ་དེ་ནི་དགེ་བའི་རྩ་བ་ཡིན་ནོ། །ཚུལ་བཞིན་མ་ཡིན་པ་རྩ་བ་མ་ཡིན་པ་དང་། མ་རིག་པ་རྩ་བ་མ་ཡིན་པ་དང་། འདུ་ བྱེད་རྩ་བ་མ་ཡིན་པ་དང་། རྣམ་པར་ཤེས་པ་རྩ་བ་མ་ཡིན་པ་དང་། མིང་དང་གཟུགས་རྩ་བ་མ་ཡིན་པ་དང་། སྐྱེ་མཆེད་དྲུག་རྩ་བ་མ་ཡིན་པ་དང་། རེག་པ་རྩ་བ་མ་ཡིན་པ་དང་། ཚོར་བ་རྩ་བ་མ་ཡིན་པ་དང་། སྲེད་པ་རྩ་བ་མ་ཡིན་པ་དང་། ལེན་པ་རྩ་བ་མ་ཡིན་པ་དང་། སྲིད་པ་རྩ་བ་མ་ཡིན་པ་དང་། སྐྱེ་བ་རྩ་བ་མ་ཡིན་པ་དང་། རྒ་ཤི་རྩ་བ་མ་ཡིན་པ་དང་། ནད་དང་། སྡུག་བསྔལ་དང་། ཡིད་མི་བདེ་བ་དང་། 82-1-59a འཁྲུག་པ་རྩ་བ་མ་ཡིན་པ་གང་ཡིན་པ་དེ་ནི་དགེ་བའི་རྩ་བ་ཡིན་ནོ། །འདོད་པའི་ཁམས་རྩ་བ་མ་ཡིན་པ་དང་། གཟུགས་ཀྱི་ཁམས་རྩ་བ་མ་ཡིན་པ་དང་། གཟུགས་མེད་པའི་ ཁམས་རྩ་བ་མ་ཡིན་པ་གང་ཡིན་པ་དེ་ནི་དགེ་བའི་རྩ་བ་ཡིན་ནོ། །སྦྱིན་བས་རློམ་སེམས་སུ་བྱེད་པ་རྩ་བ་མ་ཡིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་ དང་། ཤེས་རབ་ཀྱིས་རློམ་སེམས་སུ་བྱེད་པ་རྩ་བ་མ་ཡིན་པ་གང་ཡིན་པ་དེ་ནི་དགེ་བའི་རྩ་བ་ཡིན་ནོ། །བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱིས་རློམ་སེམས་སུ་བྱེད་ པ་རྩ་བ་མ་ཡིན་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཡིན་ནོ། །ཉན་ཐོས་དང་། རང་སངས་རྒྱས་འདོད་པ་རྩ་བ་མ་ཡིན་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཡིན་ ནོ། །བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོའི་རྩ་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་མི་འདོར་བའི་རྩ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་རྩ་བ་དང་། དམ་པའི་ཆོས་ཡོངས་ སུ་འཛིན་པའི་རྩ་བ་དང་། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའི་རྩ་བ་དང་། རྣམ་པར་སྨིན་པ་ལ་རེ་བ་མེད་པའི་རྩ་བ་དང་། ཚུལ་ཁྲིམས་དང་། བསླབ་པ་ཐམས་ཅད་ཡང་དག་པར་ལེན་པའི་རྩ་བ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་ཡང་མི་འདོད་པའི་རྩ་བ་དང་། བཟོད་པ་དང་། ཞི་བ་དང་། དུལ་བ་དང་། ངེས་པའི་རྩ་བ་དང་། བདག་དང་། གཞན་ལ་ཡང་མི་གནོད་པའི་རྩ་བ་དང་། བརྟན་པའི་བརྩོན་འགྲུས་ཆེན་པོ་རྩོམ་པའི་རྩ་བ་དང་། དམན་པའི་ཆོས་ཡང་དག་པར་མི་སྡུད་པའི་རྩ་བ་དང་། བསམ་གཏན་གྱི་རྩ་བ་དང་། བསམ་གཏན་གྱི་རོ་མྱང་བར་མི་བྱེད་པའི་རྩ་བ་དང་། ཤེས་རབ་ཀྱི་རྩ་ 82-1-59b བ་དང་། བཏང་སྙོམ་ཀྱང་མ་ཡིན་པའི་རྩ་བ་དང་། ཐབས་ཀྱི་རྩ་བ་དང་། ཐམས་ཅད་ཀྱི་རྗེས་སུ་འཇུག་པའི་རྩ་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཡིན་ནོ། །དཀོན་མཆོག་གསུམ་ གྱི་གདུང་རྒྱུན་མི་གཅོད་པའི་རྩ་བ་དང་། སྟོབས་བཅུ་དང་། མི་འཇིགས་པའི་རྩ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་སྒྲུབ་པའི་རྩ་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་ བ་ཡིན་ནོ། །ལུས་དང་། ངག་དང་། སེམས་ཀྱི་རྒྱུན་གྱི་རྩ་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཡིན་ནོ། །གཟུངས་ཀྱི་ཤེས་པ་ཐོབ་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་དགེ་བའི་ རྩ་བ་ཡིན་ནོ། །སྤོབས་པ་མི་ཆོད་པའི་རྩ་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཡིན་ནོ། །མངོན་པར་ཤེས་པ་དང་། རིག་པ་ཐོབ་པའི་རྩ་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་ བ་ཡིན་ནོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པའི་རྩ་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཡིན་ནོ། །བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་བྱིན་གྱིས་རློབ་པའི་རྩ་བ་གང་ཡིན་པ་དང་། ལན་གསུམ་ དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་བའི་རྩ་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཡིན་ནོ། །འཇམ་དཔལ་གཞོན་ནུར་གྱུར་བས་དོན་གྱི་གཞི་རྣམ་པར་ངེས་པར་ བསྟན་པ་གསུམ་པོ་འདི་བཤད་པ་ན་ཐམས་ཅད་དང་ལྡན་པའི་འཁོར་དེས་ལེགས་སོ་ཞེས་བྱ་བ་བྱིན་ནས་ཐམས་ཅད་དང་ལྡན་པའི་འཁོར་དེས་བཅོམ་ལྡན་འདས་དང་། འཇམ་དཔལ་གཞོན་ནུར་གྱུར་བ་ལ་མེ་ ཏོག་རྣམ་པ་སྣ་ཚོགས་དག་གིས་མངོན་པར་གཏོར་ནས་ཚིག་འདི་སྐད་དུ་སངས་རྒྱས་ཀྱི་ཞིང་གང་ན་འཇམ་དཔལ་གཞོན་ནུར་གྱུར་བ་གནས་པ་དེར་ནི་དེ་བཞིན་གཤེགས་པ་གཉིས་བྱུང་བ་ཡིན་པར་རིག་པར་བྱའོ། ། 82-1-60a སེམས་ཅན་གང་དག་འཇམ་དཔལ་གཞོན་ནུར་གྱུར་བས་བསྟན་པ་འདི་ཐོས་ནས་མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་བ་དེ་དག་ནི་དགེ་བའི་རྩ་བ་དན་དོན་དང་ལྡན་པ་མ་ཡིན་ནོ། །དེ་དག་ གིས་ནི་བདུད་ཀྱི་ལས་ཐམས་ཅད་བཀག་པ་མ་ཡིན་ནོ། །དེ་ནི་ཐེག་པ་ཆེན་པོ་འདི་ལ་སྣང་བ་ཐོབ་པ་ཡིན་ནོ་ཞེས་ཀྱང་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་ དེས་སྨྲས་པ་ལ་རྗེས་སུ་ཐུགས་རང་བ་མཛད་ནས་ལྷའི་བུ་དེད་དཔོན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་བུ་གང་དག་འཇམ་དཔལ་གཞོན་ནུར་གྱུར་བས་བཤད་པ་དེ་ཐོས་ནས་མོས་པར་འགྱུར་ བ་དེ་ཡང་ཆོ་འཕྲུལ་ཆེན་པོ་ཡིན་ཏེ། དེ་དག་ནི་དེ་ལས་གཞན་པའི་ཆོ་འཕྲུལ་རྣམས་ཀྱིས་སྐྲག་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་འདི་ལྟ་སྟེ། རྟག་པར་འདུ་ཤེས་པའི་སེམས་ཅན་རྣམས་ ལ་མི་རྟག་པར་བཤད་པ་དང་། བདེ་བར་འདུ་ཤེས་པ་རྣམས་ལ་སྡུག་བསྔལ་བར་བཤད་པ་དང་། བདག་ཏུ་འདུ་ཤེས་པ་རྣམས་ལ་བདག་མེད་པར་བཤད་པ་དང་། སྡུག་པར་འདུ་ཤེས་པ་རྣམས་ལ་མི་སྡུག་ པར་བཤད་པ་དང་། དངོས་པོར་འདུ་ཤེས་པ་རྣམས་ལ་དངོས་པོ་མེད་པར་བཤད་པ་དང་། ལྟ་བར་འདུ་ཤེས་པ་རྣམས་ལ་སྟོང་པར་བཤད་པ་དང་། མཚན་མར་འདུ་ཤེས་པ་རྣམས་ལ་མཚན་མ་མེད་པར་བཤད་པ་ དང་། ཁམས་གསུམ་པར་འདུ་ཤེས་པ་རྣམས་ལ་སྨོན་པ་མེད་པར་བཤད་པ་དང་། ངར་འཛིན་པ་དང་། ང་ཡིར་འཛིན་པ་རྣམས་ལ་ལྟ་བའི་རྣམ་པ་ཐམས་ཅད་དང་བྲལ་བར་བཤད་པ་དེ་ནི་འཇིག་རྟེན་གྱི་ འཇིགས་པ་ཆེན་པོ་ཡིན་ཏེ། གང་དག་དེ་ལ་སྐྲག་པར་མི་འགྱུར་བ་དེ་དག་ནི་ཡང་དག་པར་དུལ་བ་ཡིན་པས་ན་ཡང་དག་པར་དུལ་བ་རྣམས་ནི་གང་ལ་ཡང་སྐྲག་པར་མི་འགྱུར་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། 82-1-60b དེ་གང་ལས་སྐྲག་པར་འགྱུར་བའི་ཆོས་འདི་ལྟ་སྟེ། ངར་འཛིན་པ་ཡོངས་སུ་འཛིན་པ་དང་། ང་ཡིར་འཛིན་པ་ཡོངས་སུ་འཛིན་པ་དེ་དག་དེས་ཡོངས་སུ་མ་བཟུང་བས་ཡོངས་སུ་བཟུང་བ་ལ་རྟེན་མེད་ པ་དང་། རྟེན་མེད་པ་ལ་གཡོ་བ་མེད་པ་དང་། གཡོ་བ་མེད་པ་ལ་འགུལ་བ་མེད་པ་དང་། འགུལ་བ་མེད་པ་ལ་བླང་བ་མེད་པ་དང་། བླང་བ་མེད་པ་ལ་དོར་བ་མེད་པ་དང་། དོར་བ་མེད་པ་ལ་འཛིན་པ་མེད་པ་ དང་། འཛིན་པ་མེད་པ་ལ་མཆོག་ཏུ་འཛིན་པ་མེད་པ་དང་། མཆོག་ཏུ་འཛིན་པ་མེད་པ་ལ་ཕྱིན་ཅི་ལོག་མེད་པ་དང་། ཕྱིན་ཅི་ལོག་མེད་པ་ལ་ལོག་པ་ཉིད་མེད་པ་དང་། ལོག་པ་ཉིད་དང་བྲལ་བ་ནི་ཡང་དག་ པར་སྒྲུབ་པ་ཡིན་པ་དང་། ཡང་དག་པར་སྒྲུབ་པ་ནི་ཡང་དག་པར་ལྟ་བ་ཡིན་པ་དང་། ཡང་དག་པར་ལྟ་བ་ནི་ཡང་དག་པའི་ཏིང་ངེ་འཛིན་གྱི་བར་དག་ཡིན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ལ་གནས་པ་ལ་ རྣམ་པར་གཡེང་བ་མེད་པ་དང་། སེམས་རྣམ་པར་མི་གཡེང་བ་ལ་གནས་པ་མེད་པ་དང་། སེམས་མི་གནས་པ་ལ་གནས་མེད་པ་དང་། སེམས་ཀྱི་གནས་མེད་པ་ལ་རྣམ་པར་ཤེས་པའི་གནས་མེད་པ་དང་། རྣམ་པར་རིག་པ་མེད་པ་ལ་བརྟག་ཅིང་བསལ་བ་མེད་པ་དང་། བརྟག་ཅིང་བསལ་བ་དང་བྲལ་བས་དམིགས་པ་སྤངས་པ་དང་། དམིགས་པ་མེད་པར་གནས་པ་ལ་སྒྲིབ་པ་མེད་པ་དང་། སྒྲིབ་པ་མེད་པར་གནས་ པ་ལ་རློམ་སེམས་མེད་པ་དང་། གང་གིས་ཚེ་རློམ་སེམས་མེད་པ་དེའི་ཚེ་ལྷག་པར་རློམ་པ་མེད་པ་དང་། གང་གི་ཚེ་ལྷག་པར་རློམ་བ་མེད་པ་དེའི་ཚེ་བདག་དང་གཞན་དུ་མཐོང་བ་མེད་པ་དང་། མེད་པ་ལ་ཡོངས་སུ་ གདུང་བ་མེད་པ་དང་། ཡོངས་སུ་གདུང་བ་མེད་པ་ལ་སྒྱིད་ལུག་པ་མེད་པ་དང་། སྒྱིད་ལུག་པ་མེད་པ་ལ་ཉོན་མོངས་པའི་རྒྱུ་མེད་པ་དང་། ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ལ་གསལ་བ་སྣང་བ་དང་། གསལ་ 82-1-61a བ་ཐོག་པས་ཡེ་ཤེས་མཐོང་བ་དང་། ཡེ་ཤེས་མཐོང་བ་ལ་གནས་པའི་སེམས་ཀྱི་ཤེས་པ་རྒྱ་ཆེ་བ་དང་། སེམས་ཀྱི་ཤེས་པ་རྒྱ་ཆེན་པོ་གནས་པ་ལ་བདུད་ཀྱིས་གླགས་མི་རྙེད་པ་དང་། བདུད་དང་ཕྱིར་རྒོལ་བ་ངེས་པར་བཅོམ་པ་ལ་སྒྲིབ་པ་མེད་པ་མངོན་དུ་གྱུར་བ་དང་། སྒྲིབ་པ་མེད་པ་ལ་གནས་པ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་དུ་གྱུར་བའི་ཕྱིར་རོ། །ལྷའི་བུ་གང་བྱས་པ་མེད་ཅིང་ སྐྱེ་བ་མེད་པའི་ཆོས་རྣམས་ལ་ཆོས་ཀྱི་གོ་རིམས་ཀྱི་མཚམས་སྦྱར་བ་དེ་ལྟར་སྟོན་པ་དེ་ཡང་ཆོ་འཕྲུལ་ཆེན་པོ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་འཇམ་དཔལ་གཞོན་གྱུར་བ་ལ་འདི་སྐད་ ཅེས་སྨྲས་སོ། །ཁོ་བོ་ཅག་འཇམ་དཔལ་གཞོན་ནུར་གྱུར་བ་ལ་ཅི་དང་ཅི་འདྲི་བ་དེ་དང་དེ་ཉིད་ཀྱི་ཚིག་གི་མཚམས་ལས་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྣང་ངོ་། །འཇམ་དཔལ་གྱིས་སྨྲས་པ། བཙུན་ པ་ཤཱ་ར་དྭ་ཏིའི་བུས་ཆོས་ཐམས་ཅད་ནི་བདག་པོ་མེད་པ་སྟེ། དེ་དག་ནི་ཇི་ལྟར་འདོད་པ་དེ་བཞིན་དུ་སྒྲུབ་པར་བྱེད་དོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་ཆོས་ཐམས་ཅད་ནི་མི་ཟད་པ་སྟེ། དེ་དག་ནི་ཇི་ལྟར་འདོད་པ་དེ་བཞིན་ དུ་སྟོན་པར་བྱེད་དོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་ཆོས་ཐམས་ཅད་ནི་བེམས་པོ་སྟེ། དེ་དག་ནི་ཇི་ལྟར་འདོད་པ་དེ་བཞིན་དུ་བརྗོད་པར་བྱེད་དོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་ཆོས་ཐམས་ཅད་ནི་ཐེར་ཟུག་ཏུ་གནས་པ་མ་ ཡིན་པ་སྟེ། དེ་དག་ནི་ཇི་ལྟར་འདོད་པ་དེ་བཞིན་དུ་རྣམ་པར་འཇོག་པར་བྱེད་དོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་ཆོས་ཐམས་ཅད་ནི་མཐོང་བ་མེད་པ་སྟེ། དེ་དག་ནི་ཇི་ལྟར་འདོད་པ་དེ་བཞིན་དུ་རྣམ་པར་དགོད་པར་བྱེད་དོ། ། བཙུན་པ་ཤཱ་ར་དྭ་ཏིའི་བུ་ཆོས་ཐམས་ཅད་ནི་བཏང་སྙོམས་པ་སྟེ། དེ་དག་ནི་ཇི་ལྟར་འདོད་པ་དེ་བཞིན་དུ་འཆད་པར་བྱེད་དོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་ཆོས་དེ་དག་ནི་གང་ནས་ཀྱང་མ་བླངས། གང་དུ་ཡང་མ་ཁྲིད་ 82-1-61b པ་སྟེ། དེ་དག་ནི་བསགས་པ་ཡང་མ་ཡིན། སྤུངས་པ་ཡང་མ་ཡིན་ནོ། །དེ་དག་ནི་བཤད་ཀྱང་རུང་། མ་བཤད་ཀྱང་རུང་སྟེ། ཆོས་ཀྱི་དེ་བཞིན་ཉིད་མི་འདོར་བ་ཡིན་ནོ། །སེམས་ཅན་ཐམས་ཅད་ཀྱི་ ཡི་གེ་འབྱུང་བ་གང་ཡིན་པ་དང་། སངས་རྒྱས་ཐམས་ཅད་ཀྱི་ཆོས་བསྟན་པའི་ཡི་གེ་འབྱུང་བ་གང་ཡིན་པའི་ཡི་གེ་དེ་དག་ཐམས་ཅད་ནི་ལུས་ལས་ཀྱང་མ་བྱུང་། སེམས་ལས་ཀྱང་མ་བྱུང་བ་སྟེ། རྒྱུ་ དང་རྐྱེན་ཉིད་ལས་བྱུང་བ་ཡིན་ནོ། །ཇི་ལྟར་ཡི་གེ་རྣམས་ལ་བསགས་པ་མེད་པ་དེ་བཞིན་དུ་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ལ་ཡང་བསགས་པ་མེད་དོ། །ཇི་ལྟར་སེམས་དང་སེམས་ལས་ བྱུང་བའི་ཆོས་རྣམས་ལ་བསགས་པ་མེད་པ་དེ་བཞིན་དུ་ཉོན་མོངས་པའི་དམིགས་པ་ཐམས་ཅད་ལ་ཡང་བསགས་པ་མེད་དོ། །ཇི་ལྟར་ཉོན་མོངས་པའི་དམིགས་པ་ཐམས་ཅད་ལ་བསགས་པ་མེད་པ་དེ་ བཞིན་དུ་ཤེས་པ་གང་གིས་ཉོན་མོངས་པ་རྣམས་སྤངས་པའི་ཤེས་པ་དེ་ལ་ཡང་བསགས་པ་མེད་དེ། བཙུན་བ་ཤཱ་ར་དྭ་ཏིའི་བུ་གང་མི་གནས་པའི་ཤེས་པས་མི་གནས་པའི་ཉོན་མོངས་པ་རྣམས་ སྤངས་པ་དེ་ཡང་ཆོ་འཕྲུལ་ཆེན་པོ་ཡིན་ནོ། །དེ་ནས་ལྷའི་བུ་དེད་དཔོན་གྱིས་འཇམ་དཔལ་གཞོན་ནུར་གྱུར་བ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་པ་གང་ཡིན་ འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་སྡུག་བསྔལ་ཡོངས་སུ་ཤེས་པའི་ཤེས་པ་དང་། ཕུང་པོ་ཡོངས་སུ་སྤངས་པ་ལ་ཡོངས་སུ་སྐྱོ་བ་མེད་པའི་ཤེས་པ་དང་། ཀུན་འབྱུང་བ་ཤེས་པ་དང་། དགེ་བའི་ རྩ་བ་ཡང་དག་པར་བསྡུ་བ་ཤེས་པ་དང་། འགོག་པ་ཤེས་པ་དང་། སྐྱེ་བ་ཤེས་པ་དང་། འབྱུང་བ་ཤེས་པ་དང་། ལམ་ཤེས་པ་དང་། ལམ་ངན་པ་རྣམ་པར་བཅད་པ་ཤེས་པ་དང་། རྒྱུ་ཤེས་པ་དང་། 82-1-62a ཆུད་མི་ཟ་བ་ཤེས་པ་དང་། འབྲས་བུ་ཤེས་པ་དང་། མངོན་སུམ་དུ་བྱ་བ་ཤེས་པ་དང་། རྐྱེན་ཤེས་པ་དང་། ཚོགས་བསགས་པ་ཤེས་པ་དང་། བདེན་པ་ཤེས་པ་དང་། སངས་ རྒྱས་ཀྱི་ཡེ་ཤེས་ལ་ལྟ་ཞིང་ཐོབ་པར་བྱ་བ་ཤེས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་པ་དང་། འབྱུང་བ་ལ་མངོན་པར་ཞེན་པ་མེད་པ་ཤེས་པ་དང་། ཕུང་པོ་ཤེས་པ་དང་། ཕུང་པོའི་བདུད་སྤང་བ་ཤེས་ པ་དང་། ཁམས་ཤེས་པ་དང་། ཆོས་ཀྱི་དབྱིངས་དབྱེར་མེད་པ་ཤེས་པ་དང་། སྐྱེ་མཆེད་ཤེས་པ་དང་། གྲོང་སྟོང་པ་ལྟ་བུར་སོ་སོར་རྟོག་པ་ཤེས་པ་དང་། སྦྱིན་པ་ཤེས་པ་དང་། དུས་དང་དུས་མ་ཡིན་ པ་ལས་མི་འདའ་བ་ཤེས་པ་དང་། ཚུལ་ཁྲིམས་ཤེས་པ་དང་། ཚུལ་ཁྲིམས་འཆལ་བའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཤེས་པ་དང་། བཟོད་པ་ཤེས་པ་དང་། སེམས་ཅན་རྗེས་སུ་སྲུང་ བ་ཤེས་པ་དང་། བརྩོན་འགྲུས་ཤེས་པ་དང་། ལེགས་པའི་ལས་བྱ་བ་ཤེས་པ་དང་། བསམ་གཏན་ཤེས་པ་དང་། བསམ་གཏན་ལས་ལྡོག་པ་ཤེས་པ་དང་། ཤེས་རབ་ཤེས་པ་དང་། ལྟ་བ་ཡོངས་ སུ་ཤེས་པ་དང་། ཐབས་ཤེས་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཤེས་པ་དང་། བྱམས་པ་ཤེས་པ་དང་། སེམས་ཅན་བསྐྱབ་པ་ཤེས་པ་དང་། སྙིང་རྗེ་ཤེས་པ་དང་། ཡོངས་སུ་མི་སྐྱོ་བ་ ཤེས་པ་དང་། དགའ་བ་ཤེས་པ་དང་། ཆོས་ལ་དགའ་ཞིང་རབ་ཏུ་དགའ་ལ་མཆོག་ཏུ་དགའ་བ་ཤེས་པ་དང་། བཏང་སྙོམས་ཤེས་པ་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་སྒྲུབ་པ་ཤེས་པ་དང་། སེམས་ ཅན་གཞུག་པ་ཤེས་པ་དང་། ཐ་སྙད་ཤེས་པ་དང་། དྲན་པ་ཉེ་བར་གཞག་པ་ཤེས་པ་དང་། གནས་མེད་པ་ལ་གནས་པ་ཤེས་པ་དང་། ཡང་དག་པའི་སྤོང་བ་ཤེས་པ་དང་། མཉམ་པ་ཉིད་དང་མི་འགལ་བ་ 82-1-62b ཤེས་པ་དང་། རྫུ་འཕྲུལ་གྱི་རྐང་པ་ཤེས་པ་དང་། མངོན་པར་འདུ་བྱ་བ་མེད་པར་སོ་སོར་རྟོག་པ་ཤེས་པ་དང་། དད་པའི་དབང་པོ་དང་། སྟོབས་ཤེས་པ་དང་། ཆགས་པ་ཐམས་ཅད་ལས་ཡང་དག་པར་འདའ་བ་ ཤེས་པ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། སྟོབས་ཤེས་པ་དང་། ཉོན་མོངས་པ་ཐམས་ཅད་ཀྱིས་མི་ཚུགས་པ་ཤེས་པ་དང་། དྲན་པའི་དབང་པོ་དང་། སྟོབས་ཤེས་པ་དང་། ཆོས་ཐམས་ཅད་མི་ བརྗེད་པ་ཤེས་པ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། སྟོབས་ཤེས་པ་དང་། ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཤེས་པ་དང་། ཤེས་རབ་ཀྱི་དབང་པོ་དང་། སྟོབས་ཤེས་པ་དང་། སེམས་ཅན་ཐམས་ ཅད་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་དང་། བྱང་ཆུབ་ཀྱི་ཡན་ལག་ཤེས་པ་དང་། རང་བྱུང་གི་ཡེ་ཤེས་རྗེས་སུ་རྟོགས་པ་ཤེས་པ་དང་། ལམ་ཤེས་པ་དང་། ལམ་ཐམས་ཅད་ལས་ཡང་ དག་པར་འདའ་བ་ཤེས་པ་དང་། སྙིང་རྗེ་ཆེན་པོ་ལ་ལྷག་པར་དམིགས་པ་ཤེས་པ་དང་། ཟད་པ་ཤེས་པ་དང་། དགེ་བའི་རྩ་བ་ཐམས་ཅད་མི་ཟད་པ་ཤེས་པ་དང་། སྐྱེ་བ་མེད་པ་ཤེས་པ་དང་། མི་སྐྱེ་བའི་ ཆོས་ལ་བཟོད་པ་ཐོབ་པ་ཤེས་པ་དང་། སངས་རྒྱས་རྗེས་སུ་དྲན་པ་ཤེས་པ་དང་། སངས་རྒྱས་ཀྱི་སྐུ་ཡོངས་སུ་འགྲུབ་པ་ཤེས་པ་དང་། ཆོས་རྗེས་སུ་དྲན་པ་ཤེས་པ་དང་། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ ཤེས་པ་དང་། དགེ་འདུན་རྗེས་སུ་དྲན་པ་ཤེས་པ་དང་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ཡང་དག་པར་འདུ་བ་ཤེས་པ་དང་། གཏོང་བ་རྗེས་སུ་དྲན་པ་ཤེས་པ་དང་། སེམས་ཅན་ཐམས་ ཅད་ཡོངས་སུ་མི་གཏོང་པ་ཤེས་པ་དང་། ཚུལ་ཁྲིམས་རྗེས་སུ་དྲན་པ་ཤེས་པ་དང་། སྨོན་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་ཤེས་པ་དང་། ལྷ་རྗེས་སུ་དྲན་པ་ཤེས་པ་དང་། སྡིག་པ་ཐམས་ཅད་མི་ 82-1-63a བྱ་བར་ཤེས་པ་དང་། སེམས་ཅན་གྱི་དབང་པོ་ཤེས་པ་དང་། རིམ་པ་རྗེས་སུ་རྟོགས་པ་ཤེས་པ་དང་། ཐོས་པའི་ཚོགས་ཡོངས་སུ་རྫོགས་པར་བྱ་བ་ཤེས་པ་དང་། ཚོགས་ ཐམས་ཅད་ཀྱིས་མི་ངོམས་པ་ཤེས་པ་དང་། སྨན་ཐམས་ཅད་ཤེས་པ་དང་། རྐྱེན་ཇི་ལྟ་བ་བཞིན་དུ་སྤྱོད་པ་ཤེས་པ་དང་། གནས་དང་གནས་མ་ཡིན་པ་ཤེས་པ་དང་། གནས་མ་ཡིན་པ་མི་བྱ་བར་ ཤེས་པ་དང་། སྟོབས་བཅུ་ཤེས་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཐེག་པ་དང་རྗེས་སུ་འཐུན་པ་ཤེས་པ་དང་། མི་འཇིགས་པ་ཤེས་པ་དང་། བར་དུ་གཅོད་པ་དང་། བར་དུ་ གཅོད་པ་མ་ཡིན་པའི་ཆོས་རྗེས་སུ་རྟོགས་པ་ཤེས་པ་དང་། འདས་པའི་དུས་ལ་མ་ཐོགས་པའི་ཤེས་པ་དང་། རྣམ་པར་ཤེས་པ་མི་གནས་པར་ཤེས་པ་དང་། མ་འོངས་པའི་དུས་ལ་མ་ཐོགས་ པའི་ཤེས་པ་དང་། ཆོས་ཐམས་ཅད་ལས་ཡང་དག་པར་མི་འདའ་བ་ཤེས་པ་དང་། ད་ལྟར་བྱུང་བའི་དུས་ལ་མ་ཐོགས་པའི་ཤེས་པ་དང་། གནས་པ་མེད་པ་དང་། རབ་ཏུ་གནས་པ་མེད་པ་ཤེས་ པ་དང་། ལུས་སྔོན་དུ་འགྲོ་བ་ཤེས་པ་དང་། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ལས་འཇུག་པ་དང་། ངག་སྔོན་དུ་འགྲོ་བ་ཤེས་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྒྲ་རབ་ཏུ་དབྱེ་བ་ཤེས་པ་དང་། ཡིད་སྔོན་དུ་འགྲོ་བ་ཤེས་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་རྣམ་པར་གཡོ་བ་རྗེས་སུ་རྟོགས་པའི་ཤེས་པ་དང་། འཁྲུལ་པ་མེད་པའི་ཤེས་པ་དང་། སེམས་ཅན་ཐམས་ཅད་ཀྱི་འཁྲུལ་ པ་རྗེས་སུ་རྟོགས་པའི་ཤེས་པ་དང་། ཉོན་མོངས་པ་དང་བྲལ་བའི་ཤེས་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང་། རྩོད་པ་ཉེ་བར་ཞི་བར་བྱ་བ་ཤེས་པ་དང་། མི་བརྗེད་པའི་ཤེས་པ་དང་། 82-1-63b སེམས་རྣམ་པར་གཡེངས་པའི་སེམས་ཅན་དྲན་པ་ལ་འཇོག་པ་ཤེས་པ་དང་། དགོངས་པ་རབ་ཏུ་འཛིན་པ་ཤེས་པ་དང་། སེམས་ཅན་ལེ་ལོ་ཅན་ཡོངས་སུ་གཟུང་བ་ཤེས་པ་དང་། སངས་རྒྱས་ ཀྱི་ཆོས་མ་འདྲེས་པ་ཤེས་པ་དང་། གདུལ་བའི་སེམས་ཅན་འདུལ་བ་རྗེས་སུ་རྟོགས་པའི་ཤེས་པ་དང་། ཐབས་ཤེས་པ་དང་། ཤེས་རབ་ཤེས་པ་སྟེ། ལྷའི་བུ་དེ་ནི་བྱང་ཆུབ་སེམས་དཔའི་ཤེས་ པ་ཡིན་ཏེ། ཤེས་པ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཆགས་པ་མེད་པ་འཐོབ་བོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ཙམ་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་ པ་བསམ་གྱིས་མི་ཁྱབ་པ་དེ་དང་། འཇིག་རྟེན་གསུམ་པོ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ཤེས་པ་དེ་ནི་ངོ་མཚར་ཏོ། །ཤེས་པ་དེ་ནི་གོ་ཆ་དན་དོན་དང་ལྡན་པས་ཡང་དག་པར་བསྡུ་བར་མི་ནུས་སོ། །འཇམ་དཔལ་ གང་དེ་ལྟ་བུའི་ཤེས་པ་སྐྱེད་པར་བྱེད་པ་དེ་ཡང་ཆོ་འཕྲུལ་ཆེན་པོ་ཡིན་ནོ། ། བམ་པོ་གསུམ་པ་སྟེ་ཐ་མ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་གོ་ཆ་ལེགས་པར་བགོས་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའི་སེམས་ཅན་རྣམས་ལ་སྐྲག་པར་མི་འགྱུར་བ་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་ནི་གོ་ཆ་ ལེགས་པར་བགོས་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ། སྨྲས་པ། ལྷའི་བུ་བྱང་ཆུབ་ཀྱི་གནས་ཀྱི་རྗེས་སུ་འཇུག་པས་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །སྨྲས་ པ། འཇམ་དཔལ་ཅིའི་ཕྱིར་སེམས་དཔའ་ཆེན་པོ་ཞེས་བྱ། སྨྲས་པ། ལྷའི་བུ་བརྩམས་པ་ཆེན་པོ་ཉམས་འོག་ཏུ་ཆུད་པར་བྱེད་པ་དང་། ཡེ་ཤེས་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་པས་སེམས་དཔའ་ཆེན་པོ་ 82-1-64a ཞེས་བྱའོ། སྨྲས་པ། འཇམ་དཔལ་ཅིའི་ཕྱིར་སེམས་ཅན་མཆོག་ཅེས་བྱ། སྨྲས་པ། ལྷའི་བུ་ཤེས་རབ་ཀྱིས་གཟུང་བ་མེད་པའི་ཆོས་ལ་འཇུག་པ་དང་། ཐབས་ཀྱིས་ཆོས་ཐམས་ ཅད་ཡང་དག་པར་བསྡུས་པས་དེའི་ཕྱིར་སེམས་ཅན་མཆོག་ཅེས་བྱའོ། །སྨྲས་པ། འཇམ་དཔལ་ཅིའི་ཕྱིར་སེམས་ཅན་དག་པ་ཞེས་བྱ། སྨྲས་པ། ལྷའི་བུ་གང་ཉོན་མོངས་པའི་དྲི་མ་རྣམས་དང་ལྷན་ ཅིག་མི་གནས་ཤིང་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྤང་བའི་ཕྱིར་བརྩོན་འགྲུས་རྩོམ་པར་ཡང་བྱེད་པས་དེའི་ཕྱིར་སེམས་ཅན་དག་པ་ཞེས་བྱའོ། །སྨྲས་པ། འཇམ་དཔལ་ཅིའི་ཕྱིར་སེམས་ཅན་ རྣམ་པར་དག་པ་ཞེས་བྱ། སྨྲས་པ། ལྷའི་བུ་འདི་ལྟར་སེམས་ཅན་ཐམས་ཅད་ངེས་པར་འབྱུང་བའི་ལམ་རྣམ་པར་སྦྱོང་བར་བྱེད་པས་དེའི་ཕྱིར་སེམས་ཅན་རྣམ་པར་དག་པ་ཞེས་བྱའོ། །སྨྲས་པ། འཇམ་ དཔལ་ཅིའི་ཕྱིར་འདྲེན་པ་ཞེས་བྱ། སྨྲས་པ། ལྷའི་བུ་འདི་ལྟར་དེ་ལ་གནས་ནས་སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་དག་ཡོངས་སུ་སྨིན་པར་བྱེད་པས་དེའི་ཕྱིར་འདྲེན་པ་ཞེས་བྱའོ། །སྨྲས་པ། འཇམ་དཔལ་ཅིའི་ཕྱིར་རྣམ་པར་འདྲེན་པ་ཞེས་བྱ། སྨྲས་པ། ལྷའི་བུ་འདི་ལྟར་གདུལ་བའི་སེམས་ཅན་རྣམས་ཤིན་དུ་འདུལ་བ་ལ་རབ་ཏུ་འགོད་པར་བྱེད་པས་དེའི་ཕྱིར་རྣམ་པར་འདྲེན་པ་ཞེས་བྱའོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དཔའ་བ་ཡིན། སྨྲས་པ། ལྷའི་བུ་ཇི་ཙམ་གྱིས་བདུད་དང་ཕྱིར་རྒོལ་བ་ངེས་པར་བཅོམ་ཞིང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྲིད་པ་ལེན་པར་བྱེད་པ་ དེ་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་དཔའ་བ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཐུལ་བར་དཀའ་བ་ཡིན། སྨྲས་པ། ལྷའི་བུ་འདི་ལྟར་སྔོན་དམ་བཅས་པ་དང་། སྔོན་གྱི་ 82-1-64b བསམ་པ་ཡོངས་སུ་རྫོགས་པར་བྱེད་པས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་དག་ལ་འདོད་པར་མི་བྱེད་པ་དེ་ལྟ་བུ་ནི་ཐུལ་བར་དཀའ་བ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་ སེམས་དཔའ་མངོན་པར་འཕགས་པ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་འཕགས་པའི་ཤེས་རབ་དང་ཐབས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། དམ་པའི་ཆོས་ཡོངས་སུ་གཟུངས་ བའི་ཕྱིར་ཀུན་དུ་སྣང་བ་དེ་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་མངོན་པར་འཕགས་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་ཡིན། སྨྲས་པ། ལྷའི་བུ་གང་ གི་ཚེ་སངས་རྒྱས་ཀྱིས་ཡོངས་སུ་བཟུང་བའི་ཚིག་གིས་སེམས་ཅན་ཐམས་ཅད་ཀྱི་ཉེས་པར་སྨྲ་བ་ཟིལ་གྱིས་གནོན་པར་བྱེད་པ་དེ་ལྟ་བུ་ནི་ཆོས་སྨྲ་བ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་འདུལ་ བ་སྨྲ་བ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་བདག་ཚུལ་ཁྲིམས་ལ་གནས་ལ་སེམས་ཅན་ཐམས་ཅད་ཀྱི་འགྱོད་པ་དང་། ཀུན་ནས་ལྡང་བ་རྣམ་པར་བསལ་བའི་ཕྱིར་ཆོས་སྟོན་པར་བྱེད་པ་དེ་ལྟ་བུ་ནི་ འདུལ་བ་སྨྲ་བ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་དོན་སྨྲ་བ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་ཐོས་པ་ཐམས་ཅད་ལ་ནན་ཏན་སྙིང་པོར་བྱེད་ཅིང་དོན་རྗེས་སུ་རྟོགས་པ་དེ་ལྟ་བུ་ནི་དོན་སྨྲ་བ་ ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་ཕན་པའི་གཞི་ཕུན་སུམ་ཚོགས་པ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་དགེ་བའི་རྩ་བ་ཡང་དག་པར་ བསྒྲུབས་པ་ཐམས་ཅད་སེམས་ཅན་རྣམས་ལ་སྟོབས་པར་བྱེད་པ་དེ་ལྟ་བུ་ནི་སེམས་ཅན་ཐམས་ཅད་ལ་ཕན་པའི་གཞི་ཕུན་སུམ་ཚོགས་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་ 82-1-65a དཔའ་དྲང་པོ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་བདག་གི་ཉེས་པ་མི་འཆབ་པ་དེ་ལྟ་བུ་ནི་དྲང་པོ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དམ་པ་ཡིན། སྨྲས་ པ། ལྷའི་བུ་གང་གི་ཚེ་སེམས་ཅན་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་གྱ་གྱུ་ཅན་རྣམས་ལ་ཁོང་ཁྲོ་བར་མི་བྱེད་པ་དེའི་ཕྱིར་དམ་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་གཡོ་ མེད་པ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་ཇི་སྐད་སྨྲས་པའི་ཚིག་ལས་མི་འདའ་བ་དེ་ལྟ་བུ་ནི་གཡོ་མེད་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་སྒྱུ་མེད་པ་ཡིན། སྨྲས་པ། ལྷའི་བུ་ གང་གི་ཚེ་ཇི་ལྟར་སེམས་ཀྱིས་མངོན་པར་སྒྲུབ་པ་དེ་བཞིན་དུ་ཚིག་ཏུ་རྗོད་པ་དེ་ལྟ་བུ་ནི་སྒྱུ་མེད་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་ང་རྒྱལ་མེད་པ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་ སེམས་ཅན་ཐམས་ཅད་ལ་འདུད་པར་བྱེད་ཅིང་མི་དགེ་བ་མི་བྱེད་པ་དེ་ལྟ་བུ་ནི་ང་རྒྱལ་མེད་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སྦྱིན་བདག་ཡིན། སྨྲས་པ། ལྷའི་བུ་གང་ གི་ཚེ་ཡོངས་སུ་འདུས་པའི་བྱང་ཆུབ་ཀྱང་གཏོང་བར་བྱེད་ན་དངོས་པོ་གཞན་དག་ལྟ་སྨོས་ཀྱང་ཅི་དགོས་པའོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་ཚུལ་ཁྲིམས་དང་ལྡན་པ་ཡིན། སྨྲས་པ། ལྷའི་བུ་གང་ཚུལ་ ཁྲིམས་འཆལ་པ་མཐོང་ན་སྲོག་གི་ཕྱིར་ཡང་བྱང་ཆུབ་ཀྱི་སེམས་མི་གཏོང་བ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་བཟོད་པ་སྨྲ་བ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་གནོད་པ་བཟོད་ཅིང་གཞན་ ལ་གནོད་པ་མི་བྱེད་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་བརྩོན་འགྲུས་དང་ལྡན་པ་ཡིན། སྨྲས་པ། ལྷའི་བུ་གང་རྣམ་པར་བསམས་ན་ཆོས་འགའ་ཡང་མི་དམིགས་པ་ཡིན་ནོ། །སྨྲས་པ། འཇམ་ 82-1-65b དཔལ་ཇི་ལྟར་ན་བསམ་གཏན་པ་ཡིན། སྨྲས་པ། ལྷའི་བུ་གང་འདོད་པའི་ཁམས་སུ་ཕྱིས་མི་སྣང་བ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་ཤེས་རབ་དང་ལྡན་པ་ཡིན། སྨྲས་པ། ལྷའི་ བུ་གང་ཤེས་རབ་ཀྱི་བྱ་བ་སྦྱིན་པར་མི་བྱེད་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱམས་པ་ལ་གནས་པ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་སེམས་ཅན་གྱི་ཁམས་ལ་སྟོང་པ་ཉིད་དུ་རྣམ་ པར་ལྟ་བ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་སྙིང་རྗེ་ལ་གནས་པ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་ཤེས་ནས། བྱང་ཆུབ་ལ་བརྩོན་འགྲུས་མི་འདོར་བ་ཡིན་ ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་དགའ་བ་ལ་གནས་པ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་ཐུབ་ཅིང་ཞི་ལ་རབ་ཏུ་ཞི་བ་ཐོབ་ཅིང་ཆོས་ཡོངས་སུ་ཚོལ་བ་ལ་དགའ་བས་མི་ངོམས་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་བཏང་སྙོམས་ལ་གནས་པ་ཡིན། སྨྲས་པ། ལྷའི་བུ་སེམས་ཅན་ཡོངས་སུ་བསྐྱབ་པའི་ཕྱིར་འཇིག་རྟེན་ན་སྤྱོད་ཀྱང་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་འཕྲོགས་པ་ཡིན་ནོ། །སྨྲས་ པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ལུས་ཡོངས་སུ་དག་པ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་ཡིད་ལས་བྱུང་བའི་ལུས་ཀྱི་སེམས་ཅན་ཐམས་ཅད་ཀྱི་ལུས་དང་འཐུན་པར་སྟོན་པ་ ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་ངག་ཡོངས་སུ་དག་པ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་སེམས་ཅན་ཐམས་ཅད་ཀྱི་སྒྲ་ཡོངས་སུ་རྫོགས་པས་འབྲས་བུ་ཡོད་པར་ཆོས་སྟོན་པ་ཡིན་ནོ། །སྨྲས་ པ། འཇམ་དཔལ་ཇི་ལྟར་ན་སེམས་ཡོངས་སུ་དག་པ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་སེམས་གཅིག་གིས་སེམས་ཅན་ཐམས་ཅད་ཀྱི་སེམས་རྣམས་རབ་ཏུ་ཤེས་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ 82-1-66a ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ལྷའི་མིག་དང་ལྡན་པ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་གཟུགས་སྣང་བ་ཐམས་ཅད་ཀྱང་མཐོང་ལ་གཟུགས་དབེན་པར་ཡང་སྟོན་པ་ཡིན་ནོ། །སྨྲས་ པ། འཇམ་དཔལ་ཇི་ལྟར་ན་ལྷའི་རྣ་བ་ཐོབ་པ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་སྒྲ་ཐམས་ཅད་ཐོས་ལ་སྒྲ་དབེན་པར་ཡང་སྟོན་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་ཕ་རོལ་གྱི་ སེམས་ལ་མཁས་པ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་སེམས་སྐྱེས་པ་ཞིག་པར་གྱུར་བ་རྣམས་ཀྱི་སེམས་ཀྱི་རྒྱུན་རབ་ཏུ་ཤེས་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་སྔོན་གྱི་ གནས་ལ་མཁས་པ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་སྔོན་གྱི་མཐའི་མུ་རྗེས་སུ་དྲན་ཞིང་ཡང་དག་པའི་མཐའ་ལས་ཀྱང་མི་གཡོ་བ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་རྫུ་ འཕྲུལ་གྱི་བྱ་བ་ཤེས་པ་ཡིན། སྨྲས་པ། ལྷའི་བུ་གང་བདུད་ཐམས་ཅད་ཀྱང་སྟོན་ལ་བདུད་ཀྱི་ལས་རྣམས་ཀྱིས་ཀྱང་མི་གོས་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་དུལ་བ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་མ་དུལ་བ་རྣམས་འདུལ་བ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་བསྲུངས་པ་ཡིན། སྨྲས་པ། ལྷའི་བུ་དབང་པོ་ཐམས་ཅད་མི་གཡེང་བ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་རྣམ་པར་དུལ་བ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་མི་འཁྲུགས་པའི་ཆོས་སུ་གྱུར་བ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་ཞི་བ་ཡིན། སྨྲས་པ། ལྷའི་བུ་ཉོན་ མོངས་པའི་ཡོངས་སུ་གདུང་བ་ཐམས་ཅད་ཀྱིས་གདུང་བ་མེད་ལ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྤང་བའི་ཕྱིར་ཡང་ཆོས་སྟོན་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་དད་པ་ཡིན། 82-1-66b སྨྲས་པ། ལྷའི་བུ་སངས་རྒྱས་ཀྱི་སྐུའི་གཟུགས་ཀྱིས་ཕྱེ་ཡང་མི་ཕྱེད་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་བྱང་ཆུབ་ལ་རག་ལས་པར་མཐོང་བ་ཡིན་ནོ། །བསྟན་པ་འདི་བཤད་པ་ན་སྲོག་ཆགས་ཁྲི་ཉིས་སྟོང་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་བ་ ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འཇམ་དཔལ་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མིང་བཤད་པ་དེ་དང་། སྐྱེས་བུ་དམ་པ་དེ་དག་གི་ཡོན་ཏན་དེ་དག་ལེགས་པར་ སྨྲས་ཏེ། གཞན་ཡང་དཔག་ཏུ་མེད་པ་དག་ཡོད་དོ། །ལྷའི་བུ་དེད་དཔོན་གྱིས་འཇམ་དཔལ་གཞོན་ནུར་གྱུར་བ་ལ་གཞན་ཡང་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་ཀྱིས་སྔོན་གྱི་དེ་བཞིན་གཤེགས་ པ་ཇི་སྙེད་ཅིག་ལ་བསྙེན་བཀུར་བྱས་ན་ཁྱོད་སྤོབས་པ་འདི་ལྟ་བུ་དང་ལྡན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་མ་སྤྲུལ་པའི་སྒྱུ་མའི་སྐྱེས་བུའི་སེམས་དང་སེམས་ལས་བྱུང་བ་ཇི་སྙེད་འགགས་པ་དེ་ སྙེད་ལའོ། །སྨྲས་པ། འཇམ་དཔལ་སྤྲུལ་པ་ཉིད་ལ་ཡང་སེམས་དང་སེམས་ལས་བྱུང་བ་དག་མེད་ན་མ་སྤྲུལ་པ་ལ་ལྟ་ཅི་སྨོས། སྨྲས་པ། ལྷའི་བུ་དེ་བཞིན་གཤེགས་པ་དེ་དག་ཀྱང་ངོ་བོ་ཉིད་ དེ་ལྟ་བུའི་མཚན་ཉིད་ཡིན་ལ། དེ་དག་ལ་བསྙེན་བཀུར་བྱ་བའི་མཚན་ཉིད་ཀྱང་དེ་ལྟ་བུ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཁྱོད་ཀྱིས་ཡུན་རིང་པོ་ཇི་སྲིད་ཅིག་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད། སྨྲས་པ། 82-1-67a ལྷའི་བུ་གལ་ཏེ་དེ་བཞིན་གཤེགས་པའི་སྤྲུལ་པ་ཞིག་ལ་ཁྱོད་ཀྱིས་ཡུན་རིང་པོ་ཇི་སྲིད་ཅིག་ནས་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱད་ཅེས་དྲིས་ན་ཅི་དེ་ལན་ལྡོན་པར་བྱེད་དམ། སྨྲས་པ། འཇམ་དཔལ་དེ་ནི་ཅུང་ཟད་ཀྱང་ལན་ལྡོན་པར་མི་བྱེད་དོ། །སྨྲས་པ། ལྷའི་བུ་ཁོ་བོ་ཡང་སྤྲུལ་པ་དེ་ཉིད་ཀྱི་མཚན་ཉིད་ཡིན་པས་ན་ཁོ་བོས་ཇི་སྐད་དུ་ཁོ་བོས་ཡུན་རིང་པོ་འདི་ཙམ་ཞིག་ནས་སྦྱིན་པའི་ཕ་ རོལ་དུ་ཕྱིན་པ་ལ་སྤྱད་དོ། །ཞེས་ལན་གདབ་པར་བྱ། སྨྲས་པ། འཇམ་དཔལ་འོ་ན་ཅི་ཁྱོད་སེར་སྣ་ཅན་ཡིན་ནམ། སྨྲས་པ། ལྷའི་བུ་དེ་བཞིན་ཏེ། ཁོ་བོ་ནི་སེར་སྣ་ཅན་ཡིན་ནོ། །སྨྲས་པ། འཇམ་ དཔལ་ཁྱོད་ཅི་ལས་བསམས་ཏེ་དེ་སྐད་སྨྲ། སྨྲས་པ། ལྷའི་བུ་གང་ཡོངས་སུ་མི་གཏོང་བ་དེ་སེར་སྣ་ཅན་མ་ཡིན་ནམ། སྨྲས་པ། འཇམ་དཔལ་ཁྱོད་ཅི་ཞིག་ཡོངས་སུ་མི་གཏོང་། སྨྲས་པ། ལྷའི་བུ་ ཁོ་བོ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་ཡིན་ཏེ། དེའི་ཕྱིར་ཁོ་བོ་ནི་སེར་སྣ་ཅན་ཡིན་ནོ། །སྨྲས་པ། འཇམ་དཔལ་ཁྱོད་ཀྱིས་ཇི་སྐད་སྨྲས་པའི་དོན་ཁོ་ བོས་ཤེས་པ་ལྟར་ན་ཁྱོད་ནི་ཚུལ་ཁྲིམས་འཆལ་བ་ཡིན་ནོ། །སྨྲས་པ། ལྷའི་བུ་དེ་བཞིན་ཏེ། ཁོ་བོ་ནི་ཚུལ་ཁྲིམས་འཆལ་བ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཁྱོད་ཅི་ལས་བསམས་ཏེ། དེ་སྐད་སྨྲས། སྨྲས་པ། ལྷའི་བུ་གང་ཚུལ་ཁྲིམས་འཆལ་པ་དེ་ངན་སོང་གསུམ་པོ་དེ་དག་ཏུ་ལྟུང་བ་མ་ཡིན་ནམ། སྨྲས་པ། འཇམ་དཔལ་དེ་བཞིན་ནོ། །སྨྲས་པ། ལྷའི་བུ་ཁོ་བོ་ཡང་སེམས་ཅན་ཡོངས་སུ་སྨིན་པར་བྱ་ བའི་ཕྱིར་བསམས་བཞིན་དུ་ངན་སོང་རྣམས་སུ་འགྲོ་སྟེ། དེའི་ཕྱིར་ཁོ་བོ་ནི་ཚུལ་ཁྲིམས་འཆལ་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཁྱོད་གནོད་སེམས་ཀྱི་སེམས་དང་ལྡན་པ་ཡིན་ནམ། སྨྲས་པ། ལྷའི་བུ་དེ་ 82-1-67b བཞིན་ཏེ། ཁོ་བོ་ནི་གནོད་སེམས་ཀྱི་སེམས་དང་ལྡན་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཁྱོད་ཅི་ལས་བསམས་ཏེ་དེ་སྐད་སྨྲ། སྨྲས་པ། ལྷའི་བུ་གང་གནོད་སེམས་ཀྱི་སེམས་དང་ལྡན་པ་དེ་རྗེས་སུ་ཆགས་ པ་མེད་པ་མ་ཡིན་ནམ། སྨྲས་པ། འཇམ་དཔལ་དེ་བཞིན་ནོ། །སྨྲས་པ། ལྷའི་བུ་ཁོ་བོ་ཡང་ཉོན་མོངས་པ་ཐམས་ཅད་དང་། བྱིས་པ་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱིས་ཐམས་ཅད་ ལ་རྗེས་སུ་ཆགས་པ་མེད་དེ། དེའི་ཕྱིར་ཁོ་བོ་ནི་གནོད་སེམས་ཀྱི་སེམས་དང་ལྡན་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཅི་ཁྱོད་ལེ་ལོ་ཅན་ཡིན་ནམ། སྨྲས་པ། ལྷའི་བུ་དེ་བཞིན་ཏེ། ཁོ་བོ་ནི་ལེ་ལོ་ཅན་ ཡིན་ནོ། །སྨྲས་པ། འཇམ་དཔལ་ཁྱོད་ཅི་ལས་བསམས་ཏེ་དེ་སྐད་སྨྲ། སྨྲས་པ། ལྷའི་བུ་ལེ་ལོ་ཅན་ཞེས་བྱ་བ་ནི་གང་ལུས་དང་། ངག་དང་། ཡིད་ཀྱིས་མི་རྩོམ་པ་ཡིན་ལ། ཁོ་བོ་ཡང་རྩོམ་པ་མེད་ ཅིང་རྙེད་པར་མི་བྱེད་པ་དང་། ལེན་པ་མེད་པ་དང་། འདོར་བ་མེད་པ་ཡིན་ཏེ། དེའི་ཕྱིར་ཁོ་བོ་ནི་ལེ་ལོ་ཅན་ཡིན་ནོ། །སྨྲས་པ། འཇམ་དཔལ་ཅི་ཁྱོད་སེམས་རྣམ་པར་གཡེངས་པ་ཡིན་ནམ། སྨྲས་པ། ལྷའི་བུ་དེ་བཞིན་ཏེ། ཁོ་བོ་ནི་སེམས་རྣམ་པར་གཡེངས་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཁྱོད་ཅི་ལས་བསམས་ཏེ་དེ་སྐད་སྨྲ། སྨྲས་པ། ལྷའི་བུ་གང་གི་སེམས་རྣམ་པར་གྲོལ་བ་ལ་མི་གནས་པ་དེ་ སེམས་རྣམ་པར་གཡེངས་པ་མ་ཡིན་ནམ། སྨྲས་པ། འཇམ་དཔལ་དེ་བཞིན་ནོ། །སྨྲས་པ། ལྷའི་བུ་ཁོ་བོ་ཡང་འཕགས་པ་རྣམས་ཀྱི་རྣམ་པར་གྲོལ་བ་ལ་སེམས་མི་གནས་པ་དང་། སེམས་ཅན་ཡོངས་ སུ་སྨིན་པར་བྱ་བའི་ཕྱིར་སེམས་རྣམ་པར་གཡེངས་པ་ཡིན་ཏེ། དེའི་ཕྱིར་ཁོ་བོ་ནི་སེམས་རྣམ་པར་གཡེངས་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཅི་ཁྱོད་ཤེས་རབ་འཆལ་པ་ཡིན་ནམ། སྨྲས་པ། ལྷའི་བུ་ 82-1-68a དེ་བཞིན་ཏེ། ཁོ་བོ་ནི་ཤེས་རབ་འཆལ་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཁྱོད་ཅི་ལས་བསམས་ཏེ། དེ་སྐད་སྨྲ། སྨྲས་པ། ལྷའི་བུ་གང་འཁོར་བས་མི་སྐྲག་ཅིང་སེམས་ཅན་ རྨོངས་པ་རྣམས་དང་ལྷན་ཅིག་ན་དགའ་བ་དེ་ཤེས་རབ་འཆལ་བ་མ་ཡིན་ནམ། སྨྲས་པ། འཇམ་དཔལ་དེ་བཞིན་ནོ། །སྨྲས་པ། ལྷའི་བུ་ཁོ་བོ་ཡང་འཁོར་བས་མི་སྐྲག་ཅིང་དེ་དག་ཉིད་ཡོངས་སུ་སྨིན་པར་བྱ་བའི་ ཕྱིར་སེམས་ཅན་རྨོངས་པ་རྣམས་དང་ལྷན་ཅིག་ན་དགའ་བ་ཡིན་ཏེ། དེའི་ཕྱིར་ཁོ་བོ་ནི་ཤེས་རབ་འཆལ་བ་ཡིན་ནོ། །སྨྲས་པ། འཇམ་དཔལ་འཇིག་རྟེན་ན་སྦྱིན་གནས་སུ་ཡིན། སྨྲས་པ། ལྷའི་བུ་གང་དག་ གསད་པ་གསོད་པའི་སེམས་སྐྱེད་པ་རྣམས་སོ། །སྨྲས་པ། འཇམ་དཔལ་ཁྱོད་ཅི་ལས་བསམས་ཏེ་དེ་སྐད་སྨྲ། སྨྲས་པ། ལྷའི་བུ་གསད་པ་ཞེས་བྱ་བ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་ མུག་རྣམས་ཏེ། གང་དག་གསོད་པར་བྱེད་པ་དེ་ནི་གསད་པ་གསོད་པར་བྱེད་པ་ཡིན་པས་དེ་ནི་འཇིག་རྟེན་ན་སྦྱིན་གནས་ཡིན་ནོ། །སྨྲས་པ། འཇམ་དཔལ་ཁྱོད་ཀྱིས་བཤད་པ་དེ་ལྟ་བུ་ནི་འཇིག་རྟེན་གནས་པ་ སྐྲག་པར་འགྱུར་བ་ཡིན་ནོ། །སྨྲས་པ། ལྷའི་བུ་གལ་ཏེ་ཡང་དག་པའི་མཐའ་སྐྲག་པར་འགྱུར་ན་ནི་འཇིག་རྟེན་གནས་པ་ཡང་སྐྲག་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་ཡང་དག་པའི་མཐའ་ལ་ གནས་པ་ཡིན་པའི་ཕྱིར་རོ། །སྨྲས་པ། འཇམ་དཔལ་གང་དག་ཁྱོད་ཀྱིས་བཤད་པ་འདི་སྤོང་བར་འགྱུར་བ་དེ་དག་གང་དུ་འགྲོ་བར་འགྱུར། སྨྲས་པ། ལྷའི་བུ་དེ་དག་ནི་མྱ་ངན་ལས་འདས་པར་འགྲོ་བར་འགྱུར་རོ། ། སྨྲས་པ། འཇམ་དཔལ་ཁྱོད་ཅི་ལས་བསམས་ཏེ་དེ་སྐད་སྨྲ། སྨྲས་པ། ལྷའི་བུ་ཕ་རོལ་གྱི་སྒྲ་ཉན་པ་མ་སྤངས་པར་ནི་འཕགས་པའི་རྣམ་པར་གྲོལ་བ་ཐོབ་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། སྐྱོན་མེད་པར་ 82-1-68b ཞུགས་པ་ལ་ནི་ཡི་གེའི་འཇུག་པ་མེད་པས་གང་དག་མོས་པར་འགྱུར་བ་དེ་དག་ནི་རྣམ་པར་གྲོལ་བར་མི་འགྱུར་བའི་ཕྱིར་རོ། །སྨྲས་པ། འཇམ་དཔལ་ཁྱོད་ཅི་ལས་བསམས་ཏེ་དེ་སྐད་སྨྲ། སྨྲས་པ། ལྷའི་ བུ་རྣམ་པར་གྲོལ་བ་ནི་ཡང་རྣམ་པར་གྲོལ་བར་འགྱུར་བ་མེད་དོ། །སྨྲས་པ། འཇམ་དཔལ་དམ་པའི་ཆོས་སྤོང་བ་རྣམས་ནི་སེམས་ཅན་དམྱལ་བར་འགྲོ་བ་ཡིན་ནོ། །སྨྲས་པ། ལྷའི་བུ་གང་དག་རྣམ་པར་ གྲོལ་བ་དེ་དག་ཐམས་ཅད་སེམས་ཅན་དམྱལ་བར་འགྲོ་བ་ཡིན་ནམ། སྨྲས་པ། འཇམ་དཔལ་ཁྱོད་ཀྱིས་ཆོས་བསྟན་པ་ནི་གཉེན་པོ་མེད་པ་ཡིན་ནོ། །སྨྲས་པ། ལྷའི་བུ་སྟོང་པ་ཉིད་དང་། མཚན་མ་མེད་ པ་དང་། སྨོན་པ་མེད་པ་ལ་ནི་གཉེན་པོ་བརྗོད་པར་མི་ནུས་སོ། །སྨྲས་པ། འཇམ་དཔལ་སྟོང་པ་ཉིད་ལ་གནས་པ་ཅི་ཞིག་ལ་གནས་པ་ཡིན། སྨྲས་པ། ལྷའི་བུ་སྟོང་པ་ཉིད་ལ་གནས་པ་ནི་སེམས་ཅན་ ཐམས་ཅད་ལ་བྱམས་པར་གནས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་མ་གཏོགས་པར་སྟོང་པ་ཉིད་མེད་པའི་ཕྱིར་རོ། སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་ ཁམས་ཀྱི་མཐའ་ཁོང་དུ་ཆུད་པ་ཡིན་ནོ། །སྨྲས་པ། ལྷའི་བུ་གང་གི་ཚེ་སེམས་ཅན་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བར་མཐོང་ཞིང་དེ་ལ་རྟག་པ་དང་ཆད་པའི་མཐར་ལྟ་བར་ཡང་མི་ལྟུང་བ་དེ་ལྟ་བུ་ནི་བྱང་ ཆུབ་སེམས་དཔས་སེམས་ཅན་གྱི་ཁམས་ཀྱི་མཐའ་ཁོང་དུ་ཆུད་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་སེམས་ཅན་གྱི་ཁམས་གང་དང་ལྡན་པ་ཡིན། སྨྲས་པ། ལྷའི་བུ་སེམས་ཅན་གྱི་ཁམས་ནི་ཆོས་ཀྱི་དབྱིངས་ ཀྱི་ཁམས་དང་ལྡན་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཆོས་ཀྱི་དབྱིངས་ཁམས་གང་དང་ལྡན་པ་ཡིན། སྨྲས་པ། ལྷའི་བུ་ནམ་མཁའི་ངོ་བོ་ཉིད་ཀྱི་ཁམས་དང་ལྡན་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ནམ་ 82-1-69a མཁའི་ཁམས་གང་དང་ལྡན་པ་ཡིན། སྨྲས་པ། ལྷའི་བུ་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པའི་ཁམས་དང་ལྡན་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཡུལ་གང་སངས་རྒྱས་ ཀྱི་ཡུལ། སྨྲས་པ། ལྷའི་བུ་མིག་གི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཏེ། སངས་རྒྱས་ཀྱི་ཡུལ་ནི་མིག་དང་། གཟུགས་དང་། རྣམ་པར་ཤེས་པའི་ཡུལ་མ་ཡིན་ནོ། །རྣ་བའི་ཡུལ་ནི་སངས་རྒྱས་ ཀྱི་ཡུལ་ཡིན་ཏེ། སངས་རྒྱས་ཀྱི་ཡུལ་ནི་རྣ་བ་དང་། སྒྲ་དང་། རྣམ་པར་ཤེས་པའི་ཡུལ་མ་ཡིན་ནོ། །སྣའི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཏེ། སངས་རྒྱས་ཀྱི་ཡུལ་ནི་སྣ་དང་། དྲི་དང་། རྣམ་པར་ ཤེས་པའི་ཡུལ་མ་ཡིན་ནོ། །ལྕེའི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཏེ། སངས་རྒྱས་ཀྱི་ཡུལ་ནི་ལྕེ་དང་། རོ་དང་། རྣམ་པར་ཤེས་པའི་ཡུལ་མ་ཡིན་ནོ། །ལུས་ཀྱི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཏེ། སངས་རྒྱས་ཀྱི་ཡུལ་ནི་ལུས་དང་། རེག་བྱ་དང་། རྣམ་པར་ཤེས་པའི་ཡུལ་མ་ཡིན་ནོ། །ཡིད་ཀྱི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཏེ། སངས་རྒྱས་ཀྱི་ཡུལ་ནི་ཡིད་དང་། ཆོས་དང་རྣམ་པར་ཤེས་པའི་ ཡུལ་མ་ཡིན་ནོ། །གཟུགས་ཀྱི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཏེ། སངས་རྒྱས་ཀྱི་ཡུལ་ནི་གཟུགས་སུ་རུང་བའི་ཡུལ་མ་ཡིན་ནོ། །ཚོར་བའི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཏེ། སངས་རྒྱས་ཀྱི་ ཡུལ་ནི་མྱོང་བའི་ཡུལ་མ་ཡིན་ནོ། །འདུ་ཤེས་ཀྱི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཏེ། སངས་རྒྱས་ཀྱི་ཡུལ་ནི་ཀུན་དུ་གཡོ་བའི་ཡུལ་མ་ཡིན་ནོ། །འདུ་བྱེད་ཀྱི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཏེ། སངས་རྒྱས་ཀྱི་ཡུལ་ནི་མངོན་པར་འདུ་བྱེད་པའི་ཡུལ་མ་ཡིན་ནོ། །རྣམ་པར་ཤེས་པའི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཏེ། སངས་རྒྱས་ཀྱི་ཡུལ་ནི་རྣམ་པར་རིག་པའི་ཡུལ་མ་ཡིན་ནོ། །མ་རིག་པའི་ 82-1-69b ཡུལ་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཏེ། སངས་རྒྱས་ཀྱི་ཡུལ་ནི་རྒྱུ་དང་རྐྱེན་གྱི་ཡུལ་མ་ཡིན་ནོ། །རྒ་ཤིའི་བར་དག་གི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཏེ་སངས་རྒྱས་ཀྱི་ཡུལ་ནི་ཉིན་མཚམས་སྦྱོར་བའི་ཡུལ་མ་ཡིན་ནོ། །འདོད་ པའི་ཁམས་ཀྱི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཏེ། སངས་རྒྱས་ཀྱི་ཡུལ་ནི་འདོད་ཆགས་སོ་སོའི་རྣམ་པར་རིག་པའི་ཡུལ་མ་ཡིན་ནོ། །གཟུགས་ཀྱི་ཁམས་ཀྱི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་མ་ཡིན་ཏེ། སངས་ རྒྱས་ཀྱི་ཡུལ་ནི་འདོད་ཆགས་ཀྱི་གཉེན་པོའི་ཡུལ་མ་ཡིན་ནོ། །གཟུགས་མེད་པའི་ཁམས་ཀྱི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཏེ། སངས་རྒྱས་ཀྱི་ཡུལ་ནི་ལྟ་བ་ལས་རྣམ་པར་གྲོལ་བའི་ཡུལ་མ་ཡིན་ ནོ། །འདུས་མ་བྱས་ཀྱི་ཁམས་ཀྱི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཏེ། སངས་རྒྱས་ཀྱི་ཡུལ་ནི་གཉིས་སུ་སྦྱོར་བའི་ཡུལ་མ་ཡིན་ནོ། །འདུས་བྱས་ཀྱི་ཁམས་ཀྱི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཏེ། སངས་ རྒྱས་ཀྱི་ཡུལ་ནི་མཚན་ཉིད་གསུམ་དང་ལྡན་པའི་ཡུལ་མ་ཡིན་ནོ། །ལྷའི་བུ་དེ་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཏེ། མཐའ་དང་མཐའ་མ་ཡིན་པའི་ཡུལ་ཡིན་པའི་ཕྱིར་ཡུལ་དེར་ནི་ཡུལ་ཐམས་ཅད་འདུས་ཤིང་ཁོངས་ སུ་ཆུད་པ་ཡིན་ནོ། །ལྷའི་བུ་བྱང་ཆུབ་སེམས་དཔའ་ནི་ཡུལ་དེ་ལྟ་བུར་ཞུགས་ཤིང་དོན་གྱི་ཡུལ་ཐམས་ཅད་ལ་རྣམ་པར་སྤྱོད་ཀྱང་བདུད་ཀྱི་ཡུལ་ཐོབ་པ་ཡང་མ་ཡིན་ཏེ། དེས་ནི་བདུད་ཀྱི་ཡུལ་དང་སངས་རྒྱས་ ཀྱི་ཡུལ་ཡང་མཉམ་ཞིང་དབེན་པའི་ཡུལ་དུ་མངོན་པར་རྫོགས་པར་ཁོངས་སུ་ཆུད་དོ། །ལྷའི་བུ་གང་མཉམ་པ་དང་མི་མཉམ་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཀྱང་མཉམ་པ་ཉིད་ལས་ཀྱང་མི་འདའ་ བ་འདི་ཡང་ཆོ་འཕྲུལ་ཆེན་པོ་ཡིན་ནོ། དེ་ལ་མཉམ་པ་ཉིད་ནི་གང་། མི་མཉམ་པ་ཉིད་ནི་གང་ཞེ་ན། འདི་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མཉམ་པ་དེ་ནི་མཉམ་པ་ཉིད་ཡིན་ནོ། །གང་དག་སྟོང་པ་ཉིད་ལ་མི་ 82-1-70a འཇུག་པ་དེ་ནི་མི་མཉམ་པར་གནས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་དེ་དག་ཡོངས་སུ་སྨིན་པར་བྱེད་ཀྱང་སྟོང་པ་ཉིད་ཀྱི་མཉམ་པ་ཉིད་ལས་ཡང་མི་གཡོའོ། །ཆོས་ཐམས་ཅད་ མཚན་མ་མེད་པར་མཉམ་པ་ཉིད་དུ་མཉམ་པ་དེ་ནི་མཉམ་པ་ཉིད་ཡིན་ནོ། །གང་དག་མཉམ་པ་ཉིད་དེ་ལ་མི་འཇུག་པ་དེ་དག་ནི་མི་མཉམ་པར་གནས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་དེ་དག་ཡོངས་སུ་སྨིན་པར་ བྱེད་ཀྱང་མཚན་མ་མེད་པའི་མཉམ་པ་ཉིད་ལས་ཀྱང་མི་གཡོའོ། །ཆོས་ཐམས་ཅད་སྨོན་པ་མེད་པར་མཉམ་པ་ཉིད་དུ་མཉམ་པ་དེ་ནི་མཉམ་པ་ཉིད་ཡིན་ནོ། །གང་དག་མཉམ་པ་ཉིད་དེ་ལ་མི་འཇུག་པ་ དེ་དག་ནི་མི་མཉམ་པར་གནས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་དེ་དག་ཡོངས་སུ་སྨིན་པར་བྱེད་ཀྱང་སྨོན་པ་མེད་པའི་མཉམ་པ་ཉིད་ལས་ཀྱང་མི་གཡོའོ། །ཆོས་ཐམས་ཅད་མངོན་པར་འདུ་བྱེད་ པ་མེད་པར་མཉམ་པ་ཉིད་དུ་མཉམ་པ་དེ་ནི་མཉམ་པ་ཉིད་ཡིན་ནོ། །གང་དག་མཉམ་པ་ཉིད་དེ་ལ་མི་འཇུག་པ་དེ་དག་ནི་མི་མཉམ་པར་གནས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་དེ་དག་ཡོངས་སུ་སྨིན་པར་བྱེད་ ཀྱང་མངོན་པར་འདུ་བྱེད་པ་མེད་པའི་མཉམ་པ་ཉིད་ལས་ཀྱང་མི་གཡོའོ། །ཆོས་ཐམས་ཅད་སྐྱེ་བ་མེད་པར་མཉམ་པ་ཉིད་དང་། འབྱུང་བ་མེད་པར་མཉམ་པ་ཉིད་དང་། འགག་པ་མེད་པར་མཉམ་པ་ཉིད་དང་། འདོད་ ཆགས་དང་བྲལ་བར་མཉམ་པ་ཉིད་དང་། དབེན་པར་མཉམ་པ་ཉིད་དང་། དངོས་པོ་མེད་པར་མཉམ་པ་ཉིད་དང་། འགོག་པར་མཉམ་པ་ཉིད་དང་། ཆོས་ཐམས་ཅད་མྱ་ངན་ལས་འདས་པར་མཉམ་པ་ཉིད་ དུ་མཉམ་པ་དེ་ནི་མཉམ་པ་ཉིད་ཡིན་ནོ། །གང་དག་མཉམ་པ་ཉིད་དེ་ལ་མི་འཇུག་པ་དེ་དག་ནི་མི་མཉམ་པར་གནས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་དེ་དག་ཡོངས་སུ་སྨིན་པར་བྱེད་ཀྱང་མྱ་ངན་ལས་འདས་ 82-1-70b པའི་མཉམ་པ་ཉིད་ལས་ཀྱང་མི་གཡོ་སྟེ། ལྷའི་བུ་དེ་ལྟར་མཉམ་པ་དང་མི་མཉམ་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་སྤྱད་པ་ལ་སྤྱོད་པ་ཡིན་ནོ། །དེ་ནས་ལྷའི་བུ་དེད་དཔོན་ གྱིས་འཇམ་དཔལ་གཞོན་ནུར་གྱུར་བ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ལ་སྤོབས་པར་གྱིས་ཤིག །འཇམ་དཔལ་གྱིས་སྨྲས་པ། ལྷའི་ བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ནི་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་བསམ་གྱིས་མི་ཁྱབ་པ་ཡིན། སྨྲས་པ། ལྷའི་ བུ་འདོད་ཆགས་ཀྱི་སྤྱོད་པ་བསམ་གྱིས་མི་ཁྱབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡང་བསམ་གྱིས་མི་ཁྱབ་སྟེ། འདོད་ཆགས་དང་བྲལ་བའི་སྤྱོད་པ་ནི་མ་ཡིན་ནོ། །ཞེ་སྡང་གི་སྤྱོད་པ་ བསམ་གྱི་མི་ཁྱབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡང་བསམ་གྱིས་མི་ཁྱབ་སྟེ། ཞེ་སྡང་དང་བྲལ་བའི་སྤྱོད་པ་ནི་མ་ཡིན་ནོ། །གཏི་མུག་གི་སྤྱོད་པ་བསམ་གྱིས་མི་ཁྱབ་པའི་ ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡང་བསམ་གྱིས་མི་ཁྱབ་སྟེ། ཤེས་རབ་ཀྱི་བྱ་བ་སྒྲུབ་པར་བྱེད་པའི་སྤྱོད་པ་ནི་མ་ཡིན་ནོ། །སེར་སྣ་མེད་པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ སྤྱོད་པ་ཡིན་ཏེ། སྦྱིན་པས་རློམ་སེམས་སུ་བྱེད་པའི་སྤྱོད་པ་ནི་མ་ཡིན་ནོ། །འཆལ་པའི་ཚུལ་ཁྲིམས་དང་བྲལ་བའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ཏེ། ཚུལ་ཁྲིམས་ཀྱིས་རློམ་སེམས་སུ་བྱེད་པའི་ སྤྱོད་པ་ནི་མ་ཡིན་ནོ། །གནོད་སེམས་མེད་པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ཏེ། བཟོད་པས་རློམ་སེམས་སུ་བྱེད་པའི་སྤྱོད་པ་ནི་མ་ཡིན་ནོ། །ལེ་ལོ་མེད་པའི་སྤྱོད་པ་ནི་བྱང་ཆུབ་ 82-1-71a སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ཏེ། བརྩོན་འགྲུས་ཀྱིས་རློམ་སེམས་སུ་བྱེད་པའི་སྤྱོད་པ་ནི་མ་ཡིན་ནོ། །རྣམ་པར་གཡེང་བ་མེད་པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ ཡིན་ཏེ། བསམ་གཏན་གྱིས་རློམ་སེམས་སུ་བྱེད་པའི་སྤྱོད་པ་ནི་མ་ཡིན་ནོ། །འཆལ་པའི་ཤེས་རབ་མེད་པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ཏེ། ཤེས་རབ་ཀྱིས་རློམ་སེམས་ སུ་བྱེད་པའི་སྤྱོད་པ་ནི་མ་ཡིན་ནོ། །ཉོན་མོངས་པ་མེད་པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ཏེ། ཉོན་མོངས་པ་མེད་པས་རློམ་སེམས་སུ་བྱེད་པའི་སྤྱོད་པ་ནི་མ་ཡིན་ནོ། །ནང་དང་ཕྱིའི་དངོས་པོ་ཡོངས་ སུ་གཏོང་བས་བརྩེ་བ་མེད་པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །བུ་དང་། བུ་མོ་དང་། ཆུང་མ་ཡོངས་སུ་གཏོང་བས་མངོན་པར་དགའ་བ་མེད་པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ པ་ཡིན་ནོ། །འདོད་པའི་ཡོན་ཏན་ལ་སྨོད་པས་རྟག་ཏུ་གནོད་སེམས་ཀྱི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །དགེ་བའི་རྩ་བ་ཡང་དག་པར་སྡུད་པས་མི་ལྟ་བའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་སྤྱོད་པ་ཡིན་ནོ། །ལུས་དང་སྲོག་ལ་མི་ལྟ་བས་ལྟ་བ་མེད་པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །སྡུག་པ་དང་མི་སྡུག་པ་ཡོངས་སུ་གཏོང་བས་ཚམ་ཚོམ་མེད་པའི་སྤྱོད་པ་ནི་བྱང་ཆུབ་ སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །འཁོར་བ་དཔག་ཏུ་མེད་པས་མི་སྐྲག་པས་འཇིགས་པ་མེད་པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །སེམས་ཅན་ཐམས་ཅད་ཀྱི་ཁུར་སྒྲོལ་བས་ཁུར་ཆེན་པོ་ སྒྲོལ་བའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །སྔར་དམ་བཅས་པ་ཉམས་སུ་ལོན་པར་བྱེད་པས་ཕྱིར་མི་ལྡོག་པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །རྗེས་སུ་འགྱོད་པ་མེད་ 82-1-71b པས་ཡིད་ལ་གཅགས་པ་མེད་པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །ཐེག་པ་ཐམས་ཅད་ཟིལ་ཀྱིས་མནན་པས་མངོན་པར་འཕགས་པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ ཡིན་ནོ། །ཡིད་དམ་མ་ཞིག་པས་གོ་ཆ་རྡོ་རྗེ་ལྟ་བུའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ལ་ངེས་པར་སེམས་པས་རང་གི་སེམས་ལ་ངེས་པར་སེམས་ པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །ལས་བྱས་པ་ཆུད་མི་ཟ་བས་ཆུད་མི་ཟ་བའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །སེམས་ཅན་ཐམས་ཅད་ལ་སེམས་མཉམ་པས་ཐ་དད་ པ་མེད་པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །དགྲ་ཐམས་ཅད་ངེས་པར་བཅོམ་པས་དཔའ་བའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །སྐལ་བ་མཉམ་པའི་སྐྱེ་བོ་དང་། འཐུན་པར་འཇུག་པས་མ་འདྲེས་པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །གཤེ་བ་དང་སྡང་བ་ཐམས་ཅད་རབ་ཏུ་དགའ་བར་བྱེད་པས་རབ་ཏུ་དགའ་བར་བྱེད་པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ ཡིན་ནོ། །སངས་རྒྱས་བལྟ་བ་དང་། ཆོས་མཉན་པ་དང་། བླ་མ་ལ་བསྙེན་བཀུར་བྱ་བ་ལ་མཆོག་ཏུ་དགའ་བས་དགའ་བ་དང་། རབ་ཏུ་དགའ་བ་དང་། མཆོག་ཏུ་དགའ་བའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ སྤྱོད་པ་ཡིན་ནོ། །ལུས་དང་། ངག་དང་། སེམས་དང་། སངས་རྒྱས་ཀྱི་ཞིང་རྒྱན་པར་བྱེད་པས་རྒྱན་གྱི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །མཉམ་པ་དང་མི་མཉམ་པའི་གཉེན་པོར་གྱུར་བས་ ཟིལ་གྱིས་མི་ནོན་པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །སྐྱེ་བོ་མཁས་ཤིང་མཛངས་པ་རྣམས་ཀྱིས་རབ་ཏུ་བསྔགས་པས་ངན་པ་མ་ཡིན་པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་ 82-1-72a རྣམས་ཀྱི་སྤྱོད་པ་ཡིན་ནོ། །ཚུལ་བཞིན་གྱིས་ཉོན་མོངས་པ་རྣམས་ཤིན་དུ་ངེས་པར་བརྟགས་པས་མི་རྫི་བའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །ཁུར་བླངས་པ་ ཉམས་སུ་ལོན་པས་སྐྱེས་བུ་དམ་པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །བརྩོན་འགྲུས་བརྟན་པོས་ཕྱིར་མི་ལྡོག་པར་ཁྱད་པར་དུ་འགྲོ་བའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་སྤྱོད་པ་ཡིན་ནོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཡང་དག་པར་སྡུད་པས་ཆོས་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །སངས་རྒྱས་ཀྱི་གདུང་རྒྱུན་མི་གཅོད་པས་བྱས་པ་ཤེས་ ཤིང་བྱས་པ་གཟོ་བའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །དཀོན་མཆོག་གསུམ་འབྲི་བར་མི་བྱེད་པས་དཀོན་མཆོག་གི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། ། སྡུད་པ་དང་ཡོངས་སུ་གཅོད་པས་ཤེས་རབ་དང་ཐབས་ཀྱི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་བསྟན་པ་འདི་བཤད་པ་ན་སྤྱོད་པ་ལ་ཞུགས་པའི་ བྱང་ཆུབ་སེམས་དཔའ་ལྔ་བརྒྱས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་ནས་ལྷའི་བུ་དེད་དཔོན་གྱིས་འཇམ་དཔལ་གཞོན་ནུར་གྱུར་བ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་ཀྱིས་བྱང་ ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་དེ་ནི་ལེགས་པར་སྨྲས་སོ། །བྱང་ཆུབ་སེམས་དཔའ་གང་དག་སྤྱོད་པ་དེ་དང་མ་བྲལ་བ་དེ་དག་ནི་དེ་ཉིད་ཀྱིས་ལུང་བསྟན་པ་ཡིན་ནོ། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། ལྷའི་བུ་གང་གི་ཚེ་སྤྱོད་པ་དེ་དང་མ་བྲལ་བར་གྱུར་བ་དེའི་ཚེ་དེ་བཞིན་གཤེགས་པ་མར་མེ་ 82-1-72b མཛད་ཀྱིས་ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏེ། དེར་ངས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །ལྷའི་བུ་གང་སྤྱོད་པ་རྣམ་པར་དག་པའི་མཚན་ཉིད་ ཀྱི་ཆོས་རྣམས་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་དེ་ལྟ་བུ་དེ་དག་རབ་ཏུ་འབྱེད་པར་བྱེད་པ་དེ་ཡང་དེ་བཞིན་གཤེགས་པའི་ཆོ་འཕྲུལ་ཆེན་པོ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ ལ་ལྷའི་བུ་དེད་དཔོན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མི་སྐྱེ་བ་ཞེས་བགྱི་བ་ནི་ཅི་ལགས། འཇུག་པ་གང་གིས་ན། བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ ཆོས་ལ་བཟོད་པ་ཐོབ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་མི་སྐྱེ་བ་ཞེས་བྱ་བ་དེ་ནི་གཟོད་མ་ནས་མ་སྐྱེས་པའི་མུའི་མཚན་ཉིད་ཀྱི་ཚིག་བླ་དགས་ཡིན་ཏེ། དེ་ནི་སྔོན་བྱུང་བར་གྱུར་ལ་ཕྱིས་མ་བྱུང་བར་གྱུར་བ་མ་ཡིན་ཏེ། དེ་ནས་གཟོད་མ་ནས་མ་བྱུང་བ་ཉིད་ཡིན་ནོ། །དེ་ནི་སྔོན་སྲིད་པར་གྱུར་ལ་ཕྱིས་མི་སྲིད་པར་གྱུར་བ་མ་ཡིན་ཏེ། དེ་ནི་གཟོད་ མ་ནས་མི་སྲིད་པ་ཉིད་ཡིན་ནོ། །དེ་ནི་སྔོན་སྐྱེས་པར་གྱུར་ལ་ཕྱིས་མ་སྐྱེས་པར་གྱུར་བ་མ་ཡིན་ཏེ། དེ་ནི་གཟོད་མ་ནས་མ་སྐྱེས་པ་ཉིད་ཡིན་ནོ། །དེ་ནི་སྔོན་མངོན་པར་འདུས་བྱས་ པ་ཡིན་ལ་ཕྱིས་མངོན་པར་འདུས་མ་བྱས་པ་མ་ཡིན་ཏེ། དེ་ནི་གཟོད་མ་ནས་འདུས་མ་བྱས་པ་ཉིད་ཡིན་ནོ། །དེ་ནི་སྔོན་ཡོད་པར་གྱུར་ལ་ཕྱིས་མེད་པར་གྱུར་བ་མ་ཡིན་ཏེ། དེ་ནི་བཟོད་མ་ནས་འགྱུར་བ་མེད་པ་ཉིད་ཡིན་ནོ། །དེ་ནི་སྔོན་གང་ཟག་ཏུ་བགྲང་བར་གྱུར་ ལ་ཕྱིས་གང་ཟག་ཏུ་མི་བགྲང་བར་གྱུར་བ་མ་ཡིན་ཏེ། དེ་ནི་གཟོད་མ་ནས་སྟོང་པ་ཉིད་ཡིན་ནོ། །དེ་ནི་སྔོན་མཚན་མར་བགྲང་བར་གྱུར་ལ་ཕྱིས་མཚན་མར་མི་བགྲང་བར་གྱུར་བ་མ་ཡིན་ཏེ། དེ་ནི་གཟོད་མ་ནས་མཚན་མ་མེད་པ་ཉིད་ཡིན་ནོ། །གང་གིས་དེ་ལྟར་རྗེས་སུ་རྟོགས་པ་དང་། སེམས་ཀྱིས་སྐྱེ་བ་དང་། 82-1-73a འཇིག་པ་ལ་མངོན་པར་ཞེན་པ་མེད་པར་རྟོགས་པ་དེ་ནི་མི་སྐྱེ་བ་ཞེས་བྱའོ། །དེ་ལ་བཟོད་པ་གང་ཞེ་ན། དེ་དག་ཇི་ལྟར་མི་སྐྱེ་བ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཡང་བཟོད་པ་དེ་ནི་བཟོད་པ་ཞེས་བྱའོ། །དེ་དག་ཇི་ལྟར་མི་ སྐྱེ་བ་དེ་བཞིན་དུ་ཞིང་ཐམས་ཅད་ལ་ཡང་བཟོད་པ་དེ་ནི་བཟོད་པ་ཞེས་བྱའོ། །དེ་དག་ཇི་ལྟར་མི་སྐྱེ་བ་དེ་བཞིན་དུ་སློབ་པ་དང་། མི་སློབ་པ་དང་། རང་སངས་རྒྱས་ཐམས་ཅད་ལ་ཡང་བཟོད་པ་དེ་ནི་བཟོད་པ་ཞེས་བྱའོ། །དེ་དག་ཇི་ལྟར་མི་སྐྱེ་བ་ དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དང་། སངས་རྒྱས་ཐམས་ཅད་ལ་ཡང་བཟོད་པ་དེ་ནི་བཟོད་པ་ཞེས་བྱའོ། །དེ་དག་ཇི་ལྟར་མི་སྐྱེ་བ་དེ་བཞིན་དུ་ཆོས་ཐམས་ཅད་ལ་ཡང བཟོད་པ་དེ་ནི་བཟོད་པ་ཞེས་བྱའོ། །བཟོད་པ་དེ་ཡང་སྐད་ཅིག་པ་ཡིན་ཏེ། གང་གིས་སྐད་ཅིག་པ་ཡིན་ཞེ་ན། སྐད་ཅིག་པ་ཉིད་ཀྱིས་སྐད་ཅིག་པ་ཡིན་ནོ། །སྟོང་པ་ཉིད་ནི་སྟོང་པ་ཉིད་ཀྱིས་སྐད་ཅིག་པ་ཡིན་ནོ། །མཚན་མ་མེད་པ་ནི་ མཚན་མ་མེད་པས་སྐད་ཅིག་པ་ཡིན་ནོ། །ཇི་ལྟར་སྟོང་པ་ཉིད་དང་། མཚན་མ་མེད་པའི་སྟོང་པ་ཉིད་དང་། མཚན་མ་མེད་པས་སྐད་ཅིག་པ་ཡིན་པ་དེ་བཞིན་དུ་གཟུགས་ཀྱང་གཟུགས་ཀྱི་མཚན་ཉིད་ཀྱིས་སྐད་ཅིག་པ་ཡིན་ནོ། །ཇི་ལྟར་ སྟོང་པ་ཉིད་དང་། མཚན་མ་མེད་པ་སྟོང་པ་ཉིད་དང་མཚན་མ་མེད་པས་སྐད་ཅིག་པ་ཡིན་པ་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྣམ་པར་ཤེས་པའི་མཚན་ཉིད་ཀྱིས་སྐད་ཅིག་པ་ཡིན་ནོ། ། ཇི་ལྟར་སྟོང་པ་ཉིད་དང་། མཚན་མ་མེད་པ་སྟོང་པ་ཉིད་དང་། མཚན་མ་མེད་པས་སྐད་ཅིག་པ་ཡིན་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་ཁམས་ཀྱང་ཆོས་ཀྱི་ཁམས་ཀྱི་མཚན་ཉིད་ཀྱིས་སྐད་ཅིག་པ་ཡིན་ནོ། །ཇི་ལྟར་སྟོང་པ་ཉིད་དང་། མཚན་མ་མེད་པ་སྟོང་པ་ཉིད་དང་། མཚན་མ་མེད་པས་སྐད་ཅིག་པ་ཡིན་པ་དེ་བཞིན་དུ་སྐྱེ་མཆེད་ཐམས་ཅད་ཀྱང་སྐྱེ་མཆེད་རྣམས་ཀྱི་མཚན་ཉིད་ཀྱིས་སྐད་ཅིག་པ་ཡིན་ཏེ། སྐད་ཅིག་པ་གང་ཡིན་པ་དེ་ནི་ཡ་མ་བརླ་ཡིན་ནོ། ། 82-1-73b ཡ་མ་བརླ་གང་ཡིན་པ་དེ་ནི་གསོག་ཡིན་ནོ། །གསོག་གང་ཡིན་པ་དེ་ནི་གསོབ་ཡིན་ནོ། །གསོབ་གང་ཡིན་པ་དེ་ནི་འདོད་ཆགས་མེད་པ་ཡིན་ནོ། །འདོད་ཆགས་མེད་པ་གང་ཡིན་པ་དེ་ནི་འདོད་ཆགས་དང་བྲལ་བ་ཡིན་ནོ། །འདོད་ ཆགས་དང་བྲལ་བ་གང་ཡིན་པ་དེ་ནི་ངོ་བོ་ཉིད་མེད་པ་ཡིན་ནོ། །ངོ་བོ་ཉིད་མེད་པ་གང་ཡིན་པ་དེ་ནི་དངོས་པོ་མེད་པ་ཡིན་ཏེ། དེ་ནི་ཆོས་ཐམས་ཅད་སྟོང་པ་དང་། སྐད་ཅིག་པ་དང་། ཡ་མ་བརླ་དང་། དབེན་པ་དང་། གསོག་ཅེས་བྱ་སྟེ། ཆོས་ཐམས་ཅད་དེ་ལྟར་བཟོད་པ་གང་ཡིན་པ་དེ་ནི་བཟོད་པ་ཞེས་བྱའོ། །བཟོད་པ་དེ་ཡང་བཟོད་པ་ཉིད་ཀྱིས་སྐད་ཅིག་པ་ཡིན་ཏེ། དེ་ལྟར་མཉམ་པ་ཉིད་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་ལུང་བསྟན་པ་དང་། མི་སྐྱེ་བའི་ཆོས་ལ་ བཟོད་པ་ཐོབ་པ་ཡིན་ནོ། །བཟོད་པ་དེ་ནི་ཡང་དམིགས་པས་རབ་ཏུ་ཕྱེ་བ་མ་ཡིན་ཏེ། དེ་ལ་དམིགས་པ་གང་ཞེ་ན། གང་གི་ཚེ་བདག་དང་བཟོད་པ་གཉིས་གར་དམིགས་ན་དེ་ནི་དམིགས་པ་ཞེས་བྱའོ། །སེམས་ཅན་དང་། སྲོག་དང་། གསོབ་དང་། གང་ཟག་དང་། བཟོད་པ་གཉིས་ཀར་དམིགས་ན་དེ་ནི་དམིགས་པ་ཞེས་བྱའོ། །དེ་ལ་དམིགས་པ་མེད་པ་གང་ཞེ་ན། གང་གི་ཚེ་བདག་དང་བཟོད་པ་གཉིས་ཀར་མི་དམིགས་པ་དེ་ནི་དམིགས་པ་མེད་པ་ཞེས་བྱའོ། །སེམས་ཅན་དང་། སྲོག་དང་། གསོབ་དང་། གང་ཟག་དང་། བཟོད་པ་གཉིས་ཀར་མི་དམིགས་པ་དེ་ནི་དམིགས་པ་མེད་པ་ཞེས་བྱའོ། །དེ་བཞིན་དུ་སྦྱར་ཏེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ཀྱི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་གང་ཡིན་ པ་དེ་ནི་ངོ་བོ་ཉིད་གཏན་མེད་པ་ཡིན་ནོ། །ངོ་བོ་ཉིད་གཏན་མེད་པ་གང་ཡིན་པ་དེ་ནི་འདུས་མ་བྱས་པ་ཡིན་ཏེ། ངོ་བོ་ཉིད་དེ་དང་། བཟོད་པ་དེ་ལ་གཉིས་སུ་རྗེས་སུ་རྟོག་པར་མི་བྱེད་པ་གང་ཡིན་པ་དེ་ནི་དམིགས་པ་མེད་པ་ཞེས་ བྱའོ། །ལྷའི་བུ་བཟོད་པ་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་བསྐལ་པ་གྲངས་མེད་པར་སྤྱོད་པ་དེ་ཡང་དེ་བཞིན་གཤེགས་པའི་ཆོ་འཕྲུལ་ཆེན་པོ་བསྟན་པ་ཡིན་ནོ། །བཟོད་པ་བསྟན་པ་འདི་བཤད་པ་ན་སྟོང་གསུམ་ 82-1-74a གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་སོ། །འཇིག་རྟེན་འདི་སྣང་བ་ཆེན་པོས་ཀྱང་ཁྱབ་པར་གྱུར་ཏོ། །སིལ་སྙན་བརྒྱ་སྟོང་ཡང་མ་དཀྲོལ་བར་སྒྲ་འཁྲོལ་བར་གྱུར་ཏོ། །མེ་ཏོག་གི་ཆར་དག་ ཀྱང་རབ་ཏུ་བབ་བོ། །སྲོག་ཆགས་བཞི་ཁྲི་ཉིས་སྟོང་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དགུ་ཁྲི་དྲུག་སྟོང་གིས་ནི་ཆོས་རྣམས་ལ་རྗེས་སུ་འཐུན་པའི་བཟོད་ པ་ཐོབ་པར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ཇི་ལྟར་དེ་བཞིན་གཤེགས་པ་མར་མེ་མཛད་རྒྱལ་པོའི་ཕོ་བྲང་པད་མ་ཅན་དུ་ཞུགས་པར་གྱུར་བ་དེ་ལྟ་བུ་ཡང་ཀུན་དུ་སྣང་བར་གྱུར་ཏོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ འཛུམ་པ་མཛད་དོ། །གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་འཛུམ་པ་མཛད་པ་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་དུ་མ་ཁ་དོག་སྣ་ཚོགས་ཁ་དོག་འབུམ་ཕྲག་དུ་མ་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། བཙོད་ཀ་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་བར་གྱུར་ཏེ། དེ་དག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་སྣང་བས་ཁྱབ་པར་བྱས་ནས་ཚངས་པའི་འཇིག་རྟེན་ གྱི་བར་དུ་མངོན་པར་འཕགས་ཏེ། ཉི་མ་དང་ཟླ་བ་དག་གིས་འོད་ཀྱང་ཟིལ་ཀྱིས་མནན་ནས་ཡང་ཕྱིར་ལོག་སྟེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་པར་གྱུར་ཏོ། །དེ་ནས་ ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་སྟེ་ཆོས་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་དེའི་ཚེ་བཅོམ་ ལྡན་འདས་ལ་མངོན་སུམ་དུ་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །ཐུབ་པ་ཅི་སླད་འཛུམ་པ་མཛད་གྱུར་པ། །མི་མཉམ་གཟི་བརྗིད་མངའ་བ་ཁྱོད་ལ་ཞུ། །འོད་ཀྱི་བཀོད་པ་མཛད་པ་ཁྱོད་ལ་ཞུ། ། 82-1-74b རབ་རིབ་ཉོན་མོངས་སྤོང་བ་ཁྱོད་ལ་ཞུ། །བདེ་གཤེགས་ཅི་སླད་འཛུམ་པ་བསྟན་མཛད་པ། །ཕ་རོལ་ཚོགས་རྣམས་འཇོམས་པ་ཁྱོད་ལ་ཞུ། །བདུད་དཔུང་ཐ་མར་མཛད་པ་ཁྱོད་ལ་ཞུ། །སྟོབས་བཅུའི་སྟོབས་དང་ལྡན་པ་ཁྱོད་ ལ་ཞུ། །རྒྱལ་བ་ཅི་སླད་འཛུམ་པ་བསྟན་མཛད་པ། །སུམ་བཅུ་རྩ་གཉིས་ཡོན་ཏན་མཚན་བརྒྱན་པ། །བདེ་གཤེགས་རབ་དགའ་བདེ་བ་མཛད་པ་པོ། །གཟུགས་ཀྱི་དམ་པ་མངའ་བ་ཁྱོད་ལ་ཞུ། །བཅོམ་ལྡན་ཅི་སླད་ འཛུམ་པ་བསྟན་མཛད་པ། །མཁྱེན་པ་མཐའ་ཡས་ཡོན་ཏན་སྟོན་པ་པོ། །ཡེ་ཤེས་འབྱུང་གནས་འགྲོ་བ་ཤེས་མཛད་པ། །ཡེ་ཤེས་ལྗོན་ཤིང་མཁྱེན་པ་ཁྱོད་ལ་ཞུ། །འཇིག་རྟེན་གསུམ་གྲགས་གྲགས་པ་མཐའ་ཡས་པ། གསུམ་རིག་དྲི་གསུམ་ཐ་མར་མཛད་པ་པོ། །འཇིག་རྟེན་གསུམ་རིག་རྣམ་ཐར་གསུམ་མཐར་བྱོན། །ཅི་ཡི་སླད་དུ་འཛུམ་པ་བསྟན་མཛད་པ། །སྨན་པ་དམ་པ་སྐྱེ་རྒ་མཐར་མཛད་པ། །བཅོམ་ལྡན་ཞབས་ ལ་དྲ་མཆོག་འཁོར་ལོ་མངའ། །སྲེད་མེད་སྲས་པོ་རྡོ་རྗེ་མཁྲིགས་པ་པོ། །ཐུབ་པ་འཛུམ་མཛད་སྦྱོར་བ་བཀའ་སྩལ་གསོལ། །གང་གིས་སྤྱོད་པ་དེ་ནི་རྣམ་སྦྱངས་སམ། །གང་འདིར་བཟོད་པ་དེ་དག་ཡོངས་ རྫོགས་སམ། །གང་སེམས་སངས་རྒྱས་ཡོན་ཏན་ངེས་གྱུར་ཏམ། །ཅི་ཡི་སླད་དུ་ཐུབ་ཆེན་འཛུམ་པ་མཛད། །བདེ་གཤེགས་ཟླ་མེད་རྒྱུ་ཞིག་མི་མངའ་བར། །བཅོམ་ལྡན་འདྲེན་པ་འཛུམ་པ་མི་སྟོན་པས། ། དེ་ཐོས་སེམས་ཅན་གློ་བ་རངས་འགྱུར་གྱིས། །ཚངས་པའི་དབྱངས་ཅན་ལེགས་པར་གསུང་དབྱུང་གསོལ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་ སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་སྲོག་ཆགས་བཞི་ཁྲི་ཉིས་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །བྱང་ཆུབ་ 82-1-75a སེམས་དཔའ་དགུ་ཁྲི་དྲུག་སྟོང་གིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །ཀུན་དགའ་བོ་གཞན་ཡང་ཁྱོད་ཀྱིས་ལྷའི་བུ་དེད་དཔོན་འདི་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ལྷའི་བུ་དེད་དཔོན་འདིས་ནི་དེ་བཞིན་གཤེགས་པ་བགྲང་བ་ལས་ཡང་དག་པར་འདས་པ་དག་ལ་སྟི་སྟང་དུ་བྱས། བླ་མར་བྱས། རིམ་གྲོ་བྱས། མཆོད་པ་བྱས། ཡོངས་སུ་ཞུ་བ་བྱས། ཡོངས་སུ་དྲི་བ་བྱས་ཤིང་སེམས་ཅན་དཔག་ཏུ་མེད་པ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་གོ། །ཀུན་དགའ་བོ་ལྷའི་བུ་དེད་དཔོན་འདི་ནི་བསྐལ་ པ་གྲངས་མེད་པ་སུམ་བརྒྱ་འདས་པའི་འོག་ཏུ་བསྐལ་པ་དྲི་མ་མེད་པ་ཞེས་བྱ་བ་ལ་འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པ་ཞེས་བྱ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་ རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་ པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཡོན་ཏན་རྒྱལ་པོ་འོད་ཅེས་བྱ་བར་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཀུན་དགའ་བོ་འཇིག་རྟེན་ཁམས་ཡོངས་སུ་དག་པ་དེ་ཡང་རིན་པོ་ཆེ་སྣ་བདུན་ འདི་ལྟ་སྟེ། གསེར་དང་། དངུལ་དང་། བཻ་དུྰརྱ་དང་། ཤེལ་དང་། རྡོའི་སྙིང་པོ་དང་། སྤུག་དང་། མུ་ཏིག་དམར་པོ་ལས་གྲུབ་ཅིང་ལག་མཐིལ་ལྟར་མཉམ་ལ། རིན་པོ་ཆེའི་དྲ་བ་སྣ་ཚོགས་ཀྱིས་མིག་མངས་རིས་སུ་ཀུན་ནས་བཀབ པར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་དེར་ཉན་ཐོས་དང་། རང་སངས་རྒྱས་དག་གིས་མིང་ཡང་འབྱུང་བར་མི་འགྱུར་རོ། །གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་དུ་རྒྱུ་དག་དང་། བདུད་རྣམས་དང་། དམ་པའི་ཆོས་སྤོང་བའི་ 82-1-75b སེམས་ཅན་རྣམས་ཀྱི་མིང་ཡང་མེད་ཅིང་མི་འབྱུང་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་དེ་ན་མི་ཁོམ་པ་བརྒྱད་པོ་དག་ཀྱང་མེད་ལ་བཟའ་བ་དང་། བཏུང་བ་དག་ཀྱང་ཡིད་ལ་བསམས་པ་ཙམ་གྱིས་འགྲུབ་པར་འགྱུར་རོ། །སངས་རྒྱས་ ཀྱི་ཞིང་དེ་ན་ལྟུང་བ་དང་། འཁྲུལ་པའི་ཉེས་པ་དག་དང་། སྡུག་བསྔལ་གྱི་སྒྲ་ཡང་འབྱུང་བར་མི་འགྱུར་རོ། །སེམས་ཅན་དག་གི་ལོངས་སྤྱོད་དང་ཉེ་བར་སྤྱོད་པ་ཡང་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ལོངས་སྤྱོད་དང་། ཉེ་བར་སྤྱོད་པ་ཅི་འདྲ་བ་དེ་ལྟ་བུར་འགྱུར་རོ། །སེམས་ཅན་དེ་དག་ཐམས་ཅད་ཀྱང་གསེར་གྱི་མདོག་འདྲ་ཞིང་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་ལྡན་པར་འགྱུར་ཞིང་། ཕལ་ཆེར་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་ཤ་སྟག་འབྱུང་བར་འགྱུར་བས་དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་ནི་ཡོངས་སུ་དག་པ་ཞེས་བྱའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོན་ཏན་རྒྱལ་པོ་འོད་ དེའི་སྐུ་ཚེའི་ཚད་ནི་བར་གྱི་བསྐལ་པ་བཞི་བཅུར་འགྱུར་རོ། །བྱང་ཆུབ་སེམས་དཔའ་དེ་དག་ཀྱང་སྨོན་ལམ་གྱི་དབང་གིས་བར་མདོར་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །དེ་བཞིན་གཤེགས་པ་དེའི་བྱང་ཆུབ་སེམས་དཔའི་ དགེ་འདུན་ནི་དུང་ཕྱུར་ཕྲག་དྲུག་དང་བྱེ་བ་ཕྲག་གཉིས་སུ་འགྱུར་ཏེ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་གང་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་བ་དང་། གང་དག་གིས་མི་སྐྱེ་བའི་ ཆོས་ལ་བཟོད་པ་ཐོབ་པར་གྱུར་བ་དེ་དག་འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པ་དེར་སྐྱེ་བར་འགྱུར་རོ། །དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ ཡོན་ཏན་རྒྱལ་པོ་འོད་ཀྱི་སངས་རྒྱས་ཀྱི་ཞིང་དེར་དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་འགྱུར་རོ། །དེ་ནས་འཁོར་དེ་ཉིད་དུ་ལྷའི་བུ་སྤྱན་རས་གཟིགས་ཤེས་བྱ་བ་ཞིག་ 82-1-76a འདུས་ཏེ་འདུག་པར་གྱུར་བ་དེས་བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་མན་དཱ་ར་བ་དག་གིས་མངོན་པར་གཏོར་ནས་ཚིག་འདི་སྐད་ཅེས་ཀྱང་གསོལ་ཏོ། །བཅོམ་ལྡན་འདས་བདག་ཀྱང་གང་གི་ཚེ་བཅོམ་ལྡན་འདས་ དེ་བཞིན་གཤེགས་པ་ཡོན་ཏན་རྒྱལ་པོ་འོད་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེའི་ཚེ་འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པ་དེར་སྐྱེ་ཞིང་འཁོར་ལོས་སྒྱུར་བའི་ རྒྱལ་པོར་གྱུར་ནས་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས་པ་དེ་ལ་བསྙེན་བཀུར་བགྱི་ཞིང་བཅོམ་ལྡན་འདས་དེ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་བདག་ཀྱང་འཇིག་རྟེན་གྱི་ཁམས་དེར བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ལྷའི་བུ་སྤྱན་རས་གཟིགས་ འདི་ནི་གང་གི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོན་ཏན་རྒྱལ་པོ་འོད་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེའི་ཚེ་འདི་ཡང་དེར་འཁོར་ལོས་ སྒྱུར་བའི་རྒྱལ་པོ་ལེགས་མཐོང་ཞེས་བྱ་བར་འགྱུར་ཏེ། དེས་བཅོམ་ལྡན་འདས་དེ་ལ་མཆོད་པ་དཔག་ཏུ་མེད་པ་བྱས་ཤིང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་རྫོགས་པར་བྱས་ནས་བཅོམ་ལྡན་ འདས་དེ་ཡོངས་སུ་མྱ་ངན་འདས་པའི་འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཀུན་དུ་འོད་ཅེས་བྱ་ 82-1-76b བར་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཀུན་དགའ་བོ་རྒྱལ་པོ་ལེགས་མཐོང་དེ་ཡང་དུས་གཞན་ཞིག་ན་བུ་ཐུ་བོ་རྒྱལ་སྲིད་ལ་བཞག་ནས་བཅོམ་ལྡན་འདས་དེའི་བསྟན་པ་ལ་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་ འབྱུང་བར་འགྱུར་རོ། །དེ་བཞིན་གཤེགས་པ་དེ་ཡང་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ཀྱི་ཚེ་བྱང་ཆུབ་སེམས་དཔའ་དེ་ལ་བྱང་ཆུབ་སེམས་དཔའ་ལེགས་མཐོང་འདི་ནི་ང་ཡོངས་སུ་མྱ་ངན་ལས་འདས་པའི་ འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་ལུང་བསྟན་ནས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་ལྷའི་ འི་བུ་དེད་དཔོན་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་ཁྱོད་དེ་བཞིན་གཤེགས་པས་ལུང་བསྟན་ཏམ། སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་ཁོ་བོ་ནི་ཇི་ལྟར་དེ་བཞིན་གཤེགས་པའི་སྤྲུལ་པ་ལུང་བསྟན་པ་ལྟར་ལུང་ བསྟན་ཏེ། ད་ལྟར་གྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་མ་འོངས་པའི་དེ་བཞིན་ཉིད་ཀྱང་དེ་ལྟ་བུ་ཡིན་པས་དེ་བཞིན་ཉིད་དེ་ལ་ནི་འཕེལ་བ་ཡང་མེད་ལ་ཡོངས་སུ་འགྲིབ་པ་ཡང་མེད་དོ། །དེ་ནས་བཅོམ་ལྡན་འདས་ ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག །ཆོངས་ཤིག །ལྷོགས་ཤིག །ཤོད་ཅིག །ཀུན་ཆུབ་པར་གྱིས་ཤིག །སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། ད་ལྟར་དང་མ་འོངས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་པ་དང་། བདེ་བ་རྗེས་སུ་ཡོངས་སུ་གཟུང་བའི་ཕྱིར་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཅིག །ཀུན་དགའ་ བོས་གསོལ་པ། བཅོམ་ལྡན་འདས་བདག་གིས་བཟུང་ལགས་ན་བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། 82-1-77a ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ནི་ཆོ་འཕྲུལ་ཆེན་པོ་བསྟན་པ་ཞེས་བྱ་བར་ཟུང་ཤིག །འདི་ནི་འཇམ་དཔལ་གཞོན་ནུར་གྱུར་བས་བསྟན་པ་ཞེས་བྱ་བ་དང་། རིན་པོ་ཆེ་ཐམས་ཅད་ཀྱི་ལེའུ་ ཞེས་བྱ་བར་ཡང་ཟུང་ཤིག །ཀུན་དགའ་བོ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་དག་ཆོས་ཀྱི་རྣམ་གྲངས་འདི་ནི་འཛིན་པ་དང་། མོས་པ་དང་། མོས་ནས་ཀྱང་ཡི་གེར་འདྲི་བ་དང་། ཀློག་པ་དང་། རབ་ཏུ་འདོན་པ་ དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་བྱེད་པ་དེ་དག་ནི་བསོད་ནམས་ཐམས་ཅད་ཀྱིས་ཡོངས་སུ་ཟིན་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷའི་བུ་དེད་དཔོན་དང་། འཇམ་དཔལ་གཞོན་ནུར་གྱུར་བ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་ འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ཆོ་ འཕྲུལ་ཆེན་པོ་བསྟན་པ་ལྷའི་བུ་དེད་དཔོན་གྱིས་ཞུས་པ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེན་དྲ་བོ་དྷི་དང་། པྲཛྙཱ་བརྨ་དང་། ཞུ་ཆེན་གྱི་ ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་ཉི་ཤུ་རྩ་གསུམ་པ་ སྟེ་བྱམས་པའི་སེང་གེའི་སྒྲ་ཆེན་པོ་བསྟན་པ། བམ་པོ་དང་པོ། རྒྱ་གར་སྐད་དུ། ཨཱརྱ་མཻ་ཏྲེ་ཡ་མ་ཧཱ་སིང་ཧ་ནཱ་ད་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བྱམས་པའི་སེང་གེའི་མདོ། 82-1-77b སྒྲ་ཆེན་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་ རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་ལྔ་སྟོང་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་བ་ དང་། སྤྱན་རས་གཟིགས་དབང་ཕྱུག་དང་། མཐུ་ཆེན་ཐོབ་དང་། དཔལ་གྱི་སྙིང་པོ་དང་། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་སྟོང་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ ལྡན་འདས་འཁོར་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཏོ། །དེའི་ཚེ་ན་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་འཁོར་དེ་ཉིད་དུ་འདུས་ཏེ་འདུག་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ ཆེན་པོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་ སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན་བདག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་ཕྱོགས་འགའ་ཞིག་ཞུ་ལགས་སོ། ། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང་ཁྱོད་ཅི་དང་ཅི་འདོད་པ་དེ་བཞིན་གཤེགས་པ་ལ་དྲིས་ཤིག་དང་། ངས་དྲིས་པ་དེ་དང་ དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུ་འམ་ 82-1-78a རིགས་ཀྱི་བུ་མོ་ཡོངས་སུ་མྱ་ངན་ལས་འདའ་བར་འཚལ་བས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་ཇི་ལྟར་བསླབ་པར་བགྱི། ཇི་ལྟར་སྤྱད་པར་བགྱི། ཇི་ལྟར་རྣལ་འབྱོར་ཏུ་ བགྱི་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང་ལེགས་སོ་ལེགས་སོ། །འོད་སྲུང་ཁྱོད་འདི་ལྟར་སྐྱེ་བོ་མང་པོ་ ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་རྗེས་སུ་སྙིང་བརྩེ་བ་དང་། ལྷ་དང་མི་རྣམས་ཀྱི་སྐྱེ་བོ་ཕལ་པོ་ཆེའི་དོན་དང་། ཕན་པ་དང་བདེ་བའི་ཕྱིར་ཞུགས་ཏེ། ཁྱོད་དེ་བཞིན་གཤེགས་པ་ལ་ དོན་དེ་ལྟ་བུ་ཡོངས་སུ་འདྲི་བར་སེམས་པ་ནི་ཡང་ཁྱོད་ལེགས་སོ། །འོད་སྲུང་དེའི་ཕྱིར་ཁྱོད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་པར་བྱའོ། །ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་ བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང་འདི་ལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཡོངས་ སུ་མྱ་ངན་ལས་འདའ་བར་འདོད་པས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་ཚུལ་ཁྲིམས་དང་ལྡན་པ་དང་། སོ་སོར་ཐར་པའི་སྡོམ་པས་བསྡམས་པ་དང་། ཆོ་ག་ཕུན་སུམ་ཚོགས་པ་དང་། སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང་། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ལ་ཡང་འཇིགས་པར་ལྟ་བ་དང་། བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཏེ་བསླབ་པར་བྱའོ། །བརྐམ་ཆགས་མེད་པ་དང་། ཚུལ་འཆོས་ པ་མེད་པ་དང་། ཁ་གསག་མེད་པ་དང་། གཞོག་སློངས་མེད་པ་དང་། ཐོབ་ཀྱིས་འཇལ་བ་མེད་པ་དང་། རྙེད་པས་རྙེད་པར་བྱེད་འདོད་པ་མེད་པ་དང་། ངོ་ཚ་ཤེས་པ་དང་ལྡན་པ་དང་། ཁྲེལ་ཡོད་པ་དང་ལྡན་པ་དང་། 82-1-78b འཛེམ་པ་དང་ལྡན་པར་བྱའོ། །འཁོར་བ་ལ་ཡིད་སྐྲག་པ་དང་། ངེས་པར་འབྱུང་བ་ལ་མཁས་པ་དང་། ངེས་པར་འབྱུང་བ་ལ་མངོན་པར་བརྩོན་པ་དང་། འཁོར་བ་ལ་རྟག་ཏུ་ཡིད་སྐྱོ་བ་དང་། མྱ་ངན་ལས་འདའ་བ་ལ་ ཕན་ཡོན་དུ་བལྟ་བར་བྱ་ཞིང་ཤིང་དྲུང་ན་འདུག་ཀྱང་རུང་། རི་ལ་འདུག་ཀྱང་རུང་། གནས་ཁང་ན་འདུག་ཀྱང་རུང་། ཕུག་ན་འདུག་ཀྱང་རུང་། དེས་དེ་བཞིན་གཤེགས་པ་རྣམ་པ་ལས་ཡིད་ལ་བྱ་སྟེ། འདི་ལྟར་བཅོམ་ ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་ མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་གདུང་རྒྱུད་ཕུན་སུམ་ཚོགས་པ། རིགས་ཕུན་སུམ་ཚོགས་པ། དགེ་བའི་རྩ་བ་ཕུན་སུམ་ཚོགས་པ། ཚུལ་ཁྲིམས་ཀྱིས་དཔག་ཏུ་མེད་ པ། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བས་དཔག་ཏུ་མེད་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱིས་དཔག་ཏུ་མེད་པ། ཡོན་ཏན་གྱི་ཆོས་བསམ་གྱིས་ མི་ཁྱབ་པ་དང་། གཞལ་དུ་མེད་པ་དང་། ཚད་མེད་པ་དང་ལྡན་པ། བདེན་པ་གསུང་བ། ཡང་དག་པ་གསུང་བ། ཇི་སྐད་གསུང་བ་དེ་བཞིན་དུ་མཛད་པ། མི་སླུ་བར་མཛད་པ། འཕགས་པ། སྨན་པ་ཆེན་པོ། ཟུག་རྔུ་ འབྱིན་པ། མ་གསོལ་བར་བཤེས་གཉེན་མཛད་པ། ཐུགས་རྗེ་དང་ལྡན་པ། དེད་དཔོན་ཆེན་པོ་ཡིན་ཏེ། དེ་ནི་ཆོས་མྱ་ངན་ལས་འདས་པ། ཟབ་པ་ཟབ་པར་སྣང་བ། ཞི་བ་ཞི་བ་སྟོན་པ། སྟོང་པ། སེམས་ཅན་མེད་ པ། འཁྲུལ་པ་མེད་པ། མཚན་མ་མེད་པ། མཚན་མ་ཡང་དག་པར་ཆད་པ། སྨོན་པ་མེད་པ། སྨོན་པ་དང་བྲལ་བ། སྤྲོས་པ་མེད་པ། སྤྲོས་པ་དང་བྲལ་བ། མཐོང་བར་དཀའ་བ། རྟོགས་པར་དཀའ་བ། ཉེ་བར་གཏོད་པ། 82-1-79a དངོས་པོ་དང་བྲལ་བ། དབེན་པ། དབེན་པ་དང་བྲལ་བ། དངོས་པོ་མེད་པ། དངོས་པོས་མ་གོས་པ། རྒྱུ་བ་མེད་པ། རྒྱུ་བ་ཡང་དག་པར་ཆད་པ། འགྲོ་བ་དང་བྲལ་བ། བརྗོད་དུ་མེད་པ། བརྗོད་པ་དང་བྲལ་བ། རློམ་སེམས་མེད་པ། ཀུན་དུ་བསྟན་པ། རྙོག་པ་མེད་པ། རྙོག་པ་དང་བྲལ་བ། བླང་བ་མེད་པ། དོར་བ་མེད་པ། སྡུག་བསྔལ་ཉེ་བར་ཞི་བ། སྲེད་པ་ཡང་དག་པར་ཆད་པ་སྟོན་པར་མཛད་པ། ཡང་དག་པར་ སྟོན་པར་མཛད་པ་ཡིན་ནོ་ཞེས་རྣམ་པ་ལས་ཡིད་ལ་བྱའོ། །འོད་སྲུང་དེ་ལ་དགེ་སློང་གཅིག་པུ་དབེན་པར་སོང་སྟེ། ནང་དུ་ཡང་དག་འཇོག་ལ་ཞུགས་པས་ནི་འདི་ལྟར་དེ་བཞིན་གཤེགས་པ་རྣམ་པ་ལས་ཡིད་ ལ་བྱ་སྟེ། བདག་གིས་མིའི་ལུས་ཐོབ་ཅིང་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཡང་ཐོབ། བདག་གིས་དེ་བཞིན་གཤེགས་པ་ཡང་མཉེས་པར་བྱས་པས་ན་བདག་ལེ་ལོ་བྱེད་ པ་དང་། བྱ་བ་སྣ་ཚོགས་ཀྱི་འདུ་འཛིས་གཡེན་སྤྱོ་ཞིང་གནས་པ་ནི་བདག་གི་མི་ཆའོ། །དེ་ཅིའི་ཕྱིར་ཞེ་ན། བདག་ལ་འབྲས་བུ་མ་ཐོབ་པ་ཁོ་ནར་འཆི་བའི་དུས་བྱེད་པར་འགྱུར་བ་གང་ཡིན་པའི་གནས་དེ་ལྟ་བུ་ཡང་ ཡོད་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདི་ལྟ་སྟེ། དཔེར་ན་ཨུ་དུམ་བ་རའི་མེ་ཏོག་ལྟར་བརྒྱ་ལ་བརྒྱ་ལམ་ན་འཇིག་རྟེན་དུ་འབྱུང་བར་འགྱུར་བས་དེ་ལྟ་ན་བདག་གིས་ད་ལྟར་བྱུང་བ་དང་། མ་བྱོན་ པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བྱས་པར་མི་འགྱུར་བའི་ཕྱིར་རོ། །ཞེས་དེ་ལྟར་དེ་བཞིན་གཤེགས་པ་རྣམ་པ་ལས་ཡིད་ལ་བྱའོ། །འོད་སྲུང་དེ་ལ་དགེ་སློང་གིས་ནི་ཁྱོད་དང་། གནས་བརྟན་རབ་འབྱོར་ཀྱི་རྗེས་སུ་བསླབ་པར་བྱ་སྟེ། འོད་སྲུང་འདི་ལྟར་ཁྱོད་ང་མ་མཐོང་མ་ཐོས་པར་འཇིག་རྟེན་ན་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་བཞུགས་པ་དེ་ 82-1-79b དག་གི་རྗེས་སུ་སློབ་པ་ན་རབ་ཏུ་བྱུང་བ་ནི་འོད་སྲུང་ཁྱོད་ཆོས་འདུལ་བ་འདི་ཉིད་ལ་མཛེས་པར་གྱུར་བ་ཡིན་པའི་ཕྱིར་རོ། །གང་དག་དེ་བཞིན་གཤེགས་པ་མངོན་སུམ་དུ་མཐོང་ཞིང་མཐོང་ནས་ཀྱང་ཉེ་བར་འོངས་ཏེ། རབ་ཏུ་ འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་གསོལ་བར་བྱེད་པ་དེ་དག་གི་རབ་ཏུ་བྱུང་བ་ནི་དེའི་འོག་ཏུ་ཡང་དེ་བཞིན་གཤེགས་པས་རྗེས་སུ་མཁྱེན་ཏོ། །རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དོན་གྱི་དབང་ གཉིས་མཐོང་བས་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བར་ཁས་བླང་བར་བྱ་སྟེ། གཉིས་གང་ཞེ་ན། ཚེ་འདི་ལ་འབྲས་བུ་ཐོབ་པར་འགྱུར་བ་དང་། མ་འོངས་པ་ན་བདག་གིས་སངས་ རྒྱས་ཀྱི་ཆོས་མཐོང་བའི་རྒྱུར་འགྱུར་བའོ། །འོད་སྲུང་དེ་ལ་སྐྱེས་བུ་བླུན་པོ་ཁ་ཅིག་དེ་བཞིན་གཤེགས་པའི་སྤྱན་སྔར་གོས་ངུར་སྨིག་དག་བགོས་ཤིང་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་ པོ་ཁས་བླངས་ཏེ་བསླབ་པ་རྣམས་བླངས་ནས་གནས་ཁང་དུ་སོང་ངམ། ཕུག་ཏུ་སོང་སྟེ་སྒོ་བཅད་ནས་འདོད་པའི་རྣམ་པར་རྟོག་པ་དག་ལ་རྣམ་པར་རྟོག་པར་བྱེད་ཅིང་། གནོད་སེམས་ཀྱི་རྣམ་པར་ རྟོག་པ་དག་དང་། རྣམ་པར་འཚེ་བའི་རྣམ་པར་རྟོག་པ་དག་དང་། ལྷུང་བཟེད་དང་། ཆོས་གོས་ཀྱི་རྣམ་པར་རྟོག་པར་རྟོག་པ་དག་དང་། མཛའ་བཤེས་ཀྱི་ཁྱིམ་དང་། སློངས་མོ་སྟེར་བའི་ཁྱིམ་གྱི་རྣམ་པར་རྟོག་པ་དག་ ལ་རྣམ་པར་རྟོག་པར་ཡང་བྱེད་ལ། དེ་དག་འདི་སྙམ་དུ་ཡང་སེམས་ཏེ། བདག་ཅག་ནི་དེ་བཞིན་གཤེགས་པས་མི་མཁྱེན་མི་རིག་རྣམ་པར་མི་རྟོགས་སོ། །སྙམ་དུ་ཡང་སེམས་སོ། །འོད་སྲུང་གང་གི་ ཚེ་དགེ་སློང་གནས་ཁང་ན་འདུག་ཀྱང་རུང་། ཕུག་ན་འདུག་ཀྱང་རུང་། འཆག་ས་ན་འདུག་ཀྱང་རུང་སྟེ། འདོད་པའི་རྣམ་པར་རྟོག་པ་དག་གམ། གནོད་སེམས་ཀྱི་རྣམ་པར་རྟོག་པ་དག་གམ། རྣམ་པར་ 82-1-80a འཚེ་བའི་རྣམ་པར་རྟོག་པ་དག་གམ། མི་དགེ་བའི་རྣམ་པར་རྟོག་པ་རྣམ་པ་སྣ་ཚོགས་དག་ལ་རྣམ་པར་རྟོག་པར་བྱེད་པ་དེའི་ཚེ་གནས་ཁང་ངམ་། ཕུག་གམ། འཆག་ས་དེ་ན་ལྷ་གང་དག་གཉུག་མ་གཉུག་མར་ གནས་པ་དེ་དག་གིས་དགེ་སློང་དེའི་སེམས་སེམས་ཀྱིས་ཤེས་ནས་དེ་དག་འདི་སྙམ་དུ་དགེ་སློང་འདི་གང་གི་ཕྱིར་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ལ་སྡིག་པ་མི་དགེ་བའི་རྣམ་པར་རྟོག་པ་དེ་ལྟ་བུ་དག་ ལ་རྣམ་པར་རྟོག་པར་བྱེད་པ་ནི་མི་རིགས་སོ་སྙམ་ནས་ཡི་མ་རངས་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བར་འགྱུར་ཏེ། འོད་སྲུང་དེ་ལ་ལྷ་དེ་དག་ལས་ཁ་ཅིག་ནི་སྐུལ་བར་ཡང་བྱེད། ཁ་ཅིག་གིས་ནི་སྣོད་མ་ཡིན་ པར་རིག་ནས་ཁྱད་དུ་བསད་དེ་འཁོད་པར་ཡང་བྱེད་དོ། །འོད་སྲུང་ལྟོས། དགེ་བའི་རྩ་བ་ཆུང་ངུ་དང་། ཤེས་པ་ཆུང་ངུ་དང་ལྡན་པའི་ལྷ་དེ་དག་གིས་ཀྱང་གཞན་གྱི་སེམས་ཤེས་ནས་དེ་བཞིན་གཤེགས་པ་བསྐལ་པ་བྱེ་བ་ཁྲག་ཁྲིག་ འབུམ་ཕྲག་གྲངས་མེད་པ་ནས་ལེགས་པར་སྤྱོད་པ་སྤྱད་པས་ལྟ་སྨོས་ཀྱང་ཅི་དགོས། འོད་སྲུང་དེ་བཞིན་གཤེགས་པ་ལ་ནི་མི་མཁྱེན་པ་འམ། མ་གཟིགས་པ་འམ། ཐུགས་སུ་མ་ཆུད་པ་འམ། མངོན་སུམ་དུ་ མ་མཛད་པ་ཅི་ཡང་མི་མངའ་སྟེ། འོད་སྲུང་དེ་བཞིན་གཤེགས་པ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་། དུས་ལས་རྣམ་པར་གྲོལ་བ་དང་། བརྗོད་པར་མི་བྱ་བའི་ཤེས་བྱ་རྣམ་པ་ལྔ་ལ་ཡེ་ཤེས་ཐོགས་པ་ མེད་པ་དང་ལྡན་ཞིང་ཐེ་ཚོམ་དང་བྲལ་བ་ཡིན་ནོ། །འོད་སྲུང་དེ་ལྟ་བས་ན་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བས་བདག་ཉིད་རང་ལ་རག་ལུས་པར་ཤེས་ནས་ དེ་བཞིན་གཤེགས་པས་ཀྱང་བདག་གི་སེམས་ཐུགས་ཀྱིས་མཁྱེན་ལ། གང་དག་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་ན་བཞུགས་ཏེ་འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ 82-1-80b ཀྱང་བདག་གི་སེམས་ཐུགས་ཀྱིས་མཁྱེན་པས་ན་བདག་གིས་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་ནས་དགེ་སྦྱོང་གི་ཆོམ་རྐུན་མི་བྱའོ་ཞེས་བསླབ་པར་བྱའོ། །འོད་སྲུང་དེ་ལ་དགེ་སྦྱོང་གི་ཆོམ་རྐུན་གང་ཞེ་ན། བཞི་པོ་འདི་ དག་ནི་དགེ་སྦྱོང་གི་ཆོམ་རྐུན་ཡིན་ཏེ། བཞི་གང་ཞེ་ན། འོད་སྲུང་འདི་ལ་དགེ་སློང་དགེ་སྦྱོང་གི་ཁ་དོག་དང་། རྟགས་དང་། དབྱིབས་ལ་གནས་ཤིང་། དེ་ཡང་ཚུལ་ཁྲིམས་འཆལ་བ་དང་། སྡིག་པའི་ཆོས་ཅན་ཡིན་པར་གྱུར་ན་དེ་ནི་ དགེ་སྦྱོང་གི་ཆོམ་རྐུན་དང་པོ་ཡིན་ནོ། །དབེན་པའི་གནས་སུ་སོང་སྟེ་གནས་པ་ན་མི་དགེ་བའི་རྣམ་པར་རྟོག་པ་དག་ལ་རྣམ་པར་རྟོག་པར་བྱེད་ན་དེ་ནི་དགེ་སྦྱོང་གི་ཆོམ་རྐུན་གཉིས་པ་ཡིན་ནོ། །བདག་ཉིད་འབྲས་བུ་མ་ཐོབ་ཅིང་ སོ་སོ་སྐྱེ་བོ་ཡིན་པར་ཤེས་བཞིན་དུ་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་འདོད་པས་ཟིལ་ཀྱིས་ནོན་པས་གཞན་དག་གི་མདུན་དུ་བདག་ཉིད་དགྲ་བཅོམ་པ་ཡིན་པར་ཁས་འཆེ་བར་བྱེད་ན་དེ་ནི་དགེ་སྦྱོང་གི་ཆོམ་རྐུན་ གསུམ་པ་ཡིན་ནོ། །བདག་ལ་སྟོད་ཅིང་གཞན་ལ་སྨོད་པར་བྱེད་ན་དེ་ནི་དགེ་སྦྱོང་གི་ཆོམ་རྐུན་བཞི་པ་ཡིན་ཏེ། འོད་སྲུང་བཞི་པོ་དེ་དག་ནི་དགེ་སྦྱོང་གི་ཆོམ་རྐུན་ཡིན་ནོ། །འོད་སྲུང་མི་གཏུམ་པ། བརླང་བ། དྲག་ཤུལ་གྱི་ལས་ དང་ལྡན་པ། ཉམ་སྟོབས་དང་ལྡན་པ། སྟོབས་ཆེན་པོའི་ཤུགས་དང་ལྡན་པ་གང་ལ་ལ་ཞིག་བྱུང་བར་གྱུར་ལ། འོད་སྲུང་སྐྱེས་བུ་དེས་འཛམ་བུའི་གླིང་པའི་མི་གང་ཇི་སྙེད་པ་རྣམས་དབྱུག་པས་བརྡེགས་སམ། མཚོན་ ཀྱིས་བཏབ་བམ། ཁུ་ཚུར་གྱིས་བསྣུན་ཏེ་ཕམ་བར་བྱས་སམ། ཉེ་བར་སྤྱད་པའི་ལོངས་སྤྱོད་མགྲོན་བུ་དང་། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུ་རྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། ས་ལེ་སྦྲམ་དང་། དངུལ་ དང་། རིན་པོ་ཆེ་སྣ་ཚོགས་དང་། ཁང་ཁྱིམ་དང་། བཞོན་པ་དང་། གོས་དང་། བཟའ་བ་དང་། བཏུང་བ་དང་། མལ་ཆ་དང་། སྟན་གྱི་ཉེ་བར་སྤྱད་པ་དང་། ཡོངས་སུ་སྤྱད་པ་དང་། དགའ་བ་དང་། རྩེ་བའི་ལོངས་སྤྱོད་ཇི་སྙེད་པ་དེ་དག་ 82-1-81a ཐམས་ཅད་བཅོམ་ཞིང་ཕྲོགས་ཏེ་ཁྱེར་བར་གྱུར་ན། འོད་སྲུང་འདི་ཇི་སྙམ་དུ་སེམས། གཞི་དེ་ལས་མི་དེ་བསོད་ནམས་མ་ཡིན་པ་མང་དུ་སྐྱེད་སྙམ་འམ། འོད་སྲུང་གིས་གསོལ་བ། བཅོམ་ལྡན་འདས་མང་ དུ་སྐྱེད་ལགས་སོ། །བདེ་བར་གཤེགས་པ་མང་དུ་སྐྱེད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཁྱོད་མོས་པར་བྱ། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱ་སྟེ། གང་ཞིག་བདག་ཉིད་འབྲས་བུ་མ་ཐོབ་ ཅིང་སོ་སོ་སྐྱེ་བོ་ཡིན་པར་ཤེས་བཞིན་དུ་དེ་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་འདོད་པས་ཟིལ་གྱིས་ནོན་པས་གཞན་དག་གི་མདུན་དུ་བདག་ཉིད་རྒྱུན་དུ་ཞུགས་པ་ཡིན་པར་ཁས་འཆེ་བར་བྱེད་ཅིང་། ཐ་ན་བསོད་ སྙོམས་གཅིག་ཙམ་ཡོངས་སུ་ལོངས་སྤྱོད་པར་བྱེད་ན་དེ་ནི་དེ་བས་ཆེས་བསོད་ནམས་མ་ཡིན་པའི་ཕུང་པོ་མང་དུ་སྐྱེད་དེ། དེ་ནི་དེ་བས་ཆེས་བསོད་ནམས་མ་ཡིན་པའི་ཕུང་པོ་མི་ཟད་པ་སྐྱེད་པ་ཡིན་ནོ། །དེ་ནས་བཅོམ་ ལྡན་འདས་ལ་གནས་བརྟན་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་དུ་དེ་བཞིན་གཤེགས་པས་དཔེ་བསྟན་པས་བསྡམ་པའི་གནས་བཀའ་སྩལ་པ་དེ་ནི་ངོ་མཚར་ལགས་ཏེ། བཅོམ་ལྡན་འདས་དཔེ་རིན་པོ་ཆེ་དེ་ལྟ་བུ་ཐོས་ན་སུ་ཞིག་འབྲས་བུ་མ་ཐོབ་པར་ཐ་ན་དད་པས་སྩལ་པ་ཆབ་སྣོད་གང་ཙམ་ཡང་ལེན་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་དེ་དེ་བཞིན་ནོ། ། ཇི་སྐད་སྨྲས་པ་དེ་བཞིན་ཏེ། མགོ་དང་གོས་ལ་མེད་འབར་བ་ལྟ་བུར་གནས་པར་བྱ་ཞིང་འབྲས་བུ་མ་ཐོབ་པར་ཐ་ན་དད་པས་བྱིན་པ་ཆུ་སྣོད་གང་ཙམ་ཡང་བླང་བར་མི་བྱའོ། །འོད་སྲུང་མི་གཉིས་པ་ཆེས་གཏུམ་པ། ཆེས་ བརླང་བ། ཆེས་དྲག་ཤུལ་གྱི་ལས་དང་ལྡན་པ། ཆེས་ཉམ་སྟོབས་དང་ལྡན་པ། ཆེས་སྟོབས་ཆེན་པོའི་ཤུགས་དང་ལྡན་པ་གང་ལ་ལ་ཞིག་བྱུང་བར་གྱུར་ལ། འོད་སྲུང་མི་དེས་གླིང་བཞི་པའི་འཇིག་རྟེན་གྱི་ 82-1-81b ཁམས་ན་མི་གང་ཇི་སྙེད་པ་རྣམས་དབྱུག་པས་བརྡེགས་སམ། མཚོན་ཀྱིས་བཏབ་བམ། ཁུ་ཚུར་གྱིས་བསྣུན་ཏེ་ཕམ་པར་བྱས་ནས། ཉེ་བར་སྤྱད་པའི་ལོངས་སྤྱོད་འགྲོན་བུ་དང་། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུ་རྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། ས་ལེ་སྦྲམ་དང་། དངུལ་དང་། རིན་པོ་ཆེ་སྣ་ཚོགས་དང་། ཁང་ཁྱིམ་དང་། བཞོན་པ་དང་། གོས་དང་། བཟའ་བ་དང་། བཏུང་བ་དང་། མལ་ཆ་དང་། སྟན་གྱི་ཉེ་བར་སྤྱད་པ་ དང་། ཡོངས་སུ་སྤྱད་པ་དང་། དགའ་བ་དང་། རྩེ་བའི་ལོངས་སྤྱོད་ཅི་སྙེད་པ་དེ་དག་ཐམས་ཅད་བཅོམ་ཞིང་ཕྲོགས་ཏེ་ཁྱེར་བར་གྱུར་ན། འོད་སྲུང་འདི་ཇི་སྙམ་དུ་སེམས། གཞི་དེ་ལས་མི་དེ་བསོད་ནམས་མ་ཡིན་པ་མང་དུ་སྐྱེད་སྙམ་ འམ། འོད་སྲུང་གིས་གསོལ་བ། བཅོམ་ལྡན་འདས་མང་དུ་སྐྱེད་ལགས་སོ། །བདེ་བར་གཤེགས་པ་མང་དུ་སྐྱེད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཁྱོད་མོས་པར་བྱ། ཁྱོད་ཀྱིས་ཁོང་ དུ་ཆུད་པར་བྱ་སྟེ། གང་ཞིག་བདག་ཉིད་འབྲས་བུ་མ་ཐོབ་ཅིང་སོ་སོའི་སྐྱེ་བོ་ཡིན་པར་ཤེས་བཞིན་དུ་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་འདོད་པས་ཟིལ་ཀྱིས་ནོན་པས་གཞན་དག་གི་མདུན་དུ་བདག་ཉིད་ལན་ཅིག་ ཕྱིར་འོང་བ་ཡིན་པར་ཁས་འཆེ་བར་བྱེད་ཅིང་ཐ་ན་བསོད་སྙོམས་གཅིག་ཙམ་ཡོངས་སུ་ལོངས་སྤྱོད་པར་བྱེད་ན། དེ་ནི་དེ་བས་ཆེས་བསོད་ནམས་མ་ཡིན་པའི་ཕུང་པོ་མང་དུ་སྐྱེད་དེ། དེ་ནི་དེ་བས་ཆེས་བསོད་ནམས་མ་ཡིན་པའི་ཕུང་ པོ་མི་ཟད་པ་སྐྱེད་པ་ཡིན་ནོ། །འོད་སྲུང་གླིང་བཞི་པའི་འཇིག་རྟེན་གྱིས་ཁམས་ན་མི་གང་ཇི་སྙེད་པ་ཐམས་ཅད་ཀྱི་ཉེ་བར་སྤྱད་པའི་ལོངས་སྐྱོད་རྣམས་ལྟ་ཞོག་གི། འོད་སྲུང་མི་གསུམ་པ་ཆེས་ཤིན་དུ་གཏུམ་པ། ཆེས་ཤིན་དུ་བརླང་ བ། ཆེས་ཤིན་དུ་དྲག་ཤུལ་གྱི་ལས་དང་ལྡན་པ། ཆེས་ཤིན་དུ་ཉམ་སྟོབས་དང་ལྡན་པ། ཆེས་ཤིན་དུ་སྟོབས་ཆེན་པོའི་ཤུགས་དང་ལྡན་པ་གང་ལ་ལ་ཞིག་བྱུང་བར་གྱུར་ལ། འོད་སྲུང་མི་དེས་སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་ན། 82-1-82a མི་གང་ཇི་སྙེད་ཅིག་སྐྱེས་པ་དེ་དག་དབྱུག་པས་བརྡེགས་སམ། མཚོན་གྱིས་བཏབ་བམ། ཁུ་ཚུར་གྱིས་བསྣུན་ཏེ་ཕམ་པར་བྱས་ནས་ཉེ་བར་སྤྱད་པའི་ལོངས་སྤྱོད་མགྲོན་བུ་དང་། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུ་རྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། ས་ལེ་སྦྲམ་དང་། དངུལ་དང་། རིན་པོ་ཆེ་སྣ་ཚོགས་དང་། ཁང་ཁྱིམ་དང་། བཞོན་པ་དང་། གོས་དང་། བཟའ་བ་དང་། བཏུང་བ་དང་། མལ་ཆ་དང་། སྟན་གྱི་ཉེ་བར་སྤྱད་པ་དང་། ཡོངས་སུ་སྤྱད་པ་དང་། དགའ་བ་དང་། རྩེ་བའི་ལོངས་སྤྱོད་ཇི་སྙེད་པ་དེ་དག་ཐམས་ཅད་བཅོམ་ཞིང་ཕྲོགས་ཏེ་ཁྱེར་བར་གྱུར་ན། འོད་སྲུང་འདི་ཇི་སྙམ་དུ་སེམས། གཞི་དེ་ལས་མི་དེ་བསོད་ནམས་མ་ཡིན་པ་མང་དུ་སྐྱེད་སྙམ་འམ། འོད་སྲུང་གིས་གསོལ་ བ། བཅོམ་ལྡན་འདས་མང་དུ་སྐྱེད་ལགས་སོ། །བདེ་བར་གཤེགས་པ་མང་དུ་སྐྱེད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཁྱོད་མོས་པར་བྱ། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱ་སྟེ། གང་ཞིག་ བདག་ཉིད་འབྲས་བུ་མ་ཐོབ་ཅིང་སོ་སོའི་སྐྱེ་བོ་ཡིན་པར་ཤེས་བཞིན་དུ་དེ་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་འདོད་པས་ཟིལ་ཀྱིས་ནོན་པས་གཞན་དག་གི་མདུན་དུ་བདག་ཉིད་ཕྱིར་མི་འོང་བ་ཡིན་པར་ཁས་འཆེ་བར་ བྱེད་ཅིང་ཐ་ན་བསོད་སྙོམས་གཅིག་ཙམ་ཡོངས་སུ་ལོངས་སྤྱོད་པར་བྱེད་ན་དེ་ནི་དེ་བས་ཆེས་བསོད་ནམས་མ་ཡིན་པའི་ཕུང་པོ་མང་དུ་སྐྱེད་དེ། དེ་ནི་དེ་བས་ཆེས་བསོད་ནམས་མ་ཡིན་པའི་ཕུང་པོ་མི་ཟད་པ་སྐྱེད་པ་ ཡིན་ནོ། །འོད་སྲུང་སྟོང་ཆུང་ངུ་ཕྲ་མོའི་འཇིག་རྟེན་གྱི་ཁམས་ན་མི་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱི་ཉེ་བར་སྤྱད་པའི་ལོངས་སྤྱོད་རྣམས་ལྟ་ཞོག་གི། འོད་སྲུང་མི་བཞི་པ་ཆེས་ཤིན་དུ་རབ་ཏུ་གཏུམ་པ། ཆེས་ཤིན་དུ་རབ་ཏུ་ བརླང་བ། ཆེས་ཤིན་དུ་རབ་ཏུ་དྲག་ཤུལ་གྱི་ལས་དང་ལྡན་པ། ཆེས་ཤིན་དུ་རབ་ཏུ་ཉམ་སྟོབས་དང་ལྡན་པ། ཆེས་ཤིན་དུ་རབ་ཏུ་སྟོབས་ཆེན་པོའི་ཤུགས་དང་ལྡན་པ་གང་ལ་ལ་ཞིག་བྱུང་བར་གྱུར་ལ། འོད་སྲུང་མི་དེས་སྟོང་ 82-1-82b གི་འཇིག་རྟེན་གྱི་ཁམས་ན་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པའི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་དབྱུག་ པས་བརྡེགས་སམ། མཚོན་གྱིས་བཏབ་བམ། ཁུ་ཚུར་གྱིས་བསྣུན་ཏེ་ཕམ་པར་བྱས་ནས། ཉེ་བར་སྤྱད་པའི་ལོངས་སྤྱོད་མགྲོན་བུ་དང་། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུ་རྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། ས་ ལེ་སྦྲམ་དང་། དངུལ་དང་། རིན་པོ་ཆེ་སྣ་ཚོགས་དང་། ཁང་ཁྱིམ་དང་། བཞོན་པ་དང་། གོས་དང་། བཟའ་བ་དང་། བཏུང་བ་དང་། མལ་ཆ་དང་། སྟན་གྱི་ཉེ་བར་སྤྱད་པ་དང་། ཡོངས་སུ་སྤྱད་པ་དང་། དགའ་བ་དང་། རྩེ་བའི་ཡོ་བྱད་ཇི་སྙེད་ པ་དེ་དག་ཐམས་ཅད་བཅོམ་ཞིང་ཕྲོགས་ཏེ་ཁྱེར་བར་གྱུར་ན། འོད་སྲུང་འདི་ཇི་སྙམ་དུ་སེམས། གཞི་དེ་ལས་མི་དེ་བསོད་ནམས་མ་ཡིན་པ་མང་དུ་སྐྱེད་སྙམ་འམ། འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས་མང་དུ་སྐྱེད་ ལགས་སོ། །བདེ་བར་གཤེགས་པ་མང་དུ་སྐྱེད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཁྱོད་མོས་པར་བྱ། ཁྱོད་ཀྱི་ཁོང་དུ་ཆུད་པར་བྱ་སྟེ། གང་ཞིག་བདག་ཉིད་འབྲས་བུ་མ་ཐོབ་ཅིང་སོ་སོའི་སྐྱེ་བོ་ ཡིན་པར་ཤེས་བཞིན་དུ་དེ་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་འདོད་པས་ཟིལ་ཀྱིས་ནོན་པས་གཞན་དག་གི་མདུན་དུ་བདག་ཉིད་དགྲ་བཅོམ་པ་ཡིན་པར་ཁས་འཆེ་བར་བྱེད་ཅིང་ཅི་ནས་ཀྱང་གཞན་དག་གིས་ བདག་དགྲ་བཅོམ་པ་ཡིན་པར་ཤེས་པར་བྱའོ། །སྙམ་ནས་དགྲ་བཅོམ་པ་སྟེང་དུ་འབྱུང་བར་ཡང་བྱེད། དགྲ་བཅོམ་པའི་དཔེ་སྟོན་པ་ལྟར་དཔེ་སྟོན་པར་ཡང་བྱེད་ལ། དེ་ལྟར་སྡིག་པ་ཅན་གྱི་འདོད་པ་དེ་ལྟ་བུ་དང་ལྡན་པས། ཐ་ན་གཞན་གྱིས་བྱིན་པའི་དད་པས་བྱིན་པ་བསོད་སྙོམས་གཅིག་ཙམ་ཡོངས་སུ་ལོངས་སྤྱོད་པར་བྱེད་ན། དེ་ནི་དེ་བས་ཆེས་བསོད་ནམས་མ་ཡིན་པའི་ཕུང་པོ་མང་དུ་སྐྱེད་དེ། དེ་ནི་དེ་བས་ཆེས་བསོད་ནམས་མ་ 82-1-83a ཡིན་པའི་ཕུང་པོ་མི་ཟད་པ་སྐྱེད་པ་ཡིན་ནོ། །འོད་སྲུང་དེ་བས་ན་གང་སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱི་བདེ་བའི་ཡོ་བྱད་ཐམས་ཅད་འཕྲོག་པར་མི་སྤྲོ་བ་དེ་ནི་སྡིག་ཅན་གྱི་འདོད་པ་ དེ་ལྟ་བུ་དེས་དད་པས་བྱིན་པ་ཡོངས་སུ་ལོངས་སྤྱོད་པར་བྱེད་དེ། འོད་སྲུང་ངས་ནི་སྡིག་པ་ཅན་གྱི་འདོད་པ་དེ་ལས་གཞན་པ་རབ་ཏུ་བྱུང་བའི་ཆོས་ཤིན་དུ་ཐ་ཆད་གཅིག་ཤོས་གཞན་མ་མཐོང་ངོ་། །འོད་སྲུང་བཞི་པོ་ འདི་དག་ནི་ཉན་ཐོས་ཀྱི་ཐེག་པ་བ་རབ་ཏུ་བྱུང་བའི་སྡིག་པ་འདོད་པ་ཡིན་ཏེ། བཞི་གང་ཞེ་ན། མ་འོངས་པའི་སངས་རྒྱས་མཐོང་བར་འདོད་པ་དང་། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་འདོད་པ་དང་། གཞན་ཡང་རྒྱལ་ རིགས་ཀྱི་རིགས་དག་འདོད་པ་དང་། བྲམ་ཟེའི་རིགས་དག་འདོད་པ་སྟེ། བཞི་པོ་དེ་དག་ནི་ཉན་ཐོས་ཀྱི་ཐེག་པ་བ་རབ་ཏུ་བྱུང་བའི་སྡིག་པ་འདོད་པ་ཡིན་ནོ། །གང་དུ་འགའ་ཞིག་ལ་སྨོན་པར་བྱེད་ན། ཆེར་ན་མྱ་ངན་ལས་འདས་པ་ ལ་སྨོན་པར་བྱེད་ན་དེ་ཡང་དེའི་སྡིག་པ་འདོད་པ་ཉིད་ཡིན་ཏེ། དེ་བཞིན་གཤེགས་པས་དེ་ལས་དགོངས་ནས་དགེ་སློང་དག་ང་ནི་ཆེར་ན་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཡང་རུང་སྟེ། སྐད་ཅིག་ ཙམ་སྐྱེ་བ་ལ་ཡང་བསྔགས་པ་མི་བརྗོད་དོ་ཞེས་སྟོན་ཏོ། །འོད་སྲུང་བཞི་པོ་འདི་དག་ནི་དགེ་སྦྱོང་གི་དྲི་མ་སྟེ། རབ་ཏུ་བྱུང་བས་དེ་དག་ཐམས་ཅད་ཀྱི་ཐམས་ཅད་དུ་མི་བྱའོ། །བཞི་གང་ཞེ་ན། འཇིག་རྟེན་ས་ལ་མངོན་ བར་ཞེན་པ་དང་། གང་ཟག་ཏུ་འཛིན་པ་དང་། བསླབ་པ་ལས་འདའ་བ་དང་། མ་འོངས་པའི་སངས་རྒྱས་མཐོང་བར་འདོད་པ་སྟེ། བཞི་པོ་དེ་དག་ནི་དགེ་སྦྱོང་གི་དྲི་མ་ཡིན་ཏེ། རབ་ཏུ་བྱུང་བས་དེ་དག་ཐམས་ཅད་ཀྱི་ཐམས་ ཅད་དུ་མི་བྱའོ། །འོད་སྲུང་དགེ་སྦྱོང་དང་། བྲམ་ཟེ་འཚོ་བ་ཡོངས་སུ་དག་པ། སྡིག་པ་འདོད་པ་མེད་པ། ཚུལ་ཁྲིམས་དང་ལྡན་པ། དྲང་པོའི་རང་བཞིན་ཅན་གཡོ་མེད་པ། སྒྱུ་ཅན་མ་ཡིན་པ། ཁེངས་པ་མ་ཡིན་པ་ 82-1-83b ཡོངས་སུ་མྱ་ངན་ལས་འདའ་བ་འདོད་པ་རྣམས་ཀྱི་ཆེད་དུ་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པས་ན་འོད་སྲུང་དེ་དག་དབུགས་འབྱིན་པར་བྱེད་པ་བརྗོད་པར་བྱ་སྟེ། དེ་ཐོས་ ན་རྣལ་འབྱོར་པ་རྣལ་འབྱོར་སྤྱོད་པ་དག་དགའ་བ་དང་མགུ་བར་འགྱུར་རོ། །འོད་སྲུང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་ཇི་སྙེད་ཡོད་ པ་དེ་དག་ཐམས་ཅད་ལ་བསྐལ་པ་འམ། བསྐལ་པ་ལས་ལྷག་པར་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་པ་བས་ནི་ཡང་དག་པར་ཞུགས་པ། ཚུལ་ཁྲིམས་ཡོངས་ སུ་དག་པ། འཚོ་བ་ཡོངས་སུ་དག་པ་ཞིག་གིས་སྦྱིན་པ་པོ་གང་གི་དད་པས་བྱིན་པ་ཐ་ན་ཆུ་སྣོད་གང་ཙམ་ཞིག་བདག་གིར་བྱས་པར་གྱུར་ན་དེ་ཉིད་དེ་ལ་བསོད་ནམས་ཀྱི་ཕུང་པོ་ཆེས་རྒྱ་ཆེ་བར་འགྱུར་གྱི། གླིང་ཆེན་པོ་བཞི་ པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་བསྐལ་པ་འམ། བསྐལ་པ་ལས་ལྷག་པར་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་པ་དེ་ལ་ནི་དེ་ལྟ་མ་ཡིན་ནོ། ། འོད་སྲུང་ཇི་ལྟར་མི་བླུན་པོ་སྡིག་པ་འདོད་པ་དང་ལྡན་པ་དེས་གང་གི་དྲུང་ནས་ཆོས་གོས་སམ། བསོད་སྙོམས་ཡོངས་སུ་ལོངས་སྤྱོད་པ་དེའི་དོན་དེ་ཡོངས་སུ་ཉམས་པར་བྱེད་པ་དེ་ལྟར་ནི་དགྲ་བོ་དང་། གཤེད་མ་དང་། ཕྱིར་རྒོལ་ བ་དང་། ཕས་ཀྱི་དགྲས་ཀྱང་ཡོངས་སུ་ཉམས་པར་བྱེད་མི་ནུས་སོ། །འོད་སྲུང་བཞི་པོ་འདི་དག་ནི་རབ་ཏུ་བྱུང་བའི་ཉོན་མོངས་པ་ཆ་ཕྲ་བ་རྣམས་ཡིན་ཏེ། རབ་ཏུ་བྱུང་བ་ཉོན་མོངས་པ་ཆ་ཕྲ་བ་དེ་དག་དང་ལྡན་ན་འདི་ལྟ་སྟེ། དཔེར་ན་མདའ་འཕངས་པ་དེ་བཞིན་དུ་སེམས་ཅན་དམྱལ་བར་འགྲོ་བ་ཡིན་པར་བརྗོད་པར་བྱའོ། །བཞི་གང་ཞེ་ན། གཞན་གྱི་རྙེད་པ་ལ་ཕྲག་དོག་གི་ཆོས་ཉིད་དང་ལྡན་པ་དང་། སྡོམ་པ་དང་ལྡན་པའི་མདོ་སྡེ་ཐོས་ 82-1-84a ནས་ཚུལ་ཁྲིམས་ཀྱི་ཉེས་པ་འབྱིན་པར་བྱེད་པ་དང་། དེ་བཞིན་གཤེགས་པའི་བཀའ་ལས་འདས་སམ། བསླབ་པ་ལས་འདས་ན་ལྷག་པའི་ང་རྒྱལ་གྱིས་འཆབ་པར་བྱེད་ཅིང་རྣམ་པར་འབྱེད་པར་མི་བྱེད། འཆགས་ པར་མི་བྱེད་པ་དང་། ཤེས་ཤིང་རྟོགས་བཞིན་དུ་དད་པས་བྱིན་པ་ཡོངས་སུ་ལོངས་སྤྱོད་པར་བྱེད་པ་སྟེ། འོད་སྲུང་བཞི་པོ་དེ་དག་ནི་རབ་ཏུ་བྱུང་བའི་ཉོན་མོངས་པ་ཆ་ཕྲ་བ་རྣམས་ཡིན་ཏེ། རབ་ཏུ་བྱུང་བ་ཉོན་མོངས་པ་ཆ་ཕྲ་བ་དེ་དག་ དང་ལྡན་ན་འདི་ལྟ་སྟེ་དཔེར་ན་མདའ་འཕངས་པ་དེ་བཞིན་དུ་སེམས་ཅན་དམྱལ་བར་འགྲོ་བ་ཡིན་པར་བརྗོད་པར་བྱའོ། །འོད་སྲུང་བཞི་པོ་འདི་དག་ནི་དགེ་སྦྱོང་ལྟར་བཅོས་པ་ཡིན་ཏེ། བཞི་གང་ཞེ་ན། ཚུལ་ཁྲིམས་འཆལ་ པ་དང་། བདག་ཏུ་ལྟ་བ་དང་། དམ་པའི་ཆོས་སྤོང་བ་དང་། འཇིག་རྟེན་རྒྱང་པན་པ་སྟེ། བཞི་པོ་དེ་དག་ནི་དགེ་སྦྱོང་ལྟར་བཅོས་པ་ཡིན་ནོ། །འོད་སྲུང་བཞི་པོ་འདི་དག་ནི་རབ་ཏུ་བྱུང་བའི་རྒྱགས་ཤིང་བག་མེད་པ་ཡིན་ཏེ། རབ་ཏུ་བྱུང་ བ་རྒྱགས་ཤིང་བག་མེད་པ་དེ་དག་དང་ལྡན་ན་སེམས་ཅན་དམྱལ་བར་འགྲོ་བ་ཡིན་པར་བརྗོད་པར་བྱའོ། །བཞི་གང་ཞེ་ན། མང་དུ་ཐོས་པས་རྒྱགས་ཤིང་དེ་མང་དུ་ཐོས་པས་བག་མེད་པར་འགྱུར་བ་དང་། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པས་རྒྱགས་ཤིང་དེ་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པས་ཟིལ་ཀྱིས་ནོན་པས་བག་མེད་པར་འགྱུར་བ་དང་། མཛའ་བཤེས་ཀྱི་ཁྱིམ་དང་། སློངས་མོ་སྟེར་བའི་ཁྱིམ་གྱིས་རྒྱགས་ཤིང་དེ་མཛའ་བཤེས་ ཀྱི་ཁྱིམ་དང་། སློངས་མོ་སྟེར་བའི་ཁྱིམ་གྱིས་སྤགས་པས་བག་མེད་པར་འགྱུར་བ་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པས་རྒྱགས་ཤིང་དེ་སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པས་རྒྱགས་པས་བདག་ ལ་བསྟོད་པར་བྱེད། གཞན་ལ་སྨོད་པར་བྱེད་པ་དེ་ནི་བག་མེད་པ་ཞེས་བྱ་སྟེ། འོད་སྲུང་བཞི་པོ་དེ་དག་ནི་རབ་ཏུ་བྱུང་བའི་རྒྱགས་ཤིང་བག་མེད་པ་ཡིན་ཏེ། རབ་ཏུ་བྱུང་བ་རྒྱགས་ཤིང་བག་མེད་པ་དེ་དག་དང་ལྡན་ན་སེམས་ཅན་ 82-1-84b དམྱལ་བར་འགྲོ་བ་ཡིན་པར་བརྗོད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་གནས་བརྟན་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་དགེ་སྦྱོང་ལྟར་བཅོས་པ་ ངུར་སྨྲིག་འཚལ་བ་གང་དག་དེ་བཞིན་གཤེགས་པས་བསྐལ་པ་བྱེ་བ་གྲངས་མ་མཆིས་པར་ཡང་དག་པར་བསྒྲུབས་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ནུབ་པར་བགྱིད་པར་འགྱུར་བ་ཅི་འདྲ་བ་དག་འབྱུང་ བར་འགྱུར་ལགས། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང་དེ་བཞིན་གཤེགས་པ་ལ་གཏམ་འདི་ཡོངས་སུ་དྲིས་པས་ཁྱོད་ལ་ ཅི་བྱས་ཐོང་ཤིག །དེ་ཅིའི་ཕྱིར་ཞེ་ན། འོད་སྲུང་གལ་ཏེ་དེ་བཞིན་གཤེགས་པས་མི་བླུན་པོ་དེ་དག་གི་སྡིག་པ་འདོད་པ་དང་། ཡང་དག་པ་མ་ཡིན་པར་འཛིན་པ་དང་། གཡོ་དང་། ཆོམ་རྐུན་དང་། ཕྱིན་ཅི་ལོག་དང་། བདུད་ཀྱི་ཉེས་པ་དང་། བདུད་ཀྱི་བྱིན་གྱིས་བརླབས་ཀྱི་སྐྱོན་ཡང་དག་ཐམས་ཅད་བརྗོད་ཅིང་ཡང་དག་པར་བཤད་པར་གྱུར་ན། འོད་སྲུང་ཁྱོད་ཀྱིས་སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་གི་སྡིག་པ་ཀུན་སྤྱོད་པ་དེ་དག་ཐོས་ན་ཡང་དག་པ་མ་ཡིན་ཡང་སྣང་ བར་མི་འགྱུར་བའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་གནས་བརྟན་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཆོས་འདུལ་བ་འདི་ཅི་ནས་ཀྱང་། ཡུན་རིང་དུ་གནས་པར་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང་དེ་བཞིན་གཤེགས་པ་ནི་རིང་པོ་མི་ཐོགས་པར་ཡོངས་སུ་ མྱ་ངན་ལས་འདའ་བར་འགྱུར་རོ། །འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། དམ་པའི་ཆོས་ཀུན་དུ་བསྲུང་བའི་སླད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བསྐལ་པ་འམ། བསྐལ་པ་ལས་ལྷག་པར་ 82-1-85a བཞུགས་སུ་གསོལ། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང་གལ་ཏེ་སངས་རྒྱས་སྟོང་སྙེད་ཅིག་གིས་མི་བླུན་པོ་དེ་དག་ ལ་ཆོ་འཕྲུལ་དང་བཅས་པའི་ཆོས་བསྟན་དུ་ཟིན་ཀྱང་སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་སྡིག་པ་འདོད་པ་དང་། སྡིག་པ་འཛིན་པ་དེ་དག་ལས་ཕྱིར་གཟུང་བ་འམ། བཟློག་པར་མི་སྤྱོད་དོ། །འོད་སྲུང་གཞན་ཡང་ཁྱོད་ཕྱི་མའི་ དུས་ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་བསྲུང་བར་སྤྲོ་འམ། སེམས་ཅན་བསམ་བ་དགེ་བ་གང་དག་ཁྱོད་ཀྱིས་བཤད་པ་ལ་གུས་པར་ཉན་པ་སྐྱེད་པར་འགྱུར་བ་དག་ཀྱང་འབྱུང་བར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་གནས་བརྟན་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ན་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་བཅས་པ། བྲག་དང་རི་བོའི་ཟོམ་དང་བཅས་ པ། རྒྱ་མཚོ་དང་། ཆུ་ཀླུང་དང་། ནགས་ཚལ་དང་བཅས་པ་འདི་བསྐལ་པ་འམ། བསྐལ་པ་ལས་ལྷག་པར་ཕྲག་པ་འམ། སྤྱི་བོ་ལ་འཚལ་བར་ནི་སྤྲོ་ལགས་ཀྱི། བཅོམ་ལྡན་འདས་བདག་སྐྱེས་བུ་དམ་པ་མ་ལགས་པ་དེ་དག་ གི་ལོག་པར་སྨྲ་བའི་སུག་ལས་དེ་དག་ཉན་པར་ནི་མི་སྤྲོ་ལགས་སོ། །བཅོམ་ལྡན་འདས་བདག་རྒྱ་ཤུག་གམ། ཏིལ་ལམ། འབྲས་བུ་གཅིག་གིས་བསྐལ་པ་འམ། བསྐལ་པ་ལས་ལྷག་པར་འཚོ་བར་ནི་སྤྲོ་ལགས་ཀྱི། བཅོམ་ ལྡན་འདས་སྐྱེས་བུ་དམ་པ་མ་ལགས་པ་དེ་དག་གི་ལོག་པར་སྨྲ་བའི་སུག་ལས་དེ་དག་ཉན་པར་ནི་མི་སྤྲོ་ལགས་སོ། །བཅོམ་ལྡན་འདས་བདག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་བསྐལ་ པའི་ཞུགས་ཆེན་པོ་འབར། ཀུན་དུ་འབར། ཀུན་དུ་རབ་ཏུ་མཆེད་ཅིང་འབར་བར་གྱུར་བའི་ནང་དུ་སྤྱོད་ལམ་བཞི་པོ་དག་གིས་དགུང་ལོ་བྱེ་བ་སྙེད་དུ་གནས་པར་ནི་སྤྲོ་ལགས་ཀྱི། བཅོམ་ལྡན་འདས་བདག་ 82-1-85b སྐྱེས་བུ་དམ་པ་མ་ལགས་པ་དེ་དག་གི་ལོག་པར་སྨྲ་བའི་སུག་ལས་དེ་དག་ཉན་པར་ནི་མི་སྤྲོ་ལགས་སོ། །བཅོམ་ལྡན་འདས་བདག་སེམས་ཅན་ཐམས་ཅད་ལ་ཁྲོ་བ་དང་། སྐྱོ་བ་དང་། སྨད་པ་དང་། བཤུང་བ་དང་། བསྡིགས་པ་དང་། བརྡེག་བཙོག་དག་བཟོད་པས་དང་དུ་ལེན་པར་ནི་སྤྲོ་ལགས་ཀྱི། བཅོམ་ལྡན་འདས་བདག་མི་བླུན་པོ་ཆོས་ཀྱི་རྐུན་པོ། ཆོས་ཀྱི་ཆོམ་རྐུན་པོ། ཆོས་ལ་མུ་ཅོར་སྨྲ་བ། ཆོས་ལྟར་བཅོས་པ་སྟོན་པ་དག་གི་ལོག་པར་སྨྲ་བའི་སུག་ ལས་དེ་དག་ཉན་པར་ནི་མི་སྤྲོ་ལགས་ཏེ། བཅོམ་ལྡན་འདས་བདག་ནི་ཉི་ཚེ་བར་སྤྱོད་པ་ཉི་ཚེ་བའི་ཤེས་པ་དང་ལྡན་པ་ལགས་པས་དེ་ལྟ་བུའི་ཁུར་འདེག་པའི་རྡོ་མི་ཐོགས་ལགས་ཀྱི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ནི་ དེ་ལྟ་བུའི་ཁུར་འདེག་པར་རྡོ་ཐོག་ལགས་སོ། །བཅོམ་ལྡན་འདས་གཞན་ཡང་འདི་ལ་བདག་དཔེར་བརྗོད་པར་སྤོབས་ལགས་ཏེ། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་བགྱི་ན་མི་ལ་ལ་ཞིག་རྒས་ཤིང་གཏུགས་ལ་འཁོགས་ པར་གྱུར་ཅིང་དེ་ཡང་ན་ཚོད་དགུང་ལོ་བརྒྱ་ཉི་ཤུ་ཙམ་ལགས་པར་གྱུར་ལ། མི་དེ་བྲོ་ནད་ཀྱིས་ཐེབས་ཤིང་གློ་བ་མི་བདེ་ནས་མཆིས་མལ་གྱི་ཁྲི་སྟེང་དུ་མཆིས་ཉལ་བར་གྱུར་ན་མི་ཤེས་རབ་འཆལ་པའི་རང་བཞིན་ཅན་ཕྱུག་ལ་ནོར་ མང་བ། ལོངས་སྤྱོད་ཆེ་བ་ལ་ལ་ཞིག་དེར་མཆིས་ནས་མི་མཆིས་མལ་གྱི་ཁྲི་སྟེང་ན་མཆིས་ཉལ་བ་དེ་ལ་ཀྱེ་སྐྱེས་བུ་ཁོ་བོའི་གཏེར་འདི་ཁྱོད་ལ་གདམས་ཀྱིས་ཁོ་བོ་གང་གི་ཚེ་ལོ་བཅུ་འམ། ཉི་ཤུ་ཙམ་ན་ཡུལ་གཞན་ནས་ ཕྱིར་འོང་བ་དེའི་ཚེ་ཁྱོད་ཀྱིས་གཏེར་འདི་ཁོ་བོ་ལ་ཕྱིར་བྱིན་ཅིག་ཅེས་དེའི་སུག་པར་གཏེར་འདོམས་པར་བགྱིད་ཅིང་དེ་ལྟར་གཏམས་ནས་ཡུལ་གཞན་དུ་མཆིས་པར་གྱུར་ལ། མི་མཆིས་མལ་གྱི་ཁྲི་སྟེངས་ན་མཆིས་ཉལ་ བ་དེ་བུ་ཡང་མ་མཆིས། བུ་མོ་ཡང་མ་མཆིས། འཁོར་ཀྱང་མ་མཆིས་ལ། དེ་ནས་མི་དེ་ཡུལ་གཞན་དུ་མཆིས་ནས་རིང་པོ་མ་ལགས་པར་དེ་ཡང་འགུམ་པའི་དུས་བགྱིས་པར་གྱུར་ན་ནོར་གྱི་ཚོགས་དེ་དག་ཐམས་ཅད་ 82-1-86a ཀྱང་ཆབ་འཚལ་བར་གྱུར་བའི་སླད་ན། མི་དེ་སླར་མཆིས་ན་སུ་ལ་ཇི་སྐད་བགྱིད་ཡང་མ་མཆིས་པ་དེ་བཞིན་དུ་བཅོམ་ལྡན་འདས་གང་ཞིག་ཉན་ཐོས་ཉི་ཚེ་བར་སྤྱོད་པ། ཉི་ཚེ་བའི་ཤེས་པ་དང་ལྡན་པ། ཟླ་བོ་མ་ མཆིས་པ། ཡུན་རིང་པོར་མི་གནས་པ་ལ་དམ་པའི་ཆོས་ཀྱི་གཏེར་འདོམས་པར་བགྱིད་ན་དེ་ཡང་ཡུན་རིང་དུ་གནས་པར་མི་འགྱུར་བར་འཚལ་བར་བགྱི་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ལེགས་ སོ་ལེགས་སོ། །ངས་ཀྱང་དེ་ལྟར་ཤེས་ཏེ། འོན་ཀྱང་ཁྱོད་ལ་དཔེའི་སྤོབས་པ་དེ་ལྟ་བུ་ཐོས་ན་སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་ཀུན་དུ་སྐྱོ་བའི་སེམས་སྐྱེ་བར་འགྱུར་བས་ན་ངས་ཤེས་བཞིན་དུ་ཁྱོད་ལ་དྲིས་པ་ཡིན་ནོ། །དེ་ནས་ བཅོམ་ལྡན་འདས་ལ་གནས་བརྟན་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལ་བདག་དཔེ་གཉིས་པ་བརྗོད་པར་ཡང་སྤོབས་ལགས་ཏེ། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་བགྱི་ན་མི་བྲོ་ནད་ མ་མཆིས་པའི་རང་བཞིན་ཅན་བྲོ་ནད་དང་བྲལ་བ། དགུང་ལོ་འབུམ་ཕྲག་དུ་མར་འཚོ་བ། གཞོན་ནུ་ཐོར་བུ་ལང་ཚོ་ལ་བབ་པ། གཡོག་འཁོར་ཕུན་སུམ་ཚོགས་པ། ལོངས་སྤྱོད་ཕུན་སུམ་ཚོགས་པ། རུས་ཕུན་ སུམ་ཚོགས་པ། རིགས་ཕུན་སུམ་ཚོགས་པ། དགེ་བའི་ངང་ཚུལ་ཅན། བྱམས་པ་དང་ལྡན་པ། སྙིང་རྗེ་ཆེ་བ། ཡིད་དགའ་བ་དང་ལྡན་པ། སེམས་ཅན་གྱི་སྐྱོན་དང་། ཉོན་མོངས་པའི་སྐྱོན་རྣམས་ལ་བཏང་སྙོམས་སུ་ འཇོག་པ། སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མི་རྣམས་ཀྱི་སྐྱེ་བོ་ཕལ་པོ་ཆེའི་དོན་དང་། སྨན་པ་དང་བདེ་བའི་སླད་དུ་ཞུགས་པ། རྟུལ་བ་བརྟན་པ་ ལ་ལ་ཞིག་མཆིས་པར་གྱུར་ལ། སྐྱེས་བུ་དམ་པ་དེའི་གན་དུ་མི་ལ་ལ་ཞིག་མཆིས་ནས་འདི་སྐད་ཅེས་སྐྱེས་བུ་ཁོ་བོའི་གཏེར་འདི་ཁྱོད་ལ་གདམས་ཀྱིས་ཁྱོད་ཀྱིས་གཏེར་འདི་ལེགས་པར་སྦ་བ་དང་། 82-1-86b ལེགས་པར་བསྲུང་བར་གྱིས་ཤིག །ཁོ་བོ་གང་གི་ཚེ་ལོ་བཅུ་འམ། ཉི་ཤུ་ཙམ་ན་ཡུལ་གཞན་ནས་ཕྱིར་འོང་བ་དེའི་ཚེ་ཁྱོད་ཀྱིས་གཏེར་འདི་ཁོ་བོ་ལ་ཕྱིར་བྱིན་ཅིག་ཅེས་སྨྲས་ཏེ། དེའི་སུག་པར་གཏེར་དེ་གདམས་ན་མི་དེ་ནི་གཏེར་ དེ་བླངས་ནས་ལེགས་པར་སྦེད་པ་དང་། སྲུང་བར་བགྱིད་ཅིང་མི་དེ་སླར་མཆིས་ནས་ཀྱང་གཏེར་དེ་སླར་སྩོལ་བར་བགྱིད་པ་དེ་བཞིན་དུ། བཅོམ་ལྡན་འདས་གང་ཞིག་བྱང་ཆུབ་སེམས་དཔའ་ལ་དམ་པའི་ཆོས་ཀྱི་གཏེར་ འདོམས་པར་བགྱིད་ན་དེ་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོར་ཡང་ཆབ་འཚལ་བར་མི་འགྱུར་ཞིང་སྐྱེ་བོ་མང་པོ་ལ་ཡང་སྨན་ཐོགས་པར་འགྱུར་ལ། སངས་རྒྱས་ཀྱི་གདུང་དང་། ཆོས་ཀྱི་གདུང་དང་། དགེ་ འདུན་གྱི་གདུང་རྒྱུན་མི་འཆད་པར་ཡང་འགྱུར་ལགས་སོ། །བཅོམ་ལྡན་འདས་བདག་གིས་ནི་བྱང་ཆུབ་སེམས་དཔས་གང་ཡོངས་སུ་སྒྲུབ་པར་བགྱིད་པའི་བགྱི་བ་དེ་དང་། དོན་དེ་ཡོངས་སུ་བསྒྲུབ་པར་རྡོ་མི་ཐོག་ལགས་ཀྱི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་འཁོར་འདི་ཉིད་དུ་འདུས་ཏེ་མངོན་སུམ་དུ་མཆིས་ལགས་པས། བཅོམ་ལྡན་འདས་ཀྱིས་འདི་ལ་བཀའ་སྩོལ་ཅིག་དང་། འདིས་ནི་སླད་མའི་ ཚེ་སླད་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་ནུབ་པར་འགྱུར་བའི་དུས་ཀྱི་ཚེ་ན་དེ་བཞིན་གཤེགས་པས་བསྐལ་པ་བྱེ་བ་གྲངས་མ་མཆིས་པར་ཡང་དག་པར་བསྒྲུབས་པའི་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་འདི་འཛིན་པར་འགྱུར། རྒྱས་པར་བགྱེད་པར་འགྱུར་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་འདི་ནི་དེ་བཞིན་གཤེགས་པའི་ འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལགས་པའི་སླད་དུ་སྟེ། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་བགྱི་ན་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་ 82-1-87a བསྐུར་བའི་བུ་ཐུ་བོ་གང་ལགས་པ་དེ་ནི་རྒྱལ་པོའི་འོག་ཏུ་རྒྱལ་སྲིད་བགྱིད་དུ་སྩོལ་པར་འགྱུར་བ་ལགས་པས་དེ་ནི་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དེ་ཉིད་མཆིས་བཞིན་དུ་ཡང་རྒྱལ་སྲིད་ལ་སྤྲོ་བར་ བགྱིད་ཅིང་ཆོས་དང་ལྡན་པར་ཡང་གྱུར་ན། དེ་འདི་སྙམ་དུ་ཡང་སེམས་ལགས་ཏེ། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་འདིའི་འོག་ཏུ་ནི་བདག་གིས་རྒྱལ་པོ་བགྱིའོ་སྙམ་ནས་དབུགས་འབྱིན་པ་ཐོབ་པར་ཡང་འགྱུར་ ཞིང་། འདི་ལྟར་རྒྱལ་པོའི་བགྱི་བ་གང་དག་ལགས་པ་དེ་དག་ལ་ཡང་མངོན་པར་བརྩོན་པར་བགྱིད་པ་དེ་བཞིན་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འདས་པ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་ པ་འདི་ཡང་འདི་ལྟ་སྟེ། དམ་པའི་ཆོས་ཀྱི་རྒྱལ་སྲིད་ཀྱི་རྒྱལ་སྲིད་ཆེན་པོ་བགྱིད་དུ་སྩལ་བར་འགྱུར་བ་ལགས་པས་འདིས་ནི་དམ་པའི་ཆོས་ཀུན་དུ་སྲུང་པ་ལ་མངོན་པར་བརྩོན་པར་བགྱི་འཚལ་ལགས་སོ། །དེ་སྐད་ ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་གནས་བརྟན་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང་ལེགས་སོ་ལེགས་སོ། །ཇི་སྐད་སྨྲས་པ་དེ་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་ གཡས་པ་གསེར་གྱི་མདོག་ཅན་བརྐྱང་ནས་བསྐལ་པ་བྱེ་བ་གྲངས་མེད་པར་དགེ་བའི་རྩ་བས་ཡང་དག་པར་བསྒྲུབས་པའི་ཕྱག་འཇམ་པ། མཆོག་ཏུ་མཉེན་པ། ཀ་ཙ་ལིན་དི་ལྟར་རེག་ན་བདེ་བ་རྒྱ་སྐྱེགས་ཀྱི་ཁུ་བས་བསྒོས་པའི་ མདོག་འདྲ་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་མགོ་བོར་བཞག་སྟེ་བྱུགས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱམས་པ་ཁྱོད་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་ནུབ་པར་ འགྱུར་བའི་དུས་ལ་བབ་པའི་ཚེ་ན་དམ་པའི་ཆོས་ཀུན་དུ་བསྲུང་བ་དང་། ཡུན་རིང་དུ་གནས་པར་འགྱུར་བ་དང་། ཡོངས་སུ་གཟུང་བ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་གདུང་རྒྱུན་མི་འཆད་པར་བྱ་བའི་ཕྱིར་ 82-1-87b སྤྲོ་བར་གྱིས་ཤིག །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་སྤྱི་བོར་ཕྱག་གཡས་པ་གསེར་གྱི་མདོག་ཅན་བཞག་མ་ཐག་ཏུ་དེ་ནས་སྐད་ཅིག་དེ་ཉིད་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་ འཇིག་རྟེན་གྱི་ཁམས་འདི་ལན་གསུམ་དུ་རབ་ཏུ་གཡོས་ཏེ། གཡོས། རབ་ཏུ་གཡོས། ཀུན་དུ་རབ་ཏུ་གཡོས། འགུལ། རབ་ཏུ་འགུལ། ཀུན་དུ་རབ་ཏུ་འགུལ། ལྡེག །རབ་ཏུ་ལྡེག །ཀུན་དུ་རབ་ཏུ་ལྡེག་ཅིང་། འཇིག་རྟེན་དུ་སྣང་ བ་ཆེན་པོ་ཡང་བྱུང་བར་གྱུར། ས་བླ་བ་དང་། བར་སྣང་ལ་གནས་པ་དང་། འོག་མིན་གྱི་བར་གྱི་ལྷ་རྣམས་ཀྱིས་ཀྱང་ཐལ་མོ་སྦྱར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འཕགས་པ་བྱམས་པ་ཁྱོད་སྐྱེ་བོ་ མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། ལྷ་དང་མི་རྣམས་ཀྱི་སྐྱེ་བོ་ཕལ་པོ་ཆེའི་དོན་དང་། སྨན་པ་དང་། བདེ་བའི་སླད་དུ་དམ་པའི་ཆོས་ཀུན་དུ་བསྲུང་བ་དང་། ཡུན་རིང་དུ་གནས་ པར་བགྱི་བ་དང་། ཡོངས་སུ་གཟུང་བར་སྤྲོ་བར་མཛོད་ཅིག་ཅེས་སྨྲས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་དཔུས་མོ་གཡས་པའི་ལྷ་ང་ ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་སེམས་ཅན་གཅིག་གི་དོན་གྱི་སླད་དུ་ཡང་སླད་མའི་མཐའི་ མུའི་བར་དུ་འཁོར་བ་ན་འཁོར་བར་ཡང་སྤྲོ་ལགས་ན་དམ་པའི་ཆོས་ཡོངས་སུ་གཟུང་བའི་སླད་དུ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། བཅོམ་ལྡན་འདས་བདག་གིས་དེ་བཞིན་གཤེགས་པས་བསྐལ་པ་བྱེ་བ་གྲངས་མ་མཆིས་པར་ ཡང་དག་པར་བསྒྲུབས་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཀུན་དུ་བསྲུང་བ་དང་། རྒྱས་པར་བགྱི་ལགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་པུས་མོ་གཡས་པའི་ 82-1-88a ལྷ་ང་ས་ལ་བཙུགས་མ་ཐག་ཏུ་དེ་ནས་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་སོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་ པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་སུ་ལ་ཡང་འགྲན་པར་མི་བགྱིད། ང་རྒྱལ་མི་བགྱིད་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟ་སྟེ་དམ་པའི་ཆོས་ཡོངས་སུ་གཟུང་བ་འདི་དག་ནི་ སྐྱེས་བུ་དམ་པའི་སུག་ལས་ལགས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཁུར་གང་འདེག་པར་བགྱིད་པའི་ཁུར་དེ་ལྟ་བུ་དེ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱིས་འདེག་པར་རྡོ་མི་ཐོག་པའི་སླད་དུའོ། །དེ་ནས་ བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བྱམས་པ་ལེགས་སོ་ལེགས་སོ། །ཇི་ལྟར་ངའི་སྤྱན་སྔ་ན་ཁྱོད་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་ སེང་གེའི་སྒྲ་འདི་ལྟ་བུ་སྒྲོགས་པར་བྱེད་པ་དེ་བཞིན་དུ་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་སྤྱན་སྔ་དག་ན་ཡང་བྱང་ཆུབ་སེམས་དཔའ་རྣམས་སེང་གེའི་སྒྲ་སྒྲོགས་ཤིང་དམ་པའི་ ཆོས་ཡོངས་སུ་འཛིན་པར་བྱེད་དོ། །དེ་སྐད་ཅེས་བཀའ་སྩལ་བ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ དེ་བཞིན་གཤེགས་པས་སྐྱེས་བུ་དམ་པ་མ་ལགས་པ། བྱང་ཆུབ་སེམས་དཔར་མཆིད་ཀྱིས་འཆེ་བ། དགེ་སྦྱོང་དུ་མཆིད་ཀྱིས་འཆེ་བ། གླེན་པ། བླུན་པོ། རྙེད་པ་དང་བཀུར་སྟི་འཚལ་བ། རྙེད་པ་དང་། བཀུར་སྟི་ལ་གདུ་བ། མཛའ་ བཤེས་ཀྱི་སྡུམ་པ་དང་། སློངས་མོ་སྟེར་བའི་སྡུམ་པ་ལ་གདུ་བ། བསོད་སྙོམས་ལ་སྦྱོར་བར་བརྩོན་པ་དེ་དག་གི་ནི་ནོངས་པའི་གནས་བདག་ལ་བཀའ་སྩལ་དུ་གསོལ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་ 82-1-88b བདག་གིས་རྒྱུ་དེ་དག་ཐོས་ནས་དེ་དག་རྟོགས་པས་མྱུར་བ་མྱུར་བར་སྤོང་བར་བགྱིད་ཅིང་། ནོངས་པ་དེ་དག་ལས་བདག་འདི་སྲུང་བར་བགྱིད་པ་དང་། སྐྱེས་བུ་དམ་པ་མ་ལགས་པ་དེ་དག་ལས་ཀྱང་ལ་ལ་དེ་བཞིན་གཤེགས་པས་ བདག་མཁྱེན་ཅིང་དེ་བཞིན་གཤེགས་པས་བདག་རྟོགས་སོ། །རབ་ཏུ་རྟོགས་སོ་ཞེས་དེ་བཞིན་གཤེགས་པ་ལ་དང་བ་སྐྱེ་བར་འགྱུར་བའི་སླད་དུའོ། །དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱམས་པ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་གི་ཉེས་པའི་གནས་གང་ཡིན་པ་ ཅུང་ཟད་ཙམ་ཞིག་བསྟན་པར་བྱ་སྟེ། བྱམས་པ་དེ་ལ་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་བྱང་ཆུབ་སེམས་དཔའ་ཁས་འཆེ་བ་མང་པོ་འབྱུང་བ་དེ་དག་གི་སྡིག་པ་འདོད་པ་གང་དག་ཡིན་པ་དེ་དག་བཤད་པར་བྱའོ། ། བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཁས་འཆེ་བར་རིག་པར་བྱ་སྟེ། བཞི་གང་ཞེ་ན། རྙེད་པ་འདོད་པ་དང་། བཀུར་སྟི་འདོད་པ་དང་། གཡོ་བྱེད་པ་དང་། ཡང་བའི་འཚོ་བས་འཚོ་བར་ བྱེད་པ་ཡིན་ཏེ། བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔར་ཁས་འཆེ་བ་ཡིན་པར་རིག་པར་བྱའོ། །བྱམས་པ་དེ་ལ་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་བྱང་ཆུབ་སེམས་ དཔར་ཁས་འཆེ་བ། ཁྱིའི་ཆོས་ཀུན་དུ་སྤྱོད་པ་མང་པོ་དག་འབྱུང་བར་འགྱུར་ཏེ། བྱམས་པ་འདི་ལྟ་སྟེ་དཔེར་ན་ཁྱི་ནི་སྔོན་ལན་འགའ་ཕྱིན་པའི་ཁྱིམ་གཞན་ཞིག་ཏུ་ཁྱི་གཞན་ཞིག་རྒྱང་རིང་པོ་ནས་འོང་བ་མཐོང་ན་ཁྱིམ་ འདི་ནི་བདག་གི་ཡིན་ནོ་སྙམ་ནས་དེ་ལ་ཟུགས་པར་བྱེད། འཁྲེན་སྐད་འབྱིན། ཁྲོ་བས་ལྟ་བར་བྱེད། གནོད་སེམས་ཀྱི་ཉེས་པ་སྐྱེད་པར་བྱེད་དེ། གཞན་གྱི་ཁྱིམ་བདག་གིར་བྱེད་ཅིང་བདག་གི་ཡིན་པར་འདུ་ཤེས་སྐྱེད་ 82-1-89a པར་བྱེད་དོ། །བྱམས་པ་དེ་བཞིན་དུ་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་བྱང་ཆུབ་སེམས་དཔར་ཁས་འཆེ་བ། ཁྱིའི་ཆོས་ཀུན་དུ་སྤྱོད་པ་མང་པོ་འབྱུང་བར་འགྱུར་བ་གང་དག་ཡིན་པ་དེ་དག་ཀྱང་གཞན་གྱི་ཁྱིམ་དང་། གཞན་གྱི་གྲོང་དག་ལ་བདག་ཉིད་ཀྱི་ཡིན་པར་འདུ་ཤེས་སྐྱེད་པར་བྱེད་ཅིང་། བདག་ཉིད་ཀྱི་ཡིན་པར་འདུ་ཤེས་བསྐྱེད་ནས་ཀྱང་ཡོངས་སུ་འཛིན་པར་བྱེད་དེ། དགེ་སློང་དེས་སྔོན་ཕྱིན་པའི་ཁྱིམ་དེར་དགེ་སློང་གཞན་ ཞིག་འོང་བ་མཐོང་ན་དེ་ཁྱིམ་འདི་ནི་བདག་གི་ཡིན་ནོ་སྙམ་ནས་ཁྲོ་བས་ལྟ་བར་བྱེད། གནོད་སེམས་སྐྱེད་པར་བྱེད། ཐབ་མོ་དང་། འཐབ་པ་དང་། རྩོད་པ་དང་། འགྱེད་པ་སྐྱེད་པར་བྱེད། ཕན་ཚུན་དབྱེན་གྱི་ཚིག་སྨྲ་ བར་བྱེད། ཚིག་རྩུབ་པོ་རྫོད་པར་བྱེད། གཅིག་ལ་གཅིག་དགེ་སློང་ཆེ་གེ་མོ་ཞེས་བྱ་བ་ལ་ཉེས་པ་འདི་ལྟ་བུ་ཡོད་དོ། །དགེ་སློང་མ་དགེ་མོ་ཞེས་བྱ་བ་ལ་ཉེས་པ་འདི་ལྟ་བུ་ཡོད་དོ་ཞེས་མི་སྙན་པར་རྗོད་པར་བྱེད་ ཅིང་ཁྱིམ་བདག་ལ་ཡང་གལ་ཏེ་ཁྱོད་ཁོ་བོ་དང་བསྟེན་པར་འདོད་ན། དགེ་སློང་ཆེ་གེ་མོ་ཞིག་དང་བསྟེན་པར་མི་བྱ་ཞིང་དགེ་སློང་མང་དགེ་མོ་ཞིག་དང་ཡང་མ་སྟེན་ཅིག་ཅེས་ཟེར་ཏེ། དེ་དག་ནི་སྐྱུགས་པའི་རྒྱུར་གྱུར་པ། རིང་དུ་མི་གནས་པ། སྨད་པར་བྱ་བའི་ཁ་ཟས་ཙམ་གྱི་ཕྱིར་བསོད་ནམས་མ་ཡིན་པ་མང་པོ་སྐྱེད་པ་ཡིན་ནོ། །དེ་དག་ནི་ཡི་དགས་ཀྱི་ཆོས་ཀུན་དུ་སྤྱོད་ཅིང་དབུལ་བ་དང་། སེམས་དམན་པ་དང་། སེར་སྣ་དང་ལྡན་ པ་དང་། བདག་ཉིད་གསོ་བར་བྱེད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་མིང་གིས་བྱང་ཆུབ་སེམས་དཔའ་ཡིན་པར་ཁས་འཆེ་བར་བྱེད་ཅིང་། བདག་ཉིད་ཚུལ་ཁྲིམས་འཆལ་པ་དང་། སྡིག་པ་ཅན་གྱི་འདོད་པ་དང་ ལྡན་པ་དང་། སྡིག་པ་ཀུན་དུ་སྤྱོད་པ་ཡིན་བཞིན་དུ་སངས་རྒྱས་ཀྱི་བསྔགས་པ་བརྗོད། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་བསྔགས་པ་བརྗོད་ཅིང་བྱང་ཆུབ་སེམས་དཔའ་བསམ་པ་ཕུན་སུམ་ཚོགས་པ་གཞན་དག་གི་བསྔགས་ 82-1-89b པ་ཡང་བརྗོད་ནས་ཟས་དང་གོས་སྒྲུབ་པར་ཡང་བྱེད་དོ། །བྱམས་པ་འདི་ལྟར་སེང་གེའི་སྒྲ་བསྒྲག་ཅིང་སེང་གེའི་ལས་རྣམས་བྱ་བའི་རིགས་བ་ཝའི་སྒྲ་སྒྲོགས་ཤིང་ཝའི་ལས་རྣམས་བྱེད་པ་དང་། བདོག་པ་ཐམས་ཅད་ཡོངས་ སུ་གཏོང་བའི་བསྔགས་པ་རྗོད་པར་བྱེད་ཅིང་འཇིག་རྟེན་གྱི་ཟང་ཟིང་ཡུན་མི་རིང་བ་ཡོངས་སུ་གཏོང་བར་མི་བྱེད་ལ། སེར་སྣས་ཟིལ་གྱིས་ནོན་ཅིང་ཡོ་བྱད་ཀྱི་དྲི་མས་སྤགས་པ་དེ་དག་གིས་གཏོང་བ་ཕྱི་རོལ་དུ་བྱས་པ་དང་། ཕན་པའི་དངོས་པོའི་བསྔགས་པ་རྗོད་པར་བྱེད་ཅིང་གནོད་སེམས་དང་། ཐབ་དང་། ཁོང་ཁྲོ་བའི་ཉེས་པ་མང་པོ་དང་། བཟོད་པའི་བསྔགས་པ་རྗོད་པར་བྱེད་ཅིང་གཅིག་ཏུ་གནོད་སེམས་ཀྱི་སེམས་སུ་བྱེད་པ་དང་། བསྡུ་བའི་དངོས་པོ་བཞི་པོ་དག་གི་བསྔགས་པ་རྗོད་པར་བྱེད་ཅིང་སེམས་ཅན་འགའ་ཡང་སྦྱིན་པ་འམ། སྙན་པར་སྨྲ་བ་འམ། དོན་སྤྱོད་པ་འམ། དོན་འཐུན་པར་སྡུད་པར་མི་བྱེད་པ་དེ་དག་ཇི་ཙམ་དུ་མི་ཟད་པར་འགྱུར་བ་ལ་ལྟོས། དེ་དག་ནི་ཚིག་ཙམ་གྱི་དངོས་པོར་འགྱུར་བ་ཡིན་གྱི། དེ་དག་ཡོན་ཏན་ཡང་དག་པར་བླང་བ་དང་། འདྲེས་པའི་སྤྱོད་པས་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ལ་མོས་པའི་རྗེས་སུ་སློབ་པར་བྱེད་པ་ནི་མ་ཡིན་ནོ། །བྱམས་པ་ སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པ་དང་། ཆེས་གྲངས་མེད་པ་དང་། ཆེས་ཤིན་དུ་གྲངས་མེད་པ་དང་། རྒྱ་ཆེ་བ་དང་། ཚད་མེད་པ་དང་། བསམ་གྱིས་མི་ཁྱབ་པ་དང་། དཔག་ཏུ་མེད་པ་དག་འདས་པ་དེའི་ཚེ་ དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་བླ་མ་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་ སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཤིག་འཇིག་རྟེན་དུ་བྱུང་སྟེ། བྱམས་པ་དེ་བཞིན་གཤེགས་པ་དེ་ཡང་འདི་ལྟ་སྟེ་དཔེར་ན་ད་ལྟར་ང་བཞིན་དུ་སྙིགས་མ་ལྔ་དང་ལྡན་པ་ 82-1-90a ཁོ་ནའི་འཇིག་རྟེན་དུ་བྱུང་ངོ་། །བྱམས་པ་དེའི་ཚེ་ན་དགེ་སློང་བརྩོན་འགྲུས་མོས་ཤེས་བྱ་བ་དྲན་པ་དང་ལྡན་པ། རྟོགས་པ་དང་ལྡན་པ། བློ་དང་ལྡན་པ། འདོད་པ་ཆུང་བ། ཆོག་ཤེས་པ། དེ་བཞིན་གཤེགས་པའི་གསུང་རབ་ ལ་ནན་ཏན་བྱེད་པ་ཞིག་བྱུང་བར་གྱུར་ཏེ། དེ་གྲོང་ཁྱེར་དང་། གྲོང་རྡལ་དང་། རྒྱལ་པོའི་ཕོ་བྲང་དང་། ཡུལ་འཁོར་དེ་དག་ཏུ་སོང་སྟེ་ཕྱིན་པ་དང་། ཆོས་སྟོན་པར་བྱེད་ཅིང་རྒྱལ་པོ་དང་། བློན་པོ་ཆེན་པོ་དང་། སྐྱེ་བོ་ཕལ་པོ་ཆེ་ གཞན་དག་གིས་ཀྱང་རི་མོར་བྱས་མཆོད་པ་བྱས། བཀུར་སྟི་བྱས། བླ་མར་བྱས། ཤེས་པར་བྱས། ཡོངས་སུ་ཤེས་པར་བྱས་སོ། །དེ་ཁྱིམ་གང་དུ་ཞུགས་ཤིང་གང་ལས་ཚིག་སྙན་པ་དང་། བདག་ལ་གུས་པར་ཉན་པ་དང་། བཟའ་བ་དང་། བཏུང་བ་ཐོབ་པར་གྱུར་བའི་ཁྱིམ་དེར་ནི་ལན་གཉིས་སུ་འགྲོ་བར་སེམས་སྐྱེས་པར་མི་བྱེད་དོ། །དེ་འཇུངས་པ་དང་། མ་དད་པ་དང་། ལོག་པར་ལྟ་བ་དང་ལྡན་པའི་ཁྱིམ་གཞན་དག་ཏུ་སོང་ཞིང་དེ་དག་ཏུ་སོན་པ་ དང་། དེ་ལ་དེ་དག་འོངས་པ་ལེགས་སོ་ཞེས་ཀྱང་མི་ཟེར། དེ་དག་ཚིག་སྙན་པ་ཡང་མི་བརྗོད་པའི་སྟེང་དུ་དེ་ལ་ཁྲོ་བར་བྱེད། གཤེ་བར་བྱེད་ན་ཡང་དེ་བཟོད་པའི་གོ་བགོས་ཤིང་སྙིང་རྗེ་ཆེན་པོ་ལ་གནས་པས་འགྲོ་ལ་ཁྱིམ་དེ་དག་ ཏུ་ཡོངས་སུ་གདུང་བར་མི་འགྱུར་ཞིང་ཡིད་མི་བདེ་བར་མི་འགྱུར་རོ། །བྱམས་པ་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་མོས་དེས་ཁྱིམ་གང་དག་དད་པར་བྱས་པ་དེ་དག་ནི་འདི་ལྟ་སྟེ་ཆོས་གོས་དང་། བསོད་སྙོམས་ དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་དག་གིས་དགེ་སྦྱོང་གཞན་དག་གི་ཉེ་བར་འཚོ་བར་འགྱུར་རོ། །བྱམས་པ་འདི་ཇི་སྙམ་དུ་སེམས། དེ་ཁྱིམ་དེ་དག་ཏུ་ཡང་འགྲོ་བར་མི་བྱེད་ཅིང་འགྲོ་བར་སེམས་ སྐྱེད་པར་ཡང་མི་བྱེད་མོད་ཀྱི། འོན་ཀྱང་དེ་དེ་དག་ལ་ཕྲག་དོག་དང་། སེར་སྣའི་སེམས་སྐྱེད་པར་བྱེད་སྙམ་འམ། བྱམས་པས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བདེ་བར་གཤེགས་པ་དེ་ནི་མ་ལགས་སོ། ། 82-1-90b བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་དེ་ལྟར་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་མོས་དེ་ཁྱིམ་གང་དག་ནས་ཚིག་སྙན་པ་དང་། བདག་ལ་གུས་པར་ཉན་པ་དང་། བཟའ་བ་དང་། བཏུང་བ་རྙེད་པའི་ཁྱིམ་དེ་ དག་མངོན་པར་དད་པར་བྱས་ཤིང་དགེ་སློང་གཞན་དག་གི་ཉེ་བར་འཚོ་བར་བྱས་ནས། དེ་དག་ཏུ་ལན་གཉིས་སུ་འཇུག་པར་མི་བྱེད་པ་དང་། འཇུངས་པ་དང་། མ་དད་པ་དང་། ལོག་པར་ལྟ་བ་དང་ལྡན་པའི་ཁྱིམ་གང་དག་ཡིན་ པ་དེ་དག་དད་པར་བྱེད་ཅིང་དེ་དག་ཁྲོ་ཞིང་གཤེ་ན་ཡང་ཡོངས་སུ་གདུང་བར་མི་འགྱུར་ཞིང་ཡིད་མི་བདེ་བར་མི་འགྱུར་བའི་ཕན་པའི་དངོས་པོ་ཉིད་དང་། ལྷག་པའི་བསམ་པ་ཉིད་དང་། འདོད་པ་ཆུང་བ་ཉིད་དང་། ཆོག་ཤེས་པ་ཉིད་དང་། ངེས་པ་ཉིད་དང་། སྙིང་རྗེ་དང་ལྡན་པ་ཉིད་ལ་ལྟོས། བྱམས་པ་དེ་ལྟར་ན་སྔོན་གྱིས་བྱང་ཆུབ་སེམས་དཔའ་རྣམས་ནི་ཁྱིམ་བདག་དད་པར་བྱས་ཤིང་གཞན་གྱི་ཉེ་བར་འཚོ་བར་བྱེད་ཀྱི། བདག་ཉིད་ཀྱི་ཆོས་གོས་དང་། བསོད་ སྙོམས་ཀྱི་དོན་དུ་བྱེད་པ་ནི་མ་ཡིན་ནོ། །བྱམས་པ་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་མོས་ཤེས་བྱ་བར་གྱུར་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་ཡིད་གཉིས་དང་། ཐེ་ཚོམ་ཟ་བར་གྱུར་ན་ཁྱོད་ཀྱིས་དེ་ལྟར་ མི་བལྟ་སྟེ། ང་ཉིད་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་མོས་ཤེས་བྱ་བར་གྱུར་ཏོ། །བྱམས་པ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ཁྱིམ་རྣམས་སུ་འགྲོ་བར་འདོད་པས་ནི་བྱང་ཆུབ་སེམས་དཔའ་ བརྩོན་འགྲུས་མོས་དེའི་རྗེས་སུ་བསླབ་པར་བྱ། དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་དག་གི་རྗེས་སུ་ཡང་བསླབ་པར་བྱ་ཞིང་དེ་དག་གི་ཆོས་ཀུན་དུ་སྤྱད་པར་ཡང་བྱའོ།། །། བམ་པོ་གཉིས་པ། བྱམས་པ་ཡང་ཕྱི་མའི་ཚེ་ཕྱི་མའི་དུས་ན་ལྔ་བརྒྱ་པ་ཐ་མ་ལ་བྱང་ཆུབ་སེམས་དཔར་ཁས་འཆེ་བའི་དགེ་སློང་ཁ་ཅིག་འབྱུང་བར་འགྱུར་ཏེ། དེ་དག་ནི་འདི་ལྟ་སྟེ་རྙེད་པ་དང་། ཆོས་གོས་དང་། བསོད་སྙོམས་ 82-1-91a ཀྱི་དོན་དུ་ཁྱིམ་རྣམས་སུ་འགྲོ་བར་འགྱུར་གྱི། ཁྱིམ་པ་རྣམས་དད་པ་ལ་དགོད་པའི་ཕྱིར་ནི་མ་ཡིན་ནོ། །དེ་དག་ནི་གཅིག་ལ་གཅིག་བསྔགས་པ་མ་ཡིན་པ་བརྗོད་པ་དང་། འབྱེད་པ་དང་། རྩོད་པའི་རང་བཞིན་ཅན་དུ་འགྱུར་རོ། ། དེ་དག་ནི་ཇི་ལྟར་གཞན་དག་གིས་མ་རྙེད་པས་ཡི་རངས་པར་འགྱུར་བ་ལྟར་བདག་ཉིད་ཀྱིས་རྙེད་པས་ནི་དེ་ལྟ་མ་ཡིན་ལ། ཇི་ལྟར་གཞན་དག་གིས་རྙེད་པས་ཡིད་མི་བདེ་བར་འགྱུར་བ་ལྟར་བདག་ཉིད་ཀྱིས་མ་རྙེད་པས་ནི་དེ་ལྟར་ མ་ཡིན་ནོ། །བྱམས་པ་འདི་ལྟར་བྱང་ཆུབ་སེམས་དཔས་ནི་བདག་ཉིད་ཀྱི་བདེ་བའི་ཡོ་བྱད་དེ་དག་ཐམས་ཅད་ལ་མི་བལྟ་བར་གཞན་དག་ལ་སྦྱིན་པར་བྱ་བ་ཡིན་ན། དེ་དག་ཇི་ཙམ་དུ་ཕྱིན་ཅི་ལོག་ཏུ་འགྱུར་བ་ལ་ལྟོས། དེ་ཅིའི་ཕྱིར་ ཞེ་ན། བྱམས་པ་འདི་ལྟར་དེས་ནི་བདག་གིས་སེམས་ཅན་ཐམས་ཅད་ལ་བདེ་བ་བསྐྱེད་པར་བྱའོ། །ཞེས་སྙིང་རྗེ་ཆེན་པོ་སྔོན་དུ་བཏང་བའི་སེམས་བསྐྱེད་པའི་ཕྱིར་རོ། །བྱམས་པ་འདི་ལྟ་སྟེ་དཔེར་ན་ཚོང་དཔོན་ནམ་ཁྱིམ་བདག་ཅིག་ལ་ བུ་གཅིག་པ་སྡུག་པ་ཕངས་པ་ཡིད་དུ་འོང་བ་ཞིག་བདོག་པར་གྱུར་བ་དེ་ལ་ལན་འགའ་ཞིག་གི་ཕྱིར་རྒྱལ་པོས་བཙོན་རར་བཅུག་པར་གྱུར་ན་བྱམས་པ་འདི་ཇི་སྙམ་དུ་སེམས། ཚོང་དཔོན་ནམ། ཁྱིམ་བདག་དེ་ཡིད་ལ་བྱེད་པའི་ སེམས་ཇི་ལྟ་བུ་དག་གིས་རྒྱལ་པོའི་བཙོན་ར་དེར་འཇུག་པར་འགྱུར་སྙམ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་དེ་ནི་འདི་ལྟར་བུ་གཅིག་པ་དེ་ཐར་པར་བགྱི་བའི་བསམ་པས་བདག་གིས་བུ་གཅིག་པ་འདི་བཙོན་ར་འདི་ནས་མྱུར་དུ་ཐར་པར་བགྱིའོ། །སྙམ་ནས་བུ་གཅིག་པ་ཡིད་ལ་བགྱིད་པ་ཁོ་ན་དག་གིས་བཙོན་ར་དེར་འཇུག་པར་ བགྱིད་དེ། ཐར་པ་ཡིད་ལ་བགྱིད་པ་དག་གིས་འཇུག་ཅིང་འབྱུང་བར་བགྱིད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་ངས་དཔེ་དེ་ནི་དོན་ཤེས་པར་བྱ་བའི་ཕྱིར་བརྗོད་པ་ཡིན་ཏེ། འདིར་དོན་ཀྱང་གང་ 82-1-91b ཞིག་ཡིན་པར་བལྟ་བར་བྱ་ཞེ་ན། བྱམས་པ་འདི་ལྟ་སྟེ་དཔེར་ན་རྒྱལ་པོའི་བཙོན་ར་དེ་ཇི་ལྟ་བ་དེ་བཞིན་དུ་ནི་འཁོར་བའི་བཙོན་ར་བལྟ་བར་བྱའོ། །བྱམས་པ་འདི་ལྟ་སྟེ་དཔེར་ན་ཚོང་དཔོན་ནམ། ཁྱིམ་བདག་དེ་ཇི་ལྟ་བ་དེ་བཞིན་དུ་ནི་ བྱང་ཆུབ་སེམས་དཔའ་བལྟ་བར་བྱའོ། །བྱམས་པ་འདི་ལྟ་སྟེ་དཔེར་ན་བུ་གཅིག་པ་ཇི་ལྟ་བ་དེ་ལྟ་བུ་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བའི་འདུ་ཤེས་བསྐྱེད་པར་བྱ་བ་བལྟ་བར་བྱའོ། ། བྱམས་པ་འདི་ལྟ་སྟེ་དཔེར་ན་ཚོང་དཔོན་ནམ། ཁྱིམ་བདག་དེ་རྒྱུ་གཞན་གྱི་ཕྱིར་མ་ཡིན་ཞིང་ཆེད་ཀ་གཞན་གྱི་ཕྱིར་མ་ཡིན་གྱི། བུ་གཅིག་པ་དེའི་དོན་དུ་བཙོན་ར་དེར་འཇུག་པར་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ་ནི་བྱམས་པ་བྱང་ཆུབ་ སེམས་དཔས་ཆོས་གོས་ཀྱི་ཆེད་དང་། བསོད་སྙོམས་ཀྱི་ཆེད་དུ་ཁྱིམ་རྣམས་སུ་འགྲོ་བར་མི་བྱའི། འདི་ལྟར་སེམས་ཅན་དེ་དག་ཉིད་འཁོར་བ་ལས་ཡོངས་སུ་ཐར་པར་བྱ་བའི་ཕྱིར་ཁྱིམ་རྣམས་སུ་འགྲོ་བར་བྱ་བ་བལྟ་བར་བྱའོ། ། བྱམས་པ་ཡང་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་དགེ་སློང་ལུས་མ་བསྒོམས་པ། སེམས་མ་བསྒོམས་པ། ཚུལ་ཁྲིམས་མ་བསྒོམས་པ། ཤེས་རབ་མ་བསྒོམས་པ་ཁ་ཅིག་འབྱུང་བར་འགྱུར་ཏེ། དེ་དག་ ནི་ཆོས་གོས་དང་། བསོད་སྙོམས་ཀྱི་ཆེད་དུ་མེ་ཏོག་གི་སྐྱེས་དག་དང་། འབྲས་བུའི་སྐྱེས་དག་དང་། ལོ་མའི་སྐྱེས་དག་དང་། ཡོ་བྱད་ཀྱི་སྐྱེས་དག་དང་། བྱས་པའི་ལན་གྱི་སྐྱེས་དག་གིས་ཁྱིམ་རྣམས་སུ་འགྲོ་བར་ འགྱུར་བས་བྱམས་པ་དགེ་སློང་གིས་ནི་མེ་ཏོག་ཕྲེང་རྒྱུད་ལྟ་བུར་མི་བྱ་ཞིང་བྲན་དང་ལས་མི་ལྟ་བུར་ཡང་མི་བྱའོ། །བྱམས་པ་དགེ་སློང་ཁྱིམ་རྣམས་སུ་འགྲོ་བར་འདོད་པས་ནི་ཆོས་ཀྱི་སྐྱེས་ཀྱིས་འགྲོ་བར་བྱ་བ་ མ་གཏོགས་པར་སྐྱེས་གཞན་བསྐུར་བར་མི་བྱ་སྟེ། དེས་ནི་མང་དུ་ཐོས་པ་དང་། གཞུང་ལ་ཤིན་དུ་ཞུགས་པ་དང་། འཇིགས་པ་མེད་པ་དང་། བརྐམ་ཆགས་མེད་པ་དང་། ཚུལ་འཆོས་པ་མེད་པ་དང་། 82-1-92a ཁ་གསག་མེད་པ་དང་། བདག་གིར་བྱ་བ་མེད་པར་བྱ་ཞིང་ཆོས་ལ་དགའ་བ་བསྐྱེད་ནས་ཁྱིམ་རྣམས་སུ་འགྲོ་བར་བྱའོ། །ཁྱིམ་རྣམས་སུ་སོང་ནས་ཀྱང་སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་བསྔགས་ པ་བརྗོད་པར་བྱ་བ་དང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་བསྔགས་པ་བརྗོད་པར་བྱ་ཞིང་ཆོས་ཀྱི་གཏམ་བྱ་བའི་སྐྱེས་མ་གཏོགས་པར་ཁང་ཁྱིམ་ གྱི་ཆེད་དམ། ཞིང་ལས་ཀྱི་ཆེད་དམ། རྙེད་པའི་ཆེད་དམ། རེག་པ་བདེ་བའི་གཏམ་འམ། རྒྱལ་པོའི་གཏམ་འམ། ཆོམ་རྐུན་གྱི་གཏམ་འམ། གྲོང་གི་གཏམ་འམ། གྲོང་ཁྱེར་གྱི་གཏམ་འམ། ལྗོངས་ཀྱི་གཏམ་ འམ། བུའི་གཏམ་འམ། བུ་མོའི་གཏམ་འམ། གཞན་གྱི་སྐྱེས་དག་མི་བྱའོ། །བྱམས་པ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཞིག་ལ་བྱིན་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་རྣམས་ཀྱི་བདེ་བའི་ཡོ་བྱད་གང་ཇི་སྙེད་པ་དེ་དག་ཐམས་ཅད་བསྡུས་ཏེ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་ལ་བྱིན་པར་གྱུར་ན་ནོར་གྱི་ཕུང་པོ་དེ་ཙམ་དང་། བདེ་བའི་ཡོ་བྱད་དེ་ཙམ་གྱིས་ནི་དེས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་ལ་སྙིང་བརྩེ་བ་འམ། ཕན་བཏགས་པར་མི་འགྱུར་གྱི། དེ་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་ཞིག་ཉན་དུ་བཅུག་སྟེ། དེ་དེའི་རྣ་བའི་རྣམ་པར་རིག་པར་གྲགས་ཤིང་ཐོས་པ་ཙམ་ཁོ་ནར་ཟད་ཀྱི། རེ་ཤིག་དད་པ་ཐོབ་པར་མ་གྱུར་དུ་ཟིན་ཀྱང་དེ་ནི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་ལ་རྒྱས་པ་དང་། ཕན་འདོགས་པ་དང་། སྙིང་བརྩེ་བ་ཆེས་ཤིན་དུ་མང་དུ་བྱེད་པ་ཡིན་ནོ། །བྱམས་པ་དགེ་སློང་དེ་དག་ཁྱིམ་རྣམས་སུ་ཞུགས་ནས་སངས་རྒྱས་ཀྱི་བཀའ་སྤངས་ཏེ་འཇིག་རྟེན་པའི་ 82-1-92b གཏམ་ཉེ་བར་སྦྱོར་བར་བྱེད་ཅིང་ཇི་ཙམ་དུ་དོན་མེད་པ་ཆེན་པོས་ཁྱིམ་དེར་མངོན་པར་བརྩོན་པར་བྱེད་པ་ལ་ལྟོས། དེ་ཅིའི་ཕྱིར་ཞེ་ན། བྱམས་པ་འདི་ལྟར་གསེར་རམ། དངུལ་ལམ། ནོར་བུ་དག་གམ། རིན་པོ་ཆེ་དག་གམ། མུ་ཏིག་དག་གམ། བཻ་དཱུ་རྱ་དག་གམ། དུང་དག་གམ། མན་ཤེལ་དག་གམ། བྱི་རུ་དག་གམ། བདེ་བའི་ཡོ་བྱད་དག་གིས་ནི་སེམས་ཅན་སྐྱེ་བའི་ཆོས་ཅན་རྣམས་སྐྱེ་བ་ལས་ཡོངས་སུ་ཐར་པར་མི་འགྱུར། སེམས་ ཅན་ན་བའི་ཆོས་ཅན་རྣམས་ཀྱང་ནད་རྣམས་ལས་ཡོངས་སུ་ཐར་བར་མི་འགྱུར། སེམས་ཅན་རྒ་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པའི་ཆོས་ཅན་རྣམས་ཀྱང་རྒ་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དག་ལས་ཡོངས་སུ་ཐར་པར་མི་འགྱུར་གྱི། ཆོས་ཐོས་ པས་ནི་སེམས་ཅན་སྐྱེ་བའི་ཆོས་ཅན་རྣམས་ཀྱང་སྐྱེ་བ་ལས་ཡོངས་སུ་ཐར་བར་འགྱུར་ལ། སེམས་ཅན་ན་བའི་ཆོས་ཅན་རྣམས་ན་བ་ལས་ཡོངས་སུ་ཐར་བར་འགྱུར། སེམས་ཅན་རྒ་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པའི་ཆོས་ཅན་རྣམས་ཀྱང་འཁྲུག་པ་དག་ལས་ཡོངས་སུ་ཐར་པར་འགྱུར་བའི་ཕྱིར་ཏེ། དེ་ལས་དགོངས་ཏེ་དེ་བཞིན་ གཤེགས་པ་འདི་སྐད་ཅེས། སྟོང་ཆེན་འཇིག་རྟེན་ཁམས་ནི་གསེར་དག་གིས། །བཀང་སྟེ་གང་ལ་སྦྱིན་པར་བྱེད་པ་ནི། །ཚིག་བཞིའི་ཚིགས་སུ་བཅད་པ་གཅིག་བརྗོད་པས། །ཇི་ལྟར་ཕན་འདོགས་དེ་ལྟར་འགྱུར་མ་ ཡིན། ཕན་འདོགས་བྱེད་པར་འདོད་པ་གང་ཞིག་གིས། །འཇིག་རྟེན་གསུམ་ན་སེམས་ཅན་ཐམས་ཅད་ཀྱི། །བདེ་བ་གང་དག་ཡོད་པ་དེ་དག་ཀུན། །སེམས་ཅན་གཅིག་ལ་སྦྱིན་པ་བྱས་པ་བས། །གང་གིས་དེ་ལ་ 82-1-93a སངས་རྒྱས་ལུགས་ཀྱི་ནི། །ཚིག་བཞིའི་ཚིགས་སུ་བཅད་པ་གཅིག་བསྒྲགས་ན། །དེ་ནི་ཤིན་དུ་ཕན་འདོགས་མཆོག་ཡིན་ཏེ། །དེས་ནི་སྡུག་བསྔལ་དག་ལས་གྲོལ་བར་འགྱུར་ཞེས་སྟོན་ཏོ། །བྱམས་པ་བྱང་ཆུབ་ སེམས་དཔའ་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་བཀང་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དབུལ་བར་ཕུལ་བ་བས་ནི་སྙིང་རྗེ་ཆེན་པོ་བསྐྱེད་དེ་སེམས་ཅན་གཅིག་ལ་ ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཅིག་བསྒྲགས་པར་གྱུར་ན་དེ་ནི་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། མི་གང་གིས་ནི་གང་གཱའི་བྱེ་སྙེད་ཀྱི། །འཇིག་རྟེན་ཁམས་མཆོག་ རིན་ཆེན་གང་བྱས་ཏེ། །དགའ་མཆོག་སེམས་ཀྱིས་རྒྱལ་ལ་ཕུལ་བ་དང་། །གང་གིས་སེམས་ཅན་གཅིག་ལ་ཚིགས་བཅད་བྱིན། །རིན་ཆེན་སྦྱིན་པ་ཤིན་དུ་རྒྱ་ཆེན་དེས། །ཚིགས་བཅད་སྦྱིན་པ་སྙིང་རྗེས་བསྒྲུབས་དེ་ལ། །ཆར་ ཡང་མི་ཕོང་གྲངས་སུའང་མ་ཡིན་ན། །གཉིས་སམ་གསུམ་ལ་བསམ་དུ་ག་ལ་ཡོད། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་དེ་ བཞིན་གཤེགས་པའི་ཕྱག་གཡས་པའི་དཀྱིལ་ན་བསོད་ནམས་ཐམས་ཅད་མངོན་པར་བསྒྲུབས་པའི་རྒྱུ་འཐུན་པས་བརྒྱན་པ་ཞེས་བྱ་བའི་འོད་ཟེར་མངོན་པར་གྲུབ་པ་ཡོད་དེ། དེ་བཞིན་གཤེགས་པ་ནི་བཞེད་ན་ཕྱག་གཡས་ པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ཀུན་དུ་ཡོག་པར་མཛད་ནས་སེམས་ཅན་ཐམས་ཅད་ལ་བདེ་བའི་ཡོ་བྱད་ཐམས་ཅད་ཉེ་བར་སྒྲུབ་པར་མཛད་ཅིང་ཟས་འདོད་པ་རྣམས་ལ་ཟས། སྐོམ་འདོད་པ་རྣམས་ལ་ནི་སྐོམ། གོས་འདོད་པ་རྣམས་ལ་ནི་གོས། རིན་པོ་ཆེ་འདོད་པ་རྣམས་ལ་ནི་རིན་པོ་ཆེ་རྣམས་དང་། གང་ཅི་འདོད་པ་དེ་ལ་དེ་སྦྱིན་པར་ཡང་སྤྱོད་མོད་ཀྱི། དེ་ཙམ་གྱིས་སེམས་ཅན་དེ་དག་འཁོར་བའི་ 82-1-93b རྒྱ་མཚོ་ཐོག་མ་དང་ཐ་མ་མེད་པ་ནས་ཆུ་སྲིན་འཛིན་ཁྲིའི་སྡུག་བསྔལ་ཆེན་པོ་དེ་ལས་ཐར་པར་མི་འགྱུར་བས་བྱམས་པ་ང་ནི་འཇིག་རྟེན་པའི་བདེ་བའི་ཡོ་བྱད་དེ་ལྟ་བུ་དག་རྣམ་པར་སྤངས་ནས་འཇིག་རྟེན་ ལས་འདས་པའི་བདེ་བ་ཆོས་རིན་པོ་ཆེ་ཡང་དག་པར་སྟོན་པར་མཛད་དེ། དེ་ཐོས་ན་སེམས་ཅན་རྣམས་ཀྱི་སྡུག་བསྔལ་གཏན་དུ་ཉེ་བར་ཞི་བར་འགྱུར་རོ། །བྱམས་པ་དེ་ལྟ་བས་ན་ཁྱོད་ཀྱིས་ཀྱང་ངའི་རྗེས་སུ་ བསླབ་པར་བྱ་ཞིང་ཁྱོད་ཟང་ཟིང་ལ་གདུ་བར་མི་བྱའི། ཁྱོད་ཆོས་ལ་གདུ་བར་བྱའོ། །བྱམས་པ་ཡང་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་ནུབ་པར་འགྱུར་བའི་དུས་ལ་བབ་པའི་ ཚེ་ན་བྱང་ཆུབ་སེམས་དཔར་ཁས་འཆེ་བ་ཁ་ཅིག་འབྱུང་བར་འགྱུར་ཏེ། དེ་དག་ནི་ལྟུང་བ་ལྷག་པར་འབྱུང་བར་འགྱུར་ཞིང་ལུས་མ་བསྡམས་པ་དང་། ངག་མ་བསྡམས་པ་དང་། ཡིད་མ་བསྡམས་པས་ སྡིག་པའི་ལས་ལྷག་པར་སྤྱད་ནས་ཉེས་པ་བཤགས་པ་ཙམ་གྱིས་དག་པར་འགྱུར་བར་སེམས་ཀྱི་ཕྱིན་ཅད་སྡོམ་པར་ཡང་མི་བྱེད་ལ། ཕྱིན་ཅད་ཡང་དག་པར་བསྡམ་པའི་ཕྱིར་སྡོམ་པར་ཡང་མི་བྱེད་དོ། ། ངས་ནི་སྔོན་བྱས་པའི་སྡིག་པའི་ལས་ཟད་པར་བྱ་བའི་ཕྱིར་ཕུང་པོ་གསུམ་པའི་ཆོས་ཀྱི་རྣམ་གྲངས་བསྟན་པ་ཡིན་ན། དེ་ལ་མི་བླུན་པོ་དེ་དག་ནི་ལྷག་པར་ལྟུང་བ་མངོན་པར་འདུ་བྱ་བ་མངོན་པར་འདུ་ བྱས་ནས་ཉེས་པ་བཤགས་ཤིང་སྦྱང་བ་ཙམ་གྱིས་དག་པར་འགྱུར་བར་སེམས་ཤིང་ཕྱིན་ཅད་སྡོམ་པར་ནི་མི་བྱེད་དོ། །བྱམས་པ་གཞན་ཡང་ངས་བྱང་ཆུབ་སེམས་དཔའི་ཐེག་པ་བའི་རིགས་ཀྱི་བུ་འམ། རིགས་ ཀྱི་བུ་མོ་རྣམས་ཀྱི་ལས་ཡོངས་སུ་བསགས་ཤིང་བྱས་པས་ན་མི་དགེ་བའི་ལས་ཆུང་ངུས་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་དམྱལ་བ་འམ། དུད་འགྲོའི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ 82-1-94a ནམ་དབུལ་པོར་སྐྱེ་བ་རྣམ་པ་སྣ་ཚོགས་གཞན་དག་ཏུ་ཡང་ལྟུང་བར་མི་ནུས་མོད་ཀྱི། འོན་ཀྱང་བྱང་ཆུབ་སེམས་དཔས་ནི་མྱུར་དུ་མེད་པར་བྱ་ཞིང་འཛེ་མདོག་དང་ལྡན་པ་དང་། བསླབ་པ་འདོད་པ་དང་། འཇིག་ རྟེན་ཕ་རོལ་ལ་འཇིགས་པར་ལྟ་བ་དང་། རྟག་ཏུ་ཡིད་སྐྱོ་བ་དང་། སྲིད་པར་འགྲོ་བའི་སྐྱེ་བའི་གནས་ཐམས་ཅད་ལ་ཡིད་སྐྲག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱམས་པ་འདི་ལྟར་བྱང་ཆུབ་སེམས་དཔས་ནི་རྒལ་ནས་ཁྱེད་ཅག་ ཐམས་ཅད་བསྒྲལ་བར་བྱའོ། །གྲོལ་ནས་དགྲོལ་བར་བྱའོ། །དབུགས་ཕྱིན་ནས་དབུགས་དབྱུང་བར་བྱའོ། །ཡོངས་སུ་མྱ་ངན་ལས་འདས་ནས་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ། །ཞེས་སེམས་ཅན་ཐམས་ཅད་ཉེ་བར་བཟུང་བའི་ཕྱིར་ ཏེ། བྱམས་པ་ངས་ནི་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་འཇིག་རྟེན་སའི་དཀྱིལ་འཁོར་གྱི་སྟེང་ན་བྱང་ཆུབ་སེམས་དཔའི་ལས་ཇི་སྙེད་པ་དང་། ཁུར་ ཇི་སྙེད་པ་དང་། དགོས་པ་ཇི་སྙེད་པ་དང་། དོན་བྱ་བ་ཇི་སྙེད་པ་དང་། བྱ་བ་ཇི་སྙེད་པ་དེ་སྙེད་ནི་སེམས་ཅན་འགའ་ལ་ཡང་མ་མཐོང་ངོ་། །བྱམས་པ་འདི་ལྟ་སྟེ་དཔེར་ན་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ གྱི་ཁམས་བྲག་དང་། རི་དང་། རྒྱ་མཚོ་དང་། ཆུ་ཀླུང་དང་། ནགས་ཚལ་དང་བཅས་པ་འདི་མི་ལ་ལ་ཞིག་གི་སྤྱི་བོ་འམ། ཕྲག་པའི་སྟེང་དུ་བཞག་སྟེ། འདི་སྐད་ཅེས་ཀྱེ་སྐྱེས་བུ་ཁྱོད་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་ འཇིག་རྟེན་གྱི་ཁམས་བྲག་དང་། རི་དང་། རྒྱ་མཚོ་དང་། ཆུ་ཀླུང་དང་། ནགས་ཚལ་དང་བཅས་པ་འདི་བསྐལ་པ་འམ། བསྐལ་པ་ལས་ལྷག་པ་འམ། བསྐལ་པ་རྒྱ་འམ། བསྐལ་པ་སྟོང་ངམ། བསྐལ་པ་འབུམ་གྱི་བར་དུ་ གདེག་པར་བྱ་ཞིང་གཞག་པར་མི་བྱ། ངལ་བསོ་བར་མི་བྱའོ་ཞེས་ཀྱང་བསྒོ་བར་གྱུར་ན། བྱམས་པ་འདི་ཇི་སྙམ་དུ་སེམས། མི་དེའི་ཁུར་དེ་ཆེ་བ་དང་། སྤྲོ་བ་མཐུ་དང་ལྡན་པ་དང་། མཐུ་སྟོབས་མཐུ་དང་ལྡན་པ་དང་། བརྩོན་ 82-1-94b འགྲུས་མཐུ་དང་ལྡན་པ་ཡིན་སྙམ་འམ། བྱམས་པས་གསོལ་པ། བཅོམ་ལྡན་འདས་མཐུ་དང་ལྡན་པ་ལགས་སོ། །བདེ་བར་གཤེགས་པ་མཐུ་དང་ལྡན་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། བྱམས་པ་ཁྱོད་མོས་པར་བྱ། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱ་སྟེ། བྱམས་པ་དེ་བས་ཀྱང་གང་ཞིག་གིས་ཀྱེ་སེམས་ཅན་རྣམས་ངས་ཁྱེད་ཅག་མྱ་ངན་ལས་འདས་པའི་བདེ་བ་ལ་དགོད་པར་བྱའོ་ཞེས་སེམས་ཅན་ ཐམས་ཅད་ཉེ་བར་བཟུང་བའི་བྱང་ཆུབ་སེམས་དཔའི་ཁུར་དང་། སྤྲོ་བ་དང་། མཐུ་སྟོབས་དང་། བརྩོན་འགྲུས་ནི་ཆེས་སྟོབས་དང་ལྡན་པར་བལྟ་བར་བྱའོ། །བྱམས་པ་འདི་ལྟ་སྟེ་དཔེར་ན་མི་ལ་ལ་ཞིག་གི་ལས་སྟོང་ གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱི་ལས་ཇི་ཙམ་པ་དེ་ཙམ་དུ་གྱུར་ལ། དེས་སེམས་ཅན་ཐམས་ཅད་ཀྱི་ལས་དེ་དག་ཐམས་ཅད་ཀྱང་སེ་གོལ་གཏོགས་པ་ ཙམ་གཅིག་གིས་ཡོངས་སུ་སྒྲུབ་པར་བྱེད་ཅིང་ལས་ཀྱི་མཐའ་འགའ་ཙམ་ཡང་ཡོངས་སུ་ཉམས་པར་མ་གྱུར་ན། བྱམས་པ་འདི་ཇི་སྙམ་དུ་སེམས། མི་དེའི་ལས་དེ་སྟོབས་དང་ལྡན་པ་ཡིན་སྙམ་འམ། བྱམས་ པས་གསོལ་བ། བཅོམ་ལྡན་འདས་དེ་ལྟ་ལགས་སོ། །བདེ་བར་གཤེགས་པ་དེ་ལྟ་ལགས་ཏེ། བཅོམ་ལྡན་འདས་སྟོབས་དང་ལྡན་པ་ལགས་སོ། །བདེ་བར་གཤེགས་པ་སྟོབས་དང་ལྡན་པ་ལགས་སོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་ཁྱོད་མོས་པར་བྱ། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱ་སྟེ། བྱམས་པ་དེ་བས་ནི་བྱང་ཆུབ་སེམས་དཔའ་གང་གིས་འདི་སྐད་དུ་བདག་གིས་སེམས་ཅན་ཐམས་ཅད་འཁོར་བའི་ སྡུག་བསྔལ་ལས་དགྲོལ་བར་བྱའོ་ཞེས་ཚིག་ཏུ་བརྗོད་ནས་ལས་སུ་བྱ་བར་བྱེད་པ་དེ་ཆེས་སྟོབས་དང་ལྡན་པ་ཡིན་ནོ། །བྱམས་པ་འདི་ལྟ་སྟེ་དཔེར་ན་ཁྱིམ་བདག་ལ་ལ་ཞིག་བུ་གཅིག་པ་སྡུག་པ། ཕངས་པ་ 82-1-95a ཡིད་དུ་འོང་བ། མཐོང་ན་མི་མཐུན་པ་མེད་པ་ཞིག་བདོག་པར་གྱུར་ལ། ཁྱིམ་བདག་དེ་ཉེས་པ་འགའ་ཞིག་གི་ལེ་ལན་གྱིས་བུ་གཅིག་པ་དང་བཅས། ཆུང་མ་དང་བཅས། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་ རྣམས་དང་བཅས། ནོར་དང་། དབྱིག་དང་། ཡོ་བྱད་ཐམས་ཅད་དང་བཅས་ཏེ། རྒྱལ་པོའི་ཕོ་བྲང་དུ་བཀུག་པར་གྱུར་ཅིང་། དེ་ནས་རྒྱལ་པོ་དེས་ཁྱིམ་བདག་དེ་ལ་འདི་སྐད་དུ་ཀྭའི་ཁྱིམ་བདག་ཁྱོད་འདི་ནས་དཔག་ཚད་འབུམ་ གྱི་ཕ་རོལ་ན་གྲོང་ཁྱེར་ཆེ་གོ་མོ་ཞེས་བྱ་བ་ཞིག་ཡོད་པར་དོན་འདིའི་ཕྱིར་ཞག་བདུན་གྱིས་ཕྱིན་པར་སོང་ལ་ཆ་ཁྱེར་ཏེ་ཕྱིར་ཡང་ཞག་བདུན་གྱིས་ངའི་དྲུང་དུ་ཕྱིན་པར་ཤོག་ཤིག་དང་། དེ་ལྟ་བས་ན་ཁྱོད་ཀྱི་བུ་གཅིག་ པ་འདི་དང་། ཆུང་མ་འདི་དང་། འཁོར་འདི་དག་ཐམས་ཅད་དང་། ནོར་དང་། དབྱིག་དང་། ཡོ་བྱད་འདི་དག་ཐམས་ཅད་ཀྱང་ཁྱོད་ལ་ཕྱིར་སྦྱིན་པར་བྱ་ཞིང་། གཞན་ཡང་ཁྱོད་ལ་རྒྱལ་སྲིད་ཕྱེད་ཀྱི་སྦྱིན་པ་ཡང་ལྷག་པར་ སྦྱིན་པར་བྱའོ། །གལ་ཏེ་ཁྱོད་སོང་ནས་གྲོང་ཁྱེར་དེ་ནས་ཆ་བླངས་ཏེ་ཉིན་མཚན་བདུན་གྱིས་ཕྱིར་མ་འོངས་ན་ཁྱོད་ལ་ཅུང་ཟད་ཀྱང་སྦྱིན་པར་མི་བྱའི་སྟེང་དུ། ཁྱོད་བུ་གཅིག་པ་དང་བཅས། ཆུང་མ་དང་བཅས། འཁོར་དང་བཅས་ཏེ། ཆད་པས་བཅད་པ་དང་། སྲོག་དང་བྲལ་ཞིང་བསད་པར་བྱའོ། །ཞེས་བསྒོ་བར་གྱུར་ན། བྱམས་པ་འདི་ཇི་སྙམ་དུ་སེམས། ཁྱིམ་བདག་དེ་དེ་སྐད་བསྒོ་བ་ན་བདག་ཕངས་པ་དང་། ལྡན་པ་དང་། བུ་ ཕངས་པ་དང་ལྡན་པ་དང་། ཆུང་མ་ཕངས་པ་དང་ལྡན་པ་དང་། འཁོར་ཕངས་པ་དང་ལྡན་པ་དང་། ནོར་ཕངས་པ་དང་ལྡན་པས་སྟོབས་དང་ལྡན་པའི་རྩོམ་པ་དང་། སྟོབས་དང་ལྡན་པའི་མགྱོགས་པས་གྲོང་ཁྱེར་དེར་ འགྲོ་བར་འགྱུར་སྙམ་འམ། བྱམས་པས་གསོལ་པ། བཅོམ་ལྡན་འདས་དེ་ལྟ་ལགས་སོ། །བདེ་བར་གཤེགས་པ་དེ་ལྟ་ལགས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འཚལ་བ་ལྟར་ན་ 82-1-95b དེ་ནི་དོན་དེ་ཡོངས་སུ་མ་གྲུབ་ཀྱི་བར་དུ་སེམས་རྣམ་པར་གཡེང་བར་མི་བགྱིད། ཟས་ཀྱི་འདུ་ཤེས་སྐྱེད་པར་མི་བགྱིད། རྨུགས་པ་དང་གཉིད་ཀྱི་སེམས་སྐྱེད་པར་མི་བགྱིད་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ ལྟར་དེའི་སླད་རོལ་གྱི་དངོས་པོ་གཞན་ལྟ་ཞོག་ལགས་ཀྱི། བདག་ཉིད་ཕངས་པའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་གལ་ཏེ་སེམས་ཅན་ཐམས་ཅད་དེ་ལྟ་བུའི་བརྩོན་འགྲུས་རྩོམ་པ་ཆེན་ པོ་དང་ལྡན་པར་གྱུར་ཀྱང་སེམས་ཅན་དེ་དག་ཐམས་ཅད་ཀྱི་བརྩོན་འགྲུས་ཆེན་པོ་དེ་ནི་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཆེན་པོ་དེའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། བྱེ་བའི་ཆ་དང་། བྱེ་བ་ ཕྲག་བརྒྱའི་ཆ་དང་། བྱེ་བ་ཕྲག་སྟོང་གི་ཆ་དང་། བྱེ་བ་ཕྲག་འབུམ་གྱི་ཆ་དང་། བྱེ་བ་ཁྲག་ཁྲིག་ཕྲག་སུམ་གྱི་ཆ་དང་། དཔེ་དང་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། བྱམས་པ་འདི་ལྟར་བྱང་ཆུབ་སེམས་དཔའ་ ནི་རྒྱུན་ཕྱོགས་སུ་དེད་པའི་སེམས་ཅན་ཐམས་ཅད་རྒྱུན་ལས་བཟློག་པ། གཡོ་བ་མེད་པ། མྱ་ངན་ལས་འདས་པའི་དབྱིངས་སུ་རབ་ཏུ་འགོད་པར་བྱེད་པའི་ཕྱིར་རོ། །བྱམས་པ་འདི་ལྟ་སྟེ་དཔེར་ན་མི་འདི་ཙམ་ དུ་སྟོབས་དང་ལྡན་པ། འདི་ཙམ་དུ་ཤུགས་དང་ལྡན་པ། འདི་ཙམ་དུ་མཐུ་དང་ལྡན་པ། འདི་ཙམ་དུ་བརྩོན་འགྲུས་དང་ལྡན་པ་ལ་ལ་ཞིག་སྐྱེས་པར་གྱུར་ལ། དེས་རྒྱ་མཚོ་ཆེན་པོ་བཞི་པོ་དག་ལ་ཆུའི་ཕུང་པོ་གང་ཇི་སྙེད་པ་ དེ་དག་ཐམས་ཅད་ཆུ་ཀླུང་ཆེན་པོའི་རྒྱུན་གང་དང་གང་དག་ནས་རྒྱ་མཚོ་ཆེན་པོར་ཞུགས་པར་གྱུར་བའི་ཆུ་ཀླུང་ཆེན་པོའི་རྒྱུན་དེ་དག་ཉིད་ནས་ཆུའི་མཐའ་ཕྱིར་བཟློག་ནས་རྒྱུན་ལས་བཟློག་ཐབས་ཁོ་ནར་མཚོ་ཆེན་པོ་ མ་དྲོས་པའི་ནང་དུ་ཕབ་པར་གྱུར་ན། བྱམས་པ་འདི་ཇི་སྙམ་དུ་སེམས། མི་དེ་དཀའ་བར་བྱེད་པ་དང་། ངོ་མཚར་ཆེ་བ་དང་། བརྩོན་འགྲུས་ཆེ་བ་ཡིན་སྙམ་འམ། བྱམས་པས་གསོལ་པ། བཅོམ་ལྡན་འདས་དེ་ལྟ་ལགས་སོ། ། 82-1-96a བདེ་བར་གཤེགས་པ་དེ་ལྟ་ལགས་སོ། །བཅོམ་ལྡན་འདས་ཀྱིས་དཀའ་སྩལ་པ། བྱམས་པ་ཁྱོད་མོས་པར་བྱ། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱ་སྟེ། དེ་བས་ཀྱང་གང་དག་ལྷག་པའི་ བསམ་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྙིང་རྗེ་ཆེན་པོ་ཀུན་དུ་བསྐྱེད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་ནན་ཏན་གྱིས་མཛེས་པར་བྱེད་པ་དེ་དག་ཆེས་ཤིན་ཏུ་དཀའ་བ་བྱེད་པ་དང་། ངོ་ མཚར་ཆེ་བ་ཡིན་ནོ། །དེ་བས་ཀྱང་གང་དག་སངས་རྒྱས་ཡོད་དོ། །ཆོས་ཡོད་དོ། །དགེ་འདུན་ཡོད་དོ། །ལེགས་པར་བྱས་པ་དང་། ཉེས་པར་བྱས་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡོད་དོ་ཞེས་ ངེས་པར་རྟོག་པར་བྱེད་པ་དེ་དག་ཆེས་ཤིན་དུ་དཀའ་བ་བྱེད་པ་དང་། ངོ་མཚར་ཆེ་བ་ཡིན་ནོ། །དེ་བས་ཀྱང་གང་དག་འདོད་ཆགས་ཀྱི་སེམས་སྐྱེས་པ་སེལ་བར་བྱེད་པ་དང་། ཞེ་སྡང་གི་སེམས་སྐྱེས་པ་སེལ་བར་ བྱེད་པ་དང་། གཏི་མུག་གི་སེམས་སྐྱེས་པ་སེལ་བར་བྱེད་པ་དེ་དག་ཆེས་ཤིན་དུ་དཀའ་བ་བྱེད་པ་དང་། ངོ་མཚར་ཆེ་བ་ཡིན་ནོ། །དེ་བས་ཀྱང་གང་དག་མཛའ་བཤེས་དང་། གྲོས་གྲོགས་དང་། ཉེ་དུ་དང་། རྒན་ རབས་རྣམས་ལ་མི་ལྟ་བར་སྤངས་ཤིང་ལོངས་སྤྱོད་ཆུང་ངུ་དང་། ལོངས་སྤྱོད་ཆེན་པོའི་ཚོགས་རྣམས་ཀྱང་ཡོངས་སུ་སྤངས་ནས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བའི་སེམས་ཀྱིས་ཁྱིམ་ གྱི་གནས་ནས་གོམ་པ་བདུན་འདོར་བར་བྱེད་པ་དེ་དག་ཆེས་ཤིན་དུ་དཀའ་བ་བྱེད་པ་དང་། ངོ་མཚར་ཆེ་བ་ཡིན་ནོ། །དེ་བས་ཀྱང་གང་དག་གོས་ངུར་སྨྲིག་དག་བགོས་ཏེ། ལེགས་པར་གསུངས་པའི་ཆོས་འདུལ་ བ་ལ་དད་པས་ཁྱིམ་ནས་ཁྱིམ་མེད་པར་ལེགས་པ་ཁོ་ནར་རབ་ཏུ་འབྱུང་བར་བྱེད་པ་དེ་དག་ཆེས་ཤིན་དུ་དགའ་བ་བྱེད་པ་དང་། ངོ་མཚར་ཆེ་བ་ཡིན་ནོ། །དེ་བས་ཀྱང་གང་དག་དེ་ལྟར་རབ་ཏུ་བྱུང་ནས་གདམས་ངག་ལ་ 82-1-96b ནན་ཏན་གྱིས་མཛེས་པར་བྱེད་པ་དང་། བསླབ་པའི་གཞི་ཇི་ལྟར་བཅས་པ་དག་ལ་སློབ་པར་བྱེད་པ་དག་ཆེས་ཤིན་དུ་དཀའ་བ་བྱེད་པ་དང་། ངོ་མཚར་ཆེ་བ་ཡིན་ནོ། །དེ་བས་ཀྱང་གང་དག་འདུ་འཛིའི་གཏམ་ལ་འཇིགས་པར་ལྟ་ཞིང་དབེན་པ་ འདོད་པས་དགོན་པ་ལ་མངོན་པར་ཕྱོགས་ཏེ་གོམ་པ་བདུན་འདོར་བར་བྱེད་པ་དེ་དག་ཆེས་ཤིན་དུ་དཀའ་བ་བྱེད་པ་དང་། ངོ་མཚར་ཆེ་བ་ཡིན་ནོ། །དེ་བས་ཀྱང་གང་དག་ཆོས་ཐམས་ཅད་སྟོང་པའོ་ཞེས་མོས་པར་བྱེད་པ་དེ་དག་ཆེས་ ཤིན་དུ་དཀའ་བ་བྱེད་པ་དང་། ངོ་མཚར་ཆེ་བ་ཡིན་ནོ། །དེ་བས་ཀྱང་གང་དག་ཆོས་ཟབ་མོ་རྣམས་ལ་རྗེས་སུ་འཐུན་པའི་བཟོད་པ་ཐོབ་པ་དེ་དག་ཤིན་དུ་དཀའ་བ་བྱེད་པ་དང་། ངོ་མཚར་ཆེ་བ་ཡིན་ནོ། །དེ་བས་ཀྱང་ གང་དག་རྣམ་པར་ཐར་པའི་སྒོ་གསུམ་པོ་དག་མངོན་སུམ་དུ་བྱས་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་རྗེས་སུ་ཐོབ་པར་བྱེད་པ་ནས། དགྲ་བཅོམ་པ་ཉིད་ཀྱི་བར་དུ་རྗེས་སུ་ཐོབ་པར་བྱེད་པ་དེ་དག་ཆེས་ ཤིན་དུ་དཀའ་བ་བྱེད་པ་དང་། ངོ་མཚར་ཆེ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱམས་པ་འདི་ལྟ་སྟེ་འཕགས་པའི་ཆོས་འདུལ་བ་ལ་དད་ཅིང་དང་བ་དང་། རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་ པོ་དང་། འབྲས་བུ་འཐོབ་པ་དེ་ནི་ཤིན་དུ་དཀའ་བ་ཡིན་པའི་ཕྱིར་རོ། །བྱམས་པ་དེ་ལ་ཡང་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་ནུབ་པར་འགྱུར་བའི་དུས་ལ་བབ་པའི་ཚེ་ན་བྱང་ཆུབ་སེམས་ དཔའི་ཐེག་པ་བ་ལེགས་པར་གསུངས་པའི་ཆོས་འདུལ་བ་འདི་ལ་རབ་ཏུ་བྱུང་ནས་བྱང་ཆུབ་སེམས་དཔའི་ལས་སྤངས་ཏེ་བྱིས་པའི་ལས་ལ་རབ་ཏུ་གནས་པ་ཁ་ཅིག་འབྱུང་བར་འགྱུར་ཏེ། བྱམས་པ་དེ་ལ་ བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལས་གང་ཞེ་ན། ཉི་ཤུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལས་ཡིན་ཏེ། དེ་དག་ཡོངས་སུ་མ་རྫོགས་ན་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོར་ 82-1-97a འགྲོ་བར་མི་ནུས་སོ། །ཉི་ཤུ་གང་ཞེ་ན། སེར་སྣའི་སེམས་ཚར་བཅད་པར་བྱ་བ་དང་། གཏོང་བ་ཆེན་པོ་སྤེལ་བར་བྱ་བ་དང་། འཆལ་བའི་ཚུལ་ཁྲིམས་ཡོངས་སུ་སྤང་བར་བྱ་བ་དང་། ཚུལ་ཁྲིམས་ཀྱི་ཕུང་ པོ་ཡོངས་སུ་རྫོགས་པར་བྱ་བ་དང་། གནོད་སེམས་དང་ཐ་བའི་སྐྱོན་རྣམ་པར་སྤང་བར་བྱ་བ་དང་། བཟོད་པའི་སྟོབས་ལ་གནས་པར་བྱ་བ་དང་། ལེ་ལོའི་སེམས་རྣམ་པར་གནོན་པར་བྱ་བ་དང་། བརྩོན་འགྲུས་ཆེན་པོ་ བརྩམ་པར་བྱ་བ་དང་། བརྗེད་ངས་པའི་སེམས་ཡོངས་སུ་སྤང་བར་བྱ་བ་དང་། དྲན་པ་དང་བློ་གྲོས་ཀྱིས་བསམ་གཏན་རྣམས་ལ་མི་རྟེན་པར་བསམ་གཏན་དུ་བྱ་བ་དང་། ཟབ་མོ་ལ་བཟོད་པ་བསྒོམ་པར་བྱ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་རྟོགས་པར་བྱ་བ་དང་། རྣམ་པར་རྟོག་པ་ཐམས་ཅད་སྤང་བར་བྱ་བ་དང་། མཚན་མ་མེད་པས་གནས་པར་བྱ་བ་དང་། སྨོན་པ་དང་བྲལ་བར་བྱ་བ་དང་། སྨོན་པ་མེད་པའི་ཡུལ་ ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་བཏང་བར་བྱ་བ་དང་། སྙིང་རྗེ་ཆེན་པོས་གནས་པར་བྱ་བ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་དགའ་བའི་སེམས་ཡིད་ལ་མི་ བྱ་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་ལ་མོས་ཤིང་ནེམ་ནུར་མེད་པ་དང་ཡིད་ཆེས་པར་བྱ་བ་སྟེ། བྱམས་པ་ཉི་ཤུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལས་ཡིན་ཏེ། ལས་དེ་དག་ཡོངས་སུ་མ་རྫོགས་ན་ བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བར་མི་ནུས་སོ། །བྱམས་པ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་དག་པའི་དམ་བཅའ་བ་ཡིན་ཏེ། བཞི་གང་ཞེ་ན། བདག་ཉིད་ཀྱི་བདེ་བ་སྤོང་བ་ དང་། ཆོས་ཀྱིས་ངོམས་མི་ཤེས་པ་དང་། ཆོས་ཡོངས་སུ་ཚོལ་བས་བདག་སངས་རྒྱས་སུ་འགྱུར་བར་བྱའོ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ། །སེམས་ཅན་རྣམས་འཁོར་བ་ཐོག་མ་དང་། ཐ་མ་མེད་པ་ལས་ 82-1-97b ཐར་པར་བྱའོ། །སེམས་ཅན་གྱི་ཁམས་ཚད་མེད་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་གཞུག་པར་བྱའོ། །ཞེས་ཡང་དག་པར་དམ་བཅའ་བ་སྟེ། བྱམས་པ་བཞི་པོ་ དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་དག་པར་དམ་བཅའ་བ་ཡིན་ནོ། །བྱམས་པ་འདི་ལྟ་སྟེ་དཔེར་ན་མི་སྨན་མཁས་ལ་གསང་སྔགས་ལ་མཁས་ཤིང་དུག་དང་རྩི་ལ་མཁས་པ་གཉིས་ཤིག་ ཡོད་པར་གྱུར་ལ། དེ་གཉིས་ལས་མི་གཅིག་གིས་སྐྱེ་བོ་ཕལ་པོ་ཆེའི་མདུན་དུ་ངོ་མཚར་གྱི་འདུ་ཤེས་བསྐྱེད་པར་བྱ་བའི་ཕྱིར་དུག་ཟ་བར་བྱེད་ཅིང་ཟོས་ནས་ཀྱང་། ཡན་ལག་དང་ཉིང་ལག་རྣམས་ཤིག་ཤིག་པོར་གྱུར་ བས་སྡུག་བསྔལ་གྱི་ཚོར་བ་མྱོང་བར་གྱུར་བ་ལས་ཡང་གསང་སྔགས་སྔོན་དུ་བཏང་བའི་སྨན་ཟ་བར་བྱེད་ཅིང་དེ་གསང་སྔགས་ཡང་དག་པ་དང་། སྨན་དེས་དུག་གི་ཉེས་པ་དེ་དག་དང་བྲལ་བར་གྱུར་ལ། དེ་ནས་མི་དེས་ དུས་གཞན་གྱི་ཚེ་ན་སྨན་དེ་མ་རྙེད་ཅིང་གཉེན་པ་མ་རྙེད་པས་དུག་དེས་ཤི་བར་གྱུར་ལ། དེ་ནས་མི་གཅིག་ཤོས་དེས་འདི་སྐད་ཅེས་སྨྲས་ཏེ། ཁོ་བོས་ནི་སྨན་གྱིས་དུག་ཞི་བར་བྱེད་ནུས་མོད་ཀྱི། འོན་ཀྱང་ཁོ་བོ་ལ་ནི་ ངོ་མཚར་གྱི་འདུ་ཤེས་མི་དགོས། ཡན་ལག་དང་ཉིང་ལག་ཤིག་ཤིག་བོར་འགྱུར་བ་མི་དགོས་པས་དུག་ཀྱང་མི་ཟ། སྨན་ཀྱང་མི་འཐུང་ངོ་ཞེས་ཟེར་བ་དེ་བཞིན་དུ་བྱམས་པ་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ ལ་བྱང་ཆུབ་སེམས་དཔའ་ཁྱིམ་ན་གནས་པ་དང་། རབ་ཏུ་བྱུང་བ་ཁ་ཅིག་འདི་སྐད་ཅེས་སྡིག་པའི་ལས་ནི་ཉེས་པ་བཤགས་པས་མ་ལུས་པར་ཟད་པར་འགྱུར་རོ། །ཞེས་ཟེར་ཞིང་དེ་དག་སྡིག་པ་མངོན་པར་འདུ་བྱ་ བ་མངོན་པར་འདུས་བྱས་ནས་ཡང་བཤགས་པར་བྱའོ་ཞེས་ལྟུང་བ་ལྷག་པར་འབྱིན་པར་བྱེད་ཅིང་ཕྱིས་སྡོམ་པ་འཛིན་པར་ནི་མི་བྱེད་པ་དག་འབྱུང་བར་འགྱུར་ཏེ། དེ་དག་ནི་འཆི་བའི་ཆོས་ཅན་ཡིན་ནོ། །ཞེས་སྨྲ་ 82-1-98a སྟེ། འཆི་བ་ཡང་གང་ཞེ་ན། འདི་ལྟ་སྟེ། དཔེར་ན་དུག་ཟ་བའི་མི་དེ་དང་འདྲ་བར་འཆི་བའི་དུས་བྱས་ནས་ལོག་པར་ལྟུང་བ་རྣམས་སུ་འགྲོ་བར་འགྱུར་བ་ཡིན་ནོ། །བྱམས་པ་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་ པ་ཕུན་སུམ་ཚོགས་པ་དག་འབྱུང་བར་འགྱུར་བ་དེ་དག་ནི་འདི་སྐད་ཅེས་བདག་ཅག་ལ་ནི་དུག་ཀྱང་མི་དགོས། སྨན་ཡང་མི་དགོས་ཀྱིས། བདག་ཅག་ནི་འདས་པའི་དུས་ན་སྡིག་པའི་ལས་བྱས་པ་ཟད་པར་བྱ་བ་དང་། མ་འོངས་པ་ དང་། ད་ལྟར་བྱུང་བ་ན་མངོན་པར་འདུ་མི་བྱ་བ་མ་གཏོགས་པར་སྡིག་པའི་ལས་ཀྱང་མངོན་པར་འདུ་མི་བྱ་ཞིང་ལྟུང་བ་ཡང་འབྱུང་བར་མི་བྱ་ལ་བཤགས་པར་ཡང་མི་བྱའོ། །ཞེས་ཟེར་ཏེ། བྱམས་པ་འཕགས་པའི་ཆོས་ འདུལ་བ་འདི་ལ་དུག་ཅེས་བྱ་བ་དེ་ནི་འདི་ལྟ་སྟེ། བསླབ་པའི་གཞི་ཇི་ལྟར་བཅས་པ་དག་ལས་འདའ་བར་བྱེད་པ་ཡིན་པས་ཁྱེད་ཅག་གིས་ནི་དུག་བཟའ་བར་མི་བྱ་འོ། །བྱམས་པ་བཞི་པོ་འདི་དག་ནི་འདི་ལྟ་སྟེ། བྱང་ ཆུབ་སེམས་དཔའ་རྣམས་ཀྱི་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་གཅོད་པར་བྱེད་པའི་ཆོས་རྣམས་ཡིན་ཏེ། དེ་དག་ནི་ཉན་ཐོས་ཀྱིས་ཀྱང་བྱ་བ་མ་ཡིན་ན་བྱང་ཆུབ་སེམས་དཔས་ལྟ་སྨོས་ཀྱང་ཅི་དགོས། བཞི་གང་ ཞེ་ན། བྱས་པ་མི་གཟོ་བ་ཉིད་དང་། གཡོ་ལ་སྟེན་པ་ཉིད་དང་། བརྫུན་གྱི་ཚིག་སྨྲ་བ་ཉིད་དང་། བསླབ་པ་ལས་འདའ་བར་བྱེད་པ་ཉིད་ཡིན་ཏེ། བཞི་པོ་དེ་དག་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐམས་ཅད་ མཁྱེན་པ་ཉིད་ཀྱི་བར་དུ་གཅོད་པར་བྱེད་པའི་ཆོས་རྣམས་ཡིན་ཏེ། དེ་དག་ནི་ཉན་ཐོས་ཀྱིས་ཀྱང་བྱ་བ་མ་ཡིན་ན་བྱང་ཆུབ་སེམས་དཔས་ལྟ་སྨོས་ཀྱང་ཅི་དགོས། བྱམས་པ་བྱང་ཆུབ་སེམས་དཔས་ཆོས་བཞི་ པོ་འདི་དག་ལས་དཔག་ཆད་བརྒྱར་འབྱོལ་བར་བྱ་སྟེ། བཞི་གང་ཞེ་ན། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་དང་། སྡིག་པའི་གྲོགས་པོའི་ལག་པ་དང་། འདུ་འཛིའི་གནས་དང་། གནས་གང་ 82-1-98b ན་གནས་པ་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གཞན་ཞིག་ཀྱང་འདུག་པར་གྱུར་ལ། གལ་ཏེ་དེ་དག་ལྷན་ཅིག་ཏུ་མགུ་བ་དང་། དགའ་བ་དང་། མཆོག་ཏུ་དགའ་བ་སྐྱེས་ལ། འཐབ་པ་མེད་པ་དང་ལྡན་པ་དང་། རྩོད་པ་མེད་པ་དང་ལྡན་པར་གནས་ན་ནི་དེས་དེར་གནས་པར་བྱའི། གལ་ཏེ་དེ་དེ་ལ་ཐ་ན་ཐ་བ་དང་། ཞེ་སྡང་གི་སེམས་གཅིག་ཙམ་ཞིག་སྐྱེད་པར་བྱེད་ན་ཡང་དེས་དེ་ནས་དཔག་ཚད་བརྒྱད་འབྱོལ་བར་བྱ་སྟེ། བྱང་ཆུབ་ སེམས་དཔས་ནི་བྱང་ཆུབ་སེམས་དཔའ་ལ་ཐ་བ་དང་། ཞེ་སྡང་གི་སེམས་བསྐྱེད་པར་མི་བྱའོ། །བྱམས་པ་བྱང་ཆུབ་སེམས་དཔས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅད་དུ་བསྡུ་བར་ བསྡུས་པའི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་ལ་སྤྱོས་སམ། བརྒྱད་དམ། དབྱུག་པས་བརྡེགས་སམ། མཚོན་གྱིས་བཏབ་པར་གྱུར་ན་བྱམས་པ་འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ དེས་སེམས་ཅན་དེ་སྙེད་ཅིག་ལ་སྤྱོས་པ་འམ། བརྒྱད་པ་འམ། དབྱུག་པས་བརྡེགས་པ་འམ། མཚོན་གྱིས་བཏབ་པའི་གཞི་དེ་ལས་སྡིག་པ་དང་། རྨས་པ་དང་། ཉམས་པ་མང་པོ་སྐྱེས་པར་འགྱུར་སྙམ་འམ། བྱམས་པས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་གཅིག་ཅིག་ལ་སྤྱོས་སམ། བརྒྱད་དམ། དབྱུག་པས་བརྡེགས་སམ། མཚོན་གྱིས་བཏབ་ན་ཡང་བསོད་ནམས་མ་ལགས་པ་མང་དུ་སྐྱེས་ལགས་ན་ སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་པ་ཐམས་ཅད་ལྟ་ལ་སྨོས་ཀྱང་ཅི་འཚལ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ནི་སེམས་ཅན་འགའ་ཙམ་ ལ་ཡང་ཐ་བ་དང་། ཞེ་སྡང་དང་། གནོད་སེམས་བསྐྱེད་པར་མི་བགྱི་བའི་སླད་དུའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་བཀའ་ 82-1-99a སྩལ་ཏོ། །བྱམས་པ་བྱང་ཆུབ་སེམས་དཔས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་དེ་དག་ཐམས་ཅད་ལ་སྤྱོས་སམ། བརྒྱད་དམ། དབྱུག་པས་བརྡེགས་སམ། མཚོན་གྱིས་བཏབ་པ་གང་ཡིན་པ་དེས་ནི་བྱང་ཆུབ་སེམས་དཔའ་གཞན་ཞིག་ལ་ཐ་ན་ཐ་བ་དང་། ཞེ་སྡང་གི་སེམས་གཅིག་ཙམ་ཞིག་བསྐྱེད་པར་གྱུར་བ་དེ་ཙམ་དུ་བྱང་ཆུབ་སེམས་དཔའ་དེ་རྨས་པ་དང་། ཉམས་པར་ མི་འགྱུར་ཏེ། བྱམས་པ་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་གཅིག་ཤོས་དེ་ལ་ཐ་བ་དང་། ཞེ་སྡང་གི་སེམས་སྐྱེད་པར་བྱེད་ན། གལ་ཏེ་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་ཡོངས་སུ་མི་གཏོང་བ་ཞིག་ན། སེམས་ ཇི་སྙེད་བསྐྱེད་པ་དེ་སྙེད་ཁོ་ནའི་བསྐལ་པར་བྱང་ཆུབ་ཀྱི་ཕྱིར་ཡང་གོ་ཆ་བགོ་བར་བྱ་དགོས་སོ། །བྱམས་པ་འདི་ལྟ་སྟེ་དཔེར་ན་ལྕགས་ནི་ལྕགས་ཉིད་ཀྱིས་གཅོད་པར་བྱེད་པ་མ་གཏོགས་པར་བོང་པའམ། ཤིང་ངམ་ རྩྭས་གཅོད་པར་མི་ནུས་པ་དེ་བཞིན་དུ་བྱམས་པ་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་དེ་ཡང་བྱང་ཆུབ་སེམས་དཔའ་གཅིག་ཤོས་ལ་ཐ་བ་དང་། ཞེ་སྡང་གི་སེམས་བསྐྱེད་པས་ཟད་པར་བྱེད་པ་མ་གཏོགས་པར་གཞན་གྱིས་ཟད་པར་མི་འགྱུར་ཏེ། བྱམས་པ་དེ་ལྟ་ བས་ན་ཁྱེད་ཅག་གིས་གཅིག་ལ་གཅིག་ཞེ་ས་དང་བཅས་པ་དང་། གཅིག་ལ་གཅིག་གུས་པ་དང་བཅས་པས་གནས་པར་བྱའོ། །ཞེས་དེ་ལྟར་བསླབ་པར་བྱ་ཞིང་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ ཡང་སྟོན་པའི་འདུ་ཤེས་བསྐྱེད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་སེམས་ཅན་ ཐམས་ཅད་ལ་ཡང་ཞེ་ས་དང་བཅས་པ་དང་། གུས་པ་དང་བཅས་པས་གནས་པར་བགྱིད་ལགས་ན་བྱང་ཆུབ་སེམས་དཔའ་རྣམས་ལྟ་ལ་སྨོས་ཀྱང་ཅི་འཚལ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་ནི་ 82-1-99b གནོད་སེམས་ལ་དཔའ་བར་མི་བགྱིད་ཀྱི། བདག་ནི་བཟོད་པའི་སྟོབས་དང་། མཐུ་ཕུན་སུམ་ཚོགས་པར་བགྱིད་པ་དང་། བཅོམ་ལྡན་འདས་བདག་ནི་གཡོ་ལ་སྟེན་པར་མི་བགྱིད་ཀྱི། བདག་ནི་ལྷག་པའི་བསམ་པ་ཕུན་སུམ་ ཚོགས་པར་བགྱིད་པ་དང་། བཅོམ་ལྡན་འདས་བདག་ནི་གཞན་གྱི་ཁྱིམ་ལ་ལྷག་པར་ཆགས་པར་མི་བགྱིད་ཀྱི། བདག་ནི་བདག་གིར་འཛིན་པ་མ་མཆིས་པ་དང་། ཡོངས་སུ་འཛིན་པ་མ་མཆིས་པར་བགྱིད་པ་དང་། བཅོམ་ལྡན་འདས་ བདག་ནི་ཟང་ཟིང་ལྷུར་ལེན་པར་མི་བགྱིད་ཀྱི། བདག་ནི་ཆོས་ལྷུར་ལེན་པར་བགྱིད་པ་དང་། བཅོམ་ལྡན་འདས་བདག་ནི་ཟས་དང་གོས་ལྷུར་ལེན་པར་མི་བགྱིད་ཀྱི། བདག་ནི་ཕའི་ནོར་ཡོངས་སུ་ཚོལ་བར་བགྱིད་པ་དང་། བཅོམ་ལྡན་འདས་བདག་ནི་ཕྲག་དོག་དང་སེར་སྣས་ཀུན་ནས་དཀྲིས་པར་མི་བགྱིད་ཀྱི། བདག་ནི་གཞན་གྱི་འབྱོར་པ་དག་ལ་ཡིད་དགའ་བ་དང་། གཏོང་བ་ཕུན་སུམ་ཚོགས་པར་བགྱིད་པ་དང་། བཅོམ་ལྡན་འདས་ བདག་ནི་དགེ་སྦྱོང་གི་མིང་ལྷུར་ལེན་པར་མི་བགྱིད་ཀྱི། བདག་ནི་དགེ་སྦྱོང་གི་ཡོན་ཏན་དག་ལ་སློབ་པར་བགྱིད་པ་དང་། བཅོམ་ལྡན་འདས་བདག་ནི་སྨྲ་བ་ལྷུར་ལེན་པར་མི་བགྱིད་ཀྱི། བདག་ནི་སྒྲུབ་པ་སྙིང་པོར་བགྱིད་པ་ དང་། བཅོམ་ལྡན་འདས་བདག་ནི་རྙེད་པ་དང་། བཀུར་སྟི་ལ་ལྷག་པར་ཆགས་པར་མི་བགྱིད་ཀྱི། བདག་ནི་དོན་ཉུང་བ་དང་། བགྱི་བ་ཉུང་བ་དང་། སངས་རྒྱས་ཀྱི་ཡོན་ཏན་ཡོངས་སུ་ཚོལ་བར་བགྱིད་པ་དང་། བཅོམ་ལྡན་འདས་ བདག་ནི་ཟང་ཟིང་གིས་བསྒོས་པའི་སེམས་ཀྱི་རྒྱུད་ཀྱིས་གྲོང་དང་གྲོང་ཁྱེར་དུ་འཇུག་པར་མི་བགྱིད་ཀྱི། བདག་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཡིད་ལ་བགྱིད་པ་ལ་མངོན་པར་བརྩོན་པས་གྲོང་དང་གྲོང་ཁྱེར་དུ་ འཇུག་པར་བགྱིད་པ་དང་། བཅོམ་ལྡན་འདས་བདག་ནི་ཆོས་གོས་དང་བསོད་སྙོམས་ཀྱི་སླད་དུ་ཚུལ་འཆོས་བར་མི་བགྱིད་ཀྱི། བདག་ནི་ཚུལ་འཆོས་པ་མ་མཆིས་པ་དང་། འཕགས་པའི་རིགས་བཞིས་ཆོ་ག་ 82-1-100a ཤེས་པར་བགྱིད་པ་དང་། བཅོམ་ལྡན་འདས་བདག་ནི་བྱིས་པའི་སྤྱོད་པ་ལ་སློབ་པར་མི་བགྱིད་ཀྱི། བདག་ནི་སངས་རྒྱས་ཀྱི་སྤྱོད་པ་ལ་སློབ་པར་བགྱིད་པ་དང་། བཅོམ་ལྡན་འདས་བདག་ནི་གཞན་དག་གིས་བགྱིས་ པ་དང་། མ་བགྱིས་པ་དག་ལ་སོ་སོར་རྟོག་པར་མི་བགྱིད་ཀྱི། བདག་ནི་བདག་ཉིད་དུལ་བ་དང་། ཞི་བར་སྦྱོར་བའི་རྗེས་སུ་བརྩོན་པས་གནས་པར་བགྱིད་པ་དང་། བཅོམ་ལྡན་འདས་བདག་ནི་ལྟུང་བ་འགའ་ཡང་གླེང་བར་མི་བགྱིད་ ཀྱི། བདག་ནི་ངག་གི་ལས་ཀྱི་མཐའ་སྡོམ་བར་བགྱིད་པ་དང་། བཅོམ་ལྡན་འདས་བདག་ནི་བསླབ་པ་ཐག་རིང་དུ་མི་བགྱིད་ཀྱི། བདག་ནི་སོ་སོར་ཐར་པ་ལ་སློབ་པར་བགྱིད་པ་དང་། བཅོམ་ལྡན་འདས་བདག་ནི་སངས་ རྒྱས་དང་། ཆོས་དང་། དགེ་འདུན་གྱི་བསྔགས་པས་འཚོ་བར་སེམས་པར་མི་བགྱིད་ཀྱི། བདག་ནི་སངས་རྒྱས་ཀྱི་བསྔགས་པ་བརྗོད་ཅིང་དེ་ལ་དགའ་བའི་སེམས་བསྐྱེད་པར་བགྱིད་པ་དང་། བདག་ནི་ཆོས་ཀྱི་བསྔགས་ པ་བརྗོད་ཅིང་ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་སྒྲུབ་པ་ལ་གནས་པར་བགྱིད་པ་དང་། བདག་ནི་དགེ་འདུན་གྱི་བསྔགས་པ་བརྗོད་ཅིང་ཕྱིར་མི་ལྡོག་པའི་དགེ་འདུན་ལ་རྟེན་པར་བགྱིད་པ་དང་། བཅོམ་ལྡན་འདས་བདག་ནི་ གཞན་གྱིས་མཐོང་བ་བསྐྱེད་པའི་སླད་དུ་ཚུལ་འཆོས་པས་མཆི་མ་འབྱིན་པར་མི་བགྱིད་ཀྱི། བདག་ནི་ཆོས་ཀྱི་ཤུགས་ཀྱིས་མཆི་མ་འབྱིན་པར་བགྱིད་པ་དང་། བཅོམ་ལྡན་འདས་བདག་ནི་བགྱི་པ་སྣ་ཚོགས་ཀྱི་འདུ་འཛིས་ སྦགས་ཏེ་གནས་པར་མི་བགྱིད་ཀྱི། བདག་ནི་ཆོས་ཡོངས་སུ་ཚོལ་བ་ལ་མངོན་པར་བརྩོན་པར་བགྱིད་པ་དང་། བཅོམ་ལྡན་འདས་བདག་ནི་འཇིག་རྟེན་པའི་བགྱི་བ་ལ་དགའ་བར་མི་བགྱིད་ཀྱི། བདག་ནི་འཇིག་རྟེན་ལས་འདས་ པའི་ཆོས་ཡོངས་སུ་ཚོལ་བ་ལ་དགའ་བར་བགྱིད་པ་དང་། བཅོམ་ལྡན་འདས་བདག་ནི་སོག་འཇོག་གི་ཟས་དང་ལྡན་པར་མི་བགྱིད་ཀྱི། བདག་ནི་ཚུལ་འཆོས་པ་མ་མཆིས་པར་ཀུན་དུ་སྤྱོད་པར་བགྱིད་པ་དང་། 82-1-100b བཅོམ་ལྡན་འདས་བདག་ནི་གནས་དང་ཡུལ་གཅིག་ཡོངས་སུ་འཛིན་པར་མི་བགྱིད་ཀྱི། བདག་ནི་རི་དགས་ལྟར་ཀུན་དུ་རྒྱུ་བར་བགྱིད་པ་དང་། བཅོམ་ལྡན་འདས་བདག་ནི་བསོད་སྙོམས་ལ་སྦྱོར་བའི་རྗེས་སུ་བརྩོན་ བར་མི་བགྱིད་ཀྱི། བདག་ནི་སངས་རྒྱས་ཀྱི་ཡོན་ཏན་ཡོངས་སུ་ཚོལ་བ་ལ་བརྩོན་བར་བགྱིད་པ་དང་། བཅོམ་ལྡན་འདས་བདག་ནི་རྨུགས་པ་དང་། གཉིད་ཀྱིས་ཉལ་བར་མི་བགྱིད་ཀྱི། བདག་ནི་ནམ་གྱི་ཆ་སྟོད་དང་། ནམ་གྱི་ཆ་ སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་བར་བགྱིད་པ་དང་། བཅོམ་ལྡན་འདས་བདག་ནི་འདུ་འཛིའི་སྤྱོད་པ་ལ་བརྩོན་བར་མི་བགྱིད་ཀྱི། བདག་ནི་དབེན་པ་ལ་དགའ་བར་བགྱིད་པ་དང་། བཅོམ་ལྡན་འདས་བདག་ནི་ཡོན་ཏན་ ཅུང་ཟད་ཙམ་གྱིས་ཆོག་ཤེས་པར་མི་བགྱིད་ཀྱི། བདག་ནི་ཡོན་ཏན་ཡོངས་སུ་ཚོལ་བས་ངོམས་མ་འཚལ་བར་བགྱིད་པ་དང་། བཅོམ་ལྡན་འདས་བདག་ནི་ཁྱིའི་ཆོས་རྣམས་ལ་ཀུན་དུ་སྤྱོད་པར་མི་བགྱིད་ཀྱི། བདག་ནི་སེང་ གེའི་སྒྲ་སྒྲོགས་པར་བགྱིད་པ་དང་། བཅོམ་ལྡན་འདས་བདག་ནི་ཅུང་ཟད་བཤེས་པ་དང་ལྡན་པར་མི་བགྱིད་ཀྱི། བདག་ནི་མཛའ་བཤེས་ཤིན་དུ་བརྟན་པར་བགྱིད་པ་དང་། བཅོམ་ལྡན་འདས་བདག་ནི་བགྱིས་པ་མི་གཟོ་ བར་མི་བགྱིད་ཀྱི། བདག་ནི་བགྱིས་པ་གཟོ་བ་དང་། བགྱིས་པ་ཚོར་བར་བགྱིད་པ་དང་། བཅོམ་ལྡན་འདས་བདག་ནི་སྦྱིན་པའི་ལན་གྱིས་མཛའ་བཤེས་སུ་མི་བགྱིད་ཀྱི། བདག་ནི་ལྷག་པའི་བསམ་པས་མཛའ་བཤེས་ སུ་བགྱིད་པ་དང་། བཅོམ་ལྡན་འདས་བདག་ནི་ལྷག་པའི་བསམ་པ་བཅོས་མར་མི་བགྱིད་ཀྱི། བདག་ནི་ལྷག་པའི་བསམ་པ་བརྟན་པར་བགྱིད་པ་དང་། བཅོམ་ལྡན་འདས་བདག་ནི་དམན་པ་ལ་མོས་པར་མི་བགྱིད་ཀྱི། བདག་ནི་ སངས་རྒྱས་ཀྱི་སྐུ་ཡོངས་སུ་སྒྲུབ་པ་ལྷུར་བླང་བ་རྒྱ་ཆེན་པོ་ལ་མོས་པར་བགྱིད་པ་དང་། བཅོམ་ལྡན་འདས་བདག་ནི་དེ་བཞིན་གཤེགས་པ་ལ་གུས་པ་མ་མཆིས་པ་དང་། བསླབ་པ་ལ་གུས་པ་མ་མཆིས་པར་མི་ 82-1-101a བགྱིད་ཀྱི། བདག་ནི་དེ་བཞིན་གཤེགས་པ་ལ་གུས་པ་དང་བཅས་པ་དང་། བསླབ་པ་ལ་གུས་པ་དང་བཅས་པར་བགྱིད་པ་དང་། བཅོམ་ལྡན་འདས་བདག་ནི་སེམས་ཀྱང་གཞན་ལ། སྨྲ་བ་ཡང་གཞན་པའི་ལྕེ་གཉིས་སུ་ མི་བགྱིད་ཀྱི། བདག་ནི་ཇི་སྐད་སྨྲས་པ་དེ་བཞིན་དུ་བགྱིད་པ་དང་། བཅོམ་ལྡན་འདས་བདག་ནི་ཚུལ་འཆོས་པའི་བྱང་ཆུབ་སེམས་དཔར་མི་བགྱིད་ཀྱི། བདག་ནི་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་དང་། བདག་ཉིད་དུལ་བ་དང་ ཞི་བ་ལ་སྦྱོར་བའི་རྗེས་སུ་བརྩོན་པར་བགྱིད་པ་དང་། བཅོམ་ལྡན་འདས་བདག་ནི་ང་རྒྱལ་གྱིས་ང་རྒྱལ་སྐྱེད་པར་མི་བགྱིད་ཀྱི། བདག་ནི་གདོལ་པའི་བུ་དང་འདྲ་བར་ང་རྒྱལ་ངེས་པར་འཇོམས་པར་བགྱིད་པ་དང་། བཅོམ་ལྡན་ འདས་བདག་ནི་ཆགས་པ་དང་བཅས་པས་བསོད་སྙོམས་ཡོངས་སུ་ལོངས་སྤྱོད་པར་མི་བགྱིད་ཀྱི། བདག་ནི་ཚུལ་ཁྲིམས་ཡོངས་སུ་དག་པ་དང་། དད་པས་སྩལ་པ་ལ་ལྕི་བའི་འདུ་ཤེས་སུ་བགྱིད་པ་དང་། བཅོམ་ལྡན་ འདས་བདག་ནི་ཚུལ་བཞིན་དུ་མ་ལགས་པའི་རྣམ་པར་རྟོག་པ་ཡིད་ལ་བགྱིད་པ་སྔོན་དུ་བཏང་བས་གདུགས་བས་མ་ཐག་ཁོ་ནར་མཆིས་ཉལ་བ་དང་། རྨུགས་པ་དང་། གཉིད་ཀྱི་བར་གྱིས་ནོན་པར་མི་བགྱིད་ཀྱི། བདག་ནི་ སངས་རྒྱས་ཀྱི་ཆོས་ཡོངས་སུ་བསྒྲུབ་པར་བགྱི་བའི་སླད་དུ་རྟག་ཏུ་བརྩོན་ཞིང་སྦྱོར་བར་བགྱིད་པ་དང་། བཅོམ་ལྡན་འདས་བདག་ནི་གང་ཟག་ཏུ་ལྟ་བ་ལ་རྟེན་པར་མི་བགྱིད་ཀྱི། བདག་ནི་སྟོང་པ་ཉིད་ལ་གནས་པར་བགྱིད་ པ་དང་། བཅོམ་ལྡན་འདས་བདག་ནི་རྣམ་པར་རྟོག་པ་དང་། འཁྲུལ་པ་སྨྲ་བར་མི་བགྱིད་ཀྱི། བདག་ནི་མཚན་མ་མ་མཆིས་པ་ལ་གནས་པར་བགྱིད་པ་དང་། བཅོམ་ལྡན་འདས་བདག་ནི་ལུས་ཀྱིས་ཚུལ་འཆོས་པར་མི་ བགྱིད་ཀྱི། བདག་ནི་ལུས་དང་། ངག་དང་། ཡིད་ཀྱི་ལས་ཀྱི་མཐའ་ཡོངས་སུ་དག་པར་བགྱིད་པ་དང་། བཅོམ་ལྡན་འདས་བདག་ནི་ཟང་ཟིང་གིས་བསྒོས་པའི་སེམས་ཀྱི་རྒྱུད་ཀྱིས་ན་ཆོས་སྟོན་པར་མི་བགྱིད་ཀྱི། 82-1-101b བདག་ནི་ཟང་ཟིང་མ་མཆིས་པའི་སེམས་ཀྱིས་ཆོས་སྟོན་པར་བགྱིད་པ་དང་། བཅོམ་ལྡན་འདས་བདག་ནི་ཟང་ཟིང་གི་སྦྱིན་པས་མཛའ་བཤེས་སུ་མི་བགྱིད་ཀྱི། བདག་ནི་ཆོས་ཀྱི་སྦྱིན་པས་མཛའ་བཤེས་སུ་བགྱིད་པ་དང་། བཅོམ་ ལྡན་འདས་བདག་ནི་བདག་དང་གཞན་ལ་ཡོངས་སུ་གདུང་བར་མི་བགྱིད་ཀྱི། བདག་ནི་བདག་ལ་སྨན་པ་དང་། གཞན་ལ་སྨན་པའི་སླད་དུ་སྒྲུབ་པར་བགྱིད་པ་དང་། བཅོམ་ལྡན་འདས་བདག་ནི་དགོན་པར་གནས་པ་ལ་ཚུལ་ འཆོས་པར་མི་བགྱིད། བསོད་སྙོམས་ལ་ཚུལ་འཆོས་པར་མི་བགྱིད། ཕྱག་དར་ཁྲོད་ལ་ཚུལ་འཆོས་པར་མི་བགྱིད་དེ། དེ་ཅིའི་སླད་དུ་ཞེ་ན། བདག་ནི་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཡང་དག་པར་བླངས་ཏེ་གནས་ པར་བགྱིད་ཅིང་། དེ་ཡང་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་ཐམས་ཅད་ལ་རྟེན་པ་མ་མཆིས་པའི་སླད་དུ་འོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་བྱམས་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བྱམས་པ་ལེགས་སོ་ལེགས་སོ། །ཁྱོད་ཇི་ལྟར་སངས་རྒྱས་ཀྱི་ཡོན་ཏན་ཡོངས་སུ་ཆོལ་བ་ལ་བརྩོན་པ་དེ་ལྟར་སེང་གེའི་སྒྲ་འདི་སྒྲོགས་པར་བྱེད་པ་ནི་ཁྱོད་སྔོན་གྱི་རྒྱལ་ བ་ལ་ལྷག་པར་བྱ་བ་བྱས་ཤིང་དགེ་བའི་རྩ་བ་བསྐྱེད་པ་དང་། ཆོས་དེ་དག་དང་། ཡོན་ཏན་དེ་དག་ལ་གཞན་གྱི་དྲིང་མི་འཇོག་པ་ཡིན་ཏེ། ལེགས་སོ་ལེགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ སེང་གེའི་སྒྲ་བསྒྲགས་པ་འདི་བཤད་པ་ན་འཁོར་དེ་ནས་དགེ་སློང་ལྔ་བརྒྱ་སྟན་ལས་ལངས་ཏེ་དོང་ངོ་། །དེ་ནས་གནས་བརྟན་འོད་སྲུང་ཆེན་པོས་དགེ་སློང་ལྔ་བརྒྱ་པོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །དགེ་སྦྱོང་ཆེན་པོ་ དག་ཁྱེད་ཅག་ཡོ་བྱད་བསྙུངས་པའི་གཏམ་བརྗོད་པའི་ཚེ་སྟན་ལས་ལངས་ཏེ་གར་འདོང་། དེ་སྐད་ཅེས་སྨྲས་པ་དང་། གནས་བརྟན་འོད་སྲུང་ཆེན་པོ་ལ་དགེ་སློང་ལྔ་བརྒྱ་པོ་དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །བཙུན་པ་འོད་སྲུང་ 82-1-102a ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ཡོ་བྱད་བསྙུངས་པའི་གཏམ་དེ་ལྟ་བུ་བསྟན་པའི་གནས་དེ་དག་ནི་སྲིད་པར་དཀའ་བ་ལགས་པས་བདག་ཅག་འདི་སྙམ་དུ་བདག་ཅག་ནི་ཡོ་བྱད་ བསྙུངས་པའི་ཡོན་ཏན་དེ་དག་ལ་ཡང་དག་པར་མི་སྣང་བས་བདག་ཅག་ཕྱིར་ཁྱིམ་དུ་འདོང་གོར་མ་ཆག་གོ། །དེ་ཅིའི་ཕྱིར་ཞེ་ན། དད་པས་བྱིན་པ་ནི་རིག་པར་དཀའ་ཞིང་སྦྱང་པར་དཀའ་བའི་ཕྱིར་རོ། །སྙམ་དུ་སེམས་པའི་ སླད་དུའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བས་དགེ་སློང་དེ་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་བུ་དག་ལེགས་སོ་ལེགས་སོ། །གང་དག་དད་པས་བྱིན་པ་ལ་ཡོངས་སུ་ལོངས་སྤྱོད་པར་མི་སྤྲོ་བ་དག་ གིས་ནི་དེ་ལྟར་འཛེམ་པ་དང་ལྡན་པ་དང་། འགྱོད་པ་དང་ལྡན་པར་བྱ་སྟེ། ཉིན་གཅིག་ལ་ལན་བརྒྱ་རབ་ཏུ་བྱུང་བ་ཕྱིར་སྤངས་པ་ནི་བླའི། ཚུལ་ཁྲིམས་ཡོངས་སུ་མ་དག་པས་དད་པས་བྱིན་པ་ལ་ཡོངས་སུ་ལོངས་སྤྱོད་ པ་ནི་དེ་ལྟ་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་དད་པས་སྩལ་པ་ཇི་ལྟར་རྗེས་སུ་གནང་བར་མཛད་ ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ངས་ནི་རིགས་པ་དང་། གྲོལ་བ་ལ་དད་པས་བྱིན་པ་རྗེས་སུ་གནང་ངོ་། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བས་དགེ་སློང་ལྔ་བརྒྱ་ཙམ་པོ་དེ་དག་ ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་ཁྱེད་ཅག་སྦྱོར་ཅིག །རྩོལ་ཅིག །འབོད་ཅིག །སངས་རྒྱས་འབྱུང་བ་ནི་རྙེད་པར་བཀའ་བ་ཡིན་གྱིས། ཁྱེད་ཅག་རབ་ཏུ་བྱུང་བ་ལས་ཕྱིར་མ་སྡོག་ཤིག །དེ་ནས་འཇམ་དཔལ་ གཞོན་ནུར་གྱུར་བ་ལ་དགེ་སློང་ལྔ་བརྒྱ་ཙམ་པོ་དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་བདག་ཅག་གིས་ཇི་ལྟར་སྦྱར་བར་བགྱི་ལགས། འཇམ་དཔལ་གྱིས་སྨྲས་པ། དགེ་སློང་དག་ཁྱེད་ཀྱིས་ཇི་ལྟ་ཇི་ལྟར་ 82-1-102b སྦྱོར་བ་དང་། འབད་པ་དང་། བརྩོན་པར་བྱེད་པ་ན་ཆོས་འགའ་ཡང་སྦྱོར་བར་མི་བྱེད། ཆོས་འགའ་ཡང་འབྱེད་པར་མི་བྱེད་པ་དང་། ཆོས་འགའ་ཡང་སྐྱེད་པར་མི་བྱེད། ཆོས་འགའ་ཡང་འགོག་པར་མི་བྱེད་པ་དང་། ཆོས་འགའ་ཡང་ཐོབ་པར་མི་བྱེད། ཆོས་འགའ་ཡང་སྤོང་བར་མི་བྱེད་པ་དང་། ཆོས་འགའ་ཡང་འབྲི་བར་མི་བྱེད། ཆོས་འགའ་ཡང་འཕེལ་བར་མི་བྱེད་པ་དེ་ལྟར་སྦྱོར་བར་གྱིས་ཤིག །དགེ་སློང་གང་དེ་ལྟར་སྦྱོར་བ་དེ་ནི་ཆོས་འགའ་ཡང་རྟོགས་པར་མི་འགྱུར་རོ། །གང་ཆོས་ འགའ་ཡང་རྟོགས་པར་མི་འགྱུར་བ་དེ་ནི་གར་ཡང་མི་འགྲོ། གང་ནས་ཀྱང་མི་འོང་ངོ་། །གང་ལ་འགྲོ་བ་མེད་པ་དེ་ལ་ཡང་ནི་འོང་བ་ཡང་འགའ་ཡང་མེད་དོ། །དེ་ནི་འོང་བ་མེད་པ་དང་། འགྲོ་བ་མེད་པའི་དགེ་སློང་ཞེས་བྱ་སྟེ། གང་དུ་ཡང་རྟེན་པ་ཡང་ མ་ཡིན། མི་རྟེན་པ་ཡང་མ་ཡིན་ནོ། །བསྟན་པ་འདི་བཤད་པ་ན་དགེ་སློང་ལྔ་བརྒྱ་པོ་དེ་དག་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དེ་ནས་བཅོམ་ལྡན་འདས་ལ་གནས་བརྟན་འོད་སྲུང་ཆེན་པོས་འདི་ སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ལྔ་བརྒྱ་པ་ཐ་མ་དེ་ལ་བྱང་ཆུབ་སེམས་དཔའ་ཚུལ་འཆོས་པ་ཇི་སྙེད་ཅིག་འབྱུང་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་གང་དག་ སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་ཅིང་ལྷག་པའི་བསམ་པ་ཉམ་ཆུང་སྟེ། ཟས་དང་གོས་ལྷུར་ལེན་པའི་བྱང་ཆུབ་སེམས་དཔའ་ཚུལ་འཆོས་པ་དག་ནི་མང་དུ་འབྱུང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་གནས་བརྟན་འོད་ སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བའི་སླད་དུ་གནས་གང་དག་དང་། སྤྱོད་པ་གང་དག་གིས་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་ཉམ་ ཆུང་བ་དང་། ཚུལ་འཆོས་པ་ལེགས་པར་འཚོལ་བར་འགྱུར་བའི་གནས་དེ་དག་ལེགས་པ་ལེགས་པར་བཤད་དུ་གསོལ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་གནས་དེ་དག་ཐོས་ན་བྱང་ཆུབ་སེམས་དཔའ་ 82-1-103a ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་གང་ལགས་པ་དེ་དག་ཀྱང་བདག་ཉིད་སྲུང་བར་འགྱུར་བའི་སླད་དུའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་གནས་བརྟན་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་ སྲུང་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་དེ་ལ་བྱང་ཆུབ་སེམས་དཔའ་གང་དག་སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་ཅིང་ལྷག་པའི་བསམ་པ་ཉམ་ཆུང་བ་དེ་དག་ནི་དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ལ་མེ་ཏོག་དང་། བདུག་པ་དང་། ཕྱེ་མ་དང་། སྤོས་དང་། མེ་ཏོག་ཕྲེང་བ་དང་། བྱུག་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་དང་། མར་མེའི་སྦྱིན་བ་དག་གིས་མཆོད་པའི་ལས་ལ་བརྩོན་པར་འགྱུར་རོ། །འོད་སྲུང་ངས་ནི་ཤེས་པ་དང་མི་ལྡན་པ་རྣམས་ཀྱི་དགེ་བའི་རྩ་ བ་ཡང་དག་པར་བསྒྲུབ་པའི་ཕྱིར་མཆོད་པ་བཤད་པ་ཡིན་ན་མི་བླུན་པོ་དེ་དག་ནི་དེ་ལ་བརྩོན་པར་འགྱུར་རོ། །འོད་སྲུང་ངས་ལྷ་དང་བཅས་པའི་འཇིག་རྟེན་གྱི་མདུན་དུ་དགེ་སློང་དག་ཁྱེད་ཅག་ནི་བདག་ཉིད་དུ་དུལ་བ་དང་། ཞི་བར་སྦྱོར་བའི་རྗེས་སུ་བརྩོན་ པས་གནས་པར་གྱིས་ཤིག །བྲམ་ཟེ་དང་ཁྱིམ་བདག་དད་པ་དང་ལྡན་པ་དག་ཡོད་ན་དེ་དག་ནི་ངའི་སྐུ་གདུང་རྣམས་ལ་སྐུ་གདུང་གི་མཆོད་པ་བྱེད་པར་འགྱུར་རོ་ཞེས་དེ་སྐད་གསུངས་ན། འོད་སྲུང་མི་བླུན་པོ་དེ་དག་རྣལ་འབྱོར་ཡང་སྤངས། སྤོང་བ་ཡང་སྤངས། ལུང་ནོད་པ་ཡང་སྤངས། ཁ་ཏོན་བྱ་བ་ཡང་སྤངས་ནས་དེ་བཞིན་གཤེགས་པའི་སྐུ་གདུང་གི་མཆོད་པའི་ལས་ལ་བརྩོན་པར་འགྱུར་ཞིང་དེ་དག་ལ་བརྟེན་ནས་འཚོ་བར་སེམས་པར་བྱེད་པ་དེ་དག་ལ་ལྟོས། འོད་སྲུང་བྱང་ཆུབ་སེམས་དཔའ་གང་གིས་སྟོང་ གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཆུའི་ཕུང་པོ་ནས་བཟུང་སྟེ། ཚངས་པའི་འཇིག་རྟེན་གྱི་མཐར་ཐུག་པའི་བར་དུ་འབྲུ་མར་གྱིས་ཡོངས་སུ་བཀང་སྟེ། མར་མེའི་སྙིང་པོ་རི་རབ་ཙམ་བཙུགས་ནས་དེ་བཞིན་གཤེགས་པ་ལ་མཆོད་པའི་ ལས་ཀྱི་ཕྱིར་མར་མེ་བུས་པ་བས་ནི་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་པ་གཅིག་ཤོས་ཀྱིས་མཁན་པོ་འམ། སློབ་དཔོན་གྱི་དྲུང་ནས་ཚིག་བཞི་པའི་ཚིགས་སུ་བཅད་པ 82-1-103b གཅིག་ལུང་མནོས་ཏེ་ཁ་ཏོན་བྱེད་ཅིང་གོམ་པ་བདུན་འདོར་བར་བྱེད་པ་གང་ཡིན་པ་དེ་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་པར་འགྱུར་རོ། །འོད་སྲུང་བྱང་ཆུབ་སེམས་དཔའ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ འདི་མེ་ཏོག་དང་། བདུག་པ་དང་། ཕྱེ་མ་དང་། སྤོས་ཀྱིས་རབ་ཏུ་བཀང་སྟེ་དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ཀྱི་ཕྱིར་ལོ་འབུམ་གྱི་བར་དུ་ཉིན་ལན་གསུམ་མཚན་ལན་གསུམ་ཕུལ་བ་བས་ནི་བྱང་ཆུབ་སེམས་དཔའ་འདུ་འཛིའི་ གཏམ་གྱིས་འཇིགས་ཤིང་སྐྲག་པ་གཞན་ཞིག་ཁམས་གསུམ་ཐམས་ཅད་ཀྱིས་འཇིགས་ཤིང་སེམས་ཅན་གྱི་དོན་མངོན་པར་སྒྲུབ་པ་ན་དགོན་པ་ལ་མངོན་པར་ཕྱོགས་ཏེ་གོམ་པ་བདུན་འདོར་བར་བྱེད་པ་གང་ཡིན་པ་དེ་དེ་བས་ཆེ་བསོད་ ནམས་མང་དུ་སྐྱེད་པར་འགྱུར་རོ། །འོད་སྲུང་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པས་ཀྱལ་ཀའི་ཆེད་དམ། བརྗོད་པའི་ཆེད་དུ་དེ་སྐད་གསུངས་པ་མ་ཡིན་གྲང་སྙམ་ན། འོད་སྲུང་ཁྱེད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་དེ་ལ་མངོན་སུམ་ཡིན་པའི་ཕྱིར་རོ། །འོད་སྲུང་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པ་དང་། ཆེས་གྲངས་མེད་པ་དང་། ཆེས་ཤིན་དུ་གྲངས་མེད་པ་དང་། རྒྱ་ཆེ་བ་དང་། ཚད་མེད་པ་དང་། བསམ་གྱིས་མི་ཁྱབ་པ་དང་། དཔག་ཏུ་ མེད་པ་དག་བྱུང་བ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་སྣ་ཚོགས་ཤེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་ བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཤིག་འཇིག་རྟེན་དུ་བྱུང་སྟེ། འོད་སྲུང་དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་དེའི་ཉན་ཐོས་རྣམས་ཀྱི་འདུས་པ་ཆེན་པོ་ནི་བྱེ་བ་འབུམ་ཕྲག་དགུ་བཅུ་རྩ་དྲུག་ཏུ་གྱུར་ཏོ། །འོད་སྲུང་ དེའི་ཚེ་དེའི་དུས་ན་གླིང་བཞི་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མུ་ཁྱུད་ཅེས་བྱ་བ་ཆོས་དང་ལྡན་པ། ཆོས་ཀྱི་རྒྱལ་པོ་ཞིག་བྱུང་བར་གྱུར་ཏེ། འོད་སྲུང་རྒྱལ་པོ་མུ་ཁྱུད་དེ་ལ་བུ་ནི་དཔའ་བ། རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་ 82-1-104a སྡེ་རབ་ཏུ་འཇོམས་པར་བྱེད་པ་སྟོང་ཡོད་པར་གྱུར་ཏོ། །འོད་སྲུང་རྒྱལ་པོ་མུ་ཁྱུད་དེའི་བུ་སྟོང་པོ་དེ་དག་གི་རྗེས་ལ་དེའི་པང་པར་ཆོས་ཤེས་བྱ་བ་དང་། ཆོས་བཟང་ཞེས་བྱ་བའི་ཁྱེའུ་གཉིས་ཤིག་རྫུས་ཏེ་སྐྱེས་པར་གྱུར་ཏོ། །འོད་སྲུང་རྒྱལ་པོ་མུ་ ཁྱུད་དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་དགེ་སློང་གི་དགེ་འདུན་དང་བཅས་པ་དེ་ལ་ལོ་བརྒྱད་ཁྲི་བཞི་སྟོང་རྫོགས་ཀྱི་བར་དུ་ལས་གཞན་མི་བྱེད་པར་ཁྱིམ་གྱི་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གྱི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བྱས་ཏེ། དགེ་སློང་གི་དགེ་འདུན་རྣམས་ལ་ཡང་ཞག་བདུན་བདུན་འདས་ཤིང་ཆོས་གོས་ཡིད་དུ་འོང་བ་གཞན་དང་གཞན་དག་ཀྱང་ཕུལ་ལོ། །གང་དག་ཅི་དང་ ཅི་འདོད་པ་དེ་དང་དེ་དག་ལ་ཁ་ཟས་ཀྱི་རྣམ་པ་ཡིད་དུ་འོང་བ་དེ་ལྟ་དེ་ལྟ་བུ་དག་ཀྱང་ཕུལ་ལོ། །གང་དང་གང་དག་ཇི་ལྟ་ཇི་ལྟ་བུ་འདོད་པ་དེ་དང་དེ་དག་གི་གཙུག་ལག་ཁང་ཡིད་དུ་འོང་བ་དེ་ལྟ་དེ་ལྟ་བུ་དག་ཀྱང་བརྩིག་ཏུ་བཅུག་གོ། །དགེ་སློང་རེ་རེ་ལ་ཡང་ འཆགས་དང་། བསྐྱེད་མོས་ཚལ་དང་། བསྙེན་བཀུར་བ་བདུན་བདུན་དང་། རོ་བརྒྱ་དང་ལྡན་པའི་ཁ་ཟས་དག་ཀྱང་ཕུལ་ལོ། །འོད་སྲུང་འདི་ལྟར་རྒྱལ་པོ་མུ་ཁྱུད་དེས་ཁང་བཟངས་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་བརྒྱད་བཅུ་ཡོད་པ་ངོས་བཞི་ཁང་། མིག་ཅན་ཤིན་དུ་འབྲེལ་པ་བཀྲ་བ་བལྟ་ན་སྡུག་པ། ལེགས་པར་བྱས་པ། ལེགས་པར་ཟིན་པར་བྱས་པ། འཁྲུལ་འཁོར་གྱི་སྲད་བུས་ཡོངས་སུ་སྦྱང་བ་བྱས་པ་དག་ཀྱང་བྱེད་དུ་བཅུག་སྟེ། གང་གི་ཚེ་དེ་བཞིན་གཤེགས་པ་དགེ་སློང་གི་ དགེ་འདུན་དང་བཅས་པ་ཁང་བཟང་དེ་དག་ན་བཞུགས་པ་དེའི་ཚེ་འཁྲུལ་འཁོར་གྱི་སྲད་བུ་དེ་དག་གི་ཤུགས་ཀྱིས་ཁང་བཟངས་དེ་དག་གི་སྟེང་ནས་མེ་ཏོག་ཁ་དོག་རྣམ་པ་དུ་མའི་ཆར་དག་ཀྱང་འབབ་བོ། །མེ་ཏོག་དེ་དག་གིས་ཁང་བཟངས་དེ་དག་ པུས་མོ་ནུབ་ཙམ་དུ་གང་བར་གྱུར་ཏོ། །འོད་སྲུང་དེ་ལྟར་རྒྱལ་པོ་མུ་ཁྱུད་དེས་དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་དགེ་སློང་གི་དགེ་འདུན་དང་བཅས་པ་དེ་ལ་ལོ་བརྒྱད་ཁྲི་བཞི་སྟོང་རྫོགས་ཀྱི་བར་དུ་ཡོན་ཏན་བཀོད་པ་བསམ་གྱིས་མི་ 82-1-104b ཁྱབ་པ་དག་དང་། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་སོ། །འོད་སྲུང་དེ་ནས་ལོ་བརྒྱད་ཁྲི་བཞི་སྟོང་དེ་དག་འདས་པའི་ཕྱི་དེ་ཉིན་པར་དེ་བཞིན་གཤེགས་པ་དེའི་ཞལ་ཟས་ ཀྱི་བྱ་བ་མཛད་ལགས་པའི་འོག་ཏུ་ཁྱེའུ་ཆོས་དང་། ཆོས་བཟང་གཉིས་དཔུང་གི་ཚོགས་ཡན་ལག་བཞི་པ་ཐམས་ཅད་དང་བཅས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་མེ་ཏོག་སྣ་ཚོགས་དེའི་སྤྱན་སྔར་བཏུད་ནས་དེ་བཞིན་གཤེགས་པ་དེ་ལ་ཡིད་ཀྱི་ཞུ་བ་འདི་སྐད་ཅེས་ཡོངས་སུ་ཞུས་སོ། །བཅོམ་ལྡན་འདས་རྒྱལ་པོ་མུ་ཁྱུད་འདིས་ཡུན་རིང་པོ་འདི་སྲིད་དུ་དགེ་བའི་རྩ་བ་བསྐྲུན་ པ་རྣམ་པ་མང་པོ་འདི་ལྟ་བུ་ཐམས་ཅད་ཟིལ་ཀྱིས་གནོན་ཅིང་ཡོངས་སུ་གཏུགས་ཏེ་གནས་པར་འགྱུར་བའི་སྦྱིན་པ་དང་། བསོད་ནམས་དང་། ལོངས་སྤྱོད་དང་། དགེ་བའི་རྩ་བ་གཞན་ཞིག་མཆིས་ལགས་སམ། འོད་སྲུང་དེ་ལྟར་ཁྱེའུ་དེ་གཉིས་ཀྱིས་ཞབས་གཉིས་ལ་གཏུགས་མ་ཐག་ཏུ་དེ་ནས་སྐད་ཅིག་དེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་རབ་ཏུ་གཡོས་ཤིང་འཇིག་རྟེན་དུས་གཡོས་པ་ཆེན་པོ་ཡང་ བྱུང་བར་གྱུར་ཏོ། །འོད་སྲུང་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་དེའི་བསྙེན་བཀུར་བ་ཐུབ་དཀའ་ཞེས་བྱ་བ་ཞིག་ཡོད་པར་གྱུར་བ་གང་ཡིན་པ་དེ་སྟན་ལས་ལངས་ཏེ་ཆོས་གོས་ ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་དེ་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་དེ་བཞིན་གཤེགས་པ་དེ་ལ་ འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལ་འཇིག་རྟེན་དུ་དོག་ས་ཆེར་གཡོས་པ་འདིའི་རྒྱུ་ནི་གང་ལགས། རྐྱེན་ནི་གང་ལགས། ཅིའི་སླད་དུ་ན་ཁྱེའུ་འདི་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་པར་ 82-1-105a གྱུར་ལགས། འོད་སྲུང་དེ་སྐད་ཅེས་གསོལ་པ་དང་། དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་དེས་བསྙེན་བཀུར་བ་ཐུབ་དཀའ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་གཏམ་དེ་ལྟ་བུ་ཡོངས་སུ་ཞུས་པས་ཁྱོད་ལ་ཅི་བྱ། གལ་ཏེ་ དེ་བཞིན་གཤེགས་པས་ཁྱེའུ་འདི་གཉིས་ཀྱིས་ལྷག་པའི་བསམ་པ་ཇི་ལྟ་བུ་དང་། ཟབ་མོ་ལ་བཟོད་པ་སྒོམ་པ་ཇི་ལྟ་བུ་དང་། སྙིང་རྗེ་ཆེན་པོ་ཇི་ལྟ་བུས་དེ་བཞིན་གཤེགས་པའི་ཞབས་གཉིས་ལ་གཏུགས་པའི་གནས་དེ་བཤད་པར་གྱུར་ན་ ལྷ་དང་བཅས་པའི་འཇིག་རྟེན་འདི་རྨོངས་པར་འགྱུར་རོ།། །། བམ་པོ་གསུམ་པ། འོད་སྲུང་དེ་ནས་དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་དེས་ཉན་ཐོས་ཆེན་པོ་རྫུ་འཕྲུལ་དང་ལྡན་པའི་མཆོག་སྲེད་མེད་ཀྱི་བུ་ཞེས་བྱ་བ་ ལ་བཀའ་སྩལ་པ། སྲེད་མེད་ཀྱི་བུ་ཁྱོད་ལོངས་ལ་ཁྱེའུ་འདི་གཉིས་སློང་སྟེ་རང་གི་རྫུ་འཕྲུལ་གྱི་མཐུ་སྟོན་ཅིག །འོད་སྲུང་དེ་ནས་དགེ་སློང་སྲེད་མེད་ཀྱི་བུ་དེས་དེ་ལས་ཁྱེའུ་གཅིག་ལག་པ་གཡས་པས་བླངས་ལ། ཁྱེའུ་གཅིག་ ཤོས་ལག་པ་གཡོན་པས་བླངས་ཏེ་གྱེན་དུ་འཕང་ངོ་སྙམ་ན་གདེག་པར་མ་ནུས་སོ། །དེས་ཡང་རྒྱ་ཆེར་མཐུ་དང་། སྟོབས་དང་། བརྩོན་འགྲུས་དང་། སྤྲོ་བ་དང་། རྫུ་འཕྲུལ་ཆེན་པོ་ཡང་དག་པར་བསྟན་ཅིང་གྱེན་དུ་འཕང་ངོ་སྙམ་ ན་ཐ་ན་དེ་གཉིས་སྐྲའི་རྩེ་མོའི་ཆ་ཤས་ཙམ་ཡང་བསྐྱོད་པ་འམ་བསྒུལ་བར་མ་ནུས་སོ། །འོད་སྲུང་དེ་ལྟར་དེ་ཁྱེའུ་དེ་གཉིས་ཤིན་དུ་གྱེན་དུ་འཕང་བར་བསྐྱོད་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བྲག་དང་། རི་དང་། ཤིང་དང་། རྩྭ་དང་། ཆུ་དང་བཅས་པ་དེ་རབ་ཏུ་གཡོས་ཤིང་བླ་འོག་ཏུ་འགུལ་བར་གྱུར་ཀྱང་ཁྱེའུ་དེ་གཉིས་བསླང་བར་ནི་མ་ནུས་སོ། །འོད་སྲུང་དེ་ནས་དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་དེས་དེའི་ཚེ་ཉན་ཐོས་ཆེན་པོ་ དེའི་སེམས་ཡང་དག་པར་རབ་ཏུ་གཟུང་བ་དང་། རྫུ་འཕྲུལ་གྱི་མཐུ་ཉེ་བར་སྒྲུབ་པ་མཛད་དེ། རྫུ་འཕྲུལ་གྱི་མཐུ་ཉེ་བར་བསྒྲུབས་པ་དེས་དགེ་སློང་སྲེད་མེད་ཀྱི་བུ་དེས་འོག་གི་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་འགུལ་བ་དང་། 82-1-105b གཡོས་པ་དང་། ཀུན་དུ་འཁྲུགས་པ་དང་། བླ་འོག་ཏུ་འགུལ་བར་བྱས་ཀྱང་ཐ་ན་ཁྱེའུ་དེ་གཉིས་སྐྲའི་རྩེ་མོའི་ཆ་ཤས་ཙམ་ཡང་གཡོ་བ་འམ། འགུལ་བར་བྱེད་མ་ནུས་སོ། །འོད་སྲུང་དེ་ནས་དགེ་སློང་སྲེད་མེད་ཀྱི་བུ་དེས་ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་དེའི་ཞབས་གཉིས་ལ་གཏུགས་ནས་དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་རང་གི་རྫུ་འཕྲུལ་གྱི་ སྟོབས་ལས་ཡོངས་སུ་ཉམས་པ་འམ་གཅིག་ཏུ་མ་གྱུར་ལགས་གྲང་། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་བདག་གིས་ཁྱེའུ་སྐྱེས་ནས་རིང་པོ་མ་ལགས་པ། བྱིས་པའི་གཟུགས་སུ་མཆིས་པ། ལུས་བོང་ ཆུང་ངུ་འདི་གཉིས་ཀྱིས་དོག་ས་ལ་གཏུགས་པ་ཡང་བསླང་བར་རྔོ་མ་ཐོག་པའི་སླད་དུའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་དེས་དགེ་སློང་སྲེད་མེད་ ཀྱི་བུ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྲེད་མེད་ཀྱི་བུ་ཁྱོད་ནི་རང་གི་རྫུ་འཕྲུལ་གྱི་སྟོབས་ལས་སུ་ཡོངས་སུ་མ་ཉམས་མོད་ཀྱི། འོན་ཀྱང་བྱང་ཆུབ་སེམས་དཔའི་བྱིན་གྱིས་བརླབས་འདི་ནི་ བསམ་གྱིས་མི་ཁྱབ་པ་ཡིན་པས་དེ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་རྣམ་པར་དཀྲུག་པ་འམ། བསམ་བར་སླ་བ་མ་ཡིན་ཏེ། སྲེད་མེད་ཀྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་ འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་འདི་ལྟ་སྟེ་དཔེར་ན་ངས་ད་ལྟར་ཁྱོད་ཉིད་ཉན་ཐོས་རྫུ་འཕྲུལ་ཆེན་པོ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་ལྟ་བུའི་རྫུ་འཕྲུལ་གྱི་སྟོབས་ དང་ལྡན་པར་གྱུར་ཅིང་དེ་ཙམ་དུ་རྫུ་འཕྲུལ་ཆེ་བ་དང་། དེ་ཙམ་དུ་མཐུ་ཆེ་བའི་སེམས་ཅན་དེ་དག་ཐམས་ཅད་ཀྱིས་བསྐལ་པ་བྱེ་བ་སྙེད་དུ་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་རྣམ་པ་སྣ་ཚོགས་དག་གིས་རྣམ་ 82-1-106a པར་འཕྲུལ་བ་བྱས་ཀྱང་དེ་དག་གིས་ཁྱེའུ་འདི་གཉིས་བསླང་བ་འམ། བསྒུལ་བར་མི་ནུས་སོ། །འོད་སྲུང་དེ་ལྟར་དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་དེས་ཚིག་དེ་སྐད་གསུངས་པ་ན་འཁོར་ དེ་ལ་སྲོག་ཆགས་འབུམ་ཕྲག་བཞི་བཅུ་རྩ་གཉིས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་དེ་དག་འདི་སྙམ་དུ་སེམས་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་མ་རྟོགས་ཤིང་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་པ་ཁོ་ན་ཡིན་ཡང་། གང་ལ་ཉན་ཐོས་ཆེན་པོ་འདི་དག་རྡུགས་པར་བྱས་ཏེ་བཀོད་པའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་དེ་ལྟ་བུ་དང་ལྡན་པ་དེ་ནི་ངོ་མཚར་ཏེ། བདག་ཅག་ གིས་ཀྱང་བྱིན་གྱིས་བརླབས་དེ་ལྟ་བུ་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཀྱང་ཐོབ་པར་བྱའོ་སྙམ་དུ་སེམས་ཤིང་དེ་ལྟར་ཡང་དག་པར་ཤེས་པའི་སྲོག་ཆགས་འབུམ་ཕྲག་བཞི་བཅུ་རྩ་གཉིས་པོ་དེ་དག་གིས་བླ་ ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །འོད་སྲུང་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་བཟང་པོ་ཞེས་བྱ་བ་ཞིག་འཁོར་དེ་ཉིད་དུ་འདུས་ཏེ་འདུག་པར་ གྱུར་བ་དེ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་དེ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ བ་བཏུད་ནས། དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཁྱེའུ་འདི་གཉིས་བསླང་བར་མཛད་ཅིང་ཁྱེའུ་འདི་གཉིས་ཀྱིས་ཞུས་པ་རབ་ཏུ་རྣམ་པར་དབྱེ་བ་ཡང་བསྟན་ དུ་གསོལ། འོད་སྲུང་དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་དེས་དེའི་ཚེ་སེ་གོལ་གྱི་སྒྲ་མཛད་དེ། སེ་གོལ་གྱི་སྒྲ་དེས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་མངོན་པར་ 82-1-106b གྲགས་པར་གྱུར་ཏོ། སངས་རྒྱས་ཀྱི་ཞིང་ཇི་སྙེད་དུ་སེ་གོལ་གྱི་སྒྲས་མངོན་པར་གྲགས་པར་གྱུར་བ་དེ་སྙེད་ཁོ་ན་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་པར་ཡང་གྱུར་ཏོ། །ཇི་སྙེད་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་པར་ གྱུར་བ་དེ་སྙེད་ཁོ་ན་སྣང་བ་ཆེན་པོས་ཡོངས་སུ་ཁྱབ་པར་ཡང་གྱུར་ཏོ། །འོད་སྲུང་དེ་ནས་ཁྱེའུ་དེ་གཉིས་ཀྱིས་སྒྲ་དེ་ཐོས་ནས་དེ་བཞིན་གཤེགས་པ་དེའི་ཞབས་ཀྱི་དྲུང་ནས་ལངས་པར་གྱུར་ཏོ། །འོད་སྲུང་ཁྱེའུ་དེ་གཉིས་ ལངས་པར་གྱུར་བ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ན་ལྷ་དང་མིའི་སིལ་སྙན་གང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་མ་གསིལ་མ་དཀྲོལ་བར་རོལ་མོའི་སྒྲ་དག་འབྱིན་པར་གྱུར་ཅིང་མེ་ཏོག་གི་ཆར་ དག་ཀྱང་མངོན་པར་རབ་ཏུ་བབ་པར་གྱུར་ཏོ། །འོད་སྲུང་དེ་ནས་ཁྱེའུ་དེ་གཉིས་ལངས་ནས་ཀྱང་ཡང་དེ་བཞིན་གཤེགས་པ་དེའི་ཞབས་ལ་ཕྱག་འཚལ་ཏེ། དེ་བཞིན་གཤེགས་པ་དེ་ལ་བསྐོར་བ་བྱས་ནས་ཐལ་མོ་སྦྱར་ཏེ་ དེ་བཞིན་གཤེགས་པ་དེའི་ཞལ་དུ་ལྟ་ཞིང་ཕྱོགས་གཅིག་ཏུ་འཁོད་དོ། །འོད་སྲུང་དེ་ནས་དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་དེས་བྱང་ཆུབ་སེམས་དཔའ་བློ་གྲོས་བཟང་པོ་ལ་བོས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ ཀྱི་བུ་ཁྱེའུ་འདི་གཉིས་ཀྱིས་ངའི་ཞབས་ཀྱི་དྲུང་དུ་གཏུགས་ནས་ང་ལ་ཡིད་ཀྱིས་ཞུ་བ་འདི་སྐད་ཅེས་ཡོངས་སུ་ཞུས་ཏེ། བཅོམ་ལྡན་འདས་རྒྱལ་པོ་མུ་ཁྱུད་འདིས་སྦྱིན་པ་བྱ་བའི་ཆོས་སྦྱིན་པ་ཡོངས་སུ་གཏོང་བའི་ སྦྱིན་པ་གང་ལགས་པ་དང་། དགེ་བའི་རྩ་བ་གང་ལགས་པ་དང་། ཡོངས་སུ་གཏོང་བ་གང་ལགས་པ་དེ་ཟིལ་ཀྱིས་གནོན་ཅིང་ཡོངས་སུ་གཏུགས་ཏེ་གནས་པར་འགྱུར་བའི་སྦྱིན་པ་མཆིས་ལགས་སམ། ཡོངས་ སུ་གཏོང་བ་མཆིས་ལགས་སམ། དགེ་བའི་རྩ་བ་མཆིས་ལགས་སམ་ཞེས་ཁྱེའུ་འདི་གཉིས་ཀྱིས་ང་ལ་ཞུ་བ་དེ་སྐད་ཡོངས་སུ་ཞུས་ནས་དེ་བཞིན་གཤེགས་པའི་ཞབས་གཉིས་ལ་གཏུགས་སོ། །འོད་སྲུང་ 82-1-107a དེ་ནས་དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་དེ་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་བཟང་པོ་དེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། ལྷ་དང་མི་རྣམས་ཀྱི་སྐྱེ་བོ་ཕལ་པོ་ཆེའི་དོན་དང་། སྨན་པ་དང་། བདེ་བའི་སླད་དུ་ཁྱེའུ་འདི་གཉིས་ཀྱིས་ཞུས་པ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། འོད་སྲུང་དེ་སྐད་ཅེས་ གསོལ་པ་དང་། དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་བཟང་པོ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དེའི་ཕྱིར་ཉོན་ཅིག་དང་། བཤད་པར་ བྱའོ། །རིགས་ཀྱི་བུ་རྒྱལ་པོ་མུ་ཁྱུད་འདིས་བསོད་ནམས་ཀྱི་སྦྱིན་པ་ཡོངས་སུ་གཏོང་བ་གང་ཡིན་པ་དེ་བས་ནི་བྱང་ཆུབ་སེམས་དཔའ་དབེན་པར་གནས་པ་ཞིག་དགོན་པ་དང་། རབ་ཏུ་དགོན་པ་དག་ལ་གནས་ཤིང་ སེ་གོལ་གཏོགས་པ་ཙམ་ཞིག་ཆོས་ཐམས་ཅད་ནི་མ་སྐྱེས་པའོ་ཞེས་བཟོད་པ་ཐོབ་པ་གང་ཡིན་པ་དེ་བསོད་ནམས་ཀྱི་ཕུང་པོ་ཆེས་ཆེ་བར་རིག་པར་བྱའོ། །རིགས་ཀྱི་བུ་རྒྱལ་པོ་མུ་ཁྱུད་འདིའི་སྦྱིན་པ་ལྟ་ཞོག་གི། སྟོང་གསུམ་ གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་ཙམ་པ་སེམས་ཅན་དུ་བསྡུ་བར་བསྡུས་པའི་སེམས་ཅན་དེ་དག་ཐམས་ཅད་ལས་སེམས་ཅན་རེ་རེས་ཀྱང་སོ་སོ་ནས་རྒྱལ་པོ་མུ་ཁྱུད་འདིའི་སྦྱིན་པ་ཇི་སྙེད་པ་ དེ་སྙེད་ཅིག་བྱིན་པར་གྱུར་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱི་བསོད་ནམས་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་དབེན་བར་གནས་པ་ཡང་ དག་པའི་བསམ་པ་དང་ལྡན་པ་དང་། ཡང་དག་པའི་ལམ་དུ་ཞུགས་པ། ཚུལ་བཞིན་ལ་རབ་ཏུ་བརྩོན་པ་ཞིག་ཆོས་ཐམས་ཅད་སྟོང་པ་དང་། འོང་བ་མེད་པ་དང་། འགྲོ་བ་མེད་པ་ཞེས་བྱ་བར་སེ་གོལ་གཏོགས་པ་ 82-1-107b ཙམ་ཞིག་བཟོད་ཅིང་གནས་པར་གྱུར་ལ། སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུ་པོ་སྔ་མ་དེས་ནི་སེ་གོལ་གཏོགས་པ་ཙམ་ཞིག་བཟོད་པ་ལ་གནས་པའི་བསོད་ནམས་ཀྱི་ཕུང་པོ་དེའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། ། སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། བྱེ་བའི་ཆ་དང་། བྱེ་བ་ཕྲག་བརྒྱའི་ཆ་དང་། བྱེ་བ་ཕྲག་སྟོང་གི་ཆ་དང་། བྱེ་བ་ཕྲག་འབུམ་གྱི་ཆ་དང་། བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་བར་གྱི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། ཉེ་བར་འཇལ་བ་དང་། རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །རིགས་ཀྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོ་ལྟ་ཡང་ཞོག་ གི། འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་ཇི་སྙེད་སེམས་ཅན་དུ་བསྡུ་བར་བསྡུས་པའི་སེམས་ཅན་དེ་དག་ཐམས་ཅད་ལས་སེམས་ཅན་རེ་རེས་ཀྱང་སྐད་ཅིག་དང་། ཐང་ཅིག་དང་། ཡུད་ ཙམ་ཅིག་ལ་རྒྱལ་པོ་མུ་ཁྱུད་འདིས་སྦྱིན་པ་བྱིན་པ་དང་། དགེ་བ་མངོན་པར་འདུས་བྱས་པ་ཇི་སྙེད་པ་དེ་སྙེད་ཅིག་བྱས་ཤིང་སེམས་ཅན་དེ་དག་རེ་རེས་སེ་གོལ་གཏོགས་པ་ཙམ་གཅིག་ལ་ཡང་དེ་སྙེད་ཀྱི་སྦྱིན་པ་བྱིན་ཞིང་དགེ་བ་ མངོན་པར་འདུས་བྱས་པར་གྱུར་ལ། རྣམ་གྲངས་དེ་ལྟ་བུས་སེམས་ཅན་དེ་དག་ཐམས་ཅད་ཀྱིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སྦྱིན་པ་བྱིན་ཞིང་དགེ་བ་མངོན་པར་འདུས་བྱས་པར་གྱུར་ན། རིགས་ཀྱི་བུ་འདི་ཇི་ སྙམ་དུ་སེམས། དགེ་བའི་རྩ་བ་དེ་དག་མང་བ་ཡིན་སྙམ་འམ། འོད་སྲུང་དེ་སྐད་ཅེས་བཀའ་སྩལ་པ་དང་། དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་དེ་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་བཟང་པོ་དེས་འདི་སྐད་ཅེས་ གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་དཔེ་དེ་ལྟ་བུ་མཛད་པ་ནི་ངོ་མཚར་ལགས་ཏེ། དགེ་བའི་རྩ་བ་དེ་ནི་བསམ་བར་ཡང་སླ་བ་མ་ལགས་པས་བསམ་གྱིས་མི་ཁྱབ་པ་ལགས་སོ། །འོད་སྲུང་དེ་ནས་དེ་ 82-1-108a བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་དེས་བྱང་ཆུབ་སེམས་དཔའ་བློ་གྲོས་བཟང་པོ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་མོས་པར་བྱ། ཁྱོད་ཀྱི་ཁོང་དུ་ཆུད་པར་བྱ་སྟེ། མཁས་པ་མངོན་པར་ སྦྱར་བ་བྱས་པ། ཟབ་མོ་ལ་བཟོད་པ་དང་ལྡན་པ་གང་དག་འབྱུང་བར་འགྱུར་བ་དེ་དག་ནི་འདི་ལ་མོས་པར་འགྱུར་ཏེ། སེམས་ཅན་དེ་དག་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཡུན་རིང་པོ་དེ་སྲིད་དུ་མངོན་པར་འདུས་བྱས་པ་དེ་ཙམ་ དུ་དཔག་ཏུ་མེད་ཅིང་དེ་ཙམ་དུ་བསམ་གྱིས་མི་ཁྱབ་པ་གང་ཡིན་པ་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་མངོན་པར་འདུ་བྱ་བ་སྔ་མ་དེ་ནི་ཁྱེའུ་འདི་གཉིས་ཀྱིས་ལྷག་པའི་བསམ་པ་གང་གིས་དེ་བཞིན་གཤེགས་པའི་ ཞབས་ལ་གཏུགས་ཤིང་ཕྱག་འཚལ་བ་འདིའི་བརྒྱའི་ཆར་ཡང་མི་འགྲོའོ། །སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། བྱེ་བའི་ཆ་དང་། བྱེ་བ་ཕྲག་བརྒྱའི་ཆ་དང་། བྱེ་བ་ཕྲག་སྟོང་གི་ཆ་དང་། བྱེ་བ་ཕྲག་འབུམ་གྱི་ཆ་དང་། བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་བར་གྱི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། ཉེ་བར་འཇལ་བ་དང་། རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །འོད་སྲུང་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མེ་ཏོག་ སྣ་ཚོགས་དེའི་དགེ་སློང་གི་དགེ་འདུན་ལས་དགེ་སྦྱོང་བརྒྱད་ཁྲི་བཞི་སྟོང་གིས་བསྟན་པ་འདི་ཐོས་ནས་ཚིག་འཐུན་པར་རྗེས་སུ་ཡི་རང་བའི་ཚིག་འདི་སྐད་ཅེས་བརྗོད་དེ། བཅོམ་ལྡན་འདས་བདག་ཅག་ནི་སེམས་ཅན་གང་ དག་ཆོས་ཟབ་མོ་རྣམས་ལ་བཟོད་པར་འགྱུར་བ་དང་། གང་དག་ཆོས་ཐམས་ཅད་སྟོང་པར་མོས་པར་བགྱིད་པ་དང་། གང་དག་དབེན་པ་ལ་དགའ་ཞིང་དགོན་པ་ལ་མངོན་པར་ཕྱོགས་ཏེ་གོམ་པ་བདུན་འདོར་བར་བགྱིད་ པ་དང་། གང་དག་ཡེ་ཤེས་དེ་ལྟ་བུ་ཡོངས་སུ་བསྒྲུབ་པར་བགྱི་བའི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིད་པ་དེ་དག་གི་དགེ་བའི་རྩ་བ་དེ་དག་ལ་རྗེས་སུ་ཡི་རང་ངོ་ཞེས་ 82-1-108b རྗེས་སུ་ཡི་རང་བའི་ཚིག་བརྗོད་པར་གྱུར་ཏོ། །འོད་སྲུང་དེ་ནས་དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་དེས་དགེ་སློང་དེ་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་བུ་དག་ཁྱེད་ཀྱིས་ལྷག་པའི་བསམ་པ་དེ་ལྟ་ བུས་རྗེས་སུ་ཡི་རང་བའི་ཚིག་དེ་ལྟ་བུ་བརྗོད་པ་ནི་ལེགས་སོ་ལེགས་སོ། །གལ་ཏེ་ཁྱེད་ཅག་གི་སེམས་དག་རྣམ་པར་གྲོལ་བར་མ་གྱུར་དུ་ཟིན་ན་ནི་ཁྱེད་ཅག་དགེ་བའི་རྩ་བ་དེས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་གང་གཱའི་ ཀླུང་གི་བྱེ་མ་སྙེད་དུ་བཅུག་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་འགྱུར་རོ། །དེ་ནས་གནས་བརྟན་འོད་སྲུང་ཆེན་པོ་དང་། འཁོར་དེ་དག་ཐམས་ཅད་ཀྱིས་ ཚིག་འཐུན་པར་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ནི་སེམས་ཅན་དེ་དག་གིས་སེམས་བསྐྱེད་པ་དེ་དག་དང་། གང་དག་ལ་ཆོས་ཐམས་ཅད་སྟོང་པ་དང་། དབེན་པ་དང་། ཉེ་བར་ཞི་བ་དང་། འདོད་ཆགས་ དང་བྲལ་བ་དང་། རང་བཞིན་མ་མཆིས་པར་གློ་བ་ཆེས་པ་མ་མཆིས་པ་དང་། བཟོད་པ་མཆིས་པ་དང་། མོས་པ་མཆིས་པ་དེ་དག་ལ་ཡང་རྗེས་སུ་ཡི་རང་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་གནས་བརྟན་འོད་སྲུང་ ཆེན་པོ་ལ་བཀའ་སྩལ་པ། འོད་སྲུང་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་དེ་ལ་ཁྱེའུ་ཆོས་དང་། ཆོས་བཟང་གཉིས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་ དཔའ་ཆོས་དུ་དང་ལྡན་ན་སྦྱིན་པ་ལ་དགའ་བར་ཡང་མི་བགྱིད་ལ་སེར་སྣ་ཅན་དུ་ཡང་མི་འགྱུར་བ་དང་། ཀུན་འཛིན་པའི་སེམས་མ་མཆིས་པ་དང་། གཞན་འཇིག་རྟེན་གྱི་ཟང་ཟིང་སྩོལ་བར་བགྱིད་པ་དེ་དག་མཐོང་ན་ཡང་དེ་ལ་ དགའ་བ་སྐྱེད་པར་མི་བགྱིད་པ་དང་། གོང་དུ་ཡང་འདི་ལྟ་སྟེ། སངས་རྒྱས་ཀྱི་གནས་པ་བླ་ན་མེད་པས་གནས་པ་འཐོབ་པར་འགྱུར་བ་དང་། ཟབ་མོ་ལ་བཟོད་པ་དང་ལྡན་པར་འགྱུར་བ་དང་། བླ་ན་མེད་པའི་ཡེ་ཤེས་ཡོངས་སུ་ 82-1-109a རྫོགས་པར་ཡང་བགྱིད་ལགས། འོད་སྲུང་དེ་སྐད་ཅེས་གསོལ་བ་དང་། དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་དེས་ཁྱེའུ་ཆོས་དང་། ཆོས་བཟང་གཉིས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ དག་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སྦྱིན་པ་ལ་དགའ་བར་ཡང་མི་བྱེད་ལ་སེར་སྣ་ཅན་དུ་ཡང་མི་འགྱུར་བ་དང་། ཀུན་འཛིན་པའི་སེམས་མེད་པ་དང་། གཞན་འཇིག་རྟེན་གྱི་ཟང་ཟིང་སྦྱིན་པར་བྱེད་པ་དེ་མཐོང་ ན་ཡང་དེ་ལ་དགའ་བ་སྐྱེད་པར་མི་བྱེད་པ་དང་། གོང་དུ་ཡང་འདི་ལྟ་སྟེ། སངས་རྒྱས་ཀྱི་གནས་པ་བླ་ན་མེད་པས་གནས་པ་འཐོབ་པར་འགྱུར་བ་དང་། ཟབ་མོ་ལ་བཟོད་པ་དང་ལྡན་པར་འགྱུར་བ་དང་། བླ་ན་མེད་པའི་ཡེ་ཤེས་ ཀྱང་ཡོངས་སུ་རྫོགས་པར་བྱེད་དེ། བཞི་གང་ཞེ་ན། སྟོང་པ་ཉིད་ལ་མོས་པ་དང་། དབེན་པར་གནས་པ་དང་། ཟབ་མོ་ལ་བཟོད་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་སྟེ། རིགས་ཀྱི་བུ་དག་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་ དག་དང་ལྡན་ན་སྦྱིན་པ་ལ་ཡང་དགའ་བར་མི་བྱེད་ལ་སེར་སྣ་ཅན་དུ་ཡང་མི་འགྱུར་བ་དང་། ཀུན་འཛིན་པའི་སེམས་མེད་པ་དང་། གཞན་འཇིག་རྟེན་གྱི་ཟང་ཟིང་སྦྱིན་པར་བྱེད་པ་དེ་མཐོང་ན་ཡང་དེ་ལ་དགའ་བ་སྐྱེད་པར་མི་ བྱེད་པ་དང་། གོང་དུ་ཡང་འདི་ལྟ་སྟེ། སངས་རྒྱས་ཀྱི་གནས་པ་བླ་ན་མེད་པས་གནས་པ་འཐོབ་པར་འགྱུར་བ་དང་། ཟབ་མོ་ལ་བཟོད་པ་དང་ལྡན་པར་འགྱུར་བ་དང་། བླ་ན་མེད་པའི་ཡེ་ཤེས་ཀྱང་ཡོངས་སུ་རྫོགས་པར་ བྱེད་པར་འགྱུར་རོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སྦྱིན་པ་ལ་དགའ་བར་ཡང་མི་བྱེད་ལ་སེར་སྣ་ཅན་དུ་ཡང་མི་འགྱུར་བ་དང་། ཀུན་འཛིན་པའི་སེམས་མེད་པ་དང་། གཞན་འཇིག་ རྟེན་གྱི་ཟང་ཟིང་སྦྱིན་པར་བྱེད་པ་དེ་མཐོང་ན་ཡང་དེ་ལ་དགའ་བ་སྐྱེད་པར་མི་བྱེད་པ་དང་། གོང་དུ་ཡང་འདི་ལྟ་སྟེ། སངས་རྒྱས་ཀྱི་གནས་པ་བླ་ན་མེད་པས་གནས་པ་འཐོབ་པར་འགྱུར་བ་དང་། ཟབ་མོ་ལ་བཟོད་པ་དང་ལྡན་ 82-1-109b པར་འགྱུར་བ་དང་། བླ་ན་མེད་པའི་ཡེ་ཤེས་ཀྱང་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་ཏེ། བཞི་གང་ཞེ་ན། རིགས་ཀྱི་བུ་དག་འདི་ལ་བྱང་ཆུབ་སེམས་དཔའ་མང་དུ་ཐོས་པ་ཡོངས་སུ་ཚོལ་བར་བྱེད་པ་དང་། དེ་མང་དུ་ཐོས་ པར་གྱུར་ནས་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། རྒྱལ་པོའི་ཕོ་བྲང་དང་། ཡུལ་འཁོར་དག་ཏུ་ཞུགས་ཏེ། ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱེད་པ་དང་། གང་ལས་ཀྱང་ཐ་ན་ལེགས་སོ་ཞེས་བྱ་བ་ཙམ་དུ་ཅུང་ཟད་ཀྱང་རེ་བ་མེད་ ཅིང་། དེ་གོས་པ་མེད་པའི་སེམས་ཀྱིས་གཞན་དག་ལ་ཆོས་སྟོན་པར་བྱེད་པ་དང་། དེ་གོས་པ་མེད་པའི་སེམས་དང་ལྡན་པས་འདི་ལྟ་སྟེ། ཆོས་ཀྱི་སྦྱིན་པའི་སྦྱིན་པ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྔགས་ ཤིང་བསྟོད་པ་ཡིན་པས་ན་མཆོག་ཡིན་ནོ། །ཞེས་དགའ་བ་ཉམས་སུ་མྱོང་བར་བྱེད་པ་སྟེ། དེ་དག་ནི་སྦྱིན་པ་དམ་པ་སྦྱིན་པ་གཙོ་བོ་འདི་ལ་གནས་པ་ཡིན་ནོ་ཞེས་ཡང་དག་པར་མཐོང་བ་ན་དགའ་བ་ཉམས་སུ་མྱོང་བར་བྱེད་ཅིང་ སེམས་ཅན་འཇིག་རྟེན་གྱི་ཟང་ཟིང་ཡོངས་སུ་གཏོང་བ་ལ་མངོན་པར་བརྩོན་པ་གཞན་དག་ལ་ནི་དགའ་བར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དག་བྱང་ཆུབ་སེམས་དཔའ་གང་གིས་ཕྱོགས་བཅུའི་འཇིག་རྟེན་ གྱི་ཁམས་ཚད་མེད། གྲངས་མེད། དཔག་ཏུ་མེད་པ་དག་ན་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་བ་ཇི་སྙེད་ཅིག་བཞུགས་ཏེ་འཚོ་ཞིང་གཞེས་པ་དེ་དག་ཐམས་ཅད་ལ་ཚེའི་མཐའ་ཇི་སྲིད་པར་ མ་ཚང་བ་མེད་པའི་སྦྱིན་པ་ཕུལ་བར་གྱུར་བ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ཚུལ་ཁྲིམས་དང་ལྡན་པ། དགེ་བའི་ཆོས་དང་ལྡན་པ་གཞན་ཞིག་གིས་སྙིང་རྗེ་ཆེན་པོ་ཀུན་ དུ་བསྐྱེད་དེ། སངས་རྒྱས་བཅོམ་ལྡན་འདས་རྗེས་སུ་དྲན་པར་བྱེད་པ་ན་གོས་པ་མེད་པའི་སེམས་ཀྱིས་རྙེད་པ་དང་། བཀུར་སྟི་དང་། གྲགས་པ་མི་འདོད་པར་སེམས་ཅན་གཅིག་ལ་གཅིག་ཚིག་བཞི་པའི་ཚིགས་སུ་བཅད་ 82-1-110a པ་གཅིག་ཙམ་ཞིག་སྒྲོགས་པར་བྱེད་ཅིང་དེས་ཚིགས་སུ་བཅད་པ་དེ་བཤད་ནས་ཀྱང་ཡི་གེ་མཉམ་པ་ཉིད་ཀྱིས་འདི་ལྟ་སྟེ་དཔེར་ན་ཡི་གེ་འདི་དག་རང་བཞིན་གྱིས་སྟོང་པ་དེ་བཞིན་དུ་ཆོས་ཐམས་ཅད་ ཀྱང་རང་བཞིན་གྱིས་སྟོང་པ་ཡིན་ནོ་ཞེས་རབ་ཏུ་རྟོགས་པར་བྱེད་ན། རིགས་ཀྱི་བུ་དག་བསོད་ནམས་ཀྱི་ཕུང་པོ་དེ་ལ་བསོད་ནམས་ཀྱི་ཕུང་པོ་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། བྱེ་བའི་ཆ་དང་། བྱེ་བ་ཕྲག་བརྒྱའི་ཆ་དང་། བྱེ་བ་ཕྲག་སྟོང་གི་ཆ་དང་། བྱེ་བ་ཕྲག་འབུམ་གྱི་ཆ་དང་། བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་བར་གྱི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། ཉེ་བར་འཇལ་བ་དང་། རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོ་བའི་ཕྱིར་རོ། །འོད་སྲུང་དེ་ནས་ཡང་དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་དེས་ཁྱེའུ་དེ་གཉིས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་བྱང་ཆུབ་ སེམས་དཔའ་ཆོས་བཞི་དང་ལྡན་ན་འདི་ལྟ་སྟེ། སངས་རྒྱས་ཀྱི་གནས་པ་རྒྱ་ཆེན་པོས་གནས་པ་འཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། རྒྱ་ཆེན་པོ་ལ་འཇུག་པ་དང་། ཆོས་རྒྱ་ཆེན་པོ་འཆད་པ་དང་། སྦྱིན་ པ་རྒྱ་ཆེན་པོ་ཡོངས་སུ་གཏོང་བ་དང་། རྒྱ་ཆེན་པོ་ལ་མོས་པ་སྟེ། རིགས་ཀྱི་བུ་དག་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་འདི་ལྟ་སྟེ། སངས་རྒྱས་ཀྱི་གནས་པ་རྒྱ་ཆེན་པོས་གནས་པ་འཐོབ་ པར་འགྱུར་རོ། །འོད་སྲུང་དེ་ལྟར་དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་དེས་ཁྱེའུ་དེ་གཉིས་ལ་དེ་ལྟ་དེ་ལྟར་ཆོས་བསྟན་པས་ཁྱེའུ་དེ་གཉིས་ཆོས་ཀྱི་མཆོག་ཏུ་དགའ་བ་དེ་ཉིད་ཀྱིས་ཏ་ལ་བདུན་སྲིད་ཙམ་དུ་མངོན་ པར་འཕགས་ཏེ། དེ་གཉིས་བར་སྣང་ལ་འཁོད་ནས་དེ་བཞིན་གཤེགས་པ་དེ་ལ་གཉི་གས་ཚིག་འཐུན་པར་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །ཐུབ་པ་སྤྱོད་པ་ཐམས་ཅད་མཁྱེན། །སྤྱོད་པ་ཀུན་ལ་མཁས་པ་ 82-1-110b ལགས། །སེམས་ཅན་རྣམས་ལ་གཏོང་བ་དང་། །དེ་བཞིན་གཏོང་ལ་མི་གནས་སྟོན། །འདི་ལ་བདག་དང་སེམས་ཅན་དང་། །སྲོག་དང་གང་ཟག་མ་མཆིས་པར། །བཟོད་པ་བླ་མེད་གང་ལགས་པ། །སྦྱིན་པ་དེ་ ནི་སྦྱིན་ཆེན་ལགས། །བཟོད་པ་ཟབ་མོ་སྒོམ་བྱོས་ལ། །དེ་ལ་འང་རྟོག་པ་མ་བྱེད་ཅེས། །བགྱི་བ་འདི་འདྲ་བཀའ་སྩལ་པ། །དཔའ་ཆེན་ཁྱོད་ནི་ངོ་མཚར་ལགས། །གང་ལ་ཆགས་ལ་སོགས་མེད་པ། །བྱང་ཆུབ་དམ་ པ་དོན་དུ་གཉེར། །ཡེ་ཤེས་ཆེན་པོ་སྦྱང་བྱས་ནས། །དེ་ལ་འང་རློམ་སེམས་མ་བྱེད་ཅིག །རྣམ་གྲོལ་སྟོང་པ་བསྒོམ་བར་གྱིས། །དེ་ལའང་རྣམ་རྟོག་མ་བྱེད་ཅིག །དགོན་པའི་གནས་ནི་རྟེན་བྱེད་པ། །དབེན་པའི་ གནས་ཤེས་གསུངས་པ་མཛད། །རློམ་སེམས་ཡོངས་སུ་སྤངས་པ་ཡི། །སྦྱིན་པ་རྟག་ཏུ་སྦྱིན་པར་བྱ། །གང་ལ་འདུ་ཤེས་མི་འཇུག་པ། །དེ་ནི་རྡུལ་བྲལ་མཐའ་ཡིན་ནོ། །ཞི་བའི་གནས་ལས་མི་གཡོ་བའི། །ཚུལ་ཁྲིམས་ ཡོངས་སུ་སྦྱང་བར་བྱ། །གང་གིས་ཞི་ཚུལ་མཛེས་རྟོགས་པ། །དེ་ནི་ཚུལ་ཁྲིམས་མཆོག་ཡིན་གསུང་། །བཟོད་པ་རྟག་ཏུ་སྒོམ་གྱིས་ལ། །སེམས་ཅན་རྣམས་ལ་རྟོག་མ་བྱེད། །རྟོག་པ་ཐམས་ཅད་རྣམས་སྤངས་པ། ། དེ་ནི་བཟོད་པ་ཡིན་པར་གསུངས། །བརྩོན་འགྲུས་བརྟན་པ་འང་བརྩམ་པར་བྱོས། །འདུས་བྱས་ཀུན་ཀྱང་སྤང་བར་གྱིས། །དབེན་པར་ལྟ་བ་གང་ཡིན་པ། །དེ་ནི་སངས་རྒྱས་བརྩོན་འགྲུས་གསུང་། །དངོས་པོའི་དངོས་ དེ་མེད་པས་ན། །དངོས་པོ་ཐམས་ཅད་བསྲེག་པར་བྱ། །ཉོན་མོངས་མེད་པ་གང་ཡིན་པ། །དེ་ནི་རྟོག་མེད་བསམ་གཏན་ཡིན། །ཚུ་རོལ་མ་ཡིན་ཕ་རོལ་མིན། །དབུས་སུའང་གནས་པར་མི་བྱ་སྟེ། །དུས་གསུམ་མཉམ་ལྟ་གང་ ཡིན་པ། །དེ་ནི་ཤེས་རབ་དམ་པ་ཡིན། །དགོན་པའི་འདུ་ཤེས་བསྒོམ་བྱ་ཞིང་། །འདུ་ཤེས་དེ་ལའང་བལྟ་མི་བྱ། །འདུ་ཤེས་གང་ལས་སྐྱེ་འགྱུར་ཏེ། །དེས་དེ་འདུ་ཤེས་མེད་ཅེས་བྱ། །ཆོས་ཀྱི་སྦྱིན་པའི་ཡོན་ཏན་དང་། །དེ་བཞིན་ 82-1-111a ཕན་ཡོན་རྣམས་ཀྱང་བསྟན། །དེ་ཕྱིར་རློམ་སེམས་མེད་པ་ཡིས། །ཇི་ལྟར་ཐོས་པའི་ཆོས་ཀྱང་ཤོད། །ཡི་གེ་རྣམས་ནི་ཟད་མེད་དེ། །རང་བཞིན་གྱིས་ནི་གྲུབ་པ་མེད། །དེ་ཕྱིར་ཆོས་ལ་མི་རློམ་ཞིང་། །ཁྱེད་ ཀྱིས་འབྲས་བུ་མེད་མི་བྱ། །བདག་ནི་ཆོས་སྟོན་བྱེད་པའོ་ཞེས། །གང་ལ་འདུ་ཤེས་དེ་འབྱུང་བ། །དེས་ནི་ཆོས་ཉིད་མེད་ཤེས་པས། །དེ་ནི་བདུད་ཀྱི་ཞགས་པས་བཅིངས། །བདག་གིས་སངས་རྒྱས་མཐོང་ངོ་ཞེས། །གང་ལ་འདུ་ ཤེས་དེ་འབྱུང་བ། །དེ་ལ་དེ་མ་ཐག་ཏུ་ནི། །བདུད་རྩི་དུག་ནི་བཏུང་བར་འགྱུར། །གང་ཞིག་རྫོགས་པའི་བྱང་ཆུབ་ནི། །རྟོགས་པར་འདོད་དམ་ཉན་ཐོས་སམ། །རང་རྒྱལ་བྱང་ཆུབ་རྟོགས་འདོད་པ། །དེས་ནི་ཚུལ་འདི་བསླབ་པར་གྱིས། ། རྣམ་གྲོལ་ཡེ་ཤེས་དཔག་མེད་ཀྱང་། །གཅིག་པ་ཉིད་དུ་བསྟན་པ་མཛད། །དམན་པའི་སྨོན་ལམ་འདོད་མི་བྱ། །བྱང་ཆུབ་དམ་པ་དོན་དུ་གཉེར། །གང་ཞིག་འཇིག་རྟེན་མགོན་པོའི་སྐུ། །མཚན་གྱིས་བརྒྱན་པ་ཅི་འདྲ་བ། ། དེ་འདྲ་འདོད་པ་དེ་ཡིས་ནི། །བྱང་ཆུབ་མཆོག་ལ་གནས་པར་གྱིས། །ཆོས་ཀུན་རྒྱུ་ལས་འབྱུང་བ་སྟེ། །བྱེད་པ་པོ་ནི་དམིགས་སུ་མེད། །ཆོས་རྣམས་བརྟེན་ནས་བྱུང་བ་སྟེ། །ཡང་དག་རང་བཞིན་ཡོད་མིན་ཞེས། །བགྱི་བ་འདི་འདྲ་བཀའ་སྩལ་པ། ། དཔའ་ཆེན་ཁྱོད་ནི་ངོ་མཚར་ལགས། །འོད་སྲུང་དེ་ལྟར་ཁྱེའུ་དེ་གཉིས་ཀྱིས་བར་སྣང་དེ་ལས་ཚིགས་སུ་བཅད་པ་དེ་དག་སྨྲས་པའི་ཚེ་རྒྱལ་པོ་མུ་ཁྱུད་དེའི་གྲོང་ཁྱེར་པ་དང་། བཙུན་མོའི་འཁོར་དང་། ཞབས་འབྲིང་གཉུག་མ་རྣམས་ དང་། སྟེང་གི་བར་སྣང་ལ་ལྷ་གང་དག་འདུས་ཏེ་འཁོད་པར་གྱུར་བ་དེ་དག་ལས་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །སེམས་ཅན་ཚད་མེད། གྲངས་མེད་པ་ དག་གིས་ནི་དགེ་བའི་རྩ་བ་སྣ་ཚོགས་ཡོངས་སུ་སྒྲུབ་པའི་རྒྱུ་བསྐྱེད་པར་གྱུར་ཏོ། །འོད་སྲུང་དེ་ནས་ཁྱེའུ་ཆོས་དང་། ཆོས་བཟང་གཉིས་བར་སྣང་དེ་ལས་བབས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་དེའི་ 82-1-111b ཞབས་ལ་གཏུགས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གཉིས་སངས་རྒྱས་བཅོམ་ལྡན་འདས་དང་། དམ་པའི་ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆིའོ། །བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་སེམས་ཀྱི་རང་བཞིན་གྱིས་བྱང་ཆུབ་ཀྱི་རང་བཞིན་རྗེས་སུ་རྟོགས་པར་ཡང་བགྱིད་ལགས་ཏེ། བཅོམ་ལྡན་འདས་འདིར་སེམས་བསྐྱེད་པ་དེ་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་ སྐྱེ་བ་མ་མཆིས་པ་ལགས་སོ། །འདིར་སེམས་བསྐྱེད་པ་དེ་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མ་མཆིས་པ་ཁོ་ན་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། གང་ལ་མངོན་པར་ཞེན་པ་མཆིས་པ་དེ་ལ་ནི་སྐྱེ་བ་འགའ་ ཞིག་མཆིས་གདའི། གང་ལ་མངོན་པར་ཞེན་པ་མ་མཆིས་པ་དེ་ལ་ནི་སྐྱེ་བ་འགའ་ཡང་མ་མཆིས་པའི་སླད་དུ་སྟེ། བཅོམ་ལྡན་འདས་དེ་ལྟ་ལགས་པས་སྐྱེ་བ་ཉིད་སྐྱེ་བ་མ་མཆིས་པ་ལགས་སོ། །དེ་ཅིའི་སླད་དུ་སྐྱེ་བ་མ་ མཆིས་པ་ཞེས་བགྱི་ན། དེ་ལ་སྐྱེ་བའི་གཞི་འཇུག་པ་མ་མཆིས་པས་དེའི་སླད་དུ་སྐྱེ་བ་མ་མཆིས་པ་ཞེས་བགྱི་སྟེ། སྐྱེ་བ་མ་མཆིས་པ་དེ་ལ་ནི་བརྗོད་པ་དེ་ཡང་བརྗོད་པར་མི་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། ཇི་ཙམ་དུ་བརྗོད་ པ་མཆིས་པ་དེ་ཙམ་དུ་སྐྱེ་བ་དང་འགག་པ་མཆིས་ཀྱི། དེ་ལྟར་ཡེ་ཤེས་ཤིན་དུ་རྣམ་པར་དག་པ་གང་ལགས་པ་དེ་ལ་ནི་སྐྱེ་བ་མ་མཆིས། འགག་པ་ཡང་མ་མཆིས་ལ། གང་ལ་སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་ པ་དེ་ནི་བས་མ་འཚལ་བ་སྟེ། གཏན་དུ་བས་པ་མ་ལགས་པའི་སླད་དུའོ། །བཅོམ་ལྡན་འདས་དེ་ལྟ་ལགས་པས་བདག་ཅག་གཉིས་ནི་མཉམ་པ་ཉིད་ཀྱི་མཐའ་འདིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་སྨོན་ལམ་འདེབས་ཤིང་ཆོས་འགའ་ལ་ཡང་དམིགས་པར་མི་བགྱིད། ཆོས་འགའ་ཡང་ཐོབ་པར་མི་བགྱིད། ཆོས་འགའ་ཡང་ཐོབ་པར་བགྱིད་དུ་སྩོལ་བར་མི་བགྱིད་དེ། མཉམ་པ་ཉིད་གང་ལགས་པ་དེ་ཁོ་ན་རྗེས་སུ་ 82-1-112a རྟོགས་པར་བགྱིད་པར་བས་ཀྱི། ཆོས་འགའ་ཡང་རྗེས་སུ་རྟོགས་པར་མི་བགྱིད་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ཆོས་ཐམས་ཅད་ནི་གཟོད་མ་ནས་རྣམ་པར་དག་པའི་སླད་དུའོ། །འོད་སྲུང་དེ་ལྟར་ ཁྱེའུ་དེ་གཉིས་ཀྱིས་དེ་སྐད་སྨྲས་པ་ན་བྱང་ཆུབ་སེམས་དཔའ་ཁྲིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །རྒྱལ་པོ་མུ་ཁྱུད་ཀྱང་བུ་སྟོང་པོ་དེ་དག་དང་ལྷན་ཅིག་རྒྱལ་པོ་ལྔ་སྟོང་དག་དང་ལྷན་ཅིག་ཏུ་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །འོད་སྲུང་དེ་ནས་དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་དེས་ཞལ་ཟས་ཀྱི་བྱ་བ་མཛད་པ་ལགས་ནས་ལྷུང་བཟེད་བཞག་སྟེ། ཕྱག་བཅབས་ ནས་རྒྱལ་པོ་མུ་ཁྱུད་དང་། སྐྱེ་བོ་ཕལ་པོ་ཆེ་དེ་དག་ལ་ཆོས་ཀྱི་གཏམ་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེང་སྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གདན་ལས་ བཞེངས་ཏེ་གཤེགས་སོ། །འོད་སྲུང་དེ་ནས་ཁྱེའུ་ཆོས་དང་། ཆོས་བཟང་གཉིས་ཀྱིས་ཕ་མ་ལ་གསོལ་བ་བཏབ་ནས་དད་པས་ཁྱིམ་ནས་ཁྱིམ་མེད་པར་ལེགས་པ་ཁོ་ནར་རབ་ཏུ་འབྱུང་བའི་ཕྱིར་མངོན་པར་ བྱུང་ངོ་། །དེ་གཉིས་རང་གི་གྲོང་ཁྱེར་ཆེན་པོ་ནས་མངོན་པར་འབྱུང་བའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །རབ་འབྱུང་སངས་རྒྱས་རྣམས་ཀྱིས་བསྔགས། །ངེས་འབྱུང་དེ་བཞིན་གཤེགས་ པས་བསྔགས། །ཁྱིམ་གནས་ཉོན་མོངས་གནས་པ་སྟེ། །དཀར་ཆོས་རྣམ་པར་འཇིག་པར་བྱེད། །གང་ཞིག་དཀར་པོའི་ཆོས་རྣམས་ནི། །ཉམས་པར་མི་འགྱུར་འཕེལ་འདོད་པ། །རབ་ཏུ་འབྱུང་བར་བྱ་ བའི་ཕྱིར། །འཇིག་རྟེན་མགོན་ཐང་མྱུར་དུ་སོང་། །བསྐལ་པ་བྱེ་བར་རབ་སྤྱད་ཀྱང་། །འདོད་པ་རྣམས་ལ་ངོམས་པ་མེད། །ཁྱིམ་ན་གནས་པ་འདོད་རྣམས་ཀྱིས། །མི་ངོམས་བཞིན་དུ་འཆི་བར་འགྱུར། ། 82-1-112b ཇི་ལྟར་རྒྱ་མཚོ་ཆུ་ཀླུང་རྣམས། །འབབ་པས་ངོམས་པར་མི་འགྱུར་བ། །དེ་བཞིན་བྱིས་པ་འདོད་རྣམས་ལ། །བསྟེན་པས་རྣམས་ཀྱང་ངོམས་མི་འགྱུར། །དཔེར་ན་མེ་ནི་རྩྭ་དག་དང་། །ཤིང་གིས་ནམས་ཀྱང་ངོམས་པ་ མེད། །དེ་བཞིན་བྱིས་པ་འདོད་རྣམས་ལ། །འདོད་པས་ངོམས་པར་འགྱུར་བ་མེད། །འཇིག་རྟེན་རྣམ་པར་འདྲེན་རྣམས་ཀྱིས། །འདོད་པ་འདི་དག་ཆགས་པར་གསུངས། །དེ་ཕྱིར་ཆགས་པ་ཡོངས་སྤངས་ཏེ། །རབ་ཏུ་འབྱུང་ ཕྱིར་མངོན་བྱུང་ཤིག །འཇིག་རྟེན་མགོན་པོ་བླ་ན་མེད། །སྔ་མ་འགའ་ཡང་གང་གི་ཕྱིར། །ཁྱིམ་གྱི་གནས་ན་གནས་མཛད་ནས། །བླ་མེད་བྱང་ཆུབ་བརྙེས་པ་མེད། །སྔོན་གྱི་སངས་རྒྱས་འཇིག་རྟེན་མགོན། །གང་སུ་མྱ་ངན་ འདས་གྱུར་པ། །ཀུན་གྱིས་དགོན་པར་རབ་དགོན་དུ། །བླ་མེད་བྱང་ཆུབ་བརྙེས་པར་གྱུར། །དེ་ཕྱིར་སངས་རྒྱས་རྣམས་ཀྱི་ནི། །བསྟེན་པའི་དགོན་པ་དེ་སློབས་ལ། །ཁྱིམ་གནས་སྲེད་པ་སྤོང་བྱོས་དང་། །དེས་ནི་བདེ་ ལེགས་ཉིད་དུ་འགྱུར། །གང་ཞིག་ཁྱིམ་ན་གནས་ནས་ནི། །སྟོང་གསུམ་ཐམས་ཅད་རིན་ཆེན་གྱིས། །རབ་ཏུ་བཀང་སྟེ་འཇིག་རྟེན་གྱི། །མགོན་ལ་ཡོན་དུ་འབུལ་བྱེད་ལ། །མཁས་པ་གང་ཞིག་ཡིད་བྱུང་ཞིང་། ། ཉེས་པ་ཤེས་ནས་ཁྱིམ་སྤངས་ཏེ། །སངས་རྒྱས་རྗེས་སུ་སློབ་བྱེད་ལ། །རབ་ཏུ་འབྱུང་བ་ཚོལ་བྱེད་ཅིང་། །རབ་ཏུ་འབྱུང་བ་བཙལ་ནས་ཀྱང་། །གཡེལ་བ་མེད་པས་འདོད་རྣམས་དང་། །ཁྱིམ་གྱི་གནས་ལ་མི་ ལྟ་བར། །གོམ་པ་བདུན་ནི་འདོར་བྱེད་ན། །བསོད་ནམས་ཕུང་པོ་དེ་ལ་ནི། །སྔ་མས་རིན་གྱི་ཆར་མི་ཆོག །དེ་ཕྱིར་སངས་རྒྱས་བསྔགས་པ་ཡི། །རབ་ཏུ་འབྱུང་ཕྱིར་མྱུར་དུ་དེང་། །གང་ལ་ཆགས་པ་ཡོད་མིན་པའི། ། ཤེས་པས་རྟག་ཏུ་ངོམས་མེད་ན། །ཆགས་པ་ཀུན་ལས་རྣམ་འདས་པའི། །སངས་རྒྱས་དམ་པ་ཉིད་འཐོབ་འགྱུར། །མྱུར་དུ་དགོན་པར་གནས་བྱེད་ན། །འདོད་པའི་སྲེད་པ་སྤོང་འགྱུར་ཏེ། །ཉེས་པ་ཇི་བཞིན་རྣམ་ 82-1-113a རིག་ནས། །དེ་དག་ལས་ནི་སེམས་ལྡོག་འགྱུར། །ཁྱིམ་ནི་མྱུར་དུ་སྤངས་ནས་སུ། །དགོན་པ་ལ་ནི་གནས་གྱུར་པ། །མཁས་པ་ཡང་དག་མཐོང་བ་རྣམས། །སངས་རྒྱས་རྣམས་ནི་རྗེས་སུ་སློབ། ། གང་དག་བྱང་ཆུབ་ཕྱིར་བརྩོན་བ། །དེ་དག་དབེན་པ་སྟེན་བྱེད་ཅིང་། །དེ་དག་དགོན་པར་དགའ་འགྱུར་ཞིང་། །དེ་དག་ཁྱིམ་ལ་དགའ་མི་འགྱུར། །དེ་ནི་སངས་རྒྱས་རྣམ་དག་གི། །སྤྱོད་ཡུལ་གནས་དང་སྤྱོད་པ་སྟེ། །གང་ ཞིག་ལམ་འདིར་འཇུག་འགྱུར་བ། །དེ་ལ་བྱང་ཆུབ་རྙེད་དཀའ་མིན། །ཆགས་ལ་སོགས་པས་གཟིར་བ་ཡི། །སེམས་ཅན་གྲོལ་བྱེད་སུ་འདོད་པ། །དེ་ནི་ཁྱིམ་ན་གནས་པ་ཡིས། །སྐྲག་ཅིང་དགོན་པ་ཀུན་དུ་བསྟན། །གང་ ཞིག་བདུད་ལས་རྒྱལ་བ་དང་། །འཆི་མེད་གོ་འཕང་རྟོགས་པ་དང་། །འཁོར་ལོ་དམ་པ་བསྐོར་འདོད་པ། །དེས་ནི་དགོན་པ་བསྟེན་པར་གྱིས། །འོད་སྲུང་དེ་ལྟར་ཁྱེའུ་ཆོས་དང་། །ཆོས་བཟང་གཉིས་ཚིགས་སུ་བཅད་པ་དེ་ དག་སྨྲ་ཞིང་གྲོང་ཁྱེར་ཆེན་པོ་དེ་ནས་ཕྱིར་བྱུང་ནས་བཅོམ་ལྡན་འདས་མེ་ཏོག་སྣ་ཚོགས་ག་ལ་བ་དེར་དོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་དེ་ལ་འདི་སྐད་ ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གཉིས་བཅོམ་ལྡན་འདས་ལས་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་པར་འགྱུར་ལགས་སམ། འོད་སྲུང་དེ་ནས་དེ་བཞིན་གཤེགས་པ་ མེ་ཏོག་སྣ་ཚོགས་དེས་ཁྱེའུ་དེ་གཉིས་ཀྱི་ལྷག་པའི་བསམ་པ་ཐུགས་སུ་ཆུད་ནས་ཁྱེའུ་དེ་གཉིས་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་མཛད་དོ། །འོད་སྲུང་དེ་ནས་རྒྱལ་པོ་མུ་ཁྱུད་ཀྱིས་ཁྱེའུ་དེ་གཉིས་རབ་ཏུ་བྱུང་བ་ ཐོས་ནས་བུ་ཐུ་བོ་རྒྱལ་སྲིད་ལ་བཞག་སྟེ། བུ་སྟོང་དུ་གཅིག་གིས་མ་ཚང་བ་རྣམས་དང་ཡང་ལྷན་ཅིག །བུད་མེད་བརྒྱད་ཁྲི་བཞི་སྟོང་དང་ཡང་ལྷན་ཅིག །རྒྱལ་པོ་ལྔ་སྟོང་ཙམ་པོ་དེ་དག་དང་ཡང་ལྷན་ཅིག །སྐྱེ་བོ་ཕལ་ 82-1-113b པོ་ཆེ་གཞན་དག་དང་ཡང་ལྷན་ཅིག་ཏུ་ཐམས་ཅད་ཁྱིམ་གྱི་གནས་ལ་མི་ལྟ་བར་དད་པས་ཁྱིམ་ནས་ཁྱིམ་མེད་པར་ལེགས་པ་ཁོ་ནར་རབ་ཏུ་འབྱུང་བའི་ཕྱིར་མངོན་པར་བྱུང་བར་གྱུར་ཏོ། །དེའི་ཚེ་ན་སྲོག་ཆགས་བྱེ་བ་ ཐམ་པ་མངོན་པར་བྱུང་བར་གྱུར་ཏེ། དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་དེ་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་དེའི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་ འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་བཅོམ་ལྡན་འདས་ལས་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་པར་འགྱུར་ལགས་སམ། འོད་སྲུང་དེ་ནས་དེ་བཞིན་ གཤེགས་པ་མེ་ཏོག་སྣ་ཚོགས་དེས་སེམས་ཅན་དེ་དག་གི་ལྷག་པའི་བསམ་པ་ཐུགས་སུ་ཆུད་ནས་སྐྱེ་བོའི་ཚོགས་དེ་དག་ཐམས་ཅད་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་མཛད་དེ། དགེ་སློང་གི་དངོས་པོ་ལ་ རབ་ཏུ་བཀོད་དོ། །འོད་སྲུང་དེ་ནས་རྒྱལ་པོ་མུ་ཁྱུད་ཀྱིས་བུ་ཐོ་བོ་རྒྱལ་སྲིད་ལ་བཞག་པ་གང་ཡིན་པ་དེ་ཡང་ཞག་བདུན་འདས་པ་དང་། གཅིག་བུ་དབེན་པར་སོང་ནས་འདུ་ཤེས་ཀྱི་རྣམ་པར་རྟོག་པ་འདི་ལྟ་བུ་འདི་ སྐྱེས་ཏེ། བདག་ལ་རྒྱལ་སྲིད་ཀྱིས་ཅི་བྱ། དབང་ཕྱུག་གིས་ཀྱང་ཅི་བྱ་སྟེ། བདག་འདོད་པ་ལྷུར་ལེན་ཅིང་འདོད་པའི་འཆིང་བས་བཅིངས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་སྤང་ བར་ནི་མི་བྱའོ་སྙམ་ནས་དེས་དེའི་མདོ་ལ་རབ་ཏུ་འབྱུང་བའི་སེམས་ཆེན་པོ་བསྐྱེད་དེ། དེ་ཚེས་བཅྭ་ལྔ་ཟླ་བ་ཉ་བའི་ཚེ་གླིང་ཆེན་པོ་བཞི་པོ་དག་ཏུ་རྒྱུ་བའི་ཚེ་ན་དེས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཁོ་བོའི་ ཕ་མ་ཕུ་ནུ་དང་། རྩ་ལག་རྣམས་ཀྱང་རབ་འབྱུང་ཕྱིར། །ངེས་པར་བྱུང་སྟེ་ཆོས་དོན་ཕྱིར། །སྲོག་ཆགས་བྱེ་བ་ཐམ་པ་བྱུང་། །ང་ལ་ཁྱིམ་གྱིས་ཅི་བྱ་སྟེ། །བདག་ཀྱང་དེར་ནི་འགྲོ་བར་བྱ། །གལ་ཏེ་ཁྱེད་ 82-1-114a ཅག་འདོད་གྱུར་ན། །ང་ནི་ཁྱེད་ཀྱི་ཡོངས་འདྲེན་ཏེ། །གང་དག་རབ་ཏུ་འབྱུང་བའི་ཕྱིར། །སེམས་སྐྱེད་བྱེད་པ་དེ་དག་ནི། །ཁོམ་ལྡན་ཤིན་དུ་རྙེད་དཀའ་བས། །ང་དང་འགྲོགས་ཏེ་མྱུར་དུ་འདོད། །གང་དག་ཁྱིམ་ ནས་ཁྱིམ་མེད་པར། །རབ་འབྱུང་སེམས་སྐྱེས་མི་བྱེད་པ། །དེ་དག་བདེན་ཆོས་གནས་གྱིས་ལ། །ཁྱིམ་ནི་ལེགས་པར་བསྲུང་གྱིས་ཤིག །འོད་སྲུང་དེ་ལྟར་རྒྱལ་བུ་གཞོན་ནུ་དེས་ཚིགས་སུ་བཅད་པ་དེ་དག་ སྨྲས་པ་ན། གླིང་ཆེན་པོ་བཞི་པོ་དེ་དག་ནས་གང་ཁྱིམ་ན་གནས་པ་ལ་སེམས་དགའ་བའི་སེམས་ཅན་ནི་གཅིག་ཀྱང་བྱུང་བར་མ་གྱུར་ཏེ། ཐམས་ཅད་རབ་ཏུ་བྱུང་བའི་སེམས་དང་ལྡན་ཞིང་རབ་ཏུ་འབྱུང་བ་ལ་གཞོལ་བ་དང་། མངོན་པར་འབྱུང་བའི་བསམ་བ་དང་ཆས་ཏེ་གནས་པར་གྱུར་ཏོ། །འོད་སྲུང་དེ་ནས་དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་དེས་སེམས་ཅན་དེ་དག་ཐམས་ཅད་ཀྱི་ལྷག་པའི་བསམ་བ་ཐུགས་སུ་ཆུད་ནས་གླིང་བཞི་ པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་ཐམས་ཅད་དུ་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་གྱི་འཁོར་དང་བཅས་པ་ དག་སྤྲུལ་པ་མཛད་དོ། །འོད་སྲུང་དེ་ནས་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དེ་ན་སེམས་ཅན་གཅིག་ཀྱང་ཁྱིམ་ན་གནས་པར་མ་གྱུར་ཏེ། དེ་དག་ཐམས་ཅད་དད་པས་ཁྱིམ་ནས་ཁྱིམ་མེད་པར་ ལེགས་པ་ཁོ་ནར་རབ་ཏུ་བྱུང་ངོ་། །དེ་ལྟར་རབ་ཏུ་བྱུང་བ་དེ་དག་ལ་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་དག་ཀྱང་བྱུང་བར་གྱུར། དཔག་བསམས་ཀྱི་ཤིང་དག་ལས་དཔག་བསམས་ཀྱི་རས་བཅོས་ བུའི་གོས་རིན་པོ་ཆེ་དག་ཀྱང་བྱུང་བར་གྱུར་ཅིང་ལྷ་རྣམས་ཀྱང་དེ་དག་གི་གཡོག་དང་བསྙེན་བཀུར་བྱེད་པར་གྱུར་ཏོ། །འོད་སྲུང་དགེ་སློང་ཆོས་དང་། ཆོས་བཟང་དེ་གཉིས་དེ་ལྟར་རབ་ཏུ་བྱུང་ནས་ཀྱང་ 82-1-114b བརྩོན་འགྲུས་བརྩམས་ཤིང་གནས་པར་གྱུར་ཏེ། དེ་གཉིས་པོ་བྱེ་བ་ཕྲག་དྲུག་ཅུ་རྩ་གསུམ་གྱི་བར་དུ་ནམ་ཡང་རྨུགས་པ་དང་གཉིད་ཀྱིས་ཀུན་ནས་ནོན་པར་མ་གྱུར་ཅིང་ནམ་ཡང་ཟས་ཟ་བ་མ་གཏོགས་པར་འདུག་ པར་མ་གྱུར་ཏེ། འགྲོ་བ་དང་ལྡོག་པ་ཀུན་དུ་ཡང་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་བསྐྱེད་ཅིང་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དེ་ལ་ཡང་རློམ་སེམས་བྱེད་པར་མ་གྱུར་ཏོ། །ལོ་བྱེ་བ་ཕྲག་དྲུག་བཅུ་རྩ་གསུམ་ པོ་དེ་དག་ལ་ཀུན་གྱི་རྗེས་སུ་སོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྡོ་རྗེའི་གནས་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་བསྒྲུབས་པར་གྱུར་ཏེ། དེ་གཉིས་སའི་ཕྱོགས་གང་དང་གང་དུ་འདུག་པ་དང་སྐྱིལ་མོ་དཀྲུང་ བཅས་པར་གྱུར་བའི་སའི་ཕྱོགས་དེ་དང་དེ་དག་ཐམས་ཅད་རྡོ་རྗེའི་རང་བཞིན་དུ་ཀུན་དུ་གནས་པར་གྱུར་ཏོ། །ཕྱོགས་བཅུ་ཀུན་གྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དག་གིས་ཆོས་སྟོན་པ་རྣམས་ཀྱང་ཐོས་ ཤིང་བཟུང་ངོ་། །དེ་ལྟར་ཐོས་ཤིང་བཟུང་ནས་ཀྱང་གཞན་དག་ལ་རྒྱ་ཆེར་ཡང་དག་པར་བསྟན་པར་ཡང་གྱུར་ཏོ། །འོད་སྲུང་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ལས་ཉན་ ཐོས་ཀྱི་ཐེག་པ་པར་གྱུར་བའི་སེམས་ཅན་གང་དག་ཡིན་པ་དེ་དག་ལས་སེམས་ཅན་གཅིག་འགའ་ཙམ་ཡང་སོ་སོ་སྐྱེ་བོར་གྱུར་བཞིན་འཆི་བའི་དུས་བྱས་པར་མ་གྱུར་ཏེ། གང་དག་ཐམས་ཅད་ཀྱི་ནང་ ན་ལེ་ལོ་ཅན་དུ་གྱུར་བ་དེ་དག་ཀྱང་ཕྱིར་མི་འོང་བར་གྱུར་ཅིང་། དེ་དག་དེ་ནས་ཤི་འཕོས་ནས་ཀྱང་གནས་གཙང་མའི་རིས་ཀྱི་ལྷ་རྣམས་དང་སྐལ་པ་མཉམ་པར་སྐྱེས་པར་གྱུར་ཏོ། །གང་དག་རང་སངས་རྒྱས་ ཀྱི་ཐེག་པ་པར་གྱུར་བ་དེ་དག་ནི་དེ་ནས་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་སྟོང་པ་སངས་རྒྱས་འབྱུང་བ་མེད་པ་གཞན་དག་ཏུ་སྐྱེས་པར་གྱུར་ཅིང་། དེར་ཡང་དེ་དག་ཕྱུག་པོའི་ཁྱིམ་ཆེན་པོ་དག་ཏུ་སྐྱེས་པར་ 82-1-115a གྱུར་ཏོ། །དེར་སྐྱེས་ནས་ཀྱང་དབང་པོ་འཕེལ་བ་དང་། ཡོངས་སུ་སྨིན་པ་དག་ཀྱང་རྗེས་སུ་ཐོབ་ནས་སྔོན་གྱི་དགེ་བའི་རྩ་བ་དེ་ཉིད་ཀྱིས་ཡང་དག་པར་བསྐུལ་ཏེ། ཐམས་ཅད་དད་པས་ ཁྱིམ་ནས་ཁྱིམ་མེད་པར་ལེགས་པ་ཁོ་ནར་རབ་ཏུ་བྱུང་ངོ་། །དེ་དག་དེ་ལྟར་རབ་ཏུ་བྱུང་ནས་ཀྱང་ཞག་བདུན་འདས་ནས་ཐམས་ཅད་ཀྱིས་རང་བྱང་ཆུབ་རྗེས་སུ་ཐོབ་སྟེ། དེ་དག་གིས་ཀྱང་སེམས་ཅན་ཚད་མེད། གྲངས་མེད་པ་དག་གི་དོན་བྱས་ནས་ཡོངས་སུ་མྱ་ངན་ལས་འདས་སོ། །གང་དག་བྱང་ཆུབ་སེམས་དཔའི་ཐེག་པ་པར་གྱུར་བ་དེ་དག་གིས་ནི་མངོན་པར་ཤེས་པ་ལྔ་དང་། ཚངས་པའི་གནས་པ་བཞི་བསྒྲུབས་ཤིང་མི་ འཕོགས་པའི་སྤོབས་པ་ཉིད་ཀྱང་རྗེས་སུ་ཐོབ་པར་གྱུར། གཟུངས་ཀྱང་ཐོབ་པར་གྱུར་ཏོ། །འོད་སྲུང་དེའི་ཚེ་དེའི་དུས་ན་རྒྱལ་པོ་མུ་ཁྱུད་ཅེས་བྱ་བར་གྱུར་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་ཡིད་གཉིས་ སམ་ཐེ་ཚོམ་ཟ་བར་གྱུར་ན་འོད་སྲུང་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་ཉིད་དེའི་ཚེ་དེའི་དུས་ན་གླིང་བཞི་པའི་དབང་ཕྱུག་གི་རྒྱལ་པོ་མུ་ཁྱུད་ཅེས་བྱ་བ་དེར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་བྱམས་པ་ནི་རྒྱལ་བུ་གཞོན་ ནུ་ཐུ་བོར་གྱུར་ཏོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ནི་བྱང་ཆུབ་སེམས་དཔའ་བློ་གྲོས་བཟང་པོ་ཞེས་བྱ་བར་གྱུར་ཏོ། །འོད་སྲུང་དེའི་ཚེ་དེའི་དུས་ན་ཁྱེའུ་ ཆོས་དང་ཆོས་བཟང་ཞེས་བྱ་བར་གྱུར་བ་དེ་གཉིས་གཞན་དག་ཅིག་ཡིན་སྙམ་དུ་ཁྱོད་དེ་སྙམ་སེམས་ན་འོད་སྲུང་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་གཞོན་ནུར་གྱུར་བ་འདི་ཉིད་དེའི་ཚེ་ དེའི་དུས་ན་ཁྱེའུ་ཆོས་ཤེས་བྱ་བར་གྱུར་ཏོ། །ཁྱེའུ་ཆོས་བཟང་ཞེས་བྱ་བར་གྱུར་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་མའི་སྙིང་པོ་ཡིན་ཏེ། འོད་སྲུང་སངས་རྒྱས་ཀྱི་ཞིང་དེ་སེམས་ 82-1-115b ཅན་དག་པ་དགེ་བའི་རྩ་བ་བསྐྱེད་པ་རྣམས་ཀྱི་གནས་སུ་གྱུར་ཅིང་ཇི་ཙམ་དུ་མཛེས་པར་གྱུར་བ་ལ་ལྟོས། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་གནས་བརྟན་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་དེའི་སྐུ་ཚེའི་ཚད་ཡུན་ཇི་སྲིད་ཅིག་ཏུ་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་སྣ་ཚོགས་དེ་ནི་བསྐལ་པ་བརྒྱད་ཀྱི་བར་དུ་བཞུགས་པར་གྱུར་ཏོ། །འོད་སྲུང་དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་དེ་ཡོངས་སུ་མྱ་ངན་ལས་འདས་ནས་དམ་པའི་ཆོས་ནི་ བསྐལ་པ་གཅིག་གི་བར་དུ་གནས་པར་གྱུར་ཏོ། །དེའི་སྐུ་གདུང་རྣམས་ཀྱང་རྒྱས་པར་གྱུར་ཅིང་དེ་དག་ལྷ་རྣམས་ཁོ་ནས་མཆོད་པར་གྱུར་ཏེ། དེ་ན་མི་ཁྱིམ་པར་གནས་པ་ནི་འགའ་ཡང་མེད་དོ། །འོད་སྲུང་དེ་ན་དགེ་སློང་ཆོས་ དང་། ཆོས་བཟང་གཉིས་བྱ་བ་ཉུང་བ་དང་། བདག་གི་དོན་ལ་སྦྱོར་བའི་རྗེས་སུ་བརྩོན་པར་གནས་ཤིང་བཅོམ་ལྡན་འདས་དེའི་སྐུ་གདུང་རྣམས་ལ་ཡང་མཆོད་པ་མི་བྱེད། རི་མོར་མི་བྱེད་ལ། དེ་བཞིན་གཤེགས་པ་དེའི་མཆོད་རྟེན་གྱི་ དྲུང་དུ་ཡང་མི་འགྲོའོ། །འོད་སྲུང་དེ་ནས་ལྷ་འབུམ་ཕྲག་རབ་ཏུ་མང་པོ་དང་། དགེ་སློང་ལས་དང་པོ་པ་གང་དག་ཡིན་པ་དེ་དག་དགེ་སློང་ཆོས་དང་། ཆོས་བཟང་གཉིས་ལ་འདི་གཉིས་ནི་དེ་བཞིན་གཤེགས་པའི་སྐུ་གདུང་ རྣམས་ལ་མཆོད་པ་ཡང་མི་བྱེད། དེ་བཞིན་གཤེགས་པའི་མཆོད་རྟེན་སྐོར་བར་ཡང་མི་བྱེད་པ་ལས་ན་མ་དད་པ་དང་མ་གུས་པ་ཡིན་ནོ་ཞེས་ཁ་ཟེར་བར་གྱུར་ཏོ། །འོད་སྲུང་དེ་ནས་དགེ་སློང་ཆོས་དང་། ཆོས་བཟང་གཉིས་ཀྱིས་ དགེ་སློང་དང་། ལྷ་འབུམ་ཕྲག་རབ་ཏུ་མང་པོ་འདུས་པར་གྱུར་བའི་དགེ་སློང་གི་འཁོར་དང་། ལྷའི་འཁོར་མང་པོ་དེ་དག་ལ་སྨྲས་པ། གྲོགས་པོ་དག་འདི་ཇི་སྙམ་དུ་སེམས། ཇི་ལྟར་དེ་བཞིན་གཤེགས་པ་ 82-1-116a མཆོད་པར་འགྱུར་ཞིང་རྒྱུ་གང་གིས་ན་དེ་བཞིན་གཤེགས་པའི་སྐུ་གདུང་སེམས་པ་མི་མངའ་བ་རྣམས་ཀྱིས་མཆོད་པ་བརྙེས་པར་འགྱུར་སྙམ། དགེ་སློང་དང་། ལྷ་དེ་དག་གིས་སྨྲས་པ། སྐུ་གདུང་ འདི་དག་ནི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བས་རབ་ཏུ་ཕྱེ་བ་ཡིན་པས་ན་དེའི་ཕྱིར་འདི་དག་ནི་མཆོད་པར་འོས་པ་ཡིན་ནོ། །དགེ་ སློང་ཆོས་དང་། ཆོས་བཟང་གཉིས་ཀྱིས་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་དག་འོ་ན་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དག་ ཉིད་མཆོད་པའི་འོས་ཡིན་གྱི། སྐུ་གདུང་དག་ནི་མཆོད་པར་འོས་པར་མི་འགྱུར་བ་མ་ཡིན་ནམ། དགེ་སློང་དང་། ལྷ་དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །དེ་ནི་དེ་བཞིན་ཏེ། ཇི་སྐད་སྨྲས་པ་བཞིན་ནོ། །དགེ་སློང་ ཆོས་དང་། ཆོས་བཟང་གཉིས་ཀྱིས་སྨྲས་པ། གྲོགས་པོ་དག་འོ་ན་ཚུལ་ཁྲིམས་ཀྱི་མཚན་ཉིད་ནི་གང་ཡིན། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དག་ གི་མཚན་ཉིད་ཀྱང་གང་ཡིན། དགེ་སློང་དང་། ལྷ་དེ་དག་གིས་སྨྲས་པ། ཚུལ་ཁྲིམས་ནི་མངོན་པར་འདུ་བྱེད་པ་མེད་པའི་མཚན་ཉིད་ཡིན་ནོ། །ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་ པར་གྲོལ་བའི་ཡེ་ཤེས་མཐོང་བ་དག་ཀྱང་མངོན་པར་འདུ་བྱེད་པ་མེད་པའི་མཚན་ཉིད་ཡིན་ནོ། །འོད་སྲུང་དེ་ནས་དགེ་སློང་ཆོས་དང་། ཆོས་བཟང་གཉིས་ཀྱིས་དགེ་སློང་དང་། ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། ། གྲོགས་པོ་དག་འོ་ན་མངོན་པར་འདུ་བྱེད་པས་མངོན་པར་འདུ་བྱེད་པ་མེད་པ་མཆོད་པར་ནུས་སམ། དགེ་སློང་དང་། ལྷ་དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །དེ་ནི་མི་ནུས་སོ། །དགེ་སློང་ཆོས་དང་། ཆོས་ 82-1-116b བཟང་གཉིས་ཀྱིས་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་དག་དེ་ལྟ་བས་ན་ཁྱེད་བདག་ཏུ་མངོན་པར་འདུ་མ་བྱེད་ཅིག་དང་དེས་ནི་མཆོད་པ་བྱས་པར་འགྱུར་རོ། །སངས་རྒྱས་འདུ་ཤེས་པ་ལ་ནི་སངས་རྒྱས་མཐོང་བ་ ཡང་མེད་ན་མཆོད་པའི་ལས་ལྟ་སྨོས་ཀྱང་ཅི་དགོས་ཏེ་དེ་ནི་གནས་མེད་དོ། །གཞན་ཡང་དེ་བཞིན་གཤེགས་པ་མཆོད་པར་འདོད་པས་ནི་བདག་ཉིད་མཆོད་པར་བྱའོ། །དགེ་སློང་དང་། ལྷ་དེ་དག་གིས་འདི་སྐད་ ཅེས་སྨྲས་སོ། །ཇི་ལྟར་ན་དེ་བཞིན་གཤེགས་པ་མཆོད་པར་འདོད་པས་བདག་ཉིད་མཆོད་པར་བྱ། དགེ་སློང་ཆོས་དང་། ཆོས་བཟང་གཉིས་ཀྱིས་སྨྲས་པ། གྲོགས་པོ་དག་ཇི་ལྟར་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་མཆོད་པ་གང་གིས་བདག་ཉིད་སེམས་ཅན་ཐམས་ཅད་ཀྱིས་མཆོད་པའི་གནས་སུ་འོས་པར་མཛད་པ་དེ་ལྟར་བདག་ཉིད་མཆོད་པར་བྱའོ། །ཇི་ལྟར་ དེ་བཞིན་གཤེགས་པས་བསླབས་པ་དེ་ལྟར་བསླབ་པར་བྱ་ཞིང་བསླབ་པས་རློམ་སེམས་སུ་ཡང་མི་བྱའོ། །ཆོས་རབ་ཏུ་དབྱེ་བར་བྱ་ཞིང་རབ་ཏུ་ཕྱེ་ནས་ཀྱང་ཆོས་འགའ་ཡང་བསམ་བར་མི་བྱ་སྟེ། གང་གི་ཚེ་ ཁྱེད་ཅག་དེ་ལྟར་བདག་ཉིད་མཆོད་པར་བྱེད་པ་དེའི་ཚེ་ན་དེ་བཞིན་གཤེགས་པ་ཡང་མཆོད་པར་འགྱུར་ཁྱེད་ཅག་ཉིད་ཀྱང་མཆོད་པར་འོས་པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ལ་ མཆོད་པར་འདོད་པས་ནི་བདག་ཉིད་མཆོད་པར་བྱ་སྟེ། ཇི་ལྟར་དེ་བཞིན་གཤེགས་པས་བདག་ཉིད་མཆོད་པར་མཛད་པ་དེ་ལྟར་མཆོད་པར་བྱ་ཞིང་དེ་བཞིན་གཤེགས་པའི་སྐུ་གདུང་ཡོན་ཏན་གང་དག་དང་ ལྡན་པས་མཆོད་པ་བརྙེས་པར་གྱུར་བའི་ཡོན་ཏན་དེ་དག་བདག་ཉིད་ཀྱིས་བསྒྲུབ་པར་བྱ་སྟེ། དེ་ལྟར་ན་དེ་བཞིན་གཤེགས་པ་མཆོད་པར་འགྱུར་རོ། །གང་འདུ་ཤེས་དང་། མཚན་མ་སྐྱེད་པར་མི་ 82-1-117a བྱེད་པ་དེ་ནི་དེ་བཞིན་གཤེགས་པ་མཆོད་པ་ཡིན་ནོ། །གང་བདག་ཏུ་རྟོག་པར་མི་བྱེད་པ་དང་། རྣམ་པར་རྟོག་པར་མི་བྱེད་པ་དེ་ནི་དེ་བཞིན་གཤེགས་པ་མཆོད་པ་ཡིན་ནོ། །གང་འཇིག་རྟེན་ཕ་ རོལ་དུ་མི་འགྲོ་བ་དང་། འཇིག་རྟེན་འདིར་མི་འགྲོ་བ་དང་། གང་ཚུ་རོལ་ལ་ཡང་མི་གནས། ཕ་རོལ་ལ་ཡང་མི་གནས་པ་དེ་ནི་དེ་བཞིན་གཤེགས་པ་མཆོད་པ་ཡིན་ནོ། །གང་ལ་ཆད་པ་མེད་པ་དང་། རྟག་པ་མེད་པ་ དང་། གང་ལ་འཛིན་པ་མེད་པ་དང་། སྤོང་བ་མེད་པ་དེ་ནི་དེ་བཞིན་གཤེགས་པ་མཆོད་པ་ཡིན་ནོ། །གང་ལ་འབྲི་བ་མེད་པ་དང་། འཕེལ་བ་མེད་པ་དང་། གང་ལ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། གང་ལ་ཟད་པ་མེད་པ་དང་། མི་ཟད་པ་མེད་པ་དེ་ནི་དེ་བཞིན་གཤེགས་པ་མཆོད་པ་ཡིན་ནོ། །གང་ལ་སེམས་མེད་པ་དང་། སེམས་ལས་བྱུང་བའི་ཆོས་རྣམས་མེད་པ་དང་། ཡིད་ལ་བྱེད་པ་རྣམས་མེད་པ་ དང་། བདག་གི་མེད་པ་དང་། ཡོངས་སུ་འཛིན་པ་མེད་པ་དང་། ཚོར་བ་མེད་པ་དང་། འཐབ་པ་མེད་པ་དང་། རྩོད་པ་མེད་པ་དང་། འགལ་བ་མེད་པ་དང་། བླང་བ་མེད་པ་དང་། དོར་བ་མེད་པ་དང་། གཉིས་སུ་ མེད་པར་འཇུག་པ་དེ་ནི་དེ་བཞིན་གཤེགས་པ་མཆོད་པ་ཡིན་ནོ། །གང་ལ་འདུས་བྱས་མེད་པ་དང་། གྲངས་མེད་པ་དང་། བགྲང་དུ་མེད་པ་དེ་ནི་དེ་བཞིན་གཤེགས་པ་མཆོད་པ་ཡིན་ནོ། །གང་ལ་ལུས་དང་། ངག་དང་། ཡིད་ཀྱིས་མངོན་པར་འདུ་བྱེད་པའི་བྱ་བ་མེད་པ་དང་། ལུས་དང་། ངག་དང་། ཡིད་མི་དམིགས་པ་དེ་ནི་དེ་བཞིན་གཤེགས་པ་མཆོད་པ་ཡིན་ནོ། །གང་ལ་འདས་པའི་འདུ་ཤེས་མི་འཇུག་པ་དང་། ད་ལྟར་དང་། མ་འོངས་པའི་འདུ་ཤེས་མི་འཇུག་པ་དང་། གང་རྟེན་པར་མི་བྱེད་པ་དང་། མངོན་པར་ཞེན་པར་མི་བྱེད་པ་དང་། མཚན་མར་མི་བྱེད་པ་དེ་ནི་དེ་བཞིན་གཤེགས་པ་མཆོད་པ་ཡིན་ནོ། །གང་སངས་རྒྱས་སུ་འདུ་ཤེས་མི་འཇུག་ 82-1-117b པ་དང་། ཆོས་སུ་མ་ཡིན། དགེ་འདུན་དུ་མ་ཡིན། གང་ཟག་ཏུ་མ་ཡིན། བདག་ཏུ་མ་ཡིན། གཞན་དུ་མ་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་མཆོད་པ་ཡིན་ནོ། ། བམ་པོ་བཞི་པ་སྟེ་ཐ་མ། གྲོགས་པོ་དག་དེ་བཞིན་ གཤེགས་པའི་སྐུ་ནི་མི་སྐྱེ་བའི་མཚན་ཉིད་ཡིན་པས་དེ་ནི་སྐྱེ་བས་མཆོད་པར་སླ་བ་མ་ཡིན་ནོ། །གྲོགས་པོ་དག་དེ་བཞིན་གཤེགས་པའི་སྐུ་ནི་མངོན་པར་འདུ་བྱེད་པ་མེད་པའི་མཚན་ཉིད་ཡིན་པས་དེ་ནི་མངོན་པར་འདུ་ བྱེད་པས་མཆོད་པར་སླ་བ་མ་ཡིན་ནོ། །གྲོགས་པོ་དག་དེ་བཞིན་གཤེགས་པའི་སྐུ་ནི་གཉིས་སུ་མེད་པའི་མཚན་ཉིད་ཡིན་པས་དེ་ནི་གཉིས་ཀྱིས་མཆོད་པར་སླ་བ་མ་ཡིན་ནོ། །གྲོགས་པོ་དག་དེ་བཞིན་ གཤེགས་པའི་སྐུ་ནི་ཟག་པ་མེད་པའི་མཚན་ཉིད་ཡིན་པས་དེ་ནི་ཟག་པ་མངོན་པར་འདུ་བྱ་བས་མཆོད་པར་སླ་བ་མ་ཡིན་ནོ། །གྲོགས་པོ་དག་དེ་བཞིན་གཤེགས་པའི་སྐུ་ནི་སྟོང་པ་ཉིད་ཀྱིས་ཡོངས་སུ་བསྒོས་ པ་ཡིན་པས་དེ་ནི་བདག་ཏུ་ལྟ་བ་འམ། སེམས་ཅན་དུ་ལྟ་བ་འམ། སྲོག་ཏུ་ལྟ་བ་འམ། གང་ཟག་ཏུ་ལྟ་བ་འམ། ཆད་པར་ལྟ་བ་འམ། རྟག་པར་ལྟ་བ་འམ། ངར་འཛིན་པར་ལྟ་བ་འམ། ང་ཡིར་འཛིན་ པར་ལྟ་བ་འམ། འབྱུང་བར་ལྟ་བ་འམ། འཇིག་པར་ལྟ་བས་མཆོད་པར་སླ་བ་མ་ཡིན་ནོ། །གྲོགས་པོ་དག་དེ་བཞིན་གཤེགས་པའི་སྐུ་ནི་མཚན་མ་མེད་པའི་མཚན་ཉིད་ཡིན་པས་དེ་ནི་མཚན་མའི་ སྤྱོད་ཡུལ་གྱིས་མཆོད་པར་སླ་བ་མ་ཡིན་ནོ། །གྲོགས་པོ་དག་དེ་བཞིན་གཤེགས་པའི་སྐུ་ནི་སྨོན་པ་མེད་པའི་མཚན་ཉིད་ཡིན་པས་དེ་ནི་སྨོན་པ་ལ་གནས་པས་མཆོད་པར་སླ་བ་མ་ཡིན་ནོ། །གྲོགས་ པོ་དག་དེ་བཞིན་གཤེགས་པའི་སྐུ་ནི་དངོས་པོ་མེད་པའི་མཚན་ཉིད་ཡིན་པས་དེ་ནི་དངོས་པོའི་འདུ་ཤེས་ལ་གནས་པས་མཆོད་པར་སླ་བ་མ་ཡིན་ནོ། །གྲོགས་པོ་དག་དེ་བཞིན་གཤེགས་པའི་སྐུ་ནི་ 82-1-118a གཡོ་བ་མེད་པའི་མཚན་ཉིད་ཡིན་པས་དེ་ནི་གཡོ་ཞིང་འགུལ་བའི་བློ་རྣམས་ཀྱིས་མཆོད་པར་སླ་བ་མ་ཡིན་ནོ། །གྲོགས་པོ་དག་དེ་བཞིན་གཤེགས་པའི་སྐུ་ནི་མངོན་པར་འདུས་མ་བྱས་པའི་མཚན་ཉིད་ ཡིན་པས་དེ་ནི་འདུས་བྱས་ལ་གནས་པས་མཆོད་པར་སླ་བ་མ་ཡིན་ནོ། །གྲོགས་པོ་དག་དེ་བཞིན་གཤེགས་པའི་སྐུ་ནི་འདོད་ཆགས་དང་བྲལ་བའི་མཚན་ཉིད་ཡིན་པས་དེ་ནི་འདོད་ཆགས་སྤྱོད་པས་མཆོད་ པར་སླ་བ་མ་ཡིན་ནོ། །གྲོགས་པོ་དག་དེ་བཞིན་གཤེགས་པའི་སྐུ་ནི་ཞེ་སྡང་དང་བྲལ་བའི་མཚན་ཉིད་ཡིན་པས་དེ་ནི་གནོད་སེམས་དང་། ཐ་བའི་ཉེས་པ་ལ་གནས་པས་མཆོད་པར་སླ་བ་མ་ཡིན་ནོ། ། གྲོགས་པོ་དག་དེ་བཞིན་གཤེགས་པའི་སྐུ་ནི་གཏི་མུག་དང་བྲལ་བའི་མཚན་ཉིད་ཡིན་པས་དེ་ནི་ཤེས་རབ་འཆལ་བ་དང་། རྨོངས་པ་དང་། མི་ཤེས་པ་རྣམས་ཀྱིས་མཆོད་པར་སླ་བ་མ་ཡིན་ནོ། །གྲོགས་པོ་ དག་དེ་བཞིན་གཤེགས་པའི་སྐུ་ནི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བས་ཡོངས་སུ་བསྒོས་པ་ཡིན་པས་དེ་ནི་ཚུལ་ ཁྲིམས་འཆལ་བ་དང་། བརྗེད་ངས་པ་དང་། ཤེས་རབ་འཆལ་བ་དང་། རྣམ་པར་མ་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་མ་ཡིན་པ་རྣམས་ཀྱིས་མཆོད་པར་སླ་བ་མ་ཡིན་ནོ། །གྲོགས་པོ་དག་དེ་ བཞིན་གཤེགས་པའི་སྐུ་ནི་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱིས་ཡོངས་སུ་བསྒོས་པ་ཡིན་པས་དེ་ནི་གནོད་སེམས་ཀྱི་སེམས་དང་ལྡན་པ་དང་། སྙིང་རྗེ་མེད་པ་དང་། དགའ་བའི་ སེམས་མེད་པ་དང་། རྣམ་པར་གཡེང་བ་ཡིད་ལ་བྱེད་པ་རྣམས་ཀྱིས་མཆོད་པར་སླ་བ་མ་ཡིན་ནོ། །གྲོགས་པོ་དག་དེ་བཞིན་གཤེགས་པའི་སྐུ་ནི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། 82-1-118b བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱིས་ཡོངས་སུ་བསྒོས་པ་ཡིན་པས་དེ་ནི་སེར་སྣ་ཅན་དང་། ཚུལ་ཁྲིམས་འཆལ་པ་དང་། གནོད་སེམས་དང་། ཐ་བའི་ཉེས་པ་དང་། ཁོང་ཁྲོ་བ་མང་བ་དང་། ལེ་ལོ་ཅན་དང་། བརྗེད་ངས་པ་དང་། ཤེས་རབ་འཆལ་པ་རྣམས་ཀྱིས་མཆོད་པར་སླ་བ་མ་ཡིན་ནོ། །འོད་སྲུང་དེ་ལྟར་དགེ་སློང་ཆོས་དང་། ཆོས་བཟང་གཉིས་ཀྱིས་འཁོར་དེ་དག་ལ་དེ་ལྟ་དེ་ལྟར་ཆོས་བསྟན་པ་ན་ འཁོར་དེ་ལས་བྱང་ཆུབ་སེམས་དཔའ་བཞི་ཁྲི་ཉིས་སྟོང་གིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་གིས་ནི་ཤེས་པ་དང་མཐོང་བ་བསྐྱེད་དོ། །འདོད་ཆགས་དང་ བྲལ་བ་ཉིད་དང་། ཕྱིར་མི་འོང་བ་ཉིད་ཀྱང་རྗེས་སུ་ཐོབ་པར་གྱུར་ཏོ། །སྔོན་སེམས་མ་བསྐྱེད་པའི་སྲོག་ཆགས་ཉི་ཁྲི་སུམ་སྟོང་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །འོད་ སྲུང་དགེ་སློང་ཆོས་དང་། ཆོས་བཟང་གཉིས་ལྷག་པའི་བསམ་པ་དེ་ལྟ་བུ་དང་ལྡན་པར་གྱུར་བ་ལ་ལྟོས། འོད་སྲུང་སྐྱེས་བུ་དམ་པ་དེ་ལྟ་བུ་དག་གི་ཟབ་མོ་ལ་བཟོད་པ་དེ་དང་། ཐབས་ལ་མཁས་པ་དེ་ལ་བསླབ་པར་ བྱའོ། །འོད་སྲུང་དེ་ལྟར་སྐྱེས་བུ་དམ་པ་དེ་གཉིས་ཀྱིས་དགེ་སློང་དང་། ལྷ་དེ་དག་ཟབ་མོའི་བཟོད་པ་ཡང་དག་པར་འཛིན་དུ་བཅུག་པས་དེ་ཕྱིན་ཆད་དེ་དག་ཐམས་ཅད་བདག་གི་དོན་ལ་སྦྱོར་བའི་རྗེས་སུ་བརྩོན་པ་དང་། བྱ་བ་ཉུང་ངུར་གནས་པས་གནས་པར་གྱུར་ཅིང་ཕྱིན་ཆད་དེ་བཞིན་གཤེགས་པའི་མཆོད་རྟེན་རྣམས་ཀྱི་དྲུང་དུ་ཡང་མི་འགྲོ། དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ལ་མཆོད་པའི་ལས་ཀྱི་ཕྱིར་བརྩོན་པར་ཡང་མི་བྱེད་དོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་གི་སེམས་ཆོས་ཟབ་མོ་དག་ཉིད་ལ་ཞུགས་པར་གྱུར་བའི་ཕྱིར་རོ། །འོད་སྲུང་དེ་ནས་ཞག་བདུན་འདས་ནས་དེ་བཞིན་གཤེགས་པའི་མཆོད་རྟེན་དེ་དག་ཐམས་ཅད་ཀྱང་ས་ལ་ནུབ་ 82-1-119a པར་གྱུར། དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཐམས་ཅད་ཀྱང་སྤྲོག་མར་བླུགས་པ་བཞིན་ནམ། སྣོད་དུ་བླུགས་པ་བཞིན་དུ་དེ་ཉིད་དུ་མི་སྣང་བར་གྱུར་ཏེ། འོད་སྲུང་དེ་ལྟ་བས་ན་སྐྱེས་བུ་དམ་ པ་དེ་ལྟ་བུ་དག་གི་རྗེས་སུ་བསླབ་པར་བྱའོ། །འོད་སྲུང་ཡང་མ་འོངས་པའི་དུས་ན་བྱང་ཆུབ་སེམས་དཔའི་ཐེག་པ་པ་དང་། ཉན་ཐོས་ཀྱི་ཐེག་པ་པའི་དགེ་སློང་ལུས་མ་བསྒོམས་པ། སེམས་མ་བསྒོམས་ པ། ཚུལ་ཁྲིམས་མ་བསྒོམས་པ། ཤེས་རབ་མ་བསྒོམས་པ་ཁ་ཅིག་འབྱུང་བར་འགྱུར་ཏེ། དེ་དག་ནི་དེ་བཞིན་གཤེགས་པའི་སྐུ་གདུང་གི་མཆོད་པར་འཚོ་བར་སེམས་ཀྱིས་མྱ་ངན་ལས་འདའ་བའི་ཕྱིར་མ་ཡིན་ ཞིང་འདོད་ཆགས་དང་བྲལ་བའི་ཕྱིར་ནི་མ་ཡིན་ནོ། །དེ་དག་ནི་བདག་ཉིད་ཚུལ་ཁྲིམས་འཆལ་པ་དང་། བརྗེད་ངས་པ་དང་། ཤེས་རབ་འཆལ་པ་དང་། རྣམ་པར་མ་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ ཤེས་མཐོང་བ་མ་ཡིན་བཞིན་དུ་འཚོ་བ་ཙམ་གྱི་ཕྱིར་དེ་བཞིན་གཤེགས་པའི་སྐུ་གདུང་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་ བ་དག་གིས་ཡོངས་སུ་བསྒོས་པ་དག་ལ་བཀུར་སྟི་བྱ་བ་དང་། རི་མོ་བྱ་བ་དང་། མཆོད་པ་བྱ་བར་སེམས་སོ། །དེ་དག་ནི་བདག་ཉིད་འདོད་ཆགས་དང་བཅས་པ་དང་། ཞེ་སྡང་དང་བཅས་པ་དང་། གཏི་མུག་ དང་བཅས་པ་ཡིན་བཞིན་དུ་འཚོ་བ་ཙམ་གྱི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་ བྲལ་བའི་སྐུ་གདུང་དག་ལ་བཀུར་སྟི་བྱ་བ་དང་། རི་མོར་བྱ་བ་དང་། མཆོད་པ་བྱ་བར་སེམས་སོ། །དེ་དག་ནི་བདག་ཉིད་སེར་སྣ་ཅན་དང་། འཇུངས་པ་དང་། གནོད་སེམས་དང་། ཐ་བའི་ཉེས་པ་མང་བ་དང་། ལེ་ལོ་ 82-1-119b དང་ལྡན་པ་དང་། བརྗེད་ངས་པ་དང་། ཤེས་བཞིན་མེད་པ་ཡིན་བཞིན་དུ་འཚོ་བ་ཙམ་གྱི་ཕྱིར་དེ་བཞིན་གཤེགས་པ་སྦྱིན་བདག་ཆེན་པོ་ཡང་དག་པའི་གནས་ལ་རབ་ཏུ་གནས་པ་མཉམ་པར་བཞག་པ་ཐུགས་རྩེ་གཅིག་ པའི་སྐུ་གདུང་དག་ལ་བཀུར་སྟི་བྱ་བ་དང་། རི་མོ་བྱ་བ་དང་། མཆོད་པ་བྱ་བར་སེམས་སོ། །འོད་སྲུང་ང་ནི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་ལས་དང་པོ་པ་དག་གི་སེམས་མངོན་པར་དང་བར་བྱ་བའི་ཕྱིར་སྐུ་ གདུང་རྣམས་བྱིན་གྱིས་རློབ་པར་མཛད་དེ། གང་དག་དེ་དག་ལ་མཆོད་པ་བྱེད་པ་དེ་དག་ནི་ལྷ་དང་མིའི་ཕུན་སུམ་ཚོགས་པ་ཉམས་སུ་མྱོང་བར་འགྱུར་ཞིང་། དེ་ཡང་དེ་དག་གི་ཡོངས་སུ་མྱ་ངན་ལས་འདའ་བའི་བར་གྱི་རྒྱུར་ འགྱུར་བ་ཡིན་ན། མི་བླུན་པོ་དེ་དག་ནི་བསྟན་པ་འདི་ལ་རབ་ཏུ་བྱུང་ནས་ངས་དགེ་སྦྱོང་གི་ལས་སུ་གསུངས་པ་གང་ཡིན་པ་དེ་ནི་དེ་དག་གིས་བོར་ཞིང་བཏང་ལ། བདག་ཉིད་གསོ་བའི་དོན་དང་། མཛའ་བཤེས་ཀྱི་ ཁྱིམ་དང་། སློངས་མོ་སྟེར་བའི་ཁྱིམ་དག་ཡོངས་སུ་སྨིན་པར་བྱ་བའི་དོན་དང་། ལྷུང་བཟེད་དང་། ཆོས་གོས་ཡོངས་སུ་བཙལ་བའི་དོན་དང་། རྙེད་པ་དང་། བཀུར་སྟི་མངོན་པར་བསྒྲུབ་པའི་དོན་དང་། སྙན་པ་ དང་། སྒྲ་དང་། གྲགས་པ་ཡོངས་སུ་བསྒྲུབ་པའི་དོན་གྱི་ཕྱིར་དེ་བཞིན་གཤེགས་པའི་སྐུ་གདུང་དང་། མཆོད་རྟེན་ལ་མཆོད་པ་དང་། བསྙེན་བཀུར་བྱ་བའི་ལས་ཀྱིས་དེ་བཞིན་གཤེགས་པའི་སྐུ་གདུང་དང་། མཆོད་རྟེན་དག་ལ་བཀུར་སྟི་ཉེ་བར་སྒྲུབ་པར་བྱེད་དོ། །འོད་སྲུང་དེ་ལ་དགེ་སྦྱོང་གི་ལས་གང་ཞེ་ན། འོད་སྲུང་ངས་ལས་གཉིས་པོ་བསམ་གཏན་དང་། ཁ་ཏོན་བྱ་བ་བསྟན་པ་གང་དག་ཡིན་པ་དེ་དག་སྟེ། ལས་ དེ་གཉིས་ཀྱང་ལམ་ལ་འཇུག་པར་བྱ་བའི་ཕྱིར་བསྟན་པར་ཟད་ཀྱི་དེ་དག་ཀྱང་ཤིན་དུ་མཐར་ཐུག་པ་དང་། ཤིན་དུ་མཐར་ཕྱིན་པ་ནི་མ་ཡིན་ནོ། །འོད་སྲུང་ལས་གང་ལས་ཟད་པར་བྱ་བའི་ཕྱིར་འཇུག་པ་དེ་ནི་དགེ་ 82-1-120a སྦྱོང་གི་ལས་ཡིན་ཏེ། བྱ་བ་མེད་པ་དང་། ཉེས་པ་མི་འབྱུང་བ་དང་། ལོག་པར་མི་བྱེད་པ་དང་། དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པ་དང་། ཉམས་པ་མེད་པ་དང་། རྣམ་པར་ཐར་པ་གསུམ་པོ་དག་ མངོན་དུ་བྱེད་པ་དང་། ཁམས་གསུམ་དུ་མཚམས་སྦྱོར་བ་མེད་པ་དང་། འགྲོ་བ་མེད་པ་དང་། འོང་བ་མེད་པ་གང་ཡིན་པ་དེ་ནི་དགེ་སྦྱོང་གི་ལས་ཤེས་བྱ་བ་ཡིན་ན་མི་བླུན་པོ་དེ་དག་ནི་དགེ་སྦྱོང་གི་ལས་དེ་ལྟ་བུ་དེ་དག་སྤངས་ཏེ་ལས་གཞན་དག་ཡོངས་སུ་ཚོལ་བར་བྱེད་དོ། ། དེ་དག་ནི་ངས་ཁྱིམ་ན་གནས་པ་གོས་དཀར་པོ་ཅན་རྣམས་ཀྱི་བསླབ་པར་གསུངས་པ་གང་ཡིན་པ་དེ་ཙམ་ལ་ཡང་སློབ་པར་མི་བྱེད་དེ། ཁྱིམ་ན་གནས་པ་གོས་དཀར་པོ་ཅན་རྣམས་ཀྱང་རེ་ཤིག་དེ་བཞིན་གཤེགས་ པས་བསླབ་པ་ཇི་ལྟར་བཅས་པ་རྣམས་ལ་སློབ་པར་བྱེད་པ་ན་ཕྱིར་མི་འོང་བའི་འབྲས་བུ་འཐོབ་པར་གྱུར་ན། མི་བླུན་པོ་དེ་དག་ནི་བསྟན་པ་འདི་ལ་རབ་ཏུ་བྱུང་ནས་རྣམ་པར་གྲོལ་བ་དང་རྗེས་སུ་འཐུན་པ་ཙམ་ཡང་སྒོམ་ བར་མི་བྱེད་ན་འཐོབ་པར་ལྟ་ག་ལ་འགྱུར་ཏེ་དེ་ནི་གནས་མེད་དོ། །འོད་སྲུང་ཡང་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་དེ་ལ་མིང་གིས་ཟིལ་ཀྱིས་ནོན་ཅིང་ཁ་དོག་དང་། རྟགས་དང་། དབྱིབས་ཀྱིས་དགེ་སྦྱོང་དུ་ འགྱུར་གྱི་ཚུལ་ཁྲིམས་ཀྱིས་མ་ཡིན། ཏིང་ངེ་འཛིན་གྱིས་མ་ཡིན། ཤེས་རབ་ཀྱིས་མ་ཡིན་པ་དག་ཀྱང་འབྱུང་བར་འགྱུར་ཏེ། འོད་སྲུང་འདི་ལྟ་སྟེ་དཔེར་ན་མི་གསང་སྔགས་དང་། སྨན་ངག་གིས་གོས་ལ་འདེབས་ ཤིང་བསྒོ་བར་བྱེད་ལ། གང་གིས་གོས་དེ་གྱོན་པ་ན་ཞག་བདུན་ནམ། ཞག་བརྒྱད་ཀྱིས་དེའི་ལུས་མེད་ལྕེ་གཅིག་ཏུ་གྱུར་ཅིང་ཀུན་ཏུ་འབར་བར་བྱེད་པ་ལ་ལ་ཞིག་ཡོད་པར་གྱུར་ཅིང་དེ་གོས་དེ་གསང་སྔགས་དང་། སྨན་ངག་གིས་བཏབ་ཅིང་ཡོངས་སུ་བསྒོས་ནས་མི་མཛའ་བ་ལ་ལ་ཞིག་ལ་འདི་ལྟ་སྟེ། མཛའ་བཤེས་ཀྱི་ཚུལ་གྱིས་བྱིན་པར་གྱུར་ལ། དེ་ནས་མི་དེས་གོས་མཛེས་པ་ཡིན་པར་རིག་ནས་ལེན་པར་བྱེད་ཅིང་བླངས་ནས་ཀྱང་ 82-1-120b གྱོན་པར་གྱུར་ན། དེ་ཞག་བདུན་ནམ། ཞག་བརྒྱད་ཀྱི་བར་དུ་ནི་གོས་དེ་ལས་དགའ་བ་ཉམས་སུ་མྱོང་བར་འགྱུར་རོ། །དེ་ནས་ཞག་བདུན་ནམ། ཞག་བརྒྱད་འདས་ནས་མི་དེ་ཁྱིམ་དུ་སོང་ངམ། ལམ་པོ་ཆེར་སོང་བ་ ན་གོས་དེ་རབ་ཏུ་འབར་བར་གྱུར་ཅིང་དེ་ནས་མི་དེ་གཞི་དེ་ལས་ཚུལ་མ་ཡིན་པའི་སྡུག་བསྔལ་སྐྱེས་པར་གྱུར་ཏོ། །ཚིག་པར་གྱུར། ཤི་བར་གྱུར་ན། འོད་སྲུང་འདི་ཇི་སྙམ་དུ་སེམས། གོས་དེ་ལས་རོ་མྱང་ བ་ནི་ཇི་ཙམ་ཞིག་ཡོད། ཉེས་དམིགས་ནི་ཇི་ཙམ་ཡོད་སྙམ། འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས་རོ་མྱང་བ་ནི་ཆུང་ལགས་ཀྱི། ཉེས་དམིགས་ནི་དཔག་ཏུ་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། འོད་སྲུང་དེ་བཞིན་དུ་ངའི་གོས་ངུར་སྨྲིག་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བས་བསྒོས་པ་གང་དག་ཡིན་ པ་དེ་དག་ཀྱང་བསྐལ་པ་གྲངས་མེད་པ་ནས་ལེགས་པར་སྤྱད་པས་ཡང་དག་པར་བསྒྲུབས་པ་ཡིན་ན། མི་བླུན་པོ་དགེ་སྦྱོང་ལྟར་བཅོས་པ་དེ་དག་ནི་དྲང་སྲོང་གི་རྒྱལ་མཚན་གྱོན་ནས་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དག་ཏུ་འཇུག་པར་འགྱུར་ཞིང་དེ་ནས་བྲམ་ཟེ་དང་། ཁྱིམ་བདག་དད་པ་རྣམས་ཀྱིས་དེ་དག་དགེ་སྦྱོང་ཡིན་ནོ་སྙམ་ནས་བཀུར་སྟི་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་པར་འགྱུར་ཞིང་དེ་དག་གོས་ངུར་སྨྲིག་གི་གཞི་དེ་ལས་མཆོད་པ་རྙེད་པར་འགྱུར་བས། དེ་དག་དེས་དགའ་བ་ཉམས་སུ་མྱོང་བར་ཡང་འགྱུར་རོ། །དེ་དག་ལུས་ཞིག་ནས་ ནི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་ཞིང་། དེ་དག་དེར་ལྕགས་ཀྱི་གླེགས་མ་འབར་བ་གྱོན་པར་འགྱུར། ལྕགས་ཀྱི་ཐུ་ལུམ་ཟ་བར་འགྱུར། ལྕགས་ཀྱི་ཁུ་བ་བསྐོལ་བ་འཐུང་བར་འགྱུར། མལ་སྟན་ 82-1-121a རབ་ཏུ་འབར་བ་དག་གི་སྟེང་ན་ཉལ་བར་འགྱུར་རོ། །འོད་སྲུང་དེ་དག་ནི་རང་གི་ལས་དེས་ལུས་ཞིག་ནས་སེམས་ཅན་དམྱལ་བར་འགྲོ་བར་ཟད་ཀྱི། གཞི་གང་ལས་མི་བླུན་པོ་དེ་དག་གིས་ཀྱང་བདེ་བར་སྦྱར་བ་ རྣམ་པ་དུ་མ་ཉམས་སུ་མྱོང་བར་འགྱུར་བའི་གོས་ངུར་སྨྲིག་གི་དཔལ་དང་གཟི་བརྗིད་དེ་འདྲ་བ་ལ་ལྟོས། འོད་སྲུང་ངས་ཀྱང་དེ་ལས་དགོངས་ནས་འདི་སྐད་ཅེས་ལྕགས་གླེགས་མ་དག་གྱོན་པ་ནི་སླའི། ཚུལ་ཁྲིམས་ འཆལ་བས་གོས་ངུར་སྨྲིག་དག་བགོ་བ་ནི་དེ་ལྟ་མ་ཡིན་ནོ། །ལྕགས་ཀྱི་ཐུ་ལུམ་དག་བཟའ་བ་ནི་སླའི། ཚུལ་ཁྲིམས་འཆལ་བས་བསོད་སྙོམས་དག་ལ་ཡོངས་སུ་ལོངས་སྤྱོད་པ་ནི་དེ་ལྟ་མ་ཡིན་ནོ་ཞེས་ གསུངས་སོ། །འོད་སྲུང་དེ་ལ་རོ་མྱང་བ་ནི་ཇི་ཙམ་ཡོད་པ་དང་། དེ་ལ་ཉེས་དམིགས་ཇི་ཙམ་ཡོད་པ་ལ་ལྟོས། འོད་སྲུང་དེ་ལྟ་བས་ན་ཅི་ནས་ཀྱང་ཚུལ་ཁྲིམས་ཡོངས་སུ་དག་པར་འགྱུར་བ་དང་། སྡིག་པ་འཆགས་ པར་འགྱུར་བ་དེ་ལྟར་བསླབ་པར་བྱའོ། །འོད་སྲུང་འདི་ཇི་སྙམ་དུ་སེམས། ལྷ་འམ། ཀླུ་འམ། གནོད་སྦྱིན་ནམ། དྲི་ཟ་འམ། ལྷ་མ་ཡིན་ནམ། ནམ་མཁའ་ལྡིང་ངམ། ལྟོ་འཕྱེ་ཆེན་པོ་འམ། མི་འམ། མི་ མ་ཡིན་པ་སུས་ཀྱང་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གཟུགས་བྱ་བར་ནུས་སྙམ་འམ། འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་བཞིན་གཤེགས་པ་ནི་ཟླ་མ་མཆིས་པ། སྐུ་བསམ་གྱིས་མི་ཁྱབ་པ་ལགས་པས་དེའི་སླད་དུ་དེ་དག་གིས་སྐུ་གཟུགས་བགྱི་བ་ནི་སླ་བ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་ བརྒྱ་པ་ཐ་མ་ལ་དགེ་སློང་ལུས་མ་བསྒོམས་པ། སེམས་མ་བསྒོམས་པ། ཚུལ་ཁྲིམས་མ་བསྒོམས་པ། ཤེས་རབ་མ་བསྒོམས་པ་ཁ་ཅིག་འབྱུང་བར་འགྱུར་ཏེ། དེ་དག་ནི་རས་བཅོས་བུ་དང་། 82-1-121b བརྩིག་པ་དང་། ར་བ་དག་གི་ངོས་ལ་དེ་བཞིན་གཤེགས་པའི་སྐུ་གཟུགས་དག་འདྲི་བར་འགྱུར་ཞིང་དེ་དག་གིས་འཚོ་བར་སེམས་པར་ཡང་འགྱུར་ཏེ། ལས་དེས་བདག་ཉིད་རློམ་སེམས་སུ་བྱེད་བསྟོད་པར་བྱེད་ ཅིང་གཞན་དག་ལ་བརྙས་པ་དང་སྨོད་པར་ཡང་བྱེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འོ་ན་བཅོམ་ལྡན་འདས་ ཀྱིས་རྒྱལ་པོ་གསལ་རྒྱལ་ལ་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་ན་བསོད་ནམས་འདི་ཙམ་དུ་སྐྱེ་བར་འགྱུར་རོ་ཞེས་བཀའ་མ་སྩལ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་དེ་ནི་དེ་ བཞིན་ཏེ། རྒྱལ་པོ་གསལ་རྒྱལ་ནི་ཁྱིམ་པ་གོས་དཀར་པོ་གྱོན་པ་ཡིན་པས་དེས་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་དུ་བཅུག་ལ། དེ་ནི་དེ་ལ་མཆོད་པ་བྱེད་པར་འགྱུར་བར་ཟད་ཀྱི། གཞི་དེས་ཆོས་ གོས་སམ། བསོད་སྙོམས་སམ། རྙེད་པ་ཅུང་ཟད་ཀྱང་འདོད་པར་མི་བྱེད་དོ། །འོད་སྲུང་མི་བླུན་པོ་དེ་དག་ནི་གཞི་དེས་འཚོ་བར་འགྱུར་བར་སེམས་ཏེ། དེ་དག་གི་དོན་བྱའོ་སྙམ་དུ་སེམས་ལ་དོན་མེད་པ་ཁོ་ན་ བྱེད་པ་ཡིན་ནོ། འོད་སྲུང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་བསོད་ནམས་འདོད་པ་ཁོ་ན་ཡིན་པ་གང་དག་གིས་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་དུ་བཅུག་ན་ནི་དེ་དག་ལ་བསོད་ནམས་དཔག་ཏུ་མེད་པ་ སྐྱེད་པར་འགྱུར་རོ། །འོད་སྲུང་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་རྣམས་ཀྱི་ལུས་གཟུགས་འཚོང་བ་ཡང་ལེགས་པ་མ་ཡིན་ན་དེ་བཞིན་གཤེགས་པའི་སྐུ་གཟུགས་འཚོང་བ་ལྟ་སྨོས་ཀྱང་ཅི་དགོས་ན། མི་ བླུན་པོ་དེ་དག་ནི་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་དུ་བཅུག་ནས་ཁྱིམ་པའི་ལག་ཏུ་འཚོང་བར་བྱེད་ཅིང་དེས་འཚོ་བར་སེམས་པར་བྱེད་དོ། །འོད་སྲུང་འདི་ལྟ་སྟེ་དཔེར་ན་མི་བྱིས་པ་དང་འདྲ་བ་ཤེས་ 82-1-122a རབ་འཆལ་བའི་རང་བཞིན་ཅན་ལ་ལ་ཞིག་ཡོད་པར་གྱུར་ལ་དེས་བདུད་རྩི་ཡོངས་སུ་སྤངས་ནས་དུག་ཟ་བར་བྱེད་པ་དེ་བཞིན་དུ། འོད་སྲུང་མི་བླུན་པོ་གང་དག་ཟང་ཟིང་གི་ཕྱིར་སངས་རྒྱས་ཀྱི་སྐུ་གཟུགས་ བྱེད་དུ་བཅུག་ནས་བདག་ཉིད་དུག་དང་བཅས་པར་བྱེད་པ་དེ་དག་ཀྱང་དེ་ལྟ་བུ་ཡིན་པ་སྙམ་དུ་ང་སེམས་སོ། །འོད་སྲུང་ལེགས་པར་གསུངས་པའི་ཆོས་འདུལ་བ་འདི་ལ་དུག་ཅེས་བྱ་བ་ནི་འདི་ལྟ་སྟེ་རྙེད་པ་ཡིན་ན། དེ་ལ་མི་བླུན་པོ་ཁྲོ་བས་ཟིལ་གྱིས་ནོན་པ་གཅིག་ལ་གཅིག་འཐབ་པ་དང་། རྩོད་པ་དང་། མཚང་འདྲུ་བར་བྱེད་པ་དེ་དག་ནི་དེ་བཞིན་གཤེགས་པ་ལ་མཆོད་པར་བྱའོ་ཞེས་ཟེར་ཞིང་བདག་ཉིད་སེམས་ཅན་དམྱལ་བར་འགྲོ་བར་ བྱེད་དོ། །འོད་སྲུང་འདི་ལྟ་སྟེ་དཔེར་ན་མི་ཐབས་ལ་མི་མཁས་པ་ལ་ལ་ཞིག་གཡུལ་ངོར་ཞུགས་པ་ན་རང་གི་མཚོན་གྱིས་རང་ལ་འདེབས་པར་བྱེད་པ་དེ་བཞིན་དུ། འོད་སྲུང་མི་བླུན་པོ་དེ་དག་ཀྱང་དམ་པའི་ཆོས་ རྣམས་ཀྱིས་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རོ། །འོད་སྲུང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས་དེ་བཞིན་གཤེགས་པའི་སྐུ་གཟུགས་རིན་པོ་ཆེ་སྣ་བདུན་ལས་བྱས་པ་ཤིན་དུ་ཟིན་པར་བྱས་པ། བྱི་དོར་ ལེགས་པར་བྱས་པ། ཆུ་ཞེང་དུ་རི་རབ་ཙམ་ཡོང་བ་བྱེད་དུ་བཅུག་སྟེ། དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་ལྟ་བུ་དག་གིས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་འདི་ལྟ་སྟེ་དཔེར་ན་བུ་རམ་ཤིང་གི་ཚལ་ ལམ། འདམ་བུའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་མདབ་ཆགས་སུ་ལོངས་སུ་བཀང་བར་གྱུར་ན། འོད་སྲུང་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་གཞི་དེ་ལས་ བསོད་ནམས་མང་དུ་སྐྱེད་པར་འགྱུར་སྙམ་འམ། འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་གཟུགས་སོར་མོའི་ཕྱོགས་ཙམ་ཞིག་བགྱིད་དུ་སྩལ་ན་ཡང་བསོད་ནམས་མང་དུ་སྐྱེད་ལགས་ 82-1-122b ན། དེ་བཞིན་གཤེགས་པའི་སྐུ་གཟུགས་རི་རབ་ཙམ་དུ་མ་བགྱིད་དུ་སྩལ་པ་ལྟ་སྨོས་ཀྱང་ཅི་འཚལ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཁྱོད་མོས་པར་བྱ། ཁྱོད་ཀྱི་ཁོང་དུ་ཆུད་པར་བྱ་སྟེ། དེ་བས་ཀྱང་བྱང་ཆུབ་སེམས་དཔའ་གང་ཞིག་དེ་བཞིན་གཤེགས་པའི་སྐུ་ལ་རབ་ཏུ་རྟོག་པར་བྱེད་པ་ན་ཐ་ན་སེ་གོལ་གཏོགས་པ་ཙམ་ཞིག་ཆོས་ཟབ་མོ་རྣམས་ལ་བཟོད་པ་ཐོབ་པར་གྱུར་ན། དེ་ཆེས་བསོད་ ནམས་མང་དུ་སྐྱེད་དོ། །དེ་བས་ཀྱང་གང་ཞིག་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་ཤིང་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་བཟུང་ནས་ཚིགས་སུ་བཅད་པ་དེའི་དོན་གང་ཡིན་པ་དེ་ཡང་རྟོགས་པར་བྱེད་ལ། སེམས་ཅན་གཅིག་ཙམ་ལ་སྟོན་པར་ཡང་ བྱེད་ན་ཆེས་བསོད་ནམས་མང་དུ་སྐྱེད་པར་འགྱུར་རོ། །འོད་སྲུང་དེ་ལ་ཇི་ལྟར་དེ་བཞིན་གཤེགས་པའི་སྐུ་ལ་རབ་ཏུ་བརྟག་པར་བྱ་ཞེ་ན། འོད་སྲུང་འདི་ལ་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་བརྩོན་ འགྲུས་ཆེན་པོའི་རྗེས་སུ་བསླབ་པར་བྱ་སྟེ། འོད་སྲུང་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པ། ཆེས་གྲངས་མེད་བ། ཆེས་ཤིན་དུ་གྲངས་མེད་པ་རྒྱ་ཆེ་བ། ཚད་མེད་པ། བསམ་གྱིས་མི་ཁྱབ་པ། དཔག་ཏུ་མེད་པ་དག་འདས་པ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐར་འོད་ཅེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་ པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཤིག་འཇིག་རྟེན་དུ་བྱུང་སྟེ། འོད་སྲུང་དེ་བཞིན་གཤེགས་པ་སྐར་འོད་དེ་ཡོངས་སུ་མྱ་ངན་ ལས་འདས་པ་ན་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེན་པོ་ཞེས་བྱ་བ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ་ཞིག་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཞིག་གི་བུར་སྐྱེས་པར་གྱུར་ཏོ། ། 82-1-123a འོད་སྲུང་དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་དེའི་བསྟན་པ་ལ་དགེ་སློང་གང་དག་རབ་ཏུ་བྱུང་བར་གྱུར་བ་དེ་དག་ལས་བྱ་བ་སྣ་ཚོགས་ཀྱི་སྦག་པས་སྦགས་པ་ནི་ཕལ་ཆེའི། ཡང་དག་པར་ཞུགས་ པ་ནི་ཉུང་བར་གྱུར་ཏེ། འོད་སྲུང་དགེ་སློང་དེ་དག་ཀྱང་དེ་བཞིན་གཤེགས་པའི་སྐུ་གཟུགས་རྣམ་པ་སྣ་ཚོགས་བྱེད་དུ་འཇུག་ཅིང་རས་བཅོས་བུ་དང་། དར་དང་། ཁང་པའི་རྩིག་ངོས་དག་ལ་རི་མོར་འདྲིར་འཇུག་པར་ ཡང་བྱེད་དོ། །དེའི་ཚེ་ན་དགེ་སློང་ཞིག་གིས་དར་ལ་དེ་བཞིན་གཤེགས་པའི་སྐུ་གཟུགས་ལེགས་པར་བྱས་པ་དང་། ཤིན་དུ་ཟིན་པར་བྱས་པ་ཞིག་བྲིས་ནས་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེན་པོའི་ཕའི་རྒྱལ་ པོའི་ཕོ་བྲང་དུ་ཁྱེར་རོ། །འོད་སྲུང་དེ་ནས་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཆེན་པོ་དེས་དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་མཐོང་ནས་འདི་སྙམ་དུ་དེ་བཞིན་གཤེགས་པའི་སྐུ་གཟུགས་འདི་ཡང་འདི་ཙམ་དུ་བལྟ་ན་ སྡུག་པ་ཡིན་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལྟ་སྨོས་ཀྱང་ཅི་དགོས་ཏེ། བདག་ཀྱང་ལུས་འདི་ལྟ་བུ་དང་ལྡན་པར་གྱུར་ཀྱང་ཅི་མ་རུང་སྙམ་ནས་དགའ་བ་དང་། མཆོག་ཏུ་ དགའ་བ་དང་། དད་པ་སྐྱེས་པར་གྱུར་ཏེ། དེ་དེའི་ཚེ་ན་ཁྱིམ་ཐམས་ཅད་ལ་མངོན་པར་མི་དགའ་བར་གྱུར་ཅིང་དེ་འདི་སྙམ་དུ་ཁྱིམ་གྱི་གནས་ན་གནས་པས་ལུས་འདི་ལྟ་བུ་བསྒྲུབ་པར་མི་ནུས་པས་དེའི་ཕྱིར་བདག་མངོན་ བར་འབྱུང་བར་བྱའོ་སྙམ་དུ་སེམས་པར་གྱུར་ཏོ། །འོད་སྲུང་དེ་ནས་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེན་པོ་སྐྱེས་ནས་ལོ་བཅུ་དྲུག་ལོན་ལ་དབང་པོ་རྣམས་རྒྱས་ཤིང་ཡོངས་སུ་སྨིན་པ་ཡང་རྗེས་སུ་ཐོབ་ནས་རང་གི་ ཕ་མ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རང་གི་ཕ་མ་གཉིས་ཀྱི་རྐང་པ་དག་ལ་ཕྱག་འཚལ་ཏེ། འདི་སྐད་ཅེས་སྨྲས་སོ། །ཡབ་ཡུམ་བདག་དེ་བཞིན་གཤེགས་པའི་བསྟན་པ་ལ་ཁྱིམ་ནས་ཁྱིམ་མ་མཆིས་པར་ལེགས་པ་ 82-1-123b ཁོ་ནར་རབ་ཏུ་འབྱུང་བར་ཅི་གནང་། ཕ་མས་སྨྲས་པ། གཞོན་ནུ་ཁྱོད་དེ་སྐད་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། དེང་གཉིས་ལ་བུ་གཅིག་པ། སྡུག་པ། ཕངས་པ། ཡིད་དུ་འོང་བ་ཁྱོད་ལས་མེད་པས་གལ་ཏེ་ཁྱོད་མ་ མཐོང་ན་འཆི་བའི་དུས་བྱེད་པར་འགྱུར་བའི་ཕྱིར་རོ། །ཁྱེའུས་སྨྲས་པ། བདག་གིས་ཅི་ནས་ཀྱང་ཁྱེད་གཉིས་ཀྱང་ནོངས་པར་མི་འགྱུར་ལ་བདག་ཀྱང་མངོན་པར་འབྱུང་བར་འགྱུར་བ་དེ་ལྟར་བགྱི་ལགས་སོ། །ཕ་མས་ སྨྲས་པ། གཞོན་ནུ་ཇི་ལྟར་བྱ། ཁྱེའུས་སྨྲས་པ། བདག་དེང་སླད་ཆད་ཇི་སྲིད་དུ་མངོན་པར་འབྱུང་བར་མ་གྱུར་བ་དེ་སྲིད་དུ་འཚལ་མ་ཡང་མི་འཚལ། མལ་དུ་ཡང་མི་འཇུག །མར་སར་དང་འབྲུ་མར་གྱིས་ཀྱང་མི་ ཉུག །སྐོམ་ཡང་མི་འཚལ། དགེ་བ་འམ་མི་དགེ་བའི་ཚིག་འགའ་ཡང་མི་སྨྲ་ལགས་སོ། །འོད་སྲུང་དེ་ནས་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེན་པོ་དེས་ས་ཕྱོགས་བྱི་དོར་མ་བྱས་པ་ཞིག་ཏུ་ འདུག་སྟེ་ཅང་མི་སྨྲ་བར་གྱུར་ཅིང་ཉིན་གཅིག་ཟན་ཡང་མ་ཟོས་སོ། །དེ་ནས་དེའི་ཕ་མ་གཉིས་ཀྱིས་རོ་བརྒྱ་དང་ལྡན་པའི་ཁ་ཟས་ཐོགས་ཏེ་གཞན་ཚིག་ཏུ་མི་རྗོད་ཅིང་ཉིན་མཚན་ཐོག་ཐག་ཏུ་དེ་ལ་གསོལ་བ་ བཏབ་ཀྱང་དེ་ཚིག་ཙམ་ཡང་མི་སྨྲ་བར་གྱུར་ཏོ། །འོད་སྲུང་དེ་ལྟར་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེན་པོ་དེ་ཅང་མི་སྨྲ་བར་ཞག་གཉིས་ཀྱི་བར་དུ་ཟན་མ་ཟོས་པ་དང་། དེ་ནས་མའི་ཉེ་དུ་ལྔ་བརྒྱ་ཙམ་ དག་གིས་རོ་བརྒྱ་དང་ལྡན་པའི་ཁ་ཟས་ཐོགས་ཏེ། གཞན་ཚིག་ཏུ་མ་རྗོད་ཅིང་ཉིན་མཚན་ཐོག་ཐག་ཏུ་གསོལ་བ་བཏབ་ཀྱང་དེ་དག་གི་གདོང་དུ་ཡང་མི་ལྟ་ན་ཚིག་སྨྲ་བ་ལྟ་སྨོས་ཀྱང་ཅི་དགོས། འོད་སྲུང་དེ་ལྟར་བྱང་ཆུབ་ སེམས་དཔའ་བརྩོན་འགྲུས་ཆེན་པོ་ཅང་མི་སྨྲ་བར་ཞག་གསུམ་གྱི་བར་དུ་ཟན་མ་ཟོས་པ་དང་། དེ་ནས་ཕའི་ཉེ་དུ་ལྔ་བརྒྱ་ཙམ་དག་གིས་རོ་བརྒྱ་དང་ལྡན་པའི་ཁ་ཟས་ཐོགས་ཏེ་གཞན་ཚིག་ཏུ་མི་རྗོད་ཅིང་ 82-1-124a ཉིན་མཚན་ཐོག་ཐག་ཏུ་གསོལ་བ་བཏབ་ཀྱང་དེ་དག་གི་གདོང་དུ་ཡང་མི་ལྟ་ཚིག་ཀྱང་མི་སྨྲའོ། །འོད་སྲུང་དེ་ལྟར་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེན་པོ་དེ་ཅང་མི་སྨྲ་བར་ཞག་བཞིའི་བར་དུ་ཟན་མ་ ཟོས་པ་དང་། དེ་ནས་དེའི་ནེའུ་ལྡངས་ལྔ་བརྒྱ་དག་གིས་རོ་བརྒྱ་དང་ལྡན་པའི་ཁ་ཟས་ཐོགས་ཏེ། གཞན་ཚིག་ཏུ་མི་རྗོད་ཅིང་ཉིན་མཚན་ཐོག་ཐག་ཏུ་གསོལ་བ་བཏབ་ཀྱང་དེ་དག་གི་གདོང་དུ་ཡང་མི་ལྟ་ན་ཚིག་སྨྲ་ བ་ལྟ་སྨོས་ཀྱང་ཅི་དགོས། འོད་སྲུང་དེ་ལྟར་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེན་པོ་དེ་ཅང་མི་སྨྲ་བར་ཞག་ལྔའི་བར་དུ་ཟན་མ་ཟོས་པ་དང་། དེ་ནས་དེའི་ཕ་མ་གཉིས་ཀྱིས་རྒྱལ་པོའི་ཕོ་བྲང་ན་མགྲོན་བུ་དང་། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུརྱ་དང་། དུང་དང་། མན་ཤེལ་དང་། ས་ལེ་སྦྲམ་དང་། དངུལ་དང་། གཞན་ཡང་རིན་པོ་ཆེ་དང་། གོས་དང་། རྒྱན་སྣ་ཚོགས་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཕྱོགས་ གཅིག་ཏུ་བཞག་སྟེ། ན་ཆུང་ལྷའི་བུ་མོ་འདྲ་བརྒྱན་ཐམས་ཅད་ཀྱིས་བརྒྱན་པ་བརྒྱད་ཁྲི་བཞི་སྟོང་ཡང་བཀུག་སྟེ་ཕྱོགས་གཅིག་ཏུ་བཀོད་དོ། །འོད་སྲུང་མདོར་ན་རྒྱལ་པོའི་ཕོ་བྲང་དེ་ན་ཉེ་བར་སྤྱད་པའི་ལོངས་སྤྱོད་ཇི་ སྙེད་ཡོད་པ་དེ་དག་ཐམས་ཅད་དེའི་མདུན་དུ་བཞག་སྟེ། དེའི་ཕ་མ་གཉིས་ཀྱིས་མའི་ཉེ་དུ་ལྔ་བརྒྱ་ཙམ་པོ་དག་དང་། ཕའི་ཉེ་དུ་ལྔ་བརྒྱ་ཙམ་པོ་དག་དང་། ནེའུ་ལྡངས་ལྔ་བརྒྱ་ཙམ་པོ་དག་དང་། ན་ཆུང་བརྒྱད་ཁྲི་བཞི་སྟོང་པོ་ དག་དང་། སྐྱེ་བོ་ཕལ་པོ་ཆེ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེན་པོ་དེའི་མདུན་དུ་བཀོད་ནས་རོ་བརྒྱ་དང་ལྡན་པའི་ཁ་ཟས་ཐོགས་ཏེ་གཞན་ཚིག་ཏུ་མ་རྗོད་ཀྱི་ཉིན་མཚན་ཐོག་ཐག་ཏུ་ གསོལ་བ་འདེབས་ཏེ། དེ་ལ་འདི་སྐད་ཅེས་གཞོན་ནུ་ལོངས་ལ་ཟན་ཟོ། །ཁྱིམ་འདིར་འདུག་ལ་སྦྱིན་པ་དག་ཀྱང་བྱིན་ཅིག །བསོད་ནམས་དག་ཀྱང་གྱིས་ཤིག །བུད་མེད་འདི་དག་དང་ལྷན་ཅིག་ཏུ་དགའ་བ་དང་། རྩེད་ 82-1-124b མོ་དང་། དགའ་མགུར་སྤྱད་པ་དག་ཀྱང་གྱིས་ལ་རྒྱལ་པོའི་ཁྱིམ་འདི་ལྟ་བུ་ཡོངས་སུ་མ་གཏང་ཤིག་ཅེས་ཀྱང་སྨྲས་སོ། །འོད་སྲུང་དེ་ལྟར་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེན་པོ་དེ་སྐྱེ་བོ་ཕལ་པོ་ཆེ་དེ་ལྟར་ འདུས་པ་དེ་དག་ལ་མིག་ཀྱང་མི་ལྟ་ཕྱིར་ཡང་མི་སྨྲ་བར་དེ་བཞིན་དུ་ཅང་མི་སྨྲ་བར་འདུག་ཅིང་ཞག་དྲུག་གི་བར་དུ་ཟན་ཡང་མ་ཟོས་པར་དེ་སངས་རྒྱས་དཀོན་མཆོག་དང་འབྲེལ་བའི་ཡིད་ལ་བྱེད་པ་མ་གཏོགས་པར་ཡིད་ལ་ བྱེད་པ་གཞན་ཐམས་ཅད་དང་བྲལ་ཞིང་ཁ་ཟས་ཀྱི་འདུ་ཤེས་ཀྱང་མ་བསྐྱེད་དོ། །འོད་སྲུང་དེ་ནས་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེན་པོ་དེའི་ཕ་མ་དེ་གཉིས་དང་། སྐྱེ་བོ་ཕལ་པོ་ཆེ་དེ་དག་དང་། ནེའུ་ལྡངས་ དེ་དག་དང་། ཉེ་དུའི་ཚོགས་ཆེན་པོ་དེ་དག་དང་། བུད་མེད་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་ཐམས་ཅད་ཀྱིས་བཞིན་ལ་མཆི་མའི་རྒྱུད་བླགས་ཤིང་སྐད་ཕྱུང་སྟེ་དུང་མོས་བཏབ་ནས་བྱང་ཆུབ་སེམས་དཔའ་དེའི་རྐང་པ་གཉིས་ ལ་གཏུགས་ཀྱང་དེ་དེ་དག་གི་གདོང་དུ་ཡང་མི་ལྟའོ། །འོད་སྲུང་དེ་ནས་རྒྱལ་པོའི་ཕོ་བྲང་དེ་ན་ལྷ་ཞིག་གནས་པར་གྱུར་བ་གང་ཡིན་པ་དེ་སྟེང་གི་བར་སྣང་ལ་ཆོ་འཕྲུལ་ཆེན་པོས་འདུག་ནས་སྐྱེ་བོ་ཕལ་པོ་ཆེ་དེ་དག་ལ་ ཚིགས་སུ་བཅད་དེ་སྨྲས་པ། གང་དག་བྱང་ཆུབ་ཕྱིར་བརྩོན་པ། །དེ་དག་ལྷུན་པོ་འདྲ་བར་ནི། །མཐུ་བརྟན་རབ་ཏུ་མི་གཡོ་སྟེ། །ཡིད་མ་གཏོད་པར་མི་བྱེད་དོ། །ས་རྣམས་ཐམས་ཅད་གཡོ་ཡང་སྲིད། །མེ་ནི་ཆུར་ཡང་ འགྱུར་ཡང་སྲིད། །གྲོགས་དག་འདི་ནི་གནས་འདི་ལས། །བསྐྱོད་པར་ནུས་པ་མ་ཡིན་ནོ། །འདི་ལ་མི་དགའ་ཕྱིས་མི་བྱེད། །སྡིག་པའི་ལས་རྣམས་མ་བྱེད་ཅིག །ཕྱིན་ཆད་དམུས་ལོང་འདྲ་བར་ནི། །བསྐལ་པ་བྱེ་བར་ འཁྱམས་ས་རེ། །འདི་ནི་སེམས་ཅན་ཐམས་ཅད་ལ། །ཕན་ཕྱིར་བྱང་ཆུབ་ཞུགས་པ་སྟེ། །མངོན་པར་འབྱུང་ཕྱིར་བརྩོན་རྣམས་ནི། །བྱང་ཆུབ་དམ་པ་རྙེད་མི་དཀའ། །འདོད་པའི་ཕྱིར་དང་ལོངས་སྤྱོད་ཕྱིར། །བྱང་ཆུབ་ 82-1-125a སྤྱད་པ་མི་སྤྱོད་ཀྱི། །སེམས་ཅན་གང་དག་སངས་རྒྱས་ཀྱི། །ཡེ་ཤེས་ཚོལ་རྣམས་ཇི་ལྟར་བེད། །སྟོང་གསུམ་རིན་ཆེན་རྣམས་དང་ནི། །གོས་དང་ཡུལ་གཞན་ལྷ་རྫས་ཀྱིས། །ཆལ་པར་བཀང་བར་གྱུར་ ཀྱང་ནི། །དེ་དག་ཆགས་པར་བྱ་མི་ནུས། །མི་ཤེས་པས་ནི་གང་བྱས་པའི། །སྡིག་པའི་ལས་ནི་བཤགས་པར་གྱིས། །མཁས་པ་ཉེས་པ་བཤགས་ནས་ནི། །ལས་དང་ལྷན་ཅིག་མི་གནས་སོ། །འོད་སྲུང་དེ་ལྟར་ ལྷ་དེས་བསྐུལ་བ་ན་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེན་པོ་དེའི་ཕ་མ་དེ་གཉིས་དང་། མཛའ་བཤེས་དང་། གྲོས་གྲོགས་དང་། ཉེ་དུ་དང་། རྒན་རབས་དེ་དག་དང་། སྐྱེ་བོ་ཕལ་པོ་ཆེ་དེ་དག་གིས་ཉེས་པ་ལ་ཉེས་ པར་བཤགས་ནས་གཞོན་ནུ་དེ་ལ་འདི་སྐད་ཅེས་སྨྲས་ཏེ། གཞོན་ནུ་ཁྱོད་ཇི་ལྟར་བསམས་པ་བཞིན་སོང་ཤིག །རབ་ཏུ་ཡང་བྱུང་ཤིག །ཟན་ཡང་ཟོ་ཤིག །ཟས་མ་ཟོས་པས་འཆི་བའི་དུས་བྱས་པར་གྱུར་ཏ་རེ་ཞེས་ བྱས་སོ། །འོད་སྲུང་དེ་ལྟར་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེན་པོ་དེས་ཞག་བདུན་གྱི་བར་དུ་ཟན་བཅད་དུ་ཟིན་ཀྱང་འདི་ལྟ་སྟེ། སངས་རྒྱས་དང་འབྲེལ་བའི་ཡིད་ལ་བྱེད་པ་དང་། ཞག་བདུན་གྱི་བར་དུ་ལྷ་རྣམས་ ཀྱིས་དེའི་ལུས་ལ་མདངས་བཅུག་པས་ན་དབང་པོ་རྣམས་གཞན་དུ་ཡང་མ་གྱུར་ཏོ། །འོད་སྲུང་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེན་པོ་དེས་དེ་ལྟར་ཞག་བདུན་གྱི་བར་དུ་ཟན་བཅད་དེ་ཁྱིམ་གྱི་གནས་ལ་མི་ལྟ་ཞིང་རྒྱལ་སྲིད་ ཆེན་པོ་དེ་མཆིལ་མའི་ཐལ་བ་བཞིན་དུ་བོར་ནས་བུད་མེད་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་དང་། ཕ་མ་དང་། ཉེ་དུའི་ཚོགས་དེ་དག་གདོང་མཆི་མས་གང་སྟེ་ངུ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་ ཁྱེར་ཏེ་ནང་གི་གྲོང་ཁྱེར་ཆེན་པོ་ནས་བྱུང་ནས་དགོན་པ་མི་མེད་པ། གཅན་ཟན་གདུག་པ་གནས་པའི་ནགས་ཤིག་ཏུ་ཞུགས་སོ། །དེ་དེར་ཞུགས་ནས་རས་བཅོས་བུའི་གཞི་གང་ལ་དེ་བཞིན་གཤེགས་པའི་ 82-1-125b སྐུ་གཟུགས་དེ་བྲིས་པའི་རས་བཅོས་བུའི་གཞི་དེ་བྲེས་ནས་རས་བཅོས་བུའི་གཞི་དེ་ཉིད་ཀྱི་མདུན་དུ་རྩྭའི་གདིང་བ་བཏིང་བའི་སྟེང་དུ་སྐྱིལ་མོ་དཀྲུང་བཅས་ནས་ལུས་དྲང་པོས་བསྲང་སྟེ་འདུག་ནས་དེ་བཞིན་གཤེགས་པའི་སྐུ་ གཟུགས་དེ་ལ་རྟོག་པར་བྱེད་དོ། །དེ་དེ་ལ་རྟོག་པར་བྱེད་པ་ན་འདི་སྙམ་དུ་སེམས་ཏེ། གང་གི་ཕྱིར་དེ་བཞིན་གཤེགས་པའི་སྐུ་གཟུགས་འདི་ཡང་འདི་ཙམ་དུ་མཛེས་པ་ཡིན་ན་བཅོམ་ལྡན་འདས་དེ་ལྟ་སྨོས་ཀྱང་ཅི་དགོས་ཏེ། སངས་རྒྱས་ བཅོམ་ལྡན་འདས་དེ་དེ་ཙམ་དུ་མཛེས་པ་ནི་ངོ་མཚར་བས་གང་དག་གིས་དེ་བཞིན་གཤེགས་པ་དེ་མཐོང་བ་དེ་དག་ནི་དཔལ་ཡོན་ཅན་ཡིན་ནོ་སྙམ་མོ། །དེ་འདི་སྙམ་དུ་ཇི་ལྟར་དེ་བཞིན་གཤེགས་པ་བལྟ་བར་བྱ་སྙམ་དུ་སེམས་པར་ ཡང་གྱུར་ཏོ། །དེ་ནས་ནགས་ཁྲོད་དེ་ན་ལྷ་ཞིག་གནས་པར་གྱུར་བ་གང་ཡིན་པ་དེས་བྱང་ཆུབ་སེམས་དཔའ་དེའི་སེམས་ཀྱི་རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་ནས་བྱང་ཆུབ་སེམས་དཔའ་དེ་ལ་འདི་སྐད་ཅེས་སྨྲས་སོ། ། གྲོགས་པོ་ཁྱོད་ཇི་ལྟར་དེ་བཞིན་གཤེགས་པ་བལྟ་བར་བྱ་སྙམ་དུ་རྣམ་པར་རྟོག་པར་བྱེད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་སྐུ་གཟུགས་འདི་ཇི་ལྟ་བ་དེ་བཞིན་དུ་བལྟ་བར་བྱ་ཞིང་། དེ་བཞིན་གཤེགས་པའི་ སྐུ་གཟུགས་འདི་ཇི་ལྟར་མཐོང་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་བལྟ་བར་བྱ་སྟེ། དེ་ལྟར་མཐོང་ན་དེ་བཞིན་གཤེགས་པ་ལེགས་པར་མཐོང་བ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེན་པོ་དེ་འདི་ སྙམ་དུ་སེམས་ཏེ། ཇི་ལྟར་བལྟས་ན་དེ་བཞིན་གཤེགས་པ་མཐོང་བར་འགྱུར་བར་དེ་བཞིན་གཤེགས་པའི་སྐུ་གཟུགས་འདི་ལ་ཇི་ལྟར་བལྟ་བར་བྱ་སྙམ་ནས་དེ་འདི་སྙམ་དུ་སེམས་ཏེ། ཇི་ལྟར་དེ་བཞིན་གཤེགས་ པའི་སྐུ་གཟུགས་འདི་སེམས་པར་མི་བྱེད། རྣམ་པར་ཤེས་པར་མི་བྱེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སེམས་པར་མི་བྱེད། རྣམ་པར་ཤེས་པར་མི་བྱེད་དེ། དེ་བཞིན་གཤེགས་པའི་སྐུ་ཡང་མཚན་ཉིད་དེ་ལྟ་བུ་ 82-1-126a ཡིན་ནོ། །ཇི་ལྟར་དེ་བཞིན་གཤེགས་པའི་སྐུ་གཟུགས་འདི་མིང་དུ་བཏགས་པ་ཙམ་དུ་ཟད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་མིང་དུ་བཏགས་པ་ཙམ་དུ་ཟད་ལ། མིང་དེ་ཡང་ངོ་བོ་ཉིད་ཀྱིས་སྟོང་པ་དང་། རང་བཞིན་ གྱིས་གཡོ་བ་མེད་པ་ཡིན་ཏེ། དེ་བཞིན་གཤེགས་པའི་སྐུ་ཡང་མཚན་ཉིད་དེ་ལྟ་བུ་ཡིན་ནོ། །ཇི་ལྟར་དེ་བཞིན་གཤེགས་པའི་སྐུ་གཟུགས་འདི་ལ་ཐོབ་པ་མེད་པ་དང་། མངོན་པར་རྟོགས་པ་མེད་པ་དང་། ཤེས་པ་མེད་པ་དང་། མངོན་སུམ་ དུ་བྱ་བ་མེད་པ་དང་། འབྲས་བུ་མེད་པ་དང་། འབྲས་བུ་རྟོགས་པ་མེད་པ་དང་། གནས་མེད་པ་དང་། རྟེན་མེད་པ་དང་། འགྲོ་བ་མེད་པ་དང་། འོང་བ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་ དང་། རྣམ་པར་བྱང་བ་མེད་པ་དང་། སྒྲ་མེད་པ་དང་། ཚུལ་མེད་པ་དང་། ཚུལ་མ་ཡིན་པ་མེད་པ་དང་། འདོད་ཆགས་ཟད་པ་མེད་པ་དང་། ཞེ་སྡང་ཟད་པ་མེད་པ་དང་། གཏི་མུག་ཟད་པ་མེད་པ་དང་། ཕུང་པོ་རྣམས་མེད་པ་དང་། ཁམས་རྣམས་མེད་པ་དང་། སྐྱེ་མཆེད་རྣམས་མེད་པ་དང་། སྔོན་གྱི་མཐའ་མེད་པ་དང་། ཕྱི་མའི་མཐའ་མེད་པ་དང་། དབུས་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། དེ་བཞིན་གཤེགས་པའི་སྐུ་ཡང་མཚན་ ཉིད་དེ་ལྟ་བུ་ཡིན་ནོ། །ཇི་ལྟར་དེ་བཞིན་གཤེགས་པའི་སྐུ་གཟུགས་འདི་གཡོ་བ་མེད་པ་དང་། སྤྱོད་པ་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། དེ་བཞིན་གཤེགས་པའི་སྐུ་ཡང་མཚན་ཉིད་དེ་ལྟ་བུ་ཁོ་ན་ ཡིན་ནོ། །ཇི་ལྟར་དེ་བཞིན་གཤེགས་པའི་སྐུ་གཟུགས་འདི་ལྟ་བར་མི་བྱེད། ཉན་པར་མི་བྱེད། བསྣོམ་པར་མི་བྱེད། མྱང་བར་མི་བྱེད། རེག་པར་མི་བྱེད། སེམས་པར་མི་བྱེད། ཉལ་བར་མི་བྱེད། ལྡང་བར་མི་བྱེད། དབུགས་འབྱུང་བར་མི་བྱེད། དབུགས་རྔུབ་པར་མི་བྱེད། རྣམ་པར་ཤེས་པར་མི་བྱེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། ཆོས་ཐམས་ཅད་ཇི་ལྟ་བ་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ཡང་མཚན་ཉིད་ 82-1-126b དེ་ལྟ་བུ་ཡིན་ནོ། །ཇི་ལྟར་དེ་བཞིན་གཤེགས་པའི་སྐུ་གཟུགས་འདི་འདོད་པའི་ཁམས་སུ་གཏོགས་པ་ཡང་མ་ཡིན། གཟུགས་ཀྱི་ཁམས་སུ་གཏོགས་པ་ཡང་མ་ཡིན། གཟུགས་མེད་པའི་ཁམས་སུ་གཏོགས་པ་ཡང་མ་ ཡིན་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། དེ་བཞིན་གཤེགས་པའི་སྐུ་ཡང་མཚན་ཉིད་དེ་ལྟ་བུ་ཡིན་ནོ། །ཇི་ལྟར་དེ་བཞིན་གཤེགས་པའི་སྐུ་གཟུགས་འདི་ལ་ཚུ་རོལ་ཡང་མེད། ཕ་རོལ་ཡང་མེད། བར་ཡང་ མེད། ཐོག་མ་ཡང་མེད། འཇིག་པ་ཡང་མེད། རྒྱུ་བ་ཡང་མེད། སྤྱོད་པ་ཡང་མེད། བླང་བ་ཡང་མེད། དོར་བ་ཡང་མེད། བྱ་བ་ཡང་མེད། བྱེད་པ་ཡང་མེད། ལྟུང་བ་ཡང་མེད། བདེན་པ་ཡང་མེད། བརྫུན་པ་ཡང་ མེད། བདེན་པ་མངོན་པར་རྟོག་པ་ཡང་མེད། ཀུན་དུ་འདོད་ཆགས་པ་ཡང་མེད། ཡིད་འབྱུང་བ་ཡང་མེད། འཁོར་བ་ཡང་མེད། མྱ་ངན་ལས་འདས་པ་ཡང་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། ཆོས་ཐམས་ ཅད་ཇི་ལྟ་བ་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ཡང་མཚན་ཉིད་དེ་ལྟ་བུ་ཡིན་ནོ། །འོད་སྲུང་དེ་ལྟར་དེ་དེ་བཞིན་གཤེགས་པའི་སྐུ་ལ་འཇུག་པ་དེ་ལྟ་བུ་དེས་རབ་ཏུ་རྟོག་པར་བྱེད་པ་ན་ཉིན་མཚན་དུ་སྐྱིལ་མོ་དཀྲུང་ཞིག་པར་ མ་གྱུར་ཅིང་དེས་ཉིན་མཚན་དེ་ལ་མངོན་པར་ཤེས་པ་ལྔ་དང་། ཚངས་པའི་གནས་པ་བཞི་དང་། སྤོབས་པ་ཐོགས་པ་མེད་པ་དག་ཀྱང་བསྒྲུབས་པར་གྱུར། ཏིང་ངེ་འཛིན་ཀུན་དུ་སྣང་བ་ཞེས་བྱ་བ་ཡང་བསྒྲུབས་པར་གྱུར་ནས་དེ་ལ་ སྣང་བ་ཡང་བྱུང་བར་གྱུར་ཏེ། སྣང་བ་བྱུང་བར་གྱུར་བ་དེས་ལྷའི་མིག་རྣམ་པར་དག་པ་མིའི་ལས་ཤིན་དུ་འདས་པས་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད། གྲངས་མེད་པ་དག་ཀྱང་མཐོང་ངོ་། ། ལྷའི་རྣ་བ་བསྒྲུབས་པ་མེད་པས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཆོས་བསྟན་པ་ཐམས་ཅད་ཀྱང་ཐོས་ཏེ། དེ་བཞིན་གཤེགས་པ་གཅིག་གིས་ཆོས་བསྟན་པ་ཡང་དེ་བཞིན་གཤེགས་པ་གཉིས་པས་ཆོས་བསྟན་ 82-1-127a པ་ལ་སྒྲིབ་པར་མ་གྱུར་ཅིང་ཐམས་ཅད་ཀྱང་མཉེས་པར་བྱས་སོ། །འོད་སྲུང་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེན་པོ་དེ་ཟླ་བ་བདུན་གྱི་བར་དུ་འཆག་ཅིང་འདུག་པར་གྱུར་ཏེ། ཤེས་པའི་ཟས་མ་གཏོགས་ པར་ཟས་གཞན་ཡང་མི་ཟ་ཞིང་ལྷ་རྣམས་ཀྱིས་དེའི་ལྷག་པའི་བསམ་པ་རིག་ནས་དེའི་ལུས་ལ་མདངས་བཅུག་པར་ཡང་གྱུར་ཏེ། འོད་སྲུང་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེན་པོ་དེས་གོས་ངུར་སྨྲིག་དག་ཀྱང་མ་བགོས། དེ་བཞིན་གཤེགས་པ་ཡང་མངོན་སུམ་དུ་མ་མཐོང་། བསླབ་པའི་གཞི་རྣམས་ཀྱང་མ་བླངས་མོད་ཀྱི། འོན་ཀྱང་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྗེས་སུ་ཐོབ་ཅིང་དེ་ལྟར་བསླབ་པ་འདོད་པར་གྱུར་བ་ལ་ལྟོས། འོད་སྲུང་ བྱང་ཆུབ་སེམས་དཔའ་ནི་འདི་ལྟར་དེ་བཞིན་གཤེགས་པའི་སྐུ་རབ་ཏུ་རྣམ་པར་འབྱེད་དེ། ཅི་ནས་ཀྱང་འཕེལ་བར་མི་བྱེད་པ་དང་། འབྲི་བར་མི་བྱེད་པ་དེ་དེ་ལྟར་རབ་ཏུ་རྣམ་པར་འབྱེད་དོ། །འོད་སྲུང་བྱང་ ཆུབ་སེམས་དཔས་ནི་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཆེན་པོ་དེས་དེ་བཞིན་གཤེགས་པའི་སྐུ་དེ་ལ་བསྙེན་བཀུར་བྱས་པ་དེ་ལྟར་དེ་བཞིན་གཤེགས་པའི་སྐུ་ལ་བསྙེན་ བཀུར་བྱའོ། །དེས་དེ་ལྟར་བསྙེན་བཀུར་བྱས་ཤིང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོག་པར་བྱེད་པ་ན་ཡེ་ཤེས་ཆེན་པོའི་རྣམ་པ་འདི་ལྟ་བུ་དག་ཀྱང་བསྐྱེད་པར་གྱུར་ཏེ། ཡེ་ཤེས་ཀྱི་རྣམ་པ་དེས་ ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཚད་མེད། གྲངས་མེད། དཔག་ཏུ་མེད་པ་དག་ཀྱང་མཐོང་བར་གྱུར། དེ་དག་ཆོས་སྟོན་པ་དག་ཀྱང་ཐོས་པར་གྱུར་ཏ་འོད་སྲུང་དེ་ནས་བྱང་ཆུབ་སེམས་དཔའ་ བརྩོན་འགྲུས་ཆེན་པོ་དེ་ནགས་ཁྲོད་དེ་ནས་ཕྱིར་བྱུང་སྟེ། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དག་ཏུ་ཞུགས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་པར་བྱེད་ཅིང་ 82-1-127b དེས་སྲོག་ཆགས་ཉི་ཁྲི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ལ་བཀོད་དོ། །སེམས་ཅན་ཚད་མེད་གྲངས་མེད་པ་དག་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པའི་བསོད་ནམས་དག་ལ་བཀོད་པར་ གྱུར་ཏོ། །ཕ་མ་དེ་གཉིས་དང་། བཙུན་མོའི་འཁོར་དེ་དག་དང་། འཁོར་གཞན་ཐམས་ཅད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་བྱས་སོ། །འོད་སྲུང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་ དཔའ་བརྩོན་འགྲུས་ཆེན་པོ་ཞེས་བྱ་བར་གྱུར་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་ནེམ་ནུར་དང་། ཡིད་གཉིས་དང་། ཐེ་ཚོམ་ཟ་བར་གྱུར་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་ཉིད་དེའི་ཚེ་དེའི་ དུས་ན་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེན་པོ་ཞེས་བྱ་བ་དེར་གྱུར་བའི་ཕྱིར་རོ། །འོད་སྲུང་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཆེན་པོ་དེ་དང་། དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་རྣམས་ཀྱི་རྗེས་སུ་བསླབ་པར་བྱའོ། །འོད་སྲུང་ཡང་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་བྱང་ ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཐབས་ལ་མི་མཁས་པ། བརྐམ་པ། འདོད་པས་ཟིལ་ཀྱིས་ནོན་པ་ཁ་ཅིག་འབྱུང་བར་འགྱུར་ཏེ། དེ་དག་ནི་རས་བཅོས་བུ་དང་རྩིག་ངོས་ལ་བྲིས་པ་ འམ། དེ་བཞིན་གཤེགས་པའི་སྐུ་གཟུགས་གཞན་དག་ལ་མཆོད་པ་བྱས་པས་དངོས་གྲུབ་དང་། རྫུ་འཕྲུལ་ཐོབ་པར་སེམས་ཤིང་། དེ་དག་འདི་སྙམ་དུ་བདག་ཅག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད་པ་ ཡིན་གྱི། གཞན་དག་ནི་མཆོད་པ་བྱེད་པ་མ་ཡིན་ནོ་སྙམ་དུ་རློམ་སེམས་སུ་ཡང་འགྱུར་ཏེ། དེ་དག་དགེ་བ་ཅུང་ཟད་ཙམ་པོ་དེས་བདག་ལ་བསྟོད་པར་བྱེད། གཞན་ལ་སྨོད་པར་བྱེད་ཅིང་གཞི་དེས་འཚོ་བར་སེམས་པར་ཡང་ 82-1-128a འགྱུར་རོ། །འོད་སྲུང་དེའི་ཚེ་ན་གང་དག་གིས་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་དུ་བཅུག་པ་དང་། འདུས་པ་དང་། གཞན་ཡང་དེ་བཞིན་གཤེགས་པའི་མཆོད་པ་རྣམ་པ་སྣ་ཚོགས་དག་མ་ གཏོགས་པར་དེ་ལྟར་ལུང་མནོད་པ་ཡོངས་སུ་ཚོལ་བར་མི་འགྱུར། ཁ་ཏོན་མི་བྱེད། བསམ་གཏན་མི་སྒོམ། ནང་དུ་ཡང་དག་འཇོག་ལ་གཅེས་པར་སེམས་པར་མི་འགྱུར་ཏེ། དེ་དག་དེའི་ཚེ་ན་ཁྱིམ་པ་དང་། རབ་ཏུ་བྱུང་ བ་དག་གིས་མཆོད་པ་དང་། རི་མོ་བྱ་བ་དང་། ཤེས་པ་དང་། ཤིན་དུ་ཡོངས་སུ་ཤེས་པར་ཡང་འགྱུར་ཞིང་། གཞི་དེས་དེ་དག་གིས་ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་ དག་ཀྱང་རྙེད་པར་འགྱུར་རོ། །འོད་སྲུང་ངས་ནི་བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམས་ཀྱི་ལས་སུ་འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་ཏེ་མང་དུ་ཐོས་པ་ཡོངས་སུ་བཙལ་བར་བྱའོ་ཞེས་བསྟན་ན། དེ་དག་ནི་དེའི་ ཚེ་ན་ཚུལ་ཁྲིམས་འཆལ་བ་ཁོ་ནར་གནས་ཤིང་ཆོས་ཡོངས་སུ་བཙལ་བ་སྤངས་ནས་དེ་བཞིན་གཤེགས་པའི་མཆོད་རྟེན་དག་ལ་མཆོད་པའི་ལས་བྱ་བའི་ཕྱིར་བརྩོན་པར་འགྱུར་ཞིང་གཞི་དེས་འཚོ་བར་འགྱུར་བར་སེམས་ པ་ལ་ལྟོས། དེ་ནས་བཅོམ་ལྡན་འདས་ལ་གནས་བརྟན་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་དུ་དེ་བཞིན་གཤེགས་པས་སྐྱེས་བུ་དམ་པ་མ་ལགས་པ་དེ་དག་གི་སྒྱུ་དང་། གཡོ་དང་ གྱ་གྱུ་དེ་དག་མང་དུ་བཀའ་སྩལ་པ་ནི་ངོ་མཚར་ལགས་སོ། །བདེ་བར་གཤེགས་པ་ངོ་མཚར་ལགས་ཏེ། བཅོམ་ལྡན་འདས་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དང་བ་དང་ལྡན་པ་དག་གིས་མདོ་སྡེ་འདི་ལྟ་བུ་ཐོས་ནས་ སུ་ཞིག་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་སྤྱོད་པར་མི་བགྱིད་ལགས། བཅོམ་ལྡན་འདས་གཞན་ཡང་འདི་ལྟ་སྟེ། སླད་མའི་ཚེ་སླད་མའི་དུས་ན་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ 82-1-128b ནས་བདག་ཅག་ནི་དེ་བཞིན་གཤེགས་པས་མཁྱེན། བདག་ཅག་ཡུལ་འདི་ལྟ་བུ་ལ་སྤྱོད་པ་ལས་ཕྱིར་ལྡོག་པར་བྱའོ་ཞེས་ཀུན་དུ་སྐྱོ་བ་སྐྱེ་བར་འགྱུར་ཞིང་རབ་ཏུ་སྤྱོད་པར་འགྱུར་བར་བཅོམ་ལྡན་འདས་དེ་བཞིན་གཤེགས་ པས་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབ་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་གནས་བརྟན་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང་དེ་བཞིན་གཤེགས་པས་གནས་ རྣམ་པ་འདི་ལྟ་བུ་གང་ཅི་སྟོན་པ་དང་། ཡང་དག་པར་སྟོན་པར་མཛད་པ་དེ་དག་ཐམས་ཅད་ནི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ཉིད་ཀྱི་ཆེད་དུ་སྟེ། འདི་ལྟར་དེ་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་པར་འགྱུར་ ཞིང་ཐོས་ནས་ཀྱང་སྐྱོན་དེ་དག་ཡོངས་སུ་སྤོང་བར་འགྱུར་བའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། གནས་བརྟན་འོད་སྲུང་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ བྱམས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་བ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། དགེ་སློང་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་ འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་འཕགས་པ་བྱམས་པའི་སེང་གེའི་སྒྲ་ཆེན་པོ་ཞེས་བྱ་བའི་ལེའུ་ སྟེ་ཉི་ཤུ་གསུམ་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེན་དྲ་བོ་དྷི་དང་། པྲ་ཛྙཱ་བརྨ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་ཉི་ཤུ་རྩ་བཞི་པ་སྟེ་འདུལ་བ་རྣམ་པར་གཏན་ལ་དབབ་པ་ཉེ་བར་འཁོར་གྱིས་ཞུས་པ། བམ་པོ་དང་པོ། 82-1-129a ༄༅། །རྒྱ་གར་སྐད་དུ། ཨཱརྱ་བི་ན་ཡ་བི་ནི་ཤྩ་ཡ་ཨུ་པཱ་ལཱི་པ་རི་པྲི་ཙྪ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་འདུལ་བ་རྣམ་པར་གཏན་ལ་དབབ་པ་ཉེ་བར་འཁོར་གྱིས་ཞུས་པ་ཞེས་བྱ་བ་ ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་ བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སྟོང་ཐམ་པ་དང་ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་ བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་གླང་པོ་ཆེའི་ལྟ་སྟངས་ཀྱིས་གཟིགས་ཏེ་བཀའ་སྩལ་པ། རིགས་ཀྱི་བུ་དག་ཁྱེད་ཅག་ཕྱི་མའི་ཚེ་ཕྱི་མའི་དུས་ན་དམ་པའི་ཆོས་ ཡོངས་སུ་གཟུང་བའི་ཕྱིར་དེ་བཞིན་གཤེགས་པས་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པར་ཡང་དག་པར་བསྒྲུབས་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཡང་དག་པར་གཟུང་བ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཐབས་དང་། ཚུལ་དང་། བསམ་པ་སྣ་ཚོགས་ཀྱིས་ཡོངས་སུ་བསྐྱང་བར་སུ་སྤྲོ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་སྟན་ལས་ལངས་ཏེ། བླ་ གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ བདག་ནི་སླད་མའི་ཚེ་སླད་མའི་དུས་ན་དམ་པའི་ཆོས་ཡོངས་སུ་གཟུང་བའི་སླད་དུ་དེ་བཞིན་གཤེགས་པས་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མ་མཆིས་པར་ཡང་དག་པར་བསྒྲུབས་པའི་བླ་ན་མེད་པ་ཡང་དག་པར་ 82-1-129b རྫོགས་པའི་བྱང་ཆུབ་འདི་ཡང་དག་པར་འཛིན་པར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་སེང་གེས་གསོལ་པ། བཅོམ་ལྡན་འདས་བདག་ནི་ཐབས་དང་། ཚུལ་དང་། བསམ་པ་སྣ་ཚོགས་ཀྱིས་སེམས་ཅན་ རྣམས་ཡོངས་སུ་སྐྱོང་བར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་བདག་ནི་སེམས་ཅན་རྣམས་ངན་སོང་དུ་མཆི་བ་ལས་ཡོངས་སུ་ཐར་བར་བགྱིད་པར་སྤྲོ་ལགས་སོ། ། འཇམ་དཔལ་གཞོན་ནུར་གྱུར་བས་གསོལ་པ། བཅོམ་ལྡན་འདས་བདག་ནི་སེམས་ཅན་རྣམས་ཀྱི་གང་ཟག་གི་བསམ་པ་ཡོངས་སུ་རྫོགས་པར་བགྱིད་པར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་ཡེ་ཤེས་ རྟོག་གིས་གསོལ་པ། བཅོམ་ལྡན་འདས་བདག་ནི་སེམས་ཅན་མ་འཚལ་བ་རྣམས་ཡོངས་སུ་སྨིན་པར་བགྱིད་པར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྟོག་གིས་གསོལ་པ། བཅོམ་ལྡན་འདས་ བདག་ནི་ཆོས་ཀྱི་སྦྱིན་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་ཟླ་བའི་ཏོག་གིས་གསོལ་པ། བཅོམ་ལྡན་འདས་བདག་ནི་ཡོན་ཏན་རྣམས་ཀྱིས་སེམས་ཅན་ རྣམས་ཡོངས་སུ་སྨིན་པར་བགྱིད་པར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་ཉི་མའི་ཏོག་གིས་གསོལ་པ། བཅོམ་ལྡན་འདས་བདག་ནི་ཐེག་པ་བདེ་བས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་ པར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་བག་ཚ་བ་མེད་པས་གསོལ་པ། བཅོམ་ལྡན་འདས་བདག་ནི་སེམས་ཅན་གྱི་ཁམས་མཐའ་ཡས་པ་དག་ཡོངས་སུ་སྨིན་པར་བགྱིད་པ་དང་། ཡོངས་སུ་འཛིན་ པར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་བཟང་སྐྱོང་གིས་གསོལ་པ། བཅོམ་ལྡན་འདས་བདག་ནི་མིང་འབྲས་བུ་མཆིས་པར་སྒྲོགས་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པར་སྤྲོ་ལགས་སོ། ། 82-1-130a བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པས་གསོལ་པ། བཅོམ་ལྡན་འདས་བདག་ནི་སྨོན་ལམ་རྒྱ་ཆེན་པོས་སེམས་ཅན་གྱི་ཁམས་པས་མ་འཚལ་བ་རྣམས་ཡོངས་སུ་ཐར་པར་བགྱིད་པར་སྤྲོ་ལགས་སོ། ། བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུར་གྱུར་བས་གསོལ་པ། བཅོམ་ལྡན་འདས་བདག་ནི་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་སེམས་ཅན་རྣམས་རབ་ཏུ་དགོད་པར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་མིག་བཟང་ གིས་གསོལ་པ། བཅོམ་ལྡན་འདས་བདག་ནི་སེམས་ཅན་རྣམས་ཀྱི་བདེ་བ་དང་ཡིད་བདེ་བའི་རྩ་བ་ཉེ་བར་སྒྲུབ་པར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་གསོལ་པ། བཅོམ་ལྡན་འདས་བདག་ནི་ངན་སོང་དང་ངན་འགྲོ་དག་ལས་སེམས་ཅན་རྣམས་ཡོངས་སུ་སྐྱོབ་པར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་ནི་ ངན་སོང་དག་ལས་མ་རྒལ་བའི་སེམས་ཅན་རྣམས་སྒྲོལ་བར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་ཚོགས་ཅན་གྱིས་གསོལ་པ། བཅོམ་ལྡན་འདས་བདག་ནི་སེམས་ཅན་མ་དུལ་བ་རྣམས་འདུལ་ བའི་ཤུལ་ཉེ་བར་སྟོན་པར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་ཡིད་བཟངས་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་ནི་སེམས་ཅན་དམན་པ་ལ་མོས་པ་རྣམས་ཡོངས་སུ་སྨིན་པར་བགྱིད་པར་ སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་དེས་པས་གསོལ་པ། བཅོམ་ལྡན་འདས་བདག་ནི་སེམས་ཅན་ཤེས་རབ་དམན་པ་རྣམས་ཡོངས་སུ་སྨིན་པར་བགྱིད་པར་སྤྲོ་ལགས་སོ། །བྱང་ཆུབ་སེམས་ དཔའ་གཟི་བརྗིད་ཕུང་པོས་གསོལ་པ། བཅོམ་ལྡན་འདས་བདག་ནི་སེམས་ཅན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་རྣམས་ཡོངས་སུ་སྨིན་པར་བགྱིད་པར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་ 82-1-130b ཉོན་མོངས་པ་མེད་པ་རྟོགས་པར་ཁོང་དུ་ཆུད་པས་གསོལ་པ། བཅོམ་ལྡན་འདས་བདག་ནི་ཤུལ་ཡང་དག་པར་སྟོན་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་ མཐོང་དགས་གསོལ་པ། བཅོམ་ལྡན་འདས་བདག་ནི་སེམས་ཅན་རྣམས་ལ་བདེ་བའི་ཡོ་བྱད་ཚད་མ་མཆིས་པ་དག་ཉེ་བར་སྒྲུབ་པར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་དབང་པོ་བཟང་གིས་གསོལ་པ། བཅོམ་ལྡན་འདས་བདག་ནི་སྡུག་བསྔལ་དྲན་པར་བགྱིད་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་ཡང་དག་ པར་ཞུགས་པས་གསོལ་པ། བཅོམ་ལྡན་འདས་བདག་ནི་བསམས་པ་ཙམ་གྱིས་ཡི་དགས་ཀྱི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་རྣམས་ཡོངས་སུ་ཐར་བར་བགྱིད་པར་སྤྲོ་ལགས་སོ། །བྱང་ཆུབ་ སེམས་དཔའ་ཉི་འོད་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་ནི་སེམས་ཅན་ཡོངས་སུ་མ་སྨིན་པ་རྣམས་ཡོངས་སུ་སྨིན་པར་བགྱིད་པར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་དྲི་མ་མེད་པར་གྲགས་ པས་གསོལ་པ། བཅོམ་ལྡན་འདས་བདག་ནི་སེམས་ཅན་རྣམས་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིད་པར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་གཟི་བརྗིད་སྟོབས་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་ནི་སེམས་ཅན་རྣམས་ཀྱི་ངན་སོང་གི་ཤུལ་འགུམས་པར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་ཡིད་གཉིས་སྤོང་གིས་གསོལ་པ། བཅོམ་ལྡན་འདས་བདག་ནི་སེམས་ཅན་ དམན་པ་རྣམས་སྒྲོལ་བར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་བག་ཚ་བ་མེད་པར་གནས་པས་གསོལ་པ། བཅོམ་ལྡན་འདས་བདག་ནི་སེམས་ཅན་རྣམས་བསྡུ་བའི་སླད་དུ་ལེགས་སོ་ 82-1-131a ཞེས་བགྱི་བ་སྩོལ་བར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་ཡེ་ཤེས་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བདག་ནི་སེམས་ཅན་མོས་པ་སྣ་ཚོགས་དང་ལྡན་པ་རྣམས་མོས་པ་ཇི་ལྟ་བ་བཞིན་དུ་ ཡོངས་སུ་སྨིན་པར་བགྱིད་པར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་གནས་པ་དཔག་མེད་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་ནི་སེམས་ཅན་རྣམས་ལ་འདུས་མ་བགྱིས་ཀྱི་ཤུལ་ཉེ་བར་སྟོན་ པར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་བག་ཚ་བ་མེད་པར་གནས་པས་གསོལ་པ། བཅོམ་ལྡན་འདས་བདག་ནི་མོས་པ་སྣ་ཚོགས་དང་ལྡན་པའི་སེམས་ཅན་རྣམས་ལ་ མོས་པ་ཇི་ལྟ་བ་བཞིན་ཡང་དག་པར་སྟོན་པར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་རིན་ཆེན་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བདག་ནི་སེམས་ཅན་རྣམས་ལ་རིན་པོ་ཆེའི་ཕུང་པོ་ ཀུན་དུ་སྟོན་པར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་བློ་གྲོས་བཟང་པོས་གསོལ་པ། བཅོམ་ལྡན་འདས་བདག་ནི་གཟུགས་སྡུག་པ་སྟོན་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པར་སྤྲོ་ ལགས་སོ། །བྱང་ཆུབ་སེམས་དཔའ་དྲི་མེད་གཟི་བརྗིད་ཀྱི་གསོལ་པ། བཅོམ་ལྡན་འདས་བདག་ནི་གཅུགས་པས་སེམས་ཅན་རྣམས་ཡང་དག་པར་འཛིན་ཅིང་ཡོངས་སུ་སྨིན་པར་བགྱིད་པར་སྤྲོ་ ལགས་སོ། །བྱང་ཆུབ་སེམས་དཔའ་ནོར་བུ་བཟང་གིས་གསོལ་པ། བཅོམ་ལྡན་འདས་བདག་ནི་སྔོན་གྱི་སྐྱེ་བ་རྗེས་སུ་དྲན་པར་བགྱིད་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པར་སྤྲོ་ལགས་ སོ། །བྱང་ཆུབ་སེམས་དཔའ་བསོད་ནམས་འོད་ཟེར་གྱིས་གསོལ་པ། བཅོམ་ལྡན་འདས་བདག་ནི་ཡང་དག་པའི་སྨོན་ལམ་གྱིས་སེམས་ཅན་རྣམས་འདྲེན་པར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་དཔལ་བཟང་ 82-1-131b པོས་གསོལ་པ། བཅོམ་ལྡན་འདས་བདག་ནི་སེམས་ཅན་རྣམས་སྡུག་བསྔལ་དག་ལས་གཏན་ཡོངས་སུ་ཐར་པར་བགྱིད་པར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་ལག་ན་རིན་པོ་ཆེས་གསོལ་ པ། བཅོམ་ལྡན་འདས་བདག་ནི་སེམས་ཅན་རྣམས་རིན་པོ་ཆེ་དག་གིས་བདེ་བར་བགྱིད་པར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་བློ་གྲོས་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་ནི་སེམས་ཅན་ དབུལ་པོ་རྣམས་ཀྱི་དབུལ་བ་མ་མཆིས་པར་བགྱིད་པར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་གསོལ་པ། བཅོམ་ལྡན་འདས་བདག་ནི་སེམས་ཅན་རྣམས་ཉོན་ མོངས་པ་ཐམས་ཅད་ལས་ཡོངས་སུ་ཐར་པར་བགྱིད་པར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་རྡོ་རྗེའི་འོད་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་ནི་སེམས་ཅན་རྣམས་ལ་ཤུལ་བཟང་པོ་ཉེ་བར་སྟོན་ པར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་ཡོན་ཏན་གཟུགས་སྟོན་གྱིས་གསོལ་པ། བཅོམ་ལྡན་འདས་བདག་ནི་བསམ་པ་ཐམས་ཅད་རབ་ཏུ་དགའ་བར་བགྱིད་པས་སེམས་ཅན་རྣམས་ཡོངས་སུ་ཐར་པར་ བགྱིད་པར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་ཆོས་མངོན་པར་འཕགས་གྱིས་གསོལ་པ། བཅོམ་ལྡན་འདས་བདག་ནི་སེམས་ཅན་རྣམས་ལ་ཆོས་ཀྱི་མིག་རྣམ་པར་སྦྱང་བ་སྟོན་པར་སྤྲོ་ལགས་སོ། ། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་གསོལ་པ། བཅོམ་ལྡན་འདས་བདག་ནི་སེམས་ཅན་རྣམས་སྒྲིབ་པ་དག་ལས་ཡོངས་སུ་ཐར་བར་བགྱིད་པར་སྤྲོ་ལགས་སོ། །བྱང་ཆུབ་སེམས་ དཔའ་ཆོས་འབྱུང་གིས་གསོལ་པ། བཅོམ་ལྡན་འདས་བདག་ནི་ཆོས་ཀྱིས་སེམས་ཅན་རྣམས་ཡོངས་སུ་ཐར་པར་བགྱིད་པར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་ཅི་ཡང་མིན་ 82-1-132a གྱིས་གསོལ་པ། བཅོམ་ལྡན་འདས་བདག་ནི་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་དུག་ཐམས་ཅད་གཞིལ་བར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་ཟླ་མཆོག་གིས་གསོལ་པ། བཅོམ་ལྡན་འདས་བདག་ནི་སེམས་ཅན་རྣམས་ལ་ཆོས་ཀྱི་ཕྱོགས་རབ་ཏུ་སྟོན་པར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་སེང་གེ་བློ་གྲོས་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་ནི་ སེམས་ཅན་རྣམས་ལ་ཆོས་ཀྱི་སྦྱིན་པ་སྩོལ་པར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་གཞོན་ནུ་འོད་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་ནི་སེམས་ཅན་རྣམས་དམན་པའི་གནས་ནས་ ཡོངས་སུ་ཐར་པར་བགྱིད་པར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་སངས་རྒྱས་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བདག་ནི་ཤུལ་བཟང་པོ་སྟོན་པས་སེམས་ཅན་རྣམས་ཀྱི་ ངན་སོང་གི་ཤུལ་འགོག་པར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་གསེར་འོད་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་ནི་ལུས་སྟོན་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པར་སྤྲོ་ ལགས་སོ། །བྱང་ཆུབ་སེམས་དཔའ་བསོད་ནམས་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བདག་ནི་སེམས་ཅན་དོན་བགྱིད་པ་རྣམས་ཀྱི་དོན་བགྱིད་པར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་འགྲོ་བ་འཛིན་ གྱིས་གསོལ་པ། བཅོམ་ལྡན་འདས་བདག་ནི་སེམས་ཅན་རྣམས་ཀྱི་སེམས་ཅན་དམྱལ་བའི་སྒོ་འགུམས་པར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་བདུད་རྩི་འཆང་གིས་གསོལ་པ། བཅོམ་ལྡན་འདས་བདག་ནི་ སེམས་ཅན་རྣམས་འཁོར་བ་ལས་སྒྲོལ་བར་སྤྲོ་ལགས་སོ། །བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་གཞོན་ནུར་གྱུར་བས་གསོལ་པ། བཅོམ་ལྡན་འདས་བདག་ནི་སླད་མའི་ཚེ་སླད་མའི་དུས་ན་འོད་བསྟན་པས་སེམས་ 82-1-132b ཅན་རྣམས་ཀྱི་ཉོན་མོངས་པ་རབ་ཏུ་ཞི་བར་བགྱིད་པར་སྤྲོ་ལགས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་དེ་དག་གིས་སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བའི་གོ་ཆ་ལ་འཇུག་པ་བསྟན་པ་ དེ་ལྟ་བུ་འདི་ཐོས་ནས་ངོ་མཚར་དང་རྨད་དུ་བྱུང་བར་འཛིན་པར་གྱུར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱེ་མ་ཇི་ཙམ་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་སྙིང་རྗེ་ཆེན་ པོ་དང་ཐབས་ལ་མཁས་པ་བསམ་གྱིས་མི་ཁྱབ་ཅིང་བརྩོན་འགྲུས་བརྟན་པའི་གོ་ཆ་ཆེན་པོ་བགོས་པ་དང་། ཇི་ཙམ་དུ་སེམས་ཅན་ཐམས་ཅད་ཀྱིས་ཐུལ་བར་དཀའ་བ་དང་། གཏིང་དཔག་པར་དཀའ་བ་དང་། བསྙེན་པར་ དཀའ་བ་དང་། རྫི་བར་དཀའ་བ་དང་། ཟིལ་གྱིས་མི་ནོན་པའི་གཟི་བརྗིད་དང་ལྡན་པ་ནི་ངོ་མཚར་ལགས་ཏེ། བཅོམ་ལྡན་འདས་གཞན་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟི་བརྗིད་ཟིལ་ གྱིས་མི་ནོན་པ་རྣམས་ཀྱི་དྲུང་དུ་མགོ་དང་། ལག་པ་དང་། རྐང་པ་དང་། མིག་སློང་བ་དག་མཆིས་ཏེ། དངོས་པོ་ཐམས་ཅད་སློང་བར་བགྱིད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀུན་དུ་ཞུམ་པར་མི་ བགྱིད། སྒྱིད་ལུག་པར་མི་བགྱིད་ཅིང་རབ་ཏུ་སྤྲོ་བར་བགྱིད་པ་ནི་བདག་ངོ་མཚར་དུ་འཛིན་ལགས་སོ། །བཅོམ་ལྡན་འདས་གཞན་གང་དག་འདི་སྙམ་དུ་སེམས་ལགས་ཏེ། སེམས་ཅན་གང་སུ་དག་གིས་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་གནོད་པར་བགྱིས་ཏེ་ནང་དང་ཕྱིའི་དངོས་པོ་དག་སློང་བར་བགྱིད་པ་དེ་དག་ཐམས་ཅད་ནི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཤ་སྟག་ཏུ་འགྱུར་བར་སེམས་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་དེ་དེ་བཞིན་ནོ། ། 82-1-133a དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་དང་། ཐབས་དང་། ཤེས་རབ་དང་། ཡེ་ཤེས་ཀྱི་ཡུལ་ནི་དེ་ལྟ་བུ་ཡིན་ཏེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུལ་དེ་ནི་ ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ས་མ་ཡིན་ནོ། །ཤཱ་རིའི་བུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་སེམས་ཅན་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སངས་ རྒྱས་ཀྱི་རྣམ་པར་འཕྲུལ་པ་ཐམས་ཅད་ཀུན་དུ་སྟོན་པར་བྱེད་ཀྱང་བྱང་ཆུབ་སེམས་དཔའི་ཆོས་ཉིད་ལས་མི་གཡོའོ། །ཤཱ་རིའི་བུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་སེམས་ཅན་ཁྱིམ་བདག་ གི་རྒྱགས་པས་མྱོས་པ་རྣམས་ལ་དབང་ཕྱུག་གིས་རྒྱགས་པ་བསལ་བའི་ཕྱིར་ཁྱིམ་བདག་གི་གཟུགས་ཉེ་བར་སྟོན་པར་བྱེད་དོ། །སེམས་ཅན་སྤྲོ་བས་རྒྱགས་ཤིང་མྱོས་པ་རྣམས་ལ་སྤྲོ་བའི་རྒྱགས་པ་བསལ་བའི་ ཕྱིར་ཚན་པོ་ཆེ་ཆེན་པོའི་སྟོབས་དང་། སྲེད་མེད་ཀྱི་བུའི་སྤྲོ་བའི་སྟོབས་ཉེ་བར་སྟོན་པར་བྱེད་དོ། །སེམས་ཅན་མྱ་ངན་ལས་འདས་པ་དོན་དུ་གཉེར་བ་རྣམས་ལ་མྱ་ངན་ལས་འདས་པའི་ལམ་སྣ་ཚོགས་ཉེ་བར་སྟོན་ པར་བྱེད་དེ། ཉན་ཐོས་ཀྱི་ཐེག་པ་དོན་དུ་གཉེར་བའི་སེམས་ཅན་རྣམས་ལ་ནི་ཉན་ཐོས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་ཉན་ཐོས་ཀྱི་གཟུགས་ཉེ་བར་སྟོན་པར་བྱེད་དོ། །རང་སངས་རྒྱས་ཀྱི་ཐེག་པ་དོན་དུ་ གཉེར་བའི་སེམས་ཅན་རྣམས་ལ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་འཇུག་པར་བྱ་བའི་ཕྱིར་རང་སངས་རྒྱས་ཀྱི་གཟུགས་ཉེ་བར་སྟོན་པར་བྱེད་དོ། །བྱང་ཆུབ་དོན་དུ་གཉེར་བའི་སེམས་ཅན་རྣམས་ལ་ནི་སངས་རྒྱས་ཀྱི་ ཆོས་ཐམས་ཅད་ཡང་དག་པར་ཐོབ་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་གཟུགས་ཉེ་བར་སྟོན་པར་བྱེད་དེ། ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཐབས་སྣ་ཚོགས་ཀྱིས་ 82-1-133b སེམས་ཅན་གྱི་ཁམས་ཡོངས་སུ་སྨིན་པར་བྱས་ནས་སངས་རྒྱས་ཀྱི་ཆོས་རྣམས་ལ་རབ་ཏུ་འགོད་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་བཞིན་གཤེགས་པའི་ཡེ་ཤེས་ཤིན་དུ་མྱ་ངན་ ལས་འདས་པའི་རྣམ་པར་ཐར་པ་མ་གཏོགས་པར་སེམས་ཅན་རྣམས་ཀྱི་རྣམ་པར་ཐར་པ་གཞན་མེད་དེ། དེའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱ་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་ གཤེགས་པས་ནི་དེ་བཞིན་ཉིད་ཇི་ལྟ་བ་བཞིན་འདི་ཐུགས་སུ་ཆུད་དེ། དེའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱ་བ་དང་། གདགས་པ་སྣ་ཚོགས་ཀྱིས་སེམས་ཅན་རྣམས་ལ་རྣམ་པར་རིག་པར་ མཛད་དེ། དེའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱ་བ་དང་། དགེ་བའི་ཆོས་ཐམས་ཅད་དང་ལྡན་པ་དང་། མི་དགེ་བའི་ཆོས་ཐམས་ཅད་སྤངས་པས་དེའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱ་བ་དང་། སེམས་ཅན་བཅིངས་པ་རྣམས་ལ་ཐར་པ་ཉེ་བར་སྟོན་པར་མཛད་པས་དེའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱ་བ་དང་། སེམས་ཅན་ལམ་ངན་པར་ཞུགས་པ་རྣམས་ལ་ལམ་བཟང་པོ་ཉེ་བར་སྟོན་ པར་མཛད་པས་དེའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱ་བ་དང་། སྟོང་པ་ཉིད་གསུང་བ་དང་། སྟོང་པ་ཉིད་ལས་ངེས་པར་བྱུང་བས་དེའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱ་བའི་ཕྱིར་རོ། །ཤཱ་རིའི་ བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམ་པར་རྨོངས་པ་རྣམས་ལ་ཡང་དག་པའི་ཆོས་རྗེས་སུ་རྟོགས་པར་བྱ་བའི་ཕྱིར་མོས་པ་ཇི་ལྟ་བ་བཞིན་དུ་རྣམ་པར་ རིག་པ་རྣམ་པ་སྣ་ཚོགས་ཀྱིས་རྣམ་པར་ཐར་པ་ཉེ་བར་སྟོན་པར་བྱེད་ཀྱང་བྱང་ཆུབ་སེམས་དཔའི་ཆོས་ཉིད་ལས་མི་གཡོའོ། །རིམ་གྱིས་བྱང་ཆུབ་ཀྱི་སྙིང་པོ་ཐོབ་པར་བྱ་བའི་ཕྱིར་སེམས་ཅན་ 82-1-134a རྣམས་ལ་སྒྱུ་མའི་བཀོད་པ་རྣམ་པ་སྣ་ཚོགས་ཀྱང་ཉེ་བར་སྟོན་ཏོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱིམ་ན་གནས་པས་ནི་སྦྱིན་པ་གཉིས་ལ་གནས་པར་ བྱའོ། །གཉིས་གང་ཞེ་ན། འདི་ལྟ་སྟེ། ཆོས་སྦྱིན་པ་དང་། ཟང་ཟིང་སྦྱིན་པ་སྟེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱིམ་པ་ཁྱིམ་ན་གནས་པས་ནི་རྗེས་སུ་ཆགས་པ་མེད་པ་དང་། ཁོང་ཁྲོ་བ་མེད་པས་སྦྱིན་པ་དེ་གཉིས་ལ་གནས་པར་བྱའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་བྱུང་བར་གཏོགས་པས་ནི་སྦྱིན་པ་བཞི་ལ་གནས་པར་བྱའོ། །བཞི་གང་ ཞེ་ན། འདི་ལྟ་སྟེ། སྨྱུག་གུ་སྦྱིན་པ་དང་། སྣག་ཚ་སྦྱིན་པ་དང་། གླེགས་བམ་སྦྱིན་པ་དང་། ཆོས་སྦྱིན་པ་སྟེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་བྱུང་བར་གཏོགས་ པས་ནི་སྦྱིན་པ་བཞི་པོ་དེ་དག་ལ་གནས་པར་བྱའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ནི་གཏོང་པ་གསུམ་ལ་གནས་པར་བྱའོ། །གསུམ་ གང་ཞེ་ན། འདི་ལྟ་སྟེ། གཏོང་བ་དང་། གཏོང་བ་ཆེན་པོ་དང་། ཤིན་དུ་གཏོང་བ་ལའོ། །དེ་ལ་གཏོང་བ་ནི་རྒྱལ་སྲིད་ཡོངས་སུ་གཏོང་བའོ། །གཏོང་བ་ཆེན་པོ་ནི་ཆུང་མ་དང་། བུ་དང་། བུ་མོ་ཡོངས་ སུ་གཏོང་བའོ། །ཤིན་དུ་གཏོང་པ་ནི་མགོ་དང་། ལག་པ་དང་། རྐང་པ་དང་། མིག་དང་། ལྤགས་པ་དང་། རུས་པ་དང་། རྐང་ཡོངས་སུ་གཏོང་བ་སྟེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ནི་ཡོངས་སུ་གཏོང་བ་གསུམ་པོ་དེ་དག་ལ་གནས་པར་བྱའོ། །ཤཱ་རིའི་བུ་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་འདོད་ 82-1-134b ཆགས་ཀྱིས་མི་འཇིགས་ལགས་སམ། ཞེ་སྡང་དང་། གཏི་མུག་གིས་མི་འཇིགས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁ་ན་མ་ ཐོ་བ་ཆེན་པོ་དང་བཅས་པའི་ཉེས་པ་ནི་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ཞེ་སྡང་དང་ལྡན་པ་དང་། གཏི་མུག་དང་ལྡན་པ་སྟེ། ཤཱ་རིའི་བུ་གཉིས་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ ཀྱི་ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པའི་ཉེས་པ་ཡིན་ནོ། །ཤཱ་རིའི་བུ་དེ་ལ་འདོད་ཆགས་ནི་ཁ་ན་མ་ཐོ་བ་དང་བཅས་པ་ཆུང་ལ་འབྲལ་བ་བུལ་བ་ཡིན་ནོ། །ཞེ་སྡང་ནི་ཁ་ན་མ་ཐོ་བ་དང་བཅས་ པ་ཆེ་ལ་འབྲལ་བ་མྱུར་བ་ཡིན་ནོ། །གཏི་མུག་ནི་ཁ་ན་མ་ཐོ་བ་དང་བཅས་པ་ཆེ་ལ་འབྲལ་བ་བུལ་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདོད་ཆགས་ནི་འཁོར་བའི་འཁྲི་ཤིང་ ཀུན་དུ་འཛིན་པའི་ཕྱིར་ཉིང་མཚམས་སྦྱོར་བའི་ས་བོན་ཡིན་པ་དང་། ཞེ་སྡང་ནི་མྱུར་དུ་ཡོངས་སུ་སྤོང་བའི་ཕྱིར་ངན་སོང་དུ་འགྲོ་བའི་རྒྱུར་གྱུར་བ་ཡིན་པ་དང་། གཏི་མུག་ནི་རྣམ་པར་འགྲོལ་ བར་དཀའ་བའི་ཕྱིར་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་དུ་རབ་ཏུ་ལྟུང་བའི་རྒྱུར་གྱུར་བ་ཡིན་པའི་ཕྱིར་རོ། །ཤཱ་རིའི་བུ་དེ་ལ་བྱང་ཆུབ་སེམས་དཔས་ཉེས་པ་དང་པོའི་ལྕི་པ་ནི་ཚོགས་བཅུ་ལ་དྲང་པོར་ བཤགས་པར་བྱའོ། །བུད་མེད་ཀྱི་ལག་པ་ནས་འཛིན་པའི་ལག་པའི་ཉེས་པ་ལྕི་བ་ནི་ཚོགས་ལྔ་ལ་བཤགས་པར་བྱའོ། །ཉོན་མོངས་པ་ཅན་གྱི་སེམས་ཀྱིས་མིག་གིས་བལྟས་པའི་ཉེས་པ་ནི་གང་ ཟག་གཅིག་གམ། གཉིས་ཀྱི་མདུན་དུ་བཤགས་པར་བྱའོ། །བྱང་ཆུབ་སེམས་དཔའ་མཚམས་མེད་པ་ལྔ་དང་ལྡན་པའི་ཉེས་པ་དང་། བུད་མེད་ཀྱི་ཉེས་པ་དང་། ཁྱིའུའི་ཉེས་པ་དང་། 82-1-135a ལག་པའི་ཉེས་པ་དང་། མཆོད་རྟེན་གྱི་ཉེས་པ་དང་། དགེ་འདུན་གྱི་ཉེས་པ་དང་། དེ་ལས་གཞན་པའི་ཉེས་པ་ལྕི་བ་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་སུམ་བཅུ་རྩ་ལྔའི་སྤྱན་ སྔར་གཅིག་པུས་ཉིན་མཚན་དུ་བཤགས་པར་བྱའོ། །དེ་ལ་བཤགས་པ་ནི་འདི་ཡིན་ཏེ། བདག་མིང་འདི་ཞེས་བགྱི་བ། སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། ། དགེ་འདུན་ལ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །རྡོ་རྗེའི་སྙིང་པོས་རབ་ཏུ་འཇོམས་པ་ལ་ཕྱག་ འཚལ་ལོ། །རིན་ཆེན་འོད་འཕྲོ་ལ་ཕྱག་འཚལ་ལོ། །ཀླུ་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དཔའ་བོའི་སྡེ་ལ་ཕྱག་འཚལ་ལོ། །དཔལ་དགྱེས་ལ་ཕྱག་འཚལ་ལོ། །རིན་ཆེན་མེ་ ལ་ཕྱག་འཚལ་ལོ། །རིན་ཆེན་ཟླ་འོད་ལ་ཕྱག་འཚལ་ལོ། །མཐོང་བ་དོན་ཡོད་ལ་ཕྱག་འཚལ་ལོ། །རིན་ཆེན་ཟླ་བ་ལ་ཕྱག་འཚལ་ལོ། །དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །དཔས་ བྱིན་ལ་ཕྱག་འཚལ་ལོ། །ཚངས་པ་ལ་ཕྱག་འཚལ་ལོ། །ཚངས་པས་བྱིན་ལ་ཕྱག་འཚལ་ལོ། །ཆུ་ལྷ་ལ་ཕྱག་འཚལ་ལོ། །ཆུ་ལྷའི་ལྷ་ལ་ཕྱག་འཚལ་ལོ། །དཔལ་བཟངས་ ལ་ཕྱག་འཚལ་ལོ། །ཙན་དན་དཔལ་ལ་ཕྱག་འཚལ་ལོ། །གཟི་བརྗིད་མཐའ་ཡས་ལ་ཕྱག་འཚལ་ལོ། །འོད་དཔལ་ལ་ཕྱག་འཚལ་ལོ། །མྱ་ངན་མེད་པའི་དཔལ་ལ་ ཕྱག་འཚལ་ལོ། །སྲེད་མེད་ཀྱི་བུ་ལ་ཕྱག་འཚལ་ལོ། །མེ་ཏོག་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཚངས་པའི་འོད་ཟེར་རྣམ་པར་རོལ་པས་མངོན་པར་ 82-1-135b མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་པད་མའི་འོད་ཟེར་རྣམ་པར་རོལ་པས་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ། །ནོར་དཔལ་ལ་ཕྱག་འཚལ་ལོ། །དྲན་པའི་ དཔལ་ལ་ཕྱག་འཚལ་ལོ། །མཚན་དཔལ་ཤིན་དུ་ཡོངས་བསྒྲགས་ལ་ཕྱག་འཚལ་ལོ། །དབང་པོ་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཤིན་དུ་རྣམ་པར་གནོན་ པའི་དཔལ་ལ་ཕྱག་འཚལ་ལོ། །གཡུལ་ལས་ཤིན་དུ་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ། །རྣམ་པར་གནོན་པས་གཤེགས་པ་ལ་ཕྱག་འཚལ་ལོ། །ཀུན་ནས་སྣང་བ་ བཀོད་པའི་དཔལ་ལ་ཕྱག་འཚལ་ལོ། །རིན་ཆེན་པད་མ་རྣམ་པར་གནོན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་ པད་མ་ལ་རབ་ཏུ་ཞུགས་པ་རི་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་དག་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་ཇི་སྙེད་ཅིག་བཞུགས་ཏེ་འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་སྐྱེ་བ་འདི་དང་། སྐྱེ་བ་ ཐོག་མ་དང་། ཐ་མ་མ་མཆིས་པ་ནས་འཁོར་བ་ན་འཁོར་བའི་སྐྱེ་བ་གཞན་དག་ཏུ་སྡིག་པའི་ལས་བགྱིས་པ་དང་། བགྱིད་དུ་སྩལ་པ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བ་འམ། མཆོད་ རྟེན་གྱི་དཀོར་རམ། དགེ་འདུན་གྱི་དཀོར་རམ། ཕྱོགས་བཞིའི་དགེ་འདུན་གྱི་དཀོར་ཕྲོགས་པ་དང་། འཕྲོག་ཏུ་སྩལ་པ་འམ། འཕྲོགས་པ་ལ་རྗེས་སུ་ཡི་རང་བ་འམ། མཚམས་ 82-1-136a མ་མཆིས་པ་ལྔའི་ལས་བགྱིས་པ་དང་། བགྱིད་དུ་སྩལ་པ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བ་འམ། མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླང་བ་ལ་ཞུགས་པ་དང་། འཇུག་ཏུ་སྩལ་བ་དང་། འཇུག་པ་ལ་རྗེས་སུ་ཡི་རང་བ་འམ། ལས་ཀྱི་སྒྲིབ་པ་གང་གིས་བསྒྲིབས་ནས་བདག་སེམས་ཅན་དམྱལ་བར་མཆི་བ་འམ། དུད་འགྲོའི་སྐྱེ་གནས་སུ་མཆི་བ་འམ། ཡི་ དགས་ཀྱི་ཡུལ་དུ་མཆི་བ་འམ། ཡུལ་མཐའ་འཁོབ་ཏུ་སྐྱེ་བ་འམ། ཀླ་ཀློར་སྐྱེ་བ་འམ། ལྷ་ཚེ་རིང་པོ་རྣམས་ཀྱི་ནང་དུ་སྐྱེ་བ་འམ། དབང་པོ་མ་ཚང་བར་འགྱུར་བ་འམ། ལྟ་བ་ལོག་པ་འཛིན་པར་ འགྱུར་བ་འམ། སངས་རྒྱས་འབྱུང་བ་ལ་མཉེས་པར་མི་བགྱིད་པར་འགྱུར་བའི་ལས་ཀྱི་སྒྲིབ་པ་གང་ལགས་པ་དེ་དག་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་ཡེ་ཤེས་སུ་གྱུར་པ། སྤྱན་དུ་གྱུར་པ། དཔང་ དུ་གྱུར་པ། ཚད་མར་གྱུར་པ། མཁྱེན་པ། གཟིགས་པ་དེ་དག་གི་སྤྱན་སྔར་འཐོལ་ལོ་འཆགས་སོ། །མི་འཆབ་བོ། །སླད་ཆད་ཀྱང་སྡོམ་པར་བགྱིད་ལགས་སོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ བདག་ལ་དགོངས་སུ་གསོལ། བདག་གིས་སྐྱེ་བ་འདི་དང་། སྐྱེ་བ་ཐོག་མ་དང་། ཐ་མ་མ་མཆིས་པ་ནས་འཁོར་བ་ན་འཁོར་བའི་སྐྱེ་བ་གཞན་དག་ཏུ་སྦྱིན་པ་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ལ་ཟས་ཁམ་གཅིག་ ཙམ་སྩལ་པ་གང་ལགས་པ་དང་། བདག་གིས་ཚུལ་ཁྲིམས་བསྲུངས་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གིས་ཚངས་པར་སྤྱོད་པ་ལ་གནས་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གིས་ སེམས་ཅན་ཡོངས་སུ་སྨིན་པར་བགྱིས་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གི་བྱང་ཆུབ་ཀྱི་སེམས་ཀྱི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གི་བླ་ན་མེད་པའི་ཡེ་ཤེས་ཀྱི་དགེ་བའི་རྩ་བ་གང་ 82-1-136b ལགས་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་ནས་བླ་ན་མ་མཆིས་པ་དང་། གོང་ན་མ་མཆིས་པ་དང་། གོང་མའི་ཡང་གོང་མར་ཡོངས་སུ་བསྔོ་བས་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །ཇི་ལྟར་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོས་པ་དང་། ཇི་ལྟར་མ་འོངས་པའི་སངས་རྒྱས་བཅོམ་ལྡན་ འདས་རྣམས་ཡོངས་སུ་བསྔོ་བར་འགྱུར་བ་དང་། ཇི་ལྟར་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ད་ལྟར་ཡོངས་སུ་བསྔོ་བར་མཛད་པ་དེ་ལྟར་བདག་གིས་ཀྱང་ཡོངས་སུ་བསྔོ་བར་ བགྱིའོ། །སྡིག་པ་ཐམས་ཅད་འཆགས་སོ། །བསོད་ནམས་ཐམས་ཅད་ཀྱི་རྗེས་སུ་ཡི་རང་ངོ་། །སངས་རྒྱས་ཐམས་ཅད་ལ་གསོལ་བ་འདེབས་སོ། །བདག་གི་ཡེ་ཤེས་བླ་ན་མེད་པའི་མཆོག་ཏུ་གྱུར་ཅིག ། མི་མཆོག་རྒྱལ་བ་གང་དག་ད་ལྟར་བཞུགས་པ་དང་། །གང་དག་འདས་པ་དག་དང་དེ་བཞིན་གང་མ་བྱོན། །ཡོན་ཏན་བསྔགས་པ་མཐའ་ཡས་རྒྱ་མཚོ་འདྲ་ཀུན་ལ། །ཐལ་མོ་སྦྱར་བ་བགྱིས་ཏེ་སྐྱབས་ སུ་ཉེ་བར་མཆིའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སངས་རྒྱས་བཅོམ་ལྡན་འདས་སུམ་བཅུ་རྩ་ལྔ་པོ་དེ་དག་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་དང་ལྡན་པའི་ཡིད་ལ་བྱེད་པ་དག་གིས་སྡིག་ པ་ཐམས་ཅད་རྣམ་པར་དག་པར་བྱའོ། །དེ་ལྟར་སྡིག་པ་ཐམས་ཅད་རྣམ་པར་དག་པ་དེ་ལ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཉིད་ཀྱང་སེམས་ཅན་རྣམ་པར་ཐར་པར་བྱ་བ་ཁོ་ནའི་ཕྱིར་ཞལ་ཉེ་བར་སྟོན་ པར་མཛད་དོ། །དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་འཁྲུལ་པ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཚིག་འབྲུ་རྣམ་པ་སྣ་ཚོགས་ཉེ་བར་སྟོན་པར་མཛད་ཀྱང་ཆོས་ཀྱི་དབྱིངས་ལས་ཀྱང་མི་གཡོ་ལ་སེམས་ཅན་ 82-1-137a མོས་པ་སྣ་ཚོགས་དང་ལྡན་པ་རྣམས་མོས་པ་ཇི་ལྟ་བ་བཞིན་དུ་རྣམ་པར་ཐར་པར་བྱ་བའི་ཕྱིར་སྨོན་ལམ་ཡོངས་སུ་རྫོགས་པར་ཡང་མཛད་དོ། །ཤཱ་རིའི་བུ་དེ་ལ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་ རྟེན་དང་། ལྷ་མ་ཡིན་གྱི་འགྲོ་བ་ཉེ་བར་སྟོན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཀོད་པ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ ཕྱིར་ཁྱིམ་བདག་གི་གཟུགས་ཉེ་བར་སྟོན་པར་མཛད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཆོག་གི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ འཁོར་ལོས་སྒྱུར་བའི་གཟུགས་ཉེ་བར་སྟོན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟི་བརྗིད་དྲག་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་ བྱ་བའི་ཕྱིར་བརྒྱ་བྱིན་དང་། ཚངས་པའི་གཟུགས་ཉེ་བར་སྟོན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནི་སེམས་ཅན་ ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཉན་ཐོས་ཀྱི་གཟུགས་ཉེ་བར་སྟོན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་པ་གཉིས་སུ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནི་སེམས་ཅན་ ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རང་སངས་རྒྱས་ཀྱི་གཟུགས་ཉེ་བར་སྟོན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནི་སེམས་ཅན་ཡོངས་སུ་ 82-1-137b སྨིན་པར་བྱ་བའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གཟུགས་ཉེ་བར་སྟོན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ལ་དབང་སྒྱུར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ ཞུགས་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་མོས་པ་ཇི་ལྟ་བ་བཞིན་དུ་གཟུགས་ཉེ་བར་སྟོན་པར་བྱེད་དེ། ཤཱ་རིའི་བུ་དེ་ལྟར་ན་སྐྱེས་བུ་དམ་པ་རྣམས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ ཕྱིར་ལ་ལར་ནི་བརྒྱ་བྱིན་གྱི་གཟུགས། ལ་ལར་ནི་ཚངས་པའི་གཟུགས། ལ་ལར་ནི་འཁོར་ལོས་སྒྱུར་བའི་གཟུགས་ཉེ་བར་སྟོན་པར་ཡང་བྱེད་ལ། ཆོས་ཀྱི་དབྱིངས་ལས་ཀྱང་མི་གཡོའོ། །དེ་ཅིའི་ཕྱིར་ ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་མོས་པ་སྣ་ཚོགས་དང་ལྡན་པའི་སེམས་ཅན་རྣམས་ལ་རྣམ་པར་རིག་པའི་གཟུགས་རྣམ་པ་སྣ་ཚོགས་ཉེ་བར་ སྟོན་པར་བྱེད་ཀྱང་དེ་ལ་བདག་ཏུ་དམིགས་པ་ཡང་མེད། སེམས་ཅན་དུ་དམིགས་པ་ཡང་མེད་ལ་སེམས་ཅན་རྣམས་ལ་འགྲོ་བ་སྣ་ཚོགས་ཀྱི་གཟུགས་ཉེ་བར་སྟོན་པར་ཡང་བྱེད་པའི་ཕྱིར་རོ། །ཤཱ་རིའི་ བུ་འདི་ཇི་སྙམ་དུ་སེམས། རི་དགས་ཀྱི་རྒྱལ་པོ་སེང་གེའི་སྒྲ་སྐད་གང་ཡིན་པ་དེ་བྱི་ལས་བཟོད་པར་ནུས་སྙམ་འམ། ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་དེ་ནི་མི་བཟོད་ལགས་ སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། སྤོས་ཀྱི་གླང་པོ་ཆེའི་ཁལ་གང་ཡིན་པ་དེ་བོང་བུས་བཟོད་པར་ནུས་སྙམ་འམ། ཤཱ་རིའི་ བུས་གསོལ་པ། བཅོམ་ལྡན་འདས་དེ་ནི་མི་བཟོད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། བརྒྱ་བྱིན་དང་། ཚངས་པ་དག་གི་གཟི་བརྗིད་ཀྱི་བདག་པོ་གང་ཡིན་པ་དེ་ 82-1-138a མི་དབུལ་པོས་བཟོད་པར་ནུས་སྙམ་འམ། ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་དེ་ནི་མི་བཟོད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། བྱའི་རྒྱལ་པོ་ནམ་མཁའ་ལྡིང་གི་ཕ་རོལ་གནོན་པ་གང་ཡིན་པ་དེ་བྱ་རྒོད་ཀྱི་ཕྲུག་གུས་བཟོད་པར་ནུས་སྙམ་འམ། ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་དེ་ནི་མི་བཟོད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་བཞིན་ དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་དཔའ་བ་དང་། དགེ་བའི་་་་་་བའི་སྟོབས་བསྐྱེད་པ་ལས་བྱུང་ཞིང་ཤེས་པ་ལས་ངེས་པར་བྱུང་བའི་ཉེས་པ་གང་ཡིན་པ་དང་། ཉེས་པའི་འགྱོད་པའི་གནས། སངས་རྒྱས་མཐོང་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ཐོབ་པས་རྣམ་པར་སྦྱོང་བ་གང་ཡིན་པ་དེ་ནི་སེམས་ཅན་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་ཐམས་ཅད་ཀྱིས་རྣམ་ པར་སྦྱོང་བར་མི་ནུས་སོ། །བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་མཚན་འཛིན་ཅིང་ཡོངས་སུ་བརྗོད་པ་དང་། ཕུང་པོ་གསུམ་པའི་ཆོས་ཀྱི་རྣམ་གྲངས་ཉིན་ལན་གསུམ་མཚན་ ལན་གསུམ་བརྗོད་པས་ཉེས་པ་བགྱིད་པའི་གནས་ལས་ངེས་པར་འབྱུང་ཞིང་ཏིང་ངེ་འཛིན་ཀྱང་ཐོབ་པར་འགྱུར་རོ།། །། བམ་པོ་གཉིས་པ། དེའི་ཚེ་ན་ཚེ་དང་ལྡན་པ་ཉེ་བར་འཁོར་ནང་དུ་ཡང་དག་འཇོག་ལས་ལངས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་འདི་སྐད་ 82-1-138b ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ན་བདག་གཅིག་པུ་དབེན་པར་མཆིས་ཏེ་ནང་དུ་ཡང་དག་བཞག་པ་ན་སེམས་ལ་ཡོངས་སུ་རྟོག་པ་འདི་ལྟ་བུ་འདི་སྐྱེས་ལགས་ཏེ། བཅོམ་ལྡན་འདས་ཀྱིས་ཉན་ ཐོས་ཀྱི་ཐེག་པ་བ་དང་། རང་སངས་རྒྱས་ཀྱི་ཐེག་པ་བ་རྣམས་ལ་ནི་སོ་སོར་ཐར་པའི་སྡོམ་པ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡོངས་སུ་དག་པ་བཅས་ལ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་ དཔའི་ཐེག་པ་བ་རྣམས་ཀྱིས་ནི་སྲོག་གི་ཕྱིར་ཡང་བསླབ་པ་ཡོངས་སུ་མི་གཏོང་ངོ་། །ཞེས་གསུངས་ལགས་ན། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་སམ་བཞུགས་ཀྱང་རུང་སྟེ། ཉན་ཐོས་ཀྱི་ཐེག་པ་བ་རྣམས་ཀྱི་སོ་སོར་ཐར་པའི་སྡོམ་པ་ནི་ཇི་ལྟར་བརྗོད་པར་བགྱི། རང་སངས་རྒྱས་ཀྱི་ཐེག་པ་བ་རྣམས་ཀྱི་སོ་སོར་ཐར་པའི་སྡོམ་པ་ནི་ཇི་ལྟར་བརྗོད་པར་བགྱི། ཐེག་ པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོར་ཐར་པའི་སྡོམ་པ་ནི་ཇི་ལྟར་བརྗོད་པར་བགྱི། བཅོམ་ལྡན་འདས་ཀྱིས་བདག་ནི་འདུལ་བ་འཛིན་པ་རྣམས་ཀྱི་མཆོག་ ལེགས་པར་བཀའ་སྩལ་ན། ཅི་ནས་ཀྱང་བདག་གིས་བཅོམ་ལྡན་འདས་ལས་འདུལ་བ་ལ་མཁས་པ་མངོན་སུམ་དུ་ཐོས་ཤིང་མངོན་སུམ་དུ་བཟུངས་ནས་མི་འཇིགས་པ་ཐོབ་ཅིང་འཁོར་རྣམས་ལ་རྒྱ་ཆེར་ཡང་དག་ པར་སྟོན་པར་འགྱུར་བ་དེ་ལྟར་བཅོམ་ལྡན་འདས་ཀྱིས་བདག་ལ་རྒྱ་ཆེར་ཡང་དག་པར་བསྟན་དུ་གསོལ་བར་བགྱི་ལགས་སོ། །སྙམ་སྟེ། བཅོམ་ལྡན་འདས་བདག་གཅིག་པུ་དབེན་པར་ མཆིས་ནས་ནང་དུ་ཡང་དག་པར་བཞག་པ་ན། སེམས་ལ་བདག་དེ་བཞིན་གཤེགས་པའི་སྤྱན་སྔར་མཆིས་ལ་འདུལ་བ་རྣམ་པར་གཏན་ལ་དབབ་པ་ཡོངས་སུ་ཞུའོ་སྙམ་པ་དེ་ལྟ་བུའི་ 82-1-139a ཡོངས་སུ་རྟོག་པ་སྐྱེས་པར་གྱུར་ལགས་ན་དེའི་སླད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་དགེ་སློང་གི་འཁོར་དང་། བྱང་ཆུབ་སེམས་དཔའི་འཁོར་ཆེན་པོ་འདུས་པ་ལ་འདུལ་བ་རྣམ་པར་གཏན་ ལ་དབབ་པ་རྒྱ་ཆེར་ལེགས་པར་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཉེ་བར་འཁོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཉེ་བར་འཁོར་དེའི་ཕྱིར་ཁྱོད་ཀྱིས་ ཉན་ཐོས་ཀྱི་ཐེག་པ་བ་རྣམས་ཀྱི་བསླབ་པ་ནི་སྦྱོར་བ་གཞན་དང་། ལྷག་པའི་བསམ་པ་གཞན་གྱིས་ཡོངས་སུ་དག་པ་ཡིན་པར་སྨྲོས་ཤིག །ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་བསླབ་པ་ཡང་སྦྱོར་བ་གཞན་དང་ལྷག་པའི་བསམ་པ་ཡང་གཞན་གྱིས་ཡོངས་སུ་དག་པ་ཡིན་པར་སྨྲོས་ཤིག །དེ་ཅིའི་ཕྱིར་ཞེ་ན། ཉེ་བར་འཁོར་ཉན་ཐོས་ཀྱི་ཐེག་པ་བ་རྣམས་ཀྱི་སྦྱོར་བ་ཡང་ གཞན། ལྷག་པའི་བསམ་པ་ཡང་གཞན་ལ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱོར་བ་ཡང་གཞན། ལྷག་པའི་བསམ་པ་ཡང་གཞན་ཡིན་པའི་ ཕྱིར་རོ། །ཉེ་བར་འཁོར་དེ་ལ་ཉན་ཐོས་ཀྱི་ཐེག་པ་པའི་ཚུལ་ཁྲིམས་ཡོངས་སུ་དག་པ་གང་ཡིན་པ་དེ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་ མ་དག་པ་ཉིད་དང་། ཤིན་དུ་འཆལ་བའི་ཚུལ་ཁྲིམས་ཉིད་ཡིན་ལ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་དག་པ་ཉིད་གང་ཡིན་པ་དེ་ནི་ཉན་ཐོས་ཀྱི་ཐེག་པ་ པའི་ཚུལ་ཁྲིམས་ཡོངས་སུ་མ་དག་པ་ཉིད་དང་། ཤིན་དུ་འཆལ་བའི་ཚུལ་ཁྲིམས་ཉིད་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཉེ་བར་འཁོར་འདི་ལ་ཉན་ཐོས་ཀྱི་ཐེག་པ་པ་ནི་དེའི་སྐད་ཅིག་ཙམ་ཡང་སྲིད་པར་སྐྱེ་བ་ལེན་པར་ 82-1-139b མི་བྱེད་དོ། །དེ་ནི་ཉན་ཐོས་ཀྱི་ཐེག་པ་པའི་ཚུལ་ཁྲིམས་ཡོངས་སུ་དག་པ་ཉིད་ཡིན་ལ། དེ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་མ་དག་པ་ཉིད་དང་། ཤིན་ དུ་འཆལ་བའི་ཚུལ་ཁྲིམས་ཉིད་ཡིན་པའི་ཕྱིར་རོ། །ཉེ་བར་འཁོར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་དག་པ་ཉིད་གང་ཡིན་པ་དེ་ནི་ཉན་ཐོས་ཀྱི་ཐེག་པ་ པའི་ཚུལ་ཁྲིམས་ཡོངས་སུ་མ་དག་པ་ཉིད་དང་། ཤིན་དུ་འཆལ་པའི་ཚུལ་ཁྲིམས་ཉིད་དུ་འགྱུར་བ་གང་ཞེ་ན། ཉེ་བར་འཁོར་འདི་ལ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་བསྐལ་ པ་ཚད་མེད་གྲངས་མེད་པར་སྲིད་པར་སྐྱེ་བ་ལེན་ཀྱང་སེམས་ཡོངས་སུ་མི་སྐྱོ་ཞིང་ཡིད་ཡོངས་སུ་མི་སྐྱོ་བ་དེ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་དག་པ་ ཉིད་ཡིན་ལ། དེ་ནི་ཉན་ཐོས་ཀྱི་ཐེག་པ་པའི་ཚུལ་ཁྲིམས་ཡོངས་སུ་མ་དག་པ་ཉིད་དང་། ཤིན་དུ་འཆལ་པའི་ཚུལ་ཁྲིམས་ཉིད་ཡིན་ནོ། །ཉེ་བར་འཁོར་དེ་ལྟ་བས་ན་ཁྱོད་ཀྱིས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་ པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ནི་རྗེས་སུ་སྲུང་བ་དང་བཅས་པ་ཡིན་པར་སྨྲོས་ཤིག །ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་བསླབ་པ་ནི་རྗེས་སུ་སྲུང་བ་མེད་པ་ཡིན་པར་སྨྲོས་ཤིག །ཐེག་པ་ཆེན་པོ་ ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ནི་བཅོས་སུ་ཡོད་པ་ཡིན་པར་སྨྲོས་ཤིག །ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་བསླབ་པ་ནི་བཅོས་སུ་མེད་པ་ཡིན་པར་སྨྲོས་ཤིག །ཐེག་པ་ ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ནི་རིང་དུ་རྗེས་སུ་ཞུགས་པ་ཡིན་པར་སྨྲོས་ཤིག །ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་བསླབ་པ་ནི་མཐར་ཆགས་པ་ཡིན་པར་སྨྲོས་ཤིག ། 82-1-140a ཉེ་བར་འཁོར་དེ་ལ་ཇི་ལྟར་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་རྗེས་སུ་སྲུང་བ་དང་བཅས་པ་ཡིན་ལ། ཉན་ཐོས་ཀྱི་ཐེག་པ་བ་རྣམས་ཀྱི་བསླབ་པ་རྗེས་སུ་སྲུང་བ་ མེད་པ་ཡིན་ཞེ་ན། ཉེ་བར་འཁོར་འདི་ལ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔས་ནི་སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་སེམས་ཀྱི་རྗེས་སུ་འཇུག་པར་བྱ་དགོས་ ལ། ཉན་ཐོས་ཀྱི་ཐེག་པ་བ་རྣམས་ལ་ནི་མི་དགོས་ཏེ། ཉེ་བར་འཁོར་རྣམ་གྲངས་དེས་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ནི་རྗེས་སུ་སྲུང་བ་དང་བཅས་པ་ ཡིན་ལ། ཉན་ཐོས་ཀྱི་ཐེག་པ་བ་རྣམས་ཀྱི་བསླབ་པ་ནི་རྗེས་སུ་སྲུང་བ་མེད་པ་ཡིན་ནོ། །ཉེ་བར་འཁོར་ཇི་ལྟར་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་བཅོས་ སུ་ཡོད་པ་ཡིན་ལ། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་བསླབ་པ་བཅོས་སུ་མེད་པ་ཡིན་ཞེ་ན། ཉེ་བར་འཁོར་འདི་ལ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི་གལ་ཏེ། སྔ་དྲོའི་དུས་ཀྱི་ཚེ། ཉེས་པ་བྱུང་ལ་གུང་ཚིགས་ཀྱི་དུས་ཀྱི་ཚེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བས་གནས་པར་བྱེད་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་མ་གཏུགས་པ་ཁོ་ན་ ཡིན་ནོ། །གལ་ཏེ་གུང་ཚིགས་ཀྱི་དུས་ཀྱི་ཚེ་ན་ཉེས་པ་བྱུང་ལ་ཕྱི་དྲོའི་དུས་ཀྱི་ཚེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བས་གནས་པར་བྱེད་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་ ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་མ་གཏུགས་པ་ཁོ་ན་ཡིན་ནོ། །གལ་ཏེ་ཕྱི་དྲོའི་དུས་ཀྱི་ཚེ་ན་ཉེས་པ་བྱུང་བ་ལ་མཚན་མོའི་ཐུན་དང་པོ་ལ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བས་གནས་པར་ 82-1-140b བྱེད་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་མ་གཏུགས་པ་ཁོ་ན་ཡིན་ནོ། །གལ་ཏེ་མཚན་མོའི་ཐུན་དང་པོ་ལ་ཉེས་པ་བྱུང་ལ་མཚན་མོའི་གུང་ཐུན་ ལ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བས་གནས་པར་བྱེད་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་མ་གཏུགས་པ་ཁོ་ན་ཡིན་ནོ། ། གལ་ཏེ་མཚན་མོའི་གུང་ཐུན་ལ་ཉེས་པ་བྱུང་ལ་མཚན་མོའི་ཐུན་ཐ་མ་ལ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བས་གནས་པར་བྱེད་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་ སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་མ་གཏུགས་པ་ཁོ་ན་ཡིན་ནོ། །ཉེ་བར་འཁོར་དེ་ལྟར་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ནི་བཅོས་སུ་ཡོད་ པ་ཡིན་ཏེ། དེ་ལ་ནི་བྱང་ཆུབ་སེམས་དཔས་འགྱོད་པའི་ཀུན་ནས་ལྡང་བ་ཧ་ཅང་བསྐྱེད་པར་མི་བྱ་ཞིང་ཧ་ཅང་ཡིད་ལ་གཅགས་པར་ཡང་མི་བྱའོ། །ཉེ་བར་འཁོར་དེ་ལ་ཉན་ཐོས་ཀྱི་ཐེག་པ་པ་ཡང་དང་ཡང་དུ་ཉེས་པ་བྱུང་ན་ནི་ ཉན་ཐོས་ཀྱི་ཐེག་པ་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཉམས་པ་དང་། རབ་ཏུ་ཉམས་པ་དང་། ཡོངས་སུ་གཏུགས་པ་ཡིན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་ཀྱི་ཐེག་པ་པས་ནི་ཉོན་མོངས་པ་ཐམས་ཅད་སྤང་ བའི་ཕྱིར་མགོ་དང་གོས་ལ་མེ་འབར་བ་ལྟ་བུར་བྱ་དགོས་པའི་ཕྱིར་ཏེ། དེ་ལྟར་ན་ཉན་ཐོས་ཀྱི་ཐེག་པ་པ་ལྷག་པའི་བསམ་པས་ཡོངས་སུ་མྱ་ངན་ལས་འདས་པར་འདོད་པ་རྣམས་ཀྱི་བསླབ་པ་ནི་བཅོས་སུ་མེད་པ་ཡིན་ནོ། ། ཉེ་བར་འཁོར་ཇི་ལྟར་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་རིང་དུ་རྗེས་སུ་ཞུགས་པ་ཡིན་ལ། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་བསླབ་པ་མཐར་ཆགས་པ་ 82-1-141a ཡིན་ཞེ་ན། ཉེ་བར་འཁོར་འདི་ལ་གལ་ཏེ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འདོད་པའི་ཡོན་ཏན་ལྔ་དག་གིས་རྩེ་བ་དང་། དགའ་ བ་དང་། དགའ་མགུར་སྤྱད་པ་བྱས་ཀྱང་བྱང་ཆུབ་ཀྱི་སེམས་མི་གཏོང་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་བསླབ་པ་ཡོངས་སུ་མ་གཏུགས་པ་ཁོ་ན་ཡིན་པར་རིག་པར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། ཉེ་བར་འཁོར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་དེ་ཉིད་ཀྱིས་ལེགས་པར་ཡོངས་སུ་ཟིན་པ་ནི་རྨི་ལམ་ན་ཡང་ཉོན་མོངས་པ་རྣམས་ ཀྱིས་ཀུན་དུ་རེག་པར་མི་འགྱུར་བའི་དུས་ཀྱང་ཡོད། སྐབས་ཀྱང་ཡོད་པར་འགྱུར་བ་དང་། ཉེ་བར་འཁོར་ཡང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི་སྲིད་པ་གཅིག་གིས་ཉོན་མོངས་པ་ཐམས་ ཅད་ཟད་པར་མི་བྱ་སྟེ། བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་རྣམས་ཀྱི་ཉོན་མོངས་པ་དག་ནི་རིམ་གྱིས་ཟད་པར་འགྱུར་བ་དང་། ཉན་ཐོས་ཀྱི་ཐེག་པ་པ་དགེ་བའི་རྩ་བ་ཡོངས་སུ་མ་སྨིན་པ་མགོ་དང་གོས་ ལ་མེ་འབར་བ་ལྟ་བུར་བྱེད་པས་ནི་དེའི་སྐད་ཅིག་ཙམ་ཡང་སྲིད་པར་སྐྱེ་བ་བསྐྱེད་པར་མི་བྱ་བའི་ཕྱིར་ཏེ། ཉེ་བར་འཁོར་དེ་ལྟར་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ བསླབ་པ་ནི་རིང་དུ་རྗེས་སུ་ཞུགས་པ་ཡིན་ལ། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་བསླབ་པ་ནི་མཐར་ཆགས་པ་ཡིན་ནོ། །ཉེ་བར་འཁོར་དེ་ལྟ་བས་ན་ཁྱོད་ཀྱིས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་ བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ནི་རྗེས་སུ་སྲུང་བ་དང་བཅས་པ་དང་། བཅོས་སུ་ཡོད་པ་དང་། རིང་དུ་རྗེས་སུ་ཞུགས་པ་ཡིན་པར་སྨྲོས་ཤིག །ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་བསླབ་པ་ནི་ 82-1-141b རྗེས་སུ་སྲུང་བ་མེད་པ་དང་། བཅོས་སུ་མེད་པ་དང་། མཐར་ཆགས་པ་ཡིན་པར་སྨྲོས་ཤིག །དེ་ཅིའི་ཕྱིར་ཞེ་ན། ཉེ་བར་འཁོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཚོགས་ཆེན་པོ་དང་ལྡན་པ་ཡིན་ པས་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་གཅིག་ཏུ་སྐྱོ་བས་ནི་བསྐལ་པ་ཚད་མེད་གྲངས་མེད་པ་ཡང་མཚམས་སྦྱོར་ཞིང་འཁོར་བར་སླ་བ་མ་ཡིན་པའི་ཕྱིར་ཏེ། ཉེ་བར་འཁོར་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དོན་གྱི་དབང་དེ་གཟིགས་པས་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་གཅིག་ཏུ་སྐྱོ་བའི་གཏམ་མི་གསུང་། གཅིག་ཏུ་འདོད་ཆགས་དང་བྲལ་བའི་གཏམ་མི་གསུང་། གཅིག་ཏུ་ཡིད་འབྱུང་བའི་གཏམ་མི་གསུང་བར་དགའ་བ་དང་མཆོག་ཏུ་དགའ་བ་དང་ལྡན་པའི་གཏམ་གསུང་ངོ་། །ཟབ་པ་དང་། ཀུན་ནས་ཉོན་མོངས་པ་ཅན་ མ་ཡིན་པ་དང་། ཕྲ་བ་དང་། བརྟགས་པ་དང་། འགྱོད་པ་མེད་པ་དང་། ཀུན་ནས་ལྡང་བ་མེད་པའི་གཏམ་གསུང་ངོ་། །ཐོགས་པ་མེད་པ་དང་། སྒྲིབ་པ་མེད་པ་དང་། སྟོང་པ་ཉིད་ཀྱི་གཏམ་གསུང་སྟེ། དེ་དག་གི་གཏམ་ དེ་དག་ཐོས་ནས་མངོན་པར་དགའ་ཞིང་འཁོར་བས་ཡོངས་སུ་མི་སྐྱོ་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆགས་པ་མེད་པ་ཡང་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ ཉེ་བར་འཁོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ནོངས་པ་གང་ལགས་པ་དེ་དག་ལས་ཁ་ཅིག་ནི་འདོད་ཆགས་དང་མཚུངས་པར་ལྡན་པ་ལགས། ཁ་ཅིག་ནི་ཞེ་སྡང་དང་མཚུངས་པར་ལྡན་པ་ལགས། ཁ་ཅིག་ནི་གཏི་མུག་དང་མཚུངས་པར་ལྡན་པ་ལགས་ན། བཅོམ་ལྡན་འདས་དེ་དག་ལས་ཅི་འདོད་ཆགས་དང་མཚུངས་པར་ལྡན་པ་འམ། འོན་ཏེ་ཞེ་སྡང་དང་མཚུངས་པར་ལྡན་པ་འམ། འོན་ཏེ་གཏི་མུག་དང་མཚུངས་ 82-1-142a པར་ལྡན་པ་འམ། གང་ཞིག་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་ནོངས་པ་ཤིན་དུ་ལྕི་བར་འགྱུར་བ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་ པ་ཉེ་བར་འཁོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཉེ་བར་འཁོར་གལ་ཏེ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་ལ་འདོད་ཆགས་དང་མཚུངས་པར་ལྡན་པའི་ཉེས་པ་བསྐལ་པ་གང་ གཱའི་ཀླུང་གི་བྱེ་མ་སྙེད་དུ་བྱུང་བར་གྱུར་ལ། ཞེ་སྡང་དང་མཚུངས་པར་ལྡན་པའི་ཉེས་པ་གང་ཡིན་པ་ནི་གཅིག་ཅིག་བྱུང་བར་གྱུར་ན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་ཚད་མར་བྱས་ན་ཞེ་སྡང་དང་མཚུངས་པར་ ལྡན་པའི་ཉེས་པ་གང་ཡིན་པ་དེ་ནི་འདོད་ཆགས་དང་མཚུངས་པར་ལྡན་པའི་ཉེས་པ་དེ་དག་པས་ཆེས་ཉེས་པ་ལྕི་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཉེ་བར་འཁོར་ཞེ་སྡང་ནི་སེམས་ཅན་ཡོངས་སུ་གཏོང་བར་འགྱུར་བ་ ཡིན་ལ། འདོད་ཆགས་ནི་སེམས་ཅན་སྡུད་པར་འགྱུར་བ་ཡིན་ཏེ། ཉེ་བར་འཁོར་དེ་ལ་སེམས་ཅན་སྡུད་པར་འགྱུར་བའི་ཉོན་མོངས་པ་གང་ཡིན་པ་དེ་ལ་ནི་བྱང་ཆུབ་སེམས་དཔའི་སྒྱུ་བག་དང་འཇིགས་པ་མེད་ལ། སེམས་ ཅན་ཡོངས་སུ་གཏོང་བར་འགྱུར་བའི་ཉོན་མོངས་པ་གང་ཡིན་པ་དེ་ལ་ནི་བྱང་ཆུབ་སེམས་དཔའི་སྒྱུ་བག་དང་འཇིགས་པ་ཡོད་པའི་ཕྱིར་རོ། །ཉེ་བར་འཁོར་ཡང་དེ་བཞིན་གཤེགས་པས་འདོད་ཆགས་ནི་འབྲལ་བ་བུལ་ལ་ ཁ་ན་མ་ཐོ་བ་དང་། བཅས་པ་ཆུང་བ་དང་། ཞེ་སྡང་ནི་འབྲལ་བ་མྱུར་ལ་ཁ་ན་མ་ཐོ་བ་དང་བཅས་པ་ཆེ་བ་དང་། གཏི་མུག་ནི་འབྲལ་བ་བུལ་ལ་ཁ་ན་མ་ཐོ་བ་དང་བཅས་པ་ཆེ་བར་གསུངས་པ་གང་ཡིན་པ་དེ་ལ། ཉེ་བར་ འཁོར་འབྲལ་བ་བུལ་ལ་ཁ་ན་མ་ཐོ་བ་དང་བཅས་པ་ཆུང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་ཉོན་མོངས་པ་མ་ཡིན་པར་བལྟའོ། །འབྲལ་བ་མྱུར་ལ་ཁ་ན་མ་ཐོ་བ་དང་བཅས་པ་ཆེ་བ་གང་ཡིན་པ་དེ་ནི་བྱང་ཆུབ་ 82-1-142b སེམས་དཔའི་ཉོན་མོངས་པ་ཡིན་པས་རྨི་ལམ་ན་ཡང་འདོད་པར་མི་བྱའོ། །ཉེ་བར་འཁོར་དེ་ལྟ་བས་ན་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འདོད་ཆགས་དང་མཚུངས་པར་ལྡན་པའི་ཉེས་པ་གང་དག་ཡིན་པ་དེ་དག་ལ་ནི་བྱང་ཆུབ་སེམས་དཔའི་སྒྱུ་བག་དང་ཉེས་པ་མེད་པས་དེ་དག་ ཐམས་ཅད་ནི་ཉེས་པ་མ་ཡིན་པར་སྨྲོས་ཤིག །ཞེ་སྡང་དང་མཚུངས་པར་ལྡན་པའི་ཉེས་པ་གང་དག་ཡིན་པ་དེ་དག་ལ་ནི་བྱང་ཆུབ་སེམས་དཔའི་སྒྱུ་བག་དང་ཉེས་པ་ཡོད་པས་དེ་དག་ཐམས་ཅད་ནི་ཉེས་པ་ཡིན་པར་སྨྲོས་ཤིག །ཉེ་བར་འཁོར་དེ་ལ་བྱང་ཆུབ་སེམས་དཔའ་གང་ དག་ཐབས་ལ་མི་མཁས་པ་དེ་དག་ནི་འདོད་ཆགས་དང་མཚུངས་པར་ལྡན་པའི་ཉེས་པ་དག་གིས་འཇིགས་པར་བྱེད་ལ། ཞེ་སྡང་དང་མཚུངས་པར་ལྡན་པ་དག་གིས་ནི་འཇིགས་པར་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་གང་དག་ཐབས་ལ་མཁས་པ་དེ་དག་ནི་ཞེ་སྡང་དང་མཚུངས་ པར་ལྡན་པའི་ཉེས་པ་དག་གིས་འཇིགས་པར་བྱེད་ལ་འདོད་ཆགས་དང་མཚུངས་པར་ལྡན་པ་དག་གིས་ནི་འཇིགས་པར་མི་བྱེད་དོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ། འདུག་པ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ ཏོ། །བཅོམ་ལྡན་འདས་ཤིན་དུ་དུལ་བའི་ཆོས་ཐམས་ཅད་ལ་འདུལ་བ་པ་ཅི་ཞིག་མཆིས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་གལ་ཏེ་བྱིས་པ་སོ་སོའི་སྐྱེ་བོ་ རྣམས་ཀྱི་ཆོས་ཐམས་ཅད་ཤིན་དུ་དུལ་བར་ཤེས་ན་ནི་དེ་བཞིན་གཤེགས་པ་ཡང་ཡང་དང་ཡང་དུ་འདུལ་བ་འཆའ་བར་མི་མཛད་པ་ཞིག་ན། གང་གི་ཕྱིར་སེམས་ཅན་རྣམས་ཀྱིས་མི་ཤེས་པ་དེའི་ཕྱིར་དེ་བཞིན་གཤེགས་པ་ཡང་ཆོས་ཐམས་ཅད་ཤིན་དུ་དུལ་བ་ རྟོགས་པར་བྱ་བའི་ཕྱིར་རིམ་གྱིས་བྱ་བའི་འདུལ་བ་འཆའ་བར་མཛད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་བ་འདི་འདུལ་བ་རྣམ་པར་གཏན་ལ་དབབ་པ་བསྟན་ པ་བཤད་པ་འདི་ལ་ཅི་ཡང་མི་སྟོན་ལགས་ན། བཅོམ་ལྡན་འདས་དེའི་སླད་དུ་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་བ་འདི་བསྟན་པ་འགའ་ཞིག་ལེགས་པར་སྟོན་པར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་བ་ལ་འདི་སྐད་ 82-1-143a ཅེས་བཀའ་སྩལ་ཏོ། །འཇམ་དཔལ་དགེ་སློང་ཉེ་བར་འཁོར་འདི་འདུལ་བ་ལ་མཁས་པ་ཉན་པར་འདོད་ཀྱིས་ཤིན་དུ་དུལ་བ་ལས་རྩོམས་ཏེ་ཁྱོད་སློབས་པར་གྱིས་ཤིག །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བས་ཚེ་དང་ལྡན་པ་ཉེ་བར་འཁོར་ལ་འདི་སྐད་ ཅེས་སྨྲས་སོ། །བཙུན་པ་ཉེ་བར་འཁོར་ཆོས་ཐམས་ཅད་ནི་ཤིན་དུ་དུལ་བ་ཏེ། རང་གི་སེམས་གདུལ་བའི་ཕྱིར་ཤིན་དུ་དུལ་བ་ཀུན་དུ་སྟོན་ཏོ། །ཆོས་ཐམས་ཅད་ནི་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་སྟེ་བདག་མི་དམིགས་པའི་ཕྱིར་འགྱོད་པ་འདུལ་བ་ཀུན་དུ་སྟོན་ཏོ། ། ཆོས་ཐམས་ཅད་ནི་ཕྱིན་ཅི་མ་ལོག་པ་སྟེ། རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་ཤིན་དུ་དུལ་བ་ཀུན་དུ་སྟོན་ཏོ། །ཆོས་ཐམས་ཅད་ནི་དེ་བཞིན་ཉིད་ཀྱི་མཐའི་སྒོ་ཡིན་ཏེ། བསླབ་པ་ལ་རློམ་སེམས་མེད་པར་བྱ་བའི་ཕྱིར་བསླབ་པ་ཡོངས་སུ་དག་པ་ཀུན་དུ་སྟོན་ ཏོ། །ཆོས་ཐམས་ཅད་ནི་རྣམ་པར་མི་རྟོག་པ་དང་། བླང་བ་མེད་པ་དང་། དོར་བ་མེད་པ་སྟེ་བསམ་གྱིས་མི་ཁྱབ་པས་ཆགས་པ་མེད་པ་ཉིད་ཀུན་དུ་སྟོན་ཏོ། །ཆོས་ཐམས་ཅད་ནི་ཆགས་པ་མེད་པ་དང་། གནས་པ་མེད་པ་སྟེ། ཡུན་རིང་དུ་མི་གནས་པའི་ ཕྱིར་འགྲོ་བ་ཐམས་ཅད་ཡོངས་སུ་དག་པ་ཀུན་དུ་སྟོན་ཏོ། །ཆོས་ཐམས་ཅད་ནི་ནམ་མཁའི་མཐའ་ལ་གནས་པ་སྟེ། དངོས་པོ་དང་བྲལ་བའི་ཕྱིར་རང་བཞིན་མེད་པ་ཉིད་ཀུན་དུ་སྟོན་ཏོ། །ཆོས་ཐམས་ཅད་ནི་ཐ་དད་དུ་བྱ་བ་མེད་པར་གྱུར་བ་སྟེ། སྔོན་གྱིས་མཐའ་ དང་ཕྱི་མའི་མཐའ་དང་ད་ལྟར་བྱུང་བ་མི་དམིགས་པའི་ཕྱིར་དུས་གསུམ་མཉམ་པ་ཉིད་ཀུན་དུ་སྟོན་ཏོ། །ཆོས་ཐམས་ཅད་ནི་གདགས་པ་དང་བྲལ་བ་སྟེ། སེམས་མཉམ་པ་ཉིད་དུ་སྤྱོད་པའི་ཕྱིར་ཐེ་ཚོམ་སྤང་བ་ཀུན་ཏུ་སྟོན་ཏོ། །བཙུན་པ་ཉེ་བར་འཁོར་དེ་ནི་ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རྗེས་སུ་རྟོགས་པ་ཆོས་ཀྱི་དབྱིངས་ཤིན་དུ་དུལ་བ་ཡིན་ཏེ། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་དག་ཆོས་ཉིད་འདི་ལ་མནོས་པ་དེ་དག་ནི་དེ་བཞིན་གཤེགས་པའི་བསླབ་པ་ལས་རིང་དུ་གྱུར་བ་ཡིན་ནོ། ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པར་ཉེ་བར་འཁོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་བ་ནི་གང་དང་གང་སྟོན་པ་དེ་དག་ཐམས་ཅད་བསམ་གྱིས་མི་ཁྱབ་པ་ཁོ་ན་ལས་བརྩམས་ཏེ་སྟོན་ལགས་སོ། ། 82-1-143b དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཉེ་བར་འཁོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཉེ་བར་འཁོར་འཇམ་དཔལ་གཞོན་ནུར་གྱུར་བའི་ཆོས་སྟོན་པ་ནི་རྣམ་པར་གྲོལ་བའི་རྒྱུ་འཐུན་པ་ཡིན་ཏེ། བསམ་གྱིས་མི་ཁྱབ་པ་ཉིད་ལ་མ་བརྟེན་པར་ རྣམ་པར་གྲོལ་བ་མེད་པས་ན། དེའི་ཕྱིར་འཇམ་དཔལ་གཞོན་ནུར་གྱུར་བ་ནི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་དང་། སེམས་པ་ལ་མོས་པ་ལྷག་པའི་ང་རྒྱལ་ཅན་རྣམས་ཀྱི་ལྷག་པའི་ང་རྒྱལ་མེད་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་སེམས་གང་དང་། མཚུངས་པར་ལྡན་ན་ལྷག་པའི་ང་རྒྱལ་ཅན་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཉེ་བར་འཁོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཉེ་བར་འཁོར་འདི་ལ་དགེ་སློང་གལ་ཏེ་འདོད་ཆགས་སྤང་བར་སེམས་ན་ལྷག་པའི་ང་རྒྱལ་ལ་སྤྱོད་པ་ཡིན་ནོ། །གལ་ཏེ་ཞེ་སྡང་སྤང་བ་དང་། གཏི་མུག་སྤང་བར་སེམས་ན་ལྷག་པའི་ང་རྒྱལ་ལ་སྤྱོད་པ་ཡིན་ནོ། །གལ་ཏེ་འདོད་ཆགས་ཀྱི་ཆོས་ཀྱང་གཞན་ལ་སངས་རྒྱས་ཀྱི་ ཆོས་ཀྱང་གཞན་ནོ་ཞེས་དེ་སྙམ་དུ་སེམས་ན་ལྷག་པའི་ང་རྒྱལ་ལ་སྤྱོད་པ་ཡིན་ནོ། །གལ་ཏེ་ཞེ་སྡང་གི་ཆོས་ཀྱང་གཞན་ལ་སངས་རྒྱས་ཀྱི་ཆོས་ཀྱང་གཞན་པ་དང་། གཏི་མུག་གི་ཆོས་ཀྱང་གཞན་ལ་སངས་རྒྱས་ཀྱི་ཆོས་ཀྱང་གཞན་ནོ་ཞེས་དེ་སྙམ་དུ་སེམས་ ན་ལྷག་པའི་ང་རྒྱལ་ལ་སྤྱོད་པ་ཡིན་ནོ། །གལ་ཏེ་དགའ་བ་ལ་སེམས་ན་ལྷག་པའི་ང་རྒྱལ་ལ་སྤྱོད་པ་ཡིན་ནོ། །བྱ་བ་ལ་སེམས་ན་ལྷག་པའི་ང་རྒྱལ་ལ་སྤྱོད་པ་ཡིན་ནོ། །རྣམ་པར་གྲོལ་བ་ལ་སེམས་ན་ལྷག་པའི་ང་རྒྱལ་ལ་སྤྱོད་པ་ཡིན་ནོ། །སྟོང་པ་ཉིད་ལ་སེམས་ ན་ལྷག་པའི་ང་རྒྱལ་ལ་སྤྱོད་པ་ཡིན་ནོ། །མཚན་མ་མེད་པ་ལ་སེམས་ན་ལྷག་པའི་ང་རྒྱལ་ལ་སྤྱོད་པ་ཡིན་ནོ། །སྨོན་པ་མེད་པ་ལ་སེམས་ན་ལྷག་པའི་ང་རྒྱལ་ལ་སྤྱོད་པ་ཡིན་ནོ། །མངོན་པར་འདུ་བྱ་བ་མེད་པ་ལ་སེམས་ན་ལྷག་པའི་ང་རྒྱལ་ལ་སྤྱོད་པ་ཡིན་ནོ། ། སྐྱེ་བ་མེད་པ་ལ་སེམས་ན་ལྷག་པའི་ང་རྒྱལ་ལ་སྤྱོད་པ་ཡིན་ནོ། །དངོས་པོ་མེད་པ་ལ་སེམས་ན་ལྷག་པའི་ང་རྒྱལ་ལ་སྤྱོད་པ་ཡིན་ནོ། །གལ་ཏེ་ཆོས་རྣམས་ཡོད་དོ་སྙམ་དུ་སེམས་ན་ལྷག་པའི་ང་རྒྱལ་ལ་སྤྱོད་པ་ཡིན་ནོ། །ཆོས་ཐམས་ཅད་ནི་མི་རྟག་གོ་སྙམ་དུ་ 82-1-144a སེམས་ན་ལྷག་པའི་ང་རྒྱལ་ལ་སྤྱོད་པ་ཡིན་ནོ། །ཆོས་ཐམས་ཅད་ལ་སྟོང་པ་ལ་ཡང་བྱ་བ་ཅི་ཡོད་ཅེས་དེ་སྙམ་དུ་སེམས་ན་ལྷག་པའི་ང་རྒྱལ་ལ་སྤྱོད་པ་ཡིན་ཏེ། དེ་ནི་ཉན་ཐོས་ཀྱི་ཐེག་པ་པའི་ལྷག་པའི་ང་རྒྱལ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་ ལྷག་པའི་ང་རྒྱལ་གང་ཞེ་ན། གལ་ཏེ་བདག་གིས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་སངས་རྒྱས་ཀྱི་ཡེ་ཤེས་ལ་སེམས་བསྐྱེད་དོ་ཞེས་དེ་སྙམ་དུ་སེམས་ན་ལྷག་པའི་ང་རྒྱལ་ལ་སྤྱོད་པ་ཡིན་ནོ། །གལ་ཏེ་ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ་ཞེས་དེ་སྙམ་དུ་སེམས་ ན་ལྷག་པའི་ང་རྒྱལ་ལ་སྤྱོད་པ་ཡིན་ནོ། །གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་འབྱུང་བ་ཡིན་པར་སེམས་ཏེ། དེ་སྙམ་སེམས་ན་ལྷག་པའི་ང་རྒྱལ་ལ་སྤྱོད་པ་ཡིན་ནོ། །གལ་ཏེ་འདི་ནི་ཟབ་པའོ། །འདི་ནི་ཟབ་པ་མ་ཡིན་ནོ། །ཞེས་དེ་སྙམ་སེམས་ན་ལྷག་པའི་ང་རྒྱལ་ལ་ སྤྱོད་པ་ཡིན་ནོ། །གལ་ཏེ་འདིས་ནི་རྣམ་པར་དག་པར་འགྱུར་ལ་འདིས་ནི་རྣམ་པར་དག་པར་མི་འགྱུར་རོ། །ཞེས་དེ་སྙམ་སེམས་ན་ལྷག་པའི་ང་རྒྱལ་ལ་སྤྱོད་པ་ཡིན་ནོ། །གལ་ཏེ་འདི་དག་ནི་སངས་རྒྱས་ཀྱི་ཆོས་སོ། །འདི་དག་ནི་རང་སངས་རྒྱས་ཀྱི་ཆོས་སོ། །འདི་དག་ནི་ཉན་ཐོས་ ཀྱི་ཆོས་སོ་ཞེས་དེ་སྙམ་སེམས་ན་ལྷག་པའི་ང་རྒྱལ་ལ་སྤྱོད་པ་ཡིན་ནོ། །གལ་ཏེ་འདི་ནི་རིགས་སོ། །འདི་ནི་མི་རིགས་སོ། །ཞེས་དེ་སྙམ་སེམས་ན་ལྷག་པའི་ང་རྒྱལ་ལ་སྤྱོད་པ་ཡིན་ནོ། །གལ་ཏེ་འདི་ནི་ཀུན་ནས་ཉོན་མོངས་པ་ཅན་ཡིན་ནོ། །འདི་ནི་ཀུན་ནས་ཉོན་མོངས་ པ་ཅན་མ་ཡིན་ནོ། །ཞེས་དེ་སྙམ་སེམས་ན་ལྷག་པའི་ང་རྒྱལ་ལ་སྤྱོད་པ་ཡིན་ནོ། །གལ་ཏེ་འདི་ནི་ལམ་ཡིན་ནོ། །འདི་ནི་ལམ་མ་ཡིན་ནོ། །ཞེས་དེ་སྙམ་སེམས་ན་ལྷག་པའི་ང་རྒྱལ་ལ་སྤྱོད་པ་ཡིན་ནོ། །གལ་ཏེ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །ཞེས་དེ་སྙམ་སེམས་ན་ལྷག་པའི་ང་རྒྱལ་ལ་སྤྱོད་པ་ཡིན་ནོ། །གལ་ཏེ་ཆོས་ཐམས་ཅད་ནི་བསམ་གྱིས་མི་ཁྱབ་པ་ཡིན་པས་འདི་ལ་བསམ་པར་བྱ་བ་མེད་དོ། །ཞེས་དེ་སྙམས་སེམས་ན་ ལྷག་པའི་ང་རྒྱལ་ལ་སྤྱོད་པ་ཡིན་ནོ། །གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་བསམ་གྱིས་མི་ཁྱབ་པ་ཡིན་པས་བསམ་པར་བྱ་བ་ཅི་ཡང་མེད་དོ། །ཞེས་དེ་སྙམ་སེམས་ན་དམིགས་པ་ཆེན་པོ་ཡིན་ཏེ། དེ་ནི་ 82-1-144b བྱང་ཆུབ་སེམས་དཔའི་ཐེག་པ་པའི་ལྷག་པའི་ང་རྒྱལ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་གྱིས་ན། དགེ་སློང་ ལྷག་པའི་ང་རྒྱལ་མ་མཆིས་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཉེ་བར་འཁོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཉེ་བར་འཁོར་དགེ་སློང་གང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུ་ འཐུན་པ། བསམ་གྱིས་མི་ཁྱབ་པ་ཉིད་ལ་མངོན་པར་ཞེན་པར་མི་བྱེད་ན་དེ་ནི་ཤིན་དུ་ལྷག་པའི་ང་རྒྱལ་མེད་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་བསམ་གྱིས་མི་ཁྱབ་པ་འདི་ཉིད་རྒྱ་ཆེར་སྟོན་ཅིང་དེའི་ཚེ་ཚིགས་ སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །གང་དག་བསམ་ཡས་ཆོས་རྣམས་འདི་ཤེས་པའི། །མི་རྣམས་དེ་དག་རྟག་ཏུ་བདེ་བ་ཡིན། །ཆོས་དང་ཆོས་མིན་རྣམ་རྟོག་མེད་པ་སྟེ། །ཐམས་ཅད་སེམས་ཀྱི་སྤྲོས་པས་ཕྱེ་བ་ ཡིན། །ཐམས་ཅད་བསམ་ཡས་ཐམས་ཅད་བྱུང་མིན་བས། །དངོས་དང་དངོས་མེད་ཤེས་པ་རྣམ་པར་ཤིག །བྱིས་པ་གང་དག་སེམས་ཀྱི་དབང་སོང་བ། །དེ་དག་སྲིད་པ་བྱེ་བ་བརྒྱར་སྡུག་བསྔལ། །དགེ་ སློང་གང་དག་བསམ་ཡས་ཡོད་མིན་པའི། །སངས་རྒྱས་མི་མཆོག་དེ་སེམས་ཚུལ་བཞིན་མིན། །རྟོག་པའི་དབང་གིས་སངས་རྒྱས་རྣམ་པར་བརྟགས། །རྟོག་པ་དེ་ཡང་ནམ་ཡང་བྱུང་མ་ཡིན། །གང་དག་ཆོས་རྣམས་ སྟོང་ལ་སེམས་བྱེད་པའི། །བྱིས་པ་དེ་དག་ལམ་ངན་ཞུགས་པ་ཡིན། །ཆོས་རྣམས་སྟོང་པ་ཡི་གེས་བརྗོད་པ་ནི། །དེ་དག་ཡི་གེ་མེད་པར་ཡི་གེས་བསྟན། །གང་དག་ཞི་ཞིང་རབ་ཞིའི་ཆོས་སེམས་པའི། ། སེམས་པ་དེ་ཡང་ནམ་ཡང་བྱུང་མ་ཡིན། །སྤྲོས་ཀུན་སེམས་ཀྱི་རྣམ་པར་རྟོག་ཡིན་ཏེ། །དེ་ཕྱིར་ཆོས་རྣམས་བསམ་ཡས་རྟོགས་པར་གྱིས། །ཆོས་འདི་ཐམས་ཅད་སེམས་མེད་སེམས་ 82-1-145a པ་མེད། །ཇི་སྲིད་མི་སེམས་དེ་སྲིད་སྟོང་པ་ཡིན། །མི་གང་སྟོང་ལ་སེམས་པར་བྱེད་འདོད་པ། །བསམ་ཡས་ཀུན་ལ་ཕྱིར་ཞིང་སེམས་པ་ཡིན། །མིག་ནི་ཐམས་ཅད་ལྡན་ན་མཐོང་ འགྱུར་ཏེ། །མིག་གིས་གཟུགས་རྣམས་མཐོང་བ་གང་ཡིན་པའང་། །མཚན་མོ་རྐྱེན་རྣམས་མེད་ན་མཐོང་མི་འགྱུར། །དེ་ཕྱིར་ལྡན་དང་བྲལ་བ་རྣམ་རྟོག་ཡིན། །མིག་ནི་སྣང་ལས་བརྟེན་ཏེ་ ཡིད་འོང་དང་། །ཡིད་དུ་མི་འོང་སྣ་ཚོགས་གཟུགས་མཐོང་བས། །དེ་ལྟར་ལྡན་ལས་བརྟེན་ཏེ་མཐོང་བས་ན། །དེ་ཕྱིར་མིག་གིས་ནམ་ཡང་མཐོང་བ་མེད། །ཡིད་དུ་འོང་བའི་སྒྲ་གྲག་གང་ཡིན་པ། ། དེ་ཡང་ནམ་ཡང་ནང་དུ་ཞུགས་པ་མེད། །དེར་འགྲོ་དམིགས་སུ་ཡོད་པ་མ་ཡིན་ཏེ། །རྟོག་པའི་དབང་གིས་སྒྲ་རྣམས་བྱུང་བ་ཡིན། །ཆོས་རྣམས་འདི་དག་ཡི་གེ་སྒྲ་སྐད་ཀྱིས། །གྲངས་དང་ཐ་སྙད་ གདགས་པར་བསྟན་པ་ཡིན། །ཆོས་དང་ཆོས་མིན་ནམ་ཡང་ཡོད་མིན་ཡང་། །སྐྱེ་བོ་བྱིས་པ་རྣམས་ལ་དེ་མི་སྣང་། །སྦྱིན་པའི་བསྔགས་པ་འཇིག་རྟེན་ངས་བརྗོད་ཀྱང་། །སེར་སྣའི་ཆོས་དེའང་དམིགས་ སུ་ཡོད་མ་ཡིན། །དེ་ལྟར་རྒྱལ་བའི་ཆོས་རྣམས་བསམ་ཡས་ཏེ། །དེ་ཡང་དམིགས་མེད་དེ་ཡང་མཐོང་བ་མེད། །ཚུལ་ཁྲིམས་བྱ་བ་དག་པ་ངས་བཤད་ཀྱང་། །འཆལ་བའི་ཚུལ་ཁྲིམས་མཁའ་ལ་ལག་པ་ བཞིན། །ཚུལ་ཁྲིམས་ངན་པ་ཐམས་ཅད་མཁའ་འདྲ་སྟེ། །གང་དག་ཚུལ་བཟང་དེ་ཡང་དེ་དང་འདྲ། །བཟོད་པ་གྱ་ནོམ་ང་ཡིས་བཤད་བྱས་ཀྱང་། །དེ་ཡི་རང་བཞིན་ནམ་ཡང་མཐོང་བ་མེད། །འདི་ན་ཆོས་ འགའ་འང་འཁྲུག་པ་ཡོད་མིན་ཡང་། །བཟོད་པ་དེ་ཡང་རྒྱལ་བས་རབ་ཏུ་བཤད། །ཉིན་མཚན་བག་ཡོད་བྱ་ཕྱིར་ང་ཡིས་ནི། །མི་ཉལ་དམ་པ་བསྔགས་པ་བརྗོད་བྱས་ཏེ། །བསྐལ་པ་བརྒྱ་སྙེད་བརྩོན་འགྲུས་བསྐྱེད་ 82-1-145b བྱས་ཀྱང་། །འཕེལ་བར་མི་འགྱུར་ཟད་པ་ཡོད་མ་ཡིན། །བསམ་གཏན་རྣམ་ཐར་ཏིང་འཛིན་གྱ་ནོམ་པའི། །ཇི་བཞིན་སྒོ་དག་འགྲོ་ལ་བསྟན་བྱས་ཏེ། །འདི་ལ་ཆོས་འགའ་འང་ཟད་པ་ཡོད་མིན་ཡང་། །དེ་ དག་ཆ་ཤས་ཕྱེ་སྟེ་རབ་ཏུ་བསྟན། །ཤེས་རབ་ཆོས་རྣམས་ཤེས་པར་གྱིས་ཤིག་ཅེས། །ཤེས་རབ་ལྷག་མཐོང་བློ་གྲོས་ངས་བསྟན་ཀྱང་། །རང་བཞིན་རང་བཞིན་མེད་པ་ནམ་དུ་ཡང་། །ཤེས་པར་མི་ ནུས་དེ་ཡང་ངེས་པར་བསྟན། །རབ་དབེན་ཆོག་ཤེས་སྦྱངས་ལ་དགའ་གྱིས་ཤེས། །དཀའ་ཐུབ་ངན་པ་འཇིག་རྟེན་ངས་བཤད་ཀྱང་། །ཆོས་ཤེས་ཡོངས་སུ་མི་འཐོབ་གང་ཡིན་པ། །ཆོས་དེ་འདི་ན་དམིགས་ སུ་ཡོད་མ་ཡིན། །སེམས་དམྱལ་འཇིགས་པ་ང་ཡིས་བསྟན་བྱས་ཏེ། །སེམས་ཅན་སྟོང་ཕྲག་དུ་མ་སྐྱོ་བྱས་ཀྱང་། །གང་དག་ཤི་འཕོས་ངན་སོང་དྲག་འགྲོ་བའི། །འགྲོ་བ་དེ་དག་ནམ་ཡང་ཡོད་མ་ཡིན། ། གང་དག་རལ་གྲི་མདའ་ཆེན་མཚོན་འབྱིན་པའི། །གནོད་པ་བྱེད་པ་ཡོད་པ་མ་ཡིན་ཏེ། །རྟོག་པའི་དབང་གིས་ངན་སོང་དེ་དག་ན། །ལུས་ལ་འབབ་མཐོང་དེ་ན་མཚོན་ཆ་མེད། །སྣ་ཚོགས་ཡིད་དགའ་མེ་ཏོག་ཁ་བྱེ་ ཞིང་། །གསེར་གྱི་ཁང་མཆོག་འབར་བ་ཡིད་འོང་བ། །འདི་ན་དེ་ལའང་བྱེད་པ་འགའ་མེད་དེ། །དེ་དག་རྟོག་པའི་དབང་གིས་གཞག་པ་ཡིན། །རྟོག་པའི་དབང་གིས་འཇིག་རྟེན་རྣམས་བརྟགས་ཏེ། །འདུ་ཤེས་ འཛིན་པས་བྱིས་པ་རྣམ་པར་ཕྱེ། །འཛིན་དང་འཛིན་མེད་དེ་ཡང་འབྱུང་མིན་ཏེ། །ཡོངས་སུ་རྟོག་པ་སྒྱུ་མ་སྨིག་རྒྱུ་བཞིན། །འགྲོ་དོན་བྱང་ཆུབ་ཕྱིར་ནི་སེམས་བསྐྱེད་ཅེས། །སྤྱོད་མཆོག་ཁྱད་པར་འཕགས་པ་ བསྟན་བྱས་ཀྱང་། །བྱང་ཆུབ་ནམ་ཡང་དམིགས་སུ་ཡོད་མིན་ཏེ། །འདོད་པ་གང་ཡིན་དེ་ཡང་ཡོད་མ་ཡིན། །སེམས་ནི་རང་བཞིན་འོད་གསལ་རྣམ་དག་ཅིང་། །རྡུལ་མེད་རྡུལ་བྲལ་དྲི་མ་མེད་པར་གསུངས། ། 82-1-146a བྱིས་པ་ཡོད་པ་མིན་ལ་རྣམ་རྟོག་པ། །ཆགས་འགྱུར་སྡང་བར་འགྱུར་ཞིང་རྨོངས་པར་འགྱུར། །མཉམ་བཞག་གྱ་ནོམ་ཆོས་ནི་ཐོབ་གྱུར་ན། །འདོད་ཆགས་ཡོད་མིན་སྡང་མེད་རྨོངས་པའང་མེད། ། འདོད་ཆགས་བྲལ་ཞིང་རྣམ་པར་གྲོལ་བའི་ཆོས། །ཀུན་གཞིར་མ་གྱུར་མྱ་ངན་འདས་པ་འཐོབ། །མཁའ་འདྲའི་ཆོས་རྣམས་འདི་དག་ཤེས་གྱུར་ན། །ཞིང་བརྒྱ་རྣམས་སུ་ཐོགས་མེད་འགྲོ་འགྱུར་ཞིང་། །དེ་དག་ ཡིད་ཀྱང་ཆགས་པ་མེད་འགྱུར་བས། །དེ་ཕྱིར་ཐོགས་མེད་ལམ་ནི་བསྐྱེད་པར་གྱིས། །བསྐལ་པ་བརྒྱ་ཕྲག་མང་པོར་སྤྱད་བྱས་ཤིང་། །སེམས་ཅན་བརྒྱ་ཕྲག་མཐའ་ཡས་གྲོལ་བྱས་ཀྱང་། །ནམ་ཡང་སེམས་ཅན་ དམིགས་སུ་ཡོད་མིན་ཞིང་། །ཟད་པའང་ཡོད་མིན་མཐའ་ཡས་གྱུར་པའང་མེད། །ཇི་ལྟར་སྒྱུ་མ་མཁན་གྱིས་འཇིག་རྟེན་ན། །སེམས་ཅན་བརྒྱ་ཕྲག་མང་པོ་སྤྲུལ་བྱས་ཏེ། །སྤྲུལ་པ་དེ་དག་ཐམས་ཅད་བསད་ གྱུར་ཀྱང་། །སྒྱུ་མ་དེ་དག་བསད་པ་ཡོད་མིན་ལྟར། །འགྲོ་བ་འདི་ཀུན་སྒྱུ་མའི་རང་བཞིན་ཏེ། །འདི་ལ་མཐའ་ནི་ནམ་ཡང་དམིགས་སུ་མེད། །གང་དག་དེ་ལྟར་མཐའ་ཡས་མོས་བྱས་པ། །དེ་དག་འཇིག་རྟེན་ན་ནི་ ཚོར་བ་མེད། །གང་དག་རང་བཞིན་མེད་ཆོས་འདི་ཤེས་པ། །དཔའ་བོ་དེ་དག་འཇིག་རྟེན་མྱ་ངན་འདས། །འདོད་པའི་ཡོན་ཏན་སྤྱོད་ཀྱང་ཆགས་མེད་ཅིང་། །ཆགས་པ་རྣམས་སྤངས་སེམས་ཅན་འདུལ་བར་བྱེད། ། འདི་ན་སེམས་ཅན་འགའ་མེད་སྲོག་མེད་ཀྱང་། །མི་དབང་རྣམས་ནི་སེམས་ཅན་ཕན་པ་མཛད། །སེམས་ཅན་ཡོད་མ་ཡིན་ཡང་དོན་མཛད་པ། །དེ་དག་རྣམས་ཀྱི་དེ་ནི་དཀའ་བ་ཆེ། །ཇི་ལྟར་ཆང་བ་བཅངས་ཏེ་ བྱིས་པ་ལ། །སྟོན་ཅིང་ལག་ཏུ་ཡོད་ཅེས་བརྗོད་བྱས་ནས། །དེ་ཡིས་ཆང་བ་སྟོང་བ་མཐོང་ནས་ནི། །བྱིས་པ་དེ་ནི་ཆོ་ངེས་ངུ་བ་ལྟར། །དེ་བཞིན་སངས་རྒྱས་བསམ་གྱིས་མི་ཁྱབ་པ། །སེམས་ཅན་ཚུལ་ལ་ 82-1-146b མཁས་ཤིང་མཁྱེན་པ་རྣམས། །ཆོས་རྣམས་འདི་དག་གསོབ་གསོག་མཁྱེན་གྱུར་ནས། །འཇིག་རྟེན་དག་ལ་དངོས་པོ་བསྟན་པ་སྟོན། །ཤིན་ཏུ་དགའ་བའི་བསྟན་པ་འདི་ལ་ནི། །ཁྱིམ་པའི་རྟགས་ སྤངས་རབ་ཏུ་བྱུང་གྱིས་ལ། །འབྲས་བུ་ཡོད་པའི་མཆོག་ཏུ་འགྱུར་གྱིས་ཤེས། །ཐུགས་རྗེ་ཅན་གྱིས་དེ་སྐད་བསྟན་པའང་མཛད། །ཁྱིམ་པའི་རྟགས་སྤངས་རབ་ཏུ་བྱུང་གྱུར་ནས། །འབྲས་བུ་ཐམས་ ཅད་འཐོབ་པར་འགྱུར་ཡང་ནི། །ཆོས་ཀྱི་རང་བཞིན་དག་ལ་གཞལ་བྱས་ན། །འབྲས་བུ་ཀུན་མེད་འབྲས་བུ་ཐོབ་པའང་མེད། །འོན་ཀྱང་འབྲས་བུ་ཐོབ་པ་ཐོབ་གྱུར་པ། །ཀྱེ་མ་མི་མཆོག་ཐུགས་རྗེ་ལྡན་ པ་ཡི། །རྒྱལ་བ་རིགས་པ་ཤིན་ཏུ་ལེགས་བཤད་ཅེས། །དེ་དག་ངོ་མཚར་ཆེ་བ་སྐྱེ་བར་འགྱུར། །དེ་ལྟར་ཞི་བའི་ཆོས་རྣམས་དེ་དག་ལ། །འདི་དག་དབང་པོ་བསམ་གཏན་རྣམ་ཐར་དང་། །སྟོབས་དང་བྱང་ཆུབ་ ཡན་ལག་ཞི་བ་ཞེས། །མིང་དང་ཚིག་སྟོང་སྙེད་ཀྱིས་བསྟན་པ་མཛད། །དབང་པོ་འགའ་ཡང་མ་སྐྱེས་སྟོབས་ཀྱང་མིན། །བྱང་ཆུབ་ཡན་ལག་ཞི་བའང་མ་བསྐྱེད་དེ། །ཆོས་འདི་གཟུགས་ཅན་མ་ཡིན་ གཟུགས་མེད་ཀྱང་། །འཇིག་རྟེན་དག་ལ་ཤེས་པའི་སྟོབས་ཀྱིས་བཤད། །འགྲོ་བ་རྣམས་ལ་ཐོབ་པ་ངས་བཤད་པ། །དེ་ཀུན་མཚན་མ་རྣམ་པར་སྤངས་པ་ཡིན། །འདི་ན་གང་དག་བདག་གིས་ཐོབ་ སེམས་པ། །དེ་ནི་མ་ཐོབ་ཐོབ་པར་རློམ་སེམས་བྱེད། །འཇིག་རྟེན་དག་ན་གང་ལ་དངོས་མེད་པ། །དེ་ལ་ཐོབ་པ་འགའ་ཡང་ཡོད་མ་ཡིན། །ཐོབ་དང་ཐོབ་མེད་འགྲོ་ལ་བསྟན་མཛད་པ། །གང་གིས་དེ་ ལྟར་ཤེས་དེས་ཐོབ་པ་ཡིན། །ཀུན་ལས་ཁྱད་ཞུགས་འབྲས་བུ་ཐོབ་པ་ཡིན། །སེམས་ཅན་དེ་ངས་སེམས་ཅན་མེད་པར་བསྟན། །དེ་ལ་སེམས་ཅན་ནམ་ཡང་དམིགས་མེད་དེ། །སེམས་ཅན་མེད་ན་ 82-1-147a གང་གིས་འཐོབ་པར་འགྱུར། །ཞིང་དངོས་གང་ལ་ས་བོན་ཡོད་མིན་པ། །དེ་ལ་མྱུ་གུ་སྐྱེ་བ་མེད་པ་ལྟར། །དེ་བཞིན་སེམས་ཅན་ནམ་ཡང་དམིགས་མེད་ན། །སེམས་ཅན་མེད་ལ་འཐོབ་ པ་ག་ལ་ཡོད། །སེམས་ཅན་འདི་ཀུན་མྱ་ངན་འདས་པ་སྟེ། །འདི་ལ་རྩ་བ་ནམ་ཡང་དམིགས་སུ་མེད། །གང་ཞིག་ཆོས་ཚུལ་འདི་ལ་མོས་གྱུར་པ། །དེ་ངས་ལྷག་མེད་མྱ་ངན་འདས་པར་བསྟན། །སངས་ རྒྱས་བརྒྱ་མང་ཡང་དག་འདས་གྱུར་པ། །དེ་དག་གིས་ཀྱང་སེམས་ཅན་ཀུན་མ་བཏུལ། །གལ་ཏེ་སེམས་ཅན་འགའ་འདིར་བྱུང་གྱུར་ན། །དེ་དག་ནམ་ཡང་མྱ་ངན་འདའ་མི་འགྱུར། །དེ་ལྟར་ལམ་འདི་སྒྲིབ་ པ་ཡོད་མིན་ཏེ། །དེ་ལ་ནམ་ཡང་ཆགས་པ་ཡོད་མ་ཡིན། །གང་དག་ཆོས་ཉིད་འདི་ལ་མོས་གྱུར་པ། །དེ་དག་ཡིད་ནི་སྲིད་ལ་ཆགས་མི་འགྱུར། །བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་བསྒྲུབ་པ་བསྟན་ པ་འདི་བཤད་པ་ན་དགེ་སློང་ལྷག་པའི་ང་རྒྱལ་ཅན་ཉིས་བརྒྱ་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །བྱང་ཆུབ་སེམས་དཔའ་དྲུག་ཁྲིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས བཀའ་སྩལ་པ། ཉེ་བར་འཁོར་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་འདུལ་བ་རྣམ་པར་གཏན་ལ་དབབ་པ་ཞེས་བྱ་བར་ཟུང་ཤིག །སེམས་ཅན་ཐམས་ཅད་ཡང་དག་པར་འཇོམས་པ་ཞེས་བྱ་བར་ཡང་ཟུང་ཤིག ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། །ཚེ་དང་ལྡན་པ་ཉེ་བར་འཁོར་དང་། འཇམ་དཔལ་གཞོན་ནུར་གྱུར་བ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། དགེ་སློང་དེ་དག་དང་། ཐམས་ཅད་དང་ལྡན་ 82-1-147b པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དཀོན་མཆོག་ བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་འདུལ་བ་རྣམ་པར་གཏན་ལ་དབབ་པ་ཉེ་བར་འཁོར་གྱིས་ཞུས་པ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་ པོ་ཛི་ན་མི་ཏྲ་དང་། པྲ་ཛྙཱ་བརྨ་དང་། སུ་རེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་ཉི་ཤུ་རྩ་ལྔ་པ་སྟེ་ལྷག་པའི་བསམ་པ་བསྐུལ་བ། བམ་པོ་དང་པོ། རྒྱ་གར་སྐད་དུ། ཨཱརྱ་ཨ་དྷྱཱ་ཤ་ཡ་སན་ཙོ་ད་ན་ནཱ་མ་མ་ ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ལྷག་པའི་བསམ་པ་བསྐུལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བཱ་རཱ་ཎ་སཱི་ན་དྲང་སྲོང་ལྷུང་བ་རི་དགས་ཀྱི་ནགས་ན། དགེ་སློང་སྟོང་ཐམ་པའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ཕལ་ཆེར་དགེ་བའི་རྩ་བ་ ཡོངས་སུ་སྨིན་པ། ལས་ཀྱི་སྒྲིབ་པ་བསལ་བ་ཤ་སྟག་དང་ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་དེ་ན་བྱང་ཆུབ་སེམས་དཔའ་ཁ་ཅིག་འདུ་འཛི་ལ་དགའ་བར་གནས་ཤིང་གཉིད་ལ་དགའ་བ་དང་། ལས་ལ་དགའ་ བ་དང་། སྨྲ་བ་ལ་དགའ་བ་དང་། སྤྲོས་པ་ལ་དགའ་བ་དང་། སྤག་པས་སྤགས་པར་གྱུར་བ་དང་། རིགས་པ་མེད་པ་དང་། མི་བརྩོན་པ་དང་། ལེ་ལོ་ཅན་དང་། བརྩོན་འགྲུས་དམན་པ་དང་། སྦྱོར་བ་བཏང་བར་གནས་ 82-1-148a ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་བྱང་ཆུབ་སེམས་དཔའ་དེ་དག་ཡོན་ཏན་མ་ཡིན་པའི་སྤྱོད་པ་འདི་ལྟ་བུ་དང་ལྡན་པར་མཐོང་ངོ་། །དེ་ནས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བྱམས་པ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བྱང་ཆུབ་སེམས་དཔའ་འདི་དག་ནི་བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་རྫོགས་པར་བྱ་བ་ལས་ཡོངས་སུ་ཉམས་ཀྱིས་བདག་གིས་བྱང་ ཆུབ་སེམས་དཔའ་འདི་དག་བསྐུལ་བར་བྱ། དྲན་པར་བྱ་གོར་མ་ཆག་གོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཕྱེམ་རེད་ཀྱི་ནུས་ཀྱི་ཚེ་ནང་དུ་ཡང་དག་པར་འཇོག་ལས་ལངས་ནས་ བྱང་ཆུབ་སེམས་དཔའ་དེ་དག་ག་ལ་བ་དེར་སོང་སྟེ། ཕྱིན་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་ལྷན་ཅིག་ཏུ་ཡང་དག་པར་མགུ་བར་བྱ་བ་དང་། ཡང་དག་པར་དགའ་བར་བྱ་བའི་གཏམ་ རྣམ་པ་སྣ་ཚོགས་བྱས་ནས་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཅི་རིགས་ཀྱི་བུ་དག་ཁྱེད་དགེ་བའི་ཆོས་རྣམས་ཀྱིས་འཕེལ་བ་འམ། ཡོངས་སུ་ཉམས་པར་མ་གྱུར་ཏམ། དེ་དག་གིས་སྨྲས་པ། ཚེ་ དང་ལྡན་པ་བྱམས་པ་བདག་ཅག་ནི་དགེ་བའི་ཆོས་རྣམས་ལས་ཡོངས་སུ་ཉམས་ཏེ་འཕེལ་བར་མ་གྱུར་ཏོ། །བདག་ཅག་དེ་བཞིན་གཤེགས་པར་འགྱུར་རམ་མི་འགྱུར་སྙམ་པའི་ཐེ་ཚོམ་གྱིས་ཀྱང་བདག་ཅག་གི་ སེམས་ཀུན་ནས་དཀྲིས་ཤིང་འདུག་གོ། །བདག་ཅག་ལོག་པ་ལྟུང་བའི་ཆོས་ཅན་ཡིན་ནམ། ལོག་པར་ལྟུང་བའི་ཆོས་ཅན་མ་ཡིན་ཞིག་གུ་སྙམ་པའི་འགྱོད་པས་ཀྱང་བདག་ཅག་གི་སེམས་ཀུན་ནས་ དཀྲིས་ཤིང་འདུག་སྟེ། བདག་ཅག་ནི་དགེ་བའི་ཆོས་རྣམས་ལ་ཡང་འདུན་པ་མི་སྐྱེའོ། །དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་བྱང་ཆུབ་སེམས་དཔའ་ 82-1-148b དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དག་ཁྱེད་ཚུར་ཤོག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བཞུགས་ པ་དེར་འདོང་ངོ་། །དེ་ཅིའྀ་ཕྱིར་ཞེ་ན། བཅོམ་ལྡན་འདས་དེ་ནི་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། ཡེ་ཤེས་སྒྲིབ་པ་མི་མངའ་བ་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ལ་ འཇུག་པ་ལ་མཁས་པ་སྟེ། དེས་ཁྱེད་ཀྱི་སྤྱོད་པའི་རིམ་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པར་འགྱུར་བའི་ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་དྲུག་བཅུ་ཙམ་པོ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་བྱམས་པ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ། ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ངུ་ཞིང་བཅོམ་ལྡན་འདས་ལ་ཡན་ལག་ལྔས་ཡང་དང་ ཡང་དུ་ཕྱག་འཚལ་ནས་གདོང་ལ་མཆི་མ་ཟག་ཅིང་མགོ་མ་བཏེག་གོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་ཁྱེད་ མ་ངུ་མ་འགྱོད་པར་ལོངས། ཁྱེད་ཉིད་ཀྱིས་རྣམ་པར་སྨིན་པ་ལ་མི་རྟོག་པར་དགའ་ཞིང་མགུ་ལ་ཡི་རངས་པས་གཞན་ལ་གཙེ་ཞིང་གཤེ་བ་བྱས་ཏེ། ལས་ཀྱི་སྒྲིབ་པ་དེ་ལྟ་བུ་མངོན་པར་འདུས་བྱས་པས་ད་ ལྟར་ཁྱེད་བསྒྲིབས་ཤིང་ཚོད་དེ་ཀུན་ནས་བསྐོར་ཅིང་ཀུན་ནས་དཀྲིས་ནས་བརྩོན་པར་མི་ནུས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དྲུག་བཅུ་ཙམ་པོ་དེ་དག་གིས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ 82-1-149a ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་གིས་གང་ཐོས་ན་རང་གི་སེམས་ཟློག་པར་ བགྱི་ཅིང་ལས་ཀྱི་སྒྲིབ་པ་གཞན་ཡང་མངོན་པར་འདུ་མི་བགྱིད་པར་འགྱུར་བའི་བདག་ཅག་གི་ལས་ཀྱི་སྒྲིབ་པ་བཅོམ་ལྡན་འདས་ཀྱིས་ལེགས་པར་བཀའ་སྩལ་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ ལྡན་འདས་ཀྱིས་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དྲུག་བཅུ་པོ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་སྔོན་བྱུང་བ་འདས་པའི་དུས་ན་དེ་བཞིན་གཤེགས་པ་ལོགས་པར་དད་སེལ་ གྱི་གསུང་རབ་ལ་ཁྱེད་རབ་ཏུ་བྱུང་སྟེ་འཁོད་པ་ན་ཚུལ་ཁྲིམས་ཀྱི་རྒྱགས་པས་མྱོས་པ་དང་། ཐོས་པའི་རྒྱགས་པས་མྱོས་པ་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་ལ་མངོན་པར་ཞེན་ བས་དགེ་སློང་ཆོས་སྨྲ་བ་གཉིས་ལ་འདི་ལྟར་རྙེད་པ་དང་བཀུར་སྟིའི་རྒྱུ་དང་། མཛའ་བཤེས་ཀྱི་ཁྱིམ་དང་། སློངས་མོ་སྟེར་བའི་ཁྱིམ་གྱི་གཞི་ལས་ཕྲག་དོག་དང་སེར་སྣ་དང་ལྡན་པས་འཁྲིག་པའི་སྐུར་བས་ བསྐུར་ཏེ། ཆོས་སྨྲ་བའི་དགེ་སློང་དེ་གཉིས་ཀྱི་མཛའ་བཤེས་ཀྱི་ཁྱིམ་དང་། སློངས་མོ་སྟེར་བའི་ཁྱིམ་དུ་གྱུར་བ་གང་ཡིན་པ་དེ་དག་ཀྱང་ཁྱེད་ཀྱིས་ཕྱེ་སྟེ། ཐེ་ཚོམ་བསྐྱེད་ཅིང་མ་དད་པར་བྱས་ལ། དགེ་སློང་ ཆོས་སྨྲ་བ་དེ་གཉིས་ཀྱི་མི་སྙན་པ་མང་པོ་དག་ཀྱང་སྨྲས། སེམས་ཅན་དེ་དག་གི་དགེ་བའི་རྩ་བ་ཡང་བཅད་ཅིང་དགེ་བ་ལ་སྒྲིབ་པ་བྱས་ཏེ། མི་དགེ་བའི་ལས་ཀྱི་སྒྲིབ་པ་དེས་ཁྱེད་ལོ་དྲུག་ཁྲིར་སེམས་ཅན་ དམྱལ་བ་ཆེན་པོ་མནར་མེད་པར་སྐྱེས་སོ། །ལོ་བཞི་ཁྲིར་ནི་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ་སྐྱེས་སོ། །ལོ་ཉི་ཁྲིར་ནི་སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་ཏུ་སྐྱེས་སོ། །ལོ་བརྒྱད་སྟོང་དུ་ནི་སེམས་ 82-1-149b ཅན་དམྱལ་བ་ཆེན་པོ་ཚ་བར་སྐྱེས་སོ། །ཁྱེད་དེ་ནས་ཤི་འཕོས་ནས་མིའི་ལུས་རྙེད་པ་རྙེད་ནས་ཚེ་རབ་ལྔ་བརྒྱར་མིག་མེད་དེ་དམུས་ལོང་དུ་གྱུར་ཏོ། །ཁྱེད་ལས་ཀྱི་སྒྲིབ་པ་དེ་ཉིད་ཀྱིས་བསྒྲིབས་ནས་གང་དང་གང་ དུ་སྐྱེས་པ་དེ་དག་ཐམས་ཅད་དུ་སེམས་རྟུལ་བ་དང་། བརྗེད་ངས་པར་གྱུར་ཏོ། །མི་དགེ་བའི་རྩ་བའི་སྒྲིབ་པས་བསྒྲིབས་ཤིང་དབང་ཆུད་པར་གྲགས་པར་གྱུར་ཏོ། །མི་སྟུག་པའི་སྐྱོན་གྱིས་ཟིལ་གྱིས་ནོན་པ་དང་། སྨད་པ་དང་། བཤུང་བ་དང་། སྐུར་བ་མང་བར་ཡུལ་ངན་པ་དང་། ཡུལ་འཁོར་ངན་པ་དང་། ལྗོངས་ངན་པ་དག་ཏུ་རིགས་ངན་དང་། དབུལ་པོའི་རིགས་དག་ཏུ་སྐྱེས་ནས་རྙེད་པ་ཆུང་བ་དང་། བཀུར་སྟི་ཆུང་བ་དང་། མི་བཀུར་བ་དང་། མི་མཆོད་པར་གྱུར་ཏོ། །ཁྱེད་འདི་ནས་ཤི་འཕོས་ནས་ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་ནུབ་པའི་དུས་ཀྱི་ཚེ་ཡུལ་ངན་པ་ཤ་སྟག་ཏུ་རིགས་དམའ་བ་དང་། དབུལ་པོ་དག་ཏུ་སྐྱེ་བར་འགྱུར་ ཏེ། སྐུར་བ་མང་བ་དང་། བརྗེད་ངས་པ་དང་། དགེ་བའི་རྩ་བ་སྤོང་བ་དང་། བརྩོན་པ་བྱས་ཀྱང་བར་ཆད་འབྱུང་བ་དང་། སྣང་བ་བྱུང་ཡང་ཕྱིར་ནུབ་པར་འགྱུར་རོ། །ཁྱེད་ལྔ་བརྒྱ་པ་ཐ་མ་ལ་ལས་ཀྱི་སྒྲིབ་པ་ ཐམས་ཅད་ཟད་པར་འགྱུར་ཏེ། ཟད་པར་བྱས་ནས་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་འོད་དཔག་མེད་ དེས་ཀྱང་ཁྱེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་འགྱུར་རོ། །དེ་ནས་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ཐེག་པ་པ་དྲུག་བཅུ་པོ་དེ་དག་གིས་གདོང་ལས་མཆི་མ་ཕྱིས་ནས་སྐྱོ་ཞིང་སྐྱོ་ བའི་ཡིད་ཀྱིས་ཡང་དག་པར་དགའ་སྟེ། སྤུ་ཟིང་ཞེས་བྱེད་པར་གྱུར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ 82-1-150a རྣམས་ལ་ཐ་བའི་ནོངས་པའི་སེམས་བསྐྱེད་པ་གང་ལགས་པའི་ནོངས་པ་དང་། གཞན་ཡང་ལས་ཀྱི་སྒྲིབ་པ་གང་ཅི་མངོན་པར་འདུས་བགྱིས་པ་རྣམས་བདག་ཅག་གིས་བཤགས་སོ། ། བཅོམ་ལྡན་འདས་དེང་སླད་ཆད་བདག་ཅག་འདི་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྤྱན་སྔར་ཡི་དམ་འདི་ལྟ་བུ་བཅའ་བར་བགྱིའོ། །བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དེང་སླད་ཆད་བྱང་ཆུབ་སེམས་ དཔའི་ཐེག་པ་པའི་གང་ཟག་གི་ལྟུང་བ་མང་བ་འམ། མང་བ་མ་ལགས་པ་ཡང་རུང་སྟེ། གླེང་ན་བདག་ཅག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བསླུས་ བར་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དེང་སླན་ཆད་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ལ་བརྙས་སམ། དེ་ལ་མི་སྙན་པ་བརྗོད་ན་བདག་ཅག་གིས་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བསླུས་པར་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དེང་སླན་ཆད་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ཁྱིམ་པ་འམ་རབ་ཏུ་བྱུང་བ་ཡང་ རུང་སྟེ། འདོད་པའི་ཡོན་ཏན་ལྔ་ལ་རྩེ་ཞིང་ཡོངས་སུ་སྤྱོད་པ་མཐོང་ན་མ་དད་པར་བགྱིད་པས་མ་གུས་པ་བསྐྱེད་དམ། དེ་ལ་སྟོན་པར་འདུ་ཤེས་མ་བསྐྱེད་ན་བདག་ཅག་གིས་དེ་བཞིན་གཤེགས་པ་ལ་བསླུས་ བར་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དེང་སླན་ཆད་མཛའ་བཤེས་ཀྱི་ཁྱིམ་དང་། སློངས་མོ་སྟེར་བའི་ཁྱིམ་གྱི་རྒྱུས་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་རྣམས་ཀྱི་ལུས་ལ་གནོད་པ་ འམ། སེམས་ལ་གནོད་པ་བགྱིས་ན་བདག་ཅག་གིས་དེ་བཞིན་གཤེགས་པ་ལ་བསླུས་བར་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དེང་སླན་ཆད་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ 82-1-150b མཐོང་ནས་ཡིད་དུ་མི་འོང་བའི་ཚིག་གཅིག་ཙམ་ཞིག་སྨྲས་ན་ཡང་བདག་ཅག་གིས་དེ་བཞིན་གཤེགས་པ་ལ་བསླུས་པར་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དེང་སླན་ཆད་ཉིན་ལན་གསུམ་མཚན་ལན་གསུམ་དུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ ལ་ཕྱག་མ་བགྱིས་ན་བདག་ཅག་གིས་དེ་བཞིན་གཤེགས་པ་ལ་བསླུས་པར་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དེང་སླན་ཆད་བརྟུལ་ཞུགས་ཡང་དག་པར་བླངས་པ་འདིའི་སླད་དུ་རྒྱལ་སྲིད་ཐོབ་པ་འམ། ནོར་ཐོབ་པ་འམ། ལུས་དང་། སྲོག་དང་ཡང་མ་ བསྔོས་ན་བདག་ཅག་གིས་དེ་བཞིན་གཤེགས་པ་ལ་བསླུས་བར་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དེང་སླན་ཆད་ཉན་ཐོས་ཀྱི་ཐེག་པ་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་པའི་གང་ཟག་ལ་བརྙས་ཏེ། བདག་ཅག་ནི་ཚེས་དྲག་གིས་ དེ་དག་ནི་དེ་ལྟ་མ་ཡིན་ནོ་སྙམ་ན་བདག་ཅག་གིས་དེ་བཞིན་གཤེགས་པ་ལ་བསླུས་བར་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དེང་སླན་ཆད་དམའ་བའི་སེམས་དང་། གདོལ་བ་དང་། ཁྱིའི་སེམས་ལྟ་བུར་གནས་པར་མ་བགྱིས་ ན་བདག་ཅག་གིས་དེ་བཞིན་གཤེགས་པ་ལ་བསླུས་པར་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དེང་སླན་ཆད་བདག་ལ་བསྟོད་ཏམ། གཞན་ལ་སྨོད་ན་བདག་ཅག་གིས་དེ་བཞིན་གཤེགས་པ་ལ་བསླུས་པར་འགྱུར་རོ། །བཅོམ་ལྡན་ འདས་གལ་ཏེ་བདག་ཅག་གིས་དེང་སླན་ཆད་གནོད་སེམས་དང་། རྩོད་པའི་འཇིགས་པས་བསྐུལ་མ་ཐག་ཏུ་དཔག་ཚད་དམ་དཔག་ཚད་བརྒྱར་མ་བྱོལ་ན་བདག་ཅག་གིས་དེ་བཞིན་གཤེགས་པ་ལ་བསླུས་པར་འགྱུར་རོ། །བཅོམ་ ལྡན་འདས་གལ་ཏེ་བདག་ཅག་གིས་དེང་སླན་ཆད་བདག་ཉིད་ཚུལ་ཁྲིམས་དང་ལྡན་པར་ཁས་འཆེ་བ་འམ། མང་དུ་ཐོས་པ་འམ། སྦྱངས་པའི་ཡོན་ཏན་དང་ལྡན་པའམ། ཡོན་ཏན་གང་ཡང་རུང་བ་ཞིག་གིས་བདག་བརྗོད་ ན་བདག་ཅག་གིས་དེ་བཞིན་གཤེགས་པ་ལ་བསླུས་པར་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དེང་སླན་ཆད་དགེ་བ་མི་སྤྱོམས་ཤིང་སྡིག་པ་མི་བཅབ་པར་གནས་པར་མ་བགྱིས་ 82-1-151a ན་བདག་ཅག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བསླུས་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའི་ཐེག་པ་པའི་ གང་ཟག་དེ་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་བུ་དག་ལེགས་སོ། །ལེགས་སོ། །ཚིག་འདི་ཁྱོད་ཀྱིས་ལེགས་པར་སྨྲས་སོ། །ཡང་དག་པར་སླང་བ་འདི་ལེགས་པར་བྱས་སོ། །ཁྱེད་ཡང་དག་ པར་བླང་བ་འདི་ལ་གནས་ན་ལས་ཀྱི་སྒྲིབ་པ་རྣམ་པར་བྱང་བར་འགྱུར་ཞིང་དགེ་བའི་རྩ་བ་རྣམ་པར་དག་པ་ཡང་ཐོབ་པར་འགྱུར་རོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ བྱམས་པ་ལ་བཀའ་སྩལ་པ། བྱམས་པ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལས་ཀྱི་སྒྲིབ་པ་སྦྱང་བར་འདོད་པས་ཇི་ལྟར་རིགས་ཀྱི་བུ་འདི་དག་གིས་བྱས་པ་དེ་བཞིན་དུ་ཡི་དམ་བཅའོ། །དེ་ནས་བཅོམ་ ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་རིགས་ཀྱི་བུ་འདི་དག་ཡི་དམ་འདི་ཡོངས་སུ་རྫོགས་པར་བགྱིད་པར་འགྱུར་ལགས་ སམ། འོན་ཏི་ཡོངས་སུ་གཏོང་བར་འགྱུར་ལགས་བཀའ་སྩལ་པ། བྱམས་པ་རིགས་ཀྱི་བུ་འདི་དག་ནི་ཡི་དམ་འདི་ལུས་དང་སྲོག་གིས་ཕྱིར་ཡང་སྤོང་བར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ཆོས་དུ་དང་ལྡན་ན་ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་རྣམ་པར་ འཇིག་པའི་ཚེ་མ་སྣང་ཅིང་མ་རྨས་ལ་བདེ་བར་ཡོངས་སུ་ཐར་བར་འགྱུར་ལགས། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ 82-1-151b ཅེས་བཀའ་སྩལ་ཏོ། །བྱམས་པ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ཆོས་བཞི་དང་ལྡན་ན་ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་རྣམ་པར་འཇིག་པའི་ཚེ་མ་སྣང་ཅིང་མ་རྨས་ལ་བདེ་བ་ཡོངས་སུ་ཐར་ བར་འགྱུར་རོ། །བཞི་གང་ཞེ་ན། བདག་གིས་འཁྲུལ་པ་ལ་སོ་སོར་རྟོག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གཞན་གྱིས་ཉེས་པ་མི་གླིང་བ་དང་། མཛའ་བཤེས་ཀྱི་ཁྱིམ་དང་། སློངས་མོ་སྟེར་བའི་ ཁྱིམ་ལ་མི་ལྟ་བ་དང་། ཡིད་དུ་མི་འོང་བའི་ཚིག་སྤོང་བ་སྟེ། བྱམས་པ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ཆོས་བཞི་པོ་དེ་དག་དང་ལྡན་ན་ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་རྣམ་པར་འཇིག་པའི་ཚེ་ མ་སྣང་ཅིང་མ་རྨས་ལ་བདེ་བར་ཡོངས་སུ་ཐར་བར་འགྱུར་རོ། །བྱམས་པ་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ཆོས་བཞི་དང་ལྡན་ན་ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་རྣམ་པར་འཇིག་པའི་ ཚེ་མ་སྣང་ཅིང་མ་རྨས་ལ་བདེ་བར་ཡོངས་སུ་ཐར་བར་འགྱུར་ཏེ། བཞི་གང་ཞེ་ན། ཐོས་པ་ཉུང་ངུའི་སེམས་ཅན་ཡོངས་སུ་སྤོང་བ་དང་། འཁོར་མི་བསྡུ་བ་དང་། བལ་མཐའི་གནས་མལ་ལ་བསྟེན་པ་དང་། བདག་དུལ་བ་དང་། ཞི་བ་དང་། ཞི་གནས་ཀྱི་སྦྱོར་བ་ལ་བརྩོན་པ་སྟེ། བྱམས་པ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ཆོས་བཞི་པོ་དེ་དག་དང་ལྡན་ན་ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་རྣམ་པར་འཇིག་པའི་ ཚེ་མ་སྣང་ཅིང་མ་རྨས་ལ་བདེ་བར་ཡོངས་སུ་ཐར་བར་འགྱུར་རོ། །བྱམས་པ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་རྣམ་པར་འཇིག་ པའི་ཚེ་མ་སྣང་ཅིང་མ་རྨས་ལ་བདེ་བར་ཡོངས་སུ་ཐར་བར་འགྱུར་བར་འདོད་པ་དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་བྱེད་པར་འདོད་པས་འདུ་འཛི་ལ་མི་དགའ་བ་དང་། དགོན་པ་དང་། ནགས་དང་། བས་ 82-1-152a མཐར་གནས་པ་དང་། སེམས་ཅན་རིགས་པ་མེད་ཅིང་མི་བརྩོན་པ་ཡོངས་སུ་སྤོང་བ་དང་། བདག་གི་འཁྲུལ་པ་ལ་རྟོག་ཅིང་གཞན་གྱི་འཁྲུལ་པ་མི་ཚོལ་བ་དང་། མི་སྨྲ་བ་ལ་དགའ་ བ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་གནས་པ་ལ་དགའ་བར་བྱའོ། །གལ་ཏེ་དེ་ལ་སེམས་ཅན་གཞན་དག་ལ་བརྡ་སྤྲད་པར་འདོད་པའི་སེམས་སྐྱེས་ན་དེས་ཟང་ཟིང་མེད་པའི་སེམས་ལ་གནས་ཏེ་ ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱའོ། །བྱམས་པ་ཉི་ཤུ་པོ་འདི་དག་ནི་ཟང་ཟིང་མེད་པའི་ཆོས་ཀྱི་སྦྱིན་པ་རྙེད་པ་དང་། བཀུར་སྟི་མི་འདོད་པར་ཆོས་ཀྱི་སྦྱིན་པ་སྦྱིན་པ་གང་ཡིན་པ་དེའི་ཕན་ཡོན་ཡིན་ཏེ། ཉི་ཤུ་གང་ ཞེ་ན། འདི་ལྟ་སྟེ། དྲན་པ་དང་ལྡན་པར་འགྱུར་བ་དང་། བློ་གྲོས་དང་ལྡན་པར་འགྱུར་བ་དང་། བློ་དང་ལྡན་པར་འགྱུར་བ་དང་། བརྟན་པ་དང་ལྡན་པར་འགྱུར་བ་དང་། ཤེས་རབ་དང་ལྡན་པར་འགྱུར་བ་དང་། འཇིག་རྟེན་ལས་འདས་པའི་ཤེས་རབ་རྗེས་སུ་རྟོགས་པར་འགྱུར་བ་དང་། འདོད་ཆགས་ཆུང་བར་འགྱུར་བ་དང་། ཞེ་སྡང་ཆུང་བར་འགྱུར་བ་དང་། གཏི་མུག་ཆུང་བར་འགྱུར་བ་དང་། བདུད་ཀྱིས་དེ་ལ་གླགས་མི་རྙེད་ པར་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དགོངས་པར་འགྱུར་བ་དང་། མི་མ་ཡིན་པ་རྣམས་དེ་ལ་སྲུང་བར་འགྱུར་བ་དང་། ལྷ་རྣམས་དེ་ལ་གཟི་བྱིན་སྐྱེད་པར་འགྱུར་བ་དང་། མི་ མཛའ་བ་རྣམས་ཀྱིས་དེ་ལ་གླགས་རྙེད་པར་མི་འགྱུར་བ་དང་། དེའི་མཛའ་བཤེས་རྣམས་མི་ཕྱེད་པར་འགྱུར་བ་དང་། ཚིག་བཙུན་པར་འགྱུར་བ་དང་། དེས་མི་འཇིགས་པ་འཐོབ་པར་འགྱུར་བ་དང་། ཡིད་བདེ་ བ་མང་བར་འགྱུར་བ་དང་། མཁས་པས་བསྔགས་པར་འགྱུར་བ་དང་། དེའི་ཆོས་ཀྱི་སྦྱིན་པ་དེ་ཡང་རྗེས་སུ་དྲན་པར་བྱ་བར་འོས་པར་འགྱུར་བ་སྟེ། བྱམས་པ་ཉི་ཤུ་པོ་དེ་དག་ནི་ཟང་ཟིང་མེད་པའི་ཆོས་ཀྱི་སྦྱིན་ 82-1-152b པ་རྙེད་པ་དང་བཀུར་སྟི་ཡོངས་སུ་སྤངས་ཤིང་གོས་དང་ཟས་ལ་རེ་བ་མེད་པར་ཕན་པའི་དངོས་པོ་སྔོན་དུ་འགྲོ་བའི་སེམས་ཀྱིས་རྒྱུན་མི་ཆད་པར་ཡང་དང་ཡང་དུ་ཆོས་ཀྱི་སྦྱིན་པ་སྦྱིན་པ་གང་ཡིན་པ་དེའི་ཕན་ཡོན་ ཡིན་ནོ། །བྱམས་པ་ཟང་ཟིང་མེད་པའི་སེམས་དང་ལྡན་པའི་ཆོས་ཀྱི་སྦྱིན་པ་ལ་གཞན་ཡང་ཕན་ཡོན་ཉི་ཤུ་ཡོད་དེ། ཉི་ཤུ་གང་ཞེ་ན། དེའི་སྤོབས་པ་མ་སྐྱེས་པ་སྐྱེས་བར་འགྱུར་བ་དང་། དེའི་སྤོབས་ པ་སྐྱེས་པ་ཆུད་མི་ཟ་བར་འགྱུར་བ་དང་། གཟུངས་ཐོབ་པར་བྱ་བའི་ཕྱིར་དེའི་སེམས་དྲང་པོར་འགྱུར་བ་དང་། ཚིགས་ཆུང་ངུས་སེམས་ཅན་མང་པོ་དག་གི་དོན་བྱེད་པར་འགྱུར་བ་དང་། ཚིགས་ཆུང་ངུས་ སེམས་ཅན་རྣམས་དེ་ལ་གུས་པར་རིམ་གྲོ་བྱེད་པར་འགྱུར་བ་དང་། ལུས་ཀྱི་སྡོམ་པ་ཐོབ་པར་འགྱུར་བ་དང་། ངག་གི་སྡོམ་པ་ཐོབ་པར་འགྱུར་བ་དང་། ཡིད་ཀྱི་སྡོམ་པ་ཐོབ་པར་འགྱུར་བ་དང་། ངན་འགྲོའི་ འཇིགས་པ་ལས་འདའ་བར་འགྱུར་བ་དང་། རབ་ཏུ་དགའ་བཞིན་དུ་འཆི་བའི་དུས་བྱེད་པར་འགྱུར་བ་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཆོས་དང་མཐུན་པས་ཚར་གཅོད་པར་འགྱུར་བ་དང་། དེའི་གཟི་བརྗིད་སེམས་ཅན་ རིགས་མཐོན་པོ་དག་གིས་ཀྱང་མི་བཟོད་ན་ཕལ་དག་གིས་ལྟ་ཅི་སྨོས་པ་དང་། དབང་པོ་ཟིལ་གྱིས་མི་ནོན་པར་འགྱུར་བ་དང་། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་འཛིན་པར་འགྱུར་བ་དང་། ཞི་གནས་དང་ ལྷག་མཐོང་ཐོབ་པར་འགྱུར་བ་དང་། དཀའ་བ་སྤྱད་པ་དག་ཡོངས་སུ་རྫོགས་པར་འགྱུར་བ་དང་། བརྩོན་འགྲུས་བརྩམས་པ་ལས་ཡོངས་སུ་ཉམས་པར་མི་འགྱུར་བ་དང་། དམ་པའི་ཆོས་ཀུན་དུ་སྲུང་བར་འགྱུར་བ་དང་། ཕྱིར་མི་ལྡོག་པའི་ས་མྱུར་དུ་ནོན་པར་འགྱུར་བ་དང་། བྱང་ཆབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་འཐུན་པར་གནས་པར་འགྱུར་བ་སྟེ། བྱམས་པ་ཉི་ཤུ་པོ་དེ་དག་ནི་ཟང་ཟིང་མེད་པའི་སེམས་དང་ལྡན་པའི་ཆོས་ཀྱི་ 82-1-153a སྦྱིན་པའི་ཕན་ཡོན་ཡིན་ནོ། །བྱམས་པ་ཕྱི་མའི་དུས་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་ཟང་ཟིང་དང་བཅས་པའི་ཆོས་ཀྱི་སྦྱིན་པ་ལ་ཆེས་ཡི་རངས་པར་འགྱུར་ལ། ཟང་ཟིང་མེད་པ་ལ་ནི་ མ་ཡིན་ཏེ། ཤེས་རབ་འཆལ་བར་འགྱུར་བ་དེ་དག་ལ་ལྟོས། དེ་དག་འདི་ལྟར་མཛའ་བཤེས་ཀྱི་ཁྱིམ་དང་། སློངས་མོ་སྟེར་བའི་ཁྱིམ་ལ་རྟེན་ཅིང་ཇི་ལྟར་བདག་ལ་དད་ཅིང་བཀུར་སྟི་བྱེད་པར་འགྱུར་སྙམ་བའི་སེམས་ དེ་ལྟ་བུས་ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱེད་དེ། དེ་དག་གིས་ཟང་ཟིང་མེད་པའི་ཆོས་ཀྱི་སྦྱིན་པ་བོར་ནས་གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ནད་ཀྱི་གསོས་སྨན་དང་། ཡོ་བྱད་ཀྱི་ཕྱིར་གཞན་དག་ལ་ཆོས་སྟོན་ པར་འགྱུར་རོ་བྱམས་པ་འདི་ལྟ་སྟེ། དཔེར་ན་མི་ལ་ལ་ཞིག་ལ་ཁྱི་རོ་འམ། མི་རོ་འམ། སྤྲེའུ་ཡི་རོ་ཡང་རུང་སྟེ། ཤི་བ་རུལ་པ་མནམ་པོ་ཞིག་མགུལ་བར་བཏགས་ན་གཙང་སྦྲ་འདོད་པའི་ཕྱིར་ངོ་ཚ་ཞིང་མི་དགའ་ ལ་ཡོངས་སུ་སྤོང་བར་བྱེད་དོ། །དེ་བཞིན་དུ་དེ་དག་ཟང་ཟིང་མེད་པའི་ཆོས་ཀྱི་སྦྱིན་པས་ངོ་ཚ་ཞིང་མི་དགའ་བར་བྱེད་དེ། མནོག་མེད་པར་ཤེས་ནས་སྐྱོ་སྟེ་འདོར་ཞིང་འགྲོ་བར་འགྱུར་རོ། །གང་གི་ཕྱིར་བདག་ཅག་ལ་གོས་དང་ ཟས་མི་སྦྱིན་པར་སེམས་པས་ན་བདག་ཅག་གི་ཆོས་ཀྱི་སྦྱིན་པ་ནི་དོན་མེད་པ་ཡིན་ཏེ། བདག་ཅག་ནི་འདི་ན་དོན་མེད་པར་མི་དགའ་ཞིང་འདུག་གོ་ཞེས་ཟེར་ནས་དེ་དག་ལུས་བརྒྱན་པ་ཆེར་ཆེར་བྱ་བའི་ཕྱིར་སློབ་མ་སྡུད་ པར་བྱེད་ཀྱི། སེམས་ཅན་བསྡུ་བ་ཆེར་ཆེར་བྱ་བའི་ཕྱིར་ནི་མ་ཡིན་ནོ། །དེ་དག་འདི་སྐད་དུ་བདག་ཅག་ནི་སྙིང་བརྩེ་བས་འཁོར་བསྡུ་བར་བྱེད་ཀྱི་བདག་ཅག་ལ་ནི་བསྙེན་བཀུར་བྱེད་པ་ཅི་ཡང་དགོས་པ་མེད་དོ། །བདག་ ཅག་ནི་ཕན་པའི་དངོས་པོས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དག་ཏུ་འགྲོ་བར་ཟང་ངོ་ཞེས་སྐྱེ་བོ་མང་པོ་དག་ཤེས་པར་བྱེད་ 82-1-153b དེ། དེ་དག་གི་སེམས་ནི་གོས་དང་ཟས་ལ་སོང་བར་འགྱུར་རོ། །བྱམས་པ་ང་ནི་སེམས་ཟང་ཟིང་དང་བཅས་པ་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཞེས་མི་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་བདག་ཉིད་ཀྱང་ ཡོངས་སུ་མ་སྨིན་ན་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་ལྟ་ཅི་སྨོས་ཏེ། གནས་འདི་ནི་ཐོབ་པར་སླ་བའི་ངོ་བོ་མ་ཡིན་པའི་ཕྱིར་རོ། །བྱམས་པ་ང་ནི་བསྙེན་བཀུར་ལྷུར་ལེན་ཅིང་ལུས་ཀྱི་བསྙེན་བཀུར གྱི་བདེ་བའི་སྦག་པས་སྦགས་པར་གྱུར་བ་ལ་ཕན་པའི་དངོས་པོ་ཉིད་དུ་མི་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ལུས་ལ་བདེ་བར་བསྙེན་བཀུར་བྱ་བའི་ཕྱིར་འཁོར་སྡུད་པར་ཟད་ཀྱི། ནན་ཏན་དུ་སྒྲུབ་པ་ལ་གནས་པའི་ ཕྱིར་ནི་མ་ཡིན་པའི་ཕྱིར་རོ། །བྱམས་པ་ང་ནི་ཚུལ་འཆོལ་བ་ལ་དགོན་པ་ན་གནས་པ་ཞེས་མི་སྨྲའོ། ང་ནི་བསོད་ནམས་ཆུང་ངུ་ལ་འདོད་པ་ཆུང་བ་ཞེས་མི་སྨྲའོ། །ང་ནི་ཁ་ཟས་བཟང་པོ་འདོད་པ་ལ་བསོད་སྙོམས་ པ་ཞེས་མི་སྨྲའོ། །ང་ནི་གོས་སྡུག་གུ་འདོད་པ་ལ་ཕྱག་དར་ཁྲོད་པ་ཞེས་མི་སྨྲའོ། །ང་ནི་ཁྱིམ་པ་དང་རབ་ཏུ་བྱུང་བ་དང་འདྲེས་པ་ལ་མ་འཛིས་པ་ཞེས་མི་སྨྲའོ། །ང་ནི་གཡོ་སྒྱུ་ཅན་ལ་སངས་རྒྱས་བྱུང་བ་དང་ཕྲད་པ་ཞེས་མི་སྨྲའོ། ། ང་ནི་གཞན་གྱི་འཁྲུལ་པ་ཚོལ་བ་ལ་རྣལ་འབྱོར་ལ་བརྩོན་པ་ཞེས་མི་སྨྲའོ། །ང་ནི་ཁོང་ཁྲོ་བ་མང་བ་ལ་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པ་ཞེས་མི་སྨྲའོ། །ང་ནི་ང་རྒྱལ་ཅན་ལ་མང་དུ་ཐོས་པ་ཞེས་མི་སྨྲའོ། །ང་ནི་ ཕྱོགས་འཛིན་པ་ལ་འདུལ་བ་འཛིན་པ་ཞེས་མི་སྨྲའོ། །ང་ནི་རྒོད་པ་ལ་ཆོས་སྨྲ་བ་ཞེས་མི་སྨྲའོ། །ང་ནི་ཁྱིམ་པ་དང་འདྲིས་པ་ལ་ཞལ་ཏ་བྱེད་པ་ཡོངས་སུ་དག་པ་ཞེས་མི་སྨྲའོ། །ང་ནི་ཡོན་གནས་འདམ་པ་ལ་ཟང་ཟིང་མེད་པར་ ཡོངས་སུ་གཏོང་བ་ཞེས་མི་སྨྲའོ། །ང་ནི་ལན་དུ་ཕན་འདོགས་སུ་རེ་བ་ལ་བསྡུ་བའི་དངོས་པོ་ཞེས་མི་སྨྲའོ། །ང་ནི་རྙེད་པ་དང་བཀུར་སྟི་ལ་ཆགས་པ་ལ་ལྷག་པའི་བསམ་པ་ཡོངས་སུ་དག་པ་ཞེས་མི་སྨྲའོ། །ང་ནི་མ་དད་ 82-1-154a པ་མང་པ་ལ་རབ་ཏུ་བྱུང་བ་ཞེས་མི་སྨྲའོ། །ང་ནི་ཕ་རོལ་ལ་ཤེས་པར་བྱེད་པ་ལ་བསླབ་པ་འདོད་པ་ཞེས་མི་སྨྲའོ། །ང་ནི་མ་གུས་པ་ལ་ཆོས་སྦྱིན་པ་ཞེས་མི་སྨྲའོ། །ང་ནི་འཇིག་རྟེན་པའི་གསང་སྔགས་ལ་ བརྩོན་པ་ལ་ཆོས་ལ་དགའ་བ་ཞེས་མི་སྨྲའོ། །ང་ནི་སྟོང་པ་ཉིད་ལ་མི་བརྩོན་པ་ལ་ངེས་པར་འབྱུང་བ་ཞེས་མི་སྨྲའོ། །ང་ནི་མངོན་པར་མི་སྒྲུབ་པ་ལ་ལས་མངོན་པར་འདུ་བྱེད་པ་ཞེས་མི་སྨྲའོ། །ང་ནི་དེ་མི་སྒྲུབ་པ་ལ་བྱང་ ཆུབ་ཀྱི་ཡན་ལག་ཡོངས་སུ་རྫོགས་པར་བྱེད་པ་ཞེས་མི་སྨྲའོ། །ང་ནི་དམིགས་པ་ཅན་ལ་མངོན་པར་རྟོགས་པ་ཞེས་མི་སྨྲའོ། །ང་ནི་མཐུ་མེད་པ་ལ་བཟོད་པ་ཡོངས་སུ་རྫོགས་པ་ཞེས་མི་སྨྲའོ། །ང་ནི་མ་གཙེས་ པ་ལ་བཟོད་པའི་སྟོབས་ཀྱི་གོ་ཆ་ཅན་ཞེས་མི་སྨྲའོ། །ང་ནི་རང་བཞིན་གྱིས་འདོད་ཆགས་ཆུང་བ་ལ་ཚངས་པར་སྤྱོད་པ་ལ་གནས་པ་དཀའ་བ་བྱེད་པ་ཞེས་མི་སྨྲའོ། །ང་ནི་སྦྱོར་བ་ལ་མི་གནས་པ་ལ་ཇི་སྐད་སྨྲས་པ་དེ་བཞིན་ བྱེད་པ་ཞེས་མི་སྨྲའོ། །ང་ནི་ལྷག་པའི་བསམ་པ་ཡོངས་སུ་དག་པ་ལ་ལོག་པར་ལྟུང་བར་འགྲོ་བ་ཞེས་མི་སྨྲའོ། །ང་ནི་ཤེས་རབ་སྤྱོད་པ་ལ་འཛིངས་པར་སྤྱོད་པ་ཞེས་མི་སྨྲའོ། །ང་ནི་ཐབས་དང་ལྡན་པར་གྱུར་བ་ལ་གཡོ་སྒྱུ་ཅན་ ཞེས་མི་སྨྲའོ། །ང་ནི་རྙེད་པ་དང་བཀུར་སྟི་མི་འདོད་པ་ལ་རྫུན་དུ་སྨྲ་བ་ཞེས་མི་སྨྲའོ། །ང་ནི་བར་མ་དོར་གནས་པ་ལ་ཆོས་སྤོང་བ་ཞེས་མི་སྨྲའོ། །ང་ནི་དམ་པའི་ཆོས་ཀུན་དུ་སྲུང་བར་འདོད་པ་ལ་ལུས་དང་སྲོག་ལ་ཆགས་ པ་ཞེས་མི་སྨྲའོ། །ང་ནི་སེམས་ཞུམ་པ་ལ་ང་རྒྱལ་མེད་པ་ཞེས་མི་སྨྲའོ། །བྱམས་པ་གཡོ་སྒྱུའི་ཚིག་གང་དག་ལྔ་བརྒྱ་པ་ཐ་མ་ལ་བྱང་ཆུབ་སེམས་དཔའ་རྣམས་དམུ་རྒོད་དུ་འགྱུར་བ་དང་། གང་དག་བྱང་ཆུབ་སེམས་དཔས་ཁོང་དུ་ཆུད་པར་བྱ་ཞིང་ཁོང་ དུ་ཆུད་ནས་ཀྱང་ཡོངས་སུ་སྤོང་བར་བྱ་བ་ནི་དེ་དག་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་བྱང་ཆུབ་སེམས་ 82-1-154b དཔའ་དྲུག་བཅུ་པོ་འདི་དག་ཉེ་ཚེ་ལས་ཀྱི་སྒྲིབ་པས་བསྒྲིབས་པར་འགྱུར་རམ། འོན་ཏེ་གཞན་དག་ཀྱང་བསྒྲིབས་པར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱམས་པ་ལྔ་བརྒྱ་པ་ཐ་མ་ལ། བྱང་ཆུབ་སེམས་དཔའ་ཕལ་ཆེར་ལས་ཀྱི་སྒྲིབ་པས་བསྒྲིབས་པར་འགྱུར་ཏེ། དེ་དག་ལས་བྱང་ཆུབ་སེམས་དཔའ་ཁ་ཅིག་ནི་ལས་ཀྱི་སྒྲིབ་པ་ཟད་པར་བྱེད་དོ། །ཁ་ཅིག་ནི་འཕེལ་བར་བྱེད་དོ། །བྱམས་པ་གཞན་ཡང་བྱང་ཆུབ་སེམས་དཔའ་དྲུག་བཅུ་པོ་འདི་དག་ལས་བྱང་ ཆུབ་སེམས་དཔའ་ཉི་ཤུ་ལས་ཀྱི་སྒྲིབ་པ་ཆུང་ཞིང་ལས་ཀྱི་སྒྲིབ་པ་ཕྲ་བ་ལྔ་བརྒྱ་པ་ཐ་མ་ལ་སྐྱེ་བར་འགྱུར་བ་གང་ཡིན་པ་དེ་དག་ནི་གྲོང་ཁྱེར་དང་། གྲོང་རྡལ་དང་། རིགས་ཆེན་པོ་སྣ་ཚོགས་དག་ ཏུ་མཁས་པ། ཁོང་བཟོ་བ། ཡིད་གཞུངས་བ། ཤེས་རབ་དང་ཐབས་ལ་མཁས་པ། སེམས་མཉེན་པ། ཕན་པའི་དངོས་པོ་ཕུན་སུམ་ཚོགས་པ། སྙིང་རྗེ་ཆེ་བ། མཛེས་ པ། བལྟ་ན་སྡུག་པ། དགེ་བ་མི་སྤྱོམས་པ། ཡོན་ཏན་སྤེད་པ། སྤྱོད་པ་བརྟན་པ་དག་ཏུ་འགྱུར་རོ། །དེ་དག་རིགས་སྣ་ཚོགས་ལས་རབ་ཏུ་བྱུང་ནས་བསྐལ་པ་གྲངས་མེད་པར་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྒྲུབས་པ་འདི་ཀུན་དུ་སྲུང་ཞིང་འཛིན་པར་བྱེད་དེ། ལུས་དང་སྲོག་དང་ཡང་བསྔོས་ནས་དགོན་པ་དང་། ནགས་ཁྲོད་དང་། བས་མཐའི་གནས་མལ་ སྟེན་ཅིང་རྙེད་པ་དང་། བཀུར་སྟི་མི་འདོད་པར་འགྱུར་ཏེ། རྟག་ཏུ་བརྩོན་ཞིང་རབ་ཏུ་བརྩོན་ལ། སེམས་ཅན་གྱི་སྤྱོད་པ་ལ་འཇུག་པ་ལ་མཁས་པ། གསང་སྔགས་དང་བསྟན་བཅོས་ལ་མཁས་པ། 82-1-155a མགོ་སྨོས་པས་གོ་བ། ལྷག་མཐོང་ལ་མཁས་པ། སྤོབས་པ་ཆགས་པ་མེད་པ་དག་ཏུ་འགྱུར་རོ། །གཟུངས་མི་ཟད་པ་ཐོབ་པ་དེ་དག་སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱི་ བྱིན་གྱི་བརླབས་ཀྱིས་འཁོར་བཞི་པོ་དག་ལ་ཆོས་སྟོན་ཅིང་དེ་བཞིན་གཤེགས་པས་གསུངས་པ་མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་ དང་། ཆེད་དུ་བརྗོད་པའི་སྡེ་དང་། གླིང་གཞིའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པའི་རབས་ཀྱི་སྡེ་དང་། ཤིན་དུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་ བའི་ཆོས་ཀྱི་སྡེ་དང་། གཏན་ལ་བབ་པར་བསྟན་པའི་སྡེའི་མདོ་དག་ལ་སྤོབས་པར་འགྱུར་རོ། །དེང་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ཉི་ཤུ་པོ་གང་ཡིན་པ་དེ་དག་སློབ་དཔོན་གྱི་ལུང་རྗོད་ཅིང་ མཁན་པོའི་ལུང་རྗོད་པར་འགྱུར་ཏེ། སློབ་དཔོན་ཆེ་གེ་མོ་ཞིག་དང་། མཁན་པོ་ཆེ་གོ་མོ་ཞིག་ལས་ཆོས་ཀྱི་རྣམ་གྲངས་འདི་བདག་གིས་ཀུན་ཆུབ་པར་བྱས་སོ་ཞེས་རྗོད་ཅིང་སྐྱེས་བུ་དམ་པ་དེ་དག་གི་སེམས་ཀུན་ནས་ དཀྲིས་ཏེ་འདུག་པར་མི་འགྱུར་རོ། །དེར་བྱང་ཆུབ་སེམས་དཔའ་ཐབས་ལ་མི་མཁས་པ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་དག་ནི་དགེ་བ་སྤྱོམས་པས་གནས་ཤིང་སྤོབས་པས་དེ་ལ་མི་ལྟ་བར་སྐྱེ་བོ་མང་པོ་དག་ཤེས་ པར་བྱས་དེ། དེ་དག་གིས་དམ་པའི་ཆོས་འཛིན་པར་མི་འགྱུར་རོ། །འདི་སྐད་དུ་ཡང་འཕྱ་བར་བྱེད་དེ། ཁྱེད་ནི་རང་གི་སྤོབས་པས་ཆོས་སྟོན་པར་བྱས་ཀྱི། དེ་བཞིན་གཤེགས་པས་གསུངས་པ་ནི་མ་ ཡིན་ནོ། །ཆོས་འདི་ཁྱེད་ཀྱིས་རང་དགར་བྱས་པ་ཡིན་ནོ། །ཁྱེད་ཀྱིས་ཆོས་གང་དག་བསྟན་པ་ནི་རང་བཟོར་གཞུང་དུ་བྱས་པ་ཡིན་གྱིས། ཁྱེད་ཀྱིས་འདི་ལ་ནི་གུས་པར་བྱ་བ་ཡང་མེད། རི་མོར་ 82-1-155b བྱ་བ་ཡང་མེད་དོ་ཞེས་ཟེར་ཏེ། དེར་སེམས་ཅན་མང་པོ་དག་ཆོས་ཀྱི་རྣམ་གྲངས་འདི་སྤོང་བར་བྱེད་དེ། དེ་སྐད་སྨྲས་པས་སྐྱེ་བོ་མང་པོ་འདུན་པ་ལས་ཟློགས་པར་འགྱུར་རོ། །འདི་སྐད་དུ་ཡང་དགེ་སློང་དེ་དག་ནི་ སྦྱིན་པ་ལ་སོགས་པ་ཟང་ཟིང་ཀུན་དུ་སྤྱོད་པ་ཡིན་གྱི། མདོ་ལས་འབྱུང་བ་དང་། འདུལ་བ་ལས་འབྱུང་བའི་ཆོས་མི་སྟོན་ཏོ། །འདི་ནི་ཆོས་མ་ཡིན་གྱིས་འདི་ལ་རི་མོར་བྱ་བ་མ་སྐྱེད་ཅིག་ཅེས་ཟེར་ཏེ། སྐྱེས་བུ་ བླུན་པོ་དེ་དག་གིས་ནི་ལེགས་པར་སྨྲས་པ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་སངས་རྒྱས་ཀྱི་བཀའ་ཡིན་པར་དེ་ལྟར་མི་ཤེས་སོ། །དེ་དག་གིས་བདུད་ཀྱི་བྱིན་གྱི་བརླབ་ཀྱིས་དགེ་སློང་ཆོས་འཛིན་པ་དེ་དག་ གི་ཆོས་དེ་སྤངས་པས་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་མངོན་པར་འདུ་བྱེད་དོ། །ཆོས་ཀྱི་ཕོངས་པར་འགྱུར་བའི་ལས་མངོན་པར་འདུས་བྱས་པས་ལོག་པར་ལྟུང་བར་འགྲོ་བར་འགྱུར་རོ། ། བྱམས་པ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་དམ་པའི་ཆོས་ཀུན་དུ་སྲུང་བར་འདོད་པས་ཐབས་ལ་མཁས་པར་བྱ་སྟེ། ཅི་ནས་སེམས་ཅན་མོས་པ་ཐ་དད་པ་དེ་དག་གི་ཁོང་ཁྲོ་བའི་སེམས་མི་སྐྱེ་ བར་ཀུན་དུ་བསྲུང་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་ལྔ་བརྒྱ་པ་ ཐ་མ་ལ་དམ་པའི་ཆོས་རྣམ་པར་འཇིག་པའི་ཚེ་བྱང་ཆུབ་སེམས་དཔའ་ཤེས་རབ་འཆལ་བ་དེ་དག་འབྱུང་བར་འགྱུར་ཏེ། སྤོབས་པ་ཡང་ཚོལ་ལ་སྤོབས་པ་ལ་མོས་པར་ཡང་མི་བགྱིད་པ་དང་། གཟུངས་ཀྱང་ཚོལ་ལ་ དགེ་སློང་ཆོས་འཛིན་པ་རྣམས་ཀྱི་ཆོས་ལ་ཡང་སུན་འབྱིན་པར་བགྱིད་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་དཔེར་བགྱི་ན་མི་ལ་ལ་ཞིག་གིས་ཆབ་མིག་གམ། ཁྲོན་པ་འམ། མཚོ་ལས་ཆབ་འཚལ་བར་འཚལ་ལ། དེས་དེར་སླ་ཚྭ་བོར་ཏེ། སླ་ཚྭ་བོར་ 82-1-156a ནས་ཆབ་འཚལ་བར་བསམས་ཏེ། དེའི་སྣའི་དབང་པོས་ཆབ་དེ་བསྣམས་ནས་བདག་ཉིད་ཀྱིས་ནོངས་པར་གློ་བར་མ་ཆུད་དེ། འདི་ལྟར་ཀྱེ་མཆུ་འདི་ནི་མནམ་མོ་ཞེས་ཆབ་ལ་སྐྱོན་འདོགས་པར་སེམས་སོ། །བཅོམ་ལྡན་འདས་ དེ་ལ་སངས་རྒྱས་ཀྱི་མཐུས་ཆོས་ཀྱི་ཚུལ་འདི་ལ་སྤོབས་པའི་དགེ་སློང་ཆོས་སྨྲ་བ་གང་ལགས་པ་དེ་དག་ནི་ཆབ་མིག་གམ། ཁྲོན་པ་འམ། མཚོ་ཇི་ལྟ་བ་དེ་བཞིན་དུ་བལྟ་བར་བགྱིའོ། །བཅོམ་ལྡན་འདས་ལྔ་བརྒྱ་པ་ཐ་མ་ལ་བྱང་ ཆུབ་སེམས་དཔའ་འབྱུང་བར་འགྱུར་བ་རྣམས་ནི་ཇི་ལྟར་བྱིས་པའི་རང་བཞིན་ཅན་གྱི་ཆབ་མིག་གམ། ཁྲོན་པ་འམ། མཚོའི་ནང་དུ་སླ་ཚྭ་བོར་ནས་ཆབ་འཚལ་བར་འཚལ་ལ། དེ་ཆབ་ལ་སྐྱོན་འདོགས་པ་བཞིན་ཏེ། ཤེས་རབ་ འཆལ་པའི་རང་བཞིན་ཅན་དེ་དག་ཆོས་སྨྲ་བ་དེ་དག་དང་། ཆོས་ལ་ཡང་སུན་འབྱིན་པར་བགྱིད་དེ། སུན་ཕྱུང་ནས་ཀྱང་དེ་དག་ཉིད་ལས་ཆོས་ཀྱི་རོ་འཚལ་བར་སེམས་ཏེ། བདག་ཉིད་ཀྱིས་ནོངས་པར་གློ་བར་མ་ཆུད་ནས་རྣ་བའི་ དབང་པོ་སྐྱོན་དང་ལྡན་པས་དགེ་སློང་ཆོས་འཛིན་པ་དེ་དག་ལ་སྟིང་ཞིང་ཁྱད་དུ་གསོད་ལ། འདི་སྐད་དུ་འདི་ལྟར་དགེ་སློང་ཆོས་སྨྲ་བ་འདི་དག་ནི་ཉེས་པ་མང་པོས་སུན་ཕྱུང་བ་ཡིན་ནོ་ཞེས་མཆི་སྟེ། དགེ་སློང་ཆོས་སྨྲ་བ་དེ་དག་གི་ཆོས་ཀྱི་ རོ་ལ་སུན་འབྱིན་ཅིང་འཁྲུལ་པ་ཚོལ་ཏེ། སྐྱོན་ས་འདོར་ཞིང་མཆི་བར་སེམས་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བྱམས་པ་ལེགས་སོ། །ལེགས་སོ། །ཇི་ལྟར་ཡང་འཁྲུལ་པ་མི་ཚོལ་ཞིང་སྐྱོན་ཐམས་ཅད་དང་བྲལ་བ་ཁྱོད་ཀྱིས་བཤད་པ་འདིའི་དཔེ་དེ་ལེགས་པར་སྨྲས་སོ། །བྱམས་པ་གཞན་ཡང་རྒྱུ་བཞི་ས་ན་སྤོབས་པ་ཐམས་ཅད་ ནི་སངས་རྒྱས་ཀྱིས་གསུངས་པར་རིག་པར་བྱའོ། །བཞི་གང་ཞེ་ན། བྱམས་པ་འདི་ལ་སྤོབས་པ་དོན་དང་ལྡན་པ་ཡིན་གྱི་དོན་དང་མི་ལྡན་པ་མ་ཡིན་པ་དང་། ཆོས་དང་ལྡན་པ་ཡིན་གྱི་ 82-1-156b ཆོས་དང་མི་ལྡན་པ་མ་ཡིན་པ་དང་། ཉོན་མོངས་པ་ཟད་པར་བྱེད་པ་ཡིན་གྱི་ཉོན་མོངས་པ་འཕེལ་བར་བྱེད་པ་མ་ཡིན་པ་དང་། མྱ་ངན་ལས་འདས་པའི་ཡོན་ཏན་དང་ཕན་ཡོན་སྟོན་པ་ཡིན་གྱི་འཁོར་བའི་ཉེས་པ་འཕེལ་ བར་བྱེད་པ་མ་ཡིན་པ་སྟེ། བྱམས་པ་རྒྱུ་བཞི་པོ་འདི་དག་དང་ལྡན་ན་སྤོབས་པ་ཐམས་ཅད་སངས་རྒྱས་ཀྱིས་གསུངས་པར་རིག་པར་བྱའོ། །བྱམས་པ་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་ མ་གང་སུ་ཡང་རུང་སྟེ། རྒྱུ་བཞི་པོ་འདི་དག་གི་སྤོབས་པས་སྤོབས་པ་འམ། སྤོབས་པར་འགྱུར་ཡང་རུང་སྟེ། དེ་ལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དད་པ་ཅན་དག་གིས་དེ་དག་ལ་སངས་རྒྱས་སུ་འདུ་ཤེས་བསྐྱེད་ པར་བྱ་ཞིང་སྟོན་པར་འདུ་ཤེས་བསྐྱེད་པར་བྱས་ནས་དམ་པའི་ཆོས་མཉན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱམས་པ་ལེགས་པར་སྨྲས་པ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་སངས་རྒྱས་ཀྱིས་གསུངས་པ་ཡིན་པའི་ ཕྱིར་རོ། །བྱམས་པ་དེ་ལ་གང་ཟག་ལ་སྡང་བའི་ཕྱིར་འདི་དག་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ། །ཞེས་སྤོབས་པ་བཞི་པོ་དེ་དག་སྤོང་ཞིང་དེ་དག་ལ་མ་གུས་པ་སྐྱེད་པར་བྱེད་པ་དེས་ནི་སངས་རྒྱས་ཀྱིས་གསུངས་ པའི་སྤོབས་པ་ཐམས་ཅད་སྤངས་པ་ཡིན་ཏེ། ཆོས་སྤངས་ནས་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་མངོན་པར་འདུ་བྱེད་པས་ངན་སོང་དུ་འགྲོ་བར་འགྱུར་རོ། །བྱམས་པ་དེ་ལྟ་བས་ན་རིགས་ཀྱི་བུ་འམ། རིགས་ཀྱི་ བུ་མོ་དད་པ་ཅན་གང་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་ལས་ཡོངས་སུ་གྲོལ་བར་འདོད་པས་གང་ཟག་སྡང་བའི་ཕྱིར་ཆོས་ལ་སྡང་བར་མི་བྱའོ། །བྱམས་པ་སྤོབས་བ་བཞི་པོ་འདི་དག་ནི་སངས་རྒྱས་རྣམས་ཀྱིས་ སྤངས་པ་ཡིན་ཏེ། བྱམས་པ་བཞི་གང་ཞེ་ན། སྤོབས་པ་དོན་མེད་པ་ཡིན་གྱི་དོན་དང་ལྡན་པ་མ་ཡིན་པ་དང་། ཆོས་དང་མི་ལྡན་པ་ཡིན་གྱི་ཆོས་དང་ལྡན་པ་མ་ཡིན་པ་དང་། ཉོན་མོངས་པ་འཕེལ་བར་བྱེད་པ་ཡིན་གྱི་ 82-1-157a ཉོན་མོངས་པ་ཟད་པར་བྱེད་པ་མ་ཡིན་པ་དང་། འཁོར་བའི་ཉེས་པ་འཕེལ་བར་བྱེད་པ་ཡིན་གྱི་མྱ་ངན་ལས་འདས་པའི་ཡོན་ཏན་དང་ཕན་ཡོན་མི་སྟོན་པ་སྟེ། བྱམས་པ་སྤོབས་པ་བཞི་པོ་དེ་དག་ནི་སངས་རྒྱས་ཀྱིས་ སྤངས་ཤིང་མ་གནང་བ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་འཁོར་བ་འཕེལ་བར་བགྱིད་པའི་སྤོབས་པ་ སངས་རྒྱས་ཀྱིས་མ་གནང་བ་ལགས་ན་བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་རྫོགས་པར་བགྱིད་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་ཉོན་མོངས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་འདོགས་པ་ལགས་པར་བསྟན་ཅིང་ འཁོར་བ་ཡོངསུ་འཛིན་པའི་བསྔགས་པ་ཡང་བཀའ་སྩལ་པ་འདི་ཇི་ལྟ་ཞིག་ལགས་ཏེ། བཅོམ་ལྡན་འདས་སྤོབས་པ་འདི་སངས་རྒྱས་ཀྱི་སྤོབས་པ་ལགས་པར་མི་འགྱུར་ལགས་གྲང་། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། བྱམས་པ་འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཉོན་མོངས་པ་ཕན་འདོགས་པ་ཡིན་པར་ངས་བསྟན་ཅིང་འཁོར་བ་ཡོངས་སུ་ འཛིན་པའི་བསྔགས་པ་བསྟན་པ་གང་ཡིན་པ་དེ་དོན་དང་ལྡན་པ་ཡིན་ནམ། འོན་ཏེ་དོན་དང་ལྡན་པ་མ་ཡིན། གསོལ་པ། བཅོམ་ལྡན་འདས་ཡང་དག་པར་སྨྲ་བས་སྨྲ་བར་བགྱིད་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་ ཡན་ལག་ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ་ཉོན་མོངས་པ་ལ་དགའ་བ་ནི་དོན་དང་ལྡན་པ་ལགས་ཤིང་ཆོས་དང་ལྡན་པ་ལགས་ཤེས་མཆི་ན་ཡང་དག་པར་སྨྲ་བས་སྨྲ་བ་ལགས་སོ། །བཀའ་སྩལ་པ། བྱམས་པ་དེ་ ལྟ་བས་ན་རྣམ་གྲངས་འདིས་ཀྱང་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཉོན་མོངས་པ་ཕན་འདོགས་པར་གྱུར་བར་བསྟན་པ་དང་། འཁོར་བ་ཡོངས་སུ་ 82-1-157b འཛིན་པའི་བསྔགས་པ་བརྗོད་པ་ནི་ལེགས་པར་སྨྲས་པ་ཐམས་ཅད་སངས་རྒྱས་ཀྱིས་གསུངས་པ་ཡིན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱམས་པ་དོན་གང་ལ་བྱང་ཆུབ་སེམས་དཔའི་ཆོས་ཀྱི་དབང་ཕྱུག་ཐབས་ལ་ མཁས་པ་རྣམས་ཀྱིས་དབང་བྱ་བ་དང་། གང་ན་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ཡོད་པ་མ་ཡིན་པ་དེ་ནི་ཉོན་མོངས་པར་བལྟ་བར་མི་བྱ་སྟེ་ཉོན་མོངས་པའི་གནོད་པ་མ་ཡིན་ནོ། །བྱམས་པ་དེ་ལྟ་མོད་ཀྱི་ཉོན་ མོངས་པ་གཞན་དག་ལ་ཕན་པར་མི་འགྱུར་བ་དང་། བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་རྫོགས་པའི་དོན་དུ་མི་འགྱུར་བ་དང་། དོན་དང་ལྡན་པ་མ་ཡིན་པ་དང་། དགེ་བའི་རྩ་བ་ཆུང་ངུའི་རྒྱུར་ཡང་མི་འགྱུར་བ་གང་ཡིན་པ་དེ་ ལ་ནི་བྱང་ཆུབ་སེམས་དཔས་ལུས་དང་སྲོག་དང་ཡང་བསྔོ་བར་བྱའི། ཉོན་མོངས་པ་དེའི་དབང་དུ་འགྲོ་བར་ནི་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱམས་པ་བྱང་ཆུབ་སེམས་དཔའ་ཡེ་ཤེས་ཀྱི་སྟོབས་བསྐྱེད་པ་ཐོབ་པའི་ ཉོན་མོངས་པ་བསྟན་པ་ཡང་གཞན་ཡིན་ལ། བྱང་ཆུབ་སེམས་དཔའ་སྟོབས་བསྐྱེད་པ་མ་ཡིན་པའི་ས་ལ་ཆགས་པ་རྣམས་ཀྱི་ཡང་གཞན་ཡིན་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་འཚལ་པ་ལྟར་ན་བྱང་ཆུབ་སེམས་དཔའ་གང་ལས་ཀྱི་སྒྲིབ་པ་མངོན་ པར་འདུ་མི་བགྱིད་པར་འཚལ་བ་དང་། ལས་ཀྱི་སྒྲིབ་པ་སྦྱང་བར་འཚལ་བ་དང་། མ་སྣང་ཅིང་མ་རྨས་ལ་བདེ་བར་ཡོངས་སུ་ཐར་པར་འཚལ་བས་ལྔ་བརྒྱ་པ་ཐ་མ་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ ལ་མོས་པར་བགྱིའོ། །ཐེ་ཚོམ་མ་མཆིས་པ་མང་བར་བགྱིའོ། །གཞན་གྱི་འཁྲུལ་པ་མི་ཚོལ་པ་དང་། ཕན་ཡོན་ཡོངས་སུ་བཟུང་བ་དང་། སྙིང་པོ་བཙལ་བར་བགྱིའོ། །བཀའ་སྩལ་པ། 82-1-158a བྱམས་པ་དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་ལ་ཐེ་ཚོམ་མེད་པ་མང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱམས་པ་བྱང་ཆུབ་སེམས་དཔའ་ཤེས་རབ་སྤྱོད་པ་རྣམས་ ཀྱི་སྤྱོད་པ་ནི་འཇིག་རྟེན་ཐམས་ཅད་དང་མི་མཐུན་པའི་ཕྱིར་རོ། །བྱམས་པ་དཔེར་ན་རྒྱུན་དུ་ཞུགས་པ་ནི་སོ་སོའི་སྐྱེ་བོའི་སྤྱོད་པ་ན་ཡང་སྣང་ལ། བྱིས་པ་སོ་སོའི་སྐྱེ་བོའི་ཉེས་པ་དག་གིས་ཀྱང་གོས་པར་མི་འགྱུར་ཏེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གང་དག་གིས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལོག་པར་ལྟུང་བར་འགྲོ་བའི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དེ་དག་ཉིད་ཀྱིས་རྒྱུན་དུ་ཞུག་པ་ལོག་པར་ལྟུང་བར་འགྲོ་བར་ མི་འགྱུར་ཏེ། འདི་ལྟར་འཇིག་ཚོགས་ཡོངས་སུ་རྟོགས་པའི་ཕྱིར་རོ། །བྱམས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཤེས་རབ་སྤྱོད་པ་རྣམས་ནི་བག་ཆགས་མ་སྤངས་པའི་ཕྱིར་ཆགས་ཤིང་སྤང་ལ་རྨོངས་པར་གྱུར་ དུ་ཟིན་ཀྱང་དེ་དག་གིས་ཡང་གཞན་ལ་བྱི་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཡང་གཞན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་བག་ལ་ཉལ་ནི་སེམས་ལ་ཀུན་ནས་དཀྲིས་ཤིང་འདུག་པ་གང་གིས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་སམ། བྱང་ཆུབ་སེམས་དཔའི་སེམས་རྟུལ་ཞིང་ངེས་པར་འབྱུང་བ་ལ་མི་མཁས་པ་རྣམས་དང་མཉམ་པར་འགྱུར་བ་མ་ཡིན་པའི་ཕྱིར་རོ། །བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་སྤྱོད་པ་རྣམས་ ནི་ཉེས་པ་ཐམས་ཅད་ཀྱི་ནང་ན་ལྕི་བ་བྱུང་དུ་ཟིན་ཀྱང་ཤེས་རབ་ཀྱི་སྟོབས་ཀྱིས་རྡུལ་དུ་རློག་པར་བྱེད་དེ། དེའི་རྒྱུས་ལོག་པར་ལྟུང་བར་འགྲོ་བར་ཡང་མི་འགྱུར་རོ། །བྱམས་པ་དཔེར་ན་མེའི་ཕུང་པོ་འབར་བ་ལ་ནི་ཤིང་ གི་ཚོགས་ཆེན་པོས་བསྣན་ན་ཇི་ལྟ་ཇི་ལྟར་བསྣན་པ་དེ་ལྟ་དེ་ལྟར་དེ་ཕྱིར་ཞིང་ཆེར་འབར་བར་འགྱུར་གྱི་མེ་ཤི་བར་མི་འགྱུར་རོ། །བྱམས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཤེས་རབ་སྤྱོད་པའི་ཤེས་རབ་ཀྱི་མེ་ 82-1-158b འབར་བ་དེ་ལ་ནི་ཉོན་མོངས་པའི་ལེན་པ་ཇི་ལྟ་ཇི་ལྟར་བསྣན་པ་དེ་ལ་དེ་ལྟར་དེའི་ཤེས་རབ་ཀྱི་མེ་འབར་བར་འགྱུར་གྱི་ཤི་ཞིང་ཟད་པར་མི་འགྱུར་རོ། །བྱམས་པ་དེ་ལྟ་བས་ན་རྣམ་གྲངས་འདིས་ཀྱང་འདི་ལྟར་ བྱང་ཆུབ་སེམས་དཔའ་ཤེས་རབ་སྤྱོད་པ་རྣམས་ཀྱི་སྤྱོད་པ་ནི་འཇིག་རྟེན་ཐམས་ཅད་དང་མི་མཐུན་པར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་ པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་ཤེས་རབ་ཀྱི་སྟོབས་བསྐྱེད་པ་ཐོབ་པས་ཆོས་གང་དག་ནི་ཡོངས་སུ་ སྤང་བར་བགྱི། ཆོས་གང་དག་ནི་ཀུན་དུ་བསྟེན་པར་བགྱི། ཆོས་གང་དག་ཡོངས་སུ་སྤོང་ཞིང་ཀུན་དུ་བསྟེན་པར་བགྱིད་ན་ཤེས་རབ་ཀྱི་སྟོབས་བསྐྱེད་པ་མ་སྐྱེས་པ་ནི་སྐྱེ་པར་འགྱུར་ལ། སྐྱེས་པ་ཡང་རྣམ་པར་འཕེལ་ ཞིང་ཡོངས་སུ་འགྲིབ་པར་མི་འགྱུར་བ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱམས་པ་ བྱང་ཆུབ་སེམས་དཔའ་ལས་དང་པོ་པས་ཁྱིམ་གྱི་གནས་ནས་མངོན་པར་འབྱུང་བ་དང་། ཤེས་རབ་ཀྱི་སྟོབས་བསྐྱེད་པ་ཐོབ་པ་དང་། རྙེད་པ་དང་། བཀུར་སྟི་ཡོངས་སུ་སྤང་བ་དང་། རྙེད་པ་དང་། བཀུར་སྟིའི་ ཉེས་པ་མཐོང་བར་བྱའོ། །འདུ་འཛི་ལ་དགའ་བ་ཡོངས་སུ་སྤང་བ་དང་། འདུ་འཛི་ལ་དགའ་བའི་ཉེས་པ་མཐོང་བར་བྱའོ། །སྨྲ་བ་ལ་དགའ་བ་ཡོངས་སུ་སྤང་བ་དང་སྨྲ་བ་ལ་དགའ་བའི་ཉེས་པ་མཐོང་བར་བྱའོ། །གཉིད་ ལ་དགའ་བ་ཡོངས་སུ་སྤང་བ་དང་གཉིད་ལ་དགའ་བའི་ཉེས་པ་མཐོང་བར་བྱའོ། །ལས་ལ་དགའ་བ་ཡོངས་སུ་སྤང་བ་དང་ལས་ལ་དགའ་བའི་ཉེས་པ་མཐོང་བར་བྱའོ། །སྤྲོས་པ་ལ་དགའ་བ་ཡོངས་སུ་སྤང་ 82-1-159a བ་དང་སྤྲོས་པ་ལ་དགའ་བའི་ཉེས་པ་མཐོང་བར་བྱའོ། །རྙེད་པ་དང་། བཀུར་སྟི་དང་ཚིགས་སུ་བཅད་པ་ཡོངས་སུ་སྤངས་བ་དེས་ནི་འདོད་པ་ཆུང་བ་བསྒོམ་པར་བྱའོ། །འདུ་འཛི་ལ་དགའ་བ་ཡོངསུ་ སྤངས་པས་ནི་གཅིག་པུར་དགའ་བ་ཀུན་དུ་བསྟེན་པར་བྱའོ། །སྨྲ་བ་ལ་དགའ་བ་ཡོངས་སུ་སྤངས་པས་ནི་དོན་ལ་རྟོག་པ་ཀུན་དུ་བསྟེན་པར་བྱའོ། །གཉིད་ལ་དགའ་བ་ཡོངས་སུ་སྤངས་པས་ནི་ནམ་གྱི་ཆ་སྟོད་དང་ ནམ་གྱི་ཆ་སྨད་ལ་མི་ཉལ་བ་ཀུན་དུ་བསྟེན་པར་བྱའོ། །ལས་ལ་དགའ་བ་ཡོངས་སུ་སྤངས་པས་ནི་སེམས་ཅན་ཐམས་ཅད་ལ་བྱམས་པ་ཀུན་དུ་བསྟེན་པར་བྱའོ། །བྱམས་པ་ལས་དང་པོ་པའི་བྱང་ཆུབ་སེམས་ དཔའ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་ཤེས་རབ་ཀྱི་སྟོབས་བསྐྱེད་པ་རྗེས་སུ་ཐོབ་པར་འདོད་པས་ཡོངས་སུ་སྤང་བར་བྱ་བའི་ཆོས་རྣམས་ནི་ཡོངས་སུ་སྤང་བར་བྱའོ། །ཀུན་དུ་བསྟེན་པར་བྱ་བའི་ཆོས་ རྣམས་ནི་ཀུན་དུ་བསྟེན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱམས་པ་ཡེ་ཤེས་ཀྱང་རྐྱེན་ལ་རག་ལས་པ་ཡིན་ལ། མི་ཤེས་པ་ཡང་རྐྱེན་ལ་རག་ལས་པ་ཡིན་ཏེ། དེ་ནི་རྐྱེན་མ་ཚོགས་པར་ཐོབ་པར་སླ་བ་མ་ཡིན་ པའི་ཕྱིར་རོ།། །། བམ་པོ་གཉིས་པ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་ སེམས་དཔས་རྙེད་པ་དང་། བཀུར་སྟིའི་སྐྱོན་ཇི་ལྟར་མཐོང་བར་བགྱི། རྙེད་པ་དང་བཀུར་སྟིའི་ནོངས་དམིགས་ནི་གང་ལགས། བྱང་ཆུབ་སེམས་དཔས་གང་དག་ལ་བརྟགས་ན་འདོད་པ་ཆུང་ངུ་ལ་དགའ་ ཞིང་ཡོངས་སུ་མི་གདུང་བར་འགྱུར་བ་ལགས། བཀའ་སྩལ་པ། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྙེད་པ་དང་བཀུར་སྟི་ནི་འདོད་ཆགས་སྐྱེད་པ་ཡིན་པར་བརྟག་པར་བྱའོ། ། 82-1-159b རྙེད་པ་དང་བཀུར་སྟི་ནི་དྲན་པ་འཇོམ་པར་བྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་རྙེད་པ་དང་མ་རྙེད་པས་ཁེངས་པ་དང་འདུང་བར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་གཏི་མུག་སྐྱེད་པར་བརྟག་པར་བྱའོ། ། རྙེད་པ་དང་བཀུར་སྟི་ནི་བདག་གི་དོན་སྒྲུབ་པས་ཁྱིམ་ལ་སེར་སྣ་བྱེད་པ་དང་། ཆགས་པར་བྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་གཡོ་སྐྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་འཕགས་པའི་རིགས་ བཞི་ཡོངས་སུ་སྤོང་བས་ངོ་ཚ་མེད་པ་དང་། ཁྲེལ་མེད་པ་སྐྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་སངས་རྒྱས་ཐམས་ཅད་ཀྱིས་མ་གནང་བར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་ང་རྒྱལ་དང་ རྒྱགས་པ་དང་དྲེགས་པ་བསྐྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་བླ་མ་རྣམས་ལ་ཁྱད་དུ་གསོད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་བདུད་ཀྱི་ཕྱོགས་སུ་བརྟག་པར་བྱའོ། །རྙེད་པ་དང་ བཀུར་སྟི་ནི་གཅིག་ཏུ་བག་མེད་པའི་རྩ་བ་ཡིན་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་དགེ་བའི་རྩ་བ་འཕྲོག་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་གློག་དང་། འཁོར་ལོ་དང་། ལྕེ་འབབ་པ་ལྟ་བུར་ བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་སྤག་པ་མང་པོས་སྤགས་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་མཛའ་བཤེས་ཀྱི་ཁྱིམ་དང་། སློང་མོ་སྟེར་བའི་ཁྱིམ་ལ་ལྟ་བར་བརྟག་པར་བྱའོ། །རྙེད་པ་ དང་བཀུར་སྟི་ནི་ཡིད་མི་བདེ་བ་སྐྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་བློ་རྣམ་པར་འཁྲུལ་བར་བྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་སྡིག་པའི་དངོས་པོ་འགྱུར་བ་བྱེད་པའི་ཕྱིར་མྱ་ངན་ སྐྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་དྲན་པ་ཉེ་བར་གཞག་པ་བཞི་རྗེད་པར་བྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་དཀར་པོའི་ཆོས་ཉམ་ཆུང་བར་བྱེད་པར་བརྟག་ 82-1-160a པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་ཡང་དག་པའི་སྤོང་བ་བཞི་ཡོངས་སུ་ཉམས་པར་བྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་ཕ་རོལ་གྱི་དད་པའི་བར་ཆད་བྱེད་པར་བརྟག་པར་བྱའོ། ། རྙེད་པ་དང་བཀུར་སྟི་ནི་རྫུ་འཕྲུལ་དང་མངོན་པར་ཤེས་པ་ཉམས་པར་བྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་སྔར་བཀུར་སྟི་བྱེད་ལ་ཕྱིས་བཀུར་སྟི་མི་བྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་ སྟི་ནི་མི་མཛའ་བ་དག་དང་གནས་པར་བྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་མཛའ་བོ་སྤོང་བར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་ཕ་རོལ་འདྲིད་པའི་ཕྱིར་སྨད་འཚོང་མ་ དང་འདྲ་བར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་བསམ་གཏན་དང་། ཚད་མེད་པ་ཡོངས་སུ་སྤོང་བར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོའི་ སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་ལྟུང་བར་བྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་ལྷས་བྱིན་དང་། ལྷག་སྤྱོད་གྱི་ཆོ་ག་དང་མཐུན་པར་བརྟག་པར་བྱའོ། །བྱམས་པ་ བྱང་ཆུབ་སེམས་དཔས་རྙེད་པ་དང་བཀུར་སྟི་ལ་ཉེས་དམིགས་གང་དག་བརྟག་པར་བྱ་བ་ནི་འདི་ལྟ་བུ་འདི་དག་གོ། །བརྟགས་ནས་ཀྱང་འདོད་པ་ཆུང་བར་བྱའི་ཡོངས་སུ་གདུང་བར་ནི་མི་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། བྱམས་པ་བྱང་ཆུབ་སེམས་དཔའི་འདོད་པ་ཆུང་བ་ལ་སྐྱོན་འདི་ལྟ་བུ་འདི་དག་མེད་པའི་ཕྱིར་ཏེ། དེའི་སངས་རྒྱས་ཀྱི་ཆོས་རྣམས་ལ་བར་ཆད་མེད་པ་ཡིན། ཁྱིམ་པ་དང་རབ་ཏུ་བྱུང་བ་དག་ཡིད་འབྱུང་བར་མི་འགྱུར་བ་ཡིན། ལྷ་དང་མི་རྣམས་ཡོངས་སུ་དགའ་བར་བྱ་བའི་ཕྱིར་གནས་པས་རྗེས་སུ་བསྲུང་བར་འོས་པ་ཡིན། ངན་འགྲོ་ལོག་པར་ལྟུང་བ་ 82-1-160b ཐམས་ཅད་ཀྱིས་སྐྲག་པ་མེད་པ་ཡིན། བསྡིགས་པ་དང་བྲལ་བས་ཟིལ་གྱིས་མི་ནོན་པ་ཡིན། བདུད་ཀྱི་ཡུལ་ལས་ཡོངས་སུ་གྲོལ་བས་མི་འཕྲོགས་པ་ཡིན། སྡུག་ བསྔལ་ཐམས་ཅད་ཀྱིས་མི་ཚུགས་པ་ཡིན། ལྷ་དང་མི་རྣམས་ཀྱིས་མངོན་པར་འདོད་པར་བྱ་བ་ཡིན། བསམ་གཏན་ལ་གོམས་པར་བྱེད་པར་གནས་པས་གསལ་བ་ཡིན། གཡོ་དང་སྒྱུ་སྤངས་ པ་དང་། འདོད་པའི་ཡོན་ཏན་ལྔ་ལ་སྐྱོན་དུ་ལྟ་བས་བག་ཡོད་པ་ཡིན། འཕགས་པའི་རིགས་ལ་གནས་པས་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་ཡིན། མཁས་པ་རྣམས་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ ཀྱིས་འདོད་པ་ཡིན་ཏེ། བྱམས་པ་ཕན་ཡོན་འདི་ལྟ་བུ་འདི་དག་ཤེས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཁས་པ་རྙེད་པ་དང་བཀུར་སྟི་ཡོངས་སུ་སྤངས་པས་རྙེད་པ་དང་བཀུར་སྟི་ཐམས་ཅད་སྤང་བའི་ཕྱིར་ལྷག་པའི་བསམ་པས་འདོད་པ་ ཆུང་བ་ལ་གནས་པར་བྱ་ཞིང་འདོད་པ་ཆུང་བ་ལ་ཀུན་དུ་བསྟེན་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་འདུ་འཛི་ལ་དགའ་བའི་སྐྱོན་རྣམས་ཇི་ལྟར་བརྟག་པར་བགྱི། འདུ་འཛི་ལ་དགའ་བའི་སྐྱོན་དེ་དག་ནི་གང་ལགས། བྱང་ཆུབ་སེམས་དཔས་གང་དག་ལ་ བརྟགས་ན་གཅིག་པུར་དགའ་བ་ལ་དགའ་ཞིང་ཡོངས་སུ་སྐྱོ་བར་ཡང་མི་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་འདུ་འཛིའི་ཉེས་དམིགས་ནི་ཉི་ཤུ་པོ་འདི་དག་ཡིན་ཏེ། ཉི་ཤུ་གང་ཞེ་ན། བྱམས་པ་འདི་ལ་ལུས་ཀྱིས་མ་བསྡམས་པ་ཡིན། ངག་གིས་མ་བསྡམས་པ་ཡིན། ཡིད་ཀྱིས་མ་བསྡམས་པ་ཡིན། འདོད་ཆགས་ཆེ་བ་ཡིན། ཞེ་སྡང་ཆེ་བ་ཡིན། གཏི་མུག་ 82-1-161a ཆེ་བ་ཡིན། འཇིག་རྟེན་པའི་གཏམ་གྱིས་ཀྱང་གོས་པ་ཡིན། འཇིག་རྟེན་ལས་འདས་པའི་གཏམ་ལས་ཡོངས་སུ་ཉམས་པ་ཡིན། ཆོས་ལ་མ་གུས་པ་ལ་སྟེན་པ་ཡིན། ཆོས་ཡོངས་སུ་སྤངས་ པ་ཡིན། དེ་ལ་བདུད་ཀྱིས་གླགས་རྙེད་པ་ཡིན། བག་མེད་པ་ལ་བསྟེན་པ་ཡིན། བག་མེད་པ་དང་ལྡན་པ་ཡིན། དེ་རྟོག་པ་དང་དཔྱོད་པ་ཤས་ཆེ་བ་ཡིན། མང་དུ་ཐོས་པ་ལས་ཡོངས་སུ་ཉམས་པ་ཡིན། ཞི་ གནས་དང་ལྷག་མཐོང་མི་འཐོབ་པ་ཡིན། མྱུར་དུ་ཚངས་པར་སྤྱོད་པར་མི་འགྱུར་བ་ཡིན། སངས་རྒྱས་ལ་དགའ་བ་ལས་ཡོངས་སུ་ཉམས་པ་ཡིན། ཆོས་ལ་དགའ་བ་ལས་ཡོངས་སུ་ཉམས་པ་ཡིན། དགེ་འདུན་ལ་དགའ་བ་ལས་ཡོངས་སུ་ཉམས་པ་ཡིན་ཏེ། བྱམས་པ་ཉི་ཤུ་པོ་དེ་དག་ནི་འདུ་འཛི་ལ་དགའ་བའི་ཉེས་དམིགས་ཡིན་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔས་གང་དག་ལ་བརྟགས་ན་ གཅིག་པུར་དགའ་བ་ལ་དགའ་ཞིང་ཡོངས་སུ་སྐྱོ་བར་ཡང་མི་འགྱུར་བ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །འདོད་ཆགས་སྤངས་ཤིང་ཞེ་ སྡང་རབ་སྤངས་ནས། །རྣལ་འབྱོར་ཅན་ནི་འདུ་འཛིར་མི་གནས་ཏེ། །དེ་ནི་དེ་ལ་གཞོལ་ཞིང་དེ་ལ་འབབ། །ཉེས་པ་དེས་ན་དགའ་བར་བྱེད་མི་འགྱུར། །རྒོད་དང་དགོད་དང་དེ་བཞིན་རྣམ་རྟོག་པ། །འདི་དག་ ཐམས་ཅད་འདུ་འཛི་རྣམས་ལས་བྱུང་། །སྙིང་པོ་མེད་པའི་འདུ་འཛི་སུ་བྱེད་པ། །དེ་ནི་ལང་ལོང་སྤྱོད་ཅིང་མ་བསྡམས་ཡིན། །བྱིས་པ་དག་ནི་འཇིག་རྟེན་སྨྲ་ལ་དགའ། །བྱིས་པ་དེ་དག་མཆོག་གི་གཏམ་ ལས་ཉམས། །ཞེ་སྡང་འཕེལ་ཞིང་རྣམ་རྟོག་ཤས་ཀྱང་ཆེ། །ཉེས་པ་དེས་ན་དེ་ལ་མི་ཆགས་སོ། །རིགས་པ་མ་ཡིན་སྨྲ་ལ་དགའ་བསྐྱེད་ནས། །དགེ་སློང་ཐོས་པ་རྣམ་པར་འཕེལ་ནི་བྱེད། ། 82-1-161b དེ་ལྟ་བས་ན་མི་རིགས་སྨྲ་སྤོངས་ལ། །ཆོས་ལ་རྟག་ཏུ་དགའ་བ་ཐོབ་པར་གྱིས། །བྱང་ཆུབ་མངོན་པར་འདོད་ཕྱིར་ང་ཡིས་ནི། །རང་གི་ཡན་ལག་ལན་སྟོང་སྙེད་དུ་བཏང་། །ཆོས་ཉན་པས་ནི་ང་ལ་ ངོམས་མེད་ན། །དེ་དག་ཆོས་ཉན་པ་ན་སྐྱོ་བར་འགྱུར། །ཚིག་བཞི་པ་ཡི་ཚིགས་སུ་བཅད་པའི་ཕྱིར། །ང་ནི་ཆུང་མ་བུ་ལ་དགའ་མ་གྱུར། །རྒྱལ་སྲིད་དག་དང་ལོངས་སྤྱོད་ངས་སྤངས་ན། ། མཁས་པ་ཇི་ལྟར་ཆོས་ནི་ཉན་མི་བྱེད། །རིགས་མི་སྨྲ་དང་དམ་པ་མིན་སྨྲ་བ། །རྣམ་པ་ཀུན་དུ་ཡོངས་སུ་སྤང་བར་བྱ། །བསྐལ་པ་བརྒྱ་ཕྲག་དུ་མར་གང་དཀོན་པ། །ཆོས་ཀྱི་དམ་པ་དེ་ལ་དགའ་ སྐྱེད་ཅིག །ཐར་པ་འདོད་པ་ཡོན་ཏན་དོན་གཉེར་བས། །འཇིག་རྟེན་བྱ་བ་ཡོངས་སུ་བཙལ་མི་བྱ། །གང་ཞིག་ཟས་དང་གོས་ཀྱི་དོན་ཙམ་འདོད། །དེ་ནི་མཆོག་དང་གཙོ་བོར་བསྔགས་མ་ཡིན། ། གང་ཞིག་འདྲི་ཞིང་དགེ་སློང་ལེགས་པར་འོངས། །བསྟན་ཡང་གདིང་གིས་ཚུར་ཤོག་འདུག་པར་གྱིས། །མི་ཡི་རྙེད་པ་རབ་དཀོན་རྙེད་གྱུར་གྱིས། །གཅིག་ལ་གཅིག་ནི་ཆོས་ཀྱི་གཏམ་ཡང་བྱ། ། ལུང་མནོད་ཁ་ཏོན་བྱ་དང་བསམ་གཏན་རྣམས། །ཁྱོད་ཀྱི་དཀར་པོའི་ཕྱོགས་རྣམས་འཕེལ་གྱུར་ཏམ། །གལ་ཏེ་ཁྱོད་ནི་འདོད་ན་དྲི་བར་གྱིས། །ཁྱོད་ལའང་བདག་འདྲི་སྐབས་ནི་དབྱེ་བར་གྱིས། ། དེ་བཞིན་གཤེགས་པ་མྱ་ངན་ཡོངས་འདས་ནས། །བསྟན་པ་རྣམ་པར་འཇིག་པར་འགྱུར་བ་ན། །དགེ་སློང་དག་ནི་ཤིན་དུ་རྒོད་ཅིང་ཁེངས། །དགོན་པ་བོར་ནས་འདི་འཛིར་དགའ་བར་འགྱུར། །རྙེད་པ་དང་ ནི་དེ་བཞིན་ཟས་ཆེད་དུ། །ཉིན་དང་མཚན་རྣམས་སུ་ཡང་གཏམ་བྱེད་ལ། །བྱིས་པ་དག་ནི་གཉིད་ལོག་གྱུར་ན་ཡང་། །ལོ་ཏོག་སྐྱེ་བའི་རྨི་ལམ་རྨི་བར་འགྱུར། །བྱིས་པ་འདི་ཀུན་ཤེས་པ་ 82-1-162a རབ་ཏུ་ཉམས། །ངན་སོང་ངན་འགྲོ་གསུམ་དུ་གཞོལ་འགྱུར་གྱིས། །དགའ་བ་དང་ནི་མོས་པ་བསྐྱེད་ནས་ཀྱང་། །བསེ་རུ་ལྟ་བུར་རྟག་ཏུ་ནགས་གནས་གྱིས། །ཡོན་ཏན་འདོད་པ་ནགས་ ན་གནས་པ་ཡིས། །ཕ་རོལ་དག་གི་སྐྱོན་ལ་བརྟག་མི་བྱ། །བདག་ནི་ཁྱད་པར་འཕགས་ཤིང་བདག་མཆོག་ཅེས། །དེ་སྙམ་དུ་ནི་སེམས་བསྐྱེད་མི་བྱའོ། །རྒྱགས་འདི་བག་མེད་ཀུན་གྱི་རྩ་བ་སྟེ། ། དགེ་སློང་དམན་ལ་བརྙས་པར་ཡོང་མི་བྱ། །བསྐལ་པ་གཅིག་གིས་ཐར་པ་འཐོབ་མི་འགྱུར། །འདི་ནི་བསྟན་པ་འདི་ལ་གོ་རིམས་ཡིན། །དེ་ལྟས་དགེ་སློང་ཡོན་ཏན་འདོད་གྱུར་པ། །དཔའ་བོས་ མི་རིགས་བརྗོད་པ་སྤངས་ནས་ཀྱང་། །དགའ་ཞིང་མགུ་ལ་རབ་ཏུ་དགའ་བ་ཡིས། །བསེ་རུ་འདྲ་བར་དགོན་པར་གནས་པར་བྱ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་དཀར་པོའི་ཆོས་ཡོངས་སུ་སྤོང་བའི་སླད་དུ་འདུ་འཛི་ནོངས་པ་མང་པོའི་སྐྱོན་ཆགས་ཤིང་ཡོན་ཏན་མ་མཆིས་ལ་གནོད་པ་དང་ལྡན་ཏེ། འདུ་འཛི་ཉོན་མོངས་པ་འཕེལ་བར་བགྱིད་ཅིང་སྤྱོད་པ་བཟང་པོ་མ་ལགས་པ་ནི་ངོ་མཚར་ལགས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་མཁས་པ་དགེ་བ་འཚལ་བ་སུ་ཞིག་གཅིག་པུར་དགའ་བ་ལ་ མངོན་པར་དགའ་བར་མི་བགྱིད། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་སྨྲ་བ་ལ་དགའ་བའི་སྐྱོན་རྣམས་ཇི་ལྟར་བརྟག་པར་བགྱི། བྱང་ཆུབ་སེམས་དཔས་གང་རྟོགས་ན་དོན་རྣམ་པར་ངེས་པ་ལ་ དགའ་ཞིང་དོན་ལ་རྟོག་པས་ཡོངས་སུ་བདུད་པར་ཡང་མི་འགྱུར་བ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་ 82-1-162b སྐད་ཅེས་བཀའ་སྩལ་ཏོ། །བྱམས་པ་འདི་ལ་བྱང་ཆུབ་སེམས་དཔའ་སྨྲ་བ་ལ་དགའ་བའི་ཉེས་དམིགས་ཉི་ཤུ་ཡོད་པར་བརྟག་པར་བྱའོ། །ཉི་ཤུ་གང་ཞེ་ན། བྱམས་པ་འདི་ལ་དགེ་སློང་སྨྲ་བ་ལ་དགའ་ བ་ནི་མང་དུ་ཐོས་པས་རྒྱགས་ཤིང་དྲེགས་པས་གུས་པ་མེད་པར་འགྱུར་བ་དང་། རྩོད་པ་སྨྲ་བ་ལྷུར་ལེན་པས་ཕྱོགས་ལ་མངོན་པར་ཞེན་པར་འགྱུར་བ་དང་། ནང་དུ་ཚུལ་བཞིན་ཡིད་ལ་བྱེད་པ་དང་བྲལ་བས་ དྲན་པ་བརྗེད་པར་འགྱུར་བ་དང་། ལུས་དང་སེམས་ཤིན་དུ་མ་སྦྱངས་པས་ཤེས་བཞིན་མེད་པར་སྤྱོད་པར་འགྱུར་བ་དང་། །ཆོས་ལ་བཟོད་པ་ལས་ཉམས་པས་ཁེངས་པ་དང་འདུད་པར་འགྱུར་བ་དང་། ཞི་གནས་ དང་ལྷག་མཐོང་ཡོངས་སུ་སྤངས་པས་སེམས་ཀྱི་རྒྱུད་དམུ་རྒོད་དུ་འགྱུར་བ་དང་། སྨྲ་བའི་སྤག་པས་སྤགས་པས་དུས་མ་ཡིན་པར་སྨྲ་བར་འགྱུར་བ་དང་། འཕགས་པའི་ཤེས་པ་མ་ཐོབ་པས་མ་ བསྡམས་པར་འགྱུར་བ་དང་། ལྷ་དང་ཀླུ་རྣམས་ཀྱིས་མི་བཀུར་བར་འགྱུར་བ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ་རྣམས་ཀྱིས་བརྙས་པར་འགྱུར་བ་དང་། ལུས་མངོན་སུམ་དུ་གྱུར་བ་རྣམས་ཀྱིས་ སྤྱོ་བར་འགྱུར་བ་དང་། སྒྲུབ་པ་ལ་མི་གནས་པས་ཡིད་ལ་གཅགས་པར་འགྱུར་བ་དང་། ཐེ་ཚོམ་མ་སྤངས་པས་རབ་ཏུ་མི་བརྟན་པར་འགྱུར་བ་དང་། སྒྲ་ལྷུར་ལེན་པས་ཐོས་པ་དང་བྱེ་བྲག་ཕྱེད་པ་ ཉམས་པར་འགྱུར་བ་དང་། རྣམ་པར་ཤེས་པའི་སྤྱོད་ཡུལ་ཅན་ཡིན་པས་འདོད་པའི་ཡོན་ཏན་ལ་ཆགས་པར་འགྱུར་བ་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་པར་མི་བྱེད་པས་མྱུར་དུ་ཆོས་ སྤོང་བར་བྱེད་པ་དང་། གཞན་དང་གཞན་རྩོམ་པས་མི་བརྟན་ཞིང་རྟེན་མེད་པར་འགྱུར་བ་དང་། སེམས་ཡོངས་སུ་མ་དུལ་བས་བཀུར་སྟི་མེད་པར་ཐོབ་པར་འགྱུར་བ་དང་། ཆོས་ཀྱི་དབྱིངས་ཁོང་ 82-1-163a དུ་མ་ཆུད་པས་གཞན་གྱི་དྲིང་འཇོག་པར་འགྱུར་བ་དང་། དབང་པོ་རྣམས་ཡོངས་སུ་མ་ཤེས་པས་ཉོན་མོངས་པའི་དབང་དུ་འགྱུར་བ་སྟེ། བྱམས་པ་ཉི་ཤུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སྨྲ་བ་ལ་ དགའ་ཞིང་སྒྲ་ལྷུར་ལེན་ལ་དོན་ལ་རྟོག་པ་དང་བྲལ་བའི་ཉེས་དམིགས་ཡིན་ནོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཐོས་པས་རྒྱགས་ནས་གུས་པར་མི་འགྱུར་ཏེ། ། རྣམ་པར་འགྱེད་པའི་སྨྲ་བ་རྣམས་ལ་ཆགས། །བརྗེད་པར་འགྱུར་ཞིང་ཤེས་བཞིན་མེད་པར་འགྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ། །ནང་གི་སེམས་ལས་ཤིན་དུ་རིང་བར་འགྱུར། །ལུས་དང་ སེམས་ཀྱང་རབ་སྦྱངས་མ་ཡིན་འགྱུར། །ཁེངས་པ་དང་ནི་འདུད་པར་མང་པོར་འགྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ། །བྱིས་པ་དམ་པའི་ཆོས་བསམ་རབ་ཏུ་ཉམས། །སེམས་ནི་མི་མཉེན་ ཤིན་དུ་རྩུབ་པར་འགྱུར། །ཞི་གནས་ལྷག་མཐོང་དག་དང་རབ་ཏུ་རིང་། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ། །རྟག་ཏུ་བླ་མ་དག་ལ་གུས་པ་མེད། །སྤགས་པའི་གཏམ་དག་ལ་ནི་དགའ་བ་སྐྱེད། ། སྙིང་པོ་མེད་ལ་གནས་ཤིང་ཤེས་རབ་ཉམས། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ། །དེ་ནི་ལྷ་ཚོགས་རྣམས་ཀྱིས་མི་བཀུར་ཞིང་། །དེ་ཚེ་དེ་ལའང་འདོད་པ་མི་སྐྱེད་ལ། །སོ་སོ་ཡང་དག་རིག་ ལས་ཉམས་འགྱུར་ཏེ། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ། །གང་དག་ལུས་ནི་མངོན་སུམ་མང་ཡོད་པ། །མཁས་པ་འདི་དག་གིས་ནི་སྤྱོ་བར་འགྱུར། །དེ་ཡི་སྲོག་ནི་དོན་མེད་འགྱུར་བ་སྟེ། ། སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ། །བདག་ནི་སྒྲུབ་ཉམས་ང་ནི་ཅི་བྱ་ཞེས། །འཆི་བའི་དུས་ཚེ་བྱིས་པ་མྱ་ངན་བྱེད། །གཏིང་རྙེད་མ་གྱུར་ཤིན་དུ་སྡུག་བསྔལ་འགྱུར། །སྨྲ་ལ་དགའ་བའི་ཉེས་པ་ 82-1-163b འདི་དག་གོ། །རྩྭ་བསྐྱོད་བཞིན་དུ་འགུལ་ཞིང་གཡོ་བ་སྟེ། །དེ་ནི་དེ་ལྟར་ཐེ་ཚོམ་འགྱུར་དུ་ངེས། །དེ་ནི་ནམ་ཡང་བློ་བརྟན་མི་འགྱུར་ཏེ། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ། །གར་ལ་ལྟ་བའི་ ཁྲོད་ན་འདུག་པ་ཞིག །དཔའ་བོ་གཞན་གྱི་ཡོན་ཏན་བརྗོད་པ་བཞིན། །བདག་ཉིད་ནན་ཏན་ཉམས་པར་འགྱུར་བ་སྟེ། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ། །དེ་ཡི་སེམས་ནི་རྣ་བའི་རྣམ་ཤེས་ལ། ། རབ་ཏུ་ཆགས་ཤིང་སྒྲས་རྒྱགས་ཤེས་རབ་ཉམས། །ལོག་པར་སེམས་ཤིང་ལམ་ངན་འགྲོ་བར་འགྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ། །དེ་ནི་གཡོ་ལྡན་ཡང་ཞིང་རེ་ཆད་འགྱུར། །ཕྱི་ཕྱིར་ཞིང་ནི་ རྣམ་པར་འགྱེད་པ་རྩོམ། །འཕགས་པའི་དམ་པའི་ཆོས་ལས་རབ་ཏུ་རིང་། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ། །མཐུ་ཆུང་སྟི་སྟང་གིས་ནི་དགར་འགྱུར་ཏེ། །མི་ཤེས་ལྡན་པ་གཡོ་ཞིང་འགྱུར་བ་ ཡིན། །སྤྲེའུ་ལྟར་དེ་ཡི་སེམས་ནི་གཡོ་བར་འགྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ། །རང་གི་བློ་ནི་ཤེས་པས་དམན་པའི་ཕྱིར། །རྨོངས་པ་དེ་ནི་གཞན་གྱི་དྲིང་ལ་འཇོག །དེ་ནི་ཉོན་མོངས་ ཕྱོགས་ཀྱི་དབང་དུ་འགྲོ། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ། །མིག་ཀྱང་འཁྲུལ་ཅིང་དེ་བཞིན་རྣ་བའང་འཁྲུལ། །སྣ་ཡང་འཁྲུལ་ཅིང་དེ་བཞིན་ལྕེ་ཡང་འཁྲུལ། །ལུས་ཀྱང་འཁྲུལ་ཅིང་ཡིད་ ཀྱང་འཁྲུལ་པར་འགྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ། །ཡུན་རིང་དུས་ནས་སྨྲ་ལ་དགའ་བས་ན། །དེ་ནི་བདག་ཉིད་དག་པ་མི་འཐོབ་བོ། །ཚིག་གང་དགའ་བ་མཐའ་ཡས་འཐོབ་འགྱུར་པ། ། ཚིག་གཅིག་ཙམ་ཞིག་བསམས་ཀྱང་མཆོག་ཡིན་ནོ། །བུ་རམ་ཤིང་ཤུན་སྙིང་པོ་ཅི་ཡང་མེད། །དགའ་བར་བྱ་བའི་རོ་ནི་ནད་ན་འདུག །ཤུན་པ་ཟོས་པས་མིས་ནི་བུ་རམ་རོ། །ཞིམ་པོ་རྙེད་པར་ནུས་ 82-1-164a པ་མ་ཡིན་ནོ། །ཇི་ལྟར་ཤུན་པ་དེ་བཞིན་སྨྲ་བ་སྟེ། །རོ་ལྟ་བུ་ནི་འདི་ལ་དོན་སེམས་ཡིན། །དེ་ལྟ་བས་ན་སྨྲ་ལ་དགའ་སྤོངས་ཏེ། །རྟག་ཏུ་བག་ཡོད་བྱོས་ལ་དོན་སོམས་ ཤིག །སྨྲ་བའི་ཉེས་པ་འདི་འདྲ་རྟོགས་གྱུར་ཅིང་། །དོན་གྱི་ཡོན་ཏན་མཆོག་འདི་ཤེས་ནས་ནི། །འདི་ན་བྱང་ཆུབ་མཁས་པ་གང་ཡིན་པ། །དེས་ནི་དོན་བསམ་པ་ལ་དགའ་བར་གྱིས། ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་སྨྲ་བ་ལ་དགའ་བའི་སྐྱོན་རྣམས་དང་། དོན་ལ་སེམས་ པའི་ཡོན་ཏན་རྣམས་དེ་བཞིན་གཤེགས་པས་ལེགས་པར་གསུངས་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སྙིང་པོ་འཚལ་བ་རྣམས་ཀྱིས་ནི་དོན་བསམ་ པ་གཏང་སྟེ་སྙིང་པོ་མ་མཆིས་པའི་སྨྲ་བ་ལ་དགའ་བར་བགྱིད་པའི་རྔོ་མི་ཐོག་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཉིད་ཀྱི་དགའ་བས་དགའ་བའི་སྐྱོན་ཇི་ལྟར་ བརྟག་པར་བགྱི། བྱང་ཆུབ་སེམས་དཔས་ཇི་ལྟར་བརྟགས་ན་རྨུགས་པ་དང་། གཉིད་ཀྱི་ནོངས་དམིགས་མཐོང་ནས་བརྩོན་འགྲུས་རྩོམ་ཞིང་ཡོངས་སུ་སྐྱོ་བར་ཡང་མི་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་འདི་ལ་གཉིད་ལ་དགའ་བའི་ཉེས་དམིགས་ནི་རྣམ་པ་ཉི་ཤུར་བརྟག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་ལ་རྟོག་ན་བརྩོན་འགྲུས་ རྩོམ་པ་ལ་དགའ་ཞིང་སྐྱོ་བར་ཡང་མི་འགྱུར་རོ། །ཉི་ཤུ་གང་ཞེ་ན། བྱམས་པ་འདི་ལ་བྱང་ཆུབ་སེམས་དཔའ་གཉིད་ཆེ་བ་ནི་རྨུགས་པ་དང་། གཉིད་ཀྱིས་ནོན་ཏེ་ལེ་ལོ་ཆེ་བར་འགྱུར་བ་དང་། 82-1-164b ལུས་ཤེས་ཆེ་བ་དང་། མདོག་ཡོངས་སུ་མ་དག་པ་དང་། དེའི་འབྱུང་བ་ཆེན་པོ་རྣམས་ནང་བཞིས་ནོན་པར་འགྱུར་བ་དང་། དེའི་མེའི་ཁམས་ཆུང་བར་འགྱུར་བ་དང་། དེའི་ཁ་ཟས་ལེགས་པར་འཇུ་ བར་མི་འགྱུར་བ་དང་། དེའི་ལུས་ལ་འབྲས་དང་ཕོལ་མིག་འབྱུང་བར་འགྱུར་བ་དང་། ལེ་ལོ་ཅན་དུ་འགྱུར་བ་དང་། དེའི་གཏི་མུག་གི་དྲ་བ་རྣམ་པར་འཕེལ་བར་འགྱུར་བ་དང་། དེའི་ཤེས་རབ་ཉམ་ ཆུང་བར་འགྱུར་བ་དང་། དེ་ཁ་ཟས་འདོད་པ་ལས་ཡི་ག་འཆུ་བར་འགྱུར་བ་དང་། དེ་གཏི་མུག་གི་མུན་པ་རབ་ཏུ་འཛིན་པར་འགྱུར་བ་དང་། དེ་ལ་མི་མ་ཡིན་པ་རྣམས་བཀུར་སྟི་མི་བྱེད་པ་དང་། སེམས་ རྟུལ་བར་འགྱུར་བ་དང་། མི་ལྡང་བ་མང་བར་འགྱུར་བ་དང་། དེའི་སེམས་བག་ལ་ཉལ་གྱིས་ཀུན་ནས་བཀྲིས་ཤིང་འདུག་པར་འགྱུར་བ་དང་། དེ་དགེ་བའི་ཆོས་ལ་འདུན་པར་མི་འགྱུར་བ་དང་། དགེ་བའི་ཆོས་ཐམས་ཅད་ལས་ཉམས་པར་འགྱུར་བ་དང་། སྤྱོད་པ་ཞུམ་པར་གྱུར་ནས་བརྩོན་འགྲུས་རྩོམ་པ་རྣམས་ཀྱི་སྤྱོད་པ་ལ་སྨོད་པ་དང་། འཁོར་གྱི་ནང་དུ་སོང་ན་བརྙས་པར་འགྱུར་བ་སྟེ། བྱམས་པ་ཉི་ཤུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་གཉིད་ལ་དགའ་ཞིང་རྨུགས་པ་དང་། གཉིད་མང་བའི་ཉེས་དམིགས་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེ་དག་ལ་རྟོག་ན་བརྩོན་འགྲུས་རྩོམ་པ་ལ་ དགའ་ཞིང་ཡོངས་སུ་སྐྱོ་བར་མི་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །གང་ཞིག་རྨུགས་པ་དང་གཉིད་ལ་དགའ་འགྱུར་བ། ། དེ་ཡི་ལུས་ནི་ཤ་ཆེ་མཁྲེགས་མ་ཡིན། །ལེ་ལོ་དེ་ཆེ་བླུན་ཞིང་འཐུན་མི་བྱེད། །དེ་ཡི་མདོག་ཀྱང་དག་པར་མི་འགྱུར་རོ། །གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ། །བད་ཀན་རླུང་དང་ 82-1-165a དེ་བཞིན་མཁྲིས་པ་རྣམས། །དེ་དག་དེ་ཡི་ལུས་ལ་ཤས་ཆེར་འབྱུང་། །དེ་ཡི་ཁམས་རྣམས་རབ་ཏུ་འཁྲུག་པར་འགྱུར། །གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ། །ཁ་ཟས་ཉེས་ པས་ལྟོ་ནི་མ་དག་ཅིང་། །ལུས་ཀྱང་ལྕི་ལ་ཟོ་བདོག་བདེ་མ་ཡིན། །དེ་ཡི་ཚིག་ཀྱང་གསལ་བར་མི་འགྱུར་རོ། །གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ། །དེ་ཡི་ལུས་ལ་ཕོལ་མིག་མང་པོ་འབྱུང་། ། དེ་ནི་ཉིན་དང་མཚན་དུ་བདེ་བར་ཉལ། །དེ་ལ་རྨ་རྣམས་མི་བཟང་འབྱུང་བར་འགྱུར། །གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ། །ལེ་ལོ་བྱེད་ཅིང་བརྩོན་འགྲུས་ཡོངས་སུ་ཉམས། །དེ་ནི་བདེ་ལས་ཉམས་ཤིང་ནོར་ རྣམས་འགྲིབས། །དེ་ནི་རྟག་ཏུ་ཞན་ཅིང་སེམས་ཀྱང་རྨོངས། །གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ། །གཏི་མུག་དྲ་བ་ཆེན་པོ་འཕེལ་འགྱུར་ཞིང་། །དེ་ནི་ཐེ་ཚོམ་ཅན་དེ་ལྟ་བ་ཐོབ། །དེ་ནི་ལྟ་བར་ གྱུར་བ་མང་བར་འགྱུར། །གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ། །དེ་ཡི་ཤེས་རབ་ཤིན་དུ་ཉམ་ཆུང་འགྱུར། །དེ་ཡི་བློ་ཡང་ཡོངས་སུ་ཉམས་པར་འགྱུར། །ཡེ་ཤེས་ལས་ནི་རྟག་ཏུ་དེ་ཉམས་འགྱུར། །གང་ ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ། །མི་ཤེས་ལེ་ལོ་སྙོམ་ལས་ཤེས་རབ་འཆལ། །མི་མ་ཡིན་པ་དག་གིས་གླགས་རྙེད་དེ། །ནགས་ན་གནས་པའི་ཚེ་ནི་འཚེ་བར་འགྱུར། །གང་ཞིག་རྨུགས་ དང་གཉིད་ལ་དགའ་འགྱུར་བ། །སེམས་ཀྱང་རྟུལ་ཞིང་དེ་ཡི་དྲན་པ་རྨོངས། །ལུང་ནོད་ཁ་ཏོན་བྱེད་ལ་དེ་མི་གནས། །ཆོས་སྨྲ་ན་ཡང་དེ་ནི་རྟག་ཏུ་ཐོགས། །གང་ཞིག་རྨུགས་དང་གཉིད་ལ་དགའ་ འགྱུར་བ། །དེ་ཡི་ཉོན་མོངས་ཀུན་ནས་ལྡང་བར་འགྱུར། །རྣམ་པར་འཁོར་ཞིང་གཡོ་ལ་རྨོངས་པ་དང་། །དེ་ཡི་སེམས་ནི་རྟག་ཏུ་གདུང་བར་འགྱུར། །གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ། །དེ་ཡི་ 82-1-165b བྱ་བ་མང་པོ་ཉམས་ཤིང་འགགས། །ལུས་ཀྱང་གདུངས་ཤིང་ཡིད་ཀྱང་ཡོངས་སུ་གདུངས། །བག་ལ་ཉལ་བ་འཕེལ་བར་ངེས་མི་ཤེས། །གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ། །དེ་ནི་དགེ་སེམས་རྟག་ཏུ་མི་འདོད་དེ། ། དེ་ནི་ཆོས་ལ་འདུད་པ་སྐྱེད་མི་བྱེད། །ཕྱིར་ཞིང་ཆོས་མ་ཡིན་ལ་དེ་དགར་འགྱུར། །གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ། །དེ་ནི་རྨོངས་ཤིང་ཆོས་ལ་འདུན་པ་ཉམས། །བྱིས་པ་ཡོན་ཏན་ཀུན་ལས་ཡོངས་སུ་ཉམས། ། དཀར་པོ་འཇོམ་ཞིང་མུན་པར་འགྲོ་བར་འགྱུར། །གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ། །འཇིགས་པར་འགྱུར་ཞིང་སེམས་ཀྱང་རབ་ཏུ་ཞུམ། །དེ་ནི་རྟག་པར་མཆོག་ཏུ་དགའ་མི་འགྱུར། །གཉིད་ཀྱིས་ནོན་པ་ལུས་ཀྱང་ ལྷོད་པར་འགྱུར། །གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ། །བདག་ཉིད་མི་ཤེས་ལེ་ལོ་ཅན་གྱུར་ནས། །བརྩོན་འགྲུས་སྟོབས་དང་ལྡན་ལ་ཕྲག་དོག་བྱེད། །བརྩོན་འགྲུས་ལྡན་པ་རྣམས་ལ་མི་སྙན་སྨྲ། །ཉེས་པ་འདི་འདྲ་ འདི་དག་རྟོགས་གྱུར་ནས། །མཁས་པ་སུ་ཞིག་རྨུགས་གཉིད་དགའ་བར་བྱེད། །ཤིན་དུ་གཏི་མུག་ལྟ་བ་མང་པོའི་རྒྱུ། །དོན་བཟང་དམ་ཆོས་ཡོན་ཏན་ཆུད་གཟོན་པ། །གཉིད་འདི་བརྩོན་འགྲུས་འཕྲོག་པར་རྟོགས་གྱུར་ནས། །མཁས་པ་ཡོན་ ཏན་ལྡན་པ་སུ་དེར་དགའ། །སྡུག་བསྔལ་ཀུན་དང་མུན་པ་སེལ་བྱེད་ཅིང་། །ངན་སོང་ཡོངས་སུ་སྤོང་བའི་གཞིར་གྱུར་པ། །སངས་རྒྱས་ཀུན་གྱིས་བསྔགས་པའི་བརྩོན་འགྲུས་འཕགས། །གང་ཡིན་དེ་ནི་རྟག་ཏུ་བརྟེན་པར་གྱིས། །འཇིག་རྟེན་ འདི་ནི་བཟོ་གང་ཅི་ཡོད་དང་། །འཇིག་རྟེན་འདས་བཟོ་གང་དག་ཅི་ཡོད་པ། །བརྩོན་འགྲུས་བརྩམས་ལ་རྙེད་པར་མི་དཀའ་ན། །མཁས་པ་སུ་དག་བརྩོན་འགྲུས་སྟོབས་ཀྱིས་སྐྱོ། །གང་དག་སངས་རྒྱས་བྱང་ཆུབ་ཞུགས་གྱུར་བ། །དེ་དག་རྨུགས་ གཉིད་སྐྱོན་རྣམས་མཐོང་ནས་ནི། །རྟག་ཏུ་བརྩོན་འགྲུས་རྩོམ་ལ་གནས་པར་བྱེད། །འདི་ནི་ང་ཡིས་དེ་དག་བསྐུལ་བྱས་ཡིན། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ 82-1-166a འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་དག་རྨུགས་པ་དང་གཉིད་ཀྱི་སྐྱོན་འདི་ལྟ་བུ་འདི་དག་ཐོས་ནས་སྤོང་བར་མི་བགྱིད་ཅིང་སྐྱོ་བར་མི་བགྱིད་པ་དེ་དག་དང་བརྩོན་འགྲུས་རྩོམ་པ་མི་སྐྱེད་པ་དེ་དག་དེ་ ཙམ་དུ་རྨོངས་པར་འགྱུར་བ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སློབ་པར་འཚལ་བ་དང་། ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་ རྒྱ་བར་འཚལ་བ་སུ་ཞིག་ཡང་དག་པའི་གནས་འདི་ལྟ་བུ་འདི་དག་ཐོས་ནས་ལེ་ལོ་བགྱིད་ཅིང་དགེ་བའི་ཆོས་རྣམས་བསྐྱེད་པར་མི་བགྱིད། བརྩོན་འགྲུས་ཀྱི་ཡོན་ཏན་དང་། ཕན་ཡོན་འདི་ལྟ་བུ་ཐོས་ནས་བྱང་ཆུབ་ཀྱི་ཡན་ལག་ ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ་སུ་ཞིག་བརྩོན་འགྲུས་རྩོམ་པར་མི་བགྱིད་དེ། དེ་བཞིན་གཤེགས་པས་གཉིད་ལ་དགའ་བའི་ནོངས་དམིགས་དང་། བརྩོན་འགྲུས་རྩོམ་པའི་ཕན་ཡོན་འདི་དག་ལེགས་པར་བཀའ་སྩལ་ལགས་སོ། །བཅོམ་ལྡན་ འདས་བྱང་ཆུབ་སེམས་དཔས་ལས་ལ་དགའ་ཞིང་འཇིག་རྟེན་པའི་སྦག་པས་སྦགས་པའི་ནོངས་དམིགས་ཇི་ལྟར་བརྟག་པར་བགྱི། བྱང་ཆུབ་སེམས་དཔའ་གང་དག་ལ་བརྟགས་ན་འདོད་པ་ཆུང་ཞིང་བགྱི་བ་ཉུང་ལ། དམ་པའི་ཆོས་བཙལ་བའི་ སླད་དུ་རྟག་ཏུ་བརྩོན་ཞིང་སྦྱོར་བ་ལ་གནས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལས་ལ་དགའ་བའི་ཉེས་དམིགས་ཉི་ཤུར་བརྟག་ པར་བྱ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་ལ་རྟོག་ན་འདོད་པ་ཆུང་ཞིང་བྱ་བ་ཉུང་ལ་དམ་པའི་ཆོས་བཙལ་བའི་ཕྱིར་རྟག་ཏུ་བརྩོན་ཞིང་སྦྱོར་བ་ལ་གནས་པར་འགྱུར་རོ། །ཉི་ཤུ་གང་ཞེ་ན། བྱམས་པ་འདི་ལ་བྱང་ཆུབ་སེམས་དཔའ་ལས་ ལ་དགའ་བ་འཇིག་རྟེན་པའི་ལས་རྣམས་ལ་བརྩོན་པ་འགྱུར་བ་དང་། ལས་ངན་པ་ཐམས་ཅད་ལ་གནས་པར་འགྱུར་བ་དང་། ལུང་ནོད་པ་དང་། ཁ་དོན་ལ་བརྩོན་པ་དག་གིས་བརྙེས་པར་འགྱུར་བ་དང་། ནང་དུ་ཡང་དག་འཇོག་ལ་དགའ་བ་རྣམས་ཀྱིས་ 82-1-166b སྨད་པ་དང་། འཁོར་བ་ཐོག་མ་དང་ཐ་མ་མེད་པ་ཡོངས་སུ་འཛིན་པའི་ལས་རྩོམ་པར་འགྱུར་བ་དང་། བྲམ་ཟེ་དང་ཁྱིམ་བདག་དད་པ་རྣམས་ཀྱི་ཡོན་སྦྱོང་བར་མི་བྱེད་པ་དང་། དེའི་སེམས་དངོས་པོར་འཛིན་པ་ལ་འཇུག་པར་འགྱུར་བ་དང་། ཆགས་ པ་མང་བར་འགྱུར་བ་དང་། ཁྱིམ་སོ་རྣམས་ལ་རྒྱུན་དུ་སྦྱོར་བར་འགྱུར་བ་དང་། དབང་བྱེད་པར་མི་འགྱུར་བ་དང་། ཟློག་བྱེད་ཀྱི་ངང་ཚུལ་ཅན་ཡིད་སྨོན་མང་པོ་ལ་རྒྱུན་དུ་གནས་པ་དང་། ཁྱིམ་གྱི་བྱ་བ་དག་ལ་བརྩོན་པ་དང་། དེ་རོ་དག་ལ་ཤས་ཆེར་ འདུན་ཅིང་ཆགས་པ་སྐྱེད་པ་དང་། ལེན་པ་མེད་པར་མི་དགའ་བ་དང་། ཀུན་ནས་མནར་སེམས་མང་བའི་ལས་ཀྱི་སྒྲིབ་པ་རྒྱུན་དུ་མངོན་པར་འདུ་བྱེད་པ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ལ་རྟོན་པར་འགྱུར་བ་དང་། དེ་ཟས་ཀྱི་རྣམ་པར་རྟོག་པས་ ཉིན་མཚན་འདའ་བར་བྱེད་པ་དང་། འཇིག་རྟེན་པའི་བྱ་བ་དག་རྒྱུན་དུ་འདྲི་བར་བྱེད་པ་དང་། མི་རིགས་པའི་སྨྲ་བ་དག་ལ་མངོན་པར་དགའ་བར་འགྱུར་བ་དང་། ཞལ་ཏ་བྱེད་པའི་རྒྱགས་པས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དབང་ཕྱུག་གིས་ ཚར་གཅོད་པར་བྱེད་པ་དང་། ཕ་རོལ་གྱི་འཁྲུལ་པ་ལ་རྟོག་ཅིང་བདག་གི་འཁྲུལ་པ་ལ་མི་རྟོག་པར་འགྱུར་བ་དང་། དོན་དང་ལྡན་ཞིང་རྣམ་པར་ངེས་པའི་གཏམ་དག་ལ་སྐྱེན་པར་བརྙས་པར་འགྱུར་བ་སྟེ། བྱམས་པ་ཉི་ཤུ་པོ་དེ་དག་ནི་བྱང་ཆུབ་སེམས་ དཔའ་ལས་ལ་དགའ་ཞིང་ཞལ་ཏ་བྱེད་པའི་སྤག་པས་སྤགས་པའི་ཉེས་དམིགས་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེ་དག་ལ་རྟོག་ན་འདོད་པ་ཆུང་ཞིང་བྱ་བ་ཉུང་བར་འགྱུར་ལ་འཇིག་རྟེན་པའི་བྱ་བ་སྤངས་ནས་འཇིག་རྟེན་ལས་ འདས་པའི་བྱ་བ་ལ་བརྩོན་པར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །དེ་ནི་ལས་ངན་དག་ལ་གནས་འགྱུར་ཞིང་། །ལས་མཆོག་དག་ལས་དེ་ནི་རྒྱང་ཡང་རིང་། །འདིར་ནི་རྙེད་པ་ཆེ་ལས་ རིང་བར་འགྱུར། །རྣམ་པར་ཆགས་སེམས་ཉེས་པ་འདི་དག་ཡིན། །དགེ་སློང་ལུང་ནོད་ཁ་ཏོན་དགའ་རྣམས་ཀྱིས། །དེ་ལ་བརྙས་ཤིང་འདོད་པར་མི་བྱེད་ལ། །བསམ་གཏན་བྱེད་པ་རྣམས་ཀྱིས་སྨད་པར་འགྱུར། །རྟག་ཏུ་ལས་གནས་ 82-1-167a སྐྱོན་ནི་འདི་དག་ཡིན། །འཁོར་བའི་ལས་ལ་མངོན་པར་བརྩོན་པ་དང་། །ཐར་པ་ལས་ནི་རྒྱང་རིང་བཅིངས་པར་གནས། །དེ་ནི་ཡུལ་འཁོར་ཟས་ལ་མི་རིགས་སྤྱོད། །ཉེས་པ་འདི་དག་ལས་ལ་ཆགས་པའི་ཡིན། །རྟག་ཏུ་ དངོས་པོ་དག་ནི་ལེན་པར་བྱེད། །ཡོངས་སུ་འཛིན་པ་མེད་ལ་དགའ་མི་སྐྱེད། །ནོར་མེད་ནོར་ནི་དོན་དུ་གཉེར་བར་བྱེད། །ཉེས་པ་འདི་དག་ལས་ལ་ཆགས་པའི་ཡིན། །ཁྱིམ་དུ་རྒྱུ་བ་དག་ལ་ཆགས་པར་འགྱུར། །འདུ་འཛི་དགའ་ བས་ཐམས་ཅད་འཇིག་པར་བྱེད། །གཟེབ་ཀྱི་ནང་དུ་བྱ་བཅུག་བཞིན་དུ་འགྱུར། །ཉེས་པ་འདི་དག་ལས་ལ་ཆགས་པའི་ཡིན། །ཁྱིམ་པའི་ལས་ལ་དེ་རྟག་མྱ་ངན་བྱེད། །ཡོངས་སུ་གདུངས་པར་གྱུར་ཀྱང་ཡིད་མི་འབྱུང་། ། ནམས་ཀྱང་ཚིག་ནི་བཙུན་པར་མི་འགྱུར་ཏེ། །ཉེས་པ་འདི་དག་ལས་ལ་དགའ་བའི་ཡིན། །བླ་མས་བསྐུལ་ནས་བཀའ་བློ་མི་བདེ་ཞིང་། །རྗེས་སུ་བསྟན་པ་འཐུན་པར་འཛིན་མི་བྱེད། །དེ་ནི་མྱུར་དུ་ཚུལ་ཁྲིམས་ཉམས་ པར་འགྱུར། །ཉེས་པ་འདི་དག་ལས་ལ་དགའ་བའི་ཡིན། །ཁྱིམ་ན་གནས་པའི་ལས་རྣམས་རྟག་སེམས་པས། །དེ་ནི་རྟག་ཏུ་འདོད་པར་འགྱུར་བ་སྟེ། །བསམ་གཏན་དང་ནི་སྤོང་བ་དེ་མི་བྱེད། །ཉེས་པ་འདི་དག་ལས་ལ་ དགའ་བའི་ཡིན། །དེ་ཡི་འདོད་ཆགས་ཤས་ནི་ཆེ་བར་སྐྱེ། །དེ་ནི་རོ་བྲོ་རྣམས་ལ་ཆགས་ཤིང་ཞེན། །དེ་ནི་ངན་ངོན་ཙམ་གྱིས་དགར་མི་འགྱུར། །ཉེས་པ་འདི་དག་ལས་ལ་དགའ་བའི་ཡིན། །དེ་ནི་འཁོར་ཕལ་ ཆེ་ན་དགའ་འགྱུར་ཏེ། །དེ་ཉམས་ན་ནི་ཤིན་དུ་སྡུག་བསྔལ་འགྱུར། །དེ་ནི་བོང་བུ་བཞིན་དུ་ལང་ལོང་འགྱུར། །ཉེས་པ་འདི་དག་ལས་ལ་དགའ་བའི་ཡིན། །དེ་སེམས་རྟག་ཏུ་གནོད་སེམས་ལྡན་པར་འགྱུར། །ལས་རྣམས་ འཕེལ་ཞིང་ཟད་པར་མི་འགྱུར་ཏེ། །སྲེད་པའི་འཁྲི་ཤིང་དག་གིས་དམ་དུ་བཅིངས། །ཉེས་པ་འདི་དག་ལས་ལ་དགའ་བའི་ཡིན། །དེ་ནི་རྟག་ཏུ་བླ་མ་རྣམས་མི་སྟེན། །ཕྱོགས་འདོད་ཁྱིམ་པ་ལ་ནི་སྟེན་པར་བྱེད། །ཚུལ་ཁྲིམས་ 82-1-167b གནས་པ་དག་ལའང་ཕྲག་དོག་བྱེད། །ཉེས་པ་འདི་དག་ལས་ལ་དགའ་བའི་ཡིན། །ཉིན་དང་མཚན་དུ་སེམས་གཞན་མེད་པར་ནི། །ཟས་དང་གོས་ལ་རྒྱུན་དུ་སེམས་པར་བྱེད། དེ་ནི་རྟག་ཏུ་ཡོན་ཏན་འདོད་མ་ཡིན། །ཉེས་པ་འདི་དག་ལས་ལ་ དགའ་བའི་ཡིན། །དེ་ནི་འཇིག་རྟེན་པ་ཡི་བྱ་བ་འདྲི། །རིགས་པ་མིན་པའི་སྨྲ་བ་རྣམས་ལ་དགའ། རིགས་པའི་སྨྲ་ལ་དེ་ནི་དགའ་མི་འགྱུར། །ཉེས་པ་འདི་དག་ལས་ལ་དགའ་བའི་ཡིན། །སྡོམ་བརྩོན་རྣམས་ལ་དེ་ནི་རྟག་ཏུ་གཤེ། །དབང་ ཕྱུག་ཉེས་པས་དེ་དག་དེས་ཚར་གཅོད། །མི་སྡུག་ལས་རྣམས་མངོན་པར་འདུ་བྱེད་དེ། །ཉེས་པ་འདི་དག་ལས་ལ་དགའ་བའི་ཡིན། །དེ་ནི་རྟག་ཏུ་གཞན་གྱི་སྐྱོན་རྟོག་ཅིང་། །བདག་ལ་ཡོད་པའི་སྐྱོན་རྣམས་མི་མཐོང་ལ། །ཡོན་ཏན་ ལྡན་པ་རྣམས་ལ་འཁྲུལ་པ་ཚོལ། །ཉེས་པ་འདི་དག་ལས་ལ་དགའ་བའི་ཡིན། །བྱིས་པ་དེ་ནི་གཞན་གྱིས་མྱུར་དུ་བརྙས། །དེ་ནི་ཕ་རོལ་དག་ལ་ཆོས་སྟོན་ཚེ། །བློ་ཉམས་པས་ན་མངོན་པར་ཤེས་མི་འགྱུར། །ཉེས་པ་འདི་དག་ལས་ ལ་དགའ་བའི་ཡིན། །གནོད་འགྱུར་ཉེས་པ་འདི་དག་མཐོང་ནས་ནི། །ལས་ངན་དག་ལ་སུ་ཞིག་དགའ་བར་བྱེད། །དཔའ་བོ་དག་ནི་རྟག་ཏུ་ལས་མཆོག་བྱེད། །བྱས་པ་གང་ཡིན་ཆུད་ནི་གཟོན་མི་བྱེད། །ལན་སྟོང་བརྗོད་ཀྱང་ཚིག་ གཅིག་མི་འཛིན་པ། །དེ་ནི་བློ་ཅན་དག་གིས་སྤྱོ་བ་ཡིན། །གང་ཞིག་ལས་ངན་དག་ནི་བྱེད་པ་ལ། །དམ་པ་དག་གིས་དེ་ལྟར་རྟག་ཏུ་སྨད། །དེ་ལྟ་བས་ན་མཁས་མིས་འདི་རྟག་ཏུ། །ལས་ངན་དག་ནི་རྣམ་པར་སྤངས་ནས་ཀྱང་། ། ཐུབ་དབང་རྣམས་ཀྱིས་རྟག་ཏུ་བསྔགས་པ་ཡི། །བཟང་པོའི་ལས་རྣམས་གང་ཡིན་དེ་དག་བྱ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ བྱང་ཆུབ་སེམས་དཔའ་གང་དག་ཆོས་ཀྱི་མཆོག་ཡོངས་སུ་སྤངས་ནས་ལས་ངན་པ་རྩོམ་པ་དེ་དག་ནི་ཤེས་རབ་ཤིན་དུ་ཆུང་ཞིང་ཤེས་རབ་ཀྱིས་དམན་པར་འགྱུར་བ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ 82-1-168a ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་བཀའ་གསོལ་ཏོ། །བྱམས་པ་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་བཞིན་ཏེ། བྱང་ཆུབ་སེམས་དཔའ་གང་དག་ཆོས་ཀྱི་མཆོག་ ཡོངས་སུ་སྤངས་ནས་ལས་ངན་པ་རྩོམ་པ་དེ་དག་ནི་ཤེས་རབ་ཤིན་དུ་ཆུང་ཞིང་ཤེས་རབ་ཀྱིས་དམན་པར་འགྱུར་བ་ཡིན་ནོ། །བྱམས་པ་གཞན་ཡང་ཁྱོད་མོས་པར་བྱའོ། །ཁྱོད་ཀྱི་ཁོང་དུ་ཆུད་པར་བྱའོ། །བྱང་ཆུབ་སེམས་དཔའ་གང་ དག་ལ་སྦྱོར་བ་མེད་ཅིང་བསམ་གཏན་མེད་ལ་སྤོང་བ་མེད་ཅིང་འདོན་པ་མེད་པ་དང་། མང་དུ་ཐོས་པ་ཡོངས་སུ་ཚོལ་བ་མེད་པ་དེ་དག་ནི་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་བ་མ་ཡིན་ནོ། །བྱམས་པ་དེ་བཞིན་གཤེགས་པའི་ བསྟན་པ་ནི་བསམ་གཏན་དང་སྤོང་བས་ཕྱེ་བ་དང་། ཡེ་ཤེས་ཀྱིས་འདུས་བྱས་པ་དང་། ཡེ་ཤེས་ཀྱིས་མཉམ་པར་བཞག་པ་དང་། བརྩོན་པས་ཕྱེ་བ་ཡིན་གྱི། ཁྱིམ་པའི་ལས་དང་ཞལ་ཏ་བྱེད་པས་ཕྱེ་བ་ནི་མ་ཡིན་ཏེ། འདི་ལྟར་ཞལ་ཏ་བྱེད་པའི་ ལས་དེ་ནི་མི་རིགས་པ་ལ་སྦྱོར་བ་རྣམས་དང་། འདུ་བྱེད་ལ་མངོན་པར་དགའ་བ་རྣམས་དང་། འཇིག་རྟེན་པའི་བྱ་བས་སྤགས་པ་སྟེ། བྱང་ཆུབ་སེམས་དཔས་དེ་ལ་འདོད་པ་བསྐྱེད་པར་མི་བྱའོ། །བྱམས་པ་གལ་ཏེ་བྱང་ཆུབ་སེམས་ དཔའ་ཞལ་ཏ་བྱེད་པ་ལ་བརྩོན་པས་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་བཀང་ན་དེས་ནི་ད་མཉེས་པར་བྱས་པ་མ་ཡིན། རི་མོར་བྱས་པ་མ་ཡིན། བཀུར་སྟིར་བྱས་པ་མ་ཡིན་ གྱི། བྱམས་པ་གལ་ཏེ་བྱང་ཆུབ་སེམས་དཔའ་ཐ་ན་ཕ་རོལ་དུ་ཕྱིན་པ་དང་ལྡན་པའི་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་འཛིན་ཏམ། འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། འཆང་ན་དེས་ནི་ང་ལ་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བྱམས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ནི་མང་དུ་ཐོས་པ་ལས་བྱུང་བ་ཡིན་གྱི། དངོས་པོ་ཡོངས་སུ་འཛིན་པ་ལས་བྱུང་བ་ནི་མ་ཡིན་པའི་ 82-1-168b ཕྱིར་རོ། །བྱམས་པ་གལ་ཏེ་བྱང་ཆུབ་སེམས་དཔའ་ཞལ་ཏ་བྱེད་པ་ལ་བརྩོན་པས་བྱང་ཆུབ་སེམས་དཔའ་ལུང་ནོད་པ་དང་། ཁ་ཏོན་བྱེད་པ་ལ་བརྩོན་པ་ཞལ་ཏ་བྱེད་པའི་སྤག་པས་སྤགས་པར་བྱེད་ན་བསོད་ནམས་འདོད་པ་དེས་ ནི་བསོད་ནམས་མ་ཡིན་པའི་ཕུང་པོ་ཆེན་པོ་སྐྱེད་པར་འགྱུར་ཏེ། ལས་ཀྱི་སྒྲིབ་པ་ཡང་ཡོངས་སུ་འཛིན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བསོད་ནམས་བྱ་བའི་གཞི་གསུམ་པོ་གང་ཡིན་པ་དེ་དག་ཐམས་ཅད་ ནི་ཤེས་རབ་ལས་བྱུང་བའི་ཕྱིར་རོ། །བྱམས་པ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ཞལ་ཏ་བྱེད་པ་ལ་བརྩོན་པས་བྱང་ཆུབ་སེམས་དཔའ་ལུང་ནོད་པ་དང་། ཁ་ཏོན་བྱེད་པ་ལ་བརྩོན་པའི་བར་ཆད་མི་བྱའོ། །འཛམ་ བུའི་གླིང་འདི་ཞལ་ཏ་བྱེད་པས་ཡོངས་སུ་གང་བར་གྱུར་བའི་ཞལ་ཏ་བྱེད་པ་དེ་དག་ཐམས་ཅད་ཀྱིས་ནི་བྱང་ཆུབ་སེམས་དཔའ་ལུང་ནོད་པ་དང་། ཁ་ཏོན་བྱེད་པ་ལ་བརྩོན་པ་གཅིག་ལ་རིམ་གྲོ་དང་བསྙེན་བཀུར་བྱའོ། ། བྱང་ཆུབ་སེམས་དཔའ་ལུང་ནོད་པ་དང་། ཁ་ཏོན་བྱེད་པ་ལ་བརྩོན་པ་འཛམ་བུའི་གླིང་གང་བསྙེད་ཀྱིས་ནི་བྱང་ཆུབ་སེམས་དཔའ་ནང་དུ་ཡང་དག་འཇོག་ལ་བརྩོན་པ་གཅིག་ལ་རིམ་གྲོ་དང་བསྙེན་བཀུར་བྱའོ། །དེ་ལྟར་བྱས་ ན་དེ་བཞིན་གཤེགས་པས་རྗེས་སུ་ཡི་རང་བ་དང་གནང་བ་ཡིན་ཏེ། དེ་དག་གི་བསྙེན་བཀུར་ནི་ལེགས་པར་བྱས་པ་ཡིན་ནོ། །གང་ཞིག་ཤེས་རབ་སྤྱོད་པ་ལ་མོས་ནས་རིམ་གྲོ་དང་བསྙེན་བཀུར་བྱེད་པའི་བསོད་ ནམས་ཀྱི་ཕུང་པོ་ནི་ཚད་མེད་པར་སྐྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ལས་ནི་དཀའ་བའི་ལས་དང་། བླ་ན་མེད་པ་དང་། གོང་ན་མེད་པ་དང་། འཇིག་རྟེན་གསུམ་པོ་ཐམས་ཅད་ལས་ཁྱད་པར་དུ་ འཕགས་ཤིང་མངོན་པར་འཕགས་པའི་ཕྱིར་རོ། །བྱམས་པ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་མངོན་པར་བརྩོན་པ་དོན་དུ་གཉེར་ཞིང་བརྩོན་འགྲུས་རྩོམ་པར་འདོད་པས་ཤེས་རབ་ལ་བརྩོན་པར་བྱ་ཞིང་ཤེས་རབ་ 82-1-169a ཡོངས་སུ་བཙལ་བ་ལ་བརྩོན་འགྲུས་བརྩམ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འདུ་ འཛི་ལ་དགའ་བ་དང་། ལས་ལ་དགའ་བ་རྣམས་ཀྱི་ནོངས་དམིགས་རྣམས་ནི་བཀའ་སྩལ་ལགས་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་སྤྲོས་པ་ལ་དགའ་བའི་ནོངས་དམིགས་རྣམས་ཇི་ལྟར་བརྟག་པར་བགྱི། བྱང་ཆུབ་སེམས་ དཔས་གང་དག་ལ་བརྟགས་ན་ཉེ་བར་ཞི་བ་ལ་གནས་ཤིང་རྩོད་པ་མ་མཆིས་པར་གནས་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་བྱང་ཆུབ་སེམས་དཔས་སྤྲོས་པ་ལ་དགའ་བའི་ཉེས་དམིགས་རྣམས་ མདོར་བསྡུ་ན་ཉི་ཤུ་པོ་འདི་དག་ཏུ་བརྟག་པར་བྱའོ། །རྒྱས་པར་ནི་དེ་བཞིན་གཤེགས་པས་མཐའ་ཡས་པར་བསྟན་ཏེ་མཐར་ཐུག་པར་ཡང་མི་འགྱུར་རོ། ཉི་ཤུ་གང་ཞེ་ན། བྱམས་པ་བྱང་ཆུབ་སེམས་དཔའ་སྤྲོས་པ་ལ་དགའ་བ་ནི་ ཚེ་འདི་ཉིད་ལ་སྡུག་བསྔལ་བ་དང་ཡིད་མི་བདེ་བ་མང་བར་གནས་པ་དང་། བཟོད་པ་ལས་ཡོངས་སུ་ཉམས་པར་འགྱུར་བ་དང་། དེའི་མི་མཛའ་བ་རྣམས་ཡི་རངས་པར་འགྱུར་བ་དང་། དེ་ལ་བདུད་ཀྱང་མགུ་བར་འགྱུར་བ་དང་། དེ་ལ་བདུད་ཀྱི་འཁོར་ཀྱང་དགའ་བར་འགྱུར་བ་དང་། དེའི་དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེ་བར་མི་འགྱུར་བ་དང་། སྐྱེས་པ་རྣམས་མེད་པར་འགྱུར་བ་དང་། འཐབ་བ་དང་མཁོན་དུ་འཛིན་པ་དང་། རྩོད་པ་དང་། འགྱེད་པ་མང་བར་ འགྱུར་བ་དང་། འཐབ་པ་དང་། རྩོད་པ་དང་། འགྱེད་པས་ངན་སོང་དུ་འགྲོ་བར་འགྱུར་བའི་ལས་མངོན་པར་འདུ་བྱེད་པར་འགྱུར་བ་དང་། བག་མེད་པར་འགྱུར་བའི་ལམ་འཛིན་པ་དང་། དེའི་ལྕེའི་དབང་པོ་རྩུབ་པར་འགྱུར་བ་ དང་། དེའི་ལུང་མནོས་པའི་ཆོས་རྣམས་ལེགས་པར་གནས་པར་མི་འགྱུར་བ་དང་། མདོ་སྡེ་ལུང་མ་མནོས་པ་རྣམས་རྣ་ལམ་དུ་གྲག་པར་མི་འགྱུར་བ་དང་། དགེ་བའི་བཤེས་གཉེན་ཐམས་ཅད་ཀྱིས་ཡོངས་སུ་ 82-1-169b སྤངས་པར་འགྱུར་བ་དང་། སྡིག་པའི་གྲོགས་པོ་རྣམས་དང་མྱུར་དུ་ཕྲད་པར་འགྱུར་བ་དང་། དཀའ་བའི་ལམ་གྱིས་ངེས་པར་འབྱུང་བར་འགྱུར་བ་དང་། རྒྱུན་མི་འཆད་པར་ཡིད་དུ་མི་འོང་བའི་ཚིག་ཐོས་པར་འགྱུར་བ་དང་། གང་ དང་གང་དུ་སྐྱེས་པ་དེ་དང་དེར་ཐེ་ཚོམ་ཅན་དུ་འགྱུར་བ་དང་། དེ་ལ་མི་ཁོམ་པ་བརྒྱད་པོ་དག་ཉེ་བར་འགྱུར་བ་དང་། རྟག་ཏུ་དེའི་དཀར་པོའི་ཕྱོགས་ལ་བརྩོན་པ་ལ་བར་ཆད་འབྱུང་བར་འགྱུར་བ་སྟེ། བྱམས་པ་ཉི་ཤུ་པོ་དེ་དག་ནི་ སྤྲོས་པ་ལ་དགའ་བའི་ཉེས་དམིགས་རྣམས་མདོར་བསྡུས་པ་ཡིན་ཏེ། དེ་དག་ཡོངས་སུ་སྤང་བར་བྱའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །དེ་ནི་ཚེ་འདིར་བདེ་བར་མི་ འགྱུར་ཏོ། །བཟོད་དང་རིང་ཞིང་ཁྲོ་བའི་ཕྱོགས་ལ་གནས། །དེ་ཡི་དགྲ་རྣམས་དགའ་བར་འགྱུར་བ་སྟེ། །སྤྲོས་སྦྱོང་དེ་ཡི་ཉེས་པ་འདི་དག་གོ། །བདུད་ཀྱང་དེ་ལ་དགའ་ཞིང་མགུ་བར་འགྱུར། །བདུད་ཀྱི་ཕྱོགས་ཀྱང་ དེ་ལ་དགའ་བར་འགྱུར། །དེ་ཡི་དགེ་བའི་ཆོས་སྐྱེས་ཆུད་ཟར་འགྱུར། །སྤྲོས་སྤྱོད་དེ་ཡི་ཉེས་པ་འདི་དག་གོ། །དེ་ནི་ནམས་ཀྱང་དགེ་བ་མི་སྐྱེད་དེ། །འཆི་ཀར་ཐ་དད་རྒྱུ་ལ་གནས་པ་དང་། །ངན་སོང་འགྲོ་བའི་ལས་ནི་ བྱེད་པར་འགྱུར། །སྤྲོས་སྤྱོད་དེ་ཡི་ཉེས་པ་འདི་དག་གོ། །མི་མཛེས་པ་དང་བལྟ་ན་མི་སྡུག་དང་། །དེ་ནི་རྟག་ཏུ་དུས་རིགས་དམའ་བར་འགྱུར། །དེ་ཡི་ལྕེ་ཡི་དབང་པོ་རྩུབ་འགྱུར་ཏེ། །སྤྲོས་སྤྱོད་དེ་ཡི་ཉེས་པ་འདི་དག་གོ། ། ལུང་མནོས་ཆོས་རྣམས་ལེགས་པར་མི་གནས་ཤིང་། །ལུང་མནོས་མ་བྱས་མདོ་སྡེ་ཐོས་མི་འགྱུར། །དགེ་བའི་བཤེས་གཉེན་རྣམས་ཡང་རྣམ་པར་སྤོང་། །སྤྲོས་སྤྱོད་དེ་ཡི་ཉེས་པ་འདི་དག་གོ། །སྡིག་པའི་གྲོགས་པོ་དག་དང་ཕྲད་པར་འགྱུར། ། དགའ་བའི་ཐེག་པས་རྣམ་པར་དག་འགྱུར་ཞིང་། །མི་འདོད་པའི་ཚིག་རྣམས་རྒྱུན་དུ་ཐོས། །སྤྲོས་སྤྱོད་དེ་ཡི་ཉེས་པ་འདི་དག་གོ། །བྱིས་པའི་བློ་ཅན་དེ་ནི་གར་སྐྱེས་དེར། །ཡིན་ནམ་མ་ཡིན་སྙམ་དུ་དེ་རྟོག་ཅིང་། །རྟག་ཏུ་དེས་ནི་ཐེ་ 82-1-170a ཚོམ་རྙེད་པར་འགྱུར། །སྤྲོས་སྤྱོད་དེ་ཡི་ཉེས་པ་འདི་དག་གོ། །དེ་ནི་མི་ཁོམ་བརྒྱད་དང་རིང་མི་འགྱུར། །དེ་ནི་དལ་བ་ལྡན་པའི་མཆོག་མི་འགྱུར། །དེ་ལ་གནོད་པ་འདི་དག་རྟག་འབྱུང་སྟེ། །སྤྲོས་སྤྱོད་དེ་ཡི་ཉེས་པ་འདི་ དག་གོ། །དེ་ཡི་དགེ་བ་དག་ལ་བར་ཆད་མང་། །བགེགས་སུ་འགྱུར་བས་མྱུར་དུ་འཐོབ་མི་འགྱུར། །བརྩོན་དང་ལྡན་ཡང་དེ་ལ་དགྲ་རྣམས་འབྱུང་། །སྤྲོས་སྤྱོད་དེ་ཡི་ཉེས་པ་འདི་དག་གོ། །མཁས་པས་ཉེས་འདི་ཡང་དག་རིག་ནས་ནི། །སྤྲོས་ པ་ཐམས་ཅད་ཡོངས་སུ་སྤང་བར་བྱ། །སྤྲོས་སྤྱོད་དག་ནི་གནོད་པ་རྙེད་པར་སླ། །དེ་ལྟ་བས་ན་སྤྲོས་ལ་གནས་མི་བྱ། །གང་ལ་སྤྲོས་པའམ་རྩོད་པ་ཡོད་པ་ལས། །དཔག་ཚད་བརྒྱ་ཡི་ཕ་རོལ་འགྲོ་བ་མཆོག །གང་ན་ཉོན་མོངས་ཡོད་པ་དེ་ དག་ཏུ། །ཡུད་ཙམ་ཞིག་ཀྱང་གནས་ཤིང་འདུག་མི་བྱ། །རབ་བྱུང་དོན་འདོད་ཡོན་ཏན་འདོད་པ་རྣམས། །སྡང་བའི་སེམས་ཀྱིས་རྩོད་པར་མ་བྱེད་ཅིག །ཁྱེད་ལ་ཞིང་མེད་ཞིང་ལས་ཚོང་བྱ་མེད། །གང་ལ་ནོར་ཕྱིར་འདི་དག་འབྱུང་བ་སྤྲོས། ། ཁྱེད་ལ་ཆུང་མ་བུ་དང་བུ་མོ་མེད། །ཁྱིམ་དང་གཉེན་གྱི་ཚོགས་ཀྱང་ཡོད་མ་ཡིན། །བྲན་ཕོ་བྲན་མོ་མེད་ཅིང་དབང་ཕྱུག་མེད། །རབ་ཏུ་བྱུང་ནས་རྩོད་པར་མ་བྱེད་ཅིག །ཞི་ཞིང་རབ་ཏུ་ཞི་བས་བསྟེན་པ་ཡི། །ངུར་སྨྲིག་གོས་རྣམས་དང་བས་ བླངས་ནས་ནི། །ཞི་ཞིང་རབ་ཞི་ཉེ་བར་ཞི་བར་བྱོས། །སྤྲོས་པ་རྣམ་པར་སྤོངས་ལ་བཟོད་པ་སྐྱེད། །མི་བཟང་སེམས་ནི་སྦྲུལ་དུག་འདྲ་བ་སྲུངས། །སྤྲོས་ལ་སྤྱོད་པ་སེམས་ཅན་དམྱལ་བ་དང་། །དུད་འགྲོ་གཤིན་རྗེའི་ཡུལ་དང་རིང་མི་འགྱུར། ། དེ་ལྟ་བས་ན་བཟོད་དང་བརྩོན་འགྲུས་སྐྱེད། །ཚོགས་པ་གཞིག་ཕྱིར་སྤྲོས་པར་བྱེད་ན་ནི། །སྡུག་བསྔལ་གསོད་དང་འཆིང་བ་ཅི་ཡང་རུང་། །གོ་ར་བརྡེག་དང་བསྡིགས་པ་དེ་དག་ནི། །འཇིག་རྟེན་འདི་ན་གནས་པ་རྣམས་ལ་འབྱུང་། །ཚོགས་པར་གྱུར་ལ་ ཉེས་པ་འདི་དག་དཀོན། །ཚོགས་གྱུར་བག་ལ་ཉལ་བ་འཕེལ་བ་མེད། །ཚོགས་གྱུར་རྣམས་ལ་དགའ་བ་འབྱུང་འགྱུར་ན། །མཁས་པ་སུ་ཞིག་ཚོགས་པ་སྐྱེད་མི་བྱེད། །གླགས་ཚོལ་དག་གིས་སྐྱོན་རྣམས་རྙེད་མི་འགྱུར། །ནམས་ཀྱང་འཁོར་རྣམས་ 82-1-170b ཕྱེད་པར་མི་འགྱུར་ཏེ། །དེ་ཡི་མཛའ་བཤེས་དག་ཀྱང་རྒྱུན་དུ་འབྱུང་། །སྤྲོས་པ་སྤངས་པའི་ཕན་ཡོན་དེ་དག་ཡིན། །ཐེག་པའི་སྟོབས་འདི་ཡིས་ནི་དག་འགྱུར་ཞིང་། །ལས་ཀྱི་སྒྲིབ་པ་མ་ལུས་བྱང་ནས་ནི། །སྟོབས་དང་བཅས་ཤིང་བཞོན་ བཅས་བདུད་ཐུལ་ཅིག །བརྟན་པ་གང་ཡིན་དེས་ནི་བཟོད་པ་བསྐྱེད། །སྤྲོས་པ་རྒྱས་པ་ལ་ནི་སྐྱོན་མང་ཆགས། །ཉེས་པ་དེ་དག་ངས་ནི་བསྟན་མི་ནུས། །རྟག་ཏུ་སྤྲོས་མེད་བསྔགས་པ་མཐའ་ཡས་འགྱུར། །སུ་ཞིག་དོན་གཉེར་དེས་ནི་བཟོད་ པ་སྐྱེད། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀུན་ནས་ཉོན་མོངས་པ་དེ་ཙམ་དུ་གླིང་བ་ནི་དེ་བཞིན་གཤེགས་པས་ལེགས་པར་གསུངས་ ཏེ་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཅི་ལྔ་བརྒྱ་པ་ཐ་མ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཚིག་གི་མཆོག་འདི་ལྟ་བུ་འདི་དག་ཐོས་ན་སྐྱོ་བར་འགྱུར་ཞིང་ཀུན་ནས་ཉོན་མོངས་པའི་སྤྱོད་པ་ཡང་སྤོང་བར་འགྱུར་ལགས་སམ་བ་དེ་དག བཀའ་སྩལ་པ། བྱམས་པ་ལྔ་བརྒྱ་པ་ཐ་མ་ལ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་རྣམས་ཚིག་གི་མཆོག་འདི་ལྟ་བུ་འདི་དག་ཐོས་ན་སྐྱོ་བར་འགྱུར་ཞིང་ཀུན་ནས་ཉོན་མོངས་པའི་སྤྱོད་པ་ཡང་སྤོང་བར་འགྱུར་བ་འབྱུང་བ་དེ་དག་ མི་ཉུང་ངོ་། །བྱམས་པ་གང་སེམས་ཀྱི་རྒྱུད་ཁེངས་པར་འགྱུར་ཞིང་གུས་པ་མེད་པ་དང་། མངོན་བའི་ང་རྒྱལ་ལ་གནས་པ་དང་། གཅིག་ལ་གཅིག་ཐེ་ཚོམ་ཟ་བ་མང་བ་དག་ནི་ཕལ་ཆེ་སྟེ། དེ་དག་ནི་དེ་བཞིན་གཤེགས་པས་གསུངས་པའི་ མདོ་སྡེ་ཟབ་མོ་བསྟན་པའི་ཡོན་ཏན་དང་ཕན་ཡོན་ཟབ་པ་དག་ལུང་ནོད་པར་མི་བྱེད། ཁ་ཏོན་དུ་མི་བྱེད། འཆང་བར་མི་བྱེད། ཀུན་ཆུབ་པར་མི་བྱེད་དེ། དེ་དག་གི་ལས་ཀྱི་སྒྲིབ་པ་ཤས་ཆེ་བས་ཡོན་ཏན་དེ་དག་དང་ཕན་ཡོན་དེ་དག་འབྱུང་ བར་མི་འགྱུར་རོ། །དེ་དག་དད་པ་མེད་པ་དེས་མདོ་སྡེ་དེ་དག་ལ་ཐེ་ཚོམ་ཟ་བར་འགྱུར་ཏེ། ཕྱིས་ཀྱང་ལུང་ནོད་པར་མི་བྱེད། འཆང་བར་མི་བྱེད། ཀུན་ཆུབ་པར་མི་བྱེད་དེ། དེ་དག་གི་དྲུང་དུ་བདུད་སྡིག་ཅན་དགེ་སློང་གི་ཆ་ལུགས་སུ་ 82-1-171a འདུག་ནས་འདི་སྐད་དུ་མདོ་སྡེ་འདི་དག་ནི་རང་བཟོར་བྱས་པ་ཡིན་ཏེ། འདི་དག་ནི་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མདོ་སྡེ་འདི་དག་ལས་ཡོན་ཏན་དང་ཕན་ཡོན་བཤད་ པ་གང་ཡིན་པ་དེ་དག་ཁྱེད་ཀྱི་འདི་ལས་མི་འབྱུང་ཞིང་མེད་པའི་ཕྱིར་རོ་ཞེས་མོས་པ་ཟློག་པར་བྱེད་དོ། །དེ་དག་དེ་ལྟར་མོས་པ་ཟློག་པས་མདོ་སྡེ་ཟབ་མོ་དག་མི་འདོད་ཅིང་ཐེ་ཚོམ་དུ་འགྱུར་ཏེ། ལུང་ནོད་པར་མི་བྱེད། ཁ་ཏོན་དུ་མི་བྱེད་དེ། མི་བླུན་པོ་དེ་དག་གིས་ཡོན་ཏན་དང་ཕན་ཡོན་དེ་དག་ཐོས་ན་འདི་ལྟར་ཆོས་སྤོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ནི་སྦྱང་བར་མི་ནུས་སོ་སྙམ་དུ་མི་སེམས་སོ། །དེ་ནས་བཅོམ་ ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་ཡོན་ཏན་དེ་བཞིན་གཤེགས་པས་ གསུངས་པ་གང་ལགས་པ་འདི་དག་ལས་གང་གིས་སེམས་བསྐྱེད་པ་གང་ཡང་རུང་བ་ཞིག་ཡིད་ལ་བགྱིད་ཅིང་། དེ་བཞིན་གཤེགས་པ་ཚེ་དཔག་མེད་ཡིད་ལ་བགྱིད་པ་དེ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་ འགྱུར་ན། བཅོམ་ལྡན་འདས་སེམས་བསྐྱེད་པ་དེ་དག་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ ཅེས་བཀའ་སྩལ་ཏོ། །བྱམས་པ་སེམས་བསྐྱེད་པ་གང་དག་གིས་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་བར་བྱེད་པ་དེ་དག་ནི་ བྱིས་པའི་སེམས་བསྐྱེད་པ་མ་ཡིན། སྐྱེས་བུ་དམ་པ་མ་ཡིན་པའི་སེམས་བསྐྱེད་པ་མ་ཡིན། ཀུན་ནས་ཉོན་མོངས་པའི་སེམས་བསྐྱེད་པ་མ་ཡིན་ཏེ། བྱམས་པ་སེམས་བསྐྱེད་པ་ནི་བཅུ་པོ་འདི་དག་ཡིན་ནོ། ། 82-1-171b བཅུ་གང་ཞེ་ན། བྱམས་པ་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ལ་ཞེ་འགྲས་པས་ནི་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་མི་ནུས་ཏེ། སེམས་ཅན་ཐམས་ཅད་ལ་བྱམས་ པའི་སེམས་བསྐྱེད་པ་དང་། འཚེ་བ་ཡོངས་སུ་སྤངས་ཏེ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བའི་སེམས་བསྐྱེད་པ་དང་། ལུས་དང་སྲོག་ལ་མི་ལྟ་བར་དམ་པའི་ཆོས་བསྲུང་བའི་སེམས་བསྐྱེད་པ་དང་། ཟབ་མོའི་བཟོད་ པ་ལ་ངེས་པར་གྱུར་བས་དམ་པའི་ཆོས་ལ་མངོན་པར་ཞེན་པའི་སེམས་བསྐྱེད་པ་དང་། རྙེད་པ་དང་བཀུར་སྟིས་མ་གོས་པས་བསམ་པ་ཡོངས་སུ་དག་པའི་སེམས་བསྐྱེད་པ་དང་། བརྗེད་པ་མེད་པས་ཐམས་ཅད་ མཁྱེན་པ་ཉིད་ལ་རིན་པོ་ཆེར་སེམས་བསྐྱེད་པ་དང་། ཞུམ་པ་མེད་པས་སེམས་ཅན་ཐམས་ཅད་ལ་བླ་མ་བཞིན་དུ་གུས་པའི་སེམས་བསྐྱེད་པ་དང་། བྱང་ཆུབ་ཀྱི་ཡན་ལག་ལ་ངེས་པས་ཉི་ཚེ་བའི་བསམ་གཏན་ གྱི་རོ་མྱང་བར་མི་བྱ་བའི་སེམས་བསྐྱེད་པ་དང་། མ་འདྲེས་པས་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་ཀྱི་སེམས་བསྐྱེད་པ་དང་། མཚན་མ་ཡོངས་སུ་སྤངས་ཏེ། སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པའི་སེམས་བསྐྱེད་པ་ སྟེ། བྱམས་པ་སེམས་བསྐྱེད་པ་བཅུ་པོ་ནི་དེ་དག་ཡིན་ཏེ། སེམས་བསྐྱེད་པ་བཅུ་པོ་དེ་དག་ལས་སེམས་བསྐྱེད་པ་གང་ཡང་རུང་བའི་སེམས་བསྐྱེད་པ་གང་ཡིན་པ་དེ་ནི་སེམས་བསྐྱེད་པ་དེ་དག་དང་ལྡན་ན་སངས་ རྒྱས་ཀྱི་ཞིང་དེར་སྐྱེ་བར་མི་འགྱུར་བ་དེ་ནི་གནས་མེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལྷག་པའི་བསམ་པ་བསྐུལ་བའི་ཆོས་ཀྱི་རྣམ་ གྲངས་འདི་དེ་ཙམ་དུ་བསམ་གྱིས་མི་ཁྱབ་པ་ནི་ངོ་མཚར་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱི་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཀུན་དགའ་བོ་ལེགས་སོ་ 82-1-172a ལེགས་སོ། །ཀུན་དགའ་བོ་དེའི་ཕྱིར་ཁྱོད་ཀྱིས་ལྷག་པའི་བསམ་པ་བསྐུལ་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལྷག་པའི་བསམ་པ་བསྐུལ་བའི་ལེའུ་ཞེས་ བྱ་སྟེ་ཉི་ཤུ་ལྔ་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་སྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །འཕགས་པ་ དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་ཉི་ཤུ་རྩ་དྲུག་པ་སྟེ་ལག་བཟངས་ཀྱིས་ཞུས་པ། ། བམ་པོ་དང་པོ། རྒྱ་གར་སྐད་དུ། ཨཱརྱ་སུ་བཱ་ཧུ་པ་རི་ པྲྀཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ལག་བཟངས་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་ན། དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་བཟངས་ཤེས་བྱ་བ་གཡོག་དང་བཅས་ཏེ། རྒྱལ་པོའི་ལབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་ནས་འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་ག་ལ་བ་དང་། བཅོམ་ལྡན་འདས་ 82-1-172b ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ལག་བཟངས་ཀྱིས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཆོས་དུ་དང་ལྡན་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ལག་བཟངས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་བཟངས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་ཕྱིར་ཕ་རོལ་དུ་ཕྱིན་པ་ དྲུག་པོ་འདི་དག་རྟག་པར་རྒྱུན་དུ་ཡོངས་སུ་རྫོགས་པར་བྱའོ། །དྲུག་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་ འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟེ། ལག་བཟངས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཕ་རོལ་དུ་ཕྱིན་པ་དྲུག་པོ་ འདི་དག་རྟག་པར་རྒྱུན་དུ་ཡོངས་སུ་རྫོགས་པར་བྱའོ། །ལག་བཟངས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཅེ་ན། ལག་བཟངས་འདི་ལ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཀྱིས་ལོངས་སྤྱོད་རྣམས་ཡོངས་སུ་ཚོལ་གྱི་ཆོས་མ་ཡིན་པས་ནི་མ་ཡིན་ནོ། །མཉམ་པས་ཡིན་གྱི་མི་མཉམ་པས་ནི་མ་ཡིན་ནོ། །དེ་སྲོག་ཆགས་གཞན་དག་དང་། 82-1-173a སེམས་ཅན་གཞན་རྣམས་ལ་གནོད་པ་མི་བྱེད། ཉམ་ང་བ་མི་བྱེད་པར་སྦྱིན་པ་སྦྱིན་ཏེ། བརྗོད་པ་དང་། སྒྲ་དང་ཚིགས་སུ་བཅད་པའི་ཕྱིར་མ་ཡིན། འཛེམ་པའི་ཕྱིར་མ་ཡིན། འཇིགས་པའི་ ཕྱིར་མ་ཡིན། ལན་དུ་ཕན་འདོགས་སུ་རེ་བའི་ཕྱིར་མ་ཡིན། མཐོ་རིས་ཀྱི་ཕྱིར་མ་ཡིན། ཚུལ་འཆོས་པ་མ་ཡིན། ཁ་གསག་བྱེད་པ་མ་ཡིན། བརྙས་པ་མ་ཡིན་པའོ། །སྦྱིན་གནས་སམ། སྦྱིན་གནས་མ་ཡིན་ པ་འམ། མངོན་པར་ཤེས་པ་འམ། མངོན་པར་ཤེས་པ་མ་ཡིན་པ་འམ། ཚུལ་ཁྲིམས་དང་ལྡན་པ་འམ། ཚུལ་ཁྲིམས་འཆལ་པ་འམ། འདྲིས་པ་འམ། མ་འདྲིས་པ་འམ། མཛའ་བ་འམ། མི་མཛའ་བ་ལ་ཡང་རུང་སྟེ། བཀུར་སྟི་བྱེད། བླ་མར་ བྱེད། རིམ་གྲོར་བྱེད། མཆོད་པར་བྱེད་ཅིང་འདུན་པ་དྲག་པོ་དང་། དགའ་བ་དྲག་པོ་དང་། དད་པ་དྲག་པོས་དེ་ཉུང་ངུ་བདོག་ན་ཡང་ཉུང་དུ་སྦྱིན། མང་དུ་བདོག་ན་ཡང་མང་དུ་སྦྱིན། བཟང་དུ་བདོག་ན་ཡང་བཟང་དུ་སྦྱིན། ངན་པ་བདོག་ན་ཡང་ངན་པ་སྦྱིན། གྱ་ནོམ་བདོག་ན་ཡང་གྱ་ནོམ་པ་སྦྱིན་ནོ། །ལག་བཟངས་ཇི་ལྟར་བྱང་ཆུབ་སེམས་དཔའ་བརྒྱ་སྟོང་སྦྱིན་པ་དང་། རླབས་པོ་ཆེའི་སེམས་དང་། རངས་པའི་སེམས་ཀྱིས་སྦྱིན་པ་དེ་ བཞིན་དུ་ཀཱ་ཀ་ནི་ཙམ་ཡང་སྦྱིན་ཞིང་རླབས་པོ་ཆེའི་སེམས་དང་། རངས་པའི་སེམས་ཀྱིས་སྦྱིན་ནོ། །དེས་ཟས་འདོད་པ་རྣམས་ལ་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ཡེ་ཤེས་བླ་ན་མེད་པའི་སྟོབས་ ཀྱིས་བརྟན་པ་ཐོབ་པར་བྱ་བའི་ཕྱིར་ཟས་སྦྱིན་ནོ། །སྐོམ་འདོད་པ་རྣམས་ལ་ནི་སེམས་ཅན་ཐམས་ཅད་ཉོན་མོངས་པའི་སྐོམ་པ་ཐམས་ཅད་བསལ་བའི་སྟོབས་ཐོབ་པར་བྱ་བའི་ཕྱིར་སྐོམ་སྦྱིན་ནོ། །གོས་འདོད་པ་ རྣམས་ལ་ནི་སེམས་ཅན་ཐམས་ཅད་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའི་གོས་ཐོབ་པར་བྱ་བའི་ཕྱིར་གོས་སྦྱིན་ནོ། །བཞོན་པ་འདོད་པ་རྣམས་ལ་ནི་སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་ཐེག་པ་དང་། རྫོགས་ 82-1-173b པའི་སངས་རྒྱས་ཀྱི་ཐེག་པ་བླ་ན་མེད་པ་ཐོབ་པར་བྱ་བའི་ཕྱིར་བཞོན་པ་སྦྱིན་ནོ། །སྤོས་འདོད་པ་རྣམས་ལ་ནི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཚུལ་ཁྲིམས་ཀྱི་དྲི་བསུང་ཐམས་ཅད་ཐོབ་པར་བྱ་བའི་ཕྱིར་སྤོས་སྦྱིན་ནོ། ། མེ་ཏོག་འདོད་པ་རྣམས་ལ་ནི་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་བླ་ན་མེད་པ་ཐོབ་པར་བྱ་བའི་ཕྱིར་མེ་ཏོག་རྣམས་སྦྱིན་ནོ། །ཕྱེ་མ་འདོད་པ་རྣམས་ལ་ནི་སེམས་ ཅན་ཐམས་ཅད་ཉེས་པར་སྤྱོད་པའི་དྲི་ང་བའི་དྲི་མ་གཞོམ་པའི་སྟོབས་ཐོབ་པར་བྱ་བའི་ཕྱིར་ཕྱེ་མ་སྦྱིན་ནོ། །བྱུག་པ་འདོད་པ་རྣམས་ལ་ནི་སེམས་ཅན་ཐམས་ཅད་ཉེས་པ་མེད་པའི་ཚུལ་ཁྲིམས་དང་སྤྱོད་པའི་ བྱུག་པ་ཐོབ་པར་བྱ་བའི་ཕྱིར་བྱུག་པ་སྦྱིན་ནོ། །གདུགས་འདོད་པ་རྣམས་ལ་ནི་སེམས་ཅན་ཐམས་ཅད་ཉོན་མོངས་པའི་གདུང་བ་ཐམས་ཅད་ཉེ་བར་ཞི་བའི་སྟོབས་ཐོབ་པར་བྱ་བའི་ཕྱིར་གདུགས་སྦྱིན་ནོ། །ལྷམ་ འདོད་པ་རྣམས་ལ་ནི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བདེ་བ་མངོན་པར་ཤེས་པ་ཐོབ་པར་བྱ་བའི་ཕྱིར་ལྷམ་སྦྱིན་ནོ། །མལ་ཆ་འདོད་པ་རྣམས་ལ་ནི་སེམས་ཅན་ཐམས་ཅད་ལྷ་དང་། ཚངས་པ་དང་། འཕགས་ པའི་གནས་པའི་མལ་ཆའི་བདེ་བར་སྦྱར་བའི་སྟོབས་ཐོབ་པར་བྱ་བའི་ཕྱིར་མལ་ཆ་སྦྱིན་ནོ། །སྟན་འདོད་པ་རྣམས་ལ་ནི་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོར་བདུད་དང་ཉོན་མོངས་པའི་སྒྲིབ་པ་བར་དུ་གཅོད་ པ་ཐམས་ཅད་ཀྱིས་མི་ཕྱེད་པ་དཔའ་བའི་སྟན་ཐོབ་པར་བྱ་བའི་ཕྱིར་སྟན་སྦྱིན་ནོ། །གནས་འདོད་པ་རྣམས་ལ་ནི་སེམས་ཅན་ཐམས་ཅད་སྐྱབས་དང་། གནས་དང་། མགོན་དང་། དཔུང་གཉེན་དུ་གྱུར་བའི་ལུས་ ཐོབ་པར་བྱ་བའི་ཕྱིར་གནས་སྦྱིན་ནོ། །ཕྲུ་ཏོག་དང་། བུམ་པ་དང་། འཚོག་ཆས་འདོད་པ་རྣམས་ལ་ནི་སེམས་ཅན་ཐམས་ཅད་ཆོས་ཀྱི་ཇི་ལྟ་བུའི་ལུས་ཐོབ་པར་བྱ་བའི་ཕྱིར་ཕྲུ་ཏོག་དང་། བུམ་པ་དང་། འཚོག་ཆས་ 82-1-174a སྦྱིན་ནོ། །སེམས་ཅན་ཐམས་ཅད་ཞི་བ་དང་ཉེ་བར་ཞི་བ་བླ་ན་མེད་པའི་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་ཐོབ་པར་བྱ་བའི་ཕྱིར་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་དཀའ་ཐུབ་ཀྱི་ ནགས་ཚལ་སྦྱིན་པ་སྦྱིན་ནོ། །སེམས་ཅན་ཐམས་ཅད་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་བཅུ་ཐོབ་པར་བྱ་བའི་ཕྱིར་མཆོད་རྟེན་རྣམས་ལ་རྒྱན་སྦྱིན་པ་སྦྱིན་ནོ། །སེམས་ཅན་ཐམས་ ཅད་དེ་བཞིན་གཤེགས་པའི་ལྷའི་སྤྱན་མཐའ་ཡས་པ་ཐོབ་པར་བྱ་བའི་ཕྱིར་མུན་ཁྲོད་ཀྱི་མཆོད་རྟེན་ནམ་ལམ་རྣམས་ལ་མར་མེའི་སྦྱིན་པ་སྦྱིན་ནོ། །སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་ལྷའི་སྙན་མཐའ་ཡས་ པ་ཐོབ་པར་བྱ་བའི་ཕྱིར་སངས་རྒྱས་ལ་མཆོད་པ་རྣམས་སམ། ཆོས་ལ་མཆོད་པ་རྣམས་སམ། དགེ་འདུན་ལ་མཆོད་པ་རྣམས་ལ་རོལ་མོའི་དབྱངས་སྒྲ་སྦྱིན་པ་སྦྱིན་ནོ། །སེམས་ཅན་ཐམས་ཅད་ལ་ཆ་བྱད་དང་། ཚུལ་ ཁྲིམས་དང་། སྤྱོད་པ་མཛེས་པ་བླ་ན་མེད་པ་ཐོབ་པར་བྱ་བའི་ཕྱིར་ལྷུང་བཟེད་དང་ཆོས་གོས་སྦྱིན་པ་སྦྱིན་ནོ། །སེམས་ཅན་ཐམས་ཅད་དབུགས་དབྱུང་བ་སྦྱིན་པའི་སྟོབས་ཐོབ་པར་བྱ་བའི་ཕྱིར་སྣོད་ཚགས་སྦྱིན་པ་སྦྱིན་ནོ། ། སེམས་ཅན་ཐམས་ཅད་ཤེས་རབ་ཆེན་པོའི་ཚོགས་ཡོངས་སུ་བསྐང་བ་ཐོབ་པར་བྱ་བའི་ཕྱིར་མྱུ་གུ་དང་། སྣག་ཚ་དང་། གླེགས་བུ་དང་། ཆོས་ཀྱི་ཁྲི་སྟན་སྦྱིན་པ་སྦྱིན་ནོ། །སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་ པའི་ནད་ཐམས་ཅད་གཞོམ་པའི་ཕྱིར་ན་བའི་གསོས་སྨན་དང་། ཡོ་བྱད་སྦྱིན་པ་སྦྱིན་ནོ། །སེམས་ཅན་ཐམས་ཅད་བྱང་ཆུབ་རྣམ་པ་གསུམ་གྱི་ས་དང་། བདུད་རྩིའི་དབྱིངས་ཀྱིས་ཐོབ་པར་བྱ་བའི་ཕྱིར་ས་སྦྱིན་པ་སྦྱིན་ནོ། ། སེམས་ཅན་ཐམས་ཅད་སློབ་དཔོན་མེད་པའི་དམ་པའི་ཆོས་མཐོན་པོ་ཐོབ་པར་བྱ་བའི་ཕྱིར་མཆོད་རྟེན་མཐོན་པོ་དང་། སྐུ་གཟུགས་མཐོན་པོ་བྱེད་དོ། །བདོག་པ་ལྟ་ན་སེམས་ཅན་ཐམས་ཅད་མངོན་པར་ཤེས་པ་ 82-1-174b མྱུར་བ་ཐོབ་པར་བྱ་བའི་ཕྱིར་མྱུར་ཞིང་ཡོངས་སུ་ཉོན་མོངས་པར་མ་གྱུར་བར་སྦྱིན་པ་སྦྱིན་ནོ། །སེམས་ཅན་ཐམས་ཅད་པར་དུ་གཅོད་པ་མེད་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་རུང་བ་སྦྱིན་གྱི་རུང་བ་མ་ ཡིན་པ་ནི་མ་ཡིན་ནོ། །སེམས་ཅན་ཐམས་ཅད་སྤོབས་པ་ཆེན་པོ་ཡོངས་སུ་མི་འཆད་པ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་མི་གཅོད་པར་སྦྱིན་པ་སྦྱིན་ནོ། །སེམས་ཅན་ཐམས་ཅད་སྙིང་རྗེ་ཆེན་པོ་མཚུངས་པ་མེད་པ་ཐོབ་པར་བྱ ་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་མཉམ་པར་སྦྱིན་པ་སྦྱིན་ནོ། །སེམས་ཅན་ཐམས་ཅད་བདུད་དང་མུ་སྟེགས་བྱེད་ཐམས་ཅད་ཀྱིས་ཚར་མི་ཆོད་པ་དང་། གནོད་པར་མི་ནུས་པའི་ཆོས་མངོན་པར་རྫོགས་པར་བྱང་ཆུབ་ པར་བྱ་བའི་ཕྱིར་གཞན་ལ་མི་གནོད་པར་སྦྱིན་པ་སྦྱིན་ནོ། །ལག་བཟངས་གལ་ཏེ་བྱང་ཆུབ་སེམས་དཔའ་ལ་སྦྱིན་པ་འདི་དག་སྦྱིན་དུ་ནོར་མེད་ཅིང་འབྱོར་པ་མེད་པར་གྱུར་ན། དེ་འཇིག་རྟེན་གྱི་ཁམས་ཐམས་ཅད་ དུ་སེམས་ཅན་ཐམས་ཅད་ལ་སྦྱིན་པ་མཐའ་ཡས་ཤིང་དཔག་ཏུ་མེད་པ་འདི་དག་སྦྱིན་པར་ཡིད་ཀྱིས་འདོད་ཅིང་སྨོན་ལ་སྨོན་ལམ་འདེབས་ཏེ། ལག་བཟངས་བྱང་ཆུབ་སེམས་དཔའ་དེ་སྦྱིན་པ་འདི་དག་སྦྱིན་པའི་ ནུས་པ་དང་ལྡན་ཡང་རུང་། ནུས་པ་དང་མི་ལྡན་ཡང་རུང་སྟེ། གང་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་སེམས་ཅན་ཐམས་ཅད་བདག་གི་བདེ་བ་སྦྱར་བ་ཉིད་དང་ལྡན་པ་དང་། ཡང་དག་པར་ལྡན་པར་གྱུར་ཅིང་འབད་ པ་མེད་པ་དང་། འདོད་པ་མེད་པར་བརྣག་པ་རྣམས་ཐམས་ཅད་ཀྱིས་ཐམས་ཅད་དུ་ཤིན་དུ་ཡོངས་སུ་རྫོགས་ཤིང་བསམ་པ་མ་ལུས་པར་ཡོངས་སུ་རྫོགས་ནས་བདེ་བ་ལ་རེག་པར་གནས་པར་འགྱུར་བར་བདག་ གི་དེ་བཟང་པོར་གྱུར་ཅིག །བདག་གི་དེ་དགེ་བར་གྱུར་ཅིག་ཅེས་དེ་ལྟར་ཡིད་ཀྱིས་འདོད་ཅིང་སྨོན་ལ་སྨོན་ལམ་འདེབས་སོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་རིན་པོ་ཆེའི་རྒྱ་མཚོ་ཡང་སྦྱིན་པར་འདོད་ཅིང་ 82-1-175a སྨོན་ལ་སྨོན་ལམ་འདེབས་སོ། །དབྱིག་གི་རི་དང་། གསེར་གྱི་རི་དང་། གོས་ཀྱི་རི་དང་། ཡོ་བྱད་ཐམས་ཅད་ཀྱི་རི་དང་། བཟང་བ་རྒྱ་མཚོ་དང་། བཏུང་བ་རྒྱ་མཚོ་དང་། གནས་ལེགས་པར་བྱས་པ། ལེགས་པར་གནས་ པ། མཐའ་ཡས་ཤིང་དཔག་ཏུ་མེད་པ་དག་ཀྱང་སྦྱིན་པར་འདོད་ཅིང་སྨོན་ལ་སྨོན་ལམ་འདེབས་སོ། །འཁོར་བའི་སྲིད་པ་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས། ཐམས་ཅད་ཀྱི་སེམས་ཅན་འདས་པ་དང་། མ་འོངས་པ་དང་། ད་ ལྟར་བྱུང་བ་ཐམས་ཅད་ཀྱི་སྦྱིན་པ་དང་། གཏོང་བ་དང་། རྣམ་པར་གཏོང་པ་གང་ཡིན་པ་ཟང་ཟིང་སྦྱིན་པ་འམ། མི་འཇིགས་པ་སྦྱིན་པ་འམ། ཆོས་སྦྱིན་པ་མ་ལུས་པ་དེ་དག་ཐམས་ཅད་ལ་ཐ་ན་དུས་གསུམ་དུ་ཡང་ མངོན་པར་དགའ་ཞིང་རྗེས་སུ་ཡི་རང་ངོ་། །གལ་ཏེ་དེ་ལ་བསླངས་ལ་ནོར་སྦྱིན་མི་ནུས་ན་ཡང་རང་གི་ཟན་སྐལ་སྦྱིན་པ་འམ། གྲོགས་སུ་འགྱུར་བ་འམ། ཀུན་དུ་བཙལ་བའི་ཐབས་ཀྱང་དེ་ལ་སྟོན་པར་འགྱུར་ ཞིང་ཆོས་ཀྱི་གཏམ་གྱིས་དེའི་འདོད་པ་སེལ་བར་བྱེད་དོ། །དེ་སྦྱིན་པར་འདོད་པར་གྱུར་བ་ན་ཡང་སྦྱིན་པ་དེ་སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན་ཐམས་ཅད་དགྲོལ་བ་དང་། སེམས་ཅན་ ཐམས་ཅད་དབུགས་དབྱུང་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་ བའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །སྦྱིན་པ་དེ་བྱིན་ནས་ཀྱང་སྦྱིན་པ་དེ་སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན་ཐམས་ཅད་དགྲོལ་བ་དང་། སེམས་ཅན་ཐམས་ ཅད་དབྱུགས་དབྱུང་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བླ་ན་མེད་པ་ཡང་ 82-1-175b དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །གལ་ཏེ་སྦྱིན་པ་དང་། གཏོང་བ་དང་། རྣམ་པར་གཏོང་བ་དེ་ལ་སློབ་པའི་ནུས་པ་དང་མི་ལྡན་པར་གྱུར་ན་དེ་འདི་ལྟར་ཡང་དག་པར་སློབ་སྟེ། དུས་དུས་སུ་འམ། ཅུང་ཟད་ ཅུང་ཟད་དུ་ཡང་ཆགས་པ་དང་། སེར་སྣ་དང་། སྦྱིན་པས་འཇིགས་པ་སྤང་བ་དང་། དོར་བ་དང་། བསལ་བར་རྩོལ་ལོ། །འབད་དོ། །དུས་དུས་སུ་འམ། ཅུང་ཟད་ཅུང་ཟད་དུ་ཡང་སྦྱིན་པ་དང་། གཏོང་བ་དང་། རྣམ་པར་གཏོང་ བ་ལ་སློབ་པ་དང་། མངོན་བར་འཕེལ་བར་བྱ་བ་དང་། ཡོངས་སུ་རྫོགས་པར་བྱ་བར་རྩོལ་ལོ། །འབད་དོ། །སྲིད་པ་གཞན་དུ་གྱུར་བ་ན་ཡང་ཞུམ་པར་མི་འགྱུར་ཞིང་སྒྱིད་ལུག་པར་མི་འགྱུར་རོ། །ལག་བཟངས་ བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བྱང་ཆུབ་ཀྱི་སེམས་རྗེས་སུ་དྲན་པ་དང་། བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་། བྱང་ཆུབ་ཏུ་སྨོན་པ་དང་། བྱང་ཆུབ་ཏུ་སྨོན་ལམ་ འདེབས་པ་གང་ཡིན་པ་དེ་ཉིད་དེ་དག་གི་སྦྱིན་པ་ཆེན་པོ་དང་། གཏོང་བ་ཆེན་པོ་དང་། རྣམ་པར་གཏོང་བ་ཆེན་པོ་གྲངས་མེད་ཅིང་དཔག་ཏུ་མེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་ ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་དམ་པའི་ཆོས་ཀྱི་ཆར་སྦྱིན་པར་འདོད་པ་དང་། བདུད་རྩིའི་དབྱིངས་ཀྱི་ཆར་སྦྱིན་པར་འདོད་པ་དང་། དམ་པའི་ཆོས་ཀྱི་ཆར་གཏོང་བར་འདོད་པ་དང་། བདུད་རྩིའི་དབྱིངས་ཀྱི་ཆར་ གཏོང་བར་འདོད་པ་དང་། དམ་པའི་ཆོས་ཀྱི་ཆར་རྣམ་པར་གཏོང་བར་འདོད་པ་དང་། བདུད་རྩིའི་དབྱིངས་ཀྱི་ཆར་རྣམ་པར་གཏོང་བར་འདོད་པ་དེ་ནི་སྦྱིན་པ་དང་། གཏོང་བ་དང་། རྣམ་པར་གཏོང་བ་ཐམས་ཅད་ ཀྱི་ནང་ན་མཆོག་ཡིན་ནོ། །དེ་ནི་དམ་པ་ཡིན་ནོ། །ལག་བཟངས་དེ་ལྟར་ན་བྱང་ཆུབ་སེམས་དཔའ་བདེ་བ་དང་ལྡན་ལ་ཡིད་བདེ་བ་དང་། ། ལྡན་ཞིང་ཚེགས་ཆུང་ངུ་དང་། སྡུག་བསྔལ་ཆུང་ངུས་མྱུར་དུ་སྐྱེན་པར་ 82-1-176a སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །ལག་བཟངས་བྱང་ཆུབ་སེམས་དཔའ་ནི་སློང་བ་རྣམས་ཀྱིས་བསླངས་པ་ན་ཡན་ལག་དང་ཉིང་ལག་གཅོད་དམ། བཅད་ནས་སློང་བ་རྣམས་ ལ་སྦྱིན་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ཉིད་ཀྱིས་སེམས་ཅན་དམྱལ་བ་ཆེན་པོར་འགྱུར་བ་དང་། མི་དགེ་བའི་ལས་ཆེན་པོ་རྒྱ་ཆེར་ཡོངས་སུ་མི་སྤོང་བའི་ཕྱིར་རོ། །སེམས་ཅན་གཞན་གྱི་ཕྱིར་རམ། སེམས་ཅན་གཞན་གྱི་ཆེད་ལ་དེ་རང་གི་ཡན་ལག་དང་། ཉིང་ལག་ཡོངས་སུ་མི་གཏོང་བ་ནི་མ་ཡིན་ནོ། །ལག་བཟངས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སློང་བས་བདོག་པ་ཐམས་ཅད་བསླངས་ན་ཕ་ མ་ལ་གནོད་པ་བྱས་ཤིང་སྤངས་ཏེ་སྡུག་བསྔལ་བར་བྱས། བུ་དང་། ཆུང་མ་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་ལ་གནོད་པ་བྱས་ཤིང་སྤངས་ཏེ་སྡུག་བསྔལ་བར་བྱས་ནས་བདོག་ པ་ཐམས་ཅད་སློང་བ་རྣམས་ལ་སྦྱིན་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལ་མཚུངས་པར་སྙིང་བརྩེ་བ་ཡིན་ཏེ། ཇི་ལྟར་ཕ་མ་ལ་གནོད་པ་མི་བྱེད་ཅིང་མི་སྤོང་ལ་ སྡུག་བསྔལ་བར་ཡང་མི་བྱེད་པ་དང་། བུ་དང་། ཆུང་མ་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་ལ་གནོད་པ་མི་བྱེད་ཅིང་མི་སྤོང་སྟེ། སྡུག་བསྔལ་བར་མི་བྱེད་པར་སྦྱིན་པ་ཡང་ སྦྱིན་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་མཚུངས་པར་གསོ་བར་བྱེད་དོ། །དེ་ནི་སེམས་ཅན་གཞན་གྱི་ཕྱིར་རམ། སེམས་ཅན་གཞན་གྱི་ཆེད་ལ་བདོག་པ་ཐམས་ཅད་ཡོངས་སུ་མི་གཏོང་བ་ཡང་མ་ཡིན་ནོ། །ལག་ བཟངས་དེ་བཞིན་གཤེགས་པ་རྣམས་ནི་སེམས་ཅན་ལ་གནོད་པའི་སྦྱིན་པའི་བསྔགས་པ་གསུང་བ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡན་ལག་བཅད་པ་ལྟ་ལ་དེ་ལྟར་ག་ལ་འགྱུར། ལག་བཟངས་བྱང་ 82-1-176b ཆུབ་སེམས་དཔའ་ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཅེ་ན། ལག་བཟངས་འདི་ལ་བྱང་ཆུབ་སེམས་དཔའ་ནི་སྲོག་གི་ཕྱིར་ཡང་སྲོག་ཆགས་གཞན་དག་དང་། སེམས་ཅན་གཞན་རྣམས་ལ་མི་ རྡེག་མི་གསོད་ཅིང་གསོད་པ་ལ་རྗེས་སུ་ཡི་རང་བར་མི་བྱེད་དོ། །སྲོག་གི་ཕྱིར་ཡང་མ་བྱིན་པར་མི་ལེན་ལ། མ་བྱིན་པར་ལེན་དུ་མི་འཇུག་ཅིང་མ་བྱིན་པར་ལེན་པ་ལ་རྗེས་སུ་ཡི་རང་བར་མི་བྱེད་དོ། །སྲོག་གི་ཕྱིར་ཡང་ འདོད་པ་ལ་ལོག་པར་གཡེམ་པར་མི་བྱེད་ལ། འདོད་པ་ལ་ལོག་པར་གཡེམ་པ་བྱེད་དུ་མི་འཇུག་ཅིང་འདོད་པ་ལ་ལོག་པར་གཡེམ་པ་ལ་རྗེས་སུ་ཡི་རང་བར་མི་བྱེད་དོ། །སྲོག་གི་ཕྱིར་ཡང་བརྫུན་མི་སྨྲ་ལ། བརྫུན ཟེར་དུ་མི་འཇུག་ཅིང་བརྫུན་སྨྲ་བ་ལ་རྗེས་སུ་ཡི་རང་བར་མི་བྱེད་དོ། །སྲོག་གི་ཕྱིར་ཡང་ཆང་མི་འཐུང་ལ། ཆང་འཐུང་དུ་མི་འཇུག་ཅིང་། ཆང་འཐུང་བ་ལ་རྗེས་སུ་ཡི་རང་བར་མི་བྱེད་དོ། །དེ་བསླབ་པའི་གཞི་ ལྔ་པོ་དེ་དག་ལ་རིང་དུ་གནས་ཤིང་བརྟན་པོར་གནས་ལ་དམ་པོར་གནས་ཏེ་མི་ལྷོད་པར་གནས་ཤིང་སྒྲུབ་བོ། །དེ་བཞིན་དུ་ཞིང་རྨེད་པ་དང་། ཞིང་རྨེད་དུ་འཇུག་པ་དང་། འཆིང་བ་དང་། འཆིང་དུ་འཇུག་པ་དང་། གོ་རར་འཇུག་པ་དང་། གོ་རར་འཇུག་དུ་འཇུག་པ་དང་། རྡེག་པ་དང་། རྡེག་ཏུ་འཇུག་པ་དང་། གཅོད་པ་དང་། གཅོད་དུ་འཇུག་པ་དག་སྤང་བ་དང་། དོར་བ་དང་། བསལ་བར་འབད་པར་བྱེད་དོ། །དེ་ལྟར་བསླབ་པའི་གཞི་ལྔ་པོ་ དག་ལ་རིང་དུ་གནས་ཤིང་བརྟན་པོར་གནས་ལ་དམ་པོར་གནས་ཏེ་མི་ལྷོད་པར་གནས་ཤིང་སྒྲུབ་བོ། །དེ་བཞིན་དུ་ཕྲ་མའི་ཚིག་དང་། ངག་རྩུབ་པོ་དང་། ཚིག་ཀྱལ་པ་སྤང་བ་དང་། དོར་བ་དང་། བསལ་བར་འབད་པར་ བྱེད་དོ། །དེ་སྲོག་ཆགས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ནི་བདག་གི་ཕ་མ་ཇི་ལྟ་བ་བཞིན་ནོ། །བུ་གཅིག་པ་ཕངས་པ་ཇི་ལྟ་བ་བཞིན་ཏེ། ཇི་ལྟར་ཕ་མ་དང་། བུ་གཅིག་པ་ཕངས་པ་བདག་ལ་འཁུ་ཡང་ 82-1-177a སླར་འཁུ་བར་མི་བྱ་ལ། ལག་པ་འམ། བོང་བ་འམ། དབྱུག་པ་འམ། རལ་གྲི་འམ། མདས་བརྡེགས་ཀྱང་སླར་བརྡེགས་པར་མི་བྱ། གསོད་ཀྱང་སླར་གསད་པར་མི་བྱ་ཞིང་ཇི་ལྟར་ཕ་མ་དང་། བུ་གཅིག་པ་ ཕངས་པ་འཁུ་ཡང་སླར་འཁུ་བར་མི་བྱ་བ་དེ་བཞིན་དུ་བདག་སྲོག་ཆགས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱིས་ལག་པ་འམ། བོང་བ་འམ། དབྱུག་པའམ། རལ་གྲི་འམ། མདས་བརྡེགས་ཀྱང་སླར་བརྡེགས་པར་མི་ བྱ། གསོད་ཀྱང་སླར་གསད་པར་མི་བྱའོ་ཞེས་དེ་ལྟར་སློབ་བོ། །དཔེར་ན་ཕ་འམ། མ་འམ། བུ་གཅིག་པ་ཕངས་པ་ཡུན་རིང་པོར་ཡུལ་རྒྱུས་ཏེ་འོངས་པ་མཐོང་ན་དགའ་ཞིང་ཡིད་བདེ་བར་འགྱུར་བ་དེ་བཞིན་དུ་ལག་ བཟངས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་སྲོག་ཆགས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་མཐོང་ན་དགའ་བ་དང་། ཡིད་བདེ་བར་འགྱུར་རོ། །དེའི་སྲོག་གཅོད་པ་སྤངས་པའི་ཚུལ་ཁྲིམས་ ནི་སེམས་ཅན་ཐམས་ཅད་མི་སློབ་པའི་ཚུལ་ཁྲིམས་སྲོག་གཅོད་པ་སྤངས་པ་ལ་དགོད་པའི་ཕྱིར་རོ། །དེའི་མ་བྱིན་པར་ལེན་པ་སྤངས་པའི་ཚུལ་ཁྲིམས་ནི་སེམས་ཅན་ཐམས་ཅད་མི་སློབ་པའི་ཚུལ་ཁྲིམས་ མ་བྱིན་པར་ལེན་པ་སྤངས་པ་ལ་དགོད་པའི་ཕྱིར་རོ། །དེའི་འདོད་པ་ལ་ལོག་པར་གཡེམ་པ་སྤངས་པའི་ཚུལ་ཁྲིམས་ནི་སེམས་ཅན་ཐམས་ཅད་མི་སློབ་པའི་ཚུལ་ཁྲིམས་ཚངས་པར་སྤྱོད་པ་ལ་དགོད་པའི་ཕྱིར་རོ། ། དེའི་བརྫུན་དུ་སྨྲ་བ་སྤངས་པའི་ཚུལ་ཁྲིམས་ནི་སེམས་ཅན་ཐམས་ཅད་མི་སློབ་པའི་ཚུལ་ཁྲིམས་བརྫུན་དུ་སྨྲ་བ་སྤངས་པ་ལ་དགོད་པའི་ཕྱིར་རོ། །དེའི་ཆང་འཐུང་བ་སྤངས་པའི་ཚུལ་ཁྲིམས་ནི་སེམས་ ཅན་ཐམས་ཅད་མི་སློབ་པའི་ཚུལ་ཁྲིམས་ཆང་འཐུང་བ་སྤངས་པ་ལ་དགོད་པའི་ཕྱིར་རོ། །དེའི་ཞིང་རྨེད་པ་དང་། ཞིང་རྨེད་དུ་འཇུག་པ་སྤངས་པའི་ཚུལ་ཁྲིམས་ནི་སེམས་ཅན་ཐམས་ཅད་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་ 82-1-177b ཐོབ་པར་བྱ་བའི་ཕྱིར་རོ། །དེའི་འཆིང་བ་དང་། འཆིང་དུ་འཇུག་པ་སྤངས་པའི་ཚུལ་ཁྲིམས་ནི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་བཅིང་བ་ཐམས་ཅད་གཅད་པའི་ཕྱིར་རོ། །དེའི་གོ་རར་འཇུག་པ་དང་། གོ་རར་ འཇུག་ཏུ་འཇུག་པ་སྤངས་པའི་ཚུལ་ཁྲིམས་ནི་སེམས་ཅན་ཐམས་ཅད་ཀྱི་འགྲོ་བ་ལྔ་དགག་པ་དང་བསལ་བའི་ཕྱིར་རོ། །དེའི་རྡེག་པ་དང་། རྡེག་ཏུ་འཇུག་པ་སྤངས་པའི་ཚུལ་ཁྲིམས་ནི་སེམས་ཅན་ཐམས་ཅད་བདུད་དང་ ཉོན་མོངས་པའི་བསྒྲིབ་པ་བར་དུ་གཅོད་པ་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པའི་ཆོས་ཉིད་ཐོབ་པར་བྱ་བའི་ཕྱིར་རོ། །དེའི་གཅོད་པ་དང་། གཅོད་དུ་འཇུག་པ་སྤངས་པའི་ཚུལ་ཁྲིམས་ནི་སེམས་ཅན་ཐམས་ཅད་ལུས་ དང་ངག་དང་ཡིད་ཀྱི་ལས་ཀུན་དུ་བསྲུངས་པ་ཐོབ་པར་བྱ་བའི་ཕྱིར་རོ། །དེའི་ཕྲ་མའི་ཚིག་སྤངས་པའི་ཚུལ་ཁྲིམས་ནི་གཡོག་ཉན་ཐོས་ཀྱི་དགེ་འདུན་ཆེན་པོ་མི་ཕྱེད་པ་ཐོབ་པར་བྱ་བའི་ཕྱིར་རོ། །དེའི་ཚིག་རྩུབ་པོ་ སྤངས་པའི་ཚུལ་ཁྲིམས་ནི་ཡན་ལག་ལྔ་པའི་ངག་གི་ལམ་དང་ལྡན་པའི་ཚངས་པའི་དབྱངས་ཐོབ་པར་བྱ་བའི་ཕྱིར་རོ། །དེའི་ཚིག་ཀྱལ་པ་སྤངས་པའི་ཚུལ་ཁྲིམས་ནི་ཚིགས་གཟུང་བར་འོས་པ་ཐོགས་པ་མེད་པ་ཐོབ་ པར་བྱ་བའི་ཕྱིར་རོ། །དེའི་འཆི་བས་འཇིགས་སྐྲག་པ་ཡོངས་སུ་སྐྱོབ་པའི་ཚུལ་ཁྲིམས་ནི་སེམས་ཅན་ཐམས་ཅད་ཀྱི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་ བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པའི་འཇིགས་པ་རབ་ཏུ་ཞི་བར་བྱ་བའི་ཕྱིར་རོ། །དེའི་གཞན་གྱི་ནོར་དང་ཡོ་བྱད་འཇིག་ཅིང་ཆུད་ཟ་བ་ཡོངས་སུ་སྐྱོབ་པའི་ཚུལ་ཁྲིམས་ནི་སེམས་ཅན་ཐམས་ཅད་བྱང་ ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་ནོར་བླ་ན་མེད་པ་ཐོབ་པར་བྱ་བའི་ཕྱིར་རོ། །དེའི་གཞན་གྱི་བུད་མེད་ལ་འཛིན་པ་གཏོང་བར་བྱེད་པ་དང་། གཏོང་བར་བྱེད་དུ་འཇུག་པའི་ཚུལ་ཁྲིམས་ནི་འཁྲུལ་པ་མེད་པའི་ཆོས་ 82-1-178a ཉིད་ཐོབ་པར་བྱ་བའི་ཕྱིར་རོ། །དེའི་འགུགས་པ་གཏོང་བར་བྱེད་པ་དང་། གཏོང་བར་བྱེད་དུ་འཇུག་པའི་ཚུལ་ཁྲིམས་ནི་རང་གི་སེམས་ལ་དབང་ཐོབ་པར་བྱ་བའི་ཕྱིར་རོ། །དེའི་འཆིང་བ་འགྲོལ་བ་དང་། འགྲོལ་ དུ་འཇུག་པའི་ཚུལ་ཁྲིམས་ནི་དཔའ་བོའི་སྟན་བྱང་ཆུབ་ཀྱི་སྙིང་པོར་བདུད་ཀྱི་དམག་དང་ཉོན་མོངས་པའི་འཆིང་བ་ཐམས་ཅད་གཞིག་པའི་ཕྱིར་རོ། །དེའི་ཁྱིམ་ནས་འབྱུང་བའི་ཚུལ་ཁྲིམས་ནི་སེམས་རྣམ་པར་གྲོལ་བ་ སྒྲིབ་པ་མེད་པ་ཐོབ་པར་བྱ་བའི་ཕྱིར་རོ། །དེའི་རྡེག་པ་འཆུགས་པའི་ཚུལ་ཁྲིམས་ནི་མི་འཇིགས་པ་རྣམ་པ་བཞིས་འཇིགས་པ་ཡང་དག་པར་གཞོམ་པ་ཐོབ་པར་བྱ་བའི་ཕྱིར་རོ། །དེའི་རྩོད་པ་ཟློག་པའི་ཚུལ་ཁྲིམས་ ནི་ཀུན་དུ་སྲུང་བའི་ཆོས་བཞི་ཐོབ་པར་བྱ་བའི་ཕྱིར་རོ། །དེའི་མི་སླུ་བའི་ཚིག་སྨྲ་བའི་ཚུལ་ཁྲིམས་ནི་དཔའ་བོའི་སྟན་བྱང་ཆུབ་ཀྱི་སྙིང་པོར་བདུད་དང་ཉོན་མོངས་པའི་སྒྲིབ་པ་བར་དུ་གཅོད་པ་ཐམས་ཅད་ཀྱིས་མི་སླུ་བའི་ཆོས་ ཉིད་ཐོབ་པར་བྱ་བའི་ཕྱིར་རོ། །དེའི་བྱེ་བ་རྣམས་ཀྱི་སྡུམས་བྱེད་ཅིང་མཛའ་བ་བརྟན་པར་བྱེད་པའི་ཚུལ་ཁྲིམས་ནི་གཡོག་འཕགས་པའི་ཉན་ཐོས་ཀྱི་དགེ་འདུན་ཆེན་པོ་མི་ཕྱེད་པ་ཐོབ་པར་བྱ་བའི་ཕྱིར་རོ། །དེའི་ ཚིག་སྙན་པ་དང་། འཇམ་པོར་སྨྲ་བའི་ཚུལ་ཁྲིམས་ནི་སེམས་ཅན་ཐམས་ཅད་ཀྱི་རྣར་བདེ་ཞིང་སྙིང་དུ་འོང་ལ་བདེན་པའི་ངག་ཐོབ་པར་བྱ་བའི་ཕྱིར་རོ། །དེའི་ཀུན་དུ་འཐུན་པའི་སྨྲ་བའི་ཚུལ་ཁྲིམས་ནི་ཚེར་མི་ཆོད་ ཅིང་གཟུང་བར་འོས་ལ་འབྲས་བུ་ཡོད་པའི་ཆོས་སྟོན་པ་ཐོབ་པར་བྱ་བའི་ཕྱིར་རོ། །དེའི་སངས་རྒྱས་ཀྱི་ཡོན་ཏན་གྱི་བསྔགས་པ་བརྗོད་པའི་ཚུལ་ཁྲིམས་ནི་འཕགས་པའི་ཡོན་ཏན་དང་ལྡན་པའི་དགེ་འདུན་གྱི་གཡོག་ འཁོར་ཆེན་པོ་ཐོབ་པར་བྱ་བའི་ཕྱིར་རོ། །དེའི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བཏོགས་པ་གྲངས་ 82-1-178b མེད་དཔག་ཏུ་མེད་པ་རྣམས་ལ་དུས་གསུམ་དུ་ཡན་ལག་ལྔས་གཏུགས་ཏེ་ཕྱག་འཚལ་བར་བྱེད་པའི་ཚུལ་ཁྲིམས་ནི་སེམས་ཅན་ཐམས་ཅད་དཔའ་བོའི་སྟན་བྱང་ཆུབ་ཀྱི་སྙིང་པོར་མི་ཕྱེད་ཅིང་སྲ་ལ་ཤིན་དུ་བརྟན་པའི་ དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་མཆོག་གི་ཆོས་ཉིད་དམ་པ་ལྔ་ཐོབ་པར་བྱ་བའི་ཕྱིར་རོ། །དེའི་དུས་གསུམ་དུ་སངས་རྒྱས་ཀྱི་མཆོད་རྟེན་ཐམས་ཅད་ལ་རིམ་གྲོ་བྱེད་པའི་ ཚུལ་ཁྲིམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་བཀང་བ་ཐོབ་པར་བྱ་བའི་ཕྱིར་རོ། །དེའི་དུས་གསུམ་དུ་ཆོས་ཀྱི་ཡོན་ཏན་བརྗོད་པ་སྨྲ་བའི་ཚུལ་ཁྲིམས་ནི་ཆོས་ཀྱི་འཁོར་ལོ་གནས་མེད་པ་བླ་ན་མེད་པ་བསྐོར་ བའི་ཕྱིར་རོ། །དེའི་དུས་གསུམ་དུ་དགེ་འདུན་གྱི་ཡོན་ཏན་བརྗོད་པ་སྨྲ་བའི་ཚུལ་ཁྲིམས་ནི་འཕགས་པའི་དགེ་འདུན་མི་ཕྱེད་པའི་གཡོག་འཁོར་ཆེན་པོ་ཐོབ་པར་བྱ་བའི་ཕྱིར་རོ། །དེའི་དུས་གསུམ་དུ་དཀོན་མཆོག་ གསུམ་ལ་སྐྱབས་སུ་འགྲོ་བའི་ཚུལ་ཁྲིམས་ནི་སེམས་ཅན་ཐམས་ཅད་ལ་སྐྱབས་བླ་ན་མེད་པ་སྦྱིན་པའི་ཕྱིར་རོ། །དེའི་དུས་གསུམ་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དཀོན་མཆོག་གསུམ་དང་། བྱང་ཆུབ་ སེམས་དཔའ་རྣམས་ཀྱིས་སྟོངས་པར་མི་འགྱུར་བར་གསོལ་བ་འདེབས་པའི་ཚུལ་ཁྲིམས་ནི་བདེ་བར་འགྱུར་བར་གཅིག་ཏུ་ངེས་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་རོ། །དེའི་དུས་གསུམ་དུ་ སངས་རྒྱས་ཐམས་ཅད་ལ་བསྐལ་པར་ཆོས་སྟོན་པར་གསོལ་བ་འདེབས་པའི་ཚུལ་ཁྲིམས་ནི་ས་བཅུ་པ་ཆོས་ཀྱི་སྤྲིན་ཐོབ་པར་བྱ་བའི་ཕྱིར་རོ། །དེའི་དུས་གསུམ་དུ་སྡིག་པ་ཐམས་ཅད་སོ་སོར་འཆགས་པ་དང་། སྡིག་པ་ཐམས་ཅད་སོ་སོར་འདོར་བ་དང་། སྡིག་པ་ཐམས་ཅད་ལ་སྨོད་པའི་ཚུལ་ཁྲིམས་ནི་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཡང་དག་པར་གཞོམ་པ་ཐོབ་པར་བྱ་བའི་ཕྱིར་རོ། །དེའི་དུས་ 82-1-179a གསུམ་དུ་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་འཛིན་པའི་ཚུལ་ཁྲིམས་ནི་ཕ་རོལ་དུ་ཕྱིན་པ་ཐམས་ཅད་ཡོངས་སུ་བཀང་བ་ཐོབ་པར་བྱ་བའི་ཕྱིར་རོ། །དེའི་དུས་གསུམ་དུ་སངས་རྒྱས་དང་། རང་སངས་ རྒྱས་དང་། འཕགས་པ་ཉན་ཐོས་ཀྱི་དགེ་འདུན་དང་། བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཐམས་ཅད་དང་། སེམས་ ཅན་འགྲོ་བ་ཐམས་ཅད་དུ་སོང་བ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་བའི་ཚུལ་ཁྲིམས་ནི་བྱང་ ཆུབ་ཀྱི་ཚོགས་མཐའ་ཡས་ཤིང་དཔག་ཏུ་མེད་པ་བསགས་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རོ། །དེའི་དུས་གསུམ་དུ་རྫོགས་པའི་བྱང་ཆུབ་ཏུ་སྨོན་པའི་ཚུལ་ཁྲིམས་ནི་རྫོགས་པའི་བྱང་ཆུབ་ཐོབ་པར་ ངེས་པ་ལ་འཇུག་པར་བྱ་བའི་ཕྱིར་རོ། །དེའི་དུས་གསུམ་དུ་དགེ་བའི་རྩ་བ་ཐམས་ཅད་རྫོགས་པའི་བྱང་ཆུབ་ཐོབ་པར་ཡོངས་སུ་སྔོ་བའི་ཚུལ་ཁྲིམས་ནི་གཅིག་ཏུ་དེ་བཞིན་གཤེགས་པའི་སྟོབས་དང་། མི་ འཇིགས་པ་ཐོབ་པར་བྱ་བའི་ཕྱིར་རོ། །དེའི་ཕ་མ་དང་། བླ་མ་དང་། རྒན་པ་དང་། སློབ་དཔོན་དང་། མཁན་པོ་ལ་བསྙེན་བཀུར་བྱེད་པའི་ཚུལ་ཁྲིམས་ནི་ཟིལ་གྱིས་མི་ནོན་པའི་ཆོས་ཉིད་ཐོབ་པར་བྱ་བའི་ཕྱིར་རོ། ། དེའི་འཇིགས་པ་དང་། སྐྲག་པ་དང་། ཉམ་ཐག་པ་དང་། མགོན་མེད་པ་དབུགས་འབྱིན་པའི་ཚུལ་ཁྲིམས་ནི་དྲིས་པ་ཐམས་ཅད་ལ་མི་སྐྱོ་བར་ལན་འདེབས་པ་ལ་ལུང་བསྟན་པ་ལ་མཁས་པ་ཐོབ་པར་བྱ་བའི་ཕྱིར་རོ། ། དེའི་རྒྱལ་པོ་དང་། ཆོམ་རྐུན་དང་། མེ་དང་། ཆུ་དང་། བགོ་སྐལ་ལ་སྤྱོད་པའི་སྡུག་བསྔལ་གྱི་ནང་དུ་ཆུད་པ་རྣམས་ཡོངས་སུ་བསྐྱབ་ཅིང་གྲོགས་བྱ་བའི་ཚུལ་ཁྲིམས་ནི་གནས་དང་། ས་དང་ཕ་རོལ་དུ་ཕྱིན་པ་ཆེན་ 82-1-179b པོ་ཡོངས་སུ་བསྐང་བ་ཐོབ་པར་བྱ་བའི་ཕྱིར་རོ། །དེའི་སངས་རྒྱས་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྗེས་སུ་བསྔགས་པའི་ཚུལ་ཁྲིམས་ནི་དེ་ བཞིན་གཤེགས་པའི་རྫུ་འཕྲུལ་གྱི་སྟོབས་བླ་ན་མེད་པ་ཐོབ་པར་བྱ་བའི་ཕྱིར་རོ། །དེའི་ཕ་རོལ་གྱི་རྗེས་སུ་སྲུང་བ་དང་འཐུན་པའི་ལུས་ཀྱི་ལས་ཀྱི་ཚུལ་ཁྲིམས་དང་། ཕ་རོལ་གྱི་སེམས་མངོན་པར་དགའ་བ་དང་། ཡང་དག་ པར་དགའ་བར་འགྱུར་བའི་ལུས་ཀྱི་ལས་ཀྱི་ཚུལ་ཁྲིམས་དང་། ཕ་རོལ་གྱི་སེམས་རྗེས་སུ་སྲུང་བ་དང་འཐུན་པའི་ངག་གི་ལས་ཀྱི་ཚུལ་ཁྲིམས་དང་། ཕ་རོལ་གྱི་སེམས་མངོན་པར་དགའ་བ་དང་། ཡང་དག་པར་དགའ་བར་ འགྱུར་བའི་ངག་གི་ལས་ཀྱི་ཚུལ་ཁྲིམས་ནི་དེ་བཞིན་གཤེགས་པའི་ཕ་རོལ་གྱི་སེམས་མཁྱེན་པའི་སྟོབས་མཐའ་ཡས་པ་ཐོབ་པར་བྱ་བའི་ཕྱིར་རོ། །དེའི་ཚེ་འདིའི་དོན་དང་། ཚེ་རབས་གཞན་གྱི་དོན་དང་། ཉན་ཐོས་ཀྱི་ ཐེག་པའི་དོན་དང་། རང་སངས་རྒྱས་ཀྱི་ཐེག་པའི་དོན་དང་། རྫོགས་པའི་བྱང་ཆུབ་ཀྱི་ཐེག་པའི་དོན་རྣམས་ལ་བག་མེད་པ་དང་། བརྗེད་པ་རྣམས་ཀྱི་དྲན་པ་ཡང་དག་པར་སྐྱེད་པའི་ཚུལ་ཁྲིམས་དང་། ངན་པ་འབྱུང་བར་བྱེད་ པའི་ཚུལ་ཁྲིམས་ནི་བརྗེད་པ་མེད་པའི་ཆོས་ཉིད་ཐོབ་པར་བྱ་བའི་ཕྱིར་རོ། །དེའི་ཆོས་ཉན་པའི་ཚུལ་ཁྲིམས་དང་། ཆོས་འཛིན་པའི་ཚུལ་ཁྲིམས་དང་། ཆོས་གོམས་པར་བྱེད་པའི་ཚུལ་ཁྲིམས་དང་། ཆོས་ཉེ་ བར་སྟོན་པའི་ཚུལ་ཁྲིམས་ནི་སོ་སོ་ཡང་དག་པར་རིག་པ་དང་། ཕ་རོལ་དུ་ཕྱིན་པ་ཡོངས་སུ་བསྐང་བ་ཐོབ་པར་བྱ་བའི་ཕྱིར་རོ། །དེའི་ཚུལ་ཁྲིམས་ཡང་དག་པར་ལེན་པར་འདོད་པ་དང་། ལྷག་པར་སྦྱང་པར་འདོད་ན་ ཡང་ལུས་དང་། ངག་དང་། སེམས་ཀྱི་དགེ་བའི་རྩ་བ་དེ་ཐམས་ཅད་སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན་ཐམས་ཅད་དགྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་། ཐམས་ཅད་ 82-1-180a མཁྱེན་པ་ཉིད་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱེད་དོ། །ཡང་དག་པར་འཛིན་པ་དང་། ལྷག་པར་སྤྱོད་པ་དང་། ཡང་དག་པར་ བླངས་པ་དང་། ལྷག་པར་སྤྱད་ནས་ཀྱང་སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན་ཐམས་ཅད་དགྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་ དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱེད་དོ། །གལ་ཏེ་ཚུལ་ཁྲིམས་དེ་མ་ཞིག་པ་དང་། མ་རལ་བ་དང་། འདྲེན་མ་མ་ཡིན་པར་སློབ་པའི་ནུས་པ་དང་མི་ལྡན་པར་ གྱུར་ན་འདི་ལྟར་ཡང་དག་པར་སློབ་སྟེ། དུས་དུས་སུ་འམ། ཅུང་ཟད་ཅུང་ཟད་ཡང་མི་དགེ་བ་སྤང་པ་དང་། དོར་བ་དང་། བསལ་པར་རྩོལ་ལོ། །འབད་དོ། །དུས་དུས་སུ་འམ། ཅུང་ཟད་ཅུང་ཟད་དུ་ཡང་དགེ་ བ་ལ་སློབ་པ་དང་། མངོན་པར་འཕེལ་བར་བྱ་བ་དང་། ཡོངས་སུ་རྫོགས་པར་བྱ་བར་རྩོལ་ལོ། །འབད་དོ། སྲིད་པ་གཞན་དུ་གྱུར་བ་ན་ཡང་ཞུམ་པར་མི་འགྱུར་ཞིང་སྒྱིད་ལུག་པར་མི་འགྱུར་རོ། །ལག་བཟངས་ བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བྱང་ཆུབ་ཀྱི་སེམས་རྗེས་སུ་དྲན་པ་དང་། བྱང་ཆུབ་ཀྱི་སེམས་སྒོམ་པ་དང་། བྱང་ཆུབ་ཏུ་སྨོན་པ་དང་། བྱང་ཆུབ་ཏུ་སྨོན་ལམ་འདེབས་པ་གང་ ཡིན་པ་དེ་ཉིད་དེ་དག་གི་དགེ་བའི་ཚུལ་ཁྲིམས་ཡང་དག་པར་འཛིན་པ་དང་། དགེ་བའི་ཚུལ་ཁྲིམས་ལ་ལྷག་པར་སྦྱོང་བ་གྲང་མེད་ཅིང་དཔག་ཏུ་མེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་ ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་ཟག་པ་མེད་པའི་ཚུལ་ཁྲིམས་བསྐྱེད་པར་འདོད་པ་དང་། མི་སློབ་པའི་ཚུལ་ཁྲིམས་བསྐྱེད་པར་འདོད་པ་དང་། ཟག་པ་མེད་པའི་ཚུལ་ཁྲིམས་ཡང་དག་པར་སྐྱེད་པར་འདོད་པ་དང་། 82-1-180b མི་སློབ་པའི་ཚུལ་ཁྲིམས་ཡང་དག་པར་བསྐྱེད་པར་འདོད་པ་དེ་ནི་དགེ་བའི་ཚུལ་ཁྲིམས་ཡང་དག་པར་འཛིན་པ་དང་། དགེ་བའི་ཚུལ་ཁྲིམས་ལ་ལྷག་པར་སྤྱོད་པའི་མཆོག་ཡིན་ནོ། །དེ་ནི་དམ་པ་ཡིན་ནོ། །ལག་བཟངས་ དེ་ལྟར་ན་བྱང་ཆུབ་སེམས་དཔའ་བདེ་བ་དང་ལྡན་ལ་ཡིད་བདེ་བ་དང་ལྡན་ཞིང་ཚེགས་ཆུང་ངུ་དང་། སྡུག་བསྔལ་ཆུང་ངུས་མྱུར་དུ་སྐྱེན་པར་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །ལག་བཟངས་ བྱང་ཆུབ་སེམས་དཔའི་ཇི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཅེ་ན། ལག་བཟངས་འདི་ལ་བྱང་ཆུབ་སེམས་དཔའ་ནི་གཞན་དག་གི་རང་གི་ལུས་ཀྱི་སྲོག་གཅོད་དམ། བདོག་པ་ཐམས་ཅད་ འཕྲོག་གམ། ཆུང་མ་འཕྲོག་གམ། བརྫུན་དུ་སྨྲ་བ་འམ། ཕྲ་མ་དང་། ངག་རྩུབ་པོ་དང་། ཚིག་ཀྱལ་བ་སྨྲ་བ་འམ། གཤེ་འམ། གསོད་དམ། འཛིན་ཏམ། རྡེག་གམ། གཅོད་ཀྱང་སླར་གནོད་པར་མི་བྱེད་ཅིང་སླར་ མི་ཁྲོ་སྟེ་ཤར་གཉེར་ཞིང་འཁོན་དུ་འཛིན་པར་མི་བྱེད་དོ། །དེ་འདི་ལྟར་ཡང་དག་པར་སློབ་སྟེ། བདག་ཉིད་ཀྱིས་སྔོན་གྱི་སྲིད་པ་རྣམས་དང་། སྲིད་པ་འདི་ལ་སྡིག་པ་མི་དགེ་བའི་ལས་འདི་དག་བྱས་ཤིང་བསགས་ པ་དེ་དག་གི་འབྲས་བུ་ནི་འདི་ཡིན། དེ་དག་གི་རྣམ་པར་སྨིན་པ་ནི་འདི་ཡིན་ཏེ། རང་གི་ལས་ཀྱི་འབྲས་བུ་དང་། རང་གི་ལས་ཀྱི་རྣམ་པར་སྨིན་པ་བདག་གིས་མྱོང་བ་ལ་ཅིའི་ཕྱིར་གཞན་ལ་སླར་གནོད་པར་བྱ་ཞིང་ སླར་ཁྲོ་བ་དང་། ཤར་གཉེར་ཞིང་འཁོན་དུ་འཛིན་པར་བྱ་སྙམ་དུ་སེམས་སོ། །ལག་བཟངས་གཞན་ཡང་བྱང་ཆུབ་སེམས་དཔའ་འདི་ལྟར་ཡང་དག་པར་སློབ་སྟེ། གལ་ཏེ་བདག་གི་སྲོག་གཅོད་པ་འམ། བདོག་ པ་ཐམས་ཅད་འཕྲོག་པ་འམ། ཆུང་མ་འཕྲོག་པ་འམ། བརྫུན་དུ་སྨྲ་བ་འམ། ཕྲ་མ་འམ། ངག་རྩུབ་པོ་འམ། ཚིག་ཀྱལ་པ་སྨྲ་བ་འམ། གཤེ་བ་འམ། གསོད་པ་འམ། འཛིན་པ་འམ། རྡེག་པ་འམ། 82-1-181a གཅོད་པ་ཡང་རུང་སྟེ། གཞན་དག་ལ་སླར་གནོད་པ་བྱས་སམ། སླར་ཁྲོ་བ་འམ། ཤར་གཉེར་ཞིང་འཁོན་དུ་བཟུང་ན་སླར་གནོད་པ་བྱས་པ་དང་། སླར་ཁྲོས་པ་དང་། ཤར་གཉེར་ཞིང་འཁོན་དུ་བཟུང་ བའི་སྡིག་པ་མི་དགེ་བ་དེའི་སྡུག་བསྔལ་གྱི་ཚོར་བ་མི་འདོད་པ། མི་སྡུག་པ་ཡིད་དུ་མི་འོང་བ་འདི་བས་བདག་ལ་ལས་ཀྱི་རྣམ་པར་སྨིན་པ་དང་། ལས་ཀྱི་རྒྱུ་འཐུན་པ་བརྒྱ་གྱུར་ཏམ། སྟོང་གྱུར་ཏམ། དེ་བས་ལྷག་ པར་མི་འདོད་པ་དང་། མི་སྡུག་པ་དང་། ཡིད་དུ་མི་འོང་བའི་སྡུག་བསྔལ་གཞན་ཡང་འབྱུང་བར་འགྱུར་རོ་སྙམ་མོ། །ལག་བཟངས་གཞན་ཡང་བྱང་ཆུབ་སེམས་དཔའ་འདི་ལྟར་ཡང་དག་པར་སློབ་སྟེ། སྲོག་ཡོད་པས་སྲོག་ གཅོད་པར་འགྱུར། རྫས་ཡོད་པས་རྫས་འཕྲོག་པར་འགྱུར། །རྣ་བའི་དབང་པོ་ཡོད་པས་རྫུན་དུ་སྨྲ་བ་ཐོས་པར་འགྱུར་ཞིང་། ཕྲ་མ་དང་། ངག་རྩུབ་པོ་དང་། ཚིག་ཀྱལ་པ་ཐོས་པར་འགྱུར་ལ། ལུས་ཡོད་པས་ལུས་ འདྲེན་པ་དང་། འཆིང་བ་དང་། འཛིན་པ་དང་། རྡེག་པ་དང་། གཅོད་པར་འགྱུར་ཏེ། བདག་ཉིད་ཀྱིས་སྡུག་བསྔལ་གྱི་དངོས་པོ། སྡུག་བསྔལ་གྱི་གཞི་པོ། སྲོག་གི་དབང་པོ་དང་། རྣ་བའི་དབང་པོ་དང་། ལུས་ བླངས་པར་གྱུར་ན་ཇི་ལྟར་གཞན་དག་ལ་སླར་གནོད་པ་དང་། སླར་ཁྲོ་བ་དང་། ཤར་གཉེར་ཞིང་འཁོན་དུ་གཟུང་བར་བྱ་སྙམ་མོ། །ལག་བཟངས་གཞན་ཡང་བྱང་ཆུབ་སེམས་དཔའ་འདི་ལྟར་ཡང་དག་པར་ སློབ་སྟེ། དཔེར་ན་སའི་ཁམས་ཀྱི་མཚན་ཉིད་ནི་སྲ་བ་སྟེ། དེ་ནི་ངོ་བོ་ཉིད། དེ་ནི་ཆོས་ཉིད། དེ་ནི་རང་བཞིན་ནོ། །ཆུའི་ཁམས་ཀྱི་མཚན་ཉིད་ནི་གཤེར་བ། མེའི་ཁམས་ཀྱི་མཚན་ཉིད་ནི་ཚ་བ། རླུང་གི་ ཁམས་ཀྱི་མཚན་ཉིད་ནི་ཡང་ཞིང་གཡོ་བ་སྟེ། དེ་ནི་ངོ་བོ་ཉིད། དེ་ནི་ཆོས་ཉིད། དེ་ནི་རང་བཞིན་ནོ། །དེ་བཞིན་དུ་སྲོག་ཆགས་ཐམས་ཅད་ཀྱང་ཟད་པའི་ཆོས་ཅན། འགོད་པའི་ཆོས་ཅན། འགོག་པའི་ཆོས་ 82-1-181b ཅན་ནོ། །དབང་པོ་ཐམས་ཅད་ཀྱང་སྡུག་བསྔལ་གྱི་ཆོས་ཅན། སྡུག་བསྔལ་འདུས་ཏེ་རེག་པའི་ཆོས་ཅན། སྡུག་བསྔལ་མྱོང་བའི་ཆོས་ཅན་ནོ། །ལུས་ཐམས་ཅད་ཀྱང་སྡུག་བསྔལ་གྱི་ཆོས་། སྡུག་ བསྔལ་འདུས་ཏེ་རེག་པའི་ཆོས། སྡུག་བསྔལ་མྱོང་བའི་ཆོས་ཏེ། དེ་ནི་ངོ་བོ་ཉིད། དེ་ནི་ཆོས་ཉིད། དེ་ནི་རང་བཞིན་ཡིན་ནོ། །སྲོག་གི་དབང་པོ་ཟད་པའི་ཆོས་ཅན། འགོད་པའི་ཆོས་ཅན། འགོག་པའི་ཆོས་ཅན། ཟད་ཅིང་དེངས་ ལ་འགོག་པ་དང་། དབང་པོ་དྲུག་པོ་སྡུག་བསྔལ་གྱི་ཆོས་ཅན། སྡུག་བསྔལ་འདུས་ཏེ་རེག་པའི་ཆོས་ཅན། སྡུག་བསྔལ་མྱོང་བའི་ཆོས་ཅན་རྣམས་ལ་སྡུག་བསྔལ་འདུས་ཏེ་རེག་པའི་ཇི་ལྟར་གཞན་དག་ལ་སླར་གཅོད་ པ་འམ། སླར་ཁྲོ་བ་འམ། ཤར་གཉེར་ཞིང་འཁོན་དུ་བཟུང་བར་བྱ། དེ་ཅིའི་ཕྱིར་ཞེ་ན། འདི་ནི་ངོ་བོ་ཉིད། འདི་ནི་ཆོས་ཉིད། འདི་ནི་རང་བཞིན་ཡིན་ནོ་སྙམ་མོ། །ལག་བཟངས་གཞན་ཡང་བྱང་ཆུབ་སེམས་དཔའ་དི་ ལྟར་ཡང་དག་པར་སློབ་སྟེ། བདག་གི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱང་བདག་མེད་ཅིང་བདག་གི་མེད་པ་ཡིན་ལ། གཞན་དག་གི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱང་བདག་ མེད་ཅིང་བདག་གི་མེད་པ་ཡིན་ན། མཁས་པ་རིག་པ་དག་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་བདག་མེད་ཅིང་བདག་གི་མེད་པ་ལ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་བདག་ མེད་ཅིང་བདག་གི་མེད་པ་དང་། ཇི་ལྟར་དགའ་བ་འམ། རྗེས་སུ་ཆགས་པ་འམ། ཡང་དག་པར་དགའ་བར་འགྱུར་བ་འམ། རྡེག་པ་འམ། སླར་གནོད་པར་བྱེད་པ་འམ། སླར་ཁྲོ་བ་འམ། ཤར་གཉེར་ཞིང་འཁོན་དུ་ འཛིན་པར་འགྱུར་སྙམ་མོ། །ལག་བཟངས་གཞན་ཡང་བྱང་ཆུབ་སེམས་དཔའ་འདི་ལྟར་ཡང་དག་པར་སློབ་སྟེ། འདི་ལྟ་སྟེ། མིར་སྐྱེས་པའི་སྡུག་བསྔལ་ནི་ཉུང་ཞིང་ཆུང་གི། ཡི་དགས་ཀྱི་སྡུག་བསྔལ་ནི་ཆེས་མི་བཟད་ལ་ 82-1-182a ཆེས་བཟོད་པར་དཀའ་བ་ཡིན། དུད་འགྲོའི་སྐྱེ་གནས་ཀྱི་སྡུག་བསྔལ་དང་། སེམས་ཅན་དམྱལ་བའི་སྡུག་བསྔལ་ཡང་ཆེས་མི་བཟད་ཅིང་བཟོད་པར་དཀའ་བ་ཡིན་ན། བདག་གིས་ཇི་ལྟར་སྡུག་བསྔལ་ཆུང་ཞིང་ ཉུང་བ་ཙམ་གྱི་ཕྱིར་གཞན་དག་ལ་སླར་གནོད་པ་དང་། སླར་ཁྲོ་བ་དང་། ཤར་གཉེར་ཞིང་འཁོན་དུ་གཟུང་བར་བྱ་སྙམ་མོ། །ལག་བཟངས་གཞན་ཡང་བྱང་ཆུབ་སེམས་དཔའ་འདི་ལྟར་ཡང་དག་པར་སློབ་སྟེ། གང་ བདག་གཅིག་པུའི་དོན་འདོད་པ་དང་། བདག་གཅིག་པུ་ལ་ཕན་པར་འདོད་པས་གཞན་དག་ལ་ཕྱིར་གནོད་པ་བྱེད་ཅིང་ཕྱིར་ཁྲོ་སྟེ་ཤར་གཉེར་ཞིང་འཁོན་དུ་འཛིན་པ་དེ་ཡང་མི་རིགས་ཏེ་ཆ་མ་ཡིན་ན། བདག་ འཇིག་རྟེན་གྱི་ཐམས་ཅད་ཀྱི་དོན་འདོད་པ། འཇིག་རྟེན་ཐམས་ཅད་ལ་ཕན་པར་འདོད་པ། གོ་ཆ་ཆེན་པོ་བགོས་པ། ཡི་དམ་བཅས་པ་ཆེན་པོས་ཡི་དམ་བཅས་པ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ། སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་ཡོངས་སུ་བསྐང་བར་འདོད་པ་ལྟ་ལ་སྨོས་ཀྱང་ཅི་དགོས་ཏེ། མི་བཟོད་པ་དང་། ཕྱིར་གནོད་པ་བྱེད་པ་དང་། ཕྱིར་ཁྲོ་བ་དང་། ཤར་གཉེར་ཞིང་འཁོན་དུ་འཛིན་པས་ནི་སངས་ རྒྱས་ཀྱི་ཆོས་འདི་དག་སོགས་པ་དང་། འཕེལ་བ་དང་། ཡོངས་སུ་རྫོགས་པར་མི་འགྱུར་གྱི། བཟོད་པ་དང་། ཕྱིར་གནོད་པ་མི་བྱེད་པ་དང་། ཕྱིར་མི་ཁྲོ་བ་དང་། ཤར་གཉེར་ཅིང་འཁོན་དུ་འཛིན་པ་མི་ བྱེད་པས་སངས་རྒྱས་ཀྱི་ཆོས་འདི་དག་སོགས་ཤིང་འཕེལ་ཏེ། ཡོངས་སུ་རྫོགས་པར་འགྱུར་རོ་སྙམ་མོ། །ལག་བཟངས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་སངས་རྒྱས་ཀྱི་ཆོས་ཡོངས་སུ་བསྐང་ བར་འདོད་པས་མནར་མེད་པའི་སྡུག་བསྔལ་གྱི་རེག་པས་རེག་ཀྱང་གཞན་དག་ལ་སླར་གནོད་པར་མི་བྱ། སླར་ཁྲོ་བར་མི་བྱ། ཤར་གཉེར་ཞིང་འཁོན་དུ་གཟུང་བར་མི་བྱ་ན། མིའི་སྡུག་བསྔལ་ 82-1-182b གྱིས་རེག་པས་ལྟ་སྨོས་ཀྱང་ཅི་དགོས། དེ་སྤྱོས་སམ། བརྒྱད་དམ། སྨད་དམ། མི་སྙན་པ་བྱས་ཀྱང་བྱམས་པའི་སེམས་དང་། སྙིང་རྗེའི་སེམས་དང་། དེ་བཞིན་གཤེགས་པའི་ཐུགས་ཤིན་དུ་དྲི་མ་མེད་ཅིང་དག་ལ་དཀའ་བ་ཐོབ་ པར་བྱ་བའི་ཕྱིར་བཟོད་ཅིང་དང་དུ་ལེན་ཏོ། །དེའི་དྲུད་བཤལ་ཏམ། བཅིངས་སམ། བཟུང་ཡང་བྱམས་པའི་སེམས་དང་། སྙིང་རྗེའི་སེམས་དང་། སྐད་ཅིག་གཅིག་ལ་མ་རིག་པའི་སྒྲིབ་པའི་སྒོ་ངའི་སྦུབས་གཞོམ་པའི་ ཕྱིར་བཟོད་ཅིང་དང་དུ་ལེན་ཏོ། །དེ་བརྡེགས་ཀྱང་བྱམས་པའི་སེམས་དང་། སྙིང་རྗེའི་སེམས་དང་། སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་བཟློག་པའི་ཕྱིར་བཟོད་ཅིང་དང་དུ་ལེན་ཏོ། །དེ་རྣ་བ་བཅད་ ཀྱང་བྱམས་པའི་སེམས་དང་། སྙིང་རྗེའི་སེམས་དང་། སེམས་ཅན་ཐམས་ཅད་ལ་དད་པར་བྱ་བའི་ཆོས་ཀྱི་རྣ་བ་བསྐྱེད་པའི་ཕྱིར་བཟོད་ཅིང་དང་དུ་ལེན་ཏོ། །དེ་སྣ་བཅད་ཀྱང་བྱམས་པའི་སེམས་དང་། སྙིང་རྗེའི་སེམས་ དང་། སེམས་ཅན་ཐམས་ཅད་ཚུལ་ཁྲིམས་ཀྱི་ཡོན་ཏན་མཛེས་ཤིང་བླ་ན་མེད་པ་ལ་ལོངས་སྤྱོད་པར་བྱ་བའི་ཕྱིར་བཟོད་ཅིང་དང་དུ་ལེན་ཏོ། །དེ་རྐང་པ་བཅད་ཀྱང་བྱམས་པའི་སེམས་དང་། སྙིང་རྗེའི་སེམས་དང་། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱི་རྐང་པ་བཞི་ཐོབ་པར་བྱ་བའི་ཕྱིར་བཟོད་ཅིང་དང་དུ་ལེན་ཏོ། །དེ་ལག་པ་བཅད་ཀྱང་བྱམས་པའི་སེམས་དང་། སྙིང་རྗེའི་སེམས་དང་། སེམས་ཅན་ཐམས་ ཅད་ལ་ཞི་བ་དང་། ཉེ་བར་ཞི་བའི་ཆོས་ཀྱི་ལག་བརྐྱང་པ་སྦྱིན་པ་ཐོབ་པར་བྱ་བའི་ཕྱིར་བཟོད་ཅིང་དང་དུ་ལེན་ཏོ། །དེ་ཡན་ལག་ཐམས་ཅད་བཅད་ཀྱང་བྱམས་པའི་སེམས་དང་། སྙིང་རྗེའི་སེམས་དང་། ཕ་རོལ་ དུ་ཕྱིན་པ་དྲུག་གི་ཡན་ལག་དང་། ཉིང་ལག་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བཟོད་ཅིང་དང་དུ་ལེན་ཏོ། །དེ་མིག་ཕྱུང་ཡང་བྱམས་པའི་སེམས་དང་། སྙིང་རྗེའི་སེམས་དང་། སེམས་ཅན་ཐམས་ཅད་ཤེས་ 82-1-183a བཞིན་གྱི་མིག་གཡུང་དྲུང་ཐོབ་པར་བྱ་བའི་ཕྱིར་བཟོད་ཅིང་དང་དུ་ལེན་ཏོ། །དེ་མགོ་གཅོད་ཀྱང་བྱམས་པའི་སེམས་དང་། སྙིང་རྗེའི་སེམས་དང་། སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ ཀྱི་མགོ་ཐོབ་པར་བྱ་བའི་ཕྱིར་བཟོད་ཅིང་དང་དུ་ལེན་ཏོ། །དེ་བཟོད་པ་འདི་དག་དང་། ཇི་མི་སྙམ་པ་འདི་དག་མངོན་སུམ་དུ་བྱ་བར་འདོད་པ་དང་། ཡིད་ལ་བྱ་བར་འདོད་པ་ན་ཡང་སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན་ཐམས་ཅད་དགྲོལ་བ་དང་། སེམས་ཅན་ཐམས་ཅད་དབུག་དབྱུང་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་ སྔོ་བར་བྱེད་དོ། །མངོན་སུམ་དུ་བྱེད་པ་དང་། ཡིད་ལ་བྱེད་པ་དང་། མངོན་སུམ་དུ་བྱས་པ་དང་། ཡིད་ལ་བྱས་ནས་ཀྱང་སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན་ཐམས་ཅད་དགྲོལ་བ་དང་། སེམས་ཅན་ ཐམས་ཅད་དབུགས་དབྱུང་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱེད་དོ། །གལ་ཏེ་བཟོད་པ་འདི་ དག་དང་། ཇི་མི་སྙམ་པ་འདི་དག་མ་ཉམས། སྐྱོན་མེད་པ་དང་། འདྲེན་མ་མ་ཡིན་པར་སློབ་པའི་ནུས་པ་དང་མི་ལྡན་པར་གྱུར་ན་དེ་འདི་ལྟར་ཡང་དག་པར་སློབ་སྟེ། དུས་དུས་སུ་འམ། ཅུང་ཟད་ཅུང་ཟད་དུ་ཡང་ མི་བཟོད་པ་དང་། ཇི་སྙམ་པར་མི་བྱེད་པ་སྤང་བ་དང་། དོར་བ་དང་། བསལ་བར་རྩོལ་ལོ། །འབད་དོ། །དུས་དུས་སུ་འམ། ཅུང་ཟད་ཅུང་ཟད་དུ་ཡང་བཟོད་པ་དང་། ཇི་མི་སྙམ་པ་ལ་སློབ་པ་དང་། མངོན་པར་ འཕེལ་བར་བྱ་བ་དང་། ཡོངས་སུ་རྫོགས་པར་བྱ་བ་རྩོལ་ལོ། །འབད་དོ། །སྲིད་པ་གཞན་དུ་གྱུར་བ་ན་ཡང་ཞུམ་པར་མི་འགྱུར་ཞིང་སྒྱིད་ལུག་པར་མི་འགྱུར་རོ། །ལག་བཟངས་བྱང་ཆུབ་སེམས་དཔའ་རྣམས་ 82-1-183b ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བྱང་ཆུབ་ཀྱི་སེམས་རྗེས་སུ་དྲན་པ་དང་། བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་། བྱང་ཆུབ་ཏུ་སྨོན་པ་དང་། བྱང་ཆུབ་ཏུ་སྨོན་ལམ་འདེབས་པ་གང་ཡིན་པ་དེ་ཉིད་དེ་དག་གི་བཟོད་པ་ཀུན་ དུ་སྦྱང་བ་དགེ་བ་དང་། བཟོད་པ་ཡང་དག་པར་བསྒྲུབ་པ་དགེ་བ་གྲངས་མེད་ཅིང་དཔག་ཏུ་མེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་ཟག་པ་ མེད་པའི་བཟོད་པ་བསྐྱེད་པར་འདོད་པ་དང་། མི་སློབ་པའི་བཟོད་པ་བསྐྱེད་པར་འདོད་པ་དང་། ཟག་པ་མེད་པའི་བཟོད་པ་ཡང་དག་པར་བསྐྱེད་པར་འདོད་པ་དང་། མི་སློབ་པའི་བཟོད་པ་ཡང་དག་པར་བསྐྱེད་པར་འདོད་ པ་དེ་ནི་བཟོད་པ་ཀུན་དུ་སྤྱོད་པ་དགེ་བ་དང་། བཟོད་པ་ཡང་དག་པར་སྒྲུབ་པ་དགེ་བ་ཐམས་ཅད་ཀྱི་མཆོག་ཡིན་ནོ། །དེ་ནི་དམ་པ་ཡིན་ནོ། །ལག་བཟངས་དེ་ལྟར་ན་བྱང་ཆུབ་སེམས་དཔའ་བདེ་བ་དང་ལྡན་ལ་ཡིད་ བདེ་བ་དང་ལྡན་ཞིང་ཚེགས་ཆུང་ངུ་དང་། སྡུག་བསྔལ་ཆུང་ངུས་མྱུར་དུ་སྐྱེན་པར་བཟོད་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །ལག་བཟངས་བྱང་ཆུབ་སེམས་དཔའ་ཇི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཅེ་ན། ལག་བཟངས་འདི་ལ་བྱང་ཆུབ་སེམས་དཔའ་འདི་ལྟར་ཡང་དག་པར་སློབ་སྟེ། ཕྱོགས་བཅུའི་ཕྱོགས་རེ་རེར་ཡང་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་དེ། འཇིག་རྟེན་གྱི་ཁམས་རེ་རེ་ན་ཡང་སེམས་ཅན་མཐའ་ཡས་སོ། །དེ་ལྟར་སེམས་ཅན་གྱི་ཚོགས་མཐའ་ཡས་ཤིང་མུ་མེད་པ་ལ་མཐའ་ཡོད་པ་མ་ཡིན་ཏེ། བདག་ནི་སེམས་ཅན་གྱི་ཚོགས་མཐའ་ཡས་ ཤིང་མཐའ་ཡས་པ་དེ་ལ་ཕན་པའི་ཕྱིར་གོ་ཆ་བགོས་ལ། སེམས་ཅན་གྱི་ཚོགས་མཐའ་ཡས་ཤིང་མཐའ་ཡས་པ་ལ་བདེ་བའི་ཕྱིར་གོ་ཆ་བགོས་ན་སེམས་ཅན་ཐམས་ཅད་ལ་ཕན་པར་དམིགས་པ་མཐའ་ 82-1-184a ཡས་ཤིང་མཐའ་ཡས་པ་དང་། སེམས་ཅན་ཐམས་ཅད་ལ་བདེ་བར་དམིགས་པ་མཐའ་ཡས་ཤིང་མཐའ་ཡས་པའི་དགེ་བའི་རྩ་བ་མཐའ་ཡས་པ་དག་བག་མེད་པར་གྱུར་ཏམ། སེམས་གཞན་དུ་ གྱུར་ཏམ། གཉིད་ཀྱིས་ལོག་ཀྱང་ཉིན་མཚན་དུ་སེམས་ཀྱི་སྐད་ཅིག་སེམས་ཀྱི་སྐད་ཅིག་ལ་འཕེལ་བ་དང་། རྒྱས་པ་དང་། ཡོངས་སུ་རྫོགས་པར་འགྱུར་ཏེ། སེམས་ཀྱི་སྐད་ཅིག་སེམས་ཀྱི་སྐད་ཅིག་ལ་དགེ་བའི་ རྩ་བ་མཐའ་ཡས་ཤིང་མཐའ་ཡས་པ་དག་སྐྱེ་བ་དང་། བྱང་ཆུབ་ཀྱི་ཚོགས་ཀྱི་ཕུང་པོ་མཐའ་ཡས་ཤིང་མཐའ་ཡས་པ་དག་སྐྱེ་བས་རྫོགས་པའི་བྱང་ཆུབ་རྙེད་དཀའ་བར་མི་འགྱུར་ན་བདག་གིས་འདིར་སེམས་ཀྱི་ སྐད་ཅིག་སེམས་ཀྱི་སྐད་ཅིག་དགེ་བའི་རྩ་བ་འཕེལ་བ་མཐའ་ཡས་ཤིང་མཐའ་ཡས་པ་དང་། དགེ་བའི་རྩ་བ་རྒྱས་པར་འགྱུར་བ་མཐའ་ཡས་ཤིང་མཐའ་ཡས་པ་ཡང་དག་པར་རྗེས་སུ་མཐོང་ལ། གཞི་དེ་ལས་ རྫོགས་པའི་བྱང་ཆུབ་རྙེད་མི་དཀའ་བར་ཡང་དག་པར་རྗེས་སུ་མཐོང་བཞིན་དུ་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བའི་བརྩོན་འགྲུས་སྲོག་གི་ཕྱིར་ཡང་ཅིའི་ཕྱིར་ཉམས་པར་བྱ་སྙམ་མོ། །ལག་བཟངས་ གཞན་ཡང་བྱང་ཆུབ་སེམས་དཔའ་འདི་ལྟར་ཡང་དག་པར་སློབ་སྟེ། གང་ཞིག་སེམས་ཅན་གྱི་ཚོགས་མཐའ་ཡས་ཤིང་མཐའ་ཡས་པ་དེའི་རྒ་བའི་སྡུག་བསྔལ་གཅིག་པུ་བསལ་བ་དང་གཞོམ་པར་འདོད་པ་ དེ་ཡང་སེམས་ཀྱི་སྐད་ཅིག་སེམས་ཀྱི་སྐད་ཅིག་ལ་དགེ་བའི་རྩ་བ་མཐའ་ཡས་ཤིང་མཐའ་ཡས་པ་འཕེལ་ལ། དགེ་བའི་རྩ་བ་མཐའ་ཡས་ཤིང་མཐའ་ཡས་པ་རྒྱས་པར་འགྱུར་ན། གང་ཞིག་སེམས་ཅན་གྱི་ ཚོགས་མཐའ་ཡས་ཤིང་མཐའ་ཡས་པ་དེའི་སྐྱེ་བའི་སྡུག་བསྔལ་དང་། འཆི་བའི་སྡུག་བསྔལ་བསལ་བར་འདོད་པ་དང་། སྡུག་པ་དང་བྲལ་བའི་སྡུག་བསྔལ་དང་། མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་དང་། འདོད་པ་ 82-1-184b མི་འབྱོར་པའི་སྡུག་བསྔལ་དང་། དུད་འགྲོའི་སྐྱེ་གནས་ཀྱི་སྡུག་བསྔལ་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་དང་། སེམས་ཅན་དམྱལ་བའི་སྡུག་བསྔལ་དང་། གྲང་བའི་སེམས་ཅན་དམྱལ་བའི་སྡུག་ བསྔལ་དང་། ཚ་བའི་སེམས་ཅན་དམྱལ་བའི་སྡུག་བསྔལ་བསལ་བར་འདོད་པ་ལྟ་སྨོས་ཀྱང་ཅི་དགོས་སྙམ་མོ། །ལག་བཟངས་གཞན་ཡང་བྱང་ཆུབ་སེམས་དཔའ་འདི་ལྟར་ཡང་དག་པར་སློབ་སྟེ། གང་ཞིག་ སེམས་ཅན་གྱི་ཚོགས་མཐའ་ཡས་ཤིང་མཐའ་ཡས་པ་དེའི་སྡུག་བསྔལ་སེམས་ཀྱི་སྐད་ཅིག་གཅིག་པའི་སེམས་སྐྱི་སྐད་ཅིག་གཅིག་ཙམ་དང་འབྲེལ་བ་བསལ་བར་འདོད་པ་དེ་ཡང་སེམས་ཀྱི་སྐད་ཅིག་སེམས་ ཀྱི་སྐད་ཅིག་ལ་དགེ་བའི་རྩ་བ་མཐའ་ཡས་ཤིང་མཐའ་ཡས་པ་འཕེལ་ལ། དགེ་བའི་རྩ་བ་མཐའ་ཡས་ཤིང་མཐའ་ཡས་པ་རྒྱས་པར་འགྱུར་ན། གང་ཞིག་མ་འོངས་ཤིང་མ་ཕྱིན་པའི་བསྐལ་པ་མཐའ་ཡས་དཔག་ཏུ་མེད་པ་རྣམས་སུ་ སེམས་ཅན་གྱི་ཚོགས་མཐའ་ཡས་ཤིང་མཐའ་ཡས་པ་དེའི་སྐྱེ་བའི་སྡུག་བསྔལ་གྱི་བར་དུ་བསལ་བར་འདོད་པ་ལྟ་སྨོས་ཀྱང་ཅི་དགོས་སྙམ་མོ། །ལག་བཟངས་གཞན་ཡང་བྱང་ཆུབ་སེམས་དཔའ་འདི་ལྟར་ཡང་དག་ པར་སློབ་སྟེ། གང་ཞིག་རང་སངས་རྒྱས་ཀྱི་ཡོན་ཏན་ནམ། ཉན་ཐོས་ཀྱི་ཡོན་ཏན་འདོད་པ་དེ་ཡང་སེམས་ཀྱི་སྐད་ཅིག་སེམས་ཀྱི་སྐད་ཅིག་ལ་དགེ་བའི་རྩ་བ་མཐའ་ཡས་ཤིང་མཐའ་ཡས་པ་འཕེལ་ལ། དགེ་བའི་རྩ་ བ་མཐའ་ཡས་ཤིང་མཐའ་ཡས་པ་རྒྱས་པར་འགྱུར་ན། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་སངས་རྒྱས་ཀྱི་ཆོས་ཡོན་ཏན་མཐའ་ཡས་ཤིང་ཡོན་ཏན་མུ་མེད་པ། སྟོབས་མཐའ་ཡས་ཤིང་སྟོབས་མུ་མེད་པ་མཐའ་ དག་ཆུབ་པ་ཡོངས་སུ་རྫོགས་པར་འདོད་པ་དང་། མོས་པ་དང་། སྨོན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། བག་མེད་པར་གྱུར་ཏམ། གཉེར་གྱིས་ལོག་ཀྱང་རྒྱུ་བཞི་དང་། རྐྱེན་བཞི་དང་། དམིགས་པ་བཞི་པོ་ 82-1-185a དེ་དག་ནི་དེའི་དགེ་བའི་རྩ་བའི་ཕུང་པོ་མཐའ་ཡས་ཤིང་མུ་མེད་པ་བཞི་དང་། བྱང་ཆུབ་ཀྱི་ཚོགས་ཀྱི་ཕུང་པོ་མཐའ་ཡས་ཤིང་མུ་མེད་པ་བཞི་སེམས་ཀྱི་སྐད་ཅིག་སེམས་ཀྱི་སྐད་ཅིག་ལ་འཕེལ་ཞིང་རྒྱས་པར་འགྱུར་བ་སྟེ། སེམས་ ཀྱི་སྐད་ཅིག་སེམས་ཀྱི་སྐད་ཅིག་ལ་དགེ་བའི་རྩ་བའི་ཕུང་པོ་མཐའ་ཡས་ཤིང་མཐའ་ཡས་པ་བཞི་སྐྱེ་བ་དང་། རྫོགས་པའི་བྱང་ཆུབ་ཀྱི་ཚོགས་ཀྱི་ཕུང་པོ་མཐའ་ཡས་ཤིང་མཐའ་ཡས་པ་བཞི་སྐྱེ་བ་དག་གིས་རྫོགས་པའི་བྱང་ ཆུབ་རྙེད་པར་མི་དཀའ་ན། བདག་གིས་འདིར་སེམས་ཀྱི་སྐད་ཅིག་སེམས་ཀྱི་སྐད་ཅིག་ལ་དགེ་བའི་རྩ་བའི་ཕུང་པོ་མཐའ་ཡས་ཤིང་མཐའ་ཡས་པ་བཞི་དང་། རྫོགས་པའི་བྱང་ཆུབ་ཀྱི་ཚོགས་ཀྱི་ཕུང་པོ་མཐའ་ཡས་ཤིང་ མཐའ་ཡས་པ་བཞི་ཡང་དག་པར་རྗེས་སུ་མཐོང་ལ། གཞི་དེ་ལས་རྫོགས་པའི་བྱང་ཆུབ་རྙེད་པར་མི་དཀའ་བར་ཡང་དག་པར་རྗེས་སུ་མཐོང་བཞིན་དུ་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར་བའི་བརྩོན་འགྲུས་སྲོག་གི་ ཕྱིར་ཡང་ཅིའི་ཕྱིར་ཉམས་པར་བྱ་སྙམ་མོ། །རྒྱ་མཚོ་ཆེན་པོ་བཞི་ནི་ཤར་ཕྱོགས་ཀྱི་མཐའ་ཡང་མངོན་ཞིང་མུ་ཡང་མངོན་ལ། ལྷོ་དང་། ནུབ་དང་། བྱང་དང་། འོག་དང་། སྟེང་གི་མཐའ་ཡང་མངོན་ཞིང་མུ་ཡང་མངོན་ ལ། དགེ་བའི་རྩ་བ་བྱང་ཆུབ་ཀྱི་ཚོགས་ཀྱི་རྒྱ་མཚོ་ཆེན་པོ་མཐའ་ཡས་མུ་མེད་པ་བཞི་པོ་དེ་དག་ལ་ནི་མཐའ་དང་མུ་ཡོད་པ་མ་ཡིན་ན། བདག་གིས་སེམས་ཀྱི་སྐད་ཅིག་སེམས་ཀྱི་སྐད་ཅིག་ལ་དགེ་བའི་རྩ་བ་བྱང་ ཆུབ་ཀྱི་ཚོགས་ཀྱི་རྒྱ་མཚོ་ཆེན་པོ་བཞི་པོ་འདི་དག་འཕེལ་ཞིང་རྒྱས་ན་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར་བ་ལ་སྲོག་གི་ཕྱིར་ཡང་ཅིའི་ཕྱིར་བརྩོན་འགྲུས་ཉམས་པར་བྱ་སྙམ་མོ། །ལག་བཟངས་གཞན་ཡང་ བྱང་ཆུབ་སེམས་དཔའ་འདི་ལྟར་ཡང་དག་པར་སློབ་སྟེ། གང་དག་སེང་གེ་དང་། སྟག་དང་། ཁྱི་དང་། ལྕེ་སྤྱང་དང་། བྱ་རྒོད་དང་། ཁྲུང་ཁྲུང་དང་། བྱ་རོག་དང་། འུག་པ་དང་། སྲིན་བུ་དང་། སྦྲང་མ་དང་། སྦྲང་བུ་ 82-1-185b དང་། ཤ་སྦྲང་དུ་གྱུར་བ་དེ་དག་གིས་ཀྱང་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ན། བདག་མིར་གྱུར་བཞིན་དུ་སྲོག་གི་ཕྱིར་ཡང་ཅིའི་ཕྱིར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བའི་བརྩོན་འགྲུས་ཉམས་ པར་བྱ་སྙམ་མོ། །ལག་བཟངས་གཞན་ཡང་བྱང་ཆུབ་སེམས་དཔའ་འདི་ལྟར་ཡང་དག་པར་སློབ་སྟེ། མི་བརྒྱ་འམ། མི་སྟོང་གིས་ཀྱང་སངས་རྒྱས་ཉིད་རྟོགས་ཤིང་ཐོབ་ན་བདག་གིས་ཀྱང་འདིར་ཅིའི་ཕྱིར་མ་རྟོགས་ཤིང་། ཐོབ་པར་མི་འགྱུར། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་རྟོགས་ཤིང་བརྙེས། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་རྟོགས་ཤིང་བརྙེས་པར་གྱུར་ན། བདག་གིས་འདིར་སྲོག་གི་ཕྱིར་ཡང་ཅིའི་ཕྱིར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བའི་བརྩོན་འགྲུས་ཉམས་པར་ བྱ་སྙམ་མོ། །ལག་བཟངས་གཞན་ཡང་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་པ་ཡིན་ཏེ། སངས་རྒྱས་སྟོན་པའོ་ཞེས་སྟོན་ན་སངས་རྒྱས་ཀྱི་གསུངས་པ་འམ། ཉན་ཐོས་ཀྱིས་བཤད་པ་འམ། བྱང་ཆུབ་ སེམས་དཔས་བཤད་པ་འམ། ཐ་ན་སྨྱོན་པ་རྣམས་ཀྱིས་བཤད་པའི་ཆོས་གང་ཡིན་པ་དག་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་ འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་ཐོབ་པར་འགྱུར་བ་དང་། རྫོགས་པའི་བྱང་ ཆུབ་ཐོབ་པར་འགྱུར་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་ཆོས་གང་ཡིན་པ་དེ་དག་མགོ་དང་གོས་ལ་མེ་འབར་བ་བཞིན་དུ་རྟག་པར་རྒྱུན་དུ་ཉན་ཏོ། །ངེས་པར་བྱེད་དོ། །རྟོག་གོ། །མཁས་པ་ 82-1-186a ལེ་ལོ་མེད་པ་ནི་ངུ་ཤིང་བཞིན་དུ་བྱེད་ཅིང་ཡིད་ལ་བྱེད་པས་མདུང་ཐུང་དག་གིས་བཟློག་ཀྱང་དེ་མགོ་དང་གོས་ལ་མེ་འབར་བ་བཞིན་དུ་རྟག་པར་རྒྱུན་དུ་ཆོས་དེ་དག་འཛིན་ཏོ། །ཡོངས་སུ་ཤེས་ པར་བྱེད་དོ། །འཆད་དོ། །ཀློག་གོ། །རྗེས་སུ་སེམས་སོ། །གཞན་དག་ལ་སྟོན་ཏོ། །གོ་བར་བྱེད་དོ། །མཁས་པ་ལེ་ལོ་མེད་པ་ནི་རུ་ཤིང་བཞིན་དུ་བྱེད་ཅིང་ཡིད་ལ་བྱེད་པས་མདུང་ཐུང་དག་གིས་བཟློག་ཀྱང་རུང་། དེ་བཅོལ་ཀྱང་རུང་། མ་བཅོལ་ཡང་རུང་། སེམས་ཅན་ཐམས་ཅད་ཀྱི་དོན་དང་། ཅི་བྱ་བ་ཆོས་ཅན་ཆོས་དང་ལྡན་པ། འཇིག་རྟེན་འདི་ལ་བདེ་བ་འམ། འཇིག་རྟེན་ཕ་རོལ་དུ་བདེ་བ་དག་ལ་རང་གི་ལུས་ཉེ་བར་ སྤྱོད་པ་དང་། ཡོ་བྱད་དུ་གྱུར་བར་བྱེད་དོ། །འདི་ལྟ་སྟེ། དཔེར་ན་འབྱུང་བ་ཆེན་པོ་བསྒྲིབས་པ་མེད་པ། ཡོངས་སུ་གཟུང་བ་མེད་པ་བཞི་པོ་འདི་དག་ནི་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་སྤྱད་པ་དང་། ཡོ་བྱད་དུ་ གྱུར་བ་རྣམས་ཡིན་ནོ། །ལག་བཟངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་རང་གི་ལུས་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་སྤྱད་པ་དང་། ཡོ་བྱད་དུ་གྱུར་བར་བྱེད་དེ། སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། བྱང་ཆུབ་སེམས་དཔའ་དང་། སློབ་དཔོན་དང་། བླ་མ་དང་། རྒན་པ་དང་། ནད་པ་དང་། མགོན་མེད་པ་རྣམས་ལ་ཡོངས་སུ་སྤྱད་པར་བྱ་བ་དང་། སྲི་ཞུ་བྱ་བ་དང་། བསྙེན་བཀུར་བྱ་བས་བྱེ་བྲག་དུ་འགྱུར་རོ། །དེ་ མགོ་དང་གོས་ལ་མེ་འབར་བ་བཞིན་དུ་གཞན་གྱི་སེམས་དང་གཞན་གྱི་སྙིང་དགའ་བར་འགྱུར་བའི་ཚིག་དང་། རྗེས་སུ་འཐུན་པ་དང་། འཐུན་པར་བྱེད་པ་དང་། ཡང་དག་པར་བགེད་པ་དང་། གྲོགས་བྱེད་པ་དང་། གྲོགས་སུ་འགྱུར་བ་དང་། དགེ་བ་འཐུན་པ་དང་། དོན་འཐུན་པས་རྗེས་སུ་ཞུགས་ནས་མངོན་དུ་དད་པར་བྱས་ཤིང་བསྡུས་ཏེ་ཉན་ཐོས་ཀྱི་ཐེག་པ་ལ་འོས་པ་རྣམས་ནི་ཉན་ཐོས་ཀྱི་ཐེག་པ་ལ་འཛུད་དོ། །འདུལ་ལོ། ། 82-1-186b འགོད་དོ། །རང་སངས་རྒྱས་ཀྱི་ཐེག་པ་ལ་འོས་པ་རྣམས་ནི་རང་སངས་རྒྱས་ཀྱི་ཐེག་པ་ལའོ། །རྫོགས་པའི་བྱང་ཆུབ་ཀྱི་ཐེག་པ་ལ་འོས་པ་རྣམས་ནི་རྫོགས་པའི་བྱང་ཆུབ་ཀྱི་ཐེག་པ་ལ་འཛུད་དོ། །འདུལ་ལོ། །འགོད་དོ། ། མཁས་པ་ལེ་ལོ་མེད་པ་ནི་མདུང་ཐུང་དག་གིས་བཟློག་ཀྱང་མགོ་དང་གོས་ལ་མེ་འབར་བ་བཞིན་དུ་དམ་པའི་ཆོས་ཀྱི་རྒྱུ་དང་། དམ་པའི་ཆོས་ཀྱི་ཆེད་དང་། ཕ་རོལ་དུ་ཕྱིན་པ་དྲུག་གི་རྒྱུ་དང་། ཕ་རོལ་དུ་ཕྱིན་པ་དྲུག་གི་ཆེད་དང་། དགེ་ བའི་རྒྱུ་དང་། དགེ་བའི་ཆེད་ལ་གྲང་བ་ཡང་ཁྱད་དུ་གསོད་ལ། ཚ་བ་དང་། བཀྲེས་པ་དང་། སྐོམ་པ་དང་། ཤ་སྦྲང་དང་། སྦྲང་བུ་དང་། རླུང་དང་། ཉི་མ་དང་། སྡིག་སྦྲུལ་གྱིས་རེག་པ་དང་། གཞན་གྱི་ངན་དུ་སྨྲས་པ་དང་། ངན་ དུ་བརྗོད་པའི་ཚིག་གི་ལམ་དང་། ངལ་བ་དང་། ཉོན་མོངས་པ་དང་། གཉིད་དང་། མི་དགའ་བ་དང་། ལུས་དང་སྲོག་ཀྱང་ཁྱད་དུ་གསོད་དོ། །མཁས་པ་ལེ་ལོ་མེད་པ་ནི་མདུང་ཐུང་དག་གིས་བཟློག་ཀྱང་དེ་རྫོགས་ པའི་བྱང་ཆུབ་ཀྱི་རྒྱུ་དང་། རྫོགས་པའི་བྱང་ཆུབ་ཀྱི་ཆེད་ལ་ལྷའི་སྡུག་བསྔལ་ཡང་ཁྱད་དུ་གསོད་དོ། །ལྷ་མ་ཡིན་གྱི་སྡུག་བསྔལ་ཡང་ཁྱད་དུ་གསོད་དོ། །མི་ཡི་སྡུག་ བསྔལ་ཡང་ཁྱད་དུ་གསོད་དོ། །ཡི་དགས་ཀྱི་སྡུག་བསྔལ་ཡང་ཁྱད་དུ་གསོད་དོ། །དུད་འགྲོའི་སྐྱེ་གནས་ཀྱི་སྡུག་བསྔལ་དང་། སེམས་ཅན་དམྱལ་བའི་སྡུག་བསྔལ་ཡང་ཁྱད་དུ་གསོད་དོ། །མཁས་པ་ལེ་ལོ་མེད་པ་ནི་ མདུང་ཐུང་དག་གིས་བཟློག་ཀྱང་དེ་མི་མཉམ་པ་དང་མཉམ་པའི་སངས་རྒྱས་ཀྱི་ཆོས་ཡོངས་སུ་བཀང་པ་ཐོབ་པར་བྱ་བ་དང་། སྤྱོད་ལམ་དང་། ཕ་རོལ་དུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པ་ཐོབ་པར་བྱ་བའི་ཕྱིར་ བརྩོན་འགྲུས་བརྟན་ཞིང་རྟུལ་བ་བརྟན་ཏོ། །དེའི་བརྩོན་འགྲུས་འདི་དང་། རྟུལ་པ་འདི་མངོན་སུམ་དུ་བྱ་བར་འདོད་པ་དང་། བརྩམ་པར་འདོད་པ་ན་ཡང་སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན་ 82-1-187a ཐམས་ཅད་དགྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་ སྔོ་བར་བྱེད་དོ། །མངོན་སུམ་དུ་བྱེད་པ་དང་། རྩོམ་པ་དང་། མངོན་སུམ་དུ་བྱས་པ་དང་། བརྩམས་ནས་ཀྱང་སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན་ཐམས་ཅད་དགྲོལ་བ་དང་། སེམས་ཅན་ཐམས་ ཅད་དབུགས་དབྱུང་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་སྔོ་བར་བྱེད་དོ། །གལ་ཏེ་བརྩོན་འགྲུས་འདི་མ་ ཉམས་པ་དང་། སྐྱོན་མེད་པ་དང་། འདྲེན་པ་མ་ཡིན་པར་སློབ་པའི་ནུས་པ་དང་མི་ལྡན་པར་གྱུར་ན། དེ་འདི་ལྟར་ཡང་དག་པར་སློབ་སྟེ། དུས་དུས་སུ་འམ། ཅུང་ཟད་ཅུང་ཟད་དུ་ཡང་སྙོམ་ལས་དང་། ལེ་ལོ་སྤོང་བ་དང་། དོར་བ་དང་། བསལ་བར་རྩོལ་ལོ། །འབད་དོ། །དུས་དུས་སུ་འམ། ཅུང་ཟད་ཅུང་ཟད་དུ་ཡང་བརྩོན་འགྲུས་དང་། རྟུལ་པ་ལ་སློབ་པ་དང་། མངོན་པར་འཕེལ་བར་བྱ་བ་དང་། ཡོངས་སུ་ རྫོགས་པར་བྱ་བར་རྩོལ་ལོ། །འབད་དོ། །སྲིད་པ་གཞན་དུ་གྱུར་བ་ན་ཡང་ཞུམ་པར་མི་འགྱུར་ཞིང་སྒྱིད་ལུག་པར་མི་འགྱུར་རོ། །ལག་བཟངས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཏུ་སེམས་ བསྐྱེད་པ་དང་། བྱང་ཆུབ་ཀྱི་སེམས་རྗེས་སུ་དྲན་པ་དང་། བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་། བྱང་ཆུབ་ཏུ་སྨོན་པ་དང་། བྱང་ཆུབ་ཏུ་སྨོན་ལམ་འདེབས་པ་གང་ཡིན་པ་དེ་ཉིད་དེ་དག་གི་བརྩོན་འགྲུས་དགེ་བ་དང་། རྩོལ་བ་དགེ་བ་གྲངས་མེད་ཅིང་དཔག་ཏུ་མེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་ཟག་པ་མེད་པའི་བརྩོན་འགྲུས་བསྐྱེད་པར་འདོད་པ་དང་། ཟག་པ་ 82-1-187b མེད་པའི་བརྩོན་འགྲུས་ཡང་དག་པར་བསྐྱེད་པར་འདོད་པ་དང་། མི་སློབ་པའི་བརྩོན་འགྲུས་བསྐྱེད་པར་འདོད་པ་དང་། མི་སློབ་པའི་བརྩོན་འགྲུས་ཡང་དག་པར་བསྐྱེད་པར་འདོད་པ་དེ་ནི་བརྩོན་འགྲུས་དགེ་བ་དང་། རྩོལ་བ་ དགེ་བ་ཐམས་ཅད་ཀྱི་མཆོག་ཡིན་ནོ། །དེ་ནི་དམ་པ་ཡིན་ནོ། །ལག་བཟངས་དེ་ལྟར་ན་བྱང་ཆུབ་སེམས་དཔའ་བདེ་བ་དང་ལྡན་ལ་ཡིད་བདེ་བ་དང་ལྡན་ཞིང་ཚེགས་ཆུང་བ་དང་། སྡུག་བསྔལ་ཆུང་ངུས་ མྱུར་དུ་སྐྱེན་པར་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ།། །། བམ་པོ་གཉིས་པ། ལག་བཟངས་བྱང་ཆུབ་སེམས་དཔའ་ཇི་ལྟར་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་ རྫོགས་པར་བྱེད་ཅེ་ན། ལག་བཟངས་འདི་ལ་བྱང་ཆུབ་སེམས་དཔའ་མིག་གིས་གཟུགས་རྣམས་མཐོང་ན། མཚན་མར་མི་འཛིན་ཅིང་མངོན་རྟགས་སུ་མི་འཛིན་པ་ཡིན་ཏེ། གང་གི་ཕྱིར་མིག་གི་དབང་པོ་སྡོམ་ པས་མ་བསྡམས་པར་གནས་པས་འཇིག་རྟེན་ན་བརྣབ་སེམས་དང་། ཡིད་མི་བདེ་བ་དང་། སྡིག་པ་མི་དགེ་བའི་ཆོས་རྣམས་ལ་སེམས་རྗེས་སུ་ཟག་པ་དེ་དག་བསྡམ་པའི་ཕྱིར་ནན་ཏན་བྱེད་ཅིང་སྲུང་སྟེ། མིག་གི་དབང་པོས་མིག་གི་དབང་པོ་སྡོམ་པར་བྱེད་དོ། །དེ་བཞིན་དུ་རྣ་བས་སྒྲ་རྣམས་ཐོས་པ་དང་། སྣས་དྲི་རྣམས་ཚོར་བ་དང་། ལྕེས་རོ་རྣམས་མྱོང་བ་དང་། ལུས་ཀྱིས་རེག་བྱ་རྣམས་ལ་རེག་པ་དང་། ཡིད་ ཀྱིས་ཆོས་རྣམས་རྣམ་པར་ཤེས་ནས་མཚན་མར་མི་འཛིན་ཅིང་མངོན་རྟགས་སུ་མི་འཛིན་པ་ཡིན་ཏེ། གང་གི་ཕྱིར་ཡིད་ཀྱི་དབང་པོ་སྡོམ་པས་མ་བསྡམས་པར་གནས་པས་འཇིག་རྟེན་ན་བརྣབ་སེམས་དང་། ཡིད་མི་བདེ་བ་དང་། སྡིག་པ་མི་དགེ་བའི་ཆོས་རྣམས་ལ་སེམས་རྗེས་སུ་ཟག་པ་དེ་དག་བསྡམ་པའི་ཕྱིར་ནན་ཏན་བྱེད་ཅིང་སྲུང་སྟེ། ཡིད་ཀྱི་དབང་པོས་ཡིད་ཀྱི་དབང་པོ་སྡོམ་པར་བྱེད་དོ། །དེ་འགྲོ་འམ། འགྲེང་ངམ། 82-1-188a འདུག་གམ། ཉལ་ལམ། ཅང་མི་སྨྲ་བར་གྱུར་ཀྱང་རུང་སྟེ། མཉམ་པར་བཞག་པའི་གནས་དང་། ཞི་བའི་གནས་ཀྱི་གནས་མི་འདོར་རོ། །རྣམ་པར་མི་འདོར་རོ། །དེ་ལག་མི་རྒོད་པ་དང་། མུ་ ཅོར་མི་སྨྲ་བ་དང་། ཚིག་མི་མང་བ་དང་། མིག་མི་གཡེང་བ་དང་། དབང་པོ་མི་གཡེང་བ་དང་། མི་རྒོད་པ་དང་། ཏོམ་ཅོལ་མེད་པ་དང་། ལུས་འཁྲུལ་པ་མེད་པ་དང་། ངག་འཁྲུལ་པ་མེད་པ་དང་། སེམས་འཁྲུལ་ པ་མེད་པ་དང་། དབེན་ཡང་རུང་། མི་དབེན་ཡང་རུང་། སྤྱོད་ལམ་མི་ཉམ་པ་ཡིན་ནོ། །བཟའ་བ་དང་། བཏུང་བ་དང་། མལ་ཆ་དང་། སྟན་དང་། གནས་དང་། ན་བའི་གསོས་སྨན་དང་། ཡོ་བྱད་ཇི་ལྟ་བུ་ཡང་ རུང་བ་དག་གིས་ཆོག་ཤེས་ཤིང་གསོ་སླ་བ་དང་། དགང་སླ་བ་དང་། རིམ་གྲོ་བྱ་སླ་བ་དང་། ཆོ་ག་དང་སྤྱོད་ཡུལ་དགེ་བ་དང་། འདུ་འཛི་ལས་དབེན་པའི་སྤྱོད་ཡུལ་ཡིན། ཐོབ་པ་དང་མ་ཐོབ་པ་ལ་མཉམ་ཞིང་ འགྱུར་བ་མེད་དེ་མ་ཁེངས་མ་དུད་པ་ཡིན། བདེ་བ་དང་། སྡུག་བསྔལ་བ་དང་། བསྟོད་པ་དང་། སྨད་པ་དང་། གྲགས་པ་དང་། མ་གྲགས་པ་དང་། འཚོ་བ་དང་། འཆི་བ་ལ་མཉམ་ཞིང་འགྱུར་བ་མེད་དེ་མ་ ཁེངས་མ་དུད་པ་ཡིན། མཛའ་བ་དང་། དགྲ་དང་། དགེ་བ་དང་། མི་དགེ་བ་དང་། ཡིད་དུ་འོང་བ་དང་འཐུན་པ་དང་། ཡིད་དུ་མི་འོང་བ་དང་མི་མཐུན་པ་དང་། འཕགས་པ་དང་། འཕགས་པ་མ་ཡིན་པའི་ཆོས་རྣམས་ དང་། དབེན་པ་དང་། ལང་ལོང་རྣམས་ལ་ཡང་མཉམ་ཞིང་འགྱུར་བ་མེད་དེ་མ་ཁེངས་མ་དུད་པ་ཡིན། གཟུགས་སྡུག་པ་དང་། མི་སྡུག་པ་རྣམས་ལ་ཡང་འཐུན་པ་དང་མི་མཐུན་པ་མེད་པ་ཡིན། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་སྡུག་པ་དང་། མི་སྡུག་པ་རྣམས་ལ་ཡང་འཐུན་པ་དང་། མི་མཐུན་པ་མེད་པ་ཡིན་ནོ། །དེའི་འདོད་པ་རྣམས་ནི་རང་གི་སེམས་ཀྱིས་ཀུན་དུ་བསླང་ནས་ལོག་པར་རྣམ་པར་ 82-1-188b རྟོག་པས་རོ་མྱོང་བ་ཡིན་པས་ཀེང་རུས་ལྟ་བུར་ཡིད་ལ་བྱེད་དོ། །འདོད་པ་རྣམས་ནི་དགྲ་མང་བའི་ཕྱིར་ཤ་སྣག་གུ་ལྟ་བུར་ཡིད་ལ་བྱེད་དོ། །འདོད་པ་རྣམས་ནི་བླངས་ན་སྡུག་བསྔལ་ལ་ཡོངས་སུ་བཏང་ན་བདེ་བའི་ཕྱིར་ རྩྭ་མེ་ལྟ་བུར་ཡིད་ལ་བྱེད་དོ། །འདོད་པ་རྣམས་ནི་གནོད་པ་མང་བའི་ཕྱིར་ཤིང་གི་རྩེ་མོའི་ཤིང་ཏོག་ལྟ་བུར་ཡིད་ལ་བྱེད་དོ། །འདོད་པ་རྣམས་ནི་དབང་བྱེད་པ་མ་ཡིན་པའི་ཕྱིར་སློང་བ་ལྟ་བུར་ཡིད་ལ་བྱེད་དོ། །འདོད་པ་རྣམས་ ནི་སྐད་ཅིག་ཙམ་ཞིག་ནོར་བས་དགའ་བའི་ཕྱིར་རྨི་ལམ་ལྟ་བུར་ཡིད་ལ་བྱེད་དོ། །འདོད་པ་རྣམས་ནི་སྡུག་བསྔལ་ལ་བདེ་བར་འདུ་ཤེས་པ་ཕྱིན་ཅི་ལོག་གིས་བསྐྱེད་པའི་ཕྱིར་མཛེ་ལྟ་བུར་ཡིད་ལ་བྱེད་དོ། །འདོད་པ་ རྣམས་ནི་ཉེས་པར་སྤྱོད་པ་ཐམས་ཅད་ཀྱི་དངོས་པོ་ཡིན་པ་དང་། ངན་འགྲོ་ལོག་པར་ལྟུང་བ་དང་། སེམས་ཅན་དམྱལ་བའི་མཐའ་ཡིན་པས་མཆིལ་པ་ལྟ་བུར་ཡིད་ལ་བྱེད་དོ། །འདོད་པ་རྣམས་ནི་ངོམས་པར་མི་ བྱེད་པ་དང་། སྐོམ་པ་འཕེལ་བར་བྱེད་པའི་ཕྱིར་ཚྭ་ཆུ་ལྟ་བུར་ཡིད་ལ་བྱེད་དོ། །དེ་འདོད་པ་དག་ལས་དབེན་པ་དང་། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་རྫོགས་པར་བྱས་ཏེ་གནས་སོ། །དེ་རྟོག་པ་དང་། དཔྱོད་པ་དང་བྲལ་ཞིང་ནད་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་བས་རྟོག་པ་ མེད་པ། དཔྱོད་པ་མེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་གཉིས་པ་རྫོགས་པར་བྱས་ཏེ་གནས་སོ། །དེ་དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་ལ་ གནས་ཤིང་དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ། བདེ་བ་ལུས་ཀྱི་མྱོང་ལ་འཕགས་པ་རྣམས་ཀྱིས་གང་དེ་དྲན་པ་དང་ལྡན་པ་བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། བསམ་གཏན་ 82-1-189a གསུམ་པ་རྫོགས་པར་བྱས་ཏེ་གནས་སོ། །དེ་བདེ་བ་ཡང་སྤངས་ཏེ། སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་། ཡིད་མི་བདེ་བ་ཡང་ནུབ་པས་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་ མ་ཡིན་པ། བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་རྫོགས་པར་བྱས་ཏེ་གནས་སོ། །དེ་སེམས་ཅན་ཐམས་ཅད་ལ་བདེ་བའི་འདུ་ཤེས་ཡིད་ལ་བྱེད་པས་བྱམས་པ་ཚད་མེད་པ་རྫོགས་པར་བྱས་ ཏེ་གནས་སོ། །དེ་སེམས་ཅན་ཐམས་ཅད་ལ་སྡུག་བསྔལ་བའི་འདུ་ཤེས་ཡིད་ལ་བྱེད་པས་སྙིང་རྗེ་ཚད་མེད་པ་རྫོགས་པར་བྱས་ཏེ་གནས་སོ། །དེ་སེམས་ཅན་རྣམས་ལ་དགའ་བའི་འདུ་ཤེས་ཡིད་ལ་བྱེད་པས་དགའ་བ་ ཚད་མེད་པ་རྫོགས་པར་བྱས་ཏེ་གནས་སོ། །དེ་སེམས་ཅན་རྣམས་ལ་སྡུག་བསྔལ་ཡང་མེད་བདེ་བ་ཡང་མེད་པ་ཡིད་ལ་བྱེད་པས་བཏང་སྙོམས་ཚད་མེད་པ་རྫོགས་པར་བྱས་ཏེ་གནས་སོ། །དེ་གཟུགས་ལ་ རགས་པའི་འདུ་ཤེས་ཡིད་ལ་བྱེད་ཅིང་ནམ་མཁའ་ལ་ཞི་བའི་འདུ་ཤེས་ཡིད་ལ་བྱེད་པས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་སོ། །དེ་རྣམ་པར་ཤེས་པ་ལ་ཞི་བའི་འདུ་ཤེས་ཡིད་ལ་བྱེད་ པས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་སོ། །དེ་ཅི་ཡང་མེད་པ་ལ་ཞི་བའི་འདུ་ཤེས་ཡིད་ལ་བྱེད་པས་ཅི་ཡང་མེད་པའི་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་སོ། ། དེ་འདུ་ཤེས་མེད་འདུ་ཤེས་མེད་མིན་ལ་ཞི་བའི་འདུ་ཤེས་ཡིད་ལ་བྱེད་པས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་སོ། །དེ་རང་གི་དབུགས་རྔུབ་པ་དང་འབྱུང་བ་ཇི་ལྟར་གནས་ཤིང་ ཇི་ལྟར་འདུག་པ་བཞིན་དུ་རྒྱུན་ཐུང་བ་རྣམས་ལ་ཡང་རྒྱུན་ཐུང་བའི་འདུ་ཤེས་དང་། རྒྱུན་རིང་བ་རྣམས་ལ་ཡང་རྒྱུན་རིང་བའི་འདུ་ཤེས་ཡིད་ལ་བྱེད་པས་དབུགས་རྔུབ་པ་དང་། འབྱུང་བ་དྲན་པ་རྫོགས་པར་ 82-1-189b བྱས་ཏེ་གནས་སོ། །དེ་སེམས་ཅན་གྱི་ལུས་རྣམས་ལ་མི་སྡུག་པའི་མཚན་མ་ཡིད་ལ་བྱེད་པས་མི་སྡུག་པའི་འདུ་ཤེས་རྫོགས་པར་བྱས་ཏེ་གནས་སོ། །དེ་འཆི་བའི་མཚན་མ་ཡིད་ལ་བྱེད་པས་འཆི་བའི་འདུ་ཤེས་ རྫོགས་པར་བྱས་ཏེ་གནས་སོ། །དེ་ན་བ་དང་རྒ་བའི་མཚན་མ་ཡིད་ལ་བྱེད་པས་ཉེས་དམིགས་ཀྱི་འདུ་ཤེས་རྫོགས་པར་བྱས་ཏེ་གནས་སོ། །དེ་ཁ་ཟས་ཡོངས་སུ་ཚོལ་བ་དང་འགྱུར་བ་ལ་ནད་ཀྱི་རྒྱུ་དང་། གནོད་པའི་ རྒྱུར་ཡིད་ལ་བྱེད་པས་ཁ་ཟས་ལ་མི་མཐུན་པའི་འདུ་ཤེས་རྫོགས་པར་བྱས་ཏེ་གནས་སོ། །དེ་ཁྱིམ་དང་། གྲོང་དང་། གྲོང་ཁྱེར་དང་། ལྗོངས་ཀྱི་འཇིག་རྟེན་ཐམས་ཅད་ལ་འབྱོར་པ་དང་བྲལ་བའི་མཚན་མར་ཡིད་ ལ་བྱེད་པ་དང་། ནགས་ཚལ་རྨད་དུ་བྱུང་བ་དང་། ཀུན་དགའི་ར་བ་རྨད་དུ་བྱུང་བ་དང་བྲལ་བའི་མཚན་མར་ཡིད་ལ་བྱེད་པས་འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་རྫོགས་པར་བྱས་ཏེ་གནས་ སོ། །དེ་ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་བཟང་པོ་དང་ཁ་དོག་ངན་པ་རྣམས་ལ་མཚན་མར་ཡིད་ལ་བྱེད་པས་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོ་རྫོགས་པར་བྱས་ཏེ་ གནས་སོ། །དེ་ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཚད་མེད་པ་ཁ་དོག་བཟང་པོ་དང་ཁ་དོག་ངན་པ་རྣམས་ལ་མཚན་མར་ཡིད་ལ་བྱེད་པས་ཟིལ་གྱིས་གནོན་པའི་སྐྱེད་མཆེད་གཉིས་པ་ རྫོགས་པར་བྱས་ཏེ་གནས་སོ། །དེ་ཤི་བའི་ལུས་བསྲེགས་པ་དེ་ལ་རླུང་ངམ་ཆུས་ཐལ་བ་ཡང་མེད་པར་བྱེད་པའི་འདུ་ཤེས་དང་། ཞིགས་པ་ལ་ཕྱེ་མ་ཡང་མེད་པ་དང་། རྡུལ་དུ་གྱུར་བ་ལ་རྡུལ་ཀྱང་ མེད་པའི་འདུ་ཤེས་སུ་རྣམ་པར་འཇིགས་པ་བསྒོམས་ཤིང་བསྒྲུབས་ཏེ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་བཟང་པོ་དང་ཁ་དོག་ངན་པ་རྣམས་ལ 82-1-190a མཚན་མར་ཡིད་ལ་བྱེད་པས་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གསུམ་པ་རྫོགས་པར་བྱས་ཏེ་གནས་སོ། །དེ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཚད་མེད་པ་ཁ་དོག་ བཟང་པོ་དང་། ཁ་དོག་ངན་པ་རྣམས་ལ་མཚན་མར་ཡིད་ལ་བྱེད་པས་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི་པ་རྫོགས་པར་བྱས་ཏེ་གནས་སོ། །དེ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ སྔོན་པོ་ཚད་མེད་པ་ཡིད་དུ་འོང་བ་རྣམས་ལ་མཚན་མར་ཡིད་ལ་བྱེད་པས་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལྔ་པ་རྫོགས་པར་བྱས་ཏེ་གནས་སོ། །དེ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ སེར་པོ་དང་། དམར་པོ་དང་། དཀར་པོ་ཚད་མེད་པ་ཡིད་དུ་འོང་བ་རྣམས་ལ་མཚན་མར་ཡིད་ལ་བྱེད་པས་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དྲུག་པ་དང་། བདུན་པ་དང་། བརྒྱད་པ་རྫོགས་པར་བྱས་ཏེ་གནས་སོ། །དེས་འདི་ མཐའ་ཡས་སོ་ཞེས་མཚན་མར་ཡིད་ལ་བྱེད་པས་ཟད་པར་སར་རྫོགས་པར་བྱས་ཏེ་གནས་སོ། །དེ་ཆུ་དང་། མེ་དང་། རླུང་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ནམ་མཁའ་དང་། རྣམ་པར་ ཤེས་པ་མཐའ་ཡས་སོ་ཞེས་མཚན་མར་ཡིད་ལ་བྱས་པར་ཟད་པར་ཆུ་དང་། ཟད་པར་མེ་དང་། ཟད་པར་རླུང་དང་། ཟད་པར་སྔོན་པོ་དང་། ཟད་པར་སེར་པོ་དང་། ཟད་པར་དམར་པོ་དང་། ཟད་པར་དཀར་པོ་དང་། ཟད་པར་ ནམ་མཁའ་དང་། ཟད་པར་རྣམ་པར་ཤེས་པར་རྫོགས་པར་བྱས་ཏེ་གནས་སོ། །དེ་སྙོམས་པར་འཇུག་པ་ན་དགེ་བའི་རྩ་བ་ཐམས་ཅད་ལ་དམིགས་པ་ལ་སེམས་ཉེ་བར་འདོགས་ཏེ། སྙིང་རྗེ་ཆེན་པོ་ལ་དམིགས་ པ་དང་། དམ་པའི་ཆོས་ཡོངས་སུ་གཟུངས་པ་ལ་དམིགས་པ་དང་། དཀོན་མཆོག་གསུམ་གྱི་རིགས་མི་འཆད་པར་བྱ་བ་ལ་དམིགས་པ་དང་། སངས་རྒྱས་ཀྱི་སྐུ་དང་རྒྱན་ལ་དམིགས་པ་དང་། སངས་རྒྱས་ 82-1-190b ཀྱི་གསུང་ཚངས་པའི་དབྱངས་ལ་དམིགས་པ་དང་། སྔོན་གྱི་སྨོན་ལམ་ལ་དམིགས་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ལ་དམིགས་པ་དང་། འཇིག་རྟེན་རྣམ་པར་སྦྱང་བ་ལ་དམིགས་པ་དང་། བྱང་ ཆུབ་ཀྱི་སྙིང་པོའི་བཀོད་པ་ལ་དམིགས་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་དམིགས་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་གཞོམ་པ་ལ་དམིགས་པ་ལ་སེམས་ཉེ་བར་འདོགས་སོ། །དེ་བསམ་གཏན་ བྱེད་པ་ན་རྣམ་པར་ཤེས་པའི་གནས་བཞི་དང་བྲལ་བར་བསམ་གཏན་བྱེད་དོ། །སའི་ཁམས་ལ་མི་གནས། ཆུའི་ཁམས་ལ་མི་གནས། མེའི་ཁམས་ལ་མི་གནས། རླུང་གི་ཁམས་ལ་མི་གནས། ནམ་མཁའི་ ཁམས་ལ་མི་གནས། རྣམ་པར་ཤེས་པའི་ཁམས་ལ་མི་གནས། འཇིག་རྟེན་འདི་ལ་མི་གནས། འཇིག་རྟེན་ཕ་རོལ་ལ་མི་གནས་པར་བསམ་གཏན་བྱེད་དོ། །ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་བླ་ན་མེད་ པ་ཐམས་ཅད་ཐོབ་པར་བྱ་བའི་ཕྱིར་བསམ་གཏན་ལ་གནས་ཤིང་བསམ་གཏན་ལ་དགའོ། །དེ་བསམ་གཏན་དེ་དང་། ཏིང་ངེ་འཛིན་དེ་ལ་བསམ་གཏན་བྱེད་པར་འདོད་པ་དང་། སྙོམས་པར་འཇུག་པར་ འདོད་པ་ན་ཡང་སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན་ཐམས་ཅད་དགྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་དང་། སངས་ རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱེད་དོ། །བསམ་གཏན་བྱེད་པ་དང་། བསམ་གཏན་བྱས་པ་དང་། ལངས་ནས་ཀྱང་སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན་ཐམས་ཅད་དགྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་ 82-1-191a བར་བྱེད་དོ། །གལ་ཏེ་བསམ་གཏན་དེ་དང་། ཏིང་ངེ་འཛིན་དེ་ལ་སློབ་པའི་ནུས་པ་དང་མི་ལྡན་པར་གྱུར་ན་དེ་འདི་ལྟར་ཡང་དག་པར་སློབ་སྟེ། དུས་དུས་སུ་འམ། ཅུང་ཟད་ཅུང་ཟད་དུ་ཡང་སེམས་རྣམ་པར་ གཡེང་བ་དང་། ཏིང་ངེ་འཛིན་མ་ཡིན་པ་སྤང་བ་དང་། དོར་བ་དང་། བསལ་བར་རྩོལ་ལོ། །འབད་དོ། །དུས་དུས་སུ་འམ། ཅུང་ཟད་ཅུང་ཟད་དུ་ཡང་སེམས་རྩེ་གཅིག་ཏུ་བྱ་བ་དང་། སེམས་མཉམ་པར་བཞག་པར་སློབ་ པ་དང་། མངོན་པར་འཕེལ་བར་བྱ་བ་དང་། ཡོངས་སུ་རྫོགས་པར་བྱ་བར་རྩོལ་ལོ། །འབད་དོ། །སྲིད་པ་གཞན་དུ་གྱུར་བ་ན་ཞུམ་པར་མི་འགྱུར་ཞིང་སྒྱིད་ལུག་པར་མི་འགྱུར་རོ། །ལག་བཟངས་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བྱང་ཆུབ་ཀྱི་སེམས་རྗེས་སུ་དྲན་པ་དང་། བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་། བྱང་ཆུབ་ཏུ་སྨོན་པ་དང་། བྱང་ཆུབ་ཏུ་སྨོན་ལམ་འདེབས་པ་གང་ཡིན་པ་དེ་ཉིད་དེ་ དག་གི་སེམས་མཉམ་པར་བཞག་པ་དགེ་བ་དང་། སེམས་རྩེ་གཅིག་ཏུ་བྱ་བ་དགེ་བ་གྲངས་མེད་ཅིང་དཔག་ཏུ་མེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་ ཟག་པ་མེད་པའི་སེམས་མཉམ་པར་བཞག་པ་བསྐྱེད་པར་འདོད་པ་དང་། མི་སློབ་པའི་སེམས་མཉམ་པར་བཞག་པ་བསྐྱེད་པར་འདོད་པ་དང་། ཟག་པ་མེད་པའི་སེམས་མཉམ་པར་བཞག་པ་ཡང་དག་པར་ བསྐྱེད་པར་འདོད་པ་དང་། མི་སློབ་པའི་སེམས་མཉམ་པར་བཞག་པ་ཡང་དག་པར་བསྐྱེད་པར་འདོད་པ་དེ་ནི། སེམས་མཉམ་པར་བཞག་པ་དགེ་བ་དང་། སེམས་རྩེ་གཅིག་ཏུ་བྱ་བ་དགེ་བ་མཐའ་ཡས་མུ་མེད་ པ་ཡིན་ནོ། །ལག་བཟངས་དེ་ལྟར་ན་བྱང་ཆུབ་སེམས་དཔའ་བདེ་བ་དང་ལྡན་ལ་ཡིད་བདེ་བ་དང་ལྡན་ཞིང་ཚེགས་ཆུང་ངུ་དང་། སྡུག་བསྔལ་ཆུང་ངུས་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། ། 82-1-191b ལག་བཟངས་བྱང་ཆུབ་སེམས་དཔའ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཅེ་ན། ལག་བཟངས་འདི་ལ་བྱང་ཆུབ་སེམས་དཔའ་ནི་མདུང་ཐུང་དག་གིས་བཟློག་ཀྱང་གང་ཟག་གང་དག་ཐོས་པ་མང་བ། ཐོས་ པ་འཛིན་པ། ཐོས་པ་བསགས་པ། དོན་ཤེས་པ། བཤད་པ་ཤེས་པ། དཔྱོད་པ་ཅན། ཇི་ལྟར་ཐོས་པའི་དོན་ཡོངས་སུ་རྟོག་པ་དེ་དག་ལ་སྙེན་ཅིང་སྟེན་ཏེ་བསྙེན་བཀུར་བྱེད་དོ། །དེ་ཐོས་པའི་ཆེད་དང་། བཤད་པའི་ཆེད་དང་། དོན་ གྱི་ཆེད་དང་། དོན་ལ་ཡོངས་སུ་བརྟག་པའི་ཆེད་དང་། སློབ་དཔོན་དང་མཁན་པོ་ལ་བསྙེན་བཀུར་བྱ་བའི་ཆེད་ལ་གྲང་བ་ཡང་ཁྱད་དུ་གསོད། ཚ་བ་དང་། བཀྲེས་པ་དང་། སྐོམ་པ་དང་། ཤ་སྦྲང་དང་། སྦྲང་བུ་དང་། རླུང་དང་། ཉི་མ་དང་། སྡིག་སྦྲུལ་གྱིས་རེག་པ་དང་། གཞན་གྱིས་ངན་དུ་སྨྲས་ཤིང་ངན་དུ་བརྗོད་པའི་ཚིག་གི་ལམ་དང་། ལུས་ཀྱི་ཚོར་བ་དྲག་པ། རྩུབ་པ། མི་བཟད་པ། སྲོག་འཆང་བར་འགྱུར་བ་ཡང་ཁྱད་དུ་གསོད་དོ། །དེ་ ཆོས་རྣམས་ལ་ནི་རིན་པོ་ཆེར་འདུ་ཤེས་ཉེ་བར་གནས། ཆོས་སྨྲ་བ་རྣམས་ལ་རིན་པོ་ཆེའི་གཏེར་དུ་འདུ་ཤེས། ཆོས་ཉན་པ་ལ་ནི་དཀོན་པ་རྙེད་པར་འདུ་ཤེས། ཆོས་འཛིན་པ་ལ་ནི་དོན་ཡོད་པར་སྲོག་སོགས་ པར་འདུ་ཤེས། ཆོས་ཀྱི་ཡོན་ཏན་མང་དུ་བྱེད་པ་ལ་ནི་སྲོག་དོན་ཡོད་པར་འདུ་ཤེས། ཆོས་ལ་ཡོངས་སུ་རྟོག་པ་ལ་ནི་ཚེ་རབས་བརྒྱར་མི་རྙེད་པར་འདུ་ཤེས་ཉེ་བར་གནས་པ་ཡིན་ཏེ། དེར་ཆོས་དེ་དག་ཉན་ཅིང་ འཛིན་ལ་མང་དུ་བྱེད་ཅིང་ཡོངས་སུ་རྟོག་པ་ན་ཁམས་རྣམས་ཀྱང་རབ་ཏུ་ཤེས། ཕུང་པོ་རྣམས་དང་། སྐྱེ་མཆེད་རྣམས་དང་། འཕགས་པའི་བདེན་པ་རྣམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། དུས་དང་། ཐེག་པ་རྣམས་དང་། དགེ་བ་བསགས་པ་ཡང་རབ་ཏུ་ཤེས་སོ། །ཁམས་རྣམས་ཇི་ལྟར་རབ་ཏུ་ཤེས་ཤེ་ན། ཁམས་ནི་གཉིས་ཏེ། འདུས་བྱས་དང་། འདུས་མ་བྱས་ཤེས་བྱ་བ་སྟེ། ཁམས་གཉིས་པོ་དེ་དག་གོ། ། 82-1-192a འདུས་བྱས་ཀྱི་ཁམས་ནི་གང་། འདུས་མ་བྱས་ཀྱི་ཁམས་ནི་གང་ཞེ་ན། གང་ཅི་ཡང་རུང་སྟེ། སྐྱེ་བ་དང་། གནས་པ་དང་། འགག་པ་འདི་ནི་འདུས་བྱས་ཀྱི་ཁམས་ཤེས་བྱའོ། །གང་ཅི་ཡང་རུང་སྟེ། སྐྱེ་བ་མེད་པ་དང་། གནས་པ་མེད་པ་དང་། འགག་པ་མེད་པ་དེ་ནི་འདུས་མ་བྱས་ཀྱི་ཁམས་ཤེས་བྱ་སྟེ། དེ་ལྟར་འདུས་བྱས་དང་། འདུས་མ་བྱས་ཀྱི་ཁམས་རབ་ཏུ་ཤེས་སོ། །གཞན་ཡང་ཁམས་གསུམ་རབ་ཏུ་ ཤེས་ཏེ། དགེ་བའི་ཁམས་དང་། མི་དགེ་བའི་ཁམས་དང་། ལུང་དུ་མ་བསྟན་པའི་ཁམས་ཏེ་གསུམ་པོ་དེ་དག་གོ། །དགེ་བའི་ཁམས་ནི་གང་། མི་དགེ་བའི་ཁམས་ནི་གང་། ལུང་དུ་མ་བསྟན་པའི་ཁམས་ནི་གང་ཞེ་ན། གང་ཅི་ཡང་རུང་སྟེ། ཆགས་པ་མེད་པ་དང་། ཆགས་པ་མེད་པ་དང་ལྡན་པ་དང་། གང་ཅི་ཡང་རུང་སྟེ། ཞེ་སྡང་མེད་པ་དང་། ཞེ་སྡང་མེད་པ་དང་ལྡན་པ་དང་། གང་ཅི་ཡང་རུང་སྟེ། གཏི་མུག་མེད་པ་དང་། གཏི་མུག་མེད་པ་ དང་ལྡན་པ་དེ་ནི་དགེ་བའི་ཁམས་ཤེས་བྱའོ། །གང་ཅི་ཡང་རུང་སྟེ། ཆགས་པ་དང་། ཆགས་པ་དང་ལྡན་པ་དང་། གང་ཅི་ཡང་རུང་སྟེ། ཞེ་སྡང་དང་། ཞེ་སྡང་དང་ལྡན་པ་དང་། གང་ཅི་ཡང་རུང་སྟེ། གཏི་མུག་དང་། གཏི་མུག་དང་ལྡན་པ་དེ་ནི་མི་དགེ་བའི་ཁམས་ཤེས་བྱའོ། །དེ་གཉིས་ལ་མ་གཏོགས་པ་ནི་ལུང་དུ་མ་བསྟན་པ་ཉིད་དེ། དེ་ལྟར་ཁམས་གསུམ་རབ་ཏུ་ཤེས་སོ། །གཞན་ཡང་ཁམས་གསུམ་རབ་ཏུ་ཤེས་ཏེ། གསུམ་གང་ཞེ་ན། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་སོ། །འདོད་པའི་ཁམས་གང་ཞེ་ན། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། ཡི་དགས་ དང་། ལྷ་མ་ཡིན་དང་། མི་དང་། རྒྱལ་ཆེན་བཞིའི་ལྷ་རྣམས་དང་། སུམ་བཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཏེ། གང་དེ་དག་ལ་འདུན་པ་ 82-1-192b དང་། ཆགས་པ་དང་། ཞེ་སྡང་བ་དང་། གཏི་མུག་པ་དང་། ཡིད་ཀྱིས་སྨོན་པ་དང་། སྨོན་ལམ་འདེབས་པ་དང་། མངོན་པར་འདུ་བྱེད་པ་དེ་ནི་འདོད་པའི་ཁམས་ཤེས་བྱའོ། །གཟུགས་ཀྱི་ཁམས་གང་ཞེ་ན། ཚངས་རིས་ ཀྱི་ལྷ་རྣམས་དང་། ཚངས་པ་མདུན་ན་འདོན་རྣམས་དང་། ཚངས་ཆེན་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་དང་། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། སྤྲིན་མེད་དང་། བསོད་ ནམས་སྐྱེས་དང་། འབྲས་བུ་ཆེ་དང་། འདུ་ཤེས་མེད་པའི་སེམས་ཅན་དང་། མི་ཆེ་བ་དང་། མི་གདུང་བ་དང་། གྱ་ནོམ་སྣང་དང་། ཤིན་དུ་མཐོང་དང་། འོག་མིན་གྱི་ལྷ་རྣམས་ཏེ། གང་དེ་དག་ལ་འདུན་པ་དང་། ཆགས་པ་ དང་། ཞེ་སྡང་དང་། གཏི་མུག་དང་། ཡིད་ཀྱིས་སྨོན་པ་དང་། སྨོན་ལམ་འདེབས་པ་དང་། མངོན་པར་འདུ་བྱེད་པ་དེ་ནི་གཟུགས་ཀྱི་ཁམས་ཤེས་བྱའོ། །གཟུགས་མེད་པའི་ཁམས་གང་ཞེ་ན། ནམ་མཁའ་མཐའ་ ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་དང་། འདུ་ཤེས་མེད་འདུ་ཤེས་ མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཏེ། གང་དེ་དག་ལ་འདུན་པ་དང་། ཆགས་པ་དང་། ཞེ་སྡང་བ་དང་། གཏི་མུག་པ་དང་། ཡིད་ཀྱིས་སྨོན་པ་དང་། སྨོན་ལམ་འདེབས་པ་དང་། མངོན་པར་འདུ་ བྱེད་པ་གང་ཡིན་པ་དེ་ནི་གཟུགས་མེད་པའི་ཁམས་ཤེས་བྱ་སྟེ། དེ་ལྟར་ཁམས་གསུམ་རབ་ཏུ་ཤེས་སོ། །གཞན་ཡང་ཁམས་བཞི་རབ་ཏུ་ཤེས་ཏེ། བཞི་གང་ཞེ་ན། འདོད་པའི་ཁམས་དང་། གཟུགས་ ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དང་། འདུས་མ་བྱས་ཀྱི་ཁམས་ཤེས་བྱ་བ་ཁམས་བཞི་པོ་དེ་དག་སྟེ། དེ་ལྟར་ཁམས་བཞི་རབ་ཏུ་ཤེས་སོ། །གཞན་ཡང་ཁམས་དྲུག་རབ་ཏུ་ཤེས་ཏེ། དྲུག་གང་ 82-1-193a ཞེ་ན། འདོད་པའི་ཁམས་དང་། གནོད་སེམས་ཀྱི་ཁམས་དང་། རྣམ་པར་འཚེ་བའི་ཁམས་དང་། མངོན་པར་འབྱུང་བའི་ཁམས་དང་། གནོད་སེམས་མེད་པའི་ཁམས་དང་། རྣམ་པར་འཚེ་བ་མེད་པའི་ ཁམས་ཏེ། ཁམས་དྲུག་པོ་དེ་དག་རབ་ཏུ་ཤེས་སོ། །གཞན་ཡང་ཁམས་དྲུག་རབ་ཏུ་ཤེས་ཏེ། དྲུག་གང་ཞེ་ན། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་ དང་། རྣམ་པར་ཤེས་པའི་ཁམས་ཏེ། ཁམས་དྲུག་པོ་དེ་དག་རབ་ཏུ་ཤེས་སོ། །དེ་ལ་སའི་ཁམས་ནི་མི་རྟག་པ། མི་བརྟན་པ། འགྱུར་བའི་ཆོས་ཅན་ཏེ། མི་རྟག་པ་གང་ཡིན་པ་དེ་སྡུག་བསྔལ་བའོ། ། སྡུག་བསྔལ་བ་གང་ཡིན་པ་དེ་བདག་མེད་པའོ། །དེ་བཞིན་དུ་ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ཀྱང་མི་རྟག་པ། མི་བརྟན་པ། འགྱུར་བའི་ཆོས་ཅན་ཏེ། མི་རྟག་པ་གང་ཡིན་པ་དེ་སྡུག་བསྔལ་བའོ། །སྡུག་བསྔལ་བ་གང་ཡིན་པ་དེ་བདག་མེད་པ་སྟེ། དེ་ལྟར་ཁམས་དྲུག་རབ་ཏུ་ཤེས་སོ། །དེ་ཆོས་དེ་དག་ཉན་ཅིང་འཛིན་པ་དང་། མང་དུ་ བྱེད་ཅིང་ཡོངས་སུ་རྟོག་པ་ན་གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོ་སྟེ། ཕུང་པོ་ལྔ་རབ་ཏུ་ཤེས་སོ། །གཟུགས་ལ་དབུ་ བ་རྡོས་པ་ལྟ་བུ་དང་། ངན་པ་དང་། འཇིག་པ་དང་། རིང་དུ་མི་གནས་པ་དང་། ཚོར་བ་ལ་ནི་ཆུའི་ཆུ་བུར་ལྟ་བུ་དང་། ངན་པ་དང་། འཇིག་པ་དང་། རིང་དུ་མི་གནས་པ་དང་། འདུ་ཤེས་ལ་ནི་སྨིག་རྒྱུ་ལྟ་བུ་དང་། ངན་པ་ དང་། འཇིག་པ་དང་། རིང་དུ་མི་གནས་པ་དང་། འདུ་བྱེད་རྣམས་ལ་ནི་ཆུ་ཤིང་ལྟ་བུ་དང་། ངན་པ་དང་། འཇིག་པ་དང་། རིང་དུ་མི་གནས་པ་དང་། རྣམ་པར་ཤེས་པ་ལ་ནི་སྒྱུ་མ་ལྟ་བུ་དང་། ངན་པ་དང་། འཇིག་པ་དང་། 82-1-193b རིང་དུ་མི་གནས་པར་དེ་ལྟར་ཕུང་པོ་ལྔ་རབ་ཏུ་ཤེས་སོ། །དེ་ཆོས་དེ་དག་ཉན་ཅིང་འཛིན་པ་དང་། མང་དུ་བྱེད་ཅིང་ཡོངས་སུ་རྟོག་པ་ན་ནང་གི་སྐྱེ་མཆེད་དྲུག་རབ་ཏུ་ཤེས་ཏེ། མིག་ནང་གི་སྐྱེ་མཆེད་དང་། རྣ་བ་ དང་། སྣ་དང་། ལྕེ་དང་། ཡིད་ནང་གི་སྐྱེ་མཆེད་ཅེས་བྱ་བ་ནང་གི་སྐྱེ་མཆེད་དྲུག་པོ་དེ་དག་གོ། །དེ་ལ་མིག་ནང་གི་སྐྱེ་མཆེད་ནི་ན་བའི་ཆོས་ཅན་དང་། རྒ་བའི་ཆོས་ཅན་དང་། འཆི་བའི་ཆོས་ཅན་དང་། བདག་ དང་བདག་གིས་སྟོང་པ་དང་། འདོད་ཆགས་ཀྱི་མེ་དང་། ཞེ་སྡང་གི་མེ་དང་། གཏི་མུག་གི་མེ་ཀུན་དུ་འབར་བ་དང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ཀྱིས་ཀུན་དུ་འབར་བ་དང་། སྡུག་བསྔལ་གྱིས་ཀུན་དུ་འབར་བར་རབ་ཏུ་ཤེས་སོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ནང་གི་སྐྱེ་མཆེད་ལ་ཡང་ན་བའི་ ཆོས་ཅན་དང་། རྒ་བའི་ཆོས་ཅན་དང་། འཆི་བའི་ཆོས་ཅན་དང་། བདག་དང་བདག་གིས་སྟོང་པ་དང་། འདོད་ཆགས་ཀྱི་མེ་དང་། ཞེ་སྡང་གི་མེ་དང་། གཏི་མུག་གི་མེ་ཀུན་དུ་འབར་བ་དང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་རྣམས་ཀྱིས་ཀུན་དུ་འབར་བ་དང་། སྡུག་བསྔལ་གྱིས་ཀུན་དུ་འབར་བར་རབ་ཏུ་ཤེས་ཏེ། དེ་ལྟར་ ནང་གི་སྐྱེ་མཆེད་དྲུག་པོ་དག་རབ་ཏུ་ཤེས་སོ། །གཞན་ཡང་ཕྱིའི་སྐྱེ་མཆེད་དྲུག་རབ་ཏུ་ཤེས་ཏེ། མིག་གིས་རྣམ་པར་ཤེས་པར་བྱ་བ་གཟུགས་རྣམས་ཕྱིའི་སྐྱེ་མཆེད་དང་། རྣ་བས་རྣམ་པར་ཤེས་པར་བྱ་བ་ སྒྲ་རྣམས་དང་། སྣས་རྣམ་པར་ཤེས་པར་བྱ་བ་དྲི་རྣམས་དང་། ལྕེས་རྣམ་པར་ཤེས་པར་བྱ་བ་རོ་རྣམས་དང་། ལུས་ཀྱིས་རྣམ་པར་ཤེས་པར་བྱ་བ་རེག་བྱ་རྣམས་དང་། ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་ 82-1-194a ཆོས་ཕྱིའི་སྐྱེ་མཆེད་རྣམས་ཤེས་བྱ་བ་སྟེ། སྐྱེ་མཆེད་དྲུག་པོ་དེ་དག་གོ། །དེ་ལ་མིག་གི་རྣམ་པར་ཤེས་པར་བྱ་བ་གཟུགས་ཕྱིའི་སྐྱེ་མཆེད་ལ་སྐྱབས་མེད་པ་དང་། མགོན་མེད་པ་དང་། སྟོབས་མེད་པ་དང་། ཉམས་ཆུང་བ་སྟེ། དེ་ལ་རྟག་པ་འམ། བརྟན་པ་འམ། ཐེར་ཟུག་གམ། དེ་བཞིན་ཉིད་དམ། མ་ནོར་བ་དེ་བཞིན་ཉིད་དམ། གཞན་མ་ཡིན་པ་དེ་བཞིན་ཉིད་ནི་གང་ཡང་མེད་ཀྱི། སྒྱུ་མ་དེ་ནི་ཡོད། སྒྱུ་མར་བྱས་པ་དེ་ནི་ ཡོད། སེམས་རྨོངས་པར་བྱེད་པ་དེ་ནི་ཡོད་དེ། གང་ཅི་ཡང་ཡོད་པ་དང་། དེ་བཞིན་དུ་རྣ་བས་རྣམ་པར་ཤེས་པར་བྱ་བ་སྒྲ་རྣམས་དང་། སྣས་རྣམ་པར་ཤེས་པར་བྱ་བ་དྲི་རྣམས་དང་། ལྕེས་རྣམ་པར་ཤེས་པར་བྱ་བ་རོ་ རྣམས་དང་། ལུས་ཀྱིས་རྣམ་པར་ཤེས་པར་བྱ་བ་རེག་བྱ་རྣམས་དང་། ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་ཆོས་ཕྱིའི་སྐྱེ་མཆེད་ལ་ཡང་སྐྱབས་མེད་པ་དང་། མགོན་མེད་པ་དང་། སྟོབས་མེད་པ་དང་། ཉམ་ཆུང་བ་ སྟེ། དེ་ལ་རྟག་པ་འམ། བརྟན་པ་འམ། ཐེར་ཟུག་པ་འམ། དེ་བཞིན་ཉིད་དམ། མ་ནོར་བ་དེ་བཞིན་ཉིད་དམ། གཞན་མ་ཡིན་པ་དེ་བཞིན་ཉིད་ནི་གང་ཡང་མེད་ཀྱི། སྒྱུ་མ་དེ་ནི་ཡོད། སྒྱུ་མར་བྱས་པ་དེ་ནི་ཡོད། སེམས་ རྨོངས་པར་བྱེད་པ་དེ་ནི་ཡོད་དེ། གང་ཅི་ཡང་ཡོད་པར་ཕྱིའི་སྐྱེ་མཆེད་དྲུག་པོ་དེ་ལྟར་རབ་ཏུ་ཤེས་སོ། །དེ་ཆོས་དེ་དག་ཉན་ཅིང་འཛིན་པ་དང་། མང་དུ་བྱེད་ཅིང་ཡོངས་སུ་རྟོག་པ་ན་འཕགས་པའི་བདེན་པ་བཞི་རབ་ཏུ་ཤེས་སོ། ། བཞི་གང་ཞེ་ན། སྡུག་བསྔལ་འཕགས་པའི་བདེན་པ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཞེས་བྱ་བ་འཕགས་པའི་བདེན་པ་ བཞི་པོ་དེ་དག་གོ། །ཕུང་པོ་ལྔ་རྣམས་དང་། ཁམས་དྲུག་པོ་དང་། ནང་གི་སྐྱེ་མཆེད་དྲུག་པོ་དག་དང་། ཕྱིའི་སྐྱེ་མཆེད་དྲུག་པོ་དག་གང་ཡིན་པ་དེ་ནི་སྡུག་བསྔལ་ཞེས་བྱ་སྟེ། སྡུག་བསྔལ་དེ་ནི་མི་རྟག་པ་དང་། སྡུག་ 82-1-194b བསྔལ་བ་དང་། ནད་དང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། བདག་མེད་པ་དང་། རབ་ཏུ་འཇིག་པའི་ཆོས་ཉིད་དུ་བལྟའོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ངའོ་སྙམ་དུ་མངོན་ བར་ཞེན་པ་དང་། བདག་གི་བདག་ནི་འདི་ཡིན་ནོ་སྙམ་དུ་བདག་ཏུ་མངོན་པར་ཞེན་པ་དང་། འབྱུང་བར་འགྱུར་རོ་སྙམ་པ་དང་། འབྱུང་བར་མི་འགྱུར་རོ་སྙམ་པ་དང་། གཟུགས་ཅན་དུ་འགྱུར་རོ་སྙམ་པ་དང་། གཟུགས་ཅན་མ་ཡིན་པར་འགྱུར་རོ་སྙམ་པ་དང་། འདུ་ཤེས་ཅན་དུ་འགྱུར་རོ་སྙམ་པ་དང་། འདུ་ཤེས་ཅན་མ་ཡིན་པར་འགྱུར་རོ་སྙམ་པ་དང་། འདུ་ཤེས་ཅན་མ་ཡིན་ལ། འདུ་ཤེས་ཅན་མ་ཡིན་པ་ཡང་མ་ཡིན་པར་འགྱུར་རོ་སྙམ་པ་དང་། ཕུང་པོ་རྣམས་བདག་གོ་སྙམ་པ་དང་། ཕུང་པོ་རྣམས་ལས་བདག་གཞན་ནོ་སྙམ་པ་དང་། ཕུང་པོ་རྣམས་ལ་བདག་སྙམ་པ་དང་། བདག་ལ་ཕུང་པོ་རྣམས་སོ་སྙམ་པ་ དང་། ཁམས་རྣམས་དང་། སྐྱེ་མཆེད་རྣམས་བདག་གོ་སྙམ་པ་དང་། སྐྱེ་མཆེད་རྣམས་ལས་བདག་གཞན་ནོ་སྙམ་པ་དང་། སྐྱེ་མཆེད་རྣམས་ལ་བདག་གོ་སྙམ་པ་དང་། བདག་ལ་སྐྱེ་མཆེད་ རྣམས་སོ་སྙམ་པ་དང་། ཚོར་བ་བདག་གོ་སྙམ་པ་དང་། ཚོར་བར་བྱེད་པ་བདག་གོ་སྙམ་པ་དང་། གཟུགས་ཅན་ཆུང་ངུ་བདག་གོ་སྙམ་པ་དང་། གཟུགས་ཅན་མ་ཡིན་པ་ཆུང་ངུ་བདག་གོ་སྙམ་པ་དང་། གཟུགས་ཅན་མཐའ་ཡས་པ་བདག་གོ་སྙམ་པ་དང་། གཟུགས་ཅན་མ་ཡིན་པ་མཐའ་ཡས་པ་བདག་གོ་སྙམ་པ་དང་། བདག་རྟག་གོ་སྙམ་པ་དང་། བདག་མི་རྟག་གོ་སྙམ་པ་དང་། རྟག་ཀྱང་རྟག་ལ་མི་རྟག་ ཀྱང་མི་རྟག་གོ་སྙམ་པ་དང་། རྟག་པར་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ནོ་སྙམ་པ་དང་། བདག་མཐའ་ཡོད་དོ་སྙམ་པ་དང་། བདག་མཐའ་ཡོད་པ་མ་ཡིན་ནོ་སྙམ་པ་དང་། མཐའ་ཡོད་ཀྱང་ཡོད་ལ་མཐའ་ 82-1-195a མེད་ཀྱང་མེད་དོ་སྙམ་པ་དང་། མཐའ་ཡོད་པ་ཡང་མ་ཡིན་མཐའ་མེད་པ་ཡང་མ་ཡིན་ནོ་སྙམ་པ་དང་། དེ་བཞིན་སོང་བ་ཤི་ནས་འབྱུང་བར་འགྱུར་རོ་སྙམ་པ་དང་། འབྱུང་བར་མི་འགྱུར་རོ་སྙམ་པ་ དང་། འབྱུང་ཡང་འབྱུང་ལ་མི་འབྱུང་ཡང་མི་འབྱུང་ངོ་སྙམ་པ་དང་། དེ་བཞིན་སོང་བ་ཤི་ནས་འབྱུང་བ་ཡང་མ་ཡིན་མི་འབྱུང་བ་ཡང་མ་ཡིན་ནོ། །སྙམ་པ་དང་། སྲོག་དེ་ལུས་དེ་ཡིན་སྙམ་པ་དང་། སྲོག་ཀྱང་གཞན་ལུས་ ཀྱང་གཞན་ནོ་སྙམ་པ་དང་། སེམས་ཅན་འདི་གང་ནས་འོངས། དེ་འདི་ནས་ཤི་འཕོས་ནས་གང་དུ་འགྲོ་བར་འགྱུར་སྙམ་པ་དང་། སེམས་ཅན་ཡོད་པ་ལས་ཆད་དེ་འཇིག་ཅིང་མེད་པར་འགྱུར་རོ་སྙམ་པ་དང་། བྱེད་པ་དེ་མྱོང་བ་དེ་ཡིན་ནོ་སྙམ་པ་དང་། བྱེད་པ་ཡང་གཞན། མྱོང་བ་ཡང་གཞན་ནོ་སྙམ་པ་དང་། བདག་ཡོད་པས་བདག་གི་ཡོད་པར་འགྱུར་རོ་སྙམ་པ་དང་། བདག་གི་ཡོད་པས་བདག་ཡོད་པར་འགྱུར་རོ་སྙམ་ པ་དང་། འདི་ན་བདག་དེ་ལྟ་བུ་འམ། བདག་གཞན་དུ་འགྱུར་བ་ཞིག་གམ། དེ་བཞིན་དུ་འགྱུར་བ་ཞིག་གམ། གཞན་དུ་འགྱུར་བ་ཞིག་གམ། འདིར་འབྱུང་བར་འགྱུར་རམ། དེ་ལྟར་འབྱུང་བར་ འགྱུར་རམ། གཞན་དུ་འབྱུང་བར་འགྱུར་རམ། འདིར་བདག་སྔོན་བྱུང་ངམ། བདག་ད་ལྟ་བྱུང་ངམ། བདག་གཞན་དུ་བྱུང་ངམ་། སྙམ་དུ་དེ་དག་ལ་བདག་ཏུ་མངོན་པར་ཞེན་ཏེ། འཇིག་ ཚོགས་ལ་ལྟ་བ་དང་། ངའོ་སྙམ་པའི་ང་རྒྱལ་དང་། སེམས་ཀྱི་གནས་དང་། མངོན་པར་ཞེན་པ་དང་། ང་རྒྱལ་གྱི་བག་ལ་ཉལ་བ་དང་། སྙེམས་པ་དང་། ང་རྒྱལ་བྱེད་པ་དང་། བདག་ཏུ་སྨྲ་བའི་ལེན་པ་ དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་གང་ཡིན་པ་ཐམས་ཅད་དང་། ལུས་སམ། ངག་གམ། སེམས་ཀྱི་ལས་བསོད་ནམས་སུ་ཉེ་བར་འགྲོ་བ་འམ། བསོད་ནམས་མ་ཡིན་པར་ཉེ་ 82-1-195b བར་འགྲོ་བ་འམ། མི་གཡོ་བར་ཉེ་བར་འགྲོ་བ་འམ། འདོད་པར་གཏོགས་པ་འམ། གཟུགས་སུ་གཏོགས་པ་འམ། གཟུགས་མེད་པར་གཏོགས་པ་གང་ཡིན་པ་དེ་ནི་སྡུག་བསྔལ་ཀུན་འབྱུང་བ་འཕགས་ པའི་བདེན་པ་ཞེས་བྱའོ། །གང་འདོད་ཆགས་ཟད་པ་དང་། ཞེ་སྡང་ཟད་པ་དང་། གཏི་མུག་ཟད་པ་དང་། ང་རྒྱལ་ཟད་པ་དང་། བདག་ཏུ་མངོན་པར་ཞེན་པ་སྤངས་པ་དང་། བདག་ཏུ་སྨྲ་བའི་ལེན་པ་སྤངས་པ་དེ་ནི་ སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་ཞེས་བྱའོ། །གང་སྡུག་བསྔལ་ལ་ཡང་སྡུག་བསྔལ་བ་དང་། ཀུན་འབྱུང་བ་ལ་ཡང་ཀུན་འབྱུང་བ་དང་། འགོག་པ་ལ་ཡང་འགོག་པ་དང་། ལམ་ལ་ཡང་ལམ་ དུ་ཡིད་ལ་བྱེད་པ་དང་། འདུ་བྱེད་རྣམས་ལ་ཉེས་དམིགས་སུ་ལྟ་ཞིང་གནས་པ་དང་། མྱ་ངན་ལས་འདས་པ་ལ་ཕན་ཡོན་དུ་ལྟ་ཞིང་གནས་པ་དང་། ཇི་ལྟར་མཐོང་བ་དང་། བྱས་པ་ལ་སོ་སོར་རྟོག་པ་ཡང་དག་པའི་ལྟ་ བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ དེ་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཞེས་བྱ་སྟེ། འདི་དག་ནི་འཕགས་པའི་བདེན་པ་བཞི་ཞེས་བྱའོ། །དེ་འཕགས་པའི་བདེན་པ་བཞི་པོ་དེ་དག་ལ་དཔྱོད་ཅིང་རྟོག་ལ་ཁོང་དུ་ཆུད་ པར་བྱེད་ཅིང་རྣམ་པར་འཇིག་པ་ན་འདུས་བྱས་ཀྱི་ཁམས་ལ་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་མཐོང་ངོ་། །འདུས་མ་བྱས་ཀྱི་ཁམས་ལ་ནི་སྐྱབས་དང་། གནས་དང་། མགོན་དང་ དཔུང་གཉེན་དུ་ཡང་མཐོང་ལ། འདུས་མ་བྱས་ཀྱི་ཁམས་མངོན་སུམ་དུ་ཡང་མི་བྱེད་དེ། དེ་ལྟར་འཕགས་པའི་བདེན་པ་བཞི་པོ་དག་རབ་ཏུ་ཤེས་སོ། །དེ་ཆོས་དེ་དག་ཉན་ཅིང་འཛིན་པ་དང་། མང་དུ་བྱེད་ཅིང་ 82-1-196a ཡོངས་སུ་རྟོག་པ་ན་རྟེན་ཅིང་འབྲེལ་བར་འབྱུང་བ་རབ་ཏུ་ཤེས་ཏེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་དང་། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་དང་། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་ དང་གཟུགས་དང་། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་དང་། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་དང་། རེག་པའི་རྐྱེན་གྱིས་ཚོར་བ་དང་། ཚོར་བའི་རྐྱེན་གྱིས་སྲེད་པ་དང་། སྲེད་པའི་རྐྱེན་གྱིས་ལེན་ པ་དང་། ལེན་པའི་རྐྱེན་གྱིས་སྲིད་པ་དང་། སྲིད་པའི་རྐྱེན་གྱིས་སྐྱེ་བ་དང་། སྐྱེ་བའི་རྐྱེན་གྱིས་རྒ་ཤི་སྟེ། འདི་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱའོ། །འཕགས་པའི་བདེན་པ་བཞི་དང་། རྟེན་ཅིང་འབྲེལ་ བར་འབྱུང་བ་མི་ཤེས་པ་དང་། མི་མཐོང་བ་གང་ཡིན་པ་དེ་ནི་མ་རིག་པ་ཞེས་བྱའོ། །གང་ཅུང་ཟད་ལུས་དང་། ངག་དང་། ཡིད་ཀྱི་ལས་བསོད་ནམས་སུ་ཉེ་བར་འགྲོ་བ་འམ། བསོད་ནམས་མ་ཡིན་པར་ཉེ་བར་ འགྲོ་བ་འམ། མི་གཡོ་བར་ཉེ་བར་འགྲོ་བ་འམ། འདོད་པའི་ཁམས་སུ་ཉེ་བར་འགྲོ་བ་འམ། གཟུགས་ཀྱི་ཁམས་སུ་ཉེ་བར་འགྲོ་བ་འམ། གཟུགས་མེད་པའི་ཁམས་སུ་ཉེ་བར་འགྲོ་བ་དེ་དག་ནི་འདུ་བྱེད་ རྣམས་ཤེས་བྱའོ། །གང་ཅུང་ཟད་དེ་ལས་བྱུང་བ་སེམས་ཤེས་བྱ་བ་དང་། ཡིད་ཅེས་བྱ་བ་དེ་ནི་རྣམ་པར་ཤེས་པ་ཞེས་བྱའོ། །དེ་ལས་བྱུང་བ་གང་ཅི་ཡང་རུང་ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་། རེག་ པ་དང་། ཡིད་ལ་བྱེད་པ་དེ་ནི་མིང་ཞེས་བྱའོ། །གང་ཅི་ཡང་རུང་ལྷན་ཅིག་བྱུང་བ་མེར་མེར་པོའི་གཟུགས་དང་། རྫུས་ཏེ་བྱུང་བའི་གཟུགས་དང་། རྣམ་པར་རིག་བྱེད་ཀྱི་གཟུགས་དེ་ནི་གཟུགས་ཞེས་ བྱ་སྟེ། དེ་གཉིས་ནི་མིང་དང་གཟུགས་ཤེས་བྱའོ། །དེ་ལས་བྱུང་བ་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དེ་ནི་སྐྱེ་མཆེད་དྲུག་ཅེས་བྱའོ། །མིག་ལ་བརྟེན་ཅིང་གཟུགས་ལ་ཡང་བརྟེན་ཏེ་མིག་ 82-1-196b གི་རྣམ་པར་ཤེས་པ་འབྱུང་བ་དང་། གསུམ་འདུས་པ་ནི་རེག་པའོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། ཆོས་རྣམས་ལ་བརྟེན་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་བ་དང་། གསུམ་འདུས་པ་ནི་རེག་པ་སྟེ་དེ་ནི་རེག་ པ་ཞེས་བྱའོ། །དེ་ལས་བྱུང་བ་བདེ་བ་འམ། སྡུག་བསྔལ་བ་འམ། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དེ་དག་ནི་ཚོར་བ་གསུམ་ཞེས་བྱའོ། །དེ་ལས་བྱུང་བ་འདོད་ཆགས་དང་། ཆགས་པ་དང་། དགའ་བ་དེ་ནི་ སྲེད་པ་ཞེས་བྱའོ། །དེ་ལས་བྱུང་བ་ཀུན་དུ་ཆགས་པ་དང་། ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་དང་། བདག་ཏུ་སྨྲ་བ་དེ་ནི་ལེན་པ་ཞེས་བྱའོ། །དེ་ལས་བྱུང་བ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ རྣམས་དང་། རྣམ་པར་ཤེས་པ་དེ་ནི་སྲིད་པའོ། །གང་སྲིད་པ་དེ་འབྱུང་བ་དང་། སྐྱེ་བ་དང་། མངོན་པར་འགྲུབ་པ་དེ་ནི་སྐྱེ་བ་ཞེས་བྱའོ། །གང་སྲིད་པ་དེ་འགྱུར་བ་དང་། འཇིག་པ་དང་། ཉེ་བར་ཁྲིད་པ་ དེ་ནི་རྒ་བ་ཞེས་བྱའོ། །གང་སྲིད་པ་དེ་འཆི་འཕོ་བ་དང་བྲལ་བ་དེ་ནི་འཆི་བ་ཞེས་བྱའོ། །དེ་དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་དཔྱོད་ཅིང་ཡོངས་སུ་རྟོག་ལ་ཁོང་དུ་ཆུད་པར་བྱེད་ཅིང་རྣམ་པར་འཇིག་པ་ན་ ས་རློམ་སེམས་སུ་མི་བྱེད། སས་རློམ་སེམས་སུ་མི་བྱེད། ས་ནི་བདག་གིའོ་སྙམ་དུ་རློམ་སེམས་སུ་མི་བྱེད་དོ། །ས་ལ་མངོན་པར་དགའ་བར་མི་བྱེད་དོ། །ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། རྣམ་པར་ ཤེས་པ་ལ་གཅིག་པ་དང་། ཐ་དད་པ་དང་། མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པ་དང་། མྱ་ངན་ལས་འདས་པ་རློམ་སེམས་སུ་མི་བྱེད། མྱ་ངན་ལས་འདས་པས་རློམ་སེམས་སུ་མི་ བྱེད། མྱ་ངན་ལས་འདས་པ་ནི་བདག་གིའོ་སྙམ་དུ་རློམ་སེམས་སུ་མི་བྱེད། མྱ་ངན་ལས་འདས་པ་ལ་མངོན་པར་དགའ་བར་མི་བྱེད་དོ། །དེ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་རྣམས་ཡང་དག་པར་རྗེས་ 82-1-197a སུ་མཐོང་བ་ན་རྣམ་པར་ཐར་པའི་སྒོ་གསུམ་པོ་ཆོས་རྣམས་ཀྱི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཁོང་དུ་ཆུད་པར་བྱེད་ཅིང་རྣམ་པར་འཇོག་གོ། །དེ་རྟེན་ཅིང་འབྲེལ་བར་འབྱུང་ བའི་ཆོས་རྣམས་ཡང་དག་པར་རྗེས་སུ་མཐོང་བ་ན་འདི་ལྟ་སྟེ། མ་རིག་པ་འགགས་པས་འདུ་བྱེད་འགག །འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་ འགག །མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག །སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག །རེག་པ་འགགས་པས་ཚོར་བ་འགག །ཚོར་བ་འགགས་པས་སྲེད་པ་འགག །སྲེད་པ་ འགགས་པས་ལེན་པ་འགག །ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་འགག །སྐྱེ་བ་འགགས་པས་རྒ་ཤི་འགག་པར་རྟེན་ཅིང་འབྲེལ་བར་འབྱུང་བའི་འགག་པ་ཁོང་དུ་ཆུད་པར་བྱེད་ ཅིང་རྣམ་པར་འཇོག་སྟེ། དེ་དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བའི་འགོག་པ་ཡང་དག་པར་རྗེས་སུ་མཐོང་ཡང་རྟེན་ཅིང་འབྲེལ་བར་འབྱུང་བའི་འགོག་པ་མངོན་སུམ་དུ་ཡང་མི་བྱེད་དེ། དེ་ལྟར་རྟེན་ཅིང་འབྲེལ་བར་ འབྱུང་བའི་འགོག་པ་རབ་ཏུ་ཤེས་སོ། །དེ་ཆོས་དེ་དག་ཉན་ཅིང་འཛིན་པ་དང་མང་དུ་བྱེད་ཅིང་ཡོངས་སུ་རྟོག་པ་ན་དུས་གསུམ་རབ་ཏུ་ཤེས་ཏེ། གསུམ་གང་ཞེ་ན། འདས་པའི་དུས་དང་། མ་འོངས་པའི་དུས་དང་། ད་ ལྟར་བྱུང་བའི་དུས་ཏེ། དེ་དག་ནི་དུས་གསུམ་རྣམས་ཤེས་བྱའོ། །འདུ་བྱེད་གང་ལ་ལ་འགག་པ་དེ་ནི་འདས་པའི་དུས་ཤེས་བྱའོ། །འདུ་བྱེད་གང་ལ་ལ་མ་འོངས་ཤིང་མ་སྐྱེས་པ་དེ་ནི་མ་འོངས་པའི་དུས་ཤེས་ བྱའོ། །འདུ་བྱེད་གང་ལ་ལ་ད་ལྟར་བྱུང་བ་ད་ལྟར་དུ་གྱུར་བ་དེ་ནི་ད་ལྟར་བྱུང་བའི་དུས་ཤེས་བྱའོ། །དེ་འདས་པའི་དུས་ཀྱི་བདག་གི་མི་དགེ་བའི་རྩ་བ་རྣམས་རྗེས་སུ་དྲན་ན་སྨོད་ཅིང་གཤུང་སྟེ་ངེས་པར་སྤོང་ངོ་། ། 82-1-197b མ་འོངས་པའི་དུས་ཀྱི་བདག་གི་མི་དགེ་བའི་རྩ་བ་རྡུལ་ཙམ་ལ་ཡང་གཅིག་ཏུ་རྣམ་པར་སྨིན་པར་མཐོང་། མི་སྡུག་པར་རྣམ་པར་སྨིན་པར་མཐོང་། ཡིད་དུ་མི་འོང་བར་རྣམ་པར་སྨིན་པར་མཐོང་། འཇིགས་པར་མཐོང་ཞིང་ གནས་སོ། །ད་ལྟར་བྱུང་བའི་དུས་ཀྱི་བདག་གི་མི་དགེ་བའི་རྩ་བ་སྐྱེ་བའི་སྐབས་མི་འབྱེད་དེ། ལུས་སྡོམ་པས་བསྡམས། ངག་སྡོམ་པས་བསྡམས། ཡིད་སྡོམ་པས་བསྡམས། དབང་པོ་དྲུག་སྡོམ་པས་བསྡམས་སོ། ། དེ་འདས་པའི་དུས་ཀྱི་བདག་གི་དགེ་བའི་རྩ་བ་རྣམས་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བྱང་ཆུབ་ཀྱི་སེམས་ལ་སྨོན་པ་དང་། བྱང་ཆུབ་ཀྱི་སེམས་ལ་སྨོན་ལམ་འདེབས་པ་རྗེས་སུ་དྲན་ཞིང་འདུན་པ་ དྲག་པོ་དང་། དགའ་བ་དྲག་པོ་དང་། དད་པ་དྲག་པོས་སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན་ཐམས་ཅད་དགྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་། ཐམས་ཅད་མཁྱེན་པ་ ཉིད་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱེད་དོ། །མ་འོངས་པའི་དུས་ཀྱི་བདག་གི་དགེ་བའི་རྩ་བ་རྣམས་དང་། བྱང་ཆུབ་ཏུ་སེམས་བསྐྱེད་ པ་དང་། བྱང་ཆུབ་ཏུ་སྨོན་པ་དང་། བྱང་ཆུབ་ཏུ་སྨོན་ལམ་འདེབས་པ་ཡང་འདུན་པ་དྲག་པོ་དང་། དགའ་བ་དྲག་པོ་དང་། དད་པ་དྲག་པོས་སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན་ཐམས་ཅད་ དགྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འདོང་ངོ་། །མོས་སོ། །ཡིད་ ཀྱིས་སྨོན་ཏོ། །ད་ལྟར་བྱུང་བའི་བདག་གི་དགེ་བའི་སེམས་ཀྱི་རྒྱུན་དང་། སེམས་ཀྱི་རྒྱུད་ཀྱང་སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན་ཐམས་ཅད་དགྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས་ 82-1-198a དབྱུང་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རྟག་པར་རྒྱུན་ཏུ་མི་འདོར་རོ། །ཉམས་པར་མི་བྱེད་དོ། །བརྗེད་པར་མི་བྱེད་དོ། ། བག་མེད་པར་མི་བྱེད་དོ། །གང་འདས་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དེ་ནི་འདས་པ། འགགས་པ། མེད་པ། ཡོད་པ་མ་ཡིན་པ་སྟེ། དེ་ནི་ད་ལྟར་བདག་མེད་པ། བདག་གི་མེད་པའོ། །གང་མ་འོངས་པའི་ ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དེ་ནི་མ་སྐྱེས་པ། མ་བྱུང་བ། ཡོད་པ་མ་ཡིན་པ་སྟེ། དེ་ནི་ད་ལྟར་བདག་མེད་པ། བདག་གི་མེད་པའོ། །གང་ད་ལྟར་བྱུང་བའི་དུས་ཀྱི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དེ་ ནི་མི་གནས་པ། མི་འདུག་པའོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་ནི་སྐད་ཅིག་ལས་ལྷག་པར་མི་གནས་པའི་ཕྱིར་རོ། །སྐད་ཅིག་པ་དེའི་སྐྱེ་བའི་དུས་ཀྱང་གཞན། གནས་པའི་དུས་ཀྱང་གཞན། འགག་པའི་དུས་ཀྱང་གཞན་གང་ཡིན་པའི་སྐད་ཅིག་གནས་པ་མེད་པ། འདུག་པ་མེད་པའོ། །སྐད་ཅིག་གི་དུས་གང་ཡིན་པ་དེ་ནི་ནང་དང་ཕྱིའི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་དོ། །ནང་དང་ཕྱིའི་ཕུང་ པོ་དང་། ཁམས་དང་། སྐྱེ་མཆེད་གང་ཡིན་པ་དེ་ནི་དུས་སོ། །ད་ལྟར་བྱུང་བའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་གང་ཡིན་པ་དེ་ནི་སྐད་ཅིག་ཙམ་ཡང་མི་གནས་པ་མི་འདུག་པ་སྟེ། མི་གནས་པ་མི་ འདུག་པ་ལ་ནི་བདག་གམ་བདག་གི་བ་མེད་དོ། །དེ་ཡང་གང་གི་ཚེ་མ་འོངས་པར་གྱུར་བ་དེའི་ཚེ་མ་སྐྱེས་པ་དང་། མ་བྱུང་བ་ཡོད་པ་མ་ཡིན་པའོ། །བདག་ཏུ་མ་གྱུར་ཅིང་བདག་གིར་མ་གྱུར་པའོ། །གང་གི་ཚེ་འདས་ ཏེ་འགགས་པ་དང་། མ་བྱུང་སྟེ་ཡོད་པ་མ་ཡིན་པར་འགྱུར་བ་དེའི་ཚེ་ཡང་བདག་མེད་པ་དང་། བདག་གི་མེད་པ་ཉིད་དུ་འགྱུར་རོ། །གང་ཡང་དུས་གསུམ་དག་ཏུ་བདག་མེད་ཅིང་བདག་གི་མེད་པ་དེ་ནི་མ་བྱུང་ཞིང་ཡོད་པ་མ་ཡིན་ 82-1-198b པའི་ཕྱིར་མཁས་ཤིང་རིག་པ་རྣམས་ཀྱིས་འདི་ནི་བདག་གིའོ། །འདི་ནི་ངའོ། །བདག་གི་འདི་ནི་ཡོད་དོ་ཞེས་བདག་ཏུ་ལྟ་བར་འོས་པ་མ་ཡིན་ནོ། །དེ་སྲིད་པ་ཐམས་ཅད་དང་། །འདུ་བྱེད་ཐམས་ ཅད་ལ་བདག་མེད་པའི་འདུ་ཤེས་དང་། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང་། སྤངས་པའི་འདུ་ཤེས་དང་། འགོག་པའི་འདུ་ཤེས་ཅན་དུ་གནས་ཏེ། འགོག་པ་མངོན་སུམ་དུ་བྱེད་པ་ཡང་མ་ཡིན་ནོ། །གང་དེ་ ལྟར་དུས་གསུམ་རབ་ཏུ་ཤེས་པ་དེ་ཆོས་དེ་དག་ཉན་ཅིང་འཛིན་པ་དང་། མང་དུ་བྱེད་ཅིང་ཡོངས་སུ་རྟོག་པ་ན་ཐེག་པ་གསུམ་རབ་ཏུ་ཤེས་ཏེ། གསུམ་གང་ཞེ་ན། ལྷའི་ཐེག་པ་དང་། ཚངས་པའི་ཐེག་པ་དང་། འཕགས་ པའི་ཐེག་པ་སྟེ། དེ་དག་ནི་ཐེག་པ་གསུམ་ཞེས་བྱའོ། །བསམ་གཏན་དང་པོ་ནི་ལྷའི་ཐེག་པ་སྟེ། བསམ་གཏན་གཉིས་པ་དང་། གསུམ་པ་དང་། བཞི་པ་ཡང་ལྷའི་ཐེག་པའོ། །བྱམས་པ་ནི་ཚངས་པའི་ ཐེག་པ་སྟེ། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱང་ཚངས་པའི་ཐེག་པའོ། །ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱ་བ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱ་བ་དེ་ནི་འཕགས་པའི་ཐེག་པ་ཞེས་བྱའོ། ། དེ་དུས་དུས་སུ་ལྷའི་ཐེག་པ་སྒོམ་སྟེ་སེམས་ཅན་རྣམས་ཀྱང་དེ་ལ་འགོད། དུས་དུས་སུ་ཚངས་པའི་ཐེག་པ་སྒོམ་སྟེ། སེམས་ཅན་རྣམས་ཀྱང་དེ་ལ་འགོད། དུས་དུས་སུ་འཕགས་པའི་ཐེག་པ་བསྒོམ་ཞིང་སེམས་ ཅན་རྣམས་ཀྱང་དེ་ལ་འགོད་ལ། རྣམ་པར་གྲོལ་བ་འཕགས་པ་མངོན་སུམ་དུ་ཡང་མི་བྱེད་དོ། །གཞན་ཡང་ཐེག་པ་གསུམ་རབ་ཏུ་ཤེས་ཏེ། གསུམ་གང་ཞེ་ན། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ 82-1-199a ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་སྟེ། དེ་དག་ནི་ཐེག་པ་གསུམ་ཞེས་བྱའོ། །མོས་པ་དམན་པ་དང་། དབང་པོ་དམན་པ་སྐད་ཅིག་ཙམ་ཡང་སྲིད་པ་ལ་མོས་པར་མི་བྱེད། སྲེད་པར་མི་བྱེད་ཀྱི་ འདོར་ཏེ། སྐད་ཅིག་དེ་ལ་དེ་མ་ཐག་ཏུ་མྱ་ངན་ལས་འདས་པ་ཐོབ་པའི་ཕན་ཡོན་མཐོང་བས་མགོ་དང་གོས་ལ་མེ་འབར་བ་བཞིན་དུ་འཕགས་པའི་བདེན་པ་བཞི་པོ་དག་ཁོང་དུ་ཆུད་པ་དང་། རྟོག་པར་བྱ་བའི་ ཕྱིར་འདུན་པ་དང་། རྩོལ་བའི་ཤས་ཆེ་བ་དེ་ནི་ཉན་ཐོས་ཀྱི་ཐེག་པ་ཞེས་བྱའོ། །མོས་པ་འབྲིང་དང་། དབང་པོ་འབྲིང་དང་། དབེན་པར་དགའ་བ་དང་། རང་གི་དོན་ལྷུར་ལེན་པ་དང་། བསམ་ གཏན་དང་། སྙོམ་པར་འཇུག་པ་ལ་གནས་པར་བརྩོན་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་རབ་ཏུ་རྣམ་པར་འབྱེད་པ་ལ་མཁས་པ་དང་། རང་བྱང་ཆུབ་ཏུ་སྨོན་པ་དང་། རང་བྱང་ཆུབ་ཏུ་སྨོན་ལམ་ འདེབས་པ་དེ་ནི་རང་སངས་རྒྱས་ཀྱི་ཐེག་པ་ཞེས་བྱའོ། །མོས་པ་ཁྱད་པར་དུ་འཕགས་པ། དབང་པོ་ཁྱད་པར་དུ་འཕགས་པ། སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན་ཐམས་ཅད་དགྲོལ་ བ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་བཀང་བར་འདོད་པ་དང་། ཕ་རོལ་དུ་ཕྱིན་པ་དྲུག་ ཡོངས་སུ་བཀང་བར་འདོད་པ་དང་། འཇིག་རྟེན་གྱི་དོན་དུ་འཁོར་བའི་སྡུག་བསྔལ་ལ་མི་ལྟ་བ་དང་། འཁོར་བའི་བདེ་བ་ལ་ཡང་དམོད་པ་མང་བ་ཡིན་ན་འཁོར་བའི་སྡུག་བསྔལ་ལ་དམོད་པ་མང་བ་ལྟ་ སྨོས་ཀྱང་ཅི་དགོས་ཏེ། ཚུལ་ཁྲིམས་དང་སྤྱོད་པ་ཁྱད་པར་དུ་འཕགས་པ་ལ་རྣམ་པར་གནས་པ་དང་། རྫོགས་པའི་བྱང་ཆུབ་ཀྱི་ཐེག་པ་ཅན་གྱི་མདོ་སྡེ་རྣམས་ཀློག་པ་དང་། ཁ་ཏོན་དུ་བྱེད་པ་དང་། 82-1-199b ལུང་ནོད་པ་དང་། ཡིད་ལ་བྱེད་པ་རྣམས་ལ་བརྩོན་འགྲུས་བརྩམས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཡིན་པ་དེ་དག་དགེ་བའི་བཤེས་གཉེན་ཡིན་པ་དང་། དེ་དག་གི་བྱིན་གྱི་ བརླབས་བཞི་པོ་བདེན་པ་དང་། གཏོང་བ་དང་། ཉེ་བར་ཞི་བ་དང་། ཤེས་རབ་ལ་སློབ་པ་དང་། ཤེས་བྱ་ཐམས་ཅད་ཉན་པ་དང་། ལེན་པ་དང་། འཛིན་པ་དང་། དཔྱོད་པར་དགའ་བ་དང་། ཏིང་ངེ་འཛིན་དང་། སྙོམས་ པར་འཇུག་པ་ཐམས་ཅད་ཡང་དག་པར་བསྐྱེད་པར་འདོད་པ་དང་། རང་གི་དོན་ལ་མི་ལྟ་བ་དང་། འཇིག་རྟེན་གྱི་དོན་ལྷུར་ལེན་པ་དང་། སྟོབས་ཇི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་ཐེག་པ་གསུམ་ པོ་དག་ལ་དགོད་པར་འདོད་པ་དང་། དགོད་པར་སྤྲོ་བ་དང་། བདག་ཉིད་ཀྱང་བྱང་ཆུབ་ཀྱི་ཐེག་པ་ལ་ཤིན་དུ་གནས་པ་དང་། མི་ཕྱེད་པ་དང་། མི་བསྐྱོད་པ་དང་། རྡོ་རྗེ་ལྟ་བུའི་སེམས་དང་། རྟག་པར་རྒྱུན་ དུ་བྱང་ཆུབ་ཏུ་སྨོན་ཅིང་བྱང་ཆུབ་ཏུ་སྨོན་ལམ་འདེབས་པ་དེ་ནི་ཐེག་པ་ཆེན་པོ་ཞེས་བྱ་སྟེ། དེ་ལྟར་ཐེག་པ་གསུམ་པོ་དག་རབ་ཏུ་ཤེས་སོ། །དེ་ཆོས་དེ་དག་ཉན་ཅིང་འཛིན་པ་མང་དུ་བྱེད་ཅིང་ཡོངས་སུ་རྟོག་ པ་ན་དགེ་བའི་ཐབས་རབ་ཏུ་ཤེས་ཏེ། སངས་རྒྱས་དང་། ཆོས་དང་། དགེ་འདུན་ཐམས་ཅད་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས་པ་འདས་པ་དང་། མ་འོངས་པ་དང་ ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་དང་། ཆོས་ཐམས་ཅད་དང་། དགེ་འདུན་ཐམས་ཅད་ལ་ཕྱག་འཚལ་ལོ། །ཞེས་དམིགས་པར་བྱེད་དོ། །དེ་ཕྱག་ལན་གཅིག་འཚལ་བ་ན་མཐའ་ཡས་ཤིང་ དཔག་ཏུ་མེད་པར་ཕྱག་འཚལ་བར་བྱའོ་སྙམ་དུ་སེམས་བསྐྱེད་དོ། །དེ་བྱང་ཆུབ་ཏུ་སྨོན་པ་ན་སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན་ཐམས་ཅད་དགྲོལ་བ་དང་། སེམས་ཅན་ཐམས་ 82-1-200a ཅད་དབུགས་དབྱུང་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱེད་དོ། །དེ་བཞིན་དུ་སྐྱབས་སུ་འགྲོ་ བ་ན་ཡང་སེམས་བསྐྱེད་དོ། །དེ་འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་དང་། ཁྲུས་བྱེད་པ་དང་། ཟ་བ་དང་། འཐུང་བ་དང་། ཞིང་རྨེད་པ་དང་། ས་བོན་འདེབས་པ་དང་། ལས་ཐམས་ཅད་བྱེད་པ་ ན་ཡང་མཐའ་ཡས་ཤིང་དཔག་ཏུ་མེད་པར་བྱང་ཆུབ་ཏུ་སྨོན་ལམ་གདབ་པར་བྱའོ་ཞེས་སེམས་བསྐྱེད་དོ། །མང་དུ་བྱེད་དོ། །སྙོམས་པར་འཇུག་པ་དང་། བསམ་གཏན་བྱེད་པ་ན་ཡང་སེམས་ཅན་ཐམས་ ཅད་བསྒྲལ་བ་དང་། སེམས་ཅན་ཐམས་ཅད་དགྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་མཐའ་ཡས་ཤིང་དཔག་ཏུ་མེད་པར་བྱང་ཆུབ་ཏུ་སྨོན་ལམ་གདབ་བོ་ཞེས་སེམས་བསྐྱེད་དོ། །མང་དུ་བྱེད་དོ། །ཐམས་ཅད་མཁྱེན་པ་ཉིད་དང་། འཇིག་རྟེན་ཐམས་ ཅད་ཀྱི་མཆོག་དང་། སེམས་ཅན་ཐམས་ཅད་གདུལ་བ་དང་། མཚུངས་པ་མེད་པ་དང་། མི་མཉམ་པ་དང་མཉམ་པ་དང་། འཇིག་རྟེན་ཐམས་ཅད་དབུགས་དབྱུང་བ་དང་། འཇིག་རྟེན་ཐམས་ཅད་ ཡོངས་སུ་མྱ་ངན་ལས་བཟླ་བ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སྨོན་ལམ་གདབ་བོ་ཞེས་སེམས་བསྐྱེད་དོ། ། མང་དུ་བྱེད་དོ། །དེ་དགེ་བ་གང་ཅི་སྤྱོད་ཀྱང་དེ་སེམས་ཅན་ཐམས་ཅད་ཀྱི་འཇིགས་པ་མེད་པར་བྱ་བ་དང་། ངན་འགྲོའི་རྒྱུད་གཅད་པ་དང་། སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བར་བྱ་བ་དང་། ཉོན་མོངས་ 82-1-200b པ་ཐམས་ཅད་ཉེ་བར་ཞི་བར་བྱ་བ་དང་། མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱེད་དོ། །ཉན་ཐོས་ཀྱི་ཐེག་པ་ཅན་ད་ལྟར་བྱུང་བ་དང་། མ་འོངས་པ་རྣམས་ཀྱི་ཉན་ཐོས་ཀྱི་ཐེག་པ་ ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱེད་དོ། །རང་སངས་རྒྱས་ཀྱི་ཐེག་པ་ཅན་ད་ལྟར་བྱུང་བ་དང་། མ་འོངས་པ་རྣམས་ཀྱི་རང་སངས་རྒྱས་ཀྱི་ཐེག་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ ཡོངས་སུ་བསྔོ་བར་བྱེད་དོ། །བྱང་ཆུབ་སེམས་དཔའི་ཐེག་པ་ཅན་ད་ལྟར་བྱུང་བ་དང་། མ་འོངས་པ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ཐེག་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་ བྱེད་དོ། །དེ་བཞིན་གཤེགས་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས་པ་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བ་རྣམས་བསྐལ་པར་བཞུགས་པ་དང་། བསྐལ་པར་ཆོས་སྟོན་པ་དང་ བསྐལ་པར་དགེ་འདུན་འཐུན་པར་གྱུར་བར་ཡོངས་སུ་བསྔོ་བར་བྱེད་དོ། །མཐོ་རིས་ཀྱི་ལམ་ལ་དགོད་པ་འམ། ཉན་ཐོས་ཀྱི་ལམ་ལ་དགོད་པ་འམ། རང་སངས་རྒྱས་ཀྱི་ལམ་ལ་དགོད་པ་འམ། རྫོགས་ པའི་བྱང་ཆུབ་ཀྱི་ལམ་ལ་དགོད་པ་འམ། སྦྱིན་པས་རྗེས་སུ་འཇུག་པ་འམ། སྙན་པར་སྨྲ་བས་རྗེས་སུ་འཇུག་པ་འམ། དོན་སྤྱོད་པས་རྗེས་སུ་འཇུག་པ་འམ། དོན་འཐུན་པས་རྗེས་སུ་འཇུག་པ་འམ། ཇི་ལྟ་ཇི་ལྟར་གཞན་དག་དགེ་བའི་ཕྱོགས་ཡང་དག་པར་སྐྱེད་ཅིང་དགེ་བའི་རྩ་བ་སོགས་པར་འགྱུར་བ་དེ་ཡང་རབ་ཏུ་ཤེས་སོ། །དེ་ཆོས་ཀྱི་ཚིགས་འདི་དག་ལ་ཉིན་ཅིག་བཞིན་དུ་དུས་གསུམ་དུ་ འཇུག་གོ། །ཡིད་ལ་བྱེད་དོ། །དེ་འདི་ལྟ་སྟེ། འཇིག་རྟེན་དག་གི་ཁམས་རྣམས་ཐམས་ཅད་ན། །ཡང་དག་བཞུགས་པ་རྫོགས་པའི་སངས་རྒྱས་དང་། །ཆོས་དང་དགེ་འདུན་བྱང་ཆུབ་སེམས་དཔའ་ལ། ། 82-1-201a གན་འགྲོ་མགོ་བོས་མཐའ་ཡས་ཕྱག་ཀྱང་འཚལ། །འགྲོ་བའི་ནང་ན་ཡོན་ཏན་མཉམ་མེད་ཅིང་། །མི་མཉམ་མཉམ་པའི་ཡོན་ཏན་འབྱུང་གནས་པོ། །ཡོན་ཏན་དཔག་མེད་དེ་དག་ཐམས་ཅད་ ལ། །བདག་ནི་མགོ་བོས་མཐའ་ཡས་སྐྱབས་སུ་མཆི། །སངས་རྒྱས་དང་ནི་ཆོས་དང་ཚོགས་རྣམས་དང་། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འཇིག་རྟེན་ཁམས། །གང་ཡང་བརྒྱ་ལམ་སྟོངས་པར་མི་ འགྱུར་བར། །དེ་ལྟར་གསོལ་བ་མཐའ་ཡས་རབ་ཏུ་འདེབས། །ཞི་བའི་ཆོས་ནི་རབ་ཏུ་སྟོན་མཛད་ཅིང་། །བསྐལ་པ་མ་ལུས་རྣམས་སུ་བཞུགས་པར་ཡང་། །འཇིག་རྟེན་ཁམས་རྣམས་ཀུན་གྱི་ བདེ་གཤེགས་ལ། །མགོ་བོས་གསོལ་བ་མཐའ་ཡས་རབ་ཏུ་འདེབས། །སྔོན་དང་འདི་དང་སྐད་ཅིག་ཙམ་ཡང་རུང་། །བདག་གིས་སྡིག་པ་གང་དང་གང་བགྱིས་པ། །སྡིག་པ་དེ་དག་ཐམས་ཅད་ སྨད་པར་བགྱི། །སྡིག་པ་ཐམས་ཅད་བདག་གིས་སྤང་བར་བགྱི། །སྐད་ཅིག་ཙམ་ཡང་བདག་གིས་དགེ་བ་འདི། །མ་ལུས་པར་ནི་ཡང་དག་གཟུང་བར་བགྱི། །ཚེ་ཡིས་ཇི་ཙམ་ཐུབ་ཀྱི་བར་དུ་ནི། ། དགེ་བ་ཀུན་ལ་གནས་པར་འགྱུར་བར་འཚལ། །སངས་རྒྱས་དག་དང་བྱང་ཆུབ་སེམས་དཔའ་རྣམས། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་རབ་བསྐོར་བ། །འཇིག་རྟེན་འདིར་ནི་བྱུང་དང་བྱུང་གྱུར་དང་། ། འབྱུང་འགྱུར་རྣམས་ཀྱི་དགེ་བ་ཐམས་ཅད་དང་། །རྒྱལ་བ་རྣམས་དང་འཕགས་པ་ཐམས་ཅད་ཀྱི། །ཚུལ་ཁྲིམས་དང་ནི་ཡེ་ཤེས་ཏིང་འཛིན་དང་། །རྣམ་གྲོལ་ཚེ་དང་ཆོས་རྣམས་གང་ཡིན་པ། །དེ་ དག་འཇིག་རྟེན་རྣམས་ལ་ཕན་གྱུར་ཅིག །འགྲོ་བ་ལྔ་ཡི་སེམས་ཅན་ཐམས་ཅད་དག །བྱུང་དང་བྱུང་གྱུར་འབྱུང་བར་འགྱུར་རྣམས་ཀྱི། །དགེ་བ་དག་ལ་བདག་ནི་ཕྱི་ཕྱིར་ཞིང་། །མགོ་བོས་མཐའ་ 82-1-201b ཡས་རྗེས་སུ་ཡི་རང་ངོ་། །ཡོན་ཏན་ཡང་དག་དགེ་བ་མཐའ་ཡས་པ། །དེ་དག་ཐམས་ཅད་འགྲོ་བ་མ་ལུས་པས། །སེམས་ཅན་རེ་རེ་དང་ནི་བདག་ཉིད་ལའང་། །ཡོད་པར་བདག་ནི་སྨོན་ལམ་མཐའ་ ཡས་འདེབས། །བདག་གི་དགེ་བ་དག་ནི་འདས་པ་དང་། །མ་འོངས་པ་དང་ད་ལྟར་ཐམས་ཅད་ཀྱིས། །འཇིག་རྟེན་དག་གི་ཁམས་ནི་ཐམས་ཅད་དུ། །དཀོན་མཆོག་གསུམ་པོ་རྟག་ཏུ་འབྱུང་བར་ ཤོག །དཀོན་མཆོག་གསུམ་དང་བྱང་ཆུབ་སེམས་དཔའ་རྣམས། །བསྐལ་པར་བཞུགས་པས་ཕོངས་པར་མ་གྱུར་ཅིག །བར་དུ་གཅོད་པ་མེད་པར་བྱང་ཆུབ་དང་། །ཕ་རོལ་ཕྱིན་པ་རྣམས་ནི་རྫོགས་ པར་ཤོག །སེམས་ཅན་དག་ནི་ཐམས་ཅད་བདེ་བ་དང་། །འཇིགས་པ་མེད་ཅིང་ངན་འགྲོ་འདས་པ་དང་། །མི་དགེ་ཐམས་ཅད་དང་ནི་བྲལ་བ་དང་། །དགེ་བའི་རྩ་བ་ཐམས་ཅད་རྫོགས་གྱུར་ཅིག །ཐེག་པ་ གསུམ་པོ་དག་ལ་ཅི་རིགས་པར། །དེ་དག་ལ་ནི་སྨོན་ལམ་མཐར་ཕྱིན་ཅིང་། །ཚེ་རིང་བ་དང་རྣམ་པར་གྲོལ་བ་དང་། །ཁྱད་པར་ཅན་གྱི་དོན་ཀུན་རྫོགས་པར་ཤོག །རྫོགས་པའི་བྱང་ཆུབ་སྨོན་ལམ་ འདེབས་པ་ན། །མཐའ་ཡས་དཔག་ཏུ་མེད་པར་རབ་ཏུ་འདེབས། །སེམས་ཅན་ཐམས་ཅད་དག་གི་སྡུག་བསྔལ་དང་། །ཉོན་མོངས་དག་ནི་ཉེ་བར་ཞི་གྱུར་ཅིག །ཆོས་དང་ལྡན་པའི་བྱ་བ་ རྣམས་ཀྱི་ཕྱིར། །འཇིག་རྟེན་དག་གི་ཁམས་རྣམས་ཐམས་ཅད་ཀྱི། །རྒྱལ་བ་ཀུན་དང་བྱང་ཆུབ་སེམས་དཔའ་ལ། །རང་གི་ལུས་ནི་ངེས་པར་དབུལ་བར་བགྱི། །རྫོགས་པའི་བྱང་ ཆུབ་ཐོབ་པར་གྱུར་བ་དུ། །མ་འོངས་པ་ན་སྨོན་ལམ་མཐའ་ཡས་གདབ། །སྐྱེ་དང་སྐྱེ་བར་དཀོན་མཆོག་གསུམ་པོ་ལ། །བདག་ནི་ཡོངས་སུ་སྤྱད་པར་བགྱིད་པར་ཤོག །འཇིག་རྟེན་ 82-1-202a དག་གི་ཁམས་རྣམས་ཐམས་ཅད་ཀྱི། །དཀོན་མཆོག་གསུམ་དང་བྱང་ཆུབ་སེམས་དཔའ་ལ། །ནམ་མཁའ་མཉམ་པའི་ལྷ་ཡི་སྤོས་མཆོག་དང་། །ཕྲེང་བ་མེ་ཏོག་ཆུན་པོས་ མཆོད་བྱེད་ཤོག །ལྷུན་པོ་མཉམ་པའི་གསེར་དང་དངུལ་དག་དང་། །གོས་དང་རིན་པོ་ཆེ་ཡི་ཕུང་པོ་དང་། །གཞལ་མེད་ཁང་བཅས་གཞོན་དང་མལ་ཆ་དང་། །བཟའ་བ་མཐའ་ཡས་དག་ནི་སྦྱིན་པར་ ཤོག །འགྲོ་བའི་བསམ་པ་ལམ་གྱིས་རྫོགས་བྱེད་ཅིང་། །སྐྱབས་དང་ལུས་དང་ཕ་འདྲར་གྱུར་བར་ཤོག །བཟོད་ལ་དགའ་ཞིང་ཚུལ་ཁྲིམས་གཙང་བ་དང་། །འགྲོ་ལ་ཆོས་ནི་རབ་ཏུ་སྟོན་གྱུར་ ཅིག །བྱང་ཆུབ་ཐེག་པ་མཆོག་ནི་རྙེད་པ་དང་། །དཀོན་མཆོག་གསུམ་ཕྱིར་གོ་ཆ་སྲ་བ་བགོ། །ཕ་རོལ་ཕྱིན་པ་ཡོངས་སུ་རྫོགས་བྱེད་ཅིང་། །སངས་རྒྱས་ཆོས་རྣམས་ཡོངས་སུ་རྫོགས་བྱེད་ཤོག ། སྡིག་པ་ཀུན་དང་བྲལ་ཞིང་ལུས་ངག་དང་། །ཡིད་ཀྱི་ལས་མཐའ་དགེ་བ་མཆོག་གྱུར་ཅིག །བྱང་ཆུབ་ལས་ནི་མི་ལྡོག་བདག་གྱུར་ཅིང་། །བྱང་ཆུབ་དགའ་དང་བྱང་ཆུབ་སེམས་དཔར་གྱུར། ། སྲིད་དང་སྲིད་པར་བྱང་ཆུབ་སེམས་དཔའ་དང་། །སངས་རྒྱས་རྣམས་ཀྱི་དགེ་བ་ཀུན་ལ་སློབ། །བདག་གིས་ཆོས་རྣམས་དེ་དག་ཀུན་ལ་ཡང་། །འཇིག་རྟེན་ཐམས་ཅད་རབ་ཏུ་དགོད་པར་ བགྱིད། །དེ་དེ་ལྟར་བདག་དང་གཞན་དག་གི་དགེ་བའི་རྩ་བ་བསགས་པ་རབ་ཏུ་ཤེས་སོ། །དེ་ཤེས་རབ་དེ་དང་ཡེ་ཤེས་དེ་མངོན་སུམ་དུ་བྱ་བར་འདོད་པ་དང་། ཡིད་ལ་བྱ་བར་འདོད་པ་ན་ཡང་ སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན་ཐམས་ཅད་དགྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་དང་། 82-1-202b སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱེད་དོ། །མངོན་སུམ་དུ་བྱེད་པ་དང་། ཡིད་ལ་བྱེད་པ་དང་། མངོན་སུམ་དུ་བྱས་པ་དང་། ཡིད་ལ་བྱས་ནས་ ཀྱང་སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན་ཐམས་ཅད་དགྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་དང་། སངས་ རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱེད་དོ། །གལ་ཏེ་ཤེས་རབ་དེ་དང་། ཡེ་ཤེས་དེ་ལ་སློབ་པའི་ནུས་པ་དང་མི་ལྡན་པར་གྱུར་ན་དེ་འདི་ལྟར་ཡང་དག་ པར་སློབ་སྟེ། དུས་དུས་སུ་འམ། ཅུང་ཟད་ཅུང་ཟད་དུ་ཡང་འཆལ་བའི་ཤེས་རབ་དང་། མི་ཤེས་པ་སྤང་བ་དང་། དོར་བ་དང་། བསལ་བར་རྩོལ་ལོ་འབད་དོ། །དུས་དུས་སུ་ འམ། ཅུང་ཟད་ཅུང་ཟད་དུ་ཡང་ཤེས་རབ་དང་ཡེ་ཤེས་ལ་སློབ་པ་དང་། མངོན་པར་འཕེལ་བར་བྱ་བ་དང་། ཡོངས་སུ་རྫོགས་པར་བྱ་བར་རྩོལ་ལོ། །འབད་དོ། །སྲིད་པ་གཞན་དུ་ གྱུར་བ་ན་ཡང་ཞུམ་པར་མི་འགྱུར་ཞིང་སྒྱིད་ལུག་པར་མི་འགྱུར་རོ། །ལག་བཟངས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བྱང་ཆུབ་ཀྱི་སེམས་རྗེས་སུ་ དྲན་པ་དང་། བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་། བྱང་ཆུབ་ཏུ་སྨོན་པ་དང་། བྱང་ཆུབ་ཏུ་སྨོན་ལམ་འདེབས་པ་གང་ཡིན་པ་དེ་ཉིད་དེ་དག་གི་ཤེས་རབ་དགེ་བ་དང་། ཡེ་ཤེས་དགེ་ བ་གྲངས་མེད་ཅིང་དཔག་ཏུ་མེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་ཟག་པ་མེད་པའི་ཤེས་རབ་བསྐྱེད་པར་འདོད་ 82-1-203a པ་དང་། མི་སློབ་པའི་ཤེས་རབ་བསྐྱེད་པར་འདོད་པ་དང་། ཟག་པ་མེད་པའི་ཤེས་རབ་ཡང་དག་པར་བསྐྱེད་པར་འདོད་པ་དང་། མི་སློབ་པའི་ཤེས་རབ་ཡང་དག་པར་བསྐྱེད་པར་འདོད་པ་ དེ་ནི་ཤེས་རབ་དགེ་བ་དང་། ཡེ་ཤེས་དགེ་བ་ཐམས་ཅད་ཀྱི་མཆོག་ཡིན་ནོ། །དེ་ནི་དམ་པ་ཡིན་ནོ། །ལག་བཟངས་དེ་ལྟར་ན་བྱང་ཆུབ་སེམས་དཔའ་བདེ་བ་དང་ལྡན་ལ་ཡིད་བདེ་བ་དང་ལྡན་ཞིང་ ཚེགས་ཆུང་ངུ་དང་། སྡུག་བསྔལ་ཆུང་ངུས་མྱུར་དུ་སྐྱེན་པར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ཕ་རོལ་དུ་ཕྱིན་པ་ཐམས་ཅད་ཡོངས་སུ་ རྫོགས་པ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ལྷ་དང་མིའི་སྐྱེ་དགུའི་སེམས་ཅན་ གྲངས་མེད་དཔག་ཏུ་མེད་པ་དག་ཐེག་པ་གསུམ་དང་། མཐོ་རིས་སུ་སྐྱེ་བའི་དོན་བྱས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ལག་བཟངས་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་ རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་ གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལག་བཟངས་ཀྱིས་ཞུས་པའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་དྲུག་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱ་ན་ཤཱི་ལ་དང་། ཛི་ན་མི་ཏྲ་དང་། 82-1-203b ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་ གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་ཉི་ཤུ་རྩ་བདུན་པ་སྟེ་དེས་པས་ཞུས་པ། བམ་པོ་གཅིག་པ། ༄༅། །རྒྱ་གར་སྐད་དུ། ཨཱརྱ་སུ་ར་ཏཱ་པ་རེ་པྲྀཙྪ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དེས་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་ དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ བྱང་ཆུབ་སེམས་དཔའ་སུམ་ཁྲི་ཉིས་སྟོང་དག་དང་ཐབས་གཅིག་ཏུ་བཞུགས་ཏེ། འཁོར་བཞི་དང་། རྒྱལ་པོ་དང་། བློན་པོ་དང་། གྲོང་རྡལ་གྱི་མི་དང་། ལྗོངས་ཀྱི་མི་རྣམས་ཀྱིས་ བཀུར་སྟིར་བྱས། བླ་མར་བྱས། རིམ་གྲོར་བྱས། མཆོད་པར་བྱས་སོ། །དེའི་ཚེ་མཉན་ཡོད་ཀྱི་གྲོང་ཁྱེར་ན་གྲོང་ཁྱེར་གྱི་མི་དབུལ་པོ་དེས་པ་ཞེས་བྱ་བ་སངས་རྒྱས་ལ་དད་པ་མི་ཕྱེད་པ་ དང་ལྡན་པ། ཆོས་ལ་དད་པ་མི་ཕྱེད་པ་དང་ལྡན་པ། དགེ་འདུན་ལ་དད་པ་མི་ཕྱེད་པ་དང་ལྡན་པ། བསླབ་པའི་གཞི་ལྔ་ཡོངས་སུ་བཟུང་བ། དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ། བྱམས་པ་ལ་གནས་ཏེ་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ། སྙིང་རྗེ་ལ་གནས་ཏེ་ཡིད་ཡོངས་སུ་སྐྱོ་བ་མེད་པ། དགའ་བ་ལ་གནས་ཏེ་ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པ། 82-1-204a བཏང་སྙོམས་ལ་གནས་ཏེ་བདེ་བ་དང་སྡུག་བསྔལ་གྱིས་མི་བསྐྱོད་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ། སྔོན་གྱི་ཚུལ་ཕུན་སུམ་ཚོགས་ པ། ཐབས་ལ་མཁས་པས་སེམས་ཅན་ཡོངས་སུ་སྨྱིན་པར་བྱེད་ཅིང་དབུལ་པོར་མིང་དུ་ཆགས་པ་ཞིག་གནས་ཏེ། ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པས་ གྲོང་ཁྱེར་གྱི་དབུལ་པོ་དེས་པ་ཤིན་དུ་འདོད་པ་ཆུང་བ། ཆོག་ཤེས་པ། ཚུལ་ཁྲིམས་དང་བརྟུལ་ཞུགས་དང་ལྡན་པ། ཡིད་འཁྲུགས་པ་མེད་པ། རྟག་ཏུ་བཞིན་འཛུམ་པ། གཞན་གྱི་ འཁྲུལ་པ་དག་ལ་སྐྱོན་དུ་མི་ལྟ་བ། སེམས་ཅན་ཐམས་ཅད་ཀྱི་སེམས་སྲུང་བ། བརྐམ་པ་མེད་པ། ཤེས་བཞིན་དུ་སྤྱོད་པ། ཆོག་ཤེས་ཤིང་དགང་སླ་ལ་གསོ་སླ་བ། བསམ་པ་ཕུན་ སུམ་ཚོགས་པ། གཡོ་མེད་པ། ང་རྒྱལ་མེད་པ། དཀའ་བློ་བདེ་བ། འཐུན་པར་འཛིན་པ། རྟག་ཏུ་གསོ་སྦྱོང་གི་ཡན་ལག་བརྒྱད་དང་ལྡན་པ། ལག་ན་ཤིང་ལོའི་སྣོད་ཐོགས་པ། རྩྭ་བཏིང་ བ་ལ་ཉལ་བ། གོས་ངན་པ་གྱོན་པ། རྙེད་ཀྱང་མི་ལེན་པ། བཟང་ཡང་རུང་ངན་ཀྱང་རུང་བགོ་བཤའ་བྱས་ནས་ཟ་བ། དུས་གསུམ་དུ་དེ་བཞིན་གཤེགས་པ་ལ་ལྟ་བ། ཆོས་ཉན་པར་ འདོད་པ། གཏམ་སྣ་ཚོགས་འབྱུང་བ་ལ་སྤོབས་པ་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་དེ་མཐོང་ངོ་། །མཐོང་ནས་འདི་སྙམ་དུ་སེམས་ཏེ། ཅི་གྲོང་ཁྱེར་ གྱི་དབུལ་པོ་འདི་ཡི་དམ་ལ་བརྟན་ནམ་མི་བརྟན་བདག་གིས་བརྟག་གོ་སྙམ་མོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་མི་མང་པོ་མངོན་པར་སྤྲུལ་ནས་གྲོང་ཁྱེར་གྱི་དབུལ་པོ་དེས་པ་ལ་ཚིག་ 82-1-204b ངན་པ་དག་གིས་གཤེ་ཞིང་སྤྱོ་བར་བྱེད་དོ། །བོང་བ་དང་། དབྱུག་པ་དང་། མཚོན་ཆ་དག་ཀྱང་བསྟན་ན་ངེས་དེ་བཟོད་པའི་སྟོབས་ཀྱིས་དང་དུ་ལེན་པར་བྱེད་དེ། མི་འཁྲུག་ཅིང་གནོད་སེམས་མི་བསྐྱེད་ དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་མི་གཞན་དག་ཅིག་སྤྲུལ་ནས་དེས་པའི་མདུན་དུ་བཞག་སྟེ། དེས་པ་དེ་ལ་དགའ་བའི་ཚིག་གིས་ཁོ་བོ་ཅག་ནི་ཁྱོད་ཀྱི་དོན་བྱེད་པར་འདོད་པ་ཡིན་གྱིས། ཅི་སྟེ་ཁྱོད་འདོད་པ་ལྟ་ ན་ཁྱོད་ལ་སྡིགས་པའི་དགྲ་གང་ཡིན་པ་དེ་དག་ཁོ་བོ་ཅག་གིས་ཚར་བཅད་པར་བྱའོ་ཞེས་སྨྲས་སོ། །དེས་བས་སྨྲས་པ། གྲོགས་པོ་དག་ཐོང་དེ་སྐད་མ་ཟེར་ཅིག །གལ་ཏེ་མི་འདི་དག་གི་ཁོ་བོའི་ལུས་ དུམ་བུ་བརྒྱར་དུམ་བུ་དུམ་བུར་གཏུབས་སུ་ཟིན་ཀྱང་ཁོ་བོ་ནི་མི་འདི་དག་ལ་སྡིག་པའི་སེམས་མི་སྐྱེད་དོ། །གྲོགས་པོ་དག་འཇིག་རྟེན་དག་ནི་དགེ་བ་དང་མི་དགེ་བའི་ཕྱོགས་གཉིས་ལ་གནས་ལ་དེའི་འགྲོ་ བ་ནི་གཉིས་ཁོ་ན་སྟེ། དགེ་བའི་ཕྱོགས་ཀྱི་ནི་བདེ་འགྲོའོ། །མི་དགེ་བའི་ཕྱོགས་ཀྱི་ནི་ངན་འགྲོའོ། །དེ་བས་ན་ཁོ་བོ་ནི་སེམས་ཅན་ཕ་རོལ་ཚིག་པ་ཟ་བར་བྱེད་པར་ང་མི་འདོད་ན་གཙེ་བ་ལྟ་ཅི་སྨོས། དེ་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ས་བོན་ཚ་བ་རྣམས་ཀྱི་ནི། །འབྲས་བུ་ཚ་བ་སྐྱེ་བར་འགྱུར། །ས་བོན་མངར་བ་རྣམས་ཀྱི་ནི། །འབྲས་བུ་མངར་བ་སྐྱེ་བར་འགྱུར། ། དཔེ་ཟླར་བྱ་བ་འདི་ཡིས་ན། །སྡིག་པའི་རྣམ་སྨིན་ཚ་བ་དང་། །དཀར་པོའི་འབྲས་བུ་མངར་བ་དག །མཁས་པའི་མིས་ནི་ཤེས་པར་འགྱུར། །རྟག་ཏུ་ལུས་དང་ངག་ཡིད་ཀྱིས། ། སྡིག་པ་རྣམ་གསུམ་མི་བྱ་ཞིང་། །གཞན་དག་བྱེད་ཀྱང་མཁས་པ་ཡིས། །རྗེས་སུ་དགའ་བར་མི་བྱའོ། །ལུས་དང་ངག་དང་ཡིད་རྣམས་ཀྱིས། །དཀར་པོ་རྣམ་གསུམ་རྟག་ཏུ་བྱ། ། 82-1-205a གང་དག་དགེ་བ་སྤྱོད་བྱེད་པ། །གཞན་དག་ལ་ཡང་ཡི་རང་བྱ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་དུས་གཞན་ཞིག་ན་དེས་པ་ལ་དབྱིག་དང་། གསེར་མང་པོ་བསྟན་ནས་འདི་སྐད་ ཅེས་སྨྲས་སོ། །དེས་པ་འོ་ནི་ལས་ཁྱེར་ལ་སྦྱིན་བདག་བྱིན་ཅིག །བསོད་ནམས་དག་གྱིས་ཤིག །གོས་དང་རྒྱན་དག་ཀྱང་ཐོགས་ཤིག །ཁྱོད་ངན་ཅིང་དབུལ་བས་ཅི་ཞིག་བྱ། དེས་པས་སྨྲས་པ། གྲོགས་པོ་ དག་སྔོན་སེམས་ཅན་རྣམས་ལ་ལུས་ཀྱིས་ཉེས་པར་སྤྱད་པ་དང་། ངག་དང་། ཡིད་ཀྱིས་ཉེས་པར་སྤྱད་པས་འདིར་དབུལ་པོ་ཞེས་བྱ་བར་གྱུར་ཏོ། །དེ་བས་ན་ཁོ་བོ་ནི་མ་བྱིན་པར་ལེན་པ་བྱེད་པར་མི་འདོད་ དོ། །བརྒྱ་བྱིན་གྱིས་སྨྲས་པ། དེས་པ་ཁྱོད་ད་ལྟར་ཇེ་བདེ་བར་འཚོ་བར་གྱིས་ཤིག །འཇིག་རྟེན་ཕ་རོལ་བསམ་པས་ཁྱོད་ལ་ཅི་ཞིག་བྱ། དེས་པས་སྨྲས་པ། གྲོགས་པོ་གང་ཚེ་འདི་ཆེད་ཆེར་འཛིན་པ་འདི་ ནི་བྱིས་པའི་ཆོས་ཡིན་གྱིས་མཁས་པ་རྣམས་ནི་ཚེ་ཕྱི་མ་ཆེད་ཆེར་འཛིན་ཏོ། །འདོད་པས་ཟིལ་གྱིས་ནོན་པ་དང་། ཞེ་སྡང་གིས་ཟིལ་གྱིས་ནོན་པ་དང་། གཏི་མུག་གིས་ཟིལ་གྱིས་ནོན་པ་དང་། འདོད་ཆགས་ ཀྱིས་ཟིལ་གྱིས་ནོན་པ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱིས་མཁས་པ་དག་ནི་བརྐམ་པ་མ་ཡིན་ནོ། །སོགས་འཇོག་ཆེད་ཆེར་འཛིན་པ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི་མཁས་པ་དག་ནི་སོགས་འཇོག་ མི་བྱེད་དོ། །བདག་གིར་འཛིན་པ་དང་བཅས་ཤིང་ཡོངས་སུ་འཛིན་པ་དང་བཅས་པ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི་མཁས་པ་དག་ནི་བདག་ཏུ་མི་འཛིན་ཅིང་ཡོངས་སུ་འཛིན་པར་མི་བྱེད་དོ། །ལུས་ དང་སྲོག་ལ་ལྟ་བ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི་མཁས་པ་དག་ནི་ལུས་དང་སྲོག་ལ་མི་ལྟའོ། །ངོམས་མི་ཤེས་ཤིང་ཆོག་མི་ཤེས་པ་ནི་མ་བྱིན་པར་ལེན་པར་བྱེད་ཀྱི་མཁས་པ་དག་ནི་ངོམས་ཤེས་ཤིང་ཆོག་ཤེས་ 82-1-205b པ་ཡིན་ནོ། །འཚོ་བ་ཡོངས་སུ་མ་དག དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི་མཁས་པ་དག་ནི་འཚོ་བ་ཡོངས་སུ་དག་པ་ཡིན་ནོ། །ལས་མ་མཐོང་བ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི་མཁས་པ་དག་ནི་ལས་མཐོང་བ་ཡིན་ནོ། ། རྣམ་པར་འཚེ་བ་ཆེད་ཆེར་འཛིན་པ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི་མཁས་པ་དག་ནི་རྣམ་པར་མི་འཚེ་བ་ཆེད་ཆེར་འཛིན་ཏོ། །བྱམས་པའི་སེམས་མེད་པ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི་མཁས་པ་དག་ནི་བྱམས་ པའི་སེམས་དང་ལྡན་ནོ། །ཕྱིན་ཅི་ལོག་བཞིས་སེམས་བསླད་པ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི་མཁས་པ་དག་ནི་སེམས་ཕྱིན་ཅི་མ་ལོག་པ་ཡིན་ནོ། །གཞན་ཡང་སེམས་ཅན་དབུལ་པོ་གང་ཡིན་པ་དེ་དག་ཁོ་བོས་ ཚིགས་སུ་བཅད་པ་དག་གིས་བཤད་ཀྱིས་ཉོན་ཅིག །བྱེ་བ་ཕྲག་སྟོང་གཏེར་ཡོད་ཀྱང་། །གང་དག་ལ་ནི་གཏོང་མེད་པ། །དེ་དག་འཇིག་རྟེན་འདིར་དབུལ་ཞེས། །ཐོས་མང་རྣམས་ཀྱིས་དེ་སྐད་བཤད། ། གང་ལ་ཟན་ཅིག་མེད་བཞིན་དུ། །དེ་ནི་གཏོང་ལ་རབ་གནས་ན། །དེ་ནི་འཇིག་རྟེན་ནོར་ཆེ་ཞེས། །ཡང་དག་གཟིགས་པ་རྣམས་ཀྱིས་བཤད། །གང་ལ་སྡིག་མེད་འཕགས་པ་ནི། །རྣམ་པ་ཀུན་གྱིས་ མཛེས་པ་ཡིན། །བྱིས་པ་སྡིག་པ་བྱེད་པ་ནི། །ཤིན་དུ་བརྒྱན་ཀྱང་མཛེས་མ་ཡིན། །མཁས་པ་དག་གིས་སྤྱོས་སླ་ཡི། །བྱིས་པས་བསྔགས་པ་དེ་ལྟ་མིན། །བྱིས་པ་སྡིག་པ་བསྔགས་པར་ བྱེད། །མཁས་པ་དག་ནི་སྡིག་ལ་སྨོད། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་དུས་གཞན་ཞིག་ན་མི་གཞན་ཞིག་སྤྲུལ་ཏོ། །དེ་ནས་མི་དེས་གསེར་མང་པོ་ཁྱེར་ཏེ་དེས་པ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་དེས་པ་ གསེར་ཁྱེར་ལ་ཁོ་བོ་མི་གཞན་ཞིག་དང་རྩོད་པ་དེ་ལ་ཁྱོད་གཅིག་པུས་ཆེ་བཞི་བྱ་བར་ཁོ་བོས་བྱས་ཀྱི་དེར་ཁོ་བོའི་ཆེ་བཞི་གྱིས་ཤིག །དེས་པས་སྨྲས་པ། གྲོགས་པོ་ཐོང་ཁྱོད་དེ་སྐད་མ་ཟེར་ཅིག ། 82-1-206a ཁོ་བོ་ནི་བརྫུན་ཟེར་དུ་མི་འདོད་དོ། །ཀྱེ་གྲོགས་པོ་བརྫུན་དུ་སྨྲ་བ་ནི་བདག་ལ་ཡང་སླུ་ཞིང་ཕ་རོལ་ལ་ཡང་སླུ་ལ་འཕགས་པ་ལ་སླུ་བ་ཡིན་ཏེ། གྲགས་པ་དམས་པ་བྱེད་པ་དང་། ཡིད་མི་ཆེས་པ་དང་། ཡིད་དུ་མི་འོང་ བར་བྱེད་པ་དང་། བརྙས་པར་བྱེད་པ་དང་། སེམས་ཡོངས་སུ་གདུང་བར་བྱེད་པ་ཡིན་ནོ། །ཀྱེ་གྲོགས་པོ་བརྫུན་དུ་སྨྲ་བ་ནི་ཁ་མནམ་པར་བྱེད་པ་དང་། ལུས་སྨད་པར་བྱེད་པ་དང་། ལྷའི་ཡིད་དུ་མི་འོང་བར་བྱེད་པ་ཡིན་ནོ། །ཀྱེ་གྲོགས་ པོ་བརྫུན་དུ་སྨྲ་བ་ནི་དགེ་བའི་རྩ་བ་རྣམས་ལ་རྐུ་བ་དང་། དྲན་པ་རྨུགས་པར་བྱེད་པ་དང་། མཐོ་རིས་ཀྱི་ལམ་ལ་སྒྲིབ་པ་ཡིན་ནོ། །ཀྱེ་གྲོགས་པོ་བརྫུན་དུ་སྨྲ་བ་ནི་འཕགས་པ་རྣམས་ཀྱིས་བཙན་པར་མི་བྱ་བ་དང་། ཡང་ དག་པར་སྨྲ་བ་རྣམས་ཀྱི་ནང་དུ་ཚིག་མི་མཛེས་པ་དང་། མཁས་པ་རྣམས་ཀྱིས་སྨད་པ་དང་། སྡིག་པ་ཐམས་ཅད་ཀྱི་རྩ་བ་དང་། བརྟུལ་ཞུགས་ཡོངས་སུ་སྐོང་བའི་རྩ་བ་གཅོད་པ་དང་། ངན་འགྲོ་ཐམས་ཅད་ཀྱི་རྩ་བར་གྱུར་ པ་ཡིན་ནོ། །དེ་ནས་དེའི་ཚེ་གྲོང་ཁྱེར་གྱི་དབུལ་པོ་དེས་པས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བརྫུན་དུ་སྨྲ་བའི་ཁ་ནས་ནི། །རུལ་པའི་དྲི་ཡང་མནམ་པར་འགྱུར། །དགོན་པར་ཇི་ལྟར་བཅོམ་པ་བཞིན། །སྔོན་གྱི་ དཀར་རྣམས་སྤོང་བར་བྱེད། །རྨོངས་པས་བདག་དང་ལྷ་རྣམས་དང་། །འཕགས་རྣམས་ཡིད་ཀྱང་འབྱུང་བར་བྱེད། །མི་ནི་གང་ཞིག་བརྫུན་ཟེར་བ། །དེ་ནི་རྟག་ཏུ་དོགས་པར་འགྱུར། །བརྫུན་དུ་སྨྲ་བར་བྱེད་པ་དེ། །སྡིག་པ་ ཀུན་གྱི་རྩ་བ་དང་། །དཀའ་ཐུབ་ཅན་གྱི་རྩ་གཅོད་དང་། །ངན་འགྲོར་འགྲོ་བ་ཞེས་ཀྱང་བྱ། །གལ་ཏེ་འཛམ་གླིང་གང་བ་ཡི། །གསེར་དག་ཁྱོད་ཀྱིས་བྱིན་ན་ཡང་། །ཁོ་བོ་ཆོས་ནི་བསྲུང་བའི་ཕྱིར། །རྟག་ཏུ་བརྫུན་ནི་སྨྲ་མི་བྱེད། །དེ་ ནས་བརྒྱ་བྱིན་གྱིས་སྤྲུལ་པའི་མིས་དེས་པ་བརྫུན་ཟེར་དུ་གཞུག་མ་ནུས་ནས་སོང་ངོ་། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་མོ་ཉི་འོད་དང་། ལྷ་མ་ཡིན་གྱི་བུ་མོ་བདེ་སོགས་ལ་འདི་སྐད་ཅེས་སྨྲས་སོ། །ཁྱེད་གཉིས་སོང་ལ་བརྟུལ་ 82-1-206b ཞུགས་དང་། དཀའ་ཐུབ་བྱེད་པ་འདི་ཅི་འདོད་པ་ལ་ལོངས་སྤྱོད་པ་ཞིག་གམ། འོན་ཏེ་འདོད་པ་དོན་དུ་མི་གཉེར་བ་ཞིག་ཡིན་པར་རྟོགས་ཤིག །དེ་ནས་ལྷ་མ་ཡིན་གྱི་བུ་མོ་བདེ་སོགས་དང་། ལྷའི་བུ་མོ་ཉི་འོད་ནམ་ནངས་ནས་ཕྱོགས་གང་ ན་དེས་པ་འདུག་པའི་ཕྱོགས་དེར་སོང་ནས་དེས་པ་ལ་ཚིག་སྙན་པར་སྨྲས་ཏེ། དེས་པ་བཞེངས། བདག་ཅག་གཉིས་ནི་ཁྱོད་ཀྱི་བསྙེན་བཀུར་བགྱིད་པ་ལགས་སོ། །དེས་པ་བདག་ཅག་གཉིས་ཀྱི་གཟུགས་ཕུན་སུམ་ཚོགས་པ་ལ་ གཟིགས་ཤ་ཚུགས་དང་། ཁ་དོག་དང་། དབྱིབས་དང་། ལུས་བྱུགས་པ་དང་། རྒྱན་དང་། ཆས་དང་། ལྷབ་ལྷུབ་དག་ལ་གཟིགས། ན་ཚོད་དང་པོའི་ལང་ཚོ་ལ་བབ་པ་ལ་གཟིགས། དེས་པ་ཁྱོད་ཀྱི་བསྙེན་བཀུར་བགྱིད་པ་འདི་འདྲ་བ་ བདག་ཉིད་ཀྱི་བསོད་ནམས་ཕུན་སུམ་ཚོགས་པ་ལ་གཟིགས། དེས་པས་བལྟས་ནས་སྨྲས་པ། ཁྱེད་གཉིས་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་ཞུགས་པ་རྣམས་ཀྱི་བསྙེན་བཀུར་ བྱེད་པ་ཡིན་གྱི་ལྷ་དང་མིར་ཞུགས་པ་དག་གི་ནི་མ་ཡིན་ནོ། །ཁྱེད་གཉིས་ཀྱི་ལུས་ནི་སྒྱུ་མ་དང་། རྨི་ལམ་གྱི་རང་བཞིན་ལྟ་བུར་ཁོ་བོས་མཐོང་ངོ་། །ཁྱེད་གཉིས་ཀྱི་གཟུགས་ནི་དབུ་བ་དང་། ཆུ་བུར་དང་། སྨིག་རྒྱུ་ལྟ་བུར་མཐོང་ངོ་། ། ཁྱེད་ཙན་དན་གྱི་མདེ་གུས་ལུས་བྱུགས་པ་ནི་སྤགས་པ་རློན་པ་ཤས་ཡོག་པ་ལྟ་བུར་མཐོང་ངོ་། །ཁྱེད་ཀྱི་རྒྱན་དང་ལྷབ་ལྷུབ་ནི་མི་སླུ་བའི་སྒྱུ་མ་བྱས་པ་ལྟ་བུར་མཐོང་ངོ་། །ཁྱེད་ཀྱི་ལང་ཚོ་ནི་མི་རྟག་པ་དང་། འགྱུར་བའི་ཆོས་ཅན་དུ་མཐོང་ ངོ་། །བསོད་ནམས་མ་ཡིན་པར་མཐོང་བའི་ཕྱིར་ཁྱེད་གཉིས་ལ་ཁོ་བོ་མ་ཆགས་སོ། །ཁྱེད་གཉིས་ནི་སྤྲེའུ་དང་། བུད་མེད་ཀྱི་སེམས་ལྟ་བུར་གྱུར་བ་རྣམས་ཀྱི་བསྙེན་བཀུར་བྱེད་པ་ཡིན་གྱི་སེམས་དྲན་པས་ཀུན་ནས་བསྲུངས་པ་དག་ གི་ནི་མ་ཡིན་ནོ། །ཆེ་ཞེ་དག་འདོད་པ་ལ་སྟེན་པ་ནི་མི་སྡུག་པའོ། །འདོད་པ་ལ་སྟེན་པ་ནི་དྲི་ང་བའོ། །འདོད་པ་ལ་སྟེན་པ་ནི་རུལ་བའོ། །འདོད་པ་ལ་སྟེན་པ་ནི་ཤིན་དུ་སྡུག་བསྔལ་བའོ། །འདོད་པ་ལ་སྟེན་པ་ནི་བདེ་བ་ཐམས་ 82-1-207a ཅད་ཡོངས་སུ་འགྲིབ་པར་བྱེད་པའོ། །འདོད་པ་ལ་སྟེན་པ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ལ་སྟེན་པའོ། །འདོད་པ་ལ་སྟེན་པ་ནི་ངན་འགྲོ་ན་གནས་པའོ། འདོད་པ་ལ་སྟེན་པ་ནི་འཐབ་པ་དང་། རྩོད་པ་དང་། འགྱེད་པ་དག་ལ་སྟེན་པའོ། །འདོད་པ་ལ་སྟེན་པ་ནི་མི་མཐུན་པ་དང་གོར་ན་གནས་པའོ། །འདོད་པ་ལ་སྟེན་པ་ནི་ཕྱིན་ཅི་ལོག་སྐྱེད་པའོ། །འདོད་པ་ལ་སྟེན་པ་ནི་སྲིད་པའི་ བག་ལ་ཉལ་བ་ལ་གནས་པའོ། །འདོད་པ་ལ་སྟེན་པ་ནི་རྣམ་པར་རྨོངས་ཤིང་ཤིན་དུ་རྨོངས་ལ་ཀུན་དུ་རྨོངས་པའོ། །འདོད་པ་ལ་སྟེན་པ་ནི་ཉེ་བར་གཟིར་ཅིང་རྣམ་པར་གཟིར་ལ་རབ་ཏུ་གཟིར་བའོ། །འདོད་པ་ལ་སྟེན་པ་ནི་ཀུན་དུ་ གདུངས་ཤིང་རྣམ་པར་གདུངས་ལ་ཡོངས་སུ་གདུངས་པའོ། །འདོད་པ་ལ་སྟེན་པ་ནི་མི་དགེ་བའི་རྗེས་སུ་འཇུག་ཅིང་དགེ་བ་ཡོངས་སུ་ཉམས་པར་བྱེད་པའོ། །འདོད་པ་ལ་སྟེན་པ་ནི་མི་དགེ་བའི་རྩ་བ་སྐྱེད་པའོ། །འདོད་པ་ལ་སྟེན་པ་ནི་མི་དགེ་བའི་ སྤྲིན་གྱི་དྲ་བས་ཀུན་ནས་ཁེབས་པའོ། །འདོད་པ་ལ་སྟེན་པ་ནི་སྲིན་མོ་དང་འདྲིས་པར་བྱེད་པ་དང་། གཟུགས་མི་སྡུག་པ་དང་འདྲིས་པར་བྱེད་པ་དང་། ཤ་ཟ་མ་དང་འདྲིས་པར་བྱེད་པའོ། །འདོད་པ་ལ་སྟེན་པ་ནི་བ་ལང་དང་། བོང་བུ་དང་། ཁྱི་དང་། ཕག་དང་། རྔ་མོ་དང་། གླང་པོ་ཆེ་དང་། རྟ་དང་། ལུག་དང་། ཝ་ལ་སྟེན་པའོ། །འདོད་པ་ལ་སྟེན་པ་ནི་སྐྱེས་བུ་དམ་པ་མ་ཡིན་པ་ལ་སྟེན་པའོ། །འདོད་པ་ལ་སྟེན་པ་ནི་ཚུལ་ཁྲིམས་དང་། ཐོས་པ་ དང་། གཏོང་བ་ཡོངས་སུ་འདོར་བ་ལ་སྟེན་པའོ། །འདོད་པ་ལ་སྟེན་པ་ནི་བརྟུལ་ཞུགས་དང་། དཀའ་ཐུབ་འདོར་བའོ། །འདོད་པ་ལ་སྟེན་པ་ནི་ཤིན་དུ་བག་མེད་པའོ། །འདོད་པ་ལ་སྟེན་པ་ནི་ཉོན་མོངས་པ་ཤིན་དུ་ འཕེལ་བར་བྱེད་པའོ། །འདོད་པ་ལ་སྟེན་པ་ནི་ཤིན་དུ་བར་ཏུ་གཅོད་པར་བྱེད་པའོ། །དེ་ནས་དེའི་ཚེ་གྲོང་ཁྱེར་གྱི་དབུལ་པོ་དེས་པས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །འདོད་པ་མི་རྟག་རྟག་ཏུ་སྨད་པ་སྟེ། །ཤིན་དུ་སྡུག་ 82-1-207b བསྔལ་བདེ་བ་འཇིག་པར་བྱེད། །རྟག་ཏུ་ངན་སོངས་རྣམས་ཀྱི་ཁྱིམ་དུ་གྱུར། །སེམས་རྨོངས་གྱུར་བ་དག་གིས་རྟག་ཏུ་བསྟེན། །འཐབ་རྩོད་ཅན་དེ་མི་བདེ་མཚང་དུ་གྱུར། །རྟག་ཏུ་འགྱེད་ཅིང་མི་མཐུན་གོ་རར་གནས། །འདི་དག་ཕྱིན་ ཅི་ལོག་སྐྱེད་གཞི་ཡིན་ཏེ། །འདོད་སྟེན་སྲེད་པ་འཕེལ་བྱེད་བདེ་བ་མེད། །རྣམ་རྨོངས་རབ་རྨོངས་དེ་བཞིན་ཀུན་དུ་རྨོངས། །འདོད་སྟེན་རྟག་ཏུ་གཟིར་ཅིང་གནོད་པ་སྟེ། །འདི་ནི་ཀུན་གདུངས་རྣམ་གདུངས་ཡོངས་སུ་གདུངས། །སྡིག་ པར་སྦྱོར་ཞིང་དགེ་བ་ཆུད་གཟོན་པ། །འདི་ནི་མི་དགེ་ཀུན་གྱི་རྩ་བ་སྟེ། །འདོད་སྟེན་དཔེར་ན་སྤྲིན་གྱི་དྲ་བ་འདྲ། །འདོད་སྟེན་ཤ་ཟ་མོ་དང་སྲིན་མོ་དང་། །བུད་མེད་གཟུགས་མི་སྡུག་དང་འདྲིས་བྱེད་བཞིན། །འདི་ནི་བ་ལང་བོང་བུ་རྟ་དག་དང་། ། ཕག་དང་ཁྱི་དང་ཝ་དང་རྔ་མོ་དང་། །གླང་ཆེན་ལུག་རྣམས་ཀྱིས་ཀྱང་བསྟེན་པ་སྟེ། །འདོད་པ་སྐྱེས་བུ་དམ་པ་རྣམས་ཀྱིས་སྤངས། །འདོད་སྟེན་ཚུལ་ཁྲིམས་ཐོས་དང་གཏོང་བ་དང་། །དཀའ་ཐུབ་བརྟུལ་ཞུགས་རྣམས་ནི་འཇོམས་པ་ སྟེ། །འདི་ལ་རྟག་ཏུ་བག་མེད་ཉེས་པ་འཕེལ། །དེ་ཕྱིར་ཐར་འདོད་རྟག་ཏུ་བུད་མེད་སྤོང་། །གལ་ཏེ་འཇིག་རྟེན་འདི་དག་ཁྱེད་འདྲ་བའི། །མདངས་ལྡན་གཟུགས་ཅན་དག་གིས་གང་གྱུར་ཀྱང་། །ཡོན་ཏན་གནས་པ་ཁོ་བོའི་ སེམས་གཅིག་ཀྱང་། །འདོད་ཆགས་ལ་ནི་ནམས་ཀྱང་རྟོན་མི་འགྱུར། །དེ་ནས་ལྷ་མ་ཡིན་གྱི་བུ་མོ་བདེ་སོགས་དང་། །ལྷའི་བུ་མོ་ཉི་འོད་སོང་ནས་ལྷའི་དབང་པོ་བརྒྱ་བྱིན་ལ་ཚིགས་སུ་བཅད་དེ་སྨྲས་པ། དེས་ནི་འདི་ ན་བུ་མེད་རྣམས་ཀྱི་སྐྱོན་ཡང་དག །གང་ལགས་དེ་དག་ཤིན་དུ་མཐོང་བར་དོགས་མ་མཆིས། །ཇི་ལྟར་དེ་ཡི་སེམས་ནི་ཡུལ་ལས་ལོག་གྱུར་པ། །དེ་ལྟར་འདོད་པ་རྣམས་ལ་སེམས་ནི་ཆགས་མ་མཆིས། །དེ་ནས་ ལྷའི་དབང་པོ་བརྒྱ་བྱིན་གྲོང་ཁྱེར་གྱི་དབུལ་པོ་དེས་པའི་ཐད་དུ་སོང་ནས་ཚིགས་སུ་བཅད་དེ་སྨྲས་པ། ཅི་ཞིག་དོན་གཉེར་དེས་པ་ཆོས་སྤྱོད་པ། །བརྟུལ་ཞུགས་སྤྱོད་པ་དེ་ནི་རྣམ་དག་སྨྲོས། །འདི་ཡིས་ཉི་ཟླ་ 82-1-208a འམ་ནི་ཡང་ན་དབང་པོའམ། །ཚངས་པའམ་ལྷ་རྒྱལ་ཅི་ཞིག་ཁྱོད་སློང་བྱེད། །དེས་པས་སྨྲས་པ། ཉི་མ་ཟླ་བ་དེ་བཞིན་བརྒྱ་བྱིན་དང་། །ཚངས་པའམ་རྒྱལ་པོའམ་འདི་ན་གཞན་དག་ཀྱང་། །འགྲོ་བ་རྒྱ་ཆེན་ གང་ཡོད་དེ་དག་ཀུན། །གར་བྱེད་ལྟ་བཞིན་མི་རྟག་མི་བརྟན་ན། །མཁས་པ་སུ་ཞིག་དེ་ལ་དགའ་བར་བྱེད། །གང་ལ་སྐྱེ་མེད་རྒ་མེད་འཆི་བ་མེད། །སྡུག་དང་མི་སྡུག་རྣམས་དང་ཕྲད་པའང་མེད། །འགྲོ་བ་གྲོལ་ མཛད་སངས་རྒྱས་འགྱུར་བྱ་ཞེས། །དེ་ཐོབ་བྱ་ཕྱིར་སེམས་ཀྱི་སྤྱོད་པ་དེས། །བརྒྱ་བྱིན་གྱིས་སྨྲས་པ། ཕན་བྱེད་ཁྱོད་ཀྱི་ཚིག་ལ་རྗེས་སུ་ཡི་རང་སྟེ། །ཁྱོད་ཀྱིས་སྨོན་ལམ་བཏབ་པ་ལེགས་པར་གྲུབ་གྱུར་ཅིག །བདུད་ རྣམས་སྡེར་བཅས་མྱུར་དུ་ངེས་པར་བཅོམ་ནས་ནི། །ཤཱཀྱ་སེང་གེ་རྒྱལ་ལྟར་བྱང་ཆུབ་ཐོབ་གྱུར་ཅིག །དེ་ནས་གྲོང་ཁྱེར་གྱི་དབུལ་པོ་དེས་པས་དུས་གཞན་ཞིག་ན་ནོར་བུ་རིན་པོ་ཆེ་རིན་ཐང་མེད་པ་ཞིག་རྙེད་ནས་དེ་འདི་སྙམ་ དུ་སེམས་ཏེ། ནོར་བུ་རིན་པོ་ཆེ་འཛམ་བུའི་གླིང་ན་མཆོག་ཏུ་གྱུར་བ་འདི་བདག་གིས་མཉན་ཡོད་འདི་ན་ཐམས་ཅད་ཀྱི་ནང་ན་དབུལ་པོ་གང་ཡིན་པ་དེ་ལ་སྦྱིན་གོར་མ་ཆག་གོ་སྙམ་ནས་དེ་གྲོང་བར་དུ་སོང་སྟེ། ཐམས་ཅད་ ཀྱི་ནང་ན་དབུལ་པོ་སུ་ཡིན་པ་དེ་ལ་རིན་པོ་ཆེ་འདི་སྦྱིན་ནོ་ཞེས་སྒྲ་བསྒྲགས་པ་དང་། དབུལ་པོ་མགོན་མེད་པ་ལ་ཕལ་པོ་ཆེ་དེར་འདུས་ཏེ། བདག་ཅག་དབུལ་པོ་ཡིན་གྱིས་བདག་ཅག་ལ་བྱིན་ཅིག་ཅེས་འཛེར་ཏོ། །དེས་ པས་སྨྲས་པ། ཁྱེད་ནི་དབུལ་པོ་མ་ཡིན་གྱི། མཉན་ཡོད་འདི་ན་ཆེས་དབུལ་བ་གཞན་ཞིག་ཡོད་ཀྱིས་དེ་ལ་སྦྱིན་ནོ། །དེ་དག་གིས་སྨྲས་པ། གང་ཡིན། དེས་པས་སྨྲས་པ། རྒྱལ་པོ་གསལ་རྒྱལ་འདི་ཡིན་ནོ། །དེ་དག་ གིས་སྨྲས་པ། ཁྱོད་དེ་སྐད་མ་ཟེར་ཅིག །རྒྱལ་པོ་གསལ་རྒྱལ་ནི་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ཡིན་གྱི། བདག་ཅག་ནི་དབུལ་ཞིང་མགོན་མེད་པ་ཡིན་ནོ། །དེས་པས་སྨྲས་པ། ནོར་མང་གིས་ནི་ཅི་ཞིག་བྱ། ། 82-1-208b རྒྱ་མཚོ་ལ་ནི་ཀླུ་རྣམས་བཞིན། །གང་དག་ལ་ནི་ཆོག་མེད་པ། །མ་བསྡམས་དེ་དག་དབུལ་པོ་ཡིན། །གང་དག་འདོད་པ་རབ་འཕེལ་ཞིང་། །ཡ་ང་ཡིད་ནི་སྐྱེ་འགྱུར་བ། །རྨོངས་པ་དེ་དག་ཚེ་འདི་དང་། །ཕ་རོལ་དུ་ཡང་ དབུལ་པོར་འགྱུར། །དེ་ནས་གྲོང་ཁྱེར་གྱི་དབུལ་པོ་དེས་པ་སྐྱེ་བོ་ཕལ་པོ་ཆེ་དེ་དག་གིས་ཡོངས་སུ་བསྐོར་ཅིང་ནོར་བུ་རིན་པོ་ཆེ་དེ་ཁྱེར་ནས་རྒྱལ་པོ་གསལ་རྒྱལ་གྱི་དོན་བྱ་བའི་ས་ག་ལ་བ་དེར་སོང་ངོ་། །དེའི་ཚེ་རྒྱལ་ པོ་གསལ་རྒྱལ་གྱིས་ཀྱང་ཚོང་དཔོན་དང་། ཁྱིམ་བདག་རིགས་དང་ལྡན་པའི་མཆོག་ལྔ་བརྒྱ་ཙམ་ཞིག་གཡོན་ཆུང་ངུའི་ཕྱིར་བདོག་པ་ཐམས་ཅད་ཕྲོགས་སོ། །གྲོང་ཁྱེར་གྱི་དབུལ་པོ་དེས་པས་ནོར་བུ་རིན་པོ་ཆེ་ དེ་རྒྱལ་པོ་ལ་ཕུལ་ཏེ། རྒྱལ་པོ་ཆེན་པོ་ནོར་བུ་རིན་པོ་ཆེ་རིན་ཐང་མ་མཆིས་པ་འཛམ་བུ་གླིང་ཐམས་ཅད་རི་བ་བདག་གིས་རྙེད་པ་འདི་ལ་བདག་གིས་འདི་སྙམ་དུ་བསམས་ཏེ། མཉན་ཡོད་འདི་ན་ཐམས་ཅད་ཀྱི་ནང་ན་དབུལ་པོ་གང་ ལགས་པ་དེ་ལ་སྩལ་ཏོ་སྙམ་མོ། །དེ་ལ་བདག་གིས་འདི་སྙམ་དུ་བསམ་ཏེ། ཁྱོད་ནི་འདི་ན་ཐམས་ཅད་ཀྱི་ནང་ན་དབུལ་པོ་ལགས་སོ་སྙམ་བགྱིད་ཀྱིས། ཀྱེ་ནོར་བུ་རིན་པོ་ཆེ་འདི་བཞེས་སུ་གསོལ། དེ་ནས་ རྒྱལ་པོ་གསལ་རྒྱལ་ཡུལ་ཡུལ་པོར་གྱུར་ཅིང་ངོ་ཚ་བར་གྱུར་ནས་གྲོང་ཁྱེར་གྱི་དབུལ་པོ་དེས་པ་ལ་འདི་སྐད་ཅེས་སྨྲས་སོ། །དེས་པ་ཅི་ང་ཁྱོད་པས་ཀྱང་ཆེས་དབུལ་ལམ། དེས་པས་སྨྲས་པ། ལྷ་དེ་ལྟ་ལགས་ཏེ། བདག་པས་ཁྱོད་ཆེས་དབུལ་བ་ལགས་སོ། །རྒྱལ་པོས་སྨྲས་པ། རྣམ་གྲངས་གང་གིས་དབུལ། དེས་པས་ཚིགས་སུ་བཅད་དེ་སྨྲས་པ། གང་གི་འདོད་པ་རབ་མང་རྣམ་པར་འཕེལ་ཞིང་ལོངས་སྤྱོད་དག་གིས་ ཆོག་མ་འཚལ། །གནོད་པ་བགྱིད་པའི་སླད་དུ་རྒྱལ་སྲིད་འཁྲུག་ཅིང་བདག་ཉིད་ཀྱང་ནི་འདོར་བགྱིད་པ། །དེ་ནི་འདི་ན་འཇིག་རྟེན་མི་སྲུང་ཡོན་ཏན་ཆུང་ངུ་དག་ལ་མཆོག་ཏུ་འཛིན། །དེ་ཕྱིར་འདི་ན་དེ་ལ་རྟག་ཏུ་ཆོས་འདོད་ 82-1-209a རྣམས་ནི་དབུལ་པོ་ལགས་པར་སེམས། །གང་ཞིག་བྱམས་པ་རབ་ཏུ་བསྒོམས་ཏེ་སེམས་ཅན་རྣམས་ལ་ཐ་བ་མ་མཆིས་ཤིང་། རྟག་པར་རྒྱུན་དུ་ངན་ངོན་ཙམ་གྱིས་ཆོག་པར་འཛིན་ཅིང་འདོད་པ་མ་མཆིས་ལ། །ཉམ་ ཐག་མཐོང་ན་རྟག་ཏུ་སྙིང་རྗེ་བགྱིད་ཅིང་ཤར་གཉེར་བགྱིད་པ་མ་མཆིས་པ། །ནི་ཕྱུག་ཅིང་ནོར་བཟང་ཤིན་དུ་ནོར་ཆེ་དད་པ་ལ་སོགས་ལོངས་སྤྱོད་གནས། །གང་ཞིག་འགྲོ་བ་འདི་ན་དབང་ཕྱུག་རྒྱ་ཆེན་ལྡན་ལ་ཆོས་སྲུང་མི་བགྱིད་དང་། ། གང་ཞིག་འདི་ན་སྐྱེ་བོ་དམན་ཞིང་སྡུག་བསྔལ་གཟིར་པ་བཟུང་ནས་ཆད་པས་གཅོད། །གང་ཞིག་ཆུང་མ་དག་གིས་མདུན་བལྟས་དགའ་ཞིང་འཇིག་རྟེན་ཕ་རོལ་མི་ལྟ་བ། །དེ་ནི་ཆོས་སྲུང་མི་བགྱིད་ཤིན་དུ་དབུལ་ཞིང་དམན་པའི་མི་ཞེས་ རིག་པར་བགྱི། །དད་པས་བསམ་པ་དྲི་མ་མེད་ཅིང་རབ་བརྟན་ཚུལ་ཁྲིམས་དག་ལ་ཡང་དག་གནས། །རྟག་ཏུ་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་ཐོས་པ་འཛིན་ཏེ་གཏོང་ལ་དགའ་བ་དང་། །ཤེས་རབ་ཀྱིས་ནི་མཐར་ཕྱིན་བློ་གྲོས་ལྡན་ཞིང་ འཇིག་རྟེན་ཀུན་ལ་ལྟ་བགྱིད་པ། །དེ་དག་རྟག་ཏུ་མི་དབུལ་ཐོབ་ཅིང་ཆོས་འདོད་རྣམས་ཀྱིས་མཆོད་པར་འོས་པ་ལགས། །གང་དག་ལོངས་སྤྱོད་རྣམས་ལ་རབ་ཆགས་བདེ་ལ་དགའ་ཞིང་གཏོང་བ་མ་མཆིས་ལ། །ལུས་དང་སྲོག་ལ་ སྙིང་པོར་འཛིན་ཅིང་རྟག་པར་སྙིང་པོ་དོན་དུ་མི་གཉེར་དང་། །གང་དག་གླང་ཆེན་མྱོས་པ་ལྟ་བུར་རྟག་ཏུ་ཡིད་མྱོས་རྣམ་པར་རྒྱུ་བ་དང་། །ལྷ་ཅིག་གང་དག་དྲན་པ་མ་མཆིས་དེ་དག་དབུལ་བ་ཉིད་ནི་ཐོབ་པ་ལགས། །གང་དག་དཀོན་མཆོག་ གསུམ་པོ་དྲི་མ་མེད་ལ་གུས་པ་ཤིན་དུ་ཆེ་བ་དང་། །ལུས་དང་སྲོག་དང་ནོར་རྣམས་ལས་ནི་རྟག་ཏུ་སྙིང་པོ་སྒྲུབ་པའི་མཁས་པ་དག །རྟག་ཏུ་མི་བརྐམ་སྡང་བར་མི་བགྱིད་གླེན་པ་མ་ལགས་རབ་ཏུ་རྒྱགས་མ་མཆིས། །ལྷ་ ཅིག་གང་དག་ཆོས་ཀྱིས་བརྒྱན་པ་དེ་དག་ནོར་ཆེ་སྐྱེས་བུ་དམ་པ་ལགས། །ལྷ་ཅིག་མེ་ནི་རྟག་ཏུ་ནགས་ཀྱི་སྦན་སྦུན་སྐམ་པོ་སྲེག་པས་ཆོག་མ་འཚལ། །ལྷ་ཅིག་འདི་ན་རྒྱ་མཚོ་ཆུ་ཀླུང་རྣམས་ཀྱི་ཆུ་འཛིན་པས་ཀྱང་ཆོག་མ་འཚལ། ། 82-1-209b འདི་ན་ཉི་མ་ཟླ་བ་འདི་དག་མཁའ་ལ་མཐར་གྱིས་རྒྱུ་བས་ཆོག་མ་འཚལ། །རྒྱལ་པོ་བརྐམ་ཕྱིར་རྟག་ཏུ་ལོངས་སྤྱོད་དག་གིས་ཆོག་མི་མཁྱེན་པས་བརླག་པར་འགྱུར། །ཞུགས་ནི་གུམ་པར་གྱུར་བས་རྩྭ་མང་དག་གིས་སླར་ཡང་འབར་བར་ ཡོད་མི་བགྱིད། །དེ་བཞིན་མཁས་པ་ཤེས་རབ་ཆོག་པར་མི་འཛིན་ཉོན་མོངས་རྣམས་ཀྱིས་འབར་མི་བགྱིད། །ཆུ་ཡི་ཐིགས་པ་བཞིན་དུ་རྒྱལ་སྲིད་དག་ཀྱང་མི་བརྟན་འཇིག་པར་རབ་ཕྱོགས་ན། །གནོད་པའི་རྩ་བར་གྱུར་ཅིང་དགེ་བ་ འཇོམས་པའི་རྒྱལ་སྲིད་དེ་ནི་སུ་ཞིག་འཚལ། །དེ་ནས་རྒྱལ་པོ་གསལ་རྒྱལ་སེམས་འཁྲུགས་ནས་གྲོང་ཁྱེར་གྱི་དབུལ་པོ་དེས་པ་ལ་འདི་སྐད་ཅེས་སྨྲས་སོ། །དེས་པ་དེ་ལྟར་ང་ནི་དབུལ་ལ་ཁྱོད་ནི་ཕྱུག་པར་ཁྱོད་ལ་དཔང་སུ་ཡོད། དེས་པས་སྨྲས་པ། ལྷ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཉན་ཡོད་འདི་ན་བཞུགས་པ་ཁྱོད་ཀྱིས་མ་གསན་ཏམ། རྒྱལ་པོས་སྨྲས་པ། ངས་མཐོང་ཡང་མ་མཐོང་ངོ་། །དེས་པས་ སྨྲས་པ། ལྷ་དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱི་མིག་ཏུ་གྱུར་ཅིང་ཚད་མར་གྱུར་བ་སྟེ། དེ་ནི་བདག་གི་དཔང་ལགས་སོ། །རྒྱལ་པོས་སྨྲས་པ། སོང་ལ་དེ་བཞིན་གཤེགས་པ་དེ་སྤྱན་དྲོངས་ཤིག་དང་དེས་ཇི་སྐད་དུ་ལུང་བསྟན་པ་དེ་ བཞིན་དུ་ངས་གཟུང་བར་བྱའོ། །དེས་པས་སྨྲས་པ། སྟོན་པ་དེ་ལ་ངན་བུའམ། ཕོ་ཉ་གཞན་གཏང་འོས་མ་ལགས། །འདིར་ནི་བདག་གིས་བསམ་བགྱིས་ན། །དེ་མཁྱེན་ནས་ནི་གཤེགས་པར་འགྱུར། །འཇིག་རྟེན་འདི་འམ་ཕ་ རོལ་ལ། །དེ་ནི་མི་མཁྱེན་ཅང་མི་མངའ། །ཐུགས་ཀྱིས་བསམ་པ་མཁྱེན་ནས་ཀྱང་། །འདྲེན་པ་དེ་ནི་གཤེགས་པར་འགྱུར། །སེམས་ཅན་རྣམས་ལ་ཐུགས་བརྩེ་བས། །དེ་ལ་ང་རྒྱལ་སྐྱོན་མི་མངའ། །སེམས་ཅན་རྣམས་ལ་ ལེགས་དགོངས་པས། །ཤིན་དུ་རིང་དུའང་གཤེགས་འགྱུར་གྱིས། །རྒྱལ་ཆེན་བདག་གིས་གསོལ་བ་ལ། །ད་ནི་ལེགས་པར་ཐུགས་ཆེས་མཛོད། །གང་གིས་སྟོན་པ་འདིར་གཤེགས་པའི། །བདེན་པའི་བྱིན་བརླབས་བགྱི་བར་ 82-1-210a འཚལ། །མེ་ཏོག་སྤོས་དང་མེ་ཏོག་ཕྲེང་། །རྒྱལ་མཚན་གདུགས་དང་བྱུག་པ་དང་། །སིལ་སྙེན་སྟ་གོན་མཛོད་ཅིག་དང་། །འདྲེན་པ་དེ་ནི་གཤེགས་པར་འགྱུར། །དེས་པས་ཐལ་མོ་སྦྱར་ནས་ཀྱང་། །ཕྲག་པ་གཅིག་ ཏུ་གོས་གཟར་འདུག །པུས་མོ་ས་ལ་བཙུགས་བྱས་ནས། །འདི་སྐད་དུ་ནི་ཚིག་ཀྱང་སྨྲས། །ཀུན་མཁྱེན་བདེན་པོ་གང་གིས་སུ། །བདག་གིས་བསམ་པ་མཁྱེན་ཅེ་ན། །བདེན་པའི་ཚིག་ནི་འདི་ཉིད་ཀྱིས། །ཐུབ་པ་བདག་གི་ མདུན་དུ་བཞུགས། །དེ་ནས་ཚིག་འདི་སྨྲས་ནས་ཀྱང་། །ས་ནི་རབ་ཏུ་གཡོས་པར་གྱུར། །ས་གཞི་རྣམ་པར་བརྟོལ་ནས་ནི། །དེ་བཞིན་གཤེགས་པ་བྱུང་བར་གྱུར། །རྫུ་འཕྲུལ་དག་དང་ལྡན་པ་ཡི། །ཉན་ཐོས་ལྔ་བརྒྱས་ཡོངས་ སུ་བསྐོར། །བརྒྱ་ཕྲག་བཅུ་གཉིས་སྙེད་དག་གི། །བྱང་ཆུབ་སེམས་དཔའ་རྣམས་དང་ནི། །སྐྱོང་བ་དང་ནི་ལྷ་ཀླུ་དང་། །བརྒྱ་བྱིན་ཚངས་པས་མདུན་གྱིས་བལྟས། །དེ་འདྲའི་རྫུ་འཕྲུལ་མཐོང་ནས་ནི། །དེ་ཚེ་འཇིག་རྟེན་ངོ་མཚར་ འཛིན། །རྒྱལ་པོ་དཔུང་བཅས་བློན་པོར་བཅས། །སྟོན་པའི་ཞབས་ལ་འདུད་པར་བྱེད། དེར་ནི་སྲོག་ཆགས་སྟོང་དག་གིས། །སྟོན་པ་ལ་ནི་མཆོད་པ་བྱས། །རྫོགས་པའི་སངས་རྒྱས་མཆོད་བྱས་ནས། །བྱང་ཆུབ་དོན་དུ་ཡིད་བཏུད་ དོ། །དེ་ནས་གྲོང་ཁྱེར་གྱི་དབུལ་པོ་དེས་པས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་ལན་བདུན་བསྐོར་བ་བྱས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་མཉན་ཡོད་འདི་ན་ འཁྱམ་ཞིང་མཆིས་མཆིས་པ་ལས་ནོར་བུ་རིན་པོ་ཆེ་རིན་ཐང་མ་མཆིས་པ་ཞིག་རྙེད་ནས་དེ་ལ་བདག་འདི་སྙམ་བགྱིད་དེ། མཉན་ཡོད་འདི་ན་ཐམས་ཅད་ཀྱི་ནང་ན་དབུལ་པོ་གང་ལགས་པ་དེ་ལ་སྩལ་ཏོ་སྙམ་ནས་དེ་ལ་བདག་འདི་སྙམ་བགྱིད་ དེ། རྒྱལ་པོ་གསལ་རྒྱལ་འདི་ནི་ཐམས་ཅད་ཀྱི་ནང་ནས་ཆེས་དབུལ་བ་སྟེ། འདི་ནི་ཕ་རོལ་གྱི་ནོར་འཕྲོག་པར་བགྱིད་པས་ན་ངོམས་མ་འཚལ་བ་ལགས་སོ། །སླར་ཞིང་དོན་དུ་གཉེར་བར་བགྱིད་པས་ན་ཆོག་མ་འཚལ་བ་ 82-1-210b ལགས་སོ། །གཞན་གྱི་ལོངས་སྤྱོད་དག་གིས་ངོམས་མ་འཚལ་བ་ལགས་སོ། །སྡུག་བསྔལ་བ་རྣམས་ལ་རྣམ་པར་མཐོ་འཚམ་པ་ལགས་སོ། །སྐྱིད་པ་རྣམས་ཐལ་མར་འབྱིན་པ་ལགས་སོ། །དབུལ་པོ་རྣམས་རབ་ཏུ་ཕུང་བར་ བགྱིད་པ་ལགས་སོ། །ཕྱུག་པོ་རྣམས་ཚར་གཅོད་པ་ལགས་སོ། །ཤིན་དུ་རབ་ཏུ་མྱོས་པ་ལགས་སོ། །རྒྱལ་པོའི་ལོངས་སྤྱོད་རྣམས་དང་སྲེད་པས་རྣམ་པར་བཅིངས་པ་ལགས་སོ། །སྙམ་ནས་དེ་ལ་བདག་གིས་སྩལ་ན་ལེན་པར་ མི་བགྱིད་པར་འདི་སྐད་དུ་དེ་ལྟར་ང་ནི་དབུལ་ལ་ཁྱོད་ནི་འབྱོར་བར་ཁྱོད་ལ་དཔང་སུ་ཡོད་ཅེས་ཀྱང་མཆིའོ། །དེའི་སླད་དུ་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་ཐུགས་སྙོམས་པ། ངོ་ཟློག་མི་སྤྱོད་པ་མི་མངའ་བ། ཐ་བ་དང་། དྲི་མ་དང་། ཁོང་ཁྲོ་བ་མི་མངའ་བ། བཅོམ་ལྡན་འདས་ཀྱིས་དོན་འདི་ལེགས་པར་ལུང་བསྟན་པར་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་ནི་ཚེ་འདིའི་རྒྱལ་སྲིད་ཀྱིས་དབང་ཕྱུག་གི་ལོངས་སྤྱོད་གསེར་དང་། ནོར་བུ་ དང་། མུ་ཏིག་དང་། བཻ་དཱུ་རྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། ས་ལེ་སྦྲམ་དང་། དངུལ་དང་། རྟ་དང་། གླང་པོ་ཆེ་དང་། ཤིང་རྟ་དང་། དཔུང་པུ་ཆུང་དང་། བཞོན་པ་དང་། མཛོད་དང་། བང་མཛོད་ཐོབ་པ་གང་ཡིན་པ་འདི་དག་གིས་ བདག་ཕྱུག་གོ་སྙམ་དུ་སེམས་སོ། །རྒྱལ་པོ་ཆེན་པོ་དེས་པ་ནི་སྦྱིན་པ་དང་། དུལ་བ་དང་། ལེགས་པར་སྡོམ་པ་དང་། བཟོད་པ་དང་། དེས་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་། དཀའ་ཐུབ་དང་། བག་ཡོད་པ་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་ལ་གནས་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་གནས་པ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་དང་བ་དང་། དད་པ་དང་། ཚུལ་ཁྲིམས་ དང་། ཐོས་པ་དང་གཏོང་བ་དང་། ཤེས་རབ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། བརྟན་པ་དང་། སྡོམ་པ་གང་ཡིན་པ་འདི་དག་གིས་བདག་ཕྱུག་གོ་སྙམ་དུ་སེམས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱི་འོག་ཏུ་གཏོགས་པའི་སེམས་ 82-1-211a ཅན་ཇི་སྙེད་པ་དེ་དག་འདི་ལྟར་ཁྱོད་དང་འདྲ་བར་ནོར་དང་ལྡན་པར་གྱུར་ཀྱང་དེ་དག་ནི་དེས་པས་གོམ་པ་བདུན་བོར་བའི་བར་གྱི་ཚུལ་ཁྲིམས་དང་། ཐོས་པ་དང་། བརྟུལ་ཞུགས་དང་། དཀའ་ཐུབ་དང་། བག་ཡོད་པའི་ བསོད་ནམས་ཀྱི་ཕུང་པོའི་བརྒྱའི་ཆར་ཡང་མི་ཕོད་པ་ནས་དཔེའི་བར་དུ་ཡང་མི་བཟོད་དོ། །གསལ་རྒྱལ་གྱིས་གསོལ་བ། བཅོམ་ལྡན་འདས་བདག་ཅག་གི་ཡུལ་ན་སེམས་ཅན་ཡོན་ཏན་གྱི་ཆེ་བ་ཉིད་འདི་ལྟ་བུ་དང་ལྡན་པ་བདག་གནས་པ་ ནི་བདག་གིས་རྙེད་པ་ལེགས་པར་རྙེད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱི་ཡུལ་ན་སེམས་ཅན་ཡོན་ཏན་གྱི་ཆེ་བ་ཉིད་འདི་ལྟ་བུ་དང་ལྡན་པ་དག་མང་དུ་གནས་སོ། །དེ་ནས་རྒྱལ་པོ་གསལ་ རྒྱལ་གྱིས་དེས་པ་ལ་ཚིགས་སུ་བཅད་དེ་སྨྲས་པ། ཁྱོད་ཀྱིས་གླེངས་པས་ཁོ་བོའི་ང་རྒྱལ་ངེས་བཅོམ་ཕྱིར། །དེས་པ་ཁྱོད་ནི་ཁོ་བོའི་སྟོན་པ་གཉིས་པ་སྟེ། །རྒྱལ་སྲིད་འདི་ཀུན་ཁྱོད་སྦྱིན་ཁོ་བོ་དཔུང་དང་བཅས། །ཁྱོད་ཀྱི་སློབ་མ་ ཡིན་གྱིས་ཁྱོད་ཀྱིས་བདག་སློབས་ཤིག །ཁོ་བོ་ཡུན་རིང་དག་ཏུ་ང་རྒྱལ་གྱིས་ཀྱང་བསླུས། །སྡིག་པའི་གྲོགས་པོ་དག་གིས་བསྐོར་ཅིང་བཟུང་བ་ལས། །དེས་པ་ཁྱོད་ཉིད་ལས་ནི་ཆོས་འདི་ཐོས་པས་ན། །རབ་ཏུ་བསྡམས་ ཏེ་ཁོ་བོས་ཆོས་བཞིན་སྤྱད་པར་བྱ། །ཁྱིམ་ན་གནས་པ་བརྒྱ་ཕྲག་ལྔ་པོ་འདི་དག་ནི། །ནོར་གྱི་ཆེད་དུ་ཁོ་བོས་གོ་རར་བཅུག་པ་སྟེ། །ཁོ་བོས་ཐམས་ཅད་བཏང་གིས་བདེ་བར་འཁོད་པར་གྱིས། །ཕྱིན་ཅད་འདི་ འདྲ་བ་དག་ཁོ་བོ་ཡོང་མི་བགྱིད། །ལྔ་བརྒྱ་བཏང་བར་གྱུར་བ་གང་ཡིན་དེ་དག་ཀྱང་། །དེས་པ་ལ་ནི་ཞེས་ལེགས་པར་བསྐྱེད་ནས་ཀྱང་། །སེམས་ནི་སྐྱོ་བར་གྱུར་ཅིང་ཅི་ལའང་མི་ལྟ་བར། །བདེ་བ་ཐམས་ཅད་ མཁྱེན་པ་ཉིད་དུ་སྨོན་ལམ་བཏབ། །ང་ནི་དབུལ་བ་མ་ཡིན་ཁྱོད་ནི་དབུལ་པོ་ཞེས། །དེས་པ་ཁྱོད་ཀྱིས་ཚིག་འདི་ལེགས་པར་སྨྲས་པ་སྟེ། །དེས་པ་ལ་ནི་གང་ཞིག་དབུལ་པོ་ཞེས་བརྗོད་པ། །མི་དེ་རྒྱལ་པོའི་ཁྲིམས་དང་ 82-1-211b འགལ་བར་བྱེད་པ་ཡིན། །དེ་ནས་བཅོམ་ལྡན་འདས་ལ་རིགས་ཀྱི་བུ་དེས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྐྱེ་བོའི་ཚོགས་ཆེན་པོ་འདུས་པ་འདི་ནི་བཅོམ་ལྡན་འདས་ལ་ལྟ་བས་ཆོག་མ་འཚལ་བ་ལགས་ན་བཅོམ་ ལྡན་འདས་དེའི་སླད་དུ་ཅི་ནས་འདི་དག་གིས་དེ་བཞིན་གཤེགས་པ་མཐོང་བ་དོན་མཆིས་པར་འགྱུར་བ་དེ་ལྟ་དེ་ལྟར་འདི་དག་ལ་ལེགས་པར་ཆོས་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེས་པ་རིགས་ཀྱི་ བུ་ཆོས་བཞི་དང་ལྡན་ན་དེ་བཞིན་གཤེགས་པ་ལེགས་པར་མཐོང་བ་ཡིན་ནོ། །བཞི་གང་ཞེ་ན། ཡིད་ཆེས་པ་དང་། དད་པ་དང་། ཕངས་པར་འཛིན་པ་དང་། གུས་པ་སྟེ། ཆོས་བཞི་པོ་དེ་དག་དང་ལྡན་ན་དེ་བཞིན་གཤེགས་ པ་ལེགས་པར་མཐོང་བ་ཡིན་ནོ། །གཞན་ཡང་བཞི་སྟེ། དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་མཐོང་ན་བདག་ཀྱང་འདི་འདྲ་བར་གྱུར་ཅིག་ཅེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་ དེ་བཞིན་གཤེགས་པ་ནི་སླུ་བར་མི་མཛད་པའི་ཕྱིར་ལྷག་པའི་བསམ་པ་ཡོངས་སུ་དག་པར་སེམས་བསྐྱེད་པ་དང་། སེམས་ཅན་ཐམས་ཅད་སྟོན་ཅིང་ཆེར་ན་རབ་ཏུ་གྲོལ་བར་བྱ་བའི་ཕྱིར་ཡང་སེམས་དེ་བསྐྱེད་པ་དང་། དཀོན་མཆོག་གསུམ་གྱི་གདུང་མི་འཆད་པར་བྱ་བའི་ཕྱིར་དམ་པའི་ཆོས་ཡོངས་སུ་གཟུང་བར་ཡང་སེམས་དེ་བསྐྱེད་པ་སྟེ། བཞི་པོ་དེ་དག་དང་ལྡན་ན་དེ་བཞིན་གཤེགས་པ་ལེགས་པར་མཐོང་བ་ཡིན་ནོ། །གཞན་ཡང་ བཞི་སྟེ། གཟུགས་དབེན་པར་མཐོང་བ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དབེན་པར་མཐོང་བ་དང་། ཁམས་བཞི་ནམ་མཁའ་དང་འདྲ་བར་མཐོང་བ་དང་། སྐྱེ་མཆེད་གྲོང་སྟོང་པ་ལྟ་བུར་ མཐོང་བ་སྟེ། བཞི་པོ་དེ་དག་དང་ལྡན་ན་དེ་བཞིན་གཤེགས་པ་ལེགས་པར་མཐོང་བ་ཡིན་ནོ། །གཞན་ཡང་བཞི་སྟེ། བདག་མེད་པའི་ཕྱིར་བདག་རྣམ་པར་དག་པ་དང་། སེམས་ཅན་མེད་པའི་ཕྱིར་སེམས་ཅན་རྣམ་པར་ 82-1-212a དག་པ་དང་། སྲོག་མེད་པའི་ཕྱིར་སྲོག་རྣམ་པར་དག་པ་དང་། གང་ཟག་མེད་པའི་ཕྱིར་གང་ཟག་རྣམ་པར་དག་པ་སྟེ། བཞི་པོ་དེ་དག་དང་ལྡན་ན་དེ་བཞིན་གཤེགས་པ་ལེགས་པར་མཐོང་བ་ཡིན་ནོ། །གཞན་ ཡང་བཞི་སྟེ། ལྷའི་མིག་མངོན་པར་འདུ་བྱེད་པ་དང་། ཤེས་རབ་ཀྱི་མིག་ཀུན་དུ་སྦྱོང་བ་དང་། ཆོས་ཀྱི་མིག་གིས་སོ་སོར་རྟོག་པ་དང་། སངས་རྒྱས་ཀྱི་སྤྱན་རྗེས་སུ་རྟོགས་པར་བྱེད་པ་སྟེ། བཞི་པོ་དེ་དག་དང་ལྡན་ན་དེ་བཞིན་ གཤེགས་པ་ལེགས་པར་མཐོང་བ་ཡིན་ནོ། །གཞན་ཡང་བཞི་སྟེ། ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པ་དང་། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་ཏིང་ངེ་འཛིན་གྱི་ཕུང་པོ་ཡོངས་ སུ་དག་པ་དང་། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཁོང་དུ་ཆུད་པའི་ཕྱིར་ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་དག་པ་དང་། དེའི་རྣམ་པར་གྲོལ་བ་མཐོང་བའི་ཕྱིར་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཡོངས་སུ་དག་ པ་སྟེ། དེས་པ་རིགས་ཀྱི་བུ་ཆོས་བཞི་པོ་དེ་དང་ལྡན་ན་དེ་བཞིན་གཤེགས་པ་ལེགས་པར་མཐོང་བ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་བོའི་ཚོགས་ཆེན་པོ་དེ་དག་ཆོས་ཀྱི་གཏམ་གྱིས་ཡང་དག་པར་ དགའ་བར་མཛད་ནས་དང་པའི་རྒྱལ་པོ་ལྟར་འཁོར་དང་བཅས་ཏེ་བར་སྣང་ལ་གཤེགས་སོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་རིགས་ཀྱི་བུ་དེས་པ་ལ་འདི་སྐད་ཅེས་སྨྲས་སོ། །དེས་པ་ཁྱོད་ནམ་དེ་བཞིན་ གཤེགས་པ་ལ་ལྟར་འགྲོ་བ་དེའི་ཚེ་ཁོ་བོ་ལ་ཡང་སྦྲོན་ཅིག་དང་། ཁོ་བོ་ཡང་དེ་བཞིན་གཤེགས་པ་ལ་ལྟར་འགྲོའོ། །དེས་པས་སྨྲས་པ། རྒྱལ་པོ་ཆེན་པོ་དེ་ལྟར་བགྱིའོ། །བདག་ནི་ཁྱོད་བུད་མེད་དང་། གཞོན་ནུ་དང་། བློན་པོ་ལ་སོགས་པའི་འཁོར་དང་བཅས་ཏེ་དེ་བཞིན་གཤེགས་པ་ལ་གཟིགས་སུ་གཤེགས་པར་འཚལ་ལོ། །རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་རྣམས་ནི་བདག་གཅིག་པུ་ལ་ཕན་ 82-1-212b པའི་ཕྱིར་ཞུགས་པ་མ་ལགས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་འཁོར་ཕལ་ཆེ་ན་མཛེས་སོ། །རྒྱལ་པོས་སྨྲས་པ། དེས་པ་བྱང་ཆུབ་སེམས་དཔའི་འཁོར་གང་ཡིན། དེས་པས་སྨྲས་པ། རྒྱལ་པོ་ཆེན་པོ་ཡོངས་སུ་སྨིན་ པར་བགྱི་བ་དང་། གདུལ་བའི་སླད་དུ་སེམས་ཅན་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་གཞན་ཡང་ཐེག་པ་གཞན་ལ་འདོད་པ་མ་མཆིས་པའི་སླད་དུ་གཞན་དག་ཀྱང་བྱང་ཆུབ་ཡང་དག་ པར་འཛིན་དུ་འཇུག་པའི་བྱང་ཆུབ་ཀྱི་སེམས་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་སེམས་ཅན་གཡོན་ཅན་འདུལ་བར་འགྱུར་བའི་ལྷག་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། ། རྒྱལ་པོ་ཆེན་པོ་ཕྱིར་མི་ཟློགས་པར་འགྱུར་བའི་འདུན་པ་དྲག་པོ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་སེམས་ཅན་སེར་སྣ་ཅན་ཡོངས་སུ་སྨིན་པར་བགྱིད་པར་འགྱུར་བའི་སྦྱིན་པ་ནི་བྱང་ཆུབ་ སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་སེམས་ཅན་ཚུལ་ཁྲིམས་འཆལ་པ་ཡོངས་སུ་སྨྱིན་པར་བགྱིད་པར་འགྱུར་བའི་ཚུལ་ཁྲིམས་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་སེམས་ ཅན་གནོད་སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པར་འགྱུར་བའི་བཟོད་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་སེམས་ཅན་ལེ་ལོ་ཅན་ཡོངས་སུ་སྨིན་པར་བགྱིད་པར་འགྱུར་བའི་བརྩོན་ འགྲུས་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་སེམས་ཅན་སེམས་རྣམ་པར་གཡེངས་པ་ཡོངས་སུ་སྨིན་པར་བགྱིད་པར་འགྱུར་བའི་བསམ་གཏན་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་ སོ། །རྒྱལ་པོ་ཆེན་པོ་སེམས་ཅན་འཆལ་བའི་ཤེས་རབ་ཅན་ཡོངས་སུ་སྨིན་པར་བགྱིད་པར་འགྱུར་བའི་ཤེས་རབ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་སེམས་ཅན་ཐམས་ཅད་ལ་སེམས་ 82-1-213a སྙོམས་པའི་བྱམས་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་འཁོར་བ་ལ་ཡོངས་སུ་མི་སྐྱོ་བའི་སྙིང་རྗེ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་ཆོས་ཀྱི་ཀུན་དགའ་ ལ་དགའ་ཞིང་མོས་པའི་དགའ་བ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤོང་བའི་བཏང་སྙོམས་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་སེམས་ ཅན་ཐམས་ཅད་ཡོངས་སུ་སྨིན་པར་བགྱིད་པར་འགྱུར་བའི་བསྡུ་བའི་དངོས་པོ་བཞི་པོ་དག་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱིད་པར་འགྱུར་བའི་དགེ་བའི་རྩ་ བ་རྣམ་པ་སྣ་ཚོགས་སོགས་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་བདུད་ཀྱི་ལས་ཐམས་ཅད་ལས་ཡང་དག་པར་འདའ་བར་འགྱུར་བའི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམས་ནི་བྱང་ཆུབ་ སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་ཚིག་བཙུན་པར་འགྱུར་བའི་བདེན་པ་དང་མི་རྩུབ་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་སྤོབས་པ་ཕུན་སུམ་ཚོགས་པར་འགྱུར་བའི་མི་འཕྱ་བ་དང་འཐིང་ སླད་མི་བགྱིད་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་བརྗེད་ངས་པར་མི་འགྱུར་བའི་ཐོས་པའི་ཡོ་བྱད་སོགས་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་ཐོས་པ་འཛིན་པར་འགྱུར་ བའི་སླད་དུ་སློབ་དཔོན་དང་མཁན་པོ་ལ་གུས་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་དམ་པའི་ཆོས་ཡོངས་སུ་འཛིན་པར་འགྱུར་བའི་ཐོས་པ་འཛིན་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་ པོ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་ཡང་དག་པར་འཛིན་པར་འགྱུར་བའི་དམ་པའི་ཆོས་ཡོངས་སུ་འཛིན་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་དགེ་བའི་རྩ་བ་ཐམས་ཅད་ཡོངས་ 82-1-213b སུ་རྫོགས་པར་འགྱུར་བའི་དགོན་པ་ལ་གནས་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་སེམས་ཅན་མ་དད་པ་དད་པར་འགྱུར་བའི་འཚོ་བ་ཡོངས་སུ་དག་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་ པོ་བྱང་ཆུབ་སེམས་དཔའི་སྒྲུབ་པར་འགྱུར་བའི་བག་ཡོད་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །དེ་ནས་རྒྱལ་པོ་གསལ་རྒྱལ་དགའ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ནས་རྒྱལ་ པོ་ལ་འོས་པའི་རས་བཅོས་བུ་ཟུང་སྟོང་ཆོས་ལ་དགབ་པའི་ཕྱིར་དེས་པ་ལ་བྱིན་ནོ། །དེས་པས་སྨྲས་པ། རྒྱལ་པོ་ཆེན་པོ་བདག་ལ་བཀུར་སྟི་དང་མཆོད་པ་མཛད་པས་འཚལ་ཏོ། །གང་གིས་བདག་ལ་འཚལ་བར་འགྱུར་བའི་གོས་ རས་རུལ་པའི་དུམ་བུ་བརྒྱ་བཙེམས་པ་བདག་ལ་མཆིས་ཀྱིས་བདག་ནི་བདག་གིར་འཛིན་པ་དང་བཅས་ཤིང་ཡོངས་སུ་འཛིན་པ་དང་བཅས་པའི་གོས་རྣམས་མི་འཚལ་ལོ། །རྒྱལ་པོ་ཆེན་པོ་དཔྱིད་ཀྱི་དུས་ན་རས་རུལ་པའི་དུམ་ བུའི་གོས་འདི་ཤིང་གིས་ཡལ་ག་ལ་བཀལ་ཏེ་དགུང་གཅིག་གམ། དགུང་གཉིས་སམ། དགུང་བཅུ་འམ། དགུང་བརྒྱར་མཆིས་ཀྱང་དེ་ལ་སུ་ཡང་ལེན་པ་མ་མཆིས་ཤིང་དེ་ལ་སུ་ཡང་ཆགས་པའི་སེམས་སྐྱེད་པ་མ་མཆིས་ཏེ། བདག་ ཀྱང་དེ་བོར་ནས་མི་ལྟ་བར་མཆི་བའི་དུས་དེ་མཆིས་སོ། །རྒྱལ་པོ་ཆེན་པོ་བདག་ནི་བདག་གིར་འཛིན་པ་དང་། ཡོངས་སུ་འཛིན་པ་དང་བཅས་པའི་གོས་རྣམས་མི་འཚལ་ལོ། །རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་ནི་གང་ལ་ བདག་ཉིད་ཀྱང་འདོད་པ་སྤོང་བར་འགྱུར་ཞིང་གཞན་ཡང་འདོད་པ་སྐྱེད་པར་མི་འགྱུར་བ་དེ་ལྟ་བུའི་གོས་བཅང་བར་བགྱིའོ། །རྒྱལ་པོས་སྨྲས་པ། དེས་པ་གལ་ཏེ་དེ་ལྟར་རས་བཅོས་བུ་ཟུང་འདི་དག་ཁྱོད་མི་ལེན་ན་ཁོ་བོ་ལ་སྙིང་ བརྩེ་བའི་ཕྱིར་རྐང་པས་རྫིས་ཤིག །དེས་པས་ལྷ་དེ་བཞིན་དུ་བགྱིའོ་ཞེས་སྨྲས་ནས་རས་བཅོས་བུ་ཟུང་དེ་དག་ལ་རྐང་པས་བརྫིས་ཏེ་སོང་ངོ་། །རྒྱལ་པོས་སྨྲས་པ། དེས་པ་རས་བཅོས་བུ་ཟུང་ཁྱོད་ཀྱི་རྐང་པའི་དམན་མར་གྱུར་བ་ 82-1-214a འདི་རྣམས་ནི་ཇི་ལྟར་བྱ། དེས་པས་སྨྲས་པ། རྒྱལ་པོ་ཆེན་པོ་སེམས་ཅན་དབུལ་པོ་གཅེར་བུ་གོས་མ་མཆིས་པ་གང་ལགས་པ་དེ་དག་ལ་སྩོལ་ཅིག །རྒྱལ་པོས་དེས་པ་དེ་ལྟར་བྱའོ་ཞེས་སྨྲས་ནས་རྒྱལ་པོའི་མིའི་རྣམས་ ལ་བསྒོ་སྟེ། དེ་དག་གིས་ཀྱང་ཇི་སྐད་བསྒོ་བ་བཞིན་དུ་བྱས་སོ། །རས་བཅོས་བུ་ཟུང་དེ་དག་དབུལ་པོ་དེ་དག་གིས་བགོས་མ་ཐག་ཏུ་འདི་སྙམ་དུ་སེམས་བསྐྱེད་དེ། བདག་གིས་དེས་པ་ལ་ཇི་ལྟར་ལན་གླན་པར་བྱ་སྙམ་པ་ལས་ སངས་རྒྱས་ཀྱི་བྱིན་གྱིས་བརླབས་དང་། དེས་པའི་སྨོན་ལམ་གྱི་སྟོབས་ཀྱིས་དེ་དག་གིས་བར་སྣང་ལས་ཚིགས་སུ་བཅད་པ་འདི་དག་ཐོས་སོ། །འདོད་པ་བཞིན་དུ་ལན་ནི་གླན་བྱ་བ། །མེ་ཏོག་དང་ནི་སྤོས་དང་བྱུག་པ་དང་། །ཟས་སྐོམ་ ནོར་རྣམས་ཀྱིས་ཀྱང་མི་ནུས་ཏེ། །བྱང་ཆུབ་སེམས་ཀྱིས་དེས་པ་དགའ་བར་འགྱུར། །དེས་པ་ཟས་དང་གོས་འདོད་མ་ཡིན་ཏེ། །རྙེད་དང་བཀུར་སྟི་གྲགས་པ་འདོད་མ་ཡིན། །དེས་པ་བྱང་ཆུབ་སེམས་ལས་ཆོས་འདོད་དེ། །བྱང་ཆུབ་སེམས་ ཀྱིས་དེས་པ་དགའ་བ་སྐྱེ། །དེ་ནས་དུས་གཞན་ཞིག་ན་རིགས་ཀྱི་བུ་དེས་པ་དང་། རྒྱལ་པོ་གསལ་རྒྱལ་བཙུན་མོའི་འཁོར་དང་བཅས། བློན་པོ་དང་བཅས་འཁོར་དང་བཅས་པ་དང་། མཉན་ཡོད་ཀྱི་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དང་། སྲོག་ཆགས་བརྒྱ་ཕྲག་མང་པོ་དག་བཅོམ་ལྡན་འདས་བལྟ་བའི་ཕྱིར་དོང་ངོ་། །དེ་ནས་མཉན་ཡོད་དང་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་བར་དུ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འཁོར་གྱི་ཁྱམས་ཆེན་པོ་བཀྲ་བ་བལྟ་ན་ སྡུག་པ་ཡངས་ཤིང་མཐོ་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་འདི་ལྟ་སྟེ་དཔེར་ན་སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ཁང་བཟངས་རྣམ་པར་རྒྱལ་བ་ལྟ་བུ་ཞིག་སྤྲུལ་ཏེ། དབུས་སུ་ཤིང་ཡོངས་འདུ་ས་བརྟོལ་སྤྲུལ་ཏོ། །ཡོངས་ འདུ་ས་བརྟོལ་གྱི་དྲུང་དུ་ཡང་བཅོམ་ལྡན་འདས་ཀྱི་གདན་སེང་གེ་ཁྲི་བཀྲ་བ་བལྟ་ན་སྡུག་ཅིང་ཆུ་ཞེང་གབ་པ་ལ་ལྷའི་རས་བཅོས་བུ་བརྒྱ་སྟོང་དུ་མ་བཏིང་བ་མངོན་པར་སྤྲུལ་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟན་དྲུག་ 82-1-214b ཁྲི་དག་ཀྱང་མངོན་པར་སྤྲུལ་ཏོ། །ལྷ་མ་ཡིན་གྱི་བུ་མོ་བདེ་སོགས་དང་། ལྷའི་བུ་མོ་ཁྲི་ཉིས་སྟོང་ཡང་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ལྷའི་ཙན་དན་གྱི་ཕྱེ་མ་དག་ཁྱེར་ནས་སིལ་སྙན་དང་། ཕེག་རྡོབ་ པ་དག་བྱེད་ཅིང་དེས་པའི་གཡོག་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱི་སེང་གེའི་ཁྲི་བརྒྱན་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་བོའི་ཚོགས་ཆེན་པོ་དེ་དག་འོང་བར་ཐུགས་སུ་ཆུད་ནས་གཙུག་ལག་ཁང་ནས་བྱུང་སྟེ། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་དྲི་ཟའི་བུ་གཙུག་ཕུད་ལྔ་པས་ལྷའི་བུ་མོ་ཉི་འོད་ལ་སྨྲས་པ། བཟང་མོ་ཚུར་ཤོག །དེས་པའི་གཡོག་ བྱ་བའི་ཕྱིར་རྒྱུད་ཀྱི་སྒྲ་དང་། གླུའི་སྒྲ་དབྱངས་ཀྱིས་དེ་བཞིན་གཤེགས་པ་ལ་མཆོད་པར་བྱའོ། །དེ་ནས་ལྷའི་བུ་མོ་ཉི་འོད་ཀྱིས་ལྷའི་བུ་མོ་ལྔ་བརྒྱ་ཙམ་དང་ཐབས་གཅིག་ཏུ་རྒྱུད་ཀྱི་སྒྲར་སྦྱར་བའི་ཚིགས་སུ་བཅད་པ་དག་གིས་ བསྟོད་པ། ཁྱོད་ཀྱིས་བསྐལ་པ་བརྒྱར་ནི་སྔན་ཆད་དཀའ་ཐུབ་སྤྱད། །ཁྱོད་ནི་བསྡུ་བ་དག་དང་དུལ་དང་སྦྱིན་ལ་དགྱེས། །ཁྱོད་ཀྱི་སྐུ་གསུང་ཐུགས་རྣམས་ཡོངས་སུ་དག་པ་སྟེ། །སྲིད་གསུམ་འཇིག་རྟེན་བླ་མ་ལ་ནི་བདག་ ཕྱག་འཚལ། །ཁྱོད་ནི་ཐ་བ་མི་མངའ་བཟོད་དང་བྱམས་ལ་དགྱེས། །ཁྱོད་ནི་བརྩོན་འགྲུས་བརྟན་དང་སྟོབས་ཀྱི་ཕ་རོལ་གཤེགས། །ཁྱོད་ནི་བསམ་གཏན་བློ་དང་ཚུལ་རྣམས་སྣང་ལ་དགྱེས། །དྲི་མ་གསུམ་གྱི་ཉེས་པ་སེལ་ ལ་བདག་ཕྱག་འཚལ། །ཁྱོད་ནི་འདོད་ཆགས་ཞེ་སྡང་གཏི་མུག་སེལ་ལ་དགྱེས། །ཁྱོད་ཀྱི་ཐུགས་ནི་ཞི་ཞིང་སྙོམས་ལ་ཐུགས་རྗེ་ལྡན། །ཁྱོད་ནི་ཡང་དག་གསུང་ཞིང་དམ་པའི་དོན་ཡང་མཁྱེན། །སྲིད་པ་གསུམ་པོ་ཐར་ པར་མཛད་ལ་བདག་ཕྱག་འཚལ། །ཁྱོད་ནི་མཐོང་བ་རྣམས་ཀྱི་ཐེ་ཚོམ་སེལ་བར་མཛད། །ཁྱོད་ནི་མཐོང་བ་རྣམས་ཀྱི་སྐྱོན་རྣམས་མཐའ་དག་སེལ། །ཁྱོད་ནི་མཐོང་བ་རྣམས་ལ་མཆོག་ཏུ་དགའ་བར་མཛད། །བདག་ནི་རྒྱལ་ 82-1-215a ལ་སྲོག་གིས་སྐྱབས་སུ་མཆི་བར་བགྱི། །ལྷའི་བུ་མོ་མཆོག་ནི་འདོད་ཆགས་ཆགས་གྱུར་པ། །གང་གིས་མཐོང་བ་དེ་ཡང་ཆོས་ལ་དགའ་བར་འགྱུར། །དགའ་བས་དྲན་པ་ཤིན་དུ་རྒྱ་ཆེར་ཐོབ་འགྱུར་ཏེ། ། དགའ་བས་སྡུག་ལ་འདོད་པའི་དགའ་དང་བྲལ་བར་འགྱུར། །མཚན་མཆོག་སུམ་བཅུ་རྩ་གཉིས་དག་གི་རྒྱན་རྣམས་ཀྱིས། །ལེགས་པར་བརྒྱན་པ་གསལ་བའི་ཡོན་ཏན་མཆོག་མངའ་བ། །གསུང་ མཆོག་མི་ཡི་དམ་པ་གསུང་ནི་རྣམ་པར་དག །མཚུངས་པ་མེད་པའི་འོད་མངའ་ཁྱོད་ལ་བདག་ཕྱག་འཚལ། །འཕགས་པ་འཛམ་བུ་ཆུ་བོའི་གསེར་མདོག་ཕྱག་མཐིལ་སྡུག །ཐུབ་པའི་སྐུ་སྟོད་སེང་གེའི་འདྲ་ཞིང་གླང་ཆེན་སྟབས། ། སྨིན་ཚུགས་ལེགས་ཤིང་ཤངས་ལེགས་ཚེམས་སྙོམས་ཐགས་བཟང་མཛེས། །དཔལ་གྱི་སྙིང་པོ་ཤཱཀྱ་ཐུབ་མཆོག་ཁྱེད་ལ་འདུད། །རྒྱལ་བ་ཡོན་ཏན་བརྒྱ་ཕྲག་དག་གིས་རྒྱས་གྱུར་པ། །བདེ་གཤེགས་ཤིན་དུ་དགའ་ བ་སྐྱེད་མཛད་བསྟོད་པ་ཡི། །བསོད་ནམས་ཡོན་ཏན་མཐའ་ཡས་བསྒྲུབས་པ་གང་ལགས་པ། །དེ་ཡིས་འདིར་ནི་འཇིག་རྟེན་སངས་རྒྱས་མཉམ་གྱུར་ཅིག །དེ་ནས་རིགས་ཀྱི་བུ་དེས་པ་སྐྱེ་བོའི་ཚོགས་ཆེན་པོ་དེ་དག་གིས་ ཡོངས་སུ་བསྐོར་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་རིགས་ཀྱི་བུ་དེས་པ་ ལ་ཁྲིའུ་སྟན་བཟང་པོ་བདག་ཉིད་ཀྱིས་བྱིན་ཏེ་འདི་ལ་འདུག་ཅིག་ཅེས་བྱས་ནས་རིགས་ཀྱི་བུ་དེས་པ་ཁྲིའུ་སྟན་བཟང་པོ་དེ་ལ་འདུག་གོ། །རྒྱལ་པོ་གསལ་རྒྱལ་འཁོར་དང་བཅས་པ་ཡང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ ཕྱག་འཚལ་ནས་རང་རང་གི་སྟན་ལ་འཁོད་དོ། །དེ་ནས་ལྷའི་བུ་གང་དག་གིས་རིགས་ཀྱི་བུ་དེས་པ་སྔོན་མ་མཐོང་བ་དེ་དག་འདི་སྐད་དུ་དབུལ་པོ་གོས་ངན་པ་གྱོན་པ་འདི་ལ་འདི་ལྟ་བུར་མཆོད་པ་བྱེད་དོ་ཞེས་འཛེར་ཏོ། །དེ་ 82-1-215b ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་དག་འདི་ལ་བརྙས་པར་མ་བྱེད་ཅིག །རིགས་ཀྱི་བུ་འདི་ཡོན་ཏན་གྱི་ཆེ་བ་ཉིད་ཇི་སྙེད་པ་དང་ལྡན་པ་དེ་ནི་ཁོ་བོའི་མངོན་སུམ་དུ་གྱུར་ཏོ། ། གྲོགས་པོ་དག་ཁྱེད་རེ་ཤིག་སྡོད་ཅིག་དང་། རིགས་ཀྱི་བུ་འདིའི་ཡོན་ཏན་གྱི་བཀོད་པ་མཐོང་བར་འགྱུར་རོ། །དེ་ནས་རིགས་ཀྱི་བུ་དེས་པས་ལྷའི་བུ་དེ་དག་གི་བསམ་པ་རྟོགས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་ཡོངས་སུ་སྨིན་པར་བགྱི་བའི་བཀོད་པའི་ཐབས་དང་། ཡེ་ཤེས་ཀྱི་བཀོད་པའི་ཐབས་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །དེ་ནས་བཅོམ་ ལྡན་འདས་ཀྱིས་སྐུ་ལས་འོད་ཕྱུང་སྟེ། འོད་དེས་དེས་པའི་ལུས་ལ་རེག་ནས་ལྷའི་དབང་པོ་བརྒྱ་བྱིན་གྱི་གཟུགས་ཀྱི་ལུས་ཡོངས་སུ་གྲུབ་པ་ཅི་འདྲ་བ་དེ་ལས་འབུམ་གྱུར་བས་ཀྱང་ཆེས་ལྷག་པར་གྱུར་ཏོ། །དེ་ནས་ ལྷའི་བུ་དེ་དག་ཡ་མཚན་དུ་འཛིན་པར་གྱུར་ཏེ། དེས་པ་ལ་མེ་ཏོག་དག་གིས་གཏོར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དེས་པ་ལ་བཀའ་སྩལ་པ། དེས་པ་གང་གི་ཚེ་བྱང་ཆུབ་སེམས་དཔའ་རྡོ་རྗེ་ལྟ་བུའི་ མཐུ་ལ་གནས་པའི་ཚེ་ཡང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དམན་པར་སྟོན་ཅིང་དམན་པའི་མཐུ་ལ་གནས་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་མཆོག་ཏུ་སྟོན་པར་བྱེད་པ་འདི་ནི་དེའི་བཀོད་པ་ཡིན་ ནོ། །ཡེ་ཤེས་ལ་གནས་ཀྱང་མི་ཤེས་པར་སྟོན་ཅིང་མི་ཤེས་པར་སྟོན་ཀྱང་ཤེས་པར་སྣང་བ་འདི་ནི་དེའི་བཀོད་པ་ཡིན་ནོ། །ཡེ་ཤེས་མ་ཐོབ་པ་རྣམས་ལ་ཡང་ལུས་ཀྱི་སྤྱོད་པ་དང་། སྤྱོད་ལམ་གྱི་དད་པ་སྐྱེད་པར་བྱེད་ ཅིང་ཡེ་ཤེས་ཐོབ་པ་རྣམས་ལ་ཡང་སྤྱོད་པ་ཐམས་ཅད་ཡང་དག་པར་སྟོན་པས་རྫུ་འཕྲུལ་སྟོན་པར་བྱེད་པ་འདི་ནི་དེའི་བཀོད་པ་ཡིན་ནོ། །རྟག་ཏུ་སེམས་ལ་དབང་བྱེད་པས་ངན་ཅིང་དབུལ་བར་སྟོན་ཀྱང་ཚངས་པས་ཀྱང་མཆོད་ 82-1-216a པ་དང་། མཆོག་གི་བཀོད་པ་ལ་གནས་ཀྱང་སྐྱེ་བོ་ཕལ་གྱིས་ཀྱང་མཆོད་པ་འདི་ནི་དེའི་བཀོད་པ་ཡིན་ནོ། །སེམས་ཅན་བསྡུ་བའི་ཕྱིར་ངན་ཅིང་དབུལ་བར་ཡང་ཉེ་བར་སྟོན་ལ་སེམས་ཅན་རྣམས་ལ་མངོན་པར་ འབྱུང་བ་བསྐྱེད་པའི་ཕྱིར་ལོངས་སྤྱོད་རྒྱ་ཆེན་པོ་དང་ལྡན་ཡང་མངོན་པར་འབྱུང་བར་སྟོན་པ་འདི་ནི་དེའི་བཀོད་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ རིགས་ཀྱི་བུ་དེས་པས་ཇི་སྲིད་ཅིག་ནས་བྱང་ཆུབ་ཀྱི་ཕྱིར་སྤྱད་པ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་སྩལ་པ། ཀུན་དགའ་བོ་རིགས་ཀྱི་བུ་དེས་པ་ནི་སངས་རྒྱས་བྱེ་བ་མང་པོ་ལ་བསྙེན་བཀུར་བྱས་པ། སྔོན་གྱི་ཚུལ་ཕུན་སུམ་ ཚོགས་པ། བཟོད་པ་གསུམ་ཐོབ་པ། སྤོབས་པ་ཐོབ་པ། མངོན་པར་ཤེས་པས་རྣམ་པར་རྩེ་བར་བྱས་པ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་མཁས་པ་སྟེ། ངན་ཅིང་དབུལ་བས་སེམས་ཅན་རྣམས་འདུལ་བར་བྱེད་དོ། ། གསོལ་པ། བཅོམ་ལྡན་འདས་འདིས་ངན་ཅིང་དབུལ་བ་འདིས་སེམས་ཅན་ཇི་སྙེད་ཅིག་བཏུལ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ལྷའི་བུ་འབུམ་ཕྲག་མང་པོ་དག་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་ཏེ། མི་རྣམས་ཀྱང་དེ་དང་འདྲ་འོ། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་འདི་ཇི་སྲིད་ཅིག་ན་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་ པར་འཚང་རྒྱ་བར་འགྱུར། འདིའི་སངས་རྒྱས་ཀྱི་ཞིང་གི་བཀོད་པ་རྣམས་ནི་ཅི་འདྲ་བ་ཞིག་ཏུ་འགྱུར། མིང་ནི་ཇི་སྐད་ཅེས་བགྱི་བ་ཞིག་ཏུ་འགྱུར་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ ཚིགས་སུ་བཅད་དེ་བཀའ་སྩལ་པ། སེམས་ཅན་དོན་ལ་བརྩོན་དང་བརྟུལ་ཞུགས་བརྟན་པ་དང་། །གྲགས་པ་རྒྱ་ཆེན་དག་གིས་བསམ་པ་ཁྱབ་བྱས་དང་། །བྱང་ཆུབ་ཡོན་ཏན་གནས་པ་སྤྱོད་པ་ཅི་འདྲ་བ། །ངས་ནི་ཁྱོད་ 82-1-216b ལ་བཤད་ཀྱིས་ཀུན་དགའ་ཁྱོད་ཉོན་ཅིག །འདི་ན་རྒྱལ་མཆོད་མཆོག་ཕྱིར་ནི་གུས་བྱེད་ཅིང་། །དམ་པའི་ཆོས་ནི་བསྲུང་ཕྱིར་རབ་ཏུ་བརྩོན་བྱེད་པ། །དེས་པ་ཡི་ནི་སྤྱོད་པའི་རྣམ་པ་གང་ཡིན་པ། །དེ་དག་འདིར་ནི་བགྲང་བར་ནུས་ པར་མི་འགྱུར་རོ། །ཕ་རོལ་ཕྱིན་པ་འདི་དག་ལ་ནི་ལེགས་པར་བསླབས། །མངོན་པར་ཤེས་པ་དག་གིས་སྔན་ཆད་རྩེ་བར་བྱས། །ཚངས་པའི་གནས་རྣམས་ཀྱིས་ནི་མཐའ་མར་ཕྱིན་པར་སོང་། །ཐབས་ལ་མཁས་པའི་སྤྱོད་ པ་དག་ལ་ལེགས་པར་བསླབས། །འདིར་ནི་དེ་ཡིས་འདུས་བྱས་སྐྱོན་རྣམས་ལེགས་པར་མཐོང་། །སངས་རྒྱས་བྱང་ཆུབ་ཀྱང་ནི་མངོན་སུམ་གྱུར་བར་བྱས། །འདིས་ནི་སེམས་ཅན་ཇི་ལྟ་ཇི་ལྟར་ཐར་འགྱུར་བའི། །རྣམ་པར་ སྨིན་པའི་མཚན་ཉིད་ལ་ཡང་ལེགས་པར་བསླབས། །འཇིགས་པ་མེད་ཅིང་བློ་དང་རྟོགས་དང་དྲན་དང་ལྡན། །སྤོབས་པ་དང་ནི་གཟུངས་རྣམས་དང་ཡང་ལྡན་པ་སྟེ། །བདུད་ཀྱི་ལྕགས་ཀྱུ་ཉོན་མོངས་རྫབ་ལས་ངེས་བྱུང་ ཞིང་། །སངས་རྒྱས་སྤྱོད་ཡུལ་དོན་ཆེན་ལ་ནི་རབ་ཏུ་གནས། །འཇིག་རྟེན་ཆོས་རྣམས་མང་པོ་དག་གིས་མ་གོས་ལ། །ཆགས་པ་ལ་སོགས་རྣམས་ཀྱིས་བྲག་ལྟར་ཡོང་མི་གཡོས། །སུ་ཡི་དྲུང་དུ་མི་འགྲོ་རིང་བར་ བྱེད་པ་འམ་མིན། །ནམ་མཁའ་ལྟ་བུར་བཅིངས་དང་གྲོལ་བ་མེད་པ་ཡིན། །སྙིང་རྗེར་གནས་ཤིང་སེམས་ཀྱང་ཡོངས་སུ་སྐྱོ་བ་མེད། །ཤིན་དུ་བསྡམས་ཤིང་ནེམ་ནུར་ཅན་ལ་བྱམས་སེམས་ལྡན། །སེམས་ཅན་ ཀུན་ལ་བདག་དང་འདྲ་བར་སྡུག་པར་ལྟ། །སྐྱོན་ལ་མི་ལྟ་འཁྲུག་པ་དག་དང་ལྡན་མ་ཡིན། །ཇི་ལྟར་བསྟན་པ་བཞིན་དུ་སྒྲུབ་པ་རྣམས་ལ་གནས། །འདི་ནི་ཇི་སྐད་སྨྲས་པ་བཞིན་དུ་སྤྱོད་པར་བྱེད། །ཆོས་ཉིད་ལ་ ནི་ཆོས་ཀྱི་ཚུལ་གྱིས་ལེགས་པར་བསླབས། །སྟོང་པ་ཉིད་ལ་མོས་ཤིང་གཉིས་ལས་རྣམ་པར་གྲོལ། །བཟོད་པ་གསུམ་ཐོབ་སྐྱེ་བོའི་སྤྱོད་ཡུལ་མ་ཡིན་ཏེ། །སངས་རྒྱས་ཚུལ་དང་ཡོན་ཏན་དག་ལ་རབ་ཏུ་གནས། ། 82-1-217a འདི་ནི་འཇིག་རྟེན་གང་དུ་རྒྱུ་བ་བྱེད་པ་ན། །དེར་ནི་སྐྱེ་བོ་མང་པོ་རྣམ་པར་གྲོལ་བར་བྱེད། །སངས་རྒྱས་ཀྱི་ནི་སྲས་འདི་གང་དུ་གནས་པ་དེར། །དེ་བཞིན་གཤེགས་པས་ཡུལ་ནི་སྟོངས་པ་མ་ཡིན་ཏེ། །དེ་ལ་ ལྷ་དང་བཅས་པའི་འཇིག་རྟེན་མ་ལུས་པས། །ཇི་ལྟར་སངས་རྒྱས་བཞིན་དུ་འདི་ལ་གུས་པར་གྱིས། །ང་ནི་མྱ་ངན་འདས་ནས་ཉམས་པའི་དུས་བབ་ཚེ། །དེས་པ་འདི་ནི་སངས་རྒྱས་སྤྱོད་པ་སྤྱད་ནས་ཀྱང་། །སྔོན་ཆད་གནས་ པ་མངོན་པར་དགའ་བའི་འཇིག་རྟེན་ཁམས། །མི་འཁྲུགས་འཇིག་རྟེན་ཉིད་དུ་ཕྱིར་ཡང་འགྲོ་བར་འགྱུར། །བརྟན་པོ་སྲོག་ཆགས་རྣམས་ལ་ཕན་པར་བྱ་བ་དང་། །ཞིང་གི་འབྱོར་པ་དག་ནི་ཡོངས་སུ་བཙལ་བ་དང་། ། བྱང་ཆུབ་ཏུ་ནི་སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །བསྐལ་པ་གྲངས་མེད་གསུམ་དུ་སྤྱད་པ་སྤྱོད་པར་བྱེད། །དེ་ཡི་འོག་ཏུ་དེ་ནི་སྐྱོབ་པ་རྒྱལ་བར་འགྱུར། །མིང་ནི་འཇིག་རྟེན་རྒྱལ་པོ་དབང་ཕྱུག་ཅེས་ཀྱང་བྱ། །དེ་ བཞིན་གཤེགས་པ་མི་འཁྲུགས་པ་ཞེས་བྱ་བ་ཡི། །ཞིང་དང་དེ་ཡི་འཇིག་རྟེན་དུ་ནི་མཚུངས་པ་ཡིན། །འཇིག་རྟེན་ཁམས་དེ་ལེགས་པར་སྦྲུལ་པ་ཞེས་བྱ་སྟེ། །ཡོན་ཏན་ཐམས་ཅད་དང་ནི་ལྡན་པར་འགྱུར་བ་ཡིན། །དེ་ཡི་ ཚེ་ཡི་ཚད་ནི་ལོ་ཁྲི་ཐུབ་པར་འགྱུར། །དེ་ཡི་དགེ་འདུན་ཤིན་དུ་མང་སྟེ་བགྲང་ལས་འདས། །ཉན་ཐོས་ཐེག་པ་ཅན་གྱི་དགེ་འདུན་ཉུང་བར་འགྱུར། །ཕལ་ཆེར་བྱང་ཆུབ་དོན་དུ་བརྩོན་པ་བྱས་ནས་སུ། །དེ་དག་ཐམས་ ཅད་ཡེ་ཤེས་སྟོབས་དང་རྫུ་འཕྲུལ་ལྡན། །རྣམ་པར་ཐར་པ་རྣམས་དང་ལྡན་ཞིང་འཇིགས་པ་མེད། །གཅིག་ཏུ་ངེས་པར་ཆོས་ནི་ལེགས་པར་བཤད་རྣམས་ཀྱིས། །འཇིག་རྟེན་ཁམས་དེར་རྟག་ཏུ་སྒྲ་ཆེན་སྒྲོགས་ པར་འགྱུར། །དེ་ན་བདུད་རྣམས་མེད་ཅིང་སྲིད་པར་ཆགས་པ་མེད། །དེ་དག་ཐམས་ཅད་ཡང་དག་རིག་ཅིང་རྣམ་པར་དག །བདེ་བར་གཤེགས་དེ་ཡོངས་སུ་མྱ་ངན་འདས་གྱུར་ནས། །ལོ་ནི་བརྒྱད་ཅུ་དག་ལས་བཞི་ 82-1-217b ལྷག་རྣམས་སུ་ཡང་། །དེ་ཡི་དམ་པའི་ཆོས་ནི་རབ་ཏུ་སྤྱོད་པར་འགྱུར། །དེ་ཚེ་དེ་ཡི་ཆོས་ཀྱི་ཚུལ་ནི་འཁྲུགས་པ་མེད། །དེས་པ་དེ་ཡིས་གང་དག་ཡོངས་སུ་སྨིན་བྱས་པ། །དེ་དག་བྱང་ཆུབ་བླ་ན་མེད་པའི་དོན་དུ་སྤྱོད། །ཞིང་ དེར་སེམས་ཅན་གང་དག་འབྱུང་བར་འགྱུར་བ་རྣམས། །དེ་དག་ཐམས་ཅད་སྐྱོན་རྣམས་དང་ནི་བྲལ་བ་ཡིན། །བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དེས་པའི་ལུང་བསྟན་པ་བཤད་མ་ཐག་ཏུ་དེ་ནས་དེའི་ཚེ་སྟོང་གསུམ་ གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས་ཏེ། ལྷའི་མེ་ཏོག་དང་། ཕྱེ་མ་དང་། གོས་དང་། རྒྱན་གྱི་ཆར་ཡང་མངོན་པར་བབ་བོ། །ཐམས་ཅད་དང་ལྡན་པའི་འཁོར་གྱིས་ཀྱང་རང་རང་གི་གོས་རྣམས་རིགས་ ཀྱི་བུ་དེས་པ་ལ་བཀབ་བོ། །ཚོང་དཔོན་དང་། ཁྱིམ་བདག་དང་། བྲམ་ཟེར་བརྒྱ་ཕྲག་མང་པོ་དག་ཀྱང་རབ་ཏུ་བྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་དེས་པས་འདི་སྐད་ཅེས་གསོལ་ཏོ། །བདག་ཀྱང་ལེགས་པར་གསུངས་པའི་ ཆོས་འདུལ་བ་ལ་རབ་ཏུ་འབྱུང་བར་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དེས་པའི་མགོ་བོ་ལ་ཕྱག་གི་བྱུགས་སོ། །བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དེས་པའི་མགོ་བོ་ལ་རེག་མ་ཐག་ཏུ་གོས་ངུར་ སྨྲིག་བགོས་ཤིང་དགེ་སློང་དུ་སྣང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་སྙིགས་མ་ལྔ་པོ་དུས་ཀྱི་སྙིགས་མ་དང་། སེམས་ཅན་གྱི་ སྙིགས་མ་དང་། ཞིང་གི་སྙིགས་མ་དང་། ཚེའི་སྙིགས་མ་དང་། ཉོན་མོངས་པའི་སྙིགས་མའི་དུས་སུ་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་དེར་དེས་པས་ཇི་ལྟར་འདུལ་བ་ལས་རྣམ་པ་གཞན་གྱིས་ གདུལ་བར་མི་བྱའོ། །ཀུན་དགའ་བོ་ང་ནི་འཇིག་རྟེན་གྱི་ཁམས་མི་མཇེད་དུ་སངས་རྒྱས་ཀྱི་འདུལ་བས་སེམས་ཅན་རྣམས་འདུལ་བར་མི་བྱེད་ཀྱི། ཀུན་དགའ་བོ་ང་ནི་ངན་ཅིང་དབུལ་བ་དང་། ངན་འགྲོའི་འཇིགས་ 82-1-218a པས་བསྡིགས་པས་སེམས་ཅན་རྣམས་འདུལ་བར་བྱེད་དོ། །ཀུན་དགའ་བོ་གལ་ཏེ་འཇིག་རྟེན་གྱི་ཁམས་འདིར་ངས་སངས་རྒྱས་ཀྱི་ཡུལ་གྱིས་ཆོས་བསྟན་ཅིང་སངས་རྒྱས་ཀྱིས་ཡུལ་ཉེ་བར་བསྟན་དུ་ཟིན་ན་ སེམས་ཅན་གཅིག་ཀྱང་འདུལ་བར་མི་འགྱུར་ལ་ཆོས་ཀྱང་རྟོགས་པར་མི་འགྱུར་རོ། །ཀུན་དགའ་བོ་དེ་ལྟ་བས་ན་ང་དང་དེས་པ་ཇི་ལྟར་འདུལ་བར་བྱེད་པ་དེ་བཞིན་དུ་ཁྱོད་ཀྱིས་ཀྱང་སེམས་ཅན་འདུལ་བར་གྱིས་ཤིག །ཀུན་ དགའ་བོ་སེམས་ཅན་དད་པ་ཅན་དང་། རྟོགས་པ་མང་བ་དག་འབྱུང་བར་འགྱུར་ཏེ། དེ་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་དད་པ་རྙེད་ཅིང་དེ་བཞིན་དུ་སྒྲུབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་ སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། བྱང་ཆུབ་སེམས་དཔའ་དེས་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། དགེ་སློང་དེ་དག་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། རྒྱལ་པོ་གསལ་རྒྱལ་དང་། ལྷ་དང་། མི་དང་། ལྷ་མ་ ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ ལེའུ་སྟོང་ཕྲག་བརྒྱ་པ་ལས་དེས་པས་ཞུས་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་བདུན་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་ བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་ཉི་ཤུ་རྩ་བརྒྱད་པ་སྟེ་ ཁྱིམ་བདག་དཔས་བྱིན་གྱིས་ཞུས་པ། བམ་པོ་གཅིག་པ། རྒྱ་གར་སྐད་དུ། ཨཱརྱ་བཱི་ར་དཏ་ཏ་གྲྀ་ཧ་པ་ཏི་པ་རི་པྲྀཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཁྱིམ་བདག་དཔས་བྱིན་གྱིས་ཞུས་པ་ 82-1-218b ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟག་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་ གྱུར་པ། སེམས་ཤིན་དུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་དུ་རྣམ་པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་དུ་སྦྱོར་བ་ ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་དུ་རྣམ་པར་གྲོལ་བ། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་དུ་སོན་པ། མངོན་པར་ཤེས་པ་མངོན་པར་ཤེས་པ་ཤ་སྟག་སྟེ། གང་ཟག་གཅིག་མ་ གཏོགས་པ་ནི་འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོའོ། །བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ཐམས་ཅད་ཀྱང་། གཟུངས་ཐོབ་པ། ཏིང་ངེ་འཛིན་ཐོབ་པ་ཤ་སྟག་དང་ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་གྲོང་ ཁྱེར་ཆེན་པོ་མཉན་ཡོད་ན་ཁྱིམ་བདག་དཔས་བྱིན་ཞེས་བྱ་བ་ཕྱུག་པ། ནོར་ཆེ་བ། བདག་དབང་བ་མང་བ། ནོར་དང་ཡོ་བྱད་མང་བ། ནོར་དང་། འབྲུ་དང་། མཛོད་དང་། བང་བའི་ཚོགས་མང་བ། གླང་པོ་ཆེ་དང་། རྟ་དང་། རྔ་མོ་དང་། ར་ལུག་དང་། བ་ལང་མང་བ། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་མང་བ། དབྱིག་དང་། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུ་རྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། ས་ལེ་སྦྲམ་དང་། དངུལ་མང་བ་ཞིག་གནས་པ་དེ་ཁྱིམ་བདག་ལྔ་བརྒྱ་ཙམ་དང་ལྷན་ཅིག་ཏུ་འདུས་ཏེ་འདུག་པར་གྱུར་ཏོ། །དེ་དག་འདུས་ཏེ་འཁོད་པའི་ཚེ་བར་སྐབས་སུ་འདི་ལྟ་བུའི་གཏམ་རྗོད་དེ། ཀྱེ་གྲོགས་པོ་ 82-1-219a དག་སངས་རྒྱས་འབྱུང་བ་རྙེད་པར་དཀའ། མིར་སྐྱེ་བ་རྙེད་པར་དཀའ། དལ་བ་ཕུན་སུམ་ཚོགས་པ་རྙེད་པ་དཀའ། དེ་བཞིན་གཤེགས་པའི་བསྟན་པ་ལ་དད་པ་རྙེད་པར་དཀའ། རབ་ཏུ་བྱུང་བ་རྙེད་ པར་དཀའ། དགེ་སློང་གི་དངོས་པོ་རྙེད་པར་དཀའ། ནན་ཏན་བྱེད་པ་རྙེད་པར་དཀའ། སེམས་ཅན་གང་དག་བྱས་པ་གཟོ་ཞིང་བྱས་པ་ཤེས་ལ་གང་དག་བྱས་པ་ཆུང་ངུ་ཡང་ཆུད་མི་གཟོན་ན་མང་པོ་ལྟ་ཅི་སྨོས་ཏེ་དེ་ དག་ཆེས་རྙེད་པར་དཀའ། དེ་བས་ཀྱང་སེམས་ཅན་གང་དག་དེ་བཞིན་གཤེགས་པའི་བསྟན་པ་ལ་ཡིད་ཆེས་པ་དེ་དག་ཆེས་རྙེད་པར་དཀའ། དེ་བས་ཀྱང་སེམས་ཅན་གང་དག་དེ་བཞིན་གཤེགས་པའི་བསྟན་པ་ལ་ ཡིད་ཆེས་ནས་ནན་ཏན་གྱིས་སྒྲུབ་པ་དེ་དག་ཆེས་རྙེད་པར་དཀའ། དེ་བས་ཀྱང་སེམས་ཅན་གང་དག་དེ་བཞིན་གཤེགས་པའི་བསྟན་པ་ལ་མཛེས་པ་དེ་དག་ཆེས་རྙེད་པར་དཀའ། འཁོར་བ་ལས་གྲོལ་བ་རྙེད་པར་ དཀའ་ན། ཅི་བདག་ཅག་ཉན་ཐོས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་འམ། འོན་ཏེ་སངས་རྒྱས་ཀྱི་ཐེག་པས་སམ། འོན་ཏེ་ཐེག་པ་ཆེན་པོ་བླ་ན་མེད་པས་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་ཞེས་ འཐུན་པར་འདུས་ཏེ་འཁོད་པ་དེ་དག་ཐམས་ཅད་དེ་ལྟ་བུའི་དཔྱོད་པ་སྐྱེས་ནས་བདག་ཅག་ཐེག་པ་ཆེན་པོ་བླ་ན་མེད་པས་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བ་ནི་མཆོག་ཡིན་གྱི། ཉན་ཐོས་ཀྱི་ཐེག་པས་ནི་མ་ཡིན། རང་སངས་རྒྱས་ཀྱི་ཐེག་པས་ནི་མ་ཡིན་ནོ་སྙམ་མོ། །དེ་ནས་ཁྱིམ་བདག་དཔས་བྱིན་ཁྱིམ་བདག་ལྔ་བརྒྱ་ཙམ་དེ་དག་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ་ལྷན་ཅིག་ཏུ་གྲོང་ཁྱེར་ཆེན་པོ་མཉན་ཡོད་ནས་བྱུང་ སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ 82-1-219b ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་ཁྱིམ་བདག་དཔས་བྱིན་དང་། ཁྱིམ་བདག་ལྔ་བརྒྱ་ཙམ་དེ་དག་ལ་བཀའ་སྩལ་པ། ཁྱིམ་བདག་ཁྱེད་དོན་གང་གི་ ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐད་དུ་ལྷགས། དེ་ནས་ཁྱིམ་བདག་དཔས་བྱིན་དང་། ཁྱིམ་བདག་ལྔ་བརྒྱ་ཙམ་དེ་དག་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དུས་གཅིག་ཅིག་ན། བདག་ཅག་ཁྱིམ་ བདག་ལྔ་བརྒྱ་ཙམ་གཅིག་ཏུ་འདུས་ཏེ་མཆིས་པར་གྱུར་ནས་དེའི་ཚེ་བདག་ཅག་འདུས་ཏེ་མཆིས་པ་ཐམས་ཅད་པར་སྐབས་སུ་འདི་ལྟ་བུའི་མཆིད་རྗོད་པ་བྱུང་སྟེ། ཀྱེ་གྲོགས་པོ་དག་སངས་རྒྱས་འབྱུང་བ་རྙེད་པར་ དཀའ། མིར་སྐྱེ་བ་རྙེད་པར་དཀའ་དལ་བ་ཕུན་སུམ་ཚོགས་པ་རྙེད་པར་དཀའ། དེ་བཞིན་གཤེགས་པའི་བསྟན་པ་ལ་དད་པ་རྙེད་པར་དཀའ། རབ་ཏུ་བྱུང་བ་རྙེད་པར་དཀའ། དགེ་སློང་གི་དངོས་པོ་རྙེད་པར་དཀའ། ནན་ ཏན་བྱེད་པ་རྙེད་པར་དཀའ། སེམས་ཅན་གང་དག་བྱས་པ་གཟོ་ཞིང་བྱས་པ་ཤེས་ལ་གང་དག་བྱས་པ་ཆུང་ངུ་ཡང་ཆུད་མི་གཟོན་ན་མང་པོ་ལྟ་ཅི་སྨོས་ཏེ་དེ་དག་ཆེས་རྙེད་པར་དཀའ། དེ་བས་ཀྱང་སེམས་ཅན་གང་དག་དེ་བཞིན་ གཤེགས་པའི་བསྟན་པ་ལ་ཡིད་ཆེས་པ་དེ་དག་ཆེས་རྙེད་པར་དཀའ། དེ་བས་ཀྱང་སེམས་ཅན་གང་དག་དེ་བཞིན་གཤེགས་པའི་བསྟན་པ་ལ་ཡིད་ཆེས་ནས་ནན་ཏན་གྱིས་སྒྲུབ་པ་དེ་དག་ཆེས་རྙེད་པར་དཀའ། དེ་བས་ཀྱང་ སེམས་ཅན་གང་དག་དེ་བཞིན་གཤེགས་པའི་བསྟན་པ་ལ་མཛེས་པ་དེ་དག་ཆེས་རྙེད་པར་དཀའ། འཁོར་བ་ལས་གྲོལ་བ་རྙེད་པར་དཀའ་ན། ཅི་བདག་ཅག་ཉན་ཐོས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་འམ། 82-1-220a འོན་ཏེ་རང་སངས་རྒྱས་ཀྱི་ཐེག་པས་སམ། འོན་ཏེ་ཐེག་པ་ཆེན་པོ་བླ་ན་མེད་པས་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་ཞེས་བཀའ་མཆིད་བགྱིས་སོ། །བཅོམ་ལྡན་འདས་དེའི་ཚེ་བདག་ཅག་ཐམས་ཅད་འདི་ལྟ་བུའི་ རྟོག་པ་སྐྱེས་ཏེ། བདག་ཅག་ཐེག་པ་ཆེན་པོ་བླ་ན་མེད་པས་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བ་ནི་མཆོག་ལགས་ཀྱི། ཉན་ཐོས་ཀྱི་ཐེག་པས་ནི་མ་ལགས། རང་སངས་རྒྱས་ཀྱི་ཐེག་པས་ནི་མ་ལགས་པ་སྙམ་བགྱིད་དེ། བཅོམ་ ལྡན་འདས་བདག་ཅག་ཆོས་ཀྱི་སྐྱེས་འདི་དང་ཆས་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐད་དུ་མཆིས་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བས་ཇི་ལྟར་བསླབ་པར་བགྱི། བདེ་བར་གཤེགས་པ་ཇི་ལྟར་བསླབ་པར་བགྱི། ཇི་ལྟར་གནས་པར་བགྱི། ཇི་ལྟར་བསྒྲུབ་པར་བགྱི། དེ་ ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དཔས་བྱིན་དང་། ཁྱིམ་བདག་ལྔ་བརྒྱ་ཙམ་དེ་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཁྱིམ་བདག་རྣམས་ལེགས་སོ་ལེགས་སོ། །ཁྱིམ་བདག་རྣམས་ཁྱེད་འདི་ལྟར་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐད་དུ་ལྷགས་པ་ཁྱེད་ཡང་ལེགས་སོ། །ཁྱིམ་བདག་རྣམས་དེའི་ཕྱིར་ལེགས་པར་རབ་ ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཇི་ལྟར་བསླབ་པར་བྱ་བ་དང་། ཇི་ལྟར་གནས་ པར་བྱ་བ་དང་། ཇི་ལྟར་བསྒྲུབ་པར་བྱ་བ་ངས་ཁྱེད་ལ་བཤད་དོ། །བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ཏེ། ཁྱིམ་བདག་དཔས་བྱིན་དང་། ཁྱིམ་བདག་ལྔ་བརྒྱ་ཙམ་དེ་དག་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ 82-1-220b ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱིམ་བདག་རྣམས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ པས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་པར་བྱ། ཀུན་ཏུ་བསྟེན་པར་བྱ། ངེས་པར་བསྟེན་པར་བྱ། བསྒོམ་པར་བྱ་མང་དུ་བྱའོ། །ཁྱིམ་བདག་རྣམས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ ལུས་ལ་ཆགས་པར་མི་བྱ། སྲོག་ལ་ཆགས་པར་མི་བྱ། དེ་བཞིན་དུ་ནོར་དང་། འབྲུ་དང་། ཁྱིམ་དང་། ཆུང་མ་དང་། བུ་དང་། བུ་མོ་རྣམས་ལ་ཆགས་པར་མི་བྱ། བཟང་བ་དང་བཏུང་བ་དང་། བགོ་བ་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་པ་དང་། སྤོས་དང་། བྱུག་པ་དང་། ཕྲེང་བ་རྣམས་ལ་ཆགས་པར་མི་བྱ། ཡོ་བྱད་ཐམས་ཅད་ལ་ཆགས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཁྱིམ་བདག་རྣམས་སེམས་ཅན་དག་ནི་ཕལ་ཆེར་ལུས་དང་སྲོག་ལ་ ཆགས་པར་གྱུར་ནས་སྡིག་པའི་ལས་རྣམས་བྱེད་དེ། དེ་དག་སྡིག་པའི་ལས་བྱས་ཤིང་བསགས་པ་དེས་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེའོ། །སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་ སེམས་བསྐྱེད་དེ། ལུས་དང་སྲོག་ལ་མ་ཆགས་པར་བྱས་ན་བདེ་འགྲོ་རྣམས་སུ་སྐྱེའོ། །ཁྱིམ་བདག་རྣམས་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་ རྫོགས་པར་འཚང་རྒྱ་བར་འདོད་པས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་དེ། ལུས་ལ་ཆགས་པར་མི་བྱ། སྲོག་ལ་ཆགས་པར་མི་བྱ། དེ་བཞིན་དུ་ནོར་དང་། འབྲུ་དང་། ཁྱིམ་དང་། ཆུང་མ་དང་། བུ་དང་བུ་མོ་རྣམས་ ལ་ཆགས་པར་མི་བྱ། བཟའ་བ་དང་། བཏུང་བ་དང་། བགོ་བ་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་རྣམས་ལ་ཆགས་པར་མི་བྱ། ཡོ་བྱད་ཐམས་ཅད་ལ་ཆགས་པར་མི་ 82-1-221a བྱ། བདོག་པ་ཐམས་ཅད་ཡོངས་སུ་གཏང་བར་ཡོངས་སུ་བཏང་བ་མང་བ་དང་། རྣམ་པར་སྨིན་པ་ལ་རེ་བ་མེད་པར་བྱ། ཚུལ་ཁྲིམས་རྣམ་པ་གསུམ་ཡོངས་སུ་དག་པར་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་གནས་པར་བྱ། སེམས་ཅན་ཐམས་ཅད་ཀྱིས་ཉེས་པ་བྱས་པ་ལ་ཇི་མི་སྙམ་པར་བཟོད་པ་དང་དེས་པ་ཕུན་སུམ་ཚོགས་པར་བྱ། ལུས་དང་སྲོག་ལ་མི་ལྟ་བར་བརྩོན་འགྲུས་ཀྱི་གོ་ཆ་ཆེན་པོ་བགོ་བར་བྱ། རྣམ་པར་མི་གཡེང་བའི་སེམས་ཀྱིས་སེམས་ རྩེ་གཅིག་ཏུ་བྱ། བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེས་ལས་སྐྱེས་དང་། ཤེད་བུར་ལྟ་བ་དང་བྲལ་བས་ཤེས་རབ་ཀྱིས་རྣམ་པར་དཔྱད་པ་ལ་མཁས་པར་བྱ། དེས་སྦྱིན་པ་ སྦྱིན་ན་སེམས་ཅན་ཐམས་ཅད་ཡིད་ལ་བྱས་ཏེ་སྦྱིན་པ་སྦྱིན་པར་བྱ། སེམས་ཅན་ཐམས་ཅད་ཡིད་ལ་བྱས་ཏེ་ཚུལ་ཁྲིམས་བསྲུང་བར་བྱ། སེམས་ཅན་ཐམས་ཅད་ཡིད་ལ་བྱས་ཏེ་བཟོད་པ་བསྒོམ་པར་བྱ། སེམས་ཅན་ ཐམས་ཅད་ཡིད་ལ་བྱས་ཏེ་བརྩོན་འགྲུས་བརྩམ་པར་བྱ། སེམས་ཅན་ཐམས་ཅད་ཡིད་ལ་བྱས་ཏེ་བསམ་གཏན་ལ་མཉམ་པར་བཞག་པར་བྱ། སེམས་ཅན་ཐམས་ཅད་ཡིད་ལ་བྱས་ཏེ་ཤེས་རབ་བསྒོམ་པར་བྱ། སེམས་ཅན་ཐམས་ཅད་ཡིད་ལ་བྱས་ཏེ་ཐབས་ལ་མཁས་པ་བསླབ་པར་བྱའོ། །དེ་ནས་ཁྱིམ་བདག་དཔས་བྱིན་དང་། ཁྱིམ་བདག་ལྔ་བརྒྱ་ཙམ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ འདས་བདག་ཅག་ནི་ལུས་ལ་ལྟ་ཞིང་གནས་པ་ལགས། སྲོག་ལ་ལྟ་ཞིང་གནས་པ་ལགས། དེ་བཞིན་དུ་ནོར་དང་། འབྲུ་དང་། ཁྱིམ་དང་། ཆུང་མ་དང་། བུ་དང་། བུ་མོ་རྣམས་ལ་ལྟ་ཞིང་གནས་པ་ལགས། བཟའ་བ་དང་། བཏུང་བ་དང་། བགོ་བ་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། སྤོས་དང་། བདུག་པ་དང་། ཕྲེང་བ་དང་། བྱུག་པ་རྣམས་ལ་ལྟ་ཞིང་གནས་པ་ལགས། ཡོ་བྱད་ཐམས་ཅད་ལ་ལྟ་ཞིང་གནས་པ་ལགས་ན། བཅོམ་ 82-1-221b ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སོ་སོར་རྟོག་ཅིང་ལུས་ལ་མི་ལྟ་བ་ལགས། བདེ་བར་གཤེགས་པ་ཇི་ལྟར་སྲོག་ལ་མི་ལྟ་བ་ལགས། དེ་བཞིན་དུ་ནོར་དང་། འབྲུ་དང་། ཁྱིམ་དང་། ཆུང་མ་དང་། བུ་དང་། བུ་མོ་རྣམས་ལ་མི་ལྟ་བ་ ལགས། བཟའ་བ་དང་། བཏུང་བ་དང་། བགོ་བ་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་རྣམས་ལ་མི་ལྟ་བ་ལགས། ཡོ་བྱད་ཐམས་ཅད་ལ་མི་ལྟ་བ་ལགས། དེ་ནས་བཅོམ་ལྡན་ འདས་ཀྱིས་ཁྱིམ་བདག་དཔས་བྱིན་དང་། ཁྱིམ་བདག་ལྔ་བརྒྱ་ཙམ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱིམ་བདག་རྣམས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལུས་འདི་ལ་རྣམ་པ་དུ་མར་སོ་སོར་བརྟག་ པར་བྱའོ། །རྣམ་པ་དུ་མ་གང་ཞེ་ན། འདི་ལྟ་སྟེ། ལུས་འདི་མཐར་གྱིས་གྲུབ་པ་དང་། མཐར་གྱིས་འཇིག་པ་དང་། རྡུལ་ཕྲ་རབ་བསགས་པ་དང་། ཁོང་སྟོང་དང་། གྱེ་གུ་ཅན་དང་། བུ་ག་དགུ་དང་། སྤུའི་ཁུང་བུ་ནས་ཟག་པ་དང་། གྲོག་ མཁར་ལྟར་སྦྲུལ་གདུག་པའི་གནས་སུ་གྱུར་བ་དང་། སྦྲུལ་གདུག་པ་ལྟར་བྱས་པ་མི་གཟོ་བ་དང་། མ་སྐྱེས་དགྲའི་སྤྲེའུ་ལྟར་གྲོགས་ལ་འཁུ་བ་དང་། བཤེས་གཉེན་ངན་པ་ལྟར་འདྲིད་པའི་བདག་ཉིད་ཅན་དང་། དབུ་བ་རྔོས་ པ་ལྟར་རང་བཞིན་གྱིས་ཉམ་ཆུང་བ་དང་། ཆུའི་ཆུ་བུར་ལྟར་བྱུང་ནས་འཇིག་ཅིང་འཇུ་བ་དང་། སྨིན་རྒྱུ་ལྟར་སླུ་བའི་བདག་ཉིད་ཅན་དང་། ཆུ་ཤིང་ལྟར་བཤིག་ན་སྙིང་པོ་མེད་པ་དང་། སྒྱུ་མ་ལྟར་སླུ་བའི་བདག་ཉིད་དང་། རྒྱལ་པོ་ལྟར་བསྒོ་བླག་མང་བ་དང་། དགྲ་ལྟར་གླགས་ལྟ་བ་དང་། རྐུན་པོ་ལྟར་ཡིད་བརྟན་དུ་མི་རུང་བ་དང་། གཤེད་མ་ལྟར་རྗེས་སུ་ཆགས་པ་མེད་པ་དང་། མི་མཛའ་བ་ལྟར་མི་ཕན་པར་འདོད་པ་དང་། གསོད་པ་ལྟར་ཤེས་ རབ་ཀྱི་སྲོག་གི་བར་ཆད་བྱེད་པ་དང་། ཕྱིར་རྒོལ་བ་ལྟར་དགེ་བའི་ཕྱོགས་ཀྱི་ཆོས་ཀྱི་བར་ཆད་བྱེད་པ་དང་། གྲོང་སྟོང་ལྟར་བདག་དང་བྲལ་བ་དང་། རྫ་མཁན་གྱི་སྣོད་ལྟར་མཐར་འཇིག་པ་དང་། སྦྱང་ལྟར་མི་གཙང་བ་སྣ་ 82-1-222a ཚོགས་ཀྱིས་ཡོངས་སུ་གང་བ་དང་། སྦྲང་མའི་སྣོད་ལྟར་མི་གཙང་བ་ཟག་པ་དང་། སྦྲུལ་དང་མི་དང་། ཁྱིའི་རོ་ལྟར་དྲི་མི་ཞིམ་པ་དང་། ངན་སྐྱུགས་ཀྱི་ཁུང་བུ་ལྟར་མི་གཙང་བའི་འབྱུང་གནས་དང་། རྨ་ལྟར་བསྐྱོད་མི་ བཟོད་པ་དང་། ཟུག་རྔུ་ལྟར་གནོད་པའི་བདག་ཉིད་ཅན་དང་། རྗེ་བོ་སྡང་བ་ལྟར་བསྙེན་པར་དཀའ་བ་དང་། ཁང་རྙིང་ལྟར་བཅོས་ལེགས་བྱ་ཞིང་བསྟེན་པ་དང་། གྲུ་རྙིང་ལྟར་བཅོས་ལེགས་བྱ་ཞིང་སྤྱད་པ་དང་། བུམ་པ་སོ་མ་ བཏང་བ་ལྟར་ནན་ཏན་གྱིས་བག་བྱ་དགོས་པ་དང་། གྲོགས་པོ་མི་སྲུན་པ་ལྟར་རྟག་ཏུ་རྗེས་སུ་བསྲུང་དགོས་པ་དང་། ཆུ་འགྲམ་གྱི་ཤིང་ལྟར་གཡོ་ཞིང་འགུལ་བ་དང་། ཆུ་ཀླུང་ཆེན་པོའི་རྒྱུན་ལྟར་མཐར་མཆི་བའི་རྒྱ་མཚོ་ལ་ ཐུག་པ་དང་། གློ་བུར་པའི་ཁྱིམ་ལྟར་སྡུག་བསྔལ་ཐམས་ཅད་ཀྱི་གནས་སུ་གྱུར་བ་དང་། མགོན་མེད་པའི་གནས་ཁང་ལྟར་ཡོངས་སུ་གཟུང་བ་མེད་པ་དང་། བཙོན་སྲུངས་ལྟར་གསུག་གིས་བསྒྲུབ་པར་བྱ་བ་དང་། མཐའ་ འཁོབ་ཀྱི་གྲོང་ཁྱེར་ལྟར་རྟག་ཏུ་གནོད་པ་འབྱུང་བ་དང་། བྱེ་མའི་གྲོང་ཁྱེར་ལྟར་རྟག་ཏུ་འཇིག་པའི་བདག་ཉིད་ཅན་དང་། མེ་ལྟར་ཆོག་མི་ཤེས་པ་དང་། རྒྱ་མཚོ་ལྟར་དགང་དཀའ་བ་དང་། སྦྲུལ་གྱི་གཟེབ་ལྟར་ནན་ ཏན་གྱིས་བག་བྱ་བ་དང་། བྱིས་པ་ཆུང་ངུ་ལྟར་རྟག་ཏུ་ཡོངས་སུ་བསྐྱང་དགོས་པ་དང་། སྣོད་ཆག་པ་ལྟར་རྟག་ཏུ་བག་བྱ་དགོས་པ་དང་། ཡུལ་ངན་པ་ལྟར་རྟག་ཏུ་གནོད་པ་འབྱུང་བ་དང་། ཟས་དུག་ཅག་ལྟར་རྟག་ ཏུ་ཡོངས་སུ་སྤང་བར་བྱ་བ་དང་། རེ་ཤིག་དགོས་པའི་ཕྱིར་སྣོད་བསྙན་མ་ལྟ་བུ་དང་། ཁུར་བཀུར་བའི་ཕྱིར་ཤིང་རྟ་ལྟ་བུ་ཡིན་པ་འབའ་ཤིག་བློས་གཟུང་བར་བྱའོ། །ཁྱིམ་བདག་རྣམས་གཞན་ཡང་བྱང་ཆུབ་སེམས་ དཔས་ལུས་འདི་ཐོག་མ་དང་ཐ་མའི་རྒྱུ་ལ་སོ་སོར་བརྟག་པར་བྱའོ། །ཕ་མའི་ཁུ་ཆུ་དང་ཁྲག་འདུས་པ་ལས་འབྱུང་སྟེ། འདི་ལ་ཁུ་ཆུ་དང་ཁྲག་ནི་ལུས་ཀྱི་ཐོག་མའི་རྒྱུ་ཡིན་ནོ། །ཐ་མའི་རྒྱུ་ནི་ཟས་འཇུ་བ་ལ་སོགས་ 82-1-222b པ་སྟེ། ཁམ་གྱིས་བཟའ་བའི་ཟས་ཟོས་མ་ཐག་ཏུ་བད་ཀན་གྱི་གནས་སུ་འགྲོའོ། །བད་ཀན་གྱི་གནས་སུ་ཕྱིན་ནས་བད་ཀན་གྱིས་རྐྱང་རྐྱང་པོར་བྱས་ཏེ་ཤིན་དུ་མི་གཙང་བར་འགྱུར་རོ། །དེའི་འོག་ཏུ་མཁྲིས་པའི་གནས་སུ་འགྲོ་ སྟེ། མཁྲིས་པའི་གནས་སུ་ཕྱིན་ནས་ཞུ་ཞིང་སྐྱུར་པོར་གྱུར་ཏེ། རླུང་གི་གནས་སུ་འགྲོའོ། །ཞུ་སྟེ་རླུང་གི་གནས་སུ་ཕྱིན་ནས་རླུང་གིས་ཚིགས་མ་ལོགས་ཤིག །དངས་མ་ལོགས་ཤིག་ཏུ་རྣམ་པར་འབྱེད་དེ། ཚིགས་མ་ལས་གཅིན་དང་། ངན་སྐྱུགས་ལ་སོགས་ཏེ་དྲི་མ་རྣམས་འབྱུང་། དངས་མ་ལས་ནི་ཁྲག་ཏུ་འགྱུར་ཏེ། ཁྲག་ལས་ཤའོ། ཤ་ལས་ཚིལ་ལོ། ཚིལ་ལས་རུས་པའོ། །རུས་པ་ལས་རྐང་ངོ་། །རྐང་ལས་ཁུ་ཆུའོ། །ཁུ་ཆུ་ལས་འདི་སྟེ། དེ་ལྟར་ཐོག་མ་ དང་ཐ་མའི་རྒྱུ་མི་གཙང་བའི་ཕྱིར་ལུས་མི་གཙང་བར་བྱང་ཆུབ་སེམས་དཔས་བསམ་པར་བྱའོ། །ལུས་ལ་མི་གཙང་བར་ལྟ་བ་ན་བྱང་ཆུབ་སེམས་དཔས་འདི་སྙམ་དུ་བསམ་པར་བྱ་སྟེ། ལུས་ཤེས་བྱ་བ་འདི་ནི་རུས་པ་སུམ་བརྒྱ་ དྲུག་བཅུས་ཁོག་པ་བསླང་པ། ཤིང་ངན་པའི་ཁྱིམ་ལྟར་ཚིགས་སུམ་བརྒྱས་སྦྱར་བ། རྩའི་དྲ་བ་བཞི་བརྒྱས་གླགས་པ། ཤ་སྦར་ཚང་ལྔ་བརྒྱས་གཡོགས་པ། སྡོམ་རྩ་དྲུག་གིས་ཁེབས་པ། རྩ་བདུན་བརྒྱས་གང་བ། རྒྱུས་ པ་བདུན་བརྒྱས་འབྲེལ་བ། ཆུ་བ་བཅུ་དྲུག་གིས་བརྟེན་པ། ཆུ་བ་གཉིས་ཀྱིས་ཁྱབ་པར་དཀྲིས་པ། རྒྱུ་མ་མདོམ་ཕྱེད་དང་བཞིས་ནང་ཁྲོལ་བྱས་པ། ལོང་ཀ་དང་ཕོ་བ་དང་། འབྲེལ་བའི་གཉེ་མ་རིམ་པ་བཅུ་དྲུག་ཏུ་འཁྱིལ་བ། རྩ་ ཕྲན་ཉིས་སྟོང་ལྔ་བརྒྱས་སྐར་ཁུང་བྱས་པ། གཤིས་བརྒྱ་རྩ་བདུན་གྱིས་སྣོད་ཆག་པ་ལྟར་ཤིག་ཤིག་པོར་གྱུར་པ། སྤུའི་ཁུང་བུ་བྱེ་བ་བརྒྱ་སྟོང་ཕྲག་བརྒྱད་བཅུས་རྩ་ལྟར་ཁེབས་པ། དབང་པོ་ལྔའི་བུ་ག་དགུ་ཡོད་པ། གནས་བདུན་དང་ལྡན་པ། མི་གཙང་བས་ཡོངས་སུ་གང་བ། གླད་པ་སྙིམ་པ་གང་དང་། ཚིལ་སྙིམ་པ་གང་དང་། ཞག་སྙིམ་པ་གསུམ་དང་། བད་ཀན་སྙིམ་པ་དྲུག་དང་། མཁྲིས་པ་སྙིམ་པ་དྲུག་དང་། རླུང་གིས་མཐའ་དག་དྲངས་པ་ 82-1-223a དང་། ཁྲག་བྲེ་གང་དང་། ངན་སྐྱུགས་ཕུལ་གང་དང་། དེ་དག་ཐམས་ཅད་ཀྱིས་བང་བ་བར་ཆད་ཅན་ལྟར་སོ་སོར་ཡོངས་སུ་གང་བ། ལྤགས་པ་རིམ་པ་བདུན་གྱིས་ཀུན་ནས་བསྐོར་བ། རོ་བྲོ་བ་དྲུག་གིས་གསོ་བ། ལུས་ ཀྱི་མེ་ལ་ངན་སྐྱུགས་ཀྱི་སྦྱིན་སྲེག་བྱེད་པ། རྟག་ཏུ་མཐར་འཛག་པ། ལུས་ཀྱི་ཡན་ལག་དེ་དག་ཐམས་ཅད་ཀྱིས་བལྟ་ན་མི་སྡུག་པ། དྲི་ང་བ། རྣག་གི་རང་བཞིན་ཡིན་ན་འདི་ལ་སུ་ཞིག་གུས་པར་བྱེད་དེ། སྐད་ཅིག་དགོས་པའི་ཕྱིར་སྣོད་ བརྙན་མ་ཙམ་དུ་ཟད་པ་དང་། ཁུར་བསྐུར་བའི་ཕྱིར་ཤིང་རྟ་ལྟ་བུ་འབའ་ཤིག་ཡིན་པར་ཆོས་ཀྱི་བློས་གཟུང་བར་བྱའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། འདི་ལྟར་མི་གཙང་ཕུང་པོའི་ལུས་ལ་ནི། །གཟུགས་མངོན་ང་རྒྱལ་ཅན་གང་གུས་ བྱེད་པ། །བྱིས་པའི་བློ་ཅན་དེ་ནི་མངོན་བཞིན་དུ། །མི་ཤེས་ངན་སྐྱུགས་བུམ་པ་ཐོགས་ཤིང་འགྲོ། །དེ་ཡི་སྣ་ནས་རྣག་གི་རྣམ་པ་འཛག །ཁ་ནས་དྲི་མི་ཞིམ་པ་རྟག་ཏུ་འབྱུང་། །མིག་རྡུལ་ཆགས་ཤིང་སྐྱེ་བོ་སྲིན་བུ་ཅན། །དེ་ལ་ སུ་ཞིག་ཆགས་ཤིང་གུས་པར་བྱེད། །དཔེར་ན་བྱིས་པ་སོལ་བ་ཐོགས་ནས་སུ། །འདི་ནི་དཀར་པོར་བྱ་ཞེས་འདར་བྱེད་ཀྱང་། །དཀར་པོའི་དངོས་པོར་མི་འགྱུར་ཟད་པར་འགྱུར། །བྱིས་བློ་ཕྱིན་ཅི་ལོག་གི་ང་རྒྱལ་ཅན། །དེ་ལྟར་ མི་གང་གཙང་སྦྲའི་བློ་གྲོས་ཅན། །ང་ཡིས་ལུས་འདི་གཙང་མར་བྱ་ཞེས་ཏེ། །བསྐུས་ཕྱིས་འབབ་སྟེགས་བརྒྱར་ནི་ཁྲུས་བྱས་ཀྱང་། །འཆི་བདག་དབང་གིས་ཟད་འགྱུར་གཙང་མི་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་ ཁྱིམ་བདག་དཔས་བྱིན་དང་། ཁྱིམ་བདག་ལྔ་བརྒྱ་ཙམ་དེ་དག་ལ་བཀའ་སྩལ་པ། ཁྱིམ་བདག་རྣམས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་ པར་འཚང་རྒྱ་བར་འདོད་པས་རྣམ་པ་བཞི་བཅུ་རྩ་བཞིས་ལུས་ལ་བརྟག་པར་བྱ་སྟེ། རྣམ་པ་བཞི་བཅུ་རྩ་བཞི་གང་ཞེ་ན། འདི་ལྟ་སྟེ། ཁྱིམ་བདག་རྣམས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལུས་ཡིད་ 82-1-223b དུ་མི་འོང་བ་དང་། རང་བཞིན་གྱིས་མི་མཐུན་པ་སྟེ། སྨད་པར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་རྣག་ཟག་པ་སྟེ། དྲི་མི་ཞིམ་པར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་མཐར་འཇིག་པ་སྟེ། སྙིང་པོ་མེད་པར་བརྟག་ པར་བྱ། བྱང་ཆུབ་སེམས་དཔས་ལུས་རྒྱུས་པའི་བོག་རེས་སྦྲེལ་བ་སྟེ། ཉམ་ཆུང་བར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་མི་གཙང་བ་ཟག་པ་སྟེ། མི་གཙང་བར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་ཡང་དག་པ་ མ་ཡིན་པ་སྟེ། སྒྱུ་མ་ལྟ་བུར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་སྐྱེ་བོ་མི་མཁས་པ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་འཁྲུག་པར་བྱེད་པར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་འཇིག་པ་དང་། བུ་ག་དགུའི་སྒོ་ ནས་འཛག་པར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་འདོད་ཆགས་ཀྱི་མེས་ཀུན་ཏུ་འབར་བར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་ཞེ་སྡང་གི་མེས་ཚིག་པར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་ གཏི་མུག་གི་མེས་མེ་ལྕེ་གཅིག་ཏུ་གྱུར་བར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་ཀྱིས་ལྡོངས་པར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་འདོད་ཆགས་ཀྱི་ དྲ་བས་ཁེབས་ཤིང་སྲེད་པའི་དྲ་བར་ཆུད་པར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་ཀུན་ནས་བུ་གས་ཡོངས་སུ་གང་བས་བུ་གའི་གནས་སུ་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་ནད་བཞི་བརྒྱ་རྩ་བཞིས་གཙེས་ པར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་སྲིན་བུའི་རིགས་བརྒྱད་ཁྲི་བཞི་སྟོང་གི་གནས་སུ་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་འཆི་བའི་ཆོས་ཉིད་ཡིན་པས་མི་རྟག་པར་བརྟག་པར་བྱ། བྱང་ཆུབ་སེམས་ དཔས་ལུས་ཆོས་ལ་རྨོངས་པས་བེམས་པོ་ཡིན་པར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་མཐར་གྱིས་འགྲུབ་ཅིང་ཐ་མར་འཇིག་པས་བུམ་པ་ལྟ་བུར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་མྱ་ངན་གྱི་གནོད་པ་ 82-1-224a མང་པོས་གང་བས་ཉམ་ཐག་པར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་ཐ་མར་རྒ་ཤིར་འགྱུར་བས་རྟོན་པ་མེད་པར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་གཡོ་དང་སྒྱུའི་ཉེ་བར་སྤྱོད་པ་དག་གིས་ གླགས་པར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་དགང་དཀའ་བ་ལྟ་བུར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་དགའ་བའི་གཟུགས་དང་། བདེ་བའི་གཟུགས་ལ་ཞེན་པས་མེ་ལྟ་བུར་བརྟག་པར་བྱ། བྱང་ཆུབ་ སེམས་དཔས་ལུས་འདོད་པའི་ཡོན་ཏན་ལྔ་པོ་དག་གིས་ཆོག་མི་ཤེས་པར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དག་གིས་འཇོམས་པར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ ལུས་སྟི་སྟང་དང་གནོད་པ་མྱོང་བས་མི་བརྟན་པར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་ཆུ་ཀླུང་གི་རྒྱུན་བཞིན་དུ་གཞན་དང་གཞན་འབྱུང་བས་རྐྱེན་གཞན་དང་གཞན་དུ་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་ཚུལ་བཞིན་མ་ཡིན་པ་ རྣམ་པ་སྣ་ཚོགས་ཡིད་ལ་བྱེད་པའི་རྣམ་པར་རྟོག་པ་དག་གིས་ཡིད་ཀྱི་སེམས་པ་ཡིན་པར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་ཐ་མར་དུར་ཁྲོད་ལ་ཐུག་པས་བྱས་པ་མི་གཟོ་བར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ ལུས་སྤྱང་ཀི་དང་། ལྕེ་སྤྱང་དང་། ཁྱི་རྗེན་ཤ་ཟ་བ་དག་གི་ཟས་སུ་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་རུས་པ་དང་། རྒྱུས་པའི་བོག་རེས་སྦྲེལ་བས་འཁྲུལ་འཁོར་ལྟ་བུར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་ བཤང་བ་དང་། གཅི་བ་དང་། མཆིལ་མ་དང་། སྣབས་དང་། རྣག་དང་། ཁྲག་གིས་ཡོངས་སུ་གང་བ་སྟེ། བལྟ་བའི་འོས་མ་ཡིན་པར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་ཟས་དང་སྐོམ་ལས་བྱུང་བ་སྟེ། རང་གི་ཁ་ན་ལས་ པ་མ་ཡིན་པར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་མི་རྟག་པ་སྟེ། ཤིན་ཏུ་ཟད་པའི་ཆོས་ཉིད་ཡིན་པས་དོན་མེད་པའི་གླགས་པས་གླགས་པར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་ཕྱིར་རྒོལ་བ་མང་པོ་འབྱུང་བས་ 82-1-224b དགྲ་ལྟ་བུར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་ཡང་དང་ཡང་དུ་སྡུག་བསྔལ་མྱོང་བས་གསོད་པ་ལྟ་བུར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་སྡུག་བསྔལ་གསུམ་གྱིས་གཙེས་ཏེ། གསུམ་གང་ཞེ་ན། འདི་ ལྟ་སྟེ། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དང་། འགྱུར་བའི་སྡུག་བསྔལ་ཉིད་དང་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ཀྱིས་ཏེ་སྡུག་བསྔལ་གྱི་སྣོད་ཡིན་པར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་ཕུང་པོ་ལྔ་མངོན་པར་གྲུབ་པས་སྡུག་བསྔལ་གྱི་གོང་བུ་ཡིན་པར་ བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་རྐྱེན་ཐ་དད་པ་ལས་བྱུང་བས་བདག་མེད་པ་དང་། བདག་པོ་མེད་པར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་སྐྱེས་པ་དང་། བུད་མེད་དང་བྲལ་བས་སྲོག་མེད་པར་བརྟག་པར་ བྱ། བྱང་ཆུབ་སེམས་དཔས་ལུས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ཀྱིས་སྟོང་པར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་རྨི་ལམ་ལྟ་བུ་སྟེ། གསོག་ཏུ་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་སྒྱུ་མ་ལྟ་ བུ་སྟེ། ཡང་དག་པ་མ་ཡིན་པར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་སྨིག་རྒྱུ་ལྟ་བུ་སྟེ། འཁྲུལ་པར་བྱེད་པར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་བྲག་ཆ་ལྟ་བུ་སྟེ། སླུ་བར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་ མི་གཡོར་ལྟ་བུ་སྟེ། སླུ་བའི་བདག་ཉིད་དུ་བརྟག་པར་བྱ་སྟེ། ཁྱིམ་བདག་རྣམས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་བཞི་བཅུ་རྩ་བཞི་པོ་དེ་དག་གིས་ལུས་ལ་བརྟག་པར་བྱའོ། །དེ་ལྟར་རྟོག་པའི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ལ་ལུས་སུ་འདུན་པ་དང་། ལུས་ལ་དགའ་བ་དང་། ལུས་བདག་གིར་བྱེད་པ་དང་། ལུས་ལ་སྲེད་པ་དང་། ལུས་ལ་གནས་པ་དང་། ལུས་ལ་ཞེན་པ་གང་ཡིན་པ་དེ་དག་ཐམས་ ཅད་སྤོང་ངོ་། །སྲོག་ལ་སྲོག་ཏུ་འདུན་པ་དང་། སྲོག་ལ་དགའ་བ་དང་། སྲོག་བདག་གིར་བྱེད་པ་དང་། སྲོག་ལ་སྲེད་པ་དང་། སྲོག་ལ་གནས་པ་དང་། སྲོག་ལ་ཞེན་པ་གང་ཡིན་པ་དང་། དེ་བཞིན་དུ་ནོར་དང་། འབྲུ་དང་། ཁྱིམ་དང་། 82-1-225a ཆུང་མ་དང་། བུ་དང་། བུ་མོ་དང་། བཟའ་བ་དང་། བཏུང་བ་དང་། བགོ་བ་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་རྣམས་དང་། ཡོ་བྱད་ཐམས་ཅད་ཀྱི་བར་དག་ལ་ འདུན་པ་དང་། དགའ་བ་དང་། བདག་གིར་བྱེད་པ་དང་། སྲེད་པ་དང་། གནས་པ་དང་། ཞེན་པ་གང་ཡིན་པ་དེ་དག་ཐམས་ཅད་སྤོང་སྟེ། དེ་ལུས་དང་སྲོག་ལ་མི་ལྟའོ། །དེ་བཞིན་ནོར་དང་། འབྲུ་དང་། ཁྱིམ་དང་། ཆུང་མ་དང་། བུ་དང་། བུ་ མོ་དང་། བཟའ་བ་དང་། བཏུང་བ་དང་། བགོ་པ་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་རྣམས་ལ་མི་ལྟ་བར་ཕ་རོལ་ཏུ་ཕྱིན་པ་དྲུག་མྱུར་དུ་ཡོངས་སུ་རྫོགས་པར་བྱེད་དོ། ། ཁྱིམ་བདག་རྣམས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་དུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ནས་བཅོམ་ལྡན་ འདས་ཀྱིས་ལུས་རྒྱ་ཆེར་ཡོངས་སུ་བསྟན་པའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །མི་རྙེད་ཤིན་དུ་རྙེད་དཀའ་རྙེད་པ་ལ། །ལུས་ཀྱི་ཕྱིར་ནི་སྡིག་པ་མ་བྱེད་ཅིག །འདི་ནི་དུར་ཁྲོད་པ་སྟེ་ལྕེ་སྤྱང་ ཟས། །ལུས་ཀྱི་ཕྱིར་ནི་ཡ་ངར་མ་འཇུག་ཅིག །གཡོ་ལྡན་ལུས་ལ་སྲེད་པ་བསྐྱེད་ནས་ནི། །བྱིས་པ་རྟག་ཏུ་རྣམ་པར་རྨོངས་ཏེ་འཁྱམ། །ལུས་འདི་བྱས་པ་མི་གཟོ་དངོས་ཡིན་པས། །ཉིན་དང་མཚན་དུ་སྡུག་བསྔལ་ཚོར་བ་མྱོང་། ། རྟག་ཏུ་ནང་འདྲ་སྡུག་བསྔལ་འཁྲུལ་འཁོར་ཏེ། །ལུས་འདི་ངན་སྐྱུགས་རྣམས་དང་མཆིལ་མས་གང་། །བཀྲེས་དང་སྐོམ་པས་རྟག་ཏུ་མངོན་པར་གཙེས། །མཁས་པ་སུ་ཞིག་ལུས་ལ་སྲེད་པ་སྐྱེད། །ལུས་ནི་ས་གཏིང་འདྲ་ སྟེ་ཆོག་མི་ཤེས། །གཤེད་མ་མི་མཛའ་འདྲ་ཡང་བྱིས་པས་གོས། །ལུས་ཀྱི་ཆེད་དུ་སྡིག་པའི་ལས་ཀྱང་བྱེད། །དེ་ཕྱིར་དེ་དག་སྡུག་བསྔལ་ཚོར་བ་མྱོང་། །ལུས་འདི་རྡོ་རྗེ་ལྟ་བུར་སྲ་མ་ཡིན། །ལུས་ཀྱི་ཆེད་དུ་སྡིག་པ་མ་བྱེད་ 82-1-225b ཅིག །འཆི་བར་རྟོགས་ནས་བསོད་ནམས་མྱུར་དུ་བྱོས། །དེ་བཞིན་སངས་རྒྱས་བསྟན་ལ་དད་པ་སྐྱེད། །ཟས་དང་སྐོམ་དང་བྱུག་པ་གོས་རྣམས་ཀྱིས། །ལུས་འདི་ཇི་སྲིད་ཡུན་རིང་བསྙེན་བཀུར་ཏེ། །བརྟན་པར་བྱས་ཀྱང་འཇིག་ པར་འགྱུར་ཡིན་ན། །འདི་ལ་འབད་པ་དོན་མེད་ཅི་ཕྱིར་བྱ། །བསྐལ་པ་བརྒྱར་ཡང་ཤིན་ཏུ་རྙེད་དཀའ་བ། །ཐུབ་པའི་འབྱུང་འདི་ཁྱེར་ཀྱིས་རྙེད་པ་ལ། །སངས་རྒྱས་བསྟན་ལ་དེ་བཞིན་དད་པ་སྐྱེད། །ཤིན་དུ་འཇིགས་ པའི་ངན་གྲོར་མ་འགྲོ་ཤིག །ལོ་སྟོང་བྱེ་བར་སུ་ཞིག་འཚོ་གྱུར་པ། །དེས་ཀྱང་ཆགས་པ་ཡོངས་སུ་སྤང་བྱ་ན། །སུ་ཞིག་ལོ་བརྒྱ་ཐུབ་པར་མི་འགྱུར་བ། །དེ་ཕྱིར་དགའ་བ་མི་རྙེད་སྨོས་ཅི་དགོས། །མ་བསྡམས་མི་རྣམས་ཁ་ཅིག་ འདི་སྐད་དུ། །མིར་རྙེད་ཤིན་ཏུ་དཀའ་བ་རྙེད་པ་ལ། །གཞོན་ཚེ་རྩེ་མོ་དག་དང་དགའ་བྱ་ཞིང་། །ནོར་བཙལ་བདེ་བ་མྱོང་བར་བྱ་ཞེས་ཟེར། །ནོར་ཚོལ་བ་ལ་བདེ་བ་ག་ལ་ཡོད། །བསྲུང་བའི་ཕྱིར་ཡང་སྡུག་བསྔལ་མྱོང་བར་འགྱུར། ། དེ་ཕྱིར་མཁས་པས་ཆགས་པ་ཡོངས་སྤངས་ལ། །ངན་ངོན་ཙམ་གྱིས་ཆོག་ཤེས་ཐོབ་པར་བྱོས། །ལོངས་སྤྱོད་སྒྱུ་མ་འདྲ་ཞིང་རྨི་ལམ་མཚུངས། །འདི་དག་བྱིས་པའི་སྐྱེ་བོ་འདྲིད་པ་ཡིན། །སྐད་ཅིག་འབྱུང་ཞིང་སྐད་ཅིག་འཇིག་ པར་འགྱུར། །མཁས་པ་སུ་ཞིག་ལོངས་སྤྱོད་སྲིད་པ་སྐྱེད། །སྒྱུ་མ་འདྲ་ཞིང་གར་མཁན་ལྟ་དང་མཚུངས། །དྲི་ཟའི་གྲོང་ཁྱེར་སྣ་ཚོགས་ཅི་འདྲ་བ། །ལོངས་སྤྱོད་དེ་དག་འདི་འདྲ་བྱིས་པ་འདྲིད། །དེ་ལྟར་ལོག་པ་ཚོལ་ཞིང་བྱིས་པ་ འཁྱམ། །སྡུག་བསྔལ་བརྒྱ་ཡིས་ལོངས་སྤྱོད་བཙལ་བཙལ་བ། །ལུས་ལ་གནོད་པ་མཚུངས་མེད་བསྐྱེད་བྱས་ནས། །རྒྱལ་པོའི་མཐུ་ཡིས་དེ་དག་ཕྲོགས་གྱུར་པ། །དེ་དག་ལ་ནི་མཁས་གང་དགའ་བ་སྐྱེད། །བུ་དང་ཆུང་མའི་ དབང་དུ་མི་འགྱུར་བར། །རྒྱལ་པོས་ཉེས་པ་བྱུང་བའི་ནོར་ཕྲོགས་པ། །ཉེས་པ་དེ་དག་འདི་འདྲ་རིག་ནས་སུ། །མཁས་པ་རྣམས་ནི་ཁྱིམ་ལ་སྲིད་མི་སྐྱེད། །རྟག་ཏུ་བརྣབ་ཅིང་ལོངས་སྤྱོད་ཚོལ་བྱེད་པ། །དེ་ནི་ཕ་དང་མ་ལ་མི་གུས་ 82-1-226a ཤིང་། །བུ་དང་ཆུང་མ་རྣམས་ལ་མི་བྱམས་པར། །དེ་དག་རྟག་ཏུ་ཆགས་ལ་འཇུག་པར་བྱེད། །བདག་གི་ལོངས་སྤྱོད་འགྲིབ་པར་འགྱུར་འོང་ཞེས། །བརྣབ་མོ་བྱས་གཟོ་ནམས་ཀྱང་རྙེད་མི་འགྱུར། །གཡོ་དང་སྒྱུས་ ནི་ནོར་རྣམས་ཚོལ་བྱེད་པ། །བརྣབ་མོ་དག་ལ་མཁས་པ་ཡིད་མི་རྟོན། །སེམས་ཅན་བརྣབ་མོ་གཡོ་ལྡན་འདྲིད་པ་ཉིད། །ཡིད་གཞན་སེམས་ལ་ཚིག་གིས་དགའ་བར་བྱེད། །ཡིད་བརྟན་ཀྱང་ནི་དེ་ལ་ཡིད་མི་རྟོན། །འོན་ཀྱང་བུ་ འདྲར་སྡུག་པར་སྟོན་པར་བྱེད། །སེམས་ཅན་བརྣབ་མོ་འཇིག་རྟེན་གང་རྒྱུ་བ། །སྨན་དང་བསྟན་བཅོས་དག་ལ་མཁས་སྟོན་ཅིང་། །སྨད་འཚོང་ལྟ་བུར་ཚིག་གིས་འདྲིད་བྱེད་ལ། །ཁོང་ནས་མི་བདེ་ཤིན་དུ་རྩུབ་པ་ཡིན། །བརྣབ་མོ་ དག་ལ་མཛའ་བོ་ནམས་ཀྱང་མེད། །ཉེ་དུ་མེད་ཅིང་སྙིང་སླེབས་གྲོགས་ཀྱང་མེད། །འོན་ཀྱང་དེ་དག་ནོར་ཕྱིར་སྟེན་པར་བྱེད། །སྐྱེ་བོ་བརྣབ་ལ་མཁས་པ་ཡིད་མི་རྟོན། །བརྣབ་མོ་ལོངས་སྤྱོད་ཆེད་དུ་བྱ་མིན་བྱེད། །ཤིན་ཏུ་མི་བཟད་སེམས་ ནི་ཀུན་ཏུ་སྐྱེད། །དེ་ཕྱིར་མཁས་པས་ཡང་དག་རྟོགས་བྱས་ལ། །ངན་ངོན་ཅི་ཡང་རུང་བས་ཆོག་ཤེས་གྱིས། །གསེར་དང་མུ་ཏིག་ནོར་བུ་བྱི་རུ་དང་། །ལས་དགེས་དེ་དག་ལྦུ་བ་ལས་ཀྱང་འབྱུང་། །དེ་དག་སྒྱུ་མའི་རང་བཞིན་མ་རྟོགས་ནས། ། དེ་དག་ཕྱིར་ནི་འཐབ་ཅིང་རྩོད་པ་བྱེད། །བྱམས་པ་ཞེས་བྱ་གང་ཞིག་འདིར་འབྱུང་སྟེ། །དེ་བཞིན་གཤེགས་པ་དེ་ནི་འབྱུང་བའི་ཚེ། །ས་འདི་གསེར་གྱིས་རབ་ཏུ་གང་བར་འགྱུར། །དེ་ཡི་ཚེ་ན་དེ་ནི་ག་ལས་འབྱུང་། །འདོད་པའི་ཡོན་ ཏན་ལྔ་དག་འབྱུང་བ་སྟེ། །བརྫུན་པའི་ཆོས་ཅན་འཁྲུལ་བྱེད་རྨོངས་པར་བྱེད། །དཔེར་ན་སོས་ཀའི་ཉི་མ་གུང་དུས་ན། །སྨིག་རྒྱུ་ཆུར་སྣང་འདོད་པ་དེ་བཞིན་ནོ། །བསྐལ་པ་གཅིག་ལོན་ནས་ནི་འཇིག་རྟེན་འདི། །ནམ་མཁའི་རང་ བཞིན་ནམ་མཁར་འགྱུར་བར་འོང་། །ལྷུན་པོ་དག་ཀྱང་འཚིག་ཅིང་རྣམ་པར་འཇིག །དེ་དག་གང་ནས་འོངས་ཤིང་གང་དུ་འགྲོ། །ཆུ་མིག་མཚེའུ་དང་རྫིང་དང་རྒྱ་མཚོ་རྣམས། །དེ་དག་མེད་འགྱུར་སྐམས་འགྱུར་འབྱུང་བར་ 82-1-226b འགྱུར། །དེ་བཞིན་འདོད་པ་གསོག་སྟེ་སྙིང་པོ་མེད། །མཁས་པ་སུ་ཞིག་དེ་ལ་དགའ་བར་བྱེད། །མཁས་པ་གང་དག་བློ་ཡི་སྟོབས་ལྡན་པ། །དེ་དག་རྟག་ཏུ་ཁྱིམ་གྱི་སྐྱོན་ལ་རྟོག །འདི་ལ་རོ་མྱོང་བྱེད་པ་སུ་ཡོད་ན། །འདི་དག་ཅི་ཕྱིར་ཁྱིམ་ནི་སྤོང་མི་ བྱེད། །འདྲེན་མའི་ལས་ཀྱིས་ལོངས་སྤྱོད་ཚོལ་བྱེད་ཅིང་། །བུ་དང་དེ་བཞིན་ཆུང་མ་གསོ་བར་བྱེད། །ཤིན་ཏུ་སྡུག་བསྔལ་གྱུར་བ་དེ་དུས་ན། །བུ་དང་ཆུང་མ་སྐྱབས་སུ་འགྱུར་མ་ཡིན། །ཇི་ལྟར་སྣ་ཚོགས་ལས་བྱས་བླངས་པ་བཞིན། ། བུ་དང་ཆུང་མ་དག་ཀྱང་འདོར་བར་འགྱུར། །བདག་ཉིད་གཅིག་པུས་སྡུག་བསྔལ་མྱོང་བར་འོང་། །དེ་དག་དེ་ཚེ་བདག་གི་སྐལ་མི་ལེན། །མྱ་ངན་རྣམས་ཀྱིས་བདེ་ཕྱིར་དེ་དག་བླངས། །འདི་ན་དེ་དག་སྡུག་བསྔལ་མྱ་ངན་འགྱུར། །སྲིད་ གསུམ་འཇིགས་པ་འདི་ན་བཤེས་ཀྱང་མེད། །དེ་བཞིན་བུ་དང་ཆུང་མ་རྩ་ལག་མེད། །ཕ་མ་སྤུན་དང་བུ་དང་ཆུང་མ་དང་། །བྲན་དང་ནོར་དང་རྩ་ལག་ཚོགས་ཀྱི་རྣམས། །ཤི་བའི་གཤིན་ཕྱིར་དེ་དག་འགྲོ་བ་མེད། །ལས་རྣམས་རྗེས་ སུ་འབྲང་ཞིང་བྱེས་པ་འགྲོ། །ལས་ནི་རྗེས་སུ་འབྲང་ཞིང་མི་ཀུན་འདོང་། །ལས་ཀྱིས་གནས་པ་འཇིག་རྟེན་རྣམ་པར་རྒྱུ། །སྐྱེ་འདི་ལས་ཀྱི་བདག་ཉིད་རིག་གྱུར་ནས། །མཁས་པ་དག་ནི་དགེ་བའི་ལས་རྣམས་བྱེད། །མནར་མེད་སོང་ ཚེ་དེ་དག་སྐྱབས་མིན་པས། །ཕ་མ་སྤུན་དང་སྙིང་སྡུག་བུ་རྣམས་དང་། །རྩ་ལག་ཉེ་དུ་སྣག་གི་གཉེན་མཚམས་དང་། །དེ་དག་ཆེད་དུ་མཁས་པ་སྡིག་མི་བྱེད། །ལས་དེ་ཡོངས་སུ་ཟད་པ་མ་གཏོགས་པར། །རབ་ཏུ་མི་བཟང་ འཇིགས་ལས་མི་མི་འགྲོལ། །དེ་ཕྱིར་སྡིག་པས་འཇིགས་པའི་མི་རྣམས་ཀྱིས། །བསྒྲིམས་ཏེ་སྡིག་པ་ཡོངས་སུ་སྤང་བར་བྱ། །ཇི་ལྟར་ལས་རྣམས་བྱས་པ་མ་གཏོགས་པར། །གཤིན་རྗེ་དང་ནི་གཤིན་རྗེའི་རང་རྟ་དང་། །མཛའ་ བཤེས་དག་དང་རྩ་ལག་ཚོགས་དང་སྤུན། །ཕ་མ་བུ་དང་ཆུང་མ་སྲུང་མི་བྱེད། །ཁྱོད་ཀྱིས་མི་ཡི་ལུས་ནི་ཐོབ་གྱུར་ལ། །ཐོབ་ནས་སྡིག་པ་སྤང་བ་མ་བྱས་པས། །ཀྱེ་མ་ད་ལྟར་སྡུག་བསྔལ་མི་བཟད་མྱོང་། །འདི་ནི་མི་དགེའི་ 82-1-227a ལས་ཀྱི་རྣམ་སྨིན་ཡིན། །ལས་ཀྱི་རྣམ་པར་སྨིན་ལ་ཡིད་མ་ཆེས། །ཁྱོད་ནི་རང་གི་སེམས་ཀྱིས་མི་དགེ་བྱས། །འདི་ལ་ངས་ནི་ཅི་ཡང་མ་ལན་ཞེས། །དེ་ལ་ཆོས་རྒྱལ་གཤིན་རྗེ་དེ་སྐད་སྨྲ། །རང་གིས་ལས་བྱས་རང་ལ་རྣམ་པར་སྨིན། ། རང་གི་ལས་ཀྱིས་ཁྱོད་ནི་འདིར་འོངས་ཀྱིས། །ཇི་ལྟར་སྔོན་ཆད་མི་འདོད་ལས་བྱས་པ། །སྡུག་བསྔལ་དེ་ནི་ཉིད་ཀྱིས་མྱོང་བར་གྱིས། །དེ་ཚེ་ཕ་མ་རང་གི་ཆུང་མ་རྣམས། །སྡུག་བསྔལ་ཉེན་པ་ཡོངས་སུ་ཐར་མི་བྱེད། །ལེགས་པའི་ལས་བྱས་ པས་ནི་གྲོལ་བར་འགྱུར། །དེ་ལྟར་ཁྱིམ་ནི་ཡོངས་སུ་སྤང་བར་བྱ། །ཁུ་སྒོ་དབྱུག་པ་ལྟུང་གི་ཆད་པ་རྣམས། །སུ་ཞིག་སྤོང་འདོད་ཞི་བ་དོན་གཉེར་བས། །ཁྱིམ་ལ་འཇིགས་པར་གྱིས་ཏེ་སྤང་བྱོས་ལ། །འཇིག་རྟེན་མཁས་པའི་ བརྟན་ལ་ཆོས་སྤྱོད་ཅིག །ཁྱིམ་ནི་རབ་འབར་སྡུག་བསྔལ་མང་པོའི་རྩ། །སེམས་ལས་བྱུང་བ་རྣམས་ཀྱིས་རྟག་ཏུ་འབར། །མེ་མུར་འོབས་འདྲ་འཇིགས་པར་བྱེད་པ་ལ། །མཁས་པ་སུ་ཞིག་དེ་ལ་སྲེད་པ་སྐྱེད། །ཁྱིམ་གནས་ བུ་དང་ཆུང་མའི་མྱ་ངན་བྱེད། །ཁྱིམ་གནས་དེ་བཞིན་ལོངས་སྤྱོད་མྱ་ངན་བྱེད། །ཉེས་པ་འདི་དང་གཞན་ཡང་དཔག་མེད་དེ། །དེ་ལྟས་ཁྱིམ་ནི་ཡོངས་སུ་སྤང་བར་བྱ། །འདྲེན་པ་རྣམས་ཀྱི་བསྟན་ལ་དགའ་བྱེད་པ། །མ་བཏབ་མ་རྨོས་ བདེ་དང་ཡིད་བདེའི་རྒྱུ། །སྡུག་བསྔལ་མང་པོའི་རྩ་བ་ཁྱིམ་འདི་ལ། །བླུན་པོ་དགའ་ཡི་མཁས་པ་གཞར་མི་དགའ། །ལྤགས་པ་ཆུ་རྒྱུས་ཤ་དང་རུས་པའི་ལུས། །འདི་ནི་ངའི་ཆུང་མ་འདུ་ཤེས་བསྐྱེད། །བྱིས་པ་རྨོངས་པ་འདོད་ཆགས་ སྐྱེད་པར་བྱེད། །བུད་མེད་སྒྱུ་མ་ལྟ་བུར་ཡོང་མ་ཤེས། །ཤེས་རབ་ལྡན་པས་ཁྱིམ་གྱི་ཉེས་རིག་ནས། །དེ་ཕྱིར་འདོད་པའི་དགའ་བ་ཀུན་སྤངས་ཏེ། །ཆོས་ལ་སྨན་གྱི་འདུ་ཤེས་གཞག་བྱས་ནས། །མ་ཆགས་ཁྱིམ་ནས་མྱུར་ དུ་འབྱུང་བར་བྱེད། །དེ་ནས་ཁྱིམ་བདག་དཔས་བྱིན་དང་། ཁྱིམ་བདག་ལྔ་བརྒྱ་ཙམ་དེ་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་དག་བཟོད་པ་ཐོབ་ནས་མཆོག་ཏུ་དགའ་ 82-1-227b བ་དང་མགུ་བར་གྱུར་ཏེ་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །སངས་རྒྱས་ཆོས་ལ་འདོད་གྱུར་ནས། །གང་དག་གིས་ནི་སེམས་བསྐྱེད་པ། །ཀྱེ་མ་རྙེད་པ་རྙེད་པ་ཆེ། །འདི་ནི་རྙེད་པ་ཀུན་གྱི་མཆོག །བྱང་ཆུབ་སེམས་ནི་དགའ་བ་སྟེ། ། སེམས་ཅན་ཐམས་ཅད་བདེ་བགྱིད་པའི། །སེམས་འདིར་སུ་དག་དགའ་སྐྱེད་པ། །དེ་དག་འཚོ་བ་ལེགས་པར་འཚོ། །སེམས་ཅན་ཀུན་ལ་ཕན་བགྱིད་པའི། །སེམས་འདི་གང་དག་བསྐྱེད་གྱུར་པ། །དེ་དག་སེམས་ཅན་ཐམས་ཅད་དགའ། །དེ་དག་མཐོང་ན་དགའ་བར་འགྱུར། ། བྱང་ཆུབ་སེམས་ལ་སུ་དགའ་བ། །དེ་དག་ལུས་ནི་གསེར་འདྲ་ཞིང་། །མཚན་གྱིས་ཤིན་དུ་སྤྲས་པ་དང་། །འཇིག་རྟེན་སྣང་བར་བྱེད་པར་འགྱུར། །བྱང་ཆུབ་སེམས་ནི་སེམས་ཆེ་སྟེ། །སེམས་ཀུན་ནང་ན་དགེ་བ་མཆོག །ཡོན་ཏན་ཐམས་ ཅད་ཕུན་སུམ་ཚོགས། །ནད་ཀུན་རབ་ཏུ་ཞི་བར་བགྱིད། །སེམས་ཅན་བསོད་ནམས་ཆུང་ངུ་རྣམས། །བྱང་ཆུབ་སེམས་ནི་འདོད་མི་བགྱིད། །འཁོར་བ་ལ་ནི་མི་རྟོག་པ། །བྱང་ཆུབ་སེམས་ཀྱིས་སྐྱོ་བར་འགྱུར། །བྱང་ཆུབ་ སེམས་ཀྱི་བསོད་ནམས་གང་། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །གང་གཱའི་བྱེ་མའི་གྲངས་སྙེད་ཀྱི། །སངས་རྒྱས་ཞིང་རྣམས་མི་གང་གིས། །རིན་ཆེན་དག་ གིས་རབ་བཀང་སྟེ། །འཇིག་རྟེན་མགོན་ལ་ཕུལ་བ་བས། །གང་གིས་ཐལ་མོ་སྦྱར་བགྱིས་ཏེ། །བྱང་ཆུབ་ཏུ་ནི་སེམས་བཏུད་ན། །མཆོད་པ་འདི་ནི་ཁྱད་པར་འཕགས། །དེ་ལ་མཐའ་ནི་མ་མཆིས་སོ། །བྱང་ཆུབ་སེམས་ནི་ཅི་འདྲ་ བ། །དྲང་སྲོང་མཆོག་གིས་བསྟན་མཛད་པའི། །དེ་འདྲའི་མཆོད་པ་གཞན་མ་མཆིས། །དཔལ་ཡང་གཞན་ནི་མཆིས་མ་ལགས། །སྨན་གྱི་དམ་པ་ནང་མ་མཆིས། །བྱང་ཆུབ་སེམས་ནི་ཡོན་ཏན་ལྡན། །ནད་ཀུན་རབ་ཏུ་ཞི་བར་བགྱིད། ། སེམས་ཅན་ཐམས་ཅད་བདེ་བར་བགྱིད། །མེ་གསུམ་དག་གིས་གདུངས་པ་ཡི། །སེམས་ཅན་སྡུག་བསྔལ་མཐོང་ནས་ནི། །བསྐལ་པ་དཔག་ཏུ་མེད་པར་སྤྱོད། །མཁས་རྣམས་སྐྱོ་བར་ཡོད་མི་འགྱུར། །གང་དག་བྱང་ཆུབ་སྤྱད་སྤྱོད་ 82-1-228a པ། །དཔའ་བོ་སྨན་པའི་རྒྱལ་པོ་འདྲ། །དེ་དག་སེམས་ཅན་སྡུག་བསྔལ་སྐྱོབ། །སྐྱོ་བ་རྟག་ཏུ་རྣམ་པར་སྤངས། །དཔའ་བོ་སངས་རྒྱས་ཆོས་འཚལ་བ། །འགྲོ་བའི་སྐྱེ་བ་ཐམས་ཅད་དུ། །སེམས་དེ་འདོར་བར་མི་བགྱིད་ ཅིང་། །དེ་དག་བརྟུལ་ཞུགས་དེ་ཡང་སྟོན། །སེམས་འདི་ལ་ནི་གང་དགའ་བ། །ཤཱཀྱ་སེང་གེ་མི་ཡི་མཆོག །སངས་རྒྱས་ཅི་འདྲ་དེ་འདྲར་འགྱུར། །བདག་ཅག་རྙེད་པ་ལེགས་པར་རྙེད། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཛུམ་ པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པ་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་དེ། བཅོམ་ལྡན་འདས་ཀྱིས་ཞལ་གྱི་སྒོ་ནས་འོད་འཕྲོ་བ་ཁ་དོག་སྣ་ཚོགས་ཁ་དོག་དུ་མ་ བྱུང་བ་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེབ་རྒན་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་དག་སྟེ། འོད་དེས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ཁྱབ་པར་བྱས་ནས་ཚངས་པའི་འཇིག་ རྟེན་གྱི་བར་དུ་མངོན་པར་བྱུང་སྟེ་ཉི་ཟླ་རྣམས་ཀྱི་གཟི་བརྗིད་ཟད་པར་བྱས་ནས་སླར་ལོག་སྟེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་བོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་ བོ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་རྒྱུ་མ་མཆིས། རྐྱེན་མ་མཆིས་པར་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཛུམ་པ་མི་མཛད་ན། འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་གསོལ་ཏོ། །རྒྱུ་མ་མཆིས་པར་རྣམ་འདྲེན་རྒྱལ་བ་མཆོག །སངས་རྒྱས་སྐྱོབ་པ་འཛུམ་པ་མི་སྟོན་ན། །ཅི་སླད་བཅོམ་ལྡན་ཁྱོད་ཀྱིས་འཛུམ་མཛད་པ། །འཇིག་རྟེན་ཕན་དགོངས་ 82-1-228b ཐུགས་བརྩེ་བདག་ལ་གསུངས། །ཁྱོད་ཀྱིས་ཅི་སླད་དེ་རིང་འཛུམ་བསྟན་གསུངས། །བཀའ་མཆིད་ཆེ་ལྡན་ནོར་མཆོག་སྦྱིན་མཛད་པ། །དབུལ་པོ་གྱུར་བ་ནོར་དང་ལྡན་པར་མཛོད། །འཇིག་རྟེན་ལྡོངས་ལ་མྱུར་དུ་མིག་ ཀྱང་སྩོལ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ ནས་དེ་བཞིན་གཤེགས་པའི་གན་དུ་ལྷགས་པའི་ཁྱིམ་བདག་ལྔ་བརྒྱ་ཙམ་འདི་དག་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བདེ་བར་གཤེགས་པ་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། ཀུན་དགའ་བོ་ཁྱིམ་བདག་ལྔ་བརྒྱ་ཙམ་འདི་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་སྟེ། ཀུན་དགའ་བོ་ཁྱིམ་བདག་འདི་དག་ཐམས་ཅད་ནི་སྔོན་གྱི་རྒྱལ་བ་ལ་ལྷག་པར་ བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ལ་བསྙེན་བཀུར་བྱས་པ་དག་སྟེ། ཁྱིམ་བདག་འདི་དག་འདི་ནས་ཤི་འཕོས་ནས་ནམ་དུ་ཡང་ངན་འགྲོ་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་ཞིང་ཕྱིས་ ཀྱང་ལྷ་དང་མི་རྣམས་ཀྱི་ནང་དུ་བདེ་བ་མྱོང་ནས་མཐར་གྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་མཉེས་པར་བྱེད་ཅིང་ཐུགས་བྱུང་བར་མི་བྱེད་དེ་སྟི་སྟང་བྱེད་པར་འགྱུར། བཙུན་པར་ བྱེད་པར་འགྱུར། རིམ་འགྲོ་བྱེད་པར་འགྱུར། མཆོད་པར་བྱེད་པར་འགྱུར་རོ། །བསྐལ་པ་བཟང་པོའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱང་མཉེས་པར་བྱེད་ཅིང་ཐུགས་བྱུང་བར་མི་བྱེད་དེ་སྟི་སྟང་བྱེད་པར་འགྱུར། བཙུན་ པར་བྱེད་པར་འགྱུར། རིམ་འགྲོ་བྱེད་པར་འགྱུར། མཆོད་པ་བྱེད་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་ཀྱང་ཉན་པར་འགྱུར་ཏེ། ཐོས་ནས་ཀྱང་འཛིན་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། 82-1-229a གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་པར་འགྱུར་རོ། །དེའི་འོག་ཏུ་བསྐལ་པ་ཉི་ཤུ་རྩ་ལྔ་ན། སངས་རྒྱས་ཀྱི་ཞིང་ཐ་དད་པ་དག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་ རྒྱ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མའི་དཔལ་གྱི་སྙིང་པོ་ཞེས་བྱ་བར་མཚན་འཐུན་པར་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་ བོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་ཆོས་ཀྱི་རྣམ་གྲངས་འདི་འདི་ལྟར་རྒྱ་ཆེ་བ་ནི་བཅོམ་ལྡན་འདས་ངོ་མཚར་ཏོ། །བདེ་བར་གཤེགས་པ་ངོ་མཚར་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་ གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པའི་ས་བསྟན་པ་ཞེས་བྱ་བར་ཟུང་ཤིག །དཔས་བྱིན་གྱིས་ཞུས་པ་ཞེས་བྱ་བར་ ཡང་ཟུང་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཁྱིམ་བདག་ལྔ་བརྒྱ་ཙམ་དེ་དག་དང་། ལྷ་དང་མི་དང་། ལྷ་མ་ཡིན་ དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་བ་ལས་ཁྱིམ་བདག་ དཔས་བྱིན་གྱིས་ཞུས་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་བརྒྱད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། །། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་ཉི་ཤུ་དགུ་པ་སྟེ་བད་སའི་རྒྱལ་པོ་འཆར་ 82-1-229b བྱེད་ཀྱིས་ཞུས་པ། བམ་པོ་གཅིག་པ། ༄༅། །རྒྱ་གར་སྐད་དུ། ཨཱརྱ་ཨུ་ད་ཡ་ན་བད་ས་རཱ་ཛཱ་པ་རི་པྲི་ཙྪཱ་ནཱ་མ་པ་རི་བར་ཏ། བོད་སྐད་དུ། འཕགས་པ་བད་སའི་རྒྱལ་པོ་འཆར་བྱེད་ཀྱིས་ཞུས་པ་ཞེས་བྱ་བའི་ལེའུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཀཽ་ཤམྦཱི་ན། དབྱངས་ཅན་གྱི་ཀུན་དགའ་ར་བ་ན་དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་ གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་ན་མ་དུའི་བུ་མོ་བཙུན་མོ་དཔེ་མེད་ཕྲག་དོག་དང་། སེར་སྣས་ཟིན་པས་བཙུན་མོ་སྔོ་སངས་ ཅན་ལ་ལྷག་པར་དམིགས་ནས་བད་སའི་རྒྱལ་པོ་འཆར་བྱེད་ལ་ལྷ་མཁྱེན་པར་མཛད་དུ་གསོལ། བཙུན་མོ་སྔོ་སངས་ཅན་ལ་སོགས་པ་བུད་མེད་ལྔ་བརྒྱ་ནི་དགེ་སྦྱོང་གཽ་ཏ་མ་དང་ལྷན་ཅིག་ཏུ་རབ་ཏུ་སྐྱོན་ཆགས་པར་བགྱིད་ དེ། དེའི་སླད་དུ་བདག་གིས་ལྷ་ལ་གསོལ་བ་ལགས་ཀྱིས་ཇི་ལྟར་མཁྱེན་པ་དེ་བཞིན་དུ་མཛད་དུ་གསོལ་ཞེས་བརྫུན་གྱི་ཚིག་གིས་དབྱེན་བྱས་པར་གྱུར་ཏོ། །དེ་ནས་བད་སའི་རྒྱལ་པོ་འཆར་བྱེད་མ་དུའི་བུ་མོ་བཙུན་ མོ་དཔེ་མེད་ཀྱིས་དབྱེན་བྱས་པས་བཅོམ་ལྡན་འདས་དང་། ཉན་ཐོས་ཀྱི་དགེ་འདུན་རྣམས་ལ་ཐ་བ་དང་། འཁྲུག་པ་དང་། ཁྲོ་བ་སྐྱེས་པར་གྱུར་ཏོ། །དེ་ཡི་མ་རངས་ཤིང་ཁྲོ་བ་དང་། རྔམ་པས་ཟིལ་གྱིས་ནོན་པས་བཙུན་ མོ་སྔོ་སངས་ཅན་གསད་པའི་ཕྱིར་གཞུ་བདུངས་ནས་མདའ་སྟེའུ་ཀ་ཉ་རྔ་མ་བླངས་ཏེ་འཕངས་སོ། །དེ་ནས་དེའི་མོད་ལ་བཙུན་མོ་སྔོ་སངས་ཅན་གྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བཅོམ་ལྡན་འདས་ལ་ཕྱག་བྱས་ཤིང་བཅོམ་ལྡན་འདས་ཀྱི་བསྔགས་པ་བརྗོད་ནས་བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་འདི་ལྟར་སངས་རྒྱས་ཀྱི་མཐུས་ 82-1-230a མདའ་སྟེའུ་ཀ་ཉ་རྔ་མ་དེ་དེ་ནས་ཕྱིར་ལོག་སྟེ། བད་སའི་རྒྱལ་པོ་འཆར་བྱེད་དེ་ཉིད་ཀྱི་མགོའི་དྲང་ཐད་ཀྱི་སྟེང་གི་བར་སྣང་ལ་འབར། རབ་ཏུ་འབར། ཀུན་ཏུ་རབ་ཏུ་མཆེད་དེ་འབར་ཞིང་མེ་ལྕེ་གཅིག་ ཏུ་གྱུར་ཏེ་ཕར་འགྲོ་ཚུར་འགྲོ་ཞིང་འདུག་འདུག་ནས་བད་སའི་རྒྱལ་པོ་འཆར་བྱེད་ག་ལ་བ་དེར་སོང་ནས་བད་སའི་རྒྱལ་པོ་འཆར་བྱེད་ཀྱི་གཡོན་རོལ་ལོགས་སུ་འདུག་པར་གྱུར་ཏེ། དེ་ལུས་ལ་ནི་མ་ཕོག་གོ། །ལན་གཉིས་ ལན་གསུམ་དུ་དེ་ལྟར་གྱུར་བ་དང་། དེ་ནས་བཙུན་མོ་སྔོ་སངས་ཅན་གྱིས་བད་སའི་རྒྱལ་པོ་འཆར་བྱེད་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་དེ་ལྟ་ལགས་པས་གལ་ཏེ་ཁྱོད་དེ་བཞིན་གཤེགས་པ་ལ་ཕྱག་ འཚལ་ན་ཁྱོད་ལ་ཡང་བདེ་ལེགས་སུ་འགྱུར་ལགས་སོ། །དེ་ནས་བད་སའི་རྒྱལ་པོ་འཆར་བྱེད་འཇིགས་ཤིང་དངངས་ལ་སྒྱིད་ལུག་ཅིང་སྤུ་ཟིང་ཞེས་བྱེད་པར་གྱུར་ཏེ་ས་ལ་འགྱེལ་ནས་བཙུན་མོ་སྔོས་སངས་ཅན་ལ་ ཚིགས་སུ་བཅད་དེ་སྨྲས་པ། ཁྱོད་ནི་ལྷ་མོ་འམ་དྲི་ཟ་མོ། །ཤ་ཟ་མོ་འམ་སྲིན་མོ་འམ། །ངས་ནི་ཇི་ལྟར་གཟུང་བར་བྱ། །ང་ཡིས་དྲིས་པ་དེ་སྨྲོས་ཤིག །གང་ལ་མཚོན་གྱིས་མི་གནོད་པའི། །བུད་མེད་འགའ་ ཡང་ཡོད་མིན་ཏེ། །ངས་ནི་འདི་ལ་གང་དུ་ཡང་། །ཐོས་སམ་མཐོང་ངམ་ཤེས་པའང་མེད། །ང་ནི་སྟོབས་ལྡན་བརྩོན་འགྲུས་ཅན། །འཕོང་གི་ཤེས་པ་ལེགས་བསླབས་པས། །ང་ཡི་མདའ་ནི་གདོན་མི་ཟ། །ནམ་ཡང་ མི་ཕོག་ཡོད་མིན་ཏེ། །སྤྲེའུ་འམ་ཡང་ན་བྱ་དང་ནི། །མི་འམ་ཡང་ན་འབེན་ཀྱང་རུང་། །གང་ལ་ང་ཡིས་མདའ་འཕངས་པ། །ནམ་ཡང་མི་ཕོག་ཡོད་མིན་ན། །དེ་རིང་མདའ་འདི་འཕངས་པ་ནི། །བཟློག་པའི་ཚུལ་དུ་ཕྱིར་ འོངས་ཏེ། །ལུས་ལ་གནོད་པ་མེད་པར་ནི། །ང་ཡི་མདུན་དུ་འདུག་པར་འགྱུར། །གཞན་གྱི་ཚིག་ནི་མཉན་ནས་ཀྱང་། །ང་ནི་ཁྱོད་ལ་བསོད་འདོད་པ། །ང་ནི་ཁྱོད་ལ་སྐྱབས་སུ་འགྲོ། །སྡུག་བསྔལ་གྱུར་བ་ང་ལ་སྐྱོབས། ། 82-1-230b ཕྱིན་ཅད་འདི་འདྲ་མི་བྱེད་ཀྱིས། །སྡུག་བསྔལ་བ་ལ་དེང་བཟོད་གྱིས། །ཁྱོད་སྔོན་དགའ་བ་དྲན་བྱོས་ལ། །དང་བར་གྱིས་ཤིག་ཁྲོ་ཐུལ་ཅིག །དེ་ནས་བཙུན་མོ་སྔོ་སངས་ཅན་གྱིས་བད་སའི་རྒྱལ་པོ་འཆར་ བྱེད་ལ་ཚིགས་སུ་བཅད་དེ་སྨྲས་པ། བདག་ནི་ལྷ་མིན་དྲི་ཟ་མིན། །ཤ་ཟ་མོ་མིན་སྲིན་མོ་མིན། །བདག་ནི་བཙུན་མོ་སྔོ་སངས་ཅན། །འཇིག་རྟེན་མགོན་པོའི་ཉན་ཐོས་མ། །ལྷ་ཁྱོད་ལ་ནི་སྙིང་བརྩེ་ བས། །བདག་གི་སེམས་ནི་མཉམ་བཞག་གིས། །ཁྱབ་བདག་འཇིག་རྟེན་མགོན་པོ་ལ། །ཐུགས་ནི་རབ་ཏུ་དང་བར་མཛོད། །བསྐལ་པ་བྱེ་བ་སྟོང་རྣམས་སུ། །གང་གིས་བྱམས་པ་ལེགས་བསྒོམས་ ཏེ། །བྱམས་ལ་གནས་པའི་སྐྱེས་བུ་དང་། །བུད་མེད་དག་ནི་མི་སོང་གསུངས། །གང་ཞིག་ལོ་ཏོག་སྨིན་པ་ལ། །སེར་ལྟར་ཡང་དག་ཇི་བཞིན་མཁྱེན། །བུད་མེད་རྣམས་ཀྱིས་གནོད་མེད་པ། །དེ་ཡི་བསྟན་ལ་ བདག་དགའ་ལགས། །འཇིག་རྟེན་མགོན་པོ་ཐམས་ཅད་ཀྱིས། །བུད་མེད་རྣམས་ནི་སྨད་པར་གསུངས། །བུད་མེད་རྣམས་ལ་མི་ལྟ་བ། །འཇིག་རྟེན་མགོན་པོ་རྣམས་ཀྱིས་བསྔགས། །སངས་རྒྱས་ རྣམས་དང་རང་སངས་རྒྱས། །བྱང་ཆུབ་སེམས་དཔའ་ཉན་ཐོས་རྣམས། །བུད་མེད་བསྟེན་པར་མི་མཛད་དེ། །དེ་ནི་བྱིས་པའི་སྤྱོད་ཡུལ་ལགས། །བུད་མེད་རྣམས་ལ་བསྟེན་པ་ནི། །ཀུན་ནས་བདུད་ཀྱི་ ཞགས་པར་གསུངས། །སྡིགས་པ་རྣམས་ལ་ཆགས་པ་ནི། །ཀུན་འཇོམས་དཀྲུགས་པའི་ཤུལ་དང་འདྲ། །མི་མཁས་བུད་མེད་ཆགས་པ་དང་། །སྡིག་པའི་ལས་ནི་བགྱིས་པ་དང་། །ཡེ་ཤེས་སྤོང་བར་འཚལ་ བ་ཡིས། །སེམས་ཅན་རྣམས་ནི་ངན་འགྲོར་ཁྲིད། །མཁས་པ་ཐར་པར་འཚལ་བ་ཡིས། །བུད་མེད་བསྟེན་པར་མི་བགྱི་སྟེ། །ཞུགས་གཏམ་དུ་བ་མ་མཆིས་པའི། །དོང་དུ་མཆོངས་པ་མི་དོང་ལགས། །ཡིད་འོང་བཀའ་མཆིས་བགྱིས་ 82-1-231a པ་དང་། །བལྟས་པས་ཀྱང་ནི་འཆིང་བགྱིད་ཅིང་། །མི་བཟད་དམྱལ་བར་ལྟུང་བས་ན། །ཁྱོད་ནི་བུད་མེད་ཚིག་མ་གསན། །བདག་ནི་ཁྲོ་བ་མ་མཆིས་ཏེ། །བདག་གི་ཡིད་ནི་རབ་ཏུ་དང་། །ཁྱབ་བདག་འཇིག་རྟེན་ མགོན་པོ་ལ། །ཐུགས་ནི་རབ་ཏུ་དང་བར་མཛོད། །རྒྱལ་པོ་ཆེན་པོ་བཞུད་མཛོད་དེ། །ཁྱོད་ཀྱིས་རྐང་གཉིས་མཆོག་གཟིགས་ལ། །དེ་ཡིས་ཆོས་ནི་གང་བསྟན་པ། །གཡེལ་མ་མཆིས་པར་ཁྱོད་ཀྱི་གསོན། །དེ་ནས་བད་ སའི་རྒྱལ་པོ་འཆར་བྱེད་བཙུན་མོ་སྔོ་སངས་ཅན་གྱིས་བསྐུལ་བས་རྒྱལ་པོའི་མཐུ་ཆེན་པོ་དང་། རྒྱལ་པོའི་འབྱོར་པ་ཆེན་པོ་དང་། སྐྱེ་བོའི་ཚོགས་ཕལ་པོ་ཆེས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས་བརྟད་ཅིང་མྱུར་བ་ མྱུར་བས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་བ་དང་། དེ་ནས་བཅོམ་ལྡན་འདས་མཛེས་པ། དང་བར་འགྱུར་པ། དབང་པོ་ཞི་བ། ཐུགས་ཞི་བ། དུལ་བ་དང་། ཞི་གནས་ཀྱི་མཆོག་དམ་པའི་ཕ་རོལ་ཏུ་བྱོན་པ། བསམ་གཏན་ དམ་པ་རྣམས་ཀྱི་ཕ་རོལ་དུ་གཤེགས་པ། གསེར་གྱི་མཆོད་སྡོང་ལྟར་མངོན་པར་འཕགས་པ། དཔལ་གྱིས་མཛེས་ཤིང་། ལྷམ་མེ་ལྷན་ནེ་ལྷང་ངེ་སྟེ། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་སྐུ་ལེགས་པར་ བརྒྱན་པ། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་གྱིས་ཡོངས་སུ་བསྐོར་བ། ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་ དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་རྣམས་ཀྱིས་མདུན་གྱིས་བལྟས་པ་མཐོང་བར་གྱུར་ཏོ། །མཐོང་ནས་ཀྱང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ ལ་གཏུགས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་སྔོན་མ་མཐོང་བའི་རྨད་དུ་བྱུང་བ་ཞིག་མཐོང་བ་བཅོམ་ལྡན་འདས་ལ་གསོལ་བར་འཚལ་ན། བཅོམ་ལྡན་འདས་ཀྱིས་ 82-1-231b བདག་ལ་སྐབས་དབྱེ་བར་ཅི་གནང་། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བད་སའི་རྒྱལ་པོ་འཆར་བྱེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་ལྟར་སྨྲོས་ཤིག ། ཟློས་ཤིག །དེ་ནས་བཅོམ་ལྡན་འདས་ལ་བད་སའི་རྒྱལ་པོ་འཆར་བྱེད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་འདོད་པའི་རྒྱུ་དང་། འདོད་པའི་གཞི་དང་། འདོད་པ་ལ་ལྷག་པར་ཞེན་པས་དེང་མ་དུའི་བུ་མོ་དཔེ་ མེད་ཀྱི་ཚིག་གིས་ཁྲོས་ཤིང་རྔམ་པས་ཟིལ་གྱིས་ནོན་ནས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཐ་བ་དང་ཞེ་སྡང་གི་སེམས་ཀྱང་བསྐྱེད། བཅོམ་ལྡན་འདས་བདག་གིས་མཆིས་བྲང་སྔོ་སངས་ཅན་དགུམ་ པའི་སླད་དུ་མདའ་སྟེའུ་ཀ་ཉ་རྔ་མ་ཞིག་འཕངས་ན། དེ་བར་སྣང་ལ་འབར། རབ་ཏུ་འབར། ཀུན་ཏུ་རབ་ཏུ་མཆེད་དེ་འབར་ཞིང་མེ་ལྕེ་གཅིག་ཏུ་གྱུར་ནས་བཟློག་པའི་ཚུལ་དུ་སླར་ལོག་སྟེ་བདག་གི་གཡོན་རོལ་ལོགས་སུ་མཆིས་ པར་གྱུར་ཅིང་ལུས་ལ་ནི་མ་ཕོག་ནས། བཅོམ་ལྡན་འདས་བདག་གིས་མཆིས་བྲང་སྔོ་སངས་ཅན་གྱི་སུག་པ་རྐང་པ་གཉིས་ལ་གཏུགས་ཏེ། མཆིས་བྲང་སྔོ་སངས་ཅན་ལ་འདི་སྐད་དུ་ཁྱོད་ལྷ་མོ་ཞིག་གམ་འོན་ཏེ་ཀླུ་ མོ་འམ། དྲི་ཟ་མོ་འམ། ཤ་ཟ་མོ་འམ། སྲིན་མོ་འམ། སུ་ཞིག་ལགས་ཤེས་བགྱིས་པ་དང་། དེ་བདག་ལ་འདི་སྐད་དུ་རྒྱལ་པོ་ཆེན་པོ་བདག་ནི་ལྷ་མོ་ཡང་མ་ལགས། ཀླུ་མོ་ཡང་མ་ལགས། དྲི་ཟ་མོ་ཡང་མ་ལགས། ཤ་ཟ་ མོ་ཡང་མ་ལགས། སྲིན་མོ་ཡང་མ་ལགས་ཀྱི། བདག་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་ཉན་ཐོས་མ་ལགས་ཏེ། ཁྱོད་ཉིད་ལ་སྙིང་བརྩེ་བའི་སླད་དུ་སེམས་ མཉམ་པར་བཞག་པ་ལགས་སོ་ཞེས་མཆི་ནས། དེ་ནས་མཆིས་བྲང་སྔོ་སངས་ཅན་གྱིས་བཅོམ་ལྡན་འདས་ཀྱི་བསྔག་པ་རྣམ་གྲངས་དུ་མས་བརྗོད་པ་དང་། བཅོམ་ལྡན་འདས་དེ་ལ་བདག་འདི་སྙམ་དུ་བཅོམ་ལྡན་འདས་ 82-1-232a དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་ཉན་ཐོས་མ་འདི་ཡང་དེ་ལྟ་བུའི་སྙིང་རྗེའི་བསམ་པ་དང་། དེ་ལྟ་བུའི་བྱམས་པ་ཐོབ་པ་དང་། དེ་ལྟར་རྫུ་འཕྲུལ་ཆེ་བ་དང་། དེ་ལྟར་མཐུ་ཆེ་བ་དང་། དེ་ལྟར་དབང་ཆེ་བར་གྲགས་པ་ལགས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྟ་སྨོས་ཀྱང་ཅི་འཚལ་སྙམ་དུ་སེམས་པར་གྱུར་ལགས་ཏེ། བཅོམ་ལྡན་འདས་བདག་འདི་ལྟར་བྱིས་པ་ལྟ་བུ་དང་། འདི་ལྟར་རྨོངས་པ་དང་། འདི་ལྟར་མི་གསལ་བ་དང་། འདི་ལྟར་མི་མཁས་པས་དེ་བཞིན་གཤེགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་བདག་གིས་ཐ་བ་དང་ཞེ་སྡང་ གི་སེམས་བསྐྱེད་པ་དེ་བཅོམ་ལྡན་འདས་ལ་བཟོད་པར་གསོལ་ཞིང་ཉན་ཐོས་ཀྱི་དགེ་འདུན་གྱི་མདུན་དུ་ཡང་ནོངས་པ་འཆགས་ཤིང་མཆིས་ན། ཐུགས་བརྩེ་བའི་སླད་དུ་བདག་གིས་ནོངས་པ་ནོངས་པར་བཤགས་པ་དེ་བཅོམ་ལྡན་ འདས་ཀྱིས་ལེགས་པར་རྗེས་སུ་གཟུང་བར་གསོལ། དེང་སླན་ཆད་ཀྱང་སྡོམ་པར་འཚལ་ལགས་སོ། །བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་ཁྱོད་ལོངས་ལ་རང་གི་སྟན་གང་ཡིན་པ་ལ་འདུག་ཤིག་ཅེས་བད་སའི་རྒྱལ་པོ་ འཆར་བྱེད་ཀྱིས་ཉེས་པ་བཤགས་པ་རྗེས་སུ་གཟུང་བར་གནང་ངོ་། །དེ་ནས་བད་སའི་རྒྱལ་པོ་འཆར་བྱེད་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ ཏུ་འདུག་ནས་ཀྱང་བཅོམ་ལྡན་འདས་ལ་བད་སའི་རྒྱལ་པོ་འཆར་བྱེད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་གཏུམ་ཞིང་གཟུ་ལུམས་ཆེ་ལ་དྲག་ཤུལ་ཅན་ལགས་པས་བདག་གིས་བུད་མེད་ ཀྱི་ཚིག་གིས་སྡིག་པའི་སུག་ལས་མངོན་པར་འདུས་བགྱིས་པ་དེས་བཅོམ་ལྡན་འདས་བདག་སེམས་ཅན་དམྱལ་བར་མཆི་བར་བདག་གིས་ཡང་དག་པར་འཚལ་ན། བཅོམ་ལྡན་འདས་བདག་ལ་ཐུགས་བརྩེ་བའི་སླད་དུ་ 82-1-232b ཅི་ནས་ཀྱང་བདག་སླན་ཆད་བུད་མེད་ཀྱི་དབང་དུ་མཆིས་ནས་སྡིག་པའི་སུག་ལས་མངོན་པར་འདུ་བགྱིད་པར་མི་འགྱུར་ཞིང་། སེམས་ཅན་དམྱལ་བར་མི་ལྟུང་བ་དང་། བདག་དང་སེམས་ཅན་ཐམས་ཅད་ལ་ཡུན་རིང་པོའི་དོན་དང་ སྨན་པ་དང་། བདེ་བར་འགྱུར་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་བུད་མེད་ཀྱི་སྐྱོན་དེ་དག་ལེགས་པར་ཡང་དག་པར་རབ་ཏུ་བཤད་ཅིང་བུད་མེད་ཀྱི་སྤྱོད་པ་རྣམས་དང་། བུད་མེད་ཀྱི་མཚན་མ་རྣམས་དང་། བུད་མེད་ཀྱི་སྒྱུ་རྣམས་ དང་། བུ་མེད་ཀྱི་གཡོ་རྣམས་དང་། བུད་མེད་ཀྱི་གྱ་གྱུ་རྣམས་དང་། བུད་མེད་ཀྱི་མི་བརྟན་པ་རྣམས་དང་། བུད་མེད་ཀྱི་འགྱུར་ལྡོག་རྣམས་དང་། བུད་མེད་ཀྱི་སྟེན་པ་རྣམས་དང་། བུད་མེད་ཀྱི་ཚིག་རྣམས་དང་། བུད་མེད་ཀྱི་འཁྲུལ་ པ་རྣམས་ཡང་དག་པར་རབ་ཏུ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བད་སའི་རྒྱལ་པོ་འཆར་བྱེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་གནས་དེ་ལྟ་བུ་ཡོངས་ སུ་ཞུས་པས་ཁྱོད་ལ་ཅི་ཞིག་བྱ། བཅོམ་ལྡན་འདས་བད་སའི་རྒྱལ་པོ་འཆར་བྱེད་ཀྱིས་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ནས་བདག་བུད་མེད་ཀྱི་དབང་དུ་མཆིས་པར་གྱུར་ན་བུད་མེད་ནི་མ་རུངས་ མ། འཁོན་ཅན། གཏུམ་མོ་དྲག་ཤུལ་ཅན་ལགས་ཏེ། བཅོམ་ལྡན་འདས་བུད་མེད་དེ་ནི་བདག་སེམས་ཅན་དམྱལ་བར་མཆི་བར་བགྱིད་འཚལ་བ་ལགས་པས་བཅོམ་ལྡན་འདས་ལས་བདག་དོན་དེ་ཉིད་ཉན་པར་ འཚལ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བད་སའི་རྒྱལ་པོ་འཆར་བྱེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཇེ་རང་གི་སྐྱོན་རྣམས་ཡོངས་སུ་རྟོགས་ཤིག་དང་། དེ་ནས་ཕྱིས་བུད་མེད་ཀྱི་སྐྱོན་རྣམས་ཡོངས་སུ་རྟོགས་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བད་སའི་རྒྱལ་པོ་འཆར་བྱེད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལེགས་ 82-1-233a སོ་ལེགས་སོ། །སྐྱེས་པ་སྐྱོན་ཇི་ལྟ་བུ་དག་དང་ལྡན་ན་སྐྱེས་པ་བུད་མེད་ཀྱི་དབང་དུ་མཆི་བར་འགྱུར་བའི་སྐྱེས་པའི་སྐྱོན་རྣམས་བཅོམ་ལྡན་འདས་ཀྱིས་བདག་ལ་ཡང་དག་པར་རབ་ཏུ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བད་སའི་རྒྱལ་པོ་འཆར་བྱེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་དེའི་ཕྱིར་ཁྱོད་ལེགས་པར་ཉོན་ལ་རབ་ཏུ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ ལ་བཤད་པར་བྱའོ། །བད་སའི་རྒྱལ་པོ་འཆར་བྱེད་ཀྱིས་བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་ པོ་ཆེན་པོ་སྐྱེས་པ་སྐྱོན་གང་དག་དང་ལྡན་ན་སྐྱེས་བ་བུད་མེད་ཀྱི་དབང་དུ་འགྲོ་བར་འགྱུར་བའི་སྐྱེས་པའི་སྐྱེས་བུའི་སྐྱོན་ནི་བཞི་པོ་འདི་དག་ཡིན་ནོ། །བཞི་པོ་གང་ཞེ་ན། འདི་ལྟ་སྟེ། རྒྱལ་པོ་ཆེན་པོ་འདི་ལ་སྐྱེས་པ་འདོད་ པ་རྣམས་ལ་ཆགས་པར་གྱུ་ཅིང་། དེ་འདོད་པ་རྣམས་ལ་བག་མེད་པར་གྱུར་ནས་ཕྱིར་ཞིང་བུད་མེད་ལ་ལྟ་འདོད་དེ། ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། ཤེས་རབ་དང་ལྡན་པའི་དགེ་སྦྱོང་དང་བྲམ་ཟེ་ དག་ལ་ལྟ་བར་མི་འདོད་ཅིང་། དེས་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། ཤེས་རབ་དང་ལྡན་པའི་དགེ་སྦྱོང་དང་བྲམ་ཟེ་དག་མཐོང་ན་བསྙེན་པར་མི་བྱེད། བསྟེན་པར་མི་བྱེད། བསྙེན་བཀུར་མི་བྱེད་པས་ དེ་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། ཤེས་རབ་དང་ལྡན་པའི་དགེ་སྦྱོང་དང་བྲམ་ཟེ་དག་གིས་ཡོངས་སུ་སྤངས་པས་དད་པ་ལས་ཡོངས་སུ་ཉམས། ཚུལ་ཁྲིམས་ལས་ཡོངས་སུ་ཉམས། གཏོང་བ་ ལས་ཡོངས་སུ་ཉམས། ཤེས་རབ་ལས་ཡོངས་སུ་ཉམས་ཤིང་དད་པ་དང་བྲལ་བ། ཚུལ་ཁྲིམས་འཆལ་བ། ཐོས་པ་ཉུང་བ། སེར་སྣ་ཅན་དུ་གྱུར་པ། ཡི་དགས་ཀྱི་ཡོན་ཏན་གྱི་ཆོས་ལ་ཀུན་ཏུ་སྤྱོད་པ། ཤེས་རབ་ 82-1-233b འཆལ་པ། རྨ་ལ་ཆགས་པ། བཙོག་པའི་སྤྱོད་ཡུལ་ཅན། བཤུལ་བར་མནམ་པ་ལ་མངོན་པར་དགའ་བ། མི་གཙང་བ་ལ་དགའ་བ། བུད་མེད་ལ་དད་ཆེ་བ། ཞི་བ་ཡོངས་སུ་མི་ཚོལ་བ་ཆགས་པའི་སྤྱོད་ཡུལ་ཅན། འགྲོ་བར་བྱ་ བ་མ་ཡིན་པར་སོང་བ། སྨད་པར་འོས་པ། མི་གཙང་བའི་སྲིན་བུ་དང་འདྲ་བ། སྙིགས་མ་ལེན་པ། འདོད་པ་ལ་བརྐམ་པ། ཁྲེལ་དང་ངོ་ཚ་བོར་བ། ལྷ་དང་མིའི་ཆོས་ལས་ཉམས་པ། ངན་པར་སྨད་པའི་འཚོ་བས་འཚོ་བ། མཁས་པས་སྨད་པ། བྱིས་པའི་སྐྱེ་བོ་ལ་སྟེན་པ། སྡིག་པའི་བསམ་པ་དང་ལྡན་པ། སྡིག་པའི་གྲོགས་པོ་ལ་སྟེན་པ། སྡིག་པ་ལ་ཀུན་ཏུ་འཇུག་པ། སྡིག་པ་ལ་གཞོལ་བ། བུད་མེད་ཀྱི་ཐུལ་འོག་ཏུ་ཆུད་པ་བུད་མེད་ ཀྱིས་འཁོལ་བ། བུད་མེད་ཀྱི་དབང་དུ་སོང་བ་བུད་མེད་ལ་གཞོལ་བ། བུད་མེད་དང་གནས་པ། རྨའི་སྒོའི་སྤྱོད་ཡུལ་ཅན། རྨའི་སྒོ་ལ་སྟེན་པ། རྨའི་སྒོ་ལ་གནས་པ། ཁ་ཆུ་དང་། སྣབས་དང་། མཆིལ་མ་དང་། ངར་སྣབས་དང་། རྣག་དང་། ཤེའུ་རུལ་དང་། གླད་རྒྱས་དང་། མི་གཙང་བའི་སྤྱོད་ཡུལ་ཅན། ལུག་དང་། བ་ལང་དང་། བྱ་གག་དང་། ཁྱི་དང་། ཕག་པ་དང་། ཝ་དང་། བོང་བུའི་ཆོས་སྤྱོད་པ། གནོད་པས་འཚོ་བ། ཕ་མ་ལ་ཕངས་པར་མི་འཛིན་ པ། དགེ་སྦྱོང་དང་། བྲམ་ཟེ་དང་། སྦྱིན་གནས་ལ་ཕངས་པར་མི་འཛིན་པ། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་དང་བ་ཡོངས་སུ་ཉམས་པ། མྱ་ངན་ལས་འདའ་བ་ལ་ཡོངས་སུ་ཉམས་པ། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་ གནས་དང་། གཤིན་རྗེའི་འཇིག་རྟེན་ལ་ཞུགས་ཤིང་གཞོལ་བ་སེང་གེ་དང་། ནམ་མཁའ་ལྡིང་གི་ལུས་ལ་ཡང་དག་པར་ཞུགས་པ། ལྕགས་ཀྱི་ཤིང་ཤལ་མ་ལི་མཐོན་པོ་དང་། མེ་མ་མུར་ལ་གཞོལ་བ། སེམས་ཅན་དམྱལ་བ་ཡང་ སོས་དང་། ཐིག་ནག་དང་། བསྡུས་འཇོམ་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ཞུགས་པ་ནི་བུད་མེད་ཀྱི་སྐྱོན་འདི་ལྟ་བུ་འདི་དག་ཐོས་ཀྱང་བུད་མེད་ 82-1-234a ལ་ཆགས་ཤིང་བུད་མེད་དང་སྟེན་པས་བགད་པ་དང་། ངུས་པ་དང་། ཅ་ཅོ་འདོན་འདོད་པ་དང་། བྲོ་བརྡུངས་པ་དང་། གླུ་བླངས་པ་དང་། རོལ་མོ་བྱས་པ་དག་རྗེས་སུ་དྲན་པར་བྱེད་ཅིང་སྐྱོ་བ་མི་སྐྱེད་ཡིད་བྱུང་བར་ མི་བྱེད་དེ། རྒྱལ་པོ་ཆེན་པོ་བྱིས་པའི་ཆོས་ལ་ཀུན་ཏུ་སྤྱོད་ཅིང་ཀུན་ཏུ་སྤྱོད་པ་དེ་དག་དང་ལྡན་པའི་སྐྱེས་པ་ནི་ངན་སོང་རྣམས་སུ་སྐྱེ་བར་འགྱུར་ཏེ། རྒྱལ་པོ་ཆེན་པོ་བུད་མེད་ཀྱི་དབང་དུ་སོང་ནས་འདོད་པ་ལ་སྟེན་ཅིང་། ངན་འགྲོར་ འགྲོ་བར་འཇུག་པ་དེ་ནི་སྐྱེས་པའི་སྐྱེས་བུའི་སྐྱོན་དང་པོ་ཡིན་ནོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །འདོད་པ་དྲི་ང་མི་གཙང་སྨད་པར་འོས་པ་དང་། །མི་མཐུན་འཇིགས་ བྱེད་མི་རྟག་ལས་བྱུང་སྡུག་བསྔལ་བྱེད། །དོན་མེད་ཕུང་བར་བྱེད་ཅིང་དམན་པ་ཡིན་པས་ན། །མཁས་པ་སུ་ཞིག་འདོད་པའི་སྐོམ་ལ་སྟེན་པར་བྱེད། །བཙོག་པས་གང་བའི་ཆབ་ཁུང་དྲི་ང་ལྟ་བུ་དང་། །མནམ་པར་གྱུར་ ཅིང་རུལ་པའི་ཁྱིམ་རྣམས་ཇི་བཞིན་དང་། །ཤི་བ་དུར་ཁྲོད་ས་ན་ཤིན་ཏུ་སྨད་པ་ལྟར། །དེ་བཞིན་འདོད་པ་རྣམས་ཀྱང་མཆོག་ཏུ་སྨད་པ་ཡིན། །སྦྲང་བུ་རྨ་ཞིག་མཐོང་ནས་རྒྱུག་པ་ཅི་འདྲ་དང་། །ཕག་ནི་ངན་སྐྱུགས་མཐོང་ ན་རྒྱུག་པ་ཅི་འདྲ་དང་། །ཁྱི་ནི་ཤ་ཡི་དོན་དུ་ཤེན་སར་འགྲོ་བ་ལྟར། །དེ་བཞིན་མི་མཁས་བུད་མེད་དག་ལ་དགའ་བར་བྱེད། །གྲགས་པ་མེད་ཅིང་མི་སྙན་ཡོན་ཏན་འབྲི་བ་དང་། །དེ་ལས་ཚུལ་ཁྲིམས་དག་ནི་ཉམས་ པར་འགྱུར་བ་དང་། །མཐོ་རིས་ཉམས་ཤིང་དམྱལ་བ་དག་ཏུ་ལྟུང་བས་ན། །མཁས་པ་སུ་ཞིག་འདོད་པའི་སྐོམ་ལ་སྟེན་པར་བྱེད། །ཇི་ལྟར་ཧ་ལ་ཧ་ལའི་དུག་ནི་ཟོས་པ་ན། །ལུས་ངག་རྨྱ་ཞིང་རྨོངས་པ་སྐྱེ་བ་འགྱུར་ བ་ལྟར། །དེ་བཞིན་འདི་ན་བྱིས་པ་རྣམས་ནི་འདོད་པའི་རྒྱུས། །རང་གི་ལུས་ཀྱི་དབྱིབས་ནི་དུག་ཏུ་མི་རིགས་གོ། །ཇི་ལྟར་སྒྱུ་མ་ཤིན་ཏུ་བསླབས་པའི་མི་ཞིག་གིས། །རྣམ་པར་འཕྲུལ་པས་སེམས་ཅན་བརྒྱ་དག་ 82-1-234b དགའ་བྱེད་ལྟར། །དེ་བཞིན་བྱིས་པ་བདག་ལ་བདེ་བར་འདོད་པ་རྣམས། །འདོད་ལ་དགའ་བའི་རྒྱུ་ལས་ངན་འགྲོར་རབ་ཏུ་ལྟུང་། །ཟས་སྐོམ་སྟོན་མོ་བཟང་པོ་ཐ་དད་པ་དག་དང་། །གླུ་བྲོ་སིལ་སྙན་བཟང་པོ་ཐ་དད་པ་དག་གིས། ། ཁང་པ་མཆོག་ནས་བྱུང་བའི་ཆུང་མ་ལེན་པ་ནི། །གནོད་པ་རྙེད་པ་ཡིན་ཞིང་སྡུག་བསྔལ་སོགས་པ་ཡིན། །འདོད་པའི་དགའ་ལ་བརྐམ་པ་དག་ནི་གནོད་ཡིན་ཏེ། །མི་གཙང་མཚོན་འདྲ་རྨོངས་གྱུར་དག་ལ་བསྔགས་ པ་རྗོད། །འདོད་པ་དམན་པ་དག་ལ་བསྔགས་ཤིང་སྟེན་པས་ནི། །དམན་པ་དེ་དག་ངན་འགྲོར་རབ་ཏུ་ལྟུང་བར་འགྱུར། །གནོད་པ་འདོད་པ་དག་གིས་ཡུལ་རྣམས་རབ་བསྔགས་ཤིང་། །འདོད་པ་གནོད་པ་ཡིད་ལ་དགའ་ བའི་བྱིས་པ་རྣམས། །དེ་དག་དོན་མེད་འཚོ་བ་རྣམས་པར་སྤངས་ནས་ནི། །མི་བཟད་གཡང་ས་ཆེན་པོར་རབ་ཏུ་ལྟུང་བར་འགྱུར། །ང་རྒྱལ་རྨོངས་པས་བཅོམ་པའི་སྐྱེས་བུ་འདི་དག་ནི། །རྒྱ་མཚོའི་ཕ་རོལ་མ་མཐོང་བ་ཡི་བྱ་ བཞིན་དུ། །ལྕགས་ཀྱི་མེ་ལྕེ་ལྔ་པོ་དག་ལ་ཆགས་གྱུར་ནས། །བྱིས་པ་རྣམས་ནི་རབ་ཏུ་འབར་ཞིང་འཁྱམ་པར་འགྱུར། །འདི་ནི་བྱིས་པ་མྱོས་ཤིང་ཤིན་ཏུ་རྨོངས་པ་རྣམས། །ཤེལ་དུ་མི་མཐོང་སྣོད་མཆོག་ཡིན་པར་ སེམས་པ་ལྟར། །ལམ་ལ་རྣམ་པར་རྨོངས་རྣམས་འདོད་པའི་ཆེད་ཀྱི་ཕྱིར། །རྟག་ཏུ་འདིར་གནས་འདི་ནི་གྱ་ནོམ་ཡིན་ཞེས་འཛེར། །གང་ཕྱིར་རྣམ་པ་སྣ་ཚོགས་ལས་དག་མི་ཤེས་པས། །འགྲོ་བ་ཐམས་ཅད་རབ་ཉམས་ གུས་པ་ཡོད་མིན་པས། །ཕ་དང་མ་དང་བུ་དང་བུ་མོ་དག་ལ་ནི། །དོན་གྱིས་མཆོད་པ་མི་བྱེད་གནོད་པ་ཐོབ་པ་ཡིན། །དེ་དག་རྟག་ཏུ་བུད་མེད་འདྲིས་པ་རྗོད་བྱེད་པའི། །དེ་འདྲའི་ལས་ཀྱི་ཚུལ་ལ་རབ་ཏུ་འཇུག་པར་བྱེད། ། དེ་དག་གཏི་མུག་དྲ་བ་སྡིག་པ་རབ་སོགས་ཤིང་། །ངན་སོང་འགྲོ་བར་འགྱུར་བའི་ལམ་ཡང་སོགས་པར་བྱེད། །མི་རྣམས་དེ་དག་དེར་ཆགས་བདེ་བར་འདུ་ཤེས་ཤིང་། །ཕ་དང་མ་ཡང་ཡོངས་སུ་རབ་ཏུ་སྤོང་བར་བྱེད། །དེ་ 82-1-235a དག་མཆོད་འོས་རྣམས་ལ་མཆོད་པ་མི་བྱེད་ཅིང་། །སྨད་པར་འོས་པའི་འདོད་པ་དག་ལ་སྟེན་པར་བྱེད། །ཕན་ཚུན་གདུངས་པར་འགྱུར་བ་ལ་ནི་གཞོལ་བྱེད་ཅིང་། །རྣམ་རྟོག་མུ་ཡིས་ངེས་བཅོམ་མི་རྣམས་ཉོན་ མོངས་པ། །བཀུར་སྟི་ཡོངས་སུ་ཚོལ་ལ་དགའ་ཞིང་མ་འཕགས་རྣམས། །ཆོས་མ་ཡིན་པར་འཇིག་རྟེན་རབ་ཏུ་འཛུད་པར་བྱེད། །གཞི་དེ་ལས་ནི་མཚོན་ཆ་དག་དང་ལྕགས་རྣམས་དང་། །དེ་བཞིན་བཅིང་བ་དང་ནི་འཐབ་ ཅིང་རྩོད་པ་དང་། །ངེས་པར་འཆི་བའི་སྡུག་བསྔལ་རབ་ཏུ་མྱོང་བར་འགྱུར། །ཤི་འཕོས་ནས་ནི་མནར་མེད་འཇིགས་སུ་རུང་བར་འགྲོ། །ཚེ་འདི་ཉིད་ལ་དེ་བཞིན་སྡུག་བསྔལ་འབྱུང་འགྱུར་ཞིང་། །ནོར་ཉམས་སྙིང་དུ་སྡུག་པ་རབ་ ཏུ་འཇིག་འགྱུར་ལ། །མཐོ་རིས་ཉམས་ཤིང་དམྱལ་བར་རབ་ཏུ་ལྟུང་བས་ན། །མཁས་པ་སུ་ཞིག་འདོད་པའི་འདུ་ཤེས་སྐྱེས་པར་བྱེད། །ལྕགས་ལས་གྲུབ་པའི་ནགས་ཚལ་སྔོན་པོའི་ཁྲོད་དག་ཏུ། །མཁས་པས་བདག་ཉིད་ རབ་ཏུ་བོར་བ་དེ་སླ་ཞིང་། །འཛངས་པ་སྤུ་གྲིའི་སོ་ཡིས་བཅད་པ་བྱས་སླ་ལ། །རལ་གྲི་དག་གི་ཁྲོད་དུ་མལ་ཡང་བཅས་སླ་ཞིང་། །རབ་ཏུ་མེ་འབར་ཐུ་ལུམ་བཟུང་བ་དེ་སླ་ལ། །དེ་བཞིན་ལྕགས་ཀྱི་ཐུ་ལུམ་འབར་བ་ཟ་སླ་ཞིང་། ། མེ་དོང་འཇིགས་སུ་རུང་བ་རྣམས་ལ་རེག་སླ་ཡི། །ལག་པ་གཉིས་ཀྱིས་ནམ་ཡང་བུད་མེད་རེག་མི་བྱ། །མིས་ནི་ཇི་ལྟ་ཇི་ལྟར་འདོད་པ་རྣམ་སྟེན་པ། །དེ་ལྟ་དེ་ལྟར་བདེ་བ་ཐམས་ཅད་རབ་སྤོང་ཞིང་། །འདི་ལྟར་འདོད་ རྣམས་གཅིག་ཏུ་སྡུག་བསྔལ་མི་གཙང་བས། །འདོད་པ་སྡུག་བསྔལ་མི་གཙང་བ་དག་རྣམ་པར་སྤོངས། །འདོད་པ་སྡུག་བསྔལ་ཀུན་ཀྱི་གཞི་བོར་གྱུར་བ་དང་། །གང་ཕྱིར་ནོར་ནི་ཆུད་ཟར་འགྱུར་བར་བྱེད་པ་དང་། །ཡིད་ འོང་སྐྱེ་བོ་རྣམས་ཀྱི་ཉམས་པའི་རྩ་བ་བས། །བུད་མེད་ངེས་པར་སྟེན་པ་གནོད་པ་ཐོབ་པ་ཡིན། །སྐྱེས་བུ་གང་གིས་དེ་འདྲའི་ཆོས་ཚུལ་རིག་ནས་ནི། །བུད་མེད་རྣམས་ལ་རབ་ཏུ་བག་མེད་མི་འགྱུར་བ། །དེས་ནི་རྟག་ཏུ་མཐོ་རིས་ལམ་ 82-1-235b ཡང་རྣམ་སྦྱངས་ཤིང་། །དེས་ནི་བྱང་ཆུབ་དམ་པ་རྙེད་པར་དཀའ་མ་ཡིན། །རྒྱལ་པོ་ཆེན་པོ་གཞན་ཡང་མིའི་ཕ་མ་དག་ནི་དཀའ་བ་བྱེད་པ་དག་ཡིན་ཏེ། ཟླ་བ་དགུ་འམ་ཟླ་བ་བཅུར་མངལ་ན་བཟུང་སྟེ་ཤིན་ཏུ་སྡུག་བསྔལ་ བར་གསོས་ཤིང་། གཅིན་དང་ཕྱི་ས་ཡང་འཕྱི་བར་བྱེད། པང་དུ་བླངས་ནས་ནུ་ཞོ་ལྡུད་པར་བྱེད། ཕུང་པོ་རྣམས་སྐྱེད་པར་བྱེད། ཁམས་རྣམས་གསོ་བར་བྱེད། འཇིག་རྟེན་སྟོན་པར་བྱེད། འཛམ་བུའི་གླིང་སྣ་ཚོགས་སྟོན་ པར་བྱེད། དོན་དུ་འདོད། ཕན་པར་འདོད། གྲུབ་པ་དང་བདེ་བར་འདོད། འཇིག་རྟེན་ལ་ཡང་ཕན་པར་འདོད་པ་སྟེ་སྦྱིན་པའི་གནས་ཡིན་ལ། བུ་ལ་ཕན་པ་དང་བདེ་བར་འདོད་པས་དེ་དག་གིས་རང་གི་ནོར་གྱི་ཚོགས་ཀྱིས་ གཞན་གྱི་ཁྱིམ་ནས་གཞན་གྱི་བུ་མོ་བླངས་པ་དང་། དེ་དེ་ལ་ཆགས་ཤིང་མྱོས་ལ་འཆུམས་ཤིང་བརྒྱལ་བ་དང་། ལྷག་པར་ཞེན་པ་དང་། ལྷག་པར་ཞེན་ཅིང་འདུག་པར་གྱུར་ནས། གཞན་གྱི་ཁྱིམ་ནས་བླངས་པའི་བུད་མེད་ དེ་ལ་ཆགས་ཤིང་མྱོས་པས་སྦྱིན་པའི་གནས་ཕ་མ་རྒས་འཁོགས་པ། གཏུགས་ལ་ལུས་ཉམ་ཆུང་ཞིང་མིག་མི་མཐོང་བ་དག་ལ་བརྙས་ཤིང་ལོངས་སྤྱོད་མེད་པ་དང་། ནོར་མེད་པར་བྱས་ནས་རང་གི་ཁྱིམ་ནས་ཕྱུང་ སྟེ་སྐྲོད་པར་བྱེད་དོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཕ་མ་དགའ་བ་བྱེད་བྱེད་པ་སྦྱིན་པའི་གནས་ལ་རྟག་ཏུ་རྒྱུན་མི་འཆད་པར་ཡང་དག་པའི་བདེ་བས་སྟི་སྟང་དུ་བྱ། བླ་མར་བྱ། རྗེད་པར་བྱ། མཆོད་པར་བྱ་བའི་རིགས་ན། དེས་ དེའི་ཚེ་ཕ་མ་དག་རང་གི་ཁྱིམ་ནས་ཕྱུང་སྟེ་བསྐྲད་ནས་གཞན་གྱི་ཁྱིམ་ནས་བླངས་པའི་བུད་མེད་ལ་བཟའ་བ་དང་། བཏུང་བ་དང་། གོས་རྣམས་ཀྱིས་བསྙེན་བཀུར་བྱེད་ཅིང་སྟི་སྟང་དུ་བྱེད། གཅེས་སུ་བྱེད། རིམ་གྲོ་བྱེད་ལ་ མཆོད་པ་བྱེད་ཅིང་ཡང་དག་པའི་བདེ་བས་བསྙེན་བཀུར་བྱེད་ཀྱི་ཕ་མ་ལ་ནི་མི་བྱེད་པའི་མི་སྙིང་བརྩེ་བ་མེད་པ་དང་། མི་ལྟ་བ་དང་། ངན་པའི་སེམས་དང་ལྡན་པ་ལ་ལྟོས། རྒྱལ་པོ་ཆེན་པོ་དེས་བདེ་འགྲོར་འགྲོ་བའི་ཆོས་གང་ 82-1-236a ཡིན་པ་དེ་ནི་སྤངས་ལ། ངན་འགྲོར་འགྲོ་བའི་ཆོས་གང་ཡིན་པ་དེ་ནི་ཡང་དག་པར་བླངས་ཏེ་འདུག་པའི་མི་དེ་ལ་ཡང་ལྟོས། རྒྱལ་པོ་ཆེན་པོ་བུད་མེད་ཀྱི་དབང་དུ་སོང་ནས་འདོད་པ་རྣམས་ལ་སྟེན་ཅིང་ཕ་མ་ལ་ བརྙས་པ་དང་། ངན་འགྲོར་འགྲོ་བར་འཇུག་པ་དེ་ནི་སྐྱེས་བའི་སྐྱེས་བུའི་སྐྱོན་གཉིས་པ་ཡིན་ནོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །གང་དག་ཕ་མ་རྒས་པ་གསོ་བར་བྱེད་པ་ ནི། །དེ་དག་རྟག་ཏུ་བདེ་ཞིང་ཡིད་ཀྱང་བདེ་འགྱུར་ལ། །འདི་ལ་ལྷ་དང་བཅས་པ་དང་ནི་དབང་པོ་དང་། །དེ་བཞིན་འདི་ལ་ཚངས་པར་བཅས་པའི་རིགས་སུ་འགྱུར། །གང་དག་ཕ་མ་རྒས་པ་གསོ་བར་བྱེད་པ་ནི། །དེ་དག་སོང་ན་ཕྱིར་ འོང་བ་ཡང་འགྲུབ་འགྱུར་ཞིང་། །རྒྱ་མཚོ་ཆེན་པོ་ནས་ཀྱང་བདེ་ཞིང་ལེགས་འོང་སྟེ། །དེ་ལྟར་བྱེད་པ་དག་ནི་རབ་མཆོག་རྙེད་པ་ཡིན། །གང་དག་ཕ་མ་རྒས་པ་གསོ་བར་བྱེད་པ་ཡི། །ཚོང་པ་དེ་དག་ཡོན་ཏན་ཀུན་གྱི་གཙོར་ འགྱུར་ཞིང་། །དེ་བཞིན་ཞིང་ལས་འབྲས་བུ་ཕུན་སུམ་ཚོགས་འབྱུང་སྟེ། །བསོད་ནམས་བགྲང་བའི་དོན་དུ་བརྗོད་པར་མི་ནུས་སོ། །གང་དག་ཕ་མ་རྒས་པ་གསོ་བར་བྱེད་པ་ནི། །དེ་དག་ཁུར་རྣམས་ཁྱེར་བའི་རྔ་མོ་རྣམས་དང་ ཡང་། །ཡང་ན་གླང་དང་བོང་བུ་དག་ཏུའང་མི་འགྱུར་ཏེ། །མི་རྣམས་དེ་དག་སྤུ་གྲིའི་སོ་ལ་རྫི་མི་འགྱུར། །གང་དག་ཕ་མ་རྒས་པ་གསོ་བར་བྱེད་པ་ནི། །དེ་དག་ཆུ་བོ་རབ་མེད་དང་ནི་མེ་མུར་དང་། །སྤུ་གྲི་སོ་དང་ལྡན་པ་ལ་ཡང་མི་རྒལ་ཏེ། ། དེ་དག་ཟངས་ཁུ་བསྐོལ་བ་འཐུང་བར་ཡོང་མི་འགྱུར། །གང་དག་ཕ་མ་རྒས་པ་གསོ་བར་བྱེད་པ་ནི། །དེ་དག་ནོར་དང་འབྲུ་ནི་མི་ཉུང་བ་དག་དང་། །ཆུང་མ་དང་ནི་བུ་དང་བུ་མོ་དག་དང་ཡང་། །བཻ་དཱུརྱ་དང་རིན་ཆེན་ས་ལེ་སྦྲམ་ཡང་རྙེད། །གང་ དག་ཕ་མ་རྒས་པ་གསོ་བར་བྱེད་པ་ནི། །དེ་དག་རབ་འཕྲུལ་ལྷ་ཡི་ཕོ་བྲང་དག་དང་ནི། །རྩུབ་འགྱུར་དང་ནི་འདྲེས་པའི་ཚལ་ཡང་མཐོང་འགྱུར་ཏེ། །ལྷ་རྣམས་དུ་མས་རྟག་ཏུ་མདུན་དུ་བདར་བར་འགྱུར། །མི་ཡི་གཙོ་བོར་གྱུར་ཅིང་ལྷ་ཡི་ 82-1-236b ལྷར་གྱུར་པ། །ཐུབ་པ་ཆེན་པོ་འདི་འདྲའི་གསུང་ནི་ཐོས་གྱུར་ན། །རྒས་ཤིང་དབང་པོ་ཤིན་ཏུ་ཉམ་ཆུང་གྱུར་བ་ཡི། །ཕ་མ་སྦྱིན་གནས་དམ་པ་སུ་ཞིག་གསོ་མི་བྱེད། །རྒྱལ་པོ་ཆེན་པོ་གཞན་ཡང་སྐྱེས་བུ་དམ་པ་མ་ཡིན་པ་ནི་སྐྱེས་བུ་དམ་པ་ མ་ཡིན་པའི་ལས་བྱེད་ཅིང་ལོག་པར་ལྟ་བ་ལ་མངོན་པར་ཞེན་པ་ཡིན་ཏེ། དེ་ནི་དགེ་བ་དང་མི་དགེ་བ་གང་ཡིན་ཞེས་བདག་གི་དོན་མི་ཤེས་ཤིང་མི་བརྟན་པ་ཡིན་པས་སྐྱེ་བོ་མང་པོ་རྣམས་མི་དགའ་ཞིང་བྱིས་པའི་སྐྱེ་བོས་བསྔགས་པ་ ལ་མངོན་པར་དགའ་བ་དང་། འདོད་ཆགས་དང་ཞེ་སྡང་དག་གིས་རྨོངས་པར་གྱུར་བ་དང་། སྐྱེས་བུ་འཛངས་པ་དག་གིས་སྨད་པ་དང་། ཁྲོ་བས་ཟིལ་གྱིས་ནོན་ཅིང་སྡིག་པའི་ལས་བྱེད་པ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ རྣམས་ཀྱིས་ཡོངས་སུ་སྤངས་པ་དང་། ལོངས་སྤྱོད་ཀྱི་རྒྱགས་པས་མྱོས་པ་དང་། སེར་སྣ་ཅན་དུ་གྱུར་བ་དང་། གཞན་ལ་གནོད་པར་མངོན་པར་དགའ་ཞིང་ཆོས་སྒོམ་པར་མི་དགའ་བ་ཡིན་ཏེ། རྒྱལ་པོ་ཆེན་པོ་སྐྱེས་བུ་དམ་པ་མ་ཡིན་པ་སྐྱེས་ བུ་དམ་པ་མ་ཡིན་པའི་ལས་ལ་མངོན་པར་དགའ་ཞིང་སྐྱེས་བུ་དམ་པའི་ལས་ལ་མི་དགའ་བ་དེ་ལ་ལྟོས། རྒྱལ་པོ་ཆེན་པོ་འདོད་པ་རྣམས་ལ་སྟེན་ཅིང་ངན་འགྲོར་འགྲོ་བར་འཇུག་པ་དེ་ནི་སྐྱེས་བའི་སྐྱེས་བུའི་སྐྱོན་གསུམ་པ་ཡིན་ནོ། །དེ་ ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །འདོད་པ་རྣམས་ཀྱི་གཞིས་ནི་སྐྱེས་བུ་རྣམ་ཉམས་ཤིང་། །གཞི་དེ་ལས་ནི་སྡིག་པ་དག་ཀྱང་རབ་ཏུ་བྱེད། །ལོག་པར་ལྟ་བས་རྨོངས་ནས་འདིར་ནི་འཁྱམ་ འགྱུར་ཞིང་། །དེ་ནི་རྣམ་པར་འཁྲུལ་པས་ངན་འགྲོར་འགྲོ་བར་འགྱུར། །ལོག་དང་ལྡན་པས་ཡོན་ཏན་ཀུན་གྱིས་རྣམ་སྤངས་ཤིང་། །དེ་ནི་རྟོག་པ་མེད་ཅིང་བློ་ཡང་ནོར་བ་ཡིན། །གང་དག་ཆུ་ཀླུང་དག་ཏུ་ཨུད་པལ་རྩྭ་ཆོལ་ལྟར། །ལོག་ པར་ལྟ་བས་ཡོངས་སུ་འཁོར་བར་བྱེད་པ་ཡིན། །བདེ་བའི་དོན་ཏུ་བདག་ཉིད་ཡོངས་སུ་སྐྱོང་བྱེད་ཅིང་། །ཆོས་མ་ཡིན་ལ་ཆགས་པའི་མི་རྣམས་མང་པོ་དག །དེ་བཞིན་བདེ་བའི་རྒྱུ་ཕྱིར་འདོད་པ་རྣམས་ཚོལ་བ། །དེ་དག་གཏི་མུག་རྨོངས་ 82-1-237a པས་སེམས་ཅན་དམྱལ་བར་འགྲོ། །གང་དག་འདོད་པ་རྣམས་ཀྱི་དོན་དུ་རྟག་ཏུ་ནི། །དེ་བཞིན་སེམས་ལ་གཅགས་པའི་སྐྱེས་བུ་ཐ་མ་དང་། །འདོད་པའི་བདག་ཉིད་ཅན་དང་སྐྱེ་བོ་སྡིག་ཅན་དང་། །འདུ་ཤེས་ལོག་པ་ དག་ལ་བདེ་བ་ག་ལ་ཡོད། །མི་རྣམས་དེ་དག་བྱས་པ་མི་གཟོ་སྡིག་བཅས་ཤིང་། །དད་པ་རྣམ་ཉམས་ཚུལ་འཆོས་གུས་པ་མེད་པ་དང་། །འཕགས་པའི་ཚོགས་ཀྱིས་རྟག་ཏུ་རྣམ་པར་སྤངས་པས་ན། །དམྱལ་བ་བཟད་བརླག་ཤིན་ཏུ་ འཇིགས་སུ་རུང་བར་ལྟུང་། །གཟུགས་དང་སྒྲ་དང་རོ་ལ་ཆགས་པའི་མི་རྣམས་ནི། །བྱང་ཆུབ་སེམས་དཔའ་རྣམས་དང་མཁས་པ་མི་མཆོད་ཅིང་། །ལོག་པར་ལྟ་བས་ཆོས་ཀྱང་ཉན་པར་མི་བྱེད་ལ། །ལན་འགའང་དགེ་འདུན་ལེགས་ པར་མཆོད་པར་མི་བྱེད་པས། །འཕགས་པ་རྣམས་ཀྱིས་རྣམ་སྤངས་ངན་སོང་ལྟུང་བས་ན། །དེ་ཕྱིར་མི་ཡི་སྲིད་པ་འདི་ནི་རྙེད་པ་ལ། །སྦྱིན་དུལ་གང་དག་སྡོམ་པ་ངེས་པར་སྟེན་ཅིག་དང་། །དེ་ལས་བྱང་ཆུབ་དམ་པ་མཆོག་ཀྱང་ཐོབ་ པར་འགྱུར། །རྒྱལ་པོ་ཆེན་པོ་གཞན་ཡང་སྐྱེས་པ་ནི་བཟོའི་གནས་སྣ་ཚོགས་དང་། ལས་ཀྱི་གནས་སྣ་ཚོགས་འདི་དག་གིས་འཚོ་བར་བྱེད་དེ། རྒྱལ་པོ་ཆེན་པོ་འདི་ལྟར་ཡི་གེའམ། རྩིས་སམ། གྲངས་སམ། ལག་རྩིས་སམ། མཚོན་ཆ་འམ། རྒྱལ་པོ་ལ་ཞོ་ཤས་འཚོ་བ་འམ། ཞིང་ལས་སམ། ཚོང་བྱེད་པ་འམ། བ་ལང་འཚོ་བ་འམ། དེ་ལྟ་བུའི་བཟོའི་གནས་སྣ་ཚོགས་དང་། ལས་ཀྱི་གནས་སྣ་ཚོགས་དག་གིས་འཚོ་བར་བྱེད་ཅིང་འདི་ལྟ་སྟེ། ནོར་གྱི་ ཕྱིར་ལམ་མ་ཡིན་པར་ཡང་འགྲོ་བར་བྱེད། ལམ་ངན་པར་ཡང་འགྲོ་བར་བྱེད། གཅོང་རོང་དང་ཆུ་ཀླུང་ཅན་གྱི་ལམ་དུ་ཡང་འགྲོ་བར་བྱེད། མཚོན་ཆའི་ལམ་དུ་ཡང་འགྲོ་བར་བྱེད། རྒྱ་མཚོར་འཇུག་པར་ཡང་འཇུག་པར་བྱེད། གྲང་བའི་དུས་ན་ཡང་ལྷགས་པས་གནོད་པར་བྱེད། དྲོ་བའི་དུས་ན་ཡང་ཚ་བས་གནོད་པར་བྱེད་ཅིང་བཀྲེས་པ་དང་། སྐོམ་པ་དག་གིས་གནོད་བཞིན་དུ་འགྲོ་བ་ལ་ཡང་སྤྲོ་བར་བྱེད་དེ། ལོངས་སྤྱོད་ཡོངས་སུ་ཚོལ་བ་ན་དེ་ལྟ་བུའི་ 82-1-237b སྡུག་བསྔལ་དག་གིས་ལོངས་སྤྱོད་ཡོངས་སུ་བཙལ་ནས་ཀྱང་རང་གི་འཚོ་བ་དག་གི་ཕྱིར་ཉེ་བར་སྒྲུབ་པར་བྱེད་པས་དགེ་སྦྱོང་དང་བྲམ་ཟེ་དག་དང་། བཀྲེན་པ་དང་། སྡུག་ཕོངས་པ་དང་། སློངས་མོ་པ་དག་ལ་སྦྱིན་པ་སྦྱིན་པར་མི་ བཟོད་ཅིང་བུད་མེད་རྣམས་ཀྱིས་དབང་དུ་བྱས་པ་དང་། བུད་མེད་རྣམས་ཀྱིས་ཐུལ་འོག་ཏུ་ཆུད་པ་དང་། བུད་མེད་རྣམས་ཀྱིས་བསྐོལ་བ་དང་། བུད་མེད་རྣམས་ལ་བྱམས་པ་དེ་ཉིད་ཀྱིས་བུད་མེད་དེ་དག་ཉིད་གསོ་པའི་ཕྱིར་སྦྱིན་ པ་སྦྱིན་པ་དང་། ཚུལ་ཁྲིམས་ཡང་དག་པར་ལེན་པར་མི་ནུས་ཤིང་དེ་དེ་ལ་ཆགས་ལ་བུད་མེད་རྣམས་ཀྱིས་སྤྱོས་པ་བཟོད་པར་བྱེད་ཅིང་བུད་མེད་ཀྱིས་བསྡིགས་པ་དང་། བལྟས་པ་དང་། བརྒྱབ་པ་དག་ཀྱང་བཟོད་པར་བྱེད་དེ། དེ་སྐྱེས་པར་གྱུར་ཀྱང་བུད་མེད་ཀྱིས་བསྡིགས་པ་དང་དུ་ལེན་ཅིང་། མི་དགའ་བ་མེད་པར་དེའི་ངོར་ལྟ་བར་བྱེད་པ་ནི་འདོད་པའི་གཞིས་བུད་མེད་ཀྱི་དབང་དུ་སོང་བ་ཡིན་ཏེ། རྒྱལ་པོ་ཆེན་པོ་བུད་མེད་ལ་སྟེན་ཅིང་ངན་འགྲོར་འགྲོ་བར་ འཇུག་པ་དེ་ནི་སྐྱེས་པ་བུད་མེད་ལ་བརྐམ་ཞིང་ངན་སྐྱུགས་ཀྱི་སྒོ་ལ་གདུ་བ་དང་། མི་གཙང་བ་ལ་དགའ་བ་དང་། ཤེས་བཞིན་མེད་པར་སྤྱོད་པའི་སྐྱེས་བུའི་སྐྱོན་བཞི་པ་ཡིན་ཏེ། རྒྱལ་པོ་ཆེན་པོ་སྐྱོན་དེ་དག་དང་ལྡན་པའི་སྐྱེས་པ་ ནི་འདོད་པ་རྣམས་ཀྱི་དབང་དུ་འགྲོ་བ་ཡིན་ནོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །འདོད་པ་རྣམས་ནི་ཚོལ་བ་དང་། །རབ་ཏུ་མྱོས་པ་ག་ལ་བདེ། །འདོད་པ་དམན་པ་རྣམས་ སྟེན་པ། །དེ་ནི་གང་གིས་བདེ་བར་འགྱུར། །སྐྱེས་བུ་དམ་པ་མ་ཡིན་པའི། །ལས་རྣམས་བྱེད་ཅིང་མི་སྡོམ་ལ། །འདོད་པའི་འདོད་ཆགས་ཚོལ་བྱེད་པ། །དེ་དག་རབ་ཉམས་ཆུད་ཀྱང་ཟ། །མི་རྣམས་གང་དག་མི་མཁས་ པ། །རྔ་མོ་བོང་བུའི་ཆོས་སྤྱོད་ཅིང་། །བུད་མེད་མཐོང་ན་རབ་སྙེག་པ། །ངན་སྐྱུགས་གནས་ལ་ཕག་རྣམས་བཞིན། །གང་ལ་བྱིས་པ་གུས་བཅས་པའི། །འདོད་རྣམས་དྲི་ང་མི་གཙང་ཡང་། །འདོད་པའི་སྐྱོན་རྣམས་ 82-1-238a མི་མཐོང་བ། །ས་ཡི་སྟེང་ན་དམུས་ལོང་བཞིན། །གཟུགས་ཀྱི་འཆིང་བས་བཅིངས་པ་རྣམས། །འདོད་པའི་འདུ་ཤེས་རབ་ཏུ་འཇུག །བྱིས་པ་འདོད་རྣམས་སྟེན་པ་དག །ཁྱི་དང་ཝ་རྣམས་ཇི་བཞིན་ ནོ། །སྒྲ་དྲི་རོ་དང་རེག་རྣམས་ཀྱིས། །གང་ལ་སོ་སོའི་སྐྱེ་བོ་རྣམས། །བྱིས་པ་འཁོར་བ་ཡོངས་འཁོར་བ། །སྤྲེའུ་རྣམས་ཕུར་ལ་བཏགས་པ་བཞིན། །བྱིས་པ་མ་རིག་ཁེབས་པ་རྣམས། །མུན་པའི་ཕུང་པོས་བསྒྲིབས་གྱུར་ཅིང་། ། བུད་མེད་རྣམས་ལ་ཆགས་པ་ནི། །མི་གཙང་གནས་ལ་ཁྭ་བཞིན་ནོ། །གང་གིས་ངན་འགྲོར་རབ་འཇུག་པ། །དེ་ནི་བདུད་ཀྱི་སྤྱོད་ཡུལ་ཡིན། །རོ་མྱང་འདུ་ཤེས་ཆགས་གྱུར་པ། །ངན་སྐྱུགས་གནས་ལ་སྲིན་བུ་བཞིན། ། གསང་བའི་གཤེད་མ་རྣམས་ཀྱིས་ནི། །ཇི་ལྟར་མི་ཞིག་བོར་བ་ལྟར། །ཤེས་ན་ཐར་པ་ཐོབ་འགྱུར་ཞིང་། །བུད་མེད་དབང་དུ་འགྲོ་མི་འགྱུར། །འདོད་པ་བུད་མེད་ལྟ་བྱེད་པའི། །ཀུན་ཏུ་སྦྱོར་ལས་འཇིགས་པ་སྐྱེ། །བྱིས་ པ་མཚན་མར་འཛིན་པ་རྣམས། །འདོད་པའི་སྲེད་པ་རབ་ཏུ་འཕེལ། །སོས་ཀའི་དུས་ན་མི་ཞིག་ནི། །དགོན་པ་ཆེན་པོར་སོང་གྱུར་ནས། །བྱིས་པས་ལན་ཚྭའི་ཆུ་འཐུངས་ན། །སྐོམ་པ་ཕྱིར་ཞིང་རབ་སྐྱེད་ལྟར། ། དེ་བཞིན་བདེན་པ་མ་མཐོང་བའི་། །བྱིས་པ་རྨོངས་པས་འཚོ་བ་རྣམས། །འདི་ན་ཕྱིར་ཞིང་བུད་མེད་ལ། །འདོད་པའི་སྲེད་པ་བརྟན་པར་འགྱུར། །ཇི་ལྟར་མི་ལུས་མཛེ་ཅན་ལ། །སྲོག་ཆགས་རྣམས་ནི་ཟ་བ་ ལྟར། །འདོད་བརྐམ་སོ་སོའི་སྐྱེ་བོ་རྣམས། །དེ་བཞིན་བུད་མེད་རྣམས་ཀྱིས་ཟོས། །མི་གཙང་བུམ་པ་ཁྲ་བོ་ཞིག །ཁ་དོག་ལྡན་པར་སྣང་མོད་ཀྱི། །ནང་ན་ཧ་ལ་ཧ་ལའི་དུག །དྲག་པོ་ཆེན་པོ་ཡོད་པ་ ལྟར། །དེ་བཞིན་བུད་མེད་བརྒྱན་པ་དག །གང་དང་གང་ན་སྣང་བ་ཡང་། །གཅིན་དང་ཕྱི་སས་གང་བ་ཡི། །རྐྱལ་པ་རླུང་གིས་གང་བ་བཞིན། །འབྲུ་མར་གྱིས་ནི་བདར་བའི་མཚོན། །གོས་ཀྱིས་དཀྲིས་པ་ཇི་བཞིན་ 82-1-238b དུ། །དེ་བཞིན་བུད་མེད་བརྒྱན་པ་ཡང་། །རལ་གྲི་རླིང་བ་གཡོགས་པ་བཞིན། །ཇི་ལྟར་མེ་དོང་གང་གྱུར་ལ། །དུ་བ་མེད་ཅིང་འབར་ལྡན་ལྟར། །བུད་མེད་དེ་བཞིན་མེ་འདྲ་ཞིང་། །སྲིན་བུ་གཏུམ་པོ་བཞིན་དུ་གཡོ། །སྲེག་ པའི་བསྐལ་པ་འདིར་བྱུང་ན། །ས་འདི་ཀུན་ཏུ་འབར་གྱུར་ལ། །རྩྭ་དང་གེལ་བ་འཇིག་འགྱུར་ཞིང་། །ཆུ་ཀླུང་དག་ཀྱང་སྐམས་པར་འགྱུར། །འབྱུང་པོ་ཆེན་པོའི་གནས་གྱུར་པ། །རྒྱ་མཚོ་ཡང་ནི་སྐམ་འགྱུར་ཞིང་། །རི་ བོ་ཆེན་པོ་རྣམས་སྲེག་ལ། །དེ་བཞིན་ལྷུན་པོའང་འཇིག་པར་འགྱུར། །རྒྱལ་ཆེན་འབྱུང་པོ་འཛིན་པ་ཡི། །ས་འདིའང་རྣམ་པར་འཇིག་འགྱུར་ཞིང་། །བྲག་ཆེན་རྣམས་ནི་འཇིག་འགྱུར་ཡང་། །སྐྱོབ་པར་བྱེད་ པ་ཡོད་མ་ཡིན། །ཇི་ལྟར་མེ་ཡིས་རིར་བཅས་དང་། །རྒྱ་མཚོར་བཅས་པ་སྲེག་པ་ལྟར། །དེ་བཞིན་བུད་མེད་མེ་འདྲ་སྟེ། །གཏུམ་ཞིང་སྐྱེས་བུ་གཡོ་བར་བྱེད། །སྣབས་དང་མཆིལ་མ་ཁ་ཆུ་དང་། །གླད་རྒྱས་རུལ་པའི་ གླད་པ་དང་། །ལུས་ལས་དྲི་ང་འཇག་དེ་ལ། །བྱིས་པ་རྣམས་ནི་སྦྲང་རྩི་བཞིན། །ཁ་སྒོ་རུས་པས་གང་བ་དང་། །ཤ་དང་ལྤགས་ལ་སོགས་བསགས་ཤིང་། །དེ་བཞིན་ལུས་ནི་འབྲས་འདྲ་སྟེ། །དྲི་ང་སྨད་པར་བྱ་བ་ ཡིན། །མི་གཙང་སྣ་ཚོགས་གང་བ་དང་། །འབྲས་ནི་སྨིན་པར་གྱུར་བ་ལྟར། །དེ་ལྟར་ལུས་འདི་མི་གཙང་བ། །སྣ་ཚོགས་རྣམས་ཀྱི་སྣོད་ཡིན་ནོ། །ལྟོ་ནི་གཉེ་མ་མཚེར་བ་དང་། །གློ་བས་གང་ཞིང་མཁལ་མ་ དང་། །ཁྲག་དང་མཁྲིས་པས་གང་གྱུར་ལ། །གླད་རྒྱས་ཀྱིས་ནི་གླད་པ་གང་། །ཁོང་པའི་ནང་ན་སྲིན་བུའི་རིགས། །བརྒྱད་ཁྲི་པོ་དག་གནས་གྱུར་ཀྱང་། །གཏི་མུག་དྲ་བས་བསྒྲིབས་པ་ཡི། །བྱིས་པ་རྣམས་ ཀྱིས་མི་མཐོང་ངོ་། །རྨ་སྒོ་དགུ་ནས་རྟག་ཏུ་ནི། །མི་གཙང་རུལ་བ་ཟག་གྱུར་ཀྱང་། །སྨྲ་བ་དག་དང་ལྟ་བ་ལ། །བྱིས་པ་རྣམས་ནི་མཚན་མར་འཛིན། །གང་ཞིང་ཀུན་གྱིས་སྨད་པའི་ཡུལ། །ཆགས་པ་རྣམས་ཀྱིས་ཕྱིས་ 82-1-239a མི་ཤེས། །མི་གཙང་སྤྱོད་ཡུལ་བྱིས་པ་རྣམས། །སྣབས་དང་མཆིལ་མ་ཟ་བར་བྱེད། །སྨད་པར་འོས་ལ་ཆགས་བྱེད་པ། །སྦྲང་བུ་རྣམས་ཀྱིས་རྨ་མཐོང་བཞིན། །མཆན་ཁུང་དག་ནས་རྡུལ་ འཛག་ཅིང་། །སྨད་པའི་དྲི་ནི་འབྱུང་བར་འགྱུར། །བྱིས་པ་སྡུག་བསྔལ་ཆགས་བྱེད་པ། །དེ་དག་བདག་ལ་གནོད་ཕྱིར་གཡོ། །དེས་ནི་མྱུར་དུ་ཕོངས་གྱུར་ཏེ། །ཉ་རྣམས་ཆུ་ནས་བཏོན་པ་བཞིན། །འཇིགས་རུང་ལག་ན་ མཚོན་ཐོགས་ཀྱིས། །ཇི་ལྟར་མི་ཞིག་གཙེས་པ་ལྟར། །མཚོན་འདྲའི་བུད་མེད་སྡིག་ཅན་གྱིས། །འདོད་ལ་ཆགས་རྣམས་དེ་བཞིན་ནོ། །རྣམ་རྒྱལ་ལག་ན་མཚོན་ཐོགས་པས། །ཇི་ལྟར་རྒྱལ་པོ་གཙེས་པ་ ལྟར། །འདོད་ཆགས་མེ་དང་འདྲ་བ་ཡིས། །འདོད་ལ་ཆགས་རྣམས་དེ་བཞིན་སྲེག །ཤན་པའི་གནས་ལ་ཁྱི་རྣམས་ལྟར། །མྱང་བར་འདུ་ཤེས་བྱིས་པ་རྣམས། །ཇི་ལྟར་སྒྲ་ཡིས་སྐྲག་པ་ལྟར། །མྱུར་ དུ་སྡུག་བསྔལ་མྱོང་བར་འགྱུར། །རང་གི་ལས་ཀྱི་ཉེས་པ་ཡིས། །དེ་ལ་སྐྱོབ་པ་མེད་པ་ལྟར། །དེ་བཞིན་བདག་གི་ཉེས་པ་ཡིས། །སེམས་ཅན་རྣམས་ནི་ངན་འགྲོར་འགྲོ། །དེ་དག་སངས་རྒྱས་ཆོས་སྤངས་ནས། ། བུད་མེད་རྣམས་ཀྱི་རྣག་ལ་སྟེན། །སེམས་ནི་རོ་ལ་ཆགས་གྱུར་པ། །དེ་ཡིས་ངན་འགྲོར་འགྲོ་བར་འགྱུར། །ཇི་ལྟར་སྤྲེའུ་ཞིག་ཤིང་ལས་ནི། །ཤིང་གཞན་དུ་ནི་རྒྱུ་བའི་ཚེ། །དེ་ནི་གནས་དེར་གཙེས་གྱུར་ན། །དེ་ཉིད་ དུ་ནི་སྡུག་བསྔལ་འགྱུར། །དེ་བཞིན་འདོད་ལ་བརྐམ་པ་དང་། །སྡུག་བསྔལ་འདོད་ཆགས་སྟེན་པ་དང་། །གཏི་མུག་རྒྱ་ལ་ཐོགས་པ་རྣམས། །དུས་ནི་ཡང་དང་ཡང་དུ་འདའ། །མི་བཀྲེན་རྣམས་ནི་གསལ་ ཤིང་ལ། །རབ་དུ་བཙུགས་ནས་འཕྱང་པ་ལྟར། །དེ་བཞིན་འདོད་ལ་ཆགས་པ་རྣམས། །ཤལ་མ་ལི་ནི་མཐོ་ལ་འཕྱང་། །ཇི་ལྟར་མོན་སྲན་སྡེའུ་དང་གྲེའུ། །ལྕགས་ཟངས་རྣམས་སུ་ 82-1-239b བླུགས་བྱས་ནས། །མེས་ནི་རབ་ཏུ་བསྲེགས་པ་ན། །དབུ་བར་བཅས་ཤིང་ཁོལ་བ་ལྟར། །དེ་བཞིན་དགེ་བ་མ་མཐོང་ཞིང་། །འདོད་ལ་ཆགས་པའི་སྐྱེ་བོ་རྣམས། །ཤི་ནས་ངན་སོང་འགྲོ་འགྱུར་ ཞིང་། །ལྕགས་ཟངས་རྣམས་སུ་བཙོ་བར་འགྱུར། །མི་རྣམས་གང་དག་སྡིག་བྱེད་པའི། །སེམས་ཅན་སྡིག་པ་རྣམས་ཀྱི་གནས། །ཟངས་ནི་བྱེ་བ་དྲུག་བཅུ་དང་། །གཞན་ཡང་བཞི་པོ་དག་ ཡིན་ནོ། །ཟངས་ནི་སོ་སོ་རེ་རེ་ལ། །ཚད་ནི་དམིགས་སུ་ཡོད་མིན་ཞིང་། །མེ་ཡི་ཕུང་པོར་ལྡན་རྣམས་སུ། །བསྐལ་པ་དུ་མར་བཙོ་བར་འགྱུར། །ཁ་ཅིག་ཟངས་རྣམས་དེ་དག་ཏུ། །རང་གི་ ལས་ཀྱིས་བསྐལ་བརྒྱ་འམ། །ཉིས་བརྒྱ་སུམ་བརྒྱ་ཚང་བར་འཚེད། །ཡང་ན་བཞི་བརྒྱར་བཙོ་བར་འགྱུར། །ཕྲ་སྐམ་རྣོན་པོ་རྣམས་ཀྱིས་ནི། །བཟུང་ཞིང་ཡང་དང་ཡང་སྨྱུགས་པས། །དེ་ དག་ཤ་ནི་ཡོད་མིན་ཞིང་། །དུང་ལྟར་དཀར་བ་རྣམས་སུ་འགྱུར། །ལྕགས་ཀྱི་གཞོང་བར་འདུག་ནས་ནི། །རབ་ཏུ་ཚ་ཞིང་འདྲེན་པ་མེད། །ཤི་ཞིང་ཤི་ཞིང་སྐྱེ་འགྱུར་ཏེ། ། རང་གི་ལས་ཀྱིས་གནས་པར་འགྱུར། །གང་ཚེ་དམྱལ་བའི་སྲུངས་རྣམས་ཀྱིས། །ངན་པའི་མི་རྣམས་དེ་དག་ནི། །གཏུན་ལ་སོགས་པས་བརྡུངས་པས་ན། །ཤ་རྐང་རུས་པ་ཕྱེ་མར་འགྱུར། ། དེ་ཡིས་ཚེ་ན་དེ་དག་ལ། །ཤིན་དུ་གྲང་བའི་རླུང་ཡང་ལྡང་། །དེས་ནི་དམྱལ་བའི་སེམས་ཅན་རྣམས། །སྡུག་བསྔལ་གྱུར་བ་དེ་ལས་འཚོ། །མི་རྣམས་གང་དག་སྡིག་བྱེད་པ། །གཏུན་པུ་ དྲག་པོ་རྣམས་ཀྱིས་འཇོམས། །སྟ་རེ་རྣམས་ཀྱིས་གཤེག་པ་དང་། །དེ་བཞིན་གསལ་ཤིང་འཇུགས་པར་འགྱུར། །མི་རྣམས་གང་དག་སྡིག་བྱེད་པའི། །སེམས་ཅན་རྣམས་ཀྱི་ 82-1-240a ལུས་ལ་ནི། །ལྕགས་མདུང་རྩེ་མོ་བཞི་པ་དང་། །རྩེ་གསུམ་པ་དང་རྩེ་ལྔ་འབབ། །མི་རྣམས་གང་དག་སྡིག་བྱེད་པ། །རལ་གྲི་མཆུ་ཅན་ཁྭ་རྣམས་ཀྱིས། །མགོ་དང་གླད་ པ་བཏོགས་འགྱུར་ཞིང་། །ཝ་དང་སྤྱང་ཀིས་ཟོས་པར་འགྱུར། །མི་རྣམས་གང་དག་སྡིག་བྱེད་པ། །ངན་སྐྱུགས་རུལ་པ་དྲི་ང་ཞིང་། །ཀུན་གྱིས་སྨད་པར་ལྟུང་འགྱུར་ལ། །སྤུ་གྲིའི་ཆུ་ཀླུང་ རྣམས་སུ་ལྟུང་། །མི་རྣམས་གང་དག་སྡིག་བྱེད་པ། །རབ་ཏུ་ཚ་བར་སྲེག་འགྱུར་ཞིང་། །ངུ་འབོད་དང་ནི་ངུ་འབོད་ཆེ། །ཐིག་ནག་ཏུ་ཡང་སྲེག་པར་འགྱུར། །མི་རྣམས་གང་དག་ སྡིག་བྱེད་པ། །ཐིག་ནག་ཏུ་ནི་སྐྱེས་ནས་ཀྱང་། །ཡང་དང་ཡང་དུ་མེ་མུར་དང་། །སྤུ་གྲིའི་ཆུ་ཀླུང་རྣམས་སུ་ལྟུང་། །གང་ཚེ་ལྕགས་ཀྱི་ཟངས་པོ་ཆེར། །མི་རྣམས་དེ་དག་ འཚེད་པ་ན། །ཁྱི་རྣམས་ཀྱིས་ནི་གཙེས་གྱུར་ནས། །དེ་དག་བདེ་བ་ཚོལ་བར་བྱེད། །མི་རྣམས་གང་དག་སྡིག་བྱེད་པ། །དམྱལ་བ་དྲག་པོ་ཆེན་པོར་ནི། །ལྷུང་ནས་དཔུང་ གཉེན་ཡོད་མིན་ཞིང་། །ལྕགས་ཀྱི་ཐུ་ལུམ་ཟ་བར་འགྱུར། །མི་རྣམས་སྡིག་པ་བྱེད་པ་དག །ལྕགས་ལས་གྲུབ་པའི་བྲག་ཆེན་དང་། །མི་སྡུག་རི་བོ་རྣམས་ཀྱིས་ནི། །དེ་ཚེ་ཀུན་ནས་ ལུས་འཇོམས་བྱེད། །དེས་ནི་རང་གིས་ལས་བྱས་པའི། །འབྲས་བུ་དེ་འདྲ་ཐོབ་གྱུར་ཞིང་། །དེ་ཡིས་ཚོར་བ་མྱོང་བས་ན། །དེ་ལ་སྐྱོབ་པ་འགའ་ཡང་མེད། །ཇི་སྙེད་རྟེན་པ་ཐམས་ཅད་ནི། །བདག་གི་མདུན་དེར་འགའ་ཡང་མེད། ། དེར་ནི་མགོན་མེད་བདག་གཅིག་པུ། །སྡུག་བསྔལ་ཚོར་བ་མྱོང་བར་བྱེད། །གང་དག་བདེ་ཕྱིར་དོན་མིན་པར། །སྔན་ཆད་ཉེས་པར་སྤྱད་བྱས་ཀྱང་། །ཕ་མ་དེ་དག་དེ་རིང་ནི། །རྣམ་པར་གྲོལ་བའི་མཐུ་ཡང་མེད། །གང་དག་བདེ་ཕྱིར་དོན་མིན་པར། །སྔན་ 82-1-240b ཆད་ཉེས་པར་སྤྱད་བྱས་ཀྱང་། །བུ་དང་བུ་མོ་ཆུང་མ་རྣམས། །དེ་རིང་བདག་ལ་འགྲེལ་མི་ནུས། །གང་དག་བདེ་ཕྱིར་དོན་མིན་པར། །སྔན་ཆད་ཉེས་པར་སྤྱད་བྱས་ཀྱང་། །མཛའ་བཤེས་ཉེ་དུ་དེ་དག་ཀུན། །རྣམ་པར་དགྲོལ་བར་ཡོང་མི་ནུས། ། གང་དག་བདེ་ཕྱིར་དོན་མིན་པར། །སྔན་ཆད་ཉེས་པ་སྤྱད་བྱས་ཀྱང་། །བདག་གི་རྩ་ལག་དེ་དག་ཀུན། །དེ་རང་འགྲོལ་བར་མི་ནུས་སོ། །འདོད་པ་དམན་པ་རྣམས་སྟེན་ཅིང་། །དམན་པའི་ཆོས་རྣམས་བསྟེན་ནས་ནི། །ཉེས་པའི་ལས་ རྣམས་བྱེད་པ་དག །དེ་ཡིས་ངན་འགྲོར་འགྲོ་བར་འགྱུར། །ཤེས་རབ་འཆལ་བ་མནར་མེད་པར། །སོང་ནས་སྡུག་བསྔལ་ཚོར་བ་མྱོང་། །སངས་རྒྱས་རྣམས་ཀྱིས་བུད་མེད་དག །ཕྱི་སའི་དྲི་ལྟར་དམན་པར་བསྒྲགས། །དེ་ཕྱིར་དམན་པ་ རྣམས་དང་ནི། །དམན་པའི་བུད་མེད་རྣམས་སྟེན་པ། །བྱིས་པ་དེ་ནི་ཕྱི་ས་ཡི། །རྐྱལ་པ་བཟུང་ནས་གནས་པ་ཡིན། །ཅི་འདྲའི་ལས་ནི་བྱེད་པ་ལྟར། །དེ་འདྲའི་འབྲས་བུ་ཐོབ་འགྱུར་ཏེ། །རྒྱལ་པོ་ཡི་ནི་ཆད་པ་དང་། །སྡུག་བསྔལ་བཅིང་བའང་མྱོང་ བར་འགྱུར། །བུད་མེད་གཞི་ལས་སྐྱེས་པ་ཡང་། །གསད་དང་བཅིང་བ་མྱོང་འགྱུར་ཞིང་། །དམྱལ་སྲུངས་རྣམས་ཀྱིས་སྲེག་པ་དང་། །ངེས་པར་འཆིང་བའང་མྱོང་བར་འགྱུར། །བུད་མེད་རྣམས་ལ་བརྐམ་པ་ཡི། །བློ་ངན་དེ་དག་བདེ་མི་ འགྱུར། །གསལ་ཤིང་མཐོན་པོ་རྣམས་སུ་ནི། །བཙུགས་ཤིང་ཆུར་ཡང་བཅུག་པར་འགྱུར། །ས་ཡི་སེར་ཀར་བཅུག་ནས་ནི། །དེ་བཞིན་རལ་གྲིས་གདབ་པར་འགྱུར། །དེ་འདྲ་བ་དག་ཐོས་ནས་ནི། །དེ་དག་ ཡི་ཆད་བདེ་མི་འགྱུར། །རྨོངས་པ་བུད་མེད་ལྷན་ཅིག་ཏུ། །ཡང་དང་ཡང་དུ་འདུ་འཛི་བྱེད། །སྡུག་བསྔལ་འདོད་པ་རྣམས་སྟེན་ཅིང་། །སྨད་པ་རྣམས་ཀྱང་སྨྲ་བར་བྱེད། །རྨོངས་པ་རྣམས་ཀྱིས་ཆོས་ཐོས་ནས། ། དགེ་བར་གསུངས་ཤེས་རྗོད་བྱེད་ཀྱང་། །དེ་སེམས་བུད་མེད་ཕྱི་བཞིན་སོང་། །བྱི་བ་ལ་ནི་བྱི་ལ་བཞིན། །རྒྱལ་བས་གསུངས་པ་ཐོས་གྱུར་ནས། །ཡུད་ཙམ་ཞིག་ནི་ཡིད་བྱུང་ཡང་། །ཧ་ལ་ཧ་ལའི་དུག་འདྲ་བའི། །འདོད་ཆགས་ཀྱིས་ནི་དེ་ཡང་ 82-1-241a འཁྲུགས། །ཇི་ལྟར་ཕག་ནི་ཡུད་ཙམ་ཞིག །དངངས་ཤིང་སྐྲག་པར་བྱུང་གྱུར་ཀྱང་། །དེས་ནི་ཕྱི་ས་མཐོང་ན་ཡང་། །ཆགས་པ་སྐྱེས་པར་བྱེད་པ་ལྟར། །དེ་བཞིན་བྱིས་པ་བདེ་འདོད་རྣམས། །རྒྱལ་བའི་ བསྟན་པ་སྤངས་ནས་ནི། །འདོད་པ་དམན་པ་རྣམས་བསྟེན་པས། །དེས་ནི་ངན་འགྲོར་འགྲོ་བར་འགྱུར། །འདོད་པ་རྣམས་ལ་ཆགས་མྱོས་ནས། །ཤིན་དུ་སྡིག་པའི་ལས་བྱས་ཤིང་། །ཚུལ་ཁྲིམས་ཅན་དག་བསླུས་བྱས་ ནས། །ཕྱིས་ནི་ངན་འགྲོར་འགྲོ་བར་འགྱུར། །ཤེས་རབ་ཅན་གྱིས་དལ་རྙེད་ཅིང་། །དེ་འདྲའི་ཆོས་ནི་ཐོས་གྱུར་ནས། །འདོད་ཀུན་སྤངས་ནས་འདི་ལ་ནི། །མཁས་པ་མངོན་པར་རབ་བྱུང་ཤིག །རྒྱལ་པོ་ཆེན་པོ་སྐྱེས་པ་ འདོད་པ་ལ་སྟེན་པ་རྣམས་ཀྱི་སྐྱོན་ནི་དེ་དག་ཡིན་ཏེ། འདོད་པའི་གཞི་དང་། འདོད་པའི་རྨ་དང་། འདོད་པ་ལ་ལྷག་པར་ཞེན་པ་རྣམས་ནི་སེམས་ཅན་དམྱལ་བ་པ་རྣམས་ཀྱི་ཚོར་བ་མྱོང་བར་འགྱུར་རོ། །རྒྱལ་པོ་ཆེན་ པོ་དེ་ལྟ་བས་ན་ཁྱོད་ཀྱིས་རྟག་པར་རྒྱུན་ཏུ་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །ཁྱོད་ཀྱིས་ལུས་སུ་གཏོགས་པའི་སེམས་རྗེས་སུ་དྲན་པ་བསྒོམ་པ་བྱའོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་བད་སའི་རྒྱལ་པོ་འཆར་ བྱེད་ལ་དེ་ལྟ་དེ་ལྟར་ཆོས་བསྟན་པར་མཛད་དེ། ཆོས་བསྟན་པ་དེས་བད་སའི་རྒྱལ་པོ་འཆར་བྱེད་དེ་བཞིན་གཤེགས་པ་ལ་དགའ་བ་དང་། རབ་ཏུ་དགའ་བ་དང་། མཆོག་ཏུ་དགའ་བ་ཐོབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་ འདས་ལ་བད་སའི་རྒྱལ་པོ་འཆར་བྱེད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྐྱེས་པ་དང་། བུད་མེད་རྣམས་ཀྱི་སྐྱོན་བསམ་གྱིས་མི་ཁྱབ་པའི་བར་དེ་དག་བཀའ་སྩལ་ཅིང་ལེགས་པར་གསུངས་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ད་བདག་ནི་བཅོམ་ལྡན་འདས་དང་། ཆོས་དང་དགེ་སློང་གི་དགེ་འདུན་ 82-1-241b ལ་སྐྱབས་སུ་མཆི་སྟེ། མཚོན་ཆ་སྤངས་ཤིང་དབྱུག་པ་སྤངས་ལ་ངོ་ཚ་མཆིས་ཤིང་སྲོག་ཆགས་འབྱུང་པོ་ཐམས་ཅད་ལ་སྙིང་བརྩེ་བར་ཞུགས་པ་ལགས་ཀྱིས། བཅོམ་ལྡན་འདས་ཀྱིས་བདག་དགེ་བསྙེན་དུ་ གཟུང་དུ་གསོལ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བད་སའི་རྒྱལ་པོ་འཆར་བྱེད་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ལྷ་དང་། མི་དང་ལྷ་མ་ཡིན་དང་། དྲི་ཟར་ བཅས་པའི་འཇིག་རྟེན་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་བད་སའི་རྒྱལ་པོ་ འཆར་བྱེད་ཀྱིས་ཞུས་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་དགུ་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙྪཱ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ ཅིང་ཞུས་ཏེ་གཏན་ལ་ཕབ་པ། །༄༅། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་སུམ་བཅུ་པ་སྟེ་བུ་མོ་བློ་གྲོས་བཟང་མོས་ ཞུས་པ་ལུང་བསྟན་པ། བམ་པོ་ཕྱེད་པ། རྒྱ་གར་སྐད་དུ། ཨཱརྱ་སུ་མ་ཏི་དཱ་རི་ཀ་པྲྀཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བུ་མོ་བློ་གྲོས་བཟང་མོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་སྟོང་ཉིད་བརྒྱ་ལྔ་བཅུའི་ དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་ཁྲིའི་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་སོ། །དེའི་ཚེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན་ཁྱིམ་བདག་དྲག་ཤུལ་ཅན་ 82-1-242a གྱི་བུ་མོ་བློ་གྲོས་བཟང་མོ་ཞེས་བྱ་བ་བཙས་ནས་ལོ་བརྒྱད་ལོན་པ་འདྲ་བ། གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ། སྔོན་གྱི་རྒྱལ་བ་ལ་ལྷག་ པར་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། སངས་རྒྱས་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ལ་བསྙེན་བཀུར་བྱས་པ། སངས་རྒྱས་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པ་ལ་དགེ་བའི་རྩ་བ་བསྐྱེད་ པ་ཞིག་འདུག་པ་དེ་འཁོར་དང་བཅས་པ་བྱ་རྒོད་ཀྱི་ཕུང་པོའི་རི་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། གལ་ཏེ་སྐབས་ཕྱེ་བདག་གིས་ནི། །རྫོགས་པའི་སངས་རྒྱས་རྐང་གཉིས་ མཆོག །འཇིག་རྟེན་སྣང་བར་མཛད་པ་ལ། །བྱང་ཆུབ་སེམས་དཔའི་སྤྱོད་གང་ཞུ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཡིད་ལ་ཅི་འདོད་ཐམས་ཅད་ནི། །བུ་མོ་ཁྱོད་ཀྱིས་དྲི་བར་གྱིས། །བྱང་ཆུབ་ སེམས་དཔའི་སྤྱོད་པ་ཀུན། །ཅི་འདྲ་ཁྱོད་ལ་བསྟན་པར་བྱ། །དེ་ནས་བཅོམ་ལྡན་འདས་ལ་བུ་མོ་བློ་གྲོས་བཟང་མོས་ཚིགས་སུ་བཅད་དེ་གསོལ་པ། གང་གིས་སུ་ནི་མཛེས་པར་འགྱུར། །གང་གིས་ནོར་ནི་ ཆེ་བ་དང་། །མི་ཕྱེད་འཁོར་དང་ལྡན་པར་འགྱུར། །ཐུབ་པས་འདི་ནི་བདག་ལ་གསུངས། །ཆོས་ཀྱི་རྒྱལ་པོའི་སྤྱན་སྔར་ནི། །གང་གིས་རྫུས་ཏེ་སྐྱེ་འགྱུར་ཞིང་། །འདབ་མ་སྟོང་ལྡན་པདྨ་ལ། །མཆིས་པར་ཡང་ནི་ གདའ་བ་དང་། །ཞིང་རྣམས་བྱེ་བ་དཔག་ཡས་པར། །སངས་རྒྱས་ཕྱག་བགྱིར་མཆི་བ་ཡི། །རྫུ་འཕྲུལ་ཕ་རོལ་ཕྱིན་འགྱུར་བའི། །སྤྱོད་པ་རྒྱལ་བས་ལུང་བསྟན་གསོལ། །དགྲ་ཟླ་མ་མཆིས་གང་གིས་འགྱུར། །ཚིག་ 82-1-242b ཀྱང་བཙུན་པར་འགྱུར་བ་དང་། །ལས་ཀྱི་སྒྲིབ་པ་མ་མཆིས་དང་། །བདུད་ཀྱི་ལས་ཀུན་མ་མཆིས་དང་། །འཆི་བའི་དུས་ནི་བགྱིད་པ་ན། །མངོན་སུམ་སངས་རྒྱས་མཐོང་བ་དང་། །དེ་ལས་ཆོས་ཀྱང་ཉན་པ་དང་། ། སྡུག་བསྔལ་ཚོར་བ་མྱོང་མི་འགྱུར། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བུ་མོ་བློ་གྲོས་བཟང་མོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བུ་མོ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་དོན་འདི་དྲི་བར་ སེམས་པ་ལེགས་སོ་ལེགས་སོ། །བུ་མོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །བུ་མོ་བློ་གྲོས་བཟང་མོས་བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏེ། བཅོམ་ལྡན་ འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་མཛེས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཐ་ན་དགྲ་ལ་ ཡང་ཁྲོ་བར་མི་བྱེད་པ་དང་། བྱམས་པ་ལ་གནས་པ་དང་། ཆོས་འདོད་པ་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་དུ་འཇུག་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་མཛེས་པར་ འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། གནོད་པའི་རྩ་བ་ཁྲོ་བ་འཕེལ་མི་བྱེད། །བྱམས་ལ་གནས་པར་བྱེད་དང་ཆོས་འདོད་དང་། །དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་ན་ནི། །མཛེས་པར་འགྱུར་ཏེ་བལྟ་བར་ འོས་པ་ཡིན། །བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ནོར་ཆེ་བར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། དུས་སུ་སྦྱིན་པ་དང་། འགྱོད་པ་མེད་པར་སྦྱིན་པ་དང་། ཡིད་དུ་འོང་བ་སྦྱིན་པ་དང་། རྣམ་པར་ སྨྱིན་པ་མི་རེ་བར་སྦྱིན་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་ནོར་ཆེ་བར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དུས་སུ་བྱིན་དང་འགྱོད་པ་མེད་པ་དང་། །ཡིད་འོང་སྦྱིན་དང་རྣམ་སྨིན་མི་ 82-1-243a རེ་བ། །དཔའ་བོ་རྣམས་ནི་ལས་འདི་བྱས་པས་ན། །རྟག་ཏུ་ལོངས་སྤྱོད་ཆེན་པོ་ཐོབ་པ་ཡིན། །བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་འཁོར་མི་ཕྱེད་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཕྲ་མའི་ཚིག་སྤངས་པ་དང་། སེམས་ཅན་ལོག་པར་ལྟ་བ་རྣམས་ཡང་དག་པའི་ལྟ་བ་ཡང་དག་པར་འཛིན་དུ་འཇུག་ཅིང་འཇོག་པར་བྱེད་པ་དང་། དམ་པའི་ཆོས་འཇིག་པའི་ཚེ་དམ་པའི་ཆོས་སྲུང་ བ་དང་། སེམས་ཅན་རྣམས་སངས་རྒྱས་ཀྱི་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་ཅིང་འཇོག་པར་བྱེད་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་འཁོར་མི་ཕྱེད་པར་འགྱུར་རོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། ཕྲ་མ་དེ་བཞིན་ལོག་པར་ལྟ་བ་སྤོང་། །དམ་ཆོས་འཇིག་པའི་ཚེ་ན་སྲུང་བ་བྱེད། །སེམས་ཅན་བྱང་ཆུབ་ཡང་དག་འཛིན་འཇུག་ན། །འཁོར་རྣམས་མི་ཕྱེད་ཕུན་སུམ་ཚོགས་པར་འགྱུར། ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐང་དུ་རིན་པོ་ཆེ་ཆེན་པོའི་པདྨ་ལས་རྫུས་ཏེ་སྐྱེ་བར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཕྱེ་མ་འམ། མེ་ཏོག་ ཨུད་པ་ལ་འམ། པདྨ་འམ། ཀུ་མུ་ད་འམ། པདྨ་དཀར་པོས་ལག་པ་བཀང་སྟེ། དེ་བཞིན་གཤེགས་པའི་སྐུ་གཟུགས་སམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་འབུལ་བ་དང་། གཞན་དག་ལ་ཡང་ གནོད་སེམས་མི་སྐྱེད་པ་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་པདྨའི་གདན་ལ་བཞུགས་པ་བྱེད་དུ་འཇུག་པ་དང་། སངས་རྒྱས་ཀྱི་བྱང་ཆུབ་ལ་ངེས་པ་རྒྱ་ཆེར་མོས་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ ཆོས་བཞི་པོ་དེ་དག་དང་ལྡན་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐང་དུ་རིན་པོ་ཆེ་ཆེན་པོའི་པདྨ་ལས་རྫུས་ཏེ་སྐྱེ་བར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཕྱེ་མ་མེ་ཏོག་བཀང་སྟེ་འབུལ་བ་དང་ 82-1-243b གནོད་སེམས་སྤོང་ཞིང་སྐུ་གཟུགས་བྱེད་པ་དང་། མོས་པ་རྒྱ་ཆེན་ལ་ནི་གནས་བྱེད་ན། །རྒྱལ་བ་དག་གི་ཐང་དུ་རྫུས་ཏེ་སྐྱེ། །བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་རྫུ་འཕྲུལ་གྱིས་སངས་རྒྱས་ཀྱི་ ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། གཞན་དག་གི་དགེ་བའི་རྩ་བའི་བར་ཆད་མི་བྱེད་པ་དང་། གཞན་དག་ཆོས་ཉན་པ་ལ་བར་ཆད་མི་བྱེད་པ་དང་། དེ་བཞིན་གཤེགས་ པའི་མཆོད་རྟེན་དག་ལ་མར་མེ་འབུལ་བ་དང་། ཏིང་ངེ་འཛིན་སྒོམ་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་རྫུ་འཕྲུལ་གྱིས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་ འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དགེ་བ་དག་གི་བར་ཆད་མི་བྱེད་དང་། །གཞན་གྱི་ཆོས་གཏམ་དག་ལ་མི་སྨོད་དང་། །རྒྱལ་བའི་མཆོད་རྟེན་དག་ལ་མར་མེ་འབུལ། །ཏིང་འཛིན་བསྒོམས་པས་དེ་ནི་ཞིང་དུ་ འགྲོ། །བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་དགྲ་ཟླ་མེད་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། གཡོ་མེད་པར་དགེ་བའི་བཤེས་གཉེན་དག་ལ་སྟེན་པ་དང་། དགེ་བའི་རྩ་བ་ལ་སེར་ སྣ་མི་བྱེད་པ་དང་། གཞན་གྱི་རྙེད་པ་ལ་དགའ་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱ་བ་དང་གནས་པ་ཐམས་ཅད་ལ་ཁོང་ཁྲོ་བར་མི་བྱེད་ཅིང་མི་སྙན་པ་མི་སྒྲོགས་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ ཆོས་བཞི་པོ་དེ་དག་དང་ལྡན་ན་དགྲ་ཟླ་མེད་པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དགེ་བའི་བཤེས་གཉེན་རྣམས་ལ་དེ་གཡོ་མེད། །གཞན་གྱི་རྙེད་ལ་དགའ་ཞིང་སེར་སྣ་མེད། །བྱང་ཆུབ་སེམས་དཔའི་ སྤྱོད་ལ་མི་སྨོད་ན། །རྟག་ཏུ་དགྲ་ཟླ་མེད་པར་སྤྱོད་པར་འགྱུར། །བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཚིག་བཙུན་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་དང་ 82-1-244a མཛའ་བོ་དག་ལ་ཡོད་པའི་རང་བཞིན་མི་འཆབ་པ་དང་། གླན་ཀ་མི་ཚོལ་བར་ཆོས་ཉན་པ་དང་། གཞན་ཆོས་སྨྲ་བ་དག་ལ་དཔྱ་སྐུར་མི་བྱེད་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་ པོ་དེ་དག་དང་ལྡན་ན་ཚིག་བཙུན་པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་དང་། །མཛའ་ལ་ཡོད་པའི་རང་བཞིན་མི་འཆབ་ཅིང་། །གླན་ཀ་མི་ཚོལ་ཆོས་ནི་ཉན་བྱེད་ན། ། འཇིགས་པ་མེད་ཅིང་ཚིག་ཀྱང་བཙུན་པར་འགྱུར། །བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ལས་ཀྱི་སྒྲིབ་པ་མེད་པར་འགྱུར་ཞིང་། ཡོངས་སུ་དག་པ་ཡང་མྱུར་དུ་རྟོགས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ལྷག་པའི་བསམ་པ་བསྒྲུབས་པས་སྡོམ་པ་གསུམ་ཡང་དག་པར་ལེན་པ་དང་། མདོ་སྡེ་ཟབ་མོ་རྣམས་མི་སྤོང་བ་དང་། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་ དཔའ་ལ་ཐམས་ཅད་མཁྱེན་པ་ཉིད་དུ་འདུ་ཤེས་སྐྱེད་པ་དང་། སེམས་ཅན་ཐམས་ཅད་ལ་བྱམས་པ་སྒོམ་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་ལས་ཀྱི་སྒྲིབ་པ་མེད་པར་ འགྱུར་ཞིང་ཡོངས་སུ་དག་པ་ཡང་མྱུར་དུ་རྟོགས་པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ལྷག་པའི་བསམ་པས་སྡོམ་པ་གསུམ་ལ་གནས། །མདོ་སྡེ་ཟབ་མོ་རྣམས་ལ་རྟག་ཏུ་མོས། །སངས་རྒྱས་ སྲས་ལ་ཐམས་ཅད་མཁྱེན་ལྟར་ལྟ། །སེམས་ཅན་རྣམས་ལ་བྱམས་པས་ལས་དག་འགྱུར། །བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བདུད་ཀྱི་ལས་མེད་པར་འགྱུར་ཏེ། བཞི་གང་ཞེ་ན། ཆོས་ ཐམས་ཅད་མཉམ་པ་ཉིད་དུ་སྒོམ་པ་དང་། བརྩོན་འགྲུས་བརྩམས་པ་དང་། སངས་རྒྱས་རྗེས་སུ་དྲན་པ་སྒོམ་པ་དང་། དགེ་བའི་རྩ་བ་ཡོངས་སུ་སྔོ་བ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་ 82-1-244b དེ་དག་དང་ལྡན་ན་བདུད་ཀྱི་ལས་མེད་པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཆོས་རྣམས་ལ་ནི་ཆོས་ཀྱི་ཚུལ་རྟོགས་ལ། །བརྩོན་འགྲུས་བརྩམས་ཤིང་སངས་རྒྱས་རྗེས་སུ་དྲན། །ཡོངས་ སུ་བསྔོ་ཞིང་བཤགས་དང་ཕྱག་འཚལ་བ། །དེ་ལ་བདུད་ཀྱིས་གླགས་ནི་རྙེད་མི་འགྱུར། །བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་འཆི་བའི་དུས་ཀྱི་ཚེ་མདུན་དུ་སངས་རྒྱས་བཞུགས་ཤིང་དེ་ལས་ ཆོས་ཀྱང་ཉན་ལ་སྡུག་བསྔལ་ཡང་མྱོང་བར་མི་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། གཞན་དག་གི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། མོས་པ་མང་བ་དང་། བྱང་ཆུབ་སེམས་དཔའི་ སྦྱིན་པ་བཀོད་པ་སྣ་ཚོགས་ཉེ་བར་སྒྲུབ་པ་དང་། དཀོན་མཆོག་གསུམ་མཆོད་པ་ལ་བརྩོན་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་འཆི་བའི་དུས་ཀྱི་ཚེ་མདུན་དུ་ སངས་རྒྱས་བཞུགས་ཤིང་དེ་ལས་ཆོས་ཉན་ལ་སྡུག་བསྔལ་ཡང་མྱོང་བར་མི་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དེ་ནི་གཞན་གྱི་བསམ་པ་རྫོགས་བྱེད་ཅིང་། །མོས་པ་དང་ནི་སྦྱིན་པ་རྒྱ་ཆེ་བ། ། མཁས་པ་དེ་ནི་རྟག་ཏུ་སྦྱིན་པར་བྱེད། །དེ་ཕྱིར་དེ་མདུན་དེ་བཞིན་གཤེགས་པ་བཞུགས། །དེ་སྐད་ཅེས་བཀའ་སྩལ་ནས་བཅོམ་ལྡན་འདས་ལ་བུ་མོ་བློ་གྲོས་བཟང་མོས་འདི་སྐད་ཅེས་གསོལ་ཏོ། །བཙུན་ པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་བསླབ་པ་ཇི་སྐད་བཅས་པ་འདི་དག་ལ་བདག་གིས་བསླབ་པར་འཚལ་ཏེ། བཅོམ་ལྡན་འདས་གལ་ཏེ་བདག་གིས་བཞི་པ་བཅུ་པོ་ཇི་སྐད་དུ་བཀའ་ སྩལ་པ་འདི་དག་ལས་ཆོས་གཅིག་ཅིག་མ་སྤྱད་ན་ཡང་བདག་གིས་དེ་བཞིན་གཤེགས་པའི་སྐུ་བསླུས་པར་གྱུར་ཅིག །དེ་ནས་གནས་བརྟན་མཽད་གལ་གྱི་བུ་ཆེན་པོས་བུ་མོ་བློ་གྲོས་བཟང་མོ་ 82-1-245a ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ནི་ཉམས་འོག་ཏུ་ཆུད་པར་དཀའ་ན་ཁྱོད་འདི་ལྟ་བུ་ཡང་དག་པར་ལེན་པར་བྱེད་ན། ཅི་ཁྱོད་ཀྱིས་སེམས་ལ་ དབང་ཐོབ་བམ། དེ་སྐད་ཅེས་སྨྲས་ནས་བུ་མོ་བློ་གྲོས་བཟང་མོས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ། འདི་སྐད་ཅེས་སྨྲས་སོ། །བཙུན་པ་མཽད་གལ་གྱི་བུ་བདེན་པ་དང་བདེན་པའི་ཚིག་ གང་གིས་བདག་གིས་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་བའི་བདེན་པ་དང་བདེན་པའི་ཚིག་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་ གཡོས་ཏེ་ལྷའི་མེ་ཏོག་གི་ཆར་འབབ་པར་གྱུར་ཅིག །མ་དཀྲོལ་བར་ཡང་སིལ་སྙན་གྱི་སྒྲ་འབྱུང་བར་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བུ་མོ་བློ་གྲོས་བཟང་མོས་དེ་ལྟར་བདེན་པའི་བྱིན་བརླབས་བྱས་ མ་ཐག་ཏུ་དེའི་མོད་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་ཏེ། ལྷའི་མེ་ཏོག་གི་ཆར་བབ་པར་གྱུར་ཅིང་། མ་དཀྲོལ་བར་ལྷའི་སིལ་སྙན་གྱི་ སྒྲ་ཡང་བྱུང་བར་གྱུར་ཏོ། །བཙུན་པ་མཽད་གལ་གྱི་བུ་བདེན་པ་དང་བདེན་པའི་ཚིག་གང་གིས། ད་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ ཤཱཀྱ་ཐུབ་པ་ཇི་ལྟ་བ་དེ་བཞིན་དུ་མ་འོངས་པའི་དུས་ན་བདག་དེ་བཞིན་གཤེགས་པར་འགྱུར་ཞིང་། སངས་རྒྱས་ཀྱི་ཞིང་དེར་བདག་ལ་བདུད་ཀྱང་འབྱུང་བར་མི་འགྱུར་བ་དང་། ངན་སོང་རྣམས་ཀྱི་མིང་ཡང་མེད་པ་དང་། བུད་མེད་ཀྱི་སྐྱོན་རྣམས་མེད་པར་འགྱུར་བའི་བདེན་པ་དང་བདེན་པའི་ཚིག་ངེས། འཁོར་འདི་གསེར་གྱི་ཁ་དོག་ཅན་དུ་གྱུར་ཅིག ། 82-1-245b བུ་མོ་བློ་གྲོས་བཟང་མོས་ཚིག་དེ་སྐད་ཅེས་སྨྲས་མ་ཐག་ཏུ་དེའི་མོད་ལ་ཐམས་ཅད་དང་ལྡན་པའི་འཁོར་དེ་གསེར་གྱི་ཁ་དོག་ཅན་དུ་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་སྟན་ལས་ ལངས་ཏེ་ཆོས་གོས་ཕྲག་པ་གཅིག་ཏུ་བགོས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་ སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བས་བུ་ མོ་བློ་གྲོས་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ། །བློ་གྲོས་བཟང་མོ་ཁྱོད་ཆོས་གང་ལ་གནས་ཏེ་བདེན་པའི་བྱིན་གྱི་བརླབས་འདི་བྱས། བློ་གྲོས་བཟང་མོས་སྨྲས་པ། འཇམ་དཔལ་ཆོས་ཀྱི་དབྱིངས་ནི་ གནས་པ་མ་མཆིས་པས་དེ་ལ་གནས་པར་མི་ནུས་ཏེ་འདི་ལ་དྲི་བ་མ་མཆིས་སོ། །འཇམ་དཔལ་གྱིས་སྨྲས་པ། བློ་གྲོས་བཟང་མོ་བྱང་ཆུབ་ཅེས་བྱ་བ་འདི་གང་གི་ཚིག་བླ་དགས་ཡིན། བློ་གྲོས་བཟང་མོས་ སྨྲས་པ། འཇམ་དཔལ་བྱང་ཆུབ་ཅེས་བགྱི་བ་ནི་རྣམ་པར་མི་རྟོག་པའི་ཆོས་ཀྱི་ཚིག་བླ་དགས་སོ། །འཇམ་དཔལ་གྱིས་སྨྲས་པ། བློ་གྲོས་བཟང་མོ་འདི་ལྟར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ འདི་གང་གི་ཚིག་བླ་དགས་ཡིན། བློ་གྲོས་བཟང་མོས་སྨྲས་པ། འཇམ་དཔལ་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་ནི་ནམ་མཁའ་དང་མཉམ་པ་ཉིད་གྱི་ཆོས་ཀྱི་ཚིག་བླ་དགས་སོ། །འཇམ་དཔལ་གྱིས་ སྨྲས་པ། བློ་གྲོས་བཟང་མོ་ཅི་དེ་བཞིན་གཤེགས་པ་ཡང་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་མཛད་དམ། བློ་གྲོས་བཟང་མོས་སྨྲས་པ། འཇམ་དཔལ་དཔེར་ན་སྨིག་རྒྱུ་དང་བྲག་ཆས་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་དེ་ 82-1-246a བཞིན་དུ་དེ་བཞིན་གཤེགས་པས་ཀྱང་བྱང་ཆུབ་ཀྱི་ཕྱིར་སྤྱོད་དོ། །འཇམ་དཔལ་གྱིས་སྨྲས་པ། བློ་གྲོས་བཟང་མོ་ཁྱོད་ཀྱིས་ཅི་ལས་བསམས་ཏེ་དེ་སྐད་ཅེས་སྨྲས། བློ་གྲོས་ བཟང་མོས་སྨྲས་པ། འཇམ་དཔལ་འདི་ལ་ཆོས་འགའ་ལ་ཡང་བསམ་པ་འམ། བསམ་པ་མ་ལགས་པ་མ་མཆིས་སོ། །འཇམ་དཔལ་གྱིས་སྨྲས་པ། བློ་གྲོས་བཟང་མོ་བསམ་པ་དེ་ལྟ་བུ་ཡིན་དུ་ ཟིན་ན་བྱིས་པ་ཐམས་ཅད་ཀྱང་བྱང་ཆུབ་ཏུ་འགྱུར་རོ། །བློ་གྲོས་བཟང་མོས་སྨྲས་པ། འཇམ་དཔལ་འདི་ཇི་སྙམ་དུ་དགོངས། བྱིས་པ་རྣམས་ཀྱང་གཞན་ལ་མཁས་པ་རྣམས་ཀྱང་གཞན་ཏེ་བྱང་ཆུབ་ ཀྱང་གཞན་པར་དེ་ལྟར་གཟིགས་སམ། དེ་ཅིའི་སླད་དུ་ཞེ་ན། འདི་ལྟ་སྟེ། ཆོས་ཀྱི་དབྱིངས་ཀྱི་ཚུལ་དུ་འདི་ནི་དབྱིངས་གཅིག་པ་ལགས་ཏེ། བླང་བ་མ་མཆིས་ཤིང་དོར་བ་མ་མཆིས་ལ་སྒྲོ་བཏགས་ པ་མ་མཆིས་སོ། །འཇམ་དཔལ་གྱིས་སྨྲས་པ། བློ་གྲོས་བཟང་མོ་བཤད་པ་འདིའི་དོན་ཤེས་པ་ཇི་སྙེད་ཅིག་ཡོད། བློ་གྲོས་བཟང་མོས་སྨྲས་པ། འཇམ་དཔལ་བཤད་པ་འདིའི་དོན་འཚལ་བ་ནི་ སྒྱུ་མ་སྤྲུལ་པའི་སེམས་དང་སེམས་ལས་བྱུང་བ་ཇི་སྙེད་མཆིས་པ་དེ་སྙེད་དོ། །འཇམ་དཔལ་གྱིས་སྨྲས་པ། བློ་གྲོས་བཟང་མོ་སྤྲུལ་པ་ཉིད་ཀྱང་མེད་ན་དེའི་སེམས་དང་སེམས་ལས་བྱུང་བ་ལྟ་ག་ལ་ ཡོད། བློ་གྲོས་བཟང་མོས་སྨྲས་པ། འཇམ་དཔལ་ཆོས་ཀྱི་དབྱིངས་ནི་མཆིས་པ་ཡང་མ་ལགས། མ་མཆིས་པ་ཡང་མ་ལགས་ཏེ། དེ་བཞིན་གཤེགས་པ་ཡང་དེ་དང་འདྲའོ། །དེ་ནས་བཅོམ་ལྡན་ འདས་ལ་འཇམ་དཔལ་གཞོན་ནུར་གྱུར་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་བུ་མོ་བློ་གྲོས་བཟང་མོ་འདི་ཟབ་མོའི་བཟོད་པ་དང་ལྡན་པ་ནི་ངོ་མཚར་ལགས་སོ། །བཅོམ་ 82-1-246b ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། བུ་མོ་བློ་གྲོས་བཟང་མོ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་ནས་བསྐལ་པ་སུམ་བཅུ་ ལོན་པའི་འོག་ཏུ་གདོད་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཁྱོད་ཀྱང་བུ་མོ་བློ་གྲོས་བཟང་མོ་འདི་ཉིད་ཀྱིས་མི་སྐྱེ་བའི་ཆོས་ལ་ཞུགས་པར་བྱས་སོ། །དེ་ནས་འཇམ་ དཔལ་གཞོན་ནུར་གྱུར་བ་སྟན་ལས་ལངས་ཏེ་བུ་མོ་བློ་གྲོས་བཟང་མོ་ལ་ཕྱག་བྱས་ནས་ཚིག་འདི་སྐད་དུ་བདག་གིས་སློབ་དཔོན་ཡུན་རིང་མོ་ཞིག་ན་མཐོང་ཞེས་ཀྱང་སྨྲས་སོ། །བློ་གྲོས་བཟང་མོས་སྨྲས་པ། འཇམ་དཔལ་མ་རྟོག་ཤིག །དེ་ཅིའི་ཕྱིར་ཞེ་ན། མི་སྐྱེ་བའི་ཆོས་ལ་བཟོད་པ་ནི་རྣམ་པར་མི་རྟོག་པའི་ཕྱིར་རོ། །འཇམ་དཔལ་གྱིས་སྨྲས་པ། ཅིའི་ཕྱིར་སློབ་དཔོན་གྱིས་བུད་མེད་ཀྱི་ལུས་ལས་ད་དུང་ མ་བསྒྱུར། བློ་གྲོས་བཟང་མོས་སྨྲས་པ། འཇམ་དཔལ་འདི་ནི་བུད་མེད་དོ། །འདི་ནི་སྐྱེས་བའོ་ཞེས་བྱ་བ་དེ་ནི་དམིགས་པ་སྟེ། འོན་ཀྱང་ཁྱོད་ཀྱི་ཐེ་ཚོམ་མེད་པར་བྱའོ། །བདེན་པ་གང་གིས་བདག་མ་ འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བའི་བདེན་པ་དེས་བདག་སྐྱེས་པར་གྱུར་ཅིག །བུ་མོ་བློ་གྲོས་བཟང་མོས་ཚིག་དེ་སྐད་ ཅེས་སྨྲས་མ་ཐག་ཏུ་དེའི་མོད་ལ་དེའི་བུད་མེད་ཀྱི་དངོས་པོ་མི་སྣང་བར་གྱུར་ནས་སྐྱེས་པར་རེད་དེ་ཆོས་གོས་ངུར་སྨྲིག་གྱོན་ནས་དེས་འདི་སྐད་དུ་བདེན་པ་གང་གིས་བདག་གིས་བྱང་ཆུབ་ཐོབ་པ་ན་ དགེ་སློང་ཚུར་ཤོག་ཅེས་བྱས་པས་རབ་ཏུ་འབྱུང་བར་འགྱུར་བ་དང་། བདག་གི་སངས་རྒྱས་ཀྱི་ཞིང་དེར་བདུད་ཀྱང་འབྱུང་བར་མི་འགྱུར་བ་དང་། ངན་སོང་གི་མིང་ཡང་མེད་པ་དང་། བུད་མེད་ཀྱི་སྐྱོན་ 82-1-247a རྣམས་ཀྱང་མེད་པར་འགྱུར་བའི་བདེན་པ་དང་བདེན་པའི་ཚིག་དེས་བདག་དགེ་སློང་བསྙེན་པར་རྫོགས་ནས་ལོ་སུམ་བཅུ་ལོན་པའི་སྤྱོད་ལམ་ཅི་འདྲ་བ་དེ་ལྟ་བུར་གྱུར་ཅིག་ཅེས་བྱས་ སོ། །བྱང་ཆུབ་སེམས་དཔའ་བློ་གྲོས་བཟང་པོས་ཚིག་འདི་སྐད་སྨྲས་མ་ཐག་ཏུ་དེའི་མོད་ལ་དགེ་སློང་བསྙེན་པར་རྫོགས་ནས་ལོ་སུམ་བཅུ་ལོན་པའི་སྤྱོད་ལམ་ཅི་འདྲ་བ་དེ་ལྟ་བུར་གྱུར་ཏོ། ། འཇམ་དཔལ་བདེན་པ་དང་བདེན་པའི་ཚིག་གང་གིས་བདག་གི་སངས་རྒྱས་ཀྱི་ཞིང་དུ་སེམས་ཅན་རྣམས་ཀྱི་ལུས་གསེར་གྱི་ཁ་དོག་ལྟ་བུར་འགྱུར་བ་དང་། བསམ་པས་བཟའ་བ་དང་བཏུང་བ་འགྲུབ་ པར་འགྱུར་ཏེ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་ཇི་ལྟ་བ་བཞིན་དུ་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་དེ་ན་ངན་སོང་གསུམ་ཡོངས་སུ་སྤངས་པར་འགྱུར་བ་དང་། རིན་པོ་ཆེ་སྣ་བདུན་གྱི་ཤིང་ལྗོན་པ་དང་། རིན་པོ་ཆེའི་དྲ་བས་ཡོངས་སུ་བསྐོར་ཅིང་རིན་པོ་ཆེ་སྣ་བདུན་གྱི་པདྨ་དག་གིས་རྒྱས་ལ་སྟེང་རིན་པོ་ཆེའི་བླ་རེ་བྲེས་ཏེ། འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་ཅི་ འདྲ་བ་ཁོ་ན་དང་མཉམ་ཞིང་མི་ལྷག་པ་དེ་ལྟ་བུར་འགྱུར་བའི་བདེན་པ་དང་བདེན་པའི་ཚིག་དེས་འཁོར་འདི་གསེར་གྱི་ཁ་དོག་ཅན་དུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་བཟང་པོས་ ཚིག་དེ་སྐད་སྨྲས་མ་ཐག་ཏུ་དེའི་མོད་ལ་ཐམས་ཅད་དང་ལྡན་པའི་འཁོར་དེ་གསེར་གྱི་ཁ་དོག་ཅན་དུ་གྱུར་ཏོ། །དེ་ནས་ས་བླའི་ལྷ་རྣམས་ཀྱི་ལྷའི་ལུས་ཀྱིས་གཅིག་ནས་གཅིག་ཏུ་སྒྲ་བསྒྲགས་ཤིང་སྐད་ཀྱི་ གོ་བར་བྱས་ཏེ། ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་བཟང་པོ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ནི་དེ་ལྟ་བུར་འགྱུར་རོ་ཞེས་ཆེད་དུ་བརྗོད་པ་འདི་ཆེད་དུ་ 82-1-247b བརྗོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་བ་ལ་བཀའ་སྩལ་པ། འཇམ་དཔལ་བྱང་ཆུབ་སེམས་དཔའ་བློ་གྲོས་བཟང་པོ་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཡོན་ཏན་རིན་ཆེན་དཔལ་གྱི་སྙིང་པོ་ཞེས་བྱ་བ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བཀའ་སྩལ་པ་ན། སྲོག་ཆགས་བྱེ་བ་ ཕྲག་སུམ་བཅུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཉིད་ལ་ཡང་དག་པར་གནས་པར་གྱུར་ཏོ། །ལྷ་བྱེ་བ་ཕྲག་བརྒྱད་བཅུ་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་ དྲི་མ་དང་བྲལ་བ་རྣམ་པར་དག་གོ། །སྲོག་ཆགས་བརྒྱ་སྟོང་གིས་ནི་ཡེ་ཤེས་མངོན་པར་རྟོགས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའི་ཐེག་པ་པའི་དགེ་སློང་བྱང་ཆུབ་ཀྱི་སེམས་ལས་ཕྱིར་མི་ལྡོག་པར་འདོད་ པ་ལྔ་སྟོང་ཙམ་ཡང་བྱང་ཆུབ་སེམས་དཔའ་བློ་གྲོས་བཟང་པོའི་ལྷག་པའི་བསམ་པ་རྟོགས་ཤིང་དགེ་བའི་རྩ་བའི་ཆེ་བ་ཉིད་མཐོང་ནས་དེ་དག་རང་རང་གི་བླ་གོས་བཅོམ་ལྡན་འདས་ཀྱི་སྐུ་ལ་གསོལ་ཏེ། ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ནས་ཚིག་འདི་སྐད་དུ་བཅོམ་ལྡན་འདས་བདག་ཅག་གི་དགེ་བའི་རྩ་བ་འདི་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཅིག་ཅེས་སྨྲས་སོ། །དགེ་སློང་དེ་དག་གིས་དགེ་བའི་རྩ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་མ་ཐག་ཏུ་བསྐལ་པ་དགུ་བཅུའི་འཁོར་བ་ 82-1-248a བསྙིལ་ཏེ་བོར་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གནས་པར་གྱུར་ཏོ། །དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་ཀྱིས་ལུང་བསྟན་ཏེ། འཇམ་དཔལ་ དགེ་སློང་འདི་དག་ནི་བསྐལ་པ་བཅུ་གཉིས་ན་བསྐལ་པ་དྲི་མ་མེད་པའི་འོད་ཅེས་བྱ་བ་ལ་དེ་བཞིན་གཤེགས་པ་བཟོད་པར་དཀའ་བའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་འོད་ཟེར་ཅན་དུ་བསྐལ་ པ་གཅིག་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་སྤོབས་པའི་རྒྱན་ཅེས་བྱ་བར་ཐམས་ཅད་མིང་འཐུན་པར་འཇིག་རྟེན་དུ་ འབྱུང་བར་འགྱུར་རོ། །འཇམ་དཔལ་དེ་ལྟར་ན་ཆོས་ཀྱི་རྣམ་གྲངས་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། ཉན་ཐོས་རྣམས་ལ་རྫུ་འཕྲུལ་ཆེན་པོ་བྱེད་པ་ཡིན་ནོ། །འཇམ་དཔལ་རིགས་ཀྱི་བུ་ འམ། རིགས་ཀྱི་བུ་མོ་བྱང་ཆུབ་འདོད་པ་གང་གིས་བསྐལ་པ་སྟོང་གི་བར་དུ་ཐབས་མཁས་པ་དང་མ་བྲལ་བས་ཕ་རོལ་དུ་ཕྱིན་པ་དྲུག་སྤྱད་ལ་གང་གིས་ཆོས་ཀྱི་རྣམ་གྲངས་འདི་བྲིས་ནས་ཟླ་བ་ཕྱེད་ཀྱི་བར་དུ་ ལན་རེ་བླགས་ན་བསོད་ནམས་ཀྱི་ཕུང་པོ་སྔ་མས་ནི་བསོད་ནམས་ཀྱི་ཕུང་པོ་འདིའི་བརྒྱའི་ཆར་ཡང་མི་ཕོད། སྟོང་གི་ཆ་དང་། བརྒྱ་སྟོང་གྱི་ཆ་དང་། བྱེ་བ་བརྒྱ་སྟོང་གི་ཆ་དང་། གྲངས་དང་། བགྲང་བ་དང་། དཔེ་དང་ རྒྱུར་ཡང་མི་བཟོད་དོ། །འཇམ་དཔལ་དེ་བས་ན་ཆོས་ཀྱི་རྣམ་གྲངས་འདི་ཁྱོད་ལ་གཏད་ཀྱིས་ཁྱོད་འདུན་པར་གྱིས་ལ་སྔོན་གྱི་བྱང་ཆུབ་སེམས་དཔའི་སྨོན་ལམ་བྱུང་བའི་མདོ་འདི་ལྟ་བུ་འདི་མ་འོངས་པའི་ དུས་ན་ཟུང་ཤིག །ཀུན་ཆུབ་པར་གྱིས་ཤིག །ཆོངས་ཤིག །ཤོད་ཅིག །ལྷོགས་ཤིག །སྟོན་ཅིག །གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་ཅིག །འཇམ་དཔལ་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཇི་སྲིད་དུ་ 82-1-248b གནས་པ་དེ་སྲིད་དུ་རིན་པོ་ཆེ་སྣ་བདུན་མེད་པར་མི་འགྱུར་ལ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཤི་ན་རིན་པོ་ཆེ་སྣ་བདུན་མེད་པར་འགྱུར་རོ། །འཇམ་དཔལ་དེ་བཞིན་དུ་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་འདི་ འཇིག་རྟེན་ན་ཇི་སྲིད་དུ་སྤྱོད་པ་དེ་སྲིད་དུ་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་ཡན་ལག་རིན་པོ་ཆེ་སྣ་བདུན་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་ཚུལ་ཐམས་ཅད་མེད་པར་མི་འགྱུར་ལ། ཆོས་ཀྱི་ རྣམ་གྲངས་འདི་ལྟ་བུ་འདི་མེད་པར་གྱུར་ན་དམ་པའི་ཆོས་ནུབ་པར་འགྱུར་རོ། །འཇམ་དཔལ་དེ་བས་ན་མདོ་སྡེ་རིན་པོ་ཆེ་འདི་ལྟ་བུ་འདི་ཡི་གེར་བྲི་བ་དང་། ལུང་འབོག་པ་དང་། བཅང་བ་དང་། བཀླག་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བརྩོན་འགྲུས་བརྩམ་པར་བྱའོ། །འདི་ནི་ངའི་རྗེས་སུ་བསྟན་པ་ཡིན་ནོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་ རེ། འདི་ནི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་བྱང་ཆུབ་འདོད་པ་ལ་ངས་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་བཟང་པོ་དང་། འཇམ་དཔལ་གཞོན་ ནུར་གྱུར་བ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམས་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་བུ་མོ་བློ་གྲོས་བཟང་མོས་ཞུས་པའི་ལེའུ་ཞེས་བྱ་སྟེ་སུམ་བཅུ་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙྪཱ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། 82-1-249a ༄༅། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་སུམ་བཅུ་རྩ་གཅིག་པ་སྟེ། གང་གཱའི་མཆོག་གིས་ཞུས་པ་ལུང་བསྟན་པ། རྒྱ་གར་སྐད་དུ། ཨཱརྱ་གང་གོད་ཏ་ར་པ་རི་པྲྀཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་གང་གཱའི་མཆོག་གིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེའི་ཚེ་གྲོང་ཁྱེར་ཆེན་པོ་མཉན་ཡོད་ན་དགེ་བསྙེན་མ་གང་གཱའི་མཆོག་ཅེས་བྱ་བ་ཞིག་གནས་སོ། །དེ་ནས་དགེ་བསྙེན་མ་གང་གཱའི་མཆོག་མཉན་ཡོད་ནས་བྱུང་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ ཀུན་དགའ་ར་བ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་མཁྱེན་ བཞིན་དུ་དགེ་བསྙེན་མ་གང་གཱའི་མཆོག་ལ་གང་གཱའི་མཆོག་ཁྱོད་ད་གཟོད་གང་ནས་འོངས་ཤེས་སྨྲས་སོ། །གང་གཱའི་མཆོག་གིས་གསོལ་པ། བཅོམ་ལྡན་འདས་གང་ཞིག་གིས་སྤྲུལ་པ་ལ་སྨྲས་ཏེ། ཁྱོད་ད་གཟོད་གང་ནས་འོངས་ཤེས་དེ་སྐད་བགྱིས་ན་ཇི་སྐད་ལན་འདེབས་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གཱའི་མཆོག་སྤྲུལ་པ་ལ་ནི་འགྲེང་བ་མེད། འདུག་པ་ མེད། ཉལ་བ་མེད། འོང་བ་མེད། འགྲོ་བ་མེད། འཆི་འཕོ་མེད། སྐྱེ་བ་མེད་ན་འདི་ནས་འོངས་སོ་ཞེས་དེ་ཅི་ཞིག་སྟོན་པར་འགྱུར། གང་གཱའི་མཆོག་གིས་གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་སྤྲུལ་ 82-1-249b པ་ལྟ་བུ་ལགས་སམ། བཀའ་སྩལ་པ། གང་གཱའི་མཆོག་དེ་བཞིན་ནོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུ་ལགས་ན། གང་གཱའི་མཆོག་ཁྱོད་ད་གཟོད་གང་ནས་འོང་ ཤེས་ཅིའི་སླད་དུ་སྨྲ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གཱའི་མཆོག་སྤྲུལ་པ་ནི་ངན་སོང་དུ་མི་འགྲོ། མཐོ་རིས་སུ་མི་འགྲོ། ཡོངས་སུ་མྱ་ངན་ལས་འདས་པར་མི་འགྲོ་ན་ཅི་གང་གཱའི་ མཆོག་ཀྱང་ངན་སོང་དུ་མི་འགྲོ། མཐོ་རིས་སུ་མི་འགྲོ། ཡོངས་སུ་མྱ་ངན་ལས་འདས་པར་མི་འགྲོ་འམ། གང་གཱའི་མཆོག་གིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་བདག་གིས་དགེ་བསྙེན་མ་ གང་གཱའི་མཆོག་སྤྲུལ་པའི་རང་བཞིན་ལས་གཞན་ལགས་པར་མཐོང་ན་ནི་དགེ་བསྙེན་མ་གང་གཱའི་མཆོག་ངན་སོང་དུ་མཆི་བ་འམ་མཐོ་རིས་སུ་མཆི་བ་འམ་ཡོངས་སུ་མྱ་ངན་ལས་འདས་པར་མཆི་བ་མ་ ལགས་སོ་ཞེས་བདག་སྤྲུལ་པ་དང་བསྟུན་པ་ཡང་མི་རུང་ལགས་ན། བཅོམ་ལྡན་འདས་བདག་གིས་དགེ་བསྙེན་མ་གང་གཱའི་མཆོག་སྤྲུལ་པའི་རང་བཞིན་ལས་གཞན་ལགས་པར་མ་མཐོང་སྟེ། བཅོམ་ལྡན་འདས་དེ་ལྟར་བདག་གིས་མ་མཐོང་ན་དགེ་བསྙེན་མ་གང་གཱའི་མཆོག་ངན་སོང་དུ་མཆི་བ་འམ། མཐོ་རིས་སུ་མཆི་བ་འམ། ཡོངས་སུ་མྱ་ངན་ལས་འདས་པར་མཆི་བ་ཞེས་ཇི་སྐད་ བསྟན་པར་བགྱི། བཅོམ་ལྡན་འདས་དེ་ལྟ་ལགས་ཀྱིས་ཀྱང་གཡོ་བ་དང་། རློམ་སེམས་དང་། བསྐྱོད་པ་དང་། སྤྲོས་པ་མཆིས་ན་ཇི་ལྟར་འདི་སྙམ་དུ་བདག་ངན་སོང་དུ་འགྲོ་བ་འམ། མཐོ་རིས་སུ་ འགྲོ་བ་འམ། ཡོངས་སུ་མྱ་ངན་ལས་འདས་པར་འགྲོ་བའོ་སྙམ་དུ་སེམས་ལགས་ཏེ། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་དབྱིངས་ནི་ནམས་ཀྱང་ངན་སོང་དུ་མཆི་བ་འམ། མཐོ་རིས་ 82-1-250a སུ་མཆི་བ་འམ། ཡོངས་སུ་མྱ་ངན་ལས་འདས་པར་མཆི་བ་མ་ལགས་ཏེ། བཅོམ་ལྡན་འདས་དགེ་བསྙེན་མ་གང་གཱའི་མཆོག་ཀྱང་དེ་ལྟ་བུའི་དབྱིངས་ཅན་ལགས་སོ། །བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། གང་གཱའི་མཆོག་ཁྱོད་ཅི་ཡོངས་སུ་མྱ་ངན་ལས་འདས་པ་ལ་ཡང་དག་པར་མ་ཞུགས་སམ། གསོལ་པ། བཅོམ་ལྡན་འདས་སུ་ཞིག་གིས་མི་སྐྱེ་བ་ལ་སྨྲས་ཏེ། ཁྱོད་ ཡོངས་སུ་མྱ་ངན་ལས་འདས་པ་ལ་ཡང་དག་པར་མ་ཞུགས་སམ་ཞེས་དེ་སྐད་བགྱིས་ན་ཇི་སྐད་ལན་འདེབས་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གཱའི་མཆོག་ མི་སྐྱེ་བ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་ཚིག་བླ་དགས་ཡིན་ན་དེ་ཅི་ཞིག་ལན་འདེབས་པར་འགྱུར། གང་གཱའི་མཆོག་གིས་གསོལ་པ། བཅོམ་ལྡན་འདས་ཅི་ཆོས་ཐམས་ཅད་ནི་མྱ་ངན་ ལས་འདས་པ་དང་མཚུངས་པ་ལགས་སམ། བཀའ་སྩལ་པ། གང་གཱའི་མཆོག་དེ་དེ་བཞིན་ཏེ། ཆོས་ཐམས་ཅད་ནི་མྱ་ངན་ལས་འདས་པ་དང་མཚུངས་སོ། །གསོལ་པ། བཅོམ་ལྡན་འདས་ གལ་ཏེ་ཆོས་ཐམས་ཅད་མྱ་ངན་ལས་འདས་པ་དང་མཚུངས་པ་ལགས་ན་གང་གཱའི་མཆོག་ཁྱོད་ཡོངས་སུ་མྱ་ངན་ལས་འདས་པ་ལ་ཡང་དག་པར་མ་ཞུགས་སམ་ཞེས་ད་ཅི་ཞིག་སྨྲ་སྟེ། བཅོམ་ལྡན་འདས་སུ་ཞིག་གིས་སྤྲུལ་པ་ལ་སྨྲས་ཏེ། ཁྱོད་ཡོངས་སུ་མྱ་ངན་ལས་འདས་པ་ལ་ཡང་དག་པར་མ་ཞུགས་སམ་ཞེས་དེ་སྐད་བགྱིས་ན་ཇི་སྐད་ལན་འདེབས་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གཱའི་མཆོག་དྲི་བ་འདི་ནི་དམིགས་པ་མེད་པའོ། །གསོལ་པ། ཅི་བཅོམ་ལྡན་འདས་ཀྱིས་དམིགས་པ་དང་བཅས་པའི་སྨྲ་བས་སྨྲས་ལགས་སམ། 82-1-250b བཀའ་སྩལ་པ། གང་གཱའི་མཆོག་དྲི་བ་འདི་ནི་དམིགས་པ་མེད་མོད་ཀྱི། འོན་ཀྱང་འཁོར་འདི་ནི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འདུ་བ་དག་ཡོད་དེ། དེ་དག་གི་དོན་ཆེན་པོར་འགྱུར་བས་ དྲིས་སོ། །དེ་ཅིའི་ཕྱིར་ཞེ་ན། གང་གཱའི་མཆོག་དེ་བཞིན་གཤེགས་པས་ནི་ཆོས་ཉིད་ཅེས་བྱ་བ་ཡང་མངོན་པར་རྫོགས་པར་སངས་མ་རྒྱས་ན་གང་དེ་ལས་བྱུང་བའི་ཆོས་ཡོངས་སུ་མྱ་ངན་ལས་ འདས་པ་ལ་གནས་པ་ལྟ་ག་ལ་ཡོད། གསོལ་པ། གལ་ཏེ་བཅོམ་ལྡན་འདས་ཀྱིས་ཆོས་ཉིད་ཅེས་བགྱི་བ་ཡང་མངོན་པར་རྫོགས་པར་སངས་མ་རྒྱས་ཏེ། དེ་ལས་བྱུང་བའི་ཆོས་ལྟ་གང་ ཞིག་མཆིས་པར་གྱུར་ན་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་སླད་དུ་ཇི་ལྟར་དགེ་བའི་རྩ་བ་ཡང་དག་པར་བསྒྲུབས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གཱའི་མཆོག་གང་ དམིགས་པ་དེ་ནི་དགེ་བའི་རྩ་བ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་དེ་ནི་གང་གི་ཚེ་ཡང་དག་པར་སྒྲུབ་པ་དེའི་ཚེ་ཡང་བསམ་གྱིས་མི་ཁྱབ་པ་ཉིད་མི་འདོར་རོ། །གང་གི་ཚེ་ ཡང་དག་པར་མི་སྒྲུབ་པ་དེའི་ཚེ་ཡང་བསམ་གྱིས་མི་ཁྱབ་པ་ཉིད་མི་འདོར་རོ། །གསོལ་པ། བཅོམ་ལྡན་འདས་བསམ་གྱིས་མི་ཁྱབ་པ་ལ་བསམ་གྱིས་མི་ཁྱབ་པ་ཞེས་བགྱི་བ་ ཅིའི་སླད་དུ་བསམ་གྱིས་མི་ཁྱབ་པ་ལ་བསམ་གྱིས་མི་ཁྱབ་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གཱའི་མཆོག་ཆོས་འདི་ནི་སེམས་པས་ཐོབ་པར་བྱ་བ་མ་ཡིན་ཏེ། སེམས་པས་ཐོབ་པར་བྱར་མི་ནུས། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འདི་ལ་ནི་སེམས་ཉིད་ཀྱང་མི་དམིགས་ན་གང་སེམས་ལས་རབ་ཏུ་བྱུང་བའི་ཆོས་ལྟ་ག་ལ་ཡོད། གང་གཱའི་མཆོག་སེམས་མི་དམིགས་པ་ནི་བསམ་གྱིས་ 82-1-251a མི་ཁྱབ་པའི་རྒྱུད་ཅེས་བྱའོ། །བསམ་གྱིས་མི་ཁྱབ་པའི་རྒྱུད་གང་ཡིན་པ་དེ་ནི་ཐོབ་པ་མ་ཡིན། མངོན་པར་རྟོགས་པ་མ་ཡིན། ཤེས་པ་མ་ཡིན། མངོན་སུམ་དུ་བྱས་པ་མ་ཡིན་ཏེ། དེ་ནི་ཐོབ་པར་བྱ་བ་མ་ཡིན། ཀུན་ནས་ཉོན་མོངས་པ་མ་ཡིན་རྣམ་པར་བྱང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་གཱའི་མཆོག་འདི་ལྟར་དེ་བཞིན་གཤེགས་པས་ནི་ཆོས་ཐམས་ཅད་ནམ་ མཁའ་ལྟར་ངེས་པར་ཐུགས་སུ་ཆུད་དེ། གང་གཱའི་མཆོག་ཆོས་ཐམས་ཅད་ནི་ནམ་མཁའ་དང་མཚུངས་པ་གཉེན་པོ་མེད་པའོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་ནམ་ མཁའ་དང་མཚུངས་པ་གཉེན་པོ་མ་མཆིས་པ་ལགས་ན་བཅོམ་ལྡན་འདས་ཀྱིས་གཟུགས་ཤེས་བཏགས་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ ཞེས་བཏགས་པ་དང་། ཕུང་པོ་རྣམས་དང་། ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མ་མཆིས་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། འཁོར་བ་དང་། མྱ་ངན་ལས་འདས་པ་ཞེས་བཏགས་པ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གཱའི་མཆོག་འདི་ ལྟ་སྟེ་དཔེར་ན་བདག་བདག་ཅེས་འདོགས་ཀྱང་བདག་གང་ཡང་མི་དམིགས་པ་དེ་བཞིན་དུ་གང་གཱའི་མཆོག་ངས་གཟུགས་ཤེས་བཏགས་ཏེ་གཟུགས་གང་ཡང་མི་དམིགས་སོ། །དེ་བཞིན་ དུ་ངས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཞེས་བཏགས་ཏེ་རྣམ་པར་ཤེས་པ་གང་ཡང་མི་དམིགས་སོ། །ཕུང་པོ་རྣམས་དང་། ཁམས་རྣམས་དང་། 82-1-251b སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། འཁོར་བ་དང་། མྱ་ངན་ ལས་འདས་པ་ཞེས་བྱ་བ་ཡང་ངས་བཏགས་ཏེ་མྱ་ངན་ལས་འདས་པ་གང་ཡང་མི་དམིགས་སོ། །གང་གཱའི་མཆོག་འདི་ལྟ་སྟེ་དཔེར་ན་སྨིག་རྒྱུ་རྣམས་ལ་ནི་ཆུ་ཡོད་མེད་དེ་མི་དམིགས་སོ། ། གང་གཱའི་མཆོག་དེ་བཞིན་དུ་ངས་གཟུགས་ཤེས་བྱ་བར་བཏགས་ཀྱང་གཟུགས་གང་ཡང་མི་དམིགས་སོ། །ངས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཞེས་ བཏགས་ཀྱང་རྣམ་པར་ཤེས་པ་གང་ཡང་མི་དམིགས་སོ། །ཕུང་པོ་རྣམས་དང་། ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། ཟག་པ་དང་བཅས་པ་དང་། ཟག་ པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། འཁོར་བ་དང་། མྱ་ངན་ལས་འདས་པ་ཞེས་བྱ་བར་ངས་བཏགས་ཀྱང་དོན་དམ་པར་ན་དེ་དག་ཐམས་ཅད་མེད་ཅིང་མི་དམིགས་ སོ། །གང་གཱའི་མཆོག་གང་ཆོས་ལ་མཆོག་ཏུ་འཛིན་པ་མེད་པར་ཚངས་པར་སྤྱད་པ་སྤྱོད་པ་དེ་ལྟ་བུ་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ཚངས་པར་སྤྱོད་པ་ལ་གནས་པ་ཡིན་ནོ། །གང་ གཱའི་མཆོག་མངོན་པའི་ང་རྒྱལ་ཅན་གནས་དམིགས་ནས་ཚངས་པར་སྤྱད་པར་སྤྱོད་པ་དེ་དག་གི་ཚངས་པར་སྤྱོད་པ་དེ་ནི་ཡོངས་སུ་མ་དག་པའོ་ཞེས་ང་སྨྲའོ། །གང་དག་ཚངས་པར་སྤྱོད་པ་ཡོངས་སུ་ མ་དག་པ་དེ་དག་ནི་ཟབ་མོ་རྒྱུད་ཆད་པའི་ཆོས་འདི་ལྟ་བུ་འདི་ཐོས་ན་དངངས་སྐྲག་པར་འགྱུར་ཏེ། དེ་དག་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། 82-1-252a སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ལས་ཡོངས་སུ་མི་འགྲོལ་ཏེ། དེ་དག་ནི་སྡུག་བསྔལ་གྱི་སྐལ་པ་ཅན་དུ་འགྱུར་རོ་ཞེས་ང་སྨྲའོ། །གང་གཱའི་མཆོག་ད་ལྟར་རམ་ ང་འདས་པའི་ཕྱིན་ཡང་རུང་སྟེ། གང་དག་ཟབ་མོ་རྒྱུད་ཆད་པ་འདི་ལྟ་བུའི་ཆོས་སྟོན་པ་དེ་དག་ལ་མི་གཏི་མུག་པ་དག་གསོད་པ་པོའི་འདུ་ཤེས་སྐྱེད་པར་འགྱུར་ཏེ། དེ་ལྟར་མི་གཏི་མུག་པ་དེ་དག་ལོག་ པར་ཟིན་པས་བསད་པའི་ཞེ་སྡང་བསྐྱེད་ནས་ངན་སོང་དུ་འགྲོ་བར་འགྱུར་རོ། །གང་གཱའི་མཆོག་གིས་གསོལ་པ། བཅོམ་ལྡན་འདས་རྒྱུད་ཆད་པ་རྒྱུད་ཆད་པ་ཞེས་བགྱི་བ་ཅིའི་སླད་དུ་རྒྱུད་ཆད་ པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གཱའི་མཆོག་ཆོས་འདི་ནི་རྒྱུད་གཅད་པ་འམ། དབྱེ་བ་འམ། རྣམ་པར་གཞིག་པ་མ་ཡིན་ཏེ། དེའི་ཕྱིར་རྒྱུད་ཆད་པ་ཞེས་བྱ་སྟེ། འདི་ནི་ཡང་དག་པའི་མཐའ་ཞེ་བྱ། བསམ་གྱིས་མི་ཁྱབ་པའི་རྒྱུད་ཅེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཛུམ་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་ འོད་ཟེར་ཁ་དོག་སྣ་ཚོགས་ཁ་དོག་དུ་མ་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། བཙོད་ཀ་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་ནས་དེ་དག་གིས་ འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་སྣང་བར་བྱས་ཏེ་འོད་ཀྱིས་ཁྱབ་པར་བྱས་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་བྱུང་སྟེ་སླར་ལོག་ནས་བཅོམ་ལྡན་འདས་ཀྱི་ཞལ་ གྱི་སྒོར་ནུབ་བོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ 82-1-252b བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ནི་རྒྱུ་མ་མཆིས་པར་འཛུམ་པ་མི་མཛད་ན་འཛུམ་པ་མཛད་པའི་རྒྱུ་གང་ལགས་རྐྱེན་གང་ ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ངས་མངོན་པར་ཤེས་ཏེ། ས་ཕྱོགས་འདི་ཉིད་དུ་དེ་བཞིན་གཤེགས་པ་སྟོང་གིས་གང་གཱའི་མཆོག་ཅེས་བྱ་བ་ཁོ་ནའི་དགེ་བསྙེན་མ་ ཤ་སྟག་ལས་བརྩམས་ཏེ། ཆོས་ཀྱི་རྣམ་གྲངས་འདི་བཤད་དོ། །དགེ་བསྙེན་མ་དེ་དག་ཐམས་ཅད་ནི་རབ་ཏུ་བྱུང་ནས་ཕུང་པོ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་ བསྩལ་པ། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ནི་དྲི་མ་མེད་པ་ཞེས་བྱ་སྟེ། འདི་དྲི་མ་མེད་པ་ཞེས་བྱ་བར་ཟུང་ཤིག །ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན་དགེ་སློང་བདུན་བརྒྱ་དང་། དགེ་སློང་ མ་བཞི་བརྒྱ་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དེ་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་ཀྱིས་ལྷའི་མེ་ཏོག་རྣམས་དང་། ཙན་དན་གྱི་ཕྱེ་མ་རྣམས་ མངོན་པར་སྤྲུལ་ཏེ། བཅོམ་ལྡན་འདས་ལ་གཏོར་ནས་ཚིག་འདི་སྐད་ཅེས་འདི་ལྟར་གྲོང་ཁྱེར་མཉན་ཡོད་ན་དགེ་བསྙེན་མ་འདི་ལྟ་བུ་གནས་ལ་དེ་དེ་བཞིན་གཤེགས་པ་དང་ལྷན་ཅིག་ཏུ་སྨྲ་ཡང་དེའི་ལུས་ ངལ་བར་ཡང་མི་འགྱུར་བ་དང་། ཇི་ལྟར་ཡང་གང་གཱའི་མཆོག་འདི་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་ཤིང་དགེ་བའི་རྩ་བ་བསྐྱེད་པ་དང་། ཡུན་རིང་པོ་ནས་དགེ་བ་སྤྱད་པ་དང་། ཡུན་རིང་པོ་ནས་ 82-1-253a ཚངས་པར་སྤྱད་པ་དང་། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་འདི་ནི་ངོ་མཚར་ཏོ་ཞེས་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་དེ་དེ་བཞིན་ཏེ། འདི་ནི་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། ཡུན་རིང་དུ་ཚངས་པར་སྤྱད་པ་ལ་གནས་པའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་བསྙེན་ མ་གང་གཱའི་མཆོག་དང་། ལྷ་དང་། མི་དང་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ། ། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་གང་གཱའི་མཆོག་གིས་ཞུས་པའི་ལེའུ་ཞེས་བྱ་སྟེ་སུམ་བཅུ་རྩ་གཅིག་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ། ། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་སུམ་བཅུ་རྩ་གཉིས་པ་སྟེ་འཕགས་པ་མྱ་ངན་མེད་ཀྱིས་བྱིན་པ་ལུང་བསྟན་པ། བམ་པོ་གཅིག་པ། རྒྱ་གར་སྐད་དུ། ཨཱརྱ་ཨ་ཤོ་ཀ་དད་ཏ་བྱཱ་ཀ་ར་ཎ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་མྱ་ངན་མེད་ཀྱིས་བྱིན་པ་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་ 82-1-253b འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་བརྒྱད་སྟོང་ཐམས་ཅད་ཀྱང་གཟུངས་ཐོབ་པ། སྤོབས་པ་ཐོགས་པ་མེད་པ། མངོན་པར་ཤེས་པ་སྒྲུབ་པ་ལ་མཁས་པ། ཆོས་ཟབ་མོའི་ཚུལ་ལ་ གནས་པ་སྟོང་པ་ཉིད་ལ་གནས་པ། མཚན་མ་མེད་པ་ལ་གནས་པ། སྨོན་པ་མེད་པ་ལ་གནས་པ། མི་དམིགས་པའི་ཆོས་ལ་གནས་པ། མི་གནས་པར་ཆོས་སྟོན་པ། མི་སྐྱེ་བའི་ཆོས་ལ་བཟོད་ པ་དང་ལྡན་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ལྷུན་པོ་དང་། བྱང་ཆུབ་སེམས་དཔའ་ལྷུན་པོ་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་ཡེ་ཤེས་ལྷུན་པོ་དང་། བྱང་ཆུབ་སེམས་དཔའ་ རིན་ཆེན་སེང་གེ་དང་། བྱང་ཆུབ་སེམས་དཔའ་སེང་གེ་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་རྟག་ཏུ་ལག་བརྐྱང་དང་། བྱང་ཆུབ་སེམས་དཔའ་རྟག་ཏུ་ལགས་བསྒྲེང་དང་། བྱང་ཆུབ་སེམས་ དཔའ་རྟག་ཏུ་བརྩོན་དང་། བྱང་ཆུབ་སེམས་དཔའ་རྟག་ཏུ་འཛུམ་ཞིང་རབ་ཏུ་དགའ་བ་དང་། བྱང་ཆུབ་སེམས་དཔའ་དབང་པོ་ལས་འདས་པ་དང་། བྱང་ཆུབ་སེམས་དཔའ་རྟག་ཏུ་གདུང་དང་། བྱང་ཆུབ་སེམས་དཔའ་རིན་ཆེན་སེམས་དང་། བྱང་ཆུབ་སེམས་དཔའ་ལག་ན་རིན་ཆེན་དང་། བྱང་ཆུབ་སེམས་དཔའ་ལག་ན་རིན་ཆེན་ཐོགས་དང་། བྱང་ཆུབ་སེམས་དཔའ་རིན་ཆེན་བཀྲ་ལྡན་དང་། བྱང་ཆུབ་སེམས་དཔའ་ཁ་ལོ་སྒྱུར་དང་། བྱང་ཆུབ་སེམས་དཔའ་ཁ་ལོ་སྒྱུར་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་བདེན་པ་ལ་དགའ་བ་དང་། བྱང་ཆུབ་སེམས་དཔའ་བྱམས་པ་དང་། བྱང་ཆུབ་སེམས་ དཔའ་འཇམ་དཔལ་གཞོན་ནུར་གྱུར་བ་དང་། སྐྱེས་བུ་དམ་པ་བརྒྱད་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་བཟང་སྐྱོང་དང་། བྱང་ཆུབ་སེམས་དཔའ་དཀོན་མཆོག་འབྱུང་གནས་དང་། བྱང་ 82-1-254a ཆུབ་སེམས་དཔའ་ཕུག་སྦས་དང་། བྱང་ཆུབ་སེམས་དཔའ་དབང་པོའི་ལྷ་དང་། བྱང་ཆུབ་སེམས་དཔའ་ཆུ་ལྷའི་ལྷ་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་ཡངས་པ་དང་། བྱང་ཆུབ་སེམས་ དཔའ་བློ་གྲོས་ཁྱད་པར་ཅན་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་འཕེལ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་སྟོང་དང་ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་དེའི་ཚེ་བཅོམ་ ལྡན་འདས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན་གནས་ཤིང་བཞུགས་པ་ལ་རྒྱལ་པོ་མ་སྐྱེས་དགྲ་དང་། རྒྱལ་པོའི་བཀའ་ལ་གཏོགས་པ་དང་། བློན་པོ་དང་། སྣ་ཆེན་པོ་ལ་གཏོགས་པ་དང་། ཞང་བློན་གྱི་བུ་ ཚ་དང་། ཞབས་དྲུང་ན་འཁོད་པ་དང་། ཕོ་བྲང་འཁོར་གྱི་མི་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། ཁྱིམ་བདག་རྣམས་ཀྱིས་སྟི་སྟང་དུ་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་ཏེ། དེ་ནས་བཅོམ་ལྡན་འདས་ འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་བསྟན་པ་འདི་ལྟ་སྟེ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་ བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་རབ་ཏུ་སྟོན་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་ འོད་སྲུངས་ཆེན་པོ་དང་། ཚེ་དང་ལྡན་པ་རབ་འབྱོར་དང་། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་དང་། ཚེ་དང་ལྡན་པ་རྟ་ཐུལ་དང་། ཚེ་དང་ལྡན་པ་ཉེ་བར་འཁོར་དང་། ཚེ་དང་ལྡན་པ་སྒྲ་གཅན་ཟིན་དང་། ཚེ་དང་ ལྡན་པ་ནམ་གྲུ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཚེ་དང་ལྡན་པ་མ་འགགས་པ་དང་། དེ་དག་དང་གཞན་ཡང་ཉན་ཐོས་ཆེན་པོ་རབ་ཏུ་མང་པོ་རྣམས་སྔ་དྲོའི་དུས་ཀྱི་ཚེ་ཆོས་གོས་དང་ཤམ་ཐབས་ 82-1-254b བགོས་ནས་ལྷུང་བཟེད་ཐོགས་ཏེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ཀྱི་ཕྱིར་ཞུགས་སོ། །དེ་ནས་ཉན་ཐོས་ཆེན་པོ་དེ་དག་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་མཐར་ཆགས་སུ་བསོད་སྙོམས་ ཀྱི་ཕྱིར་རྒྱུ་ཞིང་མཐར་གྱིས་རྒྱལ་པོ་མ་སྐྱེས་དགྲའི་ཕོ་བྲང་ག་ལ་བ་དེར་དོང་སྟེ་ལྷགས་ནས་ཕྱོགས་གཅིག་ཏུ་ཅང་མི་སྨྲ་བར་འཁོད་དོ། །ཡང་དེའི་ཚེ་རྒྱལ་པོ་མ་སྐྱེས་དགྲའི་ཕོ་བྲང་ན་བུ་མོ་མྱ་ངན་མེད་ ཀྱིས་བྱིན་པ་ཞེས་བྱ་བ་བཙས་ནས་ལོ་བཅུ་གཉིས་ལོན་པ་འདྲ་བ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ། སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་ བྱས་པ། དགེ་བའི་རྩ་བ་བསྐྱེད་པ། སངས་རྒྱས་བརྒྱ་སྟོང་མང་པོ་ལ་བསྙེན་བཀུར་བྱས་པ། བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དེ་རང་གི་ཕའི་ཁང་བཟངས་ན་ཁྲི་གསེར་གྱི་རྐང་པ་ཅན་ཡོད་པ་ ལ་འདུག་པར་གྱུར་ཏོ། །དེ་ནས་བུ་མོ་མྱ་ངན་མེད་ཀྱིས་བྱིན་པས་ཉན་ཐོས་ཆེན་པོ་དེ་དག་མཐོང་ན་ཁྲི་དེ་ལས་མ་ལངས་ཏེ་སུར་ཡང་མི་འགྲོ། ཕྱག་ཀྱང་མི་བྱེད། གཏམ་ཡང་མི་ཟེར། སྟན་ཡང་མི་འདིང་ བསོད་སྙོམས་ཡང་མི་འབུལ་བར་ཁ་རོག་སྟེ་འདུག་གོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་ཉན་ཐོས་ཆེན་པོ་དེ་དག་རྒྱལ་པོའི་ཕོ་བྲང་དུ་འོངས་ཤེས་ཐོས་ནས་རང་གི་ཁང་བཟངས་ཀྱི་སྔ་ཁང་ག་ལ་བ་དེར་ སོང་སྟེ་ཕྱིན་ནས་ཉན་ཐོས་ཆེན་པོ་དེ་དག་ལ་མཆོག་ཏུ་སྡུག་པར་འཛིན་པས་མངོན་པར་དགའ་ཞིང་སྟན་ཡང་བཏིང་ངོ་། །རྒྱལ་པོ་མ་སྐྱེས་དགྲས་བུ་མོ་མྱ་ངན་མེད་ཀྱིས་བྱིན་པས་ཉན་ཐོས་ཆེན་པོ་ དེ་དག་མཐོང་བཞིན་དུ་ཁ་རོག་སྟེ་འདུག་པ་མཐོང་ནས་བུ་མོ་མྱ་ངན་མེད་ཀྱིས་བྱིན་པ་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་འདི་དག་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ 82-1-255a པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེའི་ཉན་ཐོས་ཆེན་པོ་སྟེ། ཆེ་བ་ཉིད་ཀྱི་ཡོན་ཏན་གྱི་ཆོས་དང་ལྡན་པ། ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ་བདག་གི་དོན་ རྗེས་སུ་ཐོབ་པ། སྲིད་པ་ཀུན་དུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། བསོད་ནམས་ཀྱི་ཞིང་དུ་གྱུར་པ། སྙིང་བརྩེ་བ་ཅན་ཡིན་ཏེ། འཇིག་རྟེན་ལ་སྙིང་ བརྩེ་བའི་ཕྱིར་བསོད་སྙོམས་ཀྱི་ཕྱིར་རྒྱུ་བ་ཁྱོད་ཀྱིས་མི་ཤེས་སམ། ཅི་ན་ཁྱོད་ཀྱིས་དེ་དག་མཐོང་ལ། མཐོང་བཞིན་དུ་ཁྲི་ལས་ཀྱང་མི་ལྡང་། བསུ་བར་ཡང་མི་བྱེད་ཕྱག་ཀྱང་མི་འཚལ། གཏམ་ཡང་མི་ ཟེར། སྟན་དང་བསོད་སྙོམས་ལ་ཡང་སྤྱན་མི་འདྲེན། དད་པ་དང་གུས་པ་ཡང་མི་སྐྱེད་པར་ཅིའི་ཕྱིར་མ་གུས་པར་སྟོན་ཅིང་ཁ་རོག་སྟེ་འདུག །ཁྱོད་ཀྱིས་དོན་གྱི་དབང་ཅི་ཞིག་མཐོང་། དེ་སྐད་ཅེས་སྨྲས་པ་ དང་། བུ་མོ་མྱ་ངན་མེད་ཀྱིས་བྱིན་པས་རང་གི་ཕ་རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲས་སོ། །ཡབ་འདི་ཇི་སྙམ་དུ་དགོངས། ཅི་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྒྱལ་ཕྲན་ལ་ལྡང་བ་འམ། བསུར་ མཆི་བ་ནམ་ཡང་གསན་ཏམ། གཟིགས་སམ། རྒྱལ་པོས་སྨྲས་པ། བུ་མོ་དེ་ནི་མ་ཡིན་ནོ། །བུ་མོས་སྨྲས་པ། ཡབ་ཅི་ལྷའི་དབང་པོ་བརྒྱ་བྱིན་ལྷ་གཞན་དག་ལ་ལྡང་བ་འམ། སུར་མཆི་འམ། རྒྱལ་པོས་སྨྲས་པ། བུ་མོ་དེ་ནི་མ་ཡིན་ནོ། །བུ་མོས་སྨྲས་པ། ཡབ་ཅི་མི་མཇེད་ཀྱི་བདག་པོ་ཚངས་པ་ལྷ་གཞན་དག་ལ་ལྡང་ངམ། སུར་མཆི་འམ། རྒྱལ་པོས་སྨྲས་པ། བུ་མོ་དེ་ནི་མ་ཡིན་ནོ། །བུ་མོས་ སྨྲས་པ། ཡབ་ཅི་རྒྱ་མཚོ་ཆེན་པོ་མཚོ་དང་། མཚེའུ་དང་། ཆུ་མིག་དང་། མཚོ་བྲན་དང་། ལྟེང་ཀ་དང་། ཁྲོན་པ་ལ་ཕྱག་འཚལ་བ་གསན་ཏམ། གཟིགས་སམ། རྒྱལ་པོས་སྨྲས་པ། བུ་མོ་དེ་ནི་མ་ཡིན་ནོ། ། 82-1-255b བུ་མོས་སྨྲས་པ། ཡབ་ཅི་རིའི་རྒྱལ་པོ་རི་རབ་རི་ནག་པོ་གཞན་དག་ལ་འདུད་པ་འམ། ཕྱག་འཚལ་བ་གསན་ཏམ། གཟིགས་སམ། རྒྱལ་པོས་སྨྲས་པ། བུ་མོ་དེ་ནི་མ་ཡིན་ནོ། །བུ་མོས་ སྨྲས་པ། ཡབ་ཅི་ཉི་མ་དང་། ཟླ་བ་དང་། སྐར་མའི་ཚོགས་སྲིན་བུ་མེ་ཁྱེར་གྱི་འོད་འདོད་པ་གསན་ཏམ། གཟིགས་སམ། རྒྱལ་པོས་སྨྲས་པ། བུ་མོ་དེ་ནི་མ་ཡིན་ནོ། །བུ་མོས་སྨྲས་པ། ཡབ་ཅི་རི་དགས་ཀྱི་རྒྱལ་པོ་སེང་གེ་ཝ་ལ་ལྡང་བ་འམ། བསུར་མཆི་བ་གསན་ཏམ། གཟིགས་སམ། རྒྱལ་པོས་སྨྲས་པ། བུ་མོ་དེ་ནི་མ་ཡིན་ནོ། །བུ་མོས་སྨྲས་པ། ཡབ་དེ་བཞིན་དུ་སུ་ཞིག་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོའི་སེང་གེའི་སྒྲ་བསྒྲགས་ལ་དམན་པ་ལ་མོས་པའི་ཉན་ཐོས་ཝ་ལྟ་བུར་གྱུར་བ་བྱམས་ པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་བྲལ་བ་དག་ལ་དགའ་ཞིང་ལྡང་བ་འམ། བསུར་མཆི་བ་འམ། ཕྱག་འཚལ་བ་འམ། བཀུར་སྟི་བགྱིད། ཡབ་ཆོས་ཀྱི་རྒྱལ་པོ་ཆེན་པོ་སུ་ཞིག་ཆོས་ཀྱི་ འཁོར་ལོ་བླ་ན་མེད་པ་བསྐོར་ཏམ། སྐོར་བར་བགྱིད་པ་ན་ཉན་ཐོས་དམན་པ། ཞན་པ་ཞུམ་པ། ཉི་ཚེ་བའི་ཤེས་པ་དང་ལྡན་པ་རྣམས་ལ་དགའ་བས་ཕྱག་འཚལ་བ་འམ། འདུད་ པ་བགྱིད། ཡབ་ལྷའི་བདག་པོ་ལྷའི་དབང་པོ་ལྟ་བུ་སུ་ཞིག་རྣམ་པར་དག་པའི་ལྷའི་བདག་པོ་དོན་དུ་གཉེར་པ་ན་དགེ་བ་ཆུང་བའི་ལྷ་ལྟ་བུའི་ཉན་ཐོས་དག་ལ་འདོད་པ་འམ། ཕྱག་འཚལ་ བ་འམ། ལྡང་བ་འམ། བསུར་མཆི་བར་བགྱིད། ཡབ་མི་མཇེད་ཀྱི་བདག་པོ་ཚངས་པ་ལྟ་བུ་སུ་ཞིག་འཇིག་རྟེན་ན་ཚངས་པའི་སྔ་ཁང་བླ་ན་མེད་པ་དོན་དུ་གཉེར་བ་ན་དགེ་བའི་རྩ་བ་ 82-1-256a ཆུང་བའི་ཚངས་པ་ལྟ་བུའི་ཉན་ཐོས་དག་ལ་འདོད་པ་འམ། ལྡང་བ་འམ། སུར་མཆི་བ་འམ། ཕྱག་འཚལ་བར་བགྱིད། ཡབ་སུ་ཞིག་ཡེ་ཤེས་རྒྱ་མཚོ་དཔག་ཏུ་མེད་པ་མི་མཉམ་པ་དང་ མཉམ་པའི་ཆོས་རྟོགས་པ་ཚོལ་བ་ན་བ་ལང་གི་རྨིག་རྗེས་ཀྱི་ཆུ་ལྟ་བུའི་ཚུལ་ཁྲིམས་ཀྱི་རྗེས་སུ་སོང་བའི་ཉན་ཐོས་དག་ལ་འདོད་པ་འམ། ལྡང་བ་འམ། སུར་མཆི་བ་འམ། ཕྱག་འཚལ་བར་བགྱིད། ཡབ་སུ་ཞིག་རི་རབ་ལྟ་བུའི་བསམ་གཏན་དང་། རྣམ་པར་ཐར་པ་དང་ལྡན་པའི་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་དོན་དུ་གཉེར་བ་ན་ཡུངས་འབྲུ་ལྟ་བུའི་ཏིང་ངེ་འཛིན་གྱི་སྟོབས་དང་ལྡན་པའི་ཉན་ ཐོས་དག་ལ་ལྡང་བ་འམ། བསུར་མཆི་བ་འམ། ཕྱག་འཚལ་བ་འམ། འདུད་པ་འམ། འདོད་པ་སྐྱེད་པར་བགྱིད། ཡབ་སུ་ཞིག་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆེ་བ་ཉིད་ཤེས་རབ་དང་། བསོད་ ནམས་དང་། ཡེ་ཤེས་དང་། ཡོན་ཏན་ཉི་མ་དང་ཟླ་བའི་སྣང་བ་དཔག་ཏུ་མེད་པ་ལྟ་བུ་ཐོས་ནས་སྲིན་བུ་མེ་ཁྱེར་གྱི་འོད་ལྟ་བུ་རང་གི་རྒྱུད་ལ་སྣང་བ་གནས་པ་གཞན་གྱི་སྒྲའི་རྗེས་སུ་སོང་བའི་ཉན་ཐོས་དག་གི་ རྣམ་པར་གྲོལ་བ་ལ་འདོད་པ་སྐྱེད་པར་བགྱིད། བདག་ནི་དེ་བཞིན་གཤེགས་པ་རྣམས་ཡོངས་སུ་མྱ་ངན་ལས་འདས་ཀྱང་ཉན་ཐོས་རྣམས་ལ་ཕྱག་མི་འཚལ་ན་བཞུགས་བཞིན་དུ་ལྟ་ཅི་སྨྲོས། དེ་ཅིའི་སླད་ དུ་ཞེ་ན། སུ་ཞིག་ཟླ་བ་དང་ཉི་མའི་དཀྱིལ་འཁོར་བཏང་ཏེ་སྲིན་བུ་མེ་ཁྱེར་ལ་ཕྱག་འཚལ་བར་བགྱིད། ཡབ་གང་ཉན་ཐོས་ལ་སྟེན་པ་ནི་ཉན་ཐོས་ཀྱི་སེམས་དང་གནས་པར་འགྱུར་རོ། །ཡང་དག་ པར་རྫོགས་པའི་སངས་རྒྱས་ལ་སྟེན་ན་ཐམས་ཅད་མཁྱེན་པའི་རིན་པོ་ཆེའི་སེམས་བསྐྱེད་པ་དང་གནས་པར་འགྱུར་རོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་བུ་མོ་མྱ་ངན་མེད་ཀྱིས་བྱིན་པ་ལ་འདི་སྐད་ཅེས་ 82-1-256b སྨྲས་སོ། །འདི་ལྟར་ཁྱོད་ཉན་ཐོས་འདི་དག་མཐོང་བཞིན་དུ་མི་ལྡང་ཞིང་བསུར་མི་འགྲོ་ལ་ཕྱག་མི་འཚལ་ཞིང་བསྙེན་བཀུར་མི་བྱེད་དེ། འདི་དག་སྟན་དང་། བསོད་སྙོམས་ལ་སྤྱན་མི་འདྲེན་པ་ནི་བུ་ མོ་ཁྱོད་ལྷག་པའི་ང་རྒྱལ་ཅན་ཞིག་གོ། །དེ་སྐད་ཅེས་སྨྲས་པ་དང་། བུ་མོ་མྱ་ངན་མེད་ཀྱིས་བྱིན་པས་རང་གི་ཕ་རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲས་སོ། །ཡག་བདག་ནི་ལྷག་པའི་ང་རྒྱལ་ཅན་མ་ལགས་སོ། ། དེ་ཅིའི་སླད་དུ་ཞེ་ན། ཡབ་ཁྱོད་ཉིད་གྲོང་ཁྱེར་གྱི་དབུལ་པོ་རྣམས་ལ་མི་བཞེངས། བསུར་མི་བཞུད། སྟན་མི་འདིངས་པ་ལས་ན་ཁྱོད་ཉིད་ལྷག་པའི་ང་རྒྱལ་ཅན་ལགས་པ་སྙམ་བགྱིད་དོ། །རྒྱལ་པོས་སྨྲས་པ། བུ་མོ་དེ་དག་ནི་ང་དང་མཚུངས་པ་མ་ཡིན་ནོ། །བུ་མོས་སྨྲས་པ། ཡབ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་མཚུངས་པ་མ་ལགས་སོ། ། རྒྱལ་པོས་སྨྲས་པ། བུ་མོ་བྱང་ཆུབ་སེམས་དཔའ་རྣམས་ནི་ང་རྒྱལ་དང་དྲེགས་པ་སྤངས་ཏེ་སེམས་ཅན་ཐམས་ཅད་ལ་འདུད་ཅིང་ཕྱག་འཚལ་བར་མི་བྱེད་དམ། བུ་མོས་སྨྲས་པ། ཡབ་བྱང་ཆུབ་སེམས་དཔའ་ ནི་འཁོན་དུ་འཛིན་པ་དང་། ཐ་བ་དང་། ཁྲོ་བ་དང་། གནོད་སེམས་དང་། ཉེས་པ་སྤངས་པ་དང་། དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བགྱིད་པའི་སླད་དུ་སེམས་ཅན་ཐམས་ཅད་ལ་འདུད་ཅིང་ཕྱག་འཚལ་ལོ། །ཡབ་ཉན་ཐོས་ཆེན་ པོ་འདི་དག་ལ་ནི་འཁོན་དུ་འཛིན་པ་དང་། ཐ་བ་དང་། ཁྲོ་བ་དང་། གནོད་སེམས་དང་། ཉེས་པ་བསལ་བར་བགྱི་བ་མ་མཆིས། སྤང་བར་བགྱི་བ་དང་། དགེ་བ་འཕེལ་བར་བགྱི་བ་ཡང་མ་མཆིས་ཏེ། ཡབ་ཉན་ཐོས་ ཐམས་ཅད་ལ་ནི་སངས་རྒྱས་འབུམ་གྱིས་ཉན་ཐོས་ཀྱི་ཚུལ་ཁྲིམས་ཇི་སྙེད་པ་དང་། ཏིང་ངེ་འཛིན་ཇི་སྙེད་པ་དང་། ཤེས་རབ་ཇི་སྙེད་པའི་ཆོས་བསྟན་དུ་ལགས་ཀྱང་། ཡབ་དེ་དག་ལ་ནི་ཚུལ་ཁྲིམས་ཀྱང་ག་ལས་ 82-1-257a མཆི། ཏིང་ངེ་འཛིན་ཀྱང་ག་ལས་མཆི། ཤེས་རབ་ཀྱང་ག་ལས་མཆི། རྣམ་པར་གྲོལ་བ་ཡང་ག་ལས་མཆི། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཡང་ག་ལས་མཆི། ཡབ་འདི་ལྟ་སྟེ་ དཔེར་ན་བུམ་པ་ཆབ་ཀྱིས་གཏམས་པའི་ནང་དུ་ཆར་བབ་ན་དེར་ཆབ་ཀྱི་ཐིགས་པ་གཅིག་ཀྱང་མི་ལེན་ལ། དེར་གནས་པར་ཡང་མི་འགྱུར་རོ། །ཡབ་དེ་བཞིན་དུ་ཉན་ཐོས་རྣམས་ལ་གལ་ཏེ་སངས་རྒྱས་འབུམ་ གྱིས་ཆོས་བཤད་དུ་ལགས་ཀྱང་དེ་དག་འཛིན་པར་ཡང་མི་འགྱུར་ལ་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཡང་དེ་དག་ལ་གནས་ པར་མི་འགྱུར་ཞིང་རྣམ་པར་འཕེལ་བར་ཡང་མི་འགྱུར་རོ། །ཡབ་འདི་ལྟ་སྟེ་དཔེར་ན་རྒྱ་མཚོ་ཆེན་པོ་ནི་ཆུ་ཀླུང་ཐམས་ཅད་དང་། ཆར་གྱི་རྒྱུན་ཐམས་ཅད་འཛིན་ཅིང་དེར་གནས་པར་འགྱུར་རོ། །དེ་ཅིའི་སླད་ དུ་ཞེ་ན། རྒྱ་མཚོ་ཆེན་པོ་ནི་ཚད་མ་མཆིས་པའི་སླད་དུའོ། །ཡབ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱ་མཚོ་ལྟ་བུ་དེ་དག་ཀྱང་དེ་བཞིན་ཏེ། ཆོས་བསྟན་པའི་ཆུ་ཐམས་ཅད་ཡང་དག་པར་འཛིན་ ཅིང་ཆོས་བསྟན་པ་ཐམས་ཅད་ད་ལ་ཡང་དག་པར་གནས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྣོད་དེ་ནི་མི་མཉམ་པ་ དང་མཉམ་པའི་སླད་དུའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། མ་སྐྱེས་དགྲའི་བུ་མོར་གྱུར་བ་ནི། །མྱ་ངན་མེད་བྱིན་ཡོན་ཏན་གཟི་བརྗིད་བརྒྱན། །ཉན་ཐོས་ལྔ་བརྒྱ་དག་ནི་ལྷགས་གྱུར་ཀྱང་། །དེ་ལ་ཕྱག་བྱའི་ཕྱིར་ ནི་དེ་མ་ལངས། །མ་སྐྱེས་དགྲ་ཡིས་དེ་ལ་སྨྲས་པ་ནི། །བུ་མོ་དོན་འདི་ང་ལས་མཉན་པར་གྱིས། །ཁྱོད་ཀྱིས་ཉན་ཐོས་ལྔ་བརྒྱ་མཐོང་བཞིན་དུ། །ཕྱག་བྱའི་ཕྱིར་ན་ཅི་ཕྱིར་ལྡང་མི་བྱེད། །བུ་མོ་མྱ་ངན་མེད་ 82-1-257b ཀྱིས་བྱིན་ན་རེ། །ཉན་ཐོས་འདི་དག་བདག་གིས་མཐོང་བ་ན། །ཅི་ཕྱིར་ཕྱག་འཚལ་བསམ་པ་མི་སྐྱེ་བ། །བདག་མཆིས་ཡབ་ཅིག་ཚིག་ནི་གསན་པར་གསོལ། །དཔེར་ན་མི་ཞིག་རྒྱ་མཚོར་མཆིས་ནས་ ཀྱང་། །རིན་ཆེན་འབྱུང་ཁུང་ནས་ནི་མཆིང་བུ་བླངས། །དེ་བཞིན་བདག་ནི་ཉན་ཐོས་ཐམས་ཅད་ཀྱང་། །ཡེ་ཤེས་དབྱིངས་ནས་ཉན་ཐོས་བླངས་སྙམ་བགྱིད། །དཔེར་ན་རྒྱལ་པོ་ནོར་གྱི་དབང་ཕྱུག་པོ། །ས་ བདག་འཁོར་ལོས་སྒྱུར་བ་མཉེས་བགྱིས་ནས། །ཀཱར་ཥ་པཱ་ཎ་གཅིག་ཙམ་གསོལ་ན་ནི། །དེ་ཡིས་རྒྱལ་པོ་བསྟེན་པ་དོན་མ་མཆིས། །གང་གིས་འཁོར་ལོས་སྒྱུར་བ་མཉེས་བགྱིས་ནས། །བྱེ་བ་ཕྲག་ སྟོང་གསོལ་བ་བགྱིས་ན་ནི། །དེས་ནི་དབུལ་མང་ནོར་དང་ལྡན་པར་བགྱིད། །དེས་ནི་རྒྱལ་པོ་ལེགས་པར་བསྟེན་པ་ལགས། །ཀཱར་ཥ་པཱ་ཎ་སློང་བའི་མི་བཞིན་དུ། །གང་གིས་སངས་རྒྱས་ཡོན་ཏན་མཐའ་ ཡས་རྣམས། །ཐོས་ནས་ཐེག་པ་དམན་ལ་འདོད་སྐྱེད་པ། །ཉན་ཐོས་ཀུན་ལ་བདག་ནི་དེ་སྙམ་བགྱིད། །ནོར་རྣམས་སྒྲུབ་བགྱིད་མི་ནི་ཇི་ལྟ་བ། །བྱང་ཆུབ་སེམས་དཔའ་མཁས་པ་དེ་འདྲ་སྟེ། །རྒྱལ་པོ་ཆོས་ ཀྱི་རྒྱལ་པོ་མཉེས་བགྱིས་ཤིང་། །བྱང་ཆུབ་རེག་ནས་སེམས་ཅན་འདུལ་བར་བགྱིད། །དཔེར་ན་ནད་པ་ནད་བརྒྱས་གཟིར་རྣམས་སྨན་པ་ཡིས། །གྲོལ་བགྱིད་དེ་བཞིན་གཞན་གྱི་སྒྲ་ཕྱིར་འབྲང་བ་ཡི། ། ཉན་ཐོས་ཉོན་མོངས་རྣམས་ཀྱིས་གཟིར་བ་ཐམས་ཅད་ཀྱང་། །བྱང་ཆུབ་སེམས་དཔའ་སྨན་པ་ལྟ་བུས་གྲོལ་བར་བགྱིད། །སེམས་ཅན་མང་པོ་གྲོལ་བགྱིད་སྨན་པ་བཏང་ནས་ནི། །སོས་གྱུར་སེམས་ཅན་ལ་ ནི་སུ་ཞིག་འདུད་པར་བགྱིད། །དེ་བཞིན་རྫོགས་པའི་སངས་རྒྱས་སྨན་པར་གཉེར་བ་ན། །སོས་གྱུར་ཉན་ཐོས་ལ་ནི་སུ་ཞིག་འདུད་པར་བགྱིད། །འདི་ལྟར་ནད་པ་སོས་པར་གྱུར་བ་ཐམས་ཅད་ལ། །སྨན་པ་དག་ 82-1-258a གིས་གསོ་བར་ནུས་པར་མི་འགྱུར་བ། །དེ་བཞིན་ཉན་ཐོས་ཐམས་ཅད་སོས་པར་གྱུར་བ་ལ། །སངས་རྒྱས་སྨན་པ་དག་གིས་གསོ་བར་མི་སྤྱོད་དོ། །འདི་ན་སྨན་པ་གང་ཞིག་བདག་གིས་ བདག་ཉིད་ལ། །གསོ་བར་སེམས་ཀྱི་སེམས་ཅན་གཞན་ལ་མ་ལགས་ཏེ། །དེ་འདྲའི་བདག་ཉིད་འགེངས་པར་བགྱིད་པའི་ང་རྒྱལ་གྱི། །སྨན་པ་དེ་དག་ལ་ནི་འདོད་པའི་སེམས་མི་སྐྱེད། །སྨན་པ་གང་ ཞིག་སྙིང་རྗེ་བསྐྱེད་ནས་བདག་ཉིད་ཇི་ལྟ་བར། །དེ་བཞིན་ཕ་རོལ་རྣམས་ཀྱང་ནད་ལས་གྲོལ་བགྱིད་པ། །དེ་ནི་མཆོད་པར་འོས་ཤིང་བསྔགས་པར་བགྱི་བ་དང་། །འཇིག་རྟེན་ཀུན་གྱིས་འདུད་པར་བགྱི་བའི་ གནས་ཀྱང་ལགས། །གང་ཞིག་ཡེ་ཤེས་རིག་པ་གཙོ་བོ་རྟོགས་གྱུར་ནས། །བདག་ཉིད་གྲོལ་བར་བགྱིད་ཀྱི་སེམས་ཅན་གཞན་མ་ལགས། །དེ་ནི་སྨན་པ་བདག་ཉིད་གྲོལ་བར་བགྱི་བ་ལྟར། །མཁས་ པ་དག་གིས་མཆོད་པར་བགྱི་བའི་གནས་མ་ལགས། །གང་ཞིག་ཡེ་ཤེས་རིག་པ་གཙོ་བོ་རྟོགས་གྱུར་ནས། །སེམས་ཅན་གྲངས་མེད་སྡུག་བསྔལ་དག་ལས་གྲོལ་བགྱིད་པ། །དེ་དག་བྱང་ཆུབ་ མཆོག་ལ་འདུན་པ་སྐྱེད་པ་སྟེ། །དེ་ནི་འཇིག་རྟེན་ཀུན་གྱིས་བསྔགས་པར་བགྱི་བ་ལགས། །ཨེ་རན་ད་ཡི་ཤིང་སྡོང་མཛེས་པ་མ་ལགས་ལ། །དེ་དག་རྣམས་ཀྱི་གྲིབ་མ་ཡངས་པ་མ་ལགས་ཏེ། ། ཨེ་རན་ད་ཡི་ཤིང་འདྲ་ཉན་ཐོས་ཐམས་ཅད་ཀྱི། །རྣམ་པར་གྲོལ་བའི་གྲིབ་མ་ཉེ་བར་བསྟེན་མ་ལགས། །ཙན་དན་མཆོག་གི་སྡོང་ཆེན་དག་ནི་ཚ་བ་ཡིས། །གདུངས་པའི་སྐྱེ་བོ་རྣམས་ཀྱི་ཉེ་བར་བསྟེན་ པ་ལགས། །དེ་བཞིན་བདག་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་། །ལྷ་དང་བཅས་པའི་འཇིག་རྟེན་དག་གི་དོན་བགྱིད་སྙམ། །བ་ལང་རྨིག་རྗེས་ཆུ་ནི་ཡངས་མ་ལགས། །ཚ་བས་གདུངས་པ་ཞི་བ་མི་ 82-1-258b བགྱིད་ལ། །གང་གཱའི་ཀླུང་ནི་སེམས་ཅན་བྱེ་བ་སྟོང་། །ཚིམ་པར་བགྱིས་ནས་རྒྱ་མཚོ་ཆེན་པོར་མཆི། །བ་ལང་རྨིག་རྗེས་ཆུ་འདྲའི་ཉན་ཐོས་ཀུན། །སེམས་ཅན་ཀུན་གྱི་ཚ་བ་ཞི་མི་བགྱིད། །གང་གཱའི་ ཀླུང་འདྲ་བྱང་ཆུབ་སེམས་དཔའ་རྣམས། །སེམས་ཅན་མཐའ་ཡས་ཆོས་ཀྱིས་ཚིམ་པར་བགྱིད། །ཇི་ལྟར་རིན་ཆེན་ཆར་ནི་འབབ་པ་ན། །དབུལ་པོ་དག་ནི་མགྲོན་བུ་ལེན་པར་བགྱིད། །གང་ཞིག་ནོར་མང་ དེ་དག་བླངས་ནས་ནི། །སེམས་ཅན་དབུལ་པོ་ནོར་དང་ལྡན་པར་བགྱིད། །དེ་ལྟར་སངས་རྒྱས་རིན་ཆེན་ཆོས་ཆར་འབེབས། །ཉན་ཐོས་རྣམས་ནི་དམ་ཆོས་རིན་ཆེན་ལས། །ཆུང་ངུ་འཛིན་ཏེ་བྱང་ཆུབ་ སེམས་དཔའ་རྣམས། །སེམས་ཅན་དོན་སླད་མང་དུ་ལེན་པར་བགྱིད། །ཇི་ལྟར་སེམས་ཅན་དག་ནི་རི་རབ་ཀྱི། །དྲུང་དུ་མཆིས་ན་གསེར་གྱི་མདོག་ཏུ་འགྱུར། །རི་བོ་གཞན་ལ་སེམས་ཅན་རྣམས་མཆིས་ན། ། གསེར་གྱི་ཁ་དོག་ཅན་དུ་ཡོངས་མི་འགྱུར། །བྱང་ཆུབ་སེམས་དཔའ་རྣམས་ནི་རི་རབ་བཞིན། །གང་དག་མཐུས་ནི་ལྷར་བཅས་སྐྱེ་དགུ་རྣམས། །རྣམ་གྲོལ་མདོག་ཏུ་ཁ་དོག་གཅིག་ཏུ་འགྱུར། །ཉན་ཐོས་ རྣམས་ཀྱི་ཡེ་ཤེས་འདོད་མི་བགྱིད། །ཡབ་ཅིག་ཇི་ལྟར་རྩྭ་བྲན་རྩེ་མོ་ཡི། །ཟིལ་པའི་ཐིགས་པས་ལོ་ཏོག་རྒྱས་མི་བགྱིད། །རབ་ཏུ་ཁེབས་པའི་སྤྲིན་གྱིས་ས་སྟེང་འདི། །ཚིམ་པར་བགྱིད་ཅིང་ལོ་ཏོག་ འཕེལ་བར་བགྱིད། །ཉན་ཐོས་ཐམས་ཅད་ཟིལ་བའི་ཐིགས་པ་བཞིན། །བྱང་ཆུབ་སེམས་དཔའ་རབ་ཁེབས་སྤྲིན་དང་འདྲ། །སྙིང་རྗེ་མངོན་བྱས་གང་དག་བསྟེན་ན་ནི། །སྟོང་གསུམ་དམ་ཆོས་ཆུ་ཡིས་ཚིམ་པར་ བགྱིད། །ཀ་ར་བི་རའི་མེ་ཏོག་དྲི་མཆོག་མིན། །དེས་ནི་སྐྱེས་པ་བུད་མེད་དགའ་མི་འགྱུར། །ཙམ་པ་ཀ་ཡི་མེ་ཏོག་དྲི་ལ་དགའ། །ཨུད་པལ་བལ་ཤི་ཀ་ཡང་དེ་བཞིན་ནོ། །ཉན་ཐོས་ཀ་ར་བི་རའི་དྲི་བཞིན་ 82-1-259a ཏེ། །དེ་དག་ཤེས་པས་སྐྱེ་དགུ་དགའ་མི་འགྱུར། །ཀུན་མཁྱེན་དྲི་ཅན་བྱང་ཆུབ་སེམས་དཔའ་ལ། །ལྷ་དང་མི་རྣམས་རབ་ཏུ་དགའ་བར་འགྱུར། །གཅིག་པུ་མཆི་བ་དེ་ལ་མཚར་ཅི་མཆི། ། གང་ཞིག་སེམས་ཅན་མཐའ་ཡས་ཁྲིད་པ་རྨད། །ཉན་ཐོས་མི་རིང་གཅིག་པུ་མཆི་བ་བཞིན། །བྱང་ཆུབ་སེམས་དཔའ་རྣམས་ནི་དེད་དཔོན་འདྲ། །འགྲོན་ཞིག་གཞན་གྱིས་སྩལ་པ་འཚལ་བ་དང་། ། སྐྱེ་བོ་ཀུན་ལ་སྩོལ་བགྱིད་ཀུན་འགྲོན་བཞིན། །སྒྲ་འབྲང་ཉན་ཐོས་ཀུན་ནི་འགྲོན་དང་འདྲ། །བྱང་ཆུབ་སེམས་དཔའ་ཀུན་ལ་འགྲོན་བགྱིད་བཞིན། །གཟིངས་ལ་བརྟེན་པས་ཆུ་བོ་ཆེན་པོ་ལས། །གཞན་ དག་བསྒྲལ་བར་ནུས་པར་མི་འགྱུར་གྱི། །བརྟན་བགྱིས་གྲུ་ཡི་ནང་དུ་ཞུགས་ནས་ནི། །སེམས་ཅན་བྱེ་བ་མང་པོ་སྒྲོལ་བར་བགྱིད། །ཉན་ཐོས་གཟིངས་ལ་བརྟེན་པ་ལྟ་བུ་སྟེ། །སེམས་ཅན་གཞན་དག་ སྒྲོལ་བར་ཇི་ལྟར་ནུས། །རྫོགས་པའི་བྱང་ཆུབ་གྲུར་ཞུགས་བྱང་ཆུབ་སེམས། །སྡུག་བསྔལ་མཚོ་ལས་སེམས་ཅན་སྒྲོལ་བར་བགྱིད། །ཇི་ལྟར་གཡུལ་ངོར་བོང་བུ་ཞོན་ན་ནི། །དགྲ་ལས་རྒྱལ་བར་ནུས་ པར་མི་འགྱུར་གྱི། །གླང་ཆེན་རྟ་དང་ཤིང་རྟ་ཞོན་ན་ནི། །གཡུལ་དུ་ལྷགས་པའི་དགྲ་རྣམས་ཆོམས་པར་ནུས། །ཉན་ཐོས་རྣམས་ནི་བོང་བུ་ཞོན་པ་བཞིན། །བྱང་ཆུབ་སེམས་དཔའ་གླང་ཆེན་ཞོན་ འདྲ་སྟེ། །སེམས་ཅན་ཀུན་ལ་ཕན་དང་བདེ་སླད་དུ། །དེ་དག་ཤིང་དབང་དྲུང་དུ་བདུད་ཀྱང་འཇོམས། །ཇི་ལྟར་བར་སྣང་སྐར་མས་རྒྱས་གྱུར་ཀྱང་། །དེ་དག་གིས་ནི་མཚན་མོ་མཛེས་མི་འགྱུར། །ཟླ་བ་རབ་ ཏུ་རྒྱས་པ་ཤར་བས་ནི། །མཚན་མོ་མཁའ་ལ་ཐིག་ལེ་བཞིན་དུ་མཛེས། །ཡབ་ཅིག་ཉན་ཐོས་འདི་དག་སྐར་མ་འདྲ། །རྒྱལ་པོ་བྱང་ཆུབ་སེམས་དཔའ་ཟླ་བ་བཞིན། །གང་དག་སེམས་ཅན་ཀུན་ལ་སྨན་སླད་དུ། ། 82-1-259b ཡེ་ཤེས་ཤར་བས་སྐྱེ་བོ་སྣང་བར་བགྱིད། །ཡབ་ཅིག་སྲིན་བུ་མེ་ཁྱེར་ཚོགས་འོད་ཀྱིས། །ལས་རྣམས་ལ་ནི་འཇུག་པར་མི་ནུས་ཀྱི། །འཛམ་གླིང་འདི་ན་ཉི་མའི་འོད་རྣམས་ཀྱིས། །བྱ་བ་སྣ་ཚོགས་བརྒྱ་དག་ བགྱིད་པར་འགྱུར། །ཉན་ཐོས་འདི་དག་སྲིན་བུ་མེ་ཁྱེར་འདྲ། །དེ་དག་ཤེས་འོད་ཡང་དག་མཐོང་མི་འགྱུར། །སངས་རྒྱས་རྣམ་གྲོལ་ཉི་མ་ལྟ་བུ་ཡི། །ཤེས་རབ་ཡེ་ཤེས་ཀྱིས་ནི་སེམས་ཅན་འགྲེལ། །ཡབ་ ཅིག་ཝ་བརྒྱ་དག་གིས་སྐད་ཕྱུང་ཡང་། །རི་དགས་ཚོགས་རྣམས་འདྲོག་པར་མི་འགྱུར་གྱི། །སེང་གེའི་སྐད་ཀྱིས་གླང་ཆེན་རི་དགས་དང་། །བྱར་བཅས་རྣམས་ཀྱང་ཕྱོགས་སུ་འབྱེར་བར་འགྱུར། །ཡབ་ཅིག་ དེ་ལྟར་ཉན་ཐོས་ཝ་འདྲར་གཟིགས། །དེ་དག་སྐད་ཀྱིས་བདུད་རྣམས་སྐྲག་མི་འགྱུར། །རྒྱལ་པོ་བྱང་ཆུབ་སེམས་དཔའི་སྤྱོད་སྤྱད་པས། །བདུད་དང་དེ་བཞིན་བདུད་རིས་སྐྲག་པར་འགྱུར། །ཡབ་ཅིག་རྒྱུ་འདི་ བདག་གིས་མཐོང་བས་ན། །ཐེག་པ་དམན་པ་དག་ལ་འདོད་མི་སྐྱེད། །སུ་ཞིག་བླ་མེད་བྱང་ཆུབ་སྤངས་ནས་ནི། །ཐེག་པ་དམན་ལ་འདོད་པ་སྐྱེད་པར་བགྱིད། །གང་ཞིག་བྱང་ཆུབ་དམ་པ་ཡོངས་སྤངས་ནས། ། ཐེག་པ་དམན་ལ་འདོད་པ་སྐྱེད་པར་བགྱིད། །དེ་དག་འཚོ་ངན་རྙེད་པ་ཐོབ་མ་གྱུར། །དེ་དག་མིར་སྐྱེས་པ་ནི་ཉེས་པར་མཆིས། །གང་དག་ལྷར་བཅས་འཇིག་རྟེན་སྨན་སླད་དུ། །བྱང་ཆུབ་མཆོག་ལ་འདུན་པ་ སྐྱེད་པར་བགྱིད། །དེ་དག་ལེགས་འཚོ་རྙེད་པ་ལེགས་པར་རྙེད། །དེ་དག་མི་ལུས་ཐོབ་པ་ལེགས་པར་མཆིས། །གང་དག་ལུས་དང་ངག་དང་ཡིད་ཀྱིས་ཀྱང་། །འཇིག་རྟེན་སྨན་སླད་ལས་བགྱིད་ཡིད་ཀྱང་ རྟོན། །གང་དག་རྟག་ཏུ་སེམས་ཅན་སྨན་སླད་བརྩོན། །དེ་དག་ཨུ་དུམ་བ་རའི་མེ་ཏོག་བཞིན། །དེ་ནས་རྒྱལ་པོ་མ་སྐྱེས་དགྲ་བུ་མོ་མྱ་ངན་མེད་ཀྱིས་བྱིན་པས་ཚིགས་སུ་བཅད་པ་བསྟན་པ་འདི་དག་ཐོས་ནས་ 82-1-260a ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བུ་མོ་འདི་སྤོབས་པ་ཐོགས་པ་མེད་པ་ཞིག་ན། ཅི་བཟོད་པ་ཐོབ་པ་འམ་མ་ཐོབ་པ་བདག་གིས། འདི་བརྟག་པར་བྱར་ངེས་སོ་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བུ་མོ་མྱ་ངན་མེད་ཀྱིས་བྱིན་པ་ལ་འདི་སྐད་ཅེས་སྨྲས་སོ། །ཅི་བུ་མོ་ཁྱོད་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་སམ། སྨྲས་པ་མ་ཡིན་ནོ། །རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་སམ། སྨྲས་པ་མ་ཡིན་ནོ། །བུ་མོ་ཁྱོད་ཅི་ཞིག་དོན་དུ་གཉེར་ན་འདི་ལྟར་སེང་གེའི་སྒྲ་སྒྲོགས་པར་བྱེད། བུ་མོས་སྨྲས་པ། བཙུན་པ་ཤཱ་རིའི་བུ་གལ་ཏེ་བདག་ཆོས་འགའ་ཞིག་དོན་དུ་གཉེར་ན་ནི་བདག་སེང་གེའི་སྒྲ་ཅི་ཡང་མི་སྒྲོག་པ་ཞིག་ན། བཙུན་པ་ཤཱ་རིའི་བུ་འདི་ལྟར་བདག་ནི་ཆོས་གང་ཡང་དོན་དུ་མི་གཉེར་ཏེ། དེའི་ ཕྱིར་བདག་སེང་གེའི་སྒྲ་སྒྲོགས་སོ། །བཙུན་པ་ཤཱ་རིའི་བུ་ཡང་གང་འདི་སྐད་དུ་ཅི་བུ་མོ་ཁྱོད་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་སམ་ཞེས་ཟེར་བ་ནི་བཙུན་པ་ཤཱ་རིའི་བུས་ཆོས་གང་མངོན་དུ་ བྱས་པའི་ཆོས་དེ་ལ་ཅི་ཉན་ཐོས་ཤེས་བྱ་བ་འམ་རང་སངས་རྒྱས་ཤེས་བྱ་བ་འམ། ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་བྱ་བའི་ཐེག་པ་རྣམ་གཞག་པ་ཡོད་དམ། གནས་བརྟན་ཤཱ་རིའི་བུས། སྨྲས་པ། བུ་མོ་དེ་དག་ལ་ནི་ཐེག་པ་རྣམ་པར་གཞག་པ་མེད་དེ། ཆོས་དེ་ནི་འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པའོ། །བུ་མོས་སྨྲས་པ། བཙུན་པ་ཤཱ་རིའི་བུ་མཚན་ཉིད་མེད་པའི་ཆོས་ ལ་དོན་དུ་གཉེར་བ་ཅི་ཞིག་ཡོད། ཤཱ་རིའི་བུས་སྨྲས་པ། བུ་མོ་ཆོས་དེ་ལ་ནི་དོན་དུ་གཉེར་བ་ཅི་ཡང་མེད་དོ། །གནས་བརྟན་ཤཱ་རིའི་བུས་བུ་མོ་མྱ་ངན་མེད་ཀྱིས་བྱིན་པ་ལ་གཞན་ཡང་འདི་སྐད་ཅེས་ 82-1-260b སྨྲས་སོ། །བུ་མོ་སངས་རྒྱས་ཀྱི་ཆོས་རྣམས་དང་། སོ་སོའི་སྐྱེ་བོའི་ཆོས་རྣམས་ལ་བྱེ་བྲག་ནི་ཅི་ཡོད། ཐ་དད་དུ་དབྱེ་བ་ནི་ཅི་ཡོད། བུ་མོས་སྨྲས་པ། བཙུན་པ་ཤཱ་རིའི་བུ་སྟོང་པ་ཉིད་དང་། དབེན་པ་ ཉིད་ལ་བྱེ་བྲག་ནི་ཅི་ཡོད། ཐ་དད་དུ་དབྱེ་བ་ནི་ཅི་ཡོད། ཤཱ་རིའི་བུས་སྨྲས་པ། བྱེ་བྲག་མེད་ཅིང་ཐ་དད་དུ་དབྱེ་བ་ཅི་ཡང་མེད་དོ། །བུ་མོས་སྨྲས་པ། བཙུན་པ་ཤཱ་རིའི་བུ་སྟོང་པ་ཉིད་དང་། དབེན་པ་ཉིད་ལ་ ཇི་ལྟར་བྱེ་བྲག་མེད་ཅིང་ཐ་དད་དུ་དབྱེ་བ་ཅི་ཡང་མེད་པ་དེ་བཞིན་དུ་བཙུན་པ་ཤཱ་རིའི་བུ་སངས་རྒྱས་ཀྱི་ཆོས་རྣམས་དང་། སོ་སོའི་སྐྱེ་བོའི་ཆོས་རྣམས་ལ་ཡང་བྱེ་བྲག་མེད་ཅིང་ཐ་དད་དུ་དབྱེ་བ་ཅི་ཡང་ མེད་དོ། །བཙུན་པ་ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན་ནམ་མཁའ་དང་བླ་གབ་མེད་པ་ལ་ཡང་བྱེ་བྲག་མེད་ཅིང་ཐ་དད་དུ་དབྱེ་བ་ཅི་ཡང་མེད་དོ། །བཙུན་པ་ཤཱ་རིའི་བུ་དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་རྣམས་ དང་། སོ་སོ་སྐྱེ་བོའི་ཆོས་རྣམས་ལ་ཡང་བྱེ་བྲག་མེད་ཅིང་ཐ་དད་དུ་དབྱེ་བ་ཅི་ཡང་མེད་དོ། །གནས་བརྟན་ཤཱ་རིའི་བུ་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བུ་ མོ་མྱ་ངན་མེད་ཀྱིས་བྱིན་པ་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་ཅི་ཁྱོད་དེ་སྐད་ཅེས་ཟེར་བ་ལས་ན་སངས་རྒྱས་ཀྱི་ཆོས་རྣམས་ནི་ཤིན་ཏུ་ཆེས་ལྷག་པ་ཞིག་ཏུ་མཐོང་ལ། ཉན་ཐོས་ཀྱི་ཆོས་རྣམས་ནི་ཤིན་ཏུ་ དམན་པར་མཐོང་ངམ་ཅི་ན་ཁྱོད་ཉན་ཐོས་ཆེན་པོ་རྣམས་མཐོང་ན་ལྡང་བར་ཡང་མི་བྱེད། ཕྱག་ཀྱང་མི་འཚལ། བསུར་ཡང་མི་འགྲོ། གཏམ་ཡང་མི་ཟེར། སྟན་དང་བསོད་སྙོམས་ལ་ཡང་སྤྱན་འདྲེན་ པར་མི་བྱེད་དེ་སྐད་ཅེས་སྨྲས་པ་དང་། བུ་མོ་མྱ་ངན་མེད་ཀྱིས་བྱིན་པས་གནས་བརྟན་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་མཽད་གལ་གྱི་བུ་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་ 82-1-261a པོའི་འཇིག་རྟེན་གྱི་ཁམས་ན་སྐར་མའི་གཟུགས་སུ་གཏོགས་པ་ཇི་སྙེད་ཅིག་ཡོད་པ་ཤེས་སམ། མཽད་གལ་གྱི་བུ་ཆེན་པོས་སྨྲས་པ། བུ་མོ་སྙོམས་པར་ཞུགས་ན་ནི་ཁོ་བོས་གྲངས་ཤེས་ ཀྱི་སྙོམས་པར་མ་ཞུགས་ན་ནི་མི་ཤེས་སོ། །བུ་མོས་སྨྲས་པ། བཙུན་པ་མཽད་གལ་གྱི་བུ་ཆེན་པོ་དེ་བཞིན་གཤེགས་པས་ནི་ལན་གཅིག་མཉམ་པར་བཞག་པ་ཉིད་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་ རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཡང་རབ་ཏུ་མཁྱེན་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ གྱི་ཁམས་གཅིག་ཏུ་གཏོགས་པའི་སེམས་ཅན་གྱི་ལྟ་ཅི་སྨོས་ཏེ། བཙུན་པ་མཽད་གལ་གྱི་བུ་ཆེན་པོ་འདི་ནི་དེ་བཞིན་གཤེགས་པ་དང་། ཉན་ཐོས་རྣམས་ཀྱི་ཁྱད་པར་ཡིན་ཏེ། འདི་ནི་ཐ་དད་དུ་དབྱེ་བ་ ཡིན་ནོ། །བཙུན་པ་མཽད་གལ་གྱི་བུ་ཆེན་པོ་ཕྱོགས་བཅུའི་འཇིག་རྟེན་ན་སངས་རྒྱས་ཀྱི་ཞིང་འཇིག་པ་ནི་ཇི་སྙེད་ཅིག་ཡོད། འཆགས་པ་ནི་ཇི་སྙེད་ཅིག་ཡོད་ཤེས་སམ། མཽད་གལ་གྱི་བུས་སྨྲས་པ། བུ་མོ་ དེ་ནི་མི་ཤེས་སོ། །བུ་མོས་སྨྲས་པ། བཙུན་པ་མཽད་གལ་གྱི་བུ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་འདས་པ་ནི་ཇི་སྙེད་ཅིག་ཡོད། མ་བྱོན་པ་ནི་ཇི་སྙེད་ཅིག་ཡོད། ད་ལྟར་བཞུགས་པ་ནི་ཇི་སྙེད་ཅིག་ཡོད་ ཤེས་སམ། མཽད་གལ་གྱི་བུས་སྨྲས་པ། བུ་མོ་དེ་ནི་མི་ཤེས་སོ། །བུ་མོས་སྨྲས་པ། བཙུན་པ་མཽད་གལ་གྱི་བུ་ཆེན་པོ་སེམས་ཅན་འདོད་ཆགས་ལ་སྤྱོད་པ་ནི་ཇི་སྙེད་ཅིག་ཡོད། ཞེ་སྡང་ལ་སྤྱོད་པ་ནི་ཇི་སྙེད་ ཅིག་ཡོད། གཏི་མུག་ལ་སྤྱོད་པ་ནི་ཇི་སྙེད་ཅིག་ཡོད། ཆ་མཉམ་པ་ལ་སྤྱོད་པ་ནི་ཇི་སྙེད་ཅིག་ཡོད་ཤེས་སམ། མཽད་གལ་གྱི་བུས་སྨྲས་པ། བུ་མོ་དེ་ནི་མི་ཤེས་སོ། །བུ་མོས་སྨྲས་པ། བཙུན་པ་མཽད་གལ་ 82-1-261b གྱི་བུ་ཆེན་པོ་ཉན་ཐོས་ཀྱི་ཐེག་པ་པའི་སེམས་ཅན་ནི་ཇི་སྙེད་ཅིག་ཡོད་རང་སངས་རྒྱས་ཀྱི་ཐེག་པ་པ་ནི་ཇི་སྙེད་ཅིག་ཡོད། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ནི་ཇི་སྙེད་ཅིག་ཡོད་ཤེས་སམ། མཽད་གལ་གྱི་བུས་སྨྲས་པ། བུ་མོ་དེ་ནི་མི་ཤེས་སོ། །བུ་མོས་སྨྲས་པ། བཙུན་པ་མཽད་གལ་གྱི་བུ་ཆེན་པོ་ཉན་ཐོས་ཀྱིས་འདུལ་བའི་སེམས་ཅན་ནི་ཇི་སྙེད་ཅིག་ཡོད། རང་སངས་རྒྱས་ཀྱིས་ འདུལ་བའི་སེམས་ཅན་ནི་ཇི་སྙེད་ཅིག་ཡོད། སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་ནི་ཇི་སྙེད་ཅིག་ཡོད་ཤེས་སམ། མཽད་གལ་གྱི་བུས་སྨྲས་པ། བུ་མོ་དེ་ནི་མི་ཤེས་སོ། །བུ་མོས་སྨྲས་པ། བཙུན་ པ་མཽད་གལ་གྱི་བུ་ཆེན་པོ་ཡང་དག་པ་ཉིད་དུ་ངེས་པའི་སེམས་ཅན་ནི་ཇི་སྙེད་ཅིག་ཡོད། ལོག་པ་ཉིད་དུ་ངེས་པའི་སེམས་ཅན་ནི་ཇི་སྙེད་ཅིག་ཡོད། མ་ངེས་པའི་སེམས་ཅན་ནི་ཇི་སྙེད་ཅིག་ཡོད་ཤེས་ སམ། མཽད་གལ་གྱི་བུས་སྨྲས་པ། བུ་མོ་དེ་ནི་མི་ཤེས་སོ། །བུ་མོས་སྨྲས་པ། བཙུན་པ་མཽད་གལ་གྱི་བུ་ཆེན་པོ་དེ་བཞིན་གཤེགས་པས་ནི་དེ་དག་དང་གཞན་ཡང་དེའི་གོང་དུ་གང་ཉན་ཐོས་ དང་རང་སངས་རྒྱས་ཐམས་ཅད་ཀྱི་ས་མ་ཡིན་པ་དག་ཀྱང་རབ་ཏུ་མཁྱེན་ན། སེམས་ཅན་གཞན་དག་གི་ལྟ་ཅི་སྨོས་ཏེ། བཙུན་པ་མཽད་གལ་གྱི་བུ་ཆེན་པོ་འདི་ནི་དེ་བཞིན་གཤེགས་པའི་བླ་མའི་ ཁྱད་པར་ཡིན་ནོ། །བཙུན་པ་མཽད་གལ་གྱི་བུ་ཆེན་པོ་གཞན་ཡང་དེ་བཞིན་གཤེགས་པས་ཁྱོད་རྫུ་འཕྲུལ་ཆེན་པོ་རྣམས་ཀྱི་མཆོག་ཏུ་བསྟན་གྱིས། བཙུན་པ་མཽད་གལ་གྱི་བུ་ཆེན་པོ་འཇིག་ རྟེན་གྱི་ཁམས་སྤོས་ཀྱི་འོད་ཅེས་བྱ་བ་གང་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོས་རབ་ཏུ་འགྱེད་པའི་འོད་ཟེར་ཞེས་བྱ་བ་ད་ལྟར་བཞུགས་ཏེ་ 82-1-262a འཚོ་ཞིང་གཞེས་ལ་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་ཀྱི་ཞིང་དེ་ན་ཤིང་ལྗོན་པ་ཐམས་ཅད་ལས་ཙན་དན་སྦྲུལ་གྱི་སྙིང་པོའི་སྤོས་གང་གིས་ སངས་རྒྱས་ཀྱི་ཞིང་དེ་ཁྱབ་པར་འགྱུར་བའི་སྤོས་ཀྱི་ངད་ལྡང་བ་ཡོད་པ་དེར་སོང་ཤིག །གནས་བརྟན་མཽད་གལ་གྱི་བུ་ཆེན་པོས་སྨྲས་པ། བུ་མོ་སངས་རྒྱས་ཀྱི་ཞིང་དེའི་མིང་ཡང་ཁོ་བོས་ ད་གདོད་ཐོས་ན་སངས་རྒྱས་ལ་བལྟ་བ་དང་། ཆོས་མཉན་པའི་ཕྱིར་ཇི་ལྟར་འགྲོ་བར་བྱ། དེ་ནས་བུ་མོ་མྱ་ངན་མེད་ཀྱིས་བྱིན་པས་ཁྲི་དེ་ལས་མ་ལངས་བཞིན་དུ་ཚིག་འདི་སྐད་ཅེས་སྨྲས་ཏེ། བདེན་པ་དང་། བདེན་པའི་ཚིག་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་བསྐྱེད་མ་ཐག་ཏུ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་པ་ལྟ་ན། བདེན་ པ་དང་། བདེན་པའི་ཚིག་དེས་དེ་བཞིན་གཤེགས་པ་སྤོས་རབ་ཏུ་འགྱེད་པའི་འོད་ཟེར་དེས་བདག་ཉིད་དང་། རང་གི་སངས་རྒྱས་ཀྱི་ཞིང་ཉན་ཐོས་ཆེན་པོ་འདི་དག་ལ་སྟོན་པར་གྱུར་ཅིག ། ཙན་དན་གྱི་དྲི་དེ་དག་ཀྱང་ཉན་ཐོས་ཆེན་པོ་འདི་དག་གིས་ཚོར་བར་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བུ་མོ་མྱ་ངན་མེད་ཀྱིས་བྱིན་པས་ཚིག་དེ་སྐད་ཅེས་སྨྲས་མ་ཐག་ཏུ་བདེན་པའི་བྱིན་ གྱི་བརླབས་དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤོས་རབ་ཏུ་འགྱེད་པའི་འོད་ཟེར་གྱིས་དེ་ཉིད་ཀྱི་ཚེ་འོད་གང་གིས་ཉན་ཐོས་ཆེན་པོ་དེ་དག་གིས་འཇིག་རྟེན་གྱི་ཁམས་ སྤོས་ཀྱི་འོད་དེ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོས་རབ་ཏུ་འགྱེད་པའི་འོད་ཟེར་དེ་ཆོས་སྟོན་ཅིང་བཞུགས་པར་མཐོང་བར་འགྱུར་བ་ 82-1-262b དེ་ལྟ་བུའི་འོད་སྐུ་ལས་བཀྱེའོ། །ཆོས་བསྟན་པ་དེ་ཡང་སངས་རྒྱས་ཀྱི་མཐུས་འཇིག་རྟེན་གྱི་ཁམས་འདིར་ཐོས་སོ། །ཙན་དན་སྦྲུལ་གྱི་སྙིང་པོའི་དྲི་དེས་ཀྱང་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ ཁྱབས་པར་གྱུར་ཏོ། །དེ་བཞིན་གཤེགས་པ་སྤོས་རབ་ཏུ་འགྱེད་པའི་འོད་ཟེར་དེས་ཀྱང་གསུང་གི་ཡན་ལག་དྲུག་བཅུ་དང་ལྡན་པའི་ཚིག་གིས་འདི་སྐད་ཅེས་བཀའ་སྩལ་ཏོ། །བུ་མོ་མྱ་ངན་མེད་ཀྱིས་བྱིན་ པས་ཇི་སྐད་སྨྲས་པ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་དང་པོ་བསྐྱེད་མ་ཐག་ཏུ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་ཏོ། །དེ་ནས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བྱམས་པ་བྱ་རྒོད་ཀྱི་ཕུང་པོ་ལ་གནས་པས་ཙན་དན་སྦྲུལ་གྱི་སྙིང་པོའི་དྲི་ཚོར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཙན་དན་སྦྲུལ་གྱི་སྙིང་ པོའི་དྲི་འདི་ག་ལས་བྱུང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱམས་པ་བུ་མོ་མྱ་ངན་མེད་ཀྱིས་བྱིན་ པ་འདིས་ཉན་ཐོས་ཆེན་པོ་རྣམས་ཀྱི་མདུན་དུ་སེང་གེའི་སྒྲ་བསྒྲགས་ཏེ། དེས་ཉན་ཐོས་ཆེན་པོ་དེ་དག་ལ་བདེན་པའི་བྱིན་གྱི་བརླབས་ཀྱིས་འཇིག་རྟེན་གྱི་ཁམས་སྤོས་ཀྱི་འོད་ཅེས་བྱ་བ་ན་དེ་བཞིན་གཤེགས་ པ་སྤོས་རབ་ཏུ་འགྱེད་པའི་འོད་ཟེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཆོས་སྟོན་ཅིང་བཞུགས་པ་ཡང་བསྟན། འཇིག་རྟེན་གྱི་ཁམས་སྤོས་ཀྱི་འོད་དེའི་ཙན་དན་སྦྲུལ་གྱི་སྙིང་པོའི་དྲི་ དེས་ཀྱང་འཇིག་རྟེན་གྱི་ཁམས་འདི་ཁྱབ་པར་བྱས་སོ། །དེ་ནས་བུ་མོ་མྱ་ངན་མེད་ཀྱིས་བྱིན་པས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་མཽད་གལ་གྱི་བུ་ཆེན་པོ་ 82-1-263a མཁས་པ་སུ་ཞིག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གི་ཆོ་འཕྲུལ་དང་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་རྨད་དུ་བྱུང་བ་འདི་ལྟ་བུ་དག་མཐོང་ངམ་ཐོས་ན་ཉན་ཐོས་དམན་ པ། ཞན་པ། ཞུམ་པ། ཉི་ཚེ་བའི་ཤེས་པ་དང་ལྡན་པ་རྣམས་ལ་ལྡང་བ་འམ། བསུར་འགྲོ་བ་འམ། ཕྱག་འཚལ་བར་བྱེད། བཙུན་པ་མཽད་གལ་གྱིས་བུ་ཆེན་པོ་འཇིག་རྟེན་གྱི་ཁམས་སྤོས་ཀྱི་འོད་དེ་ཇི་ ཙམ་དུ་ཐག་རིང་བ་ཤེས་སམ། མཽད་གལ་གྱི་བུས་སྨྲས་པ། བུ་མོ་དེ་ནི་མི་ཤེས་སོ། །བུ་མོས་སྨྲས་པ། བཙུན་པ་མཽད་གལ་གྱི་བུ་ཆེན་པོ་གལ་ཏེ་ཁྱོད་འདྲ་བའི་རྫུ་འཕྲུལ་ཅན་ཤ་སྟག་གིས་སྟོང་གསུམ་ གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དཔེར་ན་བུ་རམ་ཤིང་གི་ཚལ་ལམ། འོད་མའི་ཚལ་ལམ། འདམ་བུའི་ཚལ་ལམ། འབྲས་སཱ་ལུའི་ཞིང་བཞིན་དུ་མཚམས་མེད་པར་གང་བར་གྱུར་ནས་དེ་དག་ ཐམས་ཅད་ཀྱི་བསྐལ་པར་རྩིས་ཀྱང་འཇིག་རྟེན་གྱི་ཁམས་སྤོས་ཀྱི་འོད་ཅེས་བྱ་བ་དེ་སངས་རྒྱས་ཀྱི་ཞིང་ཇི་སྙེད་ཅིག་འདས་པའི་ཕ་རོལ་ན་འདུག་པ་བགྲང་བའི་ཐབས་ཀྱིས་རྟོགས་པར་མི་ནུས་ སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤོས་རབ་ཏུ་འགྱེད་པའི་འོད་ཟེར་གྱིས་འོད་དེ་དག་མི་སྣང་བར་མཛད་དེ། སངས་རྒྱས་ཀྱི་ཞིང་དེ་ཡང་མི་སྣང་བར་མཛད་དོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ ཆེན་པོས་བུ་མོ་མྱ་ངན་མེད་ཀྱིས་བྱིན་པ་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་ཁྱོད་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་སྔོན་ མཐོང་ངམ། བུ་མོས་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་དེ་བཞིན་གཤེགས་པ་མཐོང་བར་ནུས་སམ། དེ་བཞིན་གཤེགས་པས། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་ 82-1-263b པ། །ལོག་པས་སྤོང་བར་ཞུགས་པ་སྟེ། །སྐྱེ་བོ་དེ་དག་ང་མི་མཐོང་། །སངས་རྒྱས་རྣམས་ནི་ཆོས་ཉིད་བལྟ། །འདྲེན་པ་རྣམས་ནི་ཆོས་ཉིད་སྐུ། །ཆོས་ཉིད་ཤེས་པར་བྱ་མིན་པས། །དེ་ནི་རྣམ་པར་ཤེས་ མི་ནུས། །ཞེས་མ་གསུངས་སམ། བཙུན་པ་འོད་སྲུང་ཆེན་པོ་གཞན་ཡང་བུ་མོ་ཁྱོད་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ ཐུབ་པ་དེ་སྔོན་མཐོང་ངམ་ཞེས་དེ་སྐད་ཟེར་བ་ནི་བཙུན་པ་འོད་སྲུང་ཆེན་པོ་བདག་གིས་དེ་བཞིན་གཤེགས་པ་མཐོང་མོད་ཀྱི། ཤའི་མིག་གིས་མ་ཡིན་ཏེ་གཟུགས་སུ་མ་ཡིན་ནོ། །ལྷའི་མིག་གིས་ མ་ཡིན་ཏེ་ཚོར་བར་མ་ཡིན་ནོ། །ཤེས་རབ་ཀྱི་མིག་གིས་མ་ཡིན་ཏེ་འདུ་ཤེས་སུ་མ་ཡིན་ནོ། །ཆོས་ཀྱི་མིག་གིས་མ་ཡིན་ཏེ་འདུ་བྱེད་དུ་མ་ཡིན་ནོ། །སངས་རྒྱས་ཀྱི་མིག་གིས་མ་ཡིན་ཏེ་རྣམ་པར་ ཤེས་པར་མ་ཡིན་ནོ། །བཙུན་པ་འོད་སྲུང་ཆེན་པོ་གཞན་ཡང་བདག་གིས་དེ་བཞིན་གཤེགས་པ་མཐོང་སྟེ། དཔེར་ན་གནས་བརྟན་གྱིས་མ་རིག་པ་དང་སྲིད་པ་ལ་སྲེད་པ་མཐོང་བ་བཞིན་ནོ། ། བཙུན་པ་འོད་སྲུང་ཆེན་པོ་གཞན་ཡང་བདག་གིས་དེ་བཞིན་གཤེགས་པ་མཐོང་སྟེ། དཔེར་ན་གནས་བརྟན་གྱིས་ངར་འཛིན་པ་དང་། ང་ཡིར་འཛིན་པ་མཐོང་བ་བཞིན་ནོ། །གནས་བརྟན་འོད་སྲུང་ཆེན་ པོས་སྨྲས་པ། བུ་མོ་འདི་ལྟར་མ་རིག་པ་དང་། སྲིད་པ་ལ་སྲེད་པ་དང་། ངར་འཛིན་པ་དང་། ང་ཡིར་འཛིན་པའི་ཆོས་འདི་གཉིས་ནི་མེད་པ་ཡིན་ནོ། །ཆོས་གང་མེད་པ་དེ་ནི་བལྟ་བར་མི་ནུས་སོ། །བུ་མོ་མྱ་ངན་ མེད་ཀྱིས་བྱིན་པས་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་དེ་དེ་བཞིན་ནོ། །ཆོས་ཐམས་ཅད་ནི་མེད་པ་ཡིན་ཏེ། དེ་དག་ནི་བལྟ་བར་མི་ནུས་སོ། །འོད་སྲུང་ཆེན་པོས་སྨྲས་པ། བུ་མོ་ཅི་སངས་ 82-1-264a རྒྱས་ཀྱི་ཆོས་ཀྱང་མེད་དམ། བུ་མོས་སྨྲས་པ། གནས་བརྟན་སངས་རྒྱས་ཀྱི་ཆོས་རྣམས་སམ་སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱང་རུང་སྟེ། ཆོས་འགའ་ཞིག་ཡོངས་སུ་གྲུབ་པར་འདོད་དམ། འོད་སྲུང་ཆེན་པོས་སྨྲས་པ། བུ་མོ་ཁོ་བོ་ནི་སོ་སོའི་སྐྱེ་བོའི་ཆོས་རྣམས་ལ་ཡང་ཡོངས་སུ་གྲུབ་པར་མི་འདོད་ན་སངས་རྒྱས་ཀྱི་ཆོས་རྣམས་ལྟ་ལ་ཅི་སྨོས། བུ་མོས་སྨྲས་པ། བཙུན་པ་འོད་སྲུང་ཆེན་ པོ་ཆོས་གང་དག་ཡོངས་སུ་གྲུབ་པ་མེད་པའི་ཆོས་དེ་དག་ཅི་ཡོད་པ་ཡིན་ནམ། འོན་ཏེ་མེད་པ་ཡིན། འོད་སྲུང་ཆེན་པོས་སྨྲས་པ། བུ་མོ་མེད་པ་དེ་དག་ནི་མེད་པ་ཡིན་ནོ། །བུ་མོས་སྨྲས་པ། བཙུན་པ་འོད་ སྲུང་ཆེན་པོ་དེ་བས་ན་ཆོས་ཐམས་ཅད་ནི་མེད་པ་ཉིད་དོ། །མེད་པ་གང་ཡིན་པ་དེ་དག་ལ་ནི་ལྟ་བ་རྣམ་པར་སྤྱད་པར་བྱ་བ་མེད་དོ། །བཙུན་པ་འོད་སྲུང་ཆེན་པོ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་སངས་རྒྱས་ལ་ ལྟ་བ་རྣམ་པར་སྦྱང་བར་འདོད་པས་ནི་བདག་ལ་བལྟ་བ་རྣམ་པར་སྦྱང་བར་བྱའོ། །འོད་སྲུང་ཆེན་པོས་སྨྲས་པ། བུ་མོ་བདག་ལ་ལྟ་བ་ཇི་ལྟར་རྣམ་པར་དག་པར་གྱུར། བུ་མོས་སྨྲས་པ། བཙུན་པ་འོད་སྲུང་ཆེན་ པོ་གང་གི་ཚེ་བདག་རང་བཞིན་མེད་པའི་ཕྱིར་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་མོས་ན་དེ་ཙམ་གྱིས་ན་བདག་ལ་བལྟ་བ་རྣམ་པར་དག་པར་འགྱུར་རོ། །འོད་སྲུང་ཆེན་པོས་སྨྲས་པ། བུ་མོ་བདག་གི་རང་ བཞིན་ཅི་ཡིན། བུ་མོས་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་བདག་གི་རང་བཞིན་ནི་སྟོང་པ་ཉིད་དོ། །བདག་གི་རང་བཞིན་མེད་པའི་ཕྱིར་བདག་དབེན་པ་ཡང་ཡིན་ནོ། །རང་བཞིན་མེད་པ་དེས་བདག་དབེན་ ནོ། །རང་བཞིན་མེད་པ་དེས་ཆོས་ཐམས་ཅད་དབེན་ནོ། །འོད་སྲུང་ཆེན་པོས་སྨྲས་པ། བུ་མོ་ཁྱོད་ཀྱིས་སུ་ལ་ཆོས་ཐོས་ན་འདི་ལྟར་ཁྱོད་ཀྱི་ཡང་དག་པའི་ལྟ་བ་སྐྱེས་པར་གྱུར། བུ་མོ་ཡང་དག་པའི་ལྟ་བ་ 82-1-264b སྐྱེ་བ་ལ་ནི་རྒྱུ་གཉིས་དང་རྐྱེན་གཉིས་ཡོད་དེ། གཞན་གྱི་སྒྲ་དང་བདག་ཉིད་ཀྱི་ཚུལ་བཞིན་ཡིད་ལ་བྱེད་པ་ལས་འབྱུང་ངོ་ཞེས་དེ་སྐད་གསུངས་སོ། །བུ་མོས་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་གང་དག་ གཞན་གྱི་དྲིང་མི་འཇོག་པའི་ཤེས་རབ་ཅན་དེ་དག་ནི་གཞན་གྱི་སྒྲ་དང་། བདག་ཉིད་ཀྱི་ཚུལ་བཞིན་དུ་སོ་སོར་རྟོག་པ་ལས་ལྟ་བ་རྣམ་པར་དག་པར་འགྱུར་རོ། །བཙུན་པ་འོད་སྲུང་ཆེན་པོ་གང་དག་གཞན་ གྱི་དྲིང་མི་འཇོག་པའི་ཤེས་རབ་ཅན་དག་ནི་གཞན་གྱི་སྒྲ་མི་ཚོལ་ལོ། །བཙུན་པ་འོད་སྲུང་ཆེན་པོ་ཇི་ལྟར་ན་དགེ་སློང་ཚུལ་བཞིན་དུ་ཞུགས་པ་ཡིན། འོད་སྲུང་ཆེན་པོས་སྨྲས་པ། བུ་མོ་གང་གི་ཚེ་དགེ་སློང་ ཇི་སྐད་ཐོས་པའི་ཆོས་རྣམས་ཀྱི་དོན་ལ་ཉེ་བར་རྟོག་པར་བྱེད་པ་དེ་ལྟར་ན་དགེ་སློང་ཚུལ་བཞིན་དུ་ཞུགས་པ་ཡིན་ནོ། །འོད་སྲུང་ཆེན་པོས་སྨྲས་པ། བུ་མོ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཚུལ་བཞིན་ དུ་ཞུགས་པ་ཡིན། བུ་མོས་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་དང་ལྷན་ཅིག་གནས་ཀྱང་སེམས་ཅན་དུ་འདུ་ཤེས་སྐྱེད་པར་མི་བྱེད་པ་དེ་ལྟར་ ན་བྱང་ཆུབ་སེམས་དཔའ་ཚུལ་བཞིན་དུ་ཞུགས་པ་ཡིན་ནོ། །བཙུན་པ་འོད་སྲུང་ཆེན་པོ་ཞུགས་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ནི་སྔོན་གྱི་མཐའི་དེ་བཞིན་ཉིད་དང་ལྡན་ནོ། །ཆོས་ཐམས་ཅད་ནི་ཕྱི་མའི་ མཐའི་དེ་བཞིན་ཉིད་དང་ལྡན་ནོ། །ཆོས་ཐམས་ཅད་ནི་ད་ལྟར་བྱུང་བའི་དེ་བཞིན་ཉིད་དང་ལྡན་ནོ་ཞེས་བཙུན་པ་འོད་སྲུང་ཆེན་པོ་བྱང་ཆུབ་སེམས་དཔའ་སྦྱོར་བ་དེ་ལྟ་བུས་སྦྱོར་བར་མི་བྱེད་ན་དེ་ཙམ་ གྱིས་ན་བྱང་ཆུབ་སེམས་དཔའ་ཚུལ་བཞིན་དུ་ཞུགས་པ་ཡིན་ནོ། །འོད་སྲུང་ཆེན་པོས་སྨྲས་པ། བུ་མོ་ཆོས་དེ་དག་ལ་ཇི་ལྟར་སྦྱར་བར་བྱ། བུ་མོས་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་ཇི་ལྟར་དེ་བཞིན་ 82-1-265a ཉིད་ལ་སྦྱོར་བ་ཡང་མེད། མི་སྦྱོར་བ་ཡང་མེད་པར་མཐོང་བ་དེ་བཞིན་དུ་ཆོས་ཐམས་ཅད་ལ་སྦྱར་བར་བྱའོ། །འོད་སྲུང་ཆེན་པོས་སྨྲས་པ། བུ་མོ་ཇི་ལྟར་མཐོང་ན་ཆོས་ཐམས་ཅད་མཐོང་ བ་ཡིན། བུ་མོས་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་ཆོས་ཐམས་ཅད་གཉིས་སུ་མེད་པར་མཐོང་ལ་མི་བྱེད་ཅིང་འཇིག་པར་ཡང་མི་བྱེད་ན་དེ་ལྟར་ན་ཆོས་ཐམས་ཅད་མཐོང་བ་ཡིན་ནོ། །བཙུན་པ་འོད་ སྲུང་ཆེན་པོ་མཐོང་ཞེས་བྱ་བ་དེ་ནི་མཐོང་བ་མེད་པའི་ཚིག་བླ་དགས་སོ། །འོད་སྲུང་ཆེན་པོས་སྨྲས་པ། བུ་མོ་བདག་ཇི་ལྟར་བལྟ་བར་བྱ། བུ་མོས་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོས་ཇི་ལྟར་མཐོང་ བ་བཞིན་དུ་བལྟ་བར་བྱའོ། །འོད་སྲུང་ཆེན་པོས་སྨྲས་པ། བུ་མོ་ཁོ་བོས་ནི་བདག་དང་བདག་གི་མ་མཐོང་ངོ་། །བུ་མོས་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོས་ཇི་ལྟར་བདག་མེད་ཅིང་བདག་གི་མེད་པ་དེ་ བཞིན་དུ་ཆོས་ཐམས་ཅད་བལྟ་བར་བྱའོ། །གཏམ་དེ་སྐད་བརྗོད་པའི་སྐབས་སུ་གནས་བརྟན་རབ་འབྱོར་གྱིས་བུ་མོ་མྱ་ངན་མེད་ཀྱིས་བྱིན་པ་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་ཁྱོད་ཀྱིས་སྤོབས་པ་འདི་འདྲ་བ་ རྙེད་པ་ནི་ཁྱོད་ཀྱིས་རྙེད་པ་ལེགས་པར་རྙེད་དོ། །བུ་མོ་མྱ་ངན་མེད་ཀྱིས་བྱིན་པས་སྨྲས་པ། བཙུན་པ་རབ་འབྱོར་རྙེད་པ་ལས་ནི་སྤོབས་པར་མི་འགྱུར་གྱི་གང་གིས་ཅི་ཡང་མ་རྙེད་པ་དེ་སྤོབས་པ་དང་ལྡན་ཞིང་ གང་གིས་ནང་ངམ་ཕྱི་རོལ་ཅི་ཡང་མི་དམིགས་པ་དེ་སྤོབས་པ་དང་ལྡན་པ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ། བུ་མོ་གང་མ་རྙེད་ན་སྤོབས་པ་དང་ལྡན་པ་ཡིན། བུ་མོས་སྨྲས་པ། གང་གིས་བདག་མ་རྙེད་ཅིང་གཞན་མ་ ཡིན། དགེ་བ་མ་ཡིན། མི་དགེ་བ་མ་ཡིན། ཁ་ན་མ་ཐོ་བ་དང་བཅས་པ་མ་ཡིན། ཁ་ན་མ་ཐོ་བ་མེད་པ་མ་ཡིན། ཟག་པ་དང་བཅས་པ་མ་ཡིན། ཟག་པ་མེད་པ་མ་ཡིན། འདུས་བྱས་མ་ཡིན། འདུས་མ་བྱས་ 82-1-265b མ་ཡིན། འཇིག་རྟེན་པ་མ་ཡིན། འཇིག་རྟེན་ལས་འདས་པ་མ་ཡིན། ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་བྱང་བ་མ་ཡིན་ཏེ། འཁོར་བ་དང་མྱ་ངན་ལས་འདས་པ་མ་རྙེད་ལ་སོ་སོའི་སྐྱེ་བོའི་ཆོས་ མི་དམིགས་ཤིང་འཕགས་པའི་ཆོས་ཀྱང་མི་དམིགས་ཏེ་སངས་རྒྱས་ཀྱི་ཆོས་མི་དམིགས་ན། བཙུན་པ་རབ་འབྱོར་དེ་ལྟར་ན་གང་གིས་ཅི་ཡང་མ་རྙེད་པ་སྤོབས་པ་དང་ལྡན་པ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་ པ། ཇི་ལྟར་སྤོབས་པར་འགྱུར། བུ་མོས་སྨྲས་པ། བཙུན་པ་རབ་འབྱོར་གྱིས་ཇི་ལྟར་ཆོས་ཐམས་ཅད་མ་རྙེད་པ་དེ་བཞིན་དུ་དེ་སྤོབས་པར་འགྱུར་རོ། །ཆོས་ཀྱི་དེ་བཞིན་ཉིད་གང་གིས་གནས་བརྟན་ཉོན་མོངས་པ་ མེད་པ་རྣམས་ཀྱི་མཆོག་ཏུ་བསྟན་པའི་ཆོས་ཀྱི་དེ་བཞིན་ཉིད་དེ་ཅི་བརྗོད་ཅིང་སྨྲར་རུང་ངམ། ཉོན་མོངས་པ་མེད་པ་དེ་དང་ཆོས་ཀྱི་དེ་བཞིན་ཉིད་དེ་ལ་ཅི་སྤོབས་པ་ཅི་ཡང་ཡོད་དམ། རབ་འབྱོར་གྱིས་སྨྲས་པ། ཉོན་མོངས་པ་མེད་པ་དང་། དེ་བཞིན་ཉིད་ནི་བསྟན་པ་འམ་བརྗོད་པར་མི་ནུས་སོ། །བུ་མོས་སྨྲས་པ། བཙུན་པ་རབ་འབྱོར་ཆོས་ཐམས་ཅད་ནི་བརྗོད་དུ་མེད་པ་ཡིན་ན་ཁྱོད་ཀྱིས་བུ་མོ་ཁྱོད་སྤོབས་པ་འདི་ལྟ་ བུ་དང་ལྡན་པ་ནི་ཁྱོད་ཀྱིས་རྙེད་པ་ལེགས་པར་རྙེད་དོ་ཞེས་བྱ་བ་དེ་ཇི་ལྟ་བུ་ཡིན། རབ་འབྱོར་གྱིས་སྨྲས་པ། བུ་མོ་ཁྱོད་ནི་འདི་ལྟར་མེད་པའི་སྤོབས་པས་སྟོན་ཏེ། བུ་མོས་སྨྲས་པ། གནས་བརྟན་རབ་ འབྱོར་ཆོས་ཐམས་ཅད་ལ་བྲག་ཆ་ལྟ་བུར་མོས་སམ། རབ་འབྱོར་གྱིས་སྨྲས་པ། བུ་མོ་མོས་སོ། །བུ་མོས་སྨྲས་པ། གནས་བརྟན་རབ་འབྱོར་ཅི་བྲག་ཆ་ལ་སྤོབས་པ་ཅི་ཡང་ཡོད་དམ། རབ་འབྱོར་ གྱིས་སྨྲས་པ། བུ་མོ་དེ་ནི་མེད་དེ། བུ་མོ་རྒྱུ་དང་རྐྱེན་ཚོགས་པ་ལས་སྒྲ་འབྱུང་བར་ཟད་དོ། །བུ་མོས་སྨྲས་པ། བཙུན་པ་རབ་འབྱོར་བརྟེན་ནས་སྒྲ་འབྱུང་བ་གང་ཡིན་པ་དེ་ལ་ནི་རང་བཞིན་གྱིས་གྲུབ་པ་ཅི་ཡང་ 82-1-266a མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གང་བརྟེན་ནས་འབྱུང་བ་དེ་ལ་ནི་སྐྱེ་བ་ཅི་ཡང་མེད་པའི་ཕྱིར་རོ། །རབ་འབྱོར་གྱིས་སྨྲས་པ། བུ་མོ་ཆོས་ཐམས་ཅད་ནི་བརྟེན་ནས་འབྱུང་བའོ། །བུ་མོས་ སྨྲས་པ། བཙུན་པ་རབ་འབྱོར་དེ་བས་ན་ཆོས་ཐམས་ཅད་ནི་རང་བཞིན་གྱིས་མ་སྐྱེས་པའོ། །རབ་འབྱོར་གྱིས་སྨྲས་པ། བུ་མོ་གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པ་ཡིན་ན་བཅོམ་ལྡན་འདས་ ཀྱིས་དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ནི་འདས་ཏེ་གཤེགས་སོ། །དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་རྙེད་ནི་མ་འོངས་པ་ན་འབྱུང་བར་འགྱུར་རོ། །དེ་བཞིན་གཤེགས་པ་གང་གཱའི་ ཀླུང་གི་བྱེ་མ་སྙེད་ནི་ད་ལྟར་བཞུགས་སོ་ཞེས་ཅིའི་ཕྱིར་བསྟན། བུ་མོས་སྨྲས་པ། བཙུན་པ་རབ་འབྱོར་མི་སྐྱེ་བ་ནི་སྐྱེ་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བཙུན་པ་རབ་འབྱོར་ཆོས་ཀྱི་དབྱིངས་ལ་ནི་སྐྱེ་བ་ འམ་ནུབ་པར་འགྱུར་བ་མི་འདོད་པའི་ཕྱིར་རོ། །རབ་འབྱོར་གྱིས་སྨྲས་པ། བུ་མོ་ཁྱོད་ནི་འདི་ལྟར་སྐྱེ་བ་མེད་པ་དོན་དམ་པའི་ཚིག་སྟོན་ཏོ། །བུ་མོས་སྨྲས་པ། བཙུན་པ་རབ་འབྱོར་བསྟན་པ་ཐམས་ཅད་ནི་བསྟན་ ཏུ་མེད་པའོ། །ཅིའི་ཕྱིར་བསྟན་པ་ཐམས་ཅད་བསྟན་དུ་མེད་ཅེ་ན། དེ་ནི་བསྟན་ཀྱང་རུང་། མ་བསྟན་ཀྱང་རུང་དངོས་པོ་མ་ཡིན་ཏེ། དངོས་པོ་མེད་པ་དང་བརྗོད་དུ་མེད་པའི་མཐའ་མི་སྤོང་བའི་ཕྱིར་རོ། །རབ་འབྱོར་ གྱིས་སྨྲས་པ། བུ་མོ་ཁྱོད་ཁྱིམ་ན་གནས་བཞིན་དུ་འདི་ལྟ་བུའི་ཆོས་ལ་གནས་ཤིང་འདི་ལྟ་བུའི་རྣམ་པ་དག་སྟོན་པ་འདི་ནི་ངོ་མཚར་ཏོ། །བུ་མོས་སྨྲས་པ། བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ལ་ནི་ཁྱིམ་པ་འམ། རབ་ཏུ་བྱུང་བ་ཞེས་གཟུང་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་བསམ་པས་ཕྱེ་བ་ཡིན། ཤེས་རབ་ཀྱིས་ཕྱེ་བ་ཡིན། ཡེ་ཤེས་ཀྱི་ཕྱེ་བ་ཡིན་པའི་ཕྱིར་རོ། །བཙུན་པ་ 82-1-266b རབ་འབྱོར་བྱང་ཆུབ་སེམས་དཔའི་གནས་པ་ཁྱོད་ཀྱིས་ཤེས་སམ། རབ་འབྱོར་གྱིས་སྨྲས་པ། བུ་མོ་ཁྱོད་ཀྱིས་ཤོད་ཅིག་དང་ཁོ་བོས་མཉན་ཏོ། །བུ་མོས་སྨྲས་པ། བཙུན་པ་རབ་འབྱོར་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཆོས་བརྒྱད་དང་ལྡན་ན་ཁྱིམ་པ་འམ་རབ་ཏུ་བྱུང་བ་ཞེས་མི་བྱ་སྟེ། སྤྱོད་ལམ་གང་དང་གང་གིས་གནས་ཀྱང་ཁ་ན་མ་ཐོ་བ་མེད་པར་འགྱུར་རོ། །བརྒྱད་གང་ཞེ་ན། འདི་ལྟ་སྟེ། བཙུན་པ་རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ཡིན་ཏེ། ལྷག་པའི་བསམ་པ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་རོ། ། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བར་གནས་པའི་ཕྱིར་བྱམས་པ་ལ་གནས་པ་ཡང་ཡིན་ནོ། །འཇིག་རྟེན་པའི་དགའ་བ་དང་སྤྱོད་པ་དང་བྲལ་བའི་ཕྱིར་སྙིང་རྗེ་ཆེན་པོ་ལ་གནས་པ་ཡང་ཡིན་ ནོ། །ལུས་དང་སྲོག་ལ་མི་ལྟ་བའི་ཕྱིར་བཏང་སྙོམས་ལ་གནས་པ་ཡང་ཡིན་ནོ། །ཡོངས་སུ་བསྔོ་བ་ལ་མཁས་པ་ཤིན་ཏུ་རྫོགས་པའི་ཕྱིར་ཐམས་ལ་མཁས་པ་ཡང་ཡིན་ནོ། །ལྟ་བ་ཐམས་ཅད་དང་བྲལ་བའི་ཕྱིར་ ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་ངེས་པར་བྱུང་བ་ཡང་ཡིན་ནོ། །དགེ་བའི་རྩ་བ་ཚོལ་བ་ལ་བརྩོན་པས་ཆོག་མི་ཤེས་པའི་ཕྱིར་བརྩོན་འགྲུས་བརྩམས་པ་ཡང་ཡིན་ནོ། །བཟོད་པ་ཤིན་ཏུ་ཐོབ་པའི་ཕྱིར་མ་ བསྟན་པར་ཤེས་པ་ཡང་ཡིན་ཏེ། བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བརྒྱད་པོ་དེ་དག་དང་ལྡན་ན་ཁྱིམ་པ་འམ་རབ་ཏུ་བྱུང་བ་ཞེས་མི་བྱ་སྟེ། སྤྱོད་ལམ་གང་དང་། གང་ གིས་གནས་ཀྱང་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་གྱིས་བུ་མོ་མྱ་ངན་མེད་ཀྱིས་བྱིན་པ་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་ཁྱོད་མལ་ཁྲི་གསེར་གྱི་རྐང་པ་ 82-1-267a ཅན་ལ་འདུག་ཅིང་སྟན་ཤིན་ཏུ་མཐོ་བ་ལ་འདུག་ནས་ཉན་ཐོས་ཆེན་པོ་དག་དང་གཏམ་ཟེར་བ་དེ་ནི་རུང་བ་མ་ཡིན་པར་གནས་པ་ཡིན་ནོ། །བུ་མོ་མི་ན་བར་ སྟན་མཐོན་པོ་ལ་འདུག་པ་ལ་སྟན་དམའ་བ་ལ་འདུག་པས་ཆོས་བཤད་པར་མི་བྱའོ་ཞེས་བྱ་བ་ཅི་ཁྱོད་ཀྱིས་མ་ཐོས་སམ། དེ་སྐད་ཅེས་སྨྲས་པ་དང་། བུ་མོ་མྱ་ངན་མེད་ཀྱིས་བྱིན་པས་ཚེ་དང་ལྡན་པ་ སྒྲ་གཅན་ཟིན་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་སྒྲ་གཅན་ཟིན་འཇིག་རྟེན་ན་གང་དག་ནི་རུང་བ་ཡིན། འཇིག་རྟེན་ན་གང་དག་ནི་རུང་བ་མ་ཡིན་པ་ཁྱོད་ཀྱིས་ཤེས་སམ། སྒྲ་གཅན་ཟིན་གྱིས་སྨྲས་ པ། བུ་མོ་ཁོ་བོས་ཤེས་ཏེ། གང་དག་ཇི་ལྟར་བཅས་པའི་བསླབ་པ་ལ་སློབ་ཅིང་བསླབ་པ་དེ་ལས་འགལ་བར་མི་བྱེད་པ་དེ་དག་ནི་རུང་བ་ཞེས་བྱའོ། །གང་དག་བསླབ་པ་དེ་ལས་འགལ་བར་བྱེད་པ་དེ་དག་ ནི་རུང་བ་མ་ཡིན་པ་ཞེས་བྱའོ། །བུ་མོ་མྱ་ངན་མེད་ཀྱིས་བྱིན་པས་སྨྲས་པ། བཙུན་པ་སྒྲ་གཅན་ཟིན་ཐོང་དེ་སྐད་མ་ཟེར་ཅིག །བཙུན་པ་སྒྲ་གཅན་ཟིན་གང་དག་ཇི་ལྟར་བཅས་པའི་བསླབ་པ་ལ་སློབ་པ་དེ་དག་ ནི་རུང་བ་མ་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་རྟོག་ཅིང་རྣམ་པར་རྟོག་པའི་ཕྱིར་རོ། །བཙུན་པ་སྒྲ་གཅན་ཟིན་གང་དག་མི་རྟོག་ཅིང་རྣམ་པར་མི་རྟོག་པ་དེ་དག་ནི་རུང་བ་ཞེས་བྱའོ། །བཙུན་པ་ སྒྲ་གཅན་ཟིན་རུང་བ་ཞེས་བྱ་བ་འདི་ནི་དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པ་རྣམས་ཀྱི་ཚིག་བླ་དགས་ཡིན་ཏེ། དེ་དག་ནི་བསླབ་པ་ལས་འགལ་བར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱི་ཉན་ཐོས་ རྣམས་ནི་བསླབ་པ་ལས་ཡང་དག་པར་འདས་པའི་ཕྱིར་ཏེ། དེ་དག་ནི་ཕྱིར་ཡང་བསླབ་པ་འདོད་པ་མ་ཡིན་པས་དེ་ནི་རུང་བ་ཡིན་ནོ། །དེ་དག་ནི་ཁམས་གསུམ་དུ་ཕྱིར་མི་འོང་བ་ཡིན། དེ་དག་ནི་བསླབ་པ་ལས་ 82-1-267b ཡང་དག་པར་འདས་པ་ཡིན་ཏེ། མི་སློབ་པ་ཞེས་བྱའོ། །དེ་ལྟར་ན་དེ་དག་གི་བསླབ་པ་ནི་མི་དམིགས་ཏེ། ཁམས་གསུམ་པ་བཏགས་པ་ཙམ་དུ་ཤེས་སོ། །དེའི་ཕྱིར་དེ་དག་ནི་རུང་བ་ཞེས་བྱའོ། ། སྒྲ་གཅན་ཟིན་གྱིས་སྨྲས་པ། བུ་མོ་རུང་བ་དང་། རུང་བ་མ་ཡིན་པ་ལ་ཐ་དད་དུ་དབྱེ་བ་ཅི་ཞིག་ཡོད། བུ་མོས་སྨྲས་པ། བཙུན་པ་སྒྲ་གཅན་ཟིན་འདི་ལྟ་སྟེ་དཔེར་ན་གསེར་དངུལ་རྒྱན་དུ་བྱས་པ་དང་། རྒྱན་དུ་མ་བྱས་པ་ལ་ཐ་དད་དུ་དབྱེ་བ་ཅི་ཡོད། སྒྲ་གཅན་ཟིན་གྱིས་སྨྲས་པ། བུ་མོ་ཐ་དད་དུ་དབྱེ་བ་ཅི་ཡང་མེད་དོ། །བུ་མོས་སྨྲས་པ། བཙུན་པ་སྒྲ་གཅན་ཟིན་དེ་བཞིན་དུ་རུང་བ་དང་། རུང་བ་མ་ཡིན་ པ་ལ་ཡང་ཡི་གེའི་ཐ་སྙད་མཉམ་པ་ཉིད་ཀྱི་ཕྱིར་ཐ་དད་དུ་དབྱེ་བ་ཅི་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་ཅི་དང་ཡང་བྲལ་བའི་ཕྱིར་ཏེ། རང་བཞིན་གྱིས་ཀུན་ ནས་ཉོན་མོངས་པ་ཅན་མ་ཡིན་ནོ། །བཙུན་པ་སྒྲ་གཅན་ཟིན་ཡང་འདི་སྐད་དུ་སྟན་ཤིན་ཏུ་མཐོ་བ་ལ་འདུག་སྟེ་ཆོས་ཉན་ཏམ་ཞེས་ཟེར་བ་ལ་བྱང་ཆུབ་སེམས་དཔའ་ནི་རྩྭ་བཏིང་བ་ལ་འདུག་ཀྱང་ཤིན་ཏུ་མཐོ་བ་ ལ་འདུག་པ་ཡིན་ནོ། །སྒྲ་གཅན་ཟིན་གྱིས་སྨྲས་པ། རྣམ་གྲངས་གང་གིས་ཁྱོད་དེ་སྐད་སྨྲ། བུ་མོས་སྨྲས་པ། བཙུན་པ་སྒྲ་གཅན་ཟིན་འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔས་གང་ལ་འདུག་ སྟེ་བྱང་ཆུབ་ཐོབ་པར་གྱུར། སྒྲ་གཅན་ཟིན་གྱིས་སྨྲས་པ། རྩྭ་བཏིང་བ་ལ་བཞུགས་ནས་བྱང་ཆུབ་ཐོབ་བོ། །བུ་མོས་སྨྲས་པ། བཙུན་པ་སྒྲ་གཅན་ཟིན་ཅི་བྱང་ཆུབ་སེམས་དཔས་རྩྭ་བཏིང་བ་ལ་འདུག་ པ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ཚངས་པ་འམ། བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་ངམ། དེ་ལས་གཞན་པ་འོག་མིན་མན་ཆད་ཀྱི་ལྷ་གང་ཡིན་པ་དེ་དག་ཐམས་ཅད་ཀྱིས་ལུས་ 82-1-268a བཏུད་དེ་ཐལ་མོ་སྦྱར་ནས་བྱང་ཆུབ་སེམས་དཔའི་ཞབས་ལ་གཏུག་པར་བྱེད་དམ། སྒྲ་གཅན་ཟིན་གྱིས་སྨྲས་པ། བུ་མོ་དེ་དེ་བཞིན་ཏེ། ཁྱོད་ཀྱིས་ཇི་སྐད་སྨྲས་པ་བཞིན་ནོ། ། བུ་མོས་སྨྲས་། བཙུན་པ་སྒྲ་གཅན་ཟིན་དེའི་ཕྱིར་རྣམ་གྲངས་དེས་ཀྱང་དཔེར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྩྭ་བཏིང་བ་ལ་འདུག་ཀྱང་སྟན་ཤིན་ཏུ་མཐོ་བ་ལ་འདུག་པ་ཡིན་གྱི། ཉན་ཐོས་ཚངས་པའི་འཇིག་རྟེན་ན་འདུག་པ་ནི་དེ་ལྟ་མ་ཡིན་པར་རིག་པར་བྱའོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་བུ་མོ་མྱ་ངན་མེད་ཀྱིས་བྱིན་པ་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་བཙུན་པ་ སྒྲ་གཅན་ཟིན་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་ཉིད་ཀྱི་སྲས་ཡིན་ཏེ། བསླབ་པ་འདོད་པ་རྣམས་ཀྱི་མཆོག་ཡིན་ན་ཅི་ཁྱོད་ཀྱིས་མི་ཤེས་སམ། བུ་མོ་མྱ་ངན་མེད་ཀྱིས་བྱིན་པས་སྨྲས་པ། ཡབ་ཐོང་ཤིག་ཐོང་ཤིག །འདི་ལྟར་བཙུན་པ་སྒྲ་གཅན་ཟིན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེའི་སྲས་ཡིན་ཞེས་མ་གསུང་ཤིག །རི་དགས་ཀྱི་རྒྱལ་པོ་སེང་གེ་རལ་པ་ཅན་ཅོན་པན་བཏགས་ པ་ལྟ་བུ་ཝ་སྐྱེད་པར་གྱུར་བ་ནམ་ཡང་གསན་ཏམ། གཟིགས་སམ། རྒྱལ་པོས་སྨྲས་པ། བུ་མོ་དེ་ནི་མ་ཡིན་ནོ། །བུ་མོས་སྨྲས་པ། ཡབ་དེ་བཞིན་དུ་དེ་བཞིན་གཤེགས་པ་སེང་གེའི་རྩལ་ ལྟ་བུས་གཤེགས་པ་དམ་པའི་ཆོས་ཀྱི་འཁོར་ལོས་སྒྱུར་བའི་ཞབས་འབྲིང་བ་ནི་ཉན་ཐོས་མཛེས་མ་ལགས་སོ། །ཡབ་དེ་བཞིན་གཤེགས་པའི་སྲས་གང་ཡིན་ཞེས་ཡང་དག་པའི་སྨྲ་བས་གང་སྨྲ་ ན་བྱང་ཆུབ་སེམས་དཔའ་ཉིད་ཡིན་ནོ་ཞེས་དེ་དག་ཡང་དག་པའི་སྨྲ་བས་སྨྲའོ། །ཡབ་དེ་ལྟ་བས་ན་དེ་བཞིན་གཤེགས་པའི་སྲས་སུ་ཁས་ལེན་པར་འཚལ་བས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་ 82-1-268b པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །གཏམ་འདི་བརྗོད་པའི་སྐབས་སུ་རྒྱལ་པོ་མ་སྐྱེས་དགྲའི་བཙུན་མོའི་འཁོར་ནས་བཙུན་མོ་ཉི་ཤུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་སེམས་བསྐྱེད་དོ། །ལྷའི་བུ་བརྒྱ་ཐམ་པས་ཀྱང་བུ་མོ་དེའི་སེང་གེའི་སྒྲ་འདི་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་ཚིག་འདི་སྐད་དུ་བདག་ཅག་འདི་རྣམས་འདས་ པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྲས་སུ་ཁས་ལེན་ཏོ་ཞེས་ཀྱང་སྨྲས་སོ། །ལྷའི་བུ་དེ་དག་གིས་འདི་ལྟར་བུ་མོ་མྱ་ངན་མེད་ཀྱིས་བྱིན་པ་ལ་མཆོད་པ་ བྱའི་ཕྱིར་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ཐམས་ཅད་ལྷའི་མེ་ཏོག་དག་གིས་མངོན་པར་གཏོར་ཏོ། །དེ་ནས་བུ་མོ་མྱ་ངན་མེད་ཀྱིས་བྱིན་པ་ཁྲི་གསེར་གྱི་རྐང་པ་ཅན་ལས་བབས་ཏེ་ཉན་ཐོས་ཆེན་པོ་ དེ་དག་གི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས་བཟའ་བ་དང་། བཅའ་བ་དང་། བལྡག་པ་དང་། བཞིབ་པ་དང་། མྱང་བར་བྱ་བ་བསོད་པ་མང་པོ་དག་གིས་བཀུར་སྟི་བྱས་ཏེ། དད་པ་དང་གུས་པས་རང་གི་ ལག་ནས་ཉན་ཐོས་ཆེན་པོ་དེ་དག་ཚིམ་པར་བྱས་ནས་འདི་སྐད་དུ་བཙུན་པ་དག་རང་དགར་སླད་དྲོ་བཅོམ་ལྡན་འདས་ཆོས་ཉན་དུ་བཞུད་ཅིག །བཙུན་པ་དག་བདག་ཀྱང་མཆི་བར་འཚལ་ལོ་ཞེས་ཀྱང་ སྨྲས་སོ། །དེ་ནས་བུ་མོ་མྱ་ངན་མེད་ཀྱིས་བྱིན་པ་ཕ་མ་ལ་སོགས་པ་འཁོར་མང་པོ་དང་། སྐྱེ་བོ་ཕལ་པོ་ཆེས་ཡོངས་སུ་བསྐོར་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །རྒྱལ་པོ་བཙུན་མོའི་འཁོར་དང་བཅས་པས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་གནང་སྟེ་ཕྱོགས་གཅིག་ཏུ་ 82-1-269a འཁོད་དོ། །ཉན་ཐོས་ཆེན་པོ་དེ་དག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་དོང་སྟེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་ འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བུ་མོ་མྱ་ངན་མེད་ཀྱིས་བྱིན་པའི་སྤོབས་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བུ་མོ་འདིས་ནི་ཐོག་མ་ཉིད་དུ་ བྱང་ཆུབ་དོན་དུ་གཉེར་བ་ན་སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་དགུ་བཅུ་རྩ་གཉིས་ལ་དགེ་བའི་རྩ་བ་དག་བསྐྱེད་དོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་བུ་མོ་འདིས་བུད་མེད་ཀྱི་ ལུས་མ་བསྒྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། བུ་མོ་མྱ་ངན་མེད་ཀྱིས་བྱིན་པ་ལ་བུད་མེད་དོ་སྙམ་དུ་སེམས་ན་དེ་ལྟར་མི་བལྟའོ། །བྱང་ཆུབ་སེམས་ དཔའ་དག་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྨོན་ལམ་གྱིས་བདག་ཉིད་བུད་མེད་ཀྱི་གཟུགས་སུ་སྟོན་ཏོ། །དེ་ནས་དེའི་ཚེ་བུ་མོ་མྱ་ངན་མེད་ཀྱིས་བྱིན་པས་བདེན་པའི་བྱིན་གྱི་བརླབས་བྱས་ ཏེ། བདེན་པའི་བྱིན་གྱི་བརླབས་གང་གིས་ཆོས་ཐམས་ཅད་སྐྱེས་པ་ཡང་མ་ཡིན། བུད་མེད་ཀྱང་མ་ཡིན་པ་ལྟ་ན་བདེན་པ་དང་བདེན་པའི་ཚིག་དེས་བདག་སྐྱེས་པའི་ལུས་སུ་གྱུར་ཅིག །ཐམས་ཅད་དང་ ལྡན་པའི་འཁོར་འདིས་ཀྱང་མཐོང་བར་གྱུར་ཅིག །ཚིག་དེ་སྐད་ཅེས་སྨྲས་མ་ཐག་ཏུ་བུད་མེད་ཀྱི་མཚན་མ་མི་སྣང་བར་གྱུར་ཏེ། སྐྱེས་པའི་མཚན་མ་བྱུང་བར་གྱུར་ནས་སྟེང་གི་བར་སྣང་ལ་ཏལ་བདུན་ སྲིད་ཙམ་དུ་འཕགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་མེད་ཀྱིས་བྱིན་པ་སྟེང་གི་བར་སྣང་ 82-1-269b ལ་འཕགས་པ་ཁྱོད་ཀྱིས་མཐོང་ངམ། ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ ངན་མེད་ཀྱིས་བྱིན་པ་འདི་ནི་བསྐལ་པ་གྲངས་མེད་པ་བདུན་གྱིས་འཇིག་རྟེན་གྱི་ཁམས་དྲི་མ་མེད་པའི་འོད་ཅེས་བྱ་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་ མེད་པ་ཞེས་བྱ་བར་འགྱུར་ཏེ། ཚེའི་ཚད་ནི་བསྐལ་པ་བརྒྱར་འགྱུར་རོ། །དམ་པའི་ཆོས་ནི་བསྐལ་པ་བཅུར་གནས་པར་འགྱུར་རོ། །དེའི་དགེ་འདུན་ནི་བྱང་ཆུབ་སེམས་དཔའ་འབའ་ཞིག་ཏུ་འགྱུར་ཏེ། ཕྱིར་ མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱེ་བ་ཕྲག་སུམ་བཅུ་རྩ་གཉིས་ཡོད་དོ། །འཇིག་རྟེན་གྱི་ཁམས་དེ་ཡང་བཻ་དཱུརྱ་ལས་གྲུབ་པ་རིན་པོ་ཆེ་སྣ་བདུན་གྱིས་བཀྲ་བར་བྱས་ཤིང་ མིག་མངས་རིས་སུ་བྲེས་ལ་རིན་པོ་ཆེའི་པདྨས་ཁེབས་པ་དང་། ངན་སོང་ཐམས་ཅད་རྣམ་པར་སྤངས་པར་འགྱུར་རོ། །ལྷ་དང་མི་རྣམས་ཀྱི་ལོངས་སྤྱོད་དག་ཀྱང་ཁྱད་པར་མེད་དེ། ཤཱ་རིའི་བུ་དགའ་ ལྡན་གྱི་ལྷ་རྣམས་ཀྱི་ཉེ་བར་སྤྱད་པ་དང་། ལོངས་སྤྱོད་ཇི་ལྟ་བ་བཞིན་དུ་མི་རྣམས་ཀྱི་ཡང་དེར་དེ་བཞིན་དུ་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་མྱ་ངན་མེད་ཀྱིས་བྱིན་པའི་མ་རྒྱལ་པོ་མ་སྐྱེས་དགྲའི་ བཙུན་མོ་དམ་པ། ཟླ་བ་ཅན་ཞེས་བྱ་བ་དེས་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་སྐྱེས་བུ་དམ་པ་འདི་དགུང་ཟླ་དགུར་རུམ་ན་བཟུང་ བ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་ལགས་སོ། །བཅོམ་ལྡན་འདས་བདག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱི་སྟེ། དགེ་བའི་རྩ་བ་འདིས་ 82-1-270a བདག་འཇིག་རྟེན་གྱི་ཁམས་དྲི་མ་མེད་པའི་འོད་དེ་ཉིད་དུ་འདིའི་འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །དེ་ནས་བཅོམ་ ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་བཙུན་མོ་ཟླ་བ་ཅན་འདི་ཁྱོད་ཀྱིས་མཐོང་ངམ། ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་རྒྱལ་པོའི་བཙུན་མོ་ཟླ་བ་ཅན་འདི་ནི་འདི་ནས་ཤི་འཕོས་ནས་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་དང་སྐལ་པ་མཉམ་པར་སྐྱེ་བར་འགྱུར་ཞིང་ལྷའི་བུ་ རིན་ཆེན་མཆོག་ཅེས་བྱ་བར་འགྱུར་ཏེ། གང་གི་ཚེ་བྱང་ཆུབ་སེམས་དཔའ་བྱམས་པས་བྱང་ཆུབ་ཐོབ་པར་གྱུར་བ་དེའི་ཚེ་རྒྱལ་པོ་དུང་ཞེས་བྱ་བ་དེའི་བུ་རྒྱལ་པོ་གཞོན་ནུ་མཐོང་ན་ དགའ་བ་ཞེས་བྱ་བར་གྱུར་ནས་དེ་བཞིན་གཤེགས་པ་བྱམས་པ་ལ་མཆོད་པ་བྱས་ཏེ་རབ་ཏུ་འབྱུང་བར་འགྱུར་རོ། །དེས་དེ་བཞིན་གཤེགས་པ་བྱམས་པའི་དམ་པའི་ཆོས་ཐོག་མ་དང་། བར་དང་། ཐ་མའི་བར་དུ་འཛིན་པར་འགྱུར་ཏེ། བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་བཅོམ་ལྡན་འདས་གང་དག་འབྱུང་བར་འགྱུར་བ་དེ་དག་ཐམས་ཅད་ཀྱང་མཉེས་པར་བྱེད་ཅིང་མཆོད་པར་འགྱུར་རོ། །དེ་ མཐར་གྱིས་དེ་བཞིན་གཤེགས་པ་མྱ་ངན་མེད་པས་བྱང་ཆུབ་ཐོབ་པ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་མུ་ཁྱུད་འཛིན་ཅེས་བྱ་བར་འགྱུར་ཏེ། དེས་དེ་བཞིན་གཤེགས་པ་དེ་ལ་མཆོད་པ་ཚད་མེད་པ་ དག་བྱས་ནས་སངས་རྒྱས་ཀྱི་ཞིང་དེ་ལྟ་བུ་དེ་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་ཀུན་ཏུ་འོད་ཟེར་ཞེས་བྱ་བར་ 82-1-270b འགྱུར་རོ། །དེ་ནས་རྒྱལ་པོའི་བཙུན་མོ་ཟླ་བ་ཅན་གྱིས་བདག་ཉིད་ལུང་བསྟན་པ་ཐོས་ནས་ཚིམ་ཞིང་མགུ་སྟེ་ཡི་རངས་ནས་བཅོམ་ལྡན་འདས་ལ་མུ་ཏིག་གི་དོ་ཤལ་བརྒྱ་སྟོང་རི་བ་ཕུལ་ཏེ་ཚངས་ པར་སྤྱོད་པར་རྒྱལ་པོས་གནང་ནས་བསླབ་པའི་གཞི་དག་བཟུང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་མེད་ཀྱིས་བྱིན་པས་ལྷས་ཕུལ་བའི་མེ་ཏོག་མན་དཱ་ར་བ་དག་གིས་བཅོམ་ ལྡན་འདས་དང་འཁོར་ཐམས་ཅད་ལ་གཏོར་ཏོ། །དེ་ནས་བར་སྣང་ལས་བབས་ཏེ་ཕྱོགས་གཅིག་ཏུ་འདུག་ནས་ཚིག་འདི་སྐད་དུ་བདེན་པ་དང་བདེན་པའི་ཚིག་གང་གིས་བདག་གི་བྱང་ཆུབ་ཐོབ་པ་ན་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་རྫུས་ཏེ་སྐྱེ་ཞིང་ཆོས་གོས་ངུར་སྨྲིག་གྱོན་ལ་རིན་པོ་ཆེའི་པདྨ་དག་ལ་སྐྱིལ་མོ་དཀྲུང་བཅས་ཏེ་སྐྱེ་བར་འགྱུར་བ་ལྟ་ན། བདེན་པ་དང་བདེན་ པའི་ཚིག་དེས་དཔེར་ན་དགེ་སློང་བསྙེན་པར་རྫོགས་ནས་ལོ་བརྒྱད་ལོན་པའི་སྤྱོད་ལམ་ཇི་ལྟ་བ་བཞིན་དུ་བདག་གནས་པར་གྱུར་ཅིག་ཅེས་སྨྲས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་ མེད་ཀྱིས་བྱིན་པས་བདེན་པའི་བྱིན་གྱི་བརླབས་བྱས་མ་ཐག་ཏུ་དགེ་སློང་གི་སྤྱོད་ལམ་དང་ལྡན་པར་སྣང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་མེད་ཀྱིས་བྱིན་པས་ ཕ་རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲས་སོ། །ཡབ་འདི་ལྟར་ཆོས་ཐམས་ཅད་ནི་བཅོས་མ་སྟེ་རྣམ་པར་བསྒྲུབས་པས་ཉེ་བར་གནས་པའི་མཚན་ཉིད་དང་། ཡོངས་སུ་བརྟགས་པ་ལས་ལངས་ པ་མེད་བཞིན་དུ་ཕྱིན་ཅི་ལོག་དང་མཚུངས་པར་ལྡན་པ་ལགས་སོ། །རྒྱལ་པོ་ཆེན་པོ་གཟིགས་ཤིག་དང་དེ་རིང་ཁོ་ནའི་གདུགས་གཅིག་ལ་བུ་མོའི་གཟུགས་སུ་ཡང་གཟིགས་ཁྱེའུའི་གཟུགས་སུ་ཡང་ཁྱོད་ཀྱིས་གཟིགས། ད་ནི་ 82-1-271a བདག་ལ་དགེ་སློང་གི་གཟུགས་སུ་ཡང་ཁྱོད་ཀྱིས་གཟིགས་ན་འདི་ལ་གང་ཡང་དག་པའི་གཟུགས་ལགས། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཡ་མ་བརླའི་ཆོས་ཐམས་ཅད་ལ་འདི་ན་ཁ་ཅིག་ལྟ་བའི་ཀུན་ནས་ དཀྲིས་པས་ཀུན་ནས་གླགས་ཤིང་མཆིས་ཏེ། རང་གི་རྒྱུད་ལ་མཆིས་པའི་ཉོན་མོངས་པ་རྣམས་ཀྱིས་ཡོངས་སུ་སྲེག་གོ། །ཡོངས་སུ་བསྲེགས་པས་ཆོས་འདུལ་བ་འདི་མ་འཚལ་ཏེ་འགྱོད་པ་ མ་ལགས་པ་ལ་འགྱོད་པར་སེམས་སོ། །རྒྱལ་པོ་ཆེན་པོ་དེ་ལྟར་ན་ཁྱོད་ཀྱིས་བག་ཡོད་པར་མཛོད་ལ། རྒྱལ་སྲིད་ཉམ་ང་བ་ན་བཞུགས་བཞིན་དུ་རྟག་ཏུ་བཅོམ་ལྡན་འདས་ཀྱི་ཐད་དུ་བཞུད་ ཅིག་དང་། འཇམ་དཔལ་གཞོན་ནུར་གྱུར་བས་ཁྱོད་ཀྱི་ཡོད་པ་མ་ཡིན་པ་ཕྱིན་ཅི་ལོག་ལས་བྱུང་བའི་འགྱོད་པ་སེལ་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་ཁྱོད་ནི་བྱ་བ་མང་ཞིང་བྱེད་པ་མང་བ་ལགས་ཀྱིས་ བཞུད་ཅིག །དེ་ནས་རྒྱལ་པོ་མ་སྐྱེས་དགྲ་དང་། བཙུན་མོ་ཟླ་བ་ཅན་དང་། བཙུན་མོའི་འཁོར་ཐམས་ཅད་ཀྱིས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་མྱ་ངན་མེད་ཀྱིས་བྱིན་པ་དང་། དགེ་སློང་གི་ དགེ་འདུན་རྣམས་ལ་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ནི་བགྱི་བ་མང་ཞིང་བགྱིད་པ་མང་བ་ལགས་ཀྱིས་བདག་ཅག་མཆིའོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ད་དེའི་དུས་ལ་བབ་པར་ཤེས་ན་སོང་ཤིག་ཅེས་བཀའ་སྩལ་ནས་རྒྱལ་པོ་མ་སྐྱེས་དགྲ་བཙུན་མོ་ཟླ་བ་ཅན་ལ་སོགས་པ་བཙུན་མོའི་འཁོར་ ཆེན་པོ་དག་དང་ལྷན་ཅིག་ཏུ་བྱ་རྒོད་ཀྱི་ཕུང་པོའི་རི་ལས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་དོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ 82-1-271b ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག །ཆོངས་ཤིག །ལྷོགས་ཤིག །ཀུན་ཆུབ་པར་གྱིས་ཤིག །གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་ཅིག །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་ འདས་ཆོས་ཀྱི་རྣམ་གྲངས་འདི་བདག་གིས་གཟུང་ལགས་ན། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་མྱ་ངན་མེད་ཀྱིས་བྱིན་པའི་སེང་གེའི་སྒྲ་ཞེས་བྱ་བ་དང་། མྱ་ངན་མེད་ཀྱིས་བྱིན་པ་ལུང་བསྟན་པ་ཞེས་བྱ་བར་ཟུང་ཤིག །གཞན་དག་ལ་ཡང་སྟོན་ཅིག ། ཀུན་དགའ་བོ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་ཚོགས་ཀྱིས་ཡོངས་སུ་བཀང་སྟེ་སྦྱིན་པ་བྱིན་པ་བས་གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཐ་ན་རྣ་ལམ་ དུ་ཐོས་ན་འདི་ནི་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་ན་གང་འཛིན་པ་དང་། ཀུན་ཆུབ་པར་བྱེད་པ་དང་། འཆང་བ་དང་། ཀློག་པ་དང་། རྗོད་པ་དང་། ལུང་ཇི་སྐད་ཕོག་པ་བཞིན་དུ་ནན་ཏན་དུ་གྲུབ་པ་ ལྟ་ཅི་སྨོས། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་མེད་ཀྱིས་བྱིན་པ་དང་། ཉན་ཐོས་ཆེན་པོ་དེ་དག་དང་། ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དཀོན་མཆོག་བརྩེགས་ པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་མྱ་ངན་མེད་ཀྱིས་བྱིན་པ་ལུང་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་སུམ་བཅུ་རྩ་གཉིས་པ་རྫོགས་སོ།། །། 82-1-272a རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ། ༄༅༅། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་སུམ་བཅུ་རྩ་གསུམ་པ་སྟེ་འཕགས་པ་དྲི་མ་མེད་ཀྱིས་བྱིན་པས་ཞུས་པ་ལུང་བསྟན་ པ། བམ་པོ་དང་པོ། རྒྱ་གར་སྐད་དུ། ཨཱརྱ་བི་མ་ལ་དཏ་ཏ་པ་རི་པྲྀཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དྲི་མ་མེད་ཀྱིས་བྱིན་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་ དགའ་ར་བ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ ལྡན་པར་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ་བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་ པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ་ཤ་སྟག་སྟེ། གང་ཟག་གཅིག་མ་ གཏོགས་པ་ནི་འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོའོ། །བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུ་ཕལ་ཆེར་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པ། སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་ལ་འདི་ལྟ་སྟེ། 82-1-272b བྱང་ཆུབ་སེམས་དཔའ་རིན་ཆེན་འོད་དང་། བྱང་ཆུབ་སེམས་དཔའ་ཤེས་རབ་བརྩེགས་དང་། བྱང་ཆུབ་སེམས་དཔའ་དཔལ་གྱི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་གྲགས་པའི་ བློ་གྲོས་དང་། སྤོབས་པ་བརྩེགས་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། མཐུ་ཆེན་ཐོབ་དང་། བྱམས་པ་དང་། མྱ་ངན་མེད་ཀྱིས་བྱིན་དང་། འཇམ་དཔལ་གཞོན་ནུར་གྱུར་བ་དང་། གོམ་པ་འདོར་ པ་དོན་ཡོད་དང་། མཐོང་བ་དོན་ཡོད་དང་། ངན་སོང་སྤོང་དང་། མྱ་ངན་གྱི་མུན་པ་ཐམས་ཅད་འཇོམས་པ་དང་། ཡོན་ཏན་རིན་པོ་ཆེའི་མེ་ཏོག་གིས་རྟག་ཏུ་བརྒྱན་དང་། གསེར་གྱི་ཕྲེང་བའི་འོད་ ཀྱི་དཔལ་ཅན་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། བྱང་ཆུབ་སེམས་དཔའ་སེམས་ཐོགས་པ་མེད་པ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཁྲི་དང་ཡང་ཐབས་གཅིག་གོ། །དེ་ནས་ཚེ་ དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་བྱམས་པའི་བུ་གང་པོ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། ཚེ་དང་ལྡན་པ་རབ་འབྱོར་དང་། ཚེ་དང་ ལྡན་པ་ནམ་གྲུ་དང་། ཚེ་དང་ལྡན་པ་མ་འགགས་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཉན་ཐོས་ཆེན་པོ་བརྒྱད་པོ་དེ་དག་དང་། བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་། བྱང་ཆུབ་སེམས་ དཔའ་ངན་སོང་སྤོང་དང་། རིན་པོ་ཆེའི་ཏོག་དང་། མཐོང་བ་དོན་ཡོད་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། སྤོབས་པ་བརྩེགས་དང་། བྱང་ཆུབ་སེམས་དཔའ་གོམ་པ་འདོར་བ་དོན་ཡོད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྒྱད་པོ་དེ་དག་སྔ་དྲོའི་དུས་ཀྱི་ཚེ་ཤམ་ཐབས་དང་ཆོས་གོས་བགོས་ནས་ལྷུང་བཟེད་ཐོགས་ཏེ། 82-1-273a བསོད་སྙོམས་ཀྱི་ཕྱིར་གྲོང་ཁྱེར་ཆེན་པོ་མཉན་ཡོད་དུ་ཞུགས་ནས། དེ་དག་ལམ་གྱི་བར་སྐབས་སུ་གཏམ་འདི་སྐད་ཅེས། གང་གིས་གྲོང་ཁྱེར་དུ་སྐྱེ་བོའི་ཚོགས་ཐམས་ཅད་ཀྱིས་འཕགས་པའི་ བདེན་པའི་གཏམ་ཐོས་པར་འགྱུར་བ་རྣམ་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་གྲོང་ཁྱེར་དུ་འཇུག་པར་བྱའོ་ཞེས་རྗོད་པར་གྱུར་ཏོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། གང་གིས་ གྲོང་ཁྱེར་དུ་འཕགས་པའི་བདེན་པ་རྣམས་ལ་སྐྱེ་བོའི་ཚོགས་ཐམས་ཅད་ཀྱི་ཤེས་རབ་ཐོགས་པ་མེད་དེ། དེ་དག་གི་ཤེས་རབ་ལ་མུན་པ་མུན་ནག་མེད་པར་འགྱུར་བ་རྣམ་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ། ཁོ་བོ་སྙོམས་པར་ཞུགས་ཏེ་གྲོང་ཁྱེར་དུ་འཇུག་པར་བྱའོ། །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་སྨྲས་པ། གང་གིས་གྲོང་ཁྱེར་དུ་སྐྱེ་བོའི་ཚོགས་ཐམས་ཅད་ལ་བདུད་ཀྱི་ལས་རྣམས་འབྱུང་བར་མི་ འགྱུར་བ་རྣམ་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་ཁོ་བོ་སྙོམས་པར་ཞུགས་ཏེ་གྲོང་ཁྱེར་དུ་འཇུག་པར་བྱའོ། །ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་སྨྲས་པ། ཅི་ནས་ཀྱང་གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་བ་དང་། གཅེར་བུ་པ་དང་། འཚོ་བ་པ་དང་། བྲམ་ཟེ་དང་། ཁྱིམ་བདག་གང་དག་གྲོང་ཁྱེར་ན་འཁོད་པ་དེ་དག་སྡིག་པ་ཅན་གྱི་ལྟ་བ་དང་ལྡན་པར་མི་འགྱུར་བ་རྣམ་པ་དེ་ལྟ་བུའི་ཏིང་ངེ་ འཛིན་ལ་ཁོ་བོ་སྙོམས་པར་ཞུགས་ཏེ་གྲོང་ཁྱེར་དུ་འཇུག་པར་བྱའོ། །ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་སྨྲས་པ། ཅི་ནས་ཀྱང་གྲོང་ཁྱེར་ན་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་གང་ དག་བདག་ཅག་ལ་བསོད་སྙོམས་སྦྱིན་པར་བྱེད་པ་འཁོད་པ་དེ་དག་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པ་ལ་ཐུག་གི་བར་དུ་ལོངས་སྤྱོད་ཟད་མི་ཤེས་པ་རྙེད་པར་འགྱུར་བ་རྣམ་པ་དེ་ལྟ་བུའི་ 82-1-273b ཏིང་ངེ་འཛིན་ལ་ཁོ་བོ་སྙོམས་པར་ཞུགས་ཏེ་གྲོང་ཁྱེར་དུ་འཇུག་པར་བྱའོ། །ཚེ་དང་ལྡན་པ་རབ་འབྱོར་གྱིས་སྨྲས་པ། གང་གིས་གྲོང་ཁྱེར་དུ་སྐྱེ་བོའི་ཚོགས་ཐམས་ཅད་ཉོན་མོངས་པ་མེད་པ་ ཐོབ་པར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་ཁོ་བོ་སྙོམས་པར་ཞུགས་ཏེ་གྲོང་ཁྱེར་དུ་འཇུག་པར་བྱའོ། །ཚེ་དང་ལྡན་རབ་ནམ་གྲུས་སྨྲས་པ། གང་གིས་གྲོང་ཁྱེར་དུ་སྐྱེ་བོའི་ ཚོགས་ཐམས་ཅད་ཀྱིས་ཏིང་ངེ་འཛིན་ཐོབ་པར་འགྱུར་བ་རྣམ་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་ཁོ་བོ་སྙོམས་པར་ཞུགས་ཏེ་གྲོང་ཁྱེར་དུ་འཇུག་པར་བྱའོ། །ཚེ་དང་ལྡན་པ་མ་འགགས་ པས་སྨྲས་པ། གང་གིས་གྲོང་ཁྱེར་དུ་སྐྱེ་བོའི་ཚོགས་ཐམས་ཅད་ནད་མེད་པའི་བདེ་བ་ཐོབ་པར་འགྱུར་བ་རྣམ་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་ཁོ་བོ། སྙོམས་པར་ཞུགས་ཏེ་གྲོང་ཁྱེར་དུ་འཇུག་ པར་བྱའོ། །ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ། གང་གིས་གྲོང་ཁྱེར་དུ་སྐྱེ་བོའི་ཚོགས་ཐམས་ཅད་ལ་སྔོན་མ་ཐོས་པའི་ཆོས་རྣམས་མངོན་དུ་འགྱུར་བ་རྣམ་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་ ཁོ་བོ་སྙོམས་པར་ཞུགས་ཏེ་གྲོང་ཁྱེར་དུ་འཇུག་པར་བྱའོ། །འཇམ་དཔལ་གཞོན་ནུ་གྱུར་བས་སྨྲས་པ། ཅི་ནས་ཀྱང་གང་གིས་གྲོང་ཁྱེར་ན་སྒོ་དང་། སྐར་ཁུང་དང་། རྩིག་པ་དང་། སྣོད་དང་། རྒྱན་དང་། ཤིང་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་དང་། གོས་རྣམས་ལས་སྟོང་པ་ཉིད་གྱི་སྒྲ་འབྱུང་བར་འགྱུར་བ་དང་། མཚན་མ་མེད་པའི་སྒྲ་དང་། སྨོན་པ་མེད་པའི་སྒྲ་དང་། སྐྱེ་བ་མེད་པའི་སྒྲ་དང་། དངོས་པོ་མེད་པའི་སྒྲ་དང་། བདག་མེད་པའི་སྒྲ་འབྱུང་བར་འགྱུར་བ་རྣམ་པ་དེ་ལྟ་བུའི་བསམ་པ་ཁོ་བོས་བསམ་པར་བྱའོ། །བྱང་ཆུབ་སེམས་དཔའ་ངན་སོང་སྤོང་གིས་ 82-1-274a སྨྲས་པ། གང་གིས་གྲོང་ཁྱེར་ན་སེམས་ཅན་རྣམས་ཀྱི་ལས་ངན་སོང་མྱོང་བར་འགྱུར་བ་གང་ཡོད་པ་དེ་ཚེ་འདི་ཉིད་ལ་ཡང་ཞིང་ཆུང་དུ་མྱོང་བར་འགྱུར་བ་རྣམ་པ་དེ་ལྟ་བུའི་བསམ་པ་ཁོ་ བོས་བསམ་པར་བྱའོ། །བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་ཀྱིས་སྨྲས་པ། ཅི་ནས་ཀྱང་གྲོང་ཁྱེར་ན་སེམས་ཅན་གང་དག་ཁོ་བོའི་མིག་ལམ་ན་སྣང་བར་འགྱུར་བ་དེ་དག་ཐམས་ཅད་ཀྱིས་ དེ་བཞིན་གཤེགས་པའི་གཟུགས་མཐོང་བར་འགྱུར་བ་རྣམ་པ་དེ་ལྟ་བུའི་བསམ་པ་ཁོ་བོས་བསམ་པར་བྱའོ། །བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་ཏོག་གིས་སྨྲས་པ། གང་གིས་གྲོང་ཁྱེར་ ན་ཁྱིམ་ཐམས་ཅད་དུ་རིན་པོ་ཆེས་གང་བའི་གཏེར་རྣམས་འབྱུང་བར་འགྱུར་བ་རྣམ་པ་དེ་ལྟ་བུའི་བསམ་པ་ཁོ་བོས་བསམ་པར་བྱའོ། །བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་ བས་སྨྲས་པ། གང་གིས་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོར་སྐྱེ་བོའི་ཚོགས་ཐམས་ཅད་ཀྱི་སྒྲིབ་པ་ལྔ་པོ་དག་རྣམ་པར་སེལ་བར་འགྱུར་བ་རྣམ་པ་དེ་ལྟ་བུའི་བསམ་པ་ཁོ་བོས་བསམ་པར་ བྱའོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་སྨྲས་པ། ཅི་ནས་ཀྱང་གྲོང་ཁྱེར་ན་སེམས་ཅན་གང་དག་བཅིངས་པ་དང་། གསད་པར་བཀྲི་བ་དེ་དག་ཐམས་ཅད་ཐར་པ་ དང་འཇིགས་པས་ཉེན་པ་རྣམས་ཀྱང་འཇིག་པ་མེད་པ་ཐོབ་པར་འགྱུར་བ་རྣམ་པ་དེ་ལྟ་བུའི་བསམ་པ་ཁོ་བོས་བསམ་པར་བྱའོ། །བྱང་ཆུབ་སེམས་དཔའ་སྤོབས་པ་བརྩེགས་ཀྱིས་སྨྲས་པ། གང་གིས་གྲོང་ཁྱེར་ན་སྐྱེ་བོའི་ཚོགས་ཐམས་ཅད་ཕན་ཚུན་དུ་ཚིགས་སུ་བཅད་པའི་དབྱངས་དང་། བྱམས་པའི་སེམས་ཀྱིས་སྨྲ་བར་འགྱུར་བ་དང་། སྤོབས་པ་ཡང་ཐོབ་པར་འགྱུར་བ་རྣམ་པ་ 82-1-274b དེ་ལྟ་བུའི་བསམ་པ་ཁོ་བོས་བསམ་པར་བྱའོ། །བྱང་ཆུབ་སེམས་དཔའ་གོམ་པ་འདོར་བ་དོན་ཡོད་ཀྱིས་སྨྲས་པ། ཅི་ནས་ཀྱང་གྲོང་ཁྱེར་ན་སེམས་ཅན་གང་དག་ཁོ་བོའི་མིག་ལམ་ ན་སྣང་བར་འགྱུར་བ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་རྣམ་པ་དེ་ལྟ་བུའི་བསམ་པ་ཁོ་བོའི་བསམ་པར་བྱའོ། །དེ་ནས་ཉན་ཐོས་ ཆེན་པོ་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་རྣམ་པ་དེ་ལྟ་བུའི་གཏམ་འདི་བརྗོད་ཅིང་མཉེན་ཡོད་ཀྱི་གྲོང་ཁྱེར་ཆེན་པོར་ཕྱིན་ཏོ། །ཡང་དེའི་ཚེ་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་བུ་ མོ་དྲི་མ་མེད་ཀྱིས་བྱིན་པ་ཞེས་བྱ་བ་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ། ཆོས་ཟབ་མོ་ལ་བཟོད་པ་དང་ལྡན་ པ། མངོན་པར་ཤེས་པ་ལྔ་པོ་ཐོབ་པ་ཞིག་ཡོད་དེ་བུ་མོ་དེས་ལྷའི་མིག་རྣམ་པར་དག་པ་མིའི་ལས་འདས་པས་བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་མཐོང་ཞིང་དེ་དག་ ལམ་གྱི་སྐབས་སུ་གཏམ་ཅི་བརྗོད་པ་དེ་དག་ཐམས་ཅད་ཀྱང་ཐོས་སོ། །བུ་མོ་དེ་ཡང་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་ པ། ཕ་མ་དང་ནང་མི་ལ་བྱམས་པ། བཙས་ནས་ལོ་བཅུ་གཉིས་ལོན་པ་སྟེ། དེ་དཔྱིད་ཟླ་ཐ་ཆུངས་ཚེས་བརྒྱད་སྐར་མ་རྒྱལ་གྱི་ཉིན་པར་ཕ་མས་དགེ་མཚན་དང་། བཀྲ་ ཤིས་བྱེད་དུ་གནང་ནས་བྲམ་ཟེ་ཞོ་དང་། རྩྭ་ཀུ་ཤ་དང་། མེ་ཏོག་དང་། ཡམ་སྲེག་ཤིང་དང་། མར་དང་། བུམ་པ་ཐོགས་པ་ལྔ་བརྒྱས་ཡོངས་སུ་བསྐོར་ཏེ་ཁྲུས་བྱ་བར་ཁྲིད་ 82-1-275a བ་ལས་བྲམ་ཟེ་དེ་དག་གིས་བྱང་ཆུབ་སེམས་དཔའ་དེ་དག་དང་ཉན་ཐོས་ཆེན་པོ་དེ་དག་མཐོང་ངོ་། །མཐོང་ནས་ཀྱང་བཀྲ་མི་ཤིས་སོ་སྙམ་པའི་འདུ་ཤེས་ཀྱིས་གནས་པར་གྱུར་ཏོ། ། དེ་ནས་བྲམ་ཟེ་དེ་དག་གི་ནང་ནས་བྲམ་ཟེ་ཆེས་འགྲས་ཚངས་པའི་ལྷ་ཞེས་བྱ་བ་དེས་བུ་མོ་དྲི་མ་མེད་ཀྱིས་བྱིན་པ་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་དགེ་སློང་དག་མདུན་ན་འཁོད་པ་ནི་བཀྲ་མི་ ཤིས་ཏེ། དེ་དག་མཐོང་ན་དགོས་པ་འམ། ནོར་རམ། བརྟུལ་ཞུགས་སམ། མཆོད་སྦྱིན་ནམ། བཀྲ་ཤིས་ཀྱང་རུང་སྟེ་མི་འགྲུབ་ཀྱིས་གྲོང་ཁྱེར་དུ་བཞུད་དོ། །དེ་ནས་བུ་མོ་དྲི་མ་མེད་ཀྱིས་ བྱིན་པས་བྲམ་ཟེ་ཚངས་པའི་ལྷ་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། འདི་དག་ཆགས་མེད་མཆོག་ཏུ་དགེ་ཤིས་པ། །སྐྱེ་བོ་མང་པོའི་སྡིག་པ་འཇིག་པར་བྱེད། །འདི་དག་རྣམ་པར་དག་ ཅིང་བདེན་བཞི་མཐོང་། །དུལ་ལ་གྲོལ་བར་གྱུར་ཅིང་མཉམ་པར་བཞག །འདི་དག་རྐང་གཉིས་དམ་པ་བསོད་ནམས་ཞིང་། །འདི་ལ་ཡོན་ཕུལ་མཐོ་རིས་འགྲོ་བར་འགྱུར། །འདི་ལ་ ཡོན་ཕུལ་འབྲས་བུ་འཆི་མེད་འཐོབ། །བྱིན་ནས་སེམས་ཅན་ངན་འགྲོར་འགྲོ་མི་འགྱུར། །ཚུལ་ཁྲིམས་དང་ནི་དུལ་བར་ལྡན་པ་ཡིན། །འདོད་ལས་རྒལ་ཅིང་སྡིག་མེད་རེ་བ་མེད། །འདི་ དག་སྨན་པ་མཆོག་སྟེ་འཇིག་རྟེན་རྒྱུ། །སྡུག་བསྔལ་གཟིར་བའི་སྲོག་ཆགས་ཐར་པར་བྱེད། །སངས་རྒྱས་འཇིག་རྟེན་དག་ན་ཆོས་ཀྱི་རྗེ། །དེ་སྲས་འདི་དག་རྡུལ་མེད་ཉོན་མོངས་མེད། ། འདི་དག་བྱང་ཆུབ་སེམས་དཔའ་གཞན་ཡང་མེད། །ཤེས་རབ་ལྡན་མིས་འདི་དག་ཇི་ལྟར་སྤང་། །འདི་དག་བརྟུལ་ཞུགས་སྤྱད་ཅིང་འདོད་ཆགས་ཞི། །བཀྲ་ཤིས་གྱུར་ཅིང་མཁས་པ་སྦྱིན་ཆར་ 82-1-275b ཕབ། །འདི་དག་རྣམས་ལ་བཀུར་བསྟི་ཆུང་བྱས་ཀྱང་། །མི་རྣམས་ཆོས་དང་དེ་བཞིན་ནོར་ཡང་འགྲུབ། །འདི་དག་མཚན་རྣམས་ཡོངས་རྫོགས་དགེ་ཤེས་ལྡན། །འདི་དག་ཞིང་མཆོག་རྣམ་དག་ སེམས་དང་ལྡན། །བྲམ་ཟེ་འདི་ལ་སུ་ཞིག་དད་བྱེད་པ། །དེ་ནི་བསོད་ནམས་མང་པོ་སྐྱེད་པར་འགྱུར། །དེ་ནས་བྲམ་ཟེ་ཚངས་པའི་ལྷས་བུ་མོ་དྲི་མ་མེད་ཀྱིས་བྱིན་པ་ལ་ཚིགས་སུ་བཅད་དེ་སླར་སྨྲས་ པ། བྱིས་པའི་སེམས་ཀྱི་དབང་དུ་མ་བཞུད་ཅིག །མཆོད་སྦྱིན་དུས་འདིར་དགེ་སློང་མ་གཟིགས་ཤིག །ངུར་སྨྲིག་གོས་ཅན་དེ་བཞིན་མགོ་བྲེགས་པ། །དེ་དག་དོན་འདོད་པས་ནི་བལྟ་མི་བགྱི། ། ཡབ་དང་ཡུམ་ཡང་དགྱེས་པར་མི་འགྱུར་ཞིང་། །བདག་ཀྱང་མཁས་པ་རྣམས་ཀྱིས་སྨད་པར་འགྱུར། །ཁྱོད་ཀྱང་མཆོད་སྦྱིན་འགྲུབ་པར་མི་འགྱུར་གྱིས། །དེ་བས་དགེ་སློང་རྣམས་ནི་ཤིན་ཏུ་སྤོངས། །དེ་ ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས་བྲམ་ཟེ་ཚངས་པའི་ལྷ་དེ་ལ་ཚིགས་སུ་བཅད་དེ་སླར་སྨྲས་པ། ཡོན་ཏན་ལྡན་པ་འདི་དག་མ་གཏོགས་པར། །ཕ་དང་མ་ཡང་ཁོ་མོའི་སྐྱབས་མ་ཡིན། ། གཉེན་གྱི་ཚོགས་དང་ནོར་དང་ལང་ཚོ་མིན། འདི་དག་འཁོར་བར་བྱིད་པ་རྣམས་ཀྱི་སྐྱབས། །བདག་ནི་སངས་རྒྱས་དགའ་བས་ལུས་བཏང་ཞིང་། །དེ་བཞིན་སྲོག་དང་ལོངས་སྤྱོད་རྣམས་ཀྱང་བཏང་། ། དཀོན་མཆོག་གསུམ་ཉིད་སྐྱབས་ཡིན་མ་གཏོགས་པར། །ཁོ་མོའི་སྐྱབས་རྟེན་སེམས་ཅན་འདི་ན་མེད། །དེ་ནས་བྲམ་ཟེ་ཚངས་པའི་ལྷས་བུ་མོ་དྲི་མ་མེད་ཀྱིས་བྱིན་པ་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་ བཙས་ནས་ཁྱོད་ཀྱིས་སྔོན་སངས་རྒྱས་ཀྱང་མ་གཟིགས། སྔོན་ཆོས་ཀྱང་མ་གསན། སྔོན་དགེ་འདུན་ལ་བསྙེན་བཀུར་ཀྱང་མ་མཛད་ན་ཁྱོད་ཅིའི་སླད་དུ་སངས་རྒྱས་ལ་དད་པར་གྱུར། བུ་མོ་དྲི་མ་མེད་ཀྱིས་བྱིན་པས 82-1-276a སྨྲས་པ། བྲམ་ཟེ་ཁོ་མོ་བཙས་ནས་ཞག་བདུན་ལོན་པ་ན་ཙན་དན་གྱི་ཁང་བཟངས་ཀྱི་ནང་ན་གསེར་གྱི་ཁྲི་ལ་བཞག་པའི་ཚེ་ལྷའི་བུ་ལྔ་བརྒྱ་སྟེང་གི་བར་སྣང་ལ་འདོད་པ་ཁོ་མོས་མཐོང་སྟེ། དེ་དག་རྣམ་གྲངས་ དུ་མས་སངས་རྒྱས་ཀྱི་བསྔགས་པ་རྗོད། ཆོས་དང་དགེ་འདུན་གྱི་བསྔགས་པ་རྗོད་པ་ཁོ་མོས་ཐོས་སོ། །དེ་ནས་ལྷའི་བུ་དེ་དག་གི་ནང་ནས་གང་གིས་སྔོན་དེ་བཞིན་གཤེགས་པ་མཐོང་བ་གཅིག་པོ་དེ་ལ་ལྷའི་བུ་རྣམས་ ཀྱིས་དྲིས་པ། གྲོགས་པོ་དེ་བཞིན་གཤེགས་པ་ནི་ཅི་འདྲ་བ་ཞིག །དེ་ནི་ཇི་ལྟར་ཤེས་པར་བྱ། དེ་ནས་ལྷའི་བུ་དེས་ཁོ་མོའི་བསམ་པ་ཤེས་ནས་ལྷའི་བུ་དེ་དག་ཀྱང་དད་པ་བསྐྱེད་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། ། དེ་ཡི་དབུ་སྐྲ་དྲི་མེད་སྣུམ་ཞིང་མཛེས། །གཙང་འཇམ་གཡས་སུ་འཁྱིལ་བའི་ལྕང་ལོ་ཅན། །ཞལ་མདོག་པདྨ་འདབ་མ་རྒྱས་པ་འདྲ། །ཟླ་ཉ་མཚན་མོ་ནམ་མཁར་མཛེས་པ་བཞིན། །དེ་ཡི་མཛོད་སྤུ་ཁ་བ་ཤེལ་མདོག་བཟང་། །སྨིན་མཚན་ བར་ནས་འཁྱིལ་ཅིང་ཤིན་ཏུ་མཛེས། །དེ་ཡིས་འཁོར་རྣམས་ཟིལ་གྱིས་མནན་ཏེ་འདུག །རྒྱལ་བའི་ཞལ་ཡང་ཤིན་ཏུ་མཛེས་པར་བྱེད། །མི་དབང་སྤྱན་མཛེས་འགྲམ་པ་སེང་གེའི་འདྲ། །སེམས་སྟོབས་མི་ཞུམ་ཚེམས་ མཉམ་ཐགས་ཀྱང་བཟང་། །དེ་ཡི་ལྗགས་ཆེ་ཞལ་གྱི་དཀྱིལ་འཁོར་ཁེབས། །དེ་ཡི་ཞལ་ནི་དྲི་མེད་རྣམ་པར་མཛེས། །དེ་ཡི་གསུང་ནི་ཕན་ཞིང་སྙན་ལ་རན། །ཚིག་རྩུབ་སྤངས་ཤིང་མི་འབྱེད་སྡིག་པ་མེད། །སྐྱེ་བོ་དཔག་ཏུ་མེད་ པ་དད་མཛད་ཅིང་། །འགྲོ་ལ་ཕན་ཕྱིར་རྒྱལ་བའི་གསུང་ཡང་སྒྲོགས། །དེ་ཡི་མགུར་ནི་དུང་དང་མཚུངས་ཤིང་འདྲ། །དེ་བཞིན་མི་དབང་ཕྱག་གི་སོར་མོ་རིང་། །དེ་ཡི་ཕྱག་ནི་གླང་ཆེན་སྣ་དང་འདྲ། །བྲང་ཡངས་དྲི་མེད་ལྟེ་བ་གཞོལ་ ཞིང་ཟབ། །རྟ་མཆོག་ལྟ་བུར་འདོམས་ཀྱི་སྦ་བ་ནུབ། །དེ་བཞིན་སྤུ་ཡི་ཁུང་བུ་གསེར་དང་འདྲ། །བརླ་ཡི་དབྱིབས་ནི་གླང་པོའི་ལག་དང་མཚུངས། །ཞབས་ནི་ལེགས་གནས་བྱིན་པ་ཨེ་ནེའི་འདྲ། །ཐུབ་པའི་དབང་པོ་བདེན་ 82-1-276b གསུང་རྒྱགས་པའི་སྐྱོན་དང་བྲལ། །ངན་ལྟས་བཅོམ་པ་རྣམས་ཀྱི་སྡིག་པའི་ལྟ་བ་འཇིག །འཁོར་གྱི་ནང་དུ་དྲི་བ་བྱེ་བ་དྲིས་བྱས་ཀྱང་། །འཁྲུལ་མེད་སྐྱོན་དང་བྲལ་བས་སེམས་ཅན་ཀུན་ཚིམ་མཛད། །གྱ་གྱུ་མེད་དྲང་ ཚིག་གིས་ལུས་ནི་ཚིམ་མཛད་ཅིང་། །མྱ་ངན་འདས་པ་བདེ་མཆོག་ཡིད་འོང་ཡང་དག་ཞི། །སྐྱོ་བོ་ཀུན་གྱི་ཡིད་འོང་མྱ་ངན་འདས་སྟོན་ཅིང་། །མཐའ་གཉིས་དག་དང་བྲལ་བའི་དབུ་མའི་ལམ་ཡང་སྟོན། །དེ་ནི་རང་གིས་ སངས་རྒྱས་གྱུར་བ་སྟེ། །བདག་ཉིད་རྒལ་ཅིང་ཕ་རོལ་རྣམས་ཀྱང་སྒྲོལ། །འགྲོ་བའི་སྐྱོབ་དང་སྐྱབས་དང་དགེ་ཤིས་ཤིང་། །འཇིག་རྟེན་ཀུན་ལ་ཐུགས་བརྩེ་ཕན་པ་མཛད། །སྟོན་པ་དེ་ཡི་ཡོན་ཏན་འདི་དག་དང་། ། གཞན་ཡང་མཐའ་ཡས་ཁོ་བོས་དེ་མ་བརྗོད། །ཐོས་ནས་ལྷ་རྣམས་ཡིད་དགའ་དང་གྱུར་ནས། །རྒྱལ་བ་ལ་ནི་དང་བའི་ཡིད་ཀྱང་སྒོམ། །དེ་ནས་བུ་མོ་དྲི་མ་མྱེད་ཀྱིས་བྱིན་པས་ཚིགས་སུ་བཅད་པ་འདི་དག་སྨྲས་ནས་བྲམ་ ཟེ་ཚངས་པའི་ལྷ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེ་ཁོ་མོ་བཙས་ནས་ཞག་བདུན་ལོན་ནས་སངས་རྒྱས་ཀྱི་ཡོན་ཏན་རྣམ་པ་འདི་ལྟ་བུ་དག་ཐོས་སོ། །མངོན་པར་དྲན་ཏེ་དེ་ཚུན་ཆད་ནམ་ཡང་རྨུགས་པ་དང་གཉིད་ཀྱིས་ ནོན་པར་མ་གྱུར་ཏོ། །ནམ་ཡང་འདོད་པ་ལ་རྣམ་པར་རྟོག་པའི་རྣམ་པར་རྟོག་པ་དང་། གནོད་སེམས་ཀྱི་རྣམ་པར་རྟོག་པའི་རྣམ་པར་རྟོག་པ་དང་། འཚེ་བའི་རྣམ་པར་རྟོག་པའི་རྣམ་པར་རྟོག་པ་མ་བྱས་སོ། །མངོན་ པར་དྲན་ཏེ་དེ་ཚུན་ཆད་ནམ་ཡང་ཕ་ལ་དགའ་བ་འམ། མ་ལ་དགའ་བ་འམ། མིང་པོ་ལ་དགའ་བ་འམ། སྤུན་ལ་དགའ་བ་འམ་ཉེ་དུ་ལ་དགའ་བ་འམ། ནོར་ལ་དགའ་བ་འམ། རྒྱན་ལ་དགའ་བ་འམ། གོས་ལ་དགའ་བ་འམ། ལུས་ལ་དགའ་བ་འམ། སྲོག་ལ་དགའ་བ་འམ། གྲོང་ཁྱེར་ལ་དགའ་བ་འམ། སྐྱེ་མཆེད་ལ་དགའ་བ་མ་བསྐྱེད་ཀྱི། བྲམ་ཟེ་གཞན་དུ་ན་སངས་རྒྱས་ཉིད་རྣམ་པས་རྗེས་སུ་དྲན་ནོ། །བྲམ་ཟེ་ཁོ་མོས་ནི་གསུམ་སེམས་ལ་ཡིད་ 82-1-277a ལ་བྱ་བ་ཡིད་ལ་བྱས་ཏེ། དེ་བཞིན་གཤེགས་པ་ཕྱོགས་གང་ན་བཞུགས་པ་དང་། དེ་བཞིན་གཤེགས་པས་ཆོས་གང་བཤད་པ་དེ་ཐམས་ཅད་ཁོ་མོས་ལེགས་པར་ཡོངས་སུ་བཟུང་ཞིང་ཁོ་མོས་ དོན་ཏམ་ཚིག་འབྲུ་ལས་ཡི་གེ་དང་ཚིག་གཅིག་ཀྱང་ཆུད་མ་ཟོས་པར་བྱས་སོ། །དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་བ་ཁོ་མོས་ནམ་ཡང་ཡིད་ལ་མ་བྱས་པར་མ་གྱུར་ཏོ། །ཁོ་མོས་ ཉིན་མཚན་གང་དུ་ཡང་སངས་རྒྱས་མ་མཐོང་བ་དང་། ཆོས་མ་ཐོས་པ་དང་། དགེ་འདུན་ལ་བསྙེན་བཀུར་མ་བྱས་པར་མ་གྱུར་ཏོ། །བྲམ་ཟེ་ཁོ་མོ་ནི་སངས་རྒྱས་ལ་བལྟ་བ་དང་། ཆོས་མཉན་པ་དང་། དགེ་འདུན་ ལ་བསྙེན་བཀུར་བྱ་བས་ཆོག་པ་མེད་དོ། །དེ་ནས་བྲམ་ཟེ་ཚངས་པའི་ལྷས་བྲམ་ཟེའི་ཁྱེའུ་ཞིག་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་ཁྱོད་སོང་ལ་ལོ་རྒྱུས་འདི་རྒྱལ་པོ་དང་བཙུན་མོ་ལ་གསོལ་ཅིག་དེ་ནས་བྲམ་ཟེའི་ཁྱེའུ་དེ་རིངས་ པའི་ཚུལ་དུ་སོང་སྟེ་ཇི་ལྟར་མཐོང་བའི་ལོ་རྒྱུས་ཐམས་ཅད་རྒྱལ་པོ་དང་བཙུན་མོ་ལ་གསོལ་ཏོ། །བུ་མོ་དྲི་མ་མེད་ཀྱིས་བྱིན་པས་ཀྱང་ཇི་ལྟར་བྲམ་ཟེ་ཚངས་པའི་ལྷ་ལ་སོགས་པ་བྲམ་ཟེ་ལྔ་བརྒྱ་པོ་དེ་དག་གིས་བླ་ ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ལྟར་སངས་རྒྱས་ཀྱི་བསྔགས་པ་བརྗོད། ཆོས་དང་དགེ་འདུན་གྱི་བསྔགས་པ་བརྗོད་དོ། །དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པ་ཤིང་རྟ་ལས་བབས་ ནས་བྲམ་ཟེ་དེ་དག་དང་ལྷན་ཅིག་ཏུ་བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་ག་ལ་བ་དེར་སོང་སྟེ་ཕྱིན་ནས་དེ་དག་གི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ། གུས་པ་དང་བཅས། རྗེ་ས་དང་ བཅས་པར་ཚེ་དང་ལྡན་པ་ཤཱ་རིའི་བུའི་མདུན་དུ་འདུག་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ་བུད་མེད་ 82-1-277b ནི་ཤེས་རབ་སོར་གཉིས་པ། ཉོན་མོངས་པ་དྲག་པ། བག་མེད་པ་མང་བ། དམན་པ་ལ་མོས་པ། ཚུལ་བཞིན་མ་ལག་པ་ཡིད་ལ་བགྱིད་པའི་དབང་དུ་མཆིས་པ་ལགས་ན། བདག་ལ་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་ཅི་ནས་བདག་ གི་ཡུན་རིང་པོའི་དོན་དང་སྨན་པ་དང་བདེ་བར་འགྱུར་བའི་སླད་དུ་བཙུན་པས་དེ་ལྟར་བདག་ལ་ཆོས་ལེགས་པར་བསྟན་དུ་གསོལ། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་གཏམ་བྱུང་བ་འདི་དང་། བྲམ་ཟེའི་ཚིག་ཐོས་ནས་ མྱུར་བའི་ཚུལ་གྱིས་ཕྱོགས་དེར་ཕྱིན་ཏེ། དེས་ཉན་ཐོས་དེ་དག་དང་བྱང་ཆུབ་སེམས་དཔའ་དེ་དག་ལ་ཕྱག་བྱས་ནས་རང་གི་བུ་མོ་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་ཁྱོད་ན་རེ་ཁོ་མོ་ནམ་ཡང་རྨུགས་པ་དང་གཉིད་ཀྱིས་ ནོན་པར་མ་གྱུར་ཏོ། །ནམ་ཡང་དགའ་བ་དང་རྩེ་བ་དང་ལྡན་པའི་སེམས་མ་བསྐྱེད་དོ་ཞེས་ཟེར་བ་དེ་ལྟར་ཁྱོད་བདེ་བ་དང་ཡིད་བདེ་བ་ལ་བརྩོན་ནམ། འོན་ཏེ་འདི་ལྟར་ཡིད་བྱུང་བའི་ཚུལ་གྱིས་སྨྲ། དེ་ནས་རྒྱལ་པོ་གསལ་ རྒྱལ་གྱི་རང་གི་བུ་མོ་ལ་ཚིགས་སུ་བཅད་དེ་སྨྲས་པ། ཁྱོད་ཀྱི་གཟུགས་བྱད་ལྷ་ཡི་བུ་མོ་མཚུངས་ཤིང་འདྲ། །རྒྱན་རྣམས་ཀྱིས་ནི་དེ་ཉིད་ཆས་པའི་ཆ་བྱད་འཛིན། །ཇི་ལྟར་ཁྱོད་ནི་ནམ་ཡང་གཉིད་ཀྱིས་མ་ནོན་པ། ། ཅི་ཕྱིར་བུ་མོ་ཁྱོད་ནི་འདི་འདྲའི་ཡིད་བྱུང་གྱུར། །ཁྱོད་ཀྱི་རྒྱལ་སྲིད་རྒྱས་ཤིང་ཤིན་ཏུ་ལེགས་པར་འབྱོར། །མ་ནི་རྟག་ཏུ་ཁྱོད་ཀྱིས་དབང་དུ་གྱུར་བ་ཡིན། །བུ་མོ་དགའ་བ་དེ་ལས་ཅི་འདྲ་གཞན་ཡོད་ན། །དེ་ཡིས་ཁྱོད་ ཀྱི་ལུས་ནི་དགའ་བ་རྙེད་མ་གྱུར། །སྡུག་ཅིང་ཕངས་ལ་ཡིད་དུ་འོང་བ་སྟེ། །སྐྱེ་བོ་ཀུན་ལ་དགའ་བ་སྐྱེད་ཡིན་ན། །ཡོན་ཏན་བརྒྱ་ཕྲག་དུ་མས་བརྒྱན་པ་ཁྱོད། །ཅི་ཡི་ཕྱིར་ན་ཁྱིམ་འདིར་དགའ་བ་མེད། །བུ་མོ་ཁྱོད་ཀྱིས་ ཅི་ཞིག་ཐོས་གྱུར་ཅིང་། །ཅི་ཞིག་མཐོང་ན་འདི་ལྟར་ཡིད་མི་བདེ། །ཡོངས་སུ་ཉམས་ཤིང་ཡིད་བྱུང་སེམས་སུ་གྱུར། །ཁྱོད་ཀྱི་འདོད་པ་ཅི་འདྲ་ང་ལ་སྨྲོས། །དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས་རང་གི་ཕ་རྒྱལ་ 82-1-278a པོ་གསལ་རྒྱལ་ལ་ཚིགས་སུ་བཅད་དེ་སྨྲས་པ། ཡབ་ཅིག་ཕུང་པོ་ཉེས་དམིགས་སྣོད་རྣམས་དང་། །ཁྱིམ་གྱི་སྐྱོན་རྣམས་ཐུགས་སུ་མ་ཆུད་དམ། །འཁོར་བའི་གནས་ནི་གར་ལ་ལྟ་དང་མཚུངས། །འཚོ་ བའི་འཇིག་རྟེན་མི་གནས་འཇིག་པ་ཅན། །སྦྲུལ་གདུག་ནང་ན་གནས་པའི་ཁྱིམ་འདི་ལ། །གཉིད་དང་འདོད་པའི་འདུན་པ་ག་ལ་མཆིས། །ཁམས་འདི་དག་ནི་གདུག་པའི་སྦྲུལ་བཞི་སྟེ། །སྲིད་པ་སེམས་པ་བདེ་ བ་ག་ལ་མཆིས། །མི་མཛའ་ཚོགས་ཀྱིས་རབ་ཏུ་གཙེས་གྱུར་ཅིང་། །དགོན་པར་ཕྱིན་ལ་དགའ་བ་ག་ལ་མཆིས། །ཀུན་ནས་ཉོན་མོངས་དགྲ་ཡིས་ཡོངས་བསྐོར་བ། །ཇི་ལྟར་བདེ་འཐོབ་རྒྱལ་པོ་བཀའ་སྩོལ་ཅིག ། དུག་འཐུངས་པ་ལ་བདེ་བ་ག་ལ་མཆིས། །གསད་པར་བཀྲི་ལ་དགའ་བ་ག་ལ་མཆིས། །གཡང་ས་ཆེན་འདིར་སུ་ཞིག་ཡིད་རྟོན་བགྱིད། །རྒྱལ་པོ་འཚོ་བའི་འཇིག་རྟེན་དེ་དང་མཚུངས། །བློ་ངན་དག་གིས་ལུས་ རྣམས་བོར་བ་ནི། །རི་རབ་ཙམ་གྱི་ཕུང་པོར་གྱུར་ཏོ་ཞེས། །དེ་བཞིན་གཤེགས་པས་དཔེ་ནི་བཀའ་སྩལ་ན། །འདུས་བྱས་སླུ་བའི་ཆོས་ལ་སུ་ཡིད་རྟོན། །ཕ་དང་མ་དང་སྡུག་དང་མིང་པོ་དང་། །བུ་དང་རྩ་ལག་གཉེན་ཚོགས་ འགྲོ་བ་ཀུན། །འདུས་བྱས་ཐམས་ཅད་མེ་ལོང་གཟུགས་བརྙན་འདྲ། །འདི་འདྲའི་མི་སྡུག་གང་ལ་སུ་ཡིད་རྟོན། །གང་ཚེ་བདག་གིས་རང་བྱུང་རྒྱལ་བ་མཐོང་། །དེ་ཚེ་སངས་རྒྱས་འགྱུར་སྙམ་སེམས་ཀྱང་སྐྱེ། །བྱང་ཆུབ་སེམས་ དཔའ་བག་མེད་འགྱུར་བ་ནི། །ཡབ་ཅིག་བདག་གིས་མ་ཐོས་མ་མཐོང་ངོ་། །བདག་ནི་མཚན་རྫོགས་རྒྱལ་བ་བལྟ་འཚལ་གྱུར། །བདེ་བར་གཤེགས་པས་གསུངས་པའི་ཆོས་ཀྱང་ཐོས། །རྒྱལ་བ་རྒྱལ་བའི་སྲས་ པོ་འདི་དག་མཐོང་། །ཡབ་ཅིག་ཇི་ལྟར་འདོད་པ་བསྟེན་པར་བགྱི། །དེ་ནས་རྒྱལ་པོ་གསལ་རྒྱལ་བུ་མོའི་ཚིག་འདི་ཐོས་ནས་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས་རང་གི་ཕ་ཅང་མི་སྨྲ་བར་གྱུར་ 82-1-278b པར་རིག་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ་ཁྱོད་ལ་ཞུ་བ་ཞུས་ཐུགས་བརྩེ་བར་དགོངས་ཏེ་ལན་གདབ་ཏུ་གསོལ། འདི་ལྟར་བཙུན་པ་ཤཱ་རིའི་བུ་བཅོམ་ལྡན་འདས་ཀྱིས་ ཤེས་རབ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ལགས་ན། ཅི་ཤེས་རབ་དེ་འདུས་བྱས་ལགས་སམ། འོན་ཏེ་འདུས་མ་བྱས་ལགས། དེ་གལ་ཏེ་འདུས་བྱས་ལགས་ན་དེ་བཞིན་གཤེགས་པས་འདུས་བྱས་ ཐམས་ཅད་ནི་བརྫུན་པ་སླུ་བའི་ཆོས་ཅན་ཡིན་ནོ་ཞེས་བཀའ་སྩལ་ཏོ། །ཅི་སྟེ་འདུས་མ་བྱས་ལགས་ན། འདུས་མ་བྱས་ལ་ནི་སྐྱེ་བ་མ་མཆིས་སོ། །གང་ལ་སྐྱེ་བ་མ་མཆིས་པ་དེ་ལ་ནི་ཕྲད་པ་མ་མཆིས་ན། ཕྲད་པ་མ་ མཆིས་པའི་ཤེས་རབ་ཀྱིས་ཇི་ལྟར་བཙུན་པ་ཤཱ་རིའི་བུ་ཤེས་རབ་ཆེན་པོ་ཞེས་བགྱི། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་ འདི་སྐད་ཅེས་སྨྲས་སོ། །ཤཱ་རིའི་བུ་བུ་མོས་དྲིས་པའི་ལན་ཐོབ་ཅིག །ཤཱ་རིའི་བུས་སྨྲས་པ། བུ་མོ་ནི་འདུས་བྱས་མི་འདྲིའི། བུ་མོས་ནི་སྐྱེ་བ་མེད་པ་དྲིས་ཏེ། དེ་ནི་ལན་གདབ་པར་མི་ནུས་སོ། །དེ་ནས་བུ་མོ་དྲི་མ་ མེད་ཀྱིས་བྱིན་པས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །འདི་ལྟར་བཙུན་པ་མཽད་གལ་གྱི་བུ་ཆེན་པོ་ཁྱོད་ནི་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ལགས་ན། ཅི་ཚེ་དང་ལྡན་པ་སེམས་ཅན་དུ་འདུ་ཤེས་པ་ལ་གནས་ཏེ་རྫུ་འཕྲུལ་སྟོན་ཏམ། འོན་ཏེ་ཆོས་སུ་འདུ་ཤེས་པ་གནས་ཏེ་རྫུ་འཕྲུལ་སྟོན། གལ་ཏེ་སེམས་ཅན་དུ་འདུ་ཤེས་པ་ལ་གནས་ཏེ་སྟོན་ན་སེམས་ཅན་ནི་མ་མཆིས་པ་སྟེ། དེ་ ལྟ་བས་ན་རྫུ་འཕྲུལ་དེ་ཡང་མ་མཆིས་པར་འགྱུར་རོ། །ཅི་སྟེ་ཆོས་སུ་འདུ་ཤེས་པ་ལ་གནས་ཏེ་སྟོན་ན་ཆོས་ཉིད་ནི་འགྱུར་བ་མ་མཆིས་པའོ། །འགྱུར་བ་མ་མཆིས་པ་གང་ལགས་པ་དེ་ལ་ནི་རྣམ་པ་རྟོག་པ་མ་མཆིས་ན་རྣམ་པར་མི་རྟོགས་པས་ཇི་ལྟར་ 82-1-279a ཚེ་དང་ལྡན་པ་རྫུ་འཕྲུལ་འབྱོར་བར་གྱུར། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ཡང་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་བྱམས་མའི་བུ་གང་པོས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། ། མཽད་གལ་གྱི་བུ་ཆེན་པོ་བུ་མོས་དྲིས་པའི་ལན་ཐོབ་ཅིག །མཽད་གལ་གྱི་བུས་སྨྲས་པ། བུ་མོ་ནི་འགྱུར་བ་མི་འདྲིའི། བུ་མོས་ནི་འགྱུར་བ་མེད་པ་དྲིས་ཏེ། འགྱུར་བ་མེད་པ་དང་རྣམ་པར་མི་རྟོག་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ ཆུབ་ཡིན་པས་དེ་ནི་ལན་གདབ་པར་མི་ནུས་སོ། །དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས་བྱམས་མའི་བུ་གང་པོ་ལ་འདི་སྐད་ཅེས་སྨྲས་སོ། །འདི་ལྟར་ཚེ་དང་ལྡན་པ་གང་པོ་ནི་བཅོམ་ལྡན་འདས་ཀྱིས་ཆོས་སྨྲ་བ་རྣམས་ཀྱི་མཆོག་ཏུ་ བསྟན་པ་ལགས་ན། ཅི་ཚེ་དང་ལྡན་པ་དམིགས་པ་དང་བཅས་པའི་ཆོས་སྟོན་ཏམ། འོན་ཏེ་དམིགས་པ་མ་མཆིས་པའི་ཆོས་སྟོན། གལ་ཏེ་དམིགས་པ་དང་བཅས་པའི་ཆོས་སྟོན་ན་ནི་ཁྱོད་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དང་མཚུངས་ སོ། །དེ་ཅིའི་སླད་དུ་ཞེ་ན། བྱིས་པ་སོ་སོ་སྐྱེ་བོ་ཐམས་ཅད་ནི་དམིགས་པ་དང་བཅས་པའི་སླད་དུ་སྟེ། དེ་ལྟ་བས་ན་བཙུན་པ་ཡང་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་ཆོས་རྣམས་དང་མ་བྲལ་བ་ལགས་སོ། །ཅི་སྟེ་དམིགས་པ་མ་ མཆིས་པའི་ཆོས་སྟོན་ན་ནི་ཆོས་སྨྲ་བ་ཉིད་དངོས་པོ་མ་མཆིས་པར་འགྱུར་ཏེ་མི་འཐད་དོ། །དེ་ནས་ཚེ་དང་ལྡན་པ་གང་པོ་ཡང་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་གང་པོ་ལ་འདི་སྐད་ཅེས་སྨྲས་སོ། ། གང་པོ་བུ་མོས་དྲིས་པའི་ལན་ཐོབ་ཅིག །ཚེ་དང་ལྡན་པ་གང་པོས་སྨྲས་པ། བུ་མོ་ནི་ཀུན་རྫོབ་མི་འདྲིའི། བུ་མོ་ནི་དོན་དམ་པ་དྲིས་ཏེ། དེ་ནི་ལན་གདབ་པར་མི་ནུས་སོ། །དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས་ཚེ་དང་ལྡན་ པ་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །འདི་ལྟར་བཙུན་པ་འོད་སྲུང་ཆེན་པོ་ནི་རྣམ་པར་ཐར་པ་བརྒྱད་ལ་སྙོམས་པར་ཞུགས་ནས་ལངས་ཏེ་གཞན་དག་ལ་ཆོས་སྟོན་ཅིང་གང་དག་ལས་ཐ་ན་གཟར་བུ་གང་ཙམ་ 82-1-279b གྱི་བསོད་སྙོམས་ཡོངས་སུ་བླངས་པ་དེ་དག་ཐམས་ཅད་མཐོ་རིས་སུ་འགྲོ་བར་འགྱུར་རོ་ཞེ་ན། དེ་ཅི་བཙུན་པས་ལུས་ཀྱིས་སྦྱིན་པ་སྤྱོད་དམ། འོན་ཏེ་སེམས་ཀྱིས་སྦྱིན་པ་སྤྱོད། གལ་ཏེ་ལུས་ཀྱིས་སྤྱོད་ན་ལུས་ནི་བེམས་པོ་གཡོ་ བ་མ་མཆིས་པ་བྱེད་པ་མ་མཆིས་པ་སྟེ། རྩྭ་དང་། ཤིང་དང་། རྩིག་པའི་ཆོས་ལྟ་བུ་མིག་ཡོར་དང་མཚུངས་པས་དེས་ཀྱང་སྤྱོད་པར་མི་ནུས་སོ། །ཅི་སྟེ་སེམས་ཀྱིས་སྤྱོད་ན་སེམས་ནི་སྒྱུ་མ་ལྟ་བུ་གནས་པ་མ་མཆིས་ པ་སྟེ། དེས་ཀྱང་སྤྱོད་པར་མི་ནུས་སོ། །ཅི་སྟེ་ལུས་དང་སེམས་ཀྱི་ཕྱི་རོལ་གྱིས་སྤྱོད་ན་དེ་ནི་མ་མཆིས་པ་སྟེ། མ་མཆིས་པས་ཇི་ལྟར་སྤྱད་པར་བགྱིད། དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ཡང་ཅང་མི་ སྨྲ་བར་གྱུར་ཏོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་བུ་མོས་དྲིས་པའི་ལན་ཐོབ་ཤིག །འོད་སྲུང་ཆེན་པོས་སྨྲས་པ། བུ་མོ་ནི་ལེན་པ་མི་འདྲིའི། བུ་མོས་ནི་ལེན་པ་མེད་པ་དྲིས་ཤིང་ ཡང་དག་པའི་མཐའ་འདྲི་བས་དེ་ནི་ལན་གདབ་པར་མི་ནུས་སོ། །དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས་གནས་བརྟན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །འདི་ལྟར་བཙུན་པ་རབ་འབྱོར་ནི་བཅོམ་ ལྡན་འདས་ཀྱིས་ཉོན་མོངས་པ་མེད་པར་གནས་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ལགས་ན། ཅི་ཉོན་མོངས་པ་མེད་པ་དེ་དངོས་པོས་རབ་ཏུ་ཕྱེ་བ་ལགས་སམ། འོན་ཏེ་ཆོས་ཉིད་ཀྱིས་རབ་ཏུ་ ཕྱེ་བ་ལགས། གལ་ཏེ་དངོས་པོ་རབ་ཏུ་ཕྱེ་བ་ལགས་ན་ནི་འདུས་བྱས་སུ་འགྱུར་རོ། །ཅི་སྟེ་ཆོས་ཉིད་ཀྱིས་རབ་ཏུ་ཕྱེ་བ་ལགས་ན་ནི་ཆོས་ཉིད་ནི་སྐྱེ་བ་མ་མཆིས་པའི་མཚན་ཉིད་དང་། འགག་པ་མ་མཆིས་པའི་མཚན་ཉིད་དེ། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པའི་མཚན་ཉིད་གང་ལགས་པ་དེ་ནི་མཉམ་པ་ཉིད་དོ། །མཉམ་པ་ཉིད་གང་ལགས་ 82-1-280a པ་དེ་ནི་དེ་བཞིན་ཉིད་དོ། །དེ་བཞིན་ཉིད་གང་ལགས་པ་དེ་ནི་འགྱུར་བ་མ་མཆིས་པའོ། །འགྱུར་བ་མ་མཆིས་པ་གང་ལགས་པ་དེ་ནི་ཐ་སྙད་མ་མཆིས་པའོ། །ཐ་སྙད་མ་མཆིས་པ་གང་ལགས་པ་དེ་ནི་ བསམ་གྱིས་མི་ཁྱབ་པའོ། །བསམ་གྱིས་མི་ཁྱབ་པ་གང་ལགས་པ་དེ་ནི་བསྟན་ཏུ་མ་མཆིས་པའོ། །བསྟན་ཏུ་མ་མཆིས་པ་གང་ལགས་པ་དེ་ནི་དངོས་པོ་མ་མཆིས་པའོ། །དངོས་པོ་མ་མཆིས་པ་གང་ལགས་པ་ དེ་ནི་མ་བྱུང་བའོ། །མ་བྱུང་བ་གང་ལགས་པ་དེ་ནི་འཕགས་པ་རྣམས་མི་སྟོན་ཏོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱང་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ནམ་གྲུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་ སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་བུ་མོས་དྲིས་པའི་ལན་ཐོབ་ཤིག །རབ་འབྱོར་གྱིས་སྨྲས་པ། འདི་ལ་བརྗོད་དུ་ཅི་ཡང་མེད། ཅང་མི་སྨྲ་བ་དེ་འཐོབ་བྱེད། །སྤྲོས་པ་མེད་པའི་ཆོས་འདི་དག །བུ་མོ་ཡོངས་སུ་འདྲི་ བར་བྱེད། །ཇི་སྲིད་དངོས་པོ་སྐྱེ་ཡོད་པ། །དེ་སྲིད་སྐྱོན་གྱིས་གོས་པར་འགྱུར། །ཆོས་ཀྱི་དབྱིངས་ནི་ཐ་སྙད་མེད། །འདི་ནི་ཉོན་མོངས་མེད་པའི་ཚུལ། །དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས་ཚེ་དང་ལྡན་པ་ནམ་གྲུ་ལ་ འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ནམ་གྲུ་ནི་བཅོམ་ལྡན་འདས་ཀྱིས་བསམ་གཏན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ལགས་ན། ཅི་སེམས་ལ་གནས་ཏེ་བསམ་གཏན་མཛད་དམ། འོན་ཏེ་སེམས་མ་ མཆིས་པ་ལ་གནས་ཏེ་བསམ་གཏན་མཛད། གལ་ཏེ་སེམས་ལ་གནས་ཏེ་བསམ་གཏན་མཛད་ན་སེམས་ནི་བརྗོད་དུ་མ་མཆིས་ཤིང་སྒྱུ་མ་ལྟ་བུ་སྟེ། ཡང་དག་པ་མ་ཡིན་པ་ཀུན་བརྟགས་པ་ལགས་ན། ཅི་ ཡང་དག་པ་མ་ཡིན་པ་ཀུན་བརྟགས་པ་མ་མཆིས་པ་ལ་གནས་ཏེ་བསམ་གཏན་མཛད་དམ། ཅི་སྟེ་སེམས་མ་མཆིས་པ་ལ་གནས་ཏེ་བསམ་གཏན་མཛད་ན་ནི་རྩ་དང་། ཤིང་དང་། རྩིག་པ་དང་། རྡོ་ལ་ 82-1-280b སོགས་པ་བྱུང་བ་དང་ཞིག་པ་དེ་དག་ཐམས་ཅད་ཀྱང་ཏིང་ངེ་འཛིན་ཏུ་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེ་དག་ནི་སེམས་མ་མཆིས་པའི་སླད་དུའོ། །ཚེ་དང་ལྡན་པ་ནམ་གྲུ་ཡང་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་ ཚེ་དང་ལྡན་པ་མ་འགགས་པས་ཚེ་དང་ལྡན་པ་ནམ་གྲུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ནམ་གྲུ་བུ་མོས་དྲིས་པའི་ལན་ཐོབ་ཤིག །ནམ་གྲུས་སྨྲས་པ། བུ་མོ་ནི་དེ་བཞིན་གཤེགས་པའི་ཡུལ་ཡོངས་ སུ་འདྲི་སྟེ། དེ་ནི་ཉན་ཐོས་རྣམས་ཀྱིས་བསྟན་པར་མི་ནུས་སོ། །བུ་མོས་སྨྲས་པ། ཚེ་དང་ལྡན་པ་ནམ་གྲུ་ཆོས་ཀྱི་དབྱིངས་དེ་བཞིན་གཤེགས་པ་རྣམས་ཀྱི་ཡང་གཞན་ལ། ཉན་ཐོས་རྣམས་ཀྱི་ཡང་གཞན་ལགས་ སམ། གལ་ཏེ་ཆོས་ཀྱི་དབྱིངས་གཞན་ལགས་ན་ནི་ཐ་དད་དུ་འགྱུར་རོ། །དེ་བཞིན་ཉིད་ནི་གཉིས་སུ་མ་མཆིས་ཏེ། དེ་བས་ན་དེ་བཞིན་ཉིད་དང་གཉིས་ནི་བྱེ་བྲག་མ་མཆིས་ན་ཅིའི་སླད་དུ་ཚེ་དང་ལྡན་པ་ནམ་གྲུ་དེ་སྐད་ གསུང་ནམ་གྲུ་ཡང་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས་ཚེ་དང་ལྡན་པ་མ་འགགས་པ་ལ་འདི་སྐད་ཅེས་སྨྲས་སོ། །འདི་ལྟར་ཚེ་དང་ལྡན་པ་མ་འགགས་པ་ནི་བཅོམ་ལྡན་འདས་ཀྱིས་ལྷའི་མིག་ ཅན་རྣམས་ཀྱི་མཆོག་ཏུ་བསྟན་པ་ལགས་ན་ལྷའི་མིག་གིས་དངོས་པོ་གཟིགས་སམ། འོན་ཏེ་དངོས་པོ་མ་མཆིས་པ་གཟིགས། གལ་ཏེ་དངོས་པོ་གཟིགས་ན་ནི་རྟག་པར་ལྟ་བར་འགྱུར་རོ། །ཅི་སྟེ་དངོས་པོ་མ་ མཆིས་པ་གཟིགས་ན་ནི་ཆད་པར་ལྟ་བར་འགྱུར་ཏེ་དེ་ཡང་མི་རིགས་སོ། །མ་འགགས་པ་ཡང་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ཚེ་དང་ལྡན་པ་མ་འགགས་པ་ལ་འདི་སྐད་ ཅེས་སྨྲས་སོ། །ཚེ་དང་ལྡན་པ་མ་འགགས་པ་བུ་མོས་དྲིས་པའི་ལན་ཐོབ་ཤིག །ཚེ་དང་ལྡན་པ་མ་འགགས་པས་སྨྲས་པ། བུས་མོས་ནི་ཤེས་རབ་ཀུན་ཏུ་འཇོམ་པ་དྲིས་པས་དེ་ནི་ལན་གདབ་པར་མི་ནུས་སོ། ། 82-1-281a དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །འདི་ལྟར་ཚེ་དང་ལྡན་པ་ཀུན་དགའ་བོ་ཁྱོད་ནི་བཅོམ་ལྡན་འདས་ཀྱིས་མང་དུ་ཐོས་པ་ རྣམས་ཀྱི་མཆོག་ཏུ་བསྟན་པ་ལགས་ན། ཅི་མང་དུ་ཐོས་པ་ཉིད་དེ་དོན་དུ་བལྟ་འམ། འོན་ཏེ་ཚིག་འབྲུར་བལྟ། གལ་ཏེ་དོན་དུ་བལྟ་ན་དོན་ནི་བརྗོད་དུ་མ་མཆིས་ཤིང་བསྙད་དུ་མ་མཆིས་པ་སྟེ། དེ་ ནི་རྣ་བའི་རྣམ་པར་ཤེས་པས་ཤེས་པར་བགྱི་བ་མ་ལགས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་གྱིས་ཤེས་པར་བགྱི་བ་མ་ལགས་པ་སྟེ། རྣམ་པ་དེ་ལྟ་བུ་གང་ལགས་པ་དེ་ནི་བསྟན་ཏུ་མ་མཆིས་པའོ། ། ཅི་སྟེ་ཚིག་འབྲུར་བལྟ་ན་ནི་བཅོམ་ལྡན་འདས་ཀྱིས་དོན་ལ་རྟོན་པ་ཡིན་གྱི་ཚིག་འབྲུར་རྟོན་པ་མ་ཡིན་ནོ་ཞེས་གསུངས་པས་དེ་བས་ན་ཚེ་དང་ལྡན་པ་ཀུན་དགའ་བོའི་མང་དུ་ཐོས་པ་ཉིད་ནི་རྟོན་པ་ མ་ལགས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ཡང་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཀུན་དགའ་ བོ་བུ་མོས་དྲིས་པའི་ལན་ཐོབ་ཤིག །ཀུན་དགའ་བོས་སྨྲས་པ། བུ་མོ་ནི་ཡི་གེ་དང་བྲལ་བ་འདྲི་སྟེ། དེ་ནི་སྒྲས་ཚིམ་པར་བྱེད་པར་མི་ནུས་སོ། །བུ་མོ་ནི་སེམས་དང་བྲལ་བའི་མཉམ་པ་ཉིད་འདྲི་སྟེ། སློབ་པ་རྣམས་ཀྱིས་མ་ཡིན་ ན་དེ་ཇི་ལྟར་བསྟན་པར་བྱ་སྟེ། ཆོས་ཀྱི་མངའ་བདག་དེ་བཞིན་གཤེགས་པ་ལ་ཞུ་དགོས་པའོ། །དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས་འཇམ་དཔལ་གཞོན་ནུར་གྱུར་བ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་ནི་ དེ་བཞིན་གཤེགས་པས་ཟབ་མོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོག་ཏུ་བསྟན་པ་ལགས་ན། ཅི་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་པས་ཁྱོད་ཟབ་བམ། འོན་ཏེ་ངོ་བོ་ཉིད་ཟབ་པས་ཟབ། གལ་ཏེ་ 82-1-281b རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་པས་ཁྱོད་ཟབ་ན་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་དང་ལྡན་པའི་ཆོས་གང་ཡང་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་སོང་བ་མ་ལགས། འོང་བ་མ་ལགས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ནི་མིག་གི་རྣམ་པར་ཤེས་པས་ཤེས་པར་བགྱི་བ་མ་ལགས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་གྱིས་ཤེས་པར་བགྱི་བ་མ་ལགས་ཤིང་གཉིས་ སུ་མ་མཆིས་ལ་ཀུན་ཏུ་འབྱུང་བ་མ་མཆིས་པའི་སླད་དུའོ། །ཅི་སྟེ་ངོ་བོ་ཉིད་ཟབ་པས་ཟབ་ན་ནི་ངོ་བོ་ཉིད་གང་ཡང་སུས་ཀྱང་བརྟག་པར་མི་ནུས་སོ། །འཇམ་དཔལ་གྱི་སྨྲས་པ། བུ་མོ་ཡང་དག་པའི་མཐའ་ཟབ་པས་ཁོ་ བོ་ཟབ་བོ། །བུ་མོ་དྲི་མ་མེད་ཀྱིས་བྱིན་པས་སྨྲས་པ། འཇམ་དཔལ་ཡང་དག་པའི་མཐའ་ནི་མཐའ་མ་ལགས་ཏེ། དེའི་སླད་དུ་རྣམ་པར་ཤེས་པས་འཚལ་བ་མ་ལགས་སོ། །འཇམ་དཔལ་གྱིས་སྨྲས་པ། བུ་མོ་ཡང་ དག་པའི་མཐའ་ཞེས་བྱ་བ་འདི་ནི་དམིགས་སུ་མེད་པའི་ཚིགས་བླ་དགས་སོ། །བུ་མོ་དྲི་མ་མེད་ཀྱིས་བྱིན་པས་སྨྲས་པ། འཇམ་དཔལ་དམིགས་སུ་མ་མཆིས་པ་ནི་གང་གི་ཚིག་བླ་དགས་ཀྱང་མ་ལགས་ཏེ། དམིགས་ སུ་མ་མཆིས་པ་ནི་ཚིག་བླ་དགས་ལས་ཡང་དག་པར་འདས་པ་ལགས་སོ། །འཇམ་དཔལ་གྱིས་སྨྲས་པ། བུ་མོ་འདི་ཇི་ལྟར་གཞན་དག་ལ་བསྟན་པར་བྱ། བུ་མོས་སྨྲས་པ། འཇམ་དཔལ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ ནི་བསྟན་པ་ལས་ཡང་དག་པར་འདས་པ་ལགས་ཏེ། དེ་ནི་བརྗོད་པས་བསྟན་པར་མི་ནུས་སོ། །འཇམ་དཔལ་ཡང་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས་བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་ ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་འདི་སྐད་དུ་ཅི་ནས་ཀྱང་གྲོང་ཁྱེར་ན་སྐྱེས་པ་འམ། བུད་མེད་དམ། ཁྱེའུ་འམ། བུ་མོ་གང་དག་ཁོ་བོའི་མིག་ལམ་ན་སྣང་བར་འགྱུར་བ་དེ་དག་ཐམས་ཅད་ཀྱིས་དེ་བཞིན་ 82-1-282a གཤེགས་པའི་གཟུགས་མཐོང་བར་འགྱུར་བ་རྣམ་པ་དེ་ལྟ་བུའི་བསམ་པ་ཁོ་བོས་བསམ་པར་བྱའོ། །ཞེས་གསུངས་པ་དེ་ཅི་དེ་བཞིན་གཤེགས་པ་གཟུགས་ཀྱི་སྐུར་མཐོང་བར་མཛད་དམ། འོན་ཏེ་ཆོས་ཀྱི་ སྐུར་མཐོང་བར་མཛད། གལ་ཏེ་གཟུགས་ཀྱི་སྐུར་མཐོང་བར་མཛད་ན་དེ་ནི་སངས་རྒྱས་ཀྱི་བཀའ་མ་ལགས་ཏེ། བཅོམ་ལྡན་འདས་ཀྱིས་ནི་འདི་སྐད་དུ། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། ། འདུན་པ་འདོད་ཆགས་ལྡན་པ་སྟེ། །སྐྱེ་བོ་དེ་དག་ང་མི་མཐོང་ཞེས་གསུངས་སོ། །ཅི་སྟེ་དེ་བཞིན་གཤེགས་པ་ཆོས་ཀྱི་སྐུར་མཐོང་བར་མཛད་ན་ཆོས་ཀྱི་སྐུ་ནི་བསྟན་དུ་མི་ནུས་པའོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་ གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་ནི་མིག་གི་རྣམ་པར་ཤེས་པ་ལས་ཡང་དག་པར་འདས་པ་སྟེ་བལྟ་བར་མི་ནུས་པའི་སླད་དུའོ། །མཐོང་བ་དོན་ཡོད་ཀྱང་ཅང་མི་སྨྲ་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་རིན་པོ་ཆེ་ཏོག་གིས་ སྨྲས་པ། མཐོང་བ་དོན་ཡོད་བུ་མོས་དྲིས་པའི་ལན་ཐོབ་ཤིག །མཐོང་བ་དོན་ཡོད་ཀྱིས་སྨྲས་པ། བུ་མོ་ནི་དངོས་པོ་མེད་པ་འདྲི་སྟེ་དེ་ནི་བསྟན་པར་མི་ནུས་སོ། །བུ་མོ་དྲི་མ་མེད་ཀྱིས་བྱིན་པས་སྨྲས་པ། བདག་ནི་དངོས་པོ་འམ་དངོས་པོ་ མ་མཆིས་པ་མི་འདྲིའོ། །བསྟན་པ་སློབས་ལ་དེ་ནས་སྟོན་ཅིག །མཐོང་བ་དོན་ཡོད་ཀྱང་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས་བྱང་ཆུབ་སེམས་དཔའ་རིན་པོ་ཆེ་ཏོག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ ཀྱི་བུ་ཁྱོད་ཀྱིས་འདི་སྐད་དུ་གང་གིས་གྲོང་ཁྱེར་ན་ཁྱིམ་ཐམས་ཅད་དུ་རིན་པོ་ཆེས་གང་བའི་གཏེར་རྣམས་འབྱུང་བར་འགྱུར་བ་རྣམ་པ་དེ་ལྟ་བུའི་བསམ་པ་ཁོ་བོས་བསམ་པར་བྱའོ་ཞེས་གསུངས་པ་དེ་ཅི་ཟང་ཟིང་དང་བཅས་པའི་ཕན་ འདོགས་པར་མཛད་དམ། འོན་ཏེ་ཟང་ཟིང་མ་མཆིས་པས་ཕན་འདོགས་པར་མཛད། གལ་ཏེ་ཟང་ཟིང་དང་བཅས་པས་ཕན་འདོགས་ན་ནི་བྱིས་པ་སོ་སོའི་སྐྱེ་བོའི་ཕན་འདོགས་པ་དང་བྱེ་བྲག་མ་མཆིས་པར་འགྱུར་རོ། །དེ་ཅིའི་སླད་ 82-1-282b དུ་ཞེ་ན། འདི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་དགའ་བ་ནི་ཟང་ཟིང་དང་བཅས་པའི་སླད་དུའོ། །ཅི་སྟེ་ཟང་ཟིང་མ་མཆིས་པས་ཕན་འདོགས་པར་མཛད་ན་ཟང་ཟིང་མ་མཆིས་པ་ནི་བསྒྲུབ་ཏུ་མ་མཆིས་པ་ལགས་སོ། །རིན་པོ་ཆེ་ཏོག་ ཀྱང་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས་བྱང་ཆུབ་སེམས་དཔའ་ངན་སོང་སྤོང་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་འདི་སྐད་དུ་གང་གིས་གྲོང་ཁྱེར་འདི་ན་སེམས་ཅན་རྣམས་ཀྱི་ལས་ངན་སོང་མྱོང་ བར་འགྱུར་བ་གང་ཡོད་པ་དེ་ཚེ་འདི་ཉིད་ལ་ཡང་ཞིང་ཆུང་ངུ་མྱོང་བར་འགྱུར་བ་རྣམ་པ་དེ་ལྟ་བུའི་བསམ་པ་ཁོ་བོས་བསམ་པར་བྱའོ་ཞེས་གསུངས་པ་དེ། དེ་བཞིན་གཤེགས་པས་ལས་ནི་བསམ་གྱིས་མི་ཁྱབ་པ་ཉིད་དུ་ བསྟན་པ་དེ་ནི་ཁྱོད་ཀྱིས་བསམ་པར་མི་སྤྱོད་དོ། །གལ་ཏེ་སྤྱོད་ན་དེ་བཞིན་གཤེགས་པའི་བཀའ་དང་འགལ་བར་འགྱུར་རོ། །ཅི་སྟེ་བསམ་པར་མི་སྤྱོད་ན་མི་མཁྱེན་བཞིན་དུ་མང་པོ་མྱོང་བར་འགྱུར་བའི་ལས་ཚེ་འདི་ཉིད་ལ་ ཡང་ཞིང་ཆུང་ངུ་མྱོང་བར་ཇི་ལྟར་མཛད་དོ། །བདག་པོ་མ་མཆིས་པའི་ཆོས་རྣམས་ལ་བདག་པོ་རྙེད་པར་འགྱུར་རོ། །གལ་ཏེ་དེ་ལྟར་མཛད་ན་དེ་བཞིན་གཤེགས་པའི་བཀའ་དང་འགལ་བར་འགྱུར་རོ། །ངན་སོང་སྤོང་གིས་ སྨྲས་པ། ཁོ་བོས་ནི་སྨོན་ལམ་གྱི་དབང་གིས་མང་དུ་མྱོང་བར་འགྱུར་བའི་ལས་ཉུང་ངུ་མྱོང་བར་འགྱུར་བར་བྱེད་དོ། །བུ་མོས་སྨྲས་པ། རིགས་ཀྱི་བུ་ཆོས་རྣམས་ཀྱི་ཆོས་ཉིད་ནི་སྨོན་ལམ་གྱི་དབང་གིས་བསྒྱུར་དུ་མི་ ནུས་ལགས་སོ། །གལ་ཏེ་ནུས་པར་གྱུར་ན་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླའོ་ཞེས་དེ་བཞིན་གཤེགས་པ་རེ་རེའི་དགོངས་པ་དེ་སྨོན་ལམ་གྱི་དབང་གིས་ཇི་ལྟར་མི་འགྲུབ་སྟེ། རྣམ་གྲངས་འདིས་ན་སྨོན་ ལམ་གྱི་དབང་གིས་བསྒྱུར་བར་མི་ནུས་པར་རིགས་པར་བགྱིའོ། །ངན་སོང་སྤོང་ཡང་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་འདི་སྐད་ 82-1-283a ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་འདི་སྐད་དུ་གང་གིས་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོར་སྐྱེ་བོའི་ཚོགས་ཐམས་ཅད་ཀྱི་སྒྲིབ་པ་ལྔ་པོ་དག་རྣམ་པར་སེལ་བར་འགྱུར་བ་རྣམ་པ་དེ་ལྟ་བུའི་བསམ་པ་ཁོ་བོས་བསམ་ པར་བྱའོ་ཞེས་གསུངས་པ་དེ་ཅི་ཏིང་ངེ་འཛིན་དེ་བདག་ལ་རག་ལས་པ་ལགས་སམ། འོན་ཏེ་གཞན་ལ་རག་ལས་པ་ལགས། གལ་ཏེ་བདག་ལ་རག་ལས་པ་ལགས་ན་ནི་མི་འཕོ་བའི་ཆོས་ཅན་ལགས་ ཏེ། ཇི་ལྟར་ཁྱོད་སྙོམས་པར་ཞུགས་པས་གཞན་དག་གི་སྒྲིབ་པ་རྣམས་རབ་ཏུ་ཞི་བར་མཛད། ཅི་སྟེ་གཞན་ལ་རག་ལས་པ་ལགས་ན་ནི་ཏིང་ངེ་འཛིན་དེ་ཁྱོད་ཀྱི་མ་ལགས་སོ། །གང་ཁྱོད་ཀྱི་མ་ལགས་པ་དེས་ནི་གཞན་ལ་ཕན་པར་ མཛད་པར་མི་སྤྱོད་དོ། །བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་སྨྲས་པ། བུ་མོ་ཁོ་བོའི་སྦྱོར་བ་འདི་ནི་བྱམས་པ་སྔོན་དུ་འགྲོ་བའོ། །བུ་མོ་དྲི་མ་མེད་ཀྱིས་བྱིན་པས་སྨྲས་པ། རིགས་ཀྱི་བུ་སངས་རྒྱས་ བཅོམ་ལྡན་འདས་ཐམས་ཅད་ཀྱང་བྱམས་པ་ལ་གནས་ལགས་ན་སངས་རྒྱས་ཀྱི་ཞིང་རྣམས་ན་སེམས་ཅན་དག་ལ་སྒྲིབ་པ་རྣམས་ཀྱིས་གནོད་པ་ཡང་མ་མཆིས་སོ། །བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་ རྣམ་པར་སེལ་བ་ཡང་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་འདི་སྐད་དུ་ཅི་ནས་ཀྱང་གྲོང་ཁྱེར་ ན་སེམས་ཅན་གང་དག་བཅིངས་པ་དང་། གསད་པར་བཀྲི་བ་དེ་དག་ཐར་པ་དང་། འཇིགས་པས་ཉེན་པ་རྣམས་ཀྱང་འཇིགས་པ་མེད་པ་ཐོབ་པར་འགྱུར་བ་རྣམ་པ་དེ་ལྟ་བུའི་བསམ་པ་ཁོ་བོས་བསམ་པར་བྱའོ་ཞེས་གསུངས་ པ་དེ་ཅི་ཁྱོད་ཀྱི་སྦྱོར་བ་འདི་ལེན་པ་དང་བཅས་པ་ལགས་སམ། འོན་ཏེ་ལེན་པ་མ་མཆིས་པ་ལགས། གལ་ཏེ་སྦྱོར་བ་དེ་ལེན་པ་དང་བཅས་པ་ལགས་ན་ནི་བྱིས་པ་སོ་སོ་སྐྱེ་བོ་རྣམས་ཀྱང་ལེན་པ་དང་བཅས་པ་ལགས་ཏེ། བྱིས་པ་ 82-1-283b སོ་སོ་སྐྱེ་བོ་རྣམས་དང་མཚུངས་པར་འགྱུར་རོ། །དེ་ལྟ་བས་ན་ཡང་མི་རིགས་སོ། །ཅི་སྟེ་སྦྱོར་བ་དེ་ལེན་པ་མ་མཆིས་པ་ལགས་ན་ནི་མངོན་པར་འདུས་མ་བྱས་པ་ལགས་ཏེ། མངོན་པར་འདུས་མ་བྱས་པ་ལ་ནི་ཉེ་བར་སྒྲུབ་པ་མ་ མཆིས་སོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ཀྱང་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སྤོབས་པ་བརྩེགས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ ཅེས་སྨྲས་སོ། །སྤྱན་རས་གཟིགས་དབང་ཕྱུག་བུ་མོས་དྲིས་པའི་ལན་ཐོབ་ཤིག །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་སྨྲས་པ། བུ་མོ་ནི་སྐྱེ་བ་དང་འགག་པ་མི་འདྲི་སྟེ་དེ་ནི་ལན་གདབ་པར་མི་ནུས་སོ། །བུ་མོ་དྲི་མ་མེད་ ཀྱིས་བྱིན་པས་སྨྲས་པ། སྤྱན་རས་གཟིགས་དབང་ཕྱུག་གང་ན་སྐྱེ་བ་མ་མཆིས་པ་དང་འགག་པ་མ་མཆིས་པ་དེ་ནི་དྲི་བ་མ་མཆིས་སོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་སྨྲས་པ། བུ་མོ་གང་ན་སྐྱེ་བ་མེད་ཅིང་འགག་ པ་མེད་པ་དེ་ནི་ཡི་གེ་འཇུག་པ་མེད་དོ། །བུ་མོས་སྨྲས་པ། འཇུག་པ་མ་མཆིས་པ་དང་། ཡི་གེ་མ་མཆིས་པའི་ཆོས་ཐམས་ཅད་ལ་ནི་མཁས་པ་དག་ཡི་གེ་དང་འཇུག་པ་མི་སྟོན་ཏེ། ཡི་གེ་རྣམས་ལ་མི་ཆགས་སོ། །ཆགས་པ་མ་མཆིས་པ་ ནི་ཆོས་ཀྱི་དབྱིངས་ཏེ། དེ་ལ་ནི་རྟོགས་པར་བགྱི་བའི་སླད་དུ་ཆགས་པ་མ་མཆིས་སོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ཀྱང་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས་བྱང་ཆུབ་སེམས་དཔའ་སྤོབས་པ་ བརྩེགས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་འདི་སྐད་དུ་གང་གིས་གྲོང་ཁྱེར་ན་སྐྱེ་བོའི་ཚོགས་ཐམས་ཅད་ཕན་ཚུན་ཚིགས་སུ་བཅད་པའི་དབྱངས་དང་། བྱམས་པའི་སེམས་ཀྱིས་སྨྲ་བར་འགྱུར་བ་དང་། སྤོབས་པ་ཡང་ ཐོབ་པར་འགྱུར་བ་རྣམ་པ་དེ་ལྟ་བུའི་བསམ་པ་ཁོ་བོས་བསམ་པར་བྱའོ་ཞེས་གསུངས་པའི་ཁྱོད་ཀྱི་སྤོབས་པ་ཉེ་བར་སྒྲུབ་པ་གང་ལགས་པ་དེ་ཅི་རྣམ་པར་རྟོག་པས་བསྐྱེད་པ་ལགས་སམ། འོན་ཏེ་རྒྱུ་མ་མཆིས་པ་ལས་བྱུང་བ་ལགས། 82-1-284a གལ་ཏེ་རྣམ་པར་རྟོག་པས་བསྐྱེད་པ་ལགས་ན་ནི་འདུས་བྱས་ཐམས་ཅད་ཀྱང་རྣམ་པར་རྟོག་པས་བསྐྱེད་པ་ལགས་ཏེ། དེ་ལྟ་བས་ན་རྣམ་པར་ཞི་བར་མི་འགྱུར་རོ། །ཅི་སྟེ་རྒྱུ་མ་མཆིས་པ་ལས་བྱུང་བ་ ལགས་ན་ནི་མ་བྱུང་བ་ལ་སྒྲོ་འདོགས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སྤོབས་པ་བརྩེགས་ཀྱིས་སྨྲས་པ། བུ་མོ་སེམས་ཅན་གང་དག་ཁོ་བོའི་མིག་ལམ་ན་སྣང་བར་འགྱུར་བ་དེ་དག་ཐམས་ཅད་སྤོབས་པ་ཐོབ་པར་ གྱུར་ཅིག་ཅེས་བྱ་བའི་ཁོ་བོའི་སྨོན་ལམ་འདི་ནི་དང་པོ་སེམས་བསྐྱེད་པ་ནས་བཟུང་སྟེ་བཏབ་བོ། །བུ་མོ་དྲི་མ་མེད་ཀྱིས་བྱིན་པས་སྨྲས་པ། རིགས་ཀྱི་བུ་སེམས་བསྐྱེད་པ་གང་གིས་སྨོན་ལམ་བཏབ་པའི་སེམས་བསྐྱེད་པ་དེ་ མ་མཆིས་སམ། འོན་ཏེ་མཆིས། གལ་ཏེ་མཆིས་ན་ནི་རྟག་པར་ལྟ་བ་ལགས་སོ། །ཅི་སྟེ་མ་མཆིས་ན་ནི་ཆད་པར་ལྟ་བ་ལགས་ཏེ། དེ་གསུང་ན་ནི་ཁྱོད་ཀྱི་གསུང་བ་ལོག་པ་ལགས་སོ། །བྱང་ཆུབ་སེམས་དཔའ་སྤོབས་པ་ རྩེགས་ཀྱང་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས་བྱང་ཆུབ་སེམས་དཔའ་གོམ་པ་འདོར་བ་དོན་ཡོད་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་འདི་སྐད་དུ་ཅི་ནས་ཀྱང་གྲོང་ཁྱེར་ན་སེམས་ཅན་གང་ དག་ཁོ་བོའི་མིག་ལམ་ན་སྣང་བར་འགྱུར་བ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་རྣམ་པ་དེ་ལྟ་བུའི་བསམ་པ་ཁོ་བོས་བསམ་པར་བྱའོ་ཞེས་གསུངས་པ་ དེ་ཅི་བྱང་ཆུབ་དེ་མཆིས་པ་ཞེས་བརྗོད་པར་བགྱི་འམ། འོན་ཏེ་མ་མཆིས་པ་ཞེས་བརྗོད་པར་བགྱི། གལ་ཏེ་མཆིས་ན་ནི་རྟག་པ་སྟེ་ཡོད་པའི་མཐར་འཛིན་པ་ལགས་སོ། །ཅི་སྟེ་མ་མཆིས་ན་ནི་ཆད་པ་སྟེ་མེད་པའི་ མཐར་འཛིན་པ་ལགས་སོ། །བྱང་ཆུབ་སེམས་དཔའ་གོམ་པ་འདོར་བ་དོན་ཡོད་ཀྱིས་སྨྲས་པ། བུ་མོ་བྱང་ཆུབ་ཅེས་བྱ་བ་འདི་ནི་ཡེ་ཤེས་ཀྱི་ཚིག་བླ་དགས་སོ། །བུ་མོ་དྲི་མ་མེད་ཀྱིས་བྱིན་པས་སྨྲས་པ། ཅི་ 82-1-284b ཡེ་ཤེས་དེ་སྐྱེ་བས་རབ་ཏུ་ཕྱེ་བ་ལགས་སམ། འོན་ཏེ་ཞི་བས་རབ་ཏུ་ཕྱེ་བ་ལགས། འོན་ཏེ་སྐྱེ་བས་རབ་ཏུ་ཕྱེ་བ་ལགས་ན་ནི་ཚུལ་བཞིན་མ་ལགས་པ་ཡིད་ལ་བགྱིད་པ་ ལས་བྱུང་བ་འདུས་བྱས་སུ་འགྱུར་ཏེ། ཤེས་པ་དེ་ནི་བྱིས་པ་རྣམས་ཀྱི་ལགས་སོ། །ཅི་སྟེ་ཞི་བས་རབ་ཏུ་ཕྱེ་བ་ལགས་ན་ནི་དེ་ལ་དམིགས་པ་མ་མཆིས་སོ། །གང་ལ་དམིགས་པ་མ་མཆིས་པ་དེ་ལ་འདི་ནི་སོ་སོའི་སྐྱེ་ བོའོ་ཞེ་འམ། ཉན་ཐོས་སོ་ཞེ་འམ། རང་སངས་རྒྱས་སོ་ཞེ་འམ། བྱང་ཆུབ་སེམས་དཔའོ་ཞེ་འམ། སངས་རྒྱས་སོ་ཞེས་རྣམ་པར་རྟོག་པ་མི་སྐྱེའོ། །དེ་ཅིའི་སླད་དུ་ཞེ་ན། བྱང་ཆུབ་ནི་རྣམ་པར་མི་རྟོག་པ་ལགས་ན་བྱིས་ པ་སོ་སོའི་སྐྱེ་བོ་རྣམས་ནི་བྱང་ཆུབ་ལ་རྣམ་པར་རྟོག་སྟེ། མཁས་པ་རྣམས་ནི་མི་རྟོག་པའི་སླད་དུའོ། །བྱང་ཆུབ་སེམས་དཔའ་གོམ་པ་འདོར་བ་དོན་ཡོད་ཀྱང་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་ བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །བསོད་སྙོམས་ཀྱི་ཕྱིར་གྲོང་ཁྱེར་དུ་འཇུག་པར་མི་བྱའི་སླར་འདོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེང་བུ་མོ་དྲི་མ་མེད་ཀྱིས་བྱིན་པ་ལས་ཆོས་ཐོས་པ་གང་ཡིན་པ་འདི་ནི་ མཁས་པའི་ཟས་ཡིན་པས་ཆོག་པར་འགྱུར་བའི་ཕྱིར་ཏེ། ཆོས་ཀྱི་ཟས་བཟའ་བར་བྱའོ། །དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས་གནས་བརྟན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་གང་ན་གདེག་ པ་མེད་པ་དང་། གཞག་པ་མེད་པ་དེ་ལ་ཅི་ཞིག་ཁྱོད་ཀྱིས་བཙལ་བར་སེམས། བཙུན་པ་རབ་འབྱོར་དགེ་སྦྱོང་གི་ཚུལ་ནི་སྤྲོས་པ་མ་མཆིས་པ་ལགས་ཀྱི་སྤྲོས་པ་ལ་དགའ་བའི་ནི་མ་ལགས་སོ། །བཙུན་པ་རབ་འབྱོར་དགེ་ སྦྱོང་གི་ཆོས་ནི་གནས་པ་མ་མཆིས་པ། གནས་པར་མི་བགྱིས་པ་ལགས་ཏེ། འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ནི་མི་འཁྲུགས་པ་ལགས་སོ།། །། བམ་པོ་གཉིས་པ་སྟེ་ཐ་མ། དེ་ནས་ཉན་ཐོས་ཆེན་ 82-1-285a པོ་བརྒྱད་པོ་དེ་དག་དང་། བྱང་ཆུབ་སེམས་དཔའ་བརྒྱད་པོ་དེ་དག་དང་། བྲམ་ཟེ་ལྔ་བརྒྱ་ཙམ་པོ་དེ་དག་དང་། བུ་མོ་དྲི་མ་མེད་ཀྱིས་བྱིན་པ་དང་། རྒྱལ་པོ་གསལ་རྒྱལ་དང་། དེ་ལས་གཞན་པ་སྐྱེ་ བོ་ཕལ་པོ་ཆེ་རྣམས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་ བུ་མོ་དྲི་མ་མེད་ཀྱིས་བྱིན་པས་བཅོམ་ལྡན་འདས་ལ་ལན་སྟོང་བསྐོར་བ་བྱས་ཏེ་གོས་ཕྲག་པ་གཅིག་ཏུ་བགོས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ ཐལ་མོ་སྦྱར་བ་བཏུད་ནས་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། ཏིང་འཛིན་སྟོབས་ལྡན་གྲགས་པ་མཐའ་ཡས་མངའ། །འཇིག་རྟེན་མགོན་པོ་བདུད་རྩི་དགའ་སྩོལ་བ། །མཚུངས་མེད་ཡེ་ཤེས་ བདེ་གཤེགས་ཁྱོད་ལ་ཞུ། །བྱང་ཆུབ་སེམས་དཔའ་ཇི་ལྟར་སྤྱད་པ་སྤྱོད། །ཇི་ལྟར་ཤིང་དབང་དྲུང་མཆིས་བདུད་རྣམས་འཇོམས། །ཇི་ལྟར་རིར་བཅས་ས་རྣམས་གཡོ་བར་བགྱིད། །གྲགས་པ་མཐའ་ཡས་ ཇི་ལྟར་འོད་ཟེར་གཏོང་། །བྱང་ཆུབ་སྤྱོད་ཚུལ་ལེགས་པར་བཤད་དུ་གསོལ། །སངས་རྒྱས་ནོར་གྱི་གཟུངས་ནི་ཇི་ལྟར་འཐོབ། །ཏིང་འཛིན་ཞི་བ་དམ་པ་ཇི་ལྟར་བསྒོམ། །མི་ཡིས་རྫུ་འཕྲུལ་སྟོབས་ནི་ཇི་ལྟར་ འཐོབ། །སེམས་ཅན་རིན་ཆེན་རྣམས་ཀྱི་སྤྱོད་པ་གསུངས། །གང་གིས་དྲན་དང་རྟོགས་དང་བློ་གྲོས་འགྱུར། །སྤོབས་པ་མཛེས་དང་ལྡན་པར་གང་གིས་འགྱུར། །གང་དང་རབ་ཏུ་ལྡན་ན་འཁོར་ནང་དུ། །སྙན་ ཅིང་ཤིན་ཏུ་མཛེས་པ་སྨྲ་བར་བགྱིད། །གང་གིས་མི་ནི་ཚེ་རབས་དྲན་པར་འགྱུར། །དྲི་མ་མ་མཆིས་ལྷ་ཡི་མིག་ཀྱང་འཐོབ། །ལྷ་རྣ་འཐོབ་ཅིང་ཕ་རོལ་སེམས་ཚུལ་རིག །རྫུ་འཕྲུལ་གྱིས་ནི་ཞིང་རྣམས་བརྒྱད་ 82-1-285b ཡང་མཆི། །ཇི་ལྟར་སྦྱིན་པ་གཏོང་ལ་བརྩོན་པར་འགྱུར། །རྟག་ཏུ་ཚུལ་ཁྲིམས་དག་ཅིང་བཟོད་ལ་དགའ། །ཇི་ལྟར་བརྩོན་འགྲུས་བསམ་གཏན་མཁས་པར་འགྱུར། །ཤེས་རབ་ལ་ཡང་ཇི་ལྟར་ཤིན་ཏུ་ བརྩོན། །མངལ་གྱི་གནས་ནི་ཇི་ལྟར་རྣམ་སྤངས་ནས། །པད་མ་ལས་ནི་རྟག་ཏུ་རྫུས་ཏེ་སྐྱེ། །སངས་རྒྱས་རྣམས་ཀྱི་སྤྱན་སྔར་མཆིས་པར་བགྱིད། །བདག་མེད་སྟོང་པ་ཉིད་ཀྱི་སྒྲ་ཡང་བརྗོད། །ཇི་ལྟར་དེ་ཡིད་དགའ་ དང་མི་དགའ་མཚུངས། །སྲེད་པ་སྤངས་ཤིང་ཐ་བ་ཞེ་སྡང་སྤོང་། །མཐོ་བར་མི་སེམས་དམའ་བར་སེམས་མ་མཆིས། །སེམས་བརྟན་གཡོ་བ་མ་མཆིས་རི་རབ་མཚུངས། །རྙེད་དང་མ་རྙེད་གྲགས་དང་མ་གྲགས་དང་། བསྟོད་དང་སྨད་དང་བདེ་དང་སྡུག་བསྔལ་དང་། །ཇི་ལྟར་འཇིག་རྟེན་ཆོས་རྣམས་ཟིལ་མནན་གནས། །འཇིག་རྟེན་ཀུན་ན་ཟླ་བ་ལྟ་བུར་སྤྱོད། །ང་ཡི་མ་མཆིས་ཚུལ་འཆོས་གཡོ་མ་མཆིས། །ཇི་ལྟར་རྡུལ་བྲལ་ང་ རྒྱལ་རྒྱགས་པ་སྤོང་། །ཞི་དང་རབ་ཏུ་ཞི་དང་ཞི་གནས་བརྩོན། །བློ་ལྡན་ཇི་ལྟར་ཡེ་ཤེས་མཆོག་ཏུ་འགྱུར། །ཆུང་མ་བུ་ནོར་མང་ལ་དགའ་མ་མཆིས། །ཇི་ལྟར་བས་མཐའི་མལ་ལ་མངོན་པར་དགའ། །རྟག་ཏུ་ བྱ་དང་མཚུངས་ཤིང་ཟླ་བ་འདྲ། །ཇི་ལྟར་ཆོས་ཀྱི་ནོར་ལ་དགའ་ཞིང་མོས། །ཆུ་དང་མཚུངས་ཤིང་ས་འདྲ་རླུང་དང་མཚུངས། །མཁས་པ་ཇི་ལྟར་མེ་དང་འདྲ་བར་འགྱུར། །རྟག་ཏུ་ཅི་ཡང་མ་མཆིས་མི་རྟོག་ལགས། ། མཉམ་པ་ཉིད་ལ་དགའ་ཞིང་ནམ་མཁའ་ཚུངས། །ཇི་ལྟར་རྟག་ཏུ་ཆོས་ནི་སྤོང་མི་བགྱིད། །བདག་འདོར་བགྱིད་ཀྱི་ཆོས་མཆོག་ཡོངས་མི་གཏོང་། །འཇིག་རྟེན་དག་ཏུ་སྟོན་པའི་སེམས་བསྐྱེད་ནས། །ཇི་ལྟར་ གནས་ཏེ་བྱང་ཆུབ་འཇུག་པར་བགྱི། །ཞིང་གི་བཀོད་པ་ཇི་ལྟར་གནས་པར་འགྱུར། །དགེ་འདུན་དག་པར་ཇི་ལྟར་འགྱུར་བ་ལགས། །ཇི་ལྟར་དུས་གསུམ་དུ་ཡང་ཆོས་ཐོས་ཤིང་། །ཇི་ལྟར་ཚེ་རིང་ 82-1-286a སེམས་ཅན་བདེ་བར་འགྱུར། །རྟག་ཏུ་སྲེད་པ་འགོག་པའི་ཕ་རོལ་སོན། །དགྲ་བཅོམ་དུལ་བར་བདེན་བཞི་ཇི་ལྟར་མཐོང་། །སེམས་ཅན་བརྒྱ་དག་བྱང་ཆུབ་འཇོག་པར་བགྱིད། །སྤྱོད་ཅིང་རྟག་ཏུ་ དགའ་མོས་ཇི་ལྟར་འགྱུར། །གང་གིས་ཤིན་ཏུ་མཛེས་པར་འགྱུར། །བརྫུས་ཏེ་སྐྱེ་བར་གང་གིས་འགྱུར། །ལོངས་སྤྱོད་ཚེ་དང་ཤེས་རབ་ཆེ། །ཀུན་མཁྱེན་རྟོགས་པར་ཁོང་དུ་ཆུད། །གང་གིས་སུམ་བཅུ་ རྩ་གཉིས་མཚན། །དཔེ་བྱད་བཟང་པོ་བརྒྱད་བཅུ་འཐོབ། །བསོད་ནམས་ཀུན་ལ་མཁས་པ་ལགས། །སྤོབས་པ་གང་གིས་སྐྱེ་བར་འགྱུར། །ཞིང་ནི་ཇི་ལྟར་དག་འགྱུར་ལགས། །དགེ་སློང་དགེ་འདུན་ ཕུན་སུམ་ཚོགས། །གང་དུ་དེ་ཡིས་སྨོན་བཏབ་པ། །དེར་ནི་ཇི་ལྟར་སྐྱེ་འགྱུར་ལགས། །ཚེ་རབས་དྲན་པར་ཇི་ལྟར་འགྱུར། །ཇི་ལྟར་སངས་རྒྱས་རྣམས་དང་མཇལ། །བསྐལ་པ་བྱེ་བ་སྟོང་རྣམས་སུ། །ངན་འགྲོར་ མཆི་བར་མི་འགྱུར་ལགས། །རྣམ་པར་འདྲེན་པ་ཇི་ལྟར་ན། །མདོག་དང་གཟི་བརྗིད་སྙན་གྲགས་འཐོབ། །སྟོབས་དང་མཐུ་དང་བརྩོན་འགྲུས་རྣམས། །ཇི་ལྟར་ཐུབ་པར་མི་འགྱུར་ལགས། །ཇི་ལྟར་སངས་རྒྱས་ ཆོས་དང་ཡང་། །དགེ་འདུན་ལ་ནི་སྐྱབས་སུ་མཆི། །ལུས་དང་སྲོག་ནི་གཏོང་བགྱིད་ཀྱི། །དེ་དག་ཆོས་ནི་འདོར་མི་བགྱིད། །བྱང་ཆུབ་སྤྱད་པ་སྤྱོད་བགྱིད་ཅིང་། །ཐེ་ཚོམ་མ་མཆིས་ཇི་ལྟར་འགྱུར། །འགྱོད་པ་ཐམས་ ཅད་སྤངས་ནས་སུ། །སྲོག་ཆགས་རྣམས་ལ་ཆོས་ཀྱང་སྟོན། །ཁྱོད་ལ་མི་མཁྱེན་ཅང་མི་མངའ། །ཐུབ་ཆེན་ཁྱོད་ནི་ཐམས་ཅད་མཁྱེན། །བྱང་ཆུབ་སེམས་དཔའི་སྤྱོད་གང་ལགས། །གོ་རིམས་བཞིན་དུ་བསྟན་ དུ་གསོལ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བུ་མོ་དྲི་མ་མེད་ཀྱིས་བྱིན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བུ་མོ་ལེགས་སོ་ལེགས་སོ། །བུ་མོ་དེ་བཞིན་གཤེགས་པ་ལ་དོན་ 82-1-286b འདི་ལྟ་བུ་འདི་འདྲི་བར་སེམས་པ་ནི་ཁྱོད་ཡང་ལེགས་སོ། །བུ་མོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །བུ་མོ་དྲི་མ་མེད་ཀྱིས་བྱིན་པས་བཅོམ་ལྡན་འདས་ལ་ལེགས་སོ་ ཞེས་གསོལ་ཏེ་བཅོམ་ལྡན་འདས་ཀྱིས་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བདུད་འདུལ་བར་བྱེད་དེ། བཞི་གང་ ཞེ་ན། གཞན་གྱི་རྙེད་པ་ལ་ཕྲག་དོག་མེད་པ་དང་། ཕྲ་མོའི་ཚིག་ཡོངས་སུ་སྤོང་བ་དང་། སྐྱེ་བོ་མང་པོ་དགེ་བའི་རྩ་བ་འཛིན་དུ་འཇུག་པ་དང་། སྒྲིབ་པ་མེད་པའི་བྱམས་པ་སྒོམ་པ་སྟེ། བུ་མོ་བྱང་ཆུབ་སེམས་ དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་བདུད་འདུལ་བར་བྱེད་དོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཕྲག་དོག་མི་བྱ་ཕྲ་མ་སྨྲ་མི་བྱ། །སྐྱེ་བོ་མང་པོ་དགེ་བ་རྣམས་ལ་སྦྱར། །ཕྱོགས་བཅུ་རྣམས་སུ་བྱམས་པ་བསྒོམ་བྱས་ན། ། བདུད་འདིར་བཏུལ་ནས་བྱང་ཆུབ་རེག་པར་འགྱུར། །བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་དག་གཡོ་བར་བྱེད་དེ། བཞི་གང་ཞེ་ན། ཇི་སྐད་སྨྲས་པ་དེ་བཞིན་ བྱེད་པ་དང་། ཆོས་ཟབ་མོ་ལ་མོས་པ་དང་། ཡི་དམ་ལ་བརྟན་པ་དང་། སྐྱེ་བོ་མང་པོ་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་སངས་རྒྱས་ཀྱི་ ཞིང་མཐའ་ཡས་པ་དག་གཡོ་བར་བྱེད་དོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཇི་སྐད་སྨྲས་པ་དེ་བཞིན་བྱེད། །མཁས་པ་ཟབ་མོའི་ཆོས་ལ་བཟོད། །ཡི་དམ་ལ་ཡང་ཤིན་ཏུ་བརྟན། །དཀར་པོའི་ཆོས་ལ་འཛུད་པར་ བྱེད། །རྫོགས་པའི་བྱང་ཆུབ་བླ་མེད་ལ། །སྐྱེ་བོ་མང་པོ་དགའ་བར་བྱེད། །དེ་ལྟར་ཆོས་བཞི་དེ་དག་གིས། །ཞིང་རྣམས་བྱེ་བ་གཡོ་བར་བྱེད། །བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སངས་རྒྱས་ 82-1-287a ཀྱི་ཞིང་མཐའ་ཡས་མུ་མེད་པ་རྣམས་སུ་འོད་ཟེར་དག་གཏོང་སྟེ། བཞི་གང་ཞེ་ན། མར་མེ་སྦྱིན་པ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པ་དང་། སེམས་ཅན་བག་མེད་པར་གྱུར་ཅིང་མི་ཁོམ་ པར་གྱུར་བ་རྣམས་ཀྱི་གན་དུ་སོང་སྟེ་ཆོས་སྟོན་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་དག་ལ་རིན་པོ་ཆེའི་དྲ་བས་འགེགས་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་སངས་རྒྱས་ ཀྱི་ཞིང་མཐའ་ཡས་མུ་མེད་པ་རྣམས་སུ་འོད་ཟེར་དག་གཏོང་ངོ་། །དེ་ལ་འདི་སྐད་ཅེས་བྱ་སྟེ། མར་མེ་བྱིན་པས་འོད་ནི་རྣམ་པར་དག །ཟད་པའི་དུས་ན་དམ་ཆོས་ཡོངས་སུ་འཛིན། །བག་མེད་གྱུར་བ་རྣམས་ལ་ཆོས་སྦྱིན་ བྱེད། །མཆོད་རྟེན་དག་ལ་རིན་ཆེན་དྲ་བ་འབུལ། །དེས་ན་བྱེ་བ་བསམ་ཡས་ཞིང་འགྲོ་ཞིང་། །བྱང་ཆུབ་སེམས་དཔའ་འོད་ཟེར་གཏོང་བར་བྱེད། །རེག་ནས་སེམས་ཅན་བདེ་དང་ལྡན་པར་འགྱུར། །མཁས་པ་བྱང་ཆུབ་ བླ་མེད་དོན་དུ་གཉེར། །བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་གཟུངས་འཐོབ་སྟེ། བཞི་གང་ཞེ་ན། རྒྱན་སྣ་ཚོགས་གཙང་ཞིང་དག་པ་སྦྱིན་པ་དང་། བུ་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་འདོད་པ་ རྣམས་ལ་སྦྱིན་པ་དང་། རྒྱུན་མི་འཆད་པར་དེ་བཞིན་གཤེགས་པའི་བསྔགས་པ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མང་དུ་གནས་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ ལྡན་ན་གཟུངས་འཐོབ་བོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། སྣ་ཚོགས་བྱིན་པས་གཟུངས་ནི་ཐོབ་པར་འགྱུར། །སློང་བ་རྣམས་ལ་བུ་མོ་བརྒྱན་ཏེ་སྦྱིན། །རྒྱུན་མི་འཆད་པར་སངས་རྒྱས་བསྔགས་པ་བརྗོད། །རྒྱལ་བའི་ ཡེ་ཤེས་དོན་དུ་ཤེས་རབ་བསྒོམ། །ཆོས་བཞི་འདི་དག་གིས་ནི་གཟུངས་འཐོབ་འགྱུར། །བསྐལ་པ་བརྒྱར་ཡང་ཐོས་པ་ཆུད་མི་ཟ། །ཕྱོགས་བཅུར་དེ་བཞིན་གཤེགས་པ་གང་འཆད་པ། །དེ་དག་ཐམས་ 82-1-287b ཅད་དྲན་པའི་སྟོབས་ཀྱིས་འཛིན། །བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཏིང་ངེ་འཛིན་འཐོབ་སྟེ། བཞི་གང་ཞེ་ན། འཁོར་བ་ལ་ཡིད་འབྱུང་བ་མང་བ་དང་། གཅིག་པུར་ཀུན་ཏུ་དགའ་ཞིང་མགུ་ ལ་མོས་པ་དང་། བརྩོན་འགྲུས་བརྩམས་པ་དང་། ལས་ཀྱི་མཐར་ཤིན་ཏུ་ཡོངས་སུ་མཐར་ཕྱིན་པ་ཡིན་ཏེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཏིང་ངེ་འཛིན་འཐོབ་བོ། །དེ་ལ་འདི་ སྐད་ཅེས་བྱ་སྟེ། སྲིད་པའི་འགྲོ་བ་ཀུན་ལ་ཡིད་ཀྱང་འབྱུང་། །བསེ་རུ་ལྟ་བུར་གཅིག་བུར་སྤྱོད་ལ་དགའ། །རྟག་ཏུ་ཤིན་ཏུ་བརྩོན་འགྲུས་བརྩམས་པ་ཡིན། །དེའི་ལས་རྟག་ཤིན་ཏུ་མཐར་ཡང་ཕྱིན། །རྟག་ཏུ་ ཆོས་བཞི་དག་ལ་ཞུགས་ནས་སུ། །བྱང་ཆུབ་སྤྱོད་པ་ཞི་བ་མྱུར་ཚོལ་བྱེད། །བྱང་ཆུབ་སེམས་དཔའ་ཏིང་འཛིན་ལ་གོར་འཐོབ། །རྒྱལ་བ་རྣམས་ཀྱི་སྤྱོད་ཡུལ་བྱང་ཆུབ་རྟོགས། །བུ་མོ་བྱང་ཆུབ་ སེམས་དཔའ་ཆོས་བཞི་དང་ལྡན་ན་རྫུ་འཕྲུལ་འཐོབ་སྟེ། བཞི་གང་ཞེ་ན། ལུས་ཡང་བ་དང་། སེམས་ཡང་བ་དང་། ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ་དང་། ཁམས་བཞི་ནམ་མཁའི་ ཁམས་དང་མཉམ་པ་ཉིད་དུ་བྱིན་གྱིས་རློབ་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་རྫུ་འཕྲུལ་འཐོབ་བོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ལུས་ཡང་བ་དང་དེ་བཞིན་ སེམས་ཀྱང་ཡང་། །ཆོས་རྣམས་ཀུན་ལ་གནས་པ་མེད་པ་ཉིད། །ནམ་མཁའི་ཁམས་དང་མཚུངས་ཤིང་འདྲ་ཉིད་དུ། །ཁམས་བཞི་པོ་དག་བྱིན་གྱིས་རློབ་པར་བྱེད། །ཆོས་བཞི་འདི་དག་ངེས་པར་ བསྟེན་བྱས་ན། །བློ་ལྡན་དེ་ཡིས་རྫུ་འཕྲུལ་མཐའ་ཡས་འཐོབ། །སྐད་ཅིག་གཅིག་ལ་ཞིང་རྣམས་སྟོང་དུ་འགྲོ། །སངས་རྒྱས་སྟོང་ཕྲག་མང་པོ་རྣམས་ཀྱང་མཐོང་། །བུ་མོ་བྱང་ཆུབ་སེམས་དཔའ་ཆོས་ 82-1-288a བཞི་དང་ལྡན་ན་མཛེས་པར་འགྱུར་ཏེ། བཞི་གང་ཞེ་ན། ཁྲོ་བ་མེད་དེ་རྩོད་པ་དང་། ཐ་བ་དང་། ཞེ་སྡང་དང་བྲལ་བ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་འཕྱག་པར་མངོན་པར་བརྩོན་པར་འགྱུར་ བ་དང་། ཚུལ་ཁྲིམས་ཀྱི་སྡོམ་པས་བསྡམས་ཤིང་ཚུར་ཤོག་ལེགས་པར་འོངས་སོ་ཞེས་རྟག་ཏུ་སྨྲ་བ་དང་། ཆོས་སྨྲ་བ་རྣམས་ལ་ཁྲོ་གཉེར་དང་བྲལ་ཞིང་ཞེས་འགྲས་པའི་སེམས་མེད་པ་ཡིན་ཏེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་མཛེས་པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། གཞན་ལ་ཁྲོ་དང་ཁོན་ཏུ་འཛིན་མི་བྱེད། །ང་རྒྱལ་རྒྱགས་དང་ཐ་བ་ཞེ་སྡང་བྲལ། རྩོད་པ་མེད་ལ་དགའ་ཞིང་སྙན་པར་སྨྲ། །གུས་པར་རྒྱལ་བའི་མཆོད་རྟེན་འཕྱག་པར་བྱེད། །དེ་ནི་ཚུལ་ཁྲིམས་རྣམ་དག་རྟག་ཏུ་སྲུང་། །དེ་ནི་རྟག་ཏུ་ལེགས་པར་འོང་ཞེས་སྨྲས། །ཆོས་སྨྲ་རྣམས་ལ་དེ་ནི་ཐ་བ་མེད། ། དེ་ཡི་སེམས་ནི་རྡོ་རྗེ་རི་རབ་མཚུངས། །བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་རྫུས་ཏེ་སྐྱེ་བར་འགྱུར་ཏེ། བཞི་གང་ཞེ་ན། དེ་བཞིན་གཤེགས་པའི་སྐུ་གཟུགས་པད་མའི་སྟེང་ན་བཞུགས་པ་བྱེད་དུ་ འཇུག་ཅིང་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། པད་མ་དཀར་པོ་དག་གིས་ལག་པ་བཀང་སྟེ། དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མངོན་པར་འཐོར་བ་དང་། ཕན་པའི་ དངོས་པོ་མང་ཞིང་ཡང་དག་པར་དགའ་བར་བྱེད་པའི་ངང་ཚུལ་ཅན་དང་། གཞན་དག་གི་སྐྱོན་མི་འཛིན་པ་དང་། དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱ་བའི་ ཕྱིར་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་རྫུས་ཏེ་སྐྱེ་བར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། སངས་རྒྱས་སྐུ་གཟུགས་ 82-1-288b པད་མ་མཆོག་བཞུགས་བྱེད་དུ་འཇུག །ཆུ་སྐྱེས་མེ་ཏོག་ལག་པ་བཀང་སྟེ་འབུལ་བར་བྱེད། །ཕ་རོལ་དག་ལ་དགའ་བ་སྐྱེད་པའི་ཚིག་ཀྱང་སྨྲ། །དགའ་བར་བྱད་ལ་མངོན་པར་བརྩོན་གྱི་སྐྱོན་མི་འཛིན། ། སེམས་ཅན་ཀུན་ལ་ཕན་ཕྱིར་བསོད་ནམས་ཡོངས་སུ་སྔོ། །ཐུབ་མཆོག་རྣམས་ཀྱི་སངས་རྒྱས་བྱང་ཆུབ་སྒྲུབ་པ་ཤེས། །སངས་རྒྱས་གསུངས་པའི་ཡོན་ཏན་འདི་བཞི་བསྟེན་ན་དེ། །རྒྱལ་བ་ མཆོག་རྣམས་དྲུང་དུ་རྫུས་ཏེ་སྐྱེ་བར་འགྱུར། །བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ལོངས་སྤྱོད་ཆེན་པོར་འགྱུར་ཏེ། བཞི་གང་ཞེ་ན། བརྙས་པ་མེད་པར་སྦྱིན་པའི་ཚུལ་ཅན་དང་། །ཆགས་ པ་མེད་པར་དངོས་པོ་ཡོངས་སུ་གཏོང་བ་དང་། མོས་པ་མང་བ་དང་། ལྟ་བར་གྱུར་བ་ཐམས་ཅད་དང་བྲལ་བ་ཡིན་ཏེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་ལོངས་སྤྱོད་ཆེན་པོར་འགྱུར་ རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དེས་པ་བརྙས་པ་མེད་པར་སྦྱིན་པ་སྦྱིན་པར་བྱེད། །དེ་ནི་དངོས་པོ་ཀུན་ལ་རྟག་ཏུ་འཛིན་པ་མེད། །རྒྱལ་བའི་ཡེ་ཤེས་མཆོག་ལ་མོས་པ་བསྐྱེད་བྱས་ན། །དེ་ནི་ཕྱིར་ཞིང་ ལོངས་སྤྱོད་ཆེན་པོ་ཐོབ་པར་འགྱུར། །དད་དང་ལྡན་པར་འགྱུར་ཞིང་གཡོ་མེད་སྒྱུ་ཡང་མེད། །ཕ་རོལ་དག་གི་སྐྱོན་ནི་འཛིན་པར་ཡོང་མི་བྱེད། །ལྷག་པའི་བསམ་པས་གང་གི་ལྟ་བ་དྲང་གྱུར་པ། །དེས་ ན་དེ་འདིར་ལོངས་སྤྱོད་བཟང་པོ་རྣམས་དང་ལྡན། །བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཤེས་རབ་ཆེན་པོར་འགྱུར་ཏེ། བཞི་གང་ཞེ་ན། ཆོས་ལ་སེར་སྣ་མི་བྱེད་པ་དང་། མི་མཐུན་ པར་མི་འཇུག་པས་འགྱོད་པ་སེལ་བ་དང་། གསོལ་བ་འདེབས་པ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་གདམས་ངག་སྟོན་པ་དང་། སྟོང་པ་ཉིད་བསྒོམ་པ་ལ་མང་དུ་གནས་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ 82-1-289a ཆོས་བཞི་པོ་དེ་དག་དང་ལྡན་ན་ཤེས་རབ་ཆེན་པོར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། མཁས་པ་ནམ་ཡང་སེར་སྣ་ཡོང་མི་བྱེད། །མི་མཐུན་འཇུག་པ་མེད་པས་འགྱོད་པ་སེལ། །ཡང་དག་ རབ་ལྡན་གདམས་ངག་སྟོན་པར་བྱེད། །རྒྱལ་བའི་སྤྱོད་པ་གང་ཡིན་སྟོང་ཉིད་སྒོམ། །ཆོས་བཞི་འདི་དག་ངེས་པར་བསྟེན་བྱས་ན། །རྒྱལ་བས་བཞེད་པའི་བྱང་ཆུབ་མྱུར་དུ་འཐོབ། །སངས་རྒྱས་ རྗེས་སུ་བསྟན་ནས་བསླབ་བྱས་ནས། །རྐང་གཉིས་དམ་པ་སངས་རྒྱས་དེ་འགྱུར་རོ། །བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཚེ་རབས་དྲན་པར་འགྱུར་ཏེ། བཞི་གང་ཞེ་ན། ལུང་ནོད་ པ་དང་ཁ་ཏོན་ལ་བརྩོན་པ་རྣམས་ལུང་མནོས་པ་དང་གདམས་ངག་བརྗེད་ནས་ཡུན་རིང་དུ་ལོན་ཏེ་གསོལ་བ་འདེབས་པ་ལ་ལུང་འབོག་ཅིང་དྲན་པར་བྱེད་པ་དང་། འདི་ལྟར་ཀུན་དགའ་བའི་ཚིག་གིས་གཞན་ དག་ལ་དང་བ་ཉེ་བར་སྒྲུབས་པ་དང་། འཁོར་བའི་སྡུག་བསྔལ་ལས་ངེས་པར་འབྱུང་བ་དང་། མྱ་ངན་ལས་འདས་པའི་བདེ་བ་ཐོབ་པར་བྱ་བའི་ཕྱིར་གཞན་དག་ལ་ཆོས་སྟོན་པ་དང་། ཡོངས་སུ་བསྔོ་བ་ལ་ མངོན་པར་བརྩོན་ཞིང་ཏིང་ངེ་འཛིན་གྱི་མཚན་མ་ལ་མཁས་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཚེ་རབས་དྲན་པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ལུང་མནོས་ ཁ་ཏོན་བརྗེད་ལ་དྲན་བར་བྱེད། །གཞན་ལ་ཡིད་དུ་འོང་བའི་སྒྲ་ཡང་སྒྲོགས། །སྐྱོ་བ་མེད་པར་ཆོས་ཀྱང་རྗོད་པར་བྱེད། །ཏིང་འཛིན་བསྒོམ་པའི་མཚན་མ་ལེགས་པར་འཛིན། །ཆོས་བཞི་འདི་ དག་ངེས་པར་བསྟེན་བྱས་ན། །མཐུ་ཆེན་ལྡན་པ་ཚེ་རབས་དྲན་པར་འགྱུར། །བསྐལ་པ་སྟོང་ཕྲག་བསམ་ཡས་རྗེས་སུ་དྲན། །རྣམ་པར་འདྲེན་པའི་མཆོག་ཉིད་མྱུར་དུ་འཐོབ། །བུ་མོ་ 82-1-289b བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སངས་རྒྱས་རྣམས་དང་ཕྲད་པ་འཐོབ་སྟེ། བཞི་གང་ཞེ་ན། སྲོག་གི་ཕྱིར་ཡང་དམ་པའི་ཆོས་མི་སྤོང་བ་དང་། སྲོག་གི་ཕྱིར་ཡང་སྡིག་པའི་གྲོགས་པོ་རྣམས་དང་མི་ སྟེན་པ་དང་། སྲོག་གི་ཕྱིར་ཡང་ཆོས་སྨྲ་བ་ལ་སྐུར་བ་མི་འདེབས་པ་དང་། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་སྒོམ་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་སངས་རྒྱས་ རྣམས་དང་ཕྲད་པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། སངས་རྒྱས་བྱང་ཆུབ་གྱ་ཚོམ་སྤོང་མི་བྱེད། །ཆོས་སྨྲ་བ་ལ་སྐུར་བ་ཡོངས་མི་འདེབས། །དེས་ན་སྡིག་པའི་གྲོགས་རྣམས་རྣམ་པར་སྤོང་། །གཡེལ་བ་མེད་པར་རྟག་ཏུ་ སངས་རྒྱས་དྲན། །ཆོས་བཞིའི་འདི་དག་ངེས་པར་བསྟེན་བྱས་ན། །བདེ་གཤེགས་རྣམས་དང་ཕྲད་པ་དེས་འཐོབ་བོ། །བླ་མེད་བྱང་ཆུབ་མ་ཐོབ་བར་དུ་ཡང་། །འདྲེན་པ་གང་ན་བཞུགས་པ་དེར་དེ་སྐྱེ། །བུ་མོ་བྱང་ཆུབ་སེམས་དཔའ་ ཆོས་བཞི་དང་ལྡན་ན་སྐྱེས་བུ་ཆེན་པོའི་མཚུན་སུམ་བཅུ་རྩ་གཉིས་པོ་དེ་དག་འཐོབ་སྟེ། བཞི་གང་ཞེ་ན། དེ་བཞིན་གཤེགས་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རིན་པོ་ཆེ་སྤར་གྱིས་འཐོར་བ་དང་། འབྲུ་ མར་དྲི་ཞིམ་པོ་དག་གིས་དེ་བཞིན་གཤེགས་པའི་མཆོད་རྟེན་འཁྲུ་བར་བྱེད་པ་དང་། མེ་ཏོག་དང་། སྤོས་དང་། སིལ་སྙན་སྣ་ཚོགས་འབུལ་བ་དང་། ཡིད་དུ་འོང་བའི་གཡོག་འཁོར་གྱིས་མཁན་པོ་དང་། སློབ་དཔོན་ལ་བསྙེན་ བཀུར་བྱ་བས་རིམ་གྲོ་བྱེད་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་པོ་དག་འཐོབ་བོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། མཆོད་རྟེན་ལ་ནི་སྤར་ གྱིས་དབྱིག་རྣམས་འཐོར། །དྲི་ཞིམ་འབྲུ་མར་རྣམས་ཀྱིས་མཆོད་རྟེན་འཁྲུ། །སྤོས་དང་མེ་ཏོག་སིལ་སྙན་སྣ་ཚོགས་འབུལ། །ཡིད་དུ་འོང་བས་མཁན་པོ་སློབ་དཔོན་སྟེན། །དེའི་ལུས་སུམ་བཅུ་རྩ་གཉིས་མཚན་དང་ལྡན། ། 82-1-290a རབ་ཏུ་མཛེས་ཤིང་ཡོན་ཏན་ཀུན་དང་ལྡན། །གང་གིས་ཤེས་རབ་མཆོག་ལྡན་རྒྱལ་མཛེས་པ། །ཆོས་དེ་དག་གིས་སྐྱེས་ཆེན་མཚན་དུ་འགྱུར། །བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་དཔེ་བྱད་ བཟང་པོ་བརྒྱད་བཅུ་པོ་དག་འཐོབ་སྟེ། བཞི་གང་ཞེ་ན། སྟན་རྒྱུ་སྣ་ཚོགས་ཆོས་ཀྱི་སྟན་དུ་འབུལ་བ་དང་། གཞན་ལ་སྟི་སྟང་བྱེད་པས་མི་སྐྱོ་བ་དང་། ཆོས་སྨྲ་བ་ལ་འཐབ་མོ་མི་རྒོལ་བ་དང་། སེམས་ཅན་རྣམས་བྱང་ཆུབ་ཡང་ དག་པར་འཛིན་དུ་འཇུག་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་དཔེ་བྱད་བཟང་པོ་བརྒྱད་བཅུ་པོ་དག་འཐོབ་བོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། སྟན་རྒྱུ་སྣ་ཚོགས་ཆོས་ཀྱི་སྟན་དུ་འབུལ། །གཞན་ ལ་སྟི་སྟང་བྱེད་པས་སྐྱོ་བ་མེད། །ཆོས་སྨྲ་བ་ལ་འཐབ་མོ་ཡོང་མི་རྒོལ། །སེམས་ཅན་རྣམས་ནི་བྱང་ཆུབ་འཛིན་དུ་འཇུག །འདི་བཞིས་ལུས་ལ་དཔེ་བྱད་བཟང་པོ་རྣམས། །འདི་ནི་དེ་ཡིས་རྙེད་པར་དཀའ་བ་མེད། །ཡོན་ ཏན་འདི་དག་རྟག་ཏུ་བསྟེན་བྱས་ན། །བྱང་ཆུབ་སེམས་དཔའ་འདི་ན་བརྒྱན་པར་འགྱུར། །བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སྤོབས་པ་འཐོབ་སྟེ། བཞི་གང་ཞེ་ན། བྱང་ཆུབ་སེམས་དཔའི་སྡེ་སྣོད་འཛིན་ པ་དང་། ཉིན་མཚན་དུ་ཕུང་པོ་གསུམ་པའི་ཆོས་ཀྱི་རྣམ་གྲངས་ཁ་ཏོན་བྱེད་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་འཇིག་རྟེན་ཐམས་ཅད་དང་མི་མཐུན་པ་སྐྱེ་བ་མེད་ཅིང་འགག་པ་མེད་པར་ངེས་པ་ལ་ མཆོག་ཏུ་དགའ་བ་སྐྱེས་ནས་འཛིན་པ་དང་། ལུས་དང་སྲོག་དང་ཡོ་བྱད་རྣམས་ལ་མི་ལྟ་བ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་སྤོབས་པ་འཐོབ་བོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། །བྱང་ ཆུབ་སེམས་དཔའི་སྡེ་སྣོད་ནི། །ཉིན་མཚན་རབ་ཏུ་འདོན་པར་བྱེད། །འཇིག་རྟེན་ཀུན་དང་མི་མཐུན་པ། །སྐྱོ་བ་མེད་པར་རབ་ཏུ་སྒྲོགས། །མཆོག་ཏུ་དགའ་བ་རྙེད་གྱུར་ནས། །སངས་རྒྱས་བསྟན་པ་འཛིན་པར་ 82-1-290b བྱེད། །ལུས་དང་སྲོག་ལ་མི་ལྟ་བར། །དེ་ནི་བྱང་ཆུབ་ལྟ་བར་བྱེད། །བཞི་པོ་འདི་དག་བསྟེན་བྱས་ན། །དེ་ཡི་སྤོབས་པ་འཕེལ་བར་འགྱུར། །ལྷ་དང་བཅས་པའི་འཇིག་རྟེན་ཀུན། །སྣ་ཚོགས་ཕྲེང་འདྲས་ཚིམ་པར་བྱེད། །བུ་ མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་འཐོབ་སྟེ། བཞི་གང་ཞེ་ན། ཕྲག་དོག་མེད་པ་དང་། སེར་སྣ་མེད་པ་དང་། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་དང་། འཁོར་ དང་འདྲེ་བ་མེད་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་འཐོབ་བོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། གཞན་གྱི་རྙེད་ལ་ནམ་ཡང་ཕྲག་དོག་མེད། །མཐོང་ནས་ དགའ་བར་འགྱུར་ཏེ་སེར་སྣ་མེད། །སེམས་ཅན་ཀུན་ལ་དེ་ཡི་སེམས་ཀྱང་སྙོམས། །འཁོར་དང་འདྲེ་བར་དེ་ནི་ཡོང་མི་བྱེད། །ཆོས་བཞི་འདིས་ནི་ཞིང་གི་བཀོད་འཐོབ་ཅིང་། །མྱུར་དུ་བྱང་ཆུབ་མཆོག་ཀྱང་ཐོབ་པར་འགྱུར། །བུ་མོ་ བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་དགེ་འདུན་ཕུན་སུམ་ཚོགས་པ་འཐོབ་སྟེ། བཞི་གང་ཞེ་ན། གཞན་གྱི་འཁོར་མི་འབྱེད་པ་དང་། མི་མཐུན་པ་རྣམས་ཀྱི་སྡུམས་བྱེད་པ་དང་། ལུང་ནོད་པ་དང་ཁ་ཏོན་བྱེད་དུ་འཇུག་པས་ ཕན་འདོགས་པ་དང་། ཕྲ་མའི་ཚིག་ཡོངས་སུ་སྤོང་བ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་དགེ་འདུན་ཕུན་སུམ་ཚོགས་པ་འཐོབ་བོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། གཞན་གྱི་འཁོར་ནི་ནམ་ཡང་ ཡོང་མི་འབྱེད། །སྐྱེ་བོ་མི་མཐུན་པ་དག་འདུན་པར་བྱེད། །ལུང་ནོད་ཁ་ཏོན་བྱེད་ལ་ཡང་དག་འཛུད། །ཕ་རོལ་དག་ལ་དབྱེན་གྱི་ཚིག་མི་སྨྲ། །ཆོས་བཞི་འདི་དག་ངེས་པར་བསྟེན་བྱས་ན། །དགེ་འདུན་རྒྱ་ཆེན་རྣམ་དག་ཐོབ་པར་འགྱུར། ། དེ་བས་དགེ་འདུན་རྣམ་པར་སྦྱང་བའི་ཕྱིར། །མཁས་པས་ཆོས་འདི་རྟག་ཏུ་བསྟེན་པར་བྱ། །བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སངས་རྒྱས་ཀྱི་ཞིང་གང་དུ་སེམས་བསྐྱེད་པ་དེར་སྐྱེ་སྟེ། བཞི་གང་ཞེ་ན། གཞན་ 82-1-291a དག་གི་ཤེས་ཀྱི་ཁེ་དང་རྙེད་པ་ལ་ཕྲག་དོག་མི་སྐྱེད་པ་དང་། ལྷག་པའི་བསམ་པས་ཕ་རོལ་དུ་ཕྱིན་པ་དྲུག་པོ་ཡོངས་སུ་དག་པ་ཡོངས་སུ་ཚོལ་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོན་པར་འདུ་ ཤེས་བསྐྱེད་དེ་ཐ་ན་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཡང་སྟི་སྟང་བྱེད་པ་དང་། ཤེས་ཀྱི་ཁེའི་ཕྱིར་ཚུལ་འཆོས་པ་མེད་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ ན་སངས་རྒྱས་ཀྱི་ཞིང་གང་དུ་སེམས་བསྐྱེད་པ་དེར་སྐྱེའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། གཞན་ལ་མཆོད་པ་མཐོང་ན་ཕྲག་དོག་མེད། །ཕ་རོལ་ཕྱིན་པ་དག་པ་ཡོངས་སུ་འཚོལ། །བྱང་ཆུབ་སེམས་དཔའ་སྟོན་པར་རྟག་ཏུ་སེམས། ། ཤེས་ཁེ་བདེ་བའི་དོན་དུ་ཚུལ་འཆོས་མེད། །ཡོན་ཏན་འདི་དག་རྟག་ཏུ་བསྟེན་བྱས་ན། །དེ་བཞིན་གཤེགས་པ་རྣམས་དང་དེ་ཕྲད་འགྱུར། །ཞིང་གང་དག་ཏུ་སྨོན་ལམ་བཏབ་བྱས་པ། །འདོད་པ་བཞིན་དུ་ཞིང་དེར་སྐྱེ་བར་འགྱུར། ། དེ་ནས་བཅོམ་ལྡན་འདས་ལ་བུ་མོ་དྲི་མ་མེད་ཀྱིས་བྱིན་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་བཅོམ་ལྡན་འདས་ཀྱིས་ཇི་ལྟར་ཆོས་བཏགས་པ་འདི་དག་བདག་གིས་ཡང་དག་པར་བླངས་ཏེ་གནས་པར་མ་ བགྱིས་ན་བདག་གིས་སངས་རྒྱས་བཅོམ་ལྡན་འདས་གང་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་དེ་དག་ཐམས་ཅད་བསླུས་བར་གྱུར་ཅིག །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་ བུ་ཆེན་པོས་བུ་མོ་དྲི་མ་མེད་ཀྱིས་བྱིན་པ་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་ཁྱོད་དེ་སྐད་སྨྲ་བ་ནི་ངོ་མཚར་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྒྲུབ་དཀའ་བར་མི་ཤེས་སམ། དེ་ནས་ བུ་མོ་དྲི་མ་མེད་ཀྱིས་བྱིན་པས་གནས་བརྟན་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་མཽད་གལ་གྱི་བུ་ཆེན་པོ་བདེན་པ་དང་བདེན་པའི་ཚིག་གང་གིས་བདག་མ་འོངས་པའི་དུས་ན་ཇི་ལྟར་ད་ལྟར་དེ་ 82-1-291b བཞིན་གཤེགས་པ་མངོན་སུམ་དུ་བཞུགས་པ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བ་དང་། ཇི་ལྟར་བརྟགས་པའི་ཆོས་འདི་དག་ཀྱང་ཡང་དག་ པར་བླངས་ཏེ་གནས་པར་འགྱུར་ཞེ་ན། བདེན་པ་དང་བདེན་པའི་ཚིག་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཅིག །སེམས་ཅན་གང་ལ་ཡང་གནོད་པ་མེད་པར་ གྱུར་ཅིག །བདེན་པ་དང་བདེན་པའི་ཚིག་གང་གིས་བཅོམ་ལྡན་འདས་ཀྱིས་ཇི་ལྟར་བཏགས་པའི་ཆོས་འདི་དག་ཡང་དག་པར་བླངས་ཏེ་གནས་པར་འགྱུར་ཞེ་ན། བདེན་པ་དང་བདེན་པའི་ཚིག་དེས་ལྷའི་མེ་ཏོག་གི་ཆར་མངོན་ བར་འབབ་པར་གྱུར་ཅིག །མ་དཀྲོལ་བར་སིལ་སྙན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྒྲ་འབྱིན་པར་གྱུར་ཅིག །བདག་ཀྱང་བུད་མེད་ཀྱི་ལུས་ལས་གྱུར་ཏེ་སྐྱེས་པའི་ལུས་སུ་རེད་ཅིང་ལོ་བཅུ་དྲུག་ལོན་པ་འདྲ་བར་གྱུར་ཅིག །སྨོན་ ལམ་དེ་སྐད་བཏབ་ཅིང་བདེན་པའི་བྱིན་གྱི་བརླབས་འདི་བྱས་མ་ཐག་ཏུ་དེ་ནས་དེའི་མོད་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་ཏུ་གཡོས། མ་དཀྲོལ་བར་སིལ་སྙན་བྱེ་བ་ཁྲག་ ཁྲིག་བརྒྱ་སྟོང་གི་སྒྲ་ཡང་བྱུང་། ལྷའི་མེ་ཏོག་གི་ཆར་ཡང་མངོན་པར་བབ་བོ། །བུ་མོ་དྲི་མ་མེད་ཀྱིས་བྱིན་པ་ཡང་བུད་མེད་ཀྱི་ལུས་མི་སྣང་བར་གྱུར་ཏེ་སྐྱེས་བའི་དབང་པོ་ཐོབ་ནས་ལོ་བཅུ་དྲུག་ལོན་པ་ཙམ་གྱི་གཞོན་ དུ་འདྲ་བར་སྣང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ནི་ངོ་མཚར་ཆེ་བ་ལགས་སོ། །བཅོམ་ལྡན་འདས་ དང་པོ་སེམས་བསྐྱེད་པ་ནས་བཟུང་སྟེ་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་པའི་བར་གྱི་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ལོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་འདིའི་བདེན་པའི་བྱིན་གྱི་བརླབས་ཀྱིས་རྒྱུ་འདི་དག་སོ་སོར་ཡོངས་ 82-1-292a སུ་རྫོགས་པས་བུ་མོ་དྲི་མ་མེད་ཀྱིས་བྱིན་པ་འདི་ནི་འདི་ལྟར་རྫུ་འཕྲུལ་ཆེ་བ་འདི་ལྟར་དབང་ཆེ་བར་གྲགས་པ། འདི་ལྟར་མཐུ་ཆེ་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽད་གལ་ གྱི་བུ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་བཞིན་ཏེ། དང་པོ་སེམས་བསྐྱེད་པ་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར་གྱི་བྱང་ཆུབ་སེམས་དཔའ་རྣམས་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱི་མཆོད་རྟེན་དང་སྦྱིན་གནས་ ཡིན་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱང་ཟིལ་གྱིས་གནོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་དེ། གང་ གི་ཚེ་འཛུམ་པ་མཛད་པ་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་དུ་མ་ཁ་དོག་སྣ་ཚོགས་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེབ་རྒན་དང་། ཤེལ་དང་། དངུལ་གྱི་ ཁ་དོག་ལྟ་བུ་དག་བྱུང་སྟེ། འོད་དེས་འཇིག་རྟེན་གྱིས་ཁམས་མཐའ་ཡས་མུ་མེད་པ་དག་སྣང་བས་ཁྱབ་པར་མཛད་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་འཕགས་ཏེ་སླར་ལོག་ནས་བཅོམ་ལྡན་ འདས་ཀྱི་དབུའི་གཙུག་ཏུ་ནུབ་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་བས། ལྷ་དང་ཚངས་པའི་སྒྲ་དང་མི་མཇེད་བདག་པོའི་སྒྲ་དང་འབྲུག་སྒྲ་དབྱངས་ལྡན་བ། །མགོན་པོ་ལྷ་སྒྲ་ ཡིད་འོང་ལྡན་ཞིང་འདོད་ཆགས་ཞེ་སྡང་ཞི་བར་མཛད་པ་པོ། །གཏི་མུག་སྤོང་བ་འཇིག་རྟེན་དག་ན་དགའ་བ་བཟང་པོ་གཞལ་ཡས་སྐྱེད་མཛད་པ། །སྟོབས་བཅུ་ཡོན་ཏན་རྒྱ་མཚོ་མངའ་བ་གང་གི་དོན་ 82-1-292b དུ་འོད་བཏང་བསྟན་དུ་གསོལ། །རིར་བཅས་ནགས་འཚལ་བཅས་ཤིང་ཆབ་དང་བཅས་པའི་ས་རྣམས་རྣམ་པ་དྲུག་ཏུ་གཡོས། །ལྷ་རྣམས་ནམ་མཁར་གནས་ཤིང་ལྷ་ཡི་མེ་ཏོག་ཡིད་དུ་འོང་བའི་ཆར་བ་འབེབས། ། སེང་གེས་ཝ་ཕམ་བགྱིས་པ་བཞིན་དུ་ཁྱོད་ཀྱིས་མུ་སྟེགས་གཞན་ཀུན་ཕམ་པར་མཛད། །དཔའ་བོ་གང་གི་དོན་དུ་འོད་ཀྱི་ལྟས་འདི་བསྟན་པ་མཛད་པ་བཀའ་སྩལ་གསོལ། །ཉི་ཟླ་བྱེ་བ་སྟོང་གིས་འོད་བཀྱེ་བ་དང་ གློག་དང་ནོར་བུ་རྣམས་འོད་དང་། །ལྷ་དང་ཀླུ་དང་དྲི་ཟ་གནོད་སྦྱིན་དག་གི་འོད་རྣམས་འབར་བ་གང་ལགས་པ། །ཤཱཀྱ་ཐུབ་པའི་ཞལ་ནས་དགེ་ཞིང་དག་པའི་འོད་བྱུང་བ་དང་མཇལ་གྱུར་ནས། །འོད་རྣམས་ཐམས་ ཅད་མོག་མོག་བགྱིས་ན་སངས་རྒྱས་འོད་ནི་ཕྱོགས་བཅུ་རྣམས་སུ་མཛེས། །ཁྱོད་ཀྱི་སྨིན་མཚམས་བར་གྱི་མཛོད་སྤུར་རབ་མཛེས་དཀར་ཞིང་དྲི་མ་མ་མཆིས་བཟང་། །འབར་ཞིང་པད་མའི་རྩ་དང་དུང་དང་མེ་ཏོག་ཀུན་ ད་འདྲ་བས་ཕྱོགས་གསལ་བགྱིད། །ཐམས་ཅད་མོག་མོག་བགྱིས་ནས་གདུགས་ཀྱིས་སྲིན་བུ་མེ་ཁྱེར་བཞིན་དུ་རྒྱལ་བ་མཛེས། །མི་ཡི་སེང་གེ་ཐུབ་འདི་གང་གི་དོན་ཆེན་བཟང་པོར་དེ་འགྱུར་བསྟན་དུ་གསོལ། །དེ་སྐད་ ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཁྱོད་ཀྱིས་བུ་མོ་དྲི་མ་མེད་ཀྱིས་བྱིན་པ་འདི་བྱིན་གྱི་བརླབས་གང་གིས་བུད་མེད་ཀྱི་དངོས་པོ་ བསྒྱུར་ཏེ་སྐྱེས་པའི་དབང་པོ་ཐོབ་པར་གྱུར་བ་མཐོང་ངམ། གསོལ་བ། བཅོམ་ལྡན་འདས་མཐོང་ལགས་སོ། །བཀའ་སྩལ་པ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་དྲི་མ་མེད་ཀྱིས་བྱིན་པ་འདི་བསྐལ་པ་ གྲངས་མེད་པ་འབུམ་ཕྲག་བརྒྱད་བཅུར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་སྤྱད་དེ། བསྐལ་པ་གྲངས་མེད་པ་འབུམ་ཕྲག་དྲུག་བཅུར་སྤྱད་ནས་ཕྱིས་བུ་མོ་འདི་འཇམ་དཔལ་གཞོན་ནུར་ 82-1-293a གྱུར་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །འཇམ་དཔལ་གཞོན་ནུར་གྱུར་བ་ཅི་འདྲ་བ་དེ་འདྲ་བའི་བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་དག་གི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་ བཀོད་པ་གང་དག་ཡོད་པ་དེ་འདྲ་བ་དག་ནི་བྱང་ཆུབ་སེམས་དཔའ་དྲི་མ་མེད་ཀྱིས་བྱིན་པའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་གཅིག་ཏུ་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བྱང་ཆུབ་སེམས་དཔའ་ དྲི་མ་མེད་ཀྱིས་བྱིན་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་དེ་ལྟར་ཡུན་རིང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་སྤྱོད་སྤྱོད་ན། དེ་ཅིའི་ཕྱིར་ཁྱོད་ཀྱིས་དེའི་ཚེ་བུ་མེད་ཀྱི་དངོས་པོ་མ་བསྒྱུར་ བྱང་ཆུབ་སེམས་དཔའ་དྲི་མ་མེད་ཀྱིས་བྱིན་པས་སྨྲས་པ། གནས་བརྟན་མཽད་གལ་གྱི་བུ་ཆེན་པོ་ནི་རྫུ་འཕྲུལ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ཡིན་ན། བཙུན་པ་ཁྱོད་ཅིའི་ཕྱིར་སྐྱེས་པའི་ལུས་ལས་མ་ བསྒྱུར། །གནས་བརྟན་མཽད་གལ་གྱི་བུ་ཆེན་པོ་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲི་མ་མེད་ཀྱིས་བྱིན་པས་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་མཽད་གལ་ གྱི་བུ་ཆེན་པོ་བུད་མེད་ཀྱི་ལུས་ཀྱིས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡང་མ་ཡིན། སྐྱེས་པའི་ལུས་ཀྱིས་བྱང་ཆུབ་སེམས་དཔའ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ ནི་མ་སྐྱེས་པ་སྟེ། དེ་ནི་ལུས་སམ་སེམས་ཀྱིས་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ ལྡན་འདས་འདི་ལྟར་བྱང་ཆུབ་སེམས་དཔའ་དྲི་མ་མེད་ཀྱིས་བྱིན་པ་འདི་ཟབ་མོ་ལ་མོས་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདི་ལྟར་བྱང་ཆུབ་སེམས་དཔའ་དྲི་མ་མེད་ཀྱིས་ 82-1-293b བྱིན་པ་འདིས་སངས་རྒྱས་བྱེ་བ་ཕྲག་དྲུག་བཅུའི་ཐད་ན་ཚངས་པར་སྤྱོད་པ་སྤྱད་དོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་བསྒོམས་སོ། །བསྐལ་པ་བརྒྱད་བཅུར་མི་སྐྱེ་བའི་ཆོས་ལ་བཟོད་པ་བསྒོམས་སོ། །སངས་རྒྱས་ བྱེ་བ་ཕྲག་སུམ་བཅུ་དང་། བྱང་ཆུབ་སེམས་དཔའ་ཟབ་མོའི་ཚུལ་དང་ལྡན་པ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དྲིས་སོ། །སངས་རྒྱས་བྱེ་བ་ཕྲག་བརྒྱད་བཅུ་ལ་ན་བཟའ་དང་། ཞལ་ཟས་ཀྱིས་ བཀུར་སྟི་བྱས་སོ། །སྤོབས་པ་རྣམ་པར་ངེས་པར་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་ཡང་ཡོངས་སུ་དྲིས་སོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་ འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་བཀང་སྟེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་དབུལ་བ་ཕུལ་བ་ བས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཉན་ཏམ། ལེན་ཏམ། འཛིན་ཏམ། འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་ན་འདི་ནི་དེ་བས་ཆེས་ བསོད་ནམས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྒྲུབ་པ་འདིས་ནི་བྱང་ཆུབ་འཐོབ་པར་བྱེད་པའི་ཕྱིར་རོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་བ་ལ་བཀའ་སྩལ་པ། འཇམ་ དཔལ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག །ཆོངས་ཤིག །ལྷོགས་ཤིག །ཀུན་ཆུབ་པར་གྱིས་ཤིག །གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཅིག །དེ་ནས་བཅོམ་ལྡན་འདས་ལ་འཇམ་ དཔལ་གཞོན་ནུར་གྱུར་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེའི་ཕྱིར་ 82-1-294a ཆོས་ཀྱི་རྣམ་གྲངས་འདི་སྤོབས་པ་རྣམ་པར་ངེས་པར་བསྟན་པ་ཞེས་བྱ་བར་ཟུང་ཤིག །གཟུངས་ཀྱི་རྡོ་རྗེའི་ཚིག་ཅེས་བྱ་བར་ཡང་ཟུང་ཤིག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བར་ཡང་ ཟུང་ཤིག །དྲི་མ་མེད་ཀྱིས་བྱིན་པས་ཞུས་པ་ཞེས་བྱ་བར་ཡང་ཟུང་ཤིག །བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན་ལྷ་དང་མིའི་སྐྱེ་དགུ་ལས་སྲོག་ཆགས་ཁྲག་ཁྲིག་ཕྲག་བརྒྱད་བཅུ་བླ་ ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྤོབས་པ་བརྩེགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་ སེམས་དཔའ་དྲི་མ་མེད་ཀྱིས་བྱིན་པ་འདི་ཇི་སྲིད་ཅིག་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ བྱང་ཆུབ་སེམས་དཔའ་དྲི་མ་མེད་ཀྱིས་བྱིན་པ་འདི་བསྐལ་པ་བརྒྱ་སྟོང་ཕྲག་གྲངས་མེད་པ་བགྲང་བ་ལས་འདས་པ་ན་སངས་རྒྱས་ཀྱི་ཞིང་ཉན་ཐོས་དང་རང་སངས་རྒྱས་རྣམས་མེད་པ་ཚེའི་ཚད་དཔག་ཏུ་མེད་ པ། བྱང་ཆུབ་སེམས་དཔའི་དགེ་འདུན་དཔག་ཏུ་མེད་པ་དང་ལྡན་པ། ལྷའི་ལོངས་སྤྱོད་པས་ཤིན་དུ་ལྷག་པ་དང་ལྡན་པ། ཡོན་ཏན་དཔག་ཏུ་མེད་པ་བཀོད་པ་ཞེས་བྱ་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་བཞད་ཅིང་འཛུམ་པ་དྲི་མ་མེད་པའི་ཏོག་གི་རྒྱལ་པོ་ཞེས་བྱ་བར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་དྲི་མ་མེད་ཀྱིས་བྱིན་པས་བཅོམ་ལྡན་འདས་ལས་མངོན་སུམ་དུ་ལུང་བསྟན་ པ་ཐོས་ནས་དགའ་བ་དང་མཆོག་ཏུ་དགའ་བ་དེས་ཏ་ལ་བྱེ་བ་ཕྲག་བརྒྱད་བཅུ་སྲིད་དུ་ནམ་མཁའ་ལ་མངོན་པར་འཕགས་ཏེ། སངས་རྒྱས་ཀྱི་ཞིང་སྟོང་འོད་ཀྱིས་ཁྱབ་པར་བྱས་ནས་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ 82-1-294b གི་སྟེང་དུ་རིན་པོ་ཆེའི་གདུགས་ཚད་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་པ་བྱིན་གྱིས་བརླབས་ཏེ། རིན་པོ་ཆེའི་གདུགས་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཁེབས་སོ། །དེས་ཀྱང་ནམ་མཁའ་དེ་ཉིད་ན་ རྫུ་འཕྲུལ་དཔག་ཏུ་མེད་པ་བྱས་ནས་ཕྱོགས་བཅུའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ལ་བསྟོད་ཅིང་ཕྱག་འཚལ་ཏེ་སྟི་སྟང་བྱས་ནས་ནམ་མཁའ་དེ་ལས་བབས་ཏེ་བཅོམ་ལྡན་འདས་ལ་ལན་སྟོང་བསྐོར་བ་བྱས་ ནས་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་བྲམ་ཟེ་ཚངས་པའི་ལྷ་ལ་སོགས་པ་བྲམ་ཟེ་ལྔ་བརྒྱ་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་དྲི་མ་མེད་ཀྱིས་བྱིན་པའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཡང་མཐོང་། ལུང་བསྟན་པ་དེ་ ཡང་ཐོས་ནས་ཚིམ་ཞིང་མགུ་ལ་ཡིད་རངས་ཏེ་རབ་ཏུ་དགའ་ནས་བདེ་བ་དང་། ཡིད་བདེ་བ་སྐྱེས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་སྒྲ་སྐད་འཐུན་པར་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་ གསོལ་པ། གང་དག་སངས་རྒྱས་གུས་མཆིས་དང་། །གང་དག་སངས་རྒྱས་ཆོས་སླད་དུ། །བློ་ནི་ཤིན་དུ་ངེས་གྱུར་པ། །དེ་དག་རྙེད་པ་ཆེན་པོ་རྙེད། །སྔོན་ཆད་སྡིག་པའི་ལས་བགྱིས་པས། །བདག་ཅག་བྲམ་ཟེའི་ཁྱིམ་དུ་སྐྱེས། ། སྟོན་པའི་ཉན་ཐོས་མཐོང་གྱུར་ན། །བཀྲ་མི་ཤིས་ཤེས་ཚིག་ཏུ་བརྗོད། །སངས་རྒྱས་སྲས་དག་མཐོང་གྱུར་ན། །བཀྲ་མི་ཤིས་ཤེས་བགྱིས་པ་ཡི། །ཚིག་ཏུ་བརྗོད་པ་གང་མཆིས་པ། །བཙུན་པ་ནོངས་པ་བཤགས་པར་ བགྱིད། །ཚོགས་ཀྱི་རྒྱལ་པོ་མཆོག་གྱུར་པ། །སངས་རྒྱས་གང་དག་མ་མཐོང་བ། །མི་དེ་དག་གིས་ནོངས་པ་རྙེད། །དེ་དག་ཁ་ཟས་ངན་པ་འཚལ། །དྲི་མེད་བྱིན་པས་མཆོད་སྦྱིན་སླད། །བདག་ཅག་འགྲོན་དུ་བོས་པར་གྱུར། ། སྟོན་པའི་ཉན་ཐོས་རྣམས་མཐོང་ནས། །མ་གུས་པས་ནི་སྡོད་ཅིང་མཆིས། །དེ་ལ་བདག་ཅག་རྣམས་ཀྱིས་དྲིས། །ཁྱོད་ཀྱིས་འདྲེན་པ་གང་ན་མཐོང་། །དེས་སྨྲས་བཙས་ནས་ཞག་བདུན་ན། །ཁོ་མོས་སངས་རྒྱས་མཚན་ཐོས་ 82-1-295a མཆི། །དེ་ཡིས་སངས་རྒྱས་བསྔགས་མང་བ། །དེ་བཞིན་གཞན་དུ་མི་འགྱུར་བརྗོད། །དེ་ཡི་ཚིག་ཐོས་བདག་ཅག་ཀུན། །བྱང་ཆུབ་མཆོག་ཏུ་ཡང་དག་ཞུགས། །བདག་ཅག་སྔོན་གྱི་བསོད་ནམས་ དང་། །སངས་རྒྱས་ཞེས་བགྱིའི་སྒྲས་བསྐུལ་བས། །ཤཱཀྱ་སེང་གེའི་ཞབས་ལ་ནི། །ཕྱག་བགྱིའི་སླད་དུ་ལྷགས་པ་ལགས། །རྫོགས་པའི་སངས་རྒྱས་མཐོང་ཕྱག་བགྱིས། །ཆོས་ཀྱི་དམ་པ་ཐོས་པར་གྱུར། ། རྐང་གཉིས་དམ་པ་འདི་མཐོང་བས། །བདག་ཅག་སྡུག་བསྔལ་ཀུན་ལ་གྲོལ། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཆོས་གང་བཤད་པ་མཛད་པ་རྣམས། །སངས་རྒྱས་ཆོས་ཀྱི་དོན་སླད་དུ། །བདག་ཅག་དེ་ལ་སློབ་པར་ བགྱིད། །སངས་རྒྱས་ཆོས་ཐོབ་བགྱི་སླད་དུ། །བྱང་ཆུབ་སྤྱོད་པ་ཐོས་གྱུར་ནས། །བདག་ཅག་ཡང་དག་ནན་ཏན་གྱིས། །སྤྱོད་པ་དེ་ལ་བསླབ་པར་བགྱི། །བྱང་ཆུབ་སེམས་དཔའི་སྤྱོད་གང་དང་། །ལམ་དང་སྒོ་ཡང་བསྟན་ པ་ལ། །ནན་ཏན་གྱིས་ནི་གནས་པར་བགྱི། །འཇིག་རྟེན་རྣམས་ཀྱི་མཆོད་རྟེན་འགྱུར། །དེ་དག་ལྷག་པའི་བསམ་མཁྱེན་ནས། །ཐུབ་པས་དེ་ཚེ་འཛུམ་པ་མཛད། །ཐུབ་ཆེན་ལུང་བསྟན་མཛད་གསོལ་ཞེས། །སངས་རྒྱས་ ལ་ནི་ཀུན་དགས་ཞུས། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་ལ། །འདི་སྐད་ཅེས་ནི་བཀའ་སྩལ་ཏོ། །བྲམ་ཟེ་ལྔ་བརྒྱ་འདི་དག་དང་། །བྲམ་ཟེ་ཚངས་པའི་ལྷ་དེ་དང་། །དེ་ཀུན་བསྐལ་པ་གཅིག་གི་ཚེ། །རྣམ་པར་འདྲེན་ པ་སངས་རྒྱས་འགྱུར། །སངས་རྒྱས་ལྔ་བརྒྱ་ཐམ་པ་ལ། །ཚེ་རབས་སྔ་མར་མཆོད་བྱས་པ། །དེ་ནས་ཕྱིན་ཆད་སྤྱོད་ཚེ་ཡང་། །སངས་རྒྱས་བྱེ་བ་མཐོང་བར་འགྱུར། །བསྐལ་པ་བྱེ་བ་བརྒྱད་བཅུར་ནི། །དེ་དག་ངན་འགྲོར་ འགྲོ་མི་འགྱུར། །དེ་དག་བསྐལ་པ་རེ་རེ་ལ་འང་། །སངས་རྒྱས་བྱེ་བ་མཐོང་བར་འགྱུར། །དེ་དག་བསྐལ་པ་གཅིག་དེ་ལ། །རྐང་གཉིས་རྣམས་ཀྱི་མཆོག་འགྱུར་ཏེ། །འོད་བྱེད་ཅེས་བྱའི་བསྐལ་གཅིག་ལ། །ཚངས་པའི་སྒྲ་ 82-1-295b ཞེས་བྱ་བར་འགྱུར། །དེ་དག་ཚེ་ཚད་མཚུངས་འགྱུར་ཏེ། །བསྐལ་པ་བྱེ་བ་བརྒྱད་བཅུ་ཐུབ། །ཞིང་མཚུངས་དགེ་འདུན་མཚུངས་འགྱུར་ཏེ། །དགེ་སློང་བྱེ་བ་བརྒྱད་བཅུ་ཡོད། །སེམས་ཅན་རྣམས་ཀྱི་དོན་སྤྱོད་ཅིང་། །ཆོས་འདི་ ལ་ཡང་སྤྱད་བྱས་ནས། །དེ་དག་ཐམས་ཅད་མཐར་གྱིས་སུ། །མྱ་ངན་འདས་པ་ཞི་བ་འཐོབ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སྤོབས་པ་བརྩེགས་དང་། བྱང་ཆུབ་སེམས་དཔའ་དྲི་མ་མེད་ ཀྱིས་བྱིན་པ་དང་། འཇམ་དཔལ་གཞོན་ནུར་གྱུར་བ་དང་། བྲམ་ཟེ་དེ་དག་དང་། རྒྱལ་པོ་གསལ་རྒྱལ་དང་ཉན་ཐོས་ཆེན་པོ་དེ་དག་དང་། ལྷ་དང་། མི་དང་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་ གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་དྲི་མ་མེད་ཀྱིས་བྱིན་པས་ཞུས་པ་ཞེས་བྱ་སྟེ་ལེའུ་སུམ་བཅུ་རྩ་གསུམ་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་ གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་སུམ་བཅུ་རྩ་བཞི་པ་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པས་ཞུས་པ་ལུང་བསྟན་པ། བམ་པོ་ཕྱེད། རྒྱ་གར་སྐད་དུ། ཨཱརྱ་གུ་ཎ་རད་ན་སང་ཀུ་སུ་མི་ཏ་པ་རི་པྲྀཙྪཱ་ ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་ གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སྟོང་ཕྲག་རབ་ཏུ་མང་པོ་རྣམས་དང་ཐབས་ 82-1-296a གཅིག་ཏུ་བཞུགས་ཏེ། དེའི་ཚེ་འཁོར་དེ་ཉིད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲོང་ཁྱེར་ཡངས་པའི་ལིད་ཙ་བི་གཞོན་ནུ་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པ་ཞེས་བྱ་བ་ཞིག་འདུས་པར་གྱུར་ཏེ་ འདུག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་ འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་དབྱེ་བར་གནང་ན་བཙུན་པ་ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཡོན་ཏན་རིན་ཆེན་མེ་ཏོག་ཀུན་དུ་རྒྱས་པ་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཅི་དང་ཅི་འདོད་པ་ཞུས་ ཤིག་དང་། ཞུ་བ་དེ་དང་དེ་ཉིད་ཀྱི་ལུང་བསྟན་པས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ ཏོ། །བཅོམ་ལྡན་འདས་ད་ལྟར་ན་འཇིག་རྟེན་གྱི་ཁམས་གཞན་དག་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཏེ་འཚོ་ཞིང་གཞེས་པ་དེ་རྣམས་ཀྱི་མཚན་བཟུང་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་མྱུར་དུ་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ལྟ་དག་བཞུགས་ལགས་སམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པ་ལ་འདི་ 82-1-296b སྐད་ཅེས་བཀའ་སྩལ་ཏོ། །ཡོན་ཏན་རིན་ཆེན་མེ་ཏོག་ཀུན་དུ་རྒྱས་པ་ལེགས་སོ་ལེགས་སོ། །ཡོན་ཏན་རིན་ཆེན་མེ་ཏོག་ཀུན་དུ་རྒྱས་པ་ཁྱོད་ད་ལྟར་དང་། མ་འོངས་པའི་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། ལྷ་དང་། མི་རྣམས་ཀྱི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར་ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་ཞུ་བར་སེམས་པ་ནི་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་ རྒྱས་པ་ཁྱོད་ཡང་ལེགས་སོ། །དེའི་ཕྱིར་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་དུ་རྒྱས་པ་ཁྱོད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་དེ་ལྟར་འཚལ་ལོ་ཞེས་གསོལ་ནས་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་དུ་རྒྱས་པས་བཅོམ་ལྡན་འདས་ཀྱི་ལྟར་མཉན་པ་དང་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཡོན་ཏན་རིན་ཆེན་མེ་ཏོག་ཀུན་དུ་རྒྱས་པ་ ཤར་ཕྱོགས་ན་ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་རིན་ཆེན་དཔག་ཏུ་མེད་པ་བཀོད་པའི་གཟི་བརྗིད་ཀྱི་ རྒྱལ་པོ་ལྟ་བུ་ཞེས་བྱ་བ་ཞིག་ད་ལྟར་བཞུགས་ཏེ་འཚོ་ཞིང་བཞེས་པ་ཡོད་དོ། །བསྐལ་པ་དེ་ནི་རྒྱས་པ་ཐམས་ཅད་ཀུན་ནས་བསྡུས་པ་ཞེས་བྱའོ། །དེ་ན་སེམས་ཅན་རྣམས་ཀྱི་ཚེ་ནི་དཔག་ཏུ་མེད་དོ། །བཅོམ་ལྡན་འདས་དེའི་བྱང་ ཆུབ་སེམས་དཔའ་ཐམས་ཅད་ཀྱི་འཁོར་དཔག་ཏུ་མེད་དོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་རིན་ཆེན་དཔག་ཏུ་མེད་པ་བཀོད་པའི་གཟི་བརྗིད་ཀྱི་ རྒྱལ་པོ་ལྟ་བུ་དེའི་མཚན་འཛིན་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་ཅན་ནི་བསྐལ་པ་སྟོང་ཕྲག་དྲུག་བཅུའི་འཁོར་བ་སྙིལ་བར་བྱེད་དོ། །ཚེ་རྗེས་ནས་ཀྱང་སྒྲིབ་པ་མེད་པར་སྟོན་པ་ཞེས་བྱ་བའི་གཟུངས་ཐོབ་པར་ 82-1-297a འགྱུར་རོ། །སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་བཅུ་རྣམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སྤོབས་པ་ཉེ་བར་སྒྲུབ་པར་མཛད་དོ། །ཆོས་སྟོན་པ་ན་བག་ཚ་བ་ཡང་མེད་པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་ བྱ་སྟེ། མི་གང་སངས་རྒྱས་མཚན་འདི་རྗོད་བྱེད་པ། །དེ་ལ་ཡོན་ཏན་འདི་རྣམས་མྱུར་དུ་འབྱུང་། །དེ་ལ་དེ་བས་ལྷག་པ་གཞན་ཡང་འབྱུང་། །དེ་ལ་བླ་མེད་བྱང་ཆུབ་དཀའ་མ་ཡིན། །ཡོན་ཏན་རིན་ཆེན་མེ་ཏོག་ཀུན་དུ་རྒྱས་ པ་ལྷོ་ཕྱོགས་ན་ཡོན་ཏན་རིན་ཆེན་བཀོད་པའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་རིན་ཆེན་དཔལ་བཀོད་པའི་གཟི་བརྗིད་ཀྱི་རྒྱལ་པོ་ལྟ་བུ་ ཞེས་བྱ་བ་ཞིག་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་པ་ཡོད་དོ། །བསྐལ་པ་དེ་ནི་ཡོན་ཏན་རྒྱས་པ་ཞེས་བྱའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ ཏན་རིན་ཆེན་དཔལ་བཀོད་པའི་གཟི་བརྗིད་ཀྱི་རྒྱལ་པོ་ལྟ་བུ་དེའི་མཚན་འཛིན་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དད་པ་ཅན་ནི་ཚེ་རྗེས་མ་ཐག་ཏུ་ཉི་མའི་དཀྱིལ་འཁོར་གྱི་མཐའ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་ པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་དཔག་ཏུ་མེད་པ་བཀོད་པ་ཡང་ཡོངས་སུ་འཛིན་པར་འགྱུར་རོ། །ཚེ་རྗེས་མ་ཐག་ཏུ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་འཐོབ་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ གང་དང་གང་དུ་སྨོན་ལམ་འདེབས་པའི་སངས་རྒྱས་ཀྱི་ཞིང་དེ་དང་དེར་སྐྱེ་བར་འགྱུར་རོ། །སྐྱེ་བ་གཅིག་གིས་ཐོགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་འགྱུར་རོ། །སྤོབས་ པ་རྒྱུན་མི་འཆད་པ་ཡང་འཐོབ་པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། མི་གང་སངས་རྒྱས་མཚན་འདི་རྗོད་བྱེད་པ། །དེ་ལ་ཏིང་འཛིན་བསམ་ཡས་དེ་སྐྱེ་ཞིང་། །སུམ་བཅུ་རྩ་གཉིས་མཚན་ལྡན་ལུས་འཐོབ་ལ། །དེ་ནི་བྱང་ཆུབ་ 82-1-297b སྐྱེ་བ་གཅིག་ཐོགས་འགྱུར། །ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པ་ནུབ་ཕྱོགས་ན་མྱ་ངན་དང་མུན་པ་ཐམས་ཅད་དང་བྲལ་བའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་ཆོས་ཐམས་ཅད་ལ་སྤོབས་པ་བཀོད་པའི་དཔལ་ཞེས་བྱ་བ་ཞིག་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་པ་ཡོད་དོ། །བསྐལ་པ་དེ་ནི་ཤཱཀྱ་མངོན་པར་མཛེས་པ་ཞེས་བྱའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཐམས་ཅད་ལ་སྤོབས་པ་བཀོད་པའི་དཔལ་དེའི་མཚན་འཛིན་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དད་པ་ཅན་ནི་མཚོན་གྱིས་འཆི་བའི་དུས་བྱེད་པར་མི་འགྱུར་ རོ། །དུག་གིས་མ་ཡིན། ཆུས་མ་ཡིན་ཏེ། མེས་ཀྱང་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །རྫུས་ཏེ་སྐྱེ་བར་ཡང་འགྱུར་རོ། །ཚེ་རྗེས་མ་ཐག་ཏུ་ཡང་ཤུགས་བརྒྱ་པ་ཞེས་བྱ་བའི་གཟུངས་འཐོབ་པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་ བྱ་སྟེ། མི་གང་སངས་རྒྱས་མཚན་འདི་རྗོད་བྱེད་པ། །འདི་ལ་མི་དེའི་ལུས་མེས་མི་འཆི་ཞིང་། །མཚོན་གྱིས་མིན་ལ་ཆུས་མིན་དུག་གིས་མིན། །དེ་ནི་རྫུས་ཏེ་སྐྱེ་བ་ཁོ་ནར་འགྱུར། །ཡོན་ཏན་རིན་ཆེན་མེ་ཏོག་ཀུན་དུ་རྒྱས་ པ་བྱང་ཕྱོགས་ན་མུན་པ་དང་རྡུལ་དང་བྲལ་བ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོབས་པ་དཔག་མེད་བཀོད་པ་ཡང་དག་པར་སྤྱོད་པའི་ བློ་ཞེས་བྱ་བ་ཞིག་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་པ་ཡོད་དོ། །བསྐལ་པ་དེ་ནི་གྲགས་པ་ཆེན་པོ་འཛིན་པ་ཞེས་བྱའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་སྤོབས་པ་དཔག་མེད་བཀོད་པ་ཡང་དག་པར་སྤྱོད་པའི་བློ་དེའི་མཚན་འཛིན་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དད་པ་ཅན་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་བཅུ་མཉེས་པར་བྱེད་པར་འགྱུར་རོ། །ཐམས་ཅད་ 82-1-298a ཅད་དུ་རྗེས་སུ་སོང་བ་ཞེས་བྱ་བའི་གཟུངས་ཀྱང་ཐོབ་པར་འགྱུར་རོ། །ཟད་མི་ཤེས་པའི་ཟ་མ་ཏོག་ཅེས་བྱ་བའི་གཟུངས་ཀྱང་ཐོབ་པར་འགྱུར་བ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་ པར་རྫོགས་པར་འཚང་རྒྱ་བའི་བར་དུ་ཡང་འགྱུར་རོ། །ངན་སོང་གསུམ་པོ་རྣམས་སུ་སྐྱེ་བར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སངས་རྒྱས་ཀྱི་ཞིང་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་ དེར་ངན་སོང་དུ་སྐྱེས་པའི་སེམས་ཅན་རྣམས་ཡོངས་སུ་ཐར་པར་བྱེད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ཡང་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། མི་གང་སངས་ རྒྱས་མཚན་འདི་རྗོད་བྱེད་པ། །དེ་ཡི་ཡོན་ཏན་བགྲང་བར་མི་ནུས་ཤིང་། །དེ་ནི་བྱང་ཆུབ་འཐོབ་པར་ཐེ་ཚོམ་མེད། །དེ་ལ་ཐེ་ཚོམ་མེད་པར་གཟུངས་སྐྱེའོ། །ཡོན་ཏན་རིན་ཆེན་མེ་ཏོག་གུན་དུ་རྒྱས་པ་ཤར་ལྷོའི་མཚམས་ ཀྱི་ཕྱོགས་ན་ཤིན་དུ་མཛེས་པ་བཀོད་པའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྲུག་སྟོང་བསྒྲགས་པའི་སྒྲ་སྐད་ཀྱི་རྒྱལ་པོ་ཞེས་བྱ་བ་ཞིག་ད་ལྟར་ བཞུགས་ཏེ་འཚོ་ཞིང་གཞེས་པ་ཡོད་དོ། །བསྐལ་པ་དེ་ནི་ཡོན་ཏན་འབྱུང་བ་ཞེས་བྱའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྲུག་སྟོང་བསྒྲགས་པའི་ སྒྲ་སྐད་ཀྱི་རྒྱལ་པོ་དེའི་མཚན་འཛིན་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་ཅན་དེ་ནི་ཚེ་རྗེས་མ་ཐག་ཏུ་མི་འཇིགས་པ་བཞི་འཐོབ་པར་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པ་བཞི་འཐོབ་པར་འགྱུར་རོ། །བྱམས་པ་ཆེན་པོ་ དང་། སྙིང་རྗེ་ཆེན་པོ་འཐོབ་པར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་འཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཅི་འདྲ་བ་དེ་ལྟ་བུ་འཐོབ་ 82-1-298b པར་འགྱུར་རོ། །བུད་མེད་ཀྱི་ཚེ་རྗེས་ནས་སྐྱེས་པའི་ལུས་འཐོབ་པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། གང་ཞིག་རྒྱལ་བའི་མཚན་འདི་འཛིན་བྱེད་པའི། །བྱང་ཆུབ་སེམས་དཔས་ཡོན་ཏན་འདི་དང་གཞན། །བསམ་གྱིས་ མི་ཁྱབ་རྟག་ཏུ་འཐོབ་པར་འགྱུར། །བྱང་ཆུབ་སེམས་དཔས་སངས་རྒྱས་མང་པོ་མཐོང་། །ཡོན་ཏན་རིན་ཆེན་མེ་ཏོག་ཀུན་དུ་རྒྱས་པ་ལྷོ་ནུབ་མཚམས་ཀྱི་ཕྱོགས་ན་བཀོད་པ་དཔག་ཏུ་མེད་པའི་འཇིག་རྟེན་གྱི་ ཁམས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་མཆོག་འོད་དཔལ་ཞེས་བྱ་བ་ཞིག་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་པ་ཡོད་དོ། །བསྐལ་པ་དེ་ནི་ཆོས་ཐམས་ ཅད་སྐྱེད་པ་ཞེས་བྱའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་མཆོག་འོད་དཔལ་དེའི་མཚན་འཛིན་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་ ཅན་དེ་མཚན་ཐོས་པ་དེས་སངས་རྒྱས་བཅོམ་ལྡན་འདས་བྱེ་བ་ཕྲག་དགུ་མཉེས་པར་འགྱུར་རོ། །སེམས་ཅན་ཐམས་ཅད་མཆོག་ཏུ་འགྲོ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །རྒྱུ་གང་གིས་ན་སེམས་ ཅན་ཐམས་ཅད་མཆོག་ཏུ་འགྲོ་བར་བྱེད་ཅེས་བྱ་ཞེ་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཏིང་ངེ་འཛིན་འདི་ལ་གནས་ནས་ཆོས་སྟོན་པར་འགྱུར་ཞིང་དེ་ཆོས་སྟོན་པ་ན་ཏིང་ངེ་འཛིན་དེའི་ཆོས་ཉིད་ཐོབ་པས་ སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་དག་འཁོད་པ་དེ་དག་ཐམས་ཅད་བདེ་བ་དང་ལྡན་པར་འགྱུར་ཏེ། དཔེར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ ཡིད་འོང་གི་སངས་རྒྱས་ཀྱི་ཞིང་ན་སེམས་ཅན་རྣམས་གཅིག་ཏུ་བདེ་བ་དང་ལྡན་ཞིང་སེམས་ཅན་ངན་སོང་དུ་སྐྱེས་པ་ཐམས་ཅད་ཡོངས་སུ་ཐར་བར་འགྱུར་ཏེ། དེ་དག་དེ་ནས་ཡོངས་སུ་གྲོལ་ནས་ལྷ་དང་མིའི་ལུས་ཐོབ་པར་ 82-1-299a འགྱུར་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་བ་བཞིན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། གསེར་མཆོག་འོད་དཔལ་གྱི་ནི་མཚན་འཛིན་པ། །དེ་ལ་གཟི་བརྗིད་དཔལ་མདོག་སྟོབས་ དབང་བོ། །ཚེ་རབས་ཀུན་དུ་རྙེད་པར་དཀའ་མ་ཡིན། །དེ་ལ་བློ་ཐོགས་མེད་པ་མཐའ་ཡས་འགྱུར། །ཡོན་ཏན་རིན་ཆེན་མེ་ཏོག་ཀུན་དུ་རྒྱས་པ་ནུབ་བྱང་མཚམས་ན་སྡིག་པ་དང་བྲལ་བའི་འཇིག་རྟེན་གྱི་ཁམས་ན་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཟི་བརྗིད་ཀྱི་རྒྱལ་པོ་རྣམ་མང་དཔལ་སྣང་ཞེས་བྱ་བ་ཞིག་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་པ་ཡོད་དོ། །བསྐལ་པ་དེ་ནི་ཁྱིམ་རྒྱས་པ་ ཞེས་བྱའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཟི་བརྗིད་ཀྱི་རྒྱལ་པོ་རྣམ་མང་དཔལ་སྣང་དེའི་མཚན་འཛིན་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་ ཅན་དེ་ནི་ཚེ་རྗེས་མ་ཐག་ཏུ་སྤོབས་པ་དཔག་ཏུ་མེད་པ་བཀོད་པ་ཞེས་བྱ་བའི་གཟུངས་འཐོབ་པར་འགྱུར་རོ། །ཚེགས་ཆུང་ངུས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་ཀྱི་སངས་ རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་འཛིན་པར་འགྱུར་རོ། །སངས་རྒྱས་བྱེ་བ་ཕྲག་བརྒྱད་བཅུའི་ཆོས་སྟོན་པ་ཡང་ཐོས་པར་འགྱུར། འཛིན་པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། གང་ཞིག་རྒྱལ་བའི་མཚན་མཆོག་འདི་ འཛིན་པ། །ཚེ་དཔག་མེད་ཀྱི་སངས་རྒྱས་ཞིང་དུ་དེ། །དེ་ནི་ཚེ་དཔག་མེད་ལྡན་ཆོས་ཤེས་འགྱུར། །སྐྱེ་གཅིག་ཐོགས་པས་བྱང་ཆུབ་རྫོགས་འཚང་རྒྱ། །ཡོན་ཏན་རིན་ཆེན་མེ་ཏོག་ཀུན་དུ་རྒྱས་པ་བྱང་ཤར་མཚམས་ཀྱི་ཕྱོགས་ ན་མྱ་ངན་ཐམས་ཅད་ལས་རྒལ་བའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྐལ་པ་བྱེ་བ་གྲངས་མེད་པར་བྱང་ཆུབ་ཡང་དག་པར་བསྒྲུབས་པ་ཞེས་བྱ་བ་ 82-1-299b ཞིག་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་པ་ཡོད་དོ། །བསྐལ་པ་དེ་ནི་སྤོབས་པ་བཀོད་པ་ཞེས་བྱའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྐལ་པ་བྱེ་བ་གྲངས་མེད་ པར་བྱང་ཆུབ་ཡང་དག་པར་བསྒྲུབས་པ་དེའི་མཚན་འཛིན་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་ཅན་དེ་ནི་ཚེ་རྗེས་མ་ཐག་ཏུ་རྣམ་པ་དྲུག་བཅུ་དང་ལྡན་པའི་སྒྲ་དབྱངས་ཀྱི་སྤོབས་པ་ཕུན་སུམ་ཚོགས་པ་འཐོབ་པར་ འགྱུར་རོ། །སངས་རྒྱས་བྱེ་བ་ཕྲག་བརྒྱད་བཅུ་ལ་དགེ་བའི་རྩ་བ་བསྐྱེད་པ་འཛིན་པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། སྒྲ་དབྱངས་ཡན་ལག་དྲུག་བཅུ་ཕུན་ཚོགས་ལྡན། །དེ་ནི་ཀུན་དུ་ཤེས་པ་འང་ཕ་རོལ་ཕྱིན། ། རྒྱལ་བ་བྱེ་བ་བརྒྱད་བཅུ་མཆོད་བྱེད་པའི། །བསོད་ནམས་གང་ཡིན་བསམ་ཡས་དེས་འཐོབ་འགྱུར། །ཡོན་ཏན་རིན་ཆེན་མེ་ཏོག་ཀུན་དུ་རྒྱས་པ་སྟེང་གི་ཕྱོགས་ན་ཡོན་ཏན་དཔག་ཏུ་མེད་པ་བཀོད་པའི་གཟི་བརྗིད་ཀྱི་འཇིག་རྟེན་ གྱི་ཁམས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟང་པོ་དང་། ནམ་མཁའ་དགེ་བར་སྒྲོགས་པ་བཀོད་པའི་འོད་ཅེས་བྱ་བ་ཞིག་ད་ལྟར་བཞུགས་ཏེ། འཚོ་ཞིང་ གཞེས་པ་ཡོད་དོ། །བསྐལ་པ་དེ་ནི་ཚད་མེད་ལེན་ཅེས་བྱའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟང་པོ་དང་། ནམ་མཁའ་ངེས་པར་སྒྲོགས་ པ་བཀོད་པའི་འོད་དེའི་མཚན་འཛིན་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དད་པ་ཅན་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཡོངས་སུ་སྤྱོད་པར་འགྱུར་རོ། །ཏིང་ངེ་འཛིན་གྱི་ཕུང་པོ་དཔག་ཏུ་མེད་པ་དང་། ཤེས་རབ་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་། རྣམ་པར་གྲོལ་བའི་ཕུང་པོ་དཔག་ཏུ་མེད་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དཔག་ཏུ་མེད་པ་ཡོངས་སུ་སྤྱོད་པར་འགྱུར་རོ། །ས་ནས་ས་ཡང་འཐོབ་པར་འགྱུར་རོ། ། 82-1-300a ཚིག་གཟུང་བར་འོས་པ་ཉིད་ཀྱང་འཐོབ་པར་འགྱུར་རོ། །སྤོབས་པ་བུལ་བ་མེད་པ་ཕུན་སུམ་ཚོགས་པ་ཡང་འཐོབ་པར་འགྱུར་རོ། །མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་ འཚང་རྒྱ་བར་འགྱུར་རོ། །ཡི་གེ་དང་སྒྲའི་བརྡ་ཡང་འཐོབ་པར་འགྱུར་རོ། །རིགས་མཐོན་པོ་དང་རིགས་ཆེན་པོ་ཡང་འཐོབ་པར་འགྱུར་རོ། །མངོན་པར་ཤེས་པ་ལྔ་ཡང་འཐོབ་པར་འགྱུར་རོ། །ཚེ་རབས་དྲན་པར་ཡང་ འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱང་འཐོབ་པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། གང་ཞིག་རྒྱལ་བའི་མཚན་མཆོག་འཛིན་བྱེད་པ། །དེ་ནི་ཡན་ལག་བརྒྱད་དབྱངས་ཕུན་སུམ་འཐོབ། །དེ་ནི་སངས་ རྒྱས་བྲལ་བར་ཡང་མི་སྐྱེ། །མི་དེ་མི་ཐོགས་བྱང་ཆུབ་འཚང་རྒྱར་འགྱུར། །ཡོན་ཏན་རིན་ཆེན་མེ་ཏོག་ཀུན་དུ་རྒྱས་པ་འོག་གི་ཕྱོགས་ན། ཐ་དད་པ་མེད་པ་ཉིད་ལ་དགའ་བའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཐམས་ཅད་ཀྱི་ཚུལ་ལ་རྣམ་པར་འཕྲུལ་བའི་གཟི་བརྗིད་ཀྱི་འོད་ཅེས་བྱ་བ་ཞིག་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་པ་ཡོད་དོ། །བསྐལ་པ་དེ་ནི་ཡེ་ ཤེས་ཀུན་ནས་བསྡུས་པ་ཞེས་བྱའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཐམས་ཅད་ཀྱི་ཚུལ་ལ་རྣམ་པར་འཕྲུལ་པའི་གཟི་བརྗིད་ཀྱི་འོད་དེའི་མཚན་འཛིན་ པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དད་པ་ཅན་དེའི་ཚེ་རྗེས་མ་ཐག་ཏུ་སངས་རྒྱས་ཡོངས་སུ་འགྲུབ་པ་ཞེས་བྱ་བའི་གཟུངས་འཐོབ་པར་འགྱུར་རོ། །སྐྱེ་བ་གཅིག་གིས་ཐོགས་པར་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །སངས་རྒྱས་བྱེ་བ་ཕྲག་དགུ་བཅུའི་ཆོས་བསྟན་པ་ཡང་ཐོས་པར་འགྱུར་རོ། །ཐོས་ནས་ཀྱང་ཐམས་ཅད་ཀུན་དུ་འཛིན་པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། 82-1-300b སངས་རྒྱས་མཚན་འཛིན་སངས་རྒྱས་བྱེ་བ་ཕྲག །དགུ་བཅུ་རྣམས་ཀྱི་ཆོས་བསྟན་ཐོས་འགྱུར་ཞིང་། །སྐྱེ་བ་གཅིག་ཐོགས་བླ་ན་མེད་པ་ཡི། །བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱར་འགྱུར། །དེ་ནས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་དུ་རྒྱས་པ་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རིན་ཆེན་ཐམས་ཅད་དང་ལྡན་པའི་སྤོབས་པའི་སྐད་ཀྱིས་གཟུངས་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་ དཔའ་བྱེ་བ་ཕྲག་བརྒྱད་བཅུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ས་ཐོབ་བོ། །ལྷ་དང་མིའི་སྐྱེ་དགུ་སུམ་ཁྲིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བཅོམ་ བཅས་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་དུ་རྒྱས་པ་དང་། ཐམ་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་ པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། ཡོན་ཏན་རིན་ཆེན་ མེ་ཏོག་ཀུན་དུ་རྒྱས་པས་ཞུས་པའི་ལེའུ་ཞེས་བྱ་སྟེ་སུམ་བཅུ་རྩ་བཞི་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲ་ཛྙཱ་བར་མ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་ གཏན་ལ་ཕབ་པ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་སུམ་བཅུ་རྩ་ལྔ་པ་སྟེ། སངས་རྒྱས་ཀྱི་ཡུལ་བསམ་གྱི་མི་ཁྱབ་པ་ལུང་བསྟན་པ། བམ་པོ་དང་པོ། རྒྱ་གར་སྐད་དུ། ཨཱརྱ་ཨ་ཙིན་ཏྱ་བུད་དྷ་བི་ཥ་ཡཱ་ནིར་དེ་ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་ 82-1-301a དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་སྟོང་དུ་ཚང་ པའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་ཁྲི་དང་ཐབས་གཅིག་ཏུ་བཞུགས་ཏེ། འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་དང་། གནས་གཙང་མའི་ལྷའི་བུ་རྣམས་དང་ཡང་ཐབས་གཅིག་གོ། ། དེ་ནས་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཏེ་མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ། །ཡང་དེའི་ཚེ་འཇམ་དཔལ་གཞོན་ནུར་གྱུར་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ། །ལྷའི་བུ་དཔལ་བཟང་ ཀྱང་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་བ་ལ་བཀའ་སྩལ་པ། འཇམ་དཔལ་ངས་ཁྱོད་ལ་བསྐུལ་ཀྱིས། ཁྱོད་ཀྱིས་ཆོས་དང་ལྡན་པའི་གཏམ་ལས་རྩོམས་ ཏེ། ལྷའི་འཁོར་འདི་དང་བྱང་ཆུབ་སེམས་དཔའ་འདི་དག་ལ་སྤོབས་པར་གྱིས་ཤིག །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བདག་གིས་ཅི་ལས་བརྩམས་ཏེ་སྤོབས་པར་བགྱི་ལགས། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱིས་སངས་རྒྱས་ཀྱི་ཡུལ་ལས་བརྩམས་ཏེ་སྤོབས་པར་གྱིས་ཤིག །གསོལ་པ། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཡུལ་ནི་གང་མིག་གིས་ཡུལ་མ་ལགས་པ་དང་། གཟུགས་ ཀྱི་ཡུལ་མ་ལགས་པ་དང་། རྣ་བའི་ཡུལ་མ་ལགས་པ་དང་། སྒྲའི་ཡུལ་མ་ལགས་པ་དང་། སྣའི་ཡུལ་མ་ལགས་པ་དང་། དྲིའི་ཡུལ་མ་ལགས་པ་དང་། ལྕེའི་ཡུལ་མ་ལགས་པ་དང་། རོའི་ཡུལ་མ་ལགས་པ་དང་། ལུས་ ཀྱི་ཡུལ་མ་ལགས་པ་དང་། རེག་བྱའི་ཡུལ་མ་ལགས་པ་དང་། ཡིད་ཀྱི་ཡུལ་མ་ལགས་པ་དང་། ཆོས་ཀྱི་ཡུལ་མ་ལགས་པ་སྟེ། དེ་སངས་རྒྱས་ཀྱི་ཡུལ་ཞེས་བགྱིའོ། །བཅོམ་ལྡན་འདས་ཡུལ་ཁྱད་པར་མ་མཆིས་ 82-1-301b པ་ནི་སངས་རྒྱས་ཀྱི་ཡུལ་ལགས་ཏེ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་སངས་རྒྱས་ཀྱི་ཡུལ་ཁོང་དུ་ཆུད་པར་འཚལ་བས། ཁོང་དུ་ཆུད་པ་མ་མཆིས་པའི་ཚུལ་དུ་སངས་རྒྱས་ཀྱི་ཡུལ་དེ་ལྟར་ཁོང་དུ་ཆུད་པར་བགྱིའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་བྱང་ཆུབ་བརྙེས་པའི་ཡུལ་ཅི་ལགས། བཀའ་སྩལ་པ། འཇམ་དཔལ་ལྟ་བར་གྱུར་བ་མཉམ་པ་ཉིད་ཀྱི་ཕྱིར་སྟོང་པ་ཉིད་ནི་ངས་བྱང་ཆུབ་ཐོབ་པའི་ཡུལ་ལོ། །མཚན་མ་མཉམ་པ་ ཉིད་ཀྱི་ཕྱིར་མཚན་མ་མེད་པ་ནི་ཡུལ་ལོ། །ཁམས་གསུམ་པ་མཉམ་པ་ཉིད་ཀྱི་ཕྱིར་སྨོན་པ་མེད་པ་ནི་ཡུལ་ལོ། །འདུ་བྱེད་མཉམ་པ་ཉིད་ཀྱི་ཕྱིར་མངོན་པར་འདུ་བྱ་བ་མེད་པ་ནི་ཡུལ་ལོ། །འདུས་བྱས་མཉམ་པ་ ཉིད་ཀྱི་ཕྱིར་སྐྱེ་བ་མེད་པ་དང་། འབྱུང་བ་མེད་པ་དང་། འདུ་བྱེད་པ་མེད་པ་ནི་ཡུལ་ལོ། །གསོལ་པ། བཅོམ་ལྡན་འདས་འདུས་མ་བགྱིས་ཀྱི་ཡུལ་གང་ལགས། བཀའ་སྩལ་པ། འཇམ་དཔལ་སེམས་མེད་པ་ནི་འདུས་མ་བྱས་ ཀྱི་ཡུལ་ལོ། །གསོལ་པ། བཅོམ་ལྡན་འདས་སེམས་མ་མཆིས་པ་ནི་སངས་རྒྱས་ཀྱི་ཡུལ་ལགས་ཏེ། དེ་ལ་བརྗོད་པ་མ་མཆིས་ལགསོ། །བརྗོད་པ་མ་མཆིས་པ་ལ་བསྟན་པ་མ་མཆིས་ལགསོ། །བསྟན་པ་མ་ མཆིས་པ་ལ་མངོན་པར་བརྗོད་པ་མ་མཆིས་ལགས་སོ། །བཅོམ་ལྡན་འདས་མངོན་པར་བརྗོད་པ་མ་མཆིས་པའི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་སངས་རྒྱས་ཀྱི་ཡུལ་གང་དུ་ བཙལ་བར་བྱ། གསོལ་པ། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཡུལ་ནི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རྣམས་ལས་ཡོངས་སུ་བཙལ་བར་བགྱི་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཡོངས་སུ་རྟོགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཡུལ་མ་ལགས་ཀྱི། གང་འདི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཡོངས་སུ་རྟོགས་པ་དེ་ནི་སངས་ 82-1-302a རྒྱས་ཀྱི་ཡུལ་ལགས་པའི་སླད་དུའོ། །བཀའ་སྩལ་པ། འཇམ་དཔལ་སངས་རྒྱས་ཀྱི་ཡུལ་ལ་འཇུག་པ་འམ་ལྡོག་པ་ཡོད་དམ་ཅེ་ན། འདི་ལྟར་སངས་རྒྱས་ཀྱི་ཡུལ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ རྣམས་ལས་ཡོངས་སུ་བཙལ། གསོལ་པ། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཡུལ་ནི་འཇུག་པ་མ་མཆིས་ལྡོག་པ་མ་མཆིས་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་གལ་ཏེ་སངས་རྒྱས་ཀྱི་ཡུལ་འཇུག་པ་མེད་ཅིང་ ལྡོག་པ་མེད་ན་སངས་རྒྱས་ཀྱི་ཡུལ་ཇི་ལྟར་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རྣམས་ལས་ཡོངས་སུ་ཤེས། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་སངས་རྒྱས་ཀྱི་ཡུལ་འཇུག་པ་མ་མཆིས་ཤིང་ལྡོག་པ་མ་མཆིས་པ་ དེ་བཞིན་དུ་ཉོན་མོངས་པ་དེ་དག་གི་རང་བཞིན་གང་ལགས་པ་དེ་ཡང་འཇུག་པ་མ་མཆིས་ཤིང་ལྡོག་པ་མ་མཆིས་པ་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་ཉོན་མོངས་པ་རྣམས་ཀྱི་རང་བཞིན་ཇི་ལྟ་བུ། གསོལ་པ། བཅོམ་ ལྡན་འདས་སངས་རྒྱས་ཀྱི་ཡུལ་གྱི་རང་བཞིན་གང་ལགས་པ་དེ་ཉིད་ཉོན་མོངས་པ་ཐམས་ཅད་ཀྱི་རང་བཞིན་ལགས་སོ། །བཅོམ་ལྡན་འདས་གལ་ཏེ་ཉོན་མོངས་པ་རྣམས་ཀྱི་རང་བཞིན་ཀྱང་གཞན་དུ་གྱུར་ལ། སངས་ རྒྱས་ཀྱི་ཡུལ་གྱི་རང་བཞིན་ཀྱང་གཞན་ཞིག་ལགས་ན་ནི་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་ཀྱང་བསྟན་པར་མི་འགྱུར་བ་ཞིག་ན། བཅོམ་ལྡན་འདས་འདི་ ལྟར་ཉོན་མོངས་པ་རྣམས་ཀྱི་རང་བཞིན་གང་ལགས་པ་དེ་ཉིད་སངས་རྒྱས་ཀྱི་ཡུལ་གྱི་རང་བཞིན་ལགས་ཏེ། དེའི་སླད་དུ་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་ རྒྱས་སོ་ཞེས་སྟོན་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་མཉམ་པ་ཉིད་དུ་གང་གིས་གནས་པ་ཤེས་སམ། གསོལ་པ། བཅོམ་ལྡན་འདས་འཚལ་ལགས་སོ། །བཀའ་སྩལ་པ། འཇམ་ 82-1-302b དཔལ་དེ་བཞིན་གཤེགས་པ་མཉམ་པ་ཉིད་གང་གིས་གནས། གསོལ་པ། བཅོམ་ལྡན་འདས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མཉམ་པ་ཉིད་གང་ལ་གནས་ནས། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཀུན་དུ་འབྱུང་ བའི་མཉམ་པ་ཉིད་དེས་དེ་བཞིན་གཤེགས་པ་གནས་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མཉམ་པ་ཉིད་གང་ལ་གནས་ཏེ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཀུན་དུ་འབྱུང་། གསོལ་པ། སྟོང་པ་ཉིད་དང་། མཚན་མ་མ་མཆིས་པ་དང་། སྨོན་པ་མ་མཆིས་པ་མཉམ་པ་ཉིད་ལ་གནས་པ་རྣམས་ཀྱི་མཉམ་པ་ཉིད་དེས་དེ་བཞིན་གཤེགས་པ་གནས་པ་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་ཅི་སྟོང་པ་ ཉིད་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཡོད་དམ། གསོལ་པ། བཅོམ་ལྡན་འདས་མཆིས་པ་གང་གིས་སྟོང་པ་ཉིད་མཆིས་པའི་མཆིས་པ་དེས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་མཆིས་ལགས་སོ། བཀའ་ སྩལ་པ། འཇམ་དཔལ་ཡོད་པ་གང་གིས་སྟོང་པ་ཉིད་ཡོད་ཅིང་ཡོད་པ་གང་གིས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་ཡོད། གསོལ་པ། བཅོམ་ལྡན་འདས་ཡི་གེ་དང་། སྐད་དང་། སྒྲ་དང་། བརྗོད་པའི་མཆིས་ པས་སྟོང་པ་ཉིད་མཆིས་ལགས་སོ། །ཡི་གེ་དང་། སྐད་དང་། སྒྲ་དང་། བརྗོད་པའི་མཆིས་པས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་མཆིས་ལགས་སོ། །གསོལ་པ། བཅོམ་ལྡན་འདས་ཀྱིས་འདི་ སྐད་དུ་དགེ་སློང་དག་མ་སྐྱེས་པ་དང་། མ་བྱུང་བ་དང་། མ་བྱས་པ་དང་། མངོན་པར་འདུས་མ་བྱས་པ་དང་། མངོན་པར་འདུ་མི་བྱེད་པ་ནི་ཡོད་དེ། དགེ་སློང་དག་མ་སྐྱེས་པ་དང་། མ་བྱུང་བ་དང་། མ་བྱས་པ་དང་། མངོན་པར་འདུས་མ་བྱས་པ་དང་། མངོན་པར་འདུ་མི་བྱེད་པ་ནི་མེད་པ་མ་ཡིན་ནོ། ། 82-1-303a དགེ་སློང་དག་གལ་ཏེ་མ་སྐྱེས་པ་དང་། མ་བྱུང་བ་དང་། མ་བྱས་པ་དང་། མངོན་པར་འདུས་མ་བྱས་པ་དང་། མངོན་པར་འདུ་མི་བྱེད་པ་མེད་དུ་ཟིན་ན། སྐྱེས་པ་དང་། བྱུང་བ་དང་། བྱས་པ་དང་། མངོན་པར་འདུས་བྱས་པ་དང་། མངོན་པར་འདུ་བྱེད་པ་འདི་དག་ལས་འབྱུང་བར་གདགས་པར་མི་འགྱུར་བ་ཞིག་ན། དགེ་སློང་དག་འདི་ལྟར་མ་སྐྱེས་པ་དང་། མ་བྱུང་བ་དང་། མ་བྱས་པ་དང་། མངོན་པར་འདུས་མ་བྱས་པ་དང་། མངོན་པར་འདུ་མི་བྱེད་ པ་ནི་ཡོད་དེ། དེའི་ཕྱིར་སྐྱེས་པ་དང་། བྱུང་བ་དང་། བྱས་པ་དང་། མངོན་པར་འདུས་བྱས་པ་དང་། མངོན་པར་འདུ་བྱེད་པ་འདི་དག་ལས་འབྱུང་བར་གདགས་སོ་ཞེས་བཀའ་སྩལ་པ་དེ་བཞིན་དུ། བཅོམ་ལྡན་འདས་གལ་ ཏེ་སྟོང་པ་ཉིད་མ་མཆིས་སུ་ལགས་ན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཉོན་མོངས་པ་འདི་དག་ལས་འབྱུང་བར་གདགས་པར་མི་འགྱུར་བ་ཞིག་ན། བཅོམ་ལྡན་འདས་འདི་ལྟར་སྟོང་པ་ཉིད་ནི་མཆིས་ཏེ། དེའི་སླད་ དུ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཉོན་མོངས་པ་རྣམས་ལས་འབྱུང་བར་གདགས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱིས་ཇི་སྐད་བསྟན་པ་དེ་དེ་ལྟ་ཡིན་དུ་ཟིན་ན། གང་སུ་ དག་སྟོང་པ་ཉིད་ལ་གནས་པ་དེ་དག་ཐམས་ཅད་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་གནས་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་རྣལ་འབྱོར་སྤྱོད་པ་གང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལས་ གུད་དུ་སྟོང་པ་ཉིད་ཚོལ་བ་དེ་ནི་རྣལ་འབྱོར་ལ་མི་སྤྱོད་པ་ལགས་ཏེ། རྣལ་འབྱོར་མ་ལགས་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལས་གུད་དུ་སྟོང་པ་ཉིད་བཙལ་བར་བགྱི་ བ་མ་མཆིས་ཏེ། བཅོམ་ལྡན་འདས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཉིད་སྟོང་པ་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་ཁྱོད་ཅི་འདོད་ཆགས་དང་བཅས། ཞེ་སྡང་དང་བཅས། གཏི་མུག་དང་བཅས་པ་ 82-1-303b ཡིན་ནམ། འོན་ཏེ་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བ་ཡིན། གསོལ་པ། བཅོམ་ལྡན་འདས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་དང་བདག་ མཉམ་སྟེ། གང་མཉམ་པ་ཉིད་དེ་ཐོབ་པ་དེ་ནི་འདོད་ཆགས་དང་བཅས་པ་ཡང་མ་ལགས། འདོད་ཆགས་དང་བྲལ་བ་ཡང་མ་ལགས། ཞེ་སྡང་དང་བཅས་པ་ཡང་མ་ལགས། ཞེ་སྡང་དང་བྲལ་བ་ཡང་མ་ལགས། གཏི་མུག་ དང་བཅས་པ་ཡང་མ་ལགས། གཏི་མུག་དང་བྲལ་བ་ཡང་མ་ལགས་སོ། །བཅོམ་ལྡན་འདས་དགེ་སྦྱོང་དང་། བྲམ་ཟེ་གང་དག་བདག་ལ་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བར་ཡང་ དག་པར་རྗེས་སུ་ལྟ་ཞིང་ཕ་རོལ་ལ་འདོད་ཆགས་དང་བཅས་པ་དང་། ཞེ་སྡང་དང་བཅས་པ་དང་། གཏི་མུག་དང་བཅས་པར་ཡང་དག་པར་རྗེས་སུ་ལྟ་བ་དེ་དག་ནི་ལྟ་བར་གྱུར་བ་གཉིས་ལ་ཆགས་པ་ལགས་སོ། །གཉིས་ གང་ལགས་ཤེ་ན། ཆད་པར་ལྟ་བ་དང་། རྟག་པར་ལྟ་བ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། གང་བདག་ལ་འདོད་ཆགས་དང་བྲལ་བ་དང་། ཞེ་སྡང་དང་བྲལ་བ་དང་། གཏི་མུག་དང་བྲལ་བར་ཡང་དག་པར་རྗེས་སུ་ལྟ་བ་དེ་ནི་དེ་དག་ གི་ཆད་པར་ལྟ་བ་ལགས་སོ། །གང་ཕ་རོལ་ལ་འདོད་ཆགས་དང་བཅས་པ། ཞེ་སྡང་དང་བཅས་པ། གཏི་མུག་དང་བཅས་པར་ཡང་དག་པར་རྗེས་སུ་ལྟ་བ་དེ་ནི་དེ་དག་གི་རྟག་པར་ལྟ་བ་ལགས་སོ། །ཡང་བཅོམ་ལྡན་ འདས་ཡང་དག་པར་ཞུགས་པའི་དགེ་སློང་ནི་ཕ་རོལ་དམན་པ་དང་། བདག་ཁྱད་པར་དུ་འཕགས་པར་ཡང་དག་པར་རྗེས་སུ་མི་ལྟ་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་གང་ཡང་དག་པར་ཞུགས་པ་དེ་གང་དུ་ ཞུགས་པ་ཡིན། གསོལ་པ། བཅོམ་ལྡན་འདས་གང་ཡང་དག་པར་ཞུགས་པ་དེ་ནི་གང་དུ་ཡང་ཞུགས་པ་མ་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་གང་ཡང་དག་པར་ཞུགས་པ་དེ་ལམ་ལ་ཞུགས་ 82-1-304a པ་མ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་གང་ལམ་ལ་ཞུགས་པ་དེ་ནི་འདུས་བགྱིས་ལ་ཞུགས་པ་ལགས་ཏེ། གང་འདུས་བགྱིས་ལ་ཞུགས་པ་དེ་མཉམ་པ་ཉིད་དུ་ག་ལ་འགྱུར་ལགས། དེ་ཅིའི་ སླད་དུ་ཞེ་ན། བཅོམ་ལྡན་འདས་འདུས་བགྱིས་ན་སྐྱེ་བ་དང་། འཇིག་པ་དང་། གནས་པ་དང་ལྡན་པའི་སླད་དུའོ། །བཀའ་སྩལ་པ། འཇམ་དཔལ་འདུས་མ་བྱས་ལ་གྲངས་གང་ཡང་ཡོད་དམ། གསོལ་པ། བཅོམ་ལྡན་འདས་ འདུས་མ་བགྱིས་ལ་གྲངས་གང་ཡང་མ་མཆིས་ལགས་སོ། །བཅོམ་ལྡན་འདས་གལ་ཏེ་འདུས་མ་བགྱིས་ལ་གྲངས་མཆིས་པར་གྱུར་ན་དེ་འདུས་བགྱིས་ཉིད་དུ་འགྱུར་གྱི་འདུས་མ་བགྱིས་མ་ལགས་སོ། །བཀའ་སྩལ་ པ། འཇམ་དཔལ་གང་འདུས་མ་བྱས་ཐོབ་པའི་འཕགས་པ་ཐམས་ཅད་ལ་གྲངས་གང་ཡང་ཡོད་པར་འགྱུར་བའི་རྣམ་གྲངས་ཡོད་དམ། གསོལ་པ། བཅོམ་ལྡན་འདས་འཕགས་པ་རྣམས་ལ་གྲངས་གང་ཡང་མ་མཆིས་ཏེ། བཅོམ་ལྡན་འདས་འཕགས་པ་རྣམས་ནི་གྲངས་མ་མཆིས་པ། གྲངས་དང་བྲལ་བ་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་ཅི་ཁྱོད་འཕགས་པའི་ཆོས་དང་ལྡན་པ་ཡིན་ནམ། འོན་ཏེ་འཕགས་པ་མ་ཡིན་པའི་ ཆོས་དང་ལྡན་པ་ཡིན། གསོལ་པ། བཅོམ་ལྡན་འདས་བདག་ནི་འཕགས་པའི་ཆོས་དང་ལྡན་པ་ཡང་མ་ལགས། འཕགས་པ་མ་ལགས་པའི་ཆོས་དང་ལྡན་པ་ཡང་མ་ལགས་སོ། །ཅི་ལགས་གང་བཅོམ་ལྡན་འདས་ ཀྱི་སྤྲུལ་པ་དེ་འཕགས་པའི་ཆོས་དང་ལྡན་པ་ལགས་སམ། འཕགས་པ་མ་ལགས་པའི་ཆོས་དང་ལྡན་པ་ལགས། བཀའ་སྩལ་པ། འཇམ་དཔལ་སྤྲུལ་པ་ནི་འཕགས་པའི་ཆོས་དང་ལྡན་པ་ཡང་མ་ཡིན། འཕགས་པ་མ་ཡིན་པའི་ ཆོས་དང་ལྡན་པ་ཡང་མ་ཡིན་ནོ། །གསོལ་པ། ཆོས་ཐམས་ཅད་སྤྲུལ་པ་ལྟ་བུའོ་ཞེས་བཅོམ་ལྡན་འདས་ཀྱིས་མ་བསྟན་པ་ལགས་སམ། བཀའ་སྩལ་པ། འཇམ་དཔལ་དེ་ལྟའོ། །གསོལ་པ། བཅོམ་ལྡན་འདས་ཆོས་ 82-1-304b ཐམས་ཅད་སྤྲུལ་པའི་རང་བཞིན་གྱིས་མཚན་ཉིད་ལགས་ན་བདག་ཀྱང་དེའི་རང་བཞིན་གྱི་མཚན་ཉིད་ལགས་ཏེ། དེའི་སླད་དུ་བདག་འཕགས་པའི་ཆོས་དང་ལྡན་པ་ཡང་མ་ལགས། འཕགས་པ་མ་ལགས་པའི་ཆོས་དང་ ལྡན་པ་ཡང་མ་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་ཁྱོད་ཅི་དང་ལྡན། གསོལ་པ། བཅོམ་ལྡན་འདས་བདག་ནི་སངས་རྒྱས་ཀྱི་ཡུལ་མཉམ་པ་ཉིད་དང་མི་འགལ་བ་དང་ལྡན་ལགས་སོ། །བཀའ་ སྩལ་པ། འཇམ་དཔལ་ཁྱོད་ཀྱིས་སངས་རྒྱས་ཀྱི་ཡུལ་རྙེད་དམ། གསོལ་པ། བཅོམ་ལྡན་འདས་གལ་ཏེ་བཅོམ་ལྡན་འདས་ཀྱིས་བརྙེས་ན་བདག་གིས་ཀྱང་རྙེད་ལགས་སོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ འཇམ་དཔལ་གཞོན་ནུར་གྱུར་བ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་ཡུལ་མ་བརྙེས་སམ། སྨྲས་པ། གནས་བརྟན་གྱིས་ཉན་ཐོས་ཀྱི་ཡུལ་གང་ཡང་རྙེད་ དམ། སྨྲས་པ། འཇམ་དཔལ་འཕགས་པའི་རྣམ་པར་གྲོལ་བའི་ཡུལ་ཡང་མེད། ཡུལ་རྙེད་པ་ཡང་མེད་དོ། །སྨྲས་པ། བཙུན་པ་རབ་འབྱོར་དེ་བཞིན་དུ་དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བའི་ཡུལ་ཡང་ མེད། ཡུལ་བརྙེས་པ་ཡང་མེད་དོ། །སྨྲས་པ། འཇམ་དཔལ་ཁྱོད་ནི་རྗེས་སུ་བསྲུང་བ་མེད་པར་ཆོས་སྟོན་ཏེ། ཁྱོད་ནི་ལས་དང་པོ་པ་རྣམས་རྗེས་སུ་མི་བསྲུང་ངོ་། །སྨྲས་པ། དེ་བས་ན་གནས་བརྟན་ཉིད་ ལ་ཡོངས་སུ་དྲིས་ཁྱོད་ཀྱིས་ཇི་ལྟར་བཟོད་པ་བཞིན་དུ་ལན་ཐོབ་ཤིག །བཙུན་པ་རབ་འབྱོར་འདི་ཇི་སྙམ་དུ་སེམས། གང་སྨན་པ་མཁས་པས་ནད་པ་ཡོངས་སུ་སྲུང་ཞིང་ཁ་བ་དང་། སྐྱུར་བ་དང་། ཚ་བའི་ སྨན་མ་བྱིན་ན་ཅི་དེས་ནད་པ་དེ་ལ་ནད་མེད་པའི་བདེ་བ་བྱིན་པ་ཡིན་ནམ། སྨྲས་པ། འཇམ་དཔལ་དེ་ནི་མ་ཡིན་ནོ། །སྨྲས་པ། བཙུན་པ་རབ་འབྱོར་དེ་བཞིན་དུ་གང་ཆོས་སྨྲ་བས་ལས་དང་པོ་པ་ཡོངས་སུ་སྲུང་ཞིང་ཟབ་ 82-1-305a མོའི་གཏམ་བཅབས་ཏེ། གཏམ་སྣ་ཚོགས་བསྟན་ན་དེས་དེ་ཡང་དང་ཡང་འཆི་བ་ལས་ཐར་པར་བྱས་པར་མི་འགྱུར། ཤིན་དུ་བདེ་བ་མྱ་ངན་ལས་འདས་པ་ལ་རབ་ཏུ་བཞག་པར་མི་འགྱུར་རོ། །བསྟན་པ་འདི་ བཤད་པ་ན་དགེ་སློང་ལྔ་བརྒྱ་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །ལྷའི་བུ་བརྒྱད་བརྒྱ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །ལྷའི་བུ་བདུན་བརྒྱས་འཇམ་དཔལ་ གཞོན་ནུར་གྱུར་བའི་སྤོབས་པ་ཐོབ་ནས་འདོད་ཅིང་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཡང་ཚེ་དང་ལྡན་པ་རབ་འབྱོར་གྱིས་འཇམ་དཔལ་གཞོན་ནུར་གྱུར་བ་ལ་འདི་སྐད་ཅེས་ སྨྲས་སོ། །འཇམ་དཔལ་ཁྱོད་ཉན་ཐོས་ཀྱི་ཐེག་པས་སེམས་ཅན་འདུལ་ན། ཅི་ཁྱོད་ཉན་ཐོས་ཀྱི་ཐེག་པས་རྣམ་པར་གྲོལ་བ་ཡིན་ནམ། སྨྲས་པ། བཙུན་པ་རབ་འབྱོར་ཁོ་བོ་ནི་ཐེག་པ་ཐམས་ཅད་ཀྱིས་རྣམ་པར་གྲོལ་ཏེ། བཙུན་ པ་རབ་འབྱོར་ཁོ་བོ་ནི་ཉན་ཐོས་ཀྱི་ཐེག་པས་རྣམ་པར་གྲོལ་བ་ཡང་ཡིན། ཁོ་བོ་ནི་རང་སངས་རྒྱས་ཀྱི་ཐེག་པས་རྣམ་པར་གྲོལ་བའང་ཡིན། བཙུན་པ་རབ་འབྱོར་ཁོ་བོ་ནི་ཐེག་པ་ཆེན་པོས་རྣམ་པར་གྲོལ་བའང་ཡིན་ནོ། ། སྨྲས་པ། འཇམ་དཔལ་ཁྱོད་ཅི་ཉན་ཐོས་སམ། འོན་ཏེ་རང་སངས་རྒྱས་སམ། འོན་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན། སྨྲས་པ། བཙུན་པ་རབ་འབྱོར་ཁོ་བོ་ནི་ཉན་ཐོས་ཡིན་ཏེ། ཕ་རོལ་ལས་མཉན་པའི་ སྒྲ་ལ་སྦྱོར་བར་བརྩོན་པ་ནི་མ་ཡིན་ནོ། །ཁོ་བོ་ནི་རང་སངས་རྒྱས་ཡིན་ཏེ། སྙིང་རྗེ་ཆེན་པོ་དང་། མི་འཇིགས་པ་དང་བྲལ་བ་ནི་མ་ཡིན་ནོ། །ཁོ་བོ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ཏེ་བྱ་བའི་རྒྱུན་བཅད་པ་ ནི་མ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཁྱོད་ཇི་ལྟར་ཉན་ཐོས་ཡིན། སྨྲས་པ། ཆོས་མ་ཐོས་པ་མཉན་པ། སེམས་ཅན་ཐམས་ཅད་ལ་ཐོས་པར་བྱེད་དེ། དེས་ན་ཁོ་བོ་ཉན་ཐོས་ཡིན་ནོ། །སྨྲས་པ། འཇམ་དཔལ་ 82-1-305b ཁྱོད་ཇི་ལྟར་རང་སངས་རྒྱས་ཡིན། སྨྲས་པ། ཁོ་བོ་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བར་རྟོགས་ཏེ། དེས་ན་ཁོ་བོ་རང་སངས་རྒྱས་སོ། །སྨྲས་པ། འཇམ་དཔལ་ཁྱོད་ཇི་ལྟར་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན། སྨྲས་པ། ཁོ་བོས་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་མཉམ་པ་ཉིད་ཀྱིས་མཉམ་པར་ཁོང་དུ་ཆུད་དེ། དེས་ན་ཁོ་བོ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །སྨྲས་པ། འཇམ་དཔལ་ཁྱོད་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་འམ། འོན་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་འམ། ས་གང་ལ་ངེས་པ་ཡིན་པར་གཟུང་བར་བྱ། སྨྲས་པ། བཙུན་པ་རབ་འབྱོར་ཁོ་བོ་ནི་ས་ཐམས་ཅད་ལ་ངེས་པ་ཡིན་པར་ཟུང་ཤིག ། སྨྲས་པ། འཇམ་དཔལ་ཁྱོད་སོ་སོ་སྐྱེ་བོའི་ས་ལ་ཡང་ངེས་པར་གཟུང་བར་བྱ་འམ། སྨྲས་པ། བཙུན་པ་རབ་འབྱོར་དེ་དེ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བཙུན་པ་རབ་འབྱོར་ཆོས་ཐམས་ཅད་ནི་ཡང་དག་པ་ ཉིད་དུ་ངེས་པར་ངེས་པའོ། །ངེས་པ་དེས་སེམས་ཅན་ཐམས་ཅད་ཀྱང་ངེས་པ་སྟེ། ཁོ་བོ་ཡང་ངེས་པ་དེར་ངེས་པ་ཉིད་དོ། །དེས་ན་ཁོ་བོ་སོ་སོའི་སྐྱེ་བོའི་ས་ལ་ཡང་ངེས་པར་གཟུང་བར་བྱའོ། །སྨྲས་པ། འཇམ་ དཔལ་གལ་ཏེ། ཆོས་ཐམས་ཅད་ལ་ཡང་དག་པ་ཉིད་དུ་ངེས་པར་ངེས་པ་ཡིན་ན་འདི་ནི་སོ་སོའི་སྐྱེ་བོའི་སའོ། །འདི་ནི་ཉན་ཐོས་ཀྱི་སའོ། །འདི་ནི་རང་སངས་རྒྱས་ཀྱི་སའོ། །འདི་ནི་བྱང་ཆུབ་སེམས་ དཔའི་སའོ། །འདི་ནི་སངས་རྒྱས་ཀྱི་སའོ་ཞེས་ས་རྣམ་པར་གཞག་པ་གདགས་པར་ག་ལ་འགྱུར། སྨྲས་པ། བཙུན་པ་རབ་འབྱོར་འདི་ལྟ་སྟེ། དཔེར་ན། ཕྱོགས་བཅུའི་ནམ་མཁའ་ལ་འདི་ནི་ཤར་ཕྱོགས་ཀྱི་ནམ་ མཁའོ། །འདི་ནི་ལྷོ་ཕྱོགས་ཀྱིའོ། །འདི་ནི་ནུབ་ཕྱོགས་ཀྱིའོ། །འདི་ནི་བྱང་ཕྱོགས་ཀྱིའོ། །འདི་ནི་ཤར་ལྷོ་ཡིའོ། །འདི་ནི་ལྷོ་ནུབ་ཀྱིའོ། །འདི་ནི་ནུབ་བྱང་གིའོ། །འདི་ནི་བྱང་ཤར་གྱིའོ། །འདི་ནི་འོག་གིའོ། །འདི་ནི་སྟེང་གི་ཕྱོགས་ཀྱི་ནམ་མཁའོ་ཞེས་བརྗོད་ 82-1-306a ཀྱང་ཕྱོགས་ཆ་ལ་ཐ་དད་པ་ཡོད་ཀྱི། ནམ་མཁའ་ལ་ནི་ཐ་དད་པ་མེད་དོ། །བཙུན་པ་རབ་འབྱོར་དེ་བཞིན་དུ་ཆོས་ཐམས་ཅད་ཡང་དག་པ་ཉིད་དུ་ངེས་པར་ངེས་པ་ལ། དེ་བཞིན་གཤེགས་པ་ཐབས་ལ་མཁས་པས་འདི་ནི་སོ་སོའི་སྐྱེ་བོ་ འི་སའོ། །འདི་ནི་ཉན་ཐོས་ཀྱི་སའོ། །འདི་ནི་རང་སངས་རྒྱས་ཀྱི་སའོ། །འདི་ནི་བྱང་ཆུབ་སེམས་དཔའི་སའོ། །འདི་ནི་སངས་རྒྱས་ཀྱི་སའོ་ཞེས་ས་རྣམ་པར་འཇོག་ཀྱང་ས་རྣམ་པར་གཞག་པ་ལ་ཐ་དད་པ་ཡོད་ཀྱི་ཡང་དག་པ་ཉིད་དུ་ངེས་ པ་ལ་ནི་ཐ་དད་པ་མེད་དོ། །སྨྲས་པ། འཇམ་དཔལ་ཁྱོད་ཡང་དག་པ་ཉིད་དུ་ངེས་པ་ལ་ཞུགས་སམ། སྨྲས་པ། ཞུགས་པ་ཡང་ཡིན་ལ། བྱུང་བ་ཡང་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་ཁྱོད་ཞུགས་པ་ཡང་ཡིན་ལ། བྱུང་ བ་ཡང་ཡིན། སྨྲས་པ། བཙུན་པ་རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་དང་། ཤེས་རབ་དང་། ཡེ་ཤེས་བལྟ་བར་བྱ་སྟེ། བཙུན་པ་རབ་འབྱོར་འདི་ན་སྐྱེས་བུ་མཁས་པ་ཁ་ཅིག་བཤད་པའི་དོན་ དཔེས་ཤེས་པར་འགྱུར་བ་ཡོད་དེ། དེའི་ཕྱིར་ཁྱོད་ལ་དཔེ་བསྟན་པར་བྱའོ། །བཙུན་པ་རབ་འབྱོར་འདི་ལྟ་སྟེ། དཔེར་ན་འཕོང་གི་སློབ་དཔོན་ཆེན་པོ་ཞིག་ལ་སྡུག་པ། མཛེས་པ། ཡིད་དུ་འོང་བ། བལྟ་ན་སྡུག་པའི་བུ་གཅིག་པ་ཞིག་ ཀྱང་ཡོད། དེ་ལ་མི་སྡུག་པ། ཡིད་དུ་མི་འོང་བ། ཕྱིར་རྒོལ་བ་ཞིག་ཀྱང་ཡོད་པ་ལས། དེས་བུ་གཅིག་པ་དེ་ཐག་རིང་པོ་ལམ་གོལ་བའི་ཕྱོགས་ཤིག་ན་འདུག་པ་མཐོང་ནས་དེ་འདི་སྙམ་དུ་དེ་ནི་བདག་ལ་ཕྱིར་རྒོལ་བ་ཡིན་ནོ་སྙམ་དུ་ སེམས་སྐྱེས་ཏེ། དེས་དེ་གསད་པའི་ཕྱིར་མདའ་འཕངས་ནས་འཕངས་མ་ཐག་ཏུ་བུ་གཅིག་པ་ཡིན་པའི་འདུ་ཤེས་སྐྱེས་ཏེ། དེ་སྔོན་གོམས་པ་བྱས་པས་ཤིན་དུ་བརྒྱུགས་ཏེ། མདའ་དེ་བུ་གཅིག་པའི་ལུས་ལ་མ་ཕོག་པ་ཉིད་དུ་ལག་ གིས་འཛིན་པ་འདི་ནི་དོན་རྣམ་པར་ཤེས་པར་བྱ་བའི་ཕྱིར་དཔེར་བྱས་པའོ། །འདི་ལ་དོན་དུ་བལྟ་བ་གང་ཞེ་ན། བཙུན་པ་རབ་འབྱོར་འཕོང་གི་སློབ་དཔོན་ཞེས་བྱ་བ་དེ་ནི་བྱང་ཆུབ་སེམས་དཔའི་ཚིག་བླ་དགས་སོ། །བཙུན་པ་རབ་འབྱོར་ 82-1-306b བུ་གཅིག་པ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་བུ་གཅིག་པའི་འདུ་ཤེས་ཉེ་བར་འཇོག་པ་ཡིན་ནོ། །གསོད་པའི་ཕྱིར་རྒོལ་བ་ཞེས་བྱ་བ་འདི་ནི་ཉོན་མོངས་པ་ཐམས་ཅད་ཀྱི་ཚིག་ བླ་དགས་སོ། །བཙུན་པ་རབ་འབྱོར་མདའ་ཞེས་བྱ་བ་འདི་ནི་འཕགས་པའི་ཤེས་རབ་ཀྱི་དབང་པོའི་ཚིག་བླ་དགས་སོ། །བཙུན་པ་རབ་འབྱོར་འདི་ལྟ་སྟེ་དཔེར་ན་འཕོང་གི་སློབ་དཔོན་གྱིས་མདའ་འཕངས་ལ་བུ་ གཅིག་པའི་ལུས་ལ་མ་ཕོག་པར་ཤིན་དུ་བརྒྱུགས་ཏེ་འཛིན་པ་དེ་བཞིན་དུ། བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྟོབས་བསྐྱེད་པས་འདུ་བྱེད་ཐམས་ཅད་སྐྱེ་བ་མེད་པར་ སོ་སོར་རྟོག་གོ། །ཡང་དག་པ་ཉིད་དུ་ངེས་པ་ལ་རྣམ་པར་བལྟས་ནས་སྙིང་རྗེ་ཆེན་པོ་དང་། ཐབས་ལ་མཁས་པའི་སྟོབས་བསྐྱེད་པས་ཡང་དག་པའི་མཐའ་མངོན་སུམ་དུ་བྱེད་ཀྱང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ ལ་མི་གནས་ཀྱི། བྱང་ཆུབ་སེམས་དཔའི་ས་ལ་གནས་སོ། །སངས་རྒྱས་ཀྱི་ས་ལ་ཡང་འཛུད་དོ། །སྨྲས་པ། འཇམ་དཔལ་འདི་བྱང་ཆུབ་སེམས་དཔའ་གང་དག་གི་ཡུལ་ཡིན། སྨྲས་པ། བཙུན་པ་རབ་འབྱོར་འདི་ནི་བྱང་ ཆུབ་སེམས་དཔའ་གང་དང་། འཇིག་རྟེན་ན་ཡང་སྤྱོད་ལ་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་ཀྱང་མི་གོས་ཤིང་འཇིག་རྟེན་ན་ཡང་སྣང་ལ་ཆོས་ཐམས་ཅད་ལ་སྣང་བ་མེད་པས་རབ་ཏུ་ཕྱེ་བའི་བྱང་ཆུབ་ སེམས་དཔའ་དེ་དག་གི་ཡུལ་ལོ། །བཙུན་པ་རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་གང་དག་ས་ཐམས་ཅད་ལ་ཡང་སྣང་ལས་ངན་པ་ལ་ཡང་མི་གནས་པ་དང་། བཙུན་པ་རབ་འབྱོར་བྱང་ཆུབ་སེམས་ དཔའ་གང་དག་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྤང་པའི་ཕྱིར་ཡང་བརྩོན་ལ། ཆོས་ཀྱི་དབྱིངས་ཟད་པར་ནི་ཡང་དག་པར་རྗེས་སུ་མི་ལྟ་བ་དང་། བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་གང་ 82-1-307a དག་འདུས་བྱས་ལས་ཀྱང་བསྐྱོད་ལ་འདུས་མ་བྱས་ཀྱང་ཡང་དག་པར་མ་རྙེད་པ་དང་། བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་གང་དག་འཁོར་བ་ལ་བསྐྱེད་མོས་ཚལ་དང་གཞལ་མེད་ ཁང་དུ་ཡང་འདུ་ཤེས་ལ་མྱ་ངན་ལས་འདས་པ་ཡང་དོན་དུ་གཉེར་ཞིང་བསམ་པ་ཡོངས་སུ་མ་རྫོགས་པ་དང་། བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་གང་དག་བདག་མེད་པའི་བཟོད་པ་ཡང་ཐོབ་ལ་སེམས་ ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡང་བརྩོན་པ་དང་། བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་གང་དག་ཆོས་ཐམས་ཅད་ཀྱི་རང་བཞིན་ནམ་མཁའི་རང་བཞིན་དུ་ཡང་ཤེས་ལ་སངས་རྒྱས་ཀྱི་ཞིང་ཡོངས་ སུ་དག་པར་བྱ་བ་ལ་ཡང་བརྩོན་པ་དང་། བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་གང་དག་སངས་རྒྱས་ཐམས་ཅད་ཆོས་ཀྱི་དབྱིངས་དང་མཚུངས་པར་ཡང་མཐོང་ལ། སངས་རྒྱས་ཀྱི་སྐུ་དང་གསུང་དང་ཐུགས་ ཀྱི་རྒྱན་གྱི་ཕྱིར་བརྩོན་འགྲུས་ཀྱང་མི་གཏོང་བའི་བྱང་ཆུབ་སེམས་དཔའ་དེ་དག་གི་ཡུལ་ལོ། །སྨྲས་པ། འཇམ་དཔལ་བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་དག་ནི་འཇིག་རྟེན་ཐམས་ཅད་དང་མི་མཐུན་པའོ། ། སྨྲས་པ། བཙུན་པ་རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་འཇིག་རྟེན་གྱི་ཆོས་ཡོངས་སུ་ཤེས་པ་དང་ལྡན་ཡང་འཇིག་རྟེན་གྱི་ཆོས་ལས་ཡང་དག་པར་འདའ་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་ སྟོན་ཏོ། །སྨྲས་པ། འཇམ་དཔལ་ཁྱོད་འཇིག་རྟེན་གྱི་ཆོས་ལས་ཡང་དག་པར་འདའ་བ་ལས་རྩོམས་ཏེ་སྤོབས་པར་གྱིས་ཤིག །ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་འཇིག་རྟེན་གྱི་ཆོས་ལས་ཡང་དག་པར་ འདའ། སྨྲས་པ། བཙུན་པ་རབ་འབྱོར་འཇིག་རྟེན་ཞེས་བྱ་བ་ནི་ཕུང་པོ་ལྔའོ། །ལྔ་གང་ཞེ་ན། གཟུགས་ཀྱི་ཕུང་པོ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོའོ། ། 82-1-307b དེ་ལ་གཟུགས་ནི་དབུ་བ་རྡོས་པ་ལྟ་བུའོ། །ཚོར་བ་ནི་ཆུའི་ཆུ་བུར་ལྟ་བུའོ། །འདུ་ཤེས་ནི་སྨིག་རྒྱུ་ལྟ་བུའོ། །འདུ་བྱེད་ཐམས་ཅད་ནི་ཆུ་ཤིང་ལྟ་བུའོ། །རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུའོ། ། དབུ་བ་དང་། ཆུའི་ཆུ་བུར་དང་། སྨིག་རྒྱུ་དང་། ཆུ་ཤིང་དང་། སྒྱུ་མ་གང་ཡིན་པ་དེ་ལ་འཇིག་རྟེན་ཡང་མེད། འཇིག་རྟེན་དུ་གདགས་པ་ཡང་མེད། ཕུང་པོ་རྣམས་ཀྱང་མེད། ཕུང་པོར་གདགས་པ་ཡང་མེད་པར་ གང་ཕུང་པོའི་རང་བཞིན་ལ་དེ་ལྟར་མོས་པ་དེ་ནི་ཡང་དག་པར་ཞུགས་པའོ། །གང་ཡང་དག་པར་ཞུགས་པ་དེ་འཇིག་རྟེན་གྱི་ཆོས་རྣམས་དང་མ་འདྲེས་པའོ། །གང་འཇིག་རྟེན་གྱི་ཆོས་རྣམས་དང་མ་ འདྲེས་པ་དེ་འཇིག་རྟེན་གྱི་ཆོས་ལས་ཡང་དག་པར་འདའོ། །བཙུན་པ་རབ་འབྱོར་གཞན་ཡང་ཕུང་པོ་ལྔ་ནི་རང་བཞིན་གྱིས་སྟོང་ངོ་། །གང་རང་བཞིན་གྱིས་སྟོང་པ་དེ་ལ་གཉིས་སུ་མེད་དོ། །གང་ གཉིས་སུ་མེད་པ་དེ་ལ་ངར་འཛིན་པ་མེད། ང་ཡིར་འཛིན་པ་མེད་དོ། །གང་ལ་ངར་འཛིན་པ་མེད་པ་དང་། ང་ཡིར་འཛིན་པ་མེད་པ་དེ་ལ་ཆགས་པ་མེད་དེ། ཆགས་པ་མེད་པ་རྙེད་པ་ནི་འཇིག་རྟེན་ལས་ཡང་ དག་པར་འདའོ། །བཙུན་པ་རབ་འབྱོར་གཞན་ཡང་ཕུང་པོ་ལྔ་ནི་རྐྱེན་ལ་རག་ལུས་པའོ། །གང་དག་རྐྱེན་ལ་རག་ལུས་པ་དེ་དག་རག་ལུས་པ་མེད་པའོ། །གང་དག་རག་ལུས་པ་མེད་པ་དེ་དག་བདག་པོ་ མེད་པའོ། །གང་དག་བདག་པོ་མེད་པ་དེ་དག་བདག་གི་བ་མེད་པའོ་གང་དག་བདག་གི་བ་མེད་པ་དེ་དག་ཡོངས་སུ་འཛིན་པ་མེད་པའོ། །གང་དག་ཡོངས་སུ་འཛིན་པ་མེད་པ་དེ་ལ་འཐབ་པ་མེད་དོ། །གང་ལ་ འཐབ་པ་མེད་པ་དེ་ལ་རྩོད་པ་མེད་དོ། །གང་ལ་རྩོད་པ་མེད་པ་དེ་དག་དགེ་སྦྱོང་གི་ཆོས་རྩོད་པ་མེད་པའོ། །གང་དག་དགེ་སྦྱོང་གི་ཆོས་མི་རྩོད་པ་དེ་དག་ནམ་མཁའ་ལ་ལག་པ་དང་མཚུངས་ཏེ། ཆོས་ཐམས་ 82-1-308a ཅད་ཀྱང་ནམ་མཁའ་ལ་ལག་པ་དང་མཚུངས་པར་ཤེས་ནས་འཇིག་རྟེན་ལས་ཡང་དག་པར་འདའོ། །བཙུན་པ་རབ་འབྱོར་གཞན་ཡང་ཕུང་པོ་ལྔ་ནི་ཆོས་ཀྱི་དབྱིངས་དང་མཉམ་པའོ། །ཆོས་ ཀྱི་དབྱིངས་ཀྱང་དབྱིངས་མེད་པ་སྟེ། གང་དབྱིངས་མེད་པ་དེ་ལ་མིག་གི་ཁམས་མེད་དོ། །གཟུགས་ཀྱི་ཁམས་མེད་དོ། །མིག་གི་རྣམ་པར་ཤེས་པའི་ཁམས་མེད་དོ། །རྣ་བའི་ཁམས་མེད་དོ། །སྒྲའི་ཁམས་ མེད་དོ། །རྣ་བའི་རྣམ་པར་ཤེས་པའི་ཁམས་མེད་དོ། །སྣའི་ཁམས་མེད་དོ། །དྲིའི་ཁམས་མེད་དོ། །སྣའི་རྣམ་པར་ཤེས་པའི་ཁམས་མེད་དོ། །ལྕེའི་ཁམས་མེད་དོ། །རོའི་ཁམས་མེད་དོ། །ལྕེའི་ རྣམ་པར་ཤེས་པའི་ཁམས་མེད་དོ། །ལུས་ཀྱི་ཁམས་མེད་དོ། །རེག་པའི་ཁམས་མེད་དོ། །ལུས་ཀྱི་རྣམ་པར་ཤེས་པའི་ཁམས་མེད་དོ། །ཡིད་ཀྱི་ཁམས་མེད་དོ། །ཆོས་ཀྱི་ཁམས་མེད་དོ། །ཡིད་ཀྱི་རྣམ་པར་ ཤེས་པའི་ཁམས་མེད་དོ། །གང་ཁམས་མེད་པ་དེ་ལ་སའི་ཁམས་མེད་དོ། །ཆུའི་ཁམས་མེད་དོ། །མེའི་ཁམས་མེད་དོ། །རླུང་གི་ཁམས་མེད་དོ། །ནམ་མཁའི་ཁམས་མེད་དོ། །རྣམ་པར་ཤེས་པའི་ཁམས་ མེད་དོ། །འདོད་པའི་ཁམས་མེད་དོ། །གཟུགས་ཀྱི་ཁམས་མེད་དོ། །གཟུགས་མེད་པའི་ཁམས་མེད་དོ། །འདུས་བྱས་ཀྱི་ཁམས་མེད་དོ། །འདུས་མ་བྱས་ཀྱི་ཁམས་མེད་དོ། །གང་ཁམས་མེད་པ་དེ་ལ་བདག་ མེད། སེམས་ཅན་མེད། སྲོག་མེད། གསོ་བ་མེད། གང་ཟག་མེད། ཤེད་ལས་སྐྱེས་མེད། ཤེད་བུ་མེད་དེ། གང་གིས་དེ་དག་རྗེས་སུ་རྟོགས་པ་མེད་པའི་ཚུལ་གྱིས་མཉམ་པ་ཉིད་དུ་རྟོགས་པ་དེ་འཇིག་ རྟེན་ལས་ཡང་དག་པར་འདའོ། །བསྟན་པ་འདི་བཤད་པ་ན་འཁོར་དེ་ལས་དགེ་སློང་སྟོང་ཉིས་བརྒྱ་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དེ་དག་སེམས་རྣམ་པར་གྲོལ་ནས་རང་ 82-1-308b རང་གི་བླ་གོས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་བ་ལ་བཀབ་སྟེ། ཚིག་འདི་སྐད་དུ་གང་དག་ཆོས་ཟབ་མོ་བསྟན་པ་འདི་ལ་མོས་པ་མེད་པའི་སེམས་ཅན་དེ་དག་ནི་ཐོབ་པ་ཡང་མེད། མངོན་པར་རྟོགས་ པ་ཡང་མེད་དོ་ཞེས་འཛེར་ཏོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་དགེ་སློང་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་གིས་ཅི་ཞིག་ཐོབ་ཅིང་ཅི་ཞིག་མངོན་པར་རྟོགས། དགེ་སློང་དེ་དག་གིས་ འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་དགེ་སྦྱོང་ནི་ཐོབ་པ་མེད་པ། མངོན་པར་རྟོགས་པ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། ཐོབ་པ་ཞེས་བྱ་བ་དེ་ནི་གཡོ་བ་ཉིད་དོ། །མངོན་པར་རྟོགས་པ་ཞེས་བྱ་བ་ དེ་ནི་རློམ་སེམས་ཉིད་དོ། །གཡོ་བ་དང་རློམ་སེམས་གང་ཡིན་པ་དེ་ནི་བདུད་ཀྱི་ལས་སོ། །ལྷག་པའི་ང་རྒྱལ་ཅན་དག་ནི་བདག་གིས་ཐོབ་བོ། །བདག་གིས་མངོན་པར་རྟོགས་སོ་ཞེས་འདི་ལྟ་བུ་འདི་ དག་གི་ཚུལ་དུ་རྣམ་པར་རྟོག་པར་འགྱུར་རོ། །སྨྲས་པ། ཚེ་དང་ལྡན་པ་དག་གིས་ལྷག་པའི་ང་རྒྱལ་ཅན་རྣམས་ཤེས་སམ། སྨྲས་པ། བཅོམ་ལྡན་འདས་མཁྱེན་པ་དང་ལྡན་པས་མཁྱེན་ཏེ། བདག་ཅག་ ནི་ཇི་ལྟར་སྡུག་བསྔལ་གྱི་མཚན་ཉིད་མ་ཤེས་པར་བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་སོ་ཞེས་སྨྲ་བ་ལྷག་པའི་ང་རྒྱལ་ཅན་དུ་རིག་པར་བྱ་ཞིང་ཀུན་འབྱུང་བའི་མཚན་ཉིད་དང་། འགོག་པའི་མཚན་ཉིད་དང་། ལམ་ གྱི་མཚན་ཉིད་མི་ཤེས་པ་བདག་གིས་ལམ་བསྒོམས་སོ་ཞེས་སྨྲ་བ་ལྷག་པའི་ང་རྒྱལ་ཅན་དུ་རིག་པར་བྱའོ་སྙམ་མོ། །དེ་ཅིའི་ཕྱིར་ཞེ་ན། སྡུག་བསྔལ་གྱི་མཚན་ཉིད་དང་། ཀུན་འབྱུང་གི་མཚན་ཉིད་དང་། འགོག་པའི་མཚན་ཉིད་དང་། ལམ་གྱི་མཚན་ཉིད་གང་ཡིན་པ་དེ་ནི་སྐྱེ་བ་མེད་པའི་མཚན་ཉིད་དེ། སྐྱེ་བ་མེད་པའི་མཚན་ཉིད་ནི་མཚན་ཉིད་མེད་པའོ། །མཚན་ཉིད་མེད་པ་ནི་འཕགས་པ་རྣམས་ཀྱི་རྣམ་ 82-1-309a པར་གྲོལ་བའོ། །ཆོས་ཐམས་ཅད་ཀྱང་རྣམ་པར་གྲོལ་བའི་མཚན་ཉིད་དེ། དེ་ལ་ནི་གང་སྡུག་བསྔལ་ཡོངས་སུ་ཤེས་སོ། །གང་ཀུན་འབྱུང་བ་སྤོང་ངོ་། །གང་འགོག་པ་མངོན་དུ་བྱེད་དོ། །གང་ ལམ་སྒོམ་མོ་ཞེས་བྱ་བ་གང་ཡང་མི་དམིགས་ཏེ། ཆོས་ཐམས་ཅད་མཉམ་པ་ཉིད་འདི་ཐོས་ནས་སྐྲག་པ་དེ་ལྷག་པའི་ང་རྒྱལ་ཅན་ཡིན་པར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་དག་ལ་ ལེགས་སོ་ཞེས་བྱ་བ་བྱིན་ཏེ། གནས་བརྟན་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་དགེ་སློང་འདི་དག་གིས་ཇི་སྐད་བསྟན་པ་དེ་དེ་བཞིན་ནོ། །རབ་འབྱོར་དགེ་སློང་འདི་དག་གིས་དེ་བཞིན་གཤེགས་པ་ འོད་སྲུང་གི་གསུང་རབ་ལ་འཇམ་དཔལ་གཞོན་ནུར་གྱུར་བ་ཉིད་ལས་ཟབ་མོ་ཆོས་བསྟན་པ་འདི་ལྟ་བུ་འདི་ཐོས་ཏེ། ཆོས་ཟབ་མོ་མཉན་པ་དེ་ཉིད་ཀྱི་རྒྱུས་འདི་ལྟར་མངོན་པར་ཤེས་པ་མྱུར་བར་གྱུར་ཏོ། ། ཟབ་མོའི་ཆོས་བསྟན་པ་འདི་ལ་ཡང་རྗེས་སུ་འཐུན་པར་གྱུར་ཏེ་མི་མཐུན་པ་མ་ཡིན་ནོ། །རབ་འབྱོར་རྣམ་གྲངས་དེས་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་མ་གཏོགས་པར་གང་དག་ངའི་ གསུང་རབ་འདི་ལ་ཆོས་ཟབ་མོ་བསྟན་པ་འདི་ཉན་ཅིང་ཐོས་ནས་ཀྱང་ལྷག་པར་མོས་པ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པ་བྱམས་པའི་གསུང་རབ་ལ་འདུས་པ་གསུམ་གྱི་གྲངས་སུ་གཏོགས་པར་རིག་ པར་བྱའོ། །གང་ཡང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་དེ་ནི་བཟོད་པ་གང་ཡང་རུང་བ་འཐོབ་པར་འགྱུར་རོ། །དེ་ནས་ལྷའི་བུ་དཔལ་བཟངས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་བ་ལ་འདི་སྐད་ཅེས་ སྨྲས་སོ། །འཇམ་དཔལ་ཁྱོད་རྒྱུན་དུ་འཛམ་བུའི་གླིང་ན་ཆོས་སྟོན་ཏམ། འཇམ་དཔལ་དགའ་ལྡན་གྱི་གནས་སུ་བཞུད་དོ། །དེར་དགའ་ལྡན་གྱི་རིས་ཀྱིས་ལྷ་རྣམས་ལ་ཆོས་བསྟན་དུ་གསོལ། དེ་ན་ལྷའི་བུ་ 82-1-309b སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ་དགེ་བའི་རྩ་བ་བསྐྱེད་པ་དག་ཡོད་དེ། དེ་དག་ཡུལ་ཕུན་སུམ་ཚོགས་པས་བག་མེད་པའི་དབང་གིས་བཅོམ་ལྡན་འདས་དང་། ཁྱོད་ལ་ཆོས་ཉན་དུ་མི་འོང་བས་ན་དེ་དག་ ཆོས་མི་ཉན་པས་ཡོངས་སུ་ཉམས་པར་འགྱུར་ཏེ། དེ་དག་ཁྱོད་ལས་ཆོས་ཐོས་ནས་དགེ་བའི་རྩ་བ་ཆེན་པོ་འཕེལ་བར་འགྱུར་རོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བས་དེའི་ཚེ་གང་གིས་ལྷའི་བུ་ དཔལ་བཟངས་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དགའ་ལྡན་གྱི་གནས་སུ་བཞུགས་པར་བདག་ཉིད་ཀྱིས་ཤེས་པ་དང་། ཉམས་དགའ་བའི་ཀུན་དགའ་ར་བ་དང་། ཉམས་དགའ་བའི་ཚལ་དང་། ཉམས་དགའ་བའི་རྫིང་དང་། ཉམས་དགའ་བའི་བསྐྱེད་མོས་ཚལ་དང་། རིམ་པ་བདུན་དང་། བརྒྱད་དང་། བཅུ་དང་། ཉི་ཤུ་པའི་ཁང་པ་བརྩེགས་པ་བསིལ་ཁང་དང་། བ་གམ་དང་། སྟེགས་བུ་དང་། རྟ་བབས་དང་། སྐར་ཁུང་དང་ལྡན་པ་དེ་དག་ཀྱང་སྣང་བ་དང་། ལྷའི་བུ་མོ་རྐང་ལག་འཇམ་ཞིང་མཉེན་པ། གསེར་གྱི་དྲ་བ་ལྟར་འོད་རྣམ་པར་དག་པ། སྨིན་མ་ལེགས་པ། འཕྲལ་བ་ལེགས་པ། བཞིན་ལེགས་པ་ མིག་པད་མ་མདབ་མ་བརྒྱད་པ་སྔོན་པོ་ལྟ་བུར་མཛེས་ཤིང་དྲི་མ་མེད་པ་ཤིན་དུ་ཡངས་པ། འདོད་པའི་སེམས་བསྐྱེད་པ། ཟླ་བ་ཚེས་པ་ལྟར་མངོན་པར་དགའ་བ། བཞིན་འཛུམ་པ་དང་བཅས་པ་དེ་དག་རྒྱུད་ གཅིག་པ་དང་། པི་བང་དང་། སྒྲ་སྙན་དང་། ཁར་བའི་སིལ་ཁྲོལ་དང་། ཕེག་དང་། རྔ་ཟླུམ་དང་། རྫ་རྔ་དང་། རྡ་སྙན་པ་དང་། གླིང་བུ་དང་། གླུ་དབྱངས་དང་། རོལ་མོའི་དབྱངས་སྒྲ་དང་། གར་དང་། བཞད་གད་དང་། འཇོ་བ་དང་ དགའ་བ་དང་། རྩེ་བས་རྒྱགས་ཤིང་དགའ་བ་དང་། རྩེ་བ་དང་། དགའ་མགུར་སྤྱོད་པ་དག་ཀྱང་སྣང་བ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་བྱ་བ་མངོན་པར་བྱས་སོ། །དེ་འདྲ་བའི་བྱིན་གྱིས་བརླབས་ཀྱིས་བྱིན་གྱིས་བརླབས་སོ། །དེ་ནས་ 82-1-310a ལྷའི་བུ་དཔལ་བཟངས་ཀྱིས་རང་གི་གནས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཡང་མཐོང་། རང་གི་གཡོག་འཁོར་རྣམས་ཀྱང་མཐོང་ངོ་། །མཐོང་ནས་ཀྱང་ངོ་མཚར་དུ་གྱུར་ཏེ། འཇམ་དཔལ་གཞོན་ནུར་གྱུར་བ་ལ་ འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་བདག་ཅག་འདི་ལྟར་མྱུར་དུ་དགའ་ལྡན་གྱི་གནས་སུ་ཕྱིན་ཏེ། ཉམས་དགའ་བའི་ཀུན་དགའི་ར་བ་འདི་དག་དང་ཞེས་བྱ་བ་ནས། དགའ་བ་དང་། རྩེ་བ་དང་། དགའ་མགུར་སྤྱོད་པ་དང་། བདག་གི་རང་གི་གནས་འདི་དང་རང་གི་གཡོག་ཅེས་བྱ་བའི་བར་དུ་སྦྱར་ཏེ། འདི་དག་སྣང་བ་ངོ་མཚར་ཏོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་བུ་དཔལ་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་ཁྱོད་ནི་འཁོར་གྱི་ དཀྱིལ་འཁོར་འདི་ནས་གང་དུ་ཡང་མ་གཡོས་ལ། དགའ་ལྡན་གྱི་གནས་སུ་ཡང་མ་ཕྱིན་ཏེ། ལྷའི་བུ་འོན་ཀྱང་ཐམས་ཅད་དང་ལྡན་པའི་འཁོར་འདི་དགའ་ལྡན་གྱི་གནས་སུ་ཞུགས་པར་བདག་ཉིད་ཀྱིས་ཤེས་པ་དང་། ལྷའི་བུ་ཁོ་བོ་ཅག་ཀྱང་དགའ་ལྡན་གྱི་གནས་སུ་ཞུགས་པར་བདག་ཉིད་ཀྱིས་ཤེས་པ་དེ་ནི་འཇམ་དཔལ་གཞོན་ནུར་གྱུར་བའི་རྫུ་འཕྲུལ་རྣམ་པར་འཕྲུལ་བའི་ཆོ་འཕྲུལ་དང་། ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་ཀྱི་ སྟོབས་སོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་དཔལ་བཟངས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་བའི་རྫུ་འཕྲུལ་རྣམ་པར་འཕྲུལ་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་བྱིན་གྱི་བརླབས་ ཀྱི་སྟོབས་འདི་ནི་བསམ་གྱིས་མི་ཁྱབ་སྟེ། འདི་ལྟར་ཐམས་ཅད་དང་ལྡན་པའི་འཁོར་འདིས་ཕྱོགས་འདི་ནས་གང་དུ་ཡང་མ་གཡོས་པར་འདི་སྙམ་དུ་བདག་ཅག་དགའ་ལྡན་གྱི་གནས་སུ་ཕྱིན་ཏོ་སྙམ་པ་ནི་ངོ་མཚར་ ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་འཇམ་དཔལ་གཞོན་ནུར་གྱུར་བའི་རྫུ་འཕྲུལ་རྣམ་པར་འཕྲུལ་པ་ཇི་སྙེད་ཅིག་ངས་ཤེས་པ་ལས་ཁྱོད་ཀྱིས་ཇི་ཙམ་ཞིག་ཤེས་ཏེ། ལྷའི་བུ་འཇམ་ 82-1-310b དཔལ་གཞོན་ནུར་གྱུར་བ་འདོད་ན་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་གང་དག་ཡོད་པ་དེ་དག་ཐམས་ཅད་ཞིང་གཅིག་ཏུ་ཡང་དག་པར་སྟོན་ཏོ། །སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་ མ་སྙེད་གང་དག་ཡོད་པ། དེ་དག་གཙུག་ཕུད་ཀྱིས་ཕུག་སྟེ། སྟེང་གི་བར་སྣང་གི་ནམ་མཁའ་ལ་འཇོག་གོ། །སངས་རྒྱས་ཀྱི་ཞིང་དེ་དག་ན་རྒྱ་མཚོ་ཆེན་པོར་གྱུར་བའི་ཆུའི་ཕུང་པོ་གང་དག་ཡོད་པ་དེ་དག་ཐམས་ ཅད་སྤུའི་ཁུང་བུ་གཅིག་ཏུ་བླུགས་ཀྱང་ཆུའི་སེམས་ཅན་རྣམས་ལ་གནོད་པ་མེད་དེ། ཐམས་ཅད་ཀྱང་རང་རང་གི་རྒྱ་མཚོ་ཆེན་པོ་ན་གནས་པར་བདག་ཉིད་ཀྱིས་ཤེས་སོ། །སངས་རྒྱས་ཀྱི་ཞིང་དེ་དག་ན་རིའི་རྒྱལ་པོ་ རི་རབ་གང་དག་ཡོད་པ་དེ་དག་ཐམས་ཅད་རི་གཅིག་ཏུ་བྱིན་གྱིས་བརླབས་ཏེ། རི་དེ་དག་ཡུངས་དཀར་གྱི་འབྲུའི་ནང་དུ་བཅུག་ཀྱང་རི་རབ་ལ་གནས་པའི་ལྷ་དེ་དག་ལ་ཡང་གནོད་པ་མེད་དེ། ཐམས་ཅད་ ཀྱང་རང་རང་གི་གནས་ན་འཁོད་པར་བདག་ཉིད་ཀྱིས་ཤེས་སོ། །སངས་རྒྱས་ཀྱི་ཞིང་དེ་དག་ན་འགྲོ་བ་ལྔར་སྐྱེས་པའི་སེམས་ཅན་གང་དག་ཡོད་པ་དེ་དག་ཐམས་ཅད་ལག་པ་གཡས་པའི་མཐིལ་དུ་བཞག་ སྟེ། འཇིག་རྟེན་གྱི་ཁམས་བདེ་བ་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པའི་སེམས་ཅན་རྣམས་ཀྱི་བདེ་བར་སྦྱར་བ་ཅི་འདྲ་བ་དེ་ལྟ་བུ་དག་དེ་དག་ལ་སྒྲུབ་བོ། །གང་ཡང་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་ མ་སྙེད་སྲེག་པར་བྱེད་པའི་མེ་དེ་དག་ཐམས་ཅད་མར་མེའི་སྙིང་པོ་གཅིག་གི་མེ་ལྕེ་ཙམ་གྱི་མེར་བྱིན་གྱི་རློབ་སྟེ་དེས་བྱ་བ་བྱེད་པ་གང་ཡིན་པ་དེ་བྱེད་དོ། །སངས་རྒྱས་ཀྱི་ཞིང་གང་གཱའི་ ཀླུང་གི་བྱེ་མ་རྙེད་དག་ན་ཉི་མ་དང་ཟླ་བའི་འོད་གང་དག་ཡོད་པ་དེ་དག་ཐམས་ཅད་སྤུའི་ཁུང་བུ་གཅིག་གི་འོད་ཀྱིས་ཟིལ་ཏུ་རླག་པར་བྱེད་དོ། །ལྷའི་བུ་འཇམ་དཔལ་གཞོན་ནུར་གྱུར་བའི་རྫུ་འཕྲུལ་རྣམ་པར་འཕྲུལ་བའི་ 82-1-311a ཆོ་འཕྲུལ་ལས་བརྩམས་ནས་ང་བསྐལ་བ་འམ། བསྐལ་པ་ལས་ལྷག་པར་ཡང་ཆོས་སྟོན་ཏེ། འཇམ་དཔལ་གཞོན་ནུར་གྱུར་བ་ནི་རྫུ་འཕྲུལ་དང་བྱིན་གྱིས་བརླབས་ཀྱི་སྟོབས་བསམ་གྱིས་མི་ཁྱབ་པ་འདི་ ལྟ་བུ་དང་ལྡན་ནོ།། །། བམ་པོ་གཉིས་པ། དེ་ནས་བདུད་སྡིག་ཅན་འཁོར་དེ་ཉིད་དུ་འདུས་པར་གྱུར་ནས་འདུག་སྟེ། དེས་བདག་ཉིད་དགེ་སློང་གི་གཟུགས་སུ་བྱིན་གྱིས་བརླབས་ནས་བཅོམ་ལྡན་འདས་ ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་བའི་རྫུ་འཕྲུལ་རྣམ་པར་འཕྲུལ་བའི་ཆོ་འཕྲུལ་དེ་དག་གིས་བལྟ་བར་བགྱིའོ། །བཅོམ་ལྡན་འདས་ཚིག་ཙམ་དུ་གསུངས་པས་ཅི་སྨན་ཀྱིས་ བདག་ལ་མངོན་སུམ་དུ་གྱུར་ཅིག །དེ་ནས་བཅོམ་ལྡན་འདས་ཀྱིས་བདུད་སྡིག་ཅན་དུ་མཁྱེན་བཞིན་དུ་སེམས་ཅན་ཚད་མེད་པ་དེ་དག་གི་དགེ་བའི་རྩ་བ་རྣམ་པར་སྤེལ་བའི་ཕྱིར་འཇམ་དཔལ་གཞོན་ནུར་གྱུར་བ་ལ་འདི་སྐད་ ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ངས་ཁྱོད་ལ་བསྐུལ་གྱིས་ཁྱོད་ཀྱིས་འཁོར་འདི་དག་ལ་རང་གི་རྫུ་འཕྲུལ་གྱི་སྟོབས་དང་ཆོ་འཕྲུལ་སྟོན་ཅིག་དང་། སེམས་ཅན་ཚད་མེད་པ་རྣམས་ཀྱི་དགེ་བའི་རྩ་བ་རྣམ་པར་འཕེལ་བར་འགྱུར་ རོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བ་བཅོམ་ལྡན་འདས་ཀྱིས་བསྐུལ་པར་ཤེས་ནས་ཆོས་ཐམས་ཅད་སེམས་ཀྱིས་དབང་སྒྱུར་བ་རྣམ་པར་འཕྲུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །འཇམ་དཔལ་ གཞོན་ནུར་གྱུར་བས་ཆོས་ཐམས་ཅད་སེམས་ཀྱིས་དབང་སྒྱུར་བ་རྣམ་པར་འཕྲུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ་དེ་ནས་དེའི་མོད་ལ་ཐམས་ཅད་དང་ལྡན་པའི་འཁོར་དེས་འཇམ་དཔལ་གཞོན་ནུར་ གྱུར་བའི་རྫུ་འཕྲུལ་རྣམ་པར་འཕྲུལ་བའི་ཆོ་འཕྲུལ་བཅོམ་ལྡན་འདས་ཀྱིས་ཇི་སྐད་གསུངས་པ་དེ་བཞིན་དུ་མ་ཆད་པ་དང་། མ་ལྷག་པ་དང་། མི་མང་བར་མཐོང་ངོ་། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་གྱིས་ཆོ་འཕྲུལ་དེ་མཐོང་ 82-1-311b ནས་ངོ་མཚར་དུ་གྱུར་ཏོ། །སངས་རྒྱས་བྱུང་བ་ལེགས་སོ་ལེགས་སོ། །སངས་རྒྱས་བྱུང་བ་ནི་སེམས་ཅན་རྣམས་ལ་དོན་ཆེན་པོར་ཉེ་བར་གནས་སོ། །དེ་བྱུང་བས་སྐྱེས་བུ་དམ་པ་འདི་ལྟ་བུ་འདི་དག་ཀྱང་འཇིག་རྟེན་དུ་བྱུང་ བ་ཡིན་ནོ། །ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་འདི་ལྟ་བུ་ཡང་འཇིག་རྟེན་ན་སྣང་བ་ཡིན་ནོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །དེ་ནས་བདུད་སྡིག་ཅན་གྱི་ཆོ་འཕྲུལ་དེ་མཐོང་སྟེ། ངོ་མཚར་དུ་གྱུར་ནས་ཐལ་མོ་སྦྱར་ཏེ་འཇམ་ དཔལ་གཞོན་ནུར་གྱུར་བ་ལ་ཕྱག་འཚལ་ཞིང་ཚིག་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་གཞོན་ནུར་གྱུར་བའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་སྟེ་ངོ་མཚར་ཏོ། །སེམས་ཅན་གང་དག་ཆོ་འཕྲུལ་བཤད་པ་ འདི་ཐོས་ནས་མོས་པ་དེ་དག་ངོ་མཚར་ཆེ་བར་བདག་གིས་བསམས་སོ། །བཅོམ་ལྡན་འདས་གལ་ཏེ་བདུད་སྡིག་ཅན་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གྱུར་ཀྱང་དེ་ལྟར་མོས་པའི་སེམས་ཅན་དེ་ལ་བར་ཆད་བགྱི་བའི་རྔོ་མི་ཐོག་ ལགས་སོ། །བཅོམ་ལྡན་འདས་བདུད་སྡིག་ཅན་བདག་ནི་རྟག་ཏུ་རྒྱུན་མི་འཆད་པར་དེ་བཞིན་གཤེགས་པ་ལ་གླགས་ལྟ་ཞིང་སྐབས་ཚོལ་བ་དང་། སེམས་ཅན་རྣམས་ལ་ཡང་གཙེ་བར་སེམས་པ་དང་། བརྩོན་པའི་ གང་ཟག་རྣམས་ཀྱི་དགེ་བའི་རྩ་བའི་བར་ཆད་བགྱི་བའི་སླད་དུ་ཡང་ཞུགས་པ་ལགས་ཏེ། བཅོམ་ལྡན་འདས་དེང་སླན་ཆད་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། ཕོ་བྲང་འཁོར་གང་ན་ཆོས་ཀྱི་རྣམ་ གྲངས་འདི་རབ་ཏུ་སྤྱོད་པ་དེར་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་བརྒྱ་ཚུན་ཆད་དུ་མིག་གིས་མི་རྩོལ་བར་བགྱི་བའི་སླད་དུ་བདག་མི་མཆི་བར་བདག་ཡི་དམ་དེ་ལྟ་བུ་བླང་བར་བགྱིའོ། །གང་དག་འཆང་བ་དང་། འཆད་པ་དང་། སྟོན་པ་དང་། སོ་སོར་རྟོག་པ་དང་། སྒྲུབ་པ་དེ་ལ་སྟོན་པ་ལ་བགྱི་བ་ལྟར་གུས་པ་བསྐྱེད་པར་བགྱིའོ། །བཅོམ་ལྡན་འདས་འོན་དུ་ལགས་ཀྱང་བདག་གི་འཁོར་གང་དེ་བཞིན་གཤེགས་པའི་བསྟན་པའི་བར་ཆད་བགྱི་བ་དང་། བརྩོན་ 82-1-312a པ་རྣམས་གཡེངས་པར་བགྱི་བའི་སླད་དུ་ཞུགས་པ་དག་མཆིས་ཏེ། དེ་དག་ཆད་པས་དགུམ་པའི་སླད་དུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གིས་གསང་སྔགས་ཀྱི་ཚིག་འདི་དག་དྲན་པར་ བགྱིའོ། །ཏ་དྱ་ཐཱ། ཨ་མ་ལེ། བི་མ་ལེ། སྠི་ཏ་ཏྭེ། ཨ་ག་ལ་མ་ནིརྫི་ཏ་ཤ་ཏྲུ། ཛ་ཡེ་ཛ་ཡ་བ་ཏི། བྷུ་ཏ་མ་ཏི། ཤ་མེ། ཤཱན་ཏི། ཨ་ཕུ་མེ། ཕུ་ཕུ་མེ། དྷི་རེ། ཨ་ཁེ་མ་ཁེ། ཁ་ཁེ། མི་སི་ལེ། ཨ་ག་མེ། ཕུ་ལ་ཏེ། ཕུ་ལ། ཕུ་ལེ། ཕ་ཤུ་མེ། ཤུ་ཤུ་མེ། དྷི་དྷེ་རེ། ཨ་ན་པ་ན་ཏེ། སྠི་ཏ་ཏྲེ། ཀྲྀ་ཏཱ་ར་ཐེ། ཀྲྀ་ཏ་བིརྱ། བཻ་རོ་ཙ་ན་སད་དྷརྨ་བྷ་ཎ་ཀོ་སྱ་སཱུ་ཏྲ་སྱ་དྷ་རི་ཀ །ཨ་བྷྲ་མུ་ག་ཏ་ཨི་བ་སཱུརྱ་སྭཱ་ཧཱ། བཅོམ་ལྡན་འདས་ཆོས་སྨྲ་བ་གང་གསང་སྔགས་ཀྱི་ཚིག་འདི་རྣམས་ ཀྱིས་ཀུན་དུ་བསྲུངས་པ་དེ་ལ་བདུད་ཀྱི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་བར་ཆད་བགྱི་བ་ནི་གནས་མ་ལགས་ཤིང་སྐབས་མ་ལགས་ཏེ། དེ་ནི་གནས་མ་མཆིས་ཀྱི་སྟེང་དུ་དེ་ལ་གོས་དང་། ཟས་དང་། མལ་ཆ་དང་། ན་བའི་གསོས་ སྨན་དང་། ཡོ་བྱད་རྣམས་ཉེ་བར་བསྒྲུབ་པ་དང་། སྤྲོ་བར་བགྱི་བ་དང་། སྤོབས་པར་བགྱི་བར་སྤྲོ་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་གསང་སྔགས་ཀྱི་ཚིག་འདི་དག་བརྗོད་ པས་གཡེང་བ་མ་མཆིས་པའི་རྒྱུད་ཀྱིས་གདུགས་མཚན་འདས་པར་བགྱིད་པ་དེ་དག་ལྷ་རྣམས་ཀྱིས་བསྲུངས་པར་འགྱུར། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ ཆེན་པོ་དང་། མི་དང་། མི་མ་ལགས་པ་རྣམས་ཀྱིས་བསྲུངས་པར་འགྱུར་ཏེ། དེ་དག་ལ་སླར་རྒོལ་བ་འམ་མི་མཛད་པ་གང་གིས་གླགས་བལྟས་ཀྱང་གླགས་རྙེད་པར་མི་འགྱུར་ལགས་སོ། །དེ་ནས་བཅོམ་ལྡན་འདས་ ཀྱིས་བདུད་སྡིག་ཅན་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། སྡིག་ཅན་ལེགས་སོ་ལེགས་སོ། །འདིར་ཁྱོད་ཀྱིས་གསང་སྔགས་ཀྱི་ཚིག་བསྟན་པ་བརྗོད་པས་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་རྣམ་པ་དྲུག་ཏུ་གཡོས་ 82-1-312b ཏེ། ཁྱོད་ཀྱི་སྤོབས་པ་དེ་ཐམས་ཅད་ནི་འཇམ་དཔལ་གཞོན་ནུར་གྱུར་བའི་བྱིན་གྱིས་བརླབས་སུ་རིག་པར་བྱའོ། །འཇམ་དཔལ་གཞོན་ནུར་གྱུར་བའི་རྫུ་འཕྲུལ་རྣམ་པར་འཕྲུལ་བའི་ཆོ་འཕྲུལ་དང་བྱིན་གྱིས་བརླབས་ འདི་བསྟན་པ་དང་། བདུད་ཀྱི་གསང་སྔགས་ཀྱི་སྟོབས་དང་། རིག་སྔགས་ཀྱི་སྟོབས་བསྟན་པ་ན་སྲོག་ཆགས་ཉི་ཁྲིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །དེ་ནས་འཇམ་དཔལ་ གཞོན་ནུར་གྱུར་བས་རྫུ་འཕྲུལ་བསྡུས་ནས་ལྷའི་བུ་དཔལ་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་ཁྱོད་དགའ་ལྡན་གྱི་གནས་སུ་སོང་ལ་དགའ་ལྡན་གྱི་རིས་ཀྱི་ལྷའི་བུ་རྣམས་སྡུས་ཤིག་དང་ཁོ་བོ་ཡང་དེར་འོང་ ངོ་། །དེ་ནས་ལྷའི་བུ་དཔལ་བཟངས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་བའི་ལྟར་མཉན་ཏེ། བཅོམ་ལྡན་འདས་དང་འཇམ་དཔལ་གཞོན་ནུར་གྱུར་བ་དང་བྱང་ཆུབ་སེམས་དཔའི་དགེ་འདུན་ཐམས་ཅད་དང་། ཉན་ཐོས་ ཀྱི་དགེ་འདུན་ལ་བསྐོར་བ་བྱས་ནས་འཁོར་དང་བཅས་པར་འཁོར་དེ་ནས་མི་སྣང་བར་གྱུར་ཏེ་དགའ་ལྡན་གྱི་གནས་སུ་ཕྱིན་ཏོ། །དེ་ནས་ལྷའི་བུ་དཔལ་བཟངས་ཀྱིས་དགའ་ལྡན་གྱི་རིས་ཀྱི་ལྷའི་བུ་རྣམས་ལ་སྨྲས་ པ། གྲོགས་པོ་དག་ཤེས་པར་གྱིས་ཤིག །འཇམ་དཔལ་གཞོན་ནུར་གྱུར་པ་འོ་བུ་ཅག་ལ་སྙིང་བརྩེ་བའི་ཕྱིར་འདིར་འོང་གིས་དེ་ལ་དགའ་ལྡན་གྱི་རིས་ཀྱི་ལྷ་ཁྱེད་དགའ་བ་དང་། རྩེ་བ་ལ་བག་མེད་པ་འོར་ཏེ་བག་ཡོད་པར་ གྱིས་ལ་འཇམ་དཔལ་གཞོན་ནུར་གྱུར་བ་ལ་ཆོས་ཉན་དུ་ཤོག་ཤིག །དེ་ནས་ལྷའི་བུ་དཔལ་བཟངས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་བ་ལ་མཆོད་པའི་ལས་ཀྱི་ཕྱིར་དགའ་ལྡན་གྱི་གནས་ཀྱི་དབུས་སུ་ལྷའི་ཡིད་ལས་ བྱུང་བ་རིན་པོ་ཆེ་ཐམས་ཅད་ལས་བྱས་པའི་འཁོར་གྱི་ཁྱམས་མཆུར་ཤར་ནུབ་ཏུ་དཔག་ཚད་སུམ་ཁྲི་ཉིས་སྟོང་ཡོད་ལ། ཞེང་ལྷོ་བྱང་དུ་དཔག་ཚད་ཁྲི་དྲུག་སྟོང་ཡོད་པ་བྱས་ཏེ། དེར་སེང་གེའི་ཁྲི་སྣ་ཚོགས་བལྟ་ན་སྡུག་པ། 82-1-313a ལྷའི་རས་བཅོས་བུ་བརྒྱ་སྟོང་དུ་མ་བཏིང་བ་སྟོང་ཕྲག་དུ་མ་བྱས་སོ། །དེ་ནས་ལྷའི་བུ་དཔལ་བཟངས་ཀྱིས་རྣམ་པ་འདི་ལྟ་བུའི་འཁོར་གྱི་ཁྱམས་བཀོད་པ་དེ་དག་དང་། སེང་གེའི་ཁྲི་རྣམས་ཀྱང་ བྱས་ནས་ཐལ་མོ་སྦྱར་ཏེ། འཇམ་དཔལ་གཞོན་ནུར་གྱུར་བ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་འཁོར་གྱི་ཁྱམས་བཀོད་པ་དང་། སེང་གེའི་ཁྲི་བཀོད་པ་བགྱིས་ལགས་ན་ད་དེའི་དུས་ལ་བབ་པར་མཁྱེན་ན་ གཤེགས་སུ་གསོལ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བ་དང་། བྱང་ཆུབ་སེམས་དཔའ་ཁྲི་ཉིས་སྟོང་དང་། ཉན་ཐོས་ཀྱི་མཆོག་ལྔ་བརྒྱ་དང་། ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་སྟོང་ཕྲག་དུ་མ་དག་དང་ ལྷན་ཅིག་ཏུ་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དྲུང་ནས་མི་སྣང་བར་ གྱུར་ནས། སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་དགའ་ལྡན་གྱི་གནས་སུ་ཕྱིན་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བ་རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་དེར་རང་གི་ཁྲི་ཇི་ལྟར་བཤམས་པ་ལ་འདུག་གོ། །བྱང་ ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་ཆེན་པོ་རྣམས་དང་། ཐམས་ཅད་དང་ལྡན་པའི་འཁོར་ཀྱང་སྟན་ཅི་རིགས་པ་ལ་འཁོད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་བཅུ་རྩ་གསུམ་དང་། འཐབ་ བྲལ་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་བདུད་ཀྱི་རིས་རྣམས་དང་། གཟུགས་ན་སྤྱོད་པའི་ཚངས་རིས་ཀྱི་ལྷ་ནས་བཟུང་སྟེ། འོག་མིན་གྱི་བར་གྱི་ལྷ་རྣམས་ཀྱིས་གཅིག་ནས་གཅིག་ཏུ་སྒྲ་ཐོས་པ། འདི་ལྟར་འཇམ་དཔལ་གཞོན་ ནུར་གྱུར་བ་དགའ་ལྡན་གྱི་གནས་སུ་འབྲེལ་བའི་ཆོས་ཀྱི་གཏམ་ཆེན་པོ་སྨྲ་བར་འགྱུར་གྱིས་བདག་ཅག་ཀྱང་ཆོས་མཉན་པའི་ཕྱིར་ངེས་པར་དེར་འདོང་བར་བྱའོ། །སྐྱེས་བུ་དམ་པ་དེ་ལྟ་བུ་དག་མཐོང་བ་ནི་ལེགས་པར་མཐོང་བའོ། ། 82-1-313b དེ་དག་ལས་ཆོས་ཐོས་པ་ནི་ལེགས་པར་ཐོས་པའོ་ཞེས་སྒྲ་ཐོས་ནས་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་ཚད་མེད་གྲངས་མེད་པ་དག་རང་རང་གི་གནས་ནས་མི་སྣང་བར་གྱུར་ཏེ། དགའ་ལྡན་གྱི་ གནས་སུ་ཕྱིན་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བས་དེ་ལྟ་བུའི་བྱིན་གྱིས་རླབས་ཀྱིས་བྱིན་གྱི་བརླབས་པས་དེས་ལྷའི་འཁོར་དེ་ཙམ་དུ་ཚད་མེད་པ་དག་རིན་པོ་ཆེ་བཀོད་པའི་ཁྱམས་ཀྱི་འཁོར་དེ་ཉིད་དུ་གོ་སྐབས་ཡངས་པར་གནས་པར་གྱུར་ཏོ། །དེ་ནས་ལྷའི་བུ་ དཔལ་བཟངས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་བ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ལྷའི་འཁོར་ཆེན་པོ་འདི་འདུས་ལགས་ན་ཆོས་ཀྱི་བཀའ་མཆིད་ལས་བརྩམས་ཏེ་སྤོབས་པར་མཛད་དུ་གསོལ། དེ་སྐད་ཅེས་སྨྲས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་བས་ལྷའི་བུ་དཔལ་བཟངས་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་དག་ཆོས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་ཆོས་ཐམས་ ཅད་སྡུད་པར་འགྱུར་བ་དག་གོ། །བཞི་གང་ཞེ་ན། འདི་ལྟ་སྟེ་ཚུལ་ཁྲིམས་ལ་གནས་པའི་ཐོས་པ་དང་། བསམ་གཏན་ལ་གནས་པའི་ཤེས་རབ་དང་། མངོན་པར་ཤེས་པ་ལ་གནས་པའི་ཡེ་ཤེས་དང་། ཐབས་ལ་མཁས་ པའི་བག་ཡོད་པ་སྟེ། གྲོགས་པོ་དག་ཆོས་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་ཆོས་ཐམས་ཅད་སྡུད་པར་འགྱུར་བའོ། །གྲོགས་པོ་དག་དེ་ལ་ཡོངས་སུ་དག་པ་རྣམ་པ་བརྒྱད་ཀྱིས་ཚུལ་ ཁྲིམས་ལ་འཇུག་སྟེ། ཡོངས་སུ་དག་པ་རྣམ་པ་བརྒྱད་ཀྱིས་ཇི་ལྟར་འཇུག་ཅེ་ན། འདི་ལྟ་སྟེ། ལུས་དག་པའི་རྣམ་པས་འཇུག་པ་དང་། ངག་དག་པའི་རྣམ་པས་འཇུག་པ་དང་། སེམས་དག་པའི་ རྣམ་པས་འཇུག་པ་དང་། བསམ་པ་དག་པའི་རྣམ་པས་འཇུག་པ་དང་། འཚོ་བ་དག་པའི་རྣམ་པས་འཇུག་པ་དང་། སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པ་དག་པའི་རྣམ་པས་འཇུག་པ་དང་། 82-1-314a ཚུལ་འཆོས་པ་དང་། ཁ་གསག་དང་། གཞོག་སློངས་དང་། ཐོབ་ཀྱིས་འཇལ་བ་ཐམས་ཅད་རྣམ་པར་སྤོང་བའི་རྣམ་པས་འཇུག་པ་དང་། བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་ རྣམ་པས་འཇུག་པ་སྟེ། གྲོགས་པོ་དག་དེ་ལྟར་ཡོངས་སུ་དག་པ་རྣམ་པ་བརྒྱད་ཀྱིས་ཚུལ་ཁྲིམས་ལ་འཇུག་གོ། །གྲོགས་པོ་དག་དེ་ལ་རྣམ་པ་བརྒྱད་ཀྱིས་ཐོས་པ་ཡོངས་སུ་དག་སྟེ། རྣམ་ པ་བརྒྱད་གང་ཞེ་ན། འདི་ལྟ་སྟེ། བླ་མ་ལ་གུས་པས་ཡོངས་སུ་དག་པ་དང་། ང་རྒྱལ་བཅོམ་པས་ཡོངས་སུ་དག་པ་དང་། བརྩོན་འགྲུས་དང་ཏིང་ངེ་འཛིན་ཐོབ་པས་ཡོངས་སུ་དག་པ་དང་། དྲན་པ་མི་གཡེང་བས་ཡོངས་སུ་དག་པ་དང་། བསྟན་པ་དང་རབ་ཏུ་བཤད་པས་ཡོངས་སུ་དག་པ་དང་། བདག་ལ་མི་སྟོད་ ཅིང་གཞན་ལ་མི་སྨོད་པས་ཡོངས་སུ་དག་པ་དང་། ཚུལ་བཞིན་དུ་སོ་སོར་རྟོག་པས་ཡོངས་སུ་དག་པ་དང་། ཇི་ལྟར་ཐོས་པའི་ཆོས་སྒྲུབ་པས་ཡོངས་སུ་དག་པ་སྟེ། གྲོགས་ པོ་དག་དེ་ལྟར་རྣམ་པ་བརྒྱད་ཀྱིས་ཐོས་པ་ཡོངས་སུ་དག་གོ། །གྲོགས་པོ་དག་དེ་ལ་རྣམ་པ་བརྒྱད་ཀྱིས་བསམ་གཏན་ཡོངས་སུ་དག་པ་སྟེ། རྣམ་པ་བརྒྱད་གང་ཞེ་ན། འདི་ལྟ་སྟེ། དགོན་པ་ལ་གནས་ཤིང་དབེན་པ་ལ་དགའ་བས་ཡོངས་སུ་དག་པ་དང་། འདུ་འཛི་སྤོང་བས་ཡོངས་སུ་དག་པ་དང་། ཡུལ་དང་མི་འདྲེ་བས་ཡོངས་སུ་དག་པ་དང་། ལུས་དང་སེམས་ལས་སུ་རུང་བས་ ཡོངས་སུ་དག་པ་དང་། ཁ་ཟས་བསྙུངས་ཏེ་ལུས་འཚོ་བས་ཡོངས་སུ་དག་པ་དང་། དམིགས་པ་ལ་འཇོག་པས་ཡོངས་སུ་དག་པ་དང་། སྒྲ་དང་མཚན་མ་ཐམས་ཅད་རྣམ་པར་འཇིག་པས་ཡོངས་སུ་དག་པ་དང་། འཕགས་པའི་བདེན་ 82-1-314b པ་དང་ཟང་ཟིང་མེད་པར་སོ་སོར་ཡང་དག་པར་འགེད་པས་ཡོངས་སུ་དག་པ་སྟེ། གྲོགས་པོ་དག་དེ་ལྟར་རྣམ་པ་བརྒྱད་ཀྱིས་བསམ་གཏན་ཡོངས་སུ་དག་གོ། །གྲོགས་པོ་དག་དེ་ལ་རྣམ་པ་བརྒྱད་ཀྱིས་ཤེས་རབ་ཡོངས་སུ་ དག་སྟེ། རྣམ་པ་བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་ལ་མཁས་པའི་རྣམ་པས་ཡོངས་སུ་དག་པ་དང་། ཁམས་ལ་མཁས་པའི་རྣམ་པས་ཡོངས་སུ་དག་པ་དང་། སྐྱེ་མཆེད་ལ་མཁས་པའི་རྣམ་པས་ཡོངས་སུ་དག་ པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པའི་རྣམ་པས་ཡོངས་སུ་དག་པ་དང་། བདེན་པ་ལ་མཁས་པའི་རྣམ་པས་ཡོངས་སུ་དག་པ་དང་། དབང་པོ་ལ་མཁས་པའི་རྣམ་པས་ཡོངས་སུ་དག་པ་དང་། རྣམ་ པར་ཐར་པའི་སྒོ་གསུམ་ལ་མཁས་པའི་རྣམ་པས་ཡོངས་སུ་དག་པ་དང་། བག་ལ་ཉལ་དང་། ཀུན་ནས་དཀྲིས་པ་དང་། ལྟ་བ་ཐམས་ཅད་ཡང་དག་པར་འཇོམ་པ་ལ་མཁས་པའི་རྣམ་པས་ཡོངས་སུ་དག་པ་སྟེ། གྲོགས་པོ་དག་ དེ་ལྟར་རྣམ་པ་བརྒྱད་ཀྱིས་ཤེས་རབ་ཡོངས་སུ་དག་གོ། །གྲོགས་པོ་དག་དེ་ལ་རྣམ་པ་བརྒྱད་ཀྱིས་མངོན་པར་ཤེས་པ་ཡོངས་སུ་དག་སྟེ། རྣམ་པ་བརྒྱད་གང་ཞེ་ན། འདི་ལྟ་སྟེ། སྒྲིབ་པ་མེད་པར་གཟུགས་ ཐམས་ཅད་མཐོང་བས་ལྷའི་མིག་ཡོངས་སུ་དག་པ་དང་། སྒྲིབ་པ་མེད་པར་སྒྲ་ཐམས་ཅད་ཐོས་པས་ལྷའི་རྣ་བ་ཡོངས་སུ་དག་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ལ་རྣམ་པར་ལྟ་བས་ཕ་རོལ་གྱི་ སེམས་ཤེས་པ་ཡོངས་སུ་དག་པ་དང་། སྒྲིབ་པ་མེད་ཅིང་ཆགས་པ་མེད་པར་སྔོན་གྱི་མཐའ་རྗེས་སུ་དྲན་པས་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་ཡོངས་སུ་དག་པ་དང་། སངས་རྒྱས་ཀྱི་ཞིང་མཐའ་ཡས་ པར་འགྲོ་བས་རྫུ་འཕྲུལ་གྱི་བྱ་བ་ཡོངས་སུ་དག་པ་དང་། ཟག་པ་ཐམས་ཅད་ཟད་པ་ཤེས་པས་བསལ་ཅིང་དུས་མ་ཡིན་པ་ཡོངས་སུ་སྤངས་པས་ཟག་པ་ཟད་པ་ཡོངས་སུ་དག་པ་དང་། 82-1-315a གཡོ་བ་དང་། རློམ་སེམས་ཐམས་ཅད་དང་བྲལ་བས་དགེ་བའི་རྩ་བ་མངོན་པར་ཤེས་པ་ཡོངས་སུ་དག་པ་དང་། ཇི་ལྟར་སྔོན་དམ་བཅས་པ་ཉམས་འོག་ཏུ་ཆུད་པར་བྱེད་པས་ཤེས་པ་བསྟན་པ་ཡོངས་སུ་དག་ པ་སྟེ། གྲོགས་པོ་དག་དེ་ལྟར་རྣམ་པ་བརྒྱད་ཀྱིས་མངོན་པར་ཤེས་པ་ཡོངས་སུ་དག་གོ། །གྲོགས་པོ་དག་དེ་ལ་རྣམ་པ་བརྒྱད་ཀྱིས་ཡེ་ཤེས་ཡོངས་སུ་དག་སྟེ། རྣམ་པ་བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་ལྔ་ཡོངས་སུ་ཤེས་པས་ སྡུག་བསྔལ་ཤེས་པ་ཡོངས་སུ་དག་པ་དང་། སྲེད་པ་ཤིན་དུ་སྤོང་བས་ཀུན་འབྱུང་བ་ཤེས་པ་ཡོངས་སུ་དག་པ་དང་། བརྟེན་ནས་སྐྱེས་པ་ལ་སྐྱེ་བ་མེད་པར་སོ་སོར་རྟོག་པས་འགོག་པ་ཤེས་པ་ཡོངས་སུ་དག་པ་དང་། འདུས་བྱས་ དང་། འདུས་མ་བྱས་མཉམ་པ་ཉིད་དུ་འཇུག་པས་ལམ་ཤེས་པ་ཡོངས་སུ་དག་པ་དང་། ལས་དང་བྱ་བ་དང་མི་འགལ་བས་རྒྱུ་ཤེས་པ་ཡོངས་སུ་དག་པ་དང་། བདག་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གསོ་ བ་མེད་པས་རྐྱེན་ཤེས་པ་ཡོངས་སུ་དག་པ་དང་། འཁོར་གསུམ་ཡོངས་སུ་གཅོད་པས་དུས་གསུམ་ཤེས་པ་ཡོངས་སུ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡེ་ཤེས་ཐམས་ཅད་ལ་འཇུག་པས་ཐམས་ཅད་མཁྱེན་པའི་ཡེ་ ཤེས་ཡོངས་སུ་དག་པ་སྟེ། གྲོགས་པོ་དག་དེ་ལྟར་རྣམ་པ་བརྒྱད་ཀྱིས་ཡེ་ཤེས་ཡོངས་སུ་དག་གོ། །གྲོགས་པོ་དག་དེ་ལ་རྣམ་པ་བརྒྱད་ཀྱིས་ངེས་པར་སེམས་པ་ཡོངས་སུ་དག་པ་སྟེ། རྣམ་པ་བརྒྱད་གང་ཞེ་ན། འདི་ལྟ་སྟེ། ནང་ཉེ་བར་ཞི་ བས་ཡོངས་སུ་དག་པ་དང་། ཕྱི་རོལ་དུ་མི་རྒྱུ་བས་ཡོངས་སུ་དག་པ་དང་། ཁམས་གསུམ་ལ་མི་གནས་པས་ཡོངས་སུ་དག་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་འཐུན་པས་ཡོངས་སུ་དག་པ་དང་། སྐྱེ་བ་མེད་པ་དང་འབྱུང་བ་མེད་ པས་ཡོངས་སུ་དག་པ་དང་། མངོན་པར་འདུ་བྱེད་པ་མེད་པར་སོ་སོར་རྟོགས་པས་ཡོངས་སུ་དག་པ་དང་། ཆོས་ཐམས་ཅད་བདག་མེད་པར་སོ་སོར་རྟོག་པས་ཡོངས་སུ་དག་པ་དང་། ཉོན་མོངས་པ་ཐམས་ཅད་ཀྱིས་ཤིན་དུ་མི་འཁྲུགས་ 82-1-315b པས་ཡོངས་སུ་དག་པ་སྟེ། གྲོགས་པོ་དག་འདི་ནི་རྣམ་པ་བརྒྱད་ཀྱིས་ངེས་པར་སེམས་པ་ཡོངས་སུ་དག་པའོ། །གྲོགས་པོ་དག་དེ་ལ་རྣམ་པ་བརྒྱད་ཀྱིས་བག་ཡོད་པ་ཡོངས་སུ་དག་སྟེ། རྣམ་པ་བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཚུལ་ ཁྲིམས་མཆོག་ཏུ་འཛིན་པ་མེད་པས་ཡོངས་སུ་དག་པ་དང་། ཐོས་པ་ཡོངས་སུ་བྱང་བས་ཡོངས་སུ་དག་པ་དང་། བསམ་གཏན་དེ་ལ་མ་ཆགས་པས་ཡོངས་སུ་དག་པ་དང་། ཤེས་རབ་དང་གསུང་རབ་ཀྱིས་ཡོངས་སུ་དག་པ་དང་། མངོན་ པར་ཤེས་པ་ལས་མ་ཉམས་པས་ཡོངས་སུ་དག་པ་དང་། ཡེ་ཤེས་ཀྱིས་རློམ་སེམས་མེད་པས་ཡོངས་སུ་དག་པ་དང་། ངེས་པར་སེམས་པས་རྩོད་པ་མེད་པས་ཡོངས་སུ་དག་པ་དང་། དགེ་བའི་ཆོས་ཆུད་མི་ཟ་བས་ཡོངས་སུ་དག་ པ་སྟེ། གྲོགས་པོ་དག་རྣམ་པ་བརྒྱད་པོ་དེ་དག་གིས་བག་ཡོད་པ་ཡོངས་སུ་དག་གོ། །གྲོགས་པོ་དག་དེ་ལྟ་བས་ན་ཁྱེད་བག་ཡོད་པར་གྱིས་ཤིག །བག་ཡོད་པ་ལ་རྟོན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་བདེ་བ་གསུམ་ལས་ཡོངས་ སུ་ཉམས་པར་མི་འགྱུར་རོ། །གསུམ་གང་ཞེ་ན། འདི་ལྟ་སྟེ། ལྷའི་བདེ་བ་དང་། བསམ་གཏན་གྱི་བདེ་བ་དང་། མྱ་ངན་ལས་འདས་པའི་བདེ་བའོ། །ངན་སོང་གསུམ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། གསུམ་གང་ཞེ་ན། འདི་ ལྟ་སྟེ། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ཏེ་གསུམ་པོ་དེ་དག་གོ། །སྡུག་བསྔལ་གསུམ་གྱིས་འཕྲོགས་པར་མི་འགྱུར་ཏེ། གསུམ་གང་ཞེ་ན། སྐྱེ་བའི་སྡུག་བསྔལ་དང་། རྒ་བའི་ སྡུག་བསྔལ་དང་། འཆི་བའི་སྡུག་བསྔལ་ཏེ་གསུམ་པོ་དེ་དག་གོ། །འཇིགས་པ་གསུམ་ལས་ཡང་དག་པར་འདའ་བར་འགྱུར་ཏེ། གསུམ་གང་ཞེ་ན། འཚོ་བ་མེད་པའི་འཇིགས་པ་དང་། ཚིགས་སུ་བཅད་པ་མེད་པའི་འཇིགས་པ་ དང་། འཁོར་ལ་བག་ཚ་བའི་འཇིགས་པ་སྟེ་གསུམ་པོ་དེ་དག་གོ། །སྲིད་པ་གསུམ་ལས་ཡང་དག་པར་འདའ་བར་འགྱུར་ཏེ། འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་པའི་སྲིད་པའོ། །དྲི་མ་གསུམ་སྦྱོང་ 82-1-316a སྟེ། འདོད་ཆགས་ཀྱི་དྲི་མ་དང་། ཞེ་སྡང་གི་དྲི་མ་དང་། གཏི་མུག་གི་དྲི་མའོ། །བསླབ་པ་གསུམ་ཡོངས་སུ་རྫོགས་པར་བྱེད་དེ། ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་བོ། ། ཡོངས་སུ་དག་པ་གསུམ་ཐོབ་པར་འགྱུར་ཏེ། ལུས་ཡོངས་སུ་དག་པ་དང་། ངག་ཡོངས་སུ་དག་པ་དང་། སེམས་ཡོངས་སུ་དག་པའོ། བསོད་ནམས་བྱ་བ་ལས་བྱུང་བའི་དངོས་པོ་གསུམ་ཡོངས་སུ་རྫོགས་པར་བྱེད་དེ། སྦྱིན་ པ་ལས་བྱུང་བ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བའོ། །རྣམ་པར་ཐར་པའི་སྒོ་གསུམ་སྒོམ་པར་བྱེད་དེ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའོ། །རིགས་གསུམ་རྒྱུན་མི་ གཅོད་དེ། སངས་རྒྱས་ཀྱི་རིགས་དང་། ཆོས་ཀྱི་རིགས་དང་། དགེ་འདུན་གྱི་རིགས་སོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་མི་མཐུན་པའི་ཕྱོགས་གསུམ་གསུམ་རབ་ཏུ་སྤོང་སྟེ། སེར་སྣའི་དྲི་མ་དང་། སེར་སྣའི་ཀུན་དུ་སྦྱོར་བ་དང་། གཏོང་བ་དང་ལྡན་པ་རྣམས་ལ་སྡང་བ་དང་། འཆལ་པའི་ཚུལ་ཁྲིམས་དང་། ཚུལ་ཁྲིམས་ལས་ཟློག་པ་དང་། ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་སྡང་བ་དང་། གནོད་སེམས་དང་། བཟོད་པ་ལས་ཟློག་པ་དང་། བཟོད་པ་ དང་ལྡན་པ་རྣམས་ལ་སྡང་བ་དང་། ལེ་ལོ་དང་། བརྩོན་འགྲུས་ལས་ཟློག་པ་དང་། བརྩོན་འགྲུས་དང་ལྡན་པ་རྣམས་ལ་སྡང་བ་དང་། རྣམ་པར་གཡེང་བ་དང་། བསམ་གཏན་ལས་ཟློག་པ་དང་། བསམ་གཏན་དང་ལྡན་ པ་རྣམས་ལ་སྡང་བ་དང་། འཆལ་པའི་ཤེས་རབ་དང་། ཤེས་རབ་ལས་ཟློག་པ་དང་། ཤེས་རབ་དང་ལྡན་པ་རྣམས་ལ་སྡང་བའོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་སྟོན་པ་གསུམ་གསུམ་གྱིས་ཉེ་བར་སྟོན་ཏེ། གསུམ་ གསུམ་གང་ཞེ་ན། འདི་ལྟ་སྟེ། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་དང་། རྣམ་པར་སྨིན་པ་ལ་མི་རེ་བ་དང་། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དང་། ཚུལ་ཁྲིམས་ཡང་དག་པར་ལེན་པ་དང་། ཚུལ་ཁྲིམས་མཆོག་ཏུ་འཛིན་པ་ 82-1-316b མེད་པ་དང་། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དང་། བཟོད་ཅིང་དེས་པ་དང་། བདག་དང་གཞན་རྗེས་སུ་སྲུང་བ་དང་། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དང་། བརྩོན་འགྲུས་གཅེས་པ་མི་འདོར་བ་དང་། བླང་བ་མེད་ཅིང་དོར་བ་ མེད་པ་དང་། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དང་། བསམ་གཏན་ཉེ་བར་ལེན་པ་དང་། མི་གནས་པར་བསམ་གཏན་བྱེད་པ་དང་། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དང་། ཤེས་རབ་ཀྱིས་སྣང་བ་དང་། སྤྲོས་པ་མེད་ པ་དང་། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་སྟེ། གྲོགས་པོ་དག་བག་ཡོད་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་སྟོན་པ་འདི་གསུམ་གསུམ་གྱིས་ཉེ་བར་སྟོན་ཏོ། །གྲོགས་པོ་དག་དེ་ལྟ་བས་ ན་ཁྱེད་ཅག་བག་ཡོད་པར་གྱིས་ཤིག །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་དང་། དེ་ལས་གཞན་པའི་དགེ་བ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་གང་ཡིན་པ་དག་ཀྱང་བག་ཡོད་པས་འཐོབ་བོ། །གྲོགས་པོ་ དག་བག་ཡོད་པའི་བྱང་ཆུབ་སེམས་དཔའ་ནི་ཚེགས་ཆུང་ངུས་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པ་གང་ཞེ་ན། གང་ལ་ལུས་ཀྱི་གནས་ མེད་པ་དང་། ཚོར་བའི་གནས་མེད་པ་དང་། སེམས་ཀྱི་གནས་མེད་པ་སྟེ། ཆོས་ཐམས་ཅད་ཀྱི་གནས་མེད་ཅིང་རྟེན་མེད་པ་འདི་ནི་དྲན་པ་ཉེ་བར་གཞག་པ་སྒོམ་པ་ཞེས་བྱའོ། །ཚེགས་ཆུང་ངུས་ཡང་དག་པའི་སྤོང་ བ་བཞི་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། ཡང་དག་པའི་སྤོང་བ་བཞི་བསྒོམ་པ་གང་ཞེ་ན། གང་ཆོས་ཐམས་ཅད་ནམ་མཁའ་དང་མཚུངས་པ་དང་། གཟོད་མ་ཉིད་ནས་མ་སྐྱེས་པ་དང་། མ་བྱུང་བ་དང་། མ་ འཐོན་པ་དང་། མངོན་པར་མ་གྲུབ་པར་ཡང་སོ་སོར་རྟོག་ཅིང་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེ་བར་བྱ་བའི་ཕྱིར་འདུན་པ་སྐྱེད་ཅིང་འབད་ལ་བརྩོན་འགྲུས་རྩོམ་ཞིང་སེམས་རབ་ཏུ་འཛིན་ཏེ། ཡང་དག་པར་ 82-1-317a རབ་ཏུ་འཇོག་པ་དང་། ཆོས་ཐམས་ཅད་ལ་ལས་ཀྱི་རྣམ་པར་སྨིན་པ་མེད་པར་ཡང་སོ་སོར་རྟོག་ཅིང་། སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ཀྱི་མི་དགེ་བའི་ཆོས་ཐམས་ཅད་སྤང་བའི་ཕྱིར་ འདུན་པ་སྐྱེད་ཅིང་འབད་ལ་བརྩོན་འགྲུས་རྩོམ་ཞིང་སེམས་རབ་ཏུ་འཛིན་ཏེ་ཡང་དག་པར་རབ་ཏུ་འཇོག་པ་དང་། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་སྐྱེད་ཅིང་འབད་ལ་བརྩོན་འགྲུས་རྩོམ་ཞིང་ སེམས་རབ་ཏུ་འཛིན་ཏེ་ཡང་དག་པར་རབ་ཏུ་འཇོག་པ་དང་། ཆོས་ཐམས་ཅད་ལ་སྟོང་པ་ཉིད་དུ་ཡང་མོས་ལ་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་བསྐྱེད་ཅིང་འབད་ལ་བརྩོན་འགྲུས་རྩོམ་ཞིང་སེམས་ རབ་ཏུ་འཛིན་ཏེ་ཡང་དག་པར་རབ་ཏུ་འཇོག་པ་དང་། ཆོས་ཐམས་ཅད་རྣམ་པར་གྲོལ་བར་ཡང་ཡིད་ཆེས་ལ། དགེ་བའི་ཆོས་སྐྱེས་པ་རྣམས་གནས་པར་བྱ་བ་དང་། ཉམས་པར་མི་འགྱུར་བར་བྱ་བ་དང་། ཕྱིར་ཞིང་འཕེལ་བར་ བྱ་བའི་ཕྱིར་འདུན་བ་སྐྱེད་ཅིང་འབད་ལ་བརྩོན་འགྲུས་རྩོམ་ཞིང་སེམས་རབ་ཏུ་འཛིན་ཏེ་ཡང་དག་པར་རབ་ཏུ་འཇོག་ལ་ཆོས་ཐམས་ཅད་ལ་རྩོམ་པ་མེད་ཅིང་རྟུལ་པ་མེད་པར་ཡང་མཐོང་སྟེ། ཡང་མཉམ་པ་ཉིད་གང་ཡིན་པ་དེ་ལ་ ཆོས་གང་གི་སྐྱེ་བ་ཡང་མེད། འགོག་པ་ཡང་མེད་པ་འདི་ནི་ཡང་དག་པའི་སྤོང་བ་བསྒོམ་པའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། རྫུ་འཕྲུལ་གྱི་རྐང་པ་བསྒོམ་པ་གང་ཞེ་ན། གང་ལུས་ དང་སེམས་ལས་སུ་རུང་བ་སྟེ། དེ་སེམས་ལས་སུ་རུང་བས་དགེ་བའི་ཆོས་ལ་འདུན་པ་ཡང་མི་འདོར་ལ་འདོད་པའི་འདོད་ཆགས་སྤང་བའི་ཕྱིར་ཡང་མངོན་པར་བརྩོན་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་ པར་བྱ་བའི་ཕྱིར་བརྩོན་འགྲུས་ཀྱང་རྩོམ་ལ། བརྟགས་ནས་ཀྱང་ཆོས་ཐམས་ཅད་མི་དམིགས་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་སེམས་ཀྱང་མི་འདོར་ 82-1-317b ལ་སེམས་སྒྱུ་མ་ལྟ་བུར་ཡང་རབ་ཏུ་ཤེས་པ་དང་། ཇི་ལྟར་ཐོས་པའི་ཆོས་ལ་ཚུལ་བཞིན་དུ་ཡང་དཔྱོད་ལ་ཆོས་རྣམས་ལ་གནས་པར་ཡང་མི་བྱེད་ཅིང་མངོན་པར་ཞེན་པ་ཡང་མེད་པའོ། །དེ་དབང་པོ་ལྔ་བསྒོམ་པ་ཡོངས་སུ་ རྫོགས་པར་འགྱུར་ཏེ། དབང་པོ་དྲུག་ལ་རྟེན་པར་མི་བྱེད་ཅིང་སེམས་ཅན་ཐམས་ཅད་ཀྱི་དབང་པོ་ཡོངས་སུ་སྨིན་པར་བྱའི་ཕྱིར་ཤེས་པ་ཡང་གཏོང་ལ། གཅིག་ཏུ་གནས་པ་ཡང་ཐོབ་པར་འགྱུར་ཞིང་གཞན་གྱི་དད་པས་ཀྱང་ མི་འགྲོ་བ་དང་། ཐམས་ཅད་ཀྱང་ཡོངས་སུ་ཐོབ་ལ། བླང་བ་ཡང་མེད་ཅིང་དོར་བ་ཡང་མེད་པ་དང་། ཐམས་ཅད་དུ་འགྲོ་བའི་ལམ་ལ་ཡང་རྨོངས་པ་མེད་ལ། དྲན་པ་ཡང་མེད་ཅིང་ཡིད་ལ་བྱེད་པ་ཡང་མེད་པ་དང་། ཆོས་ཐམས་ ཅད་ཀྱི་རྗེས་སུ་ཡང་སོང་ལ། རྟག་ཏུ་མཉམ་པར་ཡང་གཞག་པར་གྱུར་ཅིང་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་སྙོམས་པར་འཇུག་པ་དང་། རབ་རིབ་མེད་པའི་ཡེ་ཤེས་ཀྱི་སྣང་བ་ཡང་ཐོབ་པར་གྱུར་ལ། སྤྲོས་པ་དང་ལྟ་ བ་ཡང་ཡང་དག་པར་ཆད་པ་འདི་ནི་དེའི་དབང་པོ་བསྒོམ་པ་ཡོངས་སུ་རྫོགས་པའོ། །དེ་སྟོབས་ལྔ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། དད་པའི་སྟོབས་དང་ལྡན་པས་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་རྫི་བ་དང་། བརྩོན་འགྲུས་ཀྱི་སྟོབས་ཀྱིས་བདུད་ཐམས་ཅད་ཀྱིས་ཐུབ་པར་དཀའ་བ་དང་། དྲན་པའི་སྟོབས་ཀྱིས་ཉན་ཐོས་དང་། རང་སངས་རྒྱས་ཀྱིས་ཐམས་ཅད་དུ་མི་འཕྲོགས་པ་དང་། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སྒྲིབ་པ་རྣམས་ཀྱིས་མི་ ནོན་པ་དང་། ཤེས་རབ་ཀྱི་སྟོབས་དང་ལྡན་པས་ལྟ་བར་གྱུར་བ་རྣམས་ཀྱིས་མངོན་པར་ཞེན་པ་མེད་པ་སྟེ། དེ་ལྟར་སྟོབས་ལྔ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམ་པ་ ཡོངས་སུ་རྫོགས་པར་འགྱུར་ཏེ། བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་གང་ཞེ་ན། འདི་ལྟ་སྟེ། དགེ་བའི་ཆོས་ཐམས་ཅད་མི་བརྗེད་པར་བྱ་བའི་ཕྱིར་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་དང་། རྟེན་ཅིང་འབྲེལ་བར་ 82-1-318a འབྱུང་བ་དང་འཐུན་པར་བྱ་བའི་ཕྱིར་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་དང་། བྱང་ཆུབ་ཀྱི་ལམ་ལས་ཕྱིར་མི་ལྡོག་པར་བྱ་བའི་ཕྱིར་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ ཡན་ལག་བསྒོམ་པ་དང་། ཟང་ཟིང་མེད་པའི་ཆོས་ལ་དགའ་བ་རབ་ཏུ་མྱོང་བར་བྱ་བའི་ཕྱིར་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་དང་། ལུས་དང་སེམས་ཀྱི་གཡོ་བ་དང་བྲལ་བའི་ཕྱིར་ཤིན་དུ་སྦྱངས་པ་ཡང་ དག་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་མངོན་པར་བསྒྲུབས་པའི་ཕྱིར་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་དང་། མཐོ་དམའ་མེད་པའི་ བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་སྟེ། འདི་ནི་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་ཞེས་བྱའོ། །གྲོགས་པོ་དག་བག་ཡོད་པའི་བྱང་ཆུབ་སེམས་དཔའ་ནི་ཚེགས་ཆུང་ངུས་འཕགས་པའི་ལམ་ཡན་ ལག་བརྒྱད་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། ལམ་བསྒོམ་པ་གང་ཞེ་ན། གང་འདི་རྟག་པ་དང་ཆད་པ་དང་བྲལ་བའི་ཡང་དག་པའི་ལྟ་བ་བསྒོམ་པ་དང་། འདོད་པ་དང་གནོད་སེམས་དང་རྣམ་པར་འཚེ་ བའི་རྣམ་པར་རྟོག་པ་དང་བྲལ་བའི་ཡང་དག་པའི་རྟོག་པ་བསྒོམ་པ་དང་། བདག་དང་གཞན་ལ་གདུང་བ་མེད་པའི་ཡང་དག་པའི་ངག་བསྒོམ་པ་དང་། ཚུལ་འཆོས་པ་དང་། ཁ་གསག་དང་། གཞོག་སློངས་དང་། ཐོབ་ ཀྱིས་འཇལ་བ་དང་བྲལ་བའི་ཡང་དག་པའི་འཚོ་བ་བསྒོམ་པ་དང་། ལུས་དང་སེམས་ཉམ་ཆུང་བ་དང་བྲལ་བའི་ཡང་དག་པའི་ལས་ཀྱི་མཐའ་བསྒོམ་པ་དང་། བདག་ལ་སྟོད་པ་དང་། གཞན་ལ་སྨོད་པ་དང་བྲལ་བའི་ཡང་ དག་པའི་རྩོལ་བ་བསྒོམ་པ་དང་། གཏི་མུག་དང་རྨོངས་པ་དང་བྲལ་བའི་ཡང་དག་པའི་དྲན་པ་བསྒོམ་པ་དང་། རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་ཡང་དག་པའི་ཏིང་ངེ་འཛིན་བསྒོམ་པ་སྟེ། འདི་ནི་ 82-1-318b འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པ་ཞེས་བྱའོ། །དེས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་དང་། དེ་ལས་གཞན་པའི་དགེ་བ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་གང་ཡིན་པ་དག་ཀྱང་བག་ཡོད་པས་ ཐོབ་ཅེས་བྱའོ། །གྲོགས་པོ་དག་དེ་ལྟར་ན་བག་ཡོད་པའི་བྱང་ཆུབ་སེམས་དཔའ་དེ་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་པོ་འདི་དག་ལ་འཇུག་གོ། །ཞུགས་ནས་འདུ་བྱེད་ཐམས་ཅད་ཀྱི་འདམ་ལས་རྒལ་ ལོ། །རྒལ་ནས་ཀྱང་རྣམ་པར་ལྟ་སྟེ། རྣམ་པར་བལྟས་ན་མི་མཐོང་ངོ་། །མི་མཐར་རོ། །ཤིན་དུ་ཉེ་བར་ཞི་སྟེ་རྣམ་པར་འཁྲུལ་བར་མི་བྱེད་དོ། །ཤིན་དུ་ཉེ་བར་ཞི་བ་གང་ཞེ་ན། གང་ཉེ་བར་མ་བསྒྲུབས་པ་དེ་མ་བྱས་པའོ། །གང་ མ་བྱས་པ་དེ་མྱོང་བ་མེད་པའོ། །གང་མྱོང་བ་མེད་པ་དེ་ལ་གདགས་པ་མེད་དོ། །གདགས་པ་མེད་པ་ནི་ཤིན་དུ་ཉེ་བར་ཞི་བའོ། །བསྟན་པ་འདི་བཤད་པ་ན་ལྷའི་བུ་ཁྲི་ཉིས་སྟོང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་ དང་བྲལ་བ་རྣམ་པར་དག་གོ། །ལྷའི་བུ་དཔལ་བཟངས་ཀྱིས་གཞན་ཡང་འཇམ་དཔལ་གཞོན་ནུར་གྱུར་བ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་ལམ་ཇི་ལྟར་སྒོམ། སྨྲས་པ། ལྷའི་བུ་བྱང་ ཆུབ་སེམས་དཔའ་ནི་འཁོར་བ་ཡང་མི་སྤོང་ལ། འཁོར་བའི་ཉེས་པ་རྣམས་ཀྱིས་ཀྱང་མི་གོས་སོ། །འདུས་མ་བྱས་སུ་ཡང་མི་ལྟུང་ལ། འདུས་མ་བྱས་ཀྱི་ཡོན་ཏན་རྣམས་ཀྱང་མྱོང་ངོ་། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་ལམ་ ཡང་སྒོམ་ལ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཡུལ་ལ་ཡང་སྣང་ངོ་། །ལྷའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་སྟོང་པ་ཉིད་ཀྱིས་རྣམ་པར་དག་པ་ཡང་ཡིན་ལ། ལྟ་བར་གྱུར་བ་ལ་ཡང་མཁས་ ཤིང་ལྟ་བར་གྱུར་བ་ལ་མངོན་པར་ཞེན་པ་ཡང་མེད་དོ། །མཚན་མ་མེད་པས་རྣམ་པར་དག་པ་ཡང་ཡིན་ལ། མཚན་མ་ལ་ཡང་མཁས་ཤིང་མཚན་མ་ལ་མངོན་པར་ཞེན་པ་ཡང་མེད་དོ། །སྨོན་པ་མེད་པས་རྣམ་པར་དག་ 82-1-319a པ་ཡང་ཡིན་ལ། ཁམས་གསུམ་པ་ལ་ཡང་མཁས་ཤིང་ཁམས་གསུམ་པ་ལ་མངོན་པར་ཞེན་པ་ཡང་མེད་དོ། །སྐྱེ་བ་མེད་པ་དང་། འབྱུང་བ་མེད་པས་རྣམ་པར་དག་པ་ཡང་ཡིན་ལ། སྐྱེ་བ་དང་འཇིག་ པ་ལ་ཡང་མཁས་ཤིང་སྐྱེ་བ་དང་འཇིག་པ་ལ་མངོན་པར་ཞེན་པ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་ངེས་པར་སེམས་པ་རྣམས་ནི་སེམས་ཅན་ཆོས་ཐམས་ཅད་སྟོང་པའོ་སྙམ་པའི་ལྟ་བར་ གྱུར་བར་ཞུགས་པ། ལྟ་བར་གྱུར་བ་བག་ལ་ཉལ་བར་བྱས་པ་རྣམས་ཀྱི་ལྟ་བར་གྱུར་བ་སྤང་བའི་ཕྱིར་ཆོས་ཀྱང་སྟོན་ལ། ལྟ་བར་གྱུར་བ་དེ་དག་ཀྱང་སྟོང་པ་ཉིད་དུ་མཐོང་ངོ་། །དེ་བཞིན་དུ་སྦྱར་ཏེ། བྱང་ཆུབ་སེམས་ དཔའ་སེམས་ངེས་པར་སེམས་པ་ནི་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། སྐྱེ་བ་མེད་པ་དང་། འབྱུང་བ་མེད་པའི་ཆོས་ཐམས་ཅད་ལ་འབྱུང་བ་དང་འཇིག་པའི་རྗེས་སུ་འཐུན་ པ། འབྱུང་བ་དང་འཇིག་པ་བག་ལ་ཉལ་བར་བྱས་པ་རྣམས་ཀྱི་འབྱུང་བ་དང་འཇིག་པར་ལྟ་བ་སྤང་བའི་ཕྱིར་ཆོས་ཀྱང་སྟོན་ལ། འབྱུང་བ་དང་འཇིག་པ་དེ་ཡང་འབྱུང་བ་དང་འཇིག་པ་མེད་པ་ཉིད་དུ་མཐོང་སྟེ། འདི་ ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་བསྒོམ་པ་ཞེས་བྱའོ། །ལྷའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་འགྲོ་བ་དང་འོང་བ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ ཀྱི་འགྲོ་བ་ནི་སེམས་ཅན་གྱི་བསམ་པ་རྣམས་ལའོ། །འོང་བ་ནི་སོ་སོ་ཅི་རིགས་པར་ཆོས་སྟོན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་འགྲོ་བ་ནི་སྙོམས་པར་འཇུག་པ་སྐྱེད་པའི་ཕྱིར་རོ། །འོང་བ་ནི་འདོད་པའི་ ཁམས་ཀྱི་སེམས་ཅན་གྱི་ནང་དུ་སྐྱེ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་འགྲོ་བ་ནི་འཕགས་པའི་ལམ་དུའོ། །འོང་བ་ནི་འཕགས་པ་མ་ཡིན་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ། །འགྲོ་བ་ནི་ 82-1-319b མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་བྱེད་པའི་ཕྱིར་རོ། །འོང་བ་ནི་བཟོད་པ་དེ་སེམས་ཅན་གྱི་ཁོང་དུ་ཆུད་པར་བྱེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་འགྲོ་བ་ནི་འབྱུང་བ་ལ་མཁས་པ་ལའོ། །འོང་བ་ནི་འབྱུང་ བ་མ་ཡིན་པར་འབྱུང་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་འགྲོ་བ་ནི་མྱ་ངན་ལས་འདས་པར་འགྲོ་བའི་ཕྱིར་རོ། །འོང་བ་ནི་འཁོར་བ་ན་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ། །འགྲོ་བ་ནི་གང་དུ་ ཡང་འགྲོ་བ་དང་། འོང་བ་མེད་པར་སོ་སོར་རྟོག་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་འོང་བ་ནི་ཆོས་ཁོང་དུ་ཆུད་པར་བྱེད་པའི་ཕྱིར་རོ། །འགྲོ་བ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་བསྒོམ་པའི་ཕྱིར་རོ། །འོང་བ་ནི་རྣམ་པར་རྟོག་པ་གསུམ་སྤང་བར་ཆོས་སྟོན་པའི་ཕྱིར་རོ། །འགྲོ་བ་ནི་དམ་བཅས་པ་བརྟན་པར་བྱེད་པའི་ཕྱིར་རོ། །འོང་བ་ནི་དམ་བཅས་ པ་ཉམས་འོག་ཏུ་ཆུད་པར་བྱེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་འགྲོ་བ་ནི་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་འོང་བ་ནི་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པའི་ཕྱིར་ཏེ། ལྷའི་བུ་འདི་ ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་འགྲོ་བ་དང་འོང་བ་ཞེས་བྱའོ། །བསྟན་པ་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ། །དེ་ནས་ལྷའི་བུ་དཔལ་བཟངས་ཀྱིས་ འཇམ་དཔལ་གཞོན་ནུར་གྱུར་བ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་བདག་གིས་འཇིག་རྟེན་གྱི་ཁམས་ཡོན་ཏན་ཐམས་ཅད་ཀྱི་འོད་ཅེས་བགྱི་བ་ཞིག་ཐོས་ན་འཇམ་དཔལ་འཇིག་རྟེན་གྱི་ཁམས་ཡོན་ ཏན་ཐམས་ཅད་ཀྱི་འོད་དེ་ཕྱོགས་གང་ན་མཆིས། དེ་ན་དེ་བཞིན་གཤེགས་པའི་མཚན་ཇི་སྐད་ཅེས་བགྱི་བ་ཞིག་ཆོས་སྟོན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་སྟེང་གི་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་ 82-1-320a སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བཅུ་གཉིས་ཀྱི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་ཡོན་ཏན་ཐམས་ཅད་ཀྱི་འོད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་ཀུན་དུ་བཟང་པོ་ཞེས་བྱ་བ་ཆོས་སྟོན་ཏོ། །སྨྲས་པ། འཇམ་དཔལ་བདག་གིས་འཇིག་རྟེན་གྱི་ཁམས་ཡོན་ཏན་ཐམས་ཅད་ཀྱི་འོད་དེ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་ཀུན་དུ་བཟང་པོ་དེ་བལྟ་བར་བགྱིའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བས་དེའི་ཚེ་དྲི་མ་མེད་པའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །འཇམ་དཔལ་གཞོན་ནུར་གྱུར་བ་སྙོམས་པར་ ཞུགས་མ་ཐག་ཏུ་ལུས་ལས་དེ་དང་འཐུན་པའི་འོད་བྱུང་སྟེ། འོད་དེས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བཅུ་གཉིས་ཀྱི་བྱེ་མ་སྙེད་པོ་དེ་དག་སྣང་བར་བྱས་ནས་འཇིག་རྟེན་གྱི་ཁམས་ཡོན་ཏན་ཐམས་ཅད་ཀྱི་འོད་དེ་ཡང་སྣང་བ་ ཆེན་པོས་ཁྱབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་དུ་བཟང་པོ་དེའི་སངས་རྒྱས་ཀྱི་ཞིང་དུ་བྱང་ཆུབ་སེམས་དཔའ་གང་དག་སྐྱེས་པ་དེ་དག་གིས་འོད་དེ་མཐོང་ནས་ངོ་མཚར་དུ་གྱུར་ཏེ། ཐལ་མོ་ སྦྱར་ནས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་འོད་འདི་ལྟར་ཡོངས་སུ་དག་པ་འདི་གང་ནས་མཆིས། བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་དག་འོག་གི་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་ འདི་ནས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བཅུ་གཉིས་ཀྱི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་ པ་ཞེས་བྱ་བ་བཞུགས་སོ། །འཚོ་འོ། །གཞེས་སོ། །ཆོས་ཀྱང་སྟོན་ཏོ། །དེ་ན་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་བ་ཞེས་བྱ་བ་དྲི་མ་མེད་པའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་ 82-1-320b པར་ཞུགས་ཏེ། དེའི་ལུས་ཀྱི་འོད་ཀྱིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཚད་མེད་གྲངས་མེད་པ་དག་སྣང་བ་ཆེན་པོས་ཁྱབ་པོ། །དེས་འཇིག་རྟེན་གྱི་ཁམས་འདི་ཡང་སྣང་བ་ཆེན་པོས་ཁྱབ་པོ། །གསོལ་པ། བཅོམ་ ལྡན་འདས་བདག་ཅག་གིས་འཇིག་རྟེན་གྱི་ཁམས་མི་མཇེད་དེ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་དང་། འཇམ་དཔལ་གཞོན་ནུར་གྱུར་བ་ལ་བལྟ་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ དེ་བཞིན་གཤེགས་པ་ཀུན་དུ་བཟང་པོས་ཞབས་ཀྱི་འོག་གི་མཐིལ་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ལས་འོད་ཟེར་སྟོང་བྱུང་སྟེ། འོད་ཟེར་དེ་དག་ཀྱང་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བཅུ་གཉིས་ཀྱི་བྱེ་ མ་སྙེད་ལས་འདས་ཏེ། འཇིག་རྟེན་གྱི་ཁམས་མི་མཇེད་འདིར་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་འཇིག་རྟེན་གྱི་ཁམས་མི་མཇེད་འདི་མཐོང་ཞིང་། བཅོམ་ལྡན་ འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དང་། འཇམ་དཔལ་གཞོན་ནུར་གྱུར་བ་དང་། བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཀྱང་མཐོང་ངོ་། །བྱང་ ཆུབ་སེམས་དཔའ་འདི་དག་གིས་ཀྱང་འཇིག་རྟེན་གྱི་ཁམས་ཡོན་ཏན་ཐམས་ཅད་ཀྱི་འོད་དེ་མཐོང་ཞིང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་དུ་ བཟང་པོ་དེ་དང་། བྱང་ཆུབ་སེམས་དཔའ་དེ་དག་ཀྱང་མཐོང་ངོ་། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་དུ་བཟང་པོས་བྱང་ཆུབ་སེམས་དཔའ་དེ་དག་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་དེ་ལྟར་ ཆོས་ཀྱི་གཏམ་ཆེན་པོ་འབྱུང་བར་འགྱུར་ན། ཁྱེད་ཀྱི་ནང་ནས་འཇིག་རྟེན་གྱི་ཁམས་མི་མཇེད་དེར་འགྲོ་བར་སྤྲོ་བ་སུ་ཡོད། བྱང་ཆུབ་སེམས་དཔའ་ཡེ་ཤེས་སྒྲོན་མ་འཛིན་ཅེས་བྱ་བ་དེར་འདུས་ཏེ་འདུག་པར་ 82-1-321a གྱུར་བ་དེས་བཅོམ་ལྡན་འདས་དེ་ལ་གསོལ་བ། བཅོམ་ལྡན་འདས་བདག་འཇིག་རྟེན་གྱི་ཁམས་མི་མཇེད་དེར་མཆི་བར་སྤྲོ་ལགས་སོ། །བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་ད་དེའི་དུས་ལ་བབ་པར་ཤེས་ན་སོང་ཤིག །དེ་ནས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་སྒྲོན་མ་འཛིན་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བཅུས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ བཅོམ་ལྡན་འདས་དེ་ལ་ལན་བདུན་བསྐོར་བ་བྱས་ཏེ། དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པས་ལག་པ་བསྐུམ་པ་ལས་བརྐྱང་བ་དང་། བརྐྱང་བ་ལས་བསྐུམ་པ་ཙམ་གྱི་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་སངས་ རྒྱས་ཀྱི་ཞིང་དེ་ནས་མི་སྣང་བར་གྱུར་ནས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་དགའ་ལྡན་གྱི་གནས་སུ་འཇམ་དཔལ་གཞོན་ནུར་གྱུར་བའི་མདུན་གྱི་སྟེང་གི་བར་སྣང་ལ་གནས་པའི་ཁང་པ་བརྩེགས་པར་ཕྱིན་ཏོ། །དེའི་གཡོག་ འཁོར་དེ་དག་ཀྱང་ཁང་པ་བརྩེགས་པ་ལེགས་པར་གནས་པ་རྣམས་སུ་ཕྱིན་ཏོ། །དེ་དག་རང་རང་གི་སྟན་ལས་ལངས་ནས་ཐལ་མོ་སྦྱར་ཏེ། འཇམ་དཔལ་གཞོན་ནུར་གྱུར་བ་ལ་ཕྱག་འཚལ་ཞིང་ཚིག་འདི་སྐད་ཅེས་ཀྱང་ སྨྲས་སོ། །འཇམ་དཔལ་བདག་ཅག་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་དུ་བཟང་པོ་དེས་ཁྱོད་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་འདིར་བཏང་ངོ་། །ཁྱོད་ཀྱིས་འོད་བཀྱེ་བ་དེ་ཡང་འཇིག་རྟེན་གྱི་ཁམས་དེར་ཕྱིན་ཏོ། །དེ་ན་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་དེ་དག་གིས་བྱང་ཆུབ་སེམས་དཔའ་དེ་དག་མཐོང་ ནས་ངོ་མཚར་དུ་གྱུར་ཏེ། ཀྱེ་མ་ཇི་ཙམ་དུ་འདི་ལྟར་མྱུར་བར་འོད་ཟེར་འདི་འཇིག་རྟེན་གྱི་ཁམས་དེར་ཕྱིན་པ་དང་། ཇི་ལྟར་མྱུར་བར་བྱང་ཆུབ་སེམས་དཔའ་འདི་དག་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ཕྱིན་པ་འདི་ནི་ 82-1-321b སྐྱེས་བུ་དམ་པ་དེ་དག་གི་མངོན་པར་ཤེས་པའི་རྣམ་པར་འཕྲུལ་བའི་སྟོབས་དང་། ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་ཀྱི་སྟོབས་བསམ་གྱིས་མི་ཁྱབ་བོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །དེ་ནས་འཇམ་དཔལ་གཞོན་ནུར་ གྱུར་བས་ལྷའི་འཁོར་ཆེན་པོ་དེ་ལྟར་འདུས་པ་དེ་ལ་ཅི་ནས་ཀྱང་ལྷ་ཁྲག་ཁྲིག་ཕྲག་བདུན་བཅུ་རྩ་གཉིས་བསམ་པ་ཐག་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ལྟ་དེ་ལྟར་ཆོས་ བསྟན་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བ་ཇི་སྲིད་དུ་དགའ་ལྡན་གྱི་གནས་སུ་ལྷ་རྣམས་ཀྱི་དོན་བྱ་བ་དེ་སྲིད་དུ་བྱས་ནས་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བཅུ་པོ་དེ་དག་དང་ལྷན་ཅིག །རང་གི་འཁོར་དང་ ལྷན་ཅིག །བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་ལྷའི་བུ་དང་བཅས་པ་དང་ལྷན་ཅིག་ཏུ་དགའ་ལྡན་གྱི་གནས་ནས་མི་སྣང་བར་འགྱུར་ཏེ། སེམས་ཀྱི་འགྱུ་བ་ཙམ་གྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ ཕྱིན་ནས། དེ་དག་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་བདུན་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱིས་གནང་སྟེ། ཕྱོགས་གཅིག་ཏུ་རང་རང་གི་སྟན་ལ་ འཁོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཡེ་ཤེས་སྒྲོན་མ་འཛིན་དང་ལྷན་ཅིག་ལྷགས་པའི་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བཅུ་པོ་དེ་དག་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་བདུན་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་དུ་བཟང་པོ་ གནོད་པ་ཆུང་ངམ་། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བ་ལ་རེག་པར་གནས་སམ་ཞེས་སྙུན་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་ 82-1-322a དང་ལྡན་པའི་འཁོར་དེ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་དགའ་བར་མཛད། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་རབ་ཏུ་གཟེང་བསྟོད་དེ་ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །ཡང་དག་ པར་དགའ་བར་མཛད་ཅིང་ཡང་དག་པར་འཛིན་དུ་བཅུག་ལ་ཡང་དག་པར་གཟེང་བསྟོད་དེ། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཀྱང་ཐམས་ཅད་དང་ལྡན་པའི་འཁོར་དེ་ལ་བཀའ་སྩལ་པ། གྲོགས་པོ་དག་སྐྱེས་ བུ་དམ་པ་འདི་དག་དང་། འཇམ་དཔལ་གཞོན་ནུར་གྱུར་བ་དང་། བྱང་ཆུབ་སེམས་དཔའ་ཡེ་ཤེས་སྒྲོན་མ་འཛིན་གྱི་མངོན་པར་ཤེས་པའི་རྣམ་པའི་རྣམ་པར་འཕྲུལ་བ་དང་། བྱིན་གྱི་བརླབས་ཀྱི་སྟོབས་དང་། སེམས་ཅན་ སྡུད་པ་དང་། ཡོངས་སུ་སྨིན་པར་བྱེད་པ་དང་། ཐབས་དང་། རིགས་པ་དང་། ཡེ་ཤེས་དང་། ཤེས་རབ་ཀྱིས་རབ་ཏུ་དབྱེ་བ་དང་སྤོབས་པ་ལ་ལྟོས། གྲོགས་པོ་དག་བྱང་ཆུབ་སེམས་དཔའ་འདི་དག་ནི་བསྐལ་པ་ གྲངས་མེད་པ་ནས་བཟུང་སྟེ། སངས་རྒྱས་ཀྱི་མཛད་པས་སེམས་ཅན་རྣམས་ལ་ཉེ་བར་གནས་པ་དག་གོ། །སེམས་ཅན་གང་དག་གིས་དབང་པོ་དྲུག་པོ་དག་ལ་སྐྱེས་བུ་དམ་པ་འདི་དག་མངོན་པར་འགྱུར་བ་དེ་ དག་ནི་ཕྱིས་བདུད་ཀྱི་ཡུལ་ལ་གནས་པར་མི་འགྱུར་རོ་ཞེས་བརྗོད་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་གང་དག་བྱང་ཆུབ་སེམས་དཔའ་ཡེ་ཤེས་སྒྲོན་མ་འཛིན་དང་ལྷན་ཅིག་ཏུ་འཇིག་རྟེན་གྱི་ཁམས་མི་མཇེད་ འདིར་ཕྱིན་པ་དེ་དག་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལས་ཆོས་ཐོས་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཡེ་ཤེས་སྒྲོན་མ་འཛིན་དང་ལྷན་ཅིག་ལྷགས་པའི་བྱང་ཆུབ་ སེམས་དཔའ་བྱེ་བ་ཕྲག་བཅུ་པོ་དེ་དག་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་བདུན་བསྐོར་བ་བྱས་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རབ་ཏུ་གཡོས་པར་ 82-1-322b བྱས་ཏེ། བཅོམ་ལྡན་འདས་ཀྱི་དྲུང་ནས་མི་སྣང་བར་གྱུར་ནས་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་འཇིག་རྟེན་གྱི་ཁམས་དེར་ཕྱིན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་ བོ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག །ཆོངས་ཤིག །ལྷོགས་ཤིག །ཀུན་ཆུབ་པར་གྱིས་ཤིག །གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་ཅིག །གསོལ་པ། བཅོམ་ལྡན་འདས་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་གཟུང་ ལགས་ན་འདིའི་མིང་ཇི་སྐད་བགྱི་བར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་བས་ན་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་འཇམ་དཔལ་གྱི་ལེའུ་དང་། སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་ པ་བསྟན་པ་ཞེས་བྱ་བར་ཟུང་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ལྷའི་བུ་དཔལ་བཟངས་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་ དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོ་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་སངས་རྒྱས་ཀྱི་ ཡུལ་བསམ་གྱིས་མི་ཁྱབ་པ་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་སུམ་བཅུ་རྩ་ལྔ་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། མུ་ནེ་བར་མ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་བཅད་ ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་སུམ་བཅུ་རྩ་དྲུག་པ་སྟེ། འཕགས་པ་ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་ པ་ལུང་བསྟན་པ། བམ་པོ་དང་པོ། རྒྱ་གར་སྐད་དུ། ཨཱརྱ་སུ་སྠི་ཏ་མ་ཏི་དེ་བ་པུ་ཏྲ་པ་རི་པྲི་ཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་ 82-1-323a མདོ༑ སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་ དགེ་སློང་དྲུག་ཁྲི་ཉིས་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་མངོན་པར་ཤེས་པ་མངོན་པར་ཤེས་པ་དགྲ་བཅོམ་པ་ཤ་སྟག་དང་། འཇམ་དཔལ་དང་། སེང་གེའི་རྟོག་ལ་སོགས་པ་བྱང་ཆུབ་སེམས་དཔའ་བཞི་ ཁྲི་ཉིས་སྟོང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། མཐུ་ཆེན་ཐོབ་དང་། སྤོབས་པ་བརྩེགས་དང་། གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་དང་། ལྷུན་པོ་ བརྩེགས་པ་དང་། ལྷུན་པོའི་རྒྱལ་མཚན་དང་། རབ་ཏུ་མི་སྒུལ་དང་། དོན་རབ་སེམས་དང་། ལེགས་པར་བསམ་པ་སེམས་དང་། སེམས་དཔའ་བ་དང་། སེམས་ཀྱི་བློ་གྲོས་དང་། སེམས་བཟང་པོ་དང་། ནོར་ བུ་བརྩེགས་དང་། རི་འཇིགས་རྒྱལ་པོ་དང་། ལག་ན་རིན་པོ་ཆེ་དང་། སེམས་པ་རིན་པོ་ཆེ་དང་། ལག་ན་རིན་ཆེན་ཕྱག་རྒྱ་དང་། རྟག་ཏུ་ལག་བཏེག་དང་། རྟག་ཏུ་ལག་བརྐྱང་དང་། རྟག་ཏུ་བརྩོན་དང་། སེམས་ ཅན་སྒྲོལ་དང་། བརྩོན་འགྲུས་མོས་པ་དང་། ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་ལ་གནས་པ་དང་། སྨོན་ལམ་འཕགས་དང་། ལག་ན་སྒྲོན་མ་དང་། སེམས་མཉམ་དང་། ངན་སོང་སྤོང་བ་དང་། མྱ་ངན་གྱི་མུན་པ་ ཐམས་ཅད་འཇོམས་པ་དང་། བརྩོན་པ་མི་གཏོང་དང་། ཉི་མའི་སྙིང་པོ་དང་། རྡོ་རྗེས་རྣམ་པར་གནོན་དང་། མཐའ་ཡས་རྣམ་པར་གནོན་དང་། དཔག་མེད་རྣམ་པར་གནོན་དང་། མི་གཡོ་གནས་ཀྱིས་རྣམ་པར་གནོན་ དང་། ནམ་མཁའ་མཛོད་དང་། བློ་གྲོས་དམ་པ་དང་། ཁྱད་པར་བློ་གྲོས་དང་། བློ་གྲོས་འཕེལ་དང་། འགྲོ་གྲུབ་དང་། ས་འཛིན་དང་། ཟླ་འོད་དང་། ཟླ་བའི་ཏོག་དང་། འོད་ཀྱི་ཏོག་དང་། འོད་དཔལ་དང་། སྣང་བ་ཐོབ་པས་ 82-1-323b རྣམ་པར་གནོན་དང་། སེང་གེ་ལྟར་རྣམ་པར་གནོན་པས་མངོན་པར་བསྒྲགས་པའི་ང་རོ་དང་། སྤོབས་པ་ཐོགས་མེད་དང་། སྤོབས་པ་བཞད་པ་དང་། སྤོབས་པ་དཔའ་བ་དང་། རྣམ་པར་གནོན་དང་། ཉི་ཟླའི་འོད་ ཟེར་མོག་མོག་པོར་བྱེད་པའི་འོད་དང་། དམིགས་མེད་དང་། བློ་གྲོས་དཔེ་མེད་དང་། རྟག་ཏུ་བཞད་དགྱེས་དབང་པོ་དང་། ནོར་བུ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། བུད་མེད་རྣམ་སྒྱུར་གོ་ཆ་དང་། རབ་ཏུ་སྣང་བ་དང་། རྣམ་པར་སྣང་བྱེད་དང་། མེས་བྱིན་དང་། ཚོགས་ཅན་རབ་མཆོག་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབྱངས་ཟབ་མོ་དང་། དེ་དག་ལ་སོགས་པ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་བཞི་ཁྲི་ཉིས་སྟོང་དང་ཐབས་གཅིག་ཏུ་བཞུགས་སོ། །རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། དེ་དག་དང་ གཞན་ཡང་ལྷའི་བུ་དྲུག་ཁྲི་ཙམ་དང་ཡང་ཐབས་གཅིག་གོ། །ལྷའི་བུ་བློ་གྲོས་རབ་གནས་དང་། ལྷའི་བུ་མཚམས་བཟངས་དང་། ལྷའི་བུ་དབང་ཕྱུག་ཆེན་པོ་དང་། ལྷའི་བུ་བློ་གྲོས་བཟང་པོ་དང་། དེ་དག་ ལ་སོགས་པ་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པའི་ལྷའི་བུ་བདུན་ཁྲི་སུམ་སྟོང་དང་ཡང་ཐབས་གཅིག་གོ། །ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་དང་། ལྷ་མ་ཡིན་གྱི་དབང་པོ་ ལྷུན་པོ་དང་། དེ་དག་ལ་སོགས་པ་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པའི་ལྷ་མ་ཡིན་གྱི་དབང་པོ་ཉི་ཁྲི་དང་ཡང་ཐབས་གཅིག་གོ། །ཀླུའི་རྒྱལ་པོ་མ་དྲོས་པ་དང་། ཀླུའི་ རྒྱལ་པོ་ཟླ་བ་དང་། ཀླུའི་རྒྱལ་པོ་འཇོག་པོ་དང་། དེ་དག་ལ་སོགས་པ་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པའི་ཀླུའི་རྒྱལ་པོ་དྲུག་ཁྲི་དང་ཡང་ཐབས་གཅིག་གོ། །དེ་དག་ 82-1-324a དང་གཞན་ཡང་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་འབུམ་ཕྲག་དུ་མ་དང་། དགེ་སློང་དང་། དགེ་སློང་མ་ དང་། དགེ་བསྙེན་དང་། དགེ་བསྙེན་མ་དག་དང་ཡང་ཐབས་གཅིག་སྟེ། དེ་ནས་བཅོམ་ལྡན་འདས་འཁོར་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཏོ། །དེའི་ཚེ་ན་འཇམ་དཔལ་ གཞོན་ནུར་གྱུར་བ་རང་གི་གནས་ན་འདུག་པ། གཅིག་པུ་དབེན་པར་གྱུར་ཅིང་ནང་དུ་ཡང་དག་འཇོག་ལ་ཞུགས་པ། ཉོན་མོངས་པ་མེད་པ། སེམས་མེད་ཅིང་སེམས་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ སྙོམས་པར་ཞུགས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བ་དྲན་ཞིང་ཤེས་བཞིན་དུ་ཏིང་ངེ་འཛིན་དེ་ལས་ལངས་སོ། །འཇམ་དཔལ་གཞོན་ནུར་གྱུར་བ་ལངས་མ་ཐག་ཏུ་ཕྱོགས་བཅུའི་སངས་ རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་རྣམ་པ་དྲུག་ཏུ་རབ་ཏུ་གཡོས། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བ་ཏིང་ངེ་འཛིན་དེ་ལས་ལངས་ནས་འདུ་ཤེས་ཀྱི་རྣམ་པར་རྟོག་པ་ཡིད་ལ་བྱེད་པ་འདི་ལྟ་བུ་འདི་སྐྱེས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་དུ་འབྱུང་བ་ནི་བརྒྱ་ལ་བརྒྱ་ལམ་ན་སྟེ། འདི་ལྟ་སྟེ། དཔེར་ན་ཨུ་དུམ་བ་རའི་མེ་ཏོག་བརྒྱ་ལ་བརྒྱ་ལམ་ན་འཇིག་ རྟེན་དུ་འབྱུང་བ་དེ་བཞིན་དུ་གང་དག་སྐྱེ་བའི་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་ཞི་བ་གསལ་བ། བརྟག་ཏུ་མེད་པ། རྟོག་གེ་བ་དང་བྲལ་བ། ཟབ་པ། ཤེས་པར་དཀའ་བའི་ཆོས་སྟོན་པའི་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་བརྒྱ་ལ་བརྒྱ་ལམ་ན་འཇིག་རྟེན་དུ་འབྱུང་ངོ་། །སངས་རྒྱས་འབྱུང་བ་མེད་ན་ནི་ཆོས་མཉན་པ་ཡང་མེད་དོ། །ཆོས་མཉན་པ་མེད་ན་ནི་སེམས་ 82-1-324b ཅན་རྣམས་ཀྱི་སྡུག་བསྔལ་ཟད་པ་ཡང་མེད་པས་བདག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྱན་སྔར་སོང་སྟེ། ཞུ་བ་ཞུས་པ་ཇི་ལྟ་བུས་སེམས་ཅན་རྣམས་ ཀྱི་དགེ་བའི་རྩ་བ་ཡོངས་སུ་འགྲུབ་པར་འགྱུར་བ་དང་། བྱང་ཆུབ་སེམས་དཔའ་ཐེག་པ་པའི་གང་ཟག་རྣམས་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་དག་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་པར་འགྱུར་བ་ དང་། སངས་རྒྱས་ཀྱི་བྱང་ཆུབ་ཡོངས་སུ་རྫོགས་པར་འགྱུར་བ་དང་། འཇིག་རྟེན་གྱི་ཁམས་མི་མཇེད་འདིའི་སེམས་ཅན་འདི་དག་ནི་འདོད་ཆགས་ཆེ་བ། ཞེ་སྡང་ཆེ་བ། གཏི་མུག་ཆེ་བ། དཀར་པོའི་ཆོས་དང་བྲལ་བ། མི་དགེ་བའི་ཆོས་དང་ལྡན་པ། གླེན་པ། བླུན་པ། མི་གུས་པ། སངས་རྒྱས་དང་བྲལ་བ། ཆོས་དང་བྲལ་བ། དགེ་འདུན་དང་བྲལ་བ་ཤ་སྟག་ཡིན་པས་ཅི་ནས་ཀྱང་སེམས་ཅན་འདི་དག་གིས་ཆོས་ཐོས་ནས་ཤེས་ རབ་ཀྱི་མིག་རྣམ་པར་དག་པར་འགྱུར་བ་དེ་ལྟ་བུའི་ཞུ་བ་ཞུའོ་སྙམ་མོ། །དེ་ནས་ཡང་འཇམ་དཔལ་གཞོན་ནུར་གྱུར་བ་འདི་སྙམ་དུ་སེམས་ཏེ། བདག་གིས་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་གང་དག་དེ་ བཞིན་གཤེགས་པ་ལ་ཆོས་ཉན་པར་འགྱུར་བ་དང་། གང་དག་ཟབ་མོའི་བཟོད་པ་འདི་ལ་ལུས་ཀྱིས་མངོན་དུ་བྱེད་པར་འགྱུར་བ་འབུམ་ཕྲག་མང་པོ་དག་ཀྱང་བསྡུ་བར་བྱའོ་སྙམ་མོ། །དེ་ནས་དེའི་ཚེ་འཇམ་ དཔལ་གཞོན་ནུར་གྱུར་བ་ཀུན་དུ་སྣང་བ་དྲི་མེད་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །འཇམ་དཔལ་གཞོན་ནུར་གྱུར་བ་ཀུན་དུ་སྣང་བ་དྲི་མེད་བཀོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ ཞུགས་མ་ཐག་ཏུ་དེ་ནས་དེའི་མོད་ལ་ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་མཉན་པ། འཇམ་པ། རྣམ་པར་དག་པ། འོད་གསལ་བ། དྲི་མ་མེད་པ། ཡོངས་སུ་དག་པའི་འོད་ 82-1-325a ཆེན་པོ་དང་། སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །འོད་དེ་དང་། སྣང་བ་དེས་ཕྱོགས་བཅུའི་འཇིག་རྟེན་ན་འཇིག་རྟེན་གྱི་བར་གྱི་མུན་པ་མུན་གནག་དང་། རིའི་རྩེ་མོ་དང་། ཤིང་ལྗོན་པ་དང་། རི་དང་། ཁོར་ཡུག་དང་། བཏང་ཟུང་དང་། བཏང་ཟུང་ཆེན་པོ་དང་། གངས་དང་། རི་རབ་དང་། ལྷུན་པོ་ཆེན་པོ་གང་དག་ཡོད་པ་དེ་དག་ཐམས་ཅད་སྣང་བ་ཆེན་པོས་གསལ་བར་གྱུར་ཏོ། །དེ་ནས་ཕྱོགས་བཅུའི་འཇིག་རྟེན་ན་ སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་གང་དག་བཞུགས་ཏེ། འཚོ་ཞིང་གཞེས་པ་དེ་དག་ལ་རང་རང་གི་བསྙེན་བཀུར་བ་དག་གིས་ཞུས་པ། བཅོམ་ལྡན་འདས་སྔོན་མ་མཐོང་མ་ཐོས་པའི་ འོད་འདི་ལྟར་ཡིད་དུ་མཆི་བ། འདི་ལྟར་འོད་གསལ་བའི་སྣང་བ་ཆེན་པོ་འདི་ལྟ་བུ་འཇིག་རྟེན་དུ་བྱུང་བ་འདི་བཅོམ་ལྡན་འདས་རྒྱུ་ནི་གང་ལགས། རྐྱེན་ནི་གང་ལགས། བཅོམ་ལྡན་འདས་འོད་འདིས་བདག་ ཅག་སེམས་དང་བ་དང་། ལུས་སིམ་པ་ཆེན་པོ་དང་ལྡན་ཞིང་སེམས་ཅན་རྣམས་ཀྱི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དག་ཀྱང་ཀུན་དུ་མི་འབྱུང་ལགས་ན། བཅོམ་ལྡན་འདས་གང་གིས་འོད་འདི་ ལྟ་བུ་བཀྱེ་བ་འདི་སུའི་མཐུ་ལགས། འདི་སུའི་བྱིན་གྱིས་བརླབས་ལགས། དེ་སྐད་ཅེས་གསོལ་པ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་བསྙེན་བཀུར་བ་དེ་དག་ལ་ཅང་མི་གསུང་བར་གྱུར་ཏོ། །སངས་ རྒྱས་ཀྱི་མཐུས་ཕྱོགས་བཅུའི་འཇིག་རྟེན་ན་ལྷའི་སྒྲ་དང་། ཀླུའི་སྒྲ་དང་། གནོད་སྦྱིན་གྱི་སྒྲ་དང་། ལྷ་མ་ཡིན་གྱི་སྒྲ་དང་། ནམ་མཁའ་ལྡིང་གི་སྒྲ་དང་། དྲི་ཟའི་སྒྲ་དང་། མི་འམ་ཅིའི་སྒྲ་དང་། ལྟོ་འཕྱེ་ཆེན་པོའི་ སྒྲ་དང་། མིའི་སྒྲ་དང་། མི་མ་ཡིན་པའི་སྒྲ་དང་། བྱའི་སྒྲ་དང་། རི་དགས་ཀྱི་སྒྲ་གང་དག་ཡོད་པ་དེ་དག་ཐམས་ཅད་ཀྱང་མི་གྲག་པར་གྱུར་ཏོ། །རླུང་གི་སྒྲ་དང་། ཆུའི་ཕུང་པོའི་སྒྲ་དང་། རྒྱ་མཚོ་ཆེན་པོའི་ཤུགས་ཀྱི་ 82-1-325b སྒྲ་དང་། རོལ་མོའི་སྒྲ་དང་། གླུ་དབྱངས་ཀྱི་སྒྲ་གང་དག་ཡོད་པ་དེ་དག་ཐམས་ཅད་ཀྱང་མི་གྲག་པར་གྱུར་ཏེ། འགའ་ཡང་སྒྲ་མི་འབྱིན་ཅིང་ཐམས་ཅད་ཞི་བ་དང་། རབ་ཏུ་ཞི་བར་གྱུར་ཏོ། །ཡང་སངས་རྒྱས་བཅོམ་ ལྡན་འདས་དེ་དག་ལ་བསྙེན་བཀུར་བ་དེ་དག་གིས་ལན་གཉིས་ལན་གསུམ་དུ་འདི་སྐད་ཅེས་གསོལ་ཏོ། །སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། ལྷ་དང་། མི་རྣམས་ཀྱི་སྐྱེ་བོ་ཕལ་པོ་ ཆེའི་དོན་དང་། སྨན་པ་དང་། བདེ་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་གང་གིས་འོད་འདི་ལྟ་བུ་བཀྱེ་ཞིང་དེས་སངས་རྒྱས་ཀྱི་ཞིང་འདི་དག་ཐམས་ཅད་སྣང་བར་གྱུར་བ་འདི་སུའི་མཐུ་ལགས་པ་བཤད་དུ་གསོལ། དེ་ནས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྒྲ་དབྱངས་གཅིག་ཏུ་བསྡུས་ནས་ གསུང་གི་ཕྲིན་ལས་བརྗོད་དོ། །དེ་བཞིན་གཤེགས་པ་གཅིག་ཇི་ལྟ་བ་དེ་བཞིན་དུ་གཞན་ཡང་དེ་བཞིན་གསུང་ཞིང་དེ་དག་གིས་གསུང་གི་ཕྲིན་ལས་སྒྲ་དབྱངས་གཅིག་ཏུ་བསྡུས་པ་དེ་ལྟ་བུ་དེས་བསྙེན་བཀུར་ བ་དེ་དག་ལ་བཀའ་སྩལ་ཏོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་གསུང་བརྗོད་པ་དེས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀུན་དུ་གང་བར་གྱུར་ཏེ། ལྷ་དང་མིར་བཅས་པའི་སིལ་སྙན་འབུམ་ཕྲག་མང་པོ་ དག་ཀྱང་སྒྲ་མངོན་པར་འབྱིན་ཅིང་རོལ་མོའི་སྒྲ་དག་ཀྱང་མ་དཀྲོལ་བར་སྒྲ་གྲག་པར་གྱུར་ཏོ། །རོལ་མོའི་སྒྲ་དེ་དག་ལས་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་ལྡན་པའི་སྒྲ་འབྱུང་ཞིང་སྟོང་པ་ ཉིད་ཀྱི་སྒྲ་དང་། མཚན་མ་མེད་པའི་སྒྲ་དང་། སྨོན་པ་མེད་པའི་སྒྲ་དང་། འདོད་ཆགས་དང་བྲལ་བའི་སྒྲ་དང་། རྣམ་པར་གྲོལ་བའི་སྒྲ་དང་། ཆོས་ཀྱི་དབྱིངས་ཀྱི་སྒྲ་དང་། དེ་བཞིན་ཉིད་ཀྱི་སྒྲ་དང་། ཡང་དག་པའི་ 82-1-326a མཐའི་སྒྲ་དང་། སྦྱིན་པའི་སྒྲ་དང་། ཚུལ་ཁྲིམས་ཀྱི་སྒྲ་དང་། བཟོད་པའི་སྒྲ་དང་། བརྩོན་འགྲུས་ཀྱི་སྒྲ་དང་། བསམ་གཏན་གྱི་སྒྲ་དང་། ཤེས་རབ་ཀྱི་སྒྲ་དང་། དེས་པའི་སྒྲ་དང་། ཕན་པའི་དངོས་པོའི་ སྒྲ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱི་སྒྲ་དག་དང་། དེ་ལྟ་བུ་དང་འཐུན་པའི་ཆོས་ཀྱི་སྒོ་འབུམ་ཕྲག་དུ་མ་དག་གི་སྒྲ་བྱུང་བར་གྱུར་ཏོ། །སྒྲ་བྱུང་བ་དེ་དག་གིས་སེམས་ཅན་བྱེ་བ་ ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་གྲངས་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་། ཉན་ཐོས་ཉིད་དང་། རང་སངས་རྒྱས་ཉིད་དང་། བརྒྱ་བྱིན་ཉིད་དང་། ཚངས་པ་ཉིད་དང་། འཁོར་ ལོས་སྒྱུར་བའི་རྒྱལ་སྲིད་ཡོངས་སུ་འགྲུབ་པ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བསྙེན་བཀུར་བ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ དག་འདི་ལྟ་བུའི་གཏམ་དྲིས་པས་ཁྱེད་ལ་ཅི་ཞིག་བྱས་ཐོང་ཤིག །འོད་འདི་ནི་ཇི་ཙམ་དུ་བསམ་གྱིས་མི་ཁྱབ་པའི་དགེ་བའི་རྩ་བ་དང་། ཇི་ཙམ་དུ་བསམ་གྱིས་མི་ཁྱབ་པའི་སྦྱིན་པའི་ཚོགས་དང་། ཚུལ་ ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཚོགས་ཀྱིས་ཡོངས་སུ་སྦྱང་བ་བྱས་པ་ཡིན་ཏེ། འདི་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་མ་ཡིན་ནོ། ། གལ་ཏེ་དེ་བཞིན་གཤེགས་པས་འོད་འདིའི་བསྔགས་པ་བརྗོད་པར་གྱུར་ན་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་འདི་ལ་རྨོངས་པར་འགྱུར་རོ། །འོད་འདི་ནི་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་ དང་། བཏང་སྙོམས་ཐམས་ཅད་ཀྱིས་ཡོངས་སུ་བསྒོས་པས་ཡོངས་སུ་ཚིམ་པར་བྱེད་པ་སྟེ། འོད་འདིའི་བསྔགས་པ་བརྗོད་པར་གྱུར་ན་བསྐལ་པ་འམ། བསྐལ་པ་ལས་ལྷག་པར་ཡང་བསྔགས་པ་ 82-1-326b བརྗོད་པའི་མཐར་ཕྱིན་པར་སླ་བ་མ་ཡིན་ནོ། །རིགས་ཀྱི་བུ་དག་དེ་ལྟ་མོད་ཀྱི་འོན་ཀྱང་ལེགས་པར་ཉོན་ལ་རབ་ཏུ་ཡིད་ལ་ཟུང་ཤིག་དང་། ཁྱེད་ལ་བཤད་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ བསྙེན་བཀུར་བ་དེ་དག་གིས་ལན་གཉིས་ལན་གསུམ་དུ་འདི་སྐད་ཅེས་གསོལ་ཏོ། །སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་ འགྲུབ་པར་བགྱི་བའི་སླད་དུ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་རང་རང་གི་བསྙེན་བཀུར་བ་དེ་དག་ལ་འདི་སྐད་ཅེས་ བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ། རིག་ པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་བཞུགས་ཏེ། འཚོ་ཞིང་གཞེས་པ་དེ་སྙིགས་མ་ལྔ་དང་ལྡན་པའི་འཇིག་རྟེན་གནས་པར་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་གཟིར་པའི་སེམས་ཅན་མི་གུས་པ། དབང་པོ་རྟུལ་བ། ངོ་ཚ་ཤེས་པ་དང་། ཁྲེལ་ ཡོད་པ་དང་བྲལ་བ་ཉོན་མོངས་པ་ཅན་གྱི་ལས་ལ་སྤྱོད་པ་དེ་ལྟ་བུའི་སེམས་ཅན་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ ཏེ་ཆོས་སྟོན་ཏོ། །རིགས་ཀྱི་བུ་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མི་ 82-1-327a མཇེད་དེ་ན་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་བ་ཞེས་བྱ་བ་མཐུ་ཆེ་བ། ཤེས་པ་ཆེ་བ། བརྩོན་འགྲུས་ཆེ་བ། བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་དག་པར་སྟོན་པར་བྱེད་པ། བྱང་ ཆུབ་སེམས་དཔའ་རྣམས་ཡང་དག་པར་འཛིན་དུ་འཇུག་པ། བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་གཟེང་བསྟོད་པ། བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་རབ་ཏུ་དགའ་བར་བྱེད་པ། བྱང་ཆུབ་ སེམས་དཔའ་རྣམས་ཀྱི་ཕའི་གོ་འབྱེད་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མའི་གོ་འབྱེད་པ། ཆོས་ཐམས་ཅད་ཀྱི་གཞི་རབ་ཏུ་འབྱེད་པའི་ཤེས་པ་ལ་མཁས་པ། ཆགས་པ་མེད་པའི་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ཐོབ་པ། ཐོགས་པ་མེད་པའི་སྤོབས་པ་དང་ལྡན་པ། གཟུངས་ཐོབ་པ། བྱང་ཆུབ་སེམས་དཔའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཞིག་འདུག་པ་དེ་འདི་ལྟ་སྟེ། སེམས་ ཅན་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་འགྲུབ་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ལ་ཆོས་ཀྱི་ཞུ་བ་ཞུས་པར་གྱུར་ཏེ། རིགས་ཀྱི་བུ་དག་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་བ་དེས་བྱང་ཆུབ་ སེམས་དཔའ་གང་དག་ཆོས་བསྟན་པ་དེ་ཉན་ཅིང་འདུ་བར་འགྱུར་བའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དག་ཕྱོགས་བཅུ་ནས་བསྡུ་བའི་ཕྱིར་འོད་འདི་བཀྱེ་སྟེ། རིགས་ཀྱི་བུ་དག་སྣང་བ་ཆེན་པོ་འཇིག་ རྟེན་དུ་བྱུང་བ་འདིའི་རྒྱུ་ནི་དེ་ཡིན། རྐྱེན་ནི་དེ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བསྙེན་བཀུར་བ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ 82-1-327b ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་བ་དེ་ཏིང་ངེ་འཛིན་གང་ལ་གནས་ནས་འོད་འདི་ལྟ་བུ་འདི་འགྱེད་པ་ལགས། བཀའ་སྩལ་པ། ཏིང་ངེ་འཛིན་ཀུན་དུ་སྣང་བ་དྲི་མེད་བཀོད་པ་སྟེ། བྱང་ཆུབ་སེམས་ དཔའ་འཇམ་དཔལ་གཞོན་ནུར་གྱུར་བ་དེ་ཏིང་ངེ་འཛིན་ལ་གནས་ནས་འོད་འདི་ལྟ་བུ་འདི་འགྱེད་དོ། །གསོལ་པ། བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདི་ལྟར་གསལ་བ། འདི་ལྟར་ རྣམ་པར་དག་པ། འདི་ལྟར་ལུས་དང་སེམས་དགའ་བ་དང་། མཆོག་ཏུ་དགའ་བར་བགྱིད་པའི་འོད་འདི་ལྟ་བུ་འགྱེད་པར་མི་མཛད་ལགས་སོ། །བཀའ་སྩལ་པ། རིགས་ཀྱི་བུ་དག་བྱང་ཆུབ་སེམས་དཔའ་ བསྡུ་བ་དང་། བྱང་ཆུབ་སེམས་དཔའ་བསྐུལ་བའི་ཆོས་ཀྱི་རྣམ་གྲངས་རྟག་ཏུ་མི་འཆད་པའི་ཕྱིར་རོ། །དེ་ནས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད། གྲངས་མེད། བསམ་གྱིས་མི་ཁྱབ་པ་གང་གཱའི་ཀླུང་ བྱེ་བའྀ་བྱེ་མ་སྙེད་དག་ན་སངས་རྒྱས་ཀྱི་ཞིང་རེ་རེ་ནས་ཀྱང་བྱང་ཆུབ་སེམས་དཔའ་དཀྲིགས་ཕྲག་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད། གྲངས་མེད། བསམ་གྱིས་མི་ཁྱབ་པ་དག་སངས་རྒྱས་བཅོམ་ལྡན་ འདས་དེ་དག་ལ་བ་དེར་དོང་སྟེ། ལྷགས་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ འདས་སྔོན་མ་མཐོང་མ་ཐོས་པ་ཡོན་ཏན་དུ་མ་དང་ལྡན་པའི་འོད་འདི་ལྟ་བུ་དང་། སྣང་བ་འདི་ལྟ་བུ་དང་། འབར་བ་འདི་ལྟ་བུ་འདི་ག་ལས་མཆིས་སུའི་འོད་ལགས། དེ་སྐད་ཅེས་གསོལ་པ་དང་། སངས་རྒྱས་ བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་ 82-1-328a པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །དེ་ན་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་བ་ཞེས་ བྱ་བ་ཞིག་འདུག་པ་དེས་འདི་ལྟ་སྟེ། ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་བསྡུ་བའི་ཕྱིར་འོད་འབར་བ་འདི་ལྟ་བུ་འདི་བཀྱེའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་ དག་ལ་བྱང་ཆུབ་སེམས་དཔའ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་ པ་དེ་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བགྱི་བ་དང་། ཞུ་བ་དང་། ཞུ་བླག་བགྱི་བ་དང་། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་བ་དེ་དང་། དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་ དེ་དག་ཀྱང་བལྟ་བའི་སླད་དུ་འཇིག་རྟེན་གྱི་ཁམས་མི་མཇེད་དེར་མཆིའོ། །བཀའ་སྩལ་པ། རིགས་ཀྱི་བུ་དག་དེའི་དུས་ལ་བབ་པར་ཤེས་ན་དེང་ཤིག ། ད་ནས་དེའི་མོད་ལ་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་ དཀྲིགས་ཕྲག་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད། གྲངས་མེད། བསམ་གྱིས་མི་ཁྱབ་པ་དག་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ཉིད་ལ་འདི་ལྟ་སྟེ། དཔེར་ན་མི་སྟོབས་པོ་ཆེའི་ལག་པ་བསྐུམ་པ་ལས་བརྐྱང་ བ་འམ། བརྐྱང་བ་ལས་བསྐུམ་པ་ཙམ་ལ་རང་རང་གི་སངས་རྒྱས་ཀྱི་ཞིང་དག་ནས་མི་སྣང་བར་གྱུར་ནས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ལྷགས་པར་གྱུར་ཏོ། །དེ་ན་བྱང་ཆུབ་སེམས་དཔའ་ལ་ལ་དག་ ནི་མེ་ཏོག་གི་ཆར་དག་མངོན་པར་རབ་ཏུ་འབེབས་ཤིང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བ་དེར་ལྷགས་སོ། །ལ་ལ་དག་ནི་ 82-1-328b ཕྱེ་མ་དང་། བྱུག་པ་དང་། མེ་ཏོག་ཕྲེང་དང་། སྤོས་ཀྱི་ཆར་དག་དང་། མེ་ཏོག་ཨུད་པལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། ཙམ་པ་ཀ་དང་། ཨ་ཏི་མུག་ཏ་ཀ་དང་། སྐྱ་སྣར་དང་། དྷེ་ནུ་སྐ་རི་དང་། སྣ་མའི་མེ་ཏོག་དང་། བཱར་ཤི་ཀ་དང་། བཱར་ཤི་ཀ་ཆེན་པོ་དང་། མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་དང་། པཱ་རུ་ཤ་ཀ་དང་། པཱ་རུ་ཤ་ཀ་ཆེན་པོ་དང་། ཟླ་མདོག་དང་། ཟླ་མདོག་ཆེན་པོ་དང་། ཟླ་མདོག་རབ་མཛེས་ ལ་སོགས་པ་མེ་ཏོག་གི་རིགས་རྣམ་པ་སྣ་ཚོགས་ཀྱི་ཆར་དག་དང་། སྤོས་ཀྱི་ཆར་དག་དང་། ཕྲེང་བའི་ཆར་དག་དང་། ཕྱེ་མའི་ཆར་དག་མངོན་པར་རབ་ཏུ་འབེབས་ཤིང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བ་དེར་ལྷགས་སོ། །བྱང་ཆུབ་སེམས་དཔའ་ལ་ལ་དག་ནི་སིལ་སྙན་འབུམ་ཕྲག་དུ་མ་དག་རབ་ཏུ་བསིལ་ཞིང་བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བ་དེར་ལྷགས་སོ། །བྱང་ཆུབ་སེམས་དཔའ་ལ་ལ་དག་ནི་དེ་བཞིན་གཤེགས་པ་ལ་བསྟོད་པའི་སྒྲ་དབྱངས་རེ་རེས་ ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་སུ་སྒྲ་དབྱངས་ཀྱིས་གོ་བར་བྱེད་ཅིང་ལྷགས་ཏེ། དེ་ལྟ་བུའི་བཀོད་པ་རྣམ་པ་སྣ་ཚོགས་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བ་དེར་ལྷགས་སོ། །བྱང་ཆུབ་སེམས་དཔའ་དེ་དག་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ལྷགས་མ་ཐག་ཏུ་དེ་ནས་དེའི་མོད་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་གི་མཐུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སེམས་ཅན་གང་ཇི་སྙེད་ 82-1-329a ཡོད་པ་དེ་དག་ཐམས་ཅད་ཉེ་བར་ཞི་བར་གྱུར་ཏོ། །སེམས་ཅན་གང་ལ་ཡང་འདོད་ཆགས་ཀྱིས་གནོད་པ་མེད། ཞེ་སྡང་གིས་མ་ཡིན། གཏི་མུག་གིས་མ་ཡིན། ང་རྒྱལ་གྱིས་མ་ཡིན། ཕྲག་དོག་ གིས་མ་ཡིན། སེར་སྣས་མ་ཡིན། འཆབ་པས་མ་ཡིན། ཁྲོ་བས་མ་ཡིན། ཡོངས་སུ་གདུང་བས་མ་ཡིན་ཏེ། སེམས་ཅན་ཐམས་ཅད་བྱམས་པའི་སེམས་དང་། མཆོག་ཏུ་དགའ་བའི་སེམས་དང་ལྡན་ པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་དཀྲིགས་ཕྲག་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད། གྲངས་མེད། བསམ་གྱིས་མི་ཁྱབ་པ་དེ་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་ པའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་སྟེང་གི་བར་སྣང་ལ་ལུས་མི་སྣང་བར་བྱས་ཏེ། ལུས་ཐམས་ཅད་རྣམ་པར་འཇིག་པ་ཞེས་བྱ་བའི་ཏིང་ ངེ་འཛིན་ལ་སྙོམས་པར་ཞུགས་ནས་རང་རང་གི་སྨོན་ལམ་ལས་བྱུང་བའི་པད་མ་ཁ་དོག་སྣ་ཚོགས་འདབ་མ་འབུམ་ཕྲག་དུ་མ་དང་ལྡན་པའི་པད་མའི་སྙིང་པོ་དག་ལ་སྐྱིལ་མོ་དཀྲུང་བཅས་ཏེ་འདུག་པར་ གྱུར་ཏོ། །དེ་ནས་གནས་བརྟན་འོད་སྲུང་ཆེན་པོའི་ཆོས་ཀྱི་ཆོ་འཕྲུལ་ཆེན་པོ་ངོ་མཚར་རྨད་དུ་བྱུང་བ་དེ་དང་། མེ་ཏོག་གི་ཆར་དང་། སྤོས་ཀྱི་ཆར་དང་། ཕྱེ་མའི་ཆར་དེ་དག་དང་། སིལ་སྙན་འབུམ་ཕྲག་མང་པོ་སྒྲ་ འབྱིན་པ་དེ་དག་དང་། སྣང་བ་ཆེན་པོ་དེ་ཡང་མཐོང་། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་འདི་མེ་ཏོག་དག་གིས་པུས་མོ་ནུབ་ཙམ་དུ་ཁེབས་པར་གྱུར་བ་ཡང་མཐོང་། འཁོར་ཕལ་པོ་ཆེ་ལྷ་དང་། ཀླུ་དང་། 82-1-329b གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དེ་དག་ཐམས་ཅད་ཀྱི་ལུས་ གསེར་གྱི་ཁ་དོག་ལྟ་བུར་སྣང་བ་དག་ཀྱང་མཐོང་ངོ་། །དེ་ནས་གནས་བརྟན་འོད་སྲུང་ཆེན་པོ་སྟན་ལས་ལངས་ཏེ། ཆོས་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་ འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །རབ་དགའ་བདེ་བ་སྩོལ་བ་ཤིན་དུ་དྲི་མ་མེད་པའི་ཞལ། །མི་ཡི་དམ་པ་སྟོབས་བཅུ་ ཡོན་ཏན་བརྒྱ་དག་དེས་བསགས་པ། །བསམ་ཡས་གཞལ་དུ་མ་མཆིས་ཡིད་གཉིས་མུན་པ་སེལ་བ་པོ། །ས་བླ་ལྷ་ཡུལ་རྣམ་པར་རྒྱུ་བ་ཁྱོད་དང་མཚུངས་མ་མཆིས། །བསྐལ་པ་ཁྲག་ཁྲིག་ཕྲག་བརྒྱར་སྦྱིན་དང་དུལ་ བ་ལེགས་པར་སྤྱད། །བདེ་གཤེགས་ཁྱོད་ཀྱི་ཚུལ་ཁྲིམས་མཚུངས་པ་མ་མཆིས་གནས་མ་མཆིས། །བཟོད་སྟོབས་ཤིན་དུ་སྟོབས་དང་ལྡན་པ་སྟོབས་བཅུའི་སྟོབས་ལྡན་པ། །ཡོན་ཏན་མངའ་བ་མཛུམ་མཛད་བདག་ གི་ཐེ་ཚོམ་བསལ་དུ་གསོལ། །སེམས་ཅན་སྡུག་བསྔལ་གཟིགས་ནས་བསྐལ་པ་བརྒྱ་དག་རྣམ་སྤྱད་ཀྱང་། །སྐྱོ་ཞིང་སྤོང་བ་མི་མངའ་དགྱེས་པ་གཞལ་དུ་མ་མཆིས་བརྙེས། །སྲས་དང་སྲས་མོ་བཙུན་མོ་རྒྱལ་སྲིད་ སྤྱན་དང་སྣ་ཚོགས་གཏང་། །སྤྱན་དགྱེས་ཐམས་ཅད་གཏོང་བ་བདག་གི་ཐེ་ཚོམ་བསལ་དུ་གསོལ། །ཁྱོད་ཀྱིས་སྔོན་ཆད་ཆིབས་དང་གླང་པོ་ཤིང་རྟ་དཔུང་ཆུང་བསྩལ། །གཏོང་ལ་དགྱེས་པས་དབུ་དང་ན་བཟའ་ཁྲག་ཁྲིག་ བརྒྱ་ཡང་གཏང་། །ཐུབ་པས་ཞལ་ཟས་སྩང་ནན་དེ་བཞིན་ཕོ་བྲང་དཀོར་ཡང་བསྩལ། །སྦྱིན་དང་གཏོང་ལ་རྟག་ཏུ་དགྱེས་པ་བདེ་གཤེགས་ཁྱོད་ལ་ཞུ། །སྟོང་པའི་ཆོས་རྣམས་ངེས་པར་བསྟེན་ཅིང་ཐུགས་ལ་ལེགས་ 82-1-330a དགོངས་པས། །རྡུལ་བྲལ་སྐུ་ལུས་གཏུབས་ཀྱང་སྡུག་བསྔལ་འཁྲུག་པ་མི་མངའ་ཞིང་། །གསུངས་ཤེས་ཞུས་ན་བཟོད་པ་གསུང་བའི་སྟོབས་ལ་བརྩོན་པ་ཡི། །ཡོན་ཏན་མངའ་བ་རྡུལ་ དང་བྲལ་བ་ཁྱོད་ལ་ཞུ་བ་འཚལ། །འདོད་ཆགས་ཞེ་སྡང་དག་གིས་རབ་དཀྲུགས་རྨོངས་ཤིང་ཀུན་དཀྲིས་ལ། །བདག་ཏུ་འདུ་ཤེས་བརྩོན་པའི་སེམས་ཅན་སྡུག་བསྔལ་གཟིགས་ནས་ནི། །ཐུགས་རྗེ་བསྐྱེད་ནས་བསྐལ་ པ་བརྒྱ་དག་སྲིད་པ་འདིར་སྤྱད་པ། །དཔའ་བོ་ལམ་རབ་སྟོན་པར་མཛད་པ་བདག་གི་སྐྱབས་གྱུར་ཅིག །བདེ་གཤེགས་ལེགས་པ་མཛད་པ་ཁྱོད་ནི་འགྲོ་ལ་ཐོགས་མི་མངའ། །སྤྱད་པ་ལེགས་པར་སྤྱད་པས་རྫུ་འཕྲུལ་ ཞབས་དང་ཡེ་ཤེས་བརྙེས། །བདག་དང་སེམས་ཅན་རྣམ་པར་གཤིག་ཅིང་སྟོང་པའི་ཆོས་ལ་བརྩོན། །ཤིན་དུ་དྲི་མ་མ་མཆིས་བསམ་བསྒོམ་བདག་གི་ཐེ་ཚོམ་ཁུམ། །ཁྱོད་ཀྱིས་སྔོན་ནི་སྦྱིན་དང་ཚུལ་ཁྲིམས་བཟོད་པ་རྩོན་ འགྲུས་དང་། །བསམ་གཏན་ཤེས་རབ་སྙིང་རྗེ་བྱམས་པ་མཚུངས་པ་མ་མཆིས་བསྟེན། །ཁྱོད་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་ཆུ་འཛིན་རྒྱ་མཚོ་བཞིན། །འབྱུང་གནས་བཟང་པོ་ཤིན་དུ་གནས་པ་བདག་གི་སྐྱབས་ གྱུར་ཅིག །རྡུལ་བྲལ་ཁྱོད་ཀྱིས་སྐུ་ལུས་དུམ་བུ་དུམ་བུར་བཅད་ཅིང་ནི། །སྲང་ལ་གཅལ་བ་མཛད་ཅིང་དམ་དུམ་ལྷག་རོལ་མ་ལུས་པར། །སྐུ་ཀུན་རིལ་གྱིས་བཏང་སྟེ་ཕུག་རོན་ཕྲུག་གུ་གཅིག་མ་བཏང་། །རྡུལ་ བྲལ་འོད་མཛད་ཐུགས་རྗེ་མངའ་བ་ཐེ་ཚོམ་བཅད་དུ་གསོལ། །ལྷ་ཚོགས་གནས་པའི་རི་བོ་གཡོས་ཤིང་དགུང་ནི་རྡིབ་གྱུར་ལ། །ལྷ་མ་ཡིན་གྱི་ཚོགས་ཀྱི་གནས་མལ་རྒྱ་མཚོ་བས་གྱུར་ཅིང་། །མཁའ་ལ་གནས་ ཤིང་རྒྱུ་བའི་དགུང་ཟླ་དོག་སར་ལྷུང་གྱུར་ཀྱང་། །རྒྱལ་བ་དྲང་པོ་མཛད་པ་ཁྱོད་ནི་ལོག་པའི་ཚིག་མི་གསུང་། །དེ་ནས་གནས་བརྟན་འོད་སྲུང་ཆེན་པོས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དེ་དག་གིས་མངོན་ 82-1-330b པར་བསྟོད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྣང་བ་ཆེན་པོ་འཇིག་རྟེན་དུ་བྱུང་ཞིང་ངོ་མཚར་རྨད་དུ་བྱུང་བའི་མཚན་མ་རྒྱ་ཆེན་པོ་འདི་ལྟ་བུ་གདའ་བ་འདིའི་རྒྱུ་ནི་གང་ལགས་ རྐྱེན་ནི་གང་ལགས། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང་འདི་ལྟ་བུའི་གཏམ་དྲིས་པས་ཁྱོད་ལ་ཅི་ཞིག་བྱ་ཐོང་ ཤིག །འདི་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ས་མ་ཡིན་ནོ། །གལ་ཏེ་དེ་བཞིན་གཤེགས་པས་གནས་འདི་བསྟན་པར་གྱུར་ན་ལྷ་དང་བཅས་པའི་འཇིག་རྟེན་འདི་ལ་རྨོངས་ཤིང་བསླད་པར་ འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་སྐྱེ་བོ་མང་པོ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བའི་སླད་དུ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང་དེའི་ཕྱིར་ལེགས་པར་ཉོན་ལ་རབ་ཏུ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །གནས་བརྟན་འོད་སྲུང་ཆེན་པོས་བཅོམ་ལྡན་འདས་ ལེགས་སོ་ཞེས་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང་འདི་ན་འཇམ་དཔལ་གཞོན་ནུར་གྱུར་བ་ཀུན་དུ་སྣང་བ་དྲི་མེད་བཀོད་པ་ཞེས་བྱ་བའི་ ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེའི་མཐུས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བྱེ་བའི་བྱེ་མ་སྙེད་དག་འོད་ཀྱིས་སྣང་བར་བྱས་ནས་འོད་དེས་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་དཀྲིགས་ ཕྲག་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད། གྲངས་མེད། བསམ་གྱིས་མི་ཁྱབ་པ་དག་ཡང་དག་པར་བསྐུལ་ཏེ། འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ལྷགས་ནས་དེ་དག་གིས་ད་བཟོད་ངའི་རྐང་པ་ལ་ 82-1-331a མགོ་བོས་ཕྱག་བྱས་ཏེ། ང་ལ་ལན་གསུམ་བསྐོར་བ་བྱས་ནས་སྟེང་གི་བར་སྣང་ལ་ཏལ་བདུན་སྲིད་ཙམ་ན་པད་མ་དག་ལ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་དག་གི་མཐུས་མེ་ཏོག་གི་ཆར་འདི་ལྟ་བུ་འདི་དག་རབ་ཏུ་བབ་ཅིང་སྤོས་ཀྱི་ཆར་དག་དང་། ཕྱེ་མའི་ཆར་འདི་དག་ཀྱང་རབ་ཏུ་བབ་ལ། སིལ་སྙན་འབུམ་ཕྲག་མང་ པོ་དག་ཀྱང་མ་དཀྲོལ་བར་སྒྲ་འབྱིན་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་དེ་དག་གི་མཐུས་མེ་ཏོག་གི་ཆར་འདི་ལྟ་བུ་འདི་དག་རབ་ཏུ་བབ་ཅིང་སྤོས་ ཀྱི་ཆར་དག་དང་། ཕྱེ་མའི་ཆར་འདི་དག་ཀྱང་རབ་ཏུ་བབ་ལ། སིལ་སྙན་འབུམ་ཕྲག་མང་པོ་དག་ཀྱང་མ་དཀྲོལ་བར་སྒྲ་འབྱིན་ཏོ། །གསོལ་པ། བཅོམ་ལྡན་འདས་འདི་ན་བྱང་ཆུབ་སེམས་དཔའ་འགའ་ཡང་མི་གདའོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་དེ་དག་ནི་ཉན་ཐོས་རྣམས་དང་། རང་སངས་རྒྱས་དག་གིས་བལྟ་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། འོད་སྲུང་འདི་ལྟར་ཉན་ཐོས་དང་། རང་སངས་རྒྱས་རྣམས་ནི་བྱང་ ཆུབ་སེམས་དཔའ་རྣམས་སྙིང་རྗེ་ཆེན་པོ་གང་དང་། བྱམས་པ་ཆེན་པོ་གང་དང་། ཕན་པར་འདོད་པ་གང་དང་། སྤྱོད་པ་གང་ལ་གནས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་ དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་གང་ལ་གནས་པ་དེ་ལ་མི་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་གང་ལ་སྤྱོད་པའི་ལྷག་པའི་བསམ་པ་དེ་ལ་ཡང་མི་སྤྱོད་པའི་ཕྱིར་རོ། །འོད་སྲུང་བྱང་ ཆུབ་སེམས་དཔའ་དེ་དག་ནི་ལུས་ཐམས་ཅད་རྣམ་པར་འཇིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་དེ་དག་ནི་ཉན་ཐོས་རྣམས་དང་། རང་སངས་རྒྱས་དག་གིས་བལྟ་བར་མི་ནུས་ཏེ། དེ་བཞིན་གཤེགས་ 82-1-331b པ་རྣམས་ཀྱིས་གཟིགས་པ་ཁོ་ནར་ཟད་དོ། །འོད་སྲུང་རིགས་ཀྱི་བུ་དེ་དག་ནི་འདི་ལྟར་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་རེ་ ཤིག་མི་མཐོང་ན་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་མཐོང་བར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་ གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་དུ་དག་དང་། སྤྱོད་པ་ཅི་འདྲ་བ་དང་། དགེ་བའི་རྩ་བ་ཇི་ལྟ་བུ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ལུས་ཐམས་ཅད་རྣམ་པར་འཇིག་པ་འཐོབ་ པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་བྱང་ཆུབ་སེམས་དཔའ་ཆོས་བཅུ་དང་ལྡན་པ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ལུས་ཐམས་ཅད་རྣམ་པར་འཇིག་པ་འཐོབ་པར་འགྱུར་ཏེ། བཅུ་ གང་ཞེ་ན། ལྷག་པའི་བསམ་པ་ལ་ཡང་དག་པར་འཇུག་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་དང་། སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་པ་དང་། མཚན་མ་ཐམས་ཅད་རྣམ་པར་འཇིག་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ལྷག་པར་དམིགས་ཤིང་དེ་ལ་རློམ་སེམས་མེད་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལ་ལྷག་པར་དམིགས་པ་མེད་ཅིང་དེ་ལས་ཡེ་ཤེས་ཡོངས་སུ་ཚོལ་བ་དང་། ལུས་དང་ སྲོག་ཀྱང་ཡོངས་སུ་གཏོང་ན་དངོས་པོ་གཞན་དག་ལྟ་ཅི་སྨོས་ཏེ། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་དང་། ཚོགས་དཔག་ཏུ་མེད་པ་ཡོངས་སུ་འཛིན་ཅིང་ཚོགས་དེས་རློམ་སེམས་མེད་པ་དང་། སྦྱིན་པ་དང་། ཚུལ་ ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དཔག་ཏུ་མེད་པ་ཡོངས་སུ་རྫོགས་པར་བྱེད་ཅིང་ཕ་རོལ་དུ་ཕྱིན་པ་དེ་དག་ལ་རྟོག་པ་མེད་པ་དང་། བདག་གིས་སེམས་ཅན་ཐམས་ཅད་ 82-1-332a སངས་རྒྱས་ཀྱི་ཆོས་རྣམས་ལ་བཀོད་ནས་ཕྱིས་བྱང་ཆུབ་ཀྱི་ཤིང་དྲུང་དུ་འགྲོ་བར་བྱའོ་སྙམ་ཡང་སེམས་ཅན་རྣམས་དང་བྱང་ཆུབ་མི་དམིགས་པ་སྟེ། འོད་སྲུང་བྱང་ཆུབ་སེམས་དཔའ་ཆོས་བཅུ་པོ་དེ་དག་དང་ལྡན་ ན་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ལུས་ཐམས་ཅད་རྣམ་པར་འཇིག་པ་ཐོབ་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་གནས་བརྟན་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ ལྡན་འདས་ཇི་ཙམ་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཉན་ཐོས་ཀྱི་ཐེག་པ་བ་དང་། རང་སངས་རྒྱས་ཀྱི་ཐེག་པ་པས་ནམ་ཡང་སེམས་འགའ་ཡང་མ་བསྐྱེད་པའི་ལེགས་པར་གསུངས་པ་གསུང་པ་ནི་བཅོམ་ལྡན་ འདས་ངོ་མཚར་ལགས་ཏེ། བདག་གིས་སེམས་ཅན་ཐམས་ཅད་དགྲ་བཅོམ་པ་ཉིད་ཀྱི་ཆོས་རྣམས་ལ་ཡང་དགོད་པར་བགྱི་ན་སངས་རྒྱས་ཀྱི་ཆོས་རྣམས་ལ་ལྟ་སྨོས་ཀྱང་ཅི་མཚལ་ལགས། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། འོད་སྲུང་དེ་ལྟ་བས་ན་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་ནི་ལུས་ཐམས་ཅད་རྣམ་པར་འཇིག་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་མི་ནུས་ཏེ། ཏིང་ངེ་འཛིན་དེའི་མིང་ཡང་མ་ཤེས་ན་སྙོམས་ པར་འཇུག་པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་གནས་བརྟན་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་བྱང་ཆུབ་སེམས་ དཔའ་དེ་དག་བལྟ་བར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སྐྱེས་བུ་དམ་པ་དེ་ལྟ་བུ་དེ་དག་མཐོང་བར་དཀའ་བའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་འཇམ་དཔལ་གཞོན་ནུར་གྱུར་ པ་འོངས་ཀྱི་བར་དུ་ཁྱོད་རེ་ཤིག་སྡོད་ཅིག་དང་། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ཏིང་ངེ་འཛིན་དེ་ལས་ལྡང་ཞིང་དེའི་འོག་ཏུ་མཐོང་བར་འགྱུར་རོ། །འོད་སྲུང་དེ་ལྟ་མོད་ཀྱི་ཁྱོད་ཉིད་ཏིང་ངེ་འཛིན་རྣམས་ཀྱི་གནས་ཐོབ་ 82-1-332b པ་ཡིན་གྱིས་བྱང་ཆུབ་སེམས་དཔའ་དེ་དག་སྤྱོད་ལམ་ཇི་ལྟ་བུས་གནས་པ་རྟོགས་ཤིག །དེ་ནས་གནས་བརྟེན་འོད་སྲུང་ཆེན་པོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་བྱང་ཆུབ་སེམས་དཔའ་དེ་དག་སྤྱོད་ལམ་ཇི་ལྟ་ བུས་གནས་པ་བལྟ་བའི་ཕྱིར་དེའི་ཚེ་སངས་རྒྱས་ཀྱི་མཐུ་དང་། རང་གི་སྟོབས་བསྐྱེད་པས་ཏིང་ངེ་འཛིན་ཉི་ཁྲི་ལ་སྙོམས་པར་ཞུགས་ཤིང་རྣམ་པར་ལངས་ཀྱང་དེ་དག་མ་མཐོང་སྟེ། བྱང་ཆུབ་སེམས་དཔའ་དེ་དག་ གི་འོང་བ་དང་། འགྲོ་བ་ཡང་མ་ཤེས། དེ་དག་གི་གནས་དང་རབ་ཏུ་གནས་པ་ཡང་མ་ཤེས། ཅི་བྱེད་པ་དང་། ཅི་སྟོན་པ་དག་ཀྱང་ཐམས་ཅད་ཀྱི་ཐམས་ཅད་དུ་མ་ཤེས་མ་མཐོང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་ གནས་བརྟན་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་བདག་ཏིང་ངེ་འཛིན་ཉི་ཁྲི་ལ་སྙོམས་པར་ཞུགས་ཀྱང་བྱང་ཆུབ་སེམས་དཔའ་དེ་དག་མ་མཐོང་བ་ནི་བཅོམ་ལྡན་འདས་ ངོ་མཚར་ལགས་སོ། །བདེ་བར་གཤེགས་པ་ཤིན་དུ་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་དག་ད་དུང་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་པར་དེ་ལྟར་ཞི་བའི་ཏིང་ངེ་འཛིན་བསྒྲུབས་ པས་ཀྱང་དེ་ལྟ་ལགས་ན་བྱང་ཆུབ་སེམས་དཔའ་གང་དག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པ་དག་ལྟ་སྨོས་ཀྱང་ཅི་འཚལ་ཏེ། བཅོམ་ལྡན་འདས་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་སུ་ཞིག་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་མི་བགྱིད། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་ལུས་ཐམས་ཅད་རྣམ་པར་འཇིག་པའི་ཏིང་ངེ་འཛིན་འདི་ཉིད་ཀྱི་སླད་དུ་གོ་ཆ་འཚལ་ བར་བགྱིད་པ་ནི་གོ་ཆ་ལེགས་པར་འཚལ་བ་ལགས་པས་ཏིང་ངེ་འཛིན་འདི་ནི་སླད་ཀྱིས་ཀྱང་ཡོངས་སུ་བཏང་བར་མི་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་ 82-1-333a པ་དེ་བཞིན་ཏེ། འདི་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ཡང་མ་ཡིན་ན་སེམས་ཅན་གཞན་དག་གི་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་གནས་བརྟན་ཤཱ་རིའི་བུ་འདི་སྙམ་དུ་སེམས་ཏེ། བདག་ ནི་དེ་བཞིན་གཤེགས་པས་ཤེས་རབ་ཅན་རྣམས་ཀྱི་མཆོག་ཏུ་བསྟན་པ་ཡིན་གྱིས། བྱང་ཆུབ་སེམས་དཔའ་དེ་དག་སྤྱོད་ལམ་ཇི་ལྟ་བུས་གནས་པ་བདག་གིས་བརྟག་པར་བྱའོ་སྙམ་མོ། །དེ་ནས་གནས་བརྟན་ ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་དེ་དག་བལྟ་བའི་ཕྱིར་ཏིང་ངེ་འཛིན་སུམ་ཁྲི་ལ་སྙོམས་པར་ཞུགས་ཤིང་རྣམ་པར་ལངས་ཀྱང་དེ་དག་གི་མཚན་མ་ཡང་ཤེས་པར་མི་ནུས་སོ། །དེ་ནས་གནས་བརྟན་རབ་འབྱོར་ འདི་སྙམ་དུ་སེམས་ཏེ། བདག་གིས་བྱང་ཆུབ་སེམས་དཔའ་དེ་དག་བལྟ་བར་བྱའོ་སྙམ་མོ། །དེ་ནས་གནས་བརྟན་རབ་འབྱོར་བྱང་ཆུབ་སེམས་དཔའ་དེ་དག་བལྟ་བའི་ཕྱིར་སངས་རྒྱས་ཀྱི་མཐུ་དང་། རང་གི་སྟོབས་ བསྐྱེད་པས་ཏིང་ངེ་འཛིན་བཞི་ཁྲི་ལ་སྙོམས་པར་ཞུགས་ཤིང་རྣམ་པར་ལངས་ཀྱང་དེ་དག་གིས་འོང་བ་དང་། འགྲོ་བ་ཡང་མ་ཤེས། འགྲེང་བ་ཡང་མ་མཐོང་། འཆག་པ་ཡང་མ་མཐོང་། འདུག་པ་ཡང་ མ་མཐོང་། ཉལ་བར་ཡང་མ་མཐོང་སྟེ། དེ་དག་བལྟ་བར་མ་ནུས་སོ། །དེ་ནས་གནས་བརྟན་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་ གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་དེ་བཞིན་གཤེགས་པས་ཉོན་མོངས་པ་མ་མཆིས་པ་ལ་གནས་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏེ། བདག་ཞི་བའི་ཏིང་ངེ་འཛིན་རྣམས་ཐོབ་པ་ལགས་པས་བཅོམ་ ལྡན་འདས་བདག་གལ་ཏེ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་འདི་རྔ་བོ་ཆེའི་སྦུབས་གཅིག་ཏུ་གྱུར་ཅིང་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་གཅིག་ཤོས་ཀྱང་རྔ་བོ་ཆེའི་སྦུབས་གཅིག་ཏུ་ 82-1-333b གྱུར་ལ། དེར་མི་ལ་ལ་ཞིག་སྐྱེས་ནས་དེར་རི་རབ་ཙམ་གྱི་རྔ་ཤིང་ཐོགས་ཏེ། བདག་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་མདུན་དུ་མཆིས་ནས་སུག་ལས་གཞན་མི་བགྱིད་པར་བསྐལ་པའི་བར་དུ་རྒྱུན་མི་ འཆད་པར་རྔ་བོ་ཆེ་དེ་གཉིས་བརྡུངས་པར་གྱུར་ཀྱང་བཅོམ་ལྡན་འདས་བདག་ཉོན་མོངས་པ་མ་མཆིས་པར་གནས་པའི་སླད་དུ་དེ་ལྟར་བསྒྲུབས་ཏེ། ཞི་བའི་ཏིང་ངེ་འཛིན་རྣམས་ཐོབ་པ་ལ་རེ་ཤིག་བསྐལ་ པ་འདས་པར་གནས་པའི་རྔ་བོ་ཆེ་དེ་གཉིས་ཀྱི་སྒྲ་དེ་དག་བདག་གི་རྣ་བའི་རྣམ་པར་རིག་པ་ཙམ་དུ་ཡང་གྲགས་པར་མི་འགྱུར་ན་དེས་ཏིང་ངེ་འཛིན་དེ་ལས་སློངས་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། དེ་ནི་གནས་མ་ མཆིས་ལགས་ན་བཅོམ་ལྡན་འདས་བདག་ཉོན་མོངས་པ་མ་མཆིས་པར་གནས་པ་དེ་ལྟ་བུ་དང་ལྡན་ཞིང་ཡེ་ཤེས་དེ་ལྟ་བུ་དང་ལྡན་པས་བྱང་ཆུབ་སེམས་དཔའ་དེ་དག་བལྟ་བའི་སླད་དུ་ཏིང་ངེ་འཛིན་བཞི་ཁྲི་ལ་ སྙོམས་པར་ཞུགས་ཤིང་རྣམ་པར་ལངས་ཀྱང་དེ་དག་མ་མཐོང་སྟེ། དེ་དག་གི་གནས་ཀྱང་མ་འཚལ་ལགས་སོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡེ་ཤེས་དེ་ལྟ་བུ་ཡོངས་ སུ་ཚོལ་བ་ན་སེམས་ཅན་རེ་རེའི་སླད་དུ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སེམས་ཅན་དམྱལ་བ་ཆེན་པོར་སྲེག་པར་གྱུར་ཀྱང་སྤྲོ་བར་བགྱི་ཞིང་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ ཡེ་ཤེས་བསམ་གྱིས་མི་ཁྱབ་པ་དེ་ལྟ་བུ་ཡོངས་སུ་གཏང་བར་མི་བགྱིའོ། །བཅོམ་ལྡན་འདས་གལ་ཏེ་བདག་ལེན་པ་མ་མཆིས་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་བར་མ་གྱུར་ ན་ནི་བདག་སླད་མའི་མཐའི་མུར་ཐུག་པར་འཁོར་བར་སྤྱོད་ཅིང་དེ་ལྟ་བུའི་ཐེག་པ་ཆེན་པོ་ཡང་ཡོངས་སུ་སྤོང་བར་མི་བགྱིད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གནས་བརྟན་རབ་འབྱོར་ལ་ལེགས་སོ་ཞེས་ 82-1-334a བྱ་བ་བྱིན་ཏེ། རབ་འབྱོར་ཁྱོད་ཀྱིས་ལྷག་པའི་བསམ་པ་དེ་ལྟ་བུས་ཚིག་དེ་སྐད་སྨྲས་པ་ལེགས་སོ་ལེགས་སོ། །རབ་འབྱོར་ཁྱོད་གལ་ཏེ་ཕུང་པོ་འདི་དག་ཉིད་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་ བར་མ་གྱུར་དུ་ཟིན་ན་ཁྱོད་དགེ་བའི་རྩ་བ་འདིས་འཁོར་ལོས་སྒྱུར་བའི་རྒྱས་སྲིད་གང་གཱའི་ཀླུ་གི་བྱེ་མ་སྙེད་དུ་འཇུག་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་ བར་ཡང་འགྱུར་རོ། །རབ་འབྱོར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་མང་བ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་ གཤེགས་པ་མང་ལགས་སོ། །བཀའ་སྩལ་པ། རབ་འབྱོར་ཡོངས་སུ་བརྟག་པའི་ཕྱིར་གལ་ཏེ་སེམས་ཅན་དེ་དག་ཐམས་ཅད་དགེ་སློང་རབ་འབྱོར་དང་། ཤཱ་རིའི་བུ་དང་། འོད་སྲུང་ཆེན་པོ་ཅི་འདྲ་བ་ དེ་ལྟ་བུའི་ཤེས་པ་དང་ལྡན་པར་གྱུར་ལ། རབ་འབྱོར་ཉན་ཐོས་ཆེན་པོ་དེ་ལྟ་བུ་དེ་དག་གིས་བྱང་ཆུབ་སེམས་དཔའ་དེ་དག་བལྟ་བའི་ཕྱིར་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མར་བརྟགས་ཀྱང་ མཐོང་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཉན་ཐོས་དང་། རང་སངས་རྒྱས་རྣམས་ནི་བྱང་ཆུབ་སེམས་དཔའ་རྣམས་ཆོས་གང་དག་ལ་སྤྱོད་པ་དེ་དག་ལ་མི་སྤྱོད་པའི་ཕྱིར་ཏེ། རབ་འབྱོར་དེ་ ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་གནས་མ་ཡིན་ནོ། །བསྟན་པ་འདི་བཤད་པ་ན་ལྷ་དང་མིའི་སྐྱེ་དགུ་རྣམས་ལས་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བ་གནས་དེ་ཉིད་ན་འདུག་པ་འདི་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་འདི་དག་ 82-1-334b འདུས་ཀྱིས། བདག་གིས་ལྷ་འབུམ་ཕྲག་མང་པོ་དག་ཀྱང་བསྡུ་བར་བྱའོ་སྙམ་མོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བས་དེའི་ཚེ་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུས་བྱས་ན་འདི་ལྟ་ བུར་འགྱུར་བའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུས་བྱས་པས་པད་མའི་ཤིང་རྟའི་ཕང་ལོ་ཙམ་འདབ་མ་ནི་གསེར། སྡོང་བུ་ནི་དངུལ་སྙིང་པོ་ནི་རིན་པོ་ཆེ་དཔལ་གྱི་སྙིང་པོ། ཟེ་བ་ནི་བཻ་དཱུརྱ་ལས་བྱས་ པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་བཅུ་རྩ་བཞི་མངོན་པར་སྤྲུལ་ཅིང་པད་མ་དེ་དག་ལ་བྱང་ཆུབ་སེམས་དཔའི་ལུས་གསེར་གྱི་ཁ་དོག་ལྟ་བུ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་ལྡན་པ་དཔལ་ དང་ལྡན་པ། ཁ་དོག་དང་ལྡན་པ། གཟི་བརྗིད་དང་ལྡན་པ། འོད་གསལ་བ་དག་པད་མའི་སྙིང་པོ་དག་གི་དབུས་ན་སྐྱིལ་མོ་དཀྲུང་གིས་འདུག་པའི་ལུས་གཟུགས་དག་ཀྱང་མངོན་པར་སྤྲུལ་ཏོ། །དེ་ནས་པད་མ་དེ་དག་ རྒྱལ་ཆེན་བཞིའི་ལྷའི་རིས་ནས་བཟུང་སྟེ། སུམ་བཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་པ་ཀུན་འཁོར་དང་། ཚངས་པའི་ མདུན་ན་འདོན་དང་། ཚངས་ཆེན་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་དང་། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། སྤྲིན་མེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེ་དང་། མི་ཆེ་ བ་དང་། མི་གདུང་བ་དང་། གྱ་ནོམ་སྣང་བ་དང་། ཤིན་དུ་མཐོང་བ་དང་། འོག་མིན་གྱི་ལྷའི་རིས་གྱི་བར་དང་། དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་རྒྱལ་ཆེན་བཞིའི་ལྷའི་རིས་ ཐེར་འབུམ་ནས་འོག་མིན་གྱི་ལྷའི་རིས་ཀྱི་བར་གྱི་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷ་རྣམས་ཀྱི་གནས་ཇི་སྙེད་པ་ཐམས་ཅད་འདོང་ཞིང་སྒྲ་སྒྲོགས་པར་བྱེད། དབྱངས་རྗོད་པར་བྱེད། ཡང་ 82-1-335a དག་པར་སྐུལ་བར་བྱེད་དེ། བྱང་ཆུབ་སེམས་དཔའི་ལུས་གཟུགས་དེ་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་རྣམ་པར་རྒྱུ་བའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་ སོ། །སངས་རྒྱས་ཉི་མའི་རྩ་ལག་རྣམས། །འཇིག་རྟེན་དུ་ནི་ལན་འགའ་འབྱུང་། །ཨུ་དུམ་བ་རིའི་མེ་ཏོག་ལྟར། །སངས་རྒྱས་དེ་བཞིན་ཤིན་དུ་དཀོན། །ཤཱཀྱ་སེང་གེ་མི་ཡི་མཆོག །དེ་ནི་འཇིག་རྟེན་ འདིར་བྱུང་སྟེ། །སྡུག་བསྔལ་ཐམས་ཅད་ཟད་བྱེད་པའི། །ཆོས་ནི་ཡང་དག་དེ་སྟོན་མཛད། །ལྷ་ཡི་འདོད་པ་ཡིད་དགའ་ལ། །ཇི་སྙེད་ཡུན་རིང་སྤྱད་བྱས་ན། །གང་དུ་ཚོར་བ་མྱོང་འགྱུར་བའི། །ངན་ སོང་རྣམས་སུ་འགྲོ་བར་འགྱུར། །ཇི་སྲིད་འདོད་པ་རྣམས་བསྟེན་པ། །སྲིད་པ་ཕྱིར་ཞིང་རབ་ཏུ་འཕེལ། །ཁམས་གསུམ་འཁོར་བའི་སྲོག་ཆགས་ལ། །བདེ་བ་ཡོད་པ་མ་ཡིན་ནོ། །སངས་རྒྱས་ འབྱུང་བ་རབ་དཀོན་དང་། །ཁོམ་པ་དམ་པ་རྙེད་ནས་ནི། །གང་དག་བག་མེད་མི་རྟོགས་པ། །དེ་དག་སྡུག་བསྔལ་ཟད་མི་འགྱུར། །སངས་རྒྱས་བལྟ་ཕྱིར་དེང་ལ་ནི། །ཆོས་ཀྱི་དམ་པ་ཉན་པར་གྱིས། ། འཇིག་རྟེན་འདྲེན་པ་འདས་འོག་ཏུ། །ཕྱི་དུས་འགྱོད་པར་མ་བྱེད་ཅིག །མི་རྣམས་གང་དག་རྟག་མྱོས་ཤིང་། །འཇིགས་ཆེན་བདུད་ཀྱི་ཞགས་པ་ཡི། །བག་མེད་སྤྱོད་པར་བྱེད་རྣམས་ལ། ། ཐར་པ་ཡོད་པར་ག་ལ་འགྱུར། །ང་ནི་འདི་སྐད་སྨྲ་བར་བྱ། །བསོད་ནམས་བྱས་པའི་སེམས་ཅན་གང་། །སུམ་བཅུ་རྩ་གཉིས་མཚན་མངའ་བའི། །རྫོགས་སངས་རྒྱས་དང་མྱུར་ཕྲད་བྱོས། །གང་ དག་བྱམས་པ་བསམ་ཡས་པའི། །འཇིག་རྟེན་མགོན་རྣམས་མ་གཏོགས་པར། །སེམས་ཅན་རྣམས་ཀྱི་སྐྱབས་གཞན་མེད། །དཔུང་གཉེན་གཞན་ཡང་ཡོད་མ་ཡིན། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། ། 82-1-335b ཚད་མེད་བསམ་གྱིས་མི་ཁྱབ་པའི། །བསྐལ་པ་བྱེ་བར་སྤྱད་མཛད་ནས། །ཡེ་ཤེས་དམ་པ་བརྙེས་ནས་ནི། །གང་ལ་སེམས་ཅན་མི་དམིགས་ཤིང་། །སྲོག་དང་གང་ཟག་ཡོད་མིན་པའི། །ཆོས་མཆོག་ ཞི་བ་ཟབ་མོ་དང་། །མཐོང་བར་དཀའ་བར་རབ་ཏུ་སྟོན། །རྟག་པ་དང་ནི་དེ་བཞིན་དུ། །ཆད་པའང་རབ་ཏུ་སྤངས་གྱུར་ཅིང་། །མཚན་མ་ཐམས་ཅད་སྤངས་པའི་ཆོས། །སྲོག་ཆགས་རྣམས་ལ་སྟོན་པར་མཛད། ། གང་ལ་འཇིག་རྟེན་མི་གནས་པའི། །སྟོང་ཉིད་མཚན་མ་མེད་པ་དང་། །སྨོན་པར་བྱེད་པ་མ་ཡིན་པའི། །ཡང་དག་མཐའ་ནི་རབ་ཏུ་སྟོན། །རྟགས་མེད་མཚན་མ་ཡོད་མིན་ཞིང་། །སྐྱེ་མེད་འབྱུང་བ་མེད་པ་ དང་། །འོང་བ་མེད་ཅིང་འགྲོ་མེད་པའི། །ཆོས་ནི་མཁས་པ་སྟོན་པར་མཛད། །ཟད་མེད་འབྱུང་བ་ཡོད་མིན་ཞིང་། །རང་བཞིན་གྱིས་ནི་དངོས་མེད་དང་། །བལྟར་མེད་མཚན་མ་ཡོད་མིན་པ། །སྟོན་ཀྱང་ རློམ་པའི་སེམས་མི་མངའ། །སེམས་ཅན་གང་ཡང་སྐྱེ་མེད་ཅིང་། །འགའ་ཡང་འཆི་བ་ཡོད་མ་ཡིན། །མྱ་ངན་འདས་པའང་གང་ཡང་མེད། །སེམས་ཅན་འབྱུང་བའང་ཡོད་མ་ཡིན། །སྐད་ཀྱིས་ཆོས་ རྣམས་བསྟན་བྱས་ཀྱང་། །སྐད་ལ་རྟེན་པ་ཡོད་མིན་ཞིང་། །ཡི་གེ་རྣམས་དང་བྲལ་བའི་ཆོས། །མི་ཡི་འདྲེན་པ་སྟོན་པར་མཛད། །གང་ལ་རླུང་ནི་མི་གནས་ཤིང་། །ཆུ་དང་མེ་ཡང་མི་དམིགས་ལ། །སར་ ཡང་རྟོག་པ་མེད་པའི་ཆོས། །སྤྱན་དང་ལྡན་པ་སྟོན་པར་མཛད། །གཟུགས་དང་ཚོར་བ་འདུ་ཤེས་དང་། །འདུ་བྱེད་རྣམས་དང་རྣམ་ཤེས་ནི། །སྟོང་ཞིང་ཕུང་པོ་ལྔ་པོ་དག །དངོས་པོ་མེད་པ་སྟོན་ པར་མཛད། །མིག་དང་རྣ་བ་སྣ་དང་ནི། །ལྕེ་དང་ལུས་དང་དེ་བཞིན་ཡིད། །རང་བཞིན་སྟོང་པར་སྟོན་མཛད་ཀྱང་། །སྟོང་པ་དེ་ཡང་དམིགས་སུ་མེད། །གཟུགས་དང་སྒྲ་དང་དྲི་རྣམས་དང་། །རོ་དང་རེག་བྱ་ 82-1-336a ཡིད་འོང་བ། །དེ་དག་རྣམ་པར་རྟོག་པས་བསྐྱེད། །རྟོག་པའང་རང་བཞིན་སྟོང་པ་ཡིན། །དེ་ལྟར་སངས་རྒྱས་སྐྱོབ་པ་ནི། །སྲོག་ཆགས་རྣམས་ལ་ཆོས་སྟོན་གྱིས། །གང་དག་སྡུག་བསྔལ་ ཐར་འདོད་པ། །དེ་དག་རྣམ་འདྲེན་དྲུང་དུ་ཤོག །དེ་ནས་བྱང་ཆུབ་སེམས་དཔའ་སྤྲུལ་པ་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་ཚིགས་སུ་བཅད་པ་དེ་དག་གིས་ཆོས་བསྟན་ པས་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་ལས་ལྷ་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །ལྷའི་བུ་ཁྲི་ཉིས་ སྟོང་གིས་ནི་འདོད་ཆགས་དང་བྲལ་བ་རྗེས་སུ་ཐོབ་བོ། །ལྷའི་བུ་ས་ཡ་ཕྲག་གསུམ་དང་ཉིས་འབུམ་ནི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པའི་ལྷའི་བུ་ ཁྲིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེའི་ཚེ་བྱང་ཆུབ་སེམས་དཔའི་ལུས་གཟུགས་དེ་དག་གིས་ལྷའི་བུ་གང་དག་ཡང་དག་པར་བསྐུལ་བ་དེ་དག་ལས་ལྷའི་བུ་འབུམ་ཕྲག་དཔག་ཏུ་མེད་ གྲངས་མེད་པ་དག་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བ་དེར་དོང་སྟེ་ལྷགས་ནས་ བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ལྷའི་མེ་ཏོག་ཨུད་པ་ལ་དང་། ཀུ་མུ་ད་དང་། པད་མ་ དཀར་པོ་དང་། མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་དག་དང་། ཕྱེ་མ་དང་། སྤོས་དང་། བྱུག་པ་དག་གིས་དེ་བཞིན་གཤེགས་པ་ལ་མངོན་པར་གཏོར་ཏོ། །སྟེང་གི་བར་སྣང་ལ་ཡང་ལྷའི་གླུ་དབྱངས་ 82-1-336b མང་པོ་དག་རབ་ཏུ་ལེན་པར་གྱུར་ཏོ། །དེའི་ཚེ་ན་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་འདི་གང་དུ་ལྷའི་བུ་གཟི་བརྗིད་ཆེ་བ། གཟི་བརྗིད་ཆེ་བ་དག་གིས་ཁྱབ་པར་མ་གྱུར་བའི་སའི་ཕྱོགས་ཐ་ན་མཁར་ བ་གཟུགས་པའི་གཏོས་ཙམ་ཡང་མེད་པ་དེ་སྙེད་ཀྱི་ལྷའི་བུ་དག་འདུས་པར་གྱུར་ཅིང་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་འདི་ཡང་མེ་ཏོག་དག་གིས་པུས་མོ་ནུབ་ཙམ་དུ་ཁེབས་པར་གྱུར་ཏོ། །དེ་ ནས་ལྷའི་བུ་བློ་གྲོས་རབ་གནས་དང་། ལྷའི་བུ་མཚམས་བཟང་དང་། ལྷའི་བུ་དྲི་མེད་དང་། ལྷའི་བུ་ངོ་ཚ་ཤེས་པའི་ནོར་ཅན་ཞེས་བྱ་བ་ལྷ་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་པོ་ཐམས་ཅད་ཀྱང་བྱང་ཆུབ་སེམས་ དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་ཤ་སྟག་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས་འཇམ་དཔལ་གཞོན་ནུར་གྱུར་བའི་གནས་ག་ལ་བ་དེར་དོང་སྟེ་ལྷགས་ནས་འཇམ་དཔལ་གཞོན་ནུར་གྱུར་ པའི་གནས་ཀྱི་ཕྱི་རོལ་ནས་ལན་བདུན་བསྐོར་བ་བྱས་ཏེ། མེ་ཏོག་མན་དཱ་ར་བའི་ཆར་དག་མངོན་པར་རབ་ཏུ་ཕབ་བོ། །མེ་ཏོག་མན་དཱ་ར་བའི་ཆར་དེ་དག་གིས་འཇམ་དཔལ་གཞོན་ནུར་གྱུར་བའི་གནས་སུ་ མེ་ཏོག་གི་ཕུང་པོ་འཕང་དུ་དཔག་ཚད་བཅུ་པ་ཀུན་ནས་གནས་པར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བས་བྱིན་གྱི་བརླབས་པ་ཇི་ལྟ་བུས་བྱིན་གྱིས་བརླབས་ན་འདི་ལྟ་བུར་འགྱུར་བའི་བྱིན་གྱི་བརླབས་ ཀྱིས་བརླབས་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་སྟེང་གི་བར་སྣང་ལ་མེ་ཏོག་གི་དྲ་བ་ཀུན་ནས་བཀྲམ་པར་གྱུར་ཏོ། །མེ་ཏོག་གི་འོད་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་ འཇིག་རྟེན་གྱི་ཁམས་འདི་ཀུན་དུ་ཁྱབ་པར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བ་རང་གི་གནས་ནས་བྱུང་སྟེ། སྨོན་ལམ་ལས་བྱུང་བའི་སྟན་ལ་འདུག་གོ། །དེ་ནས་ལྷའི་བུ་བློ་གྲོས་རབ་ 82-1-337a གནས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་བའི་རྐང་པ་གཉིས་ལ་གཏུགས་སོ། །ལྷའི་བུ་དེ་དག་ཐམས་ཅད་ཀྱིས་ཀྱང་འཇམ་དཔལ་གཞོན་ནུར་གྱུར་བའི་རྐང་པ་གཉིས་ལ་གཏུགས་སོ། ། བམ་པོ་གཉིས་པ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བ་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདག་སུ་དང་ལྷན་ཅིག་ཏུ་དྲི་བ་བསྟན་པ་བཤད་པར་བྱ། བསམ་གྱིས་མི་ཁྱབ་པའི་གཞི་རྣམས་དང་། ཤེས་པར་དཀའ་བའི་གཞི་རྣམས་དང་། གནས་མེད་པའི་གཞི་རྣམས་དང་། སྤྲོས་པ་མེད་པའི་གཞི་རྣམས་དང་། སྤྲོས་པ་དང་བྲལ་བའི་གཞི་རྣམས་དང་། བརྗོད་དུ་མེད་པའི་གཞི་རྣམས་དང་། བསྟན་དུ་མེད་པའི་གཞི་རྣམས་དང་། ཟབ་མོའི་གཞི་རྣམས་དང་། བདེན་པའི་གཞི་རྣམས་དང་། ཆགས་པ་མེད་པའི་གཞི་རྣམས་དང་། མི་ཕྱེད་པའི་གཞི་རྣམས་དང་། སྟོང་པ་ཉིད་ཀྱི་གཞི་རྣམས་དང་། མཚན་མ་མེད་པའི་གཞི་རྣམས་དང་། སྨོན་པ་མེད་པའི་གཞི་རྣམས་དང་། དེ་བཞིན་ཉིད་བསྟན་པའི་གཞི་རྣམས་དང་། ཡང་དག་པའི་མཐའི་གཞི་རྣམས་དང་། ཆོས་ཀྱི་ དབྱིངས་ཀྱི་གཞི་རྣམས་དང་། མཚུངས་པ་མེད་པའི་གཞི་རྣམས་དང་། བླང་བ་མེད་པའི་གཞི་རྣམས་དང་། དོར་བ་མེད་པའི་གཞི་རྣམས་དང་། སངས་རྒྱས་ཀྱི་གཞི་རྣམས་དང་། ཆོས་ཀྱི་གཞི་རྣམས་དང་། དགེ་ འདུན་གྱི་གཞི་རྣམས་དང་། ཡེ་ཤེས་ཡོངས་སུ་རྫོགས་པ་འཐོབ་པའི་གཞི་རྣམས་དང་། ཁམས་གསུམ་མཉམ་པ་ཉིད་ཀྱི་གཞི་རྣམས་དང་། ཆོས་ཐམས་ཅད་མི་དམིགས་པའི་གཞི་རྣམས་དང་། ཆོས་ཐམས་ ཅད་སྐྱེ་བ་མེད་པར་བསྟན་པའི་གཞི་རྣམས་དང་། སེང་གེའི་གཞི་རྣམས་དང་། དཔའ་བོའི་གཞི་རྣམས་དང་། གཞི་མེད་པའི་གཞི་དེ་དག་བསྟན་པ་ན་སྣོད་དུ་འགྱུར་བ་ནི་སུ་ཡོད་སྙམ་མོ། །དེ་ནས་ཡང་འཇམ་ 82-1-337b དཔལ་གཞོན་ནུར་གྱུར་བ་འདི་སྙམ་དུ་སེམས་ཏེ། ལྷའི་བུ་བློ་གྲོས་རབ་གནས་འདི་ནི་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། ཟབ་མོ་ལ་བཟོད་པ། ཐོགས་པ་མེད་པའི་སྤོབས་པ་དང་ལྡན་པ་ཡིན་གྱིས་བཅོམ་ ལྡན་འདས་ཀྱི་སྤྱན་སྔར་བདག་འདི་དང་ལྷན་ཅིག་ཏུ་དྲི་བ་བསྟན་པ་བཤད་པར་བྱའོ་སྙམ་མོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བས་ལྷའི་བུ་བློ་གྲོས་རབ་གནས་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་ཁྱོད་ནི་ཟབ་མོ་ ལ་བཟོད་པ། ཐོགས་པ་མེད་པའི་སྤོབས་པ་དང་ལྡན་ནོ། །བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཁོ་བོ་དང་ལྷན་ཅིག་ཏུ་དྲེ་བ་བསྟན་པ་བཤད་པར་ནུས་སམ། དེ་སྐད་ཅེས་སྨྲས་པ་དང་། ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ འཇམ་དཔལ་གཞོན་ནུར་གྱུར་བ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་གལ་ཏེ་ཁྱོད་གསུང་པར་མི་མཛད། རྫོད་པར་མི་མཛད། འདོན་པར་མི་མཛད་ཅིང་ཡི་གེ་ཡང་མི་རྗོད། སྒྲ་ཡང་མི་གསན་པ་ལྟ་ན་བདག་ གིས་དེ་བཞིན་བསྟན་པར་བགྱིའོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གལ་ཏེ་ཁྱོད་ཉན་པར་མི་བྱེད། འཛིན་པར་མི་བྱེད། འཆང་བར་མི་བྱེད། ཀུན་ཆུབ་པར་མི་བྱེད། སེམས་པར་མི་བྱེད། རིག་པར་མི་བྱེད། རྣམ་པར་ཤེས་པར་མི་བྱེད། ལེན་པར་མི་བྱེད། གཏོང་བར་མི་བྱེད་ཅིང་ཐོས་ནས་ཀྱང་གཞན་དག་ལ་སྟོན་པར་མི་བྱེད་པ་ལྟ་ན་ཁོ་བོས་ཀྱང་དེ་བཞིན་བསྟན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་སངས་རྒྱས་ཀྱི་ བྱང་ཆུབ་ནི་ཡི་གེ་མེད་པ། སེམས་མེད་པ། སེམས་དང་བྲལ་བ་སྟེ། མིང་གིས་བརྗོད་ཅིང་མིང་དེ་ཡང་གཡོ་བ་མེད་པའི་ཕྱིར་རོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ལྷའི་བུ་འདི་དག་ནི་ཁྱོད་ལས་ཆོས་བསྟན་པ་ ཉན་པར་འཚལ་གྱིས་ས་ཕྱོགས་འདི་ཉིད་དུ་ཁྱོད་ཀྱིས་ལྷའི་བུ་འདི་དག་ལ་ཆོས་ཀྱི་བཀའ་མཆིད་གསུངས་ཤིག །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཁོ་བོ་ནི་ཉན་པར་འདོད་པ་རྣམས་ལ་ཆོས་སྟོན་པར་ 82-1-338a མི་བྱེད་དེ། འཛིན་པར་འདོད་པ་རྣམས་ལ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་བདག་ཏུ་འཛིན་ན་ཉན་འདོད་པར་འགྱུར་ལ། སེམས་ཅན་དུ་འཛིན་པ་དང་། སྲོག་ཏུ་འཛིན་པ་དང་། གང་ཟག་ཏུ་ འཛིན་ན་ཉན་འདོད་པར་འགྱུར་བའི་ཕྱིར་རོ། །ལྷའི་བུ་གང་ལ་ངར་འཛིན་པ་དང་། ང་ཡིར་འཛིན་པ་ཡོད་པ་དེ་ནི་འདི་སྙམ་དུ་འདི་ནི་སྟོན་པར་བྱེད་པའོ། །བདག་ནི་ཉན་པའོ། །འདི་ནི་བཤད་པར་བྱ་བའོ་སྙམ་དུ་སེམས་ པས་དེ་ནི་ཆགས་པ་གསུམ་གྱིས་ཆགས་པ་ཡིན་ཏེ། གསུམ་གང་ཞེ་ན། བདག་ཏུ་དམིགས་པ་དང་། སེམས་ཅན་དུ་དམིགས་པ་དང་། ཆོས་སུ་དམིགས་པའོ། །ལྷའི་བུ་གང་ལ་ངར་འཛིན་པ་དང་། ང་ཡིར་ འཛིན་པ་མེད་པ་དེ་ནི་འཁོར་གསུམ་ཡོངསུ་དག་པས་ཆོས་སྟོན་པར་བྱེད་དེ། རྣམ་པར་རྟོག་པར་མི་བྱེད། སེམས་པར་མི་བྱེད་དེ། རློམ་སེམས་སུ་མི་བྱེད་དོ། །དེ་ལ་འཁོར་གསུམ་ཡོངས་སུ་དག་པ་གང་ཞེ་ན། བདག་ཏུ་དམིགས་པ་མེད་ཅིང་རྣམ་པར་རྟོགས་པར་མི་བྱེད། རློམ་སེམས་སུ་མི་བྱེད། སེམས་པར་མི་བྱེད་པ་དང་། ཆོས་སྨྲ་བར་དམིགས་པ་མེད་ཅིང་རྣམ་པར་རྟོག་པར་མི་བྱེད། རློམ་སེམས་སུ་མི་བྱེད། སེམས་ པར་མི་བྱེད་པ་དང་། ཆོས་སུ་དམིགས་པ་མེད་ཅིང་རྣམ་པར་རྟོག་པར་མི་བྱེད། རློམ་སེམས་སུ་མི་བྱེད། སེམས་པར་མི་བྱེད་པ་སྟེ། ལྷའི་བུ་གང་དག་དེ་ལྟར་ཉན་པ་དེ་དག་ནི་མཉམ་པར་ཉན་པ་ཡིན་ཏེ། མི་ མཉམ་པར་ཉན་པ་མ་ཡིན་ནོ། །ལྷའི་བུ་བློ་གྲོས་རབ་གནས་ཀྱིས་སྨྲས་པ། འཇམ་དཔལ་ཅི་ནས་ཀྱང་མི་ལྡོག་པ་ཉིད་ཀྱི་སླད་དུ་བསྟན་པ་བཤད་པ་ལེགས་སོ་ལེགས་སོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་ བུ་ཅི་རུང་རྣམ་པར་མ་རྟོག་ཤིག །བྱང་ཆུབ་སེམས་དཔའ་གང་ལྡོག་པ་དེ་ནི། བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། བྱང་ཆུབ་ཀྱང་དམིགས་སུ་མེད་དོ། །ལྷའི་བུས་སྨྲས་པ། འཇམ་དཔལ་གང་ལས་ 82-1-338b ལྡོག །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་འདོད་ཆགས་ལས་ལྡོག་གོ། །ཞེ་སྡང་ལས་ལྡོག་གོ། །གཏི་མུག་ལས་ལྡོག་གོ། །སྲེད་པ་ལས་ལྡོག་གོ། །མ་རིག་པ་ལས་ལྡོག་གོ། །འཁོར་བར་སྐྱེ་བའི་ཡན་ལག་བཅུ་ གཉིས་ཀྱི་བར་ལས་ལྡོག་གོ། །རྒྱུ་ལས་ལྡོག་གོ། །ལྟ་བ་ལས་ལྡོག་གོ། །མིང་ལས་ལྡོག་གོ། །གཟུགས་ལས་ལྡོག་གོ། །འདོད་པའི་ཁམས་ལས་ལྡོག་གོ། །གཟུགས་ཀྱི་ཁམས་ལས་ལྡོག་གོ། །གཟུགས་མེད་ པའི་ཁམས་ལས་ལྡོག་གོ། །ཉན་ཐོས་ཀྱི་སྤྱོད་པ་ལས་ལྡོག་གོ། །རང་སངས་རྒྱས་ཀྱི་སྤྱོད་པ་ལས་ལྡོག་གོ། །རྟོག་པ་ལས་ལྡོག་གོ། །འཛིན་པ་ལས་ལྡོག་གོ། །མཚན་མ་ལས་ལྡོག་གོ། །དངོས་པོར་འཛིན་པ་ ལས་ལྡོག་གོ། །ཆད་པར་ལྟ་བ་ལས་ལྡོག་གོ། །རྟག་པར་ལྟ་བ་ལས་ལྡོག་གོ། །བླང་བ་ལས་ལྡོག་གོ། །དོར་བ་ལས་ལྡོག་གོ། །བདག་ཏུ་འདུ་ཤེས་པ་ལས་ལྡོག་གོ། །སེམས་ཅན་དུ་འདུ་ཤེས་པ་ལས་ ལྡོག་གོ། །སྲོག་ཏུ་འདུ་ཤེས་པ་ལས་ལྡོག་གོ། །གང་ཟག་ཏུ་འདུ་ཤེས་པ་ལས་ལྡོག་གོ། །ཡིད་ལ་བྱེད་པ་ལས་ལྡོག་གོ། །ཆགས་པ་དག་ལས་ལྡོག་གོ། །ཕྱིན་ཅི་ལོག་ལས་ལྡོག་གོ། །འཇིག་ཚོགས་ ལས་ལྡོག་གོ། །འཇིག་ཚོགས་ལ་ལྟ་བ་ལས་ལྡོག་གོ། །འཇིག་ཚོགས་ཀྱི་རྩ་བ་ལས་བྱུང་བའི་ལྟ་བའི་རྣམ་པ་དྲུག་བཅུ་རྩ་གཉིས་ལས་ལྡོག་གོ། །སྒྲིབ་པ་དག་ལས་ལྡོག་གོ། །ཕུང་པོ་ལྔར་འཛིན་པ་ལས་ ལྡོག་གོ། །ཕྱི་དང་ནང་གི་སྐྱེ་མཆེད་ཐམས་ཅད་ལས་ལྡོག་གོ། །ཁམས་རྣམས་ལས་ལྡོག་གོ། །སངས་རྒྱས་སུ་འདུ་ཤེས་པ་ལས་ལྡོག་གོ། །ཆོས་སུ་འདུ་ཤེས་པ་ལས་ལྡོག་གོ། །དགེ་འདུན་དུ་འདུ་ཤེས་པ་ལས་ ལྡོག་གོ། །བདག་སངས་རྒྱས་སུ་འགྱུར་རོ། །བདག་ཆོས་སྟོན་པར་འགྱུར་རོ། །བདག་སེམས་ཅན་གྲོལ་བར་བྱེད་པར་འགྱུར་རོ། །བདག་བདུད་འདུལ་བར་འགྱུར་རོ། །བདག་ཡེ་ཤེས་ཐོབ་པར་འགྱུར་རོ་སྙམ་པའི་ 82-1-339a འདུ་ཤེས་དེ་དག་ལས་ལྡོག་གོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་རྟོག་པར་མི་བྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་རྟོག་པར་མི་བྱེད་དོ། །དབང་པོ་རྣམས་དང་། སྟོབས་ དང་། མི་འཇིགས་པ་རྣམས་ལ་རྟོག་པར་མི་བྱེད་དོ། །མཚན་རྣམས་ལ་རྟོག་པར་མི་བྱེད་དོ། །སངས་རྒྱས་ཀྱི་ཞིང་བཀོད་པ་རྣམས་ལ་རྟོག་པར་མི་བྱེད་དོ། །ཉན་ཐོས་ཀྱི་དགེ་འདུན་ཕུན་སུམ་ཚོགས་པ་ལ་རྟོག་པར་ མི་བྱེད་ཅིང་རྟོག་པ་ཐམས་ཅད་ལས་ལྡོག་སྟེ། ལྷའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་གང་དེ་ལས་ལྡོག་པ་དེ་ནི་མི་ལྡོག་པ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་གང་ལས་མི་ལྡོག །འཇམ་དཔལ་གྱིས་ སྨྲས་པ། ལྷའི་བུ་སངས་རྒྱས་ཀྱི་ཡེ་ཤེས་ལས་མི་ལྡོག་གོ། །སྟོང་པ་ཉིད་ལས་མི་ལྡོག་གོ། །མཚན་མ་མེད་པ་ལས་མི་ལྡོག་གོ། །སྨོན་པ་མེད་པ་ལས་མི་ལྡོག་གོ། །དེ་བཞིན་ཉིད་ལས་མི་ལྡོག་གོ། །ཆོས་ ཀྱི་དབྱིངས་ལས་མི་ལྡོག་གོ། །ཡང་དག་པའི་མཐའ་ལས་མི་ལྡོག་གོ། །མཉམ་པ་ཉིད་ལས་མི་ལྡོག་གོ། །ལྷའི་བུས་སྨྲས་པ། འཇམ་དཔལ་དེ་སྐད་ཅེས་བྱང་ཆུབ་སེམས་དཔའ་གང་རྟོག་པ་དང་། རྣམ་པར་རྟོག་ པ་དང་། ཡོངས་སུ་རྟོག་པའི་ཆོས་དེ་དག་ལས་ལྡོག་པ་དེ་ནི་དེས་ན་ལྡོག་པ་ཞེས་བྱའོ་ཞེས་གསུངས་པ་དེ་ཅི་གང་དག་ལས་ལྡོག་པའི་ཆོས་དེ་དག་མཆིས་པ་ཞིག་གམ། འོན་ཏེ་མ་མཆིས་པ་ཞིག་གམ། འོན་ཏེ་ མཆིས་པ་དང་མ་མཆིས་པ་ཞིག་གམ། འོན་ཏེ་མཆིས་པ་ཡང་མ་ལགས་མ་མཆིས་པ་ཡང་མ་ལགས་པ་ཞིག་ལགས། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་དག་ལས་ལྡོག་པའི་ཆོས་དེ་དག་ནི་ཡོད་ པ་ཡང་མ་ཡིན། མེད་པ་ཡང་མ་ཡིན། ཡོད་པ་དང་མེད་པ་ཡང་མ་ཡིན། ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་པ་ཡང་མ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་འོ་ན་གང་ལས་ལྡོག །འཇམ་དཔལ་ 82-1-339b གྱིས་སྨྲས་པ། ལྷའི་བུ་ཡང་དག་པ་མ་ཡིན་པར་འཛིན་པ་དང་། ལེགས་པ་མ་ཡིན་པར་འཛིན་པ་དང་། ལོག་པར་འཛིན་པ་གང་ཡིན་པ་དེ་འཛིན་པར་མི་བྱེད། ཡོངས་སུ་གཏོང་བར་མི་བྱེད། མཚན་མར་མི་བྱེད་པ་ དེའི་ཕྱིར་ལྡོག་པ་ཞེས་བྱ་སྟེ། དེ་ནི་ཡོད་པར་ཡང་བསྟན་པར་མི་བྱ། མེད་པར་ཡང་བསྟན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ཡོད་པ་དང་མེད་པ་ལས་ལྡོག་པར་གྱུར་ན་དེ་ནི་སྐྱོན་དུ་འགྱུར་བའི་ཕྱིར་ རོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ཡོད་པ་ལས་ལྡོག་པར་གྱུར་ན་རྟག་པར་འགྱུར་ལ། མེད་པ་ལས་ལྡོག་པར་གྱུར་ན་ཆད་པར་འགྱུར་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་ནི་རྟག་པ་དང་ཆད་པའི་ཕྱིར་ཆོས་སྟོན་པར་མི་ མཛད་དེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་བསྟན་པ་ནི་རྟག་པའི་ཕྱིར་ཡང་མ་ཡིན། ཆད་པའི་ཕྱིར་ཡང་མ་ཡིན་ནོ། །ལྷའི་བུ་དེ་བཞིན་ཉིད་གང་ཡིན་པ་དེ་ནི་སྔོན་མ་བྱུང་བར་གྱུར་བའོ་ཞེས་འདུ་ཤེས་ ཀྱིས་ཡོད་པ་མ་ཡིན་པར་ཡོངས་སུ་ཤེས་པར་ཟད་ཀྱི། དེ་ལ་ནི་ཆད་པ་ཡང་མེད། རྟག་པ་ཡང་མེད་དེ། ལྷའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལྡོག་པ་ཡིན་ནོ། །བསྟན་པ་འདི་བཤད་པ་ན་ལྷའི་བུ་ཁྲིས་མི་ སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་ནས་ལྷའི་བུ་བློ་གྲོས་རབ་གནས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་བ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་དེ་བཞིན་གཤེགས་པ་ལ་བལྟ་བ་དང་། ཕྱག་བགྱི་བ་ དང་། བསྙེན་བཀུར་བགྱི་བ་དང་། ཞུ་བ་དང་། ཞུ་བླག་བགྱི་བའི་སླད་དུ་དེ་བཞིན་གཤེགས་པའི་སྤྱན་སྔར་བཞུད་ཀྱིས་གཤེགས་སོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་རྣམ་པར་རྟོག་པ་ལ་མ་སྤྱོད་ཅིག །དེ་ བཞིན་གཤེགས་པ་དེ་ནི་ཁོ་བོས་བླངས་ཟིན་ཏོ། །ལྷའི་བུ་སྨྲས་པ། འཇམ་དཔལ་དེ་བཞིན་གཤེགས་པ་དེ་གང་ན་བཞུགས། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་ནི་ཁོ་བོའི་མདུན་ན་བཞུགས་སོ། །ལྷའི་ 82-1-340a བུས་སྨྲས་པ། འཇམ་དཔལ་དེ་མི་གདའོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གལ་ཏེ་ཁྱོད་ཀྱིས་ཐམས་ཅད་མཐོང་ན་དེས་དེ་བཞིན་གཤེགས་པ་མཐོང་བར་མི་འགྱུར་རོ། །ལྷའི་བུས་སྨྲས་ པ། འཇམ་དཔལ་ཅིའི་སླད་དུ་དེ་སྐད་ཅེས་དེ་བཞིན་གཤེགས་པ་དེ་ནི་ཁོ་བོས་བླངས་ཟིན་ཏོ། །དེ་ནི་ཁོ་བོའི་མདུན་ན་བཞུགས་སོ་ཞེས་གསུང་། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་འདི་ཇི་སྙམ་དུ་སེམས། ཁོ་བོའི་ མདུན་ཞེས་བྱ་བ་ཅི་ཞིག་ཡིན་སྙམ། ལྷའི་བུས་སྨྲས་པ། འཇམ་དཔལ་ནམ་མཁའི་ཁམས་ལགས་སོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་བཞིན་གཤེགས་པ་དེ་ཡང་འདི་ལྟ་སྟེ། ནམ་མཁའི་ཁམས་ ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནམ་མཁའ་དང་མཉམ་པའི་ཕྱིར་ནམ་མཁའ་ཇི་ལྟ་བུ་ཡིན་པ་དེ་ལྟ་བུ་ཡང་དེ་བཞིན་གཤེགས་པ་ཡང་དེ་ལྟ་བུ་ཡིན་པས་ནམ་མཁའ་དང་དེ་བཞིན་གཤེགས་པ་ དེ་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་པའི་ཕྱིར་རོ། །ལྷའི་བུ་དེ་ལྟ་བས་ན་ཁྱོད་དེ་བཞིན་གཤེགས་པ་ལྟ་བར་འདོད་ན་མཐའ་འདི་ཁོང་དུ་ཆུད་པར་བྱ་ཞིང་ཅུང་ཟད་ཀྱང་རྣམ་པར་བརྟག་པར་མི་བྱའོ། །དེ་ནས་ཡང་ འཇམ་དཔལ་གཞོན་ནུར་གྱུར་བས་དེའི་ཚེ་ཁང་པ་བརྩེགས་པ་གྲུ་བཞི་ལྷམ་པ། ཀ་བ་བཞི་པ། ཆ་མཉམ་པ། ཤིན་དུ་མཛེས་པ། བལྟ་ན་སྡུག་པ། སུམ་ཁྲི་ཉིས་སྟོང་མངོན་པར་སྤྲུལ་ཏོ། །ཁང་པ་བརྩེགས་ པ་དེ་དག་ཏུ་རིན་པོ་ཆེའི་ཁྲི་སྟན་ལྷའི་དཔག་བསམས་ཀྱི་ཤིང་ལས་བྱུང་བའི་གོས་ཀྱིས་བཤམས་པ་དག་ཀྱང་སྤྲུལ་ཅིང་ཁྲི་སྟན་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་ལུས་གཟུགས་སྐྱེས་བུ་ཆེན་པོའི་མཚན་ སུམ་བཅུ་རྩ་གཉིས་དང་ལྡན་པ་དག་སྤྲུལ་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བས་ཇི་ལྟ་བུའི་བྱིན་གྱི་བརླབས་ཀྱིས་བྱིན་གྱིས་བརླབས་ན་འདི་ལྟ་བུར་གྱུར་བའི་བྱིན་གྱི་བརླབས་ཀྱིས་བྱིན་གྱིས་བརླབས་ 82-1-340b པས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ནི་རྣམ་པར་སྤྱོད་པའི་པད་མ་གང་དག་ཡིན་པ་དེ་དག་དང་། ཁང་པ་བརྩེགས་པ་དེ་དག་དེ་བཞིན་གཤེགས་པ་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་ལན་གསུམ་བསྐོར་བ་བྱས་ཏེ། སྟེང་གི་བར་སྣང་ལ་བཅོམ་ལྡན་འདས་ཀྱི་འཁོར་གྱི་དཀྱིལ་འཁོར་ལ་སྣང་བར་བྱེད་ཅིང་ཕྱོགས་བཞི་ཀུན་ནས་འཁོར་བར་ འཁོད་དོ། །དེ་ནས་པད་མ་དེ་དག་ལ་འཁོད་པའི་བྱང་ཆུབ་སེམས་དཔའ་སྤྲུལ་པ་གང་དག་ཡིན་པ་དེ་དག་དང་། ཁང་པ་བརྩེགས་པ་དག་ན་འཁོད་པའི་བྱང་ཆུབ་སེམས་དཔའ་གང་དག་ཡིན་པ་དེ་དག་ཐམས་ ཅད་ཀྱིས་བཅོམ་ལྡན་འདས་ལ་སྒྲ་དབྱངས་འཐུན་པར་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །གང་གཱའི་བྱེ་སྙེད་བསམ་གྱིས་མི་ཁྱབ་པའི། །སངས་རྒྱས་བྱེ་བ་ཕྲག་མང་ཁྱོད་ཀྱིས་ མཆོད། །བྱང་ཆུབ་མཆོག་གི་སྤྱད་པ་བཙལ་མཛད་པས། །དེ་སླད་མི་མཆོག་ཁྱོད་ནི་མཛེས་པ་ལགས། །ཐུབ་པ་མཚན་གྱིས་ཡོངས་སུ་སྤྲས་གྱུར་པ། །སྐུ་མཆོག་སྲིད་པ་གསུམ་ན་ལྷང་ངེ་སྟེ། །འདྲེན་ པ་གང་ལ་མི་དང་སྲོག་དང་ནི། །གང་ཟག་མ་མཆིས་ཆོས་ནི་འགྲོ་ལ་སྟོན། །རྣམ་པར་འདྲེན་པས་སྦྱིན་དང་ཚུལ་ཁྲིམས་སྤྱད། །བཟོད་པ་བརྩོན་འགྲུས་དེ་བཞིན་བསམ་གཏན་བསྟེན། །ཁྱོད་ཀྱི་ཤེས་རབ་སྲིད་ གསུམ་ཐོགས་མི་མངའ། །ཡེ་ཤེས་མཐར་བྱོན་ཁྱོད་ལ་ཕྱག་འཚལ་ལོ། །གང་ཞིག་ཆོས་རྗེ་ལྷ་དང་མིས་མཆོད་པའི། །འཇིག་རྟེན་འདྲེན་པ་ལ་ནི་འདུད་འགྱུར་ཞིང་། །སྟོང་པ་ཉིད་ལ་མོས་པར་བགྱིད་པ་ ཡི། །མི་དེ་འཇིག་རྟེན་དག་གི་འདྲེན་པར་འགྱུར། །གང་དག་སྔོན་བྱུང་དེ་བཞིན་གཤེགས་པ་དང་། །གང་དག་ཕྱོགས་རྣམས་བཞུགས་པའི་འདྲེན་པ་དག །དེ་དག་གིས་ནི་མཚན་མེད་སྟོན་པའི་ཆོས། །རང་ 82-1-341a བཞིན་མཚན་ཉིད་མ་མཆིས་རྟག་ཏུ་བསྒོམས། །འདི་ལ་རང་བཞིན་སེམས་ཅན་གང་ཡང་ནི། །སྐྱེ་དང་མཆི་བ་དམིགས་སུ་མ་མཆིས་ཤིང་། །འོང་བ་མ་མཆིས་འགྲོ་བ་མ་མཆིས་ཏེ། །ཆོས་རྣམས་ ཐམས་ཅད་ནམ་མཁའ་ཇི་བཞིན་ནོ། །ཇི་ལྟར་མི་ཡིས་སྒྱུ་མ་བསྟན་གྱུར་པ། །སྣང་ཡང་དེ་བཞིན་ཉིད་དུ་མ་མཆིས་ལྟར། །དེ་བཞིན་ཆོས་རྣམས་སྒྱུ་མ་འདྲ་བ་དང་། །རྨི་ལམ་ལྟ་བུར་བདེ་བར་གཤེགས་པས་ བསྟན། །གང་ཟག་ལ་ལས་གང་གཱའི་བྱེ་སྙེད་ཀྱི། །འཇིག་རྟེན་ཁམས་རྣམས་འདིར་ནི་སྦྱིན་བྱས་དང་། །འདུས་བྱས་སྟོང་པར་བཟོད་པ་གང་ལགས་པ། །བཟོད་པ་དེ་ནི་སྦྱིན་ལས་ཁྱད་པར་འཕགས། །བྱང་ ཆུབ་འདོད་པའི་བྱང་ཆུབ་སེམས་དཔའ་ཡིས། །བསྐལ་པ་བྱེ་བ་གང་གཱའི་བྱེ་སྙེད་དུ། །མེ་ཏོག་སྤོས་དང་དེ་བཞིན་ཟས་སྐོམ་དག །ཕུལ་ནས་མི་མཆོག་སངས་རྒྱས་མཆོད་པ་བས། །གང་གིས་གང་ལ་མི་ དང་སྲོག་དང་ནི། །གང་ཟག་མ་མཆིས་དེ་འདྲའི་ཆོས་འདི་དག །ཐོས་ནས་དེ་ལ་འོད་གསལ་བཟོད་ཐོབ་པ། །དེ་ཡིས་མི་རྣམས་དམ་པ་མཆོད་པ་ལགས། །གང་ལ་མི་དང་གང་ཟག་འདུ་ཤེས་མཆིས། །བསྐལ་ པ་བྱེ་བ་མང་པོར་ཟས་སྐོམ་དང་། །ཤིང་རྟ་དཔུང་ཆུང་ཁྲི་སྟན་སྦྱིན་བགྱིས་ཀྱང་། །དེས་ནི་འདི་ལ་གྲོལ་བ་མི་འཐོབ་བོ། །མི་མཆོག་གང་དག་མྱ་ངན་འདས་པ་དང་། །དེ་དག་གིས་ཀྱང་སེམས་ཅན་མང་བཀྲོལ་བ། ། མཁས་རྣམས་རང་བཞིན་འོད་གསལ་སྟོང་པ་ཡི། །ཆོས་རྣམས་དེ་ལྟར་མཁྱེན་པས་རྣམ་པར་གྲོལ། །སངས་རྒྱས་འབྱུང་དང་ཡུལ་དུ་གནས་པ་དང་། །དེ་བཞིན་བསྟན་ལ་དད་པ་ཐོབ་པར་དཀའ། །མི་ཡི་སྲིད་པ་ འང་སྙེད་པར་དཀའ་བས་ན། །རྒྱལ་བ་རྣམས་ཀྱི་བསྟན་ལ་ལེགས་བརྩོན་གྱིས། །མི་ཁོམ་བརྒྱད་པོ་ཐམས་ཅད་རྣམ་སྤངས་ཤིང་། །ཁོམ་པ་ཕུན་སུམ་རྙེད་དཀའ་ཐོབ་གྱུར་ལ། །བདེ་གཤེགས་བསྟན་ལ་ 82-1-341b དད་པ་རྙེད་གྱུར་པའི། །མཁས་པ་རྣམས་ཀྱིས་རིགས་པའི་རྣལ་འབྱོར་སྦྱོར། །སྒྲ་ལ་འཆེལ་ཅིང་འདུག་པར་མ་བྱེད་པར། །ཆོས་ཐོས་གྱུར་ནས་རྟག་ཏུ་ནན་ཏན་གྱིས། །ཁྱེད་ཀྱིས་རྟག་ཏུ་དགོན་པའི་གནས་བསྟེན་ལ། །དེས་ ནི་མི་རྣམས་དམ་པར་འགྱུར་བར་བྱོས། །ཆོས་སྨྲའི་དགེ་བཤེས་གང་ཡིན་བསྟེན་གྱིས་ལ། །སྡིག་པའི་གྲོགས་ལ་ལན་འགའང་མ་བསྟེན་ཅིག །སེམས་ཅན་ཀུན་ལ་སེམས་ནི་མཉམ་གྱིས་ལ། །སེམས་ཅན་དེ་ལ་ ནམ་ཡང་མ་རློམ་ཤིག །ཚུལ་ཁྲིམས་ལྡན་དང་མང་དུ་ཐོས་གྱིས་ལ། །རྟག་ཏུ་ཕྱག་དར་ཁྲོད་དང་བསོད་སྙོམས་སྤྱོད། །གཡེལ་བ་མེད་པར་ཤིང་དྲུང་སྟེན་གྱིས་ལ། །བཀུས་ཏེ་བོར་བ་མཆོག་ལ་མ་སྨོད་ཅིག །འདུས་ བྱས་འདི་དག་ཐམས་ཅད་འདུས་བྱས་མིན། །མཚན་ཉིད་གཅིག་ཅིང་སྨིག་རྒྱུ་འདྲ་བ་ཡིན། །དམ་པའི་དོན་གྱི་མུ་གཅིག་ཤེས་གྱིས་ལ། །མྱུར་ཏུ་གཞལ་ཡས་བྱང་ཆུབ་རེག་པར་གྱིས། །ཕུང་པོ་ལྔ་རྣམས་སྒྱུ་མ་བཞིན་ དུ་ལྟོས། །ནང་གི་སྐྱེ་མཆེད་དྲུག་དང་ཕྱི་ཡི་དྲུག །དེ་དག་གྲོང་སྟོང་འདྲ་བར་གསུངས་པས་ན། དེ་ལ་ནམ་ཡང་བསྟེན་པར་མ་བྱེད་ཅིག །འདོད་ཆགས་ཞེ་སྡང་རང་བཞིན་སྟོང་པ་ཉིད། །གཏི་མུག་ང་རྒྱལ་ཡོངས་སུ་རྟོག་ པས་བསྐྱེད། །རྟོག་པ་དེ་ཡང་མ་བྱུང་འབྱུང་མེད་པར། །དེ་ལྟར་ཤེས་ན་འདྲེན་པ་རྣམས་སུ་འགྱུར། །དེ་ནས་སྤྲུལ་པ་དེ་དག་གིས་ཚིགས་སུ་བཅད་པ་དེ་དག་སྨྲས་པ་ན་འཁོར་དེ་ལ་སྲོག་ཆགས་ཉི་ཁྲི་ཉིས་སྟོང་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །དགེ་སློང་ལྔ་བརྒྱ་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དགེ་སློང་སུམ་བརྒྱ་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་ མ་དང་བྲལ་བ་རྣམ་པར་དག་གོ། །དགེ་སློང་མ་སུམ་སྟོང་ཡང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །དགེ་བསྙེན་བདུན་སྟོང་དང་། དགེ་བསྙེན་མ་སྟོང་དང་། །ལྷའི་བུ་ཉི་ཁྲི་བདུན་ 82-1-342a སྟོང་ཡང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །བྱང་ཆུབ་སེམས་དཔའ་སུམ་བརྒྱས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་ རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་ཏུ་གཡོས་ཏེ། གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། འགུལ། རབ་ཏུ་འགུལ། ཀུན་དུ་རབ་ཏུ་འགུལ། ལྡེག །རབ་ཏུ་ལྡེག །ཀུན་ཏུ་རབ་ཏུ་ལྡེག་གོ། །དེ་ནས་བཅོམ་ལྡན་ འདས་ལ་གནས་བརྟན་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་པ་དང་། བྱང་ཆུབ་སེམས་དཔའི་ ལུས་གཟུགས་པདྨ་དག་དང་། ཁང་པ་བརྩེགས་པ་འདི་དག་ན་མཆིས་པ་འདི་རྣམས་ཆོས་ཟབ་མོ་འདི་ལྟ་བུ་སྟོན་པར་བགྱིད་པ་དང་། འཁོར་འདི་ཡང་སྣང་བ་ཆེན་པོས་ཁྱབ་པར་གྱུར་བ་དང་། ལྷའི་བུ་བྱེ་བ་ཕྲག་འདི་ སྙེད་འདུས་པ་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་མང་པོ་འདུས་པ་འདི་དག་སུའི་མཐུ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་གནས་བརྟན་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཤཱ་རིའི་བུ་འདི་ནི་འཇམ་དཔལ་གཞོན་ནུར་གྱུར་བའི་མཐུ་ཡིན་ཏེ། དེས་བཀོད་པ་འདི་ལྟ་བུ་འདི་དག་ཀུན་དུ་སྣང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་དེང་དེ་བཞིན་གཤེགས་པ་ལ་འཇམ་དཔལ་གཞོན་ནུར་ གྱུར་བ་ལྷའི་བུ་བློ་གྲོས་རབ་གནས་དང་ལྷན་ཅིག་ཏུ་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ཡོངས་སུ་བསྒྲུབ་པའི་ཕྱིར་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇིག་པར་བྱེད་པ་ཞེས་བྱ་བའི་ཆོས་ཀྱི་ རྣམ་གྲངས་ཞུ་ཞིང་ཞུ་བླག་བྱེད་པར་འགྱུར་བའི་ཕྱིར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇམ་དཔལ་གཞོན་ 82-1-342b ནུར་གྱུར་བ་དེ་འཁོར་འདུས་པ་འདི་ན་མི་གདའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཁྱོད་རེ་ཤིག་སྡོད་ཅིག་དང་། འཇམ་དཔལ་གཞོན་ནུར་གྱུར་བ་དེ་དེའུ་རེ་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་དང་། བདུད་ ཀྱི་གནས་ཐམས་ཅད་དང་། བདུད་ཐམས་ཅད་ཟིལ་གྱིས་གནོན་ཅིང་བཀོད་པ་ཆེན་པོས་དེ་བཞིན་གཤེགས་པ་ག་ལ་བ་དེར་འོང་བར་འགྱུར་རོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བ་བདུད་ཀྱི་དཀྱིལ་འཁོར་ ཐམས་ཅད་རྣམ་པར་འཇིག་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །འཇམ་དཔལ་གཞོན་ནུར་གྱུར་བ་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇིག་པར་བྱེད་པའི་ཏིང་ངེ་འཛིན་ ལ་སྙོམས་པར་ཞུགས་མ་ཐག་ཏུ་དེ་ནས་དེའི་མོད་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་བདུད་ཀྱི་གནས་བྱེ་བ་བརྒྱ་ཕྲག་ཇི་སྙེད་པ་དེ་དག་ཐམས་ཅད་མོག་མོག་པོར་གྱུར་ཏོ། །བདུད་ སྡིག་ཅན་དེ་དག་ཀྱང་རང་རང་གི་ལུས་རྒས་ཤིང་གཏུགས་ལ་འཁོགས་པར་གྱུར་ནས་ལག་པ་འཁར་བ་ལ་རྟེན་ཅིང་འགྲོ་བར་གྱུར་ཏོ། །དེ་དག་གིས་ལྷའི་བུ་མོ་རྣམས་ཀྱང་རྒས་ཤིང་གཏུགས་ལ་འཁོགས་ པར་གྱུར་བ་དང་། རང་རང་གི་གཞལ་མེད་ཁང་དག་ཀྱང་རྙིངས་ཤིང་རབ་ཏུ་འཇིག་ལ་མུན་པ་མུན་གནག་ཏུ་གྱུར་བར་མཐོང་ངོ་། །དེ་ནས་བདུད་སྡིག་ཅན་དེ་དག་སྐྲག་ཅིང་དངངས་ལ་ཡི་ཆད་ཅིང་སྒྱིད་ལུག་སྟེ། སྤུའི་ ཁུང་བུ་ཟིང་ཞེས་བྱེད་པར་གྱུར་ནས་འདི་སྙམ་དུ་རྣམ་པར་རྟོག་སྟེ། གང་གིས་བདག་ཅག་བདུད་ཀྱི་གནས་རྣམས་འདི་ལྟ་བུའི་གནས་སྐབས་སུ་གྱུར་བ་འདིའི་རྒྱུ་ནི་གང་ཡིན། རྐྱེན་ནི་གང་ཡིན། བདག་ཅག་ འདི་ནས་འཆི་འཕོ་ཞིང་མེད་པ་འམ་གཅིག་ཏུ་མི་འགྱུར་གྲང་སྙམ་མོ། །བདུད་དེ་དག་གི་རྣམ་པར་རྟོག་པ་དེ་ལྟ་བུ་དེ་སྐྱེས་མ་ཐག་ཏུ་དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བས་ལྷའི་བུ་སྤྲུལ་པ་ཐེར་འབུམ་ 82-1-343a སྤྲུལ་ཏེ། བདུད་དེ་དག་གི་མདུན་དུ་བཀོད་དོ། །དེ་ནས་ལྷའི་བུ་སྤྲུལ་པ་དེ་དག་གིས་བདུད་སྡིག་ཅན་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་དག་འདི་ནི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལོག་པ་ འཇམ་དཔལ་གཞོན་ནུར་གྱུར་བ་ཞེས་བྱ་བ་དེ་ད་ལྟར་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇིག་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དེའི་མཐུ་ཡིན་ཏེ། ཁྱེད་ལ་འཚེ་བ་འགའ་ཡང་ འབྱུང་བར་མི་འགྱུར་གྱིས་མ་སྐྲག་ཤིག །ལྷའི་བུ་སྤྲུལ་པ་དེ་དག་གིས་ཚིག་དེ་སྐད་ཅེས་སྨྲས་མ་ཐག་ཏུ། དེ་ནས་བདུད་སྡིག་ཅན་དེ་དག་གིས་སྒྲ་དེ་ཡང་ཐོས། འཇམ་དཔལ་གཞོན་ནུར་གྱུར་བའི་མིང་ཡང་ཐོས་ ནས་ཡང་རྒྱ་ཆེར་དངངས་ཤིང་སྐྲག་སྟེ། བདུད་ཀྱི་གནས་དེ་དག་ཐམས་ཅད་ཀྱང་རབ་ཏུ་གཡོས་སོ། །དེ་ནས་བདུད་སྡིག་ཅན་དེ་དག་གིས་ལྷའི་བུ་སྤྲུལ་པ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་དག་ ཡོངས་སུ་སྐྱོབས་ཤིག །གྲོགས་པོ་དག་ཡོངས་སུ་སྐྱོབས་ཤིག །དེ་ནས་ལྷའི་བུ་སྤྲུལ་པ་དེ་དག་གིས་བདུད་སྡིག་ཅན་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་དག་མ་འཇིགས་ཤིག །གྲོགས་པོ་དག་མ་འཇིགས་ ཤིག །ཁྱེད་ཅག་དེང་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བ་དེར་སོང་ཤིག་དང་། དེ་བཞིན་གཤེགས་པ་ཐུགས་རྗེ་དང་ལྡན་པ་དེ་ནི་ སེམས་ཅན་འཇིགས་པར་གྱུར་བ་རྣམས་ལ་མི་འཇིགས་པ་སྩོལ་བར་མཛད་དོ། །དེ་ནས་ལྷའི་བུ་སྤྲུལ་པ་དེ་དག་གིས་ཚིག་དེ་སྐད་ཅེས་སྨྲས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་བདུད་སྡིག་ཅན་འཁོར་ བདུད་སྡིག་ཅན་འབུམ་ཕྲག་ཐེར་འབུམ་དུ་མ་དང་བཅས་པ་དེ་དག་ཐམས་ཅད་རྒས་ཤིང་འཁོགས་ནས་གཟེར་ཅིང་ལག་པ་མཁར་བ་ལ་རྟེན་བཞིན་དུ་འདོང་ཞིང་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་བཅོམ་ 82-1-343b ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ལ་ཐམས་ཅད་ཀྱིས་སྒྲ་སྐད་གཅིག་ཏུ་འདི་སྐད་ཅེས་གསོལ་ ཏོ། །བཅོམ་ལྡན་འདས་བདག་ཅག་མི་སྡུག་པའི་རྣམ་པ་འདི་ལྟ་བུ་འདི་དག་ལས་ཡོངས་སུ་བསྐྱབ་ཏུ་གསོལ། བདེ་བར་གཤེགས་པ་བདག་ཅག་ཡོངས་སུ་བསྐྱབ་ཏུ་གསོལ། བཅོམ་ལྡན་འདས་སངས་རྒྱས་ བྱེ་བ་ཕྲག་འབུམ་གྱི་མཚན་ཡོངས་སུ་བསྒྲགས་པ་ནི་མི་མངོན་ལགས་ཀྱི། འཇམ་དཔལ་གཞོན་ནུར་གྱུར་བ་གཅིག་པུའི་མིང་ནི་དེ་ལྟ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འཇམ་དཔལ་གཞོན་ནུར་གྱུར་ པའི་མིང་ཐོས་ན་བདག་ཅག་འཇིགས་ཤིང་དངངས་ལ་སྐྲག་པར་འགྱུར་ཏེ། འཆི་འཕོ་བ་སྙམ་དུ་འཚལ་ཅིང་མ་མཆིས་པར་འགྱུར་བ་སྙམ་དུ་འཚལ་བའི་སླད་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བདུད་སྡིག་ ཅན་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྡིག་ཅན་དག་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཇི་ལྟར་འཇམ་དཔལ་གཞོན་ནུར་གྱུར་བས་ཡོངས་སུ་སྨིན་པ་དང་། རྣམ་པར་དབྱེ་བ་མེད་པར་སེམས་ཅན་ རྣམས་ཀྱི་དོན་བྱས་པ་དང་། བྱེད་པར་འགྱུར་བ་དེ་ལྟར་སངས་རྒྱས་བྱེ་བ་ཕྲག་འབུམ་གྱིས་ཀྱང་སེམས་ཅན་རྣམས་ཀྱི་དོན་མ་མཛད་མི་མཛད་པས་དེའི་ཕྱིར་ཇི་ལྟར་འཇམ་དཔལ་གཞོན་ནུར་གྱུར་བ་གཅིག་ པུའི་མིང་ཡོངས་སུ་བསྒྲགས་པ་དེ་ལྟར་སངས་རྒྱས་བྱེ་བ་ཕྲག་འབུམ་གྱི་མཚན་ཡོངས་སུ་བསྒྲགས་པས་ནི་ཁྱེད་ཅག་སྡུག་བསྔལ་ཞིང་རྣམ་པར་འཇིག་པར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ ལ་བདུད་སྡིག་ཅན་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་འདི་ལྟར་ལུས་འཁོགས་པ་འདིས་ཉམ་ཐག་ཅིང་ངོ་ཚ་ལགས་པས་བཅོམ་ལྡན་འདས་བདག་ཅག་སྔོན་བདག་ཅག་ 82-1-344a གི་ཁ་དོག་རྒྱས་པར་གྱུར་བ་གང་ལགས་པ་དེ་ལྟ་བུ་འཚལ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱེད་ཅག་འཇམ་དཔལ་གཞོན་ནུར་གྱུར་བ་འོངས་ཀྱི་བར་དུ་རེ་ཤིག་འདི་ཉིད་ དུ་སྡོད་ཅིག་དང་། དེས་ཁྱེད་ཅག་མི་སྡུག་པའི་རྣམ་པ་འདི་ལས་ཡོངས་སུ་ཐར་བར་བྱེད་པར་འགྱུར་རོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བ་ཏིང་ངེ་འཛིན་དེ་ལས་ལངས་ཏེ། སྟན་ལས་ལངས་ནས་བྱང་ ཆུབ་སེམས་དཔའ་འབུམ་ཕྲག་དུ་མས་ཀྱང་ཡོངས་སུ་བསྐོར་ཅིང་མདུན་དུ་བདར། ལྷའི་བུ་འབུམ་ཕྲག་དུ་མ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་འབུམ་ཕྲག་དུ་མ་སིལ་སྙན་འབུམ་ཕྲག་མང་པོ་དག་རབ་ཏུ་གསིལ་ཞིང་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོའི་ཆར་དག་རབ་ཏུ་འབེབས་པ་ཤ་སྟག་གིས་ཡོངས་ སུ་བསྐོར་ཅིང་མདུན་དུ་བདར་ཏེ། བཀོད་པ་ཆེན་པོ་དང་། རྣམ་པར་རྩེ་བ་ཆེན་པོས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཁྱོད་བདུད་ཀྱི་དཀྱིལ་ འཁོར་ཐམས་ཅད་རྣམ་པར་འཇིག་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སྙོམས་པར་འཇུག་ལགས་སོ། །བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱིས་ཏིང་ངེ་འཛིན་བསྒྲུབས་པ་དེ་དེ་བཞིན་གཤེགས་པ་གང་ལས་ཐོས། ཁྱོད་ཀྱིས་ཏིང་ངེ་འཛིན་དེ་བསྒྲུབས་ནས་ཇི་སྲིད་ཅིག་ལོན། འཇམ་དཔལ་གྱིས་གསོལ་པ། བཅོམ་ 82-1-344b ལྡན་འདས་གང་གི་ཚེ་བདག་གིས་ཏིང་ངེ་འཛིན་བསྒྲུབས་པ་དེ་ཐོས་ཤིང་བདག་གིས་ཏིང་ངེ་འཛིན་དེ་བསྒྲུབས་པ་དེའི་ཚེ་ན་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་ཡང་མ་གྱུར་ལགས་སོ། །བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱིས་གང་ལ་ཏིང་ངེ་འཛིན་བསྒྲུབས་པ་དེ་ཐོས་པའི་དེ་བཞིན་གཤེགས་པ་དེའི་མཚན་ཅི། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སྔོན་བྱུང་བ་འདས་ པའི་དུས་བསྐལ་པ་བསམ་གྱིས་མི་ཁྱབ་པའི་ཡང་ཆེས་བསམ་གྱིས་མི་ཁྱབ་པ། གྲངས་མ་མཆིས་པའི་ཡང་ཆེས་གྲངས་མ་མཆིས་པ་འདས་པ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་མེ་ཏོག་མན་དཱ་ ར་བའི་དྲི་ཞེས་བགྱི་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་ འདས་བྱུང་སྟེ། དེ་ཏིང་ངེ་འཛིན་བསྒྲུབས་པ་དེ་གསུང་བར་གྱུར་ནས་དེ་བཞིན་གཤེགས་པ་དེ་ལས་བདག་གིས་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇིག་པར་བགྱིད་པའི་ཏིང་ངེ་འཛིན་བསྒྲུབས་པ་ དེ་ཐོས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་བསྒྲུབས་པ་དེ་དག་གང་ཡིན། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམ་པ་ཉི་ཤུ་ དང་ལྡན་ན་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇིག་པར་བགྱིད་པའི་ཏིང་ངེ་འཛིན་དེ་འཐོབ་སྟེ། ཉི་ཤུ་གང་ལགས་ཤེ་ན། བཅོམ་ལྡན་འདས་འདི་ལ་བྱང་ཆུབ་སེམས་དཔའ་འདོད་ཆགས་རྣམ་པར་ འཇིག་ཅིང་འདོད་ཆགས་ཀྱི་སེམས་རྣམ་པར་འཇིག་པར་བགྱིད་པ་དང་། ཞེ་སྡང་རྣམ་པར་འཇིག་ཅིང་ཞེ་སྡང་གི་སེམས་རྣམ་པར་འཇིག་པར་བགྱིད་པ་དང་། གཏི་མུག་རྣམ་པར་འཇིག་ཅིང་གཏི་མུག་གི་སེམས་ 82-1-345a རྣམ་པར་འཇིག་པར་བགྱིད་པ་དང་། ཕྲག་དོག་རྣམ་པར་འཇིག་ཅིང་ཕྲག་དོག་གི་སེམས་རྣམ་པར་འཇིག་པར་བགྱིད་པ་དང་། ང་རྒྱལ་རྣམ་པར་འཇིག་ཅིང་ང་རྒྱལ་གྱི་སེམས་རྣམ་པར་འཇིག་པར་ བགྱིད་པ་དང་། འཆབ་པ་རྣམ་པར་འཇིག་ཅིང་འཆབ་པའི་སེམས་རྣམ་པར་འཇིག་པར་བགྱིད་པ་དང་། ཁྲོ་བ་རྣམ་པར་འཇིག་ཅིང་ཁྲོ་བའི་སེམས་རྣམ་པར་འཇིག་པར་བགྱིད་པ་དང་། ཡོངས་སུ་གདུང་བ་རྣམ་པར་ འཇིག་ཅིང་ཡོངས་སུ་གདུང་བའི་སེམས་རྣམ་པར་འཇིག་པར་བགྱིད་པ་དང་། འདུ་ཤེས་རྣམ་པར་འཇིག་ཅིང་འདུ་ཤེས་ཀྱི་སེམས་རྣམ་པར་འཇིག་པར་བགྱིད་པ་དང་། ལྟ་བ་རྣམ་པར་འཇིག་ཅིང་ལྟ་བའི་སེམས་རྣམ་ པར་འཇིག་པར་བགྱིད་པ་དང་། རྟོག་པ་རྣམ་པར་འཇིག་ཅིང་རྟོག་པའི་སེམས་རྣམ་པར་འཇིག་པར་བགྱིད་པ་དང་། ལེན་པ་རྣམ་པར་འཇིག་ཅིང་ལེན་པའི་སེམས་རྣམ་པར་འཇིག་པར་བགྱིད་པ་དང་། འཛིན་པ་རྣམ་ པར་འཇིག་ཅིང་འཛིན་པའི་སེམས་རྣམ་པར་འཇིག་པར་བགྱིད་པ་དང་། མཚན་མ་རྣམ་པར་འཇིག་ཅིང་མཚན་མའི་སེམས་རྣམ་པར་འཇིག་པར་བགྱིད་པ་དང་། སྲིད་པ་རྣམ་པར་འཇིག་ཅིང་སྲིད་པའི་སེམས་རྣམ་ པར་འཇིག་པར་བགྱིད་པ་དང་། རྟག་པ་རྣམ་པར་འཇིག་ཅིང་རྟག་པའི་སེམས་རྣམ་པར་འཇིག་པར་བགྱིད་པ་དང་། ཆད་པ་རྣམ་པར་འཇིག་ཅིང་ཆད་པའི་སེམས་རྣམ་པར་འཇིག་པར་བགྱིད་པ་དང་། ཕུང་པོ་ རྣམ་པར་འཇིག་ཅིང་ཕུང་པོའི་སེམས་རྣམ་པར་འཇིག་པར་བགྱིད་པ་དང་། ཁམས་རྣམ་པར་འཇིག་ཅིང་ཁམས་ཀྱི་སེམས་རྣམ་པར་འཇིག་པར་བགྱིད་པ་དང་། སྐྱེ་མཆེད་རྣམ་པར་འཇིག་ཅིང་སྐྱེ་མཆེད་ཀྱི་སེམས་ རྣམ་པར་འཇིག་པར་བགྱིད་པ་དང་། ཁམས་གསུམ་པ་རྣམ་པར་འཇིག་ཅིང་ཁམས་གསུམ་པ་ལ་དམིགས་པའི་སེམས་རྣམ་པར་འཇིག་པར་བགྱིད་པ་སྟེ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམ་པ་ཉི་ཤུ་ 82-1-345b པོ་དེ་དག་དང་ལྡན་ན་ཏིང་ངེ་འཛིན་དེ་འཐོབ་བོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཏིང་ངེ་འཛིན་དེ་འཐོབ་སྟེ། བཞི་གང་ལགས་ཤེ་ན། ལྷག་པའི་བསམ་པ་ལ་ཡང་དག་ པར་འཇུག་པ་དང་། གཡོ་བ་མ་མཆིས་པ་དང་། ཟབ་པ་དང་། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་སྟེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཏིང་ངེ་འཛིན་དེ་འཐོབ་བོ། ། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཏིང་ངེ་འཛིན་དེ་འཐོབ་སྟེ། བཞི་གང་ལགས་ཤེ་ན། སླུ་བ་མ་མཆིས་པ་དང་། བདེན་པའི་ཚིག་གིས་དམ་འཆའ་བ་དང་། འདུ་ཤེས་ ཀྱི་དབང་གི་སྤྱོད་ཡུལ་མ་ལགས་པ་དང་། ཆོས་ཐམས་ཅད་མི་འཛིན་པ་སྟེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཏིང་ངེ་འཛིན་དེ་འཐོབ་བོ། །བཅོམ་ལྡན་འདས་གཞན་ ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཏིང་ངེ་འཛིན་དེ་འཐོབ་སྟེ། བཞི་གང་ལགས་ཤེ་ན། དགེ་བའི་བཤེས་གཉེན་ལ་བསྟེན་པ་དང་། སྡིག་པའི་གྲོགས་པོ་སྤོང་བ་དང་། སྦྱངས་པ་དང་། ཚུལ་ཁྲིམས་ དང་། ཡོ་བྱད་བསྙུངས་པ་དང་ལྡན་པ་དང་། འདུ་འཛི་མ་མཆིས་པར་སྤྱོད་པ་སྟེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཏིང་ངེ་འཛིན་དེ་ཐོབ་བོ། །བཅོམ་ལྡན་འདས་གཞན་ ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཏིང་ངེ་འཛིན་དེ་འཐོབ་སྟེ། བཞི་གང་ལགས་ཤེ་ན། ཚུལ་ཁྲིམས་མ་ཉམས་པ་དང་། ཚུལ་ཁྲིམས་མ་དྲལ་བ་དང་། ཚུལ་ཁྲིམས་མི་རྟེན་པ་དང་། ཚུལ་ཁྲིམས་ ནག་ནོག་མ་མཆིས་པ་སྟེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཏིང་ངེ་འཛིན་དེ་འཐོབ་བོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཏིང་ 82-1-346a ངེ་འཛིན་དེ་འཐོབ་སྟེ། བཞི་གང་ལགས་ཤེ་ན། ཉན་ཐོས་ཀྱི་སེམས་ཡོངས་སུ་སྤོང་བ་དང་། རང་སངས་རྒྱས་ཀྱི་སེམས་ལ་ལྷག་པར་མི་དམིགས་པ་དང་། བཟོད་པ་གནས་པ་དང་། སེམས་ཅན་ ལ་རློམ་སེམས་མ་མཆིས་པ་སྟེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཏིང་ངེ་འཛིན་དེ་འཐོབ་བོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ ལྡན་ན་ཏིང་ངེ་འཛིན་དེ་འཐོབ་སྟེ། བཞི་གང་ལགས་ཤེ་ན། སྟོང་པ་ཉིད་ཀྱི་ཆོས་སྒོམ་ཞིང་གང་ཟག་ལ་རློམ་སེམས་མ་མཆིས་པ་དང་། མཚན་མ་མ་མཆིས་པ་སྒོམ་ཞིང་མཚན་མ་ཡོངས་སུ་སྤོང་བ་དང་། སྨོན་ པ་མ་མཆིས་པ་སྒོམ་ཞིང་སྨོན་པའི་སེམས་ཡོངས་སུ་སྤོང་བ་དང་། ཆོག་འཚལ་ཅིང་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བ་དང་བཞི་སྟེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམ་པ་དེ་དག་དང་ཆོས་ དེ་དག་དང་ལྡན་ན་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇིག་པར་བགྱིད་པའི་ཏིང་ངེ་འཛིན་དེ་འཐོབ་བོ། །བཅོམ་ལྡན་འདས་དེ་ལྟར་དེ་བཞིན་གཤེགས་པ་མེ་ཏོག་མན་དཱ་རའི་དྲིས་ཏིང་ངེ་འཛིན་བསྒྲུབ་ པ་དེ་རབ་ཏུ་བསྟན་ཏེ། བཅོམ་ལྡན་འདས་བདག་གིས་དེ་བཞིན་གཤེགས་པ་དེ་ལས་ཏིང་ངེ་འཛིན་བསྒྲུབ་པ་དེ་ཐོས་ཤིང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མེ་ཏོག་མན་དཱ་རའི་དྲི་དེའི་འོག་ཏུ་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནོར་བུ་དང་། རིན་པོ་ཆེ་དང་། གློག་དང་། ཉི་ཟླ་ཐམས་ཅད་ཟིལ་གྱིས་གནོན་པའི་འོད་ཅེས་བགྱི་པ་བྱུང་བར་གྱུར་ཏེ། བཅོམ་ལྡན་འདས་བདག་ གིས་དེ་བཞིན་གཤེགས་པ་དེའི་སྤྱན་སྔར་ཏིང་ངེ་འཛིན་དེ་བསྒྲུབས་སོ། །བསྟན་པ་འདི་བཤད་པ་ན་འཁོར་དེ་ལས་བྱང་ཆུབ་སེམས་དཔའ་ཁྲིས་ཏིང་ངེ་འཛིན་དེ་བསྒྲུབས་སོ། །དེ་ནས་བཅོམ་ལྡན་འདས་ལ་གནས་བརྟན་ 82-1-346b ཤཱ་རིའི་བུས་འདི་སྐད་གསོལ་ཏོ། །བཅོམ་ལྡན་འདས་གཞོན་ནུར་གྱུར་བས་ཇི་ཙམ་དུ་ཏིང་ངེ་འཛིན་དེ་ལེགས་པར་བསྒྲུབས་ཤིང་ཏིང་ངེ་འཛིན་དེ་བསྒྲུབས་པས་བདུད་སྡིག་ཅན་འདི་དག་མི་སྡུག་ པའི་རྣམ་པ་འདི་ལྟ་བུར་བགྱིས་པ་དེ་ནི་ངོ་མཚར་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས་ སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་འབའ་ཤིག་གི་བདུད་སྡིག་ཅན་འདི་དག་འདི་ལྟར་མི་སྡུག་པའི་རྣམ་པར་བྱས་སོ་སྙམ་ན་ཤཱ་རིའི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ ཞེ་ན། ཤཱ་རིའི་བུ་འདི་ལྟ་སྟེ། འཇམ་དཔལ་གཞོན་ནུར་གྱུར་བའི་བྱིན་གྱི་བརླབས་ཀྱིས་ཕྱོགས་བཅུ་ཀུན་གྱི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བྱེ་མ་སྙེད་དག་ན་བདུད་སྡིག་ཅན་གང་དག་འཁོད་པ་དེ་དག་ ཐམས་ཅད་ཀྱང་འདི་ལྟ་བུའི་གནས་སྐབས་སུ་གྱུར་བའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་བ་ལ་བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱིས་བྱིན་གྱིས་བརླབས་འདི་མཐོང་ ལ། ཅི་ནས་ཀྱང་བདུད་སྡིག་ཅན་འདི་དག་སྔོན་གྱི་ཁ་དོག་རྒྱས་པ་དང་ལྡན་པར་འགྱུར་བར་གྱིས་ཤིག །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བས་བྱིན་གྱིས་བརླབས་དེ་བཏང་ངོ་། །བྱིན་གྱིས་བརླབས་དེ་ གཏང་མ་ཐག་ཏུ་དེ་ནས་བདུད་སྡིག་ཅན་དེ་དག་སྔོན་གྱི་ཁ་དོག་རྒྱས་པ་དང་ལྡན་པར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བས་བདུད་སྡིག་ཅན་དེ་དག་དང་། བདུད་ཀྱི་འཁོར་དེ་དག་ལ་སྨྲས་པ། སྡིག་ཅན་དག་གང་ལ་མིག་དང་། གང་ལ་མིག་གི་འདུ་ཤེས་དང་། གང་ལ་མིག་ཏུ་ལྷག་པར་འཛིན་པ་དང་། གང་ལ་མིག་གི་མཚན་མ་དང་། གང་ལ་མིག་ཏུ་ལྷག་པར་དམིགས་པ་དང་། གང་ལ་མིག་ཏུ་ 82-1-347a མངོན་པར་ཆགས་པ་དང་། གང་ལ་མིག་གི་རློམ་སེམས་དང་། གང་ལ་མིག་བདག་གིར་འཛིན་པ་དང་། གང་ལ་མིག་གི་རྟེན་དང་། གང་ལ་མིག་ལ་མངོན་པར་ཞེན་པ་དང་། གང་ལ་མིག་གི་ སྤྲོས་པ་དང་། གང་ལ་མིག་ངའི་བ་ཉིད་དང་། གང་ལ་མིག་ཀུན་དུ་སྲུང་བ་དང་། གང་ལ་མིག་བསྒོམ་པ་དང་། གང་ལ་མིག་བླང་བ་དང་། གང་ལ་མིག་དོར་བ་དང་། གང་ལ་མིག་ཏུ་རྟོག་པ་དང་། གང་ལ་མིག་ ཏུ་སེམས་པ་དང་། གང་ལ་མིག་ཡོངས་སུ་འགྲུབ་པ་དང་། གང་ལ་མིག་འགོག་པ་དང་། གང་ལ་མིག་སྐྱེ་བ་དང་། གང་ལ་མིག་ཏུ་འཛིན་པ་དང་། གང་ལ་མིག་འོང་བ་ཡོད་པ་དེ་ལ་ནི་ཁྱེད་བདུད་ཀྱི་ལས་ བར་ཆད་བྱེད་པའི་ཡུལ་ཡོད་དོ། །སྡིག་ཅན་དག་དེ་བཞིན་དུ་གང་ལ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་དང་། གང་ལ་ཆོས་ ཀྱི་འདུ་ཤེས་དང་། གང་ལ་ཆོས་སུ་ལྷག་པར་འཛིན་པ་དང་། གང་ལ་ཆོས་ཀྱི་མཚན་མ་དང་། གང་ལ་ཆོས་སུ་ལྷག་པར་དམིགས་པ་དང་། གང་ལ་ཆོས་སུ་མངོན་པར་ཆགས་པ་དང་། གང་ལ་ཆོས་ཀྱི་རློམ་ སེམས་དང་། གང་ལ་ཆོས་བདག་གིར་འཛིན་པ་དང་། གང་ལ་ཆོས་ཀྱི་རྟེན་དང་། གང་ལ་ཆོས་ལ་མངོན་པར་ཞེན་པ་དང་། གང་ལ་ཆོས་ཀྱི་སྤྲོས་པ་དང་། གང་ལ་ཆོས་ངའི་བ་ཉིད་དང་། གང་ལ་ཆོས་ཀུན་དུ་སྲུང་ བ་དང་། གང་ལ་ཆོས་བསྒོམ་པ་དང་། གང་ལ་ཆོས་བླང་བ་དང་། གང་ལ་ཆོས་དོར་བ་དང་། གང་ལ་ཆོས་སུ་རྟོག་པ་དང་། གང་ལ་ཆོས་སུ་སེམས་པ་དང་། གང་ལ་ཆོས་ཡོངས་སུ་འགྲུབ་པ་དང་། གང་ལ་ ཆོས་འགོག་པ་དང་། གང་ལ་ཆོས་སྐྱེ་བ་དང་། གང་ལ་ཆོས་སུ་འཛིན་པ་དང་། གང་ལ་ཆོས་འོང་བ་ཡོད་པ་དེ་ལ་ནི་ཁྱེད་བདུད་ཀྱི་ལས་བར་ཆད་བྱེད་པའི་ཡུལ་ཡོད་དོ། །སྡིག་ཅན་དག་གང་ལ་མིག་མེད་ 82-1-347b པ་དང་། གང་ལ་མིག་གི་འདུ་ཤེས་མེད་པ་དང་། གང་ལ་མིག་ཏུ་ལྷག་པར་འཛིན་པ་མེད་པ་དང་། གང་ལ་མིག་གི་མཚན་མ་མེད་པ་དང་། གང་ལ་མིག་ཏུ་ལྷག་པར་དམིགས་པ་མེད་པ་དང་། གང་ལ་མིག་ཏུ་ མངོན་པར་ཆགས་པ་མེད་པ་དང་། གང་ལ་མིག་གི་རློམ་སེམས་མེད་པ་དང་། གང་ལ་མིག་བདག་གིར་འཛིན་པ་མེད་པ་དང་། གང་ལ་མིག་གི་རྟེན་མེད་པ་དང་། གང་ལ་མིག་ལ་མངོན་པར་ཞེན་པ་མེད་པ་དང་། གང་ ལ་མིག་གི་སྤྲོས་པ་མེད་པ་དང་། གང་ལ་མིག་ངའི་བ་ཉིད་མེད་པ་དང་། གང་ལ་མིག་ཀུན་དུ་སྲུང་བ་མེད་པ་དང་། གང་ལ་མིག་བསྒོམ་པ་མེད་པ་དང་། གང་ལ་མིག་བླང་བ་མེད་པ་དང་། གང་ལ་མིག་དོར་བ་མེད་པ་དང་། གང་ལ་མིག་ཏུ་རྟོག་པ་མེད་པ་དང་། གང་ལ་མིག་ཏུ་སེམས་དཔའ་མེད་པ་དང་། གང་ལ་མིག་ཡོངས་སུ་འགྲུབ་པ་མེད་པ་དང་། གང་ལ་མིག་འགོག་པ་མེད་པ་དང་། གང་ལ་མིག་སྐྱེ་བ་མེད་པ་དང་། གང་ལ་མིག་ ཏུ་འཛིན་པ་མེད་པ་དང་། གང་ལ་མིག་འོང་བ་མེད་པ་དེ་ལ་ནི་ཁྱེད་ཀྱི་གནས་མེད་དོ། །ཡུལ་མེད་དོ། །བདག་པོ་མེད་དོ། །སྟོབས་མེད་དོ། །དབང་ཕྱུག་མེད་དོ། །མཐུས་གཟུང་བ་མེད་དོ། །སྡིག་ཅན་དག་དེ་བཞིན་ དུ་གང་ལ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་མེད་པ་དང་། གང་ལ་ཆོས་ཀྱི་འདུ་ཤེས་མེད་པ་དང་། གང་ལ་ཆོས་སུ་ལྷག་པར་འཛིན་པ་ མེད་པ་དང་། གང་ལ་ཆོས་ཀྱི་མཚན་མ་མེད་པ་དང་། གང་ལ་ཆོས་སུ་ལྷག་པར་དམིགས་པ་མེད་པ་དང་། གང་ལ་ཆོས་སུ་མངོན་པར་ཆགས་པ་མེད་པ་དང་། གང་ལ་ཆོས་ཀྱི་རློམ་སེམས་མེད་པ་དང་། གང་ལ་ ཆོས་བདག་གིར་འཛིན་པ་མེད་པ་དང་། གང་ལ་ཆོས་ཀྱི་རྟེན་མེད་པ་དང་། གང་ལ་ཆོས་ལ་མངོན་པར་ཞེན་པ་མེད་པ་དང་། གང་ལ་ཆོས་ཀྱི་སྤྲོས་པ་མེད་པ་དང་། གང་ལ་ཆོས་ངའི་བ་ཉིད་མེད་པ་དང་། གང་ལ་ཆོས་ 82-1-348a ཀུན་ཏུ་སྲུང་བ་མེད་པ་དང་། གང་ལ་ཆོས་བསྒོམ་པ་མེད་པ་དང་། གང་ལ་ཆོས་བླང་བ་མེད་པ་དང་། གང་ལ་ཆོས་དོར་བ་མེད་པ་དང་། གང་ལ་ཆོས་སུ་རྟོག་པ་མེད་པ་དང་། གང་ལ་ཆོས་སུ་སེམས་པ་ མེད་པ་དང་། གང་ལ་ཆོས་ཡོངས་སུ་འགྲུབ་པ་མེད་པ་དང་། གང་ལ་ཆོས་འགོག་པ་མེད་པ་དང་། གང་ལ་ཆོས་སྐྱེ་བ་མེད་པ་དང་། གང་ལ་ཆོས་སུ་འཛིན་པ་མེད་པ་དང་། གང་ལ་ཆོས་འོང་བ་མེད་པ་དེ་ལ་ནི་ཁྱེད་ཀྱི་ གནས་མེད་དོ། །ཡུལ་མེད་དོ། །བདག་པོ་མེད་དོ། །སྟོབས་མེད་དོ། །དབང་ཕྱུག་མེད་དོ། །མཐུས་གཟུང་བ་མེད་དོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བས་དེ་ལྟ་དེ་ལྟར་ཆོས་བསྟན་པ་དེས་བདུད་ཀྱི་དཀྱིལ་འཁོར་དེ་ ལས་བདུད་ཁྲི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །བདུད་ཀྱི་འཁོར་དེ་ལས་བདུད་བརྒྱད་ཁྲི་བཞི་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། ། དེ་ནས་བཅོམ་ལྡན་འདས་ལ་གནས་བརྟན་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་བ་འདི་མཆིས་ལགས་ཀྱིས། བཅོམ་ལྡན་འདས་བདག་ཅག་གིས་བྱང་ ཆུབ་སེམས་དཔའ་དེ་དག་བལྟ་བར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སྐྱེས་བུ་དམ་པ་དེ་ལྟ་བུ་དེ་དག་མཐོང་བར་དཀའ་བའི་སླད་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་ གྱུར་བ་ལ་བཀའ་སྩལ་པ། འཇམ་དཔལ་འཁོར་འདི་ཕྱོགས་བཅུ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དེ་དག་བལྟ་བར་འདོད་ཀྱིས་ཁྱོད་ཀྱིས་སྟོན་ཅིག །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བས་བྱང་ཆུབ་ སེམས་དཔའ་ཆོས་དང་། ཆོས་འཕགས་དང་། ཆོས་ཀྱི་བློ་གྲོས་དང་། ཉི་མ་དང་། བདུད་ཀྱི་མཚོན་ཆ་དང་། འཇམ་དབྱངས་དང་། སྡིག་པ་ཞི་དང་ཞི་བ་སྲུང་དང་། རྣམ་རྒྱལ་སྲུང་དང་། ཆོས་རྒྱལ་རྣམ་བསྒྲགས་དང་། དེ་དག་ 82-1-348b དང་བྱང་ཆུབ་སེམས་དཔའ་གཞན་དག་ལ་སྨྲས་པ། རིགས་ཀྱི་བུ་དག་ཁྱེད་ཅག་གི་རང་རང་གི་སངས་རྒྱས་ཀྱི་ཞིང་དག་ན་བྱང་ཆུབ་སེམས་དཔའ་དེ་དག་གི་ལུས་ཅི་འདྲ་བ་དེ་ལྟ་བུར་ཁྱེད་ཅག་རང་རང་གི་ལུས་སྟོན་ཅིག ། འཇམ་དཔལ་གཞོན་ནུར་གྱུར་བས་ཚིག་དེ་སྐད་ཅེས་སྨྲས་མ་ཐག་ཏུ་དེ་ནས་དེའི་མོད་ལ་བྱང་ཆུབ་སེམས་དཔའ་དེ་དག་ཏིང་ངེ་འཛིན་དེ་ལས་ལངས་ཏེ། ལངས་ནས་ཀྱང་རང་རང་གི་ལུས་དག་བསྟན་ཏོ། །དེ་ནས་བྱང་ ཆུབ་སེམས་དཔའ་ཁ་ཅིག་གི་ལུས་ནི་རི་རབ་ཙམ་མོ། །ཁ་ཅིག་གི་ལུས་ནི་དཔག་ཚད་བརྒྱད་ཁྲི་ཙམ་མོ། །ཁ་ཅིག་གི་ལུས་ནི་དཔག་ཚད་བདུན་ཁྲི་དང་། དྲུག་ཁྲི་དང་། ལྔ་ཁྲི་དང་། བཞི་ཁྲི་དང་། སུམ་ཁྲི་དང་། ཉི་ཁྲི་ དང་། ཁྲི་ཙམ་མོ། །ཁ་ཅིག་གི་ལུས་ནི་དཔག་ཚད་ལྔ་སྟོང་དང་། བཞི་སྟོང་དང་། སུམ་སྟོང་དང་། ཉིས་སྟོང་དང་། སྟོང་ཙམ་མོ། །ཁ་ཅིག་གི་ལུས་ནི་དཔག་ཚད་ལྔ་བརྒྱ་དང་། བཞི་བརྒྱ་དང་། སུམ་བརྒྱ་དང་། ཉིས་བརྒྱ་ དང་། བརྒྱ་ཙམ་མོ། །ཁ་ཅིག་གི་ལུས་ནི་དཔག་ཚད་ལྔ་བཅུ་དང་། བཞི་བཅུ་དང་། སུམ་བཅུ་དང་། ཉི་ཤུ་དང་། བཅུ་ཙམ་མོ། །ཁ་ཅིག་གི་ལུས་ནི་དཔག་ཚད་ལྔ་དང་། བཞི་དང་། གསུམ་དང་། གཉིས་དང་། གཅིག་ ཙམ་མོ། །བྱང་ཆུབ་སེམས་དཔའ་ཁ་ཅིག་གི་ལུས་ནི་འཇིག་རྟེན་གྱི་ཁམས་མི་མཇེད་འདིའི་སེམས་ཅན་རྣམས་ཀྱི་ལུས་ཇི་ཙམ་པར་ཁྲུ་ཕྱེད་དང་བཞི་ཙམ་སྟེ། དེ་དག་གི་ལུས་དེ་ལྟ་བུ་དག་ཀུན་དུ་སྣང་ངོ་། །དེའི་ ཚེ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་གང་དུ་བྱང་ཆུབ་སེམས་དཔའ་གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བ་ཤ་སྟག་གིས་ཁྱབ་པར་མ་གྱུར་བའི་ས་ཕྱོགས་ནི་ཐ་ན་མཁར་བ་གཟུགས་ པའི་གཏོས་ཙམ་ཡང་མེད་དོ། །བྱང་ཆུབ་སེམས་དཔའ་དེ་དག་གི་འོད་ཀྱིས་ཀྱང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་འབུམ་དག་སྣང་བར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བ་སྟན་ལས་ 82-1-349a ལངས་ཏེ། བླ་གྲོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་ སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་དབྱེ་བར་གནང་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཁྱོད་ཅི་དང་ཅི་ འདོད་པ་དེ་བཞིན་གཤེགས་པ་ལ་ཞུས་ཤིག་དང་། ངས་ཞུས་པ་དེ་དང་། དེ་ཉིད་ཀྱི་ལན་བཏབ་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། འཇམ་དཔལ་གཞོན་ནུར་གྱུར་བ་དང་། ཐམས་ ཅད་དང་ལྡན་པའི་འཁོར་དེས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བགྱི་ན། བཅོམ་ ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཆོས་ཐམས་ ཅད་རྟོགས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །འཇམ་དཔལ་གང་དག་རྟོགས་པའི་ཕྱིར་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཆོས་ཐམས་ཅད་པོ་དེ་དག་གང་ཞེ་ན། འཇམ་དཔལ་ འདི་ལ་བྱང་ཆུབ་སེམས་དཔས་མིག་རྟོགས་པར་བྱེད་དོ། །རྣ་བ་རྟོགས་པར་བྱེད་དོ། །སྣ་རྟོགས་པར་བྱེད་དོ། །ལྕེ་རྟོགས་པར་བྱེད་དོ། །ལུས་རྟོགས་པར་བྱེད་དོ། །ཡིད་རྟོགས་པར་བྱེད་དོ། །འཇམ་དཔལ་ཇི་ལྟར་བྱང་ 82-1-349b ཆུབ་སེམས་དཔའ་མིག་རྟོགས་པར་བྱེད། ཇི་ལྟར་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་རྟོགས་པར་བྱེད་ཅེ་ན། འཇམ་དཔལ་འདི་ལ་བྱང་ཆུབ་སེམས་དཔའ་མིག་རང་བཞིན་གྱིས་སྟོང་ཞེས་བྱ་བར་རྟོགས་ པར་བྱེད་ཀྱང་རྟོགས་སོ་སྙམ་དུ་རྣམ་པར་མི་རྟོག་གོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་རང་བཞིན་གྱིས་སྟོང་ཞེས་བྱ་བར་རྟོགས་པར་བྱེད་ཀྱང་རྟོགས་སོ་སྙམ་དུ་རྣམ་པར་མི་རྟོག་གོ། །གཟུགས་རྣམས་ དང་། སྒྲ་རྣམས་དང་། དྲི་རྣམས་དང་། རོ་རྣམས་དང་། རེག་བྱ་རྣམས་དང་། ཆོས་རྣམས་རང་བཞིན་གྱིས་སྟོང་ཞེས་བྱ་བར་རྟོགས་པར་བྱེད་ཀྱང་རྟོགས་སོ་སྙམ་དུ་རྣམ་པར་མི་རྟོག་གོ། །འཇམ་དཔལ་གཞན་ ཡང་བྱང་ཆུབ་སེམས་དཔའ་ཉེ་བར་ལེན་པའི་ཕུང་པོ་ལྔ་དག་རྟོགས་པར་བྱེད་དོ། །ཇི་ལྟར་རྟོགས་པར་བྱེད་ཅེ་ན། སྟོང་པ་ཉིད་དག་ཏུ་རྟོགས་པར་བྱེད་དོ། །མཚན་མ་མེད་པ་དག་ཏུ་རྟོགས་པར་བྱེད་དོ། ། སྨོན་པ་མེད་པ་དག་ཏུ་རྟོགས་པར་བྱེད་དོ། །འདོད་ཆགས་དང་བྲལ་བ་དག་ཏུ་རྟོགས་པར་བྱེད་དོ། །ཞི་བ་དག་ཏུ་རྟོགས་པར་བྱེད་དོ། །དབེན་པ་དག་ཏུ་རྟོགས་པར་བྱེད་དོ། །དངོས་པོ་མེད་པ་དག་ཏུ་རྟོགས་པར་བྱེད་ དོ། །གཡོ་བ་མེད་པ་དག་ཏུ་རྟོགས་པར་བྱེད་དོ། །སྐྱེ་བ་མེད་པ་དག་ཏུ་རྟོགས་པར་བྱེད་དོ། །འོང་བ་མེད་པ་དག་ཏུ་རྟོགས་པར་བྱེད་དོ། །འགྲོ་བ་མེད་པ་དག་ཏུ་རྟོགས་པར་བྱེད་དོ། །ངོ་བོ་ཉིད་མེད་པ་དག་ཏུ་རྟོགས་པར་ བྱེད་དོ། །བདག་པོ་མེད་པ་དག་ཏུ་རྟོགས་པར་བྱེད་དོ། །རྣམ་པར་རིག་པ་མེད་པ་དག་ཏུ་རྟོགས་པར་བྱེད་དོ། །ཤེས་པ་མེད་པ་དག་ཏུ་རྟོགས་པར་བྱེད་དོ། །མཐོང་བ་མེད་པ་དག་ཏུ་རྟོགས་པར་བྱེད་དོ། །མ་སྐྱེས་པ་ དག་ཏུ་རྟོགས་པར་བྱེད་དོ། །སྤྲོས་པ་མེད་པ་དག་ཏུ་རྟོགས་པར་བྱེད་དོ། །བདག་གི་མེད་པ་དག་ཏུ་རྟོགས་པར་བྱེད་དོ། །རྟོག་པས་ཀུན་ནས་བསླང་བ་དག་ཏུ་རྟོགས་པར་བྱེད་དོ། །རྣམ་པར་རྟོགས་པས་ཀུན་ནས་བསླང་ 82-1-350a བ་དག་ཏུ་རྟོགས་པར་བྱེད་དོ། །རྟེན་ཅིང་འབྲེལ་བར་འབྱུང་བ་དག་ཏུ་རྟོགས་པར་བྱེད་དོ། །སྒྱུ་མ་ལྟ་བུ་དག་ཏུ་རྟོགས་པར་བྱེད་དོ། །རྨི་ལམ་ལྟ་བུ་དག་ཏུ་རྟོགས་པར་བྱེད་དོ། །མིག་ཡོར་ལྟ་བུ་དག་ ཏུ་རྟོགས་པར་བྱེད་དོ། །བྲག་ཆ་ལྟ་བུ་དག་ཏུ་རྟོགས་པར་བྱེད་དོ། །ཆུ་ཤིང་གི་སྙིང་པོ་ལྟ་བུ་དག་ཏུ་རྟོགས་པར་བྱེད་དོ། །རིང་དུ་མི་གནས་པ་དག་དང་། སྙིང་པོ་མེད་པ་དག་དང་། གསོག་དག་དང་། གསོབ་དག་དུ་རྟོགས་ པར་བྱེད་དོ། །འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་དཔས་འདོད་ཆགས་རྟོགས་པར་བྱེད་དོ། །ཞེ་སྡང་རྟོགས་པར་བྱེད་དོ། །གཏི་མུག་རྟོགས་པར་བྱེད་དོ། །ཇི་ལྟར་རྟོགས་པར་བྱེད་ཅེ་ན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དག་ ནི་ཡོངས་སུ་རྟོག་པས་ཀུན་ནས་བསླང་བ་ཡིན་པར་རྟོགས་པར་བྱེད་དེ། ཡོངས་སུ་རྟོག་པ་དེ་དག་ཀྱང་སྟོང་པ་དག་དང་། མེད་པ་དག་དང་། དངོས་པོ་མེད་པ་དག་དང་། སྤྲོས་པ་མེད་པ་དག་དང་། རྣམ་པར་རིག་པ་མེད་པ་ དག་ཏུ་རྟོགས་པར་བྱེད་དོ། །འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་དཔས་འདོད་པའི་ཁམས་རྟོགས་པར་བྱེད་དོ། །གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་རྟོགས་པར་བྱེད་དོ། །ཇི་ལྟར་རྟོགས་ པར་བྱེད་ཅེ་ན། བདག་མེད་པ་དང་། སྟོང་པ་དང་། དབེན་པའི་རྣམ་པར་རྟོགས་པར་བྱེད་དོ། །འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་དཔས་སེམས་ཅན་གྱི་སྤྱོད་པ་རྟོགས་པར་བྱེད་དོ། །ཇི་ལྟར་རྟོགས་པར་བྱེད་ཅེ་ན། སེམས་ཅན་འདི་དག་ནི་འདོད་ཆགས་སྤྱད་པའོ། །འདི་དག་ནི་ཞེ་སྡང་སྤྱད་པའོ། །འདི་དག་ནི་གཏི་མུག་སྤྱད་པའོ། །འདི་དག་ནི་ཆ་མཉམ་པ་སྤྱད་པའོ་ཞེས་བྱ་བར་རྟོགས་ནས་སྤྱོད་པ་ལ་མཁས་པ་རྟོགས་པར་བྱེད་དེ། གང་ གི་ཤེས་པའི་རྣམ་པར་རིག་པ་བསྟན་པ་གང་ཡིན་པ་དེ་ཡང་རྟོགས་པར་བྱེད་ཅིང་རྟོགས་ནས་ཀྱང་ཇི་ལྟ་ཇི་ལྟར་དེ་དག་རྣམ་པར་གྲོལ་བ་དེ་ལྟ་དེ་ལྟར་ཆོས་སྟོན་ཏོ། །འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་དཔས་སེམས་ 82-1-350b ཅན་ཐམས་ཅད་རྟོགས་པར་བྱེད་དོ། །ཇི་ལྟར་རྟོགས་པར་བྱེད་ཅེ་ན། སེམས་ཅན་ཐམས་ཅད་ནི་མིང་ཙམ་སྟེ། མིང་དེ་ཡང་གཡོ་བ་མེད་པ་དང་། སེམས་ཅན་འདི་དག་ཐམས་ཅད་ནི་སེམས་ཅན་གཅིག་པ་སྟེ། སེམས་ཅན་དེ་ཡང་སེམས་ཅན་ མེད་པ་དང་། དེ་ལྟར་ཡང་རྣམ་པར་མི་རྟོག་པ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །གང་གི་ཚེ་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་རྟོགས་པར་བྱེད་པ་དེའི་ཚེ་བྱང་ཆུབ་རྟོགས་པར་བྱེད་པ་ཡིན་ནོ། །དེ་ལ་འདི་སྐད་ ཅེས་བྱ་སྟེ། མིག་དང་རྣ་བ་དེ་དག་ནི། །རང་བཞིན་སྟོང་པར་རྟོགས་བྱེད་ཀྱང་། །རྟོགས་སྙམ་རྟོག་པར་མི་བྱེད་པ། །བྱང་ཆུབ་སེམས་དཔའ་ཞེས་ཀྱང་བྱ། །སྣ་དང་ལྕེ་ཡང་རང་བཞིན་གྱིས། །དངོས་པོ་མེད་པར་རྟོགས་བྱེད་ཀྱང་། ། རྟོགས་སྙམ་རྟོག་པར་མི་བྱེད་པ། །བྱང་ཆུབ་སེམས་དཔའ་ཞེས་ཀྱང་བྱ། །ཤེས་རབ་ཅན་གྱིས་ལུས་དང་ནི། །ཡིད་ནི་སྟོང་པར་རྟོགས་བྱེད་ཅིང་། །རྟོགས་ནས་ཡང་དག་སྟོན་བྱེད་པ། །བྱང་ཆུབ་སེམས་དཔའ་ཞེས་ཀྱང་བྱ། ། གཟུགས་དང་སྒྲ་དང་དྲི་དག་དང་། །རོ་དང་རེག་བྱ་ཡིད་འོང་རྣམས། །ཐམས་ཅད་སྟོང་པར་རྟོགས་བྱེད་པ། །བྱང་ཆུབ་སེམས་དཔའ་ཞེས་ཀྱང་བྱ། །གཟུགས་དང་ཚོར་བ་རྟོགས་བྱེད་ཅིང་། །འདུ་ཤེས་ཀྱང་ནི་དེ་བཞིན་ཏེ། །འདུ་བྱེད་རྣམས་ དང་རྣམ་ཤེས་ནི། །སྒྱུ་མ་ལྟ་བུར་རྟོགས་པར་བྱེད། །ལྔ་ཕུང་རྨི་ལམ་ལྟ་བ་དང་། །མཚན་ཉིད་མེད་པར་མཚན་གཅིག་པར། །རྟོགས་ཀྱང་རྟོགས་སྙམ་མི་རྟོག་པ། །བྱང་ཆུབ་སེམས་དཔའ་ཞེས་ཀྱང་བྱ། །ནང་ནི་བྱུང་བ་མ་ཡིན་ ཏེ། །སྤྲོས་པ་མེད་ཅིང་འདུས་མ་བྱས། །དེ་དག་མིང་གིས་བསྟན་པ་སྟེ། །མིང་དེ་དངོས་པོ་ཡོད་མ་ཡིན། །འདོད་ཆགས་ཞེ་སྡང་ཀུན་རྟོག་གིས། །ཀུན་ནས་བསླང་བར་རྟོགས་པར་བྱེད། །རྟོག་པ་དེ་ཡང་འབྱུང་མིན་ཏེ། །གཏན་ དུ་དངོས་པོ་མེད་པ་ཡིན། །གཏི་མུག་རྣམ་པར་རྟོག་ལས་བྱུང་། །རྣམ་པར་རྟོག་པ་རྒྱུ་ལས་སྐྱེ། །རྒྱུ་ཡང་ལྟ་བས་བསྐྱེད་པ་སྟེ། །ལྟ་བ་དེ་ཡང་དམིགས་སུ་མེད། །ཁམས་གསུམ་ཐམས་ཅད་སྟོང་པ་སྟེ། །དེ་ནི་མེད་པར་རྟོགས་པར་ 82-1-351a བྱེད། །འདི་ན་འཕོ་བ་འགའ་མེད་པ། །བྱང་ཆུབ་སེམས་དཔའ་ཞེས་ཀྱང་བྱ། །འདོད་ཁམས་གྲུབ་པ་མ་ཡིན་ཏེ། །རྣམ་པར་རྟོག་པས་ཀུན་ནས་བསླད། །གཟུགས་དང་གཟུགས་མེད་དེ་བཞིན་ཏེ། །དེ་དག་ཐམས་ཅད་ ཡོད་མ་ཡིན། །འདོད་ཆགས་སྤྱོད་དང་ཞེ་སྡང་སྤྱོད། །དེ་བཞིན་གཏི་མུག་སྤྱོད་པ་དང་། །སེམས་ཅན་སྤྱོད་པ་གང་ཡིན་པ། །ཐམས་ཅད་མཁས་པས་རྟོགས་པར་བྱེད། །སེམས་ཅན་ཐམས་ཅད་སེམས་ཅན་གཅིག །སེམས་ཅན་དེ་ ཡང་ཡོད་མིན་པར། །ཤེས་རབ་ཅན་གྱིས་དེ་རྟོགས་ཀྱང་། །སེམས་ཅན་དེ་ལ་རློམ་སེམས་མེད། །ཆོས་རྣམས་ཀུན་གྱི་འབྱུང་བ་ནི། །ཕྱིན་ཅི་ལོག་ལས་སྐྱེ་བ་སྟེ། །གང་དག་ཕྱིན་ཅི་ལོག་རྟོགས་པ། །དེ་ནི་ལོག་པའི་མཚན་ ཉིད་དོ། །ཤེས་པ་ཀུན་ལ་མཁས་པ་ནི། །གང་གི་སྒྲ་ལའང་ཆགས་པ་མེད། །ཆགས་པ་མེད་པར་རྟོགས་གྱུར་པ། །བྱང་ཆུབ་སེམས་དཔའ་ཞེས་ཀྱང་བྱ། །རང་གི་ཤ་རྣམས་གཏོང་བྱེད་ཀྱང་། །དེ་ལ་གནས་པ་ཡོད་མིན་ཞིང་། །ཇི་ བཞིན་རྗེས་སུ་རྟོགས་གྱུར་པ། །བྱང་ཆུབ་སེམས་དཔའ་ཞེས་ཀྱང་བྱ། །ཚུལ་ཁྲིམས་ཕ་རོལ་ཕྱིན་གྱུར་ཀྱང་། །ཚུལ་ཁྲིམས་ལ་ནི་རློམ་སེམས་མེད། །སངས་རྒྱས་ཚུལ་དོན་གང་ཡིན་པ། །སྐྱེ་མེད་འབྱུང་བ་མེད་པ་ཡིན། །བྱམས་ པས་སེམས་ཅན་ཁྱབ་བྱེད་ཀྱང་། །སེམས་ཅན་དམིགས་སུ་ཡོད་མ་ཡིན། །སེམས་ཅན་དོན་ནི་རྗེས་རྟོགས་པ། །དེ་ནི་མིང་གིས་བསྟན་པ་ཡིན། །འདུས་བྱས་ཀུན་ལ་རྣམ་སེམས་པའི། །བརྩོན་འགྲུས་རྩོམ་ལ་གནས་གྱུར་ཅིག ། འཇིག་རྟེན་སྟོང་པར་རིག་ནས་ནི། །བྱང་ཆུབ་དམ་པ་རྟོགས་པར་བྱེད། །དེ་ནི་བསམ་གཏན་སྒོམ་བྱེད་ཀྱང་། །དེ་ལ་རྟེན་པ་ཡོད་མིན་ཞིང་། །གནས་མེད་དམིགས་པ་ཡོད་མིན་ པ། །དེ་ལྟར་མཁས་པ་སྒོམ་པར་བྱེད། །བག་ཆགས་ལྟ་བའི་ཉོན་མོངས་རྣམས། །ཤེས་རབ་མཚོན་གྱིས་གཅོད་བྱེད་ཀྱང་། །ཆོས་ཀྱི་དབྱིངས་ལ་དབྱེ་བ་དང་། གཅོད་པའི་རློམ་སེམས་ཡོད་མ་ཡིན། ། 83-1-1a